སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
ལྷག་པའི་ལྷ་རྣམས་ཀྱི་སྒྲུབ་ཐབས་ཀུན་ལས་བཏུས་པ་བ་རི་བརྒྱ་རྩའི་རྒྱ་གཞུང་རྣམས།
ཨདྷིདེབཱནཱཾསཱདྷཀཾསམུཙྪཡབརིཤཏཀསྱཱརྻདེཤགྲནྠཱཿ བིཛཧཱརཾ།
ལྷག་པའི་ལྷ་རྣམས་ཀྱི་སྒྲུབ་ཐབས་ཀུན་ལས་བཏུས་པ་བ་རི་བརྒྱ་རྩའི་རྒྱ་གཞུང་རྣམས་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཨཱ་ས་ན་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་གདན་གྱི་སྒྲུབ་ཐབས། དཔལ་རྡོ་རྗེ་གདན་ལ་ཕྱག་འཚལ་ལོ། །ཡོན་ཏན་ཚོགས་ཀྱི་གཞིར་གྱུར་གཞན་དོན་བླ་མ་དེ་བཞིན་གཤེགས་པ་ཀུན་ལ་ཕྱག་འཚལ་ལོ། །དཔལ་ལྡན་རྡོ་རྗེ་གདན་ཞེས་ཕུན་སུམ་ཚོགས་མིན་འཇོམས་ཤིང་འཁོར་བའི་སྐྱོན་གྱིས་མ་གོས་པ། །གང་ཞིག་དུལ་ཞིང་ཞི་བ་མཆོག་གི་སངས་རྒྱས་དེ་ཉིད་སྒྲུབ་པའི་ཐབས་གྱུར་པ། །སྣ་ཚོགས་ཁ་དོག་གིས་སྤྲས་བརྒྱན་པའི་དེ་བཞིན་གཤེགས་པ་ལ་སོགས་བདག་གིས་བྲི་བར་བྱ། །དེ་ལ་མདུན་དུ་འོག་ནས་འབྱུང་བའི་ཆོ་གས་བཅོམ་ལྡན་འདས་སྐུ་མདོག་དང་ཕྱག་མཚན་ལ་སོགས་པ་དང་ལྡན་པ་རྣམ་པར་བསམས་ཏེ། མེ་ཏོག་ལ་སོགས་པ་དབུལ་བར་བྱའོ། །ཨོཾ་ན་མོ་ཨཀྵོ་བྷྱཿཡ་ཧཱུྃ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། སོ་སོར་ལན་གསུམ་གསུམ་དུ་དབུལ་བར་བྱའོ། །ཨོཾ་ན་མོ་བཻ་རོ་ཙ་ནཱ་ཡ་ཨོཾ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་རཏྣ་སམྦྷ་ཝཱ་ཡ་ཏྲཱྃ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་ཨ་མི་ཏཱ་བྷཱ་ཡ་ཧྲཱིཿ། ཨོཾ་བཛྲ་པུཥྤེ་
ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་ཨ་མོ་གྷ་སིདྡྷི་ཡེ་ཨཿ ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་ལོ་ཙ་ན་ཡེ་ལྃ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་མཱ་མ་ཀཻ་མཱྃ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་པཎྜ་ར་ཡེ་པྃ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། ཨོཾ་ན་མོ་ཏཱ་རཱ་ཡཻ་ཏཱྃ། ཨོཾ་བཛྲ་པུཥྤེ་ཧཱུྃ་སྭཱ་ཧཱ། སླར་ཡང་མི་བསྐྱོད་པའི་གཟུགས་རྡོ་རྗེ་གདན་ལ་མང་ཞིང་ཆེས་རབ་ཏུ་མང་བའི་མེ་ཏོག་དབུལ་བར་བྱའོ། །རིམ་པ་འདི་ཉིད་ཀྱིས་ཏེ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་དཱི་པེ་ཧཱུྃ་སྭཱ་ཧཱ། ཞེས་པ་ལ་སོགས་པས་མཆོད་པའི་ཆོ་ག་བྱས་ནས། བྱམས་པ་ལ་སོགས་པ་བསྒོམ་པ་སྔོན་དུ་འགྲོ་བས་སོ། །དེ་ནས་རང་གི་སྙིང་གར་ཨ་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ཡིག་གསེར་གྱི་ཁ་དོག་ལྟ་བུ་དེ་ལས་འོད་ཟེར་འཕྲོས་པས་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟས་ལ། དེ་ནས་ཁྲུས་དང་མེ་ཏོག་ལ་སོགས་པ་མཆོད་པའི་སྤྲིན་རབ་ཏུ་འཕྲོ་བས་ཡང་དག་པར་མཆོད་དེ། དེ་ནས་སྡིག་པ་བཤགས་པ་དང༌།
བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། དགེ་བ་ཡོངས་སུ་བསྔོ་བ་དང༌། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང༌། རྒྱལ་བའི་ལམ་བསྟེན་པ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པས་སོ། །དེ་ནས་སྟོང་པ་ཉིད་དུ་རྣམ་པར་བསྒོམ་པར་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་པའི་ངོ་བོ་ཉིད་དུ་རྣམ་པར་བསྒོམས་ནས། ཡེ་གེའི་གཟུགས་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བར་བདག་ཉིད་ཀྱིས་བལྟ་བར་བྱའོ། །བརྟན་པར་བྱ་བའི་དོན་དུ་སྔགས་བརྗོད་པར་བྱ་སྟེ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷཽ྅ཧཾ། དེ་བཞིན་དུ་འོད་ཟེར་གྱི་གཟུགས་དེ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་དེའི་སྟེང་དུ་ཧཱུྃ་ངོ༌། །ཨ་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། གཞན་ཡང་ཡི་གེ་ཀ་ལ་སོགས་པའི་སྡེ་ཚན་རྣམས་ཀྱིས་ཡོངས་སུ་བསྐོར་བའོ། །མ་ལུས་པ་ཁ་དོག་དཀར་པོའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་གི་རྣམ་པའི་ས་བོན་ནོ། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མདོག་གསེར་པོའོ། །རྡོ་རྗེ་དེའི་ལྟེ་བ་ལ་ཡི་གེ་ཧཱུྃ་ངོ༌། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་གདན་གྱི་གཟུགས་ཁ་དོག་གསེར་གྱི་མདོག་ལྟ་བུ་དེའི་གདན་བདུད་རྣམ་པ་བཞི་སྟེ། དེ་ཡང་ཕུང་པོ་དང་ཉོན་མོངས་པ་དང་འཆི་བདག་དང་ལྷའི་བུའི་བདུད་རྣམས་སེར་པོ་དང༌། དམར་པོ་དང༌། ནག་པོ་དང༌། སྔོན་པོའི་མདོག་ཅན་རིམ་པ་ཇི་ལྟ་བ་བཞིན་དུ་གཟུགས་འདི་རྣམས་རྣམ་པར་བསྒོམ་པར་བྱས་ནས། བདུད་འདི་རྣམས་ཀྱིས་ཡོངས་སུ་བྱས་པའི་སེང་གེའི་ཁྲི། དེའི་སྟེང་དུ་སྣ་ཚོགས་པདྨ་དང་རྡོ་རྗེ་ལ་གནས་པའི་བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་པ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱག་གཡས་པ་ས་གནོན་གྱི་ཕྱག་རྒྱ་དང་ལྡན་པ། ཕྱག་གཡོན་པ་འཛོང་པར་བཀན་ནས་གནས་པའོ། །ན་བཟའ་དམར་པོ་སྐུ་ལ་བསྣམས་པ་ཞི་བའི་བདག་ཉིད་རྣལ་འབྱོར་པས་བསྒོམ་
པར་བྱའོ། །དེ་ནས་ང་རྒྱལ་བསྐྱེད་པར་བྱ་སྟེ། ཨོཾ་དྷརྨ་དྷཱ་ཏུ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་བཅོམ་ལྡན་འདས་ཀྱི་གཡས་སུ་བྱང་ཆུབ་སེམས་དཔའ་འབྱམས་པ་སྐུ་མདོག་སེར་པོ་ཕྱག་གཉིས་པ་རལ་པའི་ཅོད་པན་འཕྱང་བ། ཕྱག་གཡས་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །དེ་བཞིན་དུ་གཡོན་ན་བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདོག་དཀར་བ་ཕྱག་གཡས་ན་རིན་པོ་ཆེའི་རྔ་ཡབ་བསྣམས་པ། ཕྱག་གཡོན་ན་པདྨ་བསྣམས་པ། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་འདུག་པ་བསྒོམ་པར་བྱའོ། །དེ་ནས་ཡན་ལག་དྲུག་ལ་དགོད་པར་བྱ་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་གཉིས་ལ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ཀྵིཾ་མདོག་དཀར་བའོ། །རྣ་བ་གཉིས་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཛཾ་མདོག་སྔོན་པོའོ། །སྣའི་བུ་ག་གཉིས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཁྃ་མདོག་སེར་པོའོ། །ལྕེ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་གྃ་མདོག་དམར་པོའོ། །དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་སྐྃ་མདོག་ལྗང་གུ། ནུ་མའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་སྃ་མདོག་དཀར་པོའོ་ཞེས་བྱ་བ་ནི་ཡན་ལག་དྲུག་ལ་དགོད་པར་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །དེའི་ལྟེ་བ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་ངོ༌། །དེ་ནས་མགོ་ལ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨོཾ་ཡོངས་སུ་གྱུར་པ་ལས་འཁོར་ལོ་མདོག་དཀར་པོའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཨོཾ་མོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྐུ་རྣམ་པར་དག་པ་བསྒོམ་པའོ། །མགྲིན་པར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཨ་ཡོངས་སུ་གྱུར་པ་ལས་པདྨ་འདབ་མ་བརྒྱད་པ་མདོག་དམར་བའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་
ཨཱཿའོ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་གསུང་རྣམ་པར་དག་པ་བསྒོམ་པའོ། །ལྟེ་བའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་མདོག་སྔོན་པོའོ། །དེའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་གནས་པའི་ཡི་གེ་ཧཱུྃ་ངོ་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཐུགས་རྣམ་པར་དག་པ་བསྒོམ་པའོ། །སངས་རྒྱས་བསྒྲུབ་ཅིང་སངས་རྒྱས་ཉིད་ཀྱི་འབྲས་བུ་སྟེར་བ་ཞེས་བྱའོ། །ནམ་མཁའ་ལ་གནས་པའི་བཅོམ་ལྡན་འདས་སྙིང་གའི་འོད་ཟེར་གྱིས་བཀུག་ནས་ཛ་ཧཱུྃ་བཾ་ཧོཿཞེས་བྱ་བའི་ཡི་གེ་བཞིས་མདུན་དུ་གཞུག་པར་བྱའོ། །དེ་ལ་མཆོད་ཡོན་དང༌། ཞབས་བསིལ་དང༌། གདན་དང་བསང་གཏོར་ཡང་དབུལ་བར་བྱའོ། །ཕྱིས་ནི་འོ་ཐུག་ལ་སོགས་པའི་སྟོན་མོ་ཡང་དབུལ་བར་བྱའོ་ཞེས་བྱ་བ་ནི་བདུད་རྩི་མྱང་བར་བྱའོ། །དེ་ནས། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་བྱ་བའི་བསྟོད་པ་འདིས་བསྟོད་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་བཅས་པས་དམ་ཚིག་སེམས་དཔའ་དང་གཅིག་ཏུ་བྱས་ནས་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་གཉིས་སུ་མེད་པར་བྱའོ། །དེ་ནས་བསྒོམས་པས་སྐྱོ་ན་སྔགས་བཟླ་བར་བྱ་སྟེ། ཨོཾ་ཨཱཿབཛྲ་ཧཱུྃ་སྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །དེ་ནས་བསོད་ནམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོས་ནས་གཤེགས་སུ་གསོལ་ཏེ་ཇི་ལྟར་བདེ་བར་གནས་པར་བྱའོ། །བསོད་ནམས་འདི་ཡིས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་ཡེ་ཤེས་མྱུར་དུ་ཐོབ་པར་གྱུར་ཅིག རྗེ་བཙུན་རྡོ་རྗེ་གདན་གྱི་མན་ངག་གི་སྒྲུབ་ཐབས་ཀྱི་ཆོ་ག་རྫོགས་སོ། །ཁམས་པ་བ་རི་ལོ་རྩཱ་བས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། སྠི་ར་ཙཀྲ་བྷཱ་བ་ན། བོད་སྐད་དུ། བརྟན་པའི་འཁོར་ལོའི་ཆོ་ག བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཐུགས་རྗེ་དང་ནི་ཤེས་རབ་གཉིས། །སངས་རྒྱས་ཀུན་ལྟར་དབྱེར་མེད་པའི། །དམ་པའི་ལམ་སྟོན་ལྟ་
བུ་ཡི། །སྐུ་ཡི་རྣམ་པར་འཆང་མཛད་པ། །འཇམ་པའི་དབྱངས་ལ་ཕྱག་འཚལ་ཏེ། །སློབ་མས་ལེགས་པར་རྟོགས་ཕྱིར་དང༌། །བདག་ཉིད་ཀྱིས་ཀྱང་དྲན་པའི་ཕྱིར། །དེའི་སྒྲུབ་ཐབས་བྲི་བར་བྱ། །གསང་སྔགས་རང་ཉིད་ལེན་པ་ཡི། །འགྲོ་བ་དམྱལ་བ་འབའ་ཞིག་ཡིན། །སྔགས་ཀྱང་འགྲུབ་པར་མི་འགྱུར་ཏེ། །ལུས་ཀྱང་ཉོན་མོངས་ཁོ་ནར་ཟད། །དེ་ལ་བགེགས་ཀྱང་འབྱུང་འགྱུར་ཞིང༌། །ལུས་ལའང་གནོད་པར་འགྱུར་བ་ཡིན། །དེ་ལྟར་བརྟགས་ནས་མཁས་པ་ཡིས། །འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས། །མྱུར་དུ་བྱང་ཆུབ་རབ་སྒྲུབ་པ། །སློབ་དཔོན་མེད་པར་བསྒྲུབ་མི་བྱ། །དེ་བས་དད་པས་བླ་མ་ནི། །དམ་པར་བྱས་ཏེ་འདི་གཟུང་ངོ༌། །དེ་ལ་རེ་ཞིག་རྣལ་འབྱོར་པས། ས་ཕྱོགས་ཡིད་དུ་འོང་བ་གང་ཡང་རུང་བར་སྟན་བདེ་བ་ལ་འདུག་སྟེ། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེ་ལ་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་དང་འདྲ་བར་སྡུག་པར་འཛིན་པ་ནི་བྱམས་པའོ། །ཀྱེ་མ་སེམས་ཅན་འདི་དག་ནི་འཁོར་བའི་རྒྱ་མཚོར་ནུབ་ཅིང་ཡུན་རིང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་དེ་ལྟར་བསམས་ལ། བདག་ཉིད་འཇམ་པའི་དབྱངས་ཀྱི་གོ་འཕང་ཐོབ་པར་བྱས་ནས། འདི་དག་མ་ལུས་པར་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཐོན་ཏེ་འཇམ་པའི་དབྱངས་ཀྱི་གོ་འཕང་ལ་བདག་གིས་གཞག་པར་བྱའོ། །དེ་ལྟར་ཡང་སྐྱེ་བ་དང༌། རྒ་བ་དང༌། ན་བ་དང༌། ཡིད་མི་བདེ་བ་དང༌། བཀྲེས་པ་དང༌། སྐོམ་པ་དང༌། ནད་དང་འཆི་བ་ལ་སོགས་པའི་སྡུག་བསྔལ་ལས་བདག་དང་བདག་གིར་འཛིན་པས་མངོན་པར་ཞེན་པ་དང༌། འདོད་ཆགས་དང༌། ཞེས་སྡང་ལ་སོགས་པའི་མཚན་ཉིད་ཅན་གྱི་སྡུག་བསྔལ་གྱི་རྒྱུ་ལས་གྲུབ་པ་གཅོད་པར་བྱའོ། །དེ་ཉིད་ནི་སྙིང་རྗེ་བསྒོམ་པའོ། །སེམས་ཅན་ཐམས་ཅད་ཟག་པ་མེད་པའི་བདེ་བ་རྒྱུན་མི་ཆད་པར་འཇོག་པར་འདོད་ཅིང་དགའ་བ་ནི་དགའ་བའོ། །བདེ་བ་དང༌། སྡུག་བསྔལ་བ་དང༌། གྲགས་
པ་དང༌། མ་གྲགས་པ་དང༌། རྙེད་པ་དང༌། མ་རྙེད་པ་དང༌། བསྟོད་པ་དང༌། སྨད་པ་སྟེ་འཇིག་རྟེན་གྱི་ཆོས་བརྒྱད་པོ་འདི་དག་ལ་བདེ་བ་ཇི་ལྟ་བར་སྡུག་བསྔལ་ལ་ཡང་དེ་བཞིན་དུ་ལྟ་བ་ལ་སོགས་པ་སེམས་མཉམ་པར་བསྒོམ་པ་ནི་བཏང་སྙོམས་སོ། །དེ་ནས་རང་གི་སྙིང་གར་ཨ་དཀར་པོ་ཐུང་ངུ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་མུཿལི་ཁྲིའི་མདོག་འདྲ་བ་བསམས་ལ་བ་སྤུའི་བུ་གའི་ཚོགས་རེ་རེའི་གསེབ་ནས་བྱུང་བའི་འོད་ཟེར་གྱི་དྲྭ་བ་དཔག་ཏུ་མེད་པ་ལས་བྱུང་བའི་མཆོད་པ་སྣ་ཚོགས་པ། ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ཨོཾ་བཛྲ་དྷུ་པེ་ཧཱུྃ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ཨོཾ་བཛྲ་དཱི་པེ་ཧཱུྃ། ཨོཾ་ན་མོ་མཉྫ་ཤྲཱི་ཡེ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ། ཨོཾ་ན་མོ་མཉྫུ་ཤྲཱི་ཡེ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབས་པས་འཕགས་པ་འཇམ་དཔལ་དང༌། བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལ་མཆོད་པ་བྱའོ། །དེ་ནས་མདུན་དུ་དཀྱིལ་འཁོར་བྱས་ནས་ཕྱག་བྱས་ལ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། སྙིང་གར་ཐལ་མོ་སྦྱར་ནས་བཤགས་པ་ལ་སོགས་པ་བྱའོ། །གང་ཡང་བདག་རྨོངས་པའི་དབང་གིས་ལུས་དང་ངག་དང་ཡིད་ཀྱིས་སྡིག་པ་མི་དགེ་བའི་ལས་ཅི་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བ་དེ་དག་ཐམས་ཅད་མ་ལུས་པར་བཤགས་པར་བགྱིའོ། །སླར་ཡང་སྡིག་པ་མི་བགྱིད་དོ། །སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དང་འཕགས་པ་གཞན་རྣམས་ཀྱིས་དགེ་བ་གང་མཛད་པ་དེ་དག་ཐམས་ཅད་ལ་རྗེས་སུ་ཡི་རང་བར་བགྱིའོ། །དེང་ནས་བརྩམས་ཏེ་བྱང་ཆུབ་ཀྱི་སྙིང་པོའི་བར་དུ་ཁྱེད་རྣམས་ལ་བདག་ཉིད་ལུས་དབུལ་བར་བགྱིའོ། །དགེ་བའི་རྩ་བ་འདིས་བདག་འཇམ་དཔལ་དབྱངས་སུ་གྱུར་ནས་སྲིད་པའི་རྒྱ་མཚོར་ནུབ་པའི་སེམས་ཅན་རྣམས་གདོན་པར་བགྱིའོ། །བརྟན་པའི་འཁོར་ལོ་བསྒོམ་པའི་རིམ་པ་འདི་ཉིད་ཀྱིས་
ཀྱང་བྱང་ཆུབ་ཆེན་པོར་བསྒྲུབ་པའི་ལམ་ལ་བདག་གནས་པར་བགྱིའོ། །བདག་གི་བསོད་ནམས་འདིས་འཁོར་བའི་སེམས་ཅན་མ་ལུས་པ་འཇམ་པའི་དབྱངས་དང་འདྲ་བར་གྱུར་ཅིག་ཅེས་དགེ་བའི་རྩ་བ་བསྔོ་བར་བྱའོ། །དེ་ནས་འོད་ཟེར་གྱི་ཚོགས་རྣམས་བ་སྤུའི་བུ་ག་རྣམས་ནས་མུཿདེ་ཉིད་ལ་ཞུགས་པར་བསམས་ལ། ཨོཾ་བཛྲ་མུཿཞེས་བྱ་བའི་སྔགས་ཀྱིས་གཤེགས་སུ་གསོལ་ལོ། །དེ་ནས་ཨོཾ་སྭ་བྷཱ་བ་བི་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བྷཱ་བ་བི་ཤུད་དྷོ྅ཧཾ་ཞེས་བྱ་བའི་སྔགས་འདི་བརྗོད་ནས་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་རྣམས་དང་བདག་ཉིད་ཀྱང་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །དེ་ཡང་སྒྱུ་མ་མཁན་གྱིས་འཇིམ་པའི་གོང་བུ་ལ་སོགས་དངོས་པོ་གཅིག་ལས་གླང་པོ་ཆེ་དང༌། རྟ་ལ་སོགས་པ་སྟོན་ཡང་དེ་རྣམས་དེ་ན་ཡོད་པ་མ་ཡིན་གྱི་འཁྲུལ་བ་འབའ་ཞིག་ཏུ་ཟད་ལ་འཁྲུལ་པ་དེ་ཡང་བརྟགས་ན་དངོས་པོ་མེད་དེ། དེ་བས་ན་སྣང་དུ་ཟིན་ཀྱང་ཡོད་པ་མ་ཡིན་ལ། དངོས་པོའི་ཚོགས་ཐམས་ཅད་ཀྱང་དེ་དང་འདྲའོ་ཞེས་དེ་ལྟར་རང་བཞིན་གྱིས་དག་པར་ལྷག་པར་མོས་པར་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་པའི་སྔགས་བརྗོད་པར་བྱའོ། །འདི་བརྗོད་པའི་རྗེས་ཐོག་ཁོ་ན་ལ་རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་དང་བདག་ཉིད་ཀྱང་སྟོང་པ་ཉིད་དུ་བསྒོམ་ལ་སེམས་ཙམ་དུ་གནས་པར་བསྒོམས་ནས་སེམས་དེ་ཡང་ཡོད་པར་མི་བརྟག་གོ །དེ་ནས་སྙིང་རྗེ་ཆེན་པོ་ཅན་གྱི་སྔོན་གྱི་སྨོན་ལམ་གྱི་འཕེན་ཤུགས་ཀྱིས་ལངས་ནས། ཀྱེ་མ་སེམས་ཅན་འདི་དག་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཡང་མ་རྟོགས་པས་ད་དུང་འཁོར་བའི་རྒྱ་མཚོར་འཁྱམས་པར་གྱུར་གྱི། དེས་ན་དེ་ལས་སྟོང་པ་ཉིད་དུ་གནས་པས་ཕན་མི་ཐོགས་པས་གཉིས་སུ་དམིགས་སུ་མེད་ཀྱང་སྙིང་རྗེ་ཆེན་པོའི་དབང་གིས་རེ་ཞིག་འཇམ་པའི་དབྱངས་སུ་གྱུར་པར་བྱའོ་ཞེས་རྣམ་པར་བསམས་ལ་རང་གི་སེམས་ཡོངས་སུ་གྱུར་པ་ལས་བྱུང་བའི་ཡི་གེ་མུཿདམར་པོ་
དེ་ལས་ཟླ་བའི་དཀྱིལ་འཁོར་རྒྱ་སྐྱེགས་ཀྱི་མེ་ཏོག་གསར་པའི་མདོག་ཅན་དུ་གྱུར་ལ། དེའི་སྟེང་དུ་དབྱངས་ཀྱི་ཡི་གེ་ཁ་དོག་དམར་པོ་ཉིས་འགྱུར་བྱས་པ་ལས་མགོ་གྱེན་དུ་བལྟས་པ་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་མུཿགཉིས་པ་ཁ་དོག་དམར་པོ་ཅན་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ། །དེའི་སྟེང་དུ་ཀ་ནས་ཀྵའི་མཐར་ཐུག་པ་ལ་ཌ་ཌྷ་ད་དྷ་ཡ་ལ་ཞེས་བྱ་བའི་ཡི་གེས་བསྣན་པ་ཉིས་འགྱུར་དུ་བྱས་པའི་ཡི་གེ་བརྒྱད་ཅུ་མགོ་གྱེན་དུ་བལྟས་པ་མདོག་རྣམ་པར་དམར་བར་བསམ་པར་བྱའོ། །དེའི་སྟེང་དུ་ཡི་གེ་མུཿགསུམ་པ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་ཤིན་ཏུ་སྔོ་བ་དེའི་ལྟེ་བར་ཡི་གེ་མུཿབཞི་པ་ཁ་དོག་རྣམ་པར་བསམ་པར་བྱའོ། །དེ་ནས་དེ་རྣམས་ལས་འོད་ཟེར་བྱུང་བས་ནམ་མཁའ་གཏོས་ཁྱབ་པར་སྤྲོས་ལ། དེ་བཞིན་གཤེགས་པ་མ་ལུས་པ་བ་སྤུའི་བུ་གའི་གསེབ་ནས་ཐུགས་ཀར་ཞུགས་ཏེ། དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་ནས་བ་སྤུའི་བུ་ག་ནས་སླར་ལོག་སྟེ་དེ་རྣམས་ཉིད་ལ་ཞུགས་པར་བསམ་པར་བྱའོ། །དེ་ནས་དེ་དག་ཐམས་ཅད་ཡོངས་སུ་གྱུར་པ་ལས་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྐུ་བནྡུ་ཀའི་མེ་ཏོག་ལྟར་དམར་བ། ཚོས་ཆེན་པོའི་ཚོན་གྱི་བསྒྱུར་བ་ལྟ་བུ་པདྨའི་སྟེང་དུ་རྒོལ་བ་མ་ལུས་པའི་སྙིང་གནོན་པ་ལྟ་བུའི་ཚུལ་གྱི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་བསྟན་བཅོས་མ་ལུས་པ་འཛིན་པའི་ཚུལ་གྱིས་ཕྱག་གཡོན་པས་ཐུགས་ཀར་གླེགས་བམ་བསྣམས་པ། འགྲོ་བ་མ་ལུས་པའི་མི་ཤེས་པའི་རི་བོ་འཇིག་པར་མཛད་པའི་ཚུལ་གྱིས་ཕྱག་གཡས་པ་ན་རལ་གྲི་བསྣམས་པ། ཟུར་ཕུད་ལྔ་དང་ལྡན་པ་གཞོན་ནུའི་ཆ་ལུགས་འཆང་བ། མི་བསྐྱོད་པ་དབུ་ལ་བཞུགས་པའི་ཅོད་པན་འཆང་བ་སྒེག་པའི་ཉམས་ཀྱིས་གནས་ཤིང་གཅིག་ཏུ་འགྲོ་བ་ལ་ཞི་བའི་ཐུགས་རྗེ་ལ་གཅིག་ཏུ་གཞོལ་
བ། ཤིན་ཏུ་ཡིད་དུ་འོང་བའི་གཞིར་གྱུར་པར་བདག་ཉིད་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་ཡི་གེ་མུཿདམར་པོ་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་བསྒོམ་པར་བྱའོ། །འཁོར་ལོའི་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་གི་རྩིབས་ལ་ཨ་ར་པ་ཙ་ཞེས་བྱ་བའི་ཡི་གེ་བཞི་གོ་རིམ་ཇི་ལྟ་བ་བཞིན་དུ་བསམས་ལ། དབུས་སུ་ཡི་གེ་ནའོ། །མེ་དང་བདེན་བྲལ་དང༌། རླུང་དང་དབང་ལྡན་གྱི་མཚམས་སུ་ནི་པྲ་པན་ཙ་ཞེས་བྱ་བ་སྔ་མ་བཞིན་བསམ་མོ། །རྩིབས་རྣམས་ཀྱི་བར་མཚམས་སུ་དབྱངས་ཀྱི་ཡི་གེ་བཅུ་དྲུག་ལས་གཉིས་གཉིས་སོ། །འཁོར་ལོའི་མུ་ཁྱུད་ལ་ཀ་ལ་སོགས་པའི་ཡི་གེ་གཡས་ནས་ཀུན་ནས་བསྐོར་བར་བསྒོམ་པར་བྱའོ། །འདི་དག་ཐམས་ཅད་ཀྱང་བཅོམ་ལྡན་འདས་ཀྱི་སྐུ་མདོག་གི་མདངས་དང་འདྲའོ། །དེ་ནས་སྙིང་ག་ན་གནས་པའི་འཁོར་ལོ་ལས་བྱུང་བའི་འོད་ཟེར་རྩེ་མོ་ལྕགས་ཀྱུ་དང་འདྲ་བ་རྣམས་ཀྱིས་གདོད་མ་ནས་ཡང་དག་པར་གྲུབ་པའི་བརྟན་པའི་འཁོར་ལོ་སྤྱན་དྲངས་ལ་དེ་དང་ལྷན་ཅིག་ཏུ་འདྲེས་པར་བདག་ཉིད་བསྒོམ་པར་བྱའོ། །དེའི་རྗེས་ལ་འཁོར་ལོའི་ཡི་གེའི་ཚོགས་རྣམས་ལས་འོད་ཟེར་དམར་པོའི་རྣམ་པ་བ་སྤུའི་བུ་ག་རྣམས་ནས་བྱུང་སྟེ། བརྟན་པའི་འཁོར་ལོའི་གཟུགས་སུ་གྱུར་པས་ནམ་མཁའི་གཏོས་ཁྱབ་པར་བསྒོམས་ཏེ། དེས་རེག་པ་ཙམ་གྱིས་སེམས་ཅན་ཀྱི་ཚོགས་རྣམས་འཇམ་པའི་དབྱངས་ཀྱི་གཟུགས་སུ་བྱས་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བ་སྤུའི་བུ་ག་ནས་འོད་ཟེར་གྱི་གཟུགས་ཀྱིས་ཐུགས་ཀར་ཞུགས་ཏེ། དེ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལྷན་ཅིག་ཏུ་རོ་གཅིག་པར་གྱུར་ནས་དེ་ཉིད་ནས་སླར་བྱུང་ནས་འཕགས་པ་འཇམ་པའི་དབྱངས་ཀྱི་སྐུས་ནམ་མཁའི་ངོས་མ་ལུས་པ་ཁྱབ་པར་མཛད་ནས་སླར་བྱོན་ནས་སེམས་ཅན་གྱི་ཚོགས་མ་ལུས་པ་འཇམ་པའི་དབྱངས་ཀྱི་སྐུ་ལྟ་བུར་མཛད་ནས་ཉིད་ཀྱི་སྐུའི་ཐད་དུ་ལྷགས་ཏེ་བ་སྤུའི་བུ་ག་དེ་ཉིད་ནས་འཁོར་ལོ་དང་ཡི་གེའི་ཚོགས་དེ་དག་གི་ནང་འོད་ཟེར་གྱི་གཟུགས་
ཀྱིས་བཞུགས་པར་བསམ་པར་བྱའོ། །ཇི་ལྟར་བཤད་པའི་ཚུལ་གྱིས་བཅོམ་ལྡན་འདས་ཀྱི་ང་རྒྱལ་ཤིན་ཏུ་བརྟན་པ་སྔོན་དུ་འགྲོ་བ་དང༌། སྤྲོ་བ་དང་བསྡུ་བའི་རིམ་པ་ཇི་སྲིད་སྐྱོ་བར་མ་གྱུར་གྱི་བར་དུ་དེ་སྲིད་དུ་རྒྱུན་དུ་བསྒོམ་པར་བྱའོ། །གལ་ཏེ་སྐྱོ་བར་གྱུར་ན་འོད་ཟེར་བསྡུས་ནས་སྤྲོ་བར་མི་བྱ་བར་འཁོར་ལོ་དང་ཡི་གེ་རྣམས་བསམ་པ་དང༌། རང་གི་ཕྱག་མཚན་དང་དབྱིབས་ཀྱི་ཚུལ་ལ་རྟོག་ཅིང་སྔགས་བཟླ་བར་བྱའོ། །དེ་ལ་བཟླ་བར་བྱ་བའི་སྔགས་ནི། ཨོཾ་ཨ་ར་པ་ཙ་ན་མུཿ ཞེས་བྱའོ། །ཉིན་དང་མཚན་མོ་བསྒོམ་པའི་རྒྱུ་ཡིས་ནི། །གང་ཚེ་འཁོར་ལོ་གསལ་བར་གྱུར་པ་དང༌། །རང་གི་ལྷ་ཡི་གཟུགས་ཀྱི་ང་རྒྱལ་ནི། །གཡོ་བ་མེད་པ་ཉིད་དུ་གྱུར་པ་ནི། །བསྟན་བཅོས་ནུབ་པར་གྱུར་པ་ཇི་སྙེད་དང༌། །གང་ཞིག་འཇིག་རྟེན་དུ་ནི་རིང་གནས་འགྱུར། །བསྟན་བཅོས་གང་ཞིག་དེ་ལྟར་གནས་པ་དང༌། །སྲོག་ཆགས་རྣམས་ཀྱི་སྐད་ནི་མ་ལུས་དང༌། །བཟོ་དང་སྒྱུ་རྩལ་ལ་སོགས་མཁས་གང་དང༌། །དེ་ལས་གཞན་པའི་དབང་པོ་ལས་འདས་གང༌། །དེ་དག་ཐམས་ཅད་ཚིག་དོན་བཅས་པར་གོ །སྙིང་ལ་གཟུགས་བརྙན་ཚུལ་དུ་གནས་པར་འགྱུར། །ཕྱོགས་གང་ཚར་བཅད་པ་དང་སྒྲུབ་འདོད་པ། །འབད་པ་མེད་པ་ཉིད་དུ་འཇུག་འགྱུར་ཏེ། །ཕུར་བུ་ལྷ་ཆེན་བརྒྱ་བྱིན་ཚངས་པས་ཀྱང༌། །ཚར་ཆོད་སྒྲུབ་པ་དེ་ནི་རྒོལ་མི་ནུས། །འཁོར་ལོ་འདི་མེད་པར་ནི་ཤེས་རབ་དག །རྣོ་བར་མི་འགྱུར་དེ་མེད་ཕྲ་བ་ཡི། །ཆོས་རྣམས་འཛིན་པར་མི་ནུས་དེ་མེད་པར། །ནམ་ཡང་འཁོར་བའི་མཚོ་ལས་སྒྲོལ་མི་ནུས། །དེ་བས་རང་ལ་ཕན་འདོགས་པས། །འཁོར་ལོ་བསྒོམ་པ་མི་སྤང་ཞིང༌། །གསང་སྔགས་རྒྱལ་པོ་བཟླས་པ་ཡང༌། །མཉམ་པར་བཞག་པས་རྟག་ཏུ་བྱ། །བདག་གི་དགེ་བ་འདི་ཡིས་སྲིད་གསུམ་ལས་བྱུང་འཇིག་རྟེན་རྣམས། །བདེ་གཤེགས་མ་ལུས་ཐུགས་དང་གཅིག་འགྱུར་འཇམ་དབྱངས་འདྲ་བར་ཤོག །བདག་དང་རྣམ་ཏོག་མང་པོའི་ཚོགས་བྲལ་བདེ་མཆོག་ལྡན་པ་ཡི། །ཕྱག་རྒྱ་ཆེན་པོ་དངོས་གྲུབ་ཚོགས་འདིས་ཚེ་འདིར་མྱུར་ཐོབ་ཤོག །བཅོམ་ལྡན་འདས་འཇམ་པའི་དབྱངས་
ཀྱི་སྒྲུབ་ཐབས་བརྟན་པའི་འཁོར་ལོ་སྒོམ་པ་ཞེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བཱིརྻ་བྷ་དྲ་དང་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། སྠི་ར་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། བརྟན་པའི་འཁོར་ལོའི་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དཔལ་དང་ལྡན་པའི་དབྱངས་ཅན་མ་ལུས་འཁྲུལ་པ་སྤངས་ཏེ་རབ་ཏུ་རྒྱས་ཤིང་འབར་བ་ཡི། །འོད་ཟེར་དཀར་པོ་གྱེན་དུ་འཕྲོ་ཞིང་དྲི་མེད་གཟུགས་ནི་རྒན་ཡང་བྱིས་པའི་ཆ་ལུགས་ཅན། །མཛེས་པའི་རལ་གྲི་འཕྱར་ཞིང་ཕྱག་ན་བསྣམས་པའི་ཤེས་རབ་ལ་ཡང་གུས་པས་རབ་ཏུ་འདུད། །རིན་ཆེན་འཁོར་ལོ་འདི་ནི་བདག་གིས་དྲན་པར་བྱ་བའི་ཕྱིར་ནི་དྲི་བར་རབ་ཏུ་བྱ། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་ནི། །ཕྱོགས་མཐའ་མེད་པར་རྣམ་པར་བསམ། །རབ་སྐྲག་སེམས་ཅན་ཚོགས་མང་ནི། །ཡང་དག་ཡོངས་སུ་བསྐྱབ་འདོད་པས། །ཡིད་བཞིན་ནོར་བུ་སེམས་འབྱུང་ཞིང༌། །སྣ་ཚོགས་དག་གིས་དེ་རྣམས་མཆོད། །བྱས་ནས་འཇིག་རྟེན་བསྐྱབ་དོན་དུ། །བདག་གི་ལུས་ཡིད་དབུལ་བར་བྱའོ། །དེ་ནས་དགེ་བ་འཕེལ་ཕྱིར་སྔགས་པས་འདི་བྱ་སྟེ། །སྡིག་པ་ཐམས་ཅད་དག་ནི་འཇིགས་པས་བཤགས་པར་བགྱི། །དགའ་བས་འགྲོ་བའི་དགེ་བ་དག་ལ་རྗེས་ཡི་རང༌། །དཀོན་མཆོག་གསུམ་ལ་ཡང་ནི་སྐྱབས་སུ་འགྲོ་བར་བྱ། །ཡང་དག་བྱང་ཆུབ་སེམས་ནི་གཟུང་བར་བགྱི། །དེ་ཡི་རྗེས་ལ་ཡང་ནི་བརྩམ་པར་བྱ། །གཟུང་དང་འཛིན་པ་སྤངས་ཤིང་འགྲོ་བ་འདི་ནི་རྨི་ལམ་དང་ནི་མིག་འཕྲུལ་ལྟ་བུ་སྟེ། །དག་ཅིང་ཡང་ནི་རང་བཞིན་འོད་གསལ་འགྱུར་བ་དེ་ཡང་ནམ་མཁའ་ལྟ་བུར་མཉམ་པ་སྟེ། །བདག་ཉིད་ཀྱང་ནི་ཡིད་ཀྱི་རོལ་པ་དག་ཏུ་རྟོག་ཅིང་ཡང་དག་བསྡུས་པར་ངེས་བྱས་ལ། །ཡང་ནི་མུཿཡིག་འོད་ཟེར་དྲྭ་བས་སྐོར་བ་དེ་ལས་བྱུང་བ་དག་ནི་བསྒོམ་པར་བྱ། །དེ་དག་ཡོངས་སུ་གྱུར་པས་ཡོངས་རྫོགས་དཀྱིལ་འཁོར་ཏེ། །ཁ་བའི་འོད་ཟེར་གུར་གུམ་ལྡེ་གུས་རབ་བྱུགས་ཏེ། །དབྱངས་
ཡིག་འབར་བའི་ཕྲེང་བས་མཉམ་པར་རབ་ཏུ་འཁྲིགས། །ཕྱོགས་སྒོ་གསལ་ཞིང་འབར་བ་རྣམ་པར་བསམ་པར་བྱ། །དེ་ལས་ཡང་ནི་ས་བོན་མུཿལས་ཡང་དག་བྱུང༌། །དམར་པོའི་འོད་ཀྱི་དཀྱིལ་འཁོར་རྣམ་པར་བསྒོམ་པར་བྱ། །ཀ་ཁ་ལ་སོགས་མ་ལུས་ཡི་གེས་མཉམ་པར་བསྐོར། །སྟེང་དུ་མར་མེའི་འོད་དང་འདྲ་བ་སྒྲོན་མེ་འོད་གསལ་དམར་པོ་སྟེ། །དེ་ལ་ཡང་ནི་སྔགས་པས་མུཿཡིག་བསམ་པར་བྱ། །དེ་ལས་བྱུང་བའི་ཡིད་འོང་འོད་འབར་འདབ་མ་སྟེ། །འབར་བའི་ཨུཏྤལ་སྔོན་པོའི་འོད་ཀྱི་དྲྭ་བ་ཅན། །མུཿཡིག་རྣམ་པའི་ས་བོན་དབུས་སུ་རྣམ་པར་བསམ། །དེ་ལས་བྱུང་བའི་འོད་ཟེར་ལས་ནི་སངས་རྒྱས་སྤྲོས་པར་འགྲོ་བ་རབ་ཏུ་འགེངས་པར་བྱེད། །ཟླ་བ་ལ་གནས་བུང་བའི་ཡན་ལག་ལྟ་བུའི་འོད་ཀྱིས་ཤིན་ཏུ་འབར་བའི་ལྕང་ལོ་ཅན། །ཤིན་ཏུ་མཐུག་པའི་མུན་པ་རབ་རིབ་འཇོམས་ཤིང་མེད་པར་ཞལ་གྱི་འོད་ཟེར་དྲྭ་བས་འབྱེད། །རྣམ་པ་ཐམས་ཅད་མཆོག་ནི་སྦྱིན་པའི་དཔལ་ལྡན་དབྱངས་ཀྱི་དབང་ཕྱུག་ནི། །འགྱིང་དང་སྒེག་པའི་རོ་ཡིས་མངོན་དུ་ཁྱབ་པར་བྱེད། །གཡོ་ཞིང་གཡང་གི་ཞལ་གྱི་ཆེར་ནི་བཞད་འགྱུར་བ། །དཔའ་བོ་གཞོན་ནུའི་རྒྱན་ནི་རབ་ཏུ་འཆང་བ་པོ། །དེ་ཡི་གོ་འཕང་ཐོབ་པར་འདོད་པས་བསམ་པར་བྱ། །དེ་ལྟར་ངག་དབང་རྣམ་བསམས་ནས། །མུཿཡིག་སྙིང་གར་བསྒོམ་པར་བྱ། །འབར་ཞིང་དམར་བའི་མདོག་གི་འོད། །བྱུང་ནས་སྒྲོལ་མའི་དཀྱིལ་འཁོར་ལ། །དེ་ལས་སྐྱེས་པའི་རྩིབས་བརྒྱད་པའི། །འཁོར་ལོས་མི་ཤེས་མུན་པ་འཇོམས། །སྣ་ཚོགས་འོད་ཀྱིས་དག་པར་བྱ། །ཡེ་ཤེས་རང་བཞིན་དགེ་བར་བལྟ། །སྤྲུལ་བའི་ཉི་མ་འཆར་བའི་འོད། །སྒྲོལ་མ་གསལ་བའི་འོད་ཚོགས་འདྲ། །མེ་ཏོག་དམར་པོའི་རྣམ་པ་ལྟར། །ཡི་གེ་དམར་པོ་ཀུན་དུ་དགྲམ། །དེ་ལ་རེ་ཞིག་འཁོར་ལོའི་རྩིབས་རྣམས་སུ་ཡི་གེ་བསམ་པར་བྱ་སྟེ། ཤར་དང་ལྷོ་དང་ནུབ་དང་བྱང་ཕྱོགས་རྣམས་སུ་རིམ་བཞིན་དུ་ཨ་ར་པ་ཙའོ། །ཡི་གེ་ན་ནི་ལྟེ་བར་རོ། །མེ་དང་བདེན་བྲལ་དང་རླུང་དང་
དབང་ལྡན་རྣམས་སུ་སྔོན་བཞིན་དུ་ཡང་ནི་པྲ་པན་ཙ་ཡིག་གོ །དེ་བཞིན་དུ་བར་དང་བར་རྣམས་སུ་ཨ་ལ་སོགས་པའི་དབྱངས་ཀྱི་ཚོགས་རྣམས་སོ། །ཕྱི་རོལ་དུ་ཀ་ལ་སོགས་པའི་གསལ་བྱེད་རྣམས་སོ། །འདི་མི་གཡོ་བར་ངེས་པར་བྱས་ལ་ཕྱིས་ནི་འཁོར་ལོའི་ཡི་གེའི་ཚོགས་ཀྱི་འོད་ཟེར་གྱི་སེམས་ཀྱི་མུན་པའི་དཀྱིལ་འཁོར་འཇོམས་པ། རང་གི་ལུས་པོའི་བ་སྤུའི་ཁུང་བུ་རྣམས་ནས་ཕྱིར་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་གནས་པའི་དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་ནས་ཐུགས་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དང་ལྷན་ཅིག་ཏུ་རོ་གཅིག་ཅིང་མཉམ་པར་གྱུར་ནས་དེ་རྣམས་ཕྱིར་བྱུང་སྟེ། བ་སྤུའི་བུ་ག་དེ་ཉིད་དུ་ཞུགས་ནས་རང་གི་ལུས་པོ་གསལ་བར་བྱེད་པ་ཡུན་རིང་བྱེད་པ་ཡུན་རིང་དུ་བསམ་པར་བྱའོ། །བརྟན་པའི་སེམས་ཀྱིས་ཕྱིས་ནི་སྤྲོ་བ་དང་བསྡུ་བའི་རིམ་པས་ཇི་སྲིད་མངོན་དུ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །འཇམ་དཔལ་དང་ནི་གཉིས་མེད་གོ་འཕང་འཆང་ཞིང་ཡི་གེ་བཅས་ཉིད་ཡོངས་སུ་ཡིད་ལ་འདོད་བྱེད་པ། །འདི་ནི་འཁོར་ལོ་གསལ་པོས་ཉེ་བར་སོང་ཞིང་ཉིན་དང་མཚན་མོ་བསམ་གཏན་བྱེད་ལ་མངོན་སྦྱོར་བས། །དེ་ཡིས་སྔོན་མ་མཐོང་བའི་ངག་གི་རང་བཞིན་གྲངས་ཀྱི་རིགས་པའི་ཚོགས་ནི་མ་ལུས་དེ་ཡང་ནི། །ཇི་ལྟར་བདེ་བར་ཡིད་ནི་རབ་ཏུ་འཇུག་ཅིང་ནོར་བུའི་སྒྲོན་ལྟར་རང་གསལ་མཐུག་པའི་མུན་འཇོམས་པ། །འཁོར་ལོ་འདིས་ནི་ཕན་པར་ཤེས་ནས་ཡིད་ལ་བྱེད་པ་ཡི། །ངོ་མཚར་ཆེད་དུ་ཡང་ནི་བརྟག་པར་བྱ། །ཡོངས་སུ་བརྟགས་པས་བདེ་གཤེགས་རང་གི་ངོ་བོ་ཉིད། །རིང་པོར་མི་ཐོགས་པར་ནི་རབ་ཏུ་རྟོགས་པར་འགྱུར། །གང་ཞིག་འདིར་ནི་འཁོར་ལོ་རྣམ་པར་བཀོད་པའི་བསོད་ནམས་ཅི་སྐྱེས་པ། །བདག་གི་ཡིད་དང་སྐྱེ་འགྲོའི་ཡིད་རྣམས་འཁོར་ལོ་དེ་ཡིས་གསལ་བར་ཤོག །འདིར་ནི་གཏི་མུག་མུན་པ་མཐུག་པོ་འཆར་ཁའི་ཉི་མ་ལྟར་བུ་ཡིས། །འགྲོ་ཚོགས་འདི་ནི་གང་གི་གཙོ་བོ་དཔལ་གྱིས་རོལ་པར་འགྲོ་བར་ཤོག །བརྟན་པའི་འཁོར་
ལོ་སྒྲུབ་པའི་ཐབས་སློབ་དཔོན་བྷ་བ་སྐན་དྷས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རི་བས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། །མུཀྟ་ཀེ་ན་སྠི་ར་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། ཚིག་ལྷུག་པའི་བརྟན་པའི་འཁོར་ལོའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །འཇམ་པའི་དཔལ་ལ་རབ་བཏུད་དེ། །མི་ཤེས་མུན་པ་འཇོམས་བྱེད་པ། །དེ་ཡི་འཁོར་ལོ་སྒོམ་པའི་ཐབས། །ཚིག་འདི་གསལ་པོར་བྲི་བར་བྱ། །རྣལ་འབྱོར་པ་བདེ་བའི་སྟན་ལ་གནས་ཏེ་བླ་མ་དང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ནམ་མཁའ་ལ་གནས་པར་རྣམ་པར་བསམས་ནས་དེ་རྣམས་ལ་ཡིད་ཀྱི་རང་བཞིན་གྱི་རྣམ་པ་སྣ་ཚོགས་པའི་མཆོད་པ་ཕུལ་ཏེ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་སྣ་ཚོགས་འདི་སེམས་ཙམ་སྟེ་གཟུང་བ་དང་འཛིན་པ་སྤངས་ཏེ་རྨི་ལམ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུར་བདག་ཉིད་ཀྱིས་ངེས་པར་བྱས་ཏེ། གུར་གུམ་དམར་པོ་ལྟ་བུའི་མུཿལས་བསྐྱེད་པའི་ཟླ་བའི་འོད་ཟེར་དམར་པོ་ཅན་ལ་ཨ་ལ་སོགས་པའི་དབྱངས་ཡིག་འབར་བ་བལྟའོ། །དེའི་སྟེང་དུ་མུཿལས་སྐྱེས་པའི་འོད་དམར་པོ་ཅན་གྱི་ཟླ་བ་ལ་འབར་བའི་ཀ་ལ་སོགས་པ་བལྟ་བར་བྱའོ། །དེའི་སྟེང་དུ་མུཿལས་སྐྱེས་པའི་འབར་ཞིང་དྲི་མ་མེད་པའི་ཨུཏྤལ་ཟེའུ་འབྲུལ་མུཿས་མཚན་པ་རྣམ་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་གུར་གུམ་ལྟ་བུའི་གཞོན་ནུ་ཟུར་ཕུད་ལྔ་པ་རྒྱན་དང་སྒེག་ཉམས་དང་ལྡན་པ་རལ་གྲི་དང་པོ་ཏི་བསྣམས་པའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་ཟླ་བའི་གདན་ལ་བསྒོམ་པར་བྱའོ། །དེའི་སྙིང་གར་མུཿལས་སྐྱེས་པའི་བརྟན་པའི་འཁོར་ལོ་རྩིབས་བརྒྱད་པ་འོད་ཀྱི་རང་བཞིན་འབར་བའི་ཨ་ལ་སོགས་པའི་ཕྲེང་བས་བརྒྱན་པའི་ཕྱི་རོལ་ཏུ་འབར་བའི་ཀ་ལ་སོགས་པའི་ཕྲེང་བས་བསྐོར་བ་སྟེ། དེའི་ལྟེ་བ་ལ་ཨའོ། །ཤར་གྱི་རྩིབས་ལ་ངའོ། །ལྷོའི་རྩིབས་ལ་པའོ། །ནུབ་ཀྱི་རྩིབས་ལ་ཙའོ། །བྱང་གི་
རྩིབས་ལ་ནའོ། །མེ་ལ་སོགས་པའི་མཚམས་བཞི་རུ་ནི་པྲ་པན་ཙ་ཞེས་བྱ་བའི་ཡི་གེ་རྣམས་གུར་གུམ་ལྟ་བུའི་རྣམ་པར་བསམས་ལ། དེ་ལ་འཁོར་ལོའི་འོད་ཀྱི་ཚོགས་ཀྱིས་ལུས་ཀྱི་ནང་གསལ་བར་བྱས་ནས་བ་སྤུའི་ཁུང་བུ་སོ་སོ་ནས་ཕྱིར་བྱུང་སྟེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གསལ་བར་བྱས་ནས་ཡང་བ་སྤུའི་ཁུང་བུ་དེ་ཉིད་དུ་ཕྱིར་ཞུགས་ཏེ། ལུས་ཀྱི་ནང་གསལ་བར་བྱེད་པར་ཡུན་རིང་དུ་བསམ་པར་བྱའོ། །ཨོཾ་ཨ་ར་པ་ཙ་ན་མུཿཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །བརྟན་པའི་འཁོར་ལོ་སྒྲུབ་པའི་ཐབས། །བྱས་པའི་བསོད་ནམས་གང་བསགས་པ། །དེ་ཡིས་འགྲོ་བ་ཐམས་ཅད་ནི། །འཇམ་པའི་རྡོ་རྗེ་མཚུངས་པར་ཤོག །ཚིག་ལྷུག་པའི་བརྟན་པའི་འཁོར་ལོ་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མུཀྟ་ཀེ་ན་ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དང་པོ་སྔགས་པས་ཡིད་དང་མཐུན་པའི་ཕྱོགས་གཅིག་ཏུ་བདེ་བའི་གདན་ལ་ཉེ་བར་གནས་ལ་རང་གི་ཡི་གེ་ཨ་ལས་བྱུང་བའི་ཟླ་བ་ལས། ལྔ་པའི་བཞི་པ་ས་བོན་ལ་ཡི་གེ་ཨཱིའི་མཐའ་དང༌། ཚིག་དྲག་གཉིས་དང་ལྡན་པར་བསྒོམས་ལ། དེའི་འོད་ཟེར་གྱི་ཚོགས་ཀྱིས་སྙིང་ལ་གནས་པའི་ཉོན་མོངས་པའི་མུན་པ་བསལ་ནས་བྱམས་པ་དང་སྙིང་རྗེ་དང་དགའ་བ་དང་བཏང་སྙོམས་ཞེས་བྱ་བ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །འོག་ནས་འབྱུང་བའི་རིམ་པས་བྱམས་པ་གང་ཞེ་ན། སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟ་བུའི་སེམས་དགའ་བའོ། །སྙིང་རྗེ་གང་ཞེ་ན། སྡུག་བསྔལ་གསུམ་གིས་སྡུག་བསྔལ་བའི་སེམས་ཅན་རྣམས་འཁོར་བའི་རྒྱ་མཚོ་ལས་གདོན་པར་འདོད་པའོ། །དགའ་བ་གང་ཞེ་ན། དགེ་བའི་རྩ་བ་ལ་སོགས་པ་བསྐྱེད་པས་གཞན་གྱིས་ལོངས་སྤྱོད་པའི་དབང་ཕྱུག་ལ་སོགས་པ་ལ་སེམས་དགའ་བའོ། །བཏང་སྙོམས་གང་ཞེ་ན། གང་གི་རྣམ་པ་ཐམས་ཅད་དུ་ཁོང་ཁྲོ་བ་
དང་རྗེས་སུ་ཆགས་པར་བྱེད་པ་དང་བྲལ་བའི་ཆོས་ཉིད་རང་གི་ངང་གིས་འཇུག་པའོ་ཞེས་བྱའོ། །ཚངས་པའི་གནས་བཞི་བསྒོམས་པའི་རྗེས་སུ་རང་གི་སྙིང་གའི་ས་བོན་ཉིད་ལས་བྱུང་བའི་འོད་ཀྱིས་ནམ་མཁའི་ཕྱོགས་མ་ལུས་པ་ཁྱབ་པའི་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་སྤྲོ་བ་དང་སྡུད་པར་བྱེད་པས་འགྲོ་བའི་དོན་གྱི་བྱ་བ་གཅིག་ཏུ་བྱེད་པར་བལྟས་ལ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ལྷ་རྫས་ཀྱི་དྲི་དང་མེ་ཏོག་ལ་སོགས་པ་རྣམ་པའི་བྱེ་བྲག་ཕྱུང་སྟེ། མཎྜལ་སྔོན་དུ་འགྲོ་བས་ཐལ་མོ་སྦྱར་ཏེ་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞབས་ཀྱི་པདྨོ་ལ་སྤྱི་བོས་གཏུགས་ཤིང་གུས་པས་ཕྱག་འཚལ་ཏེ་འོད་ཟེར་དེ་ཉིད་ལས་བྱུང་བའི་མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། དྲི་དང༌། ཕྱེ་མ་དང༌། ཆོས་གོས་དང༌། རྒྱལ་མཚན་དང༌། དྲིལ་བུ་དང༌། བ་དན་ལ་སོགས་པས་དེ་རྣམས་ལ་ཕྱི་དང་ནང་གི་མཆོད་པས་ཡང་དག་པར་མཆོད་པ་ནི་མཆོད་པའོ། །དེ་ནས་སྡིག་པ་བཤགས་པ་ལ་སོགས་བྱས་ཏེ། སྐྱེ་བ་ཐམས་ཅད་དུ་སྡིག་པ་བདག་གིས་ཉེ་བར་བསགས་པ་གང་འདོད་ཆགས་ལས་སྐྱེས་པའམ། ཞེས་སྡང་ལས་སྐྱེས་པའམ། གཏི་མུག་ལས་སྐྱེས་པའམ། ལུས་སམ། ཡིད་དམ། ངག་གམ། དེ་ཐམས་ཅད་ཀྱིས་བྱས་པ་སོ་སོར་བཤགས་པར་བགྱིའོ་ཞེས་པ་ནི་སྡིག་པ་བཤགས་པའོ། །བསོད་ནམས་གང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་མཉམ་པར་བརྟེན་པ་གང་ཡིན་པ་དང༌། རང་སངས་རྒྱས་དང༌། བླ་མ་དམ་པ་དང༌། དེ་ཐམས་ཅད་ཀྱི་བསོད་ནམས་ཉིད་ལ་རྗེས་སུ་ཡི་རང་ངོ༌། །བསོད་ནམས་ལ་རྗེས་སུ་ཡི་རང་བའོ། །དུས་གསུམ་མ་ལུས་པར་གནས་པའི་སངས་རྒྱས་ཕྱོགས་མཐའ་མེད་པར་ཁྱབ་པའི་སྙིང་རྗེའི་ཡོན་ཏན་གྱི་ཚོགས་ཀྱིས་བརྒྱན་པ་དང༌། སྐྱོན་ཐམས་ཅད་སྤངས་པའི་དགེ་འདུན་དང༌། དམ་པའི་ཆོས་ཤེས་པར་བྱ་བ་ལ་གུས་པར་སྐྱབས་སུ་མཆིའོ། །གསུམ་
ལ་སྐྱབས་སུ་འགྲོ་བའོ། །ཡོངས་སུ་དག་པའི་རྒྱལ་བའི་ལམ་བརྟེན་ཏེ། །ཚངས་པ་དབང་པོ་དྲག་པོ་ལ་སོགས་རྙེད་དཀའ་བ། །གང་འདིར་བསོད་ནམས་ཚོགས་འདི་བདག་གིས་ཉེར་བསགས་པ། །བྱང་ཆུབ་སེམས་འདི་རབ་ཏུ་བསྐྱེད་པར་བགྱི། །རྒྱལ་བའི་ལམ་བརྟེན་པ་དང་བྱང་ཆུབ་ཀྱི་སེམས་བསྐྱེད་པ་གཉིས་སོ། །དེ་ལྟར་བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་གྱི་རྗེས་སུ་བླ་མའི་གསུང་གིས་ཕྱི་དང་ནང་དུ་བཅས་པ་སྟོང་པ་ཉིད་དུ་རྣམ་པར་བསྒོམས་ལ། ཡང་བརྟན་པར་བྱ་བའི་དོན་དུ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བའི་ཚིག་གིས་བརྗོད་པར་བྱའོ། །དེའི་རྗེས་ལ་རང་གི་སེམས་ཀྱི་རྣམ་པ་ཙམ་དྭང་ཞིག་ཐོགས་པ་མེད་པའི་ངོ་བོ་ཉིད་དུ་དབྱངས་ཡིག་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་གྱི་རྣམ་པར་བསམས་ལ། དེའི་རྗེས་ལ་སྔོན་དུ་བསྟན་པའི་ས་བོན་ནོ། །དེ་ལས་ཟླ་བ་དང༌། ས་བོན་ཡོངས་སུ་གྱུར་པ་ལས་རལ་གྲི་འོད་འཕྲོ་བའི་གཟུགས་སོ། །དེ་ནས་འཆང་བའི་དབུས་སུ་རི་བོང་འཛིན་པ་དང་ལྡན་པ་སྔོན་དུ་བསྟན་པའི་ས་བོན་ཏེ། རལ་གྲི་དང་ས་བོན་དེ་ཡོངས་སུ་གྱུར་པ་ལས་འཇམ་པའི་དབྱངས་སྟོན་ཀའི་ཟླ་བ་དང་མཚུངས་པའི་འོད་ཕྱོགས་བཅུའི་འཇིག་རྟེན་གསལ་བར་བྱེད་པའི་འོད་ཀྱི་ཚོགས་འཆང་བ། ཕྱག་གཉིས་པ་གཞོན་ནུའི་རྣམ་པ་ཅན་གཡས་པ་ན་མི་ཤེས་པ་མ་ལུས་པ་གཅིག་ཏུ་གཅོད་པར་བྱེད་པའི་ཤེས་རབ་ཀྱི་རལ་གྲི་ཕྱག་ན་བསྣམས་པའོ། །གཡོན་པ་ན་མ་ལུས་པའི་ཐབས་སུ་གྱུར་པའི་བསྟན་བཅོས་ཀྱི་ཚོགས་ཀྱིས་གང་བའི་པོ་ཏི་གཅིག་ཕྱག་ན་བསྣམས་པའོ། །རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ན་བཟའ་དམར་པོ་འཆང་བ། བསམ་གཏན་ལ་རྩེ་གཅིག་ཏུ་གནས་པ། རབ་ཏུ་རྒྱས་པའི་པདྨའི་ཞལ། པདྨའི་འདབ་མའི་སྤྱན་སྐྱེས་བུ་ཆེན་པོའི་མཚན་གྱིས་བསྐྱེད་ཅིང་མཛེས་པ། ཨིནྡྲ་ནཱི་ལའི་ནོར་བུ་ལྟ་བུ་དབུ་སྐྲ་བསྡོམས་པའི་རལ་པའི་ལྕང་ལོ་ལྔ་དང་ལྡན་པའོ། །པདྨ་དཀར་པོ་འདབ་མ་བརྒྱད་པ་དང༌། ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་གིས་ཉེ་བར་གནས་
པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་ཉིད་འཇམ་དཔལ་གྱི་གཟུགས་སུ་བདག་ཉིད་བསྒོམས་ལ། དེ་ལྟར་རྣལ་འབྱོར་པ་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པས་རང་གི་སྙིང་གར་ཨ་ལས་རྫོགས་པའི་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་འོད་ཟེར་གྱི་ཚོགས་སྤྲོས་པས། མ་ལུས་པའི་མི་ཤེས་པ་འཇོམས་པར་བྱེད་པའི་གཡས་སུ་མྱུར་དུ་འཁོར་བའི་རིམ་པས་བལྟས་ལ། དེའི་སྟེང་དུ་མ་རིག་པར་དབྱངས་ཡིག་དང་པོ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཡི་གེ་ལ་གོ་རིམ་བཞིན་ཇི་ལྟ་བར་མེ་འབར་བའི་རྣམ་པ་ལྟ་བུར་འོད་ཟེར་དང་བཅས་པས་མ་ལུས་པའི་མི་ཤེས་པ་མེད་པར་བྱེད་པ་བླ་མའི་མན་ངག་གིས་རྣམ་པར་བསྒོམ་པར་བྱའོ། །ལྷའི་རྣམ་པ་རྫོགས་པ་ལ་སྔགས་པས་སྐྱོ་བ་མེད་པར་སྤྲོ་བ་ལ་སོགས་པ་བྱས་ལ་བཟླས་པ་བྱའོ། །ཡང་ན་སྙིང་གའི་ཟླ་བའི་དབུས་སུ་ཨ་དཀར་པོའི་རྣམ་པ་ལས་རྫོགས་པའི་ཨ་ར་པ་ཙ་ན་ཞེས་བྱ་བ་དཀར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགའ་ཞིང་བསམ་གཏན་ལ་རྩེ་གཅིག་ཏུ་གནས་ཏེ། རྡོ་རྗེ་སྐྱིལ་ཀྲུང་གིས་ཉེ་བར་བཞུགས་པ། གཡས་པ་དང་གཡོན་པ་གཉིས་ཀྱིས་རལ་གྲི་དང་པོ་ཏི་བསྣམས་པ། ཨིནྡྲ་ནཱི་ལ་ལྟ་བུ་མ་ལུས་པ་བསྡུས་པའི་རལ་པའི་ལྕང་ལོ་ལྔ་དང་ལྡན་པ། འོད་འཕྲོ་བའི་ཟླ་བ་ལྟ་བུའི་ཞལ། སྨྲ་བ་རྣམས་ཀྱི་མཆོག་ཟླ་བ་ལ་རང་གིས་ས་བོན་དང་བཅས་པ་སྙིང་གར་བསྒོམས་ལ། དེའི་མདུན་དུ་ར་དཀར་པོ་ལས་འབྱུང་བའི་དྲྭ་བ་ཅན་མའི་འོད་རྗེ་བཙུན་མ་ཨ་ར་པ་ཙ་ན་ལྟ་བུའི་མདོག་དང་ཕྱག་ལ་སོགས་པ་དང་ལྡན་པའོ། །རང་གི་སྙིང་གར་ཟླ་བ་ལ་རང་གི་ས་བོན་དང་ལྡན་པར་བལྟའོ། །དེའི་རྗེས་སུ་རྒྱབ་ཏུ་པ་དཀར་པོ་ལས་རྫོགས་པའི་ཟླ་བ་ཅན་གྱི་འོད་སྙིང་གར་ཟླ་བ་ལ་ས་བོན་དང་ལྡན་པར་དམིགས་པར་བྱའོ། །དེ་ནས་གཡས་སུ་ཙ་དཀར་པོ་ལས་རྫོགས་པའི་སྐྲ་ཅན་མ་དཀར་མོ་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་ཤ་རྒྱས་ཤིང་ནུ་མ་འཕྱང་བ་རང་གི་སྙིང་གའི་ཟླ་བ་ལ་ས་བོན་དང་ལྡན་པ་རྣམ་པར་བསམ་མོ། །བྱང་དུ་ན་དཀར་པོ་ལས་རྫོགས་པའི་ཉེ་བའི་སྒྲ་ཅན་མ། རང་གི་སྙིང་གར་ཟླ་བ་ལས་ས་བོན་གྱིས་ཡང་
དག་པར་ལྡན་པ་བསྒོམས་ཏེ་ཐམས་ཅད་ཨ་ར་པ་ཙ་ན་ལྟ་བུ་རྣམ་པར་བསམ་མོ། །ལྷའི་ཚོགས་འདི་སྙིང་གའི་ས་བོན་ལས་འོད་ཟེར་སྤྲོ་བ་དང་བསྡུས་པས་འགྲོ་བའི་མི་ཤེས་པའི་ཚོགས་གཅོད་ཅིང་ཆོས་ཀྱི་བདུད་རྩི་མ་ལུས་པའི་བསྟན་བཅོས་དང་བཟོའི་གནས་ལ་སོགས་པས་སེམས་ཅན་ཐམས་ཅད་ཚིམ་པར་ཡང་དང་ཡང་དུ་དྭངས་ཞིང་ཐོགས་པ་མེད་པའི་གཟུགས་ཀྱི་བདག་ཉིད་དུ་བླ་མའི་མན་ངག་གིས་བསྒོམ་པར་བྱའོ། །མཉམ་པར་བཞག་པའི་སྔགས་པས་བཟླས་པ་བྱས་ཏེ། ཨོཾ་ནི་དང་པོར་རོ། །ས་བོན་ལྔ་དབུས་སུ་དམ་ཚིག་སེམས་དཔའི་ས་བོན་མཐའ་རུ་སྟེ། གང་ཡང་ལྡང་བའི་སེམས་ཡོད་པར་གྱུར་ན། དེ་ལ་རང་གི་སྔགས་ནི་བླ་མའི་གདམས་ངག་གིས་བརྗོད་ལ་དེའི་རྗེས་སུ་ཡི་གེ་བརྒྱ་པ་བརྗོད་པར་བྱ་སྟེ། ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོཥྱོ་མེ་བྷ་བ། སུ་པོཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་བ་མཧཱ་ས་མ་ཡ་ས་ཏྭ་ཨཿཞེས་བྱ་བའི་ཡི་གེ་བརྒྱ་པ་བརྗོད་པའི་རྗེས་ལ་བསྡུ་སྤྲོ་ལ་སོགས་པ་རྫོགས་པར་བྱས་ཏེ། དམ་ཚིག་སེམས་དཔའི་གཟུགས་ཀྱིས་སྤྱོད་ལམ་ཐམས་ཅད་དུ་རྣལ་འབྱོར་པས་མཉམ་པར་མ་བཞག་པའི་སྐབས་སུ་གནས་པར་བྱས་ནས། ཡང་དག་པའི་ཡེ་ཤེས་རྒྱ་མཚོའི་མཐར་ཕྱིན་པར་གྱུར་ནས་དུས་རིང་དུ་མི་ཐོགས་པར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །ཚིག་ལྷུག་པ་དག་གསལ་པོར་ནི། །དཀར་པོའི་སྒྲུབ་ཐབས་ཡང་དག་བྲིས། །པདྨའི་འབྱུང་གནས་བསོད་ནམས་གང༌། །དེ་ཡིས་སྲིད་ལས་གྲོལ་བར་ཤོག །ཚིག་ལྷུག་པའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨ་ར་པ་ཙ་ན་སཱ་དྷ་ནཾ། བོད་སྐད་དུ། ཨ་ར་པ་ཙ་ནའི་སྒྲུབ་ཐབས། འཇམ་དཔལ་གཞོན་
ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཟླ་བ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་པ། །ཤིན་ཏུ་མཛེས་ཤིང་མཆོག་གི་གཞོན་ནུ་ཟུར་ཕུད་ལྔ། །དགའ་མཆོག་ཐར་པ་རྒྱས་ཤིང་པདྨའི་འདབ་འདྲའི་སྤྱན། །བློ་ངན་སྲེག་མཁས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་ལོ་ཕྱེད་རྒྱུན་མི་ཆད་པར་མངོན་བསྒོམས་པས། །སྐྱེ་བོ་ཨ་ར་པ་ཙ་ན་ནི་ངེས་འགྲུབ་འགྱུར། །དངོས་པོ་མ་ལུས་རྟོགས་པའི་བྱང་ཆུབ་མཆོག་ཐོབ་པའི། །རིན་ཆེན་འཁོར་ལོའི་མན་ངག་ཤིན་ཏུ་བསྡུ་བར་བྱ། །མཉམ་གཙང་བསྔགས་པའི་ཡིད་དུ་འོང་བའི་ས་ཡི་ཆར། །དྲི་ཞིམ་མེ་ཏོག་གཅལ་བཀྲམ་སྤོས་ཆུས་ཆག་ཆག་གདབ། །ལ་ལར་འཇམ་ཞིང་ཡིད་འོང་སྟན་ལ་ཉེར་གནས་ཏེ། །བདེ་བ་ཤིན་ཏུ་མཚན་མེད་བྱང་ཆུབ་སེམས་བསྒོམ་བྱ། །གསང་སྔགས་རང་བཞིན་དག་པ་བརྗོད་ནས་ནི། །མ་ལུས་ཀུན་ནས་སྟོང་པར་རྣམ་བསྒོམས་ཤིང༌། །དངོས་དོན་དོན་བཅས་བདག་གི་ལུས་ཉིད་ཀྱང༌། །དེ་ནི་འོད་གསལ་མཐའ་རུ་ལན་གཅིག་བསམ། །དེ་ནས་བར་སྣང་རང་སྙིང་ཟླ་དཀྱིལ་ནི། །དབྱངས་ཡིག་དང་པོ་འོད་དང་ལྡན་པ་བསྒོམ། །དེ་བཞིན་འདིར་ནི་ཤིན་ཏུ་དཀར་བའི་དྷཱིཿ །དེ་ནི་འཇམ་དབྱངས་དྲི་མ་མེད་པར་བསྒོམ། །ཟླ་བ་བྱེ་བའི་འོད་དང་མཚུངས་པ་ལ། །རྒྱན་རྣམས་ཐམས་ཅད་རབ་ཏུ་འབར་བ་སྟེ། །ཆགས་བཅས་ཅུང་ཟད་བཞད་ཅིང་ཡིད་འོང་བར། །བསམ་གཏན་མཐར་ཕྱིན་པདྨའི་སྟེང་བཞུགས་བསམ། །རང་གི་སྙིང་གའི་ཡི་གེ་ཨ་མཆོག་ནི། །རྣམ་པར་འཕྲོ་བར་གྱུར་པ་ལེགས་བསམས་ལ། །མཉམ་མེད་འོད་ཟེར་རྣམས་ཀྱི་དྲྭ་བ་སྟེ། །འཁོར་ལོའི་རྩིབས་ནི་བརྒྱད་པའི་གཟུགས་སུ་བསམ། །དེ་ཡི་སྟེང་དུ་ཟླ་བའི་གཟུགས་ཉིད་ལ། །སྔགས་པ་ཡིས་ནི་དེ་ལ་བསྒོམ་བྱ་སྟེ། །ཟླ་བའི་འོད་ལྟར་ཤིན་ཏུ་དཀར་བ་ཡི། །མགོན་པོ་འཇམ་པའི་དབྱངས་ནི་དེ་ཉིད་དོ། །གཡས་སུ་ཤིན་ཏུ་མཛེས་པའི་གཟུགས་ལྡན་པ། །རྣམ་པར་འཛུམ་ཞིང་ཟུར་གྱིས་ལྟ་བ་དང༌། །ནུ་མ་གཉིས་ནི་ཤིན་ཏུ་རྒྱས་པ་ཡི། །སྐྲ་ཅན་དེ་ལ་བལྟ་བར་བསམ་པར་བྱ། །གཡོན་ལོགས་སུ་ནི་ཉེ་བའི་སྐྲ་ཅན་
མ། །ཤིན་ཏུ་མཛེས་ཤིང་སྒེག་པའི་གཟུགས་ཅན་མ། །ཡོན་ཏན་མ་ལུས་པ་ཡི་གཏེར་གྱུར་པའི། །དེ་གཉིས་ཙ་དང་ན་ལས་བསྒོམ་པར་བྱ། །མདུན་དུ་དྲྭ་བ་ཅན་འོད་བསམ་པ་ནི། །དྲི་མེད་རབ་དཀར་ར་ལས་བྱུང་བ་ཉིད། །ཟླ་འོད་ཡིད་དུ་འོང་ཞིང་འོད་ལྡན་ཏེ། །པ་ལས་བྱུང་བ་རྒྱབ་ཏུ་བཞག་པར་བྱ། །ཡང་ན་ཡི་གེའི་ར་བ་འབར་བ་ཡི། །རྒྱ་ཆེན་མཐུ་ལྡན་རྣམ་པར་བསྒོམ་བྱ་སྟེ། །དེས་ནི་མི་ཤེས་རི་བོ་འཇོམས་པ་དང༌། །ཡེ་ཤེས་དམ་པ་རྙོག་པ་མེད་པར་བྱེད། །འོག་ཏུ་འཁོར་ལོ་མྱུར་དུ་འཁོར་བ་བསམས་ལ། །གཏི་མུག་མུན་ནག་མ་ལུས་རྣམ་པར་སེལ། །རང་ལྷའི་སྐུ་ནི་མི་འགྱུར་ཉིད་བསམ་ཞིང༌། །ཟླ་བའི་གཟུགས་འདྲའི་འོད་ཟེར་དྲྭ་བ་ཆེ། །ཟླ་འདྲའི་འོད་ཟེར་སྤྲིན་ནི་རྒྱ་ཆེན་པོ། །ཕྱུང་ནས་ཕྱོགས་བཅུར་སོང་ཞིང་འབར་བསམས་ལ། །བདག་ལུས་དེ་བཞིན་སེམས་ཅན་རྣམས་བརྒྱན་ཏེ། །འོང་ནས་སྙིང་གའི་ཟླ་བའི་གཟུགས་ལ་བཞུགས། །དེ་ནས་སྔགས་མཆོག་ཨ་ར་པ་ཙ་ན། །སྔགས་པའི་མཆོག་གིས་ལེགས་པར་བཟླ་བར་བྱ། །བློ་གྲོས་བརྟན་པས་མན་ངག་ཇི་བཞིན་དུ། །བསྒོམས་ན་མྱུར་དུ་ས་མཆོག་རྣམས་དང་ནི། །དྲི་མེད་ཡིད་འོང་ཕ་རོལ་ཕྱིན་ཀུན་དང༌། །བློ་ངན་ཉེས་བཅོམ་རྒྱལ་བ་ཐོབ་པར་འགྱུར། །བླ་མ་དམ་པ་དགའ་རབ་རྡོ་རྗེ་ནི། །དམ་པའི་ཆོས་རྣམས་མཆོག་གི་མཛོད་གྱུར་པའི། །བདེ་བར་གཤེགས་པའི་ཚོགས་ཀྱི་སྤྱན་སྔ་རུ། །གང་ཞིག་ཆོ་ག་བཞིན་དུ་དབང་བསྐུར་བ། །བློ་གྲོས་བཟང་པོ་མི་ཕམ་བཤེས་གཉེན་གྱིས། །སྐྱེ་བོ་རྣམས་ཀྱི་བློ་གྲོས་དག་བྱའི་ཕྱིར། །ཨ་ར་པ་ཙ་ན་ཡི་འཁོར་ལོ་མཆོག །དེ་ཡི་གཞུང་དུ་ཡང་དག་སྦྱར་བ་ཡིན། །འཁོར་ལོའི་ཆོ་གའི་མཆོག་ནི་ལེགས་སྦྱར་བས། །བདག་གིས་བསོད་ནམས་རྒྱ་ཆེན་ཐོབ་འདུས་པས། །གང་དེས་འགྲོ་ཀུན་སྡིག་པ་ལས་རྒྱལ་ཞིང༌། །བདེ་མཐའ་གཅིག་ཏུ་འཇམ་དབྱངས་ཉིད་གྱུར་ཅིག །ཨ་ར་པ་ཙ་ནའི་སྒྲུབ་ཐབས་སློབ་དཔོན་ཆེན་པོ་མི་ཕམ་བཤེས་གཉེན་གྱིས་མཛད་པ་རྫོགས་སོ། །རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།།
རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །རྣམ་དག་འཇམ་དཔལ་སྒྲུབ་པའི་ཐབས། །ཤིན་ཏུ་གསལ་ཞིང་མདོར་བསྡུས་པ། །མི་ཤེས་རབ་རིབ་འཇོམས་པར་བྱེད། །དམ་པ་རྣམས་ཕྱིར་ལེགས་བརྗོད་བྱ། །སྟོང་པ་ཉིད་ཀྱི་རྗེས་སུ་དེ་བཞིན་དུ་སྙིང་གར་ཡི་གེ་མུཿསེར་པོ་ཡོངས་སུ་གྱུར་པ་ལས། །འཇམ་དཔལ་གཞོན་ནུར་གྱུར་པ་ཞལ་གསུམ་ཕྱག་དྲུག་པ་གུར་གུམ་དམར་པོ་འདྲ་ཞིང་སྔོན་པོ་དང༌། དཀར་པོ་ནི་གཡས་དང་ཅིག་ཤོས་ཀྱི་ཞལ་ལོ། །སེམས་དཔའི་སྐྱིལ་མོ་ཀྲུང་དང་ལྡན་པ། རལ་གྲི་དང་མདའ་དང་མཆོག་སྦྱིན་པ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དང༌། ཨུཏྤལ་སྔོན་པོ་དང༌། གཞུ་ནི་གཡོན་པའི་ཕྱག་གསུམ་ནའོ། །སྒེག་པ་དང་བཅས་ཤིང་གཞོན་ནུའི་རྒྱན་གྱིས་བརྒྱན་པ། ཁ་དོག་སྣ་ཚོགས་ཀྱི་གོས་དང༌། མེ་ཏོག་ལ་སོགས་པས་བརྒྱན་པར་བྱས་ཤིང་ལྕང་ལོ་གསུམ་གྱིས་མཛེས་པའོ། །དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་ཡོངས་སུ་རྫོགས་པའི་བདག་ཉིད་བསྒོམ་པར་བྱའོ། །ཨོཾ་མུཿཞེས་བྱ་བའི་སྔགས་བཟླ་བར་བྱའོ། །འཕགས་པ་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་རྡོ་རྗེའི་སྒྲུབ་ཐབས། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་པདྨ་རཱ་ག་ལྟར། །ཤེས་རབ་མཆོག་ལྡན་མདངས་གསལ་བ། །འཇམ་པའི་རྡོ་རྗེ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་འདི་བརྩམ་བྱ། །དང་པོར་མལ་ནས་ལངས་ཏེ་གདོང་ལ་སོགས་པ་དག་པར་བྱ་སྟེ། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་བསྒོམ་སྟེ། དེ་ལས་བྱུང་བའི་འོད་ཟེར་གྱིས་བགེགས་རྣམས་ཕྱོགས་བཅུར་བསྐྲད་པར་བྱ་སྟེ། གསང་སྔགས་ནི་འདིའོ། །ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཕཊ། དེ་ནས་ནམ་མཁའ་ལ་གནས་པའི་སངས་རྒྱས་
དང༌། བྱང་ཆུབ་སེམས་དཔའ་རྣམས་གསལ་བར་དམིགས་ཏེ། ཡིད་ཀྱིས་མཆོད་པ་བྱས་ཏེ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་སྤྱན་དྲང་བར་བྱའོ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱན་མཉྫུ་བཛྲ་མ་མ་ཤ་རཱི་རེ་མ་ཏིཥྛ་ནཾ་ཀུ་རུ་སྭཱ་ཧཱ། དེ་ནས་སྙིང་གའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འཇམ་པའི་རྡོ་རྗེ་སྐུ་མདོག་དམར་པོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཉིས་ན་རྡོ་རྗེ་དང་དྲིལ་བུ་འཆང་བ། རྨ་བྱའི་ཁྲི་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་དུ་བཞུགས་ཤིང༌། མོ་ཧ་ཀུ་མཱ་རཱི་དང༌། རཱ་ག་ཀུ་མཱ་རཱི་དང༌། ཨི་རཥ་ཀུ་མཱ་རཱི་དང༌། ཀུ་ལ་ཀུ་མཱ་རཱི་སྟེ་ལྷ་མོ་བཞིའོ། དཀྱིལ་འཁོར་གྱིས་ཡོངས་སུ་བསྐོར་བར་བསམ་པར་བྱའོ། །དེ་དག་ཀྱང་ཕྱག་གཉིས་ན་རྡོ་རྗེ་དང་རལ་གྲི་བསྣམས་པ་རྨ་བྱའི་ཁྲི་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་འཇོ་སྒེག་དང་བཅས་བཞིན་རབ་ཏུ་བཞུགས་པའོ། །སྐུ་མདོག་ནི་བཅོམ་ལྡན་འདས་དང་མཚུངས་པར་བསམ་པར་བྱའོ། །ཨོཾ་ཧྲཱིཿམྃ་ཧོཿམྃ་ཧཱུྃ། དེ་དག་ནི་འཇམ་པའི་རྡོ་རྗེའི་ཡི་གེ་དྲུག་པའི་གསང་སྔགས་སོ། །ཨོཾ་བྲུྃ་ལྃ་ཧཱུྃ། ཨོཾ་ཏྲྃ་ཏྲྃ་ཧཱུྃ། ཨོཾ་ཧྲཱིཾ་ཡྃ་ཧཱུྃ། ཨོཾ་ཁྃ་ཏྃ་ཧཱུྃ། དེ་དག་ནི་ལྷ་མོ་བཞིའི་ཡི་གེ་བཞི་པའི་གསང་སྔགས་སོ། །མཆོད་པའི་དུས་སུ་ཕྱི་རོལ་དུ་པདྨ་འདབ་མ་བཞི་བྱས་ཤིང་དམིགས་ཏེ། དབུས་ཀྱི་ལྟེ་བ་ལ་བཅོམ་ལྡན་འདས་འཇམ་དཔལ་རྡོ་རྗེ་ཇི་ལྟ་བ་བཞིན་བསམ་པ་དང༌། ཤར་ཕྱོགས་ལ་སོགས་པའི་འདབ་མ་བཞི་ལ་ལྷ་མོ་བཞི་ཇི་ལྟ་བ་བཞིན་བསམས་ལ་གསང་སྔགས་གོང་མ་རྣམས་ཀྱིས་རིམ་བཞིན་དུ་མཆོད་པར་བྱའོ། །དེ་ནས་གསང་སྔགས་འདིས་འབྱུང་པོ་རྣམས་ལ་སྦྱིན་པར་བྱ་སྟེ། མཆོག་སྦྱིན་གྱི་ཕྱག་རྒྱ་དང་སེ་གོལ་ལན་གསུམ་གཏོག་ཅིང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱདྱ་ནུཏྤན་ན་ཏྭཱཏ་ཅེས་བྱ་བའི་སྔགས་འདིས་སྦྱིན་པར་བྱའོ། །དེ་ནས་སྨོན་ལམ་འདི་ལན་གསུམ་བརྗོད་པར་བྱ་སྟེ། ཕྱོགས་བཅུ་ནམ་མཁའི་མཐར་ཐུག་པའི། །སེམས་ཅན་ཁམས་ནི་རབ་གྲོལ་ཞིང༌། །འཇམ་དཔལ་སྤྱོད་པ་ཇི་བཞིན་དུ། །དེ་བཞིན་བདག་ནི་སྤྱོད་གྱུར་ཅིག །བཅོམ་ལྡན་འདས་དཔལ་འཇམ་པའི་རྡོ་རྗེ་སྒྲུབ་པའི་ཐབས་རྫོགས་སོ།།
རྒྱ་གར་སྐད་དུ། བཱ་གཱི་རཱ་ཛ་སཱ་དྷ་ནཾ། བོད་སྐད་དུ། ངག་གི་རྒྱལ་པོ་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མགོན་བདག་ཕྱག་འཚལ་ནས། །བྱ་བའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །དངོས་གྲུབ་ཐམས་ཅད་སྟེར་བ་ཡི། །དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །སྔགས་པས་དང་པོར་རེ་ཞིག་ཡིད་དང་མཐུན་པའི་གནས་སུ་ཇི་ལྟར་བདེ་བར་འདུག་ནས། སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་བའི་སེམས་ཅན་རྣམས་བལྟས་ནས་སྨོན་ལམ་གདབ་པར་བྱ་སྟེ། སྡུག་བསྔལ་བའི་སེམས་ཅན་འདི་རྣམས་འཁོར་བར་འཁོར་ཞིང་འདུག་སྟེ། དེ་རྣམས་བདག་འཇམ་པའི་དབྱངས་སུ་གྱུར་ནས། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གོ་འཕང་ལ་རབ་ཏུ་གནས་པར་བྱའོ་ཞེས་བྱའོ། །དེ་ནས་ཐང་སྐུ་ལ་སོགས་པ་དགྲམ་པའི་བཅོམ་ལྡན་འདས་འཇམ་པའི་དབྱངས་དང༌། བླ་མ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་མདུན་དུ་དམིགས་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་ལ་ཕྱག་བྱས་ནས་སྡིག་པ་བཤགས་པ་དང༌། སླན་ཆད་གཅོད་ཅིང་སྡོམ་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། ཡོངས་སུ་བསྔོ་བ་དང༌། བདག་ཉིད་དབུལ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་བྱའོ། །ཚིགས་བཅད་འདི་ཉིད་ཀྱིས་བྱ་སྟེ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་དེ་ལ་གཟུང༌། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་ནས་སུ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །དེ་ནས་ལམ་བསྟན་པར་བྱའོ། །དེའི་རྗེས་སུ་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་པའི་དོན་རྗེས་སུ་རྟོགས་པ་ལན་གསུམ་དུ་བརྗོད་ནས་རང་བཞིན་གྱིས་དག་པར་མོས་པར་བྱ་སྟེ། ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །
ཁམས་གསུམ་སྟོང་པ་ཉིད་དང༌། མཚན་ཉིད་མེད་པར་བལྟས་ནས་རང་གི་སྙིང་གར་ཡི་གེ་ཨ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་མུཿགསེར་བསྲེགས་པ་ལྟ་བུ་དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་བཀྱེ་ཞིང་སྣང་བར་བྱས་ནས་ཇི་ལྟར་སྣོད་དང་ལྡན་པའི་སེམས་ཅན་གྱི་དོན་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྐུལ་ནས་དེའི་ཚེ་འོད་དེ་ས་བོན་ལ་ཞུགས་པ་དང༌། དེ་ཐམས་ཅད་ཡོང་སུ་རྫོགས་པ་ལས་བདག་ཉིད་འཇམ་པའི་དབྱངས་སུ་བསྒོམ་པར་བྱའོ། །ཞལ་གཅིག་ཕྱག་གཉིས་པ་གསེར་བཞུ་བ་ལྟ་བུའི་སེང་གེའི་སྟེང་ན་པདྨ་དང༌། ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པའོ། །ཟུར་ཕུད་གསུམ་དང་ལྡན་པ་རིན་པོ་ཆེའི་དབུ་རྒྱན་ཅན་ཟླ་བའི་དཀྱིལ་འཁོར་གྱི་འོད་ཅན་གཞོན་ནུའི་རྣམ་པའི་གཟུགས་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྒེག་པའི་ཉམས་དང་ལྡན་པ། ཅུང་ཞིག་འཛུམ་པ། ཕྱག་གཉིས་ན་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་བསྣམས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བཅས་པའི་ཨུཏྤ་ལ་སྔོན་པོ་གཡོན་པའི་ཕྱག་ན་བསྣམས་པ། གཡོན་པའི་ངར་གདོང་ལ་བརྟེན་པའི་ཁྲོ་བོ་ཆེན་པོ་གཤིན་རྗེ་མཐར་བྱེད་མདོག་སྔོ་བ། ཞལ་འགྱུར་ཞིང་མཆེ་བ་གཙིགས་པ། སྐྲ་ཁམ་པ་འཁྱིལ་ལ་སྤྱན་དམར་ཞིང་ཟླུམ་པ། འཇིག་པར་བྱེད་པ། ཁྲོ་གཉེར་ཅན། མི་བཟད་པའི་ཞལ་ཅན། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན་པ་ཕྱག་གཡས་ཀྱིས་བཅོམ་ལྡན་འདས་ཀྱི་ངར་གདོང་ལ་རེག་པ། གཡོན་ན་དབྱུག་པ་བསྣམས་པའོ། །དེ་ལྟར་རྣམ་པར་བསྒོམས་ནས་སྐུ་དང་གསུང་དང་ཐུགས་རྣམས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨཱཿཧཱུྃ་ཞེས་བྱ་བའི་ཡི་གེ་གསུམ་དཀར་པོ་དང༌། དམར་པོ་དང༌། སྔོན་པོའི་མདོག་ཅན་རིམ་པ་ཇི་ལྟ་བས་བཀོད་ནས། དེ་ནས་ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་མུཿརྣམ་པར་བསམས་ཏེ། དེ་ནས་མཆོད་པ་དང་མཆོད་པ་པོ་དབྱེར་མེད་པར་དམིགས་ནས། རྣམ་པ་སྣ་ཚོགས་
པའི་ལྷ་མོ་རྣམས་ཀྱིས་མཆོད་པ་དང༌། ཡང་དག་པའི་བསྟོད་པ་བྱེད་པར་བདག་ཉིད་བལྟས་ནས་སྤྲོ་བ་དང་སྡུད་པས་ཇི་སྲིད་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ལྟར་རྟག་ཏུ་སྒོམ་པར་བྱེད་པ་ནི་སངས་རྒྱས་ཀྱི་བྱང་ཆུབ་འགྲུབ་པར་འགྱུར་ཏེ། ཚེ་འདི་ཉིད་ལ་ཐུགས་རྗེ་ཆེན་པོ་འཇམ་པའི་དབྱངས་ཐོབ་པར་འགྱུར་རོ། །བསྒོམས་པས་སྐྱོ་བར་གྱུར་ན་བསྟོད་པ་དང༌། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་སྔགས་ཀྱི་རྣམ་པར་བཀོད་ལ་ཆགས་པ་མེད་པའི་ཡིད་ཀྱིས་བཟླས་པར་བྱའོ། །དེ་ལས་བཟླས་པའི་སྔགས་ནི་འདི་ཡིན་ཏེ། ཨོཾ་དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་རི་མུཿ། དེ་ལྟར་བཟླས་པ་བྱས་ནས་མི་སྐྱོ་བར་གྱུར་ན་བསྒོམ་པར་བྱའོ། །གལ་ཏེ་ལང་པར་འདོད་ན་ཡང་དེ་བཞིན་དུ་མཆོད་པ་དང་བསྟོད་པ་དང༌། དགེ་བ་ཡོངས་སུ་བསྔོ་བ་བྱས་ནས་ཚིགས་བཅད་འདི་ཡིས་བཟོད་པར་གསོལ་བར་བྱ་སྟེ། བདག་ནི་རྨོངས་པའི་དབང་གིས་ཀྱང༌། །ཉེས་པ་ཇི་སྲིད་བགྱིས་པ་གང༌། །གང་ཕྱིར་ལུས་ཅན་མགོན་པོ་ཡིས། །དེ་མགོན་ཁྱེད་ཀྱིས་བཟོད་པར་བཞེས། །འགྲོ་ལ་ཕན་ཕྱིར་སྨོན་ལམ་གདབ་པར་བྱའོ། །བདག་གི་བསོད་ནམས་འདི་ཡིས་ནི། །སངས་རྒྱས་ཉིད་ནི་ཐོབ་ནས་ཀྱང༌། །སྲིད་པའི་རྒྱ་མཚོ་ཟབ་མོ་ལས། །འགྲོ་བ་མ་ལུས་སྒྲོལ་བར་ཤོག །དེ་ནས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་ལྷག་པར་མོས་ནས་འགྲོ་བ་ཐམས་ཅད་འཇམ་པའི་དབྱངས་སུ་བལྟས་ཏེ། རང་གི་ལྷའི་རྣལ་འབྱོར་གྱི་ང་རྒྱལ་དང་ལྡན་པས་ཇི་ལྟར་བདེ་བར་གནས་པར་བྱའོ། །དེ་ལྟར་ཐུན་མཚམས་བཞིའམ་ཐུན་མཚམས་གསུམ་དུ་བྱའོ། །སྒྲུབ་ཐབས་འདི་ནི་བྱས་པ་ལས། །བདག་གིས་འབྲས་བུ་གང་ཐོབ་པ། །དེ་ཡིས་སྲིད་གསུམ་འཇིག་རྟེན་འདི། །མ་ལུས་འཇམ་པའི་དབྱངས་གྱུར་ཅིག །ངག་གི་རྒྱལ་པོའི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨཱ་ཀཱིརྟིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མ་ཧཱ་རཱ་ཛ་ཨ་ཌི་ཌ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་པོ་ཆེན་པོ་འཇམ་དཔལ་རོལ་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་བཞིན་དུ་སྡིག་པ་
བཤགས་པའི་རྗེས་སུ་སྟོང་པ་ཉིད་དུ་དམིགས་ནས་ཟླ་བ་ལ་གནས་པའི་ས་བོན་ཡི་གེ་མུཿལས་ཡོངས་སུ་རྫོགས་པའི་འཕགས་པ་འཇམ་དཔལ་དབྱངས་ཞལ་གཅིག་ཕྱག་གཉིས་པ་གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཕྱག་གཡོན་པ་ན་ཨུཏྤལ་བསྣམས་པ། ཕྱག་གཡས་པ་རོལ་པས་གནས་པ་སེང་གེའི་ཁྲི་ལ་གནས་པའི་པདྨ་དང་ཟླ་བའི་གདན་ལ། བདག་ཉིད་སྐད་ཅིག་གིས་བཞུགས་པར་བསམ་པར་བྱའོ། །དེ་ནས་ཐལ་མོ་སྦྱར་ལ་མཛུབ་མོ་གཉིས་སྲིན་ལག་གི་སེན་མོ་ལ་བརྟེན་པར་བྱས་ནས། ཨུཏྤལ་ཁ་ཕྱེ་བའི་ཕྱག་རྒྱ་སྦྱིན་པར་བྱའོ། །ཨོཾ་བཱ་གཱི་ཤྭ་རི་མུཿཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །རྒྱལ་པོ་ཆེན་པོའི་རོལ་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། བིདྱཱ་དྷ་ར་པི་ཊ་ཀ་སཾ་ཀྵིཔྟ་མཉྫུ་ཤྲཱི་སཱ་དྷ་ནཾ། བོད་སྐད་དུ། རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་པའི་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་རྣམ་པར་བསྒོམས་ནས་སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་དེ་ཡོངས་སུ་གྱུར་པ་ལས་ཡི་གེ་དྷཱིཿདཀར་པོ་དེ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་ཨ་ར་པ་ཙ་ན་གཅིག་པུ་འབའ་ཞིག་ཉིད་དོ། །སྙིང་གར་ས་བོན་རྣམ་པར་བསམས་ནས་ཡང་དང་ཡང་དུ་སྤྲོ་བ་ལ་སོགས་པའི་རྣམ་པར་བྱའོ། །ཨོཾ་དྷཱིཿསྭཱ་ཧཱ་ཞེས་བྱ་བའི་སྔགས་ཀྱིས་བཟླས་པ་བྱའོ། །རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་མདོར་བསྡུས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། བིདྱཱ་དྷ་ར་པི་ཊ་ཀ་པྲ་ཏི་བནྡྷ་མཉྫུ་གྷོ་ཥ་སཱ་དྷ་ནི། བོད་སྐད་དུ། རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་འཇམ་
དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྔགས་པས་དང་པོ་བྱ་བ་ནི། །སངས་རྒྱས་ལ་སོགས་རབ་མཆོད་ནས། །བསོད་ནམས་ཡོངས་སུ་བསྔོ་ལ་སོགས། དེ་ནས་བྱམས་པ་ལ་སོགས་བསྒོམ། །སྙིང་གར་ཟླ་བའི་གཟུགས་དབུས་གནས། །སྔགས་པས་ཐིག་ལེ་རྣམ་པར་བསམ། །མར་མེའི་རྣམ་པའི་འོད་ཀྱིས་བརྒྱན། །འོད་ཟེར་གྱི་ནི་ཚོགས་འདི་ནི། །ས་བོན་ཁ་བ་ལྟ་བུའི་འོད། །ཐིག་ལེ་དེ་ལ་འོད་ཟེར་བསམ། །སོ་སོར་བ་སྤུའི་བུ་གར་བྱུང༌། །འགྲོ་ཀུན་རྒྱས་མཐོ་གང་སོགས་པའི། །རིམ་པ་རྣམ་པར་གསལ་བར་བྱ། །དྷཱིཿདཀར་རྣམ་པའི་གཟུགས་ཉིད་དུ། ཐིག་ལེ་ནང་ལྟོས་འོད་ཟེར་བལྟ། །འདི་ཀུན་ཡོངས་སུ་གྱུར་པ་ལས། ཨ་ར་པ་ཙ་ན་དམིགས་བྱ། །སྙིང་གར་ཟླ་བའི་དཀྱིལ་འཁོར་རོ། །དབུས་སུ་ཆུད་པའི་དྷཱིཿཡིག་བལྟ། །འོད་ཟེར་དག་གི་ཚོགས་འདི་ནི། །སྣ་ནས་ཚིག་ནི་བྱུང་བར་བལྟ། །སེམས་ཅན་འཇམ་དབྱངས་རྣམ་བྱས་ཏེ། །འབྱུང་བའི་རླུང་གིས་ཁྱབ་པ་དང༌། །ཕྱིས་ནི་འཇུག་པ་རླུང་གིས་ནི། །དྷཱིཿཡི་རྣམ་པར་ཡིད་ཀྱིས་བསྡུ། །ཨོཾ་ནི་དང་པོར་སྭཱ་ཧཱ་མཐར། །སྔགས་ནི་ས་བོན་ཡི་གེ་བཟླ། །སྟོན་ཀའི་ཟླ་བ་ལྟ་བུ་ཡི། །སྙིང་གར་ཟླ་དཀྱིལ་གསལ་བའོ། །རིག་པ་འཛིན་པའི་སྡེ་སྣོད་ཀྱིས་བསྡུས་པའི་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་གིས་བསྒྱུར་བའོ། ༈ །སྐད་ཅིག་གིས་འཇམ་དཔལ་གྱི་རྣལ་འབྱོར་དུ་དམིགས་ནས་ལྟེ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཐིག་ལེ་དཀར་པོ་མར་མེའི་རྩེ་མོའི་རྣམ་པའི་འོད་ཟེར་དང་བཅས་པ་བསམས་ནས་སྤྱི་གཙུག་ཏུ་གཞོམ་དུ་མེད་པའི་ཡི་གེ་ཧྃ་དཀར་པོ་མགོ་བོ་འཕྱང་བཞིན་པའི་འོད་ཟེར་བཅས་པ་བསམ་པར་བྱའོ། །དེ་ནས་ཐིག་ལེའི་འོད་ཟེར་གྱིས་བསྐུལ་ནས་ཡི་གེ་ཧྃ་ཞུ་བར་གྱུར་ཏེ་ཐིག་ལེ་བསིལ་ཞིང་ཚིམ་པར་བྱའོ། །སེམས་བརྟན་པར་གྱུར་པའི་སྔགས་པས་རིང་པོར་མི་ཐོགས་པར་ཤེས་རབ་སྐྱེ་བར་འགྱུར་རོ། །འཇམ་དཔལ་ཤེས་རབ་གྱི་སྦྱོར་བ་རྫོགས་སོ། །ཁམས་པ་ལོ་ཙཱ་བ་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ།།
རྒྱ་གར་སྐད་དུ། བཛྲཱ་ཨཾ་ག་མཉྫུ་གྷོ་ཥ་སཱ་དྷ་ནཾ། བོད་སྐད་དུ། ཡན་ལག་མེད་པའི་རྡོ་རྗེ་འཇམ་པའི་དབྱངས་ཀྱི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པ་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པར་བསྒོམས་པའི་རྗེས་སུ་ཡི་གེ་ཧྃ་ལས་སྐྱེས་པའི་ཡི་གེས་ཆང་ཟུངས་ཀྱི་དབུས་སུ་མནན་པའི་མདའ་དང་ལྡན་པའི་གཞུ་བསྒོམས་ནས། དེ་ཡོངས་སུ་གྱུར་པ་ལས་ཡན་ལག་མེད་པའི་རྡོ་རྗེ་ཞེས་བྱ་བ་འཕགས་པ་འཇམ་དཔལ་མདོག་སེར་པོ་ཕྱག་དྲུག་པའོ། །རྩ་བའི་ཕྱག་གཉིས་ནི་རྣ་ལྟག་གི་བར་དུ་བཀང་བའི་ཨུཏྤལ་དམར་པོའི་མདེའུ་ཅན་གྱི་མདའ་དང་ལྡན་པའི་མེ་ཏོག་གི་གཞུ་འཛིན་པའོ། །གཡས་པའི་ཕྱག་གཉིས་ན་རལ་གྲི་དང་མེ་ལོང་བསྣམས་པའོ། །གཡོན་པ་གཉིས་ན་ཨུཏྤ་ལ་སྔོན་པོ་དང་ཤིང་མྱ་ངན་མེད་པ་དམར་པོ་ལ་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའོ། །མི་བསྐྱོད་པས་བྱིན་གྱིས་བརླབས་པའི་རལ་པའི་ཅོད་པན་ཅན་གཡོན་བརྐྱང་བའི་ཞབས་ཅན། ལོ་བཅུ་དྲུག་གི་རྣམ་པར་བྱེད་ཅིང་ཆེར་སྒེག་པའི་སྐུར་བལྟ་བར་བྱའོ། །ཡང་ན་ཕྱག་བཞི་པ་སྟེ་མེ་ལོང་དང་མྱ་ངན་མེད་པའི་ཡལ་ག་མེ་ཏོག་དང་བཅས་པ་བསྣམས་པའི་ཕྱག་གཉིས་དང་བྲལ་བ་བསྒོམ་པར་བྱའོ། །དེ་ནས་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ནས། ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་བྱ་བའི་སྔགས་བཟླས་པ་བྱའོ། །འབུམ་ཕྲག་གཅིག་བཟླས་ལ་འཇིག་རྟེན་གསུམ་པོ་ཡང་ཅི་བགྱི་བར་བྱེད་པར་འགྱུར་རོ། །ཡང་ན་ཁ་ཅིག་དགུག་པར་འདོད་པས་གོང་དུ་གསུངས་པ་བཞིན་དུ་བསྒོམ་པར་བྱས་ནས། དེ་ང་རྒྱལ་བརྟན་པོ་བྱས་པའི་ཡིད་ཀྱིས་རང་གི་སྙིང་གར་པདྨ་དམར་པོ་འདབ་མ་བཅུ་དྲུག་པ་མངོན་པར་འཕྱང་བའི་སྡོང་བུ་དང༌། རྩ་བ་དང་བཅས་པ་དམིགས་ནས་དེའི་སྡོང་བུའི་དབུས་སུ་ཡི་གེ་ཧཱུྃ་དམར་མོ་དགུ་བལྟའོ། །དེའི་འདབ་མ་ལ་གཡས་སྐོར་དུ་དབྱངས་ཡིག་དམར་པོ་བཅུ་དྲུག་བསྒོམ་པར་བྱས་ནས། དེའི་ཟེའུ་འབྲུའི་སྟེང་དུ་ནུབ་མོ་དང་ཉིན་མོ་ཇི་ལྟར་སྲིད་པར་ཉི་མ་
དང༌། ཟླ་བའི་དཀྱིལ་འཁོར་དམར་པོའོ། །དེའི་དུས་སུ་ཡང་ཡི་གེ་ཧྲཱིཿདམར་པོ་གཉིས་ཀྱི་བར་དུ་བཅུག་པའི་འོག་ནས་བཤད་པའི་རང་གི་སྔགས་བལྟ་བར་བྱའོ། །དེ་ནས་དབྱངས་ཡིག་དམར་པོ་དེ་རྣམས་སྦྲང་མ་དགའ་བ་རྒྱས་པར་རྣམ་པར་བསྒོམས་ནས། རང་གི་སྔགས་ཀྱི་འོད་ཟེར་གྱི་ཚོགས་ཀྱིས་ཕྱོགས་བཅུ་བཀང་སྟེ་ཇི་སྙེད་མངོན་པར་འདོད་པའི་བུད་མེད་ཀྱི་གནས་སུ་སོང་ནས་མེ་རླུང་གི་དཀྱིལ་འཁོར་སྟེང་དུ་སྟོབས་ཀྱིས་བཞག་ནས་འོད་ཟེར་གྱི་རང་བཞིན་ཉིད་ཀྱི་ཞགས་པས་ལེགས་པར་སྐེ་ནས་བཅིངས་ནས། ལྕགས་ཀྱུ་རྣོན་པོས་ཆོས་འབྱུང་ནས་ཕུག་སྟེ་མདུན་དུ་ཡང་དག་པར་བཀུག་ནས་ཐལ་མོ་སྦྱར་ཏེ། མགལ་མེ་འཁོར་བའི་འཁོར་ལོའི་ནང་དུ་བཅུག་ནས་ཡི་གེ་ཧཱུྃ་དམར་པོས་མིག་དང༌། སྙིང་ག་དང༌། ཡན་ལག་དང་ཉིང་ལག་ཐམས་ཅད་བཀང་བར་བསྒོམ་པར་བྱའོ། །དེ་ནས་དེའི་སྙིང་གར་དབྱངས་ཡིག་དམར་པོ་བཅུ་དྲུག་དང་ལྡན་པའི་སྡོང་བུའི་སྦུབས་ནས་ཡི་གེ་ཧཱུྃ་དང་བཅས་པའི་པདྨ་འདབ་མ་བཅུ་དྲུག་པ་དམིགས་པར་བྱ་སྟེ། འོན་ཀྱང་དྲི་མ་དང་བཅས་པའི་མདོག་ཅན་ནོ། །དེའི་དབུས་སུ་ཡི་གེ་ཧྲཱིཿདེའི་བར་དུ་བཅུག་པའི་མིང་གི་ཡི་གེ་བསམ་པར་བྱའོ། །དེ་ནས་རང་གི་སྔགས་ཀྱི་འོད་ཟེར་ལས་བྱུང་བའི་རབ་ཏུ་དམར་ཞིང་ཕྲ་བའི་ལྕགས་ཀྱུ་རབ་ཏུ་རྣོན་པོ་དང༌། པདྨའི་སྡོང་བུ་ལ་གནས་པའི་ཡི་གེ་ཧཱུྃ་གི་འོད་ཀྱིས་སྟེང་དུ་འགྲོ་ཞིང་བསྐུལ་བས་སྦྲང་བུའི་ཚོགས་ཀྱི་རྗེས་སུ་འགྲོ་བཞིན་པས། རང་གི་སྣ་བུག་གཡས་ལས་གཞན་པའི་ཅིག་ཤོས་ཀྱི་སྒོར་བྱུང་སྟེ། བསྒྲུབ་བྱའི་སྣ་བུག་གཡས་པའི་སྒོ་ནས་དེའི་སྙིང་གར་ཞུགས་ཏེ། ལྕགས་ཀྱུ་དེ་ཡིས་དེའི་མིང་གི་ཡི་གེ་འགུགས་པར་གནས་པར་བྱེད་ཅིང༌། སྦྲང་བུ་དེ་རྣམས་ཀྱིས་ཀྱང་དགའ་བས་པདྨ་དེ་ཕྱུང་ཞིང༌། རང་དགས་དུམ་བུར་བྱེད་ཅིང་དབྱངས་ཡིག་རྣམས་གཞིབ་པར་བྱའོ། །ཞེས་ཡུན་རིང་དུ་མི་གཡོ་བར་བལྟ་བར་བྱའོ། །དེ་ནས་དེ་ཁོ་ན་བཞིན་དུ་དབུགས་ཀྱིས་བསྐུལ་བའི་ལྕགས་ཀྱུས་དེའི་མིང་སྟོབས་ཀྱིས་བླངས་ཏེ། སྦྲང་བུ་དེ་རྣམས་ཀྱིས་ཀྱང༌། རང་གི་དབྱངས་
ཡིག་བཀུག་སྟེ། དེའི་སྣ་བུག་གཡོན་པའི་ལམ་དུ་བྱུང་བར་བལྟ་བར་བྱའོ། །ཡང་དེ་བླངས་ནས་འཇུག་པའི་རླུང་གིས་ལྕགས་ཀྱུ་དང༌། སྦྲང་བུ་རྣམས་བཀུག་སྟེ། རང་གི་སྣ་བུག་གཡས་པའི་སྒོ་ནས་འཇུག་སྟེ། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ལ་བཅུག་ནས། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་དྲག་པོར་མནན་ནས། དབྱངས་ཡིག་དེ་རྣམས་འདབ་མ་སོ་སོ་ལ་སྦྲང་བུ་མཆོག་གིས་དབང་དུ་བྱས་པའི་རྣམ་པར་བསམ་པར་བྱའོ་ཞེས་བྱའོ། །རིམ་པ་འདིས་རང་གི་རྣམ་པར་ཤེས་པ་དང༌། དེའི་རྣམ་པར་ཤེས་པ་དེ་གཅིག་ཏུ་བྱས་པ་བལྟ་བར་བྱའོ། །དེ་ནས་དེའི་ནུ་མ་ལ་ཨུཏྤལ་དམར་པོའི་མདེའུ་རྣོན་པོ་དང་ལྡན་པའི་མདས་ཕུག་ནས་འདོད་ཆགས་ཆེན་པོས་བརྒྱལ་བར་གྱུར་པར་བལྟས་ནས་ལྕགས་སྒྲོག་ལྟ་བུའི་གཞུས་དེའི་རྐང་པ་གཉིས་དམ་པར་བཅིངས་ནས། རང་གིས་བསྣམས་པའི་ཨུཏྤ་ལའི་སྡོང་བུའི་རང་བཞིན་གྱི་ཞགས་པས་སྐེ་ནས་བཅིངས་ཏེ། ཡང་དག་པར་བཀུག་ནས་རྐང་པ་གཉིས་ཀྱི་དྲུང་དུ་ལྷུང་བར་བྱས་ནས། མྱ་ངན་མེད་པས་སྙིང་གར་བྲབས་པའོ། །མངོན་པའི་ང་རྒྱལ་མེད་པར་བྱས་ལ། རལ་གྲིས་འཇིག་པར་བྱ་སྟེ། སྐྱབས་གཞན་མེད་པར་བྱས་ནས་རང་ཉིད་ཇི་ལྟར་གནས་པས་སྐྲ་གྲོལ་བ་ཤིན་ཏུ་འདོད་ཆགས་ཀྱིས་མྱོས་པ་གཅེར་བུ་གོས་མེད་པ། མི་སྦྱོར་བས་འཇིགས་ཤིང་ཤིན་ཏུ་ཆགས་པར་གྱུར་པ་མེ་ལོང་ལ་བརྟན་པར་བྱས་ནས་རང་རིགས་པས་རྗེས་སུ་ཆགས་པར་བྱའོ། །ཨོཾ་ཧྲཱིཿཨ་མུ་ཀིཾ་ཨཱ་ཀརྵ་ཡ་མཉྫུ་གྷོ་ཥ་ཧྲཱིཿཛཿཞེས་བྱ་བའི་རང་གི་སྔགས་མིང་དང་བཅས་པ་རྩེ་གཅིག་པའི་ཡིད་ཀྱིས་བཟླ་བར་བྱའོ། །དེ་ལྟར་གོང་དུ་གསུངས་པའི་རིམ་པས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཇི་སྲིད་ཚེས་བཅུ་བཞིའི་བར་དུ་ཁྲི་ཕྲག་གཅིག་ཙམ་བཟླ་བར་བྱའོ། །ཡང་བཅོ་ལྔ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མཚན་ཐོག་ཐག་བཟླས་པ་བྱའོ། །དེ་ནས་ཐོ་རངས་དེ་ངེས་པར་འོང་བར་འགྱུར་རོ། །འོངས་ནས་དེ་ལ་ཡང་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཀྱི་དོན་དུ་རང་གི་ལྷ་མཆོད་པའི་
བསམ་པས་ཇི་ལྟར་བདེ་བར་ལོངས་སྤྱོད་པར་བྱའོ། །ཡན་ལག་མེད་པའི་རྡོ་རྗེའི་འཇམ་པའི་དབྱངས་ཀྱི་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་བཱ་གཱི་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་ཉིད་བཞིན་དུ་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་སྣ་ཚོགས་པདྨའི་སྟེང་དུ། ཟླ་བ་ལ་ཨ་ཡིག་དཀར་པོ་ལས་སྐྱེས་པ། དཔལ་ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་ཡན་ལག་ཐམས་ཅད་དཀར་པོ་ཞལ་བཞི་པ་ཕྱག་བརྒྱད་པ། སངས་རྒྱས་ལྔའི་རིན་པོ་ཆེའི་དབུ་རྒྱན་ཅན་ལྷ་རྫས་ཀྱི་གོས་དང་རྒྱན་དང་སྒེག་པ་ལ་སོགས་པའི་ཉམས་དང་ལྡན་པ། ཕྱག་གཉིས་ནི་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱས་མཚན་པའོ། །རལ་གྲི་དང་མདའ་དང༌། རྡོ་རྗེ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་དང་གཞུ་དང་དྲིལ་བུ་གཡོན་པའི་ཕྱག་གསུམ་ནའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་དང་ལྡན་པའི་བདག་ཉིད་དུ་བསྐྱེད་ནས། སྙིང་གར་ཟླ་བ་ལས་ཧཱུྃ་སྔོན་པོ་ལས་སྐྱེས་པའི་རྡོ་རྗེ་ས་བོན་དང་བཅས་པ་ནི་ཕྱག་རྒྱ་ཆེན་པོའི་རང་བཞིན་ནོ། །སྨིན་མཚམས་སུ་ཏྲཱྃ་ཡིག་སེར་པོ་ལས་སྐྱེས་པ་རིན་པོ་ཆེ་ས་བོན་དང་བཅས་པ་ནི་ཆོས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །མགྲིན་པར་ཧྲཱིཿཡིག་དམར་པོ་ལས་སྐྱེས་པ་པདྨ་ས་བོན་དང་བཅས་པ་ནི་དམ་ཚིག་གི་ཕྱག་རྒྱའི་རང་བཞིན་ནོ། །སྤྱི་གཙུག་ཏུ་ཨཱཿཡིག་དཀར་པོ་ལས་སྐྱེས་པ་སྣ་ཚོགས་རྡོ་རྗེ་རྒྱ་གྲམ་ས་བོན་དང་བཅས་པ་ནི་ལས་ཀྱི་ཕྱག་རྒྱའི་རང་བཞིན་ནོ། །འདིས་ཕྱག་རྒྱ་བཞི་དང་ལྡན་པའི་བདག་ཉིད་རྣམ་པར་བསྒོམ་པར་བྱའོ། །ཨོཾ་ཧཱུྃ་ཧྲཱིཿབྷ་ག་བཱན་ཛྙཱ་ན་མཱུརྟི་བཱ་གཱི་ཤྭ་ར་མཧཱ་བཱ་ཙ་སརྦ་དྷརྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་བཅིངས་ལ་གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པ་ནི་རལ་གྲིའི་རྣམ་པར་གཟུང་པར་བྱ། མཛུབ་མོ་གཉིས་མཐེབ་ཆེན་ལངས་པའི་
སྟེང་དུ་བསྐུམ་པར་བྱ་སྟེ། གཟུང་བ་དེ་ནི་དམ་ཚིག་གི་ཕྱག་རྒྱའོ། །དེར་རང་གི་ལྕེ་ལ་ཟླ་བ་ལ་གནས་པའི་ཧྲཱིཿཡིག་དམར་པོའི་ས་བོན་གྱིས་བྱིན་གྱིས་བརླབ་པར་བསམ་མོ། །ཁྲོ་བོ་ངག་གིས་བཟླས་པ་བྱའོ། །དེ་ལ་འདིའི་ངག་གི་བཟླས་པ་ནི། ཨོཾ་བཛྲ་ཏཱིཀྵྞ་དུཿཁཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ་ཛྙཱ་ན་ཀཱ་ཡ་བཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ མཚན་བརྒྱ་རྩ་བརྒྱད་དང༌། མཚན་ཡང་དག་པར་བརྗོད་པ་ཇི་ལྟར་དུས་གསུམ་བཀླག་པར་བྱའོ། །ཆོས་ཀྱི་དབྱིངས་ངག་གི་དབང་ཕྱུག་གི་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ནཱ་མ་སངྒཱི་ཏི་སཱ་དྷ་ནཾ། བོད་སྐད་དུ། མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས། ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྒྲུབ་པ་པོས་སྔ་བར་ལངས་ཏེ་ཁ་ལ་སོགས་པ་དག་པར་བྱ་སྟེ། བསམ་གཏན་གྱི་ཁང་པར་རབ་ཏུ་ཞུགས་ནས། བདེ་བའི་སྟན་ལ་སྐྱིལ་མོ་ཀྲུང་གིས་ཉེ་བར་གནས་ལ། སྙིང་གར་པདྨ་དང་ཟླ་བ་ལ་དམར་ཞིང་དཀར་བའི་མུཿཡིག་བསྒོམ་པར་བྱའོ། །དེ་ནས་དེའི་འོད་ཟེར་དེའི་ཚོགས་ལྕགས་ཀྱུའི་རྣམ་པ་ཅན་གྱིས་བཀུག་སྟེ། བཅོམ་ལྡན་འདས་འོག་ནས་འབྱུང་བའི་མདོག་དང༌། ཞལ་དང༌། ཕྱག་མཚན་དང༌། གདན་དང་ཉེ་བར་ལྡན་པ་མདུན་དུ་རྣམ་པར་བསྒོམས་ལ། ཡིད་ཀྱི་རང་བཞིན་གྱི་མེ་ཏོག་དང༌། བདུག་པ་ལ་སོགས་པས་ཡང་དག་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་ཐམས་ཅད་བྱས་ཤིང་བྱམས་པ་ལ་སོགས་པ་ཚངས་པའི་གནས་བཞི་རྣམ་པར་བསྒོམས་ནས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མངོན་དུ་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ས་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ནམ་མཁའ་ལ་ཧཱུྃ་གིས་རྡོ་རྗེ་རྩེ་ལྔ་པ་ས་བོན་དང་བཅས་པ་རྣམ་པར་བསྒོམས་ལ། དེའི་འོད་ཟེར་རྣམས་ཀྱིས་ཇི་ལྟ་བའི་སྦྱོར་བས་རྡོ་རྗེའི་རྭ་བ་དང༌། རྡོ་རྗེའི་གུར་དང༌། ས་འོག་ཀུན་རྡོ་རྗེའི་ས་གཞིར་དམིགས་ལ་རྡོ་རྗེ་ཡང་འོད་ཟེར་དུ་གྱུར་ནས་རྡོ་རྗེའི་རྭ་བ་ལས་ཕྱི་རོལ་ཏུ་
ཕྱོགས་བཅིང་བ་ལ་སོགས་པའི་གཟུགས་ཀྱིས་ཉེ་བར་གནས་པར་བལྟའོ། །དེའི་རྗེས་སུ་རྡོ་རྗེ་རྭ་བའི་ནང་དུ་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨའོ། །པདྨའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་དཀར་དམར་གྱི་མུཿཡིག་ལ་སངས་རྒྱས་མང་པོ་སྤྲོ་བ་དང་བསྡུ་བའི་རྣམ་པར་བསྒོམས་ལ། དེ་ཡོངས་སུ་གྱུར་པ་ལས་རྗེ་བཙུན་འཇམ་པའི་དབྱངས་དམར་ཞིང་དཀར་བ་པདྨ་དང་ཟླ་བའི་སྟེང་ན་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཞལ་དང་པོ་དམར་པོ་གཡས་སྔོན་པོ་གཡོན་དཀར་པོ་ཞེས་བྱ་བའི་ཞལ་གསུམ་པ་བསྒོམ་མོ། །ཕྱག་བཞི་ན་ཇི་ལྟ་བའི་སྦྱོར་བས་ཤེས་རབ་ཀྱི་པོ་ཏི་དང་རལ་གྲི་དང༌། གཞུ་དང༌། མདའ་དང་ལྡན་པས་སོ། །རིན་པོ་ཆེའི་དབུ་རྒྱན་ཅན། མཚན་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་མཛེས་པ། གཞོན་ཞིང་གཞོན་ནུའི་རྒྱན་གྱི་རྣམ་པར་བརྒྱན་པར་བདག་ཉིད་བསྒོམས་ལ། སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་རྡོ་རྗེ་སེམས་མ་དཀར་མོ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཡོན་ན་དྲིལ་བུ་དཀུར་བརྟེན་ཅིང་འཆང་བའོ། །གཡས་པ་ན་རང་གི་སྙིང་གར་འདེགས་པར་བྱེད་པའི་སྦྱོར་བས་རྡོ་རྗེ་འཆང་བ། སྨིན་མཚམས་སུ་དེ་བཞིན་དུ་རིན་ཆེན་རྡོ་རྗེ་མ་སེར་མོ་ཕྱག་གཉིས་ཀྱིས་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཆིང་ཞིང་ཉེ་བར་གནས་པའོ། །མགྲིན་པར་པདྨ་རྡོ་རྗེ་མ་དམར་ཞིང་དཀར་བ། གཡོན་པས་པདྨའི་སྡོང་བུ་འགྱིང་བག་དང་བཅས་པས་བཟུང་བ། གཡས་པས་དེ་ཡི་འདབ་མ་ཁ་འབྱེད་ཅིང་སྔོན་བཞིན་དུ་དེ་ཉིད་ཉེ་བར་གནས་པའོ། །སྤྱི་བོར་ལས་ཀྱི་རྡོ་རྗེ་མ་སྐུ་མདོག་ལྗང་གུ་རྡོ་རྗེ་རྩེ་གསུམ་པ་དང་ལྡན་པའི་ཕྱག་གཉིས་བདག་ཉིད་ཀྱི་སྤྱི་བོར་འཆང་ཞིང་དེ་ཁོ་ན་བཞིན་དུ་ཉེ་བར་གནས་པར་བསྒོམ་པར་བྱའོ། །ཨོཾ་བཛྲ་ཨངྐུ་ཤ་ཛཿ། ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་ཨཱ་བེ་ཤ་ཧོཿཞེས་པའི་སྔགས་ཀྱིས་པདྨ་དང་ཟླ་བའི་སྟེང་དུ་གོ་རིམ་ཇི་ལྟ་བ་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་དགུག་པ་དང༌། གཞུག་པ་དང༌། བཅིང་བ་དང༌། དབང་དུ་བྱའོ། །རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ཏེ་མཛུབ་མོ་དང༌། མཐེའུ་ཆུང་ལྕགས་སྒྲོག་ཏུ་
བྱས་ཤིང་སྤྲད་པ་བཀན་ཏེ་རང་གི་ཁ་རུ་ཉེ་བར་བཞག་པ་ནི་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྟེ། ཨརྒྷཾ་དང་ཞབས་བསིལ་དང༌། མེ་ཏོག་དང༌། བདུག་པ་ལ་སོགས་པས་ཡང་དག་པར་མཆོད་ལ་སྐད་ཅིག་གིས་རང་གི་ལུས་ལ་གཞུག་པར་བྱའོ། །དེའི་རྗེས་སུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་བ་སྔོན་དུ་འགྲོ་བས། མི་བསྐྱོད་པས་བདག་ཉིད་ཀྱི་དབུ་བརྒྱན་པར་རྣམ་པར་བསམས་ལ། ཨོཾ་སརྦ་དྷརྨཱ་ཨ་བྷཱ་བ་སྭཱ་བྷཱ་ཝ་བི་ཤུདྡྷ། བཛྲ་ཙཀྵུཿཨ་ཨཱ་ཨཾ་ཨཿཔྲ་ཀྲྀ་ཏི་པ་རི་ཤུདྡྷཿསརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏ། མུ་པཱ་དཱ་ཡ་ཏི། ཨ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་ཝཱན། ཛྙཱ་ན་མཱུརྟི། བཱ་གཱི་ཤྭ་ར། མཧཱ་པཱ་ཙ། སརྦ་དྷརྨཱ། ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ། དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿཞེས་བྱ་བའི་སྔགས་ཀྱིས་དང་པོ་དང༌། བར་མ་དང༌། མཐར་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། རྗེ་བཙུན་མཚན་ཡང་དག་པར་བརྗོད་པ་ཉི་མ་རེ་རེ་ཞིང་སོ་སོའི་ཐུན་མཚམས་སུ་ལན་གསུམ་མམ་ལན་གཅིག་ཏུ་སྐྱིལ་མོ་ཀྲུང་མ་ཞིག་པར་མཉམ་པར་གཞག་པས་བཀླག་པར་བྱའོ། །དེ་ལྟར་ཇི་སྲིད་གྲུབ་པའི་མཚན་མ་མཐོང་བ་དེ་སྲིད་དུ་བཀླག་པར་བྱའོ། །དེའི་རྗེས་སུ་རྒྱུད་ཇི་ལྟ་བ་བཞིན་དངོས་གྲུབ་ཀྱི་ཐབས་ལ་རྗེས་སུ་གནས་པར་བྱའོ། །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་བ་རི་ལོ་ཙཱ་བས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨཱརྻ་མཉྫུ་བཛྲ་སིདྡྷི་ཀ་བཱི་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས། འཕགས་པ་འཇམ་དཔལ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་འདྲའི་འོད་གསལ་བའི། །འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ། །དེ་ཡི་སྒྲུབ་ཐབས་གསལ་པོ་མཆོག །མདོར་བསྡུས་བདག་གིས་བརྗོད་པར་བགྱི། །དང་པོར་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གཙང་མའི་ས་ཕྱོགས་སུ་བདེ་བའི་གདན་ལ་བསྡད་ནས། རང་གི་སྙིང་གར་ཨྃ་ཡིག་ལས་བྱུང་བའི་ཟླ་བ་ལ་མྃ་དཀར་པོ་དེ་ཉིད་རྣམ་པར་དགོད་པར་བྱའོ། །དེའི་
འོད་ཟེར་གྱིས་ནམ་མཁའ་གང་བས་བཅོམ་ལྡན་འདས་བླ་མ་རྗེ་བཙུན་ནམ་མཁའ་ལ་བལྟས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་མདུན་དུ་གནས་ལ་ཡིད་ཀྱིས་རང་བཞིན་གྱི་མཆོད་པས་བཅོམ་ལྡན་འདས་འཇམ་དཔལ་མཆོད་དེ། དགེ་བ་སྤེལ་བའི་དོན་དུ་སྡིག་པ་ཐམས་ཅད་སོ་སོར་བཤགས་པར་བགྱི་བ་དང༌། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་བ་དང༌། དེ་ཡང་བླ་ན་མེད་པའི་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བགྱི་བ་དང༌། བྱང་ཆུབ་ཀྱི་བར་དུ་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་ལ་སྐྱབས་སུ་མཆི་བ་དང༌། ཡང་དག་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་རང་གི་ས་བོན་དང་ལྷན་ཅིག་ཏུ་གྱུར་པར་བལྟའོ། །ཁམས་གསུམ་པོ་གཡོ་བ་དང༌། མི་གཡོ་བ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་དཔྱད་མི་བཟོད་པ། རྨི་ལམ་སྒྱུ་མ་གཟུགས་བརྙན་ལྟ་བུར་བསམས་ཏེ། འདི་གཅིག་ཏུ་རང་བཞིན་གྱིས་འོད་གསལ་བ་ཡོངས་སུ་དག་པའི་བདག་ཉིད་དུ་བསྒོམ་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ་྅ཧཾ། ཞེས་བྱ་བ་འདིས་བརྟན་པར་བྱའོ། །ཡང་ན་སྔོན་གྱི་སྨོན་ལམ་གྱི་སྟོབས་ལས་བྱུང་བའི་ཟླ་བ་ལ་མྃ་རྣམ་པར་བསམས་ཏེ། དེའི་འོད་འཕྲོས་པས་མྃ་འཇམ་པའི་རྡོ་རྗེའི་བདག་ཉིད་བཅུག་སྟེ་བདག་ཉིད་མྃ་ལས་བྱུང་བ་བསམ་པར་བྱའོ། །སྟོན་ཀའི་ཟླ་བའི་རྣམ་པ་ཅན་གཙུག་ཕུད་ལྔ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་འཛིན་པ། ཕྱག་གཡས་པ་ན་མཆོག་སྦྱིན་དང་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་སྐྱིལ་མོ་ཀྲུང་གིས་བཞུགས་པའོ། །རང་གི་སྙིང་གར་ཟླ་བ་ལ་མྃ་ཟླ་ཤེལ་ནོར་བུའི་འོད་ཅན་འོད་ཟེར་རྣམས་ཀྱིས་ནམ་མཁའི་ཁམས་ན་གནས་པའི་འགྲོ་བའི་དོན་རྣམས་བྱེད་དོ། །གསལ་ཞིང་ཇི་སྲིད་སྐྱོ་བར་མ་གྱུར་པའི་རྣམ་པ་དེ་སྲིད་དུ་བསྒོམ་པར་བྱའོ། །བསྒོམས་པས་སྐྱོ་ན་སྔགས་པས་སྔགས་བཟླ་སྟེ། ཨོཾ་བཱ་ཀྱེ་དཾ་ན་མཿསྔགས་སོ། །ཉེ་བའི་སྙིང་པོ་ཡང་བཟླས་པ་བྱའོ། །ཨོཾ་ཧྲཱིཿཧཱུྃ། དེ་ནས་ཡི་གེ་བརྒྱ་པ་བརྗོད་ལ། འཇམ་པའི་རྡོ་རྗེའི་ང་རྒྱལ་གྱིས་ལངས་ཏེ། ལངས་
ལ་ཡང་དེ་བཞིན་དུ་གནས་པར་བྱའོ། །ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་འགྱུར་རོ། །རྒྱུན་དུ་གོམས་པའི་སྦྱོར་བས་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱང་འགྲུབ་པར་འགྱུར་རོ། །དེ་ལྟར་བསམ་གཏན་གནས་པས་སྔོན་དུ་བསྙེན་པ་འབུམ་ཕྲག་བདུན་བཟླས་ལ་རལ་གྲི་ལ་སོགས་པའི་དངོས་གྲུབ་བསྒྲུབ་པར་བྱའོ། །དེ་ལ་ཟླ་བ་གཟས་ཟིན་པའམ། ཉི་མ་གཟས་ཟིན་པ་ལ་ཁབ་ལེན་གྱི་ལྕགས་ལས་བརྡུངས་པའི་རལ་གྲི་ལག་གིས་བཟུང་སྟེ། ཟླ་བ་ལ་བལྟས་ནས་ཇི་སྲིད་གྲོལ་བར་མ་གྱུར་པ་དེ་སྲིད་དུ་བཟླས་པ་བྱའོ། །རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །ཇི་ལྟར་རྡོ་རྗེ་འཁོར་ལོ་རྩེ་གསུམ་ཐོ་བ་ཞགས་པ་ལྕགས་ཀྱུ་ལ་སོགས་པ་དང༌། མིག་སྨན། རྐང་མགྱོགས། ཐིག་ལེ་དབང་དུ་བྱེད་པའི་རྫས་བསགས་ལ་བསྒྲུབ་པར་བྱའོ། །རིག་འཛིན་གྱི་བཅུད་ལེན་བསྡུ་བར་བྱས་ལ་བསྒྲུབ་པར་བྱའོ། །འོ་ཐུག་གི་བཟའ་བ་དང༌། ཞོའི་བཟའ་བའམ། མར་དང་བཅས་པས་ཤ་ཁ་ར་ཡིས་ལྷུང་བཟེད་བཀང་སྟེ། ལག་པར་ཉེ་བར་བཞག་ལ་བཟླས་པ་བྱས་ཏེ་བཟའ་བར་བྱའོ། །ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །མོན་སྲན་དྲེའུ་ཁར་བླུགས་ལ་བཟླས་པ་བྱ་སྟེ། ཁྲུང་སོ་སྐྱེ་བར་འགྱུར་རོ། །དེ་མེད་ན་ཚིགས་བཅད་ལ་མཁས་པར་འགྱུར་རོ། །ཐོས་པ་འཛིན་པར་འགྱུར་རོ། །ངག་དང་ལྡན་ཞིང་འཛིན་བློ་རྣོ་བར་འགྱུར་རོ། །བིལ་བ་རྣམས་ཀྱིས་འབུམ་ཕྲག་གཅིག་སྦྱིན་སྲེག་བྱས་ན་འཇིག་རྟེན་གསུམ་གྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཇི་ལྟར་རྙེད་པའི་མེ་ཏོག་ཡང་འབུམ་ཕྲག་བཞི་སྦྱིན་སྲེག་བྱས་ན། ངག་གི་དབང་ཕྱུག་གི་གྲུབ་པ་ཐོབ་སྟེ། ངག་གི་དབང་ཕྱུག་དང་ཡང་མཉམ་མོ། །མར་དང་འབྲུ་སྣ་ལྔའི་སྦྱིན་སྲེག་བྱས་ན་འབུམ་ཕྲག་བཞི་ཙམ་གྱིས་གནོད་སྦྱིན་མོ་འགུགས་པར་འགྱུར་རོ། །ས་འོག་གི་ལྷ་མོ་ཡང་ངོ༌། །བྲམྷིའི་ཕྱེ་མ་སོར་མོ་བཞི་ཙམ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་ལ། ནང་པར་སྔ་བར་དཀྱིལ་འཁོར་བྱས་ལ་ཇི་ལྟར་འབྱོར་པས་བཅོམ་ལྡན་འདས་མཆོད་ལ། མར་རམ་ཀན་ཛི་བཏུང་བར་བྱའོ། །ཤུ་དག་ཞོ་ཕྱེད་ཚད་དེ་བཞིན་དུ་མངོན་པར་བསྔགས་
ལ། མར་རམ། འོ་མའམ་མར་ནག་དང་ཟླ་བ་གཅིག་ཏུ་བཏུང་བར་བྱའོ། །དིག་པ་དང༌། ལྐུགས་པ་རྣམ་པར་ཉམས་པར་བྱེད་དོ། །ཟླ་བ་དྲུག་ན་ཐོས་པ་དང༌། གཞན་ཡང་བསྟན་བཅོས་མངོན་དུ་འགྱུར་རོ། །མི་ཤེས་པ་རྣམ་པར་ཉམས་པར་འགྱུར་རོ། །ཐོས་པ་འཛིན་པ་དང༌། ཁུ་བྱུག་ལྟར་འཇམ་པོའི་དབྱངས་གསལ་བའི་ངག་ཏུ་འགྱུར་རོ། །འཕགས་པ་འཇམ་དཔལ་རྡོ་རྗེ་དཔའ་བོ་གཅིག་པའི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་ཆོས་ཀྱི་གྲགས་པས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མཉྫུ་ཤྲཱི་པྲཛྙཱ་ཙཀྲ་སཱ་དྷ་ནཾ། བོད་སྐད་དུ། འཇམ་དཔལ་ཤེས་རབ་འཁོར་ལོ་སྒྲུབ་པའི་ཐབས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བླ་མའི་ཞབས་ལ་རྟག་ཕྱག་འཚལ། །རྡོ་རྗེ་སློབ་དཔོན་དེ་བཞིན་དུ། །གང་གིས་དང་པོར་ཕྱག་བཙལ་ནས། །འཇམ་དབྱངས་སྒྲུབ་ཐབས་བྲི་བར་བྱ། །སེམས་དཔའི་སྐྱིལ་ཀྲུང་ལ་གནས་ཏེ། །སྙིང་གར་ཟླ་བ་ཨ་ཡིས་བརྒྱན། །ཀུནྡ་དང་འདྲ་ས་བོན་འབར། །སྣ་ཚོགས་འོད་ཟེར་ཀུན་དུ་ཁྱབ། །དེ་ཡང་ཡོངས་སུ་རྫོགས་པར་གྱུར་པའི་ཆེ་བར་གྱུར་པ་ཡང་དག་པའི་སངས་རྒྱས་དང༌། བླ་མ་དང༌། བྱང་ཆུབ་སེམས་དཔའ་དེ་རྣམས་བལྟས་ནས་སྔགས་འདིས་མཆོད་པ་བྱ་སྟེ། ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་དཱི་པེ་ཧཱུྃ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ། དེ་ནས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་དགེ་འདུན་མཆོག །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །བདག་དང་གཞན་དོན་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་འདི་བདག་གིས་བྱ། །བྱང་ཆུབ་མཆོག་གིས་སེམས་ནི་བསྐྱེད་པར་བགྱི། །སེམས་ཅན་ཐམས་ཅད་བདག་གིས་དེ་ལ་གཟུང༌། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་ནས་སུ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་བྱའོ། །སྨོན་ལམ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་བདག་
མེད་པར་སྔགས་འདི་ཡིས་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་བཛྲ་སྭཱ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ས་བོན་རྣམ་པ་སྒྱུ་མ་ལྟར། །ཁམས་གསུམ་མ་ལུས་རྣམ་བསམ་ནས། །མཐོང་བ་དང་ནི་རེག་ཉིད་ཀྱང༌། །ཇི་ལྟར་ཐམས་ཅད་སྒྱུ་མ་བཞིན། །འགྲོ་བ་ཐམས་ཅད་གནས་པ་ནི། །དེ་ལྟར་མི་དམིགས་པར་བྱའོ། །ཞེས་བྱ་བས་ལྷག་པར་མོས་པར་བྱའོ། །དེ་ནས་ཐོག་མ་མེད་པའི་དུས་ནས་ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པའི་ས་བོན་བསལ་ནས། རང་བཞིན་གྱིས་དག་ཅེས་ལྷག་པར་མོས་པར་བྱའོ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱའོ། །དེ་ནས་སྔོན་དུ་བསྟན་པའི་ས་བོན་ལས་ཡོངས་སུ་རྫོགས་པའི་རལ་གྲིའོ། །དེའི་ཆང་ཟུངས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སྔོན་དུ་བསྟན་པའི་ས་བོན་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས། བདག་ཉིད་འཇམ་དཔལ་གྱི་གཟུགས་སུ་རྣམ་པར་བསམ་པར་བྱ་སྟེ། རང་ཉིད་འགྲོ་བ་ཐམས་ཅད་ཀྱི་གཙོ་བོ་ཞེས་བྱའོ། །པདྨ་དང་ཟླ་བའི་གདན་ལ་གནས་ཤིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་མཉམ་པར་བཞུགས་པའོ། །ཟླ་བའི་འོད་དུ་མའི་འོད་ཟེར་སྤྲོ་ཞིང་ནམ་མཁའ་ཁྱབ་པར་བྱེད་པ་སྣ་ཚོགས་ཀྱི་ན་བཟའ་མནབས་པ། འགྲོ་བ་དགའ་བར་བྱེད་པ་སྐུ་མདོག་དཀར་ཞིང་ཡིད་དུ་འོང་བར་བྱེད་པའི་དཔའ་བོ་ཆེན་པོ་གཙུག་ཕུད་ལྔ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་གཡས་ཀྱིས་རལ་གྲི་འཕྱར་བ། ཕྱག་གཡོན་པས་སྙིང་གར་པོ་ཏི་བསྣམས་པའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཐལ་མོ་སྦྱར་བ་བྱས་ནས། སྡིགས་མཛུབ་གཉིས་ཀྱིས་སྲིན་ལག་གི་སེན་མོ་གཉིས་བཀབ་ལ་ཨུཏྤ་ལ་ཁ་ཕྱེ་བ་ལྟར་ཡང་དག་པར་གནས་ཏེ། སྙིང་ག་དང༌། སྨིན་མའི་བར་དང༌། མགྲིན་པ་དང༌། སྤྱི་བོ་རྣམས་སུ་རང་གི་སྔགས་ཀྱིས་དགོད་པར་བྱས་ནས། དེ་ནས་ལྟེ་བའི་འོག་ཏུ་ཡི་གེ་བྷྲཱུྃ་ལས་མདོག་དཀར་པོའི་བྱང་ཆུབ་ཀྱི་ཤིང་གི་ལོ་མ་དང་འདྲ་བའི་ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱའོ། །དེའི་སྟེང་དུ་བརྒྱད་པའི་བཞི་པ། དང་པོའི་བཅུ་དྲུག་པ། བདུན་པའི་གཉིས་པ། དང་པོའི་བཞི་པས་
བརྒྱན་པའོ། །དེ་ལས་ཡོངས་སུ་རྫོགས་པའི་པདྨ་ཁ་ཟུམ་པ་སྟེ། ལྟེ་བའི་སྟེང་དུ་ཡི་གེ་ཧཱུྃ་གིས་ཁ་ཕྱེ་བ་བསམ་པར་བྱའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་སོར་གཅིག་ཙམ་སྤངས་པ་ལ་འཁོར་ལོ་རྩིབས་དྲུག་པ་འོད་ཟེར་དང་བཅས་པའོ། །དེའི་རྩིབས་ལ་དབྱངས་ཡིག་བཅུ་གཉིས་ཡི་གེ་ཟུང་རེ་རེ་དགོད་པར་བྱའོ། །རྩིབས་སོ་སོའི་སྟེང་དུ་རྩ་བའི་སྔགས་ཀྱི་ཡི་གེ་རེ་རེ་རྣམ་པར་བཀོད་ནས། འཁོར་ལོའི་ནང་གི་ལྟེ་བ་ལ་ཡི་གེ་ཧྲཱིཿའོད་ཟེར་དང་བཅས་པ་མི་གཡོ་བར་བསྒོམ་པར་བྱའོ། །ཕྱིའི་མུ་ཁྱུད་ལ་ཀཱ་ལིའི་སྦྱོར་བས་ཡང་དག་པར་འབར་བའོ། །ང་ཉ་ཎ་ན་མ་མ་ནིང་གི་ཡི་གེ་རྣམས་སྤངས་པ་བསྒོམ་པར་བྱའོ། །ཡང་དེའི་སྟེང་དུ་སོར་མོ་གཅིག་ཙམ་སྤངས་པ་ལ་ཟླ་བའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཨ་ར་པ་ཙ་ན་ཞེས་བྱ་བ་བལྟས་ནས་ཤིན་ཏུ་མྱུར་བའི་འཁོར་ལོ་བསྒོམ་པར་བྱའོ། །ཇི་སྲིད་ཟླ་བ་དྲུག་གི་བར་དུ་སྔགས་འདི་བཟླས་པ་བྱའོ། །ཨོཾ་བཛྲ་ཏཱིཀྵྞ་མུཿ ཉི་མ་རེ་རེ་ལ་ཁྲི་ཕྲག་རེ་རེ་བཟླས་པར་བྱའོ། །ལྐུགས་པ་ཡང་སྨྲ་མཁས་པའོ། །ངག་གི་བདག་པོར་འགྱུར་རོ། །འཛིན་བློ་རྣོ་ཞིང་གཞུང་སྟོང་ཕྲག་གཅིག་འཛིན་པར་འགྱུར་རོ། །རྒྱུན་ཆད་པ་མེད་པའི་ལེགས་པར་སྦྱར་བའི་སྐད་དང༌། ཚིགས་བཅད་ཆེན་པོ་དང༌། བསྟན་བཅོས་ཐམས་ཅད་མཐར་ཕྱིན་པ་དང༌། གྲུབ་ན་ནི་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །རིག་འཛིན་མ་རྣམས་དང་ལྷན་ཅིག་ཏུ་རྩེ་བར་འགྱུར་རོ། །ཤེས་རབ་འཁོར་ལོའི་གཙོ་བོ་འདི། །བྲིས་པས་འབྲས་བུ་སྐྱེས་པ་གང༌། །དེ་ཡིས་འཇིག་རྟེན་ཐམས་ཅད་འདི། །འཇམ་དཔལ་གོ་འཕང་ཐོབ་པར་ཤོག །འཇམ་དཔལ་ཤེས་རབ་ཀྱི་འཁོར་ལོ་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དྷརྨ་ཀཱིརྟིས་བསྒྱུར་བའོ། ༈ །འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱི། །སྒྲུབ་ཐབས་ལེགས་པར་བརྗོད་པ་སྟེ། །ཤེས་རབ་དོན་གཉེར་སྐྱེ་བོ་ཡིས། །ཤེས་རབ་ངན་རྨོངས་དུག་གཞོམ་ཕྱིར། །དང་པོ་རེ་ཞིག་རྣལ་འབྱོར་པས། །ཡིད་དང་མཐུན་པའི་ས་ཕྱོགས་ཁ་ཅིག་ཏུ། དབྱངས་ཡིག་ཨ་ལས་བྱུང་བའི་ཟླ་བ་ལ་གནས་པའི་ཡི་གེ་དྷཱིཿའི་ས་བོན་ལས་
བྱུང་བའི་ལྕགས་ཀྱུའི་རྣམ་པའི་འོད་ཟེར་གྱིས་ཨ་ར་པ་ཙ་ན་ལ་སོགས་པ་བཀུག་སྟེ། མཆོད་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །དེ་ནས་སེམས་ཀྱི་རྣམ་པ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་ལ་གནས་པ་ཡི་གེ་དྷཱིཿམངོན་པར་གྱུར་པ་ལས་རལ་གྲི་རྣོན་པོ་བལྟ་བར་བྱའོ། །དེའི་རྩེ་མོ་ལ་དང་པོའི་དབྱངས་ཡིག་ཡོངས་སུ་གྱུར་པ་ལས་ཟླ་བ་དེའི་སྟེང་དུ་རལ་གྲི་ལ་ས་བོན་ནོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རལ་གྲི་དང་པོ་ཏི་བསྣམས་པ། གཙུག་ཕུད་ལྔ་ཅུང་ཞིག་འཁྱིལ་བ། གོས་དམར་པོ་ཟུང་དང་ལྡན་པ། སྒེག་པའི་ཆ་ལུགས་འཆང་བ། ཅུང་ཞིག་བཞད་པའི་ཞལ་ཅན། ཟླ་བའི་འོད་དང་འདྲ་བར་མཛེས་པ། སྣ་ཚོགས་པདྨ་ལ་གནས་པའི་ཟླ་བ་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ། འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་གཟུགས་སུ་བདག་ཉིད་བལྟ་བར་བྱའོ། །དེ་ནས་རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་མ་རེག་པའི་འཁོར་ལོ་རྩིབས་བརྒྱད་པའོ། །འཁོར་ལོ་དེའི་སྟེང་དུ་སོར་གཅིག་ཙམ་ཅིག་མ་རེག་པའི་དབྱངས་ཡིག་དང་པོ་ལས་ཡང་དག་པར་གྱུར་པའི་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཡང་ཟླ་བ་དང་ས་བོན་གྱིས་བསྐྱེད་པའི་རལ་གྲིའི་རྩེ་མོ་ལ་ཟླ་བ་དང༌། སྔོན་དུ་བསྟན་པའི་རལ་གྲིའི་ས་བོན་གྱིས་རྣམ་པར་བརྒྱན་པ། རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་དེ་ལྟ་བུ་ཉིད་ཀྱི་འཇམ་པའི་དབྱངས་ཀྱི་རྣམ་པར་བསྒོམ་པར་བྱའོ། །དེའི་མདུན་དུ་ར་ལས་སྐྱེས་པའི་རལ་གྲིའི་རྩེ་མོ་ལ་དབྱངས་ཡིག་དང་པོ་ལས་སྐྱེས་པའི་ཟླ་བ་ལ་གནས་པ་རའི་རྣམ་པ་བསྒོམ་པར་བྱས་ནས་རལ་གྲི་ལ་སོགས་པ་ཡོངས་སུ་གྱུར་པ་ལས་ཛཱ་ལི་ནཱི་གཞོན་ནུ་བཅོམ་ལྡན་འདས་ལྟ་བུར་བལྟ་བར་བྱའོ། །དེ་བཞིན་དུ་རྒྱབ་ཏུ་དེ་ལྟར་ཡང་ལྔ་པའི་དང་པོ་ལས་ཙནྡྲ་པྲ་བྷཱའོ། །དེ་བཞིན་དུ་གཡས་ཕྱོགས་སུ་ཡི་གེ་ཙ་ལས་ཀེ་ཤིནཱིའོ། །ནུ་མའི་ཁར་དབུས་རྣམ་པར་མཛེས་པའི་མགོན་པོའི་གཟུགས་སོ། །གཡོན་པར་ཡང་ཨུ་པ་ཀེ་ཤི་ནཱི་ཡི་གེ་ན་ལས་དེ་བཞིན་དུའོ། །དེ་ཐམས་ཅད་ཀྱི་རང་གི་སྙིང་གར་ཟླ་བ་ལ་རང་རང་གི་ས་བོན་དཀར་པོའི་རྣམ་པར་བསམ་
པར་བྱའོ། །དེ་ནས་གཙོ་བོའི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་བཀུག་པའི་ཡེ་ཤེས་སེམས་དཔའ་དེ་དང་ལྷན་ཅིག་ཏུ་བྱས་ནས། འཁོར་ལོ་ཡང་མྱུར་དུ་འཁོར་ཞིང་ཟླ་བ་ལ་གནས་པའི་ལྷ་མོ་བཞི་པོ་དང་ལྡན་པའི་བདག་བརྟན་པོར་ངག་གི་རང་བཞིན་མ་ལུས་པར་སྤྲོ་བ་དང་སྡུད་པར་བསམ་པར་བྱའོ། །བསམ་གཏན་གྱིས་སྐྱོ་བར་གྱུར་ན་སྔགས་བཟླས་པ་བྱ་སྟེ། དེ་ལ་སྔགས་ཀྱི་རྒྱལ་པོ་འདི་ལྟ་སྟེ། ཨ་ར་པ་ཙ་ན་དྷཱིཿཞེས་བྱའོ། །འཕྲལ་དུ་ཉམས་མྱོང་འཇམ་དཔལ་གྱི། །སྒྲུབ་ཐབས་བརྗོད་པའི་བསོད་ནམས་གང༌། །བསགས་འགྱུར་དེ་ཡིས་འཇིག་རྟེན་ཀུན། །རྟག་ཏུ་འཇམ་དབྱངས་མཚུངས་པར་ཤོག །འཕྲལ་དུ་ཉམས་སུ་མྱོང་བའི་ཨ་ར་པ་ཙ་ནའི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་བ་རི་ལོ་ཙཱ་བ་དགེ་སློང་དྷརྨ་ཀཱིརྟིས་བསྒྱུར་བའོ། ༈ །ཧཱུྃ་གི་ས་བོན་ལས་སྐྱེས་ནས། །རྣམ་པར་དག་པར་བྱ་བའི་བར་དུའོ། །དེ་ནས་ཉི་མ་ལ་གནས་པའི་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པའི་གཤིན་རྗེ་མཐར་བྱེད་ཁྲོ་བ་དང་བཅས་པ་སྐྲ་གྱེན་དུ་འགྲེང་བ། ཞལ་དྲུག་པ། ཕྱག་དྲུག་པ། ཞབས་དྲུག་པ་མ་ཧེ་ལ་ཞོན་པ། གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། མིའི་མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་པ། ཤིན་ཏུ་འཇིགས་པར་བྱེད་པའི་རྣམ་པ་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན། གཡས་པ་ན་རལ་གྲི་དང༌། ཐོ་བ་དང༌། རྡོ་རྗེའོ། །གཡོན་པ་ན་དྲིལ་བུ་དང༌། རྡོ་རྗེ་ཞགས་པ་དང༌། གཏུན་ཤིང་བསྣམས་པ། དབུ་རྒྱན་མི་བསྐྱོད་པའི་རྣམ་པར་བསྒོམ་པར་བྱའོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བར་བྱའོ། །ཐལ་མོ་སྦྱར་བ་བཅིངས་ཏེ། མཐེབ་ཆེན་གཉིས་ཁ་ཕྱེ་སྟེ་སྡིགས་མཛུབ་གཉིས་ཀྱང་ཁ་ཕྱེ་ཞིང་གུང་མོ་གཉིས་ཚིགས་གསུམ་པ་བཅག་པར་བྱའོ། །ཨོཾ་ཧྲཱིཿཥྚྲིའཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་བཟླས་པ་བྱའོ། །གཤིན་རྗེ་ནག་པོ་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་དྷརྨཱ་ཀཱིརྟིས་བསྒྱུར་བའོ། ༈ །དང་པོ་རེ་ཞིག་སྒྲུབ་པ་པོ་བདེ་བའི་སྟན་ལ་ཉེ་བར་འདུག་སྟེ། རང་གི་སྙིང་གར་ཡི་གེ་ཨོཾ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ་
པར་བྱའོ། །དེའི་སྟེང་དུ་ཡི་གེ་ཧཱུྃ་སྔོན་པོ་བཀོད་ནས། ཡི་གེ་ཧཱུྃ་ལས་སྐྱེས་པའི་འོད་ཟེར་ལས་བྱུང་བའི་གཤིན་རྗེ་མཐར་བྱེད་པ་ལ་སོགས་པའི་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དམིགས་ནས་མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ་ཕྱག་བྱས་ནས། གསུམ་ལ་སྐྱབས་འགྲོ་བ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱའོ། །དེ་ནས་ཡི་གེ་ཨཾ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཡི་གེ་ཧཱུྃ་ངོ༌། །དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེས་མཚན་པའི་དབྱུག་པ་ཡི་གེ་ཧཱུྃ་གིས་བྱིན་གྱིས་བརླབས་ལ་བསྒོམ་པར་བྱའོ། །ཨོཾ་དང་ཧཱུྃ་གི་འོད་ཟེར་གྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་གཞུག་པ་སྔོན་དུ་འགྲོ་བས། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་ཀྱི་རྣམ་པར་བསམ་པར་བྱའོ། །བདག་ཉིད་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ་ཞལ་གཅིག་ཕྱག་གཉིས་པ། མདོག་སྔོ་བ། ཕྱག་གཡས་ན་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་འཕྱར་བ། ཕྱག་གཡོན་པས་ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་རོ། །དེ་ལྟར་གྱུར་པའི་གཤིན་རྗེ་གཤེད་སྤྲོ་བ་དང༌། བསྡུ་བའི་གཟུགས་སྣ་ཚོགས་པདྨའི་སྟེང་དུ་ཉི་མ་ལ་གནས་པའི་མ་ཧེ་ལ་ཞོན་པ་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་ལ་ཡི་གེ་ཧཱུྃ་ཡོངས་སུ་གྱུར་པ་ལས་དབྱུག་པ་སྔོན་པོ་ཡི་གེ་ཧཱུྃ་གིས་བྱིན་གྱིས་བརླབས་པའོ། །ཡི་གེ་ཧཱུྃ་ལས་བྱུང་བའི་འོད་ཀྱིས་འགྲོ་བ་གསལ་བར་བྱས་ནས་ཡང་དེ་ཉིད་དུ་གཞུག་པར་བྱའོ། །དེ་ལྟ་བུའི་རིམ་པས་ཇི་སྙེད་འདོད་པར་སྤྲོ་བ་དང་བསྡུ་བར་བྱའོ། །དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་དེ་ལྟར་ཐུན་མཚམས་གཉིས་དང་གསུམ་དང་བཞིར་བསྒོམ་པར་བྱའོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །གཤིན་རྗེ་གཤེད་ནག་པོའི་སྒྲུབ་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་
གྲགས་པས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀྲྀཥྞ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོ་སྒྲུབ་པའི་ཐབས། བཅོམ་ལྡན་འདས་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྙིང་རྗེ་དང་ལྡན་པའི་སྔགས་པས་བདེ་བའི་གདན་ལ་འདུག་སྟེ། ཐང་ག་ལ་སོགས་པར་གཏོགས་པའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་མདུན་དུ་དམིགས་ཏེ། བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཡང་བལྟས་ནས། སྣ་ཚོགས་ཀྱི་མཆོད་པ་རྣམས་ཀྱི་ཡང་དག་པར་མཆོད་དེ། ཕྱག་འཚལ་བ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེ་ནས་སྭ་བྷཱ་ཝ་ཤུདྡྷོ་ཞེས་བྱ་བ་ལ་སོགས་པའི་སྔགས་ཀྱིས་རང་བཞིན་གྱིས་རྣམ་པར་དག་པར་མོས་ཤིང་ཆོས་ཐམས་ཅད་བདག་མེད་པར་བསྒོམས་ལ་གཉུག་མའི་སྔགས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པར་བྱའོ། །དེ་ནས། རང་གི་སྙིང་གར་ཨོཾ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་སྔོན་པོ། ཁ་ཅིག་གིས་ནི་ཉི་མ་ལ་གནས་པའི་ཧཱུྃ་བལྟས་ལ། དེའི་འོད་ཟེར་གྱིས་བགེགས་རྣམས་བསྐྲད་དེ། སེམས་ཅན་གྱི་དོན་བྱེད་པ་ལ་སོགས་པའི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྣམ་པ་སྤྲོ་ཞིང་བསྡུ་སྟེ། སྐད་ཅིག་གིས་དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་གཤིན་རྗེ་གཤེད་དུ་བསྒོམ་པར་བྱའོ། །སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པའོ། །ཁ་ཅིག་གིས་ནི་ཞལ་དྲུག་པར་འདོད་དོ། །ཞལ་མཆེ་བ་གཙིགས་པ། སྤྱན་དམར་བའོ། །གཡས་ཀྱི་ཕྱག་གསུམ་ན་འཁོར་ལོ་དང༌། རལ་གྲི་དང༌། གཏུན་ཤིང་བསྣམས་པའོ། །གཡོན་གྱི་གསུམ་ན་པེ་ཏ་ལི་དང༌། དགྲ་སྟྭ་དང༌། ཞགས་པ་བསྣམས་པའོ། །ཁ་ཅིག་གིས་ནི་གཡས་པའི་ཕྱག་ན་རལ་གྲི་དང༌། ཐོ་བ་དང༌། རྡོ་རྗེ་བསྣམས་པའོ། །གཡོན་གྱི་ཕྱག་ན་དྲིལ་བུ་དང༌། རྡོ་རྗེ་ཞགས་པ་དང༌། གཏུན་ཤིང་ངོ༌། །སྐྲ་ཁམ་པ་གྱེན་དུ་བསྒྲེང་བ། མགོ་བོའི་ཕྲེང་བས་བརྒྱན་པའི་དབུ་རྒྱན་ཅན། ཀླུའི་རྒྱལ་པོ་བརྒྱད་ཀྱིས་སྤྲས་པའི་རྒྱན་དང༌། མི་བསྐྱོད་པའི་དབུ་རྒྱན་ཅན་སྣ་ཚོགས་པདྨའི་སྟེང་ན་ཉི་མའི་དཀྱིལ་འཁོར་ལ་གཡོན་
བརྐྱང་བའི་ཞབས་ཀྱིས་གནས་པ་འོད་ཀྱི་དཀྱིལ་འཁོར་དམར་པོའི་རྣམ་པར་བསྒོམས་ནས། ནུ་མའི་བར་དུ་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་བལྟའོ། །སྐུ་དང་གསུང་དང་ཐུགས་རྣམས་ལ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་ཨཱཿཧཱུྃ། ཞེས་བྱ་བའི་ཡི་གེ་གསུམ། དཀར་པོ་དང༌། དམར་པོ་དང༌། ནག་པོ་གོ་རིམ་བཞིན་དུ་བལྟའོ། །དེ་ནས་སྙིང་གའི་ས་བོན་ལས་བྱུང་བའི་ལྷ་མོ་རྣམས་ཀྱིས་བདག་ཉིད་ཡང་དག་པར་མཆོད་ཅིང་བསྟོད་ནས་བཟླས་པ་བྱའོ། །ཨོཾ་ཧྲཱིཿཥྚྲཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གཤིན་རྗེ་གཤེད་ནག་པོའི་སྒྲུབ་པའི་ཐབས་རྫོགས་སོ། །ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཤྲཱི་བཛྲ་དྷརྨ་སཱ་དྷ་ནཾ། བོད་སྐད་དུ། དཔལ་རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས། དཔལ་རྡོ་རྗེ་ཆོས་ལ་ཕྱག་འཚལ་ལོ། །ཉེས་པའི་དྲྭ་བ་བཅོམ་པའི་དཔལ་ལྡན་རྡོ་རྗེ་ཆོས། །ངག་གི་དཀྱིལ་འཁོར་སྤྲོས་པའི་འོད་ཀྱི་དྲྭ་བ་སྟེ། །ཡང་དག་སངས་རྒྱས་མ་ལུས་ངག་གི་རང་བཞིན་ལ། །རབ་ཏུ་བཏུད་ནས་ངག་གི་སྒྲུབ་ཐབས་བརྗོད་པར་བྱ། །སྔགས་ཀྱི་རང་བཞིན་གྱིས་ནི་རྣམ་པར་དག་པའི་གཟུགས། །རབ་བརྗོད་བརྩོན་འགྲུས་རླུང་དང་འདྲ་བས་བསྐྱོད་པ་ཡིས། །སྒྱུ་མ་དང་ནི་སྨིག་རྒྱུ་ཆུ་ཟླ་རྟག་པར་ནི། །འཇིག་རྟེན་མ་ལུས་པ་འདི་རྣམ་པར་བསྒོམ་པར་བྱའོ། །པྃ་གི་ཡི་གེ་ལས་བྱུང་རྣམ་པར་བསྒོམ་པ་ནི། །མ་ལུས་རྣམ་དག་ངོ་བོ་སྣ་ཚོགས་པདྨ་སྟེ། །ཨ་ཡིག་ལས་སྐྱེས་དཔག་ཏུ་མེད་པའི་འོད་གསལ་བ། །ཆ་ནི་མ་ལུས་རྣམ་པར་དག་པ་ཟླ་བ་སྟེ། །ཡང་ནི་གསང་བ་མཆོག་ནི་སྣ་ཚོགས་པར་འགྱུར་བའོ། །ས་བོན་ཡི་གེ་ལས་ནི་རབ་ཏུ་བྱུང་བའི་འཇིག་རྟེན་འོད་ཀྱི་ཚོགས། །བནྡུ་ཀ་ཡི་མེ་ཏོག་འོད་ཀྱི་རྣམ་པ་དྲྭ་བ་ཅན། །གང་གིས་སྤྲོས་པ་རབ་ཏུ་བྱུང་བའི་རྒྱུ་གཅིག་པོ། །དེ་ཡི་ས་བོན་ཡང་དག་གྱུར་པས་སྐྱོན་མེད་སོན། །ཏིང་འཛིན་ཕྱག་རྒྱ་འཆང་བའི་ཕྱག་ན་པདྨ་སྟེ། །རྡོ་རྗེ་གདན་གནས་སྙིང་རྗེ་མངོན་པར་ཉམས་དགའ་བའི། །དཔལ་ལྡན་རྡོ་རྗེ་འདོད་པས་ཡོངས་སུ་དག་པའི་ཚོགས། །བ་སྤུའི་ཁུང་བུར་བྱུང་གྱུར་རྣམ་དག་སངས་རྒྱས་ཀྱི། །སྤྲིན་གྱི་ཚོགས་ཀྱིས་འགྲོ་ལ་ཕན་པའི་དོན་དུ་ནི། །ཤིན་
ཏུ་རྣམ་པར་དག་པའི་བློ་ནི་རབ་འབྱེད་པར། །ཐམས་ཅད་འགྲོ་བའི་རང་བཞིན་དུ་ནི་རྣམ་པར་བསྒོམ། །སྙིང་གར་ཟླ་བའི་གཟུགས་ལ་རྡོ་རྗེ་རབ་བལྟས་ཏེ། །འབར་བ་ཡིས་ནི་འཇིག་རྟེན་ཐམས་ཅད་གསལ་བྱེད་པ། །ཡིག་ཧཱུྃ་མགོན་པོ་ལས་ནི་ཡོངས་སུ་རྫོགས་པའི་གཟུགས། །ལྔ་ཡི་བདག་ཉིད་སངས་རྒྱས་སྤྲིན་གྱི་ཚོགས་བྱུང་བ། །དེ་ཡི་དབུས་མའི་རྭ་ཡི་རྩེ་མོ་གསལ་གནས་ལ། །དེས་གནས་ལུས་ཀྱིས་འཇིག་རྟེན་གསུམ་པོ་གསལ་བྱེད་པ། །ཡི་གེ་ཆེན་པོས་རྣམ་འཇོམས་མང་ཞིང་མི་འགྱུར་བའི། །རྒྱུད་ལས་སྡུག་བསྔལ་རབ་ཏུ་རྒྱས་པའི་མུན་པ་སྟེ། །དེ་ལས་བྱུང་བའི་མཛེས་པའི་འོད་ཀྱི་ཚོགས་ལྡན་པའི། །ཉི་མའི་གཟུགས་བརྙན་དྲི་མེད་ཉམས་དགའ་དམར་པོ་སྟེ། །ཤེས་རབ་སྔོན་གྱི་ཕོ་ཉ་དགེ་བའི་ངག་བསྐྱེད་པའི། །རྡོ་རྗེར་གྱུར་པའི་ལྕེ་ནི་རབ་ཏུ་རྫོགས་པར་བྱ། །དེ་ཡི་རྩེ་མོའི་ཆ་ལ་རོལ་པའི་མཆོག་གི་དམར་པོ་སྟེ། །དེ་ཉིད་རྒྱ་ཆེན་འོད་ནི་རྣམ་པར་བསམ་པར་བྱ། །རང་གི་སྟོབས་ཀྱིས་རྒྱུན་དུ་གྱུར་པའི་བརྩོན་འགྲུས་ཀྱིས། །རྩོད་པ་མཆོག་གིས་སྟོབས་ཀུན་འཇོམས་པར་བྱེད་པ་སྟེ། །རྟག་ཏུ་རབ་ཏུ་གོམས་ཤིང་ངེས་པར་བསྒྲུབ་པ་ལས། །ངག་གི་སྒྲུབ་ཐབས་དངོས་གྲུབ་ཉེ་བར་གྲུབ་གྱུར་ན། །ཚིགས་བཅད་ཚིག་ལྷུག་པ་དག་རྩོལ་པ་མེད་པར་བརྗོད། །མཚོན་ཆ་བསྟན་བཅོས་དག་ནི་རྣལ་འབྱོར་པ་ཡིས་རྟོགས། །བསྟན་བཅོས་སྣ་ཚོགས་དག་ཀྱང་ངེས་པར་འབྱེད་པར་འགྱུར། །འགྲོ་བ་རྣམས་ཀྱི་ཆེད་དུ་བདག་ཉིད་དོན་ཆེན་པོ། །འདི་ཡིས་གཞན་གྱི་སེམས་ཀྱི་རྒྱུད་ཤེས་པར་གྱུར་ཏེ། །འདོད་ཆགས་ལ་སོགས་ཉེས་པའི་ཉེ་བ་བཅོམ་འགྱུར་ཞིང༌། །གང་ཚེ་ཏིང་ངེ་འཛིན་དེ་བརྟན་པར་གྱུར་པའི་ཚེ། །ཤིན་ཏུ་ཕྲ་བ་མྱུར་དུ་གསལ་བ་ངེས་པར་རྟོགས། །སངས་རྒྱས་མ་ལུས་དང་མཉམ་སྐུ་ནི་འཛིན་པ་སྟེ། །དེ་ལྟར་འགྱུར་ལ་ཐེ་ཚོམ་འདིར་ནི་མི་བྱའོ། །བྱུང་དང་འབྱུང་བར་གྱུར་པ་མདུན་ན་གནས་པ་བཞིན། །གོམས་པའི་སྦྱོར་བ་ཡིས་ནི་སྐྱེས་བུས་རྟོགས་པར་འགྱུར། །འདོད་ཆགས་རིགས་ཅན་བུད་མེད་ལ་ནི་དགའ་བ་བཞིན། །སེམས་ནི་རྗེས་སུ་ཆགས་པར་བྱེད་ན་རྣལ་འབྱོར་གྲོལ། །ཇི་སྙེད་དགེ་བའི་རྩ་བ་
བདག་གིས་བསགས་འདི་ཡིས། །རྒྱལ་བ་མཆོག་གི་དཔལ་ནི་གྲོལ་བ་ཐོབ་པར་ཤོག །འཇིགས་དང་མྱ་ངན་མི་དགའ་ཟུག་རྔུ་རབ་སྤངས་ཏེ། །རི་བོང་འཛིན་པའི་ཡིད་ནི་འོད་དང་ཉེ་བ་སྟེ། །རིང་པོར་མི་ཐོགས་དགེ་བ་ཆགས་པའི་སེམས་ཀྱིས་ནི། །བླ་མ་མཆོག་ལས་རྙེད་པའི་གདམས་ངག་རོལ་པ་ཡིན། །འདི་ཡིས་པདྨའི་རིགས་སུ་འགྲོ་ཞིང་རྒྱས་གྱུར་ཅིག །དཔལ་གྱི་རྗེས་འགྲོ་ཏིང་འཛིན་དབང་དུ་བྱས་པས་དགའ། །བདག་ཉིད་བཟང་པོ་སྐྱེ་འགྲོ་མཐོང་བར་རབ་འགྱུར་བ། །འབར་བའི་མེ་ཡི་ཕྲེང་བའི་དབུས་སུ་གནས་པའི་སྐུ། །སྙིང་རྗེ་བླ་མར་འཛིན་འགྱུར་ཐོད་པའི་ཕྲེང་བ་འཛིན། །ཆུ་འཛིན་རྒྱས་པའི་མངོན་པར་རབ་ཏུ་སྔོ་བའི་དཔལ། །ངག་གི་སྒྲུབ་ཐབས་མཆོག་གྱུར་པ། །བདེ་བའི་སྐྱེ་བོ་བཟང་པོས་བྱས། །འདི་ཡིས་ངག་ནི་སྒྲུབ་བྱེད་པ། །ངག་གི་དབང་ཕྱུག་དེ་འགྱུར་ཤོག །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་སློབ་དཔོན་སུ་ཛ་ན་བྷ་དྲྭས་མཛད་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་སཱ་དྷ་ནཾ། བོད་སྐད་དུ། སེང་གེ་སྒྲའི་སྒྲུབ་ཐབས། འཕགས་པ་སེང་གེ་སྒྲ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་གདོང་བཀྲུ་བ་ལ་སོགས་པ་བྱས་ནས། བདེ་བའི་གདན་ལ་འདུག་སྟེ། རྣལ་འབྱོར་པས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཧྲཱིཿབལྟས་ལ། མདུན་དུ་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུམ་སེམས་དཔའ་རྣམས་བསྒོམ་པར་བྱའོ། །དེའི་རྗེས་ལ་མཆོད་པ་དང༌། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་པས་བྱིན་གྱིས་བརླབས་ལ། དེ་ནས་སྐད་ཅིག་ཙམ་གྱིས་ཡི་གེ་པྃ་ཡོངས་སུ་གྱུར་པ་ལས། པདྨ་དམར་པོ་དེའི་སྟེང་དུ་ཡི་གེ་སིཾ་ཡོངས་སུ་གྱུར་པ་ལས་སེང་གེ་དཀར་པོ། དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿལས་ཡང་དག་པར་བྱུང་བའི་རྗེ་བཙུན་སེང་གེ་སྒྲའི་སྐུ་གཟུགས་སུ་བསྒོམ་སྟེ། སྐུ་མདོག་དཀར་པོ་རལ་པའི་ཐོར་ཚུགས་ཅན། སྤྱན་གསུམ་པ། ཕྱག་གཉིས་པ། དཀའ་ཐུབ་ཅན་གྱི་ཆ་བྱད་འཛིན་པ། རྒྱལ་པོ་རོལ་པས་གནས་པའོ། །ཕྱག་གཡོན་པས་ནི་པདྨ་བསྒྲེང་བའི་སྟེང་ན་རལ་གྲི་
འབར་བས་བརྒྱན་པའོ། །གཡས་སུ་སྦྲུལ་དཀར་པོས་དཀྲིས་པའི་མདུང་རྩེ་གསུམ་པའོ། །གཡོན་དུ་དྲི་ཞིམ་པོའི་མེ་ཏོག་གི་ཚོགས་ཀྱིས་བཀང་བའི་ཐོད་པ་དཀར་པོའོ། །སྐུ་ལས་དེ་བཞིན་གཤེགས་པ་ལྔ་འཕྲོ་བའི་སྤྲུལ་པའི་གཟུགས་སུ་བསྒོམས་ལ་སྔགས་འདི་བཟླ་བར་བྱའོ། །ཨོཾ་ཨཱཿཧྲཱིཿསིཾ་ཧ་ནཱ་ད་ཧཱུྃ་ཕཊ། སྔོན་དུ་བསྙེན་པ་འབུམ་ཕྲག་གཅིག་བཟླ་བར་བྱའོ། །དེ་ནས་ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊ་བཱིརྻེ་སྭཱ་ཧཱ། འདིའི་ཉེ་བར་སྤྱོད་པ་ནི་བཅོམ་ལྡན་འདས་ཀྱི་མདུན་དུ་གཟུངས་སྔགས་འདིས་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་བརྒྱད་ཕུལ་ཏེ། མཎྜལ་རེ་རེ་ཞིང་ལན་བཅུ་གསུམ་བཅུ་གསུམ་བརྗོད་པར་བྱའོ། །དེ་ནས་ལྕི་བ་ལྷག་མ་དེ་ཉིད་ལ་མངོན་པར་བསྔགས་ཏེ། ལུས་ལ་ཉེ་བར་བྱུགས་ན་ནད་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ། །གལ་ཏེ་མཚམས་མེད་པའི་ལས་བྱས་ཀྱང་ཉི་མ་བདུན་ནམ། བཅུ་བཞིའམ། ཉི་ཤུ་རྩ་གཅིག་གིས་གྲུབ་ན་དེའི་ཚེ་བདག་གིས་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ། །སེང་གེ་སྒྲའི་སྒྲུབ་ཐབས་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཧཱ་ལ་ཧཱ་ལ་སཱ་དྷ་ནཾ། བོད་སྐད་དུ། ཧཱ་ལ་ཧཱ་ལའི་སྒྲུབ་ཐབས། བཅོམ་ལྡན་འདས་ཧཱ་ལ་ཧཱ་ལ་ཕྱག་འཚལ་ལོ། །བསམ་པ་ཐམས་ཅད་རྫོགས་བྱེད་པའི། །ཧཱ་ལ་ཧཱ་ལར་གུས་ཕྱག་འཚལ། །སྙིང་རྗེའི་བདག་ཉིད་སྒྲུབ་པའི་ཐབས། །མདོར་བསྡུས་དེ་ནི་བརྗོད་པར་བྱ། །དང་པོར་ཡིད་དང་མཐུན་པའི་གནས་སུ་ཙནྡན་ལ་སོགས་པས་ལེགས་པར་བྱུགས་ལ་ཐང་ཀ་ལ་སོགས་པ་གནས་པར་བཞུགས་སུ་གསོལ་ཏེ་བཅོམ་ལྡན་འདས་ལ་མཆོད་པ་བྱའོ། །མེ་ཏོག་ལ་སོགས་པ་དབུལ་བའི་སྔགས་ནི། ཨོཾ་བཛྲ་པུཥྤེ་ཧཱུྃ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་དཱི་པེ་ཧཱུྃ། ཨོཾ་བཛྲ་གནྡྷེ་ཧཱུྃ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ་ཞེས་བྱ་བ་ལ་སོགས་པས་སོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་མེ་གྷ་པྲ་ས་ར་ས་མུ་དྲ་སྥ་ར་ཧི་མཾ་ག་ག་ན་ཁཾ་ཧཱུྃ་མཆོད་པ་ཐམས་ཅད་དབུལ་བའི་སྔགས་སོ། །
རབ་ཏུ་མཆོད་ལ་དེའི་མདུན་དུ། །བདེ་བའི་སྟན་ལ་རབ་གནས་ཏེ། །འགྲོ་ལ་བྱམས་པ་རྣམ་པར་བསྒོམ། །སྙིང་རྗེ་ཡང་ནི་བརྩེ་ཆེན་པོས། །ཧྲཱིཿཡིག་ཟླ་བའི་སྟེང་དུ་ནི། །སྔགས་པས་སྙིང་གར་དགོད་པར་བྱ། །སངས་རྒྱས་སྲས་བཅས་གསལ་པོར་ནི། །ནམ་མཁའ་གང་བར་བལྟ་བར་བྱ། །ཧྲཱིཿཡིག་འོད་ཟེར་མཆོད་པས་ནི། །དེ་ལ་རབ་ཏུ་བསྐོར་ཞིང་མཆོད། །སྡིག་པ་ལ་སོགས་བཤགས་པར་བྱ། །བསོད་ནམས་འཕེལ་ཕྱིར་བྱ་བ་ནི། །མཆོག་གསུམ་སྐྱབས་འགྲོ་ལ་སོགས་བྱ། །སྔགས་འདི་དག་ནི་བརྗོད་བྱ་སྟེ། །ཆོས་རྣམས་བདག་ནི་མེད་པའི་མཆོག །སྙིང་རྗེ་ཡིས་ནི་གསལ་བྱེད་པ། །ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བྱ་བའི་སྔགས་ཀྱི་དོན་མངོན་དུ་བྱས་ལ། དངོས་པོ་དང་བཅས་བདག་ཉིད་ཀྱང༌། །གཟུང་དང་འཛིན་པ་རྣམ་གྲོལ་བའི། །ཡེ་ཤེས་ཙམ་དུ་བསྒོམ་པར་བྱ། །སོ་སོ་རང་གི་རིག་པས་བལྟ། །ཧྲཱིཿཡིག་ཟླ་བའི་སྟེང་གནས་པ། །དེ་སྐྱེས་པདྨ་དཀར་པོ་བསམ། །ཧྲཱིཿཡིག་དང་ལྡན་པད་དཀར་ལས། །དེ་ནས་སངས་རྒྱས་ཚོགས་སྤྲོས་ཏེ། །འགྲོ་བ་སངས་རྒྱས་བྱས་ནས་སུ། །ཡང་ནི་དེ་རུ་གཞུག་པར་བྱ། །དེ་ཉིད་གྱུར་ལས་ཧཱ་ལ་སྟེ། །ཞལ་གསུམ་ཕྱག་དྲུག་ཞི་བའི་ཆས། །རིན་ཆེན་མི་གཡོའི་རི་ཕུག་བརྟེན། །པདྨ་དམར་དང་མདའ་གནས་པའི། །རོལ་པས་གནོན་ཅིང་ཡང་དག་གནས། །དཀར་པོ་སེར་པོ་སྔོ་ཆེན་པོ། །རྩ་བ་གཡོན་དང་ཅིག་ཤོས་ཞལ། །སྟག་གི་ཤམ་ཐབས་སྤྱན་གསུམ་པ། །རྒྱན་རྣམས་ཀུན་གྱིས་མཛེས་པ་ཡི། །མཆོག་སྦྱིན་ཕྲེང་དང་མདའ་གཡས་ཕྱག །གཡོན་པས་འདོད་པའི་ནུ་མ་འཛིན། །པདྨ་དཀར་པོ་དབྱུག་པ་ནི། །ཡལ་ག་གསུམ་པའི་དབྱུག་པ་སྟེ། །ཕྱག་གི་ཡལ་ག་དག་གིས་བསྣམས། །སྣ་ཚོགས་མེ་ཏོག་གིས་བཀང་བའི། །གཡོན་པར་ཐོད་པ་དགོད་པར་བྱ། །སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ་ཡང༌། །དེ་བཞིན་པདྨའི་སྟེང་གཡས་དགོད། །དཔག་མེད་གཙུག་གི་ནོར་བུ་བྱས། །ཐོད་པའི་ཕྲེང་བས་དབུ་ལ་བརྒྱན། །རལ་པའི་དབུ་རྒྱན་ཆེར་འཛིངས་ལ། །ཟླ་བ་ཕྱེད་པའི་དུམ་བུ་ལྡན། །རྟོག་པའི་དྲྭ་བ་རྣམ་
བཅོམ་པའི། །སངས་རྒྱས་ཚོགས་ཀྱི་འོད་ཟེར་སྤྲོ། །ཧཱ་ལ་ཧཱ་ལ་འདིར་གྱུར་ནས། །རང་སྙིང་མགྲིན་པ་སྤྱི་བོར་ཡང༌། །ཧཱུྃ་ཨཱཿཨོཾ་ནི་བསྒོམ་པར་བྱ། །ཟླ་བ་ལ་ནག་དམར་དཀར་རིམ། །དེ་བཞིན་སྙིང་དང་མགྲིན་པའི་བར། །ཧྲཱིཿཡིག་ཟླ་བ་ལ་གནས་པ། །དེ་ནི་བརྟན་དང་གཡོ་དངོས་ཀུན། །དེ་ཡི་རྣམ་པར་བསྒོམ་པར་བྱ། །ལོག་པའི་རྣམ་རྟོགས་སྤངས་ནས་སུ། །མཉམ་པར་གཞག་པས་སྔགས་བཟླས་བྱ། །ཨོཾ་ཧཱ་ལ་ཧཱ་ལ་ཧྲཱིཿ །ནང་གི་བཟླས་པ་ཤིན་ཏུ་གསལ། །བུལ་བ་མ་ཡིན་མྱུར་བའང་མིན། །ཇི་ལྟར་བདེ་བས་བཟླ་བར་བྱ། །བསྡུས་པས་རབ་ཏུ་མཆོད་པར་བྱ། །ཡང་དག་བསྟོད་ཅིང་བརྟན་བྱས་ལ། །ཡི་གེ་བརྒྱ་པ་བརྗོད་པར་བྱ། །ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ། དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། སརྦ་སིདྡྷིམྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲི་བྷ་བ་མཧཱ་ས་མ་ཡ་ས་ཏྭ་ཨཱཿཞེས་བྱའོ། །ཨོཾ་སེམས་ཅན་ཀུན་གྱི་དོན་མཛད་བདག །རྗེས་སུ་མཐུན་པའི་དངོས་གྲུབ་རྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །དེ་ལྟར་འདི་ཡིས་བསྐུལ་ནས་ནི། །སྔགས་འདི་དག་ནི་བརྗོད་པར་བྱ། །ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱཏ་མུཿཞེས་བྱའོ། །རྣལ་འབྱོར་བསམ་གཏན་ལངས་ནས་སུ། །རང་གིས་ཅི་ནུས་སྦྱིན་པ་བཏང༌། །མ་ལུས་རྣམ་རྟོག་དང་བྲལ་བས། །གཟུགས་སོགས་འདོད་ཡོན་སྤྱོད་བྱེད་པས། །རིང་པོར་མི་ཐོགས་སྒྲུབ་པོ་མཆོག །བླ་མེད་བྱང་ཆུབ་ཐོབ་པར་འགྱུར། །སྒྲུབ་ཐབས་བྲིས་ལས་གང་ཐོབ་པའི། །བདག་གི་དགེ་བ་མཆོག་གིས་ནི། །དེ་ཡིས་འགྲོ་བ་མ་ལུས་པ། །མྱུར་དུ་ཧཱ་ལ་ཧཱ་ལར་ཤོག །ཧཱ་ལ་ཧཱ་ལའི་སྒྲུབ་ཐབས་སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པ་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཁར་ས་པཱ་ཎི་སཱ་དྷ་ནཾ། བོད་སྐད་དུ། ཁར་ས་པཱ་ཎྀའི་སྒྲུབ་
པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་གདན་བདེ་བ་ལ་ཉེ་བར་འདུག་ནས། རང་གི་སྙིང་གར་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེ་ལ་ཡི་གེ་ཧྲཱིཿམདོག་དཀར་བ་བལྟས་ཏེ། དེ་ལས་བྱུང་བར་གྱུར་པའི་འོད་ཀྱིས་མདུན་དུ་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བལྟ་བར་བྱའོ། །དེ་ནས་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡང་དག་པར་མཆོད་དེ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱ་བས་བདག་ཉིད་སྟོང་པ་ཉིད་དུ་དམིགས་པར་བྱ་སྟེ། སྔོན་དུ་བསྟན་པའི་ཧྲཱིཿཡིག་ལས་སྤྲོ་བ་དང་བསྡུ་བའི་རིམ་པས་སྤྱན་རས་གཟིགས་ཀྱི་བདག་ཉིད་དུ་བསྒོམ་པར་བྱའོ། །ཡན་ལག་ཐམས་ཅད་ཀྱི་མདོག་དཀར་བ། རལ་པའི་ཅོད་པན་གྱིས་བརྒྱན་པ། འོད་དཔག་མེད་པ་དབུ་ལ་འཆིང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཕྱག་གཡས་པས་མཆོག་སྦྱིན་པ་གཡོན་པས་པདྨ་འཛིན་པ། པདྨ་དང་ཟླ་བའི་གདན་ལ་གནས་པའོ། །གཡས་ཀྱི་ལོགས་ན་སྒྲོལ་མ་དང་ནོར་བཟང་གཉིས་སོ། །གཡོན་པའི་ལོགས་ན་ཁྲོ་གཉེར་ཅན་དང་རྟ་མགྲིན་གཉིས་སོ། །བཅོམ་ལྡན་འདས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། དེ་ལྟར་བསྒོམ་པ་གོམས་པར་བྱའོ། །རྣལ་འབྱོར་པ་བསམ་གཏན་གྱིས་ངལ་ན་བཟླས་པ་བྱའོ། །སྔགས་འདི་ཡིན་ཏེ། ཨོཾ་ཧྲཱིཿསྭཱ་ཧཱ། ཁར་ས་པཱ་ཎིའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་སྱ་ཥཊ་ཨཀྵ་ར་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡི་གེ་དྲུག་པའི་སྒྲུབ་པའི་ཐབས། འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་བདེ་བའི་གདན་ལ་འདུག་སྟེ། ཁ་དག་པ་ལ་སོགས་པ་བྱས་ནས་སངས་རྒྱས་ལ་སོགས་པ་བལྟས་ཏེ་ཡང་དག་པར་མཆོད་ནས།
གསུམ་ལ་སྐྱབས་སུ་འགྲོ་བ་བྱས་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པ་བྱའོ། །ཇི་སྲིད་སེམས་ཅན་ཐམས་ཅད་ཀྱི་གྲངས་སུ་གཏོགས་པ་སྒོ་ང་ལས་སྐྱེས་པའམ། མངལ་ལས་སྐྱེས་པའམ། བརྫུས་ཏེ་སྐྱེས་པའམ། དྲོད་གཤེར་ལས་སྐྱེས་པའམ། གཟུགས་ཅན་ནམ། གཟུགས་མེད་པའམ། འདུ་ཤེས་ཅན་ནམ། འདུ་ཤེས་མེད་པའམ། ཡོད་མིན་མེད་མིན་གྱི་འདུ་ཤེས་ལ་སོགས་པ་ཇི་སྲིད་སེམས་ཅན་གྱི་ཁམས་སུ་གཏོགས་པར་བརྗོད་པ་དེ་ཐམས་ཅད་བདག་གིས་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་གཞག་པར་བྱའོ། །དེ་ནས་སྭ་བྷཱ་ཝ་ཤུདྡྷཱཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ་ཞེས་བྱ་བ་ལན་གསུམ་བརྗོད་ལ། ཡུད་ཙམ་གྱིས་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། །དེ་ནས་རང་གི་སྙིང་གར་པདྨ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཧྲཱིཿདཀར་པོ། དེ་ལས་འོད་ཟེར་བརྒྱ་སྟོང་ཕྲག་མང་པོ་བྱུང་བར་བསམས་ལ། སེམས་ཅན་ཐམས་ཅད་ཀྱིས་ཐོག་མ་མེད་པའི་དུས་ནས་བསགས་པའི་འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཚོགས་ཁམས་གསུམ་དུ་གཏོགས་པ་དག་པར་བྱས་ནས། ཡི་གེ་དེ་ཉིད་རང་གི་སྙིང་གར་བཅུག་པས། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇིག་རྟེན་དབང་ཕྱུག་གི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྐུ་མདོག་དཀར་བ། ཕྱག་བཞི་པ། རལ་པའི་ཅོད་པན་འཆང་བ། གཡོན་པ་པདྨ་བསྣམས་པ། གཡས་ཀྱིས་བགྲང་ཕྲེང་འཛིན་པ། ཕྱི་མའི་ཕྱག་གཉིས་ཀྱིས་སྙིང་གར་ཐལ་མོ་སྦྱར་ཞིང་འཛིན་པ། འོད་དཔག་ཏུ་མེད་པའི་རལ་པའི་དབུ་རྒྱན་ཅན་ནོ། །གཡས་ཕྱོགས་སུ་ནོར་བུ་འཛིན་པ། དེ་དང་འདྲ་བའི་མདོག་དང་ཕྱག་དང་མཚན་མ་ཅན་ཏེ། ཕྱི་མའི་ཕྱག་གིས་ཐལ་མོ་སྦྱར་བའོ། །གཡོན་ཕྱོགས་སུ་ཡི་གེ་དྲུག་པའི་རིག་པ་འཇིག་རྟེན་དབང་ཕྱུག་དང་འདྲ་བའི་སྐུ་མདོག་དང་ཕྱག་མཚན་བསྒོམ་པར་བྱའོ། །དེ་ནས་ཨོཾ་མ་ཧཱ་སུ་ཁ་བཛྲ་སཏྭ་ཛཿཧཱུྃ་བཾ་ཧོཿ སུ་ར་ཏ་སྟྭཾ་ཨ་ལ་ལ་ལ་ལ་ཧོ། ཨཿཨཿཨཿཨཿཞེས་བྱ་བའི་བྱིན་གྱིས་བརླབས་པའི་སྔགས་བརྗོད་པར་བྱའོ། །དེ་ལྟར་བསྒོམས་
ནས་འཇིག་རྟེན་མགོན་པོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་ཕྲེང་བའི་རྣམ་པ་ལྟ་བུའི་སྔགས་ཀྱི་ཡི་གེ་དཀར་པོ་ཞལ་ནས་བྱུང་སྟེ། ལྟེ་བར་འཇུག་ཅིང་འཁོར་ལོ་འཁོར་བའི་སྦྱོར་བས་སངས་རྒྱས་ཐམས་ཅད་ཀྱི་སྙིང་པོ་ཡིད་བཞིན་ནོར་བུ་རྟོག་པའི་སྔགས་ཀྱི་རྒྱལ་པོ་འདི་བཟླས་པར་བྱའོ། །དེ་ནས་འཁོར་ཞིང་འཇུག་པ་ལ་སོགས་པ་ཐོབ་ནས། དད་པ་དང་སྙིང་རྗེ་དང་ལྡན་པ་བླ་མ་ལ་གུས་པའི་རྣལ་འབྱོར་པས་དུས་མི་རིང་བར་འགྲུབ་པར་འགྱུར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །དེ་ནས་ལྡང་བའི་དུས་སུ་སྔགས་འདི་བརྗོད་དེ་གནས་པར་བྱའོ། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲེ་ཡཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་བཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ། བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་སཏྭཱ་ཨཱཿཞེས་བརྗོད་ལ་ཇི་ལྟར་བདེ་བས་གནས་པར་བྱའོ། །ཡི་གེ་དྲུག་པའི་སྒྲུབ་ཐབས། དཔལ་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཧ་རི་ཧ་རི་ཧ་རི་བཱ་ཧ་ནོད་བྷ་བཾ་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འཚལ་ལོ། །དང་པོ་རེ་ཞིག་སྔགས་པས་བདེ་བའི་གདན་ལ་འདུག་སྟེ། འགྲོ་བའི་དོན་བྱ་བའི་བསམ་པས་སྡིག་པ་བཤགས་པ་ལ་སོགས་པ་བདུན་ཡོངས་སུ་དག་པའི་མཆོད་པ་བྱས་ནས། ཡྃ་ལས་རྫོགས་པའི་རླུང་གི་དཀྱིལ་འཁོར་གཞུའི་རྣམ་པ་ལྟ་བུ་མདོག་སྔོན་པོ་བ་དན་གྱིས་མཚན་པའོ། །དེའི་སྟེང་དུ་རྃ་ལས་བྱུང་བའི་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་རྃ་དམར་པོས་མཚན་པའོ། །དེའི་སྟེང་དུ་བྃ་ལས་རྫོགས་པ་ཆུའི་དཀྱིལ་འཁོར་དཀར་པོ་བུམ་པ་དཀར་པོས་དབུས་སུ་མཚན་པའོ། །དེའི་སྟེང་དུ་ལྃ་ལས་བྱུང་བ་དབང་ཆེན་
གྱི་དཀྱིལ་འཁོར་གྲུ་བཞི་པ་མདོག་སེར་པོ་རྡོ་རྗེ་རྩེ་གསུམ་པ་སེར་པོས་གྲྭ་བཞིར་གནས་ཤིང་མཛེས་པའོ། །དེའི་སྟེང་དུ་སུྃ་ལས་བྱུང་བའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་ལྕོག་བརྒྱད་དང་ལྡན་པའི་རི་རབ་བོ། །དེའི་སྟེང་དུ་པྃ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་ཀྱི་པདྨའོ། །དེའི་སྟེང་དུ་བདག་ཉིད་བསམས་ལ། ཨོཾ་ཧྲཱིཿཧཱུྃ། རིམ་པ་བཞིན་དུ་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་གར་རྣམ་པར་བཀོད་ལ། བདག་ཉིད་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་ཀྱི་སྒྲིབ་པ་སྤངས་པའི་ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་ཀྱི་སྐུ་གསེར་གྱི་མདོག་ལྟ་བུ་འོད་ཟེར་འབར་ཞིང་འཁྲིགས་པ་གཞོན་ནུའི་གཟུགས་སུ་སྔགས་པས་རྣམ་པར་བསམ་པར་བྱའོ། །ཕྱིས་ནི་རང་གི་སྙིང་གར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྣམ་པར་དག་པ་ཟླ་བའི་དཀྱིལ་འཁོར་དང་ཉི་མའི་དཀྱིལ་འཁོར་རོ། །དེ་ལ་ཧྲཱིཿལས་བྱུང་བའི་འོད་ཟེར་གྱི་དྲྭ་བས་ཡེ་ཤེས་སེམས་དཔའ་བཀུག་སྟེ། འོག་ནས་འབྱུང་བའི་ཟླ་བའི་གཟུགས་ལ་སྔོན་གྱི་མཆོད་པས་ཡང་དག་པར་མཆོད་དེ། ཡེ་ཤེས་སེམས་དཔའ་དང་དམ་ཚིག་སེམས་དཔའ་གཅིག་ཏུ་བྱས་ལ། བཅོམ་ལྡན་འདས་ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་སྤྱན་རས་གཟིགས་སེམས་བརྟན་པས་བདག་ཉིད་བསྒོམ་པར་བྱའོ། །ཕྱག་དྲུག་པ་མདོག་དཀར་བ་རལ་པའི་ཅོད་པན་ཅན། ཞི་བའི་ལུགས་ཅན་ཕྱག་གཡས་པས་ཡང་དག་པར་རྫོགས་པའི་སངས་རྒྱས་དཔང་པོ་བྱེད་པ། གཉིས་པ་ན་ཕྲེང་བ་བསྣམས་པ། གསུམ་པ་ན་ངན་སོང་ན་གནས་པའི་འཇིག་རྟེན་ལ་དགེ་བ་ཉེ་བར་སྟོན་པའོ། །གཡོན་པའི་དང་པོ་ན་དབྱུག་པ། གཉིས་པ་ན་རི་དྭགས་ནག་པོའི་པགས་པ་འཛིན་པ། གསུམ་པ་ན་རིལ་བ་སྤྱི་བླུགས་བསྣམས་པའི་བཅོམ་ལྡན་འདས་རྣམ་པར་བསྒོམ་པར་བྱའོ། །དེ་ལ་རྣམ་པར་དག་པ་ནི་རླུང་དང་མེའི་དཀྱིལ་འཁོར་གཉིས་ནི་སེང་གེའོ། །ཆུའི་དཀྱིལ་འཁོར་ནི་བྱ་ཁྱུང་ངོ༌། །སའི་དཀྱིལ་འཁོར་དང་རི་རབ་ནི་ཁྱབ་འཇུག་རྣམ་པར་དག་པའོ། །རྒྱུན་དུ་སྒོམ་པར་བྱེད་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་པའི་ནུས་པ་དང་ལྡན་པར་འགྱུར་
རོ། །སྐྱེ་འགྲོ་ཐམས་ཅད་དགའ་བར་འགྱུར་རོ། །ཤེས་རབ་ཆེན་པོར་འགྱུར་རོ། །ནད་མེད་པར་འགྱུར་རོ། །ཉེ་བར་འཚེ་བ་མེད་པར་འགྱུར་རོ། །རང་ཉིད་ནོར་ཕྱུག་པར་འགྱུར་རོ། །དབང་དུ་བྱེད་པ་དང་དུག་གི་ལས་ལ་ནུས་པ་ཆེན་པོར་འགྱུར་རོ། །སྔགས་ཀྱི་བཟླས་པ་ནི་གདམ་ངག་ལས་ཤེས་པར་བྱའོ། །ཧ་རི་ཧ་རི་ཧ་རི་ལ་ཞོན་པར་གྱུར་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཧ་ལ་ཧ་ལ་སཱ་དྷ་ནཾ། བོད་སྐད་དུ། ཧ་ལ་ཧ་ལའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཧ་ལ་ཧ་ལ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་པདྨ་དམར་པོ་དང༌། ཟླ་བ་ལས་ཧྲཱིཿཡིག་དཀར་པོ་ཡོངས་སུ་གྱུར་པ་ལས་ཡན་ལག་ཐམས་ཅད་དཀར་བ། ཞལ་གསུམ་པ། ཕྱག་དྲུག་པ། ནག་པོ་དང་དམར་པོ་ནི་གཡས་དང་གཡོན་གྱི་ཞལ་ལོ། །ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །མདའ་དང༌། ཕྲེང་བ་དང༌། མཆོག་སྦྱིན་པ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །གཞུ་དང༌། པདྨ་དང༌། ནུ་མ་བཟུང་བ་ནི་གཡོན་གྱི་ཕྱག་གསུམ་ནའོ། །འོད་དཔག་མེད་པ་དང༌། རིན་པོ་ཆེ་དང༌། ཟླ་ཕྱེད་ཀྱི་རལ་པ་བཅིངས་ཤིང་ཐོད་པའི་ཕྲེང་བས་མཚན་པའི་དབུ་རྒྱན་ཅན། རྒྱན་བཟང་པོས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྒེག་པའི་རོལ་པས་མདོག་བཟང་པོ་ལ་སོགས་པའི་ཡོན་ཏན་ཅན་གྱི་བཅོམ་ལྡན་འདས་སྐྱིལ་ཀྲུང་བཅས་པ་རྣམ་པར་བསམས་ཏེ། དེའི་གཡས་ཕྱོགས་སུ་འཇིགས་པར་བྱེད་པའི་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ་མོ། །གཡོན་ཕྱོགས་སུ་སྣ་ཚོགས་ཀྱི་མེ་ཏོག་གིས་བཀང་བའི་ཐོད་པའོ། །རོལ་པས་གནོན་ཞིང་ཡང་དག་པར་གནས་པའི་རིན་པོ་ཆེ་མི་གཡོ་བའི་རིའི་ཕུག་གི་ནང་ན་གནས་པའི་ཧ་ལ་ཧ་ལར་བདག་ཉིད་སྐད་ཅིག་གིས་བསམས་ལ། ཨོཾ་བཛྲ་དྷརྨཱ་ཧྲཱིཿཞེས་བྱ་བའི་སྔགས་བཟླ་བར་བྱའོ། །
ཧ་ལ་ཧ་ལའི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ༈ །རྒྱ་གར་སྐད་དུ། པདྨ་ནར་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་པདྨ་གར་དབང་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཧྲཱིཿཡོངས་སུ་གྱུར་པ་ལས་པདྨ་གར་གྱི་དབང་ཕྱུག་ཅེས་བྱ་བ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེམས་དཔའི་སྐྱིལ་མོ་ཀྲུང་གིས་གནས་པ། ཕྱག་གཉིས་པ། ཞལ་གཅིག་པ། ཡན་ལག་ཐམས་ཅད་དམར་པོ་ལྷ་རྫས་ཀྱི་ན་བཟའི་རྒྱན་གྱིས་བརྒྱན་པ། འོད་དཔག་ཏུ་མེད་པའི་ཅོད་པན་ཅན། གཡོན་ཕྱོགས་སུ་གོས་དམར་མོ་ལ་མཉམ་པར་འཁྱུད་པའི་ཚུལ་གྱིས་གནས་པའོ། །གཡོན་པའི་ཕྱག་ན་པདྨ་དམར་པོ་བསྣམས་པ། གར་གྱི་ཚུལ་གྱིས་ཁབ་ཀྱི་ཕྱག་རྒྱས་པདྨ་ཁ་འབྱེད་པ་ནི་ཕྱག་གཡས་པས་སོ། །བདག་ཉིད་སྐད་ཅིག་གིས་བསྐྱེད་ལ། ཨོཾ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་ཕྱོགས་མཚམས་བརྒྱད་དུ་ལྷ་མོ་བརྒྱད་བསམ་པར་བྱ་སྟེ། དེ་ལ་འདབ་མ་བརྒྱད་པའི་པདྨའི་ཤར་གྱི་འདབ་མ་ལ་རྣམ་པར་གཟིགས་པ་དཀར་མོ་པདྨ་དམར་པོ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་འདབ་མ་སྒྲོལ་མ་ཨུཏྤ་ལ་ལྗང་གུ་བསྣམས་པའོ། །ནུབ་ཕྱོགས་ཀྱི་འདབ་མ་ལ་དབང་ཕྱུག་མ་སེར་མོ་ཨུཏྤ་ལ་སྔོན་པོ་བསྣམས་པའོ། །བྱང་གི་འདབ་མ་ལ་ཁྲོ་གཉེར་ཅན་དཀར་མོ་པདྨ་སེར་པོ་བསྣམས་པའོ། །ཤར་གྱི་མཚམས་ཀྱི་པདྨའི་འདབ་མ་ལ་གནས་མ་སེར་མོ་བཙོད་ལྟ་བུའི་པདྨ་བསྣམས་པའོ། །ལྷོ་ཕྱོགས་ཀྱི་མཚམས་ཀྱི་འདབ་མ་ལ་པདྨའི་དབང་ཕྱུག་མ་ནམ་མཁའི་མདོག་ལྟ་བུ་པདྨ་དཀར་པོ་བསྣམས་པའོ། །ནུབ་ཕྱོགས་ཀྱི་མཚམས་ཀྱི་འདབ་མ་ལ་སྣ་ཚོགས་དཀར་མོ་པདྨ་ནག་པོ་བསྣམས་པའོ། །བྱང་ཕྱོགས་
ཀྱི་མཚམས་ཀྱི་འདབ་མ་ལ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་པདྨ་བསྣམས་པའོ། །འདི་ཐམས་ཅད་ནི་སྐྱིལ་མོ་ཀྲུང་ཅན་ཕྱག་གཉིས་པ། ཞལ་གཅིག་པ་ཉེ་བར་ཞི་བའོ། །ཟེའུ་འབྲུའི་དབུས་སུ་འདོད་ཆགས་ཆེན་པོའི་རང་བཞིན་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ །ཨོཾ་ཧྲཱིཿཔདྨ་ནརྟེ་ཤྭ་ར་ཧཱུྃ། ཞེས་བྱ་བ་བཟླས་པ་བྱའོ། །པདྨ་གར་དབང་གི་སྒྲུབ་པའི་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མའི་སྒྲུབ་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཏཱྃ་ལས་སྐྱེས་པའི་ཨུཏྤ་ལ་ཏཱྃ་གིས་མཚན་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་སྒྲོལ་མ་མདོག་ལྗང་གུ་གཡོན་པ་ན་ཨུཏྤ་ལ་བསྣམས་པ། གཡས་པ་ན་མཆོག་སྦྱིན་པའོ། །ཟླ་བའི་གདན་ལ་གནས་པ། དོན་ཡོངས་སུ་གྲུབ་པས་དབུ་བརྒྱན་པར་བསམས་ལ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀཾ་མུ་ཀྲཱིཾ་བཱ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། ཞེས་བྱ་བས་བསྒྲུབ་བྱའི་མིང་དང་བཅས་པ་གོང་དུ་བསྟན་པའི་གྲངས་ངེས་པས་བཟླས་པ་བྱའོ། །མདའ་ལ་སོགས་པའི་མཚན་མ་མེད་ཀྱང༌། ཨུཏྤ་ལས་བསྒྲུབ་བྱའི་རྐེད་པར་བཅིངས་ཏེ། རང་གི་ལུས་ཀྱི་ཚོགས་ཀྱིས་དེའི་ལུས་བཀང་སྟེ། རང་གི་གནས་སུ་གཞག་པར་བྱའོ། །སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྡོ་རྗེ་མྱུ་གུས་མཛད་པ་རྫོགས་སོ། །པཎྜྀ་ཏ་དོན་ཡོད་རྡོ་རྗེ་དང༌། ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། སཱི་ཏ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོ་སྒྲུབ་པའི་ཐབས། བཅོམ་ལྡན་འདས་སྒྲོལ་མ་དཀར་མོ་ལ་ཕྱག་འཚལ་ལོ། །སྔོན་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་སུྃ་ཡོངས་སུ་གྱུར་པ་ལས་
རིན་པོ་ཆེ་སྣ་ཚོགས་ཀྱི་རང་བཞིན་རི་རབ་བོ། །དེའི་སྟེང་དུ་པྃ་ལས་པདྨ་དཀར་པོ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །དེའི་དབུས་སུ་ཧཱུྃ་དཀར་པོ་ལས་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་མ་སྒྲོལ་མ་མདོག་དཀར་བ་སྤྱན་གསུམ་མ། ཕྱག་བཞི་པ། དེ་བཞིན་གཤེགས་པ་རྣམ་པ་ལྔའི་དབུ་རྒྱན་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཕྱག་དང་པོ་གཉིས་ཀྱིས་ཨུཏྤ་ལའི་ཕྱག་རྒྱ་འཛིན་པ། གཡས་ཀྱི་ཕྱག་ན་ཡིད་བཞིན་གྱི་ནོར་བུ་དང་ལྡན་པའི་མཆོག་སྦྱིན་པས་སེམས་ཅན་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བྱེད་པ། གཡོན་པ་ན་ཨུཏྤ་ལའི་སྙེ་མ་བསྣམས་པ་བསམ་པར་བྱའོ། །དེའི་གཡས་ཕྱོགས་ཀྱི་ལོགས་སུ་ལྷ་མོ་འོད་ཟེར་ཅན་མདོག་སེར་བ་ཟླ་བའི་དཀྱིལ་འཁོར་ལ་གནས་པ་གོས་སྔོན་པོ་ཕྱག་གཉིས་པ། གཡོན་པ་ན་མྱ་ངན་མེད་དམར་པོའི་ཡལ་ག་བསྣམས་པ། གཡས་པ་ན་རྔ་ཡབ་དཀར་པོ་དང་ལྡན་པ། ཤ་འགག་དམར་པོས་བརྒྱན་པ་བསམ་པར་བྱའོ། །གཡོན་པའི་ལོགས་སུ་རྨ་བྱ་ཆེན་མོ་མདོག་ལྗང་སེར་ཕྱག་གཉིས་པ་གཡོན་པ་ན་རྨ་བྱའི་གཞུག་སྒྲོ་བསྣམས་པ། གཡས་པ་ན་རྔ་ཡབ་བསྣམས་པ། དེ་ལྟ་བུའི་རྣམ་པར་བསམས་ལ། ཨོཾ་བྷ་ག་བ་ཏཱི་ཏཱ་རེ་མ་མ་ཧྲྀ་ད་ཡི་པྲ་བི་ཤ་སྭཱ་ཧཱ། ཞེས་བྱ་བས་བདག་ཉིད་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་ཨོཾ་ནཱ་མ་ཏཱ་རེ་མ་ནོ་ཧ་རེ་ཧཱུྃ་ཧ་ར་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སློབ་དཔོན་ཡིད་བཞིན་ནོར་བུ་རྒྱལ་པོས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། བ་དི་ར་བ་ན་རཱ་སཱ་དྷ་ནཾ། བོད་སྐད་དུ། སེང་ལྡེང་ནགས་ཀྱི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྡིག་པ་བཤགས་པ་ལ་སོགས་པ་བྱས་པའི་རྗེས་ལ་སྟོང་པ་ཉིད་དུ་བྱས་ལ། དེ་ལ་སྔོན་གྱི་གནས་སུ་པདྨ་དང་ཟླ་བ་ལ། ཏཱྃ་གི་ས་བོན་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་ལྟེ་བར་ཏཱྃ་གིས་མཚན་པའོ། །དེ་ཡོངས་སུ་
གྱུར་པ་ལས་བདག་ཉིད་སྒྲོལ་མ་ལྗང་གུ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། མཆོག་སྦྱིན་དང་ཨུཏྤ་ལ་གཡས་དང་གཡོན་པའི་ཕྱག་ནའོ། །མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་དང༌། རལ་གཅིག་མ་གཉིས་གཡས་དང་གཡོན་གྱི་ཕྱོགས་ཀྱི་ཆ་ན་གནས་པ་སྟེ། མཛེས་པའི་གཞོན་ནུ་མ་རྒྱན་གྱིས་བརྒྱན་མ། སེང་ལྡེང་གི་ནགས་སུ་སྣ་ཚོགས་པའི་སེམས་ཅན་གྱི་དོན་བྱེད་པར་བསམས་ལ། ཡེ་ཤེས་སེམས་པ་དང་གཅིག་ཏུ་བྱས་ཏེ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་བཟླས་པ་བྱས་ལ་དེ་ཉིད་ཀྱི་ཡིད་ཀྱིས་ཇི་ལྟར་བདེ་བས་གནས་པར་བྱའོ། །སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ལོ་ཙཱ་བ་དགེ་སློང་ཁམས་པ་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། སཱི་ཏ་ཏཱ་རེ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཆེད་དུ་ཟླ་བ་དྲུག་གི་བར། །སྒྲོལ་མའི་འཁོར་ལོ་སྒོམ་པ་པོས། །དངོས་གྲུབ་ཐམས་ཅད་འཐོབ་འགྱུར་ཞིང༌། །འཆི་བའི་སྐྱོན་གྱིས་མ་གོས་པའི། །ངག་གི་དབང་ཕྱུག་གནང་བྱས་ལ། །འཆི་བདག་སླུ་བ་བསྡུས་པ་ལས། །ཕྱུང་ནས་སྒྲོལ་མ་དཀར་མོ་ནི། །བསྒོམས་ནས་འཇིགས་པ་ཉམས་བྱེད་མ། །བཞི་པའི་སྡེ་ཚན་དང་པོ་ཨཱ། །བཅས་ལས་ནམ་མཁར་འོད་ཟེར་སྤྲོས། །པད་དཀར་ཟླ་བའི་གདན་བལྟས་ལ། །གསུམ་ལ་སྐྱབས་འགྲོ་ཡང་བརྗོད་བྱ། །རང་བཞིན་སྒྲོ་བཏགས་གཞོམ་ཆེད་དུ། །སྐད་ཅིག་སྟོང་པ་ཉིད་དུ་བལྟ། །དེ་ནས་སྔོན་གྱི་སྨོན་ལམ་དབང༌། །བྱང་ཆུབ་སེམས་ཀྱི་ཡི་གེ་བསྒོམ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་སྟེང་དུ་ནི། །རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་པ། །མཆོག་སྦྱིན་པ་དང་ཨུཏྤལ་འཛིན། །སྟོན་ཀའི་ཟླ་བའི་འོད་རྣམ་ཅན། །ཟླ་བའི་རྒྱབ་ལ་མཉམ་བརྟེན་པའི། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བཅུ་དྲུག་ལོ་ལོན་ལུས་ཅན་མ། །སངས་རྒྱས་ཀུན་དང་དེ་སྲས་ཀྱི། །ཡུམ་ནི་འདོད་པའི་གཟུགས་འཛིན་
མ། །སྒྲོལ་མ་དེ་ཡི་སྙིང་གར་བསྒོམ། །འཁོར་ལོ་འོད་ཟེར་དཀར་པོ་ཅན། །རེའུ་མིག་བརྒྱད་ལ་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བར་བྱ་བའོ། །ཨོཾ་ཧཱ་གསལ་བྱེད་དབུས་གནས་པའི། །བསྒྲུབ་བྱའི་མིང་ནི་ལྟེ་བར་བྱ། །ཟླ་དྲུག་རྩེ་གཅིག་པའི་ཡིད་ཀྱིས། །ངེས་པ་བརྟན་པོ་དག་ཏུ་བྱ། །ཡི་གེ་བཅུ་པའི་སྔགས་འདི་ནི། །མི་སྐྱོ་ཡིད་ཀྱིས་བཟླ་བྱ་སྟེ། །ཨོཾ་གྱི་ཡི་གེ་དང་པོར་སྦྱིན། །ཕྱིས་ནི་ཏཱ་རེ་རབ་ཏུ་སྦྱར། །ཏུཏྟཱ་རེ་ལ་ཏུ་རེ་ཕྱིས། །སྭཱ་ཧཱ་མཐའ་རུ་ལས་ཀུན་བྱེད། །ཚངས་དབང་ཁྱབ་འཇུག་ཟླ་ཉི་དང༌། །དྲག་པོ་ཕྱོགས་སྐྱོང་འདོད་ལྷས་ཀྱང༌། །བ་སྤུའི་རྩེ་མོའང་གཅོད་མི་ནུས། །འཆི་བདག་ལས་རྒྱལ་སྒྲོལ་མ་བཞིན། །སྐྲ་དཀར་གཉེར་མ་སྐད་ངན་ནད། །དབུལ་བ་ལ་སོགས་མདོར་བསྡུས་ན། །སེང་སོགས་འཇིགས་པ་ཆེ་བརྒྱད་དང༌། །སྡུག་བསྔལ་རབ་ཏུ་འཇོམས་བྱེད་པ། །བསྐུལ་བ་མེད་པར་གུས་བཏུད་པར། །ཁང་བཟང་རིན་ཆེན་སོགས་ཀྱང་འདུ། །རལ་གྲི་དང་ནི་མིག་སྨན་དང༌། །རྐང་པ་བུམ་པ་བཟང་སོགས་འགྲུབ། །ཚིགས་བཅད་མཁན་དང་སྙན་ངག་དང༌། །བློ་རྣོ་ཤེས་རབ་དྲི་མེད་འགྱུར། །གཞན་ཡང་ཅི་འདོད་དངོས་གྲུབ་ནི། །འཁོར་ལོ་དེ་ལས་འབྱུང་བར་འགྱུར། །སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས། །ནད་དང་འཆི་བ་རྣམ་ཉམས་པ། གང་ཞིག་ཕྱུང་ནས་དགེ་བསགས་པ། །དེས་ནི་སྐྱེ་འགྲོ་སྒྲོལ་བར་ཤོག །སྒྲོལ་མ་དཀར་མོའི་སྒྲུབ་པའི་ཐབས་ངག་གི་དབང་ཕྱུག་གྲགས་པའི་སློབ་མ་ཐུ་བོས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨོཾ་ཌི་ཡཱ་ན་མཱ་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། ཨོ་ཌྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་རང་གི་སྙིང་གར་ཨྃ་ཡིག་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་དང་པོའི་བཅུ་གསུམ་གྱི་ས་བོན་ཟླ་ཕྱེད་ཐིག་ལེས་བརྒྱན་པའོ། །དེ་ཁོ་ན་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་
པ་བྱས་ནས་དེ་ཉིད་ཀྱིས་ཡོངས་སུ་རྫོགས་པའི་མྃ་ངོ༌། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་མདོག་དམར་ལ་ཞལ་དྲུག་པ་ཕྱག་བཅུ་གཉིས་མ་ཞལ་དང་པོ་དམར་བ། གཉིས་པ་ནག་པོ། གསུམ་པ་ལྗང་གུ། བཞི་པ་སེར་པོ། ལྔ་པ་དཀར་པོ། མགོ་བོའི་སྟེང་ན་གནས་པའི་ཕག་གི་ཞལ་ནི་ནག་པོ་སྟེ་དྲུག་པའོ། །མཆོད་རྟེན་དང་མྱ་ངན་མེད་པས་བརྒྱན་པ། རྣམ་པར་སྣང་མཛད་སེར་པོས་དབུ་བརྒྱན་པ། གསུས་པ་འཕྱང་བ། ཐོད་པའི་ཕྲེང་བས་བརྒྱན་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་བའི་ཞབས་ཕག་གིས་བགེགས་ཀྱི་ཚོགས་མནན་པའི་སྟེང་ན་གནས་པའོ། །གཡས་པའི་ཕྱག་ན་རལ་གྲི་དང༌། རྡོ་རྗེ་དང༌། གཏུན་ཤིང་དང༌། མདའ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། དགྲ་སྟྭའོ། །གཡོན་པའི་ཕྱག་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། ཐོད་པ་དང༌། མྱ་ངན་མེད་པའི་ཡལ་ག་དང༌། ཚངས་པའི་མགོ་བོ་དང༌། གཞུ་དང༌། རྩེ་གསུམ་མོ། །སྤྱན་གསུམ་ཟླུམ་ཞིང་དམར་བ། ཞལ་མཆེ་བ་གཙིགས་པའོ། །ཤིང་རྟའི་དབུས་ན་གནས་པའོ། །ལྷ་མོ་གཞན་ནི་ཕྱག་གཉིས་པ་སྡིགས་མཛུབ་དང་བཅས་པའི་ཞགས་པ་མྱ་ངན་མེད་པའི་ཡལ་ག་ཡང་བསྒོམ་པར་བྱའོ། །བདག་ཉིད་བཅོམ་ལྡན་འདས་མ་ཞེས་པའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། རྡོ་རྗེ་ཐལ་མོ་སྦྱར་ལ་གུང་མོ་གཉིས་མཉམ་པར་བཀུག་སྟེ། མཐེབ་ཆེན་གཉིས་སྐྱིལ་མོ་ཀྲུང་བཅས་ལ། རྩེ་མོའི་ཚིགས་ནི་ཅུང་ཞིག་བསྐུམ་པའོ། །སྔགས་ནི། ཨོཾ་མཱ་རཱི་ཙྱཻ་ཨྃ་མཱྃ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོ་ཌྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང་ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀལྤོ་ཀྟཾ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་པ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །བླ་མེད་བདེ་བས་ཞེན་པ་
ཡི། །ཤེས་རབ་ཕ་རོལ་ཕྱིན་བླ་མར། །ཕྱག་འཚལ་རྟོག་པའི་འོད་ཟེར་ཅན། །སྒྲུབ་ཐབས་ད་ལྟ་བྲི་བར་བྱ། །དེ་ལ་དང་པོ་རེ་ཞིག་རྣལ་འབྱོར་པས་འགྲོ་བ་མ་ལུས་པ་འདོན་པར་འདོད་པའི་བསམ་པ་ཅན་གྱིས། ཨོཾ་ཕཊ་ཅེས་པའི་སྔགས་ཀྱིས་སྙིང་ག་དང་མགྲིན་པ་དང་སྤྱི་བོ་རྣམས་སུ་ཁྲོ་བོའི་ཁུ་ཚུར་སྦྱིན་པར་བྱའོ། །ཨོཾ་མཱ་རཱི་ཙྱཻ་བིགྷྣ་ནུ་ད་ས་ད་ཡ་ཧཱུྃ་ཕཊ་ཅེས་བྱ་བའི་སྔགས་ཀྱིས་བགེགས་བསྐྲད་ནས་རང་གི་སྙིང་གར་ཨོཾ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་ལ་མྃ་སེར་པོ་བསམས་ལ། དེ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་ཀྱིས་ནམ་མཁའ་ནས་སྤྱན་དྲངས་ཏེ། བཅོམ་ལྡན་འདས་མ་མདུན་དུ་བཞུགས་སུ་གསོལ་ལོ། །དེ་ཡང་མདོག་གསེར་ལྟ་བུ་སེར་པོ་ཞལ་གསུམ་པ། ཕྱག་བརྒྱད་པ། སྤྱན་གསུམ་པ། སེ་འབྲུའི་མེ་ཏོག་ལྟ་བུ་དམར་བ་ནི་གཡས་ཀྱི་ཞལ་ལོ། །ཨིནྡྲ་ནཱི་ལ་ལྟ་བུའི་ཞལ་འགྱུར་བའི་ཕག་ཞལ་ནི་གཡོན་པའོ། །རྡོ་རྗེ་དང༌། ལྕགས་ཀྱུ་དང༌། མདའ་དང༌། ཁབ་ནི་གཡས་ཀྱི་ཕྱག་བཞི་ན་བསྣམས་པའོ། །མྱ་ངན་མེད་ཀྱི་ཡལ་ག་དང༌། གཞུ་དང༌། སྐུད་པ་དང༌། སྡིགས་མཛུབ་ནི་གཡོན་གྱི་ཕྱག་ནའོ། །རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། སྣ་ཚོགས་པའི་རྒྱན་གྱིས་ཡང་དག་པར་བརྒྱན་པ། མཆོད་རྟེན་གྱི་ཁོང་ན་གནས་པ་གོས་དམར་པོའི་ཤ་འགག་དང༌། སྟོད་གཡོགས་དང་ལྡན་པ། དྲིལ་བུ་གཡེར་ཁའི་དྲྭ་བའི་རྐང་གདུབ་ཅན། རྒྱན་ལ་སོགས་པ་དང་བཟང་པོའི་ཕྲེང་བ་རིན་པོ་ཆེ་ལ་སོགས་པས་དཔུང་པ་རྣམ་པར་བརྒྱན་པ་གཡོན་བརྐྱང་པའི་ཞབས་ཀྱིས་ཕག་བདུན་གྱི་ཤིང་རྟ་མནན་པ། ཡྃ་ལས་སྐྱེས་པའི་རླུང་གི་དཀྱིལ་འཁོར་ལ། ཧྃ་ལས་སྐྱེས་པའི་ཟླ་བ་དང༌། ཉི་མ་འཛིན་པའི་གཟའ་ཆེན་པོར་རཱ་ཧུས་བྱིན་གྱིས་བརླབས་པ་ལ་གནས་པའི་ཤིང་རྟའི་དབུས་སུ་ལྷ་མོ་རྣམ་བཞིས་བསྐོར་བ་སྟེ། དེ་ལ་ཤར་གྱི་ཕྱོགས་སུ་བཏྟཱ་ལཱི་དམར་མོ་ཕག་གི་གདོང་པ་ཅན་ཕྱག་བཞི་པའོ། །ཁབ་དང་ལྕགས་ཀྱུ་ནི་གཡས་ཀྱི་ཕྱག་ནའོ། །ཞགས་པ་དང་མྱ་ངན་མེད་པའི་ཡལ་ག་ནི་གཡོན་པའི་ཕྱག་ནའོ། །ཤ་
འགག་དམར་པོ་ཅན་ནོ། །དེ་བཞིན་དུ་ལྷོ་ཕྱོགས་སུ་བ་དཱ་ལི་སེར་མོ། མྱ་ངན་མེད་དང་ཁབ་ནི་གཡས་ཀྱི་ཕྱག་ནའོ། །རྡོ་རྗེ་དང་ཞགས་པ་ནི་གཡོན་པའི་ཕྱག་ནའོ། །ལང་ཚོ་སར་པ་ལ་བབ་པའི་གཞོན་ནུ་མ་རྒྱན་ཐམས་ཅད་དང་ལྡན་པའོ། །དེ་བཞིན་དུ་ནུབ་ཕྱོགས་སུ་བཱ་རཱ་ལི་དཀར་མོ་རྡོ་རྗེ་དང་ཁབ་ནི་གཡས་ཀྱི་ཕྱག་ནའོ། །ཞགས་པ་དང་མྱ་ངན་མེད་པ་ནི་གཡོན་གྱི་ཕྱག་ནའོ། །གཡོན་བརྐྱང་བའི་ཞབས་ཅན་ལེགས་པའི་གཟུགས་ཅན་མའོ། །དེ་བཞིན་དུ་བྱང་ཕྱོགས་ཀྱི་ཆ་རུ་བཱ་རཱ་ཧཱ་མུ་ཁི་དམར་པོ་སྤྱན་གསུམ་ཕྱག་བཞི་མ། རྡོ་རྗེ་མདའ་ནི་གཡས་ཀྱི་ཕྱག་ནའོ། །ཞགས་པ་དང་མྱ་ངན་མེད་པ་ནི་གཡོན་གྱི་ཕྱག་ན་སྟེ། མཛེས་པའི་གཟུགས་ཅན་མའོ། །དེ་ལྟར་བསམས་ནས་མཆོད་པ་དང༌། ཕྱག་འཚལ་བ་དང༌། བསྟོད་པ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསྔོ་བ་དང༌། གསོལ་བ་གདབ་པ་དང༌། སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། ལམ་བསྟན་པ་ལ་སོགས་པ་བྱས་ལ། བྱམས་པ་དང༌། སྙིང་རྗེ་དང༌། དགའ་བ་དང༌། བཏང་སྙོམས་ཏེ་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་ཏིང་ངེ་འཛིན་དམིགས་པར་བྱའོ། །དེ་ནས་ཉི་མའི་དཀྱིལ་འཁོར་ལ་ཨོཾ་གྱི་ས་བོན་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་སེང་གེའི་ཁྲི་ལ་བཞུགས་པ་དཀར་པོ་རལ་པའི་ཅོད་པན་འཆར་བ། བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་ཞི་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །དེའི་ཐུགས་ཀར་ཟླ་བ་ལ་ཡི་གེ་ཉི་ཤུ་རྩ་ལྔས་བསྐོར་བའི་མྃ་གི་ས་བོན་ལས་ཡོངས་སུ་རྫོགས་པའི་མྱ་ངན་མེད་པའི་ཡལ་གའོ། །དེའི་སྟེང་དུ་ཟླ་བ་ལ་ཨོཾ་གྱི་ས་བོན་ནོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་དེ་སྐད་གསུངས་པའི་མཚན་ཉིད་ཅན་གྱི་འོད་ཟེར་ཅན་གྱི་གཟུགས་སུ་བདག་ཉིད་སྐད་ཅིག་གིས་བསམ་མོ། །ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལི་བཱ་རཱ་ལི་བཱ་རཱ་ཧཱ་མུ་ཁི་ཨཱ་ཀརྵ་ཡ་ཛཿསྭཱ་ཧཱ། ཞེས་བྱ་བ་འདིས་བཏྟཱ་ལི་ཤར་ཕྱོགས་སུ་དགོད་དོ། །དེ་བཞིན་དུ་ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལི་བཱ་རཱ་ལི་
བཱ་རཱ་མུ་ཁ་སརྦ་དུཥྚཱ་ནཱཾ་པྲ་དུཥྚཱཾ་ནཱཾ་མུ་ཁཾ་བནྡྷ་བནྡྷ་ཧཱུྃ་སྭཱ་ཧཱ། ཞེས་བྱ་བས་བ་དཱ་ལི་ལྷོ་ཕྱོགས་སུའོ། །དེ་བཞིན་དུ་ཨོཾ་མཱ་རཱི་ཙྱཻ་བཏྟཱ་ལི་བ་དཱ་ལི་བཱ་རཱ་ལི་བཱ་རཱ་ཧཱ་མུ་ཁི་སརྦ་དུཥྚཱ་ནཱཾ་མུ་ཁཾ་སྟྭཾ་བྷ་ཡ་བྃ་སྭཱ་ཧཱ། ཞེས་བྱ་བས་བཱ་རཱ་ལི་ནུབ་ཕྱོགས་སུ་དགོད་དོ། །དེ་བཞིན་དུ་ཨོཾ་མཱ་རིའ་ཙྱཻ་བཏྟཱ་ལི་བ་དཱ་ལི་བཱ་རཱ་ལི་བཱ་རཱ་ཧཱ་མུ་ཁི་སརྦ་སཏྭཱ་ནཱཾ་བ་ཤ་མ་ན་ཡ་ཧོཿསྭཱ་ཧཱ། ཞེས་བྱ་བས་ནི་བཱ་རཱ་ཧཱ་མུ་ཁི་བྱང་ཕྱོགས་སུ་དགོད་པར་བྱའོ། །ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་བྱ་བ་བསྒོམས་པའི་རྗེས་སུ་བཟླས་པ་བྱའོ། །དེ་ལྟར་དུས་གསུམ་དུ་བྱིན་གྱིས་བརླབས་ལ་ལྷའི་རྣལ་འབྱོར་དུ་གནས་པར་བྱའོ། །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། །ཁམས་བ་ལོ་ཙཱ་བ་བ་རི་དགེ་སློང་གིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀལྤོཀྟ་བི་དྷི་ནཱ་སཱི་ཏ་མཱ་རཱི་ཙྱཻ་སཱ་དྷ་ནི། བོད་སྐད་དུ། རྟོག་པ་ལས་གསུངས་པའི་ཆོ་གས་འོད་ཟེར་ཅན་དཀར་མོའི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་རང་གི་སྙིང་གར་ཟླ་བ་ལ་མྃ་ཡིག་དཀར་པོའི་འོད་ཟེར་གྱིས་མཉམ་པར་བཀུག་པའི་བཅོམ་ལྡན་འདས་མ་ལ་སྣ་ཚོགས་ཀྱི་ཉེ་བར་སྤྱོད་པས་མངོན་དུ་མཆོད་པ་སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ་ཞེས་བརྗོད་ལ་པྃ་ལས་སྐྱེས་པའི་སྣ་ཚོགས་པདྨའི་སྟེང་དུ་ཟླ་བ་ལ་ཡང་མྃ་དཀར་པོ་ཡོངས་སུ་གྱུར་པ་ལས། འོད་ཟེར་ཅན་ཀུནྡ་དང་ཟླ་བའི་འོད་དང་མཚུངས་པ། ཞལ་ལྔ་པ། ཕྱག་བཅུ་པ། ཞབས་བཞི་པ། སྐད་ཅིག་གིས་བསམ་པར་བྱའོ། །དེ་ལ་ཞལ་གྱི་གཙོ་མོ་ནི་སྐུའི་མདོག་གོ །གཡས་པའི་ཞལ་ནི་ནག་པོའོ། །གཡོན་པའི་ཞལ་ནི་ཕག་གདོང་དམར་བའོ། །ཞལ་ཕྱི་མ་ནི་ལྗང་གུའོ། །མགོ་བོའི་སྟེང་གི་ཞལ་ནི་སེར་པོའོ། །རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པའི་རྩེ་གསུམ་པ་རལ་པའི་ཅོད་པན་ཅན་ནོ། །ཕྱག་གཡས་པའི་ཕྱག་ལྔ་ན་ཉི་མའི་དཀྱིལ་འཁོར་དང༌། རྡོ་རྗེ་སྔོན་པོ་དང༌། མདའ་དང༌། ལྕགས་ཀྱུ་དང༌།
ཁབ་རྣམས་ཕྱག་ནའོ། །གཡོན་པའི་ཕྱག་ལྔ་རྣམས་སུ་ཟླ་བའི་དཀྱིལ་འཁོར་དང༌། གཞུ་དང༌། མྱ་ངན་མེད་པའི་ཡལ་ག་དང༌། ཞགས་པ་དང་བཅས་པའི་སྡིགས་མཛུབ་དང༌། སྐུད་པ་རྣམས་ཕྱག་ནའོ། །སྣ་ཚོགས་པའི་རིན་པོ་ཆེས་སྤྲས་པའི་རྣ་རྒྱན་དང༌། དབུ་རྒྱན་དང༌། ལག་གདུབ་དང༌། དྲིལ་བུ་གཡེར་ཁ་དང་བཅས་པའི་སྐ་རགས་ཀྱིས་གོས་ཀྱི་རྣམ་པར་བརྒྱན་པའི་ལུས་སོ། །ལང་ཚོ་དར་ལ་བབ་པ་ཤ་འགག་དང་སྟོད་གཡོགས་དཀར་པོ། མཆོད་རྟེན་གྱི་ཁོང་དུ་གནས་པའི་ཕག་པ་བདུན་གྱི་ཤིང་རྟ་ལ་ཞོན་པའོ། །ཁྱབ་འཇུག་དང༌། དབང་པོ་དང༌། བདེ་བྱེད་དང༌། ཚངས་པ་ཞབས་བཞིས་མནན་པའོ། །དེའི་ཤིང་རྟའི་དབུས་སུ་གནས་པའི་ཆུ་སྲིན་མནན་པའི་བཅོམ་ལྡན་འདས་མ་གཞན་ཏེ། དེ་ཡང་སྐུ་མདོག་ནག་མོ་ཕག་གི་གདོང་པ་ཅན། རྡོ་རྗེ་དང་སྡིགས་མཛུབ་ནི་གཡས་པ་དང་གཡོན་པའི་ཕྱག་ནའོ། །གཡས་ཕྱོགས་སུ་ལྷ་མོ་གཞན་ཕག་གི་ཞལ་དམར་མོ་ཕྱག་བཞི་པ་ལྕགས་ཀྱུ་དང༌། ཁབ་ནི་གཡས་ཀྱི་ཕྱག་གཉིས་ནའོ། །སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་སྐུད་པ་ནི་གཡོན་གྱི་ཕྱག་གཉིས་ནའོ། །རྒྱན་བཟང་པོས་ཡང་དག་པར་བརྒྱན་པའོ། །གཡོན་ཕྱོགས་སུ་རྗེ་བཙུན་མ་གཞན་ཏེ་དེ་ཡང་ཕག་ཞལ་མདོག་དམར་བ་རྣ་བའི་བར་དུ་བཀང་བའི་གཞུ་དང༌། མདའ་དང༌། རྡོ་རྗེ་དང༌། མྱ་ངན་མེད་པའི་ཡལ་ག་ནི་གཡས་དང༌། གཡོན་པའི་ཕྱག་ནའོ། །སྣ་ཚོགས་པའི་ན་བཟས་བརྒྱན་པ་སྟེ། ཤིང་རྟ་འདྲེན་པའི་ཕག་གི་འོག་ན་ཉི་མ་ལ་སོགས་པའི་གཟའ་ཆེན་པོ་དགུ་དང༌། ཉེ་བར་འཚེ་བའི་ནད་ཀྱི་ཚོགས་རྣམས་ལྷུང་ནས་མིའི་གཟུགས་ཀྱིས་གནས་པའོ། །དེ་ལྟ་བུའི་གཟུགས་ཀྱི་བཅོམ་ལྡན་འདས་མ་བསམས་ལ། སྙིང་གར་ཟླ་བ་ལ་མྃ་ལས་བྱུང་བའི་འོད་ཟེར་གྱིས་དེ་བཞིན་གཤེགས་པ་བཀུག་སྟེ། དབང་བསྐུར་བླངས་ནས་དབུ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན་པར་བསམ་པར་བྱའོ། །དེ་ནས་སྙིང་གའི་ས་བོན་ཉིད་ལས་ཕྲེང་བའི་རྣམ་པ་ལྟ་བུའི་སྔགས་ཀྱི་ཡི་གེ་ཁ་ནས་བྱུང་ནས་ལྟེ་བར་རོ། །
ལྟེ་བ་ནས་ཁ་རུ། ཁ་ནས་ཡང་ལྟེ་བ་ལ་སོགས་པར་འཁོར་ལོ་འཁོར་བའི་རིམ་པས་སྔགས་བཟླ་བར་བྱའོ། །མཐའ་གསུམ་གྱི་དེ་ཉིད་ཡིད་ཀྱིས་བྱའོ། །དེ་ལ་འདི་ནི་སྔགས་ཡིན་ཏེ། ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རང་གི་ས་བོན་གྱི་བྱིན་གྱིས་བརླབས་ལ། ཟས་ལ་སོགས་པ་ཐམས་ཅད་ལ་རྗེས་སུ་གནས་པར་བྱའོ། །སྐྱོ་ན་ཡི་གེ་བརྒྱ་པའི་སྔགས་བརྗོད་ལ། དེ་ལྟར་བདེ་བས་གནས་པར་བྱའོ། །རྟོག་པ་ལས་གསུངས་པའི་ཆོ་གའི་འོད་ཟེར་ཅན་དཀར་མོའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨ་ཤོ་ཀ་ཀནྟཱ་མཱ་རཱི་ཙྱཻ་ས་དྷ་ནཾ། བོད་སྐད་དུ། མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་གྱི་སྒྲུབ་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་སུ་ཟླ་བ་ལ་མྃ་སེར་པོ་ལས་བྱུང་བའི་མྱ་ངན་མེད་པའི་ཤིང་གི་སྟེང་དུ་མྃ་ཡོངས་སུ་གྱུར་པ་ལས་འོད་ཟེར་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས་མ། རྣམ་པར་སྣང་མཛད་མགོན་པོས་དབུ་རྒྱན་དུ་བྱས་པ། གསེར་ལྟ་བུའི་ཕག་པའི་རྒྱབ་ཏུ་སྣ་ཚོགས་པདྨ་དང་ཟླ་བ་ལ་འགྱིང་བག་དང་བཅས་པས་སྟེང་དུ་བཞུགས་པའོ། །མྱ་ངན་མེད་པའི་སྡོང་པོ་ཡལ་ག་ཕྱག་གཡོན་པས་བཟུང་བའོ། །ཕྱག་གཡས་པས་མཆོག་སྦྱིན་པ། དོ་ཤལ་ལ་སོགས་པས་བརྒྱན་པའི་སྐུ་ལང་ཚོ་དར་ལ་བབ་པ་མཛེས་མ་འདི་ལྟ་བུར་བསམས་ནས། སྙིང་གའི་མྃ་གི་ས་བོན་ལས་སྤྲོས་པའི་འོད་ཟེར་གྱིས་ཕག་གི་རྣམ་པས་གདུག་པ་ཅན་ཐམས་ཅད་བརླག་སྟེ། སེམས་ཅན་མང་པོའི་དོན་སྣ་ཚོགས་བྱས་ནས་སོ། །ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླ་བར་བྱའོ། །མྱ་ངན་མེད་པའི་ཤིང་གི་རྩ་བའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨུ་ཌི་ཡཱ་ན་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། ཨུ་ཌྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་
མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྡིག་པ་བཤགས་པའི་རྗེས་སུ་སྟོང་པ་ཉིད་རྣམ་པར་བསྒོམས་ལ། སྣ་ཚོགས་པདྨ་དང་ཉི་མ་ལ་མྃ་གི་ས་བོན་དམར་པོ་ཡོངས་སུ་གྱུར་པ་ལས་ཨུ་ཌྱན་གྱི་འོད་ཟེར་ཅན་མདོག་དམར་བ། ཞལ་དྲུག་པ་ཕྱག་བཅུ་གཉིས་པ་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མོ། །དམར་པོ་དང༌། ནག་པོ་དང༌། དཀར་པོ་དང༌། ལྗང་གུ་དང༌། སེར་པོ་ནི་གཡས་སྐོར་དུ་ཞལ་ལྔའོ། །སྟེང་དུ་ནི་ཕག་ཞལ་ནག་པོའོ། །དང་པོ་གཡས་ཀྱི་ཕྱག་དྲུག་ཏུ་གོ་རིམ་བཞིན་དུ་རལ་གྲི་དང༌། འཁོར་ལོ་དང༌། གཏུན་ཤིང་དང༌། མདའ་དང༌། དགྲ་སྟྭ་དང༌། རྡོ་རྗེ་རྩེ་གཅིག་པའོ། །གཡོན་གྱི་ཕྱག་རྣམས་སུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། ཁ་ཊྭཱཾ་ག་དང༌། ཐོད་པ་དང༌། མྱ་ངན་མེད་པའི་ཡལ་ག་དང༌། ཚངས་པའི་མགོ་བོ་དང༌། གཞུ་དང་རྩེ་གསུམ་མོ། །མཆོད་རྟེན་གྱི་ནང་ན་གནས་པ། ཀླུའི་དབང་པོ་བརྒྱད་ཀྱིས་སྐུ་བརྒྱན་པ། སྐྲ་ཁམ་པ་གྱེན་དུ་བསྒྲེང་བ། ཞལ་མཆེ་བ་གཙིགས་པ། མགོ་བོ་སྐམ་པོ་བརྒྱད་ཀྱིས་དབུ་བརྒྱན་པ། མགོ་བོ་རློན་པའི་ཕྲེང་བ་སྐེ་ནས་འཆང་བ། རིན་པོ་ཆེ་མང་པོས་སྤྲས་པའི་ཤིང་རྟ་སྣ་ཚོགས་པ་ཕག་པ་བདུན་ལ་ཆིབས་པ། ཕྱི་རོལ་དུ་དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར་བ། ཤིང་རྟའི་དབུས་སུ་གནས་པ་ནི་སྐྱིལ་མོ་ཀྲུང་གིས་བཞུགས་པ། རྡོ་རྗེ་དང་ཁབ་དང༌། མྱ་ངན་མེད་དང་སྡིགས་མཛུབ་བསྣམས་པ། མདོག་བཟང་པོའི་འོད་ཟེར་ཅན་ཤ་འགག་སེར་པོ། སྣ་ཚོགས་ཀྱི་རིན་པོ་ཆེས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཀྱིས་ཀྱང་བརྒྱན་པའོ། །འོད་དམར་པོ་ལས་དེ་བཞིན་གཤེགས་པ་ལྔ་སྤྲོ་བ་དང༌། སྐད་ཅིག་གིས་བསམས་ལ་སྙིང་གར་ཉི་མ་ལ་མྃ་གི་ས་བོན་ལས་རྣམ་པར་བྱུང་བའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡང་དག་པར་བཀུག་སྟེ། དབང་བསྐུར་བ་བླངས་ནས་རྣམ་པར་སྣང་མཛད་བདག་ཉིད་ཀྱི་དབུ་རྒྱན་དུ་རྣམ་པར་བསམ་པར་བྱའོ། །དེ་ནས་རྣལ་འབྱོར་པས་འཁོར་ལོ་
འཁོར་བའི་རིམ་པ་འདིས་སྔགས་ཀྱི་བཟླས་པ་བྱའོ། །ཨོཾ་མཱ་རཱི་ཙྱཻ་མཱཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བཟླས་པ་བྱས་ནས་ཕྱིས་ཀྱི་དུས་སུ་ཏིང་ངེ་འཛིན་ཉེ་བར་བསྡུས་ལ་དེ་ཉིད་ཀྱི་རྣལ་འབྱོར་གྱིས་ཇི་ལྟར་བདེ་བར་གནས་པར་བྱའོ། །ཨུ་ཌྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་ཐབས། སློབ་དཔོན་ལྷན་ཅིག་སྐྱེས་པའི་རོལ་པས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨཽ་ཌི་ཡཱ་ན་ཀྲ་མ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། ཨུ་ཌྱན་གྱི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོར་སྙིང་གར་ཉི་མའི་གདན་ལ་ཧཱུྃ་ངོ༌། །དེའི་འོད་ཟེར་གྱིས་བཅོམ་ལྡན་འདས་མ་བཀུག་སྟེ། སྣ་ཚོགས་པའི་མཆོད་པས་ཡང་དག་པར་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། སྟོང་པ་ཉིད་བསྒོམས་པའི་རྗེས་སུ་སྣ་ཚོགས་རྡོ་རྗེའི་རྣམ་པ་སེམས་ཀྱིས་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི་དང༌། རྡོ་རྗེའི་རྭ་བ་ལ་སོགས་པ་བསམས་ལ། དེའི་དབུས་སུ་དཔལ་ཨུ་ཌྱན་གྱི་གནས་གྲུ་གསུམ་དཀར་ཞིང་དམར་བའོ། །དེའི་དབུས་སུ་ཉི་མ་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་དེའི་ལྟེ་བ་མཚན་པའོ། །དེ་ཡོངས་སུ་གྱུར་པ་ལས་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད་འཇིག་པའི་དུས་ཆེན་པོའི་མེ་ལྟ་བུ་གྱེན་དུ་རྣམ་པར་འཕྲོ་བ། ཟིལ་གྱིས་མི་ནོན་པའོ། །ཧ་ཧ་ཞེས་དགོད་ཅིང་བདུད་རྣམ་བཞི་གཡོན་བརྐྱང་བའི་ཞབས་ཀྱིས་མནན་པ། ཕྱག་བཅུ་གཉིས་པ། ཞལ་དྲུག་པ། སྤྱན་གསུམ་པ། མདོག་དམར་པོ། དང་པོ་གཡས་ཀྱི་ཕྱག་དྲུག་རྣམས་སུ་རལ་གྲི་དང༌། སྣ་ཚོགས་རྡོ་རྗེ་དང༌། རྡོ་རྗེ་རྩེ་གཅིག་པ་དང༌། དགྲ་སྟྭ་དང༌། མདའ་དང༌། གཏུན་ཤིང་བསྣམས་པའོ། །གཡོན་གྱི་ཕྱག་རྣམས་སུ་སྡིགས་མཛུབ་དང་བཅས་པའི་ཁབ་དང༌། རྩེ་གསུམ་དང༌། མྱ་ངན་མེད་པའི་ཡལ་ག་དང༌། གཞུ་དང༌། ཞགས་པ་དང༌། ཚངས་པའི་མགོ་བོ་རྣམས་སོ། །མི་མགོའི་ཕྲེང་བ་འཕྱང་བ། ལུས་ཀྱི་ཡན་ལག་དང༌། ཉིང་ལག་ཐམས་ཅད་མཛེས་པའོ། །སྟག་གི་
པགས་པའི་སྟོད་གཡོགས་ཀྱི་གོས་ཅན། རྩ་བའི་ཞལ་ནི་དམར་བའོ། །དཀར་པོ་དང༌། ནག་པོ་གཡོན་པའི་ཞལ་གཉིས་སོ། །སེར་པོ་དང་ནག་པོ་ནི་གཡས་ཀྱི་ཞལ་གཉིས་སོ། །སྟེང་གི་ཕག་གི་ཞལ་ནི་ནག་པོའོ། །ལྗགས་འདྲིལ་བ། སྐྲ་ཁམ་པ་གྱེན་དུ་འབར་བ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། གཉུག་མའི་འོད་ཟེར་གྱིས་རྣམ་པ་ཐམས་ཅད་ཀྱི་བདུད་འཇོམས་པར་བྱེད་མ། ཕྱོགས་བཅུར་འཕྲོས་བཞིན་པའི་མཁའ་འགྲོ་མ་དང༌། འབྱུང་པོ་དང༌། རོ་ལངས་ཕེཾ་ཕེཾ་གྱི་རྣམ་པ་དང༌། ཧ་ཧའི་འཇིགས་པའི་སྒྲ་སྒྲོགས་པས་ཡོངས་སུ་བསྐོར་བའི་དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ། དཔལ་ཨུ་ཌྱན་གྱི་འོད་ཟེར་ཅན་གྱི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་ལ། མགོ་བོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུྃ་ངོ༌། །ཡན་ལག་ཐམས་ཅད་ལ་ཕཊ་ཀྱི་རྣམ་པ་བསམ་པར་བྱའོ། །དེ་ནས་ལྟེ་བའི་སྟེང་དུ་སྣ་ཚོགས་པའི་པདྨ་ལ་ཟླ་བ་ཉི་མ་ཁ་སྦྱོར་གྱི་དབུས་སུ་ཧཱུྃ་གི་རྣམ་པ་པད་སྣོད་ཀྱི་རང་བཞིན་སྣ་ཚོགས་ཀྱི་མདོག་ཅན་གྱི་ཡི་གེ་བསམ་པར་བྱའོ། །ཨཽཾ་བཛྲ་དྷཱ་ཏྭཱི་ཤྭ་རི་སརྦ་དུཥྚཱན་ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རཱི་ཙྱཻ་མཱཾ་ཕཊ་ཕཊ་སྭཱ་ཧཱ། སྙིང་པོའི་སྔགས་སོ། །ཨོཾ་ཨཱཿཧཱུྃ། བསྒོམ་པའི་སྔགས་སོ། །ཨོཾ་བཛྲ་བེ་ཏཱ་ལཱི་ཧཱུྃ་ཕཊ། བཟླས་པའི་སྔགས་སོ། །ཨོཾ་མཱ་རཱི་ཙྱཻ་ཨོཾ་མཱཾ་ཧཱུྃ་ཧཱུྃ་ཕཊ་བཟླས་པའི་སྔགས་གཉིས་པའོ། །དེ་ནས་ཐུན་མཚམས་བཞིར་གཏོར་མའི་སྔགས་ནི། ཨོཾ་ཨཱ་རལླི་ཧོ། ཛཿཧཱུྃ་བཾ་ཧོཿཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོ། ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙེ་ན་མཱ་ད་ཨ་པ་སྨཱ་ར་ཌཱ་ཀི་ནྱཱ་ད་ཡཿ ཨི་དཾ་བ་ལིཾ་གྲྀཧྞཱ་ཐཱ་པི་བ་ཐཱ་མཱ་ཏི་ཀྲཱ་མ་ཐཱ་མཧཱ་སུ་ཁ་བི་བྲི་ད་དྷ་ཡེ་མ་མ་ས་ཧ་ཡི་ཀ་བྷ་བ་ཐཱ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཟས་ལ་སོགས་པ་ཡང་ཧྲཱིཿའི་ཡི་གེའམ། ཧཱུྃ་གི་ཡི་གེ་ལ་སོགས་པས་ཡང་དག་པར་སྦྱངས་ལ་སྤྱད་པར་བྱའོ། ཨུ་ཌྱན་གྱི་རིམ་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་བ་རི་དགེ་སློང་གིས་
བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། །ཙུནྡ་སཱ་དྷ་ནཾ། བོད་སྐད་དུ། ཙུནྡའི་སྒྲུབ་པའི་ཐབས། འཕགས་མ་ཙུནྡ་ལ་ཕྱག་འཚལ་ལོ། །ལྷ་མོ་ཙུནྡ་ཕྱོགས་སྐྱོང་ཆེ། །ཡང་དག་རྒྱལ་བ་དེར་བཏུད་ནས། །མདོར་བསྡུས་མྱུར་དུ་སྒྲུབ་པའི་ཐབས། །དེ་ཡི་མཉེས་ཐབས་བརྗོད་པར་བྱ། །དང་པོར་རེ་ཞིག་སྔགས་པས་རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་སྡེ་ཚན་གསུམ་པའི་དང་པོའི་ལྔ་པས་བརྒྱན་ལ། ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ། ཟླ་བ་ལས་འབབ་པའི་འོད་ཟེར་གྱི་ཕྲེང་བ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པས་མཛེས་པ། དེ་ནས་འོད་ཟེར་ལས་ཡོངས་སུ་རྫོགས་པའི་བཅོམ་ལྡན་འདས་མ་དང༌། བླ་མ་དང༌། རྫོགས་པའི་སངས་རྒྱས་ལ་སོགས་པ་བལྟས་ལ། མངོན་དུ་ཕྱག་འཚལ་ལ། སྔགས་འདིས་མཆོད་པར་བྱའོ། །ཨོཾ་བཛྲ་པུཥྤེ་ཧྃའུ། ཨོཾ་བཛྲ་དྷཱུ་པེ་ཧཱུྃ། ཨོཾ་བཛྲ་དཱི་པེ་ཧཱུྃ། ཨོཾ་བཛྲ་གན་དྷེ་ཧཱུྃ། ཨོཾ་བཛྲ་ནཻ་བི་དྱེ་ཧཱུྃ། དེ་ནས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །ཞེས་བྱ་བ་ལ་སོགས་པ་བརྗོད་པར་བྱའོ། །དེ་ནས་སྨོན་ལམ་སྔོན་དུ་སོང་བས་སྔགས་འདིས་ཆོས་ཐམས་ཅད་བདག་མེད་པར་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། དེ་ནས་ས་བོན་སྒྱུ་མ་ལྟ་བུའི་རྣམ་པར་བསམས་ལ། ཁམས་གསུམ་མ་ལུས་པ་ཡང་ངོ༌། །ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། དེ་ནས་སྔོན་དུ་བསྟན་པའི་ས་བོན་ལས་ཡོངས་སུ་རྫོགས་པའི་དཔལ་ལྷ་མོ་ཙུནྡའི་བདག་ཉིད་དུ་བསྒོམ་པར་བྱའོ། །སྟོན་ཀའི་ཟླ་བ་ལྟ་བུ་ཕྱག་བཞི་པ་གཡས་ན་མཆོག་སྦྱིན་པ། གཡོན་ན་པོ་ཏིས་མཚན་པའི་པདྨ་བསྣམས་པ། ཕྱག་གཉིས་ན་ལྷུང་བཟེད་བསྣམས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པདྨ་དང་ཟླ་བའི་སྟེང་ན་བཞུགས་པ་བསྒོམ་པར་བྱའོ། །ཕྱིས་ནི་ཕྱག་རྒྱ་བཅིང་བར་བྱ་སྟེ། སྙིང་ག་དང༌། སྨིན་མཚམས་དང༌། མགྲིན་པ་དང༌། སྤྱི་བོ་རྣམས་སུ་བསྲུང་བར་བྱས་ལ་བཟླས་པ་བྱའོ། །
དེ་ལ་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་ཐལ་མོ་སྦྱར་བར་བྱས་ནས། སྡིགས་མཛུབ་གཉིས་ལོགས་སུ་བཅེར་བ་ནི་ཙུནྡའི་ཕྱག་རྒྱའོ། །སྔགས་ནི་འདི་ཡིན་ཏེ། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། ཙུནྡའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། ཤྲཱི་ཛཾ་བྷ་ལ་སྱ་སཾ་ཀྵིཔྟ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གནོད་གནས་ཀྱི་མདོར་བསྡུས་པའི་སྒྲུབ་པའི་ཐབས། དཔལ་གནོད་གནས་ལ་ཕྱག་འཚལ་ལོ། །སྔར་བསྟན་པའི་ཆོ་གས་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་དཔལ་གནོད་གནས་ཀྱི་གསུམ་པའི་གསུམ་པའི་ས་བོན་ནི་མདོག་སེར་བ་སྟོང་པའི་ལྟས་མནན་པ་ཟླ་བ་ཕྱེད་པས་རྣམ་པར་བརྒྱན་པ། དེ་ཉིད་ལས་རྫོགས་པའི་དཔལ་གནོད་གནས་ཁ་དོག་སེར་པོ་ཕྱག་གཉིས་པ་དང༌། གཡས་པའི་ཕྱག་ན་བཱི་ཛ་པཱུ་ར་ཀ གཡོན་པའི་ཕྱག་ན་རིན་པོ་ཆེའི་ཆར་རབ་ཏུ་འབེབས་བཞིན་པའི་ནེའུ་ལེ་འཛིན་པ་སངས་རྒྱས་ལྔའི་ཅོད་པན་ཅན་ཞབས་གཉིས་ཀྱིས་དུང་གི་ཚོགས་དང༌། པདྨའི་ཚོགས་ཀྱི་གཏེར་ཆེན་པོ་མནན་པ། ཨུཏྤལ་སྔོན་པོའི་ཕྲེང་བ་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཛཾ་བྷ་ལའི་གཟུགས་སུ་བདག་ཉིད་བསྒོམ་པར་བྱའོ། །རང་གི་ཁྱིམ་དུ་ཡང་རིན་པོ་ཆེ་སྣ་ཚོགས་ལ་སོགས་པའི་ཆར་རབ་ཏུ་འབབ་པར་འགྱུར་བར་བདག་ཉིད་བསམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བར་བྱ་སྟེ། ལག་པ་གཉིས་ཁུ་ཚུར་བཅིངས་ཏེ་གུང་མོ་དག་གི་དབུ་མའི་ཚིགས་གསུམ་པ་བཀུག་པ་ནི་ཛཾ་བྷ་ལའི་ཕྱག་རྒྱ་ཞེས་བྱའོ། །ཨོཾ་ཛཾ་བྷ་ལ་ཛ་ལེན་དྲཱ་ཡ་སྭཱ་ཧཱ། སྔགས་འདི་ཉིད་ཀྱིས་རྗེ་བཙུན་ལ་ཆུ་གཏོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ། །ཕྱི་ནས་མཆོད་པ་བྱ་སྟེ་སྔགས་བཟླ་བར་བྱའོ། །དེ་ནས་དངོས་གྲུབ་ནི་སྦྱིན་པ་ཆེན་པོར་འགྱུར་ཏེ་ཐེ་ཚོམ་མེད་དོ། །དཔལ་ཛཾ་བྷ་ལའི་སྒྲུབ་པའི་ཐབས་མདོར་བསྡུས་པའོ། །སློབ་དཔོན་བཛྲ་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ། །པཎྜི་ཏ་
དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། ཨུཙྪུསྨ་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། ཨུཙྪུསྨ་ཛཾ་བྷ་ལའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཛཾ་བྷ་ལ་ཕྱག་འཚལ་ལོ། །ཨོཾ་ཨཱཿཞེས་བྱ་བས་ཕབ་སྟེ། རང་གི་སྙིང་གར་ཨཱ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧཱུྃ་ལས་རྡོ་རྗེ་རྩེ་དགུ་པའི་དབུས་སུ་དབང་པོ་སྦས་པ་ལྟ་བུའི་ཧཱུྃ་ཡིག་གོ །སྔོན་དུ་བསྟན་པ་འབེབས་པའི་སྔགས་ཀྱིས་ཕབ་ལ། ཛཾ་བྷ་ལ་མགོན་པོ་རང་གི་སྙིང་གར་རབ་ཏུ་བཅུག་པས། ཨུཙྪུསྨ་མིའུ་ཐུང་གི་གཟུགས་རྣ་བ་མ་ཕུག་པ་མདོག་ནག་པ། སྐྲ་ཁམས་པ་གྱེན་དུ་བསྒྲེང་བ། ལུས་ཐུང་བར་བྱེད་ཅིང་ཁྲོ་གཉེར་ཅན། མཆེ་བ་དང་ལྡན་པ་རིན་ཆེན་འབྱུང་ལྡན་གྱི་དབུ་རྒྱན་ཅན། ཀླུ་ཆེན་པོ་བརྒྱད་ཀྱི་རྒྱན་གྱིས་བརྒྱན་པའི་གཡོན་པའི་ཕྱག་ན་རིན་པོ་ཆེ་ལ་སོགས་པ་སྐྱུགས་པའི་སྲེ་མོ་བསྣམས་པ། གཡས་ན་ཁྲག་གིས་བཀང་བའི་ཐོད་པ་བསྣམས་པའོ། །མགོ་གཡས་ཕྱོགས་སུ་བསྟན་པའི་གསེར་གྱི་མདོག་ཅན། རྒྱན་སྣ་ཚོགས་ཀྱིས་བརྒྱན་པའི་གནོད་སྦྱིན་འགྱེལ་བ་ལ་ཞབས་གཉིས་ཀྱིས་མནན་པས་རིན་པོ་ཆེའི་སྙེ་མ་ལ་སོགས་པ་སྐྱུགས་པར་བྱེད་པའོ། །འོད་འཕྲོ་བའི་ཕྲེང་བ་འཁྲིགས་པའི་བདག་ཉིད་དུ་བསམས་ལ། ཨུཙྪུསྨའི་གཡས་པའི་ཕྱག་ཏུ་ཨྃ་ལས་སྐྱེས་པ་གྲུ་གསུམ་པ་ས་ཀ་ཊ་བསམ་མོ། །བྃ་ལས་སྐྱེས་པའི་བུམ་པ་བཟང་པོ་འབོ་བཞིན་པའོ། །ལག་པའི་དབུས་སུ་ཛྃ་ངོ༌། །སྡིགས་མཛུབ་ལ་བྷའོ། །གུང་མོ་ལ་ལའོ། །སྲིན་ལག་ལ་ཛའོ། །མཐེའུ་ཆུང་ལ་ལེན་ནོ། །མཐེབ་ཆེན་ལ་དྲཱའོ། །མཁྲིག་མགུལ་དུ་ཡའོ། །དེ་ནས་སྭཱ་ཧཱ་ཞེས་པ་ནི་ལོགས་གཉིས་ལའོ། །སྔགས་དགོད་པ་བསྒོམ་པའི་རིམ་པའོ། །ཁ་མངོན་པར་བསྔགས་ལ་ཆུ་སྦྱིན་སྦྱིན་པར་བྱའོ། །ཨོཾ་ཛ་ལཱུྃ་སྭཱ་ཧཱ། ཆུ་ཁྱོར་བ་ནས་སྦྱིན་པའི་སྔགས་སོ། །ཨོཾ་ཨིནྡྲ་ཎི་མུ་ཁཾ་བྷྲ་མ་རི་སྭཱ་ཧཱ། ལག་པ་ནས་ཁ། ཁ་ནས་ལག་པ། དེ་ནས་ཞལ་དུ་སྦྱིན་པར་བྱའོ། །དེ་ལྟར་སྙིང་རྗེས་སེམས་ཅན་དབུལ་
བའི་སྡུག་བསྔལ་བཅད་པའི་དོན་དུ་ཛཾ་བྷ་ལ་བསྒོམ་པ་ནི་ཛཾ་བྷ་ལ་ཉིད་དུ་འགྱུར་རོ། །ཨུཙྪུསྨ་ཛཾ་བྷ་ལའི་སྒྲུབ་པའི་ཐབས་རྣལ་འབྱོར་པ་དགའ་བ་སྦྱིན་གྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། བ་སུནྡྷཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་ནོར་རྒྱུན་གྱི་སྒྲུབ་ཐབས། ལྷ་མོ་ནོར་གྱི་རྒྱུན་ལ་ཕྱག་འཚལ་ལོ། །གཞན་ཡང་ནོར་རྒྱུན་མ་སྒོམ་པར་འདོད་པས། དེ་ལ་སྔོན་བཞིན་དུ་ཐམས་ཅད་དེ་ལྟར་བྱའོ། །འོན་ཀྱང་དྲུག་པའི་གསུམ་པའི་ས་བོན་ལ་ཟླ་ཕྱེད་དང་ཐིག་ལེས་བརྒྱན་པ་སྟེ། དེ་ཉིད་ལས་རྫོགས་པའི་ནོར་སྦྱིན་མ་མདོག་སེར་བ་འབྲས་ཀྱི་སྙེ་མ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་བཞིན་པའི་བུམ་པ་ནི་གཡོན་པའི་ཕྱག་ནའོ། །གཡས་ལ་མཆོག་སྦྱིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཛའ་བའི་སྐྱེ་འགྲོ་རྣམས་ཀྱིས་ཡོངས་སུ་བསྐོར་བ་བསྒོམ་པར་བྱའོ། །བདག་ཉིད་ནོར་རྒྱུན་མའོ་ཞེས་བྱའོ། །ལག་པ་གཉིས་ཀྱི་ཁུ་ཚུར་བཅིངས་ཏེ། གུང་མོ་གཉིས་ཀྱི་ཚིགས་གསུམ་པ་བཅག་པ་ནི་ནོར་རྒྱུན་མའི་ཕྱག་རྒྱའོ། །དེ་ནས་བཟླས་པ་བྱ་སྟེ། ཨོཾ་ཤྲཱི་བ་སུནྡྷཱ་ནཀྵེ་ཏྲེ་སྭཱ་ཧཱ། ནོར་རྒྱུན་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། བྷྲྀ་ཀུ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། ཁྲོ་གཉེར་ཅན་གྱི་སྒྲུབ་པའི་ཐབས། འཕགས་མ་ཁྲོ་གཉེར་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་རང་གི་སྙིང་གར་ཟླ་བའི་དབུས་སུ་ས་བོན་དྲུག་པའི་བཞི་པ་དང་པོའི་བརྒྱད་པས་བཀང་བའོ། །སྟོང་པའི་ལྷས་མནན་ཅིང་ཟླ་ཕྱེད་ཀྱིས་དབུ་བརྒྱན་པའོ། །དེ་ཉིད་ལས་ཡོངས་སུ་རྫོགས་པའི་ཁྲོ་གཉེར་ཅན་མདོག་སེར་མོ་ཕྱག་བཞི་པ། རལ་པའི་ཅོད་པན་འཆང་ཞིང་ཞི་བ། གཡས་པ་ན་མཆོག་སྦྱིན་པ་དང་ཕྲེང་བ་འཆང་བ། གཡོན་པ་ན་དབྱིག་པ་དང་རིལ་བ་སྤྱི་བླུགས་བསྣམས་པའོ། །པདྨ་དང་ཟླ་བའི་གདན་ལ་བཞུགས་པ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་
བཅིང་བར་བྱ་སྟེ། ལག་པ་གཉིས་བརྐྱང་སྟེ་མཐེབ་ཆེན་གྱི་མཐེའུ་ཆུང་གི་སེན་མོ་མནན་ཏེ། ལྷག་མ་སོ་སོར་བྱས་པ་ནི་རྡོ་རྗེའི་མཚན་ཉིད་དོ། །འདི་ནི་ཁྲོ་གཉེར་ཅན་གྱི་ཕྱག་རྒྱའོ། །ཕྱི་ནས་སྔགས་བཟླས་པར་བྱ་སྟེ། ཨོཾ་བྷྲཱིཾ་སྭཱ་ཧཱ། ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། མཻ་ཏྲཱི་ཡ་སཱ་དྷ་ནཾ། བོད་སྐད་དུ། བྱམས་པའི་སྒྲུབ་ཐབས། རྒྱལ་བ་བྱམས་པ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པ་ཐམས་ཅད་ཉིད་བྱས་ཏེ། །འོད་ཀྱང་མཻཾ་གི་ཡི་གེ་ཡོངས་སུ་རྫོགས་པ་ཡི། །ཐུབ་པ་སྐྱེས་མཆོག་བྱམས་པ་ནི། །ཞལ་གསུམ་སྤྱན་གསུམ་གྱིས་བརྒྱན་པ། །དེ་ཡི་འོག་ཏུ་པདྨ་སྟེ། །སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། །ཕྱག་བཞི་དག་གིས་རྣམ་པར་མཛེས། །ཆོས་སྟོན་པ་ཡིས་ཕྱག་རྒྱ་ཡིས། །ཕྱག་གཉིས་དག་ནི་རྣམ་པར་བརྒྱན། །གཡས་པའི་ཕྱག་ནི་གཉིས་པ་ན། །མཆོག་སྦྱིན་སེམས་ཅན་སྐྱོང་བའོ། །གཡོན་ན་ལྷ་རྫས་ཡལ་ག་ནི། །ཀླུ་ཤིང་མེ་ཏོག་བཅས་པའོ། །སངས་རྒྱས་སྤྲིན་ནི་རབ་སྤྲོ་ཞིང༌། །བྱང་ཆུབ་སེམས་དཔའ་དེ་བཞིན་འབར། །ཟླ་བའི་གདན་དང་དཀྱིལ་འཁོར་ཡང༌། །དངོས་གྲུབ་མགོན་པོ་བསྒོམ་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིང་བྱས་ལ། །མཉམ་པར་བཞག་པས་སྔགས་བཟླ་བ། །ལག་གཉིས་སོ་སོ་དག་ཏུ་བྱ། ཁུ་ཚུར་བཅིངས་ཏེ་སྡིགས་མཛུབ་གཉིས། །མཐེ་བོའི་དབུས་སུ་གཞག་བྱ་སྟེ། །མེ་ཏོག་སྣ་ཚོགས་མཆོད་པར་བྱ། །ཕྱག་རྒྱའོ། །ཨོཾ་མཻཾ་མཻ་ཏྲི་ཡ་སྭཱ་ཧཱ། བྱམས་པའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །གང་གིས་བསྒོམས་པ་ཙམ་གྱིས་ནི། །ཤེས་རབ་ཕ་རོལ་ཕྱིན་བསྐྱེད་ཅིང༌། །གཞན་རྩོད་ཀུན་ལས་རྒྱལ་འགྱུར་བ། །དེ་ནི་ཡང་དག་བཤད་པར་བྱ། །
ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། མདོག་ནི་དཀར་པོ་ཡིད་དུ་འོང༌། །ཕྱེད་ཕྱེད་འཁྱིལ་པའི་དབུ་སྐྲ་དང༌། །པདྨ་དཀར་པོ་ཡང་དག་གནས། །གཡས་ཀྱི་ཕྱག་ན་པདྨ་སྟེ། །གཡོན་ན་ཤེས་རབ་ཕ་རོལ་ཕྱིན། །མདོག་དམར་རྣམ་པར་བསྒོམ་པར་བྱ། །རྡོ་རྗེ་སྐྱིལ་ཀྲུང་ཡང་དག་གནས། །རྒྱན་རྣམས་ཀུན་གྱིས་ཡན་ལག་བརྒྱན། །ལྟེ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །ཨོཾ་ཡིག་ཡེ་ཤེས་ལས་བྱུང་བ། །མཆོག་དང་དགའ་བར་བྱེད་པ་མོ། །དམ་ཚིག་སེམས་དཔའ་རྫོགས་བྱས་ལ། །ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ། །ཟླ་དྲུག་བསྒོམས་པའི་སྦྱོར་བ་ཡིས། །ཤེས་རབ་ཕ་རོལ་ཏུ་ཕྱིན་མར་འགྱུར། །ནུབ་བདུན་བར་དུ་སྦྱོར་བ་ཡིས། །བསྟན་བཅོས་ཀུན་ལ་འཇིགས་པ་མེད། །འབུམ་ཕྲག་བཟླས་པ་སྦྱོར་བ་ཡིས། །ཉིན་རེ་ཚིགས་བཅད་བརྒྱ་བརྒྱ་ནི། །འབད་པ་མེད་པར་རབ་ཏུ་བྱེད། །གཞུང་ནི་བརྒྱ་ནི་འཛིན་པར་འགྱུར། །དེ་ལ་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི་ཛྭ་ལ་ཛྭ་ལ་མེ་དྷཱ་བ་ར་དྷ་ནི། དྷི་རི་དྷི་རི་བུདྡྷི་བར་དྷ་ནི་སྭཱ་ཧཱ། བྱ་རོག་གི་སྒྲ་མི་གྲག་པར་སྔགས་འདིས་མ་བསླངས་པར་རང་སྐྱུར་ལ་ལན་བདུན་དུ་བསྔགས་ལ། ཇི་སྲིད་ཟླ་བ་དྲུག་གི་བར་དུ་འཐུངས་ན་དེའི་ཤེས་རབ་སྐྱེ་བར་འགྱུར་རོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པའི་ཐབས་སངས་རྒྱས་ཀྱིས་གསུངས་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་རང་གི་སྙིང་གར་པདྨ་དཀར་པོ་དང༌། ཟླ་བའི་དཀྱིལ་འཁོར་ལ་པྲྃ་དཀར་པོ་བཀོད་ནས་སྔོན་དུ་བསྟན་པ་བཞིན་དུ་ཐམས་ཅད་བྱས་ལ། པྲྃ་དང་པདྨ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཞལ་གཅིག་མ། ཕྱག་གཉིས་མ་དཀར་མོ། ལུང་དང་རྟོགས་པའི་བདག་ཉིད་རིན་པོ་ཆེའི་དབུ་
རྒྱན་འཆང་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིས་མཚན་པའི་པདྨ་གཉིས་གཡོན་དང་གཡས་ཀྱི་ལོགས་ཀྱི་ནང་དུ་ལོངས་ཀྱིན་ཡང་དག་པར་བསྣམས་ཤིང་བཟུང་བའི་ཕྱག་གཉིས་ཀྱིས་ཆོས་བཤད་པའི་ཕྱག་རྒྱ་ཀུན་ནས་བཅིངས་ཏེ། པདྨ་དཀར་པོ་དང་ཟླ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་ཅན་མ། ལང་ཚོ་གསར་ལ་བབ་ཅིང་བདེ་བ། སྣ་ཚོགས་ཀྱི་ན་བཟའ་དང་རྒྱན་གྱིས་བརྒྱན་པའི་རབ་ཏུ་སྣང་བ་ཙམ་མོ། །སྣ་ཚོགས་ཀྱི་འོད་ཟེར་རབ་ཏུ་འཕྲོས་པའི་ཚོགས་ཀྱིས་ནམ་མཁའ་བཀང་སྟེ། མར་མེའི་ཕྲེང་བ་ལྟ་བུ་ཐོགས་པ་མེད་པས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མང་པོ་འཕྲོ་ཞིང་བསྡུ་བའི་སྦྱོར་བས་ཐམས་ཅད་གཅིག་གི་རང་བཞིན་དུ་ལྷག་པར་མོས་པས་ཡང་ཇི་སྲིད་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མངོན་དུ་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །དེ་ནས་གལ་ཏེ་དགོད་པར་བྱུང་བར་གྱུར་ན། དེ་ལ་པདྨ་དཀར་པོ་སྣའི་རྩེ་མོར་སྲན་ཙ་ན་ཀའི་ཚད་ཙམ་བྲིས་པ་ལྟ་བུ་རྣམ་པར་བསྒོམས་ལ། དེ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ཤིན་ཏུ་བརྗོད་པའི་གཟུགས་རྩེ་གཅིག་པའི་ཡིད་ཀྱིས་ཡང་དང་ཡང་དུ་མངོན་དུ་བྱ་ཞིང་བསྒོམ་པར་བྱའོ། །དེ་ནས་བསྐྱེད་པའི་རིམ་པའི་ཕྱོགས་ཀྱི་སྔགས་ནི། ཨོཾ་པྲཾ་སྭཱ་ཧཱ། རྫོགས་པའི་རིམ་པའི་ཕྱོགས་ཀྱི་སྔགས་མེད་དེ། དོན་དམ་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྣལ་འབྱོར་པ་གདམས་ངག་ཐོབ་པས་སོ། །དགེ་འདུན་སྦྱིན་གྱི་བུ་ཡིས་ནི། །རིགས་ཀྱི་མིང་གིས་འབད་པ་ཡིས། །སེམས་ཅན་ཀུན་གྱི་དོན་གྱི་རྒྱུར། །སྒྲུབ་ཐབས་གསལ་པོ་འདི་བྲིས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། སློབ་དཔོན་དགེ་འདུན་སྦྱིན་གྱི་སྲས་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། པྲ་ཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །ཡིད་མཐུན་གནས་ནི་ཁ་ཅིག་ཏུ། །བདེ་བའི་གདན་ལ་
འདུག་ནས་སུ། །རྣལ་འབྱོར་བྱམས་དང་སྙིང་རྗེར་ལྡན། །སྔགས་འདི་ལན་གསུམ་བརྗོད་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་བྱས་བརྟན་དང་གཡོ་བའི་དངོས། །བདག་ཉིད་ལུས་དང་ཐམས་ཅད་དུ། །སེམས་ཀྱི་སྟོང་ཉིད་བསྒོམ་པར་བྱ། །རྨི་ལམ་རྨི་ལམ་མཚུངས་པ་རུ། །པྃ་ཡིག་ལས་ནི་ཡོངས་རྫོགས་པའི། །པདྨ་ཟླ་བའི་གདན་གནས་པ། །སེར་པོ་དྷཱིཿནི་དགོད་བྱས་ཏེ། །དེ་ཡི་བདག་ཉིད་བཅོམ་ལྡན་མ། །ཕྱག་གཉིས་ཤེས་རབ་ཕ་རོལ་ཕྱིན། །སྣ་ཚོགས་གོས་འཆང་སྣ་ཚོགས་བརྒྱན། །ཆོས་འཆད་ཕྱག་རྒྱ་མཉམ་ལྡན་ཕྱག །སྒེག་པ་གཅིག་པུ་ཉམས་ལྡན་ཞིང༌། །རྡོ་རྗེ་སྐྱིལ་ཀྲུང་ཡང་དག་གནས། །པོ་ཏིས་མཚན་པའི་པད་སྡོང་ནི། །གཡོན་ཀྱི་ལོགས་སུ་བསྣམས་པའོ། །སྤྱི་བོ་མགྲིན་པ་སྙིང་གནས་པའི། །ཟླ་བ་ལ་གནས་དེ་ཉིད་གསུམ། །ཨོཾ་ཨཱཿཧཱུྃ། ཨཾ་ཨཿདག་གི་དབུས་སུ་ནི། །ཟླ་བ་དྷཱིཿནི་འོད་ཟེར་སེར། །དེ་ནས་གཟུགས་སེར་རྣམ་པར་བསྒོམ། །ཀུན་རྫོབ་ཀྱི་ནི་རྣལ་འབྱོར་གྱིས། །ཤེས་རབ་མཆོད་པ་བསྒོམ་པར་བྱ། །དོན་དམ་པར་ནི་རྟོགས་པའི་གཟུགས། །ཤེས་རབ་བདག་ཉིད་ཆེ་བརྗོད་བྱ། །གང་གིས་བྱང་ཆུབ་ངེས་ཐོབ་པའི། །རིམ་པས་སྦྱོར་བས་འགྲོ་བར་འགྱུར། །སྟོན་ཀའི་ཟླ་བ་ལྟ་བུའི་འོད། །དཀར་པོའི་སེམས་ནི་རྣམ་པར་བསྒོམ། །སྣ་ཚོགས་གཡོ་དང་མི་གཡོ་བ། །དེ་བཞིན་ཕྱིས་ནི་ནམ་མཁའ་མཉམ། །མ་ལུས་རྟོག་པས་སྟོང་པ་ཡི། །རང་ཉིད་གཟུགས་མེད་སྟོང་པར་ཡང༌། །གཟུགས་སྒྲ་དྲི་དང་རོ་དང་ནི། །རེག་བྱ་ལ་སོགས་གཟུང་དང་འཛིན། །རྟོགས་པས་ཡོངས་སུ་མ་གོས་པ། །བསམ་མི་ཁྱབ་པའི་རྐྱེན་བསྐྱེད་པ། །ཡང་དག་རྫོགས་པའི་བྱང་ཆུབ་དོན། །ཀུན་མཁྱེན་སེམས་ཀྱི་གོ་འཕང་ངོ༌། །དེ་ལ་འདི་བཟླས་པའི་སྔགས་ཏེ། ཨོཾ་པྲཛྙཱ་མ་ཧཱ་པྲཛྙཱ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་དྷཱིཿསྭཱ་ཧཱ། ཤེས་རབ་ཕ་རོལ་ཕྱིན་བསྒོམས་པའི། །བདག་གིས་བསོད་ནམས་གང་ཐོབ་དེས། །དེ་ཡིས་འཇིག་རྟེན་མ་ལུས་ཀུན། །ཤེས་རབ་ཕ་རོལ་ཕྱིན་གཞོལ་ཤོག །ཤེས་
རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །སྔོན་ཏུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ། མདོག་སེར་པོའི་ཡི་གེ་དྷཱིཿཡོངས་སུ་གྱུར་པ་ལས་སྣ་ཚོགས་ཀྱི་པདྨ་ལ་ཧ་སེར་པོ་ཨ་ལ་སོགས་པ་དབྱངས་ཡིག་བཅུ་དྲུག་གིས་ཡོངས་སུ་བསྐོར་བ། དེ་ནས་ཀ་ལ་སོགས་པའི་ཡི་གེ་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བ། དེ་ལས་སྒེག་མོ་དང༌། ཕྲེང་བ་མ་དང༌། གར་མ་དང༌། གླུ་མ་དང༌། མེ་ཏོག་མ་དང༌། བདུག་སྤོས་མ་དང༌། མར་མེ་མ་དང༌། དྲི་མ་སྟེ། རྣལ་འབྱོར་མ་བརྒྱད་དོ། །འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཟླ་བ་ལས་བྱུང་བའི་འོད་གསལ་བའོ། །དེའི་སྟེང་དུ་པདྨའོ། །དེའི་སྟེང་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏིའོ། །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གཉིས་པའོ། །འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མདོག་སེར་མོ་ཞལ་གཅིག་མ། ཕྱག་གཉིས་མ་དེ་བཞིན་གཤེགས་པ་ལྔའི་དབུ་རྒྱན་ཅན། ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ་ཚོགས་ཀྱི་པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རྒྱན་ཐམས་ཅད་དང༌། ན་བཟའ་དང་ལྡན་པ། གཡོན་པ་དང་གཡས་པའི་ལོགས་སུ་ཨཏྤ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པོ་ཏི་འཆང་བའོ། །སྔགས་ནི་ཨོཾ་ཨཱཿདྷཱིཿཧཱུྃ་སྭཱ་ཧཱ། ཧཱུྃ་སེར་པོ་ནི་དཔྲལ་བར་རོ། །ཨཱཿདཀར་པོ་ནི་མགྲིན་པར་རོ། །དྷྲིཿསེར་པོ་ནི་སྙིང་གར་རོ། །ཧཱུྃ་ནག་པོ་ནི་ལྟེ་བར་རོ་ཞེས་བྱའོ། །བཟླས་པའི་དུས་སུ་སྐད་ཅིག་མ་བཞི་རྗེས་སུ་བསམ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། སཾ་ཀྵིཔྟ་པྲཛྙཱ་
པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་པདྨ་དམར་པོ་དང་ཟླ་བ་ལ་གནས་པའི་དྷཱིཿསེར་པོ་ཡོངས་སུ་གྱུར་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་སེར་མོ། མི་བསྐྱོད་པ་དབུས་སུ་གནས་པའི་རལ་པའི་ཅོད་པན་ཅན་མ། ཆོས་འཆད་པའི་ཕྱག་རྒྱ་འཆང་མ། པོ་ཏི་དང་བཅས་པའི་ཨུཏྤ་ལ་སྔོན་པོ་གཡོན་ལོགས་སུ་འཛིན་མ། གོས་ཀྱི་སྟོད་གཡོགས་དང༌། ན་བཟའ་དམར་པོས་བརྒྱན་མ་ཞེས་བྱ་བ། དེ་ལྟར་བསམས་ལ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་བཟླས་པའོ། །མདོར་བསྡུས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། ཨ་ཙ་ལ་སཱ་དྷ་ནཾ། བོད་སྐད་དུ། མི་གཡོ་བའི་སྒྲུབ་ཐབས། འཕགས་པ་མི་གཡོ་བ་ལ་ཕྱག་འཚལ་ལོ། །པུས་མོའི་ལྷ་ང་སར་བཙུགས་པ། །གཡས་པའི་ཕྱག་ན་རལ་གྲི་བསྣམས། །དེ་ཡི་ཅིག་ཤོས་ཕྱག་ན་ནི། །ཁུ་ཚུར་སྡིགས་མཛུབ་ཞགས་པ་བསྣམས། །སྐུ་ལུས་མཁྲང་ཞིང་གྲིམས་པ་ལ། །གཏུམ་ཞིང་འབར་བ་གཏུམ་པའི་སྤྱན། །བགེགས་འཇོམས་མི་གཡོ་བ་ཡིས་ནི། །སྲིད་པའི་བགེགས་རྣམས་ཞི་བར་མཛོད། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའི་གཙོ་བོ་རྣམས། །དེ་ལ་རྣམ་པ་སྣ་ཚོགས་པའི། །མེ་ཏོག་ལ་སོགས་བློས་མཆོད་བྱ། །སྡུག་བསྔལ་རྣམས་ལས་བསྐྱབ་པའི་ཕྱིར། །བདག་ཉིད་ལུས་ནི་དབུལ་བར་བགྱི། །སྔགས་པས་དགེ་བ་སྤེལ་བའི་ཕྱིར། །སྡིག་པ་རྣམས་ནི་བཤགས་པར་བགྱི། །རྫོགས་སངས་རྒྱས་དང་བྱང་སེམས་ཚོགས། །སློབ་དང་མི་སློབ་སེམས་ཅན་གྱི། །བསོད་ནམས་རང་བཞིན་མ་ལུས་པ། །དེ་ལ་རྗེས་སུ་ཡི་རང་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་
འགྲོ། །རྫོགས་པའི་བྱང་ཆུབ་ངེས་པར་བསྟེན། །ཚངས་པ་ཡི་ནི་གནས་བཞི་པོ། །རིམ་པ་ཇི་བཞིན་བསྒོམ་པར་བྱ། །མཚན་ཉིད་དང་བྲལ་སྟོང་པ་ཉིད། །རྒྱུ་དང་བྲལ་བས་མཚན་མ་མེད། །སྨོན་ལམ་ལས་ཀྱང་རྣམ་གྲོལ་བའི། །རང་བཞིན་ཉིད་དུ་དངོས་པོ་བསྒོམ། །སྣ་ཚོགས་པདྨ་ཉི་དཀྱིལ་དུ། །ཡི་གེ་ཧཱུྃ་བྱུང་བཞུགས་པར་བལྟ། །དཔའ་བོ་སྤྱན་གསུམ་དམར་བ་སྟེ། །ཕྱག་གཉིས་རིན་ཆེན་ཅོད་པན་ཅན། །མགོན་པོ་སྡིག་པ་མོད་ལ་སྤོང༌། །ཇི་ལྟར་འདོད་པ་ཡོངས་སུ་སྐོང༌། །ཟར་མའི་མེ་ཏོག་ལྟ་བུའི་མདོག །སངས་རྒྱས་དྲི་མེད་འོད་ཟེར་འགྱེད། །ཡ་སོས་མ་མཆུ་རྣམ་པར་བཙིར། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །དཔལ་ལྡན་ཁྲོ་བོ་གཏུམ་པོ་ཆེ། །ཕྱག་ན་དྲག་ཤུལ་རལ་གྲིས་བྲེལ། །གཡོན་ན་སྡིགས་མཛུབ་ཞགས་པ་སྟེ། །གཡོན་པའི་པུས་མོ་ས་ལ་བཙུགས། །འཇིགས་པ་ཆེན་པོ་ཟུར་མིག་གཟིགས། །འཇིགས་པ་ཡང་ནི་འཇིགས་པར་མཛོད། །ཡེ་ཤེས་སེམས་དཔའ་གཟི་བརྗིད་ཆེ། །དམ་ཚིག་སེམས་དཔའ་འདྲ་བར་ལྟ། །དེ་ཉིད་ཐུགས་ཀར་སྔགས་པ་ཡིས། །ས་བོན་མཚན་མར་ཡང་དག་ལྡན། །ཇི་སྲིད་མི་སྐྱོའི་བར་དུའོ། །བསམ་གཏན་སྐྱོ་ན་ལྷ་ཡི་ནི། །རྣལ་འབྱོར་ལྡན་པས་བཟླས་པ་བྱ། །དེ་ནས་གསུངས་པའི་དངོས་གྲུབ་ནི། །ཐེ་ཚོམ་མེད་པ་ཁོ་ནར་ཐོབ། །དེ་ལ་སྔགས་ཀྱི་རྒྱལ་པོ་ནི་འདི་ཡིན་ཏེ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། སྔགས་ཀྱི་རྒྱལ་པོ་ནི་ལན་གཅིག་བཟླས་པས་སྡིག་པ་ཐམས་ཅད་བསྲེག་པར་འགྱུར་ཞིང་ཐམས་ཅད་སྲུང་བར་བྱེད་པར་འགྱུར་རོ། །འབྱུང་པོ་ལ་སོགས་པའི་གདོན་གྱི་འཇིགས་པ་ལ། ཡུངས་ཀར་གྱིས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ། །ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་ནས་སྒོ་ལྟག་ལ་བཏགས་ན། བྱིས་པ་གསར་དུ་བཙས་པ་སྲུང་བར་བྱེད་དོ། །སྤྲ་ཚིལ་གྱིས་གཟུགས་སོར་བཞི་པའི་ཚད་དུ་བྱས་ནས་དེའི་སྙིང་གར་བསྒྲུབ་བྱའི་མིང་དང་བཅས་པ་གྲོ་ག་ལ་མངོན་པར་བྲིས་ཏེ་བཙུགས་ནས། དེའི་ཁ་ལ་ཚེར་མས་བཙུགས་ན་ཕྱིར་རྒོལ་པའི་ཁ་ཕུར་བུས་བཏབ་
པར་འགྱུར་རོ། །རྐང་པ་ལ་བཙུགས་ན་འགྲོ་བ་དང་འོང་བ་རེངས་པར་འགྱུར་རོ། །སྙིང་གར་བཙུགས་ན་ཁྲོས་པ་ཞི་བར་འགྱུར་རོ། །མིའི་རྗེ་ངར་གྱི་ཕུར་བུའམ་ལྕགས་ཀྱི་ཕུར་བུས་གང་དག་གི་མིང་ནས་སྨོས་ཏེ་དེའི་ལུས་ལ་བཏབ་ན་དེ་འཇིག་པར་འགྱུར་རོ། །དགྲ་བོའི་སྒོ་ཁར་སྦས་ན་བརླག་པར་འགྱུར་རོ། །དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་བསྔགས་ནས་དགྲ་བོའི་སྒོ་གླེགས་ལ་བཏགས་ན་སྐྲོད་པར་འགྱུར་རོ། །རལ་གྲི་ལ་མངོན་པར་བསྔགས་ནས་གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར་རོ། །བྱ་བ་གང་ལ་འཇུག་པ་ནི་གཏོར་མ་བཏང་སྟེ་འགྲུབ་པར་འགྱུར་རོ། །སྔགས་པ་གང་དགེ་བ་དང་མི་དགེ་བའི་ལས་གང་འདོད་པ་བཟླས་པས་འགྲུབ་པར་འགྱུར་རོ། །བདག་གིས་བྲིས་ལས་གང་འཐོབ་པའི། །བསོད་ནམས་བྱང་ཆུབ་སྒྲུབ་བྱེད་པ། །དེ་འདིར་འཇིག་རྟེན་མ་ལུས་པ། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་ཤོག །མི་གཡོ་བའི་སྒྲུབ་ཐབས་པྲ་བྷ་ཀཱ་ར་ཀཱིརྟིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། ཙཎྜ་མ་ཧཱ་རོ་ཥ་ཎ་སཱ་དྷ་ནཾ། བོད་སྐད་དུ། གཏུམ་པོ་ཆེན་པོའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་གཏུམ་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །སྔོན་དུ་གསུངས་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་པདྨ་དཀར་པོའི་སྟེང་ན་ཉི་མ་ལ་ཧཱུྃ་ཡིག་ནག་པོ་དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་གཏུམ་པོ་ཆེན་པོ་ཁྲོས་པ། ཟར་མའི་མེ་ཏོག་ལྟ་བུ། མིང་གཞན་གྱིས་མི་གཡོ་བ་ཞལ་གཅིག་ཕྱག་གཉིས་པ། མི་གཡོ་བ་མི་མཉམ་པའི་སྤྱན། མཆེ་བ་གཙིགས་པ། མི་བཟད་པའི་ཞལ་ཆེན་པོ། རིན་པོ་ཆེའི་དབུ་རྒྱན་ཅན་མཆེ་བས་མ་མཆུ་མནན་པ། མགོ་བོའི་ཕྲེང་བའི་དབུ་རྒྱན་ཅན། སྤྱན་གཉིས་དཀར་ཞིང་དམར་བ། གཡས་ན་རལ་གྲི་འཛིན་པ། གཡོན་པའི་ཕྱག་གིས་ཞགས་པ་དང་སྡིགས་མཛུབ་ཐུགས་ཀར་བསྣམས་པའོ། །སྦྲུལ་དཀར་པོ་མཆོད་ཕྱིར་ཐོགས་པ། སྟག་གི་པགས་པའི་ཤམ་ཐབས་ཅན་རིན་པོ་
ཆེ་སྣ་ཚོགས་ཀྱིས་རྣམ་པར་སྤྲས་པ། ཞབས་གཡོན་པ་ས་ལ་མ་རེག་པ། ཞབས་གཡས་པ་ཅུང་ཞིག་བཏེག་པ། ཉི་མའི་འོད་ཀྱི་ཕྲེང་བ་ཅན་གྱི་བདག་ཉིད་རྣམ་པར་བསམ་པར་བྱའོ། །དམ་ཚིག་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་བསྒོམ་པ་སྔོན་དུ་འགྲོ་བས་མི་བསྐྱོད་པས་དབུ་བརྒྱན་པར་བསམ་པར་བྱའོ། །དེ་ནས་བཟླས་པ་ནི་ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། གཏུམ་པོ་ཆེན་པོའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། །བཛྲ་ཧཱུྃ་ཀཱ་ར་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཧཱུྃ་མཛད་ཀྱི་བསྒྲུབ་པའི་ཐབས། རྡོ་རྗེ་ཧཱུྃ་མཛད་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ལ། ནམ་མཁའི་ཁམས་སུ་རྃ་ལས་སྐྱེས། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །བསྐལ་པའི་མེ་ལྟར་ཤིན་ཏུ་དྲག །མདོག་ནག་འོད་ཆེན་འབར་བ་སྟེ། །དེ་ལས་སྐྱེས་པའི་དྲག་ཆེན་པོ། །རྡོ་རྗེ་ཧཱུྃ་མཛད་ཅེས་བྱ་བ། །དགོད་པ་བརྒྱད་ཀྱི་དྲག་ཆེན་མོ། །ཁམས་གསུམ་མ་ལུས་གནོན་པའོ། །རྡོ་རྗེ་དྲིལ་བུ་སྦྱོར་བ་ཡིས། །ཕྱག་གཉིས་ཀྱིས་ནི་ཕྱག་རྒྱ་བཅིང༌། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ནི། །འཇིག་བྱེད་མནན་ཅིང་འཇིགས་པར་བྱེད། །ཨོཾ་ཨཱཿཧཱུྃ་གི་ཡི་གེ་གསུམ། །སྙིང་ག་མགྲིན་པ་སྤྱི་བོར་དགོད། །དབང་བསྐུར་བ་ཡི་ཆོ་ག་ཡིས། །ཐུགས་ཀྱི་རྡོ་རྗེས་རྒྱས་གདབ་བྱ། །སྔགས་ནི་ཨོཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྡོ་རྗེ་ཧཱུྃ་མཛད་ཀྱི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། ༈ །རྒྱ་གར་སྐད་དུ། པརྞ་ཤ་བ་རི་སཱ་དྷ་ནཾ། བོད་སྐད་དུ། རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་ཐབས། འཕགས་མ་རི་ཁྲོད་མ་ལོ་མ་ཅན་ལ་ཕྱག་འཚལ་ལོ། །རི་ཁྲོད་མ་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་བརྗོད་པར་བྱ་སྟེ། སྔོན་བཞིན་དུ་ཐམས་ཅད་བྱས་ལ་རང་གི་སྙིང་གར་པདྨ་དཀར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་པྃ་སེར་པོ་ལས་སྐྱེས་པའི་རྡོ་རྗེའི་ལྟེ་བ་ལ་པྃ་ངོ༌། །དེ་ཐམས་
ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སྐུ་མདོག་སེར་བ་ཞལ་གསུམ་པ། སྤྱན་གསུམ་པ། ཕྱག་དྲུག་པའོ། །ཞལ་དང་པོ་གསེར་གྱི་མདོག་ལྟ་བུའོ། །གཡས་པ་དཀར་བ། གཡོན་དམར་བ། འགྱིང་ཞིང་དགོད་པ། རྒྱན་ཐམས་ཅད་ཀྱིས་མཛེས་པ། ཤིང་ལོ་རྩེ་མོ་གཤིབས་པའི་ཤམ་ཐབས་ཅན་ལང་ཚོ་གསར་ལ་བདོ་ཞིང་གྲིམས་པའོ། །གཡས་ཀྱི་ཕྱག་རྣམས་ན་རྡོ་རྗེ་དང་དགྲ་སྟྭ་དང༌། མདའ་རྣམས་སོ། །གཡོན་གྱི་ཕྱག་ཏུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། ཤིང་ལོའི་ཆུན་པོ་དང་གཞུ་བསྣམས་པའོ། །མེ་ཏོག་གིས་བཅིངས་པའི་རལ་པའི་ཅོད་པན་ལ་མི་བསྐྱོད་པ་འཆང་བའོ། །ཉི་མའི་དཀྱིལ་འཁོར་ཅན་མ། འོག་ཏུ་བགེགས་བསྒྱེལ་བ་ལ་པདྨ་དཀར་པོ་དང༌། ཟླ་བའི་གདན་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། གཡོན་པའི་ཁུ་ཚུར་གྱིས་སྡིགས་མཛུབ་བྱས་པ་ནི། འོག་གི་བགེགས་ཀྱི་ཚོགས་སྐྲག་པར་བྱེད་པ། གཡས་པའི་ཁུ་ཚུར་གྱིས་རྡོ་རྗེ་འཕྱར་བའི་ཚུལ་གྱིས་བསྣམས་པ་སྟེ། ཕྱག་རྒྱ་འདི་ཡིས་སྙིང་ག་ལ་སོགས་པར་བསམས་པས་རྒྱས་གདབ་པའོ། །རང་གི་འོད་ཟེར་གྱིས་ཡེ་ཤེས་སེམས་དཔའ་གཞུག་པ་ལ་སོགས་པ་བསྐྱེད་ལ། ཉེ་བར་འཚེ་བ་ཐམས་ཅད་འཇོམས་པར་བྱེད་མ་བསམ་པར་བྱའོ། །དེ་ནས་སྔགས་བཟླ་བར་བྱའོ། །ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རི་སརྦ་མཱ་ར་པྲ་ཤ་མ་ནཱི་སྭཱ་ཧཱ། དེ་ནས་ཇི་ལྟ་བ་བཞིན་དུ་གཤེགས་སུ་གསོལ་ལ། ཇི་ལྟར་བདེ་བས་གནས་པར་བྱའོ། །རི་ཁྲོད་ལོ་མ་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨ་མི་ཏཱ་བྷཱ་ཡ། ཏཱ་ཐཱ་ག་ཏཱ་ཡ། ཨརྟ་ཏེ་སཾ་མྱ་ཀྶཾ་བུདྡྷཱ་ཡ། ན་མ་ཨཱརྻཱ་བ་ལོ་ཀུ་ཏེ་ཤྭ་རཱ་ཡ། བོདྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠ་མ་པྲཱཔྟཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། པཱ་མ་ནི་སྭཱ་ཏྭཱཾ་ན་མི་ཥྱཱ་མི་ཏྭཱཾ་ན་མ་སྱཱ་མི། བཱ་མ་ན་བྷ་ག་བ་ཏཱི། པི་ཤཱ་ཙི་པརྞ་ཤ་བ་རི། པི་ཤཱ་ཙི་པཱ་ཤ་པ་ར་ཤུདྷ་རི་
ཎི། ཨཱ་ནི་ཀི་ན་ཙིདྦྷ་ཡ་ནྱུཏྤ་དྱནྟེ། ཡེ་ཀེ་ཙེ་ཏ་མཱ་ར་ཡོ། ཡེ་ཀེ་ཙི་ཏ་མ་ཧཱ་མཱ་ར་ཡོ། ཡེ་ཀེ་ཙི་ཏ་ཡོ། ཡེ་ཀེ་ཙི་ཏ་ཨུ་པ་དྲ་བཱཿ ཡེ་ཀེ་རྩིད་ཨ་དྷྱ་ཨུད་མི་ཀ་བྷ་ཡ། ཡེ་ཀེ་ཙིད་ཨུ་པ་སརྒ། ཨུ་པ་སརྒ་སཾ་བ་དྷ་བཱ། ཨུཏྤ་དྱནྟེ། །སརྦ་ནི་ཏཱ་ནི། སརྦ་སྟྭ་སརྦེ་ཏེ་བཱ་ལ་ཏ་ཨེ་བོནྤདྱནྟེ། ན་པཎྜི་ཏ་ཏཿ ཏ་དཱ་ནི་ས་ཏྱ་བ་ཙ་ནེ་ན། ས་ཏྱ་བཱཀྐེ་ན། ཛཿཛཿཛཿཛཿཨེ་བྷཱིཿཔཎྜི་ཏ། ཨ་དྷིཥྛ་ཏཻརྨནྟྲ་པ་དཻརྨ་མ་སརྦ་ས་ཏྭཱ་ནཱཉྩ། རཀྵཾ་ཀུ་རུ་པ་རི་ཏྲཱ་ཎཱཾ་ཀུ་རུ། པ་རི་གྲ་ཧཾ་ཀུ་རུ། པ་རི་གྲ་ཧཾ་ཀུ་རུ། པ་རི་པཱ་ལ་ནཾ་ཤཱནྟི། སྭ་སྟྱ་ཡ་ནཾ་ཀུ་རུ། དཎྜ་པ་རི་ཧ་རཾ་ཀུ་རུ། ཤ་སྟྲ་པ་རི་ཧ་རཾ་ཀུ་རུ། ཡཱ་བད་བི་ཤ་དྷུ་ཥ་ཎཾ་ཀུ་རུ། ཨགྣི་པ་རི་ཧ་རཾ་ཀུ་རུ། ཨུད་ཀ་པ་རི་ཧ་རཾ་ཀུ་རུ། ཀཱ་ཁོརྡ་ཙྪེ་ད་ནཾ་ཀུ་རུ། སཱི་མཱ་བནྡྷཾ་ཀུ་རུ། དྷཱ་རི་ཎི་བན་དྷཾ་ཀུ་རུ། ཏདྱ་ཐཱ། ཨ་མི་ཏེ། ཨ་མི་ཏེ། ཨ་མི་ཏོདྦྷ་ཝེ། ཨ་མི་ཏ་སཾ་བྷ་བེ། ཨཱ་སྭཱ་སྟེ། ཨཱ་སྭ་སྟ་ཨངྒེ། མཱ་མ་ར་མཱ་མ་ར། མ་ས་ར་མ་ས་ར། ཤ་མ་པྲ་ཤ་མ། ཨུ་པ་སམ་སརྦ་བྱདྷྱ་ནུ་པ་ཤ་མ་སརྦ་ཨ་ཀཱ་ལ་མྲྀ་ཏྱ་ནུ་པ་ཤ་མ་སརྦ་ནཀྵ་ཏྲ་གྲ་ཧ་དོ་ཥཱ་ནུ་པ་ས་མ། སརྦ་དཥྚི་ཎཱཾ་ཙོ་པ་ཤ་མ། བྷ་ག་བ་ཏཱི་པརྞ་ཤ་བ་རི་ཧཱུྃ་ན་ཏྱུཾ་ན་ཏྱུ་ན་བི་ཏྱུཾ་བི་ཏྱུ་ན། ཏུ་ཎ་ཏུ་ཎ་ཏུ་མུ་ལེ་སྭཱཧཱ། ཨོཾ་གཽ་རཱི། གནྡྷཱ་རཱི། ཙཎྜ་ལཱི། མ་ཏཾ་གི པུཀྐ་སཱི་སྭཱ་ཧཱ། ཨོཾ་ཨཾ་ཀུ་རེ་མྃ་གུ་རུ་ཀུ་ར་རེ་པརྞ་ཤ་བ་རི་སྭཱ་ཧཱ། ན་མཿསརྦ་ཤ་བ་རཱ་ཎཱཾ་མ་ཧཱཾ། མ་ཧཱ་ཤ་བ་ར་ཎཱཾ་བྷ་ག་བ་ཏེ་བི་ཤཱ་ཙི་པརྞ་ཤ་བ་རི་པི་ཤཱ་ཙི་སྭཱ་ཧཱ། ཨོཾ་པི་ཤཱ་ཙ་པརྞ་ཤ་བ་རི་ཧྲཱི་ཧཿཧཱུྃ་ཕཊ་པི་ཤཱ་ཙི་སྭཱ་ཧཱ། འཕགས་མ་རི་ཁྲོད་ལོ་མ་ཅན་གྱི་གཟུངས་སྔགས་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་བཛྲ་སྭ་ར་སྭ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྡོ་རྗེ་དབྱངས་ཅན་མའི་སྒྲུབ་པའི་ཐབས། འཕགས་མ་རྡོ་རྗེ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཡང་དག་རྫོགས་སངས་རྒྱས་ཀྱི་གསུང་གཏེར་ཡོན་ཏན་རང་བཞིན་རྡོ་རྗེ་དབྱངས་ཅན་ལ་བཏུད་ནས། །རང་ལ་མཉེས་བྱེད་ཕན་མཛད་མཛེས་པའི་རོལ་ལྡན་སྤྲོ་ཞིང་རྩོད་པས་ཐུབ་པར་དཀའ་མཛད་མ། །དེ་ནི་ཡང་དག་མཉེས་བྱེད་ཕན་ཕྱིར་སྲིད་པ་བྱེད་ཅིང་མི་བཟད་མི་ཤེས་མུན་པ་འཇོམས། །བློ་ངན་དག་གི་ཆེད་དུ་སེམས་ཅན་ཕན་ཕྱིར་ལེགས་པར་གསུངས་པའི་ཆོ་ག་བརྗོད་པར་བྱ། །དང་པོར་སྔ་བར་
ཁ་ལ་སོགས་པ་དག་པའི་རང་བཞིན་སྙིང་རྗེ་དང་ལྡན་བཟོད་ལྡན་པས། །སྔགས་པས་གཙང་མའི་སྟན་ལ་བྱམས་པའི་དགའ་བས་མྱོས་ཤིང་གང་ཞིག་དགའ་བ་དག་གིས་ནི། །ཡིད་དང་མཐུན་པའི་དབེན་པའི་གནས་སུ་ཡང་ནི་དགའ་བས་རང་གི་སྙིང་གར་པདྨ་བལྟ། །དེ་འདིར་སྤྲུལ་པར་བརྗོད་པའི་རི་བོང་འཛིན་པ་ལ་ནི་ཡང་དག་བསྒོམ་བྱ་དེ་ལ་ཡང༌། །དེ་ནས་དོཿཡི་འོད་ཟེར་གྱིས་ནི་འདི་ནས་ཀྱང་ནི་ཕྱོགས་གཞན་ཀུན་ནི་ཡོངས་སུ་བཀང༌། །སངས་རྒྱས་ཚོགས་ནི་ཀུན་དུ་བལྟས་ལ་མཆོད་པ་ལ་སོགས་འདི་ནི་བསྒོམ་པར་རབ་ཏུ་བྱ། །མེ་ཏོག་ལ་སོགས་དེ་ནས་ཕྱག་བྱས་འདིར་ནི་སྡིག་པ་བཤགས་པ་དེ་བཞིན་རབ་ཏུ་བྱ། །སྔགས་རིག་པས་ནི་བསོད་ནམས་རྗེས་སུ་ཡི་རང་སྐྱབས་གསུམ་ཡང་དག་རབ་ཏུ་འགྲོ་བར་བྱ། །ཤེས་བྱ་ལ་སོགས་སྨོན་ལམ་ལེགས་བཏབ་དེ་ཡིས་བདག་ཉིད་ཀྱིས་ནི་དམིགས་པར་རབ་ཏུ་བྱ། །གཅིག་དང་དུ་མ་དང་བྲལ་ལྟ་བུར་ཡོངས་བརྗོད་བདེན་ཞིང་དག་པར་ཤེས་རྟོགས་པས། །དེ་ནས་སྣ་ཚོགས་ཐམས་ཅད་རྣམ་རྟོག་དྲྭ་བ་མ་ལུས་སྟོང་པ་ཉིད་དུ་བསྒོམ་པར་བྱ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། སྟོང་ཉིད་ལས་བྱུང་པདྨ་དང་ནི་ཟླ་བ་ལ་གནས་ཡང་ནི་དོཿཡིག་དམར་པོ་སྟེ། །སྣ་ཚོགས་དག་གི་འོད་ཟེར་ཚོགས་ནི་ཤིན་ཏུ་མཛེས་པར་གྱུར་པའི་པདྨ་འདབ་བརྒྱད་པ། །དེ་ལས་དམར་ཞིང་འོད་ཟེར་ཆེན་པོ་དང་ལྡན་བཅོམ་ལྡན་འདས་མ་བཟང་པོའི་རྒྱན་གྱི་བརྒྱན། །གཡོན་བརྐྱང་བ་ཡི་ཞབས་ཀྱིས་ཡང་དག་གནས་ཤིང་ཞལ་གསུམ་ཕྱག་དྲུག་དག་གིས་རབ་བརྒྱན་པ། །གཡས་པའི་ཞལ་ནི་སྔོ་ཞིང་ཕྱག་ན་པདྨ་རལ་གྲི་གྲི་གུག་རབ་ཏུ་བསྣམས་པ་སྟེ། །ཞལ་གཡོན་དཀར་ཞིང་ལྷུང་བཟེད་དང་བཅས་དེ་བཞིན་རིན་ཆེན་འཁོར་ལོར་རབ་ཏུ་ལྡན་པའི་ཕྱག །སྙིང་གར་པདྨ་ལ་གནས་ཟླ་བའི་དབུས་སུ་གནས་པའི་འབར་བའི་དོཿཡིག་དེ་དང་ནི། །སྣ་ཚོགས་མི་ཤེས་མུན་པ་འཇོམས་པའི་འོད་ཟེར་གྱི་ནི་འགྲོ་བ་མ་ལུས་རབ་ཏུ་འགེངས། །ཡང་དག་བསྡུས་ལ་རང་གི་སྙིང་གར་ཟླ་བར་གནས་པའི་ས་བོན་ལ་གནས་བལྟས་ལ་ཡང་ནི་སྤྲོ། །དེ་ཉིད་ཡང་དང་ཡང་དུ་རྒྱུན་དུ་
སྙོམ་ལས་མེད་པར་ཉིན་རེ་བསམ་པར་རབ་བྱས་ཏེ། །བསམ་གཏན་སྐྱོ་ན་ས་བོན་མཉམ་སྐྱེས་བསྡུས་ལ་སྔགས་འདི་ཡི་ནི་བཟླས་པ་རབ་ཏུ་བྱ། །དོ་ཤལ་གཡོ་ཞིང་གསལ་བའི་རིམ་པས་འབྱུང་བས་ཡིད་བཞིན་དུ་ནི་སྔགས་ཀྱི་བཟླས་པ་བྱ། །ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་བརྡྷ་ནི། དྷི་རེ་དྷི་རི་བུདྡྷི་ཝར་དྷ་ནི་སྭཱ་ཧཱ། ཐུན་མཚམས་ཐམས་ཅད་དུ་ནི་ལྷ་མོའི་གཟུགས་ལ་ཡིད་ཀྱིས་རྟག་པར་ཤིན་ཏུ་རབ་དགའ་བས། །ཡང་དག་གསུངས་པའི་ཆོ་གས་སེམས་ཅན་དོན་གྱི་རྒྱུར་ནི་སྔགས་འདི་ཡོངས་སུ་བཟླས་པ་བྱ། །བསོད་ནམས་བསྔོ་བྱ་དགོས་པས་བྱེད་ན་བསམ་གཏན་རྩེ་གཅིག་ངེས་པར་གནས་པས་བསྐྱང་བྱ་སྟེ། །ཇི་སྲིད་འབུམ་ཕྲག་ཡོངས་སུ་མ་རྫོགས་པ་ནི་རྫོགས་འགྱུར་ནས་ནི་ལས་ཀྱི་རིམ་བཞིན་བྱ། །རྣམ་པ་ཐམས་ཅད་དུ་ནི་མི་མཐུན་ཕྱོགས་སུ་ཉེ་བར་སོང་ཡང་དེ་ཉིད་བསམ་གཏན་བྱེད། །དཀར་པོའི་ཚེས་གཅིག་ཉིད་ནས་ཤིན་ཏུ་མཛེས་པའི་ཡིད་ཀྱིས་ཇི་སྲིད་ཟླ་བ་གནས་པའི་བར། །དེ་སྙེད་སྦྱར་བའི་སྐད་ཅིག་ནུབ་རེ་བཞིན་དུ་ཇི་སྙེད་ཟླ་བ་ཉ་བའི་བར་དུ་བྱ། །དེ་ཉིད་ཀྱི་ནི་ནུབ་མོ་ཐུབ་པར་དཀའ་བའི་ཚིགས་བཅད་མཁན་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །གང་ཞིག་དཔལ་ལྡན་ནག་པོའི་རྒྱལ་པོས་དཔལ་ལྡན་གཤིན་རྗེ་གཤེད་ཀྱི་རྒྱུད་དུ་གནས་བྱས་པ། །དཔལ་དང་ལྡན་པའི་རྡོ་རྗེ་དབྱངས་ཅན་བཅོམ་ལྡན་འདས་མ་དེ་ནི་ཡང་དག་མཉེས་པའི་ཐབས། །སེམས་ཅན་རྣམས་ལ་ཕན་པའི་དོན་དུ་བདག་གིས་བྱས་པའི་བསོད་ནམས་ཡང་དག་གྱུར་པ་དེས། །དེས་ནི་འགྲོ་ཀུན་ནག་པོ་ལྟ་བུར་ཐུབ་པར་དཀའ་བའི་ཚིགས་བཅད་མཁན་ནི་གྲུབ་པར་ཤོག །སངས་རྒྱས་རྣལ་འབྱོར་དཔལ་འཛིན་གྱིས། །དཔལ་ལྡན་རྡོ་རྗེ་དབྱངས་ཅན་གྱི། །འཇོམས་བྱེད་མཐར་ནི་བྱེད་པ་ཡི། །སྒྲུབ་པའི་ཐབས་ནི་འདི་བྱས་སོ། །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་པའི་ཐབས། སློབ་དཔོན་དཔལ་འཛིན་གྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོན་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། བིགྷཱནྟ་ཀ་སཱ་དྷ་ནཾ། བོད་སྐད་དུ། བགེགས་བསྐྲད་པའི་སྒྲུབ་པའི་
ཐབས། བཅོམ་ལྡན་འདས་བགེགས་མཐར་བྱེད་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྒྲུབ་པ་པོ་བདེ་བའི་གདན་ལ་འདུག་སྟེ། རང་གི་སྙིང་གར་ཨྃ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་བསྒོམས་ལ། དེའི་སྟེང་དུ་ཧཱུྃ་སྔོན་པོ་རྣམ་པར་བསམས་ནས། ཧཱུྃ་གི་འོད་ལས་སྐྱེས་པའི་བགེགས་མཐར་བྱེད་དང༌། བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་དམིགས་ལ། མེ་ཏོག་ལ་སོགས་པས་ཡང་དག་པར་མཆོད་དེ། ཕྱག་འཚལ་བ་དང་གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱས་ནས་སྟོང་པ་ཉིད་བསྒོམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་ནས་ཨྃ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ངོ༌། །དེ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་ཧཱུྃ་གིས་མཚན་པ་བསྒོམ་པར་བྱའོ། །ཧཱུྃ་གི་འོད་ཀྱིས་བསྐུལ་བའི་དེ་བཞིན་གཤེགས་པ་ཐམས་ཅད་བཞུགས་པའི་སྔོན་དུ་འགྲོ་བས་དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་བགེགས་དགྲ་བསྒོམ་པར་བྱ་སྟེ། ཞལ་གཅིག་ཕྱག་གཉིས་པ། གཡོན་པ་བརྐྱང་བའི་ཞབས་ཀྱིས་གནས་པ། མདོག་སྔོ་བ་ཕྱག་གཡོན་ན་སྡིགས་མཛུབ་དང་ཞགས་པ། གཡས་པ་ན་རྡོ་རྗེ་འཕྱར་ཞིང་འཇིགས་པར་བྱེད་པ། སྐྲ་ཁམ་པ་གྱེན་དུ་བསྒྲེང་བའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཀར་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པའོ། །དེ་ལྟ་བུར་གྱུར་པའི་བགེགས་དགྲ་སྤྲོ་བ་དང་བསྡུ་བའི་གཟུགས་སྣ་ཚོགས་པདྨའི་སྟེང་དུ་ཉི་མ་ལ་གནས་པ་བསྒོམ་པར་བྱའོ། །དམ་ཚིག་ལ་སོགས་པའི་ཆོ་ག་སྔོན་དུ་འགྲོ་བས་འདི་ལྟར་ཐུན་མཚམས་གཉིས་དང་གསུམ་དང་བཞི་ལ་སོགས་པར་བསྒོམ་པར་བྱའོ། །ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། བགེགས་དགྲའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། ཨེ་ཀ་ཛཱ་ཊཱི་སཱ་དྷ་ནཾ། བོད་སྐད་དུ། རལ་གཅིག་མའི་སྒྲུབ་པའི་ཐབས། འཕགས་མ་རལ་གཅིག་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་
པའི་རྗེས་སུ་སྣ་ཚོགས་པའི་སྟེང་དུ་ཊཱྃ་ཡོངས་སུ་གྱུར་པ་ལས། ཐོད་པའི་དབུས་སུ་ཧཱུྃ་སྔོན་དུ་འགྲོ་བས། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་རལ་གཅིག་མ་ཡན་ལག་ཐམས་ཅད་གནག་པ། ཕྱག་བཞི་མ། ཞལ་གཅིག་མ། སྤྱན་དཀར་ཞིང་དམར་བའོ། །སྤྱན་གསུམ་པ་སྟག་གི་པགས་པའི་ཤམ་ཐབས་ཅན། ཐོད་པའི་ཕྲེང་བས་དབུ་བརྒྱན་པའོ། །སྐྲ་ཁམ་པ་གྱེན་དུ་བསྒྲེང་བ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། གསུས་པ་འཕྱང་བ། སྔོན་པོའི་སྦྲུལ་གྱིས་སྣ་ཚོགས་བརྒྱན་པའོ། །བརྒྱད་གཉིས་ལོན་པ། འོ་མ་འཛིན་པའི་ནུ་མ་རྒྱས་ཤིང་མཐོ་བར་ལངས་པ། དོ་ཤལ་དང་དབུ་རྒྱན་དང༌། གཡེར་ཁ་དང༌། མེ་ཏོག་གི་ཕྲེང་བས་མ་ལུས་པའི་ཡན་ལག་ལ་ཚོམ་བུ་བྱས་པའོ། །གཡས་པའི་ཕྱག་གཉིས་ན་རལ་གྲི་དང་གྲི་གུག་བསྣམས་པ། གཡོན་པའི་ཕྱག་གཉིས་ན་ཨུཏྤལ་དང་ཐོད་པ་བསྣམས་པའི་བདག་ཉིད་དུ་སྐད་ཅིག་གིས་བསྐྱེད་པ་སྔགས་བཟླ་བར་བྱའོ། །ཨོཾ་ཧྲཱིཿཏྲཱྃཿཧཱུྃ་ཕཊ། ཅེས་བྱའོ། །རལ་གཅིག་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ཛཱངྒུ་ལཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས། འཕགས་མ་དུག་སེལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་ག་ཉིད། །རང་སྙིང་དམར་པོ་དཀྱིལ་འཁོར་ལ། །ཛཱཾ་གི་ཡེ་ཤེས་ལས་རྫོགས་པའི། །དུག་སེལ་ཞེས་པའི་རིག་མ་ནི། །སེར་པོའི་གདེངས་ཀ་བདུན་གདེངས་ཤིང༌། །འབར་ཞིང་གཡོ་བའི་ནོར་བུས་བརྒྱན། །ཞལ་གསུམ་དང་ནི་སྤྱན་གསུམ་སྟེ། །གཞོན་དུ་མ་ཡི་ཕྱག་གསུམ་འབར། །ཁྲོས་པ་དང་བཅས་དགོད་པ་ཉིད། །སྦྲུལ་གྱི་རྒྱན་གྱིས་སྐེ་རགས་བྱས། །ཕྱག་དྲུག་རོལ་པས་གནོན་པ་སྟེ། །མི་བསྐྱོད་དབུ་ལ་ཉེ་བར་བཞུགས། །གཡས་ཀྱི་ཕྱག་ན་རྡོ་རྗེ་སྟེ། །གཉིས་པ་དག་ནི་རལ་གྲི་འཕྱར། །གསུམ་པ་གར་ཚུལ་མདའ་བསྣམས་པ། །གཡོན་ན་སྡིགས་མཛུབ་ཞགས་པ་སྟེ། །གཉིས་
པ་དག་ནི་མེ་ཏོག་གོ །གསུམ་པའི་ཕྱག་ན་གཞུ་བསྣམས་སོ། །མེ་ཏོག་གིས་བརྒྱན་སྐ་རགས་ཏེ། །པདྨའི་གདན་གནས་གསེར་གྱི་མདོག །འོད་ནི་དམར་པོའི་དཀྱིལ་འཁོར་རོ། །དབང་པོའི་གཞུ་ནི་འཕྲོ་ཞིང་སྦྲུལ། །འབར་བས་ཡོངས་བསྐོར་གོས་ཀྱིས་གཡོགས། །སངས་རྒྱས་གཟུགས་ནི་འཕྲོ་བ་སྟེ། །ཟླ་བུམ་རང་གི་ཕྱག་ནའོ། །དུག་གིས་བརྒྱལ་བ་དབང་བསྐུར་ཞིང༌། །ཛཱྃ་གིས་ཁ་ནི་བརྒྱན་པར་བསྒོམས། །དུག་ནི་མེད་ན་སྐུ་གསུམ་གྱིས། །དུག་སེལ་རྟག་ཏུ་བསྒོམ་པར་བྱ། །དེ་ལྟར་འདི་ཡིས་བསྒོམས་བཞིན་པ། །རིང་པོར་མི་ཐོག་བྱང་ཆུབ་འཐོབ། །ལག་པ་གཉིས་ཀྱིས་སྦྲུལ་གྱི་གདེངས་ཀའི་རྣམ་པས་སྤྱི་བོར་གདེངས་ཀ་གདུགས་ལྟ་བུར་བྱས་པ་ནི་དུག་སེལ་མའི་ཕྱག་རྒྱ་སྟེ། བཟླས་པ་བྱའོ། །ཨོཾ་ན་མཿཤ་བ་ར་ཀུ་མཱ་རཱི་ཡེ་ཙུར་ཙུ་ཙཱ་ལ་ཡ་ཙུར་ཙཱ་ལ་ཡ། སཾ་གྷ་ཊ་ནི་མཏྟ་མ་ཏཾ་གི་ཨ་ཧང་བིདྡྷེ་ཨ་ཧེ། ཨཾ་ཛཿསྭཱ་ཧཱ། འཕགས་མ་དུག་སེལ་མའི་སྒྲུབ་ཐབས་རྫོགས་སོ། །ཨི་ལི་མིད་ཏེ་ཏི་ལི་མིད་ཏེ་ཨི་ཏི་ལི་མིད་ཏེ། དུམ་བེ་དུམ་བཱ་ལི་མེ། དུསྨེ་དུསྨ་ལེ་ཡེ། ཏ་ར་ཀེ་ཏ་ར་ཀ་ར་ཎེ། མར་མེ་མར་མར་ཎེ། ཀསྨེ་རེ་ཀསྨཱི་ར་མུ་ག་ཏེ། ཨཱ་གྷེ་ཨ་གྷ་ནེ། ཨཱ་གྷ་ན་གྷ་ནེ། ཨི་ལི་ཨི་ལི་ཨེ། མི་ལི་ཨེ་མི་ལི། མི་ལི་མི་ལི་ཨེ། ཨག་ཁ་ཨི་ཨེ། ཨ་བྱ་ཨི་ཨེ། སྦེ་ཏེ་ཤྭེ་ཏཏྟ་ཎཾ་ཌཾ། ཨ་ན་ནུར་ག་ཏེ་སྭཱ་ཧཱ། དགེ་སློང་བདག་གི་རིག་པ་འདི་ཐམས་ཅད་དུ་དཀར་བ་སྦྱིན་པར་འོས་པ་རིག་པ་འདི་ལན་གཅིག་མཉན་པས་ལོ་བདུན་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་རོ། །དེའི་ལུས་ལ་ཡང་དུག་གི་འགོ་བར་མི་འགྱུར་རོ། །གང་ཞིག་རིག་པ་འདི་དགེ་སློང་དག་གིས་འཛིན་པར་གྱུར་ན། ཇི་སྲིད་འཚོའི་བར་དུ་སྦྲུལ་གྱིས་འཛིན་པར་མི་འགྱུར་རོ། །སུ་ལ་ཡང་འདིར་དུག་གིས་འཚེ་བར་མི་འགྱུར་རོ། །གལ་ཏེ་ཡང་སྦྲུལ་གྱིས་བཟུང་ན་དེ་རྣམ་པ་བདུན་དུ་མགོ་འགས་པར་འགྱུར་ཏེ། ཨརྫ་ཀའི་དོག་པ་བཞིན་ནོ། །འཕགས་མ་དུག་སེལ་མའི་གཟུངས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།།
རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་རིགས་བྱེད་མའི་སྒྲུབ་པའི་ཐབས། ལྷ་མོ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་བདེ་བའི་གདན་ལ་འདུག་སྟེ། རིགས་བྱེད་མའི་གཟུགས་སུ་བྱས་ནས་སེམས་ཅན་མ་ལུས་པ་དབང་དུ་བྱ་བ་བརྩམ་པར་བྱའོ། །རང་གི་སྙིང་གར་ཉི་མའི་དཀྱིལ་འཁོར་རོ། །དེའི་སྟེང་དུ་ཏྲཱྃ་དམར་པོའོ། །དེ་ནས་འོད་ཟེར་རྣམ་པ་ལྔ་བྱུང་སྟེ། དེ་བཞིན་གཤེགས་པ་རྣམས་ཡང་དག་པར་མཆོད་ལ། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །ཞེས་བྱ་བ་ལ་སོགས་པས་སྡིག་པ་བཤགས་པ་ལ་སོགས་པ་བྱས་ལ། སྟོང་པ་ཉིད་ཀྱི་རྣམ་པར་བསྒོམས་ལ། ཕྱིས་ནི་ཨུཏྤ་ལ་དམར་པོ། དེའི་སྟེང་དུ་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཨྃ་དམར་པོ། འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་རིགས་བྱེད་མ་རྗེས་བཙུན་མདོག་དཀར་ཞིང་དམར་བ་ཕྱག་བཞི་པ། གཡས་པའི་ཕྱག་ན་མདའ་དང་མི་འཇིགས་པ་སྦྱིན་པའི་ཕྱག་གོ །གཡོན་པ་ན་གཞུ་དང་ཨུཏྤ་ལ་བསྣམས་པའོ། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་ཤིང་ཤ་འགག་དམར་པོ་དང༌། སྟོད་གཡོགས་དམར་པོ་ཅན་གྱི་རྣམ་པར་བསྒོམ་པར་བྱའོ། །འོག་ཏུ་འདོད་པའི་ལྷ་ཆུང་མ་དང་བཅས་པ་བསམས་ཏེ། ཕྱི་ནས་བསྒོམ་པ་དང་ལྡན་པས་སྔགས་ཀྱི་བཟླས་པ་བྱའོ། །ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀལྤོ་ཀྟཾ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་གསུངས་པའི་ལྷ་མོ་རིགས་བྱེད་མའི་སྒྲུབ་པའི་ཐབས། འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །གང་ཞིག་དྲན་པ་ཙམ་གྱིས་ནི། །ལྷ་དང་ལྷ་མིན་མིར་བཅས་པ། །ངེས་པར་ཅི་བགྱི་བྱེད་པ་ཡི། །སྒྲོལ་མ་དེ་ལ་ཕྱག་འཚལ་ནས། །དང་པོ་རེ་ཞིག་སྔགས་པས་ཡིད་དང་རྗེས་སུ་མཐུན་པའི་གནས་སུ། བུད་མེད་ཀྱི་སྐྱེ་བོ་དང་ཚོགས་ལ་སོགས་པས་དབེན་པར་ནང་པར་སྟན་བདེ་བ་ལ་འདུག་སྟེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་
སུ་གྱུར་པའི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་འོད་ཟེར་དང་བཅས་པའི་ཡི་གེ་ཧྲཱིཿས་བོན་ལས་བྱུང་བའི་འོད་ཟེར་དམར་པོའི་ཚོགས་ཀྱིས་འགྲོ་བ་གསལ་བར་བྱས་པའི་སྔོན་དུ་འགྲོ་བའི་རིགས་བྱེད་མའི་རིལ་གནས་པའི་རིགས་བྱེད་མ། བཅོམ་ལྡན་འདས་མ་བསྐུལ་ནས་སྤྱན་དྲངས་ནས་མདུན་གྱི་ནམ་མཁའ་ལ་ཡང་དག་པར་བལྟས་ཏེ། སྙིང་གའི་ས་བོན་ལས་སྤྲུལ་པའི་མེ་ཏོག་དང་སྤོས་ལ་སོགས་པའི་མཆོད་པ་སྣ་ཚོགས་ཀྱིས་མཆོད་པར་བྱའོ། །དེའི་རྗེས་ལ་ཕྱག་བཙལ་བ་དང༌། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། བསྔོ་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་བསོད་ནམས་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །ཞེས་ལན་གསུམ་གྱི་བར་དུ་བརྗོད་དོ། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས་ཆོས་ཐམས་ཅད་སྟོང་པ་ཉིད་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བྱིན་གྱིས་བརླབ་པའི་སྔགས་བརྗོད་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་སོ། །དེ་ནས་འགྲོ་བ་སྡུག་བསྔལ་ཅན་མཐའ་དག་ལ་སྙིང་རྗེ་བསྒོམས་ལ། རང་གི་སེམས་ས་བོན་གྱི་གཟུགས་སུ་བལྟས་ཏེ། དེ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་སྟེང་དུ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པའི་ཟླ་བ་ལ་གནས་པའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་སྔོན་བཞིན་དུ་འགྲོ་བ་སྣང་བར་བྱ་སྟེ། དེ་བཞིན་གཤེགས་པ་བྱེ་བ་དཔག་ཏུ་མེད་པ་རྣམས་བསྐུལ་ཏེ། སྤྱན་དྲངས་ལ་བསྟིམ་པར་བྱ་སྟེ། དེ་ལ་ཨུཏྤལ་ལ་སོགས་པ་ཡོངས་སུ་གྱུར་པ་ལས་སྐུ་མདོག་དམར་པོ་པདྨ་དམར་པོ་དང་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ། ན་བཟའ་དམར་པོས་སྟོད་གཡོགས་བྱས་པ། འོད་ཟེར་དམར་པོ་དང་ལྡན་པ། རིན་པོ་ཆེའི་རྣ་རྒྱན་དང་ལྡན་པ། དབུ་རྒྱན་དང་ལྡན་པ། ཕྱག་བཞི་པ། གཡས་པས་མི་འཇིགས་པ་སྦྱིན་པ། གཉིས་པས་མདའ་འགེངས་པ། གཡོན་
པས་རིན་པོ་ཆེའི་གཞུ་འཛིན་པ། གཉིས་པས་ཨུཏྤ་ལ་དམར་པོ་འཛིན་པ། འོད་དཔག་མེད་པའི་དབུ་རྒྱན་ཅན། རིགས་བྱེད་མའི་རི་ཕུག་ན་གནས་པའི་སྒྲ་གཅན་གྱི་མགོ་བོ་ལ་གནས་པའི་ཆུང་མ་དང་བཅས་པའི་འདོད་པའི་ལྷའི་སྟེང་ན་གནས་པ། སྒེག་པ་ལ་སོགས་པའི་ཉམས་འཕེལ་བའི་དབང་དང་ལྡན་པ། དང་པོའི་ལང་ཚོ་དང་ལྡན་པའི་རིགས་བྱེད་མར་བསྒོམ་པར་བྱའོ། །དེ་ལྟར་དམ་ཚིག་སེམས་དཔའ་བསྐྱེད་ནས་སླར་ཡང་སྐད་ཅིག་ཙམ་གྱིས་ཡེ་ཤེས་སེམས་དཔའ་མདུན་དུ་བཀུག་ལ་ཡང་དག་པར་མཆོད་དེ། དམ་ཚིག་གི་ཕྱག་རྒྱས་ཞལ་ནས་གཞུག་པར་བྱའོ། །དེ་ལ་དམ་ཚིག་གི་ཕྱག་རྒྱ་ནི་འདི་ཡིན་ཏེ། ཐལ་མོ་སྦྱར་ལ་གུང་མོ་གཉིས་རྩེ་མོར་བྱས་ལ་སྲིན་ལག་གཉིས་ནང་དུ་གཞུག མཛུབ་མོ་གཉིས་གུང་མོའི་རྒྱབ་ཏུ་སྦྱར་ལ། མཐེབ་ཆེན་གཉིས་འོག་ཏུ་བྱས་པ་དེ་ལྟ་བུའི་རྣམ་པའི་ཨུཏྤ་ལའི་ཕྱག་རྒྱའོ། །དེའི་རྗེས་སུ། བྱང་ཆུབ་རྡོ་རྗེས་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་ཆེར་བྱིན་པ། །བདག་ལ་བསྲུང་བའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་སྦྱིན་པར་བྱ། །འདི་ལྟར་བརྗོད་པ་རྣམས་ཀྱིས་སངས་རྒྱས་ཀྱི་བཀས་སྤྱན་མ་ལ་སོགས་པས་དབང་བསྐུར་བས། དབུ་རྒྱན་དུ་སྣང་བ་མཐའ་ཡས་བསམ་པར་བྱའོ། །དེ་ལྟར་བསྒོམས་ལ་བཟླས་པ་བྱ་སྟེ། སྐྱེན་པར་མ་ཡིན། བུལ་བར་མ་ཡིན། མི་གསལ་བར་མ་ཡིན། ཕྱི་མོ་དམན་པར་མ་ཡིན། ཡང་དག་པ་མ་ཡིན་པའི་རྟོག་པ་སྤངས་ཏེ། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུྃ་སྭཱ་ཧཱ། དེ་ལྟར་ན་མཚམས་གསུམ་གྱི་རིམ་པས། ཁུར་བ་དང༌། ཤ་ཁ་ར་ལ་སོགས་པའི་གཏོར་མ་སྦྱིན་པ་སྔོན་དུ་འགྲོ་བས། གུས་པས་ཡུན་རིང་པོར་བསམ་པ་བརྟན་པོས་ཟླ་བ་དྲུག་ཏུ་བསྒོམ་པར་བྱས་ན་གྲུབ་པའི་མཚན་མ་འབྱུང་བར་འགྱུར་རོ། །དེ་ནས་ཟླ་བ་དང་པོ་ལ་ནད་ལ་སོགས་པའི་གནོད་པ་བརྒྱ་ཉེ་བར་འོང་བར་འགྱུར་རོ། །གཉིས་པ་
ལ་སྟོན་མོ་ཡིད་དུ་འོང་བ་མ་བསླངས་པར་རྙེད་པར་འགྱུར་རོ། །གསུམ་པ་ལ་གོས་སྣ་ཚོགས་རྙེད་པ་དང༌། བཞི་པ་ལ་སྣ་ཚོགས་ཀྱི་སོ་རྩི་རྒྱུན་མི་ཆད་པར་རྙེད་པར་འགྱུར་བ་དང༌། ལྔ་པ་ལ་རྣམ་པ་སྣ་ཚོགས་པའི་གཟུགས་ལ་སོགས་པའི་ཡོན་ཏན་གྱིས་བརྒྱན་པའི་བུད་མེད་ཀྱི་ཚོགས་དང་ཕྲད་པ་རྙེད་པར་འགྱུར་རོ། །དྲུག་པ་ལ་ལྷ་དང་ཀླུ་དང་དྲི་ཟ་ལ་སོགས་པ་བུད་མེད་མཛེས་མ་དང་ཕྲད་པར་འགྱུར་རོ། །ཕལ་ཆེར་བཅོམ་ལྡན་འདས་མ་བསྒོམས་ན་བུད་མེད་རྣམས་ཀྱིས་འཚོ་བར་བྱེད་དོ། །དེ་ལ་བདུད་ཀྱི་ལས་འདི་རྣམས་སྤངས་ཏེ། བཅོམ་ལྡན་འདས་མ་སྒོམ་པར་བྱེད་པ་ལ་དངོས་སུའམ། རྨི་ལམ་དུ་སྟོན་པར་འགྱུར་ཏེ། རལ་གྲི་དང༌། མིག་སྨན་དང༌། རྐང་པ་བྱུག་པ་དང༌། མི་སྣང་བ་དང༌། རིལ་བུ་དང༌། དངུལ་ཆུ་དང༌། བཅུད་ཀྱིས་ལེན་པ་དང༌། མཁའ་སྤྱོད་དང༌། ས་འོག་ལ་སོགས་པའི་དངོས་གྲུབ་ལ་སོགས་པ་འདོད་པ་རྣམས་གྲུབ་པར་བྱེད་དོ། །གལ་ཏེ་བསྟན་པར་མ་གྱུར་ན་སྔར་བརྗོད་པའི་ཕྱག་རྒྱ་བཅིང་སྟེ། མཆོད་པ་དང༌། གཏོར་མ་སྔོན་དུ་འགྲོ་བས། ཟླ་བ་དྲུག་གི་བར་དུ་ཉའི་ནུབ་མོ་ཐོག་ཐག་ཏུ་བཟླས་པ་བྱའོ། །དེ་ནས་ཕྱག་རྒྱ་འབར་ཏེ་འགྲུབ་པར་འགྱུར་རོ། །ཕྱག་རྒྱ་དེས་ཚངས་པ་དང༌། དབང་པོ་དང༌། ཉེ་བའི་དབང་པོ་དང༌། དྲག་པོ་དང༌། སྲེད་མེད་ཀྱི་བུ་ལ་སོགས་པ་བཀུག་ནས་འོངས་ཏེ། ཕོ་ཉར་གྱུར་ནས་སྒྲུབ་པ་པོའི་འདོད་པ་རྫོགས་པར་བྱེད་དོ། །དེ་ནས་བཟུང་སྟེ་སྐྱེ་བ་དང༌། རྒས་པ་དང༌། ན་བ་དང༌། འཆི་བ་དང་བྲལ་ཏེ་འཇིག་རྟེན་གྱི་ཁམས་གཞན་དུ་སོང་ནས་དེ་བཞིན་གཤེགས་པ་རྣམས་མཐོང་སྟེ། ས་དང་གཟུངས་ལ་སོགས་པ་ཐོབ་པར་འགྱུར་རོ། །འཕགས་མ་སྒྲོལ་མའི་རྟོག་པའི་རིམ་པ། ཀུ་རུ་ཀུལླེའི་སྒྲུབ་ཐབས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ལྷ་མོ་རིགས་བྱེད་མའི་སྒྲུབ་པའི་ཐབས། འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་
ལོ། །རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧྲཱིཿཡིག་ལས་སྐྱེས་པའི་ཨུཏྤ་ལ་དམར་པོའི་དབུས་སུ་ཧྲཱིཿས་མཚན་པར་བསམས་ལ། དེ་ཡོངས་སུ་གྱུར་པ་ལས་འཕགས་མ་རིགས་བྱེད་མ་མདོག་དམར་པོ་ཟླ་བའི་གདན་ལ་འོད་ཀྱི་དཀྱིལ་འཁོར་དམར་པོའོ། །སྣ་ཚོགས་དམར་པོའི་ན་བཟའི་སྟོད་གཡོགས་ཅན་མ། འོད་དཔག་མེད་པས་དབུ་བརྒྱན་ཅིང༌། ཕྱག་བཞི་པ། རྩ་བའི་ཕྱག་གཉིས་ན་ཨུཏྤ་ལ་དམར་པོའི་མདེའུས་རྣམ་པར་མཛེས་པ་དང་ལྡན་པའི་མདའ་རྣ་བའི་བར་དུ་བཀང་བའི་མེ་ཏོག་གི་གཞུ་བསྣམས་པའོ། །གཡོན་པ་ན་སྡོང་བུ་དང་བཅས་ཤིང་ཁ་བྱེ་བའི་ཨུཏྤ་ལ་དམར་པོ་བསྣམས་ཤིང་གཡས་པ་ན་མཆོག་སྦྱིན་པའོ། །སྒེག་པའི་རོ་ཆེན་པོ་དང་ལྡན་པར་བལྟས་ལ་ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། རང་གི་ལུས་ཀྱི་འོད་དམར་པོའི་ལྕགས་ཀྱུས་བཀུག་པའི་ལྷ་དང་ལྷ་མ་ཡིན་དང༌། བྱ་ཁྱུང་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་དང༌། གནོད་སྦྱིན་དང༌། སྐྱེས་པ་དང༌། བུད་མེད་བརྒྱ་སྟོང་ལ་སོགས་པའི་ཚོགས་ཤིན་ཏུ་གུས་པས་ལུས་བཏུད་ཅིང་མཆོག་ཏུ་དབང་དུ་འགྱུར་བར་ཕྱོགས་བཅུར་ཡང་དག་པར་བལྟ་བར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་བྱ་བའི་སྔགས་ཀྱི་བཟླས་པ་འབུམ་ཕྲག་གཅིག་ནས་བརྩམས་ཏེ། ཇི་སྲིད་བཅོམ་ལྡན་འདས་མ་མངོན་དུ་གྱུར་གྱི་བར་དུ་བྱའོ། །གཞན་ཡང་ཁ་ཅིག་ཏུ་དབང་དུ་བྱེད་པར་འདོད་ན་ཇི་སྐད་གསུངས་པའི་རྣལ་འབྱོར་གྱི་ཆོ་གས་འབུམ་ཕྲག་གཅིག་བྱས་ལ་གུས་ཞིང་བཏུད་པའི་ལྷ་དང༌། ལྷ་མ་ཡིན་ལ་སོགས་པའི་དབུས་སུ་གནས་པའི་རང་གི་ལུས་ཀྱི་འོད་ཟེར་ལྕགས་ཀྱུས་བསྒྲུབ་བྱ་བཀུག་ལ་མདུན་དུ་ཡང་དག་པར་བཞག་པ་ལ་རང་གི་སྙིང་གར་ཨུཏྤ་ལ་དམར་པོ་འདབ་མ་བཅུ་དྲུག་པ། དེའི་སྙིང་གར་རྣམ་པར་བསམས་ལ། འཕགས་པ་ཡན་ལག་མེད་པའི་རྡོ་རྗེས་གསུངས་པའི་རིམ་པས་བུང་བ་ལྕགས་ཀྱུ་ལྟ་བུར་བསྒོམས་ལ། དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ཀྱིས་དང་པོར་མནན་ནས་དེ་བཞིན་དུ་མདའ་ཉིད་ཀྱིས་སྙིང་ག་ཕུག་པས་འདོད་ཆགས་ཆེན་པོས་བརྒྱལ་ཞིང་
ཡང་སྡོང་བུས་རྐང་པ་གཉིས་བཅིངས། ཨུཏྤ་ལའི་ཞགས་པས་ཀྱང་སྐེ་ནས་བཅིངས་ཏེ། ཡང་དག་པར་བཀུག་ལ་རང་གི་རྐང་པ་གཉིས་སུ་ལྷུང་བའོ། །གལ་ཏེ་སྐྱེས་པ་ཡིན་ན་ལྕགས་ཀྱུས་སྙིང་ག་འབུགས་པའོ། །བུད་མེད་ཡིན་ན་ཆོས་འབྱུང་ནས་སོ། །ཨོཾ་ཀུ་རུ་ཀུལླེ་ཆེ་གེ་མོའམ། ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཿསྭཱ་ཧཱ་ཞེས་བྱ་བའི་སྔགས་བཟླས་པ་བྱའོ། །བསྒྲུབ་བྱ་ཁུགས་ནས་སྔགས་དེ་ཉིད་གཏན་དུ་གནས་པའི་ཆེད་དུའོ། །བ་ཤ་མ་ན་ཡ་ཞེས་བྱ་བ་དང༌། སྤེལ་ཞིང་བཟླས་པ་བྱའོ། །བརྒྱ་བཟླས་པས་ཐུན་མོང་གི་སྐྱེས་པ་དང་བུད་མེད་ཀྱི་ཚོགས་དང༌། རྒྱལ་པོ་དང༌། བློན་པོ་དབང་དུ་འགྱུར་རོ། །ཁྲི་བཟླས་ན་འཇིག་རྟེན་ཐ་མལ་པ་རྣམས་སོ། །འབུམ་ཕྲག་གིས་རྒྱལ་པོའོ། །འབུམ་ཕྲག་བདུན་གྱིས་ལྷ་དང་ལྷ་མ་ཡིན་གྱི་བུ་མོའོ། །ལྟས་ནི་བྱ་ཁྱུང་དང་གླང་པོ་ཆེ་ལ་སོགས་པའི་བཟང་པོའི་ཕྱུགས་དང་ཐུན་མོང་གི་ཕྱུགས་རྣམས་ཀྱང་ངོ༌། །གུས་པས་རྒྱུན་མ་ཆད་པར་དུས་རིང་པོར་དཔག་ཏུ་མེད་པ་བཟླས་ནས་གསུམ་པོ་དབང་དུ་བྱེད་དོ། །ལྷ་མོ་རིགས་བྱེད་མའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨོ་ཌི་ཡཱ་ན་བི་ནིརྒ་ཏ་ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། ཨོ་ཌི་ཡཱ་ན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་པའི་ཐབས། འཕགས་མ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་བསྒོམ་པའི་དང་པོར་དྲི་ཞིམ་པོ་རྣམ་པ་ལྔས་སའི་ཕྱོགས་གཅིག་བྱུགས་ལ། བརྟུལ་ཞུགས་དང་ལྡན་པས་དགའ་བའི་སེམས་ཀྱིས་མཉམ་པར་བཞག་པས་འཇམ་པའི་གདན་ལ་ཉེ་བར་གནས་ལ། དེ་ནས་ཕྱིས་ནི་རང་གི་སྙིང་གར་རྃ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འོད་འབར་བའི་ཕྲེང་བའི་རྣམ་པ་འཁྲུགས་པའོ། །དེའི་ལྟེ་བར་ཧྲཱིཿདམར་པོ་རྣམ་པར་བསམ་མོ། །དེ་ནས་ཧྲཱིཿལས་ངེས་པར་འབྱུང་བའི་འོད་ཟེར་གྱི་དྲྭ་བས་ཕྱོགས་བཅུ་ན་ཉེ་བར་གནས་པའི་སེམས་ཅན་གྱི་ཁམས་གསལ་བར་བྱ་སྟེ། དཔལ་རིགས་བྱེད་མའི་
གཟུགས་སུ་ཉེ་བར་གནས་པར་བྱས་ལ། ཡང་འོད་ཟེར་དེ་ཉིད་ཕྱིར་འོངས་ཏེ། དེ་ཉིད་ལ་ཞུགས་པས་འོད་ཟེར་གྱི་དྲྭ་བ་རྣམ་པར་བསྒོམ་པར་བྱའོ། །དེ་ནས་ཕྱིས་ནི་མདུན་གྱི་ནམ་མཁའ་ལ་བརྒྱད་གཉིས་ལོན་པའི་རྣམ་པ་མགོ་སྐྱེས་ཁམ་པ་གྱེན་དུ་འགྲེང་བ། ཐོད་པ་རྣམ་པ་ལྔ་དབུ་ལ་འཆང་བ། རོ་ལ་ཞོན་པ་མགོའི་ཕྲེང་བས་དོ་ཤལ་བྱས་ཤིང་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་གནས་པ་ཅུང་ཞིང་མཆེ་བ་གཙིགས་པའི་ཞལ་ལྗགས་འདྲིལ་བ། འཁོར་ལོ་དང༌། རྣ་ཆ་དང༌། མགུལ་རྒྱན་དང༌། དཔུང་རྒྱན་དང༌། སྐ་རགས་དང༌། རྐང་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་དུ་བྱས་པའི་སྤྱན་གསུམ་ནི་ཟླུམ་ཞིང་དམར་ལ་གཡོ་བའོ། །འོད་དཔག་མེད་པའི་དབུ་རྒྱན་ཅན། ཕྱག་བཞི་པ། རྣ་བའི་བར་དུ་བཀང་བའི་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་དང༌། མེ་ཏོག་དམར་པོའི་གཞུ་བཀང་ཞིང་བསྣམས་པའོ། །ཕྱག་ལྷག་མ་གཉིས་ན་མེ་ཏོག་དམར་པོ་ལས་བྱས་པའི་ལྕགས་ཀྱུ་དང༌། ཨུཏྤ་ལ་དམར་པོ་བསྣམས་པའི་རྣམ་པ་བསམ་པར་བྱའོ། །འདི་ཉིད་མཆོད་པའི་དོན་དུ་རང་གི་སྙིང་གའི་ཉི་མའི་དཀྱིལ་འཁོར་ལ་གནས་པ་ཧྲཱིཿལས་བྱུང་བའི་མཆོད་པ་རྣམ་པ་ལྔ། མེ་ཏོག་དང༌། བདུག་པ་དང༌། མར་མེ་དང༌། དྲི་དང༌། ལྷ་བཤོས་ལ་སོགས་པ་རྣམས་ཀྱིས་མཆོད་པར་བྱའོ། །མཆོད་ནས་མཆོག་གི་སྙིང་རྗེ་ཆེན་པོའི་རྣལ་འབྱོར་པས་གུས་པས་བཏུད་ཅིང་ལུས་ལ་སོགས་པས་ཕྱག་བྱའོ། །དེ་ནས་གང་ཞིག་སྡིག་པ་བྱེད་དུ་བཅུག་པ་དང༌། བདག་གིས་བགྱིས་པ་དང༌། རྗེས་སུ་ཡི་རང་བ་འདི་དག་བཅོམ་ལྡན་འདས་མ་མངོན་སུམ་དུ་བཤགས་པར་བྱའོ། །དེའི་རྗེས་སུ་འཁོར་བའི་རྒྱ་མཚོར་ལྷུང་བའི་སེམས་ཅན་གྱི་ཁམས་བསྒྲལ་བའི་ངོ་བོ་ཉིད་བྱང་ཆུབ་ཀྱི་སེམས་རྣམ་པར་གཟུང་ངོ༌། །དེ་ནས་ཚངས་པའི་གནས་བཞི་བསྒོམ་པར་བྱའོ། །དེའི་རྗེས་སུ་སྟོང་པ་ཉིད་བསྒོམས་ཏེ། སྔགས་འདིས་སེམས་ཙམ་དུ་ལྷག་པར་གནས་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བས་སེམས་
བྱིན་གྱིས་བརླབས་ལ། དེའི་རྗེས་སུ་ནམ་མཁའི་ཕྱོགས་སུ་རྃ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་འབར་བ་བརྟན་པའི་རྣམ་པར་བསྒོམ་པར་བྱའོ། །དེའི་སྟེང་དུ་ཧཱུྃ་ནག་པོ་ཡོངས་སུ་གྱུར་པ་ལས་སྣ་ཚོགས་རྡོ་རྗེའོ། །རྭ་བ་དང༌། གུར་བཅིང་བ་དང༌། རྡོ་རྗེའི་ས་གཞི་བསྒོམ་པར་བྱའོ་ཞེས་པ་ནི་སྲུང་བའི་འཁོར་ལོའོ། །དེ་ནས་དབུས་སུ་ཨེའི་རྣམ་པར་བྱེད་པའི་ལྷ་རྫས་ཀྱི་ཆོས་འབྱུང་གི་ཡེ་ཤེས་མདོག་དཀར་བའི་རྣམ་པར་བསྒོམ་པར་བྱའོ། །དེའི་དབུས་སུ་ཧྲཱིཿདམར་པོ་ལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་གི་ཟེའུ་འབྲུ་ལ་རྃ་ཡོངས་སུ་གྱུར་པ་ལས་ཉི་མའོ། །དེའི་སྟེང་དུ་རོའོ། །ཡང་དེའི་སྟེང་དུ་ཨ་ཡོངས་སུ་རྫོགས་པའི་ཟླ་བ་དཀར་པོ་མཚན་སུམ་ཅུ་རྩ་གཉིས་ཀྱི་བདག་ཉིད་དོ། །དེའི་སྟེང་དུ་ཡང་ཉི་མའི་དཀྱིལ་འཁོར་དཔེ་བྱད་བཟང་པོ་བརྒྱད་ཅུའི་ངོ་བོ་ཉིད་ཁ་དོག་དམར་པོའོ། །དེ་ཉིད་ཀྱི་དབུས་སུ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་ལ་རང་སེམས་ཞུགས་པར་རྣམ་པར་བསྒོམ་པར་བྱའོ། །ཕྱིས་ནི་ཟླ་བ་དང་ཉི་མ་དང༌། མདའ་གཅིག་ཏུ་གྱུར་པ་ལས་དེ་ཉིད་དུ་སྔོན་བཞིན་བདག་ཉིད་རིགས་བྱེད་མའི་གཟུགས་སུ་རྣམ་པར་བསྒོམ་པར་བྱའོ། །རྣམ་པར་བསྒོམས་ནས་རང་གི་སྙིང་གར་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་ལྟེ་བ་ལ་ཡང་ཧྲཱིཿཡིག་བསྒོམ་པར་བྱའོ། །དེ་ལས་བྱུང་བའི་འོད་ཟེར་གྱིས་མགོན་པོ་འོད་དཔག་ཏུ་མེད་པ་བཀུག་ཅིང་སྤྱན་དྲངས་ལ། གསང་བ་དང་ཅིག་ཤོས་ཀྱི་མཆོད་པས་ཡང་དག་པར་མཆོད་ལ། དབང་བསྐུར་བར་གསོལ་བ་གདབ་པར་བྱའོ། །དེ་ལ་འདི་ནི་གསོལ་བ་སྟེ། མགོན་པོ་འོད་དཔག་མེད་པ་ཁྱེད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ་ཞེས་པའོ། །དེ་ནས་མགོན་པོ་འོད་དཔག་ཏུ་མེད་པ་དེས་རང་གི་སྙིང་ག་ལས་བདུད་རྩི་རྣམ་པ་ལྔས་གང་བའི་བུམ་པ་ལྔ་སྤྲོས་པའི་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བདུད་རྩི་རྣམ་པ་ལྔས་གང་བའི་བུམ་པ་དེས་མངོན་པར་ཁྲུས་བྱའོ། །ཁྲུས་བྱས་ནས་རང་གི་སྙིང་གར་བུམ་པ་གཞུག་གོ །དེ་ལ་ཞུགས་ནས་རྣལ་འབྱོར་པའི་མགོ་
ལ་འོད་དཔག་མེད་པ་བསྒོམ་པར་བྱའོ། །ཐུན་མཚམས་གསུམ་དུ་བསྒོམ་ཞིང་བཟླས་པ་བྱའོ། །དེ་ནས་སྔགས་ནི། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཙནྡན་དམར་པོས་ཆེད་དུ་བཟླས་པར་བྱའོ། །ཨོཾ་ཨཱཿཧཱུྃ་ཞེས་བྱ་བས་ཁ་བྱིན་གྱིས་བརླབ་པ་ནི་དགོས་པའོ། །གཞན་ཡང་སྔགས་པས་སྐྱེས་པའམ་བུད་མེད་དབང་དུ་བྱ་བར་འདོད་པས། དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བརྩམས་ཏེ། ཐུན་མཚམས་གསུམ་དུ་ཁྲི་ཚོ་གཅིག་ཉི་མ་རེ་རེ་ཞིང་བཅོམ་ལྡན་འདས་མའི་གཟུགས་དམིགས་ལ་གོས་དམར་པོས་རོ་སྨད་དང༌། ལུས་ལ་དཀྲིས་ལ་དེའི་རྗེས་སུ་རང་གི་སྙིང་གར་ཉི་མ་ལ་གནས་པའི་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ། སྐྱེ་གནས་ཀྱི་བར་དུ་སོན་པའི་སྡོང་བུའི་རྣམ་པ་བསྒོམ་པར་བྱའོ། །དེའི་འདབ་མ་རྣམས་སུ་བུང་བ་བརྒྱད་བརྒྱད་པའི་མཐའི་མཐའ་དབྱངས་ཡིག་དེ་ཡོངས་སུ་གྱུར་པ་ལས་བུང་བ་བརྒྱད་དོ། །ཤིན་ཏུ་དགའ་བ་དང་རྒྱས་པ་དང༌། ཁྲོས་ཤིང་ཆགས་པ་ནི་གོ་རིམ་བཞིན་དུ་ཡོངས་སུ་བརྗོད་དོ། །རང་གི་སྣའི་རླུང་གིས་བསྐུལ་ཏེ་འཕུར་ནས་གཡས་པ་ལས་གཞན་ཅིག་ཤོས་ཀྱི་སྣའི་ཁུང་བུ་ནས་བྱུང་སྟེ། བསྒྲུབ་བྱའི་གཡས་པའི་སྣ་བུག་ནས་ཞུགས་ནས། དགའ་བས་དུམ་བུར་གཏུབ་ཅིང་ཉམས་པར་བྱས་ནས་དབྱངས་ཡིག་དང་པོ་ལ་སོགས་པ་བརྒྱད་ཅུང་ཞིག་དམར་བ་དང་ལྡན་པའི་འདབ་མ་བཞི་པར་བྱའོ། །འདི་ལྟར་ལྟ་བར་བྱེད་པ་ནི་རྣལ་འབྱོར་པས། ཕྱི་ནས་རྣ་བའི་བར་དུ་བཀང་བའི་ཨུཏྤ་ལའི་མདེའུ་དང་ལྡན་པའི་མདའ་འཆང་བ་ལ་ལྟ་བ་དང་ལྡན་པའི་སྔགས་པས་ཟེའུ་འབྲུ་སོ་སོར་རྟོག་པར་བྱའོ། །དེ་ནས་བུང་བ་དེ་དབུགས་ཀྱིས་བསྐུལ་ཏེ། གཡོན་པའི་སྣའི་བུ་ག་ནས་བྱུང་ནས་དབྱངས་ཡིག་རེ་བླངས་ཤིང་ཁྱེར་ནས། རྣལ་འབྱོར་པའི་སྣ་བུག་གཡས་པ་ནས་ཞུགས་ཏེ། རང་གི་རྙིང་གར་རང་དང་གཞན་གྱི་ཡེ་ཤེས་གཅིག་པའི་ངོ་བོ་ཉིད་དུ་བྱའོ། །དེ་ནས་ཨུཏྤ་ལས་སྐེ་བ་ནས་བཅིངས་ཏེ། སྐེ་ནས་ལྕགས་ཀྱུས་ཕུག་ཅིང་མདའི་དྲྭ་བའི་རྣམ་པར་བསམས་ན་
དབང་དུ་འགྱུར་རོ། །མགལ་མེའི་འཁོར་ལོ་ལ་གནས་པའི་བསྒྲུབ་བྱ་བསམ་པར་བྱའོ། །སྒྲུབ་པ་པོ་ནི་སྔགས་གཟུགས་ཀྱིས། །གདམས་ངག་དག་ནི་ངེས་བྱས་ལ། །རྟག་ཏུ་དགའ་བས་སྔགས་བཟླས་བྱ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཨ་མུ་ཀཱིཾ་མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། མ་ལུས་པར་འདི་ཡང་ཉིན་དང་མཚན་དུ་བྱའོ། །དེ་ནས་མྱོས་པར་གྱུར་ནས་འོང་བར་འགྱུར་རོ། །སྔགས་ཀྱིས་བསྐུལ་ནས་སྐྲ་གྲོལ་བ་གོས་མེད་པ་འདོད་པ་སྤྱོད་འདོད་པས་ནོན་པ། དེ་ཐོབ་ནས་རང་གི་ལྷག་པའི་ལྷའི་རྣལ་འབྱོར་གྱིས་དཀྱིལ་འཁོར་མཆོད་པར་བྱའོ། །དངོས་གྲུབ་རྒྱ་ཆེན་པོ་གང་གིས་གཞོམ་པར་མི་ནུས་པའི་ཨོ་ཌི་ཡཱ་ན་ནས་བྱུང་བའི་ལྷ་མོ་རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཏྲཻ་ལོ་ཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་ཡིད་དང་མཐུན་པའི་གནས་སུ་རྣལ་འབྱོར་པས་ཐང་སྐུ་བཀྲམ་སྟེ། དེའི་མདུན་དུ་དབང་ཆེན་གྱི་དཀྱིལ་འཁོར་གྱི་དབུས་སུ་གུར་གུམ་གྱིས་ཟླ་བའི་དཀྱིལ་འཁོར་ཟླུམ་པོ་སྔགས་འདིས་བྱའོ། །ཨོཾ་བཛྲ་རེ་ཁེ་ཧཱུྃ། ཛཿཧཱུྃ་བཾ་ཧོཿ ཞེས་བྱ་བའི་སྔགས་འདིས་ཕབ་ལ་དཀྱིལ་འཁོར་གྱི་དབུས་སུ་ཁམས་གསུམ་དབང་དུ་བྱེད་པའི་རྗེ་བཙུན་སྤྱན་རས་གཟིགས་སྔགས་འདིས་མཆོད་པར་བྱའོ། །ཨོཾ་ཏྲཻ་ལོ་ཀྱ་བ་ཤཾ་ཀ་ར་ཡ་བཛྲ་པུཥྤེ་ཧཱུྃ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་མུ་ནེ་བཛྲ་མུཿའདི་ནི་བསྡུ་བའི་སྔགས་སོ། །ཕྱིས་ནི་རང་གི་སྙིང་གར་ཨཱཾ་ཡིག་བསམ་པར་བྱ་སྟེ། དེ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་རྫོགས་པར་བྱའོ། །དེའི་སྟེང་དུ་ནུས་པའི་ས་བོན་ཉི་མ་ཤར་བ་ལྟ་བུའི་འོད་བལྟས་ལ། དེའི་འོད་ཟེར་གྱིས་འོད་དཔག་མེད་པ་མཆོད་ནས། སྡིག་པ་བཤགས་པ་ལ་སོགས་པ་བྱས་ཏེ། ཡང་རང་གི་ལུས་ལ་གཞུག་གོ །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་
སྐད་ཅིག་གིས་པདྨའི་སྟེང་དུ་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་གནས་པ་ཕྱེ་བའི་སྤྱན་གསུམ་པ་རལ་པའི་དབུ་རྒྱན་འཆང་བ། མདོག་དམར་བ་རྡོ་རྗེས་མཚན་པའི་ཞགས་པ་དང༌། ལྕགས་ཀྱུ་ཕྱག་ནའོ། །ས་གསུམ་གྱི་རང་བཞིན་ལུག་གཉིས་ཞགས་པས་བཅིངས་པ། དེའི་སྟེང་དུ་བཞུགས་པ་སྣ་ཚོགས་པའི་སྤྲུལ་པ་འཆང་ཞིང་རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དབང་བསྐུར་བ་རབ་ཏུ་སྦྱིན་པ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྒྱན་སྣ་ཚོགས་དང་ལྡན་པས་མཆོད་པར་བྱེད་པ། རིག་པ་འཛིན་པ་དང༌། ཁྱབ་འཇུག་དང༌། བདེ་བྱེད་དང༌། ཚངས་པ་དང༌། སྣ་ཚོགས་པའི་རྣལ་འབྱོར་མའི་ཚོགས་ཀྱིས་གར་དང་བརྡུང་དཀྲོལ་ལ་སོགས་པ་བྱེད་པ། སྣ་ཚོགས་ཀྱི་འབྱུང་པོའི་ཚོགས་ལ་སོགས་པས་སྣ་ཚོགས་ཀྱི་མི་མགོ་དང་ཀེང་རུས་ལ་སོགས་པས་བརྒྱན་པ། དེ་བཞིན་དུ་སྣ་ཚོགས་ཀྱི་གདུགས་དང༌། རྔ་ཡབ་ལ་སོགས་པ་བལྟ་བར་བྱའོ། །དེ་ལྟ་བུའི་དུས་སུ་དེ་བཞིན་གཤེགས་པ་འོད་དཔག་མེད་པ་སྤྱི་བོར་བལྟ་བར་བྱ་སྟེ། འདི་ལྟ་བུའི་བདག་ཉིད་བསམ་པར་བྱའོ། །ཕྱིས་ནི་ལྟེ་བའི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་འོད་ཀྱི་རང་བཞིན་བསམས་ལ། དེའི་སྟེང་དུ་གཡོན་ཕྱོགས་སུ་ནུས་པའི་ས་བོན་སྙིང་གར་ཁྲོ་བོའི་ས་བོན་དབྱངས་ཡིག་ཨས་བརྒྱན་པ་ཞེས་བྱ་བ་ནི་བསྒོམ་པའི་སྔགས་སོ། །འདི་ཐམས་ཅད་བསམས་ནས་རྡོ་རྗེའི་བདག་ཉིད་ཀྱི་སྔགས་བརྗོད་པར་བྱས་ལ། དེའི་བདག་ཉིད་དུ་བསམ་པར་བྱའོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། རྡོ་རྗེའི་བདག་ཉིད་ཀྱི་སྔགས་སོ། །འདི་ལ་ཡང་གོམས་པའི་སྦྱོར་བས་འདར་བ་དང༌། གཡོ་བས་དབབ་པར་བྱས་ལ། གཉིས་སུ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་རོ། །འདི་ལྟ་བུའི་རྣལ་འབྱོར་པ་ནི་གླང་པོ་ཆེ་སྨྱོན་པ་ལྟར་མྱོས་བྱེད་ཀྱི་ཆུ་ཡིས་མྱོས་པ་བཞིན་དུ་རིགས་ལྔ་ལ་ལོངས་སྤྱོད་དོ། །གལ་ཏེ་རིགས་ལྔ་ལ་མི་སྤྱོད་པ་དེའི་ལུས་ལ་འདར་བ་དང་གཡོ་བ་ལ་སོགས་པ་འབབ་པ་དང༌། གཉིས་སུ་མེད་པའི་ཡེ་ཤེས་མི་གནས་སོ། །དེ་ལྟར་རྟོགས་པར་བྱས་ནས་རིགས་ལྔ་ལ་ལོངས་སྤྱོད་དེ་དེས་ནི་འགྲུབ་པར་འགྱུར་རོ། །གྲུབ་
པར་གྱུར་ནས་གཞན་གྱི་ལུས་ལ་ཡང་གཡོ་བ་དང་འདར་བས་དབབ་པར་བྱས་ལ་འདོད་ཆགས་དང༌། ཞེ་སྡང་ལ་སོགས་པ་དགག་པར་མི་བྱའོ། །དེ་ལྟར་གྲུབ་པའི་དངུལ་ཆུས་ཕུག་པའི་ཟངས་མའི་ནག་པོ་སྤངས་པ་བཞིན་དུ་ལུས་པོ་ཉིད་གཉིས་མེད་ཀྱི་རོ་ཡིས་ཕུག་ན་འདོད་ཆགས་དང༌། ཞེ་སྡང་ལ་སོགས་པ་སྤོང་བར་འགྱུར་རོ། །ཧྲཱིཿཧཱུྃ་ཨཿབཟླས་པའི་སྔགས་སོ། །ཨོཾ་ཧྲཱིཿཨཿཧ་རི་ཏི་ཡཀྵེ་ཤྭ་རི་སྭཱ་ཧཱ། འཕྲོག་མའི་སྔགས་སོ། །ཨོཾ་ཨཾ་ཀྲཾ་ཧྲཱིཿས་ཀ་ལ་ག་ཎ་ནཱི་དེ་བཱི་རཱི་ཤྭ་རི་ཎཱཾ་པ་རི་ཀ་ར་ཨ་ཨ་ཨ་བ་ཏ་ར་ཨ་བ་ཏ་ར་ཨ་བ་ཏ་རནྟུད་ཤ་དི་ག་ལོ་ཀ་པཱ་ལ་ཨི་དཾ་བ་ལིཾ་གྲྀཧྞ་གྲྀཧྞ་ཧཱུྃ་ཕཊ་སྭཱ་ཧཱ། གཏོར་མའི་སྔགས་སོ། །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས་སློབ་དཔོན་ས་ར་ཧས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཤྲཱི་ཛཾ་བྷ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་གནོད་གནས་ཀྱི་སྒྲུབ་པའི་ཐབས། ཕུན་སུམ་ཚོགས་པ་མ་ལུས་པ་སྟེར་བའི་དཔལ་གནོད་གནས་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་ཕྱི་རོལ་གྱི་གདོན་ཐམས་ཅད་དང་རང་གི་ལུས་ཀྱང་སྟོང་པ་ཉིད་དུ་རྣམ་པར་བསམས་ལ། དེའི་རྗེས་སུ་ཅུང་ཞིག་དམར་བའི་དཀྱིལ་འཁོར་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དོ། །དེ་ཉིད་གནོད་སྦྱིན་གྱིས་ཀ་ཊཾ་པདྨ་འདབ་མ་བརྒྱད་པའི་རྣམ་པའོ། །དེའི་དབུས་སུ་པྃ་གྱིས་ལྷ་མོ་ནོར་རྒྱུན་མ་མདོག་སེར་བ། འབྲས་ཀྱི་སྙེ་མ་དང༌། མཆོག་སྦྱིན་པ་ཕྱག་རྒྱ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གནོད་སྦྱིན་མོ་བརྒྱད་ཀྱིས་བསྐོར་བ་ནི་འདི་ལྟ་སྟེ། བཟང་མོ་དང༌། རབ་ཏུ་བཟང་མོ་དང༌། སྦས་མ་དང༌། རབ་ཏུ་སྦས་མ་དང༌། ལྷ་མོ་དང༌། དབྱངས་ཅན་མ་དང༌། འཕགས་མ་དང༌། ཟླ་ཤེལ་ཅན་ནོ། །འདི་རྣམས་ཀྱིས་ཡོངས་སུ་བསྐོར་བའི་ལྷ་མོ་ཆེན་མོ་དེའི་བྷ་གའི་དབུས་སུ་ཛཾ་གིས་བདག་ཉིད་སངས་རྒྱས་རྣམ་པ་ལྔའི་དབུ་རྒྱན་ཅན་གཡས་པའི་ཕྱག་ན་ས་བོན་གྱིས་གང་བའི་ཤིང་ཐོག གཡོན་པ་ན་སྲེ་མོང་བསྣམས་པ། དེ་བཞིན་གཤེགས་པ་ལྔས་ཀྱང་
རིན་པོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབེབས་བཞིན་པ། ཞབས་གཉིས་ན་དུང་གི་མགོ་དང༌། པདྨའི་མགོའི་གཏེར་ཆེན་པོ་རིན་པོ་ཆེ་ལ་སོགས་པའི་ཆར་རབ་ཏུ་འབེབས་བཞིན་པ་རང་གི་ཁྱིམ་གྱི་ཕྱོགས་གཅིག་ཏུ་རྣམ་པར་བསམ་པར་བྱའོ། །མདོག་སེར་པོ་ཨུཏྤལ་སྔོན་པོའི་ཕྲེང་བ་འཆང་བ། དཔལ་གནོད་གནས་མགོན་པོ་ནོར་རྒྱུན་མ་ལ་འཁྱུད་པ། བྱང་ཆུབ་ཀྱི་སེམས་ཕྱིར་སྤྲོས་པ་ལས་སྐྱེས་པའི་རིན་པོ་ཆེའི་ཚོགས་ཀྱིས་ནམ་མཁའ་མ་ལུས་པར་ཁྱབ་པའི་རྣམ་པ་བསྒོམ་པར་བྱའོ། །དབབ་པའི་དུས་སུ་ཤར་ཕྱོགས་སུ་མདོག་སྔོན་པོའི་གང་བ་བཟང་པོའོ། །ལྷོའི་ཕྱོགས་སུ་མདོག་སེར་པོའི་རྣམ་ཐོས་སོ། །ནུབ་ཕྱོགས་སུ་མདོག་དམར་པོའི་གནོད་སྦྱིན་ནོ། །བྱང་གི་ཕྱོགས་སུ་མདོག་སེར་པོའི་ནོར་བུ་བཟང་པོའོ། །མེའི་ཕྱོགས་སུ་མདོག་དམར་པོའི་ཙི་པི་ཀུཎྜ་ལིའོ། །སྲིན་པོ་རུ་སྔོན་པོ་ཀེ་ལི་མཱ་ལི་ནཾ་ངོ༌། །རླུང་དུ་སེར་པོ་ཙ་རེནྡྷའོ། །དབང་ལྡན་དུ་སེར་པོ་མུ་ཁེནྡྲའོ། །དེ་ཐམས་ཅད་ཀྱང་གནོད་སྦྱིན་མོའི་བྷ་གའི་དབུས་སུ་གནས་པའི་རིན་པོ་ཆེའི་ཆར་འབེབས་བཞིན་པ་གནོད་གནས་དང་འདྲ་བ་བསྒོམ་པར་བྱའོ། །ཤར་གྱི་སྒོ་རུ་ནོར་སྦྱིན་དང༌། ནོར་སྦྱིན་ཆེན་མོ་གཉིས་གཅེར་བུ་དབང་པོ་འཕྱང་བ་རིན་པོ་ཆེའི་ཆར་རབ་ཏུ་འབེབས་པའོ། །ལྷོའི་སྒོ་རུ་པདྨ་དང་པདྨ་ཆེན་པོའོ། །ནུབ་ཀྱི་སྒོ་རུ་ཀི་ལི་དང་ཀི་ལི་ཆེན་པོའོ། །བྱང་གི་སྒོ་རུ་གང་བ་དང་གང་བ་བཟང་པོའོ། །འདི་རྣམས་ཀྱང་གཅེར་བུ་དབང་པོ་འཕྱང་བའོ། །མགོན་པོ་གནོད་གནས་ལ་གོ་རིམ་བཞིན་དུ་སྔགས་ཀྱི་ཡི་གེ་དགོད་པར་བྱའོ། །ཨོཾ་ནི་སྤྱི་བོར་རོ། །ཛཾ་ནི་ཁ་ལའོ། །བྷ་ལ་ནི་ལག་པ་གཉིས་ལའོ། །ཛ་ནི་སྙིང་གར་རོ། །ལེན་ནི་ལྟེ་བར་རོ། །དྲཱ་ཡ་ནི་བརླ་གཉིས་ལའོ། །སྭཱ་ཧཱ་ནི་ངར་གདོང་གཉིས་ལའོ་ཞེས་བྱའོ། །སྤྱི་བོར་ནི་ནོར་བུ་བཟང་པོ་སྟེ། མིག་གཉིས་ལ་ནི་རྣམ་ཐོས་སོ། །དེ་བཞིན་དུ། མུ་ཁེནྡྲ་ནི་ཁ་ལ་གནས། །གང་བ་བཟང་པོ་ནུ་མའི་བར། །ལྟེ་བར་གནོད་སྦྱིན་ནོར་སྦྱིན་ནོ། །བརླ་གཉིས་ཀེ་ལི་མཱ་ལིའོ། །རྐང་གཉིས་ཙི་པི་ཀུཎྜ་ལི། །ཡན་ལག་ཐམས་ཅད་ཙ་རེནྡྲ། །གནོད་གནས་མགོན་པོའི་བདག་ཉིད་དུ་དེ་ལྟར་བསམས་ལ། ད་ནི་
ཡི་གེ་དགོད་པར་བྱའོ། །ཨོཾ་ནི་སྤྱི་བོར་རོ། །ཛ་ལུཾ་ནི་དཔྲལ་བར་རོ། །པཱུྃ་ནི་རྣ་བ་གཉིས་ལའོ། །སཿནི་མགོ་བོའི་རྒྱབ་ཏུ་དགོད་པར་བྱའོ། །ད་ནི་ལག་པ་ལ་དགོད་པ་བརྗོད་པར་བྱ་སྟེ། དངོས་སུ་ལྷ་ནི་ཡི་གེ་སྟེ། །ཨོཾ་ནི་མཁྲིག་མགུལ་དུའོ། །ཛ་ལུཾ་ནི་ལག་པའི་དབུས་སུའོ། །བཱུཾ་ནི་སེན་མོ་ཐམས་ཅད་ཀྱི་རྩེ་མོ་ལའོ། །སཿནི་སོར་མོ་ཐམས་ཅད་ཀྱི་རྩ་བར་རོ། །ཨོཾ་ཛཾ་བྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཞེས་བྱ་བས་རབ་ཏུ་གནས་པར་བྱའོ། །སྡིགས་མཛུབ་ལ་ནི་ནོར་བུ་བཟང་པོ་སྟེ། གང་བ་བཟང་པོ་གུང་མོའོ། །སྲིན་ལག་ལ་ནི་ནོར་སྦྱིན་དགོད། །དེ་བཞིན་མཐེའུ་ཆུང་རྣམས་ཐོས་སོ། །མུ་ཁེནྡྲ་ནི་ལག་པའི་ལོགས། །མཁྲིག་མགུལ་ཀེ་ལི་མཱ་ལི་ནི། །མཐེབ་ཆེན་ཙི་པི་ཀུཎྜ་ལི། །སྡིགས་མཛུབ་མཐེ་བོ་གཉིས་ཀྱི་ནི། །བར་དུ་ཙ་རེནྡུ་ཀའོ། །ལག་པའི་དབུས་ཛཾ་བྷ་ལ་ཛ་ལེནྡྲའོ། །རྡོ་རྗེ་ཆུ་ལ་སོགས་པ་བདུད་རྩི་ལྔ་སྦྱིན་ནོ། །དེ་མེད་ན་རྡོ་རྗེའི་ཆུ་ཙམ་ཡང་ཆུ་དང་བསྲེས་ནས། ཁྱོར་བས་འཐུངས་ཏེ། ཁྱོར་བ་བརྒྱ་རྩ་བརྒྱད་ཐུན་གསུམ་དུ་སྦྱིན་པར་བྱའོ། །རིང་པོར་མི་ཐོགས་པ་ཉིད་དུ་གནོད་གནས་དང་འདྲ་བར་འགྱུར་རོ། །གསེར་དང་ནོར་ལ་སོགས་པ་ཡང་དག་པར་འབེབས་བཞིན་པས་ས་གཞི་རྫས་ཀྱིས་གང་བར་བྱེད་དོ། །ཨོཾ་ཛ་ལུཾ་བླུཾ་སྭཱ་ཧཱ། སཿཞེས་བྱ་བ་བརྗོད་ཅིང་ཁྱོར་བས་སྦྱིན་པར་བྱའོ། །མ་གྲུབ་པར་གྱུར་ན་དཔལ་རྡོ་རྗེ་ཧཱུྃ་མཛད་དུ་བདག་ཉིད་བསྒོམས་ལ་གནོད་གནས་ཀྱི་སྐུ་གཟུགས་ལ་དུག་དང་སྐེ་ཚེ་དང༌། ནིམ་པའི་ལོ་མ་དང༌། དྷ་དུ་ར་དང༌། དུར་ཁྲོད་ཀྱི་སོལ་བས་རབ་ཏུ་བྱུགས་ལ། བསྲོ་ཞིང་སྐེམ་པར་བྱའོ། །ཕྱིས་ནི་དུར་ཁྲོད་ཀྱི་མེ་ལ་ཁྲོས་པས་གདུང་བར་བྱས་ན་ངེས་པར་འགྲུབ་པར་འགྱུར་རོ། །དཔལ་གནོད་གནས་ཀྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མ་ཧཱ་ཙཱི་ན་ཀྲ་མ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྒྱ་ནག་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །གཡོན་པ་བརྐྱང་བའི་ཞབས་ཀྱིས་རོ་ཡི་སྙིང་ག་མནན་ཅིང་མི་
བཟད་ཧ་ཧས་དགོད་པའི་མཆོག །ཕྱག་ན་རལ་གྲི་ཨུཏྤལ་གྲི་གུག་བསྣམས་ཤིང་ཧཱུྃ་གི་ས་བོན་ལས་ནི་རབ་ཏུ་བྱུང༌། །མིའུ་ཐུང་སྔོ་ཞིང་ཡངས་ལ་རལ་པ་སེར་པོ་ཅོད་པན་བཅིངས་ཤིང་མཆོག་གི་ཀླུ་དང་ལྡན། །འཇིག་རྟེན་གསུམ་གྱི་མི་ཤེས་ཐོད་པ་ལ་བཀོད་འཇོམས་ཤིང་དྲག་པོའི་སྒྲོལ་མ་རང་ཉིད་དོ། །སྒྲོལ་མ་འཇིག་རྟེན་གསུམ་སྒྲོལ་མ། །རྒྱ་ནག་རིམ་འོངས་ལ་བཏུད་དེ། །བླ་མའི་མན་ངག་ཇི་ལྟ་བར། །དེ་ཡི་སྒྲུབ་ཐབས་བདག་གིས་བརྗོད། །རྟགས་གཅིག་གམ་ནི་དུར་ཁྲོད་དང༌། །ཁྱིམ་སྟོང་དག་ནི་ཐམས་ཅད་དུ། །སྲིད་གསུམ་མཐར་བྱེད་རིག་པ་ནི། །དེར་གནས་རྣལ་འབྱོར་པས་བསྒྲུབ་བྱ། །འཇམ་པའི་ནང་ཚངས་ཅན་གནས་ཤིང༌། །གཞན་ཡང་འཇམ་པ་དག་ལ་ནི། །ཤིང་སྟན་ལ་སོགས་མཉམ་གནས་ལ། །དངོས་གྲུབ་མཆོག་ནི་སྒྲུབ་པར་བྱེད། །སྐད་ཅིག་རྣམ་པའི་སྦྱོར་བ་ཡིས། །ལེགས་མཉམ་བཞག་པས་རྡོ་རྗེ་གསུམ། །གནས་གསུམ་དུ་ནི་བསམ་པར་བྱ། །དེ་ནས་འོད་ཟེར་རྣམ་པར་སྤྲོས། །སྲིད་གསུམ་སྤྱོད་པ་སེམས་ཅན་རྣམས། །ཡང་ནི་གསལ་བར་བྱས་ནས་སུ། །བསྡུས་ཏེ་ཡང་ནི་སྣ་ཚོགས་ཀུན། །སྟོང་པ་ཉིད་དུ་བསམ་པར་བྱ། །དེ་ནས་རྒྱལ་བའི་སྔགས་བརྗོད་དོ། །ཨོཾ་ཤཱུ་ནྱ་ལ་སོགས་རང་བཞིན་ནོ། །དེ་ནས་བར་སྣང་དག་ལ་བསམ། །ཨ་སྐྱེས་པདྨ་དང་དམར་པོའོ། །དེ་ཡི་སྟེང་དུ་བསམ་བྱ་བ། །ཏཱྃ་ལས་པདྨའི་སྟེང་དུ་ནི། །ཡང་ནི་དེ་དབུས་བསམ་བྱ་བ། །ཧཱུྃ་ཡིག་སྔོན་པོ་དྲྭ་བའི་འོད། །དེ་ནས་ཧཱུྃ་སྐྱེས་བལྟ་བྱ་བ། །གྲི་གུག་ས་བོན་གྱིས་བརྒྱན་པའི། །གྲི་གུག་ཡོངས་གྱུར་བསམ་པ་ནི། །བདག་ཉིད་སྒྲོལ་མ་དང་མཉམ་པ། །མི་བཟད་གཡོན་བརྐྱང་བ་ཡི་ཞབས། །མགོ་བོའི་ཕྲེང་བའི་འཕྱང་བ་སྟེ། །ཐུང་ཞིང་གསུས་པ་འཕྱང་ལ་འཇིགས། །པདྨ་སྔོན་པོས་བརྒྱན་པ་སྟེ། །བཟང་མོ་ཞལ་གཅིག་སྤྱན་གསུམ་མ། །མི་བཟད་ཧ་ཧའི་རྣམ་པའི་འོད། །རབ་ཏུ་དགྱེས་པས་རོ་ལ་ཞོན། །ཀླུ་བརྒྱད་ཀྱིས་ནི་རྣམ་པར་བརྒྱན། །སྤྱན་ནི་དམར་ཞིང་ཟླུམ་པ་སྟེ། །སྟག་གི་པགས་པས་རྐེད་པ་དཀྲིས། །ལང་ཚོ་གསར་པ་ཕུན་སུམ་ཚོགས། །
ཕྱག་རྒྱ་ལྔ་ཡིས་རྣམ་པར་བརྒྱན། །ལྗགས་འདྲིལ་མཆེ་གཙིགས་འཇིགས་པར་བྱེད། །ཕྱག་གཡས་རལ་གྲི་གྲི་གུག་སྟེ། །གཡོན་དུ་ཨུཏྤལ་ཐོད་པ་འཆང༌། །ཁམ་པ་གྱེན་འགྲེང་རལ་གཅིག་མ། །དབུ་རྒྱན་མི་བསྐྱོད་བརྒྱན་པ་བསམ། །བསྒོམས་པའི་སྟོབས་ནི་རྫོགས་པ་ན། །རྣལ་འབྱོར་ཚིགས་བཅད་མཁན་ཆེན་འགྱུར། །གལ་ཏེ་བླུན་ཞིང་རྨོངས་པས་ཀྱང༌། །བསྒོམ་པའི་རིམ་ལ་ཆེད་བྱེད་ན། དེ་ཡིས་འཇམ་པའི་དབྱངས་ཐོབ་འགྱུར། །འབུམ་ཕྲག་གཅིག་ནི་བཟླས་པ་བྱ། །ཡི་གེ་གསུམ་གྱི་སྔགས་ཆེན་པོ། །ཕཊ་ནི་མཐའ་རུ་སྙིང་གར་གནས། །འོད་ཟེར་ལྔ་དང་མཉམ་པར་ལྡན། །མི་ཤེས་བུད་ཤིང་བསྲེགས་པའོ། །རྣལ་འབྱོར་སྤྱོད་པའི་རྗེས་འབྲངས་ནས། །དེ་ཡི་བསྡུ་བའི་ཆོ་ག་བརྗོད། །དང་པོ་ས་ཡི་ཕར་ཕྱོགས་སྦྱིན། །དབྱངས་ཡིག་བཞི་པ་རྣམ་པར་བརྒྱན། །རོ་ལ་ཞོན་ཞིང་འཕྲོ་བའི་འོད། །ཐིག་ལེ་ཟླ་ཚེས་ཡང་དག་ལྡན། །དེ་ནས་ཡི་གེ་ཏྲྃ་སྦྱིན་བྱ། །བཞི་པ་ཉིད་ཀྱིས་རྣམ་པར་བརྒྱན། །རིང་པོ་དག་དང་ཡང་དག་ལྡན། །ཧཱུྃ་ཡིག་ཡང་ནི་སྦྱར་བར་བྱ། །ཕཊ་ཀྱི་ཡི་གེ་དེ་ནས་སྦྱིན། །ཡོངས་རྫོགས་གྲུབ་པའི་སྔགས་ཉིད་དོ། །མཁས་པས་རལ་གྲིའི་གནས་སུ་ནི། །མི་ཡི་རུས་པའི་ཕྲེང་བ་བསམ། །སྤྲོ་དང་བསྡུ་བའི་སྦྱོར་བ་ཡིས། །སྔགས་མཆོག་ཡང་དག་བཟླ་བར་བྱ། །བརྟན་པའི་སེམས་ཀྱིས་རྟོགས་གྱུར་ན། །ཚིགས་བཅད་མཁན་ནི་སྟོན་པ་རུ། །རྟག་ཏུ་བསྒོམ་པ་གོམས་པ་ཡིས། །དེ་ཉིད་ཐེ་ཚོམ་མེད་པར་འགྱུར། །སྒྲོལ་མའི་སྒྲུབ་ཐབས་བྱས་པ་ལས། །བདག་གིས་དགེ་བ་གང་བསགས་པ། །རྒྱལ་བའི་བསྟན་པའི་སྟོན་པ་རུ། །དེ་ཡིས་སྲོག་ཆགས་ཐམས་ཅད་ཤོག །དེ་འདིར་བློ་དོན་སྒྲུབ་པའི་ཐབས། །རྟག་པའི་རྡོ་རྗེས་བྱས་པ་ལ། །མཁས་པ་ཟབ་མོ་འདི་ལ་ནི། །སྒྲུབ་ཐབས་ལ་ནི་བཟོད་པར་རིགས། །རྒྱ་ནག་པོའི་རིམ་པ་སྒྲོལ་མའི་སྒྲུབ་ཐབས་སློབ་དཔོན་རྟག་པའི་རྡོ་རྗེའི་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ།།
རྒྱ་གར་སྐད་དུ། བཛྲ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས། བཅོམ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ། །སྦྱིན་སྲེག་ལས་ཀྱི་ཆོ་ག་ཡིས། །འདོད་པའི་དོན་ཀུན་སྒྲུབ་བྱེད་པའི། །རྡོ་རྗེ་སྒྲོལ་མ་སྒྲུབ་པའི་ཐབས། །དེ་ནས་ཡང་དག་བཤད་བྱ་བ། །དེ་ལ་སྔགས་ཀྱི་ཚིག་ནི་འདི་ཡིན་ཏེ། །འདི་ལྟ་སྟེ། ན་མ་ཨཱརྻཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཀྲྀ་ཏེ་སརྦ་དུཥྚཱཾ་པྲ་དུཥྚཱཾ་ཛཾ་བྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྛཱཾ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། དེ་ལ་དང་པོ་རེ་ཞིག་རང་གི་སྙིང་གར་ཟླ་བ་ལ་ས་བོན་ཏཱྃ་བསམ་སྟེ། དེའི་འོད་ཀྱིས་བླ་མ་དང༌། སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་སྤྱན་དྲངས་ཏེ། མཆོད་པ་རྣམ་པ་སྣ་ཚོགས་ཀྱིས་ཡང་དག་པར་མཆོད་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱ་ཞིང༌། གསུམ་ལ་སྐྱབས་སུ་འགྲོ་བའི་ཚིགས་བཅད་བརྗོད་པར་བྱའོ། །དེ་ནས་ཚངས་པའི་གནས་བཞི་བསྒོམས་ལ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅ཧཾ་ཞེས་བྱ་བའི་སྔགས་བརྗོད་པར་བྱའོ། །དེ་ནས་པྃ་ལས་སྐྱེས་པའི་པདྨ་དང་ཟླ་བའི་སྟེང་དུ་ཡང་ཏཱྃ་གི་ས་བོན་ཡང་བསམས་ཏེ། དེ་ཡོངས་སུ་གྱུར་པ་ལས། མ་མོའི་དཀྱིལ་འཁོར་དབུས་གནས་པའི། །ལྷ་མོ་སྒྲོལ་མ་བསྒོམ་པར་བྱ། །ཞལ་བཞི་མ་ལ་ཕྱག་བརྒྱད་མ། །རྒྱན་རྣམས་ཀྱིས་ནི་བརྒྱན་པ་ཡི། །གསེར་གྱི་མདོག་ཅན་བསྒོམ་པར་བྱ། །གཞོན་ནུ་མ་ཡི་མཚན་ཉིད་འབར། །སྣ་ཚོགས་པདྨའི་གདན་གནས་པའི། །ཟླ་བའི་གདན་ལ་ཡང་དག་བཞུགས། །སེར་དང་ཆག་དང་དཀར་དང་དམར། །གཡས་སྐོར་དུ་ནི་ཞལ་བཞིའོ། །སྤྱན་གསུམ་རྡོ་རྗེ་སྐྱིལ་ཀྲུང་གནས། །འོད་དམར་སངས་རྒྱས་བཞི་ཡི་དབུ་རྒྱན་ཅན། །རྡོ་རྗེ་མདའ་དང་དུང་དང་མཆོག་སྦྱིན་ནི། །གཡས་པ་རྣམས་ཀྱི་ཕྱག་ན་བསྣམས་པའོ། །ཨུཏྤལ་གཞུ་དང་རྡོ་རྗེ་ལྕགས་ཀྱུ་ཞགས། །སྡིགས་མཛུབ་གཡོན་པའི་ཕྱག་རྣམས་འཆང་བའོ། །རྡོ་རྗེ་སྐྱིལ་ཀྲུང་རྣལ་འབྱོར་གྱིས། །ས་གསུམ་པོ་ཡང་
བསྒྲུབ་པར་བྱ། །དེའི་མདུན་མེ་ཏོག་སྒྲོལ་མ་ནི། །མདོག་ནི་དཀར་ཞིང་ཡིད་འོང་མ། །ཨོཾ་ཡིག་ལས་ནི་ཡང་དག་རྫོགས། །མེ་ཏོག་ཕྲེང་བ་ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་པ་སྟེ། །རྒྱན་རྣམས་ཀུན་གྱིས་བརྒྱན་པའོ། །ལྷོ་ཕྱོགས་བདུག་སྤོས་སྒྲོལ་མ་ནི། །གཟུགས་མཛེས་མདོག་ནི་ནག་པོ་སྟེ། །བདུག་སྤོས་སྣོད་ནི་ཕྱག་བསྣམས་ཤིང༌། །རྒྱན་རྣམས་ཀུན་གྱིས་རྣམ་པར་བརྒྱན། །ནུབ་ཕྱོགས་མར་མེ་སྒྲོལ་མ་ཡང༌། །མདོག་ནི་སེར་ཞིང་ཡིད་འཕྲོག་མ། །བཟང་མོ་མར་མེ་སྣོད་བསྣམས་ཤིང༌། །གསེར་གྱི་རྣ་ཆ་རབ་ཏུ་གཡོ། །བྱང་ཕྱོགས་དྲི་ཡི་སྒྲོལ་མ་ནི། །དྲི་ཡི་དུང་ཆོས་ཕྱག་ན་བསྣམས། །ལྷ་མོ་མདོག་ནི་དམར་འདྲ་བ། །སྙིང་པོ་དཀྱིལ་འཁོར་ལ་བསྒོམ་བྱ། །འདི་ཀུན་ཞལ་གཅིག་ཕྱག་གཉིས་པ། །རྒྱན་རྣམས་ཀྱིས་ནི་རྣམ་པར་བརྒྱན། །རྡོ་རྗེ་སྐྱིལ་མོ་ཀྲུང་གིས་སོ། །ལྷ་མོ་དྲུག་པོ་འདི་ཀུན་ནི། །ཅུང་ཟད་ཞལ་ནི་གཙིགས་པ་སྟེ། །འགྱིང་བག་བཅས་པས་ཡང་དག་གནས། །འདི་དག་དཀྱིལ་འཁོར་གྱི་འཁོར་ལོ། །བསམས་ལ་ཤར་སྒོར་བསམ་པ་ནི། །རྡོ་རྗེ་ལྕགས་ཀྱུ་འོད་འབར་མ། །ཕྱག་ན་རྡོ་རྗེ་ལྕགས་ཀྱུས་མཚན། །ཡིད་འོང་མ་ཡི་བདག་ཉིད་དོ། །ལྷོ་སྒོར་རྡོ་རྗེ་ཞགས་པ་མ། །ནག་ཅིང་ཤིན་ཏུ་འདོད་ལ་དགའ། །བཟང་པོ་རྒྱན་གྱིས་བརྒྱན་པའི་ལུས། །རྡོ་རྗེ་ལྕགས་སྒྲོག་མདོག་སེར་བ། །རྡོ་རྗེ་ལྕགས་སྒྲོག་ཕྱག་བསྣམས་ཤིང༌། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ནི། །ནུབ་ཀྱི་སྒོ་རུ་བསམ་པར་བྱ། །བྱང་སྒོར་རྡོ་རྗེ་དྲིལ་བུ་མ། །རྡོ་རྗེ་དྲིལ་བུ་རབ་བསྣམས་པའི། །མདོག་དབང་བཟང་པོ་ཡི་ནི་གཟུགས། །དགེ་ཞིང་རྟག་པར་བལྟ་བར་བྱ། །སྟེང་དུ་གཙུག་ཏོར་རྣམ་རྒྱལ་མ། །གཟུགས་བཟང་མདོག་ནི་སེར་བ་སྟེ། །བྱང་ཆུབ་འབྲས་བུ་སྦྱིན་བྱེད་བསམ། །དེ་ནས་སྔགས་པས་འཁོར་ལོ་འཆང༌། །སྙིང་པོ་དཀྱིལ་འཁོར་འོག་ཏུ་ནི། །དགེ་ཞིང་འོད་འབར་བ་ཡི་གཟུགས། །ཀླུ་ཡི་ཞགས་པ་ཕྱག་ན་བསྣམས། །ཞལ་གཅིག་ཕྱག་ནི་གཉིས་
པ་སྟེ། །ཐམས་ཅད་མཁྱེན་པ་ཡིད་འོང་མ། མདོག་ནག་རྣམ་པར་བསྒོམ་པར་བྱ། །ཡི་གེ་བཅུ་པོ་འདི་ཡིས་ནི། །ལྷ་མོ་བཅུ་ནི་རྣམ་པར་སྤྲུལ། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཆོས་ཀུན་རབ་ཏུ་འགྲུབ་པར་བྱེད། །དེ་ལ་ཡི་གེ་བཅུ་པ་ནི། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ཏེ། ཛཿཧཱུྃ་བཾ་ཧོཿ ཞེས་བྱ་བའི་སྔགས་ཀྱིས་དགུག་པ་ལ་སོགས་པ་བྱའོ། །དེ་བཞིན་དུ་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། དབང་བསྐུར་བ་དང༌། ཐིག་ལེ་དང༌། ཕྲོ་མོ་དང༌། བཟླས་པ་ལ་སོགས་པ་བསྒོམ་པར་བྱའོ། །སངས་རྒྱས་ཀུན་གྱིས་ཕྱག་བྱས་པ། །སྔགས་མཆོག་འདི་ནི་གཙོ་བོ་སྟེ། །བཟང་པོ་བརྗོད་པས་གྲུབ་འགྱུར་བ། །རྡོ་རྗེ་གུར་ལས་གསུངས་པའོ། །འདིར་སྔགས་འདི་ཉེ་བར་སྤྱོད་པ་ནི། སྔགས་འདིས་གོས་ཀྱི་ཐུ་བ་ནས་བཟུང་སྟེ་ལན་བདུན་བསྔགས་ལ་མདུད་པ་བྱས་ཏེ། འཇིགས་པ་དང་བཅས་པའི་ས་གང་དུ་འགྲོ་བ་ཡང་འཇིགས་པར་མི་འགྱུར་རོ། །སྟག་དང༌། རྐུན་མ་དང༌། ཆུ་སྲིན་དང༌། སེང་གེ་དང༌། སྦྲུལ་དང༌། གླང་པོ་དང༌། མ་ཧེ་དང༌། དྲེད་དང༌། རྟ་ལ་སོགས་པས་ཀྱང་གནོད་པར་མི་བྱེད་དོ། །དེ་བཞིན་དུ་སྔགས་འདིས་ཨུཏྤལ་ལ་བརྒྱ་རྩ་བརྒྱད་སྦྱིན་སྲེག་བྱས་ན་གང་འདོད་པ་དབང་དུ་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀི་མེ་བ་ཤ་མ་ནཱ་ཡ་སྭཱ་ཧཱ། དེ་བཞིན་དུ་སྔགས་འདིས་ཁའི་སྒྲོ་ལ་ལན་སུམ་ཅུ་རྩ་གཉིས་བསྔགས་ལ། དགྲ་བོའི་ཁང་པར་སྦས་ནས། ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཙལ་པྲ་ཙལ་ཤཱི་གྷྲཾ་གཱ་མི་ནི་དེ་བ་དཏྟྃ་ཨུཙྪ་ཊ་ཡ་ཧཱུྃ་ཕཊ་ཅེས་བྱ་བ་ནི་བསྐྲད་པའི་ཆོ་གའོ། །དེ་བཞིན་དུ་སྦྱོར་བ་གཞན་ཡང་ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་ཨ་བྷཱི་དྷཱ་ནཾ། ཀུ་མ་རི་མ་ཧྱ་མ་ད་བཱ་ཧེ་ན། ཏ་སྱཿབི་ཏ་པྲ་ཡཙྪ་ཏུ་སྭཱ་ཧཱ། མྱོས་བྱེད་གཏུམ་པའི་ས་བོན་དང༌། །དེ་བཞིན་སྨྱོ་བྱེད་འབྲས་བུ་དང༌། །མྱ་ངན་མེད་པའི་མེ་ཏོག་འདབ། །སྟོང་ཕྲག་ལྔ་ནི་སྦྱིན་སྲེག་བྱ། །མར་དང་སྦྲང་རྩི་བུ་རམ་གྱིས། །སྦྱིན་སྲེག་བུ་མོ་འགྲུབ་ལ་བསྔགས། །དེ་ནས་ཞག་
བདུན་སྦྱོར་བ་ཡིས། །རང་འདོད་བུ་མོ་ཐོབ་པར་འགྱུར། །དེ་ནས་སྦྱོར་བ་གཞན་པ་ཡང༌། །ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨ་མུ་ཀཱ་བྷཱི་དྷཱ་ནཱཾ། སྭཱ་སྠཱན་ཏ་ཨཱ་ཀརྵ་ཡ་མ་མཱ་ན་ཏི་ཀེ་ཛཿཞེས་བྱ་བའི་སྔགས་འདིས་རྒྱ་ཤུག་གི་ཚེར་མ་སྟོང་ཕྲག་ལྔ་རང་བྱུང་གི་མེ་ཏོག་ལ་བསྔགས་ཤིང་སྦྱིན་སྲེག་བྱས་ན་འདིས་ནི་རྒྱལ་པོའི་བུ་མོ་ཡང་འགུག་པར་བྱེད་དོ། །དེ་ནས་གཞན་ཡང་སྦྱོར་བ་ནི་འདི་ཡིན་ཏེ། རང་བྱུང་གི་མེ་ཏོག་གིས་བསྐུས་པའི་རས་ལ། བཅོམ་ལྡན་འདས་ཞལ་གཅིག་ཕྱག་གཉིས་མ། ལྕགས་ཀྱུ་དང༌། ཨུཏྤ་ལའི་ཞགས་པ་ཕྱག་ན་བསྣམས་པ་བྲིས་ལ། དེའི་མདུན་དུ། ལྷ་རྫས་མེ་ཏོག་བཟང་པོ་འདི། །ཞེས་བྱ་བ་ལ་སོགས་པས་མཆོད་པ་བྱས་ལ། བསྒོམ་པ་དང་ལྡན་པས་བཟླས་པ་བྱའོ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་མ་མེ་པ་ཙི་ཏཾ་སྭ་བྣཾ་ཀ་ཐཱ་ཡ་ཧཱུྃ་ཕཊ། སྟོང་ཕྲག་ལྔ་བཟླས་པས་འོང་བར་འགྱུར་རོ། །ཞགས་པས་སྐེ་ནས་བཅིངས་ཏེ་ལྕགས་ཀྱུས་ཕུག་ལ་རྐང་པ་གཉིས་ནས་ཨུཏྤ་ལ་ཡིས་བཅིངས་ཏེ་བསྒྲུབ་བྱ་མདུན་དུ་བཀུག་སྟེ། རྐང་པའི་འོག་ཏུ་བསམས་ལ་བྲན་མོའི་གཟུགས་ཀྱིས་ལོངས་སྤྱད་པར་བྱ། དེ་ནས་སྦྱོར་བ་གཞན་ཡང་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་བསྔགས་པ་སྟེ། བདག་ཉིད་ཀྱི་མིག་གཉིས་བྱུགས་ལ་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན། རྒྱལ་པོ་དང་བཅས་པས་བླ་མར་བྱེད་ཅིང་གཅིག་ཏུ་དབང་དུ་བྱེད་པར་འགྱུར་རོ། །དེ་ནས་གཞན་ཡང་སྦྱོར་བ་ནི་སྒྲོལ་མའི་གཟུངས་བརྒྱ་རྩ་བརྒྱད་བརྗོད་ལ། སྦྲུལ་གྱི་རྒྱལ་པོ་མགོ་བོ་གཉིས་པའི་མགོ་ཐལ་བར་བྱ་སྟེ། བ་དམར་མོའི་མར་ལ་ཨརྐའི་སྤྲ་བ་ལ་སྡོང་བུ་བྱས་ཏེ་མེ་སྦར་ལ་དུད་པ་བསག་པར་བྱའོ། །དུད་པ་དེ་དང་རྡོ་རྗེ་ཉི་མ་དང༌། རྡོ་རྗེ་ཆོས་གཉིས་དང་བསྲེས་ཤིང་མཉེས་ལ་རྟ་མཆོག་གིས་བདུག་པར་བྱའོ། །དེ་ནས་ཐལ་བ་དང་ལྷན་ཅིག་ཏུ་མིག་ལ་བསྐུས་ན་གང་རྡོ་རྗེ་མིག་གིས་བལྟས་པ་དེ། པདྨ་གར་དབང་འཛག་པར་འགྱུར་རོ། །དེ་ལྟར་མ་གྱུར་ན་བདག་ཉིད་སྒྲོལ་མས་བཅོམ་ལྡན་འདས་ངེས་པར་བགྲོངས་པ་ཡིན་ནོ། །དེ་ནས་སྦྱོར་བ་
གཞན་ཡང་ལྟོ་བའི་སྲིན་བུ་ལ་གཟུངས་ཀྱིས་ལན་བདུན་བསྔགས་པ་རྡོ་རྗེ་ཆོས་དང་ལྷན་ཅིག་ཏུ་བྱས་ལ། སོ་རྩི་དང་སྦྱར་ལ་སྦྱིན་ནོ། །དེ་ལོངས་སྤྱོད་ན་སྦྱོར་བའི་མཆོག་འདིས་རང་གི་ཆུང་མ་བཞིན་དུ་གཏོང་བར་མི་འགྱུར་རོ། །དེ་ནས་སྦྱོར་བ་གཞན་ཡང་འདི་ཡིན་ཏེ། སོ་མ་སྐྱེས་པའི་བུ་ཆུང་གི་ལྕེ་བླངས་ལ་སྒྲོལ་མའི་གཟུངས་ཀྱིས་ལན་བདུན་བསྔགས་ལ་བྷྲྀངྒ་རཱ་ཛ་དང༌། གིའུ་ཝང་དང་གཅིག་ཏུ་བྱས་ཏེ་དཔྲལ་བར་ཐིག་ལེ་བྱས་ཏེ་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ཞག་ཆེན་པོས་རང་གི་ལུས་ལ་བྱུགས་ཏེ་བསྒོམ་པ་དང་ལྡན་པས་སྒྲོལ་མའི་གཟུངས་ཁྲི་ཚོ་གཅིག་བཟླས་པར་བྱའོ། །བཟླས་པའི་མཐར་འབྲས་སཱ་ལུའི་ཟན་གྱིས་དྲིལ་ཕྱིས་བྱས་ལ་དྲིལ་ཕྱིས་དེ་བསྡུས་ཏེ་གང་ལ་བྱིན་པ་ཇི་སྲིད་འཚོའི་བར་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ཡང་ཟླ་བ་གཟས་ཟིན་པའི་དུས་སུ་སྒྲོལ་མའི་གཟུངས་བཟླས་ཤིང་སྔོན་དུ་བསྙེན་པ་བྱས་ན། དེ་ལས་བྱུང་བའི་སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཏུ་དུང་གི་ཕྱེ་མ་སྦྱོར་བར་བྱའོ། །དེ་གང་ལ་བྱིན་པ་དེ་ཇི་སྲིད་འཚོའི་བར་དུ་རྗེས་སུ་འཇུག་པར་འགྱུར་རོ། །སྦྱོར་བ་གཞན་ཡང་སྒྲོལ་མའི་གཟུངས་སྨྱོ་བྱེད་ཀྱི་འབྲས་བུ་ལ་ལན་བརྒྱ་རྩ་བརྒྱད་བསྔགས་ཏེ་འབྲས་བུ་དེ་དང༌། རྟ་མགྲིན་དང་ལྷན་ཅིག་ཏུ་གང་ལ་བྱུགས་པ་དེ་དབང་དུ་འགྱུར་རོ། །སྦྱོར་བ་གཞན་ནི། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་ཨ་མུ་ཀ་སྱ་བནྡྷ་ན་མུཀྟིཾ་ཀུ་རུ་སྭཱ་ཧཱ། སྔགས་འདིས་ཨརྐའི་འདབ་མ་ལ་བསྒྲུབ་བྱའི་མིང་བར་དུ་བཅུག་སྟེ་བྲིས་ལ། སྲིན་བུ་ཀ་ཀ་རུའི་ཁུང་བུར་བཅུག་སྟེ་སྦས་ན། བཅིངས་པ་ལས་གྲོལ་བར་འགྱུར་རོ། །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་རཀྟ་ཡ་མཱ་རི་སཱ་དྷ་ནཾ། བོད་སྐད་དུ། འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་པའི་ཐབས། འཕགས་པ་གཤིན་རྗེ་དམར་པོ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་བཞིན་དུ་སྡིག་པ་བཤགས་པ་ལ་སོགས་པ་སྔོན་དུ་འགྲོ་བས། སྟོང་
པ་ཉིད་དུ་རྣམ་པར་བསམས་ལ་ཨྃ་དམར་པོ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ་དམར་པོ་སྟེ་དེ་ཡོངས་སུ་གྱུར་པ་ལས་མགོ་བོ་རློན་པ་སེར་པོས་མཚན་པའི་དབྱུག་པ་དཀར་པོ་ལ་ཧཱུྃ་གིས་བྱིན་གྱིས་བརླབས་པ་བསྒོམ་པར་བྱའོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བདག་ཉིད་གཤིན་རྗེ་མཐར་བྱེད་དམར་པོ་ཞལ་གཅིག་པ། ཕྱག་གཉིས་པ། གཡོན་བརྐྱང་བའི་ཞབས་ཅན་ཁྲག་གིས་ཡོངས་སུ་བཀང་བའི་ཐོད་པ་གཡོན་ནའོ། །མགོ་བོ་རློན་པ་སེར་པོས་མཚན་པའི་དབྱུག་པ་ནི་གཡས་ནའོ། །ཀླུ་ཡིས་བརྒྱན་ཅིང་འཇིགས་པར་བྱེད་པ། སྐྲ་ཁམ་པ་གྱེན་དུ་བསྒྲེང་བ། སྟག་གི་ཤམ་ཐབས་ཅན་མི་བསྐྱོད་པས་དབུ་རྒྱན་པ་རང་འོད་ཀྱི་ཤེས་རབ་མ་ལ་འཁྱུད་ཅིང་མ་ཧིརྵའི་སྟེང་ན་སྣ་ཚོགས་ཀྱི་པདྨ་དང་ཉི་མ་ལ་གནས་པ་བསམ་པར་བྱའོ། །བཅོམ་ལྡན་འདས་མ་ཡང་ཞལ་གཅིག་མ། ཕྱག་གཉིས་མ་སྣ་ཚོགས་ཀྱི་རྒྱན་ཅན། གཡས་བརྐྱང་བའི་ཞབས་ཀྱིས་གནས་པ། མྱོས་བྱེད་ཀྱིས་མྱོས་ཤིང་འཛག་པ། སྟག་གི་ཤམ་ཐབས་ཅན། བཅོམ་ལྡན་འདས་མ་དང་ལྷན་ཅིག་ཏུ་ཁ་སྦྱོར་གྱི་སྦྱོར་བས་གཡོན་བརྐྱང་བའི་ཞབས་ཀྱིས་ཉེ་བར་གནས་པའོ། །དེ་ལྟར་རྣམ་པར་བསམས་ནས་སྙིང་གའི་ཉི་མ་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་མགོ་བོས་མཚན་པའི་དབྱུག་པ་དཀར་པོའི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་རྣམ་པར་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཧཱུྃ་ཡོངས་སུ་གྱུར་པ་ལས་རྡོ་རྗེའོ། །བཅོམ་ལྡན་འདས་མའི་ཨཿཡོངས་སུ་གྱུར་པ་ལས་པདྨ་རྣམ་པར་བསྒོམས་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲེ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ་ཞེས་བྱ་བས་ལྷག་པར་གནས་པར་བྱའོ། །དེའི་རྗེས་སུ་ལྟེ་བའི་འོག་ཏུ་པདྨ་དམར་པོ་འདབ་མ་བརྒྱད་པའི་སྟེང་དུ་ཧྲཱིཿཡིག་དམར་པོ་འབར་བར་བསམས་པར་བྱའོ། །དེ་ནས་ཨོཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་ཞེས་བྱ་བའི་སྔགས་ཀྱིས་ཡི་གེས་དམ་ཚིག་གི་རྫས་བསྟེན་པ་སྔོན་དུ་འགྲོ་བས་ཐུན་གཉིས་དང་གསུམ་དུ་བསྒོམ་པར་བྱའོ། །སྔགས་ཀྱི་བཟླས་པ་ནི་འདི་ལྟ་སྟེ། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་
ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཡ་མཱནྟ་ཀ་ཧཱུྃ་ཞེས་བྱ་བའོ། །འཕགས་པ་གཤིན་རྗེ་གཤེད་དམར་པོའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་པའོ། ༈ །རྒྱ་གར་སྐད་དུ། མ་ཧཱ་པྲ་ཏི་སཱ་ར་སཱ་དྷ་ནཾ། བོད་སྐད་དུ། སོ་སོར་འབྲང་བ་ཆེན་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་སོ་སོར་འབྲང་མ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ་ཨ་ལས་སྐྱེས་པའི་ཟླ་བའི་དཀྱིལ་འཁོར་ལ་པྲྃ་སེར་པོ་སྣ་ཚོགས་ཀྱི་འོད་ཟེར་སྤྲོས་པས་གཞན་གྱི་དོན་བྱས་ནས་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་སོ་སོ་འབྲང་བ་ཆེན་མོ་སྐད་ཅིག་གིས་བསྐྱེད་པར་བྱ་སྟེ། སེར་མོ་ཞལ་བཞི་པ་སྤྱན་གསུམ་པ། ཕྱག་བརྒྱད་མ་ཞལ་དང་པོ་སེར་པོ། གཡས་ཀྱི་ཞལ་དཀར་བ། ནུབ་ཕྱོགས་ཀྱི་ཞལ་སྔོ་བ། གཡོན་རབ་ཏུ་དམར་བའོ། །གཡས་པའི་ཕྱག་གཡས་རྣམས་ན་རལ་གྲི་དང༌། འཁོར་ལོ་དང༌། རྩེ་གསུམ་དང༌། མདའོ། །གཡོན་ན་དགྲ་སྟྭ་དང༌། གཞུ་དང༌། ཞགས་པ་དང༌། རྡོ་རྗེ་བསྣམས་པའི་ཕྱག་གོ །སྣ་ཚོགས་ཀྱི་པདྨ་དང་ཟླ་བའི་གདན་ལ་འགྱིང་བག་གིས་རྣམ་པར་གནོན་ཅིང་ཡང་དག་པར་གནས་པའོ། །འོད་ཀྱི་དཀྱིལ་འཁོར་དམར་པོ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན་པའོ། །སྣ་ཚོགས་ཀྱི་ན་བཟའ་མནབས་པ། གོས་ཀྱི་སྟོད་གཡོགས་བྱས་པ། རིན་པོ་ཆེ་སྣ་ཚོགས་ཀྱི་དབུ་རྒྱན་ཅན། དེ་ལྟར་རྣམ་པར་བསམས་ལ། སྐུ་དང་གསུང་དང་ཐུགས་རྣམས་སུ་ཟླ་བ་ལ་གནས་པའི་ཨོཾ་ཨཱཿཧཱུྃ་དཀར་པོ་དང༌། སེར་པོ་དང༌། སྔོན་པོའི་ཡི་གེ་རྣམ་པར་བསྒོམ་མོ། །དེ་ནས་ནུ་མའི་བར་དུ་ཟླ་བ་ལ་གནས་པའི་པྲྃ་ཡིག་རྣམ་པར་བསམས་ལ། རྣམ་པ་སྣ་ཚོགས་པ་ལྷ་མོ་རྣམས་ཀྱིས་བདག་ཉིད་ལ་མཆོད་པར་བལྟ་ཞིང༌། སྤྲོ་བ་དང་བསྡུ་བས་ཇི་སྲིད་དུ་སྐྱོ་བར་མ་གྱུར་པ་དེ་སྲིད་དུ་བསྒོམ་པར་བྱའོ། །སྐྱོ་བར་གྱུར་ན་རང་གི་སྙིང་གའི་ཟླ་བ་ལ་སྔགས་མུ་ཏིག་གི་ཕྲེང་བའི་རྣམ་པར་བལྟས་ལ་བཟླས་པ་བྱའོ། །ཨོཾ་མ་ཎི་དྷ་རི་བཛྲཱེ་ཎི་
མ་ཧཱ་པྲ་ཏི་སཱ་རེ་སྭཱ་ཧཱ་ཞེས་བྱ་བ་ནི་སྔགས་སོ། །སོ་སོ་འབྲང་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། ཨུཥྞཱི་ཥ་བི་ཛ་ཡཱ་སཱ་དྷ་ནཾ། བོད་སྐད་དུ། གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས། གཙུག་ཏོར་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་ཟླ་བ་ལ་བྷྲཱུྃ་དཀར་པོ་ཡོངས་སུ་གྱུར་པ་ལས་ཞལ་གསུམ་སྤྱན་གསུམ་མ། ལང་ཚོ་གསར་ལ་བབ་པ། ལྷ་རྫས་ཀྱི་རྒྱན་དང་ན་བཟའ་དང་ལྡན་པ། ཕྱག་བརྒྱད་པའི་གཙུག་ཏོར་རྣམ་པར་རྒྱལ་མ་བསམ་པར་བྱའོ། །སེར་པོ་དང་ནག་པོ་ནི་གཡས་པ་དང་གཅིག་ཤོས་ཀྱི་ཞལ་ལོ། །གཡས་ཀྱི་ཕྱག་བཞི་རྣམས་སུ་སྣ་ཚོགས་ཀྱི་རྡོ་རྗེ་དང༌། པདྨ་ལ་གནས་པའི་སངས་རྒྱས་ཀྱི་སྐུ་དང༌། མདའ་དང༌། མཆོག་སྦྱིན་མའོ། །གཡོན་གྱི་ཕྱག་བཞི་རྣམས་སུ་གཞུ་དང༌། སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། མི་འཇིགས་པའི་ཕྱག་རྒྱ་དང༌། བུམ་པ་གང་བའོ། །མཆོད་རྟེན་གྱི་ཕུག་གི་ཁོང་ན་གནས་པར་བསྐྱེད་ལ། པདྨ་ལ་གནས་པའི་ས་བོན་སྙིང་གར་བསམ་པར་བྱའོ། །དེའི་རྗེས་སུ་སྤྱི་བོ་དང༌། དཔྲལ་བ་དང༌། མགྲིན་པ་དང༌། ལྟེ་བ་དང༌། རྐང་པ་རྣམས་སུ་གོ་རིམ་བཞིན་དུ་ཧཱུྃ་ཏྲཱྃ་ཧྲཱིཿཨཾ་ཨཿཞེས་བྱ་བའི་ཡི་གེའི་རྣམ་པར་བསམ་པར་བྱའོ། །ཨོཾ་བྷཱུཾ་སྭཱ་ཧཱ། བཟླས་པའི་སྔགས་སོ། །གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་མ་ཧཱ་མཱ་ཡུ་རཱི་སཱ་དྷ་ནཾ། བོད་སྐད་དུ། འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས། འཕགས་མ་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །སྔོན་གྱི་དེ་ཁོ་ན་བཞིན་དུ་བྱས་ལ། སྟོང་པ་ཉིད་བསྒོམས་པའི་རྗེས་སུ་སྣ་ཚོགས་ཀྱི་པདྨ་དང་ཟླ་བ་ལ་མྃ་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་འཕགས་མ་རྨ་བྱ་ཆེན་མོ་མདོག་ལྗང་གུ་ཞལ་གསུམ་མ། ཕྱག་དྲུག་མ།
ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །ནག་པོ་དང་དཀར་པོ་ནི་གཡས་དང་གཅིག་ཤོས་ཀྱི་ཞལ་ལོ། །གཡས་པའི་ཕྱག་གསུམ་རྣམས་སུ་གོ་རིམ་བཞིན་དུ་རྨ་བྱའི་གཞུག་སྒྲོ་དང༌། མདའ་དང༌། མཆོག་སྦྱིན་པའོ། །དེ་བཞིན་དུ་གཡོན་པའི་ཕྱག་གསུམ་རྣམས་སུ་རིན་པོ་ཆེའི་རྔ་ཡབ་དང༌། གཞུ་དང༌། འཇོང་བར་བཀན་ནས་གནས་པ་ལ་བུམ་པའོ། །སྣ་ཚོགས་ཀྱི་རྒྱན་དང་གོས་འཆང་བ། སྒེག་ཅིང་ལང་ཚོ་ལ་བབ་པའི་ཆ་ལུགས་ཅན། ཟླ་བའི་གདན་དང་ཟླ་བའི་རྒྱབ་རྟེན་ཅན། སྐྱིལ་ཀྲུང་ཕྱེད་མ་ཅན། དོན་ཡོད་གྲུབ་པས་དབུ་རྒྱན་བྱས་པ། སྐད་ཅིག་གིས་བདག་ཉིད་ཡོངས་སུ་རྫོགས་པར་བྱས་ལ། དེའི་སྤྱི་བོ་དང༌། མགྲིན་པ་དང༌། སྙིང་ག་དང༌། ལྟེ་བ་དང༌། ཟླ་བ་ལ་གནས་པ་ཇི་ལྟ་བའི་གོ་རིམ་བཞིན་དུ་ཨོཾ་ཨཱཿམཱྃ་ཧཱུྃ་ཞེས་བྱ་བའི་ཡི་གེ་བཞི་བསྒོམས་ལ་སྤྲོ་པར་བྱའོ། །དེ་ནས་སྐྱོ་ན་སྔགས་བཟླ་བར་བྱའོ། །འདི་ལྟ་སྟེ། ཨོཾ་མ་ཧཱ་མཱ་ཡུ་རཱི་བིདྱཱ་རཱ་ཛྙཱི་ཧཱུྃ་ཧཱུྃ་ཕཊ་ཕཊ་ཅེས་བྱའོ། །འཕགས་མ་རྨ་བྱ་ཆེན་མོའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མ་ཧཱ་ས་ཧཱ་པྲ་མརྡི་ན་སཱ་དྷ་ནཾ། བོད་སྐ་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་མ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལ་ཕྱག་འཚལ་ལོ། །སྔོན་བཞིན་ཁོ་ནར་ཐམས་ཅད་བྱས་ལ། སྟོང་པ་ཉིད་ཀྱི་རྗེས་སུ་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དཀར་མོ་ཞལ་གཅིག་མ། ཕྱག་དྲུག་མ། གཡས་པའི་ཕྱག་གསུམ་རྣམས་སུ་གོ་རིམ་ཇི་ལྟ་བར་རལ་གྲི་དང༌། མདའ་དང་མཆོག་སྦྱིན་པའོ། །གཡོན་པའི་ཕྱག་གསུམ་རྣམས་སུ་གཞུ་དང༌། ཞགས་པ་དང་དགྲ་སྟྭའོ། །སྣ་ཚོགས་པའི་ཆ་ལུགས་ཀྱི་ན་བཟའ་དང༌། རྒྱན་དང༌། དབུ་རྒྱན་དང༌། ལང་ཚོ་ལ་བབས་པའི་གཟུགས་སྒེག་པ་ལ་སོགས་པའི་ཡོན་ཏན་ཅན་རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། བྲུྃ་གྱི་ས་བོན་ལས་བྱུང་བའི་ཟླ་བའི་གདན་དང་ཟླ་བའི་རྒྱབ་རྟེན་ཅན་ནོ། །ཨོཾ་བྲུྃ་
ཞེས་པའི་སྔགས་བརྗོད་པར་བྱའོ། །འཕགས་མ་སྟོང་ཆེན་མོ་རབ་ཏུ་འཇོམས་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། མ་ཧཱ་མནྡཱ་ཨ་ནུ་དྷཱ་རི་ཎི་སཱ་དྷ་ནཾ། བོད་སྐད་དུ། གསང་སྔགས་རྗེས་སུ་འཛིན་མ་ཆེན་མོའི་སྒྲུབ་ཐབས། འཕགས་མ་གསང་སྔགས་རྗེས་སུ་འཛིན་མ་ལ་ཕྱག་འཚལ་ལོ། །གསང་སྔགས་རྗེས་སུ་འཛིན་མ་ཞལ་གཅིག་མ། ཕྱག་བཞི་མ་ནག་མོ། གཡས་ཀྱི་ཕྱག་གཉིས་ན་ཇི་ལྟ་བུའི་སྦྱོར་བས་རྡོ་རྗེ་དང༌། མཆོག་སྦྱིན་པའི་ཕྱག་གོ །གཡོན་པའི་ཕྱག་གཉིས་ན་དགྲ་སྟྭ་དང་ཞགས་པའོ། །ཧཱུྃ་གི་ས་བོན་ཅན་མི་བསྐྱོད་པའི་དབུ་རྒྱན་དང་ལྡན་པ། ཉི་མའི་གདན་དང༌། རྒྱབ་རྟེན་ལ་སོགས་པ་དང་ལྡན་པ་སྔོན་བཞིན་ནོ། །གསང་སྔགས་ཆེན་མོ་རྗེས་སུ་འཛིན་མའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། མ་ཧཱ་ཤཱི་ཏ་བ་ཏཱི་སཱ་དྷ་ནཾ། བོད་སྐད་དུ། བསིལ་བའི་ཚལ་ཆེན་མོའི་སྒྲུབ་པའི་ཐབས། འཕགས་མ་བསིལ་བའི་ཚལ་ཆེན་མོ་ལ་ཕྱག་འཚལ་ལོ། །བསིལ་བའི་ཚལ་ཆེན་མོ་ཞལ་གཅིག་མ། ཕྱག་བཞི་པ་མདོག་དམར་བ། གཡས་པའི་ཕྱག་གཉིས་ན་ཕྲེང་བ་དང༌། མཆོག་སྦྱིན་པའི་ཕྱག་རྒྱའོ། །གཡོན་པའི་ཕྱག་གཉིས་ན་རྡོ་རྗེ་ལྕགས་ཀྱུ་དང༌། སྙིང་གར་གནས་པའི་པོ་ཏི་ཕྱག་ནའོ། །ཛྲྀཾ་གི་ས་བོན་ནོ། འོད་དཔག་མེད་པའི་དབུ་རྒྱན་ཅན། སྐྱིལ་ཀྲུང་ཕྱེད་དང༌། ན་བཟའ་དང་རྒྱན་ལ་སོགས་པ་དང༌། ཉི་མའི་རྒྱབ་རྟེན་དང་གདན་དང་ལྡན་པའོ། །བཟླས་པའི་སྔགས་ནི། ཨོཾ་ཛྲྀཾ་སྭཱ་ཧཱ། བཟླའོ། །འཕགས་མ་བསིལ་བའི་ཚལ་ཆེན་མོའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མ་ཧཱ་པྲ་ཏྱཾ་གཱི་ར་སཱ་དྷ་ནཾ། བོད་སྐད་དུ། ཕྱིར་ཟློག་མ་ཆེན་མོའི་སྒྲུབ་ཐབས།
འཕགས་མ་ཕྱིར་ཟློག་མ་ཆེན་མོ་ལ་ཕྱག་འཚལ་ལོ། །ཕྱིར་ཟློག་མ་ཆེན་མོ་ནག་མོ་ཞལ་གཅིག་ཕྱག་དྲུག་མར་འདོད་དོ། །རལ་གྲི་དང༌། ལྕགས་ཀྱུ་དང༌། མཆོག་སྦྱིན་པ་ནི་གཡས་ཀྱི་ཕྱག་གོ །པདྨ་དམར་པོ་དང༌། རྩེ་གསུམ་དང༌། སྙིང་གར་གནས་པའི་ཞགས་པ་དང་བཅས་པའི་སྡིགས་མཛུབ་དང་ལྡན་པ་ནི་གཡོན་པའི་ཕྱག་གོ །ས་བོན་ནི་ཧཱུྃ་ངོ༌། །མི་བསྐྱོད་པས་དབུ་བརྒྱན་པའོ། །ལྷ་རྫས་ཀྱི་ན་བཟའ་དང༌། རྒྱན་དང་ལྡན་པའི་རྣལ་འབྱོར་མ་ཞེས་བྱ་བ་ལ་སོགས་པའོ། །ཨོཾ་ཧཱུྃ་སྭཱ་ཧཱ། བཟླས་པའི་སྔགས་སོ། །ཕྱིར་ཟློག་པ་ཆེན་མོའི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། དྷཱ་ཛ་ཨ་གྲ་ཀེ་ཡཱུ་ར་སཱ་དྷ་ནཾ། བོད་སྐད་དུ། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས། རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ལ་ཕྱག་འཚལ་ལོ། །རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ནག་མོ་ཞལ་གསུམ་ཕྱག་བཞི་མ། གཡས་ཀྱི་ཞལ་དམར་པ། གཡོན་གྱི་ཞལ་ལྗང་གུ། རལ་གྲི་དང་ཞགས་པ་ནི་གཡས་ཀྱི་ཕྱག་གཉིས་ནའོ། །རྡོ་རྗེས་མཚན་པའི་ཁ་ཊྭཱྃ་ག་དང༌། འཁོར་ལོ་ནི་གཡོན་གྱི་ཕྱག་གཉིས་ནའོ། །སྐྲ་ཁམ་པ་གྱེན་དུ་འགྲེང་མ། ཐོད་པ་སྐམ་པོ་ལྔའི་ཕྲེང་བས་མགོ་ལ་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞལ་མཆེ་བ་རྣམ་པར་གཙིགས་པ། ལྟོ་བ་འཕྱང་བ། ཉི་མའི་འོད་དང་ཟླ་བའི་གདན་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ། ན་བཟའ་སེར་པོའི་ཤ་འགག་ཅན། ས་བོན་ནི་ཧཱུྃ་སྟེ་མི་བསྐྱོད་པའི་དབུ་རྒྱན་ཅན། འགྲོ་བའི་དོན་དུ་བསྒོམ་པར་བྱའོ། །ཨོཾ་ཧཱུྃ་སྭཱ་ཧཱ། བཟླས་པའི་སྔགས་སོ། །རྒྱལ་མཚན་རྩེ་མའི་དཔུང་རྒྱན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཨ་པ་རཱ་ཛི་ཏ་སཱ་དྷ་ནཾ། བོད་སྐད་དུ། རྣམ་པར་རྒྱལ་མའི་སྒྲུབ་པའི་ཐབས། འཕགས་མ་ཁྲོས་མ་རྣམ་པར་རྒྱལ་མ་ལ་ཕྱག་འཚལ་ལོ། །
རྣམ་པར་རྒྱལ་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། ལྷ་རྫས་ཀྱི་རིན་པོ་ཆེ་སྣ་ཚོགས་ཀྱིས་མཛེས་མ། ཚོགས་བདག་རྣམ་པར་མནན་མ། གཡས་པ་ཐལ་མོ་སྦྱར་བའི་ཚུལ་བྱས་པའི་ཕྱག་གོ །གཡོན་ན་ཞགས་པ་དང་བཅས་པའི་སྡིགས་མཛུབ་སྙིང་གར་འཆང་བའི་ཕྱག་གོ །ཤིན་ཏུ་འཇིགས་པར་བྱེད་པའི་མཆེ་བ་གཙིགས་ཤིང་དྲག་པོའི་ཞལ་ཅན་མ། མ་ལུས་པའི་བདུད་འཇོམས་པ། ཚངས་པ་ལ་སོགས་པ་གདུག་ཅིང་མི་བཟད་པའི་རྣམ་པའི་ལྷ་རྣམས་ཀྱིས་བསྐོར་ཞིང༌། གདུགས་འཕྱར་ཞིང་བསླང་བའོ། །རྣམ་པར་རྒྱལ་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། བཛྲ་གནྡྷ་རཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་གནྡྷཱ་རཱིའི་སྒྲུབ་ཐབས། རྡོ་རྗེ་གནྡྷཱ་རཱི་ལ་ཕྱག་འཚལ་ལོ། །རྡོ་རྗེ་གནྡྷཱ་རཱི་ནི་ནག་མོ་ཞལ་དྲུག་མ། ཕྱག་བཅུ་གཉིས་མ། དབུ་སྐྲ་ཁམ་པ་གྱེན་དུ་འགྲེང་མ། གཡོན་བརྐྱང་བའི་ཞབས་ཅན། ཞལ་མཆེ་བ་གཙིགས་པ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །གཡས་པའི་ཕྱག་དྲུག་རྣམས་སུ་གོ་རིམ་ཇི་ལྟ་བས་རྡོ་རྗེ་དང་དྲིལ་བུ་དང༌། རལ་གྲི་དང༌། རྩེ་གསུམ་དང༌། མདའ་དང༌། སྲུང་བའི་འཁོར་ལོ། གཡོན་པའི་ཕྱག་དྲུག་རྣམས་སུ་ཁ་ཊྭཱཾ་ག་དང༌། ལྕགས་ཀྱུ་དང༌། གཞུ་དང༌། དགྲ་སྟྭ་དང༌། ཞགས་པ་དང༌། སྙིང་གར་སྡིགས་མཛུབ་བོ། །ཞལ་གཞན་ལྔའི་ཁ་དོག་ལྔ་སྟེ། སྣ་ཚོགས་ཀྱི་པདྨ་དང་ཉི་མའི་གདན་ལའོ། །ཡང་གཟུངས་ནི་འདི་ཡིན་ཏེ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཙཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བྷ་ག་བ་ཏཱི་མཧཱ་བཛྲ་གནྡྷ་རཱི་ཨ་ནེ་ཀ་ཤ་ཏ་ས་ཧ་སྲ། པྲ་ཛྭ་ལི་ཏ་དཱི་པ་ཏེ་ཧེ་ཛཱ་ཡཻ། ཨུ་གྲ་བྷི་མ་བྷ་ཡ་ན་ཀཱ་ཡེ། ཡོ་གཱི་ནི་ཡེ་བྷིཥྨ་བྷ་གི་ནཱི་ཡཻ། དྭ་ད་ཤ་བྷུ་ཛཱ་ཡཻ། བྷི་ཀཱིརྞ་ཀཻ་ཤཱི་ཡཻ། ཨ་ཎེ་ཀ་རཱུ་པ་བི་བི་དྷ་བེ། སདྷ་རི་ཎཱི་ཡཻ། ཨེཧྱེ་ཧི་བྷ་ག་བ་ཏཱི་མཧཱ་གནྡྷ་རཱི། ཏྲཱ་ཡ་ཎཱཾ་རཏྣཱ་ནཱཾ་སདྱེ་ན། ཨ་ཀཌྜྷྱ་ཨ་ཀཌྜྷྱ། བ་ལ་དེ་བཱ་དི་ཀཾ ཡེ་ཙ་ནྱེ་ས་མ་ཡེ་ན་ཏིཥྛ་ན་ཏི། ཏཱ་ནཱ་བརྟ་ཡི་ཥྱཱ་མི། སཱི་གྷྲཾ། གྲྀཧྞ་གྲྀཧྞ། ཨོཾ་ཨ་ལ་ཨ་
ལ། ཧུ་ལུ་ཧུ་ལུ། མུ་ལུ་མུ་ལུ། ཙུ་ལུ་ཙུ་ལུ། དྷ་མ་དྷ་མ། རདྒ་རདྒ། རདྒ་པ་ཡ། རདྒཱ་པ་ཡ། པཱུ་ར་ཡ་པཱུ་ར་ཡ། ཨཱ་བི་ཤ་ཨཱ་བི་ཤ། བྷ་ག་བ་ཏཱི། མཧཱ་བཛྲ་གནྡྷ་རཱི། སིདྡྷ་ཙཎྜ། བཛྲ་པཱ་ཎི་རཱཛྙཱ་པ་ཡ་ཏི་ཧྲཱིཿཧ་ཧཿཧཱུྃ་ཕཊ་སྭཱ་ཧཱ། འདིའི་ལས་ཀྱི་ཚོགས་ཀྱིས་ནི་སྣ་ཚོགས་རྣམ་པ་མང་པོ་བྱེད་དོ། །རྡོ་རྗེ་གནྡྷ་རཱིའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། ཤྲཱི་མ་ཧཱ་ཀཱ་ལ་སཱ་དྷ་ནཾ། བོད་སྐད་དུ། དཔལ་མགོན་པོ་ནག་པོའི་སྒྲུབ་པའི་ཐབས། དཔལ་མགོན་པོ་ནག་པོ་ལ་ཕྱག་འཚལ་ལོ། །དེ་ཁོ་ན་བཞིན་དུ་སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་ལ། དེའི་རྗེས་སུ་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུྃ་ནག་པོའོ། །དེ་ཉིད་ཡོངས་སུ་གྱུར་པའི་དཔལ་མགོན་པོ་ནག་པོ་རྗེ་བཙུན་ཞལ་གཅིག་ཕྱག་གཉིས་པ་མདོག་ནག་པོ་སྤྱན་གསུམ་འབར་ཞིང་ཆེ་བའི་གྲི་གུག་དང་ཐོད་པ་གཡས་པ་དང་གཡོན་པའི་ཕྱག་ན་བསྣམས་པ། མགོའི་ཕྲེང་བས་བརྒྱན་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། ཡན་ལག་ལ་དོ་ཤལ་ཅན་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། སྦྲུལ་གྱིས་ཡན་ལག་ཐམས་ཅད་བརྒྱན་པ། གཟུགས་ཐུང་བ། ཁ་ནས་ཁྲག་འཛག་པའི་བདག་ཉིད་དུ་སྐད་ཅིག་གིས་རྫོགས་པར་བྱས་ལ། སྔགས་བཟླས་པར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། དུག་དང་ཁྲག་དང༌། སྒོག་པ་དང༌། ཡུངས་ཀར་གྱིས་ནག་པོ་ཆེན་པོ་ལ་བདུག་སྤོས་བྱིན་ལ། མོན་སྲན་གྲེའུ་དང༌། འབྲས་བསྲེས་པའི་ཟན་དང་ཆང་དང༌། མེ་ཏོག་དང༌། བདུག་སྤོས་དང༌། བྱུག་པ་དང༌། ཤ་རྣམ་པ་ལྔ་དང༌། བདུད་རྩི་ནག་པོ་ཆེན་པོ་ལ་གཏོར་མ་སྔགས་འདིས་སྦྱིན་པར་བྱའོ། །འདི་ལྟ་སྟེ། ཨོཾ་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ། ཨ་ཡཾ་ཨི་དཾ་རཏྣ་ཏྲཱ་ཡ། ཨ་པ་ཀཱ་རི་ཎཾ། ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྛཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན།
ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་མཱ་ར་ཡ། ཧཱུྃ་ཧཱུྃ་ཕཊ་ཕཊ། དེ་ལ་འདིའི་ཉེ་བར་སྤྱོད་པ་ནི་ཚ་བ་གསུམ་གྱིས་བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། ལུས་ལ་ཚེར་མས་བཀང་ལ་དུག་དང༌། སྐེ་ཚེས་ཆོ་ག་བཞིན་དུ་བྱུགས་ལ། མེ་ལ་གདུང་བར་བྱའོ། །གང་གི་མིང་ནས་གཟུང་བ་དེ་དེའི་དུས་དེ་ཉིད་དུ་མི་སྣང་ཞིང་ཉམས་པར་འགྱུར་རོ། །དེ་བཞིན་དུ། གང་ཡང་རྟག་ཏུ་སློབ་དཔོན་དང༌། །དཀོན་མཆོག་གསུམ་ལ་གནོད་པ་དང༌། །སེམས་ཅན་མང་ལ་འཚེ་བྱེད་པ། །ནག་པོ་ཆེན་པོས་ཟ་བར་འགྱུར། །དེ་ཡི་ཡན་ལག་ཤ་བཅད་ཅིང༌། །ཁྲག་ཀྱང་རབ་ཏུ་འཐུང་བར་འགྱུར། །དེ་བཞིན་མགོ་སྟེང་གནས་ནས་ནི། །ཏིལ་འབྲུའི་ཚད་ཙམ་གཅོད་པར་བྱེད། །ཅེས་བྱ་བ་ལ་སོགས་པ་རྟོགས་པར་བྱའོ། །དཔལ་མགོན་པོ་ནག་པོའི་སྒྲུབ་ཐབས། བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། བཛྲ་སྲྀཾ་ཁ་ལཱ་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་པའི་ཐབས། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ་ཧཱུྃ་ལྗང་གུའི་ཡི་གེ་ལས་ངེས་པར་རྫོགས་པའི་རྡོ་རྗེ་ལྕགས་སྒྲོག་མ་ཞལ་གསུམ་ཕྱག་དྲུག་མ། སྔོན་པོ་དང་དཀར་པོ་ནི་གཡས་དང༌། གཅིག་ཤོས་ཀྱི་ཞལ་ལོ། །ཞལ་རེ་རེ་ལ་སྤྱན་གསུམ་གསུམ་མོ། །རྡོ་རྗེ་དང་རྡོ་རྗེ་ལྕགས་སྒྲོག་དང༌། མདའ་ནི་གཡས་ཀྱི་ཕྱག་གསུམ་ནའོ། །སྡིགས་མཛུབ་དང༌། ཞགས་པ་དང༌། གཞུ་ནི་གཡོན་གྱི་ཕྱག་གསུམ་ནའོ། །མདོག་ལྗང་སེར་ཞལ་ཅུང་ཞིག་བཞད་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གདུག་པ་ཅན་གྱི་སེམས་ཅན་འདུལ་བའི་བདག་ཉིད་དུ་བསམས་ལ། ཕྱག་རྒྱ་བཅིང་བར་བྱ་སྟེ། དེ་ལ་ལག་པ་གཉིས་སོ་སོར་ཁུ་ཚུར་བཅིངས་ནས། མཐེའུ་ཆུང་དང་སྡིགས་མཛུབ་གཉིས་ལྕགས་སྒྲོག་གི་རྣམ་པ་ཅན་དུ་བཅིང་བར་བྱ་བ་ནི་རྡོ་རྗེ་ལྕགས་
སྒྲོག་གི་ཕྱག་རྒྱའོ། །དེ་ནས་བཟླས་པ་ནི། ཨོཾ་བཛྲ་སྲྀཾ་ཁ་ལེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བྱའོ། །རྡོ་རྗེ་ལྕགས་སྒྲོག་གི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། མ་ཧཱ་བ་ལ་སཱ་དྷ་ནཾ། བོད་སྐད་དུ། སྟོབས་པོ་ཆེའི་སྒྲུབ་ཐབས། བཅོམ་ལྡན་འདས་སྟོབས་པོ་ཆེ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་དུ་བསྒོམས་པའི་རྗེས་སུ་པདྨ་དཀར་པོ་དང༌། ཉི་མ་ལ་ཧཱུྃ་ལས་བསྐྱེད་པའི་སྟོབས་པོ་ཆེ་ཞལ་གཅིག་ཕྱག་བཞི་པ། ཡན་ལག་ཐམས་ཅད་དམར་པོ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། སྦྲུལ་གྱིས་བཅིངས་པ། ཕྱག་གཡས་ཀྱི་དང་པོ་ན་དབྱུག་པ་དཀར་པོ་བསྣམས་པ། གཡས་ཀྱི་གཉིས་པ་ན་རྔ་ཡབ་དཀར་པོ་བསྣམས་པ། ཕྱག་གཡོན་གྱི་དང་པོ་ན་ཕྱག་འཚལ་བའི་ཚུལ་དུ་བྱེད་པའི་ཕྱག་གོ །གཡོན་གྱི་ཕྱག་གཉིས་པ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པའོ། །སྟག་གི་པགས་པའི་ཤམ་ཐབས་ཅན། སྦྲུལ་གྱི་རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་མཛེས་པ། གཡོན་བརྐྱང་བའི་ཞབས་ཅན། ཞལ་མཆེ་བ་གཙིགས་པ་ཉི་མའི་དཀྱིལ་འཁོར་འོད་ཀྱི་ཕྲེང་བ་དང་ལྡན་པ། དམ་ཚིག་སེམས་དཔར་བདག་ཉིད་རྫོགས་པར་བྱས་ལ། ཡེ་ཤེས་སེམས་དཔའ་དང་གཅིག་ཏུ་བྱས་ལ། འོད་དཔག་མེད་པས་དབུ་བརྒྱན་པར་བསམ་པར་བྱའོ། །དེ་ནས་སྔགས་བཟླས་པར་བྱའོ། །འདི་ལྟ་སྟེ། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ་ཞེས་བྱའོ། །སྟོབས་པོ་ཆེའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། སི་ཏཱ་ཏ་པ་ཏྲཻ་ནཱ་མ་ཨ་པ་རཱ་ཛི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཞེས་བྱ་བའི་སྒྲུབ་ཐབས། འཕགས་མ་གདུགས་དཀར་མོ་ཅན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལ། ཨོཾ་གྱི་ས་བོན་དཀར་པོ་ལས་ཡོངས་སུ་རྫོགས་པའི་
གཞན་གྱིས་མི་ཐུབ་པ་གདུགས་དཀར་མོ་ཅན་ཞེས་བྱ་བ་ཞལ་གསུམ་པ། ཕྱག་དྲུག་མ། ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །ཡན་ལག་ཐམས་ཅད་དང་རྩ་བའི་ཞལ་ནི་དཀར་པོའོ། །སྔོན་པོ་དང་དམར་པོ་ནི་གཡོན་པ་དང་གཡས་ཀྱི་ཞལ་ལོ། །འཁོར་ལོ་དང་ལྕགས་ཀྱུ་དང་གཞུ་ནི་གཡས་ཀྱི་ཕྱག་ནའོ། །རྡོ་རྗེ་དཀར་པོ་དང་མདའ་དང༌། ཞགས་པ་དང་བཅས་པའི་སྡིགས་མཛུབ་ནི་གཡོན་གྱི་ཕྱག་ནའོ། །ཁྲོ་བོའི་ལྟ་སྟངས་དང་བཅས་པས་གཟའ་ཐམས་ཅད་འཇོམས་པར་བྱེད་མ། ལྷ་རྫས་ཀྱི་རྒྱན་དང་ན་བཟས་རྣམ་པར་བརྒྱན་མ། རྣམ་པར་སྣང་མཛད་སྤྱི་བོར་གནས་པར་བསམས་ལ། ཕྱག་རྒྱ་བཅིང་བར་བྱའོ། །དེ་ལ་གཡས་པའི་ལག་པའི་ཁུ་ཚུར་དང༌། སྡིགས་མཛུབ་ནི་སྙིང་གར་ཡང་དག་པར་བཞག་ལ། གཡོན་པའི་ལག་པ་རྡོ་རྗེ་ཁུ་ཚུར་སྟེང་དུ་འཕྱར་བའོ། །བཟླས་པ་ནི། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨ་པ་རཱ་ཛི་ཏེ། སརྦ་གྲ་ཧ་ཨ་ནུ་ཏྲཱ་ཤ་ཡ་ཏྲཱ་ཤ་ཡ། ཧ་ན་ཧ་ན། དྲུྃ་དྲུྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ་ཞེས་བྱའོ། །འཕགས་མ་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གདུགས་དཀར་མོ་ཅན་གྱི་སྒྲུབ་པའི་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཧ་ཡ་གྲཱྀ་བ་སཱ་དྷ་ནཾ། བོད་སྐད་དུ། རྟ་མགྲིན་གྱི་སྒྲུབ་པའི་ཐབས། དཔལ་རྟ་མགྲིན་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྣ་ཚོགས་པདྨ་དང་ཉི་མ་ལ་ཧཱུྃ་དམར་པོའི་ཡེ་ཤེས་ལས་ཡོངས་སུ་རྫོགས་པའི་འཕགས་པ་རྟ་མགྲིན་མདོག་དམར་བ། ཞལ་གསུམ་པ། ཕྱག་བརྒྱད་པ། ཞལ་སོ་སོ་ནས་སྤྱན་གསུམ་གསུམ་མོ། །སྔོན་པོ་དང་དཀར་པོ་ནི་གཡས་དང་གཅིག་ཤོས་ཀྱི་ཞལ་ལོ། །སྦྲུལ་གྱི་རྒྱན་ཅན་འགྱིང་བག་གིས་གནོན་ཅིང་གནས་པ། ཁྲོ་བོའི་ལྟ་སྟངས་ཀྱིས་གཟིགས་པ། ཞལ་དང་པོ་བཞད་པ། གཡས་པའི་ཞལ་ལྗགས་འདྲིལ་བ། མཆེ་བ་གཉིས་ཀྱིས་མ་མཆུ་བཙིར་བ་གཡོན་པའི་ཞལ་ལོ། །སྟག་
གི་པགས་པའི་ཤམ་ཐབས་ཅན་ནོ། །རྡོ་རྗེ་དང་དབྱུག་པ་དང༌། བྱེད་པའི་ཕྱག་རྒྱ་དང༌། མདའ་འཕྱར་བ་ནི་གཡས་པའི་ཕྱག་བཞི་ནའོ། །སྡིགས་མཛུབ་དང་རང་གི་ནུ་མ་བཟུང་བ་དང༌། པདྨ་དང་གཞུ་འཕྱར་བ་ནི་གཡོན་གྱི་ཕྱག་བཞི་ནའོ། །མི་བསྐྱོད་པས་མནན་པའི་དབུ་རྒྱན་ཅན་བསམ་པར་བྱའོ་ཞེས་བྱ་བ་ནི་རྟ་མཆོག་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ། །སྔགས་ཀྱི་བཟླས་པ་ནི། ཨོཾ་ཧ་ཡ་གྲཱི་བ་སྭཱ་ཧཱ། རྟ་མགྲིན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། དྭི་བྷུ་ཛ་ཧེ་རུ་ཀ་སཱ་དྷ་ནཾ། བོད་སྐད་དུ། ཞལ་གཅིག་ཕྱག་གཉིས་པ་ཧེ་རུ་ཀའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གྲོགས་མེད་དགའ་བའི་ཡིད་ཀྱིས་ནི། །དུར་ཁྲོད་བརྒྱད་ཀྱི་དབུས་གནས་པ། །ཤེས་རབ་ཐབས་ཀྱི་ཆོ་ག་ཡིས། །ཟླ་བ་ཉི་མ་རབ་སྦྱོར་བ། །ཨཱ་ལི་ཀཱ་ལི་མཉམ་སྦྱོར་བས། །ཉི་མའི་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ལ་ཧཱུྃ་ཡིག་ཡོངས་སུ་གྱུར། །རྡོ་རྗེ་རྭ་དང་ཡང་དག་ལྡན། སྐྱིལ་ཀྲུང་ཕྱེད་པས་རོ་ལ་གནས། །མི་ཡི་པགས་པའི་གོས་བསྣམས་པ། །ཐལ་བས་ལུས་ལ་བྱུགས་པ་སྟེ། །འབར་བའི་རྡོ་རྗེ་གཡས་པ་ན། །གཡོ་བའི་བ་དན་ཁ་ཊྭཱྃ་ག །ཁྲག་ལྡན་ཐོད་པ་གཡོན་དུའོ། །མགོ་བོ་བརྒྱ་ཕྱེད་ཕྲེང་བ་ཡིས། །ཡིད་དུ་འོང་བའི་དོ་ཤལ་དཔྱངས། །ཅུང་ཞིག་ཞལ་གྱི་མཆེ་བ་གཙིགས། །སྤྱན་གསུམ་དམར་པོ་རོ་ལྡན་པ། །དབུ་སྐྲ་ཁམ་པ་གྱེན་དུ་འཁྱིལ། །མི་བསྐྱོད་པ་ཡི་དབུ་རྒྱན་ཅན། །རྣ་ཆ་དག་དང་རབ་ཏུ་ལྡན། །རུས་པའི་རྒྱན་གྱིས་མཛེས་པ་སྟེ། །དབུ་ལ་ཐོད་པ་ལྔ་དང་ལྡན། །སངས་རྒྱས་ཉིད་བཞིན་བསམ་བྱ་སྟེ། །རྒས་དང་འཆི་བཟློག་བྱེད་པའོ། །སྭཱ་ཧཱ་ཕཊ་ཧཱུྃ་ཨོཾ་ཞེས་བྱ་བ་ནི་མདོར་བསྡུས་པའོ། །ཞལ་གཅིག་ཕྱག་གཉིས་པ་ཧེ་རུ་ཀའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།།
རྒྱ་གར་སྐད་དུ། ཀཻ་བ་ལ་ནཻ་རཱཏྨྱ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མ་གཅིག་པུའི་སྒྲུབ་པའི་ཐབས། བདག་མེད་མ་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་ཐོགས་སུ་ཟླ་བའི་དཀྱིལ་འཁོར་ལ་ཡི་གེ་ཨྃ་ནག་པོ་ལས་སྐྱེས་པའི་ས་བོན་དང་བཅས་པའི་གྲི་གུག་གོ །སྤྲོ་བ་ལ་སོགས་པ་སྔོན་དུ་འགྲོ་བས་ཡོངས་སུ་གྱུར་ནས། རོའི་སྙིང་གར་ཟླ་བ་ལ་གནས་པའི་སྐྱིལ་མོ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ་བདག་མེད་མ་སྔོན་མོ་ཞལ་གཅིག་མ། སྐྲ་ཁམ་པ་གྱེན་དུ་འཁྱིལ་བ། མི་བསྐྱོད་པས་དབུ་བརྒྱན་པ། མཆེ་བ་གཙིགས་ཤིང་ལྕེ་འདྲིལ་བ། གཡས་ན་གྲི་གུག་བསྣམས་པ། གཡོན་ན་ཐོད་པ་དང་ཁ་ཊྭཱྃ་ག་བསྣམས་པ། དམར་ཞིང་ཟླུམ་པའི་སྤྱན་གསུམ་པ། ཕྱག་རྒྱ་ལྔས་བརྒྱན་པ། དེའི་སྤྱི་བོ་དང་མགྲིན་པ་དང༌། ཐུགས་ཀ་རྣམས་ལ་ཨོཾ་ཨཱཿཧཱུྃ་གི་ཡི་གེའོ། །སྙིང་གར་ཟླ་བ་ལ་གྲི་གུག་གི་ཆང་གཟུངས་ཀྱི་ཟླ་བ་ལ་ཡི་གེ་ཨྃ་ལས་བསྐོར་ནས། སྔགས་འདི་བཟླས་པ་བྱ་སྟེ། ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལྀ་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྭཱ་ཧཱ། ཞེས་བརྗོད་དོ། །བདག་མེད་མ་གཅིག་པུའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ནཻ་རཱཏྨ་སཱ་དྷ་ནཾ། བོད་སྐད་དུ། བདག་མེད་མའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་བདག་མེད་མ་ལ་ཕྱག་འཚལ་ལོ། །དང་པོར་སེམས་ཅན་ཐམས་ཅད་བསྒྲལ་བར་བྱེད་པའི་མཚན་ཉིད་ཀྱི་སྙིང་རྗེ་རྣམ་པར་བསྒོམས་ལ། ཕྱི་དང་ནང་དུ་བཅས་པ་སྟོང་པ་ཉིད་དུ་དམིགས་ལ། བར་སྣང་ལ་ཟླ་བའི་དཀྱིལ་འཁོར་ལ་ཨྃ་ལས་གྲི་གུག་དེའི་ཆང་གཟུངས་ལ་ཟླ་བ་ལ་ཨྃ་ཡིག་བསམ་པར་བྱའོ། །དེ་ནས་རྣལ་འབྱོར་མའི་འཁོར་ལོ་སྤྲོ་བ་དང༌། བསྡུ་བ་བལྟས་ཏེ། དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་རོའི་སྙིང་གར་ཟླ་བ་ལ་བཅོམ་ལྡན་འདས་
མ་བདག་མེད་མ་མདོག་ནག་མོ་གྲི་གུག་དང་ཐོད་པ་དང་ཁ་ཊྭཱྃ་ག་བསྣམས་པའོ། །ཕྱག་གཉིས་མ། ཞལ་གཅིག་མ་བསམ་པར་བྱའོ། །སྤྱན་གསུམ་ཟླུམ་ཞིང་དམར་བ། སྐྲ་ཁམ་པ་གྱེན་དུ་འགྲེང་བའོ། །མགོ་བོ་དང༌། མགྲིན་པ་དང༌། སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ། སྙིང་གར་ཟླ་བ་ལ་གྲི་གུག་གི་ཆང་གཟུངས་ཀྱི་ཟླ་བ་ལ་ཨྃ་བལྟས་ཏེ་སྔགས་བཟླ་བར་བྱའོ། །ཨོཾ་ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱྀ། ལི་ལཱྀ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿསྭཱ་ཧཱ། ཞེས་བྱ་བ་ནི་བཟླས་པའི་སྔགས་སོ། །བདག་མེད་མའི་སྒྲུབ་ཐབས་རྫོགས་སོ། །བཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀ་ན་ཀ་བརྞ་པྲཛྙཱ་པཱ་ར་མི་ཏཱ་སཱ་དྷ་ནཾ། བོད་སྐད་དུ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱག་འཚལ་ལོ། །དང་པོ་རེ་ཞིག་སྒྲུབ་པ་པོས་བདེ་བའི་སྟན་ལ་གནས་ཏེ། རང་གི་སྙིང་གར་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དབུས་སུ་དྷཱིཿསེར་པོ་རྣམ་པར་བསྒོམས་ལ། སྙིང་གའི་ས་བོན་གྱི་འོད་ཀྱིས་བཅོམ་ལྡན་འདས་མ་བཀུག་སྟེ། རང་གི་མདུན་དུ་བཞུགས་སུ་གསོལ་ལ། དེ་ལས་བྱུང་བའི་མེ་ཏོག་ལ་སོགས་པ་སྒོམ་བཞིན་པས་ཡང་དག་པར་མཆོད་ལ། དེའི་མདུན་དུ་སྡིག་པ་བཤགས་པ་ལ་སོགས་པ་བྱའོ། །དེའི་རྗེས་སུ་ཚངས་པའི་གནས་བཞི་བསྒོམ་པ་སྔོན་དུ་འགྲོ་བས་ཡུད་ཙམ་གྱིས་སྟོང་པ་ཉིད་བསྒོམ་པར་བྱ་སྟེ། སྔགས་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ་ཞེས་བྱའོ། །ཕྱིས་ནི་ནམ་མཁའི་ཕྱོགས་སུ་དབྱངས་ཡིག་དང་པོ་ཡོངས་སུ་གྱུར་པ་ལས། ཟླ་བའི་དཀྱིལ་འཁོར་ལ་དྷཱིཿསེར་པོ་ལ་ཨ་ལ་སོགས་པའི་དབྱངས་ཡིག་བཅུ་དྲུག་གིས་བསྐོར་བ། དེ་ནས་ཀ་ལ་སོགས་པ་གསལ་བྱེད་སུམ་ཅུ་རྩ་གཉིས་ཀྱིས་ཡོངས་སུ་བསྐོར་བའི་དྷཱིཿཡོངས་སུ་གྱུར་པ་ལས་ཤེས་རབ་ཀྱི་
ཕ་རོལ་ཏུ་ཕྱིན་མའི་པོ་ཏི་ས་བོན་གྱིས་ཉེ་བར་མཚན་པ་བསྒོམས་ལ། ཐམས་ཅད་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་མ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མདོག་སེར་མོ་སྣ་ཚོགས་པདྨའི་གདན་ལ་སྐྱིལ་མོ་ཀྲུང་གིས་གནས་པ། ཕྱག་གཉིས་མ་ཞལ་གཅིག་མ། ཆོས་འཆད་པའི་ཕྱག་རྒྱ་དང་ལྡན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་ཕྱོགས་སུ་གནས་པའི་པདྨའི་དབུས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མདོག་སེར་མོའི་པོ་ཏི་འཆང་བ་བསྒོམ་པར་བྱའོ། །དཔྲལ་བར་ཨོཾ་སེར་པོའོ། །མགྲིན་པར་ཨཱཿདཀར་པོའོ། །སྙིང་གར་དྷཱིཿསེར་པོའོ། ལྟེ་བར་ཧཱུྃ་ནག་པོའོ། །བཟླས་པའི་སྔགས་ནི་ཨོཾ་ཨཱཿདྷཱིཿཧཱུྃ་སྭཱ་ཧཱ། གསེར་མདོག་ཅན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། ཀ་ལཱ་ཨ་མ་ན་ཡ་མཱ་རཱི་ཙྱཻ་སཱ་དྷ་ནཾ། བོད་སྐད་དུ། རྟོག་པ་ལས་བརྒྱུད་པའི་འོད་ཟེར་ཅན་གྱི་སྒྲུབ་པའི་ཐབས། འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །དང་པོར་རེ་ཞིག་སྔགས་པས་ཁ་ལ་སོགས་པ་དག་པར་བྱས་ལ། འཇམ་ཞིང་རྒྱ་ཆེ་བའི་གདན་ལ་ཉེ་བར་གནས་ལ། སྡིག་པ་བཤགས་པ་ལ་སོགས་པ་བྱས་ནས། དེའི་རྗེས་སུ་བགེགས་བསྐྲད་པའི་སྔགས་བརྗོད་པར་བྱའོ། །བགེགས་བསྐྲད་བའི་སྔགས་ནི། ཨོཾ་མཱ་རཱི་ཙྱཻ་ཧཱུྃ་སརྦ་བིགྷཱཾ། ཨུཙྪ་ཊ་ཡ་ཧཱུྃ་ཕཊ། ཕྱག་རྒྱ་དང་བཅས་པས་སྙིང་ག་དང་མགྲིན་པ་སྤྱི་བོར་འདུག་པར་བྱའོ། །དེ་ནས་རང་གི་སྙིང་གར་པྃ་ལས་སྐྱེས་པའི་སྣ་ཚོགས་པདྨའི་དབུས་སུ་ཨྃ་ལས་སྐྱེས་པའི་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་མྃ་ལས་རྡོ་རྗེ། རྡོ་རྗེ་དེའི་ལྟེ་བ་ལ་མྃ་ངོ༌། །རྡོ་རྗེའི་ལྟེ་བའི་མྃ་ལ་ཛཿཧཱུྃ་བཾ་ཧོཿལ་རྣམ་པར་བསྐོར་བ། དེའི་འོད་ཟེར་གསལ་བས་འདི་ཐམས་ཅད་ཡོངས་སུ་གྱུར་པ་ལས་སྒེག་པའི་ཆ་ལུགས་འཆང་བ། ཕྱག་བརྒྱད་པ་ཞལ་གསུམ་པ། སྤྱན་གསུམ་པ་
པདྨ་དང་ཟླ་བའི་གདན་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་ཤིང༌། ཕག་པ་བདུན་གྱིས་འདྲེན་པའི་ཤིང་རྟ་ལ་ཞོན་པ། རྣམ་པར་སྣང་མཛད་ཡོངས་སུ་གྱུར་པའི་མཆོད་རྟེན་གྱི་ཁོང་ན་བཞུགས་པ། གཡས་པའི་ཕྱག་རྣམས་སུ་རྡོ་རྗེ་དང༌། མདའ་དང༌། ལྕགས་ཀྱུ་དང༌། ཁབ་བོ། །གཡོན་པའི་ཕྱག་རྣམས་སུ་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང༌། གཞུ་དང༌། མྱ་ངན་མེད་པ་དང༌། སྐུད་པ་བསྣམས་པ། རྩ་བའི་ཞལ་གསེར་ལྟ་བུ། གཡས་དམར་བ། གཡོན་པ་ཁྲོ་བ་དང་བཅས་པའི་ཕག་གི་ཞལ་ནག་པོ། ལྗགས་འདྲིལ་བ། རྣམ་པར་སྣང་མཛད་ཀྱི་དབུ་རྒྱན་ཅན། མདོག་སེར་བ། སྟོད་གཡོགས་དང༌། ཤ་འགག་དམར་པོ་ཅན་རྣམ་པར་བསྒོམས་ལ། འདིའི་སྙིང་ག་དང༌། དམ་ཚིག་དང༌། མགྲིན་པ་དང༌། དཔྲལ་བ་རྣམས་སུ་ཧཱུྃ་མྃ་ཨཿཨྃ་བཀོད་དེ། དམ་ཚིག་གི་ས་བོན་ལས་ཤར་དང༌། ལྷོ་དང༌། ནུབ་དང༌། བྱང་རྣམས་སུ་བཏྟཱ་ལི། བ་དཱ་ལི། བ་རཱ་ལི། བཱ་རཱ་ཧཱ་མུ་ཁི། ཕྱིར་སྤྲོ་བར་བྱའོ། །ཨོཾ་བཏྟཱ་ལི་ཛཿསྭཱ་ཧཱ། ཨོཾ་བ་དཱ་ལི་ཧཱུྃ་སྭཱ་ཧཱ། ཨོཾ་བ་རཱ་ལི་བྃ་སྭཱ་ཧཱ། ཨོཾ་བཱ་རཱ་ཧཱ་མུ་ཁི་ཧོཿསྭཱ་ཧཱ། ཞེས་བྱའོ། །རྟོག་པ་ལས་བརྒྱུད་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ། ༈ །རྒྱ་གར་སྐད་དུ། བཛྲ་བཱ་རཱ་ཧཱི་སཱ་དྷ་ནཾ། བོད་སྐད་དུ། རྡོ་རྗེ་ཕག་མོའི་སྒྲུབ་ཐབས། རྡོ་རྗེ་ཕག་མོ་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་སུ་གྲུ་གསུམ་མེའི་དཀྱིལ་འཁོར་རོ། །དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པའོ། །དེའི་སྟེང་དུ་ཧྲཱིཿཧྃ་གཉིས་འཇིག་པའི་དུས་ཀྱི་མེ་ལྟ་བུ་གསལ་བཞིན་པའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་བཅོམ་ལྡན་འདས་མ་རྡོ་རྗེ་ཕག་མོ་ཆེན་མོ་མདོག་དམར་མོ་ཕྱག་གཉིས་པ་གཡས་ན་རྡོ་རྗེ། གཡོན་ན་ཐོད་པ་དང་ཁ་ཊྭཱྃ་ག ཡི་དྭགས་ཀྱི་གདན་གྱི་སྟེང་དུ་གཡོན་བརྐྱང་བས་གནས་པ། སྐྲ་ཁམ་པ་གྱེན་དུ་འགྲེང་ཞིང་
འབར་བ། ཐོད་པའི་ཕྲེང་བའི་དབུ་རྒྱན་ཅན། སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པ། མགོ་བོའི་ཕྲེང་བ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཞལ་གཅིག་པ། སྤྱན་གསུམ་པའོ། །དེ་ལྟར་རང་གི་སེམས་བརྟན་པར་བྱས་ཤིང་བསྒོམ་པར་བྱའོ། །དེ་ཉིད་ཀྱི་རྣལ་འབྱོར་པས་སྔགས་བཟླ་བར་བྱས་ཏེ། ཨོཾ་བཛྲ་བཱ་རཱ་ཧཱི། ཨཱ་བེ་ཤ་ཡ། ཨཱ་བེ་ཤ་ཡ། སརྦ་ཛྭ་རཱ་ན་ཧྲཱིཿསྭཱ་ཧཱ། ཨོཾ་ཧྲཱིཿཧཱུྃ་ཧཿསྭཱ་ཧཱ། རྟག་ཏུ་བཟླ་བར་བྱའོ། །མདོར་བསྡུས་པའི་ཕག་མོའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། ཀུ་རུ་ཀུལླེ་སཱ་དྷ་ནཾ། བོད་སྐད་དུ། རིགས་བྱེད་མའི་སྒྲུབ་ཐབས། འཕགས་པ་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །ལྟེ་བའི་དབུས་སུ་གྲུ་གསུམ་མེའི་དཀྱིལ་འཁོར། དེའི་དབུས་སུ་བནྡུ་ཀའི་མེ་ཏོག་ལྟ་བུ་འདབ་མ་བཞི་པའོ། །དེའི་སྟེང་དུ་ཧྲཱིཿབསྐལ་པའི་མེ་བཞིན་དུ་འབར་བའོ། །དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་རིགས་བྱེད་མའི་གཟུགས་སུ་བསམ་པར་བྱ་སྟེ། ཡི་དྭགས་ཀྱི་གདན་ལ་གནས་པ། སྐྲ་ཁམ་པ་གྱེན་དུ་འགྲེང་བ། ཐོད་པའི་དབུ་རྒྱན་ཅན། སྟག་གི་པགས་པའི་ཤམ་ཐབས་ཅན་མ། མགོ་བོའི་ཕྲེང་བས་རྣམ་པར་བརྒྱན་མ། ཕྱག་བཞི་མ་གཡས་ན་མདའ་དང་ལྕགས་ཀྱུ་འཆང་བ། གཡོན་ན་གཞུ་དང་ཨུཏྤལ་དམར་པོའི་སྟེང་ན་ཐོད་པ་ཁྲག་གིས་ཡོངས་སུ་བཀང་བ་སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ན་བཟའ་དམར་པོ་བསྣམས་པ་བསྒོམ་པར་བྱའོ། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། བཟླས་པའི་སྔགས་འདི་བསམ་གཏན་དང་ལྡན་པས་བཟླ་བར་བྱའོ། །ཨོཾ་ཨཱཿཧྲཱིཿཧཱུྃ་ཧྲཱིཿཧཱུྃ་ཛྃ། རིགས་བྱེད་མའི་སྒྲུབ་ཐབས་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། སུཀླཱ་ཏཱ་རཱ་སཱ་དྷ་ནཾ། བོད་སྐད་དུ། སྒྲོལ་མ་
དཀར་མོའི་སྒྲུབ་ཐབས། བཅོམ་ལྡན་འདས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དཀར་མོའི་ལས་ནི་ཉེར་སྒྲུབ་པའི། །སྒྲོལ་མ་དཀར་མོ་ལ་བཏུད་ནས། །ཏིང་ངེ་འཛིན་འབྱུང་གདམས་ངག་གིས། །རྙེད་པའི་སྒྲུབ་ཐབས་དེ་བརྗོད་བྱ། །དང་པོ་རེ་ཞིག་སྔགས་པས་ཡིད་དང་མཐུན་པའི་གནས་སུ་བདེ་བའི་གདན་ལ་རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། ཐང་ཀ་ལ་སོགས་པར་གཏོགས་པའི་བཅོམ་ལྡན་འདས་མ་དཀར་མོ་ཉེ་བར་སྟོན་པའི་སྒྲོལ་མ་ལ་མེ་ཏོག་དང༌། བདུག་སྤོས་ལ་སོགས་པས་མཆོད་ནས། རང་གི་སྙིང་གར་ཨྃ་ལས་བྱུང་བའི་ཟླ་བ་ལ་ཧཱུྃ་དཀར་པོའོ། །དེ་ལས་འོད་དཀར་པོ་ཕྱོགས་བཅུར་ཡང་དག་པར་སྤྲོས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རབ་ཏུ་བསྐུལ་ནས། རང་གི་སྙིང་གའི་ས་བོན་ལ་གཞུག་པར་བྱའོ། །དེ་ནས་བར་སྣང་ལ་བཅོམ་ལྡན་འདས་མ་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་མ་འོག་ནས་གསུངས་པའི་རང་གི་གཟུགས་སུ་བལྟ་བར་བྱའོ། །དེ་ནས་རང་གི་ས་བོན་ལས་བྱུང་བའི་ལྷ་རྫས་ཀྱི་མེ་ཏོག་ལ་སོགས་པས་མངོན་པར་མཆོད་ལ། སྡིག་པ་བཤགས་པ་དང༌། བསོད་ནམས་ལ་རྗེས་སུ་ཡི་རང་བ་དང༌། གསུམ་ལ་སྐྱབས་སུ་འགྲོ་བ་ལ་སོགས་པ་བྱའོ། །བུ་གཅིག་པ་ལ་བརྩེ་བའི་མཚན་ཉིད་ཕན་པ་དང༌། བདེ་བ་ཉེ་བར་སྟེར་བའི་མཚན་ཉིད་ནི་བྱམས་པའོ། །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་ཡང་དག་པར་སྒྲོལ་བའི་རང་བཞིན་ནི་སྙིང་རྗེའོ། །ཉན་ཐོས་ལ་སོགས་པའི་ལྟ་བ་ལས་རྣམ་པར་ལོག་པའི་མཚན་ཉིད་ནི་དགའ་བའོ། །གཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་བཅོམ་པའི་མཚན་ཉིད་ནི་བཏང་སྙོམས་སོ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བྱ་བ་ལ་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་མངོན་དུ་བྱའོ། །དེ་ནས་སྨོན་ལམ་རྗེས་སུ་དྲན་པ་ལས་མདུན་དུ་རྃ་ལས་བྱུང་བའི་ཉི་མ་ལ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་གུར་ལ་སོགས་པ་རྣམ་པར་
བསྒོམས་ལ། དེའི་དབུས་སུ་པྃ་ཡོངས་སུ་གྱུར་པ་ལས་པདྨ། དེའི་སྟེང་དུ་ཟླ་བ་ལ་ཧཱུྃ་ཡིག་དཀར་པོར་ཡོངས་སུ་བལྟས་ལ། ཧཱུྃ་གི་ས་བོན་ནང་དུ་ཆུད་པའི་ཧཱུྃ་དང༌། ཨུཏྤལ་ལ་བལྟའོ། །ཧཱུྃ་དང་ཨུཏྤ་ལ་གཉིས་འདྲེས་ཤིང་གྱུར་པ་ལས་རྫོགས་པའི་བཅོམ་ལྡན་འདས་མ་དུར་ཁྲོད་བརྒྱད་ཀྱིས་ཉེ་བར་བརྒྱན་པ་དཀར་བ། ཞལ་གསུམ་པ་དཀར་བ་དང༌། སེར་བ་དང༌། ནག་པོ་ནི་རྩ་བ་དང༌། གཡས་དང་གཅིག་ཤོས་ཀྱི་ཞལ་ལོ། །ཞལ་སོ་སོ་ལ་སྤྱན་གསུམ་གསུམ་མོ། །དེ་བཞིན་གཤེགས་པ་རྣམ་པ་ལྔ་འཕྲོ་བ། ཕྱག་དྲུག་པ། གཡས་ཀྱིས་མཆོག་སྦྱིན་དང༌། ཕྲེང་བ་དང༌། མདའ་བསྣམས་པའོ། །གཡོན་ཀྱིས་ཨུཏྤ་ལ་དང༌། པདྨ་དང༌། གཞུ་བསྣམས་པའོ། །ཟླ་བའི་གདན་ལ་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ་ཟླ་བའི་རྒྱབ་ཡོལ་ཅན། རལ་པའི་ཅོད་པན་དང་ལྡན་པའི་དབུ་ལ་མགོ་བོ་རྣམ་པ་ལྔས་བརྒྱན་པ། ཟླ་བ་ཕྱེད་པས་དབུ་ཐོད་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། བརྒྱད་གཉིས་ལོན་པའི་རྣམ་པ་ཅན། མ་ལུས་པའི་སེམས་ཅན་ལ་དཀར་པོའི་ལས་ཉེ་བར་སྟོན་པའི་སྒྲོལ་མའོ། །མི་གཡོ་བའི་དེ་ཁོ་ན་ཉིད་སྟོན་པ་ཨ་ཙ་ལེའོ། །རྒྱུ་དང་འབྲས་བུ་དབྱེར་མེད་པའི་རིམ་པས་ཨ་ནི་མིཏྟ་པ་རཾ་མོ། །ཤེས་རབ་དང་ཐབས་ཀྱི་རང་བཞིན་གྱིས་ཧཱུྃ་ངོ༌། །སྨོན་པ་མེད་པའི་རང་བཞིན་མ་རིག་པ་ཉེ་བར་ཞི་བས་ཕཊ་དང་སྤེལ་བའོ། །འདོད་ཆགས་ལ་སོགས་པ་ཉོན་མོངས་པ་རབ་ཏུ་ཞི་བས་སྭཱ་ཧཱ་མཐར་བསྒོམ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་མའི་སྙིང་གར་གཉུག་མའི་ས་བོན་བལྟས་ལ། དེ་ནས་ཡང་འོད་ཟེར་ཕྱུང་སྟེ། ཁམས་གསུམ་ཁྱབ་པར་བྱས་ནས་དེ་ཉིད་ལ་རབ་ཏུ་གཞུག་པར་བྱའོ། །དེའི་རྗེས་སུ་བསྒོམས་པས་སྐྱོ་ན་སྔགས་བཟླ་བར་བྱའོ། །དེ་ལ་སྔགས་ནི་འདི་ཡིན་ཏེ། ཨོཾ་ཨ་ཙ་ལེ་ཨ་ནི་མིཏྟ་པ་རཾ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཡང་ཆོ་ག་ནི་འདི་ཡིན་ཏེ། ཚེས་
བརྒྱད་ནས་བཟུང་སྟེ་གསོ་སྦྱོང་དང་ལྡན་པར་བྱས་ལ། ཇི་སྲིད་ཟླ་བ་ཉའི་བར་དུ་ཐུན་མཚམས་བཞི་རུ་མཆོད་པ་དང༌། གཏོར་མའི་ཆོ་ག་སྔོན་དུ་འགྲོ་བས། བཅོམ་ལྡན་འདས་མ་བསྒོམ་ཞིང་དེ་ལྟར་ཆོ་ག་བྱས་ན། ཆར་མེད་ན་ཆར་འབབ་པར་འགྱུར་རོ། །རྟག་ཏུ་སྒོམ་པ་བྱེད་ན་ས་ལ་སོགས་པ་ཡང་འགྲུབ་བོ། །འཕགས་མ་དཀར་བ་ཉེ་བར་སྟོན་པའི་སྒྲོལ་མ་ཞེས་བྱ་བའི་སྒྲུབ་པའི་ཐབས། བཅོམ་ལྡན་འདས་ཉིད་ཀྱིས་གསུངས་པ་རྫོགས་སོ། །པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་སོ། ༈ །རྒྱ་གར་སྐད་དུ། མཱ་ཡཱ་ཛཱ་ལ་ཀྲ་མ་ཨ་བ་ལོ་ཀི་ཏེ་ཤྭ་ར་སཱ་དྷ་ནཾ། བོད་སྐད་དུ། སྒྱུ་འཕྲུལ་དྲྭ་བའི་རིམ་པའི་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་པའི་ཐབས། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །སྔོན་དུ་བསྟན་པའི་ཆོ་གས་སྟོང་པ་ཉིད་བསྒོམས་པའི་རྗེས་སུ། ནམ་མཁའ་ལ་རྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་ལ་ཧཱུྃ། དེ་ཡོངས་སུ་གྱུར་བ་ལས། སྣ་ཚོགས་རྡོ་རྗེ་རྒྱ་གྲམ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་རྭ་བ་དང་རྡོ་རྗེའི་གུར་ཡང་ངོ༌། །དེའི་ནང་དུ་མི་བཟད་པའི་དུར་ཁྲོད་རྣམ་པར་བསྒོམས་ནས། དེའི་དབུས་སུ་པདྨ་དམར་པོ་འདབ་མ་བརྒྱད་པ། དེའི་དབུས་སུ་ཧྲཱིཿལས་བྱུང་བའི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མདོག་ནག་པོ། ཉི་མའི་དཀྱིལ་འཁོར་ལ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པ་བསམ་པར་བྱའོ། །ཞལ་ལྔ་པ་སྤྱན་གསུམ་པ། ཕྱག་བཅུ་གཉིས་པའོ། །དཀར་པོ་དང་དམར་པོ་ནི་གཡས་ཀྱི་ཞལ་གཉིས་སོ། །དེ་བཞིན་དུ་སེར་པོ་དང༌། ལྗང་གུ་ནི་གཡོན་གྱི་ཞལ་གཉིས་སོ། །གཡས་ཀྱི་ཕྱག་ན་རྔེའུ་ཆུང་དང༌། ཁ་ཊྭཱྃ་ག་དང༌། ལྕགས་ཀྱུ་དང༌། ཞགས་པ་དང༌། རྡོ་རྗེ་དང༌། མདའ་བསྣམས་པའོ། །གཡོན་ན་སྡིགས་མཛུབ་དང༌། ཐོད་པ་དང༌། པདྨ་དམར་པོ་དང༌། ནོར་བུ་དང༌།
འཁོར་ལོ་དང༌། གཞུ་བསྣམས་པའོ། །ཞལ་ཐམས་ཅད་མཆེ་བ་གཙིགས་པ། ཕྱག་རྒྱ་དྲུག་དང་ལྡན་པ། སྐུ་ལ་མགོ་བོ་རློན་པའི་ཕྲེང་བས་བརྒྱན་པ། གཅེར་བུ་གཡོན་བརྐྱང་བའི་ཞབས་ཀྱིས་བཞུགས་པ། ཡན་ལག་ཐམས་ཅད་མཛེས་པའི་བདག་ཉིད་དུ་སྐད་ཅིག་གིས་རབ་ཏུ་བརྟགས་ལ། སྙིང་གར་ཟླ་བའི་དབུས་སུ་ཧྲཱིཿཡིག་གནས་པའོ། །ཨོཾ་ཨཱཿཧཱུྃ་ཨི་ཏི་མུ་ནི་བ་ར་བཛྲེ་ཧྲཱིཿཧཱུྃ་ཛཿ ཞེས་པའི་སྔགས་ཕྲེང་བའི་རྣམ་པ་ཅན་དུ་བཟླ་བར་བྱའོ། །མཚམས་མེད་པ་རྣམ་པ་ལྔ་བྱས་པ་ཡང་འབུམ་ཕྲག་གཅིག་བཟླས་པས་འགྲུབ་པར་འགྱུར་རོ། །སྒྱུ་འཕྲུལ་དྲྭ་བའི་རིམ་པའི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྒྲུབ་ཐབས། སློབ་དཔོན་དགྲ་ལས་རྣམ་པར་རྒྱལ་བས་མཛད་པ་རྫོགས་སོ།། །།པཎྜི་ཏ་དོན་ཡོད་རྡོ་རྗེ་དང༌། ཁམས་པ་ལོ་ཙཱ་བ་དགེ་སློང་བ་རིས་བསྒྱུར་བའོ།། །།
སྒྲུབ་ཐབས་སོ་སོའི་ཡིག་སྣ།
སྒྲུབ་ཐབས་སོ་སོའི་ཡིག་སྣ་བཞུགས་སོ།།
མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་ལ་ཆོས་ཀྱི་སྐུའི་རྟེན་ནི་དཔལ་ལྡན་འབྲས་སྤུང་གི་མཆོད་རྟེན་གྱི་རྟེན་ནོ། །ལོངས་སྤྱོད་རྫོགས་པའི་སྐུའི་རྟེན་ནི་ས་པ་ཏ་ཀོདྒའོ། །སྤྲུལ་པའི་སྐུའི་རྟེན་ནི་རྡོ་རྗེའི་གདན་འདི་ཡིན་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་རྗེས་ལ་ཀུ་སཱ་ལི་བྱང་ཆུབ་སེམས་དཔའི་སྐུ་ཚད་བཞེངས་པར་འདོད་པ་ལ། རང་གི་རྨི་ལམ་དུ་རྒྱུ་ནི་ཙནྡན་གོ་ཤིརྵ་ལས་གྱིས་ཤིག་པར་བསྟན་ནོ། །ཕྱིས་དེ་གང་ལས་རྙེད་སྙམ་པ་དང༌། ཆུ་བོ་ནཻ་རཱཉྫའི་འགྲམ་ན་མ་ཧེ་ཐམས་ཅད་ཉལ་བའི་ས། འོ་མ་འཛག་པའི་ཤིང་གི་ནང་ན་ཡོད་དོ་ཞེས་བསྟན་པ་ལས་དེ་ནས་བླངས་ཏེ། ལྡེ་གུ་བྱས་ནས་འདིའི་བཟོ་སུས་བྱེད་སྙམ་པ་དང༌། གཙང་ཁང་དུ་ཆུག་ལ་ཟླ་ཕྱེད་དུ་སྒོ་མ་འབྱེད་ཅིག་ཅེས་པ་རྨི་ལམ་དུ་བྱུང་སྟེ། དེ་ལྟར་བྱས་པ་དང་ཞག་བཅུ་གཉིས་ལོན་ནས། དེའི་མས་སྔོན་སྟོན་པ་དངོས་སུ་མཐོང་བ་གཅིག་ཡོད་པ་དེ་ཞག་གཅིག་ན་འཆི་བའི་དུས་བྱེད་པས། དོ་ནུབ་ང་འཆི་བས་ཁྱོད་ཀྱིས་བཞེངས་པའི་སྐུ་དེ་སངས་རྒྱས་དངོས་དང་འདྲ་མི་འདྲ་སྟོན་བྱས་པས། བུས་སྔ་རོལ་དུ་ཕྱིན་ནས་བལྟས་པས་ཕྱག་གཡས་པའི་མཐེ་ཆུང་མ་རྫོགས་པ་བུས་བཟོ་བྱས་ནས་བཏགས་སོ། །དེ་ནས་མ་ལ་བསྟན་པས་གཡས་པའི་མཐེ་ཆུང་མི་འདྲ་ཟེར་རོ། །དེ་
འདྲ་བའི་བཅོམ་ལྡན་འདས་ཀྱི་སྒྲུབ་ཐབས་འདིའི་ཀླད་ཀྱི་དོན་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་ལ། མཆོད་བརྗོད་ཀྱི་དགོས་པ་ནི་བདག་ཡ་རབས་ཀྱི་ཚུལ་ཅན་དང་བར་ཆད་ཞི་བ་སྟེ། རྩོམ་པ་མཐར་ཕྱིན་པའོ། །བསྡུས་པའི་དོན་ནི། ཡུལ་གང་ལ། གང་ཟག་གང་གིས། ཚུལ་ཇི་ལྟར་མཆོད་པར་བརྗོད་པའོ། །ཡན་ལག་གི་དོན་ནི། སྟོབས་དང་མི་འཇིགས་པ་ལ་སོགས་པ་དང་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང༌། གཙོ་བོ་རིགས་ལྔ་དང༌། ཡུམ་བཞི་ལ་ཕྱག་འཚལ་བའོ། །བཤད་པར་དམ་བཅའ་བ་ནི་ཚོགས་གཉིས་བསགས་པས་དཔལ་ལྡན་ནོ། །ནང་དུ་ནི་ཆོས་ཐམས་ཅད་ཀྱི་སྟོང་པ་རྡོ་རྗེ་ཉིད་ཀ་ལ་གང་གིས་ཇི་ལྟར་མཆོད་པའོ། །ཕྱི་རོལ་དུ་རྡོ་རྗེ་གདན་ནོ། །ཉོན་མོངས་པ་དང་ཤེས་སྒྲིབ་འཇོམས་པས་འཁོར་བར་ཕྱིན་ཅི་ལོག་གི་སྐྱོན་གྱིས་མ་གོས་པ་དཀའ་ཐུབ་ཀྱི་ཆ་ལུགས་སུ་བཞུགས་པ། ཉོན་མོངས་པ་ཐམས་ཅད་ཞི་བ། སངས་རྒྱས་སྒྲུབ་པའི་ཐབས་འདི་གཞན་ལ་ཕན་པའི་དོན་དུའོ། །དེ་ཉིད་ཇི་ལྟ་བུ་སྙམ་པ་ལ། རིགས་ལྔ་དང་ལྷ་མོ་བཞིའོ། །གཟུགས་རྡོ་རྗེ་མ་ལ་སོགས་པ་དྲུག་གི་ཁ་དོག་ཅན། དེ་དག་རིན་པོ་ཆེའི་རྒྱན་ལ་སོགས་ཀྱིས་བརྒྱན་པ་བདག་གིས་བྲིའོ། །ཞེས་བསྟན་ནོ། །གཞུང་གི་དོན་ལ་དང་
པོ་མཎྜལ་ལ་བརྟེན་ཏེ་ཚོགས་བསགས་པ་སྟོན་ཏེ། དེ་ལ་དང་པོ་སེམས་བསྐྱེད་དེ། ལྷའི་རྣལ་འབྱོར་དང་ལྡན་པས་མཎྜལ་ལ་བའི་རྣམ་ལྔས་བྱུགས་ཏེ། དེའི་སྟེང་དུ་ཧཱུྃ་སེར་པོ། ཨོཾ་དཀར་པོ། ཏྲཱྃ་སེར་པོ། ཧྲཱིཿདམར་པོ། ཨཱཿལྗང་གུ་ལས་དབུས་དང་གཡས་སྐོར་དུ་མི་བསྐྱོད་པའི་རང་བཞིན་ཅན་བཅོམ་ལྡན་འདས་དང་རྣམ་པར་སྣང་མཛད་ལ་སོགས་པ་བཞིས་བསྐོར་བའོ། །ལྃ་དཀར་པོ། མྃ་སྔོན་མོ། པྃ་དཀར་མོ། ཧྲཱིཿལྗང་གུ་ལས་སངས་རྒྱས་སྤྱན་མ་ལ་སོགས་པ་ཡུམ་བཞི་ཤར་ལྷོ་ནས་མཚམས་བཞིར་བསྐྱེད་དེ། གཡས་པ་མཆོག་སྦྱིན། གཡོན་པས་རང་རང་གི་རིགས་དང་མཐུན་པའི་ཨུཏྤ་ལའོ། །ཡང་ན། དེ་རྣམས་ས་བོན་གྱི་འོད་ཀྱིས་སྤྱན་དྲངས་ལ་བཞུགས་སུ་གསོལ་ལོ། །ཡང་ན་སྐད་ཅིག་གིས་སོ། །དེ་ནས་རང་གི་སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་སེར་པོ་ལས་འོད་འཕྲོས་པས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ་མོ། །དེ་ནས་བཅོམ་ལྡན་འདས་ལ་བཛྲ་པུཥྤེ་ཞེས་པས་མེ་ཏོག་ལན་གསུམ་དབུལ། དེ་བཞིན་དུ་སྤོས་ལ་སོགས་པ་རྣམས་སྔགས་དང་གོ་རིམ་བཞིན་དུ་དབུལ་ལོ། །འཁོར་ལོ་ཡང་དེ་ཀས་དབུལ་ལོ། །དེ་ནས་ཚད་མེད་བཞི་བསྒོམ། འདོད་པའི་དོན་བསླང་བ་ལ་སོགས་པ་བྱས་ཏེ་བཛྲ་མུཿས་གཤེགས་སུ་གསོལ་ལོ། །དེ་ནས་ལྷའི་རྣལ་འབྱོར་བསྒོམ་པ་ནི་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ལ། ཚོགས་བསག་པ་ནི། སྙིང་གའི་ཧཱུྃ་གི་འོད་ཀྱིས་སྤྱན་དྲངས་པའམ། ཡང་ན་རང་བཞིན་གྱིས་གནས་པའི་འོད་ཟེར་གྱིས་གསལ་བར་དམིགས་ལ་ཏིང་ངེ་འཛིན་གྱིས་མེ་ཏོག་ལ་སོགས་པ་པཱུ་ཛ་ལྔ་དབུལ། ཕྱག་བཙལ་ལ་སྡིག་པ་བཤགས་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་བསགས་ལ། རྒྱལ་བའི་ལམ་བསྟེན་པ་ནི་བཅོམ་ལྡན་འདས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་བདག་གིས་གནས་པར་བྱའོ། །ཞེས་མོས་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་ནི་སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་བསམས་ཏེ། དེའི་འོད་ཀྱིས་སྣང་སྲིད་ཐམས་ཅད་ལུས་ལ་སྡུད་པ་ཐ་མའོ། །ལུས་ཀྱང་སྙིང་གའི་ཧཱུྃ་ལ་སྡུད་པ་འབྲིང་ངོ༌། །ཧཱུྃ་ཡང་རིམ་གྱིས་ནཱ་དའི་བར་དུ་སྡུད་པ་བློ་རབ་བོ། །དེ་བརྟན་
པར་བྱེད་པའི་སྔགས་ནི། ཨོཾ་སྭ་བྷཱ་ཝ་ཞེས་པ་ལ་སོགས་པའོ། །དེ་ནས་ལྷའི་སྐུ་བསྒོམ་པ་ནི། དབང་པོ་རབ་འབྲིང་གི་ཧཱུྃ་དང་ནཱ་ད་ལ་སོགས་པའི་འོད་དུ་གནས་པ་དེ་ཡོངས་སུ་གྱུར་པ་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོ། དེ་ལ་ཨཱ་ལི་གཡོན་སྐོར་ཀཱ་ལི་གཡས་སྐོར་ལ། ཁ་དོག་དཀར་པོ་དེ་དག་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དེ་དག་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ་པ་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་སེར་པོ་ཧཱུྃ་གིས་མཚན་པ་སོ་སོར་རྟོག་པའི་ཡེ་ཤེས་སོ། །དེ་ཐམས་ཅད་ཡོངས་སུ་གྱུར་པ་ལས་བྱང་ཆུབ་ཆེན་པོའི་སྐུར་བསྐྱེད་པ་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །དེ་ཡང་རིམ་གྱིས་བསྒོམ་སྟེ་འོག་ཏུ་བདུད་བཞི་ནི། ཁྱབ་འཇུག་སྔོན་པོ། ཚངས་པ་དཀར་པོ། བརྒྱ་བྱིན་ལྗང་གུ། མ་ཧཱ་དེ་ཝ་དམར་པོ་སྟེ་ཉོན་མོངས་པ་དང་ཕུང་པོའི་དང་ལྷའི་བུའི་དང་འཆི་བདག་གི་བདུད་དེ་གོ་རིམ་བཞིན་ནོ། །དེའི་སྟེང་དུ་སེང་གེའི་ཁྲི་སྟེ། དེ་ནི་ཡན་ལག་བྱ་བ་ནན་ཏན་གྱི་ཡེ་ཤེས་སོ། །འདི་མན་ཆད་སྐུ་ཡོངས་སུ་རྫོགས་པའི་བར་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཞི་བའི་ཆ་བྱད་ཅན་ནི་དཀའ་ཐུབ་ཀྱི་ཆ་བྱད་ཅན་ནོ། །དེ་ནས་ཨོཾ་དྷརྨ་དྷཱ་ཏུའི་སྔགས་ཀྱིས་ང་རྒྱལ་བསྐྱེད་པའི་དོན་ནི་བདག་ཉིད་དམ་རང་བཞིན་ཡིན་པར་མོས་པའོ། །དེ་ནས་གཡས་ཕྱོགས་སུ་བྱམས་པ། གཡོན་ཕྱོགས་སུ་སྤྱན་རས་གཟིགས་ཏེ་གཞུང་ལྟར་རོ། །དེ་ནས་གཙོ་བོར་སྐྱེ་མཆེད་བྱིན་གྱིས་བརླབས་ཏེ། དེའི་དགོས་པ་ནི་མངོན་པར་ཤེས་པ་འཐོབ་པའོ། །དེ་ནས་སྙིང་གར་ཡེ་ཤེས་སེམས་དཔའ་བསྒོམ་སྟེ་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ། ཧཱུྃ་སེར་པོ་དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་ནི། སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་བསམ་པའོ། །དེ་དག་སྐུ་རྡོ་རྗེ་དང༌། གསུང་རྡོ་རྗེ་དང༌། ཐུགས་རྡོ་རྗེར་བྱས་པའོ། །དེ་ནས་ཡེ་ཤེས་པ་དགུག་གཞུག་བྱ་བ་ནི། ས་བོན་གྱི་འོད་ཀྱིས་བཀུག་ལ་མདུན་དུ་བཞུགས་པ་ལ་པཱུ་ཛ་ལྔ་དབུལ་ལོ། །པད་ཟླའི་གདན་ཡང་དབུལ། ཆུ་གཙང་མ་ཀུ་
ཤས་གཏོར་ཞིང༌། ཨོཾ་སྭ་བྷཱ་ཝའི་སྔགས་བརྗོད་པ་ནི་བསང་གཏོར་རོ། །འོ་མའི་ནང་དུ་འབྲས་བཙོས་ལ་བློས་ཕུལ་བ་ནི་བདུད་རྩི་མྱང་བའོ། །རབ་གནས་བྱེད་ན་དངོས་སུའོ། །དེ་ནས་གང་ཡང་རུང་བའི་བསྟོད་པ་བྱས་ལ་ཡི་གེ་བཞིས་ཡེ་ཤེས་པ་བསྟིམ་སྟེ། ཡེ་ཤེས་སེམས་དཔའི་དམ་ཚིག་ལ་མནོས་ལ་བྱིན་གྱིས་རློབས་ཤིག་ཅེས་ཟེར་བ་ནི་ས་མ་ཡ་སྟྭྃ། ཞེས་ལན་གསུམ་དུའོ། །སུ་ལ་སྙམ་ན་ཨ་ཧཾ་ཞེས་དམ་ཚིག་སེམས་དཔའ་ལའོ། །ཡི་གེ་གསུམ་གྱིས་སྐུ་གསུང་ཐུགས་བྱིན་གྱིས་རློབས་ཤིག་པའོ། །དེ་ནས་འདིར་བླ་མ་དྷའི་ཞལ་ནས། སྙིང་གའི་ཧཱུྃ་གིས་རིགས་ལྔ་ཡབ་ཡུམ་སྤྱན་དྲངས་ཏེ་གསོལ་བ་བཏབ་པས་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་ཏེ། ཆུ་ཡར་འཁྱིལ་པ་ལས་བཅོམ་ལྡན་འདས་ལ་མི་བསྐྱོད་པ། བྱམས་པ་ལ་རྣམ་སྣང༌། སྤྱན་རས་གཟིགས་ལ་སྣང་བ་མཐའ་ཡས་ཀྱིས་དབུར་བརྒྱན་པར་བྱའོ་གསུང༌། བླ་མ་བཻའི་ཞལ་ནས་འདི་བསྡུས་པ་ལ་དགའ་བའི་དོན་དུ་ཡིན་པས་གཞུང་ལས་ལྷག་པ་མི་བྱ་གསུང་སྐད། དེ་ནས་བཟླས་པ་ནི། སྙིང་གར་པད་ཟླའི་སྟེང་གི་ཧཱུྃ་སེར་པོ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་པ་བྱའོ། །མཇུག་གི་དོན་ནི། བསོད་ནམས་བསྔོ། ཡེ་ཤེས་པ་གཤེགས་སུ་གསོལ་ཏེ་མི་དམིགས་པའི་ཤེས་རབ་ཀྱིས་བཟུང་ནས་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །འདིའི་རབ་གནས་ནི། སྔོན་དུ་བསྙེན་པ་བསྐྱལ་ལ་ལུགས་སྐུ་ལ་སོགས་པ་དྲི་ཞིམ་པོའི་ཆུས་ཁྲུས་བྱས་ཏེ། སྣམ་བུ་ལ་སོགས་པ་གཙང་མའི་གདན་ལ་བཞག་ལ་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོའི་འོད་ཀྱིས་ལྷ་གསུམ་སྤྱན་དྲངས་ལ་བསྟིམས་ལ་ལྷ་གསུམ་རྫོགས་པར་བསྐྱེད། དེ་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་བསྟིམ་པ་གཉིས་སམ་གསུམ་དུ་བྱས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པ་བྱས་ལ་ནུས་ཚད་ཀྱི་བཟླས་པ་བྱའོ། །མཐར་ནི་མི་དམིགས་པར་བྱའོ། ༈ །སྒྲུབ་ཐབས་འདིའི་སློབ་དཔོན་རྒན་ཞུགས་བྷཱ་སྐནྡྷ་ཞེས་པ་སྒྲ་གསལ་བྱེད་སློབ་པ་ན། རྒྱལ་པོ་དྷརྨ་ཨ་ཤྭོ་ཀས་མཐོང་སྟེ། རྒས་པ་དེ་ལ་ཆོས་མི་
ལོབས་སྙམ་ནས་རྒས་པ་དེ་ལ་གཏུན་ཤིང་གི་མགོ་ལ་མེ་ཏོག་སྐྱེས་སོ་ཞེས་བརྗོད་པས་གོ་སྟེ། རྒྱལ་པོས་བརྙས་པར་ཤེས་ནས་མཁན་པོ་ལ་ཤེས་རབ་སྐྱེད་པའི་སྒྲུབ་ཐབས་ཞུས་ནས་ལྟོ་བཅག་སྟེ་བསྒྲུབས་པས་གྲུབ་པ་ཐོབ་པར་གྱུར་ཏེ། དེར་གཡོག་ལ་གཏུན་ཤིང་གི་མགོ་ལ་མེ་ཏོག་བཏགས་པ་བསྐུར་ནས་རང་གི་སྙན་ངག་གི་ཚིགས་བཅད་བཏོན་ཏེ་སྨ་ཕབ་པས་རྒྱལ་པོས་ཡུལ་བོར་ནས་བྲོས་སོ། །དེ་ནས་མཁས་པར་བསྟན་པའི་ཆེད་དུ་སྒྲུབ་ཐབས་སྙན་ངག་གི་ཚིགས་བཤད་སྒྱེག་བཏོན་ཏེ་འདི་ལྟར་བསྡེབས་སོ། །འདི་ལ་ཀླད་ཀྱི་དོན་ནི། ཚིག་རྐང་གསུམ་དང༌། གཅིག་གིས་མཆོད་པར་བརྗོད་པ་དང་བཤད་པར་དམ་བཅའ་བ་བསྟན་ཏོ། །དེ་ལ་ཡན་ལག་གི་དོན་ནི། ཚོགས་གཉིས་རྫོགས་པའི་དཔལ་ལྡན་གསུང་དབྱངས་དྲུག་ཅུ་ལ་སོགས་པ་ངག་སྒྲུབ་པའི་དབྱངས་ཅན། སྒྲིབ་པ་གཉིས་སྤངས་པ་ཡོན་ཏན་དང་སྐུ་རྒྱས་ཤིང་འོད་འབར་བ་འོད་ཟེར་དཀར་པོ་ལ་སོགས་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་བྱེད་པ། སྒྲིབ་པའི་དྲི་མེད་སངས་རྒྱས་རྣམས་ནི་རྒན་པོ་ཡིན་ཡང་ལོ་བརྒྱད་ལོན་པའི་ཆ་ལུགས་ཅན་ནོ། །མ་རིག་པ་རྩ་བ་ནས་གཅོད་པའི་རལ་གྲི་དང༌། ཤེས་ཕྱིན་གྱི་པུསྟི་འཆང་བ། དེ་ཡི་དམ་ལྷ་ཡང་ཡིན་ཞིང་བརྗོད་བྱ་ཡང་ཡིན་པས་ཕྱག་འཚལ་བའོ། །གཞུང་གི་དོན་ལ་རྟེན་གྱི་གང་ཟག་ཆོས་ལྔ་ལྡན་ནོ། །གནས་ནི་གང་མོས་པའོ། །ཐབས་ནི་དང་པོར་སེམས་བསྐྱེད་ལ་སྙིང་གར་པདྨ་ཟླ་བའི་སྟེང་དུ་མུཿབསམས་ལ། དེའི་འོད་ཀྱིས་ཕྱོགས་བཅུ་ནས་བླ་མ་དང་ཡི་དམ་ལ་སོགས་པ་མདུན་གྱི་ནམ་མཁའ་ལ་ཕྱོགས་མཐའ་མེད་པར་བསམས་ལ། སེམས་ཅན་ཐམས་ཅད་བསྐྱབ་པར་འདོད་པའི་བསམ་པས། ཡིད་བཞིན་གྱི་ནོར་བུ་ལྟ་བུའི་སེམས་ལས་བྱུང་བའི་སྟེ་མུཿའི་འོད་ཟེར་ལས་སྤྲོས་པའི་མེ་ཏོག་ལ་སོགས་པས་མཆོད་ཅིང་སྐྱབས་སུ་འགྲོ་བ་ལ་སོགས་པ་བདུན་རྣམ་དག་བྱ་སྟེ་གཞུང་ལས་བྱེད་དོ། །ཡེ་ཤེས་ཀྱི་ཚོགས་བསག་པ་ནི། ཆོས་ཐམས་ཅད་སེམས་ཙམ་དུ་བསྡུས་ཏེ་སྭ་བྷཱ་ཝའི་སྔགས་ཀྱིས་བརྟན་པར་བྱའོ། །ཡང་ན་སྔགས་མི་དགོས་སོ། །སྔོན་གྱི་སེམས་བསྐྱེད་པའི་
མཐུས། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་མུཿདམར་སེར་དེ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ནང་དཀར་པོ་ཕྱི་རོལ་གུར་གུམ་གྱིས་བྱུགས་པ་ལྟ་བུ་དམར་པོའི་སྟེང་དུ་དབྱངས་ཡིག་གིས་དཀྲིགས་པའོ། །དེའི་སྟེང་དུ་མུཿའོད་ཟེར་དང་ལྡན་པ་ལས་བྱུང་བའི་ཟླ་དཀྱིལ་དམར་སེར། དེའི་སྟེང་དུ་ཀཱ་ལིའོ། །དེའི་སྟེང་དུ་མུཿསྒྲོན་མེ་ལྟར་འབར་བ་ལས་བྱུང་བའི་ཨུཏྤ་ལ་འོད་ཀྱི་དྲྭ་བ་ཅན་དེ་ཡང་མུཿས་མཚན་པའོ། །དེའི་འོད་ཀྱིས་ཕྱོགས་བཅུ་ནས་འཇམ་དཔལ་སྤྱན་དྲངས་ཏེ་མུཿལ་ཐིམ་སྟེ། དེ་ཡོངས་སུ་གྱུར་པ་ལས། ཟླ་དཀྱིལ་དམར་པོའི་སྟེང་དུ་ཨུཏྤ་ལ་མུཿས་མཚན་པ་ལས་སྤྲོ་བསྡུ་བྱས་ནས་བསྐྱེད་པ་རྡོ་རྗེ་གདན་པ་བཞེད་དོ། །དེ་ནས་པད་ཟླ་ལ་བཞུགས་པ་དབུ་སྐྲ་བུང་བ་ལྟ་བུ་འགྱིང་བག་དང་སྒེག་པའི་ཉམས་དང་ལྡན་པའོ། །གཡང་ལས་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བ་ལྟར་ཞལ་ལས་ཆོས་ཐམས་ཅད་འབྱུང་བས་སོ། །རིན་པོ་ཆེ་དུ་མའི་རྒྱན་ཅན་ནོ། །དེ་ནས་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། སྙིང་གར་མུཿལས་འོད་དམར་པོ་བྱུང་བ་དེ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་འོད་ཟེར་སྣ་ཚོགས་ཅན་བསམ་མོ། །དེ་ལ་མེ་ཏོག་དམར་པོ་མཎྜལ་ལ་བཀྲམ་པ་ལྟར་དབུས་དང་ཕྱོགས་བཞིར་ཨ་ར་པ་ཙ་ན་དགོད། ཤར་ལྷོ་མེ་ནས་གཡས་སྐོར་དུ་པཉྩ་ན་རྣམས་དགོད། དཱི་པཾ་ཀ་རའི་གདམས་ངག་གིས་མཚམས་བཞིར་ཡ་ཏེ་ན་མ་བཞི་དགོད་གསུང༌། འཁོར་ལོའི་བར་དུ་ཨཱ་ལི་གཉིས་གཉིས། མུ་ཁྱུད་ལ་ཀཱ་ལི་རྣམས་སོ། །དམར་པོ་མགོ་གྱེན་ལ་བལྟ་བའོ། །འཁོར་ལོ་དང་ཡེ་ཤེས་སེམས་དཔའ་གཉིས་ཀ་མི་གཡོ་བར་བསྒོམ། དེ་ནས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་ནི་འཁོར་ལོའི་ཡི་གེ་ལས་འོད་སྤྲོ་བསྡུ་བྱེད་པའོ། །དེ་ནས་བསྒོམས་པས་སྐྱོ་ན་བཟླས་པ་ནི། ལྷ་དང་འཁོར་ལོ་ལ་དམིགས་ནས་ཨ་ར་པ་ཙ་ན་མུཿཞེས་བཟླས་སོ། །འཇམ་དཔལ་བརྟན་འཁོར་འདི་བསྒོམས་པའི་ཕན་ཡོན་ནི། འཇམ་དཔལ་དང་ནི་ཞེས་པ་ལ་སོགས་པའོ། །ཚེག་བར་ཉི་ཤུ་རྩ་གཅིག་པ་བྷཱ་སྐནྡྷའི་ཚིག་བཤད་བཞི་དང༌། ཡང་འཁོར་ལོ་བསྒོམས་པས་སངས་རྒྱས་ཀྱི་རྟོགས་པ་ཉིད་རྟོགས་པར་འགྱུར་བ་རྐང་པ་གཉིས་ཀྱིས་བསྟན་ཏོ། །གང་
ཞིག་ཅེས་པ་མཇུག་དགེ་བ་བསྔོ་བའོ། །སློབ་དཔོན་བྷཱ་སྐནྡྷས་དྲུག་ཅུ་གཅིག་གིས་བརྩམས་པ་སྟེ་ཚེག་བར་བཅུ་དགུ་པ་ནི་སེང་གེ་རྣམ་པར་བསྒྱིངས་པའི་ཚིགས་བཅད་དོ། །བཅུ་གཅིག་པ་དབང་པོ་རྡོ་རྗེའི་འོ། །བདུན་པ་ཨིན་དུའོ། །ཉི་ཤུ་རྩ་གཅིག་པ་བྷ་སྐནྡྷའི་དེ་ལྷག་པས་ཀྱང་སྟེ། བརྟན་འཁོར། ༈ །འཇམ་དཔལ་བརྟན་འཁོར་ལ་གསུམ་སྟེ། ཀླད་དོན། མཆོད་བརྗོད། བཤད་པར་དམ་བཅའ་བ་ནི་རྐང་པ་བཞི་དང་གསུམ་གྱིས་སོ། །སྙིང་རྗེ་དང་སྟོང་པར་ལྡན་པའི་འཇམ་དཔལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་སངས་རྒྱས་ཐོབ་པའི་ལམ་སྟོན་པར་བྱེད་པ་བྱིས་པ་ལོ་བརྒྱད་པ་ལྟ་བུའི་སྐུ་ལུས་འཆང་བ། སྐུ་གསུང་ཐུགས་འཇམ་པས་སེམས་ཅན་གྱི་དོན་བྱེད་པའི་འཇམ་དབྱངས་དེ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ཏེ། གཞུང་ལ་གཉིས་ལས། སྒྲུབ་པའི་ཐབས་དངོས་ལ། ཚད་མེད་པ་བཞི་བསྒོམ་པ་དང་པོར་བསྟན་ཏོ། །སྙིང་རྗེ་བསྒོམ་པ་ལ། སྡུག་བསྔལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དེ་ནས་བསོད་ནམས་ཀྱི་ཚོགས་བསགས་པ་ལ་སེམས་བསྐྱེད་ལ་རང་གི་སྙིང་གར་པད་ཟླའི་སྟེང་དུ་མུཿདམར་སེར། དེ་ལས་འོད་ཕྱིར་འཕྲོས་པ་ལས་ཚོགས་རྟེན་སྤྱན་དྲངས་ལ་ཕྱག་བྱ་སྟེ། དེ་ནས་པུས་མོའི་ལྷ་ང་ས་ལ་བཙུགས་པ་ལ་བདུན་རྣམ་དག་གཞུང་ལྟར་བྱ། དེ་ནས་ལྷ་རྣམས་གཤེགས་སུ་གསོལ། ཡེ་ཤེས་ཀྱི་ཚོགས་ནི་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མོས་ཏེ། སྭ་བྷཱ་ཝའི་སྔགས་ཀྱིས་བརྟན་པར་བྱའོ། །དེ་ནས་ཤཱུ་ནྱ་ཏཱ་ཛྙཱ་ནའི་སྔགས་ཀྱིས་སེམས་ཉིད་ཀྱང་སྟོང་པའོ། །ལྷའི་རྣལ་འབྱོར་དངོས་ནི་སྔོན་སེམས་བསྐྱེད་པའི་སྨོན་ལམ་གྱི་དབང་གིས་སྟོང་པའི་ངང་ལས་ལངས་ཏེ། བྱང་ཆུབ་ཀྱི་སེམས་བཟུང་ལ། སེམས་ཉིད་སྙིང་གར་པད་ཟླའི་སྟེང་དུ་མུཿདམར་སེར་ལས་ཟླ་བའི་དཀྱིལ་འཁོར་རྒྱ་སྐྱེགས་ཀྱི་མེ་ཏོག་ལྟ་བུའི་སྟེང་དུ། ཨཱ་ལི་ཉིས་འགྱུར་མགོ་གྱེན་ལ་བལྟ་བ་དང་དམར་པོ་བསམ་སྟེ། དེ་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དག་པ་མཚོན་པའོ། །སྟེང་དུ་མུཿགཉིས་པ་ལས་ཟླ་དཀྱིལ་དམར་པོའི་སྟེང་དུ་ཀཱ་ལི་སོ་བཞིའི་སྟེང་དུ་ད་དྷ་ཌ་ཌྷ་
ཡ་ལ་བསྣན་པ་བཞི་བཅུ་གཉིས་འགྱུར་དཔེ་བྱད་བཟང་པོ་བརྒྱད་ཅུ་དག་པའོ། །དེའི་སྟེང་དུ་མུཿགསུམ་པ་ལས་ཨུཏྤ་ལ་སྔོན་པོ་དེའི་ལྟེ་བ་ལ་མུཿབཞི་པ་དམར་པོ་དེ་གཉིས་ལས་འོད་འཕྲོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཚོགས་གཉིས་པོ་གཅིག་ཏུ་གྱུར་པ་ཚུར་ལོག་སྟེ་འཇམ་དཔལ་ཡང་སྤྱན་དྲངས་ནས་མུཿལ་ཐིམ་པས་མུཿབཞི་པོ་ཀུན་ཡོངས་སུ་གྱུར་ནས་འཇམ་དཔལ་གྱི་སྐུར་བསྒོམ་པའོ། །དེ་ཡང་རིམ་གྱིས་བསྒོམ་སྟེ་སྐུ་མདོག་དམར་སེར། གཡོན་སྟོང་ཕྲག་བརྒྱ་པའི་པུསྟི་འཛིན་པ། མུར་གོང་གཉིས། ལྟག་ཟུར་གཉིས་དང་དབུས་སུ་ཟུར་ཕུད་ཡེ་ཤེས་ལྔའི་རྟགས་སོ། །དབང་སྐུར་བའི་ཆུ་ལས་སམ། ཡང་ན་རང་ཆས་སུ་རིགས་ཀྱི་བདག་པོས་དབུར་བརྒྱན་པའོ། །དེ་ཡང་རིམ་གྱིས་སྒེག་པའི་ཉམས་ནི་འགྱིང་བའོ། །དེ་ནས་ཡེ་ཤེས་སེམས་དཔའ་བསྒོམས་ཏེ། སྙིང་གར་པད་ཟླའི་སྟེང་དུ་མུཿདམར་པོ་ལས་འཁོར་ལོ་རྩིབས་བརྒྱད་པའོ། །དེའི་དབུས་དང་ཕྱོགས་བཞིར་ཨ་ར་པ་ཙ་ན། ཤར་ལྷོ་ལ་སོགས་པའི་མཚམས་བཞིར། པྲ་པཉྩ་ན་བསམ་མོ། །རྩིབས་བར་དུ་དབྱངས་ཡིག་བཅུ་དྲུག་གོ །མུ་ཁྱུད་ལ་ཀཱ་ལི་གཡས་སྐོར་དུ་ཡི་གེ་ཐམས་ཅད་ཁ་དོག་དམར་པོ་མགོ་ཕྱིར་བལྟ་བའོ། །དེ་ནས་ཡེ་ཤེས་སེམས་དཔའ་དགུག་པ་ནི། འཁོར་ལོའི་ཡིག་འབྲུའི་འོད་ཀྱིས་སྤྱན་དྲངས་ཏེ་མདུན་དུ་བཞུགས་པ་ལ་མཆོད་ལ་ཡི་གེ་བཞིས་བསྟིམ་པའོ། །དེ་ནས་འཁོར་ལོའི་འོད་ཟེར་གྱིས་འཇམ་དཔལ་གྱི་སྐུ་ནམ་མཁའ་ལ་ཁྱབ་པ་སྤྲོ་བསྡུ་མི་སྐྱོ་བའི་ངང་དུ་བསྒོམ་པ་ཏིང་ངེ་འཛིན་སེམས་དཔའ་འོ། །སྐྱོ་ན་བཟླས་པ་བྱ་བ་ནི། ལྷ་དང་འཁོར་ལོ་ལ་དམིགས་པའམ། སྙིང་གའི་ས་བོན་ལ་བསྐོར་བ་ལ་དམིགས་ལ་བྱའོ། །ད་ནི་འཁོར་ལོ་བསྒོམས་པས་དུས་གསུམ་གྱི་བསྟན་བཅོས་ཐམས་ཅད་ཤེས། སྲོག་ཆགས་རྣམས་ཀྱི་སྐད་ཤེས། གྲངས་སུ་བྱ་བ་ལས་བཟོའི་གནས་ཐམས་ཅད་དང༌། འཕོང་ལ་སོགས་པ་སྒྱུ་རྩལ་ཐམས་ཅད་དང༌། ཕྱི་རོལ་པའི་ཚོགས་ཚར་གཅད་པ་དང༌། རང་གིས་བསྒྲུབ་པ་ལ་སོགས་པ་ཚེགས་མེད་པར་འགྲུབ་པའོ། །གཟའ་ཕུར་བུ་ལ་སོགས་པ་དང་ལྷ་ཆེན་པོ་མ་
ཧཱ་དེ་བ་ལ་སོགས་པ་ཐམས་ཅད་ཚར་གཅོད་པའོ། །བདག་གི་དགེ་བ་འདིས་ཞེས་མཇུག་དོན་ནོ། །རྫོགས་སོ། ༈ །བློ་ངན་པས་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་ཚིག་ལྷུག་པའི་བརྟན་འཁོར་ལ། ཀླད་ལ་སོགས་པ་གསུམ་གོང་མ་དང་འདྲའོ། །མི་འདྲ་བའི་བྱེ་བྲག་ནི། འཁོར་ལོའི་ལྟེ་བར་ཨ་བསམས་ཏེ་དེ་ཉིད་ཙམ་མོ། །འཁོར་ལོ་འཁོར་བ་ལ་དགོས་པ་ཅི་ཡོད་སྙམ་ན། སྙིང་ག་ཆོས་ཀྱི་འཁོར་ལོ་ནི། སྙིང་ལ་བུ་ག་དགུ་ཡོད་པ་ལས་དགུ་པོ་དེ་དག་ཁ་ཟུམ་ནས་ཡོད་པས་ཤེས་རབ་མེད་ཅིང་རྨོངས་པ་ཡིན་པ་ལ་ད་ལྟ་འཇིག་རྟེན་ན་ཤེས་རབ་ཆེ་བར་གྲགས་པ་ཀུན་ལ་ཡང་བུ་ག་གསུམ་ལས་བྱེ་བ་མེད། དྷརྨཱ་ཀཱིརྟི་ལ་ཡང་ལྔ་ལས་བྱེ་བ་མེད་པར་གྲགས་སོ། །དེས་ན་འཁོར་ལོ་རྩིབས་བརྒྱད་ལྟེ་བ་དང་དགུ་ནས་ཡི་གེ་རྣམས་ལས་འོད་ཟེར་སྤྲོ་བསྡུ་བྱས་པས་སྙིང་གི་བུ་ག་དགུ་བྱེ་ནས་ཤེས་རབ་ཆེན་པོར་འགྱུར་རོ། །རྫོགས་སོ། ༈ །འཇམ་དཔལ་ཨ་ར་པ་ཙ་ན་འདི། སློབ་དཔོན་པད་འབྱུང་གིས་མཛད་པ་སྟེ། དེའི་ལོ་རྒྱུས་ནི། ཡུལ་དབུས་ན་གསང་བ་འདུས་པའི་རྒྱུད་འཆད་ཅིང་ཡོད་པ་ལ། རྣལ་འབྱོར་མ་ཆང་འཚོང་མ་སྤྱོད་པ་བྱེད་པ་ཆུ་འཆུ་བས་མཐོང་སྟེ། ངུ་བ་དང་དགོད་པ་བྱུང་བས། དྲིས་པས་ཆོས་ནོར་བ་འཆད་པས་ངུ༌། འགའ་ཙམ་མ་ནོར་བས་ཀྱང་མི་གོ་བ་དང༌། ལམ་སྐྱེ་བའི་ཡོན་ཏན་ཉན་པ་པོ་ལ་མི་འབྱུང་བས་ངུའོ། །བསྟན་པའི་ལྷག་མ་ཉན་བཤད་ཡོད་པས་དགོད་ཅེས་སོ། །དེར་གདམས་ངག་ཞུ་བྱས་པས་ང་དང་འབྲེལ་མེད་ཀྱིས། ཨཽཌྱན་ན་ངའི་མིང་པོ་ཛི་ན་སྲིལ་ཞེས་བྱ་ཡོད་ཀྱི། དེ་ཡང་ཤིང་ཐུན་གྱི་ཆ་བྱད་དུ་བྱས་ཤིང་ཡོད་པ་དེ་དང་ལས་འབྲེལ་ཡོད་ཀྱི། དེ་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་སྒོ་ལ་ཡི་གེ་བྲིས་ལ་རྒྱལ་པོ་སློབ་མར་རྩད་ཆོད་ལ་ཚོལ་ཅིག ངས་ཐམས་ཅད་ལ་རྩོད་པ་ལས་རྒྱལ་བར་བྱིན་གྱིས་བརླབ་བོ་ཞེས་སོ། །དེར་ཕྱིན་ནས་ལོ་གཅིག་གི་བར་དུ་བཙལ་བས་རྙེད་ནས་ཟླ་བ་དྲུག་གི་བར་དུ་བསྙེན་བཀུར་བྱས་པས། ཅི་འདོད་ཟེར། ལྕམ་མོས་ལུང་བསྟན་པས་ཏེ། གསང་འདུས་ཀྱི་གདམས་ངག་འདོད་བྱས་པས་དབང་བསྐུར་ནས་རིགས་ངན་གྱི་བུ་མོ་རིག་མར་བྱིན་ནོ། །དེ་ནས་ཨིནྡྲ་བྷཱུ་ཏིའི་ཁང་པ་དགུ་
ཐོག་གི་སྟེང་དུ་གཉིས་ཀྱིས་སྒྲུབ་པ་བྱས་པས་གྲུབ་པ་ཐོབ་བོ། །དེ་ཡུལ་ཁམས་སུ་སློབ་དཔོན་གྱིས་རྒྱལ་པོ་རིགས་ངན་དུ་སོང་བར་གྲགས་ཏེ། ཆད་པས་བཅད་དོ་ཞེས་ཟེར། རྒྱལ་པོས་རིགས་ངན་མིན་བྱས་སོ། །དེ་ཤིང་ཁུང་སྟོང་གི་ནང་དུ་བསྲེགས་ལ་མེའི་དག་བྱེད་བྱ་ལ་ཞེས་ཟེར་བས། རྒྱལ་པོས་འདི་ལྟར་མ་མཛད་ཞུས་པས་བྱེད་གསུང་ངོ༌། །དེར་ཤིང་བཅེར་ནས་མེ་བཏང་བས་བསྲེགས་པས། ད་རྡུལ་ཕྲ་རབ་ཙམ་ཡང་མེད་སྙམ་པ་ན་ཞག་གསུམ་ནས་མཚོའི་ནང་དུ་སྣ་ཚོགས་པདྨའི་སྟེང་ན་སློབ་དཔོན་དང་རིག་མ་ཟིལ་པ་ཕྲོམ་མེར་འདུག་པ་མཐོང་ནས་ཐམས་ཅད་དད་པ་སྐྱེས་སོ། །དེ་ནས་པདྨ་འབྱུང་གནས་ཞེས་གྲགས་སོ། །འདི་ལ་མཆོད་པར་བསྒོམ་པ་ནི། མི་དེའི་ཡུལ་མ་མཐོང་བས་སོ། །འདི་ལ་རྟེན་གྱི་གང་ཟག་དང་གནས་འདྲའོ། །ཐབས་དངོས་ལ་དང་པོ་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་དེ། སྙིང་གར་པད་ཟླའི་སྟེང་དུ་ཨཱ་ལི་དང་ཀཱ་ལི་དང༌། ཙའི་དང༌། ཊའི་དང༌། ཏའི་སྡེ་ཚན་ལྔ་པའི་བཞི་པ་དྷའོ། །ཨིའི་མཐའ་ནི་ཨཱི་རིང་པོ་སྟེ་ཨ་སྲོག་གོ །དྷ་ལ་གུ་གུ་བྱིན་པས་དྷཱིར་འགྲོ་བའོ། །དེ་ལ་གཞོན་ནུའི་ནུ་མ་ལྟ་བུ་ཚེག་དྲག་གིས་བརྒྱན་པའི་དྷཱིཿདཀར་པོ་བསམས་ལ། དྷཱིཿའི་འོད་ཀྱིས་རང་གི་ལུས་ལ་ཕོག་པ་དང་སྙིང་ལ་གནས་པའི་ཉོན་མོངས་པའི་སྒྲིབ་པ་བསལ་བ་བལྟའོ། །སློབ་དཔོན་ལ་ལྟོས་དགོས་པ་མཚོན་པས་ཡི་གེ་བཏུ་བའོ། །དེ་ནས་ཚད་མེད་པ་བཞི་བསྒོམས་ལ། དེ་ནས་བསོད་ནམས་ཀྱི་ཚོགས་བསག་པ་ནི། སྙིང་གའི་དྷཱིཿལས་འོད་འཕྲོས་པས་ནམ་མཁའ་ན་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་སྤྲོས་པ་འོད་ཚུར་བསྡུའོ། །གཞུང་ལས་འོད་ཟེར་དེ་ཉིད་ལས་བྱུང་ཞེས་པ་མན་ཆད་རྒྱས་པར་བཤད་པའོ། །དེ་ནས་ཕྱག་དང་པཱུ་ཛ་ལ་སོགས་བྱ། དེ་ནས་ཚངས་པ་ལ་སོགས་པ་མཐུ་དང་ལྡན་པས་ཀྱང་རྙེད་པར་དཀའ་བའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། དགེ་རྩ་བསྔོ་བ་ལ་སོགས་པ་གཞུང་ལས་བྱེད་དོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་པ་བྱའོ། །ཚོགས་བསགས་པའི་འབྲས་བུ་ལྷ་སྐུ་བསྒོམ་པ་ནི། སྟོང་པའི་ངང་ལས་རང་གི་སེམས་ཀྱི་སྣང་བ་ཙམ་ལས་པདྨ་དང་ཟླ་བའི་སྟེང་དུ་དྷཱིཿ
དཀར་པོ། དྷཱིཿགྱུར་པ་ལས་རལ་གྲིའི་ཆང་ཟུང་ལ་ཟླ་བའི་སྟེང་དུ་དྷཱིཿས་མཚན་པ་དེ་ལས་འོད་འཕྲོས་པས། ཕྱོགས་བཅུ་ནས་འཇམ་དཔལ་སྤྱན་དྲངས་ཏེ། དྷཱིཿལ་ཐིམ་ནས་དེ་དག་ཡོངས་སུ་གྱུར་པ་ལས་སྐུ་རྫོགས་པར་བསྒོམ་སྟེ། པད་ཟླའི་གདན་ལ་སྐུ་མདོག་དཀར་པོ། གཡོན་ན་དུས་གསུམ་གྱི་གསུང་རབ་ལ་མ་རྨོངས་པའི་ཐབས་ཀྱི་བརྒྱད་སྟོང་པའི་པུསྟི་འཛིན་པ། ཨིནྡྲ་ནཱི་ལ་ལྟ་བུའི་དབུ་སྐྲ་ཅན། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་ངོ་བོ་འཇམ་དཔལ་བསྒོམས་པ་ནི་དམ་ཚིག་སེམས་དཔའོ། །དེའི་སྙིང་གི་ནང་སྟོང་པ་ལ་ཨ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པ་མི་ཤེས་པ་འཇོམས་པའི་འོད་ཟེར་ཅན་གཡས་སུ་དྲག་ཏུ་འཁོར་བར་བསྒོམས་ཏེ། དེའི་དུས་སུ་སྙིང་གི་ནང་ཡང་སྟོང་པར་བསྒོམ། ཨེ་ར་བི་ཤ་སྒྲའི་སློབ་མ་འཁོར་ལོས་སྲོག་པ་རྩ་བཅད་ནས་ཤི་བ་ཡོད་པས་དེ་མན་ངག་གོ །འཁོར་ལོ་དེའི་སྟེང་དུ་སོར་གཅིག་གིས་མ་རེག་པར་ཨ་ལས་ཟླ་དཀྱིལ་བསྒོམ་སྟེ། དེའི་རྒྱུ་མཚན་ནི་རེག་ན་འཁོར་ལོ་འཁོར་བས་སྟོང་གི་ལྷ་དང་རྣལ་འབྱོར་པ་ཡང་འཁོར་བས་སྙིང་རླུང་ལ་སོགས་པའི་སྐྱོན་དུ་འགྲོ་བས་སོ། །ཟླ་སྟེང་དུ་ཨ་ར་པ་ཙ་ན་དྷཱིཿཞེས་པ་ཡི་གེ་ལྔ་མར་མེའི་འོད་ལྟ་བུ་རགས་པར་བསྒོམ་པ་ནི་བླ་མའི་མན་ངག་གིས་ཞེས་པའི་དོན་ཏོ། །ཡང་ན་ས་བོན་ལས་ལྷ་རྫོགས་པར་བསམས་ལ་སྤྲོ་བསྡུ་དང་བཟླས་པ་བྱའོ། །དེ་གཉིས་རྒྱས་པར་སྟོན་པ་ནི་ཡང་ན་ཞེས་པ་མན་ཆད་དོ། །དེ་ནས་ཟླ་བའི་དབུས་ཀྱི་ཨ་གྱུར་པ་ལས་ཨ་ར་པ་ཙ་ནའི་སྐུར་བསམ་མོ། །དེའི་ཐུགས་ཀར་ཡང་ཟླ་བའི་སྟེང་དུ་ཨ་བསམ་མོ། །དེའི་མདུན་དུ་ཟླ་བའི་སྟེང་དུ་ར་དཀར་པོ་ལས་རལ་གྲི་རས་མཚན་པ་དེ་གྱུར་པ་ལས་བྱང་སེམས་དྲྭ་བ་ཅན་གྱི་འོད། དེའི་ཐུགས་ཀར་ཟླ་བ་ལ་རའོ། །རྒྱབ་ཏུ་པ་དཀར་པོ་ལས་རལ་གྲི་པས་མཚན་པ་དེ་གྱུར་པ་ལས་ཟླ་བ་ཅན་གྱི་འོད། དེའི་ཐུགས་ཀར་ཟླ་བ་ལ་པའོ། །གཡས་སུ་སྒྲ་ཅན་མ་དང༌། གཡོན་དུ་ཉེ་བའི་སྐུ་ཅན་མའང་དེས་འགྲེ། ལྷ་ཐམས་ཅད་སྐུ་མདོག་དཀར་པོ་སྟེ། དེ་ནི་ཡེ་ཤེས་སེམས་དཔའོ། །དེ་ནས་ཏིང་ངེ་འཛིན་སེམས་དཔའ་ནི། ལྷ་དེ་དག་གི་
ཐུགས་ཀའི་ས་བོན་གྱི་འོད་ཟེར་སྤྲོས་བསྡུས་སེམས་ཅན་གྱི་དོན་བྱེད་པའོ། །མི་སྐྱོའི་བར་དུའོ། །དེ་ནས་བཟླས་པ་ནི། ལྷ་དང་འཁོར་ལོ་ལ་དམིགས་པས། ཨོཾ་ཨ་ར་པ་ཙ་ན་དྷཱིཿཞེས་སོ། །དེ་ནས་ལྡང་བ་ན། ལྷག་ཆད་ཁ་བསྐང་བའི་དོན་དུ། ཡི་གེ་བརྒྱ་པ་བརྗོད་དོ། །ཚེག་བར་བརྒྱ་ཞེས་བྱ་སྟེ་བཛྲ་བཞི་སོ་སོར་བསྔོས་ནས་སོ། །དེ་ནས་དུས་ཐམས་ཅད་དུ་དམ་ཚིག་སེམས་དཔའི་ང་རྒྱལ་དང་ལྡན་པར་བྱའོ། ༈ །འདིའི་བརྒྱུད་པ་ནི། སངས་རྒྱས་དངོས་ཀྱི་སློབ་མ་པདྨ་བཛྲ། དེས་བྲམ་ཟེ་ཆེན་པོ་ས་ར་ཧ། དེས་ཀླུ་སྒྲུབ། དེས་རྡོ་རྗེ་དྲིལ་བུ་པ། དེའི་སློབ་མ་སྒྲུབ་པ་ཐོབ་པ་ཅིག དེས་ཤར་ཕྱོགས་ཀྱི་པཎྜི་ཏ་དགའ་རབ་རྡོ་རྗེ་ལ། དེས་མི་ཕམ་བཤེས་གཉེན་ལ། དེས་བླ་མ་རྡོ་རྗེ་གདན་པ་ལའོ། །མི་ཕམ་བཤེས་གཉེན་གྱིས་རང་གི་བླ་མ་ལས་ཐོས་པ་བཞིན་ཉམས་སུ་བླངས་པས་རང་མཁས་པར་གྱུར་ཏེ། གཞན་ལ་ཕན་པའི་ཕྱིར་འདི་བྲིས་སོ། །འདི་ལ་ཚིགས་བཅད་གཉིས་ཀྱིས་ཀླད་དོན་བསྟན་པ་ལས། ཚིག་དོན་ནི། སྒྲིབ་པ་གཉིས་དག་པ་མཚོན་པས་སྐུ་ཤིན་ཏུ་དཀར་བ། གླེགས་བམ་དང་རལ་གྲི་ཕྱག་ན་བསྣམས་པ། མཚན་དང་དཔེ་བྱད་ཀྱིས་ཤིན་ཏུ་མཛེས་པའི་མཆོག་ཏུ་གྱུར་པ། གཞོན་ནུ་ཟུར་ཕུད་ལྔ་དང་ལྡན་པ། རྒྱལ་པོ་ལ་སོགས་པ་དབང་དུ་གྱུར་པ་ནི་དགའ་བ། སྙན་ངག་ལ་སོགས་པ་སྨྲ་མཁས་པ་རྣམས་ཀྱི་མཆོག་གོ །མི་གནས་པའི་མྱ་ངན་ལས་འདས་པའི་མཐར་སྐུ་རྒྱས་ཤིང་པདྨའི་འདབ་མ་འདྲ་བའི་སྤྱན། ཕྱིན་ཅི་ལོག་དང་མི་ཤེས་པའི་བློ་ངན་ཤེས་རབ་ཆེན་པོའི་མེས་སྲེག་པ་དེ་ལ་ཕྱག་འཚལ་ལོ། །ལོ་ཕྱེད་ཅེས་པ་དེ་ཡང་སྒྲུབ་པ་པོའི་སྐྱེ་བོས་སམ། ཡང་ན་རྒྱུའི་མིང་འབྲས་བུ་ལ་བཏགས་པས་སྐྱེ་བོ་ཉིད་ཨ་ར་པ་ཙ་ནའོ། །དགོས་པ་ནི། སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་རྟོག་བྲལ་དུ་རྟོགས་པ་ལས་བྱང་ཆུབ་ཐོབ་པར་བྱེད་པའོ། །དེ་ལ་སོགས་པ་ཡོན་ཏན་ཐམས་ཅད་འབྱུང་བས་ན་རིན་པོ་ཆེའི་འཁོར་ལོ་དེ་སྒོམ་ཐབས་བྲིའོ། །འདི་ལ་བསོད་ནམས་ཀྱི་ཚོགས་བསག་པ་ནི་མི་དགོས་སོ། །སྒྲུབ་པ་པོས་དང་པོར་སེམས་བསྐྱེད་དེ་གཟུང་འཛིན་དང་བདག་ཉིད་ཐམས་ཅད་སྟོང་པར་བསྒོམས་ལ་སྔགས་
ཀྱིས་བརྟན་པར་བྱའོ། །སྟོང་པའི་ངང་ལས་རང་གི་སྙིང་གར་པད་ཟླའི་སྟེང་དུ་དྷཱིཿདཀར་པོ་དེ་ལས་རལ་གྲི་ཆང་ཟུང་ལ་དྷཱིཿས་མཚན་པ། དེ་ལས་འོད་ཀྱི་སྐུ་སྤྲོས་བསྡུས་པ་ལས་རལ་གྲི་དང་བཅས་པ་གྱུར་པ་ལས་བཅོམ་ལྡན་འདས་སུ་བསྒོམ་སྟེ། སྐུ་མདོག་དཀར་པོ་སེམས་ཅན་ལ་སྙིང་རྗེས་ཆགས་པ་དང་བཅས་པའི་བརྡའོ། །དེ་ནས་ཡེ་ཤེས་སེམས་དཔའ་བསྒོམ་པ་ནི། རང་གི་སྙིང་གར་ཨ་ལས་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་དྲག་ཏུ་འཁོར་བ་འོད་ཟེར་འཕྲོ་བ་བསྒོམ། དེ་ལ་སོར་གཅིག་ཙམ་གྱིས་མ་རེག་པར་ཨ་ལས་ཟླ་བ། དེའི་སྟེང་གི་དབུས་སུ་ཨ་དཀར་པོ་ལས། རལ་གྲི་ཨས་མཚན་པ་དེ་གྱུར་པ་ལས་ཨ་ར་པ་ཙ་ན་དམ་ཚིག་པ་ཅི་ལྟ་བའོ། །ཕྱོགས་བཞིར་ལྷ་བཞི་ཡང་པད་ཟླ་ལ་རང་རང་གི་ས་བོན་ལས་རལ་གྲི་རང་རང་གི་ས་བོན་གྱིས་མཚན་པ། དེ་གྱུར་པ་ལས་རང་རང་གི་སྐུ་རྫོགས་པ་སྐུ་མདོག་ལ་སོགས་པ་གཙོ་བོ་འདྲ་བ་དེ་དག་གཙོ་བོ་ལ་ཟུར་གྱིས་བལྟ་བའོ། །ཡང་ན་ཡེ་ཤེས་སེམས་དཔའ་ནི་ཟླ་བའི་སྟེང་དུ་ཡི་གེ་ལྔ་པོ་མར་མེ་ལྟར་འབར་བ་རགས་པ་བསྒོམ་མོ། །ཡང་ན་ཡི་གེ་ལས་རལ་གྲི་ས་བོན་གྱིས་མཚན་པ་འོད་འཕྲོ་བ་བསྒོམ་སྟེ་གཞུང་ན་མེད་དོ། །དེས་ནི་ཞེས་པ་རྐང་པ་བཞིས་ཡེ་ཤེས་པ་བསྒོམས་པའི་ཕན་ཡོན་བསྟན་ནོ། །ཏིང་ངེ་འཛིན་སེམས་དཔའི་ལྷ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སེམས་ཅན་ལ་ཕོག སྒྲིབ་པ་བསལ་ནས་ཐམས་ཅད་འཇམ་དཔལ་དུ་བྱས་ཏེ་ཚུར་འདུས་སོ་སོ་ལ་ཐིམ་པས་སྤྲོ་བསྡུ་མི་སྐྱོའི་བར་དུ་བྱའོ། །དེ་ནས་བཟླས་པ་ནི་ལྷ་དང་ཙཀྲ་ལ་དམིགས་ལ། ཨོཾ་ཨཱ་ར་པ་ཙ་ན་དྷཱིཿ ཞེས་པའོ། །བློ་གྲོས་བརྟན་པས་ཞེས་པ་རྐང་པ་བཞིས་ཕན་ཡོན་ནོ། །ཚིག་རྐང་དགུས་མོས་པ་བསྐྱེད་པའི་ཕྱིར་བརྒྱུད་པ་བསྟན་ནོ། །རྐང་པ་བཞིས་མཇུག་དགེ་བའི་རྩ་བ་བསྔོ་བའོ། །འདི་ལ་བླ་མ་དྷ་ན་རེ་ཡེ་ཤེས་དགུག་གཞུག་དབང་བསྐུར་རྒྱས་གདབ་བྱ་གསུང༌། རྡོ་རྗེ་གདན་པ་མི་དགོས་གསུང་ངོ༌། ༈ །འཇམ་དཔལ་གྱི་སྒྲུབ་ཐབས་འདི་ལ། ཀླད་དོན་མཆོད་བརྗོད་བསྟན་ཏོ། །ཚིག་དོན་ནི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པའི་འཇམ་དཔལ་
གྱི་སྒྲུབ་ཐབས་ཤིན་ཏུ་གསལ་བ་དང་བསྡུས་པ་སྟོན་ཏེ། དགོས་པ་ནི་མ་རིག་པ་འཇོམས་པར་བྱེད་པའོ། །གང་ཟག་ནི་དད་པ་དང་ལྡན་པ་རྣམས་ཀྱི་ཆེད་དུ་བརྩམ་པའོ། །ཞེས་བསྟན་ཏོ། །དེ་ཡིད་དང་མཐུན་པའི་གནས་སུ་ཐོག་མར་སེམས་བསྐྱེད་པ་བསོད་ནམས་ཀྱི་ཚོགས་སོགས་བྱས་ཀྱང་འགལ་བ་མེད་དོ། །ཡང་ན་ཆོས་ཐམས་ཅད་སྟོང་པར་བསྒོམས་ལ་སེམས་སྭ་བྷཱ་ཝའི་སྔགས་ཀྱིས་བརྟན་པར་བྱས་ཀྱང་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེའི་རྗེས་སུ་སྙིང་གར་པད་ཟླའི་སྟེང་དུ་མུཿསེར་པོ་དེ་ལས་འོད་འཕྲོས་ཏེ། འཇམ་དཔལ་དཔག་ཏུ་མེད་པ་བསྟིམ། གྱུར་པ་ལས་འཇམ་དཔལ་བསྒོམ་མོ། །སྐུ་གསུང་ཐུགས་དག་པའི་རྟགས་མུར་གོང་གཉིས་དང་ལྟག་པ་ན་ལྕང་ལོ་གསུམ་ཡོད་པའོ། །དེ་བཞིན་གཤེགས་པ་མང་པོ་སྤྱན་དྲངས་ཏེ་བསྟིམས་ལ་རྫོགས་པ་ལས་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ལས་ཤེས་པར་བྱའོ། །འདི་ལ་བླ་མ་དྷ་ཡེ་ཤེས་པ་གཞུག་པ་ལ་སོགས་པ་བྱ་གསུང༌། བཻ་ན་རེ་མདོར་བསྡུས་པ་དོན་མེད་པར་འགྱུར་བས་མི་བྱ་གསུང༌། བཟླས་པ་ནི་སྙིང་གར་པད་ཟླའི་སྟེང་དུ་མུཿབསམས་ལ་བཟླས་སོ། །དེ་ལས་ལངས་ལ་སྤྱོད་ལམ་ཐམས་ཅད་སྒྱུ་མ་ཙམ་གྱི་བློས་ལྷའི་ང་རྒྱལ་དང་ལྡན་པར་བྱའོ། ༈ །འཇམ་པའི་རྡོ་རྗེའི་སྒྲུབ་ཐབས་འདི་ལ་ཀླད་ཀྱི་དོན། ཚིག་རྐང་གསུམ་དང་གཅིག་གིས་མཆོད་པར་བརྗོད་པ་དང་བཤད་པར་དམ་བཅའ་བ་སྟོན་ཏོ། །ཚིག་གི་དོན་ནི། རིན་ཆེན་པདྨ་རཱ་ག་ལྟ་བུའི་སྐུ་མདོག་དམར་པོ་ཤེས་རབ་ཆེན་པོ་དང་ལྡན་ཞིང་མདངས་དང་ལྡན་པའི་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ལ་དང་པོ་སྒྲུབ་པ་པོས་ཕྱིའི་ཁྲུས་བྱས་ཏེ། བདེ་བའི་སྟན་ལ་འདུག་སྟེ། སེམས་བསྐྱེད་ལ་ས་བོན་ལས་མ་ཡིན་གྱིས། སྐད་ཅིག་གིས་སྙིང་གར་པད་ཟླ་བསྒོམས་ལ། དེའི་འོད་ཟེར་དང་ཨ་མྲྀ་ཏའི་སྔགས་ཀྱིས་བགེགས་ཐམས་ཅད་བསྐྲད་དེ་བསྲུང་བར་བྱའོ། །དེ་ནས་སྙིང་གའི་ཟླ་བའི་འོད་ཟེར་གྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མདུན་དུ་སྤྱན་དྲངས་ཏེ། གསལ་བར་དམིགས་ལ། ཟླ་བའི་འོད་ལས་བྱུང་བའི་མཆོད་པ་ལྔས་མཆོད་དེ། ཡན་ལག་བདུན་པ་བྱས་
ཀྱང་འགལ་བ་མེད་དོ། །དེ་ནས་བདག་གམ་དམ་ཚིག་སེམས་དཔའ་དེའི་སྙིང་གར་པྃ་ལས་པདྨ་འདབ་མ་བཞི་པའི་སྟེང་དུ་ཟླ་བ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ། དེ་ཡང་ལྟེ་བ་ལ་འཇམ་པའི་རྡོ་རྗེ་སྤྱན་འདྲེན། ཨོཾ་ཨེ་ཧྱེ་ཧིས་སོ། །ལྟེ་བ་ལ་རྨ་བྱའི་གདན་ལ་སྐུ་མདོག་དམར་པོ་རཏྣའི་རྒྱན་ཅན། གཡས་རྡོ་རྗེ། གཡོན་དྲིལ་བུ་འཆང་བ་བསྒོམ་མོ། །གཏི་མུག་གཞོན་ནུ་མ་དང༌། འདོད་ཆགས་གཞོན་ནུ་མ་དང༌། ཕྲག་དོག་དང༌། རིགས་ཀྱི་གཞོན་ནུ་མ་བཞི་བསྒོམ་སྟེ། དེ་དག་ཀྱང་གཙོ་བོ་ཇི་ལྟ་བའོ། །འདི་ནི་ཀྲི་ཡའི་རྗེས་སུ་འབྲང་བ་ཡིན་པས་རང་ཐ་མལ་པའི་སྙིང་གར་ལྷ་བསྒོམས་པའི་དམ་ཚིག་སེམས་དཔའ་ལ་བྱིན་གྱིས་རློབ་པར་འདོད་པའོ། །དེ་ནས་བཟླས་པ་ནི། ལྷ་ལ་དམིགས་ལ་གཙོ་འཁོར་ལྔ་ཀའི་སྔགས་བཟླས་གསུང་ངོ༌། །ཡང་ན་གཙོ་བོ་གྲུབ་ན་འཁོར་ཡང་གྲུབ་པས་གཙོ་བོ་གཅིག་པུས་བྱས་ཀྱང་ཆོག་གོ །དེ་ནས་ཕྱི་རོལ་དུ་མཎྜལ་བྱེད་ན། མཎྜལ་གྱི་སྟེང་དུ་པདྨ་འདབ་མ་བཞི་ལ་ལྷ་ལྔ་བསྒོམས་ཏེ་རང་རང་གི་སྔགས་ཀྱིས་དབུ་ལ་མེ་ཏོག་དབུལ་ལོ། །དེ་ནས་འབྱུང་པོའི་གཏོར་མ་ནི་སྣོད་གཙང་མར་བཤམས་ཏེ། རང་ཐ་མལ་པར་བྱས་ལ་མཆོག་སྦྱིན་བྱས་ནས། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ཏེ་སྔགས་དེ་ལན་གསུམ་བརྗོད་དེ་སེ་གོལ་གཏོགས་ཏེ་དབུལ་ལོ། ༈ །ངག་གི་རྒྱལ་པོའི་སྒྲུབ་ཐབས་ལ། ཚིག་རྐང་གསུམ་དང་གཅིག་གིས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་ཀླད་ཀྱི་དོན་བསྟན་ནོ། །ཚིག་དོན་ནི་གཉིས་སུ་མེད་པའི་ཡེ་ཤེས་དང་ལྡན་པའི་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་དེ་ལ་ཕྱག་འཚལ་ལོ། །ཡང་ན་ཐུགས་ཀྱི་རིགས་ཡིན་པས་ཡེ་ཤེས་སོ། །གཞུང་གི་དོན་ལ་རྟེན་གྱི་གང་ཟག་མཚན་ཉིད་དང་ལྡན་པ་ཅིག་གིས། གནས་ཡིད་དང་མཐུན་པར་འདུག་སྟེ་སེམས་བསྐྱེད་བྱས་ཏེ། རང་གི་སྙིང་གར་པད་ཟླའི་སྟེང་དུ་མུཿདམར་སེར་བསམས་ལ་དེའི་འོད་ཀྱིས་འཇམ་དཔལ་ལ་སོགས་པ་སྤྱན་དྲངས་ཏེ། དེ་ལ་མེ་ཏོག་ལ་སོགས་པས་མཆོད་ལ། ལམ་བསྟན་པའི་བར་དུ་བསོད་ནམས་ཀྱི་ཚོགས་རྫོགས་པར་
བྱའོ། །བཅོམ་ལྡན་འདས་ཁྱེད་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བདག་གིས་གནས་པར་བྱའོ་སྙམ་པས་བསྟེན་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསགས་ལ། ཚོགས་གཉིས་ཀྱི་འབྲས་བུ་ལྷའི་སྐུ་བསྒོམ་པ་ནི། སྟོང་པའི་ངང་ལས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་མུཿསེར་པོ་དེ་ལས་འོད་འཕྲོས་པས་འདུལ་བའི་སྐལ་བ་ཡོད་པའི་སེམས་ཅན་རྣམས་ཀྱི་དོན་བྱས་ཏེ་རྒྱུད་དག་པར་བྱས་ལ། ཡང་འོད་དེས་ཕྱོགས་བཅུ་ནས་འཇམ་དཔལ་མང་པོ་སྤྱན་དྲངས་ལ་འོད་ཀྱི་རང་བཞིན་དུ་བྱས་ལ་མུཿལ་བསྟིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇམ་དཔལ་དུ་བསྐྱེད་དེ། སེང་གེ་དང་པད་ཟླའི་གདན་ལ་ཕྱེད་ཀྲུང་བྱས་ཤིང༌། སྐུ་མདོག་དམར་སེར་ཟླ་བའི་འོད་ཀོར་ལ་རྒྱབ་བརྟེན་པ། ཕྱག་གཉིས་ཀྱིས་གཡས་པ་ཁ་བུབ་ལ་གཡོན་པ་གན་རྐྱལ་དུ་བྱས་པའི་མཐེ་བོང་དང་མཛུབ་མོ་རྩེ་སྤྲོད་པའོ། །གཡོན་པའི་གྲུ་མོ་ན་ཨུཏྤ་ལའི་སྟེང་དུ་པུསྟི་བཞུགས་པའོ། །འཁོར་ནི་གཡོན་ན་གཤིན་རྗེ་མཐར་བྱེད་གཅིག་པུ་སྟེ། སྔོན་པོ་ཁྲོས་པའི་རང་བཞིན་ཅན་ཐོད་པ་ལྔས་དབུར་བརྒྱན་པ་ལ་གཡས་ཀྱི་གྲུ་མོས་བཅོམ་ལྡན་འདས་ཀྱི་པུས་མོ་ལ་བརྟེན་པ། གཡོན་ན་དབྱུག་པས་ཨང་ཚུགས་བྱས་པ་བསམ་མོ། །དེ་ནས་གཙོ་བོ་ལ་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ཏེ་གནས་གསུམ་དུ་པད་ཟླ་ལ་ཡི་གེ་གསུམ་དགོད་པའོ། །དེ་ནས་ནུ་མའི་བར་སྙིང་གར་མུཿབསམས་ལ། དེ་ལས་མེ་ཏོག་མ་ལ་སོགས་པ་སྤྲོས་ལ་བདག་ཉིད་ལ་མཆོད་དོ། །མཆོད་བྱ་མཆོད་བྱེད་དབྱེར་མེད་པར་བསམ་ཞིང་བསྟོད་པར་ཡང་བསམ་མོ། །ཡང་དེ་དག་ས་བོན་ལ་བསྡུའོ། །དེ་ལྟར་སྤྲོ་བསྡུ་མི་སྐྱོའི་བར་དུ་བྱའོ། །ཡང་ན་སྤྲོ་བསྡུ་ནི་འཇམ་དཔལ་གྱི་སྐུ་དཔག་ཏུ་མེད་པ་སྤྲོ་བ་དང་བསྡུ་བས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ལྟར་ཞེས་པ་ལ་སོགས་པས་ཕན་ཡོན་བསྟན་ཏོ། །དེ་ནས་བཟླས་པ་ནི་རང་གི་སྙིང་གར་པད་ཟླའི་སྟེང་དུ་མུཿལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་བཟླས་སོ། །དེ་ནས་ཡང་སྐྱོ་བ་མེད་ན་སྔར་བཞིན་དུ་བསྒོམ་མོ། །དེ་ནས་ལྡང་བ་ན། ས་བོན་ལས་ལྷ་མོ་སྤྲོས་ཏེ་མཆོད་པ་དང༌། བསྟོད་པ་ལ་སོགས་པ་བྱས་ཏེ་ཚུར་
བསྡུས་ནས་བཟོད་པར་གསོལ་བ་དང་སྨོན་ལམ་གདབ་པར་བྱའོ་རྫོགས་སོ། ༈ །རྒྱལ་པོ་ཆེན་པོ་རོལ་པའི་སྒྲུབ་ཐབས་ལ་སྒྲུབ་པ་པོས་བྱང་ཆུབ་ཏུ་སེམས་བསྐྱེད་ལ་སྙིང་གར་པྃ་པད་ཨ་ཟླའི་སྟེང་དུ། མྃ་ལས་འོད་འཕྲོས་པས་བླ་མ་ལ་སོགས་པ་སྤྱན་དྲངས་ཏེ་མཆོད་པ་སོགས་པ་ཡན་ལག་བདུན་པ་བྱའོ། །དེའི་རྗེས་སུ་སྟོང་པར་མོས་ཤིང་སྔགས་ཀྱིས་བརྟན་པར་བྱས་པ་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་ནས་སྟོང་པའི་ངང་ལས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་རྃ་ལས་འོད་འཕྲོས་ཏེ། འཇམ་དཔལ་སྤྱན་དྲངས་ལ་མྃ་ལ་བསྟིམ། དེ་གྱུར་པ་ལས་འཇམ་དཔལ་གཞུང་བཞིན་བསྐྱེད་དོ། །ཕྱག་གཡས་ཨུཏྤལ་པུསྟི་མཚན་པ། གཡོན་པ་བསྒྱིངས་པའི་ཚུལ་དུ་བརྐྱངས་ནས་ཁ་བུབ་པའོ། །དེ་ནས་ཨུཏྤལ་ཁ་བྱེ་བའི་ཕྱག་རྒྱས་སྤྱི་བོ་དང་མགྲིན་པ་དང་སྙིང་གར་གཏུག་པར་བྱའོ། །འདི་ལ་བླ་མ་དྷ་ཐུགས་ཀའི་ས་བོན་ལས་འོད་འཕྲོས་ནས་ཡེ་ཤེས་པ་དགུག་གཞུག་བཅིང་དང་དགྱེས་པ་བསྐྱེད་པ་དང༌། ཡང་འོད་ཟེར་འཕྲོས་པས་མཆོད་པའི་ལྷ་མོ་ལ་སོགས་པས་དབང་བསྐུར་ཞིང་བྱིན་གྱིས་བརླབས་ནས་ཆུའི་ཐ་མ་ལས་མི་བསྐྱོད་པས་དབུར་བརྒྱན་པ་ཡང་བྱ་གསུང༌། བླ་མ་བཻ་ནི་མི་དགོས་ཉུང་ངུ་བསྡུས་པ་དོན་མེད་པས་གསུངས། ལོ་ཙཱ་བ་བཻའི་བདེ་གསུང༌། སྒྲུབ་ཐབས་འོག་མ་རྣམས་ལ་ཡང་དེ་བཞིན་ནོ་གསུང༌། དེ་ནས་བཟླས་པ་ནི་སྙིང་གར་པད་ཟླ་ལ་མྃ་ལ་སྔགས་ཀྱི་བསྐོར་བ་ལ་དམིགས་ནས་བཟླས་པ་བྱའོ། །ལངས་པ་ན་ཡང་མཆོད་བསྟོད་སོགས་ཐམས་ཅད་བྱའོ། ༈ །རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་ནི། སྒྲུབ་པ་པོས་སེམས་ཅན་གྱི་དོན་དུ་སེམས་བསྐྱེད་ལ། སྙིང་གར་པྃ་དང་ཨ་ལས་པད་ཟླའི་སྟེང་དུ་དྷཱིཿདཀར་པོའི་འོད་ཀྱི་བླ་མ་ལ་སོགས་པ་སྤྱན་དྲངས་པ་ལ་མཆོད་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་བསགས་ལ། ཡེ་ཤེས་ཀྱི་ཚོགས་བསགས་ཀྱང་བྱས་ཏེ། སྟོང་པའི་ངང་ལས་ལུས་སྒྱུ་མ་ཙམ་ལས་པད་ཟླའི་སྟེང་དུ་ཐིག་ལེ་དཀར་པོ་ཡུངས་ཀར་ཙམ་དེ་ལས་
འོད་འཕྲོས། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཐིག་ལེ་ལ་ཐིམ། དེ་གྱུར་པ་ལས་དྷཱིཿདཀར་པོ་དེའི་འོད་ཀྱིས་འཇམ་དཔལ་གྱི་སྐུ་མང་པོ་བཀུག་སྟེ་དྷཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཇམ་དཔལ་སྐུ་མདོག་དཀར་པོ། གཡས་ན་རལ་གྲི་གཡོན་པུསྟི་བསྣམས་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བསྒོམ་མོ། །སྤྲོ་བསྡུ་མི་སྐྱོའི་བར་དུ་བྱའོ། །དེ་ནས་བཟླས་པ་ནི་སྙིང་གར་པད་ཟླའི་སྟེང་དུ་དྷཱིཿསྭཱ་ཧཱ་བཀོད་པ་དེ་ལ་སེམས་གཏད་ལ་བཟླས་པ་བྱའོ། །ལངས་ན་ལྷའི་ང་རྒྱལ་དང་ལྡན་པར་བྱའོ། །རྫོགས་སོ། ༈ །དེ་ཉིད་དུ་གསུངས་པའི་སྒྲུབ་ཐབས་གཉིས་པ་ནི། སྙིང་གར་པད་ཟླའི་སྟེང་དུ་དྷཱིཿའི་འོད་ཀྱིས་བླ་མ་ལ་སོགས་པ་སྤྱན་དྲངས་ལ། ཚད་མེད་བཞི་ཡན་ཆད་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་ཡེ་ཤེས་ཀྱི་ཚོགས་བསགས་བྱས་ལ། སྟོང་པའི་ངང་ལས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་ཐིག་ལེ་ཡུངས་འབྲུ་ཙམ་མར་མེའི་འོད་ལྟ་བུ་དང་ལྡན་པར་བསམས་ལ། དེའི་འོད་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་མཐོ་གང་ལ་སོགས་པར་ཇེ་ཆེར་འཕེལ་ཏེ་སེམས་ཅན་ཐམས་ཅད་ལ་ཕོག་པས། རྒྱུད་དག་པར་བྱས་ནས་ཚུར་འདུས་ཏེ་དེ་ཉིད་ལ་ཐིམ་པས་དྷཱིཿདཀར་པོ་ཐིག་ལེ་དང་བཅས་པ། དེ་གྱུར་པ་ལས་འོད་འཕྲོས་འཇམ་དཔལ་མང་པོ་བཀུག་སྟེ་དྷཱིཿལ་ཐིམ། དེ་གྱུར་པ་ལས་འཇམ་དཔལ་སྐུ་མདོག་དཀར་པོ། གཡས་རལ་གྲི། གཡོན་པུསྟི་བསྣམས་པའོ། །དེའི་ཐུགས་ཀར་ཡང་པད་ཟླའི་སྟེང་དུ་དྷཱིཿབསམས་ལ་དེའི་འོད་ཟེར་རླུང་འབྱུང་བ་དང་ཆས་ཏེ། སྣ་ནས་ཕྱིར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས་ནས་འཇམ་དཔལ་དུ་བྱས་ནས་འཇུག་པས་རླུང་དང་ཆས་ཏེ་ཚུར་འདུས་ནས་དྷཱིཿལ་བསྟིམ་མོ། །དེ་ལྟར་སྤྲོ་བསྡུ་མི་སྐྱོའི་བར་དུ་བྱའོ། །དེ་ནས་བཟླས་པ་བྱེད་ན་སྙིང་གར་པད་ཟླའི་སྟེང་དུ་ཨོཾ་དྷཱིཿསྭཱ་ཧཱ། ཞེས་བཀོད་ལ་དེ་ལ་སེམས་གཏད་ལ་བཟླས་པ་བྱའོ། །དེ་ནས་ལྡང་ན་ཐམས་ཅད་དུ་ལྷའི་ང་རྒྱལ་བྱའོ། །རྫོགས་སོ། ༈ །འདིའི་སེམས་གཟུང་བའི་ཐབས་སྟོན་ཏེ། འཇམ་དཔལ་གྱིས་ཤེས་རབ་བསྐྱེད་པའོ། །དེ་ལ་དང་པོ་སེམས་བསྐྱེད་ལ་སྐད་ཅིག་
གིས་བདག་ཉིད་ཨ་ར་པ་ཙ་ནར་བསྒོམས་ལ། ལྟེ་བར་ཟླ་བའི་འོད་རྣོ་བ་ཕྲ་བ་ཟང་ཟང་པ་བསམ་སྟེ། སྤྱི་གཙུག་ན་ཧྃ་དཀར་པོ་མགོ་ཐུར་ལ་འཕྱང་བ་རྩའི་མདུད་པ་རང་བཞིན་གཞོམ་དུ་མེད་པ་ལས། ཉེ་བའི་ཐིག་ལེའི་འོད་ཕོག་པས་ཞུ་སྟེ་བྱང་སེམས་ཐུར་ལ་ན་ར་ར་བབས་པས་ཐིག་ལེ་ཆེར་འབར་ཞིང་ལུས་ཐམས་ཅད་བྱང་སེམས་ཀྱིས་གང་བར་བསམ་མོ། །དེ་ལྟར་བསྒོམས་པས་ཤེས་པ་བརྟན་པར་གྱུར་ན། དང་པོར་དྲོད། དེ་ནས་བདེ་བ། དེ་ནས་ཤེས་རབ་སྐྱེ་སྟེ་གཉིས་མེད་རྟོགས་པར་འགྱུར་རོ། །མན་ངག་ཁོག་པ་སྟོང་པར་བསྒོམ་པའོ། །ཟབ་པ་རྫོགས་སོ། ༈ །རྡོ་རྗེ་གུར་ལས་གསུངས་པའི་ཡན་ལག་མེད་པའི་རྡོ་རྗེའི་སྒྲུབ་ཐབས་འདོད་ཆགས་ཆེན་པོའི་སྒྲུབ་ཐབས་འདི་ལ་གཉིས་ཏེ། སྒོམ་པའི་ཐབས་དངོས་དང༌། དབང་དུ་བྱ་བའི་ཐབས་སྟོན་པའོ། །དང་པོ་ནི་སྒྲུབ་པ་པོས་སྙིང་གར་པད་ཟླའི་སྟེང་དུ་དྷཱིཿ དེའི་འོད་ཀྱིས་བླ་མ་ལ་སོགས་པ་སྤྱན་དྲངས་ལ་མཆོད་པ་ལ་སོགས་པས་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་སྟོང་པར་བསྒོམས་ཏེ། སྔགས་ཀྱིས་བརྟན་པར་བྱས་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྃ་བསམས་ཏེ། དེ་གྱུར་པ་ལས་མེ་ཏོག་གི་གཞུ་དང་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་དང་གཞུའི་ཆང་ཟུང་ཧྃ་གིས་མཚན་པ་བསམ། དེའི་འོད་ཀྱིས་འཇམ་དཔལ་དཔག་ཏུ་མེད་པ་སྤྱན་དྲངས་ལ། ཧྃ་ལ་ཐིམ་པས་ཐམས་ཅད་གྱུར་པ་ལས། བཅོམ་ལྡན་འདས་ཡན་ལག་མེད་པའི་རྡོ་རྗེའི་སྐུར་བསྒོམ་མོ། །བླ་མ་དྷཱ་དབང་བསྐུར་ནས་མི་བསྐྱོད་པས་དབུར་བརྒྱན་པར་བྱ་གསུང༌། བཻ་མི་བསྐྱོད་པ་རང་ཆས་སུ་བྱ་གསུང༌། དེ་ནས་སྙིང་གའི་ས་བོན་གྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་མཆོད་ནས་ཡི་གེ་བཞིས་གཅིག་ཏུ་བྱའོ། །དེ་ནས་བཟླས་པ་ནི་སྙིང་གར་པད་ཟླའི་སྟེང་དུ་ཧྃ་ལ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་བཟླས་པ་བྱའོ། །ཚད་ནི་འབུམ་ཕྲག་གཅིག་གིས་འགྲུབ་པ་ཡིན་ཡང་རྩོད་པའི་དུས་སུ་བརྒྱད་འགྱུར་རོ། །སྒྲོལ་མའི་རྟོག་པ་ལས་བཞི་འགྱུར་རོ། །གཉིས་པ་དབང་དུ་བྱ་བའི་ཐབས་ནི། དང་པོར་ལྷའི་ང་རྒྱལ་དུ་བྱས་ལ་ལྟེ་བར་ཧྲཱིཿལས་བསྐྱེད་པའི་ཨུཏྤ་ལའི་སྡོང་པོ་འདབ་མ་བཅུ་དྲུག་པ་
ནི་སྙིང་ག་ན་ཡོད་པའོ། །དེའི་སྡོང་པོ་ན་ཡར་ཧཱུྃ་དགུ་བརྩེགས་མར་གནས་པ། འདབ་མ་ལ་ཡི་གེ་ཤིན་ཏུ་དྲག་པ། ཆེ་བ་རགས་པ་བསམ་མོ། །ལྟེ་བ་ན་ནུབ་མོ་ཟླ་བ། ཉིན་མོ་ཉི་མ། དེ་ལ་ཧྲཱིཿགཉིས་དང་སྔགས་དགོད་དོ། །དེ་ནས་པདྨའི་ལྟེ་བའི་ཡི་གེ་ལས་འོད་ཟེར་བསྒྲུབ་བྱའི་བུད་མེད་གང་ན་ཡོད་པར་སོང་སྟེ། ཡྃ་ལས་རླུང༌། རྃ་ལས་མེའི་སྟེང་དུ་དེ་བཀུག་ནས་འོད་ཟེར་ཞགས་པ་ལྟ་བུས་སྐེ་ནས་བཅིང༌། ལྕགས་ཀྱུ་ལྟ་བུས་མཚན་མ་ནས་ཕུག་སྟེ་མདུན་དུ་བཀུག་པར་བསམ་མོ། །དེ་ནས་དེ་འབྲོས་ཀྱང་རང་དབང་མེད་པར་མེའི་རྭ་བར་བཅུག་ནས་མིག་ལ་སོགས་པ་ཐམས་ཅད་དུ་ཧཱུྃ་དམར་པོ་རེ་བསམས་ལ། དེའི་སྦུབས་ན་ཡར་ཧཱུྃ་དམར་པོ་དགུ་བརྩེགས་ཡོད་པ། འདབ་མ་ལ་དབྱངས་ཡིག་བཅུ་དྲུག་མཐིང་མདོག་ཏུ་ཡོད་པའོ། །པད་ལྟེ་ལ་བསྒྲུབ་བྱའི་མིང་ལ་སོགས་པ་ཧྲཱིཿགཉིས་ཀྱི་བར་དུ་བཅུག་པར་བསམ་མོ། །དེ་ནས་རང་གི་སྙིང་གའི་མིང་གི་ཡི་གེ་ལས་འོད་འཕྲོས་པ་དང་ཧཱུྃ་རྣམས་ཀྱི་འོད་དང༌། དེའི་རྗེས་སུ་དབྱངས་ཡིག་བཅུ་དྲུག་བུང་བ་བཅུ་དྲུག་ཏུ་གྱུར་པའམ། ཡང་ན་དེའི་འོད་ལས་བུང་བ་སྤྲོའོ། །དེ་རྣམས་སྣ་བུག་གཡོན་ནས་ཕྱུང་ནས་བསྒྲུབ་བྱའི་སྣ་བུག་གཡས་པ་ནས་སྙིང་གར་ཞུགས་ནས། མིང་གི་ཡི་གེའི་འོད་ཀྱིས་བསྒྲུབ་བྱའི་མིང་གི་ཡི་གེ་བཀུག་པ་དང༌། ཧཱུྃ་གི་འོད་ཟེར་གྱིས་ཧཱུྃ་རྣམས་འཇིབས་པ་དང༌། འོད་ཀྱི་རྗེས་སུ་ཞུགས་པའི་སྦྲང་བུས་བསྒྲུབ་བྱའི་དབྱངས་ཡིག་རྣམས་འཇིབས་པ་དང༌། པདྨ་ཡང་རྩ་བ་ནས་ཕྱུང་སྟེ་བཅག་དཀྲུམ་བྱས་པར་བསམ་པ་དང༌། དེ་བཞིན་དུ་རང་གི་དབུགས་ཀྱིས་བསྐུལ་བའི་འོད་ཟེར་གྱིས་ཀྱང་བསྒྲུབ་བྱའི་ཡི་གེ་དག་བླངས་ཏེ། སྦྲང་བུ་ལ་སོགས་པ་ཐམས་ཅད་བསྒྲུབ་བྱའི་སྣ་བུག་གཡོན་པ་ནས་བྱུང་སྟེ། རང་གི་གཡས་པ་ནས་རླུང་དང་བསྡོངས་ཏེ་ཞུགས་ནས་དེའི་མིང་གི་ཡི་གེ་རང་གི་སྙིང་གའི་སྔགས་ལ་ཞུགས་ཏེ། པདྨའི་སྟེང་ན་མིང་གི་སྔགས་རང་གི་མིང་གི་སྔགས་ཀྱིས་མནན་ནས་ཡོད་པར་བསམ་ཞིང་རང་གི་ཤེས་པ་དང་བསྒྲུབ་བྱའི་ཤེས་པ་གཅིག་ཏུ་འདྲེས་པར་བསམ་མོ། །དེ་ནས་དེའི་ནུབ་མོར་ཕྱག་དང་པོ་གཉིས་ན་ཡོད་པའི་མདའ་བརྒྱབས་པས་འདོད་ཆགས་ཀྱིས་མྱོས་པར་བསམ་མོ། །མེ་ཏོག་གི་གཞུས་དེའི་རྐང་པ་གཉིས་བཅིངས་པར་བསམ་མོ། །གཡོན་གྱི་
གཉིས་པ་ན་ཡོད་པའི་ཨུཏྤ་ལའི་ཞགས་པས་སྐེ་ནས་བཏགས་ནས་རང་གི་རྐང་པའི་རྩར་ལྷུང་བར་བསམ་སྟེ། གཡོན་གྱི་ཐ་མ་ན་ཡོད་པའི་ཨུཏྤ་ལའི་སྡོང་པོས་བཏགས་པས་ཤེད་མེད་ཅིང་དབང་དུ་འགྱུར་རོ། །གཡས་ཀྱི་གཉིས་པའི་རལ་གྲིས་བསྡིགས་པས་ཆགས་པ་དང་ལྡན་པའི་མཚན་མ་གོས་མེད་པ་ལ་སོགས་པར་བསམས་ལ། གཡས་ཐ་མའི་མེ་ལོང་བསྟན་པས་ཀྱང་ཆགས་པར་བསམས་ཏེ། སེམས་ཀྱི་སྣང་བ་ཙམ་དུ་ལོངས་སྤྱད་པར་བྱའོ། །ཡང་ན་ཡོད་པར་མོས་པ་ཉིད་དེ། དེ་ལ་དངོས་སུ་མེད་པས་རང་རིག་པས་རྗེས་སུ་ཆགས་པར་བྱའོ། །གཞན་ནི་སླའོ། །ཡི་དམ་ལྷས་ལུང་བསྟན་པའི་བུད་མེད་ལ་དེ་ལྟར་བྱའོ། །གཞན་དབང་དུ་བྱ་བར་འདོད་ན་འགྲུབ་བོ། །རྫོགས་སོ། ༈ །ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་དེ། རང་གི་སྙིང་གར་པད་ཟླའི་སྟེང་དུ་ཨ་དཀར་པོ་བསམས་ལ། དེའི་འོད་ཀྱིས་འཇམ་དཔལ་དཔག་མེད་སྤྱན་དྲངས་ལ། བསོད་ནམས་ཀྱི་ཚོགས་རྫོགས་པ་དང་སྟོང་པར་བསྒོམས་ཏེ་སྔགས་ཀྱིས་བརྟན་པར་བྱའོ། །སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཨ་དཀར་པོ། དེའི་འོད་ཀྱིས་འཇམ་དཔལ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཨ་ལ་ཐིམ། དེ་གྱུར་པ་ལས་བཅོམ་ལྡན་འདས་བསྐྱེད་དོ། །ཕྱག་དང་པོ་གཉིས་མཐེབ་མཛུབ་རྩེ་སྤྲད་ནས་བརྩེགས་པའོ། །དེ་ནས་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿལས་བྱུང་བའི་ཕྱག་རྒྱ་བཞི་བསྒོམ་པ་ནི་སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་སྔོན་པོ་གྱུར་པ་ལས་རྡོ་རྗེ་ལྟེ་བ་ལ་ཧཱུྃ་གིས་མཚན་པའོ། །དེས་འགྲེའོ། །དེ་ནས་སྔགས་འདིས་ནི་རང་ཉིད་འཇམ་དཔལ་དུ་ཡིན་པར་བྱིན་གྱིས་བརླབ་བོ། །དེ་ནས་སྲིན་ལག་དང་མཐེའུ་ཆུང་སྦྲེལ་ཏེ་གུང་མོ་གཉིས་ཚིགས་གསུམ་པ་བཅག་པ་ལ་སོགས་པས་རྡོ་རྗེའི་ཕྱག་རྒྱ་བཅིང་ངོ༌། །ལྕེ་ལ་ཟླ་བའི་སྟེང་དུ་དྷཱིཿ«གཞུང་ན་ཧྲཱིཿདམར་པོ་སྣང༌། »དཀར་པོ་བཀོད་པས་བྱིན་གྱིས་བརླབ་བོ། །དེ་ནས་རྡོ་རྗེའི་ཕྱག་རྒྱ་དང་ལྡན་པས་གཞུང་བཞིན་དུ་བཟླས་པ་དམ་ཚིག་དང་ལྡན་པས་ཐོས་པ་དྲག་པོར་བྱའོ། །དེ་ཡང་སྙིང་གར་པད་ཟླའི་སྟེང་
དུ་སྔགས་བཀོད་ལ་དེ་ལ་དམིགས་ལ་བྱའོ། །མཚན་ལ་བསྟོད་པ་གཉིས་ཀྱང་བྱའོ། །དེ་ཡང་དུས་གསུམ་དུ་བྱའོ། །རྫོགས་སོ། ༈ །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་སྟོན་པའི་རྒྱུད་ལས། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་གསུངས་པའི་སྒྲུབ་ཐབས་སོ། །འདི་ལ་ཡང་སྒྲུབ་པ་པོས་སེམས་བསྐྱེད། སྙིང་གར་པད་ཟླའི་སྟེང་དུ་མུཿདམར་ཞིང་དཀར་བ་བསྒོམས་ལ་དེའི་འོད་ཀྱིས་ཅི་འདྲ་བའི་སྐུ་དང་བླ་མ་ལ་སོགས་པ་སྤྱན་དྲངས་ལ་ཚོགས་བསག་གོ །དེ་ནས་ཆོས་ཐམས་ཅད་སྟོང་པར་བསྒོམ་ཞིང་སྔགས་ཀྱིས་བརྟན་པར་བྱའོ། །སྟོང་པའི་ངང་ལས་ནམ་མཁར་པད་ཟླའི་སྟེང་དུ་ཧཱུྃ་གྱུར་པ་ལས་རྡོ་རྗེ་རྩེ་ལྔ་ཧཱུྃ་གིས་མཚན་པ། རྡོ་རྗེ་ལས་འོད་འཕྲོས་པས་རྡོ་རྗེའི་རྭ་བ་དང་རྡོ་རྗེ་འོད་དུ་ཞུ་བ་ལས་འདམ་བག་གི་ཞལ་ཞལ་ལྟར་བྱས་ཏེ་སྲུང་བའི་འཁོར་ལོ་བྱའོ། །དེའི་ནང་དུ་ཧྲཱིཿདམར་པོ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ་དམར་ཞིང་དཀར་བའི་མུཿལས་སྤྲོས་བསྡུས་བསྐུལ་སྦྱང་བྱས་ཏེ། དེ་གྱུར་པ་ལས་འཇམ་དཔལ་དུ་བསམ། དེ་དང་དུས་མཉམ་དུ་ལྷ་མོ་གཞན་བཞི་རྫོགས་པའམ། ཡང་ན་ཡིག་འབྲུ་ལས་བསྐྱེད་དེ། སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་གྱུར་པ་ལས་རྡོ་རྗེ་སེམས་མའོ། །གཡོན་པས་དྲིལ་བུ་དཀུར་བརྟེན་ཅིང་གཡས་པས་རྡོ་རྗེ་སྙིང་གར་བསྟོད་པའི་ཚུལ་དུའོ། །སྨིན་མཚམས་སུ་པད་ཟླ་ལ་ཏྲཱྃ་ལས་རཏྣ་གིས་མཚན་པ་ལས་རཏྣ་སེམས་མའོ། །གཡོན་པས་སྐྲ་བཟུང་ནས་གཡས་པས་མགོ་ལ་མེ་ཏོག་འཆིང་བའོ། །མགྲིན་པར་པད་ཟླའི་སྟེང་དུ་ཧྲཱིཿལས་པདྨ་ཧྲཱིཿས་མཚན་པ་ལས་པདྨ་རྡོ་རྗེའོ། །གཡས་པའི་མཐེབ་མཛུབ་རྩེ་སྤྲད་ནས་གཡོན་པས་པདྨ་ཁ་འབྱེད་པའི་ཚུལ་དུའོ། །སྤྱི་བོར་པད་ཟླ་ལ་ཧ་ལས་སྣ་ཚོགས་རྡོ་རྗེ་ཧས་མཚན་པ་ལས་ལས་ཀྱི་རྡོ་རྗེ་མའོ། །ཕྱག་ནི་མཐེ་བོང་གཉིས་རྩེ་སྤྲད་དེ་སྤྱི་བོར་བཞག་ནས་མཛུབ་མོ་གཉིས་རྩེ་སྤྲད་དེ་བསླངས་ནས་སོར་མོ་རྣམས་དཀྲི་བའོ། །དེ་ནས་སྙིང་གར་པད་ཟླའི་སྟེང་དུ་མུཿདེའི་འོད་ཀྱིས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་མཆོད་ལ། ཡི་གེ་བཞིས་དགུག་པ་ལ་སོགས་
པ་བྱའོ། །དེའི་དུས་སུ་རྡོ་རྗེ་འཁོར་ལོའི་ཕྱག་རྒྱ་སྙིང་གར་གཞག་པར་བྱའོ། །དེ་ནས་སྙིང་གའི་མུཿའི་འོད་ཀྱིས་རིགས་ལྔ་དང་ལྷ་མོ་སྤྱན་དྲངས་ཏེ་མཆོད་ལ། དེ་དག་ལ་གསོལ་བ་བཏབ་སྟེ་དབང་བསྐུར་ཆུ་ཞབས་ལ་མི་བསྐྱོད་པའོ། །འདིས་དང་པོ་སྟན་ལ་བསྡད་མ་ཐག་ཏུ་ལན་གཅིག དེ་ནས་དམ་ཚིག་སེམས་དཔའ་བསྒོམས་པའི་རྗེས་ལ་ལན་གཅིག་བརྗོད་པ་དང༌། ཡེ་ཤེས་པ་གཞུག་པ་དང༌། དབང་བསྐུར་རྫོགས་ནས་མདོ་ཀློག་ཁར་བརྗོད་དེ། བྱིན་གྱིས་བརླབས་པའོ། །ཐུན་གསུམ་ལ་སོགས་པ་གྲུབ་པའི་མཚན་མ་བྱུང་གི་བར་དུ་མདོ་སྡེ་ཀློག་ཅིང་བྱའོ། །མཚན་མ་ནི་ཉིད་བྱོན་ནས་ཁྱོད་ཀྱིས་སྒྲུབས་ཤིག་དངོས་གྲུབ་གང་འདོད་པ་འགྲུབ་བོ་ཞེས་རྨི་ལམ་དུ་བྱུང་ནས། འཇམ་དཔལ་གྱི་རྒྱུད་ཆེན་པོ་ནས་དངོས་གྲུབ་སྒྲུབ་པའི་ཐབས་ཇི་ལྟ་བ་བཞིན་འགྲུབ་པའོ། །ཡང་ན་མཚན་མ་ནི་དང་པོ་སྨིག་རྒྱུ་ལྟ་བུ་དང༌། དུ་བ་དང༌། སྲིན་བུ་མེ་ཁྱེར་དང༌། མར་མེ་འབར་བ་དང༌། སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ་ལྔ་ལ་བྱའོ། །རྫོགས་སོ། ༈ །འཇམ་དཔལ་དཔའ་བོ་གཅིག་པ་འདི། ཚིག་རྐང་གཉིས་དང་གཉིས་ཀྱིས་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་བསྟན་ནོ། །གཞུང་དོན་ལ་དང་པོ་སྒྲུབ་པ་པོས་ཡིད་དང་མཐུན་པའི་གནས་སུ་བདེ་བའི་སྟན་ལ་འདུག་སྟེ། སེམས་བསྐྱེད་ནས་རང་གི་སྙིང་གར་པྃ་པད་ཨ་ཟླའི་སྟེང་དུ་མྃ་དཀར་པོ་དེའི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ཏེ་ཚོགས་བསགས་ལ་རང་གི་སྙིང་གར་བསྟིམ་མོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་གོ །དེ་གཉིས་ཀྱི་འབྲས་བུ་ལྷ་བསྒོམ་པ་ནི། སྟོང་པའི་ངང་ལས་པྃ་པད་ཨ་ཟླའི་སྟེང་དུ་མྃ་དཀར་པོ་དེ་ལས་འོད་སྤྲོས་བསྡུས་པ་ལས་འཇམ་དཔལ་དུ་བསྐྱེད་དོ། །དེའི་ཐུགས་ཀའི་པད་ཟླའི་སྟེང་དུ་མྃ་དཀར་པོ་ཤེལ་ལམ་ཟླ་བ་ལྟ་བུ་དེའི་འོད་ཀྱིས་བསྐུལ་སྦྱང་བྱས་ནས། ཚུར་འདུས་རང་གི་རྒྱུད་དག་པར་བྱས་པའི་སྤྲོ་བསྡུས་མྃ་ལ་ཐིམ་པ་མི་སྐྱོའི་བར་དུ་བྱའོ། །བཟླས་པ་གཞན་དང་འདྲའོ། །ལས་ཐམས་ཅད་ལ་འབུམ་ཕྲག་བདུན་བཟླས་སོ། །ལྡང་བ་ནི་ལྷའི་ང་རྒྱལ་གྱིས་བྱའོ། །
རལ་གྲི་ནི་མཐོ་གང་བའོ། །དེའི་རིག་པ་འཛིན་པ་ལ་རྟགས་གསུམ་སྟེ། ལག་ན་ཡོད་པ་ལ་འོད་འབྱུང་བས་ནི་གཞན་དབང་དུ་བྱ་བ་འགྲུབ་བོ། །དུ་བ་བྱུང་བས་ནི་མི་སྣང་བ་འགྲུབ་བོ། །མེ་འབར་བ་བྱུང་བས་ནི་ཕྱག་རྒྱ་ཆེན་པོ་འགྲུབ་བོ། །རྡོ་རྗེ་ནས་ལྕགས་ཀྱུའི་བར་དུ་ཡང་དེ་བཞིན་ནོ། །མིག་སྨན་དང་རྐང་མགྱོགས་ནི་དཔའ་བོ་གྲིར་ཤི་བའི་རྐང་མཐིལ་གྱི་ཚིལ་བུ་ལ་བསྒྲུབས་པས་འགྲུབ་བོ། །ཐིག་ལེ་དབང་དུ་བྱ་བ་ནི་གི་ཝཾ་ལ་སོགས་པའི་ཐིག་ལེའི་རྫས་ལ་བསྔགས་ནས་ཐིག་ལེ་བྱས་ན་མི་སྣང་བ་དང་དབང་དུ་བྱ་བ་འགྲུབ་བོ། །རིག་འཛིན་གྱི་བཅུད་ལེན་ནི་དངུལ་ཆུའི་སྦྱོར་བས་ཏེ་ཐ་མས་ནས་ཟངས་དང་ལྕགས་གསེར་དུ་འགྱུར་ལ། འབྲིང་གིས་རྒས་པ་མེད་པའི་བཅུད་ལེན་དུ་འགྱུར་ལ། རབ་ཀྱིས་མཁའ་སྤྱོད་དུའོ། །འོ་ཐུག་གི་བཟའ་བ་ལ་སོགས་པ་ནི་ལག་པ་གཡོན་པའི་མཐིལ་དུ་བཞག་སྟེ། གཡས་པས་ཁ་བཅད་དེ་བཟླས་པ་བྱའོ། །རས་དཀར་པོའི་ནང་དུ་མོན་སྲན་བརྒྱ་རྩ་བརྒྱད་བཏུམས་ཏེ་ཁར་བཅུག་ནས་བཟླས་པས་མྱུ་གུ་སྐྱེས་ཀྱི་བར་དུ་བྱའོ། །མྱུ་གུ་སྐྱེས་པ་དེ་སོས་མ་བཏབ་པར་ཁྱུར་མིད་བྱས་ན་གཞུང་གི་ཕན་ཡོན་འབྱུང་ངོ༌། །རེ་ཁ་ཁྲུ་གང་ཡན་ཆད་དཀར་པོས་ཟླུམ་པོར་བྲིས་ཏེ་ཕྱག་མཚན་དཀྱིལ་དུ་བྲིས་ནས་ཤུག་པ་ལ་སོགས་པའི་བུད་ཤིང་བསྲེགས་ན་དབང་དུ་འདུའོ། །ལྷའི་ང་རྒྱལ་དང་ལྡན་པས་སྔགས་འདི་ཉིད་ཀྱིས་བསྲེག་རྫས་གཞན་མི་དགོས། བྲ་མའི་ཕྱེ་མ་ཞེས་པ་ལྡུམ་བུ་ཡིན་ན་སོར་བཞིའི་ཚད་དུའོ། །སྔོ་སྨན་ཀྱི་བྱེ་བྲག་ཡིན་ན་སོར་མོ་བཞིས་བླངས་པའོ། །ཀཉྫི་དང་ནི་ཞེས་པ་ཕྱེ་དང་ཡུངས་མ་བརྔོས་པ་དང་ཆུ་ལ་ལྷུ་བླངས་ཏེ་ཐབ་ཀྱི་འོག་ཏུ་གཞག་གོ །དེ་བས་ཉུང་བ་ཟླ་བ་ཕྱེད་ལ་ཡང་ངོ༌། །དེ་མཎྜལ་དང་མཆོད་པ་བྱས་ཤིང་བཏུང་ངོ༌། །བཏུངས་པའི་ཕན་ཡོན་ནི་སྡིག་པ་ལ་སོགས་པ་འཇོམས་པར་བྱེད་དོ། །རྫོགས་སོ། ༈ །འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས་ལ། ཚིག་རྐང་པ་གསུམ་དང་གཅིག་གིས་ཀླད་ཀྱི་དོན་ཏེ་བླ་མ་ནི་རང་གིའོ། །རྡོ་རྗེ་སློབ་དཔོན་ཞེས་བྱ་བ་ནི་རང་གི་མ་ཡིན་ཡང་འཇིག་རྟེན་ན་གཞན་རྣམས་
གྱི་ཆེན་པོར་གྱུར་པའོ། །འདིའི་ཉམས་སུ་བླང་བ་ནི་སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་རང་གི་ས་བོན་གྱི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ལ། བསོད་ནམས་ཀྱི་ཚོགས་རྫོགས་པར་བྱའོ། །དེ་ནས་སྟོང་པ་སྔགས་ཀྱིས་བརྟན་པར་བྱས་པ་ཡེ་ཤེས་ཀྱི་ཚོགས་སོ། །དེ་གཉིས་ཀྱི་འབྲས་བུ་ལྷ་བསྐྱེད་པ་ནི། སྟོང་པའི་ངང་ལས་པད་ཟླ་ལ་དྷཱིཿའམ་ཨ་དཀར་པོ་ལས་རལ་གྲི་ཆང་ཟུང་ལ་ཨ་ཡོད་པའོ། །དེའི་འོད་ཀྱིས་སྤྱན་དྲངས་ལ་དྷཱིཿའམ་ཨ་ལ་ཐིམ་པ་དེ་གྱུར་པ་ལས་བྷ་ག་ཝཱན་ནོ། །དེ་ནས་སྔགས་དང་གནས་བཞིར་ཕྱག་རྒྱ་འཇུག་པས་བཅིང་ངོ༌། །དེ་ནས་ལྟེ་བའི་འོག་ཏུ་བྷྲཱུྃ་དཀར་པོ་ལས་བྱུང་བའི་སྟེང་དུ་ཧྲཱིཿབསྒོམ། བརྒྱད་པའི་བཞི་པ་ཧ། དང་པོའི་བཅུ་དྲུག་པ་ཨཿ བདུན་པའི་གཉིས་པར། དང་པོའི་བཞི་པ་ཨཱི་སྟེ་ཧྲཱིཿབཏུས་པའོ། །དེ་གྱུར་པ་ལས་པདྨ་ཁ་ཟླུམ་པའི་པདྨའི་ལྟེ་བ་ལ་ཡི་གེ་ཧཱུྃ་བསམ་སྟེ་ཁ་བྱེ་བར་བལྟའོ། །དེའི་སྟེང་དུ་ཟླ་བ། དེའི་སྟེང་དུ་སོར་གཅིག་གིས་མ་རེག་པར་འཁོར་ལོ་དཀར་པོ་རྩིབས་དྲུག་པ། དེའི་རྩིབས་ལ་མ་ནིང་གི་ཡི་གེ་བཞི་བོར་བའི་ཨཱ་ལི་བཅུ་གཉིས་གཡས་སྐོར་དུ་ཟུང་རེ་རེ། རྩིབས་བར་ལ་དབྱངས་ཡིག་གཉིས་ཀྱི་བར་དུ་རྩ་བའི་སྔགས་ཀྱི་ཡི་གེ་རེ་རེ་དགོད་དོ། །ལྟེ་བ་ལ་དྷཱིཿ མུ་ཁྱུད་ལ་ང་ཉ་ན་མ་བཞི་མ་གཏོགས་པའི་ཀཱ་ལི་གཡས་སྐོར་དུའོ། །དེ་གཡས་སུ་དྲག་ཏུ་འཁོར་བའོ། །དེའི་སྟེང་དུ་སོར་གཅིག་གིས་མ་རེག་པར་ཨ་ལས་ཟླ་བའི་སྟེང་དུ་ཨ་ར་པ་ཙ་ན་ལས་གོང་བཞིན་ལྷ་ལྔའམ། ཡང་ན་ཡི་གེ་རང་འོད་དང་ལྡན་པར་བསྒོམ་མོ། །མཐར་ཡི་གེ་བརྒྱ་པ་བརྗོད་པ་དང༌། སྒྱུ་མ་ལྟ་བུས་གནས་པར་བྱའོ། །ཚིགས་བཅད་གཅིག་གིས་མཇུག་གི་དོན་བསྟན་ཏོ། །རིག་པ་འཛིན་མ་ནི་རྣལ་འབྱོར་མའམ། ཡང་ན་མཁའ་སྤྱོད་དུ་ཡོད་པའི་རྡོ་རྗེ་རྣལ་འབྱོར་མའོ། །རྫོགས་སོ། ༈ །འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དཔལ་གྱི་སྒྲུབ་ཐབས་ལ། ཚིགས་བཅད་གཅིག་གིས་ཀླད་དོན་བསྟན་ཏོ། །སྒྲུབ་པ་པོས་སེམས་བསྐྱེད་ལ་སྙིང་གའི་པད་ཟླའི་སྟེང་དུ་ས་བོན་དྷཱིཿབསམས་ལ། དེའི་འོད་ཀྱིས་ཚོགས་རྟེན་
སྤྱན་དྲངས་ལ་ཚོགས་བསག་པར་བྱའོ། །སྟོང་པའི་ངང་ལས་སེམས་ཉིད་པྃ་པད་ཨ་ཟླའི་སྟེང་དུ་དྷཱིཿགྱུར་པ་ལས་རལ་གྲི་རྣོན་པོ། དེའི་འོད་ཀྱིས་འཇམ་དཔལ་སྤྱན་དྲངས་ལ་དྷཱིཿཡིག་ལ་ཐིམ་པར་གྱུར་པ་ལས་བྷ་ག་ཝཱན་ནོ། །དེའི་སྙིང་གི་ནང་སྟོང་པ་གང་ལ་ཡང་མ་རེག་པར་ཨ་ལས་འཁོར་ལོ་རྩིབས་བརྒྱད་པ། དེའི་སྟེང་དུ་ཡང་ཅུང་ཟད་ཀྱིས་མ་རེག་པར་ཨ་ལས་ཟླ་བ། དེའི་སྟེང་གི་དབུས་སུ་པད་ཟླ་ལ་དྷཱིཿལས་རལ་གྲིའི་རྩེ་མོར་ཟླ་བ་ལ་ཨས་མཚན་པ་གྱུར་པ་ལས་དམ་ཚིག་སེམས་དཔའ་ཅི་འདྲ་བའི་འཇམ་དཔལ་དུ་བལྟའོ། །དེའི་མདུན་ལ་སོགས་པ་བཞིར་ར་ལ་སོགས་པའི་ས་བོན་བཞི་ལས་རལ་གྲི་རྩེ་མོ་རང་རང་གི་ས་བོན་གྱིས་མཚན་པ་གྱུར་པ་ལས་དྲྭ་བ་ཅན་གྱི་འོད་དང་ཟླ་འོད་ཅན་དང༌། སྐྲ་ཅན་དང་ཉེ་བའི་སྐྲ་ཅན་མ་རྣམས་བསམ་མོ། །ལྷ་ལྔ་པོའི་སྙིང་གར་རང་རང་གི་ས་བོན་དཀར་པོའོ། །དེ་ནས་གཙོ་བོ་དམ་ཚིག་སེམས་དཔའི་ཐུགས་ཀ་ནས་དྷཱིཿའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ་ཡི་གེ་བཞིས་དགུག་གཞུག་བྱའོ། །དེ་ལྟར་གནས་པ་ལ་འཁོར་ལོ་གཡས་སུ་དྲག་པར་འཁོར་ཞིང་ལྷ་ལྔ་ལས་ཀྱང་འཇམ་དཔལ་མང་པོ་སྤྲོ་ཞིང་སེམས་ཅན་གྱི་དོན་བྱེད་པ་མི་སྐྱོའི་བར་དུ་བསྒོམ་མོ། །སྐྱོ་བར་གྱུར་ན་ཡང་མ་ཡེངས་པར་སེམས་ཀྱིས་བཟླས་པ་བྱའོ། །དེ་ནས་ལྡང་བ་ན་ཡི་གེ་བརྒྱ་པ་བརྗོད་ཅིང་སྒྱུ་མ་ཙམ་གྱིས་ལྷའི་ང་རྒྱལ་དུ་བྱའོ། །རྫོགས་སོ། ༈ །འཇམ་དཔལ་ཁྲོ་བོ་ལ་གཤིན་རྗེ་མཐར་བྱེད་ཀྱི་སྒྲུབ་ཐབས་སྟོན་ཏེ། དེ་ཡང་འདི་ན་ཡིན་པས་སྒྲུབ་པ་པོ་ཆོས་ལྔ་དང་ལྡན་པས་དུར་ཁྲོད་ལ་སོགས་པའི་གནས་སུ་བདེ་བའི་སྟན་ལ་འདུག་ལ། རི་ལུ་ཁར་བཅུག་ལ་སེམས་བསྐྱེད་དོ། །སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་གི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ཏེ་ཚོགས་བསགས་པ་དང༌། ཚད་མེད་པ་བསྒོམས་ཀྱང་འགལ་བ་མེད་དོ། །སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ། དེ་ལས་འོད་འཕྲོས་པས་བསྡུས་བསྐུལ་སྦྱང་བྱས་ཐིམ། གྱུར་པ་ལས་གཤིན་རྗེ་མཐར་བྱེད་ཞལ་དྲུག་པ་སྔོན་པོ་མགོ་བོ་ལྔ་བཅུའི་དོ་ཤལ་ཅན་ནོ། །བླ་མ་དྷ་ནི་ཡི་གེ་
བཞིས་དགུག་གཞུག་བྱ། དབང་བསྐུར་དང་མི་བསྐྱོད་པས་དབུར་བརྒྱན་པ་ཡང་བྱ་གསུང༌། དེ་ལ་སེམས་སྐྱོ་ན་དམ་ཚིག་གི་ཕྱག་རྒྱ་བཅིངས་ཏེ། སྙིང་གར་པད་ཉི་ལ་ཧཱུྃ་སྔགས་ཀྱིས་བསྐོར་བ་ལ་དམིགས་ལ་བཟླས་པ་བྱའོ། །རྫོགས་སོ། ༈ །གཤིན་རྗེ་ནག་པོའི་སྒྲུབ་ཐབས་ནི་མདོ་ལས། མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཞེས་པ་ལ་བརྟེན་པའོ། །སྒྲུབ་པ་པོས་སེམས་བསྐྱེད་ལ་སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་ལས་འོད་འཕྲོས་ཚོགས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསག་གོ །དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་སྔོན་པོ་དེའི་འོད་ཀྱིས་བགེགས་བསྐྲད་པ་དང་སྤྲོས་བསྡུས་པ་ལས། བཅོམ་ལྡན་འདས་ཞལ་གསུམ་ཕྱག་དྲུག་པ། ཕྱག་མཚན་གཞུང་ནས་བསྟན་པའོ། །བེ་ཏཱ་ལི་ནི་རོའི་རྐང་པ་ནས་བཟུང་བའོ། །ཡང་རྃ་ལས་ཉི་མ་ལ་གནས་པའི་ཧཱུྃ་ལས་འོད་ཀྱིས་བགེགས་བསྐྲད་པ་དང་སྤྲོས་བསྡུས་པ་ལས་སྐྱེས་པའི་བཅོམ་ལྡན་འདས་ཞལ་དྲུག་པ་སྟེ་ཕྱག་མཚན་གཞུང་ནས་བསྟན་པ་རྣམས་སོ། །དེས་ན་འདི་སྒྲུབ་ཐབས་གཉིས་སུ་ཡང་འགྲོ་གསུང༌། མི་བསྐྱོད་པ་རང་ཆས་སུ། ཡེ་ཤེས་པ་དགུག་པ་མི་དགོས། ནུ་མའི་བར་དུ་ཧཱུྃ་བསྒོམ་པ་ཉིད་ཡེ་ཤེས་སེམས་དཔའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། བསྟོད་པ་ལ་སོགས་པ་མཆོད་པ་བྱེད་པ་དང༌། བཟླས་པ་ཡང་བྱའོ། །རྫོགས་སོ། ༈ །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ལ། ཚིགས་སུ་བཅད་པ་གཅིག་གིས་ཀླད་ཀྱི་དོན་བསྟན་ཏོ། །དེའི་ཚིག་དོན་ནི། སྒྲིབ་པ་གཉིས་ཀྱི་ཉེས་པའི་དྲྭ་བ་བཅོམ་པ་ནི་སྤྲུལ་པའི་སྐུའོ། །ཚོགས་གཉིས་དང་ལྡན་པ་ནི་ལོངས་སྐུའོ། །རྡོ་རྗེ་ནི་ཆོས་ཐམས་ཅད་སྟོང་པ་ཆོས་སྐུ་སྟེ་སྐུ་གསུམ་མོ། །ཡང་ཕྱེད་གོང་མས་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ལ། འོག་མས་ཡེ་ཤེས་སོ། །གསུང་དབྱངས་དྲུག་ཅུ་དང་ལྡན་པ་ནི་གསུང་གི་དཀྱིལ་འཁོར་རོ། །དེ་ཡང་དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་བདག་ཉིད་དམ། ངོ་བོ་ནི་ངག་གི་རང་བཞིན་གྱི་བཅོམ་ལྡན་འདས་སོ། །དེ་ལ་ཕྱག་བཙལ་ནས་སྟོན་པའོ། །སྒྲུབ་པ་པོས་སེམས་བསྐྱེད་ནས། སྙིང་གར་པད་ཟླའི་སྟེང་དུ་ཧྲཱིཿལས་འོད་འཕྲོས་པས་རྡོ་རྗེ་ཆོས་
སྤྱན་དྲངས་ལ་ཚོགས་གཉིས་བསག རང་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་ཧྲཱིཿདམར་པོ་ལས་སྤྲོས་བསྡུས་ཐིམ། ཡོངས་སུ་གྱུར་པ་ལས་བདག་ཉིད་རྡོ་རྗེ་ཆོས་སུ་བསྒོམ་མོ། །དེའི་སྙིང་གར་པད་ཟླ་ལ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ལྟེ་བ་ལ་ཧཱུྃ། རྩེ་མོ་ལ་ཨོཾ་གྱིས་མཚན་པའོ། །དེ་ལས་འོད་སྤྲོས་བསྡུས། སེམས་ཅན་གྱི་དོན་བྱས་པར་བསམ། ཡང་དེ་ལས་འོད་འཕྲོས་པས་མགྲིན་པ་ནས་ལྕེ་ཐོག་ཏུ་བྱུང་བར་བསམ། ལྕེའི་རྩེ་མོ་ཧྲཱིཿས་མཚན་པའོ། །ཡང་ན་ལྕེ་རྡོ་རྗེར་བསམ་མོ། །འདིར་ཡང་ན་བསོད་ནམས་ཀྱི་ཚོགས་བསགས་མི་དགོས། སྟོང་པའི་ངང་ལས་བསྐྱེད་པའོ། །བཟླས་པ་ནི་སྙིང་གའི་ཧྲཱིཿལ་སེམས་གཏད་ལ་དེ་ཉིད་བཟླས་པའོ། །རྒྱས་པར་བྱེད་ན་ཨོཾ་ཧྲཱིཿསྭཱ་ཧཱ་ཞེས་སོ། ༈ །སེང་གེ་སྒྲའི་སྒྲུབ་ཐབས་འདི། དང་པོ་རང་གི་ཆེད་དུ་གྲོགས་པོ་ཞིག་ཤི་བའི་སྒྲིབ་པ་སྦྱོང་བའི་སྒྲུབ་པ་བྱེད་པ་ན་མྱ་ངན་གྱི་སྐྲ་རལ་པར་བྱས། རྒྱན་མེད་པར་གྲོགས་པོའི་རུས་པའི་ཐལ་བས་ལུས་དཀར་པོར་བྱས་ཏེ། འདིའི་སྐུ་མདོག་དཀར་པོར་འོང་བ་ནི། སྔོན་དུས་ན་ཚོང་དཔོན་སྙིང་སྟོབས་ཆེན་པོ་ཞེས་བྱ་བ་དང༌། སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཁྱེའུ་གཉིས་ཡོད་པས། གཉིས་ཀ་གྲོགས་པོ་ཡིད་གཅུགས་པ་ཡིན་ཏེ། གཉིས་པོས་རྒྱ་མཚོ་ལ་ནོར་བུ་ལེན་དུ་ཕྱིན་པས་གཟིངས་ཞིག གཅིག་གིས་གཅིག་གཏང་མ་ཕོད་པར་འཇུས་པ་ལ། སྙིང་སྟོབས་ཆེན་པོའི་རྟོག་པ་ལ། རྒྱ་མཚོ་རོ་དང་ཞག་ཏུ་མི་འགྲོགས་པས་རོ་ལ་ཁོས་འཇུས་ན་ཕན་སྙམ་ནས་རང་གི་རྐེད་པ་ལ་གྲི་གཅིག་ཡོད་པ་དེ་བཏོན་ཏེ། ཨོལ་པ་བཅད་ནས་དེ་ལ་འཇུས་པས་ཐོན་ནོ། །དེ་ནས་དེའི་བསམ་པ་ལ་ཁོའི་དོན་དུ་ཤི་བས་ད་ཁོ་གང་དུ་སྐྱེ་བ་དེར་ང་ཡང་སྐྱེ་བར་གྱུར་ཅིག ངའི་ཁ་དོག་དཀར་པོར་ཤོག་ཅིག་ཅེས་སྙིང་བརྩེ་བའི་སྒོ་ནས་སྨོན་ལམ་བཏབ་སྟེ། སྔར་གྱི་རོ་དེའི་རུས་པ་ལུས་ལ་བྱུགས་ནས་དཀར་པོར་བྱས་སོ། །སྙིང་སྟོབས་ཆེན་པོ་ནི་འཇམ་དཔལ་ཡིན་ལ། སྙིང་རྗེ་ཆེན་པོ་ནི་སྤྱན་རས་གཟིགས་ཡིན་པས་དཀར་པོར་ཡོད་ཟེར་རོ། །བསྒྲུབས་པས་གྲུབ་པ་ཐོབ་སྟེ། སེང་གེ་སྒྲར་གྱུར་པའོ། །སྒྲུབ་པ་པོས་སེམས་བསྐྱེད་དེ། སྙིང་གར་པད་ཟླའི་ཧྲཱིཿའི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ཏེ། ཚོགས་
གཉིས་བསག་གོ །སྟོང་པའི་ངང་ལས་ལུས་སྒྱུ་མ་ལྟ་བུའི་སྙིང་གར་པྃ་ལས་པདྨའི་སྟེང་དུ་སིཾ་ལས་སེང་གེའོ། །ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿལས་འོད་འཕྲོས་པས་བསྐུལ་སྦྱང་བྱས་ཐིམ། གྱུར་པ་ལས་བདག་ཉིད་སེང་གེ་སྒྲར་བསྐྱེད་དོ། །དཀའ་ཐུབ་ཀྱི་ཆ་བྱད་ནི་མུ་སྟེགས་རལ་པ་ཅན་གྱི་ཆ་བྱད་དོ། །རྒྱལ་པོའི་རོལ་པ་ནི་ཕྱག་གཡས་པ་ཁ་སྦུབས་ནས་བརྐྱང་བ་འགྱིང་བག་ཏུ་བཞུགས་པའོ། །ཕྱག་མཚན་འདི་གཉིས་ནི་གཡས་གཡོན་གྱི་རྩ་བ་ནས་སྐྱེས་པའོ། །གཡོན་ཐོད་པ་དྲི་ཞིམ་པོ་བཟང་པོ་ནི་མྱང་འདས་ཀྱི་མཚོན་པའོ། །སྦྲུལ་ནི་འཁོར་བའི་བརྡ་སྟེ་ཡང་ཐོད་པ་མྱང་འདས་དྲི་ཞིམ་པོའི་བརྡའོ། །སྐུ་ལ་གཡས་ནས་རྣམ་སྣང་དང་རིན་འབྱུང༌། གཡོན་ནས་མི་བསྐྱོད་པ་དང་དོན་གྲུབ། རྒྱབ་ནས་སྣང་མཐའ་སྟེ་དེ་བཞིན་གཤེགས་པ་ལྔ་འཕྲོ་བའོ། །སྤྲོ་བསྡུ་མི་སྐྱོའི་བར་དུ་བྱ་གསུང༌། བཟླས་པ་འདྲ། དྷ་དང་བཻའི་བཞེད་པ་གསུང༌། དེ་ནས་བསྙེན་པ་བརྒྱད་འགྱུར་རྫོགས་ནས་སྒྲུབ་པ་བཞུགས་པ་ན། ཐང་སྐུའམ་ལུགས་སྐུའི་མདུན་དུ་བའི་ལྕི་བ་ས་ལ་མ་ལྷུང་བ་བླངས་པས་མཎྜལ་རེ་རེ་ལ་སྔགས་ལན་བཅུ་གསུམ་བཅུ་གསུམ་བརྗོད་དོ། །ལྷ་མི་དགོད་པར་མེ་ཏོག་གི་ཚོམ་བུ་ལྔ་དགོད་དེ་དབུལ་བའོ། །དེ་ནས་ལག་པ་ལ་སོགས་པ་དང་ལྕི་བ་ལྷག་མ་ལ་སྔགས་འདིས་ལན་བཅུ་གསུམ་བཅུ་གསུམ་དུ་བཟླས་ལ་བསྐུས་པས་ནད་ཐམས་ཅད་ཞི་བར་འགྱུར་རོ། །དེ་ལྟར་བྱས་པས་མ་གྲུབ་ན་མཚམས་མེད་པ་ལྔ་བྱས་པ་ཡིན་ནོ། །ཞེས་ལ་དོར་བའི་ཚིག་གསུངས་པ་ཡིན་ནོ། །འདི་བསྒྲུབ་པའི་དམ་ཚིག་ནི་བརྫུན། ངག་འཁྱལ། ངག་རྩུབ་ཤ་ཆང༌། སྒོག་བཙོང་རྣམས་སྤང་བ་ཡིན་ནོ། །གཉན་ན་རེ། རིགས་ལྔ་ཡང་སྤྱི་བོ་དང་དཔུང་པ་གཉིས་དང་པུས་མོ་གཉིས་ནས་སྤྲོ་གསུང༌། ལྕི་བ་ནི་བ་དཀར་མོའམ་དམར་སེར་གྱིའོ། །ལྕི་བ་ལྷག་མ་ལས་མཎྜལ་བྱ་ཞིང་ལག་པ་ལ་གོས་པ་གུད་དུ་བྱས་ལ་བྱ་གསུང༌། འདི་སློབ་དཔོན་ཙནྡྲ་གོ་མཱིས་མཛད་པའོ། །ཁོང་ལ་ལུང་བསྟན་པ་ཡིན་ནོ། ༈ །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཧ་ལ་ཧ་ལའི་སྒྲུབ་ཐབས་ལ། ཚིགས་སུ་བཅད་པ་གཅིག་གིས་ཀླད་དོན་བསྟན་ལ། གཞུང་དོན་
ལ་སྒྲུབ་པ་པོས་ཐང་ཀ་ལ་སོགས་པ་དང་ཚོགས་རྟེན་སྤྱན་དྲངས་ལ་མཆོད་པ་ལྔ་འབུལ། སྔགས་རིང་པོས་མཆོད་པ་དང་གཞན་ཡང་དབུལ། ཚད་མེད་པ་བཞི་བསྒོམ། དེ་ནས་རང་གི་སྙིང་གར་ཟླ་བའི་སྟེང་དུ་ཧྲཱིཿབསམ། མདུན་གྱི་ནམ་མཁར་བླ་མ་ལ་སོགས་པ་སྐད་ཅིག་གིས་བསམ་སྟེ་སྤྱན་དྲངས་པ་མ་ཡིན་ནོ། །དེ་ནས་ཧྲཱིཿའི་འོད་ཀྱིས་མཆོད་ལ། ཡེ་ཤེས་ཀྱི་ཚོགས་ཡན་ཆད་རྫོགས་པར་བྱས་ལ། དེ་ནས་ལུས་སྒྱུ་མ་ལྟ་བུའི་སྙིང་གར་ཟླ་བའི་སྟེང་གི་ཧྲཱིཿདེ་གྱུར་པ་ལས་པདྨ་དཀར་པོ་འདབ་བརྒྱད། དེ་ལས་སྤྲོས་བསྡུས་བསྐུལ་སྦྱང་བྱས་པ་ལས་བཅོམ་ལྡན་འདས་སོ། །ཞལ་གསུམ་ཕྱག་དྲུག་པ་གཞལ་ཡས་ཁང་རིན་པོ་ཆེ་ན། པདྨ་དང་ཟླ་བའི་གདན་ལ་བཞུགས་པ། རོལ་པའི་འགྱིང་བག་དང་བཅས་པའོ། །ཕྱག་གཡོན་པའི་དང་པོས་ནི་པུས་མོ་གཡོན་པའི་སྟེང་དུ་ལྷ་མོ་འདོད་པའི་ནུ་མ། སྐུ་མདོག་སྔོན་མོ་དེའི་མཆན་ཁུང་ན་ཕྱག་གཡོན་པས་འཁྱུད་ནས་གྲུ་མོ་ནས་བཟུང་བའོ། །ཕྱག་མཚན་ཐོད་པའོ། །གཡོན་དང་གཡས་ཀྱི་རྩ་ནས་སྐྱེས་པའོ། །འོད་དཔག་མེད་རང་ཆས་སུ་སྣང་བ་དང་འདྲ་བར་ཡོད་པའོ། །དབུ་ལ་ཐོད་པ་ལྔས་བརྒྱན་པའོ། །དབུའི་གཡོན་ན་བྱང་སེམས་ཀྱི་ཟླ་བ་ཕྱེད་པས་བརྒྱན་པའོ། །སྐུ་དེ་ལས་དེ་དང་འདྲ་བ་འཕྲོས་པའམ་རིགས་ལྔའོ། །དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། ཡེ་ཤེས་པ་ནུ་མའི་བར་དུ་ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿབལྟས་ཏེ་དེ་སྣོད་བཅུད་ཀྱི་རང་བཞིན་ནམ་དངོས་པོ་ཐམས་ཅད་ཀྱི་རང་བཞིན་དུ་བལྟའོ། །བཟླས་པ་གཞན་དང་འདྲ། དེ་ནས་ལྡང་བ་ན་ཕྱག་གཉིས་པར་བྱས་ལ་དམ་ཚིག་པའི་ང་རྒྱལ་གྱིས་གནས་པར་བྱའོ། །རང་ལས་མཆོད་པ་ལྔ་སྤྲོས་ཏེ་མཆོད་པ་དང་བསྟོད་པ་བྱའོ། །ཡི་གེ་བརྒྱ་པ་བརྗོད་དེ་བཟོད་པར་གསོལ་ལ། སྔགས་ཀྱིས་བསྐུལ་ལ་གཤེགས་སུ་གསོལ་ལོ། །གཏོར་མ་ལ་སོགས་པ་བཏང༌། འདི་ནི་གཟུགས་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་ཐབས་ཤེས་རབ་ཏུ་ལོངས་སྤྱད་པས་ནི་གྲུབ་པར་འགྱུར་བའོ། །རྫོགས་སོ། ༈ །ཁརྶ་པཱ་ཎིའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། ཚོགས་གཉིས་སྤྱི་དང་མཐུན་པར་
བསགས་ཏེ། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་ཧྲཱིཿལས་སྤྲོས་བསྡུས་བསྐུལ་སྦྱང་བྱས་པ་ལས་བྷ་ག་ཝཱན་དུ་བསྐྱེད་དེ། འོད་དཔག་མེད་རང་ཆས་ཀྱིས་དབུར་བརྒྱན་ནོ། །གཡས་ན་སྒྲོལ་མ་ལྗང་གུ་སྐྱབས་སྦྱིན་དང་ཨུཏྤ་ལ་ལྗང་གུ་འཛིན་པའོ། །དེའི་ཕར་ངོས་སུ་ནོར་བཟངས་སེར་པོ་ཐལ་མོ་སྦྱར་བ། གཡོན་ན་ཁྲོ་གཉེར་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས་མ། དེའི་ཕར་ངོས་ན་རྟ་མགྲིན་དམར་པོ་བཅོམ་ལྡན་འདས་ཀྱི་པུས་མོ་གཡོན་པར་གྲུ་མོ་གཡོན་པས་བརྟེན་ཅིང་གཡས་པས་དབྱུག་པ་ཨང་ཚུགས་སུ་བྱས་པའོ། །དེ་རྣམས་གྲལ་རིམ་བཞིན་དུའོ། །སྐུ་གསུང་ཐུགས་བྱིན་གྱིས་བརླབ། བཟླས་པ་ནི་སྙིང་གར་ཟླ་བའི་སྟེང་ན་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལ་དམིགས་པ་བྱའོ། ༈ །ཡི་གེ་དྲུག་པའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ནས་སྙིང་གའི་པད་ཟླའི་སྟེང་གི་ཧྲཱིཿའི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ཏེ། ཚོགས་གཉིས་རྫོགས་པར་བྱའོ། །དེ་ནས་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ལྷག་མེད་ཀྱི་དབྱིངས་སུ་གཞག་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། གཞུང་ནས་འདུ་ཤེས་ཅན་ཞེས་པས་བཞིའོ། །དབེན་པ་གྲོང་ལས་དགོན་པའམ་དུར་ཁྲོད་དོ། །དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿལས་བཅོམ་ལྡན་འདས་གཞུང་བཞིན་དུ་བསྐྱེད་དོ། །འོད་དཔག་མེད་རང་ཆས་སུའམ་དབང་བསྐུར་ཡང་རུང་ངོ༌། །གཡས་སུ་ནོར་བུ་འཛིན་པ་གཙོ་བོ་ཅི་འདྲ་བའོ། །གཉིས་པའི་ཕྱག་གིས་གཙོ་བོ་ལ་འདུད་ཅིང་ཕྱོགས་པའོ། །གཡོན་དུ་འབྲུ་དྲུག་མ་ཡང་དེ་བཞིན་ནོ། །དེ་ནས་སྔགས་ནི་ཡི་གེ་དྲུག་པ་ཡིན་ནོ། །དེ་ནས་ཨོཾ་མ་ཧཱ་ནས་ཨཿའི་བར་གྱི་བྱིན་གྱིས་བརླབ། བཟླས་པ་ཞལ་ནས་ལྟེ་བར་ཞུགས་ཤིང་འཁོར་ལོ་ལ་དམིགས་ནས་བཟླས་སོ། །དེ་ནས་ལངས་ལ་ཡི་གེ་བརྒྱ་པ་བརྗོད་ཅིང་དགེ་བ་བསྔོ་བ་དང་མི་དམིགས་པས་གཟུང་བ་དང་ལྷའི་ང་རྒྱལ་དུ་བྱའོ། ༈ །ཧ་རི་ཧ་རི་ཧ་རི་ལ་ཞོན་པ་ནི། དང་པོ་སེང་གེ། གཉིས་པ་བྱ་ཁྱུང༌། གསུམ་པ་ཁྱབ་འཇུག་གོ །སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གའི་
པད་ཟླའི་སྟེང་གི་ཧྲཱིཿའི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས། ཚོགས་གཉིས་བསག་གོ །དེ་ནས་རང་གི་འོག་ཏུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པ་བསྒོམ། དེའི་སྟེང་དུ་པད་ཟླའི་སྟེང་དུ་བདག་ཉིད་བཅོམ་ལྡན་འདས་སུ་སྐད་ཅིག་གིས་བསམ། ཧྲཱིཿལས་སོ་སོའི་གཙོ་བོ་ལ་ཡི་གེ་གསུམ་དགོད། གསེར་གྱི་མདོག་ལྟ་བུ་ནི་གསེར་གཡའ་དང་བྲལ་བ་བཞིན་ནོ། །ཉོན་མོངས་པའི་དྲི་མའི་སྐྱོན་མེད་པར་མཚོན་པས་མདོག་དཀར་པོ། དེ་ནས་སྙིང་གར་ཚོགས་གཉིས་དག་པའི་ཨ་ལས་ཟླ་བ་དང་རྃ་ལས་ཉི་མ་ཁ་སྦྱར་བའི་དབུས་སུ་ཧྲཱིཿབསམས་ལ་དེའི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ཏེ་དགུག་གཞུག་བྱའོ། །དེའི་དབང་པོ་བྱེད་པའི་ཕྱག་གཡས་པ་མགོའི་ཐད་ཀར་བརྐྱང་བའོ། །ཕྱག་གསུམ་པ་དགེ་བ་ཉེ་བར་སྟོན་པ་ནི་སྐྱོབ་བཞིན་དུ་བརྐྱང་བའོ། །རི་དྭགས་ནག་པོ་ནི་ཁྲི་སྙན་ནོ། །དེ་ལ་རྣམ་པར་དག་པ་ཞེས་བྱ་བ་ལ་སོགས་པ་ནི་གདན་གྱི་རྣམ་དག་གོ །བཟླས་པ་ནི་སྙིང་གར་ཉི་ཟླའི་སྟེང་དུ་ཧྲཱིཿལ་སེམས་གཏད་པ་དེ་ཉིད་དོ། །དེ་ཡང་གང་ཞེ་ན། ཨོཾ་ཧྲཱིཿསྭཱ་ཧཱ། ཞེས་པའོ། ༈ །ཧ་ལ་ཧ་ལའི་སྒྲུབ་ཐབས་ནི། སྒྲུབ་པ་པོས་སེམས་བསྐྱེད་ལ། ཚོགས་གཉིས་རྫོགས་པར་བྱའོ། །སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿལས་སྤྲོས་བསྡུས། དེ་གྱུར་པ་ལས་གཞུང་བཞིན་བསྐྱེད་དོ། །འོད་དཔག་མེད་དབུ་རྒྱན་རང་ཆས་སོ། །སྒེག་པ་ཞེས་པ་ལྷ་མོ་འདོད་མ། མདོག་དམར་མོ། གཙོ་བོའི་མཆན་གཡོན་ན་པུས་མོའི་སྟེང་ནས་འཁྱུད་པའོ། །ཕྱག་མཚན་གཉིས་གཡས་གཡོན་གྱི་རྩ་བ་ནས་ཡར་ཡོད་པའོ། །སྦྲུལ་ནི་ཀླུའི་རྒྱལ་པོ་ལྷག་མ་ཅན་ནོ། །འཁོར་བ་དང་མྱང་འདས་ཀྱི་བརྡར་གོ་བར་བྱའོ། །རོལ་པས་ནི་འགྱིང་བག་དང་བཅས་པའོ། །ཡེ་ཤེས་དགུག་སོགས་དྷ་དང་བཻའི་བཞེད་པའོ། །བཟླས་པ་སྔར་དང་འདྲའོ། །ཡི་གེ་བརྒྱ་པ་བརྗོད་པ་ལ་སོགས་པ་བྱའོ། ༈ །སྤྱན་རས་གཟིགས་པདྨ་གར་གྱི་དབང་ཕྱུག་གི་སྒྲུབ་ཐབས་ནི། སྒྲུབ་པ་པོས་སེམས་བསྐྱེད། ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཧྲཱིཿལས་སྤྲོས་བསྡུས་གྱུར་པ་ལས་ལྷ་མོ་བརྒྱད་ཀྱི་འཁོར་དང་
བཅས་པ་བསྐྱེད་དོ། །སེམས་དཔའི་སྐྱིལ་ཀྲུང་ནི་གཡོན་པའི་པུས་མོ་གཡས་པའི་འོག་ཏུ་བཅུག་པའོ། །དབུ་རྒྱན་རང་ཆས་སུའོ། །གཡོན་ན་ལྷ་མོ་གོས་དཀར་མོ་དམར་མོ་ཕྱག་གཡས་པ་འགྱིངས་བག་དང་བཅས་པས་ཁབ་མིག་འཛུད་པ་ལྟར་བྱས་པ་སྟེ་པདྨ་ཁ་འབྱེད་པའི་ཚུལ་དུ་ཡོད་པའོ། །འོག་གི་ལྷ་མོ་ལ་ཡང་དེ་བཞིན་ནོ། །ཨོཾ་ཀཱ་ཡ་ཞེས་པས་བདག་ཉིད་བྱིན་གྱིས་བརླབ་པའོ། །པདྨ་འདབ་མ་བརྒྱད་ལ་ལྷ་མོ་བརྒྱད་ཀྱིའོ། །གཞན་གཞུང་ལས་སོ། །ཡེ་ཤེས་པ་དང་དབང་བསྐུར་སྔར་བཞིན་འདོད་པ་གཉིས་སོ། །བཟླས་པ་གཞན་དང་འདྲའོ། །ཡི་གེ་བརྒྱ་པ་བརྗོད་པ་ལ་སོགས་པ་ལྡང་བའི་དུས་སུ་བྱའོ། །རྫོགས་སོ། ༈ །སྒྱུ་འཕྲུལ་དྲྭ་བའི་སྤྱན་རས་གཟིགས་འདི་ནང་པ་ཡིན་ཏེ་གནས་ལ་སོགས་པ་གོ་བར་«་་་་་རྒྱལ་པོ་གཅིག་ལ་བཙུན་མོ་བརྒྱ་རྩ་ཡོད་པ་དེ་ལ། སློབ་དཔོན་གཅིག་ཡོད་པ་ལ་གུས་པས་བཙུན་མོའི་མཆོག་ཁྲུས་བྱེད་པའི་ཚེ་ཡང༌། གསེར་གྱི་རུས་སྦལ་གྱི་སྟེང་དུ་བཞག་ནས་བཀྲུ་བ་ཅིག་ཡོད་པ་ཕུལ་བས། སློབ་དཔོན་དེའི་སྲས་གཅིག་བྱུང་ནས། དེ་ཆེར་སྐྱེས་པ་དང་སྒྲ་སློབ་ཏུ་བཏང་བས། གྲོགས་པོ་རྣམས་ན་རེ་ཁྱོད་ཀྱི་ཕ་དུར་ཁྲོད་དུ་འགྲོ་ཞིང་ཤ་ཟ་བ་རིགས་ངན་ཡིན་པས་ངེད་ཀྱི་ཟླ་ལ་མ་འདུག་ཟེར་ནས་བཏོན་ནོ། །དེ་ཕ་མ་ཅན་དུ་ཕྱིན་ནས་སྔར་བཞིན་བྱས་པས་ཁོ་ན་རེ། འདི་སྒྲུབས་ཤིག་ཟེར་ནས་སྒྱུ་འཕྲུལ་དྲྭ་བ་བསླབས་ཏེ་སྤྱིལ་བུ་ཅིག་ཏུ་བསྒྲུབ། མ་དེ་ཕྱི་རོལ་ན་གཅན་གཟན་ལ་སོགས་པའི་བར་ཆད་བསྲུང་ཞིང་ཡོད་ཙམ་ན། ཟླ་བ་ལྔ་ལོན་པའི་ཚེ། སྤྱིལ་པོར་མེ་འབར། མེས་བུ་ཚིག་སྙམ་སྟེ། ཆོས་གོས་ཆུར་བཅུག་པས་བསད་པས་མེ་སོད་ཀྱང༌། བུ་ཏིང་ངེ་འཛིན་ལས་མི་འདའ་བར་འདུག་གོ །དེ་ལ་བསྙད་པས་བར་ཆད་ཡིན། མེ་མ་བསད་ན་ཚེ་འདི་ལས་སངས་རྒྱས་འོང་སྟེ། ད་འདི་ལ་མི་འོང་བས་སྒྲུབ་པ་མ་བྱས་ཀྱང་པཎྜི་ཏར་འགྱུར་ཟེར་ནས། པཎྜི་ཏ་ཆེན་པོར་འགྱུར་ཏེ། ཛཻ་ཏཱ་རི་ཡིན་གསུང༌། »བྱའོ། །སྒྲུབ་པ་པོས་སེམས་བསྐྱེད་དེ། ཚོགས་གཉིས་བསགས་ལ་སྔགས་ཀྱིས་བརྟན་པར་བྱའོ། །དེ་ནས་ནམ་མཁར་པད་ཉིའི་སྟེང་དུ་ཧཱུྃ་དེ་གྱུར་པ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་གྱུར་པ་ལས་རྡོ་རྗེའི་རྭ་བ་དང་གུར། དེའི་ནང་དུ་གཞལ་ཡས་«་་་་་གཞུང་ན་གཞལ་ཡས་ཁང་མེད། »ཁང་དུར་ཁྲོད་བརྒྱད་དང་
ལྡན་པ། དེའི་དབུས་སུ་པད་ཉི་ལ་ཧྲཱིཿལས་འོད་སྤྲོས་བསྡུས། གྱུར་པ་ལས་བཅོམ་ལྡན་འདས་གཞུང་བཞིན་དུ་བསྐྱེད་དོ། །རུས་པའི་འཁོར་ལོ་ལ་སོགས་པ་ཕྱག་རྒྱ་དྲུག་དང་ལྡན་པའོ། །མགོ་བོ་ལྔ་བཅུའི་དོ་ཤལ་ཅན་སྙིང་གར་པད་ཉིའི་སྟེང་དུ་ཧྲཱིཿདེ་ཡེ་ཤེས་སེམས་དཔའོ། །ཡང་ན་དེའི་འོད་ཀྱིས་དགུག་གཞུག་དབང་བསྐུར་ཞིང་དབུར་བརྒྱན་པར་བྱའོ། །བཟླས་པ་ནི་ཁ་ནས་ལྟེ་བར་འཁོར་བས་སྙིང་གའི་ས་བོན་ལ་ཐིམ་པའོ། །གྲངས་ནི་བཤད་པ་ལས་བརྒྱད་འགྱུར་རོ། ༈ །སྒྲོལ་མ་འདི་ཡན་ལག་དྲུག་པར་ཤེས་པར་བྱའོ། །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་སྟོན་པ་ལ། དཀར་པོའི་ལས་ནི་དགེ་བཅུ་སྟེ། དེས་ནི་སྒྲུབ་པ་པོས་ལས་འགྲུབ། འདི་སྔོན་དུ་རྣལ་འབྱོར་པ་ཅིག་གིས་བསྒོམས་པས་རང་གི་བློ་ལ་ཤར། དེ་ནས་འདི་མཛད་པས་ཏིང་ངེ་འཛིན་ལས་བྱུང་བའི་གདམ་ངག་ཅེས་བྱའོ། །སྒྲུབ་པ་པོས་སེམས་བསྐྱེད། ཐད་ཀ་དགེ་བཅུ་སྟོན་པའི་སྒྲོལ་མ་ལ། །མཆོད་པ་ལྔ་ཡིས་མཆོད་བྱས་ཏེ། །སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ། །དེ་ཡི་འོད་ཀྱིས་བདེ་གཤེགས་ཀུན། །ཐུགས་བསྐུལ་སྤྱན་དྲངས་མདུན་དུ་བཞུགས། །འདི་ནི་ཚུར་འདུས་ཧཱུྃ་ལ་ཐིམ། །དེ་ནས་ཚོགས་གཉིས་བསག་པར་བྱ། །སྟོང་པའི་ངང་ལས་སྲུང་འཁོར་བྱ། །དེ་དབུས་པད་ཟླའི་སྟེང་དུ་ཧཱུྃ། །དེ་གྱུར་ཨུཏྤལ་ཧཱུྃ་གིས་མཚན། །འོད་ཀྱིས་སྤྱན་དྲངས་ཐིམ་འགྱུར་བསྐྱེད། །སྔགས་ཀྱི་རྣམ་དག་བསྟན་པ་ལ། །ལོག་པའི་རྣམ་པར་རྟོག་པ་ལས། །མི་གཡོ་བ་ཡི་དེ་ཉིད་དོ། །རྒྱུ་དང་འབྲས་ཞེས་ཐ་དད་ལས། །རྣམ་པ་གཉིས་སུ་དབྱེར་མེད་པས། །དེ་ཉིད་དོན་རྟོགས་ཤེས་རབ་དང༌། །གནོད་བྱེད་ཚར་གཅོད་སྟོབས་ཡིན་ནོ། །ཕྱི་མའི་མཐའ་རུ་སྨོན་པ་དང༌། །དེ་ཉིད་ལས་འབྲས་རྨོངས་པ་ཡིན། །དུག་གསུམ་ལ་སོགས་ཀུན་ཞི་བ། །དམ་ཚིག་སྙིང་གར་ཟླ་བ་ལ། །ཧཱུྃ་བལྟས་འོད་ཟེར་སྤྲོ་བསྡུ་བསྒོམ། །དྷ་དང་བཻ་ཡི་བཞེད་པ་ལྟར། །དོན་ཡོད་གྲུབ་པའི་དབུ་རྒྱན་ནོ། །སྐྱོ་ན་བསྐོར་བའི་བཟླས་པ་བྱ། །འོག་ཏུ་ཨོཾ་དང་ཧཱུྃ་ཕཊ་གཉིས། །གོང་དུ་མེད་ཀྱང་གདམས་ངག་གི། །ཆར་པ་འབེབས་པའི་ཆོ་ག་ལ། །
གསོ་སྦྱོང་ལྡན་ཞེས་བྱ་བ་ནི། །སྡོམ་ལྡན་ཕྱི་དྲོའི་ཟས་སྤངས་ནས། །དཀར་གསུམ་ཟ་བར་བྱེད་པ་ཡིན། །ས་ལ་སོགས་པ་ཡང་གྲུབ་ན། །ས་བཅུ་རིམ་གྱིས་བགྲོད་པ་ཡིན། །ཉིད་ཀྱིས་གསུངས་པ་ཞེས་བྱའོ། །བྱིན་གྱིས་བརླབས་པ་ལས་བྱུང་གསུངས། །རྫོགས་སོ། ༈ །སེང་ལྡེང་ནགས་ཀྱི་སྒྲོལ་མའི་སྒྲུབ་ཐབས་ནི། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་ཏཱྃ་དེའི་འོད་ཀྱིས་ཚོགས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསགས། སྟོང་པའི་ངང་ལས་ལུས་སྒྱུ་མ་ཙམ་གྱི་སྙིང་གར། པད་ཟླ་ལ་ཏཱྃ་དེ་ལས་ཨུཏྤལ་ཏཱྃ་གིས་མཚན་པ་དེ་ལས་འོད་སྤྲོས་བསྡུས་ཐིམ། གྱུར་པ་ལས་སྒྲོལ་མ་བསྐྱེད་དོ། །རང་ཆས་སུའོ། །གཡས་ན་འོད་ཟེར་ཅན་སེར་མོ། གཡས་མྱ་ངན་མེད་པའི་ཤིང་གི་ཡལ་ག་ནས་བཟུང་བ། གཡོན་རྔ་ཡབ་དཀར་པོ་གཙོ་མོ་ལ་གཡོབ་པའོ། །གཡོན་ན་རལ་གཅིག་མ་སྔོན་མོ་གཡོན་ཐོད་པ། གཡས་རྔ་ཡབ་དཀར་པོ་གཡོབ་པའོ། །དེ་དག་དུས་གཅིག་ཏུའོ། །དེ་དག་གཞོན་ནུ་མ་ལོ་བཅུ་དྲུག་ལོན་པ་ལྟ་བུ་སྟེ་ལངས་ནས་བཞུགས་པའོ། །ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་དགུག་གཞུག་བྱའོ། །བཟླས་པ་གཞན་དང་འདྲའོ། །ལྡང་བ་ན་ཡི་གེ་བརྒྱ་པ་བརྗོད་ལ་སོགས་པ་བྱའོ། །འདི་ལ་གཅིག་ནཱ་གཱརྫུ་ནས་མཛད་ཅེས་ཀྱང་གྲགས་སོ། ༈ །སྒྲོལ་མ་དཀར་མོའི་སྒྲུབ་ཐབས་འདི་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས་ཨོ་ཌྱན་ནས་གསེར་བཙལ་ནས་ཡུལ་དབུས་སུ་བྱིས་པའི་སྟོན་མོ་ཆེན་པོ་མཛད་པ་ལས། དེའི་ཚེ་འཇམ་དཔལ་གྱི་སྤྲུལ་པ་བྱིས་པ་མཐོང་བས། འཇམ་དཔལ་ལ་བསྐོར་བ་བྱས་ནས་དེ་ནས་ཞལ་དངོས་སུ་མཐོང་བའི་སྐལ་པ་མེད་པས་དེའི་རྒྱུད་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་དེས་འཆི་བ་བསླུ་བའི་ཆེད་དུ་བསྟན་པ། སློབ་མ་མཐུ་བོ་ཆེ་ཞིག་གིས་ལོགས་སུ་བསྡེབས་པའོ། །དེ་ལ་ཚིགས་བཅད་གཅིག་གིས་ཕན་ཡོན་བསྟན་ཏོ། །སྒྲུབ་པ་པོས་སེམས་བསྐྱེད། ཚོགས་གཉིས་གཞན་དང་མཐུན་པར་བསག བཞི་པའི་དང་པོ་ཏའོ། །ཨཱ་རིང་པོ་ཏའི་སྲོག་ཏུའོ། །བཅས་པ་ནི་ཟླ་ཚེས་ཐིག་ལེ་སྟེ་ཏཱྃ་ངོ༌། །སྟོང་པའི་ངང་ལས་
དེའི་འོད་ཀྱིས་སྤྲོས་བསྡུས་པ་ལས་སྒྲོལ་མ་སྐུ་མདོག་དཀར་མོ་ཨུཏྤལ་རྣ་ལྟག་ཏུ་སླེབས་པ་བསྣམས་པ། སངས་རྒྱས་བྱང་སེམས་ཐམས་ཅད་ནི་གདུལ་བྱ་གང་འདོད་པའི་གཟུགས་སུ་སྟོན་པའོ། །དེའི་ཐུགས་ཀར་པད་ཟླ་ལ་ཏཱྃ། དེ་ལས་འཁོར་ལོ་རེ་མིག་བརྒྱད་ཡོད་པ་འོད་ཟེར་དཀར་པོ་ཅན་ལྟེ་བ་ལ་ཨོཾ་དང་ཧཱའི་བར་དུ་བསྲུང་བྱའི་མིང་ངོ༌། །རེ་མིག་བརྒྱད་ལ་ཡི་གེ་རེ་རེ་དགོད་པར་བལྟའོ། །ཡི་གེ་དེ་དག་ལ་དམིགས་ལ་བཟླས་པ་བྱའོ། །ཕན་ཡོན་ནི། ཚངས་དབང་ཞེས་སོགས་ཀྱིས་སོ། །དྲག་པོ་མ་ཧཱ་དེ་བ། ཚངས་དབང་ཕྱོགས་སྐྱོང་བཅུ། འདོད་ལྷ་ནི་བདུད་དགའ་རབ་དབང་ཕྱུག གྲོལ་བ་ནི་སངས་རྒྱས། སྐལ་ངན་ནི་ཀུན་གྱི་སྙིང་དུ་མི་སྡུག་པའོ། །སེང་གེ་སོགས་ནི་འཇིགས་པ་ཆེན་པོ་བརྒྱད་དོ། །སྟག་དང་སེང་གེ་རྒྱལ་པོ་དང༌། །བློན་པོ་མེ་ཆུ་མི་དང་མི་མ་ཡིན་པའོ། །རྐང་པ་ནི་རྐང་མགྱོགས་ལ་སོགས་པ་གྲུབ་པ་ཆེན་པོ་བརྒྱད་དོ། ༈ །ཨཽ་ཌྱན་ནས་བྱུང་བའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ནི། སྒྲུབ་པ་པོས་སེམས་བསྐྱེད་ལ། རང་གི་སྙིང་གར་པད་ཟླའི་སྟེང་དུ་དང་པོའི་བཅུ་གསུམ་པ་ཨོ་ཐུང་ངུ༌། དེ་ལ་ཟླ་ཚེས་ཐིག་ལེས་བརྒྱན་པས་ཨོཾ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསགས་ནས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཨོཾ། དེ་ལས་སྤྲོས་བསྡུས་ཐིམ་གྱུར་པ་ལས་བསྐྱེད་དེ། ཞལ་གྱི་མདོག་གཡས་སྐོར་གྱི་གོ་རིམ་གྱིས་སོ། །གཞལ་ཡས་ཁང་དེ་མཆོད་རྟེན་གྱི་བུམ་པ་ལ་མྱ་ངན་མེད་ཀྱི་ཤིང་གིས་བསྐོར་བའོ། །ཐོད་པ་ལྔས་དབུར་བརྒྱན་པ་ཀླུ་བརྒྱད་ཀྱིས་བརྒྱན་པའོ། །ལྷ་མོ་གཞན་ཕྱག་གཉིས་པ་ཞེས་པ་ནི་ཕྱག་བཅུ་གཉིས་པ་བསྒོམས་པར་མི་ནུས་ན་སྟེ་གཞུང་བཞིན་ནོ། །དེ་ལས་མུ་དྲྭ་བཅིང་བ་ནི། མཐེ་བོང་གཉིས་བསྣོལ། གུང་མོ་གཉིས་རྩེ་སྤྲད་དེ་བཀུག་པ་གཞན་ཁ་ཕྱེ་ནས་ཅུང་ཟད་བཀུག་པའོ། །བཟླས་པ་གཞན་དང་འདྲའོ། ༈ །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ནི། ཀླད་ཀྱི་དོན་ནི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ཞིང༌། ཡེ་ཤེས་དེ་དང་ལྡན་པའི་འོད་ཟེར་ཅན་བླ་མ་དེ་ལ་ཕྱག་འཚལ་ལོ་ཞེས་པའོ། །དེ་
ནས་སྒྲུབ་པ་པོ་འགྲེ། ཨོཾ་ཕཊ་ཀྱི་སྔགས་བརྗོད་ཅིང་མཐེ་བོང་ནང་དུ་བཀུག་པའི་ཁུ་ཚུར་གྱིས་གནས་གསུམ་དུ་གཏུག་ཅིང་དེ་ནས་སྔགས་འདི་ལན་གསུམ་བརྗོད་ཅིང༌། བདག་དང་གནས་བསྲུང་བ་དང༌། དེ་ནས་སྙིང་གར་པད་ཉིའི་སྟེང་དུ་མཱྃ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ལ་ཚོགས་བསག་པ་ནི། བདག་ཉིད་བསྐྱེད་པ་ནི། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་མཱྃ་དེའི་འོད་ཀྱིས་ཕྱོགས་བཅུ་ནས་སྤྱན་དྲངས། ཐིམ་པ་ལས་བཅོམ་ལྡན་འདས་མ་གཞུང་བཞིན་ཕག་ཞལ་སྔོན་པོ་རྣམ་པར་སྣང་མཛད་ཀྱིས་རང་ཆས་སུ་དབུར་བརྒྱན་པའོ། །སྣ་ཚོགས་རཏྣས་དབུར་བརྒྱན་པ། གདན་ཡྃ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང་ན་ཧྃ་ལས་གཟའ་རཱ་ཧུ་ལ་སྟོད་ཁོག་ལས་མེད་པ་ཉི་མ་དང་ཟླ་བ་བཟུང་བ། དེའི་སྟེང་ན་ཕག་པ་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་ན་ལྷ་མོ་བཞིས་བསྐོར་ནས་བཞུགས་པའོ། །དེ་ལྟར་གཙོ་འཁོར་ལྔའོ། །དེ་ལྟར་བསམས་ནས་མཆོད་པ་ཞེས་པས་བདུན་རྣམ་དག་གོ །ཚོགས་བསགས་ནས་བདག་ཉིད་བསྐྱེད་པ་ནི། སྟོང་པའི་ངང་ལས་པད་ཉིའི་སྟེང་ཨོཾ་དེའི་འོད་ཀྱིས་ཕྱོགས་བཅུ་ནས་སྤྱན་དྲངས་ལ། དེ་ལ་ཐིམ་པ་ལས་རྣམ་སྣང་དུ་བསྐྱེད་དོ། །དེའི་ཐུགས་ཀར་ཟླ་སྟེང་དུ་མཱྃ་ལ་ཡི་གེ་ཉི་ཤུ་རྩ་ལྔས་བསྐོར་བའོ། །དེ་གྱུར་པ་ལས་མྱ་ངན་མེད་ཀྱི་ཤིང་གི་ཡལ་ག་ལ་ཟླ་བ་ལ་མཱྃ་གྱིས་མཚན་པ། དེ་གྱུར་པ་ལས་བདག་ཉིད་འོད་ཟེར་ཅན་དུ་སྐད་ཅིག་གིས་བསམ་མོ། །དེ་ནས་གཞུང་ནས་འབྱུང་བའི་སྔགས་ཀྱིས་དེའི་ཤར་དུ་ལྷ་མོ་བཻ་ཏཱ་ལཱི། འོག་མ་གསུམ་ཡང་རང་རང་གི་སྔགས་ཀྱིས་གོང་ལྟར་བསྐྱེད་དོ། །དེ་དག་བསྒོམས་པས་སྐྱོ་ན། ལྷ་ལ་དམིགས་ལ་བཟླས་པ་བྱའོ། །ལྡང་བ་ན་ཡི་གེ་བརྒྱ་པ་ལ་སོགས་པ་བྱའོ། ༈ །རྟོག་པ་ལས་གསུངས་པའི་ཆོ་གའི་འོད་ཟེར་ཅན་གྱི་སྒྲུབ་ཐབས་ལ། སྒྲུབ་པ་པོ་འགྲེ། སྙིང་གར་པད་ཟླ་ལ་མཱྃ་དཀར་པོ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསག་པར་བྱའོ། །དེ་ནས་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་མཱྃ། དེ་ལས་འོད་སྤྲོས་བསྡུས་པ་ལས་བསྐྱེད་དེ། ཞལ་དབུས་མ་དཀར་མོ་དབུ་ལ་རཏྣའི་དབུ་རྒྱན་
རྩེ་གསུམ་ཡོད་པ། གཞལ་ཡས་ཁང་མཆོད་རྟེན་གྱི་བུམ་པ་གདན་ཕག་གིས་འདྲེན་པའི་ཤིང་རྟའི་སྟེང་ན་བདུད་བཞིའི་ཁ་དོག་དང་རྟགས་ཀྱི་བདུད་ཤེས་པར་བྱའོ། །འཁོར་གསུམ་ཡང་གཙོ་མོ་དང་དུས་མཉམ་དུ་རྫོགས་པའོ། །དབུས་ན་གནས་པ་ནི་མདུན་ན་ཡོད་པར་རོ། །རཏྣའི་རྒྱན་ཅན་གཡས་གཡོན་གྱི་ཕྱག་བཞི་ན་གཡས་དང་པོ་མདའ། གཞན་གཞུའོ། །འོག་མ་གཉིས་གཡས་རྡོ་རྗེ། གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་གའོ། །གདན་གྱི་འོག་ན་གཟའ་དགུ་དང་ཆུ་སྲིན་དང་ནད་བཞི་བརྒྱ་རྩ་བཞི་ཡང་མིའི་གཟུགས་སུ་འོག་ཏུ་བཏིང་པའོ། །དབང་བསྐུར་དང་ཙཀྲ་ལྟ་བུ་བཟླས་པ་གཞན་དང་འདྲ་བར་བྱའོ། །དེ་དག་མཐའ་གསུམ་གྱི་ཞེས་པ་འཁོར་གསུམ་དག་པས་ཟིན་པའོ། །རྣལ་འབྱོར་པས་ཟས་ཀྱི་སྟེང་དུ་མཱྃ་བསམ། ཡི་གེ་གསུམ་གྱི་བྱིན་གྱིས་བརླབས་ལ་ལོངས་སྤྱད་དོ། ༈ །མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་ནི། སྒྲུབ་པ་པོ་ལ་སོགས་པ་འགྲེ། སྙིང་གའི་ས་བོན་གྱི་འོད་ཀྱིས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་མཱྃ་སེར་པོ་གྱུར་པ་ལས་མྱ་ངན་མེད་ཀྱི་ཡལ་ག་མཱྃ་གྱིས་མཚན་པའོ། །དེ་ལས་འོད་སྤྲོས་བསྡུས་པ་ལས་བཅོམ་ལྡན་འདས་མ་བསྐྱེད་དོ། །རིགས་བདག་རང་ཆས་སུའོ། །ཕག་སྟེང་ན་བཞེངས་ནས་འགྱིང་བག་ཏུ་བཞུགས་པའོ། །དེ་ནས་ཐུགས་ཀའི་མཱྃ་ལས་ཕག་པའི་རྣམ་པ་ཅན་གྱི་འོད་འཕྲོས་ཏེ་གདུག་པ་ཅན་གྱི་སེམས་ཅན་བརླག་པར་བྱས་ནས། དེ་ལས་གཞན་པའི་སེམས་ཅན་གྱི་དོན་བྱས་ཏེ་ཚུར་འདུས་ནས་ཕག་པའི་གཟུགས་གཉིས་པས་བསྐོར་ནས་ཡོད་པས་སོ། །བཟླས་པ་གཞན་དང་འདྲའོ། །ལྡང་བ་ནི་ཡི་གེ་བརྒྱ་པ་བརྗོད་པ་ལ་སོགས་པ་བྱའོ། ༈ །ཨཽ་ཌྱན་གྱི་འོད་ཟེར་ཅན་གྱི་སྒྲུབ་པ་པོ་འགྲེ། སྙིང་གར་པད་ཉིའི་སྟེང་དུ་མཱྃ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག་གོ །དེ་ནས་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་མཱྃ། དེའི་འོད་ཀྱིས་སངས་རྒྱས་སྤྱན་དྲངས་ཐིམ། གྱུར་པ་ལས་བཅོམ་ལྡན་འདས་མ་སྟེ། ཕྱག་མཚན་ཁ་ཊྭཱཾ་ག་གྲུ་མོ་ན་ཐོད་པ་དང་ཌ་མ་རུ། མགོ་ལྔ་བཅུས་
སྐུ་ལ་དོ་ཤལ་ཅན། གདན་རཏྣས་སྤྲས་པའི་ཤིང་རྟའི་འོག་ནས་ཕག་པ་བདུན་མནན་པ་སྟེ། འགྲོ་བ་ཕག་པས་འགྲོ་ལ་དེས་བཏེག་པས་ཤིང་རྟ་འགྲོ་བའོ། །ཤིང་རྟའི་སྟེང་གི་རྩེ་མོ་མདུན་ན་ཡོད་པར་བལྟའོ། །གཙོ་མོ་དེའི་སྐུ་ལས་སངས་རྒྱས་ལྔ་འཕྲོ་བ་ནི་སྤྱི་བོ་ནས་རྣམ་སྣང༌། གཡས་ནས་མི་བསྐྱོད་པ་དང་རིན་འབྱུང༌། གཡོན་ནས་སྣང་མཐའ་དང་དོན་གྲུབ་བོ། །མཱྃ་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་ལ་ཡི་གེ་བཞིས་བསྟིམ་མོ། །དབང་བསྐུར་རྒྱས་གདབ་བོ། །བསྒོམས་པས་སྐྱོ་ན་བཟླས་པ་ཙཀྲ་ལྟ་བུ་བྱའོ། ༈ །ཡང་ཨཽ་ཌྱན་གྱི་རིམ་པའི་འོད་ཟེར་ཅན་ཏེ་སྒྲུབ་པ་པོ་འགྲེ། སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ། དེའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག་གོ །དེ་ནས་སྟོང་པའི་ངང་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེ་གྱུར་པ་ལས་རྡོ་རྗེའི་རྭ་གུར་གྱི་བསྲུང་བ་བྱའོ། །དེའི་ནང་དུ་ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བ། དེའི་དབུས་སུ་པད་ཉི་ལ་གནས་པའི་རྡོ་རྗེ་རྩེ་ལྔ་པ་ལྟེ་བར་ཧཱུྃ་གིས་མཚན་པ། དེ་ལས་སྤྲོས་བསྡུས་བསྐུལ་སྦྱང་བྱས་པ་ལས་བཅོམ་ལྡན་འདས་མ་བསྐྱེད་དོ། །གདན་དུ་ཁྱབ་འཇུག་ལ་སོགས་པ་རྟགས་ཀྱི་བདུད་བཞི་བཏིང་བའོ། །ཞལ་དྲུག་པོ་རེ་རེ་ལ་སྤྱན་གསུམ་གསུམ་པ་མི་མགོ་ལྔ་བཅུའི་དོ་ཤལ་ཏེ་སྐམ་རློན་གྱི་ངེས་པ་མི་གསུང༌། རྣམ་སྣང་གི་དབུ་རྒྱན་རང་ཆས་སུ་བསམ། དབང་བསྐུར་བས་སོ་སྙམ་པའི་རྣམ་རྟོག་གིས་དམ་ཚིག་སེམས་དཔའི་རྣམ་གཞག་མ་རྫོགས་པར་གཞུང་དུ་འདི་འབྱུང་བས་རང་ཆས་སུ་རྟོགས་སོ། །དེ་ལྟ་མིན་ན་དམ་ཚིག་པའི་རྣམ་གཞག་རྫོགས་པའི་རྗེས་སུ་སྟོན་པར་རིགས་སོ། །འཁོར་ནི་ཌཱ་ཀི་མ་ལ་སོགས་པ་ཕཻཾ་གྱི་སྒྲ་སྒྲོགས་པའི་དུར་ཁྲོད་བརྒྱད་དོ། །དེ་ནས་གནས་གསུམ་དུ་པད་ཟླ་ལ་ཨོཾ་ཨཱཿཧཱུྃ་བསམ། མིག་དང་རྐང་ལག་ལ་སོགས་པ་ཐམས་ཅད་ལ་ཕཊ་བསམ། ལྟེ་བར་སྣ་ཚོགས་པདྨའི་སྟེང་དུ། རྃ་ལས་ཉི་མ་ཁ་སྦྱོར་གྱི་ནང་དུ་ཧཱུྃ་གི་རྣམ་པ་ནཱ་དའི་རང་བཞིན་འོད་ཁ་དོག་སྣ་ཚོགས་འཕྲོ་བར་བསམ་མོ། །ཡང་ན་ཡེ་ཤེས་སེམས་དཔའོ། །སྐྱོ་ན་བཟླས་པ་གཞན་དང་འདྲ། ཐུན་མཚམས་
ཀྱི་གཏོར་མ་ནི་ནང་པར་བཤམས་ལ། དེའི་ནང་དུ་ཧྲཱིཿབསམས་ལ་ཨོཾ་ཨཱཿཧཱུྃ་གིས་ཅི་ནུས་སུ་བྱིན་གྱིས་བརླབས་ལ། ཧྲཱིཿཡང་ཞུ་བས་བདུད་རྩིར་བསམས་ཏེ་སྔགས་ལན་གསུམ་གྱིས་དབུལ་ལོ། །ཟས་ཟ་བའི་དུས་སུ་ཟས་ཀྱི་སྟེང་དུ་ཧྲཱིཿའམ་ཧཱུྃ་བསམ། ངག་ཏུ་བསམས་པའི་སྔགས་ལན་བདུན་བརྗོད་པས་ཡི་གེ་བདུད་རྩིར་གྱུར་པ་ལྷ་མཆོད་པའི་བསམ་པས་བཟའ་འོ་རྫོགས་སོ། ༈ །ཙུནྡའི་སྒྲུབ་ཐབས་ལ། ཀླད་ཀྱི་དོན་ལ་ལྷ་མོ་ཙུནྡ་དེ་ཕྱོགས་སྐྱོང་ཐམས་ཅད་ཀྱི་བདག་པོར་གྱུར་པའམ། ཡང་ན་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་ནོ། །སྒྲུབ་པ་པོ་འགྲེ། སྙིང་གར་པད་ཉིའི་སྟེང་དུ་ཙུྃ། དེའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག སྟོང་པའི་ས་བོན་སྒྱུ་མ་ལྟ་བུ་ཞེས་པས་ཙུྃ་ཡང་རང་བཞིན་མེད་པར་རོ། །དེ་ནས་སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་སྡེ་ཚན་གསུམ་པའི་དང་པོ་ཙ། སྡེ་ཚན་དང་པོའི་ལྔ་པ་ཨུ། ཙ་སྲོག་ཏུ་ཞབས་ཀྱུ་བྱིན་པས་ཙུ། ཟླ་ཚེས་ཐིག་ལེས་བརྒྱན་པས་ཙུྃ། དེ་ལས་སྤྲོས་བསྡུས་ཐིམ་གྱུར་པ་ལས་སྒྲོལ་མ་བསྐྱེད་དོ། །ཕྱག་འོག་མ་གཉིས་ཀྱིས་ལྷུང་བཟེད་བསྣམས་པའོ། །དེ་ནས་མུ་དྲྭ་བཅིངས་ཏེ་སྙིང་པོའི་སྔགས་བཟླས་ཤིང་གནས་བཞིར་གཏུགས། བསྒོམས་པས་སྐྱོ་ན་བཟླས་པ་ཕྱག་རྒྱ་བཅིང་བ་འདྲ་བར་བྱའོ། །ཡིད་ཆེས་པས་ནི་དངོས་གྲུབ་མྱུར་བ་ཡིན་ཏེ། རྒན་མོའི་སྔགས་ནོར་ཏེ། བྷ་ལེ་བྷུ་ལེ་བཟླས་ནས་རྡོ་ཁར་བཅུག་པས་འོ་མར་སོང་བའི་ལོ་རྒྱུས་གསུང༌། འདིའི་རིགས་བདག་མི་གསུང༌། ༈ །དཔལ་གནོད་གནས་ཀྱི་སྒྲུབ་ཐབས་ལ། འདི་གནོད་གནས་ཀྱི་རིགས་སུ་སྐྱེས་པས་གནོད་གནས་ཞེས་བྱའོ། །དེ་ས་བཅུའི་བྱང་སེམས། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་བཞུགས་པ་ལ་བདུད་ཀྱིས་རི་བསྙིལ་བས། གང་བ་བཟང་པོ་དང་གནོད་གནས་གཉིས་ཀྱིས་སྐུ་གཡོགས་པས། གང་བ་བཟང་པོ་ལ་རྡོ་ལེབ་ཕོག་པས་ཤི་སྟེ། གནོད་གནས་ཀྱི་དབུ་ལ་ཡང་རྡོ་ཡར་ཅག་ཕོག་པས་སྣད་དེ། བཅོམ་ལྡན་འདས་ཀྱིས་ངའི་བསྟན་པ་ལ་ཞུགས་པ་རྣམས་ཁྱོད་ལ་རྨ་འཁྲུད་པར་བྱེད་པའི་ཆུ་སྦྱིན་དུ་གཞུག་གི །ཁྱེད་ཀྱིས་ཀྱང་དེ་དག་ལ་ནོར་གྱིས་ཕན་ཐོགས་པར་
གྱིས་ཤིག ཅེས་གསུངས་པས་བཀའ་དང་ལུང་བསྲུང་བ་དང་ནོར་འདོད་པ་རྣམས་མི་བྱར་མི་རུང་ངོ༌། །སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླ་ལ་ཛྃ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ལ་ཚོགས་གཉིས་བསག་གོ །དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་གསུམ་པའི་གཉིས་པ་ཛ། དེ་ལ་ཐིག་ལེ་ཡོད་པ་ནི་སྟོང་པའི་ལྷས་མནན་པའི་ཟླ་ཕྱེད་དང་བཅས་པ་སྟེ་ཛྃ་ངོ༌། །དེའི་འོད་ཀྱིས་དཔལ་གནོད་གནས་སྤྱན་དྲངས་ཏེ་དེ་ཉིད་ལ་ཐིམ་པ་དེ་གྱུར་པ་ལས་དཔལ་གནོད་གནས་སེར་པོ་ཕྱག་གཡས་ཁྲུ་གང་པའི་ཤིང་ཐོག་སེར་པོ་བསྣམས་པ། བཱི་ཛ་པཱུ་ར་ཀཾ་ངོ༌། །ཆུ་སྟོར་བ་ན་ཤིང་ཐོག་དེའི་ནང་ནས་བདུད་རྩི་འབབ་པར་བསམ་མོ། །རིན་ཆེན་འབྱུང་གནས་ཀྱིས་གཙོ་བྱས་པའི་རིགས་ལྔས་དབུར་བརྒྱན་ནོ། །བུམ་པ་གཉིས་ན་དུང་གཡས་སུ་འཁྱིལ་པ་དང་རཏྣ་པདྨ་རཱ་ག་བཅུག་པའི་གཏེར་ཆེན་པོ་ཞབས་ཀྱིས་མནན་པ། ཨུཏྤ་ལ་སྔོན་པོའི་དོ་ཤལ་ཅན། རཏྣ་དུ་མས་བརྒྱན་པ། བག་ཙམ་གཡས་བསྐུམ་གཡོན་བརྐྱང་ངོ༌། །རང་གི་སྐྱེས་པའི་ཁྱིམ་མམ་རང་འདུག་པའི་ཁྱིམ་དུ་རཏྣའི་ཆར་བབ་པར་བསམ་མོ། །མན་ངག་ཉིད་ཡིན་ཏེ་འདུག་ས་བཙན་པར་བྱས་ན་བདེ་གསུང༌། བསྒོམས་པས་སྐྱོ་ན་ཕྱག་རྒྱ་བཅིང་ལ་སྔགས་བཟླས་ཏེ་གཞན་དང་མཐུན་ནོ། །ལྡང་བ་ན་ཡི་གེ་བརྒྱ་པ་བརྗོད་པ་ལ་སོགས་པ་བྱའོ། །འདི་ལ་ཆུ་སྦྱིན་པའི་ཐབས་ནི་སེམས་བསྐྱེད་ལ། སྐད་ཅིག་གིས་བསམ་པའམ། སྤྲོ་བསྡུ་སྔར་བཞིན་ཛྃ་ལྷར་བསྐྱེད་ལ། མདུན་གྱི་རྫིང་བུའི་ནང་དུ་སྐད་ཅིག་གིས་ཛྃ་ལྷར་བསྐྱེད་ལ། རང་གི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་པ་སྤྱན་དྲངས་བསྟིམས་ལ། གཡོན་པས་ཕྲེང་བ་བགྲང་ཞིང་གཡས་པས་ཤིང་གཅིག་ནས་བདུད་རྩི་འབབ་པར་བསམ་ཞིང༌། ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ་ཅིག་དང༌། དབུལ་བའི་སྡུག་བསྔལ་ཞི་བར་མཛོད་ཅིག་ཅེས་པའི་གསོལ་བ་གདབ། བསྟོད་པ་བྱ། ཡེ་ཤེས་པ་བཛྲ་མུཿས་གཤེགས། དམ་ཚིག་པ་རང་ལ་བསྡུའོ། །ལུགས་སྐུ་ཡོད་ན་དམ་ཚིག་པ་མི་དགོས། དེ་རང་ལ་ཡེ་ཤེས་པ་བསྟིམ། མ་བསྟིམས་ཀྱང་ཆོག་གསུང༌།
ནོར་རྒྱུན་མའི་སྒྲུབ་ཐབས། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་བྃ། དེའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་སྡེ་ཚན་དྲུག་པའི་གསུམ་པ་ལ་ཟླ་ཕྱེད་ཐིག་ལེས་བརྒྱན་པ་བྃ། དེ་ལས་འོད་སྤྲོས་བསྡུས་བྃ་ལ་ཐིམ་པར་གྱུར་པ་ལས་ལྷ་མོར་བསྐྱེད་དོ། །དྷ་དང་བཻའི་བཞེད་པ་ཡང་ཤེས་པར་བྱའོ། །བཟླས་པ་ཡང་གཞན་དང་མཐུན་ནོ། ༈ །ཨུ་ཙུཤྨ་ཛམྦྷ་ལའི་སྒྲུབ་ཐབས་«་་་་་ཛམྦྷ་ལ་ལ་ཆུ་སྟེར་བ་ནི། དབུལ་པོའི་དོན་དུ་འཕགས་པ་བྱུང་བས་དབུལ་པོ་ལ་ཆུ་མིན་པ་མེད་པས་དེས་འཕགས་པ་ཆུས་མཉེས་སོ། །གཞན་དབུའི་རྨ་ལ་ལྡུགས་ཟེར་བ་དང་ནོར་མེད་ཡོད་ཟེར་བ་ལ་སོགས་པ་ནི་གྱི་ནའོ་གསུང༌། »ལ། ཚོགས་གཉིས་གཞན་དང་མཐུན་པར་བསགས་ལ། དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཉི་ལ་ཧཱུྃ། དེ་ལས་རྡོ་རྗེ་རྩེ་དགུ་པའི་རིམ་པ་ལས་བསྐྱེད་དོ། །ཡང་ན་ཚོགས་བསག་མི་དགོས་སོ། །སྒྲུབ་པ་པོས་སེམས་བསྐྱེད་དོ། །ངག་ཏུ་ཨོཾ་ཨཱཿཧཱུྃ། ཞེས་པས་ནམ་མཁའ་ལ་གནས་པ་སྐད་ཅིག་གི་བཀུག་ལ་རང་ལ་གཞུག་གོ །དེ་ནས་སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་དམར་པོ་ལས་རྡོ་རྗེ་རྩེ་དགུ་པ་ལྟེ་བ་ལ་དབང་པོ་ལྟ་བུའི་ཧཱུྃ་བལྟས་ཏེ་དེ་ནི་ཤིང་ཐོག་གི་མིང་ངོ༌། །ཧཱུྃ་དེ་ལས་འོད་ཀྱི་ཚུལ་དུ་ཛམྦྷ་ལ་ནམ་མཁའ་ལ་སྤྲོས་ལ་ངག་ཏུ་ཨོཾ་ཨཱཿཞེས་པས་ནམ་མཁའ་ལས་ཕབ་སྟེ། ལུས་ཀུན་གྱུར་པ་ལས་ཨུ་ཙུཥྨ་མིའུ་ཐུང་འདྲ་བ་བསྐྱེད་དོ། །རིན་འབྱུང་གིས་རང་ཆས་སུ་དབུར་བརྒྱན་པ། ཀླུ་ཆེན་པོ་བརྒྱད་ནི། ཀླུ་རིགས་བཞི་ལས་གཉིས་གཉིས་སོ། །ལྷག་མ་ཅན་གྱིས་ནི་སེ་རལ་ཁར་རོ། །འོག་ཏུ་ནོར་སྦྱིན་སེར་པོ་འགྱེལ་བ་མགོ་གཡས་སུ་བསྟན་པ། ཁ་ནས་རཏྣའི་སྙེ་མ་སྐྱུགས་པ་ཞབས་ཀྱིས་མནན་པའོ། །སྒྲུབ་ཅིང་བསྒོམ་པ་དེ་ལྟར་རོ། །དེ་ནས་ཆུ་སྦྱིན་པ་ནི་ཐོད་པ་མི་དམིགས་པར་བྱས་ལ་ཨུ་ཙུཤྨ་ཕྱག་གཡས་པར་ཨོཾ་ལས་གྲུ་གསུམ་པ་ཅིག་བསམ་སྟེ། དེ་ལས་ག་ཏ་ཞེས་བྱ་བའི་གྲུ་གསུམ་ནང་དུ་བྷྲཱུྃ་ལས་བུམ་པ་བཟང་པོ་བདུད་རྩི་འབོ་བཞིན་པ་ཙིག་བསམ་མོ། །ཡི་གེ་དགོད་པ་ནི་ལག་པའི་དབུས་སུ་བུམ་པའི་རྩར་ཛྃ།
སྭཱ་དང་ཧཱ་གཉིས་ལག་པའི་ཟུར་གཉིས་ལ། དེ་ནས་ཨིནྡྲ་ནིའི་སྔགས་རེ་བརྗོད་པས་ཁ་བསྔགས་ཏེ། ཁར་ཆུ་ཁྱོར་གང་བླུགས་ཏེ། དེ་ནས་ཡང་ཁ་ནས་ཁྱོར་བར་བླུགས་ཏེ། ཨོཾ་ཛལཱུྃ་སྭཱ་ཧཱ། ཞེས་བརྗོད་པས་ཛམྦྷ་ལའི་ཞལ་དུ་བརྒྱ་རྩ་བརྒྱད་དབུལ་ལོ། །དེ་ཡང་ཛམྦྷ་ལའི་ལུགས་སྐུ་ནག་པོ་མདུན་དུ་བཞུགས་པ་ལ་ཡེ་ཤེས་པ་བསྟིམ་པ་ལ་བྱའོ། །སྐུ་མེད་ན་གོང་ལྟར་རོ། །ཁ་ཅིག་ན་རེ། གཡས་ཨོཾ་ལས་གྲུ་གསུམ་པ་ནི་ནོར་སྦྱིན་གྱི་ལག་པ་ཡིན་ཟེར་ཏེ། ཨུ་ཙུཥྨ་བདེའོ། །སེམས་ཅན་ཀྱི་དབུལ་པའི་སྡུག་བསྔལ་ཞི་བར་བྱ་བའི་དོན་དུ་དེ་བསྒོམས་ན་མྱུར་དུ་དེ་འདྲ་བའི་ནོར་འོང་བར་འགྱུར་རོ། །བཟླས་པ་བྱ་ལུགས་མི་གསུང༌། ༈ །ཁྲོ་གཉེར་ཅན་གྱི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་བྷྲཱིཾ། དེའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག་པར་བྱའོ། །དེ་ནས་ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླའི་སྟེང་དུ་དྲུག་པའི་བཞི་པ་བྷ། སྡེ་ཚན་དང་པོའི་བརྒྱད་པ་རཱྀ་རིང་པོ་སྟེ་དེ་ལ་སྟོང་པའི་ལྷ་དང་ཟླ་ཕྱེད་ཀྱིས་བརྒྱན་པ། བྷྲཱིཾ་བལྟས་ལ། འོད་ཀྱིས་སངས་རྒྱས་སྤྱན་དྲངས་ཐིམ། གྱུར་པ་ལས་བཅོམ་ལྡན་འདས་མ་བསྐྱེད་དེ། །དྷ་དང་བེའི་བཞེད་པ་ཡང་ཤེས་པར་བྱའོ། །དེ་ནས་ཕྱག་རྒྱ་བཅིངས་ལ་བཟླས་པ་ནི་གཞན་དང་འདྲའོ། ༈ །བྱམས་པའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་མཻ།ཾ དེའི་འོད་ཀྱིས་ཚོགས་གཉིས་བསགས། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་མཻཾ་སྤྲོས་བསྡུས་པ་ལས་བསྐྱེད་དེ། ཞལ་གསུམ་ཆར་སེར་པོ། ཕྱག་དང་པོ་གཉིས་མཐེབ་མཛུབ་སྤྲད་ནས་བརྩེགས་པ། ཀླུ་ཤིང་རྩ་བ་སྔོན་པོ། མེ་ཏོག་སེར་པོ། དེ་ནས་སྐུ་ལས་སངས་རྒྱས་མང་པོ་སྤྲོས་ཤིང་སེམས་ཅན་གྱི་དོན་མཛད་ནས་ཚུར་སྡུད་པའོ། །བྱང་སེམས་བྱམས་པ་དེ་ཡང་འོད་ཟེར་འབར་བ་ཟླ་བའི་དཀྱིལ་འཁོར་ཞེས་པ་རྒྱབ་ཡོལ་ཅན། དེ་ནས་བསྒོམས་པས་སྐྱོ་ན། བཟླས་པ་བྱ་སྟེ། ཕྱག་རྒྱ་ལག་པ་གཉིས་ཁུ་ཚུར་
སོ་སོར་བཅིངས་ཏེ་སྡིགས་མཛུབ་རྩེ་མོ་མཐེབ་སྙིང་བཞག་སྟེ་མེ་ཏོག་འབྱེད་པའི་ཚུལ་དུ་བྱས་ཏེ་སྡིགས་མཛུབ་ཀྱིས་མཐེ་བོང་དཀྱིལ་ནས་འཐོར་བའི་ཚུལ་དུ་བྱེད་པའོ། །བཟླས་པ་འདྲ། ༈ །ཤེར་ཕྱིན་མའི་སྒྲུབ་ཐབས་ལ། མཆོད་བརྗོད་ནི་སླའོ། །སྒྲུབ་པ་པོས་སེམས་བསྐྱེད་ལ། སྐད་ཅིག་གིས་སྐུ་བསྐྱེད་རྫོགས་གཉིས་མི་དགོས་སོ། །སྙིང་གར་པད་ཟླའི་སྟེང་དུ་ཨོཾ་དེའི་འོད་ཀྱིས་སྤྱན་དྲངས་ཐིམ། གྱུར་པ་ལས་བཅོམ་ལྡན་འདས་མ་བསྐྱེད་དོ། །དབུ་སྐྲ་ཐབས་གཉིས་ལི་བས་ཕྱེད་ཕྱེད་འཁྱིལ་པའོ། །དེའི་ལྟེ་བར་པད་ཟླའི་སྟེང་དུ་ཨོཾ་དེ་ལ་དམ་ཚིག་པ་ཅི་འདྲ་བའི་ཡེ་ཤེས་པའོ། །ཡང་ན་ཡེ་ཤེས་པ་བསྒོམ་པར་བྱ་ཞེས་པ་ནི་ལྟེ་བར་བསྒོམས་ལ་དེའི་ཐུགས་ཀར་པད་ཟླ་ལ་དེ་འདྲ་བ་ཅིག་བསྒོམ་པར་འདོད་པའོ། །ཕན་ཡོན་བསྟན་པ་ནི་སླའོ། །དྷ་བཻའི་བཞེད་པ་ཡང་ཤེས་པར་བྱའོ། །སྐྱོ་ན་བཟླས་པ་ནི་སྙིང་གའི་ཨོཾ་ལས་ཁ་ནས་ལྟེ་བར་འཁོར་བའོ། །སྔགས་པས་དུམ་བུ་དང་པོ་བཟླས་པས་ཆོས་ཀྱི་དོན་ཤེས་པར་འགྱུར་རོ། །གཉིས་པས་ཚིག་འཛིན་པར་རོ། །གསུམ་པས་འཕྲལ་གྱི་བྱ་བ་ཤེས་པར་རོ། །རང་སྐྱུར་ལ་སྒྲུབ་ན་གཡོག་པ་ལ་ནང་པར་བྱ་སྐད་མི་གྲག་པ་ཙམ་ན་བོད་མི་དགོས་པར་སྐྱུར་ངལ་བྱིན་ཅིག་ཅེས་བྱ་ཏེ་དེ་འོངས་པ་དང་སྔགས་ལན་བཞི་བཏབ་ལ་བཏུང་ངོ༌། །ཁྱེར་ཤོག་བྱས་པ་དང་རང་གིས་བླངས་པ་ནི་ཆོ་ག་མ་རྫོགས་པའོ། །རྡོ་རྗེ་གུར་ལ་བཏུས་པའོ། ༈ །གཉིས་པ་ནི་སྒྲུབ་པ་པོས་སེམས་བསྐྱེད་ལ། པྲྃ་གྱི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཟླ་ལ་པྲྃ། དེ་ལས་པདྨ་དེས་མཚན་པ་སྤྲོས་བསྡུས་པས་བཅོམ་ལྡན་འདས་མའོ། །སྐུ་མང་པོའི་སྤྲོས་བསྡུས་སེམས་ཅན་གྱི་དོན་བྱེད་པའོ། །དེ་ནས་སེམས་རྒོད་ན་ལོག་ནོན་ནི། སྣའི་རྩེ་མོར་པདྨ་དཀར་པོ་སྲན་མའི་ཚད་ཙམ་བྲིས་པ་ལྟ་བུ་གསལ་བར་བྱས་ལ་དེ་ལ་སྐུ་སྔར་དང་འདྲ་བ་ཡང་ཡང་དུ་ནན་ཏན་གྱིས་བལྟའོ། །སེམས་བཟུང་བའི་མན་ངག་ཀྱང་ཤིན་ཏུ་གལ་ཆེའོ། །སྐྱོ་ན་བཟླས་པ་ནི་ཆུང་ངུ་ལ་དམིགས་པའམ། ཡང་
ན་པད་ཟླ་ལ་བཀོད་པ་ལའོ། །ཨོཾ་པྲྃ་སྭཱ་ཧཱའོ། །རྫོགས་རིམ་ནི་སྙིང་གའི་པྲྃ་ལས་འོད་འཕྲོས་པས་ལུས་འོད་ཕུང་དུའོ། །དེའི་འོད་ཀྱིས་ཁམས་གསུམ་འོད་དུ་གསལ་བར་བྱས་ཏེ་ཁམས་གསུམ་གྱི་དངོས་པོ་ཚུར་འདུས་ཏེ་ལུས་ལ་ཐིམ། ལུས་པྲྃ་དང་པད་ཟླ་དང་ནཱ་དའི་བར་དུ་བསྡུས་ལ་མི་དམིགས་པར་སྟོང་པར་བསྒོམ་མོ། ༈ །བླ་མ་རྣམས་ལ་ཕྱག་འཚལ་ལོ། །འདི་ནི་བཅོམ་ལྡན་འདས་ཀྱི་ཐུགས་ཀྱི་སྤྲུལ་པ་སྟེ་སངས་རྒྱས་བཞུགས་པའི་དུས་དགེ་སློང་བྱང་སེམས་ཤིག་རི་ཕུག་ན་སྒོམ་བྱེད་ཀྱིན་ཡོད་པས། བགེགས་རྣམས་བར་ཆད་ལ་འོངས་པས། སངས་རྒྱས་ཀྱི་ཐུགས་ཀ་ནས་ཁྲོ་བོ་འདི་སྤྲུལ་ནས་བཏང་བས། བགེགས་རྣམས་བྲེད་ནས་སངས་རྒྱས་ལ་སྐྱབས་སུ་སོང་ངོ༌། །དེར་དེ་ཉིད་མེས་མ་ཚིག་གོ །དེ་ནས་ཕྱི་རབས་ཀྱི་རྣལ་འབྱོར་པ་རྣམས་ཀྱི་བར་ཆད་སྲུངས་ཤིག་ཅེས་བཀའ་བསྒོས་པའོ། །སཾ་བུ་ཊ་ལས་རྣམ་འཕྲུལ་ལོ། །དེ་ལ་ཚིགས་བཅད་གཅིག་གིས་བསྟོད་པའི་སྒོ་ནས་མཆོད་པར་བརྗོད་ལ། ཚིག་དོན་ནི་པུས་མོ་གཡོན་པའི་ལྷ་ང་ས་ལ་བཙུགས་པ་དང་རལ་གྲི་ལ་སོགས་པ་གོ་སླའོ། །སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་སྔོན་པོ་དེའི་འོད་ཀྱིས་བླ་མ་ལ་སོགས་པ་སྤྱན་དྲངས་ལ་བདུན་རྣམ་དག་དང་ཚངས་པའི་གནས་བཞི་རྒྱས་པས་བསོད་ནམས་ཀྱི་ཚོགས་བསག་གོ །ཡེ་ཤེས་ཀྱི་ཚོགས་ནི་རྣམ་ཐར་སྒོ་གསུམ་སྟེ། ཆོས་ཐམས་ཅད་རང་བཞིན་གྱིས་མཚན་ཉིད་དང་བྲལ་བ་དང༌། སྐྱེ་བའི་རྒྱུ་དང་བྲལ་བ་དང༌། འབྲས་བུ་ལ་རེ་བའི་སྨོན་པ་དང་བྲལ་བའོ། །རྣམ་རྟོག་གི་རྐང་པ་ཐ་མའི་དོན་ལ་ཆོས་ཐམས་ཅད་སྟོང་པ་སྟེ། དེ་ཡང་རང་གི་ངོ་བོ་མེད་ཅིང་རྒྱུ་མེད་པ་འབྲས་བུ་ལ་དམིགས་པས་སྟོང་པར་བསྒོམས་ལ་སྭ་བྷཱ་ཝས་བརྟན་པར་བྱའོ། །དེ་ནས་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ། དེའི་འོད་ཀྱིས་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། དེ་གྱུར་པ་ལས་བཅོམ་ལྡན་འདས་བསྐྱེད་དོ། །ཞལ་གཅིག་ཕྱག་གཉིས་པ་རཏྣ་རྩེ་གསུམ་པ་ལ་སོགས་པའི་ཅོད་པན་ཅན། ཞི་རྒྱས་ལ་སོགས་པའི་དངོས་གྲུབ་ཐམས་
ཅད་སྟེར་བས་འདོད་པ་བསྒྲུབ་པའོ། །ཟར་མའི་མེ་ཏོག་སྟེ་སྔོ་ལ་སྐྱ་བའི་སྐུ་མདོག་གོ །སངས་རྒྱས་དྲི་མེད་འོད་ཟེར་ནི་སྤྲོ་བསྡུ་བྱེད་པར་རིག་པར་བྱའོ། །རིན་པོ་ཆེའི་རྒྱན་ཅན་དབུ་ལ་ཐོད་པ་ལྔ་ནི་ཀྲི་ཡ་ལྟར་བསྒྲུབ་མི་ནུས་ན་ཁ་བསྐང་ངོ༌། །འགྲོ་བ་རྣམས་ཀྱི་དོན་བྱེད་པའི་རྟགས་སུ་སྟག་གིས་ཤམ་ཐབས་ཅན་ནོ། །ལྷག་མ་ཅན་མཆོད་ཕྱིར་ཐོགས་པ་དཀར་པོ་གསུམ་ཁ་བསྐང་ངོ༌། །གཡས་རལ་གྲི་འབྲེལ་པ་འཇིག་རྟེན་པའི་ལྷ་ལ་སོགས་པ་ཚར་གཅོད་པ་སྟེ་དམ་ཚིག་སེམས་དཔའ་བལྟའོ། །དེའི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གྱུར་པ་ལས་ཡེ་ཤེས་པ་དམ་ཚིག་པ་དང་འདྲ་བར་བལྟའོ། །དེའི་ཐུགས་ཀར་ཡང་པད་ཉིའི་སྟེང་དུ་ཧཱུྃ་ལས་རལ་གྲི་ཆང་ཟུང་ལ་པད་ཉིའི་སྟེང་དུ་ཧཱུྃ་བསམས་ཏེ་དེ་ཏིང་ངེ་འཛིན་སེམས་དཔའོ། །དེ་ལས་སྤྲོས་བསྡུས་སེམས་ཅན་གྱི་དོན་མི་སྐྱོའི་བར་དུ་བྱའོ། །སྐྱོ་ན་ལྷའི་རྣལ་འབྱོར་གྱིས་བསྐོར་བ་ལྟ་བུའི་བཟླས་པ་བྱའོ། །ལྡང་བ་ན་ཡི་གེ་བརྒྱ་པ་བརྗོད་པ་ལ་སོགས་པ་བྱའོ། །དབུ་རྒྱན་དབང་བསྐུར་བ་ཡང་རང་ཆས་སོ། །ལས་ཁ་ཚར་ནི་གདོན་གྱི་ཟིན་པ་འམ། ནད་ཀྱིས་ཐེབས་པ་ལ་རང་གཏུམ་པོར་བསྒོམས་ཏེ། གཏོར་མ་ཕུལ་ལ་ཡུངས་ཀར་ཧཱུྃ་དུ་བལྟས་ལ་དེ་གྱུར་པ་ལས། རྡོ་རྗེར་བསམས་ཏེ་སྔགས་བཟླས་ལ་བརྡེག་གོ །སྲིའུ་གསོ་ན་ཁམ་ཕོར་སོ་མའམ་ལོངས་མ་སྤྱད་པའི་ལྟེ་བ་ལ་མིང་དང༌། བསྲུང་ཡིག་བྲིས་ལ་མཐར་སྔགས་རྣམས་རྡོ་ཐལ་གྱིས་ལ་མེ་ལོངས་ལ་ཁྲུས་བྱས་ཏེ་སྣམ་བུ་གསར་པ་ལ་བཞག་ལ་སྐད་ཅིག་གིས་སྟོང་པར་བྱས་ལ། སྟོང་པའི་ངང་ལས་དེའི་ནང་དུ་པྃ་པད་རྃ་ཉིའི་སྟེང་དུ་ཧཱུྃ་བསྐྱེད་དོ། །ཡེ་ཤེས་པ་བཅུག་ལ་དེ་དག་ཀྱང་ཁམ་པོར་གྱི་ཡི་གེ་ལ་ཐིམ་པར་བསམས་ལ། མཆོད་པ་དང་བསྟོད་པ་དང་གཏོར་མ་བཏང་སྟེ་གསོལ་བ་བཏབ་པ་སྒོ་ལྟག་ལ་བཏགས་པས་སྲུང་བར་བྱེད་དོ། །རང་ལྷའི་རྣལ་འབྱོར་དུ་བྱའོ། །ཚེར་མ་ལ་ནི་མཆུ་དང་རྒྱུས་པས་སོ། །གཡུལ་དུ་ཞུགས་པར་གྱུར་པ་ན་རལ་གྲི་ལ་རྒྱལ་བར་གྱུར་ཅིག་པ་དང་བཅས་པས་སྔགས་བཟླས་ཏེ་རལ་གྲི་གཡས་སུ་ཐོགས་ནས། གཡོན་དུ་སྡིགས་མཛུབ་
བྱས་ཏེ་གཡུལ་དུ་ཞུགས་ན་རྒྱལ་བར་འགྱུར་རོ། །བྷཾ་ག་ལའི་སློབ་དཔོན་ཀྲ་བྷཱ་ཀ་ར་ཀཱིརྟིའི་ལུགས་ཀྱི་བཀོད་པ་ཐོབ་པས་མཛད་པ། ༈ །གཏུམ་པོའི་སྒྲུབ་ཐབས་ནི། སེམས་བསྐྱེད་ལ་ཚོགས་གཉིས་སྔར་བཞིན་ནོ། །སྟོང་པའི་ངང་ལས་པད་ཉིའི་སྟེང༌། །ཧཱུྃ་དེའི་འོད་ཀྱིས་སྤྱན་དྲངས་བསྟིམ། །དེ་གྱུར་སྡིག་འཇིགས་གཏུམ་པོའོ། །མིང་གཞན་གྱིས་ནི་མི་གཡོ་བས། །སྟེང་འོག་གཟིགས་པས་མི་མཉམ་སྤྱན། །རྩེ་གསུམ་རཏྣའི་དབུ་རྒྱན་ཅན། །ཀྲི་ཡར་མི་གནས་ཐོད་པ་ལྔ། །གཡོན་བྲང་གཡས་པའི་པུས་མོ་ཡིས། །ཉི་མའི་གདན་བཙུགས་རྒྱབ་བརྟེན་བཅས། །སྙིང་གར་ཡེ་ཤེས་སེམས་དཔའ་བལྟ། །ཏིང་འཛིན་སེམས་དཔའ་ཡང་བལྟའོ། །དབང་བསྐུར་ཆུ་ལས་མི་བསྐྱོད་རྒྱན། །སྐྱོ་ན་བསྐོར་བའི་བཟླས་པ་བྱ། །གཏུམ་ཆེན་སྒྲུབ་པའི་ཐབས་རྫོགས་སོ། ༈ །རྡོ་རྗེ་དབྱངས་ཅན་མའི་སྒྲུབ་ཐབས་ལ། ཀླད་གཞུང་མཇུག་གསུམ་ཡིན་ནོ། །རྐང་པ་གཅིག་དང་གསུམ་གྱིས་ཀླད་ཀྱི་དོན་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་བསྟན་ཏོ། །སངས་རྒྱས་ཀྱིས་གསུངས་སྡེ་སྣོད་ཆོས། །ཤེས་རབ་སྟེར་བྱེད་ལྷ་མོ་ནི། །སྟོབས་དང་ཡེ་ཤེས་ཡོན་ཏན་ཅན། །ཡན་ལག་དྲུག་ཅུའི་དབྱངས་ཅན་འདུད། །ཡང་ན་སྒྲུབ་པ་པོ་ལ་ནི། །ལོ་ཀ་དང་འདས་ཡོན་ཏན་སྟེར། །དེས་ན་ཡོན་ཏན་རང་བཞིན་ནོ། །ལྷ་མོ་བསྒོམས་པས་མཉེས་བྱེད་ལ། །མཆོག་གི་དངོས་གྲུབ་ཅན་མཛད་མ། །དྲུག་ཅུས་མཛེས་པའི་ང་རོར་ལྡན། །གསུང་སྤྲོས་རྩོད་པས་མི་ཐུབ་སྟེ། །ལྷ་མོ་མཉེས་བྱེད་བསྒོམ་པ་ནི། །ཕྱི་མའི་སྐྱེ་བོ་ལ་ཕན་ཕྱིར། །བསྒོམས་པས་འཁོར་འཇོམས་ཕྲིན་ལས་བྱེད། །མི་བཟད་གཏི་མུག་མུན་སེལ་མ། །རྒྱུད་ལས་གསུངས་པའི་ཆོ་ག་བརྗོད། །མཚན་ཉིད་དང་ལྡན་སྒྲུབ་པོ་ཡིས། །སྔར་ལངས་ཁ་སོགས་ཕྱིའི་ཁྲུས་བྱས། །སྙིང་རྗེས་ཚད་མེད་དང་ལྡན་ཞིང༌། །བཟོད་ལྡན་བཏང་སྙོམས་ཚད་མེད་དེ། །སྨོན་པ་མེད་སོགས་དངོས་པོ་ཀུན། །སྟོང་པའི་དབེན་ཞིང་སྤྲོས་པས་དག །
བསྒོམ་བྱ་སྔགས་ཀྱིས་བརྟན་པར་བྱ། །སྟོང་དང་པདྨ་ཟླ་བ་ལ། དོཿཡིག་དམར་པོའི་འོད་ཟེར་ཅན། །དེ་གྱུར་སྣ་ཚོགས་འདབ་བརྒྱད་ལ། །ལྟེ་བར་དོཿཡིས་མཚན་པའོ། །དེ་ལས་བྱུང་བའི་འོད་ཟེར་གྱིས། །སྤྱན་དྲངས་དེ་ཉིད་ལ་ཐིམ་སྟེ། །གྱུར་པས་རྡོ་རྗེ་དབྱངས་ཅན་བསྐྱེད། །མདོག་དམར་འོད་ཟེར་ཆེར་ལྡན་པར། །རཏྣ་བཟང་པོའི་རྒྱན་གྱིས་བརྒྱན། །པདྨ་རལ་གྲི་གྲི་གུག་ནི། །གཡས་ཀྱི་ཕྱག་ན་བསྣམས་པའོ། །ལྷུང་བཟེད་རཏྣ་ཙཀྲ་ནི། །གཡོན་པའི་ཕྱག་ན་བསྣམས་པ་སྟེ། །ལྷུང་བཟེད་ཅེས་བྱ་ཐོད་པར་འདོད། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །པདྨ་ཟླ་བ་ལ་གནས་དོཿ །འོད་ཟེར་མ་ལུས་ཁྱབ་པ་ཡིས། །ཕྱིན་ཅི་ལོག་དང་སྒྲིབ་པ་བསལ། །ཕྱིར་འཕྲོས་འགྲོ་བ་ལ་ཁྱབ་པས། །དོན་བྱས་མི་ཤེས་མུན་པ་འཇོམས། །སླར་འདུས་སྙིང་གའི་དོཿལ་ཐིམ། །སྐྱོ་ན་ས་བོན་མཉམ་རྗེས་འོང༌། །བསྡུས་ལ་སྔགས་རིངས་བཟླས་པ་ནི། །སྙིང་གའི་ས་བོན་ལས་བྱུང་ནས། །དོ་ཤལ་ཚུལ་དུ་ལྟེ་བར་བྱུང༌། །ཙཀྲ་ལྟ་བུའི་བཟླས་པ་བྱ། །སྔགས་གསུམ་རིམ་བཞིན་དོན་ཤེས་དང༌། །ཚིག་འཛིན་འཕྲལ་གྱི་བྱ་བ་ཤེས། །ཐུན་མཚམས་སུ་ཡང་ང་རྒྱལ་བྱ། །བསོད་ནམས་སེམས་ཅན་དོན་དུ་བསྔོ། །སཾ་སྐྲྀ་ཏ་སྐད་སྒྲུབ་ལ་སོགས། །དགོས་པ་བྱེད་ན་རྩེ་གཅིག་གིས། །ལྷ་བསྒོམ་བསྙེན་པ་འབུམ་ཕྲག་བྱ། །རྩོད་པའི་དུས་སུ་བརྒྱད་འགྱུར་ཏེ། །འདི་ལ་མི་མཐུན་ཕྱོགས་གྱུར་པ། །སྡུག་བསྔལ་སྣ་ཚོགས་བྱུང་གྱུར་ཀྱང༌། །བསམ་གཏན་ཉམས་པར་མི་བྱའོ། །ལེགས་སྦྱར་སྒྲུབ་པ་ལ་སྦྱོར་ན། །དཀར་པོའི་ཚེས་གཅིག་ནས་བཟུང་སྟེ། །ལྷ་ཡི་ང་རྒྱལ་ལྡན་པ་ཡིས། །ཟླ་བ་ལ་དམིགས་མ་གཡེལ་བར། །ངག་ཏུ་སྣ་ཚོགས་རྗོད་བྱེད་ཅིང༌། །སཾ་སྐྲྀ་ཏ་ཡི་སྐད་དུ་མོས། །ཟླ་བ་ཇི་སྲིད་བརྒལ་བར་དུ། །ཉ་ཡི་བར་དུ་དེ་ལྟར་བྱ། །ཐ་མ་དེ་ཡི་ནུབ་མོ་ལ། །ཚིགས་བཅད་མཁན་ནི་ཆེན་པོར་འགྱུར། །མཇུག་གི་དོན་ནི་སླ་མོད་ཀྱང༌། །མུ་སྟེགས་ཅན་ལས་ཁྱད་པར་འཕགས། །མཁས་པ་དྷརྨ་ཀཱིརྟི་ཡི། །སློབ་དཔོན་དཔལ་ལྡན་འཛིན་དེས་མཛད། །
བགེགས་དགྲའི་སྒྲུབ་ཐབས་འདི་ལ། བར་ཆད་བསྲུང་བ་གལ་ཆེ། སྒྲུབ་པ་པོ་འགྲེ། སྙིང་གར་པད་ཉིའི་སྟེང་གི་ཧཱུྃ་གི་འོད་ཀྱིས་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པྃ་པད་ཨོཾ་ཉིའི་སྟེང་དུ་ཧཱུྃ་གྱུར་པ་ལས་བགེགས་དགྲ་བསྒོམ། ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡེ་ཤེས་སེམས་དཔའ་སྟེ། དེ་ལས་འོད་འཕྲོས་བགེགས་དགྲའི་སྐུར་བསྒོམ། གནོད་བྱེད་ཐམས་ཅད་བརླག་པར་བྱས། སེམས་ཅན་གྱི་དོན་བྱས་ཧཱུྃ་ལས་བསྡུའོ། །མི་སྐྱོའི་བར་དུ་བྱ། སྐྱོ་ན་ཙཀྲ་ལྟ་བུའི་བཟླས་པ་བྱའོ། །སྔོན་དུ་འགྲོ་བ་དམ་ཚིག་གི་རི་ལུ་བསྟེན་པའོ། །ཞི་བའི་ཐབ་ཁུང་ཟླུམ་པོ་རུ། །ཏིལ་དང་བྱང་དུ་ཁ་བལྟས་པའི། །དཱུརྦ་མེ་ཏོག་དཀར་པོ་རྣམས། །ང་རྒྱལ་ལྡན་པས་བསྲེག་བྱ་ཞིང༌། །ཞི་བར་གྱིས་ཤིག་ཅེས་བརྗོད་ན། །གནོད་བྱེད་ཞི་བར་འགྱུར་བ་ཡིན། ༈ །རལ་གཅིག་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོ་འགྲེ། སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་དེའི་འོད་ཀྱིས་ཚོགས་གཉིས་བསག་པར་བྱའོ། །སྟོང་པའི་ངང་ལས་ཧྲཱིཿལས་པདྨ། རྃ་ལས་ཉི་མའི་སྟེང་དུ་རྃ་ལས་ཐོད་པ་དབུས་སུ་ཧཱུྃ་སྔོན་པོ་བསམ། དེ་ལས་སྤྲོས་བསྡུས་པ་ལས་བསྐྱེད་དོ། །གཡས་བརྐྱང་གཡོན་བསྐུམས་པ་ཐོད་པ་ལྔས་བརྒྱན་པ་ཀླུ་རིགས་བཞིའི་སྦྲུལ་གྱིས་བརྒྱན་པའོ། །དྷ་བཻའི་བཞེད་པ་ཤེས་པར་བྱའོ། །མི་བསྐྱོད་པའི་རིགས་སོ། །སྐྱོ་ན་བཟླས་པ་གཞན་དང་འདྲ་བར་བྱའོ། །དགེ་བ་བསྔོ་བ་དང་མི་དམིགས་པའི་ང་རྒྱལ་དང་ལྡན་པར་བྱའོ། །རྫོགས་སོ། ༈ །འཕགས་མ་དུག་སེལ་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སྙིང་གར་པད་ཉིའི་སྟེང་དུ་ཛྃ་ལས་འོད་སྤྲོས་ཚོགས་གཉིས་བསགས་ལ། རང་གི་ལུས་སྒྱུ་མ་ལྟ་བུའི་སྙིང་གར་པད་ཉི་ལ་ཛྃ་སྤྲོས་བསྡུས་པ་ལས་དུག་སེལ་མ་བསྐྱེད་དོ། །སེར་མོ་ལྷའི་དབུ་སྦྲུལ་མགོ་བདུན་གྱི་གདེངས་ཀ་ཅན། དེའི་སྤྱི་བོར་མི་མགོའི་གཟུགས་གཡས་གསུམ། གཡོན་གསུམ། སྦྲུལ་མགོ་དྲུག་རེ་རེ་ལ་ཡང་རཏྣ་འཁོར་ལོའི་འོད་ཅན་གྱིས་སྤྱི་བོར་བརྒྱན་པ། སྤྱན་གསུམ་གསུམ་དགུ། ཁྲོས་པ་ཞེས་བྱ་བ་སྤྱི་གཙུག་གི་ཞལ། དགོད་པ་འཛུམ་པའི་མདངས་ཅན་མ། །
རོལ་པས་མནན་པ་འགྱིང་བག་གོ །བཻ་དྷའི་བཞེད་པས་མི་བསྐྱོད་པའོ། །སྐྱོ་ན་བཟླས་པ་གདེངས་ཀའི་ཕྱག་རྒྱ་བཅས་ལ་གཞན་དང་འདྲ་བར་བྱའོ། །དུག་གིས་བརྒྱལ་ཞིང་མྱོས་པའི་མི། །བཟླས་བུམ་ཆུ་ཡི་བདུད་རྩིས་འཁྲུད། །དེ་ནས་དུག་ནི་མེད་གྱུར་ཀྱང༌། །ནད་པས་ལྷ་མོ་དུག་སེལ་གྱི། །སྐུ་གསུམ་བདག་ཉིད་བསྒོམ་པར་བྱ། །ཕན་ཡོན་དུག་ནི་ཞི་འགྱུར་དང༌། །བྱང་ཆུབ་རིང་པོར་མི་ཐོགས་འཐོབ། ༈ །རིགས་བྱེད་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། སྐད་ཅིག་གིས་ལྷའི་ང་རྒྱལ་དུ་བྱས་ལ་སེམས་ཅན་ཐམས་ཅད་དབང་དུ་བྱ་བའི་བསམས་པས། སྙིང་གར་པད་ཉིའི་སྟེང་དུ་ཧྲཱིཿདམར་པོ། དེའི་འོད་ཀྱིས་སྤྱན་དྲངས་ཐིམ། གྱུར་པ་ལས་བསྐྱེད་དེ། གཡས་མི་འཇིགས་པ་བརྐྱངས་ནས་ཁ་སྦུབ་པའོ། །འོག་ཏུ་དགའ་རབ་དབང་ཕྱུག་མནན་པ་དོན་གྲུབ་ཀྱི་དབུ་རྒྱན་ཅན་ནོ། །སྐྱོ་ན་བསྐོར་བའི་བཟླས་པ་བྱ་སྟེ་འབུམ་ཕྲག་གཅིག་གིས་འགྲུབ་པར་འགྱུར་རོ། ༈ །རྟོག་པ་ལས་གསུངས་པའི་རིག་བྱེད་མའི་སྒྲུབ་ཐབས་ལ། འདི་ཡི་དམ་ཚིག་བསྲུང་བ་ནི། །བུད་མེད་བརྫུན་དང་ཕྲ་མ་དང༌། །ངག་རྩུབ་འཁྱལ་པ་ཤ་ཆང་སྒོག །དེ་རྣམས་སྤངས་ནས་ཉིན་རེ་ཞིང༌། །གོས་གསར་པ་ལན་གསུམ་བརྗེ་བར་བྱའོ། །བུད་མེད་ཀྱིས་དབེན་པར་སེམས་བསྐྱེད་ལ། སྙིང་གའི་འོད་ཀྱིས་ཚོགས་གཉིས་བསག་པར་བྱའོ། །དེ་ནས་སྙིང་རྗེ་བྱང་སེམས་ཀྱིས་སྟོང་པའི་ངང་ལས་པད་ཉི་ལ་ཧྲཱིཿལས་ཨུཏྤ་ལ་དམར་པོ། པད་ཟླའི་སྟེང་དུ་ཧྲཱིཿས་མཚན་པ་དེའི་འོད་ཀྱིས་སྤྱན་དྲངས་ཐིམ། གྱུར་པ་ལས་ལྷ་མོ་བསྐྱེད་དོ། །འོག་ཏུ་གཟའ་སྒྲ་གཅན་འཛིན་ལ་དགའ་རབ་དབང་ཕྱུག་མགོ་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པའོ། །ཡེ་ཤེས་པ་འོད་ཀྱིས་བཀུག་ལ་ཨུཏྤ་ལའི་ཕྱག་རྒྱ་དང་ཡི་གེ་བཞིས་ཞལ་ནས་བསྟིམ་མོ། །དྷ་བཻའི་བཞེད་པའོ། །སྐྱོ་ན་བཟླས་པ་བྱ་བ་ནི་ཕྱི་མོ་ཞེས་བྱ་ཨོཾ་ཡིན་ནོ། །ཐུན་མཚམས་ཀྱི་གཏོར་མ་ཀྲི་ཡ་དང་མཐུན་པར་བཤམ། སེམས་བསྐྱེད་ལྷ་ཡི་ང་རྒྱལ་བྱ། །མདུན་དུ་དམ་སེམས་ཡེ་ཤེས་བསྟིམ། །ཡི་གེ་གསུམ་
གྱིས་བྱིན་གྱིས་བརླབས། །སྙིང་པོའི་སྔགས་བདུན་ལ་སོགས་ཀྱིས། །ཅི་ནུས་བཟླས་པ་དབུལ་བར་བྱ། །འདོད་དོན་གསོལ་དང་གཤེགས་སོགས་བྱ། །དེ་ལྟར་ཟླ་དྲུག་བསྒོམ་བྱས་ན། །འགྲུབ་འགྱུར་བ་ཡི་རྟགས་དྲུག་བྱུང༌། །ནད་མོད་པ་དང་སྟོན་མོ་གོས་རྙེད་དང༌། །ཏམ་པོ་ལ་དང་བུད་མེད་སོགས། །རྙེད་འགྱུར་དྲི་ཟའི་བུད་མེད་རྙེད། །བསྟེན་ན་བདུད་ཀྱི་བར་ཆད་འབྱུང༌། །སྤངས་ན་བར་ཆད་ཞི་བར་འགྱུར། ༈ །རིགས་བྱེད་མའི་སྒྲུབ་ཐབས་ལ། བསོད་ནམས་ཀྱི་ཚོགས་བསགས་པ་གཞུང་ན་མེད་ལ་བྱས་ཀྱང་འགལ་བ་མེད་དོ། །ཡེ་ཤེས་ཀྱི་ཚོགས་བསགས་ལ། སྟོང་པའི་ངང་ལས་པད་ཟླའི་ཧྲཱིཿལས་ཨུཏྤ་ལ་ཧྲཱིཿས་མཚན་པ་ལས་སྤྲོས་བསྡུས་པ་ལས་བསྐྱེད་དེ། འོད་དཔག་ཏུ་མེད་པས་རང་ཆས་སུ་དབུར་བརྒྱན་པ། དགྱེས་པ་དང༌། རྔམ་པ་དང༌། འགྱིངས་པའི་རོ་དང་ལྡན་པའི་ལྷ་མོ་བསམས་ལ། དེའི་ཐུགས་ཀའི་འོད་ཀྱིས་ཡེ་ཤེས་པ་དགུག་གཞུག་བྱ། དེ་ནས་སྙིང་གའི་འོད་ཟེར་གྱིས་ལྷ་མོ་བཀུག་ལ། ཕྱོགས་བཅུ་ནས་འདུད་པར་གྱུར་པས་བསྐོར་བར་བསམ་མོ། །དེ་ནས་ལྷས་ལུང་བསྟན་པའི་བུད་མེད་ལ་སོགས་པ་དབང་དུ་བྱེད་ན། ཡན་ལག་མེད་པའི་རྡོ་རྗེ་ནས་གསུངས་པ་དང་མཐུན་པར་ཤེས་པ་དང༌། ཆེ་གེ་མོ་གཉིས་བྱུང་བ་ནི་སྐྱེས་པ་དང་བུད་མེད་དོ། །ཨཱ་ཀརྵ་དབང་གི་ཡིན། །དེ་ཡི་ནུབ་མོ་ཁུག་འགྱུར་ཏེ། །རྟག་ཏུ་གནས་པར་བྱ་དོན་དུ། །ཝ་ཤ་མ་ན་ཞེས་པ་ནི། །ཨཱ་ཀརྵ་ཡི་གོང་བཅུག་ལ། །སྤེལ་བའི་ཚུལ་དུ་བཟླས་པ་བྱ། །སྔགས་དེ་བརྒྱ་དང་ཁྲི་དང་ནི། །འབུམ་ཕྲག་དང་ནི་འབུམ་ཕྲག་བདུན། །བྱེ་བ་དག་ནི་བཟླས་བྱས་ན། །རྒྱལ་ཕྲན་རྗེའུ་རིགས་རྒྱལ་ཆེན་པོ། །ས་གསུམ་ཞེས་ནི་ཁམས་གསུམ་ཡིན། ༈ །ཨཽ་ཌྱན་ནས་བྱུང་བའི་རིགས་བྱེད་མའི་སྒྲུབ་ཐབས་ལ། འདི་རྡོ་རྗེ་གུར་ལས་གསུངས་པ་སྟེ། སྒྲུབ་པ་པོས་ཡིད་དང་མཐུན་པའི་གནས་སུ། དྲི་ཞིམ་པོ་དང་བདུད་རྩི་ལྔས་ཁྲུས་བྱས་ལ། སེམས་བསྐྱེད་པ་སྙིང་གར་པད་ཉིའི་སྟེང་དུ། ཧྲཱིཿའོད་
འབར་བ་དེའི་འོད་ཀྱིས་སེམས་ཅན་ཐམས་ཅད་རིགས་བྱེད་མར་བསམས་ལ། འོད་ཧྲཱིཿལ་བསྡུའོ། །ཡང་ཧྲཱིཿའི་འོད་ཀྱིས་རྟེན་སྤྱན་དྲངས་ཏེ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེས་ལས་སྲུང་བའི་འཁོར་ལོ་བྱའོ། །དེའི་དབུས་སུ་ཨེ་ལས་སྐྱེས་པའི་ཆོས་འབྱུང༌། དེའི་སྟེང་དུ་ཧྲཱིཿལས་པདྨ་འདབ་བརྒྱད་ཟེ་འབྲུར་རྃ་ལས་ཉི་མ། དེའི་སྟེང་དུ་ཧྲཱིཿལས་པདྨ་འདབ་བརྒྱད་ཟེ་འབྲུར་རྃ་ལས་ཉི་མ། དེའི་སྟེང་དུ་མི་རོ། དེའི་སྟེང་དུ་ཧྲཱིཿལས་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་ལ་ཧྲཱིཿས་མཚན་པ་ལས་མངོན་བྱང་ལྔ་ལས་གཞན་དང་མཐུན་པར་བསྐྱེད་ལ། དྷ་བཻའི་བཞེད་པའོ། །གསང་བ་ཞེས་པ་བདུད་རྩི། གཅིག་ཤོས་ཞེས་པ་མེ་ཏོག་གོ །སྐྱོ་ན་བསྐོར་བའི་བཟླས་པ་བྱ། ཙནྡན་དམར་པོའི་ཕྲེང་བ་ལ་ཡི་གེ་གསུམ་བཟླས་ཏེ་ཁ་བྱིན་གྱིས་བརླབ་པར་བྱའོ། །དེ་ནས་དབང་དུ་བྱེད་ན་སྔོན་དུ་བསྙེན་པ་བྱས་ཏེ། དཀར་པོའི་ཚེས་གཅིག་ནས་ཉའི་བར་དུ་ཐུན་གསུམ་དུ་ཁྲི་ཚོར་བཟླས་སོ། །དེ་ནས་ནུབ་མོ་རང་གི་སྙིང་གར་པད་ཉི་ལ་ཧྲཱིཿལས་པདྨ་འདབ་མ་བརྒྱད་པ། ཟེའུ་འབྲུ་ལ་བསྒྲུབ་བྱའི་མིང་དབང་དུ་བྱ་བའི་སྔགས་དང་བཅས་པ། འདབ་མ་བརྒྱད་ལ་དབྱངས་ཡིག་རིང་པོ་བརྒྱད། ལུས་རྒྱས་ཁྲོས་ཤིང་བསྒྲུབ་པའི་མིང་གཞོམ་པའི་སེམས་ཀྱིས་ཆགས་པ་དང་བཅས་པར་བསམ། གོ་རིམ་བཞིན་ཞེས་པ་ནི་བུང་བར་དབྱངས་ཡིག་དང་སྦྱར་གསུངས། རྣམ་རྟོག་བུང་བ་གཉིས་གཉིས་དང་དགའ་སོགས་གཉིས་གཉིས་སྦྱོར་རོ། །རང་གི་གཡོན་བསྒྲུབ་བྱའི་གཡས་ན་ཞུགས། བསྒྲུབ་བྱའི་ཨཱ་ལི་ཐུང་ངུ་བརྒྱད་བསམས་པའི་བུང་བ་དེ་དག་གིས་པད་སྡོང་བཅག་དཀྲུགས་ཨཱ་ལི་གཞོམ། དབུགས་དང་བུང་བས་ཤེས་པ་འདྲེན་པ་གཞུང་རང་དུ་གསལ། སྔགས་ནི་ཆགས་པའི་སེམས་ཀྱིས་བཟླ། ཨ་མུ་ཀ་ནི་ཆེ་གེ་མོ། །ཝ་ཤ་མ་ན་ཁུག་ཅིག་ཡིན། དེ་ནས་ཉའི་ཐོ་རངས་འོང་ངོ༌། །འོངས་ནས་དེ་ཉིད་གསུམ་ཤེས་པས་སྤྱན་ཕྱག་རྒྱ་ཆེན་པོ་གཞོམ་དུ་མེད་པར་ཐོབ་བར་འགྱུར། ༈ །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་ནི། སྒྲུབ་པ་
པོས་ཐང་སྐུ་དགྲམ་པ་ཡིད་ཀྱིས་བསམས་ལ། མདུན་དུ་སའི་དབུས་སུ་བའི་ལྕི་བས་ཁྲུ་གང་གྲུ་བཞི་པ་བྱ། གུར་གུམ་གྱི་ཆུས་ཐིག་ལེ་ཟླ་བ་ལྟ་བུ་མཐོ་གདབ་བྱའོ། །བྱུག་སྔགས་གོང་མའོ། །འོག་མས་མཎྜལ་སྟེང་དུ་ཕབ་ལ་བཛྲ་པུཥྤེ་ལ་སོགས་པས་མཆོད་ལ་མུཿས་གཤེགས་སོ། །དེ་ནས་སྙིང་གར་པད་ཉི་ལ་ལྷ་བསྐྱེད་ནུས་པའི་ས་བོན་ཧྲཱིཿཉི་མ་འདྲ་བའི་འོད་ཀྱིས་འོད་དཔག་ཏུ་མེད་པ་སྤྱན་དྲངས། ཚོགས་བསགས། ཡེ་ཤེས་ཀྱི་མི་གསུང༌། ཡང་ཧྲཱིའི་འོད་ཀྱིས་རང་གི་ལུས་ཧྲཱིཿལ་ཞུགས་པ། དེ་གྱུར་པ་ལས་བྷ་ག་ཝཱན་བསྐྱེད་དོ། །ཁམས་གསུམ་རོ་གཅིག་པའི་རྟགས་སུ་ལུག་གཉིས་གདན་དུ་བྱས་པ། འཁོར་གྱི་རྡོ་རྗེ་རྣལ་འབྱོར་མ་རེ་རེས་ཀྱང་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་འགྱེད་ནུས་པས་བསྐོར་ཞིང་མཆོད་པ་དང་དབང་བསྐུར་སྦྱིན་པ། བྱང་སེམས་ཀྱི་འཁོར་དང་རིགས་པ་འཛིན་པ་ལ་སོགས་པས་གར་བྱེད་པ། འབྱུང་པོའི་ཚོགས་སོགས་ཀེང་རུས་ཀྱིས་བརྒྱན་པའི་འཁོར་བལྟ། རྡོ་རྗེ་རྣལ་འབྱོར་མའི་ཚོགས་ནི་དབང་བསྐུར་ནས་འོད་དཔག་མེད་པས་དབུར་བརྒྱན་ནོ། །དེ་ལྟ་བུའི་ལྷ་བསྐྱེད་ལ་ལྟེ་བར་པད་ཉིའི་སྟེང་དུ་གཡོན་ཕྱོགས་སུ་ཧྲཱིཿབསམ། སྙིང་གར་ཁྲོ་བོའི་ས་བོན་ཧཱུྃ། གཡས་སུ་ཨྃ་ངོ༌། །སྟོང་པའི་རྡོ་རྗེ་ཡིན་པས། སྔགས་ཀྱང་སྟོང་པའོ། །དེ་ལྟར་གོམས་པར་གྱུར་ན་ལུས་ལ་ཡེ་ཤེས་བབས་ན་འདར་བ་ལ་སོགས་པ་འོང༌། སེམས་ལ་བབས་ན་གཉིས་སུ་མེད་པའི་ཡེ་ཤེས་སྐྱེ། ངག་ལ་སཾ་སྐྲྀ་ཏའི་སྐད་སྨྲའོ། །འདི་རྣམས་བསྒོམས་པའི་རྣལ་འབྱོར་པས། །གླང་ཆེན་སྨྱོན་པ་ཆུ་འཐུངས་ལྟར། །བྱ་བའི་ཆེད་དང་བྱ་མིན་པས། །མི་ལྟ་འདོད་ཡོན་ལྔ་ལ་སྤྱོད། །བུད་མེད་རིགས་ལྔའི་ཡང་དེ་བཞིན་ནོ། །དེ་ལྟ་མིན་ན་གཉིས་མེད་སོགས། །སྐྱེ་བར་འགྱུར་བ་མ་ཡིན་ནོ། །གྲུབ་ན་ནད་ལྡང་གཞན་ལ་ཡང༌། །སྔོན་དུ་བཟླས་པ་མང་བྱས་ཏེ། །ཡི་གེ་གསུམ་པོ་བསྒོམ་སོགས་ཀྱིས། །རིང་ན་གནས་པ་ལ་ཡང་འབེབས། །རང་གི་ཆགས་ལ་སོགས་མི་སྤང༌། །ཉོན་མོངས་ལས་གྲོལ་མ་ཡིན་ཏེ། །སྔོན་ནས་གྲོལ་བར་འགྱུར་ཞེ་ན། །མ་ཡིན་དངུལ་ཆུས་
ཟངས་ཕུག་ལྟར། །གཉིས་མེད་ཀྱིས་ཕུག་འདོད་ཆགས་ནི། །ལམ་དུ་འགྲོ་བ་དག་ཏུ་འདོད། །བཟླས་པ་སྔར་བསྟན་བཞིན་དུ་བལྟ། །འཕྲོག་མར་ཆང་བུ་སྦྱིན་སྔགས་སོ། །དེ་ནས་འདི་ཡི་གཏོར་མ་ནི། །ནད་པའི་གཏོར་མ་མདུན་བཤམས་ཏེ། །རང་ཉིད་ལྷར་བསྒོམ་མདུན་དུ་ཡང༌། །དམ་ཚིག་སེམས་དཔའ་འཁོར་སོགས་ཀྱིས། །བསྒོམ་བལྟས་ཡེ་ཤེས་སེམས་དཔའ་བསྟིམ། །ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས། །སྔགས་འདི་བདུན་བཟླས་དབུལ་བར་བྱ། །གསོལ་བས་ཁམས་གསུམ་དབང་བྱེད་ཀྱི། །དེ་ནས་འབྱུང་པོ་ཀུན་གསོལ་གདབ། །ས་ར་ཧ་ཆུང་བས་མཛད་པའོ། ༈ །ཤྲཱི་གནོད་གནས་ནི་སྒྲུབ་ཐབས་འདི་གང་བ་བཟང་པོའི་རྒྱུད་ལས་གསུངས། ནོར་རྒྱུན་མ་དང་གནོད་གནས་གཉིས་ལོ་ཀ་ལས་འདས། འཁོར་རྣམས་ལོ་ཀ་པའོ། །ཚོགས་བསག་མི་དགོས། སྒྲུབ་པ་པོས་སེམས་བསྐྱེད་སྟོང་པར་བསྒོམས་ལ། དེ་ནས་ཟླ་དཀྱིལ་དཀར་བ་ཐབས། རྩ་དམར་བ་ཤེས་རབ་དབྱིབས་གྲུ་གསུམ་པ། དེའི་སྟེང་དུ་པདྨ་འདབ་བརྒྱད་དེའི་དབུས་སུ་པྃ་སེར་པོའི་འོད་ཀྱིས་སྤྱན་དྲངས་ལ་བསྟིམ། དེ་གྱུར་པ་ལས་རང་ཉིད་གནོད་སྦྱིན་མོ་སེར་མོ་རུས་པའི་རྒྱན་ཅན། འཁོར་ཡང་དུས་གཅིག་ཏུ་སྟེ་མདོག་སོགས་གཙོ་མོ་དང་འདྲའོ། །གཙོ་མོའི་བྷ་གའི་དབུས་སུ་ཛྃ་གྱི་འོད་ཟེར་གྱིས་སྤྱན་དྲངས་གྱུར་པར་བལྟའོ། །གཞུང་བཞིན་བསྐྱེད་དོ། །རིགས་ལྔའི་དབུ་རྒྱན་རང་ཆས་སུའོ། །དེ་ནས་ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཕྱིར་འཕྲོས་པས་ཕྱེད་ལས་ནམ་མཁའ་ལས་རཏྣའི་ཆར་འབེབས། ཕྱེད་ལས་འོག་ཏུ་འཁོར་གནོད་སྦྱིན་བཅུ་དྲུག་པོ་འཕྲོ་བར་བལྟའོ། །ས་བོན་འབབ་པའི་དུས་སུ་གནོད་སྦྱིན་རྣམས་བལྟ་སྟེ། སྐུ་མདོག་ཕྱག་མཚན་གཙོ་མོ་འདྲ། །དེ་དག་ཁྲག་གི་སྣོད་ནང་དུ། །རཏྣའི་ཆར་ནི་འབེབས་བྱེད་པའི། །དེ་ནས་མགོན་པོ་གནོད་གནས་ཀྱི། །གནས་བདུན་སྙིང་པོའི་ཡི་གེ་དགོད། །སྐད་ཅིག་གིས་ནི་བསམ་པ་ཡིན། །སྤྱི་བོ་ལ་སོགས་གནས་བརྒྱད་དུ། །གནོད་སྦྱིན་དང་པོ་བརྒྱད་བལྟའོ། །སྤྱི་བོ་ལ་སོགས་གནས་
བཞི་རུ། །ཉེ་བའི་སྙིང་པོ་དགོད་པར་བྱ། །མགོ་རྒྱབ་ཅེས་བྱ་ལྟག་པའོ། །སྔགས་དེ་ལག་པའི་གནས་བཞིར་དགོད། །དེ་དག་གཙོ་བོ་ལ་བཀོད་ནས། །སྙིང་པོའི་སྔགས་དེ་གཅིག་བརྗོད་པས། །རབ་གནས་ཞེས་བྱ་བྱིན་བརླབ་བོ། །དེ་ནས་ལག་པའི་གནས་བརྒྱད་དུ། །གནོད་སྦྱིན་བརྒྱད་ནི་བསམ་པར་བྱ། །མཐེབ་མཛུབ་བར་ནི་སྐྱོར་གང་ངོ༌། །དབུས་སུ་སྙིང་པོའི་ཡི་གེའོ། །དེ་ནས་མདུན་དུ་སྣོད་བཞག་སྟེ། །དེར་ཡང་སྔར་བཞིན་ལྷ་སོགས་བསྒོམ། །དེ་ནས་སྙིང་པོའི་སྔགས་བརྗོད་དེ། །སྐྱོར་བས་ཆུ་ནི་ཁ་རུ་བཏུང༌། །དེ་ནས་ཁ་ནས་ཁྱོར་བར་བླུག །ཉེ་སྙིང་བརྗོད་དེ་ཞལ་དུ་དབུལ། །མདུན་དུ་ཡེ་ཤེས་བསྟིམ་པ་དང༌། །གཤེགས་གསོལ་ལ་སོགས་མི་གསུང་ངོ༌། །དེ་ནས་སྦྱིན་པར་མི་བྱེད་ན། །རྡོ་རྗེ་ཧཱུྃ་མཛད་ང་རྒྱལ་གྱིས། །ལུགས་སྐུ་དུག་སོགས་བསྲེས་པས་བྱུག །ད་དུ་ར་ནི་ཟ་འབྲས་ཟེར། །དེ་རྣམས་བསྐམས་པར་གྱུར་པ་དང༌། །དུར་ཁྲོད་མེ་ལ་ཁྲོས་པས་བསྲེག །དེ་ཡིས་ངེས་པར་འགྲུབ་པར་འགྱུར། །གནད་ལ་དབབ་པ་དེ་ཉིད་ཡིན་གསུང༌། །རྫོགས་སོ། ༈ །རྒྱ་ནག་པོའི་རིམ་པའི་སྒྲོལ་མའི་སྒྲུབ་ཐབས་ནི། སྐུ་ནི་རལ་གཅིག་མ་རུ་བྱུང༌། །ནཻ་པ་ལ་ཡི་ཡུལ་ན་ནི། །བྱིན་རླབས་ཅན་གྱི་སྐུ་བཞུགས་གསུངས། །ཀླད་དོན་ཕྱག་དང་དམ་བཅའ་ནི། །གཡོན་བརྐྱང་སོགས་ཡིན་མཆོག་ནི་ཀླུ། །ཝ་རུ་ཎ་སྦྲུལ་དཀར་པོས་སྐྲ་གྱེན་དུ་བཅིངས་པའོ། །གནས་ཀྱི་ཚོགས་ནི་རྟགས་གཅིག་ཅེས་པས་མུ་སྟེགས་ཀྱི་ལྷ་རྟེན་བཙུགས་པའི་གནས་སོ། །སྒྲུབ་པ་པོས་སྤྱི་བོར་ཧྲཱི།ྃ མགྲིན་པར་ཏྲཱྃ། སྙིང་གར་ཧཱུྃ་དཀར་པོ་དམར་པོ་ནག་པོ་རིམ་པ་བཞིན་ནོ། །དེའི་འོད་ཀྱིས་སྲིད་གསུམ་རྣམས་ཧཱུྃ་གི་ནཱ་དའི་རིམ་གྱིས་ཐིམ་པས་སྟོང་པར་བསྒོམས་པས་སྔགས་ཀྱིས་བརྟན་པར་བྱའོ། །དེ་ནས་བར་སྣང་ལ་པད་ཟླའི་སྟེང་དུ་པྃ་ལས་ཐོད་པ། དེ་ནས་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེའི་སྤྲོས་བསྡུས་ཏཱ་རཱར་བསྒོམ་མོ། །མི་མགོ་ལྔ་བཅུ་དང་སྤྱི་གཙུག་གི་རྩ་ལ་སོགས་པ་ཕྱག་རྒྱ་ལྔས་བརྒྱན་པ། མི་བསྐྱོད་པ་རང་ཆས་
སུའོ། །དེའི་སྙིང་གར་པད་ཟླ་ལ་ཡི་གེ་གསུམ་དང་ཕཊ་བལྟས་ལ་དེ་ལས་འོད་འཕྲོས་པས་རང་གཞན་གྱི་མི་ཤེས་པའི་མུན་པ་བསྲེགས་པར་བསམ་མོ། །བཟླས་པ་བྱེད་ན་ཕྱག་མཚན་རལ་གྲིའི་གནས་སུ་མི་རུས་ཀྱི་ཕྲེང་བ་བལྟས་ལ། སྙིང་གར་པད་ཟླ་ལ་ཨོཾ་ཧྲཱིཾ་ཏྲཱྃ་ཧཱུྃ་ཕཊ་ཅེས་པ་བཀོད་ལ་སྤྲོ་བསྡུ་བྱ་ཞིང་བཟླས་སོ། །སྒྲོལ་མའི་རྟོག་པའི་རྗེས་སུ་འབྲངས་ཏེ་སྔགས་བཏུ་བ་ནི། སའི་ཕར་ཕྱོགས་ཏེ་ཧའོ། །དབྱངས་ཡིག་བཞི་པ་ཨཱི། ཨ་སྲོག་ལ་བྱིན། གུ་གུ་ར་ལ་བྱིན་ཞོན་པས་ཧྲཱི། དེ་ལ་ཟླ་ཚེས་ཐིག་ལེ་དང་ལྡན་པའོ། །ཏྲཱྃ་བཞི་པས་བརྒྱན་པ་ནི་ཏྲཱྃ་རིང་པོའོ། །གྲངས་འབུམ་ཕྲག་བརྒྱད་འགྱུར་དུའོ། །རྐང་པ་ལྔས་ཕན་ཡོན་བསྟན་ཏོ། །ནཻ་པ་ལའི་ཡུལ་དུ་ཀུ་ས་ལིས་ལོ་གཅིག་བསྒོམས་པས་གྲུབ་པའོ། ༈ །རྡོ་རྗེ་སྒྲོལ་མའི་སྒྲུབ་ཐབས་ནི། བཤད་པར་དམ་བཅའ་བ་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་སྟེར་བས་འདོད་པའི་དོན་ཀུན་འགྲུབ་ཅེས་སོ། །དེ་ནས་ཞེས་པ་རྡོ་རྗེ་གུར་ལས་གོང་དུ་རྟོག་པ་བཞི་བསྟན་ནས། དེ་ནས་སྒྲོལ་མའི་རྟོག་པ་སྟོན་ཞེས་བྱ་བའི་ཚིག་གོ །འོག་ནས་འབྱུང་བའི་ལས་ཚོགས་ལ་བརྗོད་པའི་གཞུང་དང་པོར་སྟོན། སྒྲུབ་པ་པོས་སེམས་བསྐྱེད་ལ་སྙིང་གར་པད་ཟླའི་སྟེང་གི་ཏཱྃ་གི་འོད་ཀྱིས་ཚོགས་གཉིས་བསག མཆོད་པ་སྣ་ཚོགས་ཞེས་པས་ཕྱི་ནང་གསང་བའོ། །སྟོང་པའི་ངང་ལས་གཞལ་ཡས་ཁང་བསྒོམས་པའི་ལུགས་ལ། པྃ་ལས་པདྨ། ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ། དེའི་འོད་ཀྱིས་སྲུང་བའི་འཁོར་ལོ་དང༌། དེའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མོ། །དེའི་དབུས་སུ་པྃ་ལས་པདྨ་འདབ་མ་བརྒྱད་པ། དེའི་སྟེང་དུ་ཧཱུྃ་ལས་སྐྱེས་པའི་སྣ་ཚོགས་རྡོ་རྗེ། དེའི་སྟེང་དུ་བྷྲཱུྃ་ལས་གཞལ་ཡས་ཁང་བསྐྱེད་དོ། །ཡང་ན་ཆོས་འབྱུང་དབུས་སུ་འབྱུང་བ་རིམ་བརྩེགས། དེའི་སྟེང་དུ་པད་ཉིའི་སྟེང་དུ་ཧཱུྃ། དེའི་འོད་ཀྱིས་རྣམ་སྣང་སྤྱན་དྲངས། དེ་ལ་ཐིམ། གྱུར་པ་ལས་རྣམ་སྣང་ཞལ་གསུམ་ཕྱག་དྲུག་པ། དབུས་དཀར། གཡས་དམར། གཡོན་སྔོ་བའོ། །གཡས་འཁོར་ལོ་དང་རལ་གྲི། གཡོན་རཏྣ་དང་པདྨ། འོག་མ་
གཉིས་ཀྱིས་ཡུམ་དེ་དང་འདྲ་བ་ལ་འཁྱུད་པའོ། །ཡབ་ཡུམ་སྙོམས་འཇུག་བྱས་པ་ཞུ་བ་དང་འབྱུང་བ་རིམ་བརྩེགས་ཀུན་གྱུར་པ་ལས་གཞལ་ཡས་ཁང་བསྐྱེད་དོ། །གཞལ་ཡས་ཁང་མི་བསྒོམ་པ་ནི་གཞུང་དུ་ཤེས་པར་བྱའོ། །དེའི་དབུས་སུ་པད་ཟླ་ལ་ཏཱྃ། དེའི་འོད་ཀྱིས་སྒྲོལ་མ་སྤྱན་དྲངས་ཐིམ་གྱུར་པ་ལས་བསྐྱེད་དོ། །རིགས་ལྔས་དབུར་བརྒྱན་པ་སྤྱི་བོར་མི་བསྐྱོད་པའོ། །ཤར་ཕྱོགས་མདུན་གྱི་འདབ་མ་ལ་ཨོཾ་ལས་འོད་འཕྲོས་ཏེ་མེ་ཏོག་མ་སྤྱན་དྲངས་ཐིམ་པ་དེ་གྱུར་པ་ལས་མེ་ཏོག་མ་བསྐྱེད་དོ། །གཡས་མེ་ཏོག་ཕྲེང་བ་གཡོན་པ་ཐུགས་ཀར་སྡིགས་མཛུབ་མཛད་པ། ལྷ་མོ་གཞན་གྱི་གཡས་གཡོན་ཡང་དེ་བཞིན་དུའོ། །ལྷོའི་ལ་ཏྃ་ལས་བདུག་སྤོས་མ། ནུབ་ཀྱི་ལ་རེ་ལས་མར་མེ་སྒྲོལ་མ། བྱང་དུ་ཏུཏ་ལས་དྲིའི་སྒྲོལ་མ། མཚམས་ཀྱི་འདབ་མ་ལ་ཤར་ལྷོར་འཁོར་ལོ། ལྷོ་ནུབ་ཏུ་རཏྣ། ནུབ་བྱང་དུ་པདྨ། བྱང་ཤར་དུ་རལ་གྲིའོ། །ཕྱིའི་འཕར་མའི་ཤར་གྱི་སྒོར་ཏྃ་ལས་རྡོ་རྗེ་ལྕགས་ཀྱུ་མ་གཡས་ལྕགས་ཀྱུའི་ཡུ་བ་རྡོ་རྗེས་བྱས་པ་འཛིན་པ། ལྷོ་སྒོར་རེ་ལས་རྡོ་རྗེ་ཞགས་པའམ། ནུབ་སྒོར་ཏུཏ་ལས་རྡོ་རྗེ་ལྕགས་སྒྲོག་མ། བྱང་སྒོར་རེ་ལས་རྡོ་རྗེ་དྲིལ་བུ་མའོ། །ཕྱིའི་འཕར་མའི་མཚམས་སུ་གཡས་སྐོར་དུ་དུང་དང་རི་རབ་དང་མེ་ཐབ་དང་རྒྱལ་མཚན་ནོ། །སྟེང་དུ་ལྷ་མོར་མཁའ་སྤྱོད་མ་ནུབ་སྒོའི་ཕྱི་རོལ་དུའོ། །པྲ་ལས་གཙུག་ཏོར་རྣམ་རྒྱལ་མ་རྒྱལ་མཚན་འཁོར་ལོ་སྔགས་པས་བསྒོམ། འོག་གི་ལྷ་མོས་སྤྱོད་ཏཱ་ལས་ཤར་སྒོའི་ཕྱི་རོལ་འོག་ཏུའོ། །ཕར་ཕྱིན་བཅུ་དག་པས་ལྷ་མོ་བཅུའོ། །དེ་ནས་གཙོ་བོའི་མིག་ལ་སོགས་པའི་གནས་དྲུག་ཏུ་ལྷ་མོ་ནི་ནག་མོ་གཡས་གྲི་གུག གཡོན་ཐོད་པ། གྲུ་མོ་ན་ཁ་ཊྭཱཾ་ག་བཟུང་བ་སྐད་ཅིག་གིས་བསམས་ལ་སྐྱེ་མཆེད་བྱིན་གྱིས་བརླབ་པའོ། །དེ་ནས་སྤྱི་བོར་དཀར་མོ། མགྲིན་པར་དམར་མོ། སྙིང་གར་སྔོན་མོ་ཕྱག་མཚན་སྔར་དང་འདྲ་བས་སྐུ་སོགས་བྱིན་གྱིས་བརླབ་པའོ། །དེ་ནས་ཏཱྃ་གི་འོད་ཀྱིས་ཡེ་ཤེས་འཁོར་ལོ་གཞུག རིགས་བདག་སྤྱན་དྲངས་ལ། གསོལ་བ་བཏབ་པས་དབང་བསྐུར་ལ། རིགས་ལྔས་གཙོ་མོའི་དབུར་བརྒྱན་
ནོ། །མར་མེ་མ་ལ་སོགས་པ་བཞི་ལ་གཡས་སྐོར་དུ་རྣམ་སྣང་དང་རིན་འབྱུང་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པའོ། །སྒོ་མ་བཞི་ཡང་དེ་བཞིན་ནོ། །སྟེང་གི་ལ་སྣང་མཐའ། འོག་གི་ལ་རྣམ་སྣང་ངོ༌། །ཐིག་ལེ་ཞེས་བྱ་སྣ་རྩེ་རུ། །ཐིག་ལེ་ཡུངས་ཀར་འབྲུ་ཙམ་གྱི། །གཞལ་ཡས་ཁང་དུ་ལྷ་ཚོགས་བསྒོམ། །སེམས་བཟུང་བ་ཡི་མན་ངག་ཡིན། །ཕྲ་མོ་ཞེས་པ་གཙོ་མོ་ནི། །པདྨའི་ཟེའུ་འབྲུ་གཙོ་མོ་ལ། །སྔ་མ་བཞིན་དུ་བལྟ་བར་བྱ། །དེ་ནས་ལྷ་རྣམས་རང་རང་གི། །ཐུགས་ཀར་ས་བོན་ཡི་གེ་བལྟ། །དེ་ལ་དམིགས་ཏེ་བཟླས་པ་བྱ། །མཐའ་རུ་མི་དམིགས་བསྒོམ་པ་སོགས། །སོགས་ཀྱི་ཁོངས་སུ་བསྡུ་བར་བྱ། །ཚིགས་སུ་བཅད་པ་གཅིག་གིས་ནི། །ཆེ་བའི་ཡོན་ཏན་ཁུངས་བཅས་བསྟན། །ལས་ཁ་ཚར་ལ་ལྷ་ཚོགས་ཐམས་ཅད་དམ། གཙོ་བོའི་རྣལ་འབྱོར་དུ་བྱས་སྟེ། ཐུ་བ་ལ་ཏཱྃ་བསམས་ལ། དེའི་འོད་ཀྱིས་གནོད་བྱེད་བཀུག་ལ། དབུགས་གཅིག་ལ་སྙིང་པོའི་སྔགས་བདུན་བཟླས་ལ་མདུད་པ་གསུམ་དོར། དབུགས་མ་ཤོར་བར་བྱ། གནོད་བྱེད་བཅིང་བའི་ཐབས་སོ། །འགའ་ཞིག་དབང་དུ་བྱེད་པར་འདོད་ན་སེམས་བསྐྱེད་ལ་མཎྜལ་དཀར་པོར་བྲིས་ལ་བུད་ཤིང་བརྩིགས། མེ་སྦར་ལ་འོག་གི་སྔགས་བཟླས་ལ་ཨུཏྤ་ལ་བསྲེག་གོ །མཎྜལ་ལ་སོགས་མི་དགོས་ཏེ་འོག་མ་རྣམས་ལ་ཡང་ཤེས་པར་བྱའོ། །ཨ་མུ་ཀཾ་ཆེ་གེ་མོའི་ཁང་རྩར་སྦས་ན་ཞེས་པ་སྒོ་ལྟག་ལ་གདགས་སོ། །དེའི་སྔགས་འོག་མའོ། །ད་ནི་བསྐྲད་པའི་ལས་ལ། གཞན་དག་དབང་དུ་བྱེད་པ་ནི། མྱོས་བྱེད་ཅེས་པ་ཤིང་འབྲས་དམར་པོ་ཅན་ཡོད་པ། གཏུམ་པོའི་ས་བོན་ཟ་འབྲས་སྐེ་ཚེའོ། །སྨྱོ་བྱེད་ད་དུ་ར་ཞག་བདུན་དུ་སྟོང་ཕྲག་ལྔ་ལྔ་བསྲེག་གོ །གང་འདོད་པའི་བུ་མོ་འཐོབ་བོ། །དེ་འོག་གི་ལས་དེ་སླ། གཞན་ཡང་དབང་གི་ལས་ནི་རཀྟ་གཙང་མ་རང་བྱུང་གིས་བྱུགས་ཏེ་ལྷ་བཟོ་དམ་ཚིག་དང་ལྡན་པས་སྒྲོལ་མའི་སྐུ་བྲིས་ཏེ་ཁྲུས་བྱས། སྟོང་པར་བསྒོམས་ལ་པད་ཟླ་ལ་ཏཱྃ་ལས་བྱུང་བའི་ལྷ་མོ་བསྐྱེད་དེ། ཡེ་ཤེས་བཀུག་དབང་བསྐུར་རྒྱས་བཏབ་ལ། དེ་ནས་མཆོད་བསྟོད་ལ་སོགས་བྱས་ལ་དེ་བཀྲམ་ལ་བསྒོམ་བཟླས་བྱ།
ལས་སྦྱོར་ལ་སྔགས་བཟླས་ཤིང་ཞགས་པས་སྐེ་ནས་བཟུང༌། ཆོས་འབྱུང་ནང་དུ་བཀུག་ལ་གོང་མའི་གཟུངས་རིང་བདུན་བཟླས་ནས། སྲིན་ལག་གཉིས་ལ་མཆིལ་མས་བསྐུས་ལ་རང་གི་མིག་ལ་བྱུག ཡང་ན་སོ་སོར་བཀུག་སྟེ་གང་གི་མིག་ལ་བྱུགས་པ་དེ་གྲོལ་བར་འགྱུར་རོ། །སྔ་མ་ལ་ཡང་མགོ་ཡོད་པའི་སྦྲུལ་གྱི་རྒྱལ་པོའི་མགོ་གཉིས་པ་ཁམ་ཕོར་སྲབ་པའི་ནང་དུ་བཅུག་སྟེ་བསྲེགས་པའི་ཐལ་བ་དང༌། བ་དམར་མོའི་མར་དང་བསྲེས་ནས་ཨརྐ་ཞེས་པ་རྒྱབ་སྐྱའི་ཤིང༌། རྡོ་རྗེ་ཉི་མ་རང་བྱུང༌། རྡོ་རྗེ་ཆོས་རང་གི་བྱང་སེམས། རྟ་མཆོག་ཤ་ཆེན། པདྨ་གར་དབང་ས་བོན། ལྟོ་བའི་སྲིན་བུ་ཆུང་ངུ་ལ་གཟུངས་རིང་ལན་བདུན་བཟླས་ནས་བྱང་སེམས་དང་སོ་རྩི་དང་གོ་ལ་ལ་སོགས་པ་སྦྱར་ནས་བྱིན་ན་དབང་དུ་འགྱུར་རོ། །ཞག་ཆེན་མིའི་ཡིན་ལ་གཟུངས་རིང་ཁྲི་ཚོ་རེ་བཟླས་ནས་དྲིལ་ཕྱིས་བསྡུས་ཏེ་ཁུར་བ་བྱས་ཏེ་བྱིན་ན་དབང་དུ་འགྱུར་རོ། །སྔོན་དུ་བསྙེན་པ་བྱས་ལ་ཟླ་བ་གཟས་ཟིན་པའི་དུས་སུ་གཟུངས་རིང་བཟླས་ཤིང་སྙོམས་འཇུག་བྱ། དེ་ལས་བྱུང་བའི་སྤྱན་རས་གཟིགས་བྱང་སེམས་ཡིན་ཏེ་གཞན་གོ་སླའོ། ༈ །གཤིན་རྗེ་དམར་པོའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་གི་འོད་ཀྱིས་ཚོགས་གཉིས་བསག་པར་བྱའོ། །སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་དབྱུག་པ་ཧཱུྃ་གིས་མཚན་པ་དེའི་འོད་ཀྱིས་སྤྱན་དྲངས་ཐིམ། གྱུར་པ་ལས་བཅོམ་ལྡན་འདས་སུ་བསྐྱེད་དོ། །སྐུ་ལ་སྦྲུལ་བརྒྱད་ཀྱིས་བརྒྱན་པ། མི་བསྐྱོད་པ་རང་ཆས་སུའོ། །ཡུམ་ཡང་བཅོམ་ལྡན་འདས་དང་འདྲ་བ་བདེ་བས་མྱོས་ཤིང་ས་བོན་འཛག་པ་སྙིང་གར་པད་ཉི་ལ་དབྱུག་པ་བསྒོམས་པའི་ཡེ་ཤེས་སེམས་དཔའོ། །དྷ་བཻའི་བཞེད་པ་ཡང་ངོ༌། །རྡོ་རྗེ་དང་པདྨ་བྱིན་གྱིས་བརླབས་ཏེ་སྔགས་དེས་སྙོམས་པར་འཇུག་པར་བྱའོ། །ལྟེ་བའི་འོག་ཏུ་པད་སྟེང་དུ་ཧྲཱིཿདམར་པོ་བསམ་མོ། །སྐྱོ་ན་བསྐོར་བའི་བཟླས་པ་བྱ། གོང་མ་སྙིང་པོ། འོག་མ་ཉེ་སྙིང་ངོ༌། །དེ་གང་རུང་བཟླས་སོ། ༈ །གཙུག་ཏོར་རྣམ་པར་རྒྱལ་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་
སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་གི་འོད་ཀྱིས་ཚོགས་གཉིས་བསག་པར་བྱའོ། །སྟོང་པའི་ངང་ལས་པད་ཟླ་ལ་བྷྲཱུྃ་དེའི་སྤྲོ་བསྡུ་ལས་བསྐྱེད་དོ། །པདྨ་ལ་སངས་རྒྱས་ནི་གཡས་ཀྱི་གཉིས་པ་ནའོ། །མཆོད་རྟེན་གཞལ་ཡས་ཁང་རང་ཆས་སུའོ། །བཻ་དྷའི་བཞེད་པ་ཡང་ངོ༌། །སྐྱོ་ན་སྙིང་གར་པད་ཟླ་ལ། ཡི་གེ་བཞི་བཟླས་བཟླས་པ་བྱ། ལྡང་ན་སྒྱུ་མ་ལ་སོགས་བསྒོམ། ༈ །སོ་སོར་འབྲང་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླ་ལ་པྲྃ་དེའི་འོད་ཀྱིས་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཟླ་ལ་པྲྃ་སེར་པོ་དེའི་འོད་ཀྱི་སྤྲོ་བསྡུ་ལས་བཅོམ་ལྡན་འདས་མ་བསྐྱེད་དོ། །གཡས་བསྐུམ་གཡོན་བརྐྱང་དུ་བཞུགས་པའི་སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་པད་ཟླ་ལ་ཡི་གེ་གསུམ་བཀོད་ལ་བྱིན་གྱིས་བརླབ་པར་བྱའོ། །ནུ་མར་པད་ཟླ་ལ་པྲྃ་བསམ་ཡེ་ཤེས་སེམས་དཔའོ། །དེ་ལས་སྤྲོས་པའི་ལྷ་མོས་མཆོད་པ་དང༌། སྤྲོ་བསྡུ་མི་སྐྱོའི་བར་དུ་བྱའོ། །དྷ་བཻའི་སྐྱོ་ན་བསྐོར་བའི་བཟླས་པ་བྱ། ༈ །རྨ་བྱ་ཆེན་མོའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་པད་ཟླའི་སྟེང་དུ་མཱྃ་དེའི་འོད་ཀྱིས་རྟེན་སྤྱན་དྲངས་ལ་མཆོད་དོ། །བསོད་ནམས་ཀྱི་རྗེས་ལ་ཚད་མེད་བཞི་བསྒོམས་ལ་སྤྲོ་བསྡུ་བྱའོ། །སྟོང་པའི་ངང་ལས་པད་ཟླ་ལ་མཱྃ། དེའི་འོད་ཀྱི་སྤྲོ་བསྡུ་ལས་རྨ་བྱ་ཆེན་མོ་བསྐྱེད་དོ། །འཇོང་པར་བཀན་ཞེས་པ་མཉམ་པར་བཞག་པས་བུམ་པའོ། །དོན་གྲུབ་རང་ཆས་སུའོ། །ཡང་ན་དྷ་བཻའི་བཞེད་པ་ཡང་ངོ༌། །གནས་བཞིར་པད་ཟླ་ལ་ཡི་གེ་བཞི་བསྒོམས་ལ་སྤྲོ་བསྡུ་བྱའོ། །སྐྱོ་ན་བསྐོར་བའི་བཟླས་པ་བྱའོ། ༈ །སྟོང་ཆེན་མོའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད། སྙིང་གར་པད་ཟླ་ལ་བྷྲཱུྃ་གྱི་འོད་ཀྱིས་ཚོགས་གཉིས་བསག སྟོང་པའི་ངང་ལས་ཆུ་ལས་ཉ་འཕར་བའི་ཚུལ་དུ་བསྐྱེད་ལ། རིགས་བདག་རྣམ་སྣང་རང་ཆས་སུའོ། །ཡང་ན་སྟོང་པའི་ངང་ལས་པད་ཟླ་ལ་བྷྲཱུྃ་གྱི་སྤྲོ་བསྡུ་ལས་བསྐྱེད་དོ། །བཟླས་པ་ནི་སྙིང་གར་པད་ཟླ་ལ་ཨོཾ་བྷྲཱུྃ་སྭཱ་ཧཱ་ཞེས་བཀོད་ལ་བཟླས་སོ། །མི་དམིགས་པར་བྱ་བ་ལ་
སོགས་པ་ཐམས་ཅད་ལ་མཚུངས་སོ། ༈ །གསང་སྔགས་རྗེས་སུ་འཛིན་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། ཚོགས་གཉིས་བསག་གོ །ཡང་ན་གཞུང་ལྟར་བྱ་མི་དགོས་སོ། །སྟོང་པའི་ངང་ལས་སྐད་ཅིག་གིས་བསྐྱེད་དོ། །མི་བསྐྱོད་པ་རང་ཆས་སུའོ། །དྷ་དང་བཻའི་བཞེད་པ་ཡང་བལྟའོ། །སྐྱོ་ན་སྙིང་གར་པད་ཉི་ལ་ཨོཾ་ཧཱུྃ་སྭཱ་ཧཱ་ཞེས་བཀོད་ལ་བཟླས་སོ། ༈ །བསིལ་བའི་ཚལ་ཆེན་མོའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་སྙིང་གར་པད་ཉིའི་སྟེང་དུ་ཛྲྀཾ་ལས་དེའི་འོད་ཀྱིས་ཚོགས་གཉིས་བསག སྟོང་པའི་ངང་ལས་སྐད་ཅིག་ལས་བསྐྱེད་དོ། །ཡང་ན་སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཛྲྀཾགི་སྤྲོ་བསྡུ་ལས་བསྐྱེད་དོ། །སྣང་བ་མཐའ་ཡས་རང་ཆས་སུའོ། །དྷ་དང་བཻའི་བཞེད་པའོ། །སྐྱོ་ན་སྙིང་གར་པད་ཉི་ལ་ཨོཾ་ཛྲྀཾ་སྭཱ་ཧཱ་ཞེས་བརྗོད་ལ་བཟླའོ། ༈ །ཕྱིར་ཟློག་མའི་སྒྲུབ་ཐབས་ནི། སྒྲུབ་པ་པོས་སེམས་བསྐྱེད་ལ། སྙིང་གར་ས་བོན་གྱི་འོད་ཀྱིས་ཚོགས་གཉིས་བསག་གོ །སྐད་ཅིག་གིས་སམ་ས་བོན་ལས་སྔར་བཞིན་ནོ། །གདན་པད་ཉིའོ། །མི་བསྐྱོད་པ་རང་ཆས་སུའོ། །སྐྱོ་ན་སྙིང་གར་པད་ཉི་ལ་ཨྃ་ཧཱུྃ་སྭཱ་ཧཱ། ཞེས་བཀོད་ལ་བཟླས་སོ། ༈ །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་གྱི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་སྐད་ཅིག་གམ། ཡང་ན་ས་བོན་གྱི་སྤྲོ་བསྡུ་ལས་བསྐྱེད་དོ། །མི་བསྐྱོད་པ་རང་ཆས་སུའོ། །སྐྱོ་ན་སྙིང་གར་པད་ཉི་ལ་ཨོཾ་ཧཱུྃ་སྭཱ་ཧཱ། བཀོད་ལ་བཟླའོ། །དྷ་བཻའི་བཞེད་པའོ། ༈ །རྣམ་པར་རྒྱལ་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་སྔར་བཞིན་ཚོགས་གཉིས་བསགས་ལ། ཨྃ་ལས་སྤྲོ་བསྡུ་བྱས་པའམ། ཡང་ན་སྐད་ཅིག་གིས་བསྐྱེད་དོ། །གདན་པད་ཉི་ལ་ཚོགས་བདག་གླང་སྣ་མཉམ་པར་མནན་པའོ། །རྣམ་སྣང་དབུ་ལ་རང་ཆས་སུ། སྐྱོ་ན་སྙིང་གར་པད་ཉི་ལ་ཨོཾ་ཨྃ་སྭཱ་ཧཱ། ཞེས་པ་བཀོད་པ་བཟླས་སོ། ༈ །རྡོ་རྗེ་གནྡྷ་རཱིའི་སྒྲུབ་ཐབས་ལ། སྒྲུབ་པ་
པོས་སྔར་བཞིན་ཚོགས་གཉིས་བསགས་ལ། སྟོང་པའི་ངང་ལས་སྐད་ཅིག་གིས་སམ། ཡང་ན་ཙྃ་ལས་སྤྲོ་བསྡུ་བྱས་པ་ལས་བསྐྱེད་དོ། །མི་བསྐྱོད་དབུ་ལ་རང་ཆས་སུ་བལྟ། དྷ་དང་བཻའི་བཞེད་པ་ཡང་ངོ༌། །སྐྱོ་ན་སྙིང་གར་ཨོཾ་ཙྃ་སྭཱ་ཧཱ། བཀོད་ལ་བཟླས་སོ། །འདིའི་གཟུངས་ཆོག་བྱས་ན་མི་ནད་ཕྱུགས་ནད་ཞི་བར་གྱུར་རོ། ༈ །འདིར་མགོན་པོ་དང་རྡོ་རྗེ་ལྕགས་སྒྲོག་མ་བྱུང་བས་བརྟག »ཁྲོ་བོ་སྟོབས་པོ་ཆེའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་གི་སྤྲོ་བསྡུ་ལས་བསྐྱེད་དོ། །སླ་གྱེན་དུ་འགྲེང་བ་ལ་སྦྲུལ་གྱིས་བཅིངས་བའོ། །འོད་དཔག་མེད་རང་ཆས་སམ། དྷ་དང་བཻའི་བཞེད་པའོ། །སྐྱོ་ན་སྔགས་ཀྱི་བཟླས་པ་བྱའོ། ༈ །གདུགས་དཀར་མོའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་ཚོགས་གཉིས་བསགས། ལུས་སྒྱུ་མ་ཙམ་གྱི་སྙིང་གར་པད་ཟླས་ཨོཾ་ལས་འོད་སྤྲོ་བསྡུ་བྱས་པ་ལས་བསྐྱེད་དོ། །ཡེ་ཤེས་འཁོར་ལོ་དགུག་གཞུག་དང་དབང་བསྐུར་ལ་རིགས་ཀྱི་བདག་པོ་རྣམ་སྣང་གིས་དབུར་བརྒྱན་པའོ། །ཡང་ན་རང་ཆས་སོ། །དེ་ནས་ཕྱག་རྒྱ་བཅིངས་ལ་སྙིང་གར་བསྐོར་བའི་བཟླས་པ་བྱ། ༈ །རྟ་མགྲིན་གྱི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ། ཚོགས་གཉིས་བསགས་ཏེ། སྟོང་པའི་ངང་ལས་པད་ཉི་ལ་ཧཱུྃ་དམར་པོ་དེའི་འོད་ཀྱི་སྤྲོ་བསྡུ་ལས་བསྐྱེད་པའམ། ཡེ་ཤེས་ལས་ཡོངས་སུ་རྫོགས་ཞེས་པ་སྤྲོ་བསྡུ་ལས་བསྐྱེད་པ། ཡང་ན་སེམས་ཀྱི་སྣང་བ་ཙམ་བྱེད་པའི་ཕྱག་རྒྱ་བཞི་པ་འདི་གྱིས་བྱ་བའི་བརྡའོ། །མི་བསྐྱོད་པ་རང་ཆས་སུའོ། །དྷ་དང་བཻའི་བཞེད་པ་བལྟ། དེ་བསྐྱེད་པ་ལ་ཏིང་འཛིན་ཞེས་མིང་བསྟན། སྐྱོ་ན་བསྐོར་ལ་བཟླས་པ་བྱའོ། ༈ །ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་ཐབས་ལ། དུར་ཁྲོད་ལ་སོགས་པའི་གནས་སུ། སྒྲུབ་པ་པོས་དམ་ཚིག་གི་རི་ལུ་བསྟེན་ལ། སེམས་བསྐྱེད་དེ། སྙིང་གར་པད་ཉིའི་སྟེང་དུ་ཧཱུྃ་གི་འོད་ཀྱིས་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་ཧཱུྃ་དང་དུར་ཁྲོད་ཀྱིས་བརྒྱན་པར་སྐད་ཅིག་གིས་རྫོགས་པར་བསམ། ཡང་ན་ཨཱ་
ལས་ཟླ་བ་དང༌། ཀཱ་ལི་ཉིས་འགྱུར་ལས་ཉི་མ་ཐབས་ཤེས་རབ་ཀྱི་རང་བཞིན། བར་དུ་ཧཱུྃ་ལས་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་དེའི་སྤྲོ་བསྡུ་ལས་བསྐྱེད་དོ། །ཕྱག་རྒྱ་དྲུག་གིས་བརྒྱན་པ་གཡོན་པ་ཁ་ཊྭཱྃ་ག་གྲུ་མོ་ལའོ། །ཡེ་ཤེས་དགུག་གཞུག་དབང་བསྐུར། དྷ་དང་བཻའི་བཞེད་པའོ། །ཡང་ན་མི་བསྐྱོད་པ་རང་ཆས་སུའོ། །སྐྱོ་ན་བསྐོར་བའི་བཟླས་པ་བྱ། དགྱེས་པ་རྡོ་རྗེའི་གདམས་ངག་ཡིན། ༈ །བདག་མེད་མའི་སྒྲུབ་ཐབས་ནི། ནང་གི་སྒྲུབ་ཐབས་ཡིན་པས། སྒྲུབ་པ་པོས་གནས་ལ་སོགས་པ་དོན་བསྟན་ཏོ། །སྒྲུབ་པ་པོས་སེམས་བསྐྱེད་ལ་ཚོགས་གཉིས་བསག་གོ །སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་ཨྃ་གྱུར་པ་ལས་གྲི་གུག་ཨྃ་གིས་མཚན་པ་དེའི་སྤྲོ་བསྡུ་ལས་བསྐྱེད་དོ། །མི་བསྐྱོད་པ་དབུ་ལ་རང་ཆས་སོ། །གནས་གསུམ་པད་ཟླ་ལ་ཡི་གེ་གསུམ་དགོད་དོ། །བཻ་དྷའི་བཞེད་པའོ། །སྐྱོ་ན་བསྐོར་བའི་བཟླས་པ་བྱ། ༈ །བདག་མེད་མའི་སྒྲུབ་ཐབས་ལ། བསོད་ནམས་ཀྱི་ཚོགས་བསག་མི་དགོས། སེམས་བསྐྱེད་ལ་བྱམས་པ་དང་སྙིང་རྗེ་བསྒོམ། དེ་ནས་སྟོང་པའི་ངང་ལས་ནམ་མཁར་པདྨའི་སྟེང་དུ་ཨ་ཟླའི་དཀྱིལ་འཁོར་ལ། ཨོཾ་ལས་གྲི་གུག་ཆང་ཟུང་ལ་ཨྃ། དེའི་འོད་ཀྱིས་གཽ་རཱི་ལ་སོགས་པའི་ལྷ་མོ་བརྒྱད་སྤྲོས་ལ་སེམས་ཅན་ཐམས་ཅད་ཀྱི་དོན་བྱས། ཚུར་འདུས་སྤྱན་དྲངས་ཨོཾ་ལ་ཐིམ་པ་དེ་གྱུར་པ་ལས་བཅོམ་ལྡན་འདས་མ་བསྐྱེད་དོ། །གནས་གསུམ་དུ་པད་ཟླ་ལ་འབྲུ་གསུམ་བཀོད་ལ་བྱིན་གྱིས་བརླབ་བོ། །མི་བསྐྱོད་པ་དབུ་ལ་རང་ཆས་སོ། །དྷ་དང་བཻའི་བཞེད་པ་བལྟ། སྐྱོ་ན་སྙིང་གར་པད་ཟླ་ལ་གནས་པའི་གྲི་གུག་ས་བོན་ལ་སྔར་གྱི་ལྟར་དམིགས་ལ་བཟླས་པ་བྱ། ༈ །གསེར་མདོག་ཅན་གྱི་ཤེར་ཕྱིན་མའི་སྒྲུབ་ཐབས་ལ། སྒྲུབ་པ་པོས་སེམས་བསྐྱེད་ལ་སྙིང་གར་པད་ཉི་ལ་དྷཱིཿའི་འོད་ཀྱིས་སྤྱན་དྲངས། ཚོགས་གཉིས་བསགས། སྟོང་པའི་ངང་ལས་པྃ་ལས་པདྨ་ཨ་ལས་ཟླ་བ་ལ་དྷཱིཿལ། ཨཱ་ལི་གཡོན་སྐོར། ཀཱ་ལི་གཡས་སྐོར། གཉིས་བོར་བ་གཉིས་པོ་འདི་ཡིན་མི་གསུང༌། དེ་
གྱུར་པ་ལས་པུསྟི་དྷཱིཿཡིག་གིས་མཚན་པ་སྤྲོས་བསྡུས་པ་ལས་བསྐྱེད་དོ། །པད་ཟླ་ཡི་གེ་བཞི་ཡི་བདག །དྷ་དང་བཻ་ཡི་བཞེད་པ་བལྟ། སྐྱོ་ན་སྔགས་ཀྱི་བཟླས་པ་བྱ། ༈ །རྟོག་པ་ལས་བརྒྱུད་པའི་འོད་ཟེར་ཅན་གོང་མངོན་རྟོགས་རྒྱས་པ་ཅན་དེར་འདུས་པར་དགོངས་སམ་སྙམ།» རྡོ་རྗེ་ཕག་མོའི་སྒྲུབ་ཐབས་ལ། གཅེར་བུ་ལ་སོགས་པར་མོས་པ་བྱས་ལ་སེམས་བསྐྱེད་དེ། ལྟེ་བར་པྃ་དང་ཆོས་འབྱུང་དམར་པོའི་དབུས་སུ་པདྨ་འདབ་མ་བརྒྱད་པ། དེའི་དབུས་སུ་ཡི་གེ་གཉིས་བཀོད་ལ་དེ་ལས་འོད་འཕྲོས་པས་འོད་ཕུང་དུ་གྱུར་པར་བསམ་མོ། །ཡང་འོད་ཀྱིས་སྤྱན་དྲངས། དེ་ཐིམ་པར་གྱུར་པ་ལས་བཅོམ་ལྡན་འདས་མ་བསྐྱེད་དེ། ཐོད་པ་ལྔས་དབུ་ལ་བརྒྱན་པ། སྐམ་པོ་ལྔ་བཅུས་དོ་ཤལ་བྱས་པ། དྷ་དང་བཻའི་བཞེད་པ་བལྟ། མི་བསྐྱོད་པས་དབུར་བརྒྱན་པའོ། །སྐྱོ་ན་ལྟེ་བ་ནས་ཡིག་འབྲུ་བྱུང་ཞིང༌། ཁར་ཞུགས་ལྟེ་བར་འཁོར་བ་ལྟ་བུའི་བཟླས་པ་བྱའོ། །ཡང་ན་ཧཱུྃ་ཧཱུྃ་ལ་བསྐོར་བའོ། །གོང་མ་སྙིང་པོ། །འོག་མ་ཉེ་སྙིང་ངོ༌། ༈ །རིགས་བྱེད་མའི་སྒྲུབ་ཐབས་ལ། ཚོགས་གཉིས་མི་དགོས། སྒྲུབ་པ་པོས་སེམས་བསྐྱེད་ལ་ལྟེ་བར་གྲུ་གསུམ་ཆོས་འབྱུང༌། དེའི་དབུས་སུ་པདྨ་འདབ་མ་བཞི་པའི་སྟེང་དུ་ཧྲཱིཿབསམ། དེའི་འོད་ཀྱིས་སྤྱན་དྲངས། ཧྲཱིཿལ་ཐིམ་གྱུར་པ་ལས་བསྐྱེད་དེ། རོའི་སྟེང་ན་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། མི་མགོ་རློན་པ་ཉི་ཤུས་དོ་ཤལ་བྱས་པ། རུས་པའི་འཁོར་ལོ་སོགས་ཀྱིས་བརྒྱན་པའོ། །དྷ་དང་བཻའི་བཞེད་པ་བལྟ། དོན་ཡོད་གྲུབ་པའི་དབུ་རྒྱན་ཅན་ནོ། །སྐྱོ་ན་ལྟེ་བར་གྲུ་གསུམ་དང་པདྨའི་སྟེང་དུ་ཧྲཱིཿལ་བསྐོར་བ་ལ་དམིགས་ལ་བཟླས་པ་བྱའོ། །གཞན་ཡང་ཏིང་ངེ་འཛིན་འབེབས་ན། སྣ་རྩེར་སེམས་མ་ཡེངས་པར་མདུན་དུ་བཞག་ལ། སྔགས་འདིས་བཟླས་པ་འཕེལ་བར་འགྱུར་བ་ཡིན་ནོ། །རབ་གནས་ཀྱི་ཡང་སྔགས་འདི་ཡིན་ནོ། །རྫོགས་སོ། ༈ །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །རྡོ་རྗེ་གདན་གྱི་སྒྲུབ་ཐབས་འདི་ལ་དོན་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་གཉིས། མཆོད་པར་བརྗོད་པ་དང༌། བཤད་པར་
དམ་བཅའ་བའོ། །གཞུང་ལ་གཉིས་ཏེ། མཎྜལ་ལ་བརྟེན་ཏེ་ཚོགས་བསག་པ་དང༌། ནང་གི་རྣལ་འབྱོར་རོ། །འདི་ལ་གཉིས། ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། བསོད་ནམས་དང༌། ཡེ་ཤེས་ཀྱི་ཚོགས་སོ། །ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསོད་ནམས། དོན་དམ་གྱི་བདེན་པ་ལ་བརྟེན་ནས་ཡེ་ཤེས་ཀྱིའོ། །འབྲས་བུ་ལྷའི་རྣལ་འབྱོར་ལ་དྲུག་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། སྐྱེ་མཆེད་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་སེམས་དཔའ་བསྟིམ་པ་དང་བཟླས་པའོ། ༈ །བརྟན་པའི་འཁོར་ལོ་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷ་བསྐྱེད་པའོ། །འདི་ལ་བཞི་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་བསྒོམ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང༌། བསྒོམས་པའི་ཕན་ཡོན་ནོ། ༈ །ཡང་བརྟན་འཁོར་ལོ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས། གསང་སྔགས་རང་གིས་ལེན་པ་ཉེས་པ་ཆེ་བས་བླ་མ་བསྟེན་པར་བསྟན་པ་དང༌། སྒྲུབ་ཐབས་དངོས་སོ། །འདི་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །དང་པོ་ལ་གསུམ་སྟེ། ཚད་མེད་པ་བསྒོམ་པ་དང༌། ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ཏེ་བསོད་ནམས་ཀྱི་ཚོགས་བསག་པ་དང༌། ཡེ་ཤེས་ཀྱི་ཚོགས་བསག་པའོ། །ལྷའི་རྣལ་འབྱོར་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང༌། བཟླས་པ་དང༌། བསྒོམས་པའི་ཕན་ཡོན་ནོ། །ཚིག་ལྷུག་པའི་བརྟན་འཁོར་ལ་ཕན་ཡོན་གྱི་དོད་དུ་བཟླས་པ་བཅུག་པ་ཉིད་དོ། ༈ །ཚིག་ལྷུག་པའི་ཨ་ར་པ་ཙ་ན་ལ་གཉིས་ཏེ། གཞུང་དང༌། མཇུག་གོ །གཞུང་ལ་གཉིས། ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། ཚད་མེད་བཞི་
བསྒོམ་པ་དང༌། བདུན་རྣམ་དག་གོ །ལྷའི་རྣལ་འབྱོར་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང༌། བཟླས་པའོ། ༈ །ཨ་ར་པ་ཙ་ན་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། སེམས་བསྐྱེད་སྔོན་དུ་སོང་བའི་ཡེ་ཤེས་ཀྱི་ཚོགས་བསག་པ་དང༌། ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སེམས་དཔའ་སུམ་བརྩེགས་བསྒོམ་པ་དང༌། བཟླས་པའོ། །མཇུག་དོན་ལ་གསུམ། ཕན་ཡོན་དང༌། ཡིད་ཆེས་བསྐྱེད་པའི་ཕྱིར་བརྒྱུད་པ་བསྟན་པ་དང༌། དགེ་བའི་རྩ་བ་བསྔོ་བའོ། ༈ །འཇམ་དཔལ་གྱིས་བསྡུས་པའི་སྒྲུབ་ཐབས་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །གཞུང་ལ་གཉིས་ཏེ། དོན་དམ་ལ་བརྟེན་ཏེ་ཡེ་ཤེས་ཀྱི་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །དེ་ལ་གཉིས་ཏེ། དམ་ཚིག་པ་བསྐྱེད་པ་དང༌། བཟླས་པའོ། ༈ །འཇམ་པའི་རྡོ་རྗེ་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གཉིས་ཏེ། ནང་གི་དང༌། ཕྱིའི་རྣལ་འབྱོར་རོ། །ནང་གི་ལ་གཉིས་ཏེ། སྔོན་དུ་བགེགས་བསྐྲད་པ་དང༌། ནང་གི་རྣལ་འབྱོར་དངོས་སོ། །འདི་ལ་གསུམ་སྟེ། །བསོད་ནམས་ཀྱི་ཚོགས་བསག་པ་དང༌། སྤྱན་དྲངས་ཞིང་བསྒོམ་པ་དང༌། བཟླས་པའོ། །ཕྱིའི་ལ་གཉིས་ཏེ། མཎྜལ་དང་གཏོར་མའོ། ༈ །ངག་གི་རྒྱལ་པོ་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་བཞི་སྟེ། ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་དང༌། མཆོད་བསྟོད་སྔོན་དུ་སོང་བས་ལྡང་བ་དང༌། སྒྱུ་མའི་བློས་རྗེས་ཀྱི་སྤྱོད་པ་བྱ་བའོ། །ལྷའི་རྣལ་འབྱོར་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། མཆོད་བསྟོད་སྔོན་དུ་སོང་བས་ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །རྒྱལ་པོ་ཆེན་པོ་རོལ་པ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུའོ། །འདི་ལ་གཉིས།
ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །རིག་པ་འཛིན་པའི་སྡེ་སྣོད་དུ་གསུངས་པའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས། ལྷ་བསྐྱེད་ནས་སྤྲོ་བསྡུའི་ཏིང་ངེ་འཛིན་བསྒོམ་པ་དང༌། བཟླས་པའོ། ༈ །ཡང་དེ་ཉིད་ཀྱི་སྒྲུབ་ཐབས་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྐྱེད་ནས་སྤྲོ་བསྡུའི་ཏིང་ངེ་འཛིན། བཟླས་པའོ། ༈ །ཡན་ལག་མེད་པའི་འཇམ་པའི་རྡོ་རྗེ་ལ་གཉིས་ཏེ། སྒྲུབ་པའི་ཐབས་གཉིས་དང༌། དབང་དུ་བྱ་བའི་ཕྲིན་ལས་སོ། །དང་པོ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ། ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། བཟླས་པ་བྱ་བའོ། ༈ །ཆོས་ཀྱི་དབྱིངས་ཀྱི་ངག་གི་དབང་ཕྱུག་གི་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས། ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །མཚན་ཡང་དག་པར་བརྗོད་པའི་སྒྲུབ་ཐབས་ལ་གཉིས་ཏེ། རྒྱུ་དང་འབྲས་བུའོ། །དང་པོ་ལ་གཉིས་ཏེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་སོ། །གཉིས་པ་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། དབང་བསྐུར་བ་དང༌། རྒྱུད་པ་བཀླག་པའོ། ༈ །འཇམ་དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །དང་པོ་ལ་གཉིས་ཏེ། བསོད་ནམས་དང༌། ཡེ་ཤེས་སོ། །འབྲས་བུ་ལ་གསུམ་སྟེ། ལྷ་བསྐྱེད་པ་དང༌། བཟླས་པ་དང༌། ཞར་ལ་ཕན་ཡོན་བསྟན་པའོ། ༈ །འཇམ་དཔལ་ཤེས་རབ་འཁོར་ལོ་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས། ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། འཁོར་ལོ་བསྒོམ་པ་དང༌། བཟླས་པ་དང༌། ཞར་ལ་ཕན་ཡོན་
བསྟན་པའོ། ༈ །འཕྲལ་དུ་ཉམས་སུ་མྱོང་བ་བསྐྱེད་པའི་འཇམ་དཔལ་གྱི་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷ་བསྐྱེད་པའོ། །འདི་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། བཟླས་པའོ། ༈ །འཇམ་དཔལ་གཤིན་རྗེ་གཤེད་ནག་པོ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །ཡང་དེ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། ལྷ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། བཟླས་པའོ། ༈ །རྡོ་རྗེ་ཆོས་ཀྱི་སྒྲུབ་ཐབས་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྤྲོ་བསྡུ་ལ་སེམས་གཏད་པ་དང༌། ངག་བསྒྲུབ་པར་བྱ་བའི་ཕྱིར་ལྕེ་བྱིན་གྱིས་བརླབ་པ་དང༌། ཕན་ཡོན་ནོ། ༈ །སེང་གེ་སྒྲ་ལ་གཉིས་ཏེ། ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། ལྷ་བསྐྱེད་པ་དང༌། བཟླས་པ་དང༌། ཕྲིན་ལས་བསྒྲུབ་པའོ། ༈ །ཁརྶ་པཱ་ཎི་ལ་གཉིས་ཏེ། རྒྱུ་དང༌། འབྲས་བུའོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། བཟླས་པའོ། ༈ །ཧ་ལ་ཧ་ལ་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་ལྔ་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། སྔགས་བཟླས་པ་དང༌། ལྡང་བའི་རྣལ་འབྱོར་རོ། ༈ །ཡི་གེ་དྲུག་པ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། ལྷ་བསྒོམ་པ་དང༌། སྙིང་པོ་བཟླས་པ་དང༌། ལྡང་བའི་རྣལ་འབྱོར་རོ། ༈ །ཧ་རི་ལ་ཞོན་པར་གྱུར་པ་ལ་གཉིས་ཏེ།
རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། རྟེན་འབྱུང་བ་རིམ་བརྩེགས་བསྒོམ་པ་དང༌། བརྟེན་པ་ལྷ་བསྒོམ་པའོ། །དེ་ལ་བཞི་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། ཞར་ལ་ཕན་ཡོན་བསྟན་པ་དང༌། བཟླས་པའོ། ༈ །ཧ་ལ་ཧ་ལ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྙིང་པོ་བཟླས་པའོ། ༈ །པདྨ་གར་གྱི་དབང་ཕྱུག་ལ་གཉིས་ཏེ། རྒྱུ་དང་འབྲས་བུའོ། །འདི་ལ་གཉིས་ཏེ། བསྒོམ་པ་དང༌། བཟླས་པའོ། ༈ །སྒྱུ་འཕྲུལ་དྲྭ་བ་ལ་གཉིས་ཏེ། ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །སྒྲོལ་མ་ལ་གསུམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་སེམས་དཔའ་བསྟིམ་པ་དང༌། བཟླས་པ་བྱ་བའོ། ༈ །སྒྲོལ་མ་དཀར་མོ་ལ་གཉིས་ཏེ། རྒྱུ་དང༌། འབྲས་བུའོ། །འདི་ལ་གཉིས། བསྒོམ་པ་དང༌། བཟླས་པའོ། ༈ །སེང་ལྡེང་ནགས་ཀྱི་སྒྲོལ་མ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། བཟླས་པ་བྱའོ། ༈ །སྒྲོལ་མ་དཀར་མོ་ལ་གསུམ་སྟེ། ཀླད་དུ་རྒྱུ་བསྟན་པ་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་དང༌། འདི་ལ་གསུམ་སྟེ། ལྷ་བསྒོམ་པ་དང༌། བཟླས་པ་དང༌། དེ་དག་གིས་ཕན་ཡོན་ནོ། ༈ །ཨོ་རྒྱན་གྱི་འོད་ཟེར་ཅན་མ་ལ་གཉིས་ཏེ། རྒྱུ་དང་འབྲས་བུའོ། །འདི་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གསུམ་སྟེ། །བགེགས་བསྐྲད་པ་དང༌། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས། ལྷ་བསྒོམ་པ་དང༌། སྔགས་
བཟླས་པའོ། ༈ །ཡང་དེ་ཉིད་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། དབང་ནོད་ཅིང་བདག་པོས་རྒྱས་གདབ་པ་དང༌། བཟླས་པའོ། །མྱ་ངན་མེད་པ་ཡང་ངོ༌། ༈ །ཨཽ་ཌྱན་གྱི་འོད་ཟེར་ཅན་ལ་གཉིས་ཏེ། རྒྱུ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་ལྔ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། སྔགས་བཟླས་པ་དང༌། ཞར་ལ་ཐུན་མཚམས་ཀྱི་བྱ་བའོ། ༈ །ལྷ་མོ་ཙུནྡ་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས། ལྷ་བསྒོམ་པ་དང༌། སྙིང་པོ་བཟླས་པའོ། ༈ །གནོད་གནས་ལ་གཉིས་ཏེ། རྒྱུ་དང༌། འབྲས་བུའོ། །འདི་ལ་གཉིས། ལྷ་བསྐྱེད་པ་དང༌། སྔགས་བཟླས་ཤིང་ཆུ་སྦྱིན་པའོ། ༈ །ཨུ་ཙུཥྨ་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། ཆུ་སྦྱིན་པའོ། ༈ །ནོར་རྒྱུན་མ་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །ཁྲོ་གཉེར་ཅན་ལ་གཉིས་ཏེ། ཚོགས་གཉིས་དང༌། ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །བྱམས་པ་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །ཤེས་རབ་ཕ་རོལ་ཕྱིན་མ་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གསུམ་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། བཟླས་པའོ། ༈ །ཡང་འདི་ལ་གཉིས་ཏེ། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། རྒོད་ན་སེམས་བཟུང་བའི་ཐབས་དང༌། བཟླས་པ་དང༌། རྫོགས་རིམ་མོ། ༈ །ཡང་དེ་ལ་གཉིས་སུ། གཞུང་དང༌། མཇུག་གོ །གཞུང་ལ་རྒྱུ་ཚོགས་བསག་པ་
དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་ལྔ་སྟེ། དམ་ཚིག་སེམས་དཔའ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། རྫོགས་རིམ་དང༌། བཟླས་པའོ། ༈ །མི་གཡོ་བའི་སྒྲུབ་ཐབས་ལ་གཉིས་ཏེ། ཀླད་ཀྱི་དོན་མཆོད་པར་བརྗོད་པ་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། ཏིང་ངེ་འཛིན་སེམས་དཔའ་བསྒོམ་པ་དང༌། བཟླས་པའོ། ༈ །གཏུམ་པོའི་སྒྲུབ་ཐབས་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། དབང་བསྐུར་ཞིང་དབུར་བརྒྱན་པ་དང༌། བཟླས་པའོ། ༈ །འདིར་འོད་ཟེར་ཅན་ནོ། ༈ །རྡོ་རྗེ་དབྱངས་ཅན་མ་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། ལྷ་བསྒོམ་པ་དང༌། བཟླས་པ་དང༌། ཞར་ལ་སྒྲུབ་པའི་ཐབས་བསྟན་པའོ། །མཇུག་ལ་གཉིས་ཏེ། བསྔོ་བ་དང༌། མཛད་པའི་མཚན་ནོ། ༈ །ཁྲོ་བོ་བགེགས་དགྲ་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །རལ་གཅིག་མ་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །འཕགས་མ་དུག་སེལ་མ་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། སྔགས་བཟླས་པའོ། ༈ །རིགས་བྱེད་མ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། བསྒོམ་པ་དང༌། བཟླས་པའོ། ༈ །རྟོག་པ་ལས་གསུངས་
པའི་རིགས་བྱེད་མ་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གཉིས་ཏེ། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷར་བསྐྱེད་པའོ། །འདི་ལ་དྲུག་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། དབང་བསྐུར་ཏེ་རིགས་ཀྱི་བདག་པོས་དབུར་བརྒྱན་པའོ། །བཟླས་པ་དང༌། ཞར་ལས་གཏོར་མ་དང༌། ཕན་ཡོན་བསྟན་པའོ། ༈ །ཡང་རིགས་བྱེད་མ་ལ་གསུམ་སྟེ། ལྷ་བསྐྱེད་པ་དང༌། སྔགས་བཟླས་པ་དང༌། ཞར་ལས་དབང་བསྐུར་བའི་ཕྲིན་ལས་བསྟན་པའོ། ༈ །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ལ་གསུམ་སྟེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྙིང་པོའི་ཡི་གེ་བཞི་བསྒོམ་ཞིང་ལུས་རྡོ་རྗེར་བྱིན་གྱིས་བརླབ་པ་དང༌། རྣལ་འབྱོར་པ་དེའི་སྤྱོད་པ་བསྟན་པ་དང༌། སྙིང་པོའི་སྔགས་པ་ལ་སོགས་པ་བསྟན་པའོ། ༈ །དཔལ་གནོད་གནས་ལ་བཞི་སྟེ། ལྷ་བསྐྱེད་པ་དང༌། བྱིན་གྱིས་བརླབ་པའི་ཡི་གེ་དང༌། ལྷ་གཙོ་བོ་ལ་དགོད་པ་དང༌། ཆུ་སྦྱིན་པ་དང་ལྷ་གནད་ལ་དབབ་པའོ། ༈ །རྒྱ་ནག་རིམ་པའི་སྒྲོལ་མ་ལ་གསུམ་སྟེ། ཀླད་དང༌། གཞུང་དང༌། མཇུག་གོ །གཞུང་ལ་གཉིས་ཏེ། གནས་དང་གང་ཟག་གི་མཚན་ཉིད་བསྟན་ནས་ཡེ་ཤེས་ཀྱི་ཚོགས་བསག་པ་དང༌། འབྲས་བུ་ལྷའི་རྣམ་འབྱོར་རོ། །འདི་ལ་གསུམ་སྟེ། ལྷ་བསྒོམ་པ་དང༌། བཟླས་པ་དང༌། ཕན་ཡོན་ནོ། ༈ །རྡོ་རྗེ་སྒྲོལ་མ་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གསུམ་སྟེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གསུམ་སྟེ། དམ་ཚིག་གི་དཀྱིལ་འཁོར་བསྒོམ་པ་དང༌། རྣལ་འབྱོར་པས་བདུན་རྣམ་དག་བྱ་བ་དང༌། ཞར་ལས་ཆེ་བའི་ཡོན་ཏན་གྱི་ཁུངས་བསྟན་པའོ། ༈ །གཤིན་རྗེ་དམར་པོ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་དྲུག་སྟེ། དམ་ཚིག་སེམས་དཔའ་བསྒོམ་པ་དང༌། ཡེ་ཤེས་
སེམས་དཔའ་བསྒོམ་པ་དང༌། སྙོམས་འཇུག་གི་མཆོད་པ་དང༌། རྫོགས་པའི་རིམ་པ་དང༌། སྔོན་དུ་དམ་ཚིག་གི་རྫས་བརྟེན་པའི་ཐབས་དང༌། སྙིང་པོ་བཟླས་པའོ། ༈ །གཙུག་ཏོར་རྣམ་པར་རྒྱལ་མ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། བཟླས་པའོ། ༈ །སོ་སོར་འབྲང་མ་ལ་གཉིས་ཏེ། ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་བསྒོམ་པ་དང༌། བཟླས་པའོ། ༈ །རྨ་བྱ་ཆེན་མོ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། སྤྲོ་བསྡུ་ལ་སེམས་གཏད་པ་དང༌། བཟླས་པའོ། ༈ །སྟོང་ཆེན་མོ་རབ་ཏུ་འཇོམས་མ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །དེ་ལ་གཉིས། ལྷ་བསྒོམ་པ་དང༌། བཟླས་པའོ། ༈ །གསང་སྔགས་རྗེས་སུ་འཛིན་མ་ལ་གཉིས། ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །བསིལ་བའི་ཚལ་ཆེན་མོ་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པ་བྱ་བའོ། ༈ །ཕྱིར་ཟློག་མ་ཆེན་མོ་འདི་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ལ་ཡང་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པ་བྱ་བའོ། ༈ །རྣམ་པར་རྒྱལ་མ་ལ་གསུམ། རྒྱུ་ཚོགས་གཉིས་བསགས་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་དང༌། སྐྱོ་ན་བཟླས་པ་བྱ་བའོ།། རྡོ་རྗེ་གནྡྷ་རཱི་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པ་བྱ་བའོ། ༈ །རྡོ་རྗེ་ལྕགས་སྒྲོག་མ་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། བཟླས་པ་བྱ་བའོ།།
སྟོབས་པོ་ཆེ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་བཞི་སྟེ། དམ་ཚིག་པ་བསྐྱེད་པ་དང༌། ཡེ་ཤེས་པ་བསྟིམ་པ་དང༌། རིགས་ཀྱི་བདག་པོས་དབུར་བརྒྱན་པ་དང༌། བཟླས་པའོ། ༈ །གདུགས་དཀར་མོ་ཅན་ལ་གཉིས་ཏེ། རྒྱུ་དང༌། འབྲས་བུའོ། །རྒྱུ་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། བཟླས་པའོ། ༈ །རྟ་མགྲིན་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུའོ། །འདི་ལ་གཉིས་ཏེ། ལྷ་བསྒོམ་པ་དང༌། བཟླས་པའོ། ༈ །ཧེ་རུ་ཀ་ལ་གཉིས། ལྷ་བསྒོམ་པ་དང༌། བཟླས་པའོ། ༈ །བདག་མེད་མ་ལ་གཉིས་སོ། །འདི་ལ་གསུམ་སྟེ། ལྷ་བསྐྱེད་པ་དང༌། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ་དང༌། བཟླས་པའོ། ༈ །ཡང་བདག་མེད་མ་ལ་གཉིས་ཏེ། རྒྱུ་ཡེ་ཤེས་ཀྱི་ཚོགས་དང༌། འབྲས་བུའོ། །འདི་ལ་གསུམ་སྟེ། ལྷ་བསྐྱེད་པ་དངོས་དང༌། སྐུ་སོགས་གསུམ་བྱིན་གྱིས་བརླབ་པ་དང༌། བཟླས་པའོ། ༈ །གསེར་མདོག་ཅན་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའོ། །འདི་ལ་གཉིས། ལྷ་བསྐྱེད་པ། ཡི་གེ་བཀོད་དེ་བཟླས་པ་བྱ་བའོ། ༈ །རྡོ་རྗེ་ཕག་མོ་ལ་གཉིས། ལྷ་བསྐྱེད་པ་དང༌། བཟླས་པའོ། ༈ །རིགས་བྱེད་མ་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་བསག་པ་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་གཉིས་ཏེ། ལྷ་བསྐྱེད་པ་དང༌། བཟླས་པ་བྱ་བའོ། ༈ །སྒྲོལ་མ་དཀར་མོ་ལ་གཉིས་ཏེ། ཀླད་དང༌། གཞུང་ངོ༌། །འདི་ལ་གཉིས་ཏེ། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷའི་རྣལ་འབྱོར་རོ། །འདི་ལ་དྲུག་སྟེ། དམ་ཚིག་པ་བསྐྱེད་པ་དང༌། སྙིང་པོའི་རྣམ་དག་དང༌། སྤྲོ་བསྡུ་ལ་སེམས་གཏད་པ་དང༌། བཟླས་པ་དང༌། ལས་ཁ་ཚར་བ་དང༌། སྒྲོ་ཆུན་ལ་ལྷ་དང༌། སྔགས་བཟླས་པའོ། ༈ །སྒྲུབ་ཐབས་བསྡུས་པའི་ས་གཅོད་དོ། །ས་སྐྱ་པས་སོ། །རྫོགས་སོ།། ༄། །«སྒྲུབ་ཐབས་སྤྱིའི་རྣམ་གཞག་བཞུགས།། །བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །
སྤྱིར་འཁོར་བ་ལ་ཐོག་མ་མེད། ཉོན་མོངས་པ་ལ་ཐོག་མ་མེད། སེམས་ཅན་ལ་ཐོག་མ་མེད། སངས་རྒྱས་དང་དེས་གསུངས་པའི་ཆོས་ལ་ཐོག་མ་མེད་དེ། སེམས་ཅན་ཐོག་མ་མེད་པའི་དོན་དུ་སངས་རྒྱས་འཇིག་རྟེན་དུ་བྱོན་ནས་ཆོས་ཐོག་མ་མེད་པ་དེ་གསུངས་སོ། །དེ་ལ་སངས་རྒྱས་ཀྱི་སྐུ་གསུམ་གྱི་རྟེན་ནི་འཛམ་བུའི་གླིང་ན་ཡོད་དེ་ཆོས་སྐུའི་རྟེན་དཔལ་ལྡན་འབྲས་སྤུང་ཡིན་ཏེ། རྒྱལ་པོ་བྲེ་བོ་ཟས་ཀྱིས་བཅོམ་ལྡན་འདས་ཀྱི་ཡོན་བདག་བྱས་ཏེ། ཁྱིམ་པ་འདུལ་བ་ལ་དེར་བསྟན་ནས། དཔལ་ལྡན་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་བཞེངས་ནས་འདོད་པའི་ལྷ་གཉིས་བཏུལ། ཕྱག་ན་རྡོ་རྗེར་དབང་བསྐུར། བུམ་པའི་གཟུགས་ཅིག་ཡོད། དེ་ལ་འཇུས་ན་ཕྱག་རྒྱ་ཆེན་པོ་ཐོབ་བོ། །དེར་ཡང་གསང་སྔགས་གསུངས་སོ། །ལོངས་སྐུའི་རྟེན་ནི་ནུབ་ན་ལངྐའི་སྒོ་ནས་པ་ཏ་ཀང་ཀ་ན་བྱ་བ་ཡོད་དོ། །སྤྲུལ་སྐུའི་རྟེན་ནི་རྡོ་རྗེ་གདན་བྱང་ཆུབ་ཆེན་པོའི་སྐུ་ཡིན་ཏེ། བྱང་ཕྱོགས་སུ་བཅོས་མས་འདུལ་བ་ལ་དེ་ལྟར་བསྟན་ལ། དེའང་དང་པོ་དགའ་ལྡན་ནས་ལྷའི་བུ་དམ་པ་ཏོག་དཀར་པོས་གཟིགས་པས། རྒྱལ་པོ་དཔས་སྦྱིན་གྱི་རིགས་སུའང་མ་བཏུབ། རྒྱལ་པོ་སེར་སྐྱའི་རིགས་ཀྱང་གཏུམ་པ་དང་སྲོག་གཅོད་པས་མ་བཏུབ། ལི་ཙཱ་བྱིའི་རིགས་ཀྱང་ང་རྒྱལ་ཆེ་བས་མ་བཏུབ། འཁོར་གྱི་རྒྱལ་ཕྲན་བཅུ་དྲུག་ཏུ་ཡང་རིགས་དམའ་བས་མ་བཏུབ་ནས། རྒྱལ་པོ་ཤཱཀྱའི་རིགས་སུ་བྱས་ན་སེམས་ཅན་འདུལ་བར་གཟིགས་ནས། གླང་པོ་ཆེ་མཆེ་བ་དྲུག་པ་ཅིག་ཏུ་བྱས་ནས་ཡུམ་གྱི་ལྷུམས་སུ་ཞུགས་ཏེ་བལྟམས་ནས་མཛད་པ་བཅུ་གཉིས་བསྟན་ནོ། །དེ་ལ་རྒྱལ་པོ་ཟས་གཙང་ནི་སྤྱན་རས་གཟིགས་ཡིན་ཏེ་ཐབས་སམ་སྙིང་རྗེའོ། །ཡུམ་ནི་འཇམ་དཔལ་ཏེ་ཤེས་རབ་བམ་སྟོང་པའོ། །དེ་གཉིས་ལས་བཅོམ་ལྡན་འདས་བྱུང་བ་ནི། དབྱེར་མེད་སྤྲུལ་པའི་སྐུའོ། །དེས་སེམས་ཅན་ཐོག་མ་མེད་པའི་དོན་དུ་ཆོས་ཐོག་མ་མེད་པ་གསུངས་པ་ཡང་བསྡུ་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས། དེ་ཡང་འདོད་ཆགས་ལ་སྤྱོད་པ་ཉི་ཁྲི་ཆིག་སྟོང༌། དེ་བཞིན་དུ་
ཞེ་སྡང་དང༌། གཏི་མུག་དང༌། དུག་གསུམ་ཆ་མཉམ་པ་ལ་སྤྱོད་པའི་གཉེན་པོར་བསླབ་པ་རིན་པོ་ཆེ་གསུམ་གསུངས་སོ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་པོ་དེ་བསྡུ་ན། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ན་རེ། མདོ་སྡེ་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས་པར་འདོད། ཕལ་ཆེན་པ་དང༌། མང་པོས་བཀུར་བ་པ་གསུང་རབ་ཡན་ལག་བཅུ་དྲུག་ཏུ་འདུས་པར་འདོད། གནས་བརྟན་པ་གསུང་རབ་ཡན་ལག་དགུ་རུ་འདུས་པར་འདོད་དོ། །འདོད་ལུགས་དེ་རྣམས་སོ་སོར་ཡོད་ཀྱང་དེ་ཐམས་ཅད་བསླབ་པ་རིན་པོ་ཆེ་གསུམ་དུ་འདུས་ཏེ། ལྷག་པ་ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་བོ། །དེ་གསུམ་དང་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འབྲེལ་ཏེ། འདུལ་བ་དང་ཚུལ་ཁྲིམས་དང༌། མདོ་སྡེ་དང་ཏིང་ངེ་འཛིན། མངོན་པ་དང་ཤེས་རབ་ཏུ་འབྲེལ་ཏེ། དོན་ལ་ཆོས་ཐམས་ཅད་སྡེ་སྣོད་གསུམ་དང་བསླབ་པ་གསུམ་དུ་འདུས་སོ། །མདོ་སྡེ་བཅུ་གཉིས་པོ་དེ་སྡེ་སྣོད་གསུམ་དུ་བསྡུ་ལུགས་མི་མཐུན་པ་ཡང་ཤེས་པར་བྱའོ། །དེ་ལ་ཁ་ཅིག་ན་རེ། གསང་སྔགས་ནི་རིག་པ་འཛིན་པའི་སྡེ་སྣོད་སྔར་གྱི་གསུམ་ལས་མ་གཏོགས་པ་ལོགས་པར་འདོད་པ་དང༌། ཁ་ཅིག་མདོ་སྡེར་གཏོགས་པར་འདོད་པ་དང༌། ཁ་ཅིག་འདུལ་བར་གཏོགས་པར་འདོད་པ་དང༌། ཁ་ཅིག་མངོན་པར་གཏོགས་པར་འདོད་པའི་འདོད་པ་མི་མཐུན་པ་དུ་མ་ཡོད་ཀྱང༌། བླ་མ་ཁམས་པའི་ཞལ་ནས་སྔགས་ཐམས་ཅད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་མངོན་པར་བྱེད་པས་མངོན་པའི་སྡེ་སྣོད་དུ་གཏོགས་པར་བྱེད་དོ། །གསང་སྔགས་ལ་འདོད་པ་མི་མཐུན་པ་མང་བས། རྒྱུད་སྡེའི་གྲངས་མི་མཐུན་པ་བཞིར་བཞེད་དོ། །དེ་རང་ལ་ཡང་མི་མཐུན་པ་མང་ཡང༌། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་མེད་བཞིར་བཞེད་དོ། །དེ་ལ་རྒྱུད་སྡེའི་གོ་བའམ་དབྱེ་བ། དབང་པོ་རབ་འབྲིང་གི་སྒོ་ནས་དབྱེ་བ། མི་རིགས་ཀྱི་སྒོ་ནས་དང༌། འདོད་ཆགས་ཀྱི་ཚུལ་བཞིའི་སྒོ་ནས་དང༌། ལྷ་ཡེ་ཤེས་སེམས་དཔས་དངོས་གྲུབ་སྩོལ་ལུགས་ཀྱི་སྒོ་ནས་དང༌། ལུས་ངག་གི་སྤྱོད་པའི་སྒོ་ནས་དང༌། ཆོ་ག་ཟབ་མི་ཟབ་ཀྱི་སྒོ་
ནས་དབྱེ་བ་དུ་མ་ཡོད་ཀྱང་ཆོ་ག་ཟབ་མི་ཟབ་ཀྱི་སྒོ་ནས་འཇོག་གོ །དེ་ལ་བྱ་བའི་རྒྱུད་ཀྱི་གོ་བ་ནི་ལུས་ངག་ཡིད་གསུམ་གྱི་བྱ་བ་སྟོན་པ་སྟེ། ལུས་ལྷ་སྐུར་བསྒོམ་པ་དང༌། ཕྱག་རྒྱ་འཆིང་བ་དང༌། ངག་བཟླས་པ་དང༌། བསྟོད་པ་དང༌། སེམས་སེམས་ཙམ་ཏུ་བསྒོམ་པའོ། །སྤྱོད་པའི་རྒྱུད་ནི་དེའི་སྟེང་དུ་ཡིད་ཀྱི་ལས་ཟབ་མོ་རྟོགས་པའི་ཐབས་ཤས་ཆེ་བའོ། །རྣལ་འབྱོར་གྱི་རྒྱུད་ནི་ལུས་ངག་ཡིད་ཀྱི་སྟེང་དུ་ཡིད་ཀྱི་ལས་ཟབ་མོ་རྟོགས་པ་ཤས་ཆེ་བའོ། །རྣལ་འབྱོར་བླ་མེད་ནི་རྣལ་འབྱོར་གྱི་རྒྱུད་ཀྱི་ལུས་ངག་ཡིད་ཀྱི་སྟེང་དུ་ཡིད་ཀྱི་ལས་ཟབ་མོ་རྟོགས་པ་ཤས་ཆེ་བའོ་གསུང་ངོ༌། །དེ་ལ་སྒྲུབ་ཐབས་འདི་རྣམས་གང་གང་གི་ཡིན་ན། བྱ་བའི་རྒྱུད་ཀྱི་སྒྲུབ་ཐབས་ཤས་ཆེ་ལ། དེ་ནས་སྤྱོད་པའི་རྒྱུད་ཀྱི། རྣལ་འབྱོར་གྱི་རྒྱུད་ཀྱི། རྣལ་འབྱོར་བླ་མེད་ཀྱི་ཡང་འདོད་དོ། །དེའང་སྟོད་ན་བྱ་བའི་རྒྱུད་ཀྱི་ཤས་ཆེ་གསུང༌། དེའང་རྒྱ་གར་ན་སྒྲུབ་ཐབས་དུ་མ་ཡོད་པ་ལས་དེ་ཕྱོགས་གཅིག་ཏུ་བསྡེབས་པ་གསུམ་ཡོད་པ་ལས། འདི་འབྲིང་པོ་ཡིན་ཡང་ཟེར། ཡང་ཆུང་ངུ་ཅིག་ཡིན་ཟེར་ཏེ། ཆེན་པོ་འདི་པས་མང་བ་ཅིག་མ་འགྱུར་བར་ཡོད་དེ་བླ་མ་ཁམས་པས་བསྒྱུར་བར་བྱས་པས་བོད་མ་དད་པའི་གཏམ་རྒྱུད་ཀྱང་གསུང་ངོ༌། །སྒྲུབ་ཐབས་འདི་ཐམས་ཅད་ཀྱི་འགྱུར་ཡང་བླ་མ་ཁམས་པ་དང༌། པཎྜི་ཏ་དོན་ཡོད་རྡོ་རྗེས་བསྒྱུར་རོ། །བཤད་པའི་བརྒྱུད་པ་ཡང་བླ་མ་ཁམས་པ་ཉིད་ཡིན་ཏེ། བླ་མ་ལ་བརྒྱུད་པ་གཉིས་ཡོད་དེ། བཻ་རོ་ཙ་ན་རཀྵི་ཏ་དང༌། དྷ་བྱང་ཆུབ་སེམས་དཔས་སོ། །དེ་གཉིས་དང་བཤད་སྲོལ་ཅུང་ཟད་མི་མཐུན་ཏེ། བཻ་རོ་ཙ་ན་ནི་སྒྲུབ་ཐབས་འདི་ཐམས་ཅད་གཞུང་ཇི་ལྟ་བ་བཞིན་དུ་ཉམས་སུ་ལེན་ཏེ། ཡེ་ཤེས་པ་གཞུག་པ་མེད་པ་དང༌། སྐྱེ་མཆེད་དང་སྐུ་གསུང་ཐུགས་བྱིས་གྱིས་བརླབ། དབང་བསྐུར་རིགས་བདག་བདུད་རྩི་མྱང་བ་ལ་སོགས་པ་ཡོད་པ་རྣམས་ཡོད་པ་བཞིན་མེད་པ་རྣམས་མེད་པ་བཞིན་ཉམས་སུ་ལེན་ནོ། །དྷ་ནི་ལུགས་གཉིས་སུ་མཛད་དོ། །སྤྲོས་པ་ལ་དགའ་བ་རྒྱས་པར་མོས་པ་རྣམས་ལ་ཉམས་ལེན་རྒྱས་པར་གསུངས་པ་བཞིན་བསྡུས་པ་ལའང་བྱས་ལ། རྒྱས་པ་ལ་མི་མོས་པ་རྣམས་ལ་བསྡུས་པ་བཞིན་
བཻ་རོ་ཙ་ན་དང་མཐུན་ནོ། །ཡང་བླ་མ་ཁམས་པ་ལ་སྒྲུབ་ཐབས་རྒྱས་བསྡུས་གཉིས་ཉམས་སུ་ལེན་པ་ལ་ཐབས་ཟབ་མི་ཟབ་བམ་ལམ་ཉེ་རིང་ངམ། འབྲས་བུ་ཐོབ་པ་ལ་ཉེ་རིང་ཡོད་དམ་མེད་ཞུས་པས། ཆོ་ག་རྒྱས་བསྡུས་འདུག་ཀྱང་འབྲས་བུ་འབྱིན་པ་ལ་ཐབས་ཆེ་ཆུང་མེད་དེ། ཆོ་ག་རྒྱས་པ་ཐབས་ཆེ། བསྡུས་པ་ཆུང་ན་རྒྱས་པ་ཁོ་ན་ཉམས་སུ་བླངས་ལ་འབྲས་བུ་མྱུར་དུ་འབྱུང་སྟེ། ཐབས་ཆེ་ཆུང་སོགས་མེད་དོ། །འོན་ཀྱང་རྒྱས་བསྡུས་སུ་འོང་བའི་གནད་ཀ་ནི། གདུལ་བྱ་རྒྱས་པ་ལ་དགའ་བ་དང་བསྡུས་པ་ལ་དགའ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་རྒྱས་བསྡུས་སུ་གསུངས་ལ། དེའི་རྗེས་སུ་ཞུགས་པའི་པཎྜི་ཏ་རྣམས་ཀྱིས་ཀྱང་རྒྱས་བསྡུས་སུ་གསུངས་པའོ། །འོ་ན་གང་ཟག་བསྡུས་པ་ལ་དགའ་བའི་དོན་དུ་བཅོམ་ལྡན་འདས་ཀྱིས་བསྡུས་པ་གསུངས་པ་དེ་རྗེས་ཐོབ་ཀྱི་ཤེས་པ་མངའ་འམ་མི་མངའ་བྱས་པ་ལ། བླ་མ་ཁམས་པ་རྗེས་ཐོབ་ཀྱི་ཤེས་པ་མི་བཞེད་དོ། །འོ་ན་བསྡུས་པ་ལ་དགའ་བའི་གང་ཟག་ལ་འདི་བསྡུས་པ་ལ་དགའ་བར་ཤེས་པ་དེ་རང་རྗེས་ཐོབ་ཀྱི་ཤེས་པ་མིན་ནམ་ཞེ་ན། མིན་ཏེ་དེ་ནི་སྟོན་པ་སངས་རྒྱས་པ་དང༌། མ་རྒྱས་པའི་སྔོན་དུ། འགྲོ་ལ་ཕན་ཕྱིར་ཆོས་རྣམས་སྟོན་བྱེད་ཅིང་དང༌། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པའི་སྨོན་ལམ་གྱི་སྟོབས་སམ་ནུས་པ་ཡིན་ཏེ། སངས་རྒྱས་ཀྱི་སྤྲོས་པ་ཉེ་བར་ཞི་བ་དང༌། གདུལ་བྱའི་རྒྱུད་དག་པ་དང༌། སྔོན་གྱི་སྨོན་ལམ་གྱི་སྟོབས་གསུམ་གྱིས་གདུལ་བྱ་བསྡུས་པ་ལ་དགའ་བ་ལ་དེ་བཞིན་གཤེགས་པས་བསྡུས་པ་བསྟན་པར་སྣང་བ་ཡིན་ཏེ། དེ་བཞིན་གཤེགས་པ་ལ་རྗེས་ཐོབ་ཀྱི་ཤེས་པ་མེད་པར་འདོད་དོ། །སྔགས་དང་ཕར་ཕྱིན་ནི་ཐབས་ཀྱི་སྒོ་ནས་སྔགས་ཁྱད་པར་དུ་འཕགས་པར་འདོད་དེ། སྔགས་ནི་འབྲས་བུ་ལམ་དུ་བྱེད་པའོ། །འབྲས་བུ་ལམ་དུ་བྱེད་པ་ཞེས་བྱ་བ་ནི། རྒྱུ་ཚོགས་གཉིས་ད་ལྟ་ནས་བསགས་པས་མ་འོངས་པ་ན་འབྲས་བུ་སྐུ་གཉིས་ཐོབ་པ་སྟེ། སྔགས་པས་དུས་ད་ལྟ་ཉིད་དུ་རྒྱུ་ཚོགས་གཉིས་བསགས་པའི་རྗེས་ལ་འབྲས་བུ་ལྷ་སྐུའི་ཕྱིས་ཐོབ་པ་དེར་བསྒོམས་ནས་དེ་གོམས་པ་ལས་གཟུགས་སྐུ་གཉིས་པོ་གང་བསྒོམས་པ་དེ་ཐོབ་པས་ན། འབྲས་བུ་ལམ་དུ་བྱེད་ཅེས་བྱའོ། །
དེས་ན་སྒྲུབ་ཐབས་འདི་ཐམས་ཅད་འབྲས་བུ་ལམ་དུ་བྱེད་པའོ། །སྒྲུབ་ཐབས་འདི་ཐམས་ཅད་ལ་གཉིས་སུ་ཤེས་པར་བྱ་སྟེ། བཀའ་ནས་ཕྱུང་པ་དང༌། བཀའ་ལ་བརྟེན་ནས་གང་ཟག་གིས་བྱས་པའོ། །བཀའ་ལ་བརྟེན་པ་ཐམས་ཅད་ལ་དོན་གསུམ་སྟེ། ཀླད་དོན་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དགོས་འབྲེལ་དང་བཅས་པ་དང༌། གཞུང་གི་དོན་དང༌། མཇུག་བརྩམས་པའི་དོན་དགེ་རྩར་བསྔོ་བའོ། །གསུམ་པོ་དེ་གང་ཟག་གིས་བྱས་པར་ཐམས་ཅད་ལ་ཤེས་པར་བྱའོ། །གཞུང་དོན་ལ་གསུམ་སྟེ། སྒྲུབ་པ་པོ་དང༌། གནས་དང༌། ཐབས་སོ། །ཐབས་ལ་གཉིས། རྒྱུ་ཚོགས་གཉིས་དང༌། འབྲས་བུ་ལྷར་བསྐྱེད་པའོ། །དེ་ལ་གཉིས། རྟེན་དང༌། བརྟེན་པའོ། །རྟེན་བསྐྱེད་པ་ཞེས་བྱ་བ་ནི་ཁ་ཅིག་ཏུ་འབྱུང་བ་རིམ་བརྩེགས་བསྐྱེད་པ་ཡང་ཡོད། ཁ་ཅིག་ཏུ་གཞལ་ཡས་ཁང་སྲུང་འཁོར་དང་བཅས་པ་བསྐྱེད་པ་ཡང་ཡོད། ཁ་ཅིག་ཏུ་གདན་ཙམ་བསྐྱེད་པ་ཡང་ཡོད་དེ། རྟེན་བསྐྱེད་ལུགས་མི་མཐུན་པ་ནི་ཤེས་པར་བྱའོ། །བརྟེན་པ་བསྐྱེད་པ་དང༌། བྱང་ཆུབ་ལྔས་བསྐྱེད་པ་དང༌། ཆོ་ག་གསུམ་གྱིས་བསྐྱེད་པ་དང༌། སྐད་ཅིག་གིས་བསྐྱེད་པ་སྟེ། མི་མཐུན་པར་ཤེས་པར་བྱའོ། །དེ་རང་ལའང་ལྷ་གྲངས་གཅིག་དང་གསུམ་དང་ལྔ་ལ་སོགས་པར་ཤེས་པར་བྱའོ། །རྡོ་རྗེ་གདན་ལ་སོགས་པ་སྒྲུབ་ཐབས་ཁ་ཅིག་ལ་རྟེན་བསྐྱེད་པ་ཞེས་བྱ་བ་དངོས་སུ་གཞུང་ན་ངོས་གཟུང་མེད་ཀྱང་གདན་པད་ཟླ་བསྐྱེད་པ་ལ་གསུང་ངོ༌། །བཀའ་ནས་ཕྱུང་བ་གང་ཟག་གིས་མ་བྱས་པ་ལ་གསུམ་སྟེ། རྟེན་གྱི་གང་ཟག་དང༌། གནས་དང༌། ཐབས་སོ། །དེའི་དབྱེ་བ་སྔར་དང་འདྲ། རྟེན་གྱི་གང་ཟག་ནི་ཐམས་ཅད་དུ་དབང་བསྐུར་ཐོབ་པ་ཅིག་དགོས་ཏེ། དཀྱིལ་འཁོར་གང་དུ་ཐོབ་ཀྱང་འདྲ། གནས་ནི་སྒྲུབ་པོ་རང་ཉམས་དགའ་བའོ། །རྟེན་གྱི་གང་ཟག་དང་གནས་གཉིས་པོ་དེ་བཀའ་ནས་ཕྱུང་བ་ལ་ཡང་ཤེས་པར་བྱའོ། །བཀའ་ནས་ཕྱུང་བ་དང༌། བཀའ་ལ་བརྟེན་པ་གཉིས་ཀྱི་ཁྱད་པར་ནི། ཀླད་དོན་དང་མཇུག་དགེ་རྩ་བསྔོ་བ་ཡོད་པ་ནི་བཀའ་ལ་བརྟེན་པ་ཡིན་ལ། མེད་པ་ནི་ཕྱུང་བའོ། །
དེ་གཉིས་ཀ་ལ་རྟེན་གྱི་གང་ཟག་དང༌། གནས་དང༌། ཐབས་གསུམ་ནི་ཐུན་མོང་ཡིན་ལ། གཞུང་ན་ཐབས་ཐམས་ཅད་ན་ཡོད། རྟེན་གྱི་གང་ཟག་དང༌། གནས་ནི་ལ་ལ་ལ་ཡོད་ལ། ལ་ལ་ལ་མེད་དེ་མེད་པ་རྣམས་སུའང་ཡོད་པར་དོན་གྱིས་ཤེས་པར་བྱའོ། །སྒྲུབ་ཐབས་འདི་རྣམས་ནི་སློབ་དཔོན་འདིས་བྱས་མེད་པ་དེ་རྣམས་བརྒྱུད་པ་མེད་པ་མ་ཡིན་ནམ་ཉམས་སུ་བླང་དུ་བཏུབ་བམ་སྙམ་ན། སྤྱིར་སྔགས་ལ་བརྒྱུད་པ་མེད་པར་ཉམས་སུ་བླངས་ཀྱང་འབྲས་བུ་མི་འབྱུང་བ་ནི་འདིའི་སྒྲུབ་ཐབས་གཉིས་པ་ནས་བཤད་པས་བརྒྱུད་པ་དང་ལྡན་དགོས་སོ། །རྒྱ་གར་ན་བརྒྱུད་པ་ཡོད་པ་རྣམས་ཡོད་ཅེས་བྱ། མེད་པ་རྣམས་ལ་བརྒྱུད་པ་བླང་བའི་ཐབས་ཡོད་དོ། །བླ་མ་ཁམས་པ་ལ་ཡང་བརྒྱུད་པ་བླང་བའི་ཐབས་ཡོད་དེ། །སྒྲུབ་ཐབས་འདི་རྣམས་གང་བསྒྲུབས་ཀྱང་སྔོན་དུ་རྨི་ལམ་བརྟག་པའི་ཆོ་ག་བྱས་ལ་བསྒྲུབ་སྟེ། སྔོན་དུ་ཡི་གེ་བརྒྱ་པའམ། དོན་ཞགས་ཀྱི་སྨྱུང་བ་ལ་སོགས་པ་སྡིག་པ་སྦྱང་བའི་ཆོ་ག་བྱ་སྟེ། སྒྲུབ་ཐབས་ཡོད་ཚད་བསགས་ལ་བཅོམ་ལྡན་འདས་ཀྱིས་བདག་ལ་ལས་ཀྱི་འཕྲོ་གང་ལ་ཡོད་རྨི་ལམ་དུ་སྟོན་ཅིག་བྱས་ལ་ཉལ་ལོ། །རྨི་ལམ་མ་བྱུང་ན་སྡིག་པ་སྦྱོང་བའི་ཚིག་མང་པོ་བྱས་ཏེ། དོན་ཞགས་དང༌། སཱཙྪ་དང༌། ཚོགས་འཁོར་ལ་སོགས་པ་བྱའོ། །དེས་ཀྱང་མ་བྱུང་ན་བླ་མ་ལ་དབང་རིམ་བྱའོ། །དེས་ཀྱང་མ་བྱུང་ན་བླ་མས་ལུང་བསྟན་པའི་ལྷ་བསྒོམ་མོ། །རྨི་ལམ་གྱི་རྟགས་ནི་བསྒྲུབ་པའི་ལྷ་དེ་དངོས་སུའམ། ཡང་ན་ཁྱེད་འདི་སྒྲུབས་ཞེས་པའམ་འདི་མ་སྒྲུབས་ཞེས་པ་འོང་ངོ༌། །ཡང་ན་དགེ་བའི་ལས་བྱེད་པ་དང༌། ལག་ན་མཚོན་ཐོགས་པ་དང་གྱེན་ལ་འགྲོ་བ་ལ་སོགས་པ་རྨི་ལམ་བཟང་ངོ༌། །དེ་ལས་བཟློག་ན་ངན་ནོ། །རང་གི་མོས་པས་རྨི་ལམ་བརྟན་ཏེ། བདག་འཇམ་དཔལ་ལ་མོས་ཀྱང༌། རྨི་ལམ་དུ་སྤྱན་རས་གཟིགས་བྱུང་ན་དེ་བསྒྲུབ་པའོ། །རྨི་ལམ་མ་བྱུང་ན་སྔར་བཞིན་ནོ། །བླ་མ་ཁམས་པའི་ལུགས་ཀྱི་སྒྲུབ་ཐབས་གང་བསྒྲུབས་ཀྱང་ཆོས་ལྔ་དང་ལྡན་དགོས་ཏེ། བར་ཆད་ཀྱི་གདོན་ཞི་བ་ལ་མི་གཡོ་བ། སྡིག་པ་ཞི་བ་ལ་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ། ཚེ་
རིང་བ་ལ་མེ་རུ་སི་ཀ ཉིན་མཚན་བསྲུང་བ་ལ་འོད་ཟེར་ཅན། ནད་ཞི་བ་ལ་སངས་རྒྱས་སྤྱན་ཏེ་ལྔ་དགོས་པར་ཤེས་པར་བྱའོ། །བཀའ་ལ་བརྟེན་པ་རྣམས་ཀྱི་ཀླད་དོན་གཅིག་ཤེས་ན་ཐམས་ཅད་ཤེས་ཏེ། ཀླད་དོན་ཕྱག་འཚལ་ཞིང་བཤད་པར་དམ་བཅའ་བ་དགོས་འབྲེལ་དང་བཅས་པ་ལ་གསུམ་སྟེ། མཆོད་བརྗོད་དང༌། བཤད་པར་དམ་བཅའ་བ་དང༌། ཤུགས་ཀྱིས་བསྟན་པ་དགོས་འབྲེལ་ལོ། །དང་པོ་ལ་གསུམ། མཆོད་བརྗོད་ཀྱི་དགོས་དོན་དང༌། བསྡུས་དོན་དང༌། ཚིག་དོན་ནོ། །དང་པོ་ལ་གཉིས། སྤྱིར་མཆོད་བརྗོད་བྱས་པའི་དགོས་དོན་དང༌། གཞུང་དུ་བྲིས་པའི་དགོས་པའོ། །དང་པོ་ལ་གསུམ། བསྟན་བཅོས་རྩོམ་པ་ལ་བར་ཆད་མི་འབྱུང་བ་དང༌། བརྩམས་པའི་འབྲས་བུ་མཐར་ཕྱིན་པ་དང༌། རང་ཉིད་ཡ་རབས་གོང་མ་དང་སྤྱོད་པ་མཐུན་པར་བྱ་བའོ། །མཆོད་བརྗོད་དེ་ནི་བསྟན་བཅོས་བརྩམ་པར་འདོད་པ་གཞུང་དུ་མ་བཀོད་པའི་དོན་དུ་བྱས་པའོ། །གཉིས་པ་བྲིས་པ་ནི་མ་འོངས་པའི་ཉན་བཤད་བྱེད་པ་པོ་འབྱོར་བ་ཆུང་བས་ཕྱག་ཙམ་བྱས་པས་ཆོག་སྟེ། མཆོད་པ་དང་གཏོར་མ་སོགས་མི་དགོས་པར་བསྟན་པས་ཆོག་པ་ནི་དགོས་དོན་ནོ། །བསྡུས་དོན་ལ་གསུམ། ཕྱག་བཙལ་པའི་ཡུལ་དང༌། རྟེན་གྱི་གང་ཟག་དང༌། ཚུལ་ལམ་ཐབས་སོ། །དང་པོ་ལ་གཉིས་ཏེ། བསྡུས་པ་དང་དབྱེ་བའོ། །བསྡུ་ན་ཕྱག་བཙལ་བའི་ཡུལ་ཏེ། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་སངས་རྒྱས་དེའོ། །དེ་ལ་ཆོས་སྐུ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །ལོངས་སྐུ་ནི་མཚན་དཔེས་བརྒྱན་པའོ། །སྤྲུལ་སྐུའི་དམ་པ་ཏོག་དཀར་པོར་དགའ་ལྡན་དུ་བྱུང་སྟེ་འཛམ་གླིང་དུ་བྱུང་བའོ། །དེས་གསུངས་པའི་ཆོས་པུསྟི་འདི་ནི་ཞེས་སྤྲུལ་པ་ཡིན་ནོ་ཞེས་གསུང་ངོ༌། །ཡེ་ཤེས་ནི་ལྔ་ཡིན་བྱ་བ་ཙམ་ལས་བཞིར་འདོད་པ་དང་ལྔར་འདོད་པའི་འཐད་པ་སོགས་མི་གསུང་ངོ༌། །ཕྱག་བཙལ་བའི་ཡུལ་ལ་དབྱེ་ན་གསུམ་སྟེ། རང་འདོད་པའི་ལྷ་ལ་ཕྱག་བཙལ་བ་དང༌། བརྗོད་བྱ་ལ་བཙལ་བ་དང༌། བརྗོད་བྱའང་ཡིན་ལ། རང་དད་པའང་ཡིན་ནས་བཙལ་པའོ། །ཡུལ་ལོ། །གང་ཟག་ནི་གཉིས་ཏེ།
པཎྜི་ཏ་བསྟན་བཅོས་རྩོམ་པའི་ཚད་དང་ལྡན་པ་དང༌། མི་ལྡན་ཡང་བླ་མའི་གསུང་སྒྲོས་ཟིན་བྲིས་ཐབས་སུ་བྱེད་པའོ། །དང་པོ་ལ་གསུམ་སྟེ། རིག་པའི་གནས་ལྔ་ལ་མཁས་པ་དང༌། མངོན་ཤེས་དང་ལྡན་པ་དང༌། ལྷས་གནང་བ་བྱིན་པའོ། །ཕྱག་བཙལ་བའི་གང་ཟག་དེ་ལ་ལ་ན་གསལ། ལ་ལ་ན་མི་གསལ་ཏེ། གསལ་བ་རྣམས་གང་ཟག་གཉིས་པོ་དེ་གང་རུང་ཡིན་པར་ཤེས་པར་བྱའོ། །གང་ཟག་གོ །ཐབས་ལ་གསུམ། ལུས་ངག་ཡིད་གསུམ་མོ། །ལུས་ལ་གསུམ། རབ་ཡན་ལག་བརྒྱད་ཀྱིས་འཚལ། འབྲིང་ལྔ་ཡིས། ཐ་མ་གསུམ་གྱིས་སོ། །དང་པོ་བརྐྱང་ཕྱག་སྟེ་རྐང་ལག་བཞི། བྲང་དང་ལྔ། ཀོས་ཀོ་དང་དྲུག སྣ་དང་བདུན། དཔྲལ་བ་དང་བརྒྱད་དོ། །གཉིས་པ་ནི། རྐང་ལག་བཞི། མགོ་བོ་དང་ལྔའོ། །གསུམ་པ་ལག་པ་གཉིས། མགོ་དང་གསུམ་གྱིས་འདུད་པར་བྱེད་པའོ། །ངག་ནི་གཅམ་བུ་ཁ་གསག་གི་མཆོད་པ་ཡོན་ཏན་མེད་པ་ལ་ཡོད་པར་བྱེད་པ་མིན་པར། ཡོན་ཏན་ཇི་ལྟར་ཡོད་པ་བརྗོད་པའོ། །ཡིད་ནི་དང་བའི་དད་པ་ཁྱད་པར་ཅན་སྔོན་དུ་སོང་བས་གུས་པའི་སྒོ་ནས་སོ། །ཐབས་སོ། །ཚིག་དོན་ནི་སྒྲུབ་ཐབས་སོ་སོའི་ཐོག་ཏུ་ཤེས་པར་བྱའོ། །མཆོད་བརྗོད་དོ། བཤད་པར་དམ་བཅའ་བའི་དགོས་དོན་ནི། རྩོམ་པ་ལ་མྱུར་དུ་འཇུག་པར་འགྱུར་བའི་ཡན་ལག་སྟེ། གྲོགས་པོ་ལ་སོགས་པའི་གམ་ཏུ། ང་བསྟན་བཅོས་རྩོམ་བྱས་ནས་དམ་བཅས་པས་མྱུར་དུ་རྩོམ་པ་ལ་འཇུག་སྟེ། མྱུར་དུ་མ་བརྩམས་ན་ཚིག་མི་བཙུན་པར་འགྱུར་བས་སོ། །བཤད་པར་དམ་བཅའ་བའི་བསྡུས་དོན་ནི་གཤིན་རྗེ་གཤེད་ནས་བསྟན་པ་དང་འདྲ་གསུངས་ནས། དེའི་དཔེར་བརྗོད་ཀྱང་འདིར་མཛད་དོ། །བཤད་པར་དམ་བཅའ་བའོ། །ཤུགས་ལས་ཤེས་པ་དགོས་འབྲེལ་ལ་བཞི་སྟེ། བརྗོད་བྱ་དང༌། དགོས་པ་དང༌། དགོས་པའིའང་དགོས་པ་དང༌། འབྲེལ་པའོ། །དང་པོ་ལ་དུ་མ་ཡོད་ཀྱང༌། ཕྱོགས་གཅིག་ལ་སྦྱར་ན་རྡོ་རྗེ་གདན་ལྟ་བུའི་དབང་དུ་བྱས་ན། བརྗོད་བྱ་ཤཱཀ་ཐུབ། རྗོད་བྱེད་དེ་སྟོན་པའི་སྒྲུབ་ཐབས། གཞུང་རྗོད་བྱེད། བརྗོད་བྱ་དེ་རྗོད་བྱེད་ལ་རག་ལས་པས་འབྲེལ་པ། སྒྲུབ་ཐབས་ཤེས་པ་
དགོས་པ། སྒྲུབ་ཐབས་ཤེས་ནས་ཉམས་སུ་བླངས་པས་འབྲས་བུ་འབྱུང་བ་ཉིད་དགོས་སོ། །དགོས་འབྲེལ་ལོ། །སྤྱིར་སྒྲུབ་ཐབས་ཞེས་བྱ་བ་ལ་གཉིས། འདིས་གྲུབ་པར་བྱེད་པས་ན་སྒྲུབ་ཐབས་ཏེ་ལམ་གྱི་སྟེང་དུ་སྣང༌། འདི་བསྒྲུབ་པར་བྱ་བས་ན་སྒྲུབ་ཐབས་ཏེ་འབྲས་བུའོ། །དེ་བཞིན་གཤེགས་པ་ཞེས་པ་ལ་གཉིས་ཏེ། ཚུར་ལ་གཤེགས་པ་སྟེ་དེ་བཞིན་ཉིད་དུ་འདས་པའི་སངས་རྒྱས་རྣམས་ཇི་ལྟར་སངས་རྒྱས་པ་བཞིན་དུ་སངས་རྒྱས་པ་སྟེ། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཟབ་མོ་སྟོང་པའི་དོན་རྟོགས་ཤིང་ཁོང་དུ་ཆུད་པའོ། །ཕར་ལ་གཤེགས་ཙམ་ན་དེ་བཞིན་ཉིད་ལ་གཤེགས་པ་སྟེ། འགྲོ་བ་གང་ལ་མོས་པའི་ཆོས་སྟོན་པ། །གང་ལ་ཅིས་འདུལ་དེ་ལ་དེ་སྟོན་པ། །བཙུན་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོའི་དོན་དང་འདྲ་གསུང་ངོ༌། །སྤྱིའི་རྣམ་གཞག་གི་ཟིན་བྲིས༌། ༈ །རྡོ་རྗེ་གདན་གྱི་སྒྲུབ་ཐབས་འདི་ལ་དོན་གསུམ། ཀླད་དང༌། གཞུང་དང༌། མཇུག་གོ །དང་པོ་ལ་མཆོད་བརྗོད་དང༌། བཤད་པར་དམ་བཅའ་བའོ། །གཞུང་ལ་གཉིས། རྒྱུ་ཚོགས་བསག་པ་དང༌། འབྲས་བུ་ལྷར་བསྐྱེད་པའོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་སོ། །དང་པོ་ལ་གསུམ། དངོས་སུ་བསག་པ་དང༌། ཚད་མེད་པ་དང༌། ཡིད་ཀྱིས་བསག་པའོ། །ལྷ་སྐུ་བསྐྱེད་པ་ལ་གཉིས། དམ་ཚིག་པ་དང་ཡེ་ཤེས་པ་གཞུག་པའོ། །དང་པོ་ལ་བཞི། ལྷ་བསྐྱེད་པ་དངོས་དང་ང་རྒྱལ། འཁོར་གྱི་སྐུ་མདོག་དང་ཕྱག་མཚན། སྐྱེ་མཆེད་བྱིན་གྱིས་བརླབ་པ། སྐུ་གསུང་ཐུགས་བྱིན་གྱིས་བརླབ་པའོ། །ཡེ་ཤེས་པ་གཞུག་པ་ལ་ལྔ། ཡེ་ཤེས་པ་སྤྱན་དྲང་བ་དང༌། བདུད་རྩི་མྱང་བ་དང༌། བསྟོད་པ་དང༌། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་བསྒོམ་པ་དང༌། བསྒོམ་ཞིང་བཟླས་པའོ། །དེ་བཞིན་དུ་ས་བཅད་ཀུན་ལ་ཤེས་པར་བྱའོ། །རྡོ་རྗེ་གདན་ལྟ་བུ་གཅིག་ལ་མངོན་རྟོགས་ཤེས་ན་ཀུན་ཤེས་པས། རྡོ་རྗེ་གདན་ལྟ་བུ་དེ་བསྒྲུབ་པར་འདོད་པས་དབང་བསྐུར་ཐོབ་པ་རྡོ་རྗེ་གདན་
པའི་ཆོས་ལྔ་ཤེས་པར་བྱས་ནས་ཉམས་དགའ་བར་གནས་ནས་དང་པོ་ཁྲུས་བྱས་ལ། གནས་ཁང་བྱི་དོར་བྱས་ཏེ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཐོབ་པར་བྱའོ་སྙམ་པའི་སེམས་བསྐྱེད་ལ་དངོས་སུ་བསག་པར་བྱ་བ་ནི། མཎྜལ་བྱུག་པར་བྱ་བའི་ས་ཕྱོགས་སུ་ལག་པ་གཡས་པ་ས་ནོན་གྱི་ཚུལ་དུ་བཞག་ལ། ཨོཾ་བཛྲ་བྷཱུྃ་མི་ཧཱུྃ་ཞེས་པས་ས་དེ་གཟུང་བར་བྱའོ། །དེ་ནས་ཨོཾ་བཛྲ་རེ་ཁེ་ཧཱུྃ། ཞེས་པས་ས་དེ་བྱུག་པར་བྱའོ། །དེ་ནས་ལག་པ་འདེགས་དུས་སུ་ལག་པ་གཡས་ཀྱི་སྲིན་ལག་གི་སྟེང་དུ་གཡོན་པས་མེ་ཏོག་དེ་བཞག་ནས་གཡས་པའི་སྟེང་ནས་མས་རིམ་གྱིས་སོང་སྟེ་མཎྜལ་གྱི་སྟེང་དུ་བོར་བ་དེས་བསྲུང་ངོ༌། །འོ་ན་ལག་པ་གཡོན་པས་མེ་ཏོག་དེ་བཞག་ན་གཡོན་པ་དེ་བཙོག་ལག་ཡིན་ཏེ། རྒྱ་གར་ན་བཤང་གཅི་ལ་སོགས་པ་ལག་པ་གཡོན་པས་ཕྱི་བའོ། །དེ་ནས་ལག་པ་བཏེག་ཏེ་བཀྲུའོ། །ས་གཟུང་བ་དང་བྱུག་པ་གཉིས་ལས་གཞན་སྔགས་མི་གསུང་ངོ༌། །སྤྱིར་མཎྜལ་ཆོ་ག་ན་ནི་ཡོད་དོ། །དེ་ནས་མཎྜལ་དེའི་དབུས་སུ་པྃ་ལས་པདྨ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསམ། དེའི་དབུས་སུ་ཧཱུྃ་ཆ་ལྔ་པ་དེ་བཞིན་གཤེགས་པ་ལྔའི་ངོ་བོར་སེར་པོ་ཅིག་བསམ། དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་འདུས་པ་ལས་དེ་བཞིན་གཤེགས་པ་ལྔ་དང༌། རིགས་ཀྱི་ལྷ་མོ་བཞིར་མོས་པར་བྱས་ཏེ་རིམ་གྱིས་གསལ་བར་བལྟའོ། །དེའང་དབུས་སུ་བཅོམ་ལྡན་འདས་མི་བསྐྱོད་པའི་རང་བཞིན་ཤཱཀ་ཐུབ་སྒྲུབ་ཐབས་བཞིན་ནོ། །སྒྲུབ་པ་པོ་རང་གང་ན་གནས་པ་ཤར་དུ་བྱས་པའི་ཤར་དུ་རྣམ་སྣང་དཀར་པོ་གཡས་འཁོར་ལོ། གཡོན་དྲིལ་བུ་དཀུར་འཛིན་པའོ། །ལྷོར་རིན་འབྱུང་སེར་པོ་གཡས་རིན་པོ་ཆེ། གཡོན་དྲིལ་བུ་དཀུར་རོ། །ནུབ་ཏུ་འོད་དཔག་མེད་དམར་པོ་གཡས་པདྨ། གཡོན་དྲིལ་བུའོ། །བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་གཡས་སྣ་ཚོགས་རྡོ་རྗེའམ་རལ་གྲི། གཡོན་དྲིལ་བུའོ། །དེ་བཞིན་གཤེགས་པ་དེ་རྣམས་རྡོ་རྗེ་སྐྱིལ་ཀྲུང་དང་འཁོར་ལོས་སྒྱུར་བའི་ཆ་ལུགས་སོ། །ཤར་ལྷོ་སོགས་མཚམས་བཞིར། ས་སངས་རྒྱས་སྤྱན། ཆུ་མཱ་མ་ཀཱི།
མེ་གོས་དཀར་མོ། རླུང་སྒྲོལ་མ་སྐུ་མདོག་དང་ཕྱག་གཡས་པའི་མཚན་མ་ཡབ་དང་འདྲའོ། །གཡོན་རྣམས་ན་ཨུཏྤལ་རེ། དེ་ནས་དེ་རྣམས་ལ་རང་འདྲ་སྤྱན་དྲངས་ལ། ཡེ་ཤེས་པ་བསྟིམ་མོ། །དེ་ནས་དེ་རྣམས་ལ་མཆོད་པ་དབུལ་བ་ནི། སྒྲུབ་ཐབས་བཞིན་ཏེ་སྔོན་ལ་མེ་ཏོག་འབུལ་ཙ་ན་ལག་ལེན་ལ་མཎྜལ་དབུས་སུ་མེ་ཏོག་ཚོམ་བུ་འགོད་པ་དང་སྔར་བསྐྱེད་པའི་ཤཱཀ་ཐུབ་ཀྱི་དབུ་ལ་མེ་ཏོག་དབུལ་ལོ། །དེ་ནས་གཙོ་འཁོར་ཁྱད་ཡོད་པར་བའི་དོན་དུ། གཙོ་བོ་ལ་ཉིས་འགྱུར་དུ་དབུལ་ལོ། །དེ་ནས་ཀུན་ལ་འགྲེ། མཎྜལ་གྱི་སྟེང་ན་མེ་ཏོག་ཚོམ་བུ་དགུ་འདུག་ཀྱང་བསྒོམ་པ་ལ་ལྷ་དགུ་ལ་མེ་ཏོག་དབུལ་ལོ། །དེ་བཞིན་དུ་སྤོས་དང༌། དྲི་དང༌། ཞལ་ཟས་དང༌། མར་མེ་དབུལ་ལོ། །དེའི་རྗེས་ལ་བདག་ཉིད་ཀྱིས་རྟེན་དེ་ཁོ་ནའི་མདུན་དུ། བདུན་རྣམ་དག་གསང་སྔགས་ཀྱི་སྒྲུབ་ཐབས་སོགས་གང་ནས་བྱུང་ཡང་ཆོག་སྟེ་རང་མོས་པ་ལེགས་པ་ཅིག་གི་བྱའོ། །དེ་ནས་རིངས་ན་ཡི་གེ་བརྒྱ་པ་བཏོན་ལ། ཨོཾ་བཛྲ་མུཿཞེས་པས་མཎྜལ་གྱི་ལྷ་རྣམས་གཤེགས་སུ་གསོལ། མེ་ཏོག་ཚོམ་བུ་བསྡུའོ། །མི་རིངས་ན་གཤེགས་གསོལ་འདིར་མི་བྱེད་དེ་མཎྜལ་གྱི་ལྷ་དེ་ཉིད་ཀྱི་རྩལ་འོག་ནས་འབྱུང་བའི་བཟླས་པ་དང་མཇུག་བསོད་ནམས་སུ་བསྔོ་བ་ཡན་ཆད་བྱས་ལ་མཎྜལ་གྱི་ལྷ་དང་ལུས་ཀྱི་ལྷ་གཤེགས་སུ་གསོལ་བ་དུས་གཅིག་ཏུ་བྱའོ། །དེ་ཡན་ཆད་དངོས་སུ་བྱེད་པ་དངོས་པོའི་ཆོས་སོ། །དེའི་རྗེས་ལ་ཚད་མེད་བཞི་གཞུང་བཞིན་བསྒོམ། ཚད་མེད་ཅེས་བྱ་བའི་ངེས་ཚིག་ལ་གསུམ་ལས། དང་པོ་ནི་དམིགས་པའི་ཡུལ་སེམས་ཅན་ཐམས་ཅད་ལ་བྱེད་ཀྱི། ལ་ལ་ལ་བྱེད་ལ། ལ་ལ་ལ་མི་བྱེད་པ་ལྟ་བུ་ནི་མ་ཡིན་པས་དམིགས་པ་ཚད་མེད་དོ། །གཉིས་པ་གང་ཟག་ཚད་མེད་ནི་ཚད་མེད་བཞི་མི་བསྒོམ་པའི་ཉན་རང་ལ་ལྟོས་ནས་སོ། །གསུམ་པ་འབྲས་བུ་ཚད་མེད་ནི་ཚངས་པའམ། བརྒྱ་བྱིན་སོགས་ཐོབ་པ་ལ་ལྟོས་ནས་སངས་རྒྱས་ཐོབ་པས་སོ། །དེ་ནས་ཡིད་ཀྱིས་ཚོགས་བསགས་ཏེ། བདག་གི་ཚོགས་རྟེན་སྤྱན་དྲངས་པ་དང་བདུན་རྣམ་དག་བྱ་བ་དང༌། ཐ་
མ་གཤེགས་གསོལ་བྱ་བ་ཐམས་ཅད་ལ། ལུས་ངག་གི་བྱ་བ་མེད་དེ། ཡིད་ཀྱི་སྤྱན་འདྲེན། ཡིད་ཀྱིས་ཕྱག ཡིད་ཀྱིས་མཆོད་པ་དང༌། སྡིག་བཤགས་དང༌། རྗེས་སུ་ཡི་རང་བ་ནས་གཤེགས་གསོལ་བར་དུ་མོས་པ་ཙམ་གྱིས་བྱེད་པ་ནི། དངོས་སུ་ལུས་ངག་གི་མཆོད་རྫས་སོགས་ཕུལ་གྱིན་བྱས་པ་བས་བསོད་ནམས་ཆེ་སྟེ། དངོས་སུ་མཆོད་རྫས་ཤིན་ཏུ་མང་བར་བཤམས་ནས་ཕུལ་ཡང་དེ་ལ་ཅང་མེད་དེ། ཡིད་ཀྱི་མེ་ཏོག་སོགས་འཇིག་རྟེན་གྱི་ཁམས་གང་བ་ནས་མར་མེས་འཇིག་རྟེན་གྱི་ཁམས་ཀྱི་མུན་པ་ཐམས་ཅད་བསལ་བར་བསམ་ཞིང་བྱས་པས་བསོད་ནམས་ཆེ་སྟེ་ཡིད་ཀྱི་འབྱོར་པ་ཙམ་དངོས་སུ་མི་འབྱོར་རོ། །ཡང་དངོས་སུ་འབྱོར་བ་བས་ཡིད་ཀྱིས་བསོད་ནམས་ཆེ་སྟེ་བག་ཆགས་ཐམས་ཅད་སེམས་ལ་འཇོག་པས་བསོད་ནམས་ཆེ་སྟེ། དངོས་སུ་བྱས་པ་ལུས་ངག་ལ་བག་ཆགས་བཞག་པ་དེ་སྲོག་གི་དབང་པོ་འགགས་ཙམ་ན་ལུས་ངག་དང་འབྲལ་ཡང་སེམས་དང་མ་བྲལ་བས་སོ་གསུངས་ཏེ། འོ་ན་ཡིད་ཁོ་ནས་མི་བྱེད་པར་དངོས་ཀྱི་བཤད་འདུག་པ་བྱས་པ་ལ། དེ་ནི་འཇིག་རྟེན་ན་དངོས་པོའི་རྫས་ལ་མངོན་ཞེན་ཆེ་བས་དངོས་པོའི་རྫས་བག་རེ་བཏང་བ་ལ་མཆོག་ཏུ་བྱེད་པས་དེ་དང་བསྟུན་པའོ། །དེ་ནས་ཡེ་ཤེས་ཀྱི་ཚོགས་བསག་གོ །བསོད་ནམས་ཀྱི་ཚོགས་ལས་འབྲས་བུ་གཟུགས་སྐུ་གཉིས་འབྱུང་ལ། ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་འབྱུང་བས་སོ། །རྒྱུ་ཚོགས་བསག་པའོ། །དེ་ནས་དམ་ཚིག་སེམས་དཔའ་བསྐྱེད་དེ་ང་རྒྱལ་བྱས། དེ་ནས་སྐྱེ་མཆེད་བྱིན་གྱིས་བརླབ། དེ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབ། ཡེ་ཤེས་པ་སྤྱན་དྲངས། བདུད་རྩི་མྱང༌། བསྟོད་པ་བྱ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་མེད་དུ་བསྒོམ། དེས་སྐྱོ་ན་བཟླས་པ་ལུགས་གསུམ་པོ་གང་རུང་བྱ། དེ་ནས་བསོད་ནམས་སུ་བསྔོ། དེ་ནས་ཡེ་ཤེས་སེམས་དཔའ་གཤེགས་སུ་གསོལ་ཏེ། སྐབས་འདིར་མཎྜལ་གྱི་ལྷ་གཤེགས་སུ་མ་གསོལ་ན་འདིར་གཤེགས་སོ། །སྔར་གསོལ་ན་ལུས་ལ་བཅུག་པ་རང་ལ་གཤེགས་རྒྱུ་མེད་དོ། །དེ་ནས་རྗེས་སྤྱོད་ལ་དམ་ཚིག་སེམས་དཔའི་ང་རྒྱལ་གྱི་སྤྱོད་ལམ་རྣམས་བྱེད་དོ། །
ཐུན་ཚད་ནི་ཉིན་ལ་བཞི། མཚན་ལ་བཞིའམ། ཡང་ན་གསུམ་གསུམ་དུ་ཤེས་པར་བྱའོ། །ཐུན་མཚམས་སུ་གཏོར་མ་བཏང་བ་ནི། སྤྱིར་སྒྲུབ་ཐབས་འདི་ཐམས་ཅད་ལ། རང་རང་གི་གཞུང་ནས་གཏོར་མ་བསྟན་པ་རྣམས་བསྟན་བཞིན་བྱ། མ་བསྟན་པ་རྣམས་ལ་གཏོར་མ་ཤེས་པར་བྱ་སྟེ། དེའང་ཐུན་མཚམས་སུ་ཤེས་པར་བྱ་བའི་ཕྱིར་དང༌། བར་ཆད་ཞི་བར་བྱ་བའི་ཕྱིར་དང༌། ཚོགས་བསག་པར་བྱ་བའི་ཕྱིར་གཏོར་མ་ཤེས་པར་བྱའོ། །དེའང་བླ་མ་ཁམས་པས་གཏོར་མ་ལྕགས་ཀྱི་སྣོད་དུ་མི་བྱ་སྟེ། རིགས་དྲུག་ཏུ་བསྔོ་ཙམ་ན་རོ་ལངས་ལ་མི་ཤིས་པས་སོ། །སྣོད་གཞན་ནི་འདྲ་སྟེ་གཙང་བ་ཅིག་གཅེས་སོ། །གཏོར་མའི་སྣོད་ཚད་ནི་ཡ་ཐ་ལ་ཚད་མེད། མ་ཐ་ཕུལ་ཕྱེད་ཤོང་བ་དང༌། རྒྱུ་ནི་ཡ་ཐ་ལ་ཚད་མེད། མ་ཐ་འབྲས་སམ་ནས་ཉག་མ་བདུན། རྒྱུ་ཆུང་ཚད་དེ་ལས་མེད་ཀྱང༌། གཏོར་སྣོད་ཡོད་ཚད་ཆུས་དགང་ངོ༌། །སྣོད་དང་ཆུའི་ཚད་དེ་གཞུང་ཅིག་ན་ཡོད་གསུང༌། དེ་ལྟར་བཤམས་ལ་བྱིན་རླབས་ནི་འབྲུ་གསུམ་བརྗོད་དེ། ཨོཾ་གྱིས་བདུད་རྩིའི་རང་བཞིན་དུ་དཀར་མེར་སོང༌། ཨཱཿས་བདུད་རྩི་དཀར་བ་དེ་ལ་དམར་བའི་མདངས་ཕྱུང་བར་བསམ། ཧཱུྃ་གིས་བདུད་རྩི་དེ་ཁོལ་བར་བསམ། དེ་ནས་ཡི་གེ་གསུམ་མམ་བདུན་བརྗོད་པས། རང་དབང་དུ་མཎྜལ་ཅིག་བསམ། དེའི་སྟེང་དུ་རང་གི་ལྷ་གང་ཡིན་པ་དེ་སྐད་ཅིག་ཙམ་གྱིས་བསྐྱེད། རང་གི་ཐུགས་ཀ་ནས་འོད་འཕྲོས་ནས། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ལ་བསྟིམ། དེ་ནས་རང་གང་ཡིན་པའི་སྔགས་གསུམ་མམ་བདུན་བརྗོད་པས། རང་དང་མདུན་ན་མོ་གཉིས་ཀའི་ལྕེ་རྡོ་རྗེའི་སྦུ་གུར་བསམས་ལ་དེས་གསོལ་བས་ཚིམ་པར་བསམ། དེ་ནས་ལྷག་མ་ལུས་པ་རྣམས་ཀྱིས་ཨ་ཀཱ་རོས་ཕྱོགས་སྐྱོང་རྣམས་ཚིམ་པར་བསམ་མོ། །གཏོར་མ་མཆོད་པའི་ཐོག་མཐའ་ཅན་ཞེས་གཞུང་འགའ་ལས་བཤད་པས། མགྲོན་སྤྱན་དྲངས་རྗེས་དང༌། གཤེགས་སུ་གསོལ་བའི་རྗེས་ལ་མཆོད་པ་བྱའོ། །རང་འདོད་པའི་ཕྲིན་ལས་གཞོལ་ལོ། །སྤྱིར་གཏོར་མ་ལ་མགྲོན་སྤྱན་དྲངས་ནས་བྱིན་གྱིས་རློབ་པ་ཅིག་དང༌།
བྱིན་གྱིས་བརླབས་ནས་མགྲོན་སྤྱན་འདྲེན་པ་ཡང་ཡོད་པས། ཌཱ་ཀི་གཉེན་པ་བདེ་མཆོག་སོགས་བྱིན་རླབས་བྱས་ནས་སྤྱན་འདྲེན། འདིར་གང་བྱས་ཀྱང་ཉེས་པ་མེད་དེ། ཨཱཿས་དམར་པོར་སོང་བ་ནི། གཏོར་མས་ལྷ་དབང་དུ་བྱེད་ལ་དམར་པོ་ཤིས་པས་སོ། ། །།སྤྱིར་ཐང་སྐུ་བྱ་བའི་དུས་ནི་གཉིས་ཏེ། དུས་ཁྱད་པར་ཅན་དང་ཁྱད་པར་ཅན་མ་ཡིན་པའོ། །དང་པོ་ནི། སྨིན་དྲུག་དང༌། གྲེ་དང༌། ས་ག་དང༌། ཆུ་སྟོད་དོ། །དེ་ཉིད་ཀྱི་ཚེ་རྫོགས་པར་བྱས་ལ་ཁྲུས་བྱས་ཏེ། མེ་ཏོག་ལ་རྟེན་འབྲེལ་བཟླས་ལ་གཏོར་བས་རབ་གནས་སོ། །གཉིས་པ་ཚེས་གཅིག་ནས་ཉའི་བར་དུ་རྫོགས་པར་བྱས་ལ་རབ་གནས་ནི་བུམ་ཆུ་ལ་སོགས་པས་ཁྲུས་བྱས་ཏེ། གདན་གསར་པ་ལའང་བཞུགས་སུ་གསོལ་ཏེ། ས་བོན་དང་ཕྱག་མཚན་གྱི་སྒོ་ནས་དམ་ཚིག་སེམས་དཔའ་བསྐྱེད། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཡེ་ཤེས་སེམས་དཔའ་བསྐྱེད་ལ་ཡིད་ཀྱིས་དེ་ལ་གཞུག རྟེན་འབྲེལ་བཟླས་ལ་ཁྲུས་བྱས་ལ་མཆོད་པ་ལྔས་མཆོད་ནས་ན་བཟའ་ལ་སོགས་པ་ཕུལ་ཏེ། རབ་གནས་ཀྱི་ཆོ་གའོ། །དེ་ལྟར་རི་མོ་བྱས་ལ། རས་བྲིས་དེ་མདུན་དུ་བཞག་ལ་མཎྜལ་ལེགས་པར་བྱས་ལ་མཆོད་པ་སོགས་བཤམས། རས་བྲིས་རས་སམ་དར་གྱིས་གཡོགས་ལ་དབུའི་གཙུག་ཏོར་བཏོན་ལ་དེ་ལ་དམིགས། དེ་གསལ་བ་དང་ཞལ་བཏོན་ལ་དམིགས། དེ་བཞིན་དུ་སྐུ་རྫོགས་པ་ལ་དམིགས་ཏེ་བྱའོ། །དེ་གསལ་བ་དང་ཕྲིན་ལས་གང་བྱེད་ཀྱང་འགྲུབ་སྟེ། རི་མོའི་དགོས་པ་སེམས་བཟུང་ཐབས་སོ། །རྫོགས་རིམ་ཀྱང་འགྲུབ་བོ། །སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང༌། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང༌། །ཞེས་གསུངས་སོ། །འབྲས་བུ་སྐུ་གསུམ་ལས་བསྐྱེད་རིམ་གྱིས་གཟུགས་སྐུ་གཉིས་རྫོགས་རིམ་གྱིས་ཆོས་སྐུའོ། །བསྐྱེད་རིམ་གྱིས་སྒྲུབ་ཐབས་ཕྱི་ནང་ཀུན་ལ་མི་རྟོག་པ་ཡོད་པས། བསྐྱེད་རིམ་ཁོ་ན་ལ་གཉིས་ཀ་ཚང་ངོ༌། །ཐུན་བཞི་དང་གསུམ་དུ་འགོད་ལུགས་ཀྱང་ཤེས་པར་བྱའོ། །དེ་དག་ནི་སྒྲུབ་ཐབས་བསྡུས་པའི་སྒྲུབ་ཐབས་ཐམས་ཅད་ལ་སྤྱིར་འཇུག་པའི་མན་
ངག་གོ །སོ་སོ་ནི་གཞུང་སོ་སོར་བལྟ་བར་བྱའོ། །སྒྲུབ་ཐབས་བསྡུས་པའི་མན་ངག་གོ །ས་མཱཔྟ་མི་ཐི།། །།དང་པོ་རྡོ་རྗེ་གདན་ནི་ཨ་ལས་ཟླ་བ་ལ་ཧཱུྃ་ངོ༌། །གཉིས་པ་བརྟན་པའི་འཁོར་ལོ་ནི་ཨ་ཐུང་ངུ་དང་མུཿལས་སོ། །གསུམ་པ་ཡང་བརྟན་པའི་འཁོར་ལོ་ནི་ཨ་ལས་ཟླ་བ་ལ་མུཿལས་སོ། །བཞི་པ་ཚིག་ལྷུག་པའི་བརྟན་འཁོར་ནི་ཨ་ལས་ཟླ་བ་ལ་མུཿལས་སོ། །ལྔ་པ་ཚིག་ལྷུག་པའི་ཨ་ར་པ་ཙ་ན་ནི་ཟླ་བ་ལ་དྷཱིཿའོ། །དྲུག་པ་ཨ་ར་པ་ཙ་ན་ནི་ཟླ་བ་ལ་དྷཱིཿའོ། །བདུན་པ་འཕགས་པ་འཇམ་དཔལ་ནི་ཟླ་བ་ལ་མུྃ་མོ།«་་་་་མུཿ »།བརྒྱད་པ་འཇམ་པའི་རྡོ་རྗེ་ནི་ཟླ་བ་ལ་དྷཱིཿལས་སོ། །དགུ་པ་ངག་གི་དབང་པོ་ནི་ཟླ་བ་དང་མུྃ་ལས་སོ། །བཅུ་པ་རྒྱལ་པོ་རོལ་པ་ནི་ཟླ་བ་ལ་མྃ་ལས་སོ། །བཅུ་གཅིག་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་འཇམ་དཔལ་ནི་ཟླ་བ་ལ་ཐིཾ་«་་་་་དྷཱིཿ»ལས་སོ། །བཅུ་གཉིས་པ་རིག་པ་འཛིན་པ་ནི་ཟླ་བ་ལ་དྷཱིཿལས་སོ། །བཅུ་གསུམ་པ་ཡང་འཕགས་པ་འཇམ་དཔལ་ནི་ཟླ་བ་དང་ཐིཾ་«་་་་་དྷཱིཿ»ལས་སོ། །བཅུ་བཞི་པ་ཡན་ལག་མེད་པའི་འཇམ་པའི་རྡོ་རྗེ་ཟླ་བ་ལ་ཧྃ་ལས་སོ། །བཅོ་ལྔ་པ་ཆོས་དབྱིངས་ངག་དབང་ནི་ཟླ་བ་དང་འོད་ཟེར་རོ། །བཅུ་དྲུག་པ་མཚན་བརྗོད་ཀྱི་ནི་ཟླ་བ་དང་མུཿདམར་པོ་ལས་སོ། །བཅུ་བདུན་པ་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པ་ནི་ཟླ་བ་དང་མྃ་ལས་སོ། །བཅོ་བརྒྱད་པ་འཇམ་དཔལ་ཤེས་རབ་འཁོར་ལོ་ནི་ཟླ་བ་དང་ཨའམ་དྷཱིཿའོ། །ཉི་ཤུ་པ་གཤིན་རྗེ་ནག་པོ་ནི་ཉི་མ་ལ་ཧཱུྃ་ལས་སོ། །ཉེར་གཅིག་པ་གཤིན་རྗེ་ནི་ཉི་མ་ལ་ཧཱུྃ་ལས་སོ། །ཉེར་གཉིས་པ་གཤིན་རྗེ་ནི་ཟླ་བ་ལ་ཧཱུྃ་ལས་སོ། །ཉེར་གསུམ་པ་རྡོ་རྗེ་ཆོས་ནི་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་བཞི་པ་སེངྒེ་སྒྲ་ནི་པདྨ་དང་སེངྒེའི་སྟེང་དུ་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་ལྔ་པ་ཧ་ལ་ཧ་ལ་ནི་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་དྲུག་པ་ཁརྶ་པཱ་ཎི་ནི་ཟླ་བ་ལ་ཧྲཱིཿལས་སོ། །ཉེར་བདུན་པ་ཡི་གེ་དྲུག་མ་ནི་ཟླ་བ་དང་ཧྲཱིཿལས་སོ། །ཉེར་བརྒྱད་པ་ཧ་རི་ཧ་རི་ལ་ཞོན་པ་ནི་འབྱུང་བ་རིམ་བརྩེགས་དང༌། རི་རབ་སོགས་ཀྱི་སྟེང་དུ་ཟླ་བ་ལ་སྐད་ཅིག་གིས་སོ། །ཉེར་དགུ་པ་ཧ་ལ་ཧ་ལ་ནི་
པད་ཟླ་ལ་ཧྲཱིཿལས་སོ། །སུམ་ཅུ་པ་པདྨ་གར་དབང་ནི་སྣ་ཚོགས་པདྨ་དང་ཟླ་བ་ལ་ཧྲཱིཿལས་སོ། །སོ་གཅིག་པ་སྒྱུ་འཕྲུལ་དྲ་བའི་སྤྱན་རས་གཟིགས་ནི་པད་ཟླ་ལ་ཧྲཱིཿལས་སོ། །སོ་གཉིས་པ་སྒྲོལ་མ་ནི་པད་ཟླ་ལ་ཧྲཱིཿལས་སོ། །སོ་གསུམ་པ་སྒྲོལ་མ་དཀར་མོ་ནི་པད་ཟླ་ལ་ཧྲཱིཿལས་སོ། །སོ་བཞི་པ་སེང་ལྡེང་ནགས་ཀྱི་སྒྲོལ་མ་ནི་པདྨ་དང་ཟླ་བ་ལ་ཏཱྃ་ལས་སོ། །སོ་ལྔ་པ་སྒྲོལ་མ་དཀར་མོ་ནི་པད་ཟླ་ལ་ཏཱྃ་ལས་སོ། །སོ་དྲུག་པ་ཨཽ་ཌྱན་གྱི་འོད་ཟེར་ཅན་ནི་པད་ཉིའི་སྟེང་དུ་མྃ་ལས་སོ། །སོ་བདུན་པ་རྟོག་ལས་གསུངས་པའི་འོད་ཟེར་ཅན་ནི་པད་ཉི་ལ་མྃ་ལས་སོ། །སོ་བརྒྱད་པ་རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་ནི་ཟླ་བ་ལ་མྃ་ལས་སོ། །སོ་དགུ་པ་མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་ནི་པད་ཟླ་ལ་མྃ་སེར་པོ་ལས་སོ། །བཞི་བཅུ་པ་ཨཽ་ཌྱན་གྱི་འོད་ཟེར་ཅན་ནི་པད་ཉི་ལ་མྃ་ལས་སོ། །ཞེ་གཅིག་པ་ཨཽ་ཌྱན་གྱི་འོད་ཟེར་ཅན་ནི་པད་ཉི་ལ་ཧཱུྃ་ལས་སོ། །ཞེ་གཉིས་པ་ཙུནྡ་ནི་པད་ཟླ་ལ་ཙྃ་ལས་སོ། །ཞེ་གསུམ་པ་གནོད་གནས་ནི་པད་ཟླ་ལ་ཛྃ་ལས་སོ། །ཞེ་བཞི་པ་ཨུ་ཙུཥྨ་ཛམྦྷ་ལ་ནི་པད་ཟླ་ལ་ཧཱུྃ་ལས་སོ། །ཞེ་ལྔ་པ་ནོར་རྒྱུན་མ་ནི་པད་ཟླ་ལ་བྃ་ལས་སོ། །ཞེ་དྲུག་པ་ཁྲོ་གཉེར་ཅན་ནི་པད་ཟླ་ལ་བྷྲཱྀཾ་ལས་སོ། །ཞེ་བདུན་པ་བྱམས་པ་ནི་པད་ཟླ་ལ་མཻཾ་ལས་སོ། །ཞེ་བརྒྱད་པ་ཤེས་རབ་ཕ་རོལ་ཕྱིན་མ་ནི་པད་ཟླ་ལ་ཨྃ་ལས་སོ། །ཞེ་དགུ་པ་ཤེས་རབ་ཕ་རོལ་ཕྱིན་མ་ནི་པད་ཟླ་ལ་པྲྃ་ལས་སོ། །ལྔ་བཅུ་པ་ཤེས་རབ་ཕ་རོལ་ཕྱིན་མ་ནི་པད་ཟླ་ལ་དྷཱིཿལས་སོ། །ང་གཅིག་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ནི་པད་ཟླ་ལ་དྷཱིཿལས་སོ། །ང་གཉིས་པ་བསྡུས་པའི་ཤེས་ཕྱིན་ནི་པད་ཟླ་ལ་དྷཱིཿསེར་པོ་ལས་སོ། །ང་གསུམ་པ་མི་གཡོ་བ་ནི་པད་ཉིད་ལ་ཧཱུྃ་ལས་སོ། །ང་བཞི་པ་གཏུམ་པོ་ཆེན་པོ་ནི་པད་དཀར་ཉི་མ་ལ་ཧཱུྃ་ལས་སོ། །ང་ལྔ་པ་རྡོ་རྗེ་ཧཱུྃ་མཛད་ནི་པད་ཉི་ལ་ཧཱུྃ་ལས་སོ། །ང་དྲུག་པ་རི་ཁྲོད་ལོ་མ་ཅན་པད་ཟླ་ལ་བྃ་སེར་པོ་ལས་སོ། །ང་བདུན་པ་དབྱངས་ངན་མ་ནི་པད་ཟླ་ལ་དོཿལས་སོ། །ང་བརྒྱད་པ་བགེགས་དགྲ་ནི་པད་ཉི་ལ་ཧཱུྃ་ལས་སོ། །ང་དགུ་པ་རལ་པ་གཅིག་མ་ནི་པད་ཉི་ལ་ཏཱྃ་«་་་་་ཊཱྃ་»ལས་སོ། །དྲུག་ཅུ་པ་དུག་སེལ་མ་ནི་པད་ཉི་ལ་ཛཱྃ་ལས་སོ། །རེ་གཅིག་པ་རིགས་བྱེད་མ་ནི་པད་ཉི་ལ་ཧྲཱིཿལས་སོ།«་་་་༌།ཨོཾ་»
རེ་གཉིས་པ་ཡང་རྟོག་པ་ལས་གསུངས་པའི་རིགས་བྱེད་མ་ནི་པད་ཟླ་ལ་ཧྲཱིཿལས་སོ། །རེ་གསུམ་པ་ཨཽ་ཌྱན་གྱི་རིགས་བྱེད་མ་ནི་པད་ཟླ་ལ་ཧྲཱིཿལས་སོ། །རེ་བཞི་པ་ཨཽ་ཌྱན་ནས་བྱུང་བའི་རིགས་བྱེད་མ་ནི་པད་ཉི་ལ་ཧཱུྃ་«་་་་་ཧྲཱིཿ»ལས་སོ། །རེ་ལྔ་པ་ཁམས་གསུམ་དབང་དུ་བྱེད་པ་ནི་པད་ཉི་ལ་ཧྲཱིཿལས་སོ། །རེ་དྲུག་པ་གནོད་གནས་ནི་པད་ཟླ་ལ་བྃ་ལས་སོ། །རེ་བདུན་པ་རྒྱ་ནག་རིམ་པའི་སྒྲོལ་མ་ནི་པད་ཟླ་ལ་ཏཱྃ་ལས་ཐོད་པའི་ནང་དུ་གྲི་གུག་ཧཱུྃ་གིས་མཚན་པ་ལས་སོ། །རེ་བརྒྱད་པ་རྡོ་རྗེ་སྒྲོལ་མ་ནི་པད་ཟླ་ལ་ཏཱྃ་ལས་སོ། །རེ་དགུ་པ་གཤིན་རྗེ་དམར་པོ་ནི་པད་ཉི་ལ་ཧཱུྃ་ལས་སོ། །བདུན་ཅུ་པ་སོ་སོར་འབྲང་མ་ནི་པད་ཟླ་ལ་པྲྃ་ལས་སོ། །དོན་གཅིག་པ་གཙུག་ཏོར་རྣམ་རྒྱལ་ནི་པདྨ་ཟླ་ལ་བྷྲཱུྃ་ལས་སོ། །དོན་གཉིས་པ་རྨ་བྱ་ཆེན་མོ་ནི་པད་ཟླ་ལ་མཱྃ་ལས་སོ། །དོན་གསུམ་པ་སྟོང་ཆེན་མོ་ནི་པད་ཟླ་ལ་བྷྲཱུྃ་«་་་་་བྲུྃ་»ལས་སོ། །དོན་བཞི་པ་གསང་སྔགས་རྗེས་སུ་འཛིན་མ་ནི་པད་ཉི་ལ་ཧཱུྃ་ལས་སོ། །དོན་ལྔ་པ་བསིལ་བའི་ཚལ་ཆེན་མོ་ནི་པད་ཉི་ལ་ཛཱིཾ་«་་་་་ཛྲཱིཾ་»ལས་སོ། །དོན་དྲུག་པ་ཕྱིར་ཟློག་པ་ཆེན་མོ་ནི་པད་ཟླ་ལ་ཧཱུྃ་ལས་སོ། །དོན་བདུན་པ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནི་པད་ཉི་ལ་ཧཱུྃ་ལས་སོ། །དོན་བརྒྱད་པ་རྣམ་རྒྱལ་ནི་པད་ཟླ་ལ་ཨོཾ་ལས་སོ། །དོན་དགུ་པ་གནྡྷ་རཱི་ནི་པད་ཟླ་ལ་ཧཱུྃ་ལས་སོ། །བརྒྱད་ཅུ་པ་མགོན་པོ་ནག་པོ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་གཅིག་པ་རྡོ་རྗེ་ལྕགས་སྒྲོག་མ་ནི་པད་ཉི་ལ་«་་་་་ཟླ་»ཧཱུྃ་ལས་སོ། །གྱ་གཉིས་པ་སྟོབས་པོ་ཆེ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་གསུམ་པ་གདུགས་དཀར་ནི་པད་ཟླ་ལ་ཨོཾ་ལས་སོ། །གྱ་བཞི་པ་རྟ་མགྲིན་ནི་པད་ཉི་ལ་ཧྃ་«་་་་་ཧཱུྃ་»ལས་སོ། །གྱ་ལྔ་པ་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་པ་ནི་པད་ཉི་ལ་ཧཱུྃ་ལས་སོ། །གྱ་དྲུག་པ་བདག་མེད་མ་ནི་པད་ཟླ་ལ་ཨྃ་ལས་སོ། །གྱ་བདུན་པ་ཡང་བདག་མེད་མ་ནི་པད་ཟླ་ལ་ཨྃ་ལས་སོ། །གྱ་བརྒྱད་པ་གསེར་མདོག་ཅན་གྱི་ཤེས་ཕྱིན་ནི་པད་ཟླ་ལ་དྷཱིཿལས་སོ། །གྱ་དགུ་པ་རྡོ་རྗེ་ཕག་མོ་ནི་ཆོས་འབྱུང་དབུས་སུ་པདྨ་ལ་ཧྲཱིཿ«་་་་༌།ཧྲཱིཿཧྃ་»ལས་སོ། དགུ་བཅུ་པ་རིགས་བྱེད་མ་ནི་ཆོས་འབྱུང་དབུས་སུ་པདྨ་ལ་ཧྲཱིཿལས་སོ། །གོ་གཅིག་
པ་སྒྲོལ་མ་དཀར་མོ་ནི་པད་ཟླ་ལ་ཧཱུྃ་དཀར་པོ་ལས་སོ། །སྒྲུབ་ཐབས་ཀྱི་གཏད་རྒྱའོ། ༈ །གསུམ་པ་བརྟན་འཁོར་སྐབས་སུ་རྒྱལ་པོ་ཆོས་སྐྱོང་དང་བཙུན་རྒན་གྱི་ལོ་རྒྱུས། སེང་གེ་སྒྲའི་སྐབས་སུ། སྐུ་མདོག་དཀར་པོར་འོང་བའི་ལོ་རྒྱུས། སྒྱུ་འཕྲུལ་དྲྭ་བའི་སྤྱན་རས་གཟིགས་ཀྱི་སྐབས་སུ། དགྲ་ལས་རྒྱལ་བའི་ལོ་རྒྱུས། ཛམྦྷ་ལ་ཆུ་སྟེར་བའི་གནད་ཀ་བཤད། བལ་པོར་རྡོ་རྗེ་ལྕགས་སྒྲོག་གི་སྐུ་གཅིག་ལ་མཆོད་ཙ་ན་བཙོན་ལས་ཐར་པའི་ལོ་རྒྱུས། དཔལ་ལྡན་འབྲས་སྤུང་དུ་བསྒྲུབ་པའི་ལོ་རྒྱུས་གསུང་ངོ༌། །དམ་པ་ཆོས་ཀྱི་མཛོད་དུ་གྱུར་པ་ནི་ལྷ་མོ་མཁར་གྱི་ཀྱེ་ཚང་གི་མི་དགའ་རབ་རྡོ་རྗེའི་སློབ་མ་རྡོ་རྗེ་གདན་པས་མ་བསྒོམས་མི་ཕམ་བཤེས་གཉེན་གྱིས་བསྒྲུབས་པས་གྲུབ་ནས་འདི་བྱས་ཏེ། རྡོ་རྗེ་གདན་པ་ལ་གནང་ངོ༌། །འདི་རྗེ་བཙུན་ཆེན་པོས་མཛད་དོ།། །།
སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་མུན་སེལ་སྒྲོན་མེ།
སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་མུན་སེལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་རཏྣ་ཝརྡྷཱ་ཡ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ཚོགས་ལ་བཏུད་ནས། །སྒྲུབ་ཐབས་ཀུན་ལས་བཏུས་པ་ནས། །བྱུང་བའི་ཡི་དམ་ལྷ་ཚོགས་ཀྱི། །མངོན་རྟོགས་རྗེས་གནང་ཆོ་གར་བཅས། །དམ་པའི་གསུང་བཞིན་བཤད་ཀྱིས་ཉོན། །སྙིང་རྗེ་ཆེན་པོ་དང་ལྡན་པ་བ་རི་ལོ་ཙཱ་བས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་པའི་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་ཆོ་ག་ནི། གནས་དབེན་པར་མཎྜ་ལར་དྲི་བཟང་གིས་ཐིག་ལེ་བྱས་ཏེ། ཐོག་མར་རྡོ་རྗེ་གདན་གཙོ་འཁོར་གསུམ་པའི་ཚོམ་བུ་དགོད། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང་གཏོར་མ་བཤམ། རྗེས་གནང་དུ་བྱེད་ཀྱི་གྲངས་དང་མཉམ་པའི་གཏོར་མ་དང་ལྷ་བཤོས་ལོགས་སུ་སྟ་གོན་བྱ། སློབ་དཔོན་གྱི་མདུན་དུ་ཏིང་ཏིང་ཤགས་དང༌། མེ་ཏོག་ལ་སོགས་པ་བཤམས་ལ། མཆོད་པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཅེས་པས་བསང༌། སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་
ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་སྭཱ་ཧཱ། ཨོཾ་བཛྲ་དྷཱུཔྤེ་སྭཱ་ཧཱ། ཨོཾ་བཛྲ་ཨཱ་ལོ་ཀེ་སྭཱ་ཧཱ། ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་དྱ་སྭཱ་ཧཱ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཨོཾ་བཛྲ་དྷརྨ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སཾ་བྷ་ཝེ། བཛྲ་སཏྭ་ཧྲྀ་ད་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་དང་སོ་སོའི་ཕྱག་རྒྱ་བྱ་ཞིང་མཐར་རོལ་མོ་དཀྲོལ་ཏེ་བྱིན་དབབ། སྐྱབས་འགྲོ་སེམས་བསྐྱེད་མདོར་སྡུས་བྱ། ཚད་མེད་བཞི་བསྒོམ། སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གི་སྔགས་བརྗོད་དེ། རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཁྱབ་འཇུག་སྔོན་པ། ཚངས་པ་དཀར་པོ། བརྒྱ་བྱིན་ལྗང་གུ། དབང་ཕྱུག་དམར་པོ་རྣམས་ཀྱི་སྟེང་དུ་སེང་གེས་བཏེགས་པའི་རིན་པོ་ཆའི་ཁྲི་སྣ་ཚོགས་པདྨ་དང་། རྡོ་རྗེ་དང་བཅས་པའི་ཟླ་བའི་དཀྱིལ་འཁོར་གྱི་
སྟེང་དུ་མྂ་ཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་ཐུབ་པ་རྡོ་རྗེ་གདན་ཞལ་གཅིག་ཕྱག་གཉིས་པ་གཡས་ས་གནོན། གཡོན་མཉམ་གཞག་གི་ཕྱག་རྒྱ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ན་བཟའ་ཆོས་གོས་ངུར་སྨྲིག་གསོལ་ཞིང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱེད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དེའི་གཡས་སུ་བྱམས་པའི་སེར་པོ་གཡས་རིན་པོ་ཆེའི་རྔ་ཡབ། གཡོན་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་འཛིན་པ། གཡོན་དུ་སྤྱན་རས་གཟིགས་དཀར་པོ་གཡས་རིན་པོ་ཆེའི་རྔ་ཡབ་དང་། གཡོན་པདྨ་དཀར་པོ་འཛིན་པ། གཉིས་འང་རིན་པོ་ཆེའི་རྒྱན་དང་དར་གྱི་བཟའ་ཅན། བཅོམ་ལྡན་འདས་ཀྱི་ཞལ་ལ་བལྟ་ཞིང་བཞུགས་པ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་ཅན་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམས་ལ། ཐུགས་ཀར་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལ་འོད་ཟེར་
འཕྲོས་པས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ་ཞིང༌། ཨོཾ་མཱ་རི་ཙྱཻ་མཱཾ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་པའི་མཐར། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་དངོས་གྲུབ་ཀྱི་སྐལ་བ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་གདན་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་པར་བསམ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ་གིས་མདུན་བསྐྱེད་བསང་སྦྱངས། སྟོང་པའི་ངང་ལས་ཕག་སེར་གྱི་རྒྱབ་ཏུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མྂ་ཡིག་སེར་པོ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སླར་འདུས་ཡོངས་སུ་གྱུར་པ་ལས་བདག་ཉིད་འོད་ཟེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་དང༌། གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། མཉམ་པའི་སྟབས་ཀྱིས་བཞེངས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་ཅན་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན་པར་བསམས་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱ་སྭ་བྷཱ་ཝ་ཤུདྡྷོ྅ཧཾ། གིས་གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ལས་ཁ་དོག་དང་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། མཚན་སྔགས་ཀྱི་མཐར། ཨོཾ་ཨ་ཀཱ་རོ་སོགས་ལན་གསུམ་གྱིས་དབུལ། མཆོད་བསྟོད་བསྡུས་པ་བྱ། མདུན་བསྐྱེད་ཀྱི་ཐུགས་ཀར་ས་བོན་གྱི་མཐར་སྔགས་ཕྲེང་བསམས་ལ། སྤྲོ་བསྡུའི་དམིགས་པས་ཐུགས་རྒྱུད་བསྐུལ་བར་བསམ་ཞིང་གོང་ལྟར་
བཟླས་པ་ཅི་རིགས་བྱ། སློབ་མ་རྣམས་ཁྲུས་དང་ཕྱག་བྱས་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང༌། འཁོར་བ་ལས་སྒྲོལ་འདོད་ཀྱི་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་ཉན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་འཇུག་སྒོ་མང་དུ་ཡོད་པ་ལས་འདིར་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ལྷའི་རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་གསུངས་པ་རྣམས། འཕགས་ཡུལ་གྱི་སློབ་དཔོན་སོ་སོས་ཐུགས་ཉམས་སུ་བཞེས་ཤིང༌། སྒྲུབ་པའི་ཐབས་རྒྱས་བསྡུས་སྣ་ཚོགས་མཛད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་པའི་སྒྲུབ་པའི་ཐབས་ཀུན་ལས་བཏུས་པའམ། སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་བསྟན་བཅོས་ཆེན་པོ་ནས་བྱུང་བའི་ཡི་དམ་ཁྱད་པར་ཅན་རྣམས་ཀྱི་རྗེས་སུ་གནང་བ་བསྒྲུབ་པའི་སྐབས་སུ་བབ་པ་ཡིན། དེ་ལས་དང་པོ་ཐུབཾ་པཾ་རྡོ་རྗེ་གདཾན་གཙོཾ་འཁོཾར་གསུཾམ་པཾའི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བགྱི་བར་འོས་པ་ཐམས་ཅད་གྲུབ་ནས། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལ་མཎྜལ་འབུལ་བ། གསོལ་བ་འདེབས་པ། རྒྱུད་ཡོངས་སུ་དག་པར་བྱ་བ། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་དགོས་པས་སློབ་དཔོན་ལ་ལྷག་པའི་ལྷ་དང་ཐ་མི་དད་སྙམ་པའི་མོས་གུས་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ་ཏེ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པ་ལྷ་ཡི་ངོ་བོ་ཉིད། །
དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས། རྒྱུད་དག་པའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཐུབཾ་པཾ་རྡོཾ་རྗེཾ་གདཾན་གཾཙོ་འཁོཾར་གསུམཾ་ལ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པར་མོས་པ་བྱས་ཏེ། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས་ནས་སངས་རྒྱས་འགྲུབ་པར་ཤོག ཅེས་པས་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་ལ་ཐུབཾ་པཾ་རྡོཾ་རྗེཾ་གདཾན་གཾཙོ་འཁོཾར་གསུམཾ་པའིཾ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ། ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས་ནས་ཧཾ། ཞེས་བརྗོད་པས་ཁྱེད་རང་གི་ཕུང་པོ་ཁམས་དང་ཞེས་སོགས་ཀྱིས་སློབ་མ་རྣམས་བདག་བསྐྱེད་ལྟར་གཙོ་འཁོར་རྣམས་ཞལ་ཕྱག་རྫོགས་པར་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས་དེ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་ཐུབཾ་པཾ་རྡོཾ་རྗེཾ་གདཾན་གཾཙོ་འཁོཾར་གསུམཾ་གྱི་སྐུ་ཚད་མེད་གྲངས་མེད། བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་གི་ལུས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་པ་དང་རོལ་མོ་བྱ་ཞིང༌། ཛཿ
ཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཿཨཿཨཿ ཞེས་ཡང་ཡང་བརྗོད་པས་བཅོཾམ་ལྡནཾ་འདཾས་ཀྱི་སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ལུས་བཅཾོམ་ལྡནཾ་འདཾས་ཀྱི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། རྗེས་སུ་བཟླས་པའི་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང༌། སློབ་དཔོན་གྱི་ཞལ་ནས་འཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་འཁོད་པར་མོས་པ་བྱས་ཏེ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་མཛོད། ཅེས་དང༌། སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱར་གཞུག དེ་ལྟར་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ་སློབ་དཔོན་ལ་མེ་ཏོག་གཏོར་ནས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་བསྔགས་སུ་བྱས་ཏེ་ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་གསོལ། །རྡོ་རྗེ་སློབ་མའི་རྒྱུད་ལ་བཅོཾམ་ལྡནཾ་འདཾས་ཐུབཾ་པཾ་རྡོཾ་རྗེཾ་གདཾན་གཾཙོ་འཁོཾར་རྣམཾས་ཀྱི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་འཐོར། དམ་བཅའ་བའི་ལུང་གི་སླད་དུ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཐུབཾ་པཾ་རྡོཾ་རྗེཾ་གདཾན་གཾཙོ་འཁོཾར་གསུམཾ་ཡི་དམ་དུ་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་
བས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཐུབཾ་པཾ་རྡོཾ་རྗེཾ་གདཾན་གཾཙོ་འཁོཾར་གསུམཾ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ལན་གསུམ། དེ་ལྟར་བྱས་པས་བཅོཾམ་ལྡནཾ་འདཾས་ཀྱི་གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། ངག་བཅཾོམ་ལྡནཾ་འདཾས་ཀྱི་གསུང་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་མོས་པ་མཛོད། བྱིན་གྱིས་རློབ་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བཅཾོམ་ལྡནཾ་འདཾས་གཙཾོ་འཁཾོར་གྱི་སྐུ་མཐེབ་སོར་གྱི་ཚད་ཙམ་པ་རེ་ཐུགས་ཀ་ནས་རྒྱངས་ཀྱིས་བྱེ་ནས་བྱོན་པ་ཁྱེད་རང་གི་སྤྱི་བོ་ནས་ཐིམ་སྟེ་ཐུགས་ཀའི་ཧཱུྃཾ་ཡིགཾ་དང་དབྱེར་མེད་དུ་གྱུར་པར་མོས་པ་གྱིས། དེའི་ངང་ནས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གྱིས་གཏད་པས་འཁོར་རྣམས་འོད་ཟེར་གྱི་རྣམ་པར་གྱུར་ཏེ་རང་ལ་ཐིམ་ཞིང༌། རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ཏེ་ཐུགས་ཀའི་ས་བོན་ལ་ཐིམ། ས་བོན་དེ་ཡང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་ལ་བརྟེན་ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་བྲལ་བ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ་ཅུང་ཟད་ཅིག་མཉམ་པར་འཇོག་མཛོད། དེ་ལྟར་བྱས་པས་བཅཾོམ་ལྡནཾ་འདཾས་ཀྱི་ཐུགས་ཀྱི་བྱིན་རླབས་ཞུགས། སེམས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་བྱས། སེམས་བཅོཾམ་ལྡནཾ་འདཾས་ཀྱི་ཐུགས་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་སྙམ་དུ་
མོས་པ་མཛོད། ཅེས་བརྗོད་ལ་སྒྲུབ་ཐབས་ཀྱི་ལུང་བྱ། རྗེས་གནང་གཉིས་པ་ལ་སྒྲུབ་ཐབས་དུ་ཡོད་ཀྱི་ལུང་ཡང་འདིར་བཀླགས་ལ། ཚོམ་བུ་ལ་མཆོད་བསྟོད། འདོད་དོན་ཞུས་ཏེ། མ་འབྱོར་པ་དང་ཉམས་པ་དང༌། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཞེས་པའི་མཐར། ཨོཾ་བཛྲ་མུཿཞེས་དང༌། མཐེབ་སྲིན་གྱིས་སེ་གོལ་བྱས་པས་ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམས་ལ། ལས་ཀྱི་རྡོ་རྗེས་ཚོམ་བུ་རྙིང་པ་བསྡུས་ཏེ་གསར་པ་དགོད། མཆོད་པ་ཁ་གསོ། གཏོར་མ་གསར་པ་བཤམ། དེའི་བར་ལ་སློབ་དཔོན་གྱིས་སྐྱབས་འགྲོ་ནས་མདུན་བསྐྱེད་ཀྱི་བཟླས་པའི་བར་གྱི་སྤྱིའི་ཆིངས་ཐམས་ཅད་གོང་བཞིན་ལས། ལྷའི་གདན། ས་བོན། གཙོ་འཁོར་དུ་ཡོད། རིགས་བདག སྔགས། མཆོད་པའི་སྔོན་གྱི་མཚན་སྔགས། བསྟོད་པ་རྣམས་སོ་སོར་སྦྱོར་ཚུལ་མ་འདྲེས་པར་ཤེས་པར་བྱས་ལ་ཉམས་སུ་བླང༌། སློབ་མས་མཎྜལ་ཕུལ་ལ། ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་ནས་བྱིན་གྱིས་རློབ་པའི་ལུང་གི་བར་སྔར་གྱི་རིགས་འགྲོས་སྦྱར་ལ་བྱ། སླར་ཡང་རྗེས་གནང་ཕྱི་མའི་སྒྲུབ་ཐབས་ཀྱི་ལུང་བྱ་བ་སོགས་གོ་རིམ་ཐམས་ཅད་སྔར་བཞིན་ལས། ཆོས་ཐུན་རེ་རེ་བཞིན་ཡང་རྗེས་གནང་དང་པོ་ལ་གསོལ་འདེབས་རྒྱུན་བཤགས་སོགས་རྒྱས་པར་བྱ་ཞིང༌། རྗེས་གནང་ཕྱི་མའི་ཚེ་འདས་གཏོར་གྱི་ལྷག་མ་ཨོཾ་ཨཱཿཧཱུྃ་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། གཡས་ལྕགས་ཀྱུའི་ཕྱག་རྒྱ་
དང༌། ཨོཾ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿཞེས་མགྲོན་བཀུག་ལ། སྔགས་དེ་ཉིད་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ་ལ། འཇིག་རྟེན་པ་ཡི་འབྱུང་པོ་རྣམས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཆོས་དོན་བདེན་པ་ལ་གནས་ནས། །ཞི་ཞིང་དུལ་བའི་སེམས་སུ་མཛོད། །བདག་ཀྱང་བྱང་ཆུབ་མ་ཐོབ་བར། །གེགས་མེད་བར་ཆད་མེད་པ་དང༌། །དམ་ཚིག་གནས་ལ་གནས་མཛོད་ལ། །བྱང་ཆུབ་ཐོབ་པའི་གྲོགས་ཀྱང་མཛོད། །ཅེས་པས་ཕྲིན་ལས་གཞོལ། ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་གཙྪ་ཞེས་པས་འཇིག་རྟེན་པའི་མགྲོན་གཤེགས་སུ་གསོལ་ལ། མདུན་བསྐྱེད་བརྟན་བྱེད་ཀྱི་བཟླས་པ་བྱ། དེ་ནས་རྗེས་གནང་ཕྱི་མའི་མཐར།«་་་་་འདིའི་དམ་ཚིག་ལས་བླང་ནས་ཤིས་བརྗོད་པར་སྤྱི་ལྟར་དཀྱུས་སུ་བཀོད་པའོ།། »མདོར་ན་དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་བསྡམ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་བཀའ་སྩལ་བ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་ཚིག་བསྡུས་ཏེ་འཛིན་པར་ཁས་བླངས་ནས་རྗེས་སུ་གནང་བ་རྣམས་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ་མཛོད། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ཐམས་ཅད་སློབ་དཔོན་ལ་འབུལ། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱོད་ལ་བདག་ནི་འབུལ་ལགས་ན། །ཁྱོད་ཀྱི་སློབ་མར་བཟུང་བ་དང༌། །ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། །དེ་རྣམས་ཀྱིས་རྗེས་སུ་གནང་བ་ཟབ་མོ་རྣམས་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་
འགྲོ་བ་སྒྲོལ་བར་ཤོག །ཅེས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏོང༌། རྗེས་ཆོག་ནི། སློབ་དཔོན་གྱིས་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་མཆོད་ཅིང་བསྟོད། འདོད་དོན་གསོལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར་བཟོད་གསོལ། གཤེགས་བསྡུ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་ཞེས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །ཡི་དམ་ལྷ་ཚོགས་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་དང༌། སྟོན་མཆོག་དམ་པ་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་པར་བྱའོ། ༈ །བརྟན་པའི་འཁོར་ལོའི་སྒྲུབ་ཐབས་གསུམ་ལ་སྤྱི་འགྲོ་ངོས་ཟིན་པར་བྱས་ལ། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་མུ་ལས་རྗེ་བཙུན་འཇམ་པའི་དབྱངས་བརྟན་པའི་འཁོར་ལོ་གུར་གུམ་གཞོན་ནུའི་མདོག་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ་གཡས་རལ་གྲི་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་སྟོང་ཕྲག་བརྒྱ་པའི་པུསྟི་ཐུགས་ཀར་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་ཐུགས་ཀར་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བ་དང་ཤར་ནས་བརྩམས་ཏེ་ཕྱོགས་བཞིར་ཨ་ར་པ་ཙ་ན། མེ་ནས་བརྩམས་ཏེ་མཚམས་བཞིར་ནི་པྲ་པཉྫ། རྩིབས་རྣམས་ཀྱི་བར་མཚམས་བརྒྱད་དུ་དབྱངས་ཡིག་གཉིས་གཉིས་ཏེ་བཅུ་དྲུག མུ་ཁྱུད་ལ་ཀཱ་ལིའི་ཕྲེང་བ། དེ་རྣམས་གུར་གུམ་གྱི་མདོག་ལྟ་བུ་འོད་འབར་བར་བསམ། མི་བསྐྱོད་པས་དབུར་བརྒྱན། སྔགས། ཨོཾ་ཨ་ར་པ་ཙ་ན་མུཿ མཚན་སྔགས། ཨཱརྻ་མཉྫུ་ཤྲཱི་སྠི་ར་ཙཀྲ། བསྟོད་པ། གཞོན་ནུའི་སྐུ་ལུས་འཆང་བ་པོ། །ཡེ་ཤེས་སྒྲོན་མེ་རབ་ཏུ་གསལ། །འཇིག་རྟེན་གསུམ་གྱི་མུན་སེལ་བ། །འཇམ་
པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །ཨ་ར་པ་ཙ་ནའི་སྒྲུབ་ཐབས་གཉིས་འོག་ནས་འབྱུང་བའི་འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དབྱངས་དང་གསུམ་ལ། པད་ཟླའི་སྟེང་དུ་དྷཱིཿལས་རྗེ་བཙུན་འཇམ་པའི་དབྱངས་ཨ་ར་པ་ཙ་ན་དཀར་པོ་གཡས་རལ་གྲི་གཡོན་པུསྟི་འཛིན་པ། རྒྱན་དང་ན་བཟའ་བཞུགས་ཚུལ་གོང་དང་འདྲ། དེའི་ཐུགས་ཀར་ཨ་ལས་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། དབུས་སུ་ཨོཾ་ལས་རང་འདྲའི་གཙོ་བོ། མདུན་དུ་ར་ལས་དྲྭ་བ་ཅན། རྒྱབ་ཏུ་པ་ལས་ཟླ་འོད། གཡས་སུ་ཙ་ལས་སྐྲ་ཅན་མ། གཡོན་དུ་ན་ལས་ཉེ་བའི་སྐྲ་ཅན་མ་རྣམས་ཞལ་ཕྱག་གཙོ་བོ་མཚུངས་པ། ཡང་ན་ས་བོན་ལྔ་བཀོད་ཀྱང་བཏུབ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨ་ར་པ་ཙ་ན་དྷཱིཿ མཚན་སྔགས། ཨཱརྻ་མཛྙུ་ཤྲཱི་ས་པ་རི་ཝཱ་ར། བསྟོད་པ། རི་བོང་འཛིན་པ་ལྟར་དཀར་གླེགས་བམ་རལ་གྲིས་ཕྱག་མཚན་ཞིང༌། །རབ་མཛེས་ཤིན་ཏུ་ཞི་བའི་གཞོན་ནུ་ཟུར་ཕུད་ལྔ་ལྡན་པ། །དགའ་བ་རྒྱ་ཆེན་ཐར་མཆོག་སྤྱན་ནི་པདྨའི་འདབ་ལྟར་ཡངས། །བློ་གྲོས་ངན་པ་སྲེག་མཛད་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །འཇམ་པའི་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ནི། པད་ཟླའི་སྟེང་དུ་མུཿསེར་པོ་ལས་འཇམ་དཔལ་གཞོན་ནུར་གྱུར་པ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་གུར་གུམ་གྱི་མདོག་ཅན། གཡས་སྔོ། གཡོན་དཀར་བ། ཕྱག་དྲུག་གི་གཡས་པ་རྣམས་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་པ་རྣམས་ན་ཤེར་ཕྱིན་གྱི་གླེགས་བམ། ཨུཏྤ་ལ་སྔོན་པོ། གཞུ། རྒྱན་དང་ན་བཟའ་བཞུགས་ཚུལ་འདྲ། རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་མུཿ མཚན་སྔགས་འདྲ། བསྟོད་པ། གཞོན་ནུའི་སྐུ་ལུས་སོགས། ༈ །འཇམ་པའི་
རྡོ་རྗེ་ལྷ་ལྔ་ནི། རྨ་བྱའི་ཁྲིའི་སྟེང་དུ་པདྨ་དམར་པོ་འདབ་མ་བཞི་བའི་དབུས་སུ་ཕྱོགས་བཞིར་ཟླ་བའི་དཀྱིལ་འཁོར་རེ་རེའི་སྟེང་དུ། དབུས་སུ་ཧཱུྃ་ལས་འཇམ་པའི་རྡོ་རྗེ། ཤར་ནས་བརྩམས་ཏེ་ཕྱོགས་བཞིར་མོ་ཧ་ཀུ་མཱ་རཱི། རཱ་ག་ཀུ་མཱ་རཱི། ཨཱིརྵྱ་ཀུ་མཱ་རཱི། ཀུ་ལ་ཀུ་མཱ་རཱི་རྣམས་སྐུ་མདོག་དམར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། རྒྱན་དང་ན་བཟའ་བཞུགས་ཚུལ་གོང་དང་འདྲ། ཡང་ན་གཙོ་བོའི་ཐུགས་ཀར་ལྷ་ལྔ་བསྐྱེད་ཡང་རུང༌། གཙོ་བོ་ལ་འོད་དཔག་མེད། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། ཨོཾ་ཧྲཱིཿམྃ་ཧོཿམྃ་ཧཱུྃ། ཨོཾ་པྲཱུྃ་ལྃ་ཧཱུྃ། ཨོཾ་ཏྲྃ་ཏྲྃ་ཧཱུྃ། ཨོཾ་ཧྲཱི་མྃ་ཧཱུྃ། ཨོཾ་ཁྃ་ཏྃ་ཧཱུྃ། མཚན་སྔགས་དང་བསྟོད་པ་འདྲ། ༈ །ངག་གི་རྒྱལ་པོ་ནི། སེང་གེ་སྔོན་པོ་མགོ་གཡས་སུ་བསྟན་པའི་སྟེང་དུ་པདྨ་དང་ཟླ་བ་ལ་མུ་ཡིག་གསེར་བཙོ་མའི་མདོག་ཅན་ལས་འཇམ་པའི་དབྱངས་ངག་གི་རྒྱལ་པོ་སྐུ་མདོག་གསེར་ཞུན་མ་ལྟ་བུ་ཞལ་གཅིག ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་ཨུཏྤ་ལ་སྔོན་པོ་ལ་གནས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་པུསྟི་འཛིན་པ། རྒྱན་དང་ན་བཟའ་འདྲ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེའི་གཡོན་མདུན་དུ་ཁྲོ་བོ་གཤིན་རྗེའི་གཤེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་པས་བཅོམ་ལྡན་འདས་ཀྱི་ངར་གདོང་གཡོན་ལ་བརྟེན་ཅིང༌། གཡོན་པས་དབྱུག་པ་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། སྐྲ་སེར་པོ་གྱེན་དུ་བརྫེས་པ། ཐོད་པའི་ཕྲེང་བས་དབུ་ལ་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། གཙོ་བོ་ལ་ཞལ་བལྟ་བའི་ཚུལ་གྱིས་བཞུགས་པ། གཙོ་བོ་ལ་མི་བསྐྱོད་པ། གཤིན་རྗེའི་གཤེད་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། ཨོཾ་དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་རི་མུྃཿ མཚན་སྔགས། ཝཱ་གཱི་ཤྭ་རི་ས་པ་རི་ཝཱ་ར།
བསྟོད་པ་འདྲའོ། ༈ །འཇམ་དཔལ་རྒྱལ་པོ་རོལ་པ་ནི། སེང་གེ་དང་པད་ཟླ་ལ་མྃ་ལས་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་པ་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། ཕྱག་གཡས་པུས་མོ་གཡས་ཀྱི་སྟེང་དུ་ཁ་བུབ་ཏུ་བརྐྱང་ཞིང༌། གཡོན་པས་ཨུཏྤ་ལ་སྔོན་པོའི་ཡུ་བ་ཐུགས་ཀར་བཟུང་ཞིང་འདབ་མ་སྙན་གྱི་ཐད་ཀར་ཁ་བྱེ་བ། རྒྱན་དང་ན་བཟའ་འདྲ། མི་བསྐྱོད་པས་དབུར་བརྒྱན། ཝཱ་གཱི་ཤྭ་རི་མུྃཿ མཚན་སྔགས། ཨོཾ་ཝཱ་གཱི་ཤྭ་ར། བསྟོད་པ་འདྲ། ༈ །རིག་པ་འཛིན་པའི་སྡེ་སྣོད་ནས་བསྡུས་པ་དང་གསུངས་པའི་འཇམ་དཔལ་གྱི་སྒྲུབ་ཐབས་གཉིས་ཡེ་ཤེས་ཀྱི་སྦྱོར་བ་དང་གསུམ་ནི། པད་ཟླ་ལ་ཐིག་ལེ་དཀར་པོ་ལས་དྷཱིཿཡིག་དཀར་པོ་དེ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་ཨ་ར་པ་ཙ་ན་དཀར་པོ་རལ་གྲི་དང༌། པུསྟི་འཛིན་པ། རྒྱན་དང་ན་བཟའ་འདྲ། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་དྷཱིཿསྭཱ་ཧཱ། མཚན་སྔགས། མཉྫུ་ཤྲཱི། བསྟོད་པ་འདྲའོ། ༈ །གུར་ནས་གསུངས་པའི་ཡན་ལག་མེད་པའི་རྡོ་རྗེ་ནི། པད་ཟླའི་སྟེང་དུ་ཧྃ་ལས་ཡན་ལག་མེད་པའི་རྡོ་རྗེ་འཇམ་པའི་དབྱངས་སྐུ་མདོག་སེར་པོ་ཕྱག་དྲུག་པ། དང་པོ་གཉིས་ཀྱི་ཨུཏྤ་ལ་དམར་པོའི་མདེའུ་ཅན་གྱི་མདའ་དང་མེ་ཏོག་གི་གཞུ་རྣ་བའི་དྲུང་དུ་འགེངས་པ། བར་པ་གཉིས་ཀྱིས་རལ་གྲི་དང་ཨུཏྤ་ལ་སྔོན་པོ། འོག་མ་གཉིས་ཀྱིས་མེ་ལོང་དང་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། རྒྱན་དང་ན་བཟའ་འདྲ། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་མཉྫུ་གྷོ་ཥ་ཧྲཱིཿཛཿ མཚན་སྔགས། ཨ་ནངྒ་བཛྲ་མཉྫུ་གྷོ་ཥ། བསྟོད་པ་འདྲའོ། ༈ །ཆོས་
དབྱིངས་གསུང་དབང་ནི། པད་ཟླའི་སྟེང་དུ་ཨ་ཡིག་ལས་ཆོས་དབྱིངས་གསུང་གི་དབང་ཕྱུག་དཀར་པོ་ཞལ་བཞི་དཀར་བ། ཕྱག་བརྒྱད་ཀྱི་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ། གཡས་འོག་མ་གསུམ་ན་རལ་གྲི། མདའ། རྡོ་རྗེ། གཡོན་འོག་མ་གསུམ་ན་ཤེར་ཕྱིན་གྱི་པུསྟི། གཞུ། དྲིལ་བུ་འཛིན་པ། རྒྱན་དང་ན་བཟའ་འདྲ། རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཐུགས་ཀར་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ། དཔྲལ་བར་ཏྲཱྃ་ལས་རིན་པོ་ཆེ་སེར་པོ་ཏྲཱྃ་གིས་མཚན་པ། མགྲིན་པར་ཧྲཱིཿལས་པདྨ་དམར་པོ་ཧྲཱིཿས་མཚན་པ། སྤྱི་གཙུག་ཏུ་ཨ་ལས་སྣ་ཚོགས་རྡོ་རྗེ་ཨས་མཚན་པ་བསྐྱེད། རིགས་ལྔས་དབུར་བརྒྱན། ཨོཾ་བཛྲ་ཏཱིཀྵྞ་དུཿཁ་ཙྪེ་ད་པྲཛྙཱ་ཛྙཱ་ན་མཱུརྟ་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤཱར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ མཚན་སྔགས། དྷརྨ་དྷཱ་ཏུ་ཝཱ་གཱི་ཤྭ་ར། བསྟོད་པ་འདྲའོ། ༈ །མཚན་ཡང་དག་པར་བརྗོད་པའི་འཇམ་དཔལ་ནི། ནམ་མཁར་ཧཱུྃ་ཡིག་ལས་བྱུང་བའི་རྡོ་རྗེ་རྩེ་ལྔ་པ་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་བཞི་རྭ་བ་གུར། རྡོ་རྗེ་དེ་ཉིད་ཞུ་བ་ལས་བྱུང་བའི་འོད་ཟེར་གྱི་རྭ་བས་ཡོངས་སུ་བསྐོར་བའི་ནང་དུ་ཧྲཱིཿལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མུྃ་ཡིག་ལས་རྗེ་བཙུན་འཇམ་པའི་དབྱངས་ཞལ་གསུམ་ཕྱག་བཞི་པ་སྐུ་དང་རྩ་ཞལ་དཀར་ལ་དམར་པའི་མདངས་ཅན། ཕྱག་དང་པོ་གཉིས་ཀྱི་རལ་གྱི་དང་པུསྟི། འོག་མ་གཉིས་ཀྱིས་མདའ་དང་གཞུ་འཛིན་པ། རྒྱན་དང་ན་བཟའ་འདྲ། དེའི་ཐུགས་ཀར་སེམས་མ་རྡོ་རྗེ་མ་དཀར་མོ་གཡས་རལ་གྲི་སྙིང་གར་འཛིན་ཅིང༌། གཡོན་དྲིལ་བུ་དཀུར་བརྟེན་པ། དཔྲལ་བར་རིན་ཆེན་རྡོ་རྗེ་སེར་མོ་སྤྱི་བོར་མེ་ཏོག་གི་ཕྲེང་བ་འཛིན་པ། མགྲིན་པར་པདྨ་རྡོ་རྗེ་མ་དམར་སེར་གཡོན་པདྨ་འཛིན་ཅིང་གཡས་པས་དེའི་ཁ་འབྱེད་པ། སྤྱི་བོར་ལས་ཀྱི་རྡོ་རྗེ་མ་ལྗང་གུ་ཕྱག་གཉིས་ཀྱིས་
རྡོ་རྗེ་རྩེ་གསུམ་པ་འཚིར་བའི་ཚུལ་གྱིས་སྤྱི་བོར་འཛིན་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་སརྦ་དྷརྨཱ་བྷཱ་ཝ། སྭཱ་བྷཱ་ཝ་བི་ཤུདྡྷ་བཛྲ་ཙཀྵུཿ ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦ་དྷརྨཱ་ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ། མཛྙུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི། ཨ་ཨཱཿ སརྦ་ཏ་ཐ་ག་ཏ་ཧྲྀ་ད་ཡ་ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿབྷ་ག་ཝཱན་ཛྙཱ་ན་མཱུརྟི། ཝཱ་གཱི་ཤྭ་ར་མ་ཧཱ་པཱ་ཙ། སརྦ་དྷརྨཱ་ག་ག་ནཱ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ མཚན་སྔགས་ནི། ཨཱརྻ་མཉྫུ་ཤྲཱི། བསྟོད་པ་འདྲའོ། ༈ །འཇམ་དཔལ་དཔའ་བོ་གཅིག་གྲུབ་ནི། པད་ཟླའི་སྟེང་དུ་མྃ་ཡིག་ལས་དཔའ་བོ་གཅིག་ཏུ་གྲུབ་པ་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན། གཡོན་ཨུཏྤ་ལ་སྔོན་པོ་འཛིན་པ། རྒྱན་དང་ན་བཟའ་འདྲ། རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། སྔགས་ཨོཾ་ཝཱ་ཀྱེ་དཾ་ན་མཿ ཞེས་དང༌། ཨོཾ་ཧྲཱིཿཧཱུྃ། མཚན་སྔགས། ཨཱརྻ་མཉྫུ་བཛྲ་སིདྡྷི་ཀ་བཱི་ར། བསྟོད་པ་འདྲའོ། ༈ །འཇམ་དཔལ་ཤེས་རབ་འཁོར་ལོ་ནི། པད་ཟླ་ལ་ཨ་ཡིག་ལས་འཇམ་པའི་དབྱངས་ཤེས་རབ་འཁོར་ལོ་དཀར་པོ་རལ་གྲི་དང་པུསྟི་འཛིན་པ། རྒྱན་ན་བཟའ་བཞུགས་ཚུལ་གོང་མ་དང་འདྲ། དེའི་ལྟེ་བར་ཟླ་བ་དང༌། པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་དཀར་པོ་རྩིབས་དྲུག་པའི་ལྟེ་བར་དྷཱིཿལས་རང་འདྲའི་རྗེ་བཙུན་ཨ་ར་པ་ཙ་ན། རྩིབས་དྲུག་ལ་ཨོཾ་བཛྲ་ཏཱིཀྵྞ་དྷཱྃ། ཕྱི་སྐོར་ལ་རྀ་ལྀ་བཞི་སྤངས་པའི་དབྱངས་ཡིག་བཅུ་གཉིས། མུ་ཁྱུད་ལ་ང་ཉ་ན་མ་བཞི་སྤངས་པའི་གསལ་བྱེད། རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་བཛྲ་ཏཱིཀྵྞ་དྷཱྃ། མཚན་སྔགས་དང་བསྟོད་པ་འདྲའོ། །འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དཔལ་གྱི་རྗེས་གནང་གོང་གི་ཨ་ར་པ་ཙ་ན་ལས་ལོགས་སུ་མི་དགོས། ༈ །གདོང་དྲུག་ནི། པྃ་ལས་
པདྨ་དང་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་གཤིན་རྗེའི་གཤེད་སྐུ་མདོག་ནག་པོ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་བརྩེགས་མ་གཉིས་ནག་པོ། གཡས་བརྩེགས་མ་གཉིས་དཀར་པོ། གཡོན་བརྩེགས་མ་གཉིས་དམར་པོ། ཕྱག་དང་པོ་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བ། བར་པ་གཉིས་ཀྱི་ཐོ་བ་དང་ཞགས་པ། ཐ་མ་གཉིས་ཀྱིས་རལ་གྲི་དང་གཏུན་ཤིང་འཛིན་པ། ཞབས་མདུན་མ་གཉིས་རྡོ་རྗེ་སྐྱིལ་ཀྲུང༌། བར་པ་གཉིས་གཡས་བསྐུམ་གཡོན་བརྐྱང༌། ཐ་མ་གཉིས་གཡོན་བསྐུམ་གཡས་བརྐྱང་གིས་བཞུགས་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་བརྫེས་པ། ཐོད་པ་སྐམ་པོ་ལྔ་ལྔའི་དབུ་རྒྱན་དང་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྦྲུལ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧྲཱིཿཥྚཱིཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཚན་སྔགས། ཀྲྀཥྞ་ཡ་མཱ་རི། བསྟོད་པ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །སངས་རྒྱས་ཀུན་རབ་མཆོག་གི་མཆོག །དཀྱིལ་འཁོར་དབང་ཕྱུག་ཁྱོད་ཕྱག་འཚལ། །ཞེས་སོ། །རྗེས་གནང་གི་ཚེ། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་བཅོམ་ལྡན་འདས་ཀྱི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་ཞེས་བརྗོད། གསུང་དང་ཐུགས་ལའང་དེས་རིགས་འགྲེ་ཞིང་ཁྲོ་བོ་ཁྲོ་མོ་གཞན་རྣམས་ལ་དེ་བཞིན་སྦྱར་རོ། ༈ །གཤིན་རྗེའི་གཤེད་ནག་པོ་ནི། པྃ་ལས་པདྨ་དང་ཨྃ་ལས་ཉི་མའི་སྟེང་དུ་ཧཱུྃ་ལས་གཤིན་རྗེའི་གཤེད་ནག་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་རྡོ་རྗེས་མཚན་པའི་དབྱུག་པ་སྔོན་པོ་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ། རྒྱན་དང་ཆ་ལུགས་
གོང་དང་འདྲ། མ་ཧེ་དམར་པོའི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རིགས་བདག སྔགས། བསྟོད་པ་འདྲའོ། ༈ །གཤིན་རྗེའི་གཤེད་ཞལ་གསུམ་པ་ནི། གཞན་ཐམས་ཅད་གོང་དང་འདྲ་བ་ལས། ཞལ་གསུམ་ཕྱག་དྲུག་པ་སྐུ་དང་རྩ་ཞལ་སྔོ། གཡས་དཀར། གཡོན་དམར། ཕྱག་དྲུག་གི་གཡས་གསུམ་ན་འཁོར་ལོ། རལ་གྲི། གཏུན་ཤིང༌། གཡོན་གསུམ་ན་བེཏྟ་ལཱི་སྟེ་གསལ་ཤིང་ལ་བཙུགས་པའི་རོ། དགྲ་སྟྭ། རྡོ་རྗེ་ཞགས་པ་རྣམས་འཛིན་པའོ། ༈ །རྡོ་རྗེ་ཆོས་ནི། པྃ་ལས་པདྨ་དང་ཨྃ་ལས་ཟླ་བ་ལ་ཧྲཱིཿལས་རྡོ་རྗེ་ཆོས་ཞལ་གཅིག་ཕྱག་གཉིས་པ་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་པདྨའི་སྡོང་བུ་འཛིན་པ། རྒྱན་དང་ཆ་ལུགས་ན་བཟའ་རྣམས་ཞི་བ་གཞན་དང་འདྲ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཧྲཱིཿསྭཱ་ཧཱ། མཚན་སྔགས། ཨོཾ་བཛྲ་དྷརྨཱ་ཧྲཱིཿ བསྟོད་པ། འདོད་ཆགས་རྡོ་རྗེ་ཆོས་ཀྱི་སྐུ། །ཀུན་རྟོག་ཡེ་ཤེས་རྡོ་རྗེའི་གསུང༌། །ཏིང་འཛིན་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་སྣང་བ་མཐའ་ཡས་ལ། །ཞེས་སོ། ༈ །སེང་གེ་སྒྲ་ནི། པྃ་ལས་པདྨ་དམར་པོའི་སྟེང་དུ་སིཾ་ལས་སེང་གེ་དཀར་པོ་མགོ་བོ་གཡས་སུ་བསྟན་པ། དེའི་སྟེང་དུ་ཟླ་བ་ལ་ཧྲཱིཿཡིག་ཡོངས་སུ་གྱུར་པ་ལས་བྱུང་བའི་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པའི་ཐོར་ཚུགས་ཅན། ཕྱག་གཡས་པ་པུས་མོའི་སྟེང་དུ་སྐྱབས་སྦྱིན་གྱི་ཕྱག་རྒྱ་བརྐྱང་ཞིང༌། གཡོན་པ་སྐུ་རྒྱབ་ཏུ་གདན་ལ་བརྟེན་པ། དཀའ་ཐུབ་ཀྱི་ཆ་ལུགས་ཅན། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པའོ། །གཡས་ལོགས་སུ་སྦྲུལ་དཀར་པོས་དཀྲིས་པའི་རྩེ་གསུམ་བསྒྲེང་ཞིང༌། གཡོན་ལོགས་སུ་པདྨའི་སྡོང་བུའི་སྟེང་དུ་མེ་ཏོག་དྲི་ཞིམ་པོའི་ཚོགས་ཀྱིས་བཀང་བའི་ཐོད་པ་
དང་རལ་གྲི་མེ་འབར་བས་བརྒྱན་པ། སྐུ་ལས་དེ་བཞིན་གཤེགས་པ་རིགས་ལྔའི་འོད་ཟེར་འཕྲོ་བ། རིགས་བདག་འོད་དཔག་མེད། སྔགས་ཨོཾ་ཨཱཿཧྲཱིཿསིདྷ་ནཱ་ད་ཧཱུྃ་ཕཊ་ཅེས་པ་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻཱ་ཨ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཊེ། བཱིརྻེ་སྭཱ་ཧཱ།«་་་་་འདི་ལ་ཀ་རོ་ཊེ་མེད་པ་དང༌། བི་དྱ་ཞེས་པའང་སྣང༌། »མཚན་སྔགས། ཨཱརྻ་སིདྷ་ནཱ་ད། བསྟོད་པ། སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །རྫོགས་སངས་རྒྱས་ཀྱིས་དབུ་ལ་བརྒྱན། །ཐུགས་རྗེའི་སྤྱན་གྱིས་འགྲོ་ལ་གཟིགས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །ཧ་ལ་ཧ་ལ་གོང་འོག་གཉིས་ནི། པད་དམར་དང་ཟླ་བའི་སྟེང་དུ་ཧྲཱིཿཡིག་ལས་འཇིག་རྟེན་དབང་ཕྱུག་ཧ་ལ་ཧ་ལ་ཞལ་གསུམ་ཕྱག་དྲུག་པ་སྐུ་དང་རྩ་ཞལ་དཀར་པོ། གཡས་སྔོ། གཡོན་སེར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་དྲུག་གི་གཡས་གསུམ་ན་མཆོག་སྦྱིན། བགྲང་ཕྲེང༌། མདའ། གཡོན་གསུམ་ན་རང་གི་པུས་མོའི་སྟེང་ན་གནས་པའི་འདོད་པའི་ལྷ་མོའི་ནུ་མ་དང༌། པད་དཀར་གྱི་སྡོང་བུ་ཡལ་ག་གསུམ་པ་དང༌། གཞུ་རྣམས་འཛིན་པ། ཐོད་པའི་ཕྲེང་བ་དང་ཟླ་བ་ཕྱེད་པས་དབུར་བརྒྱན་པ། རིན་པོ་ཆེའི་རྒྱན་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རིའི་ཕུག་ན་རོལ་པའི་སྟབས་ཀྱིས་བཞུགས་པ། གཡས་ངོས་སུ་སྦྲུལ་གྱིས་དཀྲིས་པའི་རྩེ་གསུམ་དང༌། གཡོན་དུ་མེ་ཏོག་གིས་བཀང་བའི་ཐོད་པ་གཉིས་ཀྱང་པདྨའི་སྟེང་ན་གནས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། སྔགས་ཨོཾ་ཧ་ལ་ཧ་ལ་ཧྲཱིཿཞེས་དང༌། ཨོཾ་བཛྲ་དྷརྨ་ཧྲཱིཿ མཚན་སྔགས། ཨོཾ་ལོ་ཀེ་ཤྭ་ར། བསྟོད་པ་འདྲའོ། ༈ །ཁ་སརྤཱ་ཎི་ནི།
པད་ཟླ་ལ་ཧྲཱིཿལས་སྤྱན་རས་གཟིགས་ཁ་སརྤཱ་ཎི་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་མཆོག་སྦྱིན། གཡོན་པདྨ་འཛིན་པ། རལ་པའི་ཅོད་པན་གྱིས་བརྒྱན་པ། རྒྱན་དང་ན་བཟའ་འདྲ། སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། དེའི་གཡས་ལ་ལོགས་སུ་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལ་འཛིན་པ། ནོར་བཟང་སེར་པོ་ཐལ་མོ་སྦྱར་ནས་ཆོས་ཀྱི་ཀ་«་་་་་ཆོས་ཀྱི་སྣོད་ཤོ་ཁ་ལིའི་མིང་ངོ༌། »བ་ལི་འཛིན་པ། གཡོན་དུ་ཁྲོ་གཉེར་ཅན་སེར་མོ་གཡས་མཆོག་སྦྱིན་དང༌། གཡོན་དབྱུ་གུ་གསུམ་པ་འཛིན་པ། རྟ་མགྲིན་དམར་པོ་གཡས་ཕྱག་འཚལ་བའི་ཚུལ་དང༌། གཡོན་དབྱུག་པ་ཨཾ་ཚུགས་སུ་བྱས་པ། གཙོ་བོ་ལ་འོད་དཔག་མེད་དང་འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན། ཨོཾ་ཧྲཱིཿསྭཱ་ཧཱ། མཚན་སྔགས། ལོ་ཀེ་ཤྭ་ར་ཁ་སརྤཱ་ཎི་ས་པ་རི་ཝཱ་ར། བསྟོད་པ་འདྲའོ། ༈ །ཡི་གེ་དྲུག་པ་གཙོ་འཁོར་གསུམ་པ་ནི། པད་དཀར་དང་ཟླ་བའི་སྟེང་དུ་ཧྲཱིཿལས་དབུས་སུ་འཇིག་རྟེན་དབང་ཕྱུག་སྐུ་མདོག་དཀར་པོ། ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་བགྲང་ཕྲེང་དང༌། གཡོན་འོག་མས་པད་དཀར་འཛིན་པ། རྒྱན་དང་བཟའ་འདྲ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་གཡས་སུ་ནོར་བུ་འཛིན་པ་དང༌། གཡོན་དུ་འབྲུ་དྲུག་མ་གཉིས་སྐུ་མདོག་དང་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། སྔགས་ཨོཾ་མ་ཎི་པདྨེ་ཧཱུྃ། མཚན་སྔགས་དང་བསྟོད་པ་འདྲའོ། ༈ །ཧ་རི་ཧ་རི་ཧ་རི་ལ་ཞོན་པ་ནི། ཡྃ་ལས་རླུང༌། རྃ་ལས་མེ། ཝྃ་ལས་ཆུ། ལྃ་ལས་ས། སུྃ་ལས་རི་རབ་རྣམས་གོང་ནས་གོང་དུ་བརྩེགས་པའི་སྟེང་དུ་པད་ཟླ་ལ་ཧྲཱིཿལས་འཇིག་རྟེན་
དབང་ཕྱུག་ཧ་རི་ཧ་རི་ཧ་རི་ལ་ཞོན་པ་སྐུ་མདོག་དཀར་པོ་ཞལ་གཅིག་པ། ཕྱག་དྲུག་གི་གཡས་ཀྱི་དང་པོས་སངས་རྒྱས་རྣམས་དཔང་པོར་གསོལ་བ། གཉིས་པས་ཕྲེང་བ། གསུམ་པས་ངན་སོང་ན་གནས་པའི་སེམས་ཅན་ལ་དགེ་བ་ཉེ་བར་སྟོན་པའི་ཕྱག་རྒྱ་མཛད་པ། གཡོན་གྱི་དང་པོས་དབྱུག་པ། གཉིས་པས་རི་དྭགས་ནག་པོའི་པགས་པ། གསུམ་པས་རིལ་བ་སྤྱི་བླུགས་འཛིན་པ། རྒྱན་དང་ན་བཟའ་འདྲ། རོལ་པའི་སྟབས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། སྔགས་ཨོཾ་ཧྲཱིཿསྭཱ་ཧཱ། མཚན་སྔགས་དང་བསྟོད་པ་འདྲའོ། ༈ །པདྨ་གར་དབང་ནི། པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཧྲཱིཿལས་སྤྱན་རས་གཟིགས་པདྨ་གར་གྱི་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡོན་པས་རང་འདྲའི་ཡུམ་གོས་དཀར་མོ་དམར་མོ་ལ་འཁྱུད་པའི་ཚུལ་གྱིས་པདྨ་དམར་པོ་འཛིན་ཅིང༌། གཡས་པས་དེའི་ཁ་འབྱེད་པ། འདབ་མ་བརྒྱད་ལ་ཤར་དུ་རྣམ་གཟིགས་དཀར་མོ་གཡོན་པདྨ་དམར་པོ། ལྷོར་སྒྲོལ་མ་ལྗང་གུ་གཡོན་པད་ལྗང༌། ནུབ་ཏུ་པདྨ་གར་གྱི་དབང་ཕྱུག་མ་སེར་མོ་གཡོན་ཨུཏྤལ་སྔོན་པོ། བྱང་དུ་ཁྲོ་གཉེར་ཅན་དཀར་མོ་གཡོན་པད་སེར། བྱང་ཤར་དུ་པདྨའི་གནས་ཅན་མ་སེར་མོ་གཡོན་པད་དམར། ཤར་ལྷོར་པདྨའི་དབང་ཕྱུག་མ་སྔོན་མོ་གཡོན་པད་དཀར། ལྷོ་ནུབ་ཏུ་སྣ་ཚོགས་པདྨ་དཀར་མོ་གཡོན་པད་སྔོན། ནུབ་བྱང་དུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་མདོག་གཡོན་སྣ་ཚོགས་པདྨ་འཛིན་པ། ཐམས་ཅད་ཀྱི་ཕྱག་གཡས་པས་གཡོན་གྱི་པདྨ་རྣམས་ཀྱི་ཁ་འབྱེད་པ། གཙོ་འཁོར་ཐམས་ཅད་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། གཙོ་བོ་ལ་འོད་དཔག་མེད་དང༌། འཁོར་རྣམས་ལ་གཙོ་བོ་ཉིད་ཀྱིས་དབུར་བརྒྱན།
སྔགས་ཨོཾ་ཧྲཱིཿཔདྨ་ནརྟེ་ཤྭ་རེ་ཧཱུྃ། མཚན་སྔགས། ཨོཾ་པདྨ་ནརྟེ་ཤྭ་ར་ས་པ་རི་ཝཱ་ར། བསྟོད་པ། གང་གི་རང་བཞིན་ཆགས་བྲལ་ཡང༌། །ཆགས་པ་ཅན་ལ་ཆགས་པ་དང༌། །མཐུན་པར་བསྟན་པས་ཆགས་སོགས་རྣམས། །ཞི་མཛད་དེ་ལ་ཕྱག་འཚལ་ལོ །ཞེས་སོ། ༈ །སྒྱུ་འཕྲུལ་དྲྭ་བའི་རིམ་པའི་འཇིག་རྟེན་དབང་ཕྱུག་དྲག་པོ་ནི། ནམ་མཁར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ། དེ་ཡོངས་སུ་གྱུར་པ་ལས་རྡོ་རྗེའི་ས་གཞི། རྭ་བ། གུར། བླ་བྲེ། མེ་རི་འབར་བ་དང་བཅས་པའི་ནང་དུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་པདྨ་དམར་པོ་དང་ཉི་མའི་སྟེང་དུ་ཧྲཱིཿལས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཞལ་ལྔ་པ་སྐུ་དང་རྩ་ཞལ་ནག་པོ། གཡས་སུ་དཀར་པ་དང་དམར་པའི་ཞལ་གཉིས། གཡོན་དུ་སེར་བ་དང་ལྗང་བའི་ཞལ་གཉིས་ཏེ་ཐམས་ཅད་ཀྱང་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཕྱག་བཅུ་གཉིས་ཀྱི་གཡས་པ་དྲུག་ན་རྔེའུ་ཆུང༌། ཁ་ཊྭཱཾ་ག ལྕགས་ཀྱུ། ཞགས་པ། རྡོ་རྗེ། མདའ་རྣམས་འཛིན་པ། གཡོན་པ་དྲུག་ན་སྡིགས་མཛུབ། ཐོད་པ། པདྨ་དམར་པོ། ནོར་བུ། འཁོར་ལོ། གཞུ་རྣམས་འཛིན་པ། ཕྱག་རྒྱ་དྲུག་དང་ལྡན་ཞིང་མི་མགོའི་ཕྲེང་བས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། རྡོ་རྗེ་སེམས་དཔས་དབུར་བརྒྱན། སྔགས་ཨོཾ་ཨཱཿཧཱུྃ་ཨི་ཏི་མུ་ནི་པ་ར་བཛྲེ་ཧྲཱིཿཧཱུྃ་ཛཿ མཚན་སྔགས། ཨཱརྻ་ཨ་ཝ་ལོ་ཀི་ཏེ་ཤྭ་ར། བསྟོད་པ། གང་གི་རང་བཞིན་ཁྲོ་བྲལ་ཡང༌། །ཁྲོ་བ་ཅན་ལ་ཁྲོ་བ་དང༌། །མཐུན་པར་བསྟན་པས་ཁྲོ་སོགས་རྣམས། །ཞི་མཛད་དེ་ལ་ཕྱག་མཚལ་ལོ། །ཞེས་
སོ། ༈ །དབང་དུ་བྱེད་པའི་སྒྲོལ་མ་ནི། པད་ཟླ་ལ་ཏཱྃ་ལས་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་གུ་གཡས་མཆོག་སྦྱིན། གཡོན་ཨུཏྤ་ལ་འཛིན་པ། རྒྱན་དང་ན་བཟའ་ཞི་བ་གཞན་དང་འདྲ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པ། དོན་ཡོད་གྲུབ་པས་དབུར་བརྒྱན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་ས་ཏྭ་ཝཱ་ཤཾ་མེ་ནཱ་ཡ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཏཱ་རཱ། བསྟོད་པ། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །སྒྲོལ་དཀར་གཙོ་འཁོར་གསུམ་པ་ནི། སུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་ཀྱི་སྟེང་དུ་པད་ཟླ་ལ་ཧཱུྃ་ལས་སྒྲོལ་མ་དཀར་མོ་ཕྱག་བཞི་མ་དང་པོ་གཉིས་ཨུཏྤ་ལའི་ཕྱག་རྒྱ་མཛད་པ། གཡས་འོག་མས་ཡིད་བཞིན་གྱི་ནོར་བུ་དང་བཅས་པའི་མཆོག་སྦྱིན། གཡོན་འོག་མས་ཨུཏྤ་ལའི་སྙེ་མ་འཛིན་པ། རྒྱན་དང་ན་བཟའ་བཞུགས་ཚུལ་འདྲ། དེའི་གཡས་སུ་ཟླ་བ་ལ་འོད་ཟེར་ཅན་སེར་མོ་གཡས་རྔ་ཡབ་དཀར་པོ་དང༌། གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། ཤ་འགག་དམར་པོ་དང་ཤམ་ཐབས་སྔོན་པོ་གསོལ་བ། གཡོན་དུ་ཟླ་བ་ལ་རྨ་བྱ་ཆེན་མོ་ལྗང་སེར་གཡས་རྔ་ཡབ། གཡོན་རྨ་བྱའི་མཇུག་སྒྲོ་འཛིན་པ། ན་བཟའ་སྣ་ཚོགས་གསོལ་བ། དེ་བཞིན་གཤེགས་པ་ལྔས་དབུར་བརྒྱན། ཨོཾ་བྷ་ག་ཝ་ཏཱི་ཏཱ་རེ་མ་མ་ཧྲྀ་ད་ཡཾ་པྲ་བི་ཤ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ། ཨོཾ་ན་མ་སྟཱ་རེ་མ་ནོ་ཧ་རེ་ཧཱུྃ་ཧ་ར་སྭཱ་ཧཱ། མཚན་སྔགས་འདྲ། བསྟོད་པ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །སེང་ལྡེང་ནགས་
སྒྲོལ་ནི། པད་ཟླ་ལ་ཏཱྃ་ལས་སྒྲོལ་མ་ལྗང་གུ་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤལ་འཛིན་པ། རྒྱན་དང་ན་བཟའ་བཞུགས་ཚུལ་འདྲ། གཡས་སུ་འོད་ཟེར་ཅན་སེར་མོ་གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག གཡོན་དུ་རལ་གཅིག་མ་ནག་མོ་གཡོན་ཐོད་པ། གཉིས་གའི་གཡས་རྔ་ཡབ། རིན་པོ་ཆེ་དང་དར་གྱི་ན་བཟའ་ཅན་མཉམ་པའི་སྟབས་ཀྱིས་བཞེངས་པ། དོན་ཡོད་གྲུབ་པས་དབུར་བརྒྱན། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མཚན་སྔགས་དང་བསྟོད་པ་འདྲ། ༈ །སྒྲོལ་དཀར་ཚེ་སྦྱིན་མ་ནི། པད་དཀར་དང་ཟླ་བ་ལ་སྒྲོལ་མ་དཀར་མོ་གཡས་མཆོག་སྦྱིན་དང༌། གཡོན་ཨུཏྤ་ལ་འཛིན་པ། སྟོན་ཀའི་ཟླ་བའི་འོད་ཅན། ཟླ་བ་ལ་རྒྱབ་བརྟེན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྒྱན་དང་ན་བཟའ་འདྲ། ཐུགས་ཀར་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཏཱྃ། དེའི་མཐར་ཨོཾ་ཧཱའི་ནང་དུ་ཆུད་པའི་རང་གི་མིང་གི་ཡི་གེ རྩིབས་བརྒྱད་ལ། ཏཱ། རེ། ཏུཏ། ཏཱ། རེ། ཏུ། རེ། སྭཱ། འོད་དཔག་མེད་ཀྱིས་དབུར་བརྒྱན། སྔགས། མཚན་སྔགས། བསྟོད་པ་རྣམས་འདྲ། ༈ །ཨོ་ཌི་ཡཱ་ནའི་འོད་ཟེར་ཅན་དམར་མོའི་སྒྲུབ་ཐབས་གོང་འོག་གཉིས་ལ། དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས་སུ་མཆོད་རྟེན་གྱི་བུམ་པའི་ནང་དུ་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ལ་པྃ་ལས་པདྨ་དང་ཨྃ་ལས་ཉི་མའི་སྟེང་དུ་ཨོཾ་མམ། མཱྃ་ལས་འོད་ཟེར་ཅན་སྐུ་མདོག་དམར་མོ་ཞལ་དྲུག་མ། རྩ་ཞལ་དམར་པོ། གཡས་སུ་ནག་པོ་དང་དཀར་པོའི་ཞལ་གཉིས། གཡོན་དུ་སེར་པོ་དང་ལྗང་གུའི་ཞལ་གཉིས། སྟེང་དུ་ཕག་ཞལ་ནག་པོ་སྟེ་དྲུག་ཀའང་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་བཅུ་གཉིས་ཀྱི་གཡས་དྲུག་ན་རལ་གྲི། འཁོར་ལོ། གཏུན་ཤིང༌། མདའ། དགྲ་སྟྭ། རྡོ་རྗེ་རྩེ་གཅིག་པ། གཡོན་དྲུག་ན་སྡིགས་མཛུབ་དང་
བཅས་པའི་ཞགས་པ། ཐོད་པ། མྱ་ངན་མེད་པའི་ཤིང་གི་ཡལ་ག ཚངས་པའི་མགོ་བོ། གཞུ། རྩེ་གསུམ་རྣམས་འཛིན་པ། གཡོན་པའི་གྲུ་མོར་ཁ་ཊྭཱྃ་ག་བསྣམས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མི་མགོའི་དོ་ཤལ་དང༌། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། དེའི་མདུན་དུ་ལྷ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་རྡོ་རྗེ་དང་ཁབ། གཡོན་མྱ་ངན་མེད་པའི་ཤིང་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཤ་འགག་སེར་པོ་དང་སྟག་གི་པགས་པའི་ཤམ་ཐབས་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཉི་ག་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨོཾ་མཱ་རཱི་ཙྱཻ་ཨོཾ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཚན་སྔགས། ཨོཾ་མཱ་རཱི་ཙྱཻ། བསྟོད་པ། གང་གི་མཚན་ཙམ་འཛིན་ཅིང་དྲན་པས་ཀྱང༌། །བར་དུ་གཅོད་པ་ཀུན་ལས་སྒྲོལ་མཛད་ཅིང༌། །དྲི་མེད་བདེ་བ་ཆེན་པོ་སྩོལ་མཛད་མ། །ལྷ་མོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །རྟོག་པ་ནས་བྱུང་བའི་འོད་ཟེར་ཅན་སེར་མོ་གོང་འོག་གཉིས་ནི། མཆོད་རྟེན་གྱི་བུམ་པའི་ནང་དུ་ཉི་མ་ལ་ཨོཾ་ལས་རྣམ་པར་སྣང་མཛད་དཀར་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ཞི་བའི་རྒྱན་གྱིས་བརྒྱན་ཅིང༌། སེང་གེའི་ཁྲི་ལ་བཞུགས་པ། དེའི་ཐུགས་ཀར་ཕག་བདུན་གྱིས་དྲངས་པའི་ཤིང་རྟ་ལ་ཡྃ་ལས་རླུང་དང༌། ཧྃ་ལས་སྒྲ་གཅན་ཟླ་བ་དང་ཉི་མ་འཛིན་པའི་སྟེང་དུ་པདྨ་དང་ཟླ་བ་ལ་མཱྃ་ཡིག་ལས་འོད་ཟེར་ཅན་སྐུ་མདོག་སེར་མོ་ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་སེར། གཡས་དམར། གཡོན་ཕག་པའི་ཞལ་སྔོན་པོ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་པ་བཞི་ན་རྡོ་རྗེ། ལྕགས་ཀྱུ། མདའ། ཁབ། གཡོན་བཞི་ན་མྱ་ངན་མེད་པའི་ཡལ་ག གཞུ།
སྐུད་པ། སྡིགས་མཛུབ། ཤ་འགག་དམར་པོ་མནབས་ཤིང༌། རིན་པོ་ཆེ་དང་གཡེར་ཁའི་ཕྲེང་བས་བརྒྱན་པ། དེའི་ཤར་དུ་བཏྟཱ་ལི་དམར་མོ་ཕག་གི་གདོང་པ་ཅན། ཕྱག་བཞིའི་གཡས་ཁབ་དང་ལྕགས་ཀྱུ། གཡོན་ཞགས་པ་དང་མྱ་ངན་མེད་པའི་ཤིང་འཛིན་པ། ཤ་འགག་དམར་པོ་ཅན། ལྷོར་བ་དཱ་ལི་སེར་མོ་ཕྱག་བཞི་མ། གཡས་མྱ་ངན་མེད་པའི་ཡལ་ག་དང་ཁབ། གཡོན་རྡོ་རྗེ་དང་ཞགས་པ། ནུབ་ཏུ་བ་རཱ་ལི་དཀར་མོ་ཕྱག་བཞི་མ། གཡས་རྡོ་རྗེ་དང་ཁབ། གཡོན་ཞགས་པ་དང་མྱ་ངན་མེད་པའི་ཡལ་ག བྱང་དུ་བ་རཱ་ཧཱ་མུ་ཁི་དམར་མོ་སྤྱན་གསུམ་མ། ཕྱག་བཞིའི་གཡས་རྡོ་རྗེ་དང་མདའ། གཡོན་ཞགས་པ་དང་མྱ་ངན་མེད་པའི་ཡལ་ག་འཛིན་པ། ཐམས་ཅད་ཀྱང་ལང་ཚོ་ལ་བབ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨོཾ་མཱ་རཱི་ཙྱཻ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཚན་སྔགས་དང་བསྟོད་པ་འདྲ། ༈ །རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་དཀར་མོ་ནི། མཆོད་རྟེན་གྱི་ནང་དུ་པད་ཟླ་ལ་མཱྃ་ལས་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་ཞབས་བཞི་མ། རྩ་ཞལ་དཀར། གཡས་ནག གཡོན་དམར་བ་ཕག་གི་གདོང་ཅན། རྒྱབ་ཞལ་ལྗང༌། སྟེང་ཞལ་སེར་བ། ཕྱག་གཡས་ལྔ་ན་ཉི་མའི་དཀྱིལ་འཁོར། རྡོ་རྗེ་སྔོན་པོ། མདའ། ལྕགས་ཀྱུ། ཁབ། གཡོན་ལྔ་ན་ཟླ་བའི་དཀྱིལ་འཁོར། གཞུ། མྱ་ངན་མེད་པའི་ཡལ་ག སྡིགས་མཛུབ་དང་བཅས་པའི་ཞགས་པ། སྐུད་པ་རྣམས་འཛིན་པ། རིན་པོ་ཆེ་དང་གཡེར་ཁའི་ཕྲེང་བས་བརྒྱན་ཅིང༌། ཤ་འགག་དང་སྟོད་གཡོགས་དཀར་པོ་ཅན། ཕག་བདུན་གྱིས་དྲངས་པའི་ཤིང་རྟའི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་ཁྱབ་འཇུག་དང༌། དབང་པོ་དང༌། བདེ་བྱེད་དང༌། ཚངས་པ་རྣམས་མནན་པ།
དེའི་མདུན་དུ་ཤིང་རྟ་དེ་ཉིད་ལ་གནས་པའི་ཆུ་སྲིན་གྱི་སྟེང་དུ་ལྷ་མོ་ཕག་ཞལ་ཅན་ནག་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་སྡིགས་མཛུབ། གཡས་ཕྱོགས་སུ་ལྷ་མོ་ཕག་ཞལ་ཅན་དམར་མོ་ཕྱག་བཞིའི་གཡས་ལྕགས་ཀྱུ་དང་ཁབ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་དང་སྐུད་པ་འཛིན་པ། གཡོན་ཕྱོགས་སུ་ལྷ་མོ་ཕག་ཞལ་ཅན་དམར་མོ་ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་གཞུ་རྣ་བའི་དྲུང་དུ་འགེངས་པ། འོག་མ་གཉིས་ཀྱིས་རྡོ་རྗེ་དང་མྱ་ངན་མེད་པའི་ཡལ་ག་འཛིན་པ། གསུམ་གའང་རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཤིང་རྟ་འདྲེན་པའི་ཕག་གི་འོག་ན་ཉི་མ་ལ་སོགས་པའི་གཟའ་དགུ་དང༌། ཉེར་འཚེ་བྱེད་པའི་བགེགས་ཀྱི་ཚོགས་མིའི་གཟུགས་ཀྱིས་གནས་པ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། སྔགས། མཚན་སྔགས། བསྟོད་པ་འདྲ། ༈ །མྱ་ངན་མེད་པའི་འོད་ཟེར་ཅན་ནི། ཕག་སེར་པོའི་རྒྱབ་ཏུ་པད་ཟླ་ལ་མྃ་ལས་འོད་ཟེར་ཅན་སེར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་དང༌། གཡོན་མྱ་ངན་མེད་པའི་ཤིང་གི་ཡལ་ག་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། མཉམ་པའི་སྟབས་ཀྱིས་བཞེངས་པ། རིགས་བདག་འདྲ། ཨོཾ་མཱ་རཱི་ཙྱཻ་མཱྃ་སྭཱ་ཧཱ། མཚན་སྔགས། བསྟོད་པ་འདྲ། ༈ །ཨོ་ཌི་ཡཱ་ནའི་རིམ་པའི་འོད་ཟེར་ཅན་ནི། སྣ་ཚོགས་རྡོ་རྗེ་ཡོངས་སུ་གྱུར་པ་ལས་བྱུང་བའི་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་ཨོ་ཌི་ཡཱ་ནའི་གནས་ཀྱི་ངོ་བོ་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དཀར་ལ་དམར་བའི་ནང་དུ་ཉི་མ་ལ་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས་ལྷ་མོ་འོད་ཟེར་ཅན་སྐུ་མདོག་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ། རྩ་བའི་ཞལ་དམར་པོ།
གཡས་སུ་སེར་པོ་དང་ནག་པོའི་ཞལ་གཉིས། གཡོན་དུ་དཀར་པོ་དང་ནག་པོའི་ཞལ་གཉིས། སྟེང་དུ་ཕག་པའི་ཞལ་ནག་པོ། རེ་རེའང་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་བཅུ་གཉིས་ཀྱི་གཡས་པ་དྲུག་ན་རལ་གྲི། སྣ་ཚོགས་རྡོ་རྗེ། རྡོ་རྗེ་རྩེ་གཅིག་པ། དགྲ་སྟྭ། མདའ། གཏུན་ཤིང༌། གཡོན་པ་དྲུག་ན་སྡིགས་མཛུབ་དང་བཅས་པའི་ཁབ། རྩེ་གསུམ། མྱ་ངན་མེད་པའི་ཡལ་ག གཞུ། ཞགས་པ། ཚངས་པའི་མགོ་བོ་རྣམས་འཛིན་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མི་མགོའི་ཕྲེང་བ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྟག་གི་པགས་པའི་སྟོད་གཡོགས་ཅན། ཧ་ཧ་ཞེས་དྲག་ཏུ་དགོད་ཅིང་བདུད་བཞི་མནན་པའི་ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨོཾ་བཛྲ་དྷཱ་ཏྭཱི་ཤྭ་རི་སརྦ་དུཥྚཱན། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཨོཾ་མཱ་རཱི་ཙྱཻ་མཱྃ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་བཛྲ་བེ་ཏཱ་ལཱི་ཧཱུྃ་ཕཊ། ཨོཾ་མཱ་རཱི་ཙྱཻ་ཨོཾ་མཱྃ་ཧཱུྃ་ཧཱུྃ་ཕཊ།«་་་་་ལ་ལར་ཧཱུྃ་ཧཱུྃ་ཕཊ་ཕཊ་སྣང༌།» མཚན་སྔགས། བསྟོད་པ་འདྲ། ༈ །ཙུནྡ་ནི། པད་ཟླ་ལ་ཙུྃ་ལས་ལྷ་མོ་སྐུལ་བྱེད་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོ་མཆོག་སྦྱིན་དང༌། གཡོན་དང་པོ་པད་དཀར་གྱི་སྟེང་ན་ཤེར་ཕྱིན་གྱི་པུསྟི། འོག་མ་གཉིས་མཉམ་གཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨོཾ་ཙ་ལེ་ཙུ་ལེ་ཙུནྡེ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཙུནྡཱ། བསྟོད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པའི་ངོ་བོ་ཉིད། །སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི། །ཡི་དམ་ལྷ་ལ་ཕྱག་འཚལ་ལོ། །བསྟོད་པ་དམིགས་བསལ་མེད་པ་རྣམས་སྤྱི་བསྟོད་འདིས་བསྟོད་དོ། ༈ །ཤྲཱི་ཛམྦྷ་
ལ་ནི། པད་ཟླ་ལ་ཛྃ་ཡིག་ཡོངས་སུ་གྱུར་པ་ལས་ཛམྦྷ་ལ་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་བཱི་ཛ་པཱུ་ར་ཀ་དང༌། གཡོན་རིན་པོ་ཆེའི་ཆར་འབེབས་པའི་ནེའུ་ལེ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨའི་གཏེར་མནན་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་བའི་རིགས་ལྔས་དབུར་བརྒྱན། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། མཚན་སྔགས། ཨཱརྻ་ཛ་མྦྷ་ལ། བསྟོད་པ། ནོར་གྱི་དབང་ཕྱུག་རིན་ཆེན་གཏེར་མངའ་ཞིང༌། །གནོད་སྦྱིན་ནོར་འཆང་མང་པོ་ཀུན་གྱི་རྗེ། །བྱང་ཕྱོགས་སྐྱོང་བའི་མགོན་པོ་ཛམྦྷ་ལ། །དངོས་གྲུབ་མཆོག་སྩོལ་མཛད་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །ཛམྦྷ་ལ་ཨུཙྪུཥྨ་ནི། པད་ཟླ་ལ་ཧཱུྃ་ལས་ཛམྦྷ་ལ་སྐུ་མདོག་ནག་པོ་མིའུ་ཐུང་གི་གཟུགས་ཅན་གསུས་པ་འཕྱང་བ། གཅེར་བུ་རྣ་བ་མ་ཕུག་པ། སྐྲ་ཁམ་པ་གྱེན་དུ་བརྫེས་ཤིང་མཆེ་བ་གཙིགས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་པ། གཡས་ན་ཐོད་པ་ཁྲག་གིས་གང་བ་དང༌། གཡོན་ན་རིན་པོ་ཆེ་སྣ་ཚོགས་སྐྱུགས་པའི་ནེའུ་ལེ་འཛིན་པ། གཡས་བརྐྱང་གི་སྟབས་ཀྱིས་ནོར་བདག་སེར་པོ་ཁ་ནས་རིན་པོ་ཆེ་སྐྱུགས་པ་མནན་པ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། སྔགས། མཚན་སྔགས། བསྟོད་པ་འདྲ། ༈ །ནོར་རྒྱུན་མ་ནི། པད་ཟླ་ལ་པྃ་ལས་ལྷ་མོ་ནོར་རྒྱུན་མ་སེར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང༌། གཡོན་འབྲས་ཀྱི་སྙེ་མ་དང་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པའི་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཛའ་བའི་སྐྱེ་འགྲོ་རྣམས་ཀྱིས་ཡོངས་སུ་བསྐོར་བ། རིན་ཆེན་འབྱུང་ལྡན་གྱིས་དབུར་བརྒྱན། ཨོཾ་ཤྲཱི་བ་སུ་ནི་དྷ་ན་ཀྵེ་ཏྲེ་སྭཱ་ཧཱ། མཚན་སྔགས། བ་སུ་དྷ་རཱི། བསྟོད་པ། ཕུན་
ཚོགས་དགེ་ལེགས་ཀུན་འབྱུང་བཅོམ་ལྡན་མ། །དཔལ་དང་འབྱོར་བའི་དབང་ཕྱུག་ནོར་རྒྱུན་མ། །ཡིད་ལ་རེ་བའི་བཀྲ་ཤིས་སྩོལ་མཛད་མ། །བསམ་འཕེལ་དཀྱིལ་འཁོར་དབང་ཕྱུག་མ་ལ་འདུད། །ཅེས་སོ། ༈ །ཁྲོ་གཉེར་ཅན་ནི། པད་ཟླ་ལ་བྷྲཱྀཾ་ལས་ལྷ་མོ་ཁྲོ་གཉེར་ཅན་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་མ་གཡས་མཆོག་སྦྱིན་དང་ཕྲེང་བ། གཡོན་དབྱུག་པ་དང་རིལ་བ་སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན། ཅུང་ཟད་ཁྲོ་ཞིང་ཞི་བ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་བྷྲཱྀཾ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་བྷྲཱྀཾ་ཀུ་ཊཱི། བསྟོད་པ། དུས་གསུམ་སངས་རྒྱས་སོགས་སྤྱི་བསྟོད་བྱ། ༈ །བྱམས་མགོན་ནི། པད་ཟླ་ལ་མཻཾ་ལས་རྗེ་བཙུན་བྱམས་པ་མགོན་པོ་ཞལ་གསུམ་ཕྱག་བཞི་པ་གུར་གུམ་གྱི་མདོག་ཅན། ཕྱག་དང་པོ་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་འོག་མས་མཆོག་སྦྱིན་དང༌། གཡོན་འོག་མས་ཀླུ་ཤིང་གི་མེ་ཏོག་བསྣམས་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཞི་བའི་རྒྱན་དང་ན་བཟའ་ཅན། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་དུ་མ་འཕྲོ་བ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་མཻཾ་མཻ་ཏྲི་ཡ་སྭཱ་ཧཱ། མཚན་སྔགས། ཨཱརྻ་མཻ་ཏྲི། བསྟོད་པ། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །གུར་གྱི་ཤེར་ཕྱིན་ནི། པད་ཟླ་ལ་ཨོཾ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་མ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་མཐིལ་ནས་གྱེས་པའི་གཡས་ངོས་སུ་པདྨ་དཀར་
པོ་དང༌། གཡོན་ངོས་སུ་དམར་པོའི་སྟེང་དུ་ཤེར་ཕྱིན་གྱི་པུསྟི་རེ་རེ་འཛིན་པ། དབུ་སྐྲ་ཕྱེད་དུ་ལི་བ། རྒྱན་དང་ན་བཟའ་བཞུགས་ཚུལ་འདྲ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ། མཚན་སྔགས་ཨཱརྻཱ་པྲཛྙཱ་པཱ་ར་མི་ཏཱ། བསྟོད་པ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །གདན་བཞི་དང་སམྦུ་ཊ་ལས་གསུངས་པའི་ཤེར་ཕྱིན་ནི། པད་དཀར་དང་ཟླ་བ་ལ་པྲྃ་ལས་ཤེར་ཕྱིན་དཀར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་པདྨ་གཉིས་ཀྱི་སྟེང་ན་ཤེར་ཕྱིན་གྱི་པུསྟི་རེ་རེ་འཛིན་པ། རྒྱན་དང་ན་བཟའ་རིགས་བདག་འདྲ། རྡོ་རྗེའམ་སེམས་སྐྱིལ་གྱིས་བཞུགས་པ། ཨོཾ་པྲཾ་སྭཱ་ཧཱ། ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། ཨོཾ་པྲཛྙེ་པྲཛྙེ་མ་ཧཱ་པྲཛྙེ་ཧཱུྃ་སྭཱ་ཧཱ། མཚན་སྔགས་བསྟོད་པ་འདྲ། ༈ །ཤེར་ཕྱིན་སེར་མོའི་སྒྲུབ་ཐབས་གཉིས་ལ། པད་ཟླའི་སྟེང་དུ་དྷཱིཿལས་ཤེར་ཕྱིན་སེར་མོ་ཞལ་གཅིག་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡོན་པས་པད་སྔོན་གྱི་སྟེང་ན་ཤེར་ཕྱིན་གྱི་པུསྟི་བསྣམས་པ། རྒྱན་དང་ན་བཟའ་རིགས་བདག་འདྲ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཨོཾ་པྲཛྙེ་མ་ཧཱ་པྲཛྙེ་ཤྲུ་ཏི་སྨྲྀ་ཏི་བི་ཛ་ཡ་དྷིཿསྭཱ་ཧཱ། ཨོཾ་དྷཱིཿཤྲུ་ཏི་སྨྲྀ་ཏི་བི་ཛ་ཡ་སྭཱ་ཧཱ། མཚན་སྔགས་དང་བསྟོད་པ་འདྲ། ༈ །ཡང་ཤེར་ཕྱིན་སེར་མོ་དང་འོག་ནས་འབྱུང་བའི་གསེར་མདོག་ཅན་གྱི་ཤེར་ཕྱིན་གཉིས་ལ་གཞན་ཐམས་ཅད་དེ་དང་འདྲ་བ་ལས། ཕྱག་གཉིས་ཀས་ཨུཏྤ་ལའི་སྟེང་ན་ཤེར་ཕྱིན་གྱི་པུསྟི་རེ་རེ་འཛིན་པ། ཨོཾ་ཨཱཿདྷཱིཿཧཱུྃ་སྭཱ་ཧཱ། ༈ །མི་གཡོ་བ་སྔོན་པོའི་སྒྲུབ་ཐབས་གསུམ་གཟུངས་ཆོག་དང་བཅས་པ་ལ། པདྨ་དམར་པོ་དང་ཉི་མ་ལ་ཧཱུྃ་ལས་རྗེས་བཙུན་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ་
གཡས་རལ་གྲི་ནམ་མཁའ་ལ་འཕྱར་ཞིང༌། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། དམར་ཞིང་ཟླུམ་པའི་སྤྱན་གཉིས་དང་ལྡན་པ། ཡ་སོས་མ་མཆུ་མནན་པ། དབུ་སྐྲ་ནག་པོའི་ཐོར་ཚུགས་ཅན། རིན་པོ་ཆེའི་རྒྱན་དང་སྦྲུལ་དཀར་པོའི་མཆོད་ཕྱིར་ཐོགས་ཀྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་པའི་པུས་མོ་དང༌། གཡས་པའི་རྟིང་པ་གདན་ལ་བཙུགས་ཏེ་བཞེངས་མ་སྟབས་ཀྱིས་བཞུགས་པ། སྐུ་ལས་འོད་ཟེར་དམར་པོའི་ཕྲེང་བ་འཕྲོ་བ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཧཱུྃ་ཕཊ། མཚན་སྔགས། ཨཱརྻ་ཨ་ཙ་ལ། བསྟོད་པ། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །མཐའ་བྲལ་བདེ་ཆེན་ཁྲོ་བོའི་རྒྱལ་པོའི་སྐུར། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམ་ཞིང་མི་མཐུན་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །རྡོ་རྗེ་ཧཱུྃ་མཛད་ནི། པདྨ་དང་ཉི་མ་ལ་ཧཱུྃ་མཛད་ནག་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་རང་གི་ཕྱག་རྒྱས་ཐུགས་ཀར་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་འཇིགས་བྱེད་མནན་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨཱཿཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། མཚན་སྔགས། ཀྲོ་དྷ་རཱ་ཛ་ཧཱུྃ་ཀཱ་ར། བསྟོད་པ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་སོ། །རི་ཁྲོད་མ་ནི། པད་དཀར་དང་ཟླ་བ་ལ་པྃ་ལས་ལྷ་མོ་རི་ཁྲོད་མ་སེར་མོ་ཞལ་
གསུམ་ཕྱག་དྲུག་མ་རྩ་ཞལ་སེར། གཡས་དཀར། གཡོན་དམར། རེ་རེ་ལའང་སྤྱན་གསུམ་གསུམ་དང་ལྡན་པ་འགྱིང་ཞིང་བཞད་པ། ཕྱག་གཡས་གསུམ་ན་རྡོ་རྗེ། དགྲ་སྟྭ། མདའ། གཡོན་གསུམ་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། ཤིང་ལོ་གསར་པའི་སྦྲང་ཡབ། གཞུ་རྣམས་འཛིན་པ། མེ་ཏོག་གིས་བཅིངས་པའི་རལ་པའི་ཅོད་པན་ཅན། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། ཤིང་ལོ་གསར་པའི་ཤམ་ཐམས་གསོལ་བ། ཞབས་གཡས་པའི་རྟིང་པས་འོག་སྒོ་བཀག་ཅིང༌། གཡོན་པའི་ཞབས་མཐིལ་སྟན་ལ་བཙུགས་ཏེ་བགེགས་ཀྱི་སྟེང་ན་བཞུགས་པ། སྐུ་ལས་ཉི་མའི་དཀྱིལ་འཁོར་ལྟ་བུའི་འོད་ཟེར་འཕྲོ་བ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་པི་ཤཱ་ཙི་པརྞ་ཤ་བ་རཱི་སརྦ་མཱ་ར་པྲ་ཤ་མ་ནི་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་པརྞ་ཤ་བ་རཱི། བསྟོད་པ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི། །ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི། །ལྷ་མོ་གང་གིས་སྒྲུབ་པོའི་ནད་གདོན་བགེགས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །དགྲ་ནག་ནས་གསུངས་པའི་རྡོ་རྗེ་དབྱངས་ཅན་མ་ནི། པད་ཟླ་ལ་དོཿཡིག་ལས་རྡོ་རྗེ་དབྱངས་ཅན་མ་ཞལ་གསུམ་ཕྱག་དྲུག་མ་རྩ་ཞལ་དམར། གཡས་སྔོ། གཡོན་དཀར་བ། ཕྱག་གཡས་གསུམ་ན་པདྨ། རལ་གྲི། གྲི་གུག གཡོན་གསུམ་ན་འཁོར་ལོ། རིན་ཆེན། ཐོད་པའི་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་གཡོན་བརྐྱང་བའི་རོལ་སྟབས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་པི་ཙུ་པི་ཙུ་པྲཛྙཱ་བརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷཱ་བརྡྷ་ནི། དྷི་རི་དྷི་རི་བུདྡྷི་བརྡྷ་ནི་སྭཱ་ཧཱ། མཚན་སྔགས་བཛྲ་ས་ར་སྭ་ཏཱི། བསྟོད་པ། རྒྱལ་བ་ཀུན་གྱི་གསུང་རབ་རྒྱ་མཚོ་ཡི། །རྣམ་པར་འཕྲུལ་པའི་དཔལ་ལས་ལེགས་བྱུང་ཞིང༌། །སྒྲུབ་པ་པོ་ལ་བློ་གྲོས་མཆོག་སྟེར་བ། །ལྷ་མོ་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །བགེགས་མཐར་
བྱེད་ནི། པྃ་ལས་པདྨ་དང་ཨྃ་ལས་ཉི་མ་ལ་ཧཱུྃ་ལས་བགེགས་མཐར་བྱེད་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེ་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། སྐྲ་ཁམ་པ་གྱེན་དུ་བརྫེས་པ། རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ྄་ཧཱུྃ། མཚན་སྔགས། བཛྲ་ཀྲོ་དྷ་རཱ་ཛ་བིགྷྣཱནྟ་ཀྲྀཏ྄། བསྟོད་པ། འཇིགས་པའི་ཧཱུྃ་སྒྲ་སོགས། ༈ །རལ་གཅིག་མ་ནི། པད་ཉི་ལ་ཊཱྃ་ངམ་ཧཱུྃ་ལས་ལྷ་མོ་རལ་གཅིག་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་པ། གཡས་འོག་མས་རལ་གྲི། གཡོན་འོག་མས་ཨུཏྤ་ལ་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། ནུ་འབུར་རྒྱས་ཤིང་གསུས་པ་འཕྱང་བ། སྟག་གི་པགས་པའི་ཤམ་ཐབས་ཅན། ཐོད་པ་དང་མེ་ཏོག་གི་ཕྲེང་བ་དང་སྦྲུལ་སྔོན་པོ་དང་གཡེར་ཁ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧྲཱིཾ་ཏྲཱིཾཧཱུྃ་ཕཊ། མཚན་སྔགས། ཨཱརྻཱ་ཨེ་ཀ་ཛ་ཊཱི། བསྟོད་པ། དུས་གསུམ་སངས་རྒྱས་སོགས་སྤྱི་བསྟོད་བྱ། ༈ །དུག་སེལ་མ་ནི། པད་ཉི་ལ་ཛྃ་ལས་འཕགས་མ་དུག་སེལ་མ་སེར་མོ་ཞལ་གསུམ་མ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཞིང་སྤྱན་གསུམ་གསུམ་མངའ་བ། ཞལ་འཛུམ་ཞིང་ཁྲོ་བ། ཕྱག་དྲུག་གི་གཡས་ན་རྡོ་རྗེ། རལ་གྲི། གར་གྱི་ཚུལ་གྱིས་མདའ། གཡོན་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། དུག་གི་མེ་ཏོག་སྔོན་པོ། གཞུ་རྣམས་འཛིན་པ། མེ་ཏོག་དང་སྦྲུལ་གྱིས་བརྒྱན་པ། རོལ་པའི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་
པས་དབུར་བརྒྱན། ཨོཾ་ན་མཿཤ་ར་བ་ར། ཀུ་མཱ་རཱི། ཙུརྩ་རི། ཙ་ཧྀ་ཙ་ལ་ཡ། ཙུརྩ་ལ་ཡ། སཾ་གྷ་ཊ་ནི། མ་ཧཱ་མཱ་ཏངྒི། ཨ་ཧཾ་བི་དྷེ། ཨ་དྷེ། ཨོཾ་ཛཱཾ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཛཾ་གུ་ལི། སྤྱི་བསྟོད་བྱ། ༈ །རིགས་བྱེད་མ་དཀར་དམར་ནི་པད་ཉི་ལ་ཏཱྃ་ལས་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དཀར་དམར་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཨུཏྤ་ལའི་མདའ་གཞུ་རྣ་བའི་དྲུང་དུ་འགེངས་ཤིང༌། གཡས་འོག་མ་མི་འཇིགས་པ་སྦྱིན་པའི་ཕྱག་རྒྱ་དང༌། གཡོན་འོག་མས་ཨུཏྤལ་འཛིན་པ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང༌། དར་དམར་པོའི་སྟོད་གཡོགས་དང་ཤམ་ཐབས་ཅན། འདོད་པའི་ལྷ་ཆུང་མ་དང་བཅས་པའི་སྟེང་ན་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཀུ་རུ་ཀུལླེ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཀུ་རུ་ཀུལླེ། བསྟོད་པ། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་མི་འཇིགས་ཕྱག་རྒྱ་ཅན། །བཅོམ་ལྡན་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ནི། པད་དམར་དང་ཟླ་བ་ལ་ཧྲཱིཿལས་རིགས་བྱེད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་མདའ་གཞུ་འགེངས་པ། གཡས་འོག་མས་མི་འཇིགས་པའི་ཕྱག་རྒྱ་དང༌། གཡོན་འོག་མས་ཨུཏྤ་ལ་དམར་པོ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་དམར་པོའི་ན་བཟའ་ཅན། འོད་ཟེར་དམར་པོ་འཕྲོ་བ། རིགས་བྱེད་ཀྱི་ཕུག་ཏུ་སྒྲ་གཅན་གྱི་མགོ་བོ་ལ་གནས་པའི་འདོད་ལྷ་ཆུང་མ་དང་བཅས་པའི་སྟེང་ན་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿཧཱུྃ་སྭཱ་ཧཱ། མཚན་སྔགས་དང་བསྟོད་པ་འདྲ། ༈ །སྒྲོལ་མ་མངོན་འབྱུང་ནས་བྱུང་བའི་ལྷ་མོ་རིགས་བྱེད་མ་ནི། གཞན་ཐམས་ཅད་གོང་བཞིན་ལས། ཕྱག་དང་པོ་
གཉིས་ཀྱིས་ཨུཏྤ་ལའི་མདའ་གཞུ། གཡས་འོག་མས་མཆོག་སྦྱིན། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། བསྟོད་པའི་ཚིག་རྐང་གསུམ་པ། མདའ་གཞུ་ཨུཏྤལ་མཆོག་སྦྱིན་ཕྱག་རྒྱ་ཅན། །ཞེས་སོགས་བརྗོད། ༈ །ཨོ་ཌི་ཡཱ་ནའི་རིགས་བྱེད་མ་དང་འོག་ནས་འབྱུང་བའི་རིགས་བྱེད་མ་ནི། པད་ཉི་ལ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན་པ་དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་མེ་རི་དང་བཅས་པའི་སྲུང་བའི་འཁོར་ལོའི་དབུས་སུ་ཨེའི་རྣམ་པའི་ཆོས་འབྱུང་དཀར་དམར་གྱི་ནང་དུ་ཧྲཱིཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་རྃ་ལས་ཉི་མ་དང་རོའི་གདན་ལ་ཧྲཱིཿལས་རྗེ་བཙུན་མ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཨུཏྤ་ལའི་མདའ་གཞུ། གཡས་འོག་མས་ཨུཏྤ་ལ་དམར་པོ་ལས་བྱས་པའི་ལྕགས་ཀྱུ་དང༌། གཡོན་འོག་མས་ཨུཏྤ་ལ་དམར་པོའི་སྟེང་ན་ཐོད་པ་ཁྲག་གིས་གང་བ་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོའི་དབུ་རྒྱན་དང༌། རློན་པའི་དོ་ཤལ་ཅན། རུས་པའི་རྒྱན་གྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་གསོལ་བ། གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཀུ་རུ་ཀུལླེ། བསྟོད་པའི་ཚིག་རྐང་གསུམ་པ། མདའ་གཞུ་ཨུཏྤལ་དབང་གི་ལྕགས་ཀྱུ་བསྣམས་ཞེས་བརྗོད། གཞན་འདྲའོ། ༈ །ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་ནི། ལུག་གཉིས་ཞགས་པས་སྦྲེལ་བའི་སྟེང་དུ་པད་ཉི་ལ་ཧྲཱྀཿལས་ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་རྡོ་རྗེས་མཚན་པའི་ཞགས་པ་དང་གཡོན་ལྕགས་ཀྱུ་འཛིན་པ། རལ་པའི་ཅོད་པན་ཅན།
སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། སྤྲུལ་པ་སྣ་ཚོགས་འཕྲོ་ཞིང་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྡོ་རྗེ་རྣལ་འབྱོར་མ་རྣམས་ཀྱིས་དབང་བསྐུར་བ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པ་བྱེད་པ། རིག་པ་འཛིན་པ་དང༌། ཁྱབ་འཇུག་དང༌། བདེ་བྱེད་དང༌། ཚངས་པ་དང༌། རྣལ་འབྱོར་མའི་ཚོགས་ཀྱིས་གར་དང་སིལ་སྙན་རྡུང་འཁྲོལ་བྱེད་པ། འབྱུང་པོའི་ཚོགས་མིའི་མགོ་བོ་དང༌། ཀེང་རུས་ལ་སོགས་པས་བརྒྱན་པ་དུ་མས་གདུགས་དང་རྔ་ཡབ་ལ་སོགས་པས་བཀུར་བསྟི་བྱེད་པའི་འཁོར་གྱི་ཚོགས་དུ་མས་བསྐོར་བ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཧྲཱི་ཧཱུྃ་ཨཱཿ མཚན་སྔགས། ཏྲཻ་ལོ་ཀྱ་བ་ཤཾ་ཀ་ར་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར། བསྟོད་པ། དུས་གསུམ་སངས་རྒྱས་སོགས་སྤྱི་བསྟོད་བྱ། གང་བ་བཟང་པོའི་རྒྱུད་ནས་བཤད་པའི་དཔལ་གནོད་གནས་འཁོར་བཅས་ནི། ཐབས་དང་ཤེས་རབ་ཀྱི་ངོ་བོའི་ཟླ་བ་དཀར་དམར་ཡོངས་སུ་གྱུར་པ་ལས་བྱུང་བའི་པདྨ་འདབ་མ་བརྒྱད་པའི་ལྟེ་བ་ལ་བྃ་ཡིག་ལས་ལྷ་མོ་ནོར་རྒྱུན་མ། ཤར་དུ་བཟང་མོ། ལྷོར་རབ་ཏུ་བཟང་མོ། ནུབ་ཏུ་སྦས་མ། བྱང་དུ་རབ་ཏུ་སྦས་མ། ཤར་ལྷོར་ལྷ་མོ། ལྷོ་ནུབ་ཏུ་དབྱངས་ཅན་མ། ནུབ་བྱང་དུ་འཕགས་མ། བྱང་ཤར་དུ་ཟླ་ཤེལ་ཅན་རྣམས་སྐུ་མདོག་སེར་མོ་གཡས་མཆོག་སྦྱིན། གཡོན་འབྲས་ཀྱི་སྙེ་མ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཙོ་མོའི་བྷ་གའི་ནང་དུ་གཞལ་ཡས་ཁང་པའི་དབུས་སུ་ཛྃ་ལས་དཔལ་གནོད་གནས་སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་བཱི་ཛ་པཱུ་ར་ཀ་དང༌། གཡོན་ནེའུ་ལེ་འཛིན་པ། ཞབས་གཉིས་ཀྱིས་དུང་དང་པདྨའི་ཚོགས་མནན་ཞིང་རིན་པོ་ཆེའི་ཆར་འབེབས་པ། ཨུཏྤ་ལ་སྔོན་པོའི་ཕྲེང་བ་ཅན། ནོར་རྒྱུན་མ་སེར་མོ་འབྲས་ཀྱི་སྙེ་མ་འཛིན་པ་ལ་འཁྱུད་པ། ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་
སེམས་ཕྱིར་འཕྲོས་པ་རིན་པོ་ཆེའི་ཚོགས་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏེ་སེམས་ཅན་གྱི་དོན་བྱས། སླར་འདུས་ཤིང་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་ཆེན་པོ་བཅུ་དྲུག་ཏུ་གྱུར་ཏེ་ཤར་དུ་གང་བ་བཟང་པོ་དམར་པོ། ལྷོར་རྣམ་ཐོས་སྲས་སེར་པོ། ནུབ་ཏུ་ནོར་སྦྱིན་དམར་པོ། བྱང་དུ་ནོར་བུ་བཟང་པོ་སེར་པོ། ཤར་ལྷོར་ཙི་པི་ཀུཎྜ་ལཱི་དམར་པོ། ལྷོ་ནུབ་ཏུ་རོལ་པའི་ཕྲེང་བ་སྔོན་པོ། ནུབ་བྱང་དུ་སྤྱོད་པའི་དབང་པོ་སེར་པོ། བྱང་ཤར་དུ་སྒོའི་དབང་པོ་སེར་པོ་སྟེ་ཐམས་ཅད་ཀྱང་བཱི་ཛ་པཱུ་ར་ཀ་དང་ནེའུ་ལེ་འཛིན་པ། ཤར་སྒོར་ནོར་སྦྱིན་དང་ནོར་སྦྱིན་ཆེན་པོ། ལྷོ་སྒོར་པདྨ་དང་པདྨ་ཆེན་པོ། ནུབ་སྒོར་ཀེ་ལི་དང་ཀེ་ལི་ཆེན་པོ། བྱང་སྒོར་གང་བ་དང་གང་བ་བཟང་པོ་སྟེ་ཐམས་ཅད་ཀྱང་སྐུ་མདོག་སེར་པོ་གཅེར་བུ་དབང་པོ་འཕྱང་བ། རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ། རིན་ཆེན་འབྱུང་ལྡན་གཙོ་བོར་གྱུར་པའི་རིགས་ལྔས་དབུར་བརྒྱན་ཏེ་དེ་རྣམས་ཀྱིས་ཀྱང་རིན་པོ་ཆེའི་ཆར་འབེབས་པའོ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་སྭཱ་ཧཱ། ཨོཾ་བ་སུ་དྷ་རི་ཎྱཻ་སྭཱ་ཧཱ། མཚན་སྔགས། ཤྲཱི་ཛམྦྷ་ལ་ས་པ་རི་ཝཱ་ར། བསྟོད་པ། གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ནས། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པ། །ནོར་སྦྱིན་རྣམས་ལ་བསྟོད་ཅིང་ཕྱག་འཚལ་ལོ། །ཞེས་སོ། ༈ །རྒྱ་ནག་རིམ་པའི་སྒྲོལ་མ་ནི། གོང་གི་རལ་གཅིག་མ་དང་གཅིག་པར་སྣང་ཡང་རྗེས་གནང་ཟུར་དུ་མཛད་པས། པད་ཉི་ལ་ཊཱྃ་ངམ་ཧཱུྃ་ལས་རྗེ་བཙུན་མ་སྒྲོལ་མ་ནག་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་གུག་དང་ཐོད་པ་ཐུགས་ཀར་འཛིན་པ། གཡས་འོག་མས་རལ་གྲི། གཡོན་འོག་མས་ཨུཏྤ་ལ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམས་པ་གྱེན་དུ་བརྫེས་པ། ནུ་འབུར་རྒྱས་ཤིང་གསུས་པ་འཕྱང་བ། སྟག་གི་པགས་
པའི་ཤམ་ཐབས་ཅན། ཐོད་པ་དང་སྦྲུལ་གྱིས་བརྒྱན་པ། རོའི་གདན་ལ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧྲཱིཾ་ཏྲཱིཾ་ཧཱུྃ་ཕཊ། མཚན་སྔགས། ཨཱརྻཱ་ཏཱ་རཱ། བསྟོད་པ། འགྲོ་བ་འཇིགས་པས་ཉེན་པ་བསྐྱབ་པའི་ཕྱིར། །བརྩེ་བས་འཇིགས་བྱེད་ལྷ་མོའི་སྐུར་བསྟན་ནས། །དབུགས་འབྱིན་མཛད་ཅིང་དངོས་གྲུབ་མཆོག་སྩོལ་མ། །སྒྲོལ་མ་དྲག་མོ་འདུལ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །གུར་ནས་འབྱུང་བའི་རྡོ་རྗེ་སྒྲོལ་མ་ནི། པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཟླ་བ་ལ་ཧཱུྃ་ལས་རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་མ། རྩ་ཞལ་སེར། གཡས་གནག གཡོན་དམར། རྒྱབ་དཀར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་བཞི་ན་རྡོ་རྗེ། མདའ། དུང༌། མཆོག་སྦྱིན། གཡོན་བཞི་ན་ཨུཏྤ་ལ། གཞུ། ལྕགས་ཀྱུ། སྡིགས་མཛུབ་དང་བཅས་པའི་ཞགས་པ་རྣམས་འཛིན་པ། ཤར་དུ་ཨོཾ་ལས་མེ་ཏོག་སྒྲོལ་མ་དཀར་མོ་མེ་ཏོག ལྷོར་ཏཱ་ལས་བདུག་སྤོས་སྒྲོལ་མ་ནག་མོ་སྤོས་སྣོད། ནུབ་ཏུ་རེ་ལས་མར་མེ་སྒྲོལ་མ་སེར་མོ་མར་མེ། བྱང་དུ་ཏུཏ་ལས་དྲིའི་སྒྲོལ་མ་དམར་མོ་དུང་ཆོས། མཚམས་ཀྱིས་འདབ་མ་བཞི་ལ་ཤར་ལྷོར་འཁོར་ལོ། ལྷོ་ནུབ་ཏུ་རིན་པོ་ཆེ། ནུབ་བྱང་དུ་པདྨ། བྱང་ཤར་དུ་རལ་གྲི། ཤར་སྒོར་ཏཱ་ལས་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ། ལྷོ་སྒོར་རེ་ལས་ཞགས་པ་མ་ནག་མོ་ཞགས་པ། ནུབ་སྒོར་ཏུ་ལས་ལྕགས་སྒྲོག་མ་སེར་མོ་ལྕགས་སྒྲོག བྱང་སྒོར་རེ་ལས་དྲིལ་བུ་མ་དམར་མོ་དྲིལ་བུ། སྟེང་དུ་སྭཱ་ལས་གཙུག་ཏོར་རྣམ་རྒྱལ་མ་སེར་མོ་འཁོར་ལོ། འོག་ཏུ་ཧཱ་ལས་གནོད་མཛེས་སྒྲོལ་མ་
ནག་མོ་སྦྲུལ་ཞགས་འཛིན་པ། ཐམས་ཅད་ཀྱང་ཕྱག་གཡོན་པས་སྡིགས་མཛུབ་མཛད་པ། སྤྱན་གསུམ་དང་ལྡན་པ། ཞལ་འཛུམ་ཞིང་ཁྲོ་བ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཙོ་བོ་ལ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་དང༌། ཤར་ཕྱོགས་པ་རྣམས་ལ་རྣམ་སྣང༌། ལྷོ་ཕྱོགས་པ་ལ་རིན་འབྱུང༌། ནུབ་ཕྱོགས་པ་ལ་འོད་དཔག་མེད། བྱང་ཕྱོགས་པ་ལ་དོན་གྲུབ། སྟེང་ཕྱོགས་པ་ལ་རྣམ་སྣང༌། འོག་ཕྱོགས་པ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཿཨཱརྻཱ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་སརྦ་དུཥྚཱཾ་མ་མ་ཀྲྀ་ཏེ། ཛམྦྷ་ཡ། སྟམྦྷ་ཡ། མོ་ཧ་ཡ། བནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚཱཾ་སྟམྦྷ་ནི་ཏཱ་རཱ་ཡཻ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། མཚན་སྔགས། བཛྲ་ཏཱ་རཱ་ས་པ་རི་ཝཱ་ར། བསྟོད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སོགས་སྤྱི་བསྟོད་བྱ། ༈ །གཤེད་དམར་ནི། པྃ་ལས་པདྨ་དང་ཨྃ་ལས་ཉི་མ་ལ་ཧཱུྃ་ལས་གཤིན་རྗེའི་གཤེད་དམར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མི་མགོ་རློན་པ་སེར་པོས་མཚན་པའི་དབྱུག་པ་དཀར་པོ་འཕྱར་བའི་ཚུལ་གྱིས་འཛིན་ཅིང༌། གཡོན་ཐོད་པ་ཁྲག་གིས་གང་བ་འཛིན་པས་རང་འོད་ཀྱིས་ཡུམ་ལ་འཁྱུད་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང༌། འཛག་པའི་མགོ་བོ་བརྒྱ་ཕྱེད་ཀྱི་དོ་ཤལ་དང༌། སྐམ་པོ་ལྔས་དབུར་བརྒྱན་པ། མ་ཧེ་དམར་པོའི་སྟེང་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧྲཱིཿཥྚྲཱྀཿཝི་ཀྲྀ་ཏཱ་ན་ན་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་
ཡ་མཱནྟ་ཀ་ཧཱུྃ་ཕཊ། མཚན་སྔགས། ཤྲཱི་རཀྟ་ཡ་མཱ་རི། བསྟོད་པ། སངས་རྒྱས་ཀུན་གྱི་རང་བཞིན་ཁྱོད། །སོགས་གོང་གི་གདོང་དྲུག་ལྟར། ༈ །འོག་གི་གཙུག་ཏོར་རྣམ་རྒྱལ་ནི། མཆོད་རྟེན་གྱི་བུམ་པའི་ནང་དུ་པད་ཟླ་ལ་བྷྲཱུྃ་ལས་གཙུག་ཏོར་རྣམ་པར་རྒྱལ་མ་སྐུ་མདོག་དཀར་མོ། ཞལ་གསུམ་ཕྱག་བརྒྱད་མ། རྩ་ཞལ་དཀར། གཡས་སེར། གཡོན་དམར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་བཞི་ན་སྣ་ཚོགས་རྡོ་རྗེ། པད་དཀར་ལ་གནས་པའི་འོད་དཔག་མེད། མདའ། མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་བཞི་ན་སྡིགས་མཛུབ་དང་བཅས་པའི་ཞགས་པ། གཞུ། མི་འཇིགས་པའི་ཕྱག་རྒྱ། བདུད་རྩིས་གང་བའི་བུམ་པ་རྣམས་འཛིན་པ། རིན་པོ་ཆེའི་རྒྱན་དང༌། དར་གྱི་ན་བཟའ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨོཾ་བྷྲཱུྃ་སྭཱ་ཧཱ། མཚན་སྔགས། བྷ་ག་ཝ་ཏཱི་ཨུཥྞཱི་ཥ་བི་ཛ་ཡ། བསྟོད་པ། དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །རྣམ་སྣང་སྒྱུ་དྲྭ་ནས་བྱུང་བའི་སྲུང་བ་ལྔའི་གཙོ་རྐྱང་རྣམས་ལས་སོ་འབྲང་ནི། པད་ཟླ་ལ་པྲྃ་ལས་སོ་སོར་འབྲང་མ་ཆེན་མོ་སྐུ་མདོག་སེར་མོ་ཞལ་བཞི་ཕྱག་བརྒྱད་མ། རྩ་ཞལ་སེར། གཡས་དཀར། གཡོན་དམར། རྒྱབ་སྔོ་བ། ཞལ་རེ་རེ་ཞིང་ཞི་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་བཞི་ན་རལ་གྲི། འཁོར་ལོ། རྩེ་གསུམ། མདའ། གཡོན་བཞི་ན་རྡོ་རྗེ། ཞགས་པ། དགྲ་སྟྭ། གཞུ་འཛིན་པ། ཞི་བའི་རྒྱན་དང་ན་བཟའ་ཅན། གཡོན་བརྐྱང་བའི་རོལ་སྟབས་ཀྱིས་བཞུགས་པ། རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་མ་ཎི་དྷ་རི་བཛྲཱི་ཎི་མ་ཧཱ་པྲ་ཏི་སཱ་རེ་
སྭཱ་ཧཱ། མཚན་སྔགས། བྷ་ག་ཝ་ཏཱི་མ་ཧཱ་པྲ་ཏྲི་སཱ་རེ། བསྟོད་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སོགས་སྤྱི་བསྟོད་བྱ། ༈ །རྨ་བྱ་ཆེན་མོ་ནི། པད་ཟླ་ལ་མྃ་ལས་རྨ་བྱ་ཆེན་མོ་ལྗང་གུ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་ལྗང༌། གཡོས་ནག གཡོན་དཀར་བ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། གཡས་གསུམ་ན་རྨ་བྱའི་མཇུག་སྒྲོ། མདའ། མཆོག་སྦྱིན། གཡོན་གསུམ་ན་རིན་པོ་ཆེའི་རྔ་ཡབ། གཞུ། དཀུ་གཡོན་དུ་བུམ་པ་རྣམས་འཛིན་པ། ཟླ་བའི་རྒྱབ་ཡོལ་ཅན། ཞི་བའི་རྒྱན་དང་ན་བཟའ་འཆང་བ། ཕྱེད་ཀྲུང་གིས་བཞུགས་པ། དོན་ཡོད་གྲུབ་པས་དབུར་བརྒྱན། ཨོཾ་མ་ཧཱ་མ་ཡཱུ་རཱི་བི་དྱཱ་རཱ་ཛྙཱི་ཧཱུྃ་ཧཱུྃ་ཕཊ་ཕཊ། མཚན་སྔགས། མཧཱ་མ་ཡཱུ་རཱི་བིདྱཱ་རཱ་ཛྙཱི། །བསྟོད་པ། དུས་གསུམ་སངས་རྒྱས་སོགས་སྤྱི་བསྟོད་བྱ། ༈ །སྟོང་ཆེན་རབ་འཇོམས་ནི། པད་ཟླ་ལ་བྲུྃ་ལས་སྟོང་ཆེན་མོ་རབ་ཏུ་འཇོམས་མ་དཀར་མོ་ཞལ་གཅིག་ཕྱག་དྲུག་མ། གཡས་ན་རལ་གྲི། མདའ། མཆོག་སྦྱིན། གཡོན་ན་གཞུ། ཞགས་པ། དགྲ་སྟྭ་རྣམས་འཛིན་པ། ཟླ་བའི་རྒྱབ་རྟེན་དང༌། ཞི་བའི་རྒྱན་དང་ཆ་ལུགས་ཅན། རོལ་པའི་སྟབས་ཀྱིས་བཞུགས་པ། རྣམ་སྣང་གིས་དབུར་བརྒྱན། ཨོཾ་བྲཱུྃ་སྭཱ་ཧཱ། ཨོཾ་མ་ཧཱ་ས་ཧ་སྲ་པྲ་མརྡ་ན་པ་ར་སིདྡྷཱུ་ད་མཱི་གེ་མ་ཎི་བཛྲ་ཎི་ཧཱུྃ་ཕཊ་སྭཱ་ཧཱ། མཚན་སྔགས། མ་ཧཱ་ས་ཧ་སྲ་པྲ་མརྡ་ན། སྤྱི་བསྟོད་བྱ། ༈ །གསང་སྔགས་རྗེས་འཛིན་ནི། པད་ཉི་ལ་ཧཱུྃ་ལས་གསང་སྔགས་རྗེས་སུ་འཛིན་མ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་མ། གཡས་རྡོ་རྗེ་དང་མཆོག་སྦྱིན། གཡོན་དགྲ་སྟྭ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཉི་མའི་རྒྱབ་ཡོལ་ཅན། རྒྱན་དང་བཞུགས་ཚུལ་འདྲ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧཱུྃ་སྭཱ་ཧཱ། མཚན་སྔགས། མ་ཧཱ་མནྟྲ་མ་ནུ་དྷཱ་རི་ཎི། སྤྱི་བསྟོད་བྱ།།
བསིལ་བའི་ཚལ་ནི། པད་ཉི་ལ་ཛྲཱིཾ་ལས་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་ཕྲེང་བ་དང་མཆོག་སྦྱིན། གཡོན་ལྕགས་ཀྱུ་དང་ཐུགས་ཀར་པུསྟི་འཛིན་པ། གཞན་གོང་དང་འདྲ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་ཛྲིཾ་སྭཱ་ཧཱ། མཚན་སྔགས། མ་ཧཱ་སཱི་ཏ་བ་ནཱི། སྤྱི་བསྟོད་བྱ། ༈ །ཕྱིར་ཟློག་མ་ནི། པད་ཉི་ལ་ཧཱུྃ་ལས་ཕྱིར་ཟློག་མ་ཆེན་མོ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་དྲུག་མ། གཡས་རལ་གྲི། ལྕགས་ཀྱུ། མཆོག་སྦྱིན། གཡོན་པད་དམར། རྩེ་གསུམ། ཐུགས་ཀར་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧཱུྃ་སྭཱ་ཧཱ། མཚན་སྔགས། མ་ཧཱ་པྲ་ཏྱངྒི་རཱ། སྤྱི་བསྟོད་བྱ། ༈ །རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནི། པད་ཉི་ལ་ཧཱུྃ་ལས་ལྷ་མོ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཞལ་གསུམ་ཕྱག་བཞི་མ་སྐུ་དང་རྩ་ཞལ་ནག གཡས་དམར། གཡོན་ལྗང་བ། མཆེ་བ་གཙིགས་ཤིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་གཉིས་ན་རལ་གྲི་དང་ཞགས་པ། གཡོན་གཉིས་ན་ཁ་ཊྭཱཾ་ག་དང་འཁོར་ལོ་འཛིན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། ཐོད་པའི་ཕྲེང་བས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། ན་བཟའ་སེར་པོའི་ཤ་འགག་ཅན། ལྟོ་བ་འཕྱང་བ། གཡོན་བརྐྱང་གིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧཱུྃ་སྭཱ་ཧཱ། མཚན་སྔགས། བྷ་ག་ཝ་ཏཱིདྷཱ་ཛཱ་གྲ་ཀེ་ཡཱུ་ར། སྤྱི་བསྟོད་བྱ། ༈ །གཞན་གྱིས་མི་ཐུབ་མ་ནི། པད་ཉི་ལ་ཚོགས་བདག་གླང་སྣ་བསྒྱེལ་བའི་སྟེང་དུ། ཨྃ་ལས་འཕགས་མ་གཞན་གྱིས་མི་ཐུབ་མ། སྐུ་མདོག་སེར་མོ་གཡས་ཐལ་མོ་བརྐྱང་སྟེ་འཕྱར་ཞིང༌། གཡོན་སྡིགས་མཛུབ་
དང་བཅས་པའི་ཞགས་པ་ཐུགས་ཀར་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། ཞབས་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། ཚངས་པ་ལ་སོགས་པའི་ལྷའི་ཚོགས་ཀྱིས་གདུགས་བཟུང་ནས་བསྐོར་བ། རྣམ་སྣང་གིས་དབུར་བརྒྱན། ཨོཾ་ཨྃ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཨ་པ་རཱ་ཛི་ཏཱ། སྤྱི་བསྟོད་བྱ། ༈ །རྡོ་རྗེ་གནྡྷ་རི་ནི། པད་ཉི་ལ་ཧཱུྃ་ལས་རྡོ་རྗེ་གནྡྷ་རི་སྐུ་མདོག་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ་རྩ་ཞལ་ནག གཡས་དཀར། གཡོན་དམར། རྒྱབ་ལྗང༌། སྟེང་དུ་སེར་པོ་དང་སྔོན་པོ་བརྩེགས་པའི་ཞལ་ཅན། ཕྱག་གཡས་པ་རྣམས་ན་རྡོ་རྗེ། དྲིལ་བུ། རལ་གྲི། རྩེ་གསུམ། མདའ། འཁོར་ལོ། གཡོན་པ་རྣམས་ན་ཁ་ཊྭཱྃ་ག ལྕགས་ཀྱུ། གཞུ། དགྲ་སྟྭ། ཞགས་པ། ཐུགས་ཀར་སྡིགས་མཛུབ་མཛད་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། རྒྱན་སྣ་ཚོགས་ཀྱིས་བརྒྱན་ཅིང་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ན་པ་ཏ་ཡེ། ན་མོ་བྷ་ག་ཝ་ཏཱི་མཧཱ་བཛྲ་གནྡྷ་རི། ཨ་ནེ་ཀ་ར་ཤ་ཏ་ས་ཧ་སྲ། པྲ་ཛ་ལི་ཏ། དཱིཔྟེ་ཏེ་ཛཱ་ཡཻ། ཨུ་གྲ་བྷཱི་མ་བྷ་ཡ་ན་ག་ཡཻ། ཡོ་གི་ནཱི་ཡཻ། བྷིཥྨ་བྷ་གི་ནཱི་ཡཻ། དྭཱ་ད་ཤ་བྷཱུ་ཛཱ་ཡཻ། བི་ཀཱིརྞ་ཀཻ་ཤི་ཡཻ། ཨ་ནཻ་ཀ་རཱུ་པ་བི་བྷི་དྷ་བེ། སིདྷཱ་རི་ཎེ་ཡེ། ཨེ་ཧྱེ་ཧཾ་བྷ་ག་ཝ་ཏཱི་མ་ཧཱ་གནྡྷ་རི། སདྡྷ་རི། ཏྲ་ཡཱ་ཎཱི་རཏྣ་ནཱཾ་ས་ཏྱེ་ན། ཨཱཀ་ཌྜྷྱ་ཨཱ་ཀཌྜྷྱ། བཱ་དེ་དི་ཀཾ། ཡེ་ཙ་ནྱེ་ས་མ་ཡེ་ན་ཏིཥྛནྟི་ཏཱ་ནཱ་བརྟ་ཡི་ཥྱ་མི། སཱི་གྷྲཾ་གྲྀཧྞ་གྲྀཧྞ། ཨོཾ་ཨ་ལ་ཨ་ལ། ཧུ་ལུ་ཧུ་ལུ། མུ་ལུ་མུ་ལུ། ཙུ་ལུ་ཙུ་ལུ། དྷ་མ་དྷ་མ། རངྒ་རངྒ། རངྒཱ་པ་ཡ་རངྒཱ་པ་ཡ། པཱུ་ར་ཡ་པཱུ་ར་ཡ། ཨཱ་བི་ཤ་ཨཱ་བི་ཤ། བྷ་ག་བ་ཏཱི་མཧཱ་བཛྲ་གནྡྷ་རི། སིདྡྷ་ཙནྡ། བཛྲ་པཱ་ཎི་རཱ་ཛྙ་པ་ཡ་ཏི། ཧྲཱིཿཧཱཿཨཱཿཧཱུྃ་ཕཊ་སྭཱ་ཧཱ།«་་་་་ཧྲྀ་ད་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱའང་སྣང༌།
མཚན་སྔགས། ཨཱརྻཱ་བཛྲ་གནྡྷ་རི། སྤྱི་བསྟོད་བྱ། ༈ །ནག་པོ་ཆེན་པོ་ནི། པད་ཉི་དང་རོ་དམར་སེར་མགོ་གཡས་སུ་བསྟན་པའི་སྟེང་དུ་ཧཱུྃ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང༌། གཡོན་ཐོད་པ་ཐུགས་ཀར་འཛིན་པ། ཞལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་འཕྱང་བ། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། སྐུ་ལུས་ཐུང་ཞིང་སྦོམ་ལ་གཟི་བརྗིད་ཆེ་བ། མེ་རི་འབར་བའི་དབུས་ན་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་མ་ཧཱ་ཀཱ་ལཱ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཚན་སྔགས། ཤྲཱི་མ་ཧཱ་ཀཱ་ལ། བསྟོད་པ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །གྲོང་ཁྱེར་སུམ་བརྩེགས་འཇིགས་བྱེད་པ། །གཏུམ་པོ་ཁྱོད་ལ་བདག་བསྟོད་དོ། །ཞེས་སོ། ༈ །རྡོ་རྗེ་ལྕགས་སྒྲོག་ནི། པད་ཟླ་ལ་ཧཱུྃ་ལས་རྡོ་རྗེ་ལྕགས་སྒྲོག་ལྗང་གུ་ཞལ་གསུམ་ཕྱག་དྲུག་པ་རྩ་ཞལ་ལྗང༌། གཡས་དཀར། གཡོན་དམར། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། ཕྱག་གཡས་གསུམ་ན་རྡོ་རྗེ། རྡོ་རྗེ་ལྕགས་སྒྲོག མདའ། གཡོན་གསུམ་ན་སྡིགས་མཛུབ། ཞགས་པ། གཞུ་རྣམས་འཛིན་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་གཡོན་བརྐྱང་གིས་བཞུགས་པ། རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་བཛྲ་ཤྲཱིཾ་ཁ་ལ་ཧཱུྃ་ཕཊ་སྭཱ་ཧཱ། མཚན་སྔགས། བཛྲ་ཤྲཱིཾ་ཁ་ལ། སྤྱི་བསྟོད་བྱ། ༈ །སྟོབས་པོ་ཆེ་ནི། པད་དཀར་དང་ཉི་མ་ལ་ཧཱུྃ་ལས་སྲིད་པའི་ཁྲོ་བོ་སྟོབས་པོ་ཆེ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་ན་དབྱུག་པ་དཀར་པོ་རྔ་ཡབ་དཀར་པོ། གཡོན་གཉིས་ཕྱག་འཚལ་པའི་ཚུལ་དང་
སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། སྦྲུལ་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན། འོད་ཟེར་དམར་པོའི་དབུས་ན་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། འོད་དཔག་མེད་ཀྱིས་དབུར་བརྒྱན། ཨོཾ་མ་ཧཱ་བ་ལ་སྭཱ་ཧཱ། མཚན་སྔགས། མ་ཧཱ་བ་ལ། བསྟོད་པ། གང་གི་རང་བཞིན་ཁྲོ་བྲལ་ཡང༌། །སོགས་གོང་ལྟར། ༈ །གདུགས་དཀར་ནི། པད་དཀར་ལ་ཨོཾ་ལས་འཕགས་མ་གཞན་གྱིས་མི་ཐུབ་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་མ་རྩ་ཞལ་དཀར། གཡས་སྔོ། གཡོན་དམར་བ། ཕྱག་དང་པོ་གཉིས་རྡོ་རྗེ་དང་འཁོར་ལོ། བར་པ་གཉིས་མདའ་དང་གཞུ། འོག་མ་གཉིས་ལྕགས་ཀྱུ་དང་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། མཆེ་བ་གཙིགས་ཤིང་སྤྱན་གསུམ་དང་ལྡན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། རྣམ་སྣང་གིས་དབུར་བརྒྱན། ཨོཾ་སི་ཏཱ་ཏ་པ་ཏྲེ། ཨ་པ་རཱ་ཛི་ཏེ། སརྦ་གྲ་ཧ་ཨ་ནུ་ཏྲཱ་ས་ཡ། ཏྲཱ་ས་ཡ། ཧ་ན་ཧ་ན། དྲུྃ་དྲུྃ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་མི་ཏཱ་ཏ་པ་ཏྲ། སྤྱི་བསྟོད་བྱ། ༈ །རྟ་མགྲིན་ནི། པད་ཉི་ལ་ཧཱུྃ་ལས་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་ཞལ་གསུམ་ཕྱག་བརྒྱད་རྩ་ཞལ་དམར་པོ་བཞད་པ། གཡས་སྔོན་པོ་ལྗགས་འདྲིལ་བ། གཡོན་དཀར་པོ་མཆེ་བས་མ་མཆུ་མནན་པ། ཞལ་རེ་རེ་ཞིང་སྤྱན་གསུམ་གསུམ་དང་ལྡན་པ། ཕྱག་གཡས་བཞི་ན་རྡོ་རྗེ་དབྱུག་པ། པདྨ་ཁ་འབྱེད་པའི་ཚུལ། མདའ། གཡོན་བཞི་སྡིགས་མཛུབ། རང་གི་ནུ་མ་གཡོན་པ། པདྨ། གཞུ་རྣམས་འཛིན་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། སྦྲུལ་གྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་ཅན།
གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧ་ཡ་གྲཱྀ་ཝ་སྭཱ་ཧཱ། མཚན་སྔགས། ཧ་ཡ་གྲཱྀ་ཝ། བསྟོད་པ། གང་གི་རང་བཞིན་ཁྲོ་བྲལ་སོགས་ཀྱིས་བསྟོད། ༈ །ཀྱེ་རྡོ་རྗེ་ནི། དུར་ཁྲོད་ཀྱི་དབུས་སུ་པད་ཉི་ལ་ཧཱུྃ་ལས་དཔལ་ཧེ་རུ་ཀ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཕྱག་གཉིས་པ་གཡས་འབར་བའི་རྡོ་རྗེ་ཕྱར་ཞིང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱྃ་ག་བ་དན་རྩེ་གསུམ་པས་བརྒྱན་པ་འཆང་བ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང༌། མཆེ་བ་ཅུང་ཟད་གཙིགས་པ། དབུ་སྐྲ་ཁམ་པ་གྱེན་དུ་བརྫེས་པ། མི་མགོའི་ཕྲེང་བ་དང་རུས་པའི་རྒྱན་གྱིས་བརྒྱན་པ། མི་ལྤགས་ཀྱི་ན་བཟའ་མནབས་ཤིང་ཐལ་ཆེན་གྱིས་ལུས་ལ་བྱུགས་པ། ཞབས་གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་རོའི་གདན་ལ་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཧཱུྃ་ཕཊ་སྭཱ་ཧཱ། མཚན་སྔགས། ཤྲཱི་བཛྲ་ཧེ་རུ་ཀ བསྟོད་པ། ཐམས་ཅད་དངོས་པོའི་རང་བཞིན་མཆོག །གདོད་ནས་ཐམས་ཅད་བདག་ཉིད་གནས། །ཐབས་དང་ཤེས་རབ་གཉིས་མེད་པ། །ཀྱེ་ཡི་རྡོ་རྗེ་ལ་ཕྱག་འཚལ། །ཞེས་སོ། ༈ །བདག་མེད་མའི་གཉིས་ནི། པད་ཟླ་ལ་ཨྃ་ལས་རྡོ་རྗེ་བདག་མེད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་གྲི་གུག་ཕྱར་ཞིང༌། གཡོན་ཐོད་པ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྐམ་པོ་ལྔ་བཅུའི་དོ་ཤལ་དང༌། རུས་པའི་རྒྱན་ལྔས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་རོའི་སྟེང་ན་བཞུགས་པ། མི་བསྐྱོད་པས་དབུར་བརྒྱན། ཨོཾ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་ལཱྀ་ཨཻ་ཨཻ་ཨོ་ཨཽ་ཨཾ་
སྭཱ་ཧཱ། མཚན་སྔགས། བྷ་ག་ཝ་ཏཱི་བཛྲ་ནཻ་རཏྨ། བསྟོད་པ། འགྲོ་བ་བུད་མེད་འདུལ་གཟིགས་ནས། །བདག་མེད་རྣལ་འབྱོར་མ་གྱུར་གང༌། །ཕྱག་འཚལ་ཕ་རོལ་ཕྱིན་ཐུབ་ལ། །སྒྱུ་མའི་ཕྱག་རྒྱར་ཕྱག་འཚལ་འདུད། །ཅེས་སོ། ༈ །རྡོ་རྗེ་ཕག་མོ་ནི། ཆོས་འབྱུང་གྲུ་གསུམ་དམར་པོའི་དབུས་སུ་པདྨ་དམར་པོའི་ལྟེ་བར་ཡི་དྭགས་ཀྱི་གདན་ལ་ཧྲཱིཿཧྃ་ལས་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་རྡོ་རྗེ་གྲི་གུག་འཕྱར་བའི་ཚུལ་དང༌། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། གྲུ་མོ་ན་ཁ་ཊྭཱཾ་ག་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། མེ་ཏོག་གི་ཕྲེང་བས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། ཞབས་གཡོན་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། རྣམ་སྣང་གིས་དབུར་བརྒྱན། ཨོཾ་བཛྲ་ཝཱ་རཱ་ཧཱི། ཨཱ་ཝེ་ཤ་ཡ། ཨཱ་ཝེ་ཤ་ཡ། སརྦ་ཛ་རཱ་ཎ་ཧྲཱིཿསྭཱ་ཧཱ། མཚན་སྔགས། བྷ་ག་ཝ་ཏཱི་བཛྲ་ཝཱ་རཱ་ཧཱི། བསྟོད་པ། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡི་འཁོར་ལོས་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་བརྙེས། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་ལོ། །ཞེས་སོ། ༈ །དཀར་བའི་ལས་སྟོན་པའི་སྒྲོལ་མ་ནི། པད་ཉི་ལ་ཧཱུྃ་ལས་རྡོ་རྗེའི་ས་གཞི་རྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོའི་ནང་དུ་དུར་ཁྲོད་བརྒྱད་ཀྱིས་ཉེ་བར་བརྒྱན་པའི་དབུས་སུ་པྃ་ལས་པདྨ་དང༌། ཨྃ་ལས་ཟླ་བ་ལ་ཧཱུྃ་ལས་དཀར་བའི་ལས་ཉེ་བར་སྟོན་པའི་རྗེ་བཙུན་མ་སྒྲོལ་མ་དཀར་མོ་ཞལ་གསུམ་ཕྱག་དྲུག་མ། རྩ་ཞལ་དཀར། གཡས་སེར། གཡོན་ནག་པ། ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་པ། མཆེ་བ་གཙིགས་པ། ཕྱག་གཡས་གསུམ་ན་མཆོག་སྦྱིན། ཕྲེང་བ། མདའ། གཡོན་
གསུམ་ན་ཨུཏྤ་ལ། པདྨ། གཞུ་རྣམས་འཛིན་པ། རལ་པའི་ཅོད་པན་ཅན། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། ཟླ་བ་ཕྱེད་པས་ཐོད་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་ཅིང༌། སྟག་གི་པགས་པའི་ཤམ་ཐབས་ཅན། ཟླ་བ་ལ་རྒྱབ་བརྟེན་ཅིང༌། སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་པ་དེ་བཞིན་གཤེགས་པ་རྣམ་པ་ལྔ་འཕྲོ་བའོ། །རྡོ་རྗེ་སེམས་དཔས་དབུར་བརྒྱན། ཨོཾ་ཨ་ཙ་ལེ་ཨཱ་ནི་མིཏྟ་ཝཱ་རེ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། མཚན་སྔགས། ཨཱརྻཱ་ཏཱ་རཱ། བསྟོད་པ། ལྷ་དང་ལྷ་མིན་སོགས་ཀྱི་བསྟོད་དོ། ༈ །སྒྲུབ་ཐབས་འདི་རྣམས་ལ་བླ་མ་དཱ་བྱང་ཆུབ་སེམས་དཔའ་ཡན་ལག་བཞི་ཀ་དངོས་སུ་བྱ་དགོས་པར་བཞེད། བླ་མ་བཻ་རོ་ཙ་ན་འདི་རྣམས་བསྡུས་པའི་སྐབས་ཡིན་པས་ཡན་ལག་ཕྱི་མ་གསུམ་མི་དགོས་པར་བཞེད། ལོ་ཙཱ་བ་ཡང་དེ་བདེ་གསུངས། ཞེས་རྗེ་ས་ཆེན་གྱི་ཊཱི་ཀ་ལས་བྱུང་ངོ༌། ༈ །དེ་ལྟར་སྒྲུབ་ཐབས་ཀུན་ལས་བཏུས། །བརྒྱ་རྩར་གྲགས་པའི་བསྟན་བཅོས་ཀྱི། །དོན་འགྲེལ་མུན་སེལ་སྒྲོན་མེ་འདི། །འདྲེན་མཆོག་བླ་མའི་གསུང་བཞིན་བཀོད། །འདི་ལ་ནོངས་པའི་ཆ་མཆིས་ན། །སྒོ་གསུམ་སྡིག་དང་ལྷན་ཅིག་ཏུ། །བླ་མ་མཆོག་དང་ཡི་དམ་ལྷ། །དབྱེར་མེད་སྤྱན་སྔར་མཐོལ་ཞིང་བཤགས། །ལེགས་པའི་དགེ་བ་ཅི་མཆིས་དེས། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །སྒོ་གསུམ་ལྷ་སྔགས་ཡེ་ཤེས་སུ། །མངོན་གྱུར་རྡོ་རྗེའི་ས་ཐོབ་ཤོག ༈ །སྒྲུབ་ཐབས་བརྒྱ་རྩ་ནས་བཤད་པའི་ལྷ་ཚོགས་རྣམས་ཀྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པའི་ཐོ་ཡིག་མུན་སེལ་སྒྲོན་མེ་ཞེས་བྱ་བ་འདི་ནི། སྐྱེ་རྒུའི་གཙུག་རྒྱན་བདག་ཆེན་རིན་པོ་ཆེ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་བཀའ་ལུང་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་རཏྣ་ཝརྡྷ་ཡབ་སྲས་ཀྱི་
བཀའ་དྲིན་གྱིས་ཉེ་བར་འཚོ་བ། ཤཱཀྱའི་བཙུན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས། སྒྲུབ་ཐབས་ཀྱི་གཞུང་སོ་སོ་དང༌། དཔལ་ས་སྐྱ་པ་ཡབ་སྲས་ཀྱིས་མཛད་པའི་ཊཱི་ཀ་དང༌། གཏད་རྒྱ་ལ་སོགས་པ་ལུགས་འདི་ལ་དགོས་པའི་ཡིག་སྣ་ཁུངས་ཐུབ་རྣམས་ལ་ལེགས་པར་གཏུགས་ཏེ། ཡོངས་འཛིན་གྱི་ལོ་གྲོ་བཞིན་ཟླ་བའི་ཚེས་བཅོ་བརྒྱད་ཀྱི་ཉིན་དཔལ་ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་སྦྱར་བའི་ཡི་གེ་པ་ནི་བརྡ་སྤྲོད་པ་བློ་གྲོས་བཀྲ་ཤིས་སོ། ༈ །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག སྒྲུབ་ཐབས་དགུ་བཅུ་གོ་གཉིས་ལ་རིས་མཐུན་རྣམས་ཕྱོགས་གཅིག་ཏུ་བསྡེབས་པས་རྗེས་གནང་བདུན་ཅུ་དོན་དགུ་ཡོད་དོ།། །།
བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས།
བ་རི་བའི་ཆོས་སྐོར་གྱི་བརྒྱུད་འདེབས་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཱཾ། བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །གང་གིས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །གྲངས་མེད་གསུམ་དུ་བརྩོན་པས་རབ་བསྒྲུབས་པས། །ཚོགས་གཉིས་མཐར་ཕྱིན་རང་གཞན་དོན་བརྙེས་པ། །སྟོན་པ་བདེར་གཤེགས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་བླ་ན་མེད། །གཅིག་ཏུ་བསྡུས་པ་རྒྱལ་སྲས་གཞོན་ནུའི་ཚུལ། །ཤེས་རབ་རལ་གྲི་ཨུཏྤལ་འཛིན་བརྩོན་པ། །མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །ཁྱོད་ནི་ཤེས་བྱ་ཀུན་ལ་རབ་སྦྱངས་ནས། །ཏིང་འཛིན་བརྩོན་པས་གོ་འཕང་མཆོག་བརྙེས་ཏེ། །གཞན་གྱི་དོན་ལ་གཅིག་ཏུ་རབ་གཞོལ་བ། །དགྲ་ལས་རྣམ་པར་རྒྱལ་བའི་ཞབས་ལ་འདུད། །བདེ་གཤེགས་བསྟན་པའི་གསུང་རབ་རིན་ཆེན་གྱིས། །ཐུགས་ཀྱི་བང་མཛོད་རབ་ཏུ་གཏམས་བྱས་ནས། །ཆོས་ཀྱི་སྦྱིན་པས་སེམས་ཅན་ཚིམ་མཛད་པ། །རྡོ་རྗེ་གདན་པའི་ཞབས་ལ་ཕྱག་འཚལ་ལོ། །རྒྱལ་བའི་རིགས་འཁྲུངས་བྱམས་པའི་ཐུགས་དང་ལྡན། །ཚུལ་ཁྲིམས་གཟུགས་བཟང་ཡོན་ཏན་རྒྱན་གྱིས་སྤྲས། །བརྩེ་བས་འགྲོ་ལ་མ་ནོར་ལམ་སྟོན་པ། །རྡོ་རྗེ་གདན་པ་གཉིས་པའི་ཞབས་ལ་འདུད། །བྱང་སེམས་ས་བོན་སྙིང་རྗེའི་ཆུ་ཡིས་བསྐྱེད། །ཡོན་ཏན་ལྗོན་ཤིང་རྟོགས་པའི་འབྲས་བུ་ཅན། །གཞན་དོན་བསྡུ་བའི་བསིལ་གྲིབ་དང་ལྡན་པ། །རིན་ཆེན་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ཡེ་ཤེས་ཉི་མའི་གསུང་ཟེར་གྱིས། །མཁྱེན་པ་པདྨོའི་ཚལ་རབ་རྒྱས་བྱས་ནས། །ལེགས་བཤད་བདུད་རྩིའི་དགའ་སྟོན་འགྱེད་མཛད་པ། །རྗེ་བཙུན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །འགྲོ་བ་འདི་ཀུན་བུ་གཅིག་ལྟར་གཟིགས་པས། །སྐྱོ་བ་མེད་པར་གཞན་གྱི་དོན་བརྩོན་པ། །རྒྱལ་སྲས་ཐུ་བོ་འཇིག་རྟེན་ཀུན་གྱི་རྗེ། །དཔལ་ལྡན་རྩེ་མོའི་ཞབས་ལ་ཕྱག་འཚལ་ལོ། །ཁྱོད་ཐུགས་སྲིད་པའི་འཆིང་ལས་རྣམ་གྲོལ་ཡང༌། །བརྩེ་བས་སྲིད་པར་སྐྱེ་བའི་ཚུལ་བསྟན་པས། །སྐྱེ་རྒུ་ཀུན་གྱི་འདྲེན་པ་མཆོག་གྱུར་པ། །རྣལ་འབྱོར་དབང་ཕྱུག་
རྒྱལ་མཚན་ཞབས་ལ་འདུད། །དུས་གསུམ་སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཅིག་ཏུ་བསྡུས་པ་དཔལ་ལྡན་ཆོས་ཀྱི་རྗེ། །གཞན་གྱི་དོན་དུ་སྐྱེ་བོའི་སྐུར་སྟོན་པ། །ཡེ་ཤེས་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །ཁ་སྐོང་ནི། སྒྲུབ་པའི་བརྒྱུད་འཛིན་ཚོགས་སྒོམ་ཀུན་དགའ་དཔལ། །ཉམས་རྟོགས་མངའ་བདག་བསོད་ནམས་བརྟན་པ་དང༌། །མཁས་ཤིང་གྲུབ་བརྙེས་བླ་མ་བསོད་ནམས་སྐྱབས། །གཟུངས་ཀྱི་དཔལ་བ་རྣམས་ལ་ཕྱག་འཚལ་ལོ། །མཚུངས་མེད་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་ཞབས། །མཁས་བཙུན་ཆེན་པོ་ཡེ་ཤེས་རྒྱལ་མཚན་དཔལ། །རྒྱལ་བས་ལུང་བསྟན་ངོར་ཆེན་རྡོ་རྗེ་འཆང༌། །རྒྱལ་ཚབ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྲིན་ལས་རྨད་བྱུང་ཡོངས་འཛིན་དཀོན་མཆོག་འཕེལ། །སྨྲ་བའི་སེང་གེ་དཀོན་མཆོག་ལྷུན་གྲུབ་ཞབས། །རྡོ་རྗེ་འཛིན་པ་དཀོན་མཆོག་དཔལ་ལྡན་དང༌། །ཀུན་དགའ་བཀྲ་ཤིས་རྣམས་ལ་ཕྱག་འཚལ་ལོ། །ཤར་ཆེན་མཁས་གྲུབ་ཤེས་རབ་འབྱུང་གནས་ཆེ། །རིག་གྲོལ་གཉིས་ལྡན་བསོད་ནམས་རྒྱ་མཚོའི་ཞབས། །རྣམ་འདྲེན་དམ་པ་ལྷུན་གྲུབ་དཔལ་ལྡན་དང༌། །ཀུན་དགའ་བཀྲ་ཤིས་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་བསོད་ནམས་རིན་ཆེན་ཞབས། །བསྟན་པའི་ཉི་མ་ཀུན་དགའ་བློ་གྲོས་དཔལ། །མཁས་བཙུན་གྲུབ་བརྙེས་ནམ་མཁའ་འཆི་མེད་དང༌། །དཔལ་ལྡན་ཕྲིན་ལས་རྣམས་ལ་ཕྱག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་གཅིག་བསྡུས་ནས། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །ལྷག་པའི་ལྷ་དང་དབྱེར་མེད་བཀའ་དྲིན་ཅན། །རྩ་བའི་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཞེས་སོ། །མགོན་པོ་ཁྱོད་ཀྱིས་ཆོ་འཕྲུལ་གསུམ་བརྙེས་པས། །གདུལ་བྱ་ཀུན་གྱི་མོས་པ་ཇི་བཞིན་དུ། །རྣམ་འཕྲུལ་དུ་མས་ཡོངས་སུ་ཚིམ་མཛད་པ། །མཛད་པ་མཐའ་ཡས་ཁྱོད་ལ་ཕྱག་འཚལ་ལོ། །སྟོབས་བཅུའི་སྟོབས་དང་ཡང་དག་རབ་ལྡན་པས། །བདུད་ཀྱི་སྟོབས་རྣམས་མ་ལུས་འཇོམས་མཛད་ཅིང༌། །གདུལ་བྱའི་བྱང་ཆུབ་ལམ་ཀུན་རྫོགས་མཛད་པ། །བསམ་
ཡས་མཐུ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ནི་གཟུངས་དང་ཏིང་འཛིན་རྨད་བྱུང་དང༌། །མི་འཇིགས་ཡང་དག་རིག་ལ་དབང་འབྱོར་པས། །ཐེ་ཚོམ་དྲྭ་བ་ཀུན་ནས་འགྲོལ་མཛད་པ། །སྟོན་མཆོག་ཁྱོད་ལ་རྟག་ཏུ་ཕྱག་འཚལ་ལོ། །མ་འདྲེས་ཡོན་ཏན་དྲུག་ཕྲག་གསུམ་ལྡན་པས། །ལྷར་བཅས་འཇིག་རྟེན་ཀུན་གྱི་སྐྱབས་གྱུར་ཅིང༌། །འཕགས་པའི་ཚོགས་ཀྱི་བླ་མ་མཆོག་གྱུར་པ། །འདྲེན་མཆོག་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །མཚུངས་མེད་བླ་མའི་མཆོག་རབ་དེ་དག་ལ། །རྟག་ཏུ་གུས་པས་བདག་ནི་སྐྱབས་སུ་མཆི། །རྐང་གི་ཁོང་ནས་རབ་ཏུ་གསོལ་བ་འདེབས། །རྣམ་པ་ཀུན་དུ་བདག་ལ་བྱིན་གྱིས་རློབས། །ཉེ་བར་བཀོད་དང་བདག་པོས་མ་བཟུང་དང༌། །ཡིད་ཀྱིས་སྤྲུལ་དང་བླ་ན་མེད་པ་ཡི། །མཆོད་པའི་སྤྲིན་གྱི་ཕུང་པོ་མཐའ་ཡས་པས། །བླ་མའི་ཚོགས་དང་དཀོན་མཆོག་མཆོད་པར་བགྱི། །སྡིག་པ་འགྱོད་ཅིང་སྡོམ་པའི་སེམས་ཀྱིས་བཤགས། །དགེ་བ་མ་ལུས་པ་ལ་ཡི་རངས་ཤིང༌། །བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །རྟག་ཏུ་མྱ་ངན་མི་འདའ་གསོལ་བ་འདེབས། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་བྱས་ནས། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པར་ཤོག །སྐྱེ་དང་སྐྱེ་བ་དག་ནི་ཐམས་ཅད་དུ། །ཡོན་ཏན་བདུན་ལྡན་ལྷ་མིའི་ལུས་ཐོབ་ནས། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང༌། །རྟག་ཏུ་དེ་ཉིད་མཉེས་པའང་བྱེད་པར་ཤོག །དེ་ཡི་གསུང་ལས་ཐེག་མཆོག་ཟབ་མོའི་དོན། །ཐོན་ཤིང་ཁོང་དུ་ཚུད་པར་བྱས་ནས་ཀྱང༌། །གསང་སྔགས་རྒྱ་མཚོའི་སྤྱོད་པ་ཇི་སྙེད་པ། །གེགས་མེད་པ་ཡང་ཅི་བདེར་སྤྱོད་པར་ཤོག །སྐད་ཅིག་རེ་རེ་ལ་ཡང་ཕྱོགས་བཅུ་ཡི། །ཞིང་རྣམས་ཀུན་ཏུ་སངས་རྒྱས་ཐམས་ཅད་ལས། །དམ་ཆོས་རྒྱ་མཚོ་ཐོས་ཤིང་དེ་དག་གི། །ཡེ་ཤེས་གཟིགས་པའི་དམ་པ་འཇུག་གྱུར་ཅིག །སངས་རྒྱས་ཀུན་གྱི་ཕྲིན་ལས་རྒྱ་མཚོ་དང༌། །རྒྱལ་སྲས་མཆོག་གི་མཛད་པ་རྒྱ་མཚོ་དང༌། །བདག་གི་བྱང་ཆུབ་སྤྱོད་པ་འདྲེས་གྱུར་ནས། །སེམས་
ཅན་ཐམས་ཅད་སྨིན་པར་བྱེད་པར་ཤོག །དེ་ལྟར་བྱང་ཆུབ་ལམ་གྱི་སྤྱོད་པ་ཀུན། །ཐམས་ཅད་ཡོངས་སུ་རྫོགས་པར་བྱས་ནས་ཀྱང༌། །རྒྱལ་བ་ཀུན་གྱི་ཡེ་ཤེས་རྒྱ་མཚོ་དང༌། །རྣམ་པ་ཀུན་ཏུ་རོ་གཅིག་འགྱུར་བར་ཤོག །སྐྱེ་བ་འདི་ཉིད་དུ་ཡང་ཚེ་རིང་ཞིང༌། །ནད་མེད་པ་དང་ལོངས་སྤྱོད་ཕུན་སུམ་ཚོགས། །བར་དུ་གཅོད་པ་ཐམས་ཅད་ཞི་བ་དང༌། །ཡིད་ལ་འདོད་པ་ཐམས་ཅད་འགྲུབ་གྱུར་ཅིག །ཚུལ་འདི་ནི་དཔལ་ལྡན་བླ་མ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཞབས་རྡུལ་སྤྱི་བོས་ལེན་པའི་བཙུན་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོས་ཤིང་ཕོ་སྟག་གི་ལོ་བྱ་སྤོའི་ཚེས་བཅོ་ལྔ་ལ་མདོ་ཁམས་སྒང་དུ་སྦྱར་བའོ། །དེ་ལ་བ་རི་བའི་ཆོས་སྐོར་ཞེས་བྱ་བ་ནི། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་གྱི་ཞལ་སྔ་ནས། རྗེ་བ་རི་སྙིང་རྗེ་ཆེན་པོ་དང་ལྡན་པས་ཆོས་བསམ་གྱིས་མི་ཁྱབ་ཀྱང་གཙོ་ཆེར་གསུངས་པ་ནི། དོན་ཡོད་ཞགས་པ་ཡན་ལག་བཅས། །རྣམ་རྒྱལ་ཡན་ལག་བཅས་པ་དང༌། །སྒྲུབ་ཐབས་བསྡུས་པ་དག་དང་ནི། །རྡོ་རྗེ་གདན་པའི་ཆོས་དྲུག་དང༌། །དང་པོའི་ལས་པའི་བྱ་«་་་་་སློབ་དཔོན་བསོད་ནམས་རྩེ་མོས་མཛད་པ་དང༌། རྗེ་བཙུན་གྲགས་པའི་ཆོས་སྤྱོད་རིན་ཆེན་ཕྲེང་བ་སོགས་ཀྱང་གཙོ་བོ་གཞུང་འདི་ལ་བརྟེན་ནས་མཛད། »བར་བཅས། «།ཚེ་དཔག་མེད་་་་་»།ལྷ་དགུ་ལ་སོགས་བསམ་མི་ཁྱབ། །བ་རི་རིན་ཆེན་གྲགས་པ་ཡིས། །བོད་ལ་ཕན་པའི་དོན་དུ་བསྒྱུར། །ཞེས་པ་རྣམས་སོ། །དེ་ལས་འདིར་ཚོགས་སྒོམ་རིན་པོ་ཆེ་ནས་བཟུང་བརྒྱུད་པའི་ཞལ་སྐོང་རྣམས་སྒྲུབ་ཐབས་བསྡུས་པའམ། དེང་སང་སྒྲུབ་ཐབས་བརྒྱ་རྩར་གྲགས་པའི་རྗེས་གནང་གི་བརྒྱུད་པ་དང་མཐུན་པར་སྦྱར་བ་སྟེ། ཆོས་སྐོར་གཞན་རྣམས་ཀྱི་རྒྱུན་ཡང་བར་མ་ཆད་པར་བཞུགས་པས་སྦྱོར་བར་སྤྲོ་ན་སོ་སོའི་བརྒྱུད་ཡིག་ལྟར་ཁ་བསྐང་བར་བྱའོ། །ཞེས་པའང་མཉྫཱུ་གྷོ་ཥས་སོ། །སརྦ་དཱ་མངྒལཾ་བྷཱུ་ཡཱཏྲ།། །།
དབང་དང་རྗེས་གནང་ལ་སོགས་པའི་གོང་དུ་གླེང་བར་འོས་པའི་ཆོས་གཏམ་དབྱར་གྱི་རྔ་གསང་།
དབང་དང་རྗེས་གནང་ལ་སོགས་པའི་གོང་དུ་གླེང་བར་འོས་པའི་ཆོས་གཏམ་དབྱར་གྱི་རྔ་གསང་ཞེས་བྱ་བ་བཞུགས་སོ།།
ན་མོ་མཛྙུ་གྷོ་ཥཱ་ཡ། ཆོས་ཀུན་རྣམ་པར་འབྱེད་པའི་སོར་རྩེ་ཡིས། །ལུང་རིག་གདམས་པའི་རྒྱུད་མངས་འཁྲོལ་བ་ལ། །འཇིགས་མེད་དབྱངས་ཀྱི་རྒྱལ་མོ་མགྲིན་ཆགས་པ། །ས་སྐྱའི་རྗེ་བཙུན་བརྒྱུད་པར་བཅས་ལ་འདུད། །གང་དག་ཞུམ་པར་གཟེངས་བསྟོད་རྒོད་པ་ལ། །འཁོར་བའི་ཉེས་དམིགས་འདོམས་པས་ཡིད་འབྱུང་ཞིང༌། །རྨུགས་པ་ངོ་མཚར་གཏམ་གྱིས་བྲིད་ནས་ནི། །ཡང་དག་ཆོས་ལ་སྦྱོར་བ་མཁས་པའི་ལུགས། །དེ་བཞིན་འདི་ན་སྙིང་རྗེའི་ལག་པ་ཡིས། །འགྲོ་བ་སྲིད་པའི་རྒྱ་མཚོ་ལས་གདོན་ཕྱིར། །ལུས་བཤད་གདམས་པ་ཉུང་ངུས་མ་ཚིམ་པའི། །ཆོས་སྨྲ་འདོད་པ་དེས་ནི་འདི་སྐད་གླེང༌། །དེ་ལ་སྣོད་ལྡན་གྱི་སློབ་མ་རྣམས་ཁྲུས་དང་ཕྱག་འཚལ་སྔོན་དུ་འགྲོ་བས། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གྲལ་དུ་འཁོད་པ་ལ། སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་འཁོར་བ་ལས་བསྒྲལ་འདོད་ཀྱི་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་དབང་ངམ་བྱིན་གྱིས་བརླབས་པའམ། རྗེས་སུ་གནང་བ་གང་ཡིན་སྐབས་དང་སྦྱར་ལ་
ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླངས་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་ཡང༌། སྐྱེས་པ་རབས་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བཞག །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དང་ལ་དྲི་མེད་བློས། །ནད་པས་སྨན་པའི་ངག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་དང༌། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འབྱུང་བ་ལས་ཀྱང༌། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པར་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་དང༌། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་ཏེ། དེའང་ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང༌། ཡིད་གཏད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དང༌། དྲན་པ་དང་ཤེས་བཞིན་གྱིས་བཟུང་ཡང༌། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང༌། །དོན་དུ་གཉེར་བ་མེད་ཉིད་དང༌། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང༌། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་པ་
ལྟར་དྲི་མ་དྲུག་པོ་གང་རུང་དང་ལྡན་པ་ནི་སྣོད་དྲི་མ་ཅན་གྱི་སྐྱོན་ཏེ། སྣོད་ཀྱི་སྐྱོན་གསུམ་སྤངས་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་ཐུགས་མ་ཡེངས་པར་གསན་འཚལ། དེ་ལ་རང་རེ་རྣམས་ཀྱི་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར་དམ་པའི་ཆོས་རྣམ་པར་དག་པ་རེ་བྱེད་དགོས་ཏེ། དེའི་རྒྱུ་མཚན་ཡང་རྩ་བའི་རྒྱུད་བརྟག་པ་གཉིས་པ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་བ་ནི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར། དོན་དམ་པར་སེམས་ཅན་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སངས་རྒྱས་ཀྱི་སྙིང་པོ་ཅན་ཡིན་ནའང༌། གནས་སྐབས་གློ་བུར་གྱི་དྲི་མ་སྒྲིབ་གཉིས་བག་ཆགས་དང་བཅས་པ་མ་སྤངས་ཀྱི་བར་ལ། རྒྱུན་ཆད་མེད་པར་སྡུག་བསྔལ་གྱི་ཁོར་མོ་ཡུག་ཏུ་གྱུར་པའི་འཁོར་བར་སྐྱེ་ཞིང༌། འཁོར་བའི་སྐྱེ་གནས་གང་དུ་སྐྱེས་ཀྱང་བཟོད་པར་དཀའ་བའི་སྡུག་བསྔལ་འབའ་ཞིག་ལས་མ་འདས་པ་ཡིན་ཏེ། དེ་དག་ན་སྡུག་བསྔལ་དང་སྐྱོན་དང་ཉེས་དམིགས་ཀྱི་རྣམ་པ་ཇི་ལྟ་བུ་ཡོད་སྙམ་ན། མདོ་དྲན་པ་ཉེར་གཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་དག་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ལ། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་ཤིང༌། དེའང་སེམས་ཅན་དམྱལ་བ་པ་རྣམས་ནི་ཚ་གྲང་གི་ཚོར་བ་བཟོད་བླག་མེད་པའི་རང་བཞིན་ཅན་གྱིས་ཡུན་རིང་དུ་ཉེན་པའི་སྡུག་བསྔལ། ཡི་དྭགས་རྣམས་ནི་འདོད་པས་ཕོངས་ཏེ་བཀྲེས་ཤིང་སྐོམ་པའི་དབང་གིས་ངལ་ཞིང་དུབ་པ་ལ་སོགས་པའི་སྡུག་བསྔལ། དུད་འགྲོ་རྣམས་ལ་སྤྱི་ཁྱབ་ཏུ་བླུན་ཞིང་གཏི་མུག་པ་རི་ཆེན་པོས་ནོན་པ་ལྟ་བུ་དང༌། བྱེ་བྲག་ཏུ་གཅིག་ལ་གཅིག་ཟ་བ་དང༌། གསོད་པ་དང་བཀོལ་
སྤྱད་ལ་སོགས་པའི་སྡུག་བསྔལ་བརྗོད་ཀྱིས་མི་ལོང་བ་ཡོད་དོ། །དེ་སྐད་དུའང༌། བྲ་སྟོན་ཞུས་ལན་ལས། སྡུག་བསྔལ་སྡུག་བསྔལ་ངན་སོང་གསུམ་གྱི་གནས། །མཛེ་ནད་ཤུ་བའི་སྟེང་དུ་རྨ་འབྲས་བཞིན། །ལེགས་པར་བསམས་ན་བསྲན་པར་ག་ལ་ནུས། །དེ་བསམ་མི་དགེའི་ལས་ལས་ལྡོག་པར་བྱ། །ཞེས་སོ། །གལ་ཏེ་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ཡོད་པ་བདེན་མོད། མཐོ་རིས་གསུམ་དུ་སྐྱེས་ན་བདེ་བ་ཡོད་དོ་སྙམ་ན་མ་ཡིན་ཏེ། མི་རྣམས་ལ་འདོད་པ་བཙལ་བས་མི་རྙེད་པ་དང༌། མི་འདོད་པ་ཐོག་ཏུ་བབས་པ་དང༌། དགྲ་སྡང་བ་དང་ཕྲད་པའམ་ཕྲད་ཀྱིས་དོགས་པ་དང༌། གཉེན་བྱམས་པ་དང་བྲལ་བའམ་འབྲལ་གྱིས་དོགས་པ་ལ་སོགས་པ་དང༌། ཐུན་མོང་དུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་བཞིས་རང་དབང་མེད་པར་གཡེང་བ་ལ་སོགས་པའི་སྡུག་བསྔལ། ལྷ་མ་ཡིན་རྣམས་རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་པའི་དབང་གིས་དུས་རྟག་ཏུ་གོ་མཚོན་དང་ཡ་ལད་ཐོགས་ཏེ་ལྷ་རྣམས་དང་འཐབ་པ་དང་རྩོད་པ་དང་གཡུལ་འགྱེད་པ་ལ་སོགས་པ་ཁོ་ནས་ལུས་སེམས་དལ་བར་འདུག་པའི་སྐབས་སྐད་ཅིག་ཙམ་ཡང་མེད་ཅིང༌། དེ་ལྟར་བགྱིས་ཀྱང་ལྷ་རྣམས་དང་བསོད་ནམས་ཀྱི་མཐུ་མ་མཉམ་པས་གཡུལ་ཕམ་སྟེ་ལུས་བཅད་ཅིང་དྲ་བ་ལ་སོགས་པའི་སྡུག་བསྔལ། འདོད་པའི་ལྷ་རྣམས་ལ་འཆི་ལྟས་ལྔ་དང༌། ཉེ་བའི་འཆི་ལྟས་ལྔ་བྱུང་བའི་ཚེ་དམྱལ་བའི་ལུས་ཀྱི་སྡུག་བསྔལ་ལས་ཀྱང་ཆེས་ཆེ་བའི་སེམས་ཀྱི་སྡུག་བསྔལ་ཡོད། གཟུགས་དང་གཟུགས་མེད་ཀྱི་ལྷ་རྣམས་ལ་དེ་ལྟ་བུའི་སྡུག་བསྔལ་མངོན་དུ་གྱུར་པ་མེད་ཀྱང་བྱ་ནམ་མཁའ་ལ་འཕུར་བ་མྱུར་དུ་ས་ལ་འབབ་དགོས་པ་ལྟར། ཟག་བཅས་ཀྱི་དགེ་བའི་འཕེན་ཤུགས་རྫོགས་པ་ན། ལོག་པར་ལྟ་བས་སེམས་བསླུས་པའི་དབང་གིས་སླར་འོག་ནས་འོག་ཏུ་ལྟུང་ཏེ། ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེས་ནས་སྡུག་བསྔལ་མི་བཟད་པ་མྱོང་དགོས་ཏེ། མདོ་ལས། འདོད་པའི་ཁམས་ཀྱང་སྐྱོན་
དང་བཅས་པ་སྟེ། །གཟུགས་ཀྱི་ཁམས་ཀྱང་སྐྱོན་དང་བཅས་པའོ། །དེ་བཞིན་གཟུགས་མེད་ཁམས་ཀྱང་སྐྱོན་དང་བཅས། །མྱ་ངན་འདས་པ་འབའ་ཞིག་སྐྱོན་མེད་མཐོང༌། །ཞེས་སོ། །དེས་ན་ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་བཟོད་པར་དཀའ་བའི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད་པ་འབའ་ཞིག་ལས་མ་འདས་པ་ཤེས་པར་བྱས་ནས། དེ་ལས་ཐར་བར་བྱེད་པའི་ཐབས་དམ་པའི་ཆོས་ཉམས་སུ་ལེན་དགོས། དེ་ལའང་དལ་འབྱོར་གྱི་མི་ལུས་སྐྱོན་མེད་པ་ཞིག་ཐོབ་དགོས་པ་ལས། དེ་ནི་ཡང་ནས་ཡང་དུ་རྙེད་པ་མ་ཡིན་ཏེ། སྡོང་པོ་བཀོད་པ་ལས། མི་ཁོམ་བརྒྱད་ལས་ལོག་པའང་རྙེད་པར་དཀའ། མིར་གྱུར་པའང་རྙེད་པར་དཀའ། དལ་བ་ཕུན་སུམ་ཚོགས་པའང་རྙེད་པར་དཀའ། སངས་རྒྱས་འབྱུང་པའང་རྙེད་པར་དཀའ་ཞེས་དང༌། སྤྱོད་འཇུག་ལས་ཀྱང༌། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །སྐྱེས་བུས་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་དང༌། ཡང་དེ་ཉིད་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི། །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་བཀའ་གསུངས། །ཞེས་པ་སྟེ། དེའང་གང་དུ་གསུངས་ན། དགའ་བོ་རབ་ཏུ་བྱུང་བའི་མདོ་ལས། དགེ་སློང་དག་འཇིག་རྟེན་གྱི་ཁམས་འདི་རྒྱ་མཚོ་ཆེན་པོ་ཞིག་ཏུ་གྱུར་པའི་ནང་ན་རུས་སྦལ་ལོང་བ་ཚེ་ཡུན་རིང་པོར་འཚོ་བ་ཞིག་གནས་ཏེ། དེ་ལོ་བརྒྱ་འདས་པ་ན་ལན་གཅིག་གྱེན་དུ་འབྱུང་ལ། རྒྱ་མཚོ་དེ་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་དེ། དེ་ཤར་གྱི་རླུང་གིས་བདས་ན་ནི་ནུབ་ཀྱི་ཕྱོགས་སུ་འགྲོ། ནུབ་ཀྱི་རླུང་གིས་བདས་ན་ནི་ཤར་གྱི་ཕྱོགས་སུ་འགྲོ་ཞེས་སོགས་རྒྱ་ཆེར་བཀའ་སྩལ་ནས། དགེ་སློང་དག་རུས་སྦལ་ལོང་བ་དེ་གྱེན་དུ་འབྱུང་བའི་མགྲིན་པ་གཉའ་ཤིང་གི་བུ་གར་ཆུད་པར་འགྱུར་བའི་དུས་དེ་ནི་ཡོད་ཀྱི། དགེ་སློང་དག་མིར་སྐྱེ་བ་ཐོབ་པ་ནི། དེ་
བས་ཀྱང་ཆེས་དཀའ་བར་ང་སྨྲའོ། །ཞེས་གསུངས་ཏེ། དེའི་དོན་ནི་རྒྱ་མཚོ་ཁ་ཞེང་ཆེ་བ་ལྟར་འགྲོ་བ་གཞན་གྱི་སྐྱེ་གནས་རྒྱ་ཆེ་ཞིང་གྲངས་མང༌། གཉའ་ཤིང་བུ་ག་གཅིག་ལས་མེད་པ་ལྟར་མིའི་སྐྱེ་གནས་རྒྱ་ཆུང་ཞིང་གྲངས་ཉུང༌། རུས་སྦལ་ལོ་བརྒྱ་ན་སྟེང་དུ་ལན་རེ་ལས་མི་འབྱུང་བ་ལྟར་མིར་སྐྱེ་འགྱུར་གྱི་ལས་གསོག་པ་དཀོན། རུས་སྦལ་མིག་ལོང་བ་ལྟར་བསགས་པའི་ལས་དེ་ཡང་མཐུ་ཆུང༌། གཉའ་ཤིང་ཕྱོགས་ཀུན་ཏུ་རླུང་གི་བསྐྱོད་པ་ལྟར་སྐྱེ་བའི་རྟེན་འབྲེལ་འགྲིག་པ་ལ་འགལ་བའི་རྐྱེན་མང་བའོ། །གལ་ཏེ་དལ་འབྱོར་ཐོབ་པ་དེ་ཙམ་དུ་ཅི་དཀའ་མི་མང་པོ་འདུག་གོ་སྙམ་ན། དེ་ནི་རྟོག་དཔྱོད་ཞིབ་མོས་ལེགས་པར་མ་བརྟགས་པ་ཡིན་ཏེ། སྤྱིར་སེམས་ཅན་གྱི་ཁམས་ན་ལུས་ཐོབ་པ་ལས་ཀྱང་མ་ཐོབ་པའི་བར་དོའི་སེམས་ཅན་ཆེས་མང་བ་ཞིག་ཡོད་པར་སྣང་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་སོས་ཀའི་དུས་ལྟ་བུ་ཞིག་ལ་མཚོན་ན་སེམས་ཅན་ཤི་བའི་རོ་གཅིག་ཞག་ཁ་ཡར་བཞག་ན། དེའི་ནང་ཐམས་ཅད་འབུས་ཁེངས་པར་མཐོང་ཞིང༌། དེ་བཞིན་དུ་ཤི་བའི་རོ་གཉིས་དང་གསུམ་ལ་སོགས་པ་ནས། ཇི་སྙེད་ཅིག་བཞག་ཀྱང་དེ་སྙེད་ཀྱི་འབུ་འབྱུང་བར་མཐོང་བའི་ཕྱིར་རོ། །དེས་ན་འབུ་གཅིག་པུར་སྐྱེ་འགྱུར་གྱི་བར་དོ་ལའང་ཐུག་པ་མེད་ན། སེམས་ཅན་གཞན་གྱི་སྐྱེ་གནས་མང་བ་ལྟ་ཅི་སྨོས། དྲི་མ་མེད་པའི་མདོ་སྡེ་རྣམས་ལས། བར་དོར་ཡུན་རིང་པོར་གནས་པར་གསུངས་པའང་ཤིན་ཏུ་འཐད་པར་མངོན་ཏེ། ལུས་ལེན་པའི་རྟེན་འབྲེལ་མ་འགྲིག་གི་བར་ལ་ལུས་མི་ལོན་པའི་ཕྱིར་དང༌། ལུས་ཐོབ་པ་ལའང་ངན་སོང་གི་ལུས་མང་གི་མཐོ་རིས་ཀྱི་ལུས་དཀོན་ཏེ་འདུལ་བ་ལུང་ལས། མཐོ་རིས་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་མོ། །ངན་སོང་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །མཐོ་རིས་ནས་མཐོ་རིས་སུ་འགྲོ་བ་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །ངན་སོང་ནས་ངན་སོང་དུ་འགྲོ་བ་ནི་ས་ཆེན་པོའི་རྡུལ་ཙམ་མོ། །ཞེས་གསུངས་ཤིང༌། དེ་བཞིན་དུ་དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ་མོ། །ཡི་དྭགས་ནི་ཁ་བ་བུ་ཡུག་འཚུབ་
པ་ཙམ་མོ། །དུད་འགྲོ་ནི་ཆང་ངར་མའི་སྦང་མ་ཙམ་མོ། །ཞེས་གསུངས་ལ། དེའང་སྙེད་དཀའ་བ་ཙམ་དུ་མ་ཟད་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། རང་གིས་བྱུང་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལས་ཀྱང་ཕན་ཡོན་ཆེ་སྟེ། ཡིད་བཞིན་གྱི་ནོར་བུ་ཞིག་ལ་གསོལ་བ་བཏབ་ན་ཚེ་འདིའི་ཕུན་སུམ་ཚོགས་པ་ཙམ་འབྱུང་བར་ཟད་ལ། དལ་འབྱོར་གྱི་ལུས་ལ་བརྟེན་ནས་དམ་པའི་ཆོས་བསྒྲུབས་ན་ཚེ་འདིའི་ཕུན་སུམ་ཚོགས་པ་ཙམ་སྨོས་ཅི་དགོས། ཚེ་ཕྱི་མའི་མཐོ་རིས་དང༌། ཐེག་པ་འོག་མའི་མྱང་འདས་དང༌། བླ་ན་མེད་པའི་བྱང་ཆུབ་ཀྱང་བསྒྲུབ་པར་ནུས་པའི་ཕྱིར་ཏེ། སློབ་སྤྲིང་ལས། གང་ཞིག་ཐོབ་ན་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང༌། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་ལ། །ཡིད་བཞིན་ནོར་བུ་ལས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །བདེ་གཤེགས་ལམ་བསྟེན་འགྲོ་བ་འདྲེན་པར་ཆས་གྱུར་པའི། །སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པའི། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་གནོད་སྦྱིན་དང༌། །མཁའ་ལྡིང་རིག་འཛིན་མིའམ་ཅི་དང་ལྟོ་འཕྱེས་མིན། །ཞེས་གསུངས་པའི་ཕན་ཡོན་ཅན་གྱི་ལུས་དེ་ལ་བརྟེན་ནས་ད་ལྟ་ནས་དམ་པའི་ཆོས་མ་བསྒྲུབས་ན་ཡུན་རིང་དུ་གནས་པའི་ངེས་པ་མེད་དེ། སྤྱིར་འཇིག་རྟེན་ན་སྐྱེས་ནས་མ་ཤི་བར་དུས་རྟག་ཏུ་རང་དབང་དུ་བསྡད་པས་ཆོག་པ་འདི་ལྟ་བུ་ཞིག་གོ་ཞེས། སུ་ཞིག་གིས་མཐོང་བའམ། ཡིད་ཆེས་པའི་གཏམ་ཐོས་པའམ། འདི་ལྟ་མི་འཆི་བ་སྲིད་དམ་སྙམ་པའི་ཐེ་ཚོམ་ཟ་བའི་གཞི་ཙམ་ཡང་མེད་དོ། །སེམས་ཅན་སྐྱེས་པ་ཀུན་གྱི་མདུན་ན་ཡོད་ངེས་ཤེས་པ་འཆི་བ་ཉིད་ཡིན་པའི་ཕྱིར་འཆི་བ་ཁོ་འོང་ངེས་པའི་ཕྱིར་རོ། །དེས་ན་སྐྱེས་ནས་མི་འཆི་བར་བསྡད་པས་ཆོག་པའི་ས་ཕྱོགས་སམ། འཆི་བདག་གིས་མི་སླེབ་པའི་གནས་ས་འོག་ས་སྟེང་ས་བླ་ལ་སོགས་པ་གང་ནའང་མེད་དེ། མྱ་ངན་བསལ་བ་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་འདུག་པ་འཆི་བ་སྟེ། །ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་
ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་དང༌། སྐྱེས་རབས་ལས་ཀྱང༌། གང་དུ་གནས་ཀྱང་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མ་ཡིན། །ནམ་མཁའ་ན་མེད་རྒྱ་མཚོའི་གཏིང་ན་མེད། །རི་བོ་ཀུན་གྱི་ཕྲག་ནའང་ཡོད་མ་ཡིན། །ཞེས་སོ། །དེའང་འགའ་ཞིག་གི་རྟོག་པ་ལ། ནམ་ཕུགས་ལོས་ཀྱང་འཆི་མོད། རེ་ཞིག་མི་འཆི་བའམ་ཚེ་སྟོད་ལ་ཚེ་འདིའི་འདུན་མ་བྱས་ནས་ཚེ་མཇུག་ལ་ཆོས་བྱའོ་སྙམ་པ་དང༌། ད་ལོ་ཆོས་བརྒྱགས་བསྒྲུབས་ནས་ད་གཟོད་ཆོས་བྱའོ་སྙམ་པ་སྲིད་མོད། དེ་ཉིད་ཐོག་ཏུ་འབབ་པའི་ངེས་པ་མེད་དེ། ཚེ་མཇུག་དང་ཚེ་ཕྱི་མ་སུ་སྔ་མི་ཤེས། དེ་བཞིན་དུ་ལོ་ཕྱི་མ་དང་ཚེ་ཕྱི་མ། ཟླ་བ་ཕྱི་མ་དང་ཚེ་ཕྱི་མ། ཞག་ཕྱི་མ་དང་ཚེ་ཕྱི་མ་སུ་སྔ་མི་ཤེས་པས་སོ། །དེ་སྐད་དུའང་ཚོམས་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་ལ་གང་འོང་གཏོལ་མེད་པས། །སང་གི་ཆིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་སོ། །གལ་ཏེ་ཚེའི་ལྷག་མ་ཅུང་ཟད་ཡོད་སྲིད་ཀྱང་དེ་ཉིད་མ་རྫོགས་ཀྱི་བར་ལ་འདུག་ཏུ་འོང་བའི་ངེས་པ་མེད་དེ། དེའི་རྒྱུ་མཚན་ཡང་ཚེ་གནས་པ་ལ་འགལ་རྐྱེན་བར་ཆད་མང་ཞིང་ལུས་སྲོག་ཀྱང་ཤིན་ཏུ་འབྲལ་སླ་བའི་ཕྱིར། དཔེར་ན་རླུང་དམར་གྱི་ནང་གི་མར་མེ་དང་འདྲ་སྟེ། མར་མེ་དེ་ལ་མར་དང་སྡོང་བུ་ལ་སོགས་མ་ཟད་པར་ཡོད་ཀྱང༌། རླུང་གི་རྐྱེན་གྱིས་ཅུང་ཟད་ཀྱང་གནས་པའི་སྐབས་མེད་པར་གློ་བུར་དུ་འཆི་བ་བཞིན་ནོ། །དེ་སྐད་དུའང་སློབ་སྤྲིང་ལས། མར་མེ་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་འདི་སྐད་ཅིག་གནས་པའི་གདེང་ཡང་ཡོད་མ་ཡིན། །ཞེས་དང༌། བཤེས་སྤྲིང་ལས་ཀྱང༌། ཚེ་འདི་གནོད་མང་རླུང་ནང་མར་མེ་བཞིན། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་འབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་སོ། །དེས་ན་ཐོབ་དཀའ་ལ་ཕན་འདོགས་ཆེ་ཡང་ཡུན་རིང་དུ་མི་གནས་པའི་མི་ལུས་ལན་གཅིག་ཐོབ་པའི་སྐབས་འདིར།
རིན་ཆེན་ཕྲེང་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །ཞེས་པ་སྟེ། རང་ཕྱོགས་ལ་ཆགས་པ་དང༌། གཞན་ཕྱོགས་ལ་སྡང་བ་དང༌། ལས་འབྲས་ལ་རྨོངས་པའི་མ་རིག་པ་སྟེ། དེ་གསུམ་གྱིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་རྣམས་ནི། རྩ་བ་དུག་ལས་བྱུང་བའི་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་དུག་ཡིན་པ་ལྟར། ལས་དེ་ཐམས་ཅད་ལའང་མི་དགེ་བ་ཞེས་བྱའོ། །དེ་ཉིད་སྲོག་གི་ཕྱིར་ཡང་མི་བྱེད་པར་བསྡམ་དགོས་ཏེ། ཅིའི་ཕྱིར་ན། དེ་ཉིད་ལས། མི་དགེ་བ་ལས་སྡུག་བསྔལ་དང༌། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་པ་ལྟར་སྡུག་བསྔལ་མཐའ་དག་གི་འབྱུང་གནས་ཡིན་པའི་ཕྱིར་རོ། །དེ་ལས་ལྡོག་པའི་ལས་ཐམས་ཅད་ལ་དགེ་བ་ཞེས་བྱ་སྟེ། མ་ཆགས་ཞེ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བའོ། །ཞེས་པ་སྟེ། རང་ཕྱོགས་ལ་མ་ཆགས་པ་དང༌། གཞན་ཕྱོགས་ལ་ཞེ་སྡང་མེད་པ་དང༌། ལས་འབྲས་ལ་རྨོངས་པ་མེད་པའི་ཤེས་རབ་སྟེ། དེ་གསུམ་གྱིས་ཀུན་ནས་བསླངས་པའི་ལས་རྣམས་ནི་རྩ་བ་སྨན་ལས་བྱུང་བའི་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་སྨན་ཡིན་པ་ལྟར། ལས་དེ་ཐམས་ཅད་ལའང་དགེ་བ་ཞེས་བྱའོ། །དེ་ཉིད་ཅི་ནུས་ཀྱི་སྒོ་ནས་བསྒྲུབ་དགོས་ཏེ། ཅིའི་ཕྱིར་ན། དགེ་ལས་བདེ་འགྲོ་ཐམས་ཅད་དང༌། །སྐྱེ་བ་ཀུན་ཏུ་བདེ་བ་དག །ཅེས་གསུངས་པ་ལྟར། བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པའི་ཕྱིར་རོ། །གཞན་ཡང་ལུང་མ་བསྟན་པས་བྱ་བ་དགེ་བ་ཡང་མ་ཡིན། སྡིག་པ་ཡང་མ་ཡིན་པའི་འགྲོ་འཆག་ཉལ་འདུག་ལ་སོགས་པ་ལ་འཕྲལ་གྱི་སྤྱོད་ལམ་བཏང་སྙོམས་པ་རྣམས་ཏེ། ཆོས་རྗེ་ས་སྐྱ་པཎྜི་ཏས། བཏང་སྙོམས་གཉིས་ཀ་མ་ཡིན་པས། །རྣམ་པར་སྨིན་པའང་གཉིས་ཀ་མིན། །ཞེས་སོ། །ལས་དེ་དག་གིས་སྡུག་བསྔལ་མི་བསྐྱེད་པའི་ཆ་ནས་བཟང་མོད། བདེ་བ་མི་བསྐྱེད་པའི་ཆ་ནས་བྱས་པ་དོན་མེད་ཡིན་པས་ཐབས་ལ་མཁས་པའི་ཁྱད་པར་གྱིས་དགེ་བར་བསྒྱུར་བ་ལ་སོགས་པའི་སྒོ་ནས་དགེ་སྡིག་གི་བླང་དོར་ཚུལ་
བཞིན་དུ་བྱ་དགོས་ཏེ། གང་གི་ཕྱིར་སྙམ་ན། ནམ་ཞིག་འཆི་བའི་དུས་ལ་བབ་པའི་ཚེ། འཇིག་རྟེན་འདིའི་ལོངས་སྤྱོད་དང་མཛའ་བཤེས་ལ་སོགས་པ་གང་ཡང་རྗེས་སུ་མི་འབྲང་བར། ལས་དགེ་སྡིག་ཏུ་བྱས་པ་རྣམས་ནི་བྱ་ནམ་མཁར་ལ་འཕུར་ཡང་གྲིབ་མ་རྗེས་སུ་འབྲང་བ་ལྟར། བྱེད་པ་པོ་རང་གི་རྗེས་སུ་འབྲང་བ་ལས། བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུ་ཡང་ཆུད་ཟ་བར་མི་འགྱུར་ཏེ། རྒྱལ་པོ་གདམས་པ་ལས། དུས་ཀྱིས་ཉེན་ཏེ་རྒྱལ་པོ་འཆི་བའི་ཚེ། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང༌། །སྐྱེས་བུ་དེ་ནི་གང་དང་གར་འགྲོ་ཡང༌། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང༌། །ཞེས་གསུངས་སོ། །དེ་ལྟ་བུའི་ལས་འབྲས་ལ་ཡིད་ཆེས་པའི་སྡིག་སྤོང་དགེ་བ་སྒྲུབ་པའི་ཉམས་ལེན་པ་བརྩོན་པའི་སྒོ་ནས་དལ་འབྱོར་ལ་སྙིང་པོ་བླང་དགོས་པ་ལགས། དེ་ཡང་རང་ཉིད་གཅིག་པུའི་དོན་དུ་མ་ཡིན་ཏེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེ་ནས་ཀྱང་བདག་གི་ཕ་མར་བྱས་ཤིང༌། བྱས་རེས་ཀྱིས་གནོད་པ་མཐའ་དག་ལས་བསྐྱབས་ཤིང་ཕན་ཚད་མེད་པ་བཏགས་པའི་དྲིན་ཆེན་ཤ་སྟག་ཡིན་པས། འདི་རྣམས་འདོད་ནི་བདེ་བ་འདོད་ཀྱང་བདེ་བ་ཐོབ་པའི་ཐབས་ལ་མི་མཁས་པའི་དབང་གིས། ལ་ལ་ནི་སྡུག་བསྔལ་དངོས་ལ་ལོངས་སྤྱོད། ལ་ལ་ནི་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རྔམ་པོ་ཆེ་ལ་ལོངས་སྤྱོད། མ་རིག་པའི་ལིང་ཐོག་གིས་ནི་ལྡོང༌། ཐར་པའི་རྟེན་གྱི་འཁར་བ་ནི་བྲལ། དགེ་བའི་བཤེས་གཉེན་གྱི་དམིགས་བུ་བས་ནི་མ་ཟིན། མཐོ་རིས་དང་ཐར་པའི་ལམ་ནས་རྡེག་འཆོས་ཤིང༌། ངན་སོང་གསུམ་གྱི་གཡང་སར་འགྲིམས་པ་འདི་རྣམས་སྙིང་རེ་རྗེ་སྙམ་པའི་སྙིང་རྗེ་ཆེན་པོ་བསྐྱེད་དགོས། དེའང་སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན། འདི་རྣམས་སྡུག་བསྔལ་ལས་བསྒྲལ་ནས་བདེ་བ་ལ་དགོད་དགོས། དེའི་ནུས་པ་ད་ལྟ་རང་རེ་རྣམས་ལ་མེད། རང་རེ་ལས་ལྷག་པའི་ཚངས་པ་དང་བརྒྱ་བྱིན་དང་ཉན་ཐོས་རང་སངས་རྒྱས་ལ་སོགས་པ་ལའང་མེད། སུ་ལ་
ཡོད་ན་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་ཁོ་ན་ལ་ཡོད་དེ། དེའི་རྒྱུ་མཚན་ཡང༌། སངས་རྒྱས་དེ་སྐྱོན་གྱི་ཉེས་པ་ཐམས་ཅད་དང་བྲལ། ཡོན་ཏན་གྱི་ཆོས་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན། བདེ་བ་དམ་པའི་གོ་འཕང་ལ་དབང་འབྱོར། འགྲོ་བ་མ་ལུས་པ་སྲིད་ཞིའི་རྒུད་པ་ལས་སྐྱོབ་པའི་ཐུགས་རྗེ་དང་ཕྲིན་ལས་མངའ། གསོལ་བ་བཏབ་ན་གནས་སྐབས་དང་མཐར་ཐུག་གི་དོན་ཐམས་ཅད་བདེ་བླག་ཏུ་སྩོལ་ནུས་པ་ཡིན་ཏེ། སངས་རྒྱས་དེའི་སྐུ་ལས་འོད་ཟེར་རེ་རེ་བཀྱེ་བས་ཀྱང་སེམས་ཅན་དཔག་ཏུ་མེད་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་བཞག་ནུས། ཆོས་ཐུན་རེ་གསུངས་པས་ཀྱང་སེམས་ཅན་དཔག་ཏུ་མེད་པ་མྱ་ངན་ལས་འདས་པའི་གོ་འཕང་ལ་བཞག་ནུས། མདོར་ན་མཐོང་ཐོས་དྲན་རེག་ཐམས་ཅད་དངོས་དང་བརྒྱུད་པའི་སྒོ་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་བདེ་བླག་ཏུ་བསྒྲུབ་ནུས་པའི་བདག་ཉིད་ཅན། དེ་ལྟ་བུའི་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་བྱ་དགོས། དེའང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས། རྒྱུ་རྐྱེན་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་བླངས་ཏེ། དེའི་ཡེ་ཤེས་སྐྱེ་བའི་སྣ་འདྲེན་པར་བྱེད་པ་རྗེས་སུ་གནང་བ་དང་བཅས་པ་ཞུས་ལ་དམ་ཚིག་དང་སྡོམ་པ་ལ་བསྲུང་བསྡམ་ཚུལ་བཞིན་དུ་བྱ་བ་ལས་འབྱུང་བ་ཡིན་པས། དེ་ལྟར་བགྱིའོ་སྙམ་པའི་འདུན་པ་དུང་པ་ཞིག་བསྐྱེད་འཚལ། བསམ་པ་དེ་ལྟ་བུ་དེས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་དགེ་བ་ཅི་བྱས་ཐམས་ཅད་སངས་རྒྱས་ཀྱི་རྒྱུར་འགྱུར་ཞིང༌། མཐར་ཐུག་གི་འབྲས་བུ་མྱུར་དུ་འགྲུབ་པ་དང༌། གནས་སྐབས་ཀྱི་འབྲས་བུ་ཚེ་འདིར་ཚེ་རིང་བ་དང་སྐྱེ་བ་ཕྱི་མར་ལྷ་དང་མིའི་གོ་འཕང་འཐོབ་པ་ལ་སོགས་པ་ཞར་ལས་འབྱུང་བ་ཡིན་པས་འདི་ཤིན་ཏུ་གལ་ཆེ་བ་ལགས། དེ་ལྟ་བུའི་བློ་ཅན་རྣམས་ལ། སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཐུགས་རྗེ་དང་ཡོན་ཏན་མངའ་བ་བཅོམ་ལྡན་འདས་ཐུབ་པའི་དབང་པོས། དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་བསྐལ་པ་
དཔག་ཏུ་མེད་པའི་སྔོན་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་སུ་ཟིན་ཡང༌། འཛུམ་བུའི་གླིང་འདིར་གདུལ་བྱ་རྣམས་འདུལ་བའི་ཕྱིར་དུ། རྒྱུད་བླ་མ་ལས། སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་ལ་སོགས་པའི་སྒོ་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་ཅིང༌། མཛད་པ་དེ་རྣམས་ཀྱི་ནང་ནས་གཙོ་བོར་གྱུར་པ་ནི། གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པར་གསུངས་པ་སྟེ། དེ་དག་ཕྱོགས་སམ་རིགས་སུ་བསྡུ་ན་མཛོད་ལས། སྤྱོད་པ་རྣམས་ཀྱི་གཉེན་པོར་ནི། །ཆོས་ཀྱི་ཕུང་པོ་མཐུན་པར་གསུངས། །ཞེས་གསུངས་ཏེ། དེའང་གདུལ་བྱ་འདོད་ཆགས་ལ་སྤྱོད་པའི་གཉེན་པོར་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། ཞེ་སྡང་ལ་སྤྱོད་པའི་གཉེན་པར་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། གཏི་མུག་ལ་སྤྱོད་པའི་གཉེན་པོར་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་རྣམས་གསུངས་སོ། །འོ་ན་སྔགས་ཀྱི་ཐེག་པ་འདི་སྡེ་སྣོད་གསུམ་པོ་གང་དུ་འདུ་ཞེ་ན། སློབ་དཔོན་ཨ་བྷ་ཡ་ནི་བསླབ་པ་གསུམ་ག་སྟོན་པས་སྡེ་སྣོད་གསུམ་ཞེས་བཤད་པ་དང༌། ཤཱནྟི་པ་ནི་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའི་སྡེ་སྣོད་དོ་ཞེས་བཞེད་ལ། སློབ་དཔོན་ཨཱརྻ་དེ་ཝ་ནི་རིག་པ་འཛིན་པའི་སྡེ་སྣོད་དོ་ཞེས་སྡེ་སྣོད་བཞི་པར་བཞེད་དོ། །ཡང་ན་གདུལ་བྱ་བློ་དམན་པ་ལམ་རྒྱ་ཆུང་ངུར་མོས་པ་ལ་ཉན་ཐོས་ཀྱི་སྡེ་
སྣོད་དང༌། རྒྱ་ཆེན་པོར་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་གསུངས་ཏེ། དེའི་ཡང་ཕྱི་མ་ཁྱད་པར་དུ་འཕགས་པའི་ཚུལ་ནི། མདོ་སྡེ་ལ་སོགས་པའི་ཆོས་རྒྱ་ཆེན་པོ་ལ་དམིགས་པས་དམིགས་པ་ཆེ་བ་དང༌། རང་དང་གཞན་གྱི་དོན་སྒྲུབ་པས་སྒྲུབ་པ་ཆེན་པོ་དང༌། རྟོགས་པའི་དུས་ན་བདག་མེད་གཉིས་རྟོགས་པས་རྟོགས་པ་ཆེ་བ་དང༌། གྲངས་མེད་གསུམ་དུ་གུས་པར་བྱས་ཏེ་སྦྱོར་བའི་བརྩོན་འགྲུས་རྩོམ་པས་བརྩོན་འགྲུས་ཆེ་བ་དང༌། འཁོར་བ་མི་གཏོང་ཞིང་ཀུན་ནས་ཉོན་མོངས་པས་མི་གོས་པས་ཐབས་རྒྱ་ཆེ་བ་སྟེ་རྒྱུའི་ཁྱད་པར་ལྔ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ལ་སོགས་པའི་འབྲས་བུ་འགྲུབ་པས་ཡང་དག་གྲུབ་པ་ཆེན་པོ་དང༌། ཡང་དང་ཡང་དུ་བྱང་ཆུབ་པ་དང་མྱ་ངན་ལས་འདས་པ་ཆེན་པོ་སྟོན་པས་སངས་རྒྱས་ཀྱི་ཕྲིན་ལས་ཆེན་པོ་སྟེ། འབྲས་བུའི་ཁྱད་པར་གཉིས་དང་བཅས་པའི་སྒོ་ནས་ཐེག་པ་ཆེན་པོ་ཁྱད་དུ་འཕགས་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། དམིགས་པ་ཆེ་བ་ཉིད་དང་ནི། །དེ་བཞིན་སྒྲུབ་པ་གཉིས་དག་དང༌། །ཡེ་ཤེས་བརྩོན་འགྲུས་རྩོམ་པ་དང༌། །ཐབས་ལ་མཁས་པར་གྱུར་པ་དང༌། །ཡང་དག་གྲུབ་པ་ཆེན་པོ་དང༌། །སངས་རྒྱས་ཕྲིན་ལས་ཆེན་པོ་སྟེ། །ཆེན་པོ་འདི་དག་དང་ལྡན་པས། །ཐེག་ཆེན་ཞེས་ནི་ངེས་པར་བརྗོད། །ཅེས་སོ། །དེ་ལྟ་བུའི་ཐེག་པ་ཆེན་པོ་དེ་ལའང་དབྱེ་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འགྱུར་ཏེ། ཇི་སྐད་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་ལ། དེའི་ནང་ནས་ཀྱང་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པའི་ཚུལ་ནི། ཀ་མ་ལ་ཤཱི་ལས་ཚུལ་གསུམ་གྱི་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར། མདོ་སྔགས་གཉིས་རྟོགས་བྱའི་ལྟ་བ། ཐོབ་བྱའི་
འབྲས་བུ། ཀུན་སློང་བྱང་ཆུབ་ཀྱི་སེམས་རྣམས་མཚན་ཉིད་གཅིག་ཀྱང༌། རྟོགས་པའི་ལྟ་བ་ལ་མ་རྨོངས་པ་དང༌། རྟོགས་བྱེད་ཀྱི་ཐབས་མང་བ་དང༌། དཀའ་བ་མེད་པས་བྱང་ཆུབ་འགྲུབ་པ་དང༌། དབང་པོ་རྣོན་པོའི་དབང་དུ་བྱས་པ་སྟེ་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་སྔགས་ཀྱི་ཐེག་པ་ཡིན་ཏེ། དེ་སྐད་དུའང༌། ཆོས་རྗེ་ས་སྐྱ་པཎྜི་ཏས། སྟོང་ཉིད་སྙིང་རྗེ་སོགས་བསྒོམ་པ། །ཕ་རོལ་ཕྱིན་པའི་གཞུང་ལུགས་ཡིན། །དེ་ཡིས་ཇི་ལྟར་མྱུར་ན་ཡང༌། །གྲངས་མེད་གསུམ་གྱི་ཚོགས་བསགས་དགོས། །ཞེས་དང༌། རྡོ་རྗེ་ཐེག་པའི་གནད་ཤེས་ན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཅེས་གསུངས་པ་ལྟར་ཁྱད་པར་དུ་འཕགས་པའི་རྒྱུད་སྡེ་རིན་པོ་ཆེ་དེ་ལའང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་རྗེས་སུ་འབྲང་བའི་འགྲེལ་ཚུལ་མི་འདྲ་བའི་དབང་གིས། རྒྱུད་སྡེ་རིན་པོ་ཆེ་གཉིས་དང་གསུམ་དུ་བསྡུ་བ་དང༌། བཞིར་བཞག་པ་དང༌། ལྔ་དང་དྲུག་ཏུ་དབྱེ་བ་ལ་སོགས་པ་རྣམས་སུ་འདོད་པ་ལས། འདིར་རྒྱུད་སྡེ་བཞིར་བཞེད་པའི་ཕྱོགས་ནི་རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་དག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་དག་ལ། །ཞེས་སོ། །དེ་ལའང་གང་ཟག་དམན་པ་ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྦྲར་དགའ་བ་རྣམས་ལ་བྱ་བའི་རྒྱུད་གསུངས། གང་ཟག་འབྲིང་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པ་རྣམས་ལ་སྤྱོད་པའི་རྒྱུད་གསུངས། གང་ཟག་མཆོག་ཏིང་ངེ་འཛིན་ཁོ་ནར་གཙོ་བོར་སྤྱོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་གསུངས། གང་ཟག་ཆེས་མཆོག་ཏུ་གྱུར་པ་ཏིང་ངེ་འཛིན་གྱི་ཁྱད་པར་གོང་ན་མེད་པར་གཙོ་བོར་སྤྱོད་པ་རྣམས་ལ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་རྣམས་གསུངས་«་་་་་རྒྱུད་ཐ་དད་ཀྱི་ངོས་འཛིན་གསལ་བ་ཡོད་ཚེ་འདི་ནས་སྦྲེལ། མེད་ན། »པ་ཡིན་ནོ། དེ་ལྟ་བུའི་རྒྱུད་སྡེ་རིན་པོ་ཆེ་དེ་དག་ནས་ཡི་དམ་གྱི་ལྷའི་རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་སོགས་སྦྲེལ་ལོ། །གཞན་ཡང་སྐབས་སུ་བབ་པའི་བཤད་པ་གཙོ་བོར་འདོན་དགོས་
པ་རྣམས་རང་རང་གི་གཞུང་བཤད་ཀྱི་སྐབས་ལ་སོགས་པ་ནས་འབྱུང་བ་ལྟར་རྒྱུད་སྡེ་གོང་འོག་གི་ཁྱད་པར་ལ་སོགས་པ་མ་འཁྲུལ་བར་ཅི་ནུས་སུ་བཤད་པ་ལ་མཁས་པར་བྱའོ། །སྨྲས་པ། ལུང་རྟོགས་བསྟན་པའི་སྤྲིན་གྱི་ཁོང་རུམ་ནས། །ལེགས་པར་འཕོས་པའི་ཆོས་གཏམ་དབྱར་གྱི་རྔ། །དལ་བུས་དགོད་པ་དེ་ལ་མང་ཐོས་ཀྱི། །མདོངས་མཐའ་དགའ་བའི་གར་སྟབས་ཅི་ཡང་བསྒྱུར། །རང་དགར་མ་ཡིན་དམ་པའི་གསུང་ལྟར་ཡིན། །སྤྲོས་པ་མ་ཡིན་བླང་དོར་གོ་ཕྱིར་ཡིན། །གྲགས་ཕྱིར་མ་ཡིན་འགའ་ལ་ཕན་ཕྱིར་ཡིན། །དེ་ཕྱིར་འདི་ལ་བློ་གསལ་དགའ་བར་བྱོས། །ཚུལ་འདིར་འབད་པའི་རྣམ་དཀར་དགེ་བ་ཡིས། །རྣམ་འདྲེན་བཞི་པ་རྒྱལ་ཚབ་བཅས་པའི་བསྟན། །འཛམ་བུའི་ལྗོན་པས་མཚན་པའི་གླིང་འདི་ན། །རིང་དུ་གནས་པའི་བྱ་བ་བྱེད་གྱུར་ཅིག །ཅེས་པ་དབང་དང་རྗེས་གནང་ལ་སོགས་པའི་གོང་དུ་སྤྲོ་བར་འོས་པའི་ཆོས་གཏམ་དབྱར་གྱི་རྔ་གསང་ཞེས་བྱ་བ་འདི་ནི། རྩོད་པའི་དུས་ཀྱི་རྒྱལ་བ་གཉིས་པ་རྗེ་བཙུན་ཨེ་ཝཾ་པ་ཆེན་པོ་བརྒྱུད་པར་བཅས་པའི་ལུགས་བཟང་དྲི་མ་མེད་པའི་རྗེས་སུ་སློབ་པའི་འདུན་པ་མ་བོར་ཙམ་གྱི་ཆོས་ཚུལ་སྨྲ་བའི་གཟུགས་བརྙན་པ་བནྡེ་ཚུལ་ཁྲིམས་རིན་ཆེན་དུ་བོད་པས། བོད་ཆེན་ལྗོངས་ཀྱི་ནོར་འཛིན་མའི་ལྟེ་བ་དཔལ་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་བྲིས་པ། ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་འཕེལ་བར་གྱུར་ཅིག །ཀུན་ཚང་རྒྱས་པ་རྟགས་ཅན་གྱི། །བཤད་པ་རིང་པོ་དོར་བ་འབྲིང༌། །དེ་ལ་ལུང་བཞག་བསྡུས་པའོ། །ཡང་ན་ཉན་པར་བསྐུལ་ནས་ནི། །སྟོན་པས་གསུངས་པའི་ཚུལ་ལ་འཇུག །ཡང་ན་དེ་ལྟའི་བློ་ཅན་ཡན། །རྒྱས་པར་བརྗོད་ནས་སངས་རྒྱས་ཀྱིས། །གསུངས་ཚུལ་ཤིན་ཏུ་བསྡུས་པ་ཡིས། །མཚམས་སྦྱར་ནས་ནི་དཀྱུས་ལ་འཇུག །གཞན་ཡང་འབྲིང་དང་བསྡུས་པ་ཡི། །རྣམ་གཞག་མང་པོ་འདི་ལས་འབྱུང༌། །འདི་ཡང་འདི་ལ་མཁོ་ཕྱིར་བྲིས། །སརྦ་མངྒ་ལཾ། ༈ །ཞུ་ཆེན་པཎྜི་ཏས་མཛད་པའི་དབང་རྗེས་གནང་གི་སྤྱི་བཤད་ཆོས་གཏམ་དབྱར་གྱི་རྔ་གསང་ལ་
ཉེ་བར་མཁོ་བའི་ཟིན་བྲིས་ཉུང་གསལ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཞུ་ཆེན་མ་ཧཱ་པཎྜི་ཏས་མཛད་པའི་དབང་དང་རྗེས་གནང་གི་སྤྱི་བཤད་ཚོགས་པ་མང་པོ་ལྟ་བུ་ལ་ཉིན་གྲངས་སུ་དབང་རྗེས་གནང་མཛད་པའི་ཚེ་ཆ་བགོས་ཏེ་གཏོང་ཚུལ་ནི། ཉི་མ་ལྔ་ལ་མཚོན་ན་ཉིན་དང་པོ་ལ། འོ། ནམ་མཁའ་དང་མཉམ་པའི་སོགས་ནས། དེ་ལའང་དལ་འབྱོར་གྱི་མི་ལུས་སྐྱོན་མེད་པ་ཞིག་ཐོབ་དགོས་པ་ལས་ཞེས་པའི་བར་དཀྱུས་ལྟར་ལ། དེ་ནི་ཡང་ནས་ཡང་དུ་རྙེད་པ་མ་ཡིན་པས་རྙེད་དཀའ་ཞིང༌། རང་གིས་བསྒྲུབ་པར་ནུས་ན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་འབྱུང་བས་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ནའང༌། དེ་ལ་བརྟེན་ནས་ད་ལྟ་ཉིད་ནས་དམ་པའི་ཆོས་མ་བསྒྲུབས་ན་ཡུན་རིང་དུ་མི་གནས་པར་ངེས་པར་འཆི། ནམ་འཆི་བའི་ཚད་བཟུང་མེད། ཤི་བའི་ཚེ་དམ་པའི་ཆོས་མ་གཏོགས་པ་གང་གིས་ཀྱང་མི་ཕན་པས། ལས་འབྲས་ལ་ཡིད་ཆེས་པའི་ངེས་ཤེས་བརྟན་པོས་སྡིག་སྤོང་དགེ་བ་སྒྲུབ་པའི་ཉམས་ལེན་ལ་བརྩོན་པའི་སྒོ་ནས་དལ་འབྱོར་ལ་སྙིང་པོ་བླང་དགོས་པ་ལགས། དེའང་རང་ཉིད་གཅིག་པུའི་དོན་དུ་མ་ཡིན་ཏེ། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་མཐའ་མེད། མཐའ་མེད་པའི་སེམས་ཅན་རེ་རེ་ནས་ཀྱང་བདག་གི་ཕ་མ་བྱས་ཤིང༌། བྱས་རེས་ཀྱིས་གནོད་པ་མཐའ་དག་ལས་བསྐྱབས། ཕན་ཚད་མེད་པ་བཏགས་པའི་དྲིན་ཅན་ཤ་སྟག་ཡིན་པས་འདི་རྣམས་དོན་གཉིས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་དགོད་དགོས། དེའང་རྒྱུ་མེད་རྐྱེན་མེད་ལས་མི་འབྱུང་བས་རྒྱུ་རྐྱེན་གྱི་གཙོ་བོ་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་མངོན་པར་དབང་བསྐུར་བའམ། རྗེས་གནང་གི་སྐབས། རྡོ་རྗེ་ཐེག་པའི་ལམ་ལས་ཡེ་ཤེས་སྐྱེ་བའི་སྣ་འདྲེན་པར་བྱེད་པ་རྗེས་སུ་གནང་བ་ཟབ་མོ་གསན་ལ། དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་དང་བཅས་ལམ་ལ་ནན་ཏན་དུ་བསླབས་པ་ལས་འབྱུང་བ་ཡིན་པས། དེ་ལྟར་བགྱིའོ་སྙམ་པའི་བསམ་པ་དུང་པ་ཞིག་བསྐྱེད་འཚལ། དེ་
ལྟ་བུའི་བློ་ཅན་རྣམས་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚད་མེད་པའི་ཐུགས་རྗེ་དང་ཡོན་ཏན་མངའ་བ་བཅོམ་ལྡན་འདས་ཐུབ་པའི་དབང་པོས་གདུལ་བྱ་རྣམས་ཀྱི་ཁམས་དང༌། དབང་པོ་དང༌། བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པར་གསུངས་པ་སྟེ། དེ་དག་ཐམས་ཅད་ཕྱོགས་སམ་རིས་སུ་བསྡུ་ན་ཐེག་པ་དམན་པ་དང༌། ཐེག་པ་ཆེན་པོ་གཉིས་ལས། འདིར་ཐེག་དམན་ལས་ཁྱད་ཆོས་བདུན་གྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཐེག་པ་ཆེན་པོ་ཡིན། དེ་ལའང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་ཡོད་པ་ལས་འདིར་རྒྱུའི་ཆོས་ལས་ཁྱད་ཆོས་བཞིས་ཁྱད་པར་བྱས་པའི་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་ཡིན། དེ་ལའང་གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་རྒྱུད་སྡེ་སོ་སོའི་རྗེས་སུ་འབྲང་བའི་འགྲེལ་ཚུལ་མི་འདྲ་བའི་དབང་གིས་རྒྱུད་སྡེ་རིན་པོ་ཆེ་གཉིས་དང་གསུམ་དུ་བསྡུ་བ་དང༌། བཞིར་བཞག་པ་དང༌། ལྔ་དང་དྲུག་ཏུ་དབྱེ་བ་ལ་སོགས་པ་རྣམས་སུ་ཡོད་པ་ལས། འདིར་རྒྱུད་སྡེ་བཞིར་བཞག་པ་ནི། འཕགས་པ་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་དག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་དག་ལ། །ཞེས་གསུངས་པ་ལྟར། གང་ཟག་དམན་པ་ཕྱི་ལུས་ངག་གི་བྱ་བ་ཁྲུས་དང་གཙང་སྦྲ་ལ་དགའ་བ་རྣམས་བྱ་བའི་རྒྱུད་གསུངས། གང་ཟག་འབྲིང་ཕྱི་ལུས་ངག་གི་བྱ་བ་དང༌། ནང་ཏིང་ངེ་འཛིན་ཆ་མཉམ་དུ་སྤྱོད་པ་རྣམས་ལ་སྤྱོད་པའི་རྒྱུད་གསུངས། གང་ཟག་མཆོག་ནང་གི་རྣལ་འབྱོར་ཁོ་ན་གཙོ་བོར་སྤྱོད་པ་རྣམས་ལ་རྣལ་འབྱོར་གྱི་རྒྱུད་གསུངས། གང་ཟག་ཆེས་མཆོག་ཏུ་གྱུར་པ་རྣལ་འབྱོར་ཟབ་མོའི་ཁྱད་པར་གོང་ན་མེད་པ་གཙོ་བོར་སྤྱོད་པ་རྣམས་ལ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་རྒྱུད་གསུངས་ཤིང༌། དེ་ལྟ་བུའི་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་ཀྱང་མཆོག་དང་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་ཡི་དམ་གྱི་ལྷའི་རྣལ་འབྱོར་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་སྐབས་སུ་བབ་པ་ནི་ཞེས་
མཚམས་སྦྱར་ལ་སྒྲུབ་ཐབས་བརྒྱ་རྩ་ལྟ་བུའི་ཚེ། འཕགས་ཡུལ་གྱི་སློབ་དཔོན་སོ་སོས་སོགས་རང་གཞུང་ལྟར་ལ། ཡི་དམ་གྱི་ལྷ་ཁྱད་པར་ཅན་རྣམས་ཀྱི་རྗེས་སུ་གནང་བ་ལས། ཐུབ་པ་རྡོ་རྗེ་གདན་པ་གཙོ་འཁོར་གསུམ་གྱི་རྗེས་སུ་གནང་བ་བསྒྲུབ་པ་ལ་ཞེས་སོགས་སྦྲེལ་བས་མཚོན་ཏེ་ཤེས་པར་བྱའོ། ༈ །ཉིན་གཉིས་པ་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མངོན་པར་དབང་བསྐུར་བའམ། རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང༌། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་ཏེ་གསན་འཚལ། དེ་ལ་རང་རེ་རྣམས་ཀྱིས་རྙེད་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རྙེད། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བསྟན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་བླང་དུ་ཡོད་པའི་སྐབས་འདིར། ཁམས་གསུམ་འཁོར་བ་གང་དུ་སྐྱེས་ཀྱང་སོགས་ནས། དམ་པའི་ཆོས་མ་བསྒྲུབས་ན་ཡུན་རིང་དུ་གནས་པའི་ངེས་པ་མེད་པས་ཞེས་པའི་བར་དཀྱུས་ལྟར་ལ། ལས་འབྲས་ལ་ཡིད་ཆེས་པའི་ངེས་ཤེས་བརྟན་པོས་ཞེས་སོགས་མན་ཆད་ཉིན་དང་པོ་ལྟར་སྦྲེལ། ༈ །ཉིན་གསུམ་པ་ལ། འོ། ནམ་མཁའ་དང་མཉམ་པའི་སོགས་ནས། དེ་ལའང་དལ་འབྱོར་གྱི་ལུས་སྐྱོན་མེད་པ་ཞིག་ཐོབ་དགོས་པ་ལས་ཞེས་པའི་བར་ཉིན་གཉིས་པ་ལྟར་ལ། དེ་ནི་ཡང་ནས་ཡང་དུ་རྙེད་པ་མ་ཡིན་པས་རྙེད་དཀའ་ཞིང༌། རང་ཉིད་ཀྱིས་བསྒྲུབ་པར་ནུས་ན་འདི་ཕྱིའི་ལེགས་ཚོགས་ཐམས་ཅད་འབྱུང་བས་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ནའང༌། ཕན་ཡོན་ཅན་གྱི་ལུས་དེ་ལ་བརྟེན་ནས་ད་ལྟ་ནས་དམ་པའི་ཆོས་མ་བསྒྲུབས་ན་ཡུན་རིང་གནས་པའི་ངེས་པ་མེད་དེ། སྤྱིར་འཇིག་རྟེན་ན་སོགས་ནས། མི་ལུས་ལན་གཅིག་ཐོབ་པའི་སྐབས་འདིར་ཞེས་པའི་བར་དཀྱུས་ལྟར་ལ། ལས་འབྲས་ལ་ཡིད་ཆེས་པའི་ངེས་ཤེས་བརྟན་པོས་སོགས་ཉིན་དང་པོ་ལྟར་སྦྲེལ། ༈ །ཉིན་བཞི་པ་ལ་
འོ། ནམ་མཁའ་དང་མཉམ་པའི་སོགས་ནས། ཡུན་རིང་དུ་གནས་པའི་ངེས་པ་མེད་དེ་ཞེས་པའི་བར་ཉིན་གསུམ་པ་ལྟར་ལ། དེའང་འདུས་བྱས་ཐམས་ཅད་མི་རྟག་པའི་གཞན་དབང་ཁོ་ན་ལས་མ་འདས་པས་ངེས་པར་འཆི། ནམ་འཆི་བའི་ཚད་བཟུང་མེད། ཤི་བའི་འོག་ཏུ་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲང་བས། དེས་ན་ཐོབ་དཀའ་ལ་སོགས་ནས། དལ་འབྱོར་ལ་སྙིང་པོ་བླང་དགོས་པ་ལགས། ཞེས་པའི་བར་དཀྱུས་ལྟར་ལ། དེའང་རང་ཉིད་གཅིག་པུའི་ཆེད་དུ་སོགས་ཉིན་དང་པོ་ལྟར་སྦྲེལ། ༈ །ཉིན་ལྔ་པ་ལ། འོ། ནམ་མཁའ་དང་སོགས་ནས། རྗེས་སུ་འབྲང་བས་ཞེས་པའི་བར་ཉིན་བཞི་པ་ལྟར་ལ། ཐོབ་དཀའ་ལ་ཕན་འདོགས་ཆེ་ཡང་ཡུན་རིང་དུ་མི་གནས་པའི་མི་ལུས་ལན་གཅིག་ཐོབ་པའི་སྐབས་འདིར། ལས་འབྲས་ལ་ཡིད་ཆེས་པའི་ངེས་ཤེས་བརྟན་པོས་སྡིག་སྤོང་དགེ་བ་སྒྲུབ་པའི་ཉམས་ལེན་ལ་བརྩོན་པའི་སྒོ་ནས་དལ་འབྱོར་ལ་སྙིང་པོ་བླང་དགོས་པ་ལགས། དེའང་རང་ཉིད་གཅིག་པུའི་དོན་དུ་སོགས་མན་ཆད་བཤད་པའི་དཀྱུས་ལྟར་ཚང་བར་སྦྲེལ་ལོ། ༈ །ཡང་ཉིན་བདུན་པ་ལྟ་བུ་ལ་མཚོན་ན། ཉིན་དང་པོར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་སོགས་གསུང་ངག་རིན་པོ་ཆེའི་འཆད་ཐབས་ལྟ་བུ་ནས་བླངས་ལ་རྒྱས་པར་སྤྲོས་རྗེས། འཁོར་བའི་ཉེས་དམིགས་སོགས་ས་བཅད་ཙམ་དང༌། ཉིན་གཉིས་པར་ཆོས་ཉན་པའི་ཀུན་སློང་ཀུན་སྤྱོད་སོགས་དཀྱུས་སུ་གསལ་བ་ལྟ་བུའི་མདོར་བསྡུས་ཀྱིས་ཐོག་དྲངས་ཏེ་འཁོར་བའི་ཉེས་དམིགས་རྒྱས་བཤད། དེས་མཚོན་ཏེ་ཉིན་གསུམ་པར་དལ་འབྱོར་རྙེད་དཀའ། བཞི་པར་འཆི་བ་མི་རྟག་པ། ལྔ་པར་ལས་རྒྱུ་འབྲས། དྲུག་པར་སེམས་བསྐྱེད། བདུན་པར་ཆོས་ཀྱི་རྣམ་གྲངས་རྣམས་རྒྱས་པར་བཤད་པ་སོགས་ཡུལ་དུས་གནས་སྐབས་དང་འཚམས་པར་སྦྱར། གཞན་ཡང་རྒྱས་འབྲིང་བསྡུས་པའི་རྣམ་དབྱེ་སོགས་དཀྱུས་ཀྱི་གཤམ་ནས་འབྱུང་བ་ལྟར་ཤེས་པར་བྱའོ། །ཞེས་པའང་དོན་གཉེར་ཅན་གྱི་ངོར་བླ་མའི་གསུངས་རྒྱུན་ལྟར་མཉྫུ་གྷོ་ཥས་བྲིས་པ་དགེ། །།
རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱི་སྒྲུབ་ཐབས་ཆོ་ག་རིག་གཏད་དང་བཅས་པ་ངོ་མཚར་ཨུ་དུམྦཱ་རའི་འཁྲི་ཤིང་།
རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱི་སྒྲུབ་ཐབས་ཆོ་ག་རིག་གཏད་དང་བཅས་པ་ངོ་མཚར་ཨུ་དུམྦཱ་རའི་འཁྲི་ཤིང་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་སཾ་བུདྡྷཱ་ཡ། ཐུགས་བསྐྱེད་བསམ་ཡས་རྣམ་ཐར་རྨད་དུ་བྱུང༌། །འགྲོ་སྒྲོལ་ཕྲིན་ལས་སྙིང་སྟོབས་ཆེས་དཔའ་བ། །གྲགས་ཆེན་སངས་རྒྱས་བདུན་ལ་གུས་བཏུད་ནས། །ཆོ་གའི་ལག་ལེན་ཚུལ་བཞིན་དགོད་པར་བྱ། །དེ་ལ་རྗེ་བཙུན་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་གསར་འགྱུར་གྱི་ཆོས་སྡེ་ལས་སངས་རྒྱས་དཔའ་བོ་བདུན་གྱི་ཆོ་གའི་རིམ་པ་བཀླགས་ཆོག་ཏུ་དགོད་པ་ལ་གསུམ། བདག་བསྐྱེད་བསྙེན་པ། མདུན་བསྐྱེད་སྒྲུབ་མཆོད། རིག་གཏད་བྱ་བའི་ཚུལ་ལོ། །དང་པོ་ནི། དབེན་པའི་གནས་སུ་བྲིས་སྐུ་ལ་སོགས་པའི་རྟེན་གྱི་སྤྱན་སྔར་སྟེགས་བུ་གཙང་མ་ལ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་དུ་བཤམ། སྒྲུབ་པ་པོ་གཙང་སྦྲ་དང་བཅས་ཏེ་བདེ་བའི་གདན་ལ་འཁོད་ནས། མཆོད་པ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་བས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སྣོད་བཟང་པོ་རྣམས་སུ་ཧཱུྃ་ལས་བྱུང་བའི་མཆོད་པ་སྣ་ཚོགས་པ་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། པཱ་དྱཾ་སྭཱ་ཧཱ། པུཥྤེ་ཨཱཿཧཱུྃ། ནས་ཤབྡ་ཨཱཿཧཱུྃ་གི་བར་དང༌། གྷཱཎྜེ་ར་ཎི་ཏ་སོགས་ཀྱིས་སྔགས་ལན་གསུམ་བརྗོད་ལ་བྱིན་བརླབ་བོ། །དེ་ནས་ཐོག་མར་བྱང་ཆུབ་
ཏུ་སེམས་བསྐྱེད་པ་ནི། སྤྱོད་འཇུག་ལས་འབྱུང་བའི་བྱང་མཆིས་ལན་གསུམ་བརྗོད་པའམ། དཀྱུས་སུ། སངས་རྒྱས་ཆོས་ཚོགས་ལན་གསུམ་གྱིས་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་ཀྱིས་ཚད་མེད་བཞི་བསྒོམ། དེ་ནས་དམ་ཚིག་པ་བསྐྱེད་པ་ནི། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་པས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་གཞལ་མེད་ཁང་གི་དབུས་སུ། རིན་པོ་ཆེ་དང་པད་ཟླའི་གདན་དགུ་ལ་ཧཱུྃ་རེ་རེ་ཡོངས་སུ་གྱུར་པ་ལས། དབུས་སུ་རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པ་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཤར་དུ་རྣམ་གཟིགས་ས་གནོན་དང་མཉམ་གཞག་མཛད་པ། བྱང་ཤར་དུ་གཙུག་ཏོར་ཅན་མཆོག་སྦྱིན་མཉམ་གཞག ཤར་ལྷོར་ཐམས་ཅད་སྐྱོབ་སྐྱབས་སྦྱིན་མཉམ་གཞག ནུབ་ཏུ་འཁོར་བ་འཇིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་མཛད་པ། ལྷོ་ནུབ་ཏུ་གསེར་ཐུབ་ཆོས་འཆད་མཉམ་གཞག ནུབ་བྱང་དུ་འོད་སྲུངས་གཡས་མཆོག་སྦྱིན་དང་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་འཛིན་པ། ཐམས་ཅད་ཀྱང་གསེར་མདོག་མཚན་དཔེས་སྤྲས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང༌། རྡོ་རྗེའི་སྐྱིལ་ཀྲུང་གིས་རང་རང་གི་བྱང་
ཆུབ་ཤིང་དྲུང་དུ་བཞུགས་པ། ལྷོ་རུ་ཁྲོ་བོ་ཆེན་པོ་སྔོན་པོ་མཆན་ཁུང་རལ་གྲི་དང་ཞགས་པ་བཅུག་ཅིང་ཐལ་མོ་སྦྱར་བ། ཁྲོ་བོའི་ཆ་བྱད་རྫོགས་པའོ། །བྱང་དུ་ཕྱག་ན་རྡོ་རྗེ་ཞི་བ་ལྗང་གུ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་གདན་ལ་བརྟེན་པ་རོལ་པས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་གསལ་བར་གྱུར། ཡེ་ཤེས་པ་གཞུག་པ་ནི། གཙོ་བོའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ཡིག་གིས་མཚན་པར་གྱུར། མཆོད་པ་ནི། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པཱ་དྱཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས། ཤབྡའི་བར་གྱིས་མཆོད། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པའི་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང༌། །དེ་བཞིན་གཤེགས་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། བདག་བསྐྱེད་བསྙེན་པ་ཁོ་ནའི་སྐབས་སུ་འོག་ནས་འབྱུང་བའི་དཀར་ཕྱོགས་གཏོར་མ་འདིར་བསྔོ། མདུན་བུམ་དང་སྦྲེལ་སྐབས་མི་དགོས། གཟུངས་སྔགས་བཟླ་བ་ནི། ཐུགས་ཀར་ཟླ་བ་ལ་ཧཱུྃ་ཡིག་གི་མཐར་སོ་སོའི་སྔགས་ཕྲེང་གསེར་གྱི་མདོག་ཅན་གསལ་བར་གྱུར། ཅེས་པ་དང་སྐུའི་རྣམ་པ་ལ་སེམས་རྩེ་གཅིག་ཏུ་གཏད་ལ། གཙོ་བོ་ཤཱཀྱ་ཐུབ་པའི་གཟུངས་ནི། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཏདྱ་ཐཱ། གྷུ་མེ། གྷུ་མེ། མ་ཧཱ་གྷུ་མེ། ཏ་ལེ་ཏ་ལེ། མ་ཧཱ་ཏ་ལེ། ཙ་ལེ་ཙ་ལེ། མ་ཧཱ་ཙ་ལེ། དྷུ་རེ་དྷུ་རེ། མ་ཧཱ་དྷུ་རེ། ཏི་རི་ཏི་རི། མ་ཧཱ་ཏི་རི། ཀི་ལི་ཀི་ལི། མ་ཧཱ་ཀི་ལི། ཙུ་རུ་ཙུ་རུ། མ་ཧཱ་ཙུ་རུ། མི་ལི་མི་ལི། མ་ཧཱ་མི་ལི། ཏི་ལི་ཏི་ལི། མ་ཧཱ་ཏི་ལི། དྷུ་མེ་དྷུ་མེ། མ་ཧཱ་དྷུ་མེ། ཙ་ལེ་ཙ་ལེ། མ་ཧཱ་ཙ་ལེ། ཁི་རི་ཁི་རི། མ་ཧཱ་ཁི་རི། ཙི་ལི་ཙི་ལི། མ་ཧཱ་ཙི་ལི་སྭཱ་ཧཱ། དེ་བཞིན་གཤེགས་པ་རྣམ་པར་གཟིགས་ཀྱི་གཟུངས་ནི། ན་མོ་བུདྡྷ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷ་ཡ།
ཏདྱ་ཐཱ། ཨོཾ་ཧ་ལ་ཧ་ལ། ཧི་ལ་ཧི་ལ་ཡ། ན་མོ་ཛ་ག་ན་མི་ཙ་ནཱ་ཡ། ན་མོ་ན་མཿསྭཱ་ཧཱ། གཙུག་ཏོར་ཅན་གྱི་གཟུངས་ནི། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་པ་ཙ་པ་ཙ། པཱ་ཙ་ཡ་པཱ་ཙ་ཡ། སརྦ་བྷཱུ་ཏཱ་ནཱཾ། ཙྪིནྡ་ཡ། ཀཱི་ལ་ཡ། པ་ར་བིདྱཱ་ནཱཾ་སྭཱ་ཧཱ། ཐམས་ཅད་སྐྱོབ་ཀྱི་གཟུངས་ནི། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཀུ་ལོཏྶཱ་དྷ་ནཱ་ནཱཾ་ཀུ་རུ་སརྦ་གྲ་ཧཱ་ཎཱཾ་སྭཱ་ཧཱ། ལོག་པར་དད་སེལ་གྱི་གཟུངས་ནི། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿཀྲ་ཀུ་ཙྪནྡཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཨོཾ་ཀ་ཊ་ཀ་ཊ། ཀ་ཋ་ཀ་ཋ། ཀི་ཊི་ཀི་ཊི། ཀི་ཋི་ཀི་ཋི། ཀི་ཊ་པ་ཡ་ན་མཿསྭཱ་ཧཱ། གསེར་ཐུབ་ཀྱི་གཟུངས་ནི། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ན་མཿཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་ས་ར་ས་ར། ས་ར་ས་ར། སི་རི་སི་རི། སི་རི་སི་རི། སི་རཱ་ཡ། དྷ་མ་དྷ་མ། དྷ་མ་དྷ་མ། དྷུ་མ་དྷཱུ་མ། དྷུ་མ་དྷུ་མཱ་ཡ། ན་མོ་ན་མཿཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ་སྭཱ་ཧཱ། འོད་སྲུང་གི་གཟུངས་ནི། ན་མོ་བུདྡྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿསཾ་གྷཱ་ཡ། ཨོཾ་ཧ་ར་ཧ་ར། ཧ་ར་ཧ་ར། ཧ་ཧ་ཧ། ན་མཿཀཱ་ཤྱ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏ་སཾ་མྱཀྶཾ་བུདྡྷ་ཡ། སིདྡྷྱན་ཏུ་མནྟྲ་པ་ད་སྭཱ་ཧཱ། ཞེས་པ་རྣམས་ཅི་འགྲུབ་དང༌། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་ནི། ན་མཿསརྦ་ཏཱ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་ནུ་ག་ཏེ། ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཞེས་གཙོ་བོར་བཟླའོ། །ཐུན་འཇོག་པའི་ཚེ། དཀྱིལ་འཁོར་གྱི་འཁོར་ལོ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་སྙིང་གའི་ས་བོན་ལ་ཐིམ། དེའང་འོད་གསལ་གྱི་དབྱིངས་སུ་ཡལ་བར་གྱུར། ཅེས་བསྡུས་ལ་ཅུང་ཟད་མཉམ་པར་བཞག སླར་རང་དང་སྣང་བ་ཐམས་ཅད་ལྷའི་འཁོར་ལོར་གསལ་བར་གྱུར། ཅེས་མོས་ལ་དགེ་བ་བསྔོ། ཐུན་མཚམས་སུ་ལྷའི་སྣང་བ་དང་མ་བྲལ་བ་དང༌། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་
མཚན་བརྒྱ་རྩ་བརྒྱད་པ་དང༌། སངས་རྒྱས་བདུན་པའི་གཟུངས་ཀློག་པའམ། འདོན་པ་ཅི་ནུས་སུ་བྱ་ཞིང༌། དེ་བཞིན་གཤེགས་པ་བདུན་གྱི་སྐུ་གཟུགས་ལ་ཕྱག་མཆོད་རྒྱ་ཆེར་བྱའོ། །གཉིས་པ་ནི། གནས་ཁང་ལེགས་པར་བརྒྱན་པའི་གུང་དུ་སངས་རྒྱས་བདུན་གྱི་སྐུ་བརྙན་བྲིས་འབུར་གང་རུང་དང༌། མ་འབྱོར་ན་ཐུབ་པའི་དབང་པོའི་སྐུ་བརྙན་ཙམ་བཤམས་པའི་མདུན་དུ། བསྒོམ་བྱ་དང་མཐུན་པའི་དཀྱིལ་འཁོར་རས་བྲིས་རྡུལ་ཚོན་སོགས་འགྲུབ་ན་རབ། མིན་ན་རྒྱ་གར་བའི་ལུགས་ཀྱི་མཎྜལ་མེ་ཏོག་གསར་པའི་ཚོམ་བུ་གཙོ་འཁོར་དགུ་བཀོད་པ་བཤམ། མདུན་ཏུ་འདས་གཏོར་ཅོག་ཟླུམ། འཇིག་རྟེན་པའི་གཏོར་མ་རྣམས་དཀར་གསུམ་ལས་བཅོས་པ་དང༌། ཆུ་གཉིས། ཉེར་སྤྱོད་ལྔ་པོ་བརྒྱ་ཕྲེང་ངམ་ལྷ་གྲངས་སོགས་གང་འབྱོར་དང༌། མ་འབྱོར་ན་ཆེ་བ་གཅིག་བཤམ་མོ། །དེ་ནས་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་ནས་བཟུང༌། བདག་བསྐྱེད་བཟླས་པ་བསྡུ་ལྡང་བར་དུ་བཏང༌། མདུན་རྟེན། ཨ་མྲྀ་ཏས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་སངས་རྒྱས་ཀྱི་ཞིང་ཁམས་དག་པའི་ཞིང་གི་རྒྱན་བཀོད་པ་རྨད་དུ་བྱུང་བ་དང་ལྡན་པའི་མདུན་གྱི་གཞིར་ཐར་པ་ཆེན་པོའི་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་དང་ཕྱོགས་མཚམས་བརྒྱད་ལ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན་རེ་རེ་གསལ་བར་གྱུར། དབུས་དང་འཁོར་གྱི་གདན་དྲུག་ལ་ཧཱུྃ་ཡིག་གསེར་གྱི་མདོག་ཅན་རེ་རེ། ལྷོར་སྔོན་པོ། བྱང་དུ་ལྗང་གུ་རྣམས་འོད་འབར་བའོ། །དེ་རྣམས་ཡོངས་སུ་གྱུར་པ་ལས། དབུས་སུ་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་ཤཱཀྱ་ཐུབ་པ་ཆོས་འཆད་ཀྱི་ཕྱག་རྒྱ་ཅན་ཨ་ཤྭཏྠའི་ཤིང་དྲུང་དུ་བཞུགས་པ། ཤར་དུ་སངས་རྒྱས་རྣམ་པར་གཟིགས་ས་གནོན་དང་མཉམ་གཞག་ཅན་པ་ཏོ་ལའི་ཤིང་དྲུང་དུ་བཞུགས་པ། བྱང་ཤར་དུ་བདེ་གཤེགས་གཙུག་ཏོར་ཅན་མཆོག་སྦྱིན་མཉམ་
གཞག་མཛད་པ་པུཎྜ་རཱི་ཀའི་ཤིང་དྲུང་དུ་བཞུགས་པ། ཤར་ལྷོར་རྒྱལ་བ་ཐམས་ཅད་སྐྱོབ་པ་སྐྱབས་སྦྱིན་མཉམ་གཞག་ཅན་སཱ་ལའི་ཤིང་དྲུང་དུ་བཞུགས་པ། ནུབ་ཏུ་ཐུབ་པ་འཁོར་བ་འཇིག་ཏིང་ངེ་འཛིན་གྱི་ཕྱག་རྒྱ་ཅན་ཤཱིརྵའི་དྲུང་དུ་བཞུགས་པ། ལྷོ་ནུབ་ཏུ་འདྲེན་པ་གསེར་ཐུབ་ཆོས་འཆད་མཉམ་གཞག་ཅན་ཨུ་དུམྦཱ་རའི་ཤིང་དྲུང་དུ་བཞུགས་པ། ནུབ་བྱང་དུ་སྐྱོབ་པ་འོད་སྲུང་གཡས་མཆོག་སྦྱིན་དང་གཡོན་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟ་བུ་འཛིན་པ་ནྱ་གྲོ་དྷའི་ཤིང་དྲུང་དུ་བཞུགས་པ། ཐམས་ཅད་ཀྱང་སྐུ་མདོག་གསེར་བཙོ་མའི་ཁ་དོག་ཅན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། འོད་དང་འོད་ཟེར་འབར་བའོ། །ལྷོ་རུ་ཁྲོ་བོ་ཆེན་པོ་སྔོན་པོ་མཆན་ཁུང་རལ་གྲི་དང་ཞགས་པ་བཅུག་ཅིང་ཐལ་མོ་སྦྱར་བ། ཁྲོ་བོའི་ཆ་བྱད་རྫོགས་པའོ། །བྱང་དུ་ཕྱག་ན་རྡོ་རྗེ་ཞི་བ་ལྗང་གུ་གཡས་རྡོ་རྗེ་ཐུགས་ཀར་གཏོད་ཅིང༌། གཡོན་གདན་ལ་བརྟེན་པ་རོལ་པས་བཞུགས་པ། དར་དང་རིན་པོ་ཆེས་བརྒྱན་པའོ། །སྒོ་བཞིར་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་དུ་རྣམ་ཐོས་སྲས་ལྗང་སེར་ནེའུ་ལེ་འཛིན་པ་རྣམས་སུ་གསལ་བར་གྱུར། གཙོ་བོའི་ཐུགས་ཀ་ནས་འོད་འཕྲོས། ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཨོཾ་སརྦ་ཏཱ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿ བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་
སུ་གསོལ། །པདྨ་ཀ་མ་ལཱ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དང་དམ་ཚིག་པ་གཉིས་སུ་མེད་པར་གྱུར། གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་གས་མཚན་པར་གྱུར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་སྟོབས་དང་བདག་གི་བསོད་ནམས་དང་སྨོན་ལམ་གྱི་སྟོབས་དང་རིག་སྔགས་ཀྱི་སྟོབས་ཀྱིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྣམས་ལ་མཆོག་ཏུ་རྒྱ་ཆེན་པོ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྤྱོད་པ་ལས་མངོན་པར་མཐོ་བའི་མཆོད་པའི་སྤྲིན་ཆེན་པོ་རབ་ཏུ་འཕྲོ་བར་གྱུར་ཅིག ཅེས་དང༌། ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་ས་མནྟ་སྭཱ་ཧཱ། ཞེས་པའི་སྔགས་ལན་བརྒྱད་བཟླས་པས་མཆོད་རྫས་རྣམས་བྱིན་གྱིས་བརླབས་ནས། འཇིག་རྟེན་ཁམས་ནི་དཔག་མེད་ན། །མཆོད་ཡོན་ཇི་སྙེད་ཡོད་པ་དང༌། །བདག་གིས་གུས་པས་བཤམས་པ་འདི། །རྒྱལ་བ་སྲས་དང་བཅས་རྣམས་མཆོད། །ན་མཿསརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། སྒྲ་སྙན། ཞེས་དང༌། ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱ། ཤབྡ་ཞེས་པ་བཅུག་ལ་སོ་སོའི་ཕྱག་རྒྱ་དང་བཅས་པས་མཆོད། ཅུང་ཟད་སྤྲོ་ན་འདོད་ཡོན་ལྔ་ནི། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །མོས་བློས་བདེ་གཤེགས་སྲས་བཅས་ལ་འབུལ་ན། །བཞེས་ཤིག་བླ་མེད་གྲུབ་མཆོག་སྩལ་དུ་གསོལ། །ཨོཾ་པཉྩ་ཀཱ་མ་གུ་ཎ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། དེ་ནས་རིན་ཆེན་བདུན་ནི། མི་དབང་རིན་ཆེན་སྣ་བདུན་འདི་དག་ནི། །སངས་རྒྱས་སྲས་དང་བཅས་པ་མ་ལུས་ལ། །བཤམས་ཤིང་ཡིད་ཀྱིས་སྤྲུལ་ཏེ་ཕུལ་བ་ཡིས། །འགྲོ་བ་མི་
ཟད་གཏེར་ལ་སྤྱོད་པར་ཤོག །ཨོཾ་སཔྟ་མ་ཧཱ་རཏྣ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བཀྲ་ཤིས་རྫས་བརྒྱད་འབུལ་བ་ནི། ལྷ་ཡི་དབང་པོ་ལྷ་མིན་གཡུལ་རྒྱལ་ནས། །བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཆོད་པ་ལྟར། །བདེ་བར་གཤེགས་པ་སྲས་དང་བཅས་པ་ལ། །བཀྲ་ཤིས་རྫས་བརྒྱད་དག་གིས་མཆོད་པར་བགྱི། །ཨོཾ་ཨཥྚ་མངྒ་ལཾ་བཛྲ་པཱུ་ཛི་ཏེ་ཨཱཿཧཱུྃ། བསྟོད་པ་རྒྱལ་བ་སྤྱི་བསྟོད་ཇི་ལྟར་འོས་པ་སྦྱར་ཆོག་ལ། མདོར་བསྡུས་གསེར་འོད་ལས་འབྱུང་བ་ནི། རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པདྨ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །རྒྱལ་བ་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང༌། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང༌། །རྒྱལ་བའི་ཞབས་ནི་འཁོར་ལོ་བྲིས་འདྲ་སྟེ། །འཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབས་མ་སྟོང༌། །ཕྱག་དང་ཞབས་ནི་དྲྭ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲྭ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་དབང་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཆུ་ཟླ་འདྲ། །ནམ་མཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུར་ཆགས་པ་མེད། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་བསྟོད། །དེ་ནས་བཟླས་པ་བདག་བསྐྱེད་སྐབས་སུ་སྨོས་པ་ལྟར་ཅི་འགྲུབ་བྱ། རིག་གཏད་མི་བྱེད་ན་འོག་ནས་འབྱུང་བ་ལྟར་གཏོར་མ་འབུལ། མཆོད་བསྟོད་སོགས་རྗེས་ཀྱི་ཆོ་ག་རྣམས་བྱའོ། ༈ །གསུམ་པ་རིག་པ་གཏད་པའི་ཆོ་ག་ནི། དཀྱིལ་འཁོར་མཆོད་གཏོར་གོང་སྨོས་ལྟར། རིན་པོ་ཆེའི་བུམ་པ་གཙང་མ་དྲི་བཟང་པོའི་ཆུ་དང་བུམ་རྫས་ཉེར་ལྔས་བཀང་བ་ཁ་རྒྱན་མགུལ་ཆིངས་ཀྱིས་སྤྲས་པ་གཉིས་བཤམ། བདག་བསྐྱེད་དང་མདུན་བསྐྱེད་བཟླས་པ་གྲུབ་ཀྱི་བར་བཏང༌། དེ་ནས་བུམ་པ། ཨ་མྲྀ་
ཏས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་སེར་པོ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་ཞིང་མགྲིན་པ་ཕྲ་བ། མཆུ་འཕྱངས་པ། ལྷ་རྫས་ཀྱིས་དཀྲིས་པའོ། །ཨོཾ་ཏཔྟེ་ཏཔྟེ་མ་ཧཱ་ཏཔྟེ་སྭཱ་ཧཱ། ལྷ་ཡི་ཆུ་བོ་རབ་ཏུ་འབབ་པར་གྱུར། ཨོཾ་ཀལྤ་བྲྀཀྵཱ་ཡ་སྭཱ་ཧཱ། དཔག་བསམ་ཤིང་གིས་ཁ་བརྒྱན་པར་གྱུར། དབུས་ཀྱི་བུམ་པའི་སྟེང་དུ་རིན་པོ་ཆེ་དང་པད་ཟླའི་གདན་བདུན། ལས་བུམ་གྱི་སྟེང་དུ་པད་ཟླའི་གདན་གཉིས་དང་བཅས་པ་གྲུབ་པར་གྱུར། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། ཡེ་ཤེས་སེམས་དཔའ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ མ་ལུས་སེམས་ཅན་ཀུན་སོགས་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བདུན་འཁོར་དང་བཅས་པ་བྱོན་ནས་གདན་ལ་བཞུགས་པར་གྱུར་པ་ནི། དབུས་སུ་རྒྱལ་བ་ཤཱཀྱ་ཐུབ་པ་སོགས་བདག་བསྐྱེད་སྐབས་ལྟར་ལ། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་རང་རང་གི་དཔུང་དང་བཅས་ཏེ་ཞབས་འབྲིང་བགྱིད་པའོ། །ལས་བུམ་གྱི་སྟེང་དུ་པད་ཟླའི་གདན་གཅིག་ལ་ཁྲོ་བོ་ཆེན་པོ་ནས་ཆ་བྱད་རྫོགས་པའོ། །ཅིག་ཤོས་ལ་གསང་པའི་བདག་པོ་ནས། རིན་པོ་ཆེས་བརྒྱན་པའོ། །མཆོད་པ་ཁ་གསོས་ལ་བྱིན་བརླབ། ཆུ་གཉིས་ཉེར་སྤྱོད་འབུལ། བསྟོད་པ་རྒྱས་བསྡུས་གང་རུང་གིས་བསྟོད། ལྷ་རྣམས་ཀྱི་སྐུ་ལས་བྱུང་བའི་བདུད་རྩིས་བུམ་པ་གང་བར་གྱུར། ཅེས་དམིགས་ལ་སོ་སོའི་གཟུངས་བདུན་རེ་ལས་མི་ཉུང་བ་དང༌། སྤྱིའི་སྙིང་པོ་བརྒྱ་རྩ་ཙམ་བཟླ། ལས་བུམ་གྱི་ཁྲོ་བོ་གཉིས་ལ། ཨོཾ་བི་ཀྲྀ་ཏ་དཾཥྚེ། ཨ་མོ་གྷ་ས་མ་ཡེ། ཨ་བྷི་ཥིཉྩ་མཾ། སརྦ་བིདྱ་ཨ་མོ་གྷ། ཨ་བྷི་ཥེ་ཀཻ། ཧཱུྃ་མི་ལི་མི་ལི་སྭཱ་ཧཱ། ཞེས་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །གཏོར་མ་འབུལ་བ་ནི། བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་གཏོར་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྃ་ཞུ་བ་ལས་
བྱུང་བའི་གཏོར་མ་འདོད་དགུའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ཨ་ཀཱ་རོ་ལན་གསུམ་མམ་བདུན་ཅི་རིགས་ཀྱིས་ཕུལ། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །སོགས་འདོད་དོན་གསོལ། རྣམ་པ་གཅིག་ཏུ་ན་འཇིག་རྟེན་འདས་གཏོར་མེད་ཀྱང་ཆོག་གོ །འཇིག་རྟེན་པའི་གཏོར་མ་སྔགས་དྲུག་ཕྱག་དྲུག་གིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དཀར་ཕྱོགས་ཀྱི་ལྷ་རྣམས་མདུན་དུ་བཀུག་པར་གྱུར། ཨ་ཀཱ་རོ་ལན་བཅུ་གཅིག་གིས་བསྔོ། སངས་རྒྱས་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པདྨ་དཀར་པོའི་དྲུང༌། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤཱིརྵིའི་དྲུང༌། །སངས་རྒྱས་གསེར་ཐུབ་ཨུ་དུམ་བཱ་རའི་དྲུང༌། །འོད་སྲུང་ནྱ་གྲོ་དྷ་ཡི་དྲུང་ན་གནས། །ཤཱཀྱ་ཐུབ་མཆོག་ཨ་ཤྭཏྠ་དྲུང་དུ། །ཕྱི་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག །ལྷ་རྣམས་དེ་དག་ཡིད་དགའ་མགུ་གྱུར་ནས། །རྟག་ཏུ་དགེ་ཞིང་ཞི་བར་འགྱུར་བར་མཛོད། །ཅེས་བརྗོད་ལ་གཏོར་མ་དོར། གཙྪ་གཙྪ་སྭ་བྷཱ་ཝ་ནཾ། ཞེས་མགྲོན་རྣམས་གཤེགས། སླར་ཡང་བུམ་ལྷར་དམིགས་ཏེ། ཨོཾ་བཛྲ་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། ཕྱག་བྱར་འོས་པས་བསྟོད། ཡིག་བརྒྱ་བཟོད་གསོལ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་ན་མཿ ཨོཾ་ཨཱཿཧཱུྃ། མེ་ཏོག་དཀར་པོ་དང་བཅས་པའི་མཆོད་ཡོན་ཕུལ། བཛྲ་མུཿ ལྷ་རྣམས་རང་བཞིན་གྱི་གནས་སུ་གཤེགས་པར་གྱུར། དེ་ནས་སློབ་མ་རྣམས་ཁྲུས་བྱ། ནང་དུ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་དང་སེམས་བསྐྱེད་གསལ་བཏབ། རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱི་རིག་པ་གཏད་པ་ཞུ་བའི་ཡོན་ཏུ་མཎྜལ་ཕུལ། ཞེས་མཎྜལ་འབུལ་དུ་གཞུག ཐལ་མོ་མེ་ཏོག་དང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་
མཛོད། སློབ་དཔོན་གྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། ཐོག་མར་རྒྱུད་དག་པར་བྱ་བའི་སླད་དུ། བདེ་བར་གཤེགས་པ་དཔའ་བོ་ཆེན་པོ་བདུན་གཙོ་བོར་གྱུར་པའི་སངས་རྒྱས་སྲས་དང་སློབ་མར་བཅས་པའི་སྤྱན་སྔར་བདག་གཞན་མཁའ་ཁྱབ་ཀྱི་སེམས་ཅན་མཐའ་དག་སྒོ་གསུམ་འཇུག་པ་གཅིག་པས་ཕྱག་འཚལ་བ་སོགས་བསགས་སྦྱོང་ཡན་ལག་བདུན་པ་ཚུལ་བཞིན་བྱ་བའི་ཏིང་ངེ་འཛིན་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། ཇི་སྙེད་སུ་དག་སོགས་བཟང་སྤྱོད་ནས་འབྱུང་བའི་ཡན་ལག་བདུན་པ་ལན་གསུམ། དེ་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རྣམས་ཐེག་པ་ཆེན་པོའི་ཚུལ་ལུགས་ལས་ཇི་ལྟར་འབྱུང་བ་ལྟར་ལེགས་པར་གསལ་ཐོབ་ལ་འདིའི་རྗེས་ཟློས། སངས་རྒྱས་ཆོས་དང་སོགས་ལན་གསུམ། སྐབས་འདིར་སྔགས་ཀྱི་ཆེ་བ་མང་དུ་བརྗོད་པར་གསུངས་པ་ནི། དེའང་ལུས་ཅན་རྣམས་ཀྱིས་དོན་ཏུ་གཉེར་བྱ་གནས་སྐབས་མཐར་ཐུག་ཐམས་ཅད་དུ་ཕན་བདེའི་འབྱུང་གནས་བླ་ན་མེད་པ་ནི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཁོ་ན་ཡིན་ལ། དེ་འཐོབ་བར་བྱེད་པའི་ཐབས་མཆོག་ཏུ་གྱུར་པ་ནི་རིག་པ་འཛིན་པའི་ཐེག་པའམ་གསང་སྔགས་རྡོ་རྗེའི་ཐེག་པ་ཞེས་བྱ་བ་འདི་ཁོ་ན་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་བཅོམ་ལྡན་འདས་གཤེགས་པར་འགྱུར་བ་དེ་དག་ཀྱང་ལམ་འདི་ཉིད་ཁོ་ན་ལ་བརྟེན་ནས་མངོན་པར་རྫོགས་པར་སངས་རྒྱས་ཤིང་འཚང་རྒྱ་བར་འགྱུར་བ་ཡིན་པས། རྒྱུད་ལས་ཀྱང༌། རྫོགས་པའི་སངས་རྒྱས་གང་འདས་དང༌། །དེ་བཞིན་གང་དག་མ་བྱོན་པ། །ད་ལྟར་བྱུང་བའི་རྫོགས་སངས་རྒྱས། །དེ་དག་ཀུན་གྱིས་གསང་སྔགས་ཀྱི། །ཆོ་ག་བཟང་པོ་འདི་མཁྱེན་པས། །དཔའ་བོས་བྱང་ཆུབ་ཤིང་དྲུང་དུ། །ཐམས་ཅད་མཁྱེན་པ་ཚད་མེད་བརྙེས། །སྐྱོབ་པ་ཤཱཀྱ་སེང་གེ་
ཡིས། །བདུད་སྡེ་ཤིན་ཏུ་མི་བཟད་པའི། །དཔུང་ཆེན་དག་ཀྱང་དེ་ཡིས་བཅོམ། །འཇིག་རྟེན་རྗེས་འཇུག་བཅད་ནས་ནི། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །ཞེས་འབྱུང་བ་ཡིན། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་སྒོ་ནས་བྱང་ཆུབ་སྒྲུབ་པ་ནི་དཀའ་བ་མང་བ་དང༌། ཐབས་ལ་མཁས་པ་དང་བྲལ་ཞིང༌། དུས་ཡུན་རིང་པོས་བྱང་ཆུབ་འཐོབ་པའི་ཕྱིར་བུལ་ལ། གསང་སྔགས་འདི་ནི་ཐབས་ལ་མཁས་པ་རྒྱ་ཆེ་ཞིང༌། དཀའ་བ་མེད་པ་དང་བདེ་བས་བདེ་བ་བསྒྲུབ་པའི་ཚུལ་གྱིས་དུས་ཡུན་ཐུང་ངུ་ལ་ཐམས་ཅད་མཁྱེན་པ་འཐོབ་པར་གྱུར་བའི་ཕྱིར་དབང་པོ་རྣོན་པོའི་སྤྱོད་ཡུལ་དུ་གྱུར་པ་སྟེ། དེ་ལྟ་བུའི་ལམ་འདིར་འཇུག་པ་ལའང༌། ཉམས་སུ་བླང་བྱའི་དོན་པོ་རྩ་བའི་གཞི་རྟེན་ལྟ་བུར་གྱུར་པ་ནི། རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། སྲིད་ཞིའི་གནས་ན་ཕུན་ཚོགས་ཀུན་གྱི་ཕུལ། །བླ་མེད་བྱང་ཆུབ་སྒྲུབ་པར་བྱེད་པའི་ལམ། །རྡོ་རྗེ་ཐེག་པ་ལས་གཞན་ཡོད་མིན་ན། །ལམ་དེའི་རྩ་བ་ལྷ་ཡི་རྣལ་འབྱོར་ཡིན། །སྲིད་ལམ་འཁྱམས་ཞིང་དུབ་པའི་སྡུག་བསྔལ་རྣམས། །ཀུན་གྱི་རྩ་བ་ཐ་མལ་སྣང་ཞེན་ཏེ། །དེ་ཉིད་སྦྱོང་བར་བྱེད་པའི་ཐབས་མང་ཡང༌། །ལྷ་སྐུའི་རྣལ་འབྱོར་ཁོ་ན་གཙོ་བོ་ཡིན། །ལྷག་པའི་ལྷ་ཀུན་ཡེ་ཤེས་ངོ་བོར་གཅིག །སྐུ་ཡི་རྣམ་འགྱུར་གཅིག་པུ་ཁོ་ན་ཡིས། །མོས་པ་ཐ་དད་དྲང་བར་མི་ནུས་པས། །དཀྱིལ་འཁོར་དུ་མ་སྤྲུལ་ཞིང་བཤད་པར་མཛད། །ཅེས་གསུངས་པ་ལྟར། འབྲས་དུས་ཀྱི་སྐུ་དང་ཞིང་ཁམས་ལ་སོགས་པའི་སྣང་ཆ་དང་མཐུན་པའི་གཟུགས་སྐུའི་རྣམ་པ་ལམ་བྱེད་ལྷའི་རྣལ་འབྱོར་གྱི་ཐབས་མཁས་སྒོམ་པ་ཉིད་འབྲས་བུ་ལམ་དུ་བྱེད་པ་སྟེ་ཐེག་པ་འདིའི་ལམ་གྱི་རྩ་བའམ་གཞི་མ་ལྟ་བུ་ཡིན་ལ། དེ་ཡང་གདུལ་བྱའི་སྐལ་བ་དང་འཚམས་པར་ཡེ་ཤེས་གཅིག་ཉིད་རྣམ་པ་ཐམས་ཅད་པའི་དཀྱིལ་འཁོར་དུ་སྟོན་པར་མཛད་པ་ལས། ད་ལམ་འདིར་གང་བཤད་པར་བྱ་བ་ནི། སོ་སོར་ཐར་པའི་མདོ་ལས། སངས་རྒྱས་རྣམ་གཟིགས་གཙུག་ཏོར་ཐམས་ཅད་
སྐྱོབ། །འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུངས་དང༌། །ཤཱཀྱ་ཐུབ་པ་གཽ་ཏཾ་ལྷ་ཡི་ལྷ། །མི་འདུལ་ཁ་ལོ་བསྒྱུར་བ་བླ་ན་མེད། །འཇིག་རྟེན་མགོན་པོ་སྐྱོབ་པའི་མཆོག །སངས་རྒྱས་དཔའ་བོ་བདུན་པོ་སྟེ། །གྲགས་ལྡན་རྣམས་ཀྱིས་སོ་སོར་ཐར། །འདི་ནི་རབ་ཏུ་རྒྱས་པར་སྟོན། །ཅེས་གསུངས་པ་ལྟར། བསྐལ་པ་འདིའི་སྔོན་རོལ་བསྐལ་པ་དགུ་བཅུ་རྩ་གཅིག་པ་ལ་བཅོམ་ལྡན་འདས་རྣམ་གཟིགས་འཇིག་རྟེན་དུ་བྱོན། དེའི་རྗེས་ཀྱི་དྲུག་ཅུ་པ་ལ་གཙུག་ཏོར་ཅན་བྱོན། དེའི་རྗེས་བཞི་བཅུ་ཐམ་པ་ལ་ཐམས་ཅད་སྐྱོབ་བྱོན། བསྐལ་པ་བཟང་པོ་འདི་ཉིད་ལ་མི་རྣམས་ཀྱིས་ཚེ་ལོ་བཞི་ཁྲི་ཐུབ་པ་ན་བཅོམ་ལྡན་འདས་ལོག་པར་དད་སེལ་ལམ་འཁོར་བ་འཇིག་འཇིག་རྟེན་དུ་བྱོན། སུམ་ཁྲི་ཐུབ་པ་ན་གསེར་ཐུབ་བྱོན། ཉི་ཁྲི་ཐུབ་པ་ན་འོད་སྲུངས་བྱོན། ཚེ་ལོ་བརྒྱ་བའི་གནས་སྐབས་ན་བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པ་ཡིན། དེ་ལྟར་ན་སངས་རྒྱས་བདུན་པོ་དེ་དག་སྔོན་ཐུགས་བསྐྱེད་པའི་གནས་སྐབས་ནས་བཟུང་འགྲོ་བའི་དོན་དུ་མཆོག་ཏུ་དཔའ་བོའི་ཕྱིར། སངས་རྒྱས་དཔའ་བོ་བདུན་ཞེས་གྲགས་པ་ཡིན། དེ་ཡང་སྤྱིར་དེ་དང་འདྲ་བའི་དེ་བཞིན་གཤེགས་པ་མཐའ་ཡས་པ་བྱོན་མོད་ཀྱི། བདུན་གྱི་གྲངས་སུ་བཅད་པ་ནི་ཕྱོགས་འཇིག་རྟེན་ཁམས་འདིའི་དབང་དུ་བྱས། དུས་ཀྱང་སངས་རྒྱས་གཞན་གྱིས་བར་མ་ཆོད་པའི་དབང་དུ་བྱས་ནས། དེ་བཞིན་གཤེགས་པ་བདུན་པོ་འདི་དག་ནི་འདུལ་བའི་བསྟན་པ་ལ་བསླབ་པ་ཕྲ་མོ་ཐམས་ཅད་ཀྱང་གཅིག་པ་ཡིན་ལ། གཞན་དང་གཞན་དག་ནི་གནད་ཀྱི་དགོངས་དོན་གཅིག་ཏུ་ཟིན་ཡང་བཅས་མཚམས་སྣ་ཚོགས་པ་དག་ནི་ཡུལ་དུས་སོ་སོའི་གདུལ་བྱ་རྣམས་ཀྱི་བསམ་པའི་ཁྱད་པར་ལས་མང་ཉུང་རྒྱས་བསྡུས་ཡངས་དོག་མ་ངེས་པ་སྣ་ཚོགས་སུ་ཡོད་པའི་རིགས་སུ་གདའ། དེས་ན་འཕགས་པའི་ཡུལ་སོགས་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཡོད་
པའི་ཕྱོགས་སུ་ནི་དེ་བཞིན་གཤེགས་པ་བདུན་གྱི་སྐུ་གཟུགས་བཞེངས་པ་དང་གསོལ་བ་འདེབས་པ་ལ་སོགས་པའི་སྲོལ་ཤིན་ཏུ་དར་བ་ཡིན་ལ། ཕྱོགས་འདིར་ཡང་བསྟན་པ་སྔ་དར་གྱི་དུས་སུ་ཆོས་ཀྱི་རྒྱལ་པོ་འཇིག་རྟེན་དབང་ཕྱུག་སྲོང་བཙན་སྒམ་པོས་འཕྲུལ་སྣང་བར་ཁང་དུ་སངས་རྒྱས་རབས་བདུན་གྱི་སྣང་བརྙན་བཞེངས་པར་མཛད་པ་ལྟ་བུས་མཚོན་ཏེ་ཤེས་པར་ནུས། དེ་བཞིན་གཤེགས་པ་བདུན་པོ་འདིའི་སྒྲུབ་ཐབས་རྒྱ་གར་དུ་དར་བ་མང་ཞིག་ཡོད་མཆི་ནའང་བོད་འདིར་འགྱུར་བ་མེད་ལ། དུས་ཕྱིས་སངས་རྒྱས་བདུན་པའི་གཟུངས་ལ་སོགས་པ་དང་འབྲེལ་བའི་སྒྲུབ་ཐབས་འདི་ཉིད། ཡུལ་ལྷོ་ཕྱོགས་ར་ཁང་ཙག་མར་སྐུ་འཁྲུངས་པ་མ་ཧཱ་པཎྜི་ཏ་གྲུབ་པ་བརྙེས་པའི་སློབ་དཔོན་ཤཱཀྱ་རཀྵི་ཏ་ཞེས་བྱ་བ་ལ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གསུངས་ཤིང་སློབ་དཔོན་དེས་ཡི་དམ་སྣ་ཚོགས་པའི་སྒྲུབ་ཐབས་བརྒྱ་དང་བརྒྱད་ཕྱོགས་གཅིག་ཏུ་མཛད་པའི་ནང་ཚན་དུ་གཏོགས་པ་ཡིན། དེ་ཉིད་ནས་རིམ་པར་བརྒྱུད་དེ་རྒྱ་གར་ཤར་ཕྱོགས་ཀྱི་སློབ་དཔོན་ཆེན་པོ་གང་བའི་རྡོ་རྗེ་ལས་རྗེ་བཙུན་རྡོ་རྗེ་འཆང་ཐམས་ཅད་མཁྱེན་པ་སྒྲོལ་བའི་མགོན་པོས་གསན་ཏེ་ཡི་དམ་རྒྱ་མཚོའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་སུ་བཞུགས་པ་ལས། རྗེ་བཙུན་དམ་པ་ནས་བརྒྱུད་པའི་བཀའ་སྲོལ་མང་དུ་གྱེས་ཏེ་ད་ལྟའི་བར་དུ་བར་མ་ཆད་པར་བཞུགས་པ་སྟེ། དེ་ལྟ་བུའི་སངས་རྒྱས་དཔའ་བོ་བདུན་པའི་རིག་གཏད་བགྱི་བ་ལ་ཐོག་མར་བྱ་བའི་རིམ་པ་རྣམས་གྲུབ་ཟིན་ནས། དངོས་གཞིའི་ཐོག་མར་བར་དུ་གཅོད་པའི་བགེགས་སྐྲོད་པ་ཡིན་སྙམ་དུ་མོས་ཤིག ཅེས་མཚམས་སྦྱར་ལ། གཏོར་མའི་ནང་དུ་མེ་ཏོག་བདུག་སྤོས་སོགས་མཆོད་པ་བཏབ་པ་གཅིག་བཤམས་པ་ཆབ་ཀྱིས་བྲན། བསང་སྦྱང་བརླབ། ཨ་ཀཱ་རོས་བསྔོ། བདེན་སྟོབས་སྤྱི་ལྟར་བརྗོད་ལ། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེའི་སློབ་མ་རྣམས་ལ་རིག་པ་གཏད་པའི་ཆོ་ག་བསྒྲུབ་པ་ལ་བར་དུ་གཅོད་པའི་
བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་དང་བཅས་པ་རྣམས་ཀྱིས་བགེགས་རྣམས་ཀྱི་མགོ་བོ་ཚལ་བ་བརྒྱར་བཀས་ནས་རྡུལ་ཕྲན་བཞིན་དུ་བརླག་པར་བྱའོ། །ཞེས་དང༌། དྲག་སྔགས་བཟླ་ཞིང་གུལ་ཡུངས་རྡོར་དྲིལ་རོལ་མོའི་ཚམ་རྔམ་བཅས་བསྐྲད། དེ་ནས་མདུན་གྱི་དཀྱིལ་འཁོར་འདི་ཉིད་རིན་པོ་ཆེ་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་མེད་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་ཞེས་པ་ནས་ས་བོན་བསྐྱེད་ཚིག་སོགས་བོར་བའི་མངོན་རྟོགས་ཇི་བཞིན་བརྗོད་དེ། རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་མངོན་སུམ་དུ་བཞུགས་ཡོད་སྙམ་པ་མཛོད། དེ་ལྟ་བུའི་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཕྱི་རོལ་དུ་ཁྱེད་རང་འཁོད་པ་ལ་ལྷོ་བྱང་གི་ཁྲོ་བོ་གཉིས་ཀྱིས་ཁྱེད་རང་ལ་ནད་གདོན་སོགས་བར་དུ་གཅོད་པའི་བགེགས་ཀྱི་ཚོགས་རབ་ཏུ་ཞི་བར་བྱ་བའི་ཕྱིར་བུམ་པའི་ཆུས་དབང་བསྐུར་བའི་མོས་པ་མཛོད། ཨོཾ་བི་ཀྲྀ་ཏ་དཾཥྚེ་སོགས་བརྗོད་ལ། ལས་བུམ་སྤྱི་བོར་བཞག་ཅིང་དབང་བསྐུར། བུམ་པའི་ཆུས་ཁྲུས་བྱས་པས་ཁྱེད་རང་གི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པའི་ཚོགས་ཐམས་ཅད་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་དུད་ཁུ་འཛག་པ་ལྟར་ནག་ཉིལ་གྱིས་ཕྱིར་ཐོན། ལུས་ཕྱི་ནང་ཐམས་ཅད་ཤེལ་དཀར་གྱི་བུམ་པ་དྲི་མ་མེད་པ་ལྟར་དཀར་སངས་སངས་གྱུར་པ་ལ་བདུད་རྩིས་ཁེངས་པར་མོས་ཤིག བུམ་ཆུས་ཁ་བཤལ། ཁྲུས་བྱ་ཞིང་ཁྲོ་བོ་ཆེན་པོའི་སྔགས་ཀྱི་མཐར། སརྦ་བཱ་པེ་བྷྱཿཤཱནྟིཾ་ཀུ་རུ་སྭཱཧཱ། དེ་བཞིན་དུ་སྦྱར་ཏེ། སྔགས་མཐར། སརྦ་བི་གྷཱཾ་བྷྱཿ སརྦ་དུཥྚཱཾ་བྷྱཿ སརྦ་གྲ་ཧེ་བྷྱཿ སརྦ་ཛྭ་རེ་བྷྱཿ སརྦ་བྱཱ་དྷི་བྷྱཿ སརྦ་ཨུ་པ་དྲ་ཝེ་བྷྱཿ སརྦ་ཨ་ཀཱ་ལ་མྲྀ་ཏྱུ་བྷྱཿ སརྦ་དུཿཔྭ་སྣ་བྷྱཿ སརྦ་དུརྣི་མིཏྟི་བྷྱཿ སརྦ་ཙིཏྟ་ཀུ་ལེ་བྷྱཿ ཞེས་སྦྱར་བས་བཀྲུ་ཞིང་ཁོང་དུའང་བཏང༌། ལག་གཡོན་པའི་མཐེའུ་ཆུང་
མཐེབ་ཆེན་གྱིས་མནན། སོར་མོ་གསུམ་རྡོ་རྗེ་རྩེ་གསུམ་ཚུལ་དུ་བྱས་པས་བུམ་པའི་ཁ་རྒྱན་ཐོགས་ལ། བྱབ་རྫས་ཀྱི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་བྱུང༌། བཀྲུས་པས་མ་དག་པའི་ལྷག་མ་ཐམས་ཅད་ཙེན་གྱི་བླངས་ནས་དྲི་མའི་ཟླ་ལ་བསྐུར་བར་གྱུར་པར་དམིགས་ལ་ཁྲོ་སྔགས་ཤམ་དུ། སརྦ་པཱ་པེ་བྷྱཿཨ་པཱ་ན་ཡ་སྭཱ་ཧཱ། ཞེས་པ་ལ་སོགས་པས་བྱབས་ལ་ཁྲུས་ཆུ་ཕྱིར་དོར། མདུན་བསྐྱེད་ཁྲོ་བོའི་དབང་པོ་རྣམ་པ་གཉིས་ལས་སྣ་ཚོགས་རྡོ་རྗེ་ཕྲ་མོ་ཆར་ལྟར་བབས་ནས་ཁྱེད་རང་གི་ལུས་ལ་རྡོ་རྗེའི་གོ་ཆ་ཞུ་ལུབས་སུ་གཡོགས་པས་ཕྱིན་ཆད་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་གང་གིས་ཀྱང་གླགས་མི་རྙེད་པའི་སྲུང་བ་ཆེན་པོ་བྱས་པར་མོས་ཤིག རྡོ་རྗེ་གནས་བདུན་དུ་རྒྱ་གྲམ་ཚུལ་གྱིས་བཞག་ལ། སྔར་གྱི་སྔགས་རྣམས་ཀྱི་མཐར། རཀྵ་རཀྵ་སྭཱ་ཧཱ། བཏགས་པ་བརྗོད་ལ་བསྲུང༌། དེ་ནས་དཀྱིལ་འཁོར་གྱི་ནང་དུ་ཁྲིད་དེ་ཤར་སྒོའི་ནང་རོལ་དུ་འཁོད་པ་ལ་གཙོ་བོ་ལ་སོགས་པ་དེ་བཞིན་གཤེགས་པ་རྣམས་ཀྱིས་བདུད་རྩིའི་བུམ་པ་ཕྱག་གིས་ཐོགས་ཏེ་སྤྱི་བོ་ནས་བླུགས། སྒོ་གསུམ་གྱི་དྲི་མ་ཐམས་ཅད་སྦྱངས་ཏེ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། འགྲོ་མགོན་ཤཱཀྱ་ཐུབ་པ་རྒྱལ་རིགས་བརྩོན་འགྲུས་ཅན། །ཚེ་ལོ་བརྒྱ་པའི་དུས་སུ་སེར་སྐྱའི་གྲོང་བལྟམས་ཤིང༌། །ཨ་ཤྭཏྠ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཏཏྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཨོཾ་ན་མཿཤཱཀྱ་མུ་ནི་ཡེ་ཏ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། བདེ་གཤེགས་རྣམ་པར་གཟིགས་ནི་རྒྱལ་རིགས་གཟི་བརྗིད་ཅན། །ཚེ་ལོ་བརྒྱད་ཁྲིའི་དུས་སུ་གྲོང་ཁྱེར་མཉན་ལྡན་དུ། །མྱ་ངན་འཚང་གི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་
ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ན་མོ་བི་པ་ཤྱེ་ཏ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། བདེ་གཤེགས་གཙུག་ཏོར་མངའ་བ་རྒྱལ་རིགས་རྫུ་འཕྲུལ་ཅན། །ཚེ་ལོ་བདུན་ཁྲིའི་དུས་ན་ཀ་ནྱའི་གྲོང་ཁྱེར་ན། །པུཎྜ་རཱི་ཀའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ན་མཿཤི་ཁི་ནི་ཏ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། རྒྱལ་བ་ཐམས་ཅད་སྐྱོབ་པ་རྒྱལ་རིགས་བློ་གྲོས་ཅན། །ཚེ་ལོ་དྲུག་ཁྲིའི་དུས་ན་གྲོང་ཁྱེར་མཉམ་མེད་དུ། །ཤིང་མཆོག་སཱ་ལའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་ཏ་ཐཱ་ག་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ན་མོ་བི་ཤྭ་བྷཱུ་ཛེ་ཏ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། ཐུབ་པ་འཁོར་བ་འཇིག་ནི་སྟོབས་ལྡན་བྲམ་ཟེའི་རིགས། །ཚེ་ལོ་བཞི་ཁྲིའི་དུས་ན་བདེ་ལྡན་གྲོང་ཁྱེར་དུ། །ཤིང་མཆོག་ཤཱིརྵའི་དྲུང་དུ་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ན་མཿཀྲ་ཀུཏ་ཚནྡ་ཏ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། འདྲེན་པ་གསེར་ཐུབ་བསླབ་པ་མཆོག་ལྡན་བྲམ་ཟེའི་རིགས། །ཚེ་ལོ་སུམ་ཁྲིའི་དུས་ན་གྲོང་ཁྱེར་མཛེས་ལྡན་དུ། །ཨུ་དུམ་ཝཱ་རའི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་ཏཱ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ན་མཿཀ་ན་ཀ་མུ་ན་ཡེ་ཏཱ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་བྷི་ཥིཉྩ་ཧཱུྃ། སྐྱོབ་པ་འོད་སྲུང་རྒྱལ་རིགས་བླ་མེད་ཡོན་ཏན་ཅན། །ཚེ་ལོ་ཉི་ཁྲིའི་དུས་ན་ཝཱ་རཱ་ཎ་སཱིར་ནི། །ནྱ་གྲོ་དྷ་ཡི་ཤིང་དྲུང་མངོན་པར་སངས་རྒྱས་པའི། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ན་མཿསརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་ནུ་ག་ཏེ་ཨོཾ་ཀུ་རུཾ་གི་ནི་སྭཱ་ཧཱ། ཨོཾ་ན་མཿཀཱ་ཤྱ་པ་ཏ་ཐཱ་ག་ཏཱ་ཡ་སྭཱ་ཧཱ། ཨ་
བྷི་ཥིཉྩ་ཧཱུྃ། དེ་ནས་ལྷ་བསྒོམ་པ་དང་སྔགས་བཟླ་བའི་ལུང་འབོགས་པ་ལ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་ཀྱི་ལུས་ཐ་མལ་དུ་སྣང་བའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས། དེའི་ངང་ལས་གཞལ་མེད་ཁང་གི་དབུས་སུ་ནས། རྒྱལ་པོ་ཆེན་པོ་བཞི་དང་བཅས་པ་གསལ་འདེབས་པར་མཛོད། མདུན་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་ཀ་ནས་སྔགས་ཕྲེང་བྱུང༌། ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། སྙིང་གར་པད་ཟླའི་སྟེང་དུ་ཧཱུྃ་རེ་རེའི་མཐར་འཁོད་པའི་མོས་པས་སྔགས་འདིའི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ་རྒྱས་པར་ན་གཟུངས་རྣམས་དང༌། བསྡུ་ན་མཚན་སྔགས་དང་སྤྱི་སྔགས་ཀྱི་རྗེས་ཟློས་ལན་གསུམ་གསུམ་བྱེད་དུ་གཞུག སྤྲོ་ན། བཅོམ་ལྡན་བདག་གིས་གཟུང་ལགས་དང༌། །བཅོམ་ལྡན་འདི་ལ་སོགས་བྱ། དེ་ལྟར་རྫོགས་པའི་སངས་རྒྱས་དཔའ་བོ་བདུན་གྱི་རྗེས་སུ་གནང་བ་དམ་པ་བརྒྱུད་པའི་ཕྱག་བཞེས་འཕགས་ཡུལ་མཁས་པའི་བཞེད་གཞུང་མ་ཉམས་ཤིང་བོད་ཀྱི་རྟོག་བཟོའི་བསྲེ་ལྷད་མ་ཞུགས་པ་བླ་མ་དམ་པའི་མན་ངག་གི་བརྒྱན་པ་ལེགས་པར་གྲུབ་པ་ལགས། ཞེས་བརྗོད། དམ་ཚིག་བསྡུས་ཏེ་ཁས་བླང༌། གཏང་རག་མཎྜལ་སོགས་སྤྱི་ལྟར་བྱ། རྗེས་ཆོག་མཆོད་པ་ཁ་གསོས་ལ་བྱིན་བརླབ། མཆོད་བསྟོད་མདོར་བསྡུས། ནོངས་བཤགས་བཟོད་གསོལ་བྱ། ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་སམ་གཤེགས་སུ་གསོལ། དམ་ཚིག་པའི་འཁོར་ལོ་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཡང་སྙིང་གའི་ས་བོན་ལ་ཐིམ་པར་གྱུར། དགེ་བ་བསྔོ། ཤིས་བརྗོད་སོགས་སྤྱི་ལྟར་བྱས་པས་འགྲུབ་བོ། །རྒྱལ་མཆོག་འདི་དག་ཀུན་ལ་གྲགས་ཆེ་ཡང༌། །སྒྲུབ་ཐབས་རིག་གཏད་ཁུངས་དང་འབྲེལ་བ་དཀོན། །འདི་བྱས་དགེ་བས་ཀུན་ཀྱང་ཚུལ་འདིར་ཞུགས། །དཔའ་བོ་ཆེན་པོའི་གོ་འཕང་སྒྲུབ་བྱེད་ཤོག །ཅེས་པའི་ཚུལ་འདི་སྒྲུབ་ཐབས་རིན་འབྱུང་གི་སྡེབས་
སུ་བཞུགས་པས་རིག་གཏད་དཀྱུས་འགྲེ་ཙམ་དར་སྲོལ་ཆེའང་རྩ་གཞུང་ཉིད་བསྡུས་ཆེས་པའི་དབང་གིས་ཉམས་ལེན་དང་ལག་ལེན་ཚུལ་བཞིན་བྱེད་པ་དཀོན་པས། ཐུབ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་ཀུན་གཟིགས་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་སྔ་ནས་བཀའི་གནང་བ་སྩལ་བ་ལྟར་བླུན་སྒོམ་རྒན་པོ་བློ་གྲོས་མཐའ་ཡས་ཀྱིས་རྫོང་ཤོད་སྒྲུབ་གནས་སུ་བཀླགས་ཆོག་གི་ཡི་གེར་བཀོད་པ་དགེ་ལེགས་འཕེལ།། །།
ཐུབ་དབང་དང་ཉེ་བའི་སྲས་བརྒྱད་ཀྱི་སྒོམ་བཟླས་དང་ལུང་འབོགས་ཚུལ་བྱང་ཆུབ་སྤྱོད་པའི་ཤིང་རྟ།
ཐུབ་དབང་དང་ཉེ་བའི་སྲས་བརྒྱད་ཀྱི་སྒོམ་བཟླས་དང་ལུང་འབོགས་ཚུལ་བྱང་ཆུབ་སྤྱོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭཱ་ཡ། རྨད་བྱུང་སྟོན་མཆོག་ཐུབ་པའི་དབང༌། །རྒྱལ་སྲས་ཐུ་བོ་གྲགས་ཆེན་བརྒྱད། །བསམ་གྱིས་མི་ཁྱབ་རྣམ་ཐར་དང༌། །བཀའ་དྲིན་ལྡན་ལ་གུས་པས་འདུད། །དེ་དག་རེ་རེའང་རྗེས་དྲན་པའི། །ཕན་ཡོན་བརྗོད་ལས་འདས་པའི་ཕྱིར། །སྒྲུབ་པའི་ཐབས་དང་དེར་འཇུག་སྒོ། །བཟླས་ལུང་འབོགས་པའི་ཆོ་ག་བཤད། །དེ་ལ་གཙོ་བོ་སྟོན་པ་ཐུབ་པའི་དབང་པོའི་སྒོམ་བཟླས་བཀའ་གདམས་ལྷ་བཞི་ལས་འབྱུང་བ་ལྟར་ཉམས་སུ་ལེན་པར་འདོད་པ་ལ། ཐོག་མར། ཇི་སྙེད་སུ་དག་སོགས་ཀྱིས་ཡན་ལག་བདུན་པ་བྱ། སངས་རྒྱས་ཆོས་ཚོགས་སོགས་ཀྱིས་སྐྱབས་འགྲོ་སེམས་བསྐྱེད་ལན་གསུམ་སྔོན་ཏུ་བཏང་ནས། སྟོང་པའི་ངང་ལས་རང་གི་སྙིང་གར་ཨ་ལས་ཟླ་བའི་སྟེང་དུ་ཧཱུྃ་སེར་པོའི་འོད་ཀྱིས་ལུས་གང༌། རང་ཉིད་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི། སྐུ་མདོག་གསེར་བཙོ་མ་ལྟ་བུ་ཕྱག་གཡས་ས་གནོན་དང༌། གཡོན་མཉམ་གཞག་མཛད་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་བྱུང་བའི་ཆ་ལུགས་ཅན། མཚན་དང་དཔེ་བྱད་ཡོངས་སུ་རྫོགས་ཤིང༌། ཆོས་གོས་རྣམ་གསུམ་གསོལ་བ། འོད་ཟེར་དཔག་ཏུ་
མེད་པ་འཕྲོ་ཞིང༌། ཐུགས་མཉམ་པར་བཞག་པའི་བདག་ཉིད་དུ་གྱུར། ཐུགས་ཀར་ཟླ་བ་ལ་གནས་པའི་ཧཱུྃ། དེ་ལས་འོད་འཕྲོས། ཐུབ་པ་ཡེ་ཤེས་སེམས་དཔའི་ལྷ་ཚོགས་བཛྲ་ས་མཱ་ཛཿ ཡིད་ཀྱི་ཕྱག་མཆོད་བྱ། ཛཿཧཱུྃ་བཾ་ཧོཿ སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀར་ཟླ་བའི་སྟེང་དུ་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་བསྒོམས་ལ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། ཐུན་འཇོག་ཁར་ཡེ་ཤེས་པ་མདུན་དུ་བཞུགས་པ་ལ། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། འདོད་དོན་གསོལ་བ་གདབ། དགེ་བ་བསྔོ། ཨོཾ་མུཿཞེས་གཤེགས་སུ་གསོལ། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་བྱའོ། ༈ །ཉེ་བའི་སྲས་བརྒྱད་ལས་འཕགས་པ་འཇམ་དཔལ་གྱི་སྒོམ་བཟླས་ནི། འགྲུབ་ན་མཎྜལ་མཆོད་པ་སྔོན་དུ་བཏང༌། གང་ལྟར་ཡང་སྨོན་པ་བྱང་སེམས་དང་སྟོང་པ་ཉིད་བསྒོམ། ཤཱུ་ནྱ་ཏཱའི་སྔགས་བརྗོད། རང་གི་སྙིང་གར་པད་ཟླ་ལ་དྷཱིཿཡིག་འོད་ཀྱི་འཕྲོ་འདུ་ལས་རང་ཉིད་འཕགས་པ་འཇམ་དཔལ་གུར་གུམ་གཞོན་ནུའི་མདོག་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་ཅིང༌། ཕྱག་གཡོན་པོ་ཏིས་
མཚན་པའི་ཨུཏྤ་ལའི་སྡོང་བུ་འཛིན་པ། རོལ་པའི་སྟབས་ཀྱིས་བཞུགས་ཤིང་མི་བསྐྱོད་པས་དབུ་ལ་སྤྲས་པ། ཟུར་ཕུད་ལྔ་པའམ་རལ་པའི་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་ཀྱི་དྲུང་དུ་ཁྲོ་བོ་གཤིན་རྗེ་གཤེད་པོ་མཐིང་ནག་ཐོད་པའི་ཕྲེང་བ་ཅན། གཡས་འཇམ་དཔལ་གྱི་ཞབས་ལ་བརྟེན་པའམ་ཕྱག་འཚལ་བ། གཡོན་ཐོ་བ་རྭ་ཉི་ཤུ་པ་འཛིན་ཅིང་ཁྲོ་བོའི་ཆ་བྱད་རྫོགས་པའོ། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ་གསལ་བར་གྱུར། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ར་ར་སྨ་ར་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཾ། ཀུ་མཱ་ར་རཱུ་པ་དྷ་རི་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བཟླ། ཐུན་འཇོག་པའི་ཚེ་སྟོང་པ་ཉིད་དུ་བསྡུས་ནས། སླར་ལྷ་སྐུར་ལྡང༌། དགེ་བ་བསྔོ། ཐུན་མཚམས་སུ་འཇམ་དཔལ་གནས་པ་ཞེས་བྱ་བའི་མདོ་ཀློག་པ་དང༌། འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་འདོན་པ་སོགས་ཆོས་སྤྱོད་ཅི་ནུས་སུ་བྱའོ། ༈ །འཕགས་པ་སྤྱན་རས་གཟིགས་ཀྱི་སྒོམ་བཟླས་ནི། ཐུགས་རྗེ་ཆེན་པོའི་དབང་ཕྱུག་མཚན་ཐོས་པ་དང་བཟུང་བ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པར་འགྱུར་བའི་འཕགས་མཆོག་དེ་ལ་བ་སྤུ་ལྡང་ཞིང་མཆི་མ་འཁྲུགས་པའི་མོས་གུས་ཀྱི་སྒོ་ནས། ཕྱག་དང་མཆོད་པ་དང་བསྟོད་པ་དང་བསྐོར་བ་བྱས་ལ། བྱང་ཆུབ་ཀྱི་སེམས་བསྒོམ། ཤཱུ་ནྱ་ཏཱའི་སྔགས་དོན་བསམ། རང་གི་སྙིང་གར་ཧྲཱིཿཡིག་འོད་ཀྱི་འཕྲོ་འདུ་ལས་འཇིག་རྟེན་མགོན་པོ་སྟོན་ཀའི་ཟླ་བ་ལྟར་དཀར་བའི་སྐུ་ལུས་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་བཅོམ་ལྡན་འདས་འོད་དཔག་མེད་པ་བཞུགས་པ། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱའམ། གཡས་མཆོག་སྦྱིན་དང་གཡོན་གདན་ལ་བརྟེན་པས་པདྨ་དཀར་པོའི་སྡོང་བུ་འཛིན་པ། རི་དྭགས་ཀྱི་པགས་པ་ཕྲག་པ་གཡོན་པ་ལ་གནས་པ། དར་དང་རིན་པོ་ཆེའི་རྒྱན་ཅན། གཡས་བརྐྱངས་པའི་རོལ་པའི་སྟབས་ཀྱིས་
བཞུགས་པ། དེའི་དྲུང་དུ་ཁྲོ་རྒྱལ་རྟ་མགྲིན་དམར་པོ་བསྐལ་པའི་མེ་ལྟར་གཟི་བརྗིད་འབར་བ། དབུའི་སྟེང་ན་རྟ་མགོ་ལྗང་གུ་རྟ་སྐད་འཚེར་བ། ཕྱག་གཡས་ཕྱག་འཚལ་བ་དང༌། གཡོན་པས་བེ་ཅོན་དཀར་པོ་འཛིན་པའོ། །ཡེ་ཤེས་པ་སྤྱན་དྲང༌། མཆོད་པས་མཆོད། རང་ལ་གཞུག ཨོཾ་ཨཱཿཧཱུྃ་གིས་གནས་གསུམ་བྱིན་གྱིས་བརླབ། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡེ། བོ་དྷི་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀཱ་རུ་ཎེ་ཀཱ་རུ་ཎེ། མ་ཧཱ་ཀཱ་རུ་ཎ་པྲ་ཏིཥྛ་ཏི་ཀཱ་རུ་ཎཱ་ཡ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། ལྷ་སྐུ་འོད་གསལ་དུ་བསྡུས་ཏེ་དགེ་བ་བསྔོ། ཐུན་མཚམས་སུ་སྤྱན་རས་གཟིགས་ཀྱིས་ཞུས་པ་ཞེས་བྱ་བའི་མདོ། ཟ་མ་ཏོག་བཀོད་པ་དང༌། འཕགས་མཆོག་འདི་ཉིད་ཀྱི་མཚན་བརྒྱ་སོགས་འདོན་ནོ། ༈ །འཕགས་པ་ཕྱག་ན་རྡོ་རྗེའི་སྒོམ་བཟླས་ནི། སྔགས་དང་རྒྱུད་ལ་མངོན་པར་དགའ་བ་རྣམས་འཕགས་པ་ཕྱག་ན་རྡོ་རྗེ་ལ་བློ་གཏད་འཆའ་དགོས་ཏེ། སྔགས་རྒྱུད་ཐམས་ཅད་ཀྱི་བདག་པོ་ཡིན་པའི་ཕྱིར་རོ། །སྐྱབས་སེམས་ཚད་མེད་སྟོང་ཉིད་སྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝའི་སྔགས་བརྗོད། ཧཱུྃ་ལས་བྱུང་བའི་སྲུང་འཁོར་གྱི་དབུས་སུ་ཉི་མ་ལ་ཧཱུྃ། དེ་ལས་འཕྲོས་དོན་གཉིས་བྱས་འདུས་པ་ལས་འཕགས་མཆོག་ཕྱག་ན་རྡོ་རྗེ་ཞི་བ་ལྗང་གུ། རིན་པོ་ཆེའི་པྲོག་ཞུ་ཅན། མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔས་དབུ་ལ་བརྒྱན་པ། ཕྱག་གཡས་ཐུགས་ཀར་འབར་བའི་རྡོ་རྗེ་གསོར་བའི་ཚུལ་དང༌། གཡོན་གདན་ལ་བརྟེན་པ། ན་བཟའ་མཆོག་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། རབ་ཏུ་བཞད་ཅིང་རོལ་པའི་སྟབས་ཀྱིས་བཞུགས་པ། ཟླ་བའི་འོད་ཀྱི་རྒྱབ་ཡོལ་ཅན་ནོ། །ཡང་ན་སྐུ་མདོག་སྔོན་པོར་བྱས་ཀྱང་རུང༌། དེའི་དྲུང་དུ་བདུད་རྩི་འཁྱིལ་པ་ཁྲོ་བོའི་ཆ་བྱད་རྫོགས་ཤིང༌། ལྗང་གུའམ་སྔོ་སངས་དགྲ་སྟྭ་འཛིན་པའོ། །དེ་ནས་ཡེ་ཤེས་པ་དགུག་གཞུག་དང༌། སྒོ་གསུམ་བྱིན་རླབས་སྔ་མ་ལྟར་བྱ། ན་
མོ་བཛྲ་པཱ་ཎ་ཡེ། མ་ཧཱ་བཛྲ། པྲ་ཏིཥྛ་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤ་རཱི་རཱཏྣརྒ་ཏཱ་ཡ། བཛྲ་ཤཱ་རཱི་རཾ། མེ་ཀུ་རུ་བཛྲ་ཨ་དྷིཥྛཱ་ན་སྭཱ་ཧཱ། སྙིང་པོའོ། །ལྷ་སྐུ་བསྡུ་ལྡང་བྱ། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་གསང་བའི་མདོ་དང༌། གསང་བདག་ཉིད་ཀྱི་མཚན་བརྒྱ་རྩ་བརྒྱད་བཀློག མཆོད་པ་དང་གཏོར་མ་ལ་ཡང་བརྩོན་པར་བྱའོ། ༈ །འཕགས་པ་བྱམས་པ་མགོན་པོའི་སྒོམ་བཟླས་ནི། ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། རང་གི་སྙིང་གར་མཻཾ་དམར་སེར་ཡོངས་སུ་གྱུར་པ་ལས། རང་ཉིད་རྗེ་བཙུན་བྱམས་པར་གྱུར། ཨོཾ་མཻ་ཏྲི་ཡ་ཏྲི། དེ་ཡང་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་པ། གཡོན་པས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་དང་བཅས་པ་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་ཅན། དར་གྱི་སྨད་དཀྲིས་དང་རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། རལ་པའི་ཐོར་ཚུགས་ཀྱི་ངོས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཅན་མཚན་དཔེ་ཡོངས་སུ་རྫོགས་པ། ཁྲོ་བོ་གཞན་གྱིས་མི་ཐུབ་པ་དང་བཅས་པའོ། །ཞབས་ཀྱི་བཞུགས་ཚུལ་རང་གང་མོས་པ་བྱ། ཡེ་ཤེས་སེམས་དཔའ་བཛྲས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཨོཾ་མཻ་ཏྲི་དྲྀ་ཌྷ་ཙིཏྟ་ཏིཥྛ་ཧོཿ ཞེས་ལན་གསུམ་གྱིས་བརྟན་པར་བྱིན་གྱིས་བརླབ། སྙིང་གར་ཟླ་བ་ལ་སྔགས་ཕྲེང་བཀོད་ལ། ཨོཾ་ཨ་ཛི་ཏཉྫ་ཡ། སརྦ་སཏྭ་ས་མ་ཡ། མ་ནུ་ག་ཏ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླའོ། །ཐུན་འཇོག་པའི་ཚེ་སྟོང་པ་ཉིད་དུ་བསྡུས་ནས། སླར་ལྷ་སྐུར་ལྡང༌། དགེ་བ་བསྔོ། ཐུན་མཚམས་སུ་མཆོད་བསྟོད་སྤྱི་མཐུན་གང་འགྲུབ་དང་བྱམས་པའི་མཚན་བརྒྱ་དང་དམ་བཅས་པའི་གཟུངས་རྣམས་འདོན་ནོ། །འཕགས་པ་སའི་སྙིང་པོའི་སྒོམ་བཟླས་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། པད་ཟླ་ལ་རང་སེམས་ཀྵིཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་སའི་སྙིང་པོ་སེར་པོ་སྟོད་
གཡོགས་སེར་པོ་ཅན། ཞི་བ་སྤྱན་རྩ་དམར་བ། མེ་ཏོག་སྔོན་པོའི་ཕྲེང་བའི་ཐོད་ཅན། ཕྱག་གཡས་ཤིང་ཏོག་དང་གཡོན་པདྨའི་སྟེང་ན་ནོར་བུ་དང་བཅས་པ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་བ། རྡོ་རྗེས་འོག་ལ་སོགས་པའི་འཁོར་གྱིས་བསྐོར་བ། གཞལ་ཡས་ཁང་སེར་པོ། རིན་པོ་ཆེའི་བྲག་རི་དང་གངས་རིས་བསྐོར་བ། དར་དང་རིན་པོ་ཆེས་བརྒྱན་པ་སོགས་མངོན་རྟོགས་ལྷག་མ་ཀུན་ཏུ་བཟང་པོའི་སྐབས་དང་འདྲ། ཨོཾ་སུམ་བྷ་ནི་སུམ་བྷ། ཧ་ར་ཙ་ར། མ་ཧཱ་པ་ཤ། མཱ་རུ་ཏ། ཨ་མོ་གྷ་བཛྲ་སནྟ་སྭཱ་ཧཱ། ཞེས་བཟླ། མཇུག་ཏུ་སྐུ་སྟོང་པར་སྦྱང༌། དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་སའི་སྙིང་པོའི་མཚན་བརྒྱ་གཟུངས་སྔགས་བཀླག་གོ ༈ །འཕགས་པ་སྒྲིབ་པ་རྣམ་སེལ་གྱི་སྒོམ་བཟླས་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་གདན་ལ་རང་སེམས་སྐཾ་ལས་རང་ཉིད་སྒྲུབ་པ་རྣམས་སེལ་སྐུ་མདོག་དཀར་པོ། གཡས་བུམ་པ་བདུད་རྩིས་གང་བ་འཛིན་ཅིང༌། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་དུ། ཟླ་བ་ཉ་གང་བ་ར་རི་མེད་ཅིང་འོད་ཟེར་འཕྲོ་བ། ཕྱིར་ཟློག་ཆེན་པོ་གཙུག་ཏོར་འཁོར་ལོས་བསྒྱུར་བ་སོགས་རིག་པའི་ཁྲོ་བོ་མང་པོས་ཞབས་ལ་བཏུད་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་ནས་ཐུགས་ཀའི་ཧཱུྃ་གི་བར་ཀུན་ཏུ་བཟང་པོའི་སྐབས་བཞིན་ནོ། །ཨོཾ་ཨ་མྲྀ་ཏ་བིནྡྷུ་ཛཱ་ཝ། མ་ཧཱ་སུ་ཁ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླ། རྗེས་དང་ཐུན་མཚམས་སྔ་མ་འདྲ་བ་ལས། སྒྲིབ་པ་རྣམ་སེལ་གྱི་མཚན་བརྒྱ་ཀློག་པ་ཉིད་ཁྱད་པར་རོ། ༈ །འཕགས་པ་ནམ་མཁའི་སྙིང་པོའི་སྒོམ་བཟླས་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། རང་གི་སྙིང་གར་ཁཾ་ཡིག་ཡོངས་སུ་གྱུར་པ་ལས། རང་ཉིད་ནམ་མཁའི་སྙིང་པོ་སྐུ་མདོག་སྔོན་པོ་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་
རྒྱ་མཛད་པའི་གཡོན་པས་པདྨའི་རྩ་བ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རལ་གྲི་སྔོ་སངས་ཅན། ནམ་མཁའི་རང་བཞིན་གྱི་ཁང་བཟང་འོད་ཟེར་སྔོན་པོ་འབར་བའི་དབུས་ན། ཁྲོ་བོ་དབྱུག་སྔོན་སོགས་འཁོར་རིག་འཛིན་མཚོན་ཆ་ཐོགས་པ་མང་པོ་དང༌། རང་གི་སྤྲུལ་པ་ཁ་དོག་སྣ་ཚོགས་ཅན་མང་པོས་བསྐོར་བ། སྤྱན་གྱི་འོད་ཀྱིས་ནམ་མཁའ་ཐམས་ཅད་འོད་དང་དྲི་ཞིམ་པོས་ཁྱབ་པར་མཛད་པ། དར་དང་རིན་པོ་ཆེས་བརྒྱན་པ་ནས་ཐུགས་ཀར་ཧཱུྃ་གིས་བར་ཀུན་ཏུ་བཟང་པོའི་སྐབས་དང་འདྲ། ཨོཾ་སྭ་སྟི་ཀ་མ་ལཱཀྵི། པི་པུ་ལ། སཾ་བྷ་ཝ། དྷརྨ་དྷཱ་ཏུ། གོ་ཙ་རེ་སྭཱ་ཧཱ། ཞེས་ཅི་ནུས་སུ་བཟླའོ། །རྗེས་ཀྱི་བྱ་བ་དང༌། ཐུན་མཚམས་ཀྱང་སྔ་མ་དང་འདྲ་བ་ལས། ནམ་མཁའི་སྙིང་པོའི་མཚན་བརྒྱ་ཀློག་པ་ཉིད་ཁྱད་པར་རོ། ༈ །འཕགས་པ་ཀུན་ཏུ་བཟང་པོའི་སྒོམ་བཟླས་ནི། སེམས་བསྐྱེད་དང་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་པད་ཟླ་ལ་རང་སེམས་སྟྭཾ་ཡིག་ཡོངས་སུ་གྱུར་པ་ལས་ཀུན་ཏུ་བཟང་པོ་སྐུ་མདོག་དམར་པ། གཡས་གང་བའི་བུམ་པ་ཐུགས་ཀར་གཏོད་ཅིང༌། གཡོན་ཉི་མ་དང་པདྨ་དཀར་པོ་བསྣམས་པ། ཁྲོ་བོ་ཊཱཀྐི་རཱ་ཛ་དང་བཅས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རྒྱལ་བ་རིགས་ལྔའི་དབུ་རྒྱན་ཅན། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿཧཱུྃ་བཾ་ཧོཿ དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀར་ཟླ་བ་ལ་སྔགས་ཕྲེང་བཀོད་དོ། །ཨོཾ་སྟྭཾ་ཧྲཱིཿཀ་ཡ་སྭཱ་ཧཱ། ཅི་ནུས་བཟླ། མཇུག་ཏུ་སྐུ་སྟོང་པར་སྦྱང༌། དགེ་བ་བྱང་ཆུབ་ཏུ་བསྔོ། ཐུན་མཚམས་སུ་ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་ལ་སོགས་པ་ཅི་ནུས་སུ་འདོན་ཞིང༌། ཕལ་པོ་ཆེ་དང་གསེར་འོད་དམ་པ་ལ་སོགས་པ་བཀླག་པར་བྱའོ། །གཞན་ཡང་སྐུ་གཟུགས་ལ་མཆོད་བསྟོད་དང་སྨོན་ལམ་མང་དུ་འདེབས་པ་ནི་གོང་མ་རྣམས་ལའང་ཤེས་པར་བྱའོ། ༈ །ད་ནི་དེ་དག་གི་
བཟླས་ལུང་འབོགས་པའི་ཚུལ་ནི། དབང་བསྐུར་མ་ཐོབ་པ་ལ་བཟླས་ལུང་འབོགས་པ་དོན་མེད་པས་རྒྱུད་སྡེ་བཞི་གང་རུང་གི་དབང་བསྐུར་ཐོབ་པ་ལ་སྒོམ་བཟླས་ཀྱི་ལུང་སྦྱིན་པར་བྱ་སྟེ་ཐོག་མར་སྟོན་པ་ཐུབ་པའི་དབང་པོ་ལ། ཐུབ་དབང་གི་སྐུ་གཟུགས་བྲིས་འབུར་གང་རུང་ཞིག་གི་མདུན་དུ་མཎྜལ་ལ་མེ་ཏོག་གི་ཚོམ་བུ་བཀོད། མཆོད་པ་རྒྱ་ཆེར་བཤམས། ཨོཾ་ལས་བྱུང་བའི་མཆོད་པར་མོས། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་བི་དྱེ་བཛྲེ། མ་ཧཱ་ཏེ་ཛེ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མནྟྲོ་པ་སཾ་ཀྲ་མ་ཎ་སརྦ་ཀརྨ་ཨཱ་བ་ར་ཎེ་བི་ཤོ་དྷ་ན་སྭཱ་ཧཱ། ཞེས་མཆོད་སྤྲིན་གྱི་གཟུངས་བཟླ། བདག་བསྐྱེད་བཟླས་པ་དང་བཅས་པ་བྱ། སྟོང་པའི་ངང་ལས། མདུན་གྱི་མཎྜལ་གྱི་སྟེང་དུ་པད་ཟླའི་གདན་ལ་ཧཱུྃ་སེར་པོ་ལས་ཐུབ་པའི་དབང་པོའི་སྐུར་གྱུར་པ་ནི་སོགས་མདུན་བསྐྱེད་བཟླས་པ་ཅི་འགྲུབ་ཀྱི་བར་དུ་བྱ། འཇིག་རྟེན་ཁམས་ནི་སོགས་ཚིགས་བཅད་སྔགས་དང་བཅས་པས་མཆོད། ཐབས་མཁས་ཐུགས་རྗེ་སོགས་ཀྱིས་བསྟོད། སློབ་མ་ལ་ཆབ་བཏང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྒོམ་བཟླས་ཀྱི་ལུང་ཟབ་མོ་བླང་བར་བགྱིའོ་སྙམ་དུ་སེམས་བསྐྱེད་ཅིང༌། ཆོས་གསན་པའི་ཀུན་སྤྱོད་རྣམ་པར་དག་པ་དང་ལྡན་པས་གསན་པར་ཞུ། དེ་ཡང་ལུས་ཅན་རྣམས་ཀྱིས་དོན་དུ་གཉེར་བྱ་མཐར་ཐུག་པ་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཁོ་ན་ཡིན་ལ། དེ་སྒྲུབ་པར་བྱེད་པའི་ཐབས་འཆད་པ་ནི་ནང་པ་སངས་རྒྱས་པ་དང༌། དེ་ལས་ཀྱང་ཐེག་པ་ཆེན་པོའི་ཁོ་ནའི་ཁྱད་ཆོས་ཡིན་ཅིང་དེ་ལའང་དོན་སྤྱི་སྟོན་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཁྱད་པར་དུ་འཕགས་པ་གསང་སྔགས་རྡོ་རྗེ་ཐེག་པ་འདི་ཉིད་ལ་བརྟེན་ནས་དུས་གསུམ་གྱི་དེ་བཞིན་གཤེགས་པ་མཐའ་དག་མི་གནས་པའི་མྱང་འདས་ཆེན་པོར་གཤེགས་ཤིང་གཤེགས་
པར་འགྱུར་བ་སྟེ། དེ་ལའང་འབྲས་དུས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་ལམ་དུ་བྱེད་པའི་ཐབས་རིམ་པ་གཉིས་ནི་ལམ་འདིའི་ཉམས་སུ་བླང་བྱའི་རྩ་བ་ཡིན་ཅིང་དེའི་གཞིའམ་རྩ་བརྒྱུད་སྨིན་པར་བྱེད་པ་ལ་ཐུག་པས་དེ་ཉིད་སྔོན་དུ་འགྲོ་དགོས། དེ་ལའང་དབང༌། བྱིན་རླབས། རིག་གཏད། བཟླས་ལུང་སྟེ་རྣམ་པ་བཞིའི་བྱེ་བྲག་ཅན་དུ་བཞུགས་པ་ལས་འདིར་བྱ་སླ་ཞིང་བསྐྱེད་བཟླས་ལ་དབང་བར་བྱེད་པ་བཟླས་ལུང་འབོགས་པར་བྱེད་པ་ཡིན། དེའང་ལྷག་པའི་ལྷ་རབ་འབྱམས་དང་འབྲེལ་བའི་བཀའ་སྲོལ་མཐའ་ཡས་པ་ལས་འདིར་གངས་ཅན་ལྷ་གཅིག་འོད་དཔག་མེད་དངོས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བཀའ་སྲོལ་བཀའ་གདམས་ལྷ་བཞིར་གྲགས་པའི་ནང་ཚན་བདག་ཅག་གི་སྟོན་པ་བཀའ་དྲིན་དང་ཐུགས་རྗེ་བསམ་གྱིས་མི་ཁྱབ་པ་མཉམ་མེད་ཐུབ་པའི་དབང་པོའི་སྒོམ་བཟླས་ཀྱི་ལུང་འབོགས་པ་ལ་ཐོག་མར་ཞུ་བའི་ཡོན་ཏུ་མཎྜལ་འབུལ་འཚལ། ཅེས་མཚམས་སྦྱར་ལ་མཎྜལ་འབུལ་དུ་གཞུག དེ་ནས་བསགས་སྦྱོང་སྤེལ་གསུམ་གྱིས་རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་ཡན་ལག་བདུན་པ་ལྷན་ཅིག་ཏུ་གསུང་བར་ཞུ། ཇི་སྙེད་སུ་དག་སོགས་བརྗོད། ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ལམ་གྱི་སྒྲུབ་ཐབས་མཐའ་དག་གི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་དང་སོགས་ལན་གསུམ། དེ་ནས་བསྒོམ་བྱའི་ཏིང་ངེ་འཛིན་འདི་ལྟར་གསལ་ཐོབ་ཅིག སྟོང་པའི་ངང་ལས་རང་གི་སྙིང་གར་སོགས་ནས་ཧཱུྃ་སྔོན་པོས་མཚན་པར་གྱུར། སློབ་དཔོན་ཐུབ་པའི་དབང་པོར་གསལ་བའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་ཡིག་སེར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། མོས་གུས་མཛད་པས་སྔགས་ཕྲེང་གཉིས་པ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། མུ་ནི་ལན་གསུམ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་
གི་བྱིན་རླབས་དང༌། ཁྱད་པར་སྟོན་པ་ཐུབ་པའི་དབང་པོའི་གསུང་རིག་སྔགས་ཀྱི་བྱིན་རླབས་ཐམས་ཅད་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིག ཅེས་བརྗོད། དེས་སྟོན་པ་ཐུབ་པའི་དབང་པོའི་སྒོམ་བཟླས་ཀྱི་ལུང་ལེགས་པར་ཐོབ་པ་ཡིན་པས་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་ཕུལ། དགེ་བསྔོ་བྱ། རྗེས་བདག་མདུན་ལ་མཆོད། འདོད་དོན་གསོལ་གདབ། ཡེ་ཤེས་པ་གཤེགས། རང་དམ་ཚིག་པའི་ང་རྒྱལ་གྱིས་སྤྱོད་ལམ་ལ་འཇུག་པ་སྒྲུབ་ཐབས་སུ་བཤད་པ་ལྟར་བྱའོ། ༈ །དེ་ནས་ཉེ་སྲས་བརྒྱད་ཀྱི་སྒོམ་ལུང་ཐམས་ཅད་ཆོ་ག་གཅིག་ཁོ་ནས་འགྲོས་ཤེས་པར་བྱ་སྟེ། སྐུ་བརྙན་བྲིས་འབུར་གང་འཛོམ་སོགས་རྟེན་དང༌། མཎྜལ་མཆོད་པ་ཅི་འབྱོར་བཤམ། སློབ་དཔོན་གྱིས་སྒོམ་བཟླས་ཉམས་སུ་བླང༌། ཐམས་ཅད་དུས་གཅིག་ཏུ་ལུང་འབོགས་པའི་སྐབས་འཇམ་དབྱངས་ནས་ཀུན་ཏུ་བཟང་པོའི་བར་སྒོམ་བཟླས་རྣམས་མཐར་ཆགས་སུ་བཏང༌། ཐུན་མཚམས་ཀྱི་བྱ་བར་བཤད་པའི་ཆོས་སྤྱོད་རྣམས་འགྲུབ་ན་ཕན་ཡོན་གྱི་ཡན་ལག་ཏུ་འགྱུར་ཞིང་མི་འགྲུབ་ནའང་ཆོག སློབ་མ་རྣམས་ལ་ཆབ་བཏང༌། གྲལ་དུ་འཁོད་ལ་སེམས་བསྐྱེད་གསལ་གདབ། དེ་ལ་འདིར་སྐབས་སུ་བབ་པའི་གསན་བྱ། དེ་བཞིན་གཤེགས་པ་ཉིད་དང་དགོངས་པ་ཕྲིན་ལས་ཉེ་བར་མཉམ་པའི་རྒྱལ་སྲས་མཆོག་ཆེན་བརྒྱད་པོ་འདི་དག་གདོད་མ་ཉིད་ནས་མངོན་པར་རྫོགས་པ་སངས་རྒྱས་ཀྱི་མཛད་པ་ཡང་དང་ཡང་དུ་བསྟན་ཀྱང་འཁོར་བའི་སེམས་ཅན་མུ་མཐའ་མེད་པ་སྒྲོལ་བའི་ཁྱུ་མཆོག་དཔའ་བོ་ཆེན་པོའི་ཐུགས་བསྐྱེད་རླབས་པོ་ཆེ་སླར་ཡང་བཞེས་ཏེ། ནམ་མཁའ་དང་འགྲོ་བའི་ཁམས་ཇི་སྲིད་དེ་སྲིད་དུ་བཟང་པོ་སྤྱོད་པ་རྒྱ་མཚོས་ཆོས་ཀྱི་དབྱིངས་རྒྱས་པར་གཏམས་ཏེ་མཁའ་ཁྱབ་ཀྱི་ལུས་ཅན་མ་བསྒྲལ་བ་མཐའ་དག་ཡང་དག་པའི་དབྱིངས་སུ་བསྒྲལ་བ་ལ་དུས་གསུམ་དུ་གཤེགས་པའི་འདྲེན་པ་སུས་ཀྱང་བསྐྲུན་དུ་མེད་པའི་རྣམ་ཐར་བསམ་གྱིས་མི་ཁྱབ་པའི་བདག་ཉིད་ངོ་མཚར་རྨད་དུ་བྱུང་བ་སྟེ་འཕགས་པ་
དེ་དག་ཐམས་ཅད་ཀྱི་སྒྲུབ་ཐབས་དང་སྒོམ་ལུང་ཆ་ཚང་བ་སྔོན་ཆད་བོད་དུ་མ་བྱུང་བ་ལ། འདི་ནི་འཕགས་ཡུལ་ལྷོ་ཕྱོགས་ར་ཁང་ཙགྨར་སྐུ་འཁྲུངས་པ་མཁས་ཤིང་གྲུབ་པ་བརྙེས་པའི་སློབ་དཔོན་ཤཱཀྱ་རཀྵི་ཏ་ལ་རྡོ་རྗེ་རྣལ་འབྱོར་མས་དངོས་སུ་གནང་བའི་སྒྲུབ་ཐབས་བརྒྱ་དང་བརྒྱད་ཡོད་པ་ལས། སློབ་དཔོན་པཱུརྞ་བཛྲ་ལས་རྗེ་བཙུན་སྒྲོལ་བའི་མགོན་པོས་སྒྲུབ་ཐབས་ཉེར་བཞི་གསན་པའི་ནང་ཚན་ལས་བྱུང་བའི་ཉེ་བའི་སྲས་ཆེན་པོ་བརྒྱད་ཀྱི་བཟླས་ལུང་སྒྲུབ་པ་ལགས། ཆོས་འདི་གང་ལས་བརྒྱུད་པའི་རིམ་པ་ནི། རྡོ་རྗེ་རྣལ་འབྱོར་མ། གྲུབ་ཆེན་ཤཱཀྱ་རཀྵི་ཏ། བུདྡྷ་སྭཱ་མཱི། སུ་ཛ་ཏ། སཱ་དྷུ་ཛྙཱ་ན། སཾ་ཀྲ་ཀཱིརྟི། བྲམ་ཟེའི་སློབ་དཔོན་བེ་དཱ་བནྡྷུ། བཱི་ར་མི་ཏྲ། པཱརྞ་བཛྲ། ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་ནས་རིམ་པར་རྩ་བའི་བླ་མ་འདི་ཞེས་བྱ་བའི་བར་དུ་བརྒྱུད་པའི་ཟམ་མ་ཆད་པར་བྱོན་པ་ལགས། དེ་ལྟ་བུའི་སྒོམ་ལུང་རྣམས་རིམ་པར་བསྒྲུབ་པར་བགྱི་བའི་དང་པོ་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་གཅིག་ཏུ་བསྡུས་པ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་སྒོམ་བཟླས་ཀྱི་ལུང་གསན་པའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་འཚལ། ཅེས་མཚམས་སྦྱར་ནས་མཎྜལ་འབུལ་དུ་གཞུག དེ་ནས་ཐེག་པ་ཆེ་ཆུང་གི་ལམ་གྱི་སྒྲུབ་ཐབས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་ཆོས་ཚོགས་ལན་གསུམ། ཁྱད་པར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། སློབ་དཔོན་ཀྱིས་བདག་ལ་རིག་སྔགས་དམ་པ་སྩལ་དུ་གསོལ། ལན་གསུམ། དེ་ནས་ཁྱེད་རང་རྣམས་གཞན་ཏུ་མ་ཡེངས་པར་ལྷའི་རྣལ་འབྱོར་འདི་བཞིན་དུ་བསྒོམ་འཚལ། ཞེས་བརྡ་སྦྱར་ལ། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། ཁྱེད་རང་རྣམས་ཀྱི་སྙིང་གར་པད་ཟླ་ལ་དྷཱི་ཡིག་སོགས་ནས། ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། བར་མངོན་རྟོགས་ལྟར་བརྗོད། སློབ་དཔོན་ལྷར་གསལ་བའི་ཐུགས་ཀར་ཟླ་བ་ལ་སྔགས་ཀྱི་ཕྲེང་བ། མོས་གུས་མཛད་པས་སྔགས་ཕྲེང་གཉིས་པ་ཆད་དེ་ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་
གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་མཛོད། ཅེས་སྔགས་ཀྱི་རྗེས་ཟློས་ལན་གསུམ་གྲུབ་མཐར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་བྱིན་རླབས་དང༌། ཁྱད་པར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་གསུང་རིག་སྔགས་ཀྱི་ནུས་མཐུ་ཐམས་ཅད་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ངག་ལ་ཐོགས་མེད་དུ་འཇུག་པར་གྱུར་ཅིག འདིར་སློབ་དཔོན་དང་ཕྲེང་བ་སྦྲེལ་བ་དང་མཐར་ཕྲེང་བ་སློབ་མའི་མགོར་འཇོག་པའང་ཕྱག་ལེན་ཏུ་འདུག དེས་འཕགས་པ་འཇམ་དཔལ་དབྱངས་ཀྱི་སྒོམ་ལུང་གསན་གྲུབ་པའི་གཏང་རག་དང༌། གཉིས་པ་སངས་རྒྱས་ཐམས་ཅད་ཀྱི་སྙིང་རྗེ་ཆེན་པོའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་གི་སྒོམ་བཟླས་ཀྱི་ལུང་གསན་པའི་ཡོན་ཏུ་དམིགས་ཏེ་མཎྜལ་འབུལ་བར་ཞུ། ཞེས་མཚམས་སྦྱར་ལ་སྐྱབས་སེམས་ནས་བཟུང་སྔ་མ་ལྟར་བཏང་བ་ལས། མངོན་རྟོགས་དང་སྙིང་པོ་སོ་སོའི་སྒྲུབ་ཐབས་ལྟར་བྱ་ཞིང་ལྷའི་མཚན་སྤོ། དེས་ཐམས་ཅད་རིགས་འགྲེ་སྟེ། གསུམ་པ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བའི་མཛོད་མཐའ་དག་འཛིན་པ་འཕགས་པ་ལག་ན་རྡོ་རྗེའི། ཞེས་དང༌། བཞི་པ་རྒྱལ་ཚབ་ལྷ་བརྒྱའི་མགོན་པོ་མི་ཕམ་བྱམས་པ་མགོན་པོའི། ཞེས་དང༌། ལྔ་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སའི་སྙིང་པོའི། ཞེས་དང༌། དྲུག་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི། ཞེས་དང༌། བདུན་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོའི། ཞེས་དང༌། བརྒྱད་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོའི་སྒོམ་བཟླས་ཀྱི་ལུང༌། ཞེས་བསྒྱུར། ཐམས་ཅད་ཚར་བ་དང་གཏང་རག་མཎྜལ་འབུལ། བསྔོ་སྨོན་ཇི་ལྟར་འོས་པ་བྱས་པས་འགྲུབ་བོ། །བདག་བསྐྱེད་རེ་རེ་བཞིན་བསྡུ་ལྡང་བྱས་ཟིན་ཅིང་མདུན་
བསྐྱེད་བསྒྲུབ་མི་དགོས་པས་རྗེས་ཆོག་མེད་དོ། །ངོ་མཚར་སངས་རྒྱས་གྲངས་མེད་བྱོན་གྱུར་ཀྱང༌། །སྙིགས་དུས་སྐྱོབ་པ་ཐུབ་དབང་འདྲ་བ་མེད། །རྒྱལ་སྲས་སེམས་དཔའ་དུས་གསུམ་གཤེགས་རྣམས་ཀྱིས། །འཕགས་མཆོག་བརྒྱད་ཀྱི་རྣམ་ཐར་འགྲན་ཟླ་བྲལ། །དེ་ཕྱིར་ཡོན་ཏན་རྗེས་དྲན་གུས་པའི་བློས། །འབྲེལ་བ་ཅུང་ཟད་བཞག་ཀྱང་དོན་ཆེའི་ཕྱིར། །འདི་བྱས་དགེ་བས་བདག་གཞན་འགྲོ་བ་ཀུན། །རྒྱལ་བ་སྲས་བཅས་རྣམ་ཐར་ཡོངས་འགྲུབ་ཤོག །ཅེས་པ་འདིའང་ཁྱབ་བདག་ཀུན་མཁྱེན་བླ་མ་རིན་པོ་ཆེ་ནས་བཀའ་ལུང་གི་རྗེས་སུ་གནང་བ་བསྩལ་བ་དང༌། རང་ཉིད་ཀྱིས་སྔར་བྱས་པའི་ཐུབ་དབང་ཉེ་སྲས་བརྒྱད་དང་བཅས་པའི་མཆོད་ཆོག་ལའང་འདི་དང་འབྲེལ་ན་གནད་ཆེ་བར་མཐོང་ནས། རྒྱལ་བའི་སྲས་པོའི་མོས་པ་ལམ་བྱེད་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོ་ཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོས་ཙཱ་འདྲ་རིན་ཆེན་བྲག་གི་དབེན་ཁྲོད་དུ་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་ཁོལ་ཕྱུང་བཀླགས་ཆོག་ཏུ་བཀོད་པ་དགེ་ལེགས་འཕེལ།། །།
སྟོན་པ་ཉེ་བའི་སྲས་བརྒྱད་འཁོར་དང་བཅས་པ་དཀྱིལ་འཁོར་གཅིག་ཏུ་མཆོད་ཅིང་བསགས་སྦྱོང་བྱ་བའི་ཆོ་ག་རྒྱལ་སྲས་དགྱེས་པའི་ལམ་འཇུག
སྟོན་པ་ཉེ་བའི་སྲས་བརྒྱད་འཁོར་དང་བཅས་པ་དཀྱིལ་འཁོར་གཅིག་ཏུ་མཆོད་ཅིང་བསགས་སྦྱོང་བྱ་བའི་ཆོ་ག་རྒྱལ་སྲས་དགྱེས་པའི་ལམ་འཇུག་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བུདྡྷ་བོ་དྷི་ས་ཏྭ་བྷྱཿ དུས་གསུམ་གཤེགས་པ་རྒྱུ་སྐར་ཕྲེང་བའི་དབུས། །ཐུགས་བསྐྱེད་ཟླ་བའི་དཀྱིལ་འཁོར་རབ་མཛེས་པ། །ཤཱཀྱའི་གཙོ་དང་ཉེ་བའི་སྲས་བརྒྱད་ལ། །གུས་པའི་ཡིད་ཀྱིས་ལན་བརྒྱར་བསྔགས་ཤིང་འདུད། །ཡོངས་སུ་གྲགས་ཀྱང་འདི་ཚུལ་མ་གྲགས་ལ། །ཁྱད་པར་མེད་ཀྱང་ཁྱད་ཆོས་མང་ལྡན་པ། །སྨྲ་མཁས་མང་པོས་མ་སྨྲས་དོན་གང་དེ། །དད་པ་ཁོ་ནས་ཕྱོགས་ཙམ་མཚོན་པར་བྱ། །དེའང་འཕགས་པ་དཀྱིལ་འཁོར་བརྒྱད་པ་ཞེས་བྱ་བའི་མདོ་ལས། དེས་ན་ལྕི་བ་གསར་བསྲེས་པའི། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །སེམས་ཅན་ཀུན་དང་ཐུན་མོང་དུ། །འདས་པའི་སངས་རྒྱས་གང་ཡིན་དང༌། །གང་དག་མ་འོངས་ད་ལྟར་བྱུང༌། །བྱང་ཆུབ་སེམས་དཔའི་ཉན་ཐོས་དང༌། །རང་སངས་རྒྱས་དག་གང་ཡོད་པ། །དེ་དག་རྣམས་ལ་ཡོངས་སུ་བསྔོ། །དེ་ནས་དཀྱིལ་འཁོར་ཁོར་ཡུག་ཏུ། །འཁོར་གྱི་དཀྱིལ་འཁོར་རྣམས་བྱ་སྟེ། །འཇིག་རྟེན་དབང་དང་བྱམས་པ་དང༌། །ཐུབ་པ་སྐྱེས་མཆོག་ནམ་མཁའ་དང༌། །ཀུན་ཏུ་བཟང་པོ་བློ་ལྡན་དང༌། །གསང་བ་པ་ཡི་བདག་པོ་དང༌། །འཇམ་དཔལ་གཞོན་ནུར་གྱུར་པ་དང༌། །སྒྲིབ་པ་ཐམས་ཅད་རྣམ་སེལ་དང༌། དེ་བཞིན་ས་ཡི་སྙིང་པོ་
སྟེ། །དེ་དག་གི་ཆེད་དུ་དཀྱིལ་འཁོར་བརྒྱད་བྱའོ། །ཞེས་དང༌། དེའི་དགོས་པ་དམིགས་བསལ་བཅས་གསུངས་པ་ལྟར་དེ་བཞིན་གཤེགས་པ་ཉེ་བའི་སྲས་དང་བཅས་པ་དཀྱིལ་འཁོར་གཅིག་ཏུ་མཆོད་ཅིང༌། ཐེག་པ་ཆེན་པོའི་དགེ་བའི་རྩ་བ་བསགས་སྦྱོང་སྤེལ་གསུམ་གྱི་སྒོ་མཐའ་ཡས་པ་སྒྲུབ་པ་ལ་གཉིས། རྟེན་དང་མཆོད་ཚོགས་འདུ་བྱ་བ། ཉམས་ལེན་ཆོ་གའི་རིམ་པའོ། །དང་པོ་ནི། གཙང་ཞིང་ཡིད་དུ་འོང་བའི་གནས་ཁང་བྱི་དོར་བྱས་ཤིང་རྒྱན་དང་བཀོད་པས་སྤྲས་པའི་གུང་དུ་སྤྱི་དང་ཁྱད་པར་གྱི་སྐུ་གསུང་ཐུགས་རྟེན་བཞུགས་སུ་གསོལ་བའི་མདུན་ཕྱོགས་སྟེགས་བུ་གྲུ་བཞི་པར་བའི་རྣམ་ལྔ་དང་དྲི་བཟང་བྱུགས་པའི་དབུས་དང་ཕྱོགས་མཚམས་བརྒྱད་དུ་རིན་པོ་ཆེའི་མཎྜལ་རེ་རེ་སྟེ་གཙོ་འཁོར་དགུ་བཀོད་པ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་རེ་བྲིས་པའི་ལྟེ་བར་མེ་ཏོག་གི་ཚོམ་བུ་རེ་དགོད། དབུས་སུ་ཐུབ་པའི་དབང་པོའི་སྐུ་བརྙན། གཞན་བརྒྱད་ལ་ཉེ་སྲས་རྣམས་ཀྱི་སྐུ་གཟུགས་བྲིས་འབུར་ཅི་འབྱོར་བཞུགས་པའི་མཐའ་སྐོར་དུ་སྤྱི་མཆོད་མེ་ཏོག་ལ་སོགས་པ་རེ་རེ་ནས་བརྒྱ་རྩ་དང༌། སྒོས་མཆོད་མཎྜལ་དགུ་ལ་ཉེར་སྤྱོད་ཆ་དགུ་བཤམས་པ་ནི་རྒྱས་པ་ཡིན་ལ། འབྲིང་དུ་བྱེད་ན་སྤྱི་མཆོད་མེད་པའི་སྒོས་
མཆོད་ཙམ་བཤམ། འབྱོར་པས་མི་ལྕོགས་པ་ལ་བསྡུ་ན་མཎྜལ་གཅིག་ལ་དྲིའི་ཐིག་ལེ་དང་ཚོམ་བུ་དགུ་བཀོད་པའི་དབུས་སུ་སྟོན་པའི་སྐུ་བརྙན་ཙམ་འཛོམ་ན་བཀོད་ལ་མ་འབྱོར་ནའང་འགལ་བ་མེད་ཅིང༌། མཐའ་སྐོར་དུ་མཆོད་པ་ཆ་གཅིག་ཙམ་བཤམས་ལ་སོ་སོའི་སྒོས་མཆོད་སྐབས་འབྲུ་སོགས་ཀྱིས་ཁ་གསོ་བར་བྱའོ། །གང་ལྟར་མདུན་ཏུ་མཆོད་ཡོན་དང་ཞབས་བསིལ་གྱི་སྣོད། ཆུ་གཙང་གི་བྱ་མ་བུམ། བཤོས་ཟླུམ་རྒྱན་ལྡན་དཀར་མངར་བཟའ་བཅའི་རིགས་དང་བཅས་པ། བུམ་པ་བཅུད་ལྡན་མེ་ལོང་སྐུ་ཕྱི་ན་བཟའ་བཅས་ཁྲུས་ཆས། འཐོར་ནས་དང་རོལ་མོའི་བྱེ་བྲག་རྣམས་ཀྱང་ཚོགས་པར་བྱའོ། །གཉིས་པ་ཉམས་ལེན་ཆོ་གའི་རིམ་པ་ལ་གསུམ། རྣམ་པར་དག་པའི་སྦྱོར་བ། བསགས་སྦྱོང་སྤེལ་གསུམ་གྱི་དངོས་གཞི། ཆོ་ག་བྱས་པའི་རྗེས་ཀྱི་བྱ་བའོ། །དང་པོ་ལ་གཉིས། བྱང་ཆུབ་སེམས་ཀྱིས་བསམ་སྦྱོར་རྣམ་པར་དག་པར་བྱ་བ་དང༌། བྱིན་རླབས་བཞི་སྐོར་གྱིས་སྣོད་བཅུད་རྣམ་པར་དག་པར་བྱ་བའོ། །དང་པོ་ནི། ཁྲུས་དང་གཙང་སྦྲ་ལེགས་པར་བྱས་ཏེ། རྒྱལ་བ་སྲས་དང་བཅས་པ་མངོན་སུམ་བཞིན་ཏུ་དམིགས་ཏེ་ཕྱག་འཚལ་བའི་གཟུངས་བརྗོད་ལ་ཕྱག་ལན་གསུམ་བྱ། འགྲུབ་ན་ཐེག་ཆེན་གྱི་གསོ་སྦྱོང་བླངས་ལ་ཚུལ་ཁྲིམས་རྣམ་དག་གི་གཟུངས་བཟླ། གང་ལྟར་བརྗོད་དོན་ལ་མཉམ་པར་བཞག་སྟེ། གང་གི་རྟེན་ཅིང་འབྲེལ་པར་འབྱུང༌། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པ་སྟེ། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཅེས་ཤེས་རབ་སྟོང་ཉིད་སྤྲོས་བྲལ་གྱི་ཏིང་ངེ་འཛིན་ལ་ཅི་ནུས་སུ་བློ་བཞག དེ་ལས་ལངས་ནས་ཐབས་སྙིང་རྗེ་ཆེན་པོས་ཀུན་ལ་ཁྱབ་པར་བལྟས་ཏེ།
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་ཚད་མེད་པ་བཞི་བསྒོམ་ཞིང༌། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པ་ལན་གསུམ་གྱིས་བྱང་ཆུབ་ཀྱི་སེམས་ཡིད་ལ་བྱེད་དོ། །གཉིས་པ་ལ་བཞི་ལས། དང་པོ་ས་གཞི་བྱིན་རླབས་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། བྱིན་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང༌། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་གནས་འདི་ས་གཞི་རིན་པོ་ཆེ་སྣ་བདུན་པའི་རང་བཞིན་ལག་མཐིལ་ལྟར་མཉམ་པ་ཐ་གྲུ་ཆེ་ཞིང་ཡངས་པ། རེག་ན་འཇམ་ཞིང་བདེ་བ། ལྷའི་མེ་ཏོག་དྲི་ཞིམ་པོས་གཅལ་བཀྲམ་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུའི་མཚོ་དང་རྫིང་བུ་དང་ལྟེང་ཀ་རིན་པོ་ཆེའི་ཕྱེ་མ་གྲམ་བུར་བདལ་ཞིང་ནོར་བུའི་ཕ་གུས་མཐའ་བརྩིགས་པ། ཨུཏྤ་ལ་དང་ཀུ་མུ་ཏ་དང་པདྨ་དུ་མས་མཛེས་པ་དང༌། ཆུ་བྱ་སྐད་སྙན་པར་སྒྲོགས་པ་མང་པོས་གང་བ་རྣམས་དང༌། རིན་པོ་ཆེའི་ཤིང་ལྗོན་པ་སྣ་ཚོགས་རྣམ་པར་རྒྱས་པ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང༌། བཀོད་པ་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང་ལྡན་པར་གྱུར་ཅིག གཉིས་པ་གནས་བྱིན་རླབས་ནི། དེའི་དབུས་སུ་གཞལ་མེད་ཁང་ཆེན་པོ་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ། འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་རྒྱས་པར་འགེངས་པའི་འོད་ཟེར་ཆེན་པོ་རབ་ཏུ་འབྱུང་བ། གནས་ཐ་དད་པ་ཤིན་ཏུ་རྣམ་པར་བྱེ་བ་མཐའ་
ཡས་པ་རྣམ་པར་གནས་པ། རྒྱ་ཡོངས་སུ་མ་ཆད་པ། ཁམས་གསུམ་ལས་ཡང་དག་པར་འདས་པའི་སྤྱོད་ཡུལ་འཇིག་རྟེན་ལས་ཡང་དག་པར་འདས་པ་དེའི་བླ་མའི་དགེ་བའི་རྩ་བ་ལས་བྱུང་བ། ཤིན་ཏུ་རྣམ་པར་དག་ཅིང་དབང་སྒྱུར་བའི་རྣམ་པར་རིག་པའི་མཚན་ཉིད། དེ་བཞིན་གཤེགས་པའི་གནས། བྱང་ཆུབ་སེམས་དཔའི་དགེ་འདུན་དང་ལྡན་པ། ལྷ་དང་ཀླུ་དང་གནོད་སྤྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མིའམ་ཅི་དང་ལྟོ་འཕྱེ་ཆེན་པོ་དང་མི་དང་མི་མ་ཡིན་པ་མཐའ་ཡས་པ་རྣམ་པར་རྒྱུ་བ། ཆོས་ཀྱི་རོའི་དགའ་བ་དང་བདེ་བ་ཆེན་པོས་བརྟན་པ། སེམས་ཅན་ཐམས་ཅད་ཀྱི་དོན་ཐམས་ཅད་ཡང་དག་པར་ཐོབ་པར་བྱེད་པས་ཉེ་བར་གནས་པ། ཉོན་མོངས་པའི་གནོད་པའི་དྲི་མ་ཐམས་ཅད་དང་བྲལ་བ། བདུད་ཐམས་ཅད་ཡོངས་སུ་སྤངས་པ། ཐམས་ཅད་ཀྱི་བཀོད་པ་ལས་ལྷག་པའི་དེ་བཞིན་གཤེགས་པའི་བཀོད་པའི་གནས། དྲན་པ་དང་བློ་གྲོས་དང་རྟོགས་པ་ཆེན་པོས་ངེས་པར་འབྱུང་བ། ཞི་གནས་དང་ལྷག་མཐོང་གི་བཞོན་པ་ཡིན་པ། རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་དང༌། མཚན་མ་མེད་པ་ཉིད་དང༌། སྨོན་པ་མེད་པ་ནས་འཇུག་པ། རིན་པོ་ཆེའི་པདྨའི་རྒྱལ་པོ་ཡོན་ཏན་མཐའ་ཡས་པས་བརྒྱན་པའི་བཀོད་པ་ལ་བརྟེན་པའི་གཞལ་མེད་ཁང་ཆེན་པོར་གྱུར། གསུམ་པ་གདན་བྱིན་རླབས་ནི། དེའི་དབུས་སུ་ལྷ་དང་ཀླུ་དང་མི་ལ་སོགས་པའི་རིན་པོ་ཆེ་སྣ་ཚོགས་པའི་ཁྲིའི་སྟེང་དུ་ལྷ་མིའི་གོས་རིན་ཐང་མེད་པ་བཏིང་བའི་སྟེང་དུ། གཙང་ཞིང་དྲི་མ་མེད་པའི་པདྨའི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར། ཕྱོགས་མཚམས་རྣམས་སུ་པད་ཟླའི་གདན་རེ་རེ། གཞན་ཡང་རྒྱལ་བ་སྲས་དང་བཅས་པའི་བཞུགས་གནས་པདྨའི་གདན་སྣ་ཚོགས་པ་བཤམས་པ་སོ་སོར་གསལ་བར་གྱུར། བཞི་པ་མཆོད་པ་བྱིན་རླབས་ནི། ཁྲི་དེ་དག་གི་སྟེང་དུ་རིན་པོ་ཆེ་སྣ་ཚོགས་དང་ལྷ་དང་མིའི་གོས་སྣ་ཚོགས་ལས་གྲུབ་པའི་གདུགས་དང་བླ་བྲེ་དང་འཕན་དང་ལྡ་ལྡི་དང་ལྷའི་མེ་ཏོག་མན་དཱ་ར་བ་ལ་སོགས་པ་རྣམས་ཀྱི་ཆར་དང༌། བླ་རེས་དང་གདུགས་དང་འཕན་དང༌། ལྡ་ལྡི་ལ་སོགས་པ་མཛེས་པར་བྲེས་ཤིང༌།
ལོགས་རྣམས་ཀྱང་རིན་པོ་ཆེ་དང༌། དར་དང་མེ་ཏོག་ལ་སོགས་པའི་དྲྭ་བ་དང་དྲྭ་ཕྱེད་དང་འཕན་དང་ལྡ་ལྡི་ལ་སོགས་པས་མཛེས་པ་དང༌། ས་གཞིར་ལྷ་དང་མིའི་མེ་ཏོག་སིལ་མ་བཀྲམ་ཞིང༌། མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ་ཕུང་པོ་གསུམ་པའི་མདོ་དང་བཟང་པོ་སྤྱོད་པའི་སྨོན་ལམ་ལས་འབྱུང་བ་ལྟ་བུའི་མཆོད་པའི་སྤྲིན་གྱི་རྒྱ་མཚོ་ཕུལ་དུ་བྱུང་ཞིང་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པར་རྒྱས་པར་གང་ཞིང་ཟད་མི་ཤེས་པ་དང་ལྡན་པར་གྱུར། ཨོཾ་ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་པ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ལན་གསུམ་རོལ་མོ་བསྒྲག དེ་ནས་ཐུན་མོང་དུ་བྱིན་གྱིས་བརླབ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། བྱིན་རླབས་དང༌། ཚོགས་གཉིས་ཡོངས་སུ་རྫོགས་པའི་མཐུ་དང༌། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་ཡོན་ཏན་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཞིང་དག་པའི་སྦྱོར་བ་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཡོངས་སུ་སྦྱངས་པའི་མཐུ་དང༌། བདག་ཅག་རྣམས་ཀྱི་མོས་པའི་མཐུ་ལས་དེ་དེ་བཞིན་ཏུ་གྱུར་ཅིག ཅེས་བདེན་པའི་སྟོབས་ལན་གསུམ་བརྗོད་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། ཚོགས་ཞིང་སྤྱན་འདྲེན་ཡན་ལག་དང་བཅས་པ། ཚོགས་བསགས་པའི་རིམ་པའོ། །དང་པོ་ལ་དྲུག་ལས། ཐོག་མར་སྙན་གསན་དབབ་པ་ནི། དད་གུས་ཆེན་པོས་པུས་བཙུགས་ཐལ་མོ་སྦྱར་ཏེ་མེ་ཏོག་བཀྲམ། སྤོས་ཐོགས་ལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་ལ་རྫོགས་པའི་སངས་རྒྱས་ཤཱཀྱའི་དབང་པོ་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་རྣམས་དང༌། བྱང་ཆུབ་སེམས་དཔའ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་དང༌། སྤྱན་རས་གཟིགས་དབང་ཕྱུག་དང༌། རྡོ་རྗེ་འཛིན་པ་དང༌། བྱམས་པ་མགོན་
པོ་དང༌། འཕགས་པ་ས་ཡི་སྙིང་པོ་དང༌། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང༌། ནམ་མཁའི་སྙིང་པོ་དང༌། ཀུན་ཏུ་བཟང་པོ་རྣམས་རང་རང་གི་འཁོར་རྒྱ་མཚོ་ལྟ་བུས་བསྐོར་བ་རྣམས་དང༌། དམ་པའི་ཆོས་སྐྱོང་བའི་ཞབས་འབྲིང་གི་ཚོགས་དང་བཅས་པ་ཐམས་ཅད་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་ཉེས་ལྟུང་གི་དྲི་མ་སྦྱང་ཞིང་བསོད་ནམས་ཀྱི་ཚོགས་སྤེལ་བའི་སླད་དུ་སྤྱན་འདྲེན་ཞིང་མཆིས་ན་ཐུགས་རྗེ་ཆེན་པོས་བསྐུལ་ཏེ་དེང་དུས་ལ་བབ་ཀྱིས་དགོངས་པར་མཛད་དུ་གསོལ། གཉིས་པ་སྤྱན་འདྲེན་པ་ནི། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམས་སྦྱངས་ཤིང༌། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང༌། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་བདག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཚུལ་ཁྲིམས་རྣམ་དག་ཤེས་རབ་ཤིན་ཏུ་དག །དད་ལྡན་སྙིང་པོ་ཉན་ཐོས་ཆེ་རྣམས་ཀྱིས། །མགོན་མེད་གྱུར་པ་བདག་ལ་རྗེས་བཟུང་བའི། །དོན་མཛད་ཐུགས་རྗེས་དགོངས་པར་མཛད་དུ་གསོལ། ཕྱོགས་བཅུའི་ཞིང་ན་རྣམ་འཕྲུལ་སྣ་ཚོགས་ཀྱིས། །འགྲོ་བའི་དོན་བརྩོན་སེམས་དཔའ་ཆེན་པོ་བརྒྱད། །གདུལ་བྱའི་ཡུལ་ལ་ཐུགས་རྗེས་བརྩེར་དགོངས་ཏེ། །འདིར་གཤེགས་མཆོད་སྤྲིན་རྒྱ་མཚོའི་དབུས་བཞུགས་གསོལ། །གསུམ་པ་མཆོད་ཡོན་འབུལ་ཞིང་ཞབས་བསིལ་བ་ནི། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་སླད་དུ། །འདི་ཉིད་དུ་ནི་བཞུགས་སུ་གསོལ། །མཆོད་ཡོན་གྱི་ཆུ་བཟེད་ཞལ་དུ་སྦྲེངས་ལ། རྒྱལ་བའི་སྐུ་གསུང་
ཐུགས་ལ་ཉོན་མོངས་མི་མངའ་ཡང༌། །སེམས་ཅན་ལུས་ངག་ཡིད་གསུམ་གདུང་བ་སེལ་སླད་དུ། །ཡན་ལག་བརྒྱད་ལྡན་ཆུ་གཙང་ཡིད་དུ་འོང་བ་འདི། །བཞེས་ཤིག་བཞེས་ཤིག་བདག་གི་མཆོད་ཡོན་འདི་དག་གོ །བཏུང་བ་ཕུལ་བའི་བསོད་ནམས་ཀྱིས། །ཉོན་མོངས་བཀྲེས་སྐོམ་ཞི་བ་དང༌། །སྦྱིན་སོགས་ཡོན་ཏན་ལྡན་པ་ཡི། །སྐོམ་དད་མེད་པར་སྐྱེ་བར་ཤོག །ཆུ་དྷཱུརྦའི་ཆུན་པོས་བླངས་ཏེ་ཆོལ་ཟངས་སུ་ཞབས་བཀྲུ་བའི་ཚུལ་བྱ་ཞིང༌། ངང་པའི་མཆོག་ལྟར་སོར་མོ་དྲྭ་བས་འབྲེལ། །འཁོར་ལོའི་མཚན་ཅན་མཛེས་པའི་ཞབས་ཟུང་ལ། །དག་བྱེད་ཕུལ་བས་སྐྱེ་བོ་མ་ལུས་པ། །རྫུ་འཕྲུལ་རྐང་པ་མཆོག་དང་ལྡན་གྱུར་ཅིང༌། །བཞི་པ་ཁྲུས་གསོལ་བ་ནི། ཕྱག་ལེན་མཐོང་བརྒྱུད་ལྟར་བྱས་ལ། ཁྲུས་ཁང་བསྐྱེད་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དྲི་དང་བཅས་པའི་འདག་ཆལ་དཱུརྦས་བྱུག་ཅིང༌། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཁྲུས་གསོལ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་གི་བར་མཚམས་རྣམས་སུ་མཆོད་པའི་སྤྲིན་གྱི་གཟུངས་སྔགས་དང༌། བསྡུ་ན་རྟེན་སྙིང་བརྗོད་ཅིང་རོལ་མོ་བྱ། སྐུ་ཕྱི་ཞིང༌། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་
པས་སྐུ་ཕྱིའོ། །གོས་ཟུང་ངུར་སྨྲིག་འབུལ་ཞིང༌། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང༌། །གང་ལ་རེག་ན་བདེ་བའི་རྒྱུར་འགྱུར་བའི། །གོས་བཟང་རིན་ཆེན་བདག་བློ་སྦྱང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །ལྔ་པ་བཞུགས་གསོལ་ནི། རིན་ཆེན་དུ་མ་ལས་གྲུབ་སེང་གེའི་ཁྲི། །ཡིད་འཕྲོག་སྣ་ཚོགས་གོས་ཀྱིས་བཀབ་པ་འདི། །སངས་རྒྱས་སྲས་དང་བཅས་པ་ཕུལ་བ་ཡིས། །འགྲོ་ཀུན་རྡོ་རྗེའི་གདན་ལ་འཁོད་པར་ཤོག །སྟོང་གསུམ་ཀུན་དང་མཉམ་པ་ཡི། །པདྨ་འདབ་བརྒྱད་གེ་སར་བཅས། །བདེ་ཞིང་ཡངས་པར་འབུལ་ལགས་ན། །ཅི་བདེ་བར་ནི་བཞུགས་སུ་གསོལ། །དྲུག་པ་གསལ་གདབ་པ་ནི། སོ་སོའི་ཞིང་ཁམས་ནས་སྔོན་གྱི་ཐུགས་དམ་ལས་བརྩམས་ཏེ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ལས་མངོན་པར་གཤེགས་ཏེ་གཞལ་མེད་ཁང་གི་ནང་དུ་གདན་སོ་སོ་ལ་བཞུགས་པ་ནི། དབུས་སུ་སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ། མཆོག་གི་སྤྲུལ་པའི་སྐུ་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱོགས་མཚམས་ཀྱི་པདྨ་རྣམས་ལ་ཤར་ནས་གཡས་སྐོར་དུ་འཕགས་པ་འཇམ་དཔལ་གུར་གུམ་གྱི་མདོག་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་པོ་ཏིས་མཚན་པའི་ཨུཏྤ་ལའི་སྡོང་བུ་འཛིན་པ། ཟུར་ཕུད་ལྔ་པ་གཞོན་ནུའི་ཆ་ལུགས་ཅན། འཇིག་
རྟེན་མགོན་པོ་སྟོན་ཟླ་ལྟར་དཀར་པ་རལ་པའི་ཐོར་ཚུགས་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་གདན་ལ་བརྟེན་པས་པདྨ་དཀར་པོའི་སྡོང་བུ་འཛིན་པ། རི་དྭགས་ཀྱི་པགས་པ་ཕྲག་པ་གཡོན་པ་ལ་བཀལ་བ། ཕྱག་ན་རྡོ་རྗེ་སྔོན་པོ་བཞད་པའི་སྟབས་ཅན་རིན་པོ་ཆེའི་པྲོག་ཞུ་གསོལ་བ། ཕྱག་གཡས་ཐུགས་ཀར་འབར་བའི་རྡོ་རྗེ་གསོར་ཞིང་གཡོན་གདན་ལ་བརྟེན་པ་ཟླ་བའི་རྒྱབ་ཡོལ་ཅན། བྱམས་པ་མགོན་པོ་དམར་སེར་རལ་པའི་ཐོར་ཚུགས་ཀྱི་ངོས་ལ་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཅན། ཕྱག་གཉིས་བཤད་པའི་ཕྱག་རྒྱ་མཛད་པའི་གཡོན་པས་ཀླུ་ཤིང་གི་ཡལ་ག་མེ་ཏོག་དང་བཅས་པ་སྙན་གྱི་ཐད་ཀར་ཁ་བྱེ་བ་འཛིན་པ། ཚངས་པར་སྤྱོད་པའི་ཆ་ལུགས་དར་གྱི་སྨད་དཀྲིས་ཅན་རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ། སའི་སྙིང་པོ་སེར་པོ་སྟོད་གཡོགས་སེར་པོ་ཅན། ཞི་ཚུལ་སྤྱན་རྩ་དམར་ཞིང་མེ་ཏོག་སྔོན་པོའི་ཕྲེང་པས་ཐོད་བཅིངས་པ། ཕྱག་གཡས་ཤིང་རྟོག་དང་གཡོན་པདྨའི་སྟེང་ན་ནོར་བུས་མཚན་པ་འཛིན་པ། འོད་ཟེར་ལྗང་གུ་འཕྲོ་བ། སྒྲིབ་པ་རྣམ་སེལ་དཀར་པོ་ཕྱག་གཡས་བུམ་པ་བདུད་རྩིས་གང་བ་འཛིན་ཅིང༌། གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཟླ་བ་ཉ་གང་བ་ར་རི་མེད་ཅིང་འོད་ཟེར་འཕྲོ་བ། ནམ་མཁའི་སྙིང་པོ་སྔོ་སང་ན་བཟའ་སྔོན་པོ་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའི་གཡོན་པས་པདྨའི་རྩ་བ་འཛིན་པ་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རལ་གྲི་སྔོན་པོས་མཚན་པ། སྤྱན་གྱི་འོད་ཀྱིས་ནམ་མཁའ་ཐམས་ཅད་འོད་དང་དྲི་ཞིམ་པོས་ཁྱབ་པར་མཛད་པ། ཀུན་ཏུ་བཟང་པོ་དམར་པོ་གཡས་གང་བའི་བུམ་པ་ཐུགས་ཀར་གཏོད་ཅིང༌། གཡོན་ཉི་མ་དང་བཅས་པའི་པདྨ་དཀར་པོ་བསྣམས་པ། ཐམས་ཅད་ཀྱང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ཅིང་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། གཙོ་འཁོར་ཐམས་ཅད་ཀྱང་གཟི་བརྗིད་དཔག་ཏུ་མེད་པ་འཕྲོ་ཞིང་རང་རང་གི་རིགས་ཀྱི་འཁོར་དཔག་ཏུ་མེད་པས་བསྐོར་བ། གཞན་ཡང་ཉན་ཐོས་ཀྱི་དགེ་འདུན་
དང་དམ་པའི་ཆོས་སྐྱོང་བ་རྒྱ་མཚོ་བཅས་མངོན་སུམ་དུ་བཞུགས་ཤིང༌། བདག་དང་སེམས་ཅན་ཐམས་ཅད་ལ་ཐུགས་རྗེ་ཆེན་པོས་དགོངས་པར་གྱུར། ཅེས་གསལ་གདབ་བོ། །གཉིས་པ་ཚོགས་བསགས་པའི་རིམ་པ་ལ་གསུམ། ཡན་ལག་བདུན་པས་བསོད་ནམས་ཀྱི་ཚོགས་བསགས་པ། སེམས་བསྐྱེད་གསུམ་གྱིས་ཡེ་ཤེས་ཀྱི་ཚོགས་བསགས་པ། ཁྱད་པར་གྱི་ཕྱག་མཆོད་སྨོན་ལམ་གཟུངས་སྔགས་བཟླས་པས་རྫོགས་སྨིན་སྦྱོང་གསུམ་མཐར་ཕྱིན་པར་བྱེད་པའོ། །དང་པོ་ལ་བདུན་ལས། ཐོག་མར་ཕྱག་འཚལ་བ་ནི། གནས་ལྔ་ས་ལ་འདུད་པའི་ཕྱག་འཚལ་བཞིན་ཏུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ན། དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རབ་འབྱམས་མ་ལུས་པའི་དཀོན་མཆོག་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱིས་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པར། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང༌། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཐབས་མཁས་
ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང༌། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ། །ས་ཆེན་འདི་ལ་གོམ་པ་བདུན་བོར་ནས། །ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས། །དེ་ཚེ་མཁས་པ་ཁྱོད་ལ་ཕྱག་འཚལ་ལོ། །གང་ཚེ་ཁྱོད་བལྟམས་དོག་ས་རབ་གཡོས་དང༌། །ཛམྦུའི་གྲིབ་མས་ཁྱོད་སྐུ་མ་བཏང་དང༌། །འདི་དང་ལན་གསུམ་ཀུན་གཟིགས་མཁྱེན་ལྡན་པ། །སངས་རྒྱས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ། །གསེར་མདོག་འདྲ་བ་ཁྱོད་ལ་ཕྱག་འཚལ་ལོ། །རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས། །མཉམ་མེད་མཁྱེན་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །མི་མཆོག་འདུལ་བ་ཁ་ལོ་སྒྱུར་མཛད་ཅིང༌། །ཀུན་སྦྱོར་འཆིང་བ་གཅོད་མཛད་དེ་བཞིན་གཤེགས། །དབང་པོ་ཞི་ཞིང་ཉེར་ཞི་ཞི་ལ་མཁས། །མཉན་ཡོད་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་དང༌། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཤེས་བྱའི་མཁའ་དབྱིངས་ཟབ་ཅིང་ཡངས་པ་ལ། །བློ་གྲོས་དཀྱིལ་འཁོར་རྒྱས་པའི་འོད་ཟེར་གྱིས། །སྐྱེ་དགུའི་མ་རིག་མུན་པའི་ཚོགས་བསལ་བ། །རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་དབྱིངས་ན་སྐྱེས་བུ་གཅིག་པུ་པ། །ཁམས་གསུམ་དག་ན་བཙུན་པ་སྤྱན་རས་གཟིགས། །ཟླ་ཞལ་པད་མདོག་དྲི་མ་མེད་པའི་སྐུ། །སྐྱོན་བྲལ་ཐུགས་རྗེ་ཅན་ལ་ཕྱག་འཚལ་ལོ། །ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། །གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་མཆོག །ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། །བཅོམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་
འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །གདུལ་བྱའི་ཞིང་དུ་འགྲོ་དོན་རྫོགས་མཛད་ཕྱིར། །མི་བསྙེལ་ཐུགས་རྗེས་འཁོར་བའི་མཐའ་ལ་གཟིགས། །ཐབས་མཁས་ཐུགས་རྗེས་འགྲོ་དོན་ལྷུར་མཛད་པ། །ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཞིང་རྣམས་སྐུས་ཁྱབ་ཟབ་ཡངས་གསུང་སྒྲ་ཅན། །ཇི་ལྟ་ཇི་སྙེད་ཐམས་ཅད་མཁྱེན་པའི་ཐུགས། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་སྐྱེད་མཛད་པ། །སྒྲིབ་པ་རྣམ་པར་སེལ་ལ་ཕྱག་འཚལ་ལོ། །གྲགས་པ་ཆེན་པོ་འགྲོ་བ་ཀུན་གྱི་སྐྱབས། །ཞལ་རས་རྒྱ་ཆེ་ནམ་མཁའི་སྤྱོད་ཡུལ་ཅན། །ས་ཡི་དཀྱིལ་འཁོར་ཐམས་ཅད་སྣང་མཛད་པ། །ནམ་མཁའི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ༌། །རྒྱལ་སྲས་དབུས་ན་ཡིད་བཞིན་ནོར་བུ་ལྟར། །སྲས་དང་བཅས་པའི་རྒྱལ་བས་རབ་ཏུ་བསྔགས། །སྨོན་ལམ་རྣམ་ཐར་མཁའ་བཞིན་ཚད་མེད་པ། །ཀུན་ཏུ་བཟང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཕྱོགས་བཅུར་བཞུགས་པའི་རྒྱལ་བ་མ་ལུས་དང༌། །བྱང་ཆུབ་སེམས་དང་རྒྱལ་སྲས་མ་ལུས་ཚོགས། །རྡུལ་ཅིག་སྟེང་ན་རྡུལ་སྙེད་བཞུགས་པ་ཡི། །བླ་མེད་འཕགས་པའི་ཚོགས་ལ་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་འཚལ་ལོ། །གཉིས་པ་མཆོད་པ་ལ་ཐོག་མར་བསྟོད་པས་མཆོད་པ་ནི། རྒྱས་པར་སྤྲོ་ན་ཐུབ་དབང་གི་བསྟོད་པ་རྒྱས་བསྡུས། ཉེ་སྲས་བརྒྱད་ཀྱི་བསྟོད་པ་རྒྱ་བོད་ན་བྱུང་བ་སྤྱི་དང་བྱེ་བྲག་ཁོ་བོས་སྦྱར་བའི་ནོར་བུའི་རྒྱལ་པོ་རྗེས་སུ་སྒྲོག་པའི་སྤྲིན་ཆེན་རྣམ་བརྒྱད་བཀླག དཀྱུས་སུ་རྒྱལ་བ་མ་ཕམ་པའི་གསུང་རབ་སྤྱི་བསྟོད་འདི་ཉིད་བྱ་སྟེ།
སེམས་ཅན་རྣམས་ལ་བརྩེ་བ་ཅན། །འཕྲད་དང་བྲལ་བའི་དགོངས་པ་ཅན། །མི་འབྲལ་བ་ཡི་དགོངས་པ་ཅན། །ཕན་བདེ་དགོངས་ཁྱོད་ལ་ཕྱག་འཚལ། །ཐུབ་པ་སྒྲིབ་ཀུན་ངེས་པར་གྲོལ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན། །ཁྱོད་ཀྱི་མཁྱེན་པས་ཤེས་བྱ་ཁྱབ། །ཐུགས་གྲོལ་ཁྱོད་ལ་ཕྱག་འཚལ་ལོ། །སེམས་ཅན་དག་ནི་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་ཐམས་ཅད་འདུལ། །ཉོན་མོངས་འཇོམས་མཛད་ཉོན་མོངས་ལ། །བརྩེ་བཅས་ཁྱོད་ལ་ཕྱག་འཚལ་ལོ། །ལྷུན་གྱིས་གྲུབ་ཅིང་ཆགས་མི་མངའ། །ཐོགས་པ་མི་མངའ་རྟག་པར་ནི། །མཉམ་པར་བཞག་ཅིང་འདྲི་ཀུན་གྱི། །ལན་ལྡོག་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་དང་བརྟེན་པ་བཤད་བྱ་དང༌། །གསུང་དང་མཁྱེན་པ་འཆད་བྱེད་ལ། །བློ་གྲོས་རྟག་ཐོགས་མི་མངའ་བ། །ལེགས་སྟོན་ཁྱོད་ལ་ཕྱག་འཚལ་ལོ། །གཤེགས་ནས་སྤྱོད་པ་མཁྱེན་མཛད་དེ། །དེ་དག་སྐད་ཀྱིས་སེམས་ཅན་གྱི། །འོང་དང་འགྲོ་དང་ངེས་འབྱུང་ལ། །ལེགས་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ལུས་ཅན་ཀུན་གྱིས་ཁྱོད་མཐོང་ན། །སྐྱེས་བུ་དམ་པ་ལགས་པར་འཚལ། །མཐོང་པ་ཙམ་གྱིས་རབ་དང་བར། །མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ལེན་དང་གནས་དང་གཏོང་པ་དང༌། །སྤྲུལ་དང་ཡོངས་སུ་སྒྱུར་བ་དང༌། །ཏིང་ངེ་འཛིན་དང་ཡེ་ཤེས་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །ཐབས་དང་སྐྱབས་དང་དག་པ་དང༌། །ཐེག་ཆེན་ངེས་པར་འབྱུང་བ་ལ། །སེམས་ཅན་རྣམས་ལ་རབ་སླུ་བའི། །བདུད་འཇོམས་ཁྱོད་ལ་ཕྱག་འཚལ་ལོ། །རང་གཞན་དོན་ཏུ་ཡེ་ཤེས་དང༌། །སྤངས་དང་ངེས་འབྱུང་བགེགས་མཛད་པར། །སྟོན་མཛད་མུ་སྟེགས་གཞན་དག་གིས། །མི་བརྫི་ཁྱོད་ལ་ཕྱག་འཚལ་ལོ། །བསྲུང་མེད་བསྙེལ་བ་མི་མངའ་བ། །འཁོར་གྱི་ནང་ན་བག་བརྐྱང་གསུང༌། །ཀུན་ནས་ཉོན་མོངས་གཉིས་སྤངས་པ། །འཁོར་སྡུད་ཁྱོད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་ཁྱོད་ལ་རྒྱུ་བ་དང༌། །གནས་པ་ཀུན་ལ་རྟག་པར་ནི། །ཀུན་མཁྱེན་མིན་སྤྱོད་མི་མངའ་སྟེ། །ཡང་དག་དོན་
ལྡན་ཁྱོད་ཕྱག་འཚལ། །སེམས་ཅན་ཀུན་གྱི་བྱ་བ་ལ། །ཁྱོད་ནི་དུས་ལས་མི་འདའ་བས། །མཛད་པ་རྟག་ཏུ་དོན་མངའ་བ། །མི་བསྙེལ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་ཀུན་ལ་ཉིན་མཚན་དུ། །ལན་དྲུག་ཏུ་ནི་སོ་སོར་གཟིགས། །ཐུགས་རྗེ་ཆེན་པོ་དང་ལྡན་པ། །ཕན་དགོངས་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་པ་དང་ནི་རྟོགས་པ་དང༌། །ཡེ་ཤེས་དང་ནི་ཕྲིན་ལས་ཀྱིས། །ཉན་ཐོས་རང་སངས་རྒྱས་ཀུན་གྱི། །བླ་མ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་གསུམ་དག་གི་བྱང་ཆུབ་ཆེ། །རྣམ་པ་ཀུན་བརྙེས་ཐམས་ཅད་དུ། །སེམས་ཅན་ཀུན་གྱི་ཐེ་ཚོམ་དག །གཅོད་པ་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་པ་མི་མངའ་ཉེས་མི་མངའ། །རྙོག་པ་མི་མངའ་མི་གནས་པ། །མི་གཡོ་ཆོས་རྣམས་ཐམས་ཅད་ལ། །སྤྲོས་མེད་ཁྱོད་ལ་འཚལ་ལོ། །ཞེས་དང༌།། ༈ །།མཚན་ཙམ་ཐོས་པས་བསྐལ་ཆེན་བརྒྱད་ཁྲིའི་སྡིག །རབ་བསལ་བྱང་ཆུབ་ལམ་ལས་ཕྱིར་མི་ལྡོག །ད་ལྟ་ཕྱོགས་བཅུའི་ཞིང་བཞུགས་འདྲེན་པ་རྣམས། །སློབ་ཚེ་བྱང་ཆུབ་འཛིན་ཏུ་སྩལ་ལ་འདུད། །དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་དྲུང༌། །ངོ་མཚར་དམ་བཅའ་ཆེན་པོའི་ལྔ་བརྒྱ་བཞེས། །འདྲེན་པ་ཀུན་གྱིས་སྤངས་པའི་སྙིགས་མའི་ཞིང༌། །ཡོངས་སུ་བཟུང་མཛད་ཐུགས་རྗེ་ཅན་ལ་འདུད། །གསེར་གྱི་མདོག་ཅན་མཚན་དཔེས་སྤྲས་པའི་སྐུ། །ཡན་ལག་དྲུག་ཅུས་ཆོས་སྒྲ་སྒྲོགས་པའི་གསུང༌། །ཇི་ལྟ་ཇི་སྙེད་ཡེ་ཤེས་ཐུགས་མངའ་བ། །ཐུབ་མཆོག་ཤཱཀྱའི་རྒྱལ་ལ་གུས་པས་བསྟོད། །གུར་གུམ་མདངས་འཛིན་གཞོན་ནུའི་ལང་ཚོ་ཅན། །གླེགས་བམ་ཟེའུ་འབྲུས་མཛེས་པའི་ཨུཏྤལ་བསྣམས། །སངས་རྒྱས་ཀུན་གྱི་ཡེ་ཤེས་མཛོད་འཆང་བ། །རྒྱལ་སྲས་དཔའ་བོ་འཇམ་དཔལ་ཞབས་ལ་འདུད། །ཁ་བ་མུ་ཏིག་མདོག་མཚུངས་པད་དཀར་གཡོན། །དཀའ་ཐུབ་ཆས་ཅན་རི་དྭགས་པགས་པ་བསྣམས། །རྒྱལ་ཀུན་བརྩེ་བ་གཅིག་བསྡུས་འཇིག་རྟེན་མགོན། །འཁོར་བ་དོང་ནས་སྤྲུགས་པར་མཛད་ལ་འདུད། །བཻ་ཌཱུརྻའི་ལྷུན་པོ་དང་མཚུངས་
འཕགས་པ་བྱམས་པའི་གསང་རབ་མདོ་སྡེ་རྒྱན་ལས་འབྱུང་བའི་ཐུབ་པའི་དབང་པོའི་བསྟོད་པ་སེམས་བརྩེ་མའི་མཇུག སྤྲོས་མེད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའི་མཚམས། ཐོབ་བྱའི་ཡོན་ཏན་ཀུན་བརྙེས་པས། །རང་དང་གཞན་གྱི་ཕྲིན་ལས་སྒྲུབ། །མཁྱེན་པར་བྱ་བའི་ཆོས་རྣམས་ཀུན། །མ་ལུས་གཟིགས་པ་ཁྱོད་ཕྱག་འཚལ། །དྲན་དང་བརྩོན་འགྲུས་ཏིང་ངེ་འཛིན། །རྨད་དུ་བྱུང་བའི་དབང་པོ་སྟོབས། །བྱང་ཆུབ་ཡན་ལག་འཕགས་པའི་ལམ། །ལེགས་སྒྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ཁམས་གསུམ་གཏོགས་པའི་རྣམ་པར་རྟོག །སྤངས་པའི་སྙོམས་འཇུག་རྣམ་དགུ་ཡིས། །སེམས་ཀྱི་ཐ་བ་འཇོམས་པའི་དབང༌། །མཐར་སོན་ཁྱོད་ལ་ཕྱག་འཚལ་ལོ། །གཉིས་སུ་འཛིན་པས་རབ་སྟོང་ཞིང༌། །ཉེ་བར་ལེན་པ་སྨོན་མི་མངའ། །མཚན་མ་ཐམས་ཅད་རབ་ཞི་བས། །རྣམ་ཐར་མཆོག་བརྙེས་ཁྱོད་ཕྱག་འཚལ། །ཡེ་ཤེས་དང་ནི་ཐུགས་རྗེ་ལ། །བསྐལ་པ་དུ་མར་ཐུགས་སྦྱངས་པས། །ཉེ་བར་འཚོ་བའི་བདུད་སྡེ་རྣམས། །ལེགས་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །ཕྱི་དང་ནང་དང་གཉིས་ཀ་དང༌། །འདུན་དང་མཁྱེན་དང་འདོམས་པ་ལ། །དབང་བཅུ་དག་གིས་འཇིག་རྟེན་གྱི། །བྱ་བ་སྒྲུབ་པ་ཁྱོད་ཕྱག་འཚལ། །རྨད་བྱུང་ལྷུན་གྱིས་གྲུབ་པ་ཅན། །ཤེས་བྱ་ཀུན་ལ་ཐོགས་མེད་པ། །སྒྲུབ་དང་སྤོང་བའི་ཏིང་འཛིན་ལ། །མངའ་བརྙེས་ཁྱོད་ལ་ཕྱག་འཚལ་ལོ། །འཛིན་དང་འཆད་པ་ཆོས་ཀྱི་སྒོ། །ཉུང་ངུས་ཆོས་རྣམས་བདེ་བླག་ཏུ། །སྟོན་མཛད་གཟུངས་ཀྱིས་ཆོས་ཀྱི་གཏེར། །ཁ་འབྱེད་ཁྱོད་ལ་ཕྱག་འཚལ་ལོ། །ཆགས་སོགས་དགག་དཀའི་དྲི་མ་དང༌། །འཁོར་གསུམ་རྣམ་པར་རྟོག་པའི་གཞི། །བག་ཆགས་བཅས་པ་གཏན་སྤངས་ལ། །སྒྲིབ་པ་ཀུན་གྲོལ་ཁྱོད་ཕྱག་འཚལ། །གསལ་དང་དྲི་མེད་ཡོན་ཏན་གཏེར། །ཕྲིན་ལས་རྟེན་དང་བརྟེན་པ་ཡིས། །རང་གཞན་དོན་གྱི་ཡེ་ཤེས་ལ། །རྫོགས་པའི་སངས་རྒྱས་ཁྱོད་ཕྱག་འཚལ། །གསུང་དབྱངས་མི་འཇིགས་སེང་གེའི་སྒྲ། །ཡན་ལག་དྲུག་ཅུ་དང་ལྡན་པས། །ལྷར་བཅས་འཇིག་རྟེན་ཐམས་ཅད་ལ། །ལེགས་
སྒྲོགས་ཁྱོད་ལ་ཕྱག་འཚལ་ལོ། །ཁྱོད་ཀྱིས་ཟག་བཅས་འགྲོ་བའི་རྒྱུན། །གང་ལགས་ལམ་གྱི་བདེན་པས་བསྒྱུར། །འགྲོ་བ་ཀུན་འཇུག་ཡེ་ཤེས་སུ། །མཁྱེན་པ་ཁྱོད་ལ་ཕྱག་འཚལ་ལོ། །འཇིག་རྟེན་སློབ་མ་བསེ་རུས་སྲས། །སྟོན་པའི་འབྱོར་པ་ཕུལ་བྱུང་བ། །གང་ལགས་དེ་འདྲ་མངའ་བརྙེས་པས། །ལེགས་འབྱོར་ཁྱོད་ལ་ཕྱག་འཚལ་ལོ། །ཐུན་མོང་བ་དང་ཕུལ་བྱུང་ཆོས། །རླབས་ཆེན་ཤིན་ཏུ་རྨད་བྱུང་བ། །བརྙེས་པས་འཇིག་རྟེན་ཐམས་ཅད་ཀྱི། །སྐྱབས་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟའི་དངོས་བསྟོད་སྟོན་པ་ཡིས། །བསྟན་པ་རིན་ཆེན་གསལ་མཛད་པས། །འགྲོ་བ་ཀུན་གྱིས་ཤེས་བྱ་ཡི། །དེ་ཉིད་ལེགས་པར་མཐོང་བར་ཤོག །ཅེས་ཆོས་རྗེ་ས་སྐྱ་པཎྜི་ཏའི་ཐུབ་པ་དགོངས་གསལ་གྱི་མཇུག་ཏུ་འབྱུང་བ་ཉིད་ཁ་སྐོང་དུ་སྦྱར་གསུངས་པ་ལྟར་ཉེ་སྲས་མཆོད་ཆོག་འདིར་ཡང་སྦྲེལ་ན་ལེགས་སོ།། །།
གཟི་བརྗིད་འབར། །མཐུ་སྟོབས་དབང་བརྙེས་རྡོ་རྗེ་ཕྱག་ན་གསོར། །གསང་བ་ཀུན་བདག་སྲས་བཅས་རྒྱལ་ཀུན་ལ། །གླགས་ལྟའི་བདུད་ཚོགས་འཇོམས་པར་མཛད་པ་འདུད། །ལི་ཁྲིའི་མདངས་ཅན་ཀླུ་ཤིང་སྡོང་བུ་བསྣམས། ཐོར་ཚུགས་གསེར་གྱི་མཆོད་སྡོང་མཛེས་པས་སྤྲས། །ཚངས་སྤྱོད་ཆོས་ཅན་ཐུབ་པའི་ཆོས་མཛོད་སྲུང༌། །རྒྱལ་ཚབ་ལྷ་བརྒྱའི་མགོན་པོའི་ཞབས་ལ་འདུད། །གསེར་མདོག་མེ་ཏོག་སྔོན་པོས་ཐོད་བཅིངས་ཤིང༌། །ཤིང་ཏོག་པདྨ་ནོར་བུས་མཚན་པ་བསྣམས། །བརྟན་གཡོའི་བཅུད་སྤེལ་དགེ་བའི་ལོ་ཏོག་སྐྱེད། །འཇིགས་པ་ཀུན་སྐྱོབ་ས་ཡི་སྙིང་པོར་འདུད། །ཆུ་ཤེལ་མདོག་ཅན་བཅུད་ལྡན་བུམ་བཟང་དང༌། །ཉ་རྒྱས་ཟླ་བས་མཚན་པའི་པད་དཀར་བསྣམས། །མཚན་གྱི་ཟེར་ཙམ་ལྷུང་བས་སྒྲིབ་པའི་མུན། །རྣམ་པར་སེལ་མཛད་བདེ་གཤེགས་སྲས་པོར་འདུད། །སྤྲིན་མེད་ནམ་མཁའི་མདངས་ཅན་ཆོས་འཆད་རྒྱས། །རལ་གྲིས་མཚན་པའི་ཨུཏྤལ་ཡུ་བ་བཏེགས། །ལྟུང་བས་འཇིགས་ཤིང་དགེ་རྩ་ཆད་པ་ཡི། །འགྲོ་སྐྱོབ་དཔའ་བོ་ནམ་མཁའི་སྙིང་པོར་འདུད། །ཉི་མའི་དཀྱིལ་འཁོར་ལྟར་གསལ་བུམ་པ་དང༌། །པད་དཀར་སྡོང་བུ་ཉིན་བྱེད་མཚན་པ་བསྣམས། །བཟང་པོ་སྤྱོད་ཀུན་ཁྱོད་ཀྱི་རྗེས་སློབ་པ། །རྒྱལ་སར་ཐུ་བོ་ཀུན་ཏུ་བཟང་པོར་འདུད། །བསམ་ཡས་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །སྲས་བཅས་རྒྱལ་བའི་རྣམ་ཐར་རྒྱ་མཚོ་ལ། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་དུས་ཀུན་ཏུ། །བསྔགས་པས་དེ་འདྲའི་གོ་འཕང་མངོན་བྱེད་ཤོག །ཅེས་པ་ཙམ་གྱིས་བསྟོད། དངོས་འབྱོར་གྱི་མཆོད་པ་ནི། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྱེ་དང༌། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་ཞིང༌། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །དེས་འགྲེས་ཏེ། བདུག་སྤོས། སྣག་གསལ། དྲི་མཆོག ཞལ་ཟས། རོལ་མོ་ཞེས་སྦྱར་བ་དང༌། མེ་ཏོག་
དམ་པ་ཕྲེང་བ་དམ་པ་དང༌། །སིལ་སྙན་རྣམས་དང་བྱུགས་པའི་གདུགས་མཆོག་དང༌། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང༌། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང༌། །བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ཡང་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །བདག་པོས་མ་བཟུང་བའི་མཆོད་པ་ནི། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པ་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐར་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་
མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ལུས་དབུལ་བའི་མཆོད་པ་ནི། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་ཏུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱེད་ཀྱིས་ཡོངས་སུ་བཟུང་བ་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱིད། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྱད་པར་གྱི་མཆོད་པ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང༌། །ཨུཏྤ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །ཕྲེང་བ་སྤེལ་ལེགས་ཡིད་འོང་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་དབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཀྱིས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཕྱང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །འཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་བལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་
ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པར་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཡིད་བྱུང་གི་མཆོད་པ་ནི། མཎྜལ་ཚོམ་བུ་སོ་བདུན་མ་ཚིགས་བཅད་རྒྱས་བསྡུས་རྣམས་དང༌། བདག་གཞན་ལུས་ངག་ཡིད་གསུམ་དུས་གསུམ་དགེ་ཚོགས་དང༌། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ནས་དཀོན་མཆོག་རྒྱལ་བ་སྲས་དང་བཅས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །གུས་པས་ཁྱེད་ལ་འབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པ། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ནས། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །མཎྜལ་སྔགས་དང་འདོད་གསོལ། མཉེས་བྱེད་མཎྜལ་སོགས་སྤྱི་ལྟར་བྱའོ། །དེ་ནས་སྡིག་པ་བཤགས་པ་ལ་རྒྱས་པར་སྤྲོ་ན་གསེར་འོད་ལས་འབྱུང་བའི་སངས་རྒྱས་རྐང་གཉིས་སོགས་བརྗོད། དཀྱུས་སུ། སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་བཟད་སྡིག་པ་གང་བགྱིས་པ། །སྟོབས་བཅུ་མངའ་བའི་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང༌། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་བར། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདག་གིས་སྡིག་
པ་གང་བསགས་དེ་འཆགས་སོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང༌། །སྡིག་པའི་གྲོགས་དང་འཕྲད་པ་ཉམ་ང་དང༌། །སྲིད་པ་ཉམ་ང་འདོད་ཆགས་ཉམ་ང་དང༌། །ཞེ་སྡང་གཏི་མུག་མུན་པ་ཉམ་ང་དང༌། ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང༌། །བསོད་ནམས་བསྒྲུབ་པ་ཉམ་ང་བདག་གིས་ཀྱང༌། །རྒྱལ་བ་ཡང་དག་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །ཞེས་དང༌། སྤྱོད་འཇུག་ལས། དེ་བས་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་ཀུན་སེལ་ལ། །དེ་རིང་ཉིད་ནས་སྐྱབས་སུ་མཆི། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་སེལ་བ་དང༌། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང༌། །དེ་བཞིན་ཡང་དག་སྐྱབས་སུ་མཆི། །བདག་ནི་འཇིགས་པས་རྣམ་སྐྲག་ནས། །ཀུན་ཏུ་བཟང་ལ་བདག་ཉིད་འབུལ། །འཇམ་པའི་དབྱངས་ལའང་བདག་ཉིད་ཀྱིས། །བདག་གི་ལུས་འདི་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་བ། །སྤྱན་རས་གཟིགས་མགོན་དེ་ལ་ཡང༌། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་བདག་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང༌། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེ་ཆེ་མགོན་ཐམས་ཅད་ལ། །སྐྱབས་ཚོལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེར་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེ་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། །ཞེས་དང༌། འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང༌། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཡན་ལག་ལྷག་མ་རྣམས་ནི། ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །
རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང༌། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང༌། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་དག །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང༌། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང༌། བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱའི་དབང་པོ་དང་ཉེ་བའི་སྲས་ཆེན་པོ་བརྒྱད་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཕྱག་འཚལ་བ་དང༌། མཆོད་ཅིང་སྡིག་པ་བཤགས་པ་དང༌། དགེ་བ་ལ་རྗེས་སུ་ཡི་རང་བ་དང༌། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་ཞིང་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པ་དང༌། དེ་དག་གི་མཐུ་དཔལ་དང༌། བྱིན་གྱི་རླབས་ཀྱི་སྟོབས་ཀྱིས་བདག་ཅག་གི་ཐོག་མ་མ་མཆིས་པའི་འཁོར་བ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག ལུས་ལ་ནད་མེད་པ་དང་ཚེ་རིང་བར་གྱུར་ཅིག འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ་ཕུན་སུམ་ཚོགས་པ་ལ་མངའ་བརྙེས་པར་གྱུར་ཅིག མཐར་ཚོགས་གཉིས་ཡོངས་སུ་རྫོགས་ནས་རྡོ་རྗེའི་སྐུ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་བརྙེས་པར་གྱུར་ཅིག ཡུལ་ཁམས་ཐམས་ཅད་དུའང་མི་ནད་དང་ཕྱུགས་ནད་དང་ལོ་ཉེས་པ་དང་དགྲའི་གནོད་པ་ལ་སོགས་པ་བཀྲ་མི་ཤིས་པའི་བག་ཅི་ཡང་མི་འབྱུང་བར་གྱུར་ཅིག ཆར་ཆུ་དུས་སུ་བབས་ཏེ་ལོ་ཕྱུགས་འཕེལ་ཞིང་རྒྱས་པ་དང༌། བདེ་སྐྱིད་ཀྱི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱང་
བདེ་བ་དང་ལྡན་སྡུག་བསྔལ་དང་བྲལ་ཏེ་ཚོགས་གཉིས་རྫོགས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག གཉིས་པ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་གཉིས། ཀུན་རྫོབ་སེམས་བསྐྱེད་དང༌། དོན་དམ་སེམས་བསྐྱེད་བཟུང་བའོ། །དང་པོ་ལ་གཉིས། ཟབ་མོ་ལྟ་བརྒྱུད་དང༌། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་ལུགས་སོ། །དང་པོ་ལ། སྦྱོར་དངོས་མཇུག་གསུམ་ཡོད་པའི་ཐོག་མར་སྐྱབས་འགྲོ་དང་ཚོགས་བསགས་ནི། ཕྱག་གསུམ་དང་པུས་བཙུགས་ཐལ་མོ་སྦྱར་བས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ། ཚོགས་བསགས་རྒྱས་པར་སྤྱོད་འཇུག་ལས་བྱུང་བའི་ཡན་ལག་བདུན་པ་ནི། དུས་གསུམ་གཤེགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །བྱང་ཆུབ་སེམས་ཀྱི་གཞི་རྣམས་དང༌། །མཆོད་རྟེན་རྣམས་ལ་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང༌། །བརྟུལ་ཞུགས་མཆོག་ལ་ཕྱག་འཚལ་ལོ། །གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་དང༌། རིན་ཆེན་སེམས་དེ་བཟུང་བར་བྱ་བའི་ཕྱིར། །ཞེས་པ་ནས། མགོན་པོ་སྲས་དང་བཅས་རྣམས་མཆོད། །ཀྱི་བར་དང༌། བདག་ནི་མི་ཤེས་གཏི་མུག་པས། །རང་བཞིན་ཁ་ན་མ་ཐོ་དང༌། །བཅས་པའི་སྡིག་པ་གང་ཡིན་ལས། །གང་ཡང་རུང་བ་བགྱིས་པ་རྣམས། །མགོན་པོའི་སྤྱན་སྔར་མངོན་སུམ་དུ། །ཐལ་སྦྱར་སྡུག་བསྔལ་འཇིགས་སེམས་ཀྱིས། །ཡང་དང་ཡང་དུ་ཕྱག་འཚལ་ཏེ། །
དེ་དག་ཐམས་ཅད་བཤགས་པར་བགྱི། །འདྲེན་པ་རྣམས་ཀྱིས་བདག་གི་སྡིག །ནོངས་པ་ལགས་པར་བཟུང་དུ་གསོལ། །འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོངས་མི་བགྱིད། །སེམས་ཅན་ཀུན་གྱི་ངན་སོང་གི། །སྡུག་བསྔལ་ངལ་གསོའི་དགེ་བ་དང༌། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །བྱང་ཆུབ་རྒྱུར་གྱུར་དགེ་བསགས་པ། །དེ་ལ་རྗེས་སུ་ཡི་རང་ངོ༌། །ལུས་ཅན་འཁོར་བའི་སྡུག་བསྔལ་ལས། །ངེས་པར་ཐར་ལ་ཡི་རང་ངོ༌། །སྐྱོབ་པ་རྣམས་ཀྱི་བྱང་ཆུབ་དང༌། །རྒྱལ་སྲས་ས་ལ་ཡི་རང་ངོ༌། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །ཐུགས་བསྐྱེད་དགེ་བ་རྒྱ་མཚོ་དང༌། །སེམས་ཅན་ཕན་པར་མཛད་པ་ལ། །དགའ་བས་རྗེས་སུ་ཡི་རང་ངོ༌། །ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང༌། །བསྐལ་བ་གྲངས་མེད་བཞུགས་པར་གསོལ། །དེ་ལྟར་འདི་དག་ཀུན་བྱས་ཏེ། །དགེ་བ་བདག་གིས་བསགས་པ་གང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་ཐམས་ཅད་སེལ་བར་ཤོག །ཅེས་སམ། བསྡུ་ན་བཟང་སྤྱོད་ལས་བྱུང་བ་ལྟ་བུ་གང་རིགས་བྱ། དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་དུས་འདི་ནས་བཟུང་སྟེ་ཇི་སྲིད་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་ཏུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ། རྗེས་ནི། དེང་དུས་བདག་ཚེ་
འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །རྒྱལ་པོ་བློན་པོ་ལས་དང་པོའི། །ལྟུང་བ་ལྔ་ལྔ་བརྒྱད་ལ་སོགས། །རྩ་བ་དང་ནི་ཡན་ལག་གི། །ཉེས་ལྟུང་རྣམས་ཀྱིས་མ་གོས་པར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་བརྗོད་དོ། །གཉིས་པ་ལ་བསམ་སྦྱོར་རང་བཞིན་གསུམ་དུ་བཤད་པའི་དང་པོ། སྲིད་ཞི་གཉིས་ལ་མི་གནས་པའི་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པའི་བསམ་པ་སྔོན་དུ་འགྲོ་བས། སྦྱོར་བ་སྨོན་འཇུག་སོ་སོར་སྦྱོར་དངོས་མཇུག་གསུམ་རེ་ཡོད་པའི་སྨོན་སྦྱོར་གསོལ་གདབ་ནི། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་ས་དང་པོ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དེ་བཞིན་ཏུ་བདག་མིང་འདི་ཞེས་བགྱི་བ་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་གསོལ། ལན་གསུམ། དེ་ནས་སྐྱབས་འགྲོ་ཁྱད་པར་ཅན་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ལན་གསུམ་དང་ཚོགས་བསགས་ཡན་ལག་
ནི། ཇི་སྙེད་སུ་དག་སོགས་འདོན་པར་བྱའོ། །སྨོན་པའི་དངོས་གཞི་ནི་བྱམས་སྙིང་རྗེ་དྲག་པོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་སྐྱེ་བ་འདི་དང་སྐྱེ་བ་གཞན་དང་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་ཚུལ་ཁྲིམས་ཀྱི་རང་བཞིན་དང་སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང༌། བགྱིད་དུ་བསྩལ་བ་དང༌། བགྱིད་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས། ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་ཏུ། བདག་མིང་འདི་ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བར་བགྱིའོ། །ལན་གསུམ་གྱིས་བླང༌། སྨོན་པའི་རྗེས་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཉིན་མཚན་དུས་དྲུག་བྱང་སེམས་བསྒོམ། །འགྲོ་བློས་མི་སྤང་ཚོགས་ལ་འབད། །དཀར་ནག་ཆོས་བཞི་བླང་དོར་བྱ། །བྱང་སེམས་ཕན་ཡོན་མི་བརྗེད་པར། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམ་སྟེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །བདག་གིས་དེ་རིང་སོགས་ཤློ་ཀ་གཅིག་བྱའོ། །འཇུག་པ་བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྦྱོར་བ་གསོལ་གདབ་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་
ལས་བདག་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་ལེན་པར་འཚལ་གྱི་དེ་ལ་གནོད་པ་མ་མཆིས་ན་བདག་ལ་ཐུགས་བརྩེ་བའི་སླད་དུ་ཅུང་ཟད་གསན་ཅིང་སྩལ་བར་རིགས་སོ། །ལན་གསུམ། འདུན་པ་གསོ་བ་ནི། བདག་སེམས་ཅན་མ་བརྒལ་བ་རྣམས་བསྒྲལ་བ་དང༌། མ་གྲོལ་བ་རྣམས་དགྲོལ་བ་དང༌། དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་བཟླ་བ་དང༌། སངས་རྒྱས་ཀྱི་གདུང་རྒྱུན་མི་ཆད་པར་འདོད་ཅིང་དེ་དག་ལ་བདག་སེམས་བསྐྱེད་པ་བརྟན་པ་དང༌། ཡིད་མ་བརྟན་པར་བགྱིའོ། །ལན་གཅིག མྱུར་དུ་སྦྱིན་པར་གསོལ་བ་ནི། དངོས་སུ་བཤམས་དང་ཡིད་ཀྱིས་སྤྲུལ། །བདག་པོས་ཡོངས་སུ་མ་བཟུང་དང༌། །བླ་ན་མེད་པའི་མཆོད་པའི་ཚོགས། །མ་ལུས་བློ་ཡིས་བླངས་ཏེ་འབུལ། །བདག་གི་ལུས་དང་ལོངས་སྤྱོད་དང༌། །དུས་གསུམ་དགེ་བའི་དངོས་པོ་ཀུན། །མ་ལུས་དཀོན་མཆོག་སྤྱན་སྔར་འབུལ། །འགྲོ་བའི་སྐྱབས་གྱུར་འཚང་རྒྱ་ཤོག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་ཏུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །ཞེས་དང༌། ཙོག་པུར་ཐལ་མོ་སྦྱར་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བདག་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླང་བ་མྱུར་དུ་སྩལ་དུ་གསོལ། ལན་གསུམ། བར་ཆད་དྲི་བ་ནི། བླ་མ་ལས་ལེན་ན་དོན་ཚན་སོ་སོ་ནས་དྲི་དགོས་ཀྱང་རང་གིས་ལེན་ཚེ། བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའ་ལགས་ཤིང་བྱང་ཆུབ་ཏུ་སྨོན་ལམ་བཏབ་པ་ལགས་ཏེ། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང༌། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་དེ་དག་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལས་བླང་བར་འཚལ་ལོ། །ཞེས་བརྗོད་ཅིང་ད་ལྟར་བྱང་ཆུབ་ཀྱི་སེམས་
སྐྱེ་བར་འགྱུར་རོ་སྙམ་དུ་དགའ་བ་བསྒོམ། འཇུག་པའི་དངོས་གཞི་ནི། སེམས་ཅན་གྱི་དོན་དུ་བྱང་ཆུབ་སེམས་དཔའི་སྡོམ་པ་བླངས་པ་དེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྐྱེན་ཅིས་ཀྱང་མི་འཕྲོག་པར་བསྲུང་སྙམ་པས་པུས་བཙུགས་ཐལ་མོ་སྦྱར་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་གསོལ་བར་འཚལ་ཏེ། དེ་དག་གི་སྤྱན་སྔར་བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་གྱི་དོན་བྱ་བའི་ཚུལ་ཁྲིམས་གང་ལ་འདས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབས་པ་དང༌། མ་བྱོན་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསླབ་པར་འགྱུར་བ་དང༌། ཕྱོགས་བཅུ་ན་ད་ལྟར་བཞུགས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ད་ལྟར་སློབ་པའི་བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་ཐམས་ཅད་དང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཐམས་ཅད་དེ། སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བའི་ཆོས་སྡུད་པ་དང༌། སེམས་ཅན་ཀྱི་དོན་བྱ་བའི་ཚུལ་ཁྲིམས་དེ་ཐམས་ཅད་བདག་གིས་ཡང་དག་པར་བླང་ངོ༌། །ལན་གསུམ། འཇུག་པའི་རྗེས་ཆོག་ལས། མཁྱེན་པར་གསོལ་བ་ནི། ཕྱོགས་བཅུར་ཕྱག་བྱ་ཞིང༌། སྤོས་དང་མེ་ཏོག་ཕུལ་ནས་ཙོག་པུར་འདུག་སྟེ། བདག་བྱང་ཆུབ་སེམས་དཔའ་མིང་འདི་ཞེས་བགྱི་བས་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཡང་དག་པར་བླངས་པ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་དཔང་དུ་གྱུར་པར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་དག་ཏུ་བཞུགས་པའི་འཕགས་པའི་མཆོག་ལྐོག་ཏུ་གྱུར་ཀྱང་ཆོས་ཐམས་ཅད་ལ་ལྐོག་ཏུ་མ་གྱུར་པའི་ཐུགས་མངའ་བ་ཐམས་ཅད་ལ་མཁྱེན་པར་གསོལ་ལོ། །ཞེས་ལན་གསུམ་བརྗོད་དེ་ཕྱག་བྱ། བླངས་པའི་ཕན་ཡོན། དེང་དུས་བདག་ཚེ་འབྲས་བུ་ཡོད། སོགས་ཤློ་ཀ་གཅིག གསང་བར་གདམས་པ་དང་བསླབ་བྱ་བསྟན་པ། སྣོད་མིན་རྣམས་ལ་གསང་བྱ་ཞིང༌། །
ཕམ་འདྲ་བཞི་དང་ཉེས་བྱས་སོགས། །ལྟུང་བས་མ་གོས་ཚུལ་ཁྲིམས་གསུམ། །ལེགས་པར་བསྲུང་བའི་སྒོ་ནས་ནི། །ད་ནི་བདག་གིས་ཅི་ནས་ཀྱང༌། །སོགས་ཤློ་ཀ་གཉིས་བརྗོད། གཏང་རག་གི་མཆོད་བསྟོད་ནི། ཇི་ལྟར་འཇམ་དབྱངས་ལ་སོགས་པས། སོགས་ཤློ་ཀ་གཉིས་དང༌། ཕྱག་འཚལ་བ་དང་སོགས། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ཅེས་པ་རྣམས་ཀྱིས་འཇུག་པའི་རྗེས་ཆོག་གྲུབ་བོ། །གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ནི། གཙོ་བོར་མཉམ་པར་བཞག་པ་ཉིད་ཡིན་མོད་ཀྱི། འདུན་པ་སྔོན་འགྲོའི་དབང་གིས་དཔང་ཀོང་ཕྱག་རྒྱ་པའི་མདོ་ཡི་དགོངས་པ་སློབ་དཔོན་ཀླུའི་ཕྱག་བཞེས་ཇོ་བོའི་ཆོས་ཆུང་ལས་འབྱུང་བའི་དོན་བསྡུས། སྦྱོར་དངོས་མཇུག་གསུམ་ལས་དང་པོ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་མཛད་བཞིན་སྤྱད། །འགྲོ་བ་ལ་ཕན་ཕྱིར་སངས་རྒྱས་ཤོག །ལན་གསུམ། །དངོས་གཞི་ནི། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་ལྟར་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་ལ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་བཞིན་དུ། བདག་མིང་འདི་
ཞེས་བགྱི་བས་ཀྱང་དུས་འདི་ནས་བཟུང་སྟེ། བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དངོས་པོ་ཐམས་ཅད་དང་བྲལ་བ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་དང་གཟུང་བ་དང་འཛིན་པ་རྣམ་པར་སྤངས་པ་ཆོས་བདག་མེད་པ་མཉམ་པ་ཉིད་ཀྱི་རང་གི་སེམས་གདོད་མ་ནས་མ་སྐྱེས་པ་སྟོང་པ་ཉིད་ཀྱི་ངོ་བོ་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་བསྐྱེད་པར་བགྱིའོ། །ལན་གསུམ། རྗེས་ནི། བསོད་ནམས་འདི་ཡིས། ནས། འགྲོ་བ་འདོན་པར་བགྱི། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱི་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་པ་རྣམས་ཀྱིས་འགྲུབ་བོ། །བྱང་ཆུབ་སེམས་ཀྱི་རང་བཞིན་ནི་བསམ་པ་སྨོན་འཇུག་གི་སེམས་བསྐྱེད་པ་སྔོན་ཏུ་སོང་ནས་སྦྱོར་བ་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི་ལ་བསླབས་པས་འབྲས་བུ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་སྟེ་དེའི་རྣམ་བཞག་གཞན་ལས་ཤེས་པར་བྱའོ། །ས་བཅད་གསུམ་པ་ཁྱད་པར་གྱི་བྱ་བ་ལ་གསུམ། གཙོ་འཁོར་རེ་རེ་བཞིན་ཕྱག་མཆོད་སྨོན་ལམ་གདབ་པ། གཟུངས་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་བ། སྤྱིར་སྨོན་ལམ་དུ་བྱ་བའོ། །དང་པོ་ནི། རྒྱས་པའི་སྐབས་སུ་ཐུབ་པའི་དབང་པོའི་མཚན་བརྒྱ་གཟུངས་སྔགས་དང་བཅས་པ་ཚར་གཅིག་བརྗོད། དེ་རྗེས་འདིའི་ཕྱག་མཆོད་སྨོན་ལམ་ལ་འཇུག དེས་འགྲེས་ཏེ་འཇམ་དཔལ་ནས་ཀུན་ཏུ་བཟང་པོའི་བར་སོ་སོའི་མཚན་
བརྒྱ་གཟུངས་འདུས་སོགས་ལས་འབྱུང་བ་རྣམས་ཚར་རེ་བརྗོད་པ་དང་སྦྲགས་དགོས་ལ། དཀྱུས་སུ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང་བྱུག་པ། མེ་ཏོག་དང་བདུག་སྤོས། མར་མེ་དང་ཞལ་ཟས། རོལ་མོ་དང་སིལ་སྙན། གདུགས་དང་བ་དན་ལ་སོགས་པ་དངོས་སུ་ཅི་འབྱོར་བ་འདི་དག་དང་ཕྱོགས་བཅུ་ན་བདག་པོས་ཡོངས་སུ་མ་བཟུང་བའི་ལྷ་དང་མིའི་རྫས་དམ་པ་བདེ་བའི་ཡོ་བྱད་ཕུན་སུམ་ཚོགས་པ་ཐམས་ཅད་དང་གཟུངས་དང་རིག་པའི་མཐུ་དང་མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་པའི་སྤྲིན་བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བ་རྒྱ་མཚོ་ཐམས་ཅད་ཀྱིས་ནམ་མཁའི་ཁམས་ཀྱི་མཐའ་ཀླས་པ་ཐམས་ཅད་བྱས་པར་བཀང་སྟེ། འབུལ་ལོ་མཆོད་དོ། །ཆེ་གེ་ཞེས་བྱ་བ་དང༌། བདག་ཅག་གིས་ཐོག་མ་མ་མཆིས་པ་ནས་འཁོར་བ་ན་འཁོར་བའི་ཚེ་རབས་ཐམས་ཅད་དུ་སྡིག་པ་མི་དགེ་བའི་ལས་མདོར་ན་མི་བགྱི་བར་རིགས་པའི་ལས་ནི་བགྱིས། བགྱི་བར་འོས་པའི་ལས་མ་བགྱིས་པ་ལ་སོགས་པ་དངོས་སྡིག་ཅི་མཆིས་པ་ཐམས་ཅད་ཡང་དག་པར་འཆགས་སོ། །དུས་གསུམ་གྱི་འཕགས་པ་དང་སྐྱེ་བོའི་དགེ་བ་མཐའ་དག་གི་བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་ཆོས་ཀྱི་འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ་ལོ། །འཇིག་རྟེན་གྱི་སྒྲོན་མེ་གང་དག་མྱ་ངན་ལས་འདའ་བའི་ཚུལ་སྟོན་པར་བཞེད་པ་དེ་དག་ཐམས་ཅད་ལ་མྱ་ངན་ལས་མི་འདའ་བར་འཇིག་རྟེན་གྱི་དོན་མཛད་ཅིང་ཡུན་རིང་དུ་བཞུགས་པར་གསོལ་བར་འཚལ་ལོ། །དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཆེན་པོ་དང་རིན་ཆེན་སྙིང་པོ་ལ་སོགས་པའི་དྲུང་དུ་བདག་ཅག་གི་སྟོན་
པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་གང་གིས་ཐུགས་ཇི་ལྟར་བསྐྱེད་པ་དང༌། ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་དུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །སྟོན་པ་ཤཱཀྱའི་དབང་པོས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་སྙིགས་མ་ལྔའི་མུན་པར་ཆུད་པའི་སེམས་ཅན་སྐྱོབ་པ་མ་མཆིས་པ། སྐྱབས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་སེམས་ཅན་རྣམས་ལ་ཐུགས་བརྩེ་བས་དགོངས་ཏེ། དེ་བཞིན་གཤེགས་པ་རིན་པོ་ཆེའི་སྙིང་པོའི་དྲུང་དུ་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་ཅིང་བྱང་ཆུབ་ཏུ་དམ་བཅའ་བར་མཛད་པ་དེའི་ཚེ་སྟོན་པ་འཁོར་དང་བཅས་པས་ཀྱང་སྙིང་རྗེ་ཆེན་པོ་དང་ལྡན་པ་ཁྱོད་ཀྱིས་སྨོན་ལམ་བཏབ་པ་ལེགས་སོ་ལེགས་སོ། །ཞེས་སོགས་བསྔགས་པ་བརྗོད་ཅིང་ཁྱོད་ནི་མ་འོངས་པའི་དུས་ན་འཇིགས་རྟེན་གྱི་ཁམས་མི་མཇེད་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རོ། །ལོ་བཞི་བཅུ་རྩ་ལྔས་སངས་རྒྱས་ཀྱི་མཛད་པ་དེ་ལྟ་བུ་མང་པོ་དག་བྱེད་པར་འགྱུར་རོ། །ཁྱོད་མྱ་ངན་ལས་འདས་ནས་ཀྱང་དམ་པའི་ཆོས་ལོ་སྟོང་གནས་པར་འགྱུར་རོ། །དམ་པའི་ཆོས་ནུབ་ནས་ཀྱང་སྐུ་གདུང་རྣམས་ཀྱིས་སྨོན་ལམ་བཏབ་པ་དེ་ལྟར་འགྱུར་ཏེ་ཇི་སྐད་སྨོས་པ་དེ་བཞིན་དུ་ཡུན་རིང་པོར་སེམས་ཅན་རྣམས་འདུལ་བར་འགྱུར་རོ། །ཞེས་ལུང་བསྟན་པ་དེ་བཞིན་ཏུ། བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱང་སེམས་ཅན་རྣམས་ཀྱི་དགེ་བའི་རྩ་བ་སྨིན་པར་བགྱིད་པའི་སླད་དུ། དགའ་ལྡན་གྱི་གནས་ལས་བབས་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་རིགས་སུ་བཙུན་མོ་དམ་པའི་མངལ་ན་གནས་པ་ཉེ་བར་འཛིན་པར་གྱུར་ཅིག དེའི་ཚེ་སངས་རྒྱས་ཀྱི་ཞིང་མི་མཇེད་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཅིག དགེ་བའི་
རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་མྱ་ངན་ལས་འདས་པའི་ས་བོན་འདེབས་པར་གྱུར་ཅིག དགེ་རྩ་སྐྱེས་པ་རྣམས་ཀྱི་རྒྱུད་ལ་ཏིང་ངེ་འཛིན་གྱི་མྱུ་གུ་བསྐྱེད་པ་དང་ཐེག་པ་གསུམ་པོ་དག་ལས་ཕྱིར་མི་ལྡོག་པར་གྱུར་ཅིག བདག་གིས་སེམས་དང་པོ་བསྐྱེད་པས་སླད་མའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ཆེན་པོ་འགྲུབ་པར་གྱུར་ཅིག བདག་ཀྱང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཅིང་གཞན་ཡང་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་འགོད་པར་གྱུར་ཅིག སེམས་ཅན་འཕགས་པའི་ནོར་བདུན་དང་བྲལ་བ་རྣམས་དང༌། སངས་རྒྱས་ཀྱི་ཞིང་སྟོང་པ་རྣམས་དང༌། དམ་པའི་ཆོས་སྤོང་བ་རྣམས་དང༌། འཕགས་པ་ལ་སྐུར་བ་འདེབས་པ་རྣམས་དང༌། ལོག་པར་ལྟ་བ་རྣམས་དང༌། མེ་དགེ་བའི་རྩ་བ་དང་འགྲོགས་ཤིང་ཉམ་ང་བ་ཐོབ་པ་རྣམས་དང༌། ལམ་ངན་པས་བཅོམ་པར་གྱུར་པའི་སེམས་ཅན་རྣམས་ཀྱི་དོན་ཏུ་སྤྲོ་བ་བརྟན་པོའི་སྟོབས་ཀྱིས་ཕ་རོལ་ཏུ་ཕྱིན་པ་རྣམས་ལ་སྤྱོད་པར་གྱུར་ཅིག སེམས་ཅན་རེ་རེའི་སེམས་ཀྱི་རྒྱུད་ལ་དགེ་བའི་རྩ་བའི་ས་བོན་བཞག་པའི་སླད་དུ་བསྐལ་པ་ཆེན་པོ་བཅུར་ཡང་སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོ་ལ་སོགས་པའི་ཚོར་བ་ལ་ཡང་སྤྲོ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་དགེ་བའི་རྩ་བ་འཇོག་པ་དང་སངས་རྒྱས་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་མཆོད་པ་སྣ་ཚོགས་དག་བགྱིད་པར་གྱུར་ཅིག སངས་རྒྱས་རེ་རེ་ལས་ཀྱང་སངས་རྒྱས་ཀྱི་ཞིང་གི་རྡུལ་ཕྲ་རབ་སྙེད་ཀྱི་ཡོན་ཏན་དག་རྟོགས་པར་གྱུར་ཅིག དེ་ན་གནས་པའི་སེམས་ཅན་རྣམས་ཀྱང་བྱང་ཆུབ་ཡང་དག་པར་འཛིན་དུ་སྩོལ་བར་གྱུར་ཅིག ཉན་ཐོས་ཀྱི་ཐེག་པ་པ་དང༌། རང་སངས་རྒྱས་ཀྱི་ཐེག་པ་པའི་སེམས་ཅན་རྣམས་ཀྱང་རང་རང་གི་བྱང་ཆུབ་ལ་འགོད་པར་གྱུར་ཅིག འཇིག་རྟེན་ན་སངས་རྒྱས་འབྱུང་བ་མ་མཆིས་ན་ཡང་དྲང་སྲོང་གི་བརྟུལ་ཞུགས་ཀྱི་སེམས་ཅན་རྣམས་དགེ་བ་བཅུའི་ལས་དང་ཏིང་འཛིན་དང་མངོན་པར་ཤེས་པ་ལ་སྦྱོར་བར་གྱུར་ཅིག སེམས་ཅན་ལྟ་བ་ལ་ཆགས་ཤིང་དབང་ཕྱུག་དང་ཁྱབ་འཇུག་དང་ཉི་ཟླ་དང་ཚངས་པ་དང་དབང་པོ་
སོགས་ལ་དད་པ་རྣམས་ལ་དེ་དག་གི་གཟུགས་ཀྱིས་དགེ་བའི་སྤྱོད་པ་རྣམས་ལ་སྦྱོར་བར་གྱུར་ཅིག སེམས་ཅན་ལྟོགས་ཤིང་བཀྲེས་པ་དང༌། སྡུག་བསྔལ་བར་གྱུར་པ་རྣམས་ལ་བདག་གི་ལུས་དང་སྲོག་གིས་བསྐྱབ་ནུས་པར་གྱུར་ཅིག སེམས་ཅན་སེམས་ཀྱི་རྒྱུད་ཚིག་པ་རྣམས་དང་ཉམ་ང་བ་ཐོབ་པའི་བར་དག་དང་པོར་བྱང་ཆུབ་ལ་བཙུད་དེ་ཕ་རོལ་ཏུ་ཕྱིན་པ་དང་ཚོགས་གཉིས་ལ་སྦྱོར་ནས་སངས་རྒྱས་བཅོམ་ལྡན་འདས་བཞུགས་པའི་ཞིང་དེ་དག་ཏུ་འབུལ་བ་དང་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་སྨོན་ལམ་འཛིན་ཏུ་སྩོལ་བ་དང་དེ་དག་གིས་ཕྱོགས་བཅུའི་སངས་རྒྱས་ཆོས་སྟོན་པ་རྣམས་མཐོང་ཞིང་དེ་དག་གི་དྲུང་དུ་ཕྱིན་ནས་མཉེས་པ་སྒྲུབ་པར་གྱུར་ཅིག རྒྱལ་བ་ཉི་མ་ནུབ་པ་དེའི་ཚེ་ན་བདག་སངས་རྒྱས་ཀྱི་མཛད་པ་བགྱིད་པར་འགྱུར་ཞིང༌། སེམས་ཅན་རྣམས་བསོད་ནམས་བགྱི་བའི་དངོས་པོ་གསུམ་པོ་དག་ལ་སྦྱོར་བར་གྱུར་ཅིག བདག་མཐོང་བའི་བུད་མེད་དང་ཡི་དྭགས་དང་དུད་འགྲོའི་འགྲོ་བ་རྣམས་ཀྱང་སྐྱེ་བ་དེའི་ཐ་མར་གྱུར་ཅིག བདག་གི་སྤུའི་ཁུང་བུ་ཇི་སྙེད་པ་དེ་སྙེད་ཀྱི་སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་དང་དཔེ་བྱད་ཀྱིས་ལེགས་པར་བརྒྱན་ཅིང༌། སྐུ་དེ་དག་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྱེད་པར་གྱུར་ཅིག སེམས་ཅན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དག་ལ་ཆོས་སྟོན་པར་གྱུར་ཅིག ཐེག་པ་གསུམ་གྱི་རིགས་ཅན་རྣམས་ལ་རང་རང་གི་ཐེག་པའི་ཆོས་སྟོན་པ་ལ་སོགས་ཆོས་སྟོན་པ་དགུ་བཅུ་རྩ་ལྔས་ཆོས་སྟོན་པར་གྱུར་ཅིག སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཏེ་ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་རྣམས་ལ་བཀོད་ཅིང་བྱང་ཆུབ་ཀྱི་རྒྱན་རྣམས་ཀྱིས་མཛེས་པར་བྱེད་པར་གྱུར་ཅིག དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་འགོད་པ་དང་སླད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྦྱོར་བར་གྱུར་ཅིག དགེ་བའི་ཆོས་ལ་མི་དགའ་བ་རྣམས་ཡན་ལག་བརྒྱད་ཀྱི་ཚུལ་ཁྲིམས་དང༌། ནོངས་པ་ལྔ་བགྱིད་པ་རྣམས་དགེ་བསྙེན་དང༌། དགེ་རྩ་ཆུང་ངུ་དགའ་བ་རྣམས་བསླབ་
པའི་གཞི་བཅུ་དང༌། དགེ་རྩ་ཐམས་ཅད་ཚོལ་བ་རྣམས་བསླབ་གཞི་ཡོངས་རྫོགས་ལ་འགོད་པར་གྱུར་ཅིག འཁོར་བཞི་པོ་དང་རྩོད་པ་དང་ཁ་ཏོན་ལ་མངོན་པར་དགའ་བ་རྣམས་ལའང་དེ་དང་མཐུན་པའི་ཆོས་སྟོན་པ་ལ་སོགས་མདོར་ན་འགྲོ་བ་ཐམས་ཅད་ལ་གང་འདུལ་གྱི་གཟུགས་དང་ཆོས་སྣ་ཚོགས་པ་སྟོན་པར་གྱུར་ཅིག བདག་ཡོངས་སུ་མྱ་ངན་ལས་འདས་པའི་སྐུ་གདུང་རྣམས་ལ་རིན་པོ་ཆེ་སྣ་ཚོགས་དང་རོལ་མོ་སྣ་ཚོགས་ཀྱི་བར་གྱིས་མཆོད་པ་བགྱིས་པའམ་ཐ་ན་སངས་རྒྱས་ཀྱི་མཚན་གཅིག་དང་ཕྱག་གཅིག་དང་བསྐོར་བ་གཅིག་དང་མེ་ཏོག་གཅིག་ཙམ་གྱི་རྒྱུས་མཆོད་པ་བགྱིད་པར་འགྱུར་བ་དེ་དག་ཀྱང་བསམ་པ་ཇི་ལྟ་བ་བཞིན་ཏུ་ཐེག་པ་གསུམ་པོ་དག་ལས་སླར་མི་ལྡོག་པར་གྱུར་ཅིག དམ་པའི་ཆོས་ནུབ་པའི་ཚེ་ནའང་སྐུ་གདུང་དེ་དག་ལས་ཆོས་ཀྱི་སྒྲ་འབྱུང་བ་དང་ནད་མཚོན་མུ་གེའི་འཇིགས་པ་ལས་བསྐྱབ་པ་སོགས་ནམ་ཡང་འཇིགས་པ་མེད་པར་སངས་རྒྱས་ཀྱི་མཛད་པ་སྒྲུབ་པར་གྱུར་ཅིག འཕོས་མ་ཐག་ཏུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་པདྨའི་གདན་སེང་གེའི་ཁྲི་ལ་བརྫུས་ཏེ་སྐྱེས་ཤིང་སྐྱེས་མ་ཐག་ཏུ་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་ནས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་མཉེས་པར་བྱེད་ཅིང་སེམས་ཅན་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ལམ་ལ་འགོད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། འཕགས་པའི་ཚོགས་དེ་དག་སོགས་གོང་ལྟར་བརྗོད། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ་སོགས་པའི་དྲུང་དུ་འཇམ་དཔལ་གཞོན་ནུར་གྱུར་པས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་
པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་རྣམས་ཀྱིས་སྔོན་དང་ཕྱི་མའི་མཐའ་མི་མངོན་པ་དེ་སྲིད་དུ་བསམ་གྱིས་མི་ཁྱབ་པའི་གོ་ཆ་ཆེན་པོ་གྱོན་པ་དང༌། འཇུག་པ་ཆེན་པོས་ཡང་དག་པར་ཞུགས་པར་གྱུར་ཅིག སེམས་ཅན་གང་སུའང་རུང་བས་བདག་ཅག་མཐོང་བར་གྱུར་པ་དེ་དག་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ་དང༌། བསྐལ་པ་བྱེ་བ་ཕྲག་ཉི་ཤུར་འཁོར་བ་ཕྱིར་བསྙིལ་བར་གྱུར་ཅིག ཕ་རོལ་ཏུ་ཕྱིན་པ་ལྔ་ཡོངས་སུ་རྫོགས་པར་གྱུར་ཅིག བུད་མེད་གང་གིས་བདག་གི་མིང་ཐོས་པ་དེ་དག་མྱུར་དུ་བུད་མེད་ཀྱི་ལུས་ལས་ཐར་བར་གྱུར་ཅིག ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་ཤེས་པའི་ཤེས་རབ་ཤིན་ཏུ་ཟབ་མོས་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་བྱང་ཆུབ་སེམས་དཔའི་སྤྱད་པར་སྤྱོད་པ་ལ་ངལ་བ་དང་སྐྱོ་བ་མེད་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་གཅིག་ལ་གངྒཱའི་ཀླུང་དུ་མ་སྙེད་ཀྱི་སངས་རྒྱས་ཀྱི་ཞིང་ཡོངས་སུ་ཁྱབ་པའི་ཐ་གྲུ་ཚད་མེད་པ་གྲུབ་པ་དང༌། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་བྱེ་བ་ཁྲག་ཁྲིག་ཕྲག་འབུམ་ཕྲག་ཚད་མེད་གྲངས་མེད་པ་དག་ན་སངས་རྒྱས་བཅོམ་ལྡན་འདས་བཞུགས་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་བཀོད་པའི་རྒྱན་ཇི་སྙེད་པ་དག་ཡོད་པ་ལས་ཉན་ཐོས་ཀྱི་བཀོད་པ་དང༌། སྙིགས་མ་ལྔའི་སངས་རྒྱས་རྣམས་མ་གཏོགས་པ་དེ་དག་ཐམས་ཅད་བདག་གིས་སངས་རྒྱས་ཀྱི་ཞིང་གཅིག་ཏུ་འདུ་བ་དེ་ལྟ་བུའི་ཞིང་གི་བཀོད་པ་འཛིན་པར་གྱུར་ཅིག ཞིང་དེར་མངལ་ནས་སྐྱེ་བ་མེད་ཅིང་བྱང་ཆུབ་སེམས་དཔས་གང་བ་དང༌། ངན་སོང་དང་ངན་འགྲོའི་སྒྲ་མི་གྲགས་པ་དང༌། སྔོན་ཆད་མ་སྲིད་པའི་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དུ་མས་གང་བ་དང༌། ཟས་གོས་ལོངས་སྤྱོད་ཐམས་ཅད་བསམ་མ་ཐག་ནས་འབྱོར་ལ་དེ་དག་གིས་ཀྱང་ཐོག་མ་ཉིད་དུ་སངས་རྒྱས་མཆོད་ཅིང་སེམས་ཅན་ཐམས་ཅད་ཚིམ་པར་བྱེད་པའི་དྲན་པ་དང་མི་འབྲལ་བ་དང༌། ཉིན་མཚན་དང་ཚ་གྲང་དང་ན་རྒ་འཆི་བ་མེད་ཅིང་ཚེའི་གྲངས་མཐར་ཐུག་པ་མེད་པ་དང་ལྡན་པར་གྱུར་ཅིག ཞིང་དེར་བདག་ཉིད་མངོན་པར་རྫོགས་པར་སངས་རྒྱས་ནས་སངས་རྒྱས་ཀྱི་སྤྱན་སྒྲིབ་པ་མེད་པས་ཕྱོགས་བཅུར་རྣམ་
པར་བལྟས་པ་ན། བདག་གིས་སངས་རྒྱས་ཉིད་ལ་མ་བཀོད་པའི་དེ་བཞིན་གཤེགས་པ་དེ་ལྟ་བུ་གང་ཡང་མ་མཐོང་བར་གྱུར་པ་དེ་ཙམ་དུ་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག མདོར་ན་རྒྱལ་བའི་སྲས་མཆོག་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་འཇམ་དཔལ་གཞོན་ནུར་གྱུར་པའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་དེ་བཞིན་གཤེགས་པ་བྱེ་བ་ཕྲག་བཅུའི་དྲུང་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །སེམས་ཅན་དམྱལ་བ་དང་ཡི་དྭགས་དང་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་སྡུག་བསྔལ་མི་བཟད་པས་ཉམ་ཐག་པ་རྣམས་དང༌། མཐོ་རིས་ཀུན་ནས་ཉོན་མོངས་པའི་སེམས་དང་ལྡན་
པས་འདི་དང་ཕྱི་མར་འཇིགས་པས་སྐྲག་པ་རྣམས་དང༌། མི་དགེ་བའི་བཤེས་གཉེན་དང་འདྲེས་པས་ཆོས་ཀྱི་མུ་གེའི་མུན་པར་ཞུགས་པ་ལྟ་བ་ངན་པའི་འཛིན་ཁྲིས་བཟུང་བ་རྣམས་དང༌། མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སྤྱོད་པ་དང༌། ཆོས་དང་གང་ཟག་ལ་སྐུར་པ་བཏབ་པ་དང༌། མཆོད་རྟེན་དང་ཚུལ་ཁྲིམས་བཤིག་པ་དང༌། ལྟུང་བའི་རྩ་བ་བྱུང་བ་དང༌། དཀོན་མཆོག་གི་དཀོར་ལ་རྐུ་འཕྲོག་བགྱིས་པ་ལ་སོགས་པ་དགེ་བའི་རྩ་བ་ཆད་ཅིང་སྐྱབས་དང་སྐྱོབ་པ་མ་མཆིས་པ། དཔུང་གཉེན་དང་རྟེན་མ་མཆིས་པ་ཐམས་ཅད་ཀྱིས་བདག་རྗེས་སུ་དྲན་པར་གྱུར་ཅིག དེ་མ་ཐག་ཏུ་བདག་གི་ལྷའི་མིག་དང་རྣ་བས་མཐོང་ཞིང་ཐོས་ནས་སྡུག་བསྔལ་དེ་དག་ལས་མྱུར་དུ་ཐར་བར་བྱེད་ནུས་པར་གྱུར་ཅིག བདག་གི་མིང་ཐོས་པ་ཙམ་གྱིས་སེམས་ཅན་ཐམས་ཅད་སྡིག་པ་དང་སྒྲིབ་པ་མ་ལུས་པ་བྱང་ནས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེ་བ་དང༌། ཏིང་ངེ་འཛིན་དང་སྤོབས་པ་ཚད་མ་མཆིས་པ་ཐོབ་པ་དང༌། ཚེ་འདིའི་འཇིགས་པ་ཆེན་པོ་རྣམས་ལས་ཐར་ཞིང་ཡིད་ལ་ཇི་ལྟར་སྨོན་པ་བདེ་བླག་ཏུ་འགྲུབ་པ་དང༌། བུད་མེད་རྣམས་ཀྱང་སྐྱེས་པའི་དངོས་པོ་ཐོབ་པར་གྱུར་ཅིག བདག་གི་མིང་ཐོས་པ་ཙམ་གྱིས་སྐྱེ་བ་དྲན་ཅིང་ཐོས་པ་འཛིན་པ་དང་བླ་ན་མེད་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་གྱུར་ཅིག ནམ་མཁའ་དང་མཉམ་པའི་སེམས་ཅན་རེ་རེ་བཞིན་ཏུ་གང་ལ་ཅིས་གདུལ་བའི་གཟུགས་རྣམ་པ་སྣ་ཚོགས་སུ་སྤྲུལ་ནས་བསམ་པ་དང་མཐུན་པར་ཆོས་བསྟན་ཏེ་ཐམས་ཅད་སྐད་ཅིག་ལ་གྲོལ་བར་གྱུར་ཅིག སངས་རྒྱས་ཐམས་ཅད་ཀྱིས་མ་བཏུལ་བའི་སྙིགས་མ་ལྔའི་ཞིང་དང་མཐའ་འཁོབ་ཏུ་སྐྱེས་པའི་མི་དང་མི་མ་ཡིན་པ་ཤ་ཟ་དང་གཅན་གཟན་གཏུམ་པོ་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་ཀྱང་བདག་གི་མིང་ཐོས་པ་དང་ཐོས་མ་ཐག་ཏུ་བྱམས་པ་དང་སྙིང་རྗེའི་སེམས་རྒྱུད་ལ་སྐྱེས་ཏེ་དམ་པའི་ཆོས་ལ་སྤྱོད་ཅིང་ཐར་པ་དམ་པའི་བདེ་བ་ལ་འགོད་ནུས་པར་གྱུར་ཅིག བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཅན་ཁྱོད་ལ་ཕྱག་
འཚལ་ལོ། །བདག་ངེས་པར་ཡེ་ཤེས་ཆེན་པོའི་མིག་ཐོབ་ཅིང་སེམས་ཅན་ཐམས་ཅད་ཡོངས་སུ་སྐྱོབ་པ་དང༌། མྱུར་དུ་ཐབས་ལ་མཁས་ཤིང་ཤེས་རབ་ཆེན་པོའི་གྲུར་ཞུགས་པ་དང༌། སྡུག་བསྔལ་གྱི་རྒྱ་མཚོ་ལས་བརྒལ་ཞིང་མྱ་ངན་ལས་འདའ་བའི་རི་ལ་འཛེགས་པ་དང༌། རྫུ་འཕྲུལ་གྱི་རྐང་པ་དང་ལྡན་ཅིང་ལམ་མྱུར་དུ་ཐོབ་པ་དང༌། འདུས་མ་བྱས་ཀྱི་ཁྱིམ་དུ་འཇུག་ཅིང་ཆོས་ཀྱི་སྐུ་དང་གཅིག་པར་གྱུར་ཅིག བདག་ངན་འགྲོ་རྣམས་སུ་མཆི་བ་ནའང་དེ་མ་ཐག་ཏུ་གནས་དེ་དག་ཞིག་ཅིང་སྟོང་ནས་བདེ་བ་དང་ལྡན་པར་གྱུར་ཅིག འཕགས་པ་ཐུགས་རྗེའི་དབང་ཕྱུག་བདག་གིས་རྗེས་སུ་དྲན་པ་དང་མཚན་ནས་བརྗོད་པས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་མི་བཟད་པ་དང་འཇིགས་པ་དང་གནོད་པ་དང་ཕྱིར་རྒོལ་བ་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག ལས་དང་ཉོན་མོངས་པ་དང་མི་དགེ་བའི་ཆོས་དང་བདུད་ཀྱི་ལས་ཐམས་ཅད་བྱང་ཞིང་གྲོལ་བར་གྱུར་ཅིག འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཞལ་མངོན་སུམ་དུ་མཐོང་ཞིང་དམ་པ་དང་སྨོན་ལམ་གསོལ་བ་ཐམས་ཅད་ཀྱང་མྱུར་དུ་འགྲུབ་པར་གྱུར་ཅིག འཇིག་རྟེན་ན་ནད་དང་མུ་གེ་དང་མཚོན་ཆ་དང་མེ་ཆུ་དང་རླུང་ལ་སོགས་པའི་གནོད་པ་དེ་དག་ཞི་བ་དང་ཕོངས་ཤིང་ཉམ་ཐག་པ་ཐམས་ཅད་ཕན་པ་དང་བདེ་བར་བགྱིད་པ་ལ་མཐུ་ཆེན་པོ་ཐོབ་པར་གྱུར་ཅིག འཆི་འཕོ་བ་ཐམས་ཅད་ཀྱང་སྡུག་བསྔལ་གྱི་ཚོར་བ་མེད་ཅིང་ཆོས་བདག་མེད་པ་དང་བྱང་ཆུབ་ཀྱི་སེམས་བརྟེན་པས་དྲན་པ་ཉེ་བར་བཞག་ཅིང་འཕགས་པའི་ཞལ་མངོན་ཏུ་མཐོང་ནས་དབུགས་འབྱིན་པ་ཆེན་པོ་མཛད་པར་གྱུར་ཅིག མདོར་ན་ཐུགས་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་སྤྱན་རས་གཟིགས་དབང་
ཕྱུག་གི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་དཔལ་གསང་བའི་བདག་པོའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་དེ་བཞིན་གཤེགས་པ་ཡོན་ཏན་མཐའ་ཡས་རིན་ཆེན་སྣ་ཚོགས་བཀོད་པའི་རྒྱལ་པོ་ལ་སོགས་པ་གངྒཱའི་བྱེ་མ་སྙེད་ཀྱི་དྲུང་དུ་དཔལ་གསང་བའི་བདག་པོས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་དུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་འཇིགས་པ་ཐམས་ཅད་འཇོམས་པ་དང༌། གདོན་དང་གདུག་པ་ཅན་མཐའ་དག་གིས་མི་བརྫི་ཞིང་དེ་དག་ཐོགས་པ་མེད་པར་གཞོམ་པའི་མཐུ་ཐོབ་པར་གྱུར་ཅིག ཐབས་ལ་མཁས་པའི་མངོན་པར་ཤེས་པ་དང༌། ཡེ་ཤེས་ཀྱི་བྱིན་རླབས་བསམ་གྱིས་མི་ཁྱབ་པ་དང༌། བསྡུ་བའི་དངོས་པོ་མཐའ་ཡས་པའི་ཕ་རོལ་དུ་སོན་པར་གྱུར་ཅིག སེམས་ཀྱི་སྐད་ཅིག་གཅིག་ལ་འགྲོ་བ་ཐམས་ཅད་ཀྱི་བསམ་པ་དང་སྤྱོད་པའི་རྗེས་སུ་འགྲོ་བའི་ཆོས་སྒོ་མཐའ་ཡས་པ་རྫོགས་པར་སྟོན་ནུས་པར་གྱུར་ཅིག བསམ་ལས་འདས་པའི་གཟུགས་ཐོབ་ནས་རྣམ་པར་སྣང་མཛད་ཀྱི་དབྱིངས་ལ་བཞུགས་པའི་རྒྱལ་བ་སྲས་
དང་སློབ་མར་བཅས་པ་ཇི་སྙེད་པ་དེ་སྙེད་དུ་སྤྲུལ་ནས་ཕྱི་བཞིན་ཏུ་འབྲང་བ་དང་གླགས་ལྟ་བའི་གེགས་ཚར་གཅོད་ནུས་པར་གྱུར་ཅིག ཞིང་རབ་འབྱམས་རྒྱ་མཚོ་མཐའ་ཡས་པར་རྒྱལ་བ་རྒྱ་མཚོའི་དམ་པའི་ཆོས་ཀྱི་མཛོད་འཛིན་པ་ལ་ངལ་བ་དང་སྐྱོ་བ་མེད་པར་གྱུར་ཅིག ཆོས་ཉིད་ཟབ་མོ་དབྱེ་བ་མེད་པ་ལ་སངས་རྒྱས་ཐམས་ཅད་དང་ཉམས་པ་ཉིད་ཐོབ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ལྐོག་ཏུ་མ་གྱུར་པར་རང་དབང་དུ་སྤྱོད་ནུས་པར་གྱུར་ཅིག རྡོ་རྗེའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་རྫོགས་ཏེ་ཆོ་འཕྲུལ་ཆེན་པོ་འཁོར་བའི་མཐར་ཐུག་པར་སྟོན་ནུས་པར་གྱུར་ཅིག སྲིད་པ་ཉེ་བར་ལེན་པའི་འཆིང་བ་ཐམས་ཅད་ལས་ཡོངས་སུ་གྲོལ་ཏེ་སྲིད་པ་ཇི་སྲིད་དེ་སྲིད་དུ་སྲིད་པ་དང་མཐུན་པའི་གཟུགས་དང་སྐད་སྣ་ཚོགས་པས་གང་ལ་གང་འདུལ་གྱི་ཕན་པ་མཐའ་ཡས་པ་སྒྲུབ་ནུས་པར་གྱུར་ཅིག ཡེ་ཤེས་ཆེན་པོའི་གཟུགས་ཀྱི་དབང་ཐོབ་ནས་གཞན་དང་ཐུན་མོང་མ་ཡིན་པ་གསང་བ་ཆེན་པོའི་མཛད་པ་རླབས་པོ་ཆེ་སྒྲུབ་པ་ལ་འགྲན་བྱ་ཟླ་དང་བྲལ་བར་གྱུར་ཅིག མདོར་ན་དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱལ་ཚབ་བྱམས་པ་མགོན་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་
མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་རྒྱལ་ཚབ་བྱམས་པ་མགོན་པོའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་དེ་བཞིན་གཤེགས་པ་གསེར་གྱི་མཆོད་སྡོང་འོད་ལ་རྒྱལ་བའི་སྲས་པོ་མ་ཕམ་པས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་མཐར་ཐུག་གི་བར་དུ་ནམ་ཡང་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པར་མི་འགྱུར་ཞིང་ཐེག་པ་བདེ་བ་དང་འཇུག་པ་བདེ་བས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་གྱུར་ཅིག བྱང་ཆུབ་མ་ཐོབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་བསླབ་པ་ཡོངས་སུ་མི་གཏོང་བ་དང་དམ་བཅས་པ་ལས་མི་ཉམས་པ་དང་བྱང་ཆུབ་ལ་འདུན་པ་བརྟན་ཅིང་བརྩོན་འགྲུས་ཡོངས་སུ་མི་ཉམས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ལ་རྟག་ཏུ་བྱམས་པའི་སེམས་ཀྱིས་གནས་ཤིང་སེམས་ཅན་གཅིག་ཀྱང་ཡོངས་སུ་མི་གཏོང་བ་དང་བཞིན་ཁྲོ་གཉེར་མེད་པར་གསོང་པོར་སྨྲ་ཞིང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ལ་མི་གཡེལ་བར་གྱུར་ཅིག དགེ་བའི་བཤེས་གཉེན་རྣམས་སྟེན་ཅིང་བསྙེན་བཀུར་བ་དང༌། ཆོས་ལ་གུས་ཤིང་ཐོས་པས་མི་ངོམས་པ་དང༌། གཞན་ལ་ཆོས་ཀྱི་བགོ་བཤས་འགྱེད་ཅིང་ཟང་ཟིང་མེད་པར་ཆོས་སྟོན་པར་གྱུར་ཅིག འདོད་པ་ཆུང་ཞིང་ཆོག་ཤེས་པ་དང༌། སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་རྣམས་མི་གཏོང་བ་དང༌། ང་རྒྱལ་དང་བྲལ་ཞིང་བཟོད་པ་དང་ལྡན་ལ་བླ་མ་ལ་གུས་པས་ཆོས་ཚུལ་བཞིན་ཏུ་ཚོལ་ཅིང་ཉན་ནུས་པར་གྱུར་ཅིག བྲེ་མོའི་གཏམ་དང་གནོད་སེམས་དང་དམིགས་པར་ལྟ་བ་ཐམས་ཅད་རྣམ་པར་སྤངས་ཤིང་ནང་དུ་ཡང་དག་འཇོག་ལ་འདུན་པ་དང་ཟབ་མོ་སྟོང་ཉིད་ཀྱི་ཆོས་ལ་མོས་པ་དྲག་པོ་དང་ལྡན་པར་གྱུར་ཅིག
ལུས་དང་སེམས་དབེན་པར་དགོན་པར་གནས་པ་དང༌། སེམས་ལས་སུ་རུང་ཞིང་ལྟ་བ་དང་ཚུལ་ཁྲིམས་ལ་མཆོག་འཛིན་མེད་པ་དང༌། བདག་ལ་མི་བསྟོད་ཅིང་གཞན་ལ་མི་སྨོད་པར་འགྱོད་པ་ཐམས་ཅད་ལས་ངེས་པར་འབྱུང་བ་དང་འདུ་ཤེས་རྣམ་པར་ཟློག་ཅིང་ངེས་པར་འབྱུང་བར་གྱུར་ཅིག དགེ་སྦྱོང་གི་ཚུལ་ལ་རྒྱུན་ཏུ་དགའ་བ་དང༌། ཆོས་ཐམས་ཅད་སྐྱེ་འགག་མེད་པ་ནམ་མཁའ་དང་འདྲ་བ་རྟོགས་པར་གྱུར་ཅིག ཉན་ཐོས་དང་རང་སངས་རྒྱས་ཀྱི་སེམས་དང་དམིགས་པར་ལྟ་བའི་སེམས་ཐ་ན་རྨི་ལམ་དུའང་ཡིད་ལ་མི་བྱེད་པར་གྱུར་ཅིག དགེ་བའི་ཆོས་ཡོངས་སུ་བཙལ་བ་ལ་ཡི་དམ་བརྟན་པ་དང༌། འཕགས་པ་དགྱེས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་ཡོངས་སུ་དག་པ་དང༌། སེམས་ཅན་ཐམས་ཅད་ལ་སྙོམས་ཤིང་བྱམས་པའི་སེམས་དང་མི་གནས་པའི་བསམ་གཏན་ལ་གནས་པ་དང༌། ཆོས་གང་ལའང་མངོན་པར་ཞེན་པ་མེད་པར་ཇི་ལྟ་བ་བཞིན་ཏུ་ཆོས་ལ་རྟོགས་པའི་ཤེས་རབ་དང་ལྡན་པར་གྱུར་ཅིག མདོར་ན་རྒྱལ་ཚབ་བྱམས་པ་མགོན་པོའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་རྒྱལ་ཚབ་བྱམས་པ་མགོན་པོའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྤྱོད་པ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་འཕགས་པ་སའི་སྙིང་པོའི་མཚན་ནས་བརྗོད་དེ་
ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་འདས་པའི་སངས་རྒྱས་ཚད་མེད་གྲངས་མེད་པའི་སྤྱན་སྔར་འཕགས་མཆོག་སའི་སྙིང་པོས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སངས་རྒྱས་བཅོམ་ལྡན་འདས་ཚད་མེད་གྲངས་མེད་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དག་ལས་ཟད་མི་ཤེས་པའི་ཡི་དམ་ཆེན་པོ་བླངས་ཏེ་སྙིང་རྗེ་ཆེན་པོ་དང་མི་འཕྲོག་པའི་བརྩོན་འགྲུས་ལ་རྟག་ཏུ་སྦྱོར་ནུས་པར་གྱུར་ཅིག དེ་དག་གི་སྟོབས་གོང་ནས་གོང་དུ་འཕེལ་བའི་ཤུགས་ཀྱིས་སྐད་ཅིག་ཐང་ཅིག་ཙམ་གྱིས་ཀྱང་སོ་སོའི་སྐྱེ་བོ་ཚད་མེད་གྲངས་མེད་པ་སྡུག་བསྔལ་རྣམ་པ་སྣ་ཚོགས་ལས་བསྒྲལ་ཏེ་ཐམས་ཅད་ཅི་དང་ཅི་འདོད་པ་དེ་དང་དེ་དག་གི་རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ནུས་པར་གྱུར་ཅིག ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྨོན་ལམ་དང་ཡོན་ཏན་གྱི་ཁྱད་པར་མཐའ་ཡས་པས་ཡོངས་སུ་བརྒྱན་པའི་ཚུལ་ལ་ཉན་ཐོས་དང་རང་སངས་རྒྱས་དང་འཇིག་རྟེན་ཏུ་བཅས་པ་སུས་ཀྱང་དཔག་མི་ནུས་པར་གྱུར་ཅིག སངས་རྒྱས་ཀྱི་ཆོས་ཐམས་ཅད་ལ་དབང་དུ་གྱུར་ཅིང་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ནས་སངས་རྒྱས་ཀྱི་ཞིང་ཇི་སྙེད་པ་དེ་སྙེད་དུ་གནས་ཤིང་སེམས་ཅན་རྣམས་ཀྱི་བསམ་པ་དང་མཐུན་པའི་གཟུགས་སྟོན་ནས་ཡོངས་སུ་སྨིན་པར་བྱེད་ནུས་པར་གྱུར་ཅིག ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བཞིན་ཏུ་བསམ་རྒུ་ཐམས་ཅད་ཆར་བཞིན་ཏུ་འབེབས་པས་ཇི་ལྟར་རེ་ཞིང་སྨོན་པ་ཐམས་ཅད་བདེ་བླག་ཏུ་ཚིམས་པར་བྱེད་པར་གྱུར་ཅིག ཏིང་ངེ་འཛིན་གྱི་རྣམ་འཕྲུལ་ཚད་མེད་ཅིང་རྨད་དུ་བྱུང་བ་ཐོབ་ནས་བདག་ཉིད་ཇི་ལྟར་གནས་པའི་ཏིང་ངེ་འཛིན་དེ་ཁོ་ནར་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱང་དེ་བཞིན་དུ་གྱུར་ཏེ་གདུལ་བའི་སེམས་ཅན་ཚད་མེད་པ་ཡོངས་སུ་འདུལ་བར་བྱེད་པར་གྱུར་ཅིག བདག་གི་མིང་ཐོས་ཤིང་བདག་ལ་མོས་པ་དེ་དག་རྩ་བ་དང་ཉེ་བའི་ཉོན་མོངས་པ་རྣམས་དང་ལྟ་བ་ངན་
པས་བསྐྲད་པ་དང་མི་དགེ་བའི་ལས་རྒྱུ་དང་འབྲས་བུར་བཅས་པ་དང་འཇིགས་པ་དང་གནོད་པ་སྣ་ཚོགས་ཀྱིས་ཉེན་པ་དང་ནད་དང་འཁྲུགས་རྩོད་མུ་གེས་ཉམ་ཐག་པ་དང་གཉིད་དང་ལེ་ལོ་ཐེ་ཚོམ་གྱིས་དགེ་བའི་བར་དུ་གཅོད་པ་དེ་དག་ཐམས་ཅད་དེ་མ་ཐག་ཏུ་བྲལ་ཞིང་བྱང་ནས་འཕྲལ་དང་ཡུན་གྱི་བདེ་བ་བླ་ན་མེད་པ་ལ་སྦྱོར་ནུས་པར་གྱུར་ཅིག བདག་གི་མིང་ཐོས་ཤིང་བདག་ལ་མོས་པ་དེ་དག་གནས་ཆེན་པོའི་མཆོག་དང་ཚེ་དང་དཔལ་དང་བསོད་ནམས་དང་འདོད་པའི་ཡོན་ཏན་རྣམས་དང་རིན་པོ་ཆེའི་བང་མཛོད་སོགས་ཡོ་བྱད་ཀྱི་འབྱོར་པ་དང་གོས་དང་སྨན་དང་རིགས་བརྒྱུད་དང་འབྲུ་དང་ལོ་ཏོག་དང༌། མང་དུ་ཐོས་པ་དང་ཚུལ་ཁྲིམས་དང་བསམ་གཏན་དང་མངོན་ཤེས་དང་ཤེས་རབ་དང་རྣམ་པར་གྲོལ་བ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དོན་གྱི་དངོས་པོ་སྣ་ཚོགས་པ་ཇི་ལྟར་འདོད་པ་ཐམས་ཅད་འབད་མི་དགོས་པར་དེའི་མོད་ལ་འབྱོར་པར་གྱུར་ཅིག ཡོན་ཏན་དམ་པ་དང་ཏིང་ངེ་འཛིན་དང་སྨོན་ལམ་གྱི་མཐུ་དང་གཟི་བརྗིད་ཀྱི་གཟུགས་དང་ཤིན་ཏུ་བརྩོན་པའི་ཁྱད་པར་བསམ་བརྗོད་ཀྱི་ཡུལ་ལས་འདས་པས་སྐད་ཅིག་ཐང་ཅིག་ཏུ་སངས་རྒྱས་ཀྱི་ཞིང་ཚད་མེད་གྲངས་མེད་པར་ཕྱིན་ཅིང་ཞིང་རེ་རེ་ཡང་སྐད་ཅིག་ཐང་ཅིག་ལ་སངས་རྒྱས་མཉེས་པར་བྱེད་ཅིང་སེམས་ཅན་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་མུན་པ་མ་རིག་པའི་ཚོགས་བཅོམ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་ས་ལ་འཇོག་ནུས་པར་གྱུར་ཅིག མདོར་ན་རྒྱལ་བའི་སྲས་པོ་སའི་སྙིང་པོའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་རྒྱལ་བའི་སྲས་པོ་སའི་སྙིང་པོའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་
ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་འཕགས་པ་སྒྲིབ་པ་རྣམ་པར་སེལ་བའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་འདས་པའི་སངས་རྒྱས་ཚད་མེད་གྲངས་མེད་པའི་སྤྱན་སྔར་རྒྱལ་སྲས་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་དུས་གསུམ་མཉམ་པ་ཉིད་དུ་རྟོགས་ནས་དུས་དང་ཚད་ལ་མི་ལྟོས་པར་བླ་ན་མེད་པའི་གོ་ཆ་ཆེན་པོ་བགོ་བའི་སྙིང་སྟོབས་རྐྱེན་ཅིས་ཀྱང་མི་འཕྲོག་པ་ཐོབ་པར་གྱུར་ཅིག འཁོར་བ་མཐའ་མེད་པའི་འགྲོ་བ་སྒྲོལ་བ་ལ་ནམ་དུའང་སྐྱོ་ངལ་མེད་ཅིང་འཁོར་གསུམ་དུ་དམིགས་པའི་ཡིད་བྱེད་ཀུན་དང་བྲལ་བའི་དཔའ་བོའི་མཐུ་ཆེན་པོ་ཐོབ་པར་གྱུར་ཅིག མཐའ་གཉིས་ལ་མི་གནས་པའི་རྣམ་ཐར་དང་ཏིང་ངེ་འཛིན་དང་ཡེ་ཤེས་ཀྱི་སྤྱོད་ཡུལ་ནམ་མཁའ་ལྟར་ཡངས་པ་ལ་རྒྱལ་སྲས་དཔའ་བོ་དུས་གསུམ་གཤེགས་པ་ཀུན་གྱིས་ཆ་ཙམ་ཡང་བསྐྲུན་ཏུ་མེད་པར་གྱུར་ཅིག ཐོག་མ་དང་ཐ་མ་མེད་པའི་འཁོར་བ་རྣམས་སུ་ནམ་མཁའ་དང་མཉམ་པའི་འཇིག་རྟེན་ཇི་སྙེད་དུ་བདག་གི་མིང་གི་ཡི་གེ་རབ་ཏུ་གྲགས་ཤིང་མིང་དེ་ཐོས་མ་ཐག་ཏུ་ཉོན་མོངས་དང་སྒྲིབ་པའི་རི་བོ་སྐད་ཅིག་ལ་བསྙིལ་ནས་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་གྱུར་ཅིག བདག་གི་མིང་ངན་སོང་གི་འགྲོ་བས་ཐོས་མ་ཐག་ཏུ་དེ་དག་གི་གནས་སྟོང་ཞིང་གདུག་པའི་སེམས་དང་ལྡན་པ་རྣམས་ལ་བྱམས་པ་དང་སྙིང་རྗེའི་སེམས་རྒྱུད་ལ་སྐྱེ་བ་དང་བུད་མེད་རྣམས་ཀྱང་
སྲིད་པའི་སྡུག་བསྔལ་མྱོང་བའི་ཐ་མར་གྱུར་པ་སོགས་མིང་ཙམ་གྱིས་ཀྱང་སངས་རྒྱས་ཀྱི་མཛད་པ་མཐའ་ཡས་བསྒྲུབ་ནུས་པར་གྱུར་ཅིག ཕྱོགས་བཅུའི་སེམས་ཅན་གང་དག་སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པ་དང་བསླབ་པ་འཁྲུལ་པ་དང་ལྟ་བའི་གཡང་སར་ལྷུང་བ་དང་མི་ཁོམས་པར་སྐྱེས་པ་དང་མཚམས་མ་མཆིས་པ་བགྱིད་པ་དང་དགེ་བའི་རྩ་བ་ཆད་པ་རྣམས་ཀྱང་བདག་གིས་ཐབས་ལ་མཁས་པས་ངན་སོང་གི་སྡུག་བསྔལ་དང་འཁོར་བའི་འདམ་ནས་ཡོངས་སུ་དྲངས་ཏེ་མྱ་ངན་ལས་འདས་པའི་གྲོང་ཁྱེར་མི་འཇིགས་པའི་ཁང་བཟང་དུ་དབུགས་འབྱིན་པར་གྱུར་ཅིག སྐྲ་རྩེའི་ཕྲ་བའི་ཆ་ཤས་རེ་རེར་ཞིང་རྡུལ་གྲངས་སྙེད་ཀྱི་བཀོད་པ་སྐད་ཅིག་གཅིག་ལ་སྒྲུབ་ཅིང་ཚད་མེད་པའི་རྣམ་འཕྲུལ་དང་སྤྱོད་ཡུལ་ཟབ་ཅིང་རྒྱ་ཆེ་བས་དུས་གསུམ་ཐོག་མཐའ་མེད་པར་འཇུག་པར་གྱུར་ཅིག ཞིང་མང་རྒྱ་མཚོ་མཐའ་ཡས་སེམས་བསྐྱེད་གཅིག་གིས་འཇུག་ཅིང་བསྐལ་པ་རྒྱ་མཚོར་སངས་རྒྱས་གངྒཱའི་བྱེ་མ་སྙེད་མཆོད་ཅིང་དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང་འགྲོ་བ་ཇི་སྙེད་པ་གང་ལ་གང་འདུལ་གྱི་རྣམ་པར་འཕྲུལ་པས་འདུལ་བ་དང་སྨིན་པར་བྱེད་པར་གྱུར་ཅིག ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་མུ་མེད་པ་ན་དུས་གསུམ་དུ་གཤེགས་པའི་རྒྱལ་བ་སྲས་དང་བཅས་པ་མ་ལུས་པའི་དགོངས་པ་མཐའ་དག་སྐོང་བར་བྱེད་ཅིང་དེ་དག་ཐམས་ཅད་ཀྱིས་བསྔགས་པ་རྒྱ་མཚོས་མགྲིན་གཅིག་ཏུ་བསྔགས་པར་གྱུར་ཅིག མདོར་ན་རྒྱལ་བའི་སྲས་མཆོག་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་བ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་རྒྱལ་བའི་སྲས་མཆོག་སྒྲིབ་པ་རྣམ་པར་སེལ་བའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌།
དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་འཕགས་པ་ནམ་མཁའི་སྙིང་པོའི་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་འདས་པའི་སངས་རྒྱས་ཚད་མེད་གྲངས་མེད་པའི་སྤྱན་སྔར་རྒྱལ་བའི་སྲས་མཆོག་ནམ་མཁའི་སྙིང་པོས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པའི་སེམས་ཅན་སངས་རྒྱས་ཀྱི་ཆོས་རྒྱ་མཚོ་ཐམས་ཅད་ལ་གནས་ཤིང་དེ་ལ་ཐེ་ཚོམ་མེད་པ་དང༌། ཐབས་ཟབ་མོ་ལ་མཁས་ཤིང་ཡེ་ཤེས་གཞན་ལ་རག་མ་ལུས་པ་དང༌། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་འབྱུང་བའི་ཟུག་རྔུ་དང་སེམས་ཀྱི་ཉོན་མོངས་པའི་ནད་ཡོངས་སུ་ཞི་བར་བྱེད་པར་གྱུར་ཅིག ཐབས་དང་ཡེ་ཤེས་དང་སྙིང་རྗེ་ཆེན་པོ་དང་ཏིང་ངེ་འཛིན་གྱི་སྟོབས་བསྐྱེད་པ་དང་སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་ནམ་མཁའ་འདྲ་བར་ཚད་བཟུང་དུ་མེད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཅིག སེམས་ཅན་གང་དག་ལྟ་བ་ངན་པས་བསྒྲིབས་ཏེ་འཁོར་བའི་འབྲོག་དགོན་པར་ཕྱོགས་བསླད་ནས་མཐོ་རིས་དང་ཐར་པའི་ལམ་མི་མཚོན་པ་དེ་དག་བདག་གི་མིང་ཐོས་ཤིང་གུས་པ་ཙམ་གྱིས་སྔོན་གྱི་དགེ་བའི་ས་བོན་དང་མཐུན་པའི་གཟུགས་དང་ཐབས་ཟབ་མོ་བསྟན་པས་བསམ་སྦྱོར་ངན་པ་ཞི་ཞིང་སྡིག་པའི་ལས་མོད་ལ་བྱང་ནས་སེམས་ལ་དབང་ཐོབ་ཅིང་སྒོ་གསུམ་དྲང་པོར་གནས་ཏེ་ཟབ་མོའི་ཆོས་ལ་བཟོད་པ་ཐོབ་པར་གྱུར་ཅིག སེམས་ཅན་གང་དག་སེམས་རྣམ་པར་གཡེང་བ་དང་ལུས་ལ་ནད་སྣ་ཚོགས་ཀྱིས་གཟིར་བ་དང་དབང་པོ་ཉམས་པ་དེ་
དག་བདག་གི་མིང་ཐོས་ཤིང་གུས་པ་ཙམ་གྱིས་དེ་དང་འཚམས་པའི་གཟུགས་ཀྱི་སྣང་བ་བསྟན་ནས་ཕན་པའི་སྦྱོར་བ་གཅིག་གིས་ཟུག་རྔུ་བརྒྱ་ཕྲག་མོད་ལ་ཞི་བར་བྱེད་པར་གྱུར་ཅིག སེམས་ཅན་གང་དག་ཚེ་དང་རིགས་དང་ལོངས་སྤྱོད་དང་དབང་ཕྱུག་དང་བློ་གྲོས་དང་སྦྱིན་པ་ལ་སོགས་པ་དང་རྣམ་པར་གྲོལ་བ་དང་སེམས་ཅན་ལ་ཕན་གདགས་པ་སོགས་མདོར་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམ་པའི་དངོས་པོ་གང་ཞིག་འཚལ་བ་དེ་དག་བདག་གི་མིང་ཐོས་ནས་གུས་པ་ཙམ་གྱིས་སྐལ་བ་དང་མཉམ་པའི་གཟུགས་ཀྱིས་ཐབས་ཀྱི་ཚུལ་གཅིག་བསྟན་པས་རེ་འདོད་ཐམས་ཅད་ཡོངས་སུ་རྫོགས་པ་དང་སེམས་ཅན་ཁྲག་ཁྲིག་བརྒྱ་སྟོང་དུ་མ་ཡོངས་སུ་སྨིན་པར་གྱུར་ཅིག སེམས་ཅན་གང་དག་ཐེག་པ་ལ་མི་གནས་པའམ་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ལ་གནས་པ་དེ་དག་ཀྱང་བདག་གི་སེམས་ཀྱི་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་དང་ཐབས་ལ་མཁས་པས་བླ་ན་མེད་པའི་ཐེག་པ་ཆེན་པོ་ཕྱིར་མི་ལྡོག་པ་ལ་འཇོག་ཅིང་ཏིང་ངེ་འཛིན་དང་གཟུངས་དང་བཟོད་པ་སྣ་ཚོགས་པ་དང་ས་བཅུ་པའི་མཐར་ཐུག་པའི་བར་དུ་འགོད་པར་གྱུར་ཅིག སེམས་ཅན་གང་དག་སྙིང་གི་སྣོད་ཆག་ཅིང་ལྟུང་བའི་རྩ་བ་བྱུང་བས་ངན་སོང་དུ་འགྲོ་བ། དགེ་བའི་རྩ་བ་སྤྲུགས་པར་བྱེད་པ། མཁས་པས་སྤངས་ཤིང་སྐྱབས་དང་མགོན་མེད་པ་ཐམས་ཅད་ཀྱི་མགོན་ཏུ་གྱུར་ནས་བདག་གི་ཐབས་ལ་མཁས་པས་སྐད་ཅིག་ལ་སྦྱངས་ཏེ་སྙིང་གི་ཐེ་ཚོམ་དྲལ་བ་དང༌། འགྲོ་བ་ངན་པའི་ལམ་ནས་བཟློག་སྟེ་མཐོ་རིས་དང་ཐར་པའི་བདེ་བ་ལ་འགོད་པར་གྱུར་ཅིག སེམས་ཅན་གང་དག་ཉོན་མོངས་པ་དང་སྡིག་པའི་གྲོགས་པའི་དབང་དུ་སོང་ནས་འཇིག་རྟེན་ཕ་རོལ་ལ་མི་འཇིགས་པར་ལྟ་བ་དང༌། མི་དགེ་བའི་ལས་ཀྱིས་ཆོག་མི་ཤེས་པ་དེ་དག་ཀྱང་ངན་པར་ལྟ་བའི་སེམས་ཀྱི་རྒྱུན་ལས་ཟློག་ཅིང་ཡང་དག་པའི་ལྟ་བ་དང་སྤྱོད་པ་ལ་སྦྱོར་བར་གྱུར་ཅིག མི་དགེ་བ་དང་ལྟུང་བའི་རྩ་བ་དང་འགྲོགས་པའི་མཐའ་འཁོབ་རྣམས་སུ་སོ་སོར་སྐལ་བ་དང་འཚམས་པའི་གཟུགས་ཀྱིས་སྐྱེ་ཞིང་འབྱུང་
བར་སྟོན་ཏེ་ཐམས་ཅད་མཁྱེན་པས་བཤད་པ་སྔོན་ཆད་མ་བྱུང་བའི་ཟབ་མོའི་མདོ་སྡེ་དང་ཏིང་ངེ་འཛིན་དང་གཟུངས་དང་བཟོད་པ་དག་སྟོན་ཅིང་སེམས་འདུལ་བ་དང་ལུས་ངག་སྡོམ་པ་དང་བརྟུལ་བ་བརྟན་པོས་རྣམ་པར་གྲོལ་བའི་གོ་འཕང་ལ་འགོད་པར་གྱུར་ཅིག བདག་གི་མིང་ཐོས་ཤིང་གུས་པར་བྱེད་པའི་སེམས་ཅན་གང་སུའང་རུང་བ་བྱང་ཆུབ་སྙིང་པོའི་མཐར་ཐུག་གི་བར་དུ་ལྟུང་བའི་རྩ་བ་རྣམས་དང་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་འཇིགས་པ་ཆེན་པོ་རྣམས་དང་ནད་གདོན་བཀྲེས་སྐོམ་དབུལ་ཕོངས་རྒྱལ་པོའི་ཆད་པ་མི་མ་ཡིན་པའི་གནོད་པ་ལ་སོགས་པ་མཐོ་རིས་དང་ཐར་པ་ལ་བར་དུ་གཅོད་པ་ནམ་དུའང་མི་འབྱུང་བར་བདག་ཉིད་ཡིད་ལ་བྱས་པས་སྡིག་པ་ཟད་ཅིང་ཚོགས་རླབས་པོ་ཆེ་རྫོགས་པར་གྱུར་ཅིག མདོར་ན་རྒྱལ་བའི་སྲས་མཆོག་ནམ་མཁའི་སྙིང་པོའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་རྒྱལ་བའི་སྲས་མཆོག་ནམ་མཁའི་སྙིང་པོའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག ༈ །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ལན་བདུན། མཆོད་པ་སོགས་གོང་བཞིན་བྱ། དེང་རྒྱལ་བ་སྲས་དང་བཅས་པའི་ཚོགས་གདན་འཛོམ་པའི་སྤྱན་སྔར་རྒྱལ་སྲས་ཐུ་བོ་འཕགས་པ་ཀུན་ཏུ་བཟང་པོ་མཚན་ནས་བརྗོད་དེ་ཚོགས་བསགས་པའི་དགེ་བའི་རྩ་བ་ལ་བརྟེན་ནས། སྔོན་དེ་བཞིན་གཤེགས་པ་ཡེ་ཤེས་རྡོ་རྗེ་རྒྱ་མཚོའི་རྒྱལ་པོ་ལ་སོགས་པའི་སྤྱན་སྔར་འཕགས་པ་ཀུན་ཏུ་བཟང་
པོས་ཐུགས་ཇི་ལྟར་བསྐྱེད་པ་དང་ཐུགས་དམ་ཇི་ལྟར་བཞེས་པ་དེ་བཞིན་ཏུ་བདག་གིས་ཀྱང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་བསླབ་པའི་གཞི་མཐའ་དག་ལ་རྗེས་སུ་བསླབ་པར་བགྱིའོ། །བདག་ཅག་ལ་སོགས་པའི་སེམས་ཅན་ཐམས་ཅད་སྐྱེས་བུ་ཆེན་པོའི་ལྷག་པའི་བསམ་པ་གཡོ་མེད་ཅིང་ཕུན་སུམ་ཚོགས་པས་བདག་དོན་ཏུ་བྱང་ཆུབ་ཆེན་པོའི་སྤྱོད་པ་དང་གཞན་དོན་ཏུ་བཟང་པོ་སྤྱོད་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར་ཅིག བསྐལ་པ་དང་བསྐལ་པ་རྒྱ་མཚོ་འབྱམས་ཀླས་པ་རྣམས་སུ་འཇིག་རྟེན་གྱི་ཁམས་གཅིག་ནས་གཅིག་ཏུ་བརྒྱུད་པ་གྲངས་མེད་པར་དཔའ་བོ་ཆེན་པོའི་སྙིང་སྟོབས་ཀྱིས་ཆགས་ཐོགས་མེད་པར་འཇུག་པར་གྱུར་ཅིག ཕྱོགས་བཅུའི་ཞིང་ཁམས་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཞིང་རེ་རེ་བཞིན་ཡང་སངས་རྒྱས་རྒྱ་མཚོ་ལ་མཆོད་པའི་བྱེ་བྲག་ཆོས་ཀྱི་དབྱིངས་དང་མཉམ་པས་མཆོད་པ་དང༌། དམ་པའི་ཆོས་མ་ལུས་པ་ཡོངས་སུ་འཛིན་པར་གྱུར་ཅིག ཕྱོགས་བཅུའི་རྒྱལ་བ་མཛད་པ་རྨད་དུ་བྱུང་བ་སྟོན་པ་ཐམས་ཅད་ཀྱི་ཞབས་ཀྱི་དྲུང་དུ་ཐོགས་པ་མེད་པའི་ལུས་ཀྱིས་གཅིག་ཅར་དུ་བགྲོད་ཅིང་བྱ་བ་ཁྱད་པར་ཅན་བྱེད་པར་གྱུར་ཅིག རྟག་ཏུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་སྒོ་ཐམས་ཅད་ནས་སྤྱོད་ཅིང༌། སེམས་ཅན་རྒྱ་མཚོ་སྐད་ཅིག་རེ་རེས་ཡོངས་སུ་སྨིན་པར་བྱེད་པར་གྱུར་ཅིག སངས་རྒྱས་ཀྱི་ཞིང་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་བགྲང་བ་ལས་འདས་པ་བདག་གི་ཞིང་གཅིག་ཏུ་གྲུབ་ཅིང་ངོ་མཚར་གྱི་བཀོད་པ་བསམ་གྱི་མི་ཁྱབ་པ་དང་བྱང་ཆུབ་སེམས་དཔའ་མཆོག་གིས་གང་བ་སོགས་དག་པ་རབ་འབྱམས་ཀྱི་སྤྱོད་ཡུལ་འབའ་ཞིག་འབྱུང་བར་གྱུར་ཅིག ཕན་མཛད་རྒྱལ་བའི་སྲས་པོ་གང་དག་བཞུགས་པ་དེ་དག་ཐམས་ཅད་དང་བསམ་སྦྱོར་མཐུན་པར་སྤྱོད་ཅིང༌། སྤྱོད་པ་དང་ཉམས་ལེན་ཐམས་ཅད་དོན་གྱི་མཆོག་ཁོ་ན་མཐའ་ཡས་པ་འགྲུབ་པར་གྱུར་ཅིག ནམ་མཁའི་མཐས་གཏུགས་པའི་འཇིག་རྟེན་ཐམས་ཅད་དུ་མཛད་པའི་ཆོ་འཕྲུལ་མཐའ་ཡས་ཤིང་
བསམ་གྱིས་མི་ཁྱབ་པ་སྟོན་པའི་ཚུལ་གྱིས་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་སྨོན་ལམ་ཆེན་པོ་འབུམ་ཕྲག་བཅུ་པོ་ལ་སོགས་པ་སེམས་ཅན་ཀྱི་དོན་དུ་སྨོན་ལམ་ཚད་མེད་གྲངས་མེད་པ་མཛད་པ་དེ་ཐམས་ཅད་བདག་གིས་བདེ་བླག་ཏུ་འགྲུབ་པར་གྱུར་ཅིག སྟོང་པ་ཉིད་དང་སྙིང་རྗེ་དང་ཐབས་ལ་མཁས་པའི་ཡེ་ཤེས་ཚད་མེད་པས་ཕྱོགས་བཅུར་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་དང་རྒྱལ་བའི་མཆོག་རྣམས་ཀྱིས་རྫོགས་སྨིན་སྦྱངས་པ་ཇི་སྙེད་མཛད་པ་དེ་དག་ཐམས་ཅད་བདག་ཉིད་ཁོ་ནས་འགྲུབ་པར་གྱུར་ཅིག ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་དང་སེམས་ཅན་གྱི་ཁམས་དང་འཇིག་རྟེན་གྱི་ལས་དང་ཉོན་མོངས་པའི་མཐའ་ཇི་སྲིད་དུ་སྨོན་ལམ་གྱིས་ཁྱབ་ཅིང་མཐའ་གཏུགས་པ་མེད་པས་རྒྱལ་བ་སྲས་དང་བཅས་པའི་དགོངས་པ་སྐོང་བར་བྱེད་པར་གྱུར་ཅིག མདོར་ན་རྒྱལ་བའི་སྲས་ཀྱི་ཐུ་བོ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་དང་གཟུངས་དང་ཏིང་ངེ་འཛིན་དང་སྨོན་ལམ་དང་ཐབས་ལ་མཁས་པའི་སྤྱོད་ཡུལ་དང་རྣམ་པར་འཕྲུལ་པ་དང་ཡེ་ཤེས་རྒྱ་མཚོ་ཚད་མེད་པ་ཐམས་ཅད་བདག་གིས་མྱུར་དུ་འགྲུབ་ནས་སེམས་ཅན་ཐམས་ཅད་ཀྱང་དེ་ལྟ་བུ་ལ་འགོད་ནུས་པར་གྱུར་ཅིག འཕོས་མ་ཐག་ཏུ་འཕགས་པ་ཀུན་ཏུ་བཟང་པོའི་ཞལ་མངོན་སུམ་དུ་མཐོང་སྟེ་སྒྲིབ་པ་མ་ལུས་པ་སྐད་ཅིག་ལ་བྱང་ནས་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་ཐོགས་པ་མེད་པར་འཇུག་ཅིང༌། ཞིང་ཡོངས་སུ་སྦྱོང་བ་དང༌། སེམས་ཅན་རྣམས་སྨིན་པར་བྱེད་པ་དང༌། དམ་པའི་ཆོས་ཡོངས་སུ་འཛིན་ཅིང་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པ་མཐའ་ཡས་པ་སྒྲུབ་པར་བྱེད་པར་གྱུར་ཅིག གཉིས་པ་གཟུངས་བཟླ་བ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང༌། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་ཀྱི་མཐུ་དང་བྱིན་གྱིས་བརླབས་དང༌། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་དང༌། འཕགས་པ་སྐུ་གསུང་ཐུགས་ཀྱི་སྤྱོད་པ་མ་དག་པ་མི་མངའ་བ་རྣམས་ཀྱི་ཐུགས་ངེས་པའི་བདེན་པས་གཟུངས་སྔགས་བཟླས་པ་ཚུལ་བཞིན་ཏུ་འགྲུབ་པར་
བྱིན་གྱིས་སློབ་པར་མཛད་དེ། བདག་སོགས་འགྲོ་བ་མང་པོའི་དོན་དཔག་ཏུ་མེད་པ་མཛད་པར་གྱུར་ཅིག སྐུ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ། དེས་འཕགས་པ་ཐམས་ཅད་སེམས་ཅན་གྱི་དོན་ལ་བསྐུལ་ཞིང་ངན་སོང་གི་གནས་ཐམས་ཅད་སྦྱངས་ཏེ་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་གོ་འཕང་ལ་འཇུག་པར་གྱུར་ཅིག འོད་ཟེར་དེས་བདག་ཅག་རྣམས་ལ་ཁྱབ་པས་འགྲོ་དོན་དཔག་མེད་སྒྲུབ་ནུས་པའི་མཐུ་ཐོབ་སྟེ། དེ་བཞིན་གཤེགས་པ་རྣམས་དང་སྐུ་གསུང་ཐུགས་མཚུངས་པར་གྱུར་ཅིག བདག་ཅག་ལ་སོགས་པའི་བསྒྲུབ་བྱའི་ལུས་དང་འཁོར་དང་ཡོ་བྱད་ཐམས་ཅད་ལ་ཁྱབ་སྟེ། ནད་དང་གནོད་པ་ཐམས་ཅད་ནི་བསལ། ལུས་སེམས་ཀྱི་སྐྱོན་ཐམས་ཅད་དང་ནི་བྲལ་ཏེ། ཆོས་ཀྱི་སྣོད་རུང་དུ་གྱུར་ཅིག བདག་ཅག་རྣམས་ཀྱིས་འཕགས་པ་རྣམས་མངོན་སུམ་ལྟ་བུར་དམིགས་ནས་གཟུངས་བཟླས་པས། དེ་བཞིན་གཤེགས་པ་སྲས་དང་བཅས་པ་རྣམས་གྱི་ཏིང་ངེ་འཛིན་གྱི་སྒོ་སྣ་ཚོགས་དང་ཚིག་འབྲུ་མཐའ་ཡས་པ་རྟོགས་ཤིང་རྣམ་པར་དག་པར་བྱིན་གྱིས་སློབ་པར་གྱུར་ཅིག ཅེས་བདེན་ཚིག་གིས་བསྔོས་ནས། འཕགས་པ་རྣམས་ཀྱིས་གནང་ཞིང་ཕྲིན་ལས་མཛད་པར་ངེས་ཤེས་བསྐྱེད་དེ་ཇི་ལྟར་བསྔོས་པ་བཞིན་མངོན་ཏུ་གྱུར་པར་དམིགས་ནས། གཙོ་བོ་ཤཱཀ་ཐུབ་ཀྱི་གཟུངས་ནི། ཨོཾ་བྷོ་ཧཱུྃ་ཧཱུྃ། ཨཱ་ཨཱ། ཧཱི་ཧཱི། ཤི་བ་ཤི་བ། ཤཱནྟི་ཤཱནྟི། ཤ་མ་ཤ་མ། ཤ་མཱ་པ་ཡ། ཏ་ཐཱ་ག་ཏཱ་ནུ་ག་ཏ། སྭ་བྷཱ་བ། ཨ་བྷཱ་པ། ས་མུཏྟཱ་ཡ། ཨ་ས་མ་བ་ལ། ཨ་བི་ར་བ་ལ། ཨ་མི་ཏ་བ་ལ། ཨ་ཏི་བ་ལ། ཧཱུྃ་གྷུྃ་གྷུྃ། དྷཽ་དྷཽ། བྷྲཽ་བྷྲཽ། བྷྲེ་དུ་བྷྲེ་དུ། ཧཱི་ཧཱི། བྷ་ག་བཱན། བྷ་བཱན་ཏ་ཀ་སུར་ཏ་བྷོ་ག་མ་ཧཱ་ཤཱནྟི་ཀ་ར། པཱ་པ་ཀལྤི་ཥ་ནཱ་ཤ་ཀ་སྭཱ་ཧཱ། མཚན་སྔགས་ནི། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་མ་ཧཱ་ཧཱུྃ་མ་ཧཱ་བཱི་ར་སྭཱ་ཧཱ། འཇམ་དཔལ་གྱི་
གཟུངས་ནི། ན་མཿས་མནྟ་བུདྡྷཱ་ནཱཾ། ཨོཾ་ར་ར་སྨ་ར་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱཾ། ཀུ་མཱ་ར་རཱུ་པ་དྷ་རི་ཧཱུྃ་ཕཊ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ཤྲཱི་ཨཾ་རྃ་ག་སྭཱ་ཧཱ། སྤྱན་རས་གཟིགས་ཀྱི་གཟུངས་ནི། ན་མོ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་ས་ཏྭཱ་ཡ། མ་ཧཱ་ས་ཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཀཱ་རུ་ཎེ་ཀཱ་རུ་ཎེ། མ་ཧཱ་ཀཱ་རུ་ཎི། པྲ་ཏིཥྛི་ཏི་ཀཱ་རུ་ཎཱ་ཡ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ཧྲཱི་ཧཱུྃ་པདྨ་པྲི་ཡ་སྭཱ་ཧཱ། ཕྱག་རྡོར་གྱི་གཟུངས་ནི། ན་མོ་བཛྲ་པཱ་ཎ་ཡེ། མ་ཧཱ་བཛྲ་པྲ་ཏིཥྛི་ཏཱ་ཡ། སརྦ་ཏ་ཐཱ་ག་ཏ་ཤ་རི་རཱནྟརྒ་ཏཱ་ཡ། བཛྲ་ཤ་རཱི་རཾ། མེ་ཀུ་རུ་བཛྲ་ཨ་དྷིཥྛཱ་ན་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ཀུ་རུ་བྷ་ན་ར་ཧ་སྭཱ་ཧཱ། བྱམས་པའི་གཟུངས་ནི། ཨོཾ་ཨ་ཛི་ཏཉྫཱ་ཡ། སརྦ་སཏྭ་ས་མཱ་ཡ། མ་ནུ་ག་ཏ་སྭཱཧཱ། སྙིང་པོ་ནི། ཨོཾ་མཻ་ཧཱ་རཱ་ཎ་སྭཱ་ཧཱ། སའི་སྙིང་པོའི་གཟུངས་ནི། ཨོཾ་སུཾ་བྷ་ནི་སུཾ་བྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ། མ་རུ་ཏཱ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ཀྵི་ཏི་ཧ་རཱ་ཛ་སྭཱ་ཧཱ། སྒྲིབ་སེལ་གྱི་གཟུངས་ནི། ཨོཾ་ཨ་མྲི་ཏ་བིནྡུ་ཛ་བ་མ་ཧཱ་སུ་ཁ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ན་སྭཱ་རཾ་བྷ་སྭཱ་ཧཱ། ནམ་མཁའི་སྙིང་པོའི་གཟུངས་ནི། ཨོཾ་སྭ་སྟི་ཀ་མ་ལཱཀྵི་བི་པུ་ལ་སཾ་བྷ་བ། དྷརྨ་དྷཱ་ཏུ་གོ་ཙ་རེ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་ཨཱ་ཀ་ཤ་གརྦྷཱ་སྭཱ་ཧཱ། ཀུན་ཏུ་བཟང་པོའི་གཟུངས་ནི། ཏདྱ་ཐཱ། ཨོཾ་ན་མོ་ན་མ་སྟྲི། བྷུ་བ་ནི་ཤྭ་རེ། མ་ཧཱ་བྷོ་གཱ་ཡ། ཨ་ས་མ་ས་མ། ཨ་མི་ཏ་ས་མ། ཨ་ནནྟ་ས་མ། ག་ག་ན་ས་མ། ཏྲི་བྷུ་བ་ན་ས་མ། ཨ་ཤེ་ཥ་ས་མ། བེ་ཥ་ས་མ། པ་ར་མ་ཨརྠ་ས་མ། སྭ་བྷཱ་བ་ས་མ། ཏ་ཐཱ་ག་ཏཱ་ས་མ། ཨ་ར་ཛཿས་མ། ཤུདྡྷི་ས་མ། བུདྡྷི་ས་མ། དྷརྨ་ཏ་ཐཱ་ཏཱ་ས་མ། ཨ་བྷི་ཥ་མ་ས་མ། ས་མ་ས་མ། ཨེ་ཀཱ་ནཱ་ཡ། སཱ་ག་ར། བི་ཤུདྡྷེ། ཨཱ་ལོ་ཀ ཧཱི་ཧཱི། ལབྡྷ་ལབྡྷ། བི་ཛ་ཡ་བི་ཛ་ཡ། ཨཾ་པྲ་ས་ག་ར། ན་ཡ་ན་ཡ། ཧི་ནི་ར་ཨདྷིཥྛཱ་ན། སཾ་བྷོ་ག ཨོཾ་ཨ་ན་ལ་ཡ་ལ་ཡ། དྷརྨ་ཨ་གྲ། དྷ་ར་དྷ་ར། ཛ་ཡ་ཛ་ཡ། ཧཱུྃ་ཧཱུྃ། དྷ་མ་དྷ་མ་
སྭཱ་ཧཱ། ཨོཾ་སྭཾ་ཧྲཱིཿཀ་ཡ་སྭཱ་ཧཱ། སྙིང་པོ་ནི། ཨོཾ་སྭཱ་ཧཱ་ཧྲི་རཱ་ཛ་ཡ་སྭཱ་ཧཱ། དེ་དག་སྤྱིར་བཟླས་གྲངས་ཇི་ཙམ་མང་བ་ལེགས་མོད་ཀྱི། དཀྱུས་སུ་གཟུངས་རྣམས་ཚར་བདུན་ནམ་གསུམ་རེ་ཙམ་དང༌། སྙིང་པོ་རྣམས་བརྒྱ་རྩ་རེ་བཟླའོ། །གཟུངས་རྣམས་ནི་སོ་སོའི་མཚན་བརྒྱ་སོགས་གཞུང་ལས་ལན་གཅིག་ཙམ་བརྗོད་པ་ལའང་ཕན་ཡོན་མཐའ་ཡས་པར་བཤད་པ་དང༌། སྙིང་པོ་རྣམས་ནི་དཀྱིལ་འཁོར་བརྒྱུད་པ་ཞེས་བྱ་བ་ལས། སྙིང་པོ་འདི་དག་བརྗོད་པ་ཙམ་གྱིས་མཚམས་མེད་པ་ལྔ་འབྱང་ཞིང་དངོས་གྲུབ་ཐམས་ཅད་འཐོབ་པ་དང༌། དཀྱིལ་འཁོར་གྱི་མདུན་ཏུ་ལན་གཅིག་བརྗོད་ན་དེའི་དོན་ཐམས་ཅད་འགྲུབ་ཅིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར་རོ། །ཞེས་གསུངས་སོ། །གསུམ་པ་སྤྱིར་སྨོན་ལམ་དུ་བྱ་བ་ནི། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །སོགས་བཟང་པོ་སྤྱོད་པ་ཚང་བ་དང༌། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསུང་རིན་ཆེན་ཕྲེང་བ་ལས་འབྱུང་བའི་སྨོན་ལམ་ནི། དེ་ལྟར་བགྱིས་པའི་བསོད་ནམས་དང༌། །བདག་གིས་བགྱིས་དང་མ་བགྱིས་དང༌། །དེས་ནི་སེམས་ཅན་ཐམས་ཅད་ཀྱང༌། །བླ་མེད་བྱང་ཆུབ་སེམས་ལྡན་ཤོག །སེམས་ཅན་ཐམས་ཅད་དྲི་མེད་དབང༌། །ཡོངས་རྫོགས་མི་ཁོམ་ཀུན་འདས་ཤིང༌། །སྤྱོད་པ་རང་དབང་ཡོད་པ་དང༌། །འཚོ་བ་བཟང་དང་ལྡན་པར་ཤོག །ལུས་ཅན་དག་ནི་ཐམས་ཅད་ཀྱང༌། །ལག་ན་རིན་ཆེན་ཉིད་ལྡན་ཞིང༌། །ཡོ་བྱད་ཐམས་ཅད་མཐའ་ཡས་པ། །འཁོར་བ་སྲིད་དུ་མི་ཟད་ཤོག །བུད་མེད་ཐམས་ཅད་དུས་ཀུན་ཏུ། །སྐྱེས་མཆོག་ཉིད་དུ་འགྱུར་བར་ཤོག །ལུས་ཅན་ཐམས་ཅད་རིག་པ་དང༌། །རྐང་པར་ལྡན་པ་ཉིད་དུ་ཤོག །ལུས་ཅན་ཁ་དོག་བཟང་བ་དང༌། །གཟུགས་བཟང་གཟི་བརྗིད་ཆེ་བ་དང༌། །ལྟ་ན་སྡུག་ཅིང་ནད་མེད་དང༌། །སྟོབས་ཆེན་ཚེ་དང་ལྡན་པར་ཤོག །ཐམས་ཅད་ཐབས་ལ་མཁས་གྱུར་ཏེ། །སྡུག་བསྔལ་ཀུན་ལས་ཐར་བ་དང༌། །དཀོན་མཆོག་གསུམ་ལ་གཞོལ་བ་དང༌། །
སངས་རྒྱས་ཆོས་ནོར་ཆེ་ལྡན་ཤོག །བྱམས་དང་སྙིང་རྗེ་དགའ་བ་དང༌། །ཉོན་མོངས་བཏང་སྙོམས་གནས་པ་དང༌། །སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་འགྲུས། །བསམ་གཏན་ཤེས་རབ་ཀྱིས་བརྒྱན་ཅིང༌། །ཆོས་རྣམས་ཐམས་ཅད་ཡོངས་རྫོགས་ཏེ། །མཚན་དང་དཔེ་བྱད་གསལ་བ་དང༌། །བསམ་གྱིས་མི་ཁྱབ་ས་བཅུ་དག །རྒྱུན་མི་ཆད་པར་བགྲོད་པར་ཤོག །བདག་ཀྱང་ཡོན་ཏན་དེ་དག་དང༌། །གཞན་ཀུན་གྱིས་ཀྱང་བརྒྱན་ལྡན་ཏེ། །ཉེས་པ་ཀུན་ལས་གྲོལ་བ་དང༌། །སེམས་ཅན་ཀུན་མཆོག་བྱམས་པ་དང༌། །སེམས་ཅན་ཀུན་ཡིད་རེ་བ་ཡི། །བསམ་པ་ཐམས་ཅད་རྫོགས་བགྱིད་ཅིང༌། །རྟག་ཏུ་ལུས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་སེལ་བར་བགྱིད་པར་ཤོག །འཇིག་རྟེན་ཀུན་ན་སྐྱེ་བོ་གང༌། །སུ་དག་འཇིགས་པས་སྐྱོ་བ་དེ། །བདག་གི་མིང་ཙམ་ཐོས་པས་ཀྱང༌། །ཤིན་ཏུ་འཇིགས་པ་མེད་པར་ཤོག །བདག་ནི་མཐོང་དང་དྲན་པ་དང༌། །མིང་ཙམ་ཐོས་པའི་སྐྱེ་བོ་རྣམས། །རབ་ཏུ་འཁྲུགས་མེད་རྣལ་མ་དང༌། །རྫོགས་པའི་བྱང་ཆུབ་ངེས་པ་དང༌། །ཚེ་རབས་ཀུན་ཏུ་རྗེས་འབྲང་བའི། །མངོན་ཤེས་ལྔ་པོ་ཐོབ་པར་ཤོག །སེམས་ཅན་ཀུན་ལ་རྣམ་ཀུན་ཏུ། །རྟག་ཏུ་ཕན་བདེ་བགྱིད་པར་ཤོག །འཇིག་རྟེན་ཀུན་ཏུ་སྐྱེ་བོ་གང༌། །སྡིག་པ་བྱེད་པར་འདོད་གྱུར་པ། །དེ་དག་ཐམས་ཅད་གནོད་མེད་པར། །རྟག་ཏུ་གཅིག་ཅར་བཟློག་གྱུར་ཅིག །ས་དང་ཆུ་དང་མེ་དང་རླུང༌། །སྨན་དང་དགོན་པའི་ཤིང་བཞིན་ཏུ། །རྟག་ཏུ་སེམས་ཅན་ཐམས་ཅད་ཀྱིས། །རང་གར་དབང་བྱེད་སྤྱོད་པར་ཤོག །སེམས་ཅན་རྣམས་ནི་སྲོག་བཞིན་འཕངས། །དེ་དག་བདག་ལས་ཆེས་འཕངས་ཤོག །བདག་ལ་དེ་དག་སྡིག་སྨིན་ཅིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཇི་སྲིད་ཐམས་ཅད་འགའ་ཞིག་ཀྱང༌། །གང་དུ་མ་གྲོལ་དེ་སྲིད་དུ། །དེ་ཕྱིར་བླ་ན་མེད་པ་ཡི། །བྱང་ཆུབ་མཆོག་ལ་གནས་གྱུར་ཅིག །ཅེས་དང༌། གཞན་ཡང་བྱམས་སྨོན་གྱིས་མཚོན་པའི་མདོ་རྒྱུད་ནས་འབྱུང་བའི་སྨོན་ལམ་ཇི་ལྟར་ནུས་པ་བསམ་པ་ཐག་པ་
ནས་ཁ་ཏོན་ཏུ་བྱ་ཞིང་མི་ནུས་ན་སྔ་མ་དེ་དག་གིས་འཐུས་སོ། །གསུམ་པ་ཆོ་གའི་རྗེས་ཇི་ལྟར་བྱ་བ་ལ་ལྔ། གཏོར་མཆོད་འབུལ་ཞིང་འདོད་དོན་གསོལ་བ། བཟོད་གསོལ། གཤེགས་བསྟིམ། བསྔོ་བ། ཤིས་བརྗོད་དོ། །དང་པོ་ནི། གཏོར་མར་ཆབ་བྲན། མཆོད་པ་ཁ་གསོས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། བྷྲཱུྃ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་དང༌། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ནས། ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱི་བྱིན་གྱིས་བརླབས་ལ། ན་མཿསརྦ་བུདྡྷ་བོ་དྷི་སཏྭ་ས་པ་རི་བཱ་རེ་བྷྱཿ ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་འབུལ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་པས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་དང༌། འཕགས་པའི་ཚོགས་དེ་དག་ཐམས་ཅད་ལ་མཆོད་ཡོན་དང༌། སོགས་གོང་བཞིན་བརྗོད། བཅོམ་ལྡན་འདས་མཉམ་མེད་ཤཱཀྱའི་རྒྱལ་པོ་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་བདག་ཅག་རྣམས་ལ་དགོངས་སུ་གསོལ། ཁྱེད་རྣམས་ལ་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། བསྟན་འཛིན་གྱི་སྐྱེས་བུ་རྣམས་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་པའི་དོན་ཀུན་འབད་མེད་དུ་འགྲུབ་པ་དང༌། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ནད་གདོན་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཆོས་དང་མཐུན་པའི་བསམ་པ་ཡིད་བཞིན་ཏུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཡུལ་རིས་རྒྱལ་ཁམས་ཐམས་ཅད་དུའང་ནད་མུག་འཁྲུགས་
རྩོད་ལ་སོགས་པ་སྙིགས་མའི་རྒུད་པ་མཐའ་དག་མིང་ཡང་མི་གྲགས་ཤིང་བདེ་སྐྱིད་རྫོགས་ལྡན་གྱི་དགའ་སྟོན་དུས་རྟག་ཏུ་འཕེལ་བར་མཛད་དུ་གསོལ། ཁྱད་པར་དུ་ཡང་བདག་ཅག་དཔོན་སློབ་འཁོར་དང་བཅས་པས་ཐོག་དྲངས་སེམས་ཅན་ཐམས་ཅད་གནས་སྐབས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཕུན་སུམ་ཚོགས་པའི་དཔལ་ལ་ལོངས་སྤྱོད་པ་དང༌། མཐར་ཐུག་དོན་གཉིས་ལྷུན་གྱིས་གྲུབ་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་ནི། བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པས་མ་འཚལ་བ་དང༌། ལུས་ངག་ཡིད་གསུམ་ཉོན་མོངས་པ་དང་འདྲེས་པ་དང༌། མཆོད་པའི་དངོས་པོ་ཆུང་ཞིང་དམན་པ་དང༌། གཙང་སྦྲས་མ་ཕྱེད་པ་དང༌། མདོ་ལས་བྱུང་བའི་ཆོ་ག་བཞིན་ཏུ་མ་ལྕོགས་པ་ལ་སོགས་པ་འཁྲུལ་ཞིང་ནོངས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན། ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་ཏུ་བདག་ཅག་གི་སྒྲིབ་པར་མི་འགྱུར་བར་བྱིན་གྱིས་བརླབ་ཏུ་གསོལ། གསུམ་པ་ནི། མགོན་པོ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཁྱེད་རྣམས་ཀྱིས་བདག་ཅག་དང་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་ལགས་ཀྱི་སོ་སོའི་ཞིང་ཁམས་སུ་འཁོར་དང་བཅས་པ་གཤེགས་སུ་གསོལ། སླར་ཡང་སེམས་ཅན་དོན་ལ་ཐུགས་རྗེས་འབྱོན་པར་ཞུ། སྐུ་རྟེན་སོགས་ཡོད་ན་བརྟན་བཞུགས་སྤྱི་མཐུན་བྱས་ཀྱང་ཆོག་གོ །བཞི་པ་ནི། རྒྱས་པར་རྡོ་རྗེ་རྒྱལ་མཚན་གྱི་བསྔོ་བ་བརྗོད། བསྡུ་ན། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ནས། །སྐྱེ་རྒ་ན་འཆི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །ལྔ་པ་ནི། ཕུན་སུམ་ཚོགས་པ་མངའ་བ་སོགས་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པས་ཐོག་དྲངས་ཏེ་ཤིས་བརྗོད་རྒྱས་པར་བྱ་ཞིང་དགེ་
ལེགས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །ལམ་སྲོལ་གསར་དུ་དབྱེ་བའི་ཤིང་རྟ་མཁན། །མིན་ཀྱང་ངེས་པའི་གནད་ཀྱི་སྒོ་མཐོང་ཞིང༌། །བྱིན་རླབས་ཆུ་རྒྱུན་བར་མ་ཆད་ཐོབ་པས། །མདོ་དོན་ཉམས་ལེན་སྙིང་པོའི་བཅུད་དུ་དྲིལ། །བདེ་གཤེགས་སྲས་བཅས་སྨོན་ལམ་རྒྱ་མཚོ་བཟུང༌། །བྱང་ཆུབ་སེམས་གཉིས་བསྐྱེད་པའི་སྐལ་བཟང་ལ། །སྐྱེ་དགུ་ཀུན་སྤྱོད་ཀུན་ཀྱང་རྒྱལ་བ་དང༌། །རྒྱལ་སྲས་རྣམས་ཀྱི་རྣམ་ཐར་མྱུར་རྫོགས་ཤོག །བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྫོགས་སྨིན་སྦྱོང་བ་བདེ་བླག་ཏུ་འགྲུབ་པའི་ཐབས་ཁྱད་པར་ཅན་འདི་ཉིད། རྒྱལ་སྲས་འཕགས་པ་དེ་དག་གི་བྱིན་རླབས་མཚན་མ་ཅུང་ཟད་ཐོབ་པ་རྒྱུར་བྱས་རིང་མོ་ནས་བགྱིད་འདུན་ཡིད་ལ་བརྣགས་ཀྱང་སྙོམ་ལས་སུ་གྱུར་པ་ལ། བྱང་ཆུབ་སེམས་རྣམ་པ་གཉིས་གཡར་དམ་དུ་འཆང་ཞིང་སྡེ་སྣོད་འཛིན་པ་མཁན་བླ་མ་ཀརྨ་བཀྲ་ཤིས་འོད་ཟེར་རབ་ཏུ་རྒྱས་པའི་སྡེས་ཡི་གེའི་མཐུན་རྐྱེན་མཛད་པས་མཚམས་སྦྱར་ཏེ། མང་དུ་ཐོས་ཤིང་ཕྱོགས་བྲལ་གྱི་དགེ་སྦྱོང་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ། བློ་གྲོས་མཐའ་ཡས་པའི་སྡེས་དཔལ་དེ་བཱི་ཀོ་ཊའི་དབེན་ཁྲོད་དུ་རང་ལོ་དྲུག་ཅུར་ཟིན་པ་རབ་ཚེས་ཆུ་སྤྲེལ་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་ཏུ་གྲུབ་པར་བགྱིས་པ་དགེ་ལེགས་འཕེལ།། །།
ཐུབ་པའི་དབང་པོ་དང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་བསྟོད་པ་གཟུངས་སྔགས་དང་བཅས་པ།
ཐུབ་པའི་དབང་པོ་དང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་བསྟོད་པ་གཟུངས་སྔགས་དང་བཅས་པ་བཞུགས་སོ།།
རྒྱ་གར་སྐད་དུ། བུདྡྷ་བྷ་ག་ཝཱན་ཨཥྚ་ཤ་ཏ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་སྙིང་རྗེའི་ཙནྡན་དྲི་ཞིམ་པོའི་སྤོས་ཀྱིས་བྱུགས་པའི་སྐུ། ཞབས་པདྨ་ལྷ་དང་ལྷ་མ་ཡིན་གྱི་ནོར་བུའི་ཅོད་པན་གྱིས་གཏུགས་པ། རང་བྱུང་སེལ་མཛད་བླ་མ་འཇིག་རྟེན་ཐམས་ཅད་ལ་ཕན་པར་མཛད་པ། སྟོན་པ་དེ་བཞིན་གཤེགས་པ་ཐུབ་པ་ཉེས་པ་དང་བྲལ་བ། ཞི་བའི་བདག་ཉིད་ཅན། གཟུགས་མཛེས་པ། མཚན་གསལ་བའི་གཟི་བརྗིད་ཅན། སྐུ་དཔེ་བྱད་ཀྱིས་བརྒྱན་པ། ཡོན་ཏན་ཐམས་ཅད་ཡང་དག་པར་རྫོགས་པ་ལ་ཕྱག་འཚལ་ལོ། །པདྨ་རྒྱས་པ་ལྟར་ཞལ་བཞད་དེ། ཚེམས་དཀར་ཞིང་སྙོམས་ལ་ཐགས་བཟང་བས་རབ་ཏུ་རྒྱས་ཤིང་སྣང་ལ་ནོར་བུ་དྲི་མ་མེད་པ་ལྟར་འོད་གསལ་ཞིང་མཛེས་ཏེ། སྤ་ཞིང་གསལ་བ་ཉི་མའི་འོད་ཟེར་སྟོང་འབར་བ་མང་པོའི་འོད་སྣང་བའི་དཀྱིལ་འཁོར་ཟིལ་གྱིས་གནོན་པ། ཐུབ་པའི་མཆོག་སྟོབས་བཅུ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འདུད་དོ། རབ་ཏུ་འདུད་དོ། །བསྟོད་དོ། །ཨོཾ་བྷོ་ཧཱུྃ་ཧཱུྃ་ཧཱུྃ། ཨཱ་ཨཱ། ཧཱི་ཧཱི། ཤི་བ་ཤི་བ། ཤཱནྟི་
ཤཱནྟི། ཤ་མ་ཤ་མ། ཤ་མཱ་པ་ཡ། ཏ་ཐཱ་ག་ཏཱ་ནུ་ག་ཏ། སྭ་བྷཱ་ཝ། ཨ་བྷཱ་ཝ། ས་མུཏྟཱ་ཡ། ཨ་ས་མ་བ་ལ། ཨ་བཱི་ར་ལ་བ་ལ། ཨ་མི་ཏཱ་བ་ལ། ཨ་ཏི་བ་ལ། ཧཱུྃ་གྷུཾ་གྷུཾ། དྷྲོ་དྷྲོ། བྷྲཽ་བྷྲཽ། བྷྲེ་དུ་བྷྲེ་དུ། ཧཱི་ཧཱི། བྷ་ག་བཱན། བྷ་བཱནྟ་ཀ་སུ་ར་ཏ་བྷོ་ག་མཧཱ་ཤཱནྟི་ཀ་ར། པཱ་པ་ཀིལྤི་ཥ་ནཱ་ཤ་ཀ་སྭཱ་ཧཱ། དེ་ནས་དཔེ་བྱད་མཚན་གསལ་བས། །ཡན་ལག་ཐམས་ཅད་རབ་བརྒྱན་ཅིང༌། །ཉི་མ་བཞིན་དུ་གསལ་བ་པོ། །འབར་བའི་དཀྱིལ་འཁོར་རྒྱན་མངའ་བ། །གྲགས་ཤིང་དྲི་མ་རབ་སྤངས་པ། །དྲི་མེད་སྐྱོན་བྲལ་ཆོས་ཀྱི་བློ། །ཁྱབ་བདག་ཆེན་པོ་སྟོབས་བཅུར་ལྡན། །རྡུལ་བྲལ་དཔལ་དང་ལྡན་པ་པོ། །རིན་ཆེན་ས་གཞི་ཆེན་པོ་ལ། །ཕོ་བྲང་རྩེ་མོ་རྡོ་རྗེའི་རྩེ། །རྒྱལ་བའི་སྲས་རྣམས་གནས་གྱུར་པ། །ནོར་བུ་དུ་མ་རབ་འཕྲོ་ཞིང༌། །འོད་ཟེར་དྲི་མེད་གསལ་བཀོད་པའི། །རྡོ་རྗེའི་དཀྱིལ་འཁོར་ཕོ་བྲང་ན། །ཐུབ་པའི་ལོངས་སྤྱོད་ས་གཞི་ལ། །སེང་གེའི་ཁྲི་ཆེན་ཡངས་ལ་བཞུགས། །ནོར་བུ་དབྱིག་གི་ས་གཞི་དང༌། །ཁྲི་ཆེན་རབ་སྤ་དེ་ཉིད་ལ། །དེ་བཞིན་གཤེགས་པ་དགྱེས་ཆེན་གྱིས། །ཕུན་སུམ་ཚོགས་པ་རྒྱན་བཀོད་ལྟ། །ཐུབ་པ་མེ་ཟླ་ནོར་བུའི་འོད། །ཉི་ཟེར་ནོན་པའི་འོད་ལྡན་པ། །
བདེ་བླག་ཤིན་ཏུ་བཀྲ་ཤིས་ཚུལ། །འོད་གསལ་སྐྱིལ་མོ་ཀྲུང་བཅས་ནས། །སྐུ་འོད་འབར་བའི་དཀྱིལ་འཁོར་ཅན། །འོད་གསལ་རྒྱས་པས་ཐུབ་དབང་གི། །དྲི་མེད་འོད་ཟེར་བཀྱེ་བ་ནི། །མི་གཡོ་རྡོ་རྗེ་ཅན་ཞེས་བྱ། །དཀྱིལ་འཁོར་ཆེན་པོར་བཞུགས་པ་ཡི། །རྡོ་རྗེ་ཅན་དག་རབ་འདུལ་བ། །གང་ཡིན་དེ་ཀུན་དག་བྱས་ནས། །དཀྱིལ་འཁོར་དྲི་མེད་སྐོར་བར་བྱེད། །ངན་སོང་དམ་ཚིག་དྲི་མ་ཀུན། །ལེགས་པར་ཤིན་ཏུ་དག་བྱས་ནས། སྲིད་གསུམ་དཀྱིལ་འཁོར་རྒྱ་ཆེ་ལ། །རྣམ་པ་དུ་མར་འོད་གསལ་བ། །འགྲོ་དང་མི་འགྲོ་མ་ལུས་པ། །བསྐོར་ནས་བདེ་ཆེན་རྡོ་རྗེ་ཅན། །རྡོ་རྗེ་རལ་གྲི་ཐོགས་པ་དེ། །ཅོད་པན་མ་གཡོས་ནང་དུ་ཞུགས། །དེ་ནས་འཇིགས་པའི་སྒྲ་སྐད་ཀྱིས། །འགེངས་ཤིང་མིག་ནི་གློག་ལྟར་འགྱུ། །རིག་སྔགས་ཧཱུྃ་ཞེས་སྒྲོགས་པ་པོ། །རྡོ་རྗེ་འཇིགས་བྱེད་འཇིགས་བྱེད་པ། །བཞིན་མཛེས་འཛུམ་གྱིས་རྣམ་པར་བརྒྱན། །སྡིག་མེད་མིག་རྩ་རྒོད་གྱུར་ཅིང༌། །སྟན་ལས་ལངས་ཏེ་ཕྱག་འཚལ་ནས། །ལེགས་པར་མཆོད་བྱས་སྨྲས་པ་ནི། །ཀྱེ་མ་སྐྱེ་བའི་ཕྱོགས་འཇོམས་ཤིང༌། །བསྐལ་བ་དུ་མའི་དྲི་མ་སེལ། །རིག་སྔགས་ཡོན་ཏན་སྒྲུབ་བྱེད་པ། །ཐུབ་མཆོག་རྣམས་ཀྱིས་རབ་ཏུ་གསུངས། །དེ་གཟིགས་དགེ་བ་དུ་མ་བརྙེས། །སངས་རྒྱས་བློ་གྲོས་རྒྱས་པར་གྱུར། །བྱང་ཆུབ་སེམས་དཔའ་བློ་གྲོས་ཆེ། །བསྐལ་པ་གཅིག་ཏུ་སྤྱོད་པས་ཀྱང༌། །བརྒྱུད་མར་སངས་རྒྱས་ཀུན་འབྱུང་ཞིང༌། །སྤྱོད་པ་དུ་མ་འབྱུང་བ་ཡི། །ཡོན་ཏན་བརྒྱ་ཡི་སྤོས་ལྡན་འདི། །ཐོས་པ་སྤྲོ་བར་མི་ནུས་སོ། །ལོངས་སྤྱོད་རྒྱ་མཚོ་ཆེན་པོ་ཅན། །བྱང་ཆུབ་སེམས་མཆོག་དཀྱིལ་འཁོར་དུ། །རྒྱལ་མཚན་རྣམས་ཀྱིས་དབང་བསྐུར་བའི། །ཕྱིར་མི་ལྡོག་པའི་ཆོས་ཅན་ལྡན། །འདི་ཐོས་སངས་རྒྱས་སྤྱོད་པ་ཡིས། །སེམས་ཅན་ཀུན་གྱི་སྡིག་པ་རྣམས། །མ་ལུས་རབ་ཏུ་བསལ་ནས་ནི། །བློ་ཆེན་དྲི་མ་མེད་པར་འགྱུར། །ཞི་ཞིང་དག་བྱེད་བཀྲ་ཤིས་ལ། །རྡུལ་མེད་བརྒྱན་ཏེ་ཞི་བར་བྱེད། །དགེ་ཞིང་མྱ་ངན་ཐམས་
ཅད་སེལ། །སྡུག་བསྔལ་ཐམས་ཅད་ངེས་པར་འཇོམས། །དབང་བྱེད་གསང་སྔགས་དམ་པ་སྟེ། །ས་སྟེང་སྡིག་པ་ཐམས་ཅད་སེལ། །མ་སྨད་འབྲས་བུ་ངེས་པར་སྦྱིན། །བསྟན་པ་ཡིན་ཏེ་སྡང་བ་འདུལ། །ཉེས་པ་བྱས་པ་སེལ་བ་ཡིན། །གཟུངས་འདི་གང་གིས་ཐོས་གྱུར་དེས། །སངས་རྒྱས་རྙེད་པར་དཀའ་བ་ཡང༌། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །སྒྲིབ་པ་ཐམས་ཅད་རབ་ཞི་ཞིང༌། །ཁྱབ་བདག་ཉོན་མོངས་ཀུན་སེལ་བ། །གང་ཞིག་ཉོན་མོངས་ཞི་བྱེད་པའི། །གཟུངས་འདི་འཆང་བར་བྱེད་པ་ཡིས། །ཀུན་ཏུ་བཟང་པོ་ཉིད་དང་ནི། །ལག་ན་རྡོ་རྗེ་ཉིད་ཀྱང་འཐོབ། །རིག་སྔགས་འཆང་གི་བདག་པོ་ཡང༌། །འདི་ཐོས་པས་ནི་ཐོབ་པར་འགྱུར། །འཇིག་རྟེན་ཀུན་ན་ལམ་མེ་བ། །བཅོམ་ལྡན་རྣམ་པར་སྣང་མཛད་ཀྱང༌། །དཀྱིལ་འཁོར་དམ་པ་གཏིང་མེད་པ། །འདི་ནི་ཇི་སྲིད་མ་གསན་པར། །རབ་ཞི་ཉོན་མོངས་འདུལ་བ་ཡི། །རང་བྱུང་གོ་འཕང་མ་བརྙེས་ཏེ། །རྣམ་པར་དག་ཕྱིར་གསན་གྱུར་ནས། །གསན་མ་ཐག་ཏུ་རྣམ་པར་དག །དེ་ཕྱིར་ཕུན་སུམ་ཚོགས་པ་དག །ལེགས་པར་འདོད་པས་བརྗོད་པར་བྱ། །གཞན་གྱིས་མི་ཐུབ་གཟུངས་གསན་ནས། །ཐུབ་པ་ཀུན་གྱིས་གང་བརྙེས་པ། །འཁོར་བ་འདིར་ནི་ནམ་དུ་ཡང༌། །བདུད་ཀྱི་ལས་དང་འཁྲུག་མེད་དང༌། །མྱ་ངན་མེད་ཅིང་འཐབ་མེད་པ། །གཟུངས་ལ་གནས་པས་ཐོབ་པར་འགྱུར། །གནས་ཀྱི་དམ་པ་ཐོབ་ནས་ཀྱང༌། །ཐུབ་པ་དྲི་མ་མེད་པའི་བློ། །གཟིགས་པ་བཟང་རྣམས་གར་གཤེགས་པའི། །བཟང་འགྲོ་དེར་ནི་འགྲོ་བར་འགྱུར། །ལེགས་པ་འདོད་པ་རྣམས་ཀྱིས་ནི། །ཚིག་གི་མདོ་འདི་མཉན་པར་གྱིས། །ཉོན་མོངས་ཟད་པར་བྱ་བ་ལ། །རྒྱལ་བས་གསུངས་པའི་གཟུངས་འདི་མཆོག །སྡིག་པ་བྱེད་ཅིང་དགེ་ལ་སྡང༌། །སྡིག་པའི་རང་བཞིན་རབ་འཇུངས་པ། །གང་གིས་ཐོས་ནས་དེ་སྤོང་བ། །ང་ཡིས་མངོན་སུམ་འབྱོར་བར་འགྱུར། །སྡིག་པ་གཞན་ཡང་མི་བྱ་ཞིང༌། །སྔ་མ་རྣམས་ཀྱང་བཤགས་པར་བྱ། །གཟུངས་མཆོག་
འདི་ཡི་མཐུ་སྟོབས་ཀྱིས། །སྡིག་པ་ཐམས་ཅད་འབྱང་བར་འགྱུར། །ཚེ་རབས་གཞན་ནི་སྟོང་དག་དང༌། །ཚེ་རབས་བྱེ་བ་ཕྲག་བརྒྱར་ཡང༌། སྡིག་པ་མི་དགེ་གང་བྱས་པ། །དག་འགྱུར་འདི་ལ་ཐེ་ཚོམ་མེད། །ཡར་གྱི་ངོ་ཡི་ཚེས་བརྒྱད་དང༌། །དེ་བཞིན་ཚེས་ནི་བཅོ་ལྔ་ལ། །བསྙེན་གནས་ལེགས་པར་ལྷུར་བླངས་ལ། །ཆོ་ག་བཞིན་དུ་སངས་རྒྱས་མཆོད། །དེ་ནས་རྨོངས་པ་མེད་པར་ཡང༌། །ཉོན་མོངས་དགྲ་ནི་རབ་འཇོམས་ཤིང༌། །ཤིན་ཏུ་ཐུབ་དཀའ་དཔེ་མེད་པ། །ཉེས་པ་ཟློག་པའི་གཟུངས་བརྗོད་ན། །ཐུབ་པའི་ཞལ་གྱི་ཟླ་བའི་འོད། །འབར་བ་ངེས་པར་མཐོང་བར་འགྱུར། །དེ་ནས་ཚོགས་རྣམས་རྫོགས་པ་ཡི། །རྒྱལ་བའི་སྲས་པོ་ཉིད་དུ་འགྱུར། །འོད་དཔག་མེད་ལ་མངའ་བ་ཡི། །ཡོན་ཏན་མཐའ་ཡས་རབ་བརྒྱན་པ། །བསྐལ་པ་བྱེ་བ་སྟོང་དུ་ཡང༌། །མཐའ་མི་རྟོགས་པ་ཐོབ་པར་འགྱུར། །དེ་ནས་རྡོ་རྗེ་འཛིན་གྱི་ཚིག །དཀྱིལ་འཁོར་དག་ན་གནས་རྣམས་ཀྱིས། །ཐོས་ནས་རྒྱན་རྣམས་སྣ་ཚོགས་པ། །བཅོམ་ལྡན་འདས་ལ་འབུལ་བར་བྱེད། །རྡོ་རྗེ་རལ་གྲི་ལ་སོགས་པ། ལྷ་བདག་གསལ་བ་ཐམས་ཅད་དང༌། །རི་བོ་ཏི་སི་རི་རབ་ལ། །གནས་པའི་རིག་སྔགས་འཆང་རྣམས་དང༌། །དེ་བཞིན་དཀྱིལ་འཁོར་ཆེན་པོ་ནི། །འཁོད་པའི་རིག་སྔགས་འཆང་རྣམས་དང༌། །མ་ལ་ཡ་ཡི་རི་བོ་ལ། །གནས་ཤིང་རྒྱན་འབར་ཐོགས་རྣམས་དང༌། །ཁྱབ་འཇུག་ལྷ་ཆེན་ལ་སོགས་པ། །ལྷ་ཡི་བདག་པོ་རྣམས་དང་ནི། །ལག་ན་རྡོ་རྗེ་ལ་སོགས་པ། །བྱང་ཆུབ་སེམས་དཔའ་སྟོབས་ཆེན་རྣམས། །ནོར་བུའི་དཔུང་རྒྱན་རྣ་ཆ་དང༌། །རྒྱན་རྣམས་རབ་ཏུ་གཡོ་བའི་ལུས། །རབ་ཏུ་བསྐྱོད་དེ་ལངས་ནས་ནི། །སྡིག་བྲལ་མངའ་བདག་རྒྱལ་བ་ལ། །ཕྱག་འཚལ་ཐལ་མོ་སྦྱར་བྱས་ནས། །ཀུན་གྱིས་ས་ཡི་དབང་ཕྱུག་པོ། །ཐུབ་མཆོག་དམ་པ་དེ་ལ་ནི། །མཚན་བརྒྱ་རྩ་བརྒྱད་དག་གིས་བསྟོད། །མཉམ་ཉིད་ཆོས་དེ་དེ་བཞིན་ཉིད། །ཤིན་ཏུ་རྟོགས་པ་ལམ་མེ་བ། །དུལ་བ་བརྟན་པ་དྲི་མ་སེལ། །དྲི་མ་མེད་པ་སྐྱོན་བྲལ་བ། །ཐུབ་པ་
སངས་རྒྱས་ཤིན་ཏུ་ཞི། །འཇིག་རྟེན་མགོན་པོ་སྐྱེ་དགུའི་བདག །དེ་བཞིན་གཤེགས་པ་ཉོན་མོངས་ཐུལ། །དེ་བཞིན་རྒྱལ་བ་རྡུལ་བསལ་བ། །སྟོན་པ་སྟོན་མཛད་བརྟན་པ་སྟེ། །སྡིག་པ་མེད་པ་རྡུལ་དང་བྲལ། །འཇིག་རྟེན་མགོན་པོ་སྣང་མཛད་པ། །དག་པ་ཞི་བ་ཟས་གཙང་སྲས། །ཉོན་མོངས་རབ་བཅོམ་ཕན་འདོགས་པ། །སྟོན་པ་པོ་སྟེ་དྲི་མ་སེལ། །སྤྱོད་ཚུལ་དྲི་མེད་ཚུལ་བཟང་བ། །ཟབ་པ་རྣམ་པར་གནོན་པ་བརྟན། །བཙན་པོ་ཐུགས་བརྩེ་རྣམ་པར་རྒྱལ། །མགོན་པོ་དེ་བཞིན་མགོན་མཛད་པ། །ཞི་བའི་བདག་ཉིད་ཞེ་སྡང་བྲལ། །བཅིངས་པ་ལས་གྲོལ་ངེས་པར་གྲོལ། །འཇིག་རྟེན་ཀུན་མཆོག་འཁྲ་བའི་ས། །བདག་གིར་མི་འཛིན་དྲི་མ་མེད། །ཉོན་མོངས་སེལ་བ་དཔལ་དང་ལྡན། །དཔལ་མཛད་དེ་བཞིན་ཕན་པ་མཛད། །མཉམ་པ་མེད་པ་དཔེ་མེད་པ། །ཁྱབ་བདག་ཉོན་མོངས་ལས་རྣམས་སྤོང༌། །ཁེངས་པ་མེད་པ་དམན་པ་མེད། །མཉམ་པ་དེ་བཞིན་མི་མཉམ་མཉམ། །སྣང་བ་བརྙེས་པ་སྣང་བྱེད་མེད། །འཇིག་རྟེན་སྣང་མཛད་སྡིག་མེད་པ། །སྒྲིབ་པ་ཐམས་ཅད་སྤངས་པ་སྟེ། །འཇིག་རྟེན་ཀུན་ལ་ཕན་པར་བརྩོན། །དཔའ་བོ་ཞི་བ་ཞི་མཛད་པ། །ཉོན་མོངས་དགྲ་རྣམས་ཟད་པར་མཛད། །མངའ་བདག་ཐབས་ཆེན་ཐབས་ཆེ་བ། །སེམས་ཅན་ཀུན་གྱི་འཁྲ་ས་ལགས། །དོན་ཡོད་རྙེད་དཀའ་བློ་དང་ལྡན། །རྡོ་རྗེའི་དཀྱིལ་འཁོར་ཐུབ་པར་དཀའ། །སྐྱོབ་པ་འཇིགས་སེལ་ཚངས་པ་སྟེ། །དེ་བཞིན་སངས་རྒྱས་ཆོས་འཛིན་པ། །དཔའ་བོ་ཆེན་པོ་འཇིགས་པ་མེད། །གཟུགས་བཟང་མཚན་རྣམས་གསལ་བ་སྟེ། །སུམ་ཅུ་རྩ་གཉིས་མཚན་མངའ་བ། །ཆོས་ཀྱི་ལོངས་སྤྱོད་རྒྱ་མཚོ་ལགས། །དཔེ་བྱད་བཟང་པོ་བཀོད་པ་ཡིས། །སྤྲས་པའི་བདག་ཉིད་ཡ་མཚན་སྟོན། །དཀའ་བ་མེད་པའི་སྟོན་པ་པོ། །དེ་བཞིན་དེས་པ་བདེ་སྦྱིན་པ། །མཐུ་ཅན་ཡངས་པ་རྒྱ་ཆེ་བ། །བདུད་བཞིའི་སྟོབས་རྣམས་སེལ་མཛད་པ། །བརྩོན་ཆེན་སྤྲོ་བ་ཆེ་བ་སྟེ། །དགྱེས་པ་ཆེན་པོ་
སྟོབས་པོ་ཆེ། །མཐུ་བརྙེས་བརྟན་པ་ཆེན་པོ་སྟེ། །གནས་ལྡན་དབང་གིས་དར་བ་ལགས། །གསལ་བ་གསུང་ལྡན་དཔེ་མེད་པ། །དགེ་བ་སྟོང་པ་ཉིད་ཀྱིས་རྒྱལ། །རབ་ཏུ་ཞི་བ་མུན་པ་མེད། །བློ་གྲོས་ཆེན་པོ་ཆོས་འཛིན་པ། །ཕུན་སུམ་ཚོགས་ལྡན་ས་ཆེན་བརྙེས། །འདོད་པ་རྣམས་ནི་འདུལ་མཛད་པ། །དཔལ་མཛད་དཔལ་མངའ་དཔལ་དང་ལྡན། །དཔལ་གྱི་ལོངས་སྤྱོད་ཤིན་ཏུ་རྒྱས། །བཅོམ་ལྡན་ལེགས་བསྐོས་བསྐོ་བར་མཛད། །གསུང་ལྡན་བཀྲ་ཤིས་རྒྱལ་བའི་གནས། །མཉམ་ཉིད་མཉམ་པ་ཉིད་མཁྱེན་པ། །མཉམ་པ་ཉིད་ཀྱི་མཚན་དཔག་མེད། །རབ་ཏུ་དགྱེས་ལ་ལོངས་སྤྱོད་གསལ། །གཞི་བཅས་སེམས་པ་མཉམ་པ་ལགས། །བློ་དག་བློ་ལྡན་དྲི་མ་སྤངས། །གནས་ཆེན་བརྟན་པར་ལྡན་པ་སྟེ། །རྒྱས་པར་ལོངས་སྤྱོད་དྲི་མ་མེད། །ཐུབ་པ་ཐུགས་རྗེའི་རྒྱན་མངའ་བ། །སྐལ་བ་བཟང་པོ་འཇིགས་པའི་སྐྱབས། །དེ་བཞིན་འཇིགས་མེད་ཉོན་མོངས་སེལ། །དྲི་མེད་སྐྱོན་བྲལ་ལོངས་སྤྱོད་ཅན། །སྣ་ཚོགས་འོད་ལྡན་དཀྱིལ་འཁོར་མཛེས། །སྐུ་བཟང་དགེ་བའི་རིམ་པ་མཆོག །ཐུགས་རྗེའི་འོད་ལྡན་འོད་བཟང་བ། །མི་གནས་ལོངས་སྤྱོད་དམ་པ་ལགས། །ཆོས་ཀྱི་རྒྱུ་སྟེ་ཡོན་ཏན་གནས། །རྗེད་འོས་མཆོག་གནས་ལོངས་སྤྱོད་ཆེ། །ནམ་མཁའ་མཚན་ཏེ་རྣམ་དག་བློ། །རིན་ཆེན་གཟུགས་འདྲ་བཀྲ་ཤིས་པ། །ཁྱུ་མཆོག་ཆེ་སྤྱན་བ་རྫི་མ། །རྒྱལ་བ་སྐྱོན་བསལ་ཤེས་རབ་ཅན། །ཤེས་རབ་ཐབས་དང་ལྡན་པ་སྟེ། །འཇིག་རྟེན་མི་དགེ་ཀུན་ལས་འདས། །དག་པར་ལོངས་སྤྱོད་བརྟན་པ་ཅན། །ས་དང་སྟོབས་དང་ཡེ་ཤེས་བཟོད། །ཕ་རོལ་ཕྱིན་པ་ཀུན་ལ་མངའ། །ཏིང་འཛིན་མཉམ་པར་ལོངས་སྤྱོད་པ། །རྣམ་ཐར་སྒོ་ལ་མངོན་སུམ་པ། །གཏོང་བ་སངས་རྒྱས་ཀུན་དང་མཉམ། །ཆོས་ཆེན་བདེ་བར་འཆར་བ་ལགས། །ཐམས་ཅད་མཁྱེན་པའི་ཡུལ་ལས་འདས། །སྤྱོད་ཡུལ་སྒྲིབ་པ་མི་མངའ་བ། །བྱང་ཆུབ་སེམས་དཔའི་དབང་པོ་རྒྱལ། །དམ་པའི་དོན་ཏེ་ཚུལ་ཆེ་བ། །ཤེས་བྱའི་ཡུལ་རྣམས་མཐའ་དག་ལ། །སྒྲིབ་པ་མེད་པར་འཆར་བ་བརྙེས། །རིགས་ཆེན་
མཐུན་པར་སྐྱེས་པ་སྟེ། །དེ་བཞིན་གཤེགས་པའི་དགེ་བའི་གནས། །ཁྱད་པར་བརྙེས་པ་མཉམ་ཉིད་བརྙེས། །མི་མཉམ་སངས་རྒྱས་ཀུན་དང་མཉམ། །དོན་ཆེན་ཤིན་ཏུ་མཐར་ཕྱིན་པ། །ཉོན་མོངས་བྲལ་བ་ཐུབ་པར་དཀའ། །དགེ་སྦྱོང་སྡིག་པ་སྦྱོང་མཛད་པ། །གནོད་པ་མེད་པར་བདེ་བར་འབྱིན། །བློ་རྒྱ་ཆེ་བ་ཐམས་ཅད་མཁྱེན། །ཐོས་པའི་མཚོན་ཆ་མ་ལུས་གསན། །དཀོན་པ་བདེ་བ་ཐོབ་འགྱུར་བ། །མཉམ་པ་ཁྱད་པར་ཡུལ་དང་ལྡན། །འཇིག་རྟེན་ཐམས་ཅད་དར་མཛད་མགོན། །ཞི་གནས་མཚོན་ཆ་ཐུབ་པར་དཀའ། །བསམ་གྱིས་མི་ཁྱབ་བསམ་ཡས་ཡུལ། །དཔེ་མེད་པ་སྟེ་དཔེར་བྱ་བ། །འོད་བཟང་རབ་དགྱེས་དཔལ་དང་ལྡན། །ལེགས་གསུང་བློ་ཡི་སྟོབས་ཀྱིས་འབྱུང༌། །མཁས་པ་ཞལ་བཟང་བདེ་སྦྱིན་པ། །རབ་དགྱེས་འདས་པའི་སྤྱོད་ཡུལ་ཅན། །གསུང་བ་ཆེན་པོ་ཡེ་ཤེས་ཆེ། །གནས་ཆེན་བཀྲ་ཤིས་ཆེན་པོ་སྟེ། །མཆོད་པར་གྱུར་པ་ཡུལ་ལས་འདས། །བྱ་བའི་མཚན་ཉིད་མེད་པ་པོ། །སངས་རྒྱས་ཡུལ་དུ་སྐྱེས་པ་སྟེ། །ཤེས་བྱའི་སྤྱོད་ཡུལ་རྒྱ་ཆེ་བ། །ཀུན་མཁྱེན་ལོངས་སྤྱོད་འབྲས་བུ་ཅན། །འཇིག་རྟེན་དབང་འདས་སྤྱོད་ཡུལ་བ། །ཀུན་མཁྱེན་ཡུལ་གྱི་སྣང་བ་སྟེ། །ཐབས་མངའ་ཕུན་སུམ་ཚོགས་ལྡན་པ། །རྫུ་འཕྲུལ་རོལ་པའི་ཐབས་དང་ལྡན། །ཆོས་ཀྱི་གར་ཐབས་སྟོན་པ་པོ། །རབ་སྟོན་ཡོན་ཏན་སྒྱུར་མཛད་པ། །སྤྱོད་པ་མ་ལུས་འདུལ་བར་མཛད། །ཡོངས་སུ་རྫོགས་པ་རྣམ་པར་དག །སངས་རྒྱས་སྤྱོད་ཡུལ་རྣམ་སངས་རྒྱས། །བགེགས་བྱེད་མ་ལེགས་བྱེད་པ་བཅོམ། །བདུད་ཀྱི་དྲེགས་པ་སེལ་བར་མཛད། །གཡུལ་ངོར་རྣམ་པར་རྒྱལ་བ་བརྙེས། །དཔའ་བོ་ཆེན་པོ་ཕམ་མེད་སྟོབས། །ཐེག་པ་ཆེན་པོའི་ཤིང་རྟ་བཅིབས། །བློ་ཆེན་བརྒལ་བར་དཀའ་བ་ཡི། །ཉོན་མོངས་རྒྱ་མཚོའི་ཕ་རོལ་གཤེགས། །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་མཆོག་ལ་ལོངས་སྤྱོད་པ། །ཉན་ཐོས་འདས་པའི་སྤྱོད་ཡུལ་ཅན། །རང་རྒྱལ་ལས་ཀྱང་འདས་པ་སྟེ། །སངས་རྒྱས་ས་ཡི་འབྲས་བུར་གནས། །
གོང་ནས་གོང་དུ་ཁྱད་པར་མཁྱེན། །ཁྱོད་ནི་ནམ་མཁའི་གནས་ན་བཞུགས། །བདེ་འབྱུང་ས་དང་ཞིང་རྣམས་ཀྱི། །མཚོ་ཆེན་དག་ལ་ལོངས་པར་སྤྱོད། །སངས་རྒྱས་དབང་པོ་རྒྱས་པ་ལ། །མཚན་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །དེ་ལ་ལྷ་སོགས་ཚོགས་རྣམས་ཀྱིས། །ཕྱག་བྱས་མགོ་སྨད་ཕྱོགས་གཅིག་འཁོད། །དེ་ནས་དཀྱིལ་འཁོར་ཆེན་པོ་ན། །གནས་པ་མ་ལུས་ཆེམ་མེར་འཁོད། །ཐོད་དུ་རྡོ་རྗེའི་ཐོད་འཆིང་བ། །ལངས་ནས་ཅོད་པན་རབ་ཏུ་གཡོས། །དཀྱིལ་འཁོར་མཐོན་པོ་ཐམས་ཅད་དུ། །སྐད་བེར་ཆེན་པོས་ཡོངས་བཀང་ནས། །ནོར་བུའི་རྒྱན་ནི་རྣམ་གཡོ་ཞིང༌། །ཧ་ཧ་གྲགས་པའི་སྒྲ་སྒྲོགས་ཏེ། །ཀྱེ་མ་སངས་རྒྱས་ཡོན་ཏན་ཆེ། །བསྐལ་པ་གྲངས་མེད་གསུམ་བསགས་པ། །བྱང་ཆུབ་སེམས་སོགས་མཆོག་རྣམས་ཀྱིས། །མཚན་བརྒྱ་རྩ་བརྒྱད་ལེགས་པར་བརྗོད། །ཀྱེ་མ་རྙེད་དང་བདེ་འབྱུང་བ། །མཚན་བརྒྱ་རྩ་བརྒྱད་ཐོས་ནས་ཀྱང༌། །གང་ཞིག་ཀློག་ཅིང་རྒྱལ་ལ་བསྟོད། །འབྲས་བུ་ཆེན་པོ་འགྲུབ་པར་འགྱུར། །མཚན་བརྒྱ་རྩ་བརྒྱད་སྔགས་བཅས་པ། །བཅོམ་ལྡན་འདས་དྲུང་བརྗོད་ན་ནི། །སྒྲིབ་དང་ཀུན་ནས་ཉོན་མོངས་དང༌། །སྡིག་པ་ཐམས་ཅད་དག་པ་འཐོབ། །མཚན་བརྒྱ་རྩ་བརྒྱད་མཆོག་བཏོན་ན། །སྒྲིབ་པ་ཀུན་ལས་ངེས་གྲོལ་ཞིང༌། །ཉོན་མོངས་མཐའ་དག་རྣམ་པར་སྤོང༌། །ཤེས་རབ་ཆེན་པོ་ཉིད་དུ་འགྱུར། །དེ་ནི་ལོངས་སྤྱོད་ཆེན་པོ་དང༌། །བདེ་བ་ལས་ཀྱང་ཉམས་མི་འགྱུར། །དེ་ནི་ཚེ་རབས་ཐམས་ཅད་དུ། །བློ་ལྡན་ཚེ་རབས་དྲན་པར་འགྱུར། །དེ་ནས་རྡོ་རྗེའི་ཐོད་འཆིང་བ། །ཡོན་ཏན་མཐའ་ཡས་སྲས་དེ་ལ། །བཅོམ་ལྡན་བདུད་ལས་རྒྱལ་བ་ཡིས། །མངོན་སུམ་གཟིགས་ནས་བཀའ་སྩལ་པ། །རྒྱལ་བའི་ས་འདི་ཞི་བ་སྟེ། །ང་རྒྱལ་ལ་སོགས་ཉོན་མོངས་འཇོམས། །འཇིག་རྟེན་བདེ་བ་ཀུན་ལས་འདས། །དེ་བཞིན་གཤེགས་བདེ་མངོན་དུ་ཕྱོགས། །གཞན་གྱིས་མི་ཚུགས་གཟུངས་དང་ནི། །མཚན་བརྒྱ་རྩ་བརྒྱད་ཉན་བྱེད་པ། །དེ་དག་རྣམ་དག་བདག་ཉིད་དེ། །སེམས་ཅན་ཀུན་ལ་
བདེ་འདོད་པ། །ལན་ཅིག་ཐོས་པ་ཙམ་གྱིས་ཀྱང༌། །དེ་དག་ས་ཆེན་འབྲས་བུར་གནས། །རིང་པོར་མི་ཐོགས་དགའ་འགྱུར་ན། །འཆང་སོགས་ལྟ་ལ་ཅི་ཞིག་སྨྲོས། །དེ་ཕྱིར་རྟག་ཏུ་རབ་བསྒྲིམས་ལ། །གཏན་དུ་བདེ་བ་འདོད་པ་ཡིས། །ཡོན་ཏན་རྒྱ་མཚོ་ལྡན་པའི་གཟུངས། །མཉན་པར་བྱ་ཞིང་བཅང་བར་བྱ། །གང་ཞིག་ནངས་པར་ལངས་ནས་བརྗོད། །བདག་ཉིད་ཀྱིས་ཀྱང་བཏོན་ན་ནི། །དེ་ཡི་དོན་ཀུན་འགྲུབ་འགྱུར་ལ། །གནོད་པ་དང་ཡང་ཕྲད་མི་འགྱུར། །འདི་ནི་ཡོན་ཏན་ཀུན་གྱི་སྣོད། །དགེ་བ་ཕུན་སུམ་ཚོགས་སྦྱིན་པ། །ཀུན་མཁྱེན་བླ་མེད་འབྲས་བུའི་མཆོག །བདེ་འབྱུང་ཐོབ་པར་བྱེད་པ་ཡིན། །འབྲས་བུ་འབྱོར་པ་ཅི་ཡང་རུང༌། །ཐོབ་པར་མི་འགྱུར་དོགས་པ་མེད། །ཀུན་མཁྱེན་གོ་འཕང་ཐོབ་གྱུར་ནས། །དཔེ་མེད་གནས་སུ་འགྲོ་བར་འགྱུར། །དེ་ནི་དགེ་ཞིང་འབྲས་བུར་ལྡན། །སངས་རྒྱས་ས་ཡི་འབྲས་བུ་སྦྱིན། །ཡིད་དུ་འོང་ཞིང་ཡོན་ཏན་ལྡན། །སྙིང་རྗེ་དྲི་མ་མེད་སྦྱིན་པ། །འདི་ནི་མཉམ་པ་ཉིད་ཀྱི་མདོ། །འཇིག་རྟེན་ཀུན་ནས་དགའ་བ་སྟེ། །འཇིག་རྟེན་ཀུན་གྱི་བདེ་བ་འབྱུང༌། །འདི་དང་འདྲ་བ་གང་ཡང་མེད། །སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཕྱོགས་བཅུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མ་ལུས་པར་ཁྱབ་ཅིང་མཆོག་ཏུ་རྨད་དུ་བྱུང་བ་རྣམ་པར་དག་པའི་བློ་མངའ་བ་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པའི་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། ཡོན་ཏན་དྲི་མ་མེད་པའི་ཚོགས་ཀྱི་འོད་ཟེར་གྱིས་བརྒྱན་པའི་སྐུ། ཞབས་རྟེན་གྱི་པདྨ་ལ་ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། ཀླུ་དང༌། རིག་སྔགས་འཆང་རྣམས་ཀྱི་ཐོར་ཚུགས་
དང་ཅོད་པན་གྱི་རྩེ་མོས་གཏུགས་པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ངན་སོང་གི་འགྲོ་བ་སྣ་ཚོགས་རྣམ་པར་འཇོམས་པ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བྷོ་མ་ཧཱ་མ་ཎི་རུ་ཙི་ར་ཀ་ལཱ་པ། བི་ཙི་ཏྲ། མུཀྟ་དཱ་མ། ཨ་ལཾ་ཀྲཾ་ཏ་ཤ་རཱི་ར། པ་ར་མ་སཏྭ་མོ་ཙ་ཀ ཏ་ཐཱ་ག་ཏ་མཧཱ་དྷརྨཱ། ཀོ་ཥ་དྷ་ར། པྲ་པ་ར་དྷརྨཱ། ལབྡྷ། བི་ཛ་ཡ། སུ་ར་ཏ། སཾ་བྷོ་ག་ཨུ་པ་དེ་ཤ་ཀ ཀླེ་ཤ་ག་ར། པྲ་ཤ་མ་ཀ ཤཱུ་ནྱ་ཏཱ་སྭ་བྷཱ་བ། ཨ་ནུ་སྭ་རི། མ་ཧཱ་བོ་དྷི་སཏྭ་པ་ར། བ་ར་ཏ། བ་ར་ཎ་ད་ད། ཨོཾ་མ་ཧཱ་པཱ་ཤ་པྲ་ས་ར། ཨ་ས་མ་ས་མ། ཨ་ནནྟ་ས་མ། ས་མནྟ་བྷ་དྲ། ས་མནྟ་སནྡྷ་ར། ས་མནྟ་ཨཱ་ཀ་ར། ས་མནྟ་པྲ་ས་ར། ས་ར་ས་ར། ཧེ་ཧེ། མཛྙུ་ར་བ། མ་ཧཱ་བཛྲ་མ་ཧཱ་ཁཌྒ། ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། བི་ར་ཛ་བི་ར་ཛ། ཀརྨ་ཨ་བ་ག་མ་ཀ ཀུ་རུ་ཀུ་རུ། དྷུ་རུ་དྷུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། དྷ་དྷ་དྷ་དྷ། དྷུ་དྷུ་དྷུ་དྷུ། མ་ཧཱ་མ་ཧཱ་མ་ཧཱ་མ་ཧཱ། མོ་ཧ་ཡ་མོ་ཧ་ཡ། བྷོ་བྷོ། བྷཱི་མ་བྷཱི་མ། ནཱ་ད་ནཱ་ད། ས་ར་ས་ར། མ་ཧཱ་བོ་དྷི་ས་ཏྭ། མོ་ཙ་ཡ། མ་མ་ནཱ་ཐ་མ་ནུ་སྲྀ་ཏ། ཨ་པཱ་ཡ་དུཿཁཾ། སུ་ཁཾ། མ་ཧཱ་ཀཱ་རུ་ཎི་ཀཱ། ཨ་ནཱ་ཐོ་ཧཾ། དུཿཁི་ཏོ་ཧཾ། ས་ར་ཛོ་ཧཾ། ཨུ་པ་དྲུ་ཏོ་ཧཾ། ཨ་བི་བིཀྟོ་ཧཾ། ཀུ་སིདྷོ་ཧཾ། མཱ་ར་ན་དྷརྨོ་ཧཾ། ཏྭ་ན་བྷ་ག་བཱཾ། དུཿཁི་ཏཱ་ནཱཾ། སུ་ཁཾ་ད་དཱ། ཨ་ནཱ་ཐཱ་ནཱཾ། ས་ནཱ་ཐ་ཀ་ར། ས་ར་ཛ་སཱཾ། བི་ར་ཛ་སྐ་ར། ཨུ་པ་དྲུ་ཧཱ་ནཱཾ། སྭ་ར་ཨུ་པ་དྲ་བ་པྲ་ཤ་མ་ཀ ཨ་བི་བི་ཀ་ཏཱ་ནཱཾ། ཀུ་ཤ་ལ་སཾ་བྷ་ར། པ་རི་པཱུ་ར་ཡི་ཏཱ། ཀུ་སི་དྷཱ་ནཱཾ། མཧཱ་བིརྻ་དྷ་ཏཱ། མཱ་ར་ཎ། དྷརྨི་ཎ། མ་མ་ཏི། པ་དཱ་དཱ་ཏཱ། མ་མ་བི་བྷ་ག་ཝཱན། ནཱ་ཐོ་བྷ་བ། ཤ་ར་ཎཾ། པ་རཱ་ཡ་ཎཾ། ཏྲཏཱ། སརྦ་དུཿཁཱ་ནི། མེ་པྲ་ཤ་མ་ཡ། སརྦ་ཀླེ་ཤ་ར་ཛཱིཾ་སི་མི། ཨ་བ་ན་ཡ། སརྦ་སཾ་སཱ་ར་ཨུ་པ་དྲ་བ། དུཿཁཱ་ནི་མེ་ནཱ་ཤ་ཡ། སརྦ་ཀུ་ཤ་ལ་དྷརྨ་པ་རི་པཱུ་རམྨེ། ཀུ་རུ། སརྦ་ཀརྨ། ཨཱ་བ་ར་ཎ། ཀླེ་ཤ་པ་ར་ཏ་མེ་བི་ཀི་ར། མ་ཧཱ་བོ་དྷི་སཏྭ་སི་བི་དྷི། བཱིརྻ་པཱ་ར་མི་ཏཱ། ཡོ་གམྨེ། སནྣི་ཡོ་ཛ་ཡ། ཨ་ར་ཎ་དྷརྨཱ། བི་རཱ་ག་བི་ར་ཛ། སཉྫ་ཧ། པྲ་ཛ་ཧ། དྷ་རི་ཎི། ས་མ། ཁ་ས་མ།
ཛ་ལ་ནི་དྷི་ས་མ། མེ་རུ་ས་མ། མ་ཧཱ་བོ་དྷི་སཏྭ་པ་ར་ད་སྭཱ་ཧཱ། རིག་སྔགས་དོན་ཀུན་སྒྲུབ་པ་འདི། །འཇམ་པའི་དབྱངས་ཀྱིས་བཤད་པ་ན། །དེ་མ་ཐག་ཏུ་སེམས་ཅན་རྣམས། །སྐྱེ་དང་རྒ་བ་ཟད་པར་གྱུར། །ངན་འགྲོ་ཐམས་ཅད་ཞི་གྱུར་ནས། །བདུད་ཀྱི་སྡེ་རྣམས་རབ་ཏུ་འདར། །ལྷ་རྣམས་ཐམས་ཅད་རབ་ཏུ་དགའ། །ལོག་འདྲེན་རྣམས་ནི་སྐྲག་པར་གྱུར། །སྡིག་པ་ཞི་བར་བྱེད་པ་ཡི། །གཟུངས་འདི་བཤད་པའི་མོད་ལ་ཡང༌། །གྲངས་མེད་ཕྲག་ནི་དུང་ཕྱུར་སྙེད། །འཁོར་བའི་བཙོན་རྭ་དག་ནས་ཐར། །འཇམ་དཔལ་གཞོན་ནུར་གྱུར་པ་ཡིས། །འཇམ་པའི་དབྱངས་ནི་རབ་བསྒྲགས་ཤིང༌། །གང་ཚེ་རིགས་སྔགས་བཤད་པ་ན། །བྲག་དང་ནགས་དང་ཚལ་དུ་བཅས། །རྒྱུ་བ་དང་ནི་མི་རྒྱུ་བའི། །ས་གཞི་དེ་ཡི་ཚེ་ན་གཡོས། །སངས་རྒྱས་འོད་ཀྱི་སྣང་བ་ཡིས། །ས་ཡི་སྟེང་ཡང་ཁྱབ་པར་གྱུར། །བགེགས་དང་ལོག་འདྲེན་ཐམས་ཅད་དང༌། །སྲིན་པོ་མི་བཟད་གཟུགས་ཅན་རྣམས། །སྟོབས་བཅུ་ལྡན་ལ་ཕྱག་འཚལ་ཞེས། །སྐད་ཕྱུང་ཚིག་ནི་མཐུན་པར་སྨྲས། །ལྷ་རྣམས་ཞི་བའི་ཆ་ལུགས་ཅན། །ཐམས་ཅད་ཡིད་ནི་དགའ་གྱུར་ནས། །གང་ན་རྡོ་རྗེ་རལ་གྲི་ཆེ། །དེ་ཡི་དྲུང་ལྷགས་སྨྲས་པ་ནི། །ཕྱག་འཚལ་མཆོག་སྦྱིན་རྡོ་རྗེའི་མཆོག །འཇམ་པའི་དབྱངས་ནི་སྟོབས་ཆེན་ལ། །ཤུགས་སྟོང་ལྡན་པ་རྒྱལ་བ་ཅན། །བགེགས་ཀྱི་ཡུལ་འཁོར་རབ་འཇོམས་པ། །སྔགས་འཆང་གསང་སྔགས་ཆེན་པོ་འཆང༌། །སྣ་ཚོགས་གཟུགས་ཅན་མི་ཡི་བདག །ཤིན་ཏུ་སྟོབས་ལྡན་གཟུགས་མཛེས་འཇིགས། །དྲག་པོ་དྲག་པོ་རབ་འཇོམས་པ། །གཟི་བརྗིད་གཟི་བརྗིད་མངའ་བའི་དཔལ། །དཔལ་ལྡན་མཉམ་པ་མེད་པའི་དཔེ། །རྡོ་རྗེ་ཅན་ཏེ་སྙིང་སྦྱོང་བ། །མི་ཤེས་པ་ཡི་རབ་རིབ་སེལ། །སྒེག་པའི་ཆ་ལུགས་མཆོག་མངའ་བ། །སྐྱེ་དགུའི་བདག་པོ་སྒེག་པར་དགྱེས། །གཞུ་སྟོབས་ཅན་ལ་ཕྱག་རིང་བ། །ཉོན་མོངས་དགྲ་རྣམས་སེལ་བར་མཛད། །མཛེས་པ་ན་བཟའ་སྣ་ཚོགས་གསོལ། །མེ་ཏོག་ཕྲེང་རྒྱན་སྣ་
ཚོགས་ཅན། །སྤྱན་བཟང་དབུ་ནི་མཛེས་པ་སྟེ། །དགྱེས་ཤིང་ན་བཟའ་མཛེས་པར་གསོལ། །འཇམ་པའི་དབྱངས་དེ་རབ་ཏུ་བཞད། །དཀར་ནག་འབྱེད་པའི་སྤྱན་མངའ་བ། །ཧ་ཧའི་སྒྲ་ནི་གྲགས་པར་བསྒྲགས། །རབ་ཏུ་དང་བས་བསྟན་པ་དགའ། །རྒྱ་ཆེན་གསེར་གྱི་མདོག་དང་ལྡན། །རྒྱ་མཚོའི་སྙིང་པོའི་སྤྱོད་ཡུལ་ཅན། །ཚུལ་མཁྱེན་ཚུལ་ལྡན་འཇིགས་པ་སྟེ། །སྡང་བའི་སྙིང་ནི་འཇིགས་པར་མཛད། །ཆ་ལུགས་སྔོ་ལ་ས་སྐྱོང་བ། །ལྷ་ཡི་བདག་པོ་དགའ་བར་མཛད། །འདོད་པའི་ལྷ་སྟེ་འདོད་སེལ་བསྟན། །རྒྱལ་པོའི་འཇིག་རྟེན་ས་འཛིན་པ། །བརྟན་པོ་རྣམས་ལ་བརྟན་པར་གྲགས། །ཡོན་ཏན་དག་གིས་ཕྱོགས་སུ་བཞད། །བཏུད་པ་ཡིས་བཏུད་ཕྱག་བགྱིས་པ། །རྟག་ཏུ་མཆོད་ཅིང་རྗེད་པ་ལགས། །སྟོབས་པོ་ཆེ་ལ་ཤུགས་ཆེ་བ། །ཕྱག་རིང་གཡུལ་ཆེན་མངའ་བ་པོ། །སྒེག་ཆེན་རྡོ་རྗེ་དམ་པ་སྟེ། །འཛེམ་ཤེས་རབ་བསྲུང་ངོ་ཚ་ཤེས། །དཀྱིལ་འཁོར་ཆེན་པོའི་སྙིང་པོའི་མཆོག །དཀྱིལ་འཁོར་ཆེན་པོ་སྟོན་པ་པོ། །དཀྱིལ་འཁོར་ཆེན་པོར་གྲགས་པ་སྟེ། །དཀྱིལ་འཁོར་ཆེན་པོ་མཛད་པ་ལགས། །དཀྱིལ་འཁོར་སློབ་དཔོན་དཀྱིལ་འཁོར་ཅན། །ཞབས་ལ་རྗེད་པའི་ཚོགས་དང་ལྡན། །ཧ་ཧ་སྭཱ་ཧཱའི་བདག་ཆེ་བ། །མཆོད་པ་ཆེན་པོ་ས་དང་མཉམ། །ཧཱུྃ་གིས་འཇིགས་མཛད་འཇིགས་པ་སྟེ། །འཇིགས་པའི་འོད་ཀྱིས་གསལ་བ་པོ། །ལྷ་དང་ལྷ་མིན་རྣམས་ཀྱིས་བཏུད། །དེ་བཞིན་མཆོད་ཅིང་རི་མོར་བགྱིད། །ཞབས་འབྲིང་གད་རྒྱངས་ཆེན་པོ་ཅན། །རླུང་དྲག་མུན་པ་སེལ་མཛད་པ། །འཇིག་རྟེན་གསུམ་དུ་སྙན་པར་གྲགས། །གནོད་སྦྱིན་སྲིན་པོས་བསྙེན་བཀུར་བ། །དྲག་པོ་དཀར་མཛད་བདེ་འབྱུང་བ། །མངའ་བདག་གཙུག་གི་ནོར་བུ་ཅན། །འཛུམ་ཞིང་སྒེག་པར་ཀུན་ཏུ་སྟོན། །སྤྱོད་པ་ས་ལྟར་བརྟེན་པ་ལགས། །ནོར་བུའི་དཀྱིལ་འཁོར་འོད་མཛེས་པ། །ཉི་མ་གསལ་བ་ལམ་མེ་བ། །ཉི་མའི་འོད་འདྲ་འཇའ་ཁུགས་བཞིན། །ཐ་ལེར་ཞུགས་ཤིང་རྒྱ་ཆེར་བཞད། །མཐོང་ན་དགའ་ཞིང་དགའ་བར་མཛད། །ནོར་སྦྱིན་དེ་བཞིན་གསང་སྔགས་
སྦྱིན། །དབང་ཕྱུག་སྦྱིན་ཞིང་རྒྱལ་སྲིད་སྦྱིན། །གཟུགས་སྦྱིན་དེ་བཞིན་སྟོབས་སྦྱིན་པ། །དཔལ་ལྡན་དཔལ་མཛད་བགེགས་གནོན་རི། །ཀུན་ཏུ་རྨོངས་པ་སེལ་བར་མཛད། །འདུས་པའི་ནང་དུ་གདན་གཤེགས་པ། །ཞབས་ལ་མཆོད་པའི་ཚོགས་བསགས་པ། །དཔུང་རྒྱན་སྙན་ཆ་གདུབ་ཀོར་ཅན། །ནོར་བུའི་རྒྱན་གྱིས་བརྒྱན་པ་སྟེ། །རྒྱུ་དང་མི་རྒྱུ་འགྲོ་བའི་སྒྲོན། །རབ་རིབ་སེལ་བར་མཛད་པ་པོ། །སྟོན་པ་སྟོན་མཛད་སྐྱོང་མཛད་པ། །དབང་པོ་མངའ་བདག་དམག་གི་མཆོག །འཇིགས་པ་སེལ་བར་མཛད་པ་སྟེ། །འཇིགས་པ་མེད་པའི་གནས་སྦྱིན་པ། །དཀར་བ་སྔོ་བ་འོད་བཟང་བ། །མགྲིན་སྔོན་གྱི་ནི་སྟོན་པ་ལགས། །ཇི་ལྟར་འདུལ་བ་འདུལ་འགྱུར་བ། །དེ་བཞིན་ཆ་ལུགས་རབ་ཏུ་སྟོན། །ཤེས་རབ་རལ་གྲིས་འདེབས་པར་མཛད། །སྟོང་ཉིད་ཆོས་ནི་ལྷུར་འཛིན་པ། །བྱམས་པ་མཆོག་དང་ཐ་མ་མཁྱེན། །རྣམ་པར་གྲགས་པ་གསན་པ་ངེས། །རིག་སྔགས་འཆང་བ་རྣམས་ཀྱིས་བསྟོད། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །ཤིན་ཏུ་རྣམ་རྒྱལ་འཁོར་ལོས་སྒྱུར། །འཇིགས་མེད་བློ་གྲོས་ཤེས་རབ་ཅན། །དེ་བཞིན་གཤེགས་པ་ཆོས་འཛིན་པ། །མགུར་བཟངས་འདུལ་མཛད་ཞི་བ་སྟེ། །ཞི་བའི་ལམ་ནི་སྟོན་མཛད་པ། །ལྷ་དང་ལྷ་མིན་བཅས་པས་བཀུར། །སེམས་ཅན་ཐམས་ཅད་འཇིགས་མེད་མཛད། །སེམས་ཅན་ཀུན་ལ་རབ་སྟོན་པ། །བརྟན་པ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་རྣམས་ཀྱི་བློ་ལ་མཁས། །སྲེད་མེད་བུ་སྟེ་དྲག་ཤུལ་སྟོབས། །མེ་ཡི་འོད་དང་འདྲ་བ་སྟེ། །བྱིས་པ་སྐུ་མཆོག་མཆོག་སྦྱིན་པ། །རྩེད་མོ་རོལ་མོ་སྟོན་པར་མཛད། །ཕྱག་རྒྱ་མཛད་ཅིང་གསང་སྔགས་མཛད། །བདག་གིར་མི་འཛིན་རྡུལ་མེད་བརྟན། །མཁའ་འདྲ་དཔེ་མེད་སྨྲ་མཁས་པ། །བདུད་དཔུང་ངེས་པར་འཇོམས་པ་པོ། །མི་མཆོག་བརྩོན་པ་བསྐྱོད་དུ་མེད། །དེ་བཞིན་ཐུབ་མེད་རྣམ་པར་རྒྱལ། །བརྟན་པོ་སངས་རྒྱས་དེ་བཞིན་གཤེགས། །མྱ་ངན་མེད་ཅིང་གནས་པ་མེད། །འཇོམས་མེད་
ཚིག་བཟང་ཆ་ལུགས་བཟང༌། །དཔའ་བོ་དགྲ་རྣམས་རབ་འཇོམས་པ། །ཚན་ཆེན་ངེས་འཇོམས་རྣལ་འབྱོར་པ། །འདོད་པ་གནོད་པ་ཁྱབ་པར་གཤེགས། །མགོན་པོ་རྒྱལ་བའི་སྲས་ཀྱི་མཆོག །གཤིན་རྗེ་ཕམ་མཛད་སྐྱེ་དགུ་བསྲུང༌། །ལས་དང་ཉོན་མོངས་རབ་བསྲེག་པ། །སྟོན་མཛད་ཉོན་མོངས་སེལ་བ་ལགས། །ལེགས་པ་ཁྱོད་ཀྱི་མཆོག་གི་མཚན། །བརྒྱ་རྩ་བརྒྱད་པ་རབ་གསལ་ཞིང༌། །དད་པ་སྐྱེད་པར་བྱེད་པ་འདི། །ལྷ་མཆོག་རྣམས་ཀྱིས་རབ་ཏུ་བཤད། །བགེགས་ཆེན་དང་ནི་ལོག་འདྲེན་དང༌། །གནོད་སྦྱིན་ལྷ་མིན་སྲིན་པོ་དང༌། །མདངས་འཕྲོག་གཏུམ་པོ་རྒོད་རྣམས་ཀྱིས། །དེ་རིང་ལེགས་པར་བསྟོད་པར་གྱུར། །འཇམ་དཔལ་རྡོ་རྗེ་མཆོག་གིས་རབ། །བསྒྱིངས་པས་བལྟས་པའང་བདེ་བར་གྱུར། །དེ་དག་ཀུན་ལ་བལྟས་ནས་ཀྱང༌། །འདི་སྐད་དུ་ནི་ཚིག་སྨྲས་པ། །ཁྱེད་ཀུན་རྟག་ཏུ་བགེགས་མེད་ཅིང༌། །ངེས་ལེགས་ཐར་པ་ཐོབ་གྱུར་ལ། །འཇིགས་མེད་བཀྲ་ཡང་ཤིས་པར་ཤོག །ང་ལ་འཇིགས་པར་མ་སེམས་ཤིག །དེ་ནས་རབ་ཏུ་ཆེར་བཞད་ཅིང༌། །འབྲུག་ཆེན་སྒྲ་ནི་སྒྲོགས་པ་ཡི། །དེ་བཞིན་གཤེགས་པ་ཞལ་གསལ་བས། །ཤར་ཕྱོགས་གཟིགས་ནས་བཀའ་སྩལ་པ། །ཀྱེ་མ་གསང་སྔགས་མཆོག་གི་ཡུལ། །སེམས་ཅན་གཏི་མུག་བསལ་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསོད་ནམས་ཚོགས། །ཤིན་ཏུ་རྒྱས་པ་བྱུང་བར་གྱུར། །ཀྱེ་མ་བསོད་ནམས་ཆེར་བྱས་པའི། །སེམས་ཅན་རྣམས་ནི་རབ་སྦྱང་ཕྱིར། །དམ་པ་སྦྱིན་པའི་གྲུབ་པའི་གཟུངས། །འཇམ་པའི་ཀློག་གིས་རབ་ཏུ་བཤད། །ལ་ལ་གང་ཞིག་མཉམ་བཞག་ནས། །སྡུག་བསྔལ་ཐམས་ཅད་སེལ་བ་ཡིས། །གྲུབ་པའི་གཟུངས་འདི་འདོན་པའམ། །ཡང་ན་ཉན་ཏམ་སེམས་ཀྱང་རུང༌། །དེ་ཡི་དོན་ཀུན་འགྲུབ་འགྱུར་ཞིང༌། །སྡུག་བསྔལ་ཀུན་ལས་ཐར་བར་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་ཡིས་ངེས་པར་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་ས་ཆེན་ཡང༌། །རིང་པོར་མི་ཐོགས་དེ་ཡིས་འཐོབ། །བྱང་ཆུབ་སེམས་
དཔའ་རྣམས་ཀྱི་ས། །རབ་དགའ་ཤིན་ཏུ་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་དེ་བཞིན་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །ས་ཆེན་དམ་པ་དེ་དག་ཀྱང༌། །གང་ཞིག་ངེས་གནས་འདོད་པ་ཡི། །སེམས་ཅན་ཆེན་པོས་མི་ཐོགས་པར། །ཚེ་ཟད་ནས་ནི་ཐོབ་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་དང༌། །སེམས་ཅན་ཀུན་ལ་སྡུག་པ་དང༌། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །རིག་སྔགས་འཆང་ཀུན་བསྐྱེད་པ་དང༌། །སྡིག་པ་ཐམས་ཅད་ཞི་བྱེད་ཅིང༌། །བཀྲ་ཤིས་མཆོག་ཏུ་དགེ་བ་ཡི། །མིང་བརྒྱ་རྩ་བརྒྱད་ཡིད་འོང་འདི། །སོར་མོ་བཅུ་ཡི་ཐལ་སྦྱར་ནས། །འཇམ་པའི་དབྱངས་ཀྱི་མདུན་འདུག་ལ། །ཤིན་ཏུ་དང་བའི་སེམས་ཀྱིས་སུ། །ནངས་པར་ལངས་ནས་སུ་བརྗོད་པ། །དེ་ལ་རིག་སྔགས་འཆང་ཀུན་དང༌། །དེ་བཞིན་ལྷ་ཡི་བདག་པོ་རྣམས། །གནོད་སྦྱིན་སྲིན་པོ་མང་པོ་དག །རྟག་ཏུ་ཡང་ནི་སྲུང་བར་བྱེད། །དེ་བཞིན་གཤེགས་པའི་སྲས་ཀུན་དང༌། །དེ་བཞིན་གཤེགས་པ་ཉིད་རྣམས་དང༌། །དེ་བཞིན་རྡོ་རྗེའི་མཚོན་འཆང་རྣམས། །དེ་ལ་ངེས་པར་སྲུང་བར་བྱེད། །དེ་ནི་སངས་རྒྱས་སྐུར་བཞུགས་ཤིང༌། །མཉམ་པར་གཞག་པར་སྣང་བར་འགྱུར། །གནོད་སྦྱིན་ལྷ་ཡི་བདག་པོ་རྣམས། །བགེགས་དང་ལོག་འདྲེན་ཆེན་པོ་དག །དགའ་ཞིང་བསམ་པ་དམ་པ་ཡིས། །རྒྱང་མ་དག་ནས་ཕྱག་ཀྱང་འཚལ། །དེ་ཕྱིར་བགེགས་རྣམས་དགའ་གྱུར་པས། །འཚེ་བར་བྱེད་ཀྱང་མི་ནུས་སོ། །ལན་ཅིག་བཀླགས་ན་ཚངས་ཆེན་དང༌། །བསོད་ནམས་མཉམ་པ་ཐོབ་པར་འགྱུར། །ཤེས་རབ་ཆེན་པོ་གང་ཞིག་གིས། །ཉིན་རེ་མཚན་མཆོག་བརྗོད་བྱས་ན། །དྲི་མ་མེད་ཅིང་རབ་དག་ལ། །རབ་ཏུ་འོད་གསལ་སྒྲ་སྙན་དང༌། །སེམས་ཅན་ཐམས་ཅད་དགའ་བ་ཡི། །ཡིད་དུ་འོང་བའི་གནས་ཀྱང་འཐོབ། །མཚུངས་པ་མེད་ཅིང་སྟོབས་བསྐྱེད་ལམ་མཆོག་འགྲོ་བ་དང༌། །འོད་གསལ་དམ་ཚིག་ཅན་གྱི་ལྷ་རྣམས་ཀྱིས་བསྟོད་
ཅིང༌། །ཡིད་འཕྲོག་ལྷ་དང་ལྷ་མིན་ཚོགས་ཏེ་འདུན་པ་ཡི། །གཟུངས་འདི་རྒྱལ་བ་རྣམས་ཀྱིས་ལེགས་པར་གསུངས་པ་ཡིན། །འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་ར་ཨཥྚིཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །ན་མཿསརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ས་མནྟ་ཨ་མོ་གྷ། ཨ་པྲ་ཏི་ཧ་ཏ། ཤཱ་ས་ནཱ་ནཱཾ། ན་མ་ཨཱརྻ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། མ་ཧཱ་བོ་དྷི་སཏྭཱ་ཡ། བཛྲ་སཏྭཱ་ཡ། བཛྲ་བི་པུ་ལཱ་ཡ། པདྨ་སཾ་བྷ་བཱ་ཡ། པདྨ་ཡོ་ན་ཡེ། ཏདྱ་ཐཱ། ཨོཾ་ཧྲཱིཿཀ་ར་ཤྲཱི་ཀ་ར། པྲ་བྷཱ་ཀ་ར། བཛྲ་སཏྭ། བཛྲ་སཾ་བྷ་བ། པདྨ་སཾ་བྷ་བ། པདྨ་སཱ་ག་ར། པདྨ་གོ་ཙ་ར། བ་ར་ད་མ་ཧཱ་ཀཱ་རུ་ཎི་ཀ ཀཱ་རུ་ཎ་སཾ་བྷ་བ། ཧཱུྃ་ཧཱུྃ། དྷ་ར་དྷ་ར། ད་ར་ད་ར། བ་ར་བ་ར། མ་ཧཱ་ཀཱ་རུ་ཎི་ཀ་མ་ཧཱ་ཤུདྡྷ་སཏྭ་སྭཱ་ཧཱ། དེ་ནས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་གི་མགོ་བོ་ལ་བྱུགས་ནས་བཀའ་སྩལ་པ། ཡོན་ཏན་རིན་པོ་ཆེའི་ཕུང་པོ་ཆེན་པོ་ཁྱེད་ཀྱིས་གཟུངས་སྔགས་འདི་བཤད་པས་སེམས་ཅན་རྣམས་ལ་སངས་རྒྱས་འབྱུང་བའི་ཆོས་བསྟན་པ་ལེགས་སོ་ལེགས་སོ། །འདི་ནི་ཐོས་པ་ཙམ་གྱིས་ཀྱང་སེམས་ཅན་རྣམས་ཤིན་ཏུ་རྣམ་པར་དག་པར་བྱེད་པའོ། །གང་ལ་ལ་ཉན་པ་དང༌། འཆང་བ་དང༌། ཀློག་པ་དང༌། ཀུན་ཆུབ་པར་བྱེད་པ་དེས་ནི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དང༌། དག་པའི་མཆོག་ཀྱང་ཐོབ་པར་འགྱུར་རོ། །དེ་ནས་ལྷའི་དབང་པོ་དབང་ཕྱུག་ཆེན་པོ་དཔག་ཚད་འབུམ་ཕྲག་དུ་མར་ཁྱབ་ཅིང་འཇིག་རྟེན་གསུམ་པོ་ཀུན་ཏུ་རྒྱས་གོ་
ལྟ་སྟེ། འཁོར་དང་བཅས་པ་དང༌། རྡོ་རྗེའི་དཀྱིལ་འཁོར་དུ་འདུས་པའི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མགོ་བོ་བཏུད་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་སའི་དབང་ཕྱུག་དཔའ་བོ་རྣམ་པར་རྩེ་བ་ཞེས་བྱ་བའི་མཚན་བརྒྱ་རྩ་བརྒྱད་པས་མངོན་པར་བསྟོད་པ། ས་ཡི་དབང་ཕྱུག་རྡོ་རྗེའི་དཀྱིལ་འཁོར་པ། །སྲིད་གསུམ་མ་ལུས་ཡོན་ཏན་ཆེན་པོའི་བདག །དྲི་མེད་སྐྱོན་བྲལ་གསལ་བའི་དཀྱིལ་འཁོར་ཅན། །སྙིང་རྗེས་ཁྱབ་པའི་དཀྱིལ་འཁོར་རྒྱ་ཆེ་བ། །རབ་དགའ་རབ་དགྱེས་རབ་ཏུ་སྟོན་པ་པོ། །སྐལ་བ་བཟང་པོ་རྣམ་ཐར་ཞི་བའི་མཆོག །ཤིན་ཏུ་རྣམ་དག་ཡོན་ཏན་ཆེན་པོའི་བདག །རྣམ་དག་དུ་མར་གྲགས་པའི་མེ་ཏོག་ཐོད། །རབ་མཆོག་སྲིད་གསུམ་དག་གི་མིག་གཅིག་པ། །མཆོག་སྦྱིན་འགྲོ་བ་ཀུན་གྱི་འབྱོར་པ་མཛེས། །དཔག་མེད་པས་ཀྱང་དཔག་མེད་བསྐལ་པར་འབྱུང༌། །སྐྱབས་དང་ཡིད་འཕྲོག་དག་ཅིང་གསལ་བར་མཛད། །ནོར་བུའི་ཐོད་ཅན་རྡོ་རྗེ་ལས་བྱུང་བ། །སྲིད་གསུམ་གཅིག་པུ་དཔའ་བོ་པདྨའི་སྤྱན། །ཐོས་པའི་རྒྱ་མཚོ་སེམས་ཅན་ཀུན་བས་དཔའ། །འགྲོ་བ་ཐམས་ཅད་རྣམ་པར་གྲོལ་མཛད་མཆོག །སྙན་ཆ་མགུལ་ཞིང་པདྨ་དག་པ་བསྣམས། །དབང་ཕྱུག་བདེ་གཤེགས་བཞུགས་པའི་ཐོར་ཚུགས་ཅན། །ཚུལ་བཟང་ཡོན་ཏན་རྒྱན་དུ་འཚམས་པའི་གཟུགས། །འཇིགས་པའི་རླུང་ཆེན་འཚུབ་པའི་མཚོན་ཆ་ཅན། །དགེ་བའི་རྒྱུ་སྟེ་དམ་པ་སྩོལ་བའི་རྒྱུ། །ཚུལ་གྱིས་ལོངས་སྤྱོད་བདེ་ཆེན་མཆོག་གི་རྒྱུ། །དཀྱིལ་འཁོར་མཆོག་གི་སྤྱོད་ཡུལ་རྒྱུ་གཅིག་པ། །སྲིད་གསུམ་སྒྲོལ་བའི་ཟོམ་པ་གཅིག་པུ་ལགས། །དཀྱིལ་འཁོར་མཆོག་གི་རྒྱན་ཏེ་སྡིག་མེད་པ། །གསེར་མདོག་འོད་རྒྱན་རྟེན་དུ་གྱུར་པ་སྟེ། །མཉམ་པ་ཉིད་ཀྱིས་མི་མཉམ་མཚུངས་པར་འགྱུར། །ས་བརྙེས་འོད་ཟེར་རྒྱས་པ་རྒྱན་ཕྲེང་མངའ། །ཆེན་པོའི་ཆེ་བ་ཐོགས་པ་མེད་པ་སྟེ། །སྔ་མ་མུན་པ་ཀུན་བསལ་ཉོན་མོངས་མེད། །དགེ་
བ་དག་པ་སྤྱོད་ཡུལ་རྣམ་པར་དག །ཚུལ་གྱིས་དཀྱིལ་འཁོར་ཡངས་ཤིང་རྣམ་པར་དག །སྲིད་གསུམ་དབང་ཕྱུག་པདྨ་ལས་བྱུང་བ། །སྲིད་གསུམ་བདེ་ཅན་ཡངས་པའི་དབང་ཕྱུག་སྟེ། །དབང་ཕྱུག་མི་གཡོ་རྣལ་འབྱོར་མཁས་པ་པོ། །དེ་བཞིན་གཤེགས་པ་ཆེན་པོ་རབ་མཆོག་ཡངས། །ནོར་བུའི་རྒྱན་གྱི་རྡོ་རྗེ་རྒྱན་དུ་ཐོགས། །པདྨས་བརྒྱན་པ་ལྷུན་པོ་ལས་བྱུང་བ། །དགེ་སྣོད་ཡོན་ཏན་ཆེན་པོའི་སྣོད་གཅིག་པ། །བདེ་ལ་ལོངས་སྤྱོད་རྣམ་འདྲེན་ཆེན་པོའི་བདག །སྨོན་ལམ་རྒྱ་ཆེན་རྒྱ་མཚོ་ལྡན་པ་སྟེ། །འགྲོ་བ་སྲིད་པར་ལྷུང་བ་གྲོལ་མཛད་པ། །ས་དང་མཉམ་པ་ཐམས་ཅད་གཟིགས་པར་མཛད། །སྐལ་བཟང་བསྐལ་པ་སྟོང་གི་སྣང་བ་པོ། །རྡོ་རྗེ་མཆོག་གིས་སྒེག་པའི་དཀྱིལ་འཁོར་ཅན། །ཡོན་ཏན་རྣམ་གྲངས་ཁྱད་པར་དཀྱིལ་འཁོར་བ། །དགེ་བའི་མཚན་ཉིད་དཔའ་བོའི་རྩལ་མངའ་བ། །དེ་བཞིན་ཉིད་ཆོས་རོ་མཁྱེན་སྤྱོད་ཡུལ་ཅན། །ཅོད་པན་ཐིག་ལེ་དམར་པོའི་དཀྱིལ་འཁོར་ལྡན། །ལྷ་ཆེན་བརྒྱ་མངའ་སུམ་ཅུ་གསུམ་བདག་དབང༌། །ལྷ་དང་ལྷ་མིན་དབང་བྱས་རྣམས་ཀྱིས་བཏུད། །བརྩོན་འགྲུས་བརྒྱ་དང་ལྡན་ཞིང་རྩལ་སྟོང་མངའ། །བསོད་ནམས་བརྒྱ་མངའ་མཚོན་ཆ་བརྒྱ་འཆང་བ། །པདྨ་བརྒྱ་པ་པདྨ་ཉིད་ལས་བྱུང༌། །དཀྱིལ་འཁོར་བརྒྱ་ཡི་དབུས་ན་མཛེས་པ་སྟེ། །ཆོས་བརྒྱ་ལྡན་པ་མཆོག་སྟོང་སྟོན་པ་པོ། །སངས་རྒྱས་སྟོང་ཕྲག་མང་པོས་ཡོངས་བསྟོད་པ། །བསྐལ་པ་རབ་འབྱམས་མང་པོ་མཁས་པ་སྟེ། །དཀྱིལ་འཁོར་མང་པོ་དག་ན་དཔའ་བའི་སྐུ། །འཇིག་རྟེན་འདས་པའི་མཐུ་མངའ་སྟོན་པ་པོ། །རྒྱ་ཆེན་དྲི་མེད་དཀྱིལ་འཁོར་དབུས་ན་བཞུགས། །རབ་དགའ་བསྒྱིངས་པ་འཐོར་མཛད་མེ་ཏོག་ཐོད། །ན་བཟའ་དར་དཀར་ལ་མནབས་འོད་མཛད་པ། །ཐུགས་ཀྱི་དཀྱིལ་འཁོར་ཐུགས་རྗེས་བརྒྱན་པ་ནས། །ཆ་ཕྲར་གསེར་མཛད་མཐའ་ཡས་ཟད་མི་ཤེས། །དཔའ་བོ་ཉི་མའི་འོད་ཟེར་བརྒྱ་མངའ་བ། །ནོར་བུའི་དཀྱིལ་འཁོར་ཟླ་འདྲ་འོད་གསལ་ཞིང༌། །ཉི་མས་ཁ་ཕྱེ་པདྨ་མཆོག་བསྣམས་པ། །མེ་ཏོག་མཚོན་ཆ་
ཐོགས་པའི་ལྷ་ཞེས་གྲགས། །གཙུག་ཕུད་གསུམ་པ་ཚངས་སྲས་སྐྱེ་དགུའི་བདག །བཙུན་རིགས་མཆོག་སྟེ་རིགས་ཆེན་ནང་དུ་སྐྱེས། །རང་གི་རིགས་གསལ་དབང་ཆེན་དཀྱིལ་འཁོར་པ། །པདྨ་བཟང་བའི་རིགས་མཆོག་ཐིག་ལེས་མཚན། །སྤྱན་བཟང་དགེ་བའི་ལྷ་རྣམས་རྟེན་གྱུར་པ། །གསང་སྔགས་མང་པོ་འཛིན་པའི་དབང་ཕྱུག་པོ། །ཚོགས་ཆེན་མདུན་ན་འདུས་པའི་མངའ་བདག་ལགས། །སྤྱན་གསུམ་དག་གིས་དཀྱིལ་འཁོར་མཛེས་གྱུར་པ། །ཀ་ལ་པིང་ཀའི་སྐད་ཀྱིས་སྡང་བ་འདུལ། །མདའ་དང་རུ་གཞུ་སྟོབས་ཆེན་མཚོན་ཆ་བསྣམས། །སྟོབས་ཀྱི་ལྷ་སྟེ་སྟོབས་དང་བརྩོན་པས་འདུལ། །རྒྱན་རྣམས་སྣ་ཚོགས་ལེགས་པར་སྤྲས་པ་སྟེ། །རྒྱལ་བ་རིག་སྔགས་འཆང་བ་མང་པོས་བསྟོད། །ཚོགས་མཆོད་དགའ་བྱེད་རྣམས་ཀྱིས་རབ་བསྟོད་པ། །ཆུ་སྲིན་འཛིན་ཁྲིའི་འཇིགས་ལས་རབ་གྲོལ་མཛད། །གཟུགས་མང་མངའ་ཞིང་བདེ་སྐྱིད་རབ་སྦྱིན་པ། །ལྷ་ཡུལ་འགྲོ་བའི་ཁྱད་པར་དཀྱིལ་འཁོར་ཅན། །མཚུངས་མེད་པས་ཀྱང་མཚུངས་མེད་མཐུ་རྩལ་མངའ། །སྟབས་གཤེགས་ཡོན་ཏན་ཆེ་མཆོག་འོད་ཟེར་ལྡན། །འཇིག་རྟེན་ནང་ན་མཁས་པ་སྤྱན་རས་གཟིགས། །ས་གཞིའི་དཀྱིལ་འཁོར་དབུས་ཀྱི་དཀྱིལ་འཁོར་ཅན། །འོད་ཟེར་མང་པོ་སྟོང་ཕྲག་ཟད་མི་ཤེས། །ཉོན་མོངས་རྡུལ་རྣམས་ཐམས་ཅད་སེལ་མཛད་པ། །མཐའ་དང་བྲལ་བ་ཀུན་ཏུ་གཟིགས་པ་སྟེ། །རབ་ཞི་ཀུན་ལས་འཕགས་པའི་སྤྱོད་ཡུལ་ཅན། །དོན་དང་ཚུལ་ལ་སེམས་ཅན་གཅིག་དཔའ་བ། །ཐེག་པ་བཟང་པོ་འཛིན་པའི་ཉི་མ་ལགས། །དུལ་དང་སྦྱིན་དང་ཚུལ་ལ་དད་པ་བརྙེས། །སྐྱེ་དགུ་རྣམས་ཀྱི་དྲི་མ་མ་ལུས་བཅོམ། །བློ་གྲོས་བཟང་པོ་རབ་དགྱེས་སྟོན་པ་པོ། །བདེ་ལྡན་གོས་བརྒྱན་ཡང་བ་སྣ་ཚོགས་ཅན། །བཅོམ་ལྡན་འབྱུང་བ་འཇིགས་པ་མེད་པར་མཛད། །རྟག་ཏུ་དགེ་བ་ཀུན་མཆོག་སྦྱིན་པ་པོ། །རྒྱལ་བས་གསུངས་པའི་རྣམ་ཐར་བརྙེས་པའི་བློ། །བདེ་བ་ལོངས་སྤྱོད་ཆེར་འགྱུར་དྲི་མ་མེད། །ཞལ་གྱི་དཀྱིལ་འཁོར་རྒྱས་
ཤིང་དྲི་མེད་པ། །མི་དང་སྲེད་མེད་བརྒྱ་བྱིན་ལག་པའི་མཆོག །འཇིག་རྟེན་མང་པོ་གཟིགས་པའི་དབང་ཕྱུག་པོ། །སྟོབས་དང་རིགས་དང་མཐུ་སྟོབས་ཆེ་བ་ལགས། །སངས་རྒྱས་མཚུངས་ཤིང་ཆོས་མཆོག་རིན་ཆེན་མཚུངས། །དགེ་འདུན་མཚུངས་ཤིང་ཆགས་བྲལ་ཐུབ་པར་དཀའ། །ཁྱད་པར་གསུམ་འཕགས་རིན་ཆེན་མཆོག་ཆེན་མཚུངས། །ཁྱབ་བདག་ཉོན་མོངས་རྣམ་གསུམ་རྡུལ་བསལ་བ། །རྡོ་རྗེ་སེམས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །པདྨ་དྲི་མེད་ཕྱག་གི་དབུས་བསྣམས་པ། །ཐོར་ཚུགས་ཅན་ལ་གཟུགས་ལྡན་ཅོད་པན་ཐོགས། །སྤྱི་བོ་འོད་དཔག་མེད་རྒྱས་ཁྱོད་ཕྱག་འཚལ། །དེ་ནས་བཅོམ་ལྡན་རང་བྱུང་མུན་སེལ་བ། །རྔ་ཆེན་སྒྲ་ལྟར་བརྟན་པས་བཀའ་སྩལ་པ། །མཆོག་ཆེན་རྡོ་རྗེ་གླུ་ལ་བསྟོད་པ་ཡི། །མིང་བརྒྱ་རྩ་བརྒྱད་སྐྱོན་སེལ་ལེགས་པ་མངའ། །ཇི་སྟེ་ལ་ལ་རྟག་ཏུ་དགེ་མཆོག་འདོད། །སྤྱན་རས་གཟིགས་དབང་ལ་ནི་སྟོད་བྱེད་པ། །དེས་ནི་རིང་པོར་མི་ཐོགས་ཡོན་ཏན་གྱི། །ལོངས་སྤྱོད་མཆོག་ཆེན་ཆོས་ནི་ཐོབ་པར་འགྱུར། །མི་ནི་གང་ཞིག་རྟག་ཏུ་འདིས་བསྟོད་ལ། །སྤྱན་རས་གཟིགས་དབང་དམ་པ་སྦྱིན་པར་བྱེད། །སྡིག་པ་རྣམས་ཀྱང་དེ་ལ་འབྱུང་མི་འགྱུར། །འདོད་པ་གང་ཡིན་བདེ་བླག་དེ་ཡིས་འཐོབ། །དེ་ནི་སྡིག་པའི་དྲི་མས་མི་གོས་ཏེ། །ལམ་སྲང་བཟང་པོར་དམིགས་ཏེ་འགྲོ་བར་འགྱུར། །སྲིད་གསུམ་སྐྱབས་འོས་གཅིག་པུ་པདྨ་སྐྱེས། །དེ་འདྲར་ཆོས་ཀྱི་མཆོག་ལ་སྤྱོད་པར་འགྱུར། །དེ་ལྟར་མིང་གི་ཁྱད་པར་གྲུབ་འདོད་ཅིང༌། །གང་ཞིག་རྟག་ཏུ་བདེ་བ་འདོད་པ་ཡིས། །འགྲོ་ཀུན་སྐྱེ་དགུའི་བདག་པོ་སྤྱན་རས་གཟིགས། །པདྨ་ལས་བྱུང་རྟག་ཏུ་བསྟོད་པར་གྱིས། །བཅོམ་ལྡན་འདས་བླ་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་བཛྲ་པཱ་ཎི་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་ལག་ན་
རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེས་རང་གི་སྙིང་པོ་སྨྲས་པ། ཨོཾ་བཛྲ་ཙཎྜ་སརྦ་དུཥྚན་ཏ་ཀ ཧ་ན་ད་ཧ། པ་ཙ་ཧཱུྃ་ཕཊ། དེ་ནས་གཟུངས་སྔགས་འདི་བཤད་མ་ཐག་ཏུ་ས་ཆེན་པོ་གཡོས་པར་གྱུར་ཏེ། བགེགས་དང་ལོག་འདྲེན་ཐམས་ཅད་ཀྱང་སྐྲག་ནས་ཉམ་ཐག་པའི་སྐད་ཕྱུང་ངོ༌། །དཀྱིལ་འཁོར་ཆེན་པོར་འདུས་པ་ཐམས་ཅད་ཀྱང་ཧ་ཧ་ཞེས་འཛེར་ཏོ། །ལྷ་ལ་སོགས་པ་རིགས་སྔགས་འཆང་ཆེན་པོ་རྣམས་ཀྱིས་ཀྱང་རྒྱན་གྱི་ཆར་ཆེན་པོ་ཕབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་ཞལ་འཛུམ་བཞིན་ཏུ་རྡོ་རྗེ་འཆང་ལ་གཟིགས་ནས་བཀའ་སྩལ་པ། སྡང་བ་སེལ་བ་འཁོར་འདི་དག་ཧ་ཅང་སྐྲག་པར་མ་བྱེད་ཅིག རྡོ་རྗེ་འཆང་གིས་གསོལ་པ། བཅོམ་ལྡན་འདས་བདག་གི་གཟུངས་འདི་ནི་མཆོག་ཏུ་གསང་བ་ལགས་སོ། །རིག་སྔགས་ཐམས་ཅད་ཀྱི་མཆོག་དང༌། བགེགས་ཐམས་ཅད་ཟློག་པ་དང༌། སྡང་བ་ཐམས་ཅད་སེལ་བ་དང༌། དམ་པ་སྩོལ་བ་དང༌། འབྱོར་པ་སྩོལ་བ་དང༌། སྡང་བ་རྣམས་དགའ་བར་བགྱིད་པ་དང༌། ཐོས་ན་དོན་མཆིས་པ་དང༌། བརྗོད་ན་དོན་མཆིས་པ་དང༌། བསྙེན་བཀུར་བགྱིས་ན་དོན་མཆིས་པ་དང༌། སྟོབས་སྐྱེད་པ་དང༌། གཟུགས་བཟང་བར་བགྱིད་པ་དང༌། སྤོབས་པ་སྐྱེད་པ་དང༌། དབང་ཕྱུག་ཐོབ་པར་བགྱིད་པ་དང༌། ནོར་དང་ལྡན་པར་བགྱིད་པ་དང༌། དབང་བགྱིད་པ་དང༌། སྡང་བ་འཇོམས་པ་དང༌། སྡང་བ་འཇིག་པར་བགྱིད་པ་དང༌། དུག་སེལ་བ་དང༌། རྒྱལ་བར་བགྱིད་པ་དང༌། དགའ་བར་བགྱིད་པ་དང༌། མཆོག་ཏུ་དགའ་བར་བགྱིད་པ་དང༌། དང་བར་བགྱིད་པ་དང༌། ང་རྒྱལ་འཇོམས་པ་དང༌། ཕ་རོལ་ཕམ་པར་བགྱིད་པ་དང༌། སྡིག་པ་ཞི་བར་བགྱིད་པ་དང༌། ནོངས་པ་བགྱིས་པ་སྦྱོང་བ་དང༌། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཞི་བར་བགྱིད་པ་དང༌། མཚམས་མ་མཆིས་པ་ཟློག་པ་དང༌། རྨི་ལམ་
ངན་པ་ཞི་བར་བགྱིད་པ་དང༌། བཀྲ་མི་ཤིས་པ་ཞི་བར་བགྱིད་པ་དང༌། དཔལ་སྐྱེད་པ་དང༌། སྐལ་བ་བཟང་པོར་བགྱིད་པ་དང༌། སེམས་ཅན་ཐམས་ཅད་དགའ་བར་བགྱིད་པ་དང༌། གཞན་ལ་དབང་བགྱིད་པ་དང༌། ཅི་འཚལ་བ་སྩོལ་བ་དང༌། ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིད་པ་དང༌། ཆར་ཆེས་པ་དང༌། ཆར་མི་འབབ་པ་དང༌། དུས་ཀྱི་གནོད་པ་རབ་ཏུ་ཞི་བར་བགྱིད་པ་ལགས་ཏེ། གཡུལ་ཆེན་པོ་དང༌། མི་ནད་ཆེན་པོ་དང༌། རྩོད་པ་ཆེན་པོ་དང༌། མི་མ་ལགས་པ་ལ་སོགས་པ་འཇིགས་པ་དང༌། སྡང་བ་དང༌། རོ་ལངས་ཀྱི་སྦྱོར་བ་ཆེན་པོ་དང༌། སྐྲོད་པ་དང༌། སྲོག་འཇིག་པའི་ཚེ་དང༌། འཇིགས་པ་ཆེན་པོ་བྱུང་བ་ན་ནངས་པར་ལངས་ནས་ལུས་ཁྲུས་བགྱིས་ལ། གོས་དཀར་པོ་འཚལ་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་གདོང་དུ་ལྟ་ཞིང་ལན་བདུན་བརྗོད་ན། བརྗོད་པ་ཙམ་གྱིས་འཇིགས་པ་ཐམས་ཅད་ལས་ཐར་པར་འགྱུར་ཞིང་གྲུབ་པ་ཆེན་པོ་ཡང་ཐོབ་པར་འགྱུར་ལ། ཐམས་ཅད་དུ་ཡང་རྒྱལ་བར་འགྱུར་ཏེ། སེམས་ཅན་རྣམས་ལ་སྲུང་བ་དང༌། སྐྱོབ་པ་དང༌། སྦེད་པ་ནི་གཟུངས་ཆེན་མོ་འདི་ལས་ལྷག་པ་མ་མཆིས་སོ། །དེ་ནས་འཁོར་ཐམས་ཅད་ངོ་མཚར་དུ་གྱུར་ནས་རྡོ་རྗེ་འཆང་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་འཇིགས་པ་དགྱེས་པ་ཆེ། །རྡོ་རྗེ་སྙིང་པོ་སྟོབས་པོ་ཆེ། །རྡོ་རྗེ་འཁྲུགས་པ་ཞགས་པ་ཆེ། །རྡོ་རྗེ་ཆེན་པོ་སྟོབས་པོ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་མཛད། །རྡོ་རྗེ་ཧཱུྃ་གི་ཧཱུྃ་ལགས་ཏེ། །རྡོ་རྗེ་ས་འོག་འཇིགས་པ་པོ། །ཆགས་པའི་རྡོ་རྗེ་ཆགས་པ་ཆེ། །ཆགས་པའི་ཞགས་པ་མགྱོགས་པ་ཆེ། །ཕྱག་དམར་ཕྱག་ནི་རིང་བ་སྟེ། །སྤྱན་དམར་སྤྱན་དང་ལྡན་པ་ལགས། །རྡོ་རྗེ་མཐོན་ཀ་མཐོན་ཀ་ཆེ། །མཐོན་མཐིང་དབུ་སྐྲས་བརྒྱན་པ་ལགས། །རལ་གྲི་སྔོན་པོར་རལ་གྲི་ཆེ། །དཀྱིལ་འཁོར་
སྔོན་པོའི་དཀྱིལ་འཁོར་ཅན། །མཐོན་ཀའི་སྤྱན་ཏེ་དབུ་སྔོ་བ། །འོད་ཆེན་མཐོན་ཀའི་འོད་དང་ལྡན། །རྡོ་རྗེ་སྔོན་པོ་སྟོབས་མི་མཚུངས། །རྡོ་རྗེ་སྤྲོ་བའི་སྟོབས་པོ་ཆེ། །ཁྲོ་བོའི་རྡོ་རྗེ་ཁྲོ་བོ་ཆེ། །སེལ་མཛད་ཁྲོ་བོའི་རྒྱགས་པ་སེལ། །ཁྲོས་པའི་སྤྱན་ནི་རབ་ཏུ་བསྟོད། །ཁྲོ་བོ་བགེགས་རིགས་སེལ་བར་མཛད། །གཞུ་བསྣམས་ཞགས་པ་བསྣམས་པ་སྟེ། །རྡོ་རྗེའི་མདངས་ནི་ངེས་པར་འགུམས། །དབྱུག་ཐོགས་རྡོ་རྗེའི་རལ་གྲི་བསྣམས། །རྡོ་རྗེའི་ཞགས་པས་རབ་ཏུ་འཇོམས། །རྡོ་རྗེའི་འཁོར་ལོ་འཁོར་ལོ་ཆེ། །འཇིགས་པའི་སྒྲ་སྒྲོགས་རབ་ཏུ་ཁྲོ། །སྣ་ཚོགས་སྐུ་སྟེ་ཐིག་ལེས་བྲིས། །གཟི་བརྗིད་སྐྱེད་པ་གྲགས་མཛད་པ། །བཟོད་པར་དཀའ་བ་རེག་མི་བཟོད། །སྡིག་དང་བགེགས་རྣམས་གཅོད་མཛད་པ། །དྲག་པོ་ཆེན་པོ་རྡོ་རྗེ་ཁྲོ། །སྒྱེལ་བྱེད་དྲག་པོ་སྒྱེལ་བར་མཛད། །གཏིང་དཔག་དཀའ་བ་རིང་དུ་གཤེགས། །རིན་ཆེན་རྒྱ་མཚོ་རབ་ཏུ་དགའ། །རྒྱ་མཚོ་ལྷུན་པོའི་དཔུང་དང་ལྡན། །དམ་པའི་ཏི་སེ་ལྷུན་པོའི་རྩེ། །གད་རྒྱངས་ཆེན་པོས་བཞད་པ་པོ། །སྤྱོད་ཡུལ་བསྐལ་པ་གྲངས་མེད་གསུམ། །རིག་སྔགས་འཆང་མཆོག་རྡོ་རྗེ་ཅན། །རིག་སྔགས་འཆང་ཆེན་མངའ་བདག་ལགས། །ན་བཟའ་ལྕང་ལོ་རྩ་དམར་གསོལ། །མཐོན་ཀ་ན་བཟའ་མཐོན་ལ་དགྱེས། །སྲིན་པོ་སྲུང་པོ་དྲག་པོ་སྟེ། །མེ་ཏོག་ཕྲེང་བའི་རྒྱན་ལ་དགྱེས། །ཉི་མ་ཆེན་པོ་ཉི་མའི་འོད། །འོད་ཟེར་བརྒྱ་ཕྲག་རབ་ཏུ་འགྱེད། །གྲོལ་མཛད་མགོན་པོ་སྟོད་པ་པོ། །རབ་མཆོག་རབ་མཆོག་རྣམས་ཀྱིས་མཆོད། །མགྲིན་ཆེན་མགྲིན་པའི་མདོག་སྔོ་བ། །མགུལ་བཟང་ཞལ་བཟང་དམ་པ་ལགས། །ཅོད་པན་ཆེན་པོ་རྡོ་རྗེའི་འོད། །ཕུན་སུམ་ཚོགས་ལྡན་སེམས་དག་པ། །ཡེ་ཤེས་ཆེ་ལྡན་བསྲུང་བ་ཆེ། །རླུང་མང་ལགས་ཏེ་སྤྱོད་ཡུལ་རིང༌། །གཙོ་བོ་སྒྲོལ་མཛད་ཕ་རོལ་གཤེགས། །འཇིགས་ལས་གྲོལ་བ་རབ་འཇིགས་པ། །རྒྱལ་ཆེན་གཙུག་ན་ནོར་བུ་ཐོགས། །མཚོན་ཆ་ཆེན་པོ་སྣ་
ཚོགས་མཚོན། །འཇིག་རྟེན་གསུམ་གྱི་ཚུལ་ཆེན་གཅིག །གསུམ་གཟིགས་རྩེ་གསུམ་གཙུག་ཕུད་གསུམ། །འདོད་པའི་ལྟ་སྟེ་སྣང་ཆེན་མཚན། །ཟ་བ་པོ་སྟེ་འཇིགས་པར་མཛད། །མཐོ་བ་སྐུ་མཆོག་ཞལ་གསུམ་པ། །ཚམ་ཚོམ་མེད་དེ་སྲིད་ལས་བྱུང༌། །རྟག་པ་སྐར་དགྱེས་དུས་འབྱོར་པ། །རྒྱུ་སྐར་རྒྱལ་རིགས་འཕེལ་བར་མཛད། །རྒྱལ་པོ་སྔགས་འཆང་ཆེན་པོ་སྟེ། །བགེགས་ཀུན་དབང་ཕྱུག་མཁས་པ་ལགས། །བཻ་ཌཱུརྻ་ལྟར་དྲི་མེད་སྐུ། །མཛེས་ཤིང་སྟོབས་བསྐྱེད་སྣ་ཚོགས་སྟོབས། །དགའ་བ་སྐྱེད་པ་དགའ་བར་མཛད། །དཀོན་མཆོག་གསུམ་པོ་འཛིན་པའི་མཆོག །ལྷ་ཆེན་དཔའ་བོ་ཆེན་པོ་སྟེ། །བརྟན་པོ་དཔའ་བོ་ལྷམ་མེ་བ། །བདེ་བ་ཆེན་པོ་འཆིང་བ་གཅོད། །དམ་དུ་འཆིང་བའི་རྩལ་མངའ་བ། །མཚོན་ཆ་ཆེ་ཚོགས་ཅོད་པན་ཅན། །རིག་སྔགས་འཆང་བའི་ཚོགས་དགའ་བ། །པདྨ་ཆེན་པོའི་ཕྱག་རིང་བ། །པདྨ་ལས་བྱུང་པདྨའི་མཆོག །ནག་པོ་ཆེན་པོ་འབྱུང་པོ་ཆེ། །གཏུམ་ཆེན་ཐོག་ཐོག་ཆེན་པོ་སྟེ། །རླུང་ཆེན་བཞད་མོ་འབྱུང་བ་དང༌། །རྡོ་རྗེའི་མཚོན་ཆ་བརྒྱ་རྫོགས་པ། །རྟུལ་ཕོད་ཐུབ་དཀའ་བརྩོན་པ་སྟེ། །འབྱུང་པོ་ཆེན་པོའི་ཚོགས་ཀྱི་རྗེ། །ཞི་བ་དབང་པོ་རྡོ་རྗེའི་མཚོན། །བྲག་གི་རྩེ་མོ་རྣམ་པར་འགེམས། །རྒྱལ་བའི་སྲས་པོ་གཟུགས་ཆེ་བ། །རྡོ་རྗེ་ཡིས་ནི་དཀྱིལ་འཁོར་བརྒྱན། །རྡོ་རྗེའི་ལྕགས་མདས་སྲེག་མཛད་པ། །རྡོ་རྗེའི་མདས་ནི་རྣམ་པར་སྦྱོང༌། །རྡོ་རྗེ་དོན་ཡོད་རྡོ་རྗེའི་དབང༌། །རྡོ་རྗེ་དབང་པོ་རྡོ་རྗེའི་རྩལ། །ཡེ་ཤེས་དག་པ་ཐེག་པ་ཆེ། །ཐབས་བརྙེས་སྙིང་རྗེ་ཆེན་པོ་ལགས། །རྡོ་རྗེ་ཆེན་པོ་རྩེད་མོ་ཅན། །སྤྱན་བཟང་རྣམ་པར་གཟིགས་པ་པོ། །རྡོ་རྗེ་དྲིལ་བུ་རྣམ་དག་སྤྱན། །མཛའ་བོ་སྡུག་པ་དམ་ཚིག་མཁྱེན། །རྡོ་རྗེ་ཆེན་པོ་མགོན་པོ་པ། །རྡོ་རྗེ་ས་འོག་འཇིགས་པར་མཛད། །རྡོ་རྗེ་ཆེན་པོ་གད་རྒྱངས་སྒྲོགས། །མེ་ཏོག་ཆུན་པོ་འོད་གསལ་བ། །དག་པ་ཟས་གཙང་སྲས་ཀྱི་སྲས། །དེས་པ་སྐལ་བཟང་གཙང་བ་ལགས། །སྣ་ཚོགས་ཅན་ཏེ་ལྷ་ཀུན་མཆོག །རྡོ་རྗེའི་དཔུང་གི་
དཀྱིལ་འཁོར་ལྡན། །རྡོ་རྗེ་གཙུག་སྡུག་ཤེས་རབ་ཅན། །རྡོ་རྗེའི་བཀོད་པ་རབ་ཏུ་མཛེས། །མཛེས་པ་ཤིན་ཏུ་རྣམ་པར་དག །བསྐལ་པའི་རླུང་ཆེན་ལྟ་བུ་ལགས། །དཔའ་བོ་གསང་བ་ཆེན་པོ་འཆང༌། །རིག་སྔགས་འཆང་གི་མཆོག་གིས་རྗེད། །གསང་བ་པོ་སྟེ་གསང་བ་གསུང༌། །སྐྱེས་པ་བུད་མེད་ཚོགས་དགའ་བ། །རྡོ་རྗེ་ཐོག་ཐོག་སྒྲ་ཆེན་སྒྲོགས། །རྡོ་རྗེའི་སྒྲ་སྟེ་རྣམ་པར་འཇོམས། །རྡོ་རྗེའི་ལྕགས་ཀྱུ་དགྱེས་པ་ཆེ། །རྡོ་རྗེ་འབར་བ་ཆེར་འབར་བ། །ནོར་བུས་སྤྲས་པའི་ན་བཟའ་གསོལ། །སྤོས་དང་མེ་ཏོག་ཕྲེང་གིས་བརྒྱན། །དབུ་ཡི་སྙན་ཆ་གདུབ་ཀོར་བཏགས། །སངས་རྒྱས་བསྟན་པ་སྟོན་པ་པོ། །རྒྱལ་པོ་སངས་རྒྱས་ཀུན་དང་མཉམ། །དབང་ཕྱུག་ཆེན་པོ་གྲགས་པ་ཆེ། །དཀྱིལ་འཁོར་སློབ་དཔོན་དཀྱིལ་འཁོར་ཅན། །སངས་རྒྱས་དཀྱིལ་འཁོར་སྟོན་པ་པོ། །དབུ་རྒྱན་ཅོད་པན་ཀུན་ནས་བཅིངས། །སྣ་ཚོགས་རྒྱན་གྱིས་བརྒྱན་པ་ལགས། །དེ་ལྟར་རྡོ་རྗེ་དབང་ཕྱུག་མགོན། །མཚན་བརྒྱ་རྩ་བརྒྱད་དག་གིས་བསྟོད། །དེ་ནས་རྡོ་རྗེ་དོན་ཡོད་པས་གསུངས་པ། རྡོ་རྗེ་གསང་བས་བརྒྱན་པ་ཡི། །རྡོ་རྗེ་མཚན་རྩ་བརྒྱད་པ་འདི། །མིང་ནི་རྡོ་རྗེ་དོན་ཡོད་འབྱུང༌། །སྡང་བ་ཐམས་ཅད་ཟློག་བྱེད་པ། །མིང་ནི་བརྒྱ་རྩ་བརྒྱད་པ་འདི། །དད་པ་གང་ཞིག་འཆང་བྱེད་པ། །གྲུབ་པ་ཐམས་ཅད་ཐོབ་འགྱུར་ཞིང༌། །ཉེས་པ་ཀུན་ལས་རྣམ་པར་འགྲོལ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །རྟག་ཏུ་ཕྱི་བཞིན་འབྲང་བར་འགྱུར། །ལག་ན་རྡོ་རྗེའི་ཡོན་ཏན་ཆེ། །གང་ཞིག་ནངས་པར་ལངས་ནས་བརྗོད། །དེ་ནི་སྡིག་པ་ཀུན་ལས་འགྲོལ། །ངན་སོང་ཀུན་ལས་ཐར་བར་འགྱུར། །གསང་སྔགས་ཐོག་མར་སྨྲོས་པ་འདི། །སུ་ཞིག་ནངས་པར་ལངས་ནས་འདོན། །རྒྱལ་པོ་བློན་པོ་གྲོང་ཁྱེར་བ། །གཉེན་རྣམས་ཀྱང་ནི་དགའ་བར་འགྱུར། །བསྟོད་པའི་མཆོག་འདི་སུ་འདོན་པ། །འཇིག་རྟེན་ཐམས་ཅད་དེ་དབང་འགྱུར། །སྡིག་པ་ཐམས་ཅད་ཟད་པ་དང༌། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །ཇི་ལྟར་འདོད་པ་དམ་པ་ཡི། །བདེ་བ་དེ་ཡིས་འཐོབ་པར་འགྱུར། །
གང་ཞིག་ནངས་པར་ལངས་ནས་ནི། །ལག་ན་རྡོ་རྗེའི་དྲུང་དུ་བརྗོད། །དེ་ནི་ཇི་ལྟར་འདོད་པ་དང༌། །ལྡན་འགྱུར་འདི་ལ་ཐེ་ཚོམ་མེད། །མིང་བརྒྱ་རྩ་བརྒྱད་འདོན་པ་ལ། །བགེགས་དང་ལོག་འདྲེན་ཐམས་ཅད་དང༌། །འཇིགས་བྱེད་རྒྱལ་པོ་རྣམས་ཀྱིས་ཀྱང༌། །ཟིལ་གྱིས་མནན་པར་མི་ནུས་སོ། །ཤེས་རབ་ཅན་ནི་གང་ཞིག་གིས། །མིང་བརྒྱ་རྩ་བརྒྱད་མཆོག་བཏོན་ན། །གཟུགས་བཟང་སྟོབས་ནི་སྐྱེ་བ་དང༌། །བདེ་བ་འཕེལ་བ་དེ་ཡིས་འཐོབ། །གང་ཞིག་མིང་བརྒྱ་རྩ་བརྒྱད་འདི། །ངེས་པར་གནས་ཤིང་གཙང་མར་འདོན། །མདོར་ན་ཡོན་ཏན་རྒྱས་པ་ཡི། །བདེ་བ་དེ་ཡིས་འཐོབ་པར་འགྱུར། །འཕགས་པ་ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་མཻ་ཏྲི་ནཱ་མ་ཨཥྚོཏྟ་ར་ཤ་ཏ་ཀ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་རང་གི་སྙིང་པོ་སྨྲས་པ། ན་མ་སྟྲཻ་ཡཱ་དྷྭི་ཀཱ་ནཱཾ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ཏདྱ་ཐཱ། ཨོཾ་ས་ར་ས་ར། སུ་རུ་སུ་རུ། དྷ་ར་དྷ་ར། མ་ཧཱ་དྷ་ར། ཙ་ར་ཙ་ར། མ་ཧཱ་ཙ་ར། བྷ་ར་བྷ་ར། མ་ཧཱ་བྷ་ར། ཀམྦ་ཀམྦ། མཧཱ་ཀམྦ་ཧཱུྃ། མ་ཧཱ་སྥ་ར་ཎ་དྷརྨ་ཨ་གྲ་སཱ་ག་ར་སྭཱ་ཧཱ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་གཟུངས་ཆེན་མོ་འདི་ནི་ཡོན་ཏན་ཆེ་བ་སྟེ་མཐའ་ཡས་པར་ཁྱབ་པ། བསྐལ་བ་བྱེ་བ་ཕྲག་མང་པོར་ཡང་ཤིན་ཏུ་ཐོས་པ་དཀའ་བ། སངས་རྒྱས་འབྱུང་བ་ཐམས་ཅད་སྟོན་པ། དེ་བཞིན་གཤེགས་པ་གྲངས་མེད་པ་འཇིགས་རྟེན་གྱི་ཁམས་ཐམས་ཅད་སྙེད་ཀྱིས་བསྙེན་བཀུར་མཛད་མཛད་པ། སྒྲིབ་པ་དང༌། སྡུག་བསྔལ་བ་དང༌། འཁྲུག་པ་དང༌། རྨི་ལམ་ངན་པ་དང༌། ལྟས་ངན་པ་ཐམས་ཅད་ལས་ཐར་པར་བྱེད་པ། སེམས་ཅན་གྱི་ཁམས་མཐའ་ཡས་མུ་མེད་པ་ཡོངས་སུ་ཐར་བར་བྱེད་པ་སྟེ་ཤིན་
ཏུ་དཀོན་པའོ། །དེ་ནས་རྡོ་རྗེའི་དཀྱིལ་འཁོར་གྱི་འཁོར་ལྷ་དང་ལྷ་མ་ཡིན་དུ་བཅས་པ། ནོར་བུའི་ཅོད་པན་གྱིས་བསྒྱིངས་པ། རྒྱན་ཕྲེང་རབ་ཏུ་གཡོ་བ་རྣམས་ཀྱིས་སྤྱི་བོར་ཐལ་མོ་སྦྱར་ནས་བྱང་ཆུབ་སེམས་དཔའི་མཆོག་འཕགས་པ་བྱམས་པ་ལ་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། དཔའ་བོ་ཆེན་པོ་ཐབས་བརྙེས་པ། །རྒྱལ་ཚབ་མི་ཡི་བདག་པོ་སྟེ། །འཇིག་རྟེན་བདག་པོ་རྣམ་པར་གསལ། །དར་བ་ཆེན་པོ་མངོན་པར་རྒྱལ། །ཚར་ཆེན་སྟོབས་ལྡན་ཆེ་བ་སྟེ། །དེ་བཞིན་མངས་ཤིང་རྡུལ་དང་བྲལ། །དབང་ཆེན་བརྩེ་ལྡན་འོད་ལྡན་པ། །ས་ཡི་དབང་ཕྱུག་རྣམ་པར་གནོན། །རྒྱལ་ཆེན་མཚོན་ཆ་བརྒྱ་པ་སྟེ། །མཚོན་ཆ་ཆེན་པོ་རྡོ་རྗེའི་མཚོན། །ཡོན་ཏན་འོད་བརྒྱས་བསྒྱིངས་པ་སྟེ། །ནོར་བུའི་རྣ་ཆའི་རྒྱན་ཐོགས་པ། །སྲིད་གསུམ་དག་ན་དཔའ་བའི་སྐུ། །རྒྱ་མཚོ་ལྟ་བུའི་སྤྱོད་ཡུལ་ཅན། །ལྷུན་པོ་ཟླ་འབྱིན་ཏི་སེ་ཡི། །རྩེ་ནས་དཀྱིལ་འཁོར་འཆར་བ་པོ། །དཀྱིལ་འཁོར་ཆེན་པོ་ལོངས་སྤྱོད་པ། །རབ་ཏུ་དགའ་བ་དེ་བཞིན་དེས། །ཡོངས་སུ་དགའ་ལྡན་ཆེན་པོའི་ལྷ། །ཆེ་བ་ལྷ་རྣམས་ཀུན་གྱི་མཆོག །སངས་རྒྱས་གདུང་རྒྱུད་རྒྱས་མཛད་ཅིང༌། །སངས་རྒྱས་དཀྱིལ་འཁོར་རྒྱན་དང་ལྡན། །སངས་རྒྱས་ལོངས་སྤྱོད་ལོངས་པར་སྤྱོད། །སངས་རྒྱས་བསྟན་པ་སྟོན་པ་པོ། །ཏི་སེ་ཟླ་འབྱིན་བཞིན་དུ་ཡངས། །ས་ཡི་དབང་ཕྱུག་བདེ་མཛད་པ། །པདྨ་འདབ་སྟོང་རྩེ་མོ་ཅན། །རྡོ་རྗེའི་པདྨ་ལེགས་པར་སྐྱེས། །ཆོས་ཀྱི་ལོངས་སྤྱོད་ལོངས་པར་སྤྱོད། །ས་དང་མཉམ་པ་ཐུབ་པར་དཀའ། །སྣང་བར་བྱེད་པ་འབྱུང་བ་པོ། །སྲིད་གསུམ་ཡེ་ཤེས་ཉི་མ་ལགས། །གཙོ་བོ་ཆེན་པོ་ཆེར་གྲགས་པ། །སེང་གེ་ཆེན་པོ་སྟོབས་པོ་ཆེ། །ཆ་ལུགས་ཆེན་པོ་ཞལ་ཆེ་བ། །སྐྱེ་བོ་ངན་དང་སྡུག་བསྔལ་འདུལ། །རྡོ་རྗེ་བྱི་རུ་བཻ་ཌཱུརྻ། །ནོར་བུའི་དབུ་ཐོད་རྒྱན་དུ་ཐོགས། །བྱི་རུ་གསེར་གྱི་གཅལ་བཀྲམ་ལ། །སྐུ་ཆེན་ཞབས་ཀྱི་སྟབས་ཀྱིས་གཤེགས། །ཞལ་མདངས་ཉི་མ་དུ་མའི་གཟི། །ལྕང་ལོ་ཅོད་པན་དབུ་ཐོད་ཅན། །རིག་སྔགས་འཆང་
བརྒྱས་ཞབས་ལ་བཏུད། །རྗེད་པར་བྱ་བ་རྣམས་ཀྱིས་མཆོད། །ནོར་བུ་བརྒྱ་འགུལ་འོད་ཟེར་གྱིས། །རང་གི་ཕྱོགས་རྣམས་དག་པར་བྱས། །ཅོད་པན་ཅན་ཏེ་འོད་འཚེར་བ། །ཉི་མ་བྱེ་བ་བརྒྱ་འོད་ལྡན། །རིན་ཆེན་སྣ་ཚོགས་མཆོག་བཀྲམ་ཞིང༌། །དྲི་མེད་དཀྱིལ་འཁོར་རབ་ཏུ་འཕྲོ། །རླུང་གིས་མ་ལུས་བསྐྱོད་པ་ཡི། །འབར་བ་ཆེན་པོའི་ལྟ་བ་ཅན། །འོད་ཟེར་མང་པོས་ཕོག་པ་ཡི། །ཕན་པའི་ཐབས་ནི་རབ་སྟོན་པ། །བརྗིད་པའི་ཚུལ་གྱིས་བཞད་པ་ཡི། །འོད་ཀྱིས་ཞལ་གསལ་རྔ་ཡབ་བསྐྱོད། །དཔུང་རྒྱན་འོད་ཟེར་སྤེལ་མར་བཀོད། །ཚོན་བྲིས་ཤིན་ཏུ་མཛེས་པར་འཚེར། །ལྷུན་པོ་ཕྲད་ཅིང་འཁྲུགས་པ་ལྟར། །ཧ་ཧ་ཞེས་པའི་སྒྲ་ཆེན་སྒྲོགས། །རྡོ་རྗེ་ཆེན་པོ་རྩེ་མོ་ཅན། །ཤིན་ཏུ་དགའ་མཛད་བདེ་སྦྱིན་པ། །བྱམས་པའི་དཀྱིལ་འཁོར་གོ་ཆར་བགོས། །བརྩོན་པ་ཀུན་ལས་རྣམ་པར་རྒྱལ། །སྙིང་རྗེའི་སྟོབས་ལས་བྱུང་བ་སྟེ། །མཚོན་ཆ་ཆེན་པོ་ཤིན་ཏུ་འབར། །བྱམས་པ་བྱམས་པའི་རྟོག་པ་ཅན། །ཀུན་ནས་སྤ་བའི་དཀྱིལ་འཁོར་བ། །མ་ཕམ་ཐུབ་མེད་དག་པ་སྟེ། །སངས་རྒྱས་ཆ་ལུགས་མཉམ་མེད་ཆེ། །བྱམས་པའི་སྙིང་པོ་སྙིང་པོ་ཆེ། །བྱམས་པའི་པདྨ་ལས་བྱུང་བ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་ཅན། །རྡོ་རྗེའི་བརྟན་པའི་དཀྱིལ་འཁོར་པ། །རིག་སྔགས་འཆང་བ་རྣམས་ཀྱིས་བཏུད། །དེ་བཞིན་བསྙེན་ཅིང་བསྟོད་པ་པོ། །གྲུབ་པ་ཆེན་པོ་རིག་སྔགས་གྲུབ། །རྡོ་རྗེའི་དཀྱིལ་འཁོར་མཛེས་པར་མཛད། །ཐམས་ཅད་གྲུབ་མཛད་གྲུབ་པ་པོ། །སངས་རྒྱས་གདུང་གི་སྡོང་ཆེན་ལགས། །གསང་སྔགས་ཆེན་པོའི་རྣམ་པར་ངེས། །མདོ་སྡེའི་བཀོད་པ་མདོ་སྡུད་པ། །ངེས་གྱུར་ངེས་པའི་འོད་སྒྲོན་གྱི། །སྣང་བས་དྲི་མ་སེལ་བར་མཛད། །འབར་བ་རྩ་དམར་འོད་སྣང་བ། །དཀྱིལ་འཁོར་དཀར་པོ་ཆེ་བ་སྟེ། །གཞུང་དང་མཐུན་པའི་ཆོས་དབྱིངས་དང༌། །ཉེ་བར་གྱུར་ཅིང་ཤིན་ཏུ་ངེས། །སྭཱ་ཧཱ་སྭཱ་ཧཱའི་བདག་པོ་མཆོག །འོད་ཟེར་བདེ་ལེགས་བདེ་ལེགས་
མཛད། །སྟོབས་ཆེན་འཆང་བ་བཀྲ་ཤིས་པ། །ཉི་མ་འདྲ་སྟེ་སྙོམས་པ་ལགས། །སྟོབས་བྱེད་རྒྱལ་བའི་ལོངས་སྤྱོད་ལྡན། །མཁའ་ལྟར་དྲི་མེད་སྤྱོད་ཡུལ་ཅན། །དཔའ་བོ་རྡོ་རྗེས་འཇོམས་པར་མཛད། །རྡོ་རྗེ་ཆེན་པོ་རབ་བསྒྲུབ་པ། །སྒྲུབ་པ་པོ་སྟེ་རྩོད་པ་མེད། །དཀྱིལ་འཁོར་ལྡན་པ་རྡོ་རྗེས་སྟོན། །རླུང་ཆེན་ཤུགས་ཀྱིས་བསྐྱོད་པ་ཡི། །གཡོ་དང་འབྲུག་སྒྲོགས་སྒྲ་ལྡན་པ། །སངས་རྒྱས་སྤྱོད་ཡུལ་པདྨ་སྟེ། །དེ་བཞིན་ཉིད་ཀྱི་མཚོ་ལས་སྐྱེས། །མངོན་ཤེས་ཆེན་པོ་མངོན་ཤེས་བརྙེས། །ཁྱབ་བདག་སངས་རྒྱས་ཀུན་དང་མཉམ། །དེ་ནས་ས་ཡི་དབང་ཕྱུག་པོ། །བྱམས་པའི་དཀྱིལ་འཁོར་བྱམས་པ་ལ། །བསྟོད་ནས་ཀུན་མཁྱེན་གནོད་བྲལ་བ། །ཐུབ་པ་ཉི་མས་བཀའ་སྩལ་པ། །ཀྱེ་མ་མིང་བརྒྱ་རྩ་བརྒྱད་མཆོག །མིང་གི་ཡོན་ཏན་འོད་ལྡན་པ། །བདེ་དང་ཕུན་སུམ་ཚོགས་བསྒྲུབ་པ། །ཐབས་ཆེན་བླ་ན་མེད་པ་སྟེ། །མིང་བརྒྱ་རྩ་བརྒྱད་འདི་དག་ནི། །འཇིག་རྟེན་ཀུན་གྱི་བདེ་སྐྱེད་པ། །འདི་ནི་བཏོན་པ་ཙམ་གྱིས་ཀྱང༌། །སྡིག་པ་ཐམས་ཅད་དག་པར་འགྱུར། །སྡིག་པ་དག་ལས་རྒྱལ་བ་ཡི། །བྱམས་པ་བསྟོད་པའི་གནས་པ་ལ། །མིང་བརྒྱ་རྩ་བརྒྱད་དམ་པ་འདིས། །མི་ནི་ལ་ལ་གང་བསྟོད་པ། །དེ་ལ་ལྷ་ལ་སོགས་ཀུན་དང༌། །ལག་ན་རྡོ་རྗེ་སྟོབས་ཆེན་རྣམས། །རྟག་པ་ཉིད་དུ་སྡུག་བསྔལ་ཀུན། །གཏན་དུ་བསལ་ཕྱིར་བརྩོན་པར་བྱེད། །གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག །མྱུར་དུ་འདོན་པའི་མི་དེ་ནི། །སངས་རྒྱས་ས་ཡང་ཐོབ་འགྱུར་ཏེ། །འདི་ལ་ཐེ་ཚོམ་ཡོང་མེད་དོ། །ནངས་པར་མལ་ནས་ལངས་ནས་ནི། །གང་ཞིག་བྱམས་པའི་སེམས་ཀྱིས་བསྟོད། །དེ་ལ་བྱམས་པ་རྟོགས་པ་ཡི། །བྱམས་པ་བདེ་ལེགས་བྱེད་པར་འགྱུར། །དེ་ཕྱིར་དྲི་མ་ཐམས་ཅད་སེལ་བྱེད་ཅིང༌། །སྡིག་འཇོམས་ཡོན་ཏན་ཐམས་ཅད་བསྐྱེད་པ་དང༌། །དེ་བཞིན་འཇིག་རྟེན་སྡུག་བསྔལ་སེལ་བ་ཡི། །མིང་བརྒྱ་རྩ་བརྒྱད་ཆེད་དུ་དག་པར་ལྷོགས། །འཕགས་པ་
བྱམས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ཀྵི་ཏི་གརྦྷ་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་སྙིང་པོ་ལ་ཕྱག་འཚལ་ལོ། །ཨོཾ་སུམྦྷ་ནི་སུམྦྷ། ཧ་ར་ཙ་ར། མ་ཧཱ་པཱ་ཤ་མ་རུ་ཏཱ། ཨ་མོ་གྷ་བཛྲ་སཏྭ་སྭཱ་ཧཱ། དེ་ནས་ཡོན་ཏན་སྦྱིན་པ་ཡི། །གཟུངས་འདི་བཤད་མ་ཐག་ཏུ་ཡང༌། །རྡོ་རྗེའི་དཀྱིལ་འཁོར་དམ་པ་ནི། །ཏི་སེའི་གངས་བཅས་གཡོས་པར་གྱུར། །ས་ཡི་སྙིང་པོ་ཚོགས་དབང་ལ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་སྨྲས། །སྐལ་ལྡན་ཆེན་པོ་ལེགས་སོ་ལེགས། །ས་སྟེང་ཁྱོད་ཀྱིས་ལངས་པར་བྱས། །ཁྱོད་ཀྱི་གཟུངས་ནི་རྣམ་གྲགས་ཤིང༌། །ཡོན་ཏན་དཔག་མེད་ཚོགས་བསྐྱེད་པ། །སེམས་ཅན་ཀུན་གྱི་སྡུག་བསྔལ་དང༌། །ཉེས་པ་ཟློག་བྱེད་ཐོས་པ་ནི། །འཁོར་བར་རབ་ཏུ་རྒྱུ་བ་ན། །ཉེས་པ་ཀུན་གྱིས་མི་གོས་ཏེ། །ཇི་ལྟར་འདམ་གྱི་པདྨ་དག །འདམ་གྱི་ཉེས་པས་མི་གོས་བཞིན། །ལུས་ཅན་དག་ལས་སུ་ཡང་རུང༌། །ཁྱོད་ཀྱི་གསང་སྔགས་འཆང་བྱེད་པ། །དེ་དག་ལས་ནི་གཅིག་ཙམ་ཡང༌། །བྱང་ཆུབ་ལས་ནི་ལྡོག་མི་འགྱུར། །མཁས་པ་གང་ཞིག་གཟུངས་སྔགས་མཆོག །ཐོས་ནས་མོས་པར་བྱེད་པ་ནི། །ངེས་པར་ཡོན་ཏན་ཐམས་ཅད་ཀྱང༌། །ཐོབ་པར་འགྱུར་ཏེ་ཐེ་ཚོམ་མེད། །དེ་ནས་ཐམས་ཅད་ལྡན་པའི་འཁོར། །ལངས་ཏེ་ས་ཡི་དབང་ཕྱུག་པོ། །ས་ཡི་སྙིང་པོ་ས་མཆོག་ལ། །མིང་བརྒྱ་རྩ་བརྒྱད་སྨྲས་པ་ནི། །ས་ཡི་སྙིང་པོ་གཙོ་བོ་ཆེ། །གློག་འགྱུ་ལྟ་བུའི་སྤྱན་མངའ་བ། །ཅོད་པན་ཅན་ཏེ་ས་བརྙེས་པ། །ཕུན་སུམ་ཚོགས་ལྡན་འབྱོར་པ་མཆོག །རིག་ལྡན་རིག་མཛད་མཆོད་པའི་གནས། །གཙོ་བོ་དགེ་སྦྱོང་སྟོན་པ་པོ། །གཞི་བཅས་ལྡན་པའི་རླུང་གི་ཚུལ། །སྭཱ་ཧཱའི་བློ་ལྡན་སྙིང་རྗེའི་རབ། །
ཐམས་ཅད་མཁྱེན་པའི་ཉི་མའི་མཆོག །སྙིང་པོ་སྙིང་པོ་མཁྱེན་པར་གྲགས། །གསང་སྔགས་རོལ་ཅིང་རྒྱ་ཆེར་རོལ། །ས་ཡི་དབང་ཕྱུག་གར་ཐབས་ཅན། །སྒེག་པོ་ཞལ་བཟང་གར་མཁན་ལྡན། །འབྲས་བུ་མངོན་སུམ་སྟོན་པ་པོ། །རབ་འབྱོར་བློ་གྲོས་སྙིང་པོ་མཁྱེན། །སྙིང་པོ་བརྙེས་པ་འཇིགས་པ་མེད། །མགོན་པོ་སངས་རྒྱས་གཟུགས་མངའ་བ། །ཤེས་རབ་ཀྱིས་ནི་མ་ལུས་གཟིགས། །འདོད་ཆགས་ལ་སོགས་སྐྱོན་བསལ་ཅིང༌། །གར་ཐབས་ཆེན་པོ་སྟོན་པ་པོ། །སྟོན་པ་དཔག་བསམ་ཤིང་དང་འདྲ། །ནམ་མཁའི་དབང་ཕྱུག་གསུང་སྙན་པ། །ཉི་མ་ཆེན་པོ་ཉིད་ཡིན་ཏེ། །དབང་ཕྱུག་ཆེན་པོ་འབར་བས་བསྐོར། །ཡོན་ཏན་མཐའ་ཡས་ལོངས་སྤྱོད་པ། །ས་ཡི་དབང་ཕྱུག་སྤྱོད་ཡུལ་ཅན། །ཆོས་ཀྱི་ལོངས་སྤྱོད་ལོངས་སྤྱོད་ཆེ། །ཡོན་ཏན་རྒྱ་མཚོའི་གངས་ཆེན་མཚོ། །ཡོན་ཏན་སྣ་ཚོགས་ལོངས་སྤྱོད་པ། །དེ་བཞིན་གཤེགས་པའི་རིགས་ཀྱི་མཆོག །ཐབས་ཚུལ་ཟབ་ལ་མཁས་པ་སྟེ། །ཐེག་པ་ཆེན་པོ་འཇིགས་པ་མེད། །མཆོད་པ་ཆེན་པོ་སྒྲ་ཆེ་བ། །ཟླ་ལྟར་གྲགས་པའི་དཀྱིལ་འཁོར་ཅན། །རྡོ་རྗེ་འཆང་ཆེན་མཚན་བརྒྱ་པ། །རྡོ་རྗེ་དཀྱིལ་འཁོར་མེ་ཏོག་ཐོད། །བློ་གྲོས་ཆེན་པོ་ཕྱག་རིང་བ། །པདྨ་ཆེན་པོ་སྟོབས་པོ་ཆེ། །གསང་སྔགས་ཆེན་པོ་ཚོགས་ཆེན་པོ། །ས་གཞི་ཆེན་པོ་ལྷུན་པོ་ལགས། །ལག་ན་རྡོ་རྗེ་ཡོན་ཏན་ངེས། །ནོར་བུའི་མེ་ཏོག་ཐོད་ཀྱིས་བརྒྱན། །མཉམ་ཉིད་འབྱམས་ལ་ལོངས་སྤྱོད་པ། །རྒྱ་ཆེན་ཞིང་གི་རྒྱ་མཚོ་ཅན། །རྡོ་རྗེའི་འོད་མངའ་རྡོ་རྗེ་ལྡན། །ས་ཡི་བདག་པོ་ལྷུན་པོ་བཞིན། །ས་ཡི་ལོངས་སྤྱོད་ལོངས་སྤྱོད་བཟང༌། །མཚོན་ཆ་གཡོ་བ་ཕུན་སུམ་ཚོགས། །རབ་འབྱམས་སྣོད་ནི་རྣམ་པར་གྲགས། །སྨྲ་མཁས་རྡོ་རྗེ་རབ་འཇོམས་པ། །སྤྱན་རྩ་ཡིད་ཙམ་དམར་བ་སྟེ། །མེ་ཏོག་སྔོན་པོའི་ཐོད་ཀྱིས་བཅིངས། །སྤྲོ་བ་ཆེན་པོ་ཕྱག་རིང་བ། །བརྟན་པོ་བརྟན་ལ་བདེ་སྦྱིན་པ། །དེད་དཔོན་དཔལ་བཟང་ཆེན་པོ་སྟེ། །གངས་ཅན་ལྷུན་པོ་ལྟ་བུ་ལགས། །དབང་
པོ་གཤིན་རྗེའི་རྒྱལ་ཆེན་དང༌། །བཙན་པོ་ཁྱབ་འཇུག་སྟོབས་དབང་ཕྱུག །འཇིག་རྟེན་མཆོག་རིགས་སངས་རྒྱས་ཚངས། །དེ་བཞིན་ཉིད་ཚུལ་སྤྱོད་ཡུལ་ཅན། །རིན་ཆེན་ཏོག་སྟེ་ཆེར་བཞད་པ། །དགྱེས་པ་ན་བཟའ་སྣ་ཚོགས་གསོལ། །གཟིགས་པ་རིང་བ་སྤྱན་ཡངས་པ། །ནམ་མཁའ་བཞིན་དུ་ཐོགས་པ་མེད། ཐོགས་པ་མི་དཔོགས་རིན་ཆེན་གཙུག །སྲིད་གསུམ་འདོད་པ་མེད་པའི་རྒྱུ། །དུལ་བ་ཉོན་མོངས་དྲི་མ་བསལ། །དག་པ་གཙང་བ་གསོ་སྦྱོང་ཅན། །རྣམ་པར་གནོན་པའི་གཡུལ་ལས་འདས། །ལྗང་མདོག་སྐྱབས་མཛད་སྙིང་རྗེ་ཆེ། །སྟོབས་ཀྱིས་གྲགས་པ་རྒྱ་ཆེ་བ། །བསམས་ན་ཤེས་པའི་སྤྱོད་ཡུལ་ཅན། །དཔའ་བོ་སེང་གེ་འཇིགས་པར་བྱེད། །སྡང་བ་རྣམས་ཀྱི་སྙིང་འཇོམས་པ། །མངའ་བདག་གྲགས་པ་ཡུལ་དང་ལྡན། །དགའ་བ་རྒྱ་ཆེན་རབ་འབྱུང་བ། རིགས་མཁྱེན་རིགས་ཀྱི་སྙིང་པོ་མཁྱེན། །རིགས་ཀུན་དུ་ནི་མཆོད་པ་ལགས། །རྒྱལ་པོ་རིགས་མཆོག་སྐྱེད་པའི་རྟེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །རྡོ་རྗེ་ས་འོག་རབ་གྲགས་པ། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །མངོན་པར་འཕགས་པ་ཁྱབ་པ་མཆོག །མགྲིན་བཟང་ནད་དང་བྲལ་བ་སོགས། །སྐྱོང་མཛད་སྟོན་པ་དག་པ་སྟེ། །སངས་རྒྱས་ལམ་ནི་རབ་སྟོན་པ། །གྲོལ་བ་སྨིན་མཛད་འདུད་པར་མཛད། །དཀྱིལ་འཁོར་མ་ལུས་རྣམས་ཀྱིས་བརྒྱན། །རབ་ཞུགས་དཀྱིལ་འཁོར་རྣམས་ལ་མཁས། །རྡོ་རྗེའི་སློབ་དཔོན་ཡོན་ཏན་རྟེན། །གྲུབ་པ་སྦྱིན་པ་རྣམ་དག་མཆོག །ཚུལ་དང་ཚུལ་མིན་རྟོགས་པ་དང༌། །དཀྱིལ་འཁོར་རྩ་སེར་མངའ་བ་སྟེ། །འོད་ཟེར་ལྗང་གུའི་འོད་དང་ལྡན། །སེར་ལ་ན་བཟའ་སེར་པོ་མནབས། །དཀྱིལ་འཁོར་མ་ལུས་ཀུན་གྱིས་བརྒྱན། །སྤྱན་རྩ་དམར་བ་ཟླ་བའི་དཔལ། །ནོར་བུ་སྣ་ཚོགས་འོད་འབྱུང་བ། །རྡོ་རྗེ་བརྒྱ་ཡི་སྟོབས་ཀྱིས་སྤྲོ། །མཉམ་ཉིད་མཉམ་པ་དྲི་མ་མེད། །སྐུ་ཡང་དག་ཅིང་ན་བཟའ་དག །དག་པ་མཁྱེན་ཅིང་དག་པར་ལྡན། །དག་པའི་ཆོས་མངའ་སྣང་བ་སྟེ། །འབྱུང་ལྡན་སྲེད་པ་སེལ་མཛད་པ། །འཁོར་བ་
ཟད་མཛད་ཤེས་རབ་ཅན། །ཚུལ་ཤེས་ཚུལ་ལ་སྤྱོད་ཡུལ་པ། །རྡོ་རྗེ་རྒྱ་མཚོའི་སྙིང་པོ་ལགས། །རྡོ་རྗེ་སེམས་དཔའ་དགེ་བ་ཆེ། །འབྱུང་ལྡན་རབ་འབྱམས་ཤེས་རབ་ཅན། །མ་ལུས་གྲགས་པའི་འོད་བཟང་བ། །ས་ཡི་སྙིང་པོ་སྙིང་པོ་ཆེ། །རྡོ་རྗེའི་སྙིང་པོ་རྣམ་པར་འདྲེན། །དཔག་ཏུ་མེད་པ་དཔག་མེད་རྫོགས། །ཁྱད་པར་འཕགས་པའི་ཡུལ་ལ་གནས། །ཟབ་ཅིང་གསལ་བའི་གཙོ་བོ་སྟེ། །ཟླ་བའི་དཀྱིལ་འཁོར་འོད་ཟེར་བསིལ། །དགའ་དང་དང་བ་སྐྱེད་པ་སྟེ། །ཡེ་ཤེས་རྒྱ་ཆེན་སྤྱོད་ཡུལ་པ། །རླུང་གི་དྲག་ཤུལ་ལྟ་བུར་དྲག །དྲག་པོ་ལགས་ཏེ་དྲག་སེལ་གཙང༌། །རྒྱལ་བར་བྱེད་ཅིང་རྒྱལ་བ་ཞི། །རྒྱལ་བའི་དཔལ་མཛད་དགའ་བར་མཛད། །ལྷུན་པོ་ཏི་སེ་མ་ལ་ཡས། །སྤྱོད་ཡུལ་ཟབ་མོ་ནོན་པ་སྟེ། །རིན་ཆེན་རྡོ་རྗེ་སྙིང་པོ་ཆེ། །ས་གཞིའི་སྤྱོད་ཡུལ་མངའ་བ་ལགས། །རིན་ཆེན་བྲག་ལས་བྱུང་བའི་འོད། །རྡོ་རྗེའི་དཀྱིལ་འཁོར་དག་གིས་བརྒྱན། །དེ་བཞིན་གཤེགས་ལ་ལྷུར་དགྱེས་པ། །ཤུགས་དྲག་དཔལ་གྱི་གཞི་རྟེན་ལགས། །རབ་གསལ་དཔལ་མཛད་གཙང་མ་སྟེ། །ཕྱོགས་བཅུའི་དབང་ཕྱུག་དབང་ཕྱུག་ཆེ། །དེ་ལྟར་རྡོ་རྗེའི་འཆང་ཆེན་ལ། །མིང་བརྒྱ་རྩ་བརྒྱད་མཆོག་རྣམས་ཀྱིས། །རྡོ་རྗེ་སེམས་དཔས་བསྟོད་ནས་ནི། །རྡོ་རྗེ་ས་གསུམ་དབང་མཆོག་སྨྲས། །ཡོན་ཏན་སྙིང་པོ་ཤེས་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་མཆོག་བརྗོད་ཅིང༌། །ཉེས་པ་ཟློག་པ་འདི་ལས་གཞན། །ས་ཡི་སྟེང་ན་ངས་མ་མཐོང༌། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །ཐམས་ཅད་འགྲུབ་བྱེད་དགའ་བ་སྟེ། །སྡིག་པ་ཐམས་ཅད་སེལ་བ་དང༌། །དྲི་མ་ཀུན་བྲལ་ཡོན་ཏན་ངེས། །དེ་ཕྱིར་སྒྲིམ་པ་ཐམས་ཅད་ཀྱིས། །ཕུན་སུམ་ཚོགས་པ་འདོད་པའི་མིས། །མིང་བརྒྱ་རྩ་བརྒྱད་དགེ་བ་འདི། །རྟག་ཏུ་ཡང་ནི་བརྗོད་པར་གྱིས། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །བསམ་པ་ཀུན་དང་འབྱོར་པ་ཡི། །གནས་མཆོག་བླ་ན་མེད་པ་སྟེ། །དཔལ་ཡོན་རྒྱ་ཆེན་སྦྱིན་པ་ཡིན། །ཡིད་ནི་ཤིན་ཏུ་དང་བ་ཡིས། །ས་ཡི་སྙིང་
པོའི་མཚན་གསལ་བ། །འདོད་པ་ཐམས་ཅད་རབ་བསྒྲུབ་པའི། །ཡོན་ཏན་མཆོག་ནི་གང་བརྗོད་དང༌། །དཔལ་ཡོན་རྒྱ་ཆེན་འཛིན་པ་ཡི། །མིང་བརྒྱ་རྩ་བརྒྱད་དམ་པ་འདི། །མི་ནི་གང་ཞིག་རྗོད་བྱེད་པ། །སྡུག་བསྔལ་ཀུན་ལས་མྱུར་དུ་འགྲོལ། །འཕགས་པ་སའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་སརྦ་ནི་བ་ར་ཎ་བི་སྐཾ་བྷི་ནཱི་ནཱ་མཱཥྚོཏྟ་ར་ཤ་ཏ་ཀ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་ཕྱག་འཚལ་ལོ། །ཨོཾ་ཨ་མྲྀ་ཏ་བིནྡུ་ཛ་བ་མ་ཧཱ་སུ་ཁ་སྭཱ་ཧཱ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱིས་ཕྱག་གཡས་པ་བརྐྱང་སྟེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ཚིམ་པར་མཛད་ནས་བཀའ་སྩལ་པ། ཡོན་ཏན་རིན་པོ་ཆེའི་ཚོགས་ཅན་ཁྱོད་ཀྱི་གཟུངས་སྔགས་འདི་ཕྱུང་བས་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་བསྐྱེད་པ་ལེགས་སོ་ལེགས་སོ། །ཀྱེ་རྒྱལ་བའི་སྲས་གང་ལ་ལ་གཟུངས་སྔགས་འདི་ཐོས་པ་དེ་ནི་དེ་བཞིན་གཤེགས་པ་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱི་སྤྱན་སྔར་དགེ་བའི་རྩ་བ་བསྐྱེད་པ་དང་ལྡན་པར་འགྱུར་རོ། །གང་ལ་ལའི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་ཡང་སྒྲིབ་པ་དང་བྲལ་བར་འགྱུར་རོ། །སྐུ་གདུང་དང་ལྡན་པའི་མཆོད་རྟེན་གྱི་དྲུང་དུ་ཟླ་བ་ཡར་གྱི་ངོ་ཚེས་བརྒྱད་དམ། ཚེས་བཅོ་ལྔ་ལ་སྨྱུང་བར་འདུག་ཅིང་གསོ་སྦྱོང་དང་ལྡན་པར་བྱས་ཏེ། སྤོས་དང༌། བདུག་པ་དང༌། མར་མེ་དང༌། མེ་ཏོག་དང༌། མེ་ཏོག་ཕྲེང་བ་དང༌། བྱུག་པ་ལ་སོགས་པས་མཆོད་ལ་བསྐོར་བ་བྱས་ནས་བཟླས་བརྗོད་བྱས་ན་དམ་པ་ཅི་འདོད་པ་ཐོབ་པར་འགྱུར་ཏེ། སྡིག་པ་ཐམས་ཅད་དང་སྡུག་བསྔལ་བ་དང༌། འཇིགས་པ་ཐམས་
ཅད་ལས་ཐར་པར་འགྱུར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་སྤོས་ལ་སོགས་པས་མཆོད་དེ་བཟླས་བརྗོད་བྱས་ན་རྨི་ལམ་དུ་སྟོན་པར་འགྱུར་ཏེ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་ཅིང༌། ཉོན་མོངས་པ་དང་སྡུག་བསྔལ་བ་ཐམས་ཅད་སེལ་བར་བྱེད་དོ། །དེ་ནས་རྡོ་རྗེ་མེ་ཏོག་ཐོད་ཆེན་པོ་ས་གསུམ་གྱི་དབང་ཕྱུག་དང་ཐབས་གཅིག་ཏུ་འཁོར་གྱི་དཀྱིལ་འཁོར་ཆེན་པོ་དེའི་ནང་ནས་སྟན་ལས་ལངས་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་ལ་བཏུད་ནས་མཚན་བརྒྱ་རྩ་བརྒྱད་ཀྱིས་མངོན་པར་བསྟོད་པ། སེམས་ཅན་ཀུན་གྱི་གཙོ་བོ་ཆེ། །བྱང་ཆུབ་སེམས་དཔའི་ཚུལ་ཆེ་བ། །ཉོན་མོངས་དྲི་མ་ཀུན་ལས་འདས། །ཆོས་དབྱིངས་ཁྱོད་ལ་ཕྱག་འཚལ་ལོ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཉོན་མོངས་དྲི་མ་ཀུན་སེལ་ཅིང༌། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །སྐྱོན་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །ལམ་སྲང་གཅིག་པུའི་ཚུལ་སྟོན་ཅིང༌། །ཐེག་པ་གཅིག་པུའི་ཚུལ་གཅིག་པ། །ཐེག་པ་ཆེན་པོའི་ཚུལ་བརྙེས་ཏེ། །ཐེག་པ་དག་པ་ཁྱོད་ཕྱག་འཚལ། །སྣང་བ་ཆེན་པོ་སྣང་བ་བརྙེས། །ཡོན་ཏན་དཀྱིལ་འཁོར་འཇིག་རྟེན་བདག །ཟླ་བ་བཞིན་དུ་འོད་དཀར་བ། །འཇིག་རྟེན་འདས་པ་ཁྱོད་ཕྱག་འཚལ། །ཐེག་པ་ཆེན་པོ་དག་པ་ཆེ། །སངས་རྒྱས་ཐེག་པ་རྟོག་གྱུར་ཅིང༌། །རྡོ་རྗེའི་དཀྱིལ་འཁོར་རྣམ་གྲགས་པ། །རྡོ་རྗེ་ཆེན་པོ་ཁྱོད་ཕྱག་འཚལ། །དཔའ་བོ་ཆེན་པོ་བདུད་ལས་རྒྱལ། །དར་བ་ཆེན་པོ་ཉོན་མོངས་ཆོམས། །བགེགས་ཐུབ་གཤིན་རྗེ་ཐུབ་པ་སྟེ། །རིན་ཆེན་དྲྭ་བ་ཁྱོད་ཕྱག་འཚལ། །ཟླ་བ་ཆེན་པོ་ཉི་མ་ཆེ། །ལྷུན་པོ་ཆེན་པོ་དབང་ཕྱུག་ཆེ། །ལྷ་ཆེན་མགོན་པོ་ཆེན་པོ་སྟེ། །འབྱོར་པ་ཆེན་པོ་ཁྱོད་ཕྱག་འཚལ། །སྒྲིབ་པ་ཐམས་ཅད་གཅོད་མཛད་ཅིང༌། །སྒྲིབ་པ་ཐམས་ཅད་སེལ་མཛད་པ། །ཀུན་མཁྱེན་ཡོན་ཏན་བདག་ཉིད་ཆེ། །རྣམ་སེལ་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་སྤྱོད་ཡུལ་
ཞུགས་པ་སྟེ། །ཆོས་ཀྱི་སྤྱོད་ཡུལ་གཤེགས་པ་ལགས། །ཡེ་ཤེས་དབང་ཕྱུག་ཡེ་ཤེས་ཆེ། །སྲེད་བྲལ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་མཛེས་ཡོན་ཏན་སྙིང་པོ་མཁྱེན། །རྡོ་རྗེ་ཡི་ནི་དཀྱིལ་འཁོར་བརྒྱན། །སངས་རྒྱས་ལམ་སྟེ་དོན་ཡོད་ཆེ། །ཡེ་ཤེས་དག་པ་ཁྱོད་ཕྱག་འཚལ། །བསྟེན་པ་གནས་པ་དབང་བདག་པོ། །བདེ་མཛད་ཐུགས་ཀྱང་ཞི་བ་སྟེ། །ཡངས་པ་དྲི་མེད་ཤེས་རབ་ཅན། །སྣང་བ་དག་པ་ཁྱོད་ཕྱག་འཚལ། །ཟབ་ཅིང་བརྟན་ལ་རྣམ་པར་གནོན། །ཞི་ལ་འཇིག་རྟེན་དག་པར་མཛད། །སྟོན་པ་སྐྱབས་འོས་སྲིད་གསུམ་ན། །དཔའ་བཙན་ཁྱོད་ལ་ཕྱག་འཚལ་ལོ། །སྐལ་པ་ཆེན་པོ་ཉོན་མོངས་བཅོམ། །འཁོར་བའི་དཀྱིལ་འཁོར་འཇོམས་པ་སྟེ། །ཞི་བ་ཞི་མཛད་བདེ་འབྱུང་བ། །ཆུ་བོ་ཞི་མཛད་ཁྱོད་ཕྱག་འཚལ། །ཐར་པའི་རྒྱུ་སྟེ་ཆོས་ལུགས་ཆེ། །བདེ་འགྲོར་གནས་པ་དྲི་མ་མེད། །རྣམ་དག་ཐུགས་མངའ་ཞི་བ་མཁྱེན། །ཉེས་སེལ་ཁྱོད་ལ་ཕྱག་འཚལ་ལོ། །རྩེ་མོ་ཡངས་པར་རྣམ་པར་གྲགས། །སྔགས་ཆེན་མང་པོས་འདུལ་མཛད་པ། །སྙིང་པོ་ཆེན་པོ་དཀྱིལ་འཁོར་མཆོག །དཀྱིལ་འཁོར་མཁྱེན་པ་ཁྱོད་ཕྱག་འཚལ། །སྡུག་བསྔལ་གསུམ་སེལ་གསུམ་གྱི་མཆོག །དཀོན་མཆོག་གསུམ་དང་སྤྱོད་ཡུལ་འདྲ། །རྣམ་གསུམ་མཁྱེན་པ་རྙེད་པའི་བདག །རྣམ་ཐར་གསུམ་ཁྱོད་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཡོན་ཏན་གྱི། །འབྱོར་པ་བརྙེས་ཤིང་མཉམ་ཉིད་བརྙེས། །བསྐལ་པ་དག་ནི་གྲངས་མེད་པར། །ཚོགས་ཆེན་བསགས་པ་ཁྱོད་ཕྱག་འཚལ། །ས་ལ་གནས་པ་ས་ཆེན་བརྙེས། །ས་ཡི་འབྲས་བུ་ཕུན་སུམ་ཚོགས། །ཡང་དག་ས་འཛིན་ལས་བྱུང་བ། །ཡེ་ཤེས་ས་ཁྱོད་ཕྱག་འཚལ་ལོ། །ཏིང་ངེ་འཛིན་ལ་མངའ་བརྙེས་པ། །ཉེས་གསུམ་སྤངས་ཤིང་སྡིག་པ་སེལ། །ཏིང་འཛིན་མཁྱེན་ཅིང་རྒྱ་ཆེ་བ། །མཉམ་པ་ཉིད་མཉམ་ཁྱོད་ཕྱག་འཚལ། །མགོན་པོ་ཆེན་པོ་སྣང་བ་ཆེ། །སྡུག་བསྔལ་ཆེན་པོའི་དྲི་མ་སེལ། །ཞི་གྱུར་
མ་ལུས་ཞི་མཛད་པ། །ཡོན་ཏན་ཕ་མཐའ་ཁྱོད་ཕྱག་འཚལ། །སངས་རྒྱས་ཀུན་མཚུངས་གསུང་ལྡན་པ། །ཆོས་ཀུན་ཞི་བ་ཕུན་སུམ་ཚོགས། །དཀོན་མཆོག་གསུམ་རིགས་དཔེ་མེད་པ། །རིན་ཆེན་མཐའ་ཡས་ཁྱོད་ཕྱག་འཚལ། །རྡོ་རྗེ་ཆེན་པོ་དྲི་མ་མཆོག །རྡོ་རྗེའི་མཚོན་བསྣམས་སྡིག་མི་མངའ། །ནམ་མཁའ་མ་ལུས་ཡུལ་དང་ལྡན། །ཡེ་ཤེས་སྤྱོད་ཡུལ་རྒྱ་མཚོ་མངའ། །དེ་བཞིན་གཤེགས་དང་ཡུལ་གཅིག་པ། །སེལ་བ་པོ་སྟེ་དྲི་མ་སྦྱོང༌། །ཤེས་རབ་ཆེན་པོ་རྒྱལ་བའི་སྲས། །སྲེད་གཅོད་ཁྱོད་ལ་ཕྱག་འཚལ་ལོ། །རྡོ་རྗེ་དཀྱིལ་འཁོར་རྡོ་རྗེ་མཆོག །རྡོ་རྗེས་འདུལ་བ་རྡོ་རྗེ་འཆང༌། །རྡོ་རྗེ་རྩལ་ཅན་རྣམས་ཀྱི་རྩལ། །རྡོ་རྗེ་སྣང་བ་ཁྱོད་ཕྱག་འཚལ། །རིན་ཆེན་ཆེན་པོ་རིན་ཆེན་བློ། །རིན་ཆེན་རྡོ་རྗེ་འོད་ཆེ་བ། །རིན་ཆེན་འོད་མཛེས་རིན་ཆེན་འབྱུང༌། །རིན་ཆེན་བསྟན་པ་སྲུང་མཛད་པ། །སྟོང་པ་ཉིད་ཀྱི་ཡུལ་བརྙེས་པ། །ཡེ་ཤེས་སྟོང་པ་ཉིད་ཀྱིས་སྟོན། །སྟོང་ཉིད་ལོངས་སྤྱོད་ཡུལ་དང་ལྡན། །སྟོང་ཉིད་མཆོག་ཁྱོད་ཕྱག་འཚལ་ལོ། །ཤེས་རབ་མཚུངས་མེད་ཤེས་རབ་ཅན། །དགེ་བ་རྣམ་དག་ས་དང་བྲལ། །ཆོས་གཅིག་ལས་བྱུང་སྣང་བ་པོ། །འཇིག་རྟེན་འདས་པའི་ཚུལ་ཆེན་ལགས། །འཇིག་རྟེན་སྣང་མཛད་སྨྲ་མཁས་པ། །འཇིག་རྟེན་ཆོས་ལས་རྣམ་པར་འདས། །འཇིག་རྟེན་མཁྱེན་པའི་ཡོན་ཏན་བརྙེས། །བརྒྱན་པར་མཛད་པ་དཀྱིལ་འཁོར་དག །ཉེས་པ་མ་ལུས་སེལ་བ་སྟེ། །ཕལ་ཆེན་སྐྱེ་བོ་ཀུན་ལ་ཕན། །ས་འཛིན་རྣམ་པར་གྲགས་པ་པོ། །ཀུན་མཁྱེན་ཁྱོད་ལ་ཕྱག་འཚལ་ལོ། །དགའ་མཁྱེན་དགའ་ལ་ལོངས་སྤྱོད་པ། །དགའ་བའི་རིག་མཆོག་རྣམས་ཀྱི་མཆོག །དགའ་བར་མཛད་པའི་རྟོག་པ་ཅན། །དགའ་ལ་སྣང་བ་ཁྱོད་ཕྱག་འཚལ། །སྒེག་ཆེན་འཇོམས་ཞིང་དགོངས་པར་ལྡན། །རྣམ་པར་སྒེག་ལ་སྤྱོད་པ་བརྟན། །རྡོ་རྗེའི་རིག་པ་སྒེག་པའི་མཆོག །སྒེག་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་བྱང་ཆུབ་སེམས་དཔའི་མཆོག །རྡོ་རྗེ་མཆོག་གི་དཀྱིལ་འཁོར་ཆེ། །ཐེག་པ་ཆེན་
པོའི་ཚུལ་ལ་གནས། །བླ་མེད་མཆོག་ཁྱོད་ཕྱག་འཚལ་ལོ། །དཔའ་བོ་བྱང་ཆུབ་སེམས་དཔའི་མཆོག །སྒྲིབ་པ་ཐམས་ཅད་སེལ་མཛད་ལ། །རྡོ་རྗེའི་དཀྱིལ་འཁོར་འཁོར་རྣམས་ཀྱིས། །མིང་བརྒྱ་རྩ་བརྒྱད་ཀྱིས་བསྟོད་ནས། །རྡོ་རྗེའི་བསྟན་པ་རྣམ་གྲགས་པ། །བཅོམ་ལྡན་རྡོ་རྗེ་ཅན་གྱིས་གསུངས། །ཀྱེ་མ་འབྱོར་ཆེན་སྣང་བ་ཡི། །དཀྱིལ་འཁོར་རྒྱལ་བའི་དཀྱིལ་འཁོར་པ། །གང་ཞིག་མིང་བརྒྱ་རྩ་བརྒྱད་པ། །འདི་དག་སོ་སོར་རྗོད་བྱེད་ན། །ང་ནི་ཉེས་པ་ཀུན་ཟློག་ཅིང༌། །རྟག་ཏུ་དེ་ཡི་ཕྱི་བཞིན་འབྲང༌། །ནངས་པར་ལངས་ནས་གཙང་མ་ཡིས། །སྒྲིབ་པ་ཐམས་ཅད་སེལ་བ་ལ། །བློ་ལྡན་གང་ཞིག་སྟོད་བྱེད་པ། །དེ་ཡི་སྡིག་པ་མེད་པར་འགྱུར། །གང་ཞིག་མིང་བརྒྱ་རྩ་བརྒྱད་མཆོག །ནངས་པར་ལངས་ནས་རྗོད་བྱེད་པ། །སྡང་བ་ཐམས་ཅད་དེ་དབང་འགྱུར། །བགེགས་རྣམས་ཀྱིས་ཀྱང་ཡོངས་སུ་གཏོང༌། །སྡིག་པ་དག་པ་འཐོབ་པ་དང༌། །དེ་བཞིན་བསོད་ནམས་འཕེལ་བ་དང༌། །ཡེ་ཤེས་རྒྱ་མཚོ་ལོངས་སྤྱོད་ཅིང༌། །ས་མཆོག་ཆེན་པོ་ཐོབ་པར་འགྱུར། །གང་ཞིག་ངེས་པར་གནས་བྱས་ལ། །མིང་བརྒྱ་རྩ་བརྒྱད་མཆོག་འདོན་པ། །དེས་ནི་འབྱོར་ཆེན་སངས་རྒྱས་ས། །རིང་པོར་མི་ཐོགས་ཐོབ་པར་འགྱུར། །རྒྱུད་ཆེན་ལྡན་ཞིང་བློ་ཆེ་བ། །གང་ཞིག་མིང་མཆོག་འདོན་པ་ནི། །རྡོ་རྗེའི་དཀྱིལ་འཁོར་བསྟན་པ་ལ། །རིང་པོར་མི་ཐོགས་འཇུག་པར་འགྱུར། །བྱང་ཆུབ་སེམས་དཔའ་ཆེན་པོ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ཁ་གརྦྷ་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། འཕགས་པ་ནམ་མཁའི་སྙིང་པོ་ཞལ་རས་རྒྱ་ཆེ་ཞིང་སྤྱན་གྱི་འོད་འཕྲོ་བས་ནམ་མཁའི་དཀྱིལ་དྲི་ཞིམ་པར་མཛད་པ་ལ་ཕྱག་འཚལ་ལོ། །ནམ་མཁའི་སྤྱོད་ཡུལ་ཅན་སའི་དཀྱིལ་འཁོར་ཐམས་ཅད་སྣང་བར་མཛད་པ་ལ་ཕྱག་
འཚལ་ལོ། །ཨོཾ་སྭ་སྟི་ཀ་མཱ་ལཱཀྵི་བི་པུ་ལ་སམྦྷ་བ། དྷརྨ་དྷཱ་ཏུ་གོ་ཙ་ར་སྭཱ་ཧཱ། གཟུངས་འདི་བརྗོད་མ་ཐག་ཏུ་ངན་སོང་དང་ངན་འགྲོ་ཐམས་ཅད་ནི་རབ་ཏུ་ཞི་བར་གྱུར། ས་ཡང་གཡོས་པར་གྱུར། རྔ་བོ་ཆེ་དག་གི་སྒྲ་ཡང་གྲག་པར་གྱུར། སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱིས་བཀའ་སྩལ་པ། ཀྱེ་འཁོར་གྱི་དཀྱིལ་འཁོར་ན་འཁོད་པའི་སེམས་ཅན་རྣམས་ནམ་མཁའི་སྙིང་པོའི་སྙིང་པོ་དཀྱིལ་འཁོར་མངོན་སུམ་པ་རྣམས་ཀྱི་སྭཱ་ཧཱའི་མཆོག་གི་གཟུངས་འབྱུང་བར་ཤིན་ཏུ་དཀའ་བ། བསོད་ནམས་ཆེན་པོ་སྡིག་པ་དང་ཉོན་མོངས་པ་ཐམས་ཅད་སྲེག་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མ། རིན་པོ་ཆེའི་ཕུང་པོར་གྱུར་པ་འདི་ཉོན་ཅིག་དང༌། འདི་ཐོས་པས་དྲི་མ་མེད་པར་འགྱུར་ཞིང་ལེགས་པར་ཁྲུས་བྱས་པར་འགྱུར་ལ་ཤིན་ཏུ་རྣམ་པར་དག་པར་འགྱུར་རོ། །པདྨ་ལྟ་བུར་འགྱུར་ཏེ་འཁོར་བའི་འདམ་གྱིས་མི་གོས་སོ། །ཉི་མ་ལྟ་བུར་འགྱུར་ཏེ་སེམས་ཅན་ཐམས་ཅད་སྣང་བར་བྱེད་དོ། །ཟླ་བ་ལྟ་བུར་འགྱུར་ཏེ་སེམས་ཅན་ཐམས་ཅད་རབ་ཏུ་སིམ་པར་བྱེད་དོ། །ནམ་མཁའ་ལྟ་བུར་འགྱུར་ཏེ་ངན་སོང་གི་སྡུག་བསྔལ་ཐམས་ཅད་ཀྱིས་མི་གོས་སོ། །ས་གཞི་ལྟ་བུར་འགྱུར་ཏེ་མཐོ་དམན་མེད་དོ། །ལྷུན་པོ་ལྟ་བུར་འགྱུར་ཏེ་སེམས་ཅན་ཐམས་ཅད་ཀྱིས་བསྐྱོད་པར་མི་ནུས་སོ། །ཐར་པ་ལྟ་བུར་འགྱུར་ཏེ་བདེ་བ་དང་སྡུག་བསྔལ་གྱིས་མི་གོས་སོ། །དེ་ལ་སོགས་པ་ཡོན་ཏན་སྟོང་ཕྲག་བགྲང་བ་ཚད་མེད་གྲངས་མེད་པ་དག་ཐོབ་པར་འགྱུར་ཏེ། ཉན་པ་དང༌། འཆང་བ་དང༌། ཀློག་པ་དང༌། བརྗོད་པ་དང༌། སྟོན་པ་ཙམ་དང༌། བཟླས་བརྗོད་བྱས་པ་ཙམ་གྱིས་གང་ཅི་ཡང་རུང་སྟེ། དེའི་འདོད་པ་དང༌། སྨོན་པ་དང༌། རེ་བ་དེ་དག་འགྲུབ་པར་འགྱུར་རོ། །བཟླས་བརྗོད་བྱས་པ་ཙམ་གྱིས་ཀྱང་ཆར་ཆེས་པ་དང༌། ཆར་མི་འབབ་པ་དང༌། སྡང་བས་དཀྲུགས་པ་དང༌། མི་ནད་དང༌། རྨི་ལམ་ངན་པ་དང༌།
གནོད་པར་འབྱུང་བ་དང༌། འཇིག་པའི་དུས་དང༌། འཆི་བ་དང༌། ཆོམ་རྐུན་དང༌། དགོན་པ་དང༌། གཡུལ་འགྱེད་པ་དང༌། གཅན་གཟན་དང༌། མུ་གེའི་སྡུག་བསྔལ་རྣམས་ལས་ཡོངས་སུ་སྲུང་བར་བྱེད་ལ། བདེ་བ་དང༌། འབྱོར་བ་དང༌། ཅི་འདོད་པ་དང༌། ཅི་ལ་དགའ་བ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་ཧ་ཧ་ཞེས་ཅ་ཅོ་དང་ག་ཞ་བཏོན་ཏེ། སྒྲ་རིང་ཞེས་བྱས་ནས་གོས་དང༌། རྒྱན་སྣ་ཚོགས་བསྐྱོད་དེ་སྙིང་ནས་ཕྱག་འཚལ་ནས། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དབང་བྱེད་པ། འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པའི་བསྔགས་པ་རྒྱ་མཚོའི་བསྟོད་པ་ཡང་དག་པར་བརྗོད་པ། ནམ་མཁའི་སྙིང་པོ་སྲིད་གསུམ་སེམས་ཅན་མཆོག །འབྱོར་ལྡན་བློ་གྲོས་རིན་ཆེན་རྒྱ་མཚོ་མངའ། །སེམས་ཅན་དག་པ་བླ་མེད་རིན་ཆེན་མཆོག །ཐར་པའི་ས་བོན་འཁོར་བའི་སྡུག་བསྔལ་སེལ། །ཀུན་མཁྱེན་ཚུལ་མཁྱེན་ལེགས་དང་ལེགས་མིན་མཁྱེན། །ཐར་མཁྱེན་ཆོས་མཁྱེན་བདེ་དང་མི་བདེ་མཁྱེན། །ལམ་མཁྱེན་གཅེས་མཁྱེན་དགེ་དང་མི་དགེ་མཁྱེན། །དུས་མཁྱེན་དགེ་མཁྱེན་སྟོབས་དང་སྟོབས་མིན་མཁྱེན། །འགྲོ་མཆོག་ཆོས་མཆོག་སེམས་ཅན་ཡོན་ཏན་མཆོག །ལམ་མཆོག་སྔགས་མཆོག་ཚུལ་དང་ཚུལ་མིན་མཆོག །རྒྱན་མཆོག་ཆོས་མཆོག་འཛིན་དང་འཛིན་མིན་མཆོག །དག་མཆོག་རྟོགས་མཆོག་མཆོག་དང་མཆོག་མིན་མཆོག །ཞི་རབ་སྙིང་རྗེའི་རབ་སྟེ་འཁོར་གྱི་རབ། །འོད་རབ་ཐར་པའི་རབ་སྟེ་རྟེན་གྱི་རབ། །རྒྱ་རབ་སྔགས་ཀྱི་རབ་སྟེ་ཐུགས་བརྩེའི་རབ། །མཉམ་རབ་སེམས་ཅན་རབ་སྟེ་གསུམ་རིག་རབ། །ལེགས་སྒྲོན་མཆོག་སྒྲོན་སྟོབས་དང་སྟོབས་མིན་སྒྲོན། །ཐར་སྒྲོན་རིགས་སྒྲོན་རྒྱལ་དང་རྒྱལ་མིན་སྒྲོན། །དགེ་སྒྲོན་གཟི་སྒྲོན་ནོར་བུའི་འོད་ཀྱི་སྒྲོན། །རྒྱུ་སྐར་ཟླ་བའི་བརྒྱན་ལས་ཤར་བའི་སྒྲོན། །མཆོག་འོད་ཡོན་ཏན་ཀུན་གྱི་འོད་ཟེར་འོད། །ལེགས་
འོད་ཐར་པའི་ཕོ་བྲང་རྟེན་གྱི་འོད། །འོད་ཆེན་གཏི་མུག་རབ་ཏུ་འབྱེད་པའི་འོད། །རྡོ་རྗེའི་འོད་འབར་བདེ་བའི་འོད་འཆང་བ། །རྡོ་རྗེའི་དབང་པོ་འདྲེན་དབང་སེམས་ཅན་དབང༌། །རིན་ཆེན་འོད་ཀྱི་དཀྱིལ་འཁོར་བརྒྱན་དབང་པོ། །རྒྱལ་དབང་རྒྱལ་བའི་སྟོབས་རྒྱུན་ཚད་མེད་དབང༌། །དཔའ་བོ་རིག་སྔགས་འཆང་དབང་སྲིད་གསུམ་དབང༌། །རྡོ་རྗེ་བཟང་པོ་རྡོར་འོད་རྡོ་རྗེ་འབར། །རྡོ་རྗེ་སེམས་དཔའ་རྡོ་རྗེ་འབར་བས་བརྒྱན། །རྡོ་རྗེ་འོད་ཅན་རྡོར་འཛིན་རྡོ་རྗེ་དྲག །རྡོ་རྗེ་རྒྱ་ཆེན་རྡོ་རྗེ་རབ་མཆོག་དབང༌། །ན་བཟའ་སྔོ་ཞིང་སྐུ་ཡི་ཆ་ལུགས་སྔོ། །སྐུ་མདོག་སྔོ་ཞིང་སྔོ་བའི་འོད་ཀྱིས་བརྒྱན། །རལ་གྲི་རྣོ་འཇེབས་སྔོ་ཞིང་བརྟན་པ་བསྣམས། །མཁའ་སྔོ་གཞལ་མེད་ཁང་འབར་ནང་ན་བཞུགས། །ལྷ་ཞལ་དྲི་མེད་ཤིན་ཏུ་མི་བཟད་འབར། །རབ་ཏུ་དྲག་ལ་འོད་ཟེར་འཕྲོ་ཞིང་འགྱུར། །སྡིག་སེལ་རྡུལ་ལྟར་འཁྲུག་བྱེད་ཕྲེང་མཆོག་ཅན། །གློག་གི་སྟོབས་ཀྱི་སྣང་བས་སྒེག་ལ་བརྟན། །རལ་གྲི་མཚོན་ཐོགས་དབང་ལྡན་མཐུ་སྟོབས་མཚོན། །རྡོ་རྗེའི་མཚོན་ཐོགས་མདའ་དང་མདུང་ཐུང་འཇིགས། །འཁོར་ལོའི་མཚོན་ཐོགས་བཅིབས་པ་རི་དང་འཁྲུལ། །གསལ་ཤིང་མཚོན་ཐོགས་བགེགས་ཀྱི་སྟོབས་འཇོམས་པ། །བདེ་འབྱུང་འཇིག་རྟེན་གསུམ་བདག་རྡོ་རྗེའི་དབྱུག །སྐུ་རྣམས་ཐམས་ཅད་ཉི་མའི་འོད་ཀྱིས་བརྒྱན། །གྲགས་པའི་རིགས་སུ་བྱུང་བས་རྒྱལ་པོ་མཛད། །མུ་ཏིག་ཕྲེང་བས་སྒེག་ཅིང་མཛེས་པར་བགྱིས། །སྐུ་མཛེས་བརྙེས་ཤིང་ཕུན་སུམ་ཚོགས་པ་བརྙེས། །རབ་འབྱམས་མཆོག་བརྙེས་ས་ལ་འཇུག་པ་བརྙེས། །མཐུ་སྟོབས་ལྷག་པ་བརྙེས་ཤིང་གྲུབ་བརྙེས་ལ། །རིག་པ་གསུམ་གྱི་སྟོབས་བརྙེས་མཐུ་བརྙེས་པ། །བདེ་འདྲེན་ཞི་བ་འདྲེན་ཅིང་འོད་འདྲེན་པ། །ཆ་ལུགས་གསལ་མཆོག་དར་བ་ཆེན་པོ་འདྲེན། །བྱམས་འདྲེན་ཉི་མ་འདྲེན་ཅིང་སྐྱེ་དགུ་འདྲེན། །ལེགས་འདྲེན་ཞིང་གི་སྟོབས་འདྲེན་སྙིང་རྗེ་ཅན། །དྲི་མེད་ཆ་ལུགས་གསལ་བ་ཆ་ལུགས་འབར། །རྣམ་
གྲགས་སྒེག་པས་གྲགས་པའི་བ་དན་ཅན། །འགྲོ་བའི་སྐབས་འབྱེད་འཇུག་དང་ལྡོག་པ་མཁྱེན། །ལོངས་སྤྱོད་གསལ་བར་སྟོན་པའི་སེམས་ཀྱིས་འཇུག །སྐུ་དམར་སྐུ་མཐོན་སྐུ་མཛེས་སྐུ་བཟང་བ། །སྐུ་སེར་སྐུ་དཀར་དར་བ་ཆེན་པོའི་སྐུ། །སྐུ་རོལ་རྡོ་རྗེའི་སྐུ་མངའ་སྤྱན་ལེགས་སྐུ། །རིགས་སྐུ་རིག་སྔགས་འཆང་བ་རིན་ཆེན་བསྣམས། །གཙུག་གི་ནོར་བུ་གཙུག་ཅན་ཅོད་པན་མཆོག །ཅོད་པན་ཅན་ཏེ་ཆོས་འཛིན་རྡོ་རྗེ་མཆོག །དཔལ་འཛིན་རིན་ཆེན་དམ་པ་འཆང་བའི་མཆོག །སྔགས་གཞི་ཕྱག་རྒྱ་འཆང་བ་ཕུན་སུམ་ཚོགས། །རབ་མཛེས་མཁའ་ལ་གཤེགས་ཤིང་རབ་ཏུ་རྒྱུ། །སྲིད་གསུམ་ཉི་མ་གཅིག་པུ་འོད་སྟོང་མངའ། །རི་རྩེ་འཆར་བ་བདེ་ལེགས་བཀྲ་ཤིས་པ། །ཡོན་ཏན་མཐུ་སྟོབས་ཁྱད་པར་རྣམ་པར་གྲགས། །ནོར་བུ་ཆེན་པོ་ནོར་སྡུག་ནོར་བུའི་འོད། །ཉི་མ་ནོར་བུ་ཚུལ་སྤྱོད་ནོར་བུ་འབར། །ཡིད་བཞིན་ནོར་བུ་འགྲོ་ཀུན་མགོན་གཅིག་པུ། །ནམ་མཁའི་དཀྱིལ་ན་ནོར་བུ་གཅིག་སྣང་བ། །སེམས་ཅན་རྣམ་དག་ཡངས་ཤིང་རྣམ་པར་གྲགས། །སྲིད་གསུམ་སྲུང་མ་གཅིག་བུ་རྒྱལ་སྲས་མཆོག །ཞི་བ་རབ་ཏུ་ཞི་བ་སྐྱབས་འོས་རྟག །སྐྱེ་དགུའི་བདག་པོ་པད་བྱུང་པདྨ་སྐྱེས། །ཀུན་ནས་འོད་བཟང་ལེགས་བཤད་ཆོས་མངའ་བ། །དར་བ་ལེགས་བཤད་རབ་དུལ་ལེགས་བཤད་ཕྱག །བློ་བཟང་འོད་བཟང་བདེ་ལྡན་སྐྱེ་གནས་བཟང༌། །མཁས་རབ་ཞི་རབ་མཆོག་གི་ཆོས་དང་ལྡན། །ཞི་མཛད་རྒྱལ་འབྱུང་བདེ་བ་འབྱུང་བའི་གནས། །འོད་ཀྱི་འབྱུང་གནས་བདེ་མཛད་དབང་དུ་མཛད། །ལེགས་འབྱུང་ཤེས་རབ་འབྱུང་གནས་སྟོབས་བསྐྱེད་པ། །སྙིང་རྗེའི་འབྱུང་གནས་བློ་བཟང་རྣམ་གྲགས་མཛད། །རྣམ་གྲོལ་ངེས་གྲོལ་ཤིན་ཏུ་གྲོལ་བའི་བློ། །བློ་ཡངས་རྣམ་པར་བཀྲམ་ཞིང་རྣམ་པར་གྲགས། །ཀུན་ཏུ་ལོངས་སྤྱོད་སྒོ་སྟེ་བློ་ཡི་མཆོག །བློ་གྲོས་བརྟན་པ་དཀོན་མཆོག་གསུམ་ལས་བསྒྲུབས། །སངས་རྒྱས་པདྨ་འདབ་རྒྱས་
འདྲ་བའི་ཞལ། །དག་ཅིང་སྤྱན་ཡངས་ཆ་ལུགས་ཡིད་དུ་འཐད། །སྙིང་པོ་གསལ་བའི་སྙིང་པོ་བརྟན་ཞིང་དུལ། །ངོ་བོ་ཉིད་ཀྱིས་རྒྱུན་བརྙེས་རབ་གསལ་བ། །སྤྱན་ཟུར་མདའ་ནི་རབ་ཏུ་བཏང་ལེགས་པ། །འཇིགས་མེད་ཞལ་རས་སྟོན་གྱི་ཟླ་བ་འདྲ། །མདུང་ཐུང་བརྒྱ་ཡི་མཚོན་མཆོག་མཚོན་ཆ་རྫོགས། །དྲག་པོ་འཇིགས་པ་སྡིག་སེལ་གསུམ་ལས་སྐྱེས། །རབ་དུལ་མཁས་པ་འགྲོགས་དགའ་འདྲིས་པར་སླ། །རབ་ཏུ་དྲག་པ་གཉེན་རབ་གསེར་མདོག་ཅན། །ལྷ་ཆེན་བདེ་བྱེད་གསལ་ཤིང་ཕྱག་ན་བསྣམས། །སྤྱན་གསུམ་རིག་པ་གསུམ་ལྡན་མེ་གསུམ་སེལ། །འདོད་བཟང་མེ་ཏོག་མཚོན་ཐོགས་མེ་ཏོག་མདའ། །ན་བཟའ་བཟང་མནབས་གཡས་འཕེན་ཚབས་ཆེར་འཕེན། །ལེགས་བྲིས་སྣ་ཚོགས་མཚོན་ཆ་སྣ་ཚོགས་མངའ། །ན་བཟའ་སྣ་ཚོགས་སྣ་ཚོགས་རྒྱན་གྱི་དཔལ། །ཞལ་རས་ཟླ་བ་འོད་ཟེར་རྒྱས་པ་འདྲ། །ཞལ་མདངས་བསྟན་པས་འཇིག་རྟེན་ཀུན་འབྱོར་མཛད། །བཞད་པ་ཉི་མའི་འོད་ཟེར་རབ་འཇེབས་མདའ། །ཞལ་མདངས་རྒྱ་མཚོ་གསལ་མཛད་ལམ་མེ་བ། །དབང་ཆེན་རྡོ་རྗེའི་ཐོག་ལགས་འཇིགས་པའི་སྒྲ། །རྡོ་རྗེ་དྲག་པོ་ནོར་བུ་གཡོ་བ་འཛིན། །སྒྲ་བརྙན་སྣང་བར་མཛད་པའི་མཐུ་དང་ལྡན། །བློ་གྲོས་ཆེན་པོ་བློ་གྲོས་རྣོ་བའི་མཆོག །རྒྱན་འཛིན་དཔལ་འཛིན་རིན་ཆེན་ཞལ་དང་ལྡན། །རྒྱུ་དང་མི་རྒྱུ་འགྲོ་བ་ཀུན་གྱི་གནས། །དེ་བཞིན་གཤེགས་པ་མགོན་སྲས་ཕྲེང་བ་བཟང༌། །སྟོབས་ཆེན་འཇིག་རྟེན་བློ་གྲོས་ངོ་བོ་ཉིད། །སྐྱེ་དགུའི་བདག་པོ་བཀའ་ལུང་མཉམ་ཞིང་བརྟགས། །མི་ཡི་མངའ་བདག་མཐོ་རིས་བསྐྱེད་པའི་རྒྱུ། །སྒྱུ་འདྲ་འདོད་པའི་མདའ་དང་རྡོ་རྗེ་ཅན། །མཐུ་སྟོབས་མངའ་ཞིང་སྤྱན་བཟང་སྡུག་པར་ལྡན། །སྟོན་པ་བཟང་པོ་སྟོང་ཉིད་ལམ་གྱི་སྟེགས། །གཅེས་གསུམ་འཕེལ་བའི་རྒྱུ་ལ་འཇུག་པ་མཛད། །བརྟན་པོ་རྒྱུ་ལ་རབ་ཏུ་ངེས་གྱུར་པ། །དཀྱིལ་འཁོར་དམ་པ་ཀུན་གྱི་སློབ་དཔོན་ལགས། །གཅིག་པུ་སྐྱེ་དགུའི་དཀྱིལ་འཁོར་ཆོ་ག་མཁྱེན། །
རྣམ་པར་སྣང་མཛད་ཞིང་གི་གནས་ནས་སྐྱེས། །དབང་བསྐུར་བརྙེས་ཤིང་ས་བཅུར་ལེགས་པར་གནས། །གནས་ཆེན་སོན་པ་མཆོག་གནས་གཅིག་པུ་ལགས། །སྐྱེ་དགུ་རྣམས་ཀྱི་ཉོན་མོངས་སེལ་བ་དང༌། །སྡིག་འཇོམས་མཚན་བརྒྱ་རྩ་བརྒྱད་འདི་ཐོས་ནས། །བདེ་གཤེགས་སྲས་མཆོག་སུ་ཞིག་འདོན་བྱེད་པ། །འཇིག་རྟེན་ཟླ་བ་གཅིག་ཤར་བཞིན་དུ་སྣང༌། །ནམ་མཁའི་སྙིང་པོ་སེམས་ཅན་གཅིག་པུ་ཡི། །མདུན་འདུག་ནངས་པར་བསྟོད་པ་འདི་བརྗོད་གང༌། །དེ་ནི་སྲིད་གསུམ་སེམས་ཅན་མཆོག་འགྱུར་ཞིང༌། །དྲི་མའི་གནས་ཀུན་ལས་ཀྱང་ཐར་བར་འགྱུར། །གཡུལ་དང་འཐབ་རྩོད་ཤིན་ཏུ་མི་བཟད་དང༌། །མུ་གེའི་གནོད་པ་མི་ནད་བྱུང་བ་ན། །མཁས་པ་སུ་ཞིག་སྔར་ལངས་དད་བསྐྱེད་ནས། །ནམ་མཁའི་སྙིང་པོ་ལ་ནི་བསྟོད་བྱེད་པ། །དེ་ནི་འཇིགས་པའི་འབྱུང་གནས་ཐམས་ཅད་དང༌། །སྡུག་བསྔལ་འབྱུང་འདྲེན་སྡིག་པ་རྣམས་ལས་གྲོལ། །དེ་ནི་ཞི་མཆོག་མཆོག་བདེ་ཀུན་གནས་དང༌། །བདེ་བ་རྒྱ་ཆེན་ངེས་པར་ཐོབ་པར་འགྱུར། །བདེ་འཐོབ་ལོངས་སྤྱོད་འཕེལ་བར་བྱ་བའམ། །རྒྱལ་སྲིད་འཐོབ་དང་བྱད་གཟུགས་ནོར་འཐོབ་དང༌། །རིགས་འཐོབ་ཡོན་ཏན་ཀུན་གྱི་གཞི་བསྒྲུབ་ཕྱིར། །བཏོན་ན་འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །དེ་ཕྱིར་ཇི་སྟེ་རྟག་ཏུ་འདོད་བདེ་ཀུན། །འདོད་ན་འགྲོ་བ་ཀུན་ལ་གཅིག་དཔའ་བ། །ནམ་མཁའི་སྙིང་པོ་སྲིད་གསུམ་མགོན་པོ་ལ། །རྟག་ཏུ་བསྟེན་ཅིང་སྔགས་ཀྱང་བསྟེན་པར་བགྱི། །འཕགས་པ་ནམ་མཁའི་སྙིང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ས་མནྟ་བྷ་དྲ་ཨཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ནི་ས་མནྟྲ་ས་ཧི་ཏ། བོད་སྐད་དུ། འཕགས་པ་ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཀུན་ཏུ་བཟང་པོ་ནམ་མཁའི་དཀྱིལ་ཀུན་ཏུ་རབ་འབྱམས་མ་ལུས་པ་དང་མཉམ་པའི་ངོ་བོ་ཉིད་ཀྱི་ཆོས་ཀྱི་སྣང་བ་གསལ་བ་བརྙེས་པ། སའི་དཀྱིལ་འཁོར་ཀུན་ཏུ་
འཕྲོས་པའི་སྐུ་ཐ་དད་པ་མེད་ཅིང་དུས་གསུམ་གྱི་སྐུ་མཉམ་པ་ཉིད་བརྙེས་པ། གཟུགས་སྣ་ཚོགས་ཅན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་དང༌། རབ་མཆོག་དམ་པ་སྦྱིན་པ། ཡོན་ཏན་ཆེན་པོའི་སྐུ་ས་ཀུན་ཏུ་མངའ་མཛད་པ་ལ་ཕྱག་འཚལ་ལོ། །དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་ཀུན་ཏུ་བཟང་པོ་གཟུགས་སྣ་ཚོགས་ཅན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་རབ་འབྱམས་སའི་དབང་ཕྱུག་ཆེན་པོ་ཞེས་བྱ་བ་ལ་སྙོམས་པར་ཞུགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སྙོམས་པར་ཞུགས་མ་ཐག་པ་དེའི་ཚེ་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སྐུ་རབ་འབྱམས་ཀུན་ཏུ་ཡོངས་སུ་རྒྱས་པར་གྱུར་ཏེ། ནམ་མཁའི་ཁམས་ཀྱི་ཁོངས་སུ་གཏོགས་པའི་སྐུ་རྣམས་སའི་དཀྱིལ་འཁོར་དུ་མ་དག་ཏུ་ཀུན་ནས་འཁོད་པར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱི་ཞིང་རབ་འབྱམས་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཕྱག་གཡས་པ་བརྐྱང་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོའི་མགོ་བོ་ལ་བྱུགས་ནས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །སངས་རྒྱས་འབྱུང་བ་ཐམས་ཅད་ཀྱི་སྙིང་པོ་གཟུངས་ཆེན་མོ་ཤོད་ཅིག དེ་ནས་བྱང་ཆུབ་སེམས་དཔའ་ཆེན་པོའི་མཆོག་ལུས་འོད་ཟེར་འབུམ་གྱིས་སྣང་བར་བྱས་པ་དེའི་ཚེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་གཡོ་བར་བྱས་ནས་གཟུངས་འདི་བཤད་དོ། །ཏདྱ་ཐཱ། ཨོཾ་ན་མོ་ན་མ་སྟྲི་བྷུ་བ་ནེ་ཤྭ་རེ། མ་ཧཱ་བྷོ་གཱ་ཡ། ཨ་ས་མ་ས་མ། ཨ་མི་ཏ་ས་མ། ཨ་ནནྟ་ས་མ། ག་ག་ན་ས་མ། ཏྲི་བྷུ་བ་ན་ས་མ། ཨ་ཤེ་ཥ་ས་མ། བེ་ཥ་ས་མ། པ་ར་མ་ཨརྠ་ས་མ། སྭ་བྷཱ་བ་ས་མ། ཏ་ཐཱ་ཏཱ་ས་མ། ཨ་ར་ཛཿས་མ། ཤུད་དྷི་ས་མ། བུད་དྷི་ས་མ། དྷརྨ་ཏ་ཐཱ་ཏཱ་ས་མ། ཨ་བྷི་ཥ་མ་ས་མ། ས་མ་ས་མ། ཨེ་ཀཱ་ནཱ་ཡ། སྭཱ་ག་ར། བི་ཤུདྡྷེ། ཨཱ་ལོ་ཀ ཧཱི་ཧཱི། ལབྡྷ་ལབྡྷ། བི་ཛ་ཡ་བི་ཛ་ཡ། ཨོཾ་པྲ་ས་ག་ཏ།
ན་ཡ་ན་ཡ། ཧི་ནི་ར་ཨ་དིཥྛ་ན། སཾ་བྷོ་ག ཨཾ་ཨ་ན་ལ་ཡ་ལ་ཡ། དྷརྨ་ཨ་གྲ། དྷ་ར་དྷ་ར། ཛ་ཡ་ཛ་ཡ། ཧཱུྃ་ཧཱུྃ། དྷ་མ་དྷ་མ་སྭཱ་ཧཱ། དེ་ནས་རྒྱལ་བའི་སྲས་ཀྱི་ཐུ་བོ་འཇིག་རྟེན་ཐམས་ཅད་ཀྱི་མགོན་པོ་གཅིག་པུ་སེམས་ཅན་ཐམས་ཅད་ལ་ཕན་པར་འདོད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་བཅོམ་ལྡན་འདས་ཀྱི་ཞལ་དུ་བལྟས་ཏེ། སའི་དཀྱིལ་འཁོར་གཡོ་བར་བྱས་ནས་དེ་སྐད་ཅེས་སྨྲས་ཏེ། འཇིག་རྟེན་གསུམ་པོ་ཀུན་ཏུ་གང་བར་བྱས་སོ། །དེ་ནས་ལྷ་དང་ལྷ་མ་ཡིན་དུ་བཅས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་གང་བའི་དཀྱིལ་འཁོར་ནས་གསེར་གྱི་འོད་ཟེར་འབར་ཞིང་སྣང་ལ་རབ་ཏུ་གཡོ་བས་བརྒྱན་པའི་ལུས་ཅན་ས་སྟེང་ཀུན་གྱི་རྡོ་རྗེ་མེ་ཏོག་ཐོད་སྟན་ཆེན་པོ་ལས་བསྐྱོད་དེ། དཀྱིལ་འཁོར་ནས་ལངས་ནས་ཧ་ཧ་ཞེས་བྱ་བའི་སྒྲ་ཕྱུང་སྟེ་སྨྲས་པ། ཀྱེ་མ་སྙིང་རྗེ་ཆེན་པོ་དང་ཡོན་ཏན་གྲངས་མེད་པའི་རྒྱ་མཚོ་རབ་ཏུ་འབྱམས་པའི་གཟུངས་ཆེན་མོ། ཀྱེ་མ་སངས་རྒྱས་འབྱུང་བ་ཆེན་མོ། མཐའ་དང་དབུས་མེད་པའི་ས་གསུམ་དང་མཉམ་ཞིང་སེམས་ཅན་གྱི་ཁམས་གྲངས་མེད་པ་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་གནས་པ། ཆོས་ཀྱི་དཀྱིལ་འཁོར་གནས་པ་མེད་པའི་གཟུངས་ཆེན་མོ། །ཀྱེ་མ་བསྐལ་པ་མཐའ་ཡས་པ་ནས་འཕངས་པའི་སྡིག་པའི་བག་ཆགས་སེལ་ཅིང་ཉོན་མོངས་པའི་རྒྱ་མཚོ་སྐེམ་ལ་ལྟ་བའི་རི་བོ་འཐོར་བར་བྱེད་པའི་གཟུངས་ཆེན་མོ་བསྐལ་པ་མཐའ་ཡས་པར་དགེ་བའི་རྩ་བའི་ཚོགས་འབྱུང་བ་ཡང་དག་པར་མ་བསགས་ཤིང་བདེ་བར་གཤེགས་པ་འབུམ་ཕྲག་དུ་མ་མངོན་སུམ་དུ་མཐོང་བས་བྱང་ཆུབ་ཀྱི་ས་བོན་མ་བསྒྲུབས་ལ་ཐམས་ཅད་མཁྱེན་པའི་སའི་ཁྱད་པར་གྱི་ཡོན་ཏན་རྒྱ་མཚོ་ཡོངས་སུ་རྫོགས་པ་རྗེས་སུ་ཐོབ་པ་མ་ཡིན་པ་གཞན་ནི་སུས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གཟུངས་ཆེན་མོ་འདི་མཉན་པར་ཡང་མི་ནུས་ན། གཟུང་བའམ། བཀླག་པའམ། ཀུན་ཆུབ་པར་བྱ་བ་ལྟ་ཅི་སྨོས། གཟུངས་ཆེན་མོ་འདིའི་མིང་ཙམ་ཡང་བསྐལ་པ་བྱེ་བ་ཕྲག་སྟོང་གི་བར་དུ་ཐོས་
པར་དཀའོ། །ཀྱེ་མ་གཟུངས་ཆེན་མོ་འདི་སེམས་ཅན་གང་དག་གི་ལག་ན་འདུག་པ་དེ་དག་ནི་རྙེད་པ་ལེགས་པར་རྙེད་པའོ། །འཚོ་བ་བཟང་པོས་འཚོ་བའོ། །མངོན་པར་ཤེས་པ་རྣམས་ཀྱི་གཞི་བཟང་པོའོ། །དགེ་བའི་རྩ་བ་ཡང་དག་པར་རྫོགས་པའོ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ལ་གནས་པའོ། །ཡོན་ཏན་ཐམས་ཅད་ཡང་དག་པར་རྫོགས་པའོ། །འདི་ལན་ཅིག་བརྗོད་པ་ཙམ་གྱིས་ངན་སོང་གི་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལན་གཉིས་བརྗོད་པ་ཙམ་གྱིས་སྡིག་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ལན་གསུམ་བརྗོད་པ་ཙམ་གྱིས་ཉོན་མོངས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ན་བརྗོད་པ་ཙམ་གྱིས་གོང་ནས་གོང་དུ་ཡོན་ཏན་རྣམས་འཐོབ་པར་འགྱུར་ཏེ། དེ་བཞིན་གཤེགས་པ་ཡང་མཐོང་བར་འགྱུར་རོ། །འཆག་བཞིན་དུ་བཟླས་བརྗོད་བྱས་ན་སྡུག་བསྔལ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ཤིང་གཅིག་འགྲེང་གི་དྲུང་དུ་བཟླས་བརྗོད་བྱས་ན་གྲུབ་པ་ཐམས་ཅད་འཐོབ་པར་འགྱུར་རོ། །འགྲོ་བཞིན་དུ་བཟླས་བརྗོད་བྱས་ན་སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །ནགས་ཚལ་ཆེན་པོའི་ནང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་ལན་བདུན་བརྗོད་ན་བསམ་གཏན་ཆེན་པོ་འཐོབ་པར་གྱུར་ལ་ཉོན་མོངས་པ་དང་ཡང་བྲལ་བར་འགྱུར་རོ། །འཕགས་པ་ཀུན་ཏུ་བཟང་པོའི་སྐུ་གཟུགས་ཀྱི་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་མེ་ཏོག་ལ་སོགས་པ་ཇི་སྙེད་པས་མཆོད་ནས་ལུས་ངལ་བར་གྱུར་གྱི་བར་དུ་གཟུངས་ཆེན་མོ་འདི་བརྗོད་ལ། ངལ་བར་གྱུར་ནས་དེ་ཉིད་དུ་ཉལ་ན་རྨི་ལམ་དུ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་མཐོང་བར་འགྱུར་ཏེ། ཕྱག་གཡས་པས་དེ་ལ་བྱུགས་ནས་ཡང་དག་པར་དབུགས་འབྱིན་པར་མཛད་དེ་ཆོས་ཀྱི་སྣང་བ་ཆེན་པོ་ཡང་སྩོལ་བར་མཛད་དོ། །འདི་སྐད་དུ་རྒྱལ་བའི་སྲས་ལེགས་སོ་ལེགས་སོ། །ཁྱོད་ནི་དེ་བཞིན་གཤེགས་པའི་དཀྱིལ་འཁོར་ཆེན་པོར་ཞུགས་པ་ཡིན་ཏེ། ཁྱེད་ཚེ་བརྗེས་ནས་ས་ཆེན་པོ་ཐོབ་པར་འགྱུར་རོ་ཞེས་ཀྱང་གསུང་ངོ༌། །དེ་ནས་ལུས་བདེ་བ་དང༌།
སེམས་བདེ་བ་དང༌། དགའ་བ་ཆེན་པོ་དང༌། དྭང་བ་དང༌། མཆོག་ཏུ་དགའ་བ་ཆེན་པོ་དང་ལྡན་བཞིན་དུ་སད་པར་འགྱུར་རོ། །མཐུ་ཆེ་བ་དང༌། དབང་ཆེ་བར་གྲགས་པར་འགྱུར་རོ། །ལྷ་རྣམས་ཀྱང་དེ་ལ་བལྟ་བའི་ཕྱིར་འོང་ངོ༌། །ནངས་པར་ལངས་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཡང་དག་པར་བསྡུས་པའི་མདོ་སྡེ་རྣམས་ཀྱིས་ཡང་དག་པར་བསྡུས་པའི་མདོ་སྡེ་རྣམས་བཀླག་པར་བྱའོ། །སེམས་ཅན་ཐམས་ཅད་ལ་ཡང་ཕན་པ་དང་བདེ་བའི་སེམས་བསྐྱེད་པར་བྱའོ། །དེ་ནས་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཡོངས་སུ་རྫོགས་ཤིང་སྡིག་པ་ཐམས་ཅད་དང་བྲལ་ཏེ། ཉོན་མོངས་པའི་ཕྱོགས་རྣམས་བཅོམ་ལ། དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་བསྔགས་པར་འགྱུར་རོ། །ལྷ་ལ་སོགས་པ་ཡང་དེ་ལ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བའི་ཕྱིར་བརྩོན་པར་འགྱུར་རོ། །དེ་ལྟར་ཇི་སྐད་བསྟན་པ་བཞིན་དུ་བྱེད་པའི་རྒྱལ་བའི་སྲས་དེ་ནི་རིང་པོར་མི་ཐོགས་པར་ཀུན་ཏུ་བཟང་པོའི་ས་ཆེན་པོ་ལ་འཇུག་པར་འགྱུར་རོ། །དེ་ནས་རྡོ་རྗེ་གཙུག་ཕུད་ལ་སོགས་པ་སྟོང་གསུམ་གྱི་བདག་པོ་རིག་སྔགས་འཆང་བ་ཆེན་པོ་རྣམས་དང༌། སྤྱན་ཆེན་མོ་ལ་སོགས་པ་རིག་སྔགས་འཆང་ཆེན་མོ་རྣམས་དང༌། རྡོ་རྗེ་སྙིང་པོ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང༌། རྡོ་རྗེ་ཞགས་པ་ལ་སོགས་པ་རིག་སྔགས་ཀྱི་ལྷ་ཆེན་པོ་རྣམས་དང༌། རིན་ཆེན་དྲྭ་བ་ཅན་ལ་སོགས་པ་རིག་སྔགས་ཀྱི་ལྷ་མོ་ཆེན་མོ་རྣམས་དང༌། ལྷ་མོ་སྒྲོལ་མ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཆེན་པོའི་དཀྱིལ་འཁོར་གྱི་ལྷ་རྣམས་དང༌། དར་ཆེན་དང༌། གཟུགས་བཟང་དང༌། ཤིན་ཏུ་བལྟ་ན་སྡུག་པ་ལ་སོགས་པ་གཞོན་ནུ་རྣམས་དང༌། གཞོན་ནུ་མ་རྣམས་དང༌། བྲན་རྣམས་དང༌། བྲན་མོ་རྣམས་དང༌། མི་འཁྲུགས་པ་ལ་སོགས་པ་ལོག་འདྲེན་ཆེན་པོ་རྣམས་དང༌། ལུས་མཆོག་ལ་སོགས་པ་སྲིན་པོའི་དབང་པོ་རྣམས་དང༌། མ་མོ་ལ་སོགས་པ་སྲིན་མོ་རྣམས་དང༌། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་དབང་ཕྱུག་རྣམས་དང༌། རྡོ་རྗེ་མེ་ཏོག་ཐོད་ལ་སོགས་པ་དཀྱིལ་འཁོར་ཆེན་པོར་འདུས་པའི་བྱང་
ཆུབ་སེམས་དཔའ་ལ་སོགས་པ་ཐམས་ཅད་ལངས་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཆོག་འཕགས་པ་ཀུན་ཏུ་བཟང་པོ་ལ་མཚན་བརྒྱ་རྩ་བརྒྱད་པ་བླ་ན་མེད་པའི་ཡོན་ཏན་གྱི་སྣང་བ་ཞེས་བྱ་བས་བསྟོད་པ། ཀུན་ཏུ་བཟང་པོ་ཀུན་གྱི་མཆོག །སྣ་ཚོགས་ཀུན་གྱི་འབྱོར་པ་ཆེ། །དཀྱིལ་འཁོར་ཆེན་པོ་རྡོ་རྗེ་མཆོག །སྣ་ཚོགས་གཟུགས་ཅན་ཕྱོགས་ཀྱི་བདག །རྡོ་རྗེ་ཆེན་པོ་དགྱེས་པ་ཆེ། །གཟི་བརྗིད་ཆེན་པོ་སྟོབས་པོ་ཆེ། །གནོན་དང་རབ་གནོན་དཔལ་གྱི་རབ། །ཁྱབ་བདག་རྒྱལ་བའི་བློ་གྲོས་རྒྱལ། །རྡོ་རྗེ་ཆེན་པོ་རབ་ཏུ་བཞད། །བསྒྲུབ་དཀའ་ཆེན་པོ་སྒྲུབ་མཛད་པ། །རོལ་མོ་ཆེན་པོས་རྣམ་པར་རོལ། །རབ་དགའ་ཆེན་པོ་འདུལ་བ་པོ། །ལྷ་ཆེན་དབང་ཕྱུག་ཆེན་པོ་སྟེ། །བཙན་པོ་ཁྱབ་འཇུག་སྐྱེ་དགུའི་བདག །ས་སྟེང་ས་འོག་ས་ལ་དགྱེས། །དེ་བཞིན་ས་འཛིན་ས་གསུམ་པ། །དུལ་དང་སྦྱིན་པའི་གོ་རིམས་ཐབས། །རབ་མཁྱེན་སྟོང་གི་མངའ་བདག་ལགས། །ཤེས་ཉེན་ཅན་ཏེ་བཟོད་ལ་དགྱེས། །བརྩོན་འགྲུས་འབྱུང་བ་འབྱོར་པ་ཆེ། །བརྩོན་འགྲུས་བཅུ་དང་ཐབས་བཅུ་པ། །སྟོབས་བཅུའི་སྲས་ཆེན་ཐུ་བོ་སྟེ། །མཐུ་སྟོབས་སྟོང་གིས་སྤྲོ་བ་དང༌། །ཡོངས་སུ་ལྡན་ཞིང་བཅུ་སེལ་བ། །རྡུལ་སེལ་རྒྱལ་པོ་ཆེན་པོ་སྟེ། །རྒྱལ་པོ་དཀྱིལ་འཁོར་རྒྱ་མཚོ་པ། །རྡུལ་རྣམས་རབ་ཏུ་ཞི་བའི་ཐབས། །ཆོ་ག་མཁྱེན་པ་བློ་མངའ་བ། །མཁས་པ་མཛེས་པ་སྐལ་བ་བཟང༌། །ཤིན་ཏུ་སྡུག་པ་དགའ་སྐྱེད་པ། །སྙིང་པོ་ཆེན་པོ་ལས་བྱུང་བ། །ཉོན་མོངས་བྲལ་བ་ཐུབ་པར་དཀའ། །ས་དང་མཉམ་པ་མཁའ་དང་མཉམ། །རླུང་དང་མཚུངས་པའི་སྤྱོད་ཡུལ་ཅན། །གཟི་བརྗིད་ཉིད་དེ་གཟི་བརྗིད་མཚུངས། །རྒྱ་མཚོ་བཞི་ཡི་ཆུ་དང་འདྲ། །རྨུགས་དང་སྨྱོ་བ་ཞི་བར་མཛད། །ཐུབ་པར་དཀའ་བའི་ཉོན་མོངས་འཇིལ། །གཡུལ་སེལ་གཡུལ་ལ་དགྱེས་པ་སྟེ། །གཡུལ་གྱི་ཉེས་པ་རབ་འཇོམས་པ། །གསུང་བཟང་ངང་པའི་གདངས་སུ་བཞད། །དབང་པོ་ཉེ་དབང་དབང་ཆེན་སྲས། །དབང་པོ་ལས་ལྷག་ཐུབ་དང་མཉམ། །ཆོས་འཛིན་འབྱོར་དང་ལྡན་པར་བསྟན། །རབ་
དགའ་བུན་ལོང་ཞི་མཛད་པ། །ཉོན་མོངས་འདམ་རྫབ་སྐེམ་པར་མཛད། །དབང་པོ་རྒྱགས་པའི་རིམས་ནད་སེལ། །ཁྲོ་བོའི་དྲེགས་པ་རྣམ་པར་འཇོམས། །གསུང་སྙན་འཇམ་པ་ཉིད་དང་ལྡན། །མཉམ་པ་མི་མཉམ་མཉམ་པ་དང༌། །མཉམ་མེད་ཡུལ་ལས་རྣམ་པར་འདས། །སངས་རྒྱས་ཀུན་དང་སྤྱོད་ཡུལ་གཅིག །བྱང་ཆུབ་སྙིང་པོར་རྒྱ་ཆེར་རོལ། །རིམ་པ་རབ་སྟོན་དགེ་བ་སྟེ། །སྤྱན་བཟང་ཕུན་སུམ་ཚོགས་པ་དགེ། །གཙང་མ་ལམ་བཟང་སྦྱིན་མཛད་པ། །དག་མཛད་བསྲེག་སྦྱིན་མཆོག་སྦྱིན་པོ། །འཇོམས་བྱེད་བགེགས་རྣམས་རྣམ་པར་འཇོམས། །འཐོབ་མཛད་དཔེ་མེད་གསུང་བ་པོ། །རྡོ་རྗེའི་འཇིག་རྟེན་གཅིག་སྣང་བ། །སྐྱེས་པ་བུད་མེད་ཚོགས་ཀྱི་བདག །ངེས་པར་ཡོན་ཏན་འབྱོར་མཛད་པ། །སེམས་ཅན་འཁོར་བ་ཞི་མཛད་པ། །བརྟན་པོ་སྡིག་པ་རྣམས་དང་བྲལ། །ཀུན་ཏུ་རྣམ་རྒྱལ་སྣང་བ་པོ། །ཀུན་ཏུ་རྒྱལ་བའི་དཀྱིལ་འཁོར་ཅན། །ཀུན་ཏུ་རྒྱ་མཚོའི་སྣང་བ་མཛད། །ཀུན་ཏུ་ཉེས་པ་སེལ་བ་ལགས། །མི་བཟད་ས་འོག་རྣམ་པར་དཀྲུགས། །དེ་བཞིན་ཟད་མཛད་ཐུག་པར་མཛད། །ཉོན་མོངས་རྒྱ་མཚོ་རྣམ་པར་དཀྲུགས། །ཉོན་མོངས་ཕྱོགས་རྣམས་ཟད་པར་མཛད། །འབར་བའི་དཀའ་བ་འཕྲོ་མཛད་པ། །རྒྱགས་ཤིང་བདོ་བ་ཞི་བར་མཛད། །རྡོ་རྗེ་ཆེན་པོ་སྟོབས་སྐྱེད་པ། །སྡང་བ་ཐམས་ཅད་ངེས་པར་འཇོམས། །ཕ་རོལ་ཞུགས་པ་སྡིག་སེལ་བ། །དག་པ་ནམ་མཁའི་སྤྱོད་ཡུལ་ཅན། །དགེ་བ་སྦྱིན་ཞིང་ཡོན་ཏན་སྦྱིན། །འབྲས་བུ་སྦྱིན་ཞིང་ཀུན་སྦྱིན་པ། །ཡེ་ཤེས་སྦྱིན་ཞིང་བསོད་ནམས་སྦྱིན། །ལོངས་སྤྱོད་སྦྱིན་ཞིང་རྒྱལ་སྦྱིན་པ། །དབང་ཕྱུག་སྦྱིན་ཞིང་ཚིག་སྦྱིན་ལ། །ནོར་སྦྱིན་ཚོགས་ལྡན་རྡོ་རྗེ་ཅན། །གཟུགས་སྦྱིན་དཔའ་བོ་རྣམ་པར་རྒྱལ། །དག་ཅིང་དགེ་བའི་ཚུལ་སྦྱིན་པ། །བདེ་འབྱུང་གཙུག་ན་ནོར་བུ་ཐོགས། །ས་འཛིན་གཟུང་བར་དཀའ་བ་པོ། །དཀྱིལ་འཁོར་མགུ་བར་སྒྲུབ་མཛད་པ། །འབབ་ཅིང་དེ་བཞིན་འབེབས་པར་མཛད། །རིན་ཆེན་དྲྭ་བ་རིན་ཆེན་མཉམ། །སྒྲོན་མ་མུན་སེལ་རྒྱལ་བ་ཅན། །ཡོན་ཏན་ཡེ་ཤེས་ཐེག་ཆེན་
ལྡན། །བརྟན་མཆོག་ཆེ་བའི་ཆོས་ཉིད་ཅན། །གསུང་བ་ཆེན་པོ་ཤེས་རབ་ཆེ། །སངས་རྒྱས་ཚུལ་ནི་རབ་སྟོན་པ། །མཆོད་པ་ཆེན་པོ་ཐེག་ཆེན་གྱི། །ཐེག་པ་བླ་ན་མེད་པར་ལྡན། །མཆོད་པ་ཆེན་པོའི་ཆོས་ཤེས་པ། །འབྲས་བུ་ཆེན་པོའི་ཆོས་ཀྱི་མཆོག །སྟོན་མཛད་འདུལ་མཛད་སྟོན་པ་པོ། །ཞི་བ་དེ་བཞིན་ཞི་མཛད་པ། །བཟང་པོ་བཟང་དང་མཚུངས་པ་ཉིད། །ཀུན་ཏུ་རབ་འབྱམས་སེལ་མཛད་པ། །སྙིང་རྗེ་ཡེ་ཤེས་སྙིང་པོ་མཁྱེན། །སྙིང་རྗེའི་འོད་ཀྱི་དཀྱིལ་འཁོར་ཅན། །སྙིང་རྗེ་ཆེན་པོ་ཡོངས་སུ་རྫོགས། །དུས་ཆེན་རྣམ་པར་དག་པར་མཛད། །མཚོན་མཆོག་དང་བ་རབ་མཐོ་བ། །རྩོད་ཆེན་འདས་པའི་སྤྱོད་ཡུལ་ཅན། །སྐྱེ་དགུ་སྲུང་ཞིང་སྤྱན་ཡངས་པ། །རྙེད་པར་དཀའ་བའི་དལ་འབྱོར་ཅན། །ཀུན་ཏུ་སྤྱོད་པ་ཁོང་དགེ་བ། །དགའ་བའི་དམ་པ་སྦྱིན་པ་པོ། །ཀུན་དུ་ཡུལ་ཀུན་མངའ་བ་སྟེ། །ཞེ་ས་བཟང་པོ་རྟག་ཏུ་མངའ། །དུལ་བ་སངས་རྒྱས་ཀུན་དང་མཉམ། །དཀྱིལ་འཁོར་ཆེན་པོའི་པདྨ་ལགས། །ཟླ་བ་ལྟ་བུའི་སིམ་མཛད་ཐབས། །མཁས་པ་རྒྱགས་སྤངས་ཆོ་ག་མཁྱེན། །སྤྱོད་ཡུལ་གཅིག་ལ་གནས་པ་སྟེ། །དེ་བཞིན་གཤེགས་པའི་ཡེ་ཤེས་མངའ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །སློབ་དཔོན་ཆེན་པོ་གྲགས་པ་ཆེ། །དམ་པ་ཉིད་དེ་བླ་ན་མེད། །གསང་སྔགས་རླབས་ནི་རྒྱས་པར་མཛད། །དེ་ལྟར་ཁྱབ་བདག་ཆེན་པོ་ནི། །ཡོན་ཏན་བརྒྱ་ཡི་སྤོས་ཀྱིས་རྒྱས། །དག་ཅིང་བྱང་ལ་མཁས་ལ་སོགས། །ཡོན་ཏན་འབྱུང་ལ་རིག་སྔགས་རྒྱལ། །གཙུག་ན་ནོར་བུ་ཐོགས་ལ་སོགས། །མཆོག་རྣམས་ཀྱིས་ནི་བསྟོད་ནས་ཀྱང༌། །སྡུག་བསྔལ་ཆུ་བོ་བཅོམ་པ་ཡི། །བཅོམ་ལྡན་འདས་ཀྱིས་ཚིག་འདི་གསུངས། །ཀྱེ་མ་བསྟོད་པ་ཆེན་པོ་བརྒྱ། །མིང་བརྒྱ་རྩ་བརྒྱད་དམ་པ་ཡིན། །མི་རྣམས་ལ་ལ་གང་ཞིག་གིས། །སྡིག་བསལ་ཀུན་ཏུ་བཟང་པོ་ལ། །སྙིང་ནས་འདི་ཡིས་བསྟོད་བྱས་ན། །དེས་ནི་སངས་རྒྱས་ཞིང་ཀྱང་འཐོབ། །གང་ཞིག་མིང་བརྒྱ་རྩ་བརྒྱད་འདོན། །མི་དེ་ཡོན་ཏན་ཡོངས་རྫོགས་ཤིང༌། །དེ་བཞིན་གཤེགས་ཚུལ་ཆེ་བ་ཡི། །ཡེ་ཤེས་མ་
ལུས་སྨྲ་བར་ནུས། །དེ་ལྟར་ཐུབ་མཆོག་སྲས་པོ་ཡོན་ཏན་བརྒྱ་ཡི་སྤོབས་ལས་ངེས་པར་བྱུང་གྱུར་ཅིང༌། །ཡོན་ཏན་སྣ་ཚོགས་འབྱུང་དང་འཇིག་རྟེན་ཡན་ཆད་དག་གིས་ཡོན་ཏན་རྒྱས་རྣམས་ལ། །བསྟོད་པ་ཆེན་པོ་རྣམས་བྱས་རྒྱལ་བའི་སྲས་ལ་བསྟོད་པས་ཉིན་རེ་བསྟོད་བྱས་ན། །སྟོབས་བཅུ་མངའ་བའི་སྐུར་འགྱུར་སྣང་བ་ཐོབ་ཅིང་རྣམ་དག་ཡོན་ཏན་འབྱུང་གནས་འགྱུར། །འཕགས་པ་ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སོ། །མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱི་སྐོར་འདི་རྣམས་ལ་སྔགས་སོགས་འདྲ་མིན་ཅུང་ཟད་འདུག་ཀྱང༌། འདི་ནི་ས་སྐྱོང་སྡེ་དགེའི་སྤར་མའི་བཀའ་འགྱུར་རིན་པོ་ཆེ་སི་ཏུ་ཐམས་ཅད་མཁྱེན་པས་ལྗགས་ཞུས་མཛད་པ་ལས་འབྲུ་ལེན་གྱིས་ཞལ་བཤུས་པ་ཡིན་ནོ།། །།མངྒ་ལཾ།། །།
འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར།
འཇམ་དཔལ་གཞོན་ནུར་གྱུར་པའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་དབྱེར་མེད་པའི་ཡེ་ཤེས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ།།
ན་མོ་ཨཱརྻ་མཉྫུ་ཤྲཱི་ཡེ། རྒྱལ་བ་ཀུན་གྱི་ཐུགས་ལ་རྟག་བཞུགས་ཤིང༌། །གཉིས་སུ་མེད་པའི་ཡེ་ཤེས་གང་ཡིན་པ། །དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྟེ། །བདག་གི་སྙིང་ལ་ཡེ་ཤེས་དབབ་ཏུ་གསོལ། །རྒྱལ་བ་ཀུན་གྱི་གསུང་གི་དབང་ཕྱུག་སྟེ། །བརྗོད་མེད་བརྗོད་པ་གཞོམ་དུ་མེད་པའི་རྒྱུ། །ཆོས་འཁོར་མ་ལུས་སྨྲ་བའི་ཚིག་གི་བདག །བདུད་རྩིའི་ཟེགས་མ་བདག་ལ་སྩལ་དུ་གསོལ། །རྒྱལ་ཀུན་ཡེ་ཤེས་སྐུ་སྟེ་འཇམ་པའི་དཔལ། །སྒྲིབ་པ་ཀུན་སྤངས་རང་ཡང་གཞོན་ནུའི་ལུས། །མཚན་དཔེ་ཉི་མ་ཟླ་བ་སྣང་བའི་འོད། །བདག་ལ་ཞལ་གྱི་ཆ་ཤས་བསྟན་ཏུ་གསོལ། །མཁའ་ཁྱབ་འགོག་པའི་བདེན་པ་རྡུལ་སྤངས་པ། །རྣམ་གྲོལ་ལུས་ཀྱིས་གདོད་ནས་མངོན་མཛད་ཀྱང༌། །སྒྱུ་འཕྲུལ་དྲྭ་བ་ཁྱབ་ཅིང་རྟག་པ་ཡི། །ཁྱབ་བདག་ཆེན་པོས་བདག་གི་བླ་མ་མཛོད། །རྒྱལ་སྲས་ཡེ་ཤེས་ཡངས་པའི་གོ་འབྱེད་ཅིང༌། །མཚན་མ་མེད་པ་ཅི་ཡང་མི་རྟོག་པའི། །རྣམ་ཐར་ཆོས་ཀྱི་དབྱིངས་དང་སྙོམས་པར་ཞུགས། །ནམ་མཁའ་འདྲ་བས་བདག་ལ་གོ་སྐབས་ཕྱེས། །བཏང་སྙོམས་ཆེན་པོས་འཁོར་འདས་ཁུར་ཁྱེར་ཞིང༌། །བསྡུ་བ་རབ་ཡངས་འགྲོ་ཀུན་ཉེར་འཚོའི་གཞི། །ཡོན་ཏན་
ལོ་ཏོག་དུ་མ་སྐྱེད་མཛད་པའི། །ས་ཆེན་འདྲ་བས་བདག་ཀྱང་སྨིན་མཛད་གསོལ། །སྒྲིབ་པའི་སྤྲིན་དང་བྲལ་བའི་དཀྱིལ་འཁོར་ནི། །ཁ་དོག་སྣ་ཚོགས་སྣང་བར་འབར་བ་ཡིས། །ཉོན་མོངས་རྒྱ་མཚོ་ཡུད་ཙམ་ཉིད་ལ་སྐེམ། །ཉི་མ་འདྲ་བས་སྡིག་པའི་མུན་པ་སོལ། །ཤེས་རབ་དཀྱིལ་འཁོར་སྙིང་རྗེའི་བསིལ་ཟེར་ཅན། །ཆོས་ཉིད་མཁའ་ལ་ཆགས་པ་མེད་པར་ཤར། །བློ་ཆེན་སྐར་མའི་དབུས་ན་ཉ་རྒྱས་ཀྱི། །ཟླ་བ་འདྲ་བས་བདག་ལ་སྣང་བ་སྩོལ། །ཚོགས་གཉིས་དཔག་ཡས་རིན་ཆེན་མཛོད་མངའ་ཞིང༌། །སྲིད་དང་ཞི་བའི་གླིང་ལ་རང་དབང་སྒྱུར། །མཉམ་མེད་རྣམ་ཐར་གསེར་གྱི་འཁོར་ལོས་འདྲེན། །ཆོས་ཀྱི་རྒྱལ་པོས་བདག་ལ་བཀའ་ལུང་སྩོལ། །བདེ་བའི་སྤྱད་པ་སྤྱོད་འདོད་དོན་མཐུན་གྱི། །རྒྱལ་སྲས་གཞོན་ནུ་སྲིད་ལམ་དུབ་པ་ལ། །ཤེས་རབ་གཏེར་ཁ་ཟད་པ་མེད་པ་སྦྱིན། །བུམ་བཟང་འདྲ་བས་བདག་གི་དབུལ་སེལ་མཛོད། །སྙིང་རྗེའི་རྩ་བ་འགྲོ་ཁམས་ས་གཞིར་ཟུག །སྨོན་ལམ་རྒྱ་མཚོའི་ལོ་མ་འབྲས་བུས་དུད། །འབད་མེད་ལྷུན་གྱིས་གྲུབ་པའི་འདོད་པ་འཇོ། །ལྗོན་ཤིང་འདྲ་བས་བདག་གི་གྲིབ་བསིལ་མཛོད། །དབང་བཅུའི་ཕ་མཐར་སོན་པའི་ཟིལ་
དངར་དང༌། །སྟོབས་བཅུའི་ནུས་པས་འཆི་བདག་ཚར་བཅོད་པ། །སར་གནས་ཉེ་དབང་ཚོགས་ཀྱི་སྤྱད་བྱ་སྟེ། །བདུད་རྩི་འདྲ་བས་བདག་གི་འཆི་བ་སོལ། །མི་ཤེས་པ་དང་ལེ་ལོའི་གཉིད་སློང་ཞིང༌། །བདེན་བཞིའི་སྒྲ་ཡིས་ལོག་ཞུགས་རྣལ་མར་འགོད། །གདུལ་དཀའ་ཚར་གཅོད་མི་སྲུན་བཏང་སྙོམས་མཛད། །རྔ་ཆེན་འདྲ་བས་བདག་གི་བག་མེད་སོལ། །བྱང་སེམས་བྱེ་བ་སྙེད་ལ་གཏམ་སྟོན་ཞིང༌། །ལྷ་སོགས་མངོན་པར་དགའ་བའི་གྲགས་པ་ཅན། །འཇིག་རྟེན་གསུམ་ན་མཚན་གྱི་སྒྲ་གཅིག་པ། །འབྲུག་སྒྲ་འདྲ་བས་བདག་ལ་ཆོས་ཆར་སྩོལ། །གཟུང་འཛིན་རབ་ཏུ་བརྟན་པའི་ཁང་པ་ན། །སྡིག་ལྟའི་མུན་པས་ཉམས་པའི་བྱིས་པ་ལ། །ལྷག་པར་ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེར་གྱུར་པས་དྲང་དུ་གསོལ། །ཕུང་སོགས་དངོས་པོའི་ཚང་ཚིང་ཀུན་ཟ་བ། །མཁྱེན་རབ་དྲི་མེད་འབར་བའི་འོད་ཟེར་ཅན། །ཆགས་ཐོགས་མེད་པའི་ཡེ་ཤེས་མེ་ལྕེ་ཡིས། །བདག་གི་ལས་ཉོན་སྒྲིབ་པ་བསྲེག་ཏུ་གསོལ། །ཡང་དག་ལྟ་བས་འགྲོ་ལ་གཟིགས་གཟིགས་ནས། །ལས་ཀྱི་འཁྲུལ་འཁོར་སྒྱུ་མ་ལྟ་བུར་མཁྱེན། །རབ་རིབ་སྤངས་པས་ལྟ་བའི་སྐྱོན་མེད་པ། །ཡེ་ཤེས་མིག་གཅིག་བདག་ལ་གཟིགས་སུ་གསོལ། །ཏིང་འཛིན་བུད་མེད་ཁྲག་ཁྲིག་བརྒྱས་བསྐོར་ཡང༌། །མི་གནས་ཚངས་པར་སྤྱོད་ལས་མ་ཉམས་པར། །བཅིང་གྲོལ་མེད་པའི་ཁྲིམས་ཀྱི་ལུང་འབོགས་པ། །གཙང་གནས་དམ་པས་བདག་ལ་ཚངས་པ་སྩོལ། །འཁོར་བ་རྒྱུ་དང་བཅས་པ་ཐུགས་ཆུད་པས། །གང་གང་ཉེས་པའི་གསོག་ལྡང་དེ་དང་དེ། །གང་འདུལ་སྦྱོར་བ་བརྒྱ་པས་རྩད་ནས་ཕྱུང༌། །སྨན་པ་ཆེན་པོས་བདག་གི་ཟུག་རྔུ་ཆོམས། །སྤྲོས་པ་ཀུན་བྲལ་དེ་བཞིན་ཉིད་ཀྱི་མཚོར། །ཐབས་མཁས་ཐུགས་རྗེའི་གྲུ་ལ་རྟག་ཞོན་ཏེ། །འཁོར་བ་ཇི་སྲིད་འགྲོ་ཀུན་སྒྲོལ་ལ་ཞུགས། །དེད་དཔོན་ཆེན་པོས་བདག་ཀྱང་བསྒྲལ་དུ་གསོལ། །བྱམས་དང་བཟོད་པ་སྲ་བའི་གོ་མནབས་ཏེ། །ཤེས་བཅུའི་མཚོན་
ཆས་བདུད་དང་གཤིན་རྗེ་སོགས། །མི་བཟད་གཡུལ་ངོ་ཟློག་མཛད་འཇིགས་ཆེན་དགྲ། །དཔའ་བོ་ཆེན་པོས་བདག་གི་འཇིགས་པ་སོལ། །དུས་སུ་བཏང་སྙོམས་སྐད་ཅིག་མི་མངའ་ཞིང༌། །དུས་མིན་རྩོལ་བཅས་ཕྲིན་ལས་མི་མཛད་པར། །མཁྱེན་པའི་ཡེ་ཤེས་དུས་ལ་རྟག་ཏུ་དགོངས། །དུས་ཤེས་ཆེན་པོས་བདག་གི་དུས་མཁྱེན་མཛོད། །ལམ་གྱི་རྒྱུད་ལས་ཡང་དག་འདས་གྱུར་ཀྱང༌། །ལམ་དང་ལམ་མ་ཡིན་ལ་ཤིན་ཏུ་མཁས། །དབང་ལམ་ཐ་དད་སྟོན་ལ་མི་བསྙེངས་པ། །བདག་ལའང་བྱང་ཆུབ་ཆེན་པོའི་ཤུལ་བསྟན་གསོལ། །འཁྲུལ་དང་གྲོལ་བ་འགའ་ཡང་མ་གཟིགས་ཀྱང༌། །སྡུག་བསྔལ་འཁོར་ལོ་རྡོ་རྗེ་རྣོན་པོས་གཅོད། །འགྲོ་བ་རྒྱུད་ལྔ་དབེན་ལ་རབ་བཞག་པ། །བརྟན་པའི་འཁོར་ལོས་བདག་གི་འཁྲུལ་པ་སོལ། །ཀུན་ཏུ་དཔའ་བར་འགྲོ་བའི་ཏིང་འཛིན་དང༌། །རྫུ་འཕྲུལ་རྣམ་པར་བརྩེ་བའི་ཆོ་འཕྲུལ་གྱིས། །ཐེག་ཆེན་ཆོས་ཀྱི་རྒྱལ་མཚན་ཀུན་ཏུ་བཙུགས། །ཐེག་པ་དམ་པའི་བཞོན་པར་བདག་བསྐྱོན་གསོལ། །རྒྱལ་བ་ཀུན་གྱི་ཆོས་སྒོ་མཐའ་ཡས་པ། །སྟོང་པ་ཉིད་ལས་བརྩམས་ཏེ་སྨྲ་མཁས་པས། །སྨྲ་བའི་ཁྱུ་མཆོག་ཚིག་གིས་མི་འཕྲོག་པ། །བདག་ལ་ཟབ་མོ་རྟོགས་པའི་བློ་གྲོས་སྩོལ། །འདུ་བྱེད་མཁའ་ལྟར་མཉམ་པ་ཉིད་བརྙེས་པས། །ཆོས་རྣམས་ཀུན་ལ་དེ་བློ་མཉམ་པར་བཞག །དངོས་དང་དངོས་མེད་ཀུན་ལས་རྣམ་གྲོལ་བས། །བདག་ཀྱང་མཚན་མ་མེད་ལ་གཞུག་ཏུ་གསོལ། །བདག་མེད་རྟོགས་པ་སེང་གེའི་སྒྲས་བསྒྲགས་ནས། །མཚན་མ་བརྒྱ་ཕྲག་རྣམ་པ་ཀུན་ཏུ་བཤིག །སྒྱུ་མའི་ཆོས་ཏེ་སྒྱུ་མ་ལས་ཀྱང་གྲོལ། །བདག་སོགས་སྤྲོས་པའི་འཆིང་ལས་དགྲོལ་བར་མཛོད། །རྐང་གཉིས་མཆོག་མ་སྔར་གཤེགས་ཐམས་ཅད་ཀྱིས། །ཁྱོད་ཀྱི་མཐུ་ནི་རྟག་ཏུ་བསྟན་པར་མཛད། །བྱུང་དང་འབྱུང་འགྱུར་ཀུན་ཀྱང་དེ་བཞིན་ཏེ། །མཐུ་སྟོབས་ཆེན་པོས་ངན་འགྲོ་ལས་བསྐྱབ་གསོལ། །ཐུབ་པ་འདས་ནས་དམ་ཆོས་བསྲུང་བ་དང༌། །འགྲོ་ལ་དབུགས་
འབྱིན་ཆེན་པོ་སྩལ་འདོད་པས། །རྫུ་འཕྲུལ་རྐང་པས་དུས་ཀུན་རྒྱུ་ལགས་ན། །བདག་ཀྱང་འཁོར་བའི་མཚོ་ལས་དབུགས་དབྱུང་སྩོལ། །གང་དུ་འཇིག་རྟེན་འདྲེན་པས་དབེན་པ་ན། །བྱིས་པའི་གཟུགས་ཀྱིས་སངས་རྒྱས་མཛད་པ་མཛད། །དུས་དང་དུས་སུ་རྒྱལ་བསྟན་ཁུར་བསྣམས་པས། །སྐལ་དམན་བདག་གི་འདྲེན་པ་མཛད་དུ་གསོལ། །དུས་མཐར་སེམས་ཅན་ཀུན་ལ་མཆོག་སྦྱིན་ཞིང༌། །སྔགས་ཀྱི་གཟུགས་ཀྱིས་སྐྱེ་བོ་སྐྱབས་མེད་པ། །སྐྱོབ་པའི་གོ་ཆ་རྒྱལ་རྣམས་མདུན་བཞེས་པས། །སྒྲུབ་པོ་བདག་ལ་མཆོག་གི་གྲུབ་པ་སྩོལ། །སྟོབས་བཅུ་མངའ་བས་མགྲིན་གཅིག་གསོལ་བའི་མཚན། །འཇམ་དཔལ་ཞེས་བྱ་ཐོས་དང་དྲན་པ་ཡང༌། །བསོད་ནམས་ཕུང་པོ་བསམ་གྱིས་མི་ཁྱབ་གསུངས། །བདག་ཀྱང་མཚན་གྱི་ཡི་གེས་བྱིན་བརླབ་མཛོད། །ཟབ་མོའི་ཤེས་རབ་བསམ་མི་ཁྱབ་བསགས་པས། །འཇིག་རྟེན་ཆོས་ལ་རྡུལ་ཙམ་མི་བསྟེན་པར། །ཆོས་ཀྱི་རྒྱལ་ཐབས་དབང་སྒྱུར་ཆེན་པོ་པ། །བདག་ཀྱང་ཆོས་ཀྱི་རྒྱལ་པོར་དབང་བསྐུར་གསོལ། །དབྱིབས་དང་ཁ་དོག་ཆ་ལུགས་མི་མངའ་ཡང༌། །དྲི་མེད་དཔལ་འབར་གཟི་བརྗིད་ཕྲེང་བ་ཅན། །ཆུ་ཟླ་བཞིན་ཏུ་བཟུང་བ་མ་མཆིས་པས། །བདག་ལའང་བསོད་ནམས་ཆེན་པོའི་གཟི་བརྗིད་སྩོལ། །འདས་པའི་དུས་སུ་རྒྱལ་བ་འཇམ་པའི་ཏོག །མ་འོངས་དུས་ན་མགོན་པོ་ཀུན་ཏུ་གཟིགས། །ད་ལྟ་མོས་པ་རབ་དགའི་སྙིང་པོ་སོགས། །རྒྱལ་བ་རྒྱ་མཚོས་མ་རིག་སྦུབས་བརྟོལ་ཞིང༌། །སངས་རྒྱས་སྤྱན་གྱིས་གཟིགས་པའི་རྡུལ་སྙེད་ཀྱི། །ཞིང་ཁམས་ཀུན་ཏུ་རྣམ་འཕྲུལ་ཚད་མེད་པས། །ངོ་མཚར་ཆེན་པོའི་སྤྱོད་ལ་རབ་ཞུགས་པ། །རྒྱལ་སྲས་རྒྱ་མཚོས་སྲིད་མཐའ་དབྱིངས་སུ་བརྟུལ། །མགོན་པོ་ཁྱོད་ནི་རྒྱལ་བ་ཀུན་གྱི་ཡབ། །ཡོན་ཏན་ཆོས་ཀྱི་དབྱིངས་དང་མཉམ་པས་བརྒྱན། །སྒྲུབ་པ་གཉིས་པོ་དག་གི་མཐར་གཤེགས་ཀྱང༌། །ད་དུང་སེམས་ཅན་ཁོ་ནའི་དོན་ལ་དགྱེས། །རྒྱལ་བ་བྱེ་བས་གསུངས་ཀྱང་སྐྲ་རྩེ་ཡི། །
ཟེགས་མ་ཙམ་གྱུར་རྣམ་ཐར་རྒྱ་མཚོ་ལ། །བདག་ལྟས་བསྔགས་པའི་ཅལ་ཅོལ་འབུམ་སྒྲོགས་ཀྱང༌། །ཕྱོགས་སུ་མི་ཉེ་ཆར་ཡང་མི་ཕྱིན་མོད། །ཉི་ཟླའི་སྣང་བས་གཞན་གྱི་མིག་ཕྱེ་ལ། །སྲིན་བུས་རང་གི་ཤུལ་ལམ་མཚོན་པ་ལྟར། །རང་ཉིད་ཁོ་ན་དད་པའི་ཤུལ་མཚོན་པའི། །ཚིག་གི་སྒྲོན་མེ་འཇམ་མགོན་ཐུགས་རྗེས་བཞེས། །འོད་ཀྱི་ཏོག་དང་ཡེ་ཤེས་བླ་མ་མཆོག །ཞི་བའི་དབང་པོ་སྨོན་ལམ་བློ་གྲོས་སོགས། །བློ་ཆེན་ཁྱོད་དང་མཚུངས་པར་སྤྱོད་པར་ལྟར། །བདག་ཀྱང་འཇམ་དཔལ་དཔའ་བོའི་རྗེས་སུ་སློབ། །མོས་པའི་དགེ་བས་སྙིང་གི་མུན་བཅོམ་ནས། །ད་ལྟ་ཉིད་དུ་འཇམ་དཔལ་གཞོན་ནུའི་སྐུ། །རྫུ་འཕྲུལ་ཆེ་ཞིང་ཁ་དོག་བཟང་པོ་ཅན། །མངོན་སུམ་དབང་པོའི་ཡུལ་དུ་གྱུར་པར་མཛོད། །སྲིད་པ་ཤུལ་རིང་མགྲོན་པོའི་དབུགས་འབྱིན་ཅིང༌། །བསོད་ནམས་བརྒྱ་པའི་རྩིབས་ཀྱི་རི་མོ་ཅན། །ཕྱག་མཐིལ་བདག་གི་མགོ་ལ་ཉུག་མཛད་ནས། །བྱང་ཆུབ་བར་དུ་བླ་མ་མཛད་དུ་གསོལ། །ཞེས་པ་འདི་ནི་རྗེ་བཙུན་མཁྱེན་པའི་གཏེར་ཆེན་གྱི་ཕོ་བྲང་དང་ཁོད་ཉེ་ཞིང་མི་རྣམས་ཀྱང་རང་བཞིན་གྱིས་གཙུག་ལག་གི་བློ་གྲོས་གསལ་བ་ཤར་ཕྱོགས་རྣམ་དག་བཀོད་པའི་ལྗོངས་སུ་འདུ་གསུམ་པ་བློ་གྲོས་མཐའ་ཡས་ཀྱིས་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་འཇམ་དཔལ་དཔའ་བོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མོ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། བསོད་ནམས་ཡེ་ཤེས་གྲངས་མེད་གསེར་གྱི་རྡུལ། །རྒྱལ་ཀུན་མཁྱེན་དང་བརྩེ་བས་བསྡུས་པ་ལས། །ཞིང་ཁམས་རྒྱ་མཚོའི་མཆོད་སྡོང་གཅིག་པུ་བ། །མགོན་པོ་སྤྱན་རས་གཟིགས་ལ་སྙིང་ནས་འདུད། །ཆུ་ཀླུང་བྱེ་མ་སྙེད་ཀྱི་
བཅོམ་ལྡན་འདས། །ལྷ་ཡི་བསྐལ་པར་རིམ་གྲོས་བསྙེན་བཀུར་བའི། །བསོད་ནམས་ཕུང་པོ་གཞལ་དུ་མེད་པ་ཡང༌། །ཁྱོད་ཀྱི་སྤུ་རྩེ་ཉག་གཅིག་ལ་གནས་ཏེ། །དེ་ལྟའི་བསོད་ནམས་ཡོན་ཏན་སྤོབས་པ་ནི། །དེ་བཞིན་གཤེགས་པ་ལ་ཡང་མ་མཆིས་ན། །བྱང་སེམས་གཞན་ལྟ་སྨོས་ཀྱང་ཅི་དགོས་ཞེས། །དུས་གསུམ་གཤེགས་པས་ཡང་ཡང་བསྔགས་ལ་འདུད། །འཇིག་རྟེན་འདི་ན་ཕུན་ཚོགས་གང་ཡིན་པ། །དེ་ཀུན་རྫོགས་པའི་སངས་རྒྱས་སྐྱེས་བུའི་མཐུ། །ཐུབ་པ་ཉི་མ་བརྒྱ་ཕྲག་བཅུ་སྙེད་ཀྱང༌། །ཐུགས་རྗེའི་ཕྱག་གི་འོད་ཟེར་ཕྱག་གཅིག་གོ །གངྒཱའི་ཀླུང་བརྒྱ་རྒྱལ་བའི་མཚན་བརྗོད་ཅིང༌། །ལ་ལས་སྤྱན་རས་གཟིགས་ཀྱི་མཚན་དྲན་པ། །ཡོན་ཏན་མཚུངས་པ་ལས་ཀྱང་ལྷག་པར་དེ། །བྱང་ཆུབ་ལག་པའི་མཐིལ་དུ་བསྩལ་ལ་འདུད། །ནམ་མཁའ་བཞིན་ཏུ་བཟུང་བ་མ་མཆིས་པ། །སྐུ་ཡི་རང་བཞིན་རྒྱལ་བས་མ་གཟིགས་ཤིང༌། །བ་སྤུའི་ཁུང་བུ་གཅིག་གི་ཕ་མཐའ་ཡང༌། །ཀུན་ཏུ་བཟང་པོས་འབད་པས་རྟོགས་མ་གྱུར། །ཀ་ན་ཀ་དང་ཀྲྀཥྞ་ཉི་མའི་འོད། །དབང་པོའི་རྒྱན་སོགས་བ་སྤུའི་ཁུང་རེར་ཡང༌། །རྒྱལ་སྲས་རྒྱ་མཚོའི་རྣམ་ཐར་བཀོད་གྱུར་པ། །ངོ་མཚར་ཆེན་པོའི་ཕ་རོལ་ཕྱིན་ལ་འདུད། །ཕྲ་རབ་རྡུལ་དང་མཉམ་པའི་ཏིང་འཛིན་སྒོ། །བ་སྤུ་རེ་རེ་ལ་ཡང་བརྒྱ་ཕྱེ་བས། །འཇུག་ལྡང་འགྲན་ཟླར་ཆས་པའི་ཀུན་ཏུ་བཟང༌། །སྤོབས་པའི་ཆུ་རྒྱུན་བརྟུལ་བའི་ཚུལ་ཡང་བསྟན། །རྒྱལ་བ་ཞིང་རྡུལ་གྲངས་ཀྱིས་བསྐལ་པའི་བར། །བསྔགས་པ་བརྗོད་ཀྱང་དེ་ཡི་ཡོན་ཏན་མཁའ། །སོར་མོས་གཞལ་ལྟར་ཟད་པར་མི་ནུས་གསུངས། །མི་སྲིད་སྲིད་པའི་ཆོས་ཅན་དེ་ལ་འདུད། །སེམས་ཅན་གང་དག་སྨིན་པར་གྱུར་པ་ལ། །སངས་རྒྱས་འབྱུང་བ་ཕྱོགས་བཅུར་བསྟན་མཛད་ཅིང༌། །ཉན་རང་འཁོར་ལོས་སྒྱུར་དང་མིག་སྟོང་པ། །ལྷ་ཀླུ་གནོད་སྦྱིན་ཕ་དང་མ་ཡང་སྤྲུལ། །འདི་ལྟར་མཐུ་དང་གཟི་བརྗིད་ཆེ་བ་ཡི། །ཉི་ཟླ་གཉིས་པོ་སྤྱན་གྱི་མདངས་ལས་ཏེ། །ཚངས་
དང་དབང་ཕྱུག་ཆུ་ལྷ་སྲེད་མེད་བུ། །དབྱངས་ཅན་མ་སོགས་སྐུ་ཡི་ཆ་ལས་ཕྱུང༌། །མདོར་ན་ཤེས་བྱའི་གཤིས་ལ་སྲིད་ཚད་ཀྱིས། །གང་ལ་གང་འདུལ་ཕན་པ་རྟག་སྒྲུབ་པས། །སྲིད་གསུམ་ཆུ་བོ་བཞི་ལས་སྒྲོལ་བ་ཡི། །དགེ་བའི་ཟམ་པ་གཅིག་པུར་གྱུར་ལ་འདུད། །འགྲོ་བའི་དོན་ལ་རྒྱུན་ཏུ་ཐུགས་བྲེལ་ཅིང༌། །ཞིང་མང་ཀུན་ཏུ་གཤེགས་ནས་རྒྱལ་བ་མཆོད། །རྒྱལ་སྲས་སྤྱོད་པ་ཕྱོགས་བཅུར་སྒྲུབ་བཞིན་ཏུ། །རྡུལ་བྲལ་འཇིག་རྟེན་བདེ་བའི་འབྱུང་གནས་སུ། །འདྲེན་པ་ཚེ་དཔག་མེད་པའི་སྣམ་ལོགས་ན། །དྲི་མེད་པདྨའི་སྙིང་པོར་རྟག་བཞུགས་ཏེ། །བསིལ་གཡབས་ཐོགས་ནས་རིམ་གྲོ་བརྩོན་མཛད་པ། །ཁྱོད་ཀྱི་སྒྱུ་མ་འདི་ནི་ཡོང་མི་ཤེས། །དམིགས་མེད་སྙིང་རྗེ་ག་པུར་ཆུས་བཀྲུས་ཤིང༌། །དམ་པ་སྩལ་བའི་སྤྱན་རས་ཟླ་བའི་འཛུམ། །བྲི་གང་མེད་པར་སྡུག་བསྔལ་སྨག་རུམ་དུ། །ཐམས་ཅད་བུ་དང་མཉམ་པར་གཟིགས་ལ་འདུད། །འཁོར་བའི་སེམས་ཅན་གཅིག་ཀྱང་མ་ལུས་པ། །ཉིད་དང་གོ་འཕང་མཚུངས་པར་བཞག་པ་ཡི། །གཡར་དམ་མཚན་མ་འོད་ཁྱིམ་དམར་པོའི་ནང༌། །བདེ་གཤེགས་དབང་ཕྱུག་བཞུགས་པའི་གཙུག་ཏོར་མངའ། །ཇི་ལྟར་སྟོན་ཀའི་ལང་ཚོ་ལ་བབ་པའི། །ཟླ་བ་སྤྲིན་གྱི་གོས་དང་བྲལ་བ་ལྟར། །འཇིག་རྟེན་དགའ་སྐྱེད་ཕྱག་ན་པདྨོའི་སྐུ། །ཚད་བཟུང་མེད་ཀྱང་གདུལ་བྱའི་སྣང་ཚུལ་དུ། །རི་དྭགས་པགས་པ་རལ་པའི་ཐོར་ཚུགས་དང༌། །བགྲང་ཕྲེང་རིལ་བ་ཚངས་པའི་སྐུད་པ་སོགས། །དྲང་སྲོང་གཟུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་རྒྱུ། །མཐོང་ཐོས་ཐར་པའི་ཁ་ལོ་སྒྱུར་ལ་འདུད། །སྙིང་པོ་བཅུ་གཉིས་ལྡན་པའི་ཞིང་བཟུང་ཡང༌། །དམན་དང་ཕོངས་ལ་ལྷག་པར་ཐུགས་བརྩེས་བས། །སྙིགས་མའི་མཐའ་དང་ངན་སོང་འགྲོ་གཟིགས་ན། །པདྨའི་མཚོ་ལ་ངང་མོ་བཞིན་ཏུ་འཇུག །བདེ་གཤེགས་ཐུགས་རྗེའི་མཐུ་ཡིས་མ་ཐུལ་ཞིང༌། །ཐུར་དུ་བལྟས་ཏེ་ངན་འགྲོར་རབ་གཞོལ་བ། །མི་མཇེད་ཞིང་ལས་སྙིགས་མའི་མཐར་ཐུག་པ། །གངས་ཅན་
འགྲོ་བ་ཕྱག་མཚན་བཞེས་ལ་འདུད། །རིན་ཆེན་ཚོགས་ལ་སྣང་བའི་མཐུ་ཡོད་ཀྱང༌། །བསོད་ནམས་དམན་ལ་འབྱུང་བ་དཀོན་པས་ན། །སྣང་བའི་སྒྲོན་མས་གཏན་ཏུ་སྤངས་པ་ལ། །ཐུགས་རྗེ་ཆེན་པོའི་ཉི་མ་གཅིག་པུར་ཤར། །ཡི་དྭགས་འགྲོ་བ་མཐོ་རིས་རྟེན་ཏུ་བསྒྱུར། །དམ་པའི་ཆོས་དང་ཟང་ཟིང་གཏེར་ཁ་ཕྱེ། །མངོན་མཐོ་ངེས་པར་ལེགས་པའི་ལམ་སྲོལ་གཏོད། །བཀའ་དྲིན་བླ་ན་མེད་པ་དེ་ལ་འདུད། །ལྷ་མོ་སྒྲོལ་མ་ཧ་ཡ་གྲཱི་བ་དང༌། །ཡེ་ཤེས་མགོན་པོ་གནོད་གནས་དབང་པོ་སོགས། །སྐུ་དང་ཕྱག་རྒྱ་རིག་པའི་ཁྱད་པར་ཡང༌། །རེ་བ་མྱུར་དུ་སྐོང་བའི་བྱིན་རླབས་ཅན། །རྡོ་རྗེ་སློབ་དཔོན་དགེ་བའི་བཤེས་གཉེན་དང༌། །ཆོས་སྐྱོང་རྒྱལ་བློན་ཁྱིམ་བདག་བྲམ་ཟེ་སོགས། །ཞིང་ཁམས་སྤྱི་དང་ཁྱད་པར་བོད་ཡུལ་དུ། །སྤྲུལ་པའི་སྤྲིན་གྱིས་རྟག་ཏུ་ཁྱབ་ལ་འདུད། །ཇི་ལྟར་བདེ་འབྱུང་ནོར་བུའི་སྐྱེད་ཚལ་དུ། །འཁོར་ལོས་སྒྱུར་རྒྱལ་བག་ཡང་རྩེ་བ་བཞིན། །མེ་ཞུན་བར་མཚམས་མེད་པར་འབར་བའི་ནང༌། །མནར་མེད་སེམས་ཅན་གདོན་པར་བརྩམ་པ་ན། །མེ་ཏོག་ཆར་པ་ཤིང་རྟའི་འཕང་ལོ་ཙམ། །སྙིང་རྗེའི་བསིལ་དང་ལྷན་ཅིག་ཕབ་པ་ཡིས། །སྡུག་བསྔལ་ཅན་རྣམས་གཏན་བདེའི་སར་བཞག་སྟེ། །དམྱལ་གནས་པདྨའི་རྫིང་བུར་བསྒྱུར་ལ་འདུད། །མགལ་དུམ་ལྟ་བུའི་འགྲོ་ལ་ཕན་གདགས་ཕྱིར། །ཡི་དྭགས་གཤིན་རྗེའི་གྲོང་དུ་དེ་འཇུག་སྟེ། །རྡོ་རྗེའི་སེར་བ་བྱམས་པའི་རླུང་གིས་གཏོར། །ལྟོགས་པ་རྣམས་ལ་ལྷ་ཡི་ཟས་སུ་སྣང༌། །དེ་ཚེ་སོར་མོའི་རྩེ་ལས་བདུད་རྩིའི་ཆུ། །མྱོང་བ་ཙམ་ནས་ལས་ཀྱི་སྒྲིབ་པ་དང༌། །བཀྲེས་སྐོམ་ལྷན་ཅིག་སེལ་བའི་རྒྱུན་བསྩལ་ནས། །ལྷག་མེད་བདེ་ཆེན་ཞིང་དུ་ཁྲིད་ལ་འདུད། །བཤང་གཅི་ཟས་སུ་ཟ་བའི་སྲིན་བུའི་ཁྱུར། །སངས་རྒྱས་ཐོས་གྲོལ་ཆེན་པོའི་མཚན་གྱི་དབྱངས། །སྦྲང་འཐུང་མགྲིན་པའི་གླིང་བུས་བསྒྱུར་བ་ལས། །དེ་དག་ཀུན་ཀྱང་ཕྱིར་མི་ལྡོག་ལ་བཀོད། །ཚ་སྒོ་ཅན་དུ་ཁ་ཟས་
མ་འཚལ་བས། །གཅིག་ཤ་གཅིག་གིས་ཟ་བར་གྱུར་རྣམས་ལ། །ཟས་གོས་ཆོས་ཀྱི་ཆར་པ་ཕབ་ནས་ཀྱང༌། །སངས་རྒྱས་མཐོང་བའི་མྱུ་གུ་བསྐྱེད་ལ་འདུད། །གནོད་སྦྱིན་སྲིན་པོ་སྲོག་གི་འཚོ་བ་པ། །ཉི་ཟླས་མི་སྣང་མུན་པའི་མངལ་གནས་པར། །ནོར་བུ་དམ་པ་སྦྱིན་པའི་འོད་བཀྱེ་ནས། །བདེན་མཐོང་མིག་བུ་ཆོས་ཀྱི་གཏམ་གྱིས་ཕྱེ། །འདོད་པའི་ཚད་པས་གདུངས་པའི་སྲིན་མོ་ལ། །འཕགས་པའི་ལམ་དང་མཛེས་པའི་གཟུགས་བསྟན་ཏེ། །དེ་དག་སྙིང་ལ་ཞི་བའི་གཤེར་གྱིས་བརླན། །སྐྱེ་དགུར་སྲོག་གི་སྦྱིན་པ་བསྩལ་ལ་འདུད། །དོན་གཉེར་སླད་དུ་རྒྱ་མཚོར་ཞུགས་པ་ན། །འཇིགས་རུང་གཤིན་རྗེའི་བཞིན་རས་ལྟར་ཁྲོ་བ། །དུས་མིན་རླུང་གིས་ཕྱིན་ཅི་ལོག་ཏུ་བདས། །སྦྲུལ་གདུག་ལྟ་བུའི་ཁ་རུ་ཆུད་པ་ཡང༌། །ཅང་ཤེས་སྨན་གྱི་ལོ་མ་ཟ་བ་དེ། །གསེར་གྱི་བྱེ་མའི་ཐང་དུ་ལུས་སྤྲུགས་ནས། །འཛམ་གླིང་མི་རྣམས་རང་གི་ཁྱིམ་དུ་བསྐྱལ། །ཤི་བ་མངོན་སུམ་སློང་བར་མཛད་ལ་འདུད། །གསེར་གྱི་ས་ལ་སྤྱིའུ་ཚུགས་འདུག་རྣམས་དང༌། །དངུལ་གྱི་ས་གཞིར་ཟུང་ལྡན་རྐང་པས་རྒྱུ། །རྡོ་རྗེའི་མངལ་གྱི་ཕུག་གནས་ལྷ་མིན་སོགས། །གཞན་གྱིས་མ་དུལ་བ་རྣམས་གདུལ་བྱ་མཛད། །ཕྲག་དོག་རླབས་ཀྱིས་རྣམ་པར་དཀྲུགས་པ་ཡི། །འཐབ་རྩོད་ཆུ་རྐ་བཏང་སྙོམས་ངོགས་སུ་སྒྱུར། །ལྷ་ཡང་བག་མེད་སྲུང་བའི་མེལ་ཚེ་པ། །འཇིག་རྟེན་མགོན་པོ་མཚན་དོན་མཐུན་ལ་འདུད། །མུན་པའི་ཁང་པར་ཆུད་ལ་སྒྲོན་མེ་སྟེ། །ཐན་པས་ཚིག་པ་རྣམས་ལ་སྤྲིན་གྱི་གདུགས། །སྐོམ་པས་གདུངས་ལ་བསིལ་བའི་ཆུ་རྒྱུན་ཉིད། །ནད་ཀྱིས་བཏབ་ལ་སྨན་དང་སྨན་པར་གྱུར། །དམན་དང་ལྷག་པའི་ཡིད་ཀྱིས་མ་ཞི་དང༌། །ལོག་པའི་ལམ་གྱི་སྟོན་པར་གྲགས་རྣམས་ཀྱང༌། །བདེ་བླག་ཉིད་དུ་ཐུགས་རྗེས་རྗེས་བཟུང་ནས། །བྱང་ཆུབ་མཆོག་ཏུ་ལུང་བསྟན་བསྩལ་ལ་འདུད། །གསོད་པའི་ཕྱིར་ནི་ཆེད་དུ་འོང་བ་ཡི། །རྡོ་རྗེའི་རི་བོའི་བར་དུ་འཐགས་ན་ཡང༌། །
ཁྱོད་མཚན་ཐེ་ཚོམ་མེད་པར་རྗེས་དྲན་ན། །བ་སྤུའི་རྩེ་ཡང་ཉམས་པར་མི་འགྱུར་གསུངས། །དེ་བཞིན་སྲིན་པོ་རོ་ལངས་བྱད་ལྟེམས་དང༌། །མེ་ཆུ་དུག་མཚོན་སྦྲུལ་གདུག་ཕ་རོལ་དཔུང༌། །ཁྲི་མུན་ཆོམ་རྐུན་གནམ་ལྕགས་ལྟུང་སོགས་ལ། །དྲན་པ་ཁོ་ནས་ཟུག་རྔུ་གཏིང་ནས་འབྱིན། །སྡུག་བསྔལ་ཁུ་སྒོར་ལས་ཀྱི་ཁོང་བསྒྲིལ་དང༌། །ཉོན་མོངས་གདོས་ཀྱིས་བཅིངས་པའི་ལུས་ཅན་ལ། །འཇིགས་པ་གྲིབ་མ་བཞིན་ཏུ་འབྲངས་ན་ཡང༌། །མི་འཇིགས་སྦྱིན་པས་རྟག་ཏུ་བསྐྱབས་ལ་འདུད། །སཱ་ལའི་ས་བོན་ཤིན་ཏུ་ཕྲ་བ་ཡང༌། །དྲོད་གཤེར་འཕྲད་པས་དགུང་ཞག་འགའ་འདས་ནས། །དཔག་ཚད་ཁྱབ་པའི་ལྗོན་ཤིང་རྒྱས་པ་ལྟར། །རྩེ་གཅིག་དད་པས་མཚན་ནས་བརྗོད་པ་དེ། །ངན་འགྲོ་ལོག་པར་ལྟུང་བའི་ལམ་ཆད་ཅིང༌། །སངས་རྒྱས་ཞིང་དུ་གོམ་པ་བདེ་བླག་འགོད། །ཏིང་འཛིན་སྤོབས་པ་མུ་མཐའ་མེད་ལ་སྤྱོད། །ཇི་ལྟར་སྨོན་པ་ཚེ་འདིར་འགྲུབ་པ་སོགས། །ཁྱད་པར་གཞན་ཡང་ཐོབ་པར་མ་གྱུར་ན། །བདག་ཉིད་བྱང་ཆུབ་སྙིང་པོར་མི་བཞུགས་ཞེས། །སྙིང་རྗེ་ཆེན་པོའི་གཟུགས་ཀྱི་མཐུ་བསྟན་ནས། །ཐོས་པས་ཚིམས་པའི་ཐུགས་བསྐྱེད་བཞེས་ལ་འདུད། །ལོ་ཏོག་འབྲས་བུ་སད་ཀྱིས་ཁྱེར་བ་ལ། །སོ་ནམ་འབད་རྩོལ་སུས་ཀྱང་མི་བྱེད་ལྟར། །སྡིག་པ་ཆེན་པོས་སེམས་ཀྱི་རྒྱུད་བསྲེགས་པས། །རྒྱལ་བ་སྲས་དང་བཅས་པས་རབ་སྤངས་པ། །འཕགས་ལ་སྐུར་འདེབས་ཆོས་ལ་དབང་ཟ་ཞིང༌། །མཚམས་མེད་ལྔ་དང་དཀོན་མཆོག་དཀོར་ནོར་སྤྱོད། །ཤན་པ་ཕག་པ་ཉ་དང་རི་དྭགས་རྔོན། །ཚུལ་ཁྲིམས་འཆལ་དང་ལོག་པར་ཞུགས་རྣམས་ཀྱང༌། །རྣ་བའི་དབང་པོར་མཚན་གྱི་ཟེར་ཕོག་སྟེ། །མགོན་པོ་ཁྱེད་ལ་དད་པའི་སེམས་རྙེད་ན། །ནོངས་པ་ལྕི་བའང་བ་མོ་ལྟར་ཞུ་ནས། །སྐྱོན་མེད་ཐར་པའི་ས་བོན་བསྐྲུན་ལ་འདུད། །ཆོས་ཀྱི་དབང་ཕྱུག་བརྙེས་པའི་རྒྱལ་རྣམས་དང༌། །རྒྱལ་སྲས་དཔའ་བོ་ཤིན་ཏུ་གྲགས་ཆེན་པོ། །སྒྲིབ་པ་རྣམ་པར་སེལ་
བ་ལ་སོགས་ཀྱང༌། །ཁྱོད་ཀྱི་རིག་སྔགས་ཚོལ་བའི་ཚུལ་བསྟན་ཞིང༌། །ཁྱོད་ཞལ་བལྟ་ལ་ཤིན་ཏུ་བརྐམ་ལགས་ན། །རིག་སྔགས་ནོར་བུ་སུག་པར་མཆིས་ན་ཡང༌། །བོང་བ་བཞིན་ཏུ་བཏང་སྙོམས་བོར་ནས་སུ། །འབད་པས་ཆོས་མ་ཡིན་པ་དོན་དུ་གཉེར། །ཁྱོད་ཞལ་མཐོང་བའི་ལས་ལས་ཕྱིར་ཕྱོགས་པ། །ལས་སྒྲིབ་ཁུར་པོས་ཧ་ཅང་ནོན་དྲགས་པའི། །དེང་སང་སྐྱེ་བོ་བདུད་ཀྱིས་བསླུས་པ་རྣམས། །སླར་ཡང་ཁྱོད་ཀྱི་སྙིང་རྗེས་མ་གཟིགས་ན། །དྭ་ཕྲུག་ཕ་མས་བོར་ན་བཤེས་མེད་ལྟར། །སངས་རྒྱས་ཀུན་གྱི་གདུལ་བྱར་མ་གྱུར་ཏེ། །ངན་འགྲོའི་རྒྱ་མཚོར་མོད་ལ་བྱིང་འགྱུར་བས། །མྱུར་དུ་ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཁ་ན་མ་ཐོ་བྱེ་བས་གཡོགས་ནས་སུ། །རང་རྒྱུད་ཆུ་ཤིང་བཞིན་ཏུ་རུལ་གྱུར་པ། །བདག་ནི་མགོན་པོ་ཁྱོད་ལས་སྐྱབས་མེད་པས། །ད་ལྟ་ཉིད་དུ་བྱམས་པའི་ཕྱག་རྐྱོངས་ལ། །ལས་ཀྱི་སྒྲིབ་པ་བྱིན་རླབས་འོད་ཀྱིས་སོལ། །དག་པའི་སེམས་ལ་ཡེ་ཤེས་གཟུགས་བརྙན་སྟོན། །ཆོས་ཀྱི་བདུད་རྩིས་ཐར་པའི་སྲོག་བརྟས་ནས། །དོན་གཉིས་ལྷུན་གྲུབ་མཆོག་གི་སྦྱིན་པ་སྩོལ། །ཕྱོགས་བཅུའི་རྒྱལ་ལས་ཐུགས་དམ་ནོད་པ་ལྟར། །ཁྱོད་མཚན་རྟག་ཏུ་ཡིད་ལ་བྱེད་པ་བདག །དྲི་མས་རེག་གམ་རླུང་རྫིས་ཕོག་རྣམས་ཀྱང༌། །རང་གི་བཞུགས་གནས་བདེ་བ་ཅན་ཏུ་དྲོངས། །དེར་སྐྱེས་ནས་ནི་བྱང་ཆུབ་སྤྱོད་ལ་ཞུགས། །ལམ་གྱི་ཁྱད་པར་གོང་མ་རབ་ཐོབ་སྟེ། །འཇིག་རྟེན་དབང་ཕྱུག་རྣམ་ཐར་ཅི་འདྲ་བ། །དེ་འདྲ་ཁོ་ནས་འགྲོ་བ་འདྲེན་པར་ཤོག །རེ་ཞིག་ཤར་རོང་གི་ལྗོངས་རྒྱུ་བ་ན་མེ་ཏོག་དཀར་དམར་གྱི་ལྡིང་ཁང་མངོན་པར་བཀྲ་ཞིང་རི་བོ་ཏ་ལའི་ཕོ་བྲང་དུ་ཁ་ཕྱོགས་པའི་དབེན་རིའི་མགུལ་དུ་ཡོན་ཏན་རྒྱ་མཚོས་དད་པའི་སེམས་ཀྱིས་སྦྱར་བ་སྐྱེ་བ་ཀུན་ཏུ་འཇིག་རྟེན་མགོན་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །དཔལ་རྡོ་རྗེ་འཛིན་པའི་རྣམ་ཐར་ཕྱོགས་གཅིག་གི་
ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་གཟུངས་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་པཱ་ཎ་ཡེ། གསང་བའི་བདག་པོ་ཕྱོགས་བཅུའི་ཞིང་རྣམས་སུ། །རྒྱལ་བ་རྣམས་ཀྱི་གསང་བའི་མཛོད་གཉེར་ཞིང༌། །ངེས་དོན་ཐོས་པ་འཛིན་པའི་སྙན་ཏུ་གྱུར། །ནམ་མཁའ་གཉིས་པ་གཟོད་ནས་མ་སྐྱེས་ལྟར། །ཟབ་མོའི་ཆོས་ཉིད་དབྱེ་བ་མེད་པ་ལ། །སངས་རྒྱས་ཀུན་དང་མཉམ་པ་ཉིད་ཐོབ་པས། །སྐུ་གསུང་ཐུགས་ཀྱི་གསང་བར་ཤིན་ཏུ་ཞུགས། །རྡོ་རྗེའི་རྣམ་པར་ཐར་པ་ལ་གནས་ནས། །ཆོ་འཕྲུལ་ཆེན་པོའི་འཁོར་བའི་མཐར་ཐུག་སྟོན། །ཆོས་དབྱིངས་ཁྱབ་པར་རྣམ་པར་རོལ་པའི་སྐུ། །ཁྱུ་མཆོག་མཐུ་སྟོབས་བསམ་མི་ཁྱབ་པར་ཕྱུང༌། །འཇིག་རྟེན་གསུམ་གྱི་ས་ལས་རྣམ་པར་རྒྱལ། །སེམས་ཀྱི་སྐད་ཅིག་ཐང་ཅིག་ཡུད་ཙམ་དུ། །འགྲོ་ཀུན་བསམ་དང་སྤྱོད་པའི་རྗེས་འགྲོ་བ། །སྣ་ཚོགས་ཆོས་སྒོ་རྫོགས་པར་བསྟན་པ་སྤོབས། །ཆོས་ཀྱི་དྲིལ་བུ་གསང་བའི་སྒྲ་སྙན་འཁྲོལ། །ཐབས་ལ་མཁས་པའི་མངོན་པར་ཤེས་པ་དང༌། །བསྡུ་བའི་དངོས་པོ་དག་གི་ཕ་རོལ་ཕྱིན། །དྲག་ཤུལ་སེང་གེ་གང་ལའང་བསྙེངས་པ་མེད། །ཀུན་མཁྱེན་ཉག་གཅིག་རྒྱ་མཚོར་འབབ་པ་ཡི། །ཡི་གེའི་ཆར་པ་བདེན་པའི་སྤྲིན་ལས་ཕབ། །རྒྱལ་སྲས་དབང་བསྐུར་བརྙེས་རྣམས་རྣམ་དཔྱོད་ཀྱང༌། །དེ་བཞིན་གཤེགས་པའི་གསང་བ་ལ་ཞུགས་ན། །གཞོན་ནུ་ཉི་ཞུར་དག་གིས་ཚིམས་པ་བཞིན། །ཕྱོགས་རེའི་གནས་ལ་ངོ་མཚར་མིག་ཐོབ་ཀྱང༌། །ཁྱོད་ཀྱི་ཕུལ་དུ་བྱུང་བའི་ཤེས་རབ་ཀྱིས། །འཇིག་རྟེན་འཇིག་རྟེན་འདས་པ་སུ་དང་ཡང༌། །ཐུན་མོང་མིན་པ་ཟབ་མོའི་གཏིང་སླེབ་ནས། །གསང་བ་བདེ་བླག་རྟོགས་ཤིང་བསྟན་ནུས་པས། །ཀུན་བདག་ཀུན་ཏུ་བཟང་པོའི་གྲགས་པ་གསལ། །དུས་གསུམ་འདྲེས་པའི་མཐའ་ལ་རབ་བཞུགས་ཏེ། །རྒྱལ་བ་ཀུན་ལ་རྒྱུན་མཐའི་དབང་བསྩལ་ཞིང༌། །བསམ་ཡས་གཟུངས་མངའ་སེམས་ཅན་དོན་མཛད་ཕྱིར། །རྣམ་པར་སྣང་མཛད་
དབྱིངས་ལ་བཞུགས་པ་པོ། །དེ་དག་མདུན་ཏུ་གུས་པས་གཤེགས་ནས་ཀྱང༌། །ཆོས་ཀུན་བདག་པོར་གྱུར་པའི་དབང་ཡང་ནོད། །གདོད་ནས་ཞི་ཞིང་རྟག་ཏུ་མ་སྐྱེས་ཀྱང༌། །གཟུགས་བརྙན་ཚུལ་གྱིས་འཇིག་རྟེན་ཀུན་ཏུ་སྣང༌། །སྲིད་པའི་ཉེ་བར་ལེན་པ་མི་མངའ་ཡང༌། །སྲིད་པ་ཇི་སྲིད་སྲིད་པའི་རྒྱ་མཚོར་འཇུག །ཕུང་པོའི་མཚན་མ་ཡོངས་སུ་སྤངས་བཞིན་ཏུ། །རྒྱལ་སྲས་མཐུ་བོ་ཆེ་ཡི་ལུས་སུ་སྟོན། །སྟོང་པ་ཀུན་ནས་ཉོན་མོངས་སྤངས་པའི་གཏམ། །འཆད་ཀྱང་ལས་ཀྱི་འབྲས་བུ་འདོར་མི་མཛད། །མི་སྲུན་བརླངས་པོར་སྤྱོད་ལ་ཆེར་འབར་ཡང༌། །དེ་དག་ཐུགས་རྗེའི་ཆབ་ཀྱིས་རྟག་ཏུ་བརླན། །བདག་དང་སེམས་ཅན་སུ་ཡང་མ་གཟིགས་ཀྱང༌། །གསང་བའི་དམ་པས་འགྲོ་ལ་ཕན་པ་བཏགས། །རྟག་ཏུ་ཞི་བའི་དབྱིངས་སུ་མཉམ་བཞག་ཀྱང༌། །གཏུམ་པོ་ཁྲོས་པས་ཁྲོ་བ་མ་ལུས་འཇོམས། །རིག་པ་དགོངས་པའི་མཐིལ་དུ་སྦེད་པ་ཡང༌། །ཐུན་མོང་འགྲོ་བའི་ཉེར་འཚོའི་སྤྱད་པར་གྱུར། །དེ་ལྟར་འཇིག་རྟེན་ཀུན་དང་མི་མཐུན་པའི། །རྣམ་ཐར་འདི་ལ་ངོ་མཚར་ས་མི་ཐོབ། །སངས་རྒྱས་ཀུན་གྱི་ཐུགས་ཀྱི་གསང་བ་དང༌། །སྤངས་རྟོགས་ཡེ་ཤེས་ཕུན་སུམ་ཚོགས་པ་དག །ཁྱོད་ཀྱི་ཐུགས་ལ་མངོན་སུམ་བཞིན་ཏུ་ཞུགས། །སྦྱིན་དང་དུལ་བ་ཡང་དག་སྡོམ་ལ་སོགས། །ཕ་རོལ་ཕྱིན་དང་འཕགས་པའི་བདེན་པ་དང༌། །བྱང་ཆུབ་ཡན་ལག་གཟུངས་དང་ཏིང་འཛིན་སྟོབས། །མ་འདྲེས་ཆོས་སོགས་འཇིག་རྟེན་ལས་འདས་དང༌། །འཇིག་རྟེན་སྐྱོང་བ་ཀུན་གྱི་གཟི་བརྗིད་མདངས། །དྲང་སྲོང་གཙང་མ་ཚངས་པར་སྤྱོད་རྣམས་ཀྱི། །དཀའ་ཐུབ་བརྟུལ་ཞུགས་རང་གི་ལོངས་སྤྱོད་ལས། །གྲུབ་པའི་རྡོ་རྗེ་སྟོང་ཉིད་གཟུགས་གྱུར་པ། །ཚན་པོ་ཆེས་ཀྱང་བསྐྱོད་པར་དཀའ་བ་དེ། །རྒྱལ་བ་ཀུན་གྱིས་ཁྱོད་ཀྱི་ཕྱག་ཏུ་བསྩལ། །ཉན་ཐོས་ཚུལ་ཁྲིམས་བསམ་གཏན་སྙོམས་འཇུག་དང༌། །བྱང་སེམས་སྙིང་རྗེས་དྲངས་པའི་ཕ་རོལ་ཕྱིན། །རྒྱལ་རྣམས་བླ་ན་མེད་པའི་ཆོས་ཀྱི་སྒོ། །རང་གི་རིགས་ཀྱི་རིག་པ་དེས་བྱེད་
ཅིང༌། །དྲག་པོ་ཉི་མའི་བུ་དང་ལུས་ངན་པོ། །རླུང་ལྷ་ནམ་མཁའ་ལྡིང་སོགས་གདུག་པ་འདུལ། །ཁྲོ་བོ་དྲག་པོར་ཁྲོས་རྣམས་རྨོངས་པར་མཛད། །གཡོན་ཅན་སྒྱུ་དང་ལྡན་པ་རབ་ཏུ་རྨུགས། །སྡང་བ་སྐྱོད་ཅིང་རྨོངས་རྣམས་རྣམ་པར་འཇིགས། །དམ་པོ་རྩད་གཅོད་རྒྱས་རྣམས་སྦུར་མར་བརླག །ཡོན་པོ་སྲུང་ཞིང་གཅད་པ་སྙིང་རྗེས་བསྐྱབས། །སྲིན་པོ་རེངས་ཤིང་འབྱུང་པོ་སྐྲག་པར་མཛད། །མ་གྲུབ་གྲུབ་པའི་ནུས་པ་རྫོགས་པར་སྟོན། །གྲུབ་པ་དག་ཀྱང་ཆུད་ཟོས་མེད་མཛད་པས། །རང་གི་གསང་བའི་མཐུ་ནི་རབ་སྐྱེད་ཅིང༌། །གཞན་གྱི་སྔགས་ལ་རིག་པའི་ཕུར་བུས་འདེབས། །དུས་མིན་འཆི་སོགས་འཇིགས་པ་འཇིག་མཛད་ཅིང༌། །གདུག་པའི་ཀླུ་སོགས་གསོད་བྱེད་གསོད་པར་མཛད། །ཁྱོད་སྔོན་གཞོན་ནུ་ཆོས་ལ་སེམས་པའི་དུས། །སྨོན་ལམ་ཡོངས་སུ་བཟུང་བའི་ཁྱད་པར་ལས། །མེ་ཏོག་གཞི་ཡི་སྙིང་པོའི་རྒྱན་བཀོད་པའི། །འཇིག་རྟེན་ཀུན་ཏུ་འདུལ་བའི་དབང་གཟིགས་ནས། །གནོད་སྦྱིན་གཟུགས་ཀྱིས་གདུལ་དཀའ་སྨིན་སླད་དུ། །འབྲོག་གནས་གནས་པར་སྡེ་དཔོན་ཚུལ་བཟུང་སྟེ། །འདྲེན་པ་སྟོང་གི་ཆོས་ཀྱི་མཛོད་སྲུང་ནས། །སྐྱེ་དགུ་འཚོ་བའི་བྱ་དཀའ་བསྒྲུབ་པར་མཛད། །རིན་ཆེན་བཀོད་པའི་སྙིང་པོ་ཇི་སྲིད་གནས། །དེ་སྲིད་ཆུ་ཡི་ཕུང་པོ་མི་སྐམ་ལ། །ནོར་བུ་དུ་མ་འབྱུང་བའི་རྟེན་བྱེད་ལྟར། །ཁྱོད་ཀྱི་མཐུ་ཡིས་འཇིག་རྟེན་ཁམས་དག་ཏུ། །རྒྱུད་དོ་ཅོག་གི་ཆུ་ཀླུང་འབབ་པ་དང༌། །རིག་པ་ཕྱག་རྒྱའི་ཚོགས་ཀྱི་སྟོབས་སྐྱེད་ལ། །གལ་ཏེ་ཁྱོད་ཉིད་མངོན་དགར་གཤེགས་པ་ན། །ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་མ་ལུས་པ། །ལན་ཚྭའི་ཕུང་པོ་ཆུ་ལ་ཐིམ་པ་བཞིན། །ཆོས་ཀྱི་དབྱིངས་སུ་དམིགས་པ་མེད་པར་འགྱུར། །ཡེ་ཤེས་ཆེན་པོའི་གཟུངས་ཀྱི་དབང་བསྐུར་བས། །གཅིག་ནས་གཅིག་ཏུ་རྒྱུན་མི་ཆད་པ་ཡི། །སངས་རྒྱས་མཛད་པ་རླབས་པོ་ཆེ་སྒྲུབ་པས། །དཔེ་བྲལ་འཇམ་པའི་དབྱངས་ལ་སོགས་པས་ཀྱང༌། །ཁྱོད་ལ་དེ་བཞིན་གཤེགས་པ་ཉིད་དུ་གཟིགས། །རབ་འབྱམས་རྒྱ་མཚོ་སངས་རྒྱས་ཞིང་ཀུན་ཏུ། །མངོན་པར་སྐྱེ་ཞིང་འབྱུང་དང་
བྱང་ཆུབ་དང༌། །མྱ་ངན་འདས་པའི་བར་གྱི་མཛད་སྟོན་པ། །མགོན་པོ་ཀུན་གྱི་དྲུང་ན་རྟག་རོལ་ཞིང༌། །བཟོ་སྐྱེ་མཆོག་སོགས་རྒྱལ་བའི་སྤྱོད་ཡུལ་གྱི། །རྣམ་འཕྲུལ་ཇི་སྙེད་སྤྲུལ་པ་དེ་སྙེད་སྤྲུལ། །དང་པོའི་ལས་ཅན་སེམས་བསྐྱེད་ནས་བརྩམས་ཏེ། །རྒྱལ་ཚབ་ཆེན་པོའི་ས་ལ་བཞུགས་པའི་བར། །ཕྱོགས་བཅུ་དག་ན་བྱང་ཆུབ་སྤྱོད་ཞུགས་པ། །རེ་རེའང་ལུས་དང་གྲིབ་མ་བཞིན་ཏུ་སྲུང༌། །ཉན་རང་རང་བདེ་དོན་ཏུ་གཉེར་རྣམས་དང༌། །འཁོར་བའི་ངམ་གྲོག་ཕ་མཐའ་མེད་པ་རུ། །འདུ་བྱེད་སྡུག་བསྔལ་རླུང་གིས་གཡེངས་གྱུར་པ། །སྲོག་ཆགས་རེ་རེའི་རྒྱབ་དང་མདུན་ཏུ་ཡང༌། །ལག་ན་རྡོ་རྗེ་ཐོགས་པའི་གཟུགས་སྟོན་ཀྱང༌། །འཇིག་རྟེན་པ་ལ་ཡེ་ཤེས་མིག་མེད་པས། །ཀུན་ཏུ་བཟང་པོའི་ལྟད་མོ་མཐོང་མ་གྱུར། །ཡེ་ཤེས་སྒྱུ་མས་ཆོས་ཀྱི་སྒྱུ་མ་སྤྲུལ། །ལས་ཀྱི་སྒྱུ་མའི་འཁྲུལ་འཁོར་རབ་ཏུ་འཇིག །སྒྱུ་མ་ཟབ་མོ་རིག་པས་གཞོམ་མེད་པ། །ཁྱོད་ཀྱི་སྒྱུ་མ་འདི་ནི་བརྟག་པར་དཀའ། །འདོད་ཁམས་བདག་པོ་སྡིག་ཏོའི་ཡིད་ཅན་དང༌། །ལོག་འདྲེན་འབྱུང་པོའི་བདག་པོ་མཁའ་འགྲོ་མ། །ཡི་དྭགས་གནོན་པོ་སྦྲུལ་དང་སྦྲུལ་འཛིན་སོགས། །ཉོན་མོངས་མྱོས་འགྱུར་བཏུང་བས་རབ་མྱོས་ཏེ། །བདེན་པའི་ཆོས་ཉིད་ཁོང་དུ་མ་ཆུད་པར། །མཐོ་རིས་ཐར་པའི་ལམ་ལས་ཕྱོགས་བསླད་དེ། །དེ་བཞིན་གཤེགས་དང་བསྟན་ལ་ཐོ་འཚམ་ཞིང༌། །འགྲོ་བའི་དགེ་རྩ་གཅོད་ལ་ཞུགས་པ་རྣམས། །ཚར་གཅོད་རྣམ་པར་འཐགས་ལ་ཕྱོགས་པ་ན། །སྟོབས་བཅུའི་སྙིང་པོ་བསྡུས་པའི་གཏུམ་པོའི་ལུས། །སྲེག་བྱེད་མེ་ལྕེའི་ཕྲེང་བས་རབ་གཡོགས་པ། །གློག་གི་འཁོར་ལོ་བར་མེད་འཁོར་བ་བཞིན། །རྒྱལ་བ་བྱེ་བ་སྙེད་ཀྱིས་བྱིན་བརླབས་ཤིང༌། །ཆོས་ཉིད་ལས་གྲུབ་མི་ཕྱེད་རྡོ་རྗེའི་ཐོག །འོད་ཟེར་ཚ་ཚས་ཉི་མ་ཟིལ་གནོན་ཏེ། །སྟོང་གསུམ་ཐམས་ཅད་སྣང་བ་གཅིག་གྱུར་པས། །རྒྱ་མཚོ་མཆིལ་མ་བཞིན་ཏུ་སྐེམ་བྱེད་ཅིང༌། །རི་རབ་ཐལ་བ་བཞིན་ཏུ་གཏོར་བ་དང༌། །ལྷན་ཅིག་
དྲག་པོ་རྣམ་པར་བསྒྱིངས་པའི་སྒྲ། །དུས་རླབས་རབ་ཏུ་འཁྲུགས་དང་ལྕེ་འབབ་པའི། །འབྲུག་སྟོང་དུས་གཅིག་བསྒྲགས་འདྲ་ཐོས་པའམ། །དྲན་པའི་མོད་ལ་ཡིད་སྲུབས་བཅུད་བྲལ་མའི། །སྙིང་ཁྲག་མངལ་རྒྱ་ས་ལ་ལྟུང་བར་བྱེད། །བྲོས་ཀྱང་འབར་བ་དུས་མཐའི་མེས་བཅིངས་ཤིང༌། །གབ་པའི་སྐྱིབས་མེད་སྲོག་སྙིང་འཕར་བཞིན་ཏུ། །ཤི་ལ་ཐུག་པར་ལན་བརྒྱར་བརྒྱལ་དེ་རྣམས། །གཞར་ཡང་བརྩེ་བའི་ཞགས་པ་མི་གློད་པས། །སྐྱབས་སུ་འགྲོ་དང་བསླབ་པའི་གཞིར་བཀོད་ནས། །དཀོན་མཆོག་གདུང་བརྒྱུད་ཅི་ཡང་སྤེལ་བར་མཛད། །ཁྲོ་བར་སྣང་ཡང་བྱམས་པ་ཆེན་པོས་གདུལ། །ཕོལ་མིག་སྨན་གྱིས་གསོ་རུ་མི་བཏུབ་པ། །སྨན་པ་མཁས་པས་དབུག་ཅིང་དྲལ་བ་དང༌། །སྲེག་པའི་དཔྱད་ཀྱིས་རྩད་ནས་གདོན་པ་བཞིན། །སེམས་དམྱལ་ངན་སོང་གསུམ་གྱི་འབྲས་བུ་ཅན། །འཇིགས་པ་དུས་ཀྱི་ཚེར་མ་གཏིང་ནས་འདོན། །སེམས་ཞུམ་བརྩོན་འགྲུས་བརྟན་པོ་མ་ཡིན་པའི། །བྱང་ཆུབ་ཐོག་མར་ཞུགས་རྣམས་གཟེངས་བསྟོད་ཅིང༌། །བདུད་ཀྱི་སྐུང་འཕྲང་དག་ལས་དབུགས་དབྱུང་བསྩལ། །ཆོ་འཕྲུལ་འདུན་པ་སྲིད་པ་གསུམ་པོ་ན། །རྨད་བྱུང་དགེ་མཚན་ནམ་མཁའི་མཐར་བྲེས་པར། །ལྷ་མིའི་བླ་མ་མི་འཇིགས་གཟི་བརྗིད་ཅན། །འགྲོ་བའི་བསོད་ནམས་ཞིང་དུ་རབ་བཞུགས་ཏེ། །ཆོས་དང་ཟང་ཟིང་སྦྱིན་པས་རང་ཉིད་ཀྱིས། །སྐྱེ་བ་དུ་མར་མགྲོན་ཏུ་བོས་པ་རྣམས། །སྣང་ནས་སྣང་བར་ཁྲིད་པར་ངོ་མཚར་ལ། །འགྲན་ཟླར་ཆས་པའི་རྒོལ་ངན་མུ་སྟེགས་བྱེད། །ཕུག་རོན་སྤུ་བཏོགས་ལྟ་བུའི་གཅེར་བུ་པ། །རྨོངས་པས་བསྒྲུབས་པའི་བློ་ངན་བ་ཀུ་ལ། །དད་པའི་འདབ་མ་རྟག་ཏུ་ཟུམ་པའི་ཚེ། །གླང་ཆེན་མྱོས་པའི་སྐད་དང་ལྷན་ཅིག་ཏུ། །སེང་གེའི་ཁྲི་ལས་རྡོ་རྗེ་འཛིན་བྱུང་སྟེ། །འཐོར་རླུང་དྲག་པོར་གཡོས་པས་གླགས་ལྟའི་ཁྭ། །བསྡིགས་ཤིང་བསྐྲད་ནས་འཇིག་རྟེན་ལས་འདས་པའི། །ཆོ་འཕྲུལ་ཆེ་བའང་ཁྱོད་ཀྱི་མཐུ་ཡིས་བསྐྱེད། །དཔའ་བོ་ཉི་མའི་གཉེན་གྱི་སྲས་གཅིག་པུ། །
འཁོར་བཞི་སྐྱོབ་པའི་རྫོང་བཙན་སྟོབས་པོ་ཆེ། །ཁྱབ་འཇུག་མིག་གསུམ་པ་དང་ལྷ་མ་ཡིན། །དེ་དག་གྲུབ་པའི་ཚོགས་ཀྱིས་ཕྱག་བྱས་པ། །མདོར་ན་ཆོས་ཀྱི་རྒྱལ་པོ་ཐམས་ཅད་ཀྱི། །གསང་བ་གསུམ་གྱི་གནས་ལས་ཁྱོད་བྱུང་ཞིང༌། །གསང་བའི་ཡེ་ཤེས་རྒྱལ་དང་རྒྱུད་གཅིག་པས། །ཆོས་ཀྱི་ཅོད་པན་རྒྱལ་བ་རྣམས་ཀྱི་བཏགས། །མུན་པའི་རུམ་ན་གློག་དམར་འགྱུ་བ་བཞིན། །གཏི་མུག་མལ་དུ་རྟག་པར་ཉལ་བ་བདག །བརྒྱ་ལམ་ཞིག་ན་ཁྱོད་ལ་དད་ཐོབ་པ། །དགེ་བའི་ཞུགས་ཆེན་སྙིང་ལ་འབར་བ་དེས། །བདུད་ཀྱིས་བཅིངས་པའི་དྲྭ་བ་བརྒྱ་དྲལ་ནས། །འཇིགས་པ་ལྔ་དང་བྲལ་བའི་ས་ཡི་སྤོར། །མི་གནས་གནས་པ་ཆེན་པོས་དོན་བྱེད་ཅིང༌། །རྒྱལ་ཀུན་གསང་བར་ལྐོག་ཏུ་མ་གྱུར་པ། །གསང་བའི་བདག་པོའི་རྣམ་ཐར་ཡོངས་རྫོགས་ཤོག །འདི་ནི་རྒྱལ་མོ་ཚ་བའི་རོང་གི་མཐར་ཐུག་པ་ཁྲོ་ཆུའི་ཡུལ། རི་བྲག་གནོད་སྦྱིན་ཁྲོས་པ་འདྲ་བ་ལ་ཤིང་སྟུག་པོའི་ཚལ་དུ་གཅན་གཟན་གཏུམ་པོ་རྒྱུ་བས་བརྒྱན་ཞིང༌། མི་སྲུན་པའི་མི་དང་མི་མ་ཡིན་འབའ་ཞིག་པས་གང་བ་དེར་ཡོན་ཏན་རྒྱ་མཚོས་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་གསང་བའི་བདག་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །རྒྱལ་ཚབ་བྱམས་པ་མགོན་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཕ་རོལ་ཏུ་ཕྱིན་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མ་ཨཱརྻ་མཻ་ཏྲ་ཡེ། འཇིག་རྟེན་སྣང་ལ་ཆས་པའི་ཉིན་མོར་བྱེད། །འཆར་ཀའི་ལི་ཁྲིའི་འོད་ཀྱིས་མཚོན་པ་ལྟར། །བྱང་ཆུབ་སྙིང་པོར་རབ་ཏུ་གཞོལ་བ་ལ། །སྐྱེ་བ་གཅིག་གིས་ཐོགས་པའི་མ་ཕམ་པ། །སངས་རྒྱས་ཆོས་ཀུན་ཕྱག་མཐིལ་བཞག་པ་ལྟར། །མགོན་པོ་ཁྱོད་ལ་ལྐོག་ཏུ་མ་གྱུར་པས། །ཤཱཀྱའི་ཏོག་སོགས་རྐང་གཉིས་གཙོ་རྣམས་ཀྱིས། །ཅོད་པན་དབུ་ལ་བཞག་ནས་དབང་བསྐུར་ཏོ། །སྔོན་གྱི་དེ་བཞིན་གཤེགས་རྣམས་གདུང་འཛིན་ཅིང༌། །ད་ལྟ་ཉི་མའི་གཉེན་གྱི་ཆོས་སྲིད་སྐྱོང༌། །མ་འོངས་དཀོན་མཆོག་ཆུ་གཏེར་སྲིད་པའི་མཐར། །བྱམས་ཆེན་སྤྲིན་ལས་འབད་རྩོལ་མེད་པར་བཀྱེ། །
སེམས་ཀྱི་སྐད་ཅིག་གཅིག་ལ་མཐའ་ཡས་པའི། །རྒྱལ་བ་རྣམས་དང་ཆོས་ཀྱི་བཀའ་བགྲོ་ཞིང༌། །དེ་དག་བྱིན་གྱིས་བརླབས་ཀྱི་ཡེ་ཤེས་ཐོབ། །དེ་དང་མཚུངས་པར་རྣམ་འཕྲུལ་རྒྱ་མཚོ་བཀོད། །མི་འཇིགས་སེང་གེའི་སྟོབས་ཀྱིས་འཁོར་གནོན་ཞིང༌། །རྒོལ་བའི་འདུས་པ་ངན་པ་རབ་ཏུ་བཅོམ། །སངས་རྒྱས་ཀུན་གྱི་རྒྱལ་ཚབ་སར་བཀོད་པས། །གྲགས་པའི་རོལ་མོ་ཞིང་མང་རྣམས་སུ་འགྲོ། །བདུད་ཀྱི་སྤྱོད་ཡུལ་འབྲོག་དགོན་རབ་བརྒལ་ཏེ། །སངས་རྒྱས་ཡུལ་ལ་རང་གི་ཁྱིམ་བཞིན་འཇུག །མི་ཟད་གཟུངས་ཀྱི་སྒོ་མོ་བརྒྱ་ཕྱེ་ནས། །འགྲོ་ཀུན་དབང་པོ་ཚིམས་བྱེད་སྤོབས་པ་ཐོབ། །ཐུགས་མཆོག་དང་པོར་བསྐྱེད་ནས་རྒྱུན་མཐའི་བར། །ཀུན་སྙོམས་བྱམས་པ་ཆེན་པོའི་ཏིང་འཛིན་གྱིས། །ཚངས་པའི་ལམ་དང་བྱང་ཆུབ་ཕྱོགས་ཀྱི་ཆོས། །བདེ་བའི་ཐེག་པ་བདེ་བླག་ཉིད་དུ་བསྒྲུབས། །བྱང་སེམས་བྱེ་བས་བལྟ་བའི་བཞིན་རས་དང༌། །ཚད་མེད་སྦྱིན་པ་ཆེན་པོ་བྱིན་པའི་ཕྱག །རྡུལ་སྙེད་རྒྱལ་བ་བསྙེན་བཀུར་མཛད་མཛད་པའི། །སྐུ་མཆོག་ཡིད་དགའ་ཆོས་འཛིན་འདུན་སར་འཕགས། །བསྐལ་བ་བྱེ་བ་ཁྲག་ཁྲིག་གྲངས་མེད་པར། །ལམ་དང་འཇུག་པ་བདེ་བའི་ཐབས་མཁས་ཀྱིས། །སྦྱིན་སོགས་ཚོགས་གཉིས་ཕ་རོལ་ཕྱིན་པའི་སྐུ། །སྐྱེས་བུ་ཆེན་པོའི་མཚན་གྱིས་ལེགས་པར་བརྒྱན། །བསོད་ནམས་ཡེ་ཤེས་རིང་བསྲེལ་ཆོས་ཀྱི་གཏེར། །གཅིག་བསྡོམས་གསེར་གྱི་གཏན་པ་ཕྱིས་འདྲ་བ། །ལྷག་བསམ་གཟི་འོད་དུས་གསུམ་འཕྲོ་བ་ཡི། །རིན་ཆེན་མཆོད་སྡོང་ཟུར་ཕུད་རྩེ་མོར་བཞེས། །དག་ཅིང་འོད་གསལ་ནོར་བུ་བཻ་ཌཱུརྻས། །ནོར་བུ་མཆིང་བུའི་རིན་ཐང་ཟིལ་གྱིས་གནོན། །རྒྱལ་ཚབ་ཅེས་བྱའི་མཚན་བྱ་རྔ་བོ་ཆེས། །རྒྱལ་སྲས་རྒྱ་མཚོའི་གྲགས་པ་ཟིལ་གྱིས་གནོན། །བདུད་འཇོམས་གཡུལ་ངོའི་ཐོག་མ་ལ་བཞུགས་ཏེ། །རྡོ་རྗེ་ལྟ་བུའི་མཚོན་ཆ་ངར་མ་ཡིས། །སྲིད་རྩེའི་བར་གྱི་ཉོན་མོངས་ཕྲུ་མ་ལ། །མ་བཏབ་པར་ཡང་ཐལ་བར་བགྱིད་ལ་ཕྱོགས། །དྲན་བློ་རྟོགས་དང་དགའ་བའི་རླབས་འབར་ཞིང༌། །སོ་སོ་ཡང་དག་རིག་ལ་འཇུག་མཁས་པས། །ཚིག་ཀུན་རྣམ་པར་ཕྱེ་སྟེ་བསྐལ་པའི་བར། །བསྟན་ཀྱང་ཐོགས་པ་མེད་པའི་བརྗོད་ལ་མཁས། །ཚིག་
དང་ཡི་གེ་ཟབ་མོའི་གཏིང་སླེབ་པས། །དེ་དག་ཟད་པ་མེད་པའི་སྒོས་བརྗོད་ཅིང༌། །ཚིག་གཅིག་ཁོངས་སུ་མདོ་སྡེ་རྒྱ་མཚོའི་ཚུལ། །མ་ཉམས་མ་གོད་རྗོད་པ་གཙང་བས་སྟོན། །ལུང་དང་རྟོགས་པའི་ཆོས་ཕུང་རྒྱ་མཚོའི་རྡུལ། །ཆོས་ཀྱི་གཟུངས་ཀྱིས་གཅིག་བཞིན་དྲན་ཞིང་སྤོབས། །དེ་དག་འགྲོ་བ་ཀུན་གྱིས་རྟོགས་འགྱུར་བའི། །འཁོར་ལོ་བསྐོར་ལས་རྟག་ཏུ་ཕྱིར་མི་ལྡོག །ཤེས་སྒྲིབ་ལྟ་བའི་མུན་པ་ཕྲ་མོ་ཡང༌། །དཔའ་བར་འགྲོ་བའི་སྣང་བས་རབ་བསལ་ཏེ། །ཟབ་ཅིང་གཏིང་དཔག་དཀའ་བའི་མཐའ་དྲུག་པོ། །ལེགས་པར་རྣམ་འབྱེད་སེང་གེའི་སྒྲ་དབྱངས་སྒྲོགས། །དྲན་པ་འཁྲུལ་པ་མེད་པའི་སྣོད་མཆོག་ཏུ། །ལེགས་པར་གསུང་བའི་བདུད་རྩིའི་བཅུད་བཟུང་སྟེ། །ལྷག་པའི་བསམ་པ་རྣམ་པར་དག་པ་ཡིས། །ཐར་པའི་སྲོག་འཚོ་སེར་སྣ་མེད་པར་བསྟབས། །སྒྲིབ་ཅིང་ཆགས་པ་མེད་པའི་ཡེ་ཤེས་ཀྱི། །མཐོང་བ་མངོན་གྱུར་མངོན་པར་ཤེས་པ་དང༌། །རིག་པ་ཆེན་པོས་འགྲོ་ཁམས་ཐ་དད་པ། །གཞན་དྲིང་མི་འཇོག་རྣམ་གྲོལ་ལམ་དུ་བཙུད། །བསམ་ཡས་བསྐལ་པར་དཀའ་བ་ཚད་མེད་པས། །ཕོངས་པའི་ནོར་བཞིན་བསྒྲུབས་པའི་ཆོས་ཀྱི་མཛོད། །ཚུལ་གཉིས་འབྱེད་པའི་རྣམ་དཔྱོད་མཐར་ཐུག་ཕྱིར། །ཤཱཀྱའི་རྒྱལ་པོས་ཁྱོད་ཀྱི་ཕྱག་ཏུ་ཕོག །ཚངས་པའི་དབང་པོའི་གཟུགས་འདྲ་ལུས་རྣམས་དང༌། །སྨོན་ལམ་རབ་ཏུ་ཞི་བ་དག་པའི་གཟུགས། །འགྲོ་དང་བསྐལ་པ་མཉམ་པས་ཕྱོགས་བཀང་སྟེ། །ཐུབ་པའི་དམ་ཆོས་ཐབས་ཚུལ་དུ་མས་སྲུང༌། །འདི་ན་ཕྱུགས་ཀྱི་ཤིང་རྟས་འགྲོ་བ་དང༌། །ཉི་མའི་རྟ་དང་ཉན་ཐོས་རྫུ་འཕྲུལ་གྱིས། །སྙིང་པོར་འགྲོ་བ་རྣམས་ལའང་སྙིང་པོའི་མིག །གཞན་དྲིང་མེད་པའི་མཐུ་ཡིས་རིང་ནས་བྱིན། །ཆུད་ཟོས་པ་ཡི་ཁམས་ལ་རབ་གཟིགས་ཤིང༌། །སེམས་ཅན་རྣམས་ཀྱང་དེ་བཞིན་ལྟ་ལ་འགོད། །དེ་བཞིན་གཤེགས་པའི་རྫུ་འཕྲུལ་གྱིས་འགྲོ་བའི། །དཔའ་བོ་ཆེན་པོ་མཁའ་ལྡིང་རྩལ་ལྡན་གྱུར། །སངས་རྒྱས་རྣམས་ལ་བྱ་བ་རབ་བྱས་ཤིང༌། །ཡུན་རིང་ཚངས་པར་སྤྱོད་པའི་ཆོས་ཀྱི་བློན། །ལྷུན་པོ་འདྲ་བའི་ལྷ་མཆོག་བརྒྱ་སྟོང་གིས། །དགའ་ལྡན་ཆོས་ཀྱི་རྒྱལ་པོ་མཆོད་ཅིང་བསྔགས། །བསོད་ནམས་བྱ་བའི་
དངོས་ལྔ་ཤིན་ཏུ་བསྟེན། །དགེ་བའི་དཀའ་ཐུབ་བརྟུལ་ཞུགས་མཐར་ཕྱིན་ནས། །རྒྱུན་མཐའི་ཏིང་འཛིན་གསེར་གྱི་བུམ་ཆུ་ཡིས། །སྤྱི་བོར་དབང་བསྐུར་འཁོར་ལོས་སྒྱུར་བ་དེས། །བྱང་ཆུབ་ཡན་ལག་བདུན་གྱི་ནོར་དང་བཅས། །འགྲོ་བ་ཀུན་ལ་བུ་ལྟར་ཐུགས་སྙོམས་པས། །མངོན་མཐོའི་ལས་ལམ་བསྒྲུབ་པའི་བཀའ་ཁྲིམས་ཀྱིས། །ངེས་དོན་གྱ་གྱུ་མེད་ལ་མཐར་གྱིས་བཞག །ཆོས་ཉིད་རྣམ་གྲོལ་ཡངས་པའི་མཁའ་ལམ་ན། །སྨོན་ལམ་སྙིང་རྗེའི་ཤིང་རྟས་ཁ་དྲངས་པ། །ལྷ་མིའི་ནང་དུ་བསོད་ནམས་གཟི་བརྗིད་ཅན། །སྐྱེས་བུ་ཆེན་པོ་འགྲོ་བའི་ཉི་མ་དེ། །ཆོ་འཕྲུལ་འོད་ཀྱི་ཐུར་མ་རྣམ་རྩེ་བས། །ལྟ་བས་ཁེབས་པའི་ར་རི་ཀུན་བསལ་ཞིང༌། །ཡང་དག་ལྟ་བས་ལྟ་བའི་མིག་བུ་ཕྱེ། །འགྲན་ཟླ་གཉིས་པས་དབེན་པར་ཕན་ལ་ཞུགས། །ནག་པོའི་ཕྱོགས་སྤངས་དཀར་པོའི་ཕྱོགས་རྫོགས་ཤིང༌། །ལྷ་བྲན་རྒྱུ་སྐར་དབུས་སུ་མངོན་པར་འཕགས། །བལྟ་ན་སྡུག་པའི་འོད་ཀྱི་དྲྭ་བ་ཅན། །ས་བཅུའི་དབང་ཕྱུག་སྐྱེ་དགུའི་ཟླ་བ་དེ། །བསོད་རྣམས་མཁའ་ལ་ཡང་དག་སྤྱོད་པས་འཛེགས། །དཔག་ཡས་རྣམ་པར་ཐར་པའི་འཕེལ་བ་རྫོགས། །སྐལ་ལྡན་བློ་ཡི་ཀུནྡ་ཁ་ཕྱེ་ཞིང༌། །དཀར་པོའི་ཆུ་གཏེར་བདུད་རྩིའི་ཐིགས་པས་སྤེལ། །འཇིག་རྟེན་ཡོན་ཏན་ཀུན་གྱི་མཚོར་སྐྱེས་ཀྱང༌། །འཇིག་རྟེན་ཆོས་ཀྱི་འདམ་གྱིས་མ་གོས་ཤིང༌། །འཇིག་རྟེན་གསུམ་གྱི་གཙུག་གི་རྒྱན་གྱུར་པ། །འཇིག་རྟེན་ཀུན་དགར་བྱེད་པའི་པདྨ་དེ། །བརྩོན་འགྲུས་ཆོས་ཆུས་མངོན་པར་བརླན་པ་ལས། །མ་འདྲེས་ཆོས་ཀྱི་འདབ་མའི་མངལ་གྲོལ་ཞིང༌། །ཐབས་མཁས་ཟེ་བ་ཏིང་འཛིན་སྙིང་པོ་ཅན། །ཚུལ་ཁྲིམས་བསུང་གིས་ཕྱོགས་ཀུན་ཤིས་པ་སྒྲུབ། །མུ་སྟེགས་ཅན་གྱི་གླང་ཆེན་མྱོས་པའི་དགྲ། །མི་འཇིགས་སྟོབས་དང་ཉེ་བའི་སྟོབས་རྩལ་ཅན། །སྙོམས་པར་འཇུག་པའི་རི་ཡི་སུལ་འགྲིམ་ཞིང༌། །འདུན་པའི་ནགས་སུ་སྐྱེས་པའི་སེང་གེ་དེ། །ཡེ་ཤེས་མཐོང་བ་མདུན་རྒྱབ་མེད་པར་དག །འཕགས་པའི་བདེན་བཞིའི་མཆེ་སྡེར་ཤིན་ཏུ་རྣོ། །རྣམ་ཐར་སྒོ་མོ་གསུམ་གྱི་གདོང་གླལ་ནས། །ཕྱིར་མི་ལྡོག་པའི་ང་རོ་ཆེན་པོ་སྒྲོག །ཐམས་ཅད་མཁྱེན་པའི་ཞལ་ལས་འོངས་པའི་ཆོས། །ཀུན་ཉོན་དྲི་མ་ཡོངས་སུ་འཁྲུད་བྱེད་པ། །ཐོས་པའི་
ཆུ་ཀླུང་སྡུད་ལ་ད་དུང་ཡང༌། །མི་ངོམས་གཏིང་དཔག་དཀའ་བའི་རྒྱ་མཚོ་དེ། །ཡོན་ཏན་རིན་ཐང་བྲལ་བའི་ནོར་བུས་གང༌། །གདུལ་བྱའི་དུས་ཀྱི་མཚམས་ལས་མི་འདའ་ཞིང༌། །འདུལ་བཞིའི་རླབས་ཕྲེང་ཟད་པ་མེད་པར་བརྐྱང༌། །ཆོས་ཀྱི་ཆར་པ་འབེབས་ལ་དབང་དུ་གྱུར། །ཆོས་ཁམས་རིན་ཆེན་བརྟག་པའི་གཙུག་ལག་ལ། །བྱུང་ཞིང་རྣམ་འབྱེད་དག་པའི་མིག་ཐོབ་པ། །བདེ་གཤེགས་སྙིང་པོའི་གཏེར་གྱི་རྒྱུས་ཤིས་ཏེ། །བསོད་ནམས་སྟོབས་ཀྱིས་ཅི་བདེར་འདོན་པ་དེས། །འགྲོ་སེམས་ས་གཞི་རིན་ཆེན་འབྱུང་གནས་ལ། །ཆོས་ཉིད་སྲས་པའི་གཏེར་ཆེན་ངོ་སྤྲད་ནས། །བསལ་བཞག་མེད་ཀྱང་རྟོག་པ་གློ་བུར་དྲི། །སྦྱོང་བྱེད་དགོངས་འགྲེལ་ཟབ་མོའི་ཆུ་རྒྱུ་ཕབ། །རབ་རིབ་མུན་པ་ཀུན་དང་མི་འགྲོགས་པའི། །རྡུལ་བྲལ་རབ་ཏུ་སྣང་བའི་མིག་ཐོབ་པ། །ལ་ལ་ཞིག་གིས་མུན་པ་མུན་ནག་ཏུ། །ཚོགས་ཆེན་རྣམ་པ་ཐ་དད་མཐོང་བ་ལྟར། །མདོ་སྡེའི་ཚུལ་གྱི་གསུང་རབ་ཀླུང་གསོལ་ནས། །མཚན་མ་མེད་ལ་གཟིགས་པའི་སྤྱན་དག་པས། །སྟོང་ཉིད་རྗོད་པས་སྦས་པའི་མངོན་རྟོགས་ཀྱང༌། །ཡན་ལག་བརྗོད་ལ་དྲངས་ཏེ་གདན་ལ་ཕབ། །སྣོད་གྱུར་གང་དུ་ནོར་བུ་རིན་པོ་ཆེ། །བཞག་ན་དཔལ་དང་ལྡན་པར་འགྱུར་བ་བཞིན། །འཛམ་བུའི་རྒྱལ་མཚན་དུ་ནི་བལྟམས་པ་ན། །སུམ་རྩེན་བཀོད་པ་ས་ལ་འཕོ་བར་འགྱུར། །དེ་ཚེ་བླ་ན་མེད་པར་བྱང་ཆུབ་ནས། །སངས་རྒྱས་སྤྱན་གྱིས་ཕྱོགས་བཅུར་གཟིགས་པ་ན། །བསྟན་ལ་འབྲེལ་ཡང་ལས་ཀྱི་ཉེས་པ་ཡིས། །ངན་འགྲོའི་བཙོན་རྭར་ཆུད་པ་རྣམས་གཟིགས་ཏེ། །ཐུགས་རྗེའི་ཕྱག་གིས་སྡུག་བསྔལ་སྒྲོག་བརྡལ་ཞིང༌། །ལྷ་མིའི་གྲོང་ཁྱེར་རྣམས་སུ་ངལ་བསོས་ཏེ། །སྐལ་བ་འཚམས་པའི་ཐེག་གསུམ་ལ་བཞག་པ། །རྒྱལ་ཚབ་ལྷ་བརྒྱའི་མགོན་པོའི་ཐུགས་དམ་ལགས། །ཤཱཀྱའི་བསྟན་ལ་དགེ་རྩ་ཆུང་ངུ་ཡི། །ས་བོན་རབ་ཏུ་ཕྲ་བ་བཏབ་པ་ཡང༌། །བྱམས་པའི་ཉི་མས་འཇིག་རྟེན་སྣང་བའི་ཚེ། །འབྲས་བུའི་བར་དུ་འཕེལ་ཞིང་ཡངས་པར་མཛད། །དཔལ་ལྡན་བླ་མ་མཆོག་དང་དབྱེར་མེད་པ། །མི་ཕམ་མགོན་པོས་ཚེ་འདིར་རྗེས་བཟུང་ནས། །ཚུལ་ཁྲིམས་ཕུང་པོ་ཡོངས་སུ་རྫོགས་པ་དང༌། །གཟུངས་དང་སྤོབས་པ་ཐོབ་པར་བྱིན་གྱིས་རློབས། །མ་འོངས་
དུས་སུ་ཀླུ་ཤིང་དབང་པོའི་དྲུང༌། །འཇིག་རྟེན་འདྲེན་པ་མངོན་གསུམ་མཐོང་གྱུར་ནས། །བྱང་ཆུབ་མཆོག་ཏུ་ལུང་བསྟན་ཐོབ་ནས་ཀྱང༌། །བསྟན་ལ་བྱ་བ་བྱེད་པའི་མཆོག་གྱུར་ཤོག །གང་དུ་མི་དགེ་བའི་མུན་པ་དང་རྟག་ཏུ་འགྲོགས་པ་ལ་རྒྱལ་སྲས་གཞན་གྱི་ཕྲིན་ལས་འཇུག་པར་མ་གྱུར་པ་ན་བྱམས་མགོན་ཏཱའི་སི་ཏུ་ཁོ་ནའི་ཐུགས་རྗེའི་སྣང་བ་ཕྱམ་བརྡལ་བས་ཐར་པའི་ལམ་ཡངས་པར་གྱུར་པ་རྒྱལ་རོང་ཁྲོ་ཆུ་ཤུ་བྷཾ་གྱི་ཆོས་གྲྭར་མགོན་པོ་གང་དེའི་བཀའ་འབངས་པ་ཡོན་ཏན་རྒྱ་མཚོས་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་མགོན་པོ་བྱམས་པས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །བྱང་ཆུབ་སེམས་དཔའ་སའི་སྙིང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སྨོན་ལམ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མཿཀྵི་ཏི་གརྦྷཱ་ཡ། བྱང་ཆུབ་སེམས་དཔའ་རིན་ཆེན་ཕུང་པོའི་དབུས། །ས་ཡི་སྙིང་པོ་རྒྱལ་མཚན་ཏོག་ལྟར་འཕགས། །སེམས་ཅན་བསམ་པ་ཐ་དད་འདོད་འཇོ་ཞིང༌། །ཉེ་རིང་མེད་པར་ཕན་པ་རིན་ཆེན་བཞིན། །རྒྱལ་བའི་སྲས་རྣམས་སྔོན་གྱི་འདུ་བྱེད་ལས། །སྐྱེས་ཀྱང་རེ་བ་མོད་ལ་རྫོགས་བྱེད་པ། །སྐྱེས་བུ་འདི་ཡི་དོ་ཟླ་ཡོད་མ་ཡིན། །ཀུན་མཁྱེན་ཡེ་ཤེས་རྒྱ་མཚོའི་ཕ་རོལ་ཕྱིན། །ཐུན་མོང་མིན་པ་ཆོས་ལ་དབང་དུ་གྱུར། །པདྨ་རྒྱས་ལྟར་འབྲས་བུའི་དཔལ་དང་ཉི། །མང་ཐོས་ཚུལ་ཁྲིམས་བག་ཡོད་ལ་གནས་ཏེ། །སྐྱེ་བོའི་ནང་ན་དམ་པར་གྱུར་རྣམས་ལ། །ཕྱིར་མི་ལྡོག་པའི་ཕྱག་རྒྱས་བཏབ་ནས་ཀྱང༌། །བྱང་སེམས་མཐོང་བའི་དབང་པོ་དག་པར་སྒྲུབ། །ཉན་ཐོས་ཤེས་རབ་མཆོག་དང་རང་སངས་རྒྱས། །ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས། །ཡོན་ཏན་ཕྲ་བའི་ཆར་ཡང་དཔོག་མི་ནུས། །གལ་ཏེ་སྐྱེས་བུ་ཆེན་པོའི་ཡོན་ཏན་དང༌། །དགེ་རྩ་རྒྱས་པར་རྐང་གཉིས་གཙོས་བཤད་ན། །འགྲོ་བས་མི་རྟོགས་རྨོངས་ཤིང་མྱོས་པར་གསུངས། །བསྐལ་པ་རྒྱ་མཚོ་ཐོག་མའི་མཐའ་ནས་ཀྱང༌། །ཚད་མེད་བཅོམ་ལྡན་འདས་ལ་དམ་བཅས་ཏེ། །ལུས་ཅན་ཕན་ལ་ཞུགས་པའི་སྙིང་རྗེ་དང༌། །མི་འཕྲོག་བརྩོན་འགྲུས་ཆེན་པོའི་སྟོབས་བསྐྱེད་པའི། །བསོད་ནམས་གོང་དུ་འཕེལ་བའི་ཤུགས་ཆེན་པོས། །རྡུལ་སྙེད་ཞིང་དུ་
ཆགས་པ་མེད་བགྲོད་དེ། །སོ་སོའི་སྐྱེ་བོ་ལྟ་ལ་ཆགས་པ་རྣམས། །སྡུག་བསྔལ་རྣམ་པ་སྣ་ཚོགས་གཟེབ་ལས་བསྒྲལ། །མངོན་མཐོ་ངེས་པར་ལེགས་པའི་ལམ་སྣ་སྟོན། །རེ་བའི་ཡིད་ཀྱང་ཡོངས་སུ་བཀང་བར་མཛད། །རྟག་ཆད་གཙུག་ལག་འཆང་ཞིང་མཚམས་མེད་དང༌། །སྡིག་པ་བཅུ་སྤྱོད་འཕགས་དང་ཆོས་ལ་སྐུར། །ཉོན་མོངས་གོས་བགོ་གཡོ་སྒྱུའི་ཟས་ཀྱིས་འཚོ། །འཇིག་རྟེན་ཕྱི་མས་མི་འཇིགས་སྙིང་བསྲན་ཅན། །ངན་པར་སྤྱོད་ཀུན་ལྷན་ཅིག་འཚོགས་པ་ཡི། །རྙོགས་པ་ལྔས་རྙོགས་འདྲེན་པས་སྟོངས་པ་ལ། །སྨོན་ལམ་རླུང་གི་ཤིང་རྟས་ཁ་དྲང་བ། །ས་ཡི་དབང་ཕྱུག་ཉི་མ་ལྷག་པར་ཤར། །རྩོད་པ་ཅན་ཏུ་རྒྱུན་མི་ཆད་གཤེགས་ནས། །མི་སྲུན་གདུལ་བྱ་སྨིན་མཛད་དེ་ལྟ་བུའི། །སྙིང་སྟོབས་ཆེན་པོ་ནམ་ཡང་འབྱུང་བར་དཀའ། །སྙོམས་འཇུག་ཕྲ་བ་གཅིག་གི་མཐུ་བསྟན་ཚེ། །སངས་རྒྱས་ཞིང་ཀུན་མཆོད་སྤྲིན་གྱ་ནོམས་པས། །གུས་བཅས་དཀོན་མཆོག་མཆོད་པའི་སྐྱེ་བོས་གང༌། །གཅིག་དང་འདྲ་བར་རྡུལ་སྙེད་རྒྱལ་བའི་ཞིང༌། །ཏིང་འཛིན་གཅིག་གི་སྤྱོད་ཡུལ་མཚུངས་ལ་བཀོད། །དེ་བཞིན་འགྲོ་བ་སྨིན་པ་ཁོ་ནའི་ཕྱིར། །དྲོ་སྐད་ཅིག་གི་ནན་ཏན་ཚད་མེད་སྙེད། །དཔེ་ཡིས་མི་མཚོན་བགྲང་བ་མི་འཇུག་སྟེ། །ཟག་མེད་ཏིང་ངེ་འཛིན་གྱི་རྒྱ་མཚོ་ལས། །ཟེགས་མ་རེ་རེས་ཕྱོགས་བཅུའི་ཞིང་ཀུན་ཏུ། །ཇི་ལྟར་འོས་པའི་སྒྱུ་འཕྲུལ་འདུ་མཛད་པ། །ཐམས་ཅད་མཁྱེན་པ་ཁོ་ནའི་མཁྱེན་པའི་ཡུལ། །གང་ཞིག་ཐོས་པའི་ནོར་གྱིས་དབུལ་བ་ལ། །མང་ཐོས་དབྱིག་གི་སྙིང་པོ་ལྷུག་པར་བསྩལ། །ཚུལ་ཁྲིམས་ཕུང་པོ་དྲི་མར་གྱུར་པ་ཡང༌། །འཕགས་པ་དགྱེས་པའི་ཟག་མེད་སྡོམ་ལ་བཀོད། །ལུས་ངག་ཡིད་གསུམ་རྣམ་པར་གཡེངས་པ་དག །བསམ་གཏན་ཞི་བ་དམ་པས་རྒྱུད་བརླན་ཞིང༌། །ལྐོག་གྱུར་ལྟ་བའི་དབང་པོ་ཟུམ་པ་རྣམས། །མངོན་ཤེས་མཐོང་བ་ཤིན་ཏུ་དག་པར་སྒྲུབ། །ཤེས་རབ་རྨོངས་པའི་དྲི་མས་རྙོགས་པ་ཡང༌། །ཀེ་ཏ་ཀ་ཡིས་གཙང་ཆབ་བཞིན་ཏུ་བགྲུང༌། །བསོད་ནམས་བྱ་བའི་ཐབས་ལ་རྨོངས་པ་ན། །ཐབས་མཁས་སྤྱོད་པ་མཁའ་ལྟར་ཡངས་པར་མཛད། །ཁོར་མོ་ཡུག་ཏུ་ཟག་པའི་སྲེད་ལེན་གྱི། །མཚམས་སྦྱོར་ལེན་པ་མེད་པར་རྣམ་པར་དགྲོལ། །
གཟུགས་སོགས་སྡུག་གུའི་འདོད་དང་བྲལ་བ་ལ། །ལྷ་ཡི་འདོད་པའི་མཆོག་གི་ཟིལ་དངར་སྟོབ། །བཟོ་དང་བསྟན་བཅོས་སྒྱུ་རྩལ་སློབ་པར་ཡང༌། །ཚངས་དང་ཕུར་བུའི་རྣམ་དཔྱོད་དེ་ཡིས་སྟེར། །མདོར་ན་རྒྱལ་བས་རབ་བསྔགས་ས་ཡི་སྙིང༌། །དམིགས་པའི་བསྟི་སྟང་བཅས་པས་སྐྱབས་གསོལ་ཞིང༌། །རིན་ཆེན་མཆོག་ལྟར་དཀོན་པའི་མཚན་བཟུང་ན། །རེ་བ་མི་འགྲུབ་འགའ་ཡང་ཡོད་མིན་ཏེ། །ཤིན་ཏུ་སྦྱངས་པའི་ནོར་བུའི་རྒྱལ་པོ་དང༌། །དཔག་བསམ་ཤིང་དང་བུམ་པ་བཟང་པོས་ཀྱང༌། །སྲིད་ལས་འདས་པའི་དམ་པ་མི་སྦྱིན་པས། །བསམ་པ་རྫོགས་པར་སྐོང་བའི་མཐུ་མེད་པ། །འཕགས་པའི་མཚན་ལ་བྱི་དོར་བྱེད་པའི་མི། །བྱང་ཆུབ་བར་དུ་འདོད་པས་མི་བྲེལ་ཞིང༌། །གཞན་གྱི་འདོད་འཇོ་དེ་དང་མཚུངས་པར་འགྱུར། །གང་དག་བཟའ་བཏུང་བགོ་བ་རིན་ཆེན་རྒྱན། །ཁྲི་སྟན་ནད་ཀྱི་རྐྱེན་སྨན་སྐྱེད་མོས་ཚལ། །མེ་ཏོག་འབྲས་བུ་འབྲུ་དང་ནོར་གྱི་དབྱིག །ཁང་ཁྱིམ་ཡུལ་གྲུ་བཞོན་པ་བྲན་ཁོལ་དང༌། །རིགས་བརྒྱུད་རྙེད་བཀུར་ཁེ་དང་གྲགས་པའི་དཔལ། །དབང་པོ་ཉམས་དང་མ་ཚང་ཐོབ་པ་སོགས། །བསོད་ནམས་ས་བོན་གང་ཞིག་མ་བཏབ་པས། །འཚོ་བའི་རྐྱེན་དང་བདེར་གནས་ཡོ་བྱད་ཀྱིས། །ཕོངས་པའི་དངོས་པོ་མང་ངམ་ཉུང་ཡང་རུང༌། །ལེགས་པར་གསུངས་དང་ས་ཡི་དབང་ཕྱུག་གི །སྨོན་ལམ་རིག་སྔགས་གྲུབ་དང་སྨན་ཆེན་གྱི། །མཐུ་བཞིན་བསམ་མི་ཁྱབ་ལ་ཡིད་ཆེས་པས། །དམ་པ་སློང་ན་རེ་བ་ལས་ལྷག་པའི། །དགོས་དགུའི་གཏེར་ཁ་འབད་རྩོལ་མེད་པར་ཕྱེ། །བཙོན་གྱི་གོ་རྭར་བཅིང་བས་རབ་བཅིངས་ཤིང༌། །ཆད་པའི་ལས་ཀྱིས་འཚོག་ཅིང་ནན་ལ་བོར། །གཡུལ་ངོར་ལྷུང་བའམ་མཛའ་བར་མ་གྱུར་པས། །འཐབ་ཕྱིར་འགྱེད་སོགས་སྐྱེ་བོའི་ལུས་སེམས་ལ། །མི་འདོད་གདུང་བའི་ཚོར་བ་ཅི་ཡང་རུང༌། །ནེམ་ནུར་མེད་པར་ཡོན་ཏན་དཔག་མེད་མཚན། །དྲན་པའི་མོད་ལ་ཟུག་རྔུ་གཏིང་ནས་འབྱིན། །གདུག་པའི་སྦྲུལ་གྱིས་ཟིན་ལ་མ་གི་ཏ། །གཅན་གཟན་ཁྲོ་བས་ཉེན་ལ་གདོང་ལྔའི་སྒྲ། །ཚ་གྲང་འདུ་འཁྲུགས་གསོ་བའི་སྨན་ཆེན་པོ། །ཞུགས་ཀྱིས་ཚིག་ན་བསྐལ་པའི་ཆུ་རྒྱུན་ཏེ། །ཆུ་བོའི་དབུས་ན་གྲུ་ཟམ་བཞོན་པའི་མཆོག །རླུང་གིས་ཁྱེར་ན་བརྟོད་པའི་ཕུར་བུ་སྟེ། །རྦབ་ཏུ་ལྷུང་ན་
འདེགས་པའི་གཤོག་རླབས་ཉིད། །སུ་མཐོང་དགྲ་ཡི་དྭངས་མར་འདུ་ཤེས་ཤིང༌། །ཅི་སྣང་གསོད་པའི་མཚོན་ཆར་གྱུར་བའི་ཚེ། །སྐྱེས་བུ་ཆེན་པོ་ལྷག་པར་ཐུགས་བརྩེ་བས། །སྡིག་སེམས་འབར་བ་བྱམས་པའི་ཆབ་ཀྱིས་གཞོམ། །ཕན་ཚུན་མ་བུའི་གདུང་བས་འཚོ་བར་མཛད། །སྲེད་པས་ཐ་བར་བགྱིས་པའི་དགོན་དུང་ན། །བཅུད་ལྡན་ཏིལ་ཙམ་སྤྱོད་པ་ལྟ་ཅི་སྨོས། །ཀོ་ཊ་བ་དང་སྐྲ་ཡི་ལྭ་བས་ཀྱང༌། །མི་འབྱོར་ཡི་དྭགས་འབྲས་བུ་མྱོང་བ་ལ། །བཟའ་བཅའ་བཏུང་བ་གོས་ཀྱི་ཆར་ཕབ་ནས། །དབུལ་པོའི་གྲོང་དུ་རྫོགས་ལྡན་དགའ་སྟོན་འགྱེད། །འཆོས་མེད་ནད་རིམས་གཤིན་རྗེ་ཁྲོས་པའི་ཁར། །ལས་མཐུན་བཟའ་བ་བཞིན་ཏུ་འདེབས་པ་ན། །འགྲོ་བའི་སྨན་པར་གྱུར་པས་ཡུད་ཙམ་ལ། །དུས་ཀྱི་ཞགས་པ་བདེན་སྟོབས་རལ་གྲིས་བཅད། །སྲོག་གི་སྦྱིན་པས་འཚོ་བ་ཐུང་རྣམས་སྐྱོང༌། །ཆགས་སྡང་རྨོངས་པ་དྲག་ལ་རྣོ་བ་ཡིས། །སྡིག་སེམས་དབྱར་གྱི་ཆུ་བཞིན་ཤུགས་རྒྱུས་ནས། །མི་དགེའི་སྤྱོད་པ་འོག་ཏུ་གཞོལ་བའི་རྒྱུན། །བཟློག་ཏུ་མེད་པར་ཤ་ཐང་ཆད་པ་ན། །སྡིག་འཕྲོག་དགེ་སྦྱོང་ཆེན་པོའི་གཟུགས་ཅན་ལ། །དད་པ་ལས་བྱུང་དགེ་བའི་ཚ་ཟེར་གྱིས། །ལས་ཏོན་རྒྱུ་དང་བཅས་པ་རྨང་ནས་སྐེམ། །ཤེས་རབ་ཕྲ་བ་ཟབ་པའི་མཐར་ཕྱིན་ནས། །འབྱུང་བ་ཆེན་པོའི་སྐྱེ་དང་འགག་པའི་རྒྱུ། །ཐོག་མཐའ་བར་མའི་མཚན་ཉིད་མཐུན་པ་དང༌། །མི་མཐུན་ཕྱོགས་ཀུན་རྟོགས་ནས་དབང་དུ་མཛད། །གཞན་ཕན་སྨོན་ལམ་དབང་གིས་ས་འདི་ཡང༌། །མཉན་པས་གྲུ་བོ་ཆེ་བཞིན་རྟག་ཏུ་འཛིན། །ལྗོན་ཤིང་རྩི་སྨན་ལོ་ཏོག་རྩྭ་སྔོན་སོགས། །རྩ་བ་འཕེལ་ཞིང་མྱུ་གུ་སྡོང་པོ་སྐྱེད། །འཇམ་མཉེན་ལོ་མ་རྒྱས་ཤིང་མེ་ཏོག་བཀྲ། །འབྲས་བུ་སྣུམ་སོགས་སྨིན་དང་དེ་དག་གི། །དྲི་བསུང་རོ་བདའ་ནུས་མཐུ་རྫོགས་བར་དུ། །ཁྲོས་པའི་ཀླུ་བཏུལ་དུས་ཀྱི་ཆར་པ་སྐུལ། །རྫུ་འཕྲུལ་མཁའ་ལ་སྣོད་བཅུད་ཀུན་བརྟེན་པས། །རྒྱུ་དང་མི་རྒྱུའི་ཉེར་འཚོའི་སྤྱོད་པ་ཡང༌། །ས་དང་ས་ཡི་དབང་ཕྱུག་ཐུན་མོང་གྱུར། །ཞིང་ས་མི་གཤིགས་ན་ཡང་འབྲུ་འདོད་དེ། །ཞིང་པས་སོ་ནམས་ནན་ཏན་མ་བྱས་པར། །རྩེ་གཅིག་ས་ཡི་སྙིང་པོ་
རབ་མཆོད་ན། །དེ་ཡི་ཏིང་འཛིན་དམ་པའི་ཡོན་ཏན་གྱིས། །རབ་བྱུང་བཞིན་ཏུ་སྙེ་མའི་དོག་པས་ལྕི། །གལ་ཏེ་རེ་བའི་ཕྱིར་དུ་འགའ་ཞིག་གིས། །བྱམས་ཆེན་འཇམ་དབྱངས་འཇིག་རྟེན་དབང་ཕྱུག་དང༌། །ཀུན་ཏུ་བཟང་སོགས་གངྒཱའི་བྱེ་སྙེད་ཀྱི། །རྒྱལ་བའི་མྱུ་གུ་བསྐལ་པ་ཁྲག་ཁྲིག་ཏུ། །མཆོད་ཅིང་གསོལ་བ་བཏབ་ལས་གང་སུ་དག །སྐད་ཅིག་གཅིག་ལ་ས་ཡི་སྙིང་པོའི་མཚན། །རྗེས་སུ་དྲན་ཏེ་བསྟི་སྟང་བཅས་མཆོད་ན། །མྱུར་དུ་རེ་བའི་ཤིང་རྟ་མིག་འཕྲུལ་བཞིན། །གང་བས་འཕགས་ཏེ་འགྲོ་བའི་སྨོན་ལམ་ཀུན། །ཡོངས་སུ་རྫོགས་བྱེད་ཡིད་བཞིན་ནོར་བུའི་གཏེར། །སྦྱིན་པ་རྣམ་པ་དུ་མའི་ཆར་འབེབས་ཤིང༌། །བསོད་ནམས་མ་བསགས་པའི་ཡང་མཛོད་གྱུར་པས། །ཤིན་ཏུ་འབད་པའི་ནན་ཏན་ཁྱད་པར་ལ། །འགྲོ་བའི་བླ་མ་སྲས་དང་བཅས་པས་བསྔགས། །ཞིང་བརྒྱར་སངས་རྒྱས་མཛད་པ་རྫོགས་པར་སྟོན། །ཁ་ཅིག་ཉན་ཐོས་རང་རྒྱལ་འཁོར་ལོས་སྒྱུར། །ལ་ལར་འདོད་ཁམས་པ་དང་གནམ་གྱི་ལྷ། །སྟོང་གསུམ་བདག་པོ་དབང་ཕྱུག་ཆེན་པོར་སྤྲུལ། །མཐུ་བོ་ཆེ་དང་སྐྱེས་པ་བུད་མེད་གཟུགས། །སེང་གེ་ཁྱུ་མཆོག་སྤོས་ཀྱི་བ་ལང་དང༌། །དམྱལ་བའི་སེམས་ཅན་དམྱལ་སྲུང་ལ་སོགས་པ། །སྐལ་པ་བཞིན་ཏུ་ཚད་མེད་ལུས་སྟོན་ཏེ། །སྩོལ་མེད་ཡེ་ཤེས་འདོད་དགུར་སྒྱུར་བ་ཡིས། །ཆོས་ཆེན་འཁོར་ལོ་རྒྱུན་ཆད་མེད་པར་སྐོར། །སེམས་ཅན་རང་རང་ལས་ལ་སྤྱོད་བཞིན་པར། །ཐེག་པ་གསུམ་གྱི་མྱང་འདས་གྲོང་ཁྱེར་དུ། །འགྲོ་བའི་དེད་དཔོན་ཁྱོད་ལ་སྐྱབས་སུ་མཆི། །ཐབས་ལ་མཁས་པས་བདག་ཅག་སྨིན་པ་དང༌། །མངོན་པར་འདོད་པའི་སྨོན་ལམ་འགྲུབ་པར་མཛོད། །དཔའ་བོ་གང་ལ་སྦྱིན་པའི་མཐུ་ཡོད་ཀྱང༌། །ལས་ངན་དབང་གིས་སྤྱོད་པའི་ནུས་མེད་པ། །ལེགས་བྱས་སྣོད་དུ་མ་གྱུར་བདག་འདྲ་ལ། །ལྷག་པར་དགོངས་ཤིང་སྙིང་རྗེ་ཆེན་པོ་ཀྱེ། །ཁྱོད་མཚན་ཐོས་པའི་དགེ་བ་རྒྱ་མཚོ་ལ། །དད་པའི་གདེངས་ཀས་སྲུང་བའི་ལྷག་མ་ཅན། །ཆོས་ཆེན་རྒྱལ་སྲིད་དག་ལ་དབང་འབྱོར་ནས། །འགྲོ་བ་སྐྱོབ་པའི་བསོད་ནམས་མཐུ་ཆེན་གྱིས། །ཕན་བདེའི་ཆུ་ཀླུང་སྲིད་པའི་མཐར་བཀྱེ་བ། །མཚུངས་མེད་ས་ཡི་གཙོ་དང་མཚུངས་པར་ཤོག །སོ་སོའི་སྐྱེ་བོ་སྔོན་ལས་ཀྱིས་ཁ་དྲངས་པ་ལ་འགྲོ་དོན་དུ་བཏགས་པའི་མིང་སྙན་པས་
བོད་དེ་ཤར་ཕྱོགས་ཀྱི་ལྗོངས་རྒྱུ་ཞིང་སོང་སོང་བ་ན། འབྲས་སཱ་ལུ་དང་མ་རྨོས་པའི་ལོ་ཏོག་སོགས་འབྲུ་བཅུད་དུ་མ་སྨིན་ནུས་པའི་ཡུལ་སྐྱེ་བོའི་ཁྱིམ་རྣམས་འབྲུའི་བོང་བས་གང་ཞིང་འཕགས་པའི་བཞུགས་གནས་ཀེའུ་ཧཱུ་ཤན་དང་ཉེ་བའི་ལྗོངས་ག་ལ་བར་ཡོན་ཏན་རྒྱ་མཚོས་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་འཕགས་པ་སའི་སྙིང་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་ཏིང་འཛིན་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མཿསརྦཱ་བ་ར་ཎ་བི་སྐམྦྷཱ་ཡ། མཚན་ཐོས་ཙམ་གྱིས་ལས་དང་ཉོན་མོངས་པའི། །སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དེ། །ད་ལྟ་ཕྱོགས་བཅུའི་ཞིང་ན་རྒྱལ་སྲས་ཚུལ། །སྤྲིན་མེད་ཉི་མ་བཞིན་ཏུ་ལྷམ་མེར་སྣང༌། །ནམ་མཁའི་རྔ་ལས་བདེན་པའི་སྒྲ་བྱུང་ན། །བག་མེད་མི་འདོད་ན་ཡང་སློང་བ་ལྟར། །དུས་གསུམ་གཤེགས་པས་ཁྱོད་མཚན་གསུང་མ་ཐག །སེམས་མེད་ས་ཡང་རྣམ་པ་དྲུག་ཏུ་གཡོ། །བསྐལ་པ་བྱེ་བ་ཁྲག་ཁྲིག་དུ་མ་རུ། །བློ་ཆེན་གཞན་གྱིས་འབད་ཀྱང་མི་འགྲུབ་པའི། །ཏིང་འཛིན་རྒྱ་མཚོ་འཇམ་དཔལ་དཔའ་བོ་ཡིས། །སེ་གོལ་གཏོགས་པའི་ཡུན་ལ་བདེ་བླག་སྒྲུབ། །གལ་ཏེ་སྟོང་གསུམ་འགྲོ་བ་འདི་དག་རྣམས། །བརྟན་པའི་འཁོར་ལོའི་གོ་འཕང་ལ་གནས་ཀྱང༌། །ཐེ་ཚོམ་སེལ་བ་བྱང་ཆུབ་སེམས་མ་ཡི། །རྣམ་ཐར་བརྒྱ་ཕྲག་སྟོང་གི་ཆར་མི་ཕོད། །སྟོང་གསུམ་དག་ན་སྐྱེ་བོ་ཇི་ཡོད་པས། །གལ་ཏེ་སྲིང་མོ་དེ་ཡི་དཔལ་ཐོབ་ཀྱང༌། །སྒྲིབ་པ་རྣམ་པར་སེལ་བའི་ཏིང་འཛིན་སྟོབས། །ཡེ་ཤེས་རྣམ་པར་འཕྲུལ་པའི་དཔེར་མི་བཟོད། །ཀླུ་ཡི་དབང་པོས་ཆུ་གཏེར་སྤེལ་བ་བཞིན། །དེ་ལས་ཉི་ཟླའི་དཀྱིལ་འཁོར་མཁར་ཐོན་པས། །འཇིག་རྟེན་སྣང་བཞིན་དེས་ཀྱང་པདྨ་དང༌། །ཀུ་མུད་བཞད་པས་བུང་བ་འཚོ་བ་བཞིན། །རྡུལ་སྙེད་ཞིང་དུ་ཀུན་བཟང་སྤྱོད་ཞུགས་པ། །འཇམ་དཔལ་གཞོན་ནུས་བྱང་ཆུབ་ལ་བཙུད་དེ། །འཇམ་པའི་དབྱངས་དང་དེ་མཚུངས་ཚད་མེད་པ། །ཐེ་ཚོམ་སེལ་མས་དང་པོར་སྨོན་པར་བྱས། །དེ་དང་དེ་འདྲ་གངྒཱའི་བྱེ་མ་སྙེད། །སྤྱོད་ཡུལ་ནམ་མཁའ་ལྟ་བུའི་བྱང་ཆུབ་སེམས། །འཇུག་སྲེད་རྒྱལ་པོ་རྒྱལ་
བ་ལ་སོགས་པ། །ད་ལྟ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། །མྱ་ངན་འདས་དང་སླད་ནས་གཤེགས་པ་ཡི། །མི་མཆོག་ཁ་ལོ་སྒྱུར་བ་གྲངས་འདས་ཀྱང༌། །སྒྲིབ་སེལ་བླ་མའི་བླ་མར་གྱུར་པ་དེས། །བྱང་ཆུབ་སེམས་ཀྱི་རྩ་བ་ཐོག་མར་བཙུགས། །འགྲོ་བ་གང་གི་རྣ་བར་ལྷགས་གྱུར་ཀྱང༌། །སྒྲིབ་པའི་དྲྭ་བ་མ་ལུས་དྲལ་ནས་ཀྱང༌། །ངན་སོང་གསུམ་དང་བུད་མེད་དམན་ལ་སོགས། །སྲིད་པའི་སྡུག་བསྔལ་མྱོང་བའི་ཐ་མར་བྱེད། །བདེ་ནས་བདེ་བའི་འཇུག་ངོགས་ལ་གཞོལ་ཞིང༌། །མཐར་གྱིས་ཐམས་ཅད་མཁྱེན་པའི་སར་བཞག་པ། །མཚན་ཙམ་གྱིས་ཀྱང་སངས་རྒྱས་མཛད་སྤྱོད་ན། །དཔག་པར་དཀའ་བའི་ཡོན་ཏན་ལྟ་ཅི་སྨོས། །ཁྱོད་ཀྱིས་བརྙེས་པའི་ཏིང་འཛིན་རྒྱ་མཚོའི་མཆིང༌། །ཡེ་ཤེས་ཕུང་པོ་འཇམ་དཔལ་གཞོན་ནུས་ཀྱང༌། །མིང་གི་རྣམ་གྲངས་ཙམ་ཡང་མི་མཁྱེན་ཞེས། །དེ་འདྲའི་རྣམ་ཐར་སུས་ཀྱང་བསམ་མི་ཁྱབ། །ཀུན་བརྟགས་བརྟེན་པ་གང་ལའང་མ་བརྟེན་པས། །གཟིགས་པ་མེད་པའི་ཐམས་ཅད་མཁྱེན་པ་ཡང༌། །མིག་ཡོར་ཆོས་ཏེ་མངོན་པར་མི་འདོད་པས། །སངས་རྒྱས་མཛད་པ་ཆོས་དབྱིངས་མཐའ་རུ་གཞོལ། །སྲིད་པའི་རྒྱུད་དུ་སྐྱེས་ཀུན་མ་སྐྱེས་པ། །རྨི་ལམ་ཤེས་པས་འབྱུང་དེ་སྲིད་པའི་ཕྱིར། །ལེན་པ་མེད་པའི་བརྩོན་འགྲུས་བླང་བ་ཡིས། །བདུད་ཀྱི་དཀྱིལ་འཁོར་མ་ལུས་རྣམ་པར་དཀྲུགས། །འགྲོ་ཁམས་སྒྱུ་མར་སྒྱུ་མའི་སྐྱེས་བུ་དེས། །སྤྲོས་པར་སྣང་ཡང་འགྲོ་དང་འོང་མེད་པ། །གཅིག་པུའི་ལུས་ཀྱིས་ཞིང་རྡུལ་གྲངས་སྙེད་ཀྱི། །ཞིང་ཀུན་སྐུ་ཡིས་ཁྱབ་པ་ཉི་མ་འདྲ། །ཡེ་ཤེས་སྒྲུབ་པས་བསྒྲུབ་ཏུ་མ་མཆིས་པ། །སྨིག་རྒྱུའི་ཆུ་ལ་རི་དྭགས་སྲེད་པས་བསླུས། །མ་བསྒྲུབས་ཡེ་ཤེས་གྲུབ་པའི་ཁྱུ་མཆོག་དང༌། །སེང་གེའི་ང་རོས་མི་ཤེས་རྣམ་པར་གནོན། །འཇིག་རྟེན་སྤྲུལ་པ་ལྟ་བུ་མ་སྤྲུལ་པ། །ཡེ་ཤེས་ཐ་མི་དད་པའི་སྒོར་གཞུག་པས། །ཕྲ་ཡང་སྣ་ཚོགས་བྱེད་པོ་བཞིན་དུ་ཆུབ། །གནས་མེད་ནམ་མཁའི་སྣང་བས་ཕན་ལ་གནས། །ཆོས་ཉིད་དཔེ་དང་ཚིག་གིས་མི་མཚོན་པས། །བརྗོད་དུ་མེད་ལ་རྒྱལ་བས་མ་གསུངས་པ། །སྟོང་
ཉིད་འཁོར་ལོ་ཆོས་ཀྱི་སྤྲིན་གྱི་རྔ། །བ་སྤུའི་བུ་ག་ཀུན་ནས་རྟག་ཏུ་ཕྱུང༌། །མཉན་དང་སྟོན་པ་གཞན་རིག་ལས་སྐྱེས་པ། །བརྗོད་པའི་སྒྲ་བརྙན་རྗོད་པས་མི་བརྗོད་ཀྱང༌། །རྟག་ཏུ་རྗོད་པ་མང་པོས་དེ་ཉིད་དོན། །བློ་གྲོས་དམན་པ་རྣམས་ལ་མཚོན་པར་མཛད། །འདུ་བྱེད་སྤྲིན་གྱི་ཚང་ཚིང་རབ་བརྡལ་བ། །སྐྱེ་བའི་རྒྱུད་ལ་མཐོང་མེད་བལྟས་ནས་སུ། །ངལ་གསོའི་ཐར་པའི་གྲོང་དུ་ཐེག་པའི་ཚུལ། །སྣ་ཚོགས་དགོད་པས་བགྲོད་གཅིག་བགྲོད་པར་མཛད། །དབང་པོ་གཅིག་ལ་དབང་པོ་ཐམས་ཅད་པ། །ཕན་ཚུན་རྣམ་གནས་ཕྲ་དང་བརྟན་པའི་ཚུལ། །ཁམས་ཡིད་མོས་པ་དེ་དང་འདྲ་བ་བརྒྱ། །ཐོག་མཐའ་མེད་པ་ལག་མཐིལ་བཞིན་ཏུ་གཟིགས། །གང་ནས་མ་འཕོས་རྡུལ་ཙམ་མ་འདྲེས་པ། །ལས་དང་རྣམ་པར་སྨིན་པའི་གཟུགས་བརྙན་བརྒྱ། །སེམས་ཀྱི་མེ་ལོང་ངོས་སུ་ཤར་གཟིགས་ནས། །མི་ལེན་མི་འདོར་བཏང་སྙོམས་ཆེན་པོས་དོར། །བདག་ཏུ་འཛིན་པ་མོ་གཤམ་བུས་བསགས་པའི། །ལས་ཀྱི་འབྲས་ལས་སྐྱེ་བ་མེད་སྐྱེས་པ། །སྡུག་བསྔལ་འཁྲུལ་འཁོར་སྡུག་བསྔལ་གྱིས་གཞོམ་ནས། །སྒྲིབ་པའི་འཆིང་བ་རྒྱུན་ཆད་མེད་པར་གཅོད། །ཕན་མཛད་ཞལ་ནི་རྟག་ཏུ་མཐོང་གྱུར་ཀྱང༌། །འཇིག་རྟེན་པ་རྣམས་དོན་མེད་མུན་པར་འཁྱམས། །དམིགས་པའི་སྤྱོད་པས་ཅི་ཡང་མི་སྤྱོད་པ། །ཆགས་མེད་དེ་ནི་སེམས་ཅན་དོན་རབ་སྤྱོད། །འབྱུང་བ་བཞི་ཡི་གཟུགས་ལས་འདས་བཞིན་ཏུ། །གཟུགས་དང་མིང་གི་དབུ་བ་བརྡོལ་ཇི་སྙེད། །དེ་སྙེད་རྗེས་སུ་དངོས་མེད་གཟུགས་སོང་བ། །རང་རང་ལས་མཐས་སྲིད་པའི་ཉིང་མཚམས་བརྟུལ། །དེ་བཞིན་ཡེ་ཤེས་དག་པའི་མིག་ལམ་དུ། །ཚོར་སོགས་ཕུང་པོའི་རབ་རིབ་མི་འཛིན་ཀྱང༌། །ཕུང་པོ་དགོད་པ་ལྕགས་ཀྱི་འཕྲུལ་ཐབས་དེས། །ཉེ་བར་ལེན་པའི་ཕུང་པོའི་ལྕགས་རིགས་གཅོད། །འདུ་ཤེས་གློག་གི་དྲྭ་བ་མཁར་ཁྱབ་ཀྱང༌། །ཤེས་བྱ་ནམ་མཁའ་མེ་ཏོག་བྱེ་བྲག་ལ། །ཤེས་པས་མི་དཔྱོད་དཔྱད་པའི་བློ་གྲོས་དག །ཡེ་ཤེས་སྒོ་མོ་བྱེ་བ་དུས་གཅིག་ཕྱེ། །དངོས་
བྲལ་དངོས་པོ་མེད་པའི་དངོས་ལ་གནས། །ཡོད་དང་མེད་པའི་མདུད་པ་ཐམས་ཅད་བཀྲོལ། །ཐབས་ལ་མཁས་པའི་ཡེ་ཤེས་མངོན་སུམ་པས། །ཐམས་ཅད་མཁྱེན་ཀྱང་ཡེ་ཤེས་ལ་མི་གནས། །གྲུབ་པ་མེད་པའི་ཆོས་ལ་བྱང་ཆུབ་དང༌། །དེ་ལས་སྐྱེས་པ་ཉིད་ན་མ་སྐྱེས་སྲས། །དེས་ཀྱང་མ་བཅིངས་པ་རྣམས་དགྲོལ་བ་ཡི། །སྒྱུ་མའི་འཁོར་ལོ་བྱ་རྩོལ་མེད་པར་བསྐོར། །གཟུགས་སྐུ་མཐོང་ཡང་བསྐལ་པ་ཁྲག་ཁྲིག་ཏུ། །ངོམས་ཤིང་ཚིམས་པས་ཆོག་མི་ཤེས་འགྱུར་ན། །དཔེ་བྲལ་ཆོས་སྐུ་སྨོས་ཀྱང་ཅི་དགོས་པ། །མཐོང་བ་བྲལ་དེ་ཀུན་གྱི་སྙིང་ལ་བསྟན། །མི་མཐུན་ཕྱོགས་ཉིད་མཐུན་པའི་ཕུལ་དུ་གྲུབ། །བགྲོད་བྱ་མེད་ལ་གཤེགས་པ་མི་མཛད་ཀྱང༌། །གཏོང་བ་ལ་སོགས་ཕ་རོལ་ཕྱིན་པའི་སྐུ། །བཻ་ཌཱུརྻ་བཞིན་བསམ་པའི་ཚོན་གྱིས་བསྒྱུར། །དེ་བཞིན་གཤེགས་དང་མཚུངས་པའི་འགྲོས་ཐོབ་པས། །མི་སློབ་ལམ་དུ་རང་བཞིན་གནས་གྱུར་ཀྱང༌། །བསླབ་པ་ཀུན་གྱི་མཐའ་རུ་སོན་པ་དེ། །མ་བསླབས་པ་རྣམས་བསླབ་པ་བཞིན་ཏུ་སྟོན། །ཚད་མེད་ནམ་མཁའི་དབྱིངས་དང་དུས་གསུམ་ཀུན། །རྒྱས་པར་འགེངས་པར་ཀུན་ནས་གནས་པའི་ལུས། །དཔེ་ལས་འདས་པའི་མི་མཆོག་ཐམས་ཅད་ཀྱི། །ཆོས་སྤྲིན་ཆེན་པོས་བར་མཚམས་མེད་པར་གཡོགས། །བྱང་སེམས་སྤྱོད་པ་ཐམས་ཅད་ལས་འདས་པའི། །ཆོས་དབྱིངས་རྣམ་འབྱེད་ཏིང་ངེ་འཛིན་གྱི་མཐུ། །མངོན་ཏུ་བསྟན་ཀྱང་མངོན་ཏུ་མི་མཛད་པར། །འཁོར་བའི་མུ་དང་ཁ་ད་ཆད་དུ་སྤྱོད། །ཕྱོགས་དང་རིས་སུ་མེད་པའི་ཆོས་དབྱིངས་སུ། །ཕྱོགས་ཀྱི་རྗེས་སུ་འབྲང་བས་རབ་ཏུ་ཞུགས། །ཕྱོགས་དང་ཆ་ཤས་རྣམ་པར་དབྱེ་བ་ཡིས། །ཡང་དག་དབྱིངས་ལ་གཞོལ་བ་ཤིན་ཏུ་ཕྲ། །མཉམ་ཉིད་དུས་ལ་ཆ་ཡིས་མི་འབྱེད་པས། །སྐད་ཅིག་ལ་ཡང་བསྐལ་པ་རྒྱ་མཚོ་སྟེ། །བསྐལ་བ་དེ་དག་སྐད་ཅིག་ནས་བསྡུས་ཀྱང༌། །དུས་གསུམ་འཇུག་པ་རིང་དང་ཐུང་མི་འགྱུར། །མཉན་པ་ལྟ་བུར་སྨོན་ལམ་གྲུ་བཟུང་ནས། །འཁོར་བ་རྨི་ལམ་ཆུ་མཚོར་ཉམ་ཉེས་པ། །ཡེ་ཤེས་གངས་ཆེན་མཚོ་ཡི་ཐང་ཆེན་ཏུ། །སུ་ཡང་བརྒལ་
བ་མེད་པར་རྣམ་པར་འདོན། །སྐད་ཅིག་གཅིག་ལ་དུས་གསུམ་གཤེགས་རྣམས་དང༌། །དམ་པའི་ཆོས་བགྲོ་རྣམ་འཕྲུལ་མཐའ་ཡས་པས། །བསྐལ་མང་མཆོད་ཅིང་བྱེ་བ་ཁྲག་ཁྲིག་གི། །ཞིང་རྣམས་ཀུན་ཏུ་སེམས་བསྐྱེད་གཅིག་གིས་འཇུག །ཞིང་གི་བཀོད་པ་རྒྱ་མཚོའི་རྡུལ་སྒྲུབ་ཅིང༌། །འགྲོ་བ་དེ་དང་མཉམ་པར་སྨིན་པ་ཀུན། །སྐྲ་རྩེ་ཕྲ་བའི་ཆ་ཤས་ལ་ཞུགས་ཀྱང༌། །ཡེ་ཤེས་རྒྱ་མཚོར་འཕེལ་དང་འགྲིབ་མི་སྣང༌། །ཚུལ་ཁྲིམས་གོས་བཟང་གཟུངས་མཆོག་གསེར་གྱི་གདུབ། །ཏིང་འཛིན་མེ་ཏོག་གསར་པའི་ཕྲེང་བ་དང༌། །ཤེས་རབ་ནོར་བུའི་དོ་ཤལ་འོས་པའི་རྒྱན། །ཉེར་སྤྱད་ཐུན་མོང་བས་ཀྱང་ཤིན་ཏུ་མཛེས། །མཐའ་དབུས་མེད་པའི་རྣམ་འཕྲུལ་ཀུན་ཏུ་ཟབ། །ཡེ་ཤེས་རྒྱ་ཆེན་རྒྱལ་བའི་སྤྱོད་ཡུལ་བ། མཚན་མ་མེད་ལས་སྐྱེས་པའི་མཚན་ཉིད་ནི། །ཚིག་གི་ལམ་གྱིས་མི་དཔོག་དོན་དེ་ལ། །རྒྱལ་སྲས་མཆོག་དང་དགེ་རྩ་མི་མཚུངས་པའི། ཉན་ཐོས་ཆེན་པོ་རྣམས་ཀྱང་མགོ་རྨོངས་ན། །ཟག་པས་ཀུན་ནས་དཀྲེས་པའི་སོ་སྐྱེའི་བློ། །ཁབ་ཀྱི་མིག་བུས་ནམ་མཁའ་ཇི་ལྟར་གཞལ། །མ་རིག་བག་ལ་ཆགས་པའི་མུན་ཁང་དུ། །འཁོར་བ་ཐོག་མ་མེད་ནས་ཉལ་ན་ཡང༌། །ཁྱོད་མཚན་ཟེར་ཙམ་རྣ་བར་མ་ཕོག་པས། །ད་དུང་སྒྲིབ་པའི་མལ་ནས་ལྡང་མ་ནུས། །བསོད་ནམས་སྒོ་མོ་རྒྱལ་བའི་ཐུགས་རྗེས་ཕྱེ། །སྒྲིབ་སེལ་གྲགས་པའི་གཟི་བརྗིད་ཕྱམ་བརྡལ་ན། །བདག་ཅག་མུན་པའི་རྫོང་ལས་སློང་བ་ཡི། །དུས་སྐབས་འདི་ཡིན་འཕགས་པས་མཁྱེན་ལགས་སམ། །རང་གི་ཡིད་ལ་རྟོག་པའི་ཆོམ་རྐུན་དང༌། །ཕྲ་རྒྱས་བདུད་ཀྱི་བྱ་མ་རྟ་གབ་ནས། །སེམས་ཀྱི་རིན་ཆེན་སྙིང་པོའི་བར་དུ་ཡང༌། །འཕྲོག་པ་འདི་དག་ལྡང་མེད་ཁྲིམས་འོག་ཆུག །སྨོན་ལམ་ཡེ་ཤེས་ཡོངས་སུ་བསྡུ་བ་དང༌། །སྙིང་རྗེ་ཆེན་པོ་བདེ་གཤེགས་སྲས་ཀྱི་ནོར། །ཐ་མི་དད་ཀྱང་རྣམ་པར་འཕྲུལ་པའི་རྒྱན། །ཁྱོད་བཞིན་ཁྱད་པར་འཕགས་པའི་སྣོད་དུ་མཛོད། །དབྱངས་ཀྱི་དཀྱིལ་འཁོར་མིང་གི་ཆུ་ཀླུང་སྒྲ། །འོད་ཟེར་དྲྭ་བ་བཀྱེ་སོགས་མཐོང་ཐོས་དང༌། །རྗེས་སུ་དྲན་པས་བསམ་པ་ཇི་
ལྟ་བར། །སྨིན་དང་འདུལ་བ་མཁའ་དང་མཉམ་པར་ཤོག །ཅེས་པའང་ན་བུན་དང་ལྗོན་ཤིང་གི་ཕྲེང་བས་ཁེབས་པ་ལས་ཆུའི་ཟེགས་མ་རྟག་ཏུ་འཐོར་བས་དྲི་མ་འཁྲུད་པའི་དག་བྱེད་རང་ཤུགས་སུ་གྲུབ་པ་ཤར་ཕྱོགས་ཀྱི་ལྗོངས་ག་ལ་བར་ཡོན་ཏན་རྒྱ་མཚོས་གུས་པ་ཆེན་པོས་བྲིས་པ་སྐྱེ་བ་ཀུན་ཏུ་དཔའ་བོ་ཆེན་པོ་སྒྲིབ་པ་རྣམ་པར་སེལ་བས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །རྒྱལ་སྲས་ནམ་མཁའི་སྙིང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་སེམས་ཅན་གྱི་བསམ་པ་དང་སྤྱོད་པ་ལ་འཇུག་པ་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མ་ཨཱ་ཀཱ་ཤ་གརྦྷཱ་ཡ། ཆོས་ཀྱི་རྒྱལ་པོ་དུས་གསུམ་གཤེགས་པའི་བློན། །ཆོས་ཀྱི་མཛོད་ཀྱི་སྒོ་སྲུང་གཅིག་པུ་པ། །སྐྱེས་བུ་ཆེན་པོ་ནམ་མཁའི་སྙིང་པོ་ཞེས། །རྒྱལ་སྲས་དབུས་ན་ཨུ་དུམྦ་ར་དེ། །དུས་དང་ཕྱོགས་སུ་འབྱུང་བ་དཀོན་པའི་མཆོག །ནམ་མཁའ་ཆུ་ཡི་རླངས་པ་བྲལ་བའི་ངོས། །ཉི་མའི་སྙིང་པོ་ཆགས་དང་ཐོགས་མེད་པ། །སྣང་བའི་དམ་པས་འགྲོ་ལ་ཕན་བཏགས་ཀྱང༌། །རྒྱགས་དང་དྲིན་ལ་ལན་གྱི་འདོད་མེད་དང༌། །དམུས་ལོང་དམིགས་བུ་མེད་པ་མ་གཏོགས་པར། །དེ་ཡི་སྣང་བ་ཕྱོགས་སུ་ལྷུང་མི་འགྱུར། །གང་བློ་ཤེས་རབ་ནམ་མཁའི་རང་བཞིན་ལ། །ཐབས་མཁས་སྙིང་པོ་དུས་ཀུན་གང་བྱུང་བ། །གཅིག་ཏུ་བསྡུས་ཀྱང་རློམས་པའི་སེམས་མེད་པ། །ཐུགས་རྗེ་ཆེན་པོ་དེ་ཡང་དེ་བཞིན་ཏེ། །ལོག་སྲེད་ཅན་མིན་སྐྱེ་བ་བཞིར་སྐྱེས་པ། །བྱང་ཆུབ་ལམ་དུ་འདྲེན་པའི་ཤིང་རྟ་མཆོག །ཆོས་ཀྱི་དབྱིངས་སུ་གཏོགས་པའི་རིན་ཐང་ཅན། །ཐམས་ཅད་ཁྱོད་ཀྱི་དགེ་བའི་གཏེར་ལ་ཆུད། །ཕོངས་པ་རྣམས་ཀྱི་བུམ་པ་བཟང་པོ་སྟེ། །དགེ་རྩའི་འབྲས་བུ་སྐྱེད་པའི་ས་ཡང་ཡིན། །འདུན་དང་དྲན་པས་དྲང་བའི་བསླབ་པ་ཡི། །ལྷུན་པོའི་གཏོས་སུ་བྱང་སེམས་ཆོས་ཀུན་གཞོལ། །ཤེས་བྱའི་ཆོས་སུ་གྱུར་པས་མི་ཕྱེད་པ། །ཆོས་ཀུན་བཟོད་པའི་རྡོ་རྗེའི་གོ་ཆས་གཡོགས། །སྲིད་དང་ཞི་བའི་མཐའ་
ལ་མི་ཐོགས་པར། །བརྩོན་འགྲུས་རླུང་ཤུགས་འཁོར་འདས་ཀུན་ཏུ་གཡོ། །སེམས་ཅན་དོན་བྱེད་ཏིང་འཛིན་བྱེ་བའི་ཀླུང༌། །ཏིང་འཛིན་རྒྱ་མཚོའི་འཇིང་ལ་སྡུད་ཅིང་སྤྲོ། །གནས་ཆེན་པོ་སོགས་དམ་པ་ཅི་འདོད་པ། །སློང་ལ་དངོས་ཀུན་སྟེར་བའི་ཡོངས་འདུས་ལྗོན། །འཚོ་བ་ཡོ་བྱད་བདེ་བར་གནས་རྣམས་དང༌། །མི་མཐུན་འཇིགས་ལས་སྐྱོབ་པའི་རྫོང་བཙན་མཆོག །ལམ་ཞུགས་དངོས་པོའི་རང་བཞིན་ཐ་དད་པ། །ཡེ་ཤེས་ནམ་མཁའ་ཡངས་པས་གོ་འབྱེད་ཅིང༌། །སངས་རྒྱས་ཆོས་རྣམས་གང་ལ་བརྟེན་པའི་གནས། །རང་རྒྱལ་འཇུག་ལྡོག་བགྲང་བའི་ཕྲེང་བ་སྟེ། །ཉན་ཐོས་རྣམས་ལ་བསླབ་པའི་གོས་བཟང་ཉིད། །ཕ་རོལ་ཕྱིན་པ་རྣམས་ཀྱི་འབྲས་བུའི་བཅུད། །ས་བཅུ་བརྙེས་པའི་ཚོགས་ཀྱི་ཡིད་བཞིན་ནོར། །དཔའ་བར་འགྲོ་བ་རྣམས་ཀྱི་འཚོ་བའི་ཤིང༌། །ལྟ་བའི་དྲྭ་བ་གཅོད་པའི་རྣོ་མཚོན་ཏེ། །བག་ཆགས་མཚམས་སྦྱོར་དྲལ་བའི་རལ་གྲི་དང༌། །ཐབས་ཅན་རྣམས་ལ་ཚེས་ཀྱི་གྲངས་སུ་གྱུར། །ལྷ་ཡི་མིག་སྟེ་མི་རྣམས་ཀྱི་ནི་ལམ། །དུད་འགྲོའི་འཇིགས་སྐྱོབ་ཡི་དྭགས་རྣམས་ཀྱི་ཟས། །སེམས་དམྱལ་མགོན་ཏེ་སྦྱིན་གནས་རྣམས་ཀྱི་སྣོད། །ནད་ལ་རྐྱེན་སྨན་བཀྲེས་པ་རྣམས་ཀྱི་འབྲུ། །སྐོམ་ལ་ཆུ་ཤེལ་ངལ་བ་རྣམས་ཀྱི་མལ། །སྙོམས་འཇུག་ལྡན་ལ་ཉི་མའི་ནོར་བུ་མཆོག །བསླབ་པ་འཁྲུགས་པ་རྣམས་ཀྱི་མིག་འབྱེད་ཅིང༌། །སྡོམ་པ་སྤྱོད་རྣམས་བཞིན་རས་མཐོང་བའི་སྣོད། །སྒྲོ་སྐུར་ཚིག་གིས་གདུངས་ལ་གྲིབ་མའི་གདུགས། །དགེ་རྩ་ཆད་དེ་ལྟུང་བའི་འཁར་བ་ཉིད། །མུན་ལ་ཉི་དང་ལམ་སྟོར་རྣམས་ཀྱི་ཟླ། །ཁྲེལ་དང་ངོ་ཚར་གཅེར་བ་རྣམས་ཀྱི་གོས། །རྒོལ་བའི་གླང་པོ་འཇོམས་པའི་གདོང་ལྔ་པ། །བདུད་ཀྱི་དགྲ་ལ་དཔའ་བའི་དཔུང་ཆེན་པོ། །མཐོ་རིས་སྐས་ཀ་ཕ་རོལ་འགྲོ་བའི་གྲུ། །མྱ་ངན་བརྒལ་ཏེ་ཕྱིན་པའི་ཟམ་པ་དེ། །དེ་བཞིན་གཤེགས་པ་ཉག་གཅིག་མ་གཏོགས་པ། །དབང་ཐོབ་རྒྱལ་བའི་མྱུ་གུ་སོགས་པས་ཀྱང༌། །མཆོད་ཅིང་རི་མོར་བྱ་བའི་གནས་ཡིན་ཞེས། །དཔལ་གྱི་མགུར་ལས་བསྔགས་པའི་སིལ་སྙན་བཀྲོལ། །སྐྱབས་ངན་ལ་
བསྟེན་ལྟ་བའི་ཐིབས་འོག་ཏུ། །ཆུད་ནས་མཐོ་རིས་ཐར་པའི་སྐབས་བྲལ་བ། །གལ་ཏེ་ཁྱོད་མཚན་ཐོས་ནས་མོས་བྱེད་ན། །བག་ལ་ཉལ་དང་བསམ་པ་དེས་གཟིགས་ཏེ། །གང་ལ་དགེ་བའི་རྩ་བ་བསྐྱེད་བའམ། །སྦྱིན་སོགས་བསོད་ནམས་བྱ་བའི་དངོས་གཅིག་གིས། །དགེ་བའི་བཤེས་ཀྱི་ལམ་ནས་དབང་ཐོབ་ཅིང༌། །སྤྱོད་དང་སྨོན་ལམ་བསམ་པ་དྲང་བ་ཡིས། །ལྟ་གྱུར་གཡང་ས་བྱེ་བ་ལས་ཟློག་པ། །པྲ་སེ་ན་ཡི་གསལ་སྣང་བཞིན་ཏུ་སྟོན། །མཐོང་བ་ཉམས་དང་ལྕེ་བཅིངས་གྱུར་པ་སོགས། །གདོན་དང་འདུ་བ་འཁྲུགས་པས་གཙེས་རྣམས་ཀྱང༌། །མོས་པའི་རྫིང་བུ་ཁྱོད་ཕྱིར་བགྲུང་བ་ལ། །བརྒྱ་བྱིན་བྲམ་ཟེ་སྨན་པའི་གཟུགས་ཤར་ཏེ། །སྦྱོར་བ་གཅིག་གིས་ཕན་པ་བརྒྱ་ཕྲག་བསྩལ། །བཟོ་གནས་འཚོ་བ་རིག་དང་ནོར་གྱི་དབྱིག །དབང་ཕྱུག་གྲགས་སོགས་ཉེ་བར་སྤྱོད་རྣམས་དང༌། །ཐོས་དང་དབེན་ལས་སྐྱེས་པའི་བསམ་གཏན་གྱི། །བདེ་བའི་ཡོངས་སུ་སྤྱད་པ་བསྒྲུབ་པའམ། །འགྲོ་མང་སྡུག་བསྔལ་རྒྱུ་དང་ཕྲལ་འདོད་ཅིང༌། །བྱང་ཆུབ་སྤྱོད་ལ་འཇོག་པའི་བློ་ཆེན་པོས། །གཞན་ཕན་ཆེད་དུ་བདག་ཉིད་ཞུགས་རྣམས་ཀྱང༌། །གང་ལ་དད་པའི་སྙིང་ཆུས་བྲན་པ་ཡི། །མིག་གི་ཨུཏྤལ་གསར་དུ་འབུས་པ་ལ། །འཕགས་པས་སྐལ་པར་འཚམས་པའི་གཟུགས་བསྟན་ཏེ། །སྐྱེ་བོ་བྱེ་བ་ཁྲག་ཁྲིག་ཐབས་གཅིག་གིས། །སྨིན་པར་ནུས་པའི་གདམས་ངག་ཆེན་པོ་འབོགས། །ལམ་མ་ཞུགས་དང་ཐེག་པའི་བཞོན་པ་ཅན། །རང་འབྲས་ཁྱིམ་དུ་འབད་པས་བགྲོད་བྱེད་པ། །དེ་དག་ཕྱིར་མི་ལྡོག་པའི་གྲོང་ཁྱེར་དུ། །སྐད་ཅིག་ཡུད་ལ་ཅུང་ཟད་རྩོལ་བས་གཞོག །ལྷག་པའི་བསམ་པས་ནན་ཏན་འགྲོས་ལྡན་ཞིང༌། །ལྟ་བ་མ་འཁྱོགས་རྒྱགས་དང་གཡོ་མེད་པ། །དེ་ལ་གྲགས་པ་ཆེན་པོ་ཐུགས་བརྩེ་སྟེ། །མཐུ་དང་བརྩོན་འགྲུས་བརྟུལ་བ་བརྟན་པོ་ཡིས། །བཟང་པོ་སྤྱོད་པའི་ཕ་རོལ་ཕྱིན་ལ་བཀོད། །རྒྱུ་མེད་སྨྲ་དང་ཕྱི་མ་མི་འཚལ་ཞིང༌། །ཆོག་མི་ཤེས་དང་རྨོངས་པའི་མུན་པར་འཐམ། །ཁྲོ་སོགས་ཀུན་དཀྲིས་ཆེན་པོས་ཟག་བཅས་ཀྱི། །དགེ་རྩ་ཐམས་ཅད་སྤྲུགས་པར་བགྱིད་པ་དང༌། །མོས་པའི་སྙིང་གི་སྣོད་ཆག་ཕས་ཕམ་པས། །ལྟུང་
བའི་དངོས་ལས་ལྡང་བར་མ་ནུས་པ། །མཁས་པས་སྤངས་པའི་རྒྱལ་བློན་ཉན་ཐོས་དང༌། །རྒྱལ་བའི་བརྒྱུད་དུ་དང་པོར་སྐྱེས་པ་རྣམས། །སྡིག་སེམས་གཟུགས་བརྙན་ཆུ་སྲིན་ཁྲོས་པའི་ཁར། །ལས་ཀྱི་རླུང་གིས་བདས་ལས་ཕྱིར་ལྷོན་ཏེ། །ངན་པར་འགྲོ་བའི་ལམ་གྱི་རྒྱུན་གཅོད་ཅིང༌། །དཀར་པོའི་ཆོས་སྣོད་ཞིག་པ་སླར་ལ་འཆོས། །དེ་དག་ཕྱིར་དུ་དགེ་སྦྱོང་གཟུགས་སོགས་ཀྱིས། །མཐའ་འཁོབ་རྣམས་སུ་འབྱུང་ཞིང་གནས་པ་སྟོན། །ཐམས་ཅད་མཁྱེན་པས་བཤད་པའི་ཟབ་མོའི་མདོ། །གཟུངས་དང་བཟོད་པ་ས་རྣམས་སྟོན་བྱེད་དང༌། །སྔོན་ཆད་མ་ཐོས་ཆོས་ཀྱི་རྔ་བརྡུངས་ནས། །སྙིང་ལ་ཉལ་བའི་ཐེ་ཚོམ་ལས་སློང་སྟེ། །ངོ་མཚར་བཅས་པས་གཏོང་ཞིང་འཆགས་པའི་ཞུགས། །སྒྲིབ་པའི་ཚང་ཚིང་གང་ན་ཡོད་པར་བཀྱེ། །གལ་ཏེ་མོས་ལ་སོགས་པའི་འབབ་སྟེགས་ཅན། །ལྷག་པའི་བློ་ཡི་མེ་ལོང་ཕྱིས་ན་ཡང༌། །ཟག་པའི་དྲི་མས་མིག་བུ་མ་དག་པ། །འཕགས་པ་མཐོང་བའི་སྐལ་པས་དམན་པ་ལ། །སེམས་དང་མཐུན་པའི་གཟུགས་སུ་དེ་གསལ་ནས། །ཐབས་དང་ལྡན་པའི་ཡེ་ཤེས་མིག་ཕྱེ་སྟེ། །མཐུ་ཆེན་བརྟུལ་བ་བརྟན་པོ་རང་ཉིད་ཀྱི། །རྒྱལ་ཐབས་བུམ་ཆུ་དེ་དག་སྤྱི་བོར་བླུགས། །ཐུན་མོང་མིན་པའི་ཡོན་ཏན་དེ་མཚོན་ཞིང༌། །ཤིན་ཏུ་དཔའ་བ་ལས་བྱུང་ཡིད་བཞིན་གྱི། །ནོར་བུ་བརྒྱ་བྱིན་ཐོགས་པ་འོད་འབར་བ། །སྣང་བའི་དབུས་ན་ཉི་མའི་གཟི་འོད་ཅན། །དེ་ཡི་ཡན་ལག་དམ་པའི་རྒྱན་ཏུ་ཐོགས། །ཀུན་རྫོབ་བདེན་པས་བསྒྲུབས་པའི་ཚོགས་བསྟན་ཀྱང༌། །གནས་བརྟན་ཟག་པ་ཟད་དང་ས་ཐོབ་སོགས། །དབང་པོ་དྲུག་དང་རྣམ་གྲོལ་ལ་རྨོངས་ན། །དོན་དམ་སྐྱེ་བ་མེད་པའི་མཐུ་བསྟན་པས། །རྒྱུན་མཐའི་ས་ལ་གནས་པ་མ་གཏོགས་པ། །ལྷར་བཅས་འགྲོ་བ་རྨོངས་ཤིང་བསླད་པ་ཡིས། །སྦྱོར་བའི་མཚན་མ་རྣམ་པར་བརྟག་པ་དཀའ། །འཇིག་རྟེན་དག་ན་ཕ་མཐའ་མི་རྙེད་པ། །ནམ་མཁའི་མཐའ་ནི་ལ་ལས་རྙེད་སྲིད་ཀྱི། །སྲིད་པའི་གཡུལ་ངོ་ཟློག་པའི་དཔའ་བོ་དེས། །བྱམས་དང་སྙིང་རྗེ་ཏིང་འཛིན་
སྟོབས་བསྐྱེད་དེ། །ཡེ་ཤེས་ཐབས་ཀྱིས་སེམས་ཅན་ཡོངས་སྨིན་པ། །དེ་ཡི་ཚད་ནི་སུས་ཀྱང་བཟུང་དུ་མེད། རྒྱ་མཚོའི་ཐིགས་པ་ཤིན་ཏུ་ཕྲ་བ་དང༌། །གངྒཱའི་བྱེ་མའི་རྡུལ་ལས་ཆེས་མང་བའི། །དེ་བཞིན་གཤེགས་སོགས་སྣ་ཚོགས་འཕྲུལ་ཆེན་པོ། །དངོས་དང་རྨི་ལམ་ན་ཡང་སྤྲུལ་པར་མཛད། །ཁྱོད་མཚན་ཐོས་ནས་སུ་ཞིག་མོས་པའི་བློས། །ཚོན་གྱི་ཕྱེ་མས་བྲིས་པའི་གཟུགས་མཆོད་དམ། །བདག་གི་སྲོག་ཀྱང་གང་ལ་འབུལ་བྱེད་པ། །དེ་ལ་ཇི་སྲིད་འཚོ་ཡི་བར་དུ་ཡང༌། །ལྟུང་བའི་རྩ་བས་ཉམས་པར་མི་འགྱུར་ཞིང༌། །དུས་མིན་འཆི་སོགས་འཇིགས་པས་མི་འཇིགས་པར། །དུས་ཀྱི་རྣམ་ཤེས་ཐ་མ་རྒྱུ་བའི་ཚེ། །སྔོན་ཆད་འདྲིས་པའི་གཟུགས་ཀྱིས་ཆོས་བསྟན་ཏེ། །སྒྲིབ་པའི་ལྷག་མ་ཐུགས་རྗེའི་མཐུས་བསལ་ནས། །ད་ལྟར་འཚོ་གཞེས་རྙོགས་པ་བྲལ་བ་ཡི། །སངས་རྒྱས་ཞིང་ཁམས་རྣམས་སུ་ལམ་སྣ་འདྲེན། །ཇི་ལྟར་སྐལ་བ་དམན་ཀྱང་མཐོ་རིས་ཀྱི། །སྐྱེད་མོས་ཚལ་དུ་དགེ་བའི་སྐྱེད་བསྲིངས་ནས། །མཐར་གྱིས་ཐར་པའི་ལང་ཚོ་བརྟའ་བར་མཛད། །དེ་བཞིན་གཤེགས་པ་སྐྱེས་བུའི་མཐུ་ཆེན་པོས། །བདག་ཅག་ཁྱོད་མཚན་ཐོས་ནས་མོས་བྱེད་ཀྱང༌། །ཧ་ཅང་མུན་པའི་རྒྱ་རུ་འཐུམས་དྲགས་པས། །རྨི་ལམ་དུ་ཡང་ཁྱོད་ཞལ་མངོན་མ་གྱུར། །འགྲོ་ལ་ཕན་ཕྱིར་བྱང་ཆུབ་སེམས་བསྐྱེད་ཀྱང༌། །དང་པོ་ལས་ཀྱང་དང་པོའི་ལས་ཅན་བདག །ལྟུང་བའི་ཁུར་གྱིས་ཡང་ཡང་ནོན་གྱུར་ཏེ། །འཕགས་པའི་ས་ལ་ལྡང་བའི་སྐབས་དབེན་པས། །ཐུགས་རྗེ་མཆིས་ན་ཕྱུང་བའི་དུས་ལགས་སོ། །སྡུག་བསྔལ་ཁུར་པོས་ཉིན་གཅིག་ནོན་གྱུར་ན། །དོར་བའི་ངལ་བ་བརྒྱ་ཕྲག་བསྟེན་རྣམས་ཀྱང༌། །ཡུན་རིང་སྡུག་བསྔལ་འབྱུང་གནས་ལྟུང་བའི་ཁུར། །རི་ཙམ་བརྩེགས་ཀྱང་ཡང་བ་བཞིན་ཏུ་ཁྱེར། །གདུགས་མཚན་གཅིག་ཏུ་སྙིང་ནས་ཁྱོད་དྲན་ན། །རྩ་བའི་ལྕི་བ་བདེ་བླག་བོར་ནུས་ཀྱང༌། །དམན་པའི་སྐལ་པར་དེ་ཡང་མ་ཤོང་བར། །དོན་མེད་སྤྱོད་པ་བདག་འདྲར་ཐུགས་རྗེས་དགོངས། །ཡེ་ཤེས་སྤྱན་ལ་སྒྲིབ་པ་མི་མངའ་བས། །མི་ཤེས་བྱིས་པའི་རང་བཞིན་
འདི་གཟིགས་སམ། །སྙིང་རྗེའི་ཡུལ་དུ་བདག་ཀྱང་གཏོགས་པས་ན། །ཀྱེ་ལགས་ཐུགས་རྗེའི་དགབ་པ་སྩལ་དུ་གསོལ། །དམན་པའི་དུས་དང་སྐལ་པ་དབང་བཙན་པས་ལྟུང་པའི་ལྕིད་ཀྱིས་ཤིན་ཏུ་ནོན་ཀྱང་ལེགས་པར་ལྡང་བའི་བསམ་སྦྱོར་ལ་རྟག་ཏུ་ཞུགས་པའི་བློ་གྲོས་མཐའ་ཡས་ཀྱི་གོ་ཆ་ཅན་གྱིས། རྒྱལ་མོ་ཤིང་གི་རོང་དུ་དོན་གཉིས་བསྒྲུབ་པའི་གཟུགས་བརྙན་ལ་ཞུགས་པ་ན་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་རྒྱལ་སྲས་ནམ་མཁའི་སྙིང་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ཕྱོགས་གཅིག་གི་ཆ་ཤས་ལ་ཅུང་ཟད་བསྔགས་པ་ནོར་བུ་རིན་པོ་ཆེའི་རྒྱལ་པོ་རྣམ་ཐར་རྒྱ་མཚོ་གྲངས་མེད་པ་རྗེས་སུ་སྒྲོག་པའི་སྤྲིན་གྱི་ཆར་ཞེས་བྱ་བ་བཞུགས་སོ། །ན་མསྶ་མནྟ་བྷ་དྲཱ་ཡ། འཕགས་པ་ཀུན་ཏུ་བཟང་པོ་རྒྱལ་རྣམས་དང༌། །ཡང་དག་མཐའ་ལ་གནས་པ་མཚུངས་མོད་ཀྱང༌། །སེམས་ཅན་སྙིང་རྗེས་གཟིགས་པའི་ས་ལ་བཞུགས། །ཁམས་གསུམ་ལས་འདས་ཉེས་པའི་རྡུལ་རྣམས་སྤངས། །མཁའ་མཉམ་རབ་གསལ་ཆོས་ཀྱི་སྣང་བ་བརྙེས། །སུས་ཀྱང་མི་བརྫི་ཁྱུ་མཆོག་རླབས་པོ་ཆེ། །དཔེ་མེད་དཔེ་ལས་འདས་པ་ནམ་མཁའ་ལྟར། །ཡེ་ཤེས་སྤོབས་པའི་སྤྱོད་ཡུལ་བསམ་མི་ཁྱབ། །བ་སྤུའི་ཁུང་བུ་གཅིག་ན་ཆེས་ཕྲ་བའི། །ཡོན་ཏན་བྱེ་བའི་ཆར་ཡང་ཚད་མ་མཆིས། །དེ་འདྲ་རེ་རེར་ཡོངས་བཟུང་ཞིང་རྣམས་དང༌། །སྐད་ཅིག་གཅིག་ལ་སྣ་ཚོགས་ཏིང་འཛིན་གྱིས། །ཀུན་ནས་སྒོ་རུ་འཇུག་པའི་བསམ་ཡས་ཐབས། །དུས་གསུམ་ཆགས་ཐོགས་བྲལ་བའི་ཤེས་རབ་དང༌། །ཤིན་ཏུ་མྱུར་བའི་རྫུ་འཕྲུལ་ལྷན་ཅིག་ཞུགས། །བསམ་གྱིས་མི་ཁྱབ་རྣམ་པར་འཕྲུལ་པ་དང༌། །བསྒྲུབ་པར་དཀའ་བའི་ཁྱུ་མཆོག་མཐུ་དང་ལྡན། །ཚད་མེད་སྤྱོད་ལ་འཇུག་པས་མངོན་པར་འབྱུང༌། །འཁོར་བའི་མཐར་ཐུགས་སྐྱོ་བ་མེད་པ་ཡི། །སྙིང་རྗེ་ཆེན་པོའི་སྨོན་ལམ་ཟད་མི་ཤེས། །མཐའ་ཡས་ཡེ་ཤེས་འཇུག་པས་རབ་ཏུ་ཞུགས། །སངས་རྒྱས་ཆོ་
འཕྲུལ་བླ་ན་མེད་པ་ཐོབ། །ཆགས་མེད་མཐའ་ཡས་རྒྱལ་བའི་སྟོབས་བཅུ་ཡིས། །རབ་བཀྲུས་ཆོས་དབྱིངས་དམ་པའི་ལུས་དང་ལྡན། །བདེ་གཤེགས་ཀུན་གྱི་བྱིན་གྱིས་བརླབས་ལ་གནས། །ཡེ་ཤེས་ཐ་མི་དད་པའི་རྒྱན་ཆས་སྒེག །འོད་ཟེར་དྲྭ་བས་ཆོས་དབྱིངས་རྒྱས་པར་འགེངས། །སེམས་ཀྱི་ཞི་བརྙེས་ཤེས་རབ་མཁའ་དང་མཚུངས། །ཏིང་འཛིན་སྟོབས་ཀྱིས་མི་འཇིགས་ཕ་རོལ་གནོན། །ཆོས་རྣམས་ཀུན་ལ་དམིགས་པ་མེད་པ་ཐོབ། །སེང་གེའི་ང་རོ་འཇིགས་པ་མེད་པར་བསྒྲགས། །སྨིན་དང་འདུལ་བ་མཐའ་དབུས་མེད་པར་རྫོགས། །སྐུ་གཅིག་འཇིག་རྟེན་ཁམས་ཀུན་རྒྱས་པར་འགེངས། །དབྱངས་གཅིག་འགྲོ་བ་ཀུན་གྱི་རྣ་བར་འབབ། །སྐྲ་སྦུབས་གཅིག་ཏུ་ཞིང་ཁམས་ཐམས་ཅད་སྡུད། །རྡུལ་ཕྲན་གཅིག་ཏུ་སེམས་ཅན་ཀུན་ལུས་འགོད། །འགྲོ་གཅིག་ལུས་ལ་རྒྱལ་ཀུན་སྤྱོད་ཡུལ་བསྩལ། །ཏིང་འཛིན་གཅིག་ལ་ཏིང་འཛིན་སྒོ་བརྒྱ་བསྒྲུབས། །ཚིག་གཅིག་བསྟན་པས་འགྲོ་ཀུན་ཐེ་ཚོམ་བཅད། །ཡེ་ཤེས་གཅིག་གིས་ཆོས་ཀུན་དབྱིངས་ལ་འཇུག །བདེ་གཤེགས་ཀུན་གྱི་དྲུང་དུ་རྟག་འགྲོ་བས། །ལུས་མཐའ་ཡས་པར་སྐད་ཅིག་བྱིན་གྱིས་བརླབས། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཞིང་མ་ལུས། །རྒྱས་པར་འགེངས་པས་སྤྱོད་ཡུལ་ཐོགས་པ་མེད། །རྒྱལ་བའི་རྣམ་འཕྲུལ་མཐའ་ཡས་ལ་དམིགས་པས། །སྤྱན་གྱི་དཀྱིལ་འཁོར་ཤིན་ཏུ་རྣམ་པར་དག །མངོན་པར་བྱང་ཆུབ་ཀུན་གྱི་སྒོར་འགྲོ་བ། །ཆད་པ་མེད་པ་ཚད་མེད་འགྲོས་དང་ལྡན། །ཆོས་ཚུལ་རྒྱ་མཚོ་གཏིང་ཕྱིན་མཁྱེན་པ་ཡི། །སྣང་བ་ནོད་པས་སྣང་བ་མཐའ་ཡས་པ། །སོ་སོ་ཡང་དག་རིག་པ་རྣམ་དག་པས། །མཐའ་ཡས་བསྐལ་པར་ཡོན་ཏན་མི་ཟད་བསྟེན། །ཡེ་ཤེས་རྒྱ་མཚོའི་སྤྱོད་ཡུལ་རྣམ་དག་པས། །ནམ་མཁའི་ཁམས་ཀྱི་མཐའ་ཀླས་མཁྱེན་པས་ཁྱབ། །བསམ་པ་ཇི་ལྟ་བཞིན་ཏུ་འགྲོ་བའི་གཟུགས། །ཀུན་ཏུ་སྟོན་པས་གང་ལའང་གནས་པ་མེད། །སྲོག་དང་གང་ཟག་སེམས་ཅན་མེད་པའི་དབྱིངས། །ཡོངས་སུ་ཤེས་པས་རབ་རིབ་དྲུང་ནས་ཕྱུང༌། །ཞིང་
ཁམས་ཤིན་ཏུ་ཕྲ་བའི་རྡུལ་སྙེད་དུ། །རྒྱལ་བ་ཀུན་གྱི་དྲུང་དུ་རྟག་བཞུགས་ཏེ། །ཏིང་འཛིན་རྣམ་པར་འཕྲུལ་པ་དཔག་མེད་སྟོན། །བསམ་པ་བཞིན་ཏུ་སྐུ་ཡི་སྤྲིན་བཀྱེ་སྟེ། །ནམ་མཁའི་མཚན་ཉིད་ཅན་གྱི་རྒྱལ་སྲས་སྐུ། །གང་ལའང་མི་གནས་དེ་བཞིན་ཉིད་ལ་གནས། འཁོར་གྱི་དཀྱིལ་འཁོར་རྣམ་ཐར་རྒྱ་མཚོ་ཅན། །ཐམས་ཅད་རྒྱལ་བའི་སྲས་ཀྱི་ལུས་སུ་ཆུད། །རྣམ་པར་སྣང་མཛད་སྨོན་ལམ་དབྱིངས་ལ་ཞུགས། །གངས་ཆེན་མཚོ་ཡི་མཛོད་གནས་ནོར་བུའི་མཆོག །བཞིས་ནི་རྒྱ་མཚོ་རིན་ཆེན་འབྱུང་གནས་གྱུར། །དེ་བཞིན་གཤེགས་པའི་ཡེ་ཤེས་དཀོན་པའི་མཆོག །འཕགས་པའི་ཡེ་ཤེས་རིན་ཆེན་འབྱུང་བའི་གནས། །བཞི་པོ་ཆོས་ཀྱི་མཛོད་ན་འཁོད་པ་ཡང༌། །བློ་ཆེན་ཁྱོད་དང་ཐུན་མོང་ཉིད་དུ་གྱུར། །རིན་ཆེན་ཉི་མའི་སྙིང་པོ་ལ་སོགས་པས། །ཆུ་གཏེར་འཕེལ་འབྲི་མེད་པའི་དཔལ་སྐྱེད་ལྟར། །བསོད་ནམས་ཏིང་ངེ་འཛིན་དང་མངོན་ཤེས་སོགས། །ཀུན་མཁྱེན་ས་ལ་མཉམ་པ་ཉིད་སྡུད་པ། །མཐའ་དབུས་མེད་པ་ཡངས་པའི་ཡེ་ཤེས་ཀྱང༌། །རྒྱལ་བ་རྣམས་དང་ལྷན་ཅིག་སྤྱོད་ལ་ཞུགས། །ཇི་ལྟར་ཚངས་པ་ཆེན་པོའི་གཞལ་མེད་ཁང༌། །འགྲོ་ཀུན་རྒྱན་གྱི་དམ་པར་གྱུར་པ་ན། །སྟོང་གསུམ་གཟུགས་བརྙན་མ་འདྲེས་སྣང་བ་ལྟར། །བ་སྤུའི་ཆ་ཤས་ཤིན་ཏུ་ཕྲ་བར་ཡང༌། །བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་འཕྲུལ་བའི། །རྒྱན་དང་བཀོད་པ་ཡོངས་སུ་རྫོགས་པར་སྣང༌། །ཚད་མེད་ཡེ་ཤེས་རྡོ་རྗེའི་བློ་གྲོས་ཀྱིས། །ཆོས་དབྱིངས་མཐའ་དབུས་མེད་ལ་གནས་བཞིན་ཏུ། །འཇིག་རྟེན་ཀུན་ཏུ་གནས་པ་མེད་སྤྱོད་ཅིང༌། །འགྲོ་ཀུན་ལུས་དང་གཟུགས་ཀྱི་རྗེས་སུ་ཞུགས། །དུས་གསུམ་སྐུ་ནི་མཉམ་པ་ཉིད་གྱུར་ཀྱང༌། །ཡོན་ཏན་ཆེན་པོའི་རང་བཞིན་སྣ་ཚོགས་གཟུགས། །ས་ཡི་དཀྱིལ་འཁོར་ཀུན་ཏུ་མངའ་དབང་མཛད། །བྱང་ཆུབ་སྙིང་པོ་རྒྱ་ཆེར་རྟག་རོལ་ཀྱང༌། །བདེ་གཤེགས་ལམ་ཆེན་སྟོན་མཛད་སྲས་ཀྱི་ཚུལ། །དག་པ་དབང་ཕྱུག་ཚིག་དང་བློ་ལ་སོགས། །ཡོན་ཏན་བྱེ་བ་ཀུན་ལ་རྟག་ཏུ་སྦྱིན། །ཏིང་འཛིན་རྒྱ་
ཆེ་དུ་མའི་ཚུལ་གྱིས་ཀྱང༌། །གསང་བ་གསུམ་གྱི་སྤྱོད་ལ་འཇུག་མི་ནུས། །མི་ལྡོག་བདག་ཉིད་ཆེན་པོའི་སྤྱོད་ལ་གནས། །གཞན་གྱིས་མི་སྤྱོད་པ་ལ་རྣམ་པར་སྤྱོད། །ཆོས་ཆེན་རྒྱལ་སྲིད་ཆེ་ལ་དབང་མཛད་ཕྱིར། །དབང་མཐའ་ཡས་པ་དུས་གསུམ་ཀུན་ཏུ་སྒྱུར། །ཡོན་ཏན་གཞལ་དུ་མེད་པའི་རིན་ཆེན་ཏེ། །བསམ་གྱིས་མི་ཁྱབ་འབྱུང་བའི་རྒྱ་མཚོ་ཆེ། །ཡོན་ཏན་ཆར་རྒྱུན་འཇོ་བའི་སྤྲིན་ཆེན་ཏེ། །ས་མཚམས་ལས་འདས་ནམ་མཁའི་མཐའ་དང་མཚུངས། །ནམ་མཁའ་སྐྲ་རྩེས་གཞལ་དུ་རུང་ཡང་སྲིད། །ཞིང་རྡུལ་གྲངས་སུ་བགྲང་བར་ནུས་སྲིད་ཀྱི། །གང་ལ་ཀུན་ཏུ་བཟང་ཞེས་མཚན་གསོལ་བའི། །རྒྱལ་སྲས་དེ་ཡི་ཡོན་ཏན་ཚད་མེད་ཅེས། །རྒྱལ་བ་སྲས་དང་བཅས་པས་རྟག་ཏུ་བསྔགས། །འཇིག་རྟེན་འདི་ན་བྱིས་པ་རྣམ་པར་རྨོངས། །རྣམ་རྟོག་ཆུ་གཉེར་རྟག་ཏུ་མི་ཟད་ཀྱང༌། །དཔེ་ཟླ་བྲལ་པ་ཁྱེད་ཀྱི་ཡོན་ཏན་ལ། །ཅུང་ཟད་ཙམ་ཡང་བསམ་པར་ནུས་མ་གྱུར། །འཁོར་བ་རྒྱུན་རིང་འདི་སྙེད་དག་ཏུ་ནི། །ཟིན་མེད་འཁོར་མོ་ཡུག་ཏུ་ལས་སྤྱོད་ཀྱང༌། །ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ། །ཁྱོད་ཀྱི་ཡུལ་ལ་འཇུག་པའི་སྐལ་པ་ཕྲ། །གངྒཱའི་བྱེ་མ་སྙེད་དང་དེ་ལས་གཞན། །ཆོས་དབྱིངས་རྗེས་སུ་སོང་བའི་ཞིང་རྣམས་སུ། །རྒྱལ་བས་ཁྱོད་ཀྱི་བསྔགས་པ་ཡང་ཡང་གསུངས། །རྣམ་པར་ཐར་པ་མུ་མཐའ་མེད་པར་གྲགས། །ཕྱོགས་བཅུའི་ཞིང་ན་ཤིན་ཏུ་དབང་ཐོབ་པའི། །སྙིང་སྟོབས་ཆེན་པོ་དཔའ་བོ་གང་བཞུགས་པ། །དེ་ཀུན་ཁྱོད་ཀྱི་རྗེས་སུ་འབད་པས་སློབ། །སྡིག་ཏོ་ཅན་ཡང་མཚན་གྱིས་ཟིལ་ནོན་པས། །ལོག་པར་ཞུགས་པའི་བ་དན་རིང་དུ་བསྙལ། །ཐལ་བའི་རི་བོ་ཡེ་ཤེས་རླུང་གིས་གཏོར། །སྡིག་པའི་བག་ཆགས་བྱམས་པའི་ཆོས་ཆུས་བཀྲུ། །འཁོར་བའི་རྒྱ་མཚོར་བྱིངས་རྣམས་ཕ་རོལ་བསྒྲལ། །ཉོན་མོངས་གཟེབ་ཏུ་ཆུད་པའི་སྒྲོག་བརྡལ་ཞིང༌། །ཞི་བ་ཕྱོགས་གཅིག་པ་ཡི་འཆིང་བ་བཅད། །འདུན་པས་འགྲོ་རྣམས་གོང་དུ་དབུགས་དབྱུང་བ། །མཁས་
ཤིང་ཟབ་པའི་མཚན་ཉིད་བརྟག་མི་བཟོད། །ཁྱོད་ནི་འབྱུང་བཞིའི་ནང་ནས་ནམ་མཁའ་སྟེ། །སྣང་བ་རྣམས་ལས་ཉིན་མོར་བྱེད་པའི་འོད། །མི་དབང་ཁྲོད་ན་གསེར་གྱི་འཁོར་ལོས་སྒྱུར། །རྒྱལ་སྲས་དབུས་སུ་ཁྱོད་ནི་ཐུ་བོ་ལགས། །འཕགས་པ་ཡིས་ཀྱང་ཕྱོགས་ཙམ་མི་མཚོན་པ། །ཁྱོད་ཀྱི་ཡོན་ཏན་སོ་སྐྱེས་ཇི་ལྟར་འཇལ། །འོན་ཀྱང་ཕན་ཡོན་མཐོང་བས་ཇི་ནུས་ཀྱིས། །སྐྱེ་བ་ཀུན་ཏུ་ཁྱོད་ལ་བསྔགས་པར་འདོད། །ས་བཅུའི་དབང་ཕྱུག་རྣམས་ཀྱང་བླ་མ་ལྟར། །བསྙེན་ཅིང་དཔེ་རུ་བྱ་བའི་སྤྱོད་ཡུལ་ལ། །བྱིས་པས་ཅུང་ཟད་ཞུགས་པར་ནུས་མིན་ཀྱང༌། །ངོ་མཚར་ཆེན་པོའི་རྗེས་སུ་འབད་པས་སློབ། །ཏིང་འཛིན་སྒོ་བརྒྱ་ལྡན་པའི་ཁང་བཟང་དུ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཚོགས་ཀྱི་དབུས། །འཇིག་རྟེན་མགོན་པོ་འཇིགས་པ་མེད་པར་བཞུགས། །དེ་བཞིན་རྡུལ་སྙེད་ཞིང་ན་དེ་སྙེད་སྐུ། །ཡོན་ཏན་བྱེ་བས་བརྒྱན་པའི་ཀུན་ཏུ་བཟང༌། །རྟག་ཏུ་དད་པའི་ཡིད་ཀྱིས་བསམ་པར་བགྱི། །དབྱངས་གཅིག་གིས་ཀྱང་ཕྱོགས་དུས་ཐམས་ཅད་དུ། །ཡོན་ཏན་རྗེས་སུ་ཁྱབ་པའི་བསྔགས་པ་བརྗོད། །བདག་ལུས་ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་དང༌། །དེ་སྙེད་འགྲོ་བ་རེ་རེའི་ལུས་བཏུད་དེ། །བསོད་ནམས་བརྒྱ་པའི་ཞབས་མཐིལ་སྤྱི་བོར་ལེན། །སྣ་ཚོགས་བཀོད་པའི་འོད་ཟེར་སྟོང་འབར་བས། །ཆོས་དབྱིངས་མཐའ་དབུས་མེད་པར་གཏམས་པ་ཡི། །ཕྱག་རྒྱའི་སྤྲིན་ལས་མཆོད་པའི་ཆར་ཕབ་པ། །ཇི་ལྟར་མཁས་པ་ཀུན་ཏུ་བཟང་པོ་ཡི། །བྱང་ཆུབ་སེམས་དང་རྣམ་པར་ཐར་པ་ཡིས། །བཀོད་པའི་ཁྱད་པར་མ་ཚད་མེད་པས་མཆོད། །རྨི་ལམ་དུ་ཡང་མི་དགེའི་རྩ་བ་དང༌། །མི་འགྲོགས་རྣམ་སྨིན་རྣམ་པར་སུན་འབྱིན་ཅིང༌། །དྲན་པས་ཉེས་སྤྱོད་བསྡམས་པའི་སྒོ་གཏན་དང༌། །ཤེས་བཞིན་སྒོ་གླེགས་རྟག་ཏུ་དཔའ་བ་ཡིས། །དེང་ནས་ཀུན་ཏུ་བཟང་པོའི་སྤྱོད་ལ་འཇུག །བྱང་ཆུབ་ས་བོན་དངོས་དང་བརྒྱུད་པ་ནས། །དུས་གསུམ་བཟང་པོ་སྤྱོད་པས་གང་བཏབ་པ། །དེ་འབྲས་སྤྱོད་དང་ཆར་ཡང་གཏོགས་པ་
ནི། །ཆོས་དབྱིངས་ཁོངས་སུ་མཆིས་སོ་ཅོག་ཀུན་ལ། །ཡི་རང་ནམ་ཟླ་ཕྱོགས་མེད་དྲོས་པས་བརླན། །སྲིད་པའི་སྐྱེ་རྒྱུན་རབ་ཏུ་གཅོད་བྱེད་པ། །དམ་ཆོས་འཁོར་ལོ་རྒྱ་ཆེན་བསྐོར་བཞིན་ཏུ། །མཁའ་དང་འགྲོ་ཁམས་ཇི་སྲིད་དེ་སྲིད་དུ། །གཟུགས་སྐུ་གདུལ་བྱའི་མིག་ལ་སྣང་མཛད་གསོལ། །སྲས་བཅས་རྒྱལ་བའི་ཡོངས་བསྔོ་རྒྱ་མཚོ་ལ། །བདག་གཞན་ལེགས་པར་སྤྱད་པའི་ཆུ་ཐིགས་ཀུན། །དམིགས་པ་མེད་པའི་སེམས་ཀྱིས་ལེགས་བསྲེས་པས། །ཀུན་ཏུ་བཟང་སོགས་རྒྱལ་དང་རྒྱལ་སྲས་ཀྱི། །རྣམ་ཐར་རྒྱ་མཚོ་གྲངས་མེད་བྱེ་བ་ཕྲག །གོང་ནས་གོང་དུ་འཕེལ་བ་བདག་རྒྱུད་ལ། །མྱུར་དུ་རྫོགས་ཏེ་མཚུངས་པ་མེད་གྱུར་ཅིག །སྲིད་པ་གཞན་ཏུ་ཉིང་མཚམས་མི་སྦྱོར་བར། །སྣང་བ་མཐའ་ཡས་ཞིང་རབ་བདེ་ལྡན་ཏུ། །འདབ་བརྒྱ་མཛེས་པའི་ལྷུམས་ན་མཚན་དཔེའི་ལུས། །སངས་རྒྱས་ཆོས་ཀྱི་སྣོད་དུ་སྐྱེས་གྱུར་ནས། །ས་བཅུའི་དབང་ཕྱུག་རྣམས་དང་སྐལ་མཉམ་ཤོག །རྒྱལ་དང་རྒྱལ་སྲས་ཐུ་བོར་མ་ལུས་པས། །བྱིན་གྱིས་བརླབ་ཅིང་རྗེས་སུ་བཟུང་ནས་ཀྱང༌། །འཆལ་དང་ང་རྒྱལ་སྙོམ་ལས་ཐེ་ཚོམ་སོགས། །བྱང་ཆུབ་སྤྱོད་ལ་བར་གཅོད་མི་འབྱུང་བར། །འཁོར་འདས་ཀུན་ན་མཉམ་པ་མེད་པ་ཡི། །རྣམ་ཐར་སྨོན་ལམ་ཕྲིན་ལས་འགྲུབ་གྱུར་ཅིག །འདི་ཡང་འཕགས་པ་ཉིད་གཟུགས་བརྙན་ཟོལ་གྱིས་རྟག་ཏུ་བཞུགས་པའི་མ་ཧཱ་ཚིན་གྱི་རི་བོ་འོ་མི་ཤན་དང་འདབ་ཆགས་པའི་ལྗོངས་སུ་ཡོན་ཏན་རྒྱ་མཚོས་དད་པས་བྲིས་པ་སྐྱེ་བ་ཀུན་ཏུ་འཕགས་མཆོག་ཀུན་ཏུ་བཟང་པོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །མངྒ་ལཾ། ༈ །སྐྱེས་ཐོབ་དམན་ཞིང་སྦྱངས་པའི་མཐུ་ཆུང་བས། །འཆད་རྩོད་རྩོམ་གསུམ་ནུས་པའི་གདིང་མེད་ཅིང༌། །ཅུང་ཟད་ཤེས་པ་གཞན་གྱི་ཆགས་སྡང་རྒྱུ། །ཕན་པ་མེད་ལ་གནོད་པའི་སྣ་འདྲེན་པ། །སྙིགས་དུས་མཁས་པའི་བྱ་བས་ཅི་ཞིག་བྱ། །འོན་ཀྱང་རྒྱལ་སྲས་ཁྱུ་མཆོག་འདི་དག་གི། །ཡོན་ཏན་མཐོང་ནས་མི་བཟོད་དད་པ་ཡིས། །བསྔགས་བརྗོད་རྒྱ་མཚོའི་སྤྲིན་ཆེན་གཡོ་བ་ལས། །
རྣམ་ཐར་ནོར་བུའི་ཆར་པ་འདི་ཕབ་བོ། །རྒྱལ་བ་ཉིད་དང་ཉེ་བའི་སྲས་འདི་རྣམས། །སྔགས་སུ་དཀྱིལ་འཁོར་གཙོར་ཡང་གསུངས་མོད་ཀྱི། །འདིར་ནི་ཕལ་ཆེར་མདོ་སྡེའི་ཚུལ་དག་དང༌། །མཐུན་པའི་བསྔགས་པ་ཇི་ལྟར་དཔོག་པ་བརྗོད། །འདོད་པའི་ཚེར་མ་བྲལ་ཞིང་ལྡོག་པ་མེད། །ཀུན་བཟང་སྨོན་ལམ་སྤྱོད་ལས་ངེས་བྱུང་བ། །བསམ་གྱིས་མི་ཁྱབ་རྒྱལ་སྲས་མཆོག་རྣམས་དང༌། །བདག་གཞན་འགྲོ་བ་མཉམ་པ་ཉིད་བརྙེས་ཤོག །ཅེས་ཉེ་བའི་སྲས་ཆེན་བརྒྱད་ལ་བསྔགས་པ་བརྗོད་པའི་ཚིག་ཕྲེང་འདི་རྣམས་ཀརྨ་བཀའ་བརྒྱུད་ཀྱི་བཙུན་པ་ཡོན་ཏན་རྒྱ་མཚོས་ཤར་རོང་གི་ལྗོངས་རྒྱུ་བའི་སྐབས་ཅི་རིགས་པར་བསྟར་བ་བཀྲ་ཤིས་དཔལ་འབར་འཇམ་གླིང་མཛེས་པའི་རྒྱན་ཏུ་ཤོག། །།ཤུ་བྷཾ།། །།
བླ་མེད་ལྷན་སྐྱེས་རྣམ་བཞིའི་སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར།
བླ་མེད་ལྷན་སྐྱེས་རྣམ་བཞིའི་སྒྲུབ་ཐབས་རྫོགས་པའི་རྣལ་འབྱོར་ཞེས་བྱ་བ་བཞུགས་སོ།།
ན་མོ་བཛྲ་དྷ་རཱ་ཡ། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་ལྷན་སྐྱེས་རྣམ་བཞི་སྒྲུབ་ཅིང་ཉམས་སུ་བླང་བ་ནི། དུར་ཁྲོད་ལ་སོགས་པ་བརྒྱུད་ནས་བཤད་པའི་གནས་གང་ཡང་རུང་བར་ལྷན་སྐྱེས་བཞི་གའམ་གང་རུང་ཉམས་སུ་བླང་བྱའི་བྲིས་སྐུ་བཤམས་པའི་མདུན་ཏུ་དཀར་གཏོར་པདྨས་བསྐོར་བའི་མདུན་ཏུ་མཆོད་པ་ཅི་འབྱོར་པ་བཤམ། སྔོན་འགྲོ་གཏོར་མ་དང་འཇིག་རྟེན་པའི་གཏོར་མ་སོགས་དང༌། རྡོར་དྲིལ་ནང་མཆོད་ཤ་ལྔ་བདུད་རྩི་ལྔས་སྦགས་པ་འདུ་བྱ། སྟན་བདེ་བར་འདུག་ནས། རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་ལྷན་ཅིག་སྐྱེས་པའི་སྐུར་གསལ་བར་གྱུར། ནང་མཆོད་ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་གིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། ཨོཾ་ཨཱཿཧཱུྃ་ལས་ཐོད་པའི་སྒྱེད་པུ་གསུམ་ལ་གནས་པའི་ཨཱ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་དབུས་དང་ཕྱོགས་བཞིར་ཧཱུྃ་ཨྃ་ཁྃ་ཨྃ་ཏྲཱྃ་དང༌། བཱྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་བདུད་རྩི་ལྔ་དང་སྒྲོན་མེ་ལྔར་རང་རང་གི་ས་བོན་གྱིས་མཚན་པ་རླུང་གིས་བསྐྱོད། མེ་སྦར་ཞིང་བསྐོལ་བས་ས་བོན་དང་བཅས་པའི་རྫས་རྣམས་ཞུ་བ་ཉི་མ་འཆར་ཁ་ལྟ་བུའི་ཁ་དོག་ཅན། དེའི་རླངས་པ་ལས་གྲུབ་པའི་དངུལ་ཆུའི་
མདོག་དང་མཚུངས་པའི་ཁ་ཊྭཱཾ་ག་འོག་ཏུ་ལྟ་བ། དེ་ཉིད་ཀྱང་ཞུ་ནས་བཅུད་དང་དབྱེར་མེད་དུ་འདྲེས་པའི་སྟེང་དུ་ཨ་ཨཱ་ནས། ཧ་ཀྵཿཡོངས་སུ་གྱུར་པ་ལས་ཨོཾ་ཨཱཿཧཱུྃ་སྟེང་ནས་སྟེང་དུ་བརྩེགས་ཏེ་གནས་པ་ལས་དཀྱིལ་འཁོར་གྱི་ལྷ་རྣམས་སྤྲོས། སེམས་ཅན་གྱི་དོན་བྱས་ནས་སྙོམས་པར་ཞུགས་པས་ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་ཡང་དམ་ཚིག་གི་བདུད་རྩི་དང་གཉིས་སུ་མེད་པར་གྱུར། ཅེས་བྱིན་གྱིས་བརླབས་ཤིང་མྱང༌། སྔོན་འགྲོ་གཏོར་མ་གོང་ལྟར་བྱིན་གྱིས་བརླབས་ནས། པད་ཀོར་རྡོར་ཐལ་ཁ་ཕྱེ་བའི་རྒྱས། ཨོཾ་ཁ་ཁ་ཁཱ་ཧི་ཁཱ་ཧི་སརྦ་ཡཀྵ་རཱཀྵ་ས་བྷཱུ་ཏ་པྲེ་ཏ་པི་ཤཱ་ཙོནྨ་ད་ཨ་པ་སྨ་ར་ཌཱ་ཀ་ཌཱ་ཀི་ནྱ་ད་ཡ། ཨི་མཾ་བ་ལིཾ་གྲྀཧྞནྟུ་ས་མ་ཡ་རཀྵནྟུ། སརྦ་སིདྡྷིམྨེ་པྲ་ཡཙྪནྟུ། ཡ་ཐཻ་བཾ། ཡ་ཐཻཥྚཾ། བྷུ་ཛ་ཐ། བི་ཝ་ཐ། ཛིགྷྲཱ་ཐ། མ་ཏི་ཀྲ་མ་ཐ། མ་མ་སརྦ་ཀརྟྟ་ཡ། སཏྶུ་ཁཾ་བི་ཤུདྡྷཱ་ཡ། སཧཱ་ཡི་ཀ་བྷ་བནྟུཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། གསུམ་དང༌། ལྷ་ཡི་ཚོགས་རྣམས་མ་ལུས་དང༌། །ཀླུ་ཡི་ཚོགས་རྣམས་མ་ལུས༴ །གནོད་སྦྱིན༴ །སྲིན་པོའི༴ །འབྱུང་པོའི༴ །ཡི་དྭགས༴ །ཤ་ཟའི༴ །སྨྱོ་བྱེད༴ །རྗེད་བྱེད༴ །མཁའ་འགྲོའི༴ །མ་མོའི༴ །མ་ལུས་པ་ནི་ཐམས་ཅད་དག །འདིར་གཤེགས་བདག་ལ་དགོངས་སུ་གསོལ། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་
ལ། །ནད་མེད་ཚེ་དང་དབང་ཕྱུག་དང༌། །དཔལ་དང་གྲགས་དང་སྐལ་བ་བཟང༌། །ལོངས་སྤྱོད་རྒྱ་ཆེན་ཀུན་ཐོབ་ཅིང༌། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་བཀའ་དྲིན་སྩོལ། །དུས་མིན་འཆི་དང་ནད་རྣམས་དང༌། །གདོན་དང་བགེགས་རྣམས་ཞི་བ་དང༌། །རྨི་ལམ་ངན་དང་མཚན་མ་ངན། །བྱད་སྟེམས་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང༌། །འབྲུ་རྣམས་འཕེལ་ཞིང་ཆོས་འཕེལ་དང༌། །བདེ་ལེགས་ཐམས་ཅད་འགྲུབ་པ་དང༌། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་གཏོར་མ་དབུལ། མཆོད་པ་བསང་སྦྱང༌། སྟོང་པའི་ངང་ལས་ཨཱ་ལས་ཐོད་པའི་སྣོད་དུ་ཧཱུྃ་ཡོངས་སུ་གྱུར་པ་ལས་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་སྤྲིན་ལྟ་བུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་དགྱེས་པ་བསྐྱེད་ནུས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་ཏུ། པཱ་དྱཾ། པུཥྤཾ། དྷཱུ་པཾ། ཨཱ་ལོ་ཀཾ། གྷནྡྷཾ། ནཻ་ཝི་དྱཾ། ཤབྡ། ཞེས་སོ་སོའི་ཕྱག་རྒྱ་དང་བཅས་པས་བྱིན་གྱིས་བརླབ། བདག་དུས་དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ༴ །སངས་རྒྱས་བཅོམ་ལྡན་འདས་རྣམས་ལ༴ །དམ་པའི་ཆོས་རྣམས་ལ༴ །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་
པ་རྣམས་ལ་སྐྱབས་སུ་མཆིའོ། །གསུམ་དང༌། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་ས་རྡོ་རྗེའི་རྭ་བ་གྲུ་བཞི་པ་ཕྱོགས་ཀྱི་མདོག་ཅན་དུ་གྱུར་པའི་འོག་ཏུ་ཧཱུྃ་ལས་སྣ་ཚོགས་རྡོ་རྗེའི་ལྟེ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པས་ས་གཞི་སྣ་ཚོགས་རྡོ་རྗེའི་རང་བཞིན་དང༌། རྡོ་རྗེའི་རྭ་བ། སྟེང་དུ་རྡོ་རྗེ་རྩེ་ལྔ་པའི་རྣམ་པ་ཅན་གྱི་མདའི་དྲྭ་བ་དང༌། གུར་གྱི་ནང་དུ་བླ་རེ། ཕྱི་རོལ་རྡོ་རྗེའི་མེ་དཔུང་འབར་བས་བར་མེད་དུ་ཁྱབ་པར་གྱུར། ཨོཾ་མེ་དཱི་ནི་བཛྲཱི་བྷ་ཝ་བཛྲ་བནྡྷ་ཧཱུྃ། ཨོཾ་བཛྲ་པྲ་ཀཱ་ར་ཧཱུྃ་པྃ་ཧཱུྃ། ཨོཾ་བཛྲ་པཉྫ་ར་ཧཱུྃ་བྃ་ཧཱུྃ། ཨོཾ་བཛྲ་བི་ཏཱ་ན་ཧཱུྃ་ཁྃ་ཧཱུྃ། ཨོཾ་བཛྲ་ཤ་ར་ཛཱ་ལ་ཏྲྃ་བྃ་ཏྲྃ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུྃ་ཧཱུྃ་ཧཱུྃ། ཞེས་སྲུང་འཁོར་བསྒོམ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པ་དཀྱིལ་འཁོར་བའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་འཆང་ཞབས་པད་ལ་འདུད། །ཅེས་བསྟོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང༌། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང༌། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་སྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །གསུམ་བརྗོད། ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་
སྙོམས་ཆེན་པོ་ལ་ཡུན་རིང་དུ་གནས་པར་གྱུར་ཅིག ཅེས་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅ཧཾ། སྟོང་པའི་ངང་ལས་སྲུང་འཁོར་གྱི་དབུས་སུ་འབྱུང་བ་རིམ་བརྩེགས་རི་རབ་དང་བཅས་པའི་སྟེང་དུ་རྡོ་རྗེའི་གུར་འཇིག་དུས་ཀྱི་མེ་ལྟར་འབར་བ་མེ་རི་དང་བཅས་པ་གསལ་བའི་ལྟེ་བར་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྩིག་པ་རིམ་པ་ལྔ་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར། ཅེས་པ་ནི་ལྷན་སྐྱེས་བཞི་ག་ལ་རིགས་འགྲེས་པ་བྱ་ཞིང༌། ལྷན་སྐྱེས་བཞི་ག་ཕྱོགས་གཅིག་ཏུ་བྱེད་ན་ཚད་མེད་བཞི་ཡན་ཆད་ཐུན་མོང་དུ་བྱས་ལ། ཨོཾ་ཤཱུ་ནྱ་ཏཱ་མན་ཆད་ལྷ་སོ་སོར་བྱའོ། །དང་པོ་གསང་འདུས་མི་བསྐྱོད་པ་ལྷན་སྐྱེས་སྒེག་པའི་རྡོ་རྗེའི་ལུགས་ནི། གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་རང་ཉིད་སྐད་ཅིག་«་་་་་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། རྣམ་པ་ཀུན་གྱི་མཆོག་ལྡན་པ། །སྤྲོ་དང་བསྡུ་པ་བྱེད་པའོ། །ཡེ་ཤེས་སྐད་ཅིག་གིས་རྫོགས་པ། །རྫོགས་པའི་རྣལ་འབྱོར་ཞེས་བརྗོད་དོ། །ཞེས་སོགས་གསུངས་པ་ལྟར་ལྷ་རྣམས་སྐད་ཅིག་གིས་བསྐྱེད་པ་ནི་རགས་པའི་རྫོགས་རིམ་པ་ཟབ་མོ་བསྐྱེད་པའི་མན་ངག་ཅེས་རྣལ་འབྱོར་རྫོགས་ཕྲེང་དུ་གསུངས་པ་སྟེ་ཆེས་ཤིན་ཏུ་ཟབ་ཁྱད་ཆེའོ། །མཆན། »གིས་བཅོམ་ལྡན་འདས་དཔལ་གསང་བ་འདུས་པ་ཞེ་སྡང་རྡོ་རྗེ་མཐིང་ནག་ཞལ་གཅིག་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་རང་འདྲ་བའི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ལ་འཁྱུད་པ། ཡབ་ཀྱི་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ། ཡབ་ཡུམ་གཉིས་ཀ་རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། སེ་མོ་དོ། དོ་ཤལ། སྐ་རགས། ཕྱག་གདུབ། ཞབས་གདུབ་ལ་སོགས་པས་བརྒྱན་ཅིང༌། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་ཅན། མཚན་དཔེས་སྤྲས་པ་འོད་ཀྱི་ཕྲེང་བ་འཕྲོ་ཞིང་འབར་བར་གྱུར། ཅེས་དང༌། གཉིས་པ་བདེ་མཆོག་ལྷན་སྐྱེས་དྲིལ་བུ་ལུགས་ནི། གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པད་ཉི་འཇིགས་དུས་ཀྱི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་སྐུ་མདོག་སྔོན་པོ་ཞལ་གཅིག་སྤྱན་གསུམ་
མངའ་བ། མཆེ་བ་ཅུང་ཟད་གཙིགས་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡོན་བསྐུམས་པས་འཇིགས་བྱེད་དང༌། གཡོན་བརྐྱངས་པས་དུས་མཚན་མ་མནན་པ། རལ་པའི་ཐོར་ཚུགས་ལ་ཡིད་བཞིན་ནོར་བུ་དང་ཟླ་ཕྱེད་སྣ་ཚོགས་རྡོ་རྗེ་བརྒྱན་པ། ཕྱག་རྒྱ་དྲུག་དང་མགོ་ཕྲེང་དར་དཔྱང་འཆང་བ། གར་གྱི་ཉམས་དགུ་དང་ལྡན་པའི་པང་དུ་ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་ཁྲག་འཛིན་པ། སྐྲ་གྲོལ་ཞིང་ཕྱག་རྒྱ་ལྔ་དང་ཐོད་སྐམ་གྱི་ཕྲེང་བ་ཅན། ཞབས་གཡོན་བརྐྱངས་གཡས་བསྐུམས་པས་ཡབ་ལ་འཁྲིལ་བ། གཉིས་ཀ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པར་གྱུར། ཅེས་དང༌། གསུམ་པར་དགྱེས་རྡོར་ལྷན་སྐྱེས་ཤཱནྟི་པའི་ལུགས་ནི། གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པད་ཉི་རོའི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་སྐུ་མདོག་ནག་པོ་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དམར་ཞིང་འཁྲུགས་པ། གཡས་རྡོ་རྗེ་རྩེ་དགུ་དང་གཡོན་རྡོ་རྗེས་མཚན་པའི་ཐོད་པ་གཉིས་བསྣོལ་བས་ཡུམ་ལ་འཁྱུད་པ། གར་གྱི་ཉམས་དགུ་དང་ཕྱག་རྒྱ་དྲུག་གིས་བརྒྱན་ཅིང་སྟག་ལྤགས་ཀྱི་ཤམ་ཐབས་ཅན། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། ཐོད་སྐམ་ལྔའི་དབུ་རྒྱན་དང༌། རློན་པ་ལྔ་བཅུའི་དོ་ཤལ་ཅན། གཡས་བརྐྱང་བའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཅན། དེའི་པང་དུ་ཡུམ་རྡོ་རྗེ་བདག་མེད་མ་སྔོ་བསངས། གྲི་ཐོད་འཛིན་ཅིང་ཕྱག་རྒྱ་ལྔས་སྤྲས་པ། ཡབ་ཡུམ་ཡེ་ཤེས་ཀྱི་མེ་འོད་འཁྲུགས་པའི་ཀློང་ན་བཞུགས་པར་གྱུར། ཅེས་དང༌། བཞི་པ་དུས་འཁོར་ལྷན་སྐྱེས་རཱ་ཧུ་ལ་ཤྲཱི་བྷ་དྲའི་ལུགས་ནི། གཞལ་ཡས་ཁང་གི་ནང་དུ་སྣ་ཚོགས་པདྨ་ཟླ་ཉི་སྒྲ་གཅན་གྱི་གདན་ལ་རང་ཉིད་སྐད་ཅིག་གིས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ་ཞལ་གཅིག་པ་སྤྱན་གསུམ་པ་ཞལ་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱི་མཐེ་བོང་སེར་པོ། མཛུབ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་གུ། སོར་མོ་རྣམས་ཀྱི་ཚིགས་ཀྱི་ཕྲེང་བ་དང་པོ་ནག་པོ། གཉིས་
པ་དམར་པོ། གསུམ་པ་དཀར་པོ་ཅན་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཞབས་གཡས་དམར་པོ་བརྐྱངས་པས་འདོད་ལྷ་དམར་པོའི་སྙིང་ག་མནན་ཅིང༌། གཡོན་དཀར་བ་བསྐུམས་པས་དྲག་པོ་དཀར་པོ་མནན་པ། ལྷ་མོ་དགའ་མ་དང་ཨུ་མ་གདོང་དམན་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་འཁྱུད་པ། རལ་པའི་ཅོད་པན་ཡིད་བཞིན་གྱི་ནོར་བུ་དང་ཟླ་ཕྱེད་སྣ་ཚོགས་རྡོ་རྗེས་མཚན་པ། རུས་པའི་རྒྱན་ཆ་དང་རྡོ་རྗེའི་རྒྱན་ཅན། སྟག་སྤགས་ཀྱི་ཤམ་ཐབས་གྲོལ་བ། སྐུ་སྟོད་ལ་གླང་ཆེན་གྱི་ཀོ་རློན་འཆང་བ། ཐལ་ཆེན་གྱིས་བྱུགས་པ། དར་དཔྱངས་དང་མཆོད་ཕྱིར་ཐོགས་ཀྱིས་སྤྲས་པའི་པང་དུ་སྣ་ཚོགས་ཡུམ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མངའ་བ་གྲི་ཐོད་འཛིན་ཅིང༌། རུས་པའི་ཕྱག་རྒྱ་ལྔ་འཆང་ཞིང་གཅེར་མོ་སྐྲ་ཕྱེད་རྒྱབ་ཏུ་གྲོལ་བ། ཞབས་གཡས་བསྐུམས་གཡོན་བརྐྱངས་པས་ཡབ་ལ་སྦྱོར་བ་བདེ་བ་ཆེན་པོའི་རང་བཞིན་ཅན། རིན་པོ་ཆེས་བརྒྱན་པ། ཡབ་ཡུམ་དྲི་མ་མེད་པའི་འོད་ཟེར་སྣ་ཚོགས་འཕྲོ་བར་གྱུར། ཅེས་སོ། །དེ་ནས་ལྷན་སྐྱེས་བཞི་པོ་གང་བསྒོམས་ཀྱང་གསལ་སྣང་ཐོན་ནས་ལྷ་ཡབ་ཡུམ་གྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཧཱུྃ་སྔོན་པོས་མཚན་པར་གྱུར། འབར་བའི་རྒྱུ་སྨིན་མཚམས་སུ་བསྐོར་ཞིང༌། ཕཻཾ། སྙིང་གར་ཉི་མ་ལ་གནས་པའི་ཧཱུྃ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་སུ་བཞུགས་པའི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་དང་དབང་གི་ལྷ་རྣམས་ཐམས་ཅད་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་པ་དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ལག་གཉིས་འདོད་ཡོན་རྣམ་ལྔ་འདོད་ཀོར་དང་འཁྱུད་རྒྱས། ཨོཾ་ཡོ་ག་ཤུདྡྷཱ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཆོས་ཐམས་ཅད་ཐབས་ཤེས་དབྱེར་མེད་ཀྱི་རྣལ་འབྱོར་དུ་དག་ལ་བདག་ཀྱང་དེའི་ངོ་བོར་དག་གོ །ཞེས་ང་རྒྱལ་གཟུང༌། ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས་པའི་དབང་གི་ལྷ་རྣམས་ནམ་མཁར་བཞུགས་པ་ལ།
ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བས་ལྷ་ཐམས་ཅད་བདེ་བ་ཆེན་པོའི་བདག་ཉིད་དུ་གྱུར་ཏེ་ཆུ་ལྷག་མ་ལས། གསང་འདུས་ཀྱི་སྐབས་སུ་ཡབ་ཡུམ་གཉིས་ཀ་ལ་རྡོ་རྗེ་འཆང་གིས་དབུ་བརྒྱན། ཅེས་སོ། །བདེ་མཆོག་གི་སྐབས་སུ་བཅོམ་ལྡན་འདས་ལ་མི་བསྐྱོད་པ། རྡོ་རྗེ་ཕག་མོ་ལ་རྣམ་པར་སྣང་མཛད་ཀྱིས་དབུ་བརྒྱན། ཅེས་དང༌། དགྱེས་རྡོར་གྱི་སྐབས་ཡབ་ཡུམ་གཉིས་ལ་མི་བསྐྱོད་པས་དབུ་བརྒྱན། ཅེས་དང༌། དུས་འཁོར་གྱི་སྐབས་ཡབ་ཡུམ་གཉིས་ལ་རྒྱལ་བ་ལྔ་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན། ཅེས་དང༌། ཐུན་མོང་དུ་དབང་གི་ལྷ་རྣམས་རང་ཉིད་ལ་ཐིམ་པར་གྱུར་པར་བསམ། དེ་ནས་ཕྱི་མཆོད་ནི། ཐུགས་ཀའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་ལྷ་མོ་མཆོད་རྫས་འཛིན་པ་ནམ་མཁའི་ཁམས་ཀུན་ནས་གང་བས་དཀྱིལ་འཁོར་པ་ལ་མཆོད་པར་གྱུར། ཨོཾ་ཤྲཱི་ཧེ་རུ་ཀ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཤབྡའི་བར་གྱིས་མཆོད། ནང་མཆོད་ནི། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་གསུམ་པའི་སྦུ་གུས་བདུད་རྩི་དྲངས་ནས་གསོལ་བར་གྱུར། ཨོཾ་ཨ་མྲྀ་ཏ་སྭ་ད་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཏཾ། ཨོཾ་ཨཱཿཧཱུྃ་ཞེས་དང་ལྷ་ཡབ་ཡུམ་གང་ཡིན་གྱི་སྔགས་མཐར་ཨོཾ་ཨཱཿཧཱུྃ་བཏགས་པ་དང༌། ཨོཾ་ཨཱཿཧཱུྃ་སརྦ་དྷརྨ་པཱ་ལ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཐིགས་གཏོར་འབུལ། གསང་མཆོད་ནི། ཡབ་ཀྱི་གསང་བ་མི་དམིགས་པ་ལས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ནོར་བུ་ཨོཾ་གྱིས་མཚན་པའི་བུ་ག་ཕཊ་སེར་པོས་བཀག་པ། ཡུམ་གྱི་གསང་བ་མི་དམིགས་པ་ལས་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུ་ཨཱཿས་མཚན་པ་བདེ་བ་འབབ་པའི་རྩ་ཧྲཱིཿཡིག་དམར་པོས་མཚན་པ། ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པས་དགའ་བ།
དེ་ནས་སྙིང་གའི་བར་མཆོག་དགའ། དེ་ནས་ལྟེ་བའི་བར་ཁྱད་དགའ། དེ་ནས་རྡོ་རྗེ་ནོར་བུའི་རྩེ་མོར་སོན་པས་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཉམས་སུ་མྱངས་པར་གྱུར། འཁྱུད་རྒྱ་བྱས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བརྗོད། དེ་ཁོ་ནའི་མཆོད་པ་ནི། རང་བཞིན་མེད་པའི་གནས་གོམས་པས། །ལྷ་ཡི་སྙིང་པོ་སྒོམ་བྱེད་པ། །དེ་ནི་མཆོད་པ་ཆེན་པོར་འདོད། །སངས་རྒྱས་ཐམས་ཅད་རྟོགས་བྱེད་པའོ། །ཞེས་གནས་ལུགས་བསྒོམ། བསྟོད་པ་ནི་རྡོ་དྲིལ་དང་བཅས་པས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་པ་ཁྱོད་ལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་པ་ཁྱོད་ལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བསྟོད་ལ་བསྐྱེད་རིམ་ལ་མཉམ་པར་བཞག སླར་རྫོགས་རིམ་ནི། བདག་ཉིད་ཧེ་རུ་ཀར་གནས་པའི་སྐུའི་ནང་དུ་རྩ་གསུམ་འཁོར་ལོ་བཞི་གསལ་བའི་སྤྱི་བོའི་རྩ་འདབ་ཀྱི་དབུས་སུ་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ། མགྲིན་པར་རྩ་འདབ་ཀྱི་དབུས་དང་ཕྱོགས་བཞིར་གཡས་སྐོར་དུ་མཱྃ་ལཱྃ་པཱྃ་ཏཱྃ་ཨཱྃ་རྣམས་དཀར་སྔོ་སེར་ལྗང་དམར། སྙིང་གའི་རྩ་འདབ་ཀྱི་དབུས་སུ་སུྃ་དཀར་པོ། ཕྱོགས་བཞིར་མདུན་ནས་གཡས་སྐོར་དུ་ཧཱུྃ་ཨཱྃ་ཛྲཱིཾ་ཁྃ་རྣམས་སྔོ་སེར་དམར་ལྗང༌། ལྟེ་བའི་རྩ་འདབ་ཀྱི་དབུས་སུ་ཨཱ་དམར་པོ་གསལ་བ་རླུང་གི་སྦྱོར་བས་ཨཱ་ལས་
གཏུམ་མོའི་མེ་སྦར་བས་ཡི་གེ་བཅུ་པོ་བསྲེགས་ཤིང་ཧཾ་ལས་དཀར་ཆའི་རྒྱུན་བབས་པས་ཡི་གེ་བཅུ་སླར་གསོས་ཤིང་དཀར་དམར་འདྲེས་བས་རྩ་འཁོར་ཐམས་ཅད་གང་ཞིང་ཡི་གེ་རྣམས་ལ་དྲི་མ་མེད་པའི་འོད་འཕྲོ་བས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱངས་པར་གྱུར། ཅེས་ཡུན་རིང་དུ་བསྒོམ། དེ་ལྟར་བསྒོམས་པས་སྐྱོ་ན། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་ཐོན་པ་དྷཱུ་ཏཱིའི་ནང་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་ཞུགས་པ་སྐུའི་དབྱིབས་བརྒྱུད་ཡུམ་གྱི་ཞལ་ནས་ཐོན་ཏེ་རང་གི་ཞལ་དུ་ཞུགས་ཤིང་འཁོར་བར་གྱུར་པར་དམིགས་ནས། གསང་འདུས་ཡབ་ལ། ཨོཾ་ཨཱཿབཛྲ་དྷྲྀཀ྄་ཧཱུྃ་ཧཱུྃ། ཞེས་དང༌། ཡུམ་ལ། ཨོཾ་ཨཱཿབཛྲ་དྷཱ་ཏྭཱི་ཤྭ་རཱི་ཧཱུྃ། ཞེས་སོགས། བདེ་མཆོག་ཡབ་ལ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧཱུྃ་ཧཱུྃ་ཕཊ། ཌཱ་ཀི་ནཱི་ཛཱ་ལ་སམྦ་རཾ་སྭཱ་ཧཱ། ཞེས་དང༌། ཡུམ་ལ། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོ། །དགྱེས་རྡོར་ཡབ་ལ། ཨོཾ་དེ་ཝ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་དང༌། ཡུམ་ལ། ཨོཾ་བཛྲ་ཌཱ་ཀི་ནཱི་ཡེ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་སོགས། དུས་འཁོར་ཡབ་ལ། ཨོཾ་ཨཱཿཧཱུྃ་ཧོ་«ཧྃཀྵམལཝརཡ»་ཧཱུྃ་ཕཊ། །ཅེས་དང༌། ཡུམ་ལ། ཨོཾ་ཨཱཿབི་ཤྭ་མ་ཏྲྀ་ཧཱུྃ་ཕཊ། ཅེས་སོ། །དེ་ལྟར་ལྷན་སྐྱེས་བཞི་པོ་གང་ཡིན་ཡང་ཡབ་ཀྱི་བསྙེན་པའི་གྲངས་ཅི་ཙམ་བཟླས་པའི་བཅུ་ཆ་ཙམ་ཡུམ་ལ་ཡང་བཟླ་དགོས་སོ། །ཐུན་མཐར་བསྡུ་རིམ་ནི། ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་རྟེན་གཞལ་ཡས་ཁང་འོད་དུ་ཞུ་ནས་ཡུམ་ལ་ཐིམ། ཡུམ་ཡབ་ལ། ཡབ་ཐུགས་ཀའི་ཧཱུྃ་ལ། ཧཱུྃ་ཡིག་ཞབས་ཀྱུ་ཁོག་པ་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་དའི་བར་དུ་བསྡུས་ནས་ནཱ་ད་ཡང་མི་དམིགས་པར་གྱུར་པའི་ངང་དུ་བཞག སླར་ཡང་རང་ཉིད་ཧེ་རུ་ཀ་ཞལ་གཅིག་ཕྱག་གཉིས་དཔའ་རྐྱང་གི་གནས་གསུམ་ཡི་གེ་གསུམ་གྱིས་མཚན་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་ཐུན་མཚམས་ཀྱི་སྤྱོད་ལམ་དགེ་བའི་བྱ་བ་གང་དགོས་ལ་འཇུག་གོ །ལྷན་སྐྱེས་བཞི་ག་ལྷན་ཅིག་ཏུ་བྱེད་ན་ནང་མཆོད་བྱིན་རླབས་ནས་ཚད་མེད་བཞི་ཡན་ཐུན་མོང་དུ་བྱ་ཞིང༌། ཨོཾ་ཤཱུ་ནྱ་ཏཱ་ནས། ཡོངས་སུ་
རྫོགས་པར་གྱུར་གྱི་བར་དང༌། སྤྱན་འདྲེན་ནས་ཐུན་མཚམས་སུ་བསྡུ་རིམ་གྱི་བར་ལྷན་སྐྱེས་རེ་རེའི་ལས་དེ་རྣམས་རེ་རེ་སྦྱར་དགོས་ཤིང༌། རིགས་བདག་གི་རྒྱས་འདེབས་སྔགས་རྣམས་རང་རང་སྐབས་ཐོབ་བྱེད་དགོས་སོ། །ཐུན་མཚམས་སུ་གཏོར་མ་འབུལ་བ་ནི། ཐོག་མར་འཇིག་རྟེན་ལས་འདས་པ་དཀྱིལ་འཁོར་པ་ལ་གཏོར་མ་འབུལ་བ་ནི། གཏོར་མར་བདུད་རྩི་བྲན་ལ་ནང་མཆོད་ལྟར་བྱིན་གྱིས་བརླབས་རྗེས། འབར་བའི་རྒྱས། ཕཻཾ་གཏོར་མགྲོན་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་སྐད་ཅིག་གིས་མདུན་གྱི་ནམ་མཁར་སྤྱན་དྲངས། ཨོཾ་ཤྲཱི་ཧེ་རུ་ཀ་ཨརྒྷཾ་སོགས་ཀྱིས་མཆོད། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །ཞེས་བསྟོད། ལྷ་ཐམས་ཅད་ཀྱི་ལྗགས་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་གསུམ་པའི་སྦུ་གུས་གཏོར་མ་དྲངས་ཏེ་གསོལ་བས་བདེ་བ་ཆེན་པོའི་རང་བཞིན་སྟོང་པ་ཉིད་དང་རོ་གཅིག་པར་གྱུར། ཨོཾ་ཨཱཿབཛྲ་དྷྲྀཀ྄་བཛྲ་དྷཱ་ཏྲཱི་ཤྭ་རཱི་ཨི་མཾ་བ་ལིཾ་གྲྀཧྞ་མ་མ་སརྦ་སིདྡྷི་ཕ་ལ་ཀུ་རུ་སྭཱ་ཧཱ། བདུན་གྱིས་འབུལ། མཆོད་ཅིང་བསྟོད་ནས། མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ཞེས་པ་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད་ཀྱི་བར་«་་་་་འདིས་མཚོན་ནས་ལྷན་སྐྱེས་གཞན་གསུམ་ལའང་གཏོར་མགྲོན་ཆེ་གེ་མོའི་དཀྱིལ་འཁོར་ཞེས་དང་ཨི་མཾ་གྱི་གོང་དུ་ལྷན་སྐྱེས་གང་ཡིན་པ་ཡབ་ཡུམ་གྱི་སྔགས་སྦྱར་བས་འགྲུབ་བོ།། »བརྗོད། འཇིག་རྟེན་པའི་གཏོར་མར་བདུད་རྩི་བྲན་པ་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། ཕཻཾ་དབང་པོ་ལ་སོགས་པའི་ཕྱོགས་སྐྱོང་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿབརྗོད། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར། ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས། ཤབྡའི་བར་གྱིས་མཆོད། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བདུན་གྱིས་གཏོར་མ་དབུལ། གོང་ལྟར་མཆོད་ནས། ཕྱོགས་སྐྱོང་བཅུ་པོ་འཁོར་དང་བཅས། །མཆོད་སྦྱིན་གཏོར་མ་འདི་སྣོམས་ལ། །ནས། ཀུན་འགྲུབ་མཛོད་ཀྱི་བར་བརྗོད། འཇིག་རྟེན་པའི་གཏོར་མ་གཙང་སར་དོར་ལ། འཇིག་རྟེན་འདས་པ་ཐུན་མོང་དུ་ཡི་གེ་
བརྒྱ་པ་ཚར་གསུམ་གྱིས་ལྷག་ཆད་ཁ་བསྐངས་ཏེ། བཛྲ་མུཿ འཇིག་རྟེན་པ་རྣམས་རང་རང་གི་གནས་སུ་གཤེགས། ཡེ་ཤེས་པ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་ཞེས་བསྲུང༌། ལྷན་སྐྱེས་བཞི་ག་ཕྱོགས་གཅིག་ཏུ་བྱེད་ན་འདས་གཏོར་ཡང་ཐུན་མོང་དུ་ཕྱོགས་གཅིག་ལ་བྱིན་རླབས་བྱས་རྗེས་མངོན་རྟོགས་ཀྱི་གོ་རིམ་ལྟར་ལྷ་ཡབ་ཡུམ་རྣམས་རིམ་གྱིས་སྔགས་རེ་རེའི་མཇུག་ཏུ་ཨི་མཾ་སོགས་བཏགས་པ་བདུན་བདུན་གྱིས་ཕུལ་རྗེས་ཐུན་མོང་དུ་མཆོད་ཅིང་འདུད་ཉི་ཤུས་བསྟོད་ལ། མཆོད་སྦྱིན་གཏོར་མ་འདི་སྣོམས་སོགས་བཞི་ག་ལ་ཐུན་མོང་དུ་བྱས་པས་འགྲུབ་བོ། །བསྔོ་བ་དང་སྨོན་ལམ་བྱ། ཁ་ཟས་ཀྱི་ཚེ་ཁ་ཟས་ནང་མཆོད་ལྟར་བྱིན་གྱིས་བརླབ་པའམ། བསྡུ་ན། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་གར་རྃ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་པའི་དབུས་སུ་ལྷན་སྐྱེས་བཞི་གའམ་རེ་རེ་སོགས་གང་བྱེད་གསལ་བཏབ་ལ། ལག་གཡས་བླུགས་གཟར་དང༌། ལྕེ་ཧཱུྃ་དང་རྡོ་རྗེ་ལས་བྱུང་བའི་དགང་གཟར་དུ་བསམས་ལ་བདུད་རྩི་ལྔའི་ངོ་བོར་ཕུལ་བས་ལྷ་རྣམས་ཚིམ་པར་གྱུར། ཁྲུས་ཀྱི་ཚེ་བུམ་དབང་གི་ཆོ་ག་ལྟར་བྱ། ཉལ་བའི་ཚེ་སྣོད་བཅུད་འོད་གསལ་དུ་བསྡུས་ལ་བསམ་གཏན་གཉིད་ཀྱི་མན་ངག་ལྟར་བྱ། ལྡང་བའི་ཚེ་རྣལ་འབྱོར་མ་རྣམས་ཀྱིས་ཞུ་བའི་གླུས་བསྐུལ་ནས་སད་དེ་འགྲོ་དོན་དུ་ལངས་པར་བསམ། གཞན་ཡང་གཙོ་བོར་བསྐྱེད་རྫོགས་དང་བཟླས་པས་དུས་འདའ་བར་བྱ་ཞིང༌། ཐུན་མཚམས་སུ་དགེ་བའི་བྱ་བ་ཁ་ཏོན་དང་སཱཙྪ་གདབ་བ་སོགས་བསགས་སྦྱང་ལ་འབད་ཅིང་བསྐྱེད་རྫོགས་བཟླས་པའི་ཐུན་མཚམས་ལ་སོགས་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀྱིས་ཀུན་ནས་བསླང་བར་བྱ་བ་ནི་གནད་དམ་པའོ། །ཞེས་པའང་རྒྱུད་སྡེ་རྒྱ་མཚོའི་མངོན་པར་རྟོགས་པ་སྤྲོས་པ་ཆེར་གསུངས་པ་དེ་རྣམས་དེང་སང་སྙིགས་མ་ལྔ་བདོར་ཚེ་ཐུང་བས་ལོང་མེད་པ་ལ་བསམ་ཞིང༌། ཁྱད་པར་བློ་དམན་རྣམས་ཀྱི་འཇུག་པ་བདེ་ཞིང་རང་ཉིད་ཀྱང་ཉམས་སུ་བླང་བའི་ཕྱིར་འབྲི་ཁུང་པ་སྐྱུ་རའི་རིགས་ལས་སྔགས་འཆང་རྡོ་རྗེ་འཛིན་པ་ཆོས་
ཀྱི་གྲགས་པས་རང་ལོ་སོ་བདུན་གྱི་སྟེང་ལྕགས་ལུག་ཟླ་བ་དགུ་པའི་དམར་པོའི་ཚེས་བཅུ་ལ་གདན་ས་ཆེན་པོ་འབྲི་ཁུང་དུ་སྦྱར་བའི་ཡི་གེ་པ་ནི་ཉིད་ལ་མི་ཕྱེད་པའི་དད་པ་ཐོབ་པ་མངའ་རིས་ལྷ་མོ་དཀོན་མཆོག་ལྷུན་གྲུབ་བོ། །སིདྡྷི་རསྟུ། ༈ །བླ་མེད་ལྷན་སྐྱེས་རྣམ་བཞིའི་དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་བཞུགས་སོ། །ན་མོ་མཱུ་ལ་གུ་རུ་ག་ཡ་དྷ་རཱ་ཡ། འདིར་བྱིན་རླབས་ནུས་པའི་དྲོད་ཚད་དང་ལྡན་པའི་བླ་མས་དད་པ་དམ་ཚིག་དང་ལྡན་པའི་སློབ་མ་ལ་ལྷན་སྐྱེས་བཞིའི་དབང་བཞི་བྱིན་རླབས་ཀྱི་ཆོ་ག་ལྟར་བསྐུར་བ་ནི། ཡར་ངོ་མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་རྒྱུ་བའི་དུས་ལ་བབ་པའི་ཚེ་ཡིད་དང་མཐུན་པའི་རྒྱུད་ནས་བཤད་པའི་གནས་དུར་ཁྲོད་ལ་སོགས་པར་བྲིས་སྐུ་བཀྲམ་ཞིང༌། བདུད་རྩི་དང་དྲིས་བྱུགས་པའི་མཎྜལ་སྣ་ཚོགས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཉི་གདན་ལ་ལྷའི་མདོག་མཐུན་གྱི་ཕྱག་མཚན་གྱི་ལྟེ་བར་ས་བོན་གྱིས་མཚན་པ་བྲིས་པའི་ཉེ་ལོགས་སུ་རིན་པོ་ཆེའི་བུམ་པ་གཉིས་ཁ་རྒྱན་མགུལ་ཆིངས་དང་ལྡན་ཞིང་ལྔ་ཚན་ལྔའི་རྫས་དང༌། ཤ་ལྔ་བདུད་རྩི་ལྔས་སྦགས་པ་བཤམས་ཤིང་མཐའ་མཆོད་པས་བསྐོར། སློབ་དཔོན་གྱི་ཉེ་ལོགས་སུ་རྡོ་དྲིལ་ནང་མཆོད་ཌ་མ་རུ་ལ་སོགས་པའི་མཁོ་བའི་ཡོ་བྱད་རྣམས་དང་འཇིག་འདས་ཀྱི་གཏོར་མ་ཚོགས་རྫས་སོགས་སྟ་གོན་བྱས་ལ། བདག་གི་རྣལ་འབྱོར་ནང་མཆོད་བྱིན་རླབས་ནས་ཐུན་བསྡུས་ནས་དཔའ་གཅིག་ཏུ་ལྡང་བའི་བར་སྒྲུབ་ཐབས་ལྟར་བྱ། མདུན་བསྐྱེད་ནི། མདུན་གྱི་དཀྱིལ་འཁོར་ཤཱུ་ནྱ་ཏཱས་བསང་ནས། གྱུར་གྱི་བར་བདག་བསྐྱེད་ལྟར་ལ། རང་ཉིད་སྐད་ཅིག་གིས་ཞེས་པ་དོར། དེ་ལྟར་ལྷ་གང་ཡིན་དེ་ཉིད་བསྐྱེད་ནས་འབར་བའི་རྒྱས། ཕཻཾ་སྙིང་གར་ཉི་མ་ལ་གནས་པའི་ཞེས་པ་ནས་གཉིས་སུ་མེད་པར་གྱུར་གྱི་བར་བྱས་རྗེས། ལྷ་ཡབ་ཡུམ་གྱི་སྤྱི་བོར་ཟླ་བ་ལ་ཞེས་པ་ནས་སྔོན་པོས་མཚན་པར་གྱུར་གྱི་བར་དང༌། དེ་ནས་ཡེ་ཤེས་པ་དང་ལྷན་ཅིག་སྤྱན་དྲངས་པའི་དབང་གི་ལྷས་དབུ་བརྒྱན། དབང་གི་ལྷ་རྣམས་ཡབ་ཡུམ་ལ་ཐིམ་པར་གྱུར། ཅེས་དང༌། མཆོད་པ་སྒྲུབ་ཐབས་
ལྟར་བྱིན་གྱིས་བརླབས་ནས། ཕྱི་ནང་གསང་བ་དེ་ཁོ་ནའི་མཆོད་པ་རྣམས་དང་བསྟོད་པ་སོགས་སྒྲུབ་ཐབས་ལྟར་བྱས་རྗེས་ལྷ་ཡབ་ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར་བཟླ་བྱའི་སྔགས་ཀྱིས་བསྐོར་བ་ལས་རང་འདྲའི་དཀྱིལ་འཁོར་བ་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ནས་རང་འདྲའི་གོ་འཕང་ལ་བཀོད། ཚུལ་འདུས་ས་བོན་སྔགས་ཕྲེང་ལ་ཐིམ་ཞིང་འོད་འབར་བར་གྱུར་པར་དམིགས་ནས་སྔགས་བརྒྱ་སྟོང་གང་ཐུབ་བཟླ། བུམ་བསྐྱེད་ནི། གཙོ་བུམ་གྱི་སྟེང་དུ་དུང་ཆོས་དྲི་ཆུས་བཀང་བའི་ཁར་རྡོ་རྗེ་མེ་ཏོག་དང་བཅས་པ་བཀོད། བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་བདུད་རྩིའི་རྒྱ་མཚོས་གང་ཞིང་དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ་གཉིས་ལས། རྣམ་རྒྱལ་བུམ་པའི་དབུས་སུ་སྣ་ཚོགས་པད་ཉི་སོགས་ནས། གྱུར་གྱི་བར་མདུན་བསྐྱེད་ལྟར་ལྷ་གང་ཡིན་ཡབ་ཡུམ་བསྐྱེད། ལས་བུམ་གྱི་ནང་དུ་སྣ་ཚོགས་པད་ཉིའི་གདན་ལ་ཁྲོ་བོའི་རྒྱལ་པོ་བགེགས་མཐར་བྱེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་དབུ་སྐྲ་དམར་སེར་གྱེན་ཏུ་བརྫེས་པ། གཡས་རྡོ་རྗེ་ནམ་མཁར་འཕྱར་ཞིང་གཡོན་སྡིགས་མཛུབ་དང་བཅས་པས་ཞགས་པ་འཛིན་པ། བརྐྱང་བསྐུམ་གྱིས་བསྒྱིངས་ཤིང་ཁྲོ་བོའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁྲོ་རྔམས་འཇིགས་པར་བྱེད་པ་འབར་བའི་ཀློང་ན་བཞུགས་པར་གྱུར། དེ་ནས་འབར་བའི་རྒྱས། ཕཻཾ་སྙིང་གར་ཉི་མ་ལ་གནས་པའི་ནས། ལས་བུམ་གྱི་ལྷ་ལ་མི་བསྐྱོད་པས་དབུ་བརྒྱན། དབང་གི་ལྷ་རྣམས་ལྷ་སོ་སོ་ལ་ཐིམ་པར་གྱུར་གྱི་བར་མདུན་བསྐྱེད་ལྟར་དང༌། མཆོད་པ་བྱིན་གྱིས་བརླབས་ནས་ཕྱི་ནང་གསང་བ་དེ་ཁོ་ནས་མཆོད། རྣམ་རྒྱལ་གྱི་ལྷ་ཡབ་ཡུམ་ལ་འདུད་ཉི་ཤུ་དང༌། ལས་བུམ་ལ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །
དངོས་གྲུབ་མ་ལུས་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། རང་གི་ཐུགས་ཀའི་ས་བོན་ལས་སྔགས་ཕྲེང་སྤྲོས་པས་གཟུངས་ཐག་ལ་བརྒྱུད་དེ་སོང་བ་བུམ་པའི་ལྷ་རྣམས་ཀྱི་ཐུགས་ཀར་ཉི་མའི་དབུས་སུ་རྡོ་རྗེའི་ལྟེ་བར་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་ལ་ཐིམ་པས་ཐུགས་རྒྱུད་བསྐུལ་ཞིང་རྣམ་རྒྱལ་གྱི་ལྷ་ཡབ་ཡུམ་རྗེས་སུ་ཆགས་པའི་སྙོམས་འཇུག་མཛད་པའི་སྦྱོར་མཚམས་སུ་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་ཞིང༌། ལས་བུམ་གྱི་ལྷའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ཀྱང་བདུད་རྩི་བབས་པས་བུམ་པ་གང་བར་གྱུར་པར་དམིགས་ནས་ལྷ་གང་ཡིན་གྱི་སྔགས་དང་མཐར་གཟུངས་ཐག་རྡོ་རྗེ་ལས་བུམ་གྱི་ཁར་སྤོས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ྄་ཡང་ཅི་ནུས་བཟླ། མཐར་མཆོད་ཅིང༌། བསྟོད་པར་འོས་པ་སོགས་ཀྱིས་བསྟོད་ལ། ལྷ་རྣམས་རྗེས་སུ་ཆགས་པ་ཆེན་པོས་ཞུ་བ་བུམ་པའི་ཆུ་དང་རོ་གཅིག་ཏུ་གྱུར། ཅེས་དུང་གི་ཆུ་རྣམ་རྒྱལ་དུ་བླུགས། ལས་བུམ་གྱི་ལྷས་འདིར་དབང་ངམ་རབ་གནས་སམ་སྦྱིན་སྲེག་སོགས་སྐབས་དོན་གང་ཡིན་གྱི་བྱ་བ་མཐར་མ་ཕྱིན་གྱི་བར་དུ་བགེགས་རྣམས་ཟློག་པར་མཛོད་ཅིག ཅེས་གསོལ། འདས་པའི་གཏོར་མ་སྒྲུབ་ཐབས་ལྟར་ལ་ཁྱད་པར་ནི་ལྷན་སྐྱེས་རེ་རེ་མ་གཏོགས་དབང་གི་སྐབས་ལྷ་བཞི་ག་ལ་ཆོ་ག་གཅིག་གིས་མི་འགྲུབ་པས་ལྷ་གང་ཡིན་གྱི་སྔགས་ཀྱིས་དབུལ་བ་སོགས་སྒྲུབ་ཐབས་ལྟར་དང༌། དེ་རྗེས་འཇིག་རྟེན་པའི་གཏོར་མ་ཡང་སྒྲུབ་ཐབས་ལྟར་དབུལ་ཞིང༌། ཡེ་ཤེས་པ་རྣམས་རང་ཉིད་ལ་ཐིམ་པར་གྱུར། ཨོཾ་ཨཱཿཧཱུྃ་གི་བར་སྒྲུབ་ཐབས་ལྟར་བྱ། བདག་ཉིད་འཇུག་པ་ནི་ལས་བུམ་གྱིས་ཁྲུས་བྱ་བ་ནས་གཏང་རག་གི་བར་སློབ་མར་དབང་བསྐུར་ལྟར་ལ། ཁྱད་པར་ནི། དཀྱིལ་འཁོར་པས་སློབ་དཔོན་དང་དེ་ལས་འདྲ་བ་སྤྲོས་པས་ལས་ཀྱི་རྡོ་རྗེ་མཛད་པར་བསམ། སློབ་མ་ཞེས་པའི་མལ་དུ་རང་ཉིད་ཅེས་འདོན་པ་སྤོས་ཤིང་སློབ་མའི་བྱ་བ་རྣམས་རང་གིས་བྱས་པས་འགྲུབ་བོ། །དེ་ནས་སློབ་མ་གཞུག་པ་ནི། སློབ་མ་རྣམས་ལས་ཐམས་
ཅད་པས་ཁྲུས་བྱས། གྲལ་ལ་འགོད། མེ་ཏོག་བཀྲམ་ནས་མཎྜལ་ཕུལ་ལ་ཐལ་མོ་སྦྱར་ནས། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །གསུམ་གྱིས་གསོལ་བ་བཏབ་ཅིང༌། ཐུན་མོང་དུ་སེམས་བསྐྱེད་ཅིང་རྒྱུན་བཤགས་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག་གི་བར་གསུམ་བྱ། རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་གཟུང་བ་ནི། སློབ་མས་དེ་འཛིན་གྱི་བསམ་པ་དང་བཅས་པས། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །དཔའ་བོ་རྣལ་འབྱོར་མ་རྣམས་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ཡིས། །དུས་འདི་ནས་ནི་བཟུང་ནས་སུ། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་རྣལ་འབྱོར་སྡོམ་པ་ཡི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང༌། །དགེ་བའི་ཆོས་ནི་སྡུད་པ་དང༌། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་གཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་གཟུང་བར་བགྱི། །རྡོ་རྗེ་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང༌། །དེ་ཁོ་ན་ཉིད་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་ཏུ་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་
པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་དང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་བདེ་བར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་མེད་མཆོག །དམ་པ་བདག་གིས་བསྐྱེད་བགྱིས་ནས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་གཟུང༌། །མ་བསྒྲལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང༌། །སེམས་ཅན་མྱ་ངན་འདས་ལ་འགོད། །གསུམ་གྱིས་སྡོམ་པ་གཟུང༌། ཨོཾ་ཙཀྵུ་བྷནྡྷཱ་ཝཱ་ར་མ་ཎཱ་ཡ་ཧཱུྃ་གིས་མིག་དར་གཡོགས། ཨ་ཁཾ་ཝཱི་ར་ཧཱུྃ་གིས་མེ་ཏོག་གི་ཕྲེང་བ་གཏད། ཁྱད་པར་སྔགས་སུ་སེམས་བསྐྱེད་པ་ནི། སློབ་མའི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་དབུས་སུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པར་བསམས་ལ། སློབ་མས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི། ཞེས་སེམས་བསྐྱེད། དེ་ཉིད་བརྟན་པའི་ཕྱིར་སློབ་དཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སློབ་མའི་སྙིང་གར་བཞག་ནས། ཨོཾ་སུ་ར་ཏེ་ས་མ་ཡ་སྟྭཾ་ཧོ་སིདྡྷྱ་བཛྲ་ཡ་ཐཱ་སུ་ཁཾ། ཞེས་བརྗོད། གསང་བར་གདམས་པ་ནི། སློབ་མའི་སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རླབས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་འདི་ཁྱོད་ཀྱིས་དཀྱིལ་འཁོར་དུ་མ་ཞུགས་པ་རྣམས་ལ་སྨྲ་བར་མི་བྱ་ཞིང་མ་དད་པ་རྣམས་ལ་ཡང་མ་ཡིན་ནོ། །ཞེས་བརྗོད། ཨོཾ་ན་མཱ་ཏེ་ཧཱུྃ། ན་མཱ་མི་ཧཱུྃ། ན་མོ་ན་མཿཧཱུྃ་སྭཱ་ཧཱ། གསུམ་གྱིས་ཕྱག་བྱ། དམ་ཆུ་སྦྱིན་ཞིང༌། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་ཉམས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་སྟེར། །རྡོ་རྗེ་བདུད་རྩིའི་ཆུ་འཐུངས་ཤིག །ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་ད་ཀ་ཋ་ཋ་ཋ། ཞེས་སྦྱིན། སློབ་མའི་མགོའམ་ལག་ཏུ་རྡོ་རྗེ་བཞག་ལ།
དེང་ནས་བརྩམས་ཏེ་ཁྱོད་ཀྱི་ཕྱག་ན་རྡོ་རྗེ་ང་ཡིན་གྱིས་ངས་འདི་གྱིས་ཤིག་ཅེས་གང་བསྒོ་བ་དེ་ཁྱོད་ཀྱིས་བྱ་དགོས་སོ། །ཁྱོད་ཀྱིས་ང་ལ་བརྙས་པར་ཡང་མི་བྱ་སྟེ། ཁྱོད་ཡ་ང་བ་མ་སྤངས་པར་འཆི་བའི་དུས་བྱས་ནས་དམྱལ་བར་ལྟུང་བར་འགྱུར་ཏ་རེ། ཞེས་བརྗོད་ཅིང་བསྒྲག ཡེ་ཤེས་དབབ་པ་ནི། སློབ་མས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག དཔལ་རྡོ་རྗེ་སེམས་དཔའ་བདག་ལ་དབབ་ཏུ་གསོལ། གསུམ་གྱིས་གསོལ་བ་གདབ། སློབ་མ་རྣམས་སྐད་ཅིག་གིས་སྟོང་པ་ཉིད་ཀྱི་རྗེས་སུ་ཨཱཿལས་བྱུང་བའི་གསུང་རྡོ་རྗེ་སྣང་བ་མཐའ་ཡས་སྐུ་མདོག་དམར་པོ་གཡས་པདྨ་དང་གཡོན་དེས་མཚན་པའི་དྲིལ་བུ་འཛིན་པ། གཡས་བརྐྱང་གིས་བཞེངས་པའི་སྙིང་གར་ལྃ་ལས་ས་དཀྱིལ་སེར་པོ་གྲུ་བཞི་པ་རྡོ་རྗེས་མཚན་པའི་ལྟེ་བར་ཉི་མ་ལ་ཧཱུྃ་སྔོན་པོ། མགོ་བོར་ཝྃ་ལས་ཆུ་དཀྱིལ་དཀར་པོ་ཟླུམ་པོ་བུམ་པས་མཚན་པའི་དབུས་སུ་ཟླ་བ་ལ་ཧ་དཀར་པོ། མགྲིན་པར་ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་ལྟ་བུ་བ་དན་གཡོ་བ་གཉིས་ཀྱིས་མཚན་པར་ཟླ་བ་ལ་ཨཱཿདམར་པོ། རྐང་པ་གཉིས་ཀྱི་འོག་ནས་རླུང་གི་དཀྱིལ་འཁོར་གྱིས་སྦར་བའི་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ཡི་གེ་རས་མཚན་པ་འོད་ཟེར་འཕྲོ་བ་ལ་གནས་པའི་ཛྷཻཿདམར་པོས་སློབ་མ་འདེགས་བཞིན་པ། རང་གི་སྙིང་གའི་ས་བོན་གྱི་འོད་ཟེར་རྣམས་ཀྱིས་ཐུགས་གསུང་སྐུ་རྡོ་རྗེའི་ལྷ་ཚོགས་རྣམས་སྤྱན་དྲངས་ལ་དེ་རྣམས་ཀྱི་རང་བཞིན་ཧཱུྃ་ཧ་ཨཱཿའི་ཡི་གེ་རྣམས་ལ་བསྟིམ་ཞིང་རྐང་པའི་བུ་ག་ནས་ཛྷཻཿའི་འོད་ཟེར་གྱི་ཚོགས་ཞུགས་པ་དང་ཧཱུྃ་ལ་སོགས་པའི་འོད་ཀྱིས་ལུས་མཐའ་དག་ཀུན་ནས་གང་བར་གྱུར་པར་བསམས་ཤིང༌། ཨཱ་བེ་ཤ་ཡ་སྟམྦྷ་ཡ་ར་ར་ར་ར་ཙ་ལཱ་ཡ་ཙ་ལཱ་ཡ་ཧཱུྃ་ཧ་ཨཱཿཛྷཻཿ ཞེས་བརྒྱ་རྩ་བརྒྱད་འདོན་ཞིང་བསམ་གཏན་ལ་གཞོལ་བས་དྲིལ་བུ་གསིལ་ཞིང༌། བུད་མེད་ཀྱི་འདོམ་དཀྲིས་ཟླ་མཚན་གྱིས་སྦགས་པ་བྱི་ལའི་བྲུན་ཡི་དྭགས་ཀྱི་ཁ་ནས་བྱུང་བའི་གུ་གུལ་ཤ་ལྔ་བདུད་རྩི་ལྔ་རྣམས་ཐོད་ཕོར་དུ་རོ་སོལ་གྱི་མེ་ལ་བསྲེགས་ནས་བདུག་གོ །ཏིཥྛ་བཛྲ་དང་རྡོ་རྗེ་རྒྱ་གྲམ་གྱིས་བརྟན་པར་བྱ།
སློབ་མས་མེ་ཏོག་དོར་ཞིང༌། ཨ་ཁཾ་བཱི་ར་ཧཱུྃ་པྲ་ཏཱིཙྪ་ཀུ་སུ་མཱཉྫ་ལི་ནཱ་ཐ་ཧོ། ཞེས་དོར། མེ་ཏོག་གང་དུ་བབ་པའི་མཆོག་དམན་བར་མར་ལུང་བསྟན། སླར་མེ་ཏོག་སློབ་དཔོན་གྱིས་སློབ་མའི་མགོར་བཅིངས་ལ། ཨོཾ་པྲ་ཏི་གྲྀཧྞཱ་སྟྭཾ་ཨྀ་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་བརྗོད། མིག་དབྱེ་བའི་རྒྱས། ཨོཾ་དེ་རིང་རྡོ་རྗེ་སེམས་དཔའ་རང༌། །ཁྱོད་ཀྱི་མིག་ནི་འབྱེད་པར་བརྩོན། །རྡོ་རྗེའི་མིག་ནི་བླ་ན་མེད། །ཐམས་ཅད་མིག་ནི་འབྱེད་པར་མཛོད། །ཨོཾ་ཛྙཱ་ན་ཙཀྵུ་ཧཱུྃ་ཨཱཿསྭཱ་ཧཱ། ཞེས་མིག་དར་བསལ། བཅོམ་ལྡན་འདས་ཆེ་གེ་མོའི་དཀྱིལ་འཁོར་ཆེན་པོ་རྟེན་དང་བརྟེན་པར་བཅས་པ་མཐོང་བར་བསམ། དངོས་གཞི་དབང་བསྐུར་བ་ནི། སློབ་དཔོན་གཙོ་བོར་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་སློབ་མ་རྣམས་བཀུག་པ་སློབ་དཔོན་གྱི་ཞལ་དུ་ཞུགས་པ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་པདྨར་བབས་པ་བཅོམ་ལྡན་འདས་ཆེ་གེ་མོ་ལྷན་སྐྱེས་མངོན་རྟོགས་ལྟར་གསལ་བཏབ་པའི་པདྨ་ནས་ཕྱུང་མདུན་དུ་དབང་སྟེགས་ལ་འཁོད་པར་གྱུར། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པ་དབང་གི་ལྷའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས། ཉེར་སྤྱོད་ལྔས་མཆོད། རྡོ་རྗེ་ཅན་གྱིས་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང༌། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩལ། །དེ་ལྟར་འདི་ལའང་སྩལ་དུ་གསོལ། །ཞེས་སློབ་དཔོན་གྱིས་གསོལ་བ་བཏབ་པའི་ཚེ། མདུན་བསྐྱེད་ཀྱི་དཀྱིལ་འཁོར་པས་དབང་གི་དགོངས་པ་མཛད། དབང་ལྷ་བཅོམ་ལྡན་འདས་ཡབ་ཡུམ་གྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ལྔའི་ཆུས་གང་བ་བསྣམས་ནས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། ཡུམ་རྣམས་ཀྱིས་རྡོ་རྗེའི་གླུ་ལེན། ལྷའི་བུ་དང་བུ་མོ་རྣམས་ཀྱིས་སློབ་མའི་སྟེང་ཕྱོགས་སུ་གདུགས་དང་རྒྱལ་མཚན་ལ་སོགས་པ་འཛིན་ཞིང་མེ་ཏོག་དང་གུར་གུམ་ལ་སོགས་པའི་ཆར་འབེབས་བཞིན་པ་ལ། སློབ་མས། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །
ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱི། །ཁྱོད་ཀྱིས་བདག་ལ་དབང་བསྐུར་ཅིག །ཅེས་གསོལ་བ་བཏབ་པ་ལ་དབང་བསྐུར་བར་བསམ་ཞིང༌། སློབ་དཔོན་གྱིས་བུམ་པ་ཐོགས་ནས། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པས། །རྡོ་རྗེའི་གསང་བ་གསུམ་འབྱུང་བ། །སངས་རྒྱས་ཀུན་གྱི་སྦྱིན་པར་བྱ། །ཨོཾ་ཨཱཿབཛྲ་ཨུད་ཀ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏྭ་སྟྭཾ་ཨ་ཧཾ། ཞེས་བསྐུར། འདིར་རིགས་དབང་གཞན་བཞིའི་ཚབ་ཏུ་བུམ་པ་ཉིད་མགོ་བོའི་ཕྱོགས་བཞི་དང་དབུས་རྣམས་སུ་བཞག་ནས་བུམ་ཆུ་སྦྱིན་ནོ། །དེ་དག་གིས་སློབ་མའི་ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་གནས་གྱུར། ཡེ་ཤེས་ལྔའི་ངོ་བོར་བྱས་ཤིང༌། རྒྱལ་བ་ལྔའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག སླར་མདུན་གྱི་ནམ་མཁར་བཞུགས་པའི་དབང་ལྷ་དང་སློབ་དཔོན་ལ་བདག་པོའི་དོན་དུ། སློབ་མས། གང་གིས་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་བྱེད་ནུས་འགྱུར། །རྡོ་རྗེ་སློབ་དཔོན་གྱི་ནི་དབང༌། །ཐུགས་རྗེའི་གཏེར་ཀྱེ་བདག་ལ་སྩོལ། །ཞེས་གསོལ་བ་བཏབ་པའི་ཚེ་དབང་ལྷས་རྡོ་དྲིལ་བསྣམས་ནས་དབང་བསྐུར་བར་བསམས་ཤིང༌། སློབ་དཔོན་གྱིས་སློབ་མར་རྡོ་དྲིལ་གཏད་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་ཨོཾ་མ་ཧཱ་བཛྲ་ཧཱུྃ། ཞེས་གཡས་དང༌། ཨཱཿལས་བྱུང་བའི་དྲིལ་བུ་ཨོཾ་བཛྲ་གྷཱཎྜེ་ཧོཿ ཞེས་གཡོན་ཏུ་གཏད། སློབ་མས་འཁྱུད་རྒྱ་བྱས་ལ། སློབ་དཔོན་གྱིས། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་འདོད། །ཅེས་དང༌། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་རློབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །ཞེས་དབང་བསྐུར། དེའི་ཚེ་སློབ་མས་བདེ་བ་ཆེན་པོ་ཕུན་སུམ་ཚོགས་པ་སྐྱེས། ཆུ་ལྷག་མ་ལས་སློབ་མ་ལྷར་གསལ་བའི་དཔྲལ་བར་མི་བསྐྱོད་པ། རྣ་ལྟག་གཡས་སུ་རིན་འབྱུང༌། ལྟག་པར་འོད་དཔག་མེད། རྣ་ལྟག་གཡོན་ཏུ་དོན་གྲུབ། སྤྱི་བོར་རྣམ་སྣང༌། བདེ་དགྱེས་གསང་གསུམ་ལ་ལོངས་སྐུའི་ཆ་ལུགས་ཅན་རང་འདྲའི་ཡུམ་དང་སྦྱོར་བ། དུས་
འཁོར་ལ་སྤྲུལ་སྐུའི་ཆ་ལུགས་ཅན་གྱིས་དབུ་བརྒྱན། དབང་ལྷ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་སློབ་མ་ལ་བསྟིམ། ཉེར་སྤྱོད་ལྔས་མཆོད། སྔགས་གཏད་པ་ནི། སློབ་དཔོན་ལྷར་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས། སྔགས་ཕྲེང་མར་མེ་གཉིས་ཆད་ཀྱི་ཚུལ་དུ་ཞལ་ནས་ཐོན། སློབ་མ་ལྷར་གསལ་བའི་རྣ་བ་གཡས་པ་ནས་ཞུགས། སྙིང་གར་འཁོར་བར་བསམས་ལ་སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་དང༌། ལྷའི་སྔགས་རྣམས་ལན་གསུམ་བཟླ་བར་བྱའོ། །དེ་ལྟར་དབང་བསྐུར་བས་ཁྱོད་ཀྱིས་ཕྱི་མཚན་བཅས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང༌། བུམ་པའི་དབང་ཐོབ། ཐུན་མོང་བ་ལུས་ཀྱིས་གཙོར་བསགས་པའི་ལས་གསུམ་གྱི་དྲི་མ་སྔར་བསགས་པ་སྦྱངས་ཞིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་ལུས་ཐ་མལ་དུ་འཛིན་པའི་དྲི་མ་འཁྲུད། སྤྲུལ་སྐུའི་ནུས་པ་ཁྱད་པར་ཅན་འཇོག ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་སྐུ་རྡོ་རྗེ་མངོན་ཏུ་གྱུར་པའི་སྐལ་ལྡན་དུ་བྱས་སོ། །ཞེས་གོ་བ་བསྐྱེད། མཎྜལ་དབུལ། གསང་དབང་གི་དོན་དུ་མཎྜལ་དབུལ། སློབ་མས། ཁྱོད་ཀྱི་ཞབས་ཀྱི་བཀའ་དྲིན་གྱིས། །བདག་གིས་བླ་མེད་བྱ་བ་ཐོབ། །དེ་ཕྱིར་གསང་བའི་དབང་གིས་ནི། །མགོན་པོས་རྗེས་སུ་གཟུང་བར་མཛོད། །ཅེས་གསུམ་གྱིས་གསོལ་བ་བཏབ། མིག་དར་བཅིང༌། བླ་མ་ལྷན་སྐྱེས་གང་ཡིན་ཡབ་དང༌། རིག་མ་ཡུམ་དང༌། མཁའ་གསང་བྱིན་རླབས་རྣམས་སྒྲུབ་ཐབས་ལྟར་གསལ་གདབ། སྙོམས་འཇུག་གིས་རང་གི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཡབ་ཡུམ་སྙོམས་འཇུག་མཛད་པ་བཀུག བདག་གི་ཞལ་དུ་བཅུག་པ་ཆགས་པ་ཆེན་པོས་ཞུ་བ་དྷཱུ་ཏཱི་ནས་བརྒྱུད། མཁའ་གསང་དུ་བབས་པ་རང་གི་བྱང་སེམས་དང་འདྲེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཞུ་བའི་ངོ་བོར་གྱུར་པའི་བདུད་རྩི་མཁའ་གསང་དུ་བབས་པ། སློབ་མ་རབ་ཀྱིས་མཁའ་གསང་ནས་ལྕེས་བླང༌། འབྲིང་ལ་སློབ་དཔོན་གྱིས་མཐེབ་སྲིན་གྱིས་བླངས་པ་སློབ་མའི་ལྕེར་བཞག ཐ་མ་ལ་
ཐོད་པའི་བདུད་རྩི་དང་བསྲེས་པ་ཁར་སྦྱིན་དགོས་ལ། འདིའི་རབ་འབྲིང་ནི་སློབ་མ་རྟོག་པ་འཇོམས་པ་རབ་སོགས་སོ། །དེའི་ཚེ་བླ་མས། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་བགྱི། །ཞེས་བརྗོད་ཅིང་སྦྱིན། སློབ་མས་མྱང་ཞིང་ཨ་ཧོ་མ་ཧཱ་སུ་ཁཾ་ཧོཿ ཞེས་བརྗོད། མིག་དར་བསལ། དེ་ལྟར་དབང་བསྐུར་བས་ཁྱོད་ཀྱིས་གསང་བ་བྷ་གའི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང༌། གསང་བའི་དབང་ཐོབ། ཐུན་མོང་བ་ངག་གི་ལས་བཞིའི་དྲི་མ་སྔར་བསགས་པ་སྦྱངས་ཞིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་ལས་རླུང་གི་དྲི་མ་འཁྲུད། ལོངས་སྤྱོད་རྫོགས་སྐུའི་ནུས་པ་ཁྱད་པར་ཅན་འཇོག ལམ་བདག་བྱིན་རླབས་ཀྱི་རིམ་པ་བསྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །ཞེས་རྟོགས་པ་བརྗོད། མཎྜལ་དབུལ། ཤེར་དབང་གི་དོན་ཏུ་མཎྜལ་དབུལ། སློབ་མས། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ། །རྡོ་རྗེ་རྣལ་འབྱོར་གཅིག་བཞེད་པ། །མི་ཕྱེད་ཕྱག་རྒྱ་སྒྲུབ་པ་པོ། །རྡོ་རྗེ་སྦྱོར་ལས་ཡང་དག་བྱུང༌། །ཇི་ལྟར་ཁྱོད་ནི་བདག་ཉིད་ཆེ། །མངའ་བདག་བདག་ལའང་དེ་ལྟར་མཛོད། །འཁོར་བ་འདམ་གྱི་ཚོགས་ནང་དུ། །བྱིང་བ་སྐྱབས་མེད་བདག་ལ་སྐྱོབས། །གསུམ་གྱིས་གསོལ་བ་གདབ། གདོང་བཅིངས་ལ། སློབ་དཔོན་གྱིས་རིག་མ་མཚན་ལྡན་གྱི་ལག་གཡོན་པ་ནས་བཟུང་བ་སློབ་མའི་གཡས་སུ་གཏད་ལ། གཟུངས་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བརྟགས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱང་བར་གྱིས། །རྡོ་རྗེ་སྐྱིལ་ཀྲུང་གིས་སེམས་ནི། །ནོར་བུའི་ནང་དུ་ཆུད་པར་བལྟ། །གར་དུ་སྐྱེས་གྱུར་ཡེ་ཤེས་ཀྱི། །ཡེ་ཤེས་དེ་ནི་ངོ་བོར་དམིགས། །ཞེས་གཏད་ཅིང༌། སློབ་མ་ལྷན་སྐྱེས་གང་ཡིན་ཡབ་དང༌། རིག་མ་ཡུམ། མཁའ་གསང་བྱིན་རླབས་རྣམས་སྒྲུབ་ཐབས་ལྟར་བྱས་རྗེས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ།
ཞེས་སྙོམས་འཇུག་བསྲུབ་པ་དང་བསྲུབ་པའི་སྦྱོར་བས་བྱང་སེམས་སྨིན་མཚམས་ནས་མགྲིན་པར་བབས་པ་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་ཁྱད་པར་གྱི་དགའ་བ། ནོར་བུར་ལྷན་སྐྱེས་དང༌། དེའི་ཚེ་སློབ་མ་ལྷར་གསལ་བའི་སྙིང་གའི་ས་བོན་གྱི་འོད་ཀྱིས་དེ་བཞིན་གཤེགས་པ་ཡབ་ཡུམ་རྣམས་བཀུག་པ་ཁ་ནས་ཞུགས་པས་ལུས་བྱིན་གྱིས་བརླབས་ཤིང་བླ་མས་ཀྱང་རྒྱལ་བ་ཡབ་ཡུམ་སྤྱན་དྲངས་པ་རྣམས་སློབ་མ་ཡབ་ཡུམ་གྱི་ལུས་ལ་བཅུག་པ་དང་རོ་གཅིག་པར་གྱུར་པར་བསམ། དེའི་ཚེ་སློབ་མས་ནུས་པ་ཇི་ལྟ་བར་བཟུང་ལ་མ་ཟིན་ན་དལ་བུས་བཏང་ལ་ཆུ་སྐྱེས་ནས་ལྕེས་བླངས་ཏེ་དེ་ཁོ་ན་ཉིད་ཀྱི་བསམ་པས་དམ་ཚིག་གི་ངོ་བོ་བྱང་སེམས་བཏུང་བར་བྱའོ། །དེ་ནས་མིག་དར་བསལ། དེ་ལྟར་དབང་བསྐུར་བས་ཁྱོད་ཀྱིས་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང༌། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུན་མོང་བ་ཡིད་ཀྱི་ལས་གསུམ་གྱི་དྲི་མ་སྔར་བསགས་པ་སྦྱངས་ཞིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་གཟུང་འཛིན་གྱི་རྣམ་རྟོག་རགས་པའི་དྲི་མ་འཁྱུད། ཆོས་ཀྱི་སྐུའི་ནུས་པ་ཁྱད་པར་ཅན་འཇོག ལམ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །ཞེས་གོ་བ་བསྐྱེད། མཎྜལ་དབུལ། དབང་བཞི་པའི་དོན་དུ་མཎྜལ་ཕུལ་ལ། སློབ་མས། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས། །གཙོ་བོ་དབང་བསྐུར་རྣམ་གསུམ་ཐོབ། །དེ་རིང་རིན་ཆེན་བཞི་པ་ཡང༌། །བཀའ་དྲིན་གྱིས་ནི་བསྐྱབ་ཏུ་གསོལ། །གསུམ་གྱིས་གསོལ་བ་གདབ། མིག་དར་གཡོགས་སམ་མི་གཡོགས་གང་བདེ་བྱ། བླ་མས། ཤེས་རབ་ཡེ་ཤེས་དེ་ཉིད་རྒྱུར་གྱུར་པའི་བྱང་ཆུབ་སེམས་བསྒོམས་པས་རབ་ཏུ་འཕེལ་བཞིན་པ། སྒྲིབ་པ་མེད་པ་ཉིད་དུ་གྱུར་པའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་རང་བཞིན། ཡན་ལག་བདུན་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་བདག་ཉིད་རྡོ་རྗེ་ཆེན་པོའི་རང་བཞིན་ཅན་དེ་ཉིད་དབང་བཞི་པའི་ཡེ་ཤེས་ཡིན་ལ། དེ་ཡང་དབང་གསུམ་པས་ངོ་སྤྲད་པའི་དཔེའི་ལྷན་སྐྱེས་
ཤེས་རབ་ཡེ་ཤེས་དེ་ཉིད་དོན་གྱི་ལྷན་སྐྱེས་ཀྱི་འབྲས་བུའི་རྒྱུ་ལྟ་བུ་ཡིན་ལ། དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་དེ་ནི་བསྒོམ་པ་སྟེ་གོམས་པར་བྱས་པས་གོང་ནས་གོང་དུ་རབ་ཏུ་འཕེལ་བཞིན་པ། ལས་སྒྲིབ་ཐམས་ཅད་ཟག་པ་མེད་པ་ཉིད་དུ་གྱུར་བའི་དེ་ཁོ་ན་ཉིད་ཆོས་ཐམས་ཅད་བསམ་གྱིས་མི་ཁྱབ་པའི་རང་བཞིན་འོད་གསལ་ཆོས་ཀྱི་སྐུ་དང༌། ཡན་ལག་བདུན་དང་ལྡན་པའི་ལྷའི་སྐུ་ཕྱག་རྒྱ་ཆེན་པོའི་ངོ་བོ་ལོངས་སྤྱོད་རྫོགས་པའི་སྐུའི་བདག་ཉིད་དབྱེར་མེད་པའི་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་རང་བཞིན་ཅན་གང་ཡིན་པ་དེ་ནི་དབང་བཞི་པའི་ངོ་བོ་ཡིན་པས་རྟོགས་པར་བྱོས་ཤིག ཅེས་བརྗོད། སྤྲོ་ན་དཔེའི་སྒོ་ནས། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་ཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །ཞེས་དང༌། དེའི་དོན་རྒྱས་པར་བརྗོད། མིག་དར་བསལ། དེ་ལྟར་དབང་བསྐུར་བས་ཁྱོད་ཀྱི་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་མཐོང༌། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ཐུན་མོང་བ་སྒོ་གསུམ་གའི་དྲི་མ་ཕྲ་མོ་བག་ཆགས་དང་བཅས་པ་སྔར་བསགས་པ་སྦྱངས་ཞིང་ཕྱི་མ་སྡོམ། ཐུན་མོང་མ་ཡིན་པ་ཡེ་ཤེས་ཀྱི་དྲི་མ་གཟུང་འཛིན་གྱི་རྣམ་རྟོག་ཕྲ་མོ་རྣམས་འཁྲུད། ངོ་བོ་ཉིད་སྐུ་བདེ་བ་ཆེན་པོའི་ནུས་པ་ཁྱད་པར་ཅན་འཇོག ལམ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་གི་རྣལ་འབྱོར་བསྒོམ་པ་ལ་དབང༌། འབྲས་བུ་རྡོ་རྗེ་གསུམ་རོ་མཉམ་པའི་ཡེ་ཤེས་རྡོ་རྗེ་འགྲུབ་པའི་སྐལ་ལྡན་དུ་བྱས་སོ། །ཞེས་གོ་བ་བསྐྱེད། དམ་ཚིག་བསྲུང་བའི་སེམས་ཀྱིས། སློབ་མས། གཙོ་བོས་ཇི་ལྟར་སོགས་གསུམ་བརྗོད། གཏང་རག་གི་མཎྜལ་དབུལ་ལོ། །ཚོགས་ཀྱི་མཆོད་པ་བྱ་བར་སྤྲོ་ན། མ་ད་ན་ལ་སོགས་པ་ཤེས་རབ་ཀྱི་རྫས་རྣམས་གཡོན་དང༌། ཤ་ཟན་ལ་སོགས་པའི་ཐབས་ཀྱི་རྫས་རྣམས་གཡས་དང༌། ཁུར་བ་སོགས་གཡོས་སྦྱར་གྱི་རྫས་རྣམས་དབུས་སུ་བཞག་པར་ནང་མཆོད་བྲན་ནས། སྒྲུབ་ཐབས་ཀྱི་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ཤ་ཟན་སོགས་ཚོགས་རྫས་རྣམས་ཀྱི་ཕུད་ནས་
ཅུང་ཟད་རེ་བྲིས་སྐུ་སོགས་ཀྱི་དྲུང་དུ་ཕུལ། མ་ད་ན་སོགས་སྦྲན་ལ། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །དགྱེས་པ་མཆོག་གི་མཆོད་པ་འདི། །དཔལ་ལྡན་རྩ་བའི་བླ་མ་ལ། །བརྒྱུད་པའི་ཚོགས་ཀྱིས་བསྐོར་བ་དང༌། །ཡི་དམ་«་་་་་སོ་སོར་བྱེད་ན་ཡི་དམ་གསང་བ་འདུས་པ་ལ་སོགས་ཕྲལ་ལ་བྱའོ།། »ལྷན་སྐྱེས་རྣམ་བཞི་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ། །བསྟན་སྲུང་རྒྱ་མཚོས་བསྐོར་བ་ལ། །ཚོགས་དང་གཏོར་མ་རྒྱ་ཆེན་འདི། །གཉིས་མེད་ངང་དུ་འབུལ་ལགས་ན། །བླང་དོར་མེད་པར་བཞེས་སུ་གསོལ། །ཨ་ལ་ལ་སྟེ་དགྱེས་པར་རོལ། །ཨོཾ་གུ་རུ་དེ་ཝཱ་ཌཱ་ཀི་ནི་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་དབུལ། ལས་ཀྱི་རྡོ་རྗེས་ལག་གཡས་མ་ད་ནའི་སྣོད་ཐོགས། གཡོན་བ་དན་གསུམ་པའི་རྒྱ་བསྟན་ལ། གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང༌། །བྲམ་ཟེ་ཁྱི་ཕག་གདོལ་པར་བཅས། །ལྷན་ཅིག་མཉམ་པའི་དབྱིངས་སུ་རོལ། །ཅེས་སློབ་དཔོན་ལ་དྲངས་ཤིང༌། སློབ་དཔོན་གྱིས་རྣམ་ལྔ་འདོད་ཀོར་གྱིས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་རྣམ་སྤངས་པ། །དེ་བཞིན་ཉིད་ལ་བདག་འདུད་དོ། །ཞེས་བླང༌། དེ་ནས་མཆེད་ལྕམ་རྣམས་ལ་དྲང་ཞིང་བག་དང་ལྡན་པས་ལོངས་སྤྱོད། དམ་ཚིག་གཅིག་པ་ཁོ་ནའི་ལྷག་མ་རྣམས་བསྡུས་ལ། སློབ་དཔོན་གྱིས་འབར་བའི་ཕྱག་རྒྱ་ཁའི་ཐད་དུ་བརྐྱངས་པའི་དབུས་ནས་སུ་རའི་ཁ་ཕྲུ་བཏབ་ལ། ཨ་ཀཱ་རོ་བདུན་དང༌། ཨོཾ་ཨུཙྪིཥྚ་པ་ཏི་སརྦ་བྷཱུ་ཏ་བྷཀྵ་སྭཱ་ཧཱ། ཞེས་གཙང་སར་དོར། བུམ་མདུན་གྱི་ལྷ་ལ་མཆོད་ཅིང་བསྟོད་ནས། གང་ཡང་བདག་བློ་རྨོངས་གྱུར་པས། །ལེགས་བྱས་འདི་ལ་ཉེས་གྱུར་གང༌། །གང་ཕྱིར་ལུས་ཅན་སྐྱབས་གྱུར་པ། །མགོན་པོས་དེ་ཀུན་བཟོད་པར་མཛོད། །ཅེས་དང༌། ཧེ་རུ་ཀའི་ཡིག་བརྒྱས་བསྐང༌། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །ཇི་ལྟའི་རྗེས་མཐུན་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང༌། སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿས་
མདུན་བསྐྱེད་དང་བུམ་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རྣམས་རང་ཉིད་ལ་ཐིམ་པར་གྱུར་པར་བསམ། ཕུན་སུམ་ཚོགས་པ་མངའ་བ་གསེར་གྱི་སོགས་ཀྱིས་ཤིས་པ་བརྗོད་ཅིང༌། སྨོན་ལམ་གྱིས་རྒྱས་གདབ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དཀྱིལ་ཆོག་འདི་ཁོ་བོས་བགྱིས་པའི་བླ་མེད་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་བདུན་གྱི་སྒྲུབ་ཐབས་ཀྱི་དབང་ལ་ཡང་སྦྱར་བར་རུང་ངོ༌། །ཞེས་པའང་གསང་ཆེན་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་གྱི་ཆོ་ག་སྤྲོས་པ་ཆེར་གསུངས་པ་རྣམས་དེང་སང་གི་རྡོ་རྗེ་སློབ་དཔོན་ཏུ་རློམ་པ་རྣམས་ཀྱི་བློ་མཚོར་མ་སྤོབས་པས་གཟུ་ལུམ་དང་རས་གཅོད་ཁོ་ནར་འདུག་པས། འདིར་སློབ་དམན་གྱི་སློབ་དཔོན་དང་སློབ་མ་རྣམས་འཇུག་པ་བདེ་བར་སྙིང་པོ་རྣམས་བསྡུས་ནས་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བའི་ཆོ་ག་འདི་ཡང་འབྲི་ཁུང་པ་གསང་བ་སྔགས་ཀྱི་རྡོ་རྗེ་འཛིན་པ་སྔགས་འཆང་ཆོས་ཀྱི་གྲགས་པ་ཕྲིན་ལས་རྣམ་པར་རྒྱལ་བའི་སྡེས་ལྕགས་ལུག་ཟླ་བ་བཅུ་པའི་དཀར་ཆའི་རྫོགས་པ་དང་པོ་ལ་དཔལ་འབྲི་གུང་གི་གདན་ས་ཆེན་པོར་སྦྱར་བ་རེ་ཞིག་རྫོགས་པ་སྟེ་ཡི་གེ་པ་ནི་འབངས་ཀྱི་ཐ་ཤལ་མངའ་རིས་ལྷ་མོ་དཀོན་མཆོག་ལྷུན་གྲུབ་བོ། །སརྦ་དཱ་མངྒ་ལཾ། ཤུ་བྷམ྄།། །།
བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྙིང་པོ་དོན་གྱི་ཕྲེང་བ།
བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་སྙིང་པོ་དོན་གྱི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།། ཨུ་པ་དེ་ཤ་གམྦྷཱི་ངཿ
ན་མོ་བཛྲ་གུ་རུ་ཨ་དྷི་དེ་ཝ་ཏཱ་ཡ། འདིར་དབང་ཐོབ་ཅིང་དམ་སྡོམ་ལ་གནས་པའི་སློབ་མ་ལ། མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་ལྷན་སྐྱེས་རྣམ་པ་བཞིའི་རྫོགས་རིམ་ཟབ་མོ་ཤིན་ཏུ་བསྡུས་པའི་ཚུལ་གྱིས་སྟོན་པ་ནི། རྫོགས་རིམ་བཞི་གའི་སྔོན་འགྲོ་ཐུན་མོང་ལ་དལ་འབྱོར་རྙེད་དཀའ་བ། དེ་མི་རྟག་པ། ལས་འབྲས། རིགས་དྲུག་གི་སྡུག་བསྔལ་རྣམས་དང༌། ཐུན་མོང་མ་ཡིན་པ་སྐྱབས་འགྲོ། སེམས་བསྐྱེད། རྡོར་སེམས། མཎྜལ། བླ་མའི་རྣལ་འབྱོར་རྣམས་སྤྱི་འགྲོ་ལྟར་གྱིས་རྒྱུད་ལེགས་པར་སྦྱངས་ཟིན་ནས། དངོས་གཞིའི་དང་པོ་ཕ་རྒྱུད་གསང་བ་འདུས་པ་མི་བསྐྱོད་པའི་རྫོགས་རིམ་རྡོ་རྗེའི་ཕྲེང་བ་སོགས་བཤད་རྒྱུད་ཆེན་པོ་བརྒྱད་ཀྱི་དགོངས་པ། འཕགས་ལུགས་མར་མཚུར་ཡབ་སྲས་ཀྱི་བཞེད་སྲོལ་རིམ་ལྔ་གདན་གཅིག་འཁོར་ལོ་མེད་པའི་ལུགས་ཤིན་ཏུ་བསྡུས་པ་ནི། དང་པོ་རྡོ་རྗེའི་བཟླས་པའི་རིམ་པ་ནི་ཁྱད་པར་གྱི་སྔོན་འགྲོ་ཡིན་ཏེ། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས། མཚན་བཅས་རྡོ་རྗེའི་བཟླས་པ་ནི། རང་ཞེ་སྡང་རྡོ་རྗེ་དཔའ་བོ་གཅིག་པར་གསལ་བའི་ཐུགས་ཀར་འོད་ཀྱི་དཀྱིལ་འཁོར་མེ་ལོང་ཙམ་བསྒྲེངས་པའི་འདབ་དབུས་སུ་ཐིག་ལེ་དཀར་པོ་ཨ་ཤད་ནག་པོས་མཚན་པ་ཅིག་བསམས་པའི་ངང་ནས་རླུང་རོ་བསལ་ཏེ། སླར་སྣ་བུག་
ནས་རླུང་རྔུབ། དེས་ཕྱིར་འབྱུང་བ་ཧཱུྃ་གི་རྣམ་པས་སྣ་སྒོར་ཐོན་པའི་ཚེ་ཧཱུྃ་དེ་དག་སྤྲུལ་པའི་སྐུ་དཔག་ཏུ་མེད་པར་གྱུར། འགྲོ་བའི་དོན་བྱས་མི་བསྐྱོད་རྡོ་རྗེའི་གོ་འཕང་ལ་བཀོད། ཚུར་རྔུབ་པའི་ཚེ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཨོཾ་གྱི་རྣམ་པར་རྩ་འཁོར་ནས་མར་སིབ་སིབ་སོང་བར་དམིགས་ནས་ནང་དུ་གནས་པའི་ཚེ་ཨཱཿཡིག་གི་རྣམ་པར་བསམས་ལ་ཅི་མང་དུ་དམིགས་སོ། །མཚན་མེད་ནི། རང་ལྷར་གསལ་ཙམ་ནས་རླུང་སྔགས་དབྱེར་མེད་མ་བཅོས་གཞོམ་མེད་དོན་དམ་བརྗོད་ཡུལ་ལས་འདས་པ་རླུང་ནང་དུ་རྔུབ་པ་ཨོཾ། གནས་པ་ཨཱཿ ཕྱིར་དབྱུང་བ་ཧཱུྃ་རྣམས་གདོད་ནས་གྲུབ་པ་ཡིན་པ་ལ་ཡིན་པའི་དྲན་ཤེས་ཀྱིས་ཡུན་རིང་དུ་བསྒོམ། དེ་ཡང་འབྱུང་འཇུག་གནས་གསུམ་ཡི་གེ་གསུམ་དུ་བཅོས་ནས་བསྒོམ་པ་ཡིན་ཞིང་ངག་ནས་བརྗོད་པ་ཡང་མིན་གྱི་དེ་ལྟར་དོན་གྱི་བཟླས་པ་རླུང་སེམས་ཐ་མི་དད་དུ་འཁྲུལ་པའི་རྗེས་སུ་མི་འབྲང་བར་རྩེ་གཅིག་ཏུ་གནས་པ་སྟེ་མ་ཡེངས་པར་བསྒོམ་དགོས་པ་ཡིན་ནོ། །སྔོན་འགྲོ་རྒྱས་པ་དབེན་གསུམ་སོགས་གསུངས་པ་ཡང་འདིར་འདུའོ། །དེ་ལྟར་ཡུན་རིང་དུ་སྦྱངས་པས་རྩ་བའི་རླུང་ལྔ་འདུས་པའི་རྟགས་སུ། དུ་བ་ལྟ་བུ་སེར་ལྗང་དང༌། སྨིག་རྒྱུ་ལྟ་བུ་སྔོ་ལྗང་དང༌། མེ་ཁྱེར་ལྟ་བུ་དམར་ལྗང་དང༌། སྒྲོན་མེ་ལྟ་བུ་
དཀར་ལྗང་རྣམས་གཡོ་བཞིན་པ་དང༌། ནམ་མཁའ་ལྟར་གསལ་དྭངས་ངོས་བཟུང་མེད་པ་འབྱུང༌། དེའི་ཚེ་ཕྲག་དོག་དག་པ་བྱ་གྲུབ་ཡེ་ཤེས་སངས་རྒྱས་དོན་ཡོད་གྲུབ་པ་འཆར། གཉིས་པ་སེམས་ལ་དམིགས་པ་ཡང་ཁྱད་པར་གྱི་སྔོན་འགྲོ་ཡིན་ཏེ། སྟེང་འོག་གི་རླུང་འཐེན་པ་ལ་བཟུང་ནས། རང་ལྷར་གསལ་བ་ལ་མ་ཡེངས་པར་སེམས་གཏད་ཅིང་རླུང་བཟུང་བས་ནི་འབྱུང་བཞིའི་རླུང་ཟིན་པ་ཡིན། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པ་ནི་སྟོང་པའི་ཡེ་ཤེས་ཀྱི་སྐབས་ཏེ་སེམས་ཟིན་པའི་རྟགས་སྣང་བ་ཙམ་རིབ་རིབ་པ་དང༌། ལུས་འཇག་མ་ལྟར་ལྡེམ་ལྡེམ་པ་འོང༌། རང་ལྷར་གསལ་བ་སྙིང་གའི་འོད་མེ་ལོང་ལྟ་བུ་ལ་ཐིམ་པར་དམིགས་ནས་འོད་དཀྱིལ་ལ་སེམས་མ་ཡེངས་པར་གཏད། རླུང་བཟུང་ནས་སྣང་བ་མཆེད་པ་ལ་ཐིམ་པས་སྟོང་པ་ཆེན་པོའི་ཡེ་ཤེས་ཞེ་སྡང་ལས་གྱུར་པའི་རང་བཞིན་སུམ་ཅུ་རྩ་གསུམ་ཐིམ། རྟགས་ཟླ་འོད་ལྟ་བུ་སྐྱ་ལམ་ལམ་པ་འབྱུང༌། ཡང་རླུང་དང་བཅས་འོད་ཀྱི་མེ་ལོང་ཐིག་ལེ་ལ་བསྡུས། ཐིག་ལེ་ལ་སེམས་མ་ཡེངས་པར་བསྒོམས་པས་མཆེད་པ་ཉེར་ཐོབ་ལ་གནས་ནས་ཤིན་ཏུ་སྟོང་པའི་ཡེ་ཤེས་འདོད་ཆགས་ལས་གྱུར་པའི་རང་བཞིན་བཞི་བཅུ་ཐིམ། རྟགས་ཉི་འོད་ལྟ་བུ་དམར་ལམ་ལམ་པ་འབྱུང༌། རྟགས་ཅན་ནམ་མཁའ་ལྟར་སྔོ་སངས་སངས་པ་དང་གནག་ལིང་ལིང་བ་འོང་ངོ༌། །ཡང་རླུང་བཅས་ཐིག་ལེ་ཨ་ཐུང་ལ་བསྡུས་ནས་ཨ་ཐུང་ལ་སེམས་མ་ཡེངས་པར་བསྒོམ་པས། ཉེར་ཐོབ་འོད་གསལ་ལ་ཐིམ་པས་ཐམས་ཅད་སྟོང་པའི་ཡེ་ཤེས་མ་རིག་པ་ལས་གྱུར་པའི་རང་བཞིན་བཞི་བཅུ་ཐིམ། རྟགས་མུན་པ་ལྟ་བུ་ནག་ཐམ་ཐམ་པ་འབྱུང༌། རྟགས་ཅན་རང་ལུས་འོད་ཕུང་ལྟ་བུའི་འོད་འཕྲོ་བ་འབྱུང༌། ལར་རྟགས་འདི་ཚོ་ཁྲིགས་ཆགས་ཀྱི་ངེས་པ་མེད་པར་གོ་རིམ་འཆོལ་བའང་འབྱུང་སྲིད། དེ་རྣམས་ནི་འདོད་ཆགས་དག་པ་སོར་རྟོག་ཡེ་ཤེས་སངས་རྒྱས་འདོད་དཔག་མེད་དུ་འཆར་རོ། །དེ་དག་ནི་ཁྱད་པར་གྱི་སྔོན་འགྲོ་ཡང་ཡིན་ནོ། །དངོས་གཞི་བདེན་པ་གཉིས་ཀྱི་ཚུལ་ཉམས་སུ་བླང་བ་ལ། ཀུན་རྫོབ་ཀྱི་བདེན་པ་
མེད་བཞིན་ཏུ་སྣང་བ་སྒྱུ་མ་ལྟ་བུའི་ཚུལ་བསྒོམ་པའི་ཕྱིར་སྒྱུ་ལུས་ཀྱི་རིམ་པ་ནི། ཨ་ཐུང་སྣང་ལ་རང་བཞིན་མེད་པ་གནག་ཕྲིག་ཕྲིག་པ་ཤིན་ཏུ་ཕྲ་བ་ལ་སེམས་གཏད། དེ་ཡང་སྣང་ལ་རང་བཞིན་མེད་པ་སོགས་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་བསྒོམ། ཡང་སྒྱུ་མ་གཟུང་བ་ནི། མདུན་ཏུ་ལྷ་སྐུ་མེ་ལོང་ལ་ཤར་བ་ལ་བསྟོད་སྨད་བྱས་པས་དགའ་སྡུག་སོགས་འདུག་གམ་མི་འདུག་བལྟ། དེ་མི་འདུག་པ་དང་ལྷ་སྐུ་དེ་དམིགས་པས་མདུན་ཏུ་ཕྱུང་ནས་དེ་ལ་བསྟོད་སྨད་བྱས་པས་དགའ་སྡུག་སོགས་འདུག་གམ་མི་འདུག་བལྟ། མི་འདུག་ན་དེ་ཉིད་སྒྱུ་མའི་དཔེ་བཅུ་གཉིས་སོགས་ཀྱིས་བརྟགས་ནས་བསྒོམ། དེ་སྒྱུ་མ་མེད་བཞིན་ཏུ་སྣང་བར་རྟོགས་ནས་མདུན་ཏུ་ལྷ་དམིགས་པ་རང་ལ་བསྟིམས་ནས་རང་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ། རང་ལྷར་གསལ་བ་ལ་བསྟོད་སྨད་དང༌། གཡས་ནས་ཙནྡན་གྱི་ལྡེ་གུས་བྱུགས་པ་ལ་དགའ་ཞིང་ཆགས་པ་མེད་པ་དང༌། གཡོན་ནས་སྟྭེའུས་གཞོག་པ་ལ་མི་འཇིགས་ཤིང་སྡང་བ་མེད་པ་སྒྱུ་མ་ལྟ་བུར་སྦྱང་ངོ༌། །དེའང་དངོས་པོ་ཐམས་ཅད་ལ་རང་དབང་མེད་པར་ཁྱབ་པ་སྒྱུ་མའི་སྤྲུལ་པ་ལྟ་བུ། གསལ་ལ་མ་འདྲེས་པ་འཇའ་ཚོན་ལྟ་བུ། རླུང་དང་འོད་ཟེར་ལས་གྲུབ་པ་མིག་འཕྲུལ་ལྟ་བུ། གཅིག་ལ་གཉིས་སོགས་མེད་པར་སྣང་བ་མིག་ཡོར་ལྟ་བུ། གང་གིས་ཀྱང་གཞིག་པར་མི་ནུས་པ་གྲིབ་མ་ལྟ་བུ། གཅིག་གིས་ཀུན་ལ་ཁྱབ་པ་ཆུ་ནང་གི་ཟླ་བ་ལྟ་བུའམ་ཡ་མ་བརླ་ལྟ་བུ། ཡན་ལག་དང་ཉིང་ལག་ཏུ་སྣང་བ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། གནས་ཡུལ་དུ་སྣང་བ་དྲི་ཟའི་གྲོང་ཁྱེར་ལྟ་བུ། ཉམས་སུ་མྱང་ཡང་ངོ་བོ་མེད་པ་རྨི་ལམ་ལྟ་བུ། རོ་གཅིག་ལ་དུ་མར་སྣང་བ་ཆུ་བུར་ལྟ་བུ། འཕྲོ་བ་མྱུར་པ་བྲག་ཆ་ལྟ་བུ། འཇུག་པ་མྱུར་བ་གློག་ལྟ་བུ་སྟེ་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་ནས་ཚོགས་དྲུག་ཐམས་ཅད་སྒྱུ་མར་སྦྱང་བ་ཤིན་ཏུ་གལ་ཆེའོ། །སླར་ལྷ་སྐུ་བསྡུས་ནས་ཨ་ཤད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུ་ལ་སེམས་གཏད་ནས་རླུང་བཟུང༌། དེའི་ཚེ་ནམ་མཁའ་ལ་འགྲོ་བ་སོགས་ཀྱི་ཉམས་བྱུང་ན་སྒྱུ་མ་འབྱོངས་པའི་རྣམ་ཐར་སྐྱེས་པ་ཡིན་ནོ། །
དེ་ནས་སྒྱུ་མ་སྦྱང་བ་ནི། ཉམས་ཅི་སྐྱེས་ཀྱང་དགའ་ཞིང་རློམས་པ་མེད་པར་ངམ་གྲོག་དང་གཡང་ས་དང་ཆུ་དང་རི་བྲག་མེ་ཕུང་སོགས་ལ་ཐོགས་པ་མེད་པར་སྟོང་ཐལ་ཐལ་བཏང་ལ། སྒྱུ་མའི་རྣམ་ཐར་སྤེལ་བ་སོགས་བྱ། བདག་གིས་བར་དོའི་དུས་སུ་སྒྱུ་མའི་ལུས་ཀྱང་སྒྱུ་ལུས་སུ་ཤེས་ཤིང་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བར་བྱའོ་སྙམ་དུ་འཕེན་པ་ཡང་ཡང་བཏང༌། དེ་ལྟར་ཉིན་མོ་བསྒོམ། མཚན་མོ་རྨི་ལམ་སྒྱུ་མར་སྦྱང་བ་ཡང་གོང་ལྟར་ལྷར་གསལ་བའི་ཐུགས་ཀའི་ཨ་ཐུང་ལ་སེམས་གཏད། རྨི་ལམ་རྨི་ལམ་དུ་ཤེས་པར་བྱའོ་སྙམ་དུ་འཕེན་པ་བཏང་ལ་གཉིད་ལོག རྨི་ལམ་ཟིན་པའི་ཚེ། རྨི་ལམ་ཡིན། རྨི་ལམ་སྒྱུ་མ་ཡིན་པས་ཅིར་ཡང་བསྒྱུར་ཏུ་བཏུབ་བསམས་པས་སྤེལ་ཞིང་སྦྱང་བ་དང་བསྒྱུར་བ་ལ་བསླབ། བདག་གི་རྨི་ལམ་འདི་སྒྱུ་མ་ཡིན། སྒྱུ་མའི་སྣང་བ་འདི་ལོངས་སྐུར་ལྡང་བར་བྱའོ་སྙམ་ནས་ལྡང་བ་སོགས་བྱ། ཡང་རྨི་ལམ་བར་དོ་ཡིན། སྲིད་པ་བར་དོར་ཡང་ཚུལ་འདི་ལྟར་ཉམས་སུ་བླང་བར་བྱའོ་སྙམ་དུ་འཕེན་པ་ཡང་ཡང་བཏང༌། དེ་ནི་ཞེ་སྡང་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་སངས་རྒྱས་མི་བསྐྱོད་པ་ཡང་འཆར་རོ། །བཞི་པ་དོན་དམ་བདེན་པ་སྣང་ཡང་ངོ་བོ་མ་གྲུབ་པར་རང་བཞིན་མེད་པ་འོད་གསལ་གྱི་རིམ་པ་ནི། སྒྱུ་མར་སྣང་ཙམ་པའི་གཉིས་སྣང་གི་རྟོག་པ་དེ་ཡང་འོད་གསལ་སྟོང་པ་ཆེན་པོའི་མེས་སྦྱང་བ་ཡིན་ལ། འདི་ལ་ཡང་གཞི་ལམ་འབྲས་བུའི་འོད་གསལ་གསུམ། གཞིའི་འོད་གསལ་ལ་ཡང་གཞིའི་སྤྱི་དོན་གྱི་འོད་གསལ་ནི་སེམས་ཉིད་རང་བཞིན་འོད་གསལ་བ་ཉིད་ཡིན། གཞིའི་སྦས་དོན་གྱི་འོད་གསལ་ནི་འཆི་བའི་ཚེ་ཉེར་ཐོབ་འོད་གསལ་ལ་ཐིམ་མ་ཐག་བརྗོད་མེད་ཀྱི་འོད་གསལ་བདེ་བ་ཆེན་པོར་ཡུད་ཙམ་རེ་འཆར་བ་དེ་ཉིད་ཡོན་ནོ། །དེ་དག་གི་ངོ་བོར་འཚང་རྒྱ་བའི་ཐབས་ནི་ལམ་གྱི་འོད་གསལ་ཉམས་སུ་བླང་བ་སྟེ། དེ་ཡང་ཉིན་པར་འོད་གསལ་འཛིན་པའི་ཚེ་ཞི་བ་དང་དྲག་པོ་གཉིས་ལས་ཞི་བར་འཛིན་པ་ནི། རང་ལྷར་གསལ་བ་རིལ་འཛིན་ནམ་རྗེས་གཞིག་གི་བསམ་གཏན་གཉིས་པོ་གང་རུང་གིས་སྟོང་པ་ཆེན་པོར་བསྡུས་ལ་སེམས་ནམ་མཁའ་ལྟར་མཐའ་
དབུས་མེད་པ། ཉི་ཟླ་ལྟར་གསལ་བ། རྒྱ་མཚོ་ལྟར་དྭངས་པ། རི་བོ་ལྟར་གཡོ་འགུལ་མེད་པར་བཞག་གོ །དྲག་པོར་འཛིན་ན་རང་ལྷར་ཝལ་ཙམ་གསལ་བས་རང་ངམ་གྲོགས་ཀྱིས་རྩ་རྦ་རླབས་རིམ་གྱིས་བཅིངས་ནས་སྲོག་འགོག་པའི་ཚེ་འབྱུང་བ་བཞི་དང་སྣང་མཆེད་ཐོབ་གསུམ་ཐིམ་པའི་རྟགས་མན་ངག་ལྟར་ངོས་བཟུང་བའི་མཐར་སྲོག་འགགས་པ་དང་ལྷན་ཅིག་སྐད་ཅིག་མའི་འོད་གསལ་ཤི་བའི་དུས་དང་ཆ་འདྲ་བ་འབྱུང་བ་ལ་ཡུན་རིང་དུ་འཇོག་ཅིང༌། ཚུལ་དེ་ནི་ཤི་བའི་ཚེ་ཡང་ཉམས་སུ་བླང་བའི་མན་ངག་དམ་པའོ། །མཚན་མོ་གཉིད་མཐུག་གི་འོད་གསལ་འཛིན་པ་ཡང༌། བླ་མ་སྤྱི་བོར་བསྒོམ། མདུན་ཏུ་ཡི་དམ་བསྒོམས་ལ་འོད་གསལ་ཟིན་པར་གསོལ་བ་གདབ། དཀོན་མཆོག་གི་རྟེན་ལ་མཆོད་པ་འབུལ། ཡི་དམ་དང་མཁའ་འགྲོ་ཆོས་སྐྱོང་ལ་མི་ཤས་བརྒྱན་པའི་གཏོར་མ་ཕུལ་ནས་གོང་ལྟར་གསོལ་བ་གདབ། དཀར་མེ་མཚན་ཐུབ་གཏང༌། སྔས་བྱང་དུ་བསྟན་སེང་གེའི་ཉལ་སྟབས་བྱས་ལ་བླ་མ་སྤྱི་བོར་བསྟིམ། གཉིད་མཐུག་གི་གཏི་མུག་འོད་གསལ་དུ་འཛིན་པའི་འཕེན་པ་བཏང༌། རང་ལྷར་གསལ་བའི་སྙིང་གར་པདྨ་སྔོན་པོ་འདབ་མ་བཞི་པའི་ལྟེ་བར་མི་ཤིགས་པའི་ཐིག་ལེ་སྔོན་པོ་འོད་འབར་བ་ལ་ཤེས་པ་གཏད། གཉིད་ཀྱི་ཐིམ་རིམ་ངོས་བཟུང༌། གཉིད་ལ་འགྲོ་བའི་ཚེ་ཐིག་ལེ་ལ་སེམས་མ་ཡེངས་པར་གཏད་ནས་གཉིད་དུ་བཏང༌། གྲོགས་ཀྱིས་བལྟས་པས་དབུགས་བདེ་ངོ་མདངས་གསལ་ན་ཟིན་པ་ཡིན། དེ་ལས་བཟློག་ན་མ་ཟིན་པ་ཡིན་པས་གཉིད་བསངས་ནས་སླར་འཛིན་པ་ཡིན། དེའི་ཚེ་གཉིད་ལོག་ཏུ་མ་བཏུབ་ན་སྟོང་འབྱམས་ཡིན་པས་ཟས་བཅུད་ཅན་བསྟེན། སྨིན་མཚམས་སུ་ཐིག་ལེ་ནག་པོ་བསྒོམ། དེས་ཀྱང་མ་བྱུང་ན་གཉིད་ལོག་དུས་བརླ་རྩ་གཉིས་ཅུང་ཟད་མནན། གཉིད་མཐུག་དྲགས་པ་ནི་རྡུགས་འབྱམས་ཡིན་པས་གོས་སྲབ་ཏུ་བཏང༌། རླུང་བུམ་པ་ཅན་བཟུང༌། ཟིན་ལ་ཁད་དུས་གཉིད་སད་ན་སད་འབྱམས་ཡིན་པས་དེའི་གཉེན་པོར་སྟོང་འབྱམས་དང་འདྲ་ཞིང་གཉིད་ཀྱི་གེགས་རྣམས་སྤང༌། རྨི་ལམ་ཁོ་ནས་ཁྱེར་ན་དྲེད་འབྱམས་ཡིན་པས། གོང་གི་ཐིག་ལེ་
དེ་ཉིད་ནག་པོར་བསྒོམ། རླུང་མི་གཟུང༌། དེ་ལྟར་བྱས་པས་གཉིད་སྲབ་མོས་ཟིན་ན་གཉིད་དུ་འགྲོ་བ་དང་ལྷན་ཅིག་ཉི་མ་ཤར་བ་ལྟར་དྭངས་ཤིང་གསལ་ལ་བློའི་འཛིན་པ་དང་ཚོགས་དྲུག་གི་དེར་སྣང་ཅུང་ཙམ་ཡོད་པ་ལ་དེའི་འཁྲུལ་བློའི་རྗེས་སུ་མི་འབྲང་བ་འབྱུང༌། གཉིད་མཐུག་པོས་ཟིན་ན་གསལ་སྟོང་ནམ་མཁའ་ལྟ་བུ་འཛིན་མེད་ཀྱི་ཏིང་ངེ་འཛིན་ཆེས་བརྟན་པ་འབྱུང༌། དེ་ལྟར་ཟིན་ནས་གྲོགས་དང་མར་མེ་སོགས་མི་དགོས་པར་རང་ཉིད་ཁོ་ནས་སྦྱང༌། དེ་ལ་འབད་པས་རབ་ཚེ་འདི། འབྲིང་འཆི་ཁར་འོད་གསལ་ངོས་ཟིན་ནས་གྲོལ་བར་འགྱུར་རོ། །འཆི་བའི་ཚེ་གང་ལ་ཡང་མ་ཆགས་པའི་ངོས་ནས་བླ་མ་ཡབ་ཡུམ་ལ་འཆི་བ་ལམ་དུ་སློང་བར་གསོལ་བ་བཏབ་ལ་ཐིམ་རིམ་ངོས་གཟུང༌། ཐ་མའི་ཚེ་གོང་གི་བཙན་ཐབས་སམ་གཉིད་མཐུག་གི་སྐབས་ལྟར་འཛིན། གྲོགས་ཀྱིས་བརྡ་སྦྱར་བས་འཆི་བ་འོད་གསལ་ཆོས་སྐུར་གྲོལ་བ་གདོན་མི་ཟའོ། །ཞིབ་ཆ་ཞལ་ལས་དྲིས། འདིའི་རྟགས་སྤྲིན་མེད་པའི་ནམ་མཁའ་རྐྱེན་གསུམ་དང་བྲལ་བ་ལྟ་བུ་འབྱུང༌། དེ་ནི་གཏི་མུག་དག་པ་ཆོས་དབྱིངས་ཡེ་ཤེས་སངས་རྒྱས་རྣམ་པར་སྣང་མཛད་དུ་འཆར་རོ། །ལྔ་པ་ཟུང་འཇུག་གི་རིམ་པ་ནི། དེ་ལྟར་ལམ་གྱི་དངོས་གཞི་སྒྱུ་ལུས་དང་འོད་གསལ་གྱི་ཉམས་སུ་བླང་བ་ཡང་ཐ་དད་ཡ་བྲལ་མ་ཡིན་པར། སྣང་ཕྱོགས་སྒྱུ་མ་ལྟ་བུ། སྟོང་ཕྱོགས་འོད་གསལ་སྟོང་ཉིད་ནམ་མཁའ་ལྟ་བུ་ཟུང་འཇུག་ཏུ་ཉམས་སུ་བླང་བ་ཡིན་ཏེ། ཉིན་མཚན་འཆི་དུས་ཀྱི་འོད་གསལ་གང་ཡིན་ཀྱང་སྟོང་པ་ཆེན་པོར་ཁྱབ་གདལ་གསལ་དངས་དེའི་ངང་ནས་ཁམས་གསུམ་ཐམས་ཅད་རྡོ་རྗེ་འཆང་གི་སྣང་བའམ་ཚོགས་ཐམས་ཅད་བསྒྲིབས་པར་གསལ་བ་དེར་འཛིན་མེད་པ་སྟོང་པ་དང་སྣང་བ་ཕྱོགས་གཅིག་གང་དུ་ཡང་བརྗོད་དུ་མེད་པ་གཉིས་སུ་མེད་པའི་ཉམས་འཆར་བ་ནི་ལམ་དུས་ཀྱི་ཟུང་འཇུག་ཡིན་ལ། ཤི་བ་དང་སྐད་ཅིག་མ་འོད་གསལ་ཆེན་པོར་ལམ་གྱི་ཚེ་ཆོས་སྐུ་མཉམ་ཡངས་མཐའ་བྲལ་ཆེན་པོར་ངང་གིས་མ་བསྒྲུབས་ཀྱང་འགྲུབ་ལ། དེ་ལས་མ་གཡོས་བཞིན་ཏུ་ཚོགས་དྲུག་གི་སྣང་ཆ་སྒྱུ་མ་ལྟ་བུ་དག་པའི་སྣང་བ་འབའ་ཞིག་ཏུ་འཆར་བ་རྣམས་དེར་འཛིན་འཁྲུལ་བློ་མེད་པར་སྣང་སྟོང་ཆུ་
ཟླ་ལྟ་བུར་འཆར་བས་ཟུང་འཇུག་ལོངས་སྤྱོད་རྫོགས་པའི་སྐུ་སྐད་ཅིག་ལ་འབད་པ་མེད་པར་འགྲུབ་པ་ཡིན་ནོ། །དེ་ནི་ང་རྒྱལ་དག་པ་མཉམ་ཉིད་ཡེ་ཤེས་སངས་རྒྱས་རིན་ཆེན་འབྱུང་ལྡན་ཏུ་འཆར་རོ། །མཇུག་རྣམས་སུ་བསྔོ་བས་རྒྱས་གདབ། ཐུན་མཚམས་ཐམས་ཅད་དུ་ཚོགས་དྲུག་སྣང་ལ་རང་བཞིན་མེད་པ་སེམས་དང་སེམས་བྱུང་ཐ་དད་མེད་ཅིང་བརྗོད་མེད་བཟོ་བྲལ་འོད་གསལ་ཆེན་པོ་དེའི་ངང་ལས་རང་མདངས་བསྐྱེད་རིམ་ལྷ་སྐུ་སྒྱུ་མ་ལྟ་བུར་ནན་གྱིས་སྦྱང༌། ཡན་ལག་འཕོ་བ་དང་གྲོང་འཇུག་གཏུམ་མོ་སོགས་ནག་ཁྲིད་དུ་ཤེས་པར་བྱའོ། །ཞེས་པ་ནི་ཕ་རྒྱུད་གསང་བ་འདུས་པའི་རྫོགས་རིམ་ལམ་རིམ་པ་ལྔ་པ་འཁོར་ལོ་མེད་པ་ཅན་མདོར་བསྡུས་པ་ཟབ་མོར་གདམས་པའི་སྐབས་སོ། ༈ །ཡང་མ་རྒྱུད་འཁོར་ལོ་སྡོམ་པའི་རྫོགས་པའི་རིམ་པ་གྲུབ་ཆེན་དྲིལ་བུ་ཞབས་ཀྱི་དགོངས་པ་ལྟར་ཉམས་སུ་བླང་བ་ནི། སྔོན་འགྲོ་རྣམས་གོང་ལྟར་ལས། དངོས་གཞིའི་ལམ་དྲིལ་བུ་རིམ་ལྔར་གྲགས་པ་ལ་ཡང་རིམ་པ་དང་པོ་གཉིས་ཁྱད་པར་གྱི་སྔོན་འགྲོ། གསུམ་པ་དངོས་གཞི། བཞི་པ་ཆ་ལག ལྔ་པ་ངོ་སྤྲོད་ཀྱི་ཚུལ་དུ་སྟོན་ཏེ། དང་པོ་ཡིད་དག་པར་བྱེད་པ་རང་བྱིན་གྱིས་བརླབ་པའི་རིམ་པ་ལ་གསུམ་གྱི། ས་བོན་མེད་པའི་ཆེན་པོ་ནི། ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་རང་གི་སེམས་ཡུལ་ལ་འཇུག་པའི་འདི་ཉིད་ཚོགས་དྲུག་གི་རྣམ་རྟོག་དེར་འཛིན་དང་བཅས་པ་བཀག་ནས་རྣམ་པར་མི་རྟོག་པའི་ངང་དུ་ཅི་གནས་སུ་འཇོག་པ་ཉིད་དོ། །ས་བོན་དང་བཅས་པ་ནི། གལ་ཏེ་དེ་ལྟ་བུས་སེམས་གནས་པར་མ་ནུས་ན་རང་འཁོར་ལོ་སྡོམ་པ་ཡབ་རྐྱང་དུ་གསལ་བའི་ཐུགས་ཀར་ཨོཾ་ལས་ཟླ་བ་ཕྱེད་པ་སྲན་མ་ཕྱེད་གཤགས་ཙམ་གྱི་སྟེང་མི་ཤིགས་པའི་ཐིག་ལེ་ཡུངས་འབྲུ་ཙམ་དཀར་ལ་དམར་བའི་མདངས་ཅན། རང་བཞིན་སྟོང་པ། རྣམ་པ་གསལ་བ། ངོ་བོ་ཟུང་དུ་འཇུག་པ་ལ་སེམས་གཏད་ལ་མི་སྤྲོ་བར་བསྒོམ། དེ་ལ་སེམས་ཟིན་ཀྱང་དབང་ཤེས་ཡུལ་ལ་འཕོ་ན། མིག་དབང་གཟུགས་ལ་འཕོ་ན། མིག་ཏུ་ཐིག་ལེ་དཀར་པོ། དེ་བཞིན་ཏུ་རྣ་བ་སྒྲར་འཕོ་ན་ཐིག་ལེ་ནག་པོ། སྣ་དྲིར་འཕོ་ན་སེར་པོ། ལྕེ་རོར་འཕོ་ན་དམར་པོ།
ལུས་རེག་བྱར་འཕོ་ན་རྡོ་རྗེའི་རྩེར་ལྗང་གུ་རྣམས་གང་རུང་བསྒོམས་པ་ལ་སེམས་གཟུང༌། མཐར་ཚོགས་དྲུག་གང་ལ་འཕོ་བ་དང༌། དེའི་དབང་ཤེས་དབྱེར་མེད་རྩོལ་བྲལ་དུ་བསྒོམ་མོ། །ས་བོན་མེད་པ་ཞེས་བྱ་བ་ནི། རླུང་སེམས་ལྷན་ཅིག་ཏུ་འཆིང་བ་སྟེ། རང་གི་ལུས་ཀྱི་རླུང་ཟླ་ཉི་ཟུང་འཇུག་གི་བདག་ཉིད་གསུམ་དུ་གནས་པ་ལུས་ཀྱི་སྟེང་དུ་གཡས་གཡོན་མཉམ་པ་གསུམ། བར་དུ་སྟེང་འོག་བར་གསུམ། སྨད་དུ་རྩ་གསུམ་གྱི་དབྱེ་བ་གསུམ་སྟེ། ཐམས་ཅད་ཀྱང་རྡོ་རྗེ་གསུམ་དུ་མོས་ནས། ལུས་གནད་སྔ་མ་ལྟ་བུ་ལ་ལག་གཉིས་པུས་མོའི་སྟེང་དུ་ས་གནོན་བྱས་ལ། སྣ་བུག་གང་ནས་རླུང་རྒྱུ་མོད་ཀྱང་འཇུག་གནས་འབྱུང་གསུམ་མ་བཅོས་རང་བབ་ལ་སེམས་གཟུང༌། རླུང་དེའི་ཁ་དོག་དམར་སྨུག་གམ་དམར་སྐྱ་ལ་སེམས་གཟུང༌། རླུང་དེ་ཉིད་ནང་དུ་ཞུགས་ཚེ་ལུས་ཐམས་ཅད་ཁྱབ་པར་བསྒོམ། དེ་བཞིན་ཏུ་རླུང་གང་དུ་རྒྱུ་བའི་ཕྱོགས་ཀྱི་སྣ་བུག་ལ་སྦྱར། མཐར་གཉིས་ཀ་ལ་ཡང་སྦྱར། ཡང་སྟེང་འོག་གི་རླུང་མན་ངག་ལྟར་བུམ་པ་ཁ་སྦྱོར་དང༌། ལོགས་རླུང་རྒྱབ་རླུང་གཉིས་ལའང་དེ་ལྟར་སྦྱར་ནས་བསྒོམ། མཐར་གོང་གི་ཐིག་ལེ་དང་རླུང་སྟབས་གཅིག་ལ་སྦྱར་ལ་བསྒོམ། དེས་ནི་ལྷའི་མིག་སོགས་ཐོབ་པར་བྱེད་དོ། །གཉིས་པ་རླུང་དག་པར་བྱེད་པ་སྣ་ཚོགས་རྡོ་རྗེའི་རིམ་པ་ལ་ཡང་ས་བོན་དང་བཅས་པ་དང་ས་བོན་མེད་པ་གཉིས་ལས། ས་བོན་དང་བཅས་པ་ནི། ལུས་གནད་གོང་ལྟར་ལ་རླུང་རོ་བསལ། སྟེང་འོག་གི་རླུང་ཁ་སྦྱོར་དྲག་པོས་བཟུང་ལ། ལུས་ནང་འོད་ཀྱི་རང་བཞིན་ཅན་གྱི་རླུང་གིས་གང་བར་བསམ། སྤྱི་བོར་སྣ་ཚོགས་རྡོ་རྗེ་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང༌། ལྟེ་བ་མཐིང་གའི་དབུས་སུ་ཨ་ལས་ཆོས་འབྱུང་གི་ནང་དུ་ཧཱུྃ་ལས་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་ཟླ་བ་ལ་ཧཱུྃ་དཀར་ལ་དམར་བས་མཚན་པ་ལ་སེམས་གཏད། མཐར་ཧཱུྃ་གི་ཐིག་ལེ་ལ་སེམས་ཅི་གནས་སུ་བཞག གཡས་གཡོན་ལུས་ནང་དུ་དྷཱུ་ཏཱི་གསལ། རླུང་གི་འོད་དྷཱུ་ཏཱིའི་ནང་དུ་མར་སོང་བས་བདེ་བ་སྐྱེས་པར་བསམས་ལ་བསྒོམ། དེ་བཞིན་ཏུ་གསང་གནས་སུ་ཡང་སྣ་ཚོགས་རྡོ་རྗེ་སོགས་སྔ་མ་ལྟ་བུ་བསྒོམས་པའི་རླུང་འོད་ཕྲེང་དུ་འཕྲོ་བ་ལ་སེམས་གཏད། ཡུལ་ལ་སེམས་འཕོ་ན་གང་དུ་འཕོ་
བའི་མིག་སོགས་དབང་པོའི་སྒོ་ན་ཡང་སྣ་ཚོགས་རྡོ་རྗེ་བསྒོམ། དེ་ལྟར་འབད་པ་ཉི་མ་སྐར་མ་ལྟ་བུའི་རྟགས་སྣང་འཆར། ས་བོན་མེད་པ་ནི། ཡང་ལུས་གནད་གོང་ལྟར་ལ་སྣ་བུག་གཡས་ནས་རླུང་བུས། མཛོད་སྤུའི་ཐད་དུ་ཉི་མའི་དཀྱིལ་འཁོར་ལ་སེམས་གཏད། ཡང་གཡོན་ནས་བུས་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ་ལ་སེམས་གཏད། ཡང་གཉིས་ཀ་ནས་བུས་པས་ཟླ་དཀྱིལ་གྱི་དབུས་སུ་ཐིག་ལེ་སྔོན་པོ། ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་བའི་ཐིག་ལེ་ལྔར་གྱུར་པར་བསམས་ཏེ། ཐིག་ལེ་རྣམས་ལ་རེས་མོས་སུ་སེམས་གཏད། དེ་རྣམས་ཀྱི་ཚེ་རླུང་བུས་ནས་ནང་དུ་མི་རྔུབ་པར་ཕྱིར་འཛིན་ལ་ཅི་ཐུབ་ཏུ་བཟུང༌། མི་ཐུབ་པའི་ཚེ་ནང་དུ་རྔུབ། དམིགས་པ་དེ་ཉིད་རིམ་པ་ལྟར་གསང་བར་བསྒོམ། དེ་ནས་མིག་ལ་སོགས་པ་དབང་པོའི་སྒོ་རྣམས་སུ་ཡང་བསམ། སེམས་དང་ཡང་བསྲེ། དེས་ནི་སྔ་མའི་བོགས་འདོན་ཞིང་ལྷའི་མིག་སོགས་རྒྱུད་ནས་གསུངས་པ་རྣམས་ངེས་པར་འཐོབ་པའོ། །ལྔ་པ་ནོར་བུ་འགེངས་པའི་རིམ་པ་ཞེས་ལམ་དངོས་གཞི་བསྒོམ་པ་ལ་དམ་ཚིག ལས། ཆོས། ཕྱག་རྒྱ་ཆེན་པོ་དང་བཞི་ལས། དང་པོ་དམ་ཚིག་གི་ཕྱག་རྒྱ་ནི། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པས། རང་འཁོར་ལོ་སྡོམ་པར་གསལ་བའི་པང་དུ་ཡུམ་རྡོ་རྗེ་རྣལ་འབྱོར་མར་གསལ་བཏབ་པའི་ཡུམ་གྱི་མཁའ་གསང་སྒྲུབ་ཐབས་བྱིན་གྱིས་བརླབས་རྗེས། རང་གི་ལྟེ་བར་ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡཻ་ཧུཾ་ཧཱུྃ་ཕཊ། སྙིང་གར་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡཻ་བཛྲ་བརྞ་ནཱི་ཡཻ་ཧུཾ་ཧཱུྃ་ཕཊ། མགྲིན་པར་ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུཾ་ཧཱུྃ་ཕཊ་ཌཱ་ཀི་ནཱི་ཛཱ་ལ་སཾ་བ་རཾ་སྭཱ་ཧཱ། དཔྲལ་བར་ཨོཾ་ཧྲཱི་ཧ་ཧ་ཧུཾ་ཧཱུྃ་ཕཊ། ཡུམ་གྱི་ལྟེ་བར་ཨོཾ་ཤྲཱི་བཛྲ༴ སྙིང་གར་ཨོཾ་ཧྲཱི་ཧ༴ མགྲིན་པར་ཨོཾ་བཛྲ་བཻ་རོ༴ དཔྲལ་བར་ཨོཾ་སརྦ་བུདྡྷ༴ དེ་ལྟར་གསལ་བཏབ་ནས་འདུ་ཤེས་སུམ་ལྡན་གྱིས་སྙོམས་པར་ཞུགས་པས་བྱང་སེམས་སྤྱི་བོ་ནས་མགྲིན་པར་སླེབ་པ་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བར་ལྷན་སྐྱེས་རྣམས་སོ་སོར་མཉམ་པར་བཞག ནོར་བུའི་རྩེ་མོར་སོན་པ་དང་ལྡོག་པ་གསུམ་གྱི་སྦྱོར་བས་ཧཱུྃ་ཞེས་ཡར་བཟློག་པས་ལྟེ་བར་དགའ་བ།
སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་སྐྱེས་ལ་མཉམ་པར་གཞག དམིགས་པ་རྣོ་བས་ཀུནྡ་འཕོ་བར་ཉེ་ན་ལག་གཉིས་ཁུ་ཚུར་བཅངས་པ་སྙིང་གར་བསྣོལ། མིག་གཉིས་གྱེན་ཏུ་ལྡོག ལྕེ་ཡར་རྐན་ལ་སྦྱར། ཧྲཱིཾ་ཞེས་རླུང་སེམས་གྱེན་ཏུ་འཐེན་ལ་རླུང་སེམས་དྷཱུ་ཏཱིའི་ནང་དུ་ཡར་འཕོས་པས་སྤྱི་བོའི་ཧྃ་ལ་ཐིམ་པར་བསམ་མོ། །ལས་ཀྱི་ཕྱག་རྒྱ་ནི། པདྨ་ཅན་སོགས་བསྟེན་བྱར་འོས་པ་དྲང་ངེས་ཀྱི་ཆོས་བཤད་པས་བློ་བཅོས། དབང་གིས་སྨིན་པར་བྱས་ནས་ཚུལ་དང་མཐུན་པའི་གནས་སུ་རང་དང་རིག་མ་འཁོར་ལོ་སྡོམ་པ་ཡབ་ཡུམ་བསྐྱེད་པའི་མཁའ་གསང་བྱིན་གྱིས་བརླབས་ནས་སོ་སོར་སྔགས་རྣམས་བཀོད་ནས། བརྡ་དང་སྔགས་ཀྱི་སྦྱོར་བས་འདུ་ཤེས་སུམ་ལྡན་གྱི་སྙོམས་འཇུག་བྱ། བྱང་སེམས་ཕབ་ཅིང་དགའ་བཞིའི་ཡེ་ཤེས་ལ་མཉམ་པར་བཞག འཕོར་ཉེ་བའི་ཚེ། རབ་ཏིང་ངེ་འཛིན། འབྲིང་དམིགས་ལུགས། ཐ་མ་འཁྲུལ་འཁོར་གྱི་སྒོ་ནས་དབང་འཛིན་ཟློག་འདྲེན་དགྲམ་རྩ་མིག་ཏུ་གདབ་པ་བྱ་ཞིང་འཁྲུལ་འཁོར་དགོས་བྱུང་ན་རུང་མཐུན་གཞན་ནས་ཁ་བསྐང་དུ་རུང་ངོ༌། །ཞིབ་ཆ་ཞལ་དུ་གབ་བོ། །ཆོས་ཀྱི་ཕྱག་རྒྱ་ནི། བཤད་མ་ཐག་པའི་ཡིད་རིག་དང་དངོས་རིག་གང་ཡིན་ཡང་སྙོམས་འཇུག་གི་བྱ་བ་བྱས་ཟིན་མ་ཐག་རིག་པ་ཧཱུྃ་དམར་སྐྱར་གྱུར་པ་རང་གི་རྡོ་རྗེའི་ལམ་ནས་རྒྱུ་བ་སྐད་ཅིག་གིས་ཐུར་སེལ་རླུང་གློག་གི་ཞགས་པ་ལྟ་བུས་བཀུག་ཅིང་དྭངས་པ་གསང་ལྟེ་སྙིང་མགྲིན་དཔྲལ་བར་སླེབས་པའི་ཚེ་དགའ་བཞི་སོ་སོར་སེམས་གཟུང༌། མཐར་སྤྱི་བོའི་ཧྃ་ལ་བསྟིམ། དམིགས་མེད་དུ་བཞག སླར་ཚོགས་དྲུག་གི་ཡུལ་སྣང་གང་ཤར་བ་བདེ་སྟོང་ལྷན་སྐྱེས་ཀྱི་མྱོང་བ་དང་བསྲེ། རང་བབས་བཅོས་མིན་གྱིས་ཉམས་བཟོ་མེད་གཅེར་ཡན་དུ་བསྐྱང༌། ཕྱག་རྒྱ་ཆེན་པོ་ནི་སེམས་གསལ་སྟོང་ཟུག་འཇུག ལམ་བདེ་སྟོང་ལྷན་སྐྱེས་ཀྱི་གདམས་པ། རྣམ་པར་མི་རྟོག་པ་ཟུང་འཇུག་ལྷན་སྐྱེས་ཀྱིས་བསམ་དུ་མེད་པའི་ངོ་བོར་བཞག་ཅིང༌། དེའི་རྩལ་སྣང་རྣམས་ཀྱང་ཉི་མ་དང་འོད་ཟེར་ལྟར་གཅིག་ཡིན་ཐ་དད་མིན་པའི་ངོ་བོར་བཟོ་མེད་དུ་བསྒོམ་པས་དུ་སོགས་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་འཆར་ཞིང་དེ་ལ་གོམས་པར་བྱའོ། །བཞི་
པ་ཛ་ལནྡྷ་རའི་རིམ་པ་ཞེས་གྲོལ་ལམ་བའི་དབང་དུ་མཛད་པ་ལམ་གྱི་ཆ་ལག་ནི། ལུས་རྣམ་སྣང་གི་ཆོས་བདུན་ལྟར་ལ་ལག་པ་གཡས་གཡོན་བསྣོལ་ནས་དཔུང་པའི་བར་ལྷུ་འཇུས་ཏེ། རང་གི་ལྟེ་འོག་སོར་བཞི་ཆོས་འབྱུང་ཕྱི་དཀར་ནང་དམར་བའི་དབུས་སུ་ཐིག་ལེ་སྔོན་པོ། མདུན་ཏུ་དཀར་པོ། གཡས་སུ་སེར་པོ། རྒྱབ་ཏུ་དམར་པོ། གཡོན་ཏུ་ལྗང་གུ་རྣམས་བསྒོམས། རླུང་རོ་བསལ་ནས་སྲོག་ཐུར་གྱི་རླུང་བུམ་པ་ཁ་སྦྱོར་བྱས་པས། ཐིག་ལེ་སོ་སོ་ལས་གཏུམ་མོའི་མེ་རང་རང་གི་མདོག་ཅན་ཤིན་ཏུ་ཕྲ་ཞིང་རྣོ་བར་འབར་བ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ལ་གོམས་ནས། མེ་རྣམས་ཆེར་འབར་བའི་འོད་འདྲེས་པ་སྣ་བུག་གཡས་ནས་ཕྱིར་ཐོན། ཕྱོགས་ཐམས་ཅད་དུ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱི་ཤངས་བུག་གཡས་སུ་ཞུགས་ནས། སྐུའི་དབྱིབས་བརྒྱུད་ལྟེ་བར་སོང་ནས་གྱེན་ཏུ་འབར་ནས་དེ་དག་གི་སྐུའི་ལྟེ་བ། ཐུགས་ཀ མགྲིན་པ། སྤྱི་བོའི་གནས་རྣམས་བསྲེགས་ཏེ་བྱང་ཆུབ་ཀྱི་སེམས་དཀར་དམར་རྣམས་སྤྱན་དྲངས་ནས་ཤངས་བུག་གཡོན་པ་ནས་ཐོན། རང་གི་སྣ་བུག་གཡོན་དུ་ཞུགས་ནས་སྤྱི་བོར་སོང༌། དྷཱུ་ཏཱིའི་ནང་བརྒྱུད་ལྟེ་བའི་མེ་ལྔ་ལ་འདྲེས་པས་བདེ་དྲོད་གསལ་སྟོང་ཟུང་འཇུག་གི་ཉམས་ཚད་མེད་པ་སྐྱེས། སླར་རང་གི་ལྟེ་བའི་མེ་ལྔ་ཆེར་འབར་བ་རྒྱལ་བ་འཁོར་བཅས་ཀྱི་བྱང་ཆུབ་སེམས་དང་ཐ་མི་དད་པས་རང་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་བར་མེད་དུ་གང་བ་ལ་སེམས་གཏད། སྲོག་ཐུར་བུམ་ཅན་ཏུ་བཟུང༌། འདི་ལ་གོམས་པས་ལྟེ་བ་སོགས་གནས་གང་དུ་བྱང་སེམས་བརྟན་པ་དེ་དག་གི་ཡོན་ཏན་རྒྱུད་ནས་ཇི་སྐད་གསུངས་པ་ལྟར་འབྱུང་བས་ནན་ཏན་དུ་བསྒོམ་པ་གལ་ཆེའོ། །ལྔ་པ་བསམ་གྱིས་མི་ཁྱབ་པའི་རིམ་པ་ཞེས་པའི་རིམ་པ་ཞེས་པ་ངོ་འཕྲོད་ནས་ཉམས་མྱོང་བསྐྱང་བ་ཡིན་ཏེ། ཚོགས་དྲུག་གི་ཡུལ་སྣང་གང་ཤར་བ་དེ་ཉིད་བཅོས་མིན་གྱི་སེམས་མི་ཤིགས་པའི་མིང་ཅན་དང་རོ་མཉམ་པར་བྱས་ཏེ། དེ་ཡང་སེམས་ཚོགས་དྲུག་གི་ཕྱིར་མ་འབྲང༌། ཚོགས་དྲུག་སེམས་ཀྱི་ཡུལ་དུ་མ་འདྲེས། དེའི་རྗེས་སུ་མ་འབྲངས་པས་སྣང་ལ་རང་བཞིན་མེད་པ་སྒྱུ་མའི་དཔེ་ལྟར་ཉམས་སུ་
མྱང་བ་ཉིད་ཡུལ་དུ་བསྒོམས་པས་སྣང་སེམས་ཟུང་དུ་འཇུག་པར་འགྱུར་ཏེ། སྣ་ཚོགས་སུ་སྣང་བ་ཇི་སྙེད་པ་དེ་སྙེད་རང་རིག་བདེ་བ་ཆེན་པོ་དང་ཐ་དད་མེད་པར་འཆར་བ་འབྱུང་ལ། གལ་ཏེ་གོམས་འདྲིས་ཆུང་བ་སོགས་ཀྱིས་དེ་ལྟར་སྣང་སེམས་ཐ་མི་དད་དུ་མཉམ་པར་འཇོག་ཏུ་མ་ནུས་ན། བརྟན་གཡོ་ཚོགས་དྲུག་གི་སྣང་བ་ཐམས་ཅད་རང་ལྷར་གསལ་བ་ལ་བསྡུ། དེ་ཡང་ཐུགས་ཀའི་ཧཱུྃ་ལ་བསྡུས་ལ་ནཱ་དའི་བར་དུ་བསྡུས་ནས། ནཱ་ད་ཡང་ཇེ་ཕྲར་གྱུར་པ་ཅི་ཡང་མི་དམིགས་པའི་ངང་དུ་ཅི་གནས་སུ་མ་བཅོས་སོ་མ་ལྷུག་པ་རང་བབས་སུ་བཞག་ནས་རིམ་གྱིས་སྔ་མ་ལྟར་རོ་མཉམ་དུ་བྱས་ལ་བསྒོམ་པར་བྱའོ། །ཐུན་མཚམས་རྣམས་སུ་བསྔོ་བས་རྒྱས་གདབ་ཅིང་དུས་ཐམས་ཅད་དུ་བསྒོམས་པས་རབ་ཚེ་འདིར་མཆོག་གི་གྲུབ་པ་ཐོབ། འབྲིང་ཤི་བའི་ཚེ་འོད་གསལ་ཆོས་ཀྱི་སྐུར་འཚང་རྒྱ། ཐ་མས་ཀྱང་བར་དོར་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས་བསུས་ཏེ་འོག་མིན་བདེ་བ་ཆེན་པོའི་ཞིང་ཁམས་སུ་ལོངས་སྐུ་ངེས་པ་ལྔ་ལྡན་དུ་འཚང་མི་རྒྱ་བ་མི་སྲིད་པའི་གདམས་པ་དྲིལ་བུ་རིམ་ལྔར་གྲགས་པ་ཆད་པའི་སྐྱོན་མེད་ཅིང་ཤིན་ཏུ་བསྡུས་པར་བགྱི་བའི་སྐབས་སོ། ༈ །ཡང་སྙིང་པོ་དགྱེས་པ་རྡོ་རྗེའི་རྫོགས་པའི་རིམ་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ནཱ་རོ་པའི་གདམས་པ་ཆོས་དྲུག་ཏུ་གྲགས་པ་ཉམས་སུ་བླང་བ་ཡང༌། སྔོན་འགྲོ་སྔར་ལྟར་ལ། ཁྱད་པར་གྱི་སྔོན་འགྲོ་རྩ་རླུང་ཐིག་ལེ་སྦྱང་བ་གསུམ་ལས། རྩ་སྦྱང་བ་ནི། རང་དགྱེས་པ་རྡོ་རྗེ་དཔའ་བོ་གཅིག་པར་གསལ་བའི་སྤྱི་བོ་ནས་གསང་གནས་བར་དུ་རྩ་དབུ་མ་པདྨ་རཱ་གའི་མདོག་ལྟ་བུ། གཡས་སུ་རོ་མ་དམར་པོ། གཡོན་ཏུ་རྐྱང་མ་དཀར་པོ་གཉིས་ཡས་སྣ་ཀླད་རྒྱའི་སྟེང་ནས་སྣེ་བུག་གཉིས་སུ་ཟུག་པ། མས་སྣེ་ཡི་གེ་ཆ་ལྟར་གནས་ནས་དབུ་མའི་ལྟོང་དུ་ཚུད་པ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞིར་གྱེས་པ། སྙིང་ག་ཆོས་ཀྱི་འཁོར་ལོ་འདབ་མ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འདབ་མ་བཅུ་དྲུག སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་འདབ་མ་སོ་གཉིས་པ། རྩ་གསུམ་འཁོར་ལོ་བཞི་རྣམས་དྲང་བ། ཕྲ་བ། རྐྱང་མ་མ་གཏོགས་དམར་བ། གསལ་བ་སྟེ་མཚན་ཉིད་བཞི་ལྡན་དུ་བསམ་
མོ། །རླུང་སྦྱང་བ་ནི། ལུས་བསམ་གཏན་གྱི་ཆོས་དྲུག་དང་ལག་པ་རྡོ་རྗེ་ཁུ་ཚུར་པུས་སྟེང་སོ་སོར་བཞག་ནས་འབུད་པ་དགུ་སྤྲུགས་བྱས་ལ་ཕྱིར་བུས་པའི་ཚེ་སྡིག་སྒྲིབ་ཐམས་ཅད་སང་སང་དག ནང་དུ་རྔུབ་པའི་ཚེ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་བྱིན་རླབས་བསྡུས་པར་བསམ། དེ་ནས་སྒྲ་མེད་དུ་སྣ་བུག་གཉིས་ནས་དལ་བུས་རྔུབ། མཆིལ་མ་ཞིག་དང་མཉམ་དུ་ལྟེ་འོག་ཏུ་ཧྲིལ་གྱིས་དགང༌། དེའི་ཚེ་རྒྱབ་རླུང་ཅུང་ཡར་བསྡམས་ལ་བུམ་ཅན་ཅི་ཐུབ་བཟུང༌། མི་ཐུབ་ལ་ཉེ་བའི་ཚེ་ལུས་གཡས་གཡོན་ཏུ་ཅུང་ནེམ་ནེམ་གྱིས་རྩ་མིག་ཏུ་གཞིལ་ལ་བཟུང༌། མི་ཐུབ་པའི་ཚེ་ཅུང་ཟད་ཕྱིར་བཏང་ལ་མནན་ནས་བཟུང༌། དལ་བུས་སངས་ཀྱིས་སྣ་བུག་ནས་བཏང་ལ་མཇུག་ཏུ་དབྱིངས་རིག་བསྲེ། རླུང་རྔུབ་པ་དང་གཏོང་བ་མཐའ་དག་ཁ་ནས་མ་སོང་བ་ཤིན་ཏུ་གལ་ཆེ། ཐིག་ལེ་སྦྱང་བ་ནི། སྨིན་མཚམས་སུ་ཐིག་ལེ་སྔོན་པོ་སྲན་མ་ཙམ་ཞིག་གནས་པ་རླུང་རྔུབ་པའི་ཚེ་དབུ་མའི་ནང་ནས་གསང་བའི་བར་འགྲོ། དགང་ཞིང་གཞིལ་བའི་ཚེ་རྩ་འཁོར་རྣམས་སུ་སིང་སྒྲ་དང་བཅས་མྱུར་བར་རྒྱུ། རླུང་བཏང་བའི་ཚེ་ཕྱིར་བཏོན་པར་བསམ་མོ། །སྐབས་འདིར་སྤྲོ་ན་ནཱ་རོ་ཆོས་དྲུག་སྐོར་ལག་ལེན་ལྟར་བྱ། དེ་ལྟར་རྩ་རླུང་ཐིག་ལེའི་ལམ་འབྱོངས་ནས། དངོས་གཞི་ཉམས་སུ་བླང་བ་ནི། རྩ་བའི་ཆོས་བཞི་དང༌། ཡན་ལག་གི་ཆོས་གཉིས་ལས། དང་པོ་འཛག་བཅས་འཇིག་རྟེན་པའི་ལྷན་སྐྱེས་ཀྱི་གཉེན་པོར་གཏུམ་མོ་ལམ་གྱི་གཞུང་ཤིང་ཉམས་སུ་བླང་བ་ནི། རྐང་པ་ཙོག་པུར་བསྣོལ། ལག་པ་མཉམ་བཞག་གམ་པུས་འཁྱུད། གཞན་བསམ་གཏན་གྱི་ཡན་ལག་དྲུག་པོ་འདྲ། རབ་གནས་དང་ལྡན་པའི་སྒོམ་ཐག་གིས་བཅིང༌། སྐྱབས་སེམས་དང་བླ་མའི་རྣལ་འབྱོར་གསལ་བཏབ། ཙཎྜ་ལཱིའི་དོན་ཉམས་སུ་མྱང་བར་གསོལ་བ་བཏབ། རང་ལ་བསྟིམ། ཉམས་ལེན་གྱི་ཐོག་མ་གཏུམ་མོ་མ་ཟིན་པ་འཛིན་པ་ནི། རྩ་གསུམ་འདུས་མདོ་ལྟེ་འོག་སོར་བཞིའི་རོ་རྐྱང་གི་སྣེ་མོའི་སྟེང་དུ་ཆོས་འབྱུང་དམར་པོའི་དབུས་སུ་གཏུམ་མོ་ཨ་ཤད་ཀྱི་རྣམ་པའི་རང་བཞིན་སྲ་ཞིང་གཞོམ་གཞིག་དང་བྲལ་བ། ཆུའི་རང་བཞིན་དམར་ཆའི་དྭངས་མ་རློན་ཞིང་གཤེར་བ། མེའི་
རང་བཞིན་རྣོ་ཞིང་ཚ་བ་སྲེག་པའི་ངར་ཅན། རླུང་གི་རང་བཞིན་གཡོ་ཞིང་ཀུན་ཏུ་ཁྱབ་པ། གཞན་ཡང་ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་བདེ་བ། རྩེ་མོ་རྣོ་ཞིང་འཁྱོག་པའི་རྣམ་པ་ཅན་དུ་བསམ་མོ། །ཟིན་པ་བརྟན་པར་བྱ་བ་ནི། ནམ་མཁའི་རླུང་ཞེས་མཉམ་རྒྱུའི་སྐབས་སྦྱང་བའི་སྐབས་ལྟར་བུམ་ཅན་མཚན་ཉིད་བཞི་ལྡན་དུ་བཟུང་བའི་ཚེ་རོ་རྐྱང་ནས་སྲོག་རྩོལ་གྱིས་སྦུད་པས་ཨ་ཤད་ལ་བསྣུན་མ་ཐག་དེ་ལས་མེ་ཆེར་བུས་ནས་དབུ་མའི་ནང་དུ་འབར་བའི་མེ་ལྕེ་ཡང་གོང་ལྟར་མཚན་ཉིད་བཞི་ལྡན་ཏུ་མཉམ་པར་བཞག་གོ །བརྟན་པ་བོགས་འདོན་པ་ལ། དྲོད། བདེ་བ། མི་རྟོག་པ་གསུམ་ལས། དྲོད་བོགས་འདོན་ནི། གོང་ལྟར་རླུང་བཟུང་བས་མེ་ཆེས་ཆེར་འབར་བས་རྩ་གསུམ་འཁོར་ལོ་བཞི་ལུས་ཀྱི་ཕྱི་ནང་ཐམས་ཅད་ལ་མེས་གང་བར་བསམ། སྤྲོ་ན་དྲོད་ཀྱི་འཁྲུལ་འཁོར་བྱ། ལུས་རྔུལ་ནས་སྲན་ཕྱེས་འཕུར་བ་སོགས་མན་ངག་ལྟར་དང་པོ་བདུན་མའི་འཁྲུལ་འཁོར་བྱའོ། །ཡང་རླུང་བཟུང་བས་མེ་ཆེས་ཆེར་འབར་བས་སྟོང་གསུམ་མེ་ལྕེ་གཅིག་ཏུ་འབར་བར་བསམ་མོ། །འདིའི་སྐབས་གཏུམ་མོ་བདེ་དྲོད་ཀྱི་ལང་ཚོ་ངོམས་ཞིང་གོས་ཀྱི་འཁྲི་བ་གཅོད་པའི་ཕྱིར་རས་འབུད་བྱ་བ་ནི། རབ་ལྟ་བ་གཉིས་མེད་ཟུང་འཇུག་རྟོགས་པ། འབྲིང་དམིགས་པ་ཡུལ་གསུམ་རང་དབང་ཆུབ་པ། ཐ་མས་ནི་འདི་ལྟར་ཁྲུས་བྱ། བགེགས་བསྐྲད། སྲུང་འཁོར་བསྒོམ། ཤིས་བརྗོད་བྱ། དམིགས་པ་མལ་སྟན་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བའི་སྟེང་དུ་རང་ལུས་ལྕགས་བསྲེགས་པ་ལྟ་བུ། ལག་གཉིས་གཡས་འོག གཡོན་སྟེང་ཉི་དཀྱིལ་མེ་འབར་བར་བསམ། སྣོད་བཅུད་ཀྱི་མེ་རྣམས་བསྡུས་པ་ལྟེ་འོག་སོར་བཞིར་བྱ་སྒོང་ཙམ་ལ་ཐིམ་པར་སེམས་གཏད། རས་རྐྱང་གི་བགོ་བས་སེང་གེའི་ཉལ་སྟབས་སུ་མགོ་བྱང་ལ་བསྟན་ལ་བདེ་བར་ཉལ། དྲོས་དཀའ་ན་རྗེ་བཙུན་རཏྣའི་དག་པའི་སྣང་བ་གཏུམ་མོ་ཙཎྜ་ལཱིའི་དམིགས་པ་བཅུ་བཞི་འཕུལ་གཅིག་གི་འཁྲུལ་འཁོར་དང་བཅས་པ་བླ་མའི་ཞལ་རྒྱུན་ལྟར་བྱ། ཆུ་རས་སོགས་ཀྱང་སྐབས་སུ་བབ་ན་བྱ་བ་ཡིན་ནོ། །བདེ་བ་བོགས་འདོན་པ་ནི། ལུས་གནད་རྩ་གསུམ་འཁོར་ལོ་
བཞི་གཏུམ་མོ་རྣམས་སྔར་ལྟར་ལ། སྙིང་གར་དབུས་སུ་བྷྲཱུྃ། ཕྱོགས་བཞིར་ཨྃ་ཛྲིཾ་ཁྃ་ཧཱུྃ། མགྲིན་པར་དབུས་སུ་མྃ། ཕྱོགས་བཞིར་ལཱྃ་པཱྃ་ཏཱྃ་ཨྃ་རྣམས་རྩ་མདུད་ཀྱི་རྣམ་པ། སྤྱི་བོར་དཀར་ཆའི་དྭངས་མ་ཧྃ་ཡིག་མགོ་ཐུར་བསྟན་དུ་ཡོད་པར་བསམ། རླུང་བཟུང་བས་ཨ་ཤད་ལས་མེ་འབར་བས་གཡོན་རྐྱང་མ་ཟླ་བའི་རྒྱུ་བ་བཀག གཡས་རོ་མའི་ནང་དུ་འབར་བས་སྙིང་གའི་རྩ་མདུད་ལྔ་པོ་བཀྲོལ། མེས་གཡས་རོ་མ་ཉི་མའི་རྒྱུ་བ་བཀག གཡོན་རྐྱང་མའི་ནང་དུ་འབར་བས་མགྲིན་པའི་རྩ་མདུད་ལྔ་པོ་བཀྲོལ། མེ་ལྕེས་གཡས་གཡོན་རོ་རྐྱང་ཉི་ཟླའི་རྒྱུ་བ་བཀག དབུ་མའི་ནང་དུ་མར་བབས་ཨ་ཤད་ལ་ཐིམ་ལ་ཁད་སོར་བཞི་ཙམ་འབར་བ་ལ་སེམས་གཏད། ཡང་རླུང་བཟུང་བས་བུས་ནས་མེ་ཆེར་འབར། དབུ་མའི་ནང་བརྒྱུད་འཁོར་ལོ་བཞི་རིམ་གྱིས་བགྲོད་པས་ཧྃ་ལས་དཀར་ཆ་སྐྱ་ཤར་གྱིས་བབས་པ། མེ་ལྕེ་ལ་རེག་ལ་ཁད་དུ་ཉེ་བ་ན་ཇེ་དམའ་དང་དཀར་ཆ་ཇེ་རིང་དུ་འབྲོས་དེད་བྱས་ནས་ཐུར་དུ་བབས་པའི་ཚེ་མགྲིན་པར་བྱང་སེམས་སླེབ་པ་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བར་ལྷན་སྐྱེས་ལ་མཉམ་པར་བཞག ཡང་རླུང་གི་སྦྱོར་བས་ཨ་ཤད་ལས་མེ་འབར་བའི་ཚེ་མེ་ལྕེ་ཇེ་རིང་དང་དཀར་ཆ་ཇེ་ཐུང་གྱེན་ལ་འཛེག་པའི་ཚེ་ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་སྐྱེས་ལ་མཉམ་པར་བཞག འདིའི་སྐབས་བདེ་བ་འབར་བས་བྱང་སེམས་འཕོར་ཉེན་གསུམ་ཆོས་ཀྱི་གནད་ནི། བདེ་ཉམས་ཉོན་མོངས་ཀྱི་རྟོག་པ་ཙིར་གྱིས་བཟུང༌། གཞུ་བདུངས་པའི་ཡུན་ཙམ་ལམ་དུ་བཏང༌། སླར་ཤེར་སྙིང་ཀློག་པའི་ཡུན་ཙམ་དེའི་ངོ་བོར་བལྟས་ལ་གནད་དུ་དབབ། དེ་ནས་བྱང་ཆུབ་ཀྱི་སེམས་ཡུད་ཙམ་བསྒོམས་པས་དུག་ལ་སྔགས་བཏབ་པས་སྨན་ཏུ་འགྱུར་བ་ལྟར་བྱང་ཆུབ་སེམས་གཉིས་དང་བདེ་བ་རོ་གཅིག་ཏུ་གྱུར་པས་གནས་སྐབས་སུ་སངས་རྒྱས་བྱང་སེམས་མང་པོའི་ཞལ་མཐོང་ཞིང་མཐར་ཐུག་འདོད་ཆགས་དག་པ་པདྨའི་རིགས་སུ་འཚང་རྒྱ་བའི་དགོས་པ་ཡོད། དེ་རྗེས་ལུས་ལྷར་གསལ་བཏབ་པའི་བ་སྤུའི་ཁུང་དུ་ཚུན་
ཁྲེམས་པར་བཀྲམ་པས་ཡོན་ཏན་དང་དངོས་གྲུབ་ཐམས་ཅད་མྱུར་དུ་ཐོབ་པར་འགྱུར་བར་གསུངས་སོ། །རྐང་པ་འགུམ་པ་སོགས་བྱུང་ན་གཏུམ་མོ་སྐུ་བསྲིང་བའི་མན་ངག་ལྟར་བྱའོ། །གཞན་ཡང་རྗེ་རིན་པོ་ཆེའི་མན་ངག་ནི། ལྟེ་འོག་རྩ་གསུམ་འདུས་མདོར་ཐིག་ལེ་དཀར་ཞིང་དམར་བའི་མདངས་ཆགས་པ་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་བྱ་སྒོང་ཙམ་ཞིག་བསྒོམ། དེ་ལ་གོམས་ནས་དེ་འདྲ་བ་བརྒྱ་དང་བཅུ་དྲུག་ཏུ་གྱེས་པར་བསྒོམ། དེ་ལ་གོམས་ནས་དེ་འདྲ་བ་དཔག་ཏུ་མེད་པར་གྱེས་པར་ཡང་བསྒོམ། མཐར་ཐིག་ལེ་ཐམས་ཅད་རྩ་བའི་ཐེག་ལེ་ལ་ཐིམ་པར་བསམས་པས་བདེ་དྲོད་མི་བཟོད་པར་འབྱུང་བར་གསུངས་སོ། །འདིའི་ཚེ་དྲོད་ཤས་ཆུང་ན་བོགས་འདོན། བདེ་བ་ཤས་ཆུང་ན་བདེ་བ་བོགས་འདོན་སོགས་སྐབས་སུ་གང་བབ་བརྩོན་པར་བྱའོ། །མི་རྟོག་པ་བོགས་འདོན་པ་ནི། རང་ལྷར་གསལ་བ་རྗེས་གཞིག་གམ་རིལ་འཛིན་གྱིས་བསྡུས་ནས་རྩ་གསུམ་འཁོར་ལོ་བཞི་སོགས་ཀྱང་མི་དམིགས་པར་གང་ཤར་འཛིན་མེད་གཉེན་པོ་དྲོད་འཛིན་གྱི་བཅོས་བསླད་མེད་པར་གཅེར་ཡན་དུ་བདེ་སྟོང་ལྷན་སྐྱེས་ཀྱི་ངོ་བོར་འཛིན་མེད་ཡེངས་མེད་དུ་བསྐྱང་ངོ༌། །དེ་ལྟར་རྩ་རླུང་ཐིག་ལེར་གནད་དུ་བསྣུན་པས་རྩ་ཐམས་ཅད་རླུང་དང་ཐིག་ལེས་ཁྱབ་ཅིང༌། བདེ་དྲོད་མི་རྟོག་པའི་ཡེ་ཤེས་མྱུར་དུ་རྒྱུད་ལ་སྐྱེ་བར་འགྱུར་རོ། །གཏུམ་མོའི་དམ་ཚིག་ཏུ་རྐང་རྗེན་མི་བྱ། དུང་མི་འབུད། ཆུ་མི་བརྒལ། འཁྱག་པ་ཡིད་ལ་མི་བྱ། ལན་ཚྭ་སྒོག་བཙོང་རུལ་སུམ་ཅན་གྱི་ཟས་དང་ཚ་སྐྱུར་གྱི་བཏུང་བ་སྤང་ངོ༌། །བདེ་དྲོད་ཀྱི་གེགས་སུ་གྱུར་པ་རྣམས་ལ་འཛེམ་མོ། །དེ་ལྟར་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་གཏུམ་མོ་ལ་གནད་དུ་བསྣུན་པས་འཕོ་བའི་གནས་སྐབས་ཀྱི་དྲི་མ་དག་ནས་དོན་དམ་ཡེ་ཤེས་རྡོ་རྗེའི་སྐུར་འཚང་རྒྱ་བ་ཡིན་ནོ། །གཉིས་པ་སེམས་རང་བཞིན་གྱིས་རྨོངས་པའི་གཉེན་པོར་འོད་གསལ་ལམ་གྱི་སྒྲོན་མེ་ཉམས་སུ་བླང་བ་ནི། དབེན་པར་མཚམས་བཅད། ཁྲུས་དང་བསྐུ་མཉེ་བྱ། གྲིབ་ལ་འཛེམ། ཟས་བཅུད་ཅན་བསྟེན། ལུས་ངག་ཡིད་གསུམ་རྣམ་གཡེང་སྤངས་ལ།
བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གཏོར་མ་འབུལ། འོད་གསལ་ཟིན་པའི་གྲོགས་བཅོལ། ཞག་གསུམ་གཉིད་སྤང༌། ཉིན་པར་དང་སྲོད་ལ་གཏུམ་མོ་བསྒོམ། ནམ་གུང་དང་ཐོ་རངས་ལ་བབ་པའི་ཚེ་ལུས་ལྷར་བསྒོམས་པའི་ནང་དུ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ། སྤྱི་བོར་བླ་མའི་རྣལ་འབྱོར་བསྒོམས་ནས་བདག་དོ་ནུབ་རྨི་ལམ་འོད་གསལ་ཟིན་པའི་གསོལ་བ་བཏབ། རང་ལ་བསྡུ། རང་གི་སྙིང་ག་ཆོས་ཀྱི་འཁོར་ལོའི་དབུས་སུ་དབུ་མའི་ནང་དུ་པདྨ་སྔོན་པོ་འདབ་མ་བཞི་པའི་ལྟེ་བར་ཉི་མའི་སྟེང་དུ་བླ་མ་རྡོ་རྗེ་འཆང་སྐུ་ཆུང་ལ་དོད་ཅིང་གསལ་ལ་རང་བཞིན་མེད་པ་འོད་འཕྲོ་བའི་འོད་ཀྱིས་ལུས་ཕྱི་ནང་མེད་པ་གང་སྟེ་ཤེལ་བུམ་གྱི་ནང་དུ་མར་མེ་བཅུག་པ་ལྟ་བུར་བསམས་པའི་ངང་ནས་བླ་མའི་སྐུ་ལ་སེམས་མ་ཡེངས་པར་གཏད་ལ་འཇམ་རླུང་བུམ་པ་ཅན་བཟུང་ནས། མགོ་བྱང་དུ་ལྟ་བས་སེང་གེའི་ཉལ་སྟབས་ཀྱིས་ཉལ། རྣམ་རྟོག་འཕྲོ་ན་ལུས་སྣང་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་བླ་མའི་སྐུ་ལ་བསྟིམ། དེས་ཟིན། ཡང་ན་བླ་མའི་ཐུགས་ཀར་པདྨ་སྔོན་པོ་འདབ་མ་བཞི་པའི་ལྟེ་བར་ཧཱུྃ་མཐིང་ག་འོད་འཕྲོ་བ་ལ་སེམས་གཏད། གཞན་གོང་དང་འདྲ། ཡང་ན་བླ་མའི་ཐུགས་ཀར་པདྨའི་ལྟེ་བར་འོད་ཀྱི་ཐིག་ལེ་སྔོན་པོ་ཡུངས་འབྲུ་ཙམ་ལ་སེམས་གཏད་ལ་བསྒོམ་མོ། །དེ་ལྟར་འབད་པས་ཅིས་ཀྱང་ཟིན་པར་འགྱུར་རོ། །འོད་གསལ་ཟིན་ནས་བོགས་འདོན་པ་ནི། ཐོག་མར་འོད་གསལ་ངོས་བཟུང་སྟེ། གཞིའི་འོད་གསལ་ནི་སེམས་རང་བཞིན་གྱིས་འོད་གསལ་བ་ཉིད་དོ། །ལམ་གྱི་འོད་གསལ་ལ་ཉམས་རྟོགས་པ་གཉིས་ཏེ། ཉམས་ཀྱི་འོད་གསལ་ནི་གཉིད་ཀྱི་ངང་ལས་རྣམ་རྟོག་ཆེར་མེད་པ་ལུས་ཕྱི་ནང་གནས་ཁང་ཡོ་བྱད་སོགས་མཐོང་བའི་ཉི་མ་ཤར་བ་ལྟ་བུ་སྟོང་ཉིད་ཀྱི་གཟུགས་ཙམ་པོ་བ་མཐོང་བའོ། །རྟོགས་པའི་འོད་གསལ་ནི་གཉིད་ཀྱི་སྣང་མཆེད་ཐོབ་གསུམ་ངོས་ཟིན་པའི་མཐར་ཉེར་ཐོབ་འོད་གསལ་ལ་ཐིམ་མ་ཐག་གཉིད་མཐུག་མེད་པ་འོད་གསལ་ནམ་མཁའ་ལྟ་བུ་གསལ་སྟོང་ཟུང་འཇུག་ཏུ་འཆར་བ་ཡིན་ནོ། །འབྲས་བུའི་འོད་གསལ་
ལ། སྤྱི་དོན་གྱི་འོད་གསལ་ནི། སངས་རྒྱས་པའི་ཐུགས་ཟབ་གསལ་གཉིས་མེད་ཀྱི་འོད་གསལ་དེ་ཉིད་ཡིན་ལ། སྦས་དོན་འོད་གསལ་ནི། འཆི་བའི་ཐིམ་རིམ་གྱི་ཐ་མར་འཆི་བ་འོད་གསལ་ཆོས་སྐུར་འཚང་རྒྱ་བ་དེ་ཉིད་ཡིན་ནོ། །དེ་ཉིད་ཉམས་སུ་མྱོང་གི་བོགས་དབྱུང་བ་ནི། ཉིན་པར་གཏུམ་མོ་བསྒོམ། དེའི་ཉམས་མྱོང་བདེ་དྲོད་ཀྱི་ཏིང་ངེ་འཛིན་གྱི་རང་བཞིན་སྤྲོས་བྲལ་དུ་རྟོགས་པ་དེ་དང་མཚན་མོའི་གཉིད་འོད་གསལ་ཟུང་འཇུག་ཏུ་བསྒོམ། ཡང་མཚན་མོའི་འོད་གསལ་དེས་ཉིན་སྣང་གི་དགེ་སྦྱོར་ལ་རྒྱས་བཏབ་སྟེ་བསྒོམ་པ་སོགས་བླ་མའི་མན་ངག་གི་གནད་དང་སྦྱོར་བ་ཡིན་ནོ། །དེ་ལྟར་སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་འོད་གསལ་གནད་དུ་བསྣུན་པས་གཉིད་མཐུག་གཏི་མུག་གནས་སྐབས་ཀྱི་དྲི་མ་དག་ནས་རབ་ཚེ་འདིའམ་ཐ་མས་ཀྱང་འཆི་བ་འོད་གསལ་ལམ་དུ་བསླངས་ནས་ཆོས་ཀྱི་སྐུར་འཚང་རྒྱ་བ་ཡིན་ནོ། །གསུམ་པ་བག་ཆགས་ཉིང་འཁྲུལ་གྱི་གཉེན་པོར་རྨི་ལམ་ལམ་གྱི་ཚོད་འཛིན་ཉམས་སུ་བླང་བ་ལ་ཡང༌། སྦྱོར་ཆོས་འོད་གསལ་དང་འདྲ་བ་ལ་འདུས་བྱས་ཐམས་ཅད་མི་རྟག་པས་གང་གི་ཡང་དགོས་པ་མེད་སྙམ་པ་རྟག་ཏུ་བསམ་ཞིང་ངག་ཏུ་ཡང་བརྗོད། ཉིན་པར་གཏུམ་མོ་བསྒོམ་ཞིང་དེའི་རྗེས་ཐོབ་ཉིན་སྣང་ཐམས་ཅད་རྨི་ལམ་ཡིན་སྙམ་དུ་སྦྱང༌། དེ་ནས་འཛིན་པ་དངོས་ནི། རང་ལྷར་གསལ་བའི་སྤྱི་བོར་བླ་མ་བསྒོམ། མཆོད་ནས་རྨི་ལམ་ཟིན་པར་གསོལ་བ་བཏབ། རང་ལ་བསྟིམ། སྲོག་ཐུར་གྱི་རླུང་བུམ་ཅན་གསུམ་བཟུང༌། དོ་ནུབ་རྨི་ལམ་རྨི་ལམ་དུ་ཤེས་པར་བྱ་སྙམ་པ་བྱས་ལ། རང་ལྷར་གསལ་བའི་ནང་དུ་རྩ་གསུམ་འཁོར་ལོ་བཞིར་གསལ་བའི་མགྲིན་པའི་རྩ་འདབ་ཀྱི་དབུས་དབུ་མའི་ནང་དུ་གདན་བཞི་བརྩེགས་ཀྱི་སྟེང་དུ་བླ་མ་རྡོ་རྗེ་འཆང་འོད་འཕྲོ་བ་གསལ་བའི་བླ་མས་ཀྱང༌། ཆོས་ཐམས་ཅད་རྨི་ལམ་ཡིན་ཞེས་གསུང་བཞིན་པ། བླ་མའི་མགྲིན་པར་པདྨ་སྔོན་པོ་འདབ་མ་བཞི་པའི་ལྟེ་བར་ཨོཾ་དཀར་པོ། མདུན་གྱི་འདབ་མར་ཨ་སྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་ཏུ་ར་ལྗང་གུ་བསམ། སེང་གེའི་ཉལ་སྟབས་
གྱིས་མགོ་བྱང་དུ་བསྟན། འཇམ་རླུང་བུམ་པ་ཅན་བདུན་བཟུང་ལ་ཐོག་མར་མདུན་གྱིས་ཨ་ལ་སེམས་གཏད། གཉིད་བྲོ་བའི་ཚེ་ནུ་ལ་སེམས་གཏད། ཆེར་བྲོ་པའི་ཚེ་ཏ། ཆེ་ཆེར་འཐིབས་པའི་ཚེ་ར་དང༌། གཉིད་དུ་འགྲོ་ཁར་ཨོཾ་ལ་སེམས་མ་ཡེངས་པར་གཏད། རྟོག་པ་གཞན་གྱིས་བར་མ་ཆོད་པར་སེམས་གཏད་ནས་གཉིད་པས་ཟིན་པར་འགྱུར་རོ། །དེས་མ་ཟིན་ན་རང་ལྷར་གསལ་བའི་སྨིན་མཚམས་སུ་ཟླ་དཀྱིལ་ཐིག་ལེ་དཀར་པོ་སྲན་མ་ཙམ་གྱིས་མཚན་པ་ལ་སེམས་བཟུང༌། དེས་ཀྱང་མ་ཟིན་ན་རང་གི་འོག་ཏུ་ཐིག་ལེ་དམར་པོ་དང་སྟེགས་བུ་དཀར་པོ་གཉིས་གསལ་བ་ཆུ་ནང་དུ་རྡོ་བསྐྱུར་བའི་རི་མོ་ལྟར་ཇི་ཆེར་སོང་ནས་གའུ་ལྟ་བུར་གྱུར་པའི་ནང་དུ་གནས་པར་བསམ། འདི་རྣམས་ལ་འཇམ་རླུང་དང་ལུས་གནད་སོགས་སྔ་མ་ལྟར་བྱའོ། །དེ་ལྟར་བྱས་པས་རྨི་ལམ་ཟིན་པའི་རྟགས་ནི། རྨི་ལམ་བཟང་ངན་གང་རྨིས་ཐམས་ཅད་རྨི་ལམ་དུ་འདུག་སྙམ་ངོས་ཙིར་ཙིར་ཟིན་པ་དེ་ག་ཡིན་ནོ། །རྨི་ལམ་ཟིན་འཕྲོ་སད་ན་ཉིན་སྣང་དུ་ཐུན་མཐར་སད་པར་བྱའོ་སྙམ་པའི་འདུན་པ་བཏང༌། ཉལ་བའི་ཚེ་ནོར་བུའི་རྩེར་ཐིག་ལེ་ནག་པོ་སྲན་མ་ཙམ་ལ་སེམས་གཏད། རླུང་བུམ་ཅན་ཉེར་གཅིག་བྱ། ཡང་རྨི་ལམ་རེ་གཉིས་ཙམ་ཟིན་ནས་གཞན་ཉིང་འཁྲུལ་དུ་སོང་ན། ཉིན་མོ་ཅི་ནས་ཀྱང་མ་འཁྲུལ་བར་བྱ་སྙམ་དུ་བསམ། རྨི་ལམ་ཟིན་མ་ཐག་འཇམ་རླུང་བུམ་ཅན་འཛིན་པར་བྱའོ། །ཟིན་ཅིང་བརྟན་པར་གྱུར་ནས་སྦྱང་བ་ནི། འདི་རྨི་ལམ་ཡིན་པས་ཇི་ལྟར་བྱས་ཀྱང་བཏུབ་སྙམ་དུ་བསམས་ནས་ཉི་ཟླར་ཞོན་ནས་དགའ་ལྡན་དུ་འགྲོ་བ་དང༌། དག་པའི་ཞིང་གཞན་དང་རིགས་དྲུག་གི་གནས་ལྟ་བ་སོགས་སུ་འགྲོ་བ་དང༌། དག་པའི་ཞིང་དུ་རྒྱལ་བ་རྣམས་མཇལ་ཞིང་ཆོས་ཉན་པ་སོགས་རྣམ་པ་སྣ་ཚོགས་ལ་བསླབ་བོ། །འབྱོངས་ནས་སྤེལ་བ་ནི། རྨི་ལམ་གྱི་སྣང་བ་དེ་དག་ལ་གཅིག་ལས་དུ་མ་སྤེལ་བ་དང༌། དུ་མ་གཅིག་ཏུ་བསྒྱུར་བ་ལ་བསླབ། དེ་གོམས་ནས་བསྒྱུར་བ་ནི། རྨི་ལམ་གྱི་བརྟན་གཡོ་རྣམས་བླ་མར་བསྒྱུར་ནས་ཆོས་ཞུ་བ་དང༌། ཡི་དམ་དུ་བསྒྱུར་ནས་དངོས་གྲུབ་བླང་བ་སོགས་བྱའོ། །དེ་གོམས་ནས་ཡ་ང་བ་སྤང་ཞིང་སྒྱུ་མར་བསླབ་
པ་ནི། རྨི་ལམ་དེ་ཐམས་ཅད་ནི་སྣང་ལ་རང་བཞིན་མེད་པ་སྒྱུ་མར་སྦྱང་ཞིང༌། མེ་ཆུ་གཡང་སར་མཆོང་བ་དང༌། ནམ་མཁའ་ལ་འཕུར་བ་དང༌། མི་ཕོད་པ་ཐམས་ཅད་ཐོག་བརྫིས་བྱའོ། །རྨི་ལམ་གྱི་དེ་ཁོ་ན་ཉིད་ནི། ཉིན་སྣང་ཐམས་ཅད་རྨི་ལམ་ལྟ་བུ། རྨི་ལམ་ཡང་ཉིན་སྣང་ལྟ་བུ། དེ་ཐམས་ཅད་རང་སེམས་ཀྱི་ཆོ་འཕྲུལ་འབའ་ཞིག་ཏུ་ཤེས་ཤིང་རྟོགས་པར་བྱས་ནས་ཉིན་མཚན་གྱི་ཡུལ་སྣང་ཐམས་ཅད་སྒྱུ་མ་ལྟ་བུར་གོ་བས་སེམས་མི་རྟོག་དོན་དམ་མཆོག་གི་གཏུམ་མོ་ལས་རྣམ་པ་ཀུན་ཏུ་མི་གཡོ་བར་ཏིང་ངེ་འཛིན་གྱིས་དུས་འདའ་བར་བྱའོ། །དེ་ལྟར་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་རྨི་ལམ་ལ་གནད་དུ་བསྣུན་པས་བག་ཆགས་ཉིང་འཁྲུལ་གྱི་གནས་སྐབས་ཀྱི་དྲི་མ་དག་ནས་ལོངས་སྐུ་ངེས་པ་ལྔ་ལྡན་ཏུ་འཚང་རྒྱ་བར་འགྱུར་རོ། །བཞི་པ་སྣང་བ་བདེན་འཛིན་གྱི་གཉེན་པོར་སྒྱུ་ལུས་ལམ་གྱི་གཞི་མ་ཉམས་སུ་བླང་བ་ནི། གནས་དབེན་པར་དཀོན་མཆོག་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་མཆོད་གཏོར་ཕུལ་ནས། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་མྱུར་དུ་རྟོགས་པར་གསོལ་བ་བཏབ། མཚམས་བཅད་ནས་ཐོག་མར་མ་དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ལ་ལུས་སྒྱུ་མར་སྦྱང་བ་ནི། རང་གི་མདུན་དུ་ཤིང་ཁྲུ་གང་བར་མེ་ལོང་དྲི་བྲལ་བཏགས་པའི་ནང་དུ་རང་གི་བཞིན་རས་ཤར་བ་ལ་བལྟས་ནས། རེས་བསྟོད་རེས་སྨད་པས་དེ་ལ་དགའ་དང་མི་དགའ་བའི་སྣང་བ་ཅི་འདུག་བལྟ། རེས་འགའ་བཞིན་རས་དེ་མེ་ལོང་ལས་བྱུང་ངམ་བཞིན་ལས་བྱུང་བལྟ། མེ་ལོང་ལས་བྱུང་ན་ནི་བཞིན་རས་སྦས་པའི་ཚེ་བཞིན་རས་དེ་མེ་ལོང་དུ་མི་སྣང༌། བཞིན་རས་ལས་བྱུང་ན་ནི་མེ་ལོང་མེད་ན་མདུན་གྱི་བཞིན་རས་མི་སྣང་བས་ཇི་ལྟར་ཡིན་བརྟག འོན་ཏེ་ཡུལ་ཡུལ་ཅན་ཚོགས་པ་ལས་མེད་བཞིན་ཏུ་སྣང་བར་སྦྱང༌། དེ་ལ་སོགས་པ་ཚུལ་དུ་མས་སྦྱང་ཞིང༌། དེ་ཡང་སྒྱུ་མའི་དཔེ་བཅུ་གཉིས་ཀྱི་དཔེའི་གཙོ་བོ་མེད་བཞིན་ཏུ་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ། རྒྱུ་ཀུན་ཚོགས་པ་ལས་སྣང་ཡང་རང་བཞིན་མ་གྲུབ་པ་ནམ་མཁའི་འཇའ་ལྟ་བུ། གཅིག་ལས་དུ་མར་སྣང་ཞིང་ངོས་བཟུང་དང་བྲལ་བ་ཆུ་ནང་གི་ཟླ་བ་ལྟ་བུ་སྟེ།
དཔེའི་གཙོ་བོ་གསུམ་གྱིས་མཚོན་ནས་ཤེས་པར་བྱ་ཞིང་སྦྱང༌། ངག་སྒྱུ་མར་བསླབ་པ་ནི། བྲག་དབེན་པའི་རྩ་བར་ཕྱིན་ནས་བོས་ཤིང་ལབ་པའི་ཚེ། རང་གིས་ཇི་ལྟར་སྨྲས་པ་ཉིད་དེ་ལས་སྒྲ་ཆེ་ཞིང་གསལ་བར་ཚུར་སྨྲ་བ་ལྟར་སྣང་ཡང༌། དེ་ནི་བྲག་ཆ་ལས་ཀྱང་མ་བྱུང༌། རང་ཁོ་ནའི་ངག་ལས་ཀྱང་མ་བྱུང་བར་མེད་བཞིན་ཏུ་སྨྲ་བ། སྨྲས་མ་ཐག་ཏུ་སྟོང་པའི་རང་སྒྲ། གྲགས་ཙམ་ནས་ངོ་བོས་སྟོང་པ། སྒྱུ་མ་མཁན་གྱིས་སྤྲུལ་པའི་མིས་ཚིག་བརྗོད་པའམ། རྨི་ལམ་གྱི་ངག་ལྟར་གྲགས་སྟོང་སྒྱུ་མར་སྦྱང་ཞིང་བསླབ་བོ། །སེམས་སྒྱུ་མར་བསླབ་པ་ནི། དཔེར་ན་ནམ་མཁའ་འདི་རྒྱུ་རྐྱེན་གང་གིས་ཀྱང་མ་སྐྱེས། བར་དུ་གང་དུ་ཡང་མི་གནས། མཐར་གང་དུ་ཡང་མི་འགགས། ནམ་མཁའ་ཞེས་མིང་ཙམ་ཡང་ངོ་བོ་སྟོང་ཞིང་རྣམ་པ་གསལ་བ་ཁ་དོག་སྔོན་པོ་སོགས་ལྷུན་པོའི་ཕྱོགས་ཀྱི་མདོག་གིས་བསྒྱུར་པས་གང་དུ་ཡང་བསྒྱུར་དུ་བཏུབ་པ། སྤྲིན་ལ་སོགས་པའི་སྣ་ཚོགས་པའི་སྣང་བ་ལྟར་འདུག་ཀྱང་ངོ་བོ་ལ་འགྱུར་བ་མེད་པ་གསལ་ཙམ་ནས་སྟོང་པ། སྟོང་ཙམ་ནས་གསལ་ཞིང་སྣང་བ། དེ་གཉིས་ཀྱང་རྒྱུ་ཐ་མི་དད་པར་ཟུང་དུ་འཇུག་པ་ལྟར་རང་སེམས་ཀྱང་ངོ་བོ་ངོས་བཟུང་དང་བྲལ་བ། སེམས་བྱུང་རྣམ་རྟོག་སྣ་ཚོགས་འཕྲོ་ཡང་སེམས་ལས་ལོགས་སུ་མ་གྲུབ་པ། ཚོགས་དྲུག་གི་ཡུལ་དུ་དུ་མ་སྣང་ཡང་རང་རང་གི་ངོ་བོས་སྟོང་པ་སེམས་ལས་གཞན་ཏུ་མེད་པ། དཔེར་ན་སྒྱུ་མ་མཁན་གྱིས་རྟ་གླང་ཤིང་རྟ་བརྟན་གཡོ་ཐམས་ཅད་ཇི་སྙེད་ཅིག་སྤྲུལ་ཡང་འཁྲུལ་ངོར་མེད་བཞིན་དུ་སྣང་ཡང་རྩ་བ་སྒྱུ་མཁན་རང་ཉིད་ཀྱིས་བྱས་པ་མ་གཏོགས་གཞན་གང་ཡང་མེད་པ་སོགས་དཔེ་དུ་མས་མཚོན་ནས་སེམས་སྣང་ཐམས་ཅད་སྒྱུ་མར་སྦྱང༌། འབྱོངས་ནས་ཉིན་མཚན་གྱི་སྣང་བ་ཚོགས་དྲུག་ལ་སོགས་པ་འཁོར་འདས་ཀྱི་ཆོས་དང་ཆོས་ཅན་ཐམས་ཅད་སྒྱུ་མའི་དཔེས་མཚོན་ནས་སྒྱུ་མའི་རྣམ་པར་ཐར་པ་ཉིད་དུ་སྦྱང་བར་བྱའོ། །དག་པའི་སྒྱུ་ལུས་སྒྱུ་མར་སྦྱང་བ་ནི། རང་གི་རྒྱབ་ཏུ་ལྷའི་སྐུ་དང་ཞལ་ཕྱག་གོ་ལོག་མ་གཞལ་ཡས་ཁང་གི་ནང་དུ་ཡོད་པ་བྲིས་པ་ཞིག་བཤམས། དེ་འཆར་བའི་མེ་ལོང་མདུན་ཏུ་
བཞག གོ་ལོག་མེད་ན་མདུན་ཏུ་བྲིས་སྐུ་བཀྲམ། དེའི་གཟུགས་ཀྱི་རྒྱབ་ཏུ་མེ་ལོང་ཆེ་བ་ཞིག་ལ་འཆར་བར་བྱ། དེའི་གཟུགས་མདུན་གྱི་མེ་ལོང་ལ་འཆར་བར་བྱས་ལ། གང་ལྟར་དེའི་སྣང་བརྙན་རྟེན་དང་བརྟེན་པར་བཅས་པ་མེད་བཞིན་སྣང་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ། ཁ་དོག་གསལ་ཡང་ངོ་བོ་མ་གྲུབ་པ་འཇའ་ཚོན་ལྟ་བུ། དུ་མར་ཁྱབ་ཀྱང་ཆུ་ཟླ་ལྟ་བུ་སོགས་སྒྱུ་མའི་དཔེས་མཚོན་ནས་སྒྱུ་མ་ལྟ་བུར་བསམ་ཞིང་སྦྱང༌། ཐུན་མཚམས་སོགས་ཐམས་ཅད་དུ་གཟུགས་སུ་སྣང་བ་ཐམས་ཅད་ལྷའི་སྐུ་གསལ་སྟོང་སྒྱུ་མ་ལྟ་བུ། སྒྲ་གྲགས་པ་ཐམས་ཅད་སྔགས་ཀྱི་རང་སྒྲ་གྲགས་སྟོང་སྒྱུ་མ་ལྟ་བུ། སེམས་ཀྱི་དྲན་རྟོག་ཐམས་ཅད་ཐུགས་ཏིང་ངེ་འཛིན་གསལ་སྟོང་སྒྱུ་མ་ལྟ་བུར་བསླབ་ཅིང་སྦྱངས་པས་ཆོས་ཐམས་ཅད་རང་བཞིན་མེད་པ་ཞེས་བྱ་བ་གང་ཟག་དང་ཆོས་ཀྱི་བདག་མེད་གཅིག་དུ་བྲལ་སོགས་ལུང་རིག་རྟོག་བརྟག་ཐ་སྙད་མཁན་པོའི་འཁྲུལ་རློམ་ཅལ་སྒྲོག་ལ་ལྟོས་མི་དགོས་པར་སྣང་སྲིད་སྒྱུ་མ་ལྟ་བུར་ཤར་བས་སྣང་སེམས་ཐ་དད་མེད་པར་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་སྤྱི་བོ་བདེ་ཆེན་འཁོར་ལོ་ལ་བརྟེན་ནས་སྒྱུ་ལུས་ལ་གནད་དུ་བསྣུན་པས་སད་པའི་གནས་སྐབས་ཀྱི་དྲི་མ་དག་ནས་སྤྲུལ་པའི་སྐུར་འཚང་རྒྱ་བ་ཡིན་ནོ། །ལྔ་པ་དང་དྲུག་པ་མྱུར་ལམ་ཕོ་ཉའི་ལམ་གོང་དུ་འཕོ་བ་དང༌། བར་དོའི་གདམས་པ་གཉིས་ལས། ཐོག་མར་ལམ་གྱི་བསུ་སྐྱེལ་འཕོ་བའི་གདམས་པ་ལ་གསུམ། དབང་པོ་རབ་ཀྱིས་ཉིན་སྣང་ཆོས་ཐམས་ཅད་རྗེས་གཞིག་དང་རིལ་འཛིན་གྱིས་སྟོང་པ་བཞིར་བསྡུས་པའི་ཐ་མ་འོད་གསལ་བ་དང་བཙན་ཐབས་རྡོ་རྗེ་རྦ་རླབས་བཅིང་བའི་སྦྱོར་བས་སྲོག་རྩོལ་འགགས་པའི་ཐིམ་རིམ་ངོས་བཟུང་བའི་མཐར་གཉིད་མཐུག་གི་འོད་གསལ་གོམས་འདྲིས་བྱས་པ་དག་གིས་འཆི་བའི་དུས་ལ་བབ་པའི་ཚེ། རགས་པ་དང་ཕྲ་བ་ཤིན་ཏུ་ཕྲ་བའི་ཐིམ་རིམ་ངོས་བཟུང་ནས་འཆི་བའི་འོད་གསལ་ཤར་མ་ཐག་ངོས་བཟུང་ནས་དེ་དང་སྔར་སྦྱངས་པའི་འོད་གསལ་ཐ་མི་དད་དུ་རྟོགས་པས་བར་དོ་བརྒྱུད་མ་དགོས་པར་སྐད་ཅིག་མ་དང་པོར་ཆོས་ཀྱི་སྐུར་འཚང་རྒྱའོ། །དབང་
པོ་འབྲིང་གིས་ཉིན་སྣང་འོད་གསལ་སྟོང་པ་ཉིད་ལས་ལྷའི་སྐུར་ལྡང་བ་དང༌། བཙན་ཐབས་རྦ་རླབས་བཅིངས་ནས་སྲོག་འགགས་པའི་འོད་གསལ་གྱི་ངང་ནས་སྲོག་རྩོལ་ཅུང་ཟད་རྒྱུ་བས་རྣམ་རྟོག་ཕྲ་བ་ནས་ལྡང་བའི་ཚེ་ལྷའི་སྐུར་བསྒོམ་ཞིང༌། གཉིད་ཀྱི་འོད་གསལ་ཁོ་ནར་གནས་མ་ཐུབ་པས་རླུང་གཡོས་པས་རྨི་ལམ་གྱི་འཁྲུལ་པ་ཅུང་ཟད་འགོ་རྩོམ་པའི་ཚེ་དེ་ཉིད་རྨི་ལམ་དུ་ཤེས་ནས་སྤྲུལ་བསྒྱུར་གྱི་གདམས་པས་ལྷ་སྐུར་ལྡང་བ་ལ་གོམས་པས། འཆི་བའི་འོད་གསལ་ངོས་བཟུང་ནས་སྣང་མཆེད་ཐོབ་པའི་འོད་གསལ་ལས་རླུང་དང་བསྡོངས་ནས་གཡོ་ཞིང་ལྡང་བར་ཉེ་བའི་ཚེ། ལྷ་སྐུ་སྒྱུ་མ་ལྟ་བུར་སྐད་ཅིག་ལ་ཤར་ནས་ལོངས་སྤྱོད་རྫོགས་པའི་སྐུར་འཚང་རྒྱ་བ་ཡིན་ནོ། །དབང་པོ་ཐ་མ་འོད་གསལ་དང་སྒྱུ་ལུས་གཉིས་ཀ་ལ་བསྒོམ་བློ་བྱས་ཀྱང་བརྟན་པ་མ་ཐོབ་པ་དག་ནི་སྤྲུལ་སྐུར་འཕོ་བས་མཚམས་སྦྱོར་བ་སྟེ། འདི་ལ་སྦྱང་བ་དང་ལས་ལ་སྦྱོར་བ་གཉིས་ལས། སྦྱང་བ་ནི། གནས་དབེན་པར་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་སྤྱི་བོར་བླ་མ་བསྒོམ། འཕོ་བའི་ལམ་སྦྱོང་བར་གསོལ་བ་བཏབ། རང་ལ་བསྟིམ། རང་ཡི་དམ་དུ་གསལ་བའི་ཁོང་པར་སྤྱི་བོ་ནས་གསང་ནས་བར་ཀ་བ་བཙུགས་པ་ལྟ་བུའི་དབུ་མའི་ལྟེ་བའི་ཐད་ཀྱི་ནང་དུ་ཨཱཿདམར་པོ། སྙིང་གར་སེམས་ཀྱི་ངོ་བོ་ཧཱུྃ་ནག་པོ། སྤྱི་བོའི་ཚངས་བུག་ཀྵཿདཀར་པོས་བཀག་པར་བསམ། སྟེང་རླུང་རྔུབ་ཅིང་རྒྱབ་རླུང་འཐེན་ལ་བུམ་པ་སྦྱོར་བྱ། སླར་རླུང་གཉིས་ཀ་གྱེན་དུ་ཆེས་ཆེར་དྲངས་ཤིང་རླུང་མིག་སེམས་གསུམ་ཀྵཿལ་གཏད་པས་སྲོག་ཐུར་གྱི་རླུང་སྟེང་དུ་འོང་བས་ལྟེ་བའི་ཨཱཿགཡོས་གྱེན་དུ་སྦུད་པས་དབུ་མའི་ནང་བརྒྱུད་ཧཱུྃ་ལ་ཐུག་པས་ཧཱུྃ་ཕུལ་ནས་གྱེན་དུ་འཕོས་པས་སྤྱི་བོའི་ཀྵཿཕུལ་ནས་སྟེང་དུ་ཐོན་ལ་ཁད་དུ་བསམ། རླུང་མ་ཐུབ་པའི་ཚེ་ཧཱུྃ་དང་ཀྵཿརང་སར་ཕབ། དེ་འདྲ་ཐུན་རེ་རེར་རླུང་དྲག་པོ་བུམ་པ་ཅན་སྒང་དྲིལ་ཉེར་གཅིག་རེ་ལས་མི་ཉུང་བ་བསྒོམ། མཐར་བསྔོ་བ་བྱ། འབྱོངས་རྟགས་སྤྱི་ལྟར་འབྱུང༌། འབྱོངས་ནས་ཐུན་རེར་མ་བརྗེད་པར་དྲན་ཙམ་རེ་བྱ། ཆེར་མི་སྒོམ་མོ། །ལས་ལ་སྦྱར་བ་ནི། འཆི་བར་ཤེས་ཤིང་དུས་ལ་བབ་པའི་
ཚེ་ཐིམ་རིམ་རྣམས་ངོས་བཟུང༌། ཡོ་བྱད་ལ་མ་ཆགས་པར་དཀོན་མཆོག་གསུམ་གྱི་ཕྱོགས་སུ་བཏང༌། འཕོ་བའི་དམིགས་པ་སྦྱང་བའི་སྐབས་ལྟར་ཡང་ཡང་གསལ་བཏབ། འཆི་བ་ལ་ཐུག་པའི་ཚེ་ལུས་གནད་ཙོག་པུའམ། ཆོས་བདུན་ནམ་སེང་གེའི་ཉལ་སྟབས་སམ། གྲོགས་ཀྱིས་སྐྱོར་བ་གང་བདེའི་ངང་ནས་རང་ལུས་ཡི་དམ་གྱི་ནང་ནས་དབུ་མ་ཐིག་ལེ་དང་བཅས་གསལ་བཏབ། སྤྱི་བོར་འདོམ་གང་ཙམ་དུ་རྩ་བའི་བླ་མ་མཆོག་གསུམ་ཀུན་འདུས་པའི་བདག་ཉིད་ཡི་དམ་གྱི་སྐུའི་རྣམ་པར་བསྒོམ། མཆོད་ཅིང་འཆི་བ་ལམ་དུ་སློང་བར་གསོལ་བ་བཏབ། དབང་བཞི་བླང༌། རང་ལ་མི་བསྡུ་བ་དེ་ཉིད་དུ་གསལ་བའི་ངང་ནས་སྲོག་རྩོལ་གྱི་རླུང་ཤིན་ཏུ་དྲག་པོ་སྟོད་དུ་འཐེན་པའི་ངང་ནས་ཨཱ་ཧིཀ྄་དྲག་པོ་བཅུ་གཅིག་བརྗོད་པས་ལྟེ་བའི་ཨ་གྱེན་དུ་དྲག་པོར་འཕོས་པས་སྙིང་གའི་ཧཱུྃ་ལས་བསྟིམ། དེ་མ་ཐག་རླུང་ཤིན་ཏུ་དྲག་པོ་བཅུ་གཅིག་གིས་རླུང་ཆེར་གཡོས་ནས་མགྲིན་པར་སླེབས། ཡང་རླུང་དང་ཨཱ་ཧིཀ྄་དྲག་པོ་ལྔ་བརྗོད་པས་སྤྱི་བོའི་ཀྵཿལ་རེག་མ་ཐག་ཀྵཿརང་བཞིན་མེད་པར་གསལ་ནས་ཧཱུྃ་ཚངས་བུག་ཏུ་ཐོན་པར་བསམ། སླར་རླུང་དང་ཨཱ་ཧིཀ྄་དྲག་པོ་མང་དུ་བརྗོད་པས་ཧཱུྃ་སྐར་མདའ་ལྟར་སོང་བ་ཡི་དམ་གྱི་ཐུགས་ཀར་ཐིམ་པར་བསམ་ཞིང་རླུང་དང་ཨཱ་ཧིཀ྄་དྲག་ལ་མང་བས་འཕོ། རང་གིས་མ་ནུས་ན་གྲོགས་ཀྱིས་ཨཱ་ཧིཀ྄་དྲག་ལ་མེད་པར་བརྗོད་ཅིང་རང་གི་རླུང་དམིགས་ལ་འབད། ལུས་ལ་ཕྱི་མིག་མི་ལྟ་བ་གནད་ཆེ། འཕོས་ཟིན་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །གཞན་ལ་འདེབས་ནའང་ཚུལ་དེ་ཉིད་མན་ངག་གི་གནད་དང་ལྡན་པར་སྦྱར་རོ། །ཚུལ་འདི་ནི་མ་བསྒོམས་ཀྱང་དབང་པོ་རབ་འབྲིང་ཐ་མ་གསུམ་སྐུ་གསུམ་དུ་འཚར་རྒྱ་བའི་མྱུར་ལམ་མ་བསྒོམས་སངས་རྒྱས་འཕོ་བའི་གདམས་པ་ཞེས་བྱའོ། །དྲུག་པ་ལམ་གྱི་བློ་ཆོད་བར་དོའི་གདམས་པ་ནི་འཆི་བའི་རྟགས་རྣམས་ངོས་བཟུང་ནས་འཆི་བ་ལ་ཐུག་པའི་ཚེ་ཆགས་ཞེན་མེད་ཅིང་འཆི་བ་བྲོད་པའི་ངང་ནས་རང་ལྷར་གསལ་བའི་སྤྱི་བོར་བླ་མ་བསྒོམ། མཆོད་ནས་བར་དོ་ལམ་དུ་སློང་བར་གསོལ་བ་བཏབ། རང་ལ་བསྟིམ། འཆི་
བ་ལ་ཐུག་པའི་ཚེ། ཐོག་མར་སྣང་མཆེད་ཐོབ་གསུམ་ཐིམ་པར་ངོས་བཟུང༌། ཉེར་ཐོབ་འོད་གསལ་ལ་ཐིམ་པའི་དེ་མ་ཐག་འོད་གསལ་ངོས་བཟུང་ཞིང་འོད་གསལ་གྱི་ངང་ནས་མཉམ་པར་གཞག འདི་ལ་ཇི་ཙམ་སྡོད་ཀྱང་རང་དབང་ཡོད་པས་དེའི་ངང་དུ་གྲོལ་བར་བྱ། དེ་ཙམ་མི་ནུས་ན་འོད་གསལ་དེའི་ངང་ནས་ལྷ་སྐུ་སྒྱུ་མ་ལྟ་བུར་ལྡང་བའི་སྦྱོར་བ་བྱ། དེ་ཡང་མ་ནུས་ན་བར་དོའི་གདམས་པ་འདི་ལྟར་ཉམས་སུ་བླང་སྟེ། གང་ཟག་རབ་ཚེ་འདིར་འོད་གསལ་ཕྱག་རྒྱ་ཆེན་པོ་ལ་འདྲིས་པ་དག་གིས་བར་དོར་འཇུག་བྱ་དགག་པ་ནི། བདག་ཤི་བ་དང་གནས་གྲོགས་ལུས་སོགས་བར་དོ་ཡིན་པར་ངོ་ཤེས་པར་བྱས་ནས། རང་ལྷ་སྐུར་བསྒོམས་ལ་རྗེས་གཞིག་གམ་རིལ་འཛིན་གང་རུང་གིས་འོད་གསལ་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་བཞག་པས་མངལ་དུ་འཇུག་བྱ་ཁེགས་པར་འགྱུར་རོ། །དེ་ཙམ་མི་ནུས་པའི་གང་ཟག་འབྲིང་ཚེ་འདིར་བསྐྱེད་རིམ་ལ་འདྲིས་པ་དག་གིས་བར་དོར་རང་ཉིད་ཕོར་སྐྱེ་ན་ཕོ་ལ་སྡང་ཞིང་མོ་ལ་ཆགས་པ་དང༌། མོར་སྐྱེ་ན་དེ་ལས་ལོག་པའི་སྣང་བ་དང༌། ཕོ་མོ་འདུ་འཕྲོད་བྱེད་པ་མཐོང་ན་དེ་ལ་ཆགས་སྡང་མིག་སེར་འབྱུང་བས་དེའི་ཚེ་བདག་སྔོན་ཡང་ཆགས་སྡང་བྱས་པས་འཁོར་བར་འཁོར་བ་ཡིན། ད་ནི་ཆགས་སྡང་མི་བྱའོ་སྙམ་ནས་དྲན་པས་གསོས་བཏབ། དེས་མ་ཁེགས་ན་ཕོ་མོ་གཉིས་བླ་མ་ཡབ་ཡུམ་དུ་བསྒོམས་ནས་གསང་བའི་དབང་ཞུ་བར་བསམ། དེས་ཀྱང་མ་ཁེགས་ན་བླ་མ་ཡི་དམ་ཡབ་ཡུམ་སོགས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ་ཡིན་མོད། སྔོན་ཆད་ཀྱང་དེ་ལྟར་མ་རྟོགས་པས་འཁོར་བར་འཁྱམས་པ་ཡིན། ད་ནི་ཡང་དག་པའི་བདེན་པ་འཁོར་འདས་དབྱེར་མེད་རིག་གྲོལ་རང་ཤར་གྱི་དེ་ཁོ་ན་ཉིད་འདི་ལ་མཉམ་པར་བཞག་པར་བྱའོ་སྙམ་དུ་བློས་བྱས་ཀྱིས་ཉམས་སུ་བླང༌། དེས་བདུན་ཕྲག་དང་པོ་ཁེགས་པར་འགྱུར། བདུན་ཕྲག་ཕྱི་མ་རྣམས་སུ་ཡང་ཚུལ་དེ་ལྟར་འབད་པས་མངལ་སྒོ་ཁེགས་པ་ལ་ཚེགས་མེད་པ་ཡིན་ནོ། །གང་ཟག་ཐ་མ་ལ་ལམ་རིམ་པ་གཉིས་ལ་གོམས་པ་ཆུང་བ་དག་གིས་མངལ་མ་ཁེགས་པས་མངལ་འདམ་ནས་
ཆོས་སྒྲུབ་པའི་རྟེན་བཟུང་བ་ནི། བར་དོར་གནས་པའི་ཚེ་སེམས་ཅན་ཐམས་ཅད་ཀྱི་དོན་ཏུ་བདག་བར་དོ་འདི་ནས་འཕོས་ཏེ་སངས་རྒྱས་ཀྱི་ཞིང་བདེ་བ་ཅན་ལ་སོགས་པར་ཅི་ནས་ཀྱང་སྐྱེ་བའི་ཉིང་མཚམས་སྦྱོར་བར་བྱའོ་སྙམ་པའི་འདུན་པ་དྲག་པོས་མཚམས་སྦྱར་རོ། །དེ་ཙམ་མི་ནུས་ན་བདག་སེམས་ཅན་གྱི་དོན་ནུས་པའི་རིགས་རྣམ་པར་དག་ཅིང་གཙང་བར་སྐྱེ་བའི་ཉིང་མཚམས་སྦྱོར་གྱི་མ་དག་པ་རྣམས་སུ་མི་སྐྱེའོ་སྙམ་པའི་འཕེན་པ་བྱ་ཞིང༌། སྐབས་འདིར་མའི་མངལ་དངོས་སུ་མི་མཐོང་བས་འཇིགས་སྐྲག་གི་སྣང་བས་འབྲོས་པར་བརྩམས་པའི་གནས་ངན་པ་མི་གཙང་བའི་འདམ་དང་ས་ཕུག གད་ཁུང་གཅོང་རོང་ལ་སོགས་པ་གནས་ངན་སྐྱུགས་བྲོ་བ་རྣམས་སུ་མི་འགྲོ་བར་ལྷ་ཁང་མཆོད་བརྟེན་ཕོ་བྲང་ལ་སོགས་པར་འགྲོ་བར་བརྩམས་པས་མིའི་ལུས་རྟེན་ཆོས་སྒྲུབ་ནུས་པ་རིགས་མཐོ་ཞིང་གཙང་མར་སྐྱེ་བ་སྟེ། འདི་ནི་ཉམས་ལེན་ཐ་མ་བར་དོར་ལུས་ངན་སྤང་ཞིང་ལུས་བཟང་པོ་ལེན་པའི་ཐབས་མངལ་འདམ་པའི་སྦྱོར་བ་ཞེས་བྱ་བ་སྟེ་བར་དོར་གྲོལ་བའི་གདམས་པ་ཡིན་ཏེ། འདི་ལ་ཡང་གོམས་པ་སྔོན་དུ་འགྲོ་དགོས་པས་ཉིན་མཚན་གྱི་སྣང་བ་བར་དོར་བསྒོམས་ནས། རབ་འོད་གསལ། འབྲིང་སྒྱུ་ལུས། ཐ་མ་མངལ་དགག་པ། དེ་ཙམ་མི་ནུས་ཀྱང་མངལ་འདམ་པའི་སྦྱོར་བ། བློས་བྱས་ཀྱི་སྒོ་ནས་སྦྱངས་ཤིང་འདྲིས་པས་གོམས་པ་ལྷུར་བྱ་བ་གལ་ཆེའོ། །རྗེས་ནི་དུས་ཐམས་ཅད་དུ་མཉམ་བཞག་གི་གཙོ་བོར་གཏུམ་མོ་བསྒོམ། རྗེས་ཐོབ་སྒྱུ་ལུས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་སྦྱང༌། མཚན་མོ་གཉིད་མཐུག་འོད་གསལ་དང་བག་ཆགས་རྨི་ལམ་འཁྲུལ་པར་ལྡང་ན་རྨི་ལམ་སྦྱང༌། སྐབས་སུ་འཕོ་བ་དང་ཐུན་མཚམས་རྣམས་སུ་བར་དོ་སྦྱངས་པས་རབ་ཚེ་འདི། འབྲིང་འཆི་བའི་ཚེ། ཐ་མས་ཀྱང་བར་དོར་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མི་ཐོབ་མི་སྲིད་དོ། །ཞེས་པ་ནི་ཟབ་ལམ་ནཱ་རོའི་ཆོས་དྲུག་མར་ལུགས་ཀྱི་གདམས་པ་མ་ཚང་བ་མེད་ཅིང་ཚིག་མདོར་བསྡུས་ནས་བཤད་པའི་སྐབས་སོ། ༈ །ཡང་གཉིས་མེད་དུས་ཀྱི་འཁོར་ལོའི་རྫོགས་རིམ་ཀཥྨཱིར་སོ་མ་ནཱ་
ཐའི་ལུགས་སྦྱོར་བ་ཡན་ལག་དྲུག་པ་ལ་ཡང༌། ཐུན་མོང་དང་ཐུན་མོང་མིན་པའི་སྔོན་འགྲོ་སྔར་ལྟར་ལ། ཁྱད་པར་གྱི་སྔོན་འགྲོ་དང་དབེན་གསུམ་ནི། ལུས་ངག་ཡིད་གསུམ་འཇིག་རྟེན་དང་མཐུན་པའི་རྣམ་གཡེང་དང༌། ཆོས་ཀྱི་བསྐྱེད་རིམ་སྔགས་དང་ཆོས་སྤྱོད་བསམ་གཏན་སོགས་གང་ཡང་མི་བྱེད་པར་ཁྱབ་གདལ་དུ་ཟོ་ཀློད་པ་ཞག་བདུན་སོགས་བྱའོ། །དངོས་གཞི་ལ་སྦྱོར་བ་ཡན་ལག་དྲུག་པ་སྐུ་གསུང་ཐུགས་རྡོ་རྗེའི་རྣལ་འབྱོར་ཐོག་མཐའ་བར་གསུམ་དུ་དགེ་བ་ལས། དང་པོ་ཐོག་མར་དགེ་བ་སྐུ་རྡོ་རྗེའི་རྣལ་འབྱོར་ལ་སོར་བསམ་གཉིས་ཀྱི། དང་པོ་སོ་སོར་སྡུད་པ་ནི། ལུས་གནད་རྐང་པ་རྡོར་སྐྱིལ། ལག་གཉིས་རྡོ་རྗེ་ཁུ་ཚུར་སོ་སོར་བསྒྲེང་བ་བརླ་ཁུད་དུ་ཁ་སྦུབ། གཞན་བསམ་གཏན་གྱི་ཡན་ལག་སྤྱི་ལྟར་ལ། ལྟ་སྟངས་རྡོ་རྗེ་གཙུག་ཏོར་གྱི་ལྟ་བ་ཞེས་པ་སྣ་རྩེ་ནས་སོར་ཉི་ཤུ་གྱེན་ཏུ་འཕགས་པའི་ཐད་ཀྱི་བར་སྣང་ལ་མིག་བསྒྲད་ནས། རང་དུས་འཁོར་དཔའ་བོ་གཅིག་པར་བསམས་པའི་མུན་པའི་ཁང་བུར་སེམས་རབ་ཏུ་གཡོ་བ་འདི་མདུན་གྱི་ལྟ་སྟངས་ལ་གཏད་ནས་བསྒྲིམས་ཏེ་བསྒོམ། ཡང་ཉིན་མོ་བླ་གབ་མེད་པའི་སར། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་ཕྱོགས་པས་ལུས་གནད་ལྟ་སྟངས་སྒོམ་ཚུལ་སོགས་གོང་མ་ལྟ་བུས་རེས་འགའ་མདུན་གྱི་ནམ་མཁའ་སྤྲིན་མེད་པ་ལ་སེམས་འཛིན། རེས་འགའ་མདུན་གྱི་རི་རྩེ་དང་ནམ་མཁའི་མཚམས་སུ་སེམས་བཟུང༌། འདི་དག་གི་ཚེ་འོག་ཏུ་རླུང་ཅུང་ཟད་འཐེན་ནོ། །དེ་ལྟར་ཡང་ཉིན་མཚན་གཉིས་སུ་བཅད་ནས་བསྒོམས་པས་དུ་བ་ལ་སོགས་པའི་རྟགས་བཅུ་འཆར། གལ་ཏེ་འཆར་དཀའ་ན་སྤོགས་པའི་ཆོ་ག་དང་བྱིང་རྒོད་ན་བ་སོགས་བྱུང་ན་གེགས་སེལ་རྒྱས་པ་སོགས་ཁྲིད་གཞུང་ན་གསལ་ལོ། །རྟགས་བཅུ་ལ་མཚན་ལྟས་དུ་བ། སྨིག་རྒྱུ། ནམ་མཁའ། མར་མེ་ལྟ་བུ་སྟེ་བཞི། ཉིན་ལྟས་འབར་བ། ཟླ་བ། ཉི་མ། རྡོ་རྗེ། ཆ་ལང༌། ཐིག་ལེ་ལྟ་བུ་སྟེ་དྲུག་འཆར་རོ། །དེས་ནི་དབང་པོ་དང༌། ཚོགས་དྲུག རྩ་བ་དང་ཡན་ལག་གི་རླུང་གིས་གཡོས་པ་དེར་འཛིན་འཁྲུལ་བློར་འཕྱན་པ་བཀག་ཅིང༌། འོད་ལྔ་སྒྲ་གཅན་
ཐིག་ལེ་ཐིག་ཕྲན་སྐུ་དང་ཡིག་འབྲུ་ཕྱག་མཚན་ལ་སོགས་པར་སྣང་བའི་རྟགས་དང༌། རྟགས་ཅན་བདེན་ཚིག་གྲུབ་ཅིང་མཆོག་སྦྱིན་ནུས་པ་དང༌། འདི་སྐབས་ཤི་ནའང་ལུས་བཟང་པོ་བླངས་ཏེ་ལམ་གྱི་འཕྲོ་མཐུད་པས་སྐྱེ་བ་བདུན་ལ་སངས་རྒྱས་ཐོབ་ལ། མཐར་ཐུག་རྡོ་རྗེ་སེམས་དཔའ་གདན་གསུམ་ཚང་བའི་གོ་འཕང་འགྲུབ་པར་བྱེད་དོ། ༈ །གཉིས་པ་སོར་སྡུད་ཀྱི་ངོ་བོ་བརྟན་བྱེད་བསམ་གཏན་བསྒོམ་པ་ནི། ལུས་གནད་སྔ་མ་ལྟ་བུས་བསམ་གཏན་ལྔ་བསྒོམས་ཏེ། དུས་སོགས་རྟགས་གང་རུང་མཐོང་བ་ནི་ཤེས་རབ། དེ་ལ་དེར་འཛིན་གྱི་འཁྲུལ་བློ་མེད་པར་མངོན་སུམ་དུ་མཐོང་བ་རྟོགས་པ། སྟོང་གཟུགས་དེ་གཅིག་ནས་དུ་མའི་བར་དུ་ཤར་ཡང་འཛིན་པ་མེད་པ་དཔྱོད་པ། ཕྱིའི་སྟོང་གཟུགས་དེ་རྣམས་དང་ནང་གི་སེམས་དབྱེར་མེད་དུ་རྟོགས་པ་དགའ་བ། དབྱེར་མེད་རོ་གཅིག་གི་རྟགས་སྣང་ཤར་ཡང་འཛིན་མེད་དུ་འཇོག་ཅིང་བྱན་ཚུད་པ་ནི་གཡོ་མེད་ཀྱི་བདེ་བ་སྟེ། དེ་ལྟར་ཆོས་ལྔ་པོས་གཟུགས་སྒྲ་དྲི་རོ་རེག་ཆོས་ཕྱི་ནང་གི་ཚོགས་དྲུག་སྟོང་གཟུགས་ཐམས་ཅད་ཚུལ་དེ་ལྔས་གནད་དུ་བསྣུན་ནས་བསྒོམ་པ་ཡིན་ནོ། །དེ་ལ་ཉམས་མྱོང་སྐྱེས་ནས་བོགས་འདོན་པ་ནི་ཐབས་སྣ་ཚོགས་ཀྱི་སྒོ་ནས་འདོན་དགོས་ཏེ། ཉིན་མོ་སོར་སྡུད་ཀྱི་སྐབས་ལྟར་ནམ་མཁའ་སྟོང་པར་སྟོང་གཟུགས་ལ་སེམས་འཛིན། དེ་རྗེས་ལྟ་སྟངས་དང་གཟུགས་མར་ཕབ་ནས་མདུན་གྱི་ཀ་བ་སོགས་ལ་སེམས་བཟུང༌། ལས་སྣང་དེ་དག་གི་སྟོང་གཟུགས་ཀྱང་ཡུལ་ཡུལ་ཅན་དབྱེར་མེད་དུ་མ་རྟོགས་ཀྱི་བར་སྦྱང༌། མཚན་མོ་སྣ་བུག་གི་རླུང་ལ་སེམས་གཏད་ནས་བསྒོམ། ཡང་མཚན་མོ་རང་ལྷ་སྐུའི་སྟོང་རར་གསལ་བའི་ཁོང་དབུས་རྩ་དབུ་མ་སྔོན་པོ་ཡས་སྣེ་ཚངས་བུག་དང་མས་སྣེ་གསང་གནས་སུ་སླེབ་པ། གཡས་སུ་རོ་མ་དམར་པོ། གཡོན་ཏུ་རྐྱང་མ་དཀར་པོ་གཉིས་ཡས་སྣེ་སྣ་བུག་དང་མས་སྣེ་དབུ་མར་འདུས་པའི་མས་སྣེའི་འདུས་མཚམས་སུ་སེམས་གཏད་ལ་བསྒོམ། སྒོམ་ཚུལ་གྱི་ཡན་ལག་ལྔ་བསམ་གཏན་གྱི་དུས་ལྟར་བྱ། སྣ་བུག་གི་རླུང་ལ་སེམས་གཏད་པའི་ཚེ་རླུང་གི་ཁ་དོག་མཐོང་ཚེ་ཁ་དོག་དང་མཐུན་པའི་ལས་འགྲུབ་པའི་སྨོན་ལམ་བཏབ་ན་གང་བཏབ་འགྲུབ་
པར་གསུངས་སོ། །ཡང་རང་ལུས་ཐ་མལ་པའི་སྤུ་དཀར་ནག་མཚམས་སུ་རླུང་སེམས་མ་ཡེངས་པར་གཏད། བདེ་དྲོད་སྐྱེས་ཚེ་མདུན་ཏུ་རི་མོ་ནག་པོ་ལ་སེམས་གཏད་ནས་བསྒོམས་པས་རྩ་དབུ་མ་མཐོང༌། དེ་ནས་རིམ་གྱིས་རྩ་འཁོར་རྣམས་མཐོང༌། མཐར་གསང་སྔགས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་ཤེས་པར་འགྱུར་ཏེ་ས་དང་པོའི་བདེན་པ་མཐོང་བ་ཡིན་ནོ། །དེ་ནས་འོད་གསལ་དང་བསྲེས་ནས་བོགས་འདོན་པ་ནི། གཉིད་ལ་འགྲོ་ཁར་ལུས་གནད་སོགས་སྔར་ལྟར་གྱི་མདུན་གྱི་སྟོང་གཟུགས་ལ་རླུང་མིག་སེམས་གསུམ་གཏད། གཉིད་ལ་འགྲོ་ཁར་རླུང་མིག་སེམས་གསུམ་སྣ་རྩེར་ཕབ་ལ་དར་ཅིག་བསྒོམས་པས་བརྟན་པར་འགྱུར་པ་དང་ལུས་གནད་བཀྲོལ་ནས་སེང་གེའི་ཉལ་སྟབས་ཀྱིས་གཉིད་ལོག་པས་འོད་གསལ་མཐུག་སྲབ་གང་རུང་ཟིན་པར་འགྱུར་རོ། །ཟིན་པའི་ཚེ་སྔར་ལྟར་བསམ་གཏན་གྱི་ཡན་ལག་ལྔས་ཉམས་སུ་བླང་ངོ༌། །ཐུན་མཚམས་སུ་བསྲེ་བས་བོགས་དབྱུང་བ་ནི། བདེ་སྡུག་བར་མ་ནད་གདོན་ལ་སོགས་པ་ཅི་བྱུང་ཡང་འོད་གསལ་སྟོང་པ་ཉིད་ལས་མ་གཡོས་བཞིན་ཏུ་བསམ་གཏན་གྱི་ཡན་ལག་ལྔས་གནད་དུ་བསྣུན་ལ་བསྒོམ་མོ། །དེ་ལྟར་འབད་པས་སྟོང་གཟུགས་ཐམས་ཅད་འོད་གསལ་གཉིད་དང་རོ་མཉམ་ཞིང༌། རྟགས་ནི་སྟོང་གཟུགས་རྣམས་ཕྲ་འཚེར་འདར་གཞིག་དཀའ་བ་འོད་སྣ་ཚོགས་འཕྲོ་བ་སྟེ་མཚན་ཉིད་ལྔ་ལྡན་དུ་འབྱུང༌། རང་སེམས་རྣམ་རྟོག་གི་མཚན་འཛིན་ཐམས་ཅད་དང་བྲལ་བའི་གསལ་སྟོང་ཟུང་འཇུག་གིས་དུས་འདའ་བ་འབྱུང་ངོ༌། །ཡོན་ཏན་ནི་ལྷའི་མིག་སོགས་སྔོན་གནས་དྲན་པ་གཞན་སེམས་ཤེས་པ་འཆི་འཕོ་བ་རྟོགས་པ་སྟེ་མངོན་ཤེས་ལྔ་དང༌། མཐར་ཐུགས་གདན་གསུམ་ཚང་བའི་སངས་རྒྱས་མི་བསྐྱོད་རྡོ་རྗེའི་གོ་འཕང་འགྲུབ་པའོ། །དེ་ནས་བར་དུ་དགེ་བ་གསུང་རྡོ་རྗེའི་རྣལ་འབྱོར་ལ་སྲོག་འཛིན་གཉིས་ལས། དང་པོ་སྲོག་རྩོལ་ནི། དེ་ཡང་རྒྱུད་སྡེ་གཞན་གྱི་ལུགས་ལ་སྣ་བུག་གི་རླུང་གཡས་སྲོག་གཡོན་རྩོལ་བ་ཞེས་བཤད་ཀྱང༌། འདིར་སྣ་བུག་གཉིས་ཀའི་རླུང་ནི་སྲོག་ཡིན་
ལ་དེ་གནད་དུ་བསྣུན་པ་ལ་འབད་པ་རྩོལ་ཞེས་དགོངས་སོ། །དུས་ནི་སྟོང་གཟུགས་རྣམས་བརྟན་པར་མཐོང་ནས་སྣ་བུག་གི་རླུང་མཉམ་རྒྱུ་གཟུགས་མ་འགགས་ཀྱི་བར་དུ་ཡིན་ནོ། །དེ་ཡང་མུན་ཁང་དུ་ལུས་གནད་སྨིན་མཚམས་ནས་གྱེན་དུ་སོར་བཅོ་བརྒྱད་ཀྱི་མཚམས་སུ་གཏང༌། རྐང་པ་གཡས་བསྐུམས་པའི་རྟིང་པས་གསང་རྩེ་གཉིས་མནན། གཡོན་དེའི་མདུན་ཏུ་བཞག ལག་པ་ནི་བསྣོལ་ནས་བརླ་སྟེང་དུ་བཞག་པ་དང༌། ཁུ་ཚུར་བཅང་བའི་སྙིང་གར་བསྣོལ་བ་གཉིས་གང་བདེ་བྱའོ། །ཉམས་ལེན་ལ་དྲུག་ལས། ཐོག་མར་རྡོར་བཟླས་ཀྱིས་རྩ་ལམ་སྦྱང་བ་ནི། སྲོག་གི་རླུང་རྔུབ་པ་ཨོཾ་སྐུ་རྡོ་རྗེ། གནས་པ་ཧཱུྃ་ཐུགས་རྡོ་རྗེ། དབྱུང་བ་ཨཱཿགསུང་རྡོ་རྗེ། གཞན་ལས་དབྱུང་བ་ཧཱུྃ་དུ་གསུངས་ཀྱང་འདིར་དེ་ལས་གོ་ལོག་པ་ནི། འདི་ཀའི་ཁྱད་ཆོས་སུ་གསུང༌། རླུང་རྡོར་བཟླས་ཀྱི་སྐབས་སེམས་རླུང་ལ་གཏད་ཅིང༌། དེ་ཡང་བསམ་གཏན་གྱི་སྐབས་ལྟར་ཡན་ལག་ལྔས་ཉམས་སུ་བླང་ངོ༌། །དེ་འབྱོངས་ནས་འཇམ་རླུང་དགང་གཏོང་གི་སྦྱོར་བས་སྲོག་དབུ་མར་འཛུད་པ་ནི། རླུང་མཉམ་རྒྱུའི་དུས་བྱ་བས་མཉམ་རྒྱུ་མི་འདུག་ན་ཡོན་པོ་སྲོང་བའི་འཁྲུལ་འཁོར་གྱིས་མཉམ་རྒྱུར་བཅུག་ནས། རླུང་རོ་བུས་ཤིང་རྔུབ་ནས་སྦྱོར་བ་བཞི་ལྡན་ལ་རྒྱུན་རིང་དུ་བཟུང་ཞིང་སེམས་བསམ་གཏན་གྱི་ཡན་ལག་ལྔ་བྱའོ། །དེས་ཚུད་ནས། རྩུབ་རླུང་བུམ་ཅན་གྱིས་སྲོག་དབུ་མར་འཆིང་བ་ནི། དགུ་ཕྲུགས་སུ་བུས་ལ་སྣ་གཉིས་ནས་རྔུབ་ཅིང་དགང་བ་ལྷན་ཅིག་རྒྱབ་རླུང་དྲག་པོས་བསྡམས་ནས་བུམ་པ་ཁ་སྦྱོར་གྱིས་ཡུན་རིང་དུ་བཟུང་ཞིང་སེམས་གོང་ལྟར་བྱའོ། །དེས་སྲོག་དབུ་མར་ཚུད་ཅིང་ཆིངས་པའི་རྟགས་སྲོག་གི་རྒྱུ་བ་མི་མངོན་པར་བུམ་པ་ཅན་ཇེ་རིང་ལ་སོང་ནས་སྲོག་འགགས་ཤིང་རྣམ་རྟོག་རྒྱུན་ཆད་པ་འབྱུང་ངོ༌། །དེ་གཉིས་ཀས་མ་ཚུད་མ་ཆིངས་ན། དྲག་རླུང་བཙན་ཐབས་ཀྱིས་ཉི་ཟླའི་ལམ་བགག་པ་ནི། ལུས་གནད་གོང་ལྟར་ལས་ལག་པ་རྦ་རླབས་འཆིང་བ་ཐོག་མ་གཅིག་ནས་མཐར་བརྒྱ་སྟོང་གི་བར་དུ་ཇེ་མང་བཅིངས་པས་དང་པོར་འཁྲུལ་སྣང་འཆར། དེའི་ཚེ་བསམ་གཏན་
གྱི་ཡན་ལག་ལྔས་གནད་དུ་བསྣུན་པས་མཐར་སྤྲོས་བྲལ་བདེ་སྟོང་འོད་གསལ་སྒྱུ་མ་ལྟ་བུར་འཆར་བ་ནི་གནད་ཟབ་པའི་མཐར་ཐུག་པ་སྟེ་ལག་ལེན་ཞལ་ལ་དྲིས་ཤིག འདིའི་ལས་ཕྲན་བཙན་ཐབས་ཀྱི་འཕོ་བ་ནི། རང་ལྷར་གསལ་བའི་ཁོང་བར་རྩ་དབུ་མ་ལྟེ་བ་ཡན་ཆད་ལྗང་གུ། དེ་མན་ཆད་སྔོན་པོ་ཡས་སྣེ་ཚངས་བུག་དང་མས་སྣེ་གསང་གནས་སུ་ཟུག་པའི་ལྟེ་བའི་ཐད་དུ་དམར་ཆ་ཨ་ཐུང་བཤོས་བུ་ཟུར་གསུམ་པའི་དབྱིབས་ཅན་ནས་ཙམ་དང༌། སྤྱི་བོར་དཀར་ཆ་ཧྃ་མཐོ་གང་ཐུར་བསྟན། སྙིང་གར་སེམས་ཀྱི་ངོ་བོ་ཧཱུྃ་ནག་པོ་བསམ། ཐོག་མར་རླུང་རྔུབ་ནས་མནན་པའི་ཚེ་ཧྃ་ཞུ་ནས་སྙིང་གའི་ཧཱུྃ་ལ་ཐིམ། རྒྱབ་རླུང་དྲག་ཏུ་འཐེན་པས་ལྟེ་བའི་ཨ་ཤད་ཡར་འཕོས་ཧཱུྃ་ལ་ཐིམ། རྦ་རླབས་བཅིངས་ནས་ཧཱུྃ་སྦར་ནས་རླུང་སེམས་ཐ་མི་དད་ཚངས་བུག་ཏུ་ཐོན་པར་བསམ། སྦྱངས་པའི་ཚེ་ཚངས་བུག་རྡོ་རྗེ་རྒྱ་གྲམ་གྱིས་བཅད་ནས་ཧཱུྃ་ཚངས་བུག་ནས་ཡར་མི་འདོན་པར་དམིགས། ངལ་བསོ་དུས་སྲོག་བཏང་བས་ཡི་གེ་གསུམ་སོ་སོར་བབ་པར་བསམ། འབྱོངས་རྟགས་སྤྱི་དང་འདྲ། ལས་སྦྱོར་ནི་འཆི་བའི་དུས་ལ་བབ་ན་རྒྱ་གྲམ་བསལ། ཧཱུྃ་ནམ་མཁར་འཕང་རྦ་རླབས་དྲུག་ལ་ཡུན་རིང་བར་བཅིངས། མཐར་དབྱིངས་རིག་བསྲེས་པས་མཆོག་འགྲུབ་པར་འགྱུར་རོ། །དེ་ལྟར་བཀག་པས་འོག་སྒོ་འགགས་ན་སྲོག་རླུང་སྟེང་དུ་བཏང་བས་གྲོལ་བ་ནི། དྲི་ཆེན་འགགས་ན་སྣ་བུག་གཡོན་བཀག་གཡས་ནས་སྲོག་དྲག་ཏུ་རྔུབ་ལ་ལྟེ་བར་མནན། མི་ཐུབ་པའི་ཚེ་གཡས་བཀག་གཡོན་ཏུ་དྲག་པོས་བཏང་བས་གྲོལ། དྲི་ཆུ་འགགས་ན་དེ་ལས་གོ་ལྡོག་ལ་ཉམས་སུ་བླངས་པས་གྲོལ། འདིའི་འཕྲོས་དོན་སྲོག་རླུང་གི་སྦྱོར་བས་ལས་མང་དུ་འགྲུབ་པ་ནི་ཁོ་བོས་བགྱིས་པའི་ཁྲིད་ཆེ་བར་གསལ་ལོ། །འདིའི་རྗེས་སུ་བསྐྱེད་རིམ་གྱི་དཀྱིལ་འཁོར་བཅུ་འགོག་པ་ནི་ཡན་ལག་ཡིན་པས་མ་བྲིས་སོ། །དེས་ནི་ལས་རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་འབའ་ཞིག་ཏུ་རྒྱུ་ཞིང་འགགས་ལ། རྟགས་ནི་རང་གི་མཛོད་
སྤུ་ཤ་ལྤགས་འཕྲིག་ཅིང་ཟ་བ་དང་གཡའ་བ་འབྱུང༌། སྤྱི་བོ་མི་བཟོད་པའི་ཚ་ཚེག་དང་སྟོང་གཟུགས་ཐམས་ཅད་ཆེས་ཆེར་གསལ་ཞིང་འབར་བ་འབྱུང་ངོ༌། །རྟགས་ཅན་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་རང་ཉིད་ལ་མཆོད་པ་བྱེད་པར་འགྱུར་རོ། །དེས་ནི་གདན་གསུམ་ཚང་བའི་སངས་རྒྱས་དོན་ཡོད་གྲུབ་པའི་གོ་འཕང་མྱུར་དུ་འགྲུབ་པ་གདོན་མི་ཟའོ། །གཉིས་པ་སྲོག་རྩོལ་སྦྱངས་པས་རླུང་སེམས་དབུ་མར་ཚུད་པ་དེ་ཉིད་རྩ་འཁོར་རྣམས་སུ་འཛིན་པའི་རྣལ་འབྱོར་ལ། སྔོན་འགྲོ་སྲོག་ཐུར་བསྲེ་བ་ནི། རླུང་ཡོན་པོ་སྲོང་བའི་འཁྲུལ་འཁོར་གྱིས་བཅོས་ནས་མཉམ་རྒྱུར་བྱུང་བའི་ཚེ། ཧཱུྃ་ཞེས་རིང་པོས་སྲོག་ཕྱིར་བུས་ནས། ནང་དུ་མ་རྔུབ་པའི་ངང་ནས་ཧཱུྃ་ཞེས་ཐུང་ངུས་ཐུར་སེལ་དྲག་ཏུ་འཐེན་ཅིང་རྒྱ་མཚོ་རི་རབ་ལ་སྦྱར་བ་གྲངས་མང་དུ་བྱ། དེ་ལྟར་མང་དུ་བྱས་པས་ཐུར་སེལ་དབང་དུ་འདུས་རྟགས་ཕོ་སྨད་སྦོ་ཞིང་འཁྲོག་པ་འབྱུང༌། དེའི་ཚེ་སྲོག་སྟེང་ནས་དྲངས་པ་ཁ་སྦྱར་བ་ཡུན་རིང་དུ་སྦྱང་ངོ༌། །དངོས་གཞི་བུམ་པ་ཅན་ལུས་ཀྱི་གནས་དྲུག་ཏུ་བཅིངས་པ་འཛིན་པའི་དངོས་གཞི་ནི། རང་ལྷར་གསལ་བའི་ཁོང་པར་རྩ་གསུམ་ཁ་དོག་སྔར་ལྟ་བུ་ལ་དབུ་མའི་ཡར་སྣེ་གཙུག་ཏོར་ནས་མདུན་དུ་གུག་པ་སྨིན་མཚམས་དང་མར་སྣེ་གསང་གནས་སུ་མདུན་དུ་རྡོ་རྗེའི་བུ་གར་ཟུག་པ་ཁུ་བ་འབབ་པ། རོ་རྐྱང་གཉིས་ཡར་སྣེ་སྣ་བུག་གཉིས་སུ་ཟུག་པ་རོ་མའི་མར་སྣེ་ལྟེ་འོག་ནས་མདུན་དུ་འཁྱོགས་པ་རྡོ་རྗེར་ཟུག་པ་དྲི་ཆུ་འབབ་པ། རྐྱང་མའི་མར་སྣེ་ལྟེ་འོག་ནས་རྒྱབ་ཏུ་འཁྱོགས་པ་དྲི་ཆེན་འབབ་པ། རྩ་གསུམ་འདུས་མཚམས་ལྟེ་བར་ས་ཁམས་ཀྱི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ། སྙིང་གར་ཆུ་ཁམས་ཀྱི་རྩ་འདབ་ནང་རིམ་བཞི་དང་ཕྱི་རིམ་བརྒྱད། མགྲིན་པར་མེ་ཁམས་ནང་རིམ་བརྒྱད་དང་ཕྱི་རིམ་བཅུ་དྲུག་དེའི་ཕྱི་སོ་གཉིས། དཔྲལ་བར་རླུང་ཁམས་ནང་རིམ་བཞི་དང་ཕྱི་རིམ་བརྒྱད་དེའི་ཕྱི་བཅུ་དྲུག གཙུག་ཏོར་ནམ་མཁའི་ཁམས་སྔོན་པོ་ཚངས་བུག་ལས་སོར་གཅིག་གི་འོག་ཏུ་འདབ་མ་བཞི། གསང་གནས་སུ་ཡེ་ཤེས་ཀྱི་ཁམས་ལྗང་གུ་འདབ་མ་ནང་རིམ་པ་
བཅུ་དང་ཕྱི་རིམ་བཅུ་དྲུག་རྣམས་གསལ་བཏབ། ལུས་གནད་སྔར་རྡོར་བཟླས་ཀྱི་སྐབས་ལྟར་བྱས་ནས་ཧཱུྃ་རིང་གིས་སྲོག་ཕྱིར་བུས་ནས་མ་རྔུབས་པའི་གོང་དུ་ཧཱུྃ་ཐུང་གིས་ཐུར་སེལ་ཡར་རྔུབས། སླར་སྲོག་དལ་བུས་རྔུབས་ནས་དགང་ཞིང་ལྕེ་ཡ་རྐན་ལ་སྦྱར་ཞིང་མིག་གྱེན་ཏུ་བགྲད་ནས་བུམ་ཅན་གསུམ་ནས་བརྒྱའི་བར་གང་ཐུབ་བཟུང་པའི་རིང་རླུང་སེམས་ལྟེ་བའི་རྩ་འཁོར་ལ་མ་ཡེངས་པར་བཟུང་བའི་མཐར་ལྟེ་བའི་རྩ་འཁོར་འོད་དུ་ཞུ་ནས་སྙིང་གའི་རྩ་འཁོར་ལ་ཐིམ་པར་བསམ་པ་ནི་ལྟེ་བའི་བུམ་ཅན་ནོ། །ཡང་ཧཱུྃ་རིང་ཐུང་སོགས་གོང་ལྟར་བུམ་ཅན་དང་རླུང་སེམས་སྙིང་གར་བཟུང་བའི་མཐར་སྙིང་གའི་རྩ་འཁོར་འོད་དུ་ཞུ་བ་མགྲིན་པའི་རྩ་འཁོར་ལ་ཐིམ་པ་ནི་སྙིང་གའི་བུམ་ཅན་ནོ། །ཡང་ཧཱུྃ་རིང་ཐུང་བུམ་ཅན་སོགས་སྔར་ལྟར་རླུང་སེམས་མགྲིན་པར་བཟུང་རྗེས་མགྲིན་པའི་རྩ་འཁོར་ལ་བསྟིམ་པ་ནི་མགྲིན་པའི་བུམ་ཅན་ནོ། །ཡང་ཧཱུྃ་རིང་ཐུང་བུམ་ཅན་སོགས་སྔར་ལྟར་གྱི་དཔྲལ་བར་རླུང་སེམས་བཟུང་རྗེས་དཔྲལ་བའི་རྩ་འཁོར་འོད་དུ་ཞུ་བ་གཙུག་ཏོར་གྱི་རྩ་འཁོར་ལ་བསྟིམ་པ་ནི་དཔྲལ་བའི་བུམ་ཅན་ནོ། །ཡང་ཧཱུྃ་རིང་ཐུང་བུམ་ཅན་རླུང་སེམས་སོགས་སྔར་ལྟར་གཙུག་ཏོར་དུ་བཟུང་རྗེས་གཙུག་ཏོར་གྱི་རྩ་འཁོར་འོད་དུ་ཞུ་བ་གསང་གནས་ཀྱི་རྩ་འཁོར་ལ་བསྟིམ་པ་ནི་གཙུག་ཏོར་གྱི་བུམ་ཅན་ནོ། །ཡང་ཧཱུྃ་རིང་ཐུང་བུམ་ཅན་རླུང་སེམས་སོགས་སྔར་ལྟར་གསང་གནས་སུ་བཟུང་རྗེས་གསང་གནས་ཀྱི་རྩ་འཁོར་འོད་དུ་ཞུ་བ་ཧཱུྃ་ནག་པོར་གྱུར་པ་དབུ་མའི་ནང་ནས་ཡར་ཕྱུང་བ་སྙིང་གར་སླེབས་ཚེ་འོད་ལྔར་གྱུར་པས་རང་ལུས་རྩ་གསུམ་དང་བཅས་པ་འོད་དུ་མེར་མེར་འབར་བ་ལ་ཤེས་པ་གཏད་ནས་བུམ་ཅན་ཅི་ཐུབ་བཟུང་བའི་མཐར་འོད་ལྔ་འཇའ་ཡལ་བ་ལྟར་དམིགས་མེད་དུ་ཅི་གནས་སུ་བཞག་གོ །འདིའི་སྐབས་བདེ་བ་གཡོ་ཆེས་པ་ན་དམིགས་པ་དང་འཁྲུལ་འཁོར་གྱིས་སྦོགས་པ་སོགས་ནི་ཁོ་བོས་བགྱིས་པའི་སྦྱོར་དྲུག་གི་ཁྲིད་ཡིག་ཆེ་བར་གསལ་བ་ལྟར་བྱའོ། །དེ་ནས་བཅུད་ལེན་གྱི་མཆོག་ལྕེ་གསུམ་བསྐྱོད་
པས་ནང་གི་བདུད་རྩི་འཐུང་བ་ནི། ལུས་གནད་སོར་སྡུད་ཀྱི་སྐབས་ལྟར་ལ། ཚངས་བུག་གི་ཐད་ཀླད་རྒྱའི་སྟེང་དུ་ཟླ་དཀྱིལ་མཐེ་བོང་ཙམ་པའི་ལྟེ་བར་བྱང་སེམས་ཀྱི་རང་བཞིན་ནུ་མའི་དབྱིབས་ཅན་བདུད་རྩི་འཛག་ལ་ཁད་པའི་མཐར་དབྱངས་བཅུ་དྲུག་གིས་བསྐོར་བར་བསམ། མཆུ་ཅུང་ཟད་གདངས་ནས་ཧཱུྃ་རིང་གིས་སྲོག་བུས། ཧཱུྃ་ཐུང་གི་ཐུར་སེལ་དྲང༌། སླར་སྲོག་ཁ་སྣ་གསུམ་ག་ནས་རྔུབ་ནས་བཀང་བས་རང་བྱུང་གི་གཏུམ་མོའི་དྲོད་རླུང་གིས་བསྐུལ་བས་དཀར་ཆ་ནུ་མ་ལྟ་བུ་དབྱངས་ཡིག་དང་བཅས་པ་ལས་བདུད་རྩི་སྐྱ་ནུར་གྱིས་བབས་པ་ཡ་རྐན་གྱི་ལྕེའུ་ཆུང་བརྒྱུད་ནས་བབས་པ་གཞིབས་པས་ལུས་ཐམས་ཅད་བདུད་རྩིས་གང་ནས་བསམ་གཏན་ཟག་མེད་ཀྱི་བདེ་བས་མྱོས་ཤིང་ཚིམ་པར་བསམས་ནས་ལྕེས་ལྕེའུ་ཆུང་བསྐུལ་ཞིང་གཞིབས་པས་དང་པོར་མཆིལ་མ་འབབ། མཐར་རོ་མངར་བ་དང་བཅས་འབབ། མྱང་བས་བཅུད་ལེན་ཐམས་ཅད་ཀྱི་མཆོག་ཡིན་པར་རྒྱུད་ནས་གསུངས་སོ། །དེ་ལྟར་འཛིན་པ་བུམ་ཅན་དྲུག་བསྒོམས་པས་རྟགས་ཚད་ནི། སྔར་གྱི་སྟོང་གཟུགས་རྣམས་ཉམས་མྱོང་དང་འདྲེས་ཞིང་ཆེར་གསལ་བ་དང༌། གཞོམ་དུ་མེད་པའི་གཟུགས་སྒྲ་དྲི་རོ་རེག་ཆོས་ལ་ལོངས་སྤྱོད་པ་སྲོག་ཐུར་འདྲེས་པས་ཡེ་ཤེས་ཀྱི་གཏུམ་མོའི་ཡོན་ཏན་མངོན་ཏུ་འགྱུར། བཟའ་རྒྱུ་རི་རབ་ཙམ་ཟོས་ཀྱང་འཇུ་ལ། ཏིལ་འབྲུ་ཙམ་མ་ཟོས་ཀྱང་བཀྲེས་སྐོམ་གྱི་སྣང་བ་མི་འབྱུང༌། མཐར་གདན་གསུམ་ཚང་བའི་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱི་གོ་འཕང་མངོན་ཏུ་བྱེད་པ་ཡིན་ནོ། །བུམ་ཅན་དྲུག་གི་སྐབས་རྩ་འཁོར་དྲུག་གི་དམིགས་པ་དང་རླུང་དང་སྟོང་གཟུགས་ཀྱི་སྣང་བ་གསུམ་དབྱེར་མེད་བསལ་གཞག་མེད་པ་དེར་འཛིན་བྲལ་ཞིང་ལྷན་སྐྱེས་སུ་ཉམས་སུ་བླང་བ་ལ་རྣམ་གསུམ་རོ་གཅིག་པ་ཞེས་ཐ་སྙད་མཛད་དོ། ༈ །གསུམ་པ་ཐ་མར་དགེ་བ་ཐུགས་རྡོ་རྗེའི་རྣལ་འབྱོར་ལ་རྗེས་དྲན་དང་ཏིང་འཛིན་གཉིས་ལས། དང་པོ་རྗེས་སུ་དྲན་པའི་རྣལ་འབྱོར་ནི། སྔོན་ཏུ་སྦྱངས་པའི་སྟོང་གཟུགས་དང་ཉམས་མྱོང་ཇི་སྙེད་པ་རྣམས་ཕྱག་རྒྱ་གསུམ་གྱི་གདམས་
པས་བོགས་འདོན་ཞིང་ཡོན་ཏན་འཕེལ་བར་བྱེད་པ་ཡིན་པས་དེ་ཡང་རྣལ་འབྱོར་པའི་ཁམས་སླ་བ་དང་སྐ་བ་དང་ཤིན་ཏུ་སྐ་བའི་དབྱེ་བས་ཕྱག་རྒྱ་གསུམ་དུ་གསུངས་པ་ལས་ཐོག་མར་ཁམས་སླ་བའི་གང་ཟག་གིས་དམན་པ་ལས་ཀྱི་ཕྱག་རྒྱ་བསྟེན་པ་ནི། སྲོག་རྩོལ་རྩ་རླུང་སྦྱང་བའི་ཕྱིར་བཞུགས་སྟངས་གསུམ་དང༌། ཐིག་ལེ་སྦྱང་བའི་ཕྱིར་འཁྲུལ་འཁོར་དྲུག དངོས་གཞི་རང་ལུས་གཞན་ལུས་ཐབས་ལྡན་གཉིས་སོགས་ནི་འདིར་མ་བཤད་པས་རྟོགས་པར་འདོད་ན་ཁོ་བོས་བགྱིས་པའི་སྦྱོར་དྲུག་གི་ཁྲིད་ཡིག་རྣམ་འབྱེད་ཤིང་རྟར་བཤད་པ་ལྟར་བྱའོ། །ཁམས་སྐ་བའི་གང་ཟག་གིས་གཏུམ་མོ་མི་རྟོག་པའི་ཕྱག་རྒྱ་ཉམས་སུ་བླང་སྟེ། རང་ལྷར་གསལ་བའི་ཁོང་པར་རྩ་གསུམ་གྱི་འཁྱོགས་ཚུལ་འཛིན་པའི་སྐབས་ལྟར་གསལ་བའི་ལྟེ་བར་རྩ་འདབ་བདུན་ཅུ་རྩ་གཉིས་པའི་ལྟེ་བར་གཏུམ་མོའི་མེ་ཧོཿཡིག་མཚན་ཉིད་བཞི་ལྡན་དང༌། དབུ་མའི་ཡར་སྣེ་མཛོད་སྤུར་ཕྱོགས་མཚམས་སུ་ཐིག་ལེ་དཀར་པོ་མཐེ་བོང་ཙམ་ཞིག་དངུལ་ཆུ་ལྟར་འདྲིལ་བར་བསམ། ཧཱུྃ་རིང་ཐུང་གིས་སྲོག་ཐུར་བུམ་ཅན་དུ་བཀང་བས་ལྟེ་བའི་ཧོཿལས་ཡེ་ཤེས་ཀྱི་མེ་འབར་བས་དབུ་མའི་ནང་བརྒྱུད་ཐིག་ལེ་ལ་རེག་པས་བྱང་སེམས་བབས་པས་དཔྲལ་བར་དགའ་བ། མགྲིན་པར་མཆོག་དགའ། སྙིང་གར་དགའ་བྲལ། ལྟེ་བར་ལྷན་སྐྱེས་ལ་མཉམ་པར་བཞག སླར་སྲོག་རྩོལ་གྱིས་སྦར་བས་བྱང་སེམས་མེ་དང་འདྲེས་པས་གྱེན་དུ་ལོག་པ་ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། དཔྲལ་བར་ལྷན་སྐྱེས། མཐར་དམར་ཆ་མེ་དང་དཀར་ཆའི་རྒྱུན་འདྲེས་པས་གཙུག་ཏོར་ནས་རྐང་མཐིལ་ཡན་བ་སྤུའི་ཁུང་བུ་ཚུན་དཀར་དམར་འདྲེས་པས་ཁྲིགས་མེར་གང་བས་བདེ་དྲོད་ཀྱི་ཡེ་ཤེས་ཆེར་འབར་བས་རྣམ་རྟོག་ཚོགས་དྲུག་གི་སྣང་བ་ཐམས་ཅད་ཤི་ནས་བདེ་ཆེན་མི་རྟོག་པའི་ངང་དུ་བརྒྱལ་བ་ཡུན་རིང་དུ་བསྒོམ་པའོ། །ཁམས་ཤིན་ཏུ་སྐ་བའི་གང་ཟག་གིས་གདམས་ངག་གི་ཕྱག་རྒྱ་ཉམས་སུ་བླང་བ་ནི། རང་དུས་འཁོར་ཡུམ་དང་ཁ་སྦྱོར་བའི་ལྷན་སྐྱེས་སྒྲུབ་ཐབས་ལྟར་གསལ་བའི་
ཡབ་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་ནག་པོ། ལྟེ་བར་ཧོཿསེར་པོ། གཙུག་ཏོར་དུ་སྭཱ་ལྗང་གུ། གསང་བར་ཧཱ་སྔོན་པོ་བསམ། མཁའ་གསང་བྱིན་རླབས་སྒྲུབ་ཐབས་ལྟར་བྱས་ནས་ཡབ་ཀྱི་ཁོང་པར་རྩ་གསུམ་དཔྲལ་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་ལྔ་གསལ་བཏབ། སྙོམས་འཇུག་བྱས་པས་དཔྲལ་བའི་འཁོར་ལོ་ནས་བྱང་སེམས་བབས་པ་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། གསང་བར་ལྷན་སྐྱེས་སུ་མཉམ་པར་བཞག ཆེས་བསྲུབས་པའི་ཚེ་ནོར་བུའི་རྩེ་མོར་སོན་པ་འཕོར་ཉེ་བ་ནས་ཧཱུྃ་རིང་ཐུང་སོགས་སྲོག་རྩོལ་གྱི་རླུང་བུམ་ཅན་འཛིན་པའི་སྐབས་ལྟ་བུས་བཟུང་ཞིང་བཟློག་པས་ལྟེ་བར་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་དགའ་བྲལ། དཔྲལ་བར་ལྷན་སྐྱེས་སུ་མཉམ་པར་བཞག མཐར་བདེ་སྟོང་ལྷན་སྐྱེས་ཀྱི་རང་ཞལ་བཟོ་བྲལ་བརྗོད་མེད་ཀྱི་བདེ་བ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་གཉིས་ཟུང་འཇུག་ཏུ་འཇོག་པ་ནི་ཕྱག་རྒྱ་ཆེན་མོ་སྟེ། འདི་ནི་གོང་གི་ཕྱག་རྒྱ་གསུམ་གའི་ཉམས་ལེན་ལ་སྦྱོར་བ་ཤིན་ཏུ་གལ་ཆེའོ། །དེ་ལྟར་ཕྱག་རྒྱ་གསུམ་ལ་འབད་པས་རྟགས་ཚད་ནི། ས་བཅུ་རྣམ་པར་དག་པས་རྟགས་བཅུའི་སྟོང་གཟུགས་ཤིན་ཏུ་བརྟན་པ་དང༌། གནས་སྐབས་བཅུའི་དྲི་མ་དག རྟགས་སྣང་ནི། རང་གི་ལུས་ལྷར་གསལ་བ་ལས་འོད་འཕྲོས་པས་ནམ་མཁའི་ཁམས་གང་ཞིང་རང་ལུས་འོད་ཀྱི་ནང་དུ་ཚུད་པ་ཐིམ་པ་སོགས་འབྱུང༌། མཐར་གདན་གསུམ་ཚང་བའི་སངས་རྒྱས་འོད་དཔག་མེད་ཀྱི་གོ་འཕང་ངེས་པར་འགྲུབ་པའོ། །གཉིས་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་ནི། ལུས་གནད་རྣམ་སྣང་ཆོས་བདུན་དང་ལྡན་པས། རླུང་གནད་ནི། མ་ནིང་གི་རླུང་ཞེས་བྱ་བ་སྲོག་ཐུར་གཉིས་ཀ་རྩོལ་བ་སྤངས་ནས་རང་སོར་བཞག་ལ། སེམས་ཀྱི་བསམ་གཏན་ནི། དུས་ཞབས་སྙན་བརྒྱུད་ལས། སྒོམ་པ་དམིགས་བཅས་སྟོང་གཟུགས་དང༌། །དམིགས་མེད་བདེ་བ་རོ་མཉམ་ལས། །སེམས་ནི་མི་གཡོ་བརྟན་པར་གནས། །དངོས་པོ་ཐམས་ཅད་བདེར་འཆར་རོ། །ཞེས་
གསུངས་སོ། །སྔར་གྱི་སོར་སྡུད་དང་བསམ་གཏན་གྱི་སྐབས་སུ་མཐོང་བའི་སྟོང་གཟུགས་རྣམས་སྣང་སྟོང༌། སྲོག་རྩོལ་དང་འཛིན་པའི་དུས་ཤར་བའི་ཤེས་པ་གསལ་སྟོང༌། རྗེས་དྲན་གྱི་དུས་ཉམས་སུ་མྱོང་བའི་མྱང་བ་ནི་བདེ་སྟོང་སྟེ་དེ་ཐམས་ཅད་རོ་གཅིག་ཏུ་འདྲེས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །དེ་ཡང་འདྲེས་པ་ཞེས་རྒྱུ་མི་གཅིག་པ་ཆུ་དང་འོ་མ་འདྲེས་པ་ལྟ་བུ་མ་ཡིན་པ། རྒྱུ་གཅིག་པ་ཆུ་གཉིས་བསྲེས་པ་ལྟ་བུ་ཡང་མ་ཡིན་པ། བདེ་བ་དང་བྲལ་བའི་སྟོང་པ་ཕྱལ་ཆད། སྟོང་པ་དང་བྲལ་བའི་བདེ་བ་སྐྱིད་འདོད། གསལ་བ་དང་བྲལ་བའི་སྟོང་པ་མེད་དགག སྟོང་པ་དང་བྲལ་བའི་གསལ་སྣང་རྟག་ལྟ་ལ་སོགས་པ་ཕྱག་རྫོགས་དབུ་གསུམ་གྱི་ལམ་གྱིས་མ་བསླད་པའི་རྣམ་ཀུན་མཆོག་ལྡན་གཞོམ་མེད་དོན་དམ་པའི་དུས་ཀྱི་འཁོར་ལོའི་བསལ་བཞག་སྤང་བའི་ངང་དུ་གདོད་ནས་གྲུབ་པ་ལ་དེར་འཛིན་གྱི་འཛིན་སྟངས་མེད་པར་མཉམ་པར་འཇོག་པ་ནི་དོན་གྱི་སྙིང་པོ་རྫོགས་རིམ་གྱི་རྩ་བ་ཉམས་ལེན་གྱི་ཉིང་ཁུ་ཁོ་ན་ཡིན་ནོ། །དེ་ལྟར་བསྒོམས་པས་རྟགས་ཚད་ནི་ལུས་སེམས་སྣང་ཆ་ཚོགས་དྲུག་ཐམས་ཅད་བདེ་སྟོང་གཉིས་མེད་དུ་འཆར་བ་སོགས་རྟགས་སྣང་ཐམས་ཅད་ལྐོག་གྱུར་དུ་མ་ལུས་པར་རྣལ་འབྱོར་པའི་མངོན་སུམ་ཚད་གྲུབ་ཏུ་ཉམས་སུ་མྱང་བ་སོགས་ཐུན་མོང་གི་ཡོན་ཏན་མཐའ་དག་ཐོབ། མཐར་ཐུག་རྩ་རླུང་ཐིག་ལེ་ཐམས་ཅད་ཡེ་ཤེས་རྡོ་རྗེའི་ངོ་བོར་དག་པས་གདན་གསུམ་ཚང་བའི་སངས་རྒྱས་རྣམ་པར་སྣང་མཛད་ཆེན་པོའི་ངོ་བོར་འཚང་རྒྱ་བར་འགྱུར་རོ། །དེ་ལྟར་ཡན་ལག་དྲུག་པོ་བསྒོམས་པས་རྣལ་འབྱོར་པ་རབ་སྔོན་བསགས་དང་ལྡན་པས་ནི་ཟླ་བ་གསུམ་ཚུན་ལ་མཆོག་གྲུབ་ཅིང༌། ཐ་མ་སྐལ་བ་དམན་པས་བར་དོ་ཚུན་ལ་མཆོག་གྲུབ་ལ། སྐལ་པ་འབྲིང་དག་གིས་ནི། ལོ་གསུམ་དང་ཟླ་བ་གསུམ་ལ་འབད་པས་བསྒོམས་པས་ཞག་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རེ་འགྱུར་བ་རྣམས་ལོ་གསུམ་ཕྱོགས་གསུམ་ལ་ཉིན་ཞག་ཕྲུགས་སྟོང་ཕྲག་གཅིག་དང་ཉིས་བརྒྱ་བདུན་ཅུ་ཐམ་པ་འབྱུང་བའི་རིང༌། ཉིན་མཚན་གཡེལ་མེད་རྩེ་གཅིག་ཏུ་ཉམས་
སུ་བླང་བའི་ཚེ། ཞག་གྲངས་དེ་རྣམས་ཀྱི་རིང་བདེ་སྟོང་ལྷན་སྐྱེས་བྱང་ཆུབ་ཀྱི་སེམས་རླུང་དང་ཐ་མི་དད་པ་ཟག་བཅས་འཇིག་རྟེན་པའི་བདེ་བ་ལས་འདས་པ་དག་གིས་གསང་གནས་ཀྱི་འཁོར་ལོ་ཕྱེད་གང་བའི་ཚེ་ས་དང་པོ་ཐོབ། རིལ་པོར་གང་བས་ས་གཉིས་པ། ལྟེ་བའི་ཕྱེད་གང་བས་ས་གསུམ་པ། རིལ་པོར་གང་བས་ས་བཞི་པ། སྙིང་གའི་ཕྱེད་གང་བས་ས་ལྔ་པ། རིལ་པོར་གང་བས་ས་དྲུག་པ། མགྲིན་པའི་ཕྱེད་གང་བས་ས་བདུན་པ། རིལ་པོར་གང་པས་ས་བརྒྱད་པ། དཔྲལ་བའི་ཕྱེད་གང་བས་ས་དགུ་པ། རིལ་པོར་གང་བས་ས་བཅུ་པ། གཙུག་ཏོར་གྱི་ཕྱེད་གང་བས་བཅུ་གཅིག་པ། རིལ་པོར་གང་བས་བཅུ་གཉིས་པ། ལུས་ཐམས་ཅད་གང་བས་བཅུ་གསུམ་པ་ཐོབ་བོ། །རྩ་བའི་རླུང་ལྔ། ཡན་ལག་གི་རླུང་སྟོང་དང་བརྒྱད་བརྒྱ། ཁམས་སོ་གཉིས། རྩ་ཉི་ཁྲི་དགུ་འབུམ། ཆ་བཅུ་དྲུག་ལ་སོགས་པ་དག་ནས་རྣམ་ཀུན་མཆོག་ལྡན་རྣམ་མེད་རྣམ་པ་ཅན་གྱི་རང་གཟུགས་སྐུ་དྲུག་ཡོངས་སུ་རྫོགས་པ་ཁྱབ་བདག་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་གོ་འཕང་ཐོབ་པར་བྱེད་པ་ནི་མི་བསླུ་བ་ཡང་དག་པའི་ཚད་མ་ཡིན་ནོ། །ཞེས་བྱ་བ་རྫོགས་རིམ་ཐམས་ཅད་ཀྱི་མཐར་ཐུག་སྦྱོར་བ་ཡན་ལག་དྲུག་པའི་སྐབས་སོ། །དེ་ལྟར་བླ་མེད་ལྷན་སྐྱེས་རྣམ་བཞིའི་རྫོགས་རིམ་ཤིན་ཏུ་བསྡུས་པ་སྟེ། དེང་སང་དུས་སྙིགས་མ་ལྔ་བདོ་ཞིང་མི་རྣམས་ཚེ་ཐུང་བ་དང་ཤེས་རབ་དམན་པས་ཡིག་ཆ་དང་དམིགས་པ་ཆེས་མང་ན་བློ་གྲོས་ཀྱི་ཁྱོན་ཆུང་ངུར་མི་ཤོང་བའི་ཉེས་པ་འགོག་པ་དང༌། རང་ཉིད་ཀྱང་རྣམ་གཡེང་གི་དབང་དང་བློ་གྲོས་དམན་ཞིང་སྔོན་བསགས་ཀྱི་སྐལ་པའི་ཕུལ་ཆེས་ཆེར་ཞན་པས་བརྗེད་ངས་ཀྱི་དྲན་པ་གསོ་བའི་ཕྱིར། རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་རྣམས་ལེགས་པར་ཐོས་ཤིང་འདོམས་པར་བྱས་ནས། སླར་རྫོགས་རིམ་འདི་རྣམས་ལུང་རིག་འཕྲོས་དོན་གྱི་སྤྲོས་པ་བསྐྱུངས་ཤིང་དམིགས་པ་རྣམས་ཀྱང་གཙོ་ཆེ་བ་མེད་མི་རུང་བ་རྣམས་བསྡུས། དེ་དག་ཀྱང་ས་བཅད་ཐོ་ཙམ་མ་གཏོགས་ཚིག་ཚོགས་ཤིང་ཏུ་ཉུང་བར་བགྱིས་པ་འདི་ཡང༌། དུས་མཐའི་རྡོ་རྗེ་འཛིན་པའི་འབྲི་གུང་པ་ཆོས་ཀྱི་གྲགས་པས་མེ་མོ་གླང་ལོ་ནག་པ་ཅན་གྱི་
ཕྱོགས་སྔ་མའི་རྫོགས་པ་གསུམ་པ་རྒྱལ་བས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར་ཤཱ«་་་་་ཆོས་རྒྱལ་»ཀྱའི་ཟླ་བ་བཟང་པོ་ལ་མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཆེན་གསུངས་པའི་དུས་དགེ་བར་སྦྱར་བ་ཡིན་གྱི། ལམ་ལ་བརྩོན་པ་ལྷུར་བྱེད་པ་དག་གིས་ནི་འདི་ཙམ་ལ་ནན་ཏན་བགྱིས་པས་ཀྱང་རྡོ་རྗེ་འཆང་ཆེན་པོ་འགྲུབ་པ་གདོན་མི་ཟ་ལ། ཡང་ལུང་རིག་ཚིག་དོན་རྒྱས་པ་ལ་མོས་པ་དག་གིས་ནི་འདི་རྣམས་རྩ་བར་བྱས་ཏེ་མཐའ་གཅོད་རང་རང་གི་ཁྲིད་ཡིག་ཆེན་མོ་རྣམས་དང༌། རྒྱུད་གཞུང་འགྲེལ་པ་དང་བཅས་པ་རྣམས་སུ་རྟོགས་པར་བྱོས་ཤིག ཅེས་པ་ཡང་འབྲི་དམ་པ་ཆོས་ཕྱུག་གི་ཀླུང་ཕོ་བྲང་བཀྲ་ཤིས་ཚུགས་ཀྱི་རེའུ་མིག་ལྕང་ལོ་ཅན་རྡོ་རྗེ་ཐེག་པའི་གན་མཛོད་དུ་བྲིས་པའི་ཡི་གེ་པ་ནི་བཀའ་འབངས་ཀྱི་ཡང་ཐ་འཕྱོང་རྒྱས་གྲགས་པ་དབང་པོས་བགྱིས་པ་སྟེ་འདིས་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག། །།ཤུ་བྷ་མསྟུ་སརྦ་ཛ་ག་ཏཱཾ། སརྦ་པཀྵེ་བཛྲ་ཡཱ་ན་ཤཱ་ས་ནོ་ད་ཡ་པུཥྚིཾ་ཀུརྦནྟུ།། །།
རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྔགས་བཏུའི་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་མཆོག་ཐུན་དངོས་གྲུབ་ཀྱི་བང་མཛོད།
རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྔགས་བཏུའི་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་མཆོག་ཐུན་དངོས་གྲུབ་ཀྱི་བང་མཛོད་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། འོག་མིན་ཞིང་གི་མགོན་པོ་རྡོ་རྗེ་འཆང༌། །གང་འདུལ་ངུར་སྨྲིག་ཟློས་གར་རབ་བསྒྱུར་བས། །མཆོག་ཐུན་དངོས་གྲུབ་སྩོལ་མཛད་ཡིད་བཞིན་ནོར། །བཤེས་གཉེན་དབང་གི་རྒྱལ་པོའི་ཞབས་ལ་འདུད། །མི་འགྱུར་ལྷུན་གྲུབ་བདེ་བ་ཆེན་པོའི་དཔྱིད། །ཆོས་དབྱིངས་ལུས་ཕྲའི་ལང་ཚོ་ལ་འཁྱུད་པས། །དཀྱིལ་འཁོར་ཀུན་འགྱེད་མི་བསྐྱོད་རྡོ་རྗེའི་ལྷ། །སུམ་ཅུ་རྩ་གཉིས་དཀྱིལ་འཁོར་ཚོགས་ལ་འདུད། །རྒྱུད་ཀྱི་མཐར་ཐུག་དཔལ་ལྡན་འདུས་པ་ཡི། །བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས་བཤད་པའི། །དྲང་ངེས་ཡིག་གསུམ་བཏུ་དང་བྱིན་རླབས་ཚུལ། །འཇམ་མགོན་བླ་མའི་དགོངས་པ་ཇི་བཞིན་བཤད། །འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་བཅོ་ལྔ་པ་དང་ཉེར་གཉིས་པ་གཉིས་ལས་བཤད་པའི་དྲང་ངེས་ཀྱི་སྔགས་བཏུ་བ་དང་བྱིན་རླབས་བྱ་བའི་ཚུལ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་རིམ་པའོ། །དང་པོ་ལ་གསུམ། གང་ལ་བྱིན་རླབས་བྱ་བའི་ཡུལ། བཏུ་གཞིའི་སྔགས་བཀོད་ནས་དེ་ལས་སྔགས་བཏུ་བའི་ཚུལ། བཏུས་པའི་སྔགས་ལ་ཕྱི་ནང་གི་མཆོད་པ་བྱ་ཚུལ་ལོ། །དང་པོ་ནི། སློབ་མ་ལམ་ཐུན་མོང་བས་རྒྱུད་སྦྱངས་ཤིང༌། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་
བཞི་རྫོགས་པར་ཐོབ་པ། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་གནས་ཤིང༌། རིམ་གཉིས་ཀྱི་མན་ངག་དང་ལྡན་པས་མཚན་ཉིད་ཚང་བའི་སློབ་དཔོན་ལ་སྔགས་བཏུའི་བྱིན་རླབས་ཞུ་བའི་ཆེད་དུ་གསོལ་བ་བཏབ་ཅིང་མཆོད་པས་མཉེས་པར་བྱས་པའོ། གཉིས་པ་བཏུ་གཞིའི་སྔགས་བཀོད་ནས་དེ་ལས་སྔགས་བཏུ་བ་ནི། བདུད་རྩི་ལྔ་དང༌། བ་བྱུང༌། རིན་པོ་ཆེ་སྣ་ལྔ་བཅས་ཀྱི་ཕྱེ་མ་བརྡལ་བའམ། དུར་ཁྲོད་ཀྱི་ཐལ་བས་ཀྱང་རུང་སྟེ་ས་གཞོང་གི་ནང་དུ་དེ་དག་གང་ཡང་རུང་བ་བརྡལ་བ་དང༌། སྨྱུ་གུ་བཅས་སྟ་གོན་བྱ། རས་གཞིའི་སྟེང་དུ་ཆོས་འབྱུང་ཟུར་གསུམ་པའི་ཐིག་གདབ། དེའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་སྤྱི་འགྲོ་ལྟར་བྲིས་པའི་ཤར་གྱི་འདབ་མ་ལ་དབྱངས་ཡིག་བཅུ་དྲུག དེ་ནས་གཡས་སྐོར་གྱི་འདབ་མ་བདུན་ལ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་པའི་ཡི་གེ་རྣམས་མ་ཚང་བ་མེད་པ་ལེགས་པར་བྲིས། དེ་ལྟར་སྔགས་བཏུ་གཞིའི་དཀྱིལ་འཁོར་གཉིས་འདུ་བྱས་ནས་ཁྲོ་བོ་བཅུ་དང་ཕྱོགས་སྐྱོང་བཅོ་ལྔ་ལ་འབུལ་རྒྱུའི་ཕྱི་ནང་གི་མཆོད་པ་གཏོར་མ་དང་བཅས་པ་ཕྱག་ལེན་བཞིན་དུ་གཙང་སྦྲ་ཐོན་པར་བཤམས་ལ། སློབ་དཔོན་གྱིས་གསང་བ་འདུས་པའི་སྒྲུབ་ཐབས་རྫོགས་པར་བསྒོམ་ནུས་ན་རབ། དེ་ལྟ་མིན་ནའང་སྐད་ཅིག་ཀྲོང་བསྐྱེད་ཙམ་སྔོན་དུ་བཏང༌། རང་གི་ཐུགས་ཀའི་ཧཱུྃ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་ཁྲོ་བོ་
བཅུ་དང་ཕྱོགས་སྐྱོང་བཅོ་ལྔ་འཁོར་དང་བཅས་པ་སྤྱན་དྲངས་ཏེ་ཕྱི་ནང་གི་ཕྱོགས་མཚམས་རྣམས་སུ་གནས་པ་ནི། ནང་གི་ཤར་དུ་གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ཞེས་པ་ནས། སྐུ་ལས་སྐྱེས་པའི་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་དབུས་ན་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཚུལ་གྱིས་བཞུགས་པར་གྱུར། ཅེས་པའི་བར་སྒྲུབ་ཐབས་བཞིན་དང༌། ཕྱིའི་ཤར་དུ་རྡོ་རྗེ་མཚོན་ཆ་སེར་པོ་ཞེས་པ་ནས། སའི་ལྷ་མོ་སེར་མོ་པདྨ་ལ་གནས་པ་པདྨ་འཛིན་པ། དབང་པོ་ལ་སོགས་པའི་འཇིག་རྟེན་པ་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག་པ་ལས་འདུས་པའི་ལྷ་ཤེས་རབ་མ་དང་བཅས་པའི་སྐུར་བཞེངས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་རྣམས་སུ་གྱུར། ཨོཾ་ཨཱཿཧྲཱིཿཔྲ་ཝ་ར་སཏྐ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། ཞེས་སོགས་ཀྱིས་ཆུ་བཞི་ཕུལ་ཏེ། དེ་ནས་གཏོར་མ་འབུལ་བ་ནི་རྡོ་རྗེས་སོར་ཞིང་དྲིལ་བུ་དཀྲོལ་བ་དང་བཅས། ཨོཾ་ཨཱཿཡ་མཱནྟ་ཀྲི་ཏ་ཧཱུྃ་ཧཱུྃ། ཞེས་པ་ནས། ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀཏ་ཧཱུྃ་ཧཱུྃ་སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བྷཉྫ་ཀ་མ་མ་ཤཱིནྟཾ་རཀྵ་ཙ་ཀུ་རུ་སྭཱ་ཧཱ། ཞེས་པས་ཁྲོ་བོ་བཅུ་དང༌། ཕྱོགས་སྐྱོང་རྣམས་ལ་ཨོཾ་ཨཱཿཧཱུྃ། དུས་གསུམ་སྐྱེས་པ་ཀུན་དང་ཕྱོགས་བཅུ་ཡི། །ཞེས་པ་ནས་ཞི་བ་དང་ནི་སྲུང་བར་མཛད་དུ་གསོལ། ཞེས་གཏོར་མ་ཕུལ། དེ་ནས་ཞལ་བསིལ་དང་མཆོད་ཡོན་སོ་རྩི་རྣམས་ཕུལ། ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ད་ཤ་དིག་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་པུཥྤེ་ནས། ཤབྡའི་བར་གྱིས་ཉེར་སྤྱོད་རོལ་མོ་དང་བཅས་པ་ཕྱིའི་མཆོད་པ་དང༌། ཨོཾ་ཨཱཿབཛྲ་མ་ཧཱ་ཀྲོ་དྷ་རཱ་ཛ་ད་ཤ་དིག་ལོ་ཀ་པཱ་ལ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། ཧཱུྃ། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང༌། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་ཐམས་ཅད་སྩོལ་བའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་འདུད། །ཅེས་བསྟོད་ནས། ཧཱུྃ། ས་ཡི་ཕྱོགས་ནི་འདི་ཉིད་དུ། །གསང་བ་འདུས་པར་མངོན་བརྗོད་པའི། །རྣལ་འབྱོར་ཆེན་པོའི་དམ་ཚིག་རྒྱུད། །དུས་ཀུན་ཏུ་ནི་སྤྱོད་འགྱུར་ཞིང༌། །རྒྱུན་དུ་དེ་དོན་སྒྲུབ་པ་རྣམས། །བསྲུང་བའི་དོན་དུ་རྟག་ཏུ་ནི། །གཤིན་རྗེ་གཤེད་སོགས་ཁྲོ་བོ་བཅུས། །བགེགས་རྣམས་ལ་ནི་ཕུར་བུ་ཐོབ། །ཅེས་
ལན་གསུམ་བྱའོ། དེ་ནས་གཉིས་པ་སྔགས་བཏུ་བ་དངོས་ནི། སློབ་དཔོན་རང་ཉིད་ཀྱིས་འབྲི་བའམ། ཡིག་མཁན་སློབ་མ་གང་ཡང་རུང་བས་ས་གཞོང་དང་སྨྱུ་གུ་ལག་ཏུ་ཐོགས་ཏེ། སློབ་དཔོན་གྱི་ངག་ནས་རྒྱུད་ཀྱི་ཚིག་འདི་ལྟར་བརྗོད་པར་བྱ་སྟེ། དང་པོ་ཡི་གེ་ཐོག་མ་འབྲི། །ཞེས་བརྗོད་པ་དང་མཉམ་དུ་ས་གཞོང་གི་ནང་དུ་དབྱངས་ཡིག་དང་པོ་ཨ་ཐུང་ངུ་འབྲི། ཡང་སློབ་དཔོན་གྱིས། དབྱངས་ཡིག་ལྔ་པ་ཡང་དག་ལྡན། །ཞེས་ངག་ནས་བརྗོད་པ་དང་ས་གཞོང་གི་ནང་དུ་ཨ་ཐུང་དུ་འབྲི། ཡང་སློབ་དཔོན་གྱིས། སྒྲ་མདོ་ལས་ཨའི་ཡི་གེ་ཨུའི་ཡི་གེ་ལ་ཨེའོ། །ཞེས་བརྗོད་པ་དང་ས་གཞོང་གི་ནང་གི་སྔར་གྱི་ཡི་གེ་གཉིས་ཕྱིས་ལ་ཨོ་འབྲི། ཡང་སློབ་དཔོན་གྱིས། སྡེ་ཚན་ཐ་མའི་མཐའ་ཆ་ནས། །ཞེས་བརྗོད་པ་དང་མཉམ་དུ་ཡིག་མཁན་གྱིས་སྔར་གྱི་ཨོའི་སྟེང་དུ་མ་ཡིག་རྗེས་སུ་ང་རོར་སྦྱིན། དེ་ལྟར་ས་གཞོང་གི་ནང་དུ་སྐུ་རྡོ་རྗེའི་སྙིང་པོ་ཨོཾ་བསྒྲུབས་ཟིན་པ་ནི། རས་བྲིས་ཀྱི་པདྨ་འདབ་བརྒྱད་ཀྱི་ལྟེ་བ་ཡངས་པའི་ནང་དུ་དྲི་བཟང་གི་ཁུ་བ་ལྟ་བུས་ཨོཾ་བྲིས་ལ་ས་གཞོང་ནང་གི་ཨོཾ་དབྱི། དེ་ལྟར་ཨོཾ་བཏུས་ཟིན་ནས་ཨཱཿབཏུ་བ་ནི། སློབ་དཔོན་གྱིས་ངག་ཏུ། ཐོག་མའི་ཡི་གེ་གཉིས་འགྱུར་ལ། །ཞེས་རྒྱུད་ཀྱི་ཚིག་བརྗོད་པ་དང་མཉམ་དུ་སློབ་དཔོན་རང་ཉིད་དམ་ཡིག་མཁན་གྱིས་ས་གཞོང་གི་རྡུལ་ལ་ཨ་ཐུང་ངུ་གཉིས་བྲི། ཡང་སློབ་དཔོན་གྱིས། སྒྲ་མདོ་ལས་མཚུངས་པ་འདྲ་བའི་ཡི་གེ་ལ་རིང་པོར་འགྱུར་ཏེ་ཕ་རོལ་འང་དབྱིའོ། །ཞེས་བརྗོད་པ་དང་མཉམ་དུ་ཨ་སྔ་མ་ལ་འ་ཆུང་བཏགས་ཏེ་རིང་པོར་བྱས་ལ་ཨ་ཕྱི་མ་དབྱི། སློབ་དཔོན་གྱིས། ཨཱུཥྨ་ཎ་ཡི་ཆ་དང་ལྡན། །ཞེས་བརྗོད་པ་དང་མཉམ་དུ་ས་གཞོང་གི་ནང་དུ་ཧ་བྲི། དེ་ལ་སྲོག་མེད་ཀྱི་རྟགས་འོག་ཏུ་རི་མོ་ནར་པོ་དབྱུག་པ་འདྲ་བ་ཞིག་བྲིས་ན་ཧ་ལ་ར་ཏ་བཏགས་པ་འདྲ་བ་ཞིག་འོང༌། ཡང་སློབ་དཔོན་གྱིས། རེ་ཕ་དང་ས་དག་གི་རྣམ་པར་བཅད་པའོ། །ཞེས་བརྗོད་པ་དང་ཧ྄་སྲོག་མེད་དེ་ཕྱིས་ལ་ཨའི་མཐར་རྣམ་བཅད་ཐིག་ལེ་ཉིས་བརྩེགས་ཀྱི་ཚེག་དྲག་བྱ། དེ་ལྟར་ས་གཞོང་གི་ནང་དུ་གསུང་རྡོ་རྗེའི་སྙིང་པོ་ཨཱཿབཏུས་ཟིན་པ་ན། རས་བྲིས་ཀྱི་པདྨ་འདབ་བརྒྱད་ཀྱི་ལྟེ་བའི་སྔར་བྲིས་ཟིན་པའི་ཨོཾ་གྱི་འོག་ཏུ་ཨཱཿབྲིས་ལ་
ས་གཞོང་ནང་གི་ཨཱཿབསུབ། དེ་ནས་ཧཱུྃ་བཏུ་བ་ནི། སློབ་དཔོན་གྱིས། ཨཱུཥྨ་ཎ་ཡི་ཆ་དང་བཅས། །ཞེས་བརྗོད་པ་དང་ས་གཞོང་གི་རྡུལ་ལ་ཧ྄་བྲིས་ལ་སྲོག་མེད་ཀྱི་རྟགས་བྱ། ཡང༌། དབྱངས་ཡིག་དྲུག་པ་ཡང་དག་ལྡན། །ཞེས་བརྗོད་པ་དང་མཉམ་དུ་ཧའི་འགྲམ་དུ་དབྱངས་ཡིག་དྲུག་པར་ཨཱུ་རིང་པོ་བྲི། ཡང་སློབ་དཔོན་གྱིས། སྒྲ་མདོ་ལས་གསལ་བྱེད་དབྱངས་མེད་པ་ཕ་རོལ་གྱི་ཡི་གེ་དྲང་ངོ༌། །ཞེས་བརྗོད་པ་དང༌། སྔར་བྲིས་པའི་ཡི་གེ་གཉིས་ཕྱིས་ལ་ཧཱུ་བྲི། སློབ་དཔོན་གྱིས། སྡེ་ཚན་ཐ་མའི་མཐའ་ཆ་ལྡན། །ཞེས་བརྗོད་པ་དང་ཧཱུའི་མགོར་སྡེ་ཚན་མཐའ་མ་པ་སྡེའི་མཐའི་མ་ཡིག་རྗེས་སུ་ང་རོར་བྱིན་པས་ཐུགས་རྡོ་རྗེའི་སྙིང་པོ་ཧཱུྃ་གྲུབ། དེ་ལྟར་ས་གཞོང་གི་ནང་དུ་ཧཱུྃ་བཏུས་ཟིན་པ་ན་རས་བྲིས་ཀྱི་ལྟེ་བའི་སྔར་གྱི་ཡི་གེ་གཉིས་ཀྱི་འོག་ཏུ་ཧཱུྃ་བརྩེགས་ཏེ་བྲིས་ལ་ས་གཞོང་ནང་གི་ཡི་གེ་དབྱི། རས་བྲིས་པདྨ་འདབ་བརྒྱད་ཡི་གེ་གསུམ་དང་བཅས་པ་མཉྫི་མཎྜལ་དང་བཅས་པའི་སྟེང་དུ་བཞག་གོ །གསུམ་པ་བཏུས་པའི་སྔགས་ལ་ཕྱི་ནང་གི་མཆོད་པ་བྱ་ཚུལ་ནི། བགེགས་མཐར་བྱེད་ཀྱི་སྔགས་ཀྱིས་བསང༌། ཤཱུ་ནྱ་ཏཱས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་རྭ་བ་གུར་བླ་བྲེ་མེ་རི་དང་བཅས་པ་ཡོངས་སུ་རྫོགས་པའི་དབུས་སུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ་གདེངས་ཀ་ཆེ་བ་གྱེན་དུ་ཕྱོགས་པ། རྩེ་མོ་ཕྲ་བ་ཐུར་དུ་ཟུག་པའི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཨོཾ་ཨཱཿཧཱུྃ་ལས་རྡོ་རྗེ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་རྡོ་རྗེ་འཆང་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ། ཤིན་ཏུ་སྒེག་ཅིང་བཞིན་འཛུམ་བག་དང་ལྡན་པ། ཟུར་གྱིས་ལྟ་བ་ལ་སོགས་པའི་རྣམ་འགྱུར་གྱིས་མཛེས་པ། ལང་ཚོ་དར་ལ་བབ་
ཅིང་འདོད་པའི་ཡོན་ཏན་ལྔའི་དགའ་བས་རོལ་པ། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་དུ་འཁྱུད་པ། གཉིས་ཀའང་རིན་པོ་ཆེའི་དབུ་རྒྱན་གསོལ་བ། རིན་པོ་ཆེའི་སྙན་རྒྱན་དང༌། སྙན་གོང་ཨུཏྤ་ལའི་གདེངས་ཀ་དང་དར་དཔྱངས་ཀྱིས་མཛེས་པར་བྱས་པ། རིན་པོ་ཆེའི་མགུལ་རྒྱན་དང༌། མུ་ཏིག་གི་སེ་མོ་དོ་དང༌། རིན་པོ་ཆེའི་དོ་ཤལ་དང༌། ཕྱག་གདུབ་དང་ཞབས་གདུབ་དང༌། རིན་པོ་ཆེའི་འོག་པག་སྟེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་བརྒྱན་པ། སྐུ་སྟོད་ལྷ་རྫས་ཀྱི་གོས་ཀྱིས་ག་ཤལ་བྱས་ཤིང་སྐུ་སྨད་ལྷ་རྫས་ཀྱི་དར་གྱི་ཤམ་ཐབས་ཅན། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དེའི་སྤྱི་གཙུག་ནས་སྐྲ་མཚམས་ཀྱི་བར་དུ་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་རྣམ་སྣང་དཀར་པོ། སྐྲ་མཚམས་ནས་མགྲིན་པའི་བར་དུ་ཨཱཿདམར་པོ་ཡོངས་སུ་གྱུར་པ་ལས་འོད་དཔག་མེད་དམར་པོ། མགྲིན་པ་ནས་ནུ་མ་གཉིས་ཀྱི་སྙིང་གའི་བར་དུ་ཧཱུྃ་སྔོན་པོ་ཡོངས་སུ་གྱུར་པ་ལས་མི་བསྐྱོད་པ་སྔོན་པོ། སྙིང་ག་ནས་ལྟེ་བའི་བར་དུ་སྭཱ་སེར་པོ་ཡོངས་སུ་གྱུར་པ་ལས་རིན་འབྱུང་སེར་པོ། ལྟེ་བ་ནས་བརླའི་རྩ་བའི་བར་དུ་ཧཱ་ལྗང་གུ་ཡོངས་སུ་གྱུར་པ་ལས་དོན་གྲུབ་ལྗང་གུ། ལྔ་ག་མི་བསྐྱོད་པའི་དབུ་རྒྱན་ཅན་ནོ། །ལྟེ་བར་ལྃ་ལས་སྤྱན་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། སྙིང་གར་མཱྃ་ལས་མཱ་མ་ཀཱི་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། མགྲིན་པར་པྃ་ལས་གོས་དཀར་མོ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་ཏཱྃ་ལས་སྒྲོལ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། མིག་གཉིས་སུ་ཐིཾལྷ་ཡོངས་སུ་གྱུར་པ་ལས་ས་སྙིང་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། མིག་གི་སྒོར་ཛཿཡོངས་སུ་གྱུར་པ་ལས་གཟུགས་རྡོ་རྗེ་མ་དཀར་མོ་རྣམ་སྣང་གི་དབུ་རྒྱན་ཅན། ཡབ་ཡུམ་གཉིས་ཀྱི་ཕྱག་དང་པོ་གཉིས་ཀྱིས་ཕན་ཚུན་འཁྱུད་པ། རྣ་བར་ཨོཾ་ཡོངས་སུ་གྱུར་པ་ལས་ཕྱག་རྡོར་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། རྣ་བའི་སྒོར་ཧཱུྃ་ཡོངས་སུ་གྱུར་པ་ལས་སྒྲ་རྡོ་རྗེ་མ་སེར་མོ་རིན་འབྱུང་གི་དབུ་རྒྱན་
ཅན། སྣར་ཨོཾ་ཡོངས་སུ་གྱུར་པ་ལས་ནམ་སྙིང་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། སྣའི་སྒོར་པྃ་ཡོངས་སུ་གྱུར་པ་ལས་དྲི་རྡོ་རྗེ་མ་དམར་མོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ལྕེའི་རྩ་བར་ཨོཾ་ཡོངས་སུ་གྱུར་པ་ལས་འཇིག་རྟེན་དབང་ཕྱུག་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ལྕེའི་སྒོར་ཧོཿཡོངས་སུ་གྱུར་པ་ལས་རོ་རྡོ་རྗེ་མ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། རྡོ་རྗེ་ལ་ཨོཾ་ཡོངས་སུ་གྱུར་པ་ལས་སྒྲིབ་སེལ་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། རྡོ་རྗེའི་སྒོར་ཁྃ་ཡོངས་སུ་གྱུར་པ་ལས་རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་པའི་དབུ་རྒྱན་ཅན། སྙིང་གར་ཧཱུྃ་ཡོངས་སུ་གྱུར་པ་ལས་འཇམ་དཔལ་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། ཚིགས་རྣམས་ལ་སྃ་ཡོངས་སུ་གྱུར་པ་ལས་ཀུན་བཟང་ལྗང་གུ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་མཻཾ་ཡོངས་སུ་གྱུར་པ་ལས་བྱམས་པ་དཀར་པོ་རྣམ་སྣང་གི་དབུ་རྒྱན་ཅན། རྣམ་སྣང་ནས་བྱམས་པའི་བར་གྱི་ལྷ་ཐམས་ཅད་རིན་པོ་ཆེའི་རྒྱན་དང་དར་སྣ་ཚོགས་ཀྱི་ན་བཟའ་ཅན། ལག་པ་གཡས་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་གཤིན་རྗེ་གཤེད་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། ལག་པ་གཡོན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་ཤེས་རབ་མཐར་བྱེད་དཀར་པོ་རིན་འབྱུང་གི་དབུ་རྒྱན་ཅན། ཁ་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་རྟ་མགྲིན་དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། རྡོ་རྗེ་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་བདུད་རྩིའི་འཁྱིལ་པ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། དཔུང་པ་གཡས་པའི་རྩ་བར་ཧཱུྃ་ཡོངས་སུ་གྱུར་པ་ལས་མི་གཡོ་བ་ནག་པོ་རྣམ་སྣང་གི་དབུ་རྒྱན་ཅན། དཔུང་པ་གཡོན་པའི་རྩ་བར་ཧཱུྃ་ཡོངས་སུ་གྱུར་པ་ལས་འདོད་པའི་རྒྱལ་པོ་སྔོན་པོ་རིན་འབྱུང་གི་དབུ་རྒྱན་ཅན། པུས་མོ་གཡས་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་དབྱུག་སྔོན་ཅན་སྔོན་པོའི་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། པུས་མོ་གཡོན་ལ་ཧཱུྃ་ཡོངས་སུ་གྱུར་པ་ལས་སྟོབས་པོ་ཆེ་སྔོན་པོ་དོན་གྲུབ་ཀྱི་དབུ་རྒྱན་ཅན། སྤྱི་གཙུག་ཏུ་ཧཱུྃ་ཡོངས་སུ་གྱུར་པ་ལས་གཙུག་ཏོར་འཁོར་ལོས་སྒྱུར་བ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། རྐང་མཐིལ་གཉིས་སུ་ཧཱུྃ་ཡོངས་སུ་གྱུར་པ་ལས་གནོད་མཛེས་རྒྱལ་པོ་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན། ཁྲོ་བོ་བཅུ་པོ་ཐམས་ཅད་ཀྱང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་སོགས་ཁྲོ་བོའི་ཉམས་ཐམས་ཅད་ཡོངས་སུ་རྫོགས་པ་ཞེས་པའི་བར་སྐུའི་དཀྱིལ་འཁོར་ལ་གནས་པའི་མངོན་རྟོགས་རྣམས་སྒྲུབ་ཐབས་ཇི་ལྟ་བ་བཞིན་པ་བསྒོམས་ལ། ལྷ་ཐམས་
ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་འདུས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་སྤྱན་དྲངས། ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཛཿཧཱུྃ་བཾ་ཧོཿ སྤྱན་དྲངས་པའི་ཡེ་ཤེས་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་དམ་ཚིག་པ་སོ་སོ་དང་རོ་གཅིག་ཏུ་གྱུར། ལྷ་སོ་སོའི་རིགས་བདག་ཞལ་གཅིག་ཕྱག་གཉིས་པ་ཡབ་ཡུམ་གྱི་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས་ལྷ་སོ་སོ་ལ་དབང་བསྐུར། དེ་ལྟར་བཏུས་པའི་སྔགས་ཡི་གེ་གསུམ་ལས་ལྷ་སོ་གཉིས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལ་འབྲུ་གསུམ་གྱི་རྣམ་པ་མ་དོར་བ་རྣམས་མཆོད་པའི་ཡུལ་དུ་བྱས་ལ། དེ་དག་ལ་མཆོད་རྫས་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་སོགས་བཟང་ཞིང་གྱ་ནོམ་པ་གཡས་སྐོར་དུ་བཀོད་པས་མཛེས་པར་བཤམས་ལ། བསང་སྦྱང་བསྐྱེད་ཆོག་ནས་བདག་ཉིད་འབུལ་བའི་བར་ཆོ་གའི་གཞུང་བཞིན་དང༌། རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་ལ་རིགས་ལྔའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ། མི་བསྐྱོད་རྡོ་རྗེ་ཡེ་ཤེས་ཆེ་ཞེས་སོགས་ཀྱིས་བསྟོད་དོ། །དེ་ལྟར་སྔོན་འགྲོ་སྦྱོར་བའི་ཆོས་རྣམས་ལེགས་པར་གྲུབ་ནས། སྔགས་ཀྱི་རྗེས་གནང་དངོས་གཞི་ཇི་ལྟར་བྱ་བའི་ཚུལ་ལ། དྲང་དོན་གྱི་སྔགས་བཏུ་བའི་བྱིན་རླབས། ངེས་དོན་གྱི་སྔགས་བཏུ་བའི་བྱིན་རླབས་གཉིས། དང་པོ་ནི། སློབ་མ་རྣམས་ལས་ཐམས་ཅད་པ་བཟླས་པའི་བུམ་པའི་ཆུས་ཁྲུས་བྱས། ནང་དུ་འོངས་ནས་མཎྜལ་དང་ཡོན་ཕུལ་སྟན་ལ་འདུག་པ་ལ། ཀུན་མཁྱེན་ཡེ་ཤེས་སོགས་དང༌། ཡིད་ཀྱི་རོལ་པ་སོགས་ཀྱིས་གསོལ་གདབ་དང་ཚོགས་བསགས་པས་རྒྱུད་སྦྱངས་ཏེ། སློབ་དཔོན་རང་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། སློབ་མ་རྣམས་རྡོ་རྗེ་འཆང་སྔོན་པོ་མི་བསྐྱོད་པའི་དབུ་རྒྱན་ཅན་སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེ་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ། རེག་བྱ་རྡོ་རྗེ་མ་སྔོན་མོ་མི་བསྐྱོད་
པའི་དབུ་རྒྱན་ཅན། སྔོ་དཀར་དམར་བའི་ཞལ་གསུམ་ཕྱག་དྲུག་གི་གཡས་རྡོ་རྗེའི་འཁོར་ལོ་པདྨ། གཡོན་དྲིལ་བུ་རིན་ཆེན་རལ་གྲི་འཛིན་པ། དབུ་སྐྲ་རལ་པ་ཕྱེད་བཅིངས་སུ་བྱས་པ་ཞེས་པ་ནས། འོད་ཀྱི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་ན་ཡབ་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་བར་དམིགས་པ་རྣམས་བརྡ་སྤྲོད་ཅིང་བསྒོམ་དུ་གཞུག དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། རང་དང་སློབ་མའི་སྤྱི་བོར་ཨོཾ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པའི་ལྟེ་བར་ཨོཾ་དཀར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་སྤྱན་མའི་ཚོགས་ནམ་མཁའ་གང་བ་སྤྲོས་པ་ལས་སྐད་ཅིག་གིས་སྐུ་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་བདག་པོ་རྣམ་པར་སྣང་མཛད་སྤྱན་མ་དང་སྦྱོར་བའི་མདུན་ན་སློབ་མ་འཁོད་པའི་མོས་པ་བྱེད་དུ་བཅུག་ལ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། ཞེས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་དུ་བསྒོམས་པས་བདག་གི་ལུས་ད་ལྟ་ཉིད་དུ་སྐུ་རྡོ་རྗེའི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གཙོ་བོ་ལ་གསོལ་བ་གདབ་ཏུ་གཞུག་ཅིང༌། འཁོར་རྣམས་ལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་སྐུ་ནི་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྤྲོས་བའི་སྤྱན་མ་དང་སྤྱན་དྲངས་པའི་རྣམ་སྣང་གི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང༌། འོད་ཟེར་དཀར་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་སློབ་མ་རྣམས་ཀྱི་སྤྱི་གཙུག་རྣམ་པར་སྣང་མཛད་ཀྱི་སྒོ་ནས་ཞུགས། ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་གང་སྟེ་ཚིམ་པས་སྐུའི་དབང་ཕྱུག་ཐོབ་པར་བསམ་དུ་བཅུག་ལ། སངས་རྒྱས་ཀུན་གྱི་སྐུ་གང་ཡིན། །ཕུང་པོ་ལྔ་ཡིས་རབ་བཀང་བ། །སངས་རྒྱས་
སྐུ་ཡི་ངོ་བོ་ཉིད། །བདག་ཀྱང་དེ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་གྱི་བདག་ཉིད་ཅན་ནོ། །ཞེས་ང་རྒྱལ་འཛིན་དུ་གཞུག རང་དང་སློབ་མ་རྣམས་ཀྱི་ལྕེའི་དབུས་སུ་ཨཱཿལས་བྱུང་བའི་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་གོས་དཀར་མོའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་སྐད་ཅིག་གིས་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་བདག་པོ་འོད་དཔག་མེད་གོས་དཀར་མོ་དང་སྦྱོར་བའི་མདུན་ན་སློབ་མ་རྣམས་འཁོད་པའི་མོས་པ་བྱེད་དུ་བཅུག་ལ། ཆོས་ཀྱི་གསུང་ལམ་དཔལ་ལྡན་པ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་ནི་མཛད་དུ་གསོལ། །ཞེས་སློབ་མ་རྣམས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་དུ་བསྒོམས་པས་ངག་ད་ལྟ་ཉིད་དུ་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གཙོ་བོ་ལ་གསོལ་བ་གདབ་ཏུ་གཞུག་ཅིང༌། འཁོར་རྣམས་ལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་གསུང་ནི་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྤྲོས་པའི་གོས་དཀར་མོ་དང་སྤྱན་དྲངས་པའི་འོད་དཔག་མེད་ཀྱི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང༌། འོད་ཟེར་དམར་པོའི་ངོ་བོར་ཞུ་བ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་སློབ་མ་རྣམས་ཀྱི་ལྕེ་ལ་ཞུགས། ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་གང་སྟེ་ཚིམ་པས་གསུང་གི་དབང་ཕྱུག་ཐོབ་པར་མོས་པ་བྱེད་དུ་བཅུག་ལ། རྡོ་རྗེ་ཆོས་ཀྱི་གསུང་གང་ཡིན། །ངེས་པའི་ཚིག་ནི་ཕུན་སུམ་ཚོགས། །བདག་གི་ཚིག་ཀྱང་དེ་འདྲ་ཞིང༌། །ཆོས་འཛིན་པ་དང་འདྲ་བར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཝཱ་ཀ་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། དེ་བཞིན་
གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་བཞིན་དེ་ངའོ་སྙམ་དུ་ང་རྒྱལ་འཛིན་དུ་གཞུག རང་དང་སློབ་མ་རྣམས་ཀྱི་ཐུགས་ཀར་ཧཱུྃ་ལས་བྱུང་བའི་ཉི་མའི་དཀྱིལ་འཁོར་གྱི་ལྟེ་བར་ཧཱུྃ་སྔོན་པོ་འོད་ཟེར་ཁ་དོག་ལྔ་འཕྲོ་བ་ལས་མཱ་མ་ཀཱིའི་ཚོགས་ནམ་མཁའ་གང་བ་སྤྲོས་པས་སྐད་ཅིག་གིས་ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷའི་ཚོགས་ནམ་མཁའ་གང་བ་སྤྱན་དྲངས་པའི་དབུས་ན་བཞུགས་པའི་བདག་པོ་མི་བསྐྱོད་པ་མཱ་མ་ཀཱི་དང་སྦྱོར་བའི་མདུན་ན་སློབ་མ་རྣམས་གནས་པར་སེམས་སུ་བཅུག་ལ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་སུ་མཛད་དུ་གསོལ། །ཞེས་གཙོ་བོ་ལ་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་དུ་བསྒོམས་པས་བདག་གི་སེམས་ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོར་ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གཙོ་བོ་ལ་གསོལ་བ་གདབ་ཏུ་གཞུག་ཅིང༌། དེ་བཞིན་དུ་འཁོར་རྣམས་ལ། ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །དེང་བདག་བྱིན་གྱིས་བརླབས་ནས་སུ། །རྡོ་རྗེའི་ཐུགས་ནི་མཛད་དུ་གསོལ། །ཞེས་གསོལ་བ་བཏབ་པས་སྤྲོས་པའི་མཱ་མ་ཀཱི་དང་སྤྱན་དྲངས་པའི་མི་བསྐྱོད་པའི་ལྷའི་ཚོགས་གཉིས་པོ་ཐམས་ཅད་ཕན་ཚུན་རྗེས་སུ་ཆགས་པ་སྔོན་དུ་འགྲོ་བས་སྙོམས་པར་ཞུགས། མཆོག་ཏུ་དགའ་བའི་བདེ་བ་མྱོང༌། འོད་ཟེར་ནག་པོའི་ངོ་བོར་ཞུ་བ། ཡེ་ཤེས་སེམས་དཔའི་ཚུལ་གྱིས་སློབ་མ་རྣམས་ཀྱི་སྙིང་གར་ཞུགས། ཡེ་ཤེས་ཀྱི་ས་ཐོབ་པས་ལུས་ཐམས་ཅད་གང་ནས་ཚིམ་པས་ཐུགས་ཀྱི་དབང་ཕྱུག་ཐོབ་པའི་མོས་པ་བྱེད་དུ་བཅུག་ལ། ཀུན་ཏུ་བཟང་པོའི་ཐུགས་གང་ཡིན། །གསང་བའི་དབང་པོ་བློ་ལྡན་པ། །བདག་ཀྱང་དེ་དང་འདྲར་འགྱུར་ཞིང༌། །རྡོ་རྗེ་འཛིན་དང་མཚུངས་གྱུར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་དེ་ངའོ་སྙམ་དུ་ང་རྒྱལ་འཛིན་དུ་གཞུག སྒོ་གསུམ་བྱིན་གྱིས་བརླབ་པའི་སྐབས་རྣམས་ཀྱི་ཡེ་ཤེས་ཀྱི་ས་ཐོབ་ཅེས་པའི་དོན་ནི། འཁོར་གསུམ་
པོ་རྣམས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་རྟོགས་པའི་ལྟ་བས་ཟིན་དགོས་པའི་དོན་ཏེ། རྩ་རྒྱུད་ལེའུ་གཉིས་པ་ལས། སྐུ་དང་གསུང་དང་ཐུགས་ནམ་མཁའ་ལྟ་བུར་སྦྱར་ནས་ཞེས་པའི་དོན་ནོ། །དེ་ནས་སློབ་མ་རྣམས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོའི་ངོ་བོར་མོས་པ་བྱེད་དུ་གཞུག ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། ཞེས་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་གསུམ་དབྱེར་མི་ཕྱེད་པ་རྡོ་རྗེ་འཆང་ཆེན་པོར་མོས་སུ་གཞུག་གོ །དྲང་དོན་གྱི་འབྲུ་གསུམ་བཏུ་བ་དང་བྱིན་གྱིས་བརླབ་པའི་ཚུལ་ལོ། །ངེས་དོན་གྱི་ཡི་གེ་གསུམ་བཏུ་ཞིང་བྱིན་གྱིས་རློབ་པའི་ཚུལ་ནི། ངེས་དོན་གྱི་ཨོཾ་ཡིག་ལ་ཨ་དང་ཨུ་དང་མ་གསུམ་ཡོད་པ་ལས་རྡོ་རྗེ་ཕྲེང་བ་ལས། ཨ་ནི་ཆོས་འཁོར་པདྨ་གནས། །རླུང་གི་འཁོར་ལོ་ལ་ནི་ཁྱབ། །འདི་ཉིད་ཁོ་ན་རླུང་ཆེན་པོ། །སྲོག་ཅེས་བྱ་བ་ཐམས་ཅད་གསུངས། །ཞེས་ཨོཾ་ཡིག་གི་ཡི་གེ་གསུམ་གྱིས་ཨའི་ངེས་དོན་ནི། སྙིང་ག་ཆོས་ཀྱི་འཁོར་ལོའི་པདྨར་གནས་པའི་ཨ་ཡིག་ལ་བཤད་དོ། །ཨུ་ཡིག་ནི་ཕྲེང་བའི་འགྱུར་དག་པ་ལས། ཨུ་ནི་ལོངས་སྤྱོད་འཁོར་ལོར་གནས། །མེ་དང་ཉི་མ་འདྲ་བ་ཡིས། །མགྲིན་པའི་མཐར་གནས་སྤྱི་གཙུག་མཐར། །ཁྱབ་པ་གཟི་བརྗིད་ཀྱི་ནི་ལུས། །ཞེས་ཨུ་ཡིག་གི་ངེས་དོན་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ནས་བདེ་ཆེན་གྱི་འཁོར་ལོའི་བར་ལ་ཁྱབ་པ་གྱེན་རྒྱུའི་རླུང་དུ་བཤད་དོ། །དེ་ཉིད་ལས། བདེ་ཆེན་འཁོར་ལོ་ཞེས་བྱར་གནས། །ཡི་གེ་མ་ནི་ཐིག་ལེ་གཙོ། །མཐོ་བའི་ཚད་ནི་སོར་བཅུ་གཉིས། །རྒྱལ་པོའི་གཙུག་ཏོར་གནས་ན་གནས། །ཞེས་མ་ཡིག་གི་ངེས་དོན་སྨིན་མཚམས་ནས་སོར་བཅུ་གཉིས་གཞལ་བའི་གཙུག་ཏོར་གྱི་གནས་ན་གནས་པའི་བྱང་སེམས་ཐིག་ལེར་བཤད་དོ། །དྲང་དོན་ལ་ཨ་ཨུ་མ་གསུམ་མཚམས་སྦྱར་བའི་ཨོཾ་ཡིག་སྤྱི་བོར་འགོད་པ་བཞིན་དུ་སློབ་མ་རྣམས་རྡོ་རྗེ་འཆང་དུ་གསལ་བའི་སྲོག་འཛིན་དང་གྱེན་རྒྱུ་དང་ཧཾ་ཡིག་གི་ཐིག་ལེ་གསུམ་བདེ་ཆེན་འཁོར་ལོའི་རྩ་མདུད་ཀྱི་དྷཱུ་ཏཱིར་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་བཅིངས་པ་ལས་ཡས་བབས་ཀྱི་ཚེ་དགའ་བའི་ཡེ་ཤེས་ཀྱི་མགོ་རྩོམ། མས་བརྟན་གྱི་ཚེ་ལྷན་
ཅིག་སྐྱེས་དགའི་ཡེ་ཤེས་ཡོངས་སུ་རྫོགས་པ་སྐྱེ་ཞིང་དེའི་ངོ་སྤྲད་ལ་མོས་པ་བྱེད་དུ་གཞུག ངེས་དོན་གྱི་ཨོཾ་ཡིག་བཏུས་ཏེ་བྱིན་གྱིས་བརླབ་ཚུལ་ལོ། །ངེས་དོན་གྱི་ཨཱཿཡིག་བཏུ་ཚུལ་ནི། ཡི་གེ་ཨ་ནི་སྔར་བཤད་ཟིན། །སྲོག་གི་རླུང་ནི་མཆོག་ཡིན་ནོ། །ཞེས་པ་དང༌། ཨ་ནི་ཆོས་འཁོར་པདྨ་ལས། །མགྲིན་པར་ཡི་གེ་ཨ་ཉིས་འགྱུར། །སྲོག་ཉིད་དང་ནི་ཐུར་སེལ་བ། །ཡི་གེ་ཧ་ཡིས་ཀུན་ནས་ནི། །མགྲིན་པའི་དབུས་ན་གནས་པར་བཅིང༌། །ཞེས་སྙིང་གའི་སྲོག་འཛིན་དང༌། མགྲིན་པའི་གྱེན་རྒྱུ་གཉིས་ཨ་ཡིག་གཉིས་འགྱུར་ཨཱ་རིང་པོའི་དོན་དང༌། ཧ་ཡིས་མཚོན་པའི་མཚོན་དོན་ཐུར་སེལ་གསུམ་ཨཱཿཡིག་མགྲིན་པར་འགོད་པའི་དོན་དང༌། ལོངས་སྤྱོད་འཁོར་ལོའི་རྩ་མདུད་ཀྱི་དྷཱུ་ཏིའི་ནང་དུ་ཏིང་འཛིན་གྱི་སྟོབས་ཀྱིས་བཅིངས་པ་ལས་ཡས་བབས་ཀྱི་ཚེ་དགའ་བའི་ཡེ་ཤེས་མཚན་ཉིད་ཚང་བ་དང༌། མས་བརྟན་གྱི་ཚེ་ལྷན་སྐྱེས་དེ་ཉིད་ལས་ཕྱེ་བའི་ཁྱད་དགའི་ཡེ་ཤེས་སྐྱེ་བར་ངོ་སྤྲོད་དོ། །ངེས་དོན་གྱི་ཧཱུྃ་ཡིག་འཐུ་ཚུལ་ནི། ཧ་ནི་ཐུར་སེལ་མིང་ཅན་རླུང༌། །བཤང་སྒོ་གསང་བའི་དབུས་ན་གནས། །ཡི་གེ་ཨུ་ནི་སྟེང་འགྲོའི་རླུང༌། །མགྲིན་པའི་པདྨའི་དབུས་ན་གནས། །ཡི་གེ་མ་ནི་སྲོག་རླུང་ཡིན། །དཔྲལ་བར་རླུང་གི་འཁོར་ལོ་ལ། །དེ་དག་གཅིག་གྱུར་སྙིང་ག་ལ། །ཐུགས་ཀྱི་ས་བོན་དུ་ནི་བརྗོད། །ཅེས་ཧ་ཨུ་མ་གསུམ་མཚམས་སྦྱར་བའི་ཧཱུྃ་ཡིག་ཐུགས་ཀར་འགོད་པའི་ངེས་དོན་ཧས་མཚོན་པའི་ཐུར་སེལ་དང་སྙིང་ག་ནས་སྨིན་མཚམས་ཀྱི་རླུང་གི་དཀྱིལ་འཁོར་ལ་ཁྱབ་པའི་སྲོག་རླུང་མའི་དོན་དང༌། ཨུ་ཡིག་གི་དོན་སྟེང་འགྲོ་འམ་གྱེན་རྒྱུའི་རླུང་གསུམ་སྙིང་ག་ཆོས་ཀྱི་འཁོར་ལོའི་ཨ་བ་དྷཱུ་ཏཱིའི་རྩ་མདུད་ཀྱི་ནང་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དབྱེར་མེད་དུ་བཅིངས་པ་ལས་ཡས་བབས་དང་མས་བརྟན་གཉིས་ཀྱི་ཚེ་ན་མཆོག་དགའ། རིལ་འཛིན་རྗེས་གཞིག་ལྟ་བུའི་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཆོས་ཀྱི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་རླུང་དེ་དག་དབྱེར་མེད་དུ་བཅིངས་པ་ལས་སྟོང་པ་སྔ་མ་གསུམ་སྔོན་དུ་སོང་བ་ཅན་གྱི་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་སྐྱེ་བའི་མོས་པ་བྱེད་དུ་གཞུག་ཅིང་ངོ་སྤྲད་ལ། དགའ་བ་དང་སྟོང་པ་དེ་དག་གི་ཚེ་
གང་ཟག་དང་ཕུང་པོ་ལ་སོགས་པའི་ཆོས་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དང་དབྱེར་མེད་དུ་སྦྱོར་ཚུལ་ཕྱིན་ཅི་མ་ལོག་པར་བཤད་དེ། ངེས་དོན་གྱི་ཡི་གེ་གསུམ་བཏུ་ཞིང་བྱིན་གྱིས་བརླབ་པའི་ཆོ་གའོ། །དཔལ་གསང་བ་འདུས་པའི་རྩ་བཤད་ཀྱི་རྒྱུད་ལས་ཡི་གེ་གསུམ་ལ་ལན་གཅིག་མ་ཡིན་པར་བསྔགས་པ་མཛད་པའི་དོན་ནི་དེ་དག་ཡིན་ཏེ། རྗེ་བཙུན་བླ་མ་འཇམ་པའི་དབྱངས་ཀྱི་ཐུགས་ཀྱི་བཅུད་ཕྱུང་བའི་མན་ངག་ལ་རིང་དུ་འདྲིས་པར་བྱས་པའི་གདམས་པའོ། །མཇུག་གི་ཆོ་ག་ལ་གསུམ་ལས། གཏང་རག་གི་མཆོད་པ་ཆུ་གཉིས་ཉེར་སྤྱོད་འདོད་ཡོན་ལྔ་ལ་སོགས་པ་ཕྱི་ནང་གི་མཆོད་པས་རྒྱས་པར་མཆོད་ཅིང་བསྟོད། གཉིས་པ་ནི། རྒྱུ་དེ་དག་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་རྒྱལ་བའི་བསྟན་པ་མི་ནུབ་ཅིང་ཡུན་རིང་དུ་གནས་པའི་རྒྱུར་བསྔོ་ཞིང་ཁྱད་པར་དུ། དགེ་བའི་འདི་ཡིས་མྱུར་དུ་བདག །ཅེས་སོགས་འདུས་པའི་སྨོན་ལམ་རྒྱས་པར་གདབ། གསུམ་པ་ལས་ཀྱི་རྗེས་མི་མངོན་པར་བསྡུ་ཞིང་བཀྲ་ཤིས་ཀྱི་ཆར་དབབ་པའི་ཚུལ་ནི། ཨོཾ་ཡོ་ག་ཤུདྡྷ་སརྦ་དྷརྨཱཿཡོ་ག་ཤུདྡྷོ྅ཧཾ། ཞེས་པད་ཀོར་གྱི་ཕྱག་རྒྱ་ཐུགས་ཀར་འཁྱུད་པའི་ཚུལ་བྱས་ལ། མདུན་གྱི་རྡོ་རྗེ་འཆང་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་ལ་ལྷ་སོ་གཉིས་བཞུགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྱན་དྲངས་ཏེ་རང་དང་སློབ་མ་རྣམས་ལ་དབྱེར་མེད་དུ་བསྟིམ་ཞིང༌། ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ ཨོཾ་ཨཱཿབཛྲ་དྷྲྀཀ་ཧཱུྃ་ཧཱུྃ། ཞེས་བརྗོད་ཅིང་རྡོ་རྗེ་དང་བཅས་པའི་ལག་པ་གཡས་ཀྱིས་བཏུས་པའི་ཡི་གེ་རྣམས་ལ་རེག་པའི་ཚུལ་བྱས་ལ་རྡོ་རྗེ་འཆང་ཡབ་ཡུམ་ལྷ་སོ་གཉིས་ཀྱི་སྐུའི་དཀྱིལ་འཁོར་དང་བཅས་པའི་དམ་ཚིག་པ་རྣམས་འོད་དུ་ཞུ་བ་ལས་བཏུས་པའི་ཡི་གེ་འབྲུ་གསུམ་དང༌། བཏུ་གཞིའི་དབྱངས་དང་གསལ་བྱེད་ཀྱི་ཡི་གེའི་རྣམ་པར་གྱུར་པའི་མོས་པ་བྱས་ལ་ཡི་གེ་དེ་དག་ལ་རང་གི་ལག་པ་གཡས་ཀྱིས་རེག་ནས་སློབ་མ་རྣམས་ཀྱི་ལུས་ཀྱི་གནས་གསུམ་དང་གནས་ཀུན་ཏུ་བྱུག་ཅིང་སློབ་མ་རྣམས་བྱང་ཆུབ་མ་ཐོབ་བར་དུ་ལུས་ངག་ཡིད་གསུམ་ཕྱི་ནང་གི་ཉེར་འཚེ་ལས་སྲུང་བའི་མོས་པ་བྱེད་དུ་གཞུག་གོ །དེ་ནས་དཔོན་སློབ་ཀུན་གྱི་ཐུན་མོང་དུ། རབ་ཡངས་
ནམ་མཁའ་ཏིལ་གྱི་གོང་བུ་བཞིན། །ཞེས་པ་ནས། ཟླ་བའི་ཞབས་སོགས་བླ་མ་བརྒྱུད་པ་དང༌། །ཞེས་པའི་མཇུག་ཏུ། འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པའི། །སྐུ་གསུང་ཐུགས་དང་རྣམ་དཀར་མཛད་པ་ལ། །དགེ་མཚན་ཇི་སྙེད་མཆིས་པའི་བཀྲ་ཤིས་དེས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ཀྱི། །དྲི་མེད་རྣམ་ཐར་ཇི་བཞིན་ཟིན་པ་དང༌། །བྱིན་རླབས་ཞུགས་པའི་དཔལ་ལྡན་འདུས་པ་ཡི། །བསྟན་པ་རྒྱས་པར་བྱེད་པའི་བཀྲ་ཤིས་ཤོག །ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི། །ཞེས་སོགས་མན་ཆད་ཚིག་ལྷུག་རྣམས་དོར་ནས་ཚིགས་བཅད་གང་ཡིན་འདུས་པའི་ཤིས་བརྗོད་ནས་གསུངས་པ་ལྟར་བརྗོད་ཅིང་མེ་ཏོག་གི་ཆར་དབབ་པ་དང༌། ལས་ཀྱི་རྗེས་མི་མངོན་པར་བྱའོ། །སྨྲས་པ། སངས་རྒྱས་ཀུན་གྱི་སྙིང་པོ་ཡི་གེ་གསུམ། །དྲང་ངེས་བཏུ་ཞིང་བྱིན་རླབས་བྱ་བའི་རིམ། །བཟླས་བརྗོད་བྱེད་ལས་འབྲས་བུ་དང་བཅས་པ། །ཡབ་རྗེ་རྒྱལ་བ་གཉིས་པའི་རྣམ་དཔྱོད་ཀྱི། །སོར་མོའི་འདུ་བྱེད་ལས་བྱུང་བཻཌཱུར་ཕྲེང༌། །བློ་གསལ་སྐྱེ་བོའི་མགུལ་རྒྱན་དུ་བཀོད་ཀྱང༌། །རྗེས་འཇུག་བག་མེད་ལེ་ལོའི་དབང་གྱུར་པས། །རྣམ་གཡེང་རྐུན་པོར་ཤོར་ནས་ལག་སྟོང་ལུས། །རྒྱུད་ཚིག་སྒྲ་མདོའི་ནོར་འཛིན་ལྟེ་བ་རུ། །མནལ་ཏེ་རིང་ཞིག་ལོན་པའི་སའི་ཟླ་བ། །རང་བཞིན་རྐྱེན་དང་རྣམ་འགྱུར་ལག་ཉལ་གྱིས། །ཕྱུངས་བྱེད་ཁྱབ་བདག་རྡོ་རྗེ་བསྔགས་པའི་ཡུལ། །གང་དེའི་ལེགས་བཤད་སྐལ་ལྡན་ཤིང་རྟའི་རྒྱུན། །རྒྱུན་ལྡན་བླ་མའི་མགུར་གྱི་ཡུར་བ་ལས། །ཉེར་དྲངས་བདག་བློའི་རྫིང་བུར་རབ་འཁྱིལ་བ། །སྐལ་ལྡན་ཞིང་པའི་ཆེད་དུ་འབད་པས་བསྒྲུབས། །ཞེས་དཔལ་གསང་བ་འདུས་པའི་སྔགས་བཏུའི་བྱིན་རླབས་ཇི་ལྟར་བྱ་བའི་ཚུལ་འདིའང་ཤཱཀྱའི་དགེ་སློང་བསྟན་འཛིན་མིང་ཅན་གྱིས་སྦྱར་བའོ།། །།
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་བཏུའི་རྗེས་གནང་བྱ་ཚུལ་རབ་གསལ་སྒྲོན་མེ།
དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་བཏུའི་རྗེས་གནང་བྱ་ཚུལ་རབ་གསལ་སྒྲོན་མེ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བཛྲ་བྷཻ་ར་ཝཱ་ཡ། བླ་མ་འཇམ་དབྱངས་ཞི་ཁྲོ་ལ། །གུས་པས་བཏུད་ནས་དེ་ཡི་གསུང༌། །རྩ་«སྔགས་»ལས་སྙིང་པོའི་སྔགས་བཏུས་ནས། །རྗེས་གནང་བྱ་ཚུལ་གསལ་བར་བརྗོད། །འདིར་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྔགས་བཏུའི་རྗེས་གནང་བྱ་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་ཆོག་གོ །དང་པོ་ལ་གཉིས། སློབ་དཔོན་གྱི་བྱ་བའི་སྔོན་འགྲོ་དང༌། སློབ་མ་ལ་བྱ་བའི་སྔོན་འགྲོའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་གནས་ཁང་བདུད་རྩི་དང་བ་བྱུང་གིས་བྱུགས་པ་ལ་མེ་ཏོག་གཅལ་དུ་དགྲམ། རྡོ་དྲིལ། ཅང་ཏེའུ། ལས་བུམ། ཕྱི་ནང་གི་མཆོད་པ། འདས་མ་འདས་ཀྱི་གཏོར་མ། ཚོགས་རྫས། བགེགས་སྦྱོང་གི་ཆས། འཐོར་འབྲུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་སྤྱི་དང༌། ཁྱད་པར་རས་སོགས་བྲི་གཞི་གཙང་མ་དྲི་བཟང་དང་བ་བྱུང་གིས་བྱུགས་པ་ལ་རེའུ་མིག་དགུ་པ་པདྨ་འདབ་བརྒྱད་ཀྱི་དབྱིབས་ཅན་མཐའ་མུ་ཁྱུད་ཟླུམ་པོས་བསྐོར་བ་རེའུ་མིག་དགུ་ལ་ཚོན་དཀར་པོའི་སྟེང་དུ་ལི་ཁྲི་སྲབ་མོ་དང༌། མུ་ཁྱུད་སྔོན་པོ་དང་གོང་རས་ལྗང་གུས་བྲི། ལྟེ་བར་ཧཱུྃ་དང་འདབ་མ་བརྒྱད་ལ་དབྱངས་གསལ་ལྔ་བཅུ་སྡེ་ཚན་བརྒྱད་དུ་བྱས་ནས་དཔེའུ་རིས་ལྟར་འབྲི། བཏུ་གཞིའི་དཀྱིལ་འཁོར་དེ་ཉིད་སྟེགས་ཀྱི་ཁར་བཞག་པའི་མཐའ་མཆོད་པས་
བསྐོར། བདག་བསྐྱེད་རྒྱས་བསྡུས་གང་རུང་གཏང༌། བསང་ཆུ་བསྒྲུབ་བོ། །གཉིས་པ་སློབ་མ་ལ་བྱ་བའི་སྔོན་འགྲོ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་ལ་ཁྲུས་ཕྱག་མཎྜལ་བགེགས་སྦྱོང་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ། །བཅོམ་ལྡན་འཇམ་དཔལ་དབྱངས་ཉིད་ནི། །ཁྲོ་བོའི་མིང་ནི་གཤིན་རྗེའི་གཤེད། །བདག་ལ་དགོངས་པར་མཛད་དུ་གསོལ། །དྲག་པོ་གདུག་ཅིང་ཤིན་ཏུ་གཏུམ། །ཀྱེ་མ་སེམས་ཅན་འདི་གདུལ་དཀའ། །ཐབས་ཆེན་ཁྲོ་བོ་ཆེན་པོའི་གསུང༌། །ཐུབ་པ་ཆེན་པོས་བཤད་དུ་གསོལ། །ཞེས་གསོལ་བ་ལན་གསུམ་འདེབས་སུ་བཅུག་ལ་སྡོམ་པ་གཉིས་དབོག་གོ །གཉིས་པ་དངོས་གཞི་ལ་བཞི། བཏུ་གཞིའི་དཀྱིལ་འཁོར་བྱིན་གྱིས་བརླབས་ནས་མཆོད་པ། བཏུ་གཞི་ལས་སྔགས་ཇི་ལྟར་བཏུ་བ། བཏུས་པའི་སྔགས་བྱིན་གྱིས་བརླབས་ནས་མཆོད་པ། སྔགས་ཀྱི་རྗེས་གནང་བྱ་ཚུལ་ལོ། །དང་པོ་ནི། རང་གི་ཐུགས་ཀའི་ཧཱུྃ་དང་བཏུ་གཞིའི་དབྱངས་གསལ་གྱི་ཡི་གེ་རྣམས་ལས་འོད་ཟེར་འཕྲོས་པས། ཕྱོགས་ཅུའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་དང་གསུང་རབ་ཀྱི་བྱིན་རླབས་ཐམས་ཅད་དབྱངས་གསལ་གྱི་ཡི་གེའི་རྣམ་པར་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ བཏུ་གཞིའི་ཡི་གེ་
རྣམས་ལ་ཐིམ་པས་ཁ་དོག་མཐིང་ནག་བཀྲག་མདངས་དང་ལྡན་ཅིང་འོད་ཟེར་སྣ་ལྔ་འཕྲོ་བར་གྱུར་པར་བསམས་ཏེ་དཔོན་སློབ་གཉིས་ཀས། ཨོཾ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད་དོ། །གཉིས་པ་བཏུ་གཞི་ལས་སྔགས་ཇི་ལྟར་བཏུ་བ་ལ་གསུམ། རྩ་སྔགས་བཏུ་བ། ལས་སྔགས་བཏུ་བ། སྙིང་པོ་བཏུ་བའོ། །དང་པོ་ནི། སློབ་དཔོན་གྱིས་གཞུང་ཚིག་རྣམས་དག་པར་བཀླགས་པའི་བརྗོད་དོན་དང་མཐུན་པར། ལས་ཀྱི་རྡོ་རྗེས་ཁྲུས་ལོང་དྲི་བཟང་གིས་བྱུགས་པ་ལ། སིནྡྷཱུ་ར། གུར་གུམ། གིའུ་ཝཾ། བདུད་རྩི་ལྔ་རྣམས་མཚལ་དང་བསྲེས་པའི་སྣག་ཚ་དང༌། གསེར་རམ་མི་རུས་སོགས་ཀྱི་སྨྱུ་གུས། བཏུ་གཞིའི་དཀྱིལ་འཁོར་ལས་སྔགས་ཀྱི་ཡིག་འབྲུ་རྣམས་མར་མེ་གཅིག་ལས་གཉིས་ཆད་ལྟར་བྱུང་ནས་བྲི་གཞིའི་མཐར་སྐོར་དུ་དབུ་ཕྱིར་བསྟན་ནས་གཡས་སྐོར་དུ་འཁོད་པར་བསམས་ཏེ་ཆ་མཉམ་པར་བྲིའོ། གཞུང་ཚིག་ནི། རྟོག་པ་གསུམ་པ་ལས། ཇི་ལྟར་དྲུག་པའི་དང་པོ་ད«ཡ»ང༌། །ལྔ་པ་ཡི་ཡང་ལྔ་«མ»པ་དང༌། །དྲུག་པ་ཡི་ནི་ག«མ»ཉིས་པ«ར»་ལ། །དབྱངས་ཡིག་གཉིས་པ་དང«ཨཱ»་ལྡན་པ། །གཉིས་པ་ཡི་ནི་གསུམ་པ«ཛ»་ལ། །ཡང་ནི་དབྱངས་ཡིག་གཉིས་པ་«ཨཱ»ལྡན། །བདུན་པ་ཡི་ཡང་གསུམ་པ་«ས»དང༌། །བཞི་པ་ཡི་ཡང་གསུམ་པ«ད»་ལ། །དབྱངས་ཡིག་བཅུ་གསུམ་ད«ཨོ»ང་ལྡན་པ། །ལྔ་པ་ཡི་ཡང་ལྔ་པ་«མ»ལ། །དབྱངས་ཡིག་བཅུ་གཅིག་«ཨེ»དང་ལྡན་པ། །དྲུག་པ་ཡི་ཡང་དང་པོ་«ཡ»དང༌། །ཡང་ནི་དྲུག་པའི་དང་པོ་«ཡ»སྦྱིན། །ལྔ་པ་ཡི་ཡང་ལྔ་པ«མ»་ལ། །བཅུ་དང་གཅིག་«ཨེ»གིས་བསྣན་ལྡན་པ། །བཞི་པ་ཡི་ནི་གསུམ་པ་«ད»ལ། །བཅུ་གསུམ་པ«ཨོ»་ཡིས་མཉམ་བསྣན་པ། །དྲུག་པ་ཡི་ཡང་གཉིས་པ«ར»་ལ། །དབྱངས་ཡིག་ལྔ་པ་«ཨུ»དང་ལྡན་པ། །གསུམ་པ་ཡི་ནི་ལྔ་པ«ཎ»་དང༌། །རླུང་གི་ས་བ«ཡ»ོན་དེ་ནས་སྦྱིན། །དབྱངས་ཡིག་བཅུ་གསུ«ཨོ»མ་ཡང་དག་ལྡན། །བཞི་པ་ཡི་ནི་གསུམ་པ«ད»་དང༌། །དེ་ནས་རླུང་གི་ས་བ«ཡ»ོན་སྦྱིན། །དྲུག་པ་ཡི་ནི་དང་པོ«ཡ»་དང༌། །བཞི་པ་ཡི་ནི་གསུམ་པ«ད»་དང༌། །དེ་ནས་རླུང་གི་ས་བོ«ཡ»ན་དེ། །དེ་ནས་རླུང་གི་ས་བོ«ཡ»ན་དེ། །དབྱངས་ཡིག་བཅུ་གསུམ་པ་«ཨོ»དང་ལྡན། །བཞི་པ་ཡི་ནི་
ནི་ལྔ་པ«ན»་ལ། །དབྱངས་ཡིག་གསུམ་པ«ཨི»་དང་ལྡན་པ། །དེ་ནས་མེ་ཡི་ས་བོ«ར»ན་སྦྱིན། །རླུང་གི་ས་བོ«ཡ»ན་དེ་བཞིན་ནོ། །དེ་ནས་ཡི་གེ་ཐ་མ«ཀྵ»་སྦྱིན། །དབྱངས་ཡིག་བཅུ་གཅིག་པ«ཨ»་དང་ལྡན། །རླུང་གི་ས་བོ«ཡ»ན་དེ་བཞིན་མཆོག །དྲུག་པ་ཡི་ནི་དང་པོ«ཡ»་དང༌། །དེ་ནས་ཡི་གེ་ཐ་མ«ཀྵ»་སྦྱིན། །དབྱངས་ཡིག་བཅུ་གཅིག་པ«ཨེ»་དང་ལྡན། །ཡང་ནི་རླུང་གི་ས་བོ«ཡ»ན་དང༌། །གཉིས་པ་ཡི་ནི་དང་པོ་ད«ཙ»ང༌། །གཉིས་པའི་གཉིས་པ«ཆ»་དང་ལྡན་པ། །བཞི་པ་ཡི་ནི་ལྔ་པ«ན»་ལ། །དབྱངས་ཡིག་གསུམ་པ«ཨི»་དང་ལྡན་པ། །དེ་ནས་མེ་ཡི་ས་བོན་ད«ར»ང༌། །དབྱངས་ཡིག་གཉིས་པ«ཨཱ»ར་ལྡན་པ་དང༌། །ལྔ་པ་ཡི་ནི་ལྔ་པ«མ»་དང༌། །དེ་ནས་རླུང་གི་ས«ཡ»་བོན་སྦྱིན། །ཐོག་མར་རྣམ་པར་སྣང་མཛད་སྦྱིན། །ས་བོན་མཆོག་གི་དབང་ཕྱུག་དང༌། །སྦྱར་བའི་སྟེང་དུ་སྟོང་པས་བརྒྱན། །སྡེ་ཚན་བརྒྱད་ཀྱི་ས་བོན་ལ། །དབྱངས་ཡིག་དྲུག་པ«ཨཱུ»་དང་ལྡན་པ། །སྤྱི་བོར་ཐིགཾ་ལེས་བརྒྱན་པར་བྱ། །ལྔ་པ་ཡི་ནི་གཉིས་པ«ཕ»་དང༌། །གསུམ་པ་ཡི་ནི་དང་པོ་ནི། །མཁས་པས་གཉིས་«ཕཊ»སུ་«ས་བོན་ནི། བདུན་པའམ་བརྒྱད་པའི་ས་བོན་ཏ་དང༌། མཆོག་གི་དབང་ཕྱུག་ནི་ལུགས་ལྡོག་ཏུ་བརྩིས་པའི་བཅུ་གཅིག་པ་ཨཱུའོ།» །བརྗོད་པར་བྱ། །འདི་ནི་དཔལ་ལྡན་འཇམ་པའི་མཆོག །འཇིགས་བྱེད་ཆེན་པོའི་རྒྱུད་འཁོར་ལོ། །མ་ཧེའི་གདོང་ཅན་རྩ་སྔགས་ཏེ། །འབུམ་བཟླས་པས་ནི་ལས་ཀུན་བྱེད། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་བྱུང་འབྱུང་བར་མི་འགྱུར་རོ། ཞེས་པའོ། །གཉིས་པ་ལས་སྔགས་བཏུ་བ་ནི། །སྔར་བཞིན་བྲི་གཞིའི་བར་དུ། བདུན་པ་ཡི་ནི་བཞི་པ«ཧ»་ལ། །འོག་ཏུ་མེ་ཡི་ས་བོ«ར»ན་སྦྱིན། །དབྱངས་ཡིག་བཞི་པ་ད«ཨཱ»ང་ལྡན་པ། །དེ་ནས་མངའ་བདག་བཅུ་དྲུག་མཐ«༔»འ། །བདུན་པ་ཡི་ནི་གཉིས་པ་དང༌། །གསུམ་པ་ཡི་ནི་དང་པ«ཊ»ོ་ལ། །མེ་ཡི་ས་བོ«ར»ན་འོག་ཏུ་གདགས། །དབྱངས་ཡིག་བཞི་པ«ཨཱ»་དང་ལྡན་པ། །མངའ་བདག་བཅུ་དྲུག་ཐ་མ«༔»འོ། །དྲུག་པ་ཡི་ནི་བཞི་པ«ཨ»་ལ། །དབྱངས་ཡིག་གསུམ་པ«ཨི»་དང་ལྡན་པའོ། །དང་པོ་ཡི་ནི་དང་པ«ཀ»ོ་ལ། །འོག་ཏུ་མེ་ཡི་ས་བོ«ར»ན་སྦྱིན། །དབྱངས་ཡིག་གསུམ་པ«ཨི»་དང་ལྡན་པའོ། །བཞི་པ་ཡི་ནི་དང་པོ«ཏ»་ལ། །དབྱངས་ཡིག་གཉིས་པ«ཨཱ»་དང་ལྡན་པའོ། །བཞི་པ་ཡི་
ནི་ལྔ་པ«ན»་ནི། །མཁས་པ་ཡིས་ནི་ལན་གཉིས«ན»་བརྗོད། །ཐོག་མར་རྣམ་པར་སྣང་མཛ«ཨོཾ»ད་སྦྱིན། །སྡེ་ཚན་བདུན་གྱི་ས་བ«ཧ»ོན་ལ། །དབྱངས་ཡིག་དྲུག་པ«ཡཱུ»་དང་ལྡན་པ། །སྤྱི་བོ་རུ་ནི་ཐིགཾ་ལེས་བརྒྱན། །ལྔ་པ་ཡི་ནི་གཉིས་པ«ཕ»་དང༌། །གསུམ་པ་ཡི་ནི་དང་པ«ཊ»ོའོ། །འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། །མ་ཧེའི་གདོང་ཅན་སྦྱོར་བ་ཡིས། །ཐམས་ཅད་ལས་ནི་བྱེད་པའོ། །ལས་ཀྱི་སྔགས་སུ་གྲགས་པ་སྟེ། །གསུམ་འབུམ་བཟླས་ན་ལས་ཀུན་བྱེད། །ཅེས་པའོ། །གསུམ་པ་སྙིང་པོ་བཏུ་བ་ནི། སྔར་བཞིན་བྲི་གཞིའི་ནང་དུ། །དྲུག་པ་ཡི་ནི་དང་པོ«ཡ»་དང༌། །ལྔ་པ་ཡི་ཡང་ལྔ་པ་ལ«མ»། །དབྱངས་ཡིག་གཉིས་པ་«ཨཱ»དང་སྦྱར་བ། །བཞི་པའི་ལྔ་«ན»པས་བརྟེན་པར་བྱ། །བཞི་པའི་དང«ཏ»་པོ་འོག་ཏུ་བཞག །དང་པོ་ཡི་ནི་དང«ཀ»་པོ་དང༌། །ཐོག་མར་རྣམ་པར་སྣང་མཛ«ཨོཾ»ད་སྦྱིན། །སྡེ་ཚན་བདུན་གྱི་ཐ་མ«ཧ»་ལ། །དབྱངས་ཡིག་དྲུག་པ«ཨཱུ»་དང་ལྡན་པར། །དྲན་པ་དེ་བཞིན་མཐར་སྦྱིན་ནོ། །སྟོང་པའི་ལྷཾ་ཡིས་མཉམ་མནན་པ། །ལྔ་པ་ཡི་ནི་གཉིས་པ«ཕ»་དང༌། །གསུམ་པ་ཡི་ནི་དང«ཊ»་པོའོ། །འདི་ནི་མ་ཧེའི་གདོང་པ་ཡི། །སྙིང་པོའི་སྔགས་སུ་རབ་ཏུ་གྲགས། །ཡི་གེ་རེ་རེ་འབུམ་བཟླས་པས། །འཇིག་རྟེན་གསུམ་གྱི་ལས་ནི་གང༌། །ཅི་ཡང་རུང་བ་ཐམས་ཅད་བྱེད། །ཅེས་པའོ། དེ་ནས་མན་ངག་ལྟར་ལྟེ་བར་ཧཱུྃ་བྲིས་ལ། བཏུ་གཞིའི་དཀྱིལ་འཁོར་གྱི་སྟེང་དུ་མཉྫིའི་ཁར་གཞག་གོ །གསུམ་པ་བཏུས་པའི་སྔགས་བྱིན་གྱིས་བརླབས་ནས་མཆོད་པ་ནི། རང་གི་ཐུགས་ཀའི་ཧཱུྃ་དང་བཏུས་པའི་ཡི་གེ་རྣམས་ལས་འོད་ཟེར་འཕྲོས་པས། ཕྱོགས་བཅུའི་གཤིན་རྗེའི་གཤེད་ལ་སོགས་པའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་དང༌། བཏུ་གཞིའི་བྱིན་རླབས་ཐམས་ཅད་རྩ་སྔགས་ལས་སྔགས་སྙིང་པོའི་སྔགས་ཀྱི་ཡི་གེའི་རྣམ་པར་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ བཏུས་པའི་ཡི་གེ་རྣམས་ལ་ཐིམ་པས། ཁ་དོག་མཐིང་ནག་བཀྲག་མདངས་དང་ལྡན་ཅིང་འོད་ཟེར་དམར་པོ་འཕྲོ་བར་གྱུར་པར་བསམས་ཏེ། དཔོན་སློབ་གཉིས་ཀས། ཨོཾ་ཨརྒྷཾ་ནས་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད་དོ། །བཞི་པ་སྔགས་ཀྱི་རྗེས་གནང་བྱ་ཚུལ་ནི། དཔོན་སློབ་གཉིས་ཀ་ལྷན་ཅིག་ཏུ་བསྐྱེད་པའམ། ཡང་ན་
སློབ་མ་རྣམས་ཧྲཱིཿཥྚིཿས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སྣ་ཚོགས་པདྨ་དང་ཟླ་བ་དང་ཉི་མའི་གདན་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ཡོངས་སུ་གྱུར་པ་ལས་སློབ་མ་རྣམས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་དགུ། ཞེས་པ་ནས། ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ག་འོད་ཟེར་ལྔ་འཕྲོ་བ། དེའི་མིག་གཉིས་སུ་ཀྵིཾ་ཞེས་པ་ནས། ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར་ཅེས་པའི་བར་གྱིས་བསྐྱེད། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བཏུས་པའི་སྔགས་གསུམ་སྤྱན་དྲངས་པ་ཞལ་དུ་ཞུགས། ཐུགས་ཀར་ཏིང་ངེ་འཛིན་སེམས་དཔའི་མཐར་ཡ་མཱནྟ་ཀ དེའི་མཐར་ཧྲཱིཿཥྚྲཱིཿ དེའི་མཐར་ཡ་མ་རཱ་ཛཱ་རྣམས་གཡས་སྐོར་དུ་འཁོད་པར་གྱུར་པར་དཔོན་སློབ་གཉིས་ཀས་བསམ། སློབ་མས། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་ཉེ་བར་མཛད་དུ་གསོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང་བ་ཞལ་ནས་ཐོན། སློབ་མའི་ཁ་ནས་ཞུགས། སྙིང་གར་ཏིང་ངེ་འཛིན་སེམས་དཔའི་མཐར་ཕྱིན་ནས་རིམ་བཞིན་གཡས་སྐོར་དུ་འཁོད་པར་བསམས་ལ། རྩ་སྔགས། ལས་སྔགས། སྙིང་པོ་རྣམས་ཀྱི་རྗེས་ཟློས་ལན་གསུམ་མམ། བདུན་ནམ། ཉེར་གཅིག་རེ་བྱ། བླ་མས་མེ་ཏོག་གཏོར་བ་དང་བཅས། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་བསམ། བླ་མས་སྔགས་རྣམས་ཟློ་བཞིན་དུ་ནང་མཆོད་དང་གཡོན་པའི་སྲིན་ལག་གིས་བཏུས་པའི་སྔགས་རྣམས་བཀྲུས་པ་སློབ་མ་རྣམས་ལ་འཐུང་དུ་བཅུག་པས་དཔལ་རྡཽ་རྗེ་འཇིགས་བྱེད་ཆེན་པོའི་སྔགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་ཐོབ་པར་བསམ། ཡང་བཏུ་གཞིའི་དཀྱིལ་འཁོར་གྱི་དབྱངས་གསལ་རྣམས་ལ་སྲིན་ལག་གིས་བྱུགས་ནས་སློབ་མའི་མགྲིན་པར་ཐིག་ལེ་བྱས་
པས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་གསུང་གི་ཡོན་ཏན་ཐམས་ཅད་ཐིམ་པས་ངག་ནུས་པ་དང་ལྡན་པར་བསམ་མོ། །གསུམ་པ་མཇུག་ཆོག་ནི། འདས་མ་འདས་ཀྱི་ལྷ་ལ་གཏོར་འབུལ། ཚོགས་འཁོར། གཏང་རག་གི་མཎྜལ། སྨོན་ལམ། ཤིས་བརྗོད་རྣམས་རྒྱས་བསྡུས་སྐབས་དང་བསྟུན་པ་བྱའོ། །སྨྲས་པ། རྒྱུད་ཀྱི་སྟོན་པས་གསུངས་པའི་གསང་སྔགས་ཀྱང༌། །ལེགས་པར་བཏུས་ཤིང་མཆོད་དེ་རྗེས་བསྟན་ན། །ངག་གི་ནུས་མཐུ་འབུམ་དུ་འགྱུར་རོ་ཞེས། །ཚད་ལྡན་དམ་པའི་གཞུང་དུ་བསྔགས་མཐོང་ནས། །དུས་དགྲའི་དབང་པོའི་རྩ་སྔགས་ལས་སྔགས་དང༌། །སྙིང་པོའི་སྔགས་རྣམས་དག་ཅིང་མ་འཁྲུགས་པར། །རྒྱུད་དང་རྒྱ་བོད་བླ་མའི་མན་ངག་བཞིན། །བཏུས་ནས་རྗེས་གནང་བྱ་ཚུལ་གསལ་བར་བགྱིས། །དེ་ཡིས་བདག་དང་མཁའ་མཉམ་ཡིད་ཅན་ཀུན། །ངེས་འབྱུང་བྱང་སེམས་ཡང་དག་ལྟ་བ་དང༌། །རིམ་གཉིས་ལམ་བཟང་མྱུར་བར་བགྲོད་ནས་ནི། །བདེན་གཉིས་ཟུང་འཇུག་གོ་འཕང་མངོན་གྱུར་ཤོག །ཅེས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་རབ་གསལ་སྒྲོན་མེ་ཞེས་བྱ་བ་འདི་ནི་འབྲོང་རྩེ་ལྷ་སྲས་རྗེའི་གསུང་ལ་གཞི་བྱས། རྒྱུད་དང་མན་ངག་གིས་གསལ་བར་བྱས་ཏེ། དགེ་སློང་དྷརྨ་བྷ་དྲས་མཛེས་བྱེད་ཀྱི་ལོའི་ཆུ་སྟོད་ཟླ་བའི་ཡར་ཚེས་བཟང་པོར་བཞད་དངུལ་ཆུའི་རི་ཕུག་ཏུ་སྦྱར་བའོ། ༈ །ན་མོ་བཛྲ་བྷཻ་ར་ཝཱ་ཡ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཚོགས་མཆོད་ནི། ཤ་ཆང་ཚོགས་གཏོར་སོགས་བཤམས་པ་བྱིན་གྱིས་བརླབས་ཏེ་འབུལ་བ་ནི། ཧཱུྃ། བདེ་སྐྱོང་སྟོང་གསུམ་ལྟར་ཡངས་ཀ་པཱ་ལར། །དམ་རྫས་བདུད་རྩི་རབ་འཁྱིལ་ཚོགས་མཆོད་འདི། །རྩ་བརྒྱུད་བླ་མའི་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་སྒོ་གསུམ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བདེ་སྐྱོང༴ དམ་རྫས༴ འཇིགས་མཛད་རྡོ་རྗེའི་ལྷ་ཚོགས་མཉེས་ཕྱིར་འབུལ། །བཞེས་ནས་མཆོག་ཐུན་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཨཱཿབཛྲ་བྷཻ་ར་ཝ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་ཁཱ་
ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཧཱུྃ། བདེ་སྐྱོང༴ དམ་རྫས༴ །དཀོན་མཆོག་རིན་ཆེན་ཚོགས་རྣམས་མཉེས་ཕྱིར་འབུལ། །བཞེས་ནས་སྲིད་ཞིའི་འཇིགས་ལས་བསྒྲལ་དུ་གསོལ། །ཨོཾ་ཨཱཿརཏྣ་ཏྲ་ཡ་ས་པ་རི་ཝཱ་རཿ ཧཱུྃ། བདེ་སྐྱོང༴ དམ་རྫས༴ །མཁའ་འགྲོ་ཆོས་སྐྱོང་ཚོགས་རྣམས་མཉེས༴ །བཞེས་ནས་རྣལ་འབྱོར་ཕྲིན་ལས་བསྒྲུབ་ཏུ་གསོལ། །ཨོཾ་ཨཱཿཌཱ་ཀི་ནཱི་དྷརྨ་པཱ་ལ་ས་པ་རི་ཝཱ་ར། ཧཱུྃ། བདེ་སྐྱོང༴ དམ་རྫས༴ །མར་གྱུར་རིགས་དྲུག་ཚོགས་རྣམས་མཉེས༴ །བཞེས་ནས་འཁྲུལ་སྣང་སྡུག་བསྔལ་ཞི་གྱུར་ཅིག །ཨོཾ་ཨཱཿཥཊ་ཀུ་ལ་ཨ་རཱཿག་ཎ་ཙཀྲ་ཁཱ་ཧི། པཉྩ་ཨ་མྲྀ་ཏ་ཁཱ་ཧི། དེ་ནས་ལས་ཀྱི་རྡོ་རྗེས་ཕྱག་ཕུལ་ལ་བཟའ་བཏུང་ལག་ཏུ་ཐོགས་ཏེ། ཧོཿ དཔའ་བོ་ཆེན་པོ་དགོངས་སུ་གསོལ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །དབྱེར་མེད་གཅིག་ཏུ་དགོངས་ཏེ་རོལ། །ཞེས་ཕུལ། ལེན་པ་པོ་རྣམས་ཀྱིས་ཀྱང༌། ཧཱུྃ། བདག་ཉིད་རྒྱལ་བ་ཀུན་གྱི་གཙོ། །བཅོམ་ལྡན་རྡོ་རྗེ་འཇིགས་བྱེད་དངོས། །ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཆེ། །ལྷ་རྣམས་ཚིམ་པར་བྱ་ཕྱིར་རོལ། །ཨ་ཧོ་མ་ཧཱ་སུ་ཁ། ཞེས་བརྗོད་ནས་ནང་གི་སྦྱིན་སྲེག་གི་ཚུལ་དུ་རོལ། དེ་ནས་ཚོགས་ལྷག་བསྡུས་པ་གོང་ལྟར་བྱིན་གྱིས་བརླབས་ལ། ཧཱུྃ་བདེ་སྐྱོང༴ དམ་རྫས་བདུད་རྩི་རབ་འཁྱིལ་ཚོགས་ལྷག་འདི། །དམ་ཅན་ཞིང་སྐྱོང་ཚོགས་རྣམས་མཉེས༴ །བཞེས་ནས་འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །ཨོཾ་ཨཱཿཀྵེ་ཏྲ་པཱ་ལ་ས་པ་རི་ཝཱ་ར༴ མ་ཧཱ་པཉྩ་ཨ་མྲྀ་ཏ་ཞེས་བརྗོད་པར་བྱའོ། «།འདིའང་དྷརྨ་བྷ་དྲས་ཆུ་ཡོས་ཟླ་བ་དྲུག་པའི་ཚེས་ཉེར་བཞི་ལ་སྦྱར་བའོ།། །།»འདི་ནང་འཁོར་ལོ་ཁག་གཉིས་འདུག་པ་བྲི་མ་ཐུབ།
དཔལ་འཁོར་ལ་སྡོམ་པའི་རིན་ཆེན་བཞིའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་ལེགས་བཤད་གསེར་གྱི་ཐུར་མ།
དཔལ་འཁོར་ལ་སྡོམ་པའི་རིན་ཆེན་བཞིའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཙཀྲ་སམྦ་རཱ་ཡ། རབ་མཛེས་ཨིནྡྲ་ནཱི་ལའི་ས་འཛིན་ལ། །མཚམས་སྤྲིན་གསར་པས་འཁྱུད་པའི་མཛེས་སྡུག་ཅན། །བླ་མ་མཆོག་དང་དབྱེར་མེད་བཅོམ་ལྡན་འདས། །འཁོར་ལོ་སྡོམ་པ་ཡབ་ཡུམ་ལ་བཏུད་ནས། །དེ་ཡི་གསང་སྔགས་རིན་ཆེན་རྣམ་པ་བཞི། །ལེགས་པར་བཏུས་ནས་སྐལ་ལྡན་སློབ་མའི་རྒྱུད། །བྱིན་གྱིས་བརླབ་ཕྱིར་རྗེས་གནང་ཆོ་གའི་ཚུལ། །བརྒྱུད་ལྡན་དམ་པའི་ཕྱག་ལེན་གསལ་བར་བྱ། །འདིར་དཔལ་འཁོར་ལོ་སྡོམ་པའི་རིན་ཆེན་བཞིའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་ཆོག་གོ །དང་པོ་ལ་གཉིས། སློབ་དཔོན་གྱི་བྱ་བའི་སྔོན་འགྲོ་དང༌། སློབ་མ་ལ་བྱ་བའི་སྔོན་འགྲོའོ། །དང་པོ་ནི། དབང་ཐོབ་ཅིང་དམ་སྡོམ་ལ་གནས་པ། བསྙེན་པ་སོང་ཞིང་སྔགས་བཏུའི་རྗེས་གནང་ལེགས་པར་ཐོབ་པ་སོགས་མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་གནས་ཁང་བདུད་རྩི་ལྔ་དང་བ་བྱུང་གིས་བྱུགས་པ་ལ་མེ་ཏོག་གི་སིལ་མ་གཅལ་དུ་དགྲམ། རྡོ་དྲིལ། ཅང་ཏེའུ། ལས་བུམ། ཕྱི་ནང་གི་མཆོད་པ། གཏོར་མ། ཚོགས་རྫས། བགེགས་སྦྱོང་གི་ཆས། འཐོར་འབྲུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་སྤྱི་དང༌། ཁྱད་པར་རས་གཞི་སོགས་བྲི་གཞི་གཙང་མ་ལ། འོག་ཏུ་བཤད་པའི་སྣག་སྨྱུག་གིས། རྩ་རྒྱུད་ལེའུ་ལྔ་པ་དང་བཤད་རྒྱུད་ཁ་སྦྱོར་གུང་བསྒྲིགས་པའི་དགོངས་པ་ལྟར་
ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཨ་ཐུང༌། འདབ་མ་བརྒྱད་ལ་ཤར་ནས་གཡས་སྐོར་དུ་ཨ་ཀ་ཙ་ཊ་ཏ་པ་ཡ་ཤའི་སྡེ་ཚན་བརྒྱད་དབུ་ཕྱིར་བསྟན་དུ་དཔེའུ་ཆུང་ལྟར་བྲིས་ལ། སྟེགས་ཀྱི་ཁར་ཆོས་འབྱུང་གི་ཟུར་གཅིག་དང་ཤར་འདབ་རང་ལ་ཕྱོགས་པར་བཞག་པའི་ཤར་ནས་གཡོན་སྐོར་དུ་ཆུ་བཞི་ཉེར་སྤྱོད་མཚམས་འཛིན་གྱི་མེ་ཏོག་གིས་བསྐོར་བ་བཤམ། དཀྱིལ་འཁོར་འདྲི་བའི་གོང་ངམ་སྐབས་འདིར་བདག་བསྐྱེད་གཏོར་འབུལ་ཉེར་བསྡུའི་བར་གཏང་བ་དང༌། བསང་ཆུ་སྒྲུབ་པ་རྣམས་བྱའོ། །གཉིས་པ་སློབ་མ་ལ་བྱ་བའི་སྔོན་འགྲོ་ནི། བདེ་མཆོག་ཅི་རིགས་ཀྱི་དབང་ཐོབ་པ་སོགས་མཚན་ཉིད་དང་ལྡན་པའི་སློབ་མ་ལ། ཁྲུས་ཕྱག་མཎྜལ་བགེགས་སྦྱོང་ཆོས་བཤད་ཅི་རིགས་སྔོན་དུ་འགྲོ་བས། ཧེ་རུ་ཀ་དཔལ་རྡོ་རྗེ་འཛིན། །དཔའ་བོ་རྣལ་འབྱོར་ཀུན་གྱི་གཙོ། །དཔལ་ཆེན་ཧེ་རུ་ཀ་དཔལ་གྱི། །རིག་སྔགས་བླ་ན་མེད་པའི་གསུང༌། །བཀླགས་པས་དོན་ཀུན་གྲུབ་བྱེད་ཅིང༌། །དབང་དུ་བྱེད་པའི་རིག་སྔགས་མཆོག །གསང་བའི་ཆོ་ག་བླ་ན་མེད། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །ཅེས་གསོལ་བ་ལན་གསུམ་འདེབས་སུ་བཅུག་ལ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་འབོག་གོ །གཉིས་པ་དངོས་གཞི་ལ་གསུམ། སྔགས་བཏུ་གཞི་ལས་ཇི་ལྟར་
བཏུ་བ། སྔགས་བྱིན་གྱིས་བརླབས་ནས་མཆོད་པ། སྔགས་ཀྱི་རྗེས་གནང་བྱ་ཚུལ་ལོ། །དང་པོ་ལ་བཞི། རྩ་བའི་སྔགས་བཏུ་བ། ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་བཏུ་བ། ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཏུ་བ། ཡབ་ཡུམ་གྱི་གོ་ཆའི་སྔགས་གཉིས་བཏུ་བའོ། །དང་པོ་ལ་གསུམ། རྐང་བརྒྱད་ཀྱི་རྩ་སྔགས་བཏུ་བ། ཀ་ར་ཀ་རའི་རྩ་སྔགས་བཏུ་བ། རྩ་སྔགས་ཀྱི་ཐོག་མཐའི་ཡི་གེ་བཏུ་བའོ། །དང་པོ་ལ་གཉིས། རྐང་པ་སྔོན་མ་བཞི་བཏུ་བ་དང༌། རྐང་པ་ཕྱི་མ་བཞི་བཏུ་བའོ། །དང་པོ་ནི། སློབ་དཔོན་གྱིས་གཞུང་ཚིག་རྣམས་དག་པར་བཀླགས་པའི་བརྗོད་དོན་དང་མཐུན་པར། ལས་ཀྱི་རྡོ་རྗེས་སྤང་ལེབ་བམ་མཎྜལ་དྲི་བཟང་གིས་བྱུགས་པ་ལ། སིནྡྷཱུ་ར། གུར་གུམ། གིའུ་ཝཾ། བདུད་རྩི་ལྔ་རྣམས་མཚལ་དང་བསྲེས་པའི་སྣག་ཙ་དང༌། གསེར་རམ་མི་རུས་སོགས་ཀྱི་སྨྱུ་གུས་དབུས་སུ་ཨོཾ་གྱི་ཤུལ་སྟོང་པར་བཞག དེ་ནས་ཡི་གེ་རྣམས་དབུ་ནང་དུ་བསྟན་ནས་གཡོན་སྐོར་དུ་རིམ་པ་བཞིན་དུ་དག་པར་བྲི། དེའི་ཚེ་བཏུ་གཞི་ཨཱ་ལི་ཀཱ་ལིའི་དཀྱིལ་འཁོར་ལས་སྔགས་ཀྱི་ཡིག་འབྲུ་རྣམས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་ནས་འཁོད་པར་བསམ་མོ། །གཞུང་ཚིག་ནི། རྒྱུད་དང་དགོངས་འགྲེལ་ཕལ་ཆེར་དུ་དང་པོར་ལུས་གསལ་བྱེད་བཏུས་པ་བྲིས། དེ་ནས་ཡན་ལག་དབྱངས་བཏུས་པ་ལུས་དང་སྦྱོར་བར་གསུངས་པ་བཞིན་བྱས་ན་འཁྲུལ་ཉེན་ཤིན་ཏུ་ཆེ་བས། བདག་གི་བླ་མ་རྗེ་ཡོངས་འཛིན་གྲུབ་པའི་དབང་ཕྱུག་ཆེན་པོའི་བཞེད་པ་ལྟར་གསལ་བྱེད་གང་ཡིན་གྱི་ཐད་དུ་རང་རང་གི་དབྱངས་དང་སྦྱར་ཏེ་འཐུ་བ་ལ། རྩ་རྒྱུད་ལེའུ་ལྔ་པ་ལས། བཞི་པའི་ལྔ་པ«ན»་གང་ཡིན་དང༌། །ལྔ་པ་ཡི་ཡང་ལྔ་པ་དང༌། །ལེའུ་བདུན་པ་ལས། དེ་ནས་དབྱངས་ཡིག་བཅུ་གསུམ་ཉིད། །ཡི་གེ་གཉིས་པ་ད«མོ»ག་དང་སྦྱར། །ལྔ་པ་ཡི་ནི་བཞི་པ་«བྷ»དང༌། །དང་པོའི་གསུམ་པ«ག»་གང་ཡིན་དང༌། །དེ་བཞིན་ཉི་ཤུ་རྩ་དགུ་པ«ལྭ»། །བཞི་པའི་དང་པོ་གང་ཡིན་དང༌། །དབྱངས་ཡིག་བཅུ་གཅིག་ཡང་དང་ལྡན། །ཡི་གེ་དྲུག་པ«ཏེ»་བརྒྱན་པར་བྱ། །མཐར་གནས་པ་ཡི་བཞི་པ་དང༌། །དབྱངས་ཀྱི་བཞི་པ་ཉིད་ཀྱང་ནི། །ཡི་གེ་བདུན་པ«ཝཱི»་ཉིད་དང་སྦྱར། །དེ་ཉིད་ཀྱི་ནི་གཉིས་པ་དང༌། །དབྱངས་ཡིག་བཅུ་གཅིག་པ་ཉིད་ནི། །མཁས་པས་ཡི་གེ་
བརྒྱད་པར«རེ»་བྱ། །སུམ་ཅུ་པ་ནི་ཡང་དག་བླང༌། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་དགུ་པ«ཤཱ»་བརྒྱན་པར་བྱ། །དེ་བཞིན་ཉི་ཤུ་དྲུག་པ«ཡ»་ཉིད། །དེ་དག་ཐམས་ཅད་ལེགས་བསྡུས་ལ། ༈ དེ་བཞིན་བརྒྱ་ཡི་ཕྱེད་ཕྱེད་«མ»ཀྱང༌། །དེ་ནས་སུམ་ཅུ་རྩ་གསུམ་གཟུང༌། །དབྱངས་ཀྱི་ཡི་གེ་གཉིས་པ་ཉིད། །ཡི་གེ་བཅུ་གཉིས་པ་«ཧཱ»དང་སྦྱར། །དང་པོའི་དང་«ཀ»པོ་ཉིད་དག་དང༌། །མཐར་གནས་པ་ཡི་གསུམ་པ་དང༌། །དབྱངས་ཡིག་གཉིས་པར་ལྡན་པ་ནི། །ཡི་གེ་ཉི་ཤུ་གཅིག་པར་གཟུང༌། །མཁས་པས་ཡི་གེ་བཅུ་བཞི་པ«ཝཱ»འོ། །དང་པོ་ཡི་ནི་གསུམ་པ་ཉིད། །ཡི་གེ་ཉི་ཤུ་པ་དང་སྦྱར། །དབྱངས་ཀྱི་གསུམ་པ་ཉིད་དག་ནི། །ཡི་གེ་བཅོ་ལྔ་པ་«གྣི»དང་སྦྱར། །སུམ་ཅུ་རྩ་གཉིས་ཉིད་དག་དང༌། །དབྱངས་ཡིག་བཅོ་ལྔར་ཡང་དག་ལྡན། །ཡི་གེ་བཅུ་དྲུག་པ་མཛེས་བྱ། །བཞི་པ་ཡི་ནི་ལྔ་པ་དང༌། །དབྱངས་ཡིག་གསུམ་པ་དང་ལྡན་པའི། །ཡི་གེ་བཅུ་བདུན་པ«ནི»་རུ་འདོད། །ལྔ་པའི་ཡང་ནི་བཞི་པ་དང༌། །དབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་བཅོ་བརྒྱད་པ་«བྷཱ»རུ་སྦྱར། །མཐར་གནས་པ་ཡི་དང་པོ་«ཡ»དང༌། །གཉིས་པ་ཡི་ནི་གསུམ་པ«ཛ»་དང༌། །གསུམ་པའི་དང་པོ་གང་ཡིན་དང༌། །དབྱངས་ཡིག་གི་ནི་གཉིས་པ་ཉིད། །ཡི་གེ་ཉི་ཤུ་གཅིག་པར«ཊཱང»་ལྡན། །ལྔ་པ་ཡི་ཡང་ལྔ་པ་«མ»དང༌། །དང་པོ་ཡི་ཡང་དང་པོ་དང༌། །དབྱངས་ཡིག་ལྔ་པ་ཉིད་དང་ནི། །ཡི་གེ་ཉི་ཤུ་གསུམ་པ«ཀུ»་སྦྱར། །དེ་བཞིན་བཅུ་གཅིག་པ་ཉིད་དང༌། །དབྱངས་ཡིག་བཅུ་གསུམ་པ་ཉིད་ནི། །ཡི་གེ་ཉི་ཤུ་བཞི་པར«ཊོ»་སྦྱར། །དེ་བཞིན་མཁས་པས་བཅུ་དྲུག་པ། །སྡེ་ཚན་དང་པོ་བླངས་ནས་ནི། །ཡི་གེ་ཉི་ཤུ་ལྔ་པར་ «ཏྐཱ»སྦྱར། །གསུམ་པའི་དང་པོ་གང་ཡིན་དང༌། །དབྱངས་ཡིག་གཉིས་པ་དང་ལྡན་པར། །ཡི་གེ་ཉི་ཤུ་རྩ་དྲུག«ཊཱ»་འགྱུར། །དེ་བཞིན་ཉི་ཤུ་རྩ་དྲུག་«ཡ»པ། །བཞི་པའི་གསུམ་པ་གང་ཡིན་དང༌། །དབྱངས་ཡིག་བཅོ་ལྔ་པ་དག་ནི། །ཉི་ཤུ་བརྒྱད་པ་«དཾ»ཉིད་དང་སྦྱར། །ཨཱུཥྨ་ཎ་ཡི་གཉིས་པ་ཉིད། །གསུམ་པའི་དང་པོ་ཡང་དག་ལྡན། །འོག་མའི་ཆར་ནི་མེ་དང་བཅས། །དེ་བཞིན་དབྱངས་ཡིག་གཉིས་པར་སྦྱར། །ཡི་གེ་ཉི་
ཤུ་དགུ་«ཥྚཱ»པའོ། །དང་པོའི་དང་པོ་«ཀ»གང་ཡིན་དང༌། །དེ་བཞིན་ཉི་ཤུ་རྩ་བདུན་པ། །ཡི་གེ་སུམ་ཅུ་རྩ་གཅིག་པ། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །ཉི་ཤུ་རྩ་བརྒྱད་པ་ཡང་ངོ༌། །ཡི་གེ་སུམ་ཅུ་རྩ་གཉིས་པ། །དབྱངས་ཡིག་བཅུ་གསུམ་པ་«ལོ»དང་སྦྱར། །དང་པོ་ཡི་ནི་གསུམ་པ་དང༌། །ཡི་གེ་སུམ་ཅུ་རྩ་གསུམ་པ། །ཉི་མར་ཡང་དག་ལྡན་པར་བྱ། །ལྔ་པ་ཡི་ཡང་བཞི་པ་དང༌། །དབྱངས་ཡིག་བཞི་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞིར་ལྡན་པ། །འདོད་པའི་དོན་ཀུན་སྒྲུབ་བྱེད་ཡིན། །དེ་བཞིན་སུམ་ཅུ་རྩ་གཅིག«ཥ»་བླང༌། །བཅོ་ལྔ་པ་་«ཎ»་ནི་ཉིད་དག་དང༌། །དེ་བཞིན་ཉི་ཤུ་རྩ་ལྔ་པ། །དབྱངས་ཀྱི་ལྔ་པ་ཉིད་དག་ནི། །སུམ་ཅུ་བདུན་པར་ཡང་དག་ལྡན། །མཁའ་འགྲོ་མ་རྣམས་སྒྲུབ་བྱེད་ཡིན། །དང་པོའི་གཉིས་པ་གང་ཡིན་དང༌། །སུམ་ཅུ་བརྒྱད«ཥཱ»་པ་འདི་དག་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཅེས་པ་དང༌། དེ་བཞིན་ཉི་ཤུ་རྩ་དྲུག་པ«ཡ»། །ཞེས་པའོ། །གཉིས་པ་རྐང་པ་ཕྱི་མ་བཞི་བཏུ་བ་ནི། །ཡི་གེ་སུམ་ཅུ་རྩ་གཉིས་«ས»དང༌། །ཨཱུཥྨ་ཡི་ནི་ཐ་མ«ཧ»་ཉིད། །སུམ་ཅུ་རྩ་གཉིས་པ་ཉིད་དང༌། །བཞི་བཅུ་རྩ་གཉིས་པ«སྲ»་ཉིད་ལ། །འོག་གི་ཆར་ནི་སྒྲུབ་པ་པོས། །མེ་དང་སྦྱར་བར་བྱ་བ་ཉིད། །ལྔ་པ་ཡི་ནི་བཞི་པ་དང༌། །བཞི་བཅུ་གསུམ་པ«བྷུ»་ཉིད་དག་ནི། །དབྱངས་ཡིག་ལྔ་པ་ཉིད་དང་སྦྱར། །གཉིས་པ་ཡི་ནི་གསུམ་པ«ཛ»་དང༌། །ལྔ་པ་ཡི་ནི་བཞི་པ་དང༌། །ཡི་གེ་བཞི་བཅུ་ལྔ་པ«བྷཱ»་ནི། །དབྱངས་ཀྱི་ཡི་གེ་གཉིས་པར་སྦྱར། །ཨཱུཥྨ་ཡི་ནི་གསུམ་པ་དང༌། །དབྱངས་ཡིག་ལྔ་པ་ཉིད་དག་ཀྱང༌། །བཞི་བཅུ་རྩ་དྲུག་པ་ལྡན་པ། །དཔའ་བོ་ཐམས་ཅད་རབ་མཆོད་ཡིན། །གཞན་ཡང་ཉི་ཤུ་རྩ་བདུན་པ། །བཞི་བཅུ་རྩ་བདུན་པ«ར»་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །འདི་ནི་རྡོ་རྗེ་སེམས་དཔའ་མཆོག །ཨནྟ་སྠཱ་ཡི་དང་པོ«ཡ»་དང༌། །དེ་བཞིན་ཉི་ཤུ་རྩ་གཅིག་པ«པ»། །ཨནྟ་སྠཱ་ཡི་གཉིས་པ་«ར»དང༌། །དེ་བཞིན་ཡང་ནི་སུམ་ཅུ་པ། །ཡི་གེ་ལྔ་བཅུ་རྩ་གཅིག་པ«ཤུ»། །དབྱངས་ཡིག་ལྔ་པ་ཉིད་དག་གིས། །མཛེས་པ་མཆོག་ནི་ཡིན་པར་འདོད། །ལྔ་པ་ཡི་ནི་དང་པོ་དང༌། །ལྔ་བཅུ་
རྩ་གཉིས་པ«པཱ»་ཉིད་ནི། །དབྱངས་ཡིག་གཉིས་པ་དང་སྦྱར་བ། །ལྷ་རྣམས་ཐམས་ཅད་སྒྲུབ་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ཨཱུཥྨ་ཡི་ནི་དང་པོ་ཉིད། །ཡི་གེ་ལྔ་བཅུ་རྩ་གསུམ་པ«ཤ»འང༌། །དབྱངས་ཡིག་བཅུ་གསུམ་པ་དང་སྦྱར། །དེ་བཞིན་ཡི་གེ་«ཏ»དེ་ཉིད་དང༌། །བཞི་པའི་དང་པོ་ག«ཏ»ང་ཡིན་དང༌། །ཨཱུཥྨའི་དང་པོ་གང་ཡིན་དང༌། །ཡི་གེ་ལྔ་བཅུ་རྩ་དྲུག་པ«ཤཱུ»། །དབྱངས་ཡིག་དྲུག་པ་དང་ཡང་སྦྱར། །དགྲ་རྣམས་ངེས་པར་གཅོད་བྱེད་ཡིན། །དེ་བཞིན་ཉི་ཤུ་རྩ་བརྒྱད་པ«ལ»། །དང་པོའི་གཉིས་པ«འ»་གང་ཡིན་དང༌། །གསུམ་པའི་དང་པོ་ཉིད་དག་དང༌། །ཨནྟ་སྠཱ་ཡི་བཞི་པ་དང༌། །དབྱངས་ཡིག་གཉིས་པར་སྦྱར་བར་བྱ། །དེ་བཞིན་བཅོ་ལྔ་པ་དང་སྦྱར། །དངོས་གྲུབ་ཐམས་ཅད་སྒྲུབ་པ་ཡིན། །ཡི་གེ་ལྔ་བཅུ་རྩ་དགུར་འ«ཊྭཱཾ»གྱུར། །དང་པོའི་གསུམ་པ་«ག»གང་ཡིན་དང༌། །བཞི་པའི་བཞི་པ་གང་ཡིན་དང༌། །ཡི་གེ་དྲུག་ཅུ་རྩ་གཅིག་«དྷཱ»་ཉིད། །དབྱངས་ཡིག་གཉིས་པ་དག་དང་སྦྱར། །འདི་ཉིད་མཆོག་ནི་ཡིན་པར་བཤད། །ཨནྟ་སྭཱ་ཡི་གཉིས་པ་དང༌། །ཡི་གེ་དྲུག་ཅུ་རྩ་གཉིས«རི»་པ། །དབྱངས་ཡིག་གསུམ་པར་སྦྱར་བ་ནི། །མཁའ་འགྲོ་མ་ཡི་མཆོག་ཏུ་འདོད། །གསུམ་པ་ཡི་ཡང་ལྔ་པ་དང༌། །ཡི་གེ་དྲུག་ཅུ་རྩ«ཎ»་གསུམ་ཉིད། །དབྱངས་ཡིག་བཅུ་གཅིག་དག་དང་ལྡན། །མཛེས་པའི་ཡི་གེ་ཀུན་མཆོག་ཉིད། །ཡི་གེ་བྱཱ«བྱ»་ནི་དེ་ནས་བླང༌། །དང་པོ་ཡི་ནི་བཞི་པ་དང༌། །དེ་བཞིན་དྲུག་ཅུ་རྩ་«གྷྲ»ལྔ་པ། །རྡོ་རྗེ་སེམས་དཔས་ཕྱེ་བ་དག །ས་བོན་འདི་ནི་ལྷ་རྫས་མཆོག །གྲུབ་སྦྱིན་ཐར་པ་སྦྱིན་ཆེན་པོ། །དེ་ནས་བརྒྱད་པ་ཉིད་དག་དང༌། །ཡི་གེ་དྲུག་ཅུ་«ཛི»རྩ་དྲུག་པ། །དབྱངས་ཡིག་གསུམ་པ་དང་ཡང་སྦྱར། །བྱ་བ་ཀུན་ལ་གྲུབ་སྦྱིན་པར། །དེ་ལྟར་དེ་བཞིན་གཤེགས་པས་གསུངས། །བཞི་པའི་ལྔ་པ་གང་ཡིན་དང༌། །ཡི་གེ་དྲུག་ཅུ་རྩ་བ«ནཱ»དུན་པ། །དབྱངས་ཡིག་གཉིས་པར་ཡང་དག་ལྡན། །རྣལ་འབྱོར་མ་ཡི་དགོངས་པ་ཀུན། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །ལྔ་པ་ཡི་ཡང་ལྔ་པ་དང༌། །དྲུག་ཅུ་བརྒྱད་པ་«མྦ»ཉིད་ལ་ཡང༌། །དེར་ནི་ཡི་གེ་པ་སྦྱར་བ། །ས་བོན་ཡི་གེ་འདི་ཡི་ནི། །འོག་གི་ཆར་ནི་བརྟག་པར་བྱ། །དེ་བཞིན་ཉི་ཤུ་རྩ་
བདུན་«ར»པ། །བཞི་པ་ཡི་ནི་བཞི་པ་«དྷ»དང༌། །སླར་ཡང་ཉི་ཤུ་རྩ་བདུན་པ། །ཡི་གེ་བདུན་ཅུ་རྩ་«རཱ»གཅིག་པ། །དབྱངས་ཡིག་གཉིས་པ་ཡང་དག་སྦྱར། །ཡི་གེ་ཀུན་ལ་མཛེས་པ་ནི། །འདི་ཉིད་ཡིན་པར་ཐེ་ཚོམ་མེད། །དེ་བཞིན་ཉི་ཤུ་«ཡ»རྩ་དྲུག་པ། །ཉི་ཤུ་རྩ་«མ»ལྔ་ཡང་དག་བླང༌། །སུམ་ཅུ་རྩ་གསུམ་ཉིད་དག་དང༌། །བདུན་ཅུ་རྩ་བཞི་«དྷ»པ་ཉིད་ནི། །དབྱངས་ཡིག་གཉིས་པར་སྦྱར་བ་དག །གདོང་ནས་གྲུབ་པ་ཡིན་པར་ནི། །དེ་བཞིན་གཤེགས་པའི་ཞལ་ནས་གསུངས། །བཞི་པ་ཡི་ནི་བཞི་པ་དང༌། །ཡི་གེ་བདུད་ཅུ་ལྔ་«་་་་་དྷཱུ། »པ་ཉིད། །མ་མོ་དྲུག་པ་དང་ལྡན་པ། །འདི་ནི་རྣལ་འབྱོར་རབ་མཆོག་སྟེ། །བྱ་བ་ཀུན་ལ་དམ་པ་ཡིན། །ལྔ་པ་ཡི་ནི་ལྔ་པ་དང༌། །བདུན་ཅུ་རྩ་དྲུག་པ་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཅིང༌། །ཉི་མ་ཡིས་ནི་དབྱེ་བ་སྟེ། །ཡི་གེ་པ་ལ་དེ་«མྦཱ»སྦྱར་བྱ། །མཆོག་ཏུ་མཛེས་པ་གཞན་ཡོད་མིན། །བཞི་པ་ཡི་ཡང་ལྔ་པ་དང༌། །ཡི་གེ་བདུན་ཅུ་རྩ་བདུན་«ནྡྷ»པ། །དེར་ནི་དྷ་དང་སྦྱར་བར་བྱ། །ས་བོན་འདི་ནི་ལྷ་རྫས་མཆོག །མཁའ་འགྲོ་མ་ཡི་མཛེས་པར་འདོད། །དང་པོའི་དང་པོ་ཉིད་དག་དང༌། །བདུན་ཅུ་རྩ་བརྒྱད་པ«ཀཱ»་ཉིད་ནི། །དབྱངས་ཡིག་གཉིས་པ་དང་ལྡན་ཅིང༌། །ས་བོན་འདི་ནི་མཆོག་བཟང་པོ། །རྒྱུ་ཡི་མཆོག་ནི་ཡིན་པར་འདོད། །དེ་བཞིན་ཉི་ཤུ་རྩ་བདུ«ར»ན་པ། །ཨནྟསྠཱ་ཡི་བཞི་པ་«ཝ»དང༌། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །ཡི་གེ་བརྒྱད་ཅུ་རྩ་ག«པུ»ཅིག་པ། །བཞི་པའི་མཐའ་ཡི་ཁྱད་པར་བྱེད། །གདོད་ནས་སྒྲུབ་བྱེད་འདི་ཡིན་ཏེ། །དངོས་གྲུབ་ཀུན་ལ་འཇུག་བྱེད་པའོ། །ཨཱུཥྨ་ཡི་ནི་གཉིས་པ་ཉིད། །ཡི་གེ་བརྒྱད་ཅུ་རྩ་«ཥཱ»གཉིས་པ། །དབྱངས་ཡིག་གཉིས་དང་སྦྱར་བར་བྱ། །ཞེས་པ་དང༌། །དེ་བཞིན་ཉི་ཤུ་རྩ་དྲུག་«ཡ»པའོ། །ཞེས་པའོ། །གཉིས་པ་ཀ་ར་ཀ་རའི་རྩ་སྔགས་བཏུ་བ་ལ་གསུམ། བརྒྱད་ཚན་དང་པོའི་སྔགས་བཏུ་བ། བརྒྱད་ཚན་བར་པའི་སྔགས་བཏུ་བ། བརྒྱད་ཚན་ཐ་མའི་སྔགས་བཏུ་བའོ། །དང་པོ་ནི། ལོ་ཙཱ་བ་གཉིས་འདུས་ཀྱིས་བསྒྱུར་བའི་རྩ་རྒྱུད་ལེའུ་ལྔ་པ་ལས། དང་པོའི་དང་པོ་ཉིད་དང་ནི། །མཐར་གནས་པ་ཡི་གཉིས་པ«ར»་ཉིད། །«ཨ་སྡེ་དང་པོར་བྱས་པའི། »གཉིས་པ་ཡི་ནི་དང་«ཀ»པོ་ཉིད། །དྲུག་པ་ཡི་ཡང་གཉིས་པ«ར»འོ། །དང་པོ་ཡི་ནི་དང་
པོ་དང༌། །གཉིས་འདུས་འགྱུར་གྱི་རྩ་རྒྱུད་ལེའུ་བདུན་པ་ལས། མ་མོ་རྣམས་ལས་ལྔ་པ་ཉིད། །དེ་བཞིན་ཡི་གེ་བརྒྱད་ཅུ་བརྒྱད«ཀུ»། །མཐར་གནས་གཉིས་པ་དེ་བཞིན་ཏེ། །མ་མོ་དག་ལས་ལྔ་པ་ཉིད། །ཡི་གེ་བརྒྱད་ཅུ་རྩ་དགུ་པ«རུ»། །«ཨ་སྡེ་ནས།» གཉིས་པ་ཡི་ནི་དང་པོ་དང༌། །མ་མོ་རྣམས་ལས་ལྔ་པ་ཉིད། །དེ་བཞིན་ཡི་གེ་དགུ་ཅུ་པ«ཀུ»། །«ཨ་སྡེ་ནས།» བདུན་པ་ཡི་ནི་གཉིས་པ་དང༌། །མ་མོ་དག་ལས་ལྔ་པ་དང༌། །ཡི་གེ་དགུ་བཅུ་རྩ་གཅིག་པ«རུ»། །དྲུག་པ་ཡི་ཡང་བཞི་པ«ཝ»་དང༌། །བཞི་པ་ཡི་ཡང་ལྔ་པ་ལ། །བཞི་པ་ཡིས་ནི་སྦྱར་བར«ནྡྷ»་བྱ། །མཐར་གནས་པ་ཡི་བཞི་པ་དང༌། །«ཨ་སྡེ་ནས།» ལྔ་པ་ཡི་ཡང་ལྔ་པ་ལ། །བཞི་པ་ཡིས་ནི་གདན་དུ་བྱས། །«ཨ་སྡེ་ནས།» ལྔ་པ་ཡི་ནི་དང་པོ་ལ། །འོག་ཏུ་མེ་ཡི་གདན་དང་ལྡན། །མ་མོ་རྣམས་ལས་གཉིས་པ་ཉིད། །ཡི་གེ་དགུ་བཅུ་རྩ་དྲུག་པ«ཏྲཱ»། །ཨཱུཥྨ་ཎ་ཡི་གསུམ་«ས»དེ་བཞིན། །མཐར་གནས་པ་ཡི་དང་པོ་«ཡ»ཡང༌། །བཞི་པ་ཡི་ནི་དང་པོ་ཉིད། །མེ་ཡིས་གདན་དུ་བྱས་པའོ། །དབྱངས་དག་ལས་ནི་གཉིས་པ་དང༌། །ཡི་གེ་དགུ་བཅུ་རྩ་དགུ་པ།«ཏྲཱ» །བདུན་པ་ཡི་ནི་གསུམ་པ་དང༌། །ཡི་གེ་བརྒྱ་པ་«ས»ཡང་དག་ལྡན། །གདུག་པ་རྣམས་ནི་སྐྲག་བྱེད་ཅིང༌། །སྔགས་པ་རྣམས་ལ་བདེ་འབྱུང་བྱེད། །དྲུག་པ་ཡི་ནི་དང་པོ་གང༌།«ཡ» །ཀ་ཥར་གྲགས་པ་དང་པོ་གཟུང༌། །དབྱངས་རྣམས་ཀྱི་ནི་བཅུ་གསུམ་པ། །ཡི་གེ་གཉིས་པར་ཡང་དག་ལྡན།«ཀྵ» །ལྔ་པ་ཡི་ནི་བཞི་པ་དང༌། །མཐར་གནས་པ་ཡི་དང་པོ་གང་«ཡ»། །དེ་བཞིན་ཡང་ནི་རིལ་པོ་ཉིད། །དབྱངས་ལས་བཅུ་གསུམ་པ་ཉིད་དང༌། །ཡི་གེ་ལྔ་པ་ཡང་དག་ལྡན།«ཀྵོ» །གདུག་པ་རྣམས་ནི་ཟ་བྱེད་ཅིང༌། །མཁའ་འགྲོ་རྣམས་ཀྱི་བདེ་འབབ་པའོ། །ལྔ་པ་ཡི་ནི་བཞི་པ་«བྷ»དང༌། །«ཨ་སྡེ་ནས།» བདུན་པ་ཡི་ཡང་དང་པོ་དང་«ཡ»། །ཨཱུཥྨ་ཎ་ཡི་བཞི་པ་གཟུང༌། །དབྱངས་རྣམས་ལས་ནི་བཅུ་བཞི་ཉིད། །ཡི་གེ་བརྒྱད་པར་ཡང་དག་«་་་་་འོག་གི་དག་སྒྲས་རསྟ་བསྟན།» ལྡན། །བཅོ་ལྔ་པ་ཡིས་གདན་དུ་བྱས། །བདུན་པ་ཡི་ནི་བཞི་པ་ལ། །རྡོ་རྗེ་སེམས་དཔས་ཕྱེ་བ་དག །དབྱངས་དག་ལས་ནི་བཅུ་བཞི་པ། །ཡི་གེ་དགུ་པར་ཡང་དག་ལྡན།«ཧྲཽཾ» །སྤྱི་བོར་ཐིག་ལེས་མཚན་པའོ། །སྒྲུབ་པོར་མཁའ་
འགྲོ་མ་རྣམས་ཀྱི། །ཁྱད་པར་དུ་ནི་དགའ་བྱེད་པའོ། །ཨཱུཥྨ་ཎ་ཡི་བཞི་པ་ཉིད། །འོད་བྱེད་གདན་དུ་བྱས«ཧྲཿ»པའོ། །བདུན་པ་ཡི་ནི་བཞི་པ་ལ། །འོག་ཏུ་ཡང་ནི་མེ་ཡི་གདན། །ཚེག་དྲག་དང་ནི་ཡང་དག་ལྡན«ཧྲཿ»། །ལྔ་པ་ཡི་ནི་གཉིས་པ་དང༌། །དབྱངས་རྣམས་ལས་ནི་བཅུ་གཅིག་པ། །བཅུ་གཉིས་པ་ཡི་ཡང་དག་ལྡན«ཕཾ»། །སྤྱི་བོར་ཐིག་ལེས་མཚན་པའོ། །འབྱུང་པོ་ཐམས་ཅད་སྐྲག་བྱེད་ཅིང༌། །སྒྲུབ་པོ་རྣམས་ལ་ཕན་འབྱུང་བའོ། །དེ་བཞིན་ཉི་ཤུ་གཉིས་པ་ཉིད། །བཅུ་གཅིག་པ་ནི་ཡང་དག་ལྡན། །ཡི་གེ་བཅུ་གསུམ་པ་ཉིད་ལ། །ཐིག་ལེས་རྣམ་པར་མཚན་པའོ།«བེཾ» །འབྱུང་པོ་ཐམས་ཅད་སྐྲག་འབྱུང་དང༌། །སྒྲུབ་པོ་རྣམས་ལ་ཕན་འབྱུང་བའོ། །གཉིས་པ་བརྒྱད་ཚན་བར་པའི་སྔགས་བཏུ་བ་ནི། «ཨ་སྡེ་ནས།» དྲུག་པ་ཡི་ནི་གཉིས་ཉིད་«པ»དང༌། །དེ་བཞིན་བཅུ་གཅིག་པར«མ»་ནི་ངེས། །སླར་ཡང་ཉི་ཤུ་རྩ་གཉིས་«ཕ»གཟུང༌། །གསུམ་པ་ཡི་ནི་དང་པོ་«ན»དང༌། །བཞི་པ་ཡི་ནི་གསུམ་པ་«ང»དང༌། །ཨཱུཥྨ་ཎ་ཡི་བཞི་པ་ཉིད«ཧ»། །«ཨ་སྡེ་ནས།» ལྔ་པ་ཡི་ནི་གསུམ་པ་«ང»དང༌། །བདུན་པ་ཡི་ནི་བཞི་པ་«ཧ»དང༌། །ཉི་ཤུ་གཅིག་པ་«པ»དེ་ནས་བཏུ། །གཉིས་པ་ཡི་ནི་དང་པོ་«ཙ»དང༌། །ལྔ་པ་ཡི་ནི་དང་པོར་«པ»ངེས། །«ཨ་སྡེ་ནས།» གཉིས་ལས་དྲུག་པའི་ཡི་«ཙ»གེའོ། །ལྔ་པ་ཡི་ནི་བཞི་པ་«བྷ»དང༌། །དེ་བཞིན་ཀ་ཥར་«ཀྵ»གྲགས་པ་ཉིད། །ཉི་ཤུ་བཞི་པ་དེ་ནས་བཏུ། །སླར་ཡང་རིལ་«ཀྵ»པོ་ཇི་བཞིན་དང༌། །ལྔ་པ་ཡི་ནི་གསུམ་པ་«བ»དང༌། །ཨཱུཥྨ་ཎ་ཡི་གསུམ་པ་«ས»དང༌། །མཐར་གནས་པ་ཡི་གཉིས་པ་ཉིད། །དབྱངས་རྣམས་ལས་ནི་ལྔ་པ་ཉིད། །ཡི་གེ་སུམ་ཅུ་གཉིས་པར་ལྡན«རུ»། །«ཨ་སྡེ་ནས།» ལྔ་པ་ཡི་ནི་བཞི་པ་དང༌། །དབྱངས་རྣམས་ལས་ནི་གསུམ་པ་དང༌། །ཡི་གེ་སུམ་ཅུ་གསུམ་པར་ལྡན«བྡྷ»། །སླར་ཡང་འོད་བྱེད་སྦྱིན་པར་བྱ། །ཐབྱངས་ཀྱི་གཉིས་པ་ཉིད་དང་ནི། །ཡི་གེ་སུམ་ཅུ་བཞི་པར་«ར»ལྡན། །ཡི་གེ་ཉི་ཤུའི་འོག་ཏུ་ནི། །བཅུ་དྲུག་པ་ནི་གདན་དུ་བྱ། །འོག་ཏུ་མེ་ཡིས་གསལ་བྱས་«ནྟྲ»པ། །ལྔ་པ་ཡི་ནི་ལྔ་པ་དང༌། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་སུམ་ཅུ་དྲུག་པར«མཱ»་ལྡན། །མཐར་གནས་པ་ཡི་གསུམ་པ་དང༌། །ཐོག་མའི་གཉིས་པར་ཡང་དག་ལྡན། །ཡི་གེ་སུམ་ཅུ་རྩ་བདུན་«ལཱ»པ། །ལྔ་པ་ཡི་ནི་གསུམ་པ་«བ»དང༌། །དྲུག་པ་ཡི་ཡང་གསུམ་པ་«འ»དང༌། །མཐར་གནས་
པ་ཡི་བཞི་པ་དང༌། །ཉི་ཤུ་ལྔ་པས་ཁྱད་པར་དབྱེ། །དབྱངས་ལས་གསུམ་པ་ཡང་དག་ལྡན། །ཡི་གེ་བཞི་བཅུ་པ་«མྦི»ལའོ། །བཞི་པ་ཡི་ནི་ལྔ་པ་དང༌། །མ་མོ་བཅུ་གཅིག་ཡང་དག་ལྡན། །ཡི་གེ་བཞི་བཅུ་རྩ་«དྣ»གཅིག་པ། «ཨ་སྡེ་ནས། »།གཉིས་པ་ཡི་ན་«འ»གསུམ་པ་ལ། །ཉི་མའི་བུ་ཡིས་ཁྱད་པར་དབྱེ། །དབྱངས་དག་ལས་ནི་གསུམ་པ་ཉིད། །ཡི་གེ་བཞི་བཅུ་གཉིས་པར་ལྡ«གྲི»ན། །ཨཱུཥྨ་ཎ་ཡི་བཞི་པ་དང༌། །འོག་ཏུ་བཅོ་ལྔ་པ་ཡིས་གད«ཧྞ»ན། །དང་པོ་ཡི་ཡང་གསུམ་པ་དང༌། །དེ་ནས་མེ་ཡིས་གདན་དུ་བྱ། །དབྱངས་དག་ལས་ནི་གསུམ་པ་ཉིད། །ཡི་གེ་བཞི་བཅུ་བཞི་པར་ལྡ«གྲ»ན། །བདུན་པ་ཡི་ནི་བཞི་པ་དང༌། །འོག་ཏུ་བཅོ་ལྔ་པ་ཡིས་གད«ཧྞ»ན། །ཨཱུཥྨ་ཎ་ཡི་གསུམ་པ་«ས»ཉིད། །ལྔ་པ་ཡི་ཡང་དང་པོ་ལ། །བཅུ་དྲུག་པ་ཡིས་གད«བྷ»ན་དུའོ། །དེ་ནས་ཉི་ཤུ་གཅིག་པ་བླང༌། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་བཞི་བཅུ་བརྒྱད་པར་ལྡ«པཱ»ན། །བཞི་པ་ཡི་ནི་དང་པོ་དང༌། །དབྱངས་དག་ལས་ནི་གཉིས་པ་ཉིད། །ཡི་གེ་བཞི་བཅུ་དགུ་པར་ལྡན།«ཏཱ» །མཐར་གནས་པ་ཡི་གསུམ་པ་«ལ་»དང༌། «ཨ་སྡེ་ནས། »།གཉིས་པ་ཡི་ནི་གསུམ་པ་«ག»དང༌། །བཞི་པ་ཡི་ནི་དང་པོ་ད«ཏ»ང༌། །ལྔ་པ་ཡི་ནི་བཞི་པ་དང༌། །མ་མོ་རྣམས་ལས་ལྔ་པ་ཉིད། །ཡི་གེ་ལྔ་བཅུ་རྩ་གསུམ་ལྡ«བྷཱུ»ན། «ཨ་སྡེ་ནས། »།གསུམ་པ་ཡི་ནི་གསུམ་པ་དང༌། །ཡི་གེ་ལྔ་བཅུ་རྩ་བཞི་པ། །ཐིག་ལེས་ཀྱང་ནི་རྣམ་བརྒྱན་པའོ། །དང་པོ་ཡི་ནི་གསུམ་པ་དང༌། །ཡི་གེ་ལྔ་བཅུ་རྩ་ལྔ་པ«གཱཾ»། །སྤྱི་བོར་ཐིག་ལེས་མཚན་པ་ལས། །དབྱངས་ཀྱི་གཉིས་པ་སྦྱར་བའོ། །ཨཱུཥྨ་ཎ་ཡི་གསུམ་པ་«ས»ཉིད། །དེ་བཞིན་ཉི་ཤུ་རྩ་གཅིག་པ། །འོད་བྱེད་མཉམ་པར་མནན་པའོ། །ཡི་གེ་ལྔ་བཅུ་རྩ་བདུན་པ། །སྤྱི་བོར་ཐིག་ལེས་མནན་«རྤཾ»པའོ། །ལྔ་པ་ཡི་ནི་གསུམ་པ་དང༌། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། །ཡི་གེ་ལྔ་བཅུ་རྩ་«བཱ»བརྒྱད་པ། །བཞི་པ་ཡི་དང་པོ་དང༌། «ཨ་སྡེ་ནས། »།གསུམ་པ་ཡི་ནི་གསུམ་པ་ལ། །མེ་ཡིས་སྟེང་ནས་གསལ་«རྫ»བར་བྱ། །མཐར་གནས་པའི་དང་«ཡ»པོ་གསུངས། །དེ་ནས་ཡི་གེ་བཅུ་དྲུག་འོག«ཏ» «།ཨ་སྡེ་ནས། »།གསུམ་པ་ཡི་ནི་གསུམ་པ་དང༌། །སྤྱི་བོར་མེ་ཡི་ཡི་གེས་མ«རྫ»ཚན། །དེ་བཞིན་ཉི་ཤུ་དྲུག་པ་«ཡ»ཉིད། «ཨ་སྡེ་ནས། »།དང་པོ་ཡི་ནི་དང་པོ་དང༌། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་དྲུག་
ཅུ་རྩ་ལྔ་པ«ཨཱ»འོ། «།ཨ་སྡེ་ནས། »།གཉིས་པ་ཡི་ནི་དང་པོ་ད«ཀ»ང༌། །གསུམ་པ་ཡི་ནི་བཞི་པ་ལ། །བཅུ་གསུམ་པ་ཡིས་མནན་«ཧ»པའོ། «།ཨ་སྡེ་ནས། »།དང་པོའི་དང་པོ་དེ་བཞིན་ཏེ། །མ་མོ་ལས་ནི་གཉིས་པ་ཉིད། །ཡི་གེ་དྲུག་ཅུ་བརྒྱད་པར་ལྡ«ཨཱ»ན། །དངོས་གྲུབ་ཐམས་ཅད་འགུགས་བྱེད་ཅིང༌། །སྒྲུབ་པོ་རྣམས་ལ་དཔལ་སྦྱིན་པའོ། «།ཨ་སྡེ་ནས། »།གཉིས་པ་ཡི་ནི་དང་པོ་ད«ཀ»ང༌། །གསུམ་པ་ཡི་ནི་བཞི་པ་ཡིན། །སྟེང་དུ་བཅུ་གསུམ་པ« ཌྜྷ»ཉིད་དང༌། །ཨཱུཥྨ་ཎ་ཡི་བཞི་པ་ལ། །ཉི་ཤུ་བདུན་པས་གདན་དུ་བྱས། །མ་མོ་ལས་ནི་བཞི་པ་ཉིད། །ཡི་གེ་བདུན་ཅུ་གཅིག་པར་ལྡ«ཧྲཱི་»ན། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །ཡ་ཡིག་བརྒྱད་པའི་ས་བོན་ལ། །འོད་བྱེད་ཀྱིས་ནི་གསལ་བྱས་པ། །མ་མོ་ལས་ནི་བཞི་པ་ཉིད། །ཡི་གེ་བདུན་ཅུ་གཉིས་པར་ལྡ«ཧྲཱིཾ»ན། །སེམས་ཅན་ཐམས་ཅད་དབང་བྱེད་པ། །ཐིག་ལེ་ཡིས་ནི་མཉམ་པར་མནན། །གཉིས་པ་ཡི་ནི་གསུམ་པ་ལ། །བཅོ་ལྔ་པ་ཡིས་གདན་དུ་བྱ། །དབྱངས་ཀྱི་བཅུ་བཞི་པར་ངེས་ལྡན། །ཡི་གེ་བདུན་ཅུ་རྩ་ག«ཛཽཾན»སུམ་པའོ། །གཉིས་པ་ཡི་ནི་གསུམ་པ་ལ། །གསུམ་པའི་ལྔ་པ་ལ་ནི་བསྐྱོན། །མ་མོ་ལས་ནི་བཅུ་བཞི་པ། །ཡི་གེ་བདུན་ཅུ་བཞི་པར་ལྡན།«་་་་་ཛཎཽ།» །དེ་བཞིན་ཐིག་ལེས་རྣམ་བརྒྱན་པའོ། །གསུམ་པ་བརྒྱད་ཚན་ཐ་མའི་སྔགས་བཏུ་བ་ནི། །ཀ་ཥའི་ས་བོན་བཏུས་ནས་ནི། །ཉི་ཤུ་ལྔ་པས་གདན་དུ་བྱ། །དབྱངས་རྣམས་ལས་ནི་གཉིས་པ་ཉིད། འདི་ནས་ཚིག་རྐང་བཅུ་བཞི་མངོན་བརྗོད་འབྲོག་འགྱུར་ལས་བསྐངས། །ཡི་གེ་བདུན་ཅུ་ལྔ་དང་སྦྱར།«་་་་་ཀྵམརཡུཾ» །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །རིལ་པོ་མཛེས་པ་བཏུས་ནས་ནི། །ཡི་གེ་མ་ཡི་གདན་དུ་བྱ། །ཕྱི་མོ་ཡི་ནི་གཉིས་པ་ཡང༌། །ཡི་གེ་བདུན་ཅུ་དྲུག་དང་སྦྱར།«་་་་་ཀྵམརཡུཾ» །ཨཱུཥྨ་ཎ་ཡི་བཞི་པ་ཉིད། །བདུན་པ་ཡི་ནི་བཞི་པ་དང༌། །ཐིག་ལེ་གཉིས་ཀྱིས་ཡང་དག་བརྒྱན། །ཕྱི་མོ་ཡི་ནི་གཉིས་པ་ཡང༌། །ཡི་གེ་བདུན་ཅུ་བདུན་དང་སྦྱར།«་་་་་ཀྵམརཡུཾ།» །ཡ་སོགས་བརྒྱད་པའི་ས་བོན་དང༌། །མ་མོའི་བཞི་པ་ཉིད་དང་ནི། །ཡི་གེ་བདུན་ཅུ་བརྒྱད«ཧཱིཾ»་དང་སྦྱར། །ཐིག་ལེས་མགོ་ལ་མནན་པར་བྱ། །དེ་བཞིན་སུམ་ཅུ་གསུམ་པར་ངེས། །དབྱངས་ཡིག་བཞི་པ་དག་ཀྱང་ནི། །ཡི་གེ་བདུན་ཅུ་དགུ་དང་སྦྱ«ཧྲཱིཾ»ར། «འདིར་མངོན་བརྗོད་ལས་ཧཾ་གཉིས་གཅིག་ཏུ་བགྲངས་པ་ལྟ་བུར་སྣང་ཡང༌།
སོ་སོར་བགྲངས་ནས་ལུས་ཀྱི་ཡི་གེ་གྲངས་བརྒྱ་གོ་བརྒྱད་དུ་བྱེད་པ་ལོ་ཙཱ་བ་གཉིས་འདུས་ཀྱི་འགྱུར་གྱི་དགོངས་པ་ལྟར་ལེགས་པར་རྗེས་གསུངས་སོ། »།ཐིག་ལེ་སྒྲ་ཡིས་བསྐྱེད་པ་སྟེ། །ཐིག་ལེས་ཀྱང་ནི་རྣམ་པར་བརྒྱན། །ལྔ་པའི་བདག་ཉིད་ཡོངས་བཏུས་ལ། །ཡང་ནི་དེ་ལ་གཉིས་པར་ངེས། །དབྱངས་རྣམས་ལས་ནི་དྲུག་པ་ཉིད། །རྟ་ཡི་རྒྱལ་པོ་སྐྱེད་པ་ལ«ཧཱུྃཧཱུྃ»། །ཐིག་ལེ་ནཱ་དས་རྣམ་བརྒྱན་པ། «ཨ་སྡེ་ནས། »།གཉིས་པ་ཡི་ནི་དང་པོ་དང༌། །མཐར་གནས་པ་ཡི་གསུམ་པ་དང༌། །དེ་བཞིན་སུམ་ཅུ་རྩ་གཉིས་པ། །དྲུག་པ་ཡི་ནི་གསུམ་པ་དང༌། །བདུན་པ་ཡི་ནི་བཞི་པ་དང༌། །དྲུག་པའི་གསུམ་པ་དེ་བཞིན་ཏེ། «ཨ་སྡེ་ནས། »།ལྔ་པ་ཡི་ནི་བཞི་པ་དང༌། །དྲུག་པ་ཡི་ནི་གསུམ་པ་སྟེ། །གཉིས་གཉིས་རྐང་པ་བཞི་ཡིན་ནོ། །ཞེས་པ་དང༌། དབྱངས་རྣམས་ལས་ནི་གསུམ་པ་ཉིད། །ཡི་གེ་བཅུ་དྲུག་ལ་ལྡན་ནོ། «ཀི་ལི་ཀི་ལི་སི་ལི་སི་ལི་ཧི་ལི་ཧི་ལི་དྷི་ལི་དྷི་ལི། »།ཡི་གེའི་གྲངས་ནི་བརྒྱ་ཡིན་ཏེ། །དགུ་བཅུ་དང་ནི་རྩ་བརྒྱད་དོ། །ཞེས་པའོ། །གསུམ་པ་རྩ་སྔགས་ཀྱི་ཐོག་མཐའ་ཡི་གེ་བཏུ་བ་ནི། ལེའུ་བདུན་པ་ལས། ཡི་གེ་ཨོཾ་ནི་དང་པོར་ཏེ། །ཧཱུྃ་ཧཱུྃ་ཕཊ་ནི་ཐ་མར་སྦྱར། །ཞེས་གསུངས་པ་ལྟར། དབུས་སུ་ཨོཾ་དང་དྷི་ལིའི་རྗེས་སུ་ཧཱུྃ་ཧཱུྃ་ཕཊ་བྲིའོ། །གཉིས་པ་ཡབ་ཀྱི་སྙིང་པོ་དང་ཉེ་སྙིང་བཏུ་བ་ནི། ལེའུ་བརྒྱད་པར། ཧཱ་སྭཱ་རཾ་བ་སཾ་ལ་ཛཱ་ནཱི་ཀི་ཌཱ་ཕཊ྄་ཧཱུྃ་ཧཱུྃ་ཀཾ་རུ་རུ་ཧེ་ཧེ་ཛྲབ་ཤྲཱི་ཨོཾ། ཞེས་སྙིང་པོ་དང༌། ལེའུ་བཅུ་གཉིས་པར། ཊཕ་ཧཱུྃ་ཧཱུྃ་ཧ་ཧ་ཧྲཱིཿཨོཾ། ཞེས་ཉེ་སྙིང་གོ་ལྡོག་ཏུ་ཡོད་པ་ལུགས་མཐུན་དུ་རྩ་སྔགས་ལ་མཐུད་ནས་བྲི་བའོ། །གསུམ་པ་ཡུམ་གྱི་སྙིང་པོ་དང་ཉེ་སྙིང་བཏུ་བ་ནི། ལེའུ་ལྔ་བཅུ་པར། ཨོཾ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཡུམ་གྱི་སྙིང་པོ་ལུགས་མཐུན་དུ་འབྱུང་བ་ལྟར་དང༌། ལེའུ་བཞི་བཅུ་རྩ་བརྒྱད་པར། ཧཱ་སྭཱ་ཊཕ་ཧཱུྃ་ཧཱུྃ་ཡེ་ནཱིརྞ་ཝ་ཛྲབ་ཡེ་ནཱི་ཀི་ཌཱ་དྡྷབུ་རྦས་ཨོཾ། ཞེས་ཉེ་སྙིང་ལུགས་ལྡོག་ཏུ་འབྱུང་བ་ལུགས་མཐུན་དུ་ཡབ་ལ་མཐུད་ནས་བྲི་བའོ། །བཞི་པ་ཡབ་ཡུམ་གྱི་གོ་ཆའི་སྔགས་གཉིས་བཏུ་བ་ནི། ལེའུ་དྲུག་པ་ལས། ཡ་སོགས་བརྒྱད་པའི་ས་བོན་དང༌། །དེ་བཞིན་གུག་ཀྱེད་བཅུ་གཉིས་ཀྱི། །ཡི་གེ་ཐ་མ་དོར་བྱས་པ། །ཡན་ལག་དྲུག་ཧེ་རུ་ཀར་བརྗོད། །དཔའ་བོ་དྲུག་དང་མཉམ་སྦྱོར་བ། །
ཡི་གེ་གཅིག་ཏུ་ཡང་དག་གནས། །ཨོཾ་ན་མ་སྭཱཧཱ་བཽ་ཥཊ། ཧཱུྃ་ཧཱུྃ་ཕཊ་དང་ཡང་དག་ལྡན། །ཞེས་གསུངས་པ་ལྟར། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བོ་ཥཊ་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧྃ། ཞེས་ཡབ་ཀྱི་གོ་ཆ་དྲུག་དང༌། ལེའུ་བརྒྱད་པ་ལས། ཕཊ་ཧཱུྃ་ཧྲི་ྃཧྲིྃ་ཧྃ་ཨོཾ་རྣམས། །ཡི་གེ་བྃ་དང་ཨོཾ་དང་ནི། །ཡི་གེ་མོཾ་དང་ཧྲཱིཾ་ཉིད་དང༌། ཧཱུྃ་དང་ཕཊ་དང་སྦྱར་བ་ནི། །རྣལ་འབྱོར་མ་ནི་དྲུག་ཏུ་བཤད། །ཅེས་གསུངས་པ་ལྟར། ཨོཾ་བྃ། ཧྃ་ཡོཾ། ཧྲི་ྃམོཾ། ཧྲེ་ྃཧྲི།ྃ ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་ཡུམ་གྱི་གོ་ཆ་དྲུག་རྣམས་ཡུམ་གྱི་ཉེ་སྙིང་ལ་མཐུད་ནས་བྲི་བའོ། །གཉིས་པ་སྔགས་བྱིན་གྱིས་བརླབས་ནས་མཆོད་པ་ནི། དེ་ནས་བཏུས་པའི་སྔགས་འཁོར་དེ་བཏུ་གཞིའི་དཀྱིལ་འཁོར་གྱི་སྟེང་དུ་མཉྫི་བཙུགས་པའི་ཁར་བཞག་ལ། ཁཎྜ་རོ་ཧིས་བསང༌། ཤཱུ་ནྱ་ཏཱས་སྦྱང༌། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞི༴ བྱང་ཆུབ་ཀྱི་སེམས་ཀྱིས་གང་བ་རེ་རེ༴ གཙོ་བོའི་ཐུགས་ཀར་ཟླ་བ་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ༴ ཕཊ་ཕཊ་དུད་ཀ་རྣམས་ཀྱིས་མཚན་པར་གྱུར། ལྷ་རྣམས་ཀྱི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ༴ སྐུ་གསུམ་གོ་འཕང་ཚེ་འདིར་མངོན་གྱུར་ཅིག །ཅེས་ལྷ་ལྔའི་དབང་ཆོག་བདེ་ཆེན་སྙིང་པོ་ལྟར་བསྒྲུབ་ཅིང་མཆོད། དེ་ནས་ཡིག་ཆ་ལོགས་སུ་གསལ་བ་ལྟར་ཚོགས་འཁོར་སྦྱོར་དངོས་རྗེས་གསུམ་ཚང་བར་བྱའོ། །གསུམ་པ་སྔགས་ཀྱི་རྗེ་གནང་བྱ་ཚུལ་ནི། སློབ་མ་རྣམས་ཁཎྜ་རོ་ཧེས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སློབ་མ་རྣམས་ཀྱི་གོ་སར་པད་ཉིའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས། སློབ་མ་རྣམས་རེ་རེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་སྐུ་མདོག་མཐིང་ག་ཞེས་པ་ནས། སྐམ་པོ་ལྔ་བཅུའི་དོ་ཤལ་ཅན་དུ་གྱུར། ཅེས་པའི་བར་གྱིས་གཙོ་བོ་ཡབ་ཡུམ་དུ་བསྐྱེད་ལ། མདུན་བསྐྱེད་དང་སློབ་དཔོན་དང༌། སློབ་མ་གསུམ་ག་ཧེ་རུ་ཀ་ཞལ་བཞི་ཕྱག་བཅུ་གཉིས་པར་གསལ་པའི་དཔྲལ་བར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ་ལ་རྩ་སྔགས་ཀྱིས་བསྐོར་བར་བླ་སློབ་གཉིས་ཀས་གསལ་བཏབ་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཝཱི་རེ་ཤྭཱ་ཡ། མ་ཧཱ་ཀཝཱགྣི་སཾ་ནི་བྷཱ་ཡ། ཛ་ཊཱ་མ་ཀུ་ཊོཏྐཱ་ཊཱ་ཡ། དཾཥྚཱ་ཀ་རཱ་ལོ་གྲ་བྷཱི་ཥ་ཎ་མུ་ཁཱ་ཡ། ས་ཧཱ་སྲ་བྷུ་ཛ་བྷཱ་སུ་རཱ་ཡ། པ་ར་ཤུ་པ་ཤོ་དྱཱ་ཏ་ཤཱུ་ལ་ཁ་ཊྭཱཾ་
གདྷཱ་རི་ཎེ་བྱཱ་གྷྲ་ཛི་ནཱམྦ་ར་དྷ་རཱ་ཡ། མཧཱ་དྷཱུ་མཐཱནྡྷ་ཀ་ར་ཝ་པུཥཱ་ཡ། ཀ་ར་ཀ་ར། ཀུ་རུ་ཀུ་རུ། ཝནྡྷ་ཝནྡྷ། ཏྲཱ་ས་ཡ་ཏྲཱ་ས་ཡ། ཀྵོ་བྷ་ཡ་ཀྵོ་བྷ་ཡ། ཧྲཽཾ་ཧྲཽཾ། ཧྲཿཧྲཿཕེཾ་ཕེཾ། ཕཊ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། བྷཀྵ་བྷཀྵ། བ་ས་རུ་དྷི་རཱནྟྲ་མཱ་ལཱ་བ་ལ་མྭི་ནེ། གྲིཧྞ་གྲིཧྞ། སཔྟ་པཱ་ཏཱ་ལ་ག་ཏ་བྷུ་ཛཾ་གཱཾ་སརྤཾ་བཱ། ཏརྫ་ཡ་ཏརྫ་ཡ། ཨཱ་ཀཌྜྷ་ཨཱ་ཀཌྜྷ། ཧྲཱིཾ་ཧྲཱིཾ། ཛཽཾན་ཛཽཾན། ཀྵྨཱཾ་ཀྵྨཱཾ། ཧཱཾ་ཧཱཾ། ཧཱིཾ་ཧཱིཾ། ཧཱུྃ་ཧཱུྃ། ཀི་ལི་ཀི་ལི། སི་ལི་སི་ལི། ཧི་ལི་ཧི་ལི། དྷི་ལི་དྷི་ལི། ཧཱུྃ་ཧཱུྃ་ཕཊ། ཅེས་རྩ་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག་སྟེ། ལན་རེ་རེ་ལ་མདུན་བསྐྱེད་དང་སློབ་དཔོན་གཉིས་ཀའི་སྔགས་ཕྲེང་ཨོཾ་དང་བཅས་པ་ལས་རང་འདྲ་གཉིས་པ་རེ་ཆད་ནས། སློབ་མའི་དཔྲལ་བའི་སྔགས་ཕྲེང་ཨོཾ་དང་བཅས་པ་ལ་བསྟིམས་ལ་གསུམ་བསྲེས་བྱས་པའི་མཐར། སློབ་མ་རྣམས་ཀྱིས་རང་རང་གི་དཔྲལ་བའི་སྔགས་ཕྲེང་དཀར་པོ་ལ་དམིགས་ལ་རྩ་སྔགས་ལན་གསུམ་བཟླའོ། །ཡང་མདུན་བསྐྱེད་བླ་སློབ་གསུམ་གའི་མགྲིན་པར་ཟླ་བའི་སྟེང་དུ་ཨཱཿདམར་པོ་ལ་ཡབ་ཡུམ་གྱི་སྙིང་པོ་གཉིས་ཀྱིས་བསྐོར་བ་གསལ་བཏབ་ལ། ཨོཾ་ཤྲཱི་བཛྲ་ཞེས་སོགས་དང༌། ཨོཾ་བཛྲ་བཻ་རོ་ཞེས་སོགས་སྙིང་པོ་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱས་པའི་ལན་རེ་རེ་ལ། མདུན་བསྐྱེད་དང་སློབ་དཔོན་གྱི་མགྲིན་པའི་སྔགས་ཕྲེང་ཨཱཿདང་བཅས་པ་ལས་རང་འདྲ་གཉིས་པ་རེ་ཆད་ནས། སློབ་མའི་མགྲིན་པའི་སྔགས་ཕྲེང་ཨཱཿདང་བཅས་པ་ལ་བསྟིམས་ལ་གསུམ་བསྲེས་བྱས་པའི་མཐར། སློབ་མ་རྣམས་ཀྱིས་རང་རང་གི་མགྲིན་པའི་སྔགས་ཕྲེང་དམར་པོ་ལ་དམིགས་ལ་སྙིང་པོ་གཉིས་ལན་བདུན་རེ་བཟླའོ། །ཡང་མདུན་བསྐྱེད་བླ་སློབ་གསུམ་གའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་སྔོན་པོ་ལ་ཡབ་ཡུམ་གྱི་ཉེ་སྙིང་གཉིས་ཀྱིས་བསྐོར་བ་གསལ་བཏབ་ལ་ཨོཾ་ཧྲཱིཿཧ་ཧ་ཞེས་སོགས་དང༌། ཨོཾ་སརྦ་བུདྡྷ་ཞེས་སོགས་ཉེ་སྙིང་གཉིས་ཀྱི་རྗེས་ཟློས་ལན་གསུམ་བྱས་པའི་ལན་རེ་རེ་ལ། མདུན་བསྐྱེད་དང་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ཧཱུྃ་དང་བཅས་པ་ལས་རང་འདྲ་གཉིས་པ་རེ་ཆད་ནས། སློབ་མའི་སྙིང་གའི་སྔགས་ཕྲེང་ཧཱུྃ་དང་བཅས་པ་ལ་བསྟིམས་ལ་གསུམ་བསྲེས་བྱས་པའི་མཐར། སློབ་མ་རྣམས་ཀྱི་སྙིང་
གའི་སྔགས་ཕྲེང་སྔོན་པོ་ལ་དམིགས་ལ་ཉེ་སྙིང་གཉིས་ལན་ཉེར་གཅིག་རེ་བཟླའོ། །གོ་ཆའི་རྗེས་གནང་ལ། སྔགས་རང་རང་གི་གནས་སུ་དགོད་མི་དགོས་ཤིང༌། ཨོཾ་ཧ། ན་མ་ཧི། སྭཱ་ཧཱ་ཧུ། བཽ་ཥཊ྄་ཧེ། ཧཱུྃ་ཧཱུྃ་ཧོ། ཕཊ་ཧྃ། ཞེས་དང༌། ཨོཾ་བོཾ། ཧྃ་ཡོཾ། ཧྲིཾ་ཧྲིཾ། ཧཱུྃ་ཧཱུྃ། ཕཊ་ཕཊ། ཅེས་རྗེས་ཟློས་ལན་གསུམ་རེ་བྱས་པས། སློབ་མ་རང་རང་གི་ལུས་ཀྱི་བ་སྤུའི་སྒོ་ཐམས་ཅད་ནས་སྔགས་དེ་རྣམས་ཚུར་ཞུགས་ཏེ་ཤ་ལྤགས་ཀྱི་བར་ཐམས་ཅད་ཁྱབ་པས་སྲུང་བ་ཆེན་པོར་གྱུར་པར་བསམ་མོ། །དེ་ནས་སློབ་དཔོན་གྱིས་བཏུ་གཞིའི་དཀྱིལ་འཁོར་གྱི་ཡི་གེ་རྣམས་ལ་གཡོན་པའི་མཐེབ་སྲིན་གྱིས་བྱུག་ཅིང༌། སློབ་མ་རྣམས་ཀྱི་སྤྱི་བོར་རེག་སྟེ་དབྱངས་གསལ་བརྗོད་པས། དེ་བཞིན་གཤེགས་པའི་ཚོགས་ཐམས་ཅད་སྤྱི་བོ་ནས་ཨཱ་ལི་ཀཱ་ལིའི་རྣམ་པས་ལུས་ལ་ཞུགས་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། དེ་བཞིན་དུ་བཏུས་པའི་དཀྱིལ་འཁོར་གྱི་རྩ་སྔགས་ལ་བྱུག་ཅིང་སྤྱི་བོ་དང༌། སྙིང་པོ་གཉིས་ལ་བྱུག་ཅིང་མགྲིན་པ་དང༌། ཉེ་སྙིང་གཉིས་ལ་བྱུག་ཅིང་སྙིང་གར་རེག་པས། གནས་དེ་དག་ནས་མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་སྔགས་གསུམ་གྱི་ཡིག་འབྲུའི་རྣམ་པར་ལུས་ལ་ཞུགས་པས་རྒྱུད་བྱིན་གྱིས་བརླབས་པར་བསམ། དེ་ནས་གོ་ཆའི་སྔགས་ལ་བྱུག་ཅིང་སྤྱི་བོར་རེག་པས་གོ་ཆ་བརྟན་ཅིང་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ་ཟློས་ལ་མེ་ཏོག་བླ་མ་ལ་དབུལ། བླ་མས་དེ་བླངས་ཏེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །དཔལ་འཁོར་ལོ་བདེ་མཆོག་གི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག ཅེས་བརྗོད་དོ། །དེ་ནས་ནང་མཆོད་ཀྱིས་བཏུས་པའི་ཡི་གེ་རྣམས་བཀྲུས་ལ། བླ་མ་རང་གིས་ཀྱང་བཏུང་ཞིང་ལུས་ལ་བྱུག སློབ་མ་རྣམས་ཀྱི་ཡང་གནས་གསུམ་དུ་བྱུག་ཅིང༌། ཁྱོར་བར་བྱིན་པ་འཐུངས་ཤིང་ལུས་ལ་བྱུགས་པས། ལུས་ཀྱི་ཆ་ཤས་རྣམས་སུ་དེ་བཞིན་གཤེགས་པ་དང༌། དཔའ་བོ་
དང༌། རྣལ་འབྱོར་མའི་ཚོགས་རྣམས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །གསུམ་པ་མཇུག་ཆོག་ནི། སློབ་མ་རྣམས་ཀྱི་སྙིང་གར་ཟླ་བ་ལ་རྡོ་རྗེ་སེམས་དཔའི་ངོ་བོ་ཨོཾ་ཧ་དཀར་པོ་ཞེས་སོགས་གོ་ཆ་གཉིས་དང༌། ཨོཾ་སུམྦྷ་ནི་སུམྦྷ་ཧཱུྃ་ཧཱུྃ་ཕཊ་ཅེས་སོགས་ཚམ་རྔམས་སྔགས་ཀྱི་སྲུང་བ་བྱས་ལ། གཏང་རག་གི་མཎྜལ་ཕུལ་རྗེས། དེ་ལྟར་དཔལ་ལྡན་འཁོར་ལོ་བདེ་མཆོག་གི །ཞེས་སོགས་སྨོན་ལམ་དང༌། རབ་ཡངས་ཀུན་གསལ་ཁྱོན་འགེངས་དཀྱིལ་འཁོར་ལྷ། །ཞེས་སོགས་ཀྱིས་ཤིས་པ་བརྗོད་པར་བྱའོ། །སྨྲས་པ། ཉུང་ངུའི་རྩ་རྒྱུད་ཟླ་བའི་མ་མ་རུ། །སྦས་པའི་ཡིད་སྐྱོབ་རིན་ཆེན་རྣམ་པ་བཞི། །ལུང་རིགས་སྐྱ་བ་འཆང་བའི་བློ་བཟང་གི། །དེད་དཔོན་མཆོག་དེས་ཉེར་བླངས་བྱི་དོར་མཛད། །གང་དེ་གྲུབ་མཆོག་ཉི་ཟླ་རྣམ་གཉིས་ཀྱིས། །རང་གཞུང་རྒྱལ་མཚན་ཏོག་ཏུ་རབ་བཀོད་ནས། །དཔྱོད་ལྡན་རྣམས་ཀྱི་ཡིད་ལ་དགོས་རྒུའི་ཆར། །བསྙིལ་བས་ནོར་འཛིན་ཁྱོན་ཡང་དོག་པོར་བྱས། །འོན་ཏེ་རྣམ་དཔྱོད་གཟུགས་འཛིན་ཀུན་རྨོངས་ཀྱི། །རབ་རིབ་མཐུག་པོས་སྦགས་པ་བདག་འདྲའི་འགྲོར། །ཕན་ཕྱིར་ཚིག་ཉུང་དོན་གསལ་ཀཉྩ་ནའི། །ཐུར་མའི་རྗེས་སུ་སྙེགས་འདི་བདག་གིས་བསྐྲུན། །ཚུལ་འདིར་འབད་ལས་ཐོབ་པའི་ལེགས་བྱས་མཐུས། །ཟུང་འཇུག་སྐུ་བཞིའི་དངོས་པོ་མྱུར་གྲུབ་ནས། །གསོན་གཤིན་འབྲེལ་ཐོགས་ཀྱིས་མཚོན་ལུས་ཅན་ཀུན། །གནས་སྐབས་མཐར་ཐུག་ཕན་དང་བདེར་འགོད་ཤོག །ཅེས་དཔལ་འཁོར་ལོ་སྡོམ་པའི་རིན་ཆེན་བཞིའི་སྔགས་བཏུས་ནས་བྱིན་གྱིས་བརླབ་ཚུལ་མདོར་བསྡུས་གོ་བདེ་བར་བརྗོད་པའི་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་འདི་ནི་འདི་གའི་རྩ་རྒྱུད། སྦས་དོན་ཀུན་གསལ། རིན་ཆེན་ཕྲེང་བ། ཉི་མའི་སྙིང་པོ་རྣམས་ལ་ལེགས་པར་བརྟག་ནས་སྙིང་པོའི་བཅུད་ཕྱུང་སྟེ། གསེར་འཕྱང་གི་ལོ་ལ་དགེ་སློང་དྷརྨ་བྷ་དྲས་དངུལ་ཆུའི་རི་ཕུག་ཏུ་སྦྱར་བའོ།། །།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་གནས་གསུམ་མཁའ་འགྲོའི་སྙིང་ཐིག
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་གནས་གསུམ་མཁའ་འགྲོའི་སྙིང་ཐིག་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བཛྲ་ཡོ་གི་ནྱཻ། དབང་སྔོན་རྡུལ་བརྩེགས་ལྷུན་པོ་ལ། །ཐུན་མཚམས་སྤྲིན་གྱིས་འཁྱུད་པ་ལྟའི། །ཧེ་རུ་ཀ་དཔལ་ཡབ་ཡུམ་དང༌། །དབྱེར་མེད་བླ་མའི་ཞབས་བཏུད་དེ། །དཔའ་མོ་མཁའ་འགྲོ་མ་ལུས་པའི། །གསང་བའི་རིག་སྔགས་ཨོཾ་གསུམ་མ། །བཏུས་ནས་བྱིན་རླབས་བྱ་བའི་ཚུལ། །ཚད་ལྡན་གཞུང་བཞིན་བརྗོད་པར་བྱ། །འདིར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་གཟུངས་སྔགས་ཨོཾ་གསུམ་མ་བཏུས་ནས་བྱིན་རླབས་བྱ་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། མཇུག་ཆོག་གོ །དང་པོ་ལ་གཉིས། སློབ་དཔོན་གྱི་བྱ་བའི་སྔོན་འགྲོ་དང༌། སློབ་མ་ལ་བྱ་བའི་སྔོན་འགྲོའོ། །དང་པོ་ནི། མཚན་ཉིད་དང་ལྡན་པའི་སློབ་དཔོན་གྱིས་གནས་ཁང་བདུད་རྩིས་བྱུགས་པ་ལ་མེ་ཏོག་གི་སིལ་མ་གཅལ་དུ་དགྲམ། རྡོ་དྲིལ་ཅང་ཏེའུ། ལས་བུམ། ཕྱི་ནང་གི་མཆོད་པ། གཏོར་མ། ཚོགས་རྫས། བགེགས་སྦྱོང་གི་ཆས། འཐོར་འབྲུ་སོགས་འོག་ཏུ་དགོས་པའི་ཡོ་བྱད་སྤྱི་དང༌། ཁྱད་པར་རས་སོགས་འབྲི་གཞི་གཙང་མ་ལ། ཕག་མོ་གཞུང་དྲུག་གི་ནང་ཚན་རི་ཁྲོད་དབང་ཕྱུག་གིས་མཛད་པའི་ཞལ་གཉིས་མ་ཆུང་བའི་སྒྲུབ་ཐབས་ལས། དེ་ནས་གཞན་ཡང་བཤད་བྱ་བ། །གསང་སྔགས་བཏུ་བའི་ཆོ་ག་མཆོག །གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བ། །རྡོ་རྗེ་རོལ་པ་ལས་བྱུང་བ། །ཆོས་ཀྱི་འབྱུང་གནས་ཞེས་བཤད་ཅིང༌། །བཙུན་མོའི་བྷ་ག་ཞེས་ཀྱང་ངོ༌། །
ཨཱ་ལི་ཀཱ་ལིའི་དབྱེ་བས་དེར། །སྡེ་ཚན་བརྒྱད་ཀྱི་རིམ་པ་ནི། །གཟ«༡»ུགས་མེ་«༢»མདའ«༥»་དང་ཐུབ་པ་«༧»དང༌། །བ«༩»ུག་པ་དྲག་པ«༡༡»ོ་འདོད་པ་«༡༣»ཉིད། །རེའུ་མིག་རྣམས་ལ་རིམ་བཞིན་དུ། །མན་ངག་གིས་ནི་དགོད་པར་བྱ། །དང་པོ་ཨ་ཡིག་ནས་བརྩམས་ཏེ། །ཡི་གེ་ཧ་ཡི་མཐར་ཐུག་པར། །གཡོན་སྐོར་གྱི་ནི་སྦྱོར་བ་ཡིས། །བདེ་མཆོག་རྒྱ་མཚོར་གསུངས་བཞིན་བྱ། །ཞེས་གསུངས་པ་ལྟར། ཆོས་འབྱུང་ཕྱི་དཀར་ལ་ནང་དམར་བའི་ནང་དུ་རེའུ་མིག་ཞེ་དགུ་བྱས་པ་ལ། ཀྵ་ཡིག་མ་གཏོགས་པའི་དབྱངས་གསལ་གྱི་ཡི་གེ་ཞེ་དགུ་ལ་དཔེའུ་རིས་ལྟར་བཀོད་པའི་བཏུ་གཞིའི་དཀྱིལ་འཁོར་སྟེགས་བུའི་སྟེང་དུ་བཞག་པའི་མཐར་མཆོད་པ་གཡོན་སྐོར་དུ་བཤམ། རྗེ་བཙུན་མའི་མངོན་རྟོགས་བསྒོམ། བསང་ཆུ་བསྒྲུབ། གཏོར་མགྲོན་སྤྱན་དྲངས་པ་ལ་གཏོར་མ་འབུལ་བ་རྣམས་བྱའོ། །གཉིས་པ་སློབ་མ་ལ་བྱ་བའི་སྔོན་འགྲོ་ནི། མཚན་ཉིད་དང་ལྡན་པའི་སློབ་མ་ལ་ཁྲུས་ཕྱག་མཎྜལ་བགེགས་སྦྱོང་ཆོས་བཤད་ཅི་རིགས་ཀྱི་རྗེས་སུ། དཔལ་མོ་རྣལ་འབྱོར་མ་ཀུན་གྱི། །རིག་སྔགས་བླ་ན་མེད་པའི་གསུང༌། །བཀླགས་པས་དོན་ཀུན་འགྲུབ་བྱེད་པ། །དཔའ་བོ་ཆེན་པོས་བདག་ལ་སྩོལ། །ཅེས་གསོལ་བ་ལན་གསུམ་འདེབས་སུ་བཅུག་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་དབོག་གོ །གཉིས་པ་དངོས་གཞི་ལ་གསུམ། སྔགས་བཏུ་གཞི་ལས་ཇི་ལྟར་བཏུ་བ། སྔགས་བྱིན་གྱིས་བརླབས་ནས་མཆོད་པ། སྔགས་ཀྱི་རྗེས་
གནང་བྱ་ཚུལ་ལོ། །དང་པོ་ནི། སློབ་དཔོན་གྱིས་གཞུང་ཚིག་རྣམས་དག་པར་བཀླགས་པའི་བརྗོད་དོན་དང་མཐུན་པར། ལས་ཀྱི་རྡོ་རྗེས་ཁྲུས་ལོང་དྲི་བཟང་གིས་བྱུགས་པ་ལ། སིནྡྷཱུ་ར། གུར་གུམ། གིའུ་ཝྃ། བདུད་རྩི་ལྔ་རྣམས་མཚལ་དང་བསྲེས་པའི་སྣག་ཙ་དང༌། གསེར་རམ་མི་རུས་སོགས་ཀྱི་སྨྱུ་གུས་ཆོས་འབྱུང་གྲུ་གསུམ་ཉིས་བརྩེགས་ཀྱི་མདུན་རྒྱབ་གཉིས་སྤངས་པའི་གྲ་བཞིར་དགའ་འཁྱིལ་དང་ནང་གི་དབུས་སུ་བྃ་ཡིག དེའི་མདུན་ནས་གཡོན་སྐོར་དུ་ཨོཾ་གསུམ་མ་དབུ་ཕྱིར་བསྟན་ཕྲེང་གཅིག་ལ་སྙོམས་པར་བྲིའོ། །གཞུང་ཚིག་ནི། །ཐ་སྟེང་«ཨོ»སུམ་འགྱུར་བྱས་ནས་ནི། །ཐིག་ལེཾ་ནཱ་དཾས་རྣམ་པར་བརྒྱན། །བྷ་སྟེང་«མ»ཚ་སྟེང་«བ»ཡི་གེ་ཉིད། །ཊ་ཡི་སྟེང་མ«ར»ས་སྤྱི་བོར་བརྒྱན། །ཙ་སའི་དབུས་གནས་«བ»བླངས་ནས་ནི། །ཌ་ཡི་འོག་མས་«ཨུ»འོག་ཏུ་བརྒྱན། །ཤ་སྟེང་«ང»ཤ་ལོག་སྟེང་མ་«དྷ»ནི། །དེ་བཞིན་ཡང་དག་སྦྱར་བའོ། །ལྀ་ཐུང་འོག་གི་ཡི་གེ་«ཌ»ལ། །ཧ་ཡི་འོག་མས«ཨཱ»་རྣམ་པར་བརྒྱན། །པ་སྟེང«ཀ»་ཏ་ལོག་འོག་མས་«ཨི»བརྒྱན། །ཕ་སྟེང་«ན»ཐ་ལོག་འོག་མ«ཨཱི»ས་བཅིང༌། །ཧ་ཊའི་དབུས་གནས་ཡི་གེ་«ཡ»ལ། །ཎ་ཡི་སྟེང་ན་གནས་པས་«ཨེ»བརྒྱན། །ཥ་ཡི་འོག་ན་གནས་པ་«བ»གཟུང༌། །བྷ་འོག་སྟན་དུ་ཎ་འོག«ར»་བྱ། །ཧ་ཡི་སྟེང་གནས་ཡི་གེ་«ཝ»ཉིད། །ར་ཡི་སྟེང་མ་«ཎ»ཉིས་བརྩེགས་ལ། །ཊ་ཡི་སྟེང་མ«ར»་སྤྱི་བོར་སྦྱར། །ཕ་ཡི་སྟེང་ན་གནས་«ན»པ་ལ། །ཋ་ཡི་འོག་ན་གནས་པ«ཨཱི»ས་བརྒྱན། །ཉ་སྟེང«ཡ»་ཎ་སྟེང་«ཨེ»གིས་བརྒྱན་པ། །མན་ངག་བཞིན་དུ་ཤེས་པར་བྱ། །ཙ་སའི་བར་ན་གནས་པ«བ»་བླང༌། །བྷ་འོག་«ཛ»སྟན་དུ་ཎ་འོག་«ར»སྦྱར། །དེ་བཞིན་ཚ་ཡི་སྟེང་མ«བ»་བླང༌། །ཏ་ཡི་སྟེང་ན་གནས་པ«ཨོ»ས་བརྒྱན། །ཎ་ཡི་འོག་མར«ར»་ཐ་སྟེང་«ཨོ»སྦྱར། །ཕ་ཡི་འོག་ན་གནས་པ་«ཙ»བླང༌། །དྷ་པའི་དབུས་གནས་ཡི་གེ་«ན»ལ། །ཋ་ཡི་འོག་མས«ཨཱི»་རྣམ་པར་བརྒྱན། །ཉ་ལའི་དབུས་གནས་ཡི་གེ་«ཡ»ལ། །ཎ་ཡི་སྟེང་མས«ཨེ»་བརྒྱན་པར་བྱ། །ཝ་མའི་དབུས་གནས་ཡི་གེ«ཧ»་ལ། །རཱྀ་རིང་འོག་མ་«ཨཱ»གདགས་པར་བྱ། །ཐིགཾ་ལེ་ནཱ་དཾ་ཡང་དག་ལྡན། །སུམ་འགྱུར་དུ་ནི་བྱ་བ་ཡིན། །ན་འོག་ར«ཕ»་ཡི་འོག་མས་དབྱེ། །སྔ་མ་བཞིན་དུ་སུམ་འགྱུར་བྱ། །ཤ་ཡི་འོག་མ་«ས»ཐ་འོག་«ཝ»ཞོན། །ཉ་ཡི་འོག་ན་གནས་པ་«ཨཱ»སྦྱར། །ཝ་མའི་བར་ན་གནས་པ་«ཧ»གཟུང༌། །ཛྷ་ཡི་མདུན་གྱི་དབྱངས་«ཨཱ»ཀྱིས་བརྒྱན། །བླ་མའི་
མན་ངག་ལམ་གྱིས་ནི། །གསང་སྔགས་བཏུ་བའང་ཤེས་པར་བྱ། །ཞེས་པའོ། །གཉིས་པ་སྔགས་བྱིན་གྱིས་བརླབས་ནས་མཆོད་པ་ནི། བཏུས་པའི་སྔགས་འཁོར་དེ་བཏུ་གཞིའི་དཀྱིལ་འཁོར་གྱི་སྟེང་དུ་མཉྫི་བཙུགས་པའི་ཁར་བཞག་ལ། ཁཎྜ་རོ་ཧིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང་དཀྱིལ་ཞེས་པ་ནས། མཁའ་སྤྱོད་ཆེན་པོའི་གོ་འཕང་ཐོབ་པར་ཤོག །ཅེས་པའི་བར་མདུན་བསྐྱེད་ལྟར་སྒྲུབ་ཅིང་མཆོད། དེ་ནས་མཚམས་འདིར་ཡིག་ཆ་ལོགས་སུ་གསལ་བ་ལྟར་ཚོགས་འཁོར་སྦྱོར་དངོས་རྗེས་གསུམ་ཚང་བར་བྱའོ། །གསུམ་པ་སྔགས་ཀྱི་རྗེས་གནང་བྱ་ཚུལ་ནི། སློབ་མ་ཁཎྜ་རོ་ཧིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སློབ་མ་རྣམས་ཀྱི་གོ་སར་ཨེ་ཨེ་ལས་ཆོས་འབྱུང་དམར་པོ་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ། ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། སློབ་མ་རྣམས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པ་ནི། ཞེས་པ་ནས། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །ཞེས་པའི་བར་གྱིས་ལྷར་བསྐྱེད་ལ། མདུན་བསྐྱེད་ཀྱི་རྗེ་བཙུན་མ་དང༌། སློབ་དཔོན་དང་སློབ་མ་རྗེ་བཙུན་མར་གསལ་བ་གསུམ་གའི་ཐུགས་ཀར་ཆོས་འབྱུང་དམར་པོ་གྲུ་གསུམ་ཉིས་བརྩེགས་ཀྱི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བྃ་ཡིག་ལ་ཨོཾ་གསུམ་མའི་སྔགས་ཕྲེང་ཁ་དོག་དམར་པོས་གཡོན་སྐོར་དུ་བསྐོར་བར་བླ་སློབ་གཉིས་ཀས་གསལ་བཏབ་སྟེ། ཨོཾ་གསུམ་མའི་རྗེས་ཟློས་ལན་གསུམ་བྱེད་དུ་བཅུག་སྟེ། ལན་རེ་རེ་ལ་མདུན་བསྐྱེད་དང་སློབ་དཔོན་གཉིས་ཀའི་ཐུགས་ཀའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་རང་འདྲ་གཉིས་པ་རེ་ཆད་པ་ཞལ་ནས་ཐོན། སློབ་མ་རྣམས་ཀྱི་ཁ་ནས་ཞུགས་ཏེ་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པས་གསང་སྔགས་རིག་སྔགས་གཟུངས་སྔགས་ཐམས་ཅད་ཀྱི་བྱིན་རླབས་ཐོབ་པར་བསམས་ལ་སུམ་བསྲེས་བྱས་པའི་མཐར། སློབ་མ་རྣམས་ཀྱིས་རང་རང་གི་སྙིང་གའི་བྃ་ཡིག་སྔགས་ཕྲེང་དང་བཅས་པ་ལ་དམིགས་ལ། ཉི་མ་རེ་རེ་བཞིན་གཟུངས་སྔགས་ཆག་མེད་དུ་བཟླའོ་སྙམ་པས་ལན་བདུན་ནམ།
ཉེར་གཅིག་གམ། བརྒྱ་རྩ་བརྒྱད་ལ་སོགས་པ་དམ་བཅའ་དང་མཐུན་པར་བཟླའོ། །དེ་ནས་སློབ་དཔོན་གྱིས་བཏུ་གཞི་དང་བཏུས་པའི་འཁོར་ལོའི་ཡི་གེ་རྣམས་ལ་གཡོན་པའི་མཐེབ་སྲིན་གྱིས་བྱུག་ཅིང༌། སློབ་མ་རྣམས་ཀྱི་སྤྱི་མགྲིན་སྙིང་ག་གསུམ་དུ་རེག་ནས་དབྱངས་གསལ་དང་ཨོཾ་གསུམ་མ་བརྗོད་པས། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ་ནས་དབྱངས་གསལ་དང་ཨོཾ་གསུམ་མའི་ཡིག་འབྲུའི་རྣམ་པར་གནས་གསུམ་ནས་ལུས་ལ་ཞུགས་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །དེ་ནས། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ་ཟློས་ལ་མེ་ཏོག་བླ་མ་ལ་དབུལ། བླ་མས་དེ་བླངས་ཏེ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ལ། སློབ་མ་རྣམས་ཀྱི་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་པ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འཇུག་པར་གྱུར་ཅིག ཅེས་བརྗོད་དོ། །དེ་ནས་ནང་མཆོད་ཀྱིས་བཏུ་གཞི་དང་བཏུས་པའི་ཡི་གེ་རྣམས་བཀྲུས་ལ། བླ་མ་རང་གིས་ཀྱང་བཏུང་ཞིང་ལུས་ལ་བྱུག སློབ་མ་རྣམས་ཀྱིའང་གནས་གསུམ་དུ་བྱུག་ཅིང༌། ཁྱོར་བར་བྱིན་པ་འཐུངས་ཤིང་ལུས་ལ་བྱུགས་པས། ལུས་ཀྱི་ཆ་ཤས་རྣམས་སུ་དེ་བཞིན་གཤེགས་པ་དང་དཔའ་བོ་དང༌། རྣལ་འབྱོར་མའི་ཚོགས་རྣམས་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་མོ། །གསུམ་པ་མཇུག་ཆོག་ནི། སློབ་མ་རྣམས་ཀྱི་གནས་རྣམས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ལྟེ་བར་ཨོཾ་བྃ་དམར་མོ། ཞེས་སོགས་གོ་ཆ་དང༌། ཨོཾ་སུམ་བྷ་ནི་སུམ་བྷ་ཧཱུྃ་ཧཱུྃ་ཕཊ། ཅེས་སོགས་ཚམ་ངམས་སྔགས་ཀྱི་སྲུང་བ་བྱས་ལ། གཏང་རག་གི་མཎྜལ་ཕུལ་རྗེས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་སྨོན་ལམ་དང༌། ཕུན་ཚོགས་དགེ་ལེགས་ཀུན་གྱི་དཔལ་མངའ་བ། །ཞེས་སོགས་ཤིས་བརྗོད་བྱའོ། །སྨྲས་པ། འཁོར་ལོ་སྡོམ་པའི་རྩ་བཤད་རྒྱུད་ཀྱི་དོན། །ཤཱ་བ་རི་དང་སྟོང་ཉིད་ཏིང་ངེ་འཛིན། །བིརྺ་པ་ཡི་གཞུང་གིས་བཀྲལ་བ་གང༌། །སྦས་དོན་ཀུན་
གསལ་ཉི་མས་ཕྱེ་མཐོང་ནས། །ཨ་འདུས་ཀ་ཕྲེང་ལྡན་པའི་མཚོ་མཇིངས་ལས། །ཨོཾ་གསུམ་རྒྱན་མཛེས་གསང་སྔགས་ནོར་བུའི་ཕྲེང༌། །བཏུས་ནས་སྣོད་རུང་གདུལ་བྱའི་མགུལ་རྒྱན་དུ། །བྱིན་འདི་ཁྱོ་མིན་སྐྱེས་པས་སྦྲུམ་བཞིན་སྦ། །འདི་ལྟར་བསྐྲུན་ལས་བྱུང་བའི་རྣམ་དཀར་དགེས། །ཕྱི་ནང་མཁའ་ལ་སྤྱོད་པའི་དཔལ་ཐོབ་ནས། །སྡུག་བསྔལ་རྒྱ་མཚོའི་ཀློང་བྱིངས་མ་རྒན་འགྲོའི། །སྐྱབས་མགོན་དཔུང་གཉེན་མཆོག་ཏུ་བདག་གྱུར་ཅིག །ཅེས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྔགས་བཏུའི་རྗེས་གནང་བྱ་ཚུལ་གནས་གསུམ་མཁའ་འགྲོའི་སྙིང་ཐིག་ཅེས་བྱ་བ་འདི་ནི་བདེ་མཆོག་གི་རིན་ཆེན་བཞིའི་སྔགས་བཏུ་དང༌། ནཱ་རོ་མཁའ་སྤྱོད་མའི་ལུང་གསུམ་གྱི་རྗེས་གནང་གི་རྒྱུན་ལེགས་པར་ཐོབ་པའི་བནྡེ་དྷརྨ་བྷ་དྲས་ས་སྐྱོང་གི་ལོར་དངུལ་ཆུའི་རི་ཕུག་ཏུ་སྦྱར་བའོ།། །།འདིར་འཁོར་ལོ་གཉིས་ཡོད། བཏུ་གཞིའི་འཁོར་ལོ་གཡས། བཏུས་པའི་འཁོར་ལོ་གཡོན།
བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན།
བླ་མ་ཚེ་ལྷ་རྣམ་གསུམ་གྱི་རྣལ་འབྱོར་དང་རྗེས་སུ་འབྲེལ་བར་ཚོགས་གཉིས་སྤེལ་བའི་ཆོ་ག་འཆི་མེད་གྲུབ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། ཕུལ་བྱུང་ཐུགས་རྗེའི་འཇུག་པས་སྲིད་དང་ཞིའི། །ཤིས་རྒུའི་དངོས་ཀུན་འཇོ་བའི་རྫོགས་ལྡན་སྤྲིན། །བླ་མ་འཆི་མེད་ཚེ་ཡི་ལྷ་ཚོགས་ཀྱིས། །དགེ་ལེགས་རྟག་པའི་མེ་ཏོག་ཆར་དུ་སྙིལ། །གང་དེའི་རྣལ་འབྱོར་ཟབ་མོ་ལ། །བརྟེན་ནས་ཚོགས་གཉིས་སྤེལ་བའི་ཐབས། །འཆི་མེད་གྲུབ་པའི་དགའ་སྟོན་མཆོག །སྐལ་བཟང་རྣམས་ཀྱི་དཔལ་དུ་སྦྱིན། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ་གཉིས། ཆོ་གར་མ་གཏོགས་པའི་སྦྱོར་བ་དང༌། ཆོ་གར་གཏོགས་པའི་སྦྱོར་བའོ། །དང་པོ་ནི། གནས་ཁང་བཀྲ་ཤིས་ཤིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པར་ཕྱག་དར་ལེགས་པར་བྱས་པའི་གུང་དུ་དཀོན་མཆོག་གི་རྟེན་སྤྱི་དང༌། ཁྱད་པར་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པ་བཀྲམ་པའི་སྤྱན་སྔར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་དང༌། བྱེ་བྲག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམ་ལྔ་བརྒྱ་རྩ་སོགས་ཇི་ལྟར་འབྱོར་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། གཞན་ཡང་མཎྜལ་དང་ཚོམ་བུའི་རྒྱུ། དྲི་ཆབ། རོལ་མོའི་བྱེ་བྲག་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ལ་གསུམ། གནས་ཡོ་བྱིན་རླབས། སྐྱབས་སུ་འགྲོ་བ། སེམས་བསྐྱེད་པའོ། །
དང་པོ་ནི། ངེས་འབྱུང་དང་སྙིང་རྗེའི་ཤུགས་དྲག་ཏུ་བསྐྱེད་ཅིང་དཀོན་མཆོག་གི་ཡོན་ཏན་ཡིད་ལ་བྱེད་བཞིན་པས་སྟོང་དང་རྟེན་འབྱུང་དབྱེར་མེད་པའི་གནས་ལུགས་ལ་དྲན་པ་ཉེ་བར་བཞག་སྟེ། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པ་དང༌། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་མཐུ། །ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་དཔལ། །ཆོས་དབྱིངས་རྣམ་པར་དག་པའི་བདེན་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་འབྱོར་པ་ལྟར། །ཡིད་འཕྲོག་ངོ་མཚར་བཀོད་པ་འབྱམས་ཀླས་གཞིར། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་བདེན་པའི་སྟོབས་དང༌། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྡྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། གཉིས་པ་ནི། སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་རང་གཞན་ཡིད་ཅན་ཐམས་ཅད་འཁོད་ནས་འདུན་པ་རྩེ་གཅིག་པས་སྐྱབས་སུ་འགྲོ་བར་
མོས་ཏེ། བདག་དང་མཁའ་མཉམ་སེམས་ཅན་མ་ལུས་ཀུན། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །བླ་མ་མཆོག་དང་དཀོན་མཆོག་རྣམ་གསུམ་ལ། །མི་ཕྱེད་གུས་པ་ཆེན་པོས་སྐྱབས་སུ་མཆི། །ཞེས་ཅི་ནུས་བརྗོད། གསུམ་པ་ནི། འགྲོ་ཀུན་སྲིད་ཞིའི་འཇིགས་ལས་བསྒྲལ་བའི་ཕྱིར། །བདག་གིས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ། །དེ་ཡི་ཆེད་དུ་བསོད་ནམས་ཡེ་ཤེས་ཀྱི། །ཚོགས་གཉིས་སྤེལ་བའི་ཆོ་ག་བསྒྲུབ་པར་བགྱི། །ཞེས་ལན་གསུམ་གྱིས་སྨོན་འཇུག་གི་སེམས་གསལ་གདབ་ཅིང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ་མོ། །གཉིས་པ་དངོས་གཞི་ལ་གསུམ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། བཟླས་པས་ཐུགས་དམ་བསྐུལ་བའོ། །དང་པོ་ནི། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང༌། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་མདུན་གྱི་མཁར། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང༌། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །
དཀར་དམར་མདངས་ཅན་མཉམ་གཞག་ཚེ་བུམ་འཛིན། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང༌། །གཉིས་པས་པད་དཀར་ལ་གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང༌། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་གཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་གཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང༌། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་པའི་རིག་འཛིན་དྲང་སྲོང་དང༌། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གྱིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །ཅེས་བརྗོད་ཅིང་ནན་ཏན་དུ་གསལ་གདབ། གཉིས་པ་ལ་བདུན་ལས། དང་པོ་ཕྱག་འཚལ་བ་ལ། ཐོག་མར་ཚོགས་ཞིང་སྤྱིར་ཕྱག་འཚལ་བ་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བ། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །ཞེས་ཕྱག་འཚལ་བའི་དམིགས་རྣམས་གསལ་བཏབ་ལ། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པའི་བར་གྱིས་ཕྱག་བྱ། བྱེ་བྲག་ཏུ་ཚོགས་
ཞིང་སོ་སོར་དམིགས་ནས། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །སྟོན་པ་བླ་མེད་སངས་རྒྱས་རིན་པོ་ཆེ། །སྐྱོབ་པ་བླ་མེད་དམ་ཆོས་རིན་པོ་ཆེ། །འདྲེན་པ་བླ་མེད་དགེ་འདུན་རིན་པོ་ཆེ། །སྐྱབས་གནས་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མར་མེ་མཛད་སོགས་རྒྱལ་བ་འདས་པ་དང༌། །བྱང་ཆུབ་ཆེན་པོ་ད་ལྟར་བཞུགས་པ་དང༌། །བྱམས་པ་ལ་སོགས་སླད་ནས་འབྱོན་པ་ཡི། །དུས་གསུམ་སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །རླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམ་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང༌། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ལ་ཕྱག་འཚལ་ལོ། །གང་གིས་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེའི་ཆོས་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །གང་སྔོན་སྦྱིན་
པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང༌། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོང་རྣམས་ལ་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཞེས་ཕྱག་བྱའོ། །གཉིས་པ་མཆོད་པ་འབུལ་བ་ལ། ཐོག་མར་ཐུན་མོང་དུ། མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང༌། མཆོད་པའི་སྤྲིན་གྱི་སྔགས་བརྗོད། བྱེ་བྲག་ཉེར་སྤྱོད་སོགས་ཀྱི་མཆོད་པ་ནི། དངོས་སུ་བཤམས་པ་ཉིད་རྒྱུར་བྱས་པ་ལས་བྱུང་བའི་ཡིད་སྤྲུལ་གྱི་མཆོད་སྤྲིན་ནམ་མཁའ་གང་བ་ཁྱབ་ཅིང་རྟག་པའི་ཚུལ་དུ་སྤྲོས་ཏེ་ཕུལ་བར་བསམས་ལ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་ཡོན་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ། དངོས་སུ་འབྱོར་དང༴ རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞབས་བསིལ་ཚོགས། །བླ་མ་འཆི་མེད༴ །བཞེས་ནས་ཚེ་དང༴ །པཱ་དྱཾ༴ །དངོས་སུ༴ །རབ་འབྱམས་ཞིང་ཀུན་ཁྱབ་པའི་མེ་ཏོག་ཚོགས། །བླ་མ༴ །བཞེས་ནས༴ །པུཥྤེ༴ དངོས་སུ༴ །རབ་འབྱམས་ཞིང་ཀུན་ཁྱབ་པའི་བདུག་སྤོས་ཚོགས། །བླ་མ༴ །བཞེས་ནས༴ དྷཱུ་པེ༴ །དངོས་སུ༴ །རབ་འབྱམས་ཞིང་ཀུན་ཁྱབ་པའི་མར་མེའི་ཚོགས། །བླ་མ༴ །བཞེས་ནས༴ །ཨཱ་ལོ་ཀེ༴ །དངོས་སུ༴ །རབ་འབྱམས་ཞིང་ཀུན་ཁྱབ་པའི་དྲི་ཆབ་ཚོགས། །བླ་མ༴ །བཞེས་ནས༴ །གནྡྷེ༴ །དངོས་སུ༴ །རབ་འབྱམས་ཞིང་ཀུན་ཁྱབ་པའི་ཞལ་ཟས་ཚོགས། །བླ་མ༴ །བཞེས་ནས༴ །ནཻ་བི་དྱེ༴ །དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་
པའི་རོལ་མོའི་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། འཁོར་ལོས་སྒྱུར་བ་ཆེན་པོའི་བསོད་ནམས་ཀྱི། །འབྱོར་བའི་ཁྱད་པར་ཕུལ་བྱུང་རིན་ཆེན་བདུན། །བླ་མ་འཆི་མེད༴ །བཞེས་ནས་ཚེ་དང༴ །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་སཔྟ་རཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། ཕྱོགས་དུས་ཀུན་ན་གཟུགས་སྒྲ་དྲི་དང་རོ། །རེག་བྱའི་ཁྱད་པར་ཕུན་སུམ་ཚོགས་པ་རྣམས། །བླ་མ༴ །བཞེས་ནས༴ །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། དགེ་མཚན་བཀྲ་ཤིས་རྟགས་ཀྱི་ཆར་འབེབས་པའི། །ཡིད་འཕྲོག་མཆོད་པའི་ལྷ་མོ་མཐའ་ཡས་པ། །བླ་མ༴ །བཞེས་ནས༴ །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་ཙིཏྣ་པཱུ་ཛི་ཏེ་ཨཱཿཧཱུྃ། སྟོབས་བཅུ་མངའ་བས་བྱིན་གྱིས་བརླབས་པ་ཡི། །ཀུན་ཏུ་ཤིས་པ་སྤེལ་བའི་རྫས་མཆོག་བརྒྱད། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་ཨཥྚ་མངྒ་ལཾ་དྲ་བྱ་པཱུ་ཛི་ཏེ་ཨཱཿཧཱུྃ། ཁྱད་པར་ཞིང་ཁམས་རྒྱ་མཚོའི་མཆོད་པ་ནི། བྱི་དོར་ལེགས་པར་བྱས་པའི་རིན་པོ་ཆེའི་མཎྜལ་ལ་དྲི་བཟང་པོའི་རླན་དང་བཅས་ཏེ་རིན་པོ་ཆེ་དང༌། སྨན་འབྲུ་ལ་སོགས་པའི་ཚོམ་བུ་དགོད་ཅིང༌། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རི་ཡི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་ཛམྦུ་གླིང༌། ནུབ་པ་ལང་སྤྱོད། བྱང་སྒྲ་མི་སྙན། ཉི་མ། ཟླ་བ། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། བླ་མ་འཆི་མེད་ཚེའི་ལྷ་ཚོགས། ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་གི་རྒྱུད་ཀྱི་སྒྲིབ་གཉིས་
བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་བསོད་ནམས་དང་ཡེ་ཤེས་ཀྱི་དགེ་མཚན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང༌། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཨོཾ་གུ་རུ་ཨཱ་ཡུར་དེ་བ་ག་ཎ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་བརྒྱ་སྟོང་སོགས་ཅི་ནུས་དང༌། སྤྲོ་ན་ཚོམ་བུ་སོ་བདུན་མ་སོགས་ཇི་ལྟར་རིགས་པའང་འབུལ། སླར་ཡང་ཡིད་ལས་བྱུང་བའི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་ཏེ་དོན་སེམས་བཞིན་དུ། རིན་ཆེན་སེམས་དེ་གཟུང་བར་བྱ་བའི་ཕྱིར། །དེ་བཞིན་གཤེགས་པ་རྣམས་དང་དམ་པའི་ཆོས། །དཀོན་མཆོག་དྲི་མ་མེད་དང་སངས་རྒྱས་སྲས། །ཡོན་ཏན་རྒྱ་མཚོ་རྣམས་ལ་ལེགས་པར་མཆོད། །མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང༌། །སྨན་གྱི་རྣམ་པར་གང་དག་ཡོད་པ་དང༌། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང༌། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང༌། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང༌། །ལྗོན་ཤིང་མེ་ཏོག་རྒྱན་སྤྲས་སྤུད་པ་དང༌། །ཤིང་གང་འབྲས་བཟང་ཡལ་ག་དུད་པ་དང༌། །ལྷ་སོགས་འཇིག་རྟེན་ན་ཡང་དྲི་དང་ནི། །སྤོས་དང་དཔག་བསམ་ཤིང་དང་རིན་ཆེན་ཤིང༌། །མ་རྨོས་འཁྲུངས་པའི་ལོ་ཏོག་རྣམ་པ་དང༌། །གཞན་ཡང་མཆོད་པར་འོས་པའི་རྒྱན་རྣམས་ནི། །མཚོ་དང་རྫིང་བུ་པདྨས་བརྒྱན་པ་དང༌། །ངང་པ་ཤིན་ཏུ་སྐད་སྙན་ཡིད་འོང་ལྡན། །ནམ་མཁའ་རབ་འབྱམས་ཁམས་ཀྱི་མཐས་གཏུགས་པ། །ཡོངས་སུ་བཟུང་བ་མེད་པ་དེ་དག་ཀུན། །བློ་ཡིས་བླངས་ནས་ཐུབ་པ་སྐྱེས་ཀྱི་མཆོག །སྲས་དང་བཅས་པ་རྣམས་ལ་
ལེགས་འབུལ་ན། །ཡོན་གནས་དམ་པ་ཐུགས་རྗེ་ཆེ་རྣམས་ཀྱིས། །བདག་ལ་བརྩེར་དགོངས་བདག་གི་འདི་དག་བཞེས། །བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་འདི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་མཆི་བར་བགྱི། །བདག་ནི་ཁྱོད་ཀྱིས་ཡོངས་སུ་བཟུང་བས་ན། །སྲིད་ན་མི་འཇིགས་སེམས་ཅན་ཕན་པར་བགྱི། །སྔོན་གྱི་སྡིག་ལས་ཡང་དག་འདའ་བགྱིད་ཅིང༌། །སྡིག་པ་གཞན་ཡང་སླན་ཆད་མི་བགྱིད་དོ། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོམ་པས་སྐུ་ཕྱིའོ། །དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང༌། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང༌། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །མེ་ཏོག་མནྡཱ་ར་དང་པདྨ་དང༌། །ཨུཏྤལ་ལ་སོགས་དྲི་ཞིམ་ཐམས་ཅད་དང༌། །
ཕྲེང་བ་སྤེལ་ལེགས་ཡིད་འོད་རྣམས་ཀྱིས་མཆོད། །སྤོས་མཆོག་ཡིད་འཕྲོག་དྲི་ངད་ཁྱབ་པ་ཡི། །བདུག་པའི་སྤྲིན་ཚོགས་རྣམས་ཀྱང་དེ་ལ་འབུལ། །ཞལ་ཟས་བཟའ་བཏུང་སྣ་ཚོགས་བཅས་པ་ཡི། །ལྷ་བཤོས་རྣམས་ཀྱང་དེ་ལ་དབུལ་བར་བགྱི། །གསེར་གྱི་པདྨ་ཚར་དུ་དངར་བ་ཡི། །རིན་ཆེན་སྒྲོན་མེ་རྣམས་ཀྱང་དབུལ་བར་བགྱི། །ས་གཞི་བསྟར་བ་སྤོས་ཆུས་བྱུགས་པ་དེར། །མེ་ཏོག་ཡིད་འོང་སིལ་མ་དགྲམ་པར་བགྱི། །གཞལ་མེད་ཕོ་བྲང་བསྟོད་དབྱངས་ཡིད་འོང་ལྡན། །མུ་ཏིག་རིན་ཆེན་རྒྱན་འཆང་མཛེས་འབར་བ། །དཔག་ཡས་ནམ་མཁའི་རྒྱན་གྱུར་དེ་དག་ཀྱང༌། །ཐུགས་རྗེའི་རང་བཞིན་ཅན་ལ་དབུལ་བར་བགྱི། །རིན་ཆེན་གདུགས་མཛེས་གསེར་གྱི་ཡུ་བ་ཅན། །ཁོར་ཡུག་རྒྱན་གྱི་རྣམ་པ་ཡིད་འོང་ལྡན། །དབྱིབས་ལེགས་ལྟ་ན་སྡུག་པ་བསྒྲེང་བ་ཡང༌། །རྟག་ཏུ་ཐུབ་དབང་རྣམས་ལ་དབུལ་བར་བགྱི། །དེ་ལས་གཞན་ཡང་མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སིམ་བྱེད་པ། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །དམ་ཆོས་དཀོན་མཆོག་ཐམས་ཅད་དང༌། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་ཆར། །རྒྱུན་མི་ཆད་པ་འབབ་པར་ཤོག །ཇི་ལྟར་འཇམ་དབྱངས་ལ་སོགས་པས། །རྒྱལ་བ་རྣམས་ལ་མཆོད་མཛད་པ། །དེ་བཞིན་བདག་གིས་དེ་བཞིན་གཤེགས། །མགོན་པོ་སྲས་དང་བཅས་རྣམས་མཆོད། །ཡོན་ཏན་རྒྱ་མཚོ་རྣམས་ལ་བདག །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད། །བསྟོད་དབྱངས་སྙན་སྤྲིན་དེ་དག་ལ། །ངེས་པར་ཀུན་ཏུ་འབྱུང་གྱུར་ཅིག །ཅེས་དང༌། ན་མ་སྶརྦ་བུདྡྷ་བོདྷི་ས་ཏྭེ་བྷྱཿ ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་བརྟ་ཡ་ཨཱ་བརྟ་ཡ་སྭཱ་ཧཱ། ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པ་དང༌། བསྙེན་བཀུར་བ་དང༌། ཞབས་ལ་སྤྱི་བོས་ཕྱག་བྱས་པར་འགྱུར་རོ། །གསུམ་པ་སྡིག་པ་བཤགས་པ་སོགས་ཡན་ལག་ལྷག་མ་
རྣམས་ནི། འདོད་ཆགས་ཞེ་སྡང་སོགས་ནས། ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་འདུན་པ་རྩེ་གཅིག་པས་བརྗོད། སྤྲོ་ན་སྤྱོད་འཇུག་སོགས་ལས་འབྱུང་བའི་ཚིགས་བཅད་རྒྱས་པ་ཇི་ལྟར་རིགས་པའང་སྤེལ། གང་ལྟར་ཡང་སྐབས་འདིར་སེམས་བསྐྱེད་པའི་གོ་ཆ་བླང་བ་ནི་ཐུན་མོང་གི་ཚེ་སྒྲུབ་པའི་ཐབས་ཀྱི་མཆོག་གཅིག་ཏུ་གསུངས་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང༌། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང༌། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་དགོངས་གསོལ་སྔོན་དུ་འགྲོ་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་སེམས་བསྐྱེད་ཀྱི་རྟེན་དུ་གྱུར་པའི་སྐྱབས་འགྲོ་དང༌། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང༌། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང༌། །དེ་བཞིན་དུ་ནི་བསླབ་པ་ལའང༌། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ལན་གསུམ་གྱིས་སེམས་བསྐྱེད་བླང༌། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ད་ནི་བདག་གིས་ཅི་ནས་ཀྱང༌། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ཞེས་དང༌། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་ཏུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་དགའ་བ་བསྒོམ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་
མེད་པ་དང༌། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང༌། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང༌། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ཞིང༌། །བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །ཅེས་སྨོན་ལམ་གདབ་བོ། །དེ་ནས། སྐྱབས་གནས་ཀུན་འདུས་བླ་མ་ཚེ་ཡི་ལྷར། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་བ་འདེབས། །མཁྱེན་བརྩེ་ནུས་པས་བདག་རྒྱུད་བྱིན་གྱིས་རློབས། །འཆི་མེད་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཅེས་ཕུར་ཚུགས་སུ་གསོལ་བ་ལན་གྲངས་མང་དུ་བཏབ་པའི་མཐར། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང༌། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང༌། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ནོར་བུ་སྨན་སོགས་ཕྱི་ཡི་རྟེན་འབྲེལ་དང༌། །རྣལ་འབྱོར་ནུས་པ་ནང་གི་ཐབས་མཁས་ཀྱིས། །དུས་མིན་འཆི་བ་མཐའ་དག་ཞི་བྱས་ནས། །རིང་འཚོའི་དགའ་སྟོན་འཕེལ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་པས་ལྷར་བཅས་ཀུན་གྱིས་སྲུང༌། །
བྱང་ཆུབ་སེམས་ཀྱིས་གདོན་བགེགས་དབང་དུ་གྱུར། །སྤྲོས་བྲལ་ལྟ་བས་སྐྱེ་འཆིའི་འཁྲུལ་སྣང་ཀུན། །བདེན་མེད་སྒྱུ་མར་གྲོལ་བར་བྱིན་གྱིས་རློབས། །བླ་མ་ལྷར་བཅས་ཐུགས་རྗེའི་འོད་ཟེར་གྱིས། །ཕྱི་སྣོད་འབྱུང་ལྔའི་ཁམས་དང་སྲིད་ཞིའི་བཅུད། །བཀུག་སྟེ་ནང་གི་སྒོ་གསུམ་ལ་བསྟིམས་པས། །འགྱུར་མེད་རྡོ་རྗེའི་ངོ་བོར་བྱིན་གྱིས་རློབས། །རྒུད་པ་མེད་པའི་ལང་ཚོའི་གཟི་འོད་དང༌། །སྟོབས་དང་རྩལ་གྱིས་ཕས་རྒོལ་ཟིལ་གནོན་ཞིང༌། །དངོས་གྲུབ་བསོད་ནམས་རྣམ་པར་རྒྱས་པའི་དཔལ། །དབང་བཅུའི་མངའ་ཐང་འཕེལ་བར་བྱིན་གྱིས་རློབས། །འཆི་མེད་སྲོག་གི་མདུད་པ་དམ་པོར་བཅིངས། །མི་ཤིགས་ཚེ་ཡི་ལྗོན་བཟང་རབ་ཏུ་བརྟན། །མ་འགགས་བློ་དང་མྱུར་བའི་སྤོབས་པ་ཡིས། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །མཐར་ཐུགས་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་གྱིས་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང༌། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང༌། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། གསུམ་པ་བཟླས་པས་ཐུགས་དམ་བསྐུལ་བ་ནི། ཨོཾ་ཏཱ་རེ་ཏུཏྟ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང༌། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་
གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུད་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཅེས་བརྗོད་ཅིང་དམིགས་པ་ནན་ཏན་དུ་གསལ་བཏབ་ལ། ཨོཾ་ཨ་མ་ར་ཎི་ཛཱི་བནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང༌། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་སོགས་ཇི་ལྟར་རིགས་པ་བཟླ། དེ་ཙམ་མི་ནུས་ན། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཞེས་རྣམ་རྒྱལ་མའི་སྙིང་པོ་དང༌། ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། ཞེས་སྒྲོལ་དཀར་གྱི་སྙིང་པོ་དང༌། སྐབས་སུ་སྤེལ་ཚིག་དང་བཅས་པའང་ཅི་ནུས་སུ་བཟླ་ཞིང༌། སྤྲོ་ན་ཚེ་དཔག་མེད་པའི་གཟུངས་མདོ། རྣམ་རྒྱལ་མའི་རྟོག་པ། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་རྣམས་ཀྱང་བཀླག་པར་བྱ་སྟེ། སངས་རྒྱས་རྗེས་དྲན་དུ་བྱས་ནས་ཀློག་པར་གསུངས་པའི་དོན་ཡིན་པས་ཤིན་ཏུ་ལེགས། གཞན་ཡང་འཕགས་བོད་ཀྱི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟོད་ཚོགས་དང༌། ཁོ་བོས་བགྱིས་པའི་ཚེ་ལྷ་རྣམ་གསུམ་གྱི་བསྟོད་པ་སོགས་གདངས་སྙན་མོས་བརྗོད་པའི་བར་བར་དུ་སོགས་རྣམས་སྤེལ་ནས་བཟླས་ཀྱང་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །གསུམ་པ་རྗེས་ཀྱི་ཆོ་ག་ལ་གསུམ། གཏང་རག་འབུལ་བ། ཚོགས་ཞིང་བསྡུ་བ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པའོ། །དང་པོ་ནི། མཆོད་པ་རྣམས་ཞལ་གསོས་ལ་མཆོད་པའི་
སྤྲིན་གྱི་སྔགས་ཀྱིས་བརླབ། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །ཞེས་དང༌། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད་སོགས་ཤློ་ཀ་གསུམ་གྱི་མཐར། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང༌། །མོས་པའི་སྟོབས་ཀྱིས་སྤྲུལ་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་རྣམ་ཐར་ལས་བྱུང་བ། །སངས་རྒྱས་ཞིང་མཐར་ཁྱབ་པས་རྟག་ཏུ་མཆོད། །ཅེས་དང༌། མཆོད་པའི་སྤྲིན་གྱི་གཟུང་བརྗོད། བདག་གཞན་འཁོར་བ་ཐོག་མེད་ནས་བསགས་པའི། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ཞེས་ཡན་ལག་བདུན་པ་ཚང་བར་བྱ་ཞིང༌། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང༌། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང༌། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །མཐར་ཐུག་གསང་ཆེན་མྱུར་ལམ་ལ་བརྟེན་ནས། །རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཏེ། །འཆི་མེད་རྟག་པ་དམ་
པའི་ཕྲིན་ལས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་འདྲེན་པར་བྱིན་རློབས། །གཞན་ཡང་བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང༌། །བཤད་སྒྲུབ་བསྟན་པ་ཕྱོགས་བཅུར་རྒྱས་པ་ཡིས། །ས་གསུམ་དགེ་ལེགས་འཕེལ་བར་བྱིན་གྱིས་རློབས། །བཀྲ་ཤིས་སྲིད་དང་ཞི་བའི་ཡོན་ཏན་གྱི། །དགེ་མཚན་སྣང་བ་ནུབ་པ་མེད་པའི་ཕུལ། །ཕུན་ཚོགས་འཆི་མེད་གྲུབ་པའི་ངོ་མཚར་དང༌། །ལྷན་ཅིག་ཕན་བདེའི་འབྱོར་པ་རྒྱས་གྱུར་ཅིག །ཅེས་གསོལ་པ་གདབ། གཉིས་པ་ནི། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང༌། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་ངང༌། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་བརྗོད་ཅིང་བསམས་ལ་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དབྱིངས་སུ་མཉམ་པར་གཞག གསུམ་པ་ནི། དེ་ལས་ལྡང་བར་བརྩམ་པ་ན། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོག་ཤོག །ཅེས་དང༌། སྤྲོ་ན། འདས་པའི་སངས་རྒྱས་རྣམས་དང་ཕྱོགས་བཅུ་ཡི། །ཞེས་སོགས་བཟང་པོ་སྤྱོད་པའི་སྨོན་ལམ་གདབ། ཆེ་བའི་ཆེ་མཆོག་སོགས་མདོ་རྒྱུད་ལས་གསུངས་པའི་བཀྲ་ཤིས་དང༌། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང༌། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང༌། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །དཔོན་སློབ་མི་འབྲལ་ལྷན་ཅིག་འགྲོགས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་དགེ་ལེགས་སུ་བྱའོ། །བསྒྲུབ་བྱ་གཞན་གྱི་ཆེད་དུ་
བྱེད་པའི་ཚེ། བླ་མ་སོགས་ཡུལ་མཆོག་རྣམས་རང་གི་གཡས་ཕྱོགས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུན་སུམ་ཚོགས་པའི་སྟེང་དུ་བཞུགས་པ་དང༌། སྦྱིན་བདག་ཕལ་པའི་རིགས་རྣམས་མདུན་དུ་འཁོད་པ། དེ་དག་ཀྱང་ལང་ཚོ་དར་ལ་བབས་ཤིང་གོས་རྒྱན་གཟབས་མཆོར་ཕུན་སུམ་ཚོགས་པར་གསལ་བཏབ་ལ་ཚེ་བཅུད་བསྡུ་བསྟིམ་ལྷན་ཅིག་ཏུ་བགྱིས་པས་དོན་གྲུབ་པ་ཡིན་ནོ། །དེ་ལྟར་འབད་པའི་ཕན་ཡོན་ནི། ཚེ་དཔག་མེད་ཀྱི་གཟུངས་མདོ་དང༌། གཙུག་ཏོར་རྣམས་རྒྱལ་མའི་རྟོག་པ་དང༌། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་སོགས་ལས་ཇི་སྐད་གསུང་པ་ལྟར་སྡིག་པ་དང་སྒྲིབ་ཐམས་ཅད་བྱང་ཞིང༌། གནས་སྐབས་དང་མཐར་ཐུག་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་ཡེ་ཤེས་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ཚེ་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོའི་གོ་འཕང་འཐོབ་པ་སོགས་སྲིད་པ་དང་ཞི་བའི་དགེ་མཚན་མཐའ་དག་གིས་འབྱོར་པར་འགྱུར་པ་ནི་ངེས་པའོ། །རྟག་པར་གཞན་ལ་སྨན་འདོད་པའི། །ཡིད་ཀྱི་ཆུ་གཏེར་ཉམས་དགའ་བ། །སངས་རྒྱས་བྱིན་རླབས་མཐུས་བསྐུལ་བས། །འཆི་མེད་སྒྲུབ་པའི་ཐབས་འདི་བྱུང༌། །དེ་ལས་འཐོབ་པའི་དགེ་ཚོགས་བདུད་རྩིའི་སྤྲིན། །བྱང་ཆུབ་སྙིང་པོའི་ཕ་མཐར་ཁྱབ་པ་ལས། །ལེགས་བྱས་ཟིལ་དངར་རྟག་ཏུ་བབས་པ་ཡིས། །ཕན་བདེའི་སྙེ་མ་གཡུར་དུ་ཟ་བར་ཤོག །ཅེས་པའང་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཆོས་ཀྱི་འཁོར་ལོ་དུས་རྟག་ཏུ་བསྐོར་བ་དང༌། རང་གཞན་ཡིད་ཅན་མཐའ་དག་ཚེ་དང་བསོད་ནམས་ཡེ་ཤེས་ཀྱི་དགེ་མཚན་རྒྱས་པའི་རྟེན་འབྱུང་དུ་དམིགས་ཏེ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྦྱར་བ་དེ་དེ་བཞིན་དུ་འགྲུབ་པའི་དགེ་ལེགས་ཀྱི་སྣང་བས་ཕྱོགས་དུས་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།།
འཆི་མེད་ཚེ་ལྷ་རྣམ་གསུམ་བསྟོད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཨ་པ་རི་མི་ཏཱ་ཡུ་རཾ་སྟོ་ཏྲཾ། བོད་སྐད་དུ། ཚེ་དཔག་མེད་ལ་བསྟོད་པ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར། །སེམས་ཅན་སྡུག་བསྔལ་སྣ་ཚོགས་ཀུན། །མ་ལུས་པར་ནི་སེལ་མཛད་པའི། །སངས་རྒྱས་ཚེ་དཔག་མེད་ཕྱག་འཚལ། །རྡོ་རྗེ་སེམས་དཔའ་ལས་བྱུང་ཞིང༌། །ཉེས་པའི་དྲི་མ་ཀུན་བཅོམ་པ། །རྡོ་རྗེའི་ལུས་ཅན་རྡོ་རྗེ་ཅན། །རྡོ་རྗེ་ཚེ་དཔག་མེད་ཕྱག་འཚལ། །བསམ་པའི་དོན་ཀུན་སྐད་ཅིག་གིས། །རང་འདོད་བཞིན་དུ་ཚིམ་མཛད་དཔལ། །མཆོག་གི་བདག་པོ་ཆེན་པོ་སྟེ། །རིན་ཆེན་ཚེ་དཔག་མེད་ཕྱག་འཚལ། །ཇི་ལྟར་ཉོན་མོངས་དྲི་མ་ཡིས། །ཀུན་ནས་གོས་པར་མི་འགྱུར་ཞིང༌། །ཐུགས་རྗེས་ཆགས་ཚུལ་སྟོན་མཛད་པའི། །པདྨ་ཚེ་དཔག་མེད་ཕྱག་འཚལ། །འདོད་པའི་ལས་རྣམས་མ་ལུས་པ། །སྐད་ཅིག་ཉིད་ཀྱིས་རྫོགས་པའི་དཔལ། །བསམ་ཀུན་འཕེལ་བྱེད་དཔག་བསམ་ཤིང༌། །ལས་ཀྱི་ཚེ་དཔག་མེད་ཕྱག་འཚལ། །ཉེས་པ་ཀུན་ལས་ཁྱོད་གྲོལ་ནས། །སྣ་ཚོགས་ཡོན་ཏན་ཀུན་གྱིས་བརྒྱན། །འཁོར་བའི་སྐྱབས་མཛད་དཔའ་བོ་སྟེ། །ཀུན་གཟིགས་ཚེ་དཔག་མེད་ཕྱག་འཚལ། །སྟོབས་ཆེན་རྣམས་ཀྱིས་རབ་བརྒྱན་ཏེ། །མི་མཐུན་ཕྱོགས་རྣམས་མ་ལུས་འཇོམས། །སྟོན་པ་སྲེད་མེད་བུ་ཡི་སྟོབས། །ཡོན་ཏན་ཚེ་དཔག་མེད་ཕྱག་འཚལ། །མེ་ལོང་མཉམ་ཉིད་ལ་སོགས་པའི། །ཡེ་ཤེས་མང་པོའི་མཛོད་འཛིན་པ། །རྟོག་པ་མ་ལུས་ཁྱོད་ཀྱིས་སྤངས། །ཡེ་ཤེས་ཚེ་དཔག་མེད་ཕྱག་འཚལ། །རྣམ་པར་རྟོག་ལས་ཁྱོད་གྲོལ་ནས། །མཐའ་བྲལ་ཏིང་འཛིན་ཞི་བ་སྟེ། །བདུད་དང་མུ་སྟེགས་འཇོམས་མཛད་པའི། །མི་གཡོ་ཚེ་དཔག་མེད་ཕྱག་འཚལ། །འཁོར་བའི་སེམས་ཅན་གང་ཡང་རུང༌། །ཁྱོད་ཀྱི་མཚན་ཙམ་འཛིན་པ་ལ། །ཚེ་དང་ཡེ་ཤེས་སྩོལ་མཛད་པའི། །ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཛེ་ཏཱ་རི་དགྲ་ལས་རྣམ་
པར་རྒྱལ་བས་མཛད་པའོ། །འཆི་མེད་མགོན་པོའི་ལྷ་ཚོགས་ལ། །གུས་པས་ཕྱག་འཚལ་བསྟོད་པའི་མཐུས། །བདག་གི་རྒྱུད་ལ་ངེས་འབྱུང་དང༌། །བྱང་ཆུབ་སེམས་གཉིས་རྒྱས་གྱུར་ཅིག །ཚོགས་ཟུང་ཆུ་གཏེར་ལས་འཁྲུངས་པའི། །ཚེ་མཐའ་ཡས་པའི་ལྷ་སྔགས་དང༌། །ཏིང་འཛིན་སྣང་བས་གྲུབ་གཉིས་ཀྱི། །པདྨོ་མཆོག་ཏུ་རྒྱས་པར་ཤོག །རྣམ་སྣང་རྡོ་རྗེ་རིན་ཆེན་དང༌། །པདྨོ་ལས་རིགས་ཡེ་ཤེས་ཀྱི། །བདུད་རྩིའི་རྒྱུན་གྱིས་དབང་བསྐུར་བའི། །སྐལ་བཟང་ལྷག་པར་གྲུབ་གྱུར་ཅིག །སྐྱེ་ཀུན་དུག་ལྔས་བསགས་པ་ཡི། །འཚོ་བ་ཐུང་བའི་སྒྲིབ་བྱང་ནས། །རིགས་ལྔ་ཚེ་དཔག་མེད་མགོན་གྱི། །གོ་འཕང་རྒྱུད་ལ་འཇོག་པར་ཤོག །ཀུན་གཟིགས་ཡོན་ཏན་ཡེ་ཤེས་དང༌། །མི་གཡོའི་རང་བཞིན་ཟིལ་དངར་གྱིས། །འགལ་རྐྱེན་བཀྲུ་ཞིང་བྱང་བ་དང༌། །རྡོ་རྗེའི་སྲུང་བ་མཆོག་གྱུར་ཅིག །བདག་གི་སྙིང་དབུས་པདྨོ་དང༌། །སྤྱི་བོར་བཞུགས་པའི་ཡེ་ཤེས་ལྷ། །བདེ་འཐུང་བཅུད་དུ་ཞུ་བ་ཡིས། །ལུས་སེམས་འཆི་མེད་གྲུབ་པར་ཤོག །རིན་ཆེན་བདུན་དང་རྫས་བརྒྱད་སོགས། །སྲིད་ཞིའི་འབྱོར་པས་དགེ་བྱས་མཐུས། །འཇིག་རྟེན་འཇིག་རྟེན་འདས་པ་ཡི། །བཀྲ་ཤིས་སྣང་བ་འབར་གྱུར་ཅིག །མདོར་ན་འདི་ནས་བྱང་ཆུབ་བར། །དཔག་མེད་མགོན་པོས་རྗེས་བཟུང་ནས། །ཚེ་དང་བསོད་ནམས་ཡེ་ཤེས་ཀྱི། །གྲུབ་གཉིས་དགེ་མཚན་འཕེལ་བར་ཤོག །ཅེས་པའི་འདོད་གསོལ་སྨོན་ཚིག་འདིའང་གཞུང་དང་མཐུན་པར་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག ༈ །རྒྱ་གར་སྐད་དུ། བྷ་ག་ཝ་ཏཱི་ཨུཥྞཱི་ཥ་བི་ཛ་ཡཱི་སྟོ་ཏྲཾ། བོད་སྐད་དུ། བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་པ། མགོན་པོ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གཙོ་མོ་བཅོམ་ལྡན་འདས་མ་ནི། །པུཎྜ་རཱི་ཀའི་མེ་ཏོག་ལྟར། །སྐྱོན་གྱིས་མ་གོས་སྐུ་མདོག་དཀར། །ཞལ་གསུམ་ཕྱག་བརྒྱད་སྤྱན་གསུམ་མངའ། །དབུ་རྒྱན་མགུལ་རྒྱན་སྙན་ཆར་བཅས། །རིན་ཆེན་སྣ་ཚོགས་མཛེས་པར་
བརྒྱན། །པདྨ་ཟླ་བའི་གདན་ལ་བཞུགས། །དབུས་དཀར་གཡས་སེར་གཡོན་ཞལ་སྔོ། །ཁྲོ་མོའི་ཆ་ལུགས་མཆེ་བ་གཙིགས། །ཕྱག་གཡས་སྣ་ཚོགས་རྡོ་རྗེ་དང༌། །པད་སྟེང་རྒྱལ་པོ་འོད་དཔག་མེད། །མདའ་དང་མཆོག་སྦྱིན་ཕྱག་རྒྱའོ། །གཡོན་པ་སྡིགས་མཛུབ་ཞགས་པ་དང༌། །གཞུ་དང་མི་འཇིགས་ཕྱག་རྒྱ་དང༌། །བུམ་པ་དག་ནི་ལེགས་པར་བསྣམས། །རྣམ་པར་སྣང་མཛད་དབུ་བརྒྱན་ཅིང༌། །འོད་ཟེར་དཀར་པོ་འཕྲོ་ཞིང་འདུ། །སྟོད་གཡོགས་ལྷ་ཡི་ན་བཟའ་ཅན། །བློ་དང་ཚེ་འཕེལ་མཛད་པ་མོ། །པུ་རིའི་ནང་དུ་མཛེས་པར་བཞུགས། །བཅོམ་ལྡན་འདས་མ་ཉིད་ལ་བསྟོད། །གཡས་ན་རྗེ་བཙུན་སྤྱན་རས་གཟིགས། །སྐུ་མདོག་དཀར་པོ་སྐྱོན་མ་གོས། །གཡོན་ན་པད་བསྣམས་གཡས་པ་ན། །རྔ་ཡབ་འཛིན་ལ་བདག་ཕྱག་འཚལ། །གཡོན་གྱི་གསང་བའི་བདག་པོ་ནི། །ཨུཏྤལ་མདོག་འདྲ་རྡོ་རྗེ་གཡོན། །གཡས་པ་རྔ་ཡབ་མཛེས་འཛིན་པ། །མཐུ་སྟོབས་ཅན་ལ་ཕྱག་འཚལ་ལོ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །ཁྲོ་བོའི་རྒྱལ་པོ་བཞི་པོ་ནི། །མདུན་ན་ཁྲོ་རྒྱལ་མི་གཡོ་བ། །སྔོ་བསངས་གཡས་ན་རལ་གྲི་འཛིན། །གཡོན་ན་སྡིགས་མཛུབ་སྐྲ་བརྫེས་པ། །སྦྲུལ་རྒྱན་སྟག་གི་ཤམ་ཐབས་ཅན། །པདྨ་ཉི་མའི་གདན་ལ་བཞུགས། །མ་རུངས་འདུལ་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་འདོད་པའི་རྒྱལ་པོ་ནི། །སྔོ་བསངས་ལྕགས་ཀྱུ་འབར་བ་བསྣམས། །མ་རུངས་འདུལ་བའི་རྒྱན་ཆ་ཅན། །ཐམས་ཅད་འགུགས་ལ་ཕྱག་འཚལ་ལོ། །ཁྲོ་ཆེན་དབྱུག་པ་སྔོན་པོ་ནི། །ཞལ་གཅིག་ཕྱག་གཉིས་གཡས་པ་ནི། །དབྱུག་ཏོ་གཡོན་པ་སྡིགས་མཛུབ་མཛད། །སྔོ་བསངས་ཀུན་འདུལ་ཁྱོད་ལ་བསྟོད། །ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ། །ཨུཏྤལ་མདོག་འདྲ་ཕྱག་གཉིས་པ། །གཡས་པ་རྡོ་རྗེ་སྡིགས་མཛུབ་གཡོན། །བདུད་འདུལ་དྲག་པོ་ཁྱོད་ལ་བསྟོད། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོ། །ཀུན་ཀྱང་སྟག་དང་སྦྲུལ་གྱིས་བརྒྱན། །པདྨ་ཉི་མའི་གདན་ལ་བཞུགས། །བར་ཆད་ཞི་མཛད་ཁྱེད་ལ་བསྟོད། །སྟེང་གི་ཕྱོགས་ན་མཛེས་པ་ཡི། །གནས་
གཙང་ལྷ་ཡི་བུ་གཉིས་པོ། །ལྷ་ཡི་རྒྱན་དང་ན་བཟས་མཛེས། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །བདུད་རྩིའི་ཆར་འབེབས་ཀུན་ལ་སྙོམས། །དག་པའི་སྐུ་ལ་ཕྱག་འཚལ་བསྟོད། །གང་ཞིག་ནངས་ནས་སྔར་ལངས་ཏེ། །བསྟོད་པའི་འདི་ཡིས་དུས་ཀུན་ཏུ། །འཁོར་དང་བཅས་ལ་བསྟོད་གྱུར་ན། །བློ་དང་ཚེ་རྣམས་འཕེལ་བ་དང༌། །དཔལ་དང་འབྱོར་བའི་དངོས་གྲུབ་སྟེར། །མཆོག་གི་དངོས་གྲུབ་འགྲུབ་པར་འགྱུར། །གུས་པའི་སེམས་ཀྱིས་སྔར་ལངས་ནས། །རྩེ་གཅིག་སེམས་ཀྱིས་བསྟོད་པར་བྱ། །གཙུག་ཏོར་རྣམ་པར་རྒྱལ་མའི་བསྟོད་པ། སློབ་དཔོན་ཙནྡྲ་གོ་མཱིས་མཛད་པ་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻཱ་ཏཱ་རཱ་སྟོ་ཏྲཾ། བོད་སྐད་དུ། འཕགས་མ་སྒྲོལ་མ་ལ་བསྟོད་པ། ཨོཾ། འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །པདྨ་དཀར་པོའི་དབུས་གནས་པའི། །ཟླ་བའི་གཟུགས་ཀྱི་གདན་སྟེང་དུ། །རྡོ་རྗེ་སྐྱིལ་ཀྲུང་བཅས་མཛད་མ། །མཆོག་སྦྱིན་མ་ལ་ཕྱག་འཚལ་ལོ། །སྟོན་ཀའི་ཟླ་བའི་མདངས་འདྲ་ཞིང༌། །ཟླ་བ་ལ་ནི་རྒྱབ་བརྟེན་མ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །བཅུ་དྲུག་ལོ་ལོན་ལུས་དང་ལྡན། །རྫོགས་སངས་རྒྱས་ཀུན་དེ་ཡི་སྲས། །འདོད་སྦྱིན་སྐུ་ནི་འཆང་བའི་ཡུམ། །འཕགས་མ་སྒྲོལ་མར་ཕྱག་འཚལ་ལོ། །འཁོར་ལོ་དཀར་པོ་འོད་ཟེར་དཀར། །རྩིབས་བརྒྱད་ལ་ནི་ཡི་གེ་བརྒྱད། །ཡོངས་སུ་བསྐོར་བའི་རྣམ་པ་ཅན། །འཁོར་ལོ་ཅན་ལ་ཕྱག་འཚལ་ལོ། །ཞེས་འཆི་མེད་གྲུབ་པའི་སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པའི་འཆི་བདག་སླུ་བའི་རྟོག་པའི་མངོན་རྟོགས་བསྟོད་པར་ཁ་བསྒྱུར་བའོ། །གློག་དང་འདྲ་བའི་སྤྱན་མངའ་མ། །དཔའ་མོ་ཏཱ་རེ་ཏུཏྟཱ་རེ། །སངས་རྒྱས་ཞལ་གྱི་པདྨ་ཡི། །གེ་སར་ལས་བྱུང་ཁྱོད་ལ་འདུད། །སྟོན་ཀའི་ཟླ་བ་རྒྱས་པ་ཡི། །དཀྱིལ་འཁོར་དང་མཚུངས་ཞལ་མངའ་མ། །མཆོག་སྦྱིན་ཕྱག་རྒྱས་ཨུཏྤ་ལ། །བསྣམས་
མ་ཁྱེད་ལ་ཕྱག་འཚལ་ལོ། །འཁོར་བའི་གཟེབ་ལས་ཏུཏྟཱ་རེ། །སྭཱ་ཧཱས་ཉོན་མོངས་ཞི་བར་མཛད། །ཨོཾ་གྱི་ངོ་བོ་ཉིད་ཀྱིས་ནི། །ཚངས་པའི་སྒོ་འབྱེད་མ་ལ་འདུད། །འཇིགས་པ་ཆེན་པོ་བརྒྱད་རྣམས་ལས། །འཇིག་རྟེན་ཐམས་ཅད་སྐྱོབ་པར་མཛད། །ཀུན་གྱི་མར་གྱུར་བཅོམ་ལྡན་འདས། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པའང་ངག་དབང་གྲགས་པས་མཛད། ༈ །འཕགས་མ་སྒྲོལ་མ་སྒྲོལ་མཛད་ཡུམ། །ཡིད་བཞིན་འཁོར་ལོ་ཚེ་འཕེལ་མ། །ལྷ་མོ་ཁྱོད་ལ་གསོལ་བ་ནི། །བདག་གི་ཚེ་ཡི་བར་ཆད་དང༌། །ནད་དང་སྡུག་བསྔལ་ཐམས་ཅད་ལས། །ནུས་ལྡན་ཁྱོད་ཀྱིས་བསྐྱབ་ཏུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ལུས་བདག་ལ་གནང་བར་མཛོད། །འཕགས་མ་ཁྱེད་ལ་དད་བྱེད་པ། །དེ་ལ་རྟག་ཏུ་བུ་བཞིན་དགོངས། །བདག་ཀྱང་ཁྱོད་ལ་གསོལ་འདེབས་ཀྱི། །ཐུགས་རྗེའི་ལྕགས་ཀྱུས་གཟུང་དུ་གསོལ། །ལྷ་མོ་སྐུ་མདོག་ཟླ་འདྲའི་མདོག །སྒེག་ཅིང་དུལ་བའི་ཆ་བྱད་ཅན། །གཟུགས་ལྡན་རིན་ཆེན་རྒྱན་གྱིས་སྤྲས། །མཛེས་པ་དར་གྱི་སྨད་གཡོགས་ཅན། །པདྨ་ཟླ་བའི་དབུས་གནས་སུ། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་མཛད། །ཞལ་གཅིག་ཕྱག་གཉིས་འཛུམ་བག་ཅན། །དུས་གསུམ་སངས་རྒྱས་སྐྱེད་པའི་ཡུམ། །ལྷ་མོ་ཁྱོད་ལ་རྟག་ཏུ་འདུད། །ཁྱེད་ལ་ཆ་ཙམ་བསྟོད་པ་ཡིས། །བདག་ཅག་བྱང་ཆུབ་བསྒྲུབ་པ་ལ། །དུས་འདི་ནས་བཟུང་བྱང་ཆུབ་བར། །མི་མཐུན་རྐྱེན་རྣམས་ཞི་གྱུར་ཏེ། །མཐུན་རྐྱེན་ཕུན་སུམ་ཚོགས་པར་ཤོག །འདོད་གསོལ་འདི་འབྲོམ་སྟོན་པའི་གསུང་བྱིན་རླབས་ཅན་ཡིན་པར་ཡོངས་སུ་གྲགས་སོ། ༈ །བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་བསྟོད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཏ་ཐཱ་ག་ཏཱ་པ་རི་མི་ཏཱ་ཡུརྫྙཱ་ན་སུ་བི་ནི་ཤྩིཏྟ་ཏེ་ཛོ་རཱཛྙེ་སྟོ་ཏྲཾ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཚེ་དང་ཡེ་
ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པ་ཞེས་བྱ་བ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཟག་མེད་ཡེ་ཤེས་དམ་པའི་སྣོད་གྱུར་ངོ་མཚར་མཚན་དཔེའི་འཇོ་སྒེག་ཅན། །གདུལ་བྱའི་དབང་པོར་འཚམས་པར་འཇུག་པའི་གསུང་གསང་བརྗོད་བྲལ་ནཱ་དའི་དབྱངས། །སྤྲོས་པའི་མཐའ་དང་མཛའ་བ་མ་ཡིན་རྣམ་པ་ཀུན་གྱི་མཆོག་ལྡན་ཐུགས། །མི་ཟད་རྒྱན་གྱི་འཁོར་ལོར་དགྱེས་རོལ་བདེ་ལྡན་ཞིང་གཙོ་ཚེ་མཐའ་ཡས། །གང་མཚན་ནོར་བུའི་དོ་ཤལ་གཡོ་བ་ལུས་ཅན་བསོད་ནམས་རྣ་ལུང་དུ། །དཔྱངས་པ་ཙམ་གྱིས་སྡུག་བསྔལ་གསུམ་གྱི་མྱ་ངན་གྲོང་ལས་དབུགས་འབྱིན་ནས། །འཆི་མེད་ཚེ་དང་ཡེ་ཤེས་མཆོག་གི་འདོད་དོན་ཅི་དགར་འཇོ་བ་ཡིས། །རེ་བའི་ཤིང་རྟ་ཕྱུར་བུར་འགེངས་ཕྱིར་སུ་ཞིག་རབ་ཏུ་བསྟོད་མི་བྱེད། །ཆོས་ཀྱི་འབྱུང་གནས་རྣམ་དག་བདེན་སྨོན་སྤྲིན་དཀར་མེ་ཏོག་འཇོ་བ་ལས། །གནས་ངན་ལེན་གྱི་རྡུལ་དང་མི་མཛའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག །བརྒྱད་ཅུ་རྩ་གཅིག་སངས་རྒྱས་ཞིང་བཀོད་ཡོན་ཏན་གཅིག་བསྡོམས་ཟ་མ་ཏོག །དག་པ་རབ་འབྱམས་དགའ་ཚལ་དམ་པར་ཕུལ་བྱུང་བསྔགས་འོས་བརྗོད་མེ་ལོང༌། །ཤིན་ཏུ་གཞོན་ཤ་ཆགས་པའི་ལག་མཐིལ་ཛམྦུ་ནཱ་དས་མདངས་པའི་དབྱིག །གང་གི་གཞིར་ཆགས་ཨུཏྤལ་གྱིས་བསྲུངས་མནན་ནེམ་བཏེག་འཕར་ས་འཛིན་ངོས། །ཡན་ལག་བརྒྱད་ལྡན་ཅ་ཅོ་རྣམ་སྤངས་ཞི་བསིལ་བདེན་གཉིས་ཆོས་ཀྱི་སྒྲས། །ཀུན་རྨོངས་མ་རིག་གཉིད་ལས་སད་མཛད་དབང་འཐུང་ཆུ་གཏེར་གཡོ་བའི་འགྲམ། །བཻཌཱུརྻ་དང་ཨིནྡྲ་ནཱི་ལ་ཤེལ་དང་མརྒད་ལ་སོགས་པའི། །རིན་ཆེན་སྣ་ཚོགས་མནྡཱ་ར་བ་ཡིད་འོང་གཡོ་བའི་བར་བར་ནས། །གསེར་གྱི་དྲྭ་བས་རྣམ་པར་སྦྲེལ་གྱུར་དྲི་བཞོན་ཕོ་ཉས་བསྐུལ་བ་ལས། །མཉན་པར་འོས་པའི་སྒྲ་དབྱངས་ཟད་མེད་ཆོག་མི་ཤེས་པར་ཀུན་ཏུ་སྒྲོགས། །དེ་དག་རྣམས་ཀྱི་ཡལ་འདབ་གཞོན་ནུས་བསྟི་སྟང་བྱས་པའི་དོ་ཀར་རྩེར། །ཤིན་ཏུ་རབ་སྒེག་ངང་ཚུལ་ཞི་ཞིང་ཕན་ཚུན་རྩེ་བའི་ཤ་ཀུ་ནཿ །གཙུག་ཕུད་མདངས་ཅན་མརྒད་
གཤོག་ལྡན་མགྲིན་པའི་རྫ་རྔ་འཁྲོལ་ལ་སོགས། །སྣ་ཚོགས་ཤིང་རྟའི་གླུ་དབྱངས་ལས་ལྷག་རབ་སྙན་རོལ་མོས་ཡོངས་སུ་བཀང༌། །དེ་ན་ཐུན་མཚམས་འདའ་བ་མ་ཡིན་ཁོར་ཡུག་འོད་སྣང་ཕྲེང་བས་གཏམས། །མཆོག་ཏུ་མཛེས་པའི་དགའ་ཚལ་ལས་བྱུང་འདོད་པའི་ཡོན་ཏན་གཞལ་དཀའ་བ། །གཞན་འཕྲུལ་དབང་བྱེད་བཀོད་པས་མི་བསྐྲུན་ཕུན་སུམ་ཚོགས་པའི་བདེ་བ་ཆེར། །ངོམས་པ་མེད་པར་ལོངས་སུ་སྤྱོད་ཕྱིར་མཚན་གྱི་སྤྲིང་ཡིག་རྣམ་པར་གསལ། །མདོར་ན་ཀུན་མཁྱེན་ཡེ་ཤེས་ཀྱིས་སྦྱངས་དག་པའི་རྡུལ་བྲལ་སྤྱན་རྣོན་པོས། །ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་བཙལ་ཀྱང་མཚུངས་ཟླས་དབེན་པར་རབ་གཟིགས་ནས། །མཆོག་ཏུ་བསྔགས་པའི་སྤྲིན་གྱི་མེ་ཏོག་རྨད་བྱུང་འཇོ་བའི་ངོ་མཚར་ཁུར། །ནོར་འཛིན་བུ་མོས་ཐེག་པར་དཀའ་བའི་དོགས་པས་རིང་དུ་འདར་བ་བཞིན། །གང་ན་རིན་ཆེན་སྣ་ཚོགས་ཕ་གུས་རྣམ་པར་བརྩེགས་པའི་གཞལ་ཡས་ཁང༌། །འཆི་མེད་གྲུབ་པའི་གྲོང་ཁྱེར་ལས་ལྷག་བྱང་ཆུབ་ཕྱོགས་ཆོས་ཡོངས་རྫོགས་དབུས། །མདངས་ལྡན་གཞོན་ནུའི་རོལ་སྒེག་གིས་བསྟེན་ནོར་བུའི་བ་གམ་གཡོ་བའི་ཁྲིར། །ལོ་འདབ་གོས་བཟང་མངོན་པར་འཛིན་པའི་ཆུ་སྐྱེས་གསར་པའི་འཛུམ་ཕྲེང་གིས། །ཐིག་ལེ་མཆོག་མའི་ལང་ཚོ་སྨ་དབབ་ལྟ་ན་སྡུག་དེའི་དཔལ་འཕྲོག་ཕྱིར། །པདྨའི་རྩ་ལག་ཀུནྡཱའི་བཤེས་ཟུང་དོ་ཟླར་ལྷགས་པའི་དེ་མ་ཐག །གང་གི་ཞལ་བཟང་ལྟ་བས་མི་ངོམས་འོད་ཟེར་བརྒྱ་ཕྲག་གཡོ་བའི་དཔལ། །ཆ་ལས་ཙམ་ཡང་བཟོད་པར་མ་ནུས་ཞབས་མཐིལ་འཁོར་ལོར་ཡིབས་པ་བཞིན། །བྱེ་རུའི་ལྷུན་པོ་ཉི་གཞོན་འཆར་ཀའི་དྲྭ་བས་མཛེས་པའི་ལང་ཚོ་ལྟར། །ཀུན་ཏུ་རབ་དམར་གཟུགས་སྐུའི་དཀྱིལ་འཁོར་མཐོང་ན་མི་མཐུན་བྲལ་བ་དེར། །མཚན་དཔེའི་འཇོ་སྒེག་གསར་པས་འཁྱུད་གྱུར་འོད་ཟེར་དཔག་མེད་ཕྲེང་བ་ཡིས། །ཕྱོགས་བཅུའི་ཁྱོན་ཀུན་ཡོངས་སུ་རབ་འགེངས་སྒྲིབ་པའི་མུན་པ་རྣམ་པར་བཅོམ། །ཐལ་མོའི་ཨུཏྤལ་དམར་པོ་ཕན་ཚུན་མཉམ་གཞག་གིས་སྦྲེལ་ཆུ་སྐྱེས་སྦུབས། །སྣ་ཚོགས་
དར་གྱི་ལོ་འདབ་རབ་གཡོ་པདྨ་རཱ་གའི་ཀ་ལ་ཤ །སྲིད་ཞིའི་བཅུད་བསྡུས་འཆི་མེད་ཆུ་གཏེར་རིང་འཚོའི་ཟླ་ཤེལ་འཛུམ་དཀར་ཅན། །འགྲོ་ཀུན་ཚེ་ཡི་ཀུ་མུ་དཱ་དཔལ་ཡིད་འོང་དབྱེ་བའི་བྱེད་པོར་གྲུབ། །ཞལ་གྱི་དཀྱིལ་འཁོར་བནྡྷུ་ཛཱི་བའི་འདབ་བརྒྱད་དགོད་པའི་སྤྱན་རས་ཟུང༌། །ཀུན་ནས་དཀྱུས་རིང་རྟག་ཏུ་འགྲོ་ལ་རྗེས་སུ་ཆགས་པའི་རོལ་སྒེག་ཅན། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུ་སྣ་ཚོགས་རིན་ཆེན་དྲྭ་བ་ཡིས། །རྣམ་པར་བཅིངས་བྱས་རལ་པའི་གདེངས་ཀ་དགོས་འབྱུང་ནོར་བུའི་རྒྱན་གྱིས་སྤུད། །དབང་པོའི་གཞུ་ལྟར་ཁ་དོག་ཡིད་འོང་ལྕིད་ཀྱིས་ནོན་སྤངས་རེག་བྱ་ཡི། །སྟོད་གཡོགས་སྨད་དཀྲིས་མཛེས་པར་འཆང་ཞིང་དོ་ཤལ་དཔུང་རྒྱན་གདུ་བུ་སོགས། །རིན་ཐང་བྲལ་བའི་རཏྣའི་རྒྱན་དང་མེ་ཏོག་ཕྲེང་བའི་ཚངས་སྐུད་རྣམས། །བྱང་ཆུབ་ཡན་ལག་བདུན་གྱི་མཚོན་བྱེད་གང་སྐུའི་གསང་བར་ཡོངས་སུ་འཛིན། །དེ་ནི་མཐའ་གཅིག་ཁོ་ན་ཉིད་མོད་གཞན་དུ་ཚོགས་གཉིས་ཆུ་གཏེར་ཆེ། །བསྐལ་པར་གོམས་པའི་མནྡཱ་རས་བསྲུབས་ཟག་བྲལ་ཟླ་བའི་ལང་ཚོ་ལ། །སྐྱེ་དང་འབྲི་སོགས་དོན་ལ་མེད་ཀྱང་སྣང་ཚུལ་རྣམ་མང་སྤྲུལ་པའི་གར། །ཉན་རང་སོ་སྐྱེའི་བློ་ལས་འདས་དེར་རབ་གུས་ཀུ་མུད་འཛུམ་ཕྲེང་དགོད། །གསུང་གི་གསང་བ་མཆོག་ཏུ་མི་འགྱུར་སྒྲ་དང་སྒྲ་མིག་རྣམ་དཔྱད་ལས། །ཡོངས་སུ་བརྒལ་ཡང་ཐ་དད་རྟོག་པའི་རྗེས་སུ་འགྲོ་བའི་ནཱ་དའི་དབྱངས། །ཡན་ལག་དྲུག་ཅུའི་འཇོ་སྒེག་གིས་འཁྱུད་བདེན་གཉིས་ཆོས་ཚུལ་རྒྱ་མཚོ་ཡིས། །ཐར་པ་མཆོག་གི་གོ་འཕང་ལ་སྦྱོར་འབྲས་བུའི་ཁུར་གྱིས་ལྕི་ལ་འདུད། །རྟག་ཆད་གདོན་དང་མཛའ་བ་མ་ཡིན་སྤྲོས་པ་ཀུན་བྲལ་དེ་བཞིན་ཉིད། །གཅིག་བུ་ཉིད་མིན་དུ་མ་ལས་འདས་བསམ་གྱིས་མི་ཁྱབ་ཡེ་ཤེས་ནི། །སོ་སོ་ཡང་དག་རིག་པའི་རང་བཞིན་ཇི་ལྟ་ཇི་སྙེད་མཁྱེན་དང་བརྩེའི། །ཐུགས་རྗེའི་རྣམ་རོལ་བྲི་གང་མེད་པར་ལྷུན་གྱིས་གྲུབ་པ་མཆོག་ལ་འདུད། །ཕྱོགས་བཅུའི་ཞིང་བཞུགས་གངྒཱའི་བྱེ་སྙེད་དེ་བཞིན་གཤེགས་པའི་ཚོགས་རྣམས་ཀྱང༌། །
ཁྱོད་ཀྱི་སྤངས་རྟོགས་རྗེས་སུ་བསྔགས་པའི་རོལ་མོ་རྣམ་པར་འཁྲོལ་བ་དང༌། །མིག་མི་འཛུམ་དང་གསང་བ་འཛིན་སོགས་བྱང་ཆུབ་སེམས་དཔའི་ཁྱུ་མཆོག་གིས། །སྤྱི་བོས་ཞབས་མཐིལ་འཁོར་ལོ་ལ་བཏུད་ཡོན་ཏན་དཔག་ཡས་དེ་ལ་འདུད། །འདི་ན་སྣ་ཚོགས་ལས་ཀྱི་ཕྱི་བཞིན་རྣམ་པར་འཁྱམས་པའི་འགྲོ་བ་ཀུན། །སྒྲིབ་གཉིས་ཉོན་མོངས་ལིང་ཏོག་གིས་ལྡོང་ཐར་པའི་ལམ་ལས་ཕྱིར་ཕྱོགས་པར། །བརྩེ་ཆེན་ཐུགས་རྗེའི་ཞགས་པས་འཛིན་ཕྱིར་སྣ་ཚོགས་སྤྲུལ་བའི་ཟློས་གར་ནི། །སེམས་ཅན་ཁམས་དང་མཐུན་པར་འཇུག་པའི་ཕྲིན་ལས་མཆོག་མངའ་ཁྱོད་ལ་འདུད། །དེ་ལྟར་གསེར་གྱི་མངལ་ཅན་བློས་ཀྱང་གཞལ་བར་མི་ནུས་ཡོན་ཏན་ཕུལ། །ཟླ་བས་འཕེལ་བའི་གཏིང་ལས་རབ་ཟབ་ཀུན་གསལ་ཁམས་ལས་རྒྱ་ཆེ་བའི། །རྣམ་པར་ཐར་པས་སོ་སྐྱེའི་ཡིད་ངོར་ཆ་ཤས་ཕྲ་བའང་མི་མཐོང་མོད། །འདིར་ནི་རྟག་ཏུ་དད་པའི་དབང་གྱུར་བསྟོད་ཚིག་རོལ་མོ་གསར་པས་མཆོད། །སྙན་པའི་སྒྲ་དབྱངས་དྲི་བཞོན་དགའ་མ་དལ་བུར་གཡོ་བའི་འཇོ་སྒེག་གིས། །ཀུན་ནས་མཁྱེན་པའི་ཡེ་ཤེས་ཆེ་ལྡན་ཐུགས་རྗེའི་སྤྲིན་དཀར་ལ་འཁྱུད་པས། །རྗེས་སུ་བརྩེ་བའི་སྙིང་རྗེའི་དབང་གྱུར་གློག་ཕྲེང་དོ་ཤལ་གཡོ་བ་དང༌། །ལྷན་ཅིག་བདག་བློའི་ཆུ་སྐྱེས་མཛེས་པར་ཕན་བདེའི་བདུད་རྩིས་བརླན་གྱུར་ཅིག །གནས་སྐབས་གང་མཚན་དཔལ་གྱི་དུམ་བུའི་བསིལ་ངད་ལས་ལྷག་ཟླ་གཞོན་ཟེར། །བརྒྱད་གཉིས་འཇིགས་པའི་ཚ་གདུང་གིས་ཉེན་ས་ཡི་གདུ་བུ་ལ་རྩེན་པས། །མི་མཐུན་ཚོགས་ཀུན་ཡོངས་སུ་བཅོམ་སྟེ་མཐོ་རིས་ཡོན་ཏན་བདུན་ལ་སོགས། །ལེགས་ཚོགས་འདབ་མའི་འཛུམ་ཕྲེང་གྲོལ་བས་ཀུན་ཡིད་དགའ་བ་སྦྱིན་གྱུར་ཅིག །ཁྱད་པར་སྲིད་དང་ཞི་བར་ཡོངས་ཁྱབ་རིང་འཚོའི་ཆུ་གཏེར་འཕྱུར་བ་ཉིད། །ཁྱོད་སྐུའི་འོད་ཟེར་རྣམ་པར་གཡོ་བའི་མནྡཱ་ར་ཡིས་བསྲུབས་པ་ལས། །ཕུན་ཚོགས་བདུད་རྩིའི་སྣང་བས་རབ་མཛེས་འཆི་མེད་གྲུབ་པའི་ཀརྤཱུར་དབང༌། །རབ་ཏུ་གུས་པས་
བསྟོད་པ་ལྷུར་ལེན་སྐལ་བཟང་བདེ་འབྱུང་རལ་རྩེར་སྩོལ། །དེ་མཐུས་འཚོ་བའི་འཁྲི་ཤིང་ཡིད་འོང་གཡོ་མེད་གཅིག་ཏུ་བཙུགས་པའི་མོད། །མི་བགྲེས་ལང་ཚོའི་མེ་ཏོག་འཛུམ་དཀར་ཐར་པ་ཉིན་མོའི་ཕྱོགས་སུ་གྲོལ། །ལུང་རྟོགས་འབྲས་བཟང་ཁུར་གྱིས་རབ་དུད་ལྷ་དང་བཅས་པའི་འགྲོ་ཀུན་ལ། །དགའ་དང་གཏན་བདེའི་ནོར་གྱིས་ཚིམ་བྱེད་ཡོན་ཏན་མཆོག་གིས་ལྕི་བར་ཤོག །གང་སྐུ་ཡིད་འོང་མཚན་དཔེའི་རླབས་ཕྲེང་ལྟ་ན་སྡུག་པའི་ཞིང་ཁམས་བཅས། །རྟག་ཏུ་གསལ་བཏབ་གསང་སྔགས་མཆོག་བཟླས་ཟབ་མོའི་ཏིང་འཛིན་ལ་གཞོལ་ཚེ། །དཔག་མེད་འདྲེན་པ་ཀུན་གྱི་འཁོར་བཅས་བྱེ་རུའི་ཞལ་བཟང་གཡོ་བའི་རྡུལ། །མངོན་སུམ་མིག་གི་བདུད་རྩིར་བཏུང་བས་དོན་གཉིས་ལང་ཚོ་རྒྱས་གྱུར་ཅིག །གཞན་ཡང་ཐོས་བསམ་སྒོམ་པའི་ཆུ་གཏེར་རླབས་ཆེན་འཕྱུར་བ་ལས་ཐོན་པའི། །རྩོད་འཆད་རྩོམ་སོགས་ལུང་རྟོགས་ཆོས་ཚུལ་འོད་ཟེར་འབུམ་ཕྲག་བཞུ་པའི་རྡུལ། །འཁོར་ལོ་གསུམ་ལྡན་དགེ་འདུན་འདུས་པའི་བློ་མཆོག་སྤོབས་པས་བཟུང་བ་ལས། །རྒྱལ་བསྟན་རིན་ཆེན་པདྨའི་དགའ་ཚལ་དར་བབས་གཡོ་བའི་རྒྱུད་གྱུར་ཅིག །ཤིན་ཏུ་དབེན་པའི་ནགས་ཀྱི་སྤྱིལ་པོར་ཀུ་ཤ་འཇམ་པོའི་གདན་གྱི་སྟེང༌། །དག་བྱེད་ཁྲུས་བཏུང་དཀའ་ཐུབ་ལ་གནས་དྲང་སྲོང་ཆེན་པོའི་ངང་ཚུལ་ལྟར། །གཅིག་ཏུ་ངེས་འབྱུང་སེམས་ཀྱིས་རབ་བསྐུལ་ཐར་པ་དོན་དུ་གཉེར་རྣམས་ཀྱི། །སྦྱངས་པའི་ཡོན་ཏན་ཆ་ཤས་ཀུན་གང་ངེས་ལེགས་ཐེམ་སྐས་ལ་འཛེག་ཤོག །ནམ་ཞིག་བདག་གཞན་འདིར་སྣང་རྫོགས་ཏེ་སྲོག་གི་དབང་པོ་སྡུད་པའི་ཚེ། །མགོན་པོ་གང་གིས་དགྱེས་པའི་ཕྱག་གིས་འཁོར་བའི་གཡང་ས་ལས་དྲངས་ཏེ། །ཡོན་ཏན་བཀོད་པ་གཞལ་གྱིས་མི་ལོང་དག་པའི་ཞིང་དེར་པདྨོའི་སྦུབས། །མཚན་དཔེའི་ལུས་མཆོག་རྣམ་པར་འཛིན་ནས་ཁྱོད་ཞབས་རྟག་ཏུ་བསྙེན་པར་ཤོག །དེ་ལྟར་བསྟོད་བསྔགས་འོད་ཟེར་ཕྲེང་ལྡན་ཟླ་ཤེལ་མྱུ་གུ་གསར་པའི་གཟུགས། །ཤིན་ཏུ་གུས་པའི་བདེ་འབྱུང་རལ་
རྩེར་བྲལ་ཐོབ་སྤངས་པར་སོན་པ་ལས། །ཚེ་བསོད་དཔལ་འབྱོར་ཀུ་མུད་འཛུམ་དཀར་ཡིད་འོང་བྱེ་བའི་དེ་མ་ཐག །རྣམ་པ་ཐམས་ཅད་མཁྱེན་པའི་གེ་སར་རྟག་ཏུ་ལྕི་བ་ཐོབ་པར་འགྱུར། །དེ་ལྟར་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ལ་བསྟོད་པའི་རབ་ཏུ་བྱེད་པ་འཆི་མེད་ཟླ་གཞོན་གསར་པའི་རོལ་མོ་ཞེས་བྱ་བ་འདི་ནི། བདེ་བ་ཅན་གྱི་ཞིང་གི་བཀོད་པ་རྟེན་དང་བརྟེན་པར་བཅས་པ་དང་མཐུན་ཞིང་མངོན་རྟོགས་དག་གི་དོན་དང་ཡང་མི་འགལ་བར་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅོ་བརྒྱད་པར་བྲྀ་ཥ་བྷ་ཞེས་ཁྱུ་མཆོག་ཟླ་བའི་དགའ་བ་གཉིས་པའི་གྲལ་ཚེས་དགེ་བར་ཡོངས་སུ་གྲུབ་པར་བགྱིས་པའི་དགེ་བས་གནས་སྐབས་ལུས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱི་ཆུ་གཏེར་ལས་བསྒྲལ་ནས་མཐར་ཐུག་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་དབུགས་འབྱིན་ཐོབ་པའི་རྒྱུར་གྱུར་ཅིག ༈ །འཕགས་མ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྻཱ་ཨུཥྞཱི་ཥ་བི་ཛ་ཡཱི་སྟོ་དྲེ་ནཱ་མ། བོད་སྐད་དུ། འཕགས་པ་གཙུག་ཏོར་རྣམ་རྒྱལ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བློ་ལྡན་གང་ཞིག་མཚན་ཙམ་འཛིན་ནམ་འོན་ཏེ་ཐོས་པ་དག་གིས་ཀྱང༌། །སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་ཚོགས་ཀུན་ཉེ་བར་བཅོམ་པའི་དེ་མ་ཐག །འཆི་མེད་ཚེ་དང་རྒ་ན་རྒུད་པའི་རྐྱེན་གྱིས་མི་འཕྲོག་ལང་ཚོའི་སྟོབས། །དད་དང་ཤེས་རབ་བསོད་ནམས་འབྱོར་པ་མངོན་དུ་སྩོལ་མཛད་དེ་བསྟོད་བྱ། །གཟོད་མ་ཉིད་ནས་བསྐལ་པ་དུ་མར་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །ཐར་པ་མཆོག་གི་ཆ་ཤས་ཡོངས་གང་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམས་ཀྱི། །རི་དྭགས་གཞོན་ནུའི་རྟགས་ཀྱིས་མངོན་རོལ་བདེ་གཤེགས་ཆོས་སྐུའི་རྟེན་མཆོག་གི། །གཞལ་ཡས་ཁང་ཆེན་མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ་བ་དེ་ལ་འདུད། །དེ་དབུས་ཆར་སྤྲིན་དཀར་པོའི་བར་བར་ཨུཏྤལ་དམར་པོས་མདངས་
པ་བཞིན། །སྲབ་འཇམ་མཉེན་ལྕུག་མཆོག་ཏུ་ཡིད་འོང་འདབ་སྟོང་རྒྱས་པའི་ཆུ་སྐྱེས་རྩེར། །བརྒྱད་གཉིས་ཆ་ལྡན་རྙོག་པའི་ར་རི་ཀུན་ནས་བྲལ་བའི་དཔལ་དེ་ཡིས། །ཁྱོད་ཞབས་འཁོར་ལོའི་རེ་ཁཱས་མཚན་པ་ཉེ་བར་བསྟེན་པ་དེ་ལ་འདུད། །གང་སྐུ་སྟོན་ཟླ་ཆ་རྫོགས་འོད་ཟེར་བརྒྱ་སྟོང་བརྩེགས་པའི་དཔལ་ལྟར་གསལ། །སྤྱན་གྱི་གེ་སར་རྣམ་པར་མཛེས་ལྡན་འགྲོ་ལ་རྗེས་སུ་བརྩེ་བའི་གཟུགས། །གནག་སྣུམ་རལ་པའི་ཆུན་པོ་གཡོ་བ་པུཎྜ་རཱི་ཀས་རྣམ་བཅིངས་རྩེར། །ཆོས་དབྱིངས་ཡེ་ཤེས་མཚན་དཔེའི་ཟློས་གར་རིགས་ཀྱི་བདག་པོ་འཛིན་དེར་འདུད། །རྩ་བའི་ཞལ་ནི་ཆུ་ཤེལ་ཇི་བཞིན་གཡས་པ་ཛམ་བུའི་གསེར་གྱི་མདོག །ཅིག་ཤོས་ཨིནྡྲ་ནཱི་ལའི་འོད་ལྟར་ཀུན་ཏུ་སྔོ་བའི་གཟི་བརྗིད་ཀྱིས། །ལོག་འདྲེན་ཚོགས་ཀུན་རྣམ་པར་འཆིང་བའི་ཞགས་པ་ཉིད་དོ་དེ་ལྡོག་པའི། །ཡོན་ཏན་མ་ལུས་མངོན་དུ་འགུགས་བྱེད་དབང་གི་མཆིལ་པ་རྣོན་པོའང་ལགས། །རྣམ་པར་ཐར་པ་གསུམ་དང་ལྡན་པའི་སྤྱན་གྱི་ཡེ་ཤེས་མེ་བོ་ཡིས། །སྡུག་བསྔལ་གསུམ་གྱི་གཅོང་རོང་གཏིང་ཟབ་འཁོར་བའི་ཚང་ཚིང་བསྲེགས་ནས་སླར། །དུས་གསུམ་ཀུན་ཏུ་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་སྣང་བ་དེས། །ཁམས་གསུམ་འཛིན་པའི་རབ་རྨོངས་མུན་པ་ཡོངས་སུ་བསལ་མཛད་དེ་ལ་འདུད། །ཕྱག་གི་དཀྱིལ་འཁོར་བརྒྱད་ཀྱི་གཡས་པར་ཕྲིན་ལས་བཞི་སྟེར་རྡོ་རྗེ་དང༌། །པདྨ་དཀར་པོའི་ཞབས་མཐིལ་མངོན་བསྟེན་བཅོམ་ལྡན་འོད་སྣང་མཐའ་ཡས་ཆེ། །དུས་མ་ཡིན་པའི་ཉེ་བུའི་སྙིང་འབིགས་མྱུར་དུ་འགྲོ་བའི་མཚོན་ཆའི་དཔལ། །ཐར་པའི་དཔལ་ཀུན་ཡོངས་སུ་སྟེར་བྱེད་མཆོག་སྦྱིན་ཕྱག་རྒྱས་མཛེས་དེར་འདུད། །གཅིག་ཤོས་དང་པོར་བགེགས་ཀྱི་ཚོགས་ཀུན་གཟིར་དང་འགུགས་པའི་སྡིགས་མཛུབ་བཞག །སྙིང་རྗེ་ཆེན་པོས་འགྲོ་ཀུན་སྡུད་མཛད་ཤེས་རབ་མཆོག་གི་རཏྣའི་གཞུ། །སྐྱེ་རྒ་ན་འཆིའི་སྡུག་བསྔལ་དབུགས་འབྱིན་ཐར་པའི་དཔལ་སྟེར་མི་འཇིགས་རྒྱ། །ལས་དང་ཉོན་མོངས་སྒྲིབ་གཉིས་འཁྲུད་མཛད་འདུད་རྩིའི་བུམ་
བཟང་འཛིན་དེར་འདུད། །བརྟེན་པ་མེད་པར་མཁའ་དབྱིངས་ལ་ཤར་དབང་པོའི་གཞུ་ཡི་ཞུན་མ་ཡིས། །ཁ་དོག་བསྒྱུར་འདྲའི་ལྷ་རྫས་རེག་བྱ་ལྕིད་ཀྱིས་སྤངས་པའི་ཤམ་ཐབས་དང༌། །ག་བུར་འཛིན་པའི་ཚོན་གྱིས་མངོན་བསྒྱུར་སྟོད་གཡོགས་གསར་པས་མཛེས་བྱས་ཤིང༌། །ཡན་ལག་འཁྲི་ཤིང་རིན་ཆེན་དྲྭ་བའི་རྒྱན་གྱིས་ཀུན་ཏུ་སྤྲས་ལ་འདུན། །འཁོར་གྱི་ཚོགས་ནི་སྙིང་རྗེའི་གཏེར་འཛིན་འཕགས་པ་མཆོག་དང་གསང་བའི་བདག །བསྡུ་དངོས་བཞི་ཡི་རང་བཞིན་ལས་སྐྱེས་ཉོན་མོངས་བདུད་དགྲ་ཀུན་བཅོམ་པའི། །མི་གཡོ་མགོན་དང་འདོད་པའི་རྒྱལ་པོ་དབྱུགས་སྔོན་བཟུང་དང་སྟོབས་པོ་ཆེ། །མེ་ཏོག་ཕྲེང་འཛིན་གཙང་རིས་ལྷ་བུ་གཞོན་ནུ་གཉིས་བཅས་ཀུན་ལ་འདུད། །གང་ཞིག་ཀུན་དུ་ཉེ་བར་རབ་ཞི་གདོད་ནས་རྣམ་དག་ཡེ་ཤེས་ནི། །སྣ་ཚོགས་གཟུང་འཛིན་སྤྲོས་པ་ཀུན་བྲལ་འོད་གསལ་དབུ་མའི་ཆོས་ཉིད་ཅན། །འཕོ་འགྱུར་མེད་བཞིན་གང་འདུལ་མཛད་པ་ལྷུན་གྱིས་གྲུབ་པར་རྟག་འཇུག་པའི། །ཟག་བྲལ་མཆོག་གི་ཡོན་ཏན་གྱིས་དགྱེས་གཙུག་ཏོར་ཆོས་ཀྱི་སྐུ་ལ་འདུད། །སྨོན་ལམ་སྟོབས་ཀྱིས་མངོན་པར་སྐྱེད་བསྲིངས་དཔག་ཡས་དག་པའི་ཞིང་ཁམས་སུ། །རྨད་བྱུང་ཚོགས་གཉིས་བྱེད་པོས་རབ་བསྐྲུན་མཚན་དཔེའི་འོད་ཟེར་དྲྭ་བ་ཡིས། །ཁྲག་ཁྲིག་བདུད་ཀྱི་མུན་པ་ཕམ་བགྱིད་གདུལ་བྱའི་ཁམས་དབང་བསམ་པ་དང༌། །རྗེས་སུ་མཐུན་པར་དགའ་བས་ཚིམས་མཛད་གཙུག་ཏོར་ལོངས་སྤྱོད་རྫོགས་ལ་འདུད། །འགྲོ་འདིའི་ཀུན་རྟོག་རྒྱ་མཚོའི་རླབས་བཞིན་ཐ་དད་བར་མེད་མངོན་འཕྱོ་བ། །རྒ་ན་འཆི་དང་སྐྱེ་བ་ལ་སོགས་སྡུག་བསྔལ་འཛིན་ཁྲིའི་གྲོང་ཁྱེར་ཅན། །དེ་ལས་སྣ་ཚོགས་ཐབས་ཚུལ་དུ་མའི་མཛད་པ་དཔག་ཡས་རིན་ཆེན་གྲུས། །ཞི་བདེ་ཐར་པའི་གླིང་དུ་འདྲེན་མཛད་གཙུག་ཏོར་སྤྲུལ་པའི་སྐུ་ལ་འདུད། །འོད་སྣང་མཐའ་ཡས་ཚེ་དཔག་མེད་མགོན་གཙུག་ཏོར་གདེངས་ཀའི་ཆུ་གཏེར་ལས། །ཐབས་དང་ཤེས་རབ་མི་ཕྱེད་འདྲེས་གྱུར་ཐུགས་རྗེ་ཆེན་པོའི་ཟླ་ཤེལ་དབང༌། །མངོན་པར་འཐོན་གང་ཕན་དང་
བདེ་བའི་འཛུམ་ཟེར་གསར་བའི་འཇོ་སྒེག་གིས། །སྲིད་པའི་མུན་ནག་ཕུང་པོར་རྣམ་རྒྱལ་ཞི་བའི་ཀུ་མུད་བཞད་དེར་འདུད། །གང་གསུང་སྒྲ་དང་ཚིག་གིས་མི་མཚོན་ལུང་རྟོགས་ཆར་སྤྲིན་རོལ་མོ་ནི། །སྐལ་བཟང་གཉིས་སྐྱེས་རྣ་བའི་བཅུད་ལེན་རྟག་པར་སྦྱིན་པའི་དེ་མ་ཐག །བྱང་ཆུབ་སྤྱོད་པའི་སྒྲོ་གཤོག་ཟླུམ་པོས་གྲུབ་གཉིས་རོལ་གར་བསྒྱུར་བ་དང༌། །ལྷན་ཅིག་རྣམ་གྲོལ་མཆོག་གི་མངའ་ཁུར་མངོན་པར་འཛིན་མཛད་དེ་ལ་འདུད། །ཁྱོད་ནི་འཇིག་རྟེན་གསུམ་གྱི་ཐོར་ཚུགས་རིན་ཆེན་དྲྭ་བས་སྤ་བ་དེར། །ཞབས་མཐིལ་བཀོད་ལ་ངོ་མཚར་ཅི་ཞིག་དེ་ཀུན་འདྲེན་པའི་རྒྱལ་བ་ཡིས། །ཐུགས་རྗེ་སྐུལ་མཛད་ཡེ་ཤེས་རབ་སྐྱེད་ཡུམ་གྱུར་ཤེས་རབ་ཕར་ཕྱིན་དང༌། །གཉིས་སུ་མ་ཡིན་མཉམ་པར་བཞུགས་པའི་ངོ་མཚར་མཆོག་དེར་བསྟོད་པར་བགྱི། །རྟག་ཏུ་མི་འབྲལ་ཏིང་འཛིན་བྱེད་པོས་ཁྱོད་སྐུ་རབ་མཛེས་ལྷུན་སྟུག་པ། །ཡིད་ཀྱི་ཐིག་ལེར་རོ་གཅིག་བཀོད་ཅིང་གྲགས་སྟོང་གསང་སྔགས་རོལ་མོ་ནི། །མགྲིན་པའི་རྒྱན་དུ་བར་མེད་འཁྲོལ་བས་དགྱེས་པའི་སྤྱན་ཟུར་གཡོ་བའི་འོད། །གུས་པ་ཆེན་པོའི་ཆུ་སྐྱེས་རྩེར་སོན་དགེ་མཚན་འདབ་བརྒྱ་དགོད་པར་ཤོག །བརྟན་གཡོའི་འབྱུང་ལྔའི་དྭངས་མ་ཀུན་དང་ཕུན་ཚོགས་རིང་འཚོའི་ཟིལ་དངར་གྱིས། །སྲོག་གི་མདུད་པ་དམ་པོར་བཅིངས་གྱུར་ལྷ་དང་དྲང་སྲོང་གྲུབ་པའི་སྡེ། །སྐྱེ་སོགས་བརྒལ་དཀའི་ཕ་མཐར་སོན་པའི་སྲས་བཅས་རྒྱལ་བའི་ཐུགས་རྗེའི་དཔལ། །ཀུན་ནས་བསྡུས་ཏེ་རྣལ་འབྱོར་ལ་བརྩོན་སྐལ་བཟང་འགྲོ་ལ་རྒྱ་ཆེར་སྩོལ། །དེ་མཐུས་མི་བགྲེས་ལང་ཚོའི་སྟོབས་ཀྱིས་གཉིས་འཐུང་དབང་པོ་ཟིལ་གནོན་ཞིང༌། །བསྲུབས་སྐྱེས་བདུད་རྩིའི་བཅུད་ལེན་གྲུབ་བཞིན་བསྐལ་པར་མི་ཤིགས་རྡོ་རྗེའི་སྲོག །ཚེ་གྲངས་མེད་པར་ཀུན་ནས་ཐོབ་པའི་ལྷ་ཡི་ཚལ་སྐྱེས་གོ་བི་དཱ། །བསོད་ནམས་ཡེ་ཤེས་ལོ་འདབ་རབ་གཡོ་མཆོག་གི་འབྲས་བུ་འཛིན་པར་ཤོག །ཁྱད་པར་དུས་མིན་འཆི་བའི་འཇིགས་སྟེར་ཤ་ཟ་ཁྲོས་པའི་གདོང་བ་ལྟའི། །ནད་ཀྱིས་འཚེ་དང་རྒྱལ་པོའི་ཆད་པ་གཅན་གཟན་ཆུ་གཏེར་འཁྲུགས་པའི་རླབས། །ཆོམ་ཀུན་བྲང་འགྲོ་སེང་གེ་ཁྲོས་དང་གཉིས་འཐུང་ལ་སོགས་གདུག་པའི་
རྐྱེན། །ཐུགས་བརྩེའི་ཤུགས་ཀྱིས་མྱུར་དུ་བཅོམ་ནས་བདེ་བའི་གོ་སར་སོན་གྱུར་ཅིག །ལམ་གསུམ་འགྲོ་བས་རྟག་པར་བཀྲུས་ཀྱང་ཅུང་ཟད་དག་པའི་སྐབས་བྲལ་ཞིང༌། །ལྷ་ཡི་དབང་པོའི་ལག་ན་ཉལ་བའི་རྡོ་རྗེའི་མཚོན་གྱིས་བརྡར་བས་མིན། །ཤིན་ཏུ་གནག་པའི་ལས་ཀྱི་མུན་པས་མཐའ་མེད་འཁོར་བར་འཕྱན་གྱུར་གང༌། །ཁྱོད་ཞལ་དྲན་ཅིང་རིག་སྔགས་བཟླས་པའི་ཟླ་བའི་ཟེགས་མས་མྱུར་བཅོམ་མཛོད། །སྔོན་བྱུང་སྐབས་གསུམ་གྲོང་ཁྱེར་ལ་རྩེན་ཤིན་ཏུ་བརྟན་པ་དུས་མིན་གྱི། །འཆི་དང་ལས་ཀྱིས་སྡུག་བསྔལ་ཕུང་པོར་མངོན་པར་འཇུག་ཐོས་དེ་ཡི་ཚེ། །ཀུན་ནས་གདུང་བའི་སྤྲིན་བཞོན་བསྐུལ་ཏེ་བཅོམ་ལྡན་འདས་ལ་གསོལ་བའི་མོད། །ཁྱོད་ཀྱི་རིག་སྔགས་བསྟན་ནས་ཞི་བཞིན་བདག་ཀྱང་དེ་འདྲར་མཛད་དུ་གསོལ། །འདི་ན་པདྨ་གཞོན་ཤ་ཆགས་པས་འགྲམ་པའི་འཇོ་སྒེག་བསྟེན་བྱས་པའི། །རི་དྭགས་ཚོགས་རྣམས་ནགས་ན་རོལ་བཞིན་རྣལ་འབྱོར་ལ་བརྩོན་འཁོར་བཅས་ཀྱང༌། །བས་མཐའི་གནས་མཆོག་ཤིན་ཏུ་ཉམས་དགར་ཤིང་ཤུན་འཇམ་པོའི་ཁང་བཟང་དབུས། །སྦྱངས་ཡོན་བཅུ་གཉིས་ཚུལ་བཞིན་སྤྱོད་ནས་སྲོག་གི་ལྷག་མ་དོན་ལྡན་ཤོག །སྟོང་ཉིད་སྙིང་རྗེའི་ཤིང་རྟའི་དབང་གྱུར་ཁྱོད་ཞབས་པདྨའི་རྩ་ལག་གིས། །བརྒྱད་གཉིས་འཇིགས་པའི་མུན་པ་རབ་ཞི་རིག་པའི་བློ་དང་བསོད་ནམས་དཔལ། །དད་ནོར་གཏོང་སོགས་ཡོན་ཏན་བདུན་ལྡན་ཨུཏྤལ་གཞོན་ནུ་ཉེར་རྒྱུ་ཤིང༌། །ལེགས་ཚོགས་དབང་གྱུར་ཚུལ་མིན་ཀུ་མུད་ཀུན་ནས་ཀུན་ཏུ་ཟུམ་པར་མཛོད། །ནམ་ཞིག་འདིར་སྣང་ནུབ་པར་གྱུར་ཚེ་གང་གི་ཐུགས་རྗེའི་ཕྱག་སོར་གྱིས། །དགྱེས་པར་བཟུང་ནས་ཉམ་ངའི་འཕྲང་ལས་དབུགས་འབྱིན་སྩོལ་བའི་དེ་མ་ཐག །ཆུ་སྐྱེས་གཞོན་ནུའི་མངལ་ལས་གྲོལ་བའི་དག་པའི་ལུས་མཆོག་འཛིན་པའི་མོད། །ཚེ་དང་ཡེ་ཤེས་འོད་ཟེར་དཔག་མེད་མགོན་པོ་དེ་ཡི་ཞལ་མཐོང་ཤོག །དེ་ལྟར་གུས་པས་གསོལ་བ་བཏབ་ཅིང་ལུས་ཀྱི་བ་སྤུའི་འཁྲི་ཤིང་གཡོ། །ངག་གི་གདུང་དབྱངས་མགྲིན་པར་བརྩེགས་ནས་ཡིད་ཀྱིས་ཉིན་
མཚན་བར་མེད་དུ། །འཕགས་མ་གང་གི་ཡོན་ཏན་ལ་དད་བསྟོད་པའི་རྒྱལ་པོ་འདི་བཀླགས་པས། །ཇི་སྐད་གསུངས་པའི་དོན་རྣམས་གྲུབ་སྟེ་སྐལ་པ་བཟང་ལྡན་སྐྱེ་བོར་འགྱུར། །དེ་ལྟར་འཕགས་མ་གཙུག་ཏོར་རྣམ་པར་རྒྱལ་མ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་གྲུབ་པ་སྤྲིན་གྱི་རོལ་མོ་འདི་ནི་རང་གཞན་གྱི་དོན་དུ་ཉེ་བར་དམིགས་ཏེ་བློ་གསལ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་ལེགས་པར་སྦྱར་བ་འདིས་ཀྱང་བླ་ན་མེད་པའི་དགེ་མཚན་དམ་པ་རྨད་དུ་བྱུང་བ་འབྱུང་བར་གྱུར་ཅིག ༈ །རྗེ་བཙུན་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ། །རྒྱ་གར་སྐད་དུ། ཨཱརྻཱ་ཏཱ་རཱ་ཙིནྟཱ་ཙཀྲེ་སྟོ་ཏྲཾ་ནཱ་མ། བོད་སྐད་དུ། འཕགས་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་ལ་བསྟོད་པ་ཞེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་ན་སྣ་ཚོགས་ལས་ཀྱི་འཁྲི་ཤིང་མཐའ་མེད་བཙུགས་ཀུན་སྡུག་བསྔལ་ཁུར། །བརྒྱ་ཕྲག་འབྲས་བུའི་ངལ་བས་གཙོས་བྱས་དེ་ཚེ་འཕགས་མ་གང་གི་མཚན། །འཛིན་པ་ཡིས་ཀྱང་བྱུང་དང་འབྱུང་འགྱུར་འཇིགས་པའི་ཆུ་གཏེར་བསྒྲལ་མཛད་ཕྱིར། །དེ་ཉིད་ཁོ་ནར་བསྟོད་པའི་ཚིག་འདི་བློ་ལྡན་སུ་ཞིག་འཛིན་མི་བྱེད། །གང་ན་ལྷ་དང་དྲང་སྲོང་གྲུབ་པ་རིག་འཛིན་ཚོགས་ཀྱི་དགའ་ཚལ་ནི། །མནན་ནེམ་བཏེག་འཕར་རཏྣའི་ས་གཞི་བཻཌཱུརྻ་ཡི་བྲག་རིས་བརྗིད། །དྭངས་པའི་རོལ་མཚོ་པུཎྜ་རཱི་ཀའི་དྲྭ་བས་སྦྲེལ་བའི་བར་བར་དུ། །དབང་པོའི་བྱ་ཚོགས་ཁ་དོག་སྣ་ཚོགས་ཡིད་འོང་སྙན་པའི་སྒྲ་སྒྲོགས་དེར། །རིན་ཆེན་ལྗོན་ཤིང་ལྟ་ན་ལྷུན་སྟུག་ཡལ་འདབ་གཡོ་བའི་བསྟི་སྟང་གིས། །རྟ་བབས་བསྟེན་འདྲའི་གཞལ་མེད་ཁང་ཆེན་བཀོད་ལས་ཁྱད་པར་གྱུར་པ་གང༌། །སྒྱུ་མའི་ཟློས་གར་རྩེ་བ་ཇི་བཞིན་སྒོ་འཕར་གཡོ་བའི་དཔལ་དེ་ཡིས། །ཏིང་འཛིན་བརྒྱ་ཕྲག་དུ་མ་འཐོབ་བྱེད་ལྷ་ཡི་སྐྱེད་ཚལ་ལས་འཕགས་དབུས། །རབ་མཛེས་གཞོན་ནུའི་མཆུ་སྒྲོས་ལས་ལྷག་ཨུཏྤལ་དཀར་པོའི་འདབ་མ་ཡི། །འཛུམ་ཕྲེང་དགོད་པ་ཆུ་གཏེར་ལ་ཞུགས་
ཉིན་མོའི་ཕྱོགས་ཀྱིས་སྨད་བྱས་པར། །གཅིག་ཤོས་འོད་ཟེར་ཕྲེང་བས་མངོན་བསུས་རང་དྲིན་དྲན་པས་འདེགས་རྩོམ་ཚེ། །ཁྱོད་ཞབས་སྙིང་རྗེའི་གཞོན་ཤ་ཆགས་དེའི་འབབ་སྟེགས་གཅིག་ཏུ་གྱུར་པ་བཞིན། །ག་བུར་འཛིན་པའི་འོད་རིས་ཀྱིས་ཕྱེ་ཀུ་མུད་འཛུམ་ཕྲེང་གཡོ་བ་དང༌། །ཆུ་འཛིན་གཞོན་ནུའི་བླ་བྲེ་ལས་བྱུང་ཁ་བའི་རྡུལ་བརྩེགས་ཀཻ་ལཱ་ཤས། །མཚོན་པ་མ་ཡིན་ཁྱོད་སྐུ་རབ་མཛེས་རྡུལ་གྱི་ཐིག་ལེའི་ལང་ཚོ་ལ། །མཚན་དཔེའི་ཡོན་ཏན་རི་དྭགས་ཀྱིས་འཁྱུད་ཀུན་རྨོངས་མ་རིག་སེལ་ལ་འདུད། །ཕྱག་གཡས་ལྕུག་ཕྲན་གཞོན་ནུའི་འཁྲི་ཤིང་མཆོག་སྦྱིན་བསིལ་ཡབ་དམ་པ་དེར། །གཟུང་འཛིན་འཁྲུལ་པའི་མྱང་ངམ་ཐང་ལ་མཐའ་མེད་འཁྱམས་གྱུར་སྲིད་པའི་འགྲོ། །སྣ་ཚོགས་འཇིགས་སྟེར་སྡུག་བསྔལ་གསུམ་གྱི་ཚ་གདུང་དག་ལས་དབུགས་འབྱིན་ནས། །དགའ་དང་གཏན་བདེའི་ངལ་བསོ་སྦྱིན་མཛད་ཐུགས་རྗེ་བརྩེ་ལྡན་ཁྱོད་ལ་འདུད། །གཡོན་པས་རིན་ཆེན་རྣམ་གསུམ་མཚོན་བྱེད་ཕྱག་རྒྱ་དང་བཅས་མཐེབ་སྲིན་གྱིས། །སྙིང་རྗེའི་བདུད་རྩིས་མངོན་པར་ཕྱེ་བའི་པུཎྜ་རཱེ་ཀའི་མེ་ཏོག་གསར། །ལོ་འདབ་དང་བཅས་རབ་ཏུ་སྒེག་པར་འཛིན་དེས་སྐལ་བཟང་སྐྱེ་བོ་ལ། །ཐར་པ་མཆོག་གི་བཅུད་ལེན་སྦྱིན་མཛད་ཀུན་ནས་ཞི་མ་ཁྱོད་ལ་འདུད། །གནས་སྐབས་བྱང་ཆུབ་ཡན་ལག་བདུན་ལྡན་འདྲེན་བྱེད་ཟིམ་བུའི་འཇོ་སྒེག་གིས། །མངོན་པར་མཐོ་བའི་གོ་འཕང་ཆེན་པོ་ནེམ་ནུར་མེད་པར་སྦྱིན་པ་དང༌། །ཆབ་གཅིག་མཐར་ཐུག་སྐུ་བཞིའི་འབྱོར་བ་རྨད་དུ་བྱུང་བའི་རྒྱལ་སྲིད་ལ། །མཆོག་ཏུ་དབང་བསྒྱུར་ཕྲིན་ལས་སྩོལ་མཛད་ཀུན་མཁྱེན་མ་ཁྱོད་ལས་གཞན་སུ། །ཤིན་ཏུ་ཞི་ཞིང་འཛུམ་པའི་བཞིན་ཅན་སྣ་ཚོགས་འོད་ཟེར་ཕྲེང་བས་མཛེས། །ལྕིད་ཀྱིས་ནོན་སྤངས་ལྷ་རྫས་མཆོག་གི་སྟོད་གཡོགས་སྨད་དཀྲིས་རབ་འཆང་ཞིང༌། །ཐ་དད་རིན་ཆེན་དྲྭ་བར་འབྲེལ་པ་ཕྱག་ཞབས་མགུལ་པར་སྤྲས་པ་དེས། །འགྲོ་ལ་མི་འཇིགས་སྦྱིན་པ་སྟེར་བའི་ཡོན་ཏན་མངའ་བ་ཁྱོད་ལ་འདུད། །དབུ་སྐྱེས་མཐོན་མཐིང་ཨུཏྤལ་གཞོན་ནུའི་
འོད་ཟེར་གྱིས་བོས་རིགས་ཀྱི་བདག །མི་བགྲེས་སྐྱེ་འཆིའི་རྟོག་པ་རྣམ་སྤངས་ཚེ་དང་ཡེ་ཤེས་དཔག་མེད་པའི། །ཞབས་མཐིལ་བཅིངས་པས་འགྲོ་ཀུན་འཆི་མེད་བདེ་བའི་བཅུད་ལེན་སྦྱིན་པ་དེ། །གེ་སར་ཉིད་ཡིན་གཞན་དུ་སྲིད་ན་འདུ་འབྲལ་དབྱེན་གྱིས་ཕྱེད་མི་འགྱུར། །ཁྱོད་སྐུ་རབ་མཛེས་ཀུན་ཏུ་ཞི་ཞིང་རྣམ་པར་དག་པའི་དཔལ་དེ་ཡི། །གཟི་བྱིན་འགོག་ཕྱིར་བཅུ་དྲུག་ཆ་ལྡན་དོ་ཟླར་འོངས་པའི་དེ་མ་ཐག །ཅུང་ཟད་ཙམ་ཡང་བསྒྲུན་པར་མ་བཟོད་སླར་ཡང་ངོ་ཚའི་གྲིབ་མ་རུ། །མངོན་པར་ཡིབས་དེས་རྒྱབ་ཡོལ་མཛད་པའི་ངོ་མཚར་མཆོག་ལྡན་དེ་ལ་འདུད། །ཆོས་ཀུན་གཟོད་ནས་བདག་གིར་མ་བཅིངས་རྣམ་ཐར་གསུམ་ལྡན་མཁའ་འདྲའི་དབྱིངས། །མཚན་རྟོག་སྤྲོས་པའི་སྦུབས་སུ་མི་གནས་ཡང་དག་དབུ་མའི་ལམ་རིགས་པས། །གཉིས་སྣང་རྟོག་པའི་ཕ་མཐའ་བརྒལ་ཡང་བདེ་ཆེན་སྙིང་རྗེའི་འཇོ་སྒེག་ཅན། །ཟུང་འཇུག་དབྱེར་མེད་རྣམ་ཀུན་མཆོག་ལྡན་འོད་གསལ་ཆོས་ཀྱི་སྐུ་ལ་འདུད། །གང་གི་རང་བཞིན་གཡོ་བ་མེད་ཀྱང་སྟོང་གཟུགས་སྒྱུ་མའི་རོལ་མོ་ནི། །ཟག་བྲལ་བདེ་བ་མཆོག་གིས་རྒྱས་བཏབ་ཀུན་ཏུ་མཉམ་པར་སྦྱར་བ་ཡིས། །འོག་མིན་གནས་སུ་མཚན་དཔེའི་རོལ་གར་སྒྱུ་འཕྲུལ་དྲྭ་བའི་རྣམ་པ་ཅན། །དག་པའི་གདུལ་བྱའི་ཚོགས་རྣམས་སྨིན་མཛད་ལོངས་སྤྱོད་རྫོགས་སྐུ་ཁྱོད་ལ་འདུད། །འདི་ན་བློ་མིག་ཉོན་མོངས་ཀྱིས་ལྡོངས་སྣ་ཚོགས་རྟོག་པར་འཕྱན་པའི་འགྲོ། །སྐད་ཅིག་རེར་ཡང་དེ་སྙེད་བརྩེ་བའི་ཟློས་གར་ཟད་མེད་བསྒྱུར་བ་ཡིས། །ལམ་གྱི་སྟེགས་དང་ལམ་དང་ལམ་གྱི་འབྲས་བུར་སྦྱོར་བར་མཛད་པའི་དཔལ། །ཚད་མེད་འཇུག་པ་དུས་ལས་མི་ཡོལ་སྤྲུལ་པའི་སྐུ་མངའ་ཁྱོད་ལ་འདུད། །རིན་ཐང་བྲལ་བའི་རཏྣས་གཙུག་ཕུད་དམ་པོར་བཅིངས་བྱས་འཇིག་རྟེན་ན། །གྲགས་པའི་དཔལ་ནི་ཉི་མ་ལྟར་གསལ་དེ་དག་གིས་ཀྱང་ཁྱོད་ཞབས་ལ། །བཏུད་པར་མཛད་པའི་ངོ་མཚར་འགོག་ཕྱིར་དུས་གསུམ་རྒྱལ་བ་སྲས་བཅས་ཀུན། །སྐྱེད་པའི་ཡུམ་གཅིག་ཤེས་རབ་ཕར་ཕྱིན་མཆོག་གི་སྐུ་རུ་བསྟན་ལ་འདུད། །ཤིན་ཏུ་རབ་མཛེས་ཆུ་སྐྱེས་གཞོན་ནུའི་དཔལ་
ལྟར་གསལ་བའི་མཚན་དཔེའི་གཟུགས། །སྙིང་རྗེའི་དྲི་བསུང་མངར་པོས་ཕྱོགས་ཀུན་ཡོངས་སུ་འགེངས་བྱས་དེ་ཡི་མཐུས། །བྱང་སེམས་ལྷ་དབང་དྲང་སྲོང་གྲུབ་པའི་འཁོར་ཚོགས་རཿཡིག་གཉིས་པའི་སྤྲིན། །གྲངས་མེད་རོལ་སྒེག་རྣམ་པར་གཡོ་བས་གསུང་གི་བཅུད་ལེན་བཏུང་ལ་འདུད། །དེ་ལྟར་རབ་སྙན་བསྟོད་ཚིག་དྲི་བཞོན་དལ་བུར་རྒྱུ་བའི་ཕོ་ཉ་ཡིས། །སྤྲོས་བྲལ་ཀུན་གསལ་གཞོན་ནུར་རབ་ཆགས་མཁྱེན་བརྩེའི་སྤྲིན་དཀར་འཛུམ་ཞལ་ལ། །རྣམ་པར་འཁྱུད་པས་རྗེས་སུ་གཟིགས་པའི་བྱིན་རླབས་བདུད་རྩིའི་ཐིགས་ཕྲེང་གིས། །བདག་སོགས་གུས་པའི་བ་ཀུ་ལར་རེག་ཕན་བདེའི་འདབ་ཕྲེང་གྲོལ་མཛོད་ཀྱི། །གནས་སྐབས་བསོད་ནམས་མ་ཡིན་ཆང་གི་བཏུང་བས་མྱོས་པའི་སྣ་ཞགས་ཅན། །བརྒྱད་གཉིས་འཇིགས་པའི་མཚོན་འཁོར་གཡོ་བས་བདག་གཞན་སྡུག་བསྔལ་གསུམ་ལྡན་གྱི། །ཟུག་རྔུའི་ཚོར་བས་རྣམ་པར་འཆིང་བྱེད་ཐུགས་རྗེའི་མཆིལ་བས་དབང་བསྡུས་ཏེ། །མཐོ་རིས་ཡོན་ཏན་བདུན་གྱི་བདག་ཉིད་བདེ་བའི་ཤུལ་ལམ་ལ་ཞུགས་མཛོད། །ཁྱད་པར་དུས་མིན་འཆི་བའི་རླབས་ཕྲེང་མི་བཟད་ལྡན་པའི་སིནྡྷཱུའི་བདག །མ་རུངས་འབྱུང་པོ་རལ་གྲིའི་སོ་ཅན་སྣ་ཚོགས་ཀུན་གྱིས་གང་བ་དེར། །བསྟི་བར་ཕྱོགས་ཚེ་ཁྱོད་ཀྱི་ཐུགས་རྗེའི་ཆུ་གཏེར་ལམ་ལས་ལེགས་བསྐྱོད་ནས། །འཆི་མེད་བདེ་ལྡན་རིན་ཆེན་གླིང་ཕྱིན་དོན་གཉིས་ལྷུན་གྱིས་གྲུབ་པར་མཛོད། །རྟག་ཏུ་གང་སྐུའི་ཤར་གྱི་ཐིག་ལེ་རབ་གུས་བདེ་འབྱུང་གཙུག་ཏོར་རྩེར། །སྣང་སྟོང་ཟུང་འཇུག་འཁོར་ལོར་བསྒོམས་ནས་གསང་སྔགས་འབྲུ་བརྒྱད་འབར་བའི་མོད། །དུས་ཀུན་སྙིང་གི་ཀུནྡཱར་བསྟེན་ལས་རིང་འཚོའི་བཅུད་ལེན་གྲུབ་པ་དང༌། །ལྷན་ཅིག་དགྱེས་ཞལ་རྣམ་པར་གཡོ་མཐོང་ལུང་བསྟན་དབུགས་དབྱུང་སྩོལ་བར་མཛོད། །གཞན་ཡང་ཕན་བདེའི་རྩ་ལག་གཅིག་གྱུར་རྒྱལ་བསྟན་འཛིན་པའི་ཨུཏྤ་ལ། །ལུང་རྟོགས་ཉིན་མོའི་འོད་ཟེར་ལ་ཕྱོགས་རིག་གྲོལ་འཛུམ་ཕྲེང་དགོད་པ་རྣམས། །སྐྱེ་རྒུའི་དད་པའི་ཐོར་ཚུགས་
རྩེར་བཀོད་དེ་མཐུས་སྣོད་བཅུད་ཐམས་ཅད་ལ། །སླར་ཡང་རྫོགས་ལྡན་གསར་པའི་དགའ་སྟོན་ནུབ་པ་མེད་པར་སྦྱིན་གྱུར་ཅིག །ནམ་ཞིག་འདིར་སྣང་ཟད་པར་གྱུར་ཚེ་འབྱུང་བཞི་འདུས་པའི་ཡིད་ཀྱི་ལུས། །རབ་ཏུ་འཇིགས་བཅས་འཐོར་རླུང་གིས་བསྐྱོད་རྣལ་དུ་གནས་མིན་དེ་ཡི་ཚེ། །ཀུན་ནས་བརྩེ་ལྡན་འཕགས་མ་ཁྱོད་མཐོང་ཐུགས་རྗེའི་རྭ་བར་བཟླུམས་པ་ལས། །དག་པའི་ཞིང་དུ་དབུགས་འབྱིན་མཛད་ནས་གནས་ངན་ལེན་པ་ཡོངས་སྤོང་ཤོག །མཐར་ཐུག་བློ་ཡིས་གཞལ་བར་མི་ནུས་ཡོན་ཏན་རིན་ཆེན་ཡོངས་ཀྱི་མཛོད། །དྲན་པས་སྲིད་ཞིའི་དགོས་འདོད་ཀུན་འབྱུང་རྒྱལ་བའི་ཡུམ་གཅིག་ཁྱོད་བཞིན་དུ། །སྤངས་རྟོགས་ཕུན་ཚོགས་འགྲོ་ཀུན་སྒྲོལ་མཛད་གོ་འཕང་མཆོག་དེར་མྱུར་ཕྱིན་ནས། །དོན་གཉིས་ལྷུན་གྲུབ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཕ་མཐའ་འཛིན་གྱུར་ཅིག །དེ་ལྟར་བསྔགས་བརྗོད་ཆུ་འཛིན་གཞོན་ནུ་ཚིག་སྙན་གློག་ཕྲེང་དོ་ཤལ་ཅན། །དོན་བཟང་སྤྲིན་གྱི་རོལ་མོ་གསར་པས་རབ་གུས་ལྡན་པའི་གཉིས་སྐྱེས་ཚོགས། །གནས་སྐབས་མངོན་མཐོའི་ཟློས་གར་བསྒྱུར་བས་སྲིད་ཞིའི་ཕུན་ཚོགས་འགུགས་པ་དང༌། །མཐར་ཐུག་ཟུང་འཇུག་སྐུ་གསུམ་དབྱེར་མེད་མངལ་ཁུར་མཆོག་གིས་ལྕི་བར་འགྱུར། །དེ་ལྟར་འཕགས་མ་སྒྲོལ་མ་དཀར་མོ་ཡིད་བཞིན་འཁོར་ལོ་ལ་བསྟོད་ཅིང་གསོལ་བ་གདབ་པའི་རིམ་པ་འཆི་མེད་སྤྲིན་དཀར་འཛུམ་པའི་རོལ་མོ་ཞེས་བྱ་བ་འདི་ནི་ཞིང་གི་བཀོད་པ་དང་མཐུན་པར་རྟེན་དང་བརྟེན་པ་ཀུན་ལ་བསྔགས་བརྗོད་ཀྱི་ཚུལ་དུ་གཞོན་ནུ་ཨ་བྷ་ཡས་རང་ལོ་བཅུ་བདུན་པར་རིག་གྲོལ་ཕུན་ཚོགས་གླིང་དུ་སྦྱར་བའི་དགེ་བས་ཁྱབ་བདག་འཁོར་ལོའི་མགོན་པོ་མཆོག་རྣམས་རྟག་ཏུ་ཞབས་པད་བརྟན་ཅིང༌། བདག་གཞན་ཐམས་ཅད་དུས་མིན་གྱི་འཆི་བའི་འཇིགས་པ་ལས་གྲོལ་བའི་རྒྱུར་གྱུར་ཅིག། །།
ཚེ་ལྷ་རྣམས་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསང་ལམ།
ཚེ་ལྷ་རྣམས་གསུམ་ལ་བརྟེན་པའི་བླ་མའི་རྣལ་འབྱོར་འཆི་མེད་གྲུབ་པའི་གསང་ལམ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཏྲི་ཨཱ་ཡུརྡེ་བེ་བྷྱཿ བླ་མ་ཚེ་ལྷའི་རྣལ་འབྱོར་ལ། །བརྟེན་ནས་འཆི་མེད་འགྲུབ་འདོད་ན། །ངེས་འབྱུང་བྱང་ཆུབ་སེམས་ཀྱི་བློས། །སྐྱབས་སེམས་སྔོན་སོང་འདི་ལྟར་བསྒོམ། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། སྣོད་བཅུད་ཐམས་ཅད་མི་དམིགས་འོད་གསལ་ངང༌། །ཟུང་འཇུག་ཏིང་ངེ་འཛིན་གྱི་རྣམ་རོལ་ལས། །ཕྱི་སྣོད་དག་པའི་ཞིང་ཁམས་བདེ་བ་ཅན། །ཡིད་འཕྲོག་ངོ་མཚར་བཀོད་པས་མཛེས་པའི་གཞིར། །རང་ཉིད་ཐ་མལ་གསལ་བའི་སྤྱི་བོ་རུ། །ཕུན་ཚོགས་མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའི་དབུས། །པད་དཀར་ཟླ་སྟེང་རྩ་བའི་བླ་མ་ནི། །རྣམ་པ་ཚེ་དང་ཡེ་ཤེས་མཆོག་སྩོལ་ཕྱིར། །བཅོམ་ལྡན་འཕགས་མ་ཡིད་བཞིན་འཁོར་ལོའི་ཚུལ། །དྲི་མེད་ཟླ་བ་ནོར་བུའི་མཚན་དཔེ་ལ། །རབ་ཞི་བརྒྱད་གཉིས་ལང་ཚོའི་མཚར་སྡུག་ཅན། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཕྱག་ཞབས་ཀྱི། །མཐིལ་བཞིར་ཡེ་ཤེས་སྤྱན་རེས་མཚན་པ་སྟེ། །བྱང་ཆུབ་ཡན་ལག་བདུན་གྱི་གཟིགས་པས་མཛེས། །ཕྱག་གཡས་མཆོག་སྦྱིན་རྫོགས་ལྡན་སྤྲིན་ཆེན་ལས། །ཕན་དང་བདེ་བའི་དངོས་ཀུན་ཆར་དུ་འབེབས། །གཡོན་པས་དུས་གསུམ་དེ་བཞིན་གཤེགས་མཚོན་པའི། །ཨུཏྤལ་བསྣམས་པས་སྲིད་ཞིའི་འཇིགས་པ་འཕྲོག །དར་དཀར་སྟོད་གཡོགས་དམར་པོའི་ཤམ་ཐབས་དང༌། །ནོར་བུ་རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས། །ཟླ་བར་རྒྱབ་བརྟེན་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །དེ་ཡི་སྤྱི་བོར་རིགས་བདག་ཚེ་དཔག་མེད། །དཀར་དམར་མདངས་ཅན་མཉམ་བཞག་ཚེ་བུམ་འཛིན། །མཚན་པའི་དཔལ་འབར་དར་དང་རིན་ཆེན་བརྒྱན། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་པད་ཟླར་རོལ། །གཙུག་ཏོར་ལས་སྐྱེས་འོད་ཀྱི་ཕུང་པོའི་དབུས། །འཕགས་མ་རྣམ་པར་རྒྱལ་མ་སྟོན་ཟླའི་མདོག །དཀར་སེར་སྔོ་བའི་ཞལ་གསུམ་ཕྱག་བརྒྱད་མ། །ཞལ་རེར་རབ་ཏུ་རྒྱས་པའི་སྤྱན་གསུམ་མཛེས། །ཕྱག་གཡས་དང་པོས་སྣ་ཚོགས་རྡོ་རྗེ་དང༌། །གཉིས་པས་པད་དཀར་ལ་
གནས་འོད་དཔག་མེད། །གསུམ་པས་མདའ་དང་བཞི་པས་མཆོག་སྦྱིན་མཛད། །གཡོན་གྱི་དང་པོས་རྡོ་རྗེའི་ཞགས་པ་དང༌། །གཉིས་པས་གཞུ་དང་གསུམ་པས་སྐྱབས་སྦྱིན་རྒྱ། །བཞི་པས་མཉམ་བཞག་བདུད་རྩིའི་བུམ་པ་བསྣམས། །དར་དང་རིན་ཆེན་རྒྱན་རྫོགས་སྐྱིལ་ཀྲུང་བཞུགས། །རྣམ་གསུམ་སྐུ་ཡི་ཆ་ཤས་ཐམས་ཅད་ནས། །འོད་ཟེར་ཕྲེང་བ་དཔག་ཡས་ཕྱོགས་བཅུར་འཕྲོ། །དེ་དག་རེ་རེའི་རྩེར་ཡང་དག་པའི་ཞིང༌། །རབ་འབྱམས་རྡུལ་གྱི་གྲངས་སྙེད་སྣང་བ་ན། །བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས། །ཚེ་ལ་དབང་པའི་རིག་འཛིན་དྲང་སྲོང་དང༌། །ཆོས་སྲུང་ནོར་ལྷའི་ཚོགས་ཀུན་སྤྲིན་ལྟར་གཏིབས། །ཀུན་ཀྱང་སྣང་སྟོང་སྒྱུ་འཕྲུལ་དྲྭ་བའི་སྐུའི། །གནས་གསུམ་ཡི་གེ་གསུམ་གིས་མཚན་པ་ལས། །འོད་འཕྲོས་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཐིམ། །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་གྱུར། །དེ་ནས་སྤྲོ་ན་ཡན་ལག་བདུན་པ་རྒྱས་པ་གཞན་དང་བཅས་ཕྱག་འཚལ། མཎྜལ་ཅི་ནུས་འབུལ། མདོར་བསྡུ་ན། གང་གི་སོ་སོར་རྟོག་པའི་ཡེ་ཤེས་ནི། །དྲན་པས་འཆི་མེད་མཆོག་སྩོལ་ཚེ་ཡི་ལྷར། །ཡོངས་ཤར་སྐྱབས་གནས་ཀུན་འདུས་བླ་མ་ལ། །མི་ཕྱེད་སྙིང་ནས་གུས་པས་ཕྱག་འཚལ་ལོ། །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་འཚལ་ལོ། །བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །རབ་དཀར་ཞལ་གཅིག་ཕྱག་གཉིས་སྤྱན་བདུན་མ། །ཡུམ་གྱུར་ཨུཏྤལ་བསྣམས་ལ་ཕྱག་འཚལ་ལོ། །གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །
ཚེ་ལ་དབང་བའི་དྲང་སྲོང་རིག་པ་འཛིན། །ཆོས་སྲུང་ནོར་ལྷ་རྒྱ་མཚོའི་ཚོགས་བཅས་ལ། །རབ་ཏུ་དྭངས་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཀུན་བཤགས་དགེ་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་བཞིན་བསྐལ་བརྒྱར་བཞུགས་གསོལ་འདེབས། །འདིས་མཚོན་དགེ་ཚོགས་བྱང་ཆུབ་སྙིང་པོར་བསྔོ། །ལན་གསུམ། དེ་ལྟར་ཕྱག་འཚལ་མཆོད་ཅིང་གསོལ་བཏབ་མཐུས། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀུན། །སྐྱེ་ཞིང་སྐྱེ་བར་དལ་འབྱོར་རྟེན་ཐོབ་ཅིང༌། །རྣམ་དག་བཤེས་དང་མཇལ་བར་བྱིན་གྱིས་རློབས། །ཚུལ་གནས་ཐོས་བསམ་སྒོམ་པའི་ཕ་རོལ་སོན། །ངེས་འབྱུང་བྱང་ཆུབ་སེམས་གཉིས་གཏིང་ནས་འབྱོངས། །རླབས་ཆེན་རྒྱལ་སྲས་སྤྱོད་ལ་དབང་བསྒྱུར་ནས། །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས། །ཁྱད་པར་ནད་གདོན་སྡིག་སྒྲིབ་ཉེར་འཚེ་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང༌། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡེ་ཤེས་དང༌། །ཕན་བདེའི་དགེ་མཚན་རྒྱས་པར་བྱིན་གྱིས་རློབས། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུར་པུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅུང་ཟད་བཟླས་མཐར། རྩེ་གཅིག་བསྙེན་པས་གསོལ་བ་བཏབ་པའི་མཐུས། །བླ་མ་ཡིད་བཞིན་འཁོར་ལོའི་ཐུགས་ཀ་ནས། །འོད་འཕྲོས་རིགས་བདག་ཚེ་དཔག་མེད་པ་དང༌། །དེ་ཡི་གཙུག་ཏོར་ནོར་བུའི་འོད་ཟེར་གྱིས། །འཕགས་མ་རྣམ་པར་རྒྱལ་མའི་ཐུགས་རྒྱུད་བསྐུལ། །ཀུན་ཀྱང་ཐུགས་རྗེའི་འཇུག་པ་ལྷག་པར་གཡོས། །དཔག་ཡས་འོད་ཟེར་ཕྱོགས་བཅུའི་ཞིང་ཀུན་ཁྱབ། །བདག་གི་བླ་ཚེ་ཆད་ཉམས་ཡར་བ་དང༌། །འབྱུང་བཞིའི་དྭངས་བཅུད་འཁོར་འདས་ཐམས་ཅད་ཀྱི། །ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཀུན། །འོད་ཟེར་སྣ་ལྔའི་རྣམ་པར་སྤྱན་དྲངས་ནས། །རིགས་ཀྱི་བདག་པོའི་ཕྱག་གི་བུམ་པར་ཐིམ། །བདུད་རྩིའི་རྒྱུན་ལུང་དེ་དང་ལྷན་ཅིག་ཏུ། །ཚོགས་ཞིང་ཀུན་གྱི་སྐུ་ཡི་ཆ་ཤས་ལས། །འཆི་མེད་གྲུབ་
པའི་ཟིལ་དངར་ཆར་ལྟར་བབས། །རང་གི་སྤྱི་བོ་ཚངས་པའི་སྒོ་ནས་ཞུགས། །ལུས་ཀྱི་ནང་གང་ནད་གདོན་སྡིག་སྒྲིབ་སྦྱངས། །བླ་ཚེ་ཆད་ཉམས་ཡར་བ་རང་སོར་ཆུད། །ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཡོན་ཏན་རྒྱས། །འཆི་མེད་གཉུག་མའི་གོ་འཕང་ཐོབ་པར་གྱུར། །ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ། ཞེས་ཅི་ནུས་དང༌། ཚེ་གཟུངས། རྣམ་རྒྱལ་མའི་གཟུངས་རིང་ཐུང་འབྲིང་པོ་བཅས། སྒྲོལ་དཀར་གྱི་སྙིང་པོ་རྣམས་ཇི་ལྟར་རིགས་པ་བཟླས་མཐར་ཐུན་བསྡུ་བ་ན། ཚོགས་ཞིང་ཐམས་ཅད་འོད་ཞུ་རང་ལ་ཐིམ། །རང་གི་སྒོ་གསུམ་གཉུག་མའི་ཡེ་ཤེས་དང༌། །སྐྱབས་ཡུལ་རྣམས་ཀྱི་གསང་གསུམ་དབྱེར་མེད་དང༌། །གནས་ལུགས་འོད་གསལ་ཆོས་སྐུའི་རང་ཞལ་བལྟ། །ཞེས་པའི་དོན་ལ་ཅུང་ཟད་མཉམ་པར་བཞག སླར་ཡང༌། དགེ་བ་འདི་ཡིས་བདག་སོགས་སེམས་ཅན་ཀུན། །ཚེ་འདིར་ཚེ་རིང་ནད་མེད་དམ་ཆོས་ལྡན། །ཕྱི་མ་བདེ་བ་ཅན་གྱི་ཞིང་སྐྱེས་ནས། །ཚེ་དཔག་མེད་མགོན་གོ་འཕང་མྱུར་ཐོབ་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་དང་བཅས་ཏེ་སྤྱོད་ལམ་ལ་འཇུག ཐུན་མཚམས་ཐམས་ཅད་དུའང་རྟེན་རིང་བསྲེལ་གྱི་སྙིང་པོ་ཅན་ལ་ཕྱག་བསྐོར་བྱ་བ། མདོ་བཀླག་པ། སཱཙྪ་གདབ་པ། ཆུ་གཏོར་སོགས་དགེ་བའི་བྱ་བ་ལ་བརྩོན། དེ་ལྟར་རྩེ་གཅིག་འབད་པས་གནས་སྐབས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བ་དང༌། ཚེ་དང༌། བསོད་ནམས་དང༌། བློ་གྲོས་རྒྱས་པ་སོགས་ཕན་ཡོན་དཔག་ཏུ་མེད་ཅིང༌། ཤི་འཕོས་ནས་ཀྱང་དག་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པར་འགྱུར་བ་ནི་ངེས་པའོ། །འདི་ཡང་བླ་མའི་བྱིན་རླབས་ནི། །བདུད་རྩིས་ཕྱེ་བའི་ཨུཏྤལ་ཏེ། །ཟབ་དོན་བཅུད་ཀྱིས་འགྲོ་བ་ཀུན། །འཆི་མེད་གྲུབ་པ་ཉིད་གྱུར་ཅིག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སོ། །མངྒ་ལཾ་བྷ་བ་ཏུ།། །།
འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།
འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ།།
རྒྱ་གར་སྐད་དུ། ཨཱརྱ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། ཛཱེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་གྱི་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་སྟེང་གི་ཕྱོགས་ན་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །ཚེ་འཛིན་ཅིང་ཚེ་མཐར་ཕྱིན་པར་བཞེད་དེ། སེམས་ཅན་རྣམས་ལ་ཆོས་ཀྱང་སྟོན་ཏོ། །འཇམ་
དཔལ་གཞོན་ནུར་གྱུར་པ་ཉོན་ཅིག འཛམ་བུའི་གླིང་གི་མི་རྣམས་ནི་ཚེ་ཐུང་བ་ལོ་བརྒྱ་ཐུབ་པ་ཤ་སྟག་སྟེ། དེ་དག་ལས་ཀྱང་ཕལ་ཆེར་དུས་མ་ཡིན་པར་འཆི་བར་བསྟན་ཏོ། །འཇམ་དཔལ་སེམས་ཅན་གང་དག་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་ཡོན་ཏན་དང་བསྔགས་པར་གྱུར་པ་ཡོངས་སུ་བརྗོད་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། མིང་ཙམ་ཉན་ཏམ། ཀློག་པ་ནས་གླེགས་བམ་ལ་བྲིས་ཏེ། ཁྱིམ་ན་འཆང་གི་བར་དུ་བྱེད་དམ། མེ་ཏོག་དང༌། སྤོས་དང༌། ཕྲེང་བ་དང༌། བྱུག་པ་དང༌། ཕྱེ་མ་རྣམས་ཀྱིས་མཆོད་པར་འགྱུར་བ་དེ་དག་གི་ཚེ་ཡོངས་སུ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །འཇམ་དཔལ་སེམས་ཅན་གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོའི་མཚན་བརྒྱ་རྩ་བརྒྱད་ཐོས་པར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །སེམས་ཅན་གང་དག་ཚེ་ཡོངས་སུ་ཟད་ཀར་མཚན་འཆང་བར་གྱུར་པ་དེ་དག་གི་ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །འཇམ་དཔལ་དེ་ལྟ་བས་ན་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་དག་ཚེ་རིང་
པོར་འདོད་པས་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་དེའི་མཚན་བརྒྱ་རྩ་བརྒྱད་ཉན་ཏམ། ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། ཀློག་པར་གྱུར་པ་དེ་དག་གི་ཡོན་ཏན་དང་ལེགས་པར་འགྱུར་བ་ནི་འདི་དག་གོ །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ་ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་ར་རེ་སྭཱ་ཧཱ། འཇམ་དཔལ་དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པོ་འདི་དག་གང་ལ་ལ་ཞིག་གིས་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། གླེགས་བམ་ལ་བྲིས་ཏེ་ཁྱིམ་ན་འཆང་ངམ། ཀློག་པར་གྱུར་ན་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་ཏེ། འདི་ནས་ཤི་འཕོས་ནས་ཀྱང་དེ་བཞིན་གཤེགས་པ་ཚེ་དཔག་ཏུ་མེད་པ་དེའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པར་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་ས་མྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་ཀཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ནི་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་
རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བདུན་ཅུ་རྩ་བདུན་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ལྔ་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་
ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་བཞི་བཅུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན་སུ་བི་ནིཤྩི་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གསུམ་ཅུ་རྩ་དྲུག་གིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་ཉི་ཤུ་རྩ་ལྔས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཡང་དེའི་ཚེ་སངས་རྒྱས་བྱེ་བ་ཕྲག་གང་གཱའི་ཀླུང་བཅུའི་བྱེ་མ་སྙེད་ཀྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་གསུངས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ།
ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་ཚེ་ཟད་པ་ལས་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །ཚེ་ཡང་རྣམ་པར་འཕེལ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་སེམས་ཅན་དམྱལ་བ་དང༌། བྱོལ་སོང་གི་སྐྱེ་གནས་དང༌། གཤིན་རྗེའི་འཇིག་རྟེན་དུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ནམ་དུ་ཡང་མི་ཁོམ་པར་སྐྱེ་བར་མི་འགྱུར་ཏེ། གང་དང་གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ་སྐྱེ་བ་དྲན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུདྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ལ་ལ་ཞིག་གིས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འབྲིར་བཅུག་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་
སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བྱེད་དུ་བཅུག་པ་དང༌། རབ་ཏུ་གནས་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེས་མཚམས་མེད་པ་ལྔ་བྱས་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེའི་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་ཡོངས་སུ་བྱང་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏཱདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་ར་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་ལ་བདུད་དང་བདུད་ཀྱི་རིས་ཀྱི་ལྷ་དང༌། གནོད་སྦྱིན་དང༌། སྲིན་པོས་གླགས་བཙལ་ཀྱང་གླགས་རྙེད་པར་མི་
འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་རྫོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝཱ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་འཆི་བའི་དུས་ཀྱི་ཚེ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་མངོན་སུམ་དུ་ལུང་སྟོན་པར་མཛད་དོ། །སངས་རྒྱས་སྟོང་གིས་དེ་ལ་ཕྱག་རྐྱོང་བར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འགྲོ་བར་མཛད་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་དང༌། སོམ་ཉི་དང༌། ཡིད་གཉིས་མ་བྱེད་ཅིག ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་དག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། རྒྱལ་པོ་ཆེན་པོ་བཞི་དེའི་ཕྱི་བཞིན་དུ་འབྲང་ཞིང་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བར་བྱེད་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷཱ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པའི་སངས་རྒྱས་ཀྱི་ཞིང་འཇིག་རྟེན་གྱི་ཁམས་བདེ་
བ་ཅན་དུ་སྐྱེ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཅི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ས་ཕྱོགས་གང་དུ་མདོ་སྡེ་དཀོན་མཆོག་འདི་འབྲི་བའི་ས་ཕྱོགས་དེ་ཡང་མཆོད་རྟེན་དུ་འགྱུར་རོ། །བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་བྱ་དང༌། རི་དྭགས་གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་ན། དེ་བུད་མེད་ཀྱི་ལུས་སུ་ནམ་དུ་ཡང་སྐྱེ་བར་མི་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཆོས་ཀྱི་རྣམ་གྲངས་འདིའི་ཕྱིར་ཀར་ཤ་པ་ན་གཅིག་སྦྱིན་པ་བྱིན་ན། དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་སྣ་བདུན་གྱིས་ཡོངས་སུ་བཀང་སྟེ་སྦྱིན་པ་བྱིན་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་རྫོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་
སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷཱ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། གང་ལ་ལ་ཞིག་ཆོས་ཀྱི་རྣམ་གྲངས་འདི་ལ་མཆོད་པ་བྱེད་པར་འགྱུར་བ་དེས། དམ་པའི་ཆོས་མཐའ་དག་ལ་མཆོད་པ་བྱས་པར་འགྱུར་རོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། དེ་བཞིན་གཤེགས་པ་རྣམ་པར་གཟིགས་དང༌། གཙུག་ཏོར་ཅན་དང༌། ཐམས་ཅད་སྐྱོབ་དང༌། ལོག་པར་དད་སེལ་དང༌། གསེར་ཐུབ་དང༌། འོད་སྲུངས་དང༌། ཤཱཀྱ་ཐུབ་པ་ལ་སོགས་པ་ལ་རིན་པོ་ཆེ་སྣ་བདུན་གྱིས་མཆོད་པ་བྱས་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏུ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན། རིན་པོ་ཆེའི་ཕུང་པོ་རིའི་རྒྱལ་པོ་རི་རབ་ཙམ་སྤུངས་ཏེ། སྦྱིན་པ་བྱིན་པ་དེའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ།
ཏ་དྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། འདི་ལྟ་སྟེ། དཔེར་ན་རྒྱ་མཚོ་ཆེན་པོ་བཞི་ཆུས་ཡོངས་སུ་གང་བའི་ཐིགས་པ་རེ་རེ་ནས་བགྲང་བར་ནུས་ཀྱི། ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདིའི་བསོད་ནམས་ཀྱི་ཕུང་པོའི་ཚད་ནི་བགྲང་བར་མི་ནུས་སོ། །ཨོཾ་ན་མོ་བྷཱ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་བ་རི་ཝཱ་རེ་སྭཱ་ཧཱ། གང་ཞིག་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་སྡེ་འདི་ཡི་གེར་འབྲིའམ། ཡི་གེར་འབྲིར་འཇུག་གམ། བསྟི་སྟང་དུ་བྱས་ཏེ། མཆོད་པ་བྱེད་པར་འགྱུར་བ་དེས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་བྱས་པ་དང༌། མཆོད་པ་བྱས་པ་ཡིན་ནོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷཱ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། སྦྱིན་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་སྦྱིན་པའི་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །སྦྱིན་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཚུལ་ཁྲིམས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཚུལ་ཁྲིམས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཚུལ་ཁྲིམས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བཟོད་པའི་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡིས་སེང་གེ་བཟོད་པའི་སྟོབས་རྟོགས་ཏེ། །
སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བཟོད་པའི་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བརྩོན་འགྲུས་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བརྩོན་འགྲུས་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བརྩོན་འགྲུས་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །བསམ་གཏན་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་བསམ་གཏན་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །བསམ་གཏན་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཤེས་རབ་སྟོབས་ཀྱི་སངས་རྒྱས་ཡང་དག་འཕགས། །མི་ཡི་སེང་གེ་ཤེས་རབ་སྟོབས་རྟོགས་ཏེ། །སྙིང་རྗེ་ཅན་གྱི་གྲོང་ཁྱེར་འཇུག་པ་ན། །ཤེས་རབ་སྟོབས་ཀྱི་སྒྲ་ནི་གྲགས་པར་འགྱུར། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏཱ་ཨཱ་ཡརྫྙཱ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ་ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སམྦྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱ་ཧཱ། བཅོམ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་ནས། འཇམ་དཔལ་གཞོན་ནུ་གྱུར་པ་དང༌། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང༌། ལྷ་དང༌། མི་དང༌། ལྷ་མ་ཡིན་དང༌། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །རྒྱ་གར་གྱི་པཎྜི་ཏ་པུཎྱ་སམྦྷ་དང༌། ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་ཀྱིས་བསྒྱུར་བའོ། ༈ །གཙུག་ཏོར་རྣམ་པར་རྒྱལ་མའི་གཟུངས་བཞུགས་སོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་བའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། སརྦ་ཏྲཻ་ལོ་ཀྱ་པྲ་
ཏི་བི་ཤིཥྚཱ་ཡ། བུདྡྷ་ཡ་ཏེ་ན་མཿ ཏདྱ་ཐཱ། ཨོཾ་བྷྲཱུྃ་བྷྲཱུྃ་བྷྲཱུྃ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་ས་མ་ས་མནྟ་ཨ་ཝ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷ། ཨ་བྷི་ཥིཉྩནྟུ་མཾ། སརྦ་ཏ་ཐཱ་ག་ཏཱ། སུ་ག་ཏ་ཝ་ར་ཝ་ཙ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻ་ར། མ་ཧཱ་མུ་དྲཱ་མནྟྲ་པ་དཻ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུསྶཾ་དྷཱ་ར་ཎི། ཤོ་དྷ་ཡ་ཤོདྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སྭ་བྷཱ་ཝ་བི་ཤུདྡྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུདྡྷེ། ས་ཧ་སྲ་རསྨི་སཉྩོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥནྤཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མཱ་ཏེ། ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན་པ་རི་ཤུདྡྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུདྡྷེ། པྲ་ཏི་ནི་ཝརྟ་ཡ་མ་མ་ཨཱ་ཡུར། བི་ཤུདྡྷེ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི་མ་ཧཱ་བི་མུ་ནི། མ་ཏི་མ་ཏི་མ་ཧཱ་མ་ཏི། མ་མ་ཏི་སུ་མ་ཏི་ཏ་ཐཱ་ཏཱ། གྷཱུ་ཏ་ཀོ་ཌི་པ་རི་ཤུདྡྷེ། བི་སྥུ་ཊ་བུདྷི་ཤུདྡྷེ། ཧེ་ཧེ་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུདྡྷཱ་ཨདྷིཥྛཱ་ན་ཨ་དྷཱིཥྛཱི་ཏེ། ཤུདྡྷེ་ཤུདྡྷེ། བུདྡྷེ་བུདྡྷེ། བཛྲེ་བཛྲེ་མ་ཧཱ་བཛྲེ། སུ་བཛྲེ་བཛྲ་གརྦྷེ། ཛ་ཡ་གརྦྷེ་བི་ཛ་ཡ་གརྦྷེ། བཛྲ་ཛྭ་ལ་གརྦྷེ། བཛྲོདྦྷ་ཝེ་བཛྲ་སམྦྷ་ཝེ། བཛྲེ་བཛྲཱེ་ཎི། བཛྲམྦྷ་ཝནྟུ། མ་མ་ཤ་རཱི་རཾ། སརྦ་སཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུདྡྷིརྦྷ་ཝནྟུ། མེ་ས་དཱ་སརྦ་ག་ཏི་པ་རིཤུདྡྷིཤྩ། སརྦ་ཏ་ཐཱ་ག་ཏཤྩ། མཾ་སརྦ་སཏྭཱཾཤྩ། ས་མཱ་ཤྭཱ་ས་ཡནྟུ། བུདྡྷྱ་བུདྡྷྱ། སིདྡྷྱ་སིདྡྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མནྟ་ན་མོ་ཙ་ཡ་མོ་ཙ་ཡ། ས་མནྟ་རསྨི་པ་རི་ཤུདྡྷེ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲོ། མ་ཧཱ་མུ་དྲཱ་མནྟྲ་པ་དཻཿསྭཱ་ཧཱ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཨ་མི་ཏེ། ཨ་མྲྀ་ཏོདྦྷ་ཝ། ཨ་མི་ཏ་བི་ཀྲནྟེ། ཨ་མི་ཏ་ག་ཏེ། ཨ་མི་ཏ་གཱ་མི་ནི།
ཨ་མི་ཏ་ཨཱ་ཡུར་ད་དེ། ག་ག་ན་ཀཱིརྟི་ཀ་རེ་སརྦ་ཀླེ་ཤཀྵ་ཡཾ་ཀཱ་རི་ཡེ་སྭཱ་ཧཱ། ༈ །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྻཱ་ཝ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ ཏདྱ་ཐཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སརྦ་དུཥྚ་པྲ་དུཥྚཾ་མ་མ་ཀྲྀ་ཏེ་ཛཾ་གྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ། བྷནྡྷ་ཡ། ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་དུཥྚ་སྟཾ་བྷ་ནི་ཏཱ་རེ་སྭཱ་ཧཱ། འཕགས་མ་སྒྲོལ་མའི་གཟུངས་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཨཱརྻ་ཏཱ་རཱ་སྭ་པྲ་ཏི་ཛྙཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པ་ཞེས་བྱ་བའི་གཟུངས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་སྨྲས་པ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རཱ་ཡཻ། ཧཱུྃ་ཧཱུྃ་ཧཱུྃ། ས་མ་ཡ་སྠི་ཏེ། བྷ་ར་བྷ་ར། སརྦཱ་བྷ་ར་ཎ། བི་བྷཱུ་ཥི་ཏེ། པདྨ་ནི་པདྨ། མ་ཧཱ་པདྨ། ཨཱ་ས་ནསྠི་ཏེ། ཧ་ས་ཧ་ས། ཏྲཻ་ལོ་ཀྱ་བ་ར་དེ། སརྦ་དེ་བ་དཱ་ན་པ། པཱུ་ཛི་ཏེ་སྨ་དཱ་ཧི། བྷ་ག་བ་ཏི་ཏཱ་རེ། སྨ་རཱ་ཧཱི། བྷ་ག་བཱཾ་ཏ། ཏ་ཐཱ་ག་ཏ་སྱ། པུ་ར་ཏཿ ས་མ་ཡཾ། དྷ་ར་དྷ་ར། མ་ཧཱ་ས་ཏྭ་ཨ་བ་ལོ་ཀི་ཏེ། མ་ཎི་ཀ་ནི་ཀ བི་ཙི་ཏྲཱ་བྷ་ར་ཎེ། ཨོཾ་བི་ལོ་ཀཱ་ཡེ། ཆེ་གེ་མོ། བྷ་ག་བ་ཏེ་ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕཊ་སྭཱ་ཧཱ། གཟུངས་སྔགས་འདི་ཡིད་ཀྱིས་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དཀར་པོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་འཕགས་མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྒྲོལ་མ་མངོན་སུམ་དུ་མཐོང་གི་བར་དེ་ཙམ་དུ་བཟླས་པར་བྱའོ། །གང་འདོད་པ་དེ་སྦྱིན་ནོ། །མཆོག་ཐམས་ཅད་སྟེར་རོ། །མ་བྱིན་ན་བདག་གིས་མཚམས་མེད་པ་ལྔ་བྱས་སོ། །གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་རྫོགས་སོ།། །།
འཆི་མེད་ཚེ་ལྷ་རྣམ་གསུམ་དྲིལ་ཏེ་སྒྲུབ་པའི་རྗེས་སུ་གནང་བའི་ཆོ་ག་འཆི་མེད་རྟག་པའི་ཐིག་ལེ།
འཆི་མེད་ཚེ་ལྷ་རྣམ་གསུམ་དྲིལ་ཏེ་སྒྲུབ་པའི་རྗེས་སུ་གནང་བའི་ཆོ་ག་འཆི་མེད་རྟག་པའི་ཐིག་ལེ་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཨ་མི་ཏཱ་བྷ་ཨཱརྻཱ་ཏཱ་རཱ་ཨུཥྞཱི་ཥ་བི་ཛ་ཡཱ་བྷྱཿ གང་མཚན་རྣ་བར་ལྷུང་བའི་ཉིན་བྱེད་ཀྱིས། །འཆི་མེད་རྟག་པའི་པདྨོ་འཛུམ་པའི་གཉེན། །བླ་མ་མཆོག་དང་གཉིས་མེད་ལྷག་པའི་ལྷ། །འཆི་མེད་ལྷ་མཆོག་གསུམ་གྱིས་ཤིས་པ་སྩོལ། །དེ་ཡི་རྗེས་སུ་གནང་བའི་ཚུལ། །རྗེ་བཙུན་བླ་མའི་གསུང་གི་བཅུད། །སྙིང་གི་བུམ་པར་བསྟི་བ་བཞིན། །མ་འཁྲུལ་སྙིང་པོ་བསྡུས་ཏེ་སྤེལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྫེས་སོ། །དང་པོ་ནི། གནས་ཁང་བཀྲ་ཤིས་ཤིང་དབེན་ལ་ཡིད་དང་རྗེས་སུ་མཐུན་པའི་གནས་སུ་ཚེ་ལྷ་རྣམ་གསུམ་གྱི་སྣང་བརྙན་བྲིས་འབུར་ཇི་ལྟར་རིགས་པ་བཤམས་པའི་མདུན། སྟེགས་ཀྱི་ཁར་མཉྫིའི་སྟེང་དུ་མཎྜ་ལར་པདྨ་དཀར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཟླ་གདན་ལ་ཚོམ་བུ་དཀར་པོ་རེ་བཀོད་པ་གསུམ་བསྒྲིག དེའི་གཡས་གཡོན་རིན་པོ་ཆེའི་སྣོད་དུ་ཚེ་རིལ་དང་ཚེ་ཆང༌། མདུན་དུ་གཏོར་མ་དཀར་ཟླུམ་གསུམ། མཐའ་སྐོར་དུ་མཚམས་འཛིན་མེ་ཏོག་དང་བཅས་པའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ། བུམ་པ་བཅུད་ལྡན། མེ་ཏོག་གི་སྣོད། སློབ་མ་ལ་དགོས་པའི་མཎྜལ་མེ་ཏོག་ཉེར་སྤྱོད་ལྔ་སོགས་སྟ་གོན་བྱའོ། །གཉིས་པ་ལ་སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་ལས། དང་པོ་ནི། མཆོད་
པ་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། ཨོཾ་བཛྲ་པཱ་དྱཾ་ནས། ཤབྡ་ཨཱཿཧཱུྃ་གིས་བརླབ། དྷརྨཱ་ར་ཎི་ཏ་ལན་གསུམ་གྱིས་བྱིན་དབབ། དེ་ནས་སྐྱབས་ཡུལ་སྤྱི་ལྟར་གསལ་བཏབ་ལ། ངག་ཏུ། བདག་དང་འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༴ དམ་པའི་ཆོས༴ འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཉེར་གཅིག་བརྗོད་མཐར་སྐྱབས་ཡུལ་རྣམས་རང་ལ་བསྟིམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ་གྱིས་སེམས་
བསྐྱེད། རང་སྐད་ཅིག་གིས་ཚེ་དཔག་ཏུ་མེད་པར་གསལ་བའི་ཐུགས་ཀར་ཟླ་བ་ལ་གནས་པའི་ཨ་དཀར་པོ་དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་འཆི་མེད་ཚེའི་ལྷ་མཆོག་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ན་མོ་གུ་རུ་བྷྱཿ ན་མ་ཨཱ་ཡུརྡེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿ ཨོཾ་ཨཱ་ཡུརྡེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ་ནས། ཤབྡའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཀྱིས་ཚད་མེད་བཞི་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པར་བསམས་ལ། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སུམ་བསྒྲིགས་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་དབུས་སུ་ཨ་དཀར་པོ། གཡས་སུ་བྷྲཱུྃ་དཀར་པོ། གཡོན་དུ་ཏཱྃ་ཡིག་དཀར་པོ། དེ་རྣམས་ལ་སེམས་ཞུགས་པ་བཞིན་བྱས་པས་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་རང་ཉིད་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་རིན་པོ་ཆེའི་བུམ་པ་ཁ་རྒྱན་དང་བཅས་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། སྤྱན་དཀྱུས་རིང་བའི་སྤྱན་གཉིས་ཟིམ་བུར་གཟིགས་ཤིང་ཞལ་འཛུམ་བག་དང་ལྡན་པ། མཚན་དང་དཔེ་བྱད་ཀྱིས་སྤྲས་པ། ལྷ་རྫས་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་པས་མཛེས་པ། ཞབས་གཉིས་རྡོ་རྗེའི་སྐྱེལ་ཀྲུང་གིས་བཞུགས་པ། སྣ་ཚོགས་པའི་འོད་དཀོར་མང་པོས་བསྐོར་ཞིང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། གཡས་སུ་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་
མ་སྐུ་མདོག་དཀར་མོ་ཞལ་གསུམ་ཕྱག་བརྒྱད། དབུས་ཞལ་དཀར་ཞིང་སྒེག་པ། གཡས་ཞལ་སེར་པོ་ཞི་བ། གཡོན་ཞལ་སྔོན་པོ་ཁྲོས་པ། མཆེ་བས་མ་མཆུ་མནན་པ། ཞལ་རེ་རེ་ཞིང་སྤྱན་གསུམ་པ། ཕྱག་གཡས་ཀྱི་དང་པོས་ཐུགས་ཀར་སྣ་ཚོགས་རྡོ་རྗེ། གཉིས་པས་པདྨ་ལ་སངས་རྒྱས་འོད་དཔག་མེད་བཞུགས་པ། གསུམ་པས་མདའ། བཞི་པ་མཆོག་སྦྱིན། གཡོན་གྱི་དང་པོས་སྡིགས་མཛུབ་དང་བཅས་པའི་ཞགས་པ་འཛིན་པ། གཉིས་པས་གཞུ། གསུམ་པས་སྐྱབས་སྦྱིན། བཞི་པས་བདུད་རྩིའི་བུམ་པ་བསྣམས་པ། ལང་ཚོ་གཞོན་ཞིང་ཕུན་སུམ་ཚོགས་པ། སྒེག་པ་ལ་སོགས་པའི་ཉམས་དང་ལྡན་ཞིང༌། རིན་པོ་ཆེའི་རྒྱན་སྣ་ཚོགས་དང་ལྷའི་དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་སྨད་གཡོགས་མཛེས་པ། ཚེ་དཔག་ཏུ་མེད་པ། སྟོན་ཟླའི་འོད་ལྟ་བུའི་འོད་ཟེར་སྟོང་གི་ཕྲེང་བ་ཅན། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་མཆོད་རྟེན་གྱི་ནང་དུ་བཞུགས་པ། གཡོན་དུ་རྗེ་བཙུན་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་སྐུ་མདོག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མ་གཡས་མཆོག་སྦྱིན། གཡོན་མཐེབ་སྲིན་གྱིས་ཨུཏྤལ་དཀར་པོ་ཐུགས་ཀར་བསྣམས་པ། དར་སྣ་ཚོགས་ཀྱི་སྟོད་གཡོགས་དང་ཤམ་ཐབས་མནབས་པ། རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལོ་བཅུ་དྲུག་ལོན་པའི་ངང་ཚུལ་ཅན། དབུ་སྐྲ་མཐོན་མཐིང་ལྟར་གནག་པ་ལྟག་པར་བཅིངས་པ། ཟླ་བའི་རྒྱབ་ཡོལ་ཅན། རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། རབ་ཏུ་དགྱེས་པའི་སྤྱན་བདུན་དང་ལྡན་པ། སྐུ་ལས་འོད་ཟེར་དཀར་པོ་འཕྲོ་ཞིང༌། ཐུགས་ཀར་ཟླ་བ་ལ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བ་ལ་ཏཱཾ་ཡིག་དཀར་པོས་མཚན་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཆི་མེད་ཚེ་ལྷ་རྣམ་གསུམ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་ཐུགས་
ཀའི་ཧཱུྃ་ལས་འོད་འཕྲོས། དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་སྤྱན་དྲང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་ཚེ་དཔག་མེད་དང༌། སྒྲོལ་མ་ལ་འོད་དཔག་མེད། རྣམ་པར་རྒྱལ་མ་ལ་རྣམ་པར་སྣང་མཛད་ཀྱིས་དབུར་བརྒྱན། ཨོཾ་ཨཱ་ཡུརྡེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤབྡའི་བར་གྱིས་མཆོད། འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས། །སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་སྟོན་ཀའི་ཟླ་བའི་མདོག །ཞལ་གསུམ་ཕྱག་བརྒྱད་རབ་མཛེས་ཞི་མའི་སྐུ། །ཡེ་ཤེས་དཔག་ཡས་ཚེ་ཡི་མཆོག་སྩོལ་མ། །རྣམ་པར་རྒྱལ་མའི་ཞབས་ལ་ཕྱག་འཚལ་ལོ། །འཁོར་བ་ལས་སྒྲོལ་ཏཱ་རེ་མ། །ཏུཏྟཱ་རེ་ཡིས་འཇིགས་བརྒྱད་སྒྲོལ། །ཏུ་རེས་ན་བ་རྣམས་ལས་སྒྲོལ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། ལྷའི་སྐུ་སྣང་སྟོང་དབྱེར་མེད་ལ་སེམས་གཏད་དེ་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག དེ་ནས་བཟླས་པ་བྱ་བར་འདོད་པས། ལྷ་སོ་སོའི་ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་རང་གི་ས་བོན་གྱི་མཐར་རང་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། སངས་རྒྱས་བྱང་སེམས་ཀྱི་ཐུགས་རྗེ་དང་བྱིན་རླབས་རྣམས་ཚུར་བསྡུས་རང་ལ་ཐིམ་པས་རང་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་རྒྱས་པར་གྱུར་པར་བསམས་ལ་རིམ་པར་དམིགས་ཏེ། ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་སུ་བི་ནིཤྩིཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ་
ཨརྷ་ཏེ་སཾ་མྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱ་ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨཱ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་བ་བི་ཤུདྡྷེ་མ་ཧཱ་ནཱ་ཡ་པ་རི་ཝཱ་རེ་སྭཱ་ཧཱ། ཨོཾ་བྷྲཱུྃ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏ་ཨཱ་ཡུརྡ་དེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུཿཔུཎྱེ་ཛྙཱ་ན་པུཥྚིཾ་ཀུ་རུ་སྭཱ་ཧཱ། རྣམས་བརྒྱ་རྩ་སོགས་མི་ཚིག་གིས་བར་མ་ཆོད་པར་བཟླ། ཕན་ཡོན་ཇི་སྐད་གསུངས་པ་རྣམས་ལ་ངེས་ཤེས་དང་གུས་པ་བསྐྱེད། ཐུན་གྱི་མཐར། བདག་གི་སྙིང་ག་ནས་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བྱོན་པར་གྱུར་པར་བསམས་ལ། དེ་ལ་གོང་ལྟར་མཆོད་བསྟོད་བྱ། བཅོམ་ལྡན་འདས་རྣམས་ཀྱིས་བདག་གི་ཚེ་དང་བསོད་ནམས་དང་ཡེ་ཤེས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་པའི་དོན་ལ་གསོལ་བ་གདབ། ཨོཾ་བཛྲ་མུཿ ཡེ་ཤེས་པ་གཤེགས། གཡས་གཡོན་གྱི་དམ་ཚིག་པ་རང་ལ་ཐིམ། ཞེས་བརྗོད། མདུན་གྱི་མཎྜལ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་སོགས་ནས། དབུར་བརྒྱན་པར་གོང་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པར་དེ་ཉིད་ཅེས་འདོན་པ་བསྒྱུར། མཆོད་པ་ཁ་གསོས་ལ་བྱིན་བརླབ། དངོས་སུ་འབྱོར་དང་ཡིད་ལས་བྱུང་བ་ཡི། །རབ་འབྱམས་ཞིང་ཀུན་ཁྱབ་པའི་མཆོད་ཡོན་ཚོགས། །བླ་མ་འཆི་མེད་ཚེ་ཡི་ལྷ་ལ་འབུལ། །བཞེས་ནས་ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ། །ཨོཾ་ཨཱ་ཡུརྡེ་བ་ག་ཎ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། ཞེས་ཞབས་བསིལ་ནས། རོལ་མོའི་བར་སྦྱར་བའམ། བསྡུ་ན་སྔགས་ཙམ་གྱིས་མཆོད། དྲིལ་གསིལ་དང་བཅས། སྤྲོ་ན་མཆོད་ཆོག་ནས་འབྱུང་བའི་ལྷ་གསུམ་གྱི་བསྟོད་པ་ཚིག་ཐུང་རྣམས་དང༌། མི་ནུས་ན་གོང་ལྟར་བསྟོད། དེ་ནས་ལྔ་ཚན་ལྔའི་བཅུད་དང་ལྡན་པའི་བུམ་པའི་ཁར་དུང་ཆོས་དྲི་བཟང་གི་ཆུས་གང་བའི་སྟེང་གཟུངས་ཐག་རྡོ་རྗེ་བཞག་ལ། བསང་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་
གྱི་སྟེང་དུ་བྷྲཱུྃ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་དཀྲིས་ཤིང༌། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ནང་དུ་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སུམ་བསྒྲིགས་ཀྱི་ལྟེ་བར་ནས། དབུར་བརྒྱན་ཞེས་པའི་བར་དང༌། དེ་ལ་མཆོད་བསྟོད་བཅས་གོང་བདག་བསྐྱེད་ལྟར་བྱས་ལ། གཟུངས་ཐག་ནས་བཟུང་སྟེ། བུམ་ནང་གི་ལྷ་སོ་སོའི་ཐུགས་ཀར་ཟླ་བ་ལ་གནས་པའི་ས་བོན་སྔགས་ཕྲེང་དང་བཅས་པ་གསལ་བཏབ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ནས་སོང་བས་བུམ་ནང་གི་ལྷ་རྣམས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་དང༌། སྐུའི་ཆ་ཤས་ཐམས་ཅད་ནས་ཀྱང་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བབས་པས་བུམ་པ་གང་བར་མོས་ལ་སྔགས་རྣམས་བརྒྱའམ་ཉེར་གཅིག་ལས་མི་ཉུང་བར་བཟླས་ལ་གོང་ལྟར་མཆོད་ཅིང་བསྟོད། འདོད་དོན་གསོལ་གདབ་བྱ། ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ལྷག་ཆད་བསྐངས་ཞིང་བཟོད་པར་གསོལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་བའི་རྐྱེན་གྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་འོད་དུ་ཞུ་བའི་བུམ་པའི་ཆུ་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་བརྗོད་ཅིང་བསམ། གཏོར་མ་ཆབ་ཀྱིས་བྲན་ལ་བསང་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཞུ་བ་ལས་བྱུང་བའི་གཏོར་མ་ལྷའི་བདུད་རྩི་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། རང་རང་གི་སྔགས་ཀྱི་མཐར་ཨ་ཀཱ་རོ་བཏགས་པ་བདུན་ནམ་ལྔས་ཕུལ། ཨོཾ་ཨཱ་ཡུརྡེ་བ་ག་ཎ་སོགས་སྦྱར་བས་མཆོད་ཅིང་བསྟོད། འདོད་དོན་གསོལ་གདབ་གོང་བཞིན་བྱ། མདུན་བསྐྱེད་ཀྱི་ལྷ་སོ་སོའི་ཐུགས་ཀའི་དབུས་སུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་
རང་རང་གི་ས་བོན་གྱི་མཐར་དང་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་སྒྲིབ་སྦྱངས། ཚེ་དང་བསོད་ནམས་ཡེ་ཤེས་ཐམས་ཅད་རྒྱས་པར་བྱས། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་ཚུར་འདུས། མདུན་བསྐྱེད་ཀྱི་ཐུགས་ཀར་ཐིམ་པར་བསམས་ལ་སྔགས་གསུམ་པོ་ཅི་ནུས་བཟླས་པའི་མཐར་འདོད་དོན་ལ་གསོལ་བ་གདབ་བོ། །གཉིས་པ་སློབ་མ་ལ་བྱ་བ་ནི། དབང་གིས་སྨིན་ཅིང་སྣོད་དང་ལྡན་པའི་སློབ་མ་རྣམས་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ཏེ་རང་རང་གི་གྲལ་ལ་སྙིམ་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་ཀུན་སློང་དང་ཀུན་སྤྱོད་གསལ་འདེབས་སྔོན་དུ་འགྲོ་བས། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱི་གཏམ་ཅི་རིགས་པ་དང༌། བཤད་བྱའི་ཆོས་མདོ་སྔགས་ཀྱི་བྱེ་བྲག རྒྱུད་སྡེའི་དབྱེ་བསྡུ་སོགས་ཇི་ལྟར་འཚམས་པ་བཤད་རྗེས། ལོ་རྒྱུས་ཀྱི་ཁྱད་པར། ད་ལམ་འདིར་སྐབས་སུ་བབས་པ་ནི། སློབ་དཔོན་ཆེན་པོ་ངག་གི་དབང་ཕྱུག་གྲགས་པས། ཆོས་སྤྱོད་དབང་པོ་ཐུལ་བ་ནི། །འཁོར་བ་རུ་ནི་ཇི་སྲིད་གནས། །དེ་སྲིད་བསོད་ནམས་ལ་སོགས་ཚོགས། །བྱང་ཆུབ་སྒྲུབ་བྱེད་རབ་ཏུ་སྐྱེ། །འཁོར་བར་སྲོག་ལས་གཅེས་པ་ནི། །ཅི་ཡང་ཡོད་པ་མ་མཐོང་སྟེ། །དེ་བས་མྱུར་དུ་ཐབས་མང་པོས། །འཆི་བ་སླུ་བ་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་ཆོས་སྒྲུབ་པའི་དལ་འབྱོར་གྱི་ལུས་རྟེན་ཡུན་རིང་དུ་འཚོ་བའི་ཐབས་ཚུལ་ལྷུར་ལེན་པ་ཤིན་ཏུ་གལ་ཆེ་བ་ཡིན་ཞིང༌། དེ་ལའང༌། ལུས་དང་ངག་གི་ལས་ཀྱིས་ཕྱི། །བསམ་གཏན་ལས་ཀྱིས་ནང་གི་ཡིན། ནོར་བུ་སྨན་སོགས་ཕྱི་ཡིན་ཏེ། །རྣལ་འབྱོར་ནུས་པ་ནང་གིའོ། །ཞེས་གསུངས་པ་ལྟར་ཕྱི་ནོར་བུ་རིན་པོ་ཆེའི་རིགས་དང་བཅུད་ལེན་གྱི་སྨན་སྦྱོར་སོགས་ལ་བརྟེན་པ་དང༌། ནང་རྣལ་འབྱོར་པའི་བསམ་གཏན་གྱི་ནུས་པས་ཚེ་སྲིང་བའི་ཐབས་གཉིས་སུ་ཡོད་པ་ལས། འདིར་ནང་གི་རྣལ་འབྱོར་མཆོག་ཏུ་གྱུར་པ་མཚན་འཛིན་པའམ། སྐུའི་སྣང་
བརྙན་དྲན་པ་ཙམ་གྱིས་ཀྱང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ལས་སྐྱོབ་ཅིང༌། ཚེ་དང་བསོད་ནམས་དང་ཡེ་ཤེས་སོགས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་ལ་བརྟེན་ནས་མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡང་དཀའ་བ་མེད་པར་འཐོབ་ནུས་པའི་ལྷག་པའི་ལྷ་ཁྱད་པ་ཅན་འཆི་མེད་ཚེ་ལྷ་རྣམ་གསུམ་སྟེ། དེའང་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་མདོ་མཚན་བརྒྱ་རྩ་བརྒྱད་པའི་གཟུངས་ཀྱི་རྗེས་སུ་འབྲངས་ནས། གྲུབ་པའི་སློབ་དཔོན་ཆེན་པོ་མི་ཏྲ་ཛོ་ཀི་ཞེ་བྱ་བ་དགུང་ལོ་སྟོང་ཕྲག་གཉིས་ལྷག་ཙམ་བཞུགས་པར་གྲགས་པ་དེ་ཉིད་ཀྱིས་བཀྲལ་བ་བཅོམ་ལྡན་འདས་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཤིན་ཏུ་རྣམ་པར་ངེས་པ་གཟི་བརྗིད་ཀྱི་རྒྱལ་པོ་དང༌། རྗེ་བཙུན་ལྷོ་བྲག་པ་ཆེན་པོ་མར་པ་ལོ་ཙཱའི་བཀའ་སྲོལ་ལས་བྱོན་པའི་བཅོམ་ལྡན་འདས་མ་གཙུག་ཏོར་རྣམ་པར་རྒྱལ་མ་དང༌། སྙིང་རྗེ་ཆེན་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས་ནས་བརྒྱུད་པའི་ཚེ་སྦྱིན་ཡིད་བཞིན་འཁོར་ལོ་སྟེ་དེ་ལྟ་བུའི་འཆི་མེད་ཚེ་ལྷ་རྣམ་གསུམ་གཅིག་ཏུ་དྲིལ་བའི་རྗེས་སུ་གནང་བ་འདི་ནི། སྤྱིར་རིང་བརྒྱུད་བར་མ་ཆད་པ་སོ་སོའི་བཀའ་སྲོལ་ལས་བྱོན་པ་དང༌། ཉེ་བརྒྱུད་བཀའ་བབས་བདུན་གྱི་མངའ་བདག་ཀུན་མཁྱེན་བླ་མ་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ལྷག་པའི་ལྷ་སོ་སོས་བྱིན་རླབས་དངོས་སུ་སྩལ་བ་ལ་བརྟེན་རྗེས་སུ་གནང་བ་ཕྱོགས་གཅིག་ཏུ་སྩལ་བའི་ཕྱག་ལེན་གྱི་རིམ་པ་མ་ཉམས་པར་བསྒྲུབ་པར་བགྱི་བ་ལ་སློབ་དཔོན་གྱི་བགྱི་བར་འོས་པ་རྣམས་ལེགས་པར་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལའང་སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་མཎྜལ་འབུལ་ཞིང་གསོལ་བ་གདབ་པ། རྒྱུད་དག་པར་བྱ་བ། ཁྱད་པར་གྱི་གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་དགོས་པས། ཐོག་མར་སློབ་དཔོན་ལ་མགོན་པོ་ཚེ་དཔག་མེད་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་
འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་འཆི་མེད་ལྷ་མཆོག་གསུམ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་ཆེན་པོ་འཐིབས་པ་བཞིན་མངོན་སུམ་ལྟ་བུར་བཞུགས་པར་མོས་པ་བྱས་ཏེ། དེ་དག་གི་སྤྱན་སྔར་བདག་གཞན་གྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ནས་འགྲུབ་པར་ཤོག ཅེས་རྒྱུད་དག་པར་བྱས་ནས། སླར་ཡང་ཁྱད་པར་གྱི་དོན་ཞུ་བའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རིན་པོ་ཆེས། བདག་གི་དུས་མ་ཡིན་པར་འཆི་བའི་འཇིགས་པ་བསལ་ནས་བཅོམ་ལྡན་འདས་འཆི་མེད་ལྷ་མཆོག་གསུམ་གྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ཞེས་པ་རྣམས་རྗེས་གནང་གི་སྔོན་འགྲོ་ཡིན། དངོས་གཞི་ལ་ཐོག་མར་རྗེས་གནང་གི་གཞི་དགོད་པའི་སླད་དུ། སློབ་དཔོན་ལ་མགོན་པོ་ཚེ་དཔག་མེད་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་པ་ཞིག་བྱས་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། དེ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་པོ་བསམ་གྱིས་མི་ཁྱབ་པ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་དང༌། དེར་མ་ཟད་རྣམ་སྨིན་གདོས་བཅས་ཤ་ཁྲག་གིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་སོགས་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་
སྦྱངས་པའི་མོས་པ་མཛོད། ཨོཾ་སྭ་བྷཱ་བ་སོགས། སྟོང་པའི་ངང་ལས་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་སུམ་བསྒྲིགས་ཀྱི་ལྟེ་བར་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དེའི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་དབུས་སུ་ཨ་དཀར་པོ་གཡས་སུ་བྷྲཱུྃ་དཀར་པོ། གཡོན་དུ་ཏཱྃ་ཡིག་དཀར་པོ། དེ་རྣམས་ལ་སེམས་ཞུགས་པ་བཞིན་ཆེར་གྱིས་གཏད་པས་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དབུས་སུ་བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་རང་རང་གི་ས་བོན་རྣམས་གསལ་བཏབ་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་མདུན་བསྐྱེད་དང༌། ཕྱོག་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཡོན་ཏན་དཔག་ཏུ་མེད་པ་ལ་སོགས་པ་རང་བཞིན་གྱི་གནས་ན་བཞུགས་པའི་བཅོམ་ལྡན་འདས་རྣམས་ཀྱི་ཐུགས་ཀར་ཕོག དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་བཅོམ་ལྡན་འདས་འཆི་མེད་ཚེའི་ལྷ་གསུམ་གྱི་སྐུ་ཚད་མེད་གྲངས་མེད་བསམ་གྱིས་མི་ཁྱབ་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་ལུས་ལ་སིབ་ཀྱིས་ཐིམ་པས་ཐུགས་ཀའི་ས་བོན་རྣམས་ལས་ཀྱང་འཆི་མེད་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་སྐྱ་ཆིལ་ཆིལ་བབས། ལུས་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་གྱིས་ཁེངས་པས། དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག ཚེ་དང་བསོད་ནམས་ཡེ་ཤེས་དང་ཡོན་ཏན་ལ་སོགས་པ་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་གྱུར་པའི་ཐུགས་ངེས་བརྟན་པོ་གནང་བ་ཞུ། སྔགས་གསུམ་དྲིལ་ནས་སོ་སོའི་མཐར་ཛྙཱ་ན་ཨཱ་ཝེ་ཤ་ཡ་ཨཱ་ཨཱཿ བཏགས་པ་ལན་གསུམ་རེ། མཐར་ཛཿཧཱུྃ་བཾ་ཧོཿ ཞེས་ལན་གསུམ་བརྗོད། སྤོས་རོལ་བྱ། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་
པས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྐུར་བྱེད་ནམ་མཁའི་ལྷ་ཚོགས་སྤྱན་དྲངས་པ་ལ་ཁྱེད་རང་རྣམས་ཀྱིས་ཡན་ལག་བཞི་པ་སྒྲུབ་པའི་སླད་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བ་དེ་ཐོགས་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་སྟེ། ཇི་ལྟར་བལྟམས་པ་སོགས་ནས། དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་དང༌། སྔགས་རྣམས་ཀྱི་མཐར། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་སོ་སོའི་རིགས་ཀྱི་བདག་པོས་དབུར་བརྒྱན། སློབ་དཔོན་གྱིས། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་ནམ་མཁར་བཞུགས་པའི་དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། དེ་ལྟར་ཁྱེད་རང་རྣམས་འཆི་མེད་ལྷ་མཆོག་རྣམ་གསུམ་གྱི་སྐུར་བསྐྱེད་ཅིང་བྱིན་གྱིས་བརླབས་པ་དེ་ཉིད་ལ་མངའ་དབུལ་གྱི་སླད་དུ་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཀྱིས་ཀྱང་མཆོད་པའི་མོས་པ་མཛོད། སློབ་དཔོན་གྱིས། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ནས་ནཻ་བི་དྱེ་ཨཱཿཧཱུྃ་གི་བར་ཕྱག་རྒྱ་དང་བཅས་པ་བྱ་ཞིང་ལས་རྡོར་གྱིས་མཆོད་པ་སྟོབ་པའི་ཚུལ་བྱ། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པས་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཅེས་དང་རྡོ་རྗེ་དྲིལ་བུ་འཛིན་པས་མེ་ཏོག་འཐོར་བཞིན་དུ། ཕུན་སུམ་ཚོགས་པ་ནས། བཀྲ་ཤིས་གསུམ་པའོ། །ཞེས་པའི་བར་བརྗོད། དེ་ལྟར་ན་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྐུའི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་
ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ལུས་ལྷའི་སྐུར་བསྒོམ་པ་ལ་དབང་ཞིང༌། མཐར་ཐུག་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་སྐུ་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། རྗེས་གནང་དངོས་ལ་ལུང་གསུམ་ལས། ཐོག་མར་རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་གཟུངས་སྔགས་ཀྱི་ཕྲེང་བ་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་བྱུང༌། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་ཨ་བྷྲཱུྃ་ཏཱྃ་ཡིག་རྣམས་ཀྱི་མཐར་གཡས་སྐོར་གྱི་འཁོད་པར་མོས་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཅེས་དང༌། ལྷ་གསུམ་གྱི་གཟུངས་དང་སྙིང་པོ་རྣམས་བཟླར་གཞུག དེ་ལྟར་ལན་གསུམ་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་ཏེ། སློབ་དཔོན་ལ་མེ་ཏོག་འཐོར་ཞིང༌། འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ཞེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་གྱིས་ཀྱང་མེ་ཏོག་ཕྲེང་བ་སྔགས་སུ་བྱས་ཏེ། ཁྱེད་རང་གི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་བཅོམ་ལྡན་འདས་འཆི་མེད་ཚེ་ལྷ་རྣམ་གསུམ་གྱི་གཟུངས་སྔགས་དང་རིག་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་ཅིང་མེ་ཏོག་གཏོར། དམ་བཅའ་བའི་ལུང་གི་སླད་དུ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ། བཅོམ་ལྡན་འདས་འཆི་མེད་ཚེ་ལྷ་རྣམ་གསུམ་ཡི་དམ་གྱི་ལྷར་གཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི་ཞེས་བགྱི་བ་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་
ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་བཅོམ་ལྡན་འདས་འཆི་མེད་ཚེ་ལྷ་རྣམ་གསུམ་ཡི་དམ་གྱི་ལྷར་གཟུང་བར་བགྱིའོ། །ཞེས་ལན་གསུམ་བརྗོད། དེ་ལྟར་ན་འཆི་མེད་ཚེ་ལྷ་གསུམ་གྱི་གསུང་གི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ངག་གི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ངག་སྔགས་བཟླ་བ་ལ་དབང་ཞིང༌། མཐར་ཐུག་འཆི་མེད་ཚེ་ལྷ་གསུམ་གྱི་གསུང་དང་དབྱེར་མེད་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། བྱིན་གྱིས་བརླབས་པའི་ལུང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་འཆི་མེད་ཚེ་ལྷ་གསུམ་གྱི་སྐུ་མཐེབ་སོར་གྱི་ཚད་ཙམ་པར་ཐུགས་ཀ་ནས་རྒྱངས་ཀྱིས་བྱེ་ནས་བྱོན་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཐིམ། ཐུགས་ཀའི་ས་བོན་རྣམས་དང་དབྱེར་མེད་དུ་གྱུར་པར་མོས་པ་བྱ། དེའི་ངང་ལས་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ལ་ཡིད་ཆེར་གྱིས་གཏད་པས་གཡས་གཡོན་གྱི་ལྷ་གཉིས་འོད་ཟེར་གྱི་རྣམ་པར་གྱུར་ནས་རང་ཉིད་ལ་ཐིམ། རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་ཟེར་གྱི་རྣམ་པར་གྱུར་ཏེ། ཐུགས་ཀའི་ས་བོན་ཨ་ཡིག་ལ་ཐིམ། ཨ་དེའང་ཇེ་ཆུང་ཇེ་ཕྲར་གྱུར་ཏེ་མཐར་ནམ་མཁའ་ལ་འཇའ་ཡལ་བ་ལྟར་གྱུར་པ་ལ་བརྟེན་ནས། གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་ཉིད་འོད་གསལ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུ་རྒྱུད་ལ་སྐྱེས་པར་མོས་པ་བྱས་ཏེ་ཅུང་ཟད་ཅིག་མཉམ་པར་ཞོག་མཛོད། དེ་ལྟར་ན་འཆི་མེད་ཚེ་ལྷ་གསུམ་གྱི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ། ཁྱེད་རང་རྣམས་ཀྱི་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་
ཐམས་ཅད་བྱང་ཞིང་དག་པར་བྱས། གནས་སྐབས་སུ་ཡིད་འོད་གསལ་གྱི་ཡེ་ཤེས་སུ་བསྒོམ་པ་ལ་དབང་ཞིང༌། མཐར་ཐུག་འཆི་མེད་ཚེ་ལྷ་གསུམ་གྱི་ཐུགས་དང་དབྱེར་མེད་པར་བྱིན་གྱིས་བརླབ་པ་ཡིན་སྙམ་དུ་ཐུགས་མོས་མཛོད། སླར་ཡང་ཁྱེད་རང་རྣམས་འཆི་མེད་ལྷ་མཆོག་གསུམ་གྱི་སྐུར་ལམ་གྱིས་གསལ་བ་ལ་རྗེས་སུ་གནང་བ་ཐོབ་པའི་མཐའ་རྟེན་དུ་སྐུ་ཚེ་རབ་ཏུ་བརྟན་ཅིང་ཞལ་བསྲོ་བའི་སླད་དུ་འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་འདུས་པའི་འཆི་མེད་ཚེའི་རིལ་བུ་དང༌། བདུད་རྩིའི་བཅུད་ཀྱིས་མངའ་གསོལ་བའི་མོས་པ་མཛོད། སྔགས་གསུམ་བཟླ་བཞིན་སྦྱིན། དེ་ཉིད་ལ་སློབ་དཔོན་མདུན་བསྐྱེད་ཀྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་བརྟན་པར་བྱས་པའི་མོས་པ་མཛོད། འཇིག་རྟེན་འདྲེན་པའི་སོགས་ཤློ་ཀ་གསུམ་དང༌། ལོ་བརྒྱ་ཐུབ་ཅིང༌། འཆི་མེད་ཚེ་ཡི་དཔལ་སོགས་བརྗོད། དེས་རྗེས་གནང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་པས། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས་ལན་གསུམ། ཞེས་དམ་ཚིག་འཛིན་པར་ཁས་བླངས་ནས། རྗེས་སུ་གནང་བ་ཐོབ་པའི་གཏང་རག་ཏུ་མཎྜལ་དབུལ་དུ་བཅུག དེ་ལྟར་མཎྜལ་ཕུལ་བ་མ་ཟད་ལུས་ལོངས་སྤྱོད་རྣམས་ཀྱང་སློབ་དཔོན་ལ་འབུལ་ན། ཆ་ཤས་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱི་སྒོ་ནས་འཆི་མེད་ཚེ་ལྷ་གསུམ་གྱི་རྗེས་སུ་གནང་བ་འཇམ་དབྱངས་བླ་མ་མཆོག་གི་ཞལ་སྔ་ནས་ཇི་ལྟར་སྩལ་བའི་ལུགས་བཞིན་ཕུལ་གྲུབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང༌། དགེ་རྩ་བྱང་ཆུབ་སྙིང་པོར་ཡོངས་སུ་བསྔོ་བས་རྒྱས་འདེབས་པ་ཞུ། ཞེས་དང༌། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་གཏང༌། གསུམ་པ་ནི། མཆོད་པ་ཁ་གསོས་ནས་བྱིན་གྱིས་བརླབ། གོང་ལྟར་མཆོད་བསྟོད་གསོལ་
བ་བཏབ་ནས། ཡི་གེ་བརྒྱ་པ་ལན་གསུམ་དང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་ནས། འབྱོན་པར་མཛད་དུ་གསོལ། ཨོཾ་བཛྲ་མུཿཞེས་པས་མཐེབ་སྲིན་གྱིས་སེ་གོལ་དང༌། ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཿ ཐུགས་ཀར་ཧཱུྃ། དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་སོགས་ཀྱིས་བསྔོ་བ་སྨོན་ལམ་དང༌། ཆེ་བའི་ཆེ་མཆོག་སོགས་བརྗོད་ཅིང་མེ་ཏོག་གིས་ཕྱོགས་ཀུན་ཏུ་འཐོར་བས་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །འཆི་མེད་ལྷ་མཆོག་རྣམ་གསུམ་གྱི། །སྒྲུབ་རྗེས་སྙིང་པོར་དྲིལ་བའི་དགེས། །བསྟན་འཛིན་ཞབས་བརྟན་བདག་སོགས་འགྲོ། །དུས་མིན་འཆི་ལས་རྒྱལ་གྱུར་ཅིག །ཅེས་འཆི་མེད་ཚེ་ལྷ་རྣམ་གསུམ་དྲིལ་ཏེ་སྒྲུབ་པའི་རྗེས་སུ་གནང་བའི་ཆོ་ག་འཆི་མེད་རྟག་པའི་ཐིག་ལེ་ཞེས་བྱ་བ་འདི་ནི་རྫོགས་པའི་སངས་རྒྱས་རྗེ་བླ་མ་འཇམ་པའི་དབྱངས་མཁྱེན་བརྩེའི་ཞབས་དེ་ཉིད་ཀྱི་བཀའི་རྗེས་སུ་གནང་བ་ཐོབ་པར་བརྟེན་འདིའི་རྗེས་གནང་སྩལ་སྐབས་ཀྱི་ཟིན་ཐོ་ཇི་ལྟ་བར་ཡིག་ཆ་རྣམས་མཚམས་སྦྱོར་གྱིས་བརྒྱན་ཏེ་བློ་གཏེར་དབང་པོས་གསལ་བར་བཀོད་པ་མངྒ་ལཾ་མ་ར་སིདྡྷིརྦྷ་བ་ཏཱ།། །།
དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་ཆོ་ག་དང་བཅས་པ།
དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པའི་སྒྲུབ་ཐབས་བྱིན་རླབས་ཆོ་ག་དང་བཅས་པ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། དཔལ་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པ་སྒྲུབ་པའི་ཐབས་བྱིན་རླབས་ཆོ་ག་དང་བཅས་པ་རྫོགས་པའི་རྣལ་འབྱོར་གསལ་བ་ཞེས་བྱ་བ། བླ་མ་དང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །འགྱུར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང༌། །འོད་གསལ་རྣམ་པ་ཀུན་ལྡན་སྟོང་པ་ཉིད། །དབྱེར་མེད་ཟུང་དུ་འཇུག་པའི་ཡེ་ཤེས་སྐུ། །ལྷན་སྐྱེས་བདེ་བའི་མཆོག་ལ་གུས་བཏུད་ནས། །རྣལ་འབྱོར་གསང་མཐའི་རྒྱུད་ཀྱི་ངེས་པའི་དོན། །གྲུབ་བརྙེས་ལོ་ཨིའི་བཞེད་པ་བླ་ན་མེད། །རྫོགས་རིམ་ཟབ་མོའི་ཡེ་ཤེས་སྒྲུབ་པའི་ཐབས། །རྒྱུད་འགྲེལ་གདམས་པ་ཇི་བཞིན་བཤད་ཀྱིས་ཉོན། །འདིར་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲའི་མན་དག བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས། འཁོར་ལོ་བདེ་མཆོག་ལོ་ཨི་པའི་ལུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང༌། དམ་ཚིག་དང་སྡོམ་པར་ལྡན་པས་བསྐྱེད་པའི་རིམ་པ་ལ་བརྟན་པ་ཅུང་ཟད་ཐོབ་ཅིང༌། རྫོགས་པའི་རིམ་པ་བསྒོམ་པར་འདོད་པའི་གང་ཟག་གིས། དུར་ཁྲོད་ལ་སོགས་དབེན་པའི་གནས་སུ། སྟན་བདེ་བ་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་
འདུག་ལ། སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་བྱས་ནས། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཞེས་བརྗོད་པས་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་བར་བསྒོམ་མོ། །དེ་ལྟར་སྟོང་པར་བསམ་པའི་ངང་ལས། སྐད་ཅིག་གིས་ས་འོག་གི་མཐར་ཐུག་པར་ཇི་ལྟ་བར་མངོན་པར་འདོད་པའི་རྒྱར། གཅིག་ཏུ་སྲ་ཞིང་མཁྲེགས་ལ་འབར་བའི་རྡོ་རྗེའི་རང་བཞིན་གྱི་ས་གཞི་དང༌། བསྐལ་པའི་མཐའི་མེ་ལྟར་འབར་བའི་ཕྲེང་བས་མཚམས་བཅིངས་པ་དང༌། ས་འོག་ནས་ས་སྟེང་གི་བར་དུ་ཤིན་ཏུ་མཐོ་བ་མཐུག་ཅིང་མཁྲེགས་པ་སྲ་ཞིང་འབར་བའི་རྡོ་རྗེའི་རྭ་བ་དང༌། རྡོ་རྗེའི་རྭ་བའི་སྟེང་དུ་བར་མཚམས་མེད་པར་དུམ་བུ་གཅིག་ཏུ་གྱུར་ཅིང༌། སྟེང་རྡོ་རྗེའི་མདའི་དྲྭ་བ་དང༌། འོག་རྡོ་རྗེའི་ས་གཞི་དང༌། སྟེང་རྡོ་རྗེའི་བླ་རེས་བརྒྱན་པའི་རྡོ་རྗེའི་གུར་འབར་བའི་དབུས་སུ། སྣ་ཚོགས་ཆུ་སྐྱེས་དང་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། རང་གི་སེམས་སྐྱེ་འགག་གནས་གསུམ་གྱིས་སྟོང་པའི་རྣམ་ཐར་སྒོ་གསུམ་གྱི་རང་བཞིན། ངེས་དོན་གྱི་ཧེ་རུ་ཀར་བསམས་ལ། ཤྲཱི་ཧེ་རུ་ཀཿཨ་ཧཾ། ཞེས་བརྗོད་དེ་སྐད་ཅིག་གིས་འཇིགས་བྱེད་དང་དུས་མཚན་མའི་སྟེང་དུ། དཔལ་རྡོ་རྗེ་སེམས་དཔའ་འཁོར་ལོ་བདེ་མཆོག་སྐུ་མདོག་
དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་དང་ལྡན་ཞིང་ཞལ་རྣམ་པར་འགྱུར་བ་ཅན། མཆེ་བ་གཙིགས་པ། ཕྱག་གཡས་པས་རྡོ་རྗེ་དང་གཡོན་པས་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང༌། གཡོན་ན་ཚེས་གཅིག་གི་ཟླ་བ། མཚོགས་མའི་སྟེང་ན་སྣ་ཚོགས་རྡོ་རྗེས་བརྒྱན་པ། ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་པ། དེའི་པང་ན་ཡུམ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། རྡོ་རྗེ་དང་སྡིགས་མཛུབ་བཅས་པའི་ཕྱག་གཡས་བརྐྱངས་ཤིང༌། ཁྲག་གིས་གང་བའི་ཐོད་པ་འཛིན་པའི་ཕྱག་གཡོན་གྱིས་ཡབ་ལ་འཁྱུད་པ། བྱིན་པ་གཉིས་ཀྱིས་བཅོམ་ལྡན་འདས་ལ་འཁྲིལ་པར་བསམ་མོ། །འདིའི་མན་ངག་ཏུ་ཡབ་ལ་སྣ་ཚོགས་རྡོ་རྗེ་དང་ཟླ་ཕྱེད་ནོར་བུ་མ་གཏོགས་པའི་རྒྱན་དང་བྲལ་བ། ཡུམ་རྒྱན་དང་བཅས་པར་བཤད་ལ། སློབ་དཔོན་ཨ་བྷ་ཡས་ནི། ཡབ་ལ་ཕྱག་རྒྱ་དྲུག་དང་ནོར་བུ་དང་ཟླ་བ་ཕྱེད་པ་དང་སྣ་ཚོགས་རྡོ་རྗེས་མཚན་པ་རལ་པའི་ཐོར་ཅོག་ཅན་དུ་བཞེད་དོ། །དེ་ལྟར་སྐད་ཅིག་གིས་བསྐྱེད་པའི་སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་ལ། ཐུགས་ཀར་ཉི་མ་ལ་རང་འདྲའི་ཡེ་ཤེས་སེམས་དཔའ། དེའི་ཐུགས་ཀར་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་མ་ལ་ཧཱུྃ་དཀར་པོ་ཏིང་ངེ་འཛིན་སེམས་དཔའི་ངོ་བོར་བསམས་ཏེ། ཇི་སྲིད་མི་སྐྱོའི་བར་དུ་ཡིད་མཉམ་པར་བཞག་གོ །དེ་ནས་ཐུགས་ཀའི་ས་བོན་ལས་དེ་བཞིན་གཤེགས་པའི་ཚོགས་དཔག་ཏུ་མེད་པ་སྤྲོས། ནམ་མཁའི་ཁམས་ཐམས་ཅད་ཁྱབ་པས་སེམས་ཅན་ཐམས་ཅད་སྐལ་བ་ཇི་ལྟ་བ་བཞིན་དུ་སྨིན་པར་བྱས། སླར་འདུས་ཏེ་ཐུགས་ཀའི་ས་བོན་ལ་ཐིམ་པར་བསམས་ལ། ཨོཾ་ཤྲཱི་མ་ཧཱ་སུ་ཁ་བཛྲ་སཏྭ་ཌཱ་ཀི་ནི། ཛྭཱ་ལ་སཾ་བ་ར་ཧཱུྃ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་བཟླས་སོ། །མཐར་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་སྟོང་པ་ཉིད་དུ་བྱས་ཏེ། རང་གིས་བསྒོམས་པའི་སྲུང་འཁོར་ལ་
བསྡུ། དེ་ནས་རང་ལ། དེ་ནས་ཐུགས་ཀའི་ཧཱུྃ་ལ། དེ་ནས་རིམ་གྱིས་ནཱ་དའི་བར་བསྡུས་ལ། ནཱ་ད་ཡང་མི་དམིགས་པར་བྱས་པའི་ངང་ལ་སེམས་མཉམ་པར་བཞག དེ་ནས་སྐད་ཅིག་གིས་ལྷན་ཅིག་སྐྱེས་པའི་སྐུར་ལངས་ལ་ཐུན་མཚམས་ཀྱི་རྣལ་འབྱོར་བྱའོ། །རྫོགས་པའི་རྣལ་འབྱོར་འདི་ལས་དང་པོ་པས་བསྒོམ་བྱ་མ་ཡིན་གྱིས། བསྐྱེད་རིམ་ཅུང་ཟད་བརྟན་པས་ཉམས་སུ་བླང་བྱ་ཡིན་པའི་ཕྱིར་དང༌། མིག་དང་སྐུ་ལ་སོགས་པ་བྱིན་གྱིས་བརླབ་པ་དང༌། ཡེ་ཤེས་པ་དགུག་གཞུག་ལ་སོགས་པ་མི་དགོས། ལྷའི་བསྐྱེད་ཚུལ་ཡང་ཡེ་ཤེས་ཀྱིས་བསྐྱེད་པ་ཡིན་གྱི། བསྐྱེད་རིམ་ལྟར་སྔགས་ཀྱིས་བསྐྱེད་པ་མ་ཡིན་པས་ཆོ་ག་འདི་ལ་དབྲི་བསྣན་མི་བྱའོ། །ཐུན་མཚམས་སུ་གཏོར་མ་གཏང་བར་འདོད་ན། ཤ་ཆང་དང་བཅས་པའི་གཏོར་མ། ཨོཾ་ཨཱཿཧཱུྃ་ཞེས་ལན་གསུམ་བརྗོད་པས། ཐོད་པ་ཆེན་པོར་ཤ་ལྔ་དང་བདུད་རྩི་ལྔ་ལས་བྱུང་བའི་ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབ། དེ་ནས་འབར་བའི་ཕྱག་རྒྱ་དང་བཅས་པས་ཕཻཾ་ཞེས་བརྗོད་པས་རང་གི་སྙིང་ག་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་འཁོར་ལོ་བདེ་མཆོག་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་དང་ཆོས་སྐྱོང་དང་འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་བསྐོར་བ་སྤྱན་དྲངས། མདུན་གྱི་ནམ་མཁར་བཞུགས་པ་རྣམས་ཀྱིས་གཏོར་མ་གསོལ་བར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཨོཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི། ས་མ་ཡ་སྟཾ། དྲྀ་ཤྱ་ཧོཿ ཨོཾ་ཨཱཿཧཱུྃ། ཞེས་ལྔའམ་བདུན་གྱིས་ཕུལ་ནས། ཨརྒྷཾ་ལ་སོགས་པའི་མཆོད་པ་རྣམས་ཀྱིས་མཆོད་དེ། ཆོས་དབྱིངས་རྣམ་དག་དབྱིངས་ལས་མ་གཡོས་ཀྱང༌། །ཐབས་ཀྱིས་ཁྲོ་བོའི་སྐུར་སྟོན་གདུག་པ་འདུལ། །ཆེ་བའི་ཆེ་མཆོག་ལྷ་ཡི་ལྷར་གྱུར་པའི། །ཀུན་བཟང་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །
ཞེས་པས་བསྟོད་ཅིང་གསོལ་བ་བཏབ་པས། ཅི་འདོད་པའི་དངོས་གྲུབ་གནང་བར་བསམས་ལ། ཨོཾ་བཛྲ་མུཿཞེས་བརྗོད་པས་གཤེགས་སུ་གསོལ་ཞིང༌། འཇིག་རྟེན་པའི་གཏོར་མ་ཡོད་ན་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བསྔོའོ། །ཁ་ཟས་ཟ་བའི་ཚེ་གཏོར་མ་ལྷར་བྱིན་གྱིས་བརླབས་ལ། རང་ཧེ་རུ་ཀར་དམིགས་པའི་ལྟེ་བར་ནས་གཏུམ་མོའི་མེ་འབར་བའི་མེ་ལྕེའི་ཁྲོད་དུ། སྙིང་གར་བླ་མ་དང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་དམིགས་ནས། ཐོག་མར་ཕུད་ཀྱིས་བླ་མ་དང་ཡི་དམ་ལ་མཆོད་ལ། དེ་ནས་ཁ་ཐབ་ཁུང་དུ་བསམས་པར་ཕུལ་ནས་ལུས་ཀྱི་ལྷ་རྣམས་མཉེས་པར་བསམ་ཞིང་བཟའོ། །དེ་ནས་ལྷག་མ། ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། ཞེས་པས་ལྷག་མ་ལ་དབང་བའི་འབྱུང་པོ་རྣམས་ལ་སྦྱིན་ནོ། །སྤྱོད་ལམ་ལ་འཇུག་པའི་ཚེ། རང་ཧེ་རུ་ཀ་ལ། ཕྱི་རོལ་གྱི་སྣང་བ་ཐམས་ཅད་མཆོད་པའི་ལྷ་མོར་དམིགས་པ་རྣམས་ཀྱིས་མཆོད་པར་བསམ་ཞིང༌། ཁ་ན་མ་ཐོ་བ་མེད་པར་ཅི་བདེ་བར་སྤྱད། ཉལ་བའི་ཚེ་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། ཕྱི་རོལ་འཁོར་འདས་ཀྱི་ཆོས་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པས། རང་གི་ལུས་ཀྱང་སྙིང་གའི་ཧཱུྃ་ལ་ཐིམ། ཧཱུྃ་སྟོང་པ་ཉིད་དུ་ཐིམ་པའི་ངང་ལ་ཉལ་ལོ། །ལྡང་བའི་ཚེ་སྟོང་པ་ཉིད་ཀྱི་ངང་ལས་རང་སྐད་ཅིག་གིས་ཧེ་རུ་ཀར་གྱུར་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་གསལ་བར་དམིགས་ནས་ལྡང་བར་བྱ་སྟེ། ཡེ་ཤེས་ཀྱི་སྐུ་བསྐྱེད་པའི་སྒྲུབ་ཐབས་ཡན་ལག་དང་བཅས་པའོ། །གནས་སྐབས་འགའ་ཞིག་ཏུ་འདིའི་རྫོགས་རིམ་དོན་དུ་གཉེར་བའི་སློབ་མ་རྣམས་ལ་བྱིན་རླབས་ཀྱི་ཆོ་ག་བྱེད་པར་འདོད་ན། ཚེས་བཅུ་རྣམ་པ་གཉིས་གང་ཡང་རུང་བའི། དབེན་པའི་གནས་སུ་ཕྱི་ནང་གི་མཆོད་པ་དང༌། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་དང༌། རྡོ་རྗེ་དྲིལ་བུ་ནང་མཆོད་རྣམས་བཤམ། དེ་ནས་སློབ་དཔོན་གྱིས་གོང་སྒྲུབ་
ཐབས་སུ་བསྟན་པར་ལྟར། བདག་ཉིད་ལྷར་བསྒོམས་པ་ནས་གཏོར་མའི་བར་བྱས་ལ། སློབ་མ་སློབ་དཔོན་ལོ་ཨི་པའི་ལུགས་ཀྱི་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་ཐོབ་ཅིང༌། དམ་ཚིག་དང་ལྡན་པ་རྣམས་ཁྲུས་བྱས། ཕྱག་དང་མཎྜལ་ཕུལ་ནས། གང་གི་དྲིན་གྱིས་བདེ་ཆེན་ཉིད། སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དཔའ་བོ་རྣལ་འབྱོར་མའི་འཁོར་ལོ། །རྣལ་འབྱོར་གནས་ལ་བདག་ཕྱག་འཚལ། །ཞེས་པ་ལན་གསུམ་གྱིས་ཕྱག་འཚལ་ཞིང་སྐྱབས་སུ་སོང་ནས། དོན་དམ་སྨྲ་བའི་སེང་གེ་རྣལ་འབྱོར་ཞེས་བྱ་བ། །ཉོན་མོངས་གཅོད་པའི་དོན་ལ་ཤིན་ཏུ་མཁས་གྱུར་པ། །སྲིད་པའི་ཉེས་པ་སྐྱེད་རྩའི་ཉོན་མོངས་ཆོད་མཛོད་ལ། །རྣལ་འབྱོར་དོན་དམ་རྒྱལ་པོ་དེ་དག་བདག་ལ་གྲུབ་པར་མཛོད། །ཅེས་ལན་གསུམ་དུ་གསོལ་བ་གདབ་བོ། །དེ་ནས་རྒྱུད་དག་པར་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ཀྱི་རྒྱུན་བཤགས་ལན་གསུམ་དང༌། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །ཞེས་སོགས་དང༌། སངས་རྒྱས་ཆོས་དང་དགེ་འདུན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །རྣལ་འབྱོར་གསང་སྔགས་མཁའ་འགྲོ་མ། །འཁོར་ལོ་གསུམ་གྱི་བདག་ཉིད་ཅན། །ཀུན་ལ་བདག་ནི་སྐྱབས་སུ་མཆི། །དཔའ་བོ་དཔའ་མོ་དབང་ལྷ་མོ། །བྱང་ཆུབ་སེམས་དཔའ་བདག་ཉིད་ཆེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །རྟག་པར་བདག་ནི་སྐྱབས་སུ་མཆི། །དཔལ་ལྡན་ཁྲག་འཐུང་སོགས་དཔའ་བོ། །རྣལ་འབྱོར་མ་དང་སྣང་མཛད་སོགས། །བྱང་ཆུབ་སེམས་དཔའ་བླ་མེད་པ། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཆེ་གེ་དུས་འདི་ནས་བཟུང་ནས། །ཇི་སྲིད་གཉིས་མེད་ལ་གནས་པ། །དེ་ཡི་ཚངས་
སྤྱོད་གཉིས་མེད་པ། །ཉི་ཤུ་རྩ་གཉིས་ལེགས་པར་སྲུངས། །ཞེས་པ་རྣམས་ལན་གསུམ་རེ་བརྗོད་པས་སྡོམ་པ་གཟུང་ངོ༌། །དེ་ནས་སློབ་དཔོན་སྐད་ཅིག་གིས་བདེ་མཆོག་ལྷན་ཅིག་སྐྱེས་པ་སྔར་བཞིན་ནོ། །ཡང་ན་སེང་གེའི་ཁྲི་སྣ་ཚོགས་པདྨ་དང་ཉི་མའི་སྟེང་དུ། བླ་མ་བཅོམ་ལྡན་འདས་བདེ་མཆོག་འཁོར་ལོ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། འཇིགས་བྱེད་དུས་མཚན་གྱི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། ཡུམ་རྡོ་རྗེ་ཕག་མོ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པས་མཉམ་པར་སྦྱོར་བར་དམིགས་ལ། དེའི་དཔྲལ་བར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ་རྣམས་དམིགས་ལ། དེ་དག་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེར་བསྒོམས་ལ་མོས་གུས་དྲག་པོ་བྱེད་དུ་གཞུག་གོ །དེ་ནས་སློབ་དཔོན་གྱི་དཔྲལ་བའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་སྤྲོས། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་སྤྱན་དྲངས་ནས། སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པས། ཨོཾ་ཡིག་དེ་སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་རང་བཞིན་དུ་བསམས་ལ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་དམ་པས་བདག་གི་ལུས་ལ་བུམ་པའི་དབང་བསྐུར་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས། སློབ་དཔོན་གྱི་དཔྲལ་བའི་ཨོཾ་ཡིག་ལས་ཨོཾ་ཡིག་གི་ཕྲེང་བ་བདུད་རྩིའི་རྒྱུན་དཀར་པོ་དང་བཅས་པ་བྱོན། སློབ་མའི་དཔྲལ་བར་ཐིམ་པས་ལུས་བྱིན་གྱིས་བརླབས་པར་བསམས་ལ། རོལ་མོའི་སྒྲ་དང་གུ་གུལ་གྱི་དུད་པ་བྱ་ཞིང༌། སྙིང་པོ་བརྗོད་པས་ཡེ་ཤེས་དབབ་བོ། །དེ་ལས་བྱུང་བའི་ཉམས་བྱུང་རྒྱལ་དུ་བཏང་ལ། བུམ་པའི་དབང་ཐོབ་ཅེས་བརྡ་སྤྲད་དོ། །དེ་བཞིན་དུ་མགྲིན་པའི་ཨཱཿཡིག་གིས་གསང་དབང་དང༌། སྙིང་གའི་ཧཱུྃ་ཡིག་གིས་ཤེས་རབ་ཡེ་ཤེས་
དང༌། གནས་གསུམ་གྱི་ཡི་གེ་གསུམ་ཆར་གྱིས་དབང་བཞི་པ་རྣམས་བུམ་དབང་གི་འགྲོས་ཀྱིས་ཤེས་པར་བྱས་ལ་དབང་བསྐུར་རོ། །མཇུག་ཏུ་ཡོན་ཕུལ་བ་དང༌། དམ་ཚིག་དང་སྡོམ་པ་བསྲུང་བར་གདམས་པ་རྣམས་བྱས་ལ། ཚོགས་ཀྱི་འཁོར་ལོར་ལོངས་སྤྱད་དོ། །བྱིན་གྱིས་བརླབས་པའི་ཆོ་ག་སྟེ། བླ་མ་དག་གི་ཕྱག་བཞེས་ལྟར་བྲིས་པའོ། །དེ་ལྟར་བྱིན་རླབས་ཀྱིས་སྨིན་པར་བྱས་པའི་གང་ཟག་ཉུང་ངུའི་རྣལ་འབྱོར་ལ་མོས་པ་དག དེའི་རྫོགས་རིམ་བསྒོམ་པར་འདོད་ན། བླ་མ་དཔྱལ་ཨ་མོ་གྷས་མཛད་པའི་ཁྲིད་ཡིག་ལྟར་ཉམས་སུ་བླང་བར་བྱ་ཞིང༌། མན་ངག་དེ་དག་གཞུང་གང་གིས་བསྟན་སྙམ་ན། སློབ་དཔོན་ལོ་ཨི་པའི་བདེ་མཆོག་གི་སྒྲུབ་ཐབས་ལས། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །ཞེས་སོགས་རྫོགས་རིམ་སྟོན་པའི་སྐབས་སུ་ཅུང་ཟད་ཅིག་གསུངས་པའི་དོན་ཡིན་ཏེ། དེ་ལ་རྟེན་ལ་དམིགས་པ་ནི། ཨཱ་ལི་ཀཱ་ལི་མདུན་བསམས་ནས། །རྣལ་འབྱོར་ཆེན་པོས་ངལ་བསོ་སྟེ། །ཞེས་ཏེ། ཀཱ་ལི་ནི་ཐབས་བདེ་མཆོག་དཀར་པོ། དེའི་མདུན་དུ་ཨཱ་ལི་ནི་ཤེས་རབ་སྟེ། རྡོ་རྗེ་ཕག་མོ་བསྒོམ་པའོ། །ངལ་བསོ་བ་ནི་སྔར་བསྐྱེད་རིམ་སྐབས་སུ་སྤྲོས་པ་སྣ་ཚོགས་ཀྱིས་ཡིད་དུབ་པ་དེ། རྫོགས་རིམ་བསྒོམས་པས་ངལ་བསོ་བའོ། །གཉིས་པ་བརྟེན་པ་ལ་དམིགས་པ་ལ་གཉིས་ཀྱི་དང་པོ་ཡིག་འབྲུ་ལ་གཏད་པ་ནི། ཟླ་བའི་དཀྱིལ་འཁོར་རྫོགས་པ་ནི། །ལྟེ་བའི་རྩ་བར་གནས་པར་བསམ། །ཡི་གེ་རྣམས་ཀྱི་མཆོག་གྱུར་པ། །དེ་ཡི་དབུས་སུ་གནས་པར་བསམ། །ཞེས་ཏེ། ལྟེ་བའི་འཁོར་ལོའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ལ་ཨོཾ་དང༌། འཁོར་ལོ་གཞན་རྣམས་ལ་ཡི་གེའི་མཆོག་དབྱངས་དང་གསལ་བྱེད་རྣམས་འགོད་པའོ། །གཉིས་པ་ཐིག་ལེ་ལ་གཏད་པ་ནི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །ལྷ་ཡི་སྐུ་ནི་བསྒོམ་པར་བྱ། །ཞེས་ཏེ། ཡིག་འབྲུ་རྣམས་ལས་འཕྲོས་པའི་འོད་ཟེར་གྱིས་
སྐུ་གསུང་ཐུགས་ཀྱི་འཁོར་ལོ་གསུམ་དང་རྡོ་རྗེ་ཅན་གཙོ་བོ་ཡབ་ཡུམ་རྣམས་མདུན་དུ་སྤྱན་དྲངས་ནས་རང་ལ་ཐིམ་པར་བསྒོམ་པའོ། །བཞག་པ་སེམས་ཀྱི་ངོ་བོ་ནི། །གོང་བུ་ལས་ནི་འདས་གྱུར་ཀྱང༌། །དངོས་པོ་མེད་པའི་སེམས་ཉིད་ཡིན། །དེ་ཡང་བསམ་གྱིས་མི་ཁྱབ་བསམ། །སེམས་ཉིད་བརྟག་པར་མི་བྱའོ། །བསམ་གྱིས་མི་ཁྱབ་དེ་བསམས་ན། །དེ་ལ་གཟུགས་ཉིད་ཐོབ་པར་འགྱུར། །ཞེས་ཏེ། ཐིག་ལེ་གོང་བུའི་གཟུགས་ལས་འདས་ནས་དབུ་མར་བཅུག་པས་བདེ་བ་ཆེན་པོ་སྐྱེ་བ་ནི་དངོས་པོ་མེད་པའི་སེམས་ཉིད་ཡིན་ལ། བདེ་བ་ཆེན་པོ་དེ་ཡང་སྤྲོས་པ་དང་མཚན་མ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དུ་ཤེས་པ་ནི། བསམ་གྱིས་མི་ཁྱབ་པའི་དོན་བསམ་པའོ། །དོན་དེ་ལ་རྟག་ཆད་དང་ཡོད་མེད་སོགས་མཐའ་གང་དུའང་བརྟག་པར་མི་བྱ་ལ། བསམ་མི་ཁྱབ་པའི་དོན་དེ་བསྒོམས་པས་བཟུང་བ་ནི། དྷ་ར་ཞེས་པ་འཛིན་པར་ཡང་འགྱུར་བས། བདེ་སྟོང་སྐུ་བཞིའི་གཟུགས་འཛིན་པའི་དཔལ་ཧེ་རུ་ཀའི་གོ་འཕང་ཉིད་ཐོབ་པར་འགྱུར་རོ། །ཞེས་པའོ། །དེ་ལྟར་ན་སློབ་དཔོན་ལོ་ཨི་པའི་གཞུང་གི་མན་ངག་ཡིན་པས་ལོ་ཨི་པའི་རྫོགས་རིམ་ཡིན་ལ། སློབ་དཔོན་པྲཛྙཱ་རཀྵི་ཏ། བི་བྷཱུ་ཏི་ཙནྡྲ། ཇོ་བོ་ཨ་དྭེ་ཥ་རྣམས་ཀྱི་ལོ་ཨྀ་པའི་བཤད་པ་དང་ཅུང་ཟད་མི་མཐུན་པར་སྣང་ཡང༌། ཁ་ཆེའི་པཎྜི་ཏ་ཆེན་པོ་ཉིད་ཀྱིས་རྡོ་རྗེ་ཕག་མོ་ལས་དངོས་སུ་གསན་པའི་མན་ངག་ཐུན་མོང་མ་ཡིན་པར་སྣང་ངོ༌། །ངེས་དོན་ཧེ་རུ་ཀ་ཡི་སྒྲུབ་པའི་ཐབས། །མ་བྱོན་སངས་རྒྱས་གསུམ་པའི་མན་ངག་ལྟར། །མ་སྦས་གསལ་བར་བཀོད་པའི་དགེ་བ་དེས། །མ་གྱུར་འགྲོ་བ་རྡོ་རྗེ་འཆང་ཐོབ་ཤོག །དཔལ་བདེ་མཆོག་ལྷན་ཅིག་སྐྱེས་པའི་སྒྲུབ་པའི་ཐབས་བྱིན་རླབས་ཆོ་ག་དང་བཅས་པ་འདི་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཆོས་ཀྱི་རྗེ་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའི་ཞབས་རྡུལ་སྤྱི་བོས་བླངས་པ། ཤཱཀྱའི་དགེ་སློང་ཀུན་དགའ་བཟང་
པོས་བླ་མ་སྔ་མ་རྣམས་ཀྱི་ཡི་གེ་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་རའི་བཤད་པས་བརྒྱན་ནས་གོ་བདེ་བར་སྦྱར་བའི་ཡི་གེ་པ་ནི་དགེ་སློང་བསོད་ནམས་རིན་ཆེན་ཞེས་བྱ་བས་བགྱིས་སོ། །ཨི་དཾ་ཤཱ་ས་ནཉྩ་སརྦ་སཏྭཾ་ཧི་ཏོ་བྷ་ཝནྟུ། ༈ །བདེ་མཆོག་དཀར་པོའི་ཚེ་སྒྲུབ་བཞུགས་སོ། །བླ་མ་དང་དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །བདེ་མཆོག་དཀར་པོ་སྒྲུབ་པར་འདོད་པས། བསྐྱེད་རིམ་ལ་བརྟེན་པ་དང༌། རྫོགས་རིམ་ལ་བརྟེན་པ་གཉིས་ལས། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་སོང་ནས། སྭ་བྷཱ་ཝས་སྟོང་བར་སྦྱང༌། སྟོང་པའི་ངང་ལས་འབྱུང་བ་བཞི་རི་རབ་དང་བཅས་པའི་གདན་གྱི་སྟེང་དུ་སྐད་ཅིག་གིས་རང་དང་མདུན་དུ་རྡོ་རྗེ་སེམས་དཔའ་འཁོར་ལོ་བདེ་མཆོག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་པ་མཆེ་བ་གཙིགས་པ། ཕྱག་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། རལ་པའི་ཐོར་ཅོག་དང༌། ཡིད་བཞིན་གྱི་ནོར་བུ་དང༌། ཟླ་བ་ཚེས་པ་དང༌། སྣ་ཚོགས་རྡོ་རྗེ་རྣམས་ཀྱིས་དབུ་ལ་བརྒྱན་པ། ཞབས་གཡས་བརྐྱངས་པས་དུས་མཚན་དང༌། གཡོན་བསྐུམས་པས་འཇིགས་བྱེད་མནན་པ། དེ་གཉིས་ཀྱི་ཐུགས་ཀར་ཨཱཿདམར་པོ་བསྒོམ། དེ་ནས་མདུན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཨཱཿལས་འཆི་མེད་ཚེ་ཡི་རང་བཞིན་གྱི་སྔགས་ཕྲེང་བྱུང༌། ཞལ་ནས་འཐོན་རང་གི་ཞལ་དུ་ཞུགས། སྙིང་གའི་ཨཱཿལ་ཐིམ་པས་འཆི་མེད་ཚེའི་དངོས་གྲུབ་བསྩལ་བར་བསམས་ལ། ཨོཾ་ཧྲཱིཿཧ་ཧ་ཧུྃ་ཧཱུྃ་ཕཊ། ཅེས་པ་བརྒྱ་རྩ་ལ་སོགས་པ་བགྲངས་པའི་མཇུག་ཏུ། བདག་གི་ཚེ་པུཥྚིཾ་ཀུ་རུ་ཨོཾ། ཞེས་པ་སྦྱར་རོ། །གཉིས་པ་རྫོགས་རིམ་ལ་བརྟེན་པ་ལ་ལྔ་སྟེ། རྡོར་བཟླས་ལ་བརྟེན་པ། ཡི་གེ་ལ་བརྟེན་པ། འབར་འཛག་ལ་བརྟེན་པ། ཐིག་ལེ་ལ་བརྟེན་པ། བསམ་མི་ཁྱབ་ལ་བརྟེན་པའོ། །དང་པོ་ནི། ཨོཾ་ཞེས་བརྗོད་པས། མདུན་གྱི་བཅོམ་ལྡན་འདས་ཀྱི་ཐུགས་ཀའི་ཨཱཿལས་འཆི་མེད་ཚེའི་དངོས་གྲུབ་ཀྱི་རང་བཞིན་ཨོཾ་དཀར་པོའི་ཕྲེང་བ་དཔག་ཏུ་མེད་པ་བྱུང༌། ཤངས་བུག་གཡས་ནས་ཐོན་རང་གི་གཡོན་ནས་ཞུགས། ཨཱཿཞེས་བརྗོད་པས་དེ་རྣམས་རང་གི་
སྙིང་གའི་ཨཱཿདམར་པོ་ལ་ཐིམ། ཧཱུྃ་ཞེས་བརྗོད་པས། རང་གི་སྙིང་གའི་ཨཱ་ལས་ཧཱུྃ་ནག་པོའི་ཕྲེང་བ་དཔག་ཏུ་མེད་པ་སྣ་བུག་གཡས་ནས་འཕྲོས། ཚེའི་བར་དུ་གཅོད་པ་ཐམས་ཅད་ཚར་བཅད་པར་མོས་ནས། རླུང་འཇུག་པ། གནས་པ། ལྡང་བ་གསུམ་དང་བསྟུན། ཨོཾ་ཨཱཿཧཱུྃ་ཅི་ནུས་བཟླས་ལ། གཉིས་པ་ནི། རང་གི་ལྟེ་བར་ཨོཾ་དམར་པོ་གྱེན་ལ་བལྟ་བ། སྤྱི་བོར་ཧྃ་དཀར་པོ་ཐུར་དུ་བལྟ་བར་བསམས་ཏེ། ཡི་གེ་གཉིས་ལ་སེམས་གཏད་ལ་རླུང་ཁ་སྦྱར་ཅི་ནུས་བསྒོམ། གསུམ་པ་ནི། ཨོཾ་ལས་མེ་འབར་དབུ་མའི་ནང་དུ་སོང༌། ཧྃ་ལ་ཕོག ཧྃ་ལས་བདུད་རྩིའི་རྒྱུན་འཛག་པས་ཨོཾ་ལ་ཐིམ་པར་བསམ་ཞིང་རླུང་ཁ་སྦྱོར་སྔ་མ་བཞིན་ནོ། །བཞི་པ་ནི། རང་གི་ལུས་འོད་དམར་པོའི་གོང་བུ་གཅིག་ཏུ་ཞུ་བར་བསམ། རླུང་གནད་སྔ་མ་བཞིན་ནོ། །ལྔ་པ་ནི། འོད་ཀྱི་གོང་བུ་ཇེ་ཕྲ་ལ་སོང་སྟེ་མཐར་མི་དམིགས་པར་བསྒོམས་ལ། བསམ་གྱིས་མི་ཁྱབ་པའི་ངང་ལས་ཅི་ནུས་སུ་མཉམ་པར་བཞག་གོ །ཐུན་ལས་ལྡང་བར་འདོད་པ་དང༌། སྐད་ཅིག་གིས་ལྷར་དྲན་པར་བྱས་ཏེ། ཚེ་བསྲིང་བའི་བསྔོ་བ་སྨོན་ལམ་གདབ་བོ། །ཟབ་མོ་ཡི་གེར་བཀོད་པ་ལ་མཁའ་འགྲོས་བཟོད་པར་མཛོད་ལ། འགྲོ་བའི་རྒྱུད་ལ་ཚེའི་དངོས་གྲུབ་སྩལ་དུ་གསོལ། བུདྡྷ་རཏྣས་དྲན་གསོར་སྦྱར་བའོ། ༈ །བདེ་མཆོག་དཀར་པོའི་སྒོ་ནས་ཚེ་སྒྲུབ་བཞུགས་སོ། །ཤྲཱི་ཙཀྲ་སམྦ་རཱ་ཡ་ན་མཿ ཁ་ཆེའི་པཎྜི་ཏ་ཆེན་པོའི་གདམས་པ། འཁོར་ལོ་བདེ་མཆོག་དཀར་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་དང༌། ཚེ་སྒྲུབ་པའི་ཐབས་གཉིས་ལས། ཕྱི་མ་ཉམས་སུ་ལེན་པར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བས། ཤྲཱི་ཧེ་རུ་ཀོ྅ཧཾ་ཞེས་བརྗོད་པས། རང་སྐད་ཅིག་གིས་ཡེ་ཤེས་ཀྱི་སྣང་བ་ལས་གྲུབ་པའི་དཔལ་ཧེ་རུ་ཀ་སྐུ་མདོག་དཀར་པོ་ཞལ་གཅིག་འཛུམ་ཞིང་ཁྲོ་བ། ཕྱག་གཉིས་ཀྱིས་བུམ་པ་དམར་པོ་རེ་རེ་འཛིན་པས་ཡུམ་ལ་འཁྱུད་པ། དེའི་པང་ན་ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་བདེ་བ་རྒྱས་པའི་ཉམས་ཅན་སྐྲ་གྲོལ་བ། ཕྱག་གཉིས་ཀྱིས་ཐོད་པ་བདུད་རྩིའི་རོས་གང་བ་
བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཉིས་ཀའང་རུས་པ་དང་རིན་པོ་ཆེས་བརྒྱན་པ། འོད་ཟེར་དཀར་པོ་འཕྲོ་ཞིང་འདུ་བའི་བདག་ཉིད་ཅན། ཡབ་ཀྱི་ཐུགས་ཀར་བུམ་པ་དཀར་པོ་བདུད་རྩིས་གང་བའི་དབུས་གསེར་གྱི་རྡོ་རྗེ་རྩེ་ལྔ་བའི་ལྟེ་བར། རང་གི་རྣམ་ཤེས་ཀྱི་ངོ་བོ་ཧཱུྃ་དཀར་པོ། དེའི་སྟེང་དུ་ཡི་དམ་ཡབ་ཡུམ་གྱི་སྐུ་རྒྱ་སྲན་ཙམ། ཧཱུྃ་གི་མཐར་བཟླ་བྱའི་སྔགས་ཕྲེང་དཀར་པོ་གཡོན་སྐོར་དུ་འཁོར་བར་བསམ། ཧེ་རུ་ཀ་ཡབ་ཡུམ་གྱི་ཕྱག་གི་བུམ་པ་ནས་འཆི་མེད་བདུད་རྩིའི་ཆུ་རྒྱུན་དཀར་པོ། ཐོད་པ་ནས་དམར་པོ་འབབ་པར་བསམ། ཧཱུྃ་ཡིག་ལ་དབང་བསྐུར་ཚུལ་དུ་རིམ་གྱིས་ཐིམ་པས་བཀྲག་དང་འོད་ཟེར་གྱི་རང་བཞིན་དུ་སོང་ནས། སྡིག་སྒྲིབ་ཐམས་ཅད་དག་ཅིང་ཚེ་ཡི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ་མ་མ་ཨཱ་ཡུཿཔུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་ཅི་ནུས་བཟླས། དེ་ནས་བདུད་རྩིས་རྡོ་རྗེ་བུམ་པའི་ནང་ཁེངས། མཐར་རང་གི་ལུས་ཐམས་ཅད་གང་བས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་དག་ཅིང༌། ཚེའི་དངོས་གྲུབ་ཐོབ་པར་བསམ། སེམས་འཛིན་མེད་དུ་གཞག་ཅིང༌། རླུང་ཁ་སྦྱོར་ཅི་མང་བཟུང་བ་འཆི་བ་བསླུ་ཞིང་ཚེ་སྒྲུབ་པའི་མཆོག་ཏུ་འགྱུར་རོ། །འཁོར་ལོ་བདེ་མཆོག་དཀར་པོའི་ཚེ་སྒྲུབ། ཀུན་དང་ཐུན་མོང་མ་ཡིན་པའི་ཡང་ཟབ། དཔྱལ་ལོ་ཙཱ་བ་ཆོས་ཀྱི་བཟང་པོའི་ཡི་གེ་ལས་རྒྱུན་གྱི་ཉམས་ལེན་ཟུར་དུ་ཕྱུང་བ་མངྒལཾ།། །།དགེའོ།། །