སྒྲུབ་པའི་ཐབས་ཀུན་ལས་བཏུས་པ།
འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་སྐོར་ལས། ལོ་རྒྱུས་རྣམ་པར་ཐར་པ་རྣམས།
ཨཱརྻདེཤཀཙཏུརཱཤཱིཏིརྨཧཱསིདྡྷསྱཱདྷིཥྛནབརྒགཱཏབིམོཀྵཔྲྀཀྲིཡཱབིཧརཏིསྨ།།
འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་སྐོར་ལས། ལོ་རྒྱུས་རྣམ་པར་ཐར་པ་རྣམས་བཞུགས་སོ།།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །དུས་གསུམ་སངས་རྒྱས་ཀུན་དང་བརྒྱུད་པའི་བླ་མ་མཁའ་སྤྱོད་གཤེགས་པ་རྣམས། །དངོས་ཀྱི་བླ་མ་མཆོག་གི་དངོས་གྲུབ་བརྙེས་པ་མི་འཇིགས་པའི་དཔལ་ལ། །ལུས་ངག་ཡིད་གསུམ་དྭངས་བས་ཞབས་ཀྱི་པདྨོ་དག་ལ་གུས་བཏུད་ནས། །ལཱུ་ཧི་པ་སོགས་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ཡང་དག་ལོ་རྒྱུས་བྲི། །དེ་ལ་གུ་རུ་ལཱུ་ཧི་པའི་ལོ་རྒྱུས་ནི། ལཱུ་ཧི་པ་ཞེས་བྱ་བ་ནི་ཉའི་རྒྱུ་ལྟོ་གསོལ་བ་ལས་མཚན་དུ་བཏགས་ཏེ། དེ་ཡང་སིངྒ་ལའི་གླིང་གི་རྒྱལ་པོ་གཅིག་ལ་རྒྱལ་སྲིད་ཀྱང་རྣམ་ཐོས་ཀྱི་བུ་དང་མཉམ་པ་རྒྱལ་པོའི་ཁང་བཟང་ཐམས་ཅད་ནི་རིན་པོ་ཆེ་དང༌། མུ་ཏིག་དང་གསེར་དངུལ་ལ་སོགས་པས་བརྒྱན་པ་ཡོད་ལ། སྲས་ཀྱང་གསུམ་མངའ་བ་ལས། ཡབ་རྒྱལ་པོ་གྲོངས་ནས་དུས་རེ་ཞིག་གི་ཚེ། རྩིས་མཁན་རྣམས་ལ་སྲས་གང་གིས་རྒྱལ་སྲིད་ཟིན་པ་རྩིས་བྱས་པས། དེ་ན་རེ། སྲས་བར་པས་རྒྱལ་སྲིད་བཟུང་ན་ཆབ་སྲིད་བརྟན་པ་དང༌། འཁོར་འབངས་སྐྱིད་པ་ལ་སོགས་པའི་ཡོན་ཏན་ཡོད་དོ་ཟེར་བ་དང༌། ཡབ་ཀྱིས་རྒྱལ་སྲིད་དེ་ལ་གཏད། གཅེན་དང་གཅུང་དང་འབངས་ཐམས་ཅད་ཀྱིས་ཀྱང་རྒྱལ་ཚབ་ཏུ་
དབང་བསྐུར་བ་དང༌། དེས་མ་འདོད་ནས་འབྲོས་པར་བརྩམས་པ་ལས་གཅེན་གཅུང་དང་འབངས་རྣམས་ཀྱིས་དེ་བཟུང་ནས་གསེར་སྒྲོག་གི་ལྕགས་སུ་བཅུག་པ་དང༌། རྒྱལ་བུ་དེས་འཁོར་དང་སྲུང་མ་ཀུན་ལ་གསེར་དང་དངུལ་ལ་སོགས་པའི་བྱ་དགའ་བྱིན་ནས་མཚན་ལ་གོས་ཚེམ་བུ་ཅན་གྱོན་ཏེ། སྐྱེལ་མ་ལའང་གསེར་ལ་སོགས་པའི་བརྔན་པ་བྱིན་ནས་རྒྱལ་པོས་ར་མ་ལའི་ཡུལ་རཱ་མེ་ཤྭ་རར་ཕྱིན་པ་དང༌། སྟན་དར་ཟབ་ལས་བྱས་པ་བོར་ནས་ཀྲྀཥྞ་སཱ་རའི་སྟན་བཏིང་ནས་གནས་རྒྱལ་ས་སྤངས་ནས་ཐལ་བའི་ནང་དུ་ཉལ་ལོ། །རྒྱལ་བུ་དེ་གཟུགས་བཟང་ཞིང་ལྟ་ན་སྡུག་པས་ཀུན་གྱིས་བཟའ་བ་དང་བཅའ་བ་ལ་སོགས་པ་མི་བྲལ་བ་ཉིད་དུ་བྱིན་ནོ། །དེ་ནས་རྡོ་རྗེ་གདན་དུ་བྱོན་པས་མཁའ་འགྲོ་མས་རྗེས་སུ་བཟུང་སྟེ་གདམས་པ་བསྟན་ཏོ། །དེ་ནས་རྒྱལ་པོ་བཞུགས་ས་པ་ཊ་ལི་པུ་ཏྲར་བྱོན་ནས། མི་ཀུན་གྱིས་ཟས་བྱིན་པ་ཟ་བཞིན་དུ་དུར་ཁྲོད་དུ་ཉལ་གྱིན་འདུག་པ་ལས། ཚོང་དུས་སུ་བྱོན་ནས་ཆང་འཚོང་མའི་གནས་སུ་ཕྱིན་པ་དང༌། ཆང་འཚོང་མའི་གཙོ་མོ་དེ་ནི་འཇིག་རྟེན་གྱི་མཁའ་འགྲོ་མ་ཅིག་ཡིན་པས། དེས་རྒྱལ་བུ་ལ་
བལྟས་ནས་འདིའི་འཁོར་ལོ་བཞིའི་དྲི་མ་ལ་སོགས་པ་ཐམས་ཅད་ནི་དག་ནས་འདུག་པ་ལ་སྙིང་ག་ན་སྲན་མ་ཙམ་ཅིག་གི་རིགས་ཀྱི་རྟོག་པ་མ་དག་པར་འདུག་ཟེར་རོ། །དེ་ནས་མོས་རྫ་མའི་ནང་ཟས་རུལ་པ་བླུགས་ནས་བྱིན་པ་དང༌། རྒྱལ་བུས་དེ་བསྐྱུར་བས་མཁའ་འགྲོ་མ་དེ་ཁྲོས་ནས། ཁྱོད་ཀྱིས་ཟས་བཟང་ངན་གྱི་རྣམ་པར་རྟོག་པ་མ་སྤངས་ན་ཆོས་ག་ལ་འོང་ཞེས་སྨྲས་པས། རྒྱལ་བུ་དེས་རྣམ་རྟོག་དང་མཚན་མ་ནི་བྱང་ཆུབ་ཀྱི་གེགས་སུ་འདུག་སྙམ་ནས། རྣམ་རྟོག་དང་མཚན་མ་སྤངས་ཏེ། ཉ་པས་གངྒཱ་ནས་ཉ་བསད་པའི་རྒྱུ་མ་ས་ལ་བསྐྱུར་བ་རྣམས་བླངས་ནས། དེ་བཞིན་ལོ་བཅུ་གཉིས་ཀྱི་བར་བསྒྲུབས་ཏེ། ཉའི་རྒྱུ་མ་ཟ་བ་ཉ་འཚོང་མའི་བུད་མེད་ཀུན་གྱིས་མཐོང་ནས་ཐམས་ཅད་ཀྱིས་ལཱུ་ཧི་པ་ཞེས་སྨྲས་པ་དང༌། ཕྱོགས་མཚམས་ཐམས་ཅད་དུ་ལཱུ་ཧི་པ་ཞེས་གྲགས་ཏེ་དེ་ཡི་མིང་དང་དངོས་གྲུབ་འཐོབ་བོ། །འདིའི་འཕྲོས་དཱ་རི་ཀ་པ་དང༌། ཌིངྒ་པའི་སྐབས་སུ་ཡང་འབྱུང་ངོ༌། །གྲུབ་ཆེན་ལཱུ་ཧི་པའི་རྣམ་པར་ཐར་པ་རྫོགས་སོ།། ༡ །།གུ་རུ་ལཱི་ལ་པའི་ལོ་རྒྱུས་ནི། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཅིག་སེང་གེའི་ཁྲི་ལ་བཞུགས་པའི་ཚེ། ཡུལ་གཞན་ཞིག་ནས་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཅིག་དེའི་ཐད་དུ་བྱོན་པ་དང༌། རྒྱལ་པོ་ན་རེ་ཁྱོད་རྒྱལ་ཁམས་ཐམས་ཅད་དུ་འཁྱམས་པ་ཉོན་རེ་མོངས་གསུངས་པས། བདག་མི་སྡུག་སྟེ་ཁྱོད་རང་ཉོན་མོངས་སོ། །དེ་ཅིས་ཏེ་ན། ཉིད་རྒྱལ་སྲིད་ཤོར་གྱིས་དོགས། འབངས་རྣམས་མ་མགུའི་དོགས་པས་ཉིད་རང་སྡུག་བསྔལ་ལོ། །བདག་ནི་མེའི་ནང་དུ་མཆོངས་ཀྱང་མི་ཚིག དུག་ཟོས་ཀྱང་མི་འཆི། རྒས་པ་དང་འཆི་བའི་སྡུག་བསྔལ་མེད་དེ་བཅུད་ལེན་གྱི་གདམས་ངག་ཡོད་གསུངས་པས་རྒྱལ་པོ་དད་ནས་དངོས་ཀྱིས་ཉིད་བཞིན་དུ་རྒྱལ་ཁམས་འགྲིམ་པར་ནི་མི་ནུས་མོད། འོན་ཀྱང་རང་གི་རྒྱལ་སར་སྟན་ལ་འདུག་ནས་སྒོམ་པར་ནུས་ན། དངོས་ལ་ཉིད་ཀྱི་གདམས་ངག་ཅིག་ཞུ་བྱས་ནས་འོངས་པས། སློབ་དཔོན་གྱིས་གནང་སྟེ་ཀྱེ་རྡོ་རྗེའི་དབང་བསྐུར། གདམས་ངག་བྱིན་ནས་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྒོམ་དུ་བཅུག་གོ །དེ་ནས་རྒྱལ་པོ་རང་ཉིད་ཀྱི་སེང་གེའི་ཁྲི་ལ་ཟ་འོག་གིས་སྤྲས་པའི་སྟན་ནངས་ཚངས་ཅན་དང༌། སྔས་ལ་སོགས་པའི་སྟེང་དུ་བཙུན་མོ་དང་བློན་པོའི་ཚོགས་དང༌། རོལ་མོའི་
བྱེ་བྲག་སྣ་ཚོགས་པས་བསྐོར་ནས་བསྒོམས་པས་མཚན་ཡང་ལོངས་སྤྱོད་པའམ། སྒེག་པ་ལ་སོགས་པས་ལཱི་ལ་པ་ཞེས་གྲགས་སོ། །གདམས་ངག་དངོས་ནི་ཕྱག་གཡས་པའི་སོར་གདུབ་ལ་མ་ཡེངས་པར་བསྒོམ་པའོ། །དེ་མི་འགྱུར་བར་འདུག་བྱས་པས། དེའི་ནང་དུ་དགྱེས་པ་རྡོ་རྗེའི་ལྷ་ཚོགས་བསྒོམ་པའི་གདམས་ངག་བྱིན་པ་དང༌། དེ་ཡང་མི་འགྱུར་བར་འདུག་གོ་ཟེར་ནས། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་པས་རྟོགས་པར་ཤུགས་སུ་ཤར་བས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་དུ་མ་དང་ལྡན་ནོ། །དེས་ན་བླ་མའི་གདམས་ངག རང་གི་བརྩོན་པ། སྔ་མའི་ལས་འཕྲོ་དང་གསུམ་འཛོམ་ན་འདོད་ཡོན་མ་སྤངས་ཀྱང་གྲོལ་ལོ། །དེས་ཀྱང་འགྲོ་དོན་དཔག་ཏུ་མེད་པ་མཛད་ལ། མིང་དུ་ཡང་ལཱི་ལ་པ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་ཤིང་མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ལཱི་ལ་པའི་ལོ་རྒྱུས་རྫོགས་སོ།། ༢ །།གུ་རུ་བི་རཱུ་པའི་ལོ་རྒྱུས་ནི། ཤར་ཕྱོགས་རཱ་ཛ་དེ་ཝ་ཕ་ལའི་ཡུལ་ཏྲེའུ་རར་སྐུ་འཁྲུངས་པ། རྒྱ་གར་ལྷོ་ཕྱོགས་སོ་མ་པཱུ་རི་ཞེས་བྱ་བའི་གཙུག་ལག་ཁང་དགེ་འདུན་སྟོང་གི་སྐུ་འཚོ་ཡོད་པའི་ཆོས་འཁོར་ཆེན་པོ་ཅིག་ཡོད་པ་ལས། བི་རཱུ་པ་རྟེན་དགེ་སློང་ཡིན་ཡང་དབང་བསྐུར་ཞུས་ནས་རྡོ་རྗེ་ཕག་མོའི་བཟླས་པ་ལོ་བཅུ་གཉིས་ཀྱི་བར་དུ་འབུམ་ཕྲག་བརྒྱ་ལན་གཉིས་བཟླས་པས། རྨི་ལམ་གྱི་རྟགས་ཙམ་ཡང་མ་བྱུང་བས། ཐུགས་མུག་སྟེ་ཕྲེང་བ་ཆབ་ཁང་དུ་བསྐྱུར་ནས་ཅི་བདེར་བཞུགས་པའི་དགོང་ཁ་མཆོད་པའི་དུས་སུ་ཕྲེང་བ་མེད་པའི་རྟོག་པ་བྱུང་བ་དང༌། ཌཱ་ཀི་མས་ཕྲེང་བ་ལག་པར་བྱིན་ནས་གསུང་གི་གནང་བ་འདི་ལྟར་བྱིན་ཏེ། རིགས་ཀྱི་བུ་ཁྱོད་ཡི་མ་མུག་པར། ངས་བྱིན་གྱིས་བརླབས་ཀྱིས། རྣམ་རྟོག་དང་མཚན་མ་ཐམས་ཅད་སྤོངས་ལ་སྒྲུབ་པ་གྱིས་ཤིག སེམས་ཉིད་གཉུག་མར་གནས་པ་དེ། །རྡོ་རྗེ་ཕག་མོའི་ངོ་བོ་ཡིན། །རང་ལ་ཡོད་ཀྱང་གཞན་ལ་རེ། །ཤིན་ཏུ་མི་མཁས་བྱིས་པ་དང༌། །སེམས་ཉིད་རིག་པའི་སྐྱེས་བུ་དེ། །རྣམ་པར་རྟོག་པས་མ་གོས་པར། །ཆོག་ཤེས་སྒྲུབ་པ་དམ་པ་ཡིན། །ཅེས་ཟེར་རོ། །དེ་
ནས་ཡང་ལོ་བཅུ་གཉིས་བསྒྲུབས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། གཡོག་པོས་ཤ་དང་ཆང་ཉོས་ཤིང་དྲངས། དེ་ནས་གཙུག་ལག་ཁང་གི་ཕུག་རོན་ཡོ་བསད་ནས་ཤ་བྱས་ཏེ་ཟོས་པ་དང༌། ཕུག་རོན་རྣམས་ཟད་ནས་དགེ་འདུན་གྱིས། ངེད་ཀྱི་མཆོད་གནས་སུས་ཟོས་བྱས་པས། དེ་རྣམས་ཀུན་གྱིས་ངེད་ཀྱིས་མ་ཟོས་ཟེར་བ་དང༌། བྲང་ཁང་ཀུན་ཏུ་བལྟས་ནས། བི་རཱུ་པའི་བྲང་ཁང་བལྟར་བཏང་བ་དང༌། སྐར་ཁུང་ནས་བལྟས་པས། དེ་ཆང་འཐུང་ཞིང་ཕུག་རོན་གྱི་ཤ་ཟ་བ་མཐོང་ནས། དགེ་འདུན་གྱིས་གཎྜི་བརྡུངས་ཏེ་གནས་ནས་དབྱུང་བར་བྱས་པ་དང༌། བི་རཱུ་པས་ཆོས་གོས་དང་ལྷུང་བཟེད་སྐུ་གཟུགས་ཀྱི་སྤྱན་སྔར་ཕུལ། ཕྱག་བྱས་ཏེ་སྒོ་ལ་ཕྱིན་པ་དང༌། གཙུག་ལག་ཁང་དེའི་རྩ་ན་མཚོ་ཆེན་པོ་ཅིག་ཡོད་པ་ལ། དགེ་སློང་ཅིག་གིས་ཁྱོད་ལམ་གང་ལ་འགྲོ་བྱས་པ་ལ། ང་ཁྱེད་ཀྱིས་བསྐྲད་པ་ལ་ལམ་ལ་བཟའ་གཏད་ཅི་ཡོད་གསུངས་ནས་ཆུ་དེའི་ཐོག་ན་ཕར་པདྨའི་འདབ་མ་ལ་ཞབས་བཞག་ནས་པདྨའི་མེ་ཏོག་ཆུར་མ་ནུབ་པར་སྤྱད་ནས་སངས་རྒྱས་ལ་མཆོད་པ་བྱས་ཏེ་ཕ་མཐར་སོང་ངོ༌། །སོ་མ་པཱུ་རིའི་མི་ཀུན་འགྱོད་པ་སྐྱེས་ནས་ཞབས་ལ་འཇུས་ཏེ་ཕྱག་བྱས་ནས་ཁྱེད་ཀྱིས་ཕུག་རོན་ཅི་ལ་བསད་བྱས་པས། ངས་མ་བསད་པར་ཡོད་ཟེར། གཡོག་པོས་ཕུག་རོན་གྱི་གཤོག་པའི་དུམ་བུ་རྣམས་ཁྱེར་འོངས་པ་དང༌། སློབ་དཔོན་གྱིས་སེ་གོལ་ཅིག་མཛད་པས་ཕུག་རོན་ཉིད་དུ་སོང་ནས། དེ་ཡང་སྔར་བས་ཀྱང་ཆེ་བ་དང་བཟང་བར་བྱས་ཏེ་ནམ་མཁའ་ལ་འཕུར་ནས་སོང་བ་ཀུན་གྱིས་མཐོང་ངོ༌། །དེ་ནས་བི་རཱུ་པས་དགེ་སློང་གི་རྟགས་བསྐྱུར་ནས་རྣལ་འབྱོར་པའི་སྤྱོད་པ་མཛད་དེ། གངྒཱའི་འགྲམ་དུ་ཕྱིན་ནས་གངྒཱའི་ལྷ་མོ་ལ་བཟའ་བཏུང་བསླངས་བས་མ་སྟེར་བས། སློབ་དཔོན་ཁྲོས་ནས་ཆུ་ཡར་མར་དུ་རྦད་ཀྱིས་བཅད་ནས་ཕ་མཐར་གཤེགས་སོ། །དེ་ནས་ཀ་ན་ས་ཏའི་གྲོང་ཁྱེར་དུ་ཆང་འཚོང་མ་ལས་ཆང་ཉོས་པ་དང༌། དེས་ཆང་ཕོར་པ་གང་དང་འབྲས་སྡེར་མ་གང་བྱིན་པ་ལ་ལོངས་སྤྱོད་དོ། །དེ་ནས་ཞག་ཕྱེད་གསུམ་གྱི་བར་དུ་ཉི་
མ་འགྲོར་མ་འདོད་པས། དེའི་རྒྱལ་པོ་ཧ་ལས་ནས་འདི་འདྲ་བ་སུའི་རྫུ་འཕྲུལ་ཞེས་ཡོངས་སུ་བསྒྲགས་པར་བྱས་པ་དང༌། ཉི་མའི་ལྷ་མོས་རྒྱལ་པོའི་རྨི་ལམ་དུ་རྣལ་འབྱོར་པ་ཅིག་གིས་བདག་ཆང་འཚོང་མ་ལ་གཏའ་མར་བཅུག་ནས་ཡོད་ཅེས་ལུང་བསྟན་པས་རྒྱལ་པོ་དང་སྐྱེ་བོའི་ཚོགས་ཀྱིས་ཆང་རིན་བརྩིས་པས་བྱེ་བར་སོང་བ་སོ་སོར་བཅལ་ནས་བི་རཱུ་པ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཨིནྡྲ་བྱ་བའི་མུ་སྟེགས་ཀྱི་ཡུལ་དུ་ཕྱིན་པ་དང༌། དེའི་ཡུལ་ན་དབང་ཕྱུག་ཆེན་པོའི་སྐུ་ཁྲུ་བརྒྱད་ཅུ་རྩ་གཅིག་པ་ཅིག་འདུག་པ་ལ་ཕྱག་གྱིས་ཟེར་བ་ལ། ང་ཕོ་བོ་ཡིན་པས་ནུ་བོ་ལ་ཕྱག་འཚལ་བའི་ལུགས་མེད་བྱས་པས། འོ་ན་ཁྱོད་གསོད་པ་ཡིན་ཞེས་དེའི་རྒྱལ་པོ་ལ་སོགས་པ་ཀུན་ཟེར་བ་དང༌། སློབ་དཔོན་ན་རེ། ངས་འདི་ལ་ཕྱག་བྱས་ན་སྡིག་པ་འོང་བས་ཕྱག་མི་བྱེད་པ་ཡིན་ཞེས་སྨྲས་པ་དང༌། རྒྱལ་པོས་དེའི་སྡིག་པ་ང་ལ་ཤོག་ཅིག་ཟེར་བས། སློབ་དཔོན་གྱིས་ཕྱག་ཐལ་མོ་བྱས་པས་མ་ཧཱ་དེ་ཝའི་རྟེན་ཕྱེད་ཚུལ་དུ་གས་པ་དང༌། བར་སྣང་ནས་སྒྲ་ཅིག་བྱུང་ནས་སློབ་དཔོན་ང་ནི་དམ་བཅས་པ་བཞིན་ཉན་ནོ་ཟེར། འོ་ན་མནའ་བོར་བྱས་པས། མནའ་བོར་བས་ལྷ་གས་པ་ཡང་སླར་འབྱོར། དེ་ནས་མ་ཧཱ་དེ་ཝའི་རྟེན་གྱིས་མཆོད་པའི་ཡོ་བྱད་རྣམས་སློབ་དཔོན་ལ་ཕུལ་ནས། དེ་ནང་པ་སངས་རྒྱས་པ་གཞན་གྱི་འཚོ་བ་བྱས་ནས་ད་དུང་ཡང་ཡོད་ཟེར་རོ། །དེ་ནས་སློབ་དཔོན་གྱིས་རྒྱ་གར་ཤར་ཕྱོགས་དེ་ཝཱི་ཀོ་ཊར་བྱོན་པས། ཡུལ་དེའི་མི་ཐམས་ཅད་ཕྲ་མེན་མར་སོང་ནས། ཕྲ་མན་མ་གཅིག་ལམ་ཁར་བསྡད་ནས་ཕྲ་མེན་གྱི་སྔགས་ཀྱིས་བཏབ་ཀྱིན་བཏང་བ་ཆོས་ལུགས་ཡིན་པ་ལ། སློབ་དཔོན་གྱིས་སྔོན་ལ་བྱོན་ནས་གཙུག་ལག་ཁང་ཞིག་ཏུ་ཉལ་བར་བྱས་ནས་འདུག་པ་དང༌། བྲམ་ཟེའི་ཕྲུ་གུ་ཞིག་ཕྱི་ནས་འོང་བ་ལ་སྔགས་བཏབ་ནས་བཏང་བས། གྲོང་དེར་ཟས་ནི་རྙེད་ལ་ཉལ་ས་ནི་མ་རྙེད་པ་དང༌། དེ་ནང་པ་སངས་རྒྱས་པ་དང་འཕྲད་
ནས། དེས་བྲམ་ཟེའི་ཕྲུ་གུ་ལ་སྨྲས་པ། ཡུལ་འདི་ན་ཐམས་ཅད་ཕྲ་མེན་མར་སོང་ནས་མི་མེད་ཅིང༌། དེ་ཀུན་གྱིས་བར་ཆད་བྱེད་པ་ཡིན་པས། གཙུག་ལག་ཁང་ཕ་གིར་སོང་ལ་འདུག་ཟེར་ནས་དེར་ཕྱིན་པ་དང༌། སློབ་དཔོན་བི་རཱུ་པས་བྲམ་ཟེ་དེ་ལ་སྔགས་དང་བྱིན་རླབས་བྱས་ཏེ་བོར་བ་དང༌། ཕྲ་མེན་མ་ཀུན་འཚོགས་ནས་མཆོད་པའི་ཡོ་བྱད་ཅི་ཡོད་ཟེར་བ་ལ། ཤ་སྣའི་ཚོགས་གཞན་ཡོད་དེ་ཤ་ཆེན་མ་རྙེད་ཟེར་བ་དང༌། དེའི་ནང་ནས་གཅིག་ན་རེ། ངས་ཤ་ཆེན་གཉིས་ཁུག་ནས་ཡོད་ཟེར་བ་ལ། ཁྱེར་ལ་ཤོག་ཟེར་ནས་ལེན་པར་བརྩམས་པ་ན། བྲམ་ཟེའི་ཕྲུ་གུ་ལ་བྱིན་རླབས་མཛད་པས་དེས་འཁོར་མ་ནུས། ལེན་པར་ཡང་ཡང་བཏང་བས། བི་རཱུ་པ་ཤིང་མགལ་ཅིག་གི་སྟེང་ན་ཡོད་པ་ཤིང་དང་བཅས་པ་ཁྱེར་ནས་འོངས་པ་ལ། ཕྲ་མེན་མ་ཀུན་གྱིས་ཕྱག་ཚང་བྱེད་དུ་བྱུང་བ་དང༌། བི་རཱུ་པས་ཁོ་པའི་ཆང་ཀུན་འཐུང༌། ཕྲ་མེན་མ་ཐམས་ཅད་ཀྱིས་བི་རཱུ་པ་བསད་པར་བྱ་སྙམ་ཐམས་ཅད་ཀྱིས་གད་རྒྱངས་ཀྱི་སྒྲ་བསྒྲགས་པ་དང༌། སློབ་དཔོན་གྱིས་ཁྲོ་བོའི་གད་མོ་བཅུ་གཉིས་བགད་པས་ཕྲ་མེན་མ་ཐམས་ཅད་བརྒྱལ་བར་བྱས། ཕྱིས་ཕྲ་མེན་ཐམས་ཅད་དམ་ལ་བཏགས་ནས་ཕྱིན་ཆད་སྐྱབས་འགྲོ་བྱེད་པ་དང༌། ང་ལ་དད་པའི་སེམས་ཅན་ལ་གནོད་པ་མ་བྱེད་པར་འདུག་ཅིག སྐྱབས་འགྲོ་དང་སེམས་བསྐྱེད་མི་བྱེད་པའི་རིགས་ལུས་ལ་མི་གནོད་པའི་ཁྲག་ཁྱོར་བ་རེ་ཙམ་འཐུངས་ཤིག བརྒྱ་ལ་དམ་ལས་འདས་ན་འཁོར་ལོ་འདིས་སྐེ་ཆོད་ཅིག བྱང་གི་གནོད་སྦྱིན་འདིས་ཁྲག་འཐུངས་ཤིག་གསུངས་པས། ད་ལྟ་ཡང་གནོད་སྦྱིན་དང་འཁོར་ལོའི་གཟུགས་ནམ་མཁའ་ལ་ཡོད་དོ། །སྲུང་མའི་འཁོར་དུ་བྱས་ནས་དམ་ལ་བཏགས་ཏེ་སློབ་དཔོན་གཞན་དུ་གཤེགས་སོ། །སླར་ཡང་ཕྱིར་ལོག་ནས་དེ་ཝཱི་ཀོ་ཊར་བྱོན་པ་དང༌། ལམ་ཁར་མ་ཧཱ་དེ་ཝ་དང་ལྷ་མོ་ཨུ་མ་གཉིས་ཀྱིས་སྤྲུལ་པའི་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་ལྔ་ལེགས་པར་སྤྲུལ་ནས་བི་རཱུ་པ་ལ་སུམ་ཅུ་རྩ་གསུམ་ལ་སོགས་པ་ལྷའི་གནས་ཐམས་ཅད་ནས་ཞལ་ཟས་བླངས་ཏེ་མཆོད་པ་རྒྱ་ཆེན་པོ་བྱས་སོ། །
དེ་ནས་ཚིགས་སུ་བཅད་པ་གསུངས་པ། སོ་མ་པཱུ་རིའི་གཙུག་ལག་ཁང་ཆེན་དུ། །རབ་བྱུང་བསྙེན་རྫོགས་འདུལ་ཁྲིམས་ལེགས་པར་བསྐྱངས། །སྔ་མའི་ལས་འབྲེལ་དབང་གིས་སྤྲུལ་པ་ཡི། །དབང་བསྐུར་བྱིན་རླབས་གདམས་པ་ཡང་དག་གནང༌། །རྣམ་པར་རྟོག་པས་ལོ་ནི་བཅུ་གཉིས་སུ། །བསྒྲུབས་པས་རྨི་ལྟས་ཙམ་ཡང་མ་བྱུང་ན། །ངལ་བའི་སེམས་ཀྱིས་གཤེ་ཞིང་ཕྲེང་བ་བསྐྱུར། །དེ་ནས་མཁའ་འགྲོས་གསུང་གི་གནང་བ་བྱིན། །དེ་ཡི་རྐྱེན་གྱིས་ཁམས་ཀྱི་ནུས་པ་བརྟས། །འཁོར་བའི་མཚན་ཉིད་ཡང་དག་ལེགས་རྟོགས་ཏེ། །རྟོག་མེད་སྤྱོད་པ་བདག་གིས་སྤྱད་བྱས་ནས། །ཕལ་«་་་་་ཡོད་པར་སྨྲ་བའི་»ཆེན་སྡེ་པའི་དགེ་འདུན་ཀུན་གྱིས་ཀྱང༌། །འཁྲུལ་བཅས་དག་དུ་རྟོགས་ནས་གནས་ནས་ཕྱུང༌། །དེ་དག་ཀུན་གྱི་རྟོག་པ་འཇོམས་སླད་དུ། །ཆུ་ལ་བྱིང་བ་མེད་པར་བསམ་གཏན་བྱས། །གངྒཱ་གྱེན་ལ་བསྒྱུར་ནས་སྣ་ཚོགས་ཟོས། །ཉི་མ་གཏེང་བར་བཅུག་ནས་འདོད་ཡོན་སྤྱད། །ཕྱི་པའི་ལྷ་རྟེན་བཀས་ནས་ང་རྒྱལ་བཅག །དེ་ཝཱི་ཀོ་ཊར་ཕྲ་མེན་ཚོགས་རྣམས་བཏུལ། །མ་ཧཱ་དེ་ཝས་ཡོན་ཏན་མངོན་ཕྱུང་ནས། །གྲོང་ཁྱེར་སྤྲུལ་ནས་བདག་ལ་བསྙེན་བཀུར་བྱས། །དེ་ཙམ་སྤྱོད་པ་བདག་གིས་མ་སྤྱད་ན། །མཚན་བཅས་ཆོས་ལ་མོས་པར་ག་ལ་འགྱུར། །ཅེས་གསུངས་ཏེ་ལོ་བདུན་བརྒྱ་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བི་རཱུ་པའི་ལོ་རྒྱུས་རྫོགས་སོ།། ༣ །།གུ་རུ་ཌོམྦྷི་པའི་ལོ་རྒྱུས་ནི། ཡུལ་མ་གྷ་དྷཱ། རིགས་རྒྱལ་རིགས། དངོས་གྲུབ་དགྱེས་པ་རྡོ་རྗེ་ལས་བརྙེས་སོ། །དེ་ཡང་བླ་མ་ནག་«་་་་་བི་རཱུ་པ་»པོ་སྤྱོད་པས་དབང་བསྐུར། གདམས་ངག་གནང་ནས་དོན་ཉམས་སུ་བླངས་པ་དང༌། འབངས་རྣམས་ལ་བུ་གཅིག་པའི་བསམ་པ་བཞིན་དུ་དགོངས་པས། མི་རྣམས་ཀྱིས་རྒྱལ་པོ་ཆོས་ཀྱི་སྒོར་ཞུགས་པ་ནི་མ་ཚོར། རང་བཞིན་གྱིས་འབངས་རྣམས་ལ་བྱམས་པར་འདུག་པས། རྒྱལ་པོ་འདི་ནི་ཆོས་པ་འདྲ་བ་ཞིག་འདུག་གོ་ཞེས་འབངས་རྣམས་མཐུན་པར་སྨྲའོ། །དེའི་དུས་རྒྱལ་པོས་བློན་པོ་ལ་སྨྲས་པ།
འོ་སྐོལ་གྱི་ཡུལ་འདི་ནི་རྐུན་མོ་དང་འཇིགས་པས་མི་ཀུན་ལ་འཕྲོག་འཇོམས་བྱེད་པ་དང༌། རང་གི་བསོད་ནམས་ཀྱི་ལས་འཕྲོས་དབུལ་བ་དང་ཕོངས་པ་ཤིན་ཏུ་མང་བས། འདི་ཀུན་འཇིགས་པ་དང་ཕོངས་པ་ལས་བསྐྱབ་པའི་ཕྱིར་འཁར་བའི་ཅོང་ཆེན་པོ་བརྡུངས་ལ་ཤིང་གི་སྡོང་པོ་ཆེན་པོ་ལ་ཐོགས་ལ་ཞོག་ཅིག གནོད་པ་དང་ཕོངས་པ་མཐོང་ན་ཅོང་དེ་རྡུངས་ཤིག དེ་མ་ཡིན་པར་མ་རྡུངས་ཤིག ཅེས་རྒྱལ་པོས་བློན་པོ་ལ་སྨྲས་ནས། བློན་པོ་ནས་ཀྱང་དེ་བཞིན་དུ་བྱས་ཏེ། མ་གྷ་དྷཱར་ཕོངས་པ་དང་འཇིགས་པ་ཐམས་ཅད་རྒྱུན་ཆད་པར་བྱས་སོ། །དུས་རེ་ཞིག་ན་རྒྱལ་སར་རིགས་ངན་གྱི་གླུ་མཁན་ཚན་ཅིག་འོངས་ནས་རྒྱལ་པོ་ལ་གླུ་དང་རོལ་མོ་འབུལ་ཅིང་འདུག་པ་དང༌། གླུ་མཁན་དེ་ལ་བུ་མོ་ལོ་བཅུ་གཉིས་ལོན་པ་འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ་བཞིན་སྡུག་ཅིང་ཁ་དོག་ལེགས་པ། ལྟ་ན་སྡུག་ཅིང་ཡིད་དུ་འོང་བ་པདྨ་ཅན་གྱི་ཡོན་ཏན་ཐམས་ཅད་ཚང་བ་ཅིག་ཡོད་པ་ལ། རྒྱལ་པོས་རིགས་ངན་གླུ་མཁན་དེ་ལ་སྨྲས་པ། ཁྱོད་ཀྱི་བུ་མོ་དེ་ང་ལ་བྱིན་ཅིག དེ་ན་རེ། ཉིད་མ་ག་དྷཱའི་རྒྱལ་པོ་གྲོང་ཁྱེར་འབུམ་ཚོ་བརྒྱད་ལ་དབང་བྱེད་ཅིང༌། རྒྱལ་པོའི་འབྱོར་པས་བྲེལ་བ་མེད་པའི་རྒྱལ་པོ་ཆེན་པོ་ལགས་ན། ངོས་ཅག་རིགས་དམན་ཅིང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་སྨད་ཅིང་སྤང་བར་བྱ་བ་ལགས་ན་དེ་འདྲའི་བཀའ་སྩལ་གྱིས་གནས་མ་ལགས་སོ། །ཞེས་ཞུས་པ་དང༌། རྒྱལ་པོས་གལ་གྱིས་བཅུན་ནས་རྒྱལ་པོའི་བུ་མོ་དང་མཉམ་པའི་གསེར་བགར་ནས་ཕ་མ་ལ་བྱིན་ཏེ་བུ་མོ་རྒྱལ་པོས་ཁྱེར་རོ། །དེ་ནས་ལོ་བཅུ་གཉིས་ཀྱི་བར་དུ་ཕྱག་རྒྱར་བསྟེན་པ་མིས་མ་ཚོར་བ་ལ་ལོ་བཅུ་གཉིས་ནས་ཚོར་ཏེ། རྒྱལ་པོས་རིགས་ངན་མ་བླངས་སོ་ཞེས་མ་ག་དྷཱའི་ཕྱོགས་ཐམས་ཅད་དུ་བསྒྲགས་པ་དང་རྒྱལ་པོས་སྲས་ལ་སོགས་པ་ལ་རྒྱལ་སྲིད་གཏད་ནས་རིག་ངན་མ་དང་གཉིས་ནགས་གསེབ་ཏུ་སྒྲུབ་པ་ལོ་བཅུ་གཉིས་ལོན་པ་དང༌། སྲས་དང་འབངས་རྣམས་ཀྱིས་རྒྱལ་སྲིད་མ་ཟིན་པར་ཡུལ་ཁམས་སྔར་ལས་བསོད་ནམས་འགྲིབ་པ་ལ། མི་ཀུན་གྲོས་བྱས་ཏེ་སྔར་གྱི་རྒྱལ་པོ་ཉིད་
བཙལ་ལ་རྒྱལ་སྲིད་བྱེད་དུ་གཞུག་དགོས་ཟེར་ནས། མི་འགའ་བལྟར་བཏང་བས་དེའི་བཞུགས་སར་ཕྱིན་ནས་བལྟས་པ་དང༌། རྒྱལ་པོ་ནི་ཤིང་སྡོང་གཅིག་གི་དྲུང་ན་བཞུགས་པ་ལ། བུ་མོ་ཆུ་ལེན་དུ་སོང་བ་ན་མཚོའི་ཁ་ལ་པདྨའི་འདབ་མའི་སྟེང་ན་ཆུ་ལ་མི་ནུབ་པར་ཕྱིན་ནས། ཆུ་འདོམ་བཅོ་ལྔ་ཙམ་གྱི་འོག་ནས་ཆུ་བླངས་ཏེ་རྒྱལ་པོ་ལ་དྲངས་པ་དང༌། མི་དེ་ཀུན་ངོ་མཚར་སྐྱེས་ནས་ཡུལ་དུ་ལོག་སྟེ་དེའི་གཏམ་བྱས་པ་དང༌། རྒྱལ་འབངས་ཀུན་གྱིས་སྤྱན་འདྲེན་བཏང་ནས་སྤྱན་དྲངས་པས། ནགས་ནས་ཡབ་ཡུམ་གཉིས་སྟག་མོ་གྲུས་མ་ལ་ཞོན། དུག་སྦྲུལ་ལ་ལྕག་བྱས་ཏེ་འོངས་པས་མི་ཀུན་ངོ་མཚར་སྐྱེས་ནས་ཉིད་ཀྱིས་རྒྱལ་སྲིད་བཟུང་ན་ཟིན་པས་གཟུང་འཚལ་ཅེས་ཞུས་པས། རྒྱལ་པོ་ན་རེ། ང་རིགས་ངན་ཡིན་པས་རྒྱལ་སྲིད་བྱེད་དུ་ག་ལ་རུང༌། འོན་ཀྱང་ཤི་ཕན་ཆད་རིགས་བཟང་ངན་གྱི་རྟོག་པ་ཆད་པ་ཡིན་པས་མེར་སྲེགས་ཤིག་དང༌། དེ་ནས་སྐྱེས་པ་དང་གཟོད་བྱ་ཟེར་ནས་ཡུལ་མི་རྣམས་ཀྱིས་ཙནྡ་གོ་ཤི་རྵའི་ཤིང་གིས་ཡབ་ཡུམ་གཉིས་བསྲེགས་པའི་ཤིང་མང་ནས་ཞག་བདུན་མེ་མ་ཤི་བ་དང༌། དེ་ནས་བལྟས་ཙམ་ན་པདྨའི་སྡོང་པོའི་གོང་བུ་ཁ་བྱེ་བའི་ནང་ན་ཡབ་ཡུམ་གཉིས་རང་བྱུང་གི་སྐུར་གྱུར་ནས་ཟིལ་པ་ཁྲོམ་མེར་དགྱེས་རྡོར་ཡབ་ཡུམ་དུ་གྱུར་པ་དང༌། མ་ག་དྷཱའི་མི་ཐམས་ཅད་དད་ནས་མིང་དུ་ཡང་སློབ་དཔོན་ཌོམྦྷི་པ་ཞེས་བྱ་བར་གྲགས་སོ། །དེ་ནས་རྒྱལ་པོས་བློན་པོ་ལ་སོགས་པ་ཐམས་ཅད་ལ་སྨྲས་པ། ཁྱེད་ཐམས་ཅད་ཀྱིས་ང་བཞིན་དུ་བྱེད་ནུས་ན་རྒྱལ་སྲིད་བྱེད། དེ་མི་ནུས་ན་མི་བྱེད་གསུངས་པས། ཐམས་ཅད་ཧ་ལས་ནས་འདི་འདྲ་བ་གར་ནུས་ཟེར་ནས་འདུག་གོ །སླར་ཡང་རྒྱལ་པོས་གསུངས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བར་འདུག་པས་ང་ནི་ཆོས་ཀྱི་རྒྱལ་སྲིད་བྱེད་པ་ཡིན་གསུངས་ནས་དེ་ཉིད་ནས་མཁའ་སྤྱོད་ཀྱི་གནས་སུ་འགྲོ་བའི་དོན་ལ་གཤེགས་སོ། །གུ་རུ་ཌོམྦྷི་པའི་ལོ་རྒྱུས་རྫོགས་སོ།། ༤ །།གུ་རུ་ཤ་བ་རི་པའི་ལོ་རྒྱུས་ནི། རི་མནྟྲ་བི་ཀྲ་མ་ཞེས་བྱ་བའི་རི་ལ། དཔལ་ཤ་བ་རི་པ་ཞེས་པའི་
རྔོན་པ་ཅིག་ཡོད་པ་ལ། དེའི་ལས་སུ་སྲོག་ཆགས་མང་པོ་བསད་ཅིང་ཟས་སུ་ཤ་ཟ། དུས་རྟག་ཏུ་འཚོ་བའི་ཕྱིར་སེམས་ཅན་མང་པོ་ལ་གནོད་ཅིང་འཚེ་བའི་སྡིག་པ་འབའ་ཞིག་བྱེད་པ་དེ་ལ། འཕགས་པ་སྤྱན་རས་གཟིགས་ཀྱིས་གཟིགས་ནས་སྙིང་རྗེ་སྐྱེས་ཏེ། དེ་འདུལ་བའི་དོན་དུ་དཔལ་ཤ་བ་རི་པ་འདྲ་བའི་རྔོན་པ་ཞིག་ཏུ་སྤྲུལ་ནས་དེའི་གན་དུ་ཕྱིན་པ་དང༌། ཤ་བ་རི་པས་དྲིས་པ་ཁྱོད་སུ་ཡིན། དེས་སྨྲས་པ། ང་ཡང་ཤ་བ་རི་པ་བྱ་བ་ཡིན་པས་ཁྱོད་ཀྱི་ཡུལ་གང་ནས་ཡིན་ཟེར་བ་ལ། ཐག་རིང་པོ་ན་ཡོད་བྱས་པས། ཤ་བ་རི་པས་སྨྲས་པ། ཁྱོད་ཀྱི་མདའ་གཅིག་གིས་ཤ་བ་དུ་སོད་དྲིས་པས། སྤྲུལ་པས་སྨྲས་པ། སུམ་བརྒྱ་གསོད་བྱས་པས། ཤ་བ་རི་པ་ན་རེ། འོ་ན་མདའ་དེ་འདྲ་བ་ང་ལ་ཡང་སློབས་ཤིག་ཟེར་བ་ལ། ནངས་པར་སྤྲུལ་པས་ཤ་བ་རི་པ་ཁྲིད་དེ་ཐང་ཆེན་པོ་གཅིག་ལ་ཕྱིན་ནས་སྤྲུལ་པའི་ཤ་བ་ལྔ་བརྒྱ་ཙམ་བསྟན་ནས། དེ་ཤ་ཝ་རི་པས་མཐོང་བ་དང༌། སྤྲུལ་པ་ལ་དྲིས་པ། ཁྱོད་ཀྱི་མདས་ཤ་བ་དུ་སོད། དེས་སྨྲས་པ། ལྔ་བརྒྱ་པོ་ཐམས་ཅད་སོད། ཤ་བ་རི་པ་ན་རེ། བཞི་བརྒྱ་ཕར་བོར་ལ་བརྒྱ་སོད་བྱས་པས། འཕགས་པའི་སྤྲུལ་པས་ཤ་བ་བརྒྱ་མདའ་གཅིག་གིས་བསད་ནས། ཤ་བའི་རོ་གཅིག་ཤ་བ་རི་པ་ལ་བསྐུར་བས། དེ་མ་ཐག་པར་ཤ་བ་རི་པ་ང་རྒྱལ་ཆག་སྟེ་ཁྱིམ་དུ་འོངས་ནས་སྤྲུལ་པ་ལ་སྨྲས་པ། དེ་འདྲ་བའི་འཕོངས་ཀྱི་སྟོབས་དེ་བདག་ལ་སློབས་བྱས་པ་དང༌། སྤྲུལ་པས་སྨྲས་པ། དེ་སློབ་པ་ལ་ཟླ་བ་གཅིག་ལ་ཤ་མི་ཟ་བ་ཅིག་དགོས་བྱས་པས། དེ་ནས་ཤ་བ་རི་པས་སེམས་ཅན་ལ་གནོད་འཚེ་སྤངས་པ་དང༌། སྤྲུལ་པ་ཞག་བདུན་ན་དེའི་གམ་དུ་ཕྱིན་ནས་སྨྲས་པ། ཁྱེད་ཅག་གིས་ཅི་ཟོས། དེ་ན་རེ། ཤིང་ཐོག་ཟོས་ཟེར་རོ། །དེ་ནས་སྤྲུལ་པས་སྨྲས་པ། ད་ཁྱེད་ཅག་གིས་སེམས་ཅན་ལ་བྱམས་པ་དང་སྙིང་རྗེ་སྒོམས་ཤིག་བྱས་ནས་ཟླ་བ་གཅིག་ལོན་པ་ན་དེར་གཤེགས་པ་དང༌། ཤ་ཝ་རི་པ་ན་རེ། དེ་ཤ་བ་གཤོར་བའི་ཆོས་ཤོད་ཟེར་བ་ལ། སྤྲུལ་པས་དེར་མཎྜལ་ཞིག་མཛད་ནས་མེ་ཏོག་བཀྲམ་སྟེ་ཤ་ཝ་རི་པ་བཟའ་མི་གཉིས་ལ་མཎྜལ་
ལ་ལྟོས་ཤིག་དང༌། ཅི་མཐོང་དྲིས་པས་མཎྜལ་གྱི་ནང་དུ་དམྱལ་བ་ཆེན་པོ་བརྒྱད་དང་ཁོ་རང་གཉིས་ཀྱང་དེར་འཚེད་པ་མཐོང་བས་འཇིགས་ཤིང་སྐྲག་ལ་དངངས་ཤིང་འདར་ནས་སྐད་མ་ཐོན་པ་ན་སྤྲུལ་པས་ཡང་དང་ཡང་དུ་དྲིས་པས། སེམས་ཅན་དམྱལ་བ་འདི་འདྲ་བ་གདའ་ཞུས་པས། སྤྲུལ་པས་ཁྱེད་དེར་སྐྱེ་བ་ལ་མི་འཇིགས་སམ་གསུངས་པས། དེ་ན་རེ། འཇིགས་ལགས་ཏེ་དེ་ལས་ཐར་བའི་ཐབས་མཆིས་ལགས་སམ་ཞུས་པས། དེ་ཡོད་ན་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས་ནུས་ཟེར་ནས་སྤྲུལ་པས་ཤ་བ་རི་པ་བཟའ་མི་གཉིས་ལ་ཆོས་བཤད་དེ། སྲོག་བཅད་པའི་རྣམ་པར་སྨིན་པས་ནི་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་འདོད་པ་ཡིན་ཅིང༌། དབང་གི་འབྲས་བུ་ནི་ཚེ་ཐུང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་ངན་པ་ཡིན་ནོ། །སྲོག་གཅོད་པའི་ལས་སྤངས་པས་བྱང་ཆུབ་ཐོབ་པ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་སྲོག་གཅོད་སྙིང་མི་འདོད་པ་དང༌། དབང་གི་འབྲས་བུ་ཚེ་རིང་བ་ཡིན་ལ། སྐྱེས་བུ་བྱེད་པའི་འབྲས་བུ་ནི་གཟི་བརྗིད་དང་ལྡན་པ་ཡིན་ནོ། །ཞེས་སོགས་མི་དགེ་བ་བཅུའི་ཉེས་དམིགས་དང༌། དགེ་བ་བཅུའི་ཕན་ཡོན་བཤད་པས། ཤ་བ་རི་པ་འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཆོས་ལ་མི་ཕྱེད་པའི་དད་པ་བརྟན་པོ་ཐོབ་པར་གྱུར་ཏོ། །དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་གདམས་ངག་གནང་ནས་རི་བོ་དནྟིར་གཤེགས་པ་དང༌། ཤ་བ་རིས་ལོ་བཅུ་གཉིས་སུ་རྣམ་པར་མི་རྟོག་པའི་སྙིང་རྗེ་ཆེན་པོ་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས། སྙིང་རྗེ་ཆེན་པོས་ཆོས་ཉིད་ལས་ལངས་ཏེ། འཕགས་པའི་སྤྱན་ལམ་དུ་ཕྱིན་པ་དང༌། འཕགས་པས་ཤ་ཝ་རི་ལ་ཡོན་ཏན་གྱི་བསྔགས་པ་དུ་མ་བརྗོད་ནས། རིགས་ཀྱི་བུ་རྩའི་མེ་ཤི་བ་དང་འདྲ་བའི་ཕྱོགས་གཅིག་གི་མྱ་ངན་ལས་འདས་པ་ནི་མཆོག་མ་ཡིན་ལ་ཁྱོད་ཀྱིས་སེམས་ཅན་གྱི་དོན་དུ་འཁོར་བར་འདུག་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པའི་དོན་གྱིས་ཤིག
ཅེས་གསུངས་པས། ཤ་བ་རི་པ་རང་གི་ཡུལ་དུ་བྱོན་ནས་བཞུགས་སོ། །མཚན་དུ་དཔལ་ཤ་བ་རི་པ་ཞེས་པའམ། རྨ་བྱའི་གཤོག་པ་གྱོན་ནས་འདུག་པས་རྨ་བྱའི་གོས་ཅན་ཞེས་ཀྱང་བྱ་ལ། དུས་རྟག་ཏུ་རི་ལ་བཞུགས་པས་རི་ཁྲོད་མགོན་པོ་ཞེས་ཀྱང་ཟེར་ཏེ་མཚན་གསུམ་དུ་གྲགས་སོ། །སྐལ་པ་དང་ལྡན་པ་ལ་བརྡ་དང་མགུར་ལ་སོགས་པས་དོན་མཛད་དེ། བྱམས་པའི་བསྟན་པ་མ་ཤར་གྱི་བར་དུ་སྐུ་འདི་ཉིད་ཀྱིས་འཛམ་བུའི་གླིང་འདིར་བཞུགས་སོ། །གུ་རུ་ཤ་བ་རི་པའི་ལོ་རྒྱུས་རྫོགས་སོ།། ༥ །།གུ་རུ་ས་ར་ཧ་པའི་ལོ་རྒྱུས་ནི། རིགས་བྲམ་ཟེ། ཡུལ་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཁྱེར་རཱཛྙི་ཞེས་བྱ་བའི་བྱེ་བྲག་རོ་ལི་པ་ཞེས་བྱ་བ་ཡིན་ལ། མཁའ་འགྲོ་མའི་སྲས་ཡིན་པས་མཁའ་འགྲོ་ཉིད་ཡིན་ནོ། །གུ་རུ་འདི་བྲམ་ཟེ་ཡིན་ཡང་སངས་རྒྱས་པའི་ཆོས་ལ་དད་ནས་སློབ་དཔོན་དཔག་ཏུ་མེད་པ་ལ་ཆོས་མཉན་པས་གསང་སྔགས་ཀྱི་ཆོས་ལ་ཡིད་ཆེས་ནས། བྲམ་ཟེ་དང་སངས་རྒྱས་པའི་སྡོམ་པ་གཉིས་ཀ་བསྲུང་བ་ལ། ཉིན་བྲམ་ཟེའི་ཆོས་ལུགས་བྱེད། མཚན་སངས་རྒྱས་པའི་ཆོས་ལུགས་བྱེད་ཅིང༌། ཆང་ཡང་གསོལ་བས་ན་བྲམ་ཟེ་ཀུན་གྱིས་ཚོར་ནས་དེ་བསྐྲད་པའི་ཕྱིར་བྲམ་ཟེ་ཐམས་ཅད་འདུས་ནས། རྒྱལ་པོ་རཏྣ་ཕ་ལ་ལ་ཞུས་པས། ཁྱེད་རྒྱལ་པོ་ཡིན་ན་ཡུལ་དུ་ཆོས་ལུགས་འཆོལ་བ་བྱེད་དུ་འཇུག་པ་རིགས་སམ། ས་ར་ཧ་འདི་ཡུལ་རོ་ལིའི་གྲོང་ཁྱེར་ཁྲི་ཚོ་ཕྱེད་གཉིས་ཀྱི་གཙོ་བོ་ཡིན་པ་ལ། ཆང་འཐུངས་ནས་རིགས་ཉམས་པར་བྱས་པ་ཡིན་པས་སྐྲོད་ཅིག་བྱས་པས། རྒྱལ་པོས་སྨྲས་པ། ཁྲི་ཚོ་ཕྱེད་དང་གཉིས་ལ་དབང་བྱེད་པ་འདི་སྐྲོད་དུ་མི་འདོད་ཟེར་ནས། རྒྱལ་པོས་ས་ར་ཧའི་གན་དུ་བྱོན་ནས་སྨྲས་པ། ཁྱེད་བྲམ་ཟེ་ཡིན་པ་ལ་ཆང་འཐུང་བ་འདི་མ་ལེགས་སོ་བྱས་པས། ས་ར་ཧ་པ་ན་རེ། ངས་ཆང་འཐུངས་པ་མེད། འོན་ཀྱང་མནའ་འདོར་བ་ཡིན་པས་བྲམ་ཟེ་ཀུན་དང་མི་ཐམས་ཅད་སྡུས་ཤིག་ཟེར་ནས་ཐམས་ཅད་བསྡུས་པ་དང༌། ས་ར་ཧ་པས། ངས་ཆང་འཐུངས་པར་གྱུར་ན་ལག་པ་ཚིག་ལ། མ་འཐུངས་ན་མ་ཚིག་ཅེས་ཟེར་ནས། མར་ཁུ་ཁོལ་མའི་
ནང་དུ་ལག་པ་བཅུག་པས་མ་ཚིག་པ་དང༌། རྒྱལ་པོས་ཆང་འཐུངས་པ་དེ་བདེན་ནམ་བྱས་པས་བྲམ་ཟེ་ཀུན་ན་རེ་བདེན་ཏེ་འཐུངས་ཟེར། ཡང་ལྔར་བཞིན་སྨྲས་ནས་ཟངས་ཞུན་འཐུངས་པས་མ་ཚིག་པ་དང༌། ཡང་འཐུངས་ཟེར། འོ་ན་ཆུའི་ནང་དུ་ཞུགས་ལ་གང་ནུབ་ནས་འདུག་པ་དེས་འཐུངས་པ་ཡིན་ལ། མ་ནུབ་པ་དེས་འཐུངས་པ་མ་ཡིན་ནོ་ཞེས་སྨྲས་ནས། བྲམ་ཟེ་གཞན་གཅིག་དང་གཉིས་ཆུའི་ནང་དུ་ཞུགས་པས་ན། ས་ར་ཧ་མ་ནུབ། གཅིག་ཤོས་ནུབ་པ་དང༌། ས་ར་ཧ་པས་མ་འཐུངས་ཟེར་རོ། །ཡང་སྲང་ལ་བསྒོར། གང་ལྕི་བས་མ་འཐུངས་པ་ཡིན་ལ། ཡང་བ་དེས་འཐུངས་པ་ཡིན་ནོ་སྨྲས་ནས་དེ་བཞིན་བྱས་པས། ས་ར་ཧ་པས་ལྗི་ནས་ངས་མ་འཐུངས་ཟེར་རོ། །དེ་བཞིན་དུ་མི་དང་ལྗིད་མཉམ་པའི་ལྕགས་ཀྱི་རྡོ་གསུམ་དང་བཀར་བས་ཀྱང་ས་ར་ཧ་ལྗི་བ་དང༌། དྲུག་ལས་ཀྱང་ས་ར་ཧ་ལྗི་ན། རྒྱལ་པོས་སྨྲས་པ། ཁོ་འདྲ་བའི་ནུས་པ་ཡོད་ན་ཆང་འཐུངས་ན་ཡང་འཐུངས་ཤིག་ཅེས་སྨྲས་པས། བྲམ་ཟེ་ཐམས་ཅད་དང་རྒྱལ་པོས་ཀྱང་ཕྱག་བྱས་གདམས་པ་ཞུས་པས། རྒྱལ་པོ་དང་བཙུན་མོ་དང་འབངས་ཐམས་ཅད་ལ་མགུར་གསུངས་པས་དོ་ཧ་སྐོར་གསུམ་དུ་གྲགས་སོ། །བྲམ་ཟེ་རྣམས་ཀྱིས་རང་གི་ཆོས་ལུགས་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཤིང་རྒྱལ་པོ་འཁོར་དང་བཅས་པས་ཀྱང་སིདྡྷི་ཐོབ་བོ། །དེ་ནས་ས་ར་ཧས་བྱན་མོ་ལོ་བཅོ་ལྔ་ལོན་པ་ཞིག་ཡོད་པ་ཁྲིད་ནས་ཡུལ་གཞན་དུ་ཕྱིན་པ་དང༌། དགོན་པ་གཅིག་ཏུ་འདུག་ནས་ཁྱོས་སྒྲུབ་པ་བྱེད། ཆུང་མས་བྱན་བླངས་ཀྱིན་བསྐྱལ་བ་དང༌། ཐེངས་ཅིག་ལ་ཕུག་གི་ཚོད་མ་ཟ་ཟེར་བས་ཆུང་མས་མ་ཧེའི་ཞོ་དང་ལ་ཕུག་སྦྱར་ནས་འདྲེན་དུ་ཕྱིན་པ་དང༌། ཏིང་ངེ་འཛིན་ལ་བཞུགས་འདུག་པས་མ་བླངས་པར་ལོག དེ་ནས་ས་ར་ཧ་པས་ལོ་བཅུ་གཉིས་ཀྱི་བར་དུ་ཏིང་ངེ་འཛིན་དེ་ལས་མ་བཞེངས། དེ་ནས་བཞེངས་པ་དང༌། ལ་ཕུག་གི་ཚོད་མ་ག་རེ་བྱས་པས། བྱན་མོ་ན་རེ། ཁྱེད་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལས་མ་བཞེངས་པས་ད་ལྟ་ག་ན་ཡོད། ད་ནི་དཔྱིད་ཀྱི་དུས་སུ་སོང་ནས་མེད་དོ་ཞེས་སྨྲས་པ་དང༌། དེར་ས་ར་ཧས་ཆུང་མ་ལ། ང་
རི་ལ་སྒྲུབ་པ་ལ་འགྲོ་བ་ཡིན་སྨྲས་པས། ཆུང་མ་ན་རེ། ལུས་དབེན་པ་ནི་དབེན་པ་མ་ལགས། སེམས་མཚན་མ་དང་རྣམ་པར་རྟོག་པས་དབེན་པ་ནི་དབེན་པའི་མཆོག་ལགས་ཏེ། ཁྱེད་ཀྱིས་ལོ་བཅུ་གཉིས་སུ་ཏིང་ངེ་འཛིན་ལ་བཞུགས་ཀྱང༌། མཚན་མ་ཕྲ་མོ་ལ་ཕུག་གི་རྟོག་པ་མ་ཆོད་ན་རི་ཁར་ཕྱིན་པས་ཅི་ལ་ཕན་སྨྲས་པས། ས་ར་ཧ་བས་དེ་བདེན་དགོངས་ཏེ། མཚན་མ་དང་རྣམ་པར་རྟོག་པ་སྤངས་ཏེ་གཉུག་མའི་དོན་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་དོན་དཔག་མེད་མཛད་དེ་ཆུང་མ་དང་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་ར་ཧ་པའི་ལོ་རྒྱུས་རྫོགས་སོ།། ༦ །།གུ་རུ་ཀཾ་ཀ་རི་པའི་ལོ་རྒྱུས་ནི། ཡུལ་མཱ་གྷ་ཧཱུ་ར། རིགས་དམངས་རིགས་སོ། །དེའང་ཡུལ་མཱ་གྷ་ཧཱུ་རའི་ཁྱིམ་བདག་གིས་རང་གི་རིགས་དང་མཉམ་པའི་ཆུང་མ་བླངས་ནས། ཁྱིམ་དུ་འདོད་པའི་ཡོན་ཏན་གྱི་རོ་ཉམས་སུ་མྱོང་བར་བྱེད་ཀྱིན་འདུག་ལ་ཐར་པའི་ལམ་དགེ་བའི་ཆོས་ལ་ནི་བློ་བག་ཙམ་ཡང་མ་ཞུགས་པར་འཇིག་རྟེན་འདི་འབའ་ཞིག་དོན་དུ་གཉེར་ཞིང་འདུག་པའི་ཚེ། དེའི་ཆུང་མ་ལ་འདུས་བྱས་ཀྱི་ལས་ཀྱིས་སླེབས་ནས་ཤི་བར་གྱུར་པ་དང༌། དེས་ཆུང་མའི་རོ་དུར་ཁྲོད་དུ་བསྐྱལ་ནས་རོ་བློས་བཏང་མ་ནུས་པར་རོའི་རྩར་ངུ་ཡིན་འདུག་པ་ལ། དེའི་གམ་དུ་ལེགས་པར་རྟོགས་པའི་རྣལ་འབྱོར་པ་ཅིག་བྱོན་ནས། ཁྱིམ་བདག་དེ་ལ་ཁྱོད་དུར་ཁྲོད་འདི་ན་ཅི་བྱེད་ཀྱིན་འདུག་ཅེས་སྨྲས་པ་དང༌། ཁྱིམ་བདག་ན་རེ། རྣལ་འབྱོར་པ་བདག་གི་སྐྱིད་སྡུག་འདི་ཉིད་ཀྱིས་མ་གཟིགས་སམ། མིག་བཏོན་པའི་ལོང་བ་ཁྱིམ་ཐབ་དང་བྲལ་བའི་དཔལ་ཟད་པ། འཇིག་རྟེན་ན་བདག་ལས་སྡུག་པ་དང་ཉོན་མོངས་པ་སུ་མཆིས། ཞེས་ཞུས་པ་དང༌། རྣལ་འབྱོར་པས་ཁྱིམ་བདག་ལ་སྨྲས་པ། སྐྱེས་པའི་མཐའ་འཆི་བ། འདུས་པའི་མཐའ་འབྲལ་བ། འདུས་བྱས་ཐམས་ཅད་ནི་མི་རྟག་པ་ཡིན། འཁོར་བར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ་ཡིན་པས། འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་ཁྱོད་མི་སྐྱོ་འམ། ཁྱོད་མི་རོ་ས་རྡོ་འདྲ་བ་ཅིག་བསྲུངས་ནས་ཅི་བྱེད། དེ་བས་ཁྱོད་རང་ཆོས་གྱིས་
ལ་སྡུག་བསྔལ་སྤོངས་བྱས་པས། རྣལ་འབྱོར་པ་འཁོར་བ་སྐྱེ་འཆིའི་སྡུག་བསྔལ་ལས་ཐར་པའི་ཐབས་ཡོད་ན་སྩོལ་ཅིག་ཟེར་བ་ལ། དེ་ལས་ཐར་པའི་ཐབས་བླ་མའི་མན་ངག་ཡོད་བྱས་པས། དེ་བདག་ལ་གནང་བར་ཞུ་ཟེར་ནས་རྣལ་འབྱོར་པས་དེ་ལ་དབང་བསྐུར་ཏེ་བདག་མེད་ཐིག་ལེའི་གདམས་ངག་བྱིན་པ་དང༌། ཁྱིམ་བདག་ན་རེ། ཇི་ལྟར་བསྒོམ་ཟེར་བ་ལ། ཤི་བའི་ཆུང་མའི་རྣམ་པར་རྟོག་པ་སྤོངས་ལ། བདག་མེད་པའི་ཆུང་མ་བདེ་བ་དང་སྟོང་པ་གཉིས་སུ་མེད་པར་སྒོམས་ཤིག་བྱས་ནས་སྒོམ་དུ་བཅུག་པས། ལོ་དྲུག་ན་ཐ་མལ་པའི་ཆུང་མའི་རྣམ་རྟོག་བདེ་བ་དང་སྟོང་པའི་ངང་དུ་སྟོར་ནས་དེའི་སེམས་ཀྱི་དྲི་མ་དག་སྟེ་བདེ་ཆེན་འོད་གསལ་གྱི་རྟོགས་པའི་ཉམས་སྐྱེས་པ་དང༌། ཁྱིམ་བདག་དེས་དཔེར་ན་ལང་ཏང་གི་དུག་དྭངས་པས་འཁྲུལ་པ་སངས་པ་ལྟ་བུར་མ་རིག་འཁྲུལ་པའི་དུག་དྭངས་པས་ཕྱིན་ཅི་མ་ལོག་པའི་བདེན་པའི་དོན་མཐོང་སྟེ། དངོས་གྲུབ་ཐོབ་ནས། མིང་ཡང་རྣལ་འབྱོར་པ་ཀཾ་ཀ་རི་པ་ཞེས་བྱ་བར་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པ་དང༌། རང་གི་ཡུལ་མཱ་གྷ་ཧཱུ་རར་སྐྱེ་འགྲོ་དུ་མ་ལ་ཆོས་བསྟན་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀཾ་ཀ་རི་པའི་ལོ་རྒྱུས་རྫོགས་སོ།། ༧ །།གུ་རུ་མཱི་ན་པའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས། རིགས་ཉ་པ། བླ་མ་མ་ཧཱ་དེ་ཝ། དངོས་གྲུབ་འཇིག་རྟེན་པའི་དངོས་གྲུབ་ཐོབ་པའོ། །དེ་ཡང་ཀཱ་མ་རཱུ་པའི་ཕ་ཚད་ན་རྒྱ་མཚོ་ཨི་ཏ་བྱ་བ་ན། ཉ་པ་ཀུན་ཉ་གཤོར་བས་དུས་རྟག་ཏུ་ཚོང་དུས་སུ་ཉ་འཚོང་བ་ཡིན་ལ། ཉ་པ་ཅིག་གིས་རས་བལ་གྱི་སྲད་བུ་ལ་ལྕགས་ཀྱུ་བཏགས་ནས་དེའི་རྩེ་མོར་ཤ་དང་བཅས་ཏེ་ཆུར་བསྐྱུར་བ་དང༌། ཉ་ཆེན་པོ་ཅིག་ཟིན་པས་འཐེན་པ་དང༌། ཉས་ཕར་དྲུད་དེ་རྒྱ་མཚོར་ཉ་པ་ནུབ་ནས། དེར་ཉ་པ་དེ་ཉ་ཆེན་པོ་གཅིག་གིས་མིད་པ་ལ་ལས་ཀྱི་དབང་གིས་དེ་མ་ཤི་བར་ཡོད་པ་ལས། དེའི་དུས་སུ་དབང་ཕྱུག་ཆེན་པོ་ལ་ལྷ་མོ་ཨུ་མས་ཆོས་ཞུས་པས། དབང་ཕྱུག་ཆེན་པོ་ན་རེ། ངའི་ཆོས་འདི་གང་རུང་རུང་ལ་བཤད་པ་མ་ཡིན་གྱིས། ཤིན་ཏུ་གསང་བ་ཡིན་པས་
རྒྱ་མཚོའི་ནང་ན་ཁང་པ་བརྩིགས་ཤིག དེར་བཤད་ཟེར་ནས་དེ་བཞིན་དུ་བྱས་པ་དང༌། དེའི་ནང་དུ་ལྷ་མོ་ཨུ་མ་ལ་ཆོས་བཤད་པས། དེའི་དུས་སུ་ཁང་པའི་འོག་ཏུ་ཉ་དེས་འོངས་པ་དང༌། ཆོས་ཀྱི་འཕྲོ་ལ་ལྷ་མོ་གཉིད་ལོག་པ་དང་མཚུངས་ནས། དབང་ཕྱུག་ཆེན་པོས་ལྷ་མོ་ཨུ་མ་ལ་གོའམ་བྱས་པས། ཉ་པས་གོ་ལགས་བྱས་ཀྱིན་ཆོས་ཉན་པ་དང༌། ཆོས་ཐོན་པ་དང་ལྷ་མོ་གཉིད་སད་དེ། དེས་ཆོས་ཤོད་བྱས་པས། དབང་ཕྱུག་ཆེན་པོ་ན་རེ། ངས་ཆོས་བཤད་ཟིན་བྱས་པས། ལྷ་མོ་ན་རེ། ངོས་ཀྱི་ཆོས་འདི་ཙམ་བར་དུ་ཐོས། དེ་ནས་གཉིད་ཀྱིས་མྱོས་ནས་མ་ཐོས་བྱས་པ་ལ། འོ་ན་ཐོས་ལགས་ཟེར་བ་དེ་སུ་ཡིན་ཟེར་ནས་ལྷ་མོས་དེ་སྐད་ཟེར་བ་བདག་མིན་སྨྲས་པ་དང༌། དབང་ཕྱུག་ཆེན་པོས་མངོན་ཤེས་ཀྱིས་གཟིགས་པས། ཁང་པའི་འོག་གི་ཉའི་ལྟོ་བ་ན་མི་ཅིག་འདུག་པ་དེས་ཆོས་ཉན་པར་མཐོང་ནས། དེས་བསམ་པ་ལ། འདི་ངའི་སློབ་མར་སོང་བས་དམ་ཚིག་གཅིག་པ་ཡིན་སྙམ་དུ་དགོངས་ནས། དེར་ཉ་པ་ལ་དབང་བསྐུར་ནས་ཉ་པ་དེས་ལོ་བཅུ་གཉིས་ཉའི་ལྟོ་བར་སྒྲུབ་པ་བྱས་པ་དང༌། དེ་ནས་ཡུལ་ཤྲཱི་ཏ་པ་རི་ཞེས་བྱ་བའི་ཉ་པ་ཅིག་གིས་ཉ་ཆེན་པོ་དེ་བཟུང་ནས་བཏོན་པ་དང༌། ཉ་པས་བསམ་པ་ལ། ཉ་ཆེན་པོ་འདིའི་ལྗིད་ལུགས་ཀྱིས་འདིའི་ཁོག་པ་ན་གསེར་དངུལ་ལ་སོགས་པའི་རྫས་འགའ་འབྱུང་ཡང་སྲིད་སྙམ་སྟེ་ཉའི་ལྟོ་བ་གཤགས་པས་མི་ཅིག་འདུག་ནས། ཁྱོད་སུ་ཡིན་བྱས་པས། དེ་ན་རེ། བདག་ཀྱང་ཉ་པ་ཡིན་ལ། རྒྱལ་པོ་འདི་ཞེས་བྱ་བའི་དུས་ཉ་འདིས་ཁྱེར་ཏེ་མིད་པ་ཡིན་ཟེར་ནས། མི་ཀུན་གྱིས་བརྩིས་པས་ལོ་བཅུ་གཉིས་ལོན་འདུག་པས་མི་ཐམས་ཅད་ངོ་མཚར་སྐྱེས་ཏེ། མིང་དུ་ཡང་རྣལ་འབྱོར་པ་མཱི་ན་པ་ཞེས་བྱ་བར་གྲགས་སོ། །དེ་ནས་མི་ཐམས་ཅད་ཀྱིས་མཆོད་པ་དང༌། མཱི་ན་པས་ས་ལ་གར་བྱས་པས་རྐང་པ་ས་ལ་ནུབ་པ་དང༌། རྡོའི་སྟེང་དུ་གར་བྱས་པས་ཀྱང་འདམ་ལྟར་བྱིང་བས་ཀུན་ངོ་མཚར་སྐྱེས་སོ། །དེ་ནས་མཱི་ན་པའི་ཞལ་ནས། སྔར་བསགས་ལས་ཀྱི་འབྲེལ་པ་དང༌། །དུས་འདིར་ཆོས་ལ་མོས་པ་ཡིས། །
ཡོན་ཏན་ཕུན་ཚོགས་འདི་ལྟར་བྱུང༌། །ཨེ་མ་རང་སེམས་རིན་པོ་ཆེ། །ཞེས་གསུངས་ནས་ལོ་ལྔ་བརྒྱར་སེམས་ཅན་གྱི་དོན་མཛད་དོ། །མཚན་ཡང་མཱི་ན་པ་དང༌། རྡོ་རྗེའི་ཞབས། ཨ་ཙིནྟ་པ་སྟེ་གསུམ་དུ་གྲགས་ཤིང་དང་པོར་འཇིག་རྟེན་གྱི་དངོས་གྲུབ་ཐོབ་ནས་རིམ་གྱིས་ས་ལམ་བགྲོད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མཱི་ན་པའི་ལོ་རྒྱུས་རྫོགས་སོ།། ༨ །།གུ་རུ་གོ་རཀྵའི་ལོ་རྒྱུས་ནི། རྒྱ་གར་ཤར་ཕྱོགས་ན་རྒྱལ་པོ་ལྷ་སྐྱོང་ཞེས་པ་ལ་སྲས་ཅིག་བལྟམས་པས། དེ་ལོ་བཅུ་གཉིས་ལོན་པ་ལ་ཡུམ་བསྙུན་ནས་འགུམ་པ་ལ་ཐུག་པའི་ཚེ་ཡུམ་གྱིས་སྲས་ལ་ཞལ་ཆེམས་གསུངས་པ། སེམས་ཅན་གྱི་བདེ་སྡུག་ཐམས་ཅད་ནི་ལས་དགེ་སྡིག་ལས་འབྱུང་བས་ན། སྲོག་ལ་བབ་ཀྱང་སྡིག་པའི་ལས་མ་བྱེད་ཅིག ཅེས་གསུངས་ནས་གྲོངས་སོ། །དེ་ནས་ཡབ་རྒྱལ་པོ་ལ་འབངས་རྣམས་ཀྱིས་ཞུས་པ། ཡུལ་གཞན་གྱི་བཙུན་མོ་ཅིག་བཞེས་དགོས་ཟེར་ནས། དེས་ཀྱང་བཙུན་མོ་བཞེས་ནས་ཞག་འགའ་ལོན་པ་ན། རྒྱལ་པོ་ནགས་གསེབ་ཅིག་ཏུ་སྐྱོ་སངས་ལ་གཤེགས་པའི་ཤུལ་དུ། རྒྱལ་མོས་ཁང་བཟང་གི་སྟེང་དུ་བྱུང་ནས་བལྟས་པས། དེ་ན་རྒྱལ་བུ་བཞུགས་པ་མཐོང་ནས་ཆགས་པ་སྐྱེས་ཏེ། དེར་ཕོ་ཉ་བཏང་ནས་འདིར་གཤེགས་པར་ཞུ་བྱས་པས། རྒྱལ་བུས་དེ་མ་འདོད་པ་དང་རྒྱལ་མོ་སྐྱེངས་ནས་བསམ་པ། འདིས་ང་ལ་བརྙས་པ་འདི་ལས་དགྲ་སྙིང་ན་བ་མི་ཡོང་བས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བསད་དགོས་སྙམ་ནས། རང་གི་འཁོར་ཀུན་ལ་འདི་གསོད་ཅིག་སྨྲས་པས། དེ་རྣམས་ན་རེ། འདི་བསད་པས་མི་ཡོང་སྟེ། རྒྱལ་པོའི་སྲས་ཀྱི་དམ་པ་ཡིན་ཟེར་བས། མོས་སྒྱུ་བྱས་ཏེ། རང་གི་ལུས་ཐམས་ཅད་ལ་བྲད་ནས་ཁྲག་ཕྱུང༌། གོས་ཐམས་ཅད་དྲལ་ཏེ་མལ་དུ་ཞུགས་ནས་འདུག་པ་དང༌། རྒྱལ་པོ་བྱོན་ནས་བཙུན་མོ་ལ་ཅི་ཉེས་དྲིས་པས། མོ་ན་རེ། ཉིད་ཀྱི་སྲས་ཀྱིས་མོའི་ལུས་མ་ལེགས་པ་བྱས་པས་འདི་ལྟར་དུ་གྱུར་ཏོ་ཟེར་ནས། རྒྱལ་པོ་ན་རེ། ཁྱོད་ལ་འདི་འདྲ་བ་བྱས་ན། རྒྱལ་བུ་འདི་གསོད་ཟེར་ཏེ་གཤེད་མ་གཉིས་བསྐོས་ནས་འདི་ནགས་
གསེབ་ཏུ་ཁྲིད་ལ་རྐང་ལག་རྣམས་ཆོད་ལ་ཤོག་གསུངས་པས། གཤེད་མ་གཉིས་ཀྱིས་བསམས་པ། འདི་གསོད་པ་ནི་མ་ལེགས་ན་རང་གི་བུ་བསད་ལ་འདི་གསོ་དགོས་སྙམ་ནས་རྒྱལ་བུ་ལ་སྨྲས་པ། ཉིད་གསོད་པ་ནི་བདག་གིས་མི་ཕོད་ན་རང་གི་བུ་ཉིད་ཀྱི་དོན་དུ་བསད་དོ་ཞེས་བྱས་པས། དེ་ན་རེ། དེ་ནི་མི་རུང་སྟེ་བདག་རང་སོད་ཅིག བདག་གི་མ་ཡི་ཞལ་ཆེམས་སུ་ལུས་དང་སྲོག་གི་ཕྱིར་ཡང་སྡིག་པའི་ལས་མ་བྱེད་གསུངས་པས་ཡབ་ཀྱིས་ཇི་ལྟར་བཀའ་སྩལ་བ་ལྟར་གྱིས་ཤིག་གསུངས་པ་དང༌། དེ་ནས་ཤིང་རྐང་པ་གཅིག་པའི་རྩར་བསྙལ་ནས། གཤེད་མས་རྐང་ལག་བཅད་དེ་རང་གི་ཁྱིམ་དུ་སོང་ངོ༌། །དེ་ནས་ས་ཕྱོགས་དེར་རྣལ་འབྱོར་པ་ཆེན་པོ་ཨ་ཙིནྟ་བྱ་བ་ཅིག་གིས་རྒྱལ་བུ་དེ་ལ་དབང་བསྐུར་གདམས་ངག་བྱིན་ནས་རྒྱང་གྲགས་གཅིག་ཙམ་ན་བ་རྫི་རྣམས་ཀྱི་ནང་དུ་རྣལ་འབྱོར་པ་དེས་བྱོན་ཏེ། དེ་རྣམས་ལ་ཕ་གིའི་བྱ་རྒོད་ལྡིང་བའི་འོག་ན་ཤིང་རྐང་པ་གཅིག་པའི་དྲུང་ན་མི་ཡན་ལག་བཅད་པ་གཅིག་ཡོད་པས། དེའི་གན་དུ་སུ་འགྲོ་ནུས་གསུངས་པས། དེ་རྣམས་ཀྱི་ནང་ནས་སྤོས་འཚོང་གི་རིགས་ཀྱི་ཁྱེའུ་ཅིག་ན་རེ། བདག་གིས་ནུས་ཟེར་རོ། །འོན་ཀྱང་བདག་གིས་ཉིད་ཀྱི་བྱ་བ་བསྒྲུབ་ཀྱིས་དངོས་ཀྱི་བྱ་བ་ཉིད་ཀྱིས་སྒྲུབས་ཤིག ཟེར་ནས། བ་ལང་རྣམས་རྣལ་འབྱོར་པ་ལ་གཏད་དེ། བྱ་རྒོད་ལྡིང་བ་མཚན་མར་བྱས་ནས་ཕྱིན་པས། ཤིང་རྐང་གཅིག་པའི་དྲུང་ན་དེ་འདུག་པ་མཐོང་ནས་ལོག་ཕྱིན་ཏེ་རྣལ་འབྱོར་ཨ་ཙིནྟ་ལ་འདི་བཞིན་དུ་འདུག་གོ་བྱས་པས། རྣལ་འབྱོར་པས་བ་ལང་རྫི་ལ་ཁྱོད་ལ་བཟའ་བཏུང་ཅི་ཡོད་བྱས་པས། བདག་ལ་བ་ལང་འཚོ་བའི་དེད་དཔོན་གཅིག་གིས་ནང་ནུབ་ཁོ་ལ་བཟའ་བཅའ་དུམ་རེ་སྟེར་བས་དེའི་ཕྱེད་དེ་ཁོང་ལ་སྐྱེལ་ལོ་ཞུས་པས། དེ་རུང་ཙོའུ་རཱངྒ་སྲོལ་ཅིག་གསུངས། ཁོས་ཤིང་གི་འཁོར་དུ་ལོ་མའི་ཁང་པ་ཕུབ། ཟས་སྦྱིན་ཞིང་མི་གཙང་བའི་ལྗིན་རྫབ་ཐམས་ཅད་ལག་གིས་བླངས་ཤིང་བསལ་ཏེ་ལོ་བཅུ་གཉིས་སུ་དེ་ལྟར་བྱས་སོ། །དེ་ནས་དུས་གཅིག་གི་ཚེ་དེར་ཕྱིན་པས། དེ་ལངས་ནས་འདུག་པ་མཐོང་བས་ངོ་མཚར་ནས་དྲིས་པས། དེའི་ཞལ་ནས། ཐབས་མཁས་བླ་མ་དམ་པ་ཡིས། །དབྱིངས་དང་རིག་པ་ངོ་སྤྲད་པས། །
ཆོས་རྣམས་ངོ་བོ་གཅིག་ཏུ་རྟོགས། །བདེ་སྡུག་མེད་པ་ངོ་མཚར་ཆེ། །ཞེས་གསུངས་ནས། དངོས་འདི་བཞིན་དུ་རྐང་པ་དང་ལག་པ་གསར་དུ་སྐྱེས་སོ། །ཞེས་གསུངས་ཏེ་བར་སྣང་ལ་འཕགས་ཏེ་བ་ལང་རྫི་ལ་ངས་གདམས་ངག་སྦྱིན་ནམ་བྱས་པས། བ་ལང་རྫི་ན་རེ། གདམས་ངག་མི་འདོད། བདག་གི་སློབ་དཔོན་ཞིག་ཡོད་པ་དེས་ཁྱོད་ལ་བསྙེན་བཀུར་གྱིས་གསུངས་ནས་ཉིད་ལ་འདི་ཙུག་བསྙེན་བཀུར་བྱས་པ་ཡིན་ནོ་ཞེས་བྱས་ཏེ་བ་ལང་རྫི་དེ་སླར་ལོག་ནས་བ་ལང་སྐྱོང་གིན་འདུག་པ་དང༌། རྣལ་འབྱོར་པ་ཨ་ཙིནྟས་བ་ལང་སྐྱོང་གི་གན་དུ་འོངས་པ་དང༌། བ་ལང་རྫིས་སྔར་གྱི་གཏམ་བྱས་པས་ཤིན་ཏུ་དགྱེས་པར་གྱུར་ཏོ། །ཨ་ཙིནྟས་བ་ལང་རྫི་ལ་དབང་བསྐུར་གདམས་ངག་བྱིན་ནས་ཡུལ་གཞན་དུ་གཤེགས་སོ། །བ་ལང་རྫིས་ཀྱང་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་ཡོད་པའི་ཚེ། བླ་མ་དེར་བྱོན་ཁྱོད་སེམས་ཅན་འབུམ་ཕྲག་བརྒྱ་མ་གྲོལ་གྱི་བར་དུ་སངས་མ་རྒྱ་ཞིག་གསུངས་པས། དེས་ཀྱང་སེམས་ཅན་བྱུང་ཚད་ལ་དབང་བསྐུར་བྱས་པས་མ་ཧཱ་དེ་ཝས་ཁྱོས་སེམས་ཅན་བྱུང་ཚད་ལ་དབང་བསྐུར་མ་བྱེད་པར། གང་གསོལ་བ་འདེབས་པ་ལ་གྱིས། སེམས་ཅན་མ་དད་པ་དང་ཤེས་རབ་མེད་པ་ལ་མི་རུང་བ་ཡིན་ཟེར་ནས། དེ་མན་ཆད་ལུང་བསྟན་པ་ལྟར་མཛད་དོ། །གདུལ་བྱ་མང་དུ་སྒྲོལ་ཞིང་བ་ལང་སྐྱོང་བྱེད་པ་ཡིན་པས་གོ་རཀྵ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང༌། ད་ལྟ་ཡང་ལས་འཕྲོ་ཡོད་པ་ལ་དབང་བསྐུར་ལ། ལས་དག་པས་དུས་བཟང་ལ་ཌ་མ་རུའི་སྒྲ་ཙམ་ཐོས་ཤིང༌། གཞན་གྱིས་ནི་མི་ཐོས་ཤིང་མི་སྣང་བའི་ཚུལ་དུ་བཞུགས་སོ། །གུ་རུ་གོ་རཀྵ་པའི་ལོ་རྒྱུས་རྫོགས་སོ།། ༩ །།གུ་རུ་ཙཽ་རཱངྒ་པའི་ལོ་རྒྱུས་ནི། གོང་དུ་བརྗོད་མ་ཐག་པའི་རྒྱལ་བུ་ཡན་ལག་བཅད་ཅིང་ཤིང་རྐང་གཅིག་པའི་དྲུང་དུ་གནས་པ་དེ་ཡིན་ལ། དེ་ལ་ཨ་ཙིནྟས་དབང་དང་རླུང་བུམ་པ་ཅན་ལ་སོགས་པ་གནང༌། གྲུབ་པའི་དུས་ན་ལུས་ཀྱང་སྔོན་བཞིན་དུ་འགྱུར་རོ་ཞེས་ལུང་བསྟན་ནས་གཤེགས་སོ། །དེས་ཀྱང་བསྒོམས་པས་ལོ་བཅུ་གཉིས་ལོན་པ་ན། རྒྱལ་པོའི་
ཚོང་པ་མང་པོས་གསེར་དངུལ་མན་ཤེལ་སོགས་རིན་པོ་ཆེ་མང་དུ་ཁྱེར་ནས་འོངས་ཏེ། ས་དེར་ཆོམ་རྐུན་སོགས་བྱུང་དོགས་མཚན་མོ་འོངས་ནས་ཤིང་དེའི་རྩ་ན་མར་ཕྱིན་པ་ན། རྒྱལ་བུ་དེས་རྐང་པའི་སྒྲ་ཐོས་ནས་སྨྲས་པ། དེ་སུ་ཞིག ཚོང་པ་དེ་དག་གིས་ཆོམ་རྐུན་ཡིན་སྙམ་ནས་ངེད་རྣམས་སོལ་བ་བྱེད་པ་ཡིན་ནོ་སྨྲས་པ་དང༌། རྒྱལ་བུ་དེས་དེ་བཞིན་དུ་གྱུར་ཅིག་ཅེས་སྨྲས་སོ། །དེ་ནས་ཚོང་པ་དེ་རྣམས་རང་གི་གནས་སུ་ཕྱིན་པ་དང༌། གསེར་སོགས་ནོར་གྱི་དངོས་པོ་རྣམས་སོལ་བར་གྱུར་པ་མཐོང་ནས། ཀུན་ཧ་ལས་ཏེ། འདི་ལྟར་གྱུར་པ་ནི། ཅི་ཡིན་སྙམ་དུ་སེམས་པར་བྱེད་དོ། །དེ་ནས་དེ་རྣམས་ཀྱི་ནང་ནས་བློ་དང་ལྡན་པ་ཞིག་གིས་སྨྲས་པ། ནུབ་མོ་འོངས་དུས་ལམ་དུ་སུ་ཡིན་འདྲི་བ་དེ་བདེན་ཚིག་གྲུབ་པ་ཞིག་ཡིན་པར་གོར་མ་ཆག དེ་འདྲ་བ་སུ་ཞིག་ལྟར་འདིང་ཟེར་ནས། སླར་དེ་རྣམས་ཀྱིས་དེར་ཕྱིན་པ་ན། ཤིང་གཅིག་གི་དྲུང་ན་ཡན་ལག་བཅད་པའི་མི་དེ་འདུག་པ་མཐོང་ནས། དེ་ལ་སྔར་གྱི་ལོ་རྒྱུས་རྣམས་བྱས་ཏེ་སླར་བདེན་ཚིག་འདོར་དུ་བཅུག་པས། རྒྱལ་བུ་ན་རེ། ངས་ལན་པ་མིན་ནམ། ཡིན་ན་ཁྱེད་རྣམས་ཀྱི་ནོར་སྔ་མ་ཁོ་ན་ལྟར་གྱུར་ཅིག་ཅེས་བརྗོད་ནས། ཚོང་པ་རྣམས་ལོག་སྟེ་རང་གི་ནོར་རྣམས་སྔ་མ་ཁོ་ན་ལྟར་གྱུར་པར་མཐོང་སྟེ་ཡ་མཚན་སྐྱེས་ནས་རྒྱལ་བུ་དེ་ལ་མཆོད་པའི་ཕྱིར་ཕྱིན་ནས་ལོ་རྒྱུས་བྱས་པས། རྒྱལ་བུ་དེས་སྔར་གྱི་བླ་མས་ལུང་བསྟན་པ་དེ་དྲན་ཏེ། དེ་ལྟ་ན་བདག་གི་ལུས་ཀྱང་སྔ་མ་ལྟར་གྱུར་ཅིག་ཅེས་བརྗོད་པས་དེ་ལྟར་གྱུར་ཏེ། དངོས་གྲུབ་ཐམས་ཅད་ཐོབ་ནས་རྫུ་འཕྲུལ་བསྟན་ཏེ་གདམས་ངག་ལ་གནག་པས་འགྲོ་བ་ལ་ནི་མ་བསྟན་ལ། འོན་ཀྱང་ཤིང་ལ་བསྟན་པས་ཤིང་འཆི་མེད་དུ་གྱུར་པས་ད་ལྟ་ཡོད་ཟེར་རོ། །འཆི་མེད་བརྙེས་པའི་གུ་རུ་ཙཽ་རཱངྒ་པའི་ལོ་རྒྱུས་རྫོགས་སོ།། ༡༠ །།གུ་རུ་ཝཱི་ན་པའི་ལོ་རྒྱུས་ནི། ཝཱི་ན་པ་ཞེས་བྱ་བ་བསྒྱུར་ན་པི་ཝང་བརྡུང་བྱ་བའོ། །དེའི་ཡུལ་གྷ་ཧུ་ར། རིགས་རྒྱལ་རིགས། བླ་མ་ནི་བུདྡྷཱ་པ། དངོས་གྲུབ་ནི་དགྱེས་པ་རྡོ་རྗེ་ལས་ཐོབ་པ་ཡིན་ནོ། །དེ་ཡང་ཡུལ་གྷ་ཧུ་རའི་རྒྱལ་པོ་ལ་སྲས་གཅིག་ཡོད་པ་ལ། ཕ་མ་དང་འབངས་རྣམས་ཤིན་ཏུ་
གཅེས་པར་གྱུར་ནས། མ་མ་བརྒྱད་ལ་སོགས་པ་ལ་གཏད་དེ་སྐྱེད་བསྲིངས་པ་དང༌། རྒྱལ་བུ་དེ་སྐུ་སྐྱོས་འབུལ་བའི་རོལ་མོ་མཁན་དུ་མ་དང་རྟག་ཏུ་ལྷན་ཅིག་ཏུ་བསྡད་པས། ཤེས་པ་གོམས་པའི་སྟོབས་ཀྱིས་ཏཾ་བུ་རའི་སྒྲ་ལ་བློ་རྩེ་གཅིག་ཏུ་ཞུགས་ཤིང་པི་ཝང་སྦྲང་བ་ལས། འཇིག་རྟེན་གྱི་བྱ་བ་གཞན་ལ་བློ་སྣང་ཡེ་མི་འཇུག་པས། དེའི་ཡབ་ཡུམ་དང་བློན་པོའི་ཚོགས་དང་འབངས་ཐམས་ཅད་ཀྱང་ཁ་ཟེར་བར་བྱེད། རྒྱལ་བུ་འདི་ནི་ཡབ་རྒྱལ་པོའི་རྒྱལ་ཚབ་ཀྱི་ཆེད་དུ་སྐྱེད་བསྲིངས་པ་ཡིན་ལ། རྒྱལ་སྲིད་ཀྱི་བྱ་བ་མི་བྱེད་པར་པི་ཝང་གི་སྒྲ་ལ་ཆགས་པས་ཅི་བྱེད་གླེང་བ་ན། རྒྱལ་བུ་དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་བུདྡྷཱ་པ་བྱོན་པས་རྒྱལ་བུ་དད་པར་གྱུར་ཏེ་རྣལ་འབྱོར་པ་དེ་ལ་ཕྱག་དང་བསྐོར་བ་བྱས་ནས་གསོང་པོར་སྨྲ་བའི་གཏམ་སྣ་ཚོགས་བྱས་ཏེ། རྣལ་འབྱོར་པ་དེས་རྒྱལ་བུ་དེའི་ཐད་དུ་ཅུང་ཞིག་བཞུགས་ནས། རྒྱལ་བུ་དེ་འདུལ་བའི་དུས་ལ་བབ་པར་གཟིགས་ནས། རྣལ་འབྱོར་པས་རྒྱལ་བུ་ལ་རྒྱལ་བུ་ཁྱོད་ཆོས་མི་བྱེད་དམ་བྱས་པས། རྒྱལ་བུ་དེ་ན་རེ། རྣལ་འབྱོར་པ་བདག་ཆོས་བྱེད་པ་ལགས་ཏེ་བདག་གི་རོལ་མོ་ཏཾ་བུ་ར་འདི་སྤོང་བར་མི་ནུས་པར་འདུག་པས། འདི་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་མཆིས་ན་བདག་ཆོས་བྱེད་ལེགས་སོ། །ཞེས་ཞུས་པས། རྣལ་འབྱོར་པ་ན་རེ། ཆོས་བྱེད་པའི་དད་པ་དང་བརྩོན་འགྲུས་ཡོད་ན། པི་ཝང་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་དང་གདམས་ངག་བདག་ལ་ཡོད་བྱས་པས། དེ་ཞུ་ཟེར་ནས། རྣལ་འབྱོར་པས་དེ་ལ་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་དབང་བསྐུར། བསྒོམ་པའི་གདམས་ངག་ནི། རྒྱལ་བུ་ལ་འདི་སྐད་དུ། ཏཾ་བུ་རའི་སྒྲ་རྣ་བར་ཐོས་པའི་རྣམ་རྟོག་དོར་ལ། སེམས་ཀྱི་དམིགས་པ་དང་སྒྲའི་རྣམ་རྟོག་གཉིས་གཅིག་ཏུ་གྱིས་ལ་སྒོམས་ཤིག་བྱས་ནས། དེས་བསྒོམས་པས་ལོ་དགུ་ནས་སེམས་ཀྱི་དྲི་མ་དག་སྟེ་མར་མེ་ལྟ་བུའི་འོད་གསལ་གྱི་ཉམས་སྐྱེས་ནས་ཕྱག་རྒྱ་ཆེན་པོ་ཐོབ། མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་གྱི་ཆོས་དུ་མ་རྒྱུད་ལ་སྐྱེས་ནས། མིང་དུ་ཡང་རྣལ་འབྱོར་པ་ཝཱི་ན་ཞེས་བྱ་བར་ཕྱོགས་
ཐམས་ཅད་དུ་གྲགས་ཤིང་གྷ་ཧུ་རའི་གྲོང་ཁྱེར་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་དཔག་ཏུ་མེད་པ་བསྟན། མཐར་རྟོགས་པ་བརྗོད་པ་ལ་སོགས་པ་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཝཱི་ན་པའི་ལོ་རྒྱུས་རྫོགས་སོ།། ༡༡ །།གུ་རུ་ཤཱནྟི་པའི་ལོ་རྒྱུས་ནི། མ་ག་དྷཱའི་གྲོང་ཁྱེར་ན་རྒྱལ་པོ་དེ་བ་ཕ་ལས་རྒྱལ་སྲིད་མཛད་པའི་དུས་སུ། བི་ཀྲ་མ་ཤཱི་ལར་བྲམ་ཟེའི་རིགས་ལས་རབ་ཏུ་བྱུང་བའི་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟི་ཞེས་བྱ་བ་རིག་པའི་གནས་ལྔ་ལ་མཁས་པའི་སློབ་དཔོན་ཆེན་པོ་ཅིག་བྱུང་སྟེ། དེ་མཁས་ཤིང་བཙུན་པའི་ཡོན་ཏན་གྱི་སྙན་པ་ཕྱོགས་མཚམས་ཐམས་ཅད་དུ་ཁྱབ་པར་གྱུར་པ་དང༌། དེའི་དུས་སུ་སིངྒ་ལའི་གླིང་གི་རྒྱལ་པོ་ཀ་པི་ན་བྱ་བ་རང་གི་བསོད་ནམས་ལས་འདོད་ཡོན་གྱིས་བྲེལ་བ་མེད་པ་ཅིག་བཞུགས་པ་ལས། སིངྒ་ལའི་གླིང་དུ་སངས་རྒྱས་ཀྱི་བསྟན་པ་སྔར་མ་བྱུང་ཞིང་འཛམ་བུའི་གླིང་གི་མི་འོངས་པ་ཀུན་ལས་སངས་རྒྱས་ཀྱི་ཆོས་ཀྱི་ཡོན་ཏན་ཐོས་ལ། ཆོས་སྟོན་པའི་གང་ཟག་དང་ནི་མ་འཕྲད་པའི་དུས་དེར་མ་ག་དྷཱ་ན་སློབ་དཔོན་ཆེན་པོ་ཤཱནྟི་པ་བྱ་བ་མཁས་པ་ཆེན་པོ་ཅིག་བཞུགས་ཟེར་བ་ཐོས་ནས། རྒྱལ་པོ་ཀ་པི་ན་ལ་སོགས་པ་སིངྒ་ལའི་གླིང་པའི་སྐྱེ་བོ་ཐམས་ཅད་ཀྱིས་སྐུ་སྐྱོས་དང་སྤྱན་འདྲེན་ཀྱི་ཕོ་ཉ་བཏང་སྟེ། བི་ཀྲ་མ་ལ་ཤཱི་ལར་མཐར་གྱིས་ཕྱིན་ནས། ཕོ་ཉ་བས་ནངས་པར་སློབ་དཔོན་ལ་ཕྱག་བྱས། སིངྒ་ལའི་རྒྱལ་པོ་ལ་སོགས་པས་བསྐུར་བའི་སྐུ་སྐྱོས་གསེར་དངུལ་དང་མུ་ཏིག་དར་ཟབ་ལ་སོགས་པ་ཕུལ་ནས་འདི་སྐད་དུ། རྒྱལ་པོ་ལ་སོགས་པས་ཞུ་བ། དངོས་ཅག་གླིང་ཕྲན་མཐའ་འཁོབ་ཏུ་ནི་སྐྱེས། མ་རིག་པའི་མུན་པ་ནི་འཐིབས། འདོད་ཆགས་ཀྱི་མེས་ནི་བསྲེགས། ཞེ་སྡང་གི་མཚོན་གྱིས་ནི་གཙེས། ལོག་པའི་རྙོག་མས་ཤེས་རབ་ཀྱི་སྣང་བ་ནི་གཡོགས། ཐེག་པ་ཆེན་པོའི་ཆོས་ཀྱི་ཐར་ལམ་ནི་སྟོར་ན། བདག་ཅག་རྣམས་ལ་ཐུགས་རྗེ་ཆེན་པོས་དགོངས་ནས་སིང་ལ་གའི་གླིང་འདིར་འགྲོ་དོན་ལ་མི་གཤེགས་སུ་མི་རུང་ཞུ་ཡིན་གདའ། ཞེས་ཞུས་པས། སློབ་དཔོན་གྱིས་དགོངས་པ་མངོན་དུ་མཛད་ནས་གཤེགས་
པར་ཞལ་གྱིས་བཞེས་སོ། །དེ་ནས་སློབ་དཔོན་ཤཱནྟི་པས་འཁོར་སློབ་མའི་ཚོགས་ཉིས་སྟོང་ཙམ་དང༌། སྡེ་སྣོད་ཀྱི་གླེགས་བམ་རྣམས་རྟ་དང་གླང་པོ་ལ་སོགས་པ་ལ་བཀལ་ནས་ཆས་ཏེ། ནཱ་ལནྡྲ་དང༌། ཨོ་ཏནྟ་པཱུ་རི་དང༌། རྒྱལ་པོའི་ཁབ་དང༌། རྡོ་རྗེ་གདན་ལ་སོགས་པའི་གྲོང་རྣམས་རིམ་གྱིས་བགྲོད་ནས། སིངྒ་གླིང་གི་རྒྱ་མཚོའི་འགྲམ་དུ་ཕྱིན་པ་དང༌། སྔོན་ལ་ཕོ་ཉ་བཏང་སྟེ། ཕྱི་ནས་སློབ་དཔོན་འཁོར་དང་བཅས་པ་རྣམས་གྲུར་ཞུགས་ནས་བྱོན་པ་དང༌། ཕོ་ཉ་བས་སློབ་དཔོན་ཕེབས་ཀྱིན་ཡོད་དོ་བྱ་བའི་གཏམ་སྨྲས་པས། རྒྱལ་པོ་ཀ་པི་ན་བློན་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ། དེ་ཐམས་ཅད་ཀྱིས་རང་རང་གི་འཇིག་རྟེན་གྱི་བྱ་བ་བློས་བཏང་སྟེ། རྒྱ་མཚོའི་ཕྱོགས་སུ་ཡིད་གཏད་ནས་ཞག་བདུན་ལོན་པ་དང༌། གདུགས་དང་གླང་པོ་ལ་སོགས་པའི་རྟགས་ཐམས་ཅད་མཐོང་ནས་སྐྱེ་བོའི་ཚོགས་ཐམས་ཅད་རབ་ཏུ་དགའ་སྟེ། རང་གི་ཡུལ་ནས་རྒྱ་མཚོའི་བར་ཐམས་ཅད་དུ་ནི་ཕྱག་དར་བྱས། དར་ལ་སོགས་པས་ས་གཞི་ཐམས་ཅད་གཡོགས་ནས་དེ་ལ་སློབ་དཔོན་ལ་སོགས་པ་ཐམས་ཅད་ཀྱི་ཞབས་བཞག་ནས་གཤེགས་པ་ལ། རྒྱལ་པོ་ཀ་པི་ན་འཁོར་དང་བཅས་པ་ཐམས་ཅད་ཀྱིས་མེ་ཏོག་དང༌། བདུག་སྤོས་ལ་སོགས་པ་ཐམས་ཅད་ཀྱིས་རྒྱ་ཆེར་མཆོད་དེ། སློབ་དཔོན་དགྱེས་པའི་གནས་མལ་ལ་སོགས་པ་ཀུན་ཕུལ་ནས་ལོ་གསུམ་གྱི་བར་དུ་སྡེ་སྣོད་ཀྱི་ཆོས་མང་དུ་བཤད་ནས། སློབ་དཔོན་ཤཱནྟི་པ་འཁོར་བཅས་ཡུལ་དབུས་སུ་ཆས་པ་དང༌། རྒྱལ་པོ་ཀ་པི་ན་ལ་སོགས་ཐམས་ཅད་ཀྱིས་རྟ་དང་གླང་པོ་དང་གསེར་དངུལ་དང༌། མུ་ཏིག་ལ་སོགས་པ་དཔག་ཏུ་མེད་པ་ཕུལ་ནས་ཡུལ་དབུས་སུ་ལོག་པ་ལ་ལམ་གཉིས་ཡོད་པའི་རིང་ཤོས་ནས་ཆས་སོ། །དེ་ནས་རཱ་མེ་ཤྭ་རི་བྱ་བ་རྒྱལ་པོ་རཱ་མ་ཎས་ལངྐ་པཱུ་རིར་ཆུང་མ་འཚོལ་བའི་དུས་སུ་དབང་ཕྱུག་ཆེན་པོའི་རྟེན་གྱི་ལྷ་ཁང་བྱས་ནས་ཡོད་པས། དེའི་མིང་རཱ་མེ་ཤྭ་རིའི་ཡུལ་བྱ་བ་དེར་ཕྱིན་པ་དང༌། དེ་ནས་བར་ན་མི་མེད་པའི་ལམ་ཞག་བདུན་ཡོད་པ་ལ། འཁོར་རྣམས་ལ་ཞག་བདུན་གྱི་ཆས་ཁྱེར་ཅིག་
གསུངས་ནས། དེ་བཞིན་ཏུ་བྱས་ཏེ་ཞག་བཞིའི་ལམ་དུ་ཕེབས་པ་ན། སྐལ་ལྡན་ཏོག་ཙེ་པ་དང་མཇལ་ཏེ། དེའི་ལོ་རྒྱུས་ཁོ་རང་གི་སྐབས་སུ་སྟོན་ནོ། །སློབ་དཔོན་འཁོར་དང་བཅས་པ་བི་ཀ་མ་ལ་ཤཱི་ལར་བྱོན་པ་དང༌། སློབ་དཔོན་ཤིན་ཏུ་བགྲེས་པར་གྱུར་པས་སྤྱན་ལོང་ཞིང་ལུས་པོས་སྦྱོར་མི་བཟོད་ནས། སློབ་མ་རྣམས་ཀྱིས་མ་ཧེའི་ཞོ་ལ་ཀ་ར་བཏབ་ནས་འདྲེན་པ་ལས། གཞན་ཁ་ཟས་རགས་པ་རྣམས་སྤངས་ནས་ཕྲ་བ་བསྟེན་ནོ། །ཡོངས་སུ་སློབ་དཔོན་གྱིས་ལོ་བརྒྱ་རྩ་བཞེས་པའི་དུས་སུ། སློབ་དཔོན་ནི་ལོ་བཅུ་གཉིས་སུ་རྟོག་པའི་ངང་ལ་གནས་ལ། ཏོག་ཙེ་པས་རྣམ་པར་མི་རྟོག་པ་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་སྟེ་གཉུག་མའི་ཆོས་ཉིད་ལ་གནས་སོ། །དེ་ལས་བཞེངས་པ་ལས། སློབ་དཔོན་ཤཱནྟི་པ་ལ་ནི་སློབ་མ་རྣམས་ཀྱིས་བསྙེན་བཀུར་བྱེད་ལ། ཏོག་ཙེ་པ་ལ་མཁའ་འགྲོ་མ་ཀུན་དང་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པས་བདུད་རྩི་སྤྱི་བོས་ཚངས་པའི་བུ་ག་ན་མར་བླུགས་ནས་ཚིམ་པར་བྱས་སོ། །ལྷ་དང་མཁའ་འགྲོ་མ་ཐམས་ཅད་ན་རེ། འདི་ནི་རྡོ་རྗེ་སེམས་དཔའ་དངོས་ཡིན་ཟེར་རོ། །ཏོག་ཙེ་པའི་བྱིན་རླབས་ཀྱིས་ལྷའི་འདོད་ཡོན་ཐམས་ཅད་བྱུང་ངོ༌། །བླ་མའི་གདམས་ངག་མ་ཐོབ་བར་ལ་ཕྱི་རོལ་གྱི་རི་བརྐོས་ལ། ཐོབ་ནས་སེམས་ཀྱི་རི་བོ་བརྐོས་པས་དངོས་གྲུབ་ཐོབ་གསུངས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་སུམ་ཅུ་རྩ་གསུམ་ལ་སོགས་པའི་ལྷ་གནས་སུ་སྤྱན་དྲངས་པ་ལ། ཏོག་ཙེ་པ་གཤེགས་སུ་མ་བཞེད་ནས། བདག་ནི་བླ་མ་ལ་ཕྱག་འཚལ་བ་ཡིན་ཏེ། སངས་རྒྱས་བས་ཀྱང་བླ་མ་བཀའ་དྲིན་ཆེ་ལ། དེ་ཅི་སྟེ་ན། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །དམ་པ་གསུམ་ལ་སྐྱབས་སུ་མཆི། །དམ་པས་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་གསུངས་ནས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཡུལ་གཉིས་ཀྱི་བར་ལ་ཟླ་བ་དྲུག་གི་ལམ་ཡོད་ཀྱང༌། སྐད་ཅིག་ལ་བི་ཀྲ་མ་ལ་ཤཱི་ལར་བྱོན་ནས། ཡེ་ཤེས་ཀྱི་ལུས་ཀྱིས་བླ་མ་ལ་ཕྱག་དང་བསྐོར་བ་བསྙེན་བཀུར་མཛད་པ་བླ་མ་འཁོར་དང་བཅས་པས་མཁྱེན་
ནས་ཏོག་ཙེ་པས་རྣམ་སྨིན་གྱི་ལུས་དངོས་སུ་བསྟན་ནས་ཕྱག་དང་བསྐོར་བ་གྲངས་མེད་པ་མཛད། ཞབས་ལ་མགོ་བོས་གཏུགས་པ་དང༌། ཤཱནྟི་པས་སུ་ཡིན་དྲིས་པ་ན། བདག་བླ་མའི་སློབ་མ་ཡིན་ཞེས་ཞུས་པ་ན། བདག་ལ་སློབ་མ་དཔག་ཏུ་མེད་པ་ཡོད་པས་ངོས་མ་ཟིན་གསུངས་པས། སླར་བདག་ཏོག་ཙེ་པ་ལགས་ཞུས་པས་དཔོན་སློབ་གཉིས་བརྡས་འཇལ་ནས་ཡིད་ཕེབས་པའི་གཏམ་མང་དུ་མཛད་ནས། བླ་མས་སློབ་མ་ལ་ཁྱོད་ཀྱིས་ཡོན་ཏན་གྱིས་ཆོས་ཅི་ཐོབ་གསུངས་པས། དངོས་ཀྱི་བླ་མའི་གདམ་ངག་ཉམས་སུ་བླངས་པས་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་སྐུ་མཆོག་ཐོབ་ནས་མཆིས་ཞུས་པས། བླ་མའི་ཞལ་ནས། ངས་ནི་སྨྲ་བ་གཙོ་བོར་བྱས་ཤིང་སྒྲུབ་པ་གཙོ་བོར་མ་བྱས་པས་དོན་དང་ཡང་མ་འཕྲད་ལ། ཁྱོད་ཀྱིས་ནི་སྒྲུབ་པ་གཙོ་བོར་བྱས་ཤིང་སྨྲ་བ་གཙོ་བོར་མ་བྱས་ནས་དོན་དང་མཇལ་ནས་འདུག་པ། ངས་ཁྱོད་ལ་གདམ་ངག་སྦྱིན་པ་ཡང་བརྗེད་ནས་འདུག་པ། ད་གདམ་ངག་ཀྱང་སྟོན། ཡོན་ཏན་གྱི་ཆོས་ཅི་ཡོད་པའང་སྟོན་ཅིག་གསུངས་པས། ཏོག་ཙེ་པས་དབེན་པའི་ས་ཕྱོགས་སུ་བླ་མ་ལ་ཆོས་ཀྱི་སྐུའི་ཡོན་ཏན་དུ་མ་ཡང་བསྟན། སྔར་བླ་མ་རང་གི་གདམས་ངག་ཀྱང་ཡར་ཕུལ་བས། བླ་མས་ཀྱང་དགུང་ལོ་བཅུ་གཉིས་སུ་གདམ་ངག་ཉམས་སུ་བླངས་པས། བླ་མ་རཏྣ་ཨཱ་ཀ་ར་ཤཱནྟི་པས་ཀྱང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ནས་འགྲོ་བའི་དོན་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་རཏྣ་ཨཱ་ཀ་ར་ཤཱནྟི་པའི་ལོ་རྒྱུས་རྫོགས་སོ།། ༡༢ །།ཏནྟྲི་པའི་ལོ་རྒྱུས་ནི། ཡུལ་སེནྡྷོ་ན་ག་ར་བྱ་བ་ན། ཐགས་མཁན་ཅིག་ལ་བུ་མང་དུ་ཡོད་པ་ལས། དེ་རྣམས་ཀྱི་ཕས་ཡུལ་དེར་ཐགས་ཀྱི་ལས་བྱས་པས་དེ་འབྱོར་པ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ཏོ། །དེར་བུ་རྣམས་ལ་རིགས་དང་འཚམས་པའི་མནའ་མ་བླངས་ཏེ་འགྲོགས་པས། ཡུལ་དེ་ཐགས་མཁན་གྱི་རིགས་བརྒྱུད་དཔག་ཏུ་མེད་པ་འཕེལ་བར་གྱུར་ཏེ་ཐགས་མཁན་དེའི་བྱན་མོ་ནི་ཤི། ཐགས་མཁན་རང་གིས་ལོ་བརྒྱད་ཅུ་རྩ་དགུ་ལོན་པ་ན་རྒས་ཤིང་འཁོགས་པས་ལུས་ཀྱི་སྦྱོར་མི་བཟོད་པ་དང༌།
མནའ་མ་ཀུན་གྱི་གན་དུ་གསོ་རེས་བྱེད་ཅིང་ཡོད་པ་ལས། དེ་རྒས་པའི་སྤྱོད་ལམ་ཀུན་གྱིས་འཕྱ་ཞིང་བཞད་གད་དུ་བྱེད་པ་དང༌། དེར་མནའ་མ་ཀུན་གྱིས་གྲོས་བྱེད་པ། འོ་སྐོལ་གྱི་གྱོས་པོ་རྒན་པོ་འདི་མིས་མཐོང་ན་ཞེ་ལྡོག་ལ། རང་རེ་ཀུན་ཀྱང་སྡིག་གསོག་པར་འདུག་པས། སྐྱེད་མོས་ཚལ་དུ་རྩྭའི་སྤྱིལ་པོ་བྱས་ཏེ་དེར་བཞག་ལ་ཟ་མ་རེས་མོས་ཀྱིས་བསྐྱལ་ལོ་ཟེར་ནས་ཐམས་ཅད་མཐུན་ཏེ་དེ་བཞིན་ཏུ་བྱས་སོ། །དེ་ནས་བླ་མ་ཛ་ལནྡྷ་ར་པ་བྱ་བ་མཐར་གྱིས་ཡུལ་དེར་བྱོན་པ་དང༌། ཐགས་མཁན་གྱི་བུ་ཆེ་ཤོས་ཀྱི་གན་དུ་བྱོན་ནས་བདག་ལ་ཟས་བྱིན་ཅིག་བྱས་པ་ལ། དེར་བཞུགས་ཤིག་ཟེར་ནས། ནང་དུ་གཡོས་སྣ་ཚོགས་བྱས་ཟིན་ནས། ཆུང་མ་ན་རེ། ཁྱོ་ལ་ད་ནང་དུ་སྤྱན་དྲོངས་ཤིག་ཟེར་ནས་དེ་བཞིན་བྱས་ཏེ། བླ་མ་ནང་དུ་བྱོན་ནས་ཟས་ཀྱི་བྱ་བ་གྲུབ་སྟེ། བླ་མ་ཛ་ལནྡྷ་ར་པ་གཞན་དུ་གཤེགས་པར་ཆས་པ་ལ། ཐགས་མཁན་གྱི་ཆུང་མས་བླ་མ་གཞན་དུ་མ་གཤེགས་པར་གནས་འདིར་གཟིམ་པར་ཞུ་ཞུས་པས། བདག་མིའི་ནང་དུ་མི་ཉལ་གསུངས་པས། འོ་ན་དངོས་ཅག་གི་སྐྱེད་མོས་ཚལ་དུ་གཟིམ་པར་ཞུ་བྱས་ནས། སྐྱེད་མོས་ཚལ་དུ་སྤྱན་དྲངས་ཏེ་ཐགས་མཁན་གྱིས་མེ་མར་ལ་སོགས་པ་བསྐྱལ་ནས་དེར་བཞུགས་པ་ན། ཐགས་མཁན་རྒད་པོས་མིའི་སྒྲ་ནི་ཐོས། སུ་ཡིན་ནི་ཆ་མེད་ནས་དྲིས་པ། དེ་ན་སྒྲ་གྲགས་པ་དེ་སུ་ཡིན། སློབ་དཔོན་གྱིས་བདག་མགྲོན་པོ་ཆོས་པ་ཞིག་ཡིན། ཉིད་རང་སུ་ཡིན་སྨྲས་པ་དང༌། དེ་ན་རེ། བདག་ཐགས་མཁན་དེ་རྣམས་ཀྱི་ཕ་ལགས་ཏེ། བདག་གཞོན་པའི་དུས་སུ་གནས་དང་ལོངས་སྤྱོད་ཀུན་གྱི་བདག་པོ་དངོས་ཡིན་ཀྱང༌། ད་ལྟ་བུ་དང་མནའ་མ་ཀུན་གྱིས་བདག་ལ་འཕྱ་སྨོད་བྱེད་ཅིང༌། གཞན་གྱིས་མཐོང་གིས་དོགས་ནས་སྐྱེད་མོས་ཚལ་འདིར་སྦས་ནས་བཞག་པ་ཡིན་ལགས། འཁོར་བའི་ཆོས་ལ་སྙིང་པོ་མེད་པ་འདི་འདྲ་བ་ལགས་སོ། །ཞེས་སྨྲ་བ་ལ། ཛ་ལནྡྷ་རས་ཐགས་མཁན་ལ་གསུངས་པ། འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་
བསྔལ་བ་དང༌། ཆོས་ཐམས་ཅད་ནི་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་ཞིང་བདེ་བ་ཡིན་པས། ཤི་རྒྱགས་ཀྱི་ཆོས་མི་དགོས་སམ་གསུངས་པས། དགོས་ཞུས་ནས། ཛ་ལནྡྷ་ར་བས་ཐགས་མཁན་དེ་དགྱེས་རྡོར་གྱི་དཀྱིལ་འཁོར་དུ་དབང་བསྐུར། གདམས་ངག་བྱིན་ནས་བསྒོམ་དུ་བཅུག་སྟེ་བླ་མ་གཞན་དུ་གཤེགས་པ་ན། དེས་ཀྱང་བླ་མའི་གདམས་ངག་ཡིད་ལ་བྱས་ཏེ། སྔར་བཞིན་མནའ་མ་ལ་སོགས་པ་ཀུན་ལ་ཁ་ཡང་མི་ཟེར་བར་ངག་བསྡམས་བྱས་ནས་ལོ་བཅུ་གཉིས་སུ་སྒྲུབ་པ་བྱས་པས་ཡོན་ཏན་མང་པོ་ཐོབ་པ་མིས་མ་ཚོར་བ་ལ། དུས་གཅིག་ན་བུ་ཆེ་བ་དེས་ཟ་འོག་བཟང་པོ་ཅིག་བཏགས་ནས་དཀྲིས་བྱེད་པའི་བྱ་བ་ལ་གཡེངས་ཏེ་ཕ་ལ་ཟན་སྐྱེལ་བ་བརྗེད་པ་དང༌། མཚན་མོ་མནའ་མས་དྲན་ནས་ཁྱོ་ལ་སོགས་པས་མ་ཚོར་བ་ལ་ཟས་སྐྱེལ་དུ་ཕྱིན་པ་ན། སྤྱིལ་པོའི་ནང་ན་མེ་མར་གྱི་སྣང་བ་ཆེན་པོ་དང༌། བུ་མོ་བཅོ་ལྔ་ཙམ་གྱིས་བསྐོར། ཁ་ཟས་ཀྱི་རྣམ་པ་གྱ་ནོམ་པ་མང་པོ་དང༌། མི་ཡུལ་དུ་མི་འབྱུང་བའི་གོས་དང་རྒྱན་མང་པོ་ཐོགས་པར་མཐོང་ནས་རིངས་པར་ལོག་སྟེ། ཁྱོ་ལ་ཉིད་ཀྱི་ཕ་རྒན་བལྟར་འདོང་བྱས་པས། ཁྱོས་ཕ་ཤི་བ་ཡིན་སྙམ་ནས་ངུས་པ་ན། མི་གཞན་ཡང་འོངས་ནས་སྐྱེད་མོས་ཚལ་དུ་བལྟར་ཕྱིན་པས། སྔ་མ་བཞིན་དུ་ཐམས་ཅད་ཀྱིས་མཐོང་ནས་ཡ་མཚན་སྐྱེས་ཏེ་ནང་དུ་ལོག་ནས་སྔར་གྱི་གཏམ་བརྗོད་པས་བུ་ལ་སོགས་པའི་གཉེན་ཀུན་འདི་འདྲ་བ་མི་མ་ཡིན་འདྲ་ཅིག་འདུག་ཟེར་ནས་བསྡད་དོ། །ནངས་པར་མི་ཀུན་གྱིས་ཐོས་ནས་སེནྡྷོ་ན་ག་རའི་མི་ཐམས་ཅད་ཀྱིས་བལྟར་ཕྱིན་ནས། ཕྱག་བྱས་པ་དང༌། དེ་ཕྱིར་བྱུང་བ་ན་ལུས་བརྗེས་ཏེ་ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ནས་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་བས་མི་ཀུན་གྱིས་མིག་གིས་བལྟར་མི་བཟོད་པ་དང༌། ལུས་མེ་ལོང་གཡའ་དག་པ་ལྟར་སོང་བས་སྣང་བ་ཐམས་ཅད་འོད་དུ་ཤར་ཏེ། མིང་ཡང་ཏནྟྲཱི་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས། འགྲོ་དོན་དཔག་མེད་མཛད་དེ། མཐར་སེནྡྷོ་ན་ག་རའི་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རང་གི་དད་གུས་དང་བླ་མའི་
གདམས་ངག་ཉམས་སུ་བླངས་ནས། ན་ཚོད་རྒན་པ་ཡང་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་ཏུ་རུང་བ་ཡིན་གསུངས། གུ་རུ་ཏནྟྲཱི་པའི་ལོ་རྒྱུས་རྫོགས་སོ།། ༡༣ །།གུ་རུ་ཙ་མ་རི་པ་ཞེས་བྱ་བ་ལྷྭམ་མཁན་ཏེ། དེའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས། བིཥྞུ་ན་ག་ར་བྱ་བའི་གྲོང་ཁྱེར་ན། བཟོ་རིགས་མི་འདྲ་བ་བཅོ་བརྒྱད་ཚང་བར་ཡོད་པ་ལས་རིགས་ལྷྭམ་མཁན། རང་ཉིད་ཀྱང་བིཥྞུ་ན་ག་ར་ན་ལྷྭམ་གསར་རྙིང་གི་བཟོའི་ལས་བྱེད་ཅིང༌། ལས་དེས་རྟག་ཏུ་འདའ་བར་བྱེད་པ་ཡིན་པ་ལས། དེའི་གན་དུ་དགེ་སློང་ཞིག་འོངས་པ་ལ། དེས་ལྷྭམ་གྱི་བཟོ་འཕྲོ་བོར་ནས་དགེ་སློང་དེའི་ཞབས་ལ་ཕྱག་བྱས་ཏེ་འབེལ་བའི་གཏམ་ལེགས་པར་བྱས་ནས། བདག་འཁོར་བ་ལ་སྐྱོ་བ་སྐྱེས་ནས་ཆོས་ཅིག་བགྱིད་སྙམ་པ་ལ། དགེ་བའི་བཤེས་གཉེན་དང་མ་འཕྲད་པས་ད་དུང་ཆོས་སྒོར་མ་ཞུགས། ད་འདི་དང་ཕྱི་མ་གཉིས་ཀ་ལ་ཕན་པའི་ཆོས་ཤིག་ཞུ་ཞེས་ཞུས་པས། ཁྱོད་ཀྱིས་ཆོས་སྒྲུབ་ནུས་ན་ངས་སྦྱིན་གྱིས་གསུང་བ་ལ། ལྷྭམ་མཁན་དེས་དགེ་སློང་ལ་བདག་རིགས་ངན་གྱི་ཁྱིམ་དུ་ཉིད་བཤོས་གསོལ་བར་གནང་ངམ་ཞུས་པས། དགེ་སློང་དེས་དོ་ནུབ་མཚན་ལ་འོངས་ལ་ཟའོ་གསུངས་པས། དེས་ཆུང་མ་སོགས་རང་གི་ཁྱིམ་གྱི་མི་ཀུན་ལ་དགེ་སློང་འབྱོན་པའི་བརྡ་སྤྲད་དེ། དེའི་མཚན་ལ་དེ་དེར་བྱོན་པས་ལྷྭམ་མཁན་གྱིས་སྟན་གཏིང་སྟེ་ཞབས་བཀྲུ་བ་ལ་སོགས་པ་བྱས་ནས་བཞེས་པ་གྱ་ནོམ་པ་དྲངས། ཆུང་མ་དང་བུ་མོ་ལ་སོགས་པ་ཡོ་བྱད་ཀུན་ཕུལ་ཏེ། བཀུ་མཉེ་ལ་སོགས་པའི་བསྙེན་བཀུར་བྱེད་དུ་གཞུག་པ་ན། དགེ་སློང་དགྱེས་ནས་ལྷྭམ་མཁན་ཆུང་མ་དང་བཅས་པ་ལ་དབང་བསྐུར། གདམས་ངག་བྱིན་ཏེ། དེ་ཡང༌། ཉོན་མོངས་རྣམ་རྟོག་ཀོ་བ་དེ། །བྱམས་དང་སྙིང་རྗེའི་སྦང་ནང་དུ། །བླ་མའི་གདམས་པའི་སྙུང་དང་ནི། །ཆོས་བརྒྱད་སྤངས་པའི་རྒྱུས་སྐུད་ཀྱིས། །ཡང་དག་ཉིད་དུ་བཙེམས་པ་ན། །ལྷུན་གྲུབ་འབྲས་བུའི་ལྷྭམ་འབྱུང་ངོ༌། །ངོ་མཚར་ཆེ་བའི་ཆོས་སྐུའི་ལྷྭམ། །ལོག་པར་ལྟ་བས་དེ་མི་ཤེས། །དགའ་བ་དང་མི་དགའ་བའི་སྤང་བླང་མེད་པའི་སྐུད་པ་གྱིས། རྣམ་རྟོག་དང་མཚན་མ་
ཐམས་ཅད་ཀོ་བར་གྱིས། སྙིང་རྗེའི་སྦང་ནང་དུ་སྦོངས། བླ་མའི་གདམས་ངག་དང་རང་གི་ཉམས་མྱོང་གི་སྙུང་གིས་ཚེམས་ལ། ལྷུན་གྲུབ་ཆོས་སྐུའི་ལྷྭམ་བྱེད་པར་སྒོམས་ཤིག་གདམས་ངག་ཕོག་པས། དེ་ན་རེ། དེ་ལྟར་བསྒོམས་པ་ལ་རྟགས་ཅི་འབྱུང་ཞུས་པས། དང་པོ་འཁོར་བ་ལ་སྐྱེ་འགགས་འབྱུང༌། དེ་ནས་འབྱུང་བ་རྣམས་རིམ་པས་ཆོས་ཉིད་དུ་ཐིམ་པའི་རྟགས་འབྱུང་བ་ཡིན་གསུངས་ནས་དགེ་སློང་དེ་མི་སྣང་བར་གྱུར་ཏེ། ལྷྭམ་མཁན་གྱིས་རང་གི་ཁྱིམ་རྙིང་སྤངས་ཏེ། དགོན་པར་གནས་པར་བྱས་ནས་བསྒོམས་པས་བླ་མའི་གདམས་པ་བཞིན་རྟགས་རིམ་འབྱུང་བ་དང༌། དེ་ལ་རྟོགས་པ་འདི་ལྟ་བུ་སྐྱེས་ཏེ། རྩ་བའི་ཉོན་མོངས་པ་དྲུག་གཏི་མུག་དང་བཅས་པ་དཔེས་རྟོགས་ནས་བླ་མའི་གདམས་ངག་གི་ལྷྭམ་གྱོན་ཏེ། མ་རིག་པའི་ས་གཞི་ཐམས་ཅད་ཁེབས་པར་བྱས་ནས་ལོ་བཅུ་གཉིས་སུ་བསྒྲུབས་པས། མ་རིག་པ་སོགས་དྲི་མ་ཐམས་ཅད་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ལ། ལོ་བཅུ་གཉིས་ཀྱི་བར་དུ་ཉིན་མཚན་མེད་པར་ལྷྭམ་བཟོའི་དམིགས་པ་དང༌། བླ་མའི་མན་ངག་གཉིས་མེད་དུ་བྱས་ནས་བསྒོམས་པས་ལྷྭམ་བཟོའི་ལས་ཐམས་ཅད་ནི་བི་ཤྭ་ཀརྨ་ལ་སོགས་པས་བྱས་པས། བིཥྞུ་ན་ག་རར་ལྷྭམ་མཁན་སྒོམ་སྒྲུབ་བྱེད་པ་ཡང་མ་ཚོར། ཡོན་ཏན་གྱི་ཚོགས་ཡོད་པ་ཡང་མ་ཤེས་པ་ན་དུས་གཅིག་ཁོ་རང་གི་བཟོ་ལ་མི་གཅིག་བལྟར་འོངས་པས། ལྷྭམ་མཁན་ནི་མཉམ་པར་བཞག་ནས་འདུག བཟོ་བོ་བི་ཤྭ་ཀརྨས་བྱེད་པར་མཐོང་ནས་ངོ་མཚར་སྐྱེས་ཏེ། གཅིག་གིས་གཅིག་ལ་བརྒྱུད་ནས་མཐར་ཀུན་གྱིས་མཐོང༌། དེར་ཐམས་ཅད་འདུས་ཏེ་གདམས་པ་ཞུ་བྱས་པས། བླ་མ་བསྟེན་པའི་ཕན་ཡོན་ལ་སོགས་པ་གསུངས་ལ། བིཥྞུ་ན་ག་རའི་སེམས་ཅན་ལ་ཆོས་མང་དུ་བཤད་ནས། མིང་དུ་ཡང་རྣལ་འབྱོར་པ་ཙ་མ་ར་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་འགྲོ་དོན་དཔག་མེད་མཛད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙ་མ་རི་པའི་ལོ་རྒྱུས་རྫོགས་སོ།། ༡༤ །།གུ་རུ་ཁཌྒ་པའི་ལོ་རྒྱུས་ནི། ཁཌྒ་པ་བྱ་བ་བསྒྱུར་ན་རལ་གྲི་པ་ཞེས་བྱ་བ་
ཡིན། ཡུལ་མ་ག་དྷཱ་པ། རིགས་དམངས་རིགས། བླ་མ་ཛོ་ཀི་ཙརྤ་ཏྲི། དངོས་གྲུབ་ནི་ཐུན་མོང་གི་རལ་གྲིའི་དངོས་གྲུབ་ཐོབ་པའོ། །དེ་ཡང་ཡུལ་མ་ག་དྷཱ་ན་ཞིང་ལས་ཀྱིས་འཚོ་བའི་ཁྱིམ་པ་ཞིག་གིས་ཕའི་ལས་བོར་ནས་རྐུ་བའི་ལས་དུས་རྟག་ཏུ་བྱེད་པས། ཉིན་མཚན་དུ་རྐུ་བའི་བསམ་པ་རྩེ་གཅིག་ཏུ་གྱུར་པ་དང༌། དུས་གཅིག་ན་ཁྱིམ་བདག་རྐུན་མ་དེས་མ་ག་དྷཱའི་གྲོང་ཁྱེར་དུ་རྐུར་ཕྱིན་པས་ཅི་ཡང་མ་ཐོབ་སྟེ་དུར་ཁྲོད་ཅིག་ན་ཚུར་འོངས་པ་དང༌། དུར་ཁྲོད་དེར་ཛོ་ཀི་ཙརྤ་ཏྲི་བྱ་བ་དང་འཕྲད་ནས་ཉིད་འདི་ན་ཅི་མཛད་ཀྱིན་བཞུགས་ཞེས་སྨྲས་པས། འཁོར་བའི་སྐྱེ་འཆིས་འཇིགས་ནས་འདི་ན་སྒོམ་བྱེད་ཅིང་འདུག་པ་ཡིན་བྱས་པས། རྐུན་མ་ན་རེ། སྒོམ་བྱས་པས་འབྲས་བུ་ཅི་འོང་བ་ཡིན་ཟེར་བས། ཛོ་ཀིས་བསྒོམས་པའི་འབྲས་བུ་ནི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་བདེ་བ་ཐོབ་པ་ཡིན་ན་ཁྱོད་ཀྱང་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ། ཆོས་ལ་མོས་ལྟ་མོས་ཏེ་དུར་ཁྲོད་དུ་སྒོམ་བྱེད་ཀྱིན་འདུག་པའི་ལོང་མེད། དུས་རྟག་ཏུ་རྐུ་བའི་ལས་བྱེད་པས་རྒྱལ་པོའམ་བློན་པོའམ། ཁྱིམ་བདག་ལ་སོགས་པས་རྫས་རེ་ཞིག་བརྐུས་ནས་ཐོབ་སྲིད་ཀྱང་རྫས་ཀྱི་ཕྱི་ནས་དེ་ཀུན་དང་འཐབ་རྩོད་འབྱུང་བས་དེ་ཀུན་གྱིས་མི་ཐུབ་པའི་དངོས་གྲུབ་ཅིག་ཞུ་བྱས་པས། རྣལ་འབྱོར་པས་རྐུན་མ་ལ་དབང་བསྐུར་གདམས་ངག་བྱིན་ཏེ། དེ་ཡང་མ་ག་དྷཱའི་གྲོང་ཁྱེར་ན་གོ་ར་ས་མ་ཀྲ་ཞེས་བྱ་བ་ཕྱི་མཆོད་རྟེན་ནང་ལྷ་ཁང༌། ནང་ན་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བྱིན་རླབས་ཅན་ཅིག་བཞུགས་ཀྱི། དེ་ལ་ཁྱོད་ཀྱིས་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་ལ་ཉིན་མཚན་ཀུན་ཏུ་ས་ལ་མ་འདུག་པར་བསྐོར་བ་གྱིས། ཟས་ཀྱང་ལོངས་ལ་ཟོ་ཞིག སྐུའི་ཞབས་ཀྱི་འོག་ནས་སྦྲུལ་ཅིག་འོང་བར་མཐོང་ན་མ་འཇིགས་པར་མགོ་ནས་ཟུང་ཞིག་དང༌། ཁྱོད་ཀྱིས་དངོས་གྲུབ་ཐོབ་པ་ཡིན་ནོ་ཞེས་གདམས་ངག་བྱིན་ནས་སྒྲུབ་ཏུ་བཅུག་པས། རྐུན་མ་དེས་ཀྱང་རྣལ་འབྱོར་པས་བྱིན་པའི་གདམས་ངག་ཉམས་སུ་བླངས་ཏེ་དེ་བཞིན་ཏུ་སྒྲུབ་པ་བྱས་པས་ཞག་ཉི་ཤུ་རྩ་གཅིག་ན་སྤྱན་རས་གཟིགས་ཀྱི་ཞབས་ཀྱི་འོག་ནས་སྦྲུལ་
ནག་པོ་ཆེན་པོ་ཅིག་བྱུང་ནས་དེའི་མགོ་ནས་བཟུང་བས། སྦྲུལ་རལ་གྲིར་སོང་བས་ཡེ་ཤེས་ཀྱི་རལ་གྲི་འོད་དང་བཅས་པ་ཞིག་ལག་ཏུ་ཐོབ་སྟེ། རྐུན་མའི་སེམས་ཀྱི་དྲི་མ་དག་སྟེ་རལ་གྲིའི་དངོས་གྲུབ་ཐོབ་པས། མིང་དུ་ཡང་རྣལ་འབྱོར་པ་ཁཌྒ་པ་ཞེས་བྱ་བར་གྲགས་ལ། ཐུན་མོང་གི་དངོས་གྲུབ་བརྒྱད་ལས་རལ་གྲིའི་དངོས་གྲུབ་ཀྱང་ཐོབ། ལུས་ངག་ཡིད་གསུམ་གྱི་འཁྲུལ་པའི་དྲི་མ་ཐམས་ཅད་དག་ནས་མ་ག་དྷཱ་པའི་སེམས་ཅན་ཐམས་ཅད་ལ་ཞག་ཉི་ཤུ་རྩ་གཅིག་ཏུ་ཆོས་བསྟན། མཐར་རྟོགས་པ་བརྗོད་པ་ཡང་གསུངས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཁཌྒ་པའི་ལོ་རྒྱུས་རྫོགས་སོ།། ༡༥ །།གུ་རུ་ནཱ་གཱརྫུ་ན་སྟེ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས་ཀཉྩི་ཞེས་བྱ་བའི་བྱེ་བྲག་ཀ་ཧོ་ར་བྱ་བ་ཡིན་ལ། རིགས་བྲམ་ཟེ། དངོས་གྲུབ་སྒྲོལ་མ་ལས་ཐོབ་པ་ཡིན་ནོ། །དེ་ཡང་ཀ་ཧོ་ར་ན་གྲོང་ཁྱེར་ཁྲི་ཚོ་ཕྱེད་དང་གཉིས་ཡོད་པ། ཀུན་ལ་འཇོམས་པ་དང་འཕྲོག་པ་བྱས་པས། བྲམ་ཟེ་ཀུན་འདུས་ནས་འདིས་འོ་སྐོལ་ཐམས་ཅད་ལ་མི་འཚམས་པ་བྱས་པས་འདི་དང་འཐབ་པ་ལས་ཡུལ་གཞན་དུ་འཁྱམས་འགྲོ་བ་དྲག་ཅེས་གྲོས་བྱས་པའི་གཏམ་དེ་སློབ་དཔོན་གྱིས་གསན་ནས་བྲམ་ཟེ་ཀུན་ལ་མི་བཏང་ནས་ཁྱེད་རྣམས་ཡུལ་གཞན་དུ་མ་འགྲོ་ཞིག ཡུལ་གཞན་དུ་སྡུག་བསྔལ་བར་འོང་བས་ཁྱེད་ཅག་ཀུན་ཁོ་བོའི་རྫས་འདི་རྣམས་ཁྱེར་ཅིག་གསུངས་ནས་ནོར་ཐམས་ཅད་སྦྱིན་པར་བཏང་ནས། སློབ་དཔོན་ཀ་ཧོ་ར་ནས་བྲོས་ཏེ་བསིལ་བ་ཚལ་གྱི་ཕ་རོལ་ནཱ་ལནྡྲར་བྱོན་ནས་རབ་ཏུ་བྱུང་སྟེ་རིག་པའི་གནས་ལྔ་ལ་སྦྱངས་པས་མཁས་པའི་མཐར་ཐུག་པར་གྱུར་ཏོ། །དེ་ནས་བཤད་པ་ལ་སྐྱོ་ནས་སྒྲུབ་པ་མཛད་པས་སྒྲོལ་མའི་ཞལ་གཟིགས་ཏེ། དཔལ་ནཱ་ལནྡྲ་པའི་ཆོས་སྐོར་དགེ་འདུན་བརྒྱ་བཞུགས་པའི་འཚོ་བ་དང་གནས་སྤངས་ཏེ་ཡུལ་གཞན་དུ་བྱོན་ནས་གྲོང་ཁྱེར་ཅིག་ཏུ་བསོད་སྙོམས་མཛད། སླར་རང་གི་གནས་སུ་ལོག་ནས་བདག་གི་བསམ་པ་འདི་འདྲ་བས་སེམས་ཅན་གྱི་དོན་མི་འགྲུབ་པས་ཡོན་ཏན་ཐོབ་པར་བྱས་ལ་འགྲོ་དོན་བྱ་སྙམ་དུ་དགོངས་ནས་རྒྱལ་པོའི་ཁབ་ཏུ་
ཕྱིན་ནས། འབྱུང་པོ་ཁྱུ་མཆོག་གི་འབྱུང་མོ་བཅུ་གཉིས་ཀྱི་བཟླས་པ་བྱས་པས་ཞག་དང་པོ་ལ་ས་གཡོས། གཉིས་པ་ལ་ཆུ་བརྡོལ། གསུམ་པ་ལ་མེ་འབར། བཞི་པ་ལ་རླུང་ལངས། ལྔ་པ་ལ་མཚོན་གྱི་ཆར། དྲུག་པ་ལ་རྡོ་རྗེའི་ཆར། བདུན་པ་ལ་དངོས་སུ་འབྱུང་མོ་ཀུན་འདུས་ནས་བར་གཅོད་བྱས་པ་ལ། སློབ་དཔོན་གྱི་ཐུགས་དམ་ལ་གཡོ་བ་མེད་པས་བར་གཅོད་མ་ཚུགས་པ་དང༌། གནོད་སྦྱིན་མོ་ཀུན་འོངས་ནས་ཁྱོད་ལ་ཅི་དགོས་ངེད་ཀྱི་སྦྱིན་ཟེར་བ་ལ། གཞན་མི་དགོས་ངའི་འཚོ་བ་སྦྱོར་ཅིག་གསུངས་པ་ལ། དེ་རྣམས་ཀྱིས་འབྲས་ཕུལ་བཞི་དང་ཚོད་མ་ལྔ་རྟག་ཏུ་སྟེར་བ་དེ་བཞེས་ཀྱིན་སློབ་དཔོན་གྱིས་ལོ་བཅུ་གཉིས་སྒྲུབ་པ་མཛད་པས་འབྱུང་མོ་བརྒྱ་རྩ་བརྒྱད་དབང་དུ་འདུས་ནས་འགྲོ་དོན་བྱ་སྙམ་པ་དང༌། རི་གྷ་ན་དྷ་ཤཱི་ལར་བྱོན་ནས་རི་དེ་གསེར་དུ་བསྒྱུར་ལ་འགྲོ་དོན་བྱ་སྙམ་ནས་རི་ལྕགས་སུ་བྱས། ལྕགས་ཟངས་སུ་བྱས་ཙ་ན། འཕགས་པ་འཇམ་དཔལ་གྱི་ཞལ་ནས། འདི་ལ་སེམས་ཅན་ཀུན་རྩོད་པ་ཆེན་པོ་འབྱུང་བས་སྡིག་པ་གསོག་པར་འོང་གསུངས་ནས་འཕྲོ་བཅད་དེ་བོར་བས། གྷ་ན་དྷ་ཤཱི་ལ་ད་ལྟ་ཡང་ཟངས་མདོག་སྨུག་པོར་ཡོད། དེ་ནས་ལྷོ་ཕྱོགས་དཔལ་གྱི་རི་བོར་བྱོན་པའི་ལམ་བར་དུ་གཙང་པོའི་འགྲམ་དུ་ཕྱིན་པ་ན། བ་ལང་རྫི་དུ་མ་དང་འཕྲད་ནས་ཆུའི་ལམ་དྲིས་པ་ན། ལམ་ངན་པ་ཆུ་སྲིན་དང༌། ངམ་གྲོག་ཅན་གྱི་མི་བདེ་བའི་ལམ་བསྟན་པ་དང༌། བ་རྫི་གཞན་ཞིག་འདུག་པ་དེ་འོངས་ནས་ལམ་འདི་ལེགས་པ་མ་ཡིན། འདི་ནས་གཤེགས་ཟེར་དེས་སློབ་དཔོན་ཁུར་ནས་ཕྱིན་པས། ཆུའི་དཀྱིལ་དུ་སློབ་དཔོན་གྱིས་སྤྲུལ་པའི་ཆུ་སྲིན་ལ་སོགས་པའི་འཇིགས་པ་སྣ་ཚོགས་བསྟན་པས། བ་རྫི་ན་རེ། བདག་མ་ཤིའི་བར་དུ་མ་འཇིགས་ཤིག་ཟེར་བས། སློབ་དཔོན་གྱིས་སྤྲུལ་པ་བརྟུལ་དེ་སྐམ་སར་ཕྱིན་པ་དང༌། སློབ་དཔོན་གྱིས་འཕགས་པ་ཀླུ་སྒྲུབ་ཡིན་ཏེ་ཁྱོད་ཀྱིས་ངོ་ཤེས་སམ་གསུངས་པ་ལས། གཏམ་ནི་ཐོས་ཏེ་ངོ་མི་ཤེས་ཞུས་སོ། སློབ་དཔོན་གྱིས་བ་ལང་རྫི་དེ་ལ་ཁྱོད་ཀྱིས་ང་ཆུ་ལས་བསྒྲལ་བའི་བརྔན་པ་ཅི་དགོས་པ་སྟེར་བ་ཡིན་གསུངས་པས། བ་ལང་རྫི་ན་
རེ། བདག་ལ་རྒྱལ་པོ་འོང་བའི་ཐབས་ཅིག་ཞུ་ཟེར་ནས། སློབ་དཔོན་གྱིས་ཕྱོགས་དེ་ན་ཤིང་སཱ་ལའི་སྡོང་པོ་གཅིག་ཡོད་པ་ལ་ཆུ་གཏོར་བས་ཤིང་དེ་མ་ཐག་གླང་པོ་ཆེར་གྱུར་ནས་རྒྱལ་པོའི་བཞོན་པ་བྱས། དམག་ཚོགས་དགོས་ཞུ་བ་ལ་གླང་པོ་ཆེ་མཁུན་པ་ན་དམག་འོང་བ་ཡིན་གསུངས་པ་དེ་བཞིན་དུ་བྱུང་སྟེ། རྒྱལ་པོའི་མིང་སཱ་ལ་བྷནྡྷ་ཞེས་བྱ་ལ། བཙུན་མོའི་མིང་སིནྡྷི་ཞེས་བྱ་བར་གྱུར་ཏོ། །གནས་གྲོང་ཁྱེར་བྷ་ཧི་ཏ་ན་ཞེས་བྱ་བའི་ཡུལ་ཁྱད་པར་འཕགས་པ་ཅིག་གྲུབ་སྟེ། རྒྱལ་པོ་ལ་ཁྲལ་འཇལ་བའི་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པའི་རྒྱལ་པོར་བྱས་ནས། སློབ་དཔོན་གྱིས་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནས་སྒོམ་སྒྲུབ་མཛད་ཀྱིན་ཡུན་རིང་དུ་བཞུགས་པ་ལ། རྒྱལ་པོ་སཱ་ལ་བྷནྡྷས་བླ་མ་དྲན་ཏེ་དཔལ་གྱི་རི་བོར་འོངས་ནས། སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱས་ཏེ། རྒྱལ་པོས་སློབ་དཔོན་ལ་ཞུས་པ། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་པ་ཆེ་བར་འདུག་པས་བདག་ལ་མི་དགོས། བདག་སློབ་དཔོན་གྱི་སྤྱན་སྔར་སྡོད་པ་ལགས་ཞུས་པས། སློབ་དཔོན་གྱིས་རྒྱལ་སྲིད་མ་བསྐྱུར་བར་རིན་པོ་ཆེའི་ཕྲེང་བ་ལ་སློབ་དཔོན་གྱིས་ལ་རྒྱལ་སྲིད་སྐྱོངས། དུས་མ་ཡིན་པར་འཆི་བའི་འཇིགས་པ་མེད་པའི་བཅུད་ལེན་གྱིས་གསུངས་པས། རྒྱལ་པོ་ན་རེ། སློབ་དཔོན་དང་ལྷན་ཅིག་ཏུ་འདུག་པའི་སྐབས་ཡོད་ན་རྒྱལ་སྲིད་དང་བཅུད་ལེན་དགོས། དེ་མ་ཡིན་མི་དགོས་ཞེས་ཟེར་ནས་འགྲོར་མ་འདོད་པར་དེ་ཉིད་དུ་གནས་པར་གྱུར་པ་ན། དེ་ལ་སློབ་དཔོན་གྱིས་གདམས་པ་གནང་སྟེ། རང་ཡུལ་དུ་བཅུད་ལེན་བསྒྲུབས། ལོ་བརྒྱའི་བར་དུ་རྒྱལ་སྲིད་བཟུང་སྟེ་གནས་སོ། །དེའི་བར་འགྲོ་བ་རྣམས་འབྱོར་པ་དང་ལྡན། རིའི་བྱ་དང་རི་དྭགས་ཀུན་ཀྱང་བདེ་བར་འཚོ་བ་ལས་ལོ་བརྒྱ་ན་སློབ་དཔོན་གྱིས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ། བདུད་དགའ་རབ་དབང་ཕྱུག་ཕྲག་དོག་སྐྱེས་ནས་བར་ཆད་ཀྱི་ལྟས་བཀྲ་མི་ཤིས་པ་སྣ་ཚོགས་བྱུང་སྟེ། ཉི་ཟླའི་སྣང་བ་མེད་པ་མོག་མོག་པོར་གྱུར་པ་དང༌། ཤིང་ཐོག་ཐམས་ཅད་རང་བཞིན་གྱིས་འབྲུལ་བ་དང༌། ཆར་ཆུ་དུས་སུ་མ་བབས་
པས་སྲོག་ཆགས་རྣམས་མུ་གེས་གཟིར་བ་དང༌། ནད་དང་མཚོན་གྱི་བསྐལ་པ་དར་བ་དང༌། རྩི་ཤིང་ནགས་ཚལ་ལ་སོགས་པ་ཀུན་སྐམ་པའི་ལྟས་མི་ཤེས་པ་སྣ་ཚོགས་བྱུང་བ་དང༌། རྒྱལ་པོ་སཱ་ལ་བྷནྡྷས་འདི་སྙམ་སྟེ། འདི་དག་ནི་གཞན་མ་ཡིན་ཏེ་ངའི་བླ་མ་ལ་གནོད་པའི་ལྟས་ཡིན་སྙམ་རང་གི་སྲས་ཙིནྡྷི་ཀུ་མཱ་ར་བྱ་བ་ལ་རྒྱལ་སྲིད་བྱིན་ཏེ། འཁོར་ཉུང་ཟད་ཅིག་དང་བཅས་ཏེ་དཔལ་གྱི་རི་བོར་སློབ་དཔོན་གྱི་སྤྱན་སྔར་ཕྱིན་པ་དང༌། བླ་མས་བུ་དོན་ཅི་ལ་འོངས་དྲིས་པ་ལ། རྒྱལ་པོ་ན་རེ། བདག་དང་སེམས་ཅན་སྐལ་པ་ཟད་གྱུར་ཏམ། །རྒྱལ་བའི་བསྟན་པ་ཉམས་པར་གྱུར་ཏམ་ཅི། །ནག་པོའི་ཕྱོགས་རྣམས་རྒྱལ་བར་གྱུར་པའམ། །ཐུགས་རྗེ་ཆེན་པོ་ཟླ་བ་ལྟར་དཀར་ལ། །ཆར་སྤྲིན་དང་འདྲའི་བདུད་ཀྱིས་བསྒྲིབས་སམ་ཅི། །རྡོ་རྗེ་ལྟ་བུའི་བླ་མ་དམ་པ་ལ། །འདུས་བྱས་རང་བཞིན་བྱུང་ངམ་སྡིག་ལྟས་རྣམས། །བྱུང་བས་བདག་ནི་འདིར་ནི་མཆིས་པ་ལགས། །ཐུགས་རྗེ་ཆེན་པོས་དགོངས་ལ་བྱིན་གྱིས་རློབས། །ཞེས་ཞུས་པས། སློབ་དཔོན་གྱིས་གསུངས་པ། སྐྱེས་པ་ཐམས་ཅད་འཆི་བ་ཡིན། འདུས་པ་ཐམས་ཅད་འབྲལ། བསགས་པ་ཐམས་ཅད་འཛད། འདུས་བྱས་ཀྱི་མཐའ་ཐམས་ཅད་མི་རྟག་པ་ཡིན་ན་དེ་ལ་མི་དགའ་བ་ཅི་ཡོད། ཁྱོད་རང་བཅུད་ལེན་ཁྱེར་ལ་སོང་ཞིག་གསུངས་པས། དེ་ན་རེ། བླ་མའི་རྩར་བཅུད་ལེན་ཟ་ཡིན་འདུག་ན་འདུག བླ་མ་མི་བཞུགས་ན་བདག་ལ་བཅུད་ལེན་མི་དགོས་ཟེར་ནས་དེར་འདུག་གོ །དེ་ནས་སློབ་དཔོན་འཕགས་པས་དངོས་པོ་ཐམས་ཅད་སྦྱིན་པར་བཏང་བ་ལ། ལྷ་ཚངས་པས་བྲམ་ཟེ་གཅིག་ཏུ་སྤྲུལ་ནས་དབུ་བསླངས་པས། སློབ་དཔོན་གྱིས་ཀྱང་སྟེར་བར་ཞལ་གྱིས་བཞེས་པ་དང༌། རྒྱལ་པོ་སཱ་ལ་བྷནྡྷས་སློབ་དཔོན་འགྲོངས་པའི་སྡུག་བསྔལ་མ་བཟོད་ནས། སློབ་དཔོན་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་གྲོངས་སོ། །མི་ཐམས་ཅད་ཀྱང་བྲམ་ཟེ་དེ་ལ་ཁ་ཟེར་བར་བྱེད་དོ། །དེའི་དུས་སུ་སློབ་དཔོན་གྱིས་དབུ་བྱིན་པས་གཞན་གང་གིས་ཀྱང་མ་ཆོད་པ་ན།
རྩྭ་ཀུ་ཤ་གཅིག་གིས་རང་གི་དབུ་བཅད་ནས་ཚངས་པ་ལ་བྱིན་ནོ། །དེ་ནས་ཤིང་ཐམས་ཅད་ཀྱང་སྐམས། མི་ཐམས་ཅད་ཀྱི་བསོད་ནམས་ཀྱང་འགྲིབ་བོ། །སྔོན་གྱི་གནོད་སྦྱིན་མོ་བརྒྱད་ཀྱིས་སློབ་དཔོན་གྱི་སྐུ་ལུས་བསྲུངས་ནས་ད་ལྟ་ཡང་ཡོད་དོ། །བླ་མའི་གདུང་འཚོབ་ཏུ་ཀླུའི་བྱང་ཆུབ་བཞུགས་པའི་འོད་ནུབ་མོ་འཕྲོ་བ་ཟླ་ཟེར་ཙམ་དེ་ལྟ་ཡང་ཡོད་དོ། །སློབ་དཔོན་གྱི་སྐུ་ལུས་དེ་རྒྱལ་བ་བྱམས་པའི་བསྟན་པ་ལ་སླར་བཞེངས་ནས་འགྲོ་བའི་དོན་མཛད་གསུང་ངོ༌། །གུ་རུ་ཀླུ་སྒྲུབ་ཀྱི་ལོ་རྒྱུས་རྫོགས་སོ།། ༡༦ །།གུ་རུ་ཀཧྞ་པའི་ལོ་རྒྱུས་ནི། ཨཱ་ཙརྻ་ཀཧྞ་པ་བྱ་བ་སློབ་དཔོན་ནག་པོ་སྤྱོད་པ་པ། ཡུལ་སོ་མ་པཱུ་རི། བླ་མ་ཛ་ལནྡྷ་ར་པ། རིགས་ཡི་གེ་པ། དེ་རྒྱལ་པོ་ལྷ་སྐྱོང་གིས་བཞེངས་པའི་གཙུག་ལག་ཁང་སོ་མ་པཱུ་རིའི་དགེ་སློང་ཞིག་ཡིན་པ་ལ། བླ་མ་ཛ་ལནྡྷ་ར་པས་དབང་བསྐུར། དགྱེས་པ་རྡོ་རྗེའི་གདམས་པ་གནང་ནས་ལོ་བཅུ་གཉིས་བསྒྲུབས་པས་དུས་རེ་ཞིག་ན་ས་གཡོ་བར་བྱེད་ཅིང༌། དགྱེས་པ་རྡོ་རྗེའི་ལྷ་ཚོགས་ཞལ་གཟིགས་པས་དགའ་བ་སྐྱེས་པ་ན། ཌཱ་ཀི་མས། རིགས་ཀྱི་བུ་འདི་ནི་མཚན་མ་ཁྱད་པར་ཅན་མ་ཡིན་པས་མ་སྙེམས་ཤིག བདེན་པ་དེ་ཁོ་ན་ཉིད་རྟོགས་པ་མེད་པས་སོ་ཞེས་ཟེར། ཡང་ཕ་ཝང་ཞིག་ཡོད་པ་དེ་ལ་ཞབས་བཞག་པས་རྡོ་ལ་ནུབ་པ་དང༌། སློབ་དཔོན་ང་རྒྱལ་སྐྱེས་ཏེ། ད་ནི་དངོས་གྲུབ་ཐམས་ཅད་ཐོབ་སྙམ་པ་དང་ཡང་ཌཱ་ཀི་མས་བཟློག་གོ །ཡང་ཕྱིར་ཕྱུང་བ་དང་ཞབས་ཁྲུ་གང་ཙམ་གྱིས་ས་ལ་མ་རེག་པ་དང༌། ང་རྒྱལ་སྐྱེས་པས་སྔར་བཞིན་ནོ། །གཞན་ཡང་ནམ་མཁའ་ལ་གདུགས་བདུན་དང༌། ཌ་མ་རུ་བདུན་ནམ་མཁའ་ལ་འགྲོ་བ་དང༌། རང་སྒྲ་འབྱུང་བ་ཐོས་ནས་ད་ནི་བདག་ཅག་གིས་དངོས་གྲུབ་ཐོབ་སྙམ་ནས། སློབ་མ་ཀུན་ལ་ངས་གྲུབ་པ་ཐོབ་པས་འགྲོ་དོན་ལ་སྲིན་པོ་ལངྐ་པཱུ་རིའི་ཡུལ་དུ་འདེངས་ཤིག་གསུངས་ནས། སློབ་མ་འཁོར་སུམ་སྟོང་དང་ལྷན་ཅིག་ཏུ་ཆས་ཏེ་ཕྱིན་པ་དང་འཁོར་རྣམས་ཆུ་ཁར་བོར། ཀཧྞ་པ་རང་རྒྱ་མཚོ་ལ་བྱིང་བ་མེད་པར་ཕྱིན་པ་ན། ཐུགས་ལ་བདག་གི་བླ་མ་ལ་ནུས་པའི་མི་མངའ་བ་ལ་
བདག་ལ་འདི་ལྟ་བུའི་ནུས་པ་ཡོད་སྙམ་པའི་ང་རྒྱལ་བྱུང་བས་ནུས་པ་ཉམས་ཏེ་དེ་ཉིད་དུ་ཆུར་ནུབ་ནས། ཆུའི་རླབས་ཀྱིས་མཐར་བཏོན་ནས་ནམ་མཁའ་ལ་བལྟས་པས། བླ་མ་ཛ་ལནྡྷ་ར་བ་ནམ་མཁའ་ལ་བྱོན་པ་མཐོང་ནས་བླ་མའི་ཞལ་ནས་ཀཧྞ་པ་གར་ཕྱིན། ཅི་ཉེས་གསུངས་པས། ཀཧྞ་པ་ངོ་ཚ་བཞིན་དུ་བླ་མ་ལ་ཞུས་པ། བདག་སྲིན་པོ་ལངྐ་པཱུ་རིའི་ཡུལ་དུ་འགྲོ་དོན་ལ་ཆས་པ་ན། བླ་མ་བས་བདག་ནུས་མཐུ་ཆེ་སྙམ་པའི་ང་རྒྱལ་སྐྱེས་པས་ནུས་པ་ཉམས་ཏེ་ཆུར་ནུབ་པར་གྱུར་ཏོ། །ཞེས་ཞུས་པས། བླ་མའི་ཞལ་ནས། ད་འདིས་མི་ཕན་པས། ངའི་ཡུལ་ས་ལ་པུ་ཏྲ་བྱ་བ་ན་ཆོས་ཀྱི་རྒྱལ་པོ་དྷརྨ་ཕ་ལ་བྱ་བ་བཞུགས། དེ་ན་ངའི་སློབ་མ་ཐགས་མཁན་ཅིག་ཡོད་ཀྱི། དེར་སོང་ལ་དེས་ཅི་སྨྲས་པ་བཞིན་གྱིས་ཤིག་གསུངས་པས། དེ་བཞིན་བྱ་སྙམ་པས་དེ་ཉིད་དུ་གདམས་ངག་གང་ཡིན་པ་ཡིད་ལ་བྱས་པས་རྐང་པ་ས་ལ་མི་རེག་པ་དང༌། གདུགས་དང་ཌ་མ་རུ་ནམ་མཁའ་ལ་འདུག་པ་དང༌། ཕ་ཝང་ལ་རྐང་པ་བྱིང་བ་ལ་སོགས་པ་སྔར་གྱི་ནུས་པ་རྣམས་ཐོབ་ནས་འཁོར་སུམ་སྟོང་དང་བཅས་པ་ཡུལ་ས་ལ་པུ་ཏྲར་བྱོན་པ་དང་སློབ་མ་རྣམས་ཕྱོགས་གཅིག་ཏུ་བོར་ཏེ། སློབ་དཔོན་ཐགས་མཁན་འཚོལ་དུ་ཕྱིན་པས། ལམ་དུ་ཐགས་མཁན་མང་པོ་དང་འཕྲད་པ་ལ་སློབ་དཔོན་གྱིས་གཟིགས་པས། སྣལ་མ་ཆད་པ་ལ་རང་གིས་མཐུ་དགོས་པ་འདི་ཀུན་མ་ཡིན་ངེས་སྙམ་སྟེ། གྲོང་གི་མཐའ་ན་ཐགས་མཁན་ཞིག་འདུག་པའི་སར་ཕྱིན་ནས་བལྟས་པས། སྣལ་མ་ཆད་པ་ཐམས་ཅད་མཐུད་མ་དགོས་པར་རང་འབྱར་ལ་འགྲོ་བ་མཐོང་བས་འདི་ངེས་པར་ཡིན་ངེས་སྙམ་ནས་ཞབས་ལ་ཕྱག་འཚལ་བསྐོར་བ་བྱས་པ་དང༌། ཐགས་མཁན་གྱིས་སྨྲས་པ། ངས་ཅི་ཟེར་བ་བཞིན་ཉན་ནམ་ཟེར་བ་ལ་ཉན་བྱས་ཏེ། གཉིས་ཀ་དུར་ཁྲོད་དུ་ཕྱིན་ནས་མི་རོ་ཞིག་དང་འཕྲད་པ་ན། དེ་ན་རེ་ཁྱོད་ཀྱིས་ཤ་ཟ་ནུས་སམ། ནུས་ན་འདི་ཟོ་ཞིག་ཟེར་བ་ལ། ཀཧྞ་པས་གྲི་བཏོན་ནས་གཅོད་པར་བརྩམས་པ་ལ། ཐགས་མཁན་ན་རེ། ད་དུང་སྡོད་ཅིག་ཟེར་ནས་དེས་སྤྱང་ཀིར་སྤྲུལ་ནས་ཤ་ཟོས་སོ། །དེ་ནས་ཐགས་མཁན་ན་རེ། འདི་འདྲ་བར་སྤྲུལ་ནུས་པའི་དུས་སུ་གཟོད་ཤ་ཟ་བ་ཡིན་ཟེར་རོ། །
དེ་ནས་ཐགས་མཁན་གྱིས་དྲི་ཆེན་རིལ་བུ་གསུམ་བཏང་ནས་ཀཧྞ་པ་ལ་གཅིག་བྱིན་ནས་ཟོ་ཞིག་ཟེར་བ་ལ། ང་མིས་འཕྱ་བར་འོངས་ཟེར་ནས་ཟར་མ་འདོད་པ་དང༌། གཅིག་ཐགས་མཁན་རང་གིས་ཟོས། གཅིག་ནམ་མཁའི་ལྷ་རྣམས་ཀྱིས་ཁྱེར། གཅིག་ས་འོག་གི་ཀླུ་རྣམས་ཀྱིས་ཁྱེར་རོ། །དེ་ནས་གཉིས་ཀ་ཡུལ་དུ་ལོག་བྱོན་ནས། ཐགས་མཁན་གྱིས་པ་ཎ་ལྔས་ཆང་དང་བཟའ་བ་ཉོས་ནས་འདི་སྐད་དུ། ད་ཁྱོད་ཀྱིས་འཁོར་ཀུན་སྦྲོན་ལ་ཤོག་ཅིག རང་ཅག་ཚོགས་ཀྱི་འཁོར་ལོ་ཅིག་བྱ་དགོས་གསུང་བ་ལ། ཀཧྞ་པ་འདི་སྙམ་དུ་འདིས་མི་གཅིག་རང་ཡང་འགྲངས་པར་མི་འགྱུར་ན། ངེད་དཔོན་སློབ་སུམ་སྟོང་ལ་འདིས་ཇི་ལྟར་བྱ་སྙམ་པ་ནས་དཔོན་སློབ་ཀུན་བྱོན་པ་ན། རྣལ་འབྱོར་པའི་བྱིན་རླབས་ཀྱིས་ལ་དུ་དང་འབྲས་ཆན་ལ་སོགས་པའི་འདོད་ཡོན་གྱིས་སྣོད་ཐམས་ཅད་གང་བར་གྱུར་ནས། ཞག་བདུན་གྱི་བར་དུ་ཚོགས་ཀྱི་ཡོད་བྱད་ལ་ལོངས་སྤྱད་ཀྱང་ཟད་པར་མ་གྱུར་པ་དང༌། ཀཧྞ་པས་ཉིད་ཅག་གི་བཟའ་བཏུང་རྒྱ་མཚོ་དང་འདྲ་བ་དངོས་ཅག་གིས་འཚལ་རྔོ་མི་ཐོགས་ཟེར་ནས་ལྷག་རོལ་དོར་ཏེ་ཀཧྞ་པ་འཁོར་བཅས་ཆས་པ་ན། ཐགས་མཁན་གྱིས་སྨྲས་པ། ཀྱེ་མ་བྱིས་པའི་སྐྱེ་བོ་རྣམས། །རང་གིས་རང་ཉིད་ཕུང་བར་འགྱུར། །ཐབས་དང་ཤེས་རབ་བྲལ་བ་ཡི། །རྣལ་འབྱོར་པ་དག་དེ་བཞིན་ནོ། །དེ་གཞན་དུ་ཕྱིན་ཡང་མི་ཕན། གདུགས་དང་ཌ་མ་རུ་སོགས་དངོས་གྲུབ་ཕྲ་མོ་ཡིན། ད་དུང་ཆོས་ཉིད་མ་རྟོགས་པས་སྒྲུབ་པ་གྱིས་བྱས་པས། ཀཧྞ་པ་དེ་མ་འདོད་ནས་བྷ་དྷོ་ཀོ་ར་ཞེས་བྱ་བའི་ཡུལ་དུ་ཕྱིན་པ་དང༌། ཤར་ཕྱོགས་སོ་མ་པུ་རིའི་གཙུག་ལག་ཁང་ནས་དཔག་ཚད་བརྒྱ་ཙམ་གྱི་ཕ་རོལ་གྲོང་ཁྱེར་ཅིག་གི་འགྲམ་དུ་བྱོན་པ་ལས། དེ་ན་ལི་ཁི་བྱ་བའི་ཤིང་ཐོག་ཡོད་པའི་ཤིང་དྲུང་ན་བུ་མོ་གཅིག་འདུག་པ་ལ། ཀཧྞ་པས་ང་ལ་ཤིང་ཐོག་བྱིན་ཅིག་གསུངས་པས་བུ་མོ་དེས་སྟེར་དུ་མ་འདོད་པ་དང༌། སློབ་དཔོན་གྱིས་ལྟ་སྟངས་ཀྱིས་ཤིང་ཐོག་ས་ལ་ཕབ། བུ་མོས་སླར་ཡང་ལྟ་སྟངས་ཀྱིས་ཤིང་ཐོག་དེ་དག་ཤིང་ལ་སྦྱར་བ་དང༌། ཀཧྞ་པ་ཁྲོས་ནས་བུ་མོ་ལ་སྔགས་བཟླས་པས། བུ་མོའི་ཡན་ལག་
ཐམས་ཅད་ནས་ཁྲག་འཛག་སྟེ་ས་ལ་འགྱེལ་བ་དང་མི་ཀུན་འཕྱ་བར་གྱུར་ཏེ། སངས་རྒྱས་པ་བྱ་བ་ཐུགས་རྗེ་ཆེ་བ་ཡིན་ལ། རྣལ་འབྱོར་པས་མི་བསད་ཟེར་བ་དང༌། ཀཧྞ་པ་སེམས་ཞི་ནས་བུ་མོ་ལ་སྙིང་རྗེའི་སེམས་སྔོན་དུ་བཏང་སྟེ་སྔགས་བརྟུལ། རང་གི་སྲུང་བ་ཡང་བཏང་བ་དང་བུ་མོས་ཀཧྞ་པ་ལ་སྔགས་བཏབ་པས། ཀཧྞ་པ་ཡང་སྟེང་འོག་ཏུ་ཁྲག་སྐྱུགས་ནས་ན་བར་གྱུར་པ་དང༌། ཀཧྞ་པས་བྷནྡྷེ་བྱ་བའི་མཁའ་འགྲོ་མ་གཅིག་ཡོད་པ་ལ་སྨྲས་པ། བདག་གི་སྐྱུགས་པ་འདི་ལ་ཕན་པའི་སྨན་ལྷོ་ཕྱོགས་དཔལ་གྱི་རི་ལ་ཡོད་པས་དེ་ལོང་ལ་ང་ལ་བྱིན་ཅིག་སྨྲས་པ་དང༌། བྷནྡྷེས་ལྷོ་ཕྱོགས་དཔལ་གྱི་རི་ལ་ཟླ་བ་དྲུག་གི་ལམ་ཡོད་པ་ཞག་གཅིག་ལ་བཅད་ནས་སྨན་བླངས་ཏེ། ཞག་བདུན་གྱི་ངོ་ལ་ཡུལ་དུ་སླེབ་པའི་ལམ་ཁར་སྔར་གྱི་བུ་མོ་དེས་རྒན་མོ་ཞིག་ཏུ་སྤྲུལ་ནས་ངུ་ཡིན་བསྡད་པ་དང༌། དེས་ཁྱོད་ཅི་ལ་ངུ་བ་ཡིན་བྱས་པས། དེ་ན་རེ། ཅི་ལ་མི་ངུ༌། རྣལ་འབྱོར་པ་ཀཧྞ་པ་ཤི་ནས་མེད་པས་ངུ་བ་ཡིན་ཟེར་བ་དང༌། མཁའ་འགྲོ་མ་བྷནྡྷེས། འོ་ན་སྨན་གྱིས་དགོས་པ་མེད་སྙམ་ནས་སྨན་ས་ལ་བསྐྱུར་བ་དེ་རྒན་མོས་ཁྱེར་རོ། །མཁའ་འགྲོ་མ་ཁྱིམ་དུ་སླེབས་པ་ན། ཀཧྞ་པ་མ་ཤི་བར་འདུག་པས། ཀཧྞ་པས་སྨན་ག་རེ་ཟེར་བ་ན་སྔར་གྱི་གཏམ་བརྗོད་དེ་མེད་བྱས་སོ། །དེ་ནས་ཞག་བདུན་དུ་སློབ་མའི་ཚོགས་ལ་ཆོས་བཤད། ཕག་མོ་དབུ་བཅད་མའི་གདམས་ངག་བྱིན་ནས། སློབ་དཔོན་གྱི་རྣམ་སྨིན་གྱི་ལུས་དེ་ཉིད་དུ་བོར་ནས་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་མཁའ་འགྲོ་མ་བྷནྡྷེ་ཁྲོས་ནས། ད་ཅིའི་བུད་མེད་བཙལ་བ་ན། སྟེང་ལྷའི་ཡུལ་དང༌། འོག་ཀླུའི་ཡུལ་དང༌། བར་མི་ཡི་ཡུལ་གང་ནས་ཀྱང་མ་རྙེད་པ་ལས། ཤམ་བྷི་ལ་བྱ་བའི་ཤིང་ཅིག་གི་ནང་ན་འདུག་པས་མཁའ་འགྲོ་མས་དེ་བཟུང་ནས་སྔགས་བཏབ་སྟེ་ཡང་བསད་པར་གྱུར་ཏོ། །དེས་ན་ང་རྒྱལ་དང་ཕྲག་དོག་ནི་བར་ཆད་ཡིན་པར་ཤེས་པར་བྱའོ། །གུ་རུ་ཀཧྞ་པའི་ལོ་རྒྱུས་རྫོགས་སོ།། ༡༧ །།གུ་རུ་ཀརྞ་རི་པའི་ལོ་རྒྱུས་ནི། སྐྱེ་གནས་བཞི་ལས་བརྫུས་སྐྱེས་ཡིན། དཔལ་ནཱ་ལནྡྲའི་གཙུག་ལག་ཁང་ན་ཕར་གཤེགས་ཏེ་རབ་ཏུ་བྱུང་
པ་ཐམས་ཅད་ཀྱི་མཁན་པོ་མཛད་ནས་མཁན་བུ་འབུམ་ཡོད་པ་ལས། རང་ཉིད་ཀྱིས་སློབ་དཔོན་མང་པོ་ལ་གདམས་ངག་ཞུས་ཀྱང་རྟོགས་པ་མ་སྐྱེས་ནས། ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་གཏམ་ཐོས་ནས། དད་པ་དང་མོས་པ་ཁྱད་པར་ཅན་སྐྱེས་ནས་ལམ་དུ་ཞུགས་ཏེ་ཕྱིན་པ་དང༌། རྒྱ་མཚོ་ཆེན་པོ་ཞིག་གི་འགྲམ་དུ་འཕགས་པ་འཇམ་དཔལ་གྱིས་ཉ་པ་ཞིག་ཏུ་སྤྲུལ་ནས་བཞུགས་པ་ཀརྞ་རི་པས་མཐོང་སྟེ། དེ་ལ་ཕྱག་དང་མཎྜལ་ཕུལ་ཏེ། བདག་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་སར་འགྲོ་བ་ལགས་པས་བདག་ལ་ལམ་སྟོན་པར་ཞུ་ཞེས་སྨྲས་པ་དང༌། དེ་ན་རེ། ཕ་ཀིའི་ནགས་འཐུག་པོའི་ནང་ན་བཅུད་ལེན་སྒྲུབ་ཅིང་བཞུགས་སོ། །ཞེས་ལུང་བསྟན་ནས་དེར་ཕྱིན་པས་སློབ་དཔོན་བཅུད་ལེན་གྱི་རྫས་བསགས། དེར་སྦྱོར་གྱིན་བཞུགས་པ་མཐོང་ནས་ཕྱག་བྱས་གསོལ་བ་བཏབ་ནས་རྗེས་སུ་གཟུང་བར་ཞུས་པས་གནང་སྟེ། གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར། གདམས་ངག་བྱིན་ནས་སློབ་དཔོན་གྱི་གམ་དུ་སྒོམ་གྱིན་བཞུགས་སོ། །དེ་ནས་ནགས་དེ་དང་ཧ་ཅང་མི་རིང་བ་ཞིག་ན་གྲོང་ཁྱེར་ཅིག་ཡོད་པ་ལ། དེར་དཔོན་སློབ་གཉིས་ཀ་བསོད་སྙོམས་ལ་བྱོན་པས། ཀརྞ་རི་པས་བསོད་སྙོམས་ཤིན་ཏུ་ཞིམ་པ་རྙེད་ལ། སློབ་དཔོན་གྱིས་ཞིམ་པ་མ་རྙེད་ནས། སློབ་དཔོན་གྱིས་གསུངས་པ་ཁྱོད་ཀྱི་འདི་ནི་བུད་མེད་ཆགས་ནས་སྟེར་བ་ཡིན་པས་མི་ཞིམ་པ་ཡིན་ནོ། །ཁྱོད་ཀྱིས་ཟས་ཞིམ་པོ་རྙེད་པ་དེ་མ་ལེགས། དེ་ཡང་ཤིང་གི་འདབ་མའི་སྟེང་དུ་མ་ལེན་པར་ཁབ་ཀྱི་རྩེ་མོ་ལ་ཆགས་པ་དེ་ལོང་གསུངས་པས། དེ་བཞིན་དུ་བྱས་ཏེ་འབྲས་ཆན་རྡོག་མ་གཅིག་བླངས་ཏེ་ཟོས་པས། དེའི་ནངས་པར་བུད་མེད་རྣམས་ཀྱིས་བག་ཕྱེ་ལ་ཁུར་བ་བྱས་ནས་དེའི་སྟེང་དུ་བཟའ་བ་ཞིམ་པོ་སྣ་ཚོགས་བཞག་སྟེ་ཁབ་ཀྱི་རྩེ་མོ་ལ་བཀལ་ནས་དྲངས་པས། དེ་བླ་མ་ལ་ཡར་དྲངས། རང་གིས་ཀྱང་གསོལ་བས། བླ་མའི་ཞལ་ནས། ཁྱོད་ཀྱིས་ཅི་ཙུག་བྱས་ནས་བླངས་པ་ཡིན་གསུངས། དེ་ན་རེ། བདག་གིས་བླ་མ་
རང་གིས་གསུངས་པ་བཞིན་བྱས་ནས་བླངས་པ་ལགས་ཞུས་པས། འོ་ན་ཁྱོད་གྲོང་ཁྱེར་དུ་མ་འགྲོ་བར་ཁང་པའི་ནང་དུ་སྡོད་ཅིག་གསུངས་པས་དེ་བཞིན་དུ་བྱས་ཏེ་བསྡད་པ་ན། ཤིང་གི་ལྷ་མོས་ཁང་པའི་ནང་དུ་བཟའ་བ་ཞིམ་པོ་མང་པོ་དྲངས་ཏེ་རང་གི་གཟུགས་དངོས་སུ་བསྟན། ཕྱག་བཙལ། གཏམ་ཡང་བྱས་སོ། །དེའི་བསོད་སྙོམས་ཀྱང་བླངས་ཏེ་བླ་མ་ལ་དྲངས་པས་ཁྱོད་ཀྱིས་འདི་འདྲ་བ་གང་ནས་རྙེད་གསུངས་པ་ལ། ཤིང་གི་ལྷ་མོས་དྲངས་པ་ཡིན་ཞུས་པས། སློབ་དཔོན་འཕགས་པས་བདེན་ནམ་སད་པའི་ཕྱིར་ཤིང་གི་ལྷ་མོ་ཅན་དུ་བྱོན་ནས་བལྟས་པས་ལྷ་མོའི་གཟུགས་ནི་དངོས་སུ་མ་མཐོང༌། དཔུང་པ་ཡན་ཆད་ཀྱི་ལག་པ་མཐོང་ནས། དེར་སློབ་དཔོན་གྱིས་ངའི་སློབ་མ་ལ་གཟུགས་དངོས་སུ་སྟོན་ལ། ང་ལ་མི་སྟོན་པ་ཅི་ཡིན་གསུངས་པས། ཤིང་དེ་ལས་སྒྲ་འདི་ལྟ་བུ་བྱུང་སྟེ། ཁྱོད་ལ་ད་དུང་ཉོན་མོངས་པའི་ཆ་ཤས་མ་སྤངས་པར་འདུག་ལ། ཁྱོད་ཀྱི་སློབ་མས་ཉོན་མོངས་པ་མ་ལུས་པ་སྤངས་པས་ང་མཐོང་ངོ༌། །ཞེས་ཟེར་རོ། །དེར་མཁན་སློབ་གཉིས་བཀའ་བགྲོས་ནས་བཅུད་ལེན་གྱི་སྨན་བཟའ་དགོས་ཟེར་ཏེ། སློབ་དཔོན་གྱིས་ཀརྞ་རི་པ་བྱ་བ་ཨཱརྻ་དེ་བ་ལ་བྱིན། རང་ཉིད་ཀྱིས་ཀྱང་གསོལ་ཏོ། །དེ་ནས་ཀརྞ་རི་པས་ཤིང་སྐམ་པོ་ལ་བཅུད་ལེན་གྱི་སྨན་བྱུགས་པས་ལོ་མ་སྐྱེས་པ་དང༌། དེ་སློབ་དཔོན་གྱིས་གཟིགས་ནས་ཅུང་ཟད་བཞད་དེ། ཁྱོད་ཀྱིས་ངའི་བཅུད་ལེན་གྱི་སྨན་ཤིང་ལ་བྱུགས་ན། ད་ངའི་བཅུད་ལེན་ཁྱེར་ལ་ཤོག་གསུངས་པས། ཀརྞ་རི་པ་ན་རེ། བཞེང་ན་འབུལ་ཟེར་ནས་ཆུ་རྫ་མ་གང་གི་ནང་དུ་རང་གི་ཆུ་བཏང་ནས་ཤིང་བུས་དཀྲུགས་པས་བཅུད་ལེན་གྱི་རྫས་སུ་སོང་བས་དེ་ཁྱེར་ནས་སློབ་དཔོན་གྱི་ཐད་དུ་ཕྱིན་ཏེ་ཕུལ་བ་དང༌། སློབ་དཔོན་གྱིས་འདི་རེ་མང་གསུངས་ནས་ཤིང་སྐམ་པོ་ལ་གཏོར་བས་སྐྱེས་སོ། །དེ་ཡང་སློབ་དཔོན་གྱིས་སློབ་མ་ལ་རྟོགས་པ་སྐྱེས་སམ་མ་སྐྱེས་བརྟགས་པ་ཡིན་ནོ། །དེར་རྟོགས་པ་སྐྱེས་པར་གོ་ནས་ད་ཁྱོད་འཁོར་བར་མ་འདུག་ཅིག་གསུངས་པས། དེ་ཐོས་པའི་མོད་ལ་བར་སྣང་ལ་གཤེགས་པར་ཆས་པ་ལ། སྔར་ནས་སློབ་དཔོན་ལ་
བསྙེན་བཀུར་མཛད་ཅིང་ཕྱག་ཕྱིར་འབྲངས་པའི་བུད་མེད་གཅིག་ཡོད་པ་ལ། སློབ་དཔོན་གྱིས་ཁྱོད་ཅི་འདོད་ནས་བདག་ལ་ཡུན་རིང་དུ་བསྙེན་བཀུར་བྱེད་པ་ཡིན་སྨྲས་པ། བུད་མེད་དེས་བདག་ལ་གཞན་ཅི་ཡང་མི་དགོས་ཀྱི། ཁྱེད་ཀྱི་སྤྱན་ལ་ཆགས་ནས་འབྲོངས་པ་ཡིན་པས་སྤྱན་དགོས་ཟེར་བ་ལ། སློབ་དཔོན་གྱིས་རང་གི་སྤྱན་གཡས་པ་བཏོན་ནས་དེ་ལ་བྱིན་པས་ཕྱོགས་མཚམས་ཐམས་ཅད་དུ་ཨཱརྻ་དེ་ཝ་མིག་གཅིག་བཞེས་གྲགས་པ་དང༌། ཨཱརྻ་དེ་ཝ་ཀརྞ་རི་པ་དེས་བླ་མ་ཀླུ་སྒྲུབ་ཀྱི་གདམས་ངག་ཉམས་སུ་བླངས་པས་སེམས་ཀྱི་དྲི་མ་དག་སྟེ། རྒྱུད་ཡོངས་སུ་གྲོལ་ནས་བླ་མའི་གསུང་ཐོས་པ་ཙམ་གྱིས་མོད་ལ་བར་སྣང་ལ་ཤིང་ཏ་ལ་བདུན་ཙམ་དུ་འཕགས་ནས་འགྲོ་བ་དུ་མ་ལ་ཆོས་བསྟན་པས་རྒྱུད་ཡོངས་སུ་སྨིན་པར་བྱས་ནས་རང་གི་འོག་ན་བླ་མ་བཞུགས་པ་ལ་རྐང་པ་ནམ་མཁར་བསྟན། མགོ་བོ་ཐུར་དུ་ཕྱོགས་ནས་ཐལ་མོ་སྦྱར་ཏེ་བླ་མ་ལ་ཕྱག་བྱས་ནས་སྟེང་གི་ནམ་མཁའ་ལ་ཡར་འཕགས་པ་ལ་སྟེང་གི་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །སློབ་དཔོན་ཨཱརྻ་དེ་ཝའམ། གུ་རུ་ཀརྞ་རི་པ་སྟེ་མཚན་གཉིས་ལྡན་དེའི་ལོ་རྒྱུས་རྫོགས་སོ།། ༡༨ །།གུ་རུ་ཐ་ག་ན་པ་ཞེས་རྟག་ཏུ་རྫུན་སྨྲ་བ་ཡིན་ལ། དེའི་ལོ་རྒྱུས་ནི། ཡུལ་རྒྱ་གར་ཤར་ཕྱོགས། རིགས་དམངས་རིགས། ལས་ཀྱི་མཐས་འཚོ་བ་ཞིག་ཡིན་ལ། དེ་ཡང་དུས་རེ་ཞིག་ན་ཤིང་སྡོང་པོ་ཅིག་གི་སྟེང་དུ་འདུག་ནས་གཞན་ལ་རྫུན་ཇི་ལྟར་སྨྲའམ་སྙམ་པའི་རྟོག་པ་ལ་ཞུགས་པ་དང༌། དེའི་གན་དུ་ལེགས་པར་སྦྱངས་པའི་དགེ་སློང་ཅིག་འོངས་ནས། ཁྱོད་དོན་ཅི་བྱེད་ཅིང་འདུག་གསུངས་པ་ལ། དེ་ན་རེ། འཕགས་པ་ཞུ་མི་འཚལ་ལོ། །དགེ་སློང་གི་ཞལ་ནས། ཁྱོད་རྫུན་མ་བྱེད་པར་སྨྲོས་ཤིག་དང༌། རྫུན་སྨྲས་པར་གྱུར་ན་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བར་སྐྱེ་བ་ཡིན་ལ། བྱེད་པ་རྒྱུ་མཐུན་ནི་རྫུན་སྨྲ་སྙིང་འདོད་པ་དང༌། གཞན་ཡིད་མི་ཆེས་པ་ཡིན། དབང་གི་འབྲས་བུ་ནི་ཕྱིས་ལྕེ་ལ་ཞིང་རྨོ་བ་ཡིན་ཞིང༌། མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་ནི་ཁ་ནས་དྲི་མི་ཞིམ་པ་བྲོ་བ་དང༌། ངག་མི་བཙུན་པ་ཡིན། སྐྱེས་བུ་བྱེད་པའི་
འབྲས་བུ་ནི། ཞིང་ཚ་སྒོ་ཅན་དང༌། འབྲུ་བཅུད་མེད་པར་སྐྱེ་བ་ལ་སོགས་པ་གསུངས་པས། སྐྱེས་བུ་དེས་རྫུན་གྱི་རྣམ་པར་སྨིན་པ་སྔར་མ་ཐོས་པ་དེ་ཐོས་པས་འཇིགས་ནས། དེ་ལ་བདེན་པར་སྨྲས་ཏེ། འཕགས་པ་བདག་ནི་ཐ་ག་ན་ཞེས་བྱ་བ་ལགས་ཏེ། དུས་རྟག་ཏུ་རྫུན་གཅིག་ཏུ་སྨྲ་ཞིང༌། བདེན་པ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་ཡང་མི་སྨྲ་ལགས་སོ། །ད་ལྟར་ཡང་སུ་ལ་རྫུན་ཅི་སྨྲ་སེམས་པ་ལགས་ཟེར་བས། དགེ་སློང་གིས་ཁྱོད་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ། འཕགས་པ་ཆོས་ལྟ་བགྱིད་ལགས་ཏེ། དང་པོ་ནས་རྫུན་ལ་གོམས་པས་དེ་སྤོང་བར་བྱེད་མི་ནུས་ལགས་ཞེས་ཟེར་བ་ལ། དེས་རྫུན་སྨྲས་ཀྱང་མི་སྟོ་བའི་གདམས་ངག་ཡོད་དོ་གསུངས་པས། དེ་དགའ་སྟེ་ཆོས་ཞུ་འཚལ་ཟེར་ནས་དགེ་སློང་གིས་དེའི་ཁམས་དང་བསམ་པ་དང་བག་ལ་ཉལ་དང་བསྟུན་ནས་རྣ་བར་ཆུ་ཞུགས་པ་འབྱིན་པའི་གདམས་ངག་བཞིན་ཏུ་རྫུན་ཉིད་རྫུན་གྱི་གཉེན་པོར་བསྒོམས་པའི་གདམས་ངག་གི་སྔོན་དུ་དབང་བསྐུར་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་ཏེ། གདམས་ངག་དངོས་ནི་འདི་སྐད་དུ། ཤེས་བྱའི་ཆོས་ཐམས་ཅད་ནི་གདོད་མ་ནས་རྫུན་ཡིན་ལ། ཁྱོད་ཀྱིས་མཐོང་བ་དང་ཐོས་པ་ལ་སོགས་པ་ཡུལ་དྲུག་དབང་པོ་དྲུག་གིས་ཉམས་སུ་མྱོང་བ་ཐམས་ཅད་རྫུན་པ་ཡིན་པས། ཁྱོད་ཀྱིས་ཐམས་ཅད་རྫུན་གཅིག་པུར་སྒོམས་ཤིག དེ་ཡང༌། སྣང་སྲིད་རྫུན་པའི་ཆོས་རྣམས་ལ། །རྫུན་པར་མ་ཤེས་རྫུན་སྨྲ་ཟེར། །ཤེས་དང་ཤེས་བྱ་ཐམས་ཅད་རྫུན། །དེས་ན་ཚོགས་དྲུག་ཡུལ་དྲུག་ཀྱང༌། །རྫུན་ཏེ་བདེན་པ་ག་ལ་ཡོད། །རྫུན་ལ་བདེན་པར་ཞེན་པ་ཡི། །བདེན་པས་འཁོར་བའི་སྡུག་བསྔལ་མྱོང༌། །ཀྱེ་མ་བྱིས་པ་རྫུན་ཉིད་ལ། །རྫུན་པར་མ་རྟོགས་བདེན་པར་བཟུང༌། །དེ་ཡིས་ཟོ་ཆུའི་ཁྱུད་མོ་ལྟར། །ཡང་དང་ཡང་དུ་འཁོར་བར་འཁྱམས། །དེས་ན་ཁྱོད་ཀྱིས་ཆོས་རྣམས་ཀུན། །རྫུན་པ་ཉིད་དུ་ཡང་དག་བསྒོམ། །སྒྲ་ཉིད་རྫུན་པ་ཡིན་པ་ལྟར། །གཟུགས་ལ་སོགས་པ་དེ་བཞིན་ཏེ། །དེར་འཛིན་པ་ཡང་རྫུན་དུ་བསྒོམ། །ཞེས་གསུངས་པས། དེས་ཤེས་བྱ་ཐམས་ཅད་རྫུན་དུ་བསྒོམས་པས་ལོ་བདུན་ན་སྣང་སྲིད་ཐམས་ཅད་
རྫུན་དུ་སྣང་བའི་རྟོགས་པ་སྐྱེས་ཏེ་ཆོས་ཐམས་ཅད་རྫུན་པར་རྟོགས་པས་ཡང་དག་གི་ཞེན་པ་ལོག དེ་ནས་ཡང་བླ་མ་དེ་བྱོན་ཏེ། ཆོས་ཐམས་ཅད་རྫུན་པར་ཡང་མ་གྲུབ་སྟེ། མ་སྐྱེས་མ་འགགས་པས་ཆོས་ཐམས་ཅད་རང་གི་ངོ་བོས་སྟོང་པར་བསྒོམས་གསུངས་པས། དེས་ཀྱང་དེ་ལྟར་རྟོགས་སོ། །རྣམ་རྟོག་ལམ་དུ་ལོངས་ནས་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་ན་བླ་མ་ཐ་ག་ན་ཞེས་གྲགས་ཤིང་སྐལ་བ་དང་ལྡན་པ་དག་ལ་རྣ་བར་ཆུ་ཞུགས་པ་འབྱིན་པའི་གདམས་པ་བསྟན་ནས། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཐ་ག་ན་པའི་ལོ་རྒྱུས་རྫོགས་སོ།། ༡༩ །།གུ་རུ་ནཱ་རོ་པའི་ལོ་རྒྱུས་ནི། ཆང་འཚོང་བའི་རིགས་ཡིན་ལ། རིགས་འཆོལ་ནས་རྒྱ་གར་ཤར་ཕྱོགས་སུ་སཱ་ལ་པུ་ཏྲ་བྱ་བར་ཤིང་བཏུས་ནས་འཚོང་བར་བྱེད་པའི་ཚེ། བིཥྞུ་ན་ག་ར་བྱ་བ་ན་ཏཻ་ལོ་པ་བྱ་བའི་མཁས་པ་ཆེན་པོ་ཅིག་བཞུགས་བྱ་བའི་གཏམ་ཐོས་ནས། ཤིང་ཁུར་ཅིག་ཀྲྀཥྞ་སཱ་རའི་པགས་པ་ལ་བཙོངས་ནས་རྣལ་འབྱོར་པའི་ཆ་ལུགས་སུ་བྱས་ཏེ་མཐར་གྱིས་སློབ་དཔོན་ཏཻ་ལོ་པ་འཚོལ་དུ་ཕྱིན་པ་དང༌། བིཥྞུ་ན་ག་རར་བྱོན་ནས་དྲིས་པ་ལ། སློབ་དཔོན་བྲོས་ཏེ་གཤེགས་ནས་མེད་ཟེར་བས། ནཱ་རོ་པས་ཡུལ་ཐམས་ཅད་དུ་བཙལ་ཀྱང་མ་རྙེད་དེ། མཐར་གྱིས་ཡུན་རིང་པོ་ལོན་པ་དང་ལམ་ཁ་ཞིག་ཏུ་འཕྲད་དོ། །དེ་ནས་ནཱ་རོ་པས་ཕྱག་དང་བསྐོར་བ་ལ་སོགས་པ་བྱས་ཏེ། བླ་མ་ལ་སྐུ་ཁམས་བདེའམ་ཞེས་སྨྲས་པ་ན། ཏཻ་ལོ་པ་ན་རེ། ཁྱོད་ཀྱི་བླ་མ་ང་མ་ཡིན་ལ། ངའི་སློབ་མ་ཡང་ཁྱོད་མ་ཡིན་ཟེར་ནས་ཁྲོ་ཡིན་བརྡེག་ཏུ་བྱུང་ཡང་སླར་དད་པར་གྱུར་ཏེ། རྫ་མའི་ནང་དུ་བསོད་སྙོམས་བླངས་ནས་བླ་མ་ལ་དྲངས་ཤིང་བསོད་སྙོམས་གསོལ་ཏེ་སླར་ཁྲོ་བ་དང་བརྡེག་པ་ལ་སོགས་པ་བྱེད་ཀྱང་ལྷག་པར་དད་པ་སྐྱེས་ཏེ་ལྷག་མ་ཟོས་ཤིང་ཕྱི་ནས་བསྐོར་བ་བྱེད་དོ། །དགོང་མོ་ས་སྲོས་པ་དང་དེར་འོངས་ནས་ཉལ། ཐོ་རངས་བསོད་སྙོམས་ལ་འགྲོ། དེ་ནས་བླ་མ་ལ་དྲངས་ཀྱིན་དེ་ལྟར་ལོ་བཅུ་གཉིས་སྐྱོ་བ་མེད་པར་བསྙེན་བཀུར་བྱས་ཀྱང་ཁྲོ་བ་མ་ཡིན་པ་ཐ་མལ་པའི་ཚིག་གཅིག་ཀྱང་གསུང་བ་མེད་པ་ན། དུས་གཅིག་གི་ཚེ་ཁྱིམ་
བདག་ཅིག་བག་མ་ལེན་པའི་སར་བསོད་སྙོམས་ལ་ཕྱིན་པས་བཟའ་བ་མང་པོ་དང༌། ཁྱད་པར་ཚོད་མའི་གྲངས་བརྒྱ་རྩ་བརྒྱད་ཅུ་རྩ་བཞི་ཙམ་གྱི་ནང་ནས་སྔོ་བ་ཏ་ས་ཞེས་བྱ་བའི་ཚོད་མ་ཤིན་ཏུ་ཞིམ་པ་ཞིག་རྣམས་རྙེད་པ་ཁུར་ཏེ་བླ་མ་ལ་དྲངས་པས། ཏཻ་ལོ་པས་བཞེས་ནས་སྔོའི་ཚོད་མ་ལ་བླ་མ་ཤིན་ཏུ་དགྱེས་ནས། བུ་ཟས་འདི་འདྲ་བ་གང་ནས་རྙེད་སུས་བྱིན་པ་ཡིན་གསུངས་པས། ནཱ་རོ་པ་ས་དང་པོ་ཐོབ་པ་ཙམ་དུ་དགའ་བ་མཆོག་ཏུ་གྱུར་ནས་འདི་སྙམ་སྟེ། བདག་གིས་བླ་མའི་དྲུང་དུ་ལོ་བཅུ་གཉིས་བསྡད་པ་ལ་ཁྱོད་སུ་ཡིན་ཙམ་ཡང་མི་གསུང་བ་ལ། དེ་རིང་བུ་ཞེས་གསུངས་སོ་སྙམ་ནས་དགའ་བ་དང༌། ཏཻ་ལོ་པས། བུ་ཚོད་མ་ཞིམ་པོ་དེ་ད་དུང་སློངས་ལ་ཤོག་གསུངས་པས། ལན་བཞི་སློང་དུ་ཕྱིན་པས་ཁྱིམ་དེའི་མི་ཀུན་གྱིས་དགའ་བཞིན་དུ་བྱིན་ནོ། །ལན་ལྔ་པ་ལ་ནཱ་རོ་པས་བསམ་པ། ད་ནི་སློང་བ་ཡང་ངོ་ཚ་ལ། མ་ཕྱིན་ན་ནི་བླ་མ་མི་དགྱེས་སྙམ་ནས། སླར་སློང་དུ་ཕྱིན་པ་ན་ཁྱིམ་གྱི་མི་ཀུན་ལས་ལ་ཡེངས་པའི་བར་ལ་ཚོད་མ་སྣོད་དང་བཅས་པ་བརྐུས་ནས་ཁྱེར་འོངས་ཏེ། བླ་མ་ལ་དྲངས་པས་བླ་མ་དགྱེས་ནས་བུ་བརྩོན་འགྲུས་བཟང་པོ་བྱ་བར་བཏགས། བྱིན་རླབས་དང་དབང་བསྐུར་ཏེ་རྡོ་རྗེ་ཕག་མོའི་གདམས་པ་གནང་སྟེ་བསྒོམས་པས། ཟླ་བ་དྲུག་ན་དངོས་གྲུབ་ཐོབ་སྟེ་མཚན་ཡང་ནཱ་རོ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ལ། ཕྱོགས་ཐམས་ཅད་ནས་མཆོད་པ་ལ་འོངས་པ་ལས་ཐུགས་ཀ་ནས་འོད་བྱུང་བ་ཐམས་ཅད་ཀྱིས་མཐོང་ཞིང༌། ཐག་རིང་བ་ཟླ་བ་རེའི་ལམ་ནས་ཀྱང་མཐོང་བར་གྱུར་ཏོ། །དེ་ནས་གདུལ་བྱ་དཔག་ཏུ་མེད་པའི་དོན་མཛད་ནས། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ནཱ་རོ་པའི་ལོ་རྒྱུས་རྫོགས་སོ།། ༢༠ །།གུ་རུ་ཤྱཱ་ལི་པའི་ལོ་རྒྱུས་ནི། ཤྱཱ་ལི་པ་བྱ་བ་སྤྱང་ཀི་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་བི་གྷ་པུ་ར། རིགས་ནི་ལས་ཀྱིས་འཚོ་བའི་དམངས་རིགས་ཡིན་ལ། དེ་ཡང་བི་གྷ་པུ་རའི་གྲོང་ཁྱེར་དེ་དང་ཉེ་བ་ན་དུར་ཁྲོད་ཡོད་ལ། དུར་ཁྲོད་དང་ཉེ་བ་ན་གནས་པའི་སྐྱེས་བུ་ཞིག་མཚན་མོ་དུར་ཁྲོད་ན་སྤྱང་ཀི་ཀུན་འཚོགས་ནས་སྐད་འདོན་པ་ལ་ཤིན་ཏུ་འཇིགས་ནས། ཉིན་
མཚན་མེད་པར་མི་དེ་སྤྱང་ཀིའི་འཇིགས་པ་ཡིད་ལ་བྱེད་ཀྱིན་འདུག་པ་དང༌། དེའི་གམ་དུ་དགེ་སློང་ཞིག་བྱོན་ནས་བསོད་སྙོམས་བྱས་པས། དེས་དགེ་སློང་དེའི་རྐང་པ་ལ་ཕྱག་འཚལ་ནས་གསོང་པོར་སྨྲ་བའི་གཏམ་ལེགས་པར་བྱས་ཏེ་བཞེས་ཆབ་དྲངས་པ་དང༌། དགེ་སློང་གིས་སྦྱིན་པའི་ཕན་ཡོན་གྱི་ཆོས་བཤད་པས། དེ་ན་རེ། འཕགས་པ་ཉིད་ཀྱི་སྦྱིན་པའི་ཕན་ཡོན་གྱི་ཆོས་ཀྱང་ངོ་མཚར་ཆེ་སྟེ། བདག་ལ་དེ་བས་ཀྱང་མི་འཇིགས་པའི་ཆོས་ཅིག་མངའ་ན་དེ་སྦྱིན་པར་མཛོད་ཅིག་ཞུས་པས། དགེ་སློང་གིས་ཁྱོད་ལ་འཁོར་བའི་སྡུག་བསྔལ་ལམ་དེ་མ་ཡིན་པ་ཅི་ལ་འཇིགས་བྱས་པས། འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་ནི་ཐུན་མོང་དུ་ཀུན་ལ་ཡོད་ལ། བདག་ནི་མོས་པ་ཆོད་ཆུང་བས། གནས་དུར་ཁྲོད་དང་ཉེ་བའི་སྟོབས་ཀྱིས་སྤྱང་ཀིའི་སྐད་ཀྱིས་ཉིན་མཚན་དུ་འཇིགས་པ་རྒྱུན་མི་ཆད་པས་དེ་ལ་ཕན་པའི་ཆོས་མཆིས་ན་བདག་བགྱིད་ལགས་སོ། །ཞེས་ཞུས་པས། དགེ་སློང་དེས་འཇིགས་པ་དེ་ལ་ཕན་པའི་སྔགས་དང་གདམས་པ་ང་ལ་ཡོད་ཀྱི། ཐོག་མར་དབང་བསྐུར་བགྱི་གསུངས་ནས། དེས་དབང་ཡོན་དུ་གསེར་དངུལ་ལ་སོགས་པའི་རྫས་མང་པོ་ཕུལ་ནས་ཞུས་སོ། །གདམས་ངག་ནི་འཇིགས་པས་འཇིགས་པ་སྤངས་པའི་གདམས་ངག་ནི་འདི་ལྟ་སྟེ། ཁྱོད་དགྲ་ལ་སོགས་པས་མི་འཇིགས། སྤྱང་ཀིའི་སྐད་ལ་འཇིགས་ན། ཁྱོད་ཀྱིས་འཇིག་རྟེན་གྱི་སྒྲ་གྲགས་སོ་ཅོག་ཐམས་ཅད་སྤྱང་ཀིའི་སྐད་དང་དབྱེར་མེད་དུ་ཉིན་མཚན་མེད་པར་སྒོམས་ཤིག གནས་ཀྱང་དུར་ཁྲོད་དུ་ཁང་བུ་གྱིས་ལ་སྡོད་ཅིག ཅེས་གདམས་པ་བྱིན་པ་དང༌། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བསྒོམས་པས། སྒྲ་ཐམས་ཅད་གྲགས་སྟོང་དབྱེར་མེད་དུ་རྟོགས་པའི་ངང་དུ་སྤྱང་ཀིའི་སྒྲའི་འཇིགས་པ་སྟོར་བ་དང༌། འཇིགས་པ་རང་གྲོལ་འཇིགས་མེད་བདེ་ཆེན་གྱི་ཉམས་སྐྱེས་ནས་ལོ་དགུར་བསྒོམས་པས། ལུས་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་གྱུར་ཏོ། །དེ་ནས་སྤྱང་ཀིའི་རོ་ཅིག་ཕྲག་པ་ལ་ཁུར་ཏེ་སྤྱོད་པ་ལ་ཁུར་ཏེ་སྤྱོད་པ་བྱས་པས་ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་ཤྱཱ་ལི་པ་བྱ་བར་གྲགས་
ཤིང༌། གདུལ་བྱ་ལ་སྣང་སྟོང་དབྱེར་མེད་ཀྱི་གདམས་པ་མང་པོ་བསྟན་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཤྱཱ་ལི་བའི་ལོ་རྒྱུས་རྫོགས་སོ།། ༢༡ །།གུ་རུ་ཏིལླི་པའི་ལོ་རྒྱུས་ནི། ཡུལ་བིཥྞུ་ན་ག་ར་བྱ་བ་ན་སློབ་དཔོན་ཏིལླི་པ་ཞེས་བྱ་བ་མཁས་པ་ཆེན་པོ་ཅིག་བཞུགས་སོ། །དེས་རྒྱལ་པོའི་མཆོད་གནས་མཛད་དེ། ཉི་མ་རེ་རེ་ལའང་གསེར་ཞོ་ལྔ་བརྒྱའི་སྐུ་འཚོ་མངའ་ཞིང༌། འཁོར་སློབ་དཔག་ཏུ་མེད་པ་ལ་ཆོས་འཆད་པ་ལ་སོགས་པས་གཡེང་བའི་ཚེ་དགོངས་པ་ལ། བདག་གི་སྐྱེ་བ་འདི་འདྲ་བའི་དོན་མེད་པས་ཅི་ཞིག་བྱ་སྙམ་ནས་ཡང་ནས་ཡང་དུ་བྲོས་པ་ལ་འཁོར་རྣམས་ཀྱིས་མ་བཏང་སྟེ། སློབ་དཔོན་གྱིས་ཆོས་གོས་བོར་ནས་ཚེམ་བུ་ཅིག་བསྣམས། ཁྱིམ་དུ་ཡི་གེ་བྲིས་ནས་བོར་ཏེ། ང་ད་མི་ལོག་པས་བློག་ཏུ་མ་འོངས་ཤིག་བྱ་བའི་ཡི་གེ་བོར། ཁོང་གིས་ནུབ་མོ་བྲོས་ནས་གྲོང་ཁྱེར་ཀཉྩི་ར་བྱ་བའི་དུར་ཁྲོད་ན་བཞུགས་ནས། ཟས་བསོད་སྙོམས་བླངས་ཤིང་སྒྲུབ་པ་བྱེད་པའི་ཚེ་ནཱ་རོ་པ་དང་མཇལ་ནས། ནཱ་རོ་པས་བསོད་སྙོམས་བླངས་ཤིང་བསྙེན་བཀུར་བྱས་ལ་དེས་འཚོ་བ་མཛད་དེ་བསྒྲུབས་པས་ལོ་བཅུ་ན་དྲི་མ་མ་ལུས་པ་དག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ལྷ་ཡུལ་དུ་བྱོན་ནས་ལྷས་ཞལ་ཟས་ཀྱི་བསྙེན་བཀུར་བྱས་ལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པས་ཕྱོགས་ཐམས་ཅད་དུ་ཏིལླི་པ་བྱ་བར་གྲགས། དེས་གདུལ་བྱ་དཔག་ཏུ་མེད་པ་ལམ་ལ་བཀོད་ནས་འགྲོ་དོན་མཛད་ལ། མཐར་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཏིལླི་པའི་ལོ་རྒྱུས་རྫོགས་སོ།། ༢༢ །།གུ་རུ་ཙ་ཏྲ་པའི་ལོ་རྒྱུས་ནི། ཙ་ཏྲ་པ་ནི་ཆོས་ཁུར་ནས་སློང་བ་བྱ་བ་ཡིན་ལ། དེའི་ཡུལ་ནི་སེནྡྷོ་ན་ག་ར་བྱ་བར་སྒྲའི་པོ་ཏི་ལག་པར་ཁུར་ནས་དུས་རྟག་ཏུ་གཞན་ལ་སློང་བ་ཞིག་ཡོད་པ་ལ། དུས་གཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཅིག་དང་འཕྲད་པ་ན། དེ་ན་རེ། ཁྱོད་ཅི་བྱེད་ཅིང་འདུག་ཟེར་བས། དེ་ན་རེ། བདག་འཚོ་བའི་ཕྱིར་དུ་སློང་ཞིང་གདའ་བྱས་པས། དེ་ན་རེ། ཁྱོད་ལ་ཚེ་ཕྱི་མའི་ལམ་མི་དགོས་སམ་གསུངས་པས། དེས་ལམ་ཇི་
ལྟར་ཡིད་ལ་བྱ་ཞུས་པས། རྣལ་འབྱོར་པས་དགྱེས་རྡོར་དུ་དབང་བསྐུར་ནས་གདམས་པ་གསུངས་པ་ནི། སྡིག་པ་ཐམས་ཅད་མཐོལ་ཞིང་བཤགས། །ཉིན་མཚན་རྟག་ཏུ་བདེ་བ་བསྒོམ། །སྔ་མར་ཅི་བྱས་རང་ལུས་ལྟོས། །ཕྱི་མར་ཅི་འགྱུར་སེམས་ལ་རག །དེ་ལྟར་ཡུན་རིང་བསྒོམས་བྱས་ན། །ཚེ་འདི་ཉིད་ལ་སངས་རྒྱས་ཐོབ། །རྟགས་ཀྱང་རིམ་པར་འབྱུང་བར་འགྱུར། །ཅེས་བསྟན་པས། ཙ་ཏྲ་པས་དོན་མ་རྟོགས་ནས། བླ་མ་ལ་ཞུས་པས། བླ་མའི་ཞལ་ནས། སྡིག་པ་ནི་མ་རིག་པ་ཡིན་ལ། དེ་ལས་འཁྲུལ་པ་སྣ་ཚོགས་འབྱུང་བ་ཡིན་ནོ། །སྣང་སྲིད་ཕྱག་རྒྱ་ཆེན་པོར་རྟོགས་པའི་ལྟ་བས་སྡིག་པ་དག་པར་བྱེད་པ་ཡིན་ནོ། །ཉིན་མཚན་བདེ་བ་བསྒོམ་པ་ནི། སྙིང་རྗེ་རྒྱུན་དུ་བསྒོམས་ན་ཆོས་ཉིད་ཀྱི་བདེ་བ་རང་ལ་འཆར་བ་ཡིན་ཏེ། ཚེ་སྔ་ཕྱིའི་བར་རྣམས་མངོན་ཞེན་དུ་མ་བཟུང་ན་ཤུགས་འབྱུང་གི་སྤྱོད་པ་མཐར་ཕྱིན་པ་ཡིན། ཕྱི་མ་ཅི་འགྱུར་ཅེས་པ་ནི། བདེ་སྡུག་ཐམས་ཅད་སེམས་ལས་འབྱུང་བས། ད་དུང་ཡང་མངོན་ཞེན་ཡོད་དམ་མེད་གསུངས་པའོ། །དེ་ལྟར་ཡུན་རིང་ཞེས་པ་ནི་བརྩོན་འགྲུས་བསྐྱེད་དེ་མ་ཡེངས་པར་སེམས་ལ་བལྟ་བའོ། །དེ་ལྟར་རྒྱུན་དུ་བསྒོམས་ན་སེམས་ཀྱི་འཁྲུལ་པ་ལྡོག་ནས་ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་ཐོབ་པ་ཡིན་ནོ། །ཞེས་བླ་མས་གདམས་ངག་བྱིན་ཏེ། ཙ་ཏྲ་པས་ཡུལ་སེནྡྷོ་ན་ག་རར་དེ་ལྟར་བསྒོམས་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། མིང་དུ་ཡང་རྣལ་འབྱོར་པ་ཙ་ཏྲ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང་ལོ་བདུན་ནས་འཁོར་ལྔ་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙ་ཏྲ་པའི་ལོ་རྒྱུས་རྫོགས་སོ།། ༢༣ །།གུ་རུ་བྷ་དྲ་པའི་ལོ་རྒྱུས་ནི། ཡུལ་མ་ཎི་དྷ་ར་ཞེས་བྱ་ལ། ཡུལ་དེ་ན་བྲམ་ཟེ་ཅིག་ལ་འཁོར་དང་ལོངས་སྤྱོད་ཀྱི་འབྱོར་པ་དཔག་ཏུ་མེད་པས་དུས་རྟག་ཏུ་སེམས་གཡེང་བ་དང་བཅས་ཏེ་གནས་པ་ལ། དུས་གཅིག་གི་ཚེ་འཁོར་ཀུན་ཕྱིར་ཁྲུས་ལ་སོང་ནས་རང་ཉིད་གནས་ཁང་ན་འདུག་པའི་གམ་དུ། ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཅིག་འོངས་ནས་ཟན་བསླངས་པས། བྲམ་
ཟེ་ན་རེ། ཁྱོད་མི་གཙང་བས་བདག་གི་གནས་འབགས་འགྲོ་ཞིང༌། བདག་ལ་འཁོར་དང་མི་ཀུན་གྱིས་འཕྱ་འོང་བས་ཕྱིར་སོང་ཞིག་ཟེར་བས། རྣལ་འབྱོར་པས་མི་གཙང་བ་ཅི་ལ་ཟེར་གསུངས་པས། བྲམ་ཟེ་ན་རེ། ལུས་ཁྲུས་མ་བྱས་པ། གོས་མེད་པ། སྣོད་ཐོད་པ་ཐོགས་པ། ཟས་འབགས་པར་ཟ་བ། རིགས་ངན་པ་ལ་ཟེར་བས་མྱུར་དུ་སོང་ཞིག་ཟེར་བས། རྣལ་འབྱོར་པས་མི་གཙང་བ་དེ་མ་ཡིན། ལུས་དང་ངག་དང་ཡིད་རྣམས་མི་དགེ་བ་དང་བཅས་པ་མི་གཙང་བ་ཡིན་ལ། ལུས་ལ་ཁྲུས་བྱས་པས་སེམས་ཀྱི་དྲི་མ་དག་པ་མ་ཡིན། བླ་མའི་གདམས་ངག་གིས་སེམས་ཀྱི་དྲི་མ་བཀྲུས་ན་གདོད་དག་པ་ཡིན་ནོ། །ཡང་གསུངས་པ། ཐེག་ཆེན་རིགས་ལྡན་མཆོག་ཡིན་ལ། །རྒྱལ་དང་བྲམ་ཟེ་དེ་ལྟ་མིན། །ལུས་སོགས་དྲི་མ་མི་དགེ་བ། །བརྒྱུད་ལྡན་བླ་མའི་གདམས་པ་ཡིན། །བཀྲུས་ན་གཙང་བ་བླ་ན་མེད། །ཆུ་ཡིས་བཀྲུས་པ་དེ་ལྟ་མིན། །ཞེན་མེད་སྣོད་དང་ཁ་ཟས་མཆོག །དཀར་གསུམ་ལ་སོགས་དེ་ལྟ་མིན། །ཅེས་སོགས་གསུངས་པས་དད་པར་གྱུར་ནས། བྲམ་ཟེ་ན་རེ། ཁྱོད་ཀྱིས་བདག་ལ་དེའི་གདམས་ངག་ཅིག་བྱིན་ཅིག་ཟེར་བས། འོ་ན་བདག་ལ་ཟན་བྱིན་ཅིག དེ་ལྟར་བྱའོ་སྨྲས་པས། བྲམ་ཟེ་ན་རེ། འདིར་བདག་ཆོས་ཉན་ན་འཁོར་དང་མི་ཀུན་མི་དད་པས་ཁྱོད་གང་དུ་བཞུགས་པ་དེར་བདག་མཆིས་ན། ཉིད་གང་དུ་བཞུགས་ཟེར་བས། ང་དུར་ཁྲོད་ན་འདུག་གི་དེར་ཆང་དང་ཕག་ཤ་ཁྱེར་ལ་ཤོག་བྱས་པས་བྲམ་ཟེ་ན་རེ། ངེད་བྲམ་ཟེ་རྣམས་ཆང་དང་ཕག་ཤའི་མིང་ཡང་འདོན་དུ་མི་རུང་ན་འཁུར་དུ་ག་ལ་རུང་ཟེར་བས། རྣལ་འབྱོར་པས་གདམས་ངག་དགོས་ན་ཁྱེར་ལ་ཤོག་གསུངས་པས། བྲམ་ཟེས་སྨྲས་པ། ཉིན་པར་མཆིར་མི་འཚལ་བས་མཚན་ལ་དེ་ལྟར་མཆིའོ། །ཟེར་ཏེ། བྲམ་ཟེ་དེས་རང་རྟགས་བསྒྱུར་ནས་ཚོང་དུས་སུ་ཕྱིན་ཏེ། ཆང་དང་ཕག་ཤ་ཉོས་ནས་དུར་ཁྲོད་དུ་ཕྱིན་ནས་རྣལ་འབྱོར་པ་ལ་དྲངས་པས། རྣལ་འབྱོར་པ་རང་གིས་ཀྱང་གསོལ། བྲམ་ཟེ་ལ་ཡང་བྱིན་ནས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ། བྲམ་ཟེར་མཎྜལ་འབུལ་དུ་བཅུག བྲམ་ཟེ་དེའི་རིགས་
ཀྱི་ང་རྒྱལ་བཅག་པའི་དོན་དུ་ཕྱག་དར་བྱེད་དུ་བཅུག་ནས་ལྟ་བའི་བརྡ་བསྟན་ལ། གནས་དེར་ཞལ་ཞལ་བྱེད་དུ་བཅུག་ནས་སྤྱོད་པའི་བརྡ་བསྟན། ཞལ་ཞལ་དེའི་ཁ་དོག་ནི་སྒོམ་པའི་བརྡ་ཡིན། དེ་གསུམ་གཅིག་ཏུ་གྱུར་པ་ནི་འབྲས་བུའི་བརྡ་ཡིན་ནོ། །གསུངས་པས། གོང་གི་བརྡ་དེ་རྣམས་ཀྱི་དོན་ཡང་རྟོགས། སྣང་སྲིད་འཁྲུལ་པའི་རྣམ་འཕྲུལ་ཏུ་ཤེས། རིགས་ཀྱི་རྣམ་རྟོགས་ཐམས་ཅད་དོར་ནས་རྣལ་འབྱོར་ལ་ཞུགས་ཏེ་བསྒོམས་པས། ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རྣལ་འབྱོར་པ་བྷ་ཏྲ་པ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ལ། འགྲོ་དོན་མཛད་དེ་མཐར་འཁོར་ལྔ་བརྒྱ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བྷ་དྲ་པའི་ལོ་རྒྱུས་རྫོགས་སོ།། ༢༤ །།གུ་རུ་དྷུ་ཁནྡྷིའི་ལོ་རྒྱུས་ནི། དྷུ་ཁནྡྷིའི་ཞེས་པ་བསྒྱུར་ན་གཉིས་གཅིག་ཏུ་བྱེད་པ་ཞེས་བྱ་ལ། དེ་ཡང་ཡུལ་གྷནྡྷ་པཱུ་ར་བྱ་བར་སྤྲང་པོ་ཕྱག་དར་ཁྲོད་སྡུད་པའི་རིགས་ཡིན་ལ། དེས་རྟག་ཏུ་གོས་རྙིང་པ་ཀུན་སྡུད་ཀྱིན་ལེགས་པར་བཅོམ་ནས་གྱོན་པ་དང༌། དུས་གཅིག་གི་ཚེ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཅིག་བྱོན་ནས། དེ་ལ་ཁྱོད་དོན་མེད་པའི་སྡུག་བསྔལ་འདི་འདྲ་བས་ཅི་བྱེད། དེ་བས་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ། བདག་ལ་ཆོས་སུས་སྟེར་ཟེར་བས། རྣལ་འབྱོར་པས་ངས་སྦྱིན་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམས་ངག་བྱིན་ནས། དེ་བསྒོམས་པས། གོས་འཚེམས་པའི་རྟོག་པས་སྒོམ་དུ་མ་འདོད་པ་དང༌། དེ་ན་རེ། རྣལ་འབྱོར་པ་བདག་རྟོག་པས་གཡེངས་ནས་སྒོམ་དུ་མི་འདོད་པར་འདུག་ཞུ་བ་ལ། རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་ལྟར་གནང་སྟེ། ཆོས་རྣམས་དེ་བཞིན་ཉིད་ཀྱི་ངང༌། །འཚེམས་དང་བཅོམ་པར་བྱ་བ་མེད། །ལྷ་དང་སྔགས་ཀྱང་དེ་བཞིན་ནོ། །གསུམ་རྣམས་རྟོག་པ་ཆོས་ཀྱི་དབྱིངས། །ཞེས་གསུངས་པས། དེས་ཀྱང་དེ་ལྟར་བསྒོམས་པ་ན། གོས་འཚེམས་པའི་རྟོག་པ་དང་ལྷ་དང་སྔགས་གསུམ་པོ་ཆོས་ཉིད་ཀྱི་ངང་དུ་
སྟོར་ནས། བསྐྱེད་རྫོགས་ཟུང་འཇུག་གི་རྟོགས་པ་སྐྱེས་ཏེ། ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་བོ། །འགྲོ་དོན་དཔག་མེད་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷུ་ཁནྡྷིའི་ལོ་རྒྱུས་རྫོགས་སོ།། ༢༥ །།གུ་རུ་ཨ་ཛོ་ཀིའི་ལོ་རྒྱུས་ནི། ཨ་ཛོ་ཀི་བྱ་བ་ལེ་ལོ་ཅན་ནོ། །དེ་ཡང་ཡུལ་པ་ཊ་ལི་པུ་ཏྲ་བྱ་བ་རུ། ཁྱིམ་བདག་ཅིག་གི་བུ་གཅིག་ཤ་ཤིན་ཏུ་ཆེ་ནས་སྤྱོད་ལམ་རྣམ་བཞི་གང་བྱེད་ཀྱང་ཉལ་ནས་བྱེད་པ་ཅིག་ཡོད་པ་ལ་ཕ་མ་དང་ཉེ་དྲུང་ཀུན་འདི་འདྲ་བའི་བུས་ཅི་བཏུབ་ཅེས་བརླ་བརྗོད་ཅིང་དུར་ཁྲོད་དུ་བསྐྱལ་ནས། དེས་དུར་ཁྲོད་དུ་ཉལ་ནས་བསྡད་པ་དང༌། དེར་རྣལ་འབྱོར་པ་ཅིག་བྱོན་ནས་དེས་དེ་མཐོང་བ་ན་སྙིང་རྗེ་སྐྱེས་ནས་གྲོང་ཁྱེར་ནས་བཟའ་བཏུང་བླངས་ཏེ་དེ་ལ་བྱིན་པ་དང༌། དེས་ཟས་ཟ་བ་ལའང་མི་ལངས་པར་མཐོང་ནས། རྣལ་འབྱོར་པ་དེས་དེ་ལ་ཁྱོད་ཀྱིས་ཟས་ཟ་བ་ལའང་མི་ལངས་པར་འདུག་ན། འཇིག་རྟེན་གྱི་བྱ་བ་ཅི་ནུས་བྱས་པས། དེ་ན་རེ། ཅི་ཡང་མ་ནུས་པས་བདག་ཕ་མས་སྤངས་པ་ཡིན་ཟེར། འོ་ན་ཉལ་གྱིན་ཆོས་སྒྲུབ་ནུས་སམ་བྱས་པས། ནུས་ཏེ་བདག་འདྲ་བ་ལ་ཆོས་སུས་སྟེར་ཟེར་རོ། །རྣལ་འབྱོར་པས་ངས་སྦྱིན་གྱི་གསུངས་ནས་དགྱེས་རྡོར་དུ་དབང་བསྐུར། མི་ཟབ་པའི་རྫོགས་པའི་རིམ་པ་གདམས་ངག་ཏུ་བྱིན་ནས་སྟེང་སྒོའི་སྣ་རྩེར་ཐིག་ལེ་ཉུངས་ཀར་གྱི་འབྲུ་ཙམ་གྱི་ནང་དུ་སྟོང་གསུམ་འདུས་པར་སྒོམས་ཤིག་བྱས་པས། དེ་ན་རེ། དེ་ལ་རྟགས་ཅི་ལྟ་བུ་འབྱུང་བ་ལགས་ཟེར་བ་ལ། བསྒོམས་ཙ་ན་ཤེས་ཡོང་གི་གསུངས་ནས། དེས་ཀྱང་དེ་བཞིན་དུ་བསྒོམས་པས། ཡུངས་ཀར་དང་སྟོང་གསུམ་གྱི་དམིགས་པ་སྟོང་ཉིད་ཀྱི་ངང་དུ་སྟོར་ནས་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་རྟོགས་པ་རྒྱུད་ལ་འཁྲུངས་སོ། །དེས་ལོ་དགུར་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་འགྲོ་དོན་མང་དུ་མཛད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨ་ཛོ་ཀིའི་ལོ་རྒྱུས་རྫོགས་སོ།། ༢༦ །།གུ་རུ་ཀ་ལ་པའི་ལོ་རྒྱུས་ནི། ཀ་ལ་པ་སྟེ་བསྒྱུར་ན་སྨྱོན་པ་ཞེས་བྱའོ། །དེའི་ཡུལ་ནི་རཱ་ཛ་པུ་ར་ཡིན། བླ་མ་ནི་རྒྱུད་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་ཡིན་ལ། ཀ་ལ་པ་ནི་ཚེ་སྔ་མ་
བཟོད་པ་བསྒོམས་པའི་འབྲས་བུ་གཟུགས་བྱད་ཤིན་ཏུ་མཚར་བ་ཞིག་ཡོད་པ་ལ། རཱ་ཛ་པུ་རིའི་སྐྱེ་བོ་ཀུན་དེ་ལ་ལྟ་ཞིང་འབྲེང་བ་ལ། དེ་དེས་སྐྱོ་ནས་དུར་ཁྲོད་ཞིག་དུ་འདུག་ནས་ཡོད་པ་ལ། ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཅིག་དེར་བྱོན་ནས་ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། བདག་མི་ཀུན་གྱིས་འདུག་ཏུ་མ་སྟེར་ནས་འདིར་འདུག་གིན་གདའ་ཟེར་རོ། །འོ་ན་ཁྱོད་ལ་ཆོས་མི་དགོས་སམ་གསུངས་པས། ཆོས་དགོས་ཏེ་བདག་ལ་སུས་སྟེར་ཟེར། རྣལ་འབྱོར་པ་དེས་ཁྱོད་ལ་ཆོས་དགོས་ན་ངས་སྦྱིན་གྱིས་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་དོན་སྒོམ་དུ་བཅུག་པས། དེས་བསྐྱེད་རྫོགས་ཟུང་འཇུག་ཏུ་རྟོགས་པའི་ནང་དུ་བདག་གཞན་གཉིས་སུ་དམིགས་པ་སྟོར་ནས་ཤུགས་འབྱུང་ལྷུག་པའི་སྤྱོད་པ་སྤྱད་པས། རཱ་ཛ་པུ་རིའི་མི་ཀུན་ན་རེ། སྨྱོན་པ་ཅིག་འདུག་ཟེར་བ་ལ། དེས་གསུངས་པ་ལ། བདག་ཏུ་བཟུང་བ་གཞན་སྣང་སྟེ། །གཉིས་ཀྱིས་རང་བཞིན་སྡུག་པར་བྱས། །མཁས་པས་དེ་ལྟར་མཁྱེན་པ་ན། །རྣམ་པར་རྟོག་པའི་ལྷ་ཚོགས་དང༌། །ཡི་གེ་ཨ་ཡི་ནང་ཉིད་དུ། །མཁའ་ལ་འཇའ་ནི་ཡལ་བ་ལྟར། །སྐྱེ་དང་འགག་པ་གནས་པ་གསུམ། །སྨྱོན་པ་བདག་གིས་མ་སྤྱད་པས། །གཉིས་མེད་ཤུགས་འབྱུང་སྤྱོད་པ་བདེ། །གསལ་ལ་མ་འགགས་རྟོགས་པ་བདེ། །ཚོགས་དྲུག་མ་འགགས་སྒོམ་པ་བདེ། །རྩོལ་སྒྲུབ་མེད་པའི་འབྲས་བུ་བདེ། །ཞེས་གསུངས་ནས་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འཕགས་ནས་ཆོ་འཕྲུལ་སྣ་ཚོགས་བསྟན་ནས། དེ་མན་ཆད་བླ་མ་ཀ་ལ་པ་ཞེས་གྲགས་ལ། མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀ་ལ་པའི་ལོ་རྒྱུས་རྫོགས་སོ།། ༢༧ །།གུ་རུ་དྷོ་བི་པའི་ལོ་རྒྱུས་ནི། རིགས་ཁྲུས་མཁན། ཡུལ་ནི་ས་ལི་པཱུ་ཏྲ་ན་གར་བྱ་བ་ན་ཁྲུས་མཁན་ཕ་བུ་གཉིས་དུས་རྟག་ཏུ་ཁྲུས་ཀྱི་ལས་ཀྱིས་འཚོ་བར་བྱེད་པ་ལས། དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་དེ་གཉིས་ལ་བཟའ་བ་བསླངས་པས། དེ་གཉིས་ཀྱིས་བསོད་སྙོམས་དྲངས་ཏེ། རྣལ་འབྱོར་པ་ལ་ན་བཟའ་བཀྲུ་རྒྱུ་མ་མཆིས་སམ། བདག་གིས་བཀྲུ་ཡི་ཟེར་བ་ལ།
རྣལ་འབྱོར་པས་སོལ་བ་གཅིག་ལག་ཏུ་ཐོགས་ནས་འདི་བཀྲུས་ན་དྲི་མ་དག་ནུས་སམ་གསུངས་པས། ཁྲུས་མཁན་བུ་དེ་ན་རེ། སོལ་བ་ནག་པོའི་རང་བཞིན་བཀྲུས་ཀྱང་དཀར་པོར་མི་འགྱུར་མཆི་ཞུས་པས། ཁྱོད་ཀྱིས་ཕྱིའི་ཁྲུས་བྱས་ཀྱང་ནང་གི་དུག་གསུམ་གྱི་དྲི་མ་མ་དག་ན། ཕྱིའི་ཁྲུས་ཀྱིས་དག་པར་ངས་མ་མཐོང༌། དེས་ན་ཁྱེད་ཅག་དུས་རྟག་ཏུ་ཁྲུས་མི་དགོས་པར་ལན་གཅིག་བཀྲུས་པས་ཆོག་པའི་གདམས་པ་ང་ལ་ཡོད་ན། དེ་ཁྱོད་ལ་མི་དགོས་སམ་གསུངས་པས། དགོས་ཟེར་ནས་དེར་བདེ་མཆོག་ཏུ་དབང་བསྐུར། སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གསུམ་གྱིས་བྱིན་གྱིས་བརླབས་ནས་གདམས་ངག་བྱིན། དེས་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱས་ལུས་ཀྱི་དྲི་མ་དག སྔགས་ཀྱིས་ངག་གི་དྲི་མ་དག ཏིང་ངེ་འཛིན་གྱིས་སེམས་ཀྱི་དྲི་མ་དག་ནས། གདམས་ངག་བྱ་བ་ནི། འབར་བའི་ཕྱག་རྒྱའི་ཆུ་ཡིས་ནི། །ལུས་ཀྱི་དྲི་མ་འཁྲུད་པ་ཡིན། །ཨཱ་ལི་ཀཱ་ལིའི་ཆུ་ཡིས་ནི། །ངག་གི་དྲི་མ་འཁྲུད་པ་ཡིན། །དཔའ་བོ་ཡབ་ཡུམ་སྦྱོར་བ་ཡིས། །སེམས་ཀྱི་དྲི་མ་དྲུང་འབྱིན་ཏོ། །ཞེས་གསུངས་པ་བཞིན་དུ། ལུས་ཕྱག་རྒྱ། ངག་བཟླས་པ། སེམས་བསྐྱེད་རྫོགས་དང་མ་བྲལ་བར་བསྒོམས་པས་ལུས་ངག་ཡིད་གསུམ་གྱི་དྲི་མ་དག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ཡོད་པའི་དུས་སུ། གོས་དྲི་མ་ཅན་གཏད་པ་བཀྲུ་མི་དགོས་པར་རང་དག་ཏུ་འགྲོ་བ་ཀུན་གྱིས་མཐོང་བས་ཡོན་ཏན་ཐོབ་པར་གཟོད་རྟོགས་ལ་དྷོ་བི་བ་ཞེས་ཕྱོགས་ཐམས་ཅད་དུ་གྲགས་ཤིང༌། སེམས་ཅན་གྱི་དོན་མང་དུ་བྱས་ཏེ། ལོ་བརྒྱ་ན་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷོ་བི་པའི་ལོ་རྒྱུས་རྫོགས་སོ།། ༢༨ །།གུ་རུ་ཀཾ་ཀ་ནའི་ལོ་རྒྱུས་ནི། ཡུལ་བིཥྞུ་ན་ག་ར་བྱ་བ་ན། རྒྱལ་པོ་ཅིག་ལ་རྒྱལ་སྲིད་ཕུན་སུམ་ཚོགས་ཤིང་འདོད་པའི་ཡོན་ཏན་གྱིས་བྲེལ་བ་མེད་པ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། དེའི་གན་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཅིག་བྱོན་ནས་བསོད་སྙོམས་བསླངས་པས། རྒྱལ་པོས་བཟའ་བ་དང་བཅའ་བ་གྱ་ནོམ་པ་དྲངས་ནས། དེས་རྒྱལ་པོ་ལ་
གསུངས་པ། རྒྱལ་པོ་རྒྱལ་སྲིད་ལ་སྙིང་པོ་མེད་ཅིང༌། སྲིད་པར་སོང་བ་ཐམས་ཅད་སྡུག་བསྔལ་བ་ཡིན་ཏེ། སྐྱེ་རྒ་ན་འཆི་ཟོ་ཆུན་ལྟར་འཁོར་བ་ཡིན་ཞིང༌། བྱེ་བྲག་གི་སྡུག་བསྔལ་ལ་ཟད་པ་མེད་ལ། མཐོ་རིས་ཀྱི་བདེ་བའང་འགྱུར་བའི་སྡུག་བསྔལ་ཡིན། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡང་ངན་སོང་དུ་ལྟུང་བ་ཡོད་ན། འདོད་ཡོན་སླུ་བྱེད་ཟིལ་པ་དང་འདྲ་བ་ལ་མ་ཆགས་པར་རྒྱལ་པོས་ཆོས་མཛོད་ཅིག གསུངས་པས། རྒྱལ་པོ་ན་རེ། འདོད་པའི་ཡོན་ཏན་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་ཡོད་ན་ཆོས་བགྱིད་ཀྱི། དེ་མ་ཡིན་པར་གོས་ཚེམ་བུ་དང་ཟས་བསོད་སྙོམས་ཀྱིས་བདག་འཚོ་མི་ནུས་སོ། །ཞེས་སྨྲས་པ་དང༌། རྣལ་འབྱོར་པ་དེས་སྨྲས་པ། གོས་ཚེམ་བུ་དང་ཟས་བསོད་སྙོམས་ནི་མཆོག་ཡིན་པས། ཉིད་ཀྱང་འདི་འདྲ་བ་ལ་བསྟེན་དགོས་སོ། །ཞེས་སྨྲས་པ་ན། རྒྱལ་པོ་ན་རེ། གོས་ཚེམ་བུ་སྐྱུགས་བྲོ། ཁ་ཕོར་ཐོད་པ་དང་ཟས་ལྷག་རོལ་སྐྱུགས་བྲོ་བས་འདི་བདག་གིས་མི་ནུས་སོ་ཞེས་ཞུས་པ་དང༌། རྣལ་འབྱོར་པ་དེས་སྨྲས་པ། ཁྱོད་ཀྱིས་དེ་འདྲ་བའི་ང་རྒྱལ་དང༌། རྒྱལ་སྲིད་བྱེད་པ་ནི་མཐར་ངན་སོང་གི་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ལ། ངས་གོས་ཚེམ་བུ་དང༌། ཟས་ལྷག་རོལ་དང༌། སྣོད་ཐོད་པ་ཁུར་ཡང༌། འབྲས་བུ་ཟག་པ་མེད་པའི་བདེ་བ་ཐོབ་པ་ཡིན་ལ། འོ་སྐོལ་རྒྱལ་སྲིད་ཁྱད་པར་ཆེ་བ་ཡིན་སྨྲས་ནས་རྒྱལ་པོ་ལ་འོན་ཀྱང་འདོད་ཡོན་མ་སྤངས་པར་ཆོས་སྒྲུབ་པའི་ཐབས་ཡོད་ཀྱི་གསུངས་པས། རྒྱལ་པོ་ན་རེ། འོ་ན་བདག་ཆོས་བགྱིད་པས་གནང་དགོས་ཞུ་བ་ལ། རྣལ་འབྱོར་པས་གདམས་པ། རྒྱལ་པོ་རང་གི་ལག་གི་གདུ་བུ་རིན་པོ་ཆེ་འབར་བ་ལ་ཞེན་པ་དང༌། ང་རྒྱལ་བློས་ཐོང་ལ་རིན་པོ་ཆེའི་འོད་དང་ཞེན་པ་མེད་པའི་སེམས་གཉིས་གཅིག་ཏུ་གྱིས་ལ་སྒོམས་ཤིག ཅེས་གདམས་ངག་བྱིན་ནས། གདུ་བུ་འོད་ཟེར་ལེགས་འཕྲོ་བ། །ལྟོས་ཤིག་རང་སེམས་ཉིད་ཀྱང་བདེ། །ཕྱི་ཡི་རྐྱེན་སོགས་དུ་མ་ཡིས། །ཁ་དོག་དུ་མ་འབྱུང་འགྱུར་ཡང༌། །དེ་ཡི་རང་བཞིན་འགྱུར་བ་མེད། །དེ་བཞིན་སྣ་ཚོགས་སྣང་བ་ཡིས། །དྲན་རྟོག་དུ་མ་འབྱུང་འགྱུར་ཡང༌། །
སེམས་ཉིད་རིན་ཆེན་འབར་བ་བཞིན། །ཅེས་གསུངས་པ་ན། རྒྱལ་པོས་ཕྱག་གཡས་པའི་གདུ་བུ་ལ་སེམས་གཏད་ནས་བསྒོམས་པས་འདོད་ཡོན་སྟེང་དུ་སེམས་ཉིད་ངོ་འཕྲད་ནས་ཟླ་བ་དྲུག་ན་དངོས་གྲུབ་ཐོབ་སྟེ། རང་གི་འཁོར་རྣམས་ཀྱིས་སྒོ་གསང་ནས་བལྟས་པས། ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་བར་མཐོང་ནས་ངོ་མཚར་ཏེ་གདམས་ངག་ཞུས་པས། དེའི་ཞལ་ནས། སེམས་ཉིད་རྟོགས་པ་རྒྱལ་པོ་ཡིན། །བདེ་བ་ཆེན་པོ་རྒྱལ་སྲིད་ཡིན། །ཟུང་དུ་འཇུག་པ་ལོངས་སྤྱོད་མཆོག །རྒྱལ་པོ་དགོས་ན་དེ་ལྟར་གྱིས། །ཞེས་གསུངས་ནས་རང་གི་འཁོར་དང་བིཥྞུ་ན་ག་རའི་སྐྱེ་བོའི་ཚོགས་ཐམས་ཅད་དང་བཅས་ཏེ། ལོ་ལྔ་བརྒྱ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་ཤིང༌། མཚན་གདུ་བུ་པ་ཞེས་ཡོངས་སུ་གྲགས་སོ། །གུ་རུ་ཀཾ་ཀ་པའི་ལོ་རྒྱུས་རྫོགས་སོ།། ༢༩ །།གུ་རུ་ཀམྦྷ་ལའི་ལོ་རྒྱུས་ནི། ཡུལ་ཀངྐ་ར་མ་བྱ་བ་ན། རྒྱལ་པོ་ཞིག་གྲོང་ཁྱེར་འབུམ་ཚོ་བརྒྱད་ཅུ་རྩ་བཞི་ལ་དབང་བྱེད་པ་དེ་ལ་སྲས་གཉིས་ཡོད་པ་ལ། དེའི་ཡབ་གྲོང་བ་དང༌། སྲས་ཆེ་བ་རང་བཞིན་བཟང་བས་འབངས་རྣམས་ཀྱིས་དེ་རྒྱལ་ཚབ་ཏུ་དབང་བསྐུར་བ་དང༌། དེའི་བསོད་ནམས་ཀྱིས་སྐྱེ་བོའི་ཚོགས་ཐམས་ཅད་འབྱོར་པ་དང་ལྡན་པར་གྱུར་ནས། གསེར་ལ་སོགས་པའི་སྣོད་དུ་བཟའ་བ་ལོངས་སྤྱོད་པར་བྱེད་པ་དང༌། རྒྱལ་བུ་དེས་སྲིད་བཟུང་ནས་ཟླ་བ་ལྔ་དྲུག་གི་བར་དུ་ཡུམ་དང་མ་འཕྲད་ན། དེར་ངའི་མ་གར་སོང་འདིར་མི་འོང་བ་ཅི་ཞེས་སྨྲས་པས། ཡབ་ཀྱི་མྱ་ངན་བྱེད་པས་འདིར་མ་གཤེགས་སོ་ཟེར་རོ། །དེ་ནས་ལོ་གཅིག་ལོན་པ་དང༌། མ་དེར་འོང་ནས་ངུས་པས། དེར་ཡུམ་ཅི་ལ་བཤུམ་བྱས་པ་དང༌། ང་ཁྱོད་རིན་པོ་ཆེའི་ཁྲི་ལ་འདུག་ཅིང་རྒྱལ་སྲིད་བྱེད་པ་ལ་མ་དགའ་ནས་ངུས་པ་ཡིན་ཟེར་བས། རྒྱལ་བུས་མ་ལ་ཞུས་པ། ཡུམ་མི་དགྱེས་ན་ནུ་བོ་རྒྱལ་སྲིད་འཛིན་དུ་བཅུག་ནས། བདག་རབ་ཏུ་བྱུང་བ་བགྱིད་ལགས་སམ། ཞུས་པས། དེ་རུང་ཟེར་ནས་གཅུང་ལ་རྒྱལ་སྲིད་གཏད་དེ་རབ་ཏུ་བྱུང་བས་འཁོར་དགེ་སློང་སུམ་བརྒྱ་དང་བཅས་ཏེ་གཙུག་ལག་ཁང་ཞིག་ཏུ་བཞུགས་པ་ན། དེར་མ་
འོངས་ནས་ཡང་ངུས་པ་དང༌། སྲས་ཀྱིས་དེ་ལ་ཕྱག་བྱས་ཏེ་ཡུམ་ཅི་ལ་བཤུམ་བྱས་པས། ཁྱོད་རབ་ཏུ་བྱུང་ཡང་རྒྱལ་པོའི་ཚུལ་ལྟར་འཁོར་དང་འདུ་འཛིའི་ནང་དུ་བཞུགས་པ་འདིས་མ་དགའ་བ་ཡིན་ཞེས་སྨྲས་པ་དང༌། སྲས་ཀྱིས་འོ་ན་ཅི་ཙུག་བགྱི་ཞེས་ཞུས་པས། དགོན་པར་འདུ་འཛི་སྤོངས་ལ་འདུག་ཅིག་ཟེར་བས། དེས་གཙུག་ལག་ཁང་སྤངས་ནས་དགོན་པར་ཤིང་དྲུང་ཅིག་གི་རྩར་འདུག་པ་དང༌། བཟའ་བ་ལ་སོགས་པ་བསོད་ནམས་ཀྱི་ལས་འཕྲོས་བྲེལ་བ་མེད་པར་གྱུར་པ་དང༌། ཡང་ཡུམ་བྱོན་ནས་ངུས་པས་སྲས་ཀྱིས་ཡུམ་ལ་ཕྱག་བྱས་ནས། ཅི་ཙུག་བགྱི་ཞུས་པ་ན། མ་ན་རེ། རབ་ཏུ་བྱུང་བ་ལ་འཚོ་བའི་ཡོ་བྱད་དོན་མེད་པ་བཅངས་ནས་ཅི་བྱེད་ཟེར་རོ། །དེས་ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་ཀུན་བོར་ནས་རྣལ་འབྱོར་པའི་ཆ་ལུགས་སུ་བྱས་ཏེ་ཡུལ་ཁམས་གཞན་དུ་ཕྱིན་པ་ན། དེའི་ཡུམ་མཁའ་འགྲོ་མ་ཡིན་པས་ལམ་བར་དུ་སྲས་ལ་བདེ་མཆོག་ཏུ་དབང་བསྐུར་ནས་ཆོས་བཤད་པས། སྲས་དུར་ཁྲོད་དུ་ཐལ་བའི་ནང་དུ་ཉལ་གྱིན་ལོ་བཅུ་གཉིས་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ་ནམ་མཁའ་ལ་ཕྱིན་པ་དང༌། ཡུམ་ཌཱ་ཀི་མ་མང་པོ་དང་ལྷན་ཅིག་ནམ་མཁའ་ལ་འོངས་ནས་སྲས་ལ་སྨྲས་པ། ཁྱོད་སེམས་ཅན་གྱི་དོན་མི་བྱེད་པར་ནམ་མཁའ་ལ་འགྲོ་བ་ལ་ངོ་མཚར་ཆེ་རྒྱུ་ཅི་ཡོད། དེ་འདྲ་བྱ་དང་འདྲ་བ་ཡིན་པས་ད་འགྲོ་དོན་གྱིས་ཤིག་གསུངས་པས། སྲས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་མཱ་ལ་པུར་བྱ་བ་ན། གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཡོད་པར་ཕྱིན་པ་དང༌། དེ་ལ་ཡུལ་ཀ་ར་བཱི་ར་ཞེས་བྱ་བ་ན། བྲག་པ་ན་ཝ་ཞེས་བྱ་བའི་དགོན་པ་ན་ཏ་ལ་རྩི་ཕུག་བྱ་བའི་ཕུག་པ་ཡོད་པར་བཞུགས་ནས་སྒྲུབ་པ་བྱས་པས་ཕྲ་མེན་མ་ཀུན་གྱིས་ཚོར་ནས། ཕྲ་མེན་མ་གཅིག་གིས་གཅིག་སྦྲན་པ་དང༌། ཕྲ་མེན་གྱི་གཙོ་མོ་པདྨ་དི་ཝཱི་བྱ་བ་འཁོར་དང་བཅས་ཏེ་བར་ཆད་ལ་འོངས་པ་དང༌། སློབ་དཔོན་ལྭ་བ་ནག་པོ་ཅིག་གྱོན་ནས་གྲོང་ཁྱེར་དུ་བསོད་སྙོམས་ལ་བྱོན་པའི་ལམ་དུ་ཕྲ་མེན་མའི་བུ་མོ་ཚན་པ་གཅིག་དང་འཕྲད་ནས། ཁྱེད་ལ་བདག་ཅག་བཞེས་པ་འདྲེན་པས་ངེད་ཀྱི་ཁྱིམ་
དུ་གཤེགས་པར་ཞུ་ཟེར་བ་ལ། སློབ་དཔོན་གྱིས་བདག་ཁྱིམ་གཅིག་ནས་མི་ཟ་བསོད་སྙོམས་བྱེད་པ་ཡིན་གསུངས་ནས། པདྨ་དེ་ཝཱི་ལ་སོགས་པ་ལ་ལྭ་བ་བཅོལ་ནས་བྱོན་པས། ཕྲ་མེན་མ་ཚན་པ་དེ་རྣམས་ཀྱིས་གྲོས་བྱས་ཏེ། རྫས་ལ་ནུས་པ་ཡོད་པ་ཡིན་པས་འདིའི་ལྭ་བ་བཟའ་དགོས་ཟེར་ནས་ཟོས། ལྷག་མ་མེ་ལ་བསྲེགས་པ་དང༌། སློབ་དཔོན་ལོག་ནས་འོངས་ཏེ་ཕྲ་མེན་མ་ཀུན་ལ། ངའི་ལྭ་བ་བཅོལ་བ་བྱིན་ཅིག་གསུངས་ནས། ཕྲ་མེན་མས་ལྭ་བ་གཞན་ཞིག་བྱིན་པ་ན། ང་རང་གི་ལྭ་བ་དགོས་གསུངས་ནས། ཕྲ་མེན་མས་གསེར་ལ་སོགས་པའི་བསྲུས་མ་གཏད་ཀྱང་མ་བཞེས་ནས། སློབ་དཔོན་གྱིས་རྒྱལ་པོའི་གམ་དུ་བྱོན་ནས་འདི་སྐད་དུ། ཁྱོད་རྒྱལ་པོ་ཡིན་ན་ཆོམ་རྐུན་ལ་སོགས་པ་མི་སྲུང་བ་ཅི་ཙུག་ཡིན་གསུངས་པས། རྒྱལ་པོ་ན་རེ། ཆོམ་རྐུན་གྱིས་སུ་བཅོམ་ཟེར་བ་ལ། སློབ་དཔོན་གྱིས་ཁྱོད་ཀྱི་ཕྲ་མེན་མ་ཀུན་གྱིས་ངའི་ལྭ་བ་ཁྱེར་ཟེར་བས། རྒྱལ་པོས་ཕྲ་མེན་མ་ཀུན་བཀུག་ནས་རྣལ་འབྱོར་པའི་ལྭ་བ་བྱིན་ཅིག་བྱས་ཀྱང་བདག་ལ་མེད་ཟེར་ནས་མ་བྱིན་པ་དང༌། སློབ་དཔོན་ཏ་ལ་རྩེ་ཕུག་ཏུ་བྱོན་ནས་སྒྲུབ་པ་བྱས། ཁྲོ་བོ་བཅུ་ལ་གཏོར་མ་བཏང་བ་དང༌། ཕྲ་མེན་དུམ་གཅིག་གིས་ཕུག་གི་ཆུ་སྐེམ་པར་བྱས་པ་ན། སློབ་དཔོན་གྱིས་སའི་ལྷ་མོ་ལ་ཆུ་ཐོན་ཅིག་གསུངས་པས་ཆུ་བྱུང་ངོ༌། །དེ་ནས་ཕྲ་མེན་ཀུན་འདུས་ཏེ་གླིང་བཞི་རི་རབ་དང་བཅས་པ་ན་གནས་པའི་ཕྲ་མེན་མ་ཀུན་ཀྱང་ཐམས་ཅད་སྦྲན་ནས་འོངས་པ་དང༌། སློབ་དཔོན་གྱིས་ཐམས་ཅད་ལུག་ཏུ་བྱས་ཏེ་བོར་བས་རྒྱལ་པོ་ལ་སོགས་པ་ཀུན་ལུག་ཏུ་སོང་བས། ཧ་ལས་ཏེ། སློབ་དཔོན་ལ་གསོལ་བ་བཏབ་པ་དང༌། སློབ་དཔོན་གྱིས་ལུག་ཐམས་ཅད་ཀྱི་མགོ་བོའི་སྤུ་བྲེགས་ནས་བཏང་བས། བུད་མེད་ཐམས་ཅད་སྐྲ་བྲེགས་པ་ཤ་སྟག་ཏུ་སོང་ནས་ངུ་ཡིན་འདུག་གོ །ཡང་དེ་ཉིད་དུ་བཞུགས་པ་ལ། འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་བྲག་བཅད་དེ་བཀྲོངས་པར་བྱས་པ་ལ། ཡར་ལ་སྡིག་མཛུབ་མཛད་པས་བྲག་ནམ་མཁའ་ལ་ཡེ་རེ་ཆགས་པ་ད་དུང་ཡོད་དོ། །དེར་རྒྱལ་པོས་ཀྱང་ཕྲ་མེན་མ་འདི་ཙམ་གྱིས་མི་གཅིག་མ་ཐུབ་པ་ཅི་ཉེས། ད་བཟོད་པ་ཕུལ་ལ་དམ་ལ་གནས་
པར་གྱིས་བྱས་ཀྱང་མ་ཉན་པ་ན། བླ་མས་ཕྲ་མེན་མ་རྣམས་སྟར་ལ་བརྒྱུས་ཏེ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ་གཏད་པའམ། ངའི་བསྟན་པ་ལ་ཞུགས་ནས་དམ་ལ་གནས་པར་མི་བྱེད་ན། རྟ་རུ་བྱས་ནས་ཁྱེར་བ་ཡིན་ཞེས་གསུངས་པ་དང༌། ཕྲ་མེན་མ་ཀུན་སློབ་དཔོན་གྱི་ནུས་པ་ལ་འཇིགས་ནས། སྐྱབས་སུ་སོང་ཞིང་དམ་ལ་གནས་པར་མཛད་དོ། །དེ་ནས་ཕྲ་མེན་མ་དག་གིས་ཟོས་པའི་ལྭ་བ་ཀུན་སྐྱུགས་ཏེ། སློབ་དཔོན་གྱིས་ལྭ་བའི་དུམ་བུ་ཀུན་བསྡུས་ནས་བསྒྲིགས་པས་སྔ་མ་ལས་བག་ཙམ་ཐུང་བ་ཞིག་བྱུང་བ་བསྣམས་ནས་གཤེགས་པས། མཚན་དུ་ཡང་ཀམྦྷ་ལ་ཞེས་པའམ། ལྭ་བ་པ་ཞེས་གྲགས་ལ། ཤྲཱི་པྲ་བྷ་ཏ་ཞེས་ཀྱང་བྱ་སྟེ་ལོ་དཔག་ཏུ་མེད་པར་འགྲོ་དོན་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀཾ་བྷ་ལའི་ལོ་རྒྱུས་རྫོགས་སོ།། ༣༠ །།གུ་རུ་ཌིངྐ་པའི་ལོ་རྒྱུས་ནི། རིགས་བྲམ་ཟེ་ཡུལ་ས་ལི་པུ་ཏྲའི་རྒྱལ་པོ་ཨིནྡྲ་པཱ་ལ་བྱ་བའི་བློན་པོ་ཡིན་ལ། རྒྱལ་པོ་དེ་འཁོར་བ་ལ་སྐྱོ་བ་སྐྱེས་ནས། བློན་པོ་དང་གཉིས་ཀ་དུར་ཁྲོད་ན་ལཱུ་ཧི་པ་བཞུགས་པའི་གནས་སུ་ཕྱིན་ནས་སྒོ་བརྡུངས་པས། སློབ་དཔོན་གྱིས་སུ་ཡིན་གསུངས་པ་དང༌། བདག་རྒྱལ་པོ་དང་བློན་པོ་ཡིན་ནོ་ཞེས་སྨྲས་པ་དང༌། འོ་ན་ནང་དུ་ཤོག་གསུངས་པས། དེ་གཉིས་ལ་སློབ་དཔོན་གྱིས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། དབང་ཡོན་དུ་ཁོ་རང་གཉིས་ཀྱི་ལུས་ཕུལ་ནས། གཞན་གྱི་ཡུལ་ཨཽ་དེ་ཤར་ཕྱིན་པ་དང༌། དེར་དཔོན་སློབ་གསུམ་བསོད་སྙོམས་བྱེད་ཅིང་བསྡད། དེ་ནས་རྒྱལ་བུ་བཙོངས་པའི་ལོ་རྒྱུས་སོགས་དཱ་རི་ཀ་པའི་རྣམ་ཐར་དུ་གསལ་ལ། སློབ་དཔོན་ལཱུ་ཧི་པ་དང༌། བྲམ་ཟེ་བློན་པོ་གཉིས་ཀྱིས་ཛ་ཡིན་ཏ་པུ་རར་ནང་པའི་རཱ་ཛའི་རྩར་ཞག་བདུན་ནས་བརྟོལ་ཏེ། དེ་ཆང་འཚོང་མ་ཡོད་པའི་གན་དུ་ཕྱིན་ནས། ཆང་འཚོང་གཙོ་མོའི་སྒོ་བཙལ་བས། ཁྱེད་ཀྱི་གཙོ་མོ་མི་མི་ཉོའམ། ཞེས་སྨྲས་པ་དང༌། དེས་ནང་དུ་སྨྲས་པ་ན་ཉོ་ཟེར་ཞིང་རིན་ཅི་དགོས་ཟེར་བ་ལ་སློབ་དཔོན་གྱིས་གསེར་ཏོ་ལོ་སུམ་བརྒྱ་དགོས་གསུངས་པས། དེས་ཀྱང་དེ་བཞིན་དུ་བྱས་ཏེ་བྲམ་ཟེའི་བུ་དེ་ཁྱེར་རོ། །གཙིགས་སུ་
ཁོ་རང་གཅིག་པུར་ཉལ་དུ་ཆུག་ལ་རིན་འཁོར་བ་དང་ཐོང་ཞིག་གསུངས་ནས་སློབ་དཔོན་གཤེགས་སོ། །དེ་ནས་སློབ་དཔོན་བྲམ་ཟེ་དེས་ཆང་འཚོང་མའི་ལས་ཁྱད་པར་ཅན་བྱས་པས་དགའ་ནས་གཙོ་འཁོར་ཀུན་ཇོ་བོ་ཟེར་རོ། །དེ་ནས་ཞག་གཅིག་གི་ཚེ་ཉིན་པར་ལས་བྱས་པས་ཟས་མ་བསྒུགས་པར་མཚན་མོ་སྐྱེད་མོས་ཚལ་དུ་ཕྱིན་པ་དང༌། ཆང་འཚོང་མས་ཟས་མ་བྱིན་པ་དེ་མཚན་མོ་དྲན་ནས་སྐྱེལ་དུ་བཏང་བ་ན། བྲམ་ཟེའི་བུ་དེ་ལ་བུ་མོ་བཅོ་ལྔ་ཙམ་གྱིས་བསྙེན་བཀུར་ནི་བྱེད། རང་ཉིད་ཀྱི་ལུས་ཀྱི་སྣང་བ་ལ་འདུག་པ་མཐོང་བས། དེས་ཆང་འཚོང་མ་ལ་བསྙད་པས་དེ་འགྱོད་པ་སྐྱེས་ཏེ། སློབ་དཔོན་ལ་ཁྱེད་བདག་ཅག་གིས་ལོ་བཅུ་གཉིས་སུ་བཀོལ་བའི་སྡིག་པ་བདག་ལ་ཡོད་པས། དེའི་དོན་དུ་ལོ་བཅུ་གཉིས་སུ་བདག་གི་མཆོད་གནས་མཛོད་ཅིག བདག་བསྙེན་བཀུར་བྱེད་པ་ལགས་ཞེས་ཞུས་པས་དེ་མ་བཞེད་དེ། ཆང་འཚོང་མ་ལ་སོགས་པ་ཛ་ཡིན་ཏ་པུ་རའི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཆོས་བཤད་ནས་གདམས་ངག་ཕོག་སྟེ་འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །མཚན་ནི་འབྲས་རྡུང་བའི་ལས་བྱེད་པས་ཌིངྐི་པ་ཞེས་གྲགས་ལ་དེས་ཚིགས་སུ་བཅད་པ་གསུངས་པ། རིག་བྱེད་འདོན་པའི་ཌིངྐི་པ། །འབྲས་བརྡུང་བ་ཡིས་བསམ་གཏན་ཅན། །གཏུན་དུ་འབྲས་ནི་ལེགས་པར་རྡུང༌། །ཕྱགས་མས་འཐོར་བ་སྡུད་པར་བྱེད། །བླ་མའི་གདམས་པས་འབྲས་དག་རྡུང༌། །ལས་གཞན་དག་ནི་མི་བྱེད་པར། །ནག་པོ་ཡི་ནི་འབྲས་དག་རྡུང༌། །དང་པོ་དགེ་བས་སྡིག་པ་རྡུང༌། །རྡོ་རྗེ་རིག་པའི་ཐོ་བ་ཡིས། །ཟེར་ནི་ཉི་མ་ཟླ་བ་ཡིན། །གཏུན་ཁུང་ཆོས་ཉིད་སྟོང་པ་རུ། །སྤང་བླང་གཉིས་སུ་མེད་པར་རྡུང༌། །ཧཱུྃ་སྒྲས་རྣམ་རྟོག་ཞོ་དཀྲོགས་པས། །བདེ་བ་ཆེན་པོའི་མར་དག་འབྱུང༌། །རོ་ནི་གཉིས་སུ་མེད་པར་མྱོང༌། །ཞེས་གསུངས་སོ། །ཌིངྐི་པ་ཆང་འཚོང་མ་ལ་འཚོང་པའི་དགོས་པ་ནི། བྲམ་ཟེ་
རྟོག་པ་ཆེ་བ་དེ་ཆང་ཚོང་གིས་ཉམས་འགྲོ་བས། རིགས་ཀྱི་ང་རྒྱལ་བཅག་པའི་ཕྱིར་དེར་བཙོངས་པ་ཡིན། ཅེས་གསུངས། གུ་རུ་ཌིངྐི་པའི་ལོ་རྒྱུས་རྫོགས་སོ།། ༣༡ །།གུ་རུ་བྷནྡྷེ་པའི་ལོ་རྒྱུས་ནི། བྷནྡྷེ་ནི་ནོར་ལྷ་འཛིན་པ་བྱ་བ་ཡིན་ལ། དེའི་ཡུལ་ནི་མཉན་ཡོད། རིགས་ནི་ལྷ་རིགས། བླ་མ་ནི་སློབ་དཔོན་ནག་པོ་སྤྱོད་པ་ཡིན་ནོ། །བྷནྡྷེ་པ་ནམ་མཁའ་ལ་གནས་པ་ལ། དུས་གཅིག་ལ་འཕགས་པ་དགྲ་བཅོམ་པ་ཞིག་ཆོས་གོས་དང་ལྷུང་བཟེད་འཁར་གསིལ་དང་བཅས་པ་འོད་དང་གཟི་བརྗིད་དང་ལྡན་པ་ཅིག་ནམ་མཁའ་ལ་གཤེགས་པར་མཐོང་ནས། ངོ་མཚར་སྐྱེས་ཏེ་ལྷའི་བི་ཤྭ་ཀརྨ་ལ་དྲིས་པས། རྗེའི་སྲས་འདི་འདྲ་བའི་ངོ་མཚར་ཅན་མཁའ་ལ་རྒྱུ་བ་འདི་ཅི་ལེགས་སྨྲས་པས། བི་ཤྭ་ཀརྨ་ན་རེ། འདི་ནི་ཉོན་མོངས་པ་སྤངས་པའི་འཕགས་པ་དགྲ་བཅོམ་པ་ཡིན་ཟེར་བས། བྷནྡྷེ་པས་ཀྱང་དེ་འདྲ་བ་ཐོབ་པར་འདོད་ནས་འཛམ་བུའི་གླིང་དུ་སླར་འོངས་ནས། སློབ་དཔོན་ནག་པོ་པ་ལ་ཆོས་ཞུས་པས། ནག་པོ་པས་གསང་བ་འདུས་པར་དབང་བསྐུར་ཏེ། རྣལ་འབྱོར་སྲུང་བའི་ཐབས་ཚད་མེད་པ་བཞིའི་གདམས་ངག་བྱིན་ནས། སྙིང་རྗེ་ལྟ་བ། དགའ་བ་སྒོམ་པ། བྱམས་པ་སྤྱོད་པ། བཏང་སྙོམས་འབྲས་བུར་བསྒོམས་པས། ཕྱིན་ཅི་ལོག་གི་འཁྲུལ་པའི་དུག་ཐམས་ཅད་དག་ནས། མ་ཧཱ་མུ་དྲའི་འབྲས་བུ་ཐོབ་སྟེ་ཕྱོགས་མཚམས་ཐམས་ཅད་དུ་རྣལ་འབྱོར་པ་བྷནྡྷེ་པ་ཞེས་བྱ་བར་གྲགས་ལ། དེ་ལ་བི་ཤྭ་ཀརྨས་ཅི་བྱས་དྲིས་པས། དེའི་ཞལ་ནས། དམིགས་པ་མེད་པའི་ལྟ་བ་དང༌། །རྒྱུན་ཆད་མེད་པའི་སྒོམ་པ་དང༌། །ཕ་མ་ལྟ་བུའི་སྤྱོད་པ་དང༌། །ནམ་མཁའ་ལྟ་བུའི་འབྲས་བུ་བཞི། །ཐ་དད་མེད་པར་མངོན་དུ་མཐོང༌། །མངོན་པར་ཞེན་པ་ག་ལ་གྲུབ། །ཨེ་མ་བླ་མ་ངོ་མཚར་ཆེ། །མཁས་པས་རྟག་ཏུ་བསྟན་པར་གྱིས། །ཞེས་གསུངས་པས་མཉན་ཡོད་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་དྲུག་ཏུ་ལོ་བཞི་བརྒྱའི་བར་དུ་འགྲོ་དོན་བསམ་གྱིས་
མི་ཁྱབ་པ་མཛད་དེ་འཁོར་བཞི་བརྒྱ་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བྷནྡྷེ་པའི་ལོ་རྒྱུས་རྫོགས་སོ།། ༣༢ །།གུ་རུ་ཏནྟེ་པའི་ལོ་རྒྱུས་ནི། ཏནྟེ་པ་བྱ་བ་ཆོ་ལོ་པ་བྱ་བ་ཡིན་ལ། ཡུལ་ཀཽ་ཤམྦྷཱི་བྱ་བར་དམངས་རིགས་ཀྱི་གང་ཟག་ཅིག་རྟག་ཏུ་ཆོ་ལོ་རྩེ་བས་ཟས་ནོར་ཐམས་ཅད་ཟད་ནས་མེད་ཀྱང༌། གོམས་པའི་སྟོབས་ཀྱིས་ཡང་ཆོ་ལོ་རྩེས་པས་བཙལ་རྒྱུ་ཅི་ཡང་མེད་པས་མི་ཀུན་གྱིས་དེ་བརྡུངས་པ་ན། སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་ཕྱིན་ནས་འདུག་པ་དང༌། དེར་རྣལ་འབྱོར་པ་ཞིག་བྱོན་ནས་ཁྱོད་འདི་ན་ཅི་བྱེད་འདུག་གསུངས་པས། དེ་ན་རེ། བདག་ཆོ་ལོ་ལ་དགའ་བས་ནོར་རྫས་ཐམས་ཅད་ཤོར་ཏེ། ལུས་སེམས་སྡུག་བསྔལ་གྱིས་གདུངས་ཏེ་འདི་ན་འདུག་གིན་གདའ་ཞེས་ཞུས་པས། རྣལ་འབྱོར་པས་ཁྱོད་ཆོས་མི་བྱེད་དམ་གསུངས་པས། དེ་ན་རེ། ཆོ་ལོ་སྤོང་བར་མི་ནུས་པས། དེ་མ་སྤངས་པར་ཆོས་བྱར་ཡོད་ན་བདག་བྱེད་ལགས་ཞུས་པས། རྣལ་འབྱོར་པས་དེ་ཡོད་གསུངས་ནས་དེ་ལ་དབང་བསྐུར། གདམས་ངག་ཏུ། ཆོ་ལོས་ནོར་རྫས་ཟད་ནས་སྟོང་པར་སོང་བ་བཞིན་ཏུ་ཁམས་གསུམ་ཐམས་ཅད་སྟོང་པར་བསྒོམས་ལ། ཁམས་གསུམ་སྟོང་པ་བཞིན་སེམས་ཉིད་ཀྱང་སྟོང་པར་སྒོམས་ཤིག ཅེས་དང༌། ཆོ་ལོས་ནོར་རྣམས་ཟད་པ་ལྟར། །རིག་པའི་ཆོ་ལོས་ཁམས་གསུམ་གྱི། །རྣམ་རྟོག་ཐམས་ཅད་ཟད་པར་གྱིས། །དེ་ཡིས་བདག་ཉིད་གདུངས་པ་ལྟར། །རྣམ་རྟོག་ཆོས་སྐུར་གདུང་བར་བྱ། །དུར་ཁྲོད་དབེན་པར་ཉལ་བ་ལྟར། །བདེ་ཆེན་ཀློང་དུ་ཉལ་བར་བྱ། །ཞེས་བསྟན་པ་བཞིན་བསྒོམས་པས། ཁམས་གསུམ་གྱི་རྟོག་པ་ཆོས་ཉིད་དུ་ནུབ། དེ་ལྟར་རྟོགས་པའི་རིག་པ་དེ་ཡང་རང་བཞིན་མེད་པར་གྱུར་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དེས་གསུངས་པ། དང་པོ་སྐྱོ་བ་མ་སྐྱེས་ན། །ཐར་པའི་ལམ་དུ་ག་ལ་འཇུག །དད་པས་བླ་མ་མ་བསྟེན་ན། དངོས་གྲུབ་དམ་པ་གང་ལ་འཇུག །ཅེས་གསུངས་ཏེ་ནམ་མཁའ་ལ་འཕགས་
ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་ཀྱི་གནས་སུ་གཤེགས་སོ། །གུ་རུ་ཏནྟེ་པའི་ལོ་རྒྱུས་རྫོགས་སོ།། ༣༣ །།གུ་རུ་ཀུཀྐུ་རི་པའི་ལོ་རྒྱུས་ནི། ཡུལ་ཀ་པི་ལ་ས་ཀྲུ་ན་ཡོད་པའི་བྲམ་ཟེ་ཞིག་སྔགས་ལ་དད་པ་སྐྱེས་ཏེ། རྣལ་འབྱོར་གྱི་སྤྱོད་པ་མཛད་ཅིང་མཐར་གྱིས་ལྡོམ་བུ་ལ་བྱོན་ནས་ལུམྦཱི་ནཱིའི་གྲོང་ཁྱེར་དུ་བྱོན་པའི་ལམ་ཁ་ན། ཁྱི་གུ་མོ་ལྟོ་མ་ཐེག་པ་ཞིག་འདུག་པས་དེ་ལ་བྱམས་པ་སྐྱེས་ནས་དེ་ཁྱེར་ཏེ་གྲོང་ཁྱེར་དུ་བྱོན་ནས་ཕྱོགས་བཞིར་གཟིགས་པས། ཕྱོགས་གཅིག་ན་བྲག་ཕུག་སྟོང་པ་ཞིག་འདུག་པས། དེར་ཁྱི་གུ་བོར་ཏེ་བསོད་སྙོམས་བླངས་ཀྱིན་དེར་བསྒྲུབས་པས། ལོ་བཅུ་གཉིས་ན་འཇིག་རྟེན་པའི་དངོས་གྲུབ་མངོན་ཤེས་ལ་སོགས་པ་ཐོབ་པས་སུམ་ཅུ་རྩ་གསུམ་པ་ལ་སོགས་པའི་ལྷ་རྣམས་ཀྱིས་སྤྱན་དྲངས་ཏེ་བྱོན་པས་རྗེས་སུ་ཁྱི་གུ་ཕུག་ཉིད་ཏུ་ལུས་པས། མི་མེད་པར་ཁྱི་གུས་ས་བྲུས་པས་ཆུ་དང་བཟའ་བ་ལ་སོགས་པ་བྱུང་བ་ཟ་ཞིང་དེར་བསྡད་པ་དང༌། རྣལ་འབྱོར་པ་དེ་ལ་ལྷ་རྣམས་ཀྱིས་མཆོད་པ་རྒྱ་ཆེན་པོ་བྱས་པ་ན། རྣལ་འབྱོར་པས་སྔར་གྱི་ཁྱི་གུ་དྲན་ཏེ་ལོག་པར་བརྩམས་པ་ལས། ལྷ་རྣམས་ན་རེ། ཡོན་ཏན་འདི་ཙམ་ཐོབ་ཀྱང་ཁྱི་གུ་འདྲ་བའི་རྟོག་པ་མ་ཆོད་པ་འདི་མ་ལེགས་པས། འདི་ཉིད་དུ་བཞུགས་པར་ཞུ་ཟེར་ཡང་ཡང་བཀག་པ་ན། དུས་གཅིག་གི་ཚེ་མ་གསན་པར་བྲག་ཕུག་ཏུ་ལོག་ནས་བྱོན་ཏེ་ཁྱི་གུ་ལ་བྱིལ་བྱིལ་མཛད་པས། དེ་མཁའ་འགྲོ་མར་སོང་སྟེ་དེའི་ཞལ་ནས། ལེགས་སོ་ལེགས་སོ་རིགས་ཅན་ཁྱོད། །བར་ཆད་དབང་དུ་མ་སོང་སྟེ། །དངོས་གྲུབ་དམ་པ་ལེན་དུ་འོངས། །སྔ་མའི་དངོས་གྲུབ་རྫུན་པ་སྟེ། །ལོག་པར་ལྟ་བ་དག་ལ་ཡོད། །ངོ་མཚར་མིན་ཏེ་འགྱུར་བ་ཅན། །ཟག་མེད་བདེ་ཆེན་མཆོག་ཉིད་ཀྱི། །དངོས་གྲུབ་དམ་པ་མ་ཡིས་སྟེར། །ཞེས་གསུངས་ཤིང་ཐབས་ཤེས་ཟུང་འཇུག་གི་བརྡ་བསྟན་ནས། འགྱུར་མེད་ལྟ་བ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་ཤིང༌། དངོས་གྲུབ་མཆོག་ཐོབ་པས་དེ་མན་ཆད་ལུམྦཱི་ནཱི་ལ་སོགས་པ་ཐམས་ཅད་དུ་བླ་མ་ཀུཀྐུ་རི་པ་ཞེས་བྱ་བར་
གྲགས་ཤིང་འགྲོ་དོན་མང་དུ་མཛད་ནས། གྲོང་ཁྱེར་ཀ་པི་ལ་ས་ཀྲུའི་སྐྱེ་བོའི་ཚོགས་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀུཀྐུ་རི་པའི་ལོ་རྒྱུས་རྫོགས་སོ།། ༣༤ །།གུ་རུ་ཀུ་ཙི་པའི་ལོ་རྒྱུས་ནི། ཀུ་ཙི་པ་བྱ་བ་ལྟག་ལྦ་ཅན་ཏེ། ཡུལ་ཀ་ཧ་རི་བྱ་བར་དམངས་རིགས་ཀྱི་གང་ཟག་ཅིག་ཞིང་ལས་ཀྱིས་འཚོ་བར་བྱེད་པ་ན། དུས་གཅིག་གི་ཚེ་དེ་ལ་སྔོན་ལས་ཀྱིས་ལྟག་པར་ལྦ་ཞིག་སྐྱེས་ནས། དེ་ཇེ་ཆེར་གྱུར་ནས་འགྲོ་བ་ལ་སོགས་པའང་མི་ཤེས་པར། དེ་སྡུག་བསྔལ་ནས་ཕྱོགས་དབེན་པ་ཞིག་ཏུ་ཉལ་ནས་བསྡད་པའི་ཚེ། དེར་འཕགས་པ་ཀླུ་སྒྲུབ་བྱོན་པས། དེ་ལ་དད་པ་སྐྱེས་ནས་ཐལ་མོ་སྦྱར་ནས། ཨེ་མ་འཕགས་པ་གང་ནས་བྱོན། །བདག་ནི་ལས་ངན་གྱིས་མནར་བས། །སྡུག་བསྔལ་བཟོད་དཀའ་འདི་འདྲ་ན། །ཐར་པའི་ཐབས་ཞིག་བདག་ལ་སྩོལ། །ཞེས་ཞུས་པས། འཕགས་པས་དེ་ལས་ཐར་པའི་ཐབས་ཡོད་ཀྱིས་བརྩོན་པར་སྒྲུབ་ནུས་སམ། ནུས་ན་སྡུག་བསྔལ་ཀུན་དྲུང་ནས་འབྱིན་ཅིང་བདེ་བར་འགྲོ་བའི་ཐབས་ཡོད་དེ་གསུངས་པས། དེ་ན་རེ། འཕགས་པ་བརྩོན་པར་སྒྲུབ་ཅིས་ཏེ་མི་ནུས་ལགས་ཟེར་བས་དེ་གསང་བ་འདུས་པར་དབང་བསྐུར་ནས། སྡུག་བསྔལ་ལམ་ཁྱེར་གྱི་ཆོས་བསྐྱེད་རྫོགས་ཀྱི་གདམས་པ་འདི་ལྟར་གནང་སྟེ། དེ་ཡང་བསྐྱེད་རིམ་གྱི་དམིགས་པ་ལྟག་པའི་ལྦ་བ་དེ་ཇེ་ཆེར་སྒོམས་ཤིག་གསུངས་ནས། དེས་ཀྱང་དེ་ལྟར་བསྒོམས་པས། ལྦ་བ་དེ་སྔར་བས་ཇེ་ཆེར་སོང་ནས་སྡུག་བསྔལ་པ་ན། སླར་འཕགས་པ་བྱོན་ནས་བདེའམ་གསུངས་པས། ཤིན་ཏུ་སྡུག་བསྔལ་བར་གདའ་ཞུས་པས། རྫོགས་རིམ་གྱི་དམིགས་པ་ལྟར་ཆོས་ཐམས་ཅད་དེར་འདུས་པར་སྒོམས་ཤིག་གསུངས་པས། དེ་ལྟར་བསྒོམས་པ་ན་ལྦ་བ་མེད་པར་སོང་ནས་བདེ་བ་ན། ཡང་འཕགས་པ་བྱོན་ནས་བདེའམ་གསུངས་པས། བདེ་ལགས་ཞུས་པས་དེ་ལ་གདམས་པ། ཡོད་དང་མེད་ལས་བདེ་སྡུག་འབྱུང༌། །མཐའ་གཉིས་རྟོག་པ་དང་བྲལ་ན། །བདེ་དང་སྡུག་བསྔལ་ག་ལ་ཡོད། །
ཆོས་རྣམས་རང་རང་ངོ་བོས་སྟོང༌། །ཞེས་གསུངས་པས་དེ་ལེགས་པར་རྟོགས་ཏེ། དམིགས་མེད་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་དེས་ཀ་ཧ་རི་ལ་སོགས་པར་ལོ་བདུན་བརྒྱའི་བར་དུ་འགྲོ་དོན་མཛད་དེ། ཀུ་ཙི་པ་ཞེས་གྲགས་ལ་འཁོར་བདུན་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀུ་ཙི་པའི་ལོ་རྒྱུས་རྫོགས་སོ།། ༣༥ །།གུ་རུ་དྷ་མ་པའི་ལོ་རྒྱུས་ནི། དྷ་མ་པ་སྟེ་ཐོས་པའི་ཤེས་རབ་བྱ་བ་ཡིན་ལ། ཡུལ་བི་ཀྲ་མ་སུ་ར་ན། བྲམ་ཟེ་ཞིག་རྟག་ཏུ་ཐོས་པ་ལ་བརྩོན་པར་གནས་ཀྱང༌། བསམ་པ་དང་སྒོམ་པའི་ཤེས་རབ་མེད་པ་ལ། དུས་གཅིག་གི་ཚེ་རྣལ་འབྱོར་པ་ཅིག་བྱོན་ནས། ཐོས་པ་མང་དུ་བྱས་པའི་བློ་ལ་ཆོས་མང་དུ་ཡོད་དམ་གསུངས་པས། དེ་ན་རེ། འཕགས་པ་བདག་གིས་ཆོས་མང་དུ་ཐོས་ཀྱང་ཐོས་མ་ཐག་ཏུ་བརྗེད་པས། མི་བརྗེད་པའི་གདམས་པ་ཅིག་ཞུ་འཚལ་ཞུ་བ་ལ། རུང་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར་ནས། དུ་མ་རོ་གཅིག་གི་གདམས་པ་འདི་གནང་ངོ༌། །རིན་ཆེན་ཕྱེ་མ་དུ་མ་རྣམས། །མགར་གྱིས་ལེགས་པར་གཅིག་ཏུ་གྱུར། །དེ་བཞིན་ཐོས་པ་སྣ་ཚོགས་ཀྱང༌། །སེམས་ཉིད་དབྱིངས་སུ་བཞུ་བར་གྱིས། །ཞེས་གསུངས་པའི་དོན་གོ་ནས། ཐོས་པའི་ཆོས་རྣམས་སེམས་ཉིད་དུ་མ་རོ་གཅིག་ཏུ་རྟོགས་ཏེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས། དྷ་མ་པ་ཞེས་གྲགས་ལ། གདུལ་བྱ་མང་པོ་ཐར་ལམ་ལ་བཀོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷ་མ་པའི་ལོ་རྒྱུས་རྫོགས་སོ།། ༣༦ །།གུ་རུ་མ་ཧི་ལ་པའི་ལོ་རྒྱུས་ནི། མ་ཧི་ལ་པ་སྟེ་ང་རྒྱལ་ཅན་ནོ། །དེ་ཡང་ཡུལ་མ་ག་དྷཱ་ན། དམངས་རིགས་ཀྱི་གང་ཟག་ལུས་སྟོབས་ཤེད་ཆེ་བ་ཞིག་གནས་པ་དེ། ངས་མི་ཐུབ་པའི་མིའམ། སྲོག་ཆགས་གང་ཡང་མེད་སྙམ་དུ་ང་རྒྱལ་གྱིས་དུས་རྟག་ཏུ་ནོན་ནས་འདུག་པའི་གམ་དུ་རྣལ་འབྱོར་པ་ཅིག་བྱོན་ནས་དེ་ལ་བལྟས་ཏེ། ཁྱོད་ཅི་སེམས་ཤིང་འདུག་གསུངས་པས། ཅི་ཡང་སེམས་པ་མེད་ཟེར་བས། འོ་ན་
ངས་མི་ཐུབ་པ་ཅིང་ཡང་མེད་སྙམ་པ་དེ་ཅི་ཡིན་གསུངས་པས། དེ་དད་ནས། ན་མོ་ཞེས་ཕྱག་བྱས་པའི་ཚེ། ང་རྒྱལ་གྱི་དྲི་མ་དག་པར་གྱུར་ཅིག་གསུངས་པས། དེ་ན་རེ། བདག་ལ་ཆོས་ཅིག་ཞུ་ཟེར་བས། རུང་གསུངས་ཏེ། བྱིན་རླབས་འཕོ་བའི་དབང་བསྐུར་མཛད་ནས། སྣང་བ་སེམས་སུ་ཤེས་བྱས་ནས། །སེམས་ཉིད་སྟོང་པ་སྐྱེ་འགག་མེད། །དེ་ལ་མ་ཡེངས་སྒོམ་པ་ཡིན། །ཀློང་དུ་གྱུར་པ་འབྲས་བུའོ། །གསུངས་པས། དེ་མ་གོ་ལགས་ཞུས་པས། ཡང༌། ཁྱོད་ནི་སྟོབས་ཅན་ཉིད་ཡིན་པས། །ཁྱོད་ཀྱིས་མི་ཐུབ་གང་ཡང་མེད། །སྣང་བ་རླུང་དང་ཤེས་པ་གསུམ། །ནམ་མཁའི་དབྱིངས་སུ་གཟུང་བར་བྱའོ། །ཞེས་འགལ་བ་ལམ་ཁྱེར་གྱི་གདམས་པ་བསྟན་པས་དེས་ཀྱང་དེ་ཅི་དཀའ་སྙམ་ནས་བཟུང་བས། གཟུང་བའི་ཡུལ་མ་རྙེད་ཅིང༌། འཛིན་པའི་ཤེས་པ་སྟོར་ནས་ནམ་མཁའི་དབྱིངས་ལྟར་རྟོག་པས་གྲུབ་པ་ཐོབ་སྟེ། ཡུལ་མ་ག་དྷཱ་ལ་སོགས་པར་ལོ་སུམ་བརྒྱའི་བར་དུ་གདུལ་བྱ་དཔག་ཏུ་མེད་པ་ལ་གནས་ལུགས་དངོས་མེད་སྟོབས་ལྡན་གྱི་གདམས་པ་གནང་ནས། འཁོར་ཉིས་བརྒྱ་ལྔ་བཅུ་རྩ་གཅིག་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མ་ཧི་ལ་པའི་ལོ་རྒྱུས་རྫོགས་སོ།། ༣༧ །།གུ་རུ་ཨ་ཙིནྟའི་ལོ་རྒྱུས་ནི། ཨ་ཙིནྟ་ནི་དྲན་པ་མེད་པ་བྱ་བ་ཡིན་ལ། ཡུལ་ནི་དྷ་ནི་རུ་པ་ཡིན་ཅིང༌། རིགས་ནི་ཤིང་འཚོང་བའི་རིགས་ཡིན་ནོ། །དེ་ཡང་ཤིན་ཏུ་དབུལ་ཞིང་ཕོངས་པ་ཡིན་པས་ཉིན་མཚན་དུ་ནོར་རྫས་ལ་སྲེད་པས། འཇིག་རྟེན་གྱི་རྣམ་རྟོག་གཞན་གང་ཡང་དྲན་པ་མེད་པར་ནོར་རྫས་འབའ་ཞིག་འདོད་པས་གདུངས་ཏེ་དབེན་པ་ཞིག་ན་འདུག་པ་དང༌། དེའི་གམ་དུ་རྣལ་འབྱོར་པ་ཀམྦྷ་ལ་སྟེ་ལྭ་བ་པ་བྱོན་ནས། ཁྱོད་དབེན་པ་ན་ལུས་ངག་དབེན་པར་འདུག་སྟེ་ཅི་སེམས་ཀྱིན་འདུག་གསུངས་པས། དེ་ན་རེ། རྣལ་འབྱོར་པ་བདག་ནི་འཇིག་རྟེན་གྱི་ནོར་རྫས་སེམས་པ་ལས་གཞན་ཅིང་ཡང་མི་དྲན་ལ། ནོར་སེམས་ཀྱང་ཁུག་པ་ནི་ཅི་ཡང་མི་འདུག་ཞུས་པས། སློབ་དཔོན་གྱིས་ང་ལ་ནོར་རྫས་ཁུག་པའི་
གདམས་པ་ཡོད་དེ་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། དེ་ན་རེ། དེ་སྒྲུབ་མི་ནུས་པའི་ཐབས་མེད་པས་ཅིས་ཀྱང་ཞུ་ཟེར་ནས། དེ་བདེ་མཆོག་ཏུ་དབང་བསྐུར། མི་ཟབ་པ་རྫོགས་པའི་རིམ་པ་འདི་གནང་སྟེ། འདོད་པས་རྙེད་པ་ག་ལ་ཡོད། །མོ་གཤམ་བུ་ནི་ཇི་བཞིན་ནོ། །དེས་ན་འདོད་པའི་སེམས་སྤངས་ལ། །རང་ལུས་ནམ་མཁའི་ངང་ཉིད་དུ། །རང་སེམས་སྐར་མར་གསལ་བར་སྒོམས། །དེ་ཡང་ནོར་ལྷ་ཉིད་ཡིན་པས། །མངོན་དུ་གྱུར་པ་ཉིད་ཀྱི་ཚེ། །འདོད་དགུ་མ་ལུས་འབྱུང་བར་འགྱུར། །ཞེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས། ནོར་རྫས་ཀྱི་རྟོག་པ་དེ་སྐར་མའི་ངང་དུ་སྟོར། སྐར་མ་དེ་ཡང་ནམ་མཁའི་ངང་དུ་ནུབ་ནས་རྟོག་མེད་དུ་སོང་བ་ན། ཡང་བླ་མ་བྱོན་ནས་དྲིས་པས། ཅི་ཡང་མ་དམིགས་ཟེར་ནས་རྟོག་མེད་དུ་སོང་ན་སླར་དེ་ལ། ནམ་མཁའི་རང་བཞིན་ཅི་ལྟ་བུ། །ཁྱོད་ཀྱིས་ཡུལ་དུ་བྱས་སམ་ཅི། །ཁ་དོག་དབྱིབས་སོགས་བྲལ་བ་ལ། །ཅི་ལྟར་ཞེན་ཅིང་ཇི་ལྟར་བསྒོམ། །གསུངས་པས་དེའི་དོན་རྟོགས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། བླ་མ་ཨ་ཙིནྟིར་གྲགས་ཤིང༌། གནས་ལུགས་ཀྱི་གདམས་པས་ལོ་སུམ་བརྒྱར་འགྲོ་དོན་མཛད་ནས། འཁོར་དཔག་ཏུ་མེད་པ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨ་ཙིནྟིའི་ལོ་རྒྱུས་རྫོགས་སོ།། ༣༨ །།གུ་རུ་བ་བྷ་ཧིའི་ལོ་རྒྱུས་ནི། བ་བྷ་ཧིའི་དོན་ནི་ཆུ་ལ་འོ་མ་ལེན་པ་བྱ་བ་ཡིན་ལ། ཡུལ་དྷ་ཉྫུ་ར་བྱ་བ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རྒྱལ་པོའི་འདོད་པའི་ཡོན་ཏན་གྱིས་མྱོས་ནས་འདུག་པ་ལ། དེའི་གམ་དུ་ལེགས་པར་སྦྱངས་པའི་རྣལ་འབྱོར་པ་ཞིག་བྱོན་ནས་ཟས་ཀྱི་བསོད་སྙོམས་བྱས་པས་བཟའ་བ་དང་བཅའ་བ་གྱ་ནོམ་པ་དྲངས་ཏེ། རྒྱལ་པོ་དེ་དད་ནས་ཆོས་ཅིག་ཞུ་ཟེར་བ་ལ། དེས་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་དམ་ཚིག་ཡིན་པ་དང༌། དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་ནོ། །ཞེས་གསུངས་ཏེ་བྱིན་རླབས་འཕོ་བའི་དབང་བསྐུར་ནས། རྩ་རླུང་ཐིག་ལེའི་གདམས་པ་འདི་ལྟར་གནང་སྟེ། གཞན་ལུས་ཐབས་ལྡན་ཁྱད་པར་ཅན། །
བྷ་གའི་རྣམ་པའི་དཀྱིལ་འཁོར་དུ། །རཀྟའི་རྒྱ་མཚོ་ཆེན་པོ་ལ། །བྱང་སེམས་འོ་མ་བསྲེས་ཤིང་ལེན། །གནས་སུ་འཁྱོལ་ནས་ཁོང་དུ་དགྲམ། །བདེ་བ་རྒྱུན་ཆད་དེ་ལྟ་མིན། །བདེ་བས་བདེ་བ་འཇོམས་པ་ན། །དེ་ཡང་སྟོང་དང་དབྱེར་མེད་སྒོམས། །ཞེས་གསུངས་པས་དེས་ཀྱང་ཉམས་སུ་བླངས་པས་ལོ་བཅུ་གཉིས་ན་མཐོང་སྤང་གི་དྲི་མ་དག་ནས་དངོས་གྲུབ་ཐོབ་སྟེ། གདུལ་བྱའི་དོན་ཡང་མང་དུ་བྱས་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བ་བྷ་ཧིའི་ལོ་རྒྱུས་རྫོགས་སོ།། ༣༩ །།གུ་རུ་ན་ལི་ན་པའི་ལོ་རྒྱུས་ནི། ན་ལི་ན་སྟེ་པདྨའི་རྩ་བ་བྱ་བའོ། །ཡུལ་ས་ལི་བུ་ཏྲ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་འཕོངས་ནས་པདྨའི་རྩ་བ་མཚོ་ནས་བཏུས་ཏེ་འཚོ་བ་བྱེད་པ་ན། དུས་གཅིག་གི་ཚེ་རྣལ་འབྱོར་པ་ཞིག་དང་འཕྲད་ནས། དེ་དྲངས་པས། དེས་ཀྱང་འཁོར་བའི་ཉེས་པ་དང༌། མྱ་ངན་ལས་འདས་པའི་ཡོན་ཏན་བཤད་པས། དེ་འཁོར་བ་ལས་བློ་ལོག་སྟེ། བླ་མ་ཐར་པ་ཐོབ་པའི་ཐབས་ཅིག་ཞུ་ལགས་ཟེར་བས། རུང་གསུངས་ནས་གསང་བ་འདུས་པར་དབང་བསྐུར་ཏེ། རང་ལུས་ཐབས་ལྡན་ལ་བརྟེན་པའི་གདམས་པ་འདི་གནང་ངོ༌། །སྤྱི་བོར་བདེ་བ་ཆེན་པོའི་ནི། །ཧྃ་ནི་དཀར་པོ་ཡང་དག་བསམ། །ལྟེ་བར་སྤྲུལ་པའི་ཡི་གེ་པྃ། །འོད་འབར་བས་ནི་ཧྃ་འཛག་སྟེ། །དགའ་དང་དགའ་བྲལ་མཆོག་དགའ་དང༌། །ལྷན་སྐྱེས་དག་ནི་རིམ་པ་བཞིན། །འབྱུང་བས་འཁོར་བའི་ཉེས་པ་དང༌། །ཐར་པའི་བདེ་ཆེན་འདོར་ཞིང་ལེན། །ཅེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པ་ནི། པདྨ་འདམ་ནས་སྐྱེས་ཀྱང་འདམ་ཀྱིས་མ་གོས་པ་བཞིན་བསྒོམ་པ་དགའ་བ་བཞི་འཁོར་ལོ་བཞི་ལ་བརྟེན་ནས་བསྒོམས་ཀྱང༌། དམིགས་པ་དང་འཁོར་བའི་ཉེས་པས་མ་གོས་པར་ལོ་དགུ་ན་དོན་རྟོགས་ཤིང་འཁྲུལ་པའི་དྲི་མ་ཐམས་ཅད་དག་སྟེ། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ས་ལི་པུ་ཏྲར་འགྲོ་དོན་མཛད་ནས། ལོ་བཞི་བརྒྱ་ན་འཁོར་ཕྱེད་དང་ལྔ་བརྒྱ་དང་བཅས་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ན་ལི་ན་པའི་ལོ་རྒྱུས་རྫོགས་སོ།། ༤༠ །།
གུ་རུ་བྷུ་སུ་ཀུའི་ལོ་རྒྱུས་ནི། ཡུལ་ནཱ་ལེནྡྲ་ན་རྒྱལ་རིགས་ཀྱི་གང་ཟག་ཅིག་རང་བཞིན་བཟང་ཞིང་རབ་ཏུ་བྱུང་ནས་དགེ་སློང་དུ་མཛད་ལ། དེ་ཡང་ནཱ་ལེནྡྲའི་རྒྱལ་པོ་དེ་ཝ་ཕ་ལ་བཞུགས་པའི་ཚེ། དེའི་ཆོས་སྐོར་ལ་དགེ་འདུན་བརྒྱའི་སྐུ་འཚོ་བཟང་པོ་བཟའ་བཏུང་སོགས་ཅི་བཞེད་འབུལ་ཞིང་སྡེ་པ་བཞི་ཡོད་པའི་ཕལ་ཆེན་སྡེ་པའི་མཁན་པོ་ལ་མཁན་བུ་སུམ་བརྒྱ་ཙམ་ཡོད་པ། གཞན་ཀུན་བརྩོན་པས་རིག་པའི་གནས་ལྔ་ལ་བྱང་བར་ཡོད་པ་ལ། རྒྱལ་རིགས་ཀྱི་དགེ་སློང་དེ་ནི་རྟག་ཏུ་གཉིད་ལོག་པར་བྱེད་ལ་ཕོ་བའི་མེ་དྲོད་ཀྱང་ཆེ་ནས། འབྲས་བྲེ་ལྔ་ལྔ་ནངས་རེ་བཞིན་ཟ་ཡིན་འདུག་པ་ལ། རྒྱལ་པོ་དེ་ཝ་ཕ་ལ་ན་རེ། འདི་ནི་བྷུ་སུ་ཀུ་ཞིག་འདུག་གོ་ཟེར་བས་མིང་ཡང་བྷུ་སུ་ཀུ་ཞེས་གྲགས་ལ། དེ་ནི་ཟ་ཉལ་འཆག་གསུམ་པ་ཞེས་བྱའོ། །ནཱ་ལེནྡྲའི་ཆོས་སྐོར་དེ་ནས་དུས་རྟག་ཏུ་མདོ་རེས་མོས་སུ་འདོན་པའི་ལུགས་ཡོད་པ་ལས། དེ་ན་གནས་པ་ཀུན་གྱིས་བྷུ་སུ་ཀུ་པ་ལ་ཁ་ཟེར་ཞིང་མཁན་པོས་ཀྱང་ཁྱོད་ཀྱིས་མདོ་འདོན་པ་ལ་སོགས་པ་མི་འོང་བས་ག་ཤེད་དུ་སོང་ཞིག་ཟེར་བ་ན། དེ་ན་རེ། ང་ཚུལ་ཁྲིམས་མ་ཉམས་པས་གནས་ནས་འབྱུང་བ་མི་རིགས་ཤིང༌། རིག་པ་སློབ་པའི་སྐལ་བ་མེད་ཟེར་ནས་འདུག་པ་ལ། དུས་གཅིག་གི་ཚེ་མདོ་འདོན་པའི་རེས་བབ་པས། དགེ་འདུན་གྱིས་སང་ནི་ཁྱོད་ཀྱིས་མདོ་ཡི་རེས་མོས་ཡིན་པས་ཐོན་ཅིག་ཅེས་སྨྲས་པས། དེས་ཀྱང་འདོན་པར་ཁས་བླངས་པ་དང༌། ནཱ་ལེནྡྲ་པའི་དགེ་འདུན་ཀུན་ནངས་པར་བྷུ་སུ་ཀུ་མདོ་འདོན་པ་བལྟ་བ་ཡིན་ཟེར་བཞད་གད་དུ་བྱེད་པ་ལ། དེའི་མཁན་པོ་ན་རེ། ཁྱོད་ཀྱིས་རིག་པ་སློབ་པའི་ཚེ་ཟ་ཡིན་གཉིད་གཅིག་པུ་ལོག་ན། ད་ནཱ་ལེནྡྲའི་མཁས་པ་རྣམས་ཀྱི་ནང་མདོ་མི་ཐོན་བྱས་པ་ལ། བྷུ་སུ་ཀུ་ན་རེ། བདག་མདོ་འདོན་ཟེར་ཉན་མ་འདོད་པ་ལ། མཁན་པོས་སྨྲས་པ། ཁྱོད་ཀྱིས་མདོ་མ་ཐོན་ན་གནས་ནས་སྐྲོད་པས་དེ་བས་འདུག་ན་རུང་ཞེས་སྨྲས་པ་ན། ང་རང་ཤེས་ཟེར་ནས་མ་ཉན་པ་ན། མཁན་པོས་འཕགས་པ་འཇམ་དཔལ་གྱི་སྔགས་ཨ་ར་པ་ཙ་ན་བསླབས་ནས། སྔགས་
འདི་མཚན་གཉིད་མ་ལོག་པར་ཟློས་ཤིག་བྱས་ནས། སྔགས་ཀྱི་གདམས་པ་བྱིན་པས་དེས་ཀྱང་མཚན་གཉིད་མ་ལོག་པར་སྐེ་ལ་ཐག་པ་བཏགས་ནས། སྔགས་བཟླས་པས་འཕགས་པ་འཇམ་དཔལ་དེར་དངོས་སུ་བྱོན་ནས། བྷུ་སུ་ཀུ་པ་ཁྱོད་ཅི་བྱེད་གསུངས་པས། བདག་ལ་ནངས་པར་མདོ་འདོན་པའི་རེས་མོས་བབ་ལགས་པས་འཕགས་པ་འཇམ་དཔལ་ལ་གསོལ་བ་འདེབས་པ་ཡིན་ཞུས་པས། འཕགས་པའི་ཞལ་ནས། ཁྱོད་ཀྱིས་ང་ངོ་ཤེས་སམ་གསུངས་པས། བདག་གིས་མ་འཚལ་ལགས་ཞུས་པས། འཇམ་དཔལ་ཡིན་གསུངས་པས། འོ་ན་བདག་ལ་ཤེས་རབ་ཕུན་སུམ་ཚོགས་པའི་དངོས་གྲུབ་ཞུ་བྱས་པས། འཕགས་པའི་ཞལ་ནས། ཁྱོད་ལ་ངས་རིག་པ་སྦྱིན་གྱི། ནངས་པར་མདོ་ཐོན་ཅིག་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནངས་པར་མདོ་འདོན་པའི་དུས་སུ། དགེ་འདུན་གྱི་ཀུན་དགའ་ར་བར་རྒྱལ་པོ་ལ་སོགས་པའི་སྐྱེ་བོའི་ཚོགས་ཐམས་ཅད་བྷུ་སུ་ཀུ་པ་མདོ་འདོན་པ་ལ་བལྟའོ་ཞེས་གཅིག་ལ་གཅིག་སྦྲན་པ་དང༌། མེ་ཏོག་ལ་སོགས་པ་མཆོད་པའི་ཡོ་བྱད་ཀུན་ཁྱེར་ནས་སྐྱེ་བོའི་ཚོགས་ཐམས་ཅད་བཞད་གད་ཀྱི་ཆེད་དུ་དེར་ཕྱིན་པ་དང༌། བྷུ་སུ་ཀུ་པས་དགེ་འདུན་གྱི་གདུགས་ཚོད་གསོལ་ནས་ཞུམ་པ་མེད་པར་གཙུག་ལག་ཁང་གི་ཁྲིའི་སྟེང་དུ་བྱོན་ནས་བཞུགས་པས་གཟི་བྱིན་ཁྱད་པར་འཕགས་ནས་འདུག་པས་ཐམས་ཅད་རྟོག་པ་སྐྱེས་པ་ལ། མདུན་ཡོལ་བས་བཅད་དེ། བདག་གིས་མདོ་སྔར་བྱུང་བ་ཅིག་བཤད་དམ། མ་བྱུང་བ་ཅིག་བཤད་གསུངས་པས། པཎྜི་ཏ་ཀུན་གཅིག་ལ་གཅིག་ལྟ་ཞིང༌། སྐྱེ་བོའི་ཚོགས་ཀུན་དང་རྒྱལ་པོའང་བཞད་གད་བྱེད་ལ། རྒྱལ་པོ་ན་རེ། ཁྱོད་ཀྱིས་ཟ་ལུགས་ཀྱང་སྔར་མ་བྱུང་བ་ཅིག་ཤེས་ལ། ཉལ་བ་དང་འཆགས་པའི་སྤྱོད་ལམ་ཡང་སྔར་མ་བྱུང་བ་ཁོ་ན་བྱེད་པས། ཆོས་ཡང་སྔར་མ་བྱུང་བ་ཅིག་ཤོད་ཟེར་བ་ལ། དེས་སྤྱོད་འཇུག་ལེའུ་བཅུའི་བདག་ཉིད་བཤད་ནས་ནམ་མཁར་འཕུར་བས་ནཱ་ལེནྡྲའི་པཎྜི་ཏ་ལྔ་བརྒྱ་དང༌། རྒྱལ་པོ་དེ་ཝ་ཕ་ལ་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་དད་ནས།
མེ་ཏོག་གཏོར་ནས་པུས་ནུབ་ཙམ་དུ་ཆགས་ལ། འདི་ནི་བྷུ་སུ་ཀུ་མ་ཡིན་ཏེ་མཁས་པར་འདུག་གོ་ཟེར་ནས། རྒྱལ་པོ་དང་པཎྜི་ཏ་ཀུན་གྱིས་ཤཱནྟ་དེ་ཝ་བྱ་བར་བཏགས། རྒྱལ་པོ་དང་པཎྜི་ཏ་ཀུན་ང་རྒྱལ་ཞི་བར་བྱས་པས་ཞི་བ་ལྷ་ཞེས་བྱ་བ་ཡིན་ནོ། །དེ་ནས་པཎྜི་ཏ་སོགས་དེར་འདུས་པ་ཀུན་གྱིས་དེའི་འགྲེལ་པ་ཞིག་མཛད་པར་ཞུ་ཞུས་པས། ཕྱིས་ནས་མཛད་ལ། དེ་དག་གིས་མཁན་པོར་ཞུས་པས་མ་གནང་བར། ཆོས་གོས་དང་ལྷུང་བཟེད་ལ་སོགས་པ་རབ་ཏུ་བྱུང་བའི་ཡོ་བྱད་དཀོན་མཆོག་དང་གཙུག་ལག་ཁང་དུ་ཕུལ་ནས། མཁན་པོ་དང་དགེ་འདུན་གྱིས་མ་ཚོར་བར་བྲོས་ཕྱིན་ཏེ། རིམ་གྱིས་དྷོ་ཀི་རི་བྱ་བའི་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ཡོད་པར་ཤིང་གི་རལ་གྲི་ཡུ་བ་གསེར་གྱིས་བསྐུས་པ་ཞིག་བསྣམས་ནས་བྱོན་ཏེ། དེའི་རྒྱལ་པོ་ལ་བདག་ཁྱེད་ཀྱི་རལ་གྲི་པ་བགྱི་བྱས་པས་རུང་གསུངས་ཏེ། ཉི་མ་རེ་ལ་གསེར་ཏོ་ལ་བཅུ་བཅུ་སྦྱིན་པ་དེས་འཚོ་བ་མཛད་ལ། ལོ་བཅུ་གཉིས་སུ་རལ་གྲི་བ་བྱེད་ཀྱིན་སྙིང་པོའི་དོན་དང་མ་བྲལ་བར་མཛད་དོ། །དུས་གཅིག་སྟོན་ཀའི་ཚེ་རལ་གྲི་པ་ཀུན་ལྷ་མོ་ཨུ་མའི་རྟེན་ལ་མཆོད་པ་བྱེད་པས། ཁོང་གིས་ཀྱང་དེ་ཁོ་ན་ལྟར་མཛད། དུས་གཅིག་གི་ཚེ་རལ་གྲི་འཁྲུད་པ་ཡིན་པ་ལ། ཀུན་གྱིས་འཁྲུད་པའི་ཚེ་ཁོང་གི་རལ་གྲི་ཤིང་དུ་འདུག་པ། གྲོགས་གཅིག་གིས་མཐོང་ནས་རྒྱལ་པོ་ལ་སྨྲས་པ་དང༌། རྒྱལ་པོ་ན་རེ། ཁྱོད་ཀྱི་རལ་གྲི་ང་ལ་སྟོན་ཅིག་ཟེར་བ་ལ། བསྟན་ན་ཁྱེད་ཅག་ལ་གནོད་པར་འགྱུར་བས་མི་རུང་གསུངས་པས། གནོད་ཀྱང་བླའི་ངེས་པར་སྟོན་ཅིག་ཟེར་བས། འོ་ན་མིག་ཡ་རེ་བ་ཁོབ་ཅིག་གསུངས་ནས་རལ་གྲི་ཤུབ་ནས་ཕྱུང་བས། འོད་མ་བཟོད་པར་མ་བཀབ་པའི་མིག་རྣམས་ཞར་ནས། བཟོད་པར་གསོལ་ཞིང་གསོལ་བ་བཏབ་པས་དེ་དག་ལ་ཞལ་ཆབ་བྱུགས་པས་མིག་ཅན་དུ་སོང་ནས་ངོ་མཚར་སྐྱེས་ཏེ་མཆོད་གནས་སུ་ཞུས་པས་མ་བཞེད་དེ། དེ་རི་བྲག་ཞིག་ཏུ་བྱོན་ནས་སྤྲུལ་པའི་རི་དྭགས་བསད་ཅིང༌། དེ་དག་གི་ཤ་ཟ་བ་མི་ཀུན་གྱིས་མཐོང་ནས་རྒྱལ་པོ་ལ་ཞུས་པ་དང༌། རྒྱལ་པོ་འཁོར་བཅས་དེར་བྱོན་ནས།
རྒྱལ་པོས་སྨྲས་པ། ཁྱེད་སྔར་ནཱ་ལེནྡྲའི་རྒྱལ་པོ་ལ་སོགས་པ་བཏུལ་ནས་ཆོས་ལ་བཀོད། འདིར་ཡང་མིག་ཞར་བ་གསོས་པ་ལ་སོགས་པ་བསྟན། དེ་འདྲའི་ནུས་པ་མངའ་བཞིན་དུ་སྲོག་ཆགས་ལ་གནོད་པ་མཛད་པའི་ལུགས་ཡོད་དམ་ཞུས་པས། ཞི་བ་ལྷས། བདག་གིས་བསད་པ་མ་ཡིན། གསོས་པ་ལགས་གསུངས་ནས་སྤྱིལ་པོའི་སྒོ་ཕྱེ་ནས་བལྟས་པ་ན། རི་དྭགས་རྣམས་ཉིས་འགྱུར་གྱིས་ཆེ་བར་གྱུར་ཏེ། ཕྱིར་དོན་ནས་རི་དང་ལུང་པ་ཁྱབ་པར་གྱུར་པས་རྒྱལ་པོ་ལ་སོགས་པ་ཀུན་དད་པ་ན། མཐར་རི་དྭགས་དེ་དག་གར་སོང་ཆ་མེད་དུ་གྱུར་པས། རྒྱལ་པོ་ལ་སོགས་པ་སྐལ་བ་ཡོད་པ་དག་གིས་ནི་ཆོས་ཐམས་ཅད་རྨི་ལམ་སྒྱུ་མ་ཙམ་དང༌། གདོད་ནས་མ་གྲུབ་པར་རྟོགས་པ་ཡང་སྐྱེས་ནས་ལམ་ལ་གནས་པར་གྱུར་ཏེ། དེའི་ཞལ་ནས། བདག་གིས་བསད་པའི་རི་དྭགས་རྣམས། །དང་པོ་གང་ནས་ཀྱང་མ་འོངས། །བར་དུ་གང་ལ་ཡང་མི་གནས། །ཐ་མ་གང་དུའང་འགག་མི་འགྱུར། །གདོད་ནས་མ་གྲུབ་ཆོས་རྣམས་ལ། །བསད་དང་བསད་བྱ་ག་ལ་གྲུབ། །ཀྱེ་མ་སེམས་ཅན་སྙིང་རེ་རྗེ། །བྷུ་སུ་ཀུ་ནི་སྨྲ་བར་བྱེད། །ཅེས་གསུངས་ནས་ཡུལ་དེའི་རཱ་ཛ་ལ་སོགས་པ་ཀུན་བཏུལ་ནས་ཆོས་ལ་བཀོད་དོ། །དེ་བས་ན་དད་གུས་ཆོས་ལ་བསྒྲུབས་ན། བྷུ་སུ་ཀུ་པས་མཚན་གཅིག་བསྒྲུབས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ནས་ལུས་ངག་ཡིད་གསུམ་གཅིག་ཏུ་རྟོགས་ཏེ། ཡོན་ཏན་གྱི་ཆོས་སྐད་ཅིག་མ་ལ་བྱུང་ནས་མཐར་ལོ་བརྒྱ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བྷུ་སུ་ཀུ་པའི་ལོ་རྒྱུས་རྫོགས་སོ།། ༤༡ །།གུ་རུ་ཨིནྡྲ་བྷཱུ་ཏིའི་ལོ་རྒྱུས་ནི། ཡུལ་ཨུ་རྒྱན་ན་གྲོང་ཁྱེར་འབུམ་ཚོ་ལྔ་ཡོད་དེ་ལ་རྒྱལ་པོ་གཉིས་ཀྱིས་དབང་བྱེད་དེ། སམ་བྷོ་ལ་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ལ་ཨིནྡྲ་བྷཱུ་ཏིས་དབང་བྱེད། ལངྐ་པུ་རི་གྲོང་ཁྱེར་འབུམ་ཚོ་ཕྱེད་དང་གསུམ་ལ་རྒྱལ་པོ་ཛ་ལེནྡྲས་དབང་བྱེད་པ་ན། སམ་བྷོ་ལའི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་སྲིང་མོ་ལཀྵཱིཾ་ཀ་ར་བྱ་བ་ལོ་བདུན་ཞིག་ལོན་པ་ཡོད་དེ། ལངྐ་པུ་རིའི་རྒྱལ་པོ་ཛ་ལེནྡྲའི་བུ་
ལ་སློང་དུ་བཏང་བ་ལས། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་བློན་པོ་ཀུན་བསྡུས་ནས་གྲོས་བྱས་པ་ལ། ཛ་ལེནྡྲ་ཆོས་མི་བྱེད་པ་ཙམ་མ་གཏོགས་གཞན་མཉམ་པ་ཡིན་ཟེར་ནས་བཏང་བར་ཆད་ནས། ཕོ་ཉ་བ་ལ་ཆོས་བྱེད་པ་དང༌། མི་བྱེད་པའི་ཁྱད་པར་ཡོད་དེ་གཉེན་བྱ་ཡིས་ཟེར་ནས་བཟློག་པས། དེའི་ཕྱི་ལོ་དེའི་སྲས་སམ་བྷོ་ལར་འོངས་ནས། ལཀྵཱིཾ་ཀ་ར་དང་འཕྲད་ནས་རྒྱལ་བུ་རང་གི་ཡུལ་དུ་ཆས་པ་ལ། ཨིནྡྲ་བྷཱུ་ཏི་པ་རྟ་དང་གླང་པོ་དང་གསེར་དངུལ་ལ་སོགས་པའི་སྐྱེས་མང་པོ་བསྐུར་ནས་བཏང་ངོ༌། །དེས་རང་གི་ཡུལ་དུ་ཕྱིན་པ་དང༌། ཕས་ཆུང་མ་ག་རེ་ཟེར་བ་ལ། བུ་མོ་ཆུང་བས་མ་བསྐུར་བྱས་པས་དེ་ལེགས་ཟེར་ཏེ། དེ་ཙ་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་བཙུན་མོ་མང་པོ་ཡོད་དེ། ཐམས་ཅད་ཆོས་ལ་དད་པ་ཤ་སྟག་ཡོད་པས། ལྕམ་དྲལ་བཙུན་མོ་དང་བཅས་པས། བླ་མ་ལྭ་བ་པ་ལ་དབང་དང་གདམས་པ་ཞུ་ནས་སྒྲུབ་པ་ལ་བརྩོན་པར་གནས་པ་ལ། ལྕམ་གྱིས་ལོ་བཅུ་དྲུག་ལོན་ནས། ཛ་ལེནྡྲ་ཞེས་པའི་རྒྱལ་པོས་ཕོ་ཉ་བཏང་ནས་ལྕམ་བྱིན་ཚུལ་དང༌། ལྕམ་གྱིས་འཁོར་བ་ལ་ཡིད་འབྱུང་ནས་སྒྲུབ་པ་མཛད་དེ། གྲུབ་པ་ཐོབ་པས་ས་བརྙེས་ནས་ཕྱག་དར་བ་སོགས་རྗེས་སུ་བཟུང་ནས་མཁའ་སྤྱོད་དུ་གཤེགས་པ་རྣམས་ལྕམ་རང་གི་རྣམ་ཐར་དུ་གསལ། དེ་ནས་རྒྱལ་པོ་ཛ་ལེནྡྲས་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ལ་ལྕམ་གྱིས་ཇི་ལྟར་མཛད་ཚུལ་གྱི་ཕྲིན་དང་ཕོ་ཉ་བཏང༌། ངའི་ལྕམ་མོས་གྲུབ་པའི་ས་བརྙེས་པ་ནི་ལེགས་ཏེ། རང་ཞི་བདེ་མཛད་པ་ནི་མ་ལེགས་གསུང་ངོ༌། །དེ་ནས་ཨིནྡྲ་བྷཱུ་ཏིའི་བསམ་པ་ལ་ངའི་སྲིང་མོ་དེ་སྐྱེ་བ་དོན་ཡོད་པར་སོང་འདུག ང་ཡང་རྒྱལ་སྲིད་དོན་ཆུང་ལ་ཉེས་དམིགས་ཆེ་བ་འདི་སྤངས་ལ་ཆོས་བྱེད་དགོས་སྙམ་ནས་རང་གི་སྲས་ལ་རྒྱལ་སྲིད་གཏད་དེ་ཁང་བཟང་གཅིག་ཏུ་སྒྲུབ་པ་མཛད་པས་ལོ་བཅུ་གཉིས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་ལ། འཁོར་རྣམས་ཀྱིས་མ་ཤེས་ནས་སྲས་དང་འཁོར་འབངས་རྣམས་ཀྱིས་བལྟར་ཕྱིན་ནས་དེའི་སྒོ་དབྱེ་བར་བརྩམས་པ་དང༌། ནམ་མཁའ་ནས་སྒོ་མ་དབྱེ། ང་འདི་ན་ཡོད་ཟེར་བ་ཐོས་ནས་ནམ་མཁའ་ལ་བལྟས་
པས། དེ་རྣམས་ཀྱིས་ནམ་མཁའ་ལ་བཞུགས་པར་མཐོང་ནས། ས་དང་པོ་ཐོབ་པ་ཙམ་གྱི་དགའ་བ་སྐྱེས་ཏེ་དད་བཞིན་དུ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་པ་དང༌། ཡབ་རྒྱལ་པོ་ནམ་མཁའ་ལ་ཞག་བདུན་དུ་བཞུགས་ནས་སྲས་དང་འཁོར་འབངས་རྣམས་ལ་ཟབ་པ་དང་རྒྱ་ཆེ་བའི་ཆོས་བསམ་གྱིས་མི་ཁྱབ་པ་གསུངས་ནས། འཁོར་བདུན་བརྒྱ་དང་བཅས་པ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨིནྡྲ་བྷཱུ་ཏིའི་ལོ་རྒྱུས་རྫོགས་སོ།། ༤༢ །།གུ་རུ་མེ་ཀོ་པའི་ལོ་རྒྱུས་ནི། ཡུལ་བྷཾ་ག་ལར་ཁ་ཟས་འཚོང་བའི་རིགས་ཀྱི་གང་ཟག་ཅིག་གིས། དུས་རྟག་ཏུ་རྣལ་འབྱོར་པ་ཞིག་ལ་འཚོ་བ་དྲངས་པས། ལན་ཅིག་རྣལ་འབྱོར་པ་ན་རེ། ཁྱོད་ང་ལ་བསྙེན་བཀུར་བྱེད་པ་ཅི་ཡིན་གསུངས་པས། དེས་ཕྱི་མའི་ལམ་རྒྱགས་དགོས་པ་ལགས་ཞུས་པས། འོ་ན་ཕྱི་མའི་ལམ་རྒྱགས་སྒྲུབ་ནུས་སམ་གསུངས་པས། ནུས་ལགས་ཟེར་ནས། དེས་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་དེ། སེམས་ཉིད་ངོ་སྤྲོད་པའི་གདམས་པ་འདི་ལྟར་གནང་ངོ༌། །རང་སེམས་ཡིད་བཞིན་ནོར་བུ་ལས། །འཁོར་འདས་བྱེ་བྲག་རྣམ་པར་འཆར། །རྟོགས་དང་མ་རྟོགས་གཉིས་ཡིན་པས། །འགྱུར་མེད་སེམས་ཉིད་ངང་ལ་ལྟོས། །གཉིས་འཛིན་རྣམ་རྟོག་ག་ལ་འབྱུང༌། །རང་བཞིན་མེད་ཕྱིར་དེ་ཡི་ངང༌། །ཆོས་རྣམས་གང་ཡང་གྲུབ་པ་མེད། །མ་རྟོགས་འཁྲུལ་པའི་འདོད་པས་བཅིངས། །ཞེས་གསུངས་པས། དེས་ཀྱང་སྣང་བ་རང་གི་སེམས་སུ་གོ །སེམས་དེ་འགྲོ་འོང་མེད་པ་གནས་ལུགས་ཀྱི་ངང་དུ་གོ་ནས། རང་སེམས་འགྱུར་བ་མེད་པའི་དོན་ལ་གནས་པས་ཟླ་བ་དྲུག་ནས་འཁྲུལ་པའི་རྟོག་པ་འགགས་ནས་རང་སེམས་གཉུག་མའི་དོན་རྟོགས་ཏེ། གཅན་གཟན་ལྟར་དུར་ཁྲོད་དུ་འགྲིམས་པར་བྱེད་ཅིང༌། རེས་སྨྱོན་པའི་སྤྱོད་པས་གྲོང་དང་གྲོང་ཁྱེར་དུ་འོངས་ནས། མིག་བགྲད་ནས་འཇིགས་འཇིགས་སུ་བལྟས་པས། སྐྱེ་བོ་དག་བླ་མ་འཇིགས་འཇིགས་སུ་ལྟ་བ་ཟེར། ཕྱོགས་ཐམས་ཅད་དུ་མི་ཀོ་པ་ཞེས་གྲགས་སོ། །དེས་ཟབ་མོའི་ཆོས་ཀྱིས་གདུལ་བྱ་མང་དུ་བཏུལ་ནས། མཐར་
རྟོགས་པ་ལ་སོགས་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མེ་ཀོ་པའི་ལོ་རྒྱུས་རྫོགས་སོ།། ༤༣ །།གུ་རུ་ཀོ་ཊ་ལི་པའི་ལོ་རྒྱུས་ནི། རཱ་མེ་ཤྭ་རའི་ཡུལ་བྱ་བ་ནས་ཞག་བཞིར་ཕྱིན་པའི་ས་ན། གནས་དང་ཡུལ་གྱི་ཆེད་དུ། ཀོ་ཊ་ལི་པ་སྟེ་ཏོག་ཙེ་པ་རི་བོ་ཞིག་བརྐོ་ཞིང་ཡོད་པའི་ཚེ། སློབ་དཔོན་ཤཱནྟི་པ་སིངྒ་ལའི་རྒྱལ་པོས་གདན་དྲངས་ནས་སླར་ཡུལ་དབུས་སུ་ལོག་བྱོན་པ་དང་མཇལ་ཏེ། སློབ་དཔོན་གྱིས་ཁྱེད་ཅི་བྱེད་སྨྲས་པ་དང༌། དེས་ཀྱང་སྐུ་ཁམས་ལ་སོགས་པ་ཞུས་ནས། དངོས་རི་རྐོ་ཡིན་གདའ་ཞེས་ཞུས་པ་དང༌། རི་བརྐོ་ནས་ཅི་བྱེད་གསུངས་པ་ན། རྒྱལ་པོ་ངན་པ་ཀུན་གྱི་ཡུལ་བཤིག་ནས་མི་ཐམས་ཅད་སྡུག་བསྔལ་ཞིང་ཡིད་མི་བདེ་བས། ཡུལ་ཡང་མེད་པས་འདིར་བདག་རི་འདི་བཤིག་ལ་འདིར་གནས་དང་ཡུལ་བྱེད་པ་ཡིན་ཞེས་ཞུས་པས། ཤཱནྟི་པས་སྨྲས་པ། རི་བོ་རྐོ་བའི་སྔགས་དང་གདམས་ངག་ང་ལ་ཡོད་ན་ཁྱོད་ལ་མི་དགོས་སམ་ཞེས་སྨྲས་པ། དགོས་ཞེས་ཞུས་པས། དེའི་ཞལ་ནས། ཁྱོད་ཀྱི་ལས་ནི་འདི་ལྟ་བུས། །ལུས་ནི་ངལ་བར་གྱུར་པ་ན། །ལས་ནི་ཤིན་ཏུ་ངན་པ་སྟེ། །ཕྱིན་ཅི་ལོག་གི་ལས་དྲུག་ཡིན། །ས་བརྐོ་བ་ནི་སྦྱིན་པ་དང༌། །གཞན་ལ་མི་གནོད་ཚུལ་ཁྲིམས་དང༌། །སྡུག་བསྔལ་བཟོད་པའི་བཟོད་པ་དང༌། །དེ་ལ་བརྩོན་པའི་བརྩོན་འགྲུས་དང༌། །དེ་ལ་མ་ཡེངས་བསམ་གཏན་དང༌། །དེ་ཤེས་པ་ཡི་ཤེས་རབ་སྟེ། །ཕྱིན་ཅི་ལོག་གི་ལས་དྲུག་པོ། །སོལ་ལ་ཡང་དག་ལས་དྲུག་གྱིས། །བླ་མ་ལ་གུས་སྦྱིན་པ་དང༌། །རང་རྒྱུད་སྲུང་བའི་ཚུལ་ཁྲིམས་དང༌། །སེམས་ཉིད་བཟོད་པའི་བཟོད་པ་དང༌། །དེ་སྒོམ་པ་ཡི་བརྩོན་འགྲུས་དང༌། །དེ་ལ་མ་ཡེངས་བསམ་གཏན་དང༌། །དེ་ཉིད་ཤེས་པའི་ཤེས་རབ་སྟེ། །དུས་རྣམས་རྟག་ཏུ་གོམས་པར་གྱིས། །ཞེས་གསུངས་པས། ཀོ་ཊ་ལིས་ཡང་དེའི་དོན་བསྡུས་པ་གཅིག་ཞུ་ལགས་ཟེར་བས། དེ་ཡང་བླ་མ་ལ་གུས་པར་གྱིས། བདེ་སྡུག་ཐམས་ཅད་རང་གི་སེམས་ལས་བྱུང་བས། རང་སེམས་གཉུག་མའི་དོན་ལ་གོམས་པར་
གྱིས། དེ་ཡང་རང་སེམས་གཉུག་མ་འགྱུར་བ་མེད་པ་ནི་རི་དང་འདྲ་ལ། རིག་པ་གསལ་ལ་མ་འགགས་པ་དེ་ཏོག་ཙེ་དང་འདྲ་བས་རྐོས་ཤིག བརྩོན་འགྲུས་གཉིས་པོ་ལག་པ་གཡས་གཡོན་དང་འདྲ་བས་མ་བྲལ་བར་བརྐོ་དགོས་པ་ཡིན་གསུངས་ནས། དེ་ཡང་ཚིགས་སུ་བཅད་ནས་གསུངས་པ། བདེ་སྡུག་ཐམས་ཅད་སེམས་ལས་བྱུང༌། །གདམས་པས་སེམས་ཀྱི་རི་བོ་རྐོས། །ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་ཆེན་རྟོགས་མི་འགྱུར། །ཞེས་གསུངས་པ་བཞིན་བསྒོམས་པས་ལོ་བཅུ་གཉིས་ན་དངོས་གྲུབ་ཐོབ་སྟེ། འགྲོ་དོན་མང་དུ་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀོ་ཊ་ལི་པའི་ལོ་རྒྱུས་རྫོགས་སོ།། ༤༤ །།གུ་རུ་ཀཾ་པ་རི་པའི་ལོ་རྒྱུས་ནི། ཀཾ་པ་རི་པ་སྟེ་མགར་བ། དེའི་ཡུལ་ས་ལི་པུ་ཏྲ་ན། རིགས་མགར་བ། རིགས་རྒྱུད་ཀྱི་འཚོ་བ་དུས་རྟག་ཏུ་མགར་བ་བྱེད་ཅིང་འདུག་པ་དང༌། དེ་ཡང་དུས་གཅིག་ན་དེ་མགར་བྱེད་པའི་སར་རྣལ་འབྱོར་པ་ཅིག་བྱོན་ནས་ཁྱོད་ཅི་བྱེད་ཀྱིན་འདུག་ཅེས་སྨྲས་པ་དང༌། དེ་ན་རེ། བདག་རིགས་རྒྱུད་ཀྱི་ལས་མགར་བ་བྱེད་ཀྱིན་གདའ་ཟེར་རོ། །ཁྱོད་ཀྱི་ལས་འདི་བདེའམ་བྱས་པ་ལ། བདེ་བ་དག་ལྟ་ག་ལ་མཆི། མེ་མདག་དང་ཚྭ་ཚྭས་ལུས་རྟག་ཏུ་ཚིག་ཀྱང༌། འཚོ་བའི་ཕྱིར་དུ་སྡུག་བསྔལ་དང་དུ་ལེན་ཅིང་གདའ་ཞུས་སོ། །རྣལ་འབྱོར་པས་ཟས་བླངས་པས། མགར་བ་བཟའ་མི་གཉིས། བདག་ཅག་བསོད་ནམས་ཆུང་བ། རིགས་དམན་པའི་ལག་ནས་ཟས་གསོལ་བ་ངོ་མཚར་ཆེ་སྙམ་ནས། དེ་གཉིས་མཆོག་ཏུ་དགའ་བ་དང༌། རྣལ་འབྱོར་པས། ཁྱེད་ཅག་ཆོས་མི་བྱེད་དམ་བྱས་པས། བདག་ཅག་རིགས་ངན་ལ་གདམས་པ་སུས་སྟེར་ཟེར་བ་ལ། ཆོས་ལ་དད་ཅིང་སྒྲུབ་ནུས་ན་གདམས་པ་ངས་སྦྱིན་གྱིས་གསུངས་པས། དེ་དག་དགའ་ནས་ཕྱག་དང་མཆོད་པས་མཉེས་པར་བྱས་ནས་གདམས་པ་ཞུས་པས། བྱིན་རླབས་འཕོ་བའི་དབང་བསྐུར་ནས་དམིགས་པ་རྩ་གསུམ་གྱི་གདམས་པ་གནང་སྟེ། ཁྱོད་ཀྱི་ཕྱིའི་སྦུད་པ་དང༌། སོལ་བ་དང༌། མེ་དང་ལྕགས་བཞུ་བའི་དམིགས་པ་འདི་
ནང་དུ་སྒོམས་ཤིག རྩ་རོ་མ་དང་རྐྱང་མ་གཉིས་སྦུད་པར་གྱིས། རྩ་ཨ་བ་དྷཱུ་ཏཱི་སོལ་མལ་དུ་གྱིས། རྣམ་ཤེས་མགར་བར་གྱིས། ཡེ་ཤེས་མེར་གྱིས། རྣམ་རྟོག་སོལ་བར་གྱིས། དུག་གསུམ་ལྕགས་སུ་གྱིས་ལ་རྡུངས་དང་ཆོས་སྐུ་གཉིས་མེད་བདེ་ཆེན་གྱི་བཟོའི་འབྲས་བུ་སྨིན་ནས་འོང་བ་ཡིན་གསུངས་ཏེ། ཁྱོད་ཀྱི་ཕྱི་ཡི་ལས་དག་ལ། །གོམས་པ་བཞིན་དུ་ནང་དུ་ཡང༌། །ལ་ལ་ནཱ་དང་ར་ས་ནཱའི། །གཡས་གཡོན་སྦུད་པ་གཉིས་ཡིན་ཏེ། །ཨ་ཝ་དྷཱུ་ཏཱིའི་སོལ་མལ་དུ། །རྣམ་པར་ཤེས་པའི་མགར་བ་ཡིས། །རྣམ་པར་རྟོག་པའི་སོལ་བ་ལ། །རིག་པ་ཡེ་ཤེས་མེ་སྦར་ནས། །དུག་གསུམ་ཉོན་མོངས་ལྕགས་བཞུ་སྟེ། །ཆོས་སྐུ་ཟག་མེད་འབྲས་བུ་གྱིས། །ཞེས་གསུངས་པས། དེས་ཀྱང་རང་གི་ལས་དང་བསྟུན་ནས་བསྒོམས་པས་ལོ་དྲུག་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ལ་གཞན་གྱིས་མ་ཚོར་བ་ན། སོལ་མལ་དུ་འབད་པ་མེད་པར་བཟོ་སྣ་ཚོགས་གྲུབ་པ་དང༌། ས་ལི་པུ་ཏྲའི་སྐྱེ་བོ་ཀུན་འོ་སྐོལ་གྱི་མགར་བ་འདིས་ཡོན་ཏན་གྱི་ཆོས་ཐམས་ཅད་ཐོབ་ནས་འདུག་ཟེར་ནས། ངོ་མཚར་ཏེ་ཕྱོགས་ཐམས་ཅད་དུ་བླ་མ་ཀཾ་པ་རི་པ་ཞེས་གྲགས་ལ། དེས་ཀྱང་འགྲོ་དོན་མང་དུ་བསྒྲུབས་ནས་རྟོགས་པ་ལ་སོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀཾ་པ་རི་པའི་ལོ་རྒྱུས་རྫོགས་སོ།། ༤༥ །།གུ་རུ་ཛཱ་ལནྡྷ་རའི་ལོ་རྒྱུས་ནི། ཛཱ་ལནྡྷ་ར་སྟེ་དྲྭ་བ་འཛིན་བྱ་བ་ཡིན། ཡུལ་ན་ག་ར་ཐོང་ཐ་ཞེས་བྱ་བ་ཡིན། རིགས་བྲམ་ཟེ་ཡིན་པ་ལ། འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས་ནས་དུར་ཁྲོད་དུ་ཕྱིན་ཏེ། ཤིང་གཅིག་གི་རྩར་བསྡད་པས་ཤེས་པ་བདེ་བ་སྙམ་བྱེད་པ་ན། ནམ་མཁའ་ནས་ཌཱ་ཀི་མ་གཅིག་གིས་རིགས་ཀྱི་བུ་ཁྱོད་ཡང་དག་པའི་དོན་ཡིད་ལ་གྱིས་ཤིག་ཟེར་བའི་སྒྲ་བྱུང་བ་དང༌། དེ་དགའ་ནས་ཡང་དང་ཡང་དུ་གསོལ་བ་བཏབ་པས། ཡེ་ཤེས་ཀྱི་ཌཱ་ཀི་མས་ཞལ་དངོས་སུ་བསྟན་ནས་དགྱེས་རྡོར་དུ་དབང་བསྐུར་ཏེ། རྫོགས་པའི་རིམ་པའི་མན་ངག་འདི་ལྟར་བྱིན་ཏེ། ཕྱི་ནང་ཁམས་གསུམ་སྣོད་བཅུད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་
འདུས། དེ་གསུམ་གྱི་རྣམ་རྟོག་རྩ་གསུམ་དུ་འདུས། རྩ་གཉིས་དྷཱུ་ཏཱིར་འདུས་པ་ལ། དེ་རུ་དྲན་རིག་སྣ་ཚོགས་ཀྱི་རྟོག་པ་སྤྱི་བོ་ཚངས་པའི་བུ་ག་ནས་ཡར་ཐོན་ལ་སྣང་སྟོང་དབྱེར་མེད་དུ་སྒོམས་ཤིག་པའི་གདམས་པ་བྱིན་ནས། ཕྱི་ནང་ཆོས་རྣམས་མ་ལུས་པ། །ལུས་ངག་ཡིད་གསུམ་དག་ཏུ་འདུས། །གཡས་གཡོན་ཨ་ཝ་དྷཱུ་ཏཱིར་འདུས། །དེ་ཡང་ཚངས་པའི་བུ་ག་སྟེ། །སྟོང་པ་ཉིད་དེ་བདེ་ཆེན་མཆོག །རྣལ་འབྱོར་དག་པའི་ངང་ལས་འབྱུང༌། །བདེ་སྟོང་ཟུང་འཇུག་བསྐྱིལ་བར་འཚལ། །ཞེས་གསུངས་ཏེ་རྫོགས་པའི་རིམ་པ་གནང་ནས། དེས་ཀྱང་བསྒོམས་པས་ལོ་བདུན་ན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། དེ་ནས་རྟོགས་པ་བརྗོད་དེ། འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་ནས་འཁོར་སུམ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཛཱ་ལནྡྷ་རའི་ལོ་རྒྱུས་རྫོགས་སོ།། ༤༦ །།གུ་རུ་རཱ་ཧུ་ལའི་ལོ་རྒྱུས་ནི། རཱ་ཧུ་ལ་སྟེ་སྒྲ་གཅན་འཛིན་བྱ་བའོ། །དེ་ཡང་ཡུལ་ཀཱ་མ་རཱུ་པ། རིགས་དམངས་རིགས་སོ། །དེ་རྒས་ནས་ལུས་པོ་སྦྱོར་མི་བཟོད་པ་དང༌། གཉེན་དང་བུ་ཀུན་ཡང་གཤེ། བརྙས་པ་བྱེད་ནས་དེ་མ་དགའ་སྟེ། སྐྱེ་བ་ཕྱི་མ་དྲན་ནས་དུར་ཁྲོད་དུ་ཕྱིན་པ་དང༌། དེའི་གམ་དུ་རྣལ་འབྱོར་པ་ཞིག་བྱོན་ནས། ཁྱོད་དུར་ཁྲོད་ན་ཅི་བྱེད་ཅིང་འདུག་བྱས་པས། དེ་ན་རེ། བདག་གི་ལང་ཚོའི་ཟླ་བ་ལ། །རྒས་པའི་སྒྲ་གཅན་གྱིས་བཅོམ་ནས། །བུ་ཚ་ལ་སོགས་གཤེ་བར་བྱེད། །ཤི་ན་དགའ་བས་གནས་ནས་ཡོད། །ཞུས་པས། དེ་ལ་སླར། ཁྱོད་ཀྱི་རྣམ་སྨིན་བྱུང་བ་ལ། །ཆུ་བོ་གསུམ་གྱིས་གཡེངས་ཟིན་ནས། །ད་ནི་འཆི་བའི་ཆུ་བོ་འབྱུང༌། །འཆི་རྒྱགས་ཆོས་ཅིག་མི་བྱེད་དམ། །གསུངས་པས། བླ་མ་ཆོས་བྱེད་ལགས་ཏེ། བདག་རྒས་ཤིང་ནོར་དང་བྲལ་བ་ལ་ཆོས་སུས་སྟེར་ཟེར་བ་ལ། ཡང་དེའི་ཞལ་ནས། གཉུག་མའི་སེམས་ལ་རྒས་པ་མེད། །དད་སོགས་ནོར་ལ་འགྲིབ་པ་མེད། །གུས་པས་དམ་ཆོས་སྒྲུབ་ནུས་ན། །ཁྱོད་ནི་བདག་གིས་རྗེས་བཟུང་བྱ། །ཞེས་གསུངས་ཏེ་བྱིན་རླབས་འཕོ་བའི་དབང་བྱས་ནས་ཐིག་ལེའི་
གདམས་ངག་འདི་ལྟར་བྱིན་ཏེ། ཁྱོད་ཀྱི་སྤྱི་བོའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་ལ། དེའི་ནང་དུ་སྣང་སྲིད་ཐམས་ཅད་ཀྱི་རྟོག་པ་ཞུགས་པར་སྒོམས་ཤིག ཅེས་དང༌། ཡང༌། གཉིས་མེད་རྟོགས་པའི་ར་གཅན་གྱིས། །གཟུང་འཛིན་རྟོག་པ་བཅོམ་ནས་ནི། །སྤྱི་བོ་བདེ་བ་ཆེན་པོ་རུ། །ཟབ་པའི་ཐིག་ལེའི་ངང་ཉིད་ལས། །བདེ་སྟོང་ཟུང་འཇུག་རྒྱུན་དག་གིས། །ཕུང་པོ་ལ་སོགས་དགྲ་བཅོམ་ནས། །སངས་རྒྱས་རྣམས་ཀྱི་ཡོན་ཏན་འབྱུང༌། །ཨེ་མ་འགག་མེད་ངོ་མཚར་ཆེ། །ཞེས་གསུངས་པས་དེས་ཀྱང་དེ་ལྟར་བསྒོམས་པས་ཇི་ཞིག་ཙམ་ན་གཉིས་འཛིན་གྱི་ཟླ་བ་ཐམས་ཅད་གཉིས་མེད་སྒྲ་གཅན་གྱིས་ཟོས་ནས། གཉིས་མེད་ཀྱི་བདུད་རྩི་སྤྱི་བོའི་ཚངས་པའི་བུ་ག་ནས་མར་ཞུགས་པས། ལུས་མཐས་ཅད་བདུད་རྩིས་གང་ཞིང་རྒྱས་ནས་ལོ་བཅུ་དྲུག་ལོན་པའི་ན་ཚོད་དུ་གྱུར་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ཀཱ་མ་རཱུ་པ་ལ་སོགས་པའི་སྐྱེ་བོ་མང་པོ་བཏུལ་ནས་མཐར་རྟོགས་པ་བརྗོད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་རཱ་ཧུ་ལའི་ལོ་རྒྱུས་རྫོགས་སོ།། ༤༧ །།གུ་རུ་དྷརྨ་པའི་ལོ་རྒྱུས་ནི། དྷརྨ་པ་སྟེ་ཆོས་པ་བྱ་བ་ཡིན་ལ། ཡུལ་ནི་བོ་དྷི་ན་ག་ར་བྱ་བ་ན། དེ་པཎྜི་ཏ་ཡིན་པ་ལ། སྨྲ་བ་གཙོ་བོར་བྱས་ནས་སྒྲུབ་པ་གཙོ་བོར་མ་བྱས་པས། ཕྱིས་བགྲེས་ནས་སྤྱན་ལོང་བ་དང༌། དེ་ལ་འདི་ལྟ་བུའི་སེམས་པ་སྐྱེས་ཏེ། བདག་བླ་མ་ཅིག་དང་འཕྲད་ན་ཅི་མ་རུང་སྙམ་པ་དང༌། རྨི་ལམ་དུ་ཌཱ་ཀི་མས་ལུང་བསྟན་པ་ནི། ཁྱོད་ཀྱི་དགེ་བའི་བཤེས་གཉེན་ང་ཡིན་ནོ་ཞེས་ཟེར་བ་ལ། དེས་གསོལ་བ་བཏབ་པས། ཌཱ་ཀི་མས་དེ་ལ་དངོས་སུ་ཞལ་བསྟན་ཏེ་དབང་བསྐུར་ནས། གདམས་ངག་ནི། ཆོས་ཐམས་ཅད་སྣོད་དུ་སྒོམས། རྟོག་པ་ཐམས་ཅད་མར་དུ་སྒོམས། རང་གི་རྣམ་ཤེས་སྡོང་བུར་སྒོམས། དེ་ལ་ཡེ་ཤེས་ཀྱི་མེ་འབར་བར་སྒོམས་ཤིག ཆོས་རྣམས་མ་ལུས་སྣོད་ནང་དུ། །རྣམ་པར་རྟོག་པའི་མར་བླུགས་ནས། །རིག་པའི་སྡོང་བུར་མེ་སྤར་བས། །སེམས་ཉིད་ཡིད་བཞིན་ནོར་བུ་མཐོང༌། །ཞེས་
གསུངས་པས། རྟོག་པ་ཡེ་ཤེས་སུ་སློང་བའི་མན་ངག་དེ་བསྒྲུབས་པས། ལོ་ལྔ་ནས་དུག་ལ་སྔགས་ཀྱིས་བཏབ་པ་ལྟར་རྟོག་པ་ཡེ་ཤེས་སུ་གྱུར་ནས། ལུས་བྱིས་པ་ལོ་བརྒྱད་པ་ལྟར་སོང་སྟེ་སྐྱེ་བོ་དག་ངོ་མཚར་བར་གྱུར་ཏོ། །དེའི་ཞལ་ནས། ཇི་ལྟར་རྒྱུ་རྐྱེན་ཚོགས་པ་ན། །འབྲས་བུ་སྟོང་པར་ག་ལ་འགྱུར། །དེས་ན་བློ་གྲོས་གསལ་ལྡན་པས། །དེ་ལ་རབ་ཏུ་འབད་པར་བྱ། །ཞེས་གསུངས་ཏེ་ཀློག་མཁན་གྱི་ཚུལ་གྱིས་འགྲོ་དོན་མང་དུ་མཛད་ནས་མཐར་རྟོགས་པ་བརྗོད་དེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷརྨ་པའི་ལོ་རྒྱུས་རྫོགས་སོ།། ༤༨ །།གུ་རུ་དྷོ་ཀ་རི་པའི་ལོ་རྒྱུས་ནི། དྷོ་ཀ་རི་སྟེ་སྣོད་ཁུར་བྱ་བ་ཡིན་ནོ། །དེ་ཡང་ཡུལ་ས་ལི་པུ་ཏྲ་བྱ་བ་ན་དམངས་རིགས་ཞིག་དུས་རྟག་ཏུ་སྣོད་ཁུར་ནས་སློང་གིན་ཅི་རྙེད་སྣོད་དུ་འཇུག་པ་ལ། དུས་གཅིག་ན་འཇུག་རྒྱུའི་རྫས་ཅང་མ་ཁུག་ནས་ཤིང་དྲུང་གཅིག་གི་རྩར་འདུག་པ་དང༌། དེར་རྣལ་འབྱོར་པ་ཅིག་བྱོན་ནས་དེ་ལ་བསླངས་པས། བདག་གིས་དེ་རིང་ཁྱོད་ལ་དྲང་རྒྱུའི་རྫས་ཅང་མ་མཆིས་ཟེར་བ་ལ། འོ་ན་ཁྱོད་ལ་ཆོས་མི་དགོས་སམ་གསུངས་པས། དེ་ན་རེ། དགོས་ལགས་ཏེ་དགེ་བའི་བཤེས་གཉེན་དང་མ་ཕྲད་པ་ལགས་ཟེར་བས། དེས་སྒྲུབ་ནུས་སམ་གསུངས་པས། ནུས་ལགས་ཞུས་པ་དང༌། དེས་དགྱེས་རྡོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་འདི་ལྟར་གནང་སྟེ། ཀྱེ་ཧོ་དྷོ་ཀ་རི་པ་ཁྱོད། །ཆོས་ཀྱི་དབྱིངས་ཀྱི་སྣོད་ནང་དུ། །རིག་པའི་རྫས་རྣམས་བཅུག་ནས་ནི། །དེ་ནི་གཉིས་སུ་མེད་པར་སྒོམས། །ཞེས་གསུངས་ཏེ། དེས་ཀྱང་བསྒོམས་པས་དོན་རྟོགས་ཏེ་ལོ་གསུམ་ནས་དངོས་གྲུབ་ཐོབ་སྟེ། དེ་ཡང་སྣོད་ཁུར་གྱིན་བསླངས་པས། སྐྱེ་བོ་དག་བླ་མས་ཁུར་བ་འདི་ཅི་ཡིན་ཟེར་བ་ལ། སྟོང་ཉིད་ཆེན་པོའི་སྣོད་ཁུར་ནས། །བདེ་ཆེན་འབྲས་བུ་སློང་བ་ལགས། །འདོད་པ་དང་བཅས་དྷོ་ཀ་རི། །སྐལ་ལྡན་ཀུན་གྱིས་མ་ཤེས་སམ། །ཞེས་གསུངས་ནས་འགྲོ་དོན་མང་དུ་མཛད་དེ། རྟོགས་པ་བརྗོད་ནས་དྷོ་ཀ་རི་ཞེས་གྲགས་ལ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་
སོ། །གུ་རུ་དྷོ་ཀ་རི་པའི་ལོ་རྒྱུས་རྫོགས་སོ།། ༤༩ །།གུ་རུ་མེ་དྷི་ནིའི་ལོ་རྒྱུས་ནི། མེ་དྷི་ནི་སྟེ་ཞིང་པ་ཞེས་བྱ་ལ། རིགས་དམངས་རིགས། ཡུལ་ས་ལི་པུ་ཏྲ། དེ་ཡང་དུས་ལན་གཅིག་ན་ཞིང་ལས་བྱས་པས་ཐང་ཆད་ནས་འདུག་པ་དང༌། དེར་རྣལ་འབྱོར་པ་ཅིག་འོངས་ནས་ཁྱོད་ཅི་བྱེད་ཀྱིན་འདུག ཅེས་སྨྲས་པས། དེ་ན་རེ། བདག་ཞིང་ལས་ཀྱིས་ཆད་ནས་འདུག་གིན་གདའ་བྱས་པས། དེ་ན་རེ། སྡུག་བསྔལ་འདི་འདྲ་བ་ལ་མི་སྐྱོའམ་ཆོས་གྱིས་བྱས་པས། དེ་ན་རེ། བདག་ལ་ཆོས་སུས་སྟེར་ཟེར་རོ། །སྒྲུབ་ནུས་ན་ངས་སྦྱིན་གྱི་གསུངས་པས། ནུས་ལགས་ཟེར་ནས་དེ་ལ་རྣལ་འབྱོར་པས་དབང་བསྐུར། བསྐྱེད་རྫོགས་ཀྱི་གདམས་ངག་བྱིན་ནས་སྒོམ་དུ་བཅུག་ལ། སྔར་གོམས་པའི་དབང་གིས་ཞིང་ལས་ཀྱི་རྣམ་པར་རྟོག་པ་ལ་ཡེངས་ནས་སྒོམ་དུ་མ་འདོད་པ་ལ། དེ་བླ་མ་ལ་བསྙད་པས། དེས་དེ་ལ་རང་གི་རྣམ་རྟོག་གི་དམིགས་པ་དང་མཐུན་པའི་གདམས་ངག་ཕོག་སྟེ། ཁྱོད་རང་གི་ཤེས་པ་གཤོལ་དུ་གྱིས། ཚོར་བ་བདེ་སྡུག་མྱོང་བ་དེ་གླང་དུ་གྱིས། ལུས་ཞིང་དུ་སྒོམས། ཉིན་མཚན་ཆོས་ཉིད་ཀྱི་བདེ་བའི་འབྲས་བུ་འབྱུང་བར་སྒོམས་ཤིག ཅེས་དང༌། རང་གི་རྟོག་པ་ཐོང་གཤོལ་དང༌། །ཚོར་བ་བདེ་སྡུག་གླང་དོར་གྱིས། །རྣམ་སྨིན་ཕུང་པོའི་ས་གཞི་ལ། །ཁམས་ཀྱི་ས་བོན་ལེགས་བཏབ་པས། །བདེ་ཆེན་འབྲས་བུ་རྒྱུན་མི་ཆད། །ཞིང་ལས་དེ་ལ་བརྩོན་པར་གྱིས། །གསུངས་པ་བཞིན་བསྒོམས་པས་ལོ་བཅུ་གཉིས་ན་འཁོར་བའི་རྣམ་རྟོག་སྣ་ཚོགས་པ་འགགས་ནས་གྲུབ་པ་ཐོབ་པ་དང༌། ཤིང་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་འཕགས་ནས་རྟོགས་པ་བརྗོད་དེ། ས་ལི་པུ་ཏྲའི་གྲོང་ཁྱེར་དུ་འགྲོ་དོན་དཔག་ཏུ་མེད་པ་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མེ་དྷི་ནིའི་ལོ་རྒྱུས་རྫོགས་སོ།། ༥༠ །།གུ་རུ་པཾ་ཀ་ཛའི་ལོ་རྒྱུས་ནི། རིགས་བྲམ་ཟེ། དངོས་གྲུབ་སྤྱན་རས་གཟིགས་ལས་སོ། །དེ་ཡང་པཾ་ཀ་ཛ་ཞེས་བྱ་བ་བྲམ་ཟེའི་བུ་གཅིག་ས་ཕྱོགས་དབེན་པར་པདྨའི་འདབ་མའི་ཚུལ་དུ་པདྨ་ལས་སྐྱེས་ཏེ། དེ་དང་མི་རིང་བ་ཞིག་
ན་པདྨའི་རྫིང་བུའི་འགྲམ་ན་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞུགས་པ་ལ། པཾ་ཀ་ཛ་དེ་རང་ཉིད་མ་ཧཱ་དེ་ཝ་ལ་མོས་པས་སྐུ་དེ་མ་ཧཱ་དེ་ཝ་ཡིན་པར་བསམས་ནས་ལོ་བཅུ་གཉིས་སུ་མཆོད་པ་བྱས། མེ་ཏོག་ཕུལ། ཡུལ་དེའི་ཆོས་ལུགས་ཀྱིས་སྐུ་དེ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་མེ་ཏོག་དེ་རང་གི་སྤྱི་བོར་ལེན་པ་ཡིན་པས། བར་དེར་སློབ་དཔོན་ཀླུ་སྒྲུབ་བྱོན་ནས་མེ་ཏོག་ཕུལ་བས། སྐུ་རང་གིས་བླངས་ནས་སྤྱི་བོར་བཞག་པས། པཾ་ཀ་ཛ་ཁྲོས་ནས་ངས་ལོ་བཅུ་གཉིས་སུ་མཆོད་པ་བྱས་པ་ལ་མི་ལེན། འདིས་ལན་གཅིག་བྱས་པ་ལ་ལེན་པ་སྙམ་པ་དང༌། སྐུ་གཟུགས་དེའི་ཞལ་ནས་ཁྱོད་རང་གི་བསམ་པ་མ་དག་པ་ཡིན། ངས་ཅི་ཡང་མ་ཉེས་ཞེས་པའི་སྒྲ་བྱུང་བ་དང༌། དེར་དེ་འགྱོད་པ་སྐྱེས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞབས་སྤྱི་བོར་བླངས་ནས་བདག་རྗེས་སུ་གཟུང་དུ་གསོལ་ཟེར་བས། དེས་ཀྱང་དབང་བསྐུར་ནས་ལྟ་སྤྱོད་ཟུང་དུ་འཇུག་པ་འདི་ལྟར་གནང་སྟེ། ཐུགས་རྗེ་ཆགས་པའི་བདེ་བ་དང༌། །གདོད་ནས་མ་གྲུབ་གཅིག་ཡིན་ཏེ། །ཐ་དད་མེད་པར་ཡང་དག་ལྟ། །འཕགས་པ་ཉིད་ཀྱི་དགོངས་པའོ། །ཞེས་གསུངས་པས། དེས་གོ་ནས་བསྒྲུབས་པས་ཞག་བདུན་ནས་གྲུབ་པ་ཐོབ་སྟེ་འགྲོ་བ་ལ་ཐུགས་རྗེས་གཟིགས་ནས་སྤྱོད་པའི་གདམས་པས་ཕན་མང་དུ་བཏགས་ཏེ། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་པཾ་ཀ་ཛའི་ལོ་རྒྱུས་རྫོགས་སོ།། ༥༡ །།གུ་རུ་གྷཱཎྜེ་པའི་ལོ་རྒྱུས་ནི། ཡུལ་ཤྲཱི་ནཱ་ལནྡའི་སྡེ་པ། དགེ་སློང་གི་སྡོམ་པ་ཐོབ་ལ་མ་ཉམས་པ། རིག་པའི་གནས་ལྔ་ལ་མཁས་པར་གྱུར་པས་ཕྱོགས་མཚམས་ཐམས་ཅད་དུ་སྙན་པའི་གྲགས་པས་ཁྱབ་པར་གྱུར་པ་དང༌། སློབ་དཔོན་ཡུལ་ཐམས་ཅད་ལ་འགྲོ་དོན་ལ་གཤེགས་པར་གྱུར་པ་ན། རྒྱལ་པོ་དེ་ཝ་ཕ་ལ་བྱ་བ་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་རྒྱལ་སྲིད་ཀྱི་འབྱོར་པ་དཔག་ཏུ་མེད་པ་མངའ་སྟེ། རང་གི་གྲོང་ཁྱེར་འབུམ་ཚོ་བཅོ་བརྒྱད་དང༌། ཀཱ་མ་རཱུ་པའི་གྲོང་ཁྱེར་འབུམ་ཚོ་དགུ་དང༌། བྷཾ་ག་ལའི་གྲོང་ཁྱེར་འབུམ་ཚོ་བཞི་སྟེ་བསྡོམས་པས་འབུམ་ཚོ་སུམ་ཅུ་རྩ་གཅིག་ལ་དབང་བྱེད་པའི་རྒྱལ་པོ་དེ་ལ་ཕ་
ལའི་ཡུལ་ས་ལི་པུ་ཏྲའི་གྲོང་ཁྱེར་དུ་སློབ་དཔོན་གཤེགས་ནས་བསོད་སྙོམས་མཛད་ཅིང་ཤིང་དྲུང་གི་རྩར་གནས་བཅས་ནས་བཞུགས་པ་དང༌། རྒྱལ་པོ་དེ་ཝ་ཕ་ལ་ལ་མཆོད་གནས་དཔག་ཏུ་མེད་པ་མངའ་བ་ལ། རྒྱལ་པོས་བཙུན་མོ་ལ་མཚན་མོ་གྲོས་དྲིས་པ། འདུས་བྱས་ཐམས་ཅད་ནི་མི་རྟག་པ། སྲིད་པར་སོང་བ་ཐམས་ཅད་ནི་སྡུག་བསྔལ་བ། འཁོར་བའི་ཆོས་ལ་སྙིང་པོ་མེད་པར་འདུག་པས། ང་ནི་འདི་དང་ཕྱི་མ་གཉིས་ཀའི་རྒྱལ་སྲིད་བྱེད་པ་ཡིན་པས། འོ་སྐོལ་བཟའ་མི་གཉིས་ཚེ་ཕྱི་མའི་ཆེད་དུ་ལམ་རྒྱགས་མཆོད་གནས་དུ་མ་གཅིག་ལ་ཚོགས་གསོག་པ་བྱས་ན་མི་རུང་ངམ་ཞེས་སྨྲས་པ་དང༌། བཙུན་མོ་ན་རེ། ཉིད་ལ་སྔར་ཡང་མཆོད་གནས་དཔག་ཏུ་མེད་པ་མཆིས་ལ། ད་ཡང་མཆོད་གནས་གཞན་པས་ཁྱད་པར་འཕགས་པ་འདུལ་བ་འཛིན་པ་ཆེན་པོ་ཞིག་གྲོང་མཐའ་ཕ་གིའི་ཤིང་དྲུང་གི་རྩ་ན། ཟས་བསོད་སྙོམས་པ། ཆོས་གོས་དང་ཡོ་བྱད་ངན་ངོན་གྱིས་འཚོ་བ་ཞིག་ཡོད་པས། དེ་ལ་ཉིད་ཀྱི་བཞེས་ཐང་ཚོད་སྣ་བརྒྱད་ཅུ་རྩ་བཞི་དང༌། མུར་བའི་བཅའ་བ་བཅུ་བཞི་དང༌། རྒུན་ཆང་ལ་སོགས་པའི་བཏུང་བ་ལྔ་དང༌། མེ་མར་གྱི་སྣང་བ་མ་ཡིན་པ་རིན་པོ་ཆེའི་སྣང་བ་དང༌། རྒྱལ་སྲིད་ཀྱི་འདོད་པའི་ཡོན་ཏན་ཐམས་ཅད་དེ་ལ་སྦྱིན་པར་བྱའོ། །ཞེས་སྨྲས་པ་དང༌། རྒྱལ་པོས་ཀྱང་རུང་གསུངས་ནས། ནངས་པར་འཁོར་དུམ་ཅིག་སློབ་དཔོན་སྤྱན་འདྲེན་དུ་བཏང་བས་མ་ཁུག་པ་དང༌། རྒྱལ་པོ་འཁོར་མང་པོ་དང་བཅས་ཏེ་བྱོན་ནས་ཕྱག་བྱས་ཕེབས་དགོས་པའི་གཏམ་མང་པོ་སྨྲས་པས། ཅི་ལ་འདིར་གཤེགས་གསུང་བ་ལ། སློབ་དཔོན་ལ་བདག་དད་ནས་མཆོད་གནས་སུ་སྤྱན་འདྲེན་དུ་འོངས་པ་ལགས་ཞེས་ཞུས་པས། སློབ་དཔོན་ན་རེ། རྒྱལ་པོའི་རྒྱལ་སྲིད་ནི་སྡིག་དང་བཅས་པ་ཡིན་པས་བདག་དེར་མི་འོང་གསུངས་པས། འོ་ན་གཏན་ཏུ་མི་བཞུགས་ཀྱང་ལོ་གཅིག་ཙམ་བཞུགས་པར་ཞུས་པས་མ་བཞེད་པ་དང༌། དེ་བཞིན་དུ་ཟླ་བ་དྲུག་དང༌། གསུམ་དང༌། གཅིག་དང༌། ཕྱེད་དང༌། ཞག་གཅིག་གཤེགས་པར་ཞུས་
པ་ལ་ཡང༌། ཁྱོད་སྡིག་ཅན་སྤྱོད་ལམ་བཞི་སོགས་གང་བྱེད་ཀྱང་ཐམས་ཅད་སྡིག་པའི་རང་བཞིན་ཡིན་པས་མི་འོང་གསུངས་པས། རྒྱལ་པོས་ཞག་བཅུ་བཞིའི་བར་དུ་ཡང་ནས་ཡང་དུ་གལ་གྱིས་ཞུས་ཀྱང་མ་བཞེད་པ་དང༌། རྒྱལ་པོ་འཁོར་དང་བཅས་པ་ཁྲོས་ཏེ་སྙིང་ལ་ཞེ་སྡང་གི་མེ་འབར་ཏེ། རྒྱལ་པོས་སྨྲས་པ། དགེ་སྦྱོང་འདིའི་ཚངས་པར་སྤྱོད་པ་སུས་ལེན་ནུས་ན་རྒྱལ་སྲིད་ཕྱེད་དང༌། གསེར་ཁལ་གཅིག་སྟེར་རོ་ཞེས་ཡོངས་སུ་སྒྲོགས་མཁན་བཏང་བ་དང༌། ཡུལ་དེ་ན་སྨད་འཚོང་མ་གཡོ་ཅན་ཀུན་གྱི་གཙོ་མོ་ཞིག་ཡོད་པ་ན་རེ། ངས་ནུས་ཞེས་རྒྱལ་པོ་ལ་སྨྲས་པ་དང༌། རྒྱལ་པོས་འོ་ན་ཁྱོད་ཀྱིས་བརྩོན་འགྲུས་དང་འབད་པས་སྒྲུབས་ཤིག་ཅེས་སྨྲས་སོ། །སྨད་འཚོང་མ་དེ་ལ་བུ་མོ་ལོ་བཅུ་གཉིས་ལོན་པ། འཇིག་རྟེན་གྱི་ཆོས་ཀྱིས་མ་གོས་པ། བྱད་བཞིན་མཛེས་པ། འགྲོ་ན་སྟབས་སྡུག་པ། སྨྲ་ན་སྐད་སྙན་པ། ལུས་ཤ་རྒྱས་ཤིང་ནུ་འབུར་མཁྲེགས་པ། ཉི་མས་མཐོང་ཡང་ཉི་མ་འགུལ་མི་འདོད་པ་ཞིག་ཡོད་པ་བདག་གིས་དེ་བཏང་ལ་འཁོར་བར་ལྡོག་སྟེ་ཚངས་པར་སྤྱོད་པ་དང་དབྲལ་ནུས་སོ་སྙམ་ནས། བུ་མོ་དེའི་མ་དེས་སློབ་དཔོན་གྱི་དྲུང་དུ་ཕྱིན་ནས་ཕྱག་དང་བསྐོར་བ་བྱེད་ཀྱིན་ལོག་སྟེ། དེ་ལྟར་ཞག་བཅུའི་བར་དུ་བྱས་ནས་སྨྲས་པ། བདག་དབྱར་ཟླ་གསུམ་དབྱར་གནས་པའི་འཚོ་བར་སྦྱོར་བའི་ཡོན་བདག་བགྱིད་དོ་སྨྲས་པ། དེ་མ་འདོད་པ་དང༌། ཟླ་བ་གཅིག་གི་བར་དུ་ཡང་ཡང་སྨྲས་པ། སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་དང༌། དཱ་རི་མ་དགའ་ནས་བཀྲ་ཤིས་རྒྱ་ཆེན་པོ་བྱས། ཚིག་ཏུ་ཡང་འདི་ལྟར་སྨྲས་ཏེ། བུད་མེད་གཡོ་ནི་བརྒྱད་ཅུ་གཅིག །འདོད་པ་ཡང་ནི་བརྒྱ་འགྱུར་རོ། །ཞེས་སྨྲས་ཤིང་ངས་གཡོས་ན་གླིང་བཞི་ཡང་གཡོ་ཞིང་བསླུ་བར་ནུས་ན། དགེ་སློང་འདི་ཅི་སྨོས་སྙམ་དུ་སེམས་ཤིང་ངག་ཏུ་ཡང་འདོན་པར་བྱེད་དོ། །དེའི་སྐབས་སུ་སློབ་དཔོན་ན་རེ། ང་ལ་ཟས་སྐྱེལ་བ་ཀུན་ཏུ་སྐྱེས་པ་ཐོང༌། བུད་མེད་མ་གཏོང་ཞིག་བྱས་པས། དེ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཀ་རའི་ཆུ་དང་འབྲས་ཆན་ཟླ་བ་ཕྱེད་ཀྱི་བར་དུ་སྐྱེས་པ་ཀུན་གྱིས་བསྐྱལ་ནས།
དེ་ནས་སྨད་འཚོང་མ་གཡོ་ཅན་མ་དེས་བུ་མོ་རྒྱན་སྣ་ཚོགས་ཀྱིས་བརྒྱན་ནས་བཟའ་བ་དང་བཅའ་བ་སྣ་ཚོགས་གྱ་ནོམ་པ་མང་པོ་བསྐུར་ནས་གཡོག་ལྔ་བརྒྱ་དང་བཅས་ནས་བཏང་སྟེ། གནས་ཀྱི་རྩ་ནས་འཁོར་ཀུན་ཕྱིར་ལོག་ཅིག་བྱས་ལ་བཏང་ངོ༌། །དེ་ནས་བུ་མོས་མས་བསླབས་པའི་གཡོ་རྣམས་དྲན་བཞིན་དུ་ཞུགས་པ་དང༌། དགེ་སློང་སྔར་གྱི་ཟས་སྐྱེལ་ཡིན་སེམས་ནས་ནང་དུ་འོངས་པ་དང༌། བུ་མོ་གཞོན་ནུ་མ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཅིག་མཐོང་ནས། སྐྱེས་པ་ཀུན་གར་སོང་སྨྲས་པས། བུ་མོས་སྨྲས་པ། དེ་ཀུན་ལ་ལོང་མེད་ནས་དངོས་ཅག་མཆིས་སོ་བྱས་ཏེ། དེ་ནས་བུ་མོ་ཡུན་རིང་དུ་འདུག་པ་དང༌། ད་སོང་སྨྲས་པས། ད་རུང་ནམ་མཁའ་ལ་སྤྲིན་ཁ་དོག་རྣམ་པ་ལྔ་འདུས་ནས་ཆར་འོང་བར་གདའ་བས། དེ་ཆད་པ་དང་མཆི་སྨྲས་ནས་ཡུན་རིང་དུ་བསྡད་པ་དང༌། ཉི་མ་ནུབ་པར་གྱུར་ནས་བུ་མོས་སྨྲས་པ། དངོས་ལ་ལམ་གྲོགས་མ་མཆིས་པས་གོས་དང་རྒྱན་ལ་བལྟས་ནས་སྲོག་དང་དབྲལ་བར་མཆི་ཞུས་པས། བདེན་ནམ་སྙམ་ནས་དེར་ཉལ་བ་དང༌། བུ་མོས་མཚན་ལ་འཇིགས་པ་སྐད་སྨྲས་པས། དེར་བུ་མོ་རྩར་བསྙལ་བ་དང༌། ཡུལ་དང་ཉེ་བའི་སྟོབས་ཀྱིས་དེ་གཉིས་ལུས་འདྲེས་པར་གྱུར་ནས། དེར་སྦྱོར་བ་བྱས་པས་དགའ་བཞི་སྐྱེས་ཏེ་ལམ་བགྲོད་པར་གྱུར་ཏོ། །ནངས་པར་གྱི་དུས་སུ་ཡང་མའི་གམ་དུ་མ་ཕྱིན་པར་དེར་བསྡད་པས། དགེ་སློང་དང་གཉིས་ཀ་ལ་བཟའ་བཅའ་སྐྱེལ་གྱིན་བོར་རོ། །དེ་ལྟར་ལོ་གཅིག་ལོན་པ་དང༌། བུ་ཁྱེའུ་ཞིག་བཙས་པར་གྱུར་པ་དང༌། རྒྱལ་པོས་དུས་རྟག་ཏུ་སྨད་འཚོང་མ་ལ་དྲིས་པས། མོས་གསལ་པོར་མ་སྨྲས་ལ། དེ་ནས་ལོ་གསུམ་ལོན་པ་དང༌། སྨད་འཚོང་མས་རྒྱལ་པོ་ལ་སྨྲས་པ། རྒྱལ་པོ་ཆེན་པོ་ཉིད་ཀྱིས་བཀའ་གདམས་པའི་དོན་བསྒྲུབས་ཏེ་མཆིས། ཐུགས་དགྱེས་པར་མཛོད་ཅིག་ཞུས་པ་དང༌། དེ་ལ་རྒྱལ་པོས་བཀའ་སྩལ་པ། འོ་ན་ཞག་གསུམ་གྱི་དུས་སུ་དགེ་སློང་གི་གམ་འོང་པ་ཡིན་པས་ཁྱོད་ཀྱིས་བུ་མོ་ལ་སྨྲོས་ཤིག་ཟེར་རོ། །དེ་ནས་རྒྱལ་པོས་ས་ལི་པུ་ཏྲའི་མི་ཀུན་དང་
བཅས་དགེ་སློང་གམ་དུ་ཆས་སོ། །དགེ་སློང་གིས་བུ་མོ་ལ་ད་འོ་སྐོལ་གནས་འདིར་འདུག་གམ་གཞན་ཞིག་ཏུ་འགྲོ་སྨྲས་པ་ལ། བུ་མོས་སྨྲས་པ། ད་འོ་སྐོལ་གྱི་ལས་ངན་པ་འདི་ལ་མི་ཀུན་འཕྱ་ཡིན་འདུག་པས། མིའི་ཡུལ་དུ་འཁྱམས་ན་ཡང་དགའ་ཟེར་ནས། བུ་མོས་བུ་ཆུང་དང་ཆང་གི་ཀུ་བ་ཁུར་ནས། བཟའ་ཚོ་གཉིས་ཀྱིས་ཕྱིན་པ་དང༌། ལམ་བར་དུ་རྒྱལ་པོ་དང་འཕྲད་ནས་གླང་པོའི་སྟེང་ནས་བབས་ཏེ་སྨྲས་པ། དགེ་སློང་གི་ཆོས་གོས་ནང་ན་ཅི་ཡོད། བུ་མོ་འདི་ཁྱོད་ཀྱི་ཅི་ཡིན་སྨྲས་པ། དགེ་སློང་ན་རེ། གོས་ཀྱི་ནང་ན་བུ་ཆུང་དང་ཀུ་བ་ཡོད། བུ་མོ་འདི་ངའི་ཆུང་མ་ཡིན་སྨྲས་པས། རྒྱལ་པོ་ན་རེ། ངས་སྤྱན་དྲངས་པའི་དུས་སུ་ཁྱོད་སྡིག་ཅན་གྱི་གམ་དུ་མི་འོང་ཟེར་བ་ལ། ད་ལྟ་ཁྱེད་རང་བུ་དང་ཆུང་མས་ཅི་བྱེད། སྡིག་ཅན་ཅིག་ཁྱེད་རང་འདུག་ཅེས་སྨྲས་པས། སློབ་དཔོན་གྱིས་ང་ལ་ཉེས་པ་མེད་པས་སྐུར་པ་མ་འདེབས་ཤིག་གསུངས་པས། སླར་ཡང་སྔར་བཞིན་བགྲངས་པས། སློབ་དཔོན་གྱིས་བུ་ཆུང་དང་ཀུ་བ་ས་ལ་བརྡབས་པས། སའི་ལྷ་མོ་འཇིགས་ནས་ས་གས་ཏེ་ཆུ་བརྡོལ་བ་དང༌། ཆུའི་ནང་དུ་བུ་ཆུང་དང་ཀུ་བ་རྡོ་རྗེ་དྲིལ་བུར་སོང༌། ཁོང་རང་བདེ་མཆོག་དང༌། བུ་མོ་ཡུམ་རྡོ་རྗེ་ཕག་མོར་སོང་ནས། རྒྱལ་པོ་འཁོར་དང་བཅས་པའི་ནམ་མཁའི་སྟེང་དུ་བདེ་མཆོག་ཡབ་ཡུམ་རྡོ་རྗེ་དྲིལ་བུ་དང་བཅས་པར་གྱུར་པ་དང༌། རྒྱལ་པོ་ལ་སོགས་པས་མགྲིན་གཅིག་ཏུ་ནམ་མཁའ་ལ་བལྟས་ནས། སློབ་དཔོན་ལ་སྐྱབས་སུ་མཆིའོ་ཞེས་གསོལ་བ་འདེབས་ཀྱང༌། རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་ལས་མ་བཞེངས་པ་དང༌། སྐྱེ་བོའི་ཚོགས་ཐམས་ཅད་ས་གས་པའི་ཆུར་ནུབ་ནས་འཆི་བ་ལ་ཐུག་པ་ནས་འཕགས་པ་སྤྱན་རས་གཟིགས་སྐད་ཅིག་ལ་དེར་གཤེགས་ནས། ས་གས་པའི་ཆུ་ཞབས་ཀྱིས་བཀག་ནས་རྒྱལ་པོ་དེ་ཝ་ཕ་ལ་འཁོར་དང་བཅས་པ་དབུགས་དབྱུང་བར་མཛད་དོ། །དེ་ནས་སླར་ཡང་བླ་མ་ལ་གསོལ་བ་བཏབ་པས། དེས་ཧཱུྃ་སྒྲ་གཅིག་བསྒྲགས་པས་ཆུ་ཐམས་ཅད་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོ་འཁོར་དང་བཅས་པས་བཟོད་པར་གསོལ་བས།
འཕགས་པའི་སྐུ་ཡང་དེ་ཉིད་དུ་རྡོའི་རང་བྱུང་དུ་སོང་སྟེ། ད་དུང་ཡང་ཞབས་འོག་ནས་ཆུ་ཁྲུ་རེ་རེ་ཙམ་འབྲུབ་ཟེར་རོ། །དེ་ནས་རྒྱལ་པོ་ལ་སོགས་པ་ལ་དེས་གདམས་པ་གསུངས་པ་ནི། ཇི་ལྟར་སྨན་དང་དུག་ཉིད་ཀྱང༌། །རང་གི་ངོ་བོ་གཅིག་ཉིད་ལ། །འབྲས་བུ་ཡང་ནི་གཉིས་སུ་འབྱུང༌། །དེ་བཞིན་སྤང་བྱ་གཉེན་པོ་གཉིས། །ངོ་བོ་གཅིག་སྟེ་ཐ་དད་མིན། །མཁས་པས་རྟོགས་ནས་སྤོང་མི་བྱེད། །བྱིས་པ་མི་མཁས་པ་དག་གིས། །མ་རྟོགས་དུག་ལྔས་འཁོར་བར་འཁྱམས། །ཞེས་གསུངས་པས། རྒྱལ་པོ་ལ་སོགས་པ་སྐྱེ་བོའི་ཚོགས་ཐམས་ཅད་མི་མོས་པའི་སྒྲོ་སྐུར་འགགས་ནས་གཅིག་ཏུ་མཐུན་པར་དད་པར་གྱུར་ནས་འགྲོ་བ་དཔག་ཏུ་མེད་པ་ལམ་ལ་གནས་པར་གྱུར་ཏེ། ཚིག་ཏུ་ཡང་དྲིལ་བུ་པ་ཞེས་བརྗོད་ནས། དེ་ཕན་ཆད་སློབ་དཔོན་དྲིལ་བུ་པ་ཞེས་ཕྱོགས་མཚམས་ཐམས་ཅད་དུ་གྲགས་སོ། །བུ་མོ་དེས་སློབ་དཔོན་ལ་སྐྱེ་བ་སྔ་མ་ལ་ལན་དྲུག་གི་བར་དུ་ཚུལ་ཁྲིམས་ལ་བར་ཆད་བྱས་པ་ཡིན་ལ། ད་རེས་ཀྱང་བར་ཆད་བྱས་པ་ལ། སློབ་དཔོན་ཆོས་ཉིད་ཀྱི་ངང་དུ་གཉིས་འཛིན་གྱི་རྣམ་རྟོག་ཐམས་ཅད་སྟོར་ནས། རྒྱུད་སྨིན་པའི་སྟོབས་ཀྱིས་ལམ་དུ་སོང་བ་ཡིན་ནོ། །སྲས་ནི་ཕྱག་རྡོར་རོ། །བུ་མོ་དེས་ཀྱང་སྔར་ནས་བསྙེན་བཀུར་བྱས་པའི་ཕན་ཡོན་གྱིས་ད་རེས་དྲི་མ་དག་པ་ཡིན་གསུང༌། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་སློབ་དཔོན་དྲིལ་བུ་པ་ལུས་དེ་ཉིད་ཀྱིས་གཉིས་ཀ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་གྷཱཎྜི་པ་སྟེ་དྲིལ་བུ་པའི་ལོ་རྒྱུས་རྫོགས་སོ།། ༥༢ །།གུ་རུ་ཛོ་ཀི་པའི་ལོ་རྒྱུས་ནི། ཡུལ་ཨོ་ཏནྟ་པུ་རི། རིགས་གདོལ་པ། བླ་མ་ཤ་བ་རི་པ། དེ་ཡང་བརྩོན་འགྲུས་ཆེ་ལ་ཤེས་རབ་ཆུང་བར་གྱུར་པ་དང༌། དུས་གཅིག་ན་བླ་མ་ཤ་ཝ་རི་པ་དེའི་གམ་དུ་གཤེགས་ནས་དགྱེས་རྡོར་དུ་དབང་བསྐུར་ཏེ་བསྐྱེད་རྫོགས་ཀྱི་གདམས་ངག་གནང་ནས་སྒོམ་དུ་བཅུག་པས། དེའི་དོན་མ་ཤེས་ནས་བླ་མ་ལ་དངོས་ཀྱིས་བསྒོམས་པས་རྔོ་མི་ཐོགས་པས་ལུས་ངག་གི་དགེ་སྦྱོར་བགྱིད་པར་ཞུ་ཞུས་པས། བླ་མས་རྡོ་རྗེ་ཧེ་རུ་ཀའི་བཟླས་པ་བསླབས་ནས་གནས་ཆེན་ཉི་ཤུ་རྩ་བཞིར་
སོང་ལ་སྒྲུབས་ཤིག་གསུངས་པས། དེས་ཀྱང་དེ་ལྟར་བྱས་པས་ལོ་བཅུ་གཉིས་ན་དྲི་མ་དག་སྟེ་མ་ཧཱ་མུ་དྲའི་དངོས་གྲུབ་ཐོབ་ནས། དེས་རྟོགས་པ་བརྗོད་དེ། ལོ་ལྔའི་བར་དུ་འགྲོ་དོན་སྣ་ཚོགས་མཛད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཛོ་ཀི་པའི་ལོ་རྒྱུས་རྫོགས་སོ།། ༥༣ །།གུ་རུ་ཙ་ལུ་ཀའི་ལོ་རྒྱུས་ནི། ཡུལ་མངྒ་ལ་པུ་ར། རིགས་དམངས་རིགས། བླ་མ་མཻ་ཏྲི་པ། དེ་ཡང་གཉིད་ཆེ་བས་དུས་རྟག་ཏུ་གཉིད་ཀྱི་དབང་དུ་སོང་ནས་བརྩོན་འགྲུས་རྩོམ་མི་ནུས་པ་ལ། དུས་གཅིག་གི་ཚེ་འཁོར་བའི་ཉེས་དམིགས་ལ་སྐྱོ་ནས་ཤིང་རྩ་གཅིག་ཏུ་གནས་པ་དང༌། དེར་རྣལ་འབྱོར་པ་ཅིག་འོངས་ནས་ཁྱོད་འདི་ན་ཅི་བྱེད་ཀྱིན་འདུག་ཅེས་གསུངས་པས། ཙ་ལུ་ཀི་ན་རེ། བདག་འཁོར་བ་ལས་ཐར་པའི་ཆོས་སྒྲུབ་སྙམ་པ་ལ་ཆོས་སྟོན་པའི་སློབ་དཔོན་དང་མ་འཕྲད་ཅིང༌། སྒྲིབ་པའི་རང་བཞིན་གྱིས་གཉིད་ཆེ་བས་བརྩོན་འགྲུས་རྩོམ་མི་ནུས་པས། ཉིད་ཀྱིས་བདག་ལ་ཆོས་ཀྱང་སྦྱིན་དགོས་ཤིང༌། གཉིད་ཆུང་བའི་ཐབས་ཅིག་མ་བྱིན་ན་ཕན་པ་མེད་ཞུས་པས། རྣལ་འབྱོར་པ་མཻ་ཏྲི་པ་ན་རེ། ཁྱོད་ལ་དབང་བསྐུར་ན་གཉིད་ཆུང་ལ་འཁོར་བ་ལས་ཀྱང་ཐར་བ་ཡིན་གསུངས་ནས་བདེ་མཆོག་ཏུ་དབང་བསྐུར་ཏེ། མི་ཟབ་པའི་རྫོགས་རིམ་རྩ་རླུང་གི་གདམས་ངག་འདི་ལྟར་བྱིན་ཏེ། སྣང་སྲིད་ཐམས་ཅད་རང་གི་ལུས་ངག་ཡིད་གསུམ་དུ་བསྡུས་ལ། ལ་ལ་ནཱ་དང་ར་ས་ནཱ་དབུ་མ་ཨ་ཝ་དྷཱུ་ཏཱིར་ཆུག་ལ། ལུས་དང་དྷཱུ་ཏཱི་མཚོར་སྒོམས། ཤེས་པ་ངང་པར་བསྒོམས་ལ་མཚོ་ནང་དུ་ངང་པ་འཕྱོ་བར་སྒོམས་ཤིག གཉིད་ཀྱང་ཆུང་ལ་རླུང་དྷཱུ་ཏཱིར་ཚུད་པས་མི་རྟོག་པ་ངང་གིས་སྐྱེ་བ་ཡིན་གསུངས་ནས་གདམས་ངག་བྱིན་ཏེ། དེས་ཀྱང་བསྒོམས་པས་ལོ་དགུ་ན་དྲི་མ་དག་སྟེ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། སྣང་སྲིད་ཆོས་རྣམས་རང་གི་ལུས་ངག་ཡིད་ལ་འདུས། །དེ་ཡང་གཟུང་འཛིན་མི་རྟོག་རྩ་ནི་གསུམ་དུ་འདུས། །གཉིས་པོ་དབུ་མར་འདུས་ནས་རྒྱ་མཚོར་བསྒོམས་བྱས་ལ། །རྣམ་པར་ཤེས་པའི་ངང་པ་དེ་ཡི་བཅུད་ཀྱིས་མཚོ། །ཞེས་གསུངས་ནས། དེས་རྟོགས་པ་བརྗོད་དེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་
ཙ་ལུ་ཀའི་ལོ་རྒྱུས་རྫོགས་སོ།། ༥༤ །།གུ་རུ་གོ་དྷཱུ་རའི་ལོ་རྒྱུས་ནི། གོ་དྷཱུ་ར་བྱ་བ་བྱ་པའོ། །ཡུལ་ཌི་སུ་ན་ག་རར། རིགས་བྱ་བ། དེ་ཡང་དུས་རྟག་ཏུ་དོལ་ཁུར་ནས་བྱ་རྔོན་བྱེད་པ་ལ། དུས་གཅིག་གི་ཚེ་དེའི་གམ་དུ་རྣལ་འབྱོར་པ་ཅིག་བྱོན་ནས། རིགས་ཀྱི་བུ་ཁྱོད་ཅི་བྱེད་སྨྲས་པས། བྱ་པ་ན་རེ། འཕགས་པ་བདག་ནི་སྔོན་ལས་ངན་པ་བསགས་པས་བྱ་བའི་རིགས་སུ་སྐྱེས་ནས། འཚོ་བའི་ཆེད་དུ་སྲོག་ཆགས་ལ་དུས་རྟག་ཏུ་རྣམ་པར་འཚེ་བར་བགྱིད་པས་སྐྱོ་ཡིན་གདའ་འོ་ཞུས་པས། རྣལ་འབྱོར་པ་ན་རེ། ལས་དང་ལས་ཀྱིས་ཚེ་འདིར་སྡུག །འདི་བས་ཕྱི་མར་ཆེར་སྡུག་ན། །རྟག་ཏུ་བདེ་བ་དམ་པའི་ཆོས། །སྒྲུབ་པར་མི་བྱེད་ཅིས་ཏེ་ཨང༌། །ཞེས་གསུངས་པས། དེ་ན་རེ། བླ་མ་བདག་འདྲ་བའི་སེམས་ཅན་སྡིག་ཅན་ལ་ཐུགས་རྗེ་འཁྲུངས་ནས་གདམས་པ་སྩལ་ན་ཅི་ཏེ་མི་སྒྲུབ་ཟེར་བས། དེ་ལ་བྱིན་རླབས་འཕོ་བའི་དབང་བསྐུར་མཛད་ནས་དམིགས་པ་གཅིག་པའི་གདམས་ངག་རང་ཉིད་ཀྱི་དམིགས་པ་དང་མཐུན་པར་བྱིན་ཏེ་འཇིག་རྟེན་གྱི་སྒྲ་ཐམས་ཅད་བྱའི་སྒྲར་སྒོམས། བྱའི་སྒྲ་དང་རང་གི་ཤེས་པའི་དམིགས་པ་གཉིས་གཅིག་ཏུ་གྱིས་ལ་སྒོམས་ཤིག་གསུངས་པ་ན། དེ་སྒྲ་ལ་སེམས་ཤོར་ནས་སླར། ཁུ་བྱུག་སྒྲ་སྙན་སྒྲ་གྲགས་ཏེ། །སྒྲ་རྣམས་སྒྲ་ཙམ་ཉིད་དུ་གཅིག །དེ་བཞིན་སྒྲ་དང་སྒྲར་འཛིན་པ། །ཁྱབ་བྱེད་ཆོས་ཉིད་ངོ་བོ་སྒོམས། །ཞེས་གསུངས་པས། དེ་ལྟར་བསྒོམས་པ་ན་སྒྲ་གྲགས་སྟོང་དབྱེར་མེད་དུ་རྟོགས་ཏེ། ལོ་དགུ་ན་སེམས་ཀྱི་དྲི་མ་དག་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། རང་གི་རྟོགས་པ་བརྗོད་ནས་ལོ་བརྒྱའི་བར་དུ་འཇིག་རྟེན་དུ་བཞུགས་ཏེ། སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་དེ། འཁོར་སུམ་བརྒྱ་དང་བཅས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་གོ་དྷཱུ་རའི་ལོ་རྒྱུས་རྫོགས་སོ།། ༥༥ །།གུ་རུ་ལུ་ཙི་ཀའི་ལོ་རྒྱུས་ནི། ལུ་ཙི་ཀི་སྟེ་ཅོག་འདུག་ཀོག་ལངས་མཁན་ནོ། །ཡུལ་ཤར་ཕྱོགས་བྷཾ་ག་ཡན་བྲམ་ཟེ་ཞིག་མི་མང་པོ་ཤི་བས་ཤེས་པ་སྐྱོ་སྟེ། འཁོར་བ་ལས་བློ་ལོག་ནས་གནས་དབེན་པ་ཞིག་ཏུ་ཕྱིན་ཏེ་
ཆོས་བྱེད་སྙམ་ནའང་གདམས་པ་མེད་པས་ད་ང་ལ་ཆོས་གསུང་བའི་བླ་མ་གཅིག་དང་ནམ་འཕྲད་སྙམ་པ་ན། དུས་གཅིག་གི་ཚེ་རྣལ་འབྱོར་པ་ཅིག་དེར་བྱོན་ནས་དེ་དགའ་སྟེ་ཕྱག་འཚལ་བ་ན། རྣལ་འབྱོར་པ་ན་རེ། ང་ལ་ཕྱག་འཚལ་ནས་ཅི་དགོས་གསུངས་པ་ལ། དེ་ན་རེ། བདག་འཁོར་བ་ལས་བློ་ལོག་ནས་ཆོས་ཅིག་བྱེད་སྙམ་པ་ལ། གདམས་ངག་སྟོན་པའི་བླ་མ་མ་རྙེད་ནས། དེ་རིང་བླ་མ་དང་འཕྲད་པས་གདམས་པ་ཞུའོ་ཟེར་བས། དེས་བདེ་མཆོག་ཏུ་དབང་བསྐུར་ཏེ། བསྐྱེད་རྫོགས་ཀྱི་གདམས་པ་གནང་བས། དེས་འབད་ནས་བསྒོམས་པས་ལོ་བཅུ་གཉིས་ལ་བསྐྱེད་རྫོགས་ཟུང་དུ་ཆུག་སྟེ་གྲུབ་པ་ཐོབ་ནས། ལུ་ཙི་ཀར་གྲགས་ཤིང༌། དེའི་ཞལ་ནས། འཁོར་བ་མྱ་ངན་འདས་པ་གཉིས། །ཐ་དད་ཡོད་པར་མ་མཐོང་སྟེ། །དེ་ཉིད་ཐར་པ་བདེ་ཆེན་པོ། །དམན་པར་བཟུང་བས་བགྲོད་པར་དཀའ། །ཞེས་གསུང་ཏེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་ཏེ་ནམ་མཁའ་ནས་རྟོགས་པ་རྣམས་བརྗོད་དེ་མི་སྣང་བར་གྱུར་ཏོ། །གུ་རུ་ལུ་ཙི་ཀའི་ལོ་རྒྱུས་རྫོགས་སོ།། ༥༦ །།གུ་རུ་ན་གུ་ཎའི་ལོ་རྒྱུས་ནི། ན་གུ་ཎ་སྟེ་ཡོན་ཏན་མེད་པ་བྱ་བ་ཡིན་ལ། ཡུལ་པུརྦ་དེ་ཤ་བྱ་བར་དམངས་རིགས་ཞིག་གི་ཁྱིམ་ཐབ་ལ་བུ་བཙས་ཏེ། བཙས་སྟོན་རྒྱ་ཆེན་པོ་བྱས་ནས་སྐྱེད་བསྲིངས་པ་ན་དེ་གཉིད་དང་ལེ་ལོ་ཆེ་བས་འཇིག་རྟེན་གྱི་བྱ་བ་གང་ཡང་མ་དྲན་པས་འདི་འདྲ་བའི་ལེ་ལོ་ཅན་གྱི་མི་བྱ་བ་བཟང་ངན་གང་ཡང་མི་འོང་བ་འདི་སྐྱེས་པ་བས་ཤིང་ཐོག་ཅིག་ཡིན་ན་བཟའ་རུ་ཡོད་པ་ལ་ཟེར་ནས་མཐུན་པར་དམོད་པའི་ཚེ། དེ་ཡིད་བྱུང་ནས་ཕྱོགས་དབེན་པ་ཞིག་ཏུ་སོང་ནས་བསྡད་ཡོད་པ་ལ་རྣལ་འབྱོར་པ་གཅིག་བྱོན་ནས་གྲོང་ཁྱེར་ནས་བསོད་སྙོམས་ལོངས་ལ་དྲོངས་ཤིག་གསུངས་པས། བདག་མི་ལོངས་པར་འདུག་ན་ཟེར་ནས་ས་ལ་འགོག་ཀྱང་མ་ནུས་པ་ལ། དེའི་ཐུགས་རྗེས་བཟའ་བ་བྱིན་ནས་ཁྱོད་ལ་ཡོན་ཏན་ཅི་ཡོད་གསུངས་པས། འཕགས་པ་བདག་ནི་ན་གུ་ཎ་ཞེས་བཏགས་པ་ལགས་ན་ཡོན་ཏན་ཅི་ཡང་མེད་དོ་ཞེས་ཟེར་ནས། ཁ་ཟས་ཀྱང་ཉལ་གྱིན་བཟའ་བཏུང་བྱེད་པ་ན། དེ་ལ་དེས་ཤི་བས་མི་འཇིགས་སམ་བྱས་པས། འཇིགས་ཏེ་
ཐབས་མེད་ཟེར། སྒྲུབ་པར་ནུས་ན་ཐབས་སྦྱིན་གྱི་གསུངས་པས། ཉལ་གྱིན་བྱར་ཡོད་ན་ནུས་ལགས་ཟེར་བས། དེས་དབང་བསྐུར་ནས་སྣང་སྟོང་ཟུང་འཇུག་གི་གདམས་པ་འདི་ལྟར་གནང་སྟེ། གཟུང་འཛིན་གང་ཡང་མ་གྲུབ་པར། །མ་རྟོགས་སེམས་ཅན་ཐམས་ཅད་ནི། །སྡུག་བསྔལ་གྱིས་མནར་སྙིང་རེ་རྗེ། །དེ་ཡང་གདོད་ནས་མ་གྲུབ་སྟེ། །སྣང་དང་སྟོང་པ་དབྱེར་མེད་པའི། །འོད་གསལ་རྒྱུད་ལ་སྐྱེས་ནས་ཀྱང༌། །སྨྱོན་པ་ལྟ་བུའི་སྤྱོད་པ་ཡིས། །གྲོང་ཁྱེར་དག་ཏུ་རྒྱུག་པར་བྱ། །ཞེས་གསུངས་པ་ལྟར་དེས་ཀྱང་བསོད་སྙོམས་བྱེད་ཅིང་བསྒྲུབས་པས་འོད་གསལ་ཟུང་འཇུག་གི་རྟོགས་པ་སྐྱེས་ནས་གྲུབ་པ་ཐོབ་སྟེ་ཕྱོགས་ཐམས་ཅད་དུ་ཕྱིན་ནས་མི་རྣམས་སུ་ཡིན་ཟེར་བ་ལ། དེས་མི་ཀུན་ལ་བལྟས་ཀྱིན་ངུས་པས། མི་རྣམས་ཀྱང་འདི་འདྲ་བ་ཞིག་སྙིང་རེ་རྗེ་ཟེར་ནས་ངུ་བར་བྱེད། གདུལ་བྱ་སྣོད་དང་ལྡན་པ་ལ་སྣང་སྟོང་དབྱེར་མེད་ཀྱི་ལམ་སྟོན་པར་བྱེད་དོ། །དེ་ནས་རྒྱ་མཚོར་གྲུ་ཞིག་པ་བཞིན་དུ་འཁྲུལ་པའི་རྒྱ་ཐམས་ཅད་ཞིག་ནས། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་ཅིང་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ན་གུ་ཎའི་ལོ་རྒྱུས་རྫོགས་སོ།། ༥༧ །།གུ་རུ་ཛ་ཡཱ་ནནྡིའི་ལོ་རྒྱུས་ནི། ཡུལ་བྷ་ག་ལར་རྒྱལ་པོ་ཞིག་ལ་བྲམ་ཟེའི་བློན་པོ་ཡོད་པས། དུས་གཅིག་གི་ཚེ་བྲམ་ཟེ་ཆོས་སྒོར་ཞུགས་ནས། གསང་སྔགས་གསང་གིན་བསྒྲུབས་པས་བྱིན་རླབས་བྱུང་བ་སུས་ཀྱང་མ་ཚོར་བ་དང༌། དུས་རྒྱུན་ཏུ་གཏོར་མ་མང་དུ་བཏང་བས། བློན་པོ་གཞན་གྱིས་མ་ཐེག་ནས་རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཀྱང་དེ་བརྩོན་དུ་བཟུང་སྟེ། ལྕགས་སུ་བཅུག་པ་ན། དེས་རྒྱལ་པོ་ལ་ལྷའི་རྫས་ཕུལ་ཕྱེད་དུ་ལོངས་པ་ཆུད་ཟོས་སུ་བཅུག་པ་མེད་པས་ལྕགས་ལས་ཐོང་ཞིག་བྱས་ཀྱང་རྒྱལ་པོས་མ་ཉན་པ་ན། དེའི་ཕྱི་དེར་གཏོར་མའི་དུས་སུ་བྱ་རོག་དག་འོངས་པས། དེ་མེད་པར་རྒྱལ་པོའི་ཁང་པར་བྱ་རོག་དག་འདུས་ནས་དམག་དྲངས་ཏེ་མི་ཐམས་ཅད་མགོ་བཏོགས་པ་དང༌། འཚོགས་པར་བྱེད་པས། དེ་ན་བྱ་སྐད་ཉན་ཤེས་པ་ཞིག་གིས་ཉན་
པས། ངེད་ཀྱི་ཕ་མར་གྱུར་བའི་བྲམ་ཟེ་རྒྱལ་པོས་བསྡམས་པ་ཡིན་ནོ་ཟེར་བས། དེ་རྒྱལ་པོ་ལ་སྨྲས་པ་དང༌། རྒྱལ་པོ་ན་རེ། དེ་ལྟ་ན་ཁོ་བདེན་པར་འདུག་ཟེར་ནས་བཟོད་པར་ཕུལ་ནས་བྱ་དག་ལོག་ཏུ་ཆུག་ཅིག་ཟེར་བས། དེས་བྱ་དག་ལ་སྨྲས་ནས་བྱ་ལོག་པས་རྒྱལ་པོ་ཆེར་དད་དེ། ཉི་མ་རེ་ལ་འབྲས་ཁལ་ཉི་ཤུའི་གཏོར་རྐྱེན་ལ་སོགས་པ་ཕུལ་ལོ། །དེ་མན་ཆད་བླ་མ་ཛ་ཡཱ་ནནྡི་ཞེས་གྲགས་ལ། དེའི་ཞལ་ནས། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །བླ་མའི་དྲིན་གྱིས་ཡང་དག་རྟོགས། །བདེ་ཆེན་མཆོག་གི་བློན་པོ་བྱེད། །འཁོར་བའི་འཁོར་དུ་ང་མི་གནས། གནས་ལུགས་རང་གསལ་རྒྱལ་པོ་དེས། །གཟུང་འཛིན་གཉིས་ཀྱི་དགྲ་ཡང་བཅོམ། །འཁོར་བའི་བདེ་ལ་ཆགས་པ་མེད། །ཀྱེ་ཧོ་མ་རྟོགས་སེམས་ཅན་རྣམས། །ཀྱེ་མ་ཞེས་ནི་ཛ་ཡ་སྨྲ། །འགྲོ་དོན་མང་དུ་མཛད་དེ་ལོ་བདུན་བརྒྱ་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཛ་ཡཱ་ནནྡིའི་ལོ་རྒྱུས་རྫོགས་སོ།། ༥༨ །།གུ་རུ་པ་ཙ་རི་པའི་ལོ་རྒྱུས་ནི། ཡུལ་ཙམ་པ་ཀ་ཡིན། རིགས་ཁུར་བ་འཚོང་བའོ། །དེ་ཕོངས་ནས་གོས་ཀྱང་ཀ་ཌུ་ལ་ལས་གོན་རྒྱུ་མེད་པ་ཞིག ཁྱིམ་བདག་ཕྱུག་པོ་གཅིག་ནས་ཁུར་བ་བླངས་ཤིང་བཙོངས་ནས། དེའི་ཁེས་འཚོ་བར་བྱེད་པའི་ཚེ། དེས་ཁུར་བ་མར་ཁུར་ཚོས་པ་མ་བཙོངས་པར་རང་ཉིད་ཀྱིས་ཟོས་པས་ཕྱེད་ཙམ་ཟོས་ཟིན་པ་ན། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་ཞིག་ཏུ་སྤྲུལ་ནས་དེའི་གམ་དུ་བྱོན་པ་ན། དེ་དད་པ་སྐྱེས་ནས་ཕྱག་བྱས་ཏེ་ཁུར་བའི་ཕྱེད་པོ་དེ་དགེ་སློང་དེ་ལ་དྲངས་པས། དེ་ན་རེ། ཁྱོད་ཀྱིས་འདི་གང་ནས་ཁུག་པ་ཡིན་གསུངས་ནས། དེས་ཀྱང་བདེན་པར་སྨྲས་པ་དང༌། འོ་ན་འོ་སྐོལ་གཉིས་ཡོན་མཆོད་དུ་འདུག་པས། ངས་ཡོན་བདག་ལ་ཆོས་ཅིག་བྱ་གསུངས་པས། དེས་ཀྱང་མཎྜལ་བྱས་ཏེ་མེ་ཏོག་ལ་སོགས་པ་ཕུལ་བས། སྤྲུལ་པས་ཀྱང་སྐྱབས་འགྲོ་སེམས་བསྐྱེད་བྱིན་རླབས་བྱས་ནས་ཡི་གེ་དྲུག་མའི་གདམས་པ་གནང་བས། དེས་ཀྱང་གུས་པས་བསོད་སྙོམས་ཀྱིས་འཚོ་བ་བྱས་ཏེ་བསྒྲུབས་པའི་དུས་སུ་སྔར་གྱི་ཁུར་བའི་བདག་པོ་དེ་འོངས་ནས། ངའི་རིན་དེ་བྱིན་ཟེར་བས་
དེས་ང་ལ་ཅང་མེད་བྱས་པ་ལ། དེ་བཟུང་ནས་བརྡུངས་པས། དེའི་ཁ་ནས་ང་གཅིག་པུས་མ་ཟོས། ངེད་དཔོན་སློབ་གཉིས་ཀས་ཟོས་ན་ང་གཅིག་བརྡུང་ངམ་བྱས་པས། དེ་བཞིན་དུ་སྒྲ་དེ་རྩིག་པ་ལ་སོགས་པ་ནས་ཀྱང་བྱུང་བས་དེ་ངོ་མཚར་ནས། བདག་གི་ཁུར་བ་ཁྱེད་ཀྱིས་ཁྱེར་ཏེ་སོང་ཟེར་ནས་བཏང་ངོ༌། །དེས་ཀྱང་ལྷ་ཁང་ཞིག་ཏུ་ཕྱིན་ནས་རང་གི་ཡི་དམ་གྱི་རྟེན་ཅིག་ཡོད་པ་ལ་ཁུར་བའི་རིན་བླངས་པས། གསེར་ཏོ་ལོ་བརྒྱ་གཏད་པ་ན། དེ་ཁུར་ནས་སྔར་གྱི་ཁྱིམ་བདག་ལ་ཁུར་བའི་རིན་དུ་བཏང༌། སྔར་གྱི་སྒྲིབ་པ་བག་ཙམ་ཅིག་ཡོད་པ་དེས་དག་ནས། ངའི་བླ་མ་འཕགས་པ་ཡིན་པར་འདུག་སྙམ་སྟེ། རི་བོ་ཏ་ལར་འགྲོ་བར་ཆས་ཏེ་ཕྱིན་པ་ན། བར་དུ་ཚེར་མའི་ནགས་གཅིག་ནས་རྐང་པ་ལ་ཚེར་མ་ཟུག་ནས་སྡུག་བསྔལ་ཆེན་པོ་བྱུང་སྟེ། འཕགས་པ་ལ་སྨྲེ་སྔགས་ཆེན་པོ་ཡང་བཏང་བས། འཕགས་པས་ཀྱང་ཞལ་དངོས་སུ་བསྟན་ཏེ། ཁྱོད་ཀྱི་བླ་མ་ང་ཡིན་པས། ད་ཁྱོད་རང་དོན་གཉེར་བར་མ་བྱེད་པར་ཕྱིར་ལོག་ལ་གདུལ་བྱ་རྣམས་དྲང་བར་བྱོས་ཤིག་གསུངས་པས། དེ་དགའ་ནས་ནམ་མཁའ་ལ་འཕགས་ཏེ་ཙམ་པ་ཀར་ཡར་བྱོན་ནས། ཐམས་ཅད་ཀྱིས་མཐོང་བས་ངོ་མཚར་སྐྱེས་ཏེ་གདམས་པ་ཞུས་པས་སྣང་སྟོང་དབྱེར་མེད་ཀྱི་གདམས་པ་ཡང་གསུངས་ཏེ། དེ་མན་ཆད་བླ་མ་པ་ཙ་རི་པ་ཞེས་བྱ་བར་གྲགས་ཏེ་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་པ་ཙ་རི་པའི་ལོ་རྒྱུས་རྫོགས་སོ།། ༥༩ །།གུ་རུ་ཙམ་པ་ཀའི་ལོ་རྒྱུས་ནི། ཡུལ་ཙམ་པ་ཀ་པ་ཡིན་ཞིང༌། མེ་ཏོག་གི་མིང་ལས་བཏགས་པ་ཡིན་ནོ། །དེ་ལ་རྒྱལ་བུ་གཅིག་ལ་རྒྱལ་སྲིད་ཀྱི་འབྱོར་པ་ཕུན་སུམ་ཚོགས་ཤིང་ལོངས་སྤྱོད་ཀྱིས་བྲེལ་བ་མེད་པ་ཅིག་ཡོད་ལ། དེ་ལངས་ཚོས་དྲེགས་ཤིང་རྒྱལ་སྲིད་ཀྱི་བདེ་བས་མྱོས་ནས་ཕྱི་མ་མི་དྲན་པ་ལ། རྒྱལ་པོ་དེ་མེ་ཏོག་ཙམ་པ་ཀའི་སྐྱེད་མོས་ཚལ་གྱི་ནང་དུ་མེ་ཏོག་གི་ཁང་པ་ལེགས་པར་བྱས་ཏེ་འདུག་པའི་སྟན་དང་སྔས་ཀྱང་མེ་ཏོག་ཙམ་པ་ཀ་ཁ་དོག་སེར་བ། དྲི་ཞིམ་པོ་ལས་བྱས་པ། དེ་ལྟ་བུའི་ནང་ན་གནས་པ་ན། རྣལ་འབྱོར་པ་གཅིག་གིས་དེ་ལ་བསོད་སྙོམས་བསླངས་པས། རྒྱལ་པོས་ཀྱང་ཞབས་
བཀྲུས་སྟན་བསྟབ་པ་ལ་སོགས་པ་བྱས་ནས་བཞེས་ཆབ་དྲངས་ཏེ་དེས་ཆོས་གསུངས་པས་རྒྱལ་པོ་འཁོར་དང་བཅས་པ་ཐམས་ཅད་ཀྱིས་དེ་མཆོད་གནས་སུ་ཞུས་ཏེ་བཞུགས་པ་ན། རྒྱལ་པོ་ན་རེ། རྣལ་འབྱོར་པ་ཡུལ་མང་པོར་བྱོན་ནས། མེ་ཏོག་འདི་འདྲ་བ་དང་བདག་འདྲ་བའི་རྒྱལ་པོ་གཞན་ན་གཟིགས་སམ་ཞུས་པས། དེ་ན་རེ། མེ་ཏོག་ཙམ་པ་ཀ་ནི་དྲི་མཆོག་ལྡན་གྱུར་ཀྱང༌། །རང་གི་ལུས་ལ་དྲི་མ་སྣ་ཚོགས་དེ་མ་ཡིན། །རྒྱལ་པོ་རྒྱལ་སྲིད་གཞན་ལས་ཁྱད་པར་འཕགས་གྱུར་ཀྱང༌། །འཆི་བར་གྱུར་པའི་ཚེ་ན་གང་ཡང་མེད་པར་འགྲོ། །ཞེས་གསུངས་པས། རྒྱལ་པོས་བརྟགས་པས་ལུས་ལ་ཞེན་པ་རང་ལོག་ཏུ་སོང་ནས། སླར་དེ་ལ་གདམས་པ་ཞུས་པས། དེས་དང་པོར་ལས་རྒྱུ་འབྲས་བསྟན། དེ་ནས་དབང་བསྐུར་ཏེ་གདམས་པ་ལམ་བསྐྱེད་རྫོགས་གནང་བས། དེའི་རྣམ་རྟོག་མེ་ཏོག་ལ་སོགས་པ་ལ་སོང་ནས་སྒོམ་དུ་མ་འདོད་པ་ལ། དེས་རྟོག་པ་ལམ་ཁྱེར་གྱི་གདམས་པ་འདི་ལྟར་གནང་ངོ༌། །སྣང་ཙམ་ཉིད་ནས་སྟོང་པས་ན། །བླ་མའི་མན་ངག་མེ་ཏོག་ལ། །རང་སེམས་བུང་བ་གནས་པར་བྱེད། །ཟག་མེད་བདུད་རྩིའི་སྦྲང་རྩི་གསུམ། །ངོ་བོ་གཅིག་ཏུ་བསྒོམ་པ་ན། །འབྲས་བུ་བདེ་ཆེན་འབྱུང་བར་འགྱུར། །དྲུག་པ་རྡོ་རྗེ་འཆང་ཆེན་གྱི། །བཀའ་ཡིན་ཐེ་ཚོམ་མེད་པར་སྒོམས། །ཞེས་གསུངས་པས་དེས་ཀྱང་ལོ་བཅུ་གཉིས་བསྒོམས་པ་ན། གདམས་ངག་དང་རང་སེམས་ཀྱི་གནས་ལུགས་ཉམས་མྱོང་གསུམ་དབྱེར་མེད་དུ་རྟོགས་པའི་གྲུབ་པ་ཐོབ་སྟེ། དེ་མན་ཆད་ཙམ་པ་ཀ་བྱ་བར་གྲགས་ལ་བཙུན་མོ་ལ་སོགས་པ་འཁོར་དཔག་ཏུ་མེད་པ་ལ་ཆོས་བཤད་ནས་མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཙམ་པ་ཀའི་ལོ་རྒྱུས་རྫོགས་སོ།། ༦༠ །།གུ་རུ་བྷི་ཀྵ་ནའི་ལོ་རྒྱུས་ནི། བྷི་ཀྵ་ན་པ་སྟེ་བསོད་སྙོམས་པ་བྱ་བ་ཡིན་ལ། ཡུལ་ས་ལི་པུ་ཏྲ་ན་དམངས་རིགས་ཞིག་ནོར་རྫས་དང་འབྱོར་པ་ཐམས་ཅད་ཉམས་ནས་གྲོང་དང་གྲོང་ཁྱེར་དུ་བསོད་སྙོམས་བྱེད་པ་ལས། དུས་གཅིག་ན་བསོད་སྙོམས་མ་རྙེད་ནས། སེམས་ཁོང་དུ་ཆུད་ཅིང་དབེན་པ་ཞིག་ཏུ་བསྡད་པའི་དུས་སུ་ཌཱ་ཀི་མ་ཞིག་བྱོན་ནས།
ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེས་ཀྱང་བདེན་པར་སྨྲས་པ་ན། དེས་ང་ལ་འདོད་པ་རྙེད་པའི་ཐབས་ཡོད་ན་གསུངས་པས། དེ་ན་རེ། བདག་ལ་ཞུ་ཟེར། འོ་ན་ཡོན་ཅི་ཡོད་གསུངས་པས། སྟེང་འོག་གི་ས་རེ་རེ་བཞག་ནས་གཞན་བཏོན་ཏེ་ཕུལ་བས། ལྷག་པའི་བསམ་པ་གཡོ་སྒྱུ་མེད་པར་མཁྱེན་ནས་དབང་བསྐུར་ཏེ། ཐབས་དང་ཤེས་རབ་ཟུང་འཇུག་གི་གདམས་པ་གནང་ནས། དེས་ཀྱང་བསྒོམས་པས་ལོ་བདུན་ན་བདེན་པ་མཐོང་སྟེ། ཟག་མེད་ཀྱི་ཡོན་ཏན་རྒྱུད་ལ་སྐྱེས་ནས་གདུལ་བྱའི་དོན་དུ་གྲོང་དང་གྲོང་ཁྱེར་དུ་བྱོན་ནས། བྷི་ཀྵ་ན་པ་ཞེས་བྱ་བར་གྲགས་ཏེ་ལོ་མང་པོ་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་བྷི་ཀྵ་ན་པའི་ལོ་རྒྱུས་རྫོགས་སོ།། ༦༡ །།གུ་རུ་དྷི་ལི་པའི་ལོ་རྒྱུས་ནི། ཡུལ་ས་ཏ་པུ་རི་ན་མར་ནག་འཚོང་པས་འཚོ་བ་ཅིག་ཡོད་པ་ལས། དེས་མར་ནག་བཙོངས་པས་གང་བྱ་བར་ཚོང་ལེགས་ཏེ་འབྱོར་པ་རྒྱས་ཏེ་རྣམ་ཐོས་ཀྱི་བུ་དང་མཉམ་པའི་འབྱོར་པ་ཐོབ་ནས་དེ་འདོད་པའི་ཡོན་ཏན་ལ་ལོངས་སྤྱོད་པར་བྱེད། དེ་ཡང་ཚོང་སྣ་བརྒྱད་ཅུ་རྩ་བཞི་དང༌། བཟའ་བ་བཅུ་གཉིས་དང་བཏུང་བ་ལྔ་ལ་སོགས་པ་རྣམས་རྒྱལ་པོའི་མ་ཚོར་བར་ལོངས་སྤྱོད་ཅིང་འདུག་པའི་དུས་གཅིག་ན། པཎྜི་ཏ་བྷ་ཧ་ན་བྱ་བ་དེར་བྱོན་ནས་དེ་ལ་འཁོར་བའི་ཉེས་པ་དང་ཐར་བའི་བསྔགས་པ་བརྗོད་ནས། དད་པ་སྐྱེས་ཏེ་ཆོས་ཞུས་ནས་མཆོད་གནས་སུ་བྱས་པ་ན། དུས་གཅིག་མར་ཁུའི་སྦྱོར་བ་བྱེད་པ་དེ་གཟིགས་པས། དེ་ལ་ཁྱོད་ཀྱིས་བསྐལ་པ་ནས་བསྐལ་པར་དེ་བཙིར་པས་ཐར་པ་མི་འབྱུང་གསུངས་པས། བླ་མ་དེ་ལྟར་ན་ཐར་པ་འབྱུང་བའི་ཐབས་ཞུ་ཟེར་བས། དེས་དབང་བསྐུར་ནས་མཚན་མ་རང་གསལ་གྱི་གདམས་པ་འདི་གནང་སྟེ། རང་ལུས་ཏིལ་གྱི་གང་ཉིད་ལས། །རྣམ་རྟོག་མར་ཁུ་བཙིར་ནས་ཀྱང༌། །སེམས་ཉིད་སྣོད་དུ་བླུགས་བྱས་ཏེ། །སྣང་སྟོང་དབྱེར་མེད་སྡོང་བུ་ལ། །རིག་པ་ཡེ་ཤེས་མེ་སྦར་ནས། །མ་རིག་མུན་པ་སྤངས་གྱུར་ཏེ། །ཐར་པའི་བདེ་བ་བླ་ན་མེད། །ཟག་མེད་བདེ་ལ་གནས་པར་འགྱུར། །ཅེས་གསུངས་ནས་དེས་ཀྱང་གུས་པར་བསྒོམས་པས་ལོ་དྲུག་ན་བསྐྱེད་རྫོགས་ཟུང་དུ་
ཆུད་དེ་གྲུབ་པ་ཐོབ་ནས། རང་ལུས་ལས་འོད་འཕྲོས་པས་ཕྱོགས་ཐམས་ཅད་དུ་གང་བར་བྱས་པ་དེ་གཞན་གྱིས་མཐོང་ནས་རྒྱལ་པོ་ལ་བསྙད་པ་ན། རྒྱལ་པོས་ལྟར་བཏང་བས་དེ་ལྟར་འདུག་པ་དང༌། དེས་ཀྱང་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པའི་རྒྱལ་པོ་དང་མཉམ་པ་འགའ་ཡང་མེད་དོ་ཞེས་པ་ལ་སོགས་པ་གསུང་ཞིང་ཐམས་ཅད་དད་པ་ལ། དེ་དག་གི་ཁམས་དང་བག་ལ་ཉལ་དང་མཐུན་པའི་གདམས་ངག་གསུངས་ནས་ལོ་དུ་མ་ནས་འཁོར་མང་པོ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷི་ལི་པའི་ལོ་རྒྱུས་རྫོགས་སོ།། ༦༢ །།གུ་རུ་ཀུམྦྷ་རི་པའི་ལོ་རྒྱུས་ནི། བོད་སྐད་རྫ་མཁན་བྱ་བ་ཡིན། ཡུལ་ཛོམ་ན་ཤྲཱི་བྱ་བ་ན། གང་ཟག་རྫ་མ་མཁན་ཞིག་དུས་རྟག་པར་རྫའི་ལས་ཀྱིས་འཚོ་བའི་ཚེ། དེ་ལ་དེ་སེམས་སྐྱོ་ནས་ཡོད་པ་ལ། དེའི་གམ་དུ་རྣལ་འབྱོར་པ་ཅིག་འོངས་ནས་བསོད་སྙོམས་བསླངས་པས། དེས་ཀྱང་བསོད་སྙོམས་དྲངས་ནས། བླ་མ་བདག་གིས་འདི་འདྲ་བའི་ལས་རེམ་གཅིག་བྱས་པ་ལས་ཕན་པ་ཆེན་པོ་མ་བྱུང་ཞིང༌། ལས་འདི་ཟད་པའམ་ཟིན་པའི་མཐའ་ལར་མ་བྱུང་བས་སྐྱོ་བ་སྐྱེས་པར་གདའོ། །ཞེས་ཟེར་བས། དེ་སྦྱིན་བདག་ཁྱོད་ཀྱིས་མ་གོའམ། འཁོར་བའི་སེམས་ཅན་འདི་རྣམས་སྡུག་བསྔལ་བ་ལས་བདེ་བ་ནི་འགའ་ཙམ་ཡང་ཡོད་པ་མ་ཡིན་ཏེ། དེ་ཡང་དུས་ཐོག་མ་མེད་པ་ནས་ཐ་མ་མེད་པར་སྡུག་བསྔལ་གཅིག་པུ་ལས་མེད་དེ། སྐྱོ་བ་མ་སྐྱེས་གདའ་ན་གསུངས་པས། དེ་དད་ནས་བླ་མ་དེ་ལ་ཐར་པའི་ཐབས་ཅིག་ཞུ་ལགས་ཟེར་བས། དེས་དབང་བསྐུར་ནས་བསྐྱེད་རྫོགས་གཉིས་ཀྱི་གདམས་པ་གནང་སྟེ། མ་རིག་པ་ཡི་རྫ་ས་ལས། །ཉོན་མོངས་རྣམ་རྟོག་འདམ་བྱུང་སྟེ། །སྲེད་ལེན་འཁོར་ལོས་རིགས་དྲུག་གི །རྫ་བྱས་ཡེ་ཤེས་མེ་ཡིས་སྲེགས། །ཞེས་གསུངས་པས། དེས་རྣམ་རྟོག་ངོ་སྤྲོད་ཀྱི་གདམས་པ་དེ་གོ་ནས། ཟླ་བ་དྲུག་བསྒོམས་པས་འཁོར་བ་འཁྲུལ་པའི་དྲི་མ་དག་ནས་གྲུབ་པ་ཐོབ་སྟེ་མཉམ་པར་བཞག་པས། རྫ་མའི་འཁོར་ལོ་རང་འཁོར་ནས་རྫ་མ་ཡིད་ལ་འཐད་པ་ལྟར་བྱུང་བས། དེ་གྲོང་ཁྱེར་བས་རིགས་ཀྱི་ཡོན་ཏན་དང་ལྡན་པར་གོ་ནས་བླ་མ་ཀུམྦྷ་རི་པ་ཞེས་བྱ་བར་གྲགས་
ལ། དེས་རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀུམྦྷ་རི་པའི་ལོ་རྒྱུས་རྫོགས་སོ།། ༦༣ །།གུ་རུ་ཙརྦ་རི་པའི་ལོ་རྒྱུས་ནི། གྲོང་ཁྱེར་མ་གྷ་དྷཱའི་བྱེ་བྲག་ཅིག་ན་འབྲོག་པའི་རིགས་གཅིག་ལ་འབྱོར་པ་དཔག་ཏུ་མེད་པ་ཡོད་ལ། མ་ཧེ་སྟོང་ལ་སོགས་པ་དང་རྟ་དང་ལུག་སོགས་དཔག་ཏུ་མེད་པ་ཡོད་པ་ཞིག་གིས་ཕ་རྒན་ཤི་ནས་འདུ་བ་རྒྱ་ཆེན་པོ་བྱས་པ་ལ། གཞན་དུ་ནའང་ཤི་བའི་དུས་འདུ་བ་རྒྱ་ཆེན་པོ་བྱེད་པའི་ཚེ་ཡུལ་དེའི་མི་རྣམས་བོས་ནས་ཞག་མང་དུ་བཟའ་བ་དང་བཅའ་བ་མང་པོ་སྟེར་སྦྱིན་དགོས་ཏེ། མི་རྣམས་ཆུ་བོ་གང་གཱའི་འགྲམ་དུ་ཁྲུས་ལ་ཕྱིན་པ་དང༌། དེའི་ཆུང་མ་ཁྱིམ་སོ་སྲུང་བར་བཞག་པའི་ཚེ། དེ་ལ་བུ་ལོ་གསུམ་པ་ཞིག་ཀྱང་ཡོད་པ་ལ། མ་སྨད་གཉིས་ཀྱིས་བསྡད་པ་ན། དེའི་ཚེ་བླ་མ་ཙརྦ་རི་པ་གང་ནས་བྱོན་ཆ་མེད་པར་དེར་བྱོན་ནས་དེ་ལ་བཟའ་བ་བསླངས་པས། བུ་མོ་དེས་གཡོ་ཆུང་བས་གཏམ་དྲང་པོར་སྨྲས་པ་ན། ཙརྦ་རི་པ་ཁྱོ་ལ་སོགས་པ་ཀུན་ཁྲོ་ན་ང་ཅན་དུ་ཤོག་ཤིག ང་ནགས་ཡ་གིར་མེ་གཏོང་གིན་འདུག་པ་ཡིན་ནོ། །མི་ཁྲོ་ན་ལེགས་པར་སྡོད་ལ་ང་ལ་བཟའ་བ་དང་བཅའ་བ་སྦྱིན་དགོས་གསུངས་པས་དེས་ཀྱང་བླ་མའི་གཏམ་ལ་ཉན་ནས་དེ་གནས་སུ་ལོག་སྟེ། བུ་མོ་སེམས་བདེ་བར་བསྡད་པས། དེར་མི་འགའ་འོངས་པ་ན་སྒྱོགས་མོ་འོངས་ནས། ཟ་མ་ལས་འཕྲོ་ཅན་དུ་བྱས་པ་མཐོང་ནས། དེ་ལ་འབར་བས་དེས་བུ་ཁུར་ནས་རྣལ་འབྱོར་པ་ཅན་དུ་བྲོས་ནས་ཕྱིན་ཏེ་སླེབས་པ་ན། ཙརྦ་རི་པས་ལེགས་སོ་གསུངས་ནས་སྔགས་ཆུ་གཏོར་བས་མ་སྨད་གཉིས་རང་བྱུང་རྡོའི་སྐུར་སོང་སྟེ། ཟས་ལ་སོགས་པ་གང་ཡང་མི་དགོས་པར་གྱུར་ཏོ། །དེར་ཁྱིམ་དུ་དེའི་ཁྱོ་ཡོངས་ནས་དྲིས་པས་གར་སོང་ཆ་མེད་པར་སོང་ངོ༌། །དེས་ཀུན་ལ་དྲིས་པས་ཐོས་ཏེ་བསྙགས་ནས་འོངས་པས། སྔར་གྱི་གཏམ་བཤད་དེ། དེ་ལ་ཡང་སྔགས་ཆུ་བཏབ་པས་སྔར་བཞིན་སོང་སྟེ། དེ་གསུམ་སྟན་གཅིག་ལ་གནས་པར་བྱེད་པ་ཡོད་དོ་གསུང་ངོ༌། །ཡང་དེའི་ཕྱི་ནས་གཉེན་འདུ་ན་གཅིག་ནས་གཉིས་སུ་འོངས་པ་དེ་དག་ཐམས་ཅད་དེ་བཞིན་དུ་བྱས་ཏེ།
སུམ་བརྒྱ་ཙམ་དེར་མ་ཧེའི་བེའུ་སྟོར་བ་སྟར་འོངས་པས་ཐམས་ཅད་དོན་དང་འཕྲད་དེ། བུ་མོ་དེའི་བུ་ལ་ནི་ཡོན་ཏན་འདི་ལྟ་བུ་ཡོད་དེ། འབྲས་བུ་ནས་ནི་མཁའ་སྤྱོད་ཀྱི་དངོས་གྲུབ་འོངས་ལ། རྡོ་རྗེ་ནས་གསེར་འགྱུར་རྩི་འོང་ཞིང༌། འོག་སྒོ་ནས་བཅུད་ལེན། མིག་ནས་མཁའ་ལ་འགྲོ་བ་སོགས་གྲུབ་ཆེན་བརྒྱད་འབྱུང་བའོ། །དེ་ཕྱོགས་མཚམས་ཐམས་ཅད་དུ་གྲགས་པས་ཙམ་པ་ཀའི་རྒྱལ་པོ་མ་ཧི་ལ་སོགས་པའི་སྐྱེ་བོ་རྣམས་ལྟར་འོངས་པས། རྒྱལ་པོ་དད་ནས་ཡབ་ཡུམ་གསུམ་ལ་ལྷ་ཁང་གཅིག་དང༌། དེའི་ཕྱིར་གཞན་སུམ་བརྒྱ་ལ་ལྷ་ཁང་གཅིག་བྱས་ལ་མིང་དཱུ་མ་པ་ཞེས་བྱ་བར་གྲགས་སོ། །དེའི་ནང་དུ་རྣམ་རྟོག་ངན་པ་ཡོད་པའི་འགྲོར་མི་འདོད་དེ་རྡོ་སྐུ་དེས་རྡུང་བ་ལ་སོགས་པ་བྱེད་དོ། །དེར་སྒྲུབ་གནས་ཆགས་ནས་དུས་ད་ལྟ་ཡང་རྣལ་འབྱོར་པ་མང་དུ་ཡོད་དོ་གསུང་ངོ༌། །དེ་སྒྲུབ་ཐག་ཤིན་ཏུ་ཉེ་སྟེ། འདི་ནི་འཇིག་རྟེན་པའི་དངོས་གྲུབ་ཡིན་ལ། རྒྱལ་བ་བྱམས་པའི་བསྟན་པའི་བར་དུ་འདུག་ཅིང་དེ་ནས་སེམས་ཅན་གྱི་དོན་བྱེད་དོ། །གུ་རུ་ཙརྦ་རི་པའི་ལོ་རྒྱུས་རྫོགས་སོ།། ༦༤ །།གུ་རུ་མ་ཎི་བྷ་དྲཱའི་ལོ་རྒྱུས་ནི། རྣལ་འབྱོར་མ་བྷ་ཧུ་རི་ཞེས་པའི་ལོ་རྒྱུས་ནི། གྲོང་ཁྱེར་ཨག་ཙི་བྱ་བ་ན། ཁྱིམ་བདག་འབྱོར་པ་ཅན་ཞིག་ལ་བུ་མོ་ལོ་བཅུ་གསུམ་མ་གཅིག་ཡོད་པ་དེ་རང་གི་རིགས་དང་འཚམས་པའི་བག་མར་བཏང་ནས། སླར་ཕ་མའི་གམ་དུ་འོངས་ནས་དེ་ན་ཡོད་པ་ན། བླ་མ་ཀུཀྐུ་རི་པ་བྱོན་ནས་བུ་མོ་ལ་བཟའ་བ་བསླངས་པས། བུ་མོ་ན་རེ། ཉིད་གཟུགས་བྱད་ཕུན་སུམ་ཚོགས་པ་འདི་འདྲ་བ་ཟས་བསོད་སྙོམས་ཀྱིས་འཚོ་ཞིང༌། གོས་ཚེམ་བུ་ཅན་གྱིས་ཅི་བྱེད། རང་གི་རིགས་དང་འཚམས་པའི་ཁྱིམ་ཐབས་ཅིག་ལེན་མོད་ཟེར་བས། དེའི་ཞལ་ནས། བདག་ནི་འཁོར་བས་འཇིགས་ཤིང་སྐྲག་པ་ན། །ཐར་པ་བདེ་ཆེན་མཆོག་ནི་སྒྲུབ་པར་བྱེད། །དེ་ཡང་རྟེན་བཟང་འདི་ལ་མ་བསྒྲུབས་ན། །ཕྱིས་ནི་འདི་འདྲ་རྙེད་པར་ག་ལ་འགྱུར། །དེས་ན་རྟེན་བཟང་ནོར་བུ་རིན་ཆེན་འདི། །ཁྱིམ་ཐབས་མི་གཙང་ནང་དུ་སྦས་པ་ན། །དགོས་འདོད་རེ་འཇོམས་སྡུག་བསྔལ་སྣ་ཚོགས་འབྱུང༌། །
དེ་ལྟར་རྟོགས་ནས་བདག་གིས་ཁྱིམ་ཐབ་སྤངས། །ཞེས་གསུངས་པས་དེ་དད་ནས་བསོད་སྙོམས་གྱ་ནོམ་དྲངས་ནས། ང་ལ་ཐར་པ་ཐོབ་པའི་ཐབས་ཅིག་ཞུ་ཟེར་བ་ལ། དེས་ངའི་ཁྱིམ་དུར་ཁྲོད་ཡིན་པས་དགོས་ན་དེར་ཤོག་གསུངས་པས། དེ་བྱ་བ་གང་ཡང་མ་དྲན་ཏེ་དགོང་ཀ་བྲོས་ནས་དེར་འོངས་པ་ལ། བླ་མས་བུ་མོ་དེའི་རྒྱུད་སྨིན་པར་མཐོང་ནས་བདེ་མཆོག་ཏུ་དབང་བསྐུར། བསྐྱེད་རྫོགས་ཟུང་འཇུག་གི་གདམས་པ་གནང་ནས། ཞག་བདུན་དུ་དགོན་པ་དེ་ཉིད་དུ་སྒྲུབ་པ་བྱས། དེ་ནས་ཕ་མ་ཅན་དུ་ཕྱིན་པས། དེ་དག་བརྡེག་པ་དང་ངན་སྨྲས་ལ་སོགས་པ་བྱེད་པས། བུ་མོས་ཁམས་གསུམ་པོ་དག་ན་ཕ་མར་མ་གྱུར་པ་ནི་མེད་ལ། རིགས་དང་རུས་ཆེ་བས་ཀྱང་འཁོར་བའི་གདིང་ལས་ཟློག་པ་མེད་པས་ན། བདག་ནི་བླ་མ་བརྟེན་ནས་ཐར་པ་སྒྲུབ་པར་བྱེད་པས་རྒྱོབ་ཅིག ངས་ལམ་དུ་ཁྱེར་རོ་ཟེར་བས། དེ་རྣམས་བག་ཅིག་དད་ནས་ཅང་མི་ཟེར་བ་ན། དེས་ཀྱང་བླ་མའི་གདམས་པ་སྒོམ་ཞིང་ལས་དང་བྱ་བ་ཐམས་ཅད་བློས་བཏང་ནས་ལོ་གཅིག་ཏུ་བསྡད་པ་ན། སྔར་གྱི་ཁྱོ་འོངས་ནས་ཁྱེར་བས། དེའི་ཁྱིམ་དུ་ཕྱིན་པ་དང༌། འཇིག་རྟེན་གྱི་ལས་དང་བྱ་བ་ཐམས་ཅད་ཇི་ལྟ་བར་བྱེད་ཅིང་ཁ་དང་ལུས་ཀྱང་ཐུབ་ལ་ངག་སྙན་པ་ལ་སོགས་པ་ཟེར་ཅིང་ཡོད་པ་ན། བུ་ཚ་ཡང་རིམ་པར་བུ་དང་བུ་མོ་གཉིས་སྐྱེས་པ་ལ། དེ་ཡང་དེ་ཁོ་ན་འདྲ་བར་ཡོད་པས་རིགས་ཀྱི་བུ་ཚ་འདི་འདྲ་བ་ཟེར་ནས་སྨོན་པར་བྱེད་པའི་ཚེ། བླ་མ་དང་འཕྲད་ནས་ལོ་བཅུ་གཉིས་ལོན་པ་ན། ཆུ་འཆུར་ཕྱིན་ནས་ཁྱིམ་དུ་འོངས་པས་ཤིང་ཞིག་ལ་རྐང་པ་འཐོགས་ནས་རྫ་མ་ཆག་པས། དེ་གར་འདུག་ནས་ཁྱིམ་དུ་ཉི་མ་ཕྱེད་ཀྱི་བར་དུ་མ་འོངས་པས། ལྟར་ཕྱིན་པ་ན་རྫ་མ་ཆག་པོ་ལ་བལྟས་ནས་འདུག་པས། དེ་ལ་གཏམ་ཅི་སྨྲས་ཀྱང་མི་ཉན་པར་ལྟ་བ་ལ། ཐམས་ཅད་འདྲེས་བཟུང་ངམ་ཅི་ཟེར་ཞིང་ཉི་མ་རྒས་ལ་ཁད་པ་ན། ཐོག་མ་མེད་པའི་སེམས་ཅན་རྣམས། །ལུས་ཀྱི་རྫ་མ་ཆག་པ་ལ། །ཁྱིམ་དུ་ལོག་པ་ག་ལ་ཡོད། །བདག་གི་རྫ་མ་དེ་རིང་ཆག །ད་ནི་འཁོར་བའི་ཁྱིམ་དུ་ནི། །མི་ལྡོག་བདེ་
བ་ཆེན་པོར་འགྲོ། །ཨེ་མ་བླ་མ་ངོ་མཚར་ཆེ། །བདེ་བ་ཐོབ་འདོད་དེ་ལ་བསྟེན། །ཅེས་གསུངས་ནས་ནམ་མཁའ་ལ་འཕགས་ཏེ། ཞག་ཉི་ཤུ་རྩ་གཅིག་ནས་ཨག་ཙེར་བ་ལ་གདམས་པ་གསུངས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་མ་ཎི་བྷ་དྲཱའི་ལོ་རྒྱུས་རྫོགས་སོ།། ༦༥ །།གུ་རུ་མེ་ཁ་ལའི་ལོ་རྒྱུས་ནི། ཡུལ་དེ་ཝཱི་ཀོ་ཊ་ན་ཁྱིམ་བདག་ལ་བུ་གཅིག་བུ་མོ་གཉིས་ཡོད་པ་ལ། དེད་དཔོན་ཞིག་ལ་བུ་གཉིས་ཡོད་པ་གཉེན་དུ་བྱས་པ་དང༌། བུ་མོ་དེ་གཉིས་ལ་ཐམས་ཅད་ཁ་ཟེར་བར་བྱེད་ལ། དེ་གཉིས་ཀྱིས་ངན་པ་བྱས་པ་ཅིའང་མེད་དོ། །དེའི་ཚེ་ནུ་མོ་ན་རེ། རྒྱུ་མཚན་མེད་པ་ལ་ཁ་ཟེར་བ་འདི་འདྲ་ལས་གཞན་དུ་འཁྱམས་དགོས་ཟེར། བུ་མོ་ན་རེ། གང་དུ་ཕྱིན་ཀྱང་ཚོགས་མ་བསགས་པས་འདི་དང་ཁྱད་མི་འོང་བས། འདི་རང་དུ་བསྡད་དགོས་ཟེར་བའི་ཚེ། བླ་མ་ཀཧྞ་པ་བྱ་བ་དེར་བྱོན་ཏེ། དེ་ནི་རྣལ་འབྱོར་ཕོ་མོ་བདུན་བརྒྱས་བསྐོར་བ། མ་རེག་པའི་གདུགས་དབུ་ལ་འཁོར་བ། ཌ་མ་རུའི་སྒྲ་མ་དཀྲོལ་བར་འཁྲོལ་བ་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་བསྒྲགས་པས། སྤུན་གཉིས་ཀྱིས་འོ་སྐོལ་གཉིས་ལ་ཡུལ་མི་དང་ཁྱོ་ཡང་ཁ་ཟེར་བས། བླ་མ་འདི་ལ་གདམས་པ་ཞུ་ནས་སྒྲུབ་པ་བྱེད་དགོས་བྱས་ནས་དེ་ཅན་དུ་ཕྱིན་ནས། སྔར་གྱི་ལོ་རྒྱུས་བསྙད་ཅིང༌། གདམས་པ་ཞུས་པས། དེས་ཀྱང་གནང་སྟེ་དབང་བསྐུར་ནས། ལྟ་བ་སྒོམ་པ་སྤྱོད་པ་འབྲས་བུ་ཟུང་འཇུག་ཕག་མོའི་གདམས་པ་གནང་ངོ༌། །དེ་གཉིས་ཀྱིས་བརྩོན་པས་བསྒྲུབས་པས་ལོ་བཅུ་གཉིས་ནས་གྲུབ་པ་ཐོབ་སྟེ། བླ་མ་ཅན་དུ་ཕྱིན་ནས་ཕྱག་དང་མཆོད་པ་བྱས། བཀའ་དྲིན་གྱིས་ཁྱབ་པའི་གཏམ་བཏང་བས། ཁྱེད་གང་ཡིན་ངས་མ་ཤེས་གསུངས་པས། སྔར་གྱི་ལོ་རྒྱུས་བསྙད་དོ། །འོ་ན་ང་ལ་ཡོན་འབུལ་དགོས་གསུངས་པས། བླ་མ་ཅི་བཞེད་པ་འབུལ་ལགས་ཞུས་པས། འོ་ན་ང་ལ་ཁྱེད་གཉིས་ཀྱི་མགོ་བོ་བྱིན་ཅིག་གསུངས་པས། དེས་ཀྱང་བླ་མ་བཞེད་ན་འབུལ་ཟེར་ནས། དེ་གཉིས་ཀྱིས་རང་རང་གི་ཁ་ནས་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་དང་ལྡན་པ་རེ་ཕྱུང་ནས་ཡན་ལག་གི་དམ་པ་མགོ་བོ་བཅད་ནས་ཕུལ་ཏེ། བདག་ཅག་གཉིས་པོ་བླ་མའི་བཀའ་
དྲིན་གྱིས། །བསྐྱེད་རྫོགས་ཟུང་འཇུག་འཁོར་འདས་སྤྲོས་པ་བཅད། །ལྟ་སྤྱོད་ཟུང་འཇུག་སྤང་བླང་སྤྲོས་པ་བཅད། །དབྱིངས་རིག་ཟུང་འཇུག་བདག་གཞན་སྤྲོས་པ་བཅད། །སྤྲོས་མེད་བརྡ་ཡི་ཚུལ་དུ་འདི་འབུལ་ལོ། །ཞེས་གསུངས་ཤིང་དབུ་བཅད་དེ་གར་མཛད་པས། ཀཧྞ་པའི་ཞལ་ནས། ཨེ་མ་རྣལ་འབྱོར་ཆེན་མོ་གཉིས། །ཡོན་ཏན་མཆོག་ཐོབ་དགེ་བ་སྟེ། །རང་ཉིད་ཞི་བདེ་དམན་པས་ན། །འགྲོ་བའི་དོན་ཕྱིར་གནས་པར་མཛོད། །ཅེས་གསུངས་ནས་མགོ་བོ་སླར་གསོས་ཏེ་རྨ་མེད་པར་གྱུར་པས། ཐམས་ཅད་ངོ་མཚར་སྐྱེས་ནས་དབུ་བཅད་མ་སྤུན་གཉིས་སུ་གྲགས། ཀཧྞ་བའི་ཞབས་འབྲིང་བྱས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་སྟེ། ལོ་མང་དུ་འགྲོ་དོན་མཛད་ནས་རྟོགས་པ་བརྗོད་པ་ལ་སོགས་པ་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །ཕུ་མོ་སྟེ་གུ་རུ་མེ་ཁ་ལའི་ལོ་རྒྱུས་རྫོགས་སོ།། ༦༦ །།གུ་རུ་ཀ་ན་ཁ་ལའི་ལོ་རྒྱུས་ནི། གྲུབ་ཆེན་ཀཧྞ་པ་སྟེ་ནག་པོ་སྤྱོད་པའི་ཞབས་ཀྱིས་རྗེས་སུ་བཟུང་བ་བརྗོད་མ་ཐག་པའི་དབུ་བཅད་མ་སྤུན་གཉིས་ཀྱི་ནུ་མོ་དེ་ཡིན་ལ། རྣམ་ཐར་གོང་གིས་རྟོགས་ཤིང༌། མཚན་རྣལ་འབྱོར་མ་ཀ་ན་ཁ་ལ་ཞེས་གྲགས་སོ། །གུ་རུ་ཀ་ན་ཁ་ལའི་ལོ་རྒྱུས་རྫོགས་སོ།། ༦༧ །།གུ་རུ་ཀི་ལི་ཀི་ལིའི་ལོ་རྒྱུས་ནི། དེ་ཡང་ཀུ་ཅོ་ཅན་ཏེ། གྲོང་ཁྱེར་བྷིར་ལིང་ན་གང་ཟག་དམངས་རིགས་ཞིག་སྔོན་གྱི་ལས་ཀྱི་དབང་གིས་ཤིན་ཏུ་ཡང་ཀུ་ཅོ་ཆེ་ནས་གྲོང་ཁྱེར་གྱི་མི་ཀུན་སུན་ཏེ་བསྐྲད་ནས་བཏང་བ་དང༌། དེ་སྐྱོ་བ་སྐྱེས་ནས་མཐར་གྱིས་དུར་ཁྲོད་དུ་ཕྱིན་ནས་སེམས་ཁོང་དུ་ཆུད་ཅིང་འདུག་པའི་ཚེ། རྣལ་འབྱོར་པ་ཞིག་དེར་བྱོན་ནས་ཁྱོད་དུར་ཁྲོད་དུ་ཅིའི་ཆེད་དུ་འདུག་ཅེས་དྲིས་པས། དེས་སྔར་གྱི་ལོ་རྒྱུས་བདེན་པར་སྨྲས་པས། དེ་ལ་ཁྱོད་མི་སྐྱོ་བ་དང་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཐབས་མི་དགོས་སམ་བྱས་པས། དེས་ཅིས་ཀྱང་དགོས་ཞུས་ནས། དེ་ལ་ཕྱག་དང་མཆོད་པ་བྱེད་དུ་བཅུག་ནས་གསང་བ་འདུས་པར་དབང་བསྐུར་ཏེ། སྣང་བ་རང་གྲོལ་གྱི་གདམས་པ་འདི་གནང་སྟེ། སྒྲ་ཙམ་ཉིད་དུ་རང་དང་གཞན་གྱི་སྒྲ། །ངོ་བོ་གཅིག་
ལ་ཐ་དད་མེད་དུ་སྒོམས། །དེ་ནས་རང་སྒྲ་ནམ་མཁའི་དབྱིངས་ནས་ནི། །འབྲུག་སྒྲ་ལྟར་གྲགས་མེ་ཏོག་ཆར་བབས་སྒོམས། །ཞེས་གསུངས་པས་དེས་ཀྱང་འབད་ནས་བསྒོམས་པས་གཞན་ཁྲོ་བ་ལ་སོགས་པའི་སྒྲ་རང་གི་སྟོར་ལ། རང་སྒྲ་དེ་ཡང་མེ་ཏོག་ཆར་འབེབས་པའི་ནང་དུ་སྟོར་ལ། མེ་ཏོག་གི་རྟོག་པ་ནམ་མཁའི་དབྱིངས་སུ་སྟོར་ནས་སྣང་བ་ཐམས་ཅད་ཕྱག་རྒྱ་ཆེན་པོར་ཤར་ཏེ། སྣང་བ་རང་གྲོལ་དུ་སོང་ནས་གྲུབ་པ་ཐོབ་པས་ཕྱོགས་ཐམས་ཅད་དུ་བླ་མ་ཀུ་ཅོ་ཅན་བྱ་བར་གྲགས་ཤིང་གདུལ་བྱའི་དོན་མང་དུ་བྱས་ནས་རྟོགས་པ་བརྗོད་པ་གསུངས་ཏེ། འཁོར་སུམ་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀི་ལི་ཀི་ལི་པའི་ལོ་རྒྱུས་རྫོགས་སོ།། ༦༨ །།གུ་རུ་ཀནྟ་ལིའི་ལོ་རྒྱུས་ནི། ཀནྟ་ལི་སྟེ་ཚེམ་བུ་པ་བྱ་བ་ཡིན་ལ། ཡུལ་མ་ཎི་དྷ་ར་ཞེས་པར་ཕྱག་དར་བའི་གང་ཟག་ཅིག་འབྱོར་པ་དང་ལོངས་སྤྱོད་ཀྱིས་ཕོངས་ནས། གོས་ཚེམ་བུ་བྱེད་ཅིང་སྤྲངས་པ་ན། དུས་གཅིག་གི་ཚེམ་བུ་བྱེད་པའི་ཁབ་ལག་པ་ལ་ཟུག་སྟེ་ཁྲག་བྱུང་ནས་ཟུག་ཀྱང་ཚ་བས་མ་བཟོད་ནས་ས་ཕྱོགས་གཅིག་ཏུ་འདྲེ་ལྡོག་བྱེད་པ་ན། མཁའ་འགྲོ་མ་བཻ་ཏ་ལཱི་བུད་མེད་ཅིག་ཏུ་སྤྲུལ་ནས་དེའི་གམ་དུ་བྱོན་ནས་ཁྱོད་ཅི་བྱེད་ཅིང་འདུག་གསུངས་པས། དེས་སྔར་གྱི་གཏམ་ལེགས་པར་བཏང་བས། དེས་གསུངས་པས། འདི་བས་སྐྱེ་བ་སྔ་མར་ཡང་སྡུག་བསྔལ་མྱོང་ལ། ད་དུང་སྐྱེ་བ་ཕྱི་མར་ཡང་དང་ཡང་དུ་འདི་བས་ལྷག་པའི་སྡུག་བསྔལ་ཉམས་སུ་མྱོང་བས་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་པ་ཡིན་ནོ། །ཞེས་གསུངས་པས། དེ་ན་རེ། དེ་ལས་ཐར་པའི་ཐབས་ཅིག་ཞུ་ཟེར་བས། མཁའ་འགྲོ་མ་དེས་ཀྱང་ཁྱོད་ཀྱིས་སྒྲུབ་ནུས་སམ་གསུངས་པས། དེས་ཅིས་ཏེ་མི་ནུས་ཟེར་ནས་དེར་དགྱེས་པ་རྡོ་རྗེར་དབང་བསྐུར་ནས། ཚད་མེད་པ་དང་བླ་མའི་རྣལ་འབྱོར་དང་བསྐྱེད་རིམ་གྱི་རྣལ་འབྱོར་གནང་སྟེ་བསྒོམས་པས། དེ་ཚེམ་བུ་ལ་ཤེས་པ་སོང་བ་ན་སླར་རྟོག་པ་ལམ་བྱེད་ཀྱི་གདམས་པ་འདི་གནང་ངོ༌། །སྟོང་ཉིད་བར་སྣང་ཕྱག་དར་ཁྲོད། །དྲན་དང་རིག་པའི་ཁབ་སྐུད་ཀྱིས། །གོས་དག་བཙེམས་པས་སྙིང་རྗེའི་ཁབ། །སྲིད་
གསུམ་སེམས་ཅན་ཁྱབ་པར་སྒོམས། །ཞེས་གསུངས་པས། དེས་ཀྱང་དེ་བཞིན་དུ་བསྒོམས་པས་ཆོས་ཐམས་ཅད་སྟོང་པར་རྟོགས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ཐུགས་རྗེ་ཆེན་པོ་སྐྱེས་ནས་དེ་གཉིས་ཟུང་འཇུག་མ་ཧཱ་མུ་དྲའི་དངོས་གྲུབ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་བླ་མ་ཀནྟ་ལི་པར་གྲགས་ཤིང་འགྲོ་བའི་དོན་མང་དུ་མཛད་ནས་མཐར་རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀནྟ་ལིའི་ལོ་རྒྱུས་རྫོགས་སོ།། ༦༩ །།གུ་རུ་དྷ་གུ་ལིའི་ལོ་རྒྱུས་ནི། ཡུལ་དྷོ་ཀ་ར་བྱ་བར་དམངས་རིགས་ཀྱི་གང་ཟག་ཅིག་རྩྭའི་ཐག་པ་བྱས་ནས་འཚོ་བའི་ཆེད་དུ་བཙོངས་པ་ན། དུས་གཅིག་གི་ཚེ་དེས་ཐག་པ་སྒྲིལ་དྲགས་པས་ལག་པ་ལ་ཆུ་བུར་དྲག་པོ་བྱུང་སྟེ་ཟུག་རྔུ་ཆེན་པོ་བྱུང་བས་དེ་ངུ་ཡིན་ས་ཕྱོགས་གཅིག་ཏུ་བསྡད་པ་ན། རྣལ་འབྱོར་པ་ཞིག་བྱོན་ནས་དེ་ལ་ཅི་ཉེས་གསུངས་པས། དེས་ཀྱང་གཏམ་དྲང་པོར་བཏང་བས། དེས་གསུངས་པ། ཁྱོད་ད་ལྟ་སྡུག་བསྔལ་འདི་ཙམ་ཡང་མི་བཟོད་པར་ངུ་ན། ཕྱི་མ་ངན་སོང་དུ་སྐྱེས་ཙ་ན་ཅི་ཙུག་བྱེད་པ་ཡིན་གསུངས་པས། དེ་ན་རེ། བླ་མ་དེ་ལས་ཐར་པའི་ཐབས་ཅིག་ཞུ་ཟེར་བས། དེ་ལ་དང་པོ་བྱིན་རླབས་འཕོ་བའི་དབང་བསྐུར་བྱས་ནས། རྟོགས་པ་ལམ་ཁྱེར་གྱི་གདམས་པ་འདི་གསུངས་སོ། །སྣང་བ་གོམས་པའི་ཀུ་ཤ་དང༌། །ཀུན་བཏགས་བར་སྣང་ན་གནས་གཉིས། །གདོད་ནས་མ་གྲུབ་ངོ་བོར་ནི། །ནུས་པ་རྒྱུན་མི་ཆད་པར་སྒོམས། །ཞེས་གསུངས་པའི་དོན་བརྩོན་འགྲུས་ཀྱིས་ལོ་བཅུ་གཉིས་སུ་བསྒོམས་པས་ཀུན་བཏགས་གཞི་མེད་གཞན་དབང་རྟེན་འབྲེལ་ཡོངས་གྲུབ་ཆོས་ཀྱི་དབྱིངས་ཀྱི་ངོ་བོ་གཅིག་ཏུ་རྟོགས་ནས་གྲུབ་པ་ཐོབ་སྟེ། ཕྱོགས་ཐམས་ཅད་དུ་རྣལ་འབྱོར་པ་དྷ་གུ་ལི་པ་ཞེས་བྱ་བར་གྲགས་ཤིང་ལོ་བདུན་བརྒྱའི་བར་དུ་རྒྱ་གར་མཐའ་དབུས་སུ་འགྲོ་དོན་མང་དུ་མཛད་ནས་རྟོགས་པ་བརྗོད་པ་ཡང་གསུངས་ཏེ། འཁོར་ལྔ་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དྷ་གུ་ལིའི་ལོ་རྒྱུས་རྫོགས་སོ།། ༧༠ །།གུ་རུ་ཨོ་ཌཱི་ལི་པའི་ལོ་རྒྱུས་ནི། ཨུ་དྷི་ཡི་སྟེ་འཕུར་
བ་བྱ་བ་ཡིན་ལ། དེས་ཀྱང་ཡུལ་དེ་ཝཱི་ཀོ་ཊ་བྱ་བར། རྗེའུ་རིགས་ཀྱི་གང་ཟག་ཅིག་སྔར་གྱི་སྦྱིན་པའི་འབྲས་བུས་འབྱོར་པ་རྒྱ་ཆེ་ཞིང༌། རང་ཉིད་ཁང་བཟང་གི་ནང་ན་འདོད་པའི་ཡོན་ཏན་ལྔ་ལ་ལོངས་སྤྱོད་ཅིང་གནས་པའི་ཚེ། ནམ་མཁའ་ལ་སྤྲིན་ཁ་དོག་ལྔ་འདུས་ཏེ། སྤྲིན་ལས་སྲོག་ཆགས་སྣ་ཚོགས་ཀྱི་གཟུགས་འདྲ་བ་མཐོང་ནས་དེ་ལ་བལྟས་པས། བྱ་ངང་པ་ནམ་མཁའ་ལ་འཕུར་བ་མཐོང་ནས། དེའི་བསམ་པ་ལ་ང་ཡང་འཕུར་ནུས་ན་རེ་དགའ་སྙམ་ནས་བྱ་བ་གང་ཡང་མ་དྲན་པའི་དུས་སུ། བླ་མ་ཀརྞ་རི་བ་དེར་བྱོན་ནས་བསོད་སྙོམས་མཛད་པས། དེ་ན་རེ། རྣལ་འབྱོར་པ་བསོད་སྙོམས་འདྲེན་ལགས་ཀྱི་ཉིད་ལ་ནམ་མཁའ་ལ་འཕུར་བའི་ཐབས་མངའ་ན་ཞུ་ཟེར་ནས། བཞེས་ཆབ་གྱ་ནོམ་པ་དྲངས་ནས་ཕྱག་འཚལ་ཡོན་ཕུལ་བས། དེས་ང་ལ་ཡོད་ཀྱི་གསུངས་ནས་རྡོ་རྗེ་གདན་བཞིར་དབང་བསྐུར་ནས་གདམས་ངག་ཏུ་གནས་ཆེན་ཉི་ཤུ་རྩ་བཞི་ན་སྨན་ཉི་ཤུ་རྩ་བཞི་ཡོད་པ་དེར་སོང་ལ་ཌཱ་ཀི་མ་རེ་རེའི་བཟླས་པ་ཁྲི་ཚོ་རེ་ཟློ་ཡིན་སྨན་རེ་རེ་ཁྱེར་ཤོག་གསུངས་ནས་བཏང་བས། དེ་ན་རེ། དེ་དག་ཚང་བ་དང་ཇི་ལྟར་བྱེད་པ་ཡིན་ཟེར་བས། དེ་དང་པོ་ཟངས་ཀྱི་སྣོད་དུ་ཆུག དེ་ནས་དངུལ། དེ་ནས་གསེར་གྱི་སྣོད་དུ་ཆུག་ཅིག ནམ་མཁའ་ལ་འགྲོ་བར་ནུས་སོ་གསུངས་པས། དེས་ཀྱང་ལོ་བཅུ་གཉིས་ན་སྨན་ཚང་བ་དང༌། དེ་ལྟར་བྱས་པས་ནམ་མཁའ་ལ་འཕུར་བས་མིང་ཡང་ཨུ་དྷི་ལི་ཞེས་བྱ་བར་ཕྱོགས་ཐམས་ཅད་དུ་གྲགས་ཤིང༌། རྟོགས་པ་བརྗོད་ནས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨོཾ་ཌཱི་ལི་པའི་ལོ་རྒྱུས་རྫོགས་སོ།། ༧༡ །།གུ་རུ་ཀ་པཱ་ལའི་ལོ་རྒྱུས་ནི། ཀ་པཱ་ལ་སྟེ་ཐོད་པ་ཅན་ནོ། །དེ་ཡང་ཡུལ་རཱ་ཛ་པུ་རི་བྱ་བར་དམངས་རིགས་ཞིག་ལས་ཀྱི་འཚོ་བ་ཅིག་ལ་བུ་ཚ་ལྔ་ཡོད་པ་ལ་སྔོན་གྱི་ལས་ཀྱིས་དེའི་ཆུང་མ་ཤི་ནས་རོ་དུར་ཁྲོད་དུ་བསྐྱལ་བས། དེས་དེ་ཉིད་དུ་ངུ་ཡིན་བསྡད་པ་ན། ཡང་བུ་ཚ་ཀུན་ཀྱང་ཤི་ནས་མིས་དེ་ལ་སྐད་བཏང་བས། དེས་ཀུན་གྱི་རོ་དེར་བསྐྱལ་ནས་ཡང་ངུ་ཡིན་བསྡད་པ་ན། རྣལ་འབྱོར་པ་ནག་པོ་སྤྱོད་པ་དེར་བྱོན་ནས། ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས།
དེ་ན་རེ། རྣལ་འབྱོར་པ་བདག་ཁྱིམ་ཐབ་དང་བུ་ཚ་ཀུན་དང་བྲལ་བའི་མྱ་ངན་གྱིས་ཡིད་གདུགས་ནས། རོ་འདི་རྣམས་བློས་གཏོང་མ་ནུས་ཏེ་འདིར་འདུག་གིན་གདའ་ཞུས་པས། སློབ་དཔོན་ནག་པོ་སྤྱོད་པས་གསུངས་པ། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་འདིའི་རང་བཞིན་ཡིན་ཅིང་ཁྱོད་གཅིག་པུའི་མ་ཡིན། དེ་ལ་མྱ་ངན་བྱར་མེད་ཅིང་བྱས་ཀྱང་མི་ཕན་པས་ཆོས་གྱིས། ཁྱོད་འཁོར་བའི་སྐྱེ་འཆི་ལ་མི་འཇིགས་སམ་གསུངས་པས། དེ་ན་རེ། སྐྱེ་འཆི་ལ་འཇིགས་པས། དེ་ལས་ཐར་པའི་ཐབས་མངའ་ན་བདག་ལ་སྩོལ་ཅིག་ཞུས་པས། དེས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་ནས་བསྐྱེད་རྫོགས་ཀྱི་གདམས་པ་བྱིན་ཏེ་སྤྱོད་པ་བྱེད་དུ་བཅུག་པས། བུ་ཚའི་རུས་པས་རྒྱན་དྲུག་བྱེད་དུ་བཅུག་ནས་གྱོན། ཆུང་མའི་མགོ་བོ་བཅད་ནས་ཁ་ཕོར་བྱས་ཏེ། ཐོད་པ་ནི་བསྐྱེད་རིམ། ཐོད་པའི་ནང་སྟོང་པ་ཡོད་པ་ནི་རྫོགས་རིམ་ཡིན་པར་བསྟན་པས། དེས་ཀྱང་སྤྱོད་པ་བྱེད་ཅིང་བསྒོམས་པས་ལོ་དགུ་ན་ཟུང་འཇུག་ཏུ་སོང་སྟེ་གྲུབ་པ་ཐོབ་ནས་གདུལ་བྱ་དག་ལ། ང་ནི་རྣལ་འབྱོར་ཐོད་པ་ཅན། །ཆོས་རྣམས་རང་བཞིན་བདག་གིས་ནི། །ཐོད་པ་ལྟ་བུར་རྟོགས་པ་ན། །ཤུགས་ལས་བྱུང་བའི་སྤྱོད་པར་གནས། །ཞེས་གསུངས་ནས་ནམ་མཁའ་ལ་གར་བྱས་པས། ཐམས་ཅད་དད་ནས་བླ་མ་ཀ་པཱ་ལ་ཞེས་གྲགས་ཏེ་རྟོགས་པ་བརྗོད་ནས་ལོ་ལྔ་བརྒྱར་འགྲོ་དོན་མཛད་དེ། འཁོར་དྲུག་བརྒྱ་དང་བཅས་ནས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀ་པཱ་ལི་པའི་ལོ་རྒྱུས་རྫོགས་སོ།། ༧༢ །།གུ་རུ་ཀི་ར་བ་ལའི་ལོ་རྒྱུས་ནི། ཀི་ར་བ་ལ་སྟེ་སྣ་ཚོགས་སྦྱངས་པ་བྱ་བ་ཡིན་ནོ། །གྲོང་ཁྱེར་གྲ་ཧ་ར་ཞེས་པ་རྒྱལ་པོའི་གང་ཟག་ཅིག་རྒྱལ་སྲིད་རྒྱས་པ་ལ་ལོངས་སྤྱོད་ཅིང་རྣམ་ཐོས་ཀྱི་སྲས་ལྟ་བུར་ཡོད་པ་ལ། དེས་ཀྱང་མ་ངོམས་ཏེ། ཕྱོགས་གཞན་ན་ཡོད་པའི་རྒྱལ་པོའི་སྲིད་ཀུན་ཀྱང་ཕྲོགས་ནས་ལོངས་སྤྱོད་པར་བྱེད་པ་ན། ཡང་ཡུལ་ཁམས་ཞིག་ཏུ་དམག་དྲངས་པས། དེ་ན་ཡོད་པའི་སྐྱེས་པ་འབྲོས་ནུས་པ་རྣམས་བྲོས་ནས་མེད་པ་ལ། བུད་མེད་ལ་སོགས་པ་རྣམས་འབྲོས་མ་ནུས་པས་བརྒྱལ་བ་དང་ངུ་བ་ལ་སོགས་པ་དཔག་ཏུ་མེད་པ་
རྒྱལ་པོས་མཐོང་ནས། དེས་བློན་པོ་ཞིག་ལ་དྲིས་པས་དེས་གཏམ་དྲང་པོར་སྨྲས་པ་ན། རྒྱལ་པོ་སྐྱོ་བ་ཆེན་པོ་སྐྱེས་ཏེ་འདི་འདྲ་བར་སྙིང་རྗེ་བར་འདུག་པས་འདི་རྣམས་ཀྱི་ཕ་ལ་སོགས་པ་ཁུག་ལ་རང་རང་གི་སྲིད་ལ་གནས་པར་གྱིས་ཤིག་གསུངས་པས། བློན་པོས་ཀྱང་དེ་བཞིན་དུ་བྱས་ཏེ། སླར་རང་གི་གནས་སུ་བྱོན་ནས་སྦྱིན་གཏོང་གི་དྲིལ་ཆེན་པོ་བསྒྲགས་ཏེ། ཟད་པ་མེད་པའི་སྦྱིན་པ་ཆེན་པོ་བཏང་ནས། ད་ནི་ཆོས་ཅིག་བྱ་དགོས་དགོངས་ནས་ཡོད་པའི་དུས་སུ། རྣལ་འབྱོར་པ་ཞིག་དེར་བྱོན་ནས་བཟའ་བཅའ་བསླངས་པས་དེས་ཀྱང་གྱ་ནོམ་པ་དྲངས་ཏེ། དེས་རྒྱལ་པོ་ལ་ཚད་མེད་པ་བཞི་ལ་སོགས་པའི་ཆོས་བཤད་པས། དེ་ན་རེ། ཚེ་འདི་ཉིད་ལ་འཚང་རྒྱ་བའི་ཆོས་ཅིག་ཞུ་ཟེར་བས། དེས་བདེ་མཆོག་ཏུ་དབང་བསྐུར་བསྐྱེད་རྫོགས་གཉིས་ཀྱི་རིམ་པ་སྒོམ་དུ་བཅུག་པས། སྔར་གྱི་བག་ཆགས་ཀྱི་དབང་དུ་སོང་སྟེ། རྒྱལ་སྲིད་དང་དམག་གི་རྟོག་པས་ལམ་བསྒྲིབས་པ་ན། དེས་རྟོག་པ་རང་གྲོལ་གྱི་གདམས་པ་འདི་གནང་ངོ༌། །ཁམས་གསུམ་པ་ཡི་སེམས་ཅན་རྣམས། །དམག་ཚོགས་དཔའ་བོས་ཁེངས་པར་སྒོམས། །མཁའ་དབྱིངས་མ་ལུས་རང་སེམས་ལས། །བྱུང་བའི་དཔའ་བོ་དཔག་མེད་གཉིས། །དབྱེར་མེད་གྱུར་ནས་དགྲ་རྣམས་བཅོམ། །རང་ཉིད་རྒྱལ་པོ་ཆེན་པོ་ཉིད། །རྒྱལ་ལ་སོགས་པའི་བདེ་ཐོབ་ནས། །སྲིད་པའི་རྩེ་མོར་བསྒོམས་པར་བྱ། །ཞེས་གསུངས་ནས་ལོ་བཅུ་གཉིས་སུ་བསྒོམས་པས་ལྟ་བ་རྟོགས་ཏེ་གྲུབ་པ་ཐོབ་ནས་རྒྱལ་པོ་རང་གི་ཕོ་བྲང་འོད་ཀྱིས་ཁྱབ་པས། བཙུན་མོ་ལ་སོགས་པས་གྲུབ་པ་ཐོབ་པར་གོ་ནས་མཆོད་པ་བྱེད་པ་ན་དེས། ཚད་མེད་བཞི་ཡི་སེམས་ཅན་ལ། །ཆགས་པས་འདོད་པ་སྤྱད་པར་བྱ། །དཔའ་བོ་ཞེ་སྡང་ཆེན་པོ་ཡིས། །དགྲ་རྣམས་མ་ལུས་བརླག་པར་བྱ། །ཞེས་གསུངས་པས། བླ་མ་ཀི་ར་བ་ལ་བྱ་བར་གྲགས་ཤིང༌། རྟོགས་པ་བརྗོད་ནས་ལོ་བདུན་བརྒྱར་འགྲོ་དོན་མཛད་དེ་འཁོར་དྲུག་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀི་ར་བ་ལའི་ལོ་རྒྱུས་རྫོགས་སོ།། ༧༣ །།གུ་རུ་ས་ཀ་རའི་ལོ་རྒྱུས་ནི། ཡུལ་ཀཉྩི་ན་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བ་ཡོད་པ་ལ། གྲོང་ཁྱེར་འབུམ་
ཚོ་བཅུ་བཞི་ལ་དབང་བྱེད་པ་སྟེ། རྒྱལ་པོ་ཆེན་པོ་ཡིན་པ་ལ་སྲས་མེད་ནས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་དག་ལ་གསོལ་བ་བཏབ་པས། དུས་གཅིག་ན་དེའི་ཆུང་མའི་མངལ་དུ་སེམས་ཅན་ཞུགས་པས། བསམ་པ་ཡང་དགེ་བ་ལ་སོགས་པ་བྱུང་ལ། ཟླ་བ་དྲུག་ན་ཉི་ཟླ་ཕྲག་པར་འཆར་བ་དང༌། རྒྱ་མཚོ་འཐུང་བ་དང༌། རི་རབ་ཟོས་པ་དང༌། ཁམས་གསུམ་རྐང་མཐིལ་དུ་མནན་པའི་རྨི་ལམ་བྱུང་བས། དེ་རྒྱལ་པོ་ལ་ཞུས་པས། ངས་མི་ཤེས་པས་མཆོད་གནས་པཎྜི་ཏ་དང་བྲམ་ཟེ་ལ་དྲི་བར་བྱ་གསུངས་ནས། དེ་དག་ལ་ཆོས་སྟོན་ཡོན་དང་བཅས་པ་ཕུལ་ནས་ཞུས་པས། དེ་དག་གིས་བརྟགས་པ་ན་ཆོས་ཀྱི་རྒྱལ་སྲིད་འཛིན་པའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཞིག་བལྟམས་པར་འདུག་པ་ལ། དེ་ལ་འཇིག་རྟེན་པ་མི་དགའ་བས། དེ་དགའ་བའི་ཕྱིར་འཇིག་རྟེན་གྱི་ཕུན་སུམ་ཚོགས་པའི་འབྱུང་གནས་ཞིག་འཁྲུངས་སོ་བྱས་པས་ཐམས་ཅད་དགའ་བར་གྱུར་ཏོ། །དེ་ནས་ཟླ་དགུ་ངོ་བཅུ་ཚང་བ་དང༌། བལྟམས་པ་ཡང་མཚན་ཕྱེད་ན་བསོད་ནམས་དང་ལས་ལས་གྲུབ་པའི་མཚོ་ཆེན་པོ་ཞིག་གི་པདྨའི་སྟེང་དུ་བཙས་ཏེ། ཡུལ་ཕྱོགས་དེར་འདོད་པའི་ཡོ་བྱད་ཀྱི་ཆར་བབས་པས། སྐྱེ་བོ་དག་ངོ་མཚར་ནས་སུའི་མཐུ་སྙམ་པ་དང༌། ཉིན་ཕྱེད་ཙམ་ན་དེའི་མཐུ་ཡིན་པར་ཤེས་ནས་མཚན་ཡང་མཚོ་སྐྱེས་གཞོན་ནུ་ཞེས་བཏགས་ཏེ། དེའི་མཐུས་སྐྱེ་བོ་ཐམས་ཅད་འདོད་པའི་ཡོན་ཏན་དང་ལོངས་སྤྱོད་ལ་སྤྱོད་པ་ན། ཡང་སྲས་གཅིག་བལྟམས་ནས་མཆེད་གཉིས་སུ་སོང་བ་དང༌། ཡབ་ཡུམ་གྲོངས་ནས་རྒྱལ་སྲིད་གཅེན་ལ་ཕུལ་བས། ཁོང་གིས་གཅུང་ལ་གཏད་དེ་དགེ་སློང་མཛད་དེ་ཤྲཱི་དྷ་ནར་བྱོན་པའི་ཚེ། ལམ་ཁར་འཕགས་པ་སྤྱན་རས་གཟིགས་ཀྱིས་དགེ་སློང་ཞིག་ཏུ་སྤྲུལ་ཏེ་མཇལ་བས་ངོ་མ་ཤེས་པ་ལ། དེས་དགེ་སློང་ལ་གཏམ་དྲིས་པར་བདེན་པར་གསུངས་པས། དེ་ལ་ལོངས་སྐུ་དང་འཕྲད་པར་འདོད་དམ་གསུངས་པས། དགེ་སློང་ང་ལ་ཐབས་མེད་ན་འདོད་པ་དེ་ཀ་འདོད་དེ་གསུངས་པས། འོ་ན་ང་ལ་བླ་མར་འཛིན་ཅིང་གུས་ན་ཐབས་ཡོད་དོ་གསུངས་པས། དེས་ཕྱག་ལ་སོགས་
པ་བྱས་ཏེ་ཞུས་པས། དེས་དགྱེས་རྡོར་གྱི་ལྷ་ཚོགས་དངོས་སུ་སྤྲུལ་ནས་ཞལ་བསྟན་ཏེ་དབང་བསྐུར་གདམས་པ་གནང་ནས་འཕགས་པ་དེ་ཉིད་དུ་མི་སྣང་བར་གྱུར་བ་དང༌། དེས་ཀྱང་ཤྲཱི་དྷ་ནར་བྱོན་ནས་སྒྲུབ་པ་བྱེད་པའི་ཚེ། རྣལ་འབྱོར་པ་འདྲ་བ་ཞིག་བྱོན་ནས། དེ་ལ་ཁྱེད་འདིར་ཅི་བྱེད་པ་ཡིན་ཟེར་བས། དེས་ཀྱང་དྲང་པོར་གསུངས་པ་དང༌། འོ་ན་ང་ཡིས་བསྙེན་བཀུར་བྱ་ཡི། གྲུབ་པ་ཐོབ་པའི་དུས་སུ་བདག་ལ་གདམས་པ་གནང་དགོས་ཟེར་བས། རུང་གསུངས་ནས་ཕུག་སྟོང་པ་ཅིག་ཏུ་བཞུགས་པ་ན། མི་དེས་གཡོག་བྱས་ནས་ལོ་བཅུ་གཉིས་བསྒྲུབས་པ་དང༌། དེའི་བར་དུ་མུ་གེ་ཆེན་པོ་བྱུང་ནས་མི་མང་དུ་ཤི་བས། དེས་བླ་མའི་བར་ཆད་དུ་སོང་དོགས་ནས་གསངས་ཀྱི་བླ་མའི་ཟས་ཀྱི་ལྷག་རོལ་ཉུང་ངན་གྱིས་འཚོ་བ་ན། ཞག་གཅིག་ཟས་བསླངས་པས་མ་ཁུག་ནས་རྒྱལ་པོ་ཞིག་གི་ཁང་པར་ཕྱིན་པས་འབྲས་ཆན་ལྷུང་བཟེད་གང་རྙེད་ནས་དེ་ཁྱེར་ཏེ་འོངས་པ་ན། བཟའ་བ་མ་ཟོས་པས་ཕུག་དེར་འོངས་པས་རླུང་ལངས་ཏེ་ས་ལ་འགྱེལ་ཏེ་འབྲས་ཆན་ཡང་བོ་ནས་སོང་པས། དེས་ཆང་འཐུངས་སམ་ཅི་གསུངས་པས། ཆང་གང་ནས་འཐུང༌། ལྟོགས་ནས་ཤེད་ཆུང་སྟེ་འགྱེལ་བ་ཡིན་སྨྲས་པས། ཟས་མི་ཁུག་པ་ཅི་ཡིན་གསུངས་པ་ལ། བདག་གིས་བླ་མ་ལ་བར་ཆད་དུ་སོང་དོགས་མ་ཞུས་ཏེ། ལོ་བཅུ་གཉིས་སུ་མུ་གེ་ཆེན་པོ་བྱུང་ནས་སྲོག་ཆགས་མང་པོ་ཡང་ཤི། སེམས་ཅན་རྣམས་སྡུག་བསྔལ་བར་གདའ་ཞུས་པས། སློབ་དཔོན་མཚོ་སྐྱེས་ཀྱི་གསུང་ནས། དེ་ཙ་ན་ང་ལ་མི་སྨྲ་བར་གསང་བའི་ལུགས་ཡོད་དམ། མུ་གེ་མི་འོང་བའི་ཐབས་ང་ལ་ཡོད་པ་ལ་ད་འདོངས་ཤིག་གསུངས་ནས། འབྲས་ཆན་བོ་བ་རྣམས་བསྡུས་ཏེ་ཆུ་ཁར་བྱོན་ནས་གཏོར་མ་བཏང༌། ཀླུ་ཆེན་པོ་བརྒྱད་སྔགས་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱིས་གཟིར་པས། དེ་རྣམས་ཀླད་པ་འགེམས་པ་སྙམ་བྱེད་ནས། དེར་འོངས་ཏེ་ལས་ཅི་བགྱི་ཟེར་བས། འཛམ་བུའི་གླིང་དུ་ཆར་མེད་ནས་སེམས་ཅན་རྣམས་ཤི་བ་ཁྱོད་ཀྱིས་ཉེས་པས་ད་ཡང་ཞག་དང་པོ་ལ་བཟའ་བའི་ཆར་ཕོག་ཅིག དེ་བཞིན་དུ་གཉིས་པ་ལ་འབྲུ་དང༌། གསུམ་པ་ལ་གནས་མལ་དང༌། དེ་ནས་
ཞག་གསུམ་དུ་རིན་པོ་ཆེའི་ཆར་ཕོབ་ཅིག དེ་ལྟར་བྱས་པ་དང་ཆུ་ཡི་ཆར་ཕོབ་ཅིག་གསུངས་པས། དེ་བཞིན་དུ་བཀའ་བསྒྲུབས་པས་སེམས་ཅན་རྣམས་སྡུག་བསྔལ་ལས་ཐར་བ་དང༌། དེའི་སྙན་པ་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ཅིང༌། འདི་ནི་སློབ་དཔོན་མཚོ་སྐྱེས་ཀྱི་མཐུ་ཡིན་ནོ་ཟེར་ཞིང་ཐམས་ཅད་དད་པར་གྱུར་ཏོ། །དེ་ནས་སྔར་གྱི་གཡོག་ར་མ་ཞེས་པ་ལ་དབང་བསྐུར་ཏེ་གདམས་པ་གནང་བས་འཇིག་རྟེན་པའི་དངོས་གྲུབ་ཐོབ་ལ། གདམས་པ་ནི་དགྱེས་རྡོར་གྱི་བསྐྱེད་རྫོགས་ཀྱི་གདམས་པ་གནང་ནས་འགྲོ་བ་སེམས་ཅན་གྱི་དོན་མ་བྱས་པར་མཁའ་སྤྱོད་ལ་མ་འགྲོ་ཞིག ད་དཔལ་གྱི་རི་ལ་སོང་ལ་འདི་ལྟར་གྱིས་འགྲུབ་པར་འགྱུར་རོ་གསུངས་ནས་བླ་མ་མཁའ་ལ་གཤེགས་སོ། །ར་མས་ཀྱང་དཔལ་གྱི་རི་དང་ཉེ་བ་ན་རྒྱལ་པོའི་བུ་མོ་དབང་དུ་བསྡུས་ནས། གཉིས་ཀས་ར་མར་གཙུག་ལག་ཁང་བཞེངས་པ་ལ་སོགས་པ་བྱས་ཏེ་མཐར་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་ཀ་རའི་ལོ་རྒྱུས་རྫོགས་སོ།། ༧༤ །།གུ་རུ་སརྦ་བྷཀྵའི་ལོ་རྒྱུས་ནི། སརྦ་བྷཀྵ་སྟེ་ཐམས་ཅད་ཟ་བ་བྱ་བ་ཡིན་ལ། དེ་ཡང་གྲོང་ཁྱེར་ཨ་བྷི་ར་བྱ་བ་རྒྱལ་པོ་སེང་གེ་ཟླ་བའི་མངའ་རིས་ཡིན་ལ། དེ་ན་དམངས་རིགས་ཀྱི་གང་ཟག་ཅིག་ཤིན་ཏུ་གྲོད་པ་ཆེ་ནས་ཁ་ཟས་ཅི་མཐོང་ཟ་བ་ན། དུས་གཅིག་གི་ཚེ་བཟའ་བ་ཅི་ཡང་མ་རྙེད་ནས་ཕྱོགས་ཅིག་ཏུ་ལྟོ་ཡིད་ལ་བྱེད་ཅིང་གནས་པ་ན། དཔལ་ས་ར་ཧ་པ་དེར་བྱོན་ནས་ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེ་ན་རེ། བདག་ཕོ་བའི་མེ་དྲོད་ཆེ་བས་བཟའ་བ་ཅི་ཟོས་ཀྱང་འགྲངས་པ་མི་འོང་ལ། ཁྱད་པར་དེ་རིང་བཟའ་བ་ཅི་ཡང་མ་རྙེད་ནས་སྡུག་བསྔལ་བར་གདའ་ཟེར་བས། ཁྱོད་དེ་རིང་གི་ལྟོགས་པ་ཙམ་མི་བཟོད་ན་ཡི་དྭགས་སུ་སྐྱེས་ན་ཅི་ཙུག་བྱེད་གསུངས་པས། དེ་འདྲ་བ་གང་ན་ཡོད་ཟེར་བས། དེར་ལྟོས་དང་གསུངས་ནས་ཡི་དྭགས་བསྟན་པས། འདི་འདྲ་བར་སྐྱེ་བའི་རྒྱུ་གང་ལགས་ཟེར་བས། དེའི་རྒྱུ་བསྟན་པས་བླ་མ་འདི་འདྲ་བ་ལས་ཐར་པའི་ཐབས་ཅིག་ཞུ་ཟེར་བས། དེ་ལ་དང་པོར་དབང་བསྐུར་ནས་བྷུ་སུ་ཀུའི་འཇུག་པ་བསྟན་པ་ནི། གྲོད་པ་ནམ་མཁའ་སྟོང་པ་ལ། །ཕོ་བའི་མེ་དྲོད་དུས་མེ་
འབར། །སྣང་སྲིད་བཟའ་བཏུང་གཉིས་ཡིན་ཏེ། །ཟོས་པས་ཐམས་ཅད་ཟད་པར་སྒོམས། །ཞེས་གསུངས་ཏེ་དེས་ཀྱང་གུས་པས་བསྒོམས་པས། ཉི་ཟླ་གཉིས་ཀྱང་འཇིགས་ནས་རི་རབ་ཀྱི་ཁོང་སེང་དུ་ཡིབ་པས། མི་རྣམས་མགྲིན་གཅིག་ཏུ་སྣང་བ་ནུབ་པར་གྱུར་ནས་ཀྱེ་མ་ཟེར་བས། བྲམ་ཟེ་ཆེན་པོ་ལ་ཌཱ་ཀི་མ་ཀུན་གྱིས་བསྐུལ་བས་དེར་བྱོན་ཏེ། དེ་ཐམས་ཅད་ཟོས་ཟིན་པས་མེད་པར་སྒོམས་ཤིག་གསུངས་པས། དེ་བཞིན་དུ་བྱས་པས་སྣང་སྟོང་ཟུང་འཇུག་ཏུ་རྟོགས་ཏེ་གྲུབ་པ་ཐོབ་ནས་ཉི་ཟླ་ཡང་བྱུང་ནས་ཐམས་ཅད་དགའ་བར་གྱུར་ཏོ། །དེར་ལོ་བཅོ་ལྔ་ནས་གྲུབ་པ་བརྙེས་ཤིང་རྟོགས་པ་བརྗོད་དེ་འགྲོ་དོན་ལོ་དྲུག་བརྒྱ་མཛད་ནས་མཐར་འཁོར་སྟོང་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་སརྦ་བྷཀྵའི་ལོ་རྒྱུས་རྫོགས་སོ།། ༧༥ །།གུ་རུ་ནཱ་ག་བོ་དྷིའི་ལོ་རྒྱུས་ནི། འཕགས་པ་ཀླུ་སྒྲུབ་སུ་ཝརྞའི་དགོན་པ་ན་བཞུགས་པའི་ཚེ། རྒྱ་གར་ནུབ་ཕྱོགས་ནས་བྲམ་ཟེ་ཞིག་རྐུ་ཡིན་མཐར་གྱིས་ཡོངས་ཏེ་བླ་མ་དེའི་སྒོ་ནས་བལྟས་པས། གསེར་གྱི་སྣོད་ཀྱི་ནང་དུ་བཟའ་བ་གྱ་ནོམས་པ་གསོལ་བ་མཐོང་སྟེ། དེ་ལ་བརྐུ་བའི་བསམ་པ་ཤར་བ་བླ་མའི་ཐུགས་ཀྱིས་མཁྱེན་ཏེ། གསེར་གྱི་སྣོད་དེ་ཐང་ལ་བསྐྱུར་བས། དེ་འདི་ལྟར་མཛད་པ་ཅི་སྙམ་པ་ན། དེས་དེའི་ནང་དུ་ཕྱིན་ནས་བདག་བརྐུ་སྙམ་པ་ལ་བརྐུ་མི་དགོས་པར་བདག་ཅན་དུ་བསྐྱུར་བ་འདི་ཅི་ལགས་ཞུས་པས། བླ་མས་ང་ནི་འཕགས་པ་ཀླུ་སྒྲུབ་བྱ་བ་ཡིན། ངའི་ནོར་ལ་སོགས་པ་ནི་གཞན་དོན་ཡིན་པས། ཁྱོད་རྐུ་མི་དགོས་ཀྱི་བཟའ་བ་དང་བཅའ་བ་འདི་དག་ཟོ་ལ་སྡོད་ཅིག་འགྲོ་བའི་དུས་སུ་ནོར་ཅི་དགོས་པ་བསྐུར་ལ་བཏང་གི་གསུངས་པས། དེས་མཛད་སྤྱོད་ལ་དད་དེ་ཆོས་ཞུས་པས། དེ་གསང་བ་འདུས་པར་དབང་བསྐུར་ནས་མངོན་ཞེན་རང་གྲོལ་གྱི་གདམས་པ་འདི་གནང་ངོ༌། །བྱ་བ་ཐམས་ཅད་བློས་ཐོང་ལ། །སྤྱི་བོར་ཀུན་བཏགས་རྭ་མཆོག་ནི། །རིན་ཆེན་མར་གད་རང་བཞིན་ཅན། །གསལ་ལ་འོད་འཕྲོ་བསྒོམ་པར་བྱ། །ཞེས་གསུངས་ནས་གནས་ཁང་གི་མཐའ་མར་རིན་པོ་ཆེས་གང་བར་བྱས་ནས་བཞག་པས་དེ་དགའ་སྟེ་གདམས་པ་དེ་བསྒོམས་པས། ལོ་བཅུ་གཉིས་ན་རྭ་དེ་ཆེར་སོང་ནས་གཡོ་འགུལ་བྱེད་པའི་ཚེ་དེ་ཐུག་ནས་སྡུག་བསྔལ་བས་ན།
དེ་བྱོན་ནས་ཁམས་བདེའམ་གསུངས་པས། དེས་མ་བདེ་བའི་གཏམ་ཞུས་པས་དེ་མཉེས་ནས་ཡང་གདམས་པ་གསུངས་པ་ནི། ཀུན་བཏགས་གོམས་པའི་རྭ་ཆེན་གྱིས། །བདེ་བ་ཐམས་ཅད་འཇོམས་པ་ལྟར། །དེ་ཕྱིར་དངོས་པོར་མངོན་ཞེན་པས། །སེམས་ཅན་ཐམས་ཅད་སྡུག་བསྔལ་ལོ། །ཆོས་རྣམས་ཡང་དག་ཡོད་མིན་ཏེ། །མཁའ་ལས་སྤྲིན་ནི་འབྱུང་བ་བཞིན། །སྐྱེ་བ་གནས་པ་འགག་པ་གསུམ། །གང་ལ་གང་གིས་ཕན་གནོད་འབྱུང༌། །དེ་བཞིན་སེམས་ཉིད་དག་པ་ལ། །ཅི་ཞིག་ཕན་ཞིང་ཅི་ཞིག་གནོད། །གདོད་ནས་མ་གྲུབ་གཟུང་འཛིན་ཏེ། །རང་རང་ངོ་བོ་ཉིད་ཀྱིས་སྟོང༌། །ཞེས་གསུངས་པས་གནས་ལུགས་སྟོང་པ་ཉིད་རྟོགས་ཏེ་དེ་ལ་ཟླ་བ་དྲུག་མཉམ་པར་བཞག་པས་འཁོར་འདས་དབྱེར་མེད་དུ་རྟོགས་ནས་གྲུབ་པ་ཐོབ་སྟེ། མཚན་ཡང་ནཱ་ག་བོ་དྷི་ཞེས་བྱ་བར་གྲགས་ལ་བླ་མའི་གདུང་འཚོབ་ཏུ་བསྐོས་ནས་སེམས་ཅན་ལ་གྲུབ་ཆེན་བརྒྱད་དེ། ས་འོག་བགྲོད་དང་རལ་གྲི་དང༌། །ཚར་བཅད་ཕན་འདོགས་གཉིས་ཀ་དང༌། །རིལ་བུ་མིག་སྨན་གཏེར་རྣམས་དང༌། །རྐང་མགྱོགས་དག་དང་བཅུད་གྱིས་ལེན། །བརྒྱད་པོ་གང་འདོད་བྱིན་ཅིག་གསུངས། །དེ་ལྟར་བྱམས་པའི་བསྟན་པའི་བར་དཔལ་གྱི་རི་དེ་ཉིད་དུ་གནས་པས་འགྲོ་དོན་གྱིས་ཤིག་གསུངས་ནས་བཞག་པ་ཡིན་ནོ། །ལོ་ཉི་ཁྲིར་བཞུགས་སྐད་དོ། །གུ་རུ་ནཱ་ག་བོ་དྷིའི་ལོ་རྒྱུས་རྫོགས་སོ།། ༧༦ །།གུ་རུ་དཱ་རི་ཀ་པའི་ལོ་རྒྱུས་ནི། ཡུལ་ས་ལ་པུ་ཏྲ་བྱ་བ་ན་རྒྱལ་པོ་ཨིནྡྲ་པཱ་ལ་བྱ་བ་ཞིག་གནས་པ་ལ། དེ་ལིངས་ལ་སོང་ནས་ཉི་མ་དྲོས་པ་ན་ཚོང་འདུས་སུ་འོངས་པ་ལ་མི་ཀུན་ཕྱག་བྱེད་པའི་ཚེ། ལཱུ་ཡི་པ་དེ་ན་འདུག་པ་རྒྱལ་པོས་མཐོང་བ་དང༌། རྒྱལ་པོས་སྨྲས་པ། ཁྱོད་འདྲ་བའི་སྐྱེས་བུ་བྱད་བཞིན་བཟང་ཞིང་ལྟ་ན་སྡུག་པ་ལ། འདི་འདྲ་བའི་ཉའི་རྒྱུ་ལྟོ་མི་བཙང་བ་མ་ཟ་ཞིག ཁྱོད་ལ་བཟའ་བ་ཅི་དགོས་པ་བདག་གིས་སྟེར། གཞན་གང་དགོས་པ་ཡང་སྟེར། རྒྱལ་སྲིད་དགོས་ཀྱང་སྟེར་རོ་ཟེར་བས། དེས་སྨྲས་པ། མི་འཆི་མི་རྒས་པའི་ཐབས་ཡོད་ན་དེ་ཀུན་བདག་ལ་དགོས་སུ་རུང་ཟེར་རོ། །རྒྱལ་པོས་འོ་ན་
བདག་གི་རྒྱལ་སྲིད་དང་སྲས་མོ་སྦྱིན་བྱས་པས་བདག་ལ་མི་དགོས་ཟེར་རོ། །ཅིའི་ཕྱིར་མི་དགོས་བྱས་པས། རྒྱལ་སྲིད་ནི་མནོག་ཆུང་ལ་ཉེས་དམིགས་ཆེ་བར་འདུག་ལ། ངས་ཀྱང་སྤངས་པ་ཡིན་ཅེས་སྨྲས་པ་དང༌། རྒྱལ་པོ་ཨིནྡྲ་པཱ་ལ་ཡང་རྒྱལ་སྲིད་ལ་སྐྱོ་བ་སྐྱེས་ནས་བྲམ་ཟེའི་རིགས་ཀྱི་བློན་པོ་ལ་སྨྲས་པ། ང་ཡང་འཇིག་རྟེན་འདི་གཙུག་བྱས་ཀྱང་ཚེ་ཕྱིད་པས། ཟོས་པ་དང་གྱོན་པ་ནི་ཕྱེད་མ་ཡོགས་པར་འདུག་པས་ཆོས་ལ་འགྲོ། རྒྱལ་སྲིད་བུ་ལ་གཏད་ན་མི་ལེགས་སམ་སྨྲས་པས། བློན་པོས་རུང་ཞུས་ནས་སྲས་ལ་རྒྱལ་སྲིད་གཏད་དེ། རྒྱལ་བློན་གཉིས་ཀྱིས་དུར་ཁྲོད་དུ་ལཱུ་ཧི་པའི་གམ་དུ་ཕྱིན་ནས་སྒོ་བརྡུངས་པ་དང༌། སློབ་དཔོན་གྱིས་སུ་ཡིན་སྨྲས་པས། བདག་རྒྱལ་བློན་ལགས་སོ་སྨྲས་པ་ན། འོ་ན་ནང་དུ་ཤོག་གསུངས་ནས། དེ་གཉིས་ལ་སློབ་དཔོན་གྱིས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་བསྐུར་ནས་ཡོན་དུ་ཁོ་རང་གཉིས་འབུལ་ལོ། །དེ་ནས་གཞན་གྱི་ཡུལ་ཨོ་དེ་ཤར་ཕྱིན་པ་དང༌། དེར་དཔོན་སློབ་གསུམ་བསོད་སྙོམས་མཛད་ཅིང་བཞུགས་ལ། དེ་ནས་ཡང་ཡུལ་བྷི་ར་པུ་རིར་བྱོན་ནས་ཛནྟི་པུར་གྱི་གྲོང་ཁྱེར་ཞེས་ཀྱང་ཟེར་ལ། དེ་ན་གྲོང་ཁྱེར་འབུམ་ཚོ་གསུམ་ཡོད་དེ། དེ་ན་ལྷ་ཁང་ཡོད་ལ་དེའི་མཆོད་པ་བྱེད་པའི་གར་མཁན་མོ་བདུན་བརྒྱ་ཡོད་པའི་གཙོ་མོའི་གམ་དུ་ཕྱིན་ནས་དེའི་སྒོ་རྩ་བ་གསུམ་བརྒྱ་ཙམ་ཡོད་པ་ལ་སྨྲས་པ། ཁྱེད་ཅག་གི་ཇོ་མོ་མི་མི་ཉོའམ། དེ་དག་གིས་ནང་དུ་སྨྲས་པས་གཙོ་མོ་ན་རེ། ཉོ་ལྟར་འདོང་ཟེར་ནས་སྒོར་ཕྱུང་སྟེ་བལྟས་པས། ཁྱེའུ་ལྟ་ན་སྡུག་པ་ཞིག་མཐོང་ནས། རིན་ཅི་དགོས་ཟེར་རོ། །གསེར་ཏོ་ལོ་ལྔ་བརྒྱ་དགོས་བྱས་ཏེ། རྒྱལ་བུ་དེ་ལ་བཙོངས་ནས་གཙིགས་སུ་མཚན་ལ་མི་དང་ལྷན་ཅིག་ཉལ་དུ་མ་གཞུག་པར་གཅིག་པོར་ཞོག་ལ། ཁོས་རིན་འཁོར་བ་དང་ཐོང་ཞིག་ཟེར་ནས་སློབ་དཔོན་དང་བྲམ་ཟེའི་བུ་གཉིས་སོང་ངོ༌། །དེ་ནས་རྒྱལ་བུ་དེས་དཱ་རི་མོའི་ཁྱིམ་དུ་ལོ་བཅུ་གཉིས་ཀྱི་བར་དུ་རྐང་པ་བཀྲུ་བ་དང༌། བསྐུ་བྱུག་ལ་སོགས་པ་བྱས། བླ་མའི་མན་ངག་མ་བརྗེད་པར་བྱས་ཏེ། ལས་ཐམས་ཅད་ཀྱི་ཐོག་མར་འདྲིལ་བའི་ལས་བྱེད་དུ་བཅུག་པས། ལས་ཀྱི་འཚོ་བའི་གཡོག་པོ་ཐམས་ཅད་ཀྱི་སྙིང་དུ་སྡུག་པ་དང༌། དེའི་དུས་སུ་དཱ་རི་མོའི་གམ་དུ་རྒྱལ་པོ་ཛ་ན་པ་ཞེས་ཀྱང་བྱ། ཀུཉྫི་ཞེས་ཀྱང་བྱ་བའི་རྒྱལ་པོ་གཞན་གསེར་ཏོ་ལོ་ལྔ་བརྒྱ་
ཙམ་ཁུར་ནས་འཇིག་རྟེན་གྱི་ཆོས་དོན་དུ་གཉེར་བས་འོངས་པ་དང༌། སློབ་དཔོན་གྱིས་བར་བྱས་ནས་གསེར་ཏོ་ལོ་བདུན་བདུན་འཇལ་གྱིན་འདུག་པ་དང༌། དེ་ནས་ཞག་འགའ་ཙམ་ན་ཀུཉྫི་ཕོ་བའི་མེ་དྲོད་ཤོར་བ་དང༌། ཁ་ཟས་དྲགས་པའི་རྐྱེན་གྱིས་ཕོ་བ་ན་པས། དེའི་མཚན་ཕྱེད་ན་ཕྱི་རོལ་དུ་ཕྱིན་པ་ན་ལྡུམ་རའི་ནང་ནས་ཤིན་ཏུ་དྲི་ཞིམ་པ་དང་འོད་ཅིག་འོང་པ་དེས་མཐོང་ནས་དེར་ཕྱིན་པས་ཁོལ་པོ་དེ་བུ་མོ་བཅོ་ལྔ་ཙམ་གྱིས་ནི་བསྙེན་བཀུར་བྱེད། ཁོ་རང་ཁྲིའི་སྟེང་ན་འདུག་པ་མཐོང་ནས་ངོ་མཚར་སྐྱེས་ཏེ། རིངས་པར་ཁྱིམ་དུ་ཕྱིན་ནས་སྨད་འཚོང་མ་ལ་སྨྲས་པ་དང༌། དེ་ལྟར་གཉིས་ཀ་ཕྱིན་པས་སྔ་མ་བཞིན་མཐོང་ནས་སྨད་འཚོང་མ་འགྱོད་པ་སྐྱེས་ཏེ། དེའི་ཞབས་ལ་ཕྱག་བྱས་བསྐོར་བ་བྱེད་ཅིང་བདག་ཅག་སེམས་ཅན་ལགས་པས། འཁྲུལ་ཏེ་ཡོན་ཏན་ཅན་དུ་མ་ཤེས་ནས་ཉིད་བཀོལ་བས་བདག་ལ་སྡིག་པ་བྱུང་བ་བཟོད་པར་གསོལ་ཞིང་ལོ་བཅུ་གཉིས་ཀྱི་བར་མཆོད་གནས་མཛད་པར་ཞུ་ཞུས་པས་མ་བཞེད་དེ། དེ་ནས་སྨད་འཚོང་མ་དང་ཛ་ན་སས་བདག་ཀྱང་རྗེས་སུ་གཟུང་དུ་གསོལ་བྱས་པས། བར་སྣང་ནས་གྲོང་ཁྱེར་སྟོང་པར་འབེབས་པ་ཞེས་བྱ་བའི་མན་ངག་བྱིན་ནས་བསྒོམ་པར་བྱས་ཏེ། དེས་གསུངས་པ། འཇིག་རྟེན་ཕལ་པའི་རྒྱལ་པོ་ཡི། །གདུགས་དང་གླང་པོའི་ཁྲི་དག་ལས། །ང་ཡི་རྒྱལ་སྲིད་ཁྱད་པར་འཕགས། །ཐར་པའི་གདུགས་དང་ཐེག་ཆེན་ཞོན། །སྲིད་པ་གསུམ་གྱི་གདན་ཁྲི་ལ། །དཱ་རི་ཀ་པ་ལོངས་སྤྱོད་བྱེད། །ཅེས་གསུངས་པ་ལ། སློབ་དཔོན་འདི་ནི་དཱ་རི་མོའི་ཁོལ་པོ་བྱས་པས་དཱ་རི་ཀ་པ་བྱ་བར་གྲགས་ཤིང༌། འཁོར་བདུན་བརྒྱ་དང་བཅས་ཏེ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་དཱ་རི་ཀ་པའི་ལོ་རྒྱུས་རྫོགས་སོ།། ༧༧ །།གུ་རུ་སུ་ཏ་ལིའི་ལོ་རྒྱུས་ནི། །བྷཾ་ག་ལར་དམངས་རིགས་ཀྱི་གང་ཟག་ཅིག་གིས་ཁྱིམ་ཐབ་བླངས་ནས་ཡོད་པའི་དུས་སུ། བླ་མ་རྣལ་འབྱོར་པ་ཅིག་དེར་བྱོན་ནས་བསོད་སྙོམས་མཛད་པས། བཟའ་བ་དང་བཅས་པ་གྱ་ནོམས་པ་དྲོངས་ཤིང་ཡང་དག་པར་དད་དེ་བླ་མར་བཟུང་བ་ན། དེས་དགྱེས་རྡོར་གྱི་དབང་དང་གདམས་པ་གནང༌། དགྱེས་རྡོར་གྱི་ཐང་ཀ་ཞིག་ཀྱང་གནང་ནས། འདི་ཐོག་ལ་གྲོང་དང་གྲོང་
ཁྱེར་དུ་བསོད་སྙོམས་གྱིས་ལ་སྒྲུབས་ཤིག་གསུངས་པས། དེས་ཀྱང་དེ་བཞིན་དུ་ལོ་བཅུ་གཉིས་སུ་བསྒྲུབས་པས་གྲུབ་པ་ཐོབ་ནས་ཡོད་པ་སུས་ཀྱང་མ་རྟོགས་པ་ན། ཞག་གཅིག་རྒྱལ་པོའི་ཁང་པར་སློང་དུ་ཕྱིན་པ་ན། དེའི་ཐང་སྐུ་ལ་ཁོའི་ལྷ་གདན་དུ་བྱས་ནས་འདུག་པ་མཐོང་བས། རྒྱལ་པོས་དེ་ལ་གཤེ་རུ་བྱུང་བས་འདི་བདག་གིས་བྲིས་པ་མ་ཡིན། ལྷ་བཟོ་བས་བྲིས་པ་ལགས་པས། ཉིད་རང་ཡང་བདག་གི་ལྷ་ཁྱེད་རང་གི་ལྷའི་གདན་དུ་བྱས་པས་བྲིས་པས་མཆོག་མོད་བྱས་པས། དེ་བདེན་སྙམ་སྟེ་དེས་ལྷ་བཟོ་བ་བཀུག་ནས་བྲིས་པས། དེ་ན་རེ། ང་ཡི་ལྷའི་གདན་དུ་ཁྱོད་ཀྱི་ལྷ་འོང་བ་ལ་འདི་ལྟར་བྲིས་ཀྱང་ཅི་བཏུབ་བྱས་པས། དེ་ཅིས་ཏེ་ཟེར་བས། ངའི་ལྷ་ནི་ལྷ་ཡི་ལྷར་གྱུར་པས་སོ་བྱས་པས། དེའི་རྟགས་ཅི་ཡོད་ཟེར། རྒྱལ་པོ་ལྷ་སྟེང་དུ་བྲིས་ཀྱང་ནངས་པར་འོག་ཏུ་བབ་ནས་སྡོད་པ་ཡིན་ནོ་བྱས་པས། རྒྱལ་པོ་ན་རེ། དེ་ལྟར་བྱུང་ན་ང་ཡང་ཁྱེད་ཀྱི་བསྟན་པ་ལ་འཇུག་པ་ལགས་ཟེར་ཆད་བྱས་པའི་དགོང་ཀ་རྣལ་འབྱོར་པས་དེ་ལྟར་བསྒོམས་པས་ཕྱི་དེ་བལྟས་པ་ན། རྒྱལ་པོའི་ལྷ་གདན་དུ་སོང་ནས་འདུག་པ་དང༌། རྒྱལ་པོ་ངོ་མཚར་སྐྱེས་ཏེ་བླ་མར་བཟུང་ནས་ཆོས་ལ་ཞུགས་སོ། །དེའི་རྒྱལ་ཁམས་ཐམས་ཅད་ཀྱང་ཆོས་ལ་ཞུགས་པས། བླ་མ་སུ་ཏ་ལི་པ་བྱ་བར་གྲགས་ཤིང༌། ལོ་ལྔ་བརྒྱར་འགྲོ་དོན་མཛད་ནས་རྟོགས་པ་བརྗོད་དེ། མཐར་འཁོར་དྲུག་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་སུ་ཏ་ལི་པའི་ལོ་རྒྱུས་རྫོགས་སོ།། ༧༨ །།གུ་རུ་ཨུ་པ་ན་ཧའི་ལོ་རྒྱུས་ནི། པ་ན་ཧ་སྟེ་མཆིལ་ལྷྭམ་ཅན་ནོ། །དེ་ཡུལ་སནྡྷོ་ན་ག་ར་བྱ་བ་ན་དམངས་རིགས་ཀྱི་གང་ཟག་ཅིག་མཆིལ་ལྷྭམ་ལ་བརྟེན་ནས་ཡོད་པ་ལ། དུས་གཅིག་གི་ཚེ་རྣལ་འབྱོར་པ་མཐུ་སྟོབས་ཅན་ཅེས་པ་བསོད་སྙོམས་བསླངས་ནས་མཐར་གྱིས་དགོན་པར་བྱོན་པ་མཐོང་བས། དེ་ལ་དད་པ་སྙམ་སེམས་ནས་དེས་དེར་ཕྱིན་པས། ཁྱོད་ཅི་ལ་འོངས་གསུང་བ་ན། ཆོས་ཞུ་ཟེར་ནས་འཁོར་བའི་ཉེས་པ་དང་ཐར་པའི་ཕན་ཡོན་གསུངས་པས། དེ་འཁོར་བ་ལ་སྐྱོ་བ་སྐྱེས་ཏེ། བླ་མ་འཁོར་བ་ལས་ཐར་པའི་ཐབས་ཅིག་ཞུ་ཟེར་བས། དེ་ལ་བྱིན་རླབས་འཕོ་བའི་
དབང་བསྐུར་བྱས་ནས་མངོན་ཞེན་ལ་མ་ཁྱེར་གྱི་གདམས་པ་འདི་གནང་ངོ༌། །མཆིལ་ལྷྭམ་རྒྱན་ཅན་གྱོན་ནས་འགྲོ་བ་སོགས། །རྒྱུགས་པའི་སྒྲ་ནི་སྙན་པ་བྱུང་བ་དེར། །སྒྲ་ཙམ་དག་ཀྱང་དེ་རུ་འདུས་པ་ན། །དེ་ཡང་གྲགས་སྟོང་དབྱེར་མེད་བསྒོམ་པར་བྱ། །ཞེས་གསུངས་པས་དེའི་དོན་གོ་ནས་བསྒོམས་པས། ལོ་དགུ་ན་མཐོང་སྤང་གི་དྲི་མ་དག་ནས་གྲུབ་པ་ཐོབ་སྟེ། བླ་མ་ཨུ་པ་ན་ཧ་བྱ་བར་གྲགས་ཤིང་རྟོགས་པ་བརྗོད་དེ་ལོ་བརྒྱད་བརྒྱར་འགྲོ་དོན་མཛད་ནས་འཁོར་བརྒྱ་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨུ་པ་ན་ཧའི་ལོ་རྒྱུས་རྫོགས་སོ།། ༧༩ །།གུ་རུ་ཀོ་ཀི་ལི་པའི་ལོ་རྒྱུས་ནི། གྲོང་ཁྱེར་ཙ་མ་པརྞ་ན་རྒྱལ་པོ་ཅིག་ཡོད་པ་ན། སོས་ཀའི་དུས་སུ་རྒྱལ་སར་ཚད་པས་མ་ཚུགས་ནས་ཤིང་ཨ་མྲའི་སྐྱེད་མོས་ཚལ་གྱི་གྲིབ་མ་དང༌། ཆུ་གྲང་མོ་དང༌། མེ་ཏོག་ཤིང་ཐོག་སྣ་ཚོགས་པ་དྲི་ཞིམ་པ་ཁ་དོག་ལེགས་པ་ལ་སོགས་པས་དགྱེས་ནས། ཨ་མྲའི་སྐྱེད་མོས་ཚལ་དུ་དར་ཟབ་ལ་སོགས་པའི་སྟན་དང་སྔས་ལ་ནི་འདུག རྒྱལ་བུ་ལ་སོགས་པའི་བསྙེན་བཀུར་བ་དང༌། བུ་མོ་གཞོན་ནུ་མ་མང་པོ་ལ་ལ་དྲིལ་ཕྱིས་བྱེད། ལ་ལས་རླུང་གཡབ་གཡོབ། ལ་ལས་གླུ་དང་ལ་ལས་གར་བྱེད། ལ་ལས་མེ་ཏོག་འཐོར་ཞིང་རྒྱལ་སྲིད་ཀྱི་འདོད་ཡོན་ཆགས་པས་མི་ལུས་ཆུད་ཟོས་པའི་ཚེ། ཡང་དག་པའི་དགེ་སློང་ཞིག་དེར་བྱོན་ནས་སྒོ་བ་སུམ་བརྒྱ་ཙམ་ཡོད་པ་དེས་ནང་དུ་མ་བཏང་བ་ན། རྒྱལ་པོས་ཐོས་ཏེ་ནང་དུ་ཐོང་ཞིག་གསུངས་ནས་ནང་དུ་བྱོན་པས། དེས་བཟའ་བ་ལ་སོགས་པ་དྲངས་ནས། ཁྱེད་ཀྱི་ཆོས་དང་ངའི་ཆོས་གང་དགའ་བྱས་པས། དགེ་སློང་གིས་སྨྲས་པ། བྱིས་པས་བལྟས་ན་ཁྱེད་ཀྱི་བཟང༌། །མཁས་པས་བལྟས་ན་དུག་དང་བཅས། །གསུངས་པས། རྒྱལ་པོས་དུག་ཅེས་བྱ་བ་ཅི་ལ་ཟེར་བ་ལགས་བྱས་པས། དེས་དུག་གསུམ་རྒྱས་པར་གསུངས་པས། དུག་དེ་དང་རྒྱལ་སྲིད་བསྲེས་ན་ཐ་མ་ངན་སོང་དུ་འགྲོ་ཞིང༌། སྡུག་བསྔལ་ཏེ་དཔེར་ན་དུག་དང་འདྲེས་པའི་བཟའ་བཏུང་བཟང་པོ་ཟོས་པ་དང་འདྲའོ་བྱས་པས། རྒྱལ་པོ་དེ་རིགས་སད་ཀྱི་གང་ཟག་ཡིན་པས་དེ་བླ་མར་
བཟུང༌། གདམས་ངག་ཞུས་པས་བདེ་མཆོག་ཏུ་དབང་བསྐུར་ནས་ལམ་བསྟན་ནོ། །དེས་རྒྱལ་སྲིད་བུ་ལ་གཏད་དེ་རྩ་བ་ནས་སྤང་ནུས་ཀྱང༌། ཨ་མྲའི་ཚལ་གྱི་བྱ་ཀོ་ཀི་ལའི་སྒྲ་ལ་ཡིད་ཆགས་ནས་ལམ་སྒོམ་དུ་མ་བཏུབ་པ་ལ། དེས་རྟོག་པ་གར་སྐྱེས་གཅིག་ཅར་གྲོལ་བའི་གདམས་པ་འདི་ལྟར་གནང་ངོ༌། །དཔེར་ན་ནམ་མཁའ་སྟོང་པ་ལ། །འབྲུག་སྒྲ་སྤྲིན་རྣམས་འདུ་བར་བྱེད། །དེ་ལས་ཆར་རྒྱུན་འབྱུང་བ་ཡིས། །རྩི་ཤིང་ལོ་ཏོག་རྒྱས་པ་ལྟར། །དེ་བཞིན་རྣ་བ་སྟོང་པར་ནི། །ཀོ་ཀི་ལི་ཡི་འཇུག་སྒྲ་ཡིས། །རྣམ་ཤེས་རྟོག་བྱེད་སྤྲིན་བྱུང་ནས། །ཉོན་མོངས་དུག་གི་ཆར་རྒྱུན་གྱིས། །ཆགས་སྡང་ལོ་འདབ་རྒྱས་པར་བྱེད། །མི་མཁས་བྱིས་པའི་རང་བཞིན་ཅན། །སེམས་ཉིད་སྟོང་པའི་ངང་ལས་ནི། །གྲགས་སྟོང་དབྱེར་མེད་འབྲུག་སྒྲ་ཡིས། །བདེ་ཆེན་ཟག་མེད་སྤྲིན་བཞིན་དུ། །གནས་ལུགས་རང་གསལ་ཆར་རྒྱུན་གྱིས། །ཡེ་ཤེས་ལྔ་ཡི་ལོ་ཏོག་རྒྱས། །ཨེ་མ་བློ་ལྡན་ངོ་མཚར་ཆེ། །ཞེས་གསུངས་པས་དེས་ཀྱང་བསྒོམས་པས་ཟླ་བ་དྲུག་ན་གྲུབ་པ་ཐོབ་སྟེ། མཚན་ཡང་ཀོ་ཀི་ལི་པ་ཞེས་གྲགས་ནས་འགྲོ་དོན་མཛད་དེ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཀོ་ཀི་ལི་པའི་ལོ་རྒྱུས་རྫོགས་སོ།། ༨༠ །།གུ་རུ་ཨ་ནཾ་གའི་ལོ་རྒྱུས་ནི། ཡུལ་གྷ་ཧུ་ར་བྱ་བ་ན་དམངས་རིག་ཀྱི་གང་ཟག་ཅིག་སྐྱེ་བ་སྔ་མ་ལ་བཟོད་པ་བསྒོམས་པས་གཟུགས་བྱད་ཤིན་ཏུ་མཛེས་པ་ཞིག་ཡོད་པ་དེས། གཞན་ལ་བལྟས་པས་ང་རྒྱལ་སྐྱེས་པ་ན། དེའི་གམ་དུ་དགེ་སློང་ཞི་བ་དུལ་བ། སྤྱོད་ལམ་མཛེས་པ་ཞིག་བྱོན་ནས་བསོད་སྙོམས་མཛད་པས། དེ་ན་རེ། ནང་དུ་གཤེགས། བདག་གིས་ཉིན་ཞག་གི་འཚོ་བ་འདྲེན་པ་ཡིན་ཟེར་ནས་སྤྱན་དྲངས་ཏེ། ཞབས་བཀྲུས་སྟན་བསྟབ་པ་ལ་སོགས་པ་བྱས་ནས་བཞེས་ཆབ་གྱ་ནོམ་པ་དྲངས་ཏེ། དེ་ན་རེ། ཉིད་འཕགས་པ་ཟས་བསོད་སྙོམས་དང་དཀའ་ཐུབ་འདི་ལྟར་མཛད་པའི་ཆེད་དུ་བྱ་བ་ཅི་ལགས་ཟེར་བས། དགེ་སློང་གིས་དེ་ལ་བདག་འཁོར་བ་ལ་འཇིགས་ནས་ཐར་པ་ཐོབ་པར་འདོད་པའི་ཕྱིར་ཡིན་གསུངས་ནས། ཡང་དེས་འཕགས་པ་འོ་སྐོལ་གཉིས་ཀྱི་རྟེན་ལ་ཁྱད་པར་ཅི་ཙམ་བདོག་བྱས་
པས། དེས་ཁྱད་ཆེ་སྟེ་ཁྱོད་ཀྱི་རྟེན་ང་རྒྱལ་ལ་ཡོན་ཏན་གྱི་ཆོས་མི་འབྱུང་ལ། བདག་གི་དད་པའི་རྟེན་ལ་ཡོན་ཏན་དཔག་ཏུ་མེད་པ་འབྱུང་ངོ་གསུངས་པས། ཡང་དེས་འཕགས་པ་ཡོན་ཏན་བྱ་བ་ཅི་ལ་ཟེར་ཞུས་པས། དེས་ཚེ་འདིར་ཆོས་བྱེད་པའི་རྟེན་ལ་མི་དང་མི་མ་ཡིན་གྱི་བར་ཆད་མི་འབྱུང་ཞིང༌། མཐར་ཐུག་སངས་རྒྱས་ཀྱི་སྐུ་ཐོབ་པ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་བཤད་པས། དེ་འདྲ་བ་ཐོབ་པའི་ཐབས་ཅིག་ཞུ་ཟེར་བས། དེས་དེ་ལ་ས་རྐོ་བ་དང་འཚོང་བ་ལ་སོགས་པའི་འཇིག་རྟེན་པའི་ལས་ནུས་སམ་གསུངས་པས། དེ་འདྲ་བ་གང་ཡང་མི་ནུས་ཟེར་བས། འོ་ན་སྟན་ཐོག་གཅིག་ཏུ་བསྡད་ནས་སྒོམ་ནུས་སམ་གསུངས་པས། ནུས་ཟེར་ནས་དེ་བདེ་མཆོག་ཏུ་དབང་བསྐུར་ནས་ཚོགས་དྲུག་རང་གསལ་གྱི་གདམས་པ་འདི་གནང་ངོ༌། །སྣ་ཚོགས་སྣང་བ་སེམས་ཀྱི་རང་བཞིན་ལས། །འགའ་ཡང་གུད་ན་ཡོད་པ་མ་ཡིན་པས། །ཚོགས་དྲུག་ཡུལ་ལ་རང་སར་བཞག་པར་བྱ། །མ་ཞེན་མི་འགེགས་དེ་ཡི་ངང་ལ་ཞོག །ཅེས་གསུངས་པས་དེས་བསྒོམས་པས་ཟླ་བ་དྲུག་ནས་གྲུབ་པ་ཐོབ་སྟེ། བླ་མ་ཨ་ནཾ་ག་པར་གྲགས་ཤིང་འགྲོ་དོན་མང་དུ་བྱས་ནས། མཐར་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ཨ་ནཾ་གའི་ལོ་རྒྱུས་རྫོགས་སོ།། ༨༡ །།གུ་རུ་ལཀྵྨཱི་ཀ་རའི་ལོ་རྒྱུས་ནི། ཡུལ་ཨུ་རྒྱན་གྱི་སམ་བྷོ་ལ་ཞེས་པ་གྲོང་ཁྱེར་འབུམ་མཚོ་ཕྱེད་དང་གསུམ་གྱི་རྒྱལ་པོ་ཨིནྡྲ་བོ་དྷིའི་ལྕམ་མོ་ཡིན་ལ། དེ་གཞོན་ནུ་ནས་རིགས་སད་པའི་ཡོན་ཏན་དུ་མ་མངའ་ཞིང༌། གྲུབ་ཆེན་ལྭ་བ་པ་སོགས་ལས་ཆོས་ཀྱང་མང་དུ་གསན་ཅིང་རྒྱུད་སྡེ་མང་པོ་ཡང་མཁྱེན་པ་ལས། དེ་ལངྐའི་རྒྱལ་པོ་ཛ་ལེནྡྲའི་བུ་སམ་པོ་ལ་བྱ་བའི་ཆུང་མར་བླངས་པས། རང་གི་མིང་པོ་རྒྱལ་པོ་ཨིནྡྲ་བོ་དྷིས་ཀྱང་བྱིན་པར་བྱས་ཏེ། ལེན་པའི་ཕོ་ཉ་འབྱུང་བ་ན་འཁོར་ཆོས་ཤེས་པ་མང་པོ་དང་བཅས་ཏེ་ནོར་རྫས་ཟད་པ་མེད་པར་བསྐུར་ནས་གྲོང་ཁྱེར་ལངྐ་པུ་རར་བྱོན་པས། གཟའ་སྐར་ངན་ཟེར་ནས་རྒྱལ་སར་སྤྱན་མ་དྲངས་པའི་དུས་སུ། ལྕམ་གྱིས་སྐྱེ་བོ་དག་གཟིགས་པས། ཐམས་ཅད་ཕྱི་པར་འདུག་ནས་ཐུགས་སྐྱོ་བའི་ཚེ། རྒྱལ་
བུ་དེའི་འཁོར་རྣམས་ཀྱིས་ཤ་མང་པོ་ཁྱེར་ཏེ་ལིངས་ལ་ལོག་ནས་དེའི་མདུན་མར་འོངས་པས། ལྕམ་ན་རེ། འདི་ཀུན་སུ་ཡིན་ཅི་བསད། གང་ནས་འོང༌། གང་པ་ཡིན་གསུངས་པས། ལིངས་ལ་ཕྱིན་པ་ཡིན། ཁྱོད་ཀྱི་རྒྱལ་པོས་རི་དྭགས་གསོད་དུ་བཏང་བ་ཡིན་བྱས་པས་ལྟོ་འགྲངས་པ་ལ་ཁ་ཟས་ཀྱི་གཏམ་བཏང་བ་ལྟར་ཤིན་ཏུ་ཡང་ཐུགས་ལོག་སྟེ། ངའི་མིང་པོ་དེ་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པ་ལ། མུ་སྟེགས་འདི་འདྲ་བ་ལ་ང་བཏང་བ་སྙམ་ནས་དེ་ཉིད་དུ་བརྒྱལ་ལོ། །དེ་ནས་བརྒྱལ་བ་སངས་པ་དང་གྲོང་ཁྱེར་པ་དེ་རྣམས་ལ་ནོར་རྣམས་བྱིན། འཁོར་ཀུན་ལ་རྒྱན་ཆ་བསྐུར་ནས་ཡུལ་དུ་བཟློག དེ་ནས་དེ་མན་ཆད་ཞག་བཅུ་རུ་སུ་ཡང་མ་གཏོང་ཞིག་ཟེར་ནས། ཁང་པ་གཅིག་ཏུ་བཞུགས་ཏེ་ལུས་ལ་མར་ནག་དང་སོལ་བ་བྱུགས། སྐྲ་བཤིག གཅེར་བུར་ཕྱུང་ནས་སྨྱོ་རྫུན་བྱེད་ཅིང་སྙིང་པོའི་དོན་ལས་མ་གཡོས་པར་བཞུགས་པས། དེའི་རྒྱལ་པོ་ལ་སོགས་པ་མྱ་ངན་གྱིས་ནོན་ནས་སྨན་པ་ལ་སོགས་པས་སྨན་གྱི་སྦྱོར་བ་བྱེད་པར་བྱས་པས། དེར་སུ་འོངས་པ་ལ་རྡེག་འཚོགས་ཁྲོ་འཕྱང་འཕག་པ་ན། དེ་རྣམས་ཀྱིས་མིང་པོ་ཅན་དུ་ཕོ་ཉ་བཏང་བས། དེ་ཐུགས་བདེ་བར་གནས་ཏེ། འཁོར་བ་ལ་ཐུགས་ལོག་པ་ཡིན་ཏེ་འོང་སྙམ་དུ་དགོངས་སོ། །ལྕམ་གྱིས་དེ་མན་ཆད་སྨྱོན་མའི་བརྟུལ་ཞུགས་ཀྱིས་གནས་ནས། ལངྐ་པུ་རར་ཟས་ཀྱི་ལྷག་མ་ཟ་ཞིང་དུར་ཁྲོད་དུ་ཉལ་ནས་སྙིང་པོའི་ཆོས་ཉམས་སུ་བླངས་པས། ལོ་བདུན་ནས་གྲུབ་པ་ཐོབ་ཅིང་རྒྱལ་པོ་དེའི་ཕྱག་དར་བ་ཞིག་གིས་ལྕམ་ལ་བསྙེན་བཀུར་བྱས་པས། དེ་ལ་ཡང་གདམས་པ་གནང་ནས་ཡོན་ཏན་ཐོབ་པས། དེས་ཡོན་ཏན་རྟོགས་ལ་གཞན་གྱིས་མ་ཚོར་བའི་དུས་སུ་རྒྱལ་པོ་ཛ་ལེནྡྲ་འཁོར་དང་བཅས་པ་ལིངས་ལ་བྱོན་པ་ན་ནམ་ཚོང་མ་རིག་སྟེ། དེ་ཉིད་ལ་རྒྱལ་པོ་གཉིད་དུ་སོང་བས། དེ་ནས་ཕྱིན་པས་ལམ་ལོག་པར་འཁྱམས་ཏེ། དེ་དགོངས་ཡུལ་དུ་ལོག་མ་ནུས་པས་ཉལ་ས་མེད་དེ་ལཀྵྨཱི་ཀ་ར་ཉལ་བའི་ཕུག་ཏུ་ཕྱིན་ནས། སྨྱོན་མ་འདི་ཅི་རང་བྱེད་དམ་སྙམ་བལྟས་པས། དེ་ནི་རང་ལུས་ལས་འོད་འཕྲོ་བས་གནས་པ་ལ། ཕྱོགས་ཐམས་ཅད་ན་ལྷའི་བུ་མོ་དཔག་ཏུ་མེད་པས་བསྐོར་ནས་མཆོད་པ་བྱེད་
པར་མཐོང་བས། དད་པ་ཡང་དག་པར་སྐྱེས་ཏེ་དགོང་ཀ་དེར་བསྡད་ནས་ཕྱི་དེ་ཡུལ་དུ་ཕྱིན། སླར་ལོག་སྟེ་ཕྱག་བྱས་པས། ང་འདྲ་བའི་བུད་མེད་ལ་ཕྱག་བྱེད་པ་ཅི་སྟེ་བྱས་པས། ཡོན་ཏན་ཡོད་པས་ན་གདམས་པ་ཞུ་བྱས་པས། དེས་དེ་ལ། འཁོར་བའི་སེམས་ཅན་ཐམས་ཅད་སྡུག་བསྔལ་བཅས། །བདེ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ། །དེ་ཡང་སྐྱེ་རྒ་ན་འཆི་ལ་སོགས་པས། །འགྲོ་བའི་གཙོ་བོ་ལྷ་མི་དག་ཀྱང་གདུངས། །ངན་སོང་གསུམ་ནི་སྡུག་བསྔལ་ཉིད་ཡིན་ཏེ། །ཕན་ཚུན་ཟ་ཞིང་བཀྲེས་པས་རྟག་ཏུ་ཉེན། །ཚ་ཞིང་གྲང་བས་ཉན་པ་དཔག་ཏུ་མེད། །དེས་ན་རྒྱལ་པོ་ཐར་པའི་བདེ་ཆེན་ཚོལ། །ཞེས་གསུངས་པའི་མཐར་ཁྱོད་ང་ཡི་གདུལ་བྱ་མ་ཡིན་གྱི། ཁྱེད་རང་གི་ཕྱག་དར་བ་ངའི་སློབ་མ་ཞིག་གྲུབ་པ་ཐོབ་ནས་ཡོད་པས། དེ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན་ནོ་གསུངས་པས། དེ་མང་དུ་ཡོད་པས་ཇི་ལྟར་ཤེས་པ་ཡིན་ཟེར་བས། དེ་ན་ཕྱག་དར་བྱས་ནས་བཟའ་བ་སེམས་ཅན་ལ་སྟེར་བ་ཡིན་པས་དེ་ལ་མཚན་མར་ཟུང་ཞིག་གསུངས་པས། དེས་ཀྱང་ལེགས་པར་ཕྱག་དར་བ་ལ་བལྟས་པས་གཅིག་དེ་ལྟར་བྱེད་པས། དེ་སྤྱན་དྲངས་ཏེ་ཁྲི་ལ་བཞག་ནས་ཕྱག་བྱས་གདམས་པ་ཞུས་པས་བྱིན་རླབས་འཕོ་བའི་དབང་བསྐུར་ཏེ། རྡོ་རྗེ་ཕག་མོའི་བསྐྱེད་རྫོགས་གཉིས་བསྟན་ནས། ཕྱག་དར་བ་དང་ལྕམ་གཉིས་ཀྱིས་ལང་ཀ་པུ་རིར་རྫུ་འཕྲུལ་བསྟན་ཏེ། ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ལཀྵྨཱི་ཀ་རའི་ལོ་རྒྱུས་རྫོགས་སོ།། ༨༢ །།གུ་རུ་ས་མུ་དྲའི་ལོ་རྒྱུས་ནི། ཡུལ་སརྦ་ཌཱི་ར་བྱ་བ་ན་རིགས་ངན་ཞིག་རྒྱ་མཚོ་ནས་ནོར་བུ་བླངས་ཀྱིན་བཙོངས་ནས་འཚོ་བ་ལ། དུས་གཅིག་ན་དེ་ཡང་མ་རྙེད་ནས་འཚོ་བ་ཆད་པས་སྐྱོ་བ་སྐྱེས་ཏེ་དུར་ཁྲོད་དུ་བསྡད་པས། རྣལ་འབྱོར་པ་ཨ་ཙིནྟ་བྱོན་ནས་དེ་ལ་དྲིས་པས། ཁྱོད་འདི་ན་ཅི་བྱེད་ཅིང་འདུག་གསུངས་པས། དེས་སྔར་གྱི་གཏམ་དེ་བདེན་པར་སྨྲས་པས། དེས་འཁོར་བའི་སེམས་ཅན་ལ་སྡུག་བསྔལ་དཔག་ཏུ་མེད་པ་ཡོད་ཅིང༌། ཁྱོད་ཀྱིས་སྔ་མ་ཡན་ཆད་ཀྱང་སྡུག་བསྔལ་མི་བཟོད་པ་དྲག་པོ་དག་མྱོང་ལ། ད་དུང་སྡུག་བསྔལ་མ་ཡིན་པ་བདེ་བ་སྐད་ཅིག་ཀྱང་མི་འོང་
གསུངས་པས། རྣལ་འབྱོར་པ་སྡུག་བསྔལ་ལས་ཐར་པའི་ཐབས་ཅིག་ཅིས་ཀྱང་ཞུ་ཟེར་བས། དེས་ཀྱང་དབང་བསྐུར་ཏེ་ཕྱི་ཚད་མེད་བཞི། ནང་དགའ་བཞིའི་གདམས་པ་གནང་སྟེ། བྱམས་དང་སྙིང་རྗེ་དགའ་བ་དང༌། །བཏང་སྙོམས་ཚད་མེད་བཞི་པོ་ཡིས། །འཇིག་རྟེན་ཆོས་བརྒྱད་ཆ་སྙོམས་ནས། །དབུས་ནས་བདེ་རྒྱུན་འབབ་བྱས་ཏེ། །འཁོར་ལོ་བཞི་ལ་དགའ་བ་བཞི། །བདེ་སྟོང་དབྱེར་མེད་རྣམ་པ་ཅན། །ཡང་དག་པར་ནི་བསྒོམ་བྱས་ན། །བདེ་བ་ཟག་མེད་འབའ་ཞིག་ལས། །སྡུག་བསྔལ་སྐད་ཅིག་ཙམ་མི་སྲིད། །ཅེས་གསུངས་པ་གོ་ནས་བསྒོམས་པས། ལོ་གསུམ་ན་གྲུབ་པ་ཐོབ་སྟེ་ཕྱོགས་ཐམས་ཅད་དུ་བླ་མ་ས་མུ་དྲ་བྱ་བར་གྲགས་ཤིང༌། དེས་རྟོགས་པ་བརྗོད་ཅིང་འགྲོ་དོན་བྱས་ནས། འཁོར་བརྒྱད་བརྒྱ་དང་བཅས་མཁའ་སྤྱོད་དུ་གཤེགས་སོ། །གུ་རུ་ས་མུ་དྲའི་ལོ་རྒྱུས་རྫོགས་སོ།། ༨༣ །།གུ་རུ་བྱཱ་ལི་པའི་ལོ་རྒྱུས་ནི། ཡུལ་ཨ་པ་ཏྲ་ར་ཞེས་པ་ན། བྱཱ་ལི་པ་བྱ་བའི་བྲམ་ཟེ་ཞིག་ལ་ནོར་མང་དུ་ཡོད་ལ། བདུད་རྩིའི་ཉམས་ལེན་བྱེད་ཅིང་དངུལ་ཆུ་མང་དུ་ཉོས་བཏུལ་བས་སྨན་རྣམས་འཇུག་པ་ཡིན་ལ། སྨན་གཅིག་མ་ཤེས་ནས་གྲུབ་རྟགས་འབྱུང་དུ་མ་འདོད་པ་དང༌། དེ་ཁྲོས་ནས་དཔེ་བུམ་དེ་གངྒཱ་ལ་བསྐྱུར་ནས་བཏང་ངོ༌། །ཁོའི་ནོར་ཡང་ལོ་བཅུ་གསུམ་དུ་བསྒྲུབས་པས་ཟད་དེ། གྲོང་ཁྱེར་ལ་མར་བསོད་སྙོམས་ལ་བྱོན་ནས། རྒྱལ་པོ་ར་མའི་གཙུག་ལག་ཁང་ཡོད་པའི་གྲོང་ཁྱེར་ལ་ཕྱིན་པས། དེ་ན་དཱ་རི་མོ་ཞིག་གིས་གངྒཱའི་འགྲམ་དུ་ཁྲུས་ལ་ཕྱིན་པས་དེས་དཔེ་བུམ་དེ་རྙེད་ནས་བྲམ་ཟེ་དེ་ལ་བསྟན་པས། ཁོའི་སྔར་གྱི་སྨན་ཡིག་ཏུ་འདུག་ནས་བགད་པས། ཅི་ཟེར་བས། སྔར་གྱི་ལོ་རྒྱུས་བསྙད་པས་ད་དུང་ང་ལ་གསེར་ཁལ་གཅིག་ལ་སོགས་པ་ཡོད་པས་སྒྲུབ་པ་བྱ་དགོས་ཟེར། དེས་སྔར་ཡང་འདིས་བསླུས་ནས་འདི་ལ་ཐུག་པ་ཡིན། ཅང་ཡོད་དེ་བྱས་པས་བྲམ་ཟེ་ལ་རང་དབང་མེད་པར་གྱིས་ཟེར་ནས་དངུལ་ཆུ་མང་ཆུ་ཉོས་ཏེ་ལོ་གཅིག་ཏུ་བསྒྲུབས་པས། སྐྱུ་རུ་ར་དམར་པོ་བྱ་བ་མ་ཤེས་ནས་རྟགས་འབྱུང་དུ་མ་འདོད་པ་ན། དཱ་རི་མོ་དེས་ཁྲུས་བྱས་པས་རང་བྱུང་གི་མེ་ཏོག་སོར་མོ་ལ་འབྱར་བ་དེས་སྤྲུགས་པ་ན། དེའི་ཟེགས་མ་སྨན་ནང་དུ་
ལྷུངས་པས་དེ་མ་ཐག་རྟགས་རྣམས་བྱུང་བ་དང༌། བྲམ་ཟེས་མོ་ལ་དྲིས་པས་འདི་འདྲ་བའི་ཟེར་མ་སོང་བ་ཡིན་ནམ། གཞན་བཅུག་པ་མེད་བྱས་པས་དགའོ། །དཱ་རི་མོ་དེས་བྲམ་ཟེའི་བཟའ་བཏུང་ལ་ཏིག་ཏ་བཏབ་ནས་བྱིན་པས། སྔར་གྱི་དུས་སུ་མ་ཚོར་བ་ལ། དེའི་ཞག་གཅིག་ཚོར་བས། དཱ་རི་མོས་གྲུབ་པ་མ་བྱས་པས། རྒྱུ་མཚན་ཅི་ཟེར་རོ། །སྔར་བཟའ་བཏུང་ལ་ཏིག་ཏ་བཏབ་པ་མི་ཚོར་བ་ལ་དེ་རིང་ཚོར་བས་སོ་བྱས་པས། དེ་ན་རེ། དེ་ཡང་གྲུབ་པའི་རྟགས་ནི་འདི་ཡིན་ཏེ། གཡས་སུ་འཁོར་བ་དང་བཀྲ་ཤིས་པའི་རྟགས་བརྒྱད་ལ་སོགས་པ་འབྱུང་བའོ་བྱས་པས། དེས་བཀྲ་ཤིས་རྒྱ་ཆེན་པོ་བྱས་ཏེ། བྲམ་ཟེ། དཱ་རི་མོ། རྟ་རྒོད་མ་ཅིག་དང་གསུམ་གྱིས་ཟོས་པས། དེ་གསུམ་གྱིས་འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་ཐོབ་སྟེ། གདམས་པ་ལ་ཕྲག་དོག་བྱས་ནས་སུ་ལ་ཡང་མི་སྟེར་པའི་ཕྱིར། ལྷ་ཡུལ་དུ་ཕྱིན་པས་ལྷ་ཀུན་གྱིས་མ་བསྙེན་ནས། དེས་རྒྱལ་པོ་ཀི་ལམ་པར་བྱ་བའི་ཡུལ་དུ་ཕྱིན་ནས་གནས་ཏེ། དེ་ནི་བྲག་དཔངས་སུ་དཔག་ཚད་བརྒྱ་དང༌། རྒྱར་རྒྱང་གྲགས་བཅུ་ཡོད་ལ། མཐའ་མ་འདམ་གྱིས་བསྐོར་བ། དེའི་སྟེང་ན་ཤིང་དྲུང་གཅིག་ཡོད་པས་དེའི་གྲིབ་མ་ལ་གནས་པར་བྱེད་དོ། །དེ་ནས་སྨན་དེའི་མན་ངག་རྒྱུན་ཆད་ནས་མེད་པ་ན། འཕགས་པ་ཀླུ་སྒྲུབ་ཀྱིས་མཁའ་སྤྱོད་བསྒྲུབས་ནས་དེར་བྱོན་ཏེ། ལྷྭམ་ཡ་གཅིག་སྦས་ཡ་གཅིག་བསྣམས་ནས་ཕྱག་བྱས་ཏེ་གདམས་པ་ཞུས་པས་འདིར་གཙུག་བྱས་འོངས་ཟེར། མཆིལ་ལྷྭམ་འདིའི་མཐུ་ལ་བརྟེན་ནས་འདིར་འོངས་པ་ལགས་གསུངས་པས། དེས་གདམས་ངག་བྱིན་ཏེ། ད་ང་ལ་ཡོན་དུ་ལྷྭམ་དེ་ཕུལ་ཅིག་ཟེར་བས། དེ་ཕུལ་ནས་ཡ་གཅིག་སྦས་པ་དེ་བསྣམས་ནས། སླར་འཛམ་བུའི་གླིང་དུ་བྱོན་ནས། དཔལ་གྱི་རིར་སྒྲུབ་པ་མཛད་དེ་འགྲོ་བ་ལ་ཕན་བཏགས་སོ། །དེས་ན་སེར་སྣ་ལ་སོགས་པ་ཉོན་མོངས་པ་གང་རྒྱུད་ལ་ཡོད་པ་དེ་ལ་ཡོན་ཏན་བླང་མི་ནུས་ཤིང༌། ཡོན་ཏན་ཡང་དག་བརྒྱུད་ལ་མི་སྐྱེ་བས་ན་བླ་མའི་མན་ངག་དང་ལྡན་པ་གལ་ཆེ་བ་ཡིན་གསུང་ངོ༌། །གུ་རུ་བྱཱ་ལི་པའི་ལོ་རྒྱུས་རྫོགས་སོ།། ༨༤ །།ཇི་ལྟར་འཇིག་རྟེན་གྲགས་པ་ལཱུ་ཡི་པ་སོགས་གྲུབ་ཐོབ་བརྒྱད་
ཅུ་རྩ་བཞིའི་ལོ་རྒྱུས་གང༌། །རིགས་མཆོག་རྨད་བྱུང་མ་ག་དྷཱར་འཁྲུངས་ཡང་དག་ཡོན་ཏན་གྱིས་བརྒྱན་མི་འཇིགས་པ་དཔལ་གྱི། །མགུར་གྱི་བུམ་པ་ལས་བྱུང་བཞིན་དུ་བདག་གིས་ཡང་དག་དེ་རྣམས་ལེགས་བརྒྱུས་བསོད་ནམས་དེས། །དུག་གིས་མནར་རྣམས་འཚོ་བྱེད་བླ་མས་ཟིན་ནས་དུག་ཉིད་སྨན་གྱི་ངོ་བོར་རྟོགས་པར་ཤོག །གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ལོ་རྒྱུས་རྒྱ་གར་ཙ་མ་པརྞའི་བླ་མ་ཆེན་པོ་མི་འཇིགས་པ་སྦྱིན་པ་དཔལ་གྱི་ཞལ་ནས་གསུངས་པ་ལྟར་དགེ་སློང་སྨོན་གྲུབ་ཤེས་རབ་ཀྱིས་ལེགས་པར་བསྒྱུར་བའོ། །དགེའོ།། །།ཨོཾ་སྭསྟི། སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྡུས་པའི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྟོགས་པ་བརྗོད་པ་ལ་གོ་རིམ། གྲུབ་ཆེན་ལཱུ«༡»་ཧི་པ།«་་་་་ཉ་ལྟོ་ཞབས།» ལཱི་ལ«༢»་་པ།«་་་་་གྒེག་པའི་ཞབས།» བི་རཱུ«༣»་པ།«་་་་་ངན་པའི་ཞབས།» ཌོ་མྦཱི་པ«༤»།«་་་་་གཡུང་མོ་ཞབས།» ཤ་བ་རི་པ«༥»།«་་་་་རི་ཁྲོད་ཞབས།» ས་ར་ཧ་པ«༦»།«་་་་་མདའ་བསྣུན་ཞབས།» ཀངྐ་རི་པ«༧»།«་་་་་ཀེང་རུས་ཞབས།» མཱི་ན་པ«༨»།«་་་་་ཉ་པའི་ཞབས།» གོ་རཀྵ«༩»།«་་་་་བ་གླང་སྲུང༌།» ཙཽ་རཱངྒེ«༡༠»།«་་་་་རྐུན་པོ་ཅན།» བཱི་ཎ་པ«༡༡»།«་་་་་པི་ཝང་ཞབས།» ཤཱནྟི་པ«༡༢»།«་་་་་ཞི་བའི་ཞབས།» ཏནྟྲཱི་པ«༡༣»།«་་་་་ཐགས་མཁན་ཞབས།» ཙ་མ་རི་པ«༡༤»།«་་་་་ལྷྭམ་མཁན་ཞབས།» ཁཌྒ་པ«༡༥»།«་་་་་རལ་གྲི་ཞབས།» ནཱ་གཱ་རྫུ«༡༦»་ན།«་་་་་ཀླུ་སྒྲུབ་ཞབས།» ཀཧྞ་པ«༡༧»།«་་་་་ནག་པོ་ཞབས།» ཀརྞ་རི་པའམ་ཨཱརྻ«༡༨»་དེ་ཝ།«་་་་་ཀ་ཎ་རི་ཞར་འཛིན།» ཐ་ཀ«༡༩»་ན«་་་་་མི་མཆོག་ཞབས།» ཤྱཱ་ལི་པ«༢༠»།«་་་་་སྤྱང་ཀིའི་ཞབས།» ཏཻ་ལོ་པ«༢༢»།«་་་་་ཏིལ་རྡུང་ཞབས།» ཙ་ཏ་པ«༢༣»།«་་་་་སྤོང་མཁན་ཞབས།» བྷ་དྲ་པ«༢༤»།«་་་་་བཟང་པོའི་ཞབས།» དྷུ་ཁནྡྷི་པ«༢༥»།«་་་་་ལེགས་སྦྱར་ལ་དྭི་ཁཎྜ་སྟེ་གཉིས་གཅོད་ཞབས།» ཨ་ཛོ་གི«༢༦»།«་་་་་ལེ་ལོ་ཅན།» ཀ་ལ་པ«༢༧»།«་་་་་སྨྱོན་པའི་ཞབས།» དྷོ་བི་པ«༢༨»།«་་་་་གོས་འཁྲུད་ཞབས།» ཀཾ་ཀི་ནཱི«༢༩»།«་་་་་ཀངྐ་ཎཱི་ཟུར་ཆག་པ་རྐང་གདུབ་ཞབས།» ཀམྦ་ལ«༣༠»།«་་་་་ལཱ་བ་པ།» ཌེངྒི་པ«༣༡»།«་་་་་འབྲས་བརྡུང་ཞབས།» བྷནྡྷེ་པ«༣༢»།«་་་་་ལེགས་སྦྱར་སྐད་དུ་པིཎྜོ་པ་སྟེ་བསོད་སྙོམས་ཞབས་སམ་བནྡྷེ་པ་ནོར་འཛིན།» ཏནྟི་པ«༣༣»།«་་་་་ཆོ་ལོ་མཁན་ཞབས།» ཀུཀྐུ་རི་པ«༣༤»།«་་་་་ཁྱི་མོ་ཅན་ཞབས།» ཀུ་ཙི་པ«༣༥»།«་་་་་ཀུབྫ་སྟེ་སྒུར་པོ་ཞབས།» དྷ་མ་པ«༣༦»།«་་་་་སྒྲ་སྦྱོར་ཞབས།» མ་ཧི་ལ་པ«༣༧»།«་་་་་ཆེན་པོ་ཞབས།» ཨ་ཙིནྟ«༣༨»།«་་་་་བསམ་དུ་མེད་པ།» བ་བྷ་ཧ«༣༩»།«་་་་་ཆུ་ལས་འོ་མ་ལེན་པའམ་བྷ་བ་ཧ་སྲིད་བསྣུན།» ན་ལི་པ«༤༠»།«་་་་་པདྨའི་སྡོང་བུ་སྤྱོད་པའི་ཞབས།» བྷུ་སུ་ཀུ«༤༡»་སྟེ་ཞི་བ་ལྷ།«་་་་་འདུ་ཤེས་གསུམ་པ།»
ཨིནྡྲ་བྷཱུ«༤༢»ཏི།«་་་་་དབང་པོའི་འབྱོར་པ།» མེ་ཀོ་པ«༤༣»།«་་་་་འཇིགས་འཇིགས་སུ་ལྟ་བ།» ཀོ་ཊ་ལི་པ«༤༤»།«་་་་་ཏོག་ཙེ་པ།» ཀམྤ་རི་པ«༤༥»།«་་་་་རིག་འཛིན་ཞབས།» ཛ་ལནྡྷ་ར་«༤༦»པ།«་་་་་ཆུ་འཛིན་ཞབས།» རཱ་ཧུ་ལ«༤༧»།«་་་་་སྒྲ་གཅན་འཛིན་ཞབས།» དྷརྨ་པ«༤༨»།«་་་་་ཆོས་ཀྱི་ཞབས།» དྷོ་ཀ་རི་པ«༤༩»།«་་་་་རྫ་སྣོད་ཞབས།» མེ་དྷི་ན«༥༠»།«་་་་་ཞིང་ལས་ཅན།» པངྐ«༥༡»ཛ།«་་་་་འདམ་སྐྱེས།» གྷཱཎྜ་པ«༥༢»།«་་་་་དྲིལ་བུའི་ཞབས།» ཛོ་ཀི་པ«༥༣»།«་་་་་རྣལ་འབྱོར་པ།» ཙ་ལུ་ཀི«༥༤»།«་་་་་གཉིད་ཆེ་བ།» གུ་དྷུ་རི་པ«༥༥»།«་་་་་བྱ་རྔོན་ཞབས།» ལུ་ཙི་ཀ་པ«༥༦»།«་་་་་ཀོག་ལངས་མཁན་ཟེར།» ན་གུ་ཎ«༥༧»།«་་་་་ཡོན་ཏན་མེད་པ།» ཛ་ཡཱ་ནནྡ«༥༨»།«་་་་་རྒྱལ་བ་ཀུན་དགའ།» པ་ཙ་རི་པ«༥༩»།«་་་་་འཚོད་མཁན་པ།» ཙམྤ་ཀ«༦༠»།«་་་་་ཙམྤ་ཀ་པ།» བྷིཀྵ་ཎ«༦༡»།«་་་་་བསོད་སྙོམས་པ།» དྷི་ལི་པ«༦༢»།«་་་་་མར་ནག་འཚོང་བའི་ཞབས།» ཀུམྦྷ་རི་པ«༦༣»།«་་་་་རྫ་མཁན་ཞབས།» ཙརྦ་རི«༦༤»།«་་་་་སྤྱོད་གོས་པ།» «རྣལ་འབྱོར་མ།་་་་་»མ་ཎི་བྷ་«༦༥»དྲཱ།«་་་་་ནོར་བུ་བཟང་མོ།» «རྣལ་འབྱོར་མ།་་་་་»མེ་ཁ་ལཱི།«༦༦་་་་་སྐེ་རགས་ཅན།» «རྣལ་འབྱོར་མ།་་་་་»ཀ་ན་ཁ«༦༧»་ལཱ།«་་་་་ཀ་ཎཱ་ཁ་ལ་སྟེ་ཟེགས་མའི་གཡུལ།» ཀི་ལ་པའམ་ཀི་ལི་ཀི«༦༨»་ལི།«་་་་་ཀུ་ཅོ་ཅན་ཞབས།» ཀནྟ«༦༩»་ལ་པ།«་་་་་ཀནྠ་ལི་པ་སྟེ་གོས་ཧྲུལ་ཅན་ཞབས།» དྷཱ་གུ་ལི།«༧༠་་་་་དྷཱ་གུ་རི་པ་སྟེ་རྩྭ་ཐག་མཁན་ཞབས།» ཨུ་དྷི་ལི་པ«༧༡»།«་་་་་ཨོ་ཌཱི་ལི་པ་སྟེ་འཕུར་བའི་ཞབས།» ཀ་པཱ་ལི་པ«༧༢»།«་་་་་ཐོད་པ་ཅན་ཞབས།» ཀི་ར་པཱ་ལ་པ«༧༣»།«་་་་་གཡེངས་བྱེད་ཞབས།» ས་ཀ་ར«༧༤»།«་་་་་ས་རོ་རུ་ཧ་སྟེ་མཚོ་སྐྱེས།» སརྦ་བྷཀྵ«༧༥»།«་་་་་ཐམས་ཅད་ཟ།» ནཱ«༧༦»་ག་བོ་དྷི།«་་་་་ཀླུའི་བྱང་ཆུབ།» དཱ་རི་ཀ«༧༧»་པ།«་་་་་ཆུང་མ་ཅན་ཞབས།» པུ་ཏ་ལི་«༧༨»པ།«་་་་་པུ་ཏྲ་ལི་སྟེ་སྐུ་བརྙན་པ་ཞབས།» པ་ན་ཧ«༧༩»་པ།«་་་་་ཨུ་པ་ན་ཧ་ཟུར་ཆག་པ་སྟེ་ལྷྭམ་མཁན་ཞབས།» ཀོ་ཀི་ལི་པ«༨༠»།«་་་་་ཁུ་བྱུག་ཞབས།» ཨ་ནངྒ«༨༡»་པ།«་་་་་ལུས་མེད་ཞབས།» «།རྣལ་འབྱོར་མ།་་་་་»ལཀྵྨཱི་ཀ«༨༢»་ར།«་་་་་དཔལ་མཛད་མ།» ས་མུ་དྲ་པ«༨༣»།«་་་་་རྒྱ་མཚོའི་ཞབས།» བྱ་ལི་པ«༨༤»།«་་་་་སྟག་ཅན་ནམ་སྦྲུལ་ཅན་ཞབས།» རྣམས་སོ། །དེ་ལྟར་ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ། མོ་རྟོགས་ཤིང་གྲུབ་པ་བརྙེས་པ་བཞི་སྟེ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སོ་སོའི་རྣམ་ཐར་རྒྱས་པ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་བསྒྲིགས་པའི་ལོ་རྒྱུས་ལས་ཤེས་ཤིང༌། གཡུང་དྲུང་རྟགས་ཅན་རྣམས་རབ་བྱུང་དང༌། དེ་འཕྲོས་ཐམས་ཅད་རྣལ་འབྱོར་པའི་ཆ་བྱད་ཅན་ཡིན་ཅིང༌། བྲིས་སྐུ་འབྲི་ན་སྔོན་གྱི་བྲིས་རྒྱུན་ཚད་ལྡན་ལ་བརྟེན་པའམ། རྣམ་ཐར་དང་བསྟུན་ནས་གྲུབ་པ་བརྙེས་ཚུལ་གྱི་སྐུའི་རྣམ་འགྱུར་མི་འདྲ་བ་སོ་སོར་མ་འདྲེས་པར་བྲི་བར་བྱའོ།། །།མངྒ་ལཾ།། །།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་རྡོ་རྗེའི་གླུ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་རྡོ་རྗེའི་གླུ་བཞུགས་སོ།།
རྒྱ་གར་སྐད་དུ། ཙ་ཏུར་ཤཱི་ཏི་བ་བོ་དྷཱ་ཧྲྀ་དཱ་ཡ་ནཱ་མ། བོད་སྐད་དུ། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ཞེས་བྱ་བ་དཔལ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཡང་དག་དོན་རྟོགས་སངས་རྒྱས་དང་འདྲ་གྲུབ་པའི་ཞབས་ལ་གུས་བཏུད་ནས། །གང་ཞིག་སེམས་ཅན་འཁོར་བའི་རྒྱ་མཚོར་མི་དགེའི་ལས་ཀྱི་ཆུ་སྲིན་གྱིས། །རབ་ཏུ་གཡེངས་ཤིང་ཁྲིད་གྱུར་དེ་དག་གདོན་ཕྱིར་རྣལ་འབྱོར་དཔའ་བོ་ཡིས། །གྲུབ་པ་དག་གི་ཉམས་མྱོང་རྟོགས་པའི་ལྟ་བ་ཕྲེང་བར་བསྡེབ་པར་བྱ། །གུ་རུ་ལཱུ་ཧི་པའི་ཞལ་ནས། ཁྱི་རྒོད་མི་སྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྐལ་མེད་རྣམས་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེགས། །སྐལ་ལྡན་སྐྱེ་མེད་རྟོགས་པ་རྣམས་ནི་སྣང་བ་ཐུག་ཕྲད་ཙམ་གྱིས་རྣམ་རྟོག་འཇོམས། །དཔེར་ན་གླང་ཆེན་རབ་ཏུ་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །གུ་རུ་ལཱི་ལ་པའི་ཞལ་ནས། ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན། །རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང༌། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་པོ་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །དེ་དག་མི་མཐུན་ཕྱོགས་ལས་འབྱེད། །ལཱི་ལས་དེ་ལྟར་རྟོགས་ནས་གྲོལ། །གུ་རུ་བི་རཱུ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་ངང་
ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རེག་བདག་མེད་རང་གི་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བ་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག །གུ་རུ་ཌོམྦྷི་པའི་ཞལ་ནས། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །གུ་རུ་ཤ་བ་རི་པའི་ཞལ་ནས། མ་རིག་པ་ཡི་ནགས་ཚལ་དུ། །གཟུང་འཛིན་གཉིས་ཀྱི་རི་དྭགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་བདུངས་ནས། །སྙིང་པོའི་དོན་གྱི་མདའ་གཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང༌། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །གུ་རུ་ས་ར་ཧའི་ཞལ་ནས། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་མེད་ལུས་ལ་རྒས་པ་མེད། །གུ་རུ་ཀཾ་ཀ་རིའི་ཞལ་ནས། ཇི་ལྟར་ནམ་མཁའ་སྟོང་པ་ལ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་དེ། །དཔེ་མེད་ཐ་སྙད་ཀུན་ལས་འདས། །གུ་རུ་མཱི་ན་པའི་ཞལ་ནས། ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་ལུས་ལ་རྟེན་བཅས་ནས། །ལྷ་ཆེན་གདམས་ངག་ཉམས་
བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མི་ནཱ་བ་ཞེས་གྲགས། །གུ་རུ་གོ་རཀྵའི་ཞལ་ནས། རིགས་ནི་མཆོག་དང་འབྲིང་དང་ཐ་མའང་རུང༌། །གནས་པའི་རྒྱུ་ལ་རྐྱེན་གྱི་སྟོབས་ལྡན་པས། །གེགས་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །ཙཽ་རཱངྒི་ལ་བྱང་སེམས་བསྙེན་བཀུར་བྱས། །དེ་རྐྱེན་སྟོབས་ཀྱིས་ཁམས་ཀྱི་ས་བོན་བཏབ། །ཨ་ཙིནྟ་ཡིས་འཆི་མེད་བདུད་རྩི་བསྟན། །གོ་རཀྵ་ཡིས་གཉིས་མེད་དེ་ཉིད་མཐོང༌། །སྲིད་གསུམ་བ་རྫིའི་རྒྱལ་པོ་ངོ་མཚར་ཆེ། །གུ་རུ་ཙཽ་རཱངྒའི་ཞལ་ནས། ཐོག་མེད་སྲིད་པ་ཡུན་རིང་དུ། །མ་རིག་སྡོང་པོའི་རྩ་བ་ལ། །འདུ་བྱེད་ཆུ་ཡིས་ལེགས་བརླན་ནས། །སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །མ་རིག་པ་ཡི་ཤིང་ཆེན་དེ། །བླ་མ་དམ་པའི་གདམས་ངག་དང༌། །ཤེས་རབ་གསུམ་གྱི་སྟེའུ་ཡིས། །ཙཽ་རཱངྒའི་ཡིས་དེ་རིང་བཅད།། ༡༠༽ ༈ །གུ་རུ་བཱི་ན་པའི་ཞལ་ནས། །ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །གུས་དང་བརྩོན་པས་སྤྱད་བྱས་ནས། །མ་སྐྱེས་སྐྱེ་མེད་སྒྲ་སྤྱད་པས། །བཱི་ན་པ་ཡིས་བདག་མེད་རྟོགས། །གུ་རུ་ཤཱནྟི་པའི་ཞལ་ནས། བུ་ཆུང་མ་ཡིས་གསོས་པ་ཡིས། །གྱད་ཀྱི་སྟོབས་དང་ལྡན་པ་བཞིན། །བློ་ཆུང་བླ་མའི་མན་ངག་གིས། །རིམ་གྱིས་ཁྲིད་པས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རྣམས་སྨན་གྱིས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པའི་ནད། །བླ་མའི་གདམས་པས་སྐད་ཅིག་སྲེག །གུ་རུ་ཏནྟྲཱི་པའི་ཞལ་ནས། འཇིག་རྟེན་པ་ཡི་ཐགས་མཁན་རྣམས། །སྣལ་མ་ཐམས་ཅད་ཐགས་སུ་བཏགས། །ང་ཡིས་བླ་མའི་མན་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་བཏགས། །ཡེ་ཤེས་ལྔ་ཡི་སྟོང་ཉིད་ནི། །སྣལ་མ་མན་ངག་སྟག་སོ་དང༌། །ཤེས་རབ་ཀྱི་ནི་སྒྲོམ་བུ་ཡིས། །དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། །གུ་རུ་ཙ་མ་རི་པའི་ཞལ་ནས། རྣམ་རྟོག་མཚན་མའི་ཀོ་བ་འདི། །སྟོང་ཉིད་སྙིང་རྗེའི་སྦངས་སུ་བཅུག །ཆོས་བརྒྱད་སྤངས་པའི་རྒྱུན་གྱིས་ནི། །ཤེས་རབ་ཉམས་མྱོང་སྙུང་བུས་བཙེམ། །ལྷུན་གྲུབ་ཆོས་སྐུའི་ལྷྭམ་བྱེད་པ། །ཙ་མ་རི་པ་ལྷྭམ་མཁན་མཆོག །གུ་རུ་ཁཌྒ་པའི་
ཞལ་ནས། །མཚོན་ཆ་མེད་པའི་དཔའ་བོ་ནི། །རྒྱུན་དུ་དགྲ་དང་གཡུལ་འགྱེད་ཀྱང༌། །བདག་ཉིད་དགྲ་ཡི་དབང་དུ་འགྱུར། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཁཌྒ་པ་ནི་ལོངས་སྤྱོད་བྱེད། །གུ་རུ་ནཱ་གཱརྫུ་ནའི་ཞལ་ནས། གང་གིས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་སྲིད་འབངས་ཀྱིས་བཟུང་བ་བཞིན། །རྟོགས་པས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་ཟིན་པ་འདྲ། །གུ་རུ་ཀཧྞ་པའི་ཞལ་ནས། ཤིང་རྟ་འཁོར་ལོ་བཞི་དང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན། །བྱ་རྒོད་རྩལ་རྫོགས་འདབ་གཤོག་རྒྱས་པ་དག་ནི་ནམ་མཁར་སྤྱོད་ཅིང་རྒྱུ། །སྐལ་བཟང་རྣལ་འབྱོར་རྣམས་ནི་དབང་གི་གདམས་ངག་ཁོང་དུ་ཆུད་པས་བདེ། །གུ་རུ་ཀརྞ་རི་པའི་ཞལ་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག །དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། །རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག །གོམས་པར་བྱས་ན་རྣལ་འབྱོར་མངོན་དུ་འགྱུར། །གུ་རུ་ཐ་ག་ནའི་ཞལ་ནས། གང་ཞིག་རྣ་བར་ཆུ་ཞུགས་ན། །ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཞིན་སྣང་སྲིད་བརྫུན་པ་ལ། །བརྫུན་པར་བསྒོམས་པས་བདེན་པ་མཐོང༌། །གུ་རུ་ནཱ་རོ་པའི་ཞལ་ནས། འཁོར་ལོས་སྒྱུར་རྒྱལ་དཔུང་ཚོགས་རྣམས་ཀྱིས་ནི། །གླིང་དང་གླིང་ཕྲན་རྣམས་ལ་དབང་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་རྙེད་རྣལ་འབྱོར་ནི། །འཁོར་བ་དབང་སྒྱུར་བདེ་བ་ཆེན་པོ་ཡིན།། ༢༠༽ ༈ །གུ་རུ་ཤྱཱ་ལི་པའི་ཞལ་ནས། ལེགས་སྦྱངས་རི་མོ་མཁན་དག་གིས། །ཤིན་ཏུ་འཇིགས་པའི་གཟུགས་བརྙན་བྲིས། །མཐོང་ནས་བདག་ཉིད་འཇིགས་འགྱུར་ལ། །བརྟགས་ན་མ་གྲུབ་གཟུགས་བརྙན་སྣང༌། །གུ་རུ་ཏཻ་ལོ་པའི་ཞལ་ནས། རི་རབ་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་གསེར་དུ་སྣང༌། །མཁས་པ་སྐྱེ་མེད་རྟོགས་པ་ཡིས། །དངོས་པོ་བོར་ནས་བདེ་བ་ཆེ། །གུ་རུ་ཙ་ཏྲ་
རི་པའི་ཞལ་ནས། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་ཡིན། །མཐོང་བ་སྐྱེ་མེད་རྟོགས་པ་སློབ་དཔོན་མཆོག །བྱིས་པ་གཉིས་མེད་རྟོགས་ཕྱིར་དེ་ཐབས་ཡིན། །དགེ་སྡིག་འབྲས་བུ་དེ་ལ་གཉིས་མི་འབྱུང༌། །གུ་རུ་བྷ་དྲ་པའི་ཞལ་ནས། སྟོང་ཉིད་རྟོགས་པས་འཁྲུལ་པ་དག །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་སྒོམ་པ་ཡིན། །གཞི་མཐུན་རོ་གཅིག་འབྲས་བུ་མཆོག །གུ་རུ་དྷུ་ཁནྡྷིའི་ཞལ་ནས། ཀུན་རྫོབ་བསྐྱེད་པའི་རིམ་པ་དང༌། །དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམས། །འབྲས་བུ་སྐུ་གསུམ་ཡེ་ཤེས་འཆར། །གུ་རུ་ཨ་ཛོ་ཀིའི་ཞལ་ནས། བླ་མ་དམ་པའི་གདམས་ངག་གིས། །སྟེང་སྒོ་སྣ་རྩེར་ཐིག་ལེ་བསྒོམས། །དེ་ཉིད་ལ་ནི་བློ་བརྟན་པས། །ཡུངས་ཀར་སྟོང་གསུམ་དམིགས་པ་སྟོར། །གུ་རུ་ཀ་ལ་པའི་ཞལ་ནས། འགྲོ་བ་འདི་དག་ཐོག་མེད་དུས་ནས་འཁྲུལ། །དེ་ཡིས་འཇིག་རྟེན་ཐམས་ཅད་སྨྱོན་པར་གྲགས། །བླ་མའི་གདམས་ངག་བདུད་རྩིའི་སྨན་གྱིས་ནི། །འཁྲུལ་པའི་ནད་རྣམས་སྐད་ཅིག་གཅིག་ལ་བསྲེག །གུ་རུ་དྷོ་པི་པའི་ཞལ་ནས། ཡུན་རིང་དུས་ནས་དྲི་མ་འཁྲུད་བྱས་ཀྱང༌། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །རང་བཞིན་རྣམ་དག་སྟོང་ཉིད་གོས་དག་ལ། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག །གུ་རུ་ཀཾ་ཀ་ནའི་ཞལ་ནས། །རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་ཕྱུང་བས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །གུ་རུ་ཀམྤ་ལའི་ཞལ་ནས། རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ནང་ན་ནོར་བུས་གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། །རྟོགས་པ་དང་ལྡན་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ།། ༣༠༽ ༈ །གུ་རུ་ཌེམ་གི་པའི་ཞལ་ནས། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲ་ན་རྟོགས་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་
མིག་དང་འཁོར་ལོ་ལྟ་བུའི་འབྲས་བུ་ཐོབ། །གུ་རུ་བྷནྡྷེ་པའི་ཞལ་ནས། མངོན་ཞེན་མེད་པ་བྱམས་པའི་མཆོག །གནས་ལུགས་རྟོགས་པ་སྙིང་རྗེ་ཡིན། །ཟག་མེད་བདེ་བ་དགའ་བ་སྟེ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། །གུ་རུ་ཏནྟེ་པའི་ཞལ་ནས། ཇི་ལྟར་དྲན་རིག་སྣ་ཚོགས་དག །རྟོག་མེད་དབྱིངས་སུ་ཟད་ཅིང་འགག །དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །སྟོང་ཉིད་དབྱིངས་སུ་ཟད་ཅིང་འགག །གུ་རུ་ཀུཀྐུ་རི་པའི་ཞལ་ནས། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང༌། །འདོད་དང་འབད་རྩོལ་ཡོད་ན་སངས་རྒྱས་མིན། །བླ་མ་དམ་པའི་བྱིན་རླབས་ཉམས་མྱོང་དཔལ། །ཆ་ལྡན་རང་ལ་ཡོད་ཀྱང་མ་མཐོང་ངོ༌། །གུ་རུ་ཀུ་ཙི་པའི་ཞལ་ནས། གང་ལ་ལྷན་ཅིག་སྐྱེས་པ་ནི། །གླང་པོ་ཆེ་ཡི་མིག་བཞིན་དུ། །བཟེ་རེ་བསྐྱེད་ན་ཟུང་རྔུ་འགྱུར། །གློད་ནས་མ་ཞེན་བསམ་གཏན་མཆོག །བླ་མའི་གསུང་གི་འོད་ཟེར་གྱིས། །ཡོད་དང་མེད་པའི་མཐའ་མ་རྙེད། །གང་ཞིག་མ་རྙེད་པ་དེ་མཐའ། །མཐའ་དེ་རྟོགས་ན་དོན་གྱི་མཆོག །གུ་རུ་དྷ་མ་པའི་ཞལ་ནས། གཉིས་འཛིན་མ་རིག་དུག་དག་གིས། །རིག་པའི་སྐྱེས་བུ་རྒྱུན་དུ་བཟུང༌། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །སྣང་སྲིད་འཁྲུལ་པའི་དུག་ནད་སེལ། །གུ་རུ་མ་ཧི་ལའི་ཞལ་ནས། མ་རིག་ང་རྒྱལ་རི་བོ་ཡིས། །རྟོགས་པ་ཡིད་བཞིན་ནོར་བུ་བསྒྲིབས། །སྤྱོད་པར་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །གུ་རུ་ཨ་ཙིནྡའི་ཞལ་ནས། དམིགས་མེད་ཕྱག་རྒྱ་ཆེན་པོ་རུ། །འཁྲུལ་པའི་དྲན་འཛིན་སྣ་ཚོགས་སྟོར། །ཡེ་ཤེས་རིག་པའི་སྣང་བ་ཡིས། །རང་སྣང་ཕྱག་རྒྱ་ཆེན་པོར་མཐོང༌། །གུ་རུ་བ་བྷ་ཧའི་ཞལ་ནས། བདེ་འོ་བདེ་འོ་དངོས་མེད་བདེ། །ཞེན་པ་མེད་པའི་དངོས་མེད་བདེ། །རྟོག་པ་ཐམས་ཅད་དེར་ཤེས་བདེ། །བསྒྲུབ་བྱ་མེད་པའི་གསང་བ་བདེ། །གུ་རུ་ན་ལི་ནཱ་པའི་ཞལ་ནས། སྤྱི་བོའི་པདྨ་འདམ་སྐྱེས་སུ། །ས་བོན་གཡོ་བ་དགའ་བ་སྟེ། །སྙིང་ག་མགྲིན་པ་མཆོག་ཏུ་དགའ། །ལྷན་སྐྱེས་དགའ་བྲལ་བླ་མེད་ཐོབ།། ༤༠༽ ༈ །གུ་རུ་
བྷུ་སུ་ཀུའི་ཞལ་ནས། བདག་གིས་མ་རྟོགས་བར་དུ་རོ་ལ་ཁྱད་པར་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་བའི་རིན་ཆེན་བཞིན། །གུ་རུ་ཨིནྡྲ་བྷཱུ་ཏིའི་ཞལ་ནས། དུས་ཀྱི་སྣ་རྩེ་དག་ནི་བྱིན་བརླབས་དག་དང་མི་ལྡན་ན། །ཕྱི་དང་ནང་དུ་སྤྱོད་པ་དག་གིས་རྣལ་འབྱོར་འཚང་མི་རྒྱ། །དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པ་ནི། །ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །གུ་རུ་མེ་ཀོ་པའི་ཞལ་ནས། བླ་མ་དམ་པ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ནས་སྨྱོན་པའི་བརྟུལ་ཞུགས་སྤྱད་པར་བྱ། །གུ་རུ་ཀོ་«་་་་་ཏོག་ཙེ་པ།» ཊ་ལའི་ཞལ་ནས། བདེ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང༌། །བླ་མའི་གདམས་པས་སེམས་ཀྱི་རི་བོ་བརྐོས། །བློ་ལྡན་ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་ཆེན་རྟོགས་པར་མི་འགྱུར་རོ། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་ཆད། །བཏགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དང་མི་བསྒོམ་གཉུག་མའི་ངང་ལ་ཞོག །གུ་རུ་ཀམྤ་རི་པའི་ཞལ་ནས། རང་བཞིན་ལུས་ཀྱི་སོལ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །ལ་ལ་ར་སའི་སྦུད་པས་བུས། །དྷཱུ་ཏཱི་ཡེ་ཤེས་མེ་སྦར་ནས། །དུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས། །ཀཾ་རི་པ་ཡིས་རྟོགས་ནས་གྲོལ། །གུ་རུ་ཛཱ་ལནྡྷ་རའི་ཞལ་ནས། ཁམས་གསུམ་ལུས་ངག་ཡིད་གསུམ་གྱི། །དྲན་རིག་རྣམ་རྟོག་སྣ་ཚོགས་ཀུན། །རོ་མ་རྐྱང་མ་དབུ་མ་རུ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །གུ་རུ་རཱ་ཧུ་ལའི་ཞལ་ནས། ཕྱི་ཡི་སྒྲ་གཅན་བཟང་པོ་ཡིས། །ཟླ་བའི་སྣང་བ་གཉིས་མེད་ཟོས། །ཀུན་རྫོབ་ཟླ་བའི་ཐིག་ལེ་ནི། །དབྱིངས་རིག་སྒྲ་གཅན་གཉིས་མེད་ཟོས། །གུ་རུ་དྷརྨ་པའི་ཞལ་ནས། སྣང་སྲིད་ཆོས་ཀྱི་ཀོང་བུ་རུ། །བྱང་ཆུབ་སེམས་ཀྱི་མར་ཁུ་
བླུགས། །ཚོགས་དྲུག་རྣམ་ཤེས་སྡོང་བུ་ལ། །གཉིས་མེད་ཡེ་ཤེས་མེ་སྦར་བས། །རྣམ་རྟོག་འཁྲུལ་པའི་མུན་པ་བཅོམ། །གུ་རུ་དྷོ་ཀ་རིའི་ཞལ་ནས། ཆོས་དབྱིངས་རང་བཞིན་སྣོད་ནང་དུ། །རིག་པ་ཆོས་སྐུའི་རྫས་ཉིད་བཅུག །དབྱིངས་རིག་གཉིས་མེད་འབྲས་བུ་ནི། །སྐལ་ལྡན་རྣལ་འབྱོར་རིག་པས་རྟོགས། །གུ་རུ་མེ་དྷི་ནའི་ཞལ་ནས། རིག་པ་གཉུག་མའི་ཤེས་རབ་དང༌། །ཉམས་མྱོང་གོམས་པའི་ཐབས་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས།། ༥༠༽ ༈ །གུ་རུ་པངྐ་ཛའི་ཞལ་ནས། ཇི་ལྟར་བླ་མས་མ་ཟིན་མ་རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་མཆིང་བུ་མཉམ། །བླ་མ་དང་ནི་རྟོགས་པས་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །གུ་རུ་གྷཱཎྜ་པའི་ཞལ་ནས། ལ་ལ་ར་ས་དྷཱུ་ཏཱི་གསུམ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། །གུ་རུ་ཛོ་ཀི་པའི་ཞལ་ནས། མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་གསལ་བའི་ཡིད་གོམས་པས། །བརྟེན་ཅིང་གཡོ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཐིམ། །གུ་རུ་ཙ་ལུ་ཀའི་ཞལ་ནས། བླ་མ་དམ་པའི་གདམས་པ་ནི། །ཡུན་རིང་དུས་ན་གོམས་པ་ཡིས། །ས་སོགས་རིམ་པར་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། །གུ་རུ་གུ་དྷཱུ་རའི་ཞལ་ནས། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །སེམས་ཉིད་གསལ་བའི་དོན་རྟོགས་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། །གུ་རུ་ལུ་ཙི་ཀའི་ཞལ་ནས། གང་ཞིག་ཐོག་མ་མེད་དུས་ནས། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། །གྲུ་མཆོག་བླ་མ་དམ་པ་ཡིས། །བརྒལ་དཀའི་མཚོ་ལས་དེ་རིང་ཐར། །གུ་རུ་ན་གུ་ཎའི་ཞལ་ནས། ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། །སྤྱོད་པ་བགས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་ངག་གིས། །ཆགས་སྤང་རྟོག་པ་རང་ཞིར་བྱས། །གུ་རུ་ཛ་ཡཱ་ནནྡའི་ཞལ་ནས། ཡེ་ཤེས་
རིག་པའི་ཏིང་འཛིན་ནི། །ཐ་དད་མེད་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མིན། །གུ་རུ་བ་ཙ་རིའི་ཞལ་ནས། གར་ཡང་མ་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་ཀྱི་གསང་བ་སྟོབས་སྤྱད་ན། །རྣལ་འབྱོར་རྟགས་ནི་བསྡུ་བར་བྱ། །གུ་རུ་ཙམྤ་ཀའི་ཞལ་ནས། ཐབས་དང་ཤེས་རབ་འོད་གསལ་ལྟ་བུ་ལ། །བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ལྷན་ཅིག་སྐྱེས་པ་དཔག་བསམ་ཤིང་དག་ལས། །འབྲས་བུ་སྐུ་གསུམ་རང་གསལ་རང་ལ་རྫོགས། ༦༠༽ ༈ །གུ་རུ་བྷིཀྵ་ཎའི་ཞལ་ནས། བླ་མེད་བགྲོད་དཀའི་བྱང་ཆུབ་གནས་ཆེན་དུ། །ཟུང་འཇུག་བདེ་ཆེན་བགྲོད་དཀའི་ལམ་བསྟེན་པས། །ཕྱོགས་ཆ་བྲལ་བའི་དབང་ཕྱུག་རྣལ་འབྱོར་མཆོག །བླ་མའི་གདམས་པའི་དྲིན་གྱིས་དེ་ཉིད་རྟོགས། །གུ་རུ་དྷི་ལི་པའི་ཞལ་ནས། བདག་ཉིད་གདོད་ནས་སངས་རྒྱས་ལ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན། །དབང་བླངས་ལྷན་ཅིག་སྐྱེས་པ་དེས། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །གུ་རུ་ཀུམྦྷ་རིའི་ཞལ་ནས། རྒྱུ་མཐུན་ལས་ཀྱི་འཁོར་ལོ་ཡིས། །སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཡེ་ཤེས་རིག་པའི་མེ་ཡིས་ནི། །འཁྲུལ་པའི་དྲི་མ་མ་ལུས་བསྲེགས། །གུ་རུ་དྷཱུ་«་་་་་ཙརྦ་རི་པའང་ཟེར།» མ་པའི་ཞལ་ནས། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །རང་གིས་རྟོགས་ལས་གཞན་མེད་དེ། །གཉུག་མ་སེམས་ཀྱིས་རྟོགས་པ་གང༌། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །གུ་རུ་མ་ཎི་བྷ་དྲྭའི་ཞལ་ནས། གང་ཞིག་མ་རྟོགས་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་སྒྲ་ཕྱིར་འབྲེང༌། །དེ་ཉིད་རང་བཞིན་མངོན་དུ་གྱུར། །གང་སྣང་རང་བཞིན་དེ་དེ་ཉིད། །གུ་རུ་མེ་ཁ་ལའི་ཞལ་ནས། ཕྱི་དང་ནང་ཀུན་སེམས་སུ་འདུས། །ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་རྩོལ་མེད་ན་བསྒོམ་པའི་མཆོག །གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །གུ་རུ་ཀ་ན་ཁ་ལའི་ཞལ་ནས། གོ་ཆ་ཆེན་པོ་བགོས་ནས་ཀྱང༌། །ནོར་བུ་
ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ཀྱི་གྲུ་བཏང་ནས། །མི་རོའི་ཁོང་བར་ངེས་པར་ཞུགས། །གུ་རུ་ཀི་ལི་ཀི་ལི་པའི་ཞལ་ནས། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །སྐྱེ་མེད་འབྲུག་སྒྲ་ལེགས་བསྒྲག་པས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་ཡེ་ཤེས་འབྲས་བུས་མཛེས། །གུ་རུ་ཀནྟ་ལའི་ཞལ་ནས། བླ་མ་དམ་པའི་ཁབ་དག་དང༌། །སྙིང་རྗེ་ཡི་ནི་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བཙེམ། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །གུ་རུ་དྷ་གུ་ལའི་ཞལ་ནས། ཟུང་འཇུག་རིག་པ་རིན་ཆེན་མཛོད། །གཉིས་མེད་ངང་སྟེ་བཙལ་བས་མིན། །བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་བཞག་པ་དེ་ལྟར་བདེ།། ༧༠༽ ༈ །གུ་རུ་ཨོ་«་་་་་ལེགས་སྦྱར་ཌཱི།» དྷི་ལའི་ཞལ་ནས། ཇི་ལྟར་རྣམ་རྟོག་རྗེས་འབྲངས་འཁྲུལ། །མ་འབྲེང་བག་ཆགས་མ་བཏང་ཟུངས། །གང་ལ་མི་གནས་འགྲོ་བ་བསྡུ། །གཞན་ལས་བཙལ་བས་དེ་རྙེད་མིན། །གུ་རུ་ཀ་པཱ་ལའི་ཞལ་ནས། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །རྒྱན་སོགས་ཐོད་པ་གློ་བུར་བ། །ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང༌། །རང་གིས་བཙལ་བས་རྙེད་མ་ཡིན། །གུ་རུ་ཀི་ར་བ་ལའི་ཞལ་ནས། ཇི་སྲིད་མ་རྟོགས་བར་དུ་རང་གཞན་རྟོག་པས་བཅིངས། །དེ་ཚེ་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དྭགས་ཡིན། །དེ་ཉིད་སྤྲོས་བྲལ་མ་བཅོས་རང་སར་རང་སེམས་ཟུང༌། །གུ་རུ་ས་ཀ་རའི་ཞལ་ནས། ཀླུ་རྒྱལ་བ་སུ་ཀ་གཟིར་ནས། །འགྲོ་རྣམས་སྡུག་བསྔལ་གྱིས་གདུངས་ལ། །འདོད་ཡོན་དག་གི་ཆར་ཕབ་བོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །སྐལ་ལྡན་རིག་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་བོ། །གུ་རུ་སརྦ་བྷཀྵའི་ཞལ་ནས། གང་ཞིག་མ་རྟོགས་དུས་ན་སྣ་ཚོགས་རོ་ལ་ཁྱད་པར་ཆེ། །གང་ཞིག་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང༌། །དེ་ཉིད་རྟོགས་ན་འཁོར་བ་མྱང་
འདས་བདེ་བ་ཆེ། །གུ་རུ་ནཱ་ག་བོ་དྷིའི་ཞལ་ནས། ས་ལ་གནས་ན་ཐམས་ཅད་སྐལ་བ་བཟང༌། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་དག་ཏུ་ཕྱིན་ན་གཉེན་དང་ཕྲད། །གུ་རུ་དཱ་རི་ཀ་པའི་ཞལ་ནས། བདེ་བ་ཆེན་པོ་རང་ལ་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །དེ་བསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསགས་བྱ། །ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང༌། །བླ་མ་དག་དང་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །གུ་རུ་པུ་ཏ་ལི་པའི་ཞལ་ནས། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །བློས་བཞག་ལོག་པའི་ལམ་སྤངས་ནས། །སྙིང་པོའི་ལམ་ལ་བརྩོན་བྱས་ན། །སྙིང་པོའི་འབྲས་བུ་གདོན་མི་ཟ། །གང་གིས་བླ་མ་དམ་པ་ལས། །དབང་བླངས་ལྷན་ཅིག་སྐྱེས་པ་དེའི། །རོ་ཡིས་ཀུན་ལ་ཁྱབ་བྱ་སྟེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །གུ་རུ་«་་་་་ལེགས་སྦྱར་ཨུ་པ་ན་ཧ།» པ་ན་ཧའི་ཞལ་ནས། སྙིང་པོ་གཉུག་མའི་དོན་བསམས་པས། །ཇི་ལྟར་བསམས་པ་དེ་ལྟར་རྟོགས། །དེས་ན་དེ་ཉིད་རང་དགར་ཡིན། །འདོད་དགུ་ལྷུག་པར་ཐམས་ཅད་འབྱུང༌། །གུ་རུ་ཀོ་ཀི་ལའི་ཞལ་ནས། བྱ་བ་བཏང་བ་མན་ངག་ཡིན། །ཞེན་འདོད་མེད་པ་རྟོགས་པ་ཡིན། །བདེ་བ་དངོས་མེད་སྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་འབྲས་བུའི་མཆོག། ༨༠༽ ༈ །གུ་རུ་ཨ་ནཾ་གའི་ཞལ་ནས། འཁོར་བ་སྙིང་པོ་མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲེགས་པ་ཡི། །དུག་གིས་བཟུང་ནས་བདེན་པར་འཛིན། །མངོན་ཞེན་དུག་ནད་སངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། །གུ་རུ་ལཀྵྨཱིཾ་ཀ་རའི་ཞལ་ནས། དང་པོར་བློ་ལྡན་རྟོགས་པ་སྐྱེད། །གཉིས་པར་གནས་ལུགས་མ་ཡེངས་སྒོམ། །དེ་ནས་ཉམས་མྱོང་སྐྱེས་པ་ན། །སྤྱོད་པ་བགས་ཀྱིས་སྤྱད་པར་བྱ། །གུ་རུ་ས་མུ་དྲའི་ཞལ་ནས། སྐྱེ་མེད་རྟོགས་ཀྱང་ཉམས་མྱོང་དང་བྲལ་ན། །དཔེར་ན་སྲིན་པོའི་ལག་ཏུ་བུ་ཁྱེར་འདྲ། །ཉམས་མྱོང་གནས་ལུགས་དོན་དང་མ་འབྲེལ་
ན། །དེ་ཡང་གླང་ཆེན་འདམ་དུ་ཞུགས་པ་འདྲ། །གུ་རུ་བྱཱ་ལི་པའི་ཞལ་ནས། བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང༌། །ནམ་མཁའི་མཐོངས་སུ་བསྒོམས་ན་དབེན་པའི་མཆོག །ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའི་འོ་མ་འཐུང་ན་འཚོ་བར་འགྱུར།། ༨༤༽ ༈ །སྐལ་ལྡན་དག་གི་དོན་ཕྱིར་བླ་མ་རྣམས་ཀྱི་རྟོགས་པའི་སྙིང་པོ་ཀུན། །ཚད་མེད་བློ་ཡིས་ལེགས་བསྡུས་བསོད་ནམས་རྒྱ་ཆེན་བདག་གིས་གང་ཐོབ་དེས། །འགྲོ་རྣམས་བླ་མ་དང་ཕྲད་བྱིན་རླབས་ཡང་དག་སེམས་ལ་ཞུགས་གྱུར་ནས། །གནས་ལུགས་དོན་ཉིད་ཡང་དག་སེམས་རྟོགས་རྒྱལ་བའི་ས་ལ་གནས་གྱུར་ཅིག །གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་པའོ། །འདི་ལ་འགྱུར་ཟུར་པའང་ཡོད་མོད། འདིར་ནི་པཎྜི་ཏ་ཨ་བྷཱ་ཡ་ཤྲཱིས་མཛད་པའི་དོན་འགྲེལ་མེ་ཉག་ཙ་མི་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་བསྒྱུར་བ་ལྟར་དག་པར་བྲིས་པའོ། །མངྒ་ལཾ་བྷ་བ་ཏུ།། །།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་དོ་ཧ་འགྲེལ་བ།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་དོ་ཧ་འགྲེལ་བཅས་བཞུགས་སོ།།
བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཡི། །རྟོགས་བརྗོད་བརྒྱད་ཅུ་རྩ་བཞིའི་དོན། །བླ་མའི་གསུང་གི་རྗེས་འབྲངས་ནས། །ཇི་ལྟར་བཤད་བྱའི་ངག་དོན་རྣམས། །སྤྲོ་བས་འདིར་ནི་དགོད་པར་བྱ། །དེ་ལ་འདིར་རྟོགས་བརྗོད་བརྒྱད་ཅུ་རྩ་བཞི་ཞེས་བྱ་བ་འདི་ལ་དོན་རྣམ་པ་གསུམ་གྱིས་བཤད་དེ། ཀླད་དང༌། གཞུང་དང༌། འཇུག་གོ །ཀླད་ཀྱི་དོན་ལ་གསུམ་སྟེ། མཚན་བསྟན་པ་དང༌། མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བའོ། །དེ་ལ་མཚན་བསྟན་པ་ནི། རྒྱ་གར་སྐད་དུ། སིདྡྷི་«་་་་་ཙ་་་་་་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་ཞེས་བྱ་བ།» «ཏུར་ཤཱི་ཏི་བ་བོ་དྷཱ་ཧྲྀ་དཱ་ཡ་ནཱ་མ།» ཙ་ཏུར་བཛྲ་གཱི་ཏི་ནཱ་མ། བོད་སྐད་དུ། གྲུབ་པ་ཐོབ་པ་བརྒྱད་ཅུ་རྩ་བཞིའི་རྡོ་རྗེའི་གླུ་ཞེས་བྱ་བར་བསྟན་ཏེ། དེ་ལ་རྒྱ་གར་སྐད་དུ། ཞེས་པ་ནི་ཁུངས་བཙུན་པ་དང༌། ཡིད་ཆེས་པ་དང༌། རང་བཟོ་མི་འཇུག་པའི་དགོས་པ་ཡོད་དོ། །བོད་སྐད་དུ། ཞེས་པ་ལོ་ཙཱ་བའི་དྲིན་བཞག་པའོ། །དེ་ཡང་མི་གོ་བ་གོ་བར་བྱེད་པ་ཕལ་སྐད་དུ་བསྒྱུར་བའོ། །དེ་ཡང་སིདྡྷི་ནི་གྲུབ་པའོ། །ཙ་ཏུཿཞེས་པ་ནི་རྩ་བཞི་ཞེས་པའོ། །བཛྲ་ནི་རྡོ་རྗེའོ། །གཱི་ཏི་ནི་གླུའོ། །ནཱ་མ་ནི་ཞེས་བྱ་བའོ། །དེ་ལ་གྲུབ་པ་ཞེས་པ་ནི་འབྲས་བུ་བཞག་པ་སྟེ། ལམ་དེ་ཉིད་བགྲོད་པ་ལས་འབྲས་བུ་མཆོག་དང་ཐུན་མོང་གཉིས་ཚེ་གཅིག་གིས་ཐོབ་པའོ། །བརྒྱད་ཅུ་རྩ་
བཞི་ཞེས་པ་ནི་གྲངས་ལས་བཞག་པ་སྟེ། ཚོགས་ཀྱི་འཁོར་ལོའི་སྐབས་སུ་མང་བ་དང་ཉུང་བ་མ་ཡིན་པར་བརྒྱད་ཅུ་རྩ་བཞི་ཁོ་ནར་གྲངས་ངེས་པའོ། །རྡོ་རྗེ་ཞེས་པ་རྣམ་རྟོག་གིས་གཞིག་ཏུ་མེད་ཅིང་འདུས་མ་བྱས་པའི་ཕྱིར་རོ། །གླུ་ཞེས་པ་ཟབ་མོའི་དེ་ཉིད་ཉམས་སུ་མྱོང་ཞིང་རྟོགས་པ་མགུར་དུ་བཞེངས་པའོ། །དེ་ལྟར་མཚན་བསྟན་ནས་མཆོད་པར་བརྗོད་པ་ནི། འཇམ་དཔལ་རྡོ་རྗེ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟན་ཏེ། འཇམ་པའི་ཞེས་པ་ནི་ཉོན་མོངས་པའི་ཟུག་རྔུ་མི་མངའ་བས་སོ། །རྡོ་རྗེ་ནི་འདུས་མ་བྱས་པ་སྟེ་སྐུ་ལྔའི་བདག་ཉིད་ཅན་ལ་བྱ་སྟེ། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །དེ་ལ་འཇིགས་བྲལ་མེད་པའོ། །ལ་ཞེས་པ་ནི་དོན་གྱི་ངོ་བོ་བཅོམ་ལྡན་འདས་སྨྲ་བའི་སེང་གེ་ལ་བྱ། ངག་གི་དབང་ཕྱུག་ཅེས་ཀྱང་བྱ་ལ། རིན་ཆེན་འབྱུང་ལྡན་གྱི་ཡེ་ཤེས་སེམས་དཔའ་དེ་ལ་བྱའོ། །ཕྱག་འཚལ་ལོ་ཞེས་པ་ནི་སྒོ་གསུམ་དང་བས་སོ། །དེ་ལ་གང་གིས་གང་ལ་གང་གི་ཕྱིར་བཙལ་ཞེ་ན། དང་པོ་གང་གིས་ན་སྡུད་པ་པོ་དཔའ་བོ་འོད་གསལ་གྱིས་བཙལ། གང་ལ་བཙལ་ན་ཡི་དམ་སྟེ་མངོན་པར་འདོད་པའི་ལྷ་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །དགོས་པ་གང་གི་ཕྱིར་བཙལ་ན། དེ་ལ་དགོས་པ་གསུམ་ཡོད་དེ། སྡུད་པ་པོ་དེ་ཉིད་ཀྱི་བསམ་པ་རྫོགས་ཤིང་བར་ཆད་མི་འབྱུང་བའི་དགོས་པ་དང༌། གཞན་འཇུག་པའི་ཡན་ལག་གི་འབྲེལ་ཚང་བའི་དགོས་པ་དང༌། བཀྲ་ཤིས་ཤིང་བདག་གཞན་ཕྱིར་མི་ལྡོག་པའི་
ས་ལ་འགོད་པའི་དགོས་པ་ཡོད་དོ། །དེ་ལྟར་དོན་གསུམ་གྱིས་མཆོད་པར་བརྗོད་ནས། ད་བཤད་པར་དམ་བཅའ་བ་ནི། ཡང་དག་དོན་རྟོགས་སངས་རྒྱས་དང་འདྲ་གྲུབ་པའི་ཞབས་ལ་གུས་བཏུད་ནས། །གང་ཞིག་སེམས་ཅན་འཁོར་བའི་རྒྱ་མཚོར་མི་དགེའི་ལས་ཀྱི་ཆུ་སྲིན་གྱིས། །རབ་ཏུ་གཡེང་ཞིང་ཁྲིད་གྱུར་དེ་དག་གདོན་ཕྱིར་རྣལ་འབྱོར་དཔའ་བོ་ཡིས། །གྲུབ་པ་བདག་གི་ཉམས་མྱོང་རྟོགས་པའི་ལྟ་བ་ཕྲེང་བར་བསྡེབ་པར་བྱ། །ཞེས་པས་བསྟན་ཏེ། དེ་ཡང་གཞན་རྗེས་སུ་གཟུང་བའམ། གྲོལ་ཞིང་སྨིན་པར་བྱ་བའི་ཕྱིར་བཤད་པར་དམ་བཅའ་སྟེ། འདི་ལ་དཔེ་དོན་གཉིས་ལས་དཔེ་ནི་རིགས་དྲུག་སེམས་ཅན་རྣམས་ཀྱི་ནང་ན་དུད་འགྲོར་སྐྱེས་པ་མང་སྟེ། དེ་ཡང་ར་ལི་ཐུགས་ཀྱི་ཕྱག་པོད་ནས་འདི་སྐད་བཤད་དོ། །འགྲོ་བ་གཞན་ནི་བྱའི་ལུས་ཙམ་མོ། །དུད་འགྲོ་ནི་བྱའི་སྤུ་ཙམ་མོ། །འགྲོ་བ་གཞན་ནི་རི་རབ་ཙམ་ལ། དུད་འགྲོ་ནི་རྩི་ཤིང་ནགས་ཚལ་ཙམ་མོ། །ཞེས་བཤད་པས་ན། ས་བླ་ས་སྟེང་གཉིས་ན་གནས་པའི་འདབ་ཆགས་མཁའ་ལ་ལྡིང་བ་དང་གཅིག འདོད་དགུ་མི་ཡི་སྤྱོད་པ་དང་གཉིས། གཅན་གཟན་ཤ་ལ་དད་པ་དང་གསུམ། རིག་དྭགས་ལྷ་མིན་སྤྱོད་པ་དང་བཞི་ནི་ཁ་འཐོར་གྱི་བྱོལ་སོང་ཡིན་ལ། བྱིངས་ཀྱི་བྱོལ་སོང་ཞེས་པ་ནི་བ་ཚྭ་ཅན་གྱི་རྒྱ་མཚོའམ། གླིང་བར་གྱི་མུན་པའམ། དབང་ཆེན་གསེར་གྱི་ས་གཞིའི་འོག་ན་ཆང་ངར་མའི་སྦང་མ་ལྷག་པ་ཙམ་ཡོད་པ་དེ་ནི་བྱིངས་ཀྱི་བྱོལ་སོང་བྱ་བ་ཡིན་ཏེ། དེ་ལ་ཆུ་སྲིན་ཀུམྦྷི་ར་ཞེས་བྱ་བ་དེ་གནས་པ་ལ། དེའི་ལུས་པོ་ལ་ཞེང་དུ་དཔག་ཚད་ཉི་ཤུ་རྩ་ལྔ་ཡོད་ལ། ཆུར་དཔག་ཚད་བདུན་ཅུ་རྩ་ལྔ་ཡོད་པ་ལས། དེ་ལོ་ཁྱུད་ཀོར་གཅིག་ཏུ་ཁ་བསྡམས་ནས་སྡོད་པ་ལ། ལོ་གཅིག་ཁ་བྱེ་ནས་ཆུ་འཐུངས་པས་རྒྱ་མཚོ་དེ་དམའ་ཞོལ་གྱིས་འགྲོ་བ་ཙམ་ཞིག་བྱུང་བས། ཆུ་དེའི་སེམས་ཅན་དུང་ཕྱུར་ཙམ་མམ། ཡལ་ཡོལ་ལ་སོགས་པ་གྲངས་མེད་པ་གཅིག་ཁོང་པར་སོང་བས། དེ་ནས་ཐར་པའི་དུས་མེད་པ་དེ་བཞིན་ཏུ། གང་ཞིག་སེམས་ཅན་ཞེས་པ་ནི་ཁམས་གསུམ་དུ་འཁོར་ཞིང་རྒྱུད་དྲུག་ཏུ་ལྷུང་བ་དེ་ལ་བྱ་སྟེ། ཉོན་མོངས་པའི་ཡིད་དམ་སེམས་ཀྱང་བྱ་བས་ན་སེམས་ཅན་ཅེས་བྱ། དེ་རྒྱ་མཚོ་དང་འདྲ་སྟེ། རྒྱུ་ལྷན་
ཅིག་སྐྱེས་པའི་མ་རིག་པ་ལ་རྐྱེན་ཀུན་ཏུ་བཏགས་པའི་མ་རིག་པས་བྱས་ནས་གཟུང་འཛིན་གཉིས་སུ་བྱུང༌། དེ་ལ་རྩ་བའི་དུག་རྣམ་པ་གསུམ། ཆགས་སྡང་གཉིས་དང་རྣམ་པ་ལྔ། དྲུག་རྩ་བའི་ཉོན་མོངས་པ། ཉི་ཤུ་ཉེ་བའི་ཉོན་མོངས་པ། སེམས་དང་མི་ལྡན་པའི་འདུ་བྱེད་བཅུ་བཞི། འདུ་ཤེས་ལྔ་བཅུ་རྩ་གཅིག་གོ །དེ་ལས་མཆེད་པའི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་རྣམས་ནི་རྒྱ་མཚོ་དང་འདྲ་སྟེ། དེའི་ཀློང་དུ་བྱིངས་བར་བྱེད་པའི་ཆུ་སྲིན་ཀུམྦྷི་ར་ལྟ་བུ་ནི། མི་དགེ་བའི་ལས་ཀྱི་ཆུ་སྲིན་དྲག་པོས་རབ་ཏུ་གཡེང་ཞིང་ཁྲིད་གྱུར་པས། ཞེས་པ་ལུས་ངག་གི་མི་དགེ་བ་བཅུའི་ལས་ཀྱི་རྣམ་པར་སྨིན་པ་དྲག་པོ་ཆུ་སྲིན་དང་འདྲ་བས་དེས་ཁམས་གསུམ་དུ་གཡེང་ཞིང་ཁྲིད་པས་ཐར་པའི་དུས་མེད་པའོ། །འོ་ན་དེ་ལས་ཐར་ཐབས་ཅི་ལྟ་བུ་ཞེས་པ་ལ། དེ་དག་གདོན་པར་བྱ་བའི་ཕྱིར་རྣལ་འབྱོར་པ་དཔའ་བོ་འོད་གསལ་གྱིས་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྗེས་སུ་འབྲངས་ནས་དཀའ་བའི་དོན་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་སྟེ། དེ་ལ་རྟོགས་པའི་སྙིང་པོ་ནི་འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་དེ་ལ་བྱའོ། །དཀའ་བའི་དོན་རྣམས་ཞེས་པ་ནི། དང་པོ་ཡུལ་ཁྱད་པར་ཅན་ཐོབ་པར་དཀའ། ཐོབ་ནས་ཐབས་ཁྱད་པར་ཅན་ཉམས་སུ་ལེན་པར་དཀའ་བའོ། །དེ་ནས་འབྲས་བུ་སངས་རྒྱས་ཀྱི་དགོངས་པ་ཁྱད་པར་ཅན་ཐོབ་པར་དཀའ་བས་སོ། །དོན་ཕྱོགས་གཅིག་ཏུ་བསྡུ་བ་ནི། ཤིན་ཏུ་འཐོར་བ་དེ་དག་ལས་ཞེས་པ་སྟེ། དེ་ལྟར་བསྡུས་ནས་གཞན་རྗེས་སུ་གཟུང་བའམ། གྲོལ་ཞིང་སྨིན་པར་བྱ་བའི་ཕྱིར་དམ་བཅས་པ་ལྟ་བུའོ། །དེ་ལྟར་གསུམ་གྱིས་ཀླད་ཀྱི་དོན་བསྟན་ནས། དེ་ནས་གཞུང་གི་དོན་བསྟན་པ་ནི། དགོངས་པ་བརྒྱད་ཅུ་རྩ་བཞིའི་དོན་རིམ་པར་བསྟན་པའོ། །གུ་རུ་ལཱུ་ཧི་པའི་ཞལ་ནས། ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྐལ་མེད་རྣམས་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེགས། །སྐལ་ལྡན་སྐྱེ་མེད་རྟོགས་པ་རྣམས་ནི་སྣང་བ་ཐུག་ཕྲད་ཙམ་གྱིས་རྣམ་རྟོག་འཇོམས། །དཔེར་ན་གླང་ཆེན་
རབ་ཏུ་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །ཞེས་སོ། །འདི་ལ་གཉིས་ཏེ། བློ་ངན་ལ་ཟབ་མོའི་ཆོས་བསྟན་དུ་མི་རུང་བ་ནི་རྔོན་པ་མི་བསྲུན་པས་ཤ་ཁྱིའི་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཟ་བར་བྱེད་པའི་དཔེ་བསྟན་པ་དང་གཅིག སྣོད་དང་ལྡན་པ་ལ་རྣམ་རྟོག་གིས་མ་གནོད་པར་རྒྱལ་པོ་གཟུགས་ཅན་སྙིང་པོའི་གླང་པོ་ཆེའི་དཔེ་བསྟན་པའོ། །དང་པོ་ནི། ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། བློ་དམན་སྐལ་བ་མེད་པ་དག་ལ་བླ་མའི་མན་ངག་བྱིན་པས་རང་རྒྱུད་སྲེག ཅེས་པས་བསྟན་ཏེ། དེ་ཡང་ཡུལ་པུ་ཏ་རི་ཞེས་བྱ་བ་ན་རྔོན་པའི་རིགས་ལས་འཚོ་བ་བྱེད་པའི་ཁྲོ་ཏེ་ཞེས་བྱ་བ་ཞིག་ཡོད་པ་ལས། དེ་དུས་རྟག་ཏུ་རྔོན་པ་བྱེད་པ་ཡིན་པ་ལ། དུས་གཅིག་གི་ཚེ་ན་ཁ་བ་ཆེན་པོ་ཅིག་བྱུང་བ་ལ་རི་དྭགས་བཤོར་དུ་འགྲོ་བས། ཁྱི་ཀུན་དུས་རྟག་ཏུ་ཚད་པས་གདུངས་ནས་གནས་པས་ལུས་ལ་སྤུ་མེད་པ་དང༌། རི་དྭགས་ཀྱི་རྗེས་ཚོལ་ཚོལ་ནས་སྣ་ཕྱིད་ནས་འགྲོ་བས། དེ་ལ་སྣ་དང་སྡེར་མོ་ལ་སྦྲང་རྩི་བསྐུས་པས་དེས་བལྡགས་པས། དེ་སྦྲང་རྒོད་ཡིན་པས་ཁྱི་བཟི་སྟེ་ཤེས་པ་འཁྲུལ་ནས་ཕྱོགས་དང་ཕྱོགས་མཚམས་རྣམས་ཀྱི་རྡོ་དང༌། དབྱུག་པ་དང༌། ཤིང་ལ་སོགས་ཐམས་ཅད་ཟོས་སོ། །དེ་ནས་བདག་པོ་ཡང་ཟོས། དེ་ནས་རང་གི་རྐང་ལག་ཀྱང་བཅད་ནས་ཟོས་སོ། །དེས་ན་དེ་ལ་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །ཅེས་སོ། །དཔེ་དེ་བཞིན་དུ་བློ་དམན་ཅེས་པ་ནི། སྐྱེ་བ་སྔ་མ་ལ་བགྲོད་པར་བྱ་བའི་ལམ་ལ་ཐོས་བསམ་སྒོམ་གསུམ་གྱིས་སྦྱངས་པའི་ལས་འཕྲོ་མེད་པས་བློ་དམན་པའོ། །སྐལ་བ་མེད་པ་ནི་མཚོན་བྱ་སློབ་མའི་སེམས་ལ་མཚོན་བྱེད་མན་ངག་དང༌། མཚོན་པ་པོ་སློབ་དཔོན་དང་གཉིས་པོ་དེ་དང་མི་ལྡན་པས་སྐལ་བ་མེད་པའོ། །བླ་མའི་མན་ངག་བྱིན་པས་རང་རྒྱུད་བསྲེགས། །ཞེས་པ་ནི། བླ་མ་ཞེས་པ་ནི་གོང་ན་མེད་པ་ལ་བྱ་སྟེ། ཐུན་མོང་ལས་ཁྱད་པར་བྱས་པའི་མཆོག་ཏུ་གྱུར་པ་ཅིག་ལ་དེ་སྐད་བྱའོ། །མན་ངག་ནི་ཐབས་ཀྱིས་ཁྱད་པར་དུ་བྱས་པ་སྟེ། ཚེགས་ཆུང་ལ་དོན་ཆེ་བ་ཅིག་ལ་དེ་སྐད་བྱའོ། །དེ་ལྟ་བུའི་གདམས་པ་དེ་སྣོད་མིན་ལ་བྱིན་པས་རང་རྒྱུད་སྲེག་པ་ནི་རྟོགས་པའི་ཡུལ་མིན་པས་མཐར་གོལ་ས་དང་
བཅས་པའོ། །དཔེ་གཉིས་པ་ནི། གླང་པོ་རབ་ཏུ་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །སྐལ་བཟང་སྐྱེ་མེད་རྟོགས་པ་དག་ནི་སྣང་བ་ཐུགས་ཕྲད་དག་གིས་རྣམ་རྟོག་འཇོམས། །ཞེས་པས་བསྟན་ཏེ། དེའི་དཔེ་ནི་གླང་ཆེན་སྐད་དེ། མ་ག་དྷཱའི་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ། ཀོ་ས་ལའི་རྒྱལ་པོ་དང་ཙམ་པ་ཀའི་རྒྱལ་པོ་གཉིས་ཀྱིས་བཙུན་མོའི་སྐྱེ་མཆེད་ལ་དམག་ཆེན་པོ་དྲངས་པས། རྒྱལ་པོ་དེས་གླང་པོ་ཆེ་ལྔ་ལ་མྱོས་པའི་འབྲས་ཆང་དྲངས་ནས་སྣ་ལ་རལ་གྲི་བཏགས་ཏེ། དེའི་ལུས་པོ་ལ་འཐབ་ར་བྱས་ནས་འཐབས་པས་ཕ་རོལ་གྱི་དམག་དཔུང་ཆོམས་ཏེ་རྒྱལ་བར་གྱུར་ཏོ། །དཔེ་དེ་བཞིན་དུ་སྐལ་བཟང་ཞེས་པ་ནི་ལས་དང་སྐལ་བ་འཛོམ་པ་ཅིག་ལ་བྱ་སྟེ། དེ་ཡང་ལས་ཀྱི་འཕྲོ་ཡོད་པ་ཅིག་ལ་སྐྱེ་བ་ནས་སྐྱེ་བར་ཐོས་བསམ་རྒྱུད་ལ་བསྟན་པའོ། །སྐལ་བ་ནི་བླ་མ་དང་ལྡན་པ་ལ་བྱ་སྟེ། རྒྱུ་དབང་གིས་རྒྱུད་ཡོངས་སུ་སྨིན་པར་བྱས། ལམ་གྱི་དུས་སུ་ཏིང་ངེ་འཛིན་ཉམས་སུ་ལེན་པ་ལ་ཡེ་ཤེས་མངོན་དུ་སྐྱེ་བར་བྱས། འབྲས་བུ་ལ་སྐུ་གསུམ་མངོན་དུ་གྱུར་པ་གཅིག་ལ་བྱ་སྟེ། དེས་སྣང་བ་ཐུག་ཕྲད་དུ་རྣམ་རྟོག་འཇོམས་པ་ནི་སྐྱེ་མེད་རྟོགས་པས་རྣམ་རྟོག་ཆོས་ཉིད་དུ་སད་ནས། སྣང་བ་བླ་མར་ཤར་ཙམ་ན་ཏིལ་གྱི་བང་མཛོད་ལ་མེ་ཤོར་བ་ལྟ་བུ་ཡིན་ཏེ། སྣ་ཚོགས་མེའི་གྲོགས་སུ་འགྱུར་བ་ལྟར་སྣང་བ་ཐུགས་ཕྲད་ཀྱིས་རྣམ་རྟོག་ཐམས་ཅད་སྐྱེ་མེད་ཀྱི་ངང་དུ་ཟད་ཅིང་འགགས་པས་ན་འཇོམས་ཞེས་པའོ། །རྟོགས་བརྗོད་བརྒྱད་ཅུ་རྩ་བཞི་ལས། དང་པོ་ལཱུ་ཧི་པའི་དགོངས་པའི་དོན་བླ་མ་ཨ་བྷ་ཡ་ཤྲཱིས་ངག་དོན་དུ་གསུངས་པ་རྫོགས་སོ།། ༡༽ །།གུ་རུ་ལཱི་ལ་པའི་ཞལ་ནས། ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན། །རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང༌། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་པོ་ཤ་རུས་ལ་སོགས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །རྣམ་རྟོག་མི་མཐུན་ཕྱོགས་རྣམས་འབྱེད། །ལཱི་ལས་དེ་ལྟར་རྟོགས་ལས་གྲོལ། །ཅེས་སོ། །འདི་ལ་གཉིས་ཏེ། ལཱི་ལ་པའི་ཞལ་ནས་
ཞེས་པ་ནས། རྟོགས་ལས་གྲོལ་ཅེས་པ་ཡན་གྱིས་བསྟན་ཏེ། དང་པོ་དཔེ་ནི། དབང་དང་ནུས་པ་རྫོགས་པའི་རྣལ་འབྱོར་པ་སེང་གེ་ལྟ་བུ་ཡིན་ཏེ། དེ་ཡང་རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། ཞེས་བྱ་སྟེ། རྒྱལ་པོ་ཞེས་པ་གཅན་གཟན་གྱི་རྒྱལ་པོ་སེང་གེ་ལ་བྱ་སྟེ། དེའི་ཁྱད་པར་ནི། མགོ་ལ་གཡུ་མདོག་གི་རལ་པ་ཚར་ལྔས་བརྒྱན་པའོ། །དཔེ་དེ་བཞིན་དུ། རྣལ་འབྱོར་རྒྱལ་པོ་ཞེས་པ་ནི། གང་ཟག་ལམ་བ་རྣམས་ཀྱི་ནང་ན་ཡང་དབང་དང་ནུས་པ་རྫོགས་པའི་རྣལ་འབྱོར་པ་ནི་རྒྱལ་པོ་དང་འདྲ་སྟེ། གཡུ་མདོག་གི་རལ་པ་བཞིན་དུ་དབང་རྟགས་སུ་རྫོགས་པའི་སངས་རྒྱས་རིགས་ལྔ་འཆང༌། ཞེས་སོ། །དབང་རྟགས་ཀྱི་རིགས་ལྔ་པོ་དེ་ཡང་བུམ་པའི་དབང་ལ་བརྟེན་ནས་ཉོན་མོངས་པ་རྣམ་པ་ལྔ་དབང་དུ་གྱུར་པས་སྐུ་རིགས་ལྔའི་རྣམ་པ་དང༌། ཡེ་ཤེས་ལྔ་རུ་གནས་གྱུར་པ་ལས་མི་མཐུན་པའི་ཕྱོགས་ཀྱི་ཉོན་མོངས་པ་ཐམས་ཅད་ཉེ་བར་ཞི་བའོ། །དེ་ཡང་འདི་སྐད་བཤད་དེ། སེང་གེ་སྡེར་མོ་བཅུ་དག་གིས། །གླང་ཆེན་ལ་སོགས་ཤ་རུས་འབྱེད། །ཅེས་པ་སྟེ། རྩལ་གསུམ་རྫོགས་པའི་སེང་གེ་ལ་ཡོན་ཏན་གྱི་རྣམ་པ་གསུམ་ཡོད་སྐད་དེ། ལུས་སྟོབས་དང་ལྡན་པས་རགས་པའི་ཤ་རུས་ཐམས་ཅད་རིང་པོར་མི་ཐོགས་པར་སྐད་ཅིག་གཅིག་ལ་འབྱེད་པ་དང༌། གདུག་པ་ཅན་གྱི་གཅན་གཟན་ཐམས་ཅད་ཟིལ་གྱིས་གནོན་པ་དང༌། དཔའ་རྩལ་དང་ལྡན་ཞིང་ཉམ་ང་བ་མེད་པས་མི་མཐུན་པའི་ཕྱོགས་ཐམས་ཅད་དང་བྲལ་བའོ། །དཔེ་དེ་བཞིན་དུ། རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །རྣམ་རྟོག་མི་མཐུན་ཕྱོགས་ལས་འབྱེད། །ཅེས་པ་སྟེ། རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཞེས་པ་ནི། ཡུལ་གང་ལ་འདོད་པ་བཞིན་དུ་གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན་པ་སྟེ། སེར་སྣའི་མི་མཐུན་པའི་ཕྱོགས་ལས་ཕྱེ་སྟེ་དབུལ་བ་འདོར་བ་དང༌། ལུས་ལ་ཉོན་མོངས་པའི་ཚད་པ་མེད་པས་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཚུལ་ཁྲིམས་འཆལ་བའི་མི་མཐུན་པའི་ཕྱོགས་ལས་ཕྱེ་སྟེ་བསིལ་བ་ཐོབ་པའོ། །ཁྲོ་བ་ལ་སོགས་པ་དུག་ལྔ་ལམ་དུ་གྱུར་པས་བཟོད་པའི་ཕ་རོལ་ཏུ་ཕྱིན་པ་སྟེ། ཞེ་སྡང་དང་ཁོང་ཁྲོ་ལ་
སོགས་པའི་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་བཟོད་པ་ཐོབ་པའོ། །ཟབ་མོའི་དོན་འབའ་ཞིག་ལས་གཡེང་བའི་རྣམ་པ་གང་ཡང་མེད་པས་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ལེ་ལོའི་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་མཆོག་གི་དོན་ལ་སྦྱོར་བར་བྱེད་པའོ། །བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་འབའ་ཞིག་ལས་གཞན་པའི་སེམས་མེད་པས་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཉོན་མོངས་པས་གཡེང་བའི་མི་མཐུན་ཕྱོགས་ལས་ཕྱེ་ནས་ས་མ་དྷཱིའི་ཡིད་འཛིན་པར་བྱེད་པའོ། །དེ་ལྟར་རྟོགས་པ་དང་ལྡན་པས་མ་རིག་པ་ཡེ་ཤེས་སུ་སད་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། གཏི་མུག་ལ་སོགས་པ་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་དེ་ཉིད་མངོན་དུ་གྱུར་པའོ། །ཉོན་མོངས་པ་རྣམ་པར་བྱང་བའི་ལམ་མམ། སྐུ་དང་ཡེ་ཤེས་ཀྱི་རྣམ་པའམ། བདེ་བ་ཆེན་པོའི་ལམ་ཡིན་པས་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། བླུན་ཞིང་རྨོངས་པ་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས་མ་རྨོངས་ཤིང་མཁས་པར་འགྱུར་རོ། །དེ་ལྟར་སྐུ་ཉིད་ཕྱག་རྒྱ་ཆེན་པོ་ཆོས་ཀྱི་དབྱིངས་དེ་ལས་གཞན་དོན་མ་འགགས་པས་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཐུགས་རྗེ་རེས་འཇོག་གི་མི་མཐུན་ཕྱོགས་ལས་ཕྱེ་ནས་ཕྲིན་ལས་རྒྱུན་མི་ཆད་པས་དོན་ཐམས་ཅད་འགྲུབ་པར་བྱེད་པའོ། །དེ་ལྟར་ཡོན་ཏན་ཐམས་ཅད་རྫོགས་ཙ་ན་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། རྫུ་འཕྲུལ་དང་མི་ལྡན་པའི་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས། མཐུ་རྩལ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའོ། །ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། ཏིང་ངེ་འཛིན་དུམ་བུའི་མི་མཐུན་ཕྱོགས་ལས་ཕྱེ་ནས་ཆུ་བོ་ལྟ་བུ་རྒྱུན་མི་ཆད་པའི་ཡེ་ཤེས་སྐྱེད་པར་བྱེད་དོ། །དེ་ལྟར་ཅིས་ཤེས་ན། མདོ་སྡེ་རྒྱན་ལས། འདི་སྐད་དུ། དབུལ་བ་འདོར་བར་བྱེད་པ་དང༌། །བསིལ་བ་ཐོབ་དང་ཁྲོ་བཟོད་དང༌། །མཆོག་སྦྱོར་བ་དང་ཡིད་འཛིན་བྱེད། །མཁས་དང་དོན་རྣམས་འགྲུབ་པར་བྱེད། །ཟིལ་གྱིས་གནོན་དང་ཡེ་ཤེས་བསྐྱེད། །ཅེས་སོ། །ཕ་རོལ་ཏུ་ཕྱིན་པ་ནི་སྃསྐྲྀ་ཏའི་སྒྲ་
ལས་དྲངས་ན་པཱ་ར་མི་ཏ་ཞེས་བྱ་སྟེ། འཁོར་བའི་ཕ་རོལ་མྱ་ངན་ལས་འདས་པའི་དབྱིངས་སུ་ཕྱིན་པས་ན་ཕ་རོལ་ཏུ་ཕྱིན་པའོ། །ཕ་རོལ་ཏུ་ཕྱིན་པ་བཅུ་ཡང་བསྡུ་ན་དྲུག་ཏུ་འདུས་ཏེ། ཤེས་རབ་མཉམ་པར་བཞག་པའི་ཆ་ལ། དེའི་རྗེས་ཐོབ་ནི་ཐབས་དང་སྟོབས་དང་སྨོན་ལམ་དང་ཡེ་ཤེས་དང་བཞི་ཡིན་ནོ། །ཚུལ་དེ་བཞིན་དུ་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་ཚོགས་གཉིས་སུ་འདུས་པའི་ཕྱིར་རོ། །དེ་ལ་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ་ནི་ཡང་དག་པའི་ཚུལ་ཁྲིམས་ལ་བསླབ་པའོ། །བསམ་གཏན་ནི་ཡང་དག་པའི་ཏིང་ངེ་འཛིན་ལ་བསླབ་པའོ། །ཐབས་སྨོན་ལམ་ཡེ་ཤེས་བཞི་ནི་ཡང་དག་པའི་ཤེས་རབ་ལ་བསླབ་པའོ། །བརྩོན་འགྲུས་ནི་དེ་ཐམས་ཅད་ཀྱི་གྲོགས་སུ་གྱུར་པའོ། །ཤེས་རབ་ནི་མཉམ་པར་བཞག་པའི་ཆའོ། །དེ་ལྟར་བསླབ་པ་གསུམ་མོ། །སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ལྔ་ནི་རྒྱུ་བསོད་ནམས་སོ། །ལྷག་པའི་ཤེས་རབ་ནི་འབྲས་བུ་ཡེ་ཤེས་སོ། །དེ་ལྟར་རྣལ་འབྱོར་པ་ཕ་རོལ་ཏུ་ཕྱིན་པ་བཅུའི་མི་མཐུན་པའི་ཕྱོགས་ལས་ཕྱེ་ནས། དོན་ཇི་ལྟ་བུ་ཞིག་ཐུགས་སུ་ཆུད་པ་ནི། ལཱི་ལ་པས་རྟོགས་ནས་གྲོལ། ཅེས་པའོ། །ལཱི་ལ་པའི་དགོངས་པའོ། །རྫོགས་སོ།། ༢༽ །།གུ་རུ་བི་རཱུ་པའི་ཞལ་ནས། ཕྱག་རྒྱ་ཆེན་པོའི་ངང་ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རིག་བདག་མེད་རང་གི་རང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བར་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག །ཅེས་སོ། །དེའི་དོན་ནི། དེ་ཡང་ཕྱག་རྒྱ་ཞེས་པ་ལ་གསུམ་སྟེ། དང་པོ་ཆོས་ཀྱི་ཕྱག་རྒྱ་ལ་སློབ་པའི་གང་ཟག་གིས་སྐུ་ཕྱག་རྒྱ་དང་མཚན་མ་རུ་མཐོང་བ་ཡིན་ལ། གཉིས་པ་ལས་ཀྱི་ཕྱག་རྒྱ་ལ་སློབ་པའི་གང་ཟག་གིས་སྐུ་ཕྱག་རྒྱ་ཡོན་ཏན་སྣ་ཚོགས་ཀྱིས་བརྒྱན་པ་མཐོང་ལ། གསུམ་པ་ཆོས་ཀྱི་ཕྱག་རྒྱ་ལ་སློབ་པའི་གང་ཟག་གིས་སྐུ་ཕྱག་རྒྱ་ཆེན་པོ་རིག་འཛིན་གྱི་སྐྱེ་བ་དང༌། རིག་འཛིན་བརྒྱུད་པ་མཐོང་ལ། དེ་ཡང་མདོ་འབྱུང་བ་ཆེན་པོ་ནས་འདི་སྐད་བཤད་དེ། སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་སངས་
རྒྱས་སྐུ་དང་མཚན་མ་རུ་མཐོང་བ་ཡིན་ལ། སྤྱོད་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་ཡོན་ཏན་ཐམས་ཅད་ཀྱི་བརྒྱན་པར་མཐོང་ལ། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་སྐྱེ་བ་འཛིན་པ་དང་རིགས་བརྒྱུད་འཛིན་པར་མཐོང༌། ཆེན་པོ་ཞེས་པ་ནི་ཕྱག་རྒྱ་བཞི་པ་ཡིན་ཏེ། དེ་རྟོགས་པའི་གང་ཟག་གིས་སངས་རྒྱས་ངོ་བོ་ལྷན་ཅིག་སྐྱེས་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས་སོ། །དེ་སྐད་དུ་ཡང་མདོ་སྡེ་ཉིད་ལས། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔས་སངས་རྒྱས་མཐོང་བ་ཡང་མ་ཡིན། མི་མཐོང་བ་ཡང་མ་ཡིན། ཤེས་རབ་ཀྱི་མིག་གང་ཡིན་པ་དེ་བསྡུ་བ་ཡང་མེད། སྤྲོ་བ་ཡང་མེད། སྤྲོ་བསྡུ་མེད་པ་གང་ཡིན་པ་དེ་ནི་མཐའ་གཉིས་དང་བྲལ་བའོ། །མཐའ་དང་བྲལ་བ་གང་ཡིན་པ་དེ་ནི་བདག་ཉིད་མཐོང་བའོ། །བདག་ཉིད་མཐོང་བ་གང་ཡིན་པ་དེ་ནི་སངས་རྒྱས་མཐོང་བའོ། །དེ་ལྟར་ན་བདག་རྣམ་པར་དག་པས་སངས་རྒྱས་རྣམ་པར་དག་པའོ། །སངས་རྒྱས་རྣམ་པར་དག་པས་ཆོས་རྣམ་པར་དག་པའོ། །ཆོས་རྣམ་པར་དག་པས་ཐམས་ཅད་མཁྱེན་པ་ཉིད་རྣམ་པར་དག་པའོ། །ཞེས་འབྱུང་ངོ༌། །དེས་ན་ཕྱག་རྒྱ་ཆེན་པོའི་ངང་ལས་ལྷན་ཅིག་སྐྱེས། ཞེས་པ་ནི། ངོ་བོ་ལྷན་ཅིག་སྐྱེས་པའི་ངང་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །དེ་ཁོ་ན་ལ་སྣ་ཚོགས་ཡིད་ལ་མི་བྱེད་པ་ཞེས་ཏེ། ངོ་བོ་གང་དུ་ཡང་འདོད་པ་མེད་ལ། རྐྱེན་གྱིས་ཅིར་ཡང་སྣང་བས་ཕྱོགས་དང་རིས་མེད་པའོ། །དེ་ལྟ་བུའི་བསམ་བྱའི་ཡུལ་ལས་འདས་པས་མི་བསམ་སྐད། རྟོག་དཔྱོད་དྲན་རིག་གི་ཡུལ་མ་ཡིན་པས་མི་རིག་སྐད། དེས་ན་ཕྱག་རྒྱ་ཆེན་པོའི་རང་ལུགས་དེ་སོ་མའམ། ལྷུག་པའམ། རྩོལ་བྲལ་འབྲས་བུ་རང་ཆས་ཅིག་ཡིན་པས་ན། འབད་མེད་དུ་ངང་གིས་བཞག་ཅེས་གསུང་ངོ༌། །ཆད་པར་མི་འགྱུར་རང་གི་ཉམས་སུ་མྱོང་བས་རིག །ཅེས་པ་ནི། ངོ་བོ་ལྷན་ཅིག་སྐྱེས་པ་རང་ལ་རྒྱུན་ཆད་མེད་པའི་བསམ་གཏན་དུ་གནས་པས་ཆད་པ་མི་འགྱུར་ཞེས་པའོ། །དེ་ཡང་རྟོགས་པའི་ཡེ་ཤེས་དེ་རང་ཉིད་ལ་མངོན་དུ་གྱུར་པས་རྒྱུན་མི་ཆད་པའོ། །དེས་ན་རང་གིས་རིག་ཅེས་སོ། །རྒྱུན་
མི་ཆད་པའི་བསམ་གཏན་དེ་ལ་མངོན་ཞེན་མེད་དེ། དངོས་པོ་ཡང་དག་ཉིད་དུ་འཛིན་པ་དང་བྲལ་བ་གཅིག་ལ་བྱེད་དེ། རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཞེས་པའོ། །ཟུང་འཇུག་ཅེས་པ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ནི་ལྟ་བ་ཐམས་ཅད་དང་བྲལ་བའོ། །ཞེས་པའི་དོན་ཏོ། །སློབ་དཔོན་བི་རཱུ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༽ །།གུ་རུ་ཌོམྦྷི་བའི་ཞལ་ནས། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཅེས་སོ། །འདི་ལ་དཔེ་དོན་གཉིས་ལས། དང་པོ་དཔེ་ནི། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ཞེས་པ་ནི། བདུད་རྩི་སྒྲུབ་པའི་གང་ཟག་བཅུད་ལེན་གྱི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་པ་དེ་ཡིས་རིན་ཆེན་གསེར་དངུལ་ལ་སོགས་པ་བཞུ་ནས། དེའི་ནང་དུ་རྩི་སྨན་སྣ་ཚོགས་པ་བཏབ་སྟེ། དེ་ལ་སྐྱུ་རུ་ར་དམར་པོ་བླུགས་པས་བདུད་རྩིར་འགྱུར་རོ། །དེ་ལྟ་བུའི་ནུས་པ་དེས་རིན་པོ་ཆེ་གཞན་གསེར་དུ་འགྱུར་རོ། །ཡང་ན་རྫས་ཀྱི་ནུས་པ་ལས་ཀྱང་འབྱུང་སྟེ། དར་ཚེར་དང༌། གསེར་སྦྲུལ་དང༌། ནག་མཚུར་དང༌། རྒྱ་ཤུག་ལ་སོགས་པ་རྫས་སུམ་ཅུ་སོ་དྲུག་བཞུ་ཞིང་བཏུལ་ནས་བྱུགས་ན། ཟངས་ལྕགས་སམ་རྡོ་ཚུན་ཆད་གསེར་དུ་འགྱུར་གསུང་ངོ༌། །དཔེ་དེ་བཞིན་དུ་དོན་ནི། རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཅེས་པ་ནི་དང་པོ་རྒྱུ་དབང་གིས་རྟེན་སྨིན་དགོས་ཏེ། རིན་ཆེན་དབང་གི་ཞེས་པའོ། །དབང་རྣམ་པ་བཞི་པོ་དེ་ཡི་ནུས་པས་ཉོན་མོངས་པ་དང་ཡེ་ཤེས་གཉིས་སུ་མེད་ཅེས་པའི་དོན་ཏོ། །དེ་ཡང་དང་པོ་བུམ་པའི་དབང་ཞེས་པ་དེ་ལ་བརྟེན་ནས་དམ་ཚིག་གི་ཕྱག་རྒྱ་བསྒོམ་པ་སྟེ། དངོས་སུ་དང་པོ་སེམས་བསྐྱེད་ནས་ཐ་མ་ཆོས་སྐུ་དང་གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་ལས་མི་འདའ་བས་དམ་ཚིག་གོ །ལྷའམ་གཟུགས་སྐུ་སྐྱེ་མེད་ཀྱི་ངང་ལས་མི་འདའ་བས་ཕྱག་རྒྱའོ། །དེ་ལྟ་བུ་དེས་ཉོན་མོངས་པ་ཡེ་ཤེས་སུ་ཅིས་འགྱུར་ན། ཐབས་ཀྱི་རང་བཞིན་དུ་ཉོན་མོངས་པ་ལྔ་པོ་དེ་ཡང་ཡབ་རིགས་ལྔའི་སངས་
རྒྱས། ཤེས་རབ་ཀྱི་རང་བཞིན་ཡུམ་དང་སངས་རྒྱས་སྤྱན་མ་དང༌། མཱ་མ་ཀཱི་དང༌། གོས་དཀར་མོ་དང༌། སྒྲོལ་མ་སྟེ་ཡུམ་བཞི་ཡེ་ཤེས་སུ་གྱུར་པས་ན། ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཅེས་པའི་དོན་ཏོ། །གཉིས་པ་གསང་བའི་དབང་ཞེས་པ་ནི། དེ་ཐོབ་པ་ལས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་སྟེ། དེའི་ངེས་ཚིག་ནི་སྟོང་པ་བཅུ་དྲུག་ལ་བརྟེན་ནས་རང་སེམས་ཆོས་སྐུར་ངོ་སྤྲད་པའོ། །ལས་ནི་སྟོང་པའི་ངང་ལས་དང༌། ཐབས་ཀྱི་ལས་དང༌། གཉིས་སུ་མེད་པའི་ལས་སོ། །ཕྱག་རྒྱ་ཆེན་པོ་ཞེས་པ་ནི་དེ་གསུམ་ལས་སྐྱེ་བ་མེད་པའི་དོན་རྟོགས་པའོ། །དེ་ལྟར་ཡབ་ཡུམ་གྱི་སྙོམས་འཇུག་ལས་ཉོན་མོངས་པ་གཉིས་སུ་མེད་པའི་རང་བཞིན་སྐྱེ་མེད་ཀྱི་དབྱིངས་སུ་གྱུར་པས། ཉོན་མོངས་པ་གཉིས་མེད་ཡེ་ཤེས་སུ་བསྒྱུར་ཅེས་པའི་དོན་ཏོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པའི་གང་ཟག་དེས་ཆོས་ཀྱི་ཕྱག་རྒྱ་བསྒོམ་པ་ལ་དབང་བ་ཡིན་ཏེ། ཆོས་ཞེས་པ་འཁོར་བའི་ཆོས་དང་མྱ་ངན་ལས་འདས་པའི་ཆོས་སོ། །ཕྱག་རྒྱ་ནི་ལམ་སྒོམ་པའི་སྟོང་པ་ཉིད་དང་རྩ་རླུང་ཐིག་ལེ་གསུམ་ཡིད་ལ་བྱས་ནས་ཉམས་སུ་བླངས་པས་སྐྱེ་མེད་ཀྱི་དོན་ཆོས་སྐུ་མངོན་དུ་བྱེད་དོ། །ཉོན་མོངས་པ་ལམ་དུ་བྱས་ནས་བསྒོམས་པས་གཉིས་མེད་ཡེ་ཤེས་གཅིག་ཏུ་འགྱུར་བས་ན་ཉོན་མོངས་པ་དང་ཡེ་ཤེས་གཉིས་སུ་མེད་པའི་དོན་ཏོ། །དབང་བཞི་པ་ནི་ཚིག་དབང་རིན་ཆེན་ཞེས་བྱ་སྟེ། དེ་ལ་དོན་བཞིས་བསྟན་ཏེ་དབང་བསྐུར་བའི་རྒྱུ་ནི་རྣལ་འབྱོར་པའི་རྒྱུད་ལ་རང་ཆས་སུ་གནས་པ་ཡིན་ལ། གཉིས་པ་རྐྱེན་ནི་དཀྱིལ་འཁོར་གཅིག་གི་སྒོ་རུ་དབང་བྱིན་རླབས་དང་བཅས་པ་བསྐུར་བ་ཡིན་པས། གསུམ་པ་ལམ་རྒྱུད་ལ་ལྡན་པ་ཉམས་སུ་བླང་བའི་ཐབས་ནི། ཕྱག་རྒྱ་བཞིའི་གདམས་ངག་དེས་ཤེས་དང་བཅས་པ་གཅིག་བསྟན་པས་འབྲས་བུ་ཚུལ་བཞིན་དུ་གྱུར་པ་ཡིན་ལ། ཕྱག་རྒྱ་ཆེན་པོའི་འབྲས་བུ་ཆོས་སྐུ་ཡིན་ཏེ། དེ་ཐམས་ཅད་ཀྱི་རང་བཞིན་དུ་གྱུར་པའོ། །དེ་ལྟ་བུ་དེ་ལ་ཉོན་མོངས་པ་གཞི་ནས་མེད་དེ། མ་ཡེངས་མི་ལྡན་ཡེ་ཤེས་ཆེན་པོའི་རང་བཞིན་ཡིན་པས་ན། ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཞེས་པའི་དོན་ཏོ། །རྣལ་འབྱོར་པ་ཌོམྦྷི་པའི་རྟོགས་པའི་
དོན་རྫོགས་སོ།། ༤༽ །།གུ་རུ་ཤ་བ་རིའི་ཞལ་ནས། མ་རིག་པ་ཡི་ནགས་ཚལ་དུ། །གཟུང་འཛིན་གཉིས་ཀྱི་རི་དྭགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་བདུངས་ནས། །སྙིང་པོ་དོན་གྱི་མདའ་ཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང༌། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །ཅེས་སོ། །དེའི་དོན་ནི། མ་རིག་པ་ཡི་ནགས་ཚལ་དུ། །ཞེས་པ་ནི། ལྷན་ཅིག་སྐྱེས་པ་དང་ཀུན་བཏགས་ཀྱི་མ་རིག་པ་དེས་ཉོན་མོངས་པ་ཐམས་ཅད་སྐྱེད་པར་བྱེད་པས་དཔེ་ནགས་ཚལ་དང་འདྲ་ལ། དེའི་ནང་དུ་གཟུང་འཛིན་གཉིས་ཀྱིས་བཅིངས་པའི་སེམས་དེ་རི་དྭགས་དང་འདྲ་བས་རྒྱུ་ཞེས་པའི་དོན་ཏོ། །གཟུང་འཛིན་གྱིས་བཅིངས་པའི་རི་དྭགས་དེ་ཇི་ལྟར་དུ་བཤོར་ཅེ་ན། ཐབས་ཤེས་གཉིས་ཀྱི་གཞུ་བདུངས་ཞེས་པས་ཐབས་ནི་སྣང་བ་ལ་བྱ་སྟེ། དེ་མི་འགེགས་ཏེ། སྣང་བ་བླ་མར་ཤར་བ་ལ་བྱའོ། །ཤེས་རབ་ནི་སྟོང་པ་ལ་བྱ་སྟེ། བདག་མེད་པ་དང་གཟུགས་ཅན་མ་ཡིན་པའི་ངོ་བོ་སྟོང་པ་འོད་གསལ་བ་རྟོག་པ་མེད་པ་ཅིག་ཡིན་ནོ། །གཞུ་དེ་ལྟ་བུ་ཅིག་བདུངས་ནས་མདའ་ཅི་ལྟ་བུ་ཅིག་བརྒྱབས་ན། སྙིང་པོ་དོན་གྱི་མདའ་ཅིག་འཕངས་ཞེས་པ། སྣང་སྟོང་གཉིས་མེད་དེ་ཀ་ལ་སྙིང་པོའི་དོན་ཞེས་པ་ཡིན་ཏེ། གཟུང་འཛིན་གཉིས་ཀྱི་རྟོག་པ་ལས་འདས་ཤིང༌། ངོ་བོ་བསམ་བྱའི་ཡུལ་དང་བྲལ་ལ། བློ་དང་ཡིད་ཀྱི་སྤྱོད་ཡུལ་དུ་མ་གྱུར་པའོ། །མདའ་དེ་གང་ལ་རྒྱབ་ན་གཟུང་འཛིན་གཉིས་ཀྱིས་བཅིངས་པའི་སེམས་རི་དྭགས་དང་འདྲ་བ་དེ་ལ་འཕངས་ཞེས་པའི་དོན་ཏོ། །འོ་ན་ཤི་བ་གང་ཤི་ན། དེ་མ་ཡིན་པར་དེར་འཛིན་དང་བཅས་པའི་མ་རིག་པའི་ནགས་ཚལ་ན་གནས་པའི་རྣམ་པར་རྟོག་པ་དེ་ཤི་ཞེས་པའོ། །དོན་གཉིས་མེད་གཅིག་གི་ངང་དུ་རྟོགས་པས། །ཤ་ནི་གཉིས་སུ་མེད་པར་ཟོས། །ཞེས་པའི་དོན་ཏོ། །གཉིས་མེད་དེ་ཉིད་ལ་བདེ་བ་རྒྱུན་མི་ཆད་པས། རོ་ནི་བདེ་བ་ཆེན་པོར་མྱོང༌། །ཞེས་པའི་དོན་ཏོ། །དེ་ཉིད་རང་ཆས་སུ་གདོད་ནས་ཐོབ་པར་གནས་པས། འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །ཅེས་པའོ། །རྣལ་འབྱོར་པ་ཤ་བ་
རི་བའི་རྟོགས་པ་བརྗོད་པའི་དོན་རྫོགས་སོ།། ༥༽ །།གུ་རུ་ས་ར་ཧའི་ཞལ་ནས། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མ་དམ་པའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་བ་མེད་ཅིང་ལུས་ལ་ཆད་པ་མེད། །ཅེས་སོ། །དེའི་དོན་ནི། ཀྱཻ་ཧོ་གྲོགས་དག་ཅེས་པ་ནི་ཕྱག་རྒྱ་ཆེན་པོའི་སྐལ་བ་དང་ལྡན་པ་དེ་ལ་བོས་པའོ། །ལྷན་ཅིག་སྐྱེས་པ་ཞེས་པ་ནི། ཡིད་ལ་མི་བྱེད་པའི་དོན་ངོ་བོ་ལྷན་ཅིག་སྐྱེས་པ་དེ་གཞན་ནས་བཙལ་མི་དགོས་པར། ཡེ་གདོད་མ་ནས་རང་ལ་རང་ཆས་སུ་གནས་པས་ལྷན་ཅིག་སྐྱེས་པའོ། །གཞན་ནས་མི་རྙེད་བླ་མའི་ཞལ་ནས་རྙེད། །ཅེས་པ་ནི། གཞན་ཞེས་པ་ནི་ཚིག་དང་ཡི་གེ་ལ་སོགས་སྒྲོ་བཏགས་ཀྱི་ཐ་སྙད་ཀྱིས་གཏན་ལ་མི་ཕེབས་པས་མི་རྙེད་ཅེས་པའི་དོན་ཏོ། །བླ་མ་དམ་པའི་ཞལ་ནས་རྙེད་ཅེས་པ་ནི། བླ་མ་སུམ་ལྡན་གཅིག་ལ་བརྟེན་ནས་བརྡའི་སྒོ་ནས་རིག་པ་ཁོང་འཇམ་དུ་གོ་རུ་བཏུབ་པས། ཞལ་ནས་རྙེད་ཅེས་པའོ། །བླ་མ་སུམ་ལྡན་ཅེས་པ་ནི། བརྒྱུད་པའི་བླ་མས་བྱིན་གྱིས་བརླབས། བཀའ་ཡི་བླ་མས་མན་ངག་ལ་ཡིད་ཆེས། དངོས་ཀྱི་བླ་མས་སེམས་ངོ་སྤྲད་ནས་སྒྲོ་འདོགས་ཆོད་པས་དེ་ལ་བླ་མ་སུམ་ལྡན་ཅེས་བྱའོ། །ཡང་ན་བླ་མ་གསུམ་ནི་དབང་བྱིན་རླབས་དང་བཅས་པ་བསྐུར་བ་དང༌། རྒྱུད་གོ་རྟོགས་དང་བཅས་པ་འཆད་པ་དང༌། གདམས་ངག་ངེས་ཤེས་དང་བཅས་པ་འདེབས་པ་གསུམ་མོ། །དེ་ཡང་ངེས་བརྗོད་བླ་མ་ནས། དབང་བསྐུར་གདམས་ངག་རྒྱུད་དང་ནི། །ཚེགས་མེད་གདམས་ངག་སྟོན་པས་ན། །བླ་མ་ཞེས་སུ་བརྗོད་པ་ཡིན། །ཞེས་བཤད་དོ། «།བརྒྱུད་པའི་བཤད་པ་མི་སྣང༌།་་་་་»བཀའ་ནི་ཡིད་ཆེས་སྐྱེད་པར་བྱེད་པས་ཁྱད་པར་ཅན་ནོ། །དངོས་ཀྱི་བླ་མ་ནི་སྒྲོ་འདོགས་གཅོད་པར་བྱེད་པ་རང་གི་སེམས་ཉིད་རྗེན་པར་སྟོན་པའོ། །དེ་གསུམ་ལ་བརྟེན་ནས་ངོ་བོ་ལྷན་ཅིག་སྐྱེས་པ་རྟོགས་པས་བླ་མ་དམ་པའི་ཞལ་ལས་རྙེད་ཅེས་པའི་དོན་ཏོ། །དོན་དམ་ནི་ངོ་བོ་ལྷན་ཅིག་སྐྱེས་པ་སྟེ་ཕྱིན་ཅི་མ་ལོག་པ་དེའོ། །ཞལ་གྱི་ཞེས་པ་ནི་བརྒྱུད་པའི་བླ་མའི་ཞལ་ནས་གསུངས་པའོ། །ངོ་བོ་ཉིད་
ཅེས་པ་ནི་སྐྱེ་མེད་ཀྱི་དོན་རྟོགས་ནས་ཡིད་ལ་འཆི་བ་མེད་ཅེས་པའོ། །རྣམ་རྟོག་གམ་ཉོན་མོངས་ཀྱི་ཡིད་དེ་སྐྱེ་མེད་ཀྱི་དོན་རྒྱུན་མི་ཆད་པའི་རྟེན་དུ་འགྱུར་བས་འཆི་བ་མེད། ཅེས་པའོ། །ཆད་པ་མེད་ཅེས་པ་རྣམ་རྟོག་གམ་བག་ཆགས་ཀྱིས་ལུས་ཇི་ལྟར་འདོར་ལེན་བྱེད་ཀྱང༌། ཡེ་ཤེས་ཀྱི་ལུས་དེ་རྒྱུན་ལ་ཆད་པ་མེད་ཅེས་སོ། །སློབ་དཔོན་ས་ར་ཧའི་རྟོགས་པའི་འགྲེལ་པ་རྫོགས་སོ།། ༦༽ །།གུ་རུ་ཀམ་ཀ་ལི་པའི་ཞལ་ནས། ཇི་ལྟར་ནམ་མཁའ་སྟོང་པ་ལ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་དེ། །དཔེ་མེད་ཐ་སྙད་ཀུན་ལས་འདས། །ཞེས་སོ། །དེའི་དོན་ནི། ཇི་ལྟར་ནམ་མཁའ་སྟོང་པ་ལ། །ཞེས་པ་འདུས་མ་བྱས་ཀྱི་ནམ་མཁའ་སྟོང་པ་འདི་ལ་ཞེས་པའོ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །ཞེས་པ་ལ། གཅིག་ཅེས་པ་ནི་སྣང་བའོ། །གཞན་ཉིད་ཅེས་བྱ་བ་སྟོང་པའོ། །སྤངས་པ་ཞེས་པ་སྣང་སྟོང་གཉིས་སྤངས་པའི་གཟུགས་ནི་ནམ་མཁའ་རང་གི་ངོ་བོ་སྣང་སྟོང་དབྱེར་མེད་ཅེས་པ་དེ་ལ་བྱའོ། །དཔེ་དེ་བཞིན་ཏུ་སེམས་ཉིད་ནམ་མཁའ་སྟོང་པ་ལྟ་བུ་དེ་ལ་གཅིག་དང་ཞེས་པ་ཕྱིའི་ཆུང་མ་འདུས་བྱས་ཀྱི་རང་བཞིན་ཅན་གྱི་ཤ་ཁྲག་གི་དངོས་པོ་ཅན་དེ་ལ་བྱའོ། །གཞན་ཉིད་ཅེས་པ་ནི་ནང་གི་ཆུང་མ་སྟོང་པའི་རང་བཞིན་གཟུགས་སྒྲ་དྲི་རོ་རེག་བྱ་ལ་བྱ་སྟེ། སྤངས་པའི་ཞེས་པ་ཕྱི་ནང་གི་ཆུང་མ་དེ་ལྟ་བུ་སྤངས་པའི་ཞེས་པའོ། །གཟུགས་ནི་རང་གི་སེམས་ཉིད་རང་གི་ངོ་བོ་བདེ་ཆེན་འོད་གསལ་བ་དེ་ལ་བྱ་སྟེ། རང་ལ་རང་ཆས་ཀྱི་ཡེ་ཤེས་ཆེན་པོའོ། །དེ་ལྟ་བུའི་ཆུང་མ་དེ་ལ་རང་སྣང་ཡེ་ཤེས་ཀྱི་བཙུན་མོ་ཞེས་བྱའོ། །དེ་ཡང་རང་ཆས་སུ་གནས་པའི་ཡེ་ཤེས་ཡིན་ལ། གཞན་ལས་བཙལ་མི་དགོས་པས་རང་སྣང་ཞེས་བྱའོ། །ཡེ་ཤེས་ཆུང་མ་དེ་ལ་དཔེས་མཚོན་མེད་ལ། ཐ་སྙད་ཀྱིས་གཞལ་དུ་མེད་པས། དཔེ་མེད་ཐ་སྙད་ཀུན་ལས་འདས། །ཞེས་སོ། །བདག་མེད་མའི་རྒྱུད་ལས། ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །ཤེས་རབ་ཡེ་ཤེས་བཙུན་མོ་ནི། །གཞན་ལས་མ་ཡིན་རང་གི་ཆ། །ངོ་བོ་ཐ་སྙད་ཀུན་ལས་འདས། །ཞེས་བཤད་པའོ། །ཀམ་ཀ་ལི་པའི་རྟོགས་པའི་དོན་དང་འགྲེལ་པ་
རྫོགས་སོ།། ༧༽ །།གུ་རུ་མཱི་ན་པའི་ཞལ་ནས། ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་ལུས་ལ་བརྟེན་བྱས་ནས། །ལྷ་ཆེན་གདམས་ངག་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མཱི་ན་པ་ཞེས་གྲགས། །ཞེས་སོ། །དེའི་དོན་ནི། ལྕགས་ཀྱུ་ཐོགས་པ་ནི་ཉ་པའི་རིགས་སོ། །ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཅེས་པ་ནི་ཉ་ཡིས་ཟོས་པའི་ལོ་རྒྱུས་ཀྱི་དབང་དུ་བྱས་པའོ། །རྟེན་བྱས་པ་ནི་ཉའི་ལུས་པོ་ལའོ། །ལྷ་ཆེན་གདམས་ངག་ཉམས་བླངས་པས། །ཞེས་པ་ནི། འབྱུང་བ་གོས་སུ་གྱོན་པའི་གདམས་ངག་ཚོགས་དྲུག་ནང་དུ་ནུབ་པ་བུམ་ནང་དུ་མར་མེ་ལྟ་བུའི་གདམས་ངག་བྱང་སེམས་བདག་ཉིད་ཟས་སུ་ཟ་བ་ལ་སོགས་པའི་གདམས་ངག་ནི་དོ་ཧའི་ནང་ན་བཞུགས་སོ། །དེའི་ཡོན་ཏན་ཐུན་མོང་གི་དངོས་གྲུབ་ནི་ས་དང་རྡོ་ཡིས་མ་ཐེག་པ་འབྱུང་བ་ཟིལ་གྱིས་གནོན་པའོ། །རྣལ་འབྱོར་པ་མཱི་ན་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༨༽ །།གུ་རུ་གོ་རཀྵའི་ཞལ་ནས། རིགས་ནི་མཆོག་དང་འབྲིང་དང་ཐ་མ་རུ། །གནས་པའི་རྒྱུ་ལ་རྐྱེན་གྱི་སྟོབས་ལྡན་པས། །གེགས་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །ཙོའུ་རཱངྒ་ལ་བྱང་སེམས་བསྙེན་བཀུར་བྱས། །དེ་རྐྱེན་སྟོབས་ཀྱིས་ཁམས་ཀྱི་ས་བོན་བཏབ། །ཨ་ཙིནྟ་ཡིས་འཆི་མེད་བདུད་རྩི་བསྟན། །གོ་རཀྵ་ཡིས་གཉིས་མེད་དེ་ཉིད་མཐོང༌། །སྲིད་གསུམ་བ་རྫིའི་རྒྱལ་པོ་ངོ་མཚར་ཆེ། །ཞེས་སོ། །དེའི་དོན་ནི། དེ་ལ་རིགས་ནི་མཆོག་དང་ཞེས་པ་རྒྱལ་རིགས་ཙོའུ་རཱང་ག་ལྟ་བུའམ། འབྲིང་ཞེས་པ་རྗེ་རིགས་སམ། བྲམ་ཟེའི་རིགས་ལྟ་བུའམ། ཐ་མའང་རུང་ཞེས་པ་དམངས་རིགས་བ་ལང་རྫི་ལྟ་བུའང་རུང་ཞེས་པའོ། །གནས་པའི་རྒྱུ་ལ་ཞེས་པ་ནི་རང་གི་སེམས་ཉིད་གཉུག་མ་ལ་བྱ་སྟེ། ངོ་བོ་སྟོང་པར་འདུག་པ། མཚན་ཉིད་སྤྲོས་པ་ཐམས་ཅད་དང་བྲལ་བ། ཐམས་ཅད་ཀྱི་འབྱུང་གཞིར་ཡང་འདུག་པ། ཐམས་ཅད་ཀྱི་གོ་འབྱེད་པར་བྱེད་པ། དཔེར་ན་འདུས་མ་བྱས་ནས་ནམ་མཁའ་ལྟ་བུ་དེ་གཞན་ནས་བཙལ་མི་དགོས་པར་ཡེ་ནས་རང་ལ་རང་ཆས་སུ་ཡོད་པས། གནས་པའི་རྒྱུ་ལ་
ཞེས་བྱའོ། །རྐྱེན་གྱིས་སྟོབས་དང་ལྡན་པ་ཞེས་པ་ནི་གསུམ་སྟེ། སྔོན་འགྲོ་དད་པ་སྐྱེད་པའི་རྐྱེན་འཇིག་རྟེན་ལ་བློ་ལོག་པ། སྐལ་པ་བླ་མའི་རྐྱེན་དངོས་གྲུབ་ཅན་དང་མཇལ་བ། ལམ་བསྒྲུབ་པའི་རྐྱེན་ཆོས་གདམས་ངག་ལ་ཡིད་ཆེས་སྐྱེ་བ་མི་དམིགས་པའི་ཤེས་རབ་མངོན་དུ་གྱུར་པའོ། །དེ་གསུམ་གྱི་སྟོབས་དང་ལྡན་པས་གེགས་མེད་ཅེས་པ་ནི། རྐྱེན་གསུམ་གྱི་འབྲས་བུ་རང་ལ་ཡོད་པ་རྟོགས་ཙམ་ན་སངས་རྒྱས་ཀྱི་དགོངས་པ་རང་ལ་རང་ཆས་སུ་ཤར་བས་གཞན་གྱིས་གེགས་བྱ་རུ་མེད་པའོ། །དཔེར་ན་ཉི་མ་མེ་ཤེལ་དང་འདྲ་གསུངས། དེ་ཡང་མེ་ཤེལ་ལ་མེ་རང་ཆས་སུ་ཡོད་པ་ལ་ཉི་མའི་རྐྱེན་གྱིས་མེ་འབར་བ་ལས། ཟླ་བ་ལ་སོགས་གཞན་གྱིས་སྲེག་པ་བྱ་རུ་མེད་པའི་དཔེ་དེ་བཞིན་དུ། གོང་དུ་བཤད་པའི་རྐྱེན་གསུམ་གྱི་སྟོབས་རང་ལ་ཡོད་པས་སངས་རྒྱས་ཀྱི་དགོངས་པ་མངོན་དུ་རྟོགས་པས་ལོག་རྟོག་གཞན་གྱིས་གེགས་བྱ་རུ་མེད་དེ་རང་ལ་ཡོད་པས་ངོ་མཚར་ཆེ་ཞེས་པའོ། །ཙོའུ་རཱངྒི་ལ་བྱང་སེམས་བསྙེན་བཀུར་བྱས། །ཞེས་པ་བྱམས་པ་ལ་སོགས་པ་ཚད་མེད་པས་ཙོའུ་རཱངྒས་ལོ་བཅུ་གཉིས་བསྙེན་བཀུར་བྱས། ཞེས་པའི་དོན་ཏོ། །དེའི་རྐྱེན་ནམ་སྟོབས་ཀྱིས་ཁམས་ཀྱི་ས་བོན་བཏབ་ཅེས་པ་ནི། བྱམས་པའི་རྐྱེན་ནམ་སྟོབས་ཀྱིས་ཁམས་སྐྱེ་མཆེད་ལ་སོགས་པའི་ས་བོན་དང་བྲལ་ནས་བྱང་ཆུབ་སེམས་ཀྱི་ས་བོན་བཏབ་པས་ཞེས་པའི་དོན་ཏོ། །ཨ་ཙིནྟ་ཡིས་འཆི་མེད་བདུད་རྩི་བསྟན། །ཅེས་པའི་དོན་ནི་བླ་མས་སྐྱེ་ཤི་མེད་པའི་དོན་ངོ་སྤྲད་ཅེས་པའོ། །གོ་རཀྵ་པས་གཉིས་མེད་དེ་ཉིད་མཐོང༌། །ཞེས་པ་ནི། གོ་རཀྵ་ཞེས་པ་ནི་བ་ལང་འཚོས་ཀྱིན་དེའི་གླ་ཡི་འཚོ་བ་ཟ་བའོ། །གཉིས་མེད་ཅེས་པ་ཡང་དག་པའི་དོན་ལ་བྱ་ཞིང་དེ་བཞིན་ཉིད་ཅེས་ཀྱང་བྱའོ། །མཐོང་ཞེས་པ་མངོན་དུ་གྱུར་པའོ། །སྲིད་གསུམ་ཞེས་པ་ལུས་ངག་ཡིད་གསུམ་མམ། རྩ་བ་དུག་གསུམ་ལ་བྱ་སྟེ། དེ་ཆོས་སྐུའི་དབྱིངས་སུ་བ་ལང་ལྟར་བསྐྱངས་པས་ངོ་མཚར་ཞེས་པའོ། །གོ་རཀྵ་པའི་རྟོགས་བརྗོད་ཀྱི་འགྲེལ་པ་རྫོགས་སོ།། ༩༽ །།གུ་རུ་ཙཽ་རཱངྒིའི་ཞལ་ནས། ཐོག་མེད་སྲིད་པ་ཡུན་རིང་དུ། །མ་རིག་སྡོང་པོའི་
རྩ་བ་ལ། འདུ་བྱེད་ཆུ་ཡིས་ལེགས་བརླན་ནས། །སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །མ་རིག་པ་ཡི་ཤིང་ཆེན་དེ། །བླ་མ་དམ་པའི་མན་ངག་དང༌། །ཤེས་རབ་གསུམ་གྱི་སྟེའུ་ཡིས། །ཙཽ་རཱངྒ་ཡིས་དེ་རིང་བཅད། །ཅེས་སོ། །འདིའི་དོན་ནི་དེ་ལ་ཐོག་མེད་ཅེས་པ་ནི་འཁོར་བ་ལ་ཐོག་མ་དང་ཐ་མའི་ཆ་འདི་ཙམ་མོ་བྱ་བ་མེད་ཅིང་མ་ཤེས་པས་ན། སྲིད་པ་ཞེས་པ་ནི་ཉེར་ལེན་གྱི་ཕུང་པོ་སྲིད་པ་ལ་བརྟེན་ནས་ཡུན་རིང་དུ་འཁོར་བས་ན་སྲིད་པར་འཁྱམས་པའོ། །དེ་ཅིས་འཁྱམས་ན། མ་རིག་པ་སྡོང་པོའི་རྩ་བ་ལ་ཞེས་པ་སྟེ། སྲིད་པའི་རྩ་བ་མ་རིག་པ་ཡིན་ཏེ་ཐོག་མར་མ་རིག་པ་འབྱུང༌། དེ་ལས་འདུ་བྱེད། དེ་ལས་རྣམ་པར་ཤེས་པ། དེ་ལས་མིང་དང་གཟུགས། དེ་ལས་སྐྱེ་མཆེད་དྲུག དེ་ལས་རེག་པ། དེ་ལས་ཚོར་བ་འབྱུང་བས་སོ། །མ་རིག་པའི་སྡོང་པོ་དེ་སྲིད་པ་ཉེ་བར་ལེན་པས་བརླན་བྱས་ཏེ་སྡོང་པོ་སྐྱེས་པས་ན་དེ་ལས་སྲེད་པ་འབྱུང་ངོ༌། །དེ་ལས་ལེན་པ་འབྱུང༌། དེ་དག་ལས་ཐོག་མེད་སྲིད་པ་ཡུན་རིང་དུ་འབྱུང་སྟེ། སྲིད་པ་དང་སྐྱེ་བ་དང་རྒ་ཤི་ལ་སོགས་པ་འབྱུང་བས། སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །ཞེས་པའོ། །མ་རིག་པ་དེ་ཀ་སྲིད་པའི་རྩ་བ་ཡིན་པས་སྡོང་པོ་འདྲ་བ་དེ་ཇི་ལྟར་བཅད་ཅེས་པ་ལ། བླ་མ་དམ་པའི་གདམས་ངག་དང༌། །ཞེས་པ་ནི། མ་རིག་པ་རྩད་གཅོད་པའི་མན་ངག་ཅེས་བྱ་བ་དོ་ཧ་ན་གསལ། ཤེས་རབ་གསུམ་གྱི་སྟེའུ་ཞེས་པ། ཐོས་པའི་ཤེས་རབ་ཚིག་ལ་བརྟེན་པའི་སྟེའུ། བསམ་པའི་ཤེས་རབ་ཚིག་དོན་གཉིས་ཀ་ལ་བརྟེན་པའི་སྟེའུ། བསྒོམས་བྱུང་གི་ཤེས་རབ་དོན་ཁོ་ན་ལ་བརྟེན་པའི་སྟེའུ་ཙཽ་རཱངྒས་དེ་རིང་བཅད་ཅེས་བྱ་བ། རྟོགས་པའི་དུས་དེ་རིང་བཅད་ཅེས་པའི་དོན་ཏོ། །ཙཽ་རཱངྒའི་རྟོགས་པ་བརྗོད་པ་དང་འགྲེལ་པ་རྫོགས་སོ།། ༡༠༽ །།གུ་རུ་ཝཱི་ན་པའི་ཞལ་ནས། ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །གུས་དང་བརྩོན་པས་སྤྱད་བྱས་ནས། །མ་གྲོལ་སྐྱེ་མེད་སྒྲ་སྤྱད་པས། །ཝཱི་ན་པ་ཡིས་བདག་མེད་རྟོགས། །ཞེས་སོ། །འདིའི་དོན་ནི། དེ་ལ་དང་པོ་ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། ཞེས་པ་ནི། ཏམ་བུ་རའི་སྒྲ་
ལ་རང་རྒྱུད་པར་ཞེན་པའོ། །གུས་དང་བརྩོན་པས་སྤྱད་བྱས་ནས། །ཞེས་པ་རྒྱལ་སྲིད་ལ་སོགས་པ་འཇིག་རྟེན་གྱི་བྱ་བ་གཞན་ལ་བློ་མི་ཞུགས་པར་སྒྲ་དེ་དག་ལ་གུས་པའམ། རྩེ་གཅིག་ཏུ་སྤྱད་ནས་མ་གྲོལ་ཅེས་པའོ། །སྐྱེ་བ་མེད་པའི་སྒྲ་སྤྱད་པས། །ཞེས་པ་ནི། ཕྱི་ཏམྦུ་ར་ལ་སོགས་པའི་སྒྲ་ནི་དྲན་རིག་ཡིན་ལ། ནང་འཛིན་བྱེད་ཀྱི་ཤེས་རབ་ཀྱང་དྲན་རིག་ཡིན་ནོ། །སྐྱེ་མེད་ཀྱི་དོན་ནི་དྲན་མེད་དམ། བདག་མེད་ཀྱི་སྒྲ་ཡིན་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས་ཀྱང༌། སྐྱེ་མེད་སྤྲོས་དང་བྲལ་བ་ཡི། །བདག་མེད་སྟོང་པའི་སྒྲ་བསྒྲགས་པས། །བདག་ཉིད་ལོག་རྟོག་རྣམ་པར་འཇོམས། །ཞེས་སོ། །ར་ལིའི་འགྲེལ་པ་ལས། མ་སྐྱེས་པ་ལ་མཁས་པ་ཡིས། །དངོས་པོ་བདག་སོགས་ཀུན་དང་བྲལ། །དེ་ཉིད་ཁོ་ནར་བློ་བརྟན་པས། །གོམས་པས་བྱེད་པ་སྟོང་པའི་སྒྲ། །ཞེས་བཤད་དོ། །དེས་ན་སྒྲ་མེད་དུ་རང་ངོ་ཤེས་པའི་སྒྲ་ཡི་དོན་སྤྱད་པས། ཝཱི་ན་པ་ཡིས་བདག་མེད་རྟོགས། །ཞེས་པའོ། །རྣལ་འབྱོར་པ་ཝཱི་ན་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༡༽ །།གུ་རུ་ཤཱནྟི་པའི་ཞལ་ནས། བུ་ཆུང་མ་ཡིས་གསོས་པ་ཡིས། །གྱད་ཀྱི་སྟོབས་དང་ལྡན་པ་བཞིན། །བློ་ཆུང་བླ་མའི་མན་ངག་གིས། །རིམ་གྱིས་ཁྲིད་པས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རྣམས་སྨན་གྱིས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པའི་ནད། །བླ་མའི་གདམས་པས་སྐད་ཅིག་སྲེག །ཅེས་སོ། འདིའི་དོན་ལ་གཉིས་ཏེ། དང་པོ་ཐེག་པ་རིམ་གྱིས་བགྲོད་པའི་དཔེ་བུ་ཆུང་ལྟ་བུས་བསྟན་པ་ནི། བུ་ཆུང་མ་ཡིས་གསོས་ཞེས་པ། བུ་ཆུང་བཙས་མ་ཐག་གི་དུས་ན་ལུས་དང་ཡན་ལག་དང་དབང་པོ་ལ་སོགས་པ་སྐྱེ་མཆེད་མ་བརྟས་པའི་དུས་སུ། དང་པོར་མ་ཡིས་བུ་ཆུང་ལ་ནུ་མ་ནས་ཟས་རིམ་གྱིས་ཀ་ར་དང༌། མར་དང་མ་ཧེའི་ཞོ་དང༌། འབྲས་ཀྱི་ལྡེ་གུ་ལ་སོགས་པས་རིམ་པར་གསོས་པས། མཐར་གྱད་ཀྱི་སྟོབས་དང་ལྡན་ནས་ལུས་དང་དབང་པོ་དང་ཡན་ལག་དང་ཉིང་ལག་རྒྱས་པར་འགྱུར་བ་བཞིན། བློ་ཆུང་དག་ནི་ཞེས་པ་སྦྱངས་པའི་ལས་འཕྲོ་མེད་པ་སྟེ།
ཐེག་པ་རིམ་པས་མ་སྦྱངས་ཤིང་འཇུག་པའི་སྒོ་མ་ཐོབ་པས་བློ་ཆུང་བ་དང༌། དབང་གིས་རྒྱུད་སྨིན་པར་མ་བྱས་པས་བློ་ཆུང་བ་དང༌། རྨོངས་ཤིང་ཤེས་རབ་ཆུང་བས་བློ་ཆུང་བ་དག་གོ །བླ་མའི་གདམས་ངག་གིས་ཞེས་པ་ནི། བརྒྱུད་པའི་བླ་མའི་གདམས་ངག་གིས་བགྲོད་པར་བྱ་བ་ལམ་གྱིས་ཆོས་ཡིན་ཏེ། དེ་ཡང་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་ལམ་རིམ་གྱིས་བགྲོད་པས་གཟོད་ཐེག་པ་ཆེན་པོར་འགྱུར་བས་ན་ཐེག་པ་ཆེ་ཞེས་པའི་དོན་ཏོ། །གཉིས་པ་ལམ་གཅིག་ཅར་བས་རྟོགས་པའི་དཔེ་སྨན་ལྟ་བུར་བསྟན་པ་ནི། རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སྨན་གྱིས་སེལ་བ་ལྟར། ང་དང་བདག་ཏུ་འཛིན་པའི་ནད་ཅེས་བྱ་བ་ནི། སྐྱེས་བུ་ང་བདག་གཟུང་འཛིན་ཅན་དེ་ལ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ནད་དང་འདྲ་བས་ན་ནད་རྣམས་ཞེས་པའོ། །བླ་མའི་གདམས་པས་སྐད་ཅིག་སྲེག །ཅེས་པ། བླ་མ་ནི་བརྒྱུད་པ་དང་ལྡན་པའི་བླ་མའོ། །གདམས་པ་ནི་ཕྱི་ནང་གི་གདམས་པ་དྲུག་ཅེས་བྱ་བ་ནི་དོ་ཧ་ནས་གསལ་ལོ། །སྲེག་ཅེས་བྱ་བ་ལྟ་བ་དེ་ཉིད་ཀྱི་དོན་རྟོགས་པའི་ཡེ་ཤེས་མེ་དཔུང་དང་འདྲ་བ་དེས་ཉོན་མོངས་པའི་ནད་བུད་ཤིང་དང་འདྲ་བ་དེ་ལྟ་བུ་རྟོགས་པའི་སྐད་ཅིག་ལ་སྲེག ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཤཱནྟི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༢༽ །།གུ་རུ་ཏནྟྲཱི་པའི་ཞལ་ནས། འཇིག་རྟེན་པ་ཡིས་ཐགས་མཁན་རྣམས། །སྣལ་མ་ཐམས་ཅད་ཐགས་སུ་བཏགས། །ང་ནི་བླ་མའི་མན་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་བཏགས། «།ཡེ་ཤེས་ལྔ་ཡི་སྟོང་ཉིད་ནི།་་་་་»།སྟོང་ཉིད་གནས་སུ་ཡེ་ཤེས་ལྔའི། །སྣལ་མ་མན་ངག་སྟག་སོ་དང༌། །ཤེས་རབ་ཀྱི་ནི་སྒྲོམ་བུ་ཡིས། །དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། །ཞེས་སོ། །འདི་ལ་དཔེ་དོན་གཉིས་ལས། དང་པོ་དཔེ་ནི། འཇིག་རྟེན་པ་ཡི་ཐགས་མཁན་ཞེས་པ་ནི་སྣལ་མའི་ཐགས་དེ་འདྲ་བ་ཀུན་རྫོབ་ཡིན་ཅེས་པའི་དོན་ཏོ། །གཉིས་པ་དོན་ནི། ང་ནི་བླ་མའི་མན་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་བཏགས། །ཞེས་པ་དོན་དམ་པའི་ཐགས་སུ་འཐགས་ཞེས་པའི་དོན་ཏོ། །
དོན་དེ་ཇི་ལྟར་ཐགས་སུ་འཐགས་ཞེ་ན། སྟོང་ཉིད་གནས་སུ་ཞེས་པ་ནི། ཕྱི་གཟུང་བའི་ཡུལ་ངོ་བོས་སྟོང་པ། ནང་འཛིན་པའི་ཤེས་པ་རང་བཞིན་གྱིས་སྟོང་པ། དེ་ཡང་སྟོང་པ་རང་གི་ངོ་བོ་མ་གྲུབ་པ་གཅིག་གི་གནས་སུ་འཐགས་ཞེས་པའོ། །ཡེ་ཤེས་ལྔ་ཡི་ཞེས་པ་ནི། ཉོན་མོངས་པ་ལྔ་ལ་སོགས་པ་རྣམས་སྟོང་པའི་ངོ་བོར་མ་གྲུབ་པ་དེའི་ངང་དུ་ཟད་ཅིང་འགག་པ་ཙམ་ན་ཡེ་ཤེས་རྣམ་པ་ལྔ་མ་འགགས་པར་ཤུགས་ལ་ཤར་པ་ཉི་མའི་འོད་ཟེར་ལྟ་བུར་བྱུང་བ་དེ་ཐགས་ཀྱི་སྣལ་མར་བྱས་པའི་དོན་ཏོ། །གདམས་ངག་ཅེས་པ་ནི། ཡེ་ཤེས་དེ་མཚོན་པར་བྱེད་པའི་བླ་མའི་ཞལ་གྱི་གདམས་ངག་ལ་རག་ལས་ཞེས་པའི་དོན་ཏོ། །ཤེས་རབ་ཀྱི་ནི་ཞེས་པ་ནི་ཡེ་ཤེས་ཀྱི་དོན་རྟོགས་པར་བྱེད་པ་ཡེ་ཤེས་ཀྱི་སྤུན་རྒྱུད་པར་བྱེད་པའི་སྒྲོམ་བུ་བྱས་ཞེས་པའི་དོན་ཏོ། །དེ་ལྟ་བུས་ཐགས་སུ་ཅི་འཐགས་ཞེ་ན་དབྱིངས་རིག་གཉིས་མེད་ཆོས་སྐུར་འཐགས། ཞེས་པའོ། །དེ་ཡང་དབྱིངས་ཞེས་པ་ཆོས་ཀྱི་དབྱིངས་ཡིན་ལ། རིག་ཅེས་པ་རང་རིག་པའི་ཡེ་ཤེས་ལ་བྱའོ། །དབྱིངས་དང་ཡེ་ཤེས་གཉིས་མེད་དུ་རྟོགས་པ་ལ་ཆོས་སྐུ་ཆེན་པོ་ཞེས་བྱ་སྟེ། དེ་ལྟ་བུར་ཐགས་སུ་འཐགས། ཞེས་པའི་དོན་ཏོ། །རྣལ་འབྱོར་པ་ཏནྟྲཱི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༣༽ །།གུ་རུ་ཙ་མ་རི་པའི་ཞལ་ནས། རྣམ་རྟོག་མཚན་མའི་ཀོ་བ་འདི། །སྟོང་ཉིད་སྙིང་རྗེའི་སྦངས་སུ་བཅུག །ཆོས་བརྒྱད་སྤངས་པའི་རྒྱུན་གྱིས་ནི། །ཤེས་རབ་ཉམས་མྱོང་སྙུང་དབུས་བཙེམས། །ལྷུན་གྲུབ་ཆོས་སྐུའི་ལྷྭམ་བྱེད་པ། །ཙ་མ་རི་པ་ལྷྭམ་མཁན་མཆོག །ཅེས་སོ། །འདི་ལ་དཔེ་དོན་གཉིས་ཏེ། དང་པོ་ལྷྭམ་གྱི་བཟོ་ལ་དཔེ་བླངས་པ་ནི། བླ་མས་ཁམས་དང་བསམ་པ་དང་བག་ལ་ཉལ་དང་བསྟུན་ནས་གདམས་ངག་སྟོན་ཏེ། དེ་བཞིན་དུ་རང་གི་ལས་ཀྱི་བྱ་བ་དང་སྦྱར་ནས་ཉམས་སུ་བླངས་པའི་དོན་ཏོ། །དེས་ཀོ་བ་གྱོང་པོ་སྦངས་ཀྱིས་བཏུལ་བ་ལྟ་བུར། རྣམ་རྟོག་དང་མཚན་མ་ཀོ་གྱོང་དང་འདྲ་བ་དེ་སྟོང་ཉིད་ཡེ་ཤེས་བྱ་རྩོལ་དང་བྲལ་བས་
བཏུལ། སྨོན་ལམ་གྱི་སྟོབས་ཀྱིས་ཐུགས་རྗེ་འགག་པ་མེད་པའི་སྙིང་རྗེ་ཆེན་པོར་ཤར་བས་ན་སྟོང་ཉིད་སྙིང་རྗེའི་སྦངས་སུ་བཅུག ཅེས་པའོ། །དེའི་སྐུད་པ་ནི། འཇིག་རྟེན་ཆོས་བརྒྱད་སྐུད་པ་དང༌། །ཞེས་པ་ཆོས་བརྒྱད་ནི། རྙེད་པ་དང༌། མ་རྙེད་པ་དང༌། བདེ་བ་དང༌། མི་བདེ་བ་དང༌། སྙན་པ་དང༌། མི་སྙན་པ་དང༌། བསྟོད་པ་དང༌། སྨད་པ་ལ་སོགས་པ་དགའ་མི་དགའ་དང་སྦྱར་བ་སྐུད་པ་ཞེས་བྱའོ། །ཤེས་རབ་ཉམས་མྱོང་སྙུང་དབུས་བཙེམས། །ཞེས་པ་ནི་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས་ཉམས་མྱོང་ནི་མི་དམིགས་པའི་ཉམས་མྱོང་ལ་འཁོར་འདས་ཐམས་ཅད་ཆོས་སྐུ་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ་པས་ཉམས་མྱོང་ཞེས་པའོ། །དེ་ལྟ་བུའི་སྙུང་བུ་དང་སྐུད་པས་ལྷུན་གྲུབ་ཆོས་སྐུའི་ལྷྭམ་བཙེམས་ཞེས་པའོ། །ཙ་མ་རི་པ་ལྷྭམ་མཁན་མཆོག །ཅེས་པ་ནི། ཆོས་སྐུའི་ལྷྭམ་དེ་ནི་གོང་ན་གཞན་མེད་ཅེས་པས་མཆོག་ཅེས་པའོ། །ཙ་མ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༤༽ །།གུ་རུ་ཁཌྒ་པའི་ཞལ་ནས། མཚོན་ཆ་མེད་པའི་དཔའ་བོ་ནི། །རྒྱུན་དུ་དགྲ་དང་གཡུལ་འགྱེད་ཀྱང༌། །བདག་ཉིད་དགྲ་ཡི་དབང་དུ་འགྱུར། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཁཌྒ་པ་ནི་ལོངས་སྤྱོད་བྱེད། །ཅེས་སོ། །དེ་ལ་མཚོན་ཆ་མེད་པའི་ཞེས་པ་ནི། དགྲ་དེ་ལས་རྒྱལ་བར་བྱེད་པའམ། དེ་འདུལ་བར་བྱེད་པའི་མཚོན་ཆ་རལ་གྲི་ལྟ་བུ་དེ་མེད་པའོ། །དེ་འདྲ་བ་དེས་རྒྱུན་དུ་དགྲ་ལ་གཡུལ་བཀྱེ་ཡང་གཡུལ་ལས་རྒྱལ་བར་མི་ནུས་པས། བདག་ཉིད་དགྲའི་དབང་དུ་འགྱུར་ཅེས་པའི་དོན་ཏོ། །ཉོན་མོངས་པ་གཟུང་འཛིན་གྱི་དགྲ་དེ་ལས་རྒྱལ་བར་བྱེད་པའི་མཚོན་ཆ་ནི། འཆི་མེད་ཡེ་ཤེས་རལ་གྲི་ཡིས། །ཞེས་པ་རྟོགས་པའི་ཡེ་ཤེས་དེ་དཔེ་རལ་གྲི་དང་འདྲ་སྟེ། སྐྱེ་བ་དང་འཆི་བའི་རྣམ་པ་རྩད་ནས་བཅད་པས་འཆི་མེད་ཅེས་པའོ། །དེ་ལྟ་བུའི་རལ་གྲི་དེས་དགྲ་སུ་ཕམ་པར་བྱེད་ན། སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཞེས་སྲིད་པ་ནི་ཕྱི་གཟུགས་ཁམས་དང༌། གཟུགས་
མེད་པའི་ཁམས། འདོད་ཁམས་དང་གསུམ་ཡིན་ལ། ནང་གི་ཁམས་གསུམ་ནི་ལུས་ངག་ཡིད་གསུམ་ལ་བརྟེན་པའི་དུག་གསུམ་ལྟ་བུ་ཡིན་ཏེ། འདོད་ཆགས་ཞེ་སྡང་གཏི་མུག་གོ །དེ་ཉིད་ཀྱིས་འཆི་བར་བྱེད་པས་དགྲ་དང་འདྲ་སྟེ། དེ་དག་ལས་རྒྱལ་བར་བྱེད་པ་ནི་འཆི་མེད་ཡེ་ཤེས་ཀྱི་རལ་གྲི་དེས་སྲིད་གསུམ་རྩད་ནས་བཅད་ནས་ཕམ་པར་བྱས། ཞེས་པའི་དོན་ཏོ། །ལོངས་སྤྱོད་ནི་ཐུན་མོང་གི་དངོས་གྲུབ་ཕྱག་མཚན་རལ་གྲི་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཡེ་ཤེས་རལ་གྲིས་སྲིད་གསུམ་རྩད་ནས་བཅད་པ་དེ་ལ་ལོངས་སྤྱོད་བྱེད། ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ཁཌྒ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༥༽ །།གུ་རུ་ནཱ་གཱརྫུ་ནའི་ཞལ་ནས། གང་གིས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་སྲིད་འབངས་ཀྱིས་བཟུང་བ་བཞིན། །རྟོགས་པས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་བྱིང་པ་འདྲ། །ཞེས་སོ། །འདི་ལ་དཔེ་དོན་རྣམ་པ་གཉིས་ཀྱིས་བསྟན་ཏེ། ལོངས་སྐུའི་དཔེ་རྒྱལ་པོ་ལྟ་བུས་བསྟན་པ་དང༌། ཆོས་སྐུའི་རྩལ་ལ་ཐེ་ཚོམ་མི་ཟ་བ་གླང་པོ་ཆེ་ལྟ་བུས་བསྟན་པའོ། །དང་པོ་ནི། མ་རྟོགས་པའི་སྤྱོད་པ་མི་བྱེད་ཅེས་བྱ་སྟེ། གང་གིས་ཞེ་ན་གང་ཟག་དབང་པོ་འབྲིང་དེས་ལོངས་སྐུའི་ཡོན་ཏན་རྒྱལ་པོ་ལྟ་བུ་དེ་ཐོབ་པ་ཡིན་ལ། དང་པོ་ཚོགས་ཀྱི་ལམ་རྣམ་པ་གཉིས་པོ་དེས་ས་མ་དྷི་ལ་སྦྱར་ནས་སྐུ་ཅི་ལྟ་བུ་དེ་ལ་སྦྱར། དེའི་སྟོབས་ཀྱིས་ས་བཅུའི་ཡེ་ཤེས་མཐོང་སྟེ། ཡེ་ཤེས་དེ་ལ་མིང་འདོགས་གཉིས་ཡོད་དེ། དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱང་བྱ་ལ། ཡིག་འབྲུ་ལ་བརྟེན་ནས་དབྱིབས་དང་ཁ་དོག་ཏུ་བསྒོམས་པས་དངོས་པོ་ཅན་གྱི་ཡེ་ཤེས་བྱ་བ་དེ་མཐོང་ལམ་མོ། །དེ་ལྟ་བུ་དེ་བསྒོམས་པས་མཐར་ཕྱིན་དུ་ལོངས་སྐུ་ས་བཅུའི་བྱང་ཆུབ་སེམས་དཔའ་དེ་འཐོབ་སྟེ། དེ་ཡང་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྟེ། དེའི་དཔེ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲ་བས་ན། གང་གིས་ཞེས་པ་ནི་ཡེ་ཤེས་སོ། །མ་རྟོགས་པའི་ཞེས་པ་ནི་ས་བཅུ་པ་
དེས་སངས་རྒྱས་ཀྱི་སའི་རྣམ་པར་མི་རྟོག་པའི་ཡེ་ཤེས་མ་རྟོགས་པ་རུ་རྫུ་དེ་བཏབ་ནས། ཆོས་སྐུ་བློ་ལས་འདས་པ་ལ་བསྒོམ་མི་དགོས་ཟེར་ནས་བཏང་སྙོམས་སུ་བཞག་པས་ལོངས་སྐུ་རྒྱལ་པོ་དང་འདྲ་བའི་ཏིང་ངེ་འཛིན་དང་བྲལ་ནས་ཆོས་སྐུ་ཡང་མ་ཐོབ་པའི་དཔེ་རྒྱལ་པོ་སྲིད་ཤོར་བ་དང་འདྲ་ཞེས་པའི་དོན་ཏོ། །དེ་དག་གི་གཏམ་རྒྱུད་བག་ཙམ་ཡོད་པ་ཞལ་ལས་ཤེས་སོ། །གཉིས་པ་གླང་པོ་ཆེའི་དཔེས་བསྟན་པ་ནི། རྟོགས་པ་རྣམས་ཀྱིས་ཞེས་པ་དེ་ནི་སངས་རྒྱས་ཀྱི་སའི་ཡེ་ཤེས་རྟོགས་པ་ལ་བྱ་སྟེ་འདི་ལ་མིང་འདོགས་ལུགས་འགའ་ཡོད་དེ། རྣམ་པར་མི་རྟོགས་པའི་ཡེ་ཤེས་ཞེས་ཀྱང་བྱ་ལ། རྒྱུན་ཟད་འོད་གསལ་གྱི་ཡེ་ཤེས་ཞེས་ཀྱང་བྱ་སྟེ། དོན་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཐམས་ཅད་ཟད་ཅིང་འགགས་པས་སེམས་དང་སེམས་ལས་བྱུང་བ་ཐམས་ཅད་ཀྱི་རྒྱུ་ཟད་ནས་སྒྲ་དང་བརྗོད་པ་ཐམས་ཅད་དང་བྲལ། བློ་དང་བསམ་པའི་ཡུལ་ལས་འདས་ཙམ་ན་སངས་རྒྱས་ཀྱི་ས་ལ་ཐེ་ཚོམ་མམ། སོམ་ཉི་མི་ཟ་བ་ཡིན་པ་ལ། དེ་ལྟར་རྟོགས་པས་ད་རུང་རྒྱུ་ལམ་དུ་བྱས་ནས་འབྲས་བུ་ཕྱིས་ནས་ཐོབ་པར་འདོད་པ་ནི་མ་རྟོགས་པའི་སྤྱོད་པ་ཡིན་ཏེ། དེ་ནི་གླང་པོ་ཆེ་འདམ་ན་བྱིང་བ་དང་འདྲ་སྟེ། རང་གིས་རང་མ་ཐོན་ན་གཞན་གྱིས་མི་ཐོན་པའི་དོན་དང་སྦྱར་རོ། །སློབ་དཔོན་ཀླུ་སྒྲུབ་ཀྱི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༦༽ །།གུ་རུ་ཀཧྞ་པའི་ཞལ་ནས། ཤིང་རྟ་འཁོར་ལོ་བཞི་དང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན། །བྱ་རྒོད་རྩལ་རྫོགས་འདབ་གཤོག་རྒྱས་པ་དག་ནི་ནམ་མཁར་སྤྱོད་ཅིང་རྒྱུག །སྐལ་བཟང་རྣལ་འབྱོར་རྣམས་ནི་དབང་གི་གདམས་ངག་ཁོང་དུ་ཆུད་པས་བདེ། །ཞེས་སོ། །འདི་ལ་དཔེ་དོན་རྣམ་པ་གཉིས་ཏེ། དང་པོ་བློ་དང་མི་ལྡན་ན་དངོས་གྲུབ་མི་རྙེད་པའི་དཔེ་ཤིང་རྟ་ལྟ་བུས་བསྟན་ཏེ། དཔེ་ཤིང་རྟའི་འཁོར་ལོ་དེ་ཡན་ལག་བཞི་དང་མི་ལྡན་
ན་འགྲོ་མི་ནུས་པ་ཡིན་ལ། གསུམ་པ་ལས་གཅིག་དང་མི་ལྡན་ན་འགྲོ་མི་ནུས་པ་ལྟར། སྦྱིན་སོགས་འབད་པ་བྱས་ཀྱང་ཞེས་པ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་ཇི་སྙེད་པའམ། ལུས་ངག་གི་སྲུང་སྡོམ་ལ་སོགས་པ་འབད་པ་ཇི་སྙེད་ཅིག་བྱས་ཀྱང༌། ཐུན་མོང་གི་དངོས་གྲུབ་ལྷ་མིའི་གོ་འཕང་ཙམ་ལས་མཆོག་གི་དངོས་གྲུབ་མ་རྙེད་པ་དེ་དམ་པ་མིན་ཅེས་སོ། །དཔེ་གཉིས་པ་བླ་མ་དམ་པ་དང་ལྡན་ན་ཐབས་ཟབ་མོ་དབང་ལ་བརྟེན་ཏེ་འབྲས་བུ་མཆོག་ལ་སྦྱོར་བའི་དཔེ་འདབ་གཤོག་ཚང་བའི་བྱ་རྒོད་ལྟར་བསྟན་པ་ནི། བྱ་རྒོད་རྩལ་རྫོགས་པ་ཞེས་པ་ནི་ལང་ཚོ་དར་ལ་བབ་པ་ལྟ་བུ་ཡིན་ལ། འདབ་གཤོག་ཚང་བ་ཞེས་པ་ནི་ལྷུ་དྲུག་དང་ལྡན་པ་ལ་བྱ་སྟེ། དེ་ལྟ་བུའི་བྱ་རྒོད་དེ་ནི་ངལ་བ་དང་དུབ་པ་དང་གཡང་ཟ་བ་མེད་པར་ཚེ་རབས་ཀྱི་བར་དུ་ཡང་ནམ་མཁའ་ལ་སྤྱོད་ཅིང་རྒྱུག་ཅེས་པའོ། །དཔེ་དེ་དང་འདྲ་བར་སྐལ་ལྡན་ཅེས་པ་དངོས་གྲུབ་བམ། བླ་མ་ཁྱད་པར་ཅན་གྱིས་རྗེས་སུ་གཟུང་བའི་སྐལ་བ་དང་ལྡན་པ་ལ་བྱ་སྟེ། བླ་མ་དེ་ཡང་གསུམ་ལྡན་དུ་བཞག་སྟེ། དང་པོ་དབང་གི་དུས་སུ་བྱིན་རླབས་དང་བཅས་པ་གཅིག་བསྐུར་ནས། བར་དུ་ཆོས་འཆད་པའི་རྒྱུད་དེ་གོ་རྟོགས་བྱས་པ་གཅིག་འཆད། ཐ་མ་གདམས་ངག་ངེས་ཤེས་དང་བཅས་པ་གཅིག་འདེབས་ཤེས་པ་དེ་ལ་བླ་མ་གསུམ་ལྡན་ཅེས་པ་སྐལ་བ་དང་ལྡན་པའོ། །རྣལ་འབྱོར་དམ་པ་ཞེས་པ་གང་གི་བླ་མའི་གདམས་ངག་གསུམ་པོ་དེ་ལ་སྦྱོར་བར་བྱེད་པས་ན་དམ་པའོ། །རྣམས་ནི་ཞེས་པ་མང་པོའི་སྒྲ་ཡིན་ཏེ་སྐལ་ལྡན་རྣམས་སོ། །དབང་གི་མན་ངག་ཅེས་པ་དབང་ལ་བརྟེན་ནས་མཆོག་གི་དངོས་གྲུབ་ཐོབ་པའི་མན་ངག་ཁོང་དུ་ཆུད་པ་ཅིག་ལ་ཟེར་ཏེ། སྐུར་བྱེད་ཀྱི་དབང་ནི་བུམ་པ་ལ་སོགས་པ་གསུམ་པོ་དེས་ཇི་ལྟར་བསྐུར་བའི་དོན་ཁོང་དུ་ཆུད་པས་བདེ་ཞེས་བྱ་ལ། བསྐུར་བར་བྱ་བའི་དོན་རང་སེམས་ཆོས་སྐུར་ངོ་སྤྲད་པས་དོན་ཟག་པ་མེད་པའི་ཡེ་ཤེས་དེ་ལ་ཆེན་པོ་ཞེས་བྱའོ། །རྣལ་འབྱོར་པ་ཀཧྞ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༧༽ །།གུ་རུ་ཀརྞ་རི་པའི་ཞལ་ནས།
དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག །དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། །རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག །གོམས་པར་བྱས་ན་རྣལ་འབྱོར་མངོན་དུ་འགྱུར། །ཅེས་སོ། །འདིའི་དོན་ནི། དེ་ལ་དུས་ཞེས་པ་ནི་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བ་གསུམ་ལ་བྱ་སྟེ། དུས་གསུམ་གྱི་སངས་རྒྱས་དེའི་ཡོན་ཏན་ལ་བརྟགས་ནས་སངས་རྒྱས་རེ་རེ་ལའང་ཡོན་ཏན་བརྗོད་ཀྱིས་མི་ལང་སྟེ། ཆོས་སྐུ་དཔེ་དང་བློས་མི་རེག་སྟེ་ཐུགས་རྗེའི་རྒྱུན་ལ་འགག་པ་མེད་པའི་དཔེ་ནམ་མཁའ་ལྟ་བུའི་ཡོན་ཏན་མངའ། ཆོས་སྐུ་ལ་མཚན་མ་མི་མངའ་ཡང་ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་དཔེ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་དང༌། སྤྲུལ་སྐུ་རང་ཤར་འགག་མེད་ཀྱི་དཔེ་ཡིད་བཞིན་གྱི་ནོར་བུ་དང་འདྲ་བའི་ཡོན་ཏན་དང༌། དེ་ལྟར་སྐུ་གསུམ་གྱིས་འགྲོ་དོན་མཛད་པས་གཟུགས་སྣ་ཚོགས་འཛིན་པའི་ཡོན་ཏན་འབྱུང༌། དེ་ཐམས་ཅད་ཀྱི་ངོ་བོ་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་ལས་མ་གཡོས་པས་ན་ངོ་བོ་གཅིག་ཅེས་པའོ། །ཡང་དུས་གསུམ་གྱི་སངས་རྒྱས་ཞེས་པ་རང་གི་སེམས་ཉིད་ཀྱི་དུས་གསུམ་ཡང་ཡིན་ཏེ། འདས་པའི་དུས་ནི་ཐོག་མའི་ཆ་སྐད་ཅིག་དང་པོ་དེ་ལ་འཁྲུལ་པ་འབྱུང་བའི་དབང་གིས་རྟོག་པ་སྣ་ཚོགས་སུ་འཁྲུལ་པ་དེ་ཡེ་ཤེས་ཀྱི་རྒྱུ་ཡིན་ལ། དེ་ལྟར་སྐད་ཅིག་མ་གཉིས་པ་ལ་འཁྲུལ་པ་དེའང་ཡེ་ཤེས་ཡིན་ལ། མ་འོངས་པ་སྐད་ཅིག་གསུམ་པ་ལ་འཁྲུལ་པ་དེ་ཡེ་ཤེས་ཡིན་ནོ། །དེའི་གནད་ཀ་ཅི་ཡིན་བྱས་པ་ལ། དེ་ཐམས་ཅད་ཀྱི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་ལྷན་གྱིས་ཤེས་ཙ་ན། དུས་གསུམ་གྱི་རྟོག་པ་ཇི་སྙེད་པ་དེ་སྙེད་ཡོད་ཀྱང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་དུས་གསུམ་པོ་དེ་གཅིག་པས་ན་ངོ་བོ་གཅིག་ཅེས་པའི་དོན་ཏོ། །དེ་ཡི་ངོ་བོ་རང་གི་སེམས་ཞེས་པ་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོའམ། དུས་གསུམ་འཁྲུལ་པའི་ངོ་བོ་ཐམས་ཅད་རང་སེམས་ཆོས་སྐུ་ཆེན་པོ་ཡིན་པས་དེ་ཐམས་ཅད་གཞན་ནས་བཙལ་མི་དགོས་པར་རང་གི་སེམས་
ཉིད་ཀྱི་ངོ་བོ་ཉིད་ལས་མ་འདས་པས་ངོ་བོ་རང་གི་སེམས་ཞེས་པའོ། །དོན་ལ་སེམས་ཉིད་ཡེ་ཤེས་ཀྱི་ངོ་བོ་ལས་མ་འདས་པ་ལ་བྱའོ། །དེ་རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག །ཅེས་བྱ་སྟེ། ཇི་བཞིན་ནི་ཡེ་ཤེས་རང་ལུགས་དེ་ལ་བྱ་སྟེ། དེ་ལ་བཙལ་བས་མི་རྙེད་ཅེས་པ་ཞོག་ཅེས་པ་ཡིན་ལ། རྩོལ་བ་བློ་ཡིན། བློ་ཀུན་རྫོབ་ཡིན་པས་སོ། །འོ་ན་རྩོལ་བྲལ་དེ་ཉམས་སུ་བླངས་པའམ། གོམས་པ་ཇི་ལྟར་བྱས་པ་ལས་སྙིང་པོའི་དོན་དེ་མངོན་སུམ་དུ་འགྱུར། ཞེས་པ་སྟེ། བློ་དང་རྩོལ་བ་ལ་གོམས་པར་བྱ་བ་མ་ཡིན་གྱི། རང་ལུགས་རྩོལ་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་རྒྱུ་མེད་པའི་ཉམས་མྱོང་རྒྱུན་མི་ཆད་པའི་བསམ་གཏན་དེ་གོམས་པར་བྱས་པས་སྙིང་པོའི་དོན་དེ་མངོན་ཏུ་གྱུར་ནས་སངས་རྒྱས་ཀྱི་སྤྱོད་ཡུལ་བའོ། །དེ་སྐད་དུ་ཡང༌། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། གང་གི་ལམ་སྦྱངས་པ་ལ་མངོན་སུམ་འགྱུར། །ཅེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པ་གསུངས་པའོ། །རྣལ་འབྱོར་པ་ཀརྞ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༨༽ །།གུ་རུ་ཐ་ག་ན་པའི་ཞལ་ནས། གང་ཞིག་རྣ་བར་ཆུ་ཞུགས་ནས། །ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཞིན་སྣང་སྲིད་བརྫུན་པ་ལ། །བརྫུན་པར་བསྒོམས་པས་བདེན་པ་མཐོང༌། །ཞེས་སོ། །འདིའི་དོན་ནི། གང་ཞིག་རྣ་བར་ཆུ་ཞུགས་པ། །ཞེས་པ། རྣ་བ་སྐམ་པོ་དེར་ཆུ་ཐིགས་པ་གཅིག་ཞུགས་དེ་རྣ་བའི་སྣུམ་དང་བ་སྤུའི་འོག་ཏུ་ཟིལ་བར་སོང་ནས་མི་འཐོན་པས། དེ་ཟུག་རྔུར་གྱུར་ནས་མགོ་བོ་ན་བ་དང༌། རླུང་ནད་དུ་འགྱུར་ལ། དེ་འདོན་པའི་ཐབས་ལ་མཁས་པས་ཆུ་རང་གིས་གང་བར་བླུགས་པས་ཆུས་ཆུ་དྲངས་ནས་ཕྱིར་འཐོན་པ། དེ་བཞིན་དུ་སྣང་ཞིང་སྲིད་པའི་ཆོས་རྣམས་ཐམས་ཅད་བརྫུན་པ་ལ། བརྫུན་པ་དེ་རང་བསྒོམས་པས་བདེན་པ་མ་མཐོང་བ་ཡིན་ཏེ། ཇི་ལྟར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བརྫུན་པར་མཐོང་ཙ་ན་གང་ལ་ཡང་སྙིང་པོ་མེད་པ་གསོག་གསོབ་ཡ་མ་བརླ་དེ་ཀ་ལ་བདེན་པ་མཐོང་ཞེས་པའོ། །མདོ་སྡེ་ལང་ཀར་
གཤེགས་པ་ལས། སྲིད་གསུམ་འདི་ནི་རྨི་ལམ་དང༌། །སྐྲ་ཤད་འཛིངས་དང་སྒྱུ་མ་འདྲ། །སྨིག་རྒྱུའི་ཆུ་བཞིན་ནོར་བར་ནི། །རྣལ་འབྱོར་བསྒོམས་པས་རྣམ་པར་གྲོལ། །ཞེས་བཤད་དོ། །རྣལ་འབྱོར་པ་ཐ་ག་ནའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༡༩༽ །།གུ་རུ་ནཱ་རོ་པའི་ཞལ་ནས། འཁོར་ལོས་སྒྱུར་རྒྱལ་དཔུང་ཚོགས་རྣམས་ཀྱིས་ནི། །གླིང་དང་གླིང་ཕྲན་རྣམས་ལ་དབང་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་རྙེད་རྣལ་འབྱོར་ནི། །འཁོར་བ་དབང་བསྒྱུར་བདེ་བ་ཆེན་པོ་ཡིན། །ཅེས་སོ། །འདི་ལ་དཔེ་དོན་གཉིས་ལས། དང་པོ་འཁོར་ལོས་སྒྱུར་རྒྱལ་དཔུང་གི་ཚོགས་ཀྱིས་གླིང་རྣམས་ཀུན་ལ་དབང་བྱེད་པ་ལྟར། ཅེས་པ་ནི། འཁོར་ལོས་སྒྱུར་རྒྱལ་ཞེས་པ་སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་བྱའོ། །དེ་ལ་གསེར་དངུལ་ཟངས་ལྕགས་ཀྱི་རྒྱལ་པོ་བཞི་ཡོད་པ་ལས། དེ་ཡང་གསེར་གྱི་རྒྱལ་པོ་དེས་གླིང་བཞི་ལ་དབང་བྱེད་ནུས་ཏེ། དེ་ནི་སྔོན་གྱི་སྨོན་ལམ་དང་ལས་དང་བསོད་ནམས་ཀྱིས་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་དང༌། བཀྲ་ཤིས་པའི་རྫས་བརྒྱད་དང༌། རྫུ་འཕྲུལ་གྱི་ཡོན་ཏན་སྣ་ཚོགས་རྫོགས་ནས་གླིང་བཞི་ལ་དབང་བྱེད་པ་ལྟར། དོན་ནི་ལྷན་ཅིག་སྐྱེས་པའི་རོ་རྙེད་པར་གྱུར་ནས། འཁོར་བར་དབང་བསྒྱུར་བདེ་བ་ཆེ། །ཞེས་པ་ནི། ལྷན་ཅིག་སྐྱེས་པ་ཞེས་པ་རང་རིག་གཉུག་མ་འོད་གསལ་དེ་ཡི་གདོད་མ་ནས་རང་ལ་རང་ཆས་སུ་གནས་ཏེ། གཞན་ལས་བཙལ་མི་དགོས་པས་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །དེའི་རོ་རྙེད་པ་ནི་གཉུག་མ་ཆོས་སྐུ་རྟོགས་པ་ལ་རོ་རྙེད་པ་ཞེས་པའོ། །དེས་འཁོར་བ་ལ་དབང་སྒྱུར་པར་བྱེད་པ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉུག་མའི་ངོ་བོ་ལས་མ་འདས་པས་དབང་བསྒྱུར་ཅེས་པའོ། །བདེ་བ་ཆེན་པོ་ཞེས་པ་འཁོར་བའི་རྟོག་པ་ཐམས་ཅད་གཉུག་མའི་ངང་ངམ། རང་བཞིན་དུ་རྟོགས་པས་བདེ་བ་ཆེ་ཞེས་པའོ། །ས་ར་ཧའི་ཞལ་ནས། དངོས་པོ་གང་གིས་འཁོར་བར་འཆིང༌། །མཁས་རྣམས་དེ་ཡིས་རྣམ་པར་གྲོལ། །ཅེས་བཤད་དོ། །རྣལ་འབྱོར་
པ་ནཱ་རོ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༠༽ །།གུ་རུ་ཤྱཱ་ལི་པའི་ཞལ་ནས། ལེགས་སྦྱངས་རི་མོ་མཁན་དག་གིས། །ཤིན་ཏུ་འཇིགས་པའི་གཟུགས་བརྙན་བྲིས། །མཐོང་ནས་བདག་ཉིད་འཇིགས་འགྱུར་ལ། །བརྟགས་ན་མ་གྲུབ་གཟུགས་བརྙན་སྣང༌། །ཞེས་སོ། །འདིའི་དོན་ནི། འདི་ལ་ལྷ་བཟོའི་གཏམ་རྒྱུད་ཅིག་ཡོད་དེ། དེ་ཡང་རྒྱ་གར་གྱི་ཁང་བདག་ཕྱུག་པོ་ཅིག་གིས། དཀོར་དང་བང་མཛོད་ཀྱི་ཁང་བཟང་དཔག་ཏུ་མེད་པ་ཡོད་པས། དེ་བསྲུང་བའི་ཆེད་དུ་མུ་སྟེགས་ཚོགས་བདག་གླང་པོ་སྣའི་མཐུ་བསྒྲུབས་ནས་ཡོད་པ་ལས། དེའི་སྲུང་མ་གནོད་སྦྱིན་ནག་པོ་རལ་གཅིག་བྱ་བ་ཡོད་པས། དེའི་གཟུགས་ཁང་བཟང་གི་སྒོ་ཁང་དུ་ལྷ་བཟོ་ཤིན་ཏུ་མཁས་པ་ཅིག་གིས་བྲིས་ནས་བཞག་པས། དེར་ལྷ་བཟོ་བས་ཡོན་བདག་གི་ཁྱིམ་དུ་ཟླ་བ་བརྒྱད་ལོན་ནས། ཡོན་བདག་དང་འགྲོགས་ཏེ་ནོར་ལེན་དུ་ཕྱིན་པས། ཤིན་ཏུ་འཇིགས་པའི་གཟུགས་དེས་གཉིས་ཀ་བྲེད་དེ་བརྒྱལ་ལོ། །དེ་ནས་ལྷ་བཟོ་དེས་སྔར་འདྲིས་པའི་བག་ཆགས་ཀྱིས་བརྒྱལ་བ་སངས་ནས་བརྟགས་པས། འཇིགས་པའི་གཟུགས་མ་གྲུབ་པ་དེའི་གཉེན་པོར་སོང་ནས་དེ་ལ་ཁོང་གཉིས་མི་འཇིགས་སོ། །དཔེ་དེ་བཞིན་དུ་ལེགས་སྦྱངས་རི་མོ་མཁན་དང་འདྲ་བ་ནི་འཁོར་བ་སྣ་ཚོགས་ཀྱི་འཁྲུལ་རྟོག་འདི་ཡིན་ལ། འཇིགས་པའི་གཟུགས་བྲིས་པ་ནི་ཕྱིའི་འབྱུང་བ་ལས་སྐྱེས་པའི་སྣོད་ཀྱི་འཇིག་རྟེན་གྱི་གཟུགས་དང༌། ནང་རྟེན་འབྲེལ་ལས་སྐྱེས་པའི་བཅུད་ཀྱི་གཟུགས་འདི་ལ་བྱ། མཐོང་ནས་བདག་ཉིད་འཇིགས་འགྱུར་ལ། །ཞེས་བྱ་སྟེ། བདག་འཁྲུལ་པའི་དུས་སུ། སོ་སོའི་སྐྱེ་བོ་ཐེག་པ་དམན་པ་ཉན་ཐོས་དང་རང་སངས་རྒྱས་དང་ཡུལ་གང་ལ་དངོས་པོར་འཛིན་པ་རྣམས་ཀྱིས་མཐོང་ན་འཇིགས་འགྱུར་ལ། ཞེས་བྱའོ། །བརྟགས་ན་མ་གྲུབ་གཟུགས་བརྙན་སྣང༌།«་་་་་གཉེན་པོར་འགྱུར།» ཞེས་པ་ནི་གནས་ལུགས་སྐྱེ་མེད་འོད་གསལ་དུ་རྟོགས་པའི་གང་ཟག་དེས་བརྟགས་པས་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་
འཇིགས་པའི་གཟུགས་དེ་ལྟ་བུ་མ་གྲུབ་སྟེ། དངོས་པོ་གང་དུའང་ཞེན་པ་མེད་པའི་ཕྱིར་རོ། །འོ་ན་གཉེན་པོ་གཅིག་ཡོད་དམ་མེད་བྱས་པ་ལ་མེད་དེ། སྤང་བྱ་ཉོན་མོངས་པ་དང་གཉེན་པོ་གཉིས་ཀ་ཡང་བརྟགས་ན་མ་གྲུབ་པའི་ཕྱིར། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བསིལ་བ་མེད་ཅིང་དྲོ་བ་མེད། །གཉིས་ཀ་ཡང་ནི་ཡོད་མ་ཡིན། །སྤང་བྱ་མེད་ལ་གཉེན་པོ་མེད། །ཅུང་ཟད་མཐོང་བ་མེད་ཕྱིར་རོ། །ཞེས་བཤད་དོ། །རྣལ་འབྱོར་པ་ཤྱཱ་ལི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༡༽ །།གུ་རུ་ཏིལླི་པའི་ཞལ་ནས། རི་རབ་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་གསེར་དུ་སྣང༌། །མཁས་པ་སྐྱེ་མེད་རྟོགས་པ་ཡིས། །དངོས་པོ་བོར་ནས་བདེ་བ་ཆེ། །ཞེས་སོ། །འདི་ལ་གཉིས་ཏེ། དེ་ཡང་རི་རབ་ངོས་ལ་ཞེས་པ་དཔེ་ཡིན་ཏེ། རི་རབ་ཅེས་པ་རི་བོ་མཆོག་རབ་བོ། །གསེར་གྱི་ཞེས་པ་དེའི་འགྲམ་དུ་རིན་པོ་ཆེ་གསེར་གྱི་ས་གཞི། དེ་ལ་བརྟེན་པའི་རི་བདུན་ཡོད་དེ་གཉའ་ཤིང་འཛིན་དང་གཤོལ་མདའ་འཛིན་གཉིས། སེང་ལྡེང་ཅན་དང་ལྟ་ན་སྡུག་གཉིས། རྟ་རྣ་དང་རྣམ་འདུད་གཉིས་ཏེ་དྲུག མུ་ཁྱུད་འཛིན་དང་བདུན་པོ་གསེར་དུ་ཡོད་པས། དེའི་སྤོ་ལ་འདབ་ཆགས་གཡུའི་ཁྱུང་ཞེས་བྱ་བ་རི་རབ་ལ་ལན་གསུམ་བསྐོར་ནུས་པ་ཅིག་ཡོད་པའི་དུས་སུ། རི་དེ་དག་ལ་རྟེན་བྱས་ནས་བསྡད་པས་གཡུའི་རང་བཞིན་སྤངས་ནས་གསེར་གྱི་མདོག་ཏུ་འགྱུར་སྐད། དེ་བཞིན་དུ་མཁས་པ་གང་ཞིག་སྐྱེ་མེད་རྟོགས་ཞེས་པ་ནི། མཁས་པ་ཞེས་པ་ཚིག་དོན་གཉིས་ཀ་ལ་མཁས་པ་ཅིག་ལ་བྱ་སྟེ། ཚིག་གི་སྒྲོ་འདོགས་གཅོད་པ་ལ་མཁས་པས་མཚོན་བྱ་དོན་གྱི་སྐྱེ་བ་མེད་པ་རྟོགས་ལ། དོན་ལ་མཁས་པས་གནས་ལུགས་སྐྱེ་བ་མེད་པ་དེ་རྟོགས་ཤིང་ཁོང་དུ་ཆུད་པ་ཅིག་ལ་མཁས་པ་ཞེས་བྱའོ། །དེ་ལྟ་བུའི་མཁས་པ་དེ་དངོས་པོའི་རང་བཞིན་བོར་ནས། ཞེས་པ་ནི། ཕྱི་ནང་གི་གཟུང་འཛིན་དུ་བྱེད་པའི་དངོས་པོ་སྐྱེ་བ་མེད་པའི་རྟོགས་པས་བོར་ནས། བདེ་བ་ཆེ་ཞེས་པའོ། །ཇི་ལྟར་བདེ་བ་ཆེ་ན། གཟུང་འཛིན་གཉིས་
མེད་བདེ་བ་ཆེ། །ཞེས་པའོ། དེ་ཡང་མདོ་ངེས་པར་འགྲེལ་པ་ནས། ཆོས་འདིར་དངོས་པོར་མ་གྲུབ་པས། །ཡོད་དང་མེད་པའི་ཕྱོགས་མི་དམིགས། །དེ་ཡི་རང་བཞིན་སྐྱེ་བ་མེད། །ངོ་བོ་བདེ་བ་ཆེན་པོར་བཤད། །ཅེས་གསུངས་སོ། །རྣལ་འབྱོར་པ་ཏིལླི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༢༽ །།གུ་རུ་ཙ་ཏྲ་རི་པའི་ཞལ་ནས། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་ཡིན། །མཐོང་བ་སྐྱེ་མེད་རྟོགས་པ་སློབ་དཔོན་མཆོག །བྱིས་པ་གཉིས་མེད་རྟོགས་ཕྱིར་དེ་ཐབས་ཡིན། །དགེ་སྡིག་འབྲས་བུ་དེ་ལ་གཉིས་མི་འབྱུང༌། །ཞེས་སོ། །འདིའི་དོན་ནི། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་ཡིན། །ཞེས་པའི་རྣལ་འབྱོར་ནི་སྐྱེ་མེད་རྟོགས་པའི་སྐལ་བ་དང་ལྡན་པའི་གང་ཟག་དེ་ལ་བྱ། གང་མཐོང་ཐམས་ཅད་གདམས་པ་སྟེ། །ཞེས་པ་གང་མཐོང་བ་སྣང་བ་དང་སྟོང་པ་གཉིས། བདེ་བ་དང་སྡུག་བསྔལ་གཉིས། ཞི་གནས་དང་ལྷག་མཐོང་གཉིས། ཡིན་པ་དང་མིན་པ། ཕར་ཀ་དང་ཚུར་ཀ རྒྱུ་དང་འབྲས་བུ་ལ་སོགས་པ་གཉིས་ཀྱི་ཆོས་ཐམས་ཅད་གདམས་པ་ཡིན་ཏེ། ཅིའི་ཕྱིར་གདམས་པ་ཡིན་ན། དོན་སྐྱེ་མེད་དེ་ལ་གཉིས་སྣང་གི་ཆོས་ཐམས་ཅད་མ་གྲུབ་པས་གང་མཐོང་བ་ཐམས་ཅད་སྐྱེ་མེད་དུ་རོ་གཅིག་པས་གདམས་པར་འགྲོ། ཞེས་པའོ། །མཐོང་བ་སྐྱེ་མེད་རྟོགས་ཕྱིར་སློབ་དཔོན་མཆོག །ཅེས་པ་ནི། མཐོང་བ་ཞེས་པ་གཉིས་སྣང་ལ་སོགས་པ་ཅི་མཐོང་བ་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱ་བའི་ཕྱིར་རོ། །དེའི་ཐབས་ནི་སློབ་དཔོན་མཆོག་ཅེས་པ་ལ་བྱའོ། །གང་མཐོང་བའི་སྣང་བ་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱེད་པའི་སློབ་དཔོན་གང་ཡིན་བྱས་པ་ལ། དེ་ཡང་སུམ་ལྡན་གཅིག་ལ་བྱ་སྟེ། དང་པོ་དབང་གིས་རྒྱུད་སྨིན་པར་བྱས་གདམས་ངག་གི་ལམ་གྱིས་གྲོལ་བར་བྱས་ཏེ། འབྲས་བུ་སྐྱེ་མེད་མངོན་དུ་བྱས་པ་གཅིག་ལ་མཆོག་ཅེས་པའོ། །བྱིས་པ་ཀུན་གྱིས་ཞེས་པ་ནི་སོ་སོ་སྐྱེ་བོ་ཐ་མལ་པ་མི་ཤེས་བླུན་ཞིང་རྨུགས་པ་ཅིག་ལ་བྱའོ། །གཉིས་མེད་རྟོགས་ཕྱིར་ཅེས་པ་ནི་གཉིས་སྣང་ཐམས་ཅད་སྐྱེ་
མེད་དུ་རྟོགས་པར་བྱ་བའི་ཕྱིར་རོ། །དེའི་ཐབས་ལ་ནི་སློབ་དཔོན་མཆོག་ཅེས་བྱ་སྟེ། གང་མཐོང་བའི་སྣང་བ་ཐམས་ཅད་སྐྱེ་མེད་དུ་རྟོགས་པར་བྱེད་པའི་ཕྱིར་ཐབས་ཡིན་ཞེས་པ་སྟེ། དེ་གང་ཡིན་ན་སྐྱེ་མེད་རྟོགས་པའི་ཐབས་དེ་སློབ་དཔོན་ཡིན་ལ། ད་ལྟར་སྐྱེ་མེད་ཀྱི་འབྲས་བུ་རྟོགས་ན་དགེ་སྡིག་གི་འབྲས་བུ་གཉིས་དེ་ལ་མི་འབྱུང་ཞེས་བྱ་སྟེ། འབྲས་བུ་སྐྱེ་མེད་ཐོབ་པ་དེ་ལ་དགེ་བའི་འབྲས་བུ་སྟེ་མཐོ་རིས་ལ་ཐོབ་རྒྱུ་མེད་ལ། སྡིག་པའི་འབྲས་བུ་སྟེ་ངན་སོང་ལ་བསག་རྒྱུ་མེད་པས་གཉིས་མི་འབྱུང༌། ཞེས་པའོ། །བློ་གྲོས་རྒྱ་མཚོའི་མདོ་ལས། མཁས་པ་གང་གིས་སྐྱེ་བ་མེད་རྟོགས་པ། །གནས་ངན་ལེན་གྱི་སྐྱེ་བ་རྣམ་པར་བྲལ། །དེ་ཚོ་གྲོལ་བ་མེད་ཅིང་སྒྲིབ་པ་དག་ཀྱང་མེད། །ཅེས་བཤད་དོ། །རྣལ་འབྱོར་པ་ཙ་ཏྲ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༣༽ །།གུ་རུ་བྷ་དྲ་པའི་ཞལ་ནས། སྟོང་ཉིད་རྟོགས་པས་འཁྲུལ་པ་དག །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་སྒོམ་པ་ཡིན། །གཞི་མཐུན་རོ་གཅིག་འབྲས་བུ་མཆོག །ཅེས་སོ། །འདིའི་དོན་ནི། བླ་མས་བརྡ་རྣམ་པ་བཞི་བསྟན་པས་ལྟ་སྒོམ་སྤྱོད་འབྲས་རྣམ་པ་བཞི་རུ་གོ་ནས་ཕྱག་དར་བ་དང་ཞལ་ཞལ་དང་ཁ་དོག་དང་གསུམ་པོ་རོ་གཅིག་པར་གོ་བ་ལ་སོགས་པའོ། །དེ་ལ་སྟོང་ཉིད་རྟོགས་པས་འཁྲུལ་པ་དག །ཅེས་པ་ནི་ལྟ་བ་ཡིན་ཏེ། སྟོང་ཉིད་ནམ་མཁའ་ཆེན་པོ་ལྟར་རྟོགས་པའོ། །ནམ་མཁའ་དེ་ལ་མཚན་ཉིད་ཡོན་ཏན་བཞི་ལྡན་དུ་འདུག་པ་ལྟར་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ཡང་དེ་བཞིན་དུ་ཡིན་ཏེ། ནམ་མཁའི་ངོ་བོ་ཞེས་པའོ། །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །ཞེས་པ་ནི་སྟོང་ཉིད་ཐམས་ཅད་འབྱུང་བའི་གཞི་རུ་འདུག་པས། བྱམས་པ་ལ་སོགས་པ་གང་ཡང་དགག་སྒྲུབ་མི་བྱེད་པར་སྤྱད་པས་འཆིང་གྲོལ་མེད་པས་སྤྱོད་པ་རྫོགས་ཞེས་པའོ། །སྣ་ཚོགས་གཉིས་མེད་སྒོམ་པ་ཡིན། །ཅེས་པ་ནི་སྟོང་ཉིད་དེ་ལས་རྫས་ཐམས་ཅད་སྐྱེས་ཀྱང་སྟོང་ཉིད་དེ་རང་དང་གཉིས་མེད་དུ་འདུག་པས། དེ་
ཁོ་ན་སྒོམ་ཞེས་པའོ། །གཞི་མཐུན་རོ་གཅིག་འབྲས་བུ་མཆོག །ཅེས་པ་ནི་སྟོང་ཉིད་སྣ་ཚོགས་འབྱུང་བའི་གཞིར་འགྱུར་ཡང༌། ངོ་བོ་སྟོང་པ་རུ་རོ་གཅིག་པར་འདུག་པས་གཞི་ཡང་སྟོང་པར་མཐུན་པས་རོ་གཅིག་པ། དེ་ཁོ་ན་ལ་ཐོབ་བྱ་མེད་པའི་འབྲས་བུ་ཟེར་ཏེ་ཐུན་མོང་མ་ཡིན་པས་མཆོག་ཅེས་བྱའོ། །ཀླུ་སྒྲུབ་ཀྱིས་ཨཱརྻ་དེ་ཝ་ལ་གསུངས་པ། གང་རྟོགས་པ་ལ་ལྟ་བ་མེད། །སྣ་ཚོགས་མི་འགེགས་བཅིང་གྲོལ་མིན། །སྒྱུ་མ་བྲལ་བ་བསྒོམ་པ་དེ། །མངོན་དུ་གྱུར་པ་འབྲས་བུའི་མཆོག །ཅེས་སོ། །རྣལ་འབྱོར་པ་བྷ་དྲ་བའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༤༽ །།གུ་རུ་དྷུ་ཁནྡྷི་པའི་ཞལ་ནས། ཀུན་རྫོབ་བསྐྱེད་པའི་རིམ་པ་དང༌། །དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམས། །འབྲས་བུ་སྐུ་གསུམ་ཡེ་ཤེས་འཆར། །ཅེས་སོ། །འདིའི་དོན་ནི། དེ་ཡང་བསྐྱེད་རྫོགས་གཉིས་གཅིག་ཏུ་བྱེད་པ་ཡིན་ཏེ། དེ་ལ་ཀུན་རྫོབ་བསྐྱེད་པའི་རིམ་པ་ཞེས་པ། ལྷ་བསྐྱེད་པའི་རིམ་པ་དཀྱིལ་འཁོར་གཅིག་གི་ནང་དུ་རྟོག་ཚོགས་ཐམས་ཅད་ལྷ་དང་ལྷ་མོར་གནས་བསྒྱུར་ནས་བསྒོམ་པ་དེ་ཡིན་ལ། དོན་དམ་རྫོགས་པའི་རིམ་པ་ནི་སྔར་གྱི་ལྷ་བསྒོམས་པའི་ལྷ་དེ་རྣམས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་བསྒོམ་པ་ནི་རྫོགས་པའོ། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམས་ཞེས་པ་ནི། ཕྱག་རྒྱ་ཆེན་པོ་ཞེས་བྱ་བ་ལྷ་མཐར་ཐུག་པ་ཡིན་ཏེ་ཕྱག་རྒྱ་ཞེས་པ་ནི་སྣང་བའམ། སྟོང་པའམ། བསྐྱེད་རྫོགས་ཀྱི་རིམ་པའམ། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་རྒྱ་ཡིས་ཐེབས་པས་ན་ཕྱག་རྒྱ་ཞེས་བྱའོ། །ཆེན་པོ་ཞེས་པ་ནི་དེའི་གོང་ན་གཞན་མེད་པའོ། །ཟུང་འཇུག་ཅེས་པ་ནི་གོང་ན་མེད་དེའི་གནས་ལུགས་དེ་ལ་འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སྣང་མེད་ཅིང་མ་གྲུབ་པས་ཕྱག་རྒྱ་ཆེན་པོ་དེ་ཡང་ཟུང་དུ་འཇུག་ཅེས་པའི་དོན་ཏོ། །དེ་ལ་འབྲས་བུ་ཅི་འབྱུང་ཞེ་ན། འབྲས་བུ་སྐུ་གསུམ་དང་ཡེ་ཤེས་ལྔའི་བདག་ཉིད་ཅན་ཅིག་ཐོབ་བྱ་མེད་པའི་འབྲས་བུར་གནས་སོ། །དེ་ཉིད་གང་གིས་ཀྱང་གཟུང་བ་
མེད་པའི་སྐུ་རུ་གནས་སོ། །རྣལ་འབྱོར་པ་དྷུ་ཁནྡྷི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༥༽ །།གུ་རུ་ཨ་ཛོ་ཀིའི་ཞལ་ནས། བླ་མ་དམ་པའི་གདམས་ངག་གི། །སྟེང་སྒོ་སྣ་རྩེར་ཐིག་ལེ་བསྒོམས། །དེ་ཉིད་ལ་ནི་བློ་བརྟན་པས། །ཡུངས་ཀར་སྟོང་གསུམ་དམིགས་པ་སྟོར། །ཅེས་སོ། །དེ་ཡང་བླ་མ་དམ་པའི་གདམས་ངག་གིས། ཞེས་པ་ནི། ཐོག་མར་བླ་མས་བསྟན་པའི་བསྐྱེད་རྫོགས་ཀྱི་གདམས་ངག་གོ །དེ་རང་ཇི་ལྟར་བསྟན་ཅེ་ན། སྟེང་སྒོ་སྣ་རྩེར་ཐིག་ལེ་བསྒོམས། །ཞེས་པ་སྟེ། དེ་ཡང་སྟེང་སྒོ་ཐབས་ཀྱི་རང་བཞིན། འོག་སྒོ་ཤེས་རབ་ཀྱི་རང་བཞིན་ཡིན་པས། དེའི་སྟེང་སྒོ་ཀླད་པ་ལ་བདེ་བའི་འཁོར་ལོ་སྣའི་རྩེ་མོའི་ཆར་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཡུངས་འབྲུ་ཙམ་གཅིག་གི་ནང་དུ་སྟོང་གསུམ་བསྒོམས་ཤིག་གསུངས་ནས་བསྒོམས་པས། དེའི་འབྲས་བུ་ཅི་བྱུང་ན། དེ་ཉིད་ལ་ནི་བློ་བརྟན་པས། །ཞེས་འབྱུང་སྟེ། དེ་ཉིད་ཡུངས་ཀར་སྟོང་གསུམ་དེ་ལ་བློ་བརྟན་པ་ནི་མ་ཡེངས་པར་བསྒོམས་པས་ཡུངས་ཀར་སྟོང་གསུམ་དམིགས་པ་སྟོར། ཅེས་བྱ་བ་འབྱུང་སྟེ། དེའི་ཐོབ་བྱ་གང་ཡིན་ན། དམིགས་པ་དང་བཅས་པར་བསྒོམས་པས། ཡུངས་ཀར་དང་སྟོང་གསུམ་གྱི་དམིགས་པ་དེ་སྟོང་ཉིད་ཀྱི་ནང་དུ་སྟོར་ནས། སྟོང་ཉིད་ཕྱག་རྒྱ་ཆེན་པོར་རྟོགས་ཏེ། དམིགས་པ་མེད་པར་ནམ་མཁའ་ཆེན་པོ་ལྟར་རྟོགས། ཞེས་པའི་དོན་ཏོ། །འོ་ན་སྟོང་ཉིད་དེ་ལམ་མམ་ཐབས་སུ་བྱས་ན་འབྲས་བུ་ཕྱག་རྒྱ་ཆེན་པོ་བྱ་བ་ཅིག་གུད་ན་ཡོད་དམ་བྱས་པ་ལ། དེ་མེད་དེ། སྟོང་ཉིད་རང་གའི་དུས་ན་ཕྱག་རྒྱ་ཆེན་པོ་ཡིན་ལ་ཕྱག་རྒྱ་ཆེན་པོ་དེ་ཁོ་ན་སྟོང་ཉིད་ཡིན། ཞེས་སོ། །ཏིལླི་པའི་ཞལ་ནས། གལ་ཏེ་སྟོང་པ་ཐབས་མ་ཡིན། །གལ་ཏེ་སྟོང་པ་ཐབས་ཡིན་ན། །འབྲས་བུ་རྒྱུ་ལས་གཞན་མེད་ཕྱིར། །དེ་ཚེ་སངས་རྒྱས་ཉིད་མི་འབྱུང༌། །ཞེས་བཤད་པའོ། །རྣལ་འབྱོར་པ་ཨ་ཛོ་ཀིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༦༽ །།གུ་རུ་ཀ་ལ་པའི་ཞལ་ནས། འགྲོ་
བ་འདི་དག་ཐོག་མེད་དུས་ནས་འཁྲུལ། །དེ་ཡིས་འཇིག་རྟེན་ཐམས་ཅད་སྨྱོན་པར་གྲགས། །བླ་མའི་གདམས་ངག་བདུད་རྩིའི་སྨན་གྱིས་ནི། །འཁྲུལ་པའི་ནད་རྣམས་སྐད་ཅིག་གཅིག་ལ་བསྲེགས། །ཞེས་སོ། །འདིའི་དོན་ནི། དེ་ཡང་འགྲོ་བ་ཞེས་སྐད་ཅིག་མ་གཅིག་གིས་མི་སྡོད་པར་འགྲོ་བས་ན་འགྲོ་བའོ། །འདི་དག་ནི་ཁམས་གསུམ་འདི་ལ་བྱའོ། །ཐོག་མེད་ཅེས་པ་བསྐལ་པ་ཐོག་མ་མེད་པའི་དུས་ནས། འཁྲུལ་ཅེས་པ་ནི། ཐོག་མ་མེད་པའི་དུས་དེ་ཁོ་ན་ནས་འཁྲུལ་པ་ཡིན་ཏེ། ཇི་ལྟར་འཁྲུལ་ན་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འོད་གསལ་སྟོང་པའི་རང་བཞིན་གཉིས་མེད་ཟུང་འཇུག་བདེ་བ་ཆེན་པོའི་རང་བཞིན་ཡིན་པ་ལ། ཡིན་པར་ངོ་མ་ཤེས་པས་མ་རིག་པས་རིག་པར་མིང་བཏགས་ཏེ། དངོས་པོར་ཞེན་པས་འཁྲུལ་ཅེས་པའོ། །འཁྲུལ་པའི་རང་བཞིན་སྨྱོན་པར་གྲགས། །ཞེས་པ། འཁྲུལ་པའི་རང་བཞིན་དཔེ་ཅི་དང་འདྲ་ན། དཔེ་ལང་ཏང་གི་དུག་ཟོས་པ་དང་འདྲ་སྟེ། དེ་ནི་དབང་པོ་ལ་གཟུགས་སྣ་ཚོགས་འཛིན་པས་འཁྲུལ། དབང་རྟེན་ལ་ཡང་སྣང་བས་འཁྲུལ་ལོ། །འཇིག་རྟེན་སྨྱོན་པར་གྲགས་ཞེས་པ་དུག་ལང་ཏང་ཟོས་པའི་སྨྱོན་པ་ལྟ་བུ་བླ་མའི་ལོ་རྒྱུས་དང་ཡང་སྦྱར་རོ། །བླ་མའི་མན་ངག་བདུད་རྩིའི་སྨན་གྱིས་ཞེས་པ་ལ། བླ་མའི་མན་ངག་ནི་བསྐྱེད་རྫོགས་ཟུང་འཇུག་ཅིག་བསྒོམས་པས་དེའི་ངང་དུ་བདག་གཞན་གྱི་དམིགས་པ་སྟོར་ནས་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལྟ་བ་རྒྱུན་མི་ཆད་པའི་བསམ་གཏན་རང་ཤུགས་ཀྱིས་འབྱུང་ཞིང༌། ལྷུག་པའི་སྤྱོད་པ་ཅིག་བྱུང་ནས་སྨྱོན་པར་གྲགས་སོ། །བདུད་རྩིའི་སྨན་དག་གི་ཞེས་པ་བདག་གཞན་གྱི་དམིགས་པ་མེད་པའི་སྨན་བདུད་རྩི་ལྟ་བུ་དེས་འཁྲུལ་པ་ལང་ཏང་གི་དུག་ཟོས་པ་ལྟ་བུའི་སྨྱོན་པའི་ནད་དེ་སྐད་ཅིག་མ་གཅིག་ལ་བསྲེགས། ཞེས་པའི་དོན་ཏོ། །བསྟན་པ་དང་པོའི་མདོ་ནས་འདི་སྐད་བཤད་དེ། ཉོན་མོངས་འཁྲུལ་པའི་རང་བཞིན་ནད་དང་འདྲ། །གསོ་བྱེད་བདུད་རྩི་འདྲ་བ་བཤད་པ་ནི། །ཐེག་པ་ཆེན་པོ་གདམས་
པའི་སྙིང་པོ་སྟེ། །ཉོན་མོངས་ནད་རྣམས་མ་ལུས་འཇོམས་མཛད་ཡིན། །ཞེས་བཤད་དོ། །རྣལ་འབྱོར་པ་ཀ་ལ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༧༽ །།གུ་རུ་དྷོ་བི་པའི་ཞལ་ནས། ཡུན་རིང་དུས་ནས་དྲི་མ་འཁྲུད་བྱེད་ཀྱང༌། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །རང་བཞིན་རྣམ་དག་སྟོང་ཉིད་གོས་དག་ལ། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག །ཅེས་སོ། །འདིའི་དོན་ནི། དྷོ་བི་བ་ཁྲུས་མཁན་ཡིན་པས་གོས་སློག་བཀྲུས། ཞེས་པའི་དོན་ཏོ། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །ཅེས་པ་ནི་དཔེ་སོལ་བ་ལ་སྦྱར་ཏེ། དེ་ལ་བྱི་དོར་བྱས་ཀྱང་དཀར་པོར་མི་འགྱུར། ཅེས་པའོ། །དཔེ་དེ་བཞིན་དུ་ཕྱིའི་དྲི་མ་ཡུན་རིང་དུ་བཀྲུས་ཀྱང༌། ནང་སེམས་ཀྱི་དྲི་མའམ། ལུས་ངག་གི་དྲི་མ་འདག་ཏུ་མི་བཏུབ་པས་དཀར་པོར་འགྱུར་བ་མེད་ཅེས་པའོ། །རང་བཞིན་རྣམ་དག་སྟོང་ཉིད་གོས་དག་ལ། །ཞེས་པ་ནི། ནང་གི་སེམས་ཉིད་ཡེ་ནས་རྣམ་པར་དག་པའི་རང་བཞིན་ཡིན་ཏེ། ཇི་ལྟར་དུ་དག་ན་ནམ་མཁའ་ཆེན་པོ་ལྟར་དག་པ་ཡིན་ཏེ། ནམ་མཁའ་དེ་ལ་གློ་བུར་བ་ཇི་སྙེད་བྱུང་ཡང༌། གང་གིས་ཀྱང་གློ་བུར་སྒྲིབ་གཡོགས་མི་མངའ་བས་རང་བཞིན་གྱིས་རྣམ་པར་དག་པ་དེ་བཞིན་དུ། སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་གློ་བུར་བའི་རྣམ་རྟོག་གི་དྲི་མས་མ་གོས་ན་རྣམ་དག་གི་གོས་དག་གོ་སྐད། རྣམ་དག་གི་གོས་དེ་ལ་ཁྲུས་སུ་བྱེད་ན་བླ་མའི་གདམས་ངག་རང་བཞིན་ཁྲུས་མཁན་མཆོག ཅེས་པ་དེས་བཀྲུས་ཞེས་པའོ། །ཇི་ལྟར་བཀྲུས་ན་བླ་མའི་བརྡས་བསྟན་པ་ཙམ་གྱིས་སྐད་ཅིག་ལ་ལུས་ངག་གི་སྡིག་པ་དེ་དག་པས་ན་བཀྲུས་ཞེས་པའོ། །མདོ་སྡེ་ལང་ཀར་གཤེགས་པ་ལས། ཇི་ལྟར་གསེར་གྱི་དག་པ་དང༌། །ཆུ་དབང་རྙོག་པ་མེད་པ་དང༌། །ནམ་མཁའ་ལ་ནི་སྤྲིན་མེད་ལྟར། །རྣམ་རྟོག་དག་པ་དེ་བཞིན་ནོ། །ཞེས་བཤད་དོ། །རྣལ་འབྱོར་པ་དྷོ་བི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༨༽ །།གུ་རུ་ཀམ་ཀ་ནའི་
ཞལ་ནས། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་ཕྱུང་བས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །ཅེས་སོ། །འདིའི་དོན་ནི། དེ་ལ། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཞེས་པ་ནི། དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དེ་དང་པོ་ངོ་མ་ཤེས་པའི་དུས་ན་ཡོན་ཏན་ཡོད་པ་མ་རྟོགས་ཏེ། ངོ་ཤེས་པའམ་དེ་ལྟར་རྟོགས་ཙམ་ན་དེ་ལ་མདོག་ཕྱུང་ནས་བྱི་དོར་དང་མཆོད་པ་ལ་སོགས་པ་བྱས་པས་དགོས་འདོད་ཀྱི་མདོག་འབྱུང་བ་ལྟར། སེམས་ཉིད་དེ་ལ་ཡང་ཉམས་སུ་མྱོང་བའི་མདོག་འབྱུང་བས་ན། སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །ཞེས་པ་སྟེ། སྤྱོད་པ་ནུས་པ་ནི་རྟོགས་པའི་དོན་ལ་སྤྱོད་པར་ནུས་པ་ལ། དགོད་འདོད་འབྱུང་བ་ནི། སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་དེར་འབྱུང༌། ཞེས་པའོ། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །ཅེས་པ་ནི། དེ་ཡང་རྟོགས་པ་ཆོས་ཉིད་དུ་རོ་སྙོམས་པ་ལ། འགྲུབ་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཡེ་ཤེས་སུ་གྲུབ་པའོ། །དེ་སྐད་དུ་ཡང་བློ་གྲོས་རྒྱ་མཚོའི་མདོ་ལས། ཇི་ལྟ་བུར་ནི་རང་བཞིན་སེམས། །མངོན་པར་རྟོགས་པ་འབྲས་བུ་ཡིན། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་ཀམ་ཀ་ནའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༢༩༽ །།གུ་རུ་ཀམྤ་ལའི་ཞལ་ནས། རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ནང་ན་ནོར་བུས་གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། །རྟོགས་པ་དང་ལྡན་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །ཞེས་སོ། །འདིའི་དོན་ནི། དེ་ལ་རྒྱ་མཚོ་ཆེན་པོ་ནི་དཔེ་ཡིན་ཏེ། དཔེར་ན་རྒྱ་མཚོ་ཆེན་པོ་ཞེས་པ་ནི་ངོ་མཚར་ཅན་གྱི་རྒྱ་མཚོ་མཆོག་ཡིན་ཏེ། དེ་ལ་ནོར་བུ་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་ཐམས་ཅད་ཀྱིས་གང་བར་བྱས་པ་དེ་ལ་ཀླུའི་རྒྱལ་པོ་ཆེན་པོ་ཐམས་ཅད་ལོངས་སྤྱོད་བྱེད་པ་དེ་བཞིན་དུ། སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་
པ་ལ། །ཞེས་པ་སྟེ། སྣང་བ་ཞེས་བྱ་བ་ཕྱི་གཟུང་བྱའི་ཡུལ་དུ་གྱུར་པ་ཡིན་ལ། འཛིན་པ་ནི་ནང་གི་སེམས་འཁྲུལ་པ་དང་བཅས་པའོ། །གྲགས་ཞེས་པ་ནི་བཏགས་པ་ཙམ་ཡིན་ཏེ། ད་ལྟར་གྱི་སྣང་གྲགས་ཐམས་ཅད་ནི་ཡེ་ནས་ཆོས་སྐུ་ཡིན་པ་ལ། སྣང་བ་རང་བཞིན་གྱིས་མ་གྲུབ་པ་སྟེ། སྣང་བ་ཞེས་བྱ་བ་ནི་རྒྱུའི་གཟུགས་བཞིས་བསྐྱེད་པའི་རྟེན་འབྲེལ་ལས་གྲུབ་པས་ན་རང་བཞིན་གྱིས་སྟོང་པའོ། །བརྟགས་པ་ནི་རྟོག་འདུན་དེའི་བློའམ། བསམ་པའི་ངོ་བོ་ཙམ་ཡིན་ཏེ། དེ་ནི་ཕྱི་ནང་གི་སྐྱེ་མཆེད་བཅུ་གཉིས་པོ་དེ་ལ་ཡ་བྲལ་བར་བྱེད་པས་རང་བཞིན་གྱིས་སྟོང་པའོ། །འོ་ན་དཔེར་ན་བྲལ་བ་མེད་པས་ཡེ་ནས་ཆོས་སྐུ་ཡིན་ལ། དེ་ཅི་ཡིན་ཞེ་ན། ཆོས་སྐུ་ཞེས་པ་དེ་དཔེ་དང་བློ་ཡིས་མ་རེག་པ་ཅིག་ཡིན་པས་ན་དངོས་པོའི་དོན་ཏོ། །དེ་ལ་སྤྱོད་པ་ནི་ཀླུའི་རྒྱལ་པོ་དང་འདྲ་སྟེ། དེ་སུ་ཡིན་ན་རྟོགས་པ་དང་ཞེས་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་མེད་དུ་རྟོགས་པ་ལ་བྱའོ། །ཉམས་མྱོང་ལྡན་པའི་རྣལ་འབྱོར་རྣམས་ཀྱིས་ཞེས་པ་དོན་ཉམས་སུ་མྱོང་བ་ལ་བྱའོ། །ལོངས་སྤྱོད་རྫོགས་པའི་སྐུ་དེ་ཡོན་ཏན་རྒྱ་མཚོ་ལྟར་འབྱུང་བས་སྤྱོད་པའོ། །ངོ་མཚར་བ་ནི་རྨད་དུ་བྱུང་བའོ། །རྣལ་འབྱོར་པ་ཀམྤ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༠༽ །།གུ་རུ་ཌིངྒི་པའི་ཞལ་ནས། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲ་ན་རྟོགས་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་མིག་དང་འཁོར་ལོ་ལྟ་བུའི་འབྲས་བུ་ཐོབ། །ཅེས་སོ། །འདི་མཚན་ཉིད་བཞི་ལྡན་དུ་བཤད་དེ་དེའང་དོན་བཞི་དཔེ་བཅུ་གཉིས་ཀྱིས་སྟོན་ཏེ། དེ་ལ་དང་པོར་གནས་ལུགས་ཇི་ལྟར་ཡིན་པ་གཏན་ལ་འབེབས་པ་དཔེ་གསུམ་གྱིས་བསྟན་ཏེ། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །ཞེས་པ་སྟེ། དེ་ལ་དཔེ་དང་པོ་བླ་མ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་པའི་དུས་སུ་རང་ལ་ཡིད་ཆེས་པར་ལྷན་གྱིས་སོང་ནས་སེམས་ཉིད་ཀྱི་ཡོན་ཏན་མཐོང་བའི་དུས་ན་བགྲོད་པར་བྱ་བའི་
ལམ་ལ་ཐོགས་པ་མེད་པར་འགྲོ་བའི་དཔེ་ནི་རྫུ་འཕྲུལ་གྱི་ཤུགས་ཐོབ་པའི་རྟ་མཆོག་ལྟ་བུ་ཡིན་ཏེ། ཡུལ་གཅིག་ནས་གཅིག་ཏུ་མ་ཐོགས་པར་ཕྱིན་པ་དང་འདྲ་བའི་གནས་ལུགས་ཀྱི་ལམ་སེམས་ཉིད་ཀྱི་ཡོན་ཏན་མཐོང་བས་བགྲོད་པར་བྱ་བའི་ས་དང་ལམ་སྐད་ཅིག་ལ་རྫོགས་པས་བདེ། ཞེས་པའི་དོན་ཏོ། །དེ་ཉིད་ལ་བརྟན་པ་ཐོབ་པའི་དཔེ་གླང་པོ་ལྟ་བུ་ཡིན་ཏེ། གླང་པོ་ཆེ་ནི་སྟོབས་དང་ལང་ཚོ་རྒྱས་པ་ལ། བརྟན་ཅིང་དུལ་བའི་གླང་པོ་དེ་གཞན་གྱི་སྟོབས་ཀྱིས་བསྐྱོད་པར་མི་ནུས་པར་བརྟན་པ་དེ་བཞིན་དུ། གནས་ལུགས་སེམས་ཉིད་ཀྱི་ཡོན་ཏན་མཐོང་ཙམ་ཉོན་མོངས་པའམ། རྣམ་པར་རྟོག་པ་གང་གིས་ཀྱང་བསྐྱོད་པར་མི་ནུས་པས། བརྟན་པ་ཐོབ་པས་རབ་ཏུ་བདེ། །ཞེས་པའི་དོན་ཏོ། །དེ་ལྟར་སེམས་ཉིད་རྟོགས་པའི་ཡོན་ཏན་ཁོང་དུ་ཆུད་ཙམ་ན་རྣམ་རྟོག་གིས་མི་གཡོ་བའི་དཔེ་རྒྱ་མཚོ་ལྟ་བུ་ཡིན་ཏེ། རྒྱ་མཚོ་དེ་རླུང་གིས་བསྐྱོད་ནས་རྦ་རླབས་ཇི་ལྟ་བུ་བྱུང་ཡང༌། འདོམ་བདུན་མན་ཆད་དུ་གཡོ་འགུལ་མེད་པ་དེ་བཞིན་དུ་གནས་ལུགས་ཀྱི་ཡོན་ཏན་ཁོང་དུ་ཆུད་པས་ཉོན་མོངས་པ་རྣམ་རྟོག་གིས་གཡོ་འགུལ་མེད་པས་ན་བདེ་བ་ཆེ་ཞེས་པའོ། །དོན་གཉིས་པ་དེ་ལྟ་བུའི་གནས་ལུགས་ཀྱི་ཡོན་ཏན་ཁོང་དུ་ཆུད་པས་རྟོགས་པ་རང་ཤར་དུ་ཤར་བ་དཔེ་གསུམ་གྱིས་བསྟན་པ་ནི། དཔེ་དང་པོ། སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲ་ན་རྟོགས་པ་ཡིན། །ཅེས་པས་བསྟན་ཏེ། དེ་ཉིད་ནི་སེམས་ཉིད་གནས་ལུགས་ཀྱི་ཡོན་ཏན་དེ་ཁོང་དུ་ཆུད་པས་རྟོགས་པ་རང་ཤར་དུ་རྒྱུད་ལས་སྐྱེས་པ་ཡིན་ཏེ། སྣང་བ་བླ་མར་ཤར་ན་སྣ་ཚོགས་སྤྱོད་ཅིང་མ་ཞེན་པ་སྤྲེའུ་ལྟ་བུ་ཡིན་པས་ན། སྤྱོད་པ་ལ་མ་ཞེན་པ་དེ་ཀ་རྟོགས་པའི་མཆོག་ཏུ་གྱུར་བ་ཡིན་པས་རྟོགས་པ་ཡིན་ཞེས་པའི་དོན་ཏོ། །དཔེ་གཉིས་པ་ནི། དེ་ལྟར་དུ་གྱུར་ཙམ་ན་སྣང་ལ་མ་ངེས་ཀྱང་བློ་སྔོན་དུ་མ་སོང་བ་བུ་ཆུང་ལྟ་བུ་དེ་རྟོགས་པ་ཡིན་ནོ། །ཅེས་པའི་དོན་ཏོ། །དཔེ་གསུམ་པ་ནི། ཏོལ་སྐྱེས་ལ་སྣང་བ་སྣ་ཚོགས་ཤར་བ་ཆུའི་གཉེར་མ་ལྟ་བུར་འདུག་པ་དང༌། ཚོར་བ་རྗེས་བརྗོད་ཀྱི་
ཤེས་པ་དེ་རྗེས་མེད་དུ་སོང་བས། ཆུའི་གཉེར་མ་ལྟར་རྗེས་མེད་དེ་རྟོགས་པ་ཡིན་ཞེས་པའི་དོན་ཏོ། །སྤྱི་དོན་གསུམ་པ་དབྱེར་མི་ཕྱེད་པ་ལ་གསུམ་སྟེ། དང་པོ་ཆུ་བོ་ཞེས་པ་ནི། ཕྱིའི་རྒྱ་མཚོ་ལ་ཆུ་ཕྲན་ཐམས་ཅད་འབབ་པ་དེ་དག་ཐ་དད་དུ་གྱུར་བ་མེད་དེ། ཐམས་ཅད་ལན་ཚྭར་རོ་གཅིག་པ་ལྟར། སྣང་བ་སྣ་ཚོགས་སུ་རྟོག་པ་དེ་ཐམས་ཅད་དབྱེར་མེད་ཅིང་ཆོས་ཉིད་དུ་རོ་གཅིག་པས་དབྱེར་མི་ཕྱེད་པའོ། །གཉིས་པ་ཉི་མ་ཞེས་པ་ནི། ནམ་མཁའ་ལ་ཤར་བའི་ཉི་མ་དེ་གཅིག་ལས་མེད་པ་ལ། ཝཱ་རཱ་ཎ་སཱི་དང༌། ཟླ་བའི་གླིང་དང༌། རོལ་མཚོ་བདུན་ལ་སོགས་པ་ན་གནས་པའི་དུར་ཁྲོད་བརྒྱད་ལ་ཉི་མའི་སྣང་བ་བརྒྱད་ཡོད་པ་ཡིན་ཏེ། ཉ་ལ་འོད་ཙམ་དུ་སྣང༌། པིར་ལ་ཁྲག་ཏུ་སྣང༌། ཉ་ཕྱིས་དང་དུང་ལ་འཇའ་ཚོན་དུ་སྣང༌། ལངྐ་སྲིན་པོའི་རིགས་ལ་མེའི་ཕུང་པོར་སྣང༌། ས་གནོན་འབྲོག་མོའི་རིགས་ལ་གསེར་གྱི་འཁོར་ལོར་སྣང༌། ཀླུའི་རྒྱལ་པོ་གཙུག་ཕུད་ཅན་ལ་རིན་པོ་ཆེ་སྣ་ཚོགས་ཀྱི་འོད་དུ་སྣང༌། སྦྲུལ་མགོ་ཅན་དང་གླང་མགོ་ཅན་ལ་མུན་པའི་གླིང་དུ་སྣང༌། གསེར་གྱི་སྦལ་པའི་རིགས་ལ་འོད་མེད་པའི་མེ་ཡི་ཕུང་པོར་སྣང༌། དུད་འགྲོ་ཆེན་པོ་སྤྱི་ལ་ཉི་མ་རང་ཡང་མུན་པ་འབའ་ཞིག་ཏུ་སྣང་ངོ༌། །དེ་ལྟར་ན་སྣ་ཚོགས་སུ་སྣང་ཡང་ཉི་མ་རང་གི་ངོ་བོ་དེ་དག་ཐམས་ཅད་དབྱེར་མེད་པ་དེ་བཞིན་དུ་སེམས་ཉིད་རྟོགས་པའི་ཆོས་སྐུ་དེ་ལས་གཟུགས་སྐུ་གཉིས་ཀྱིས་དོན་སྣ་ཚོགས་སུ་བྱས་ཀྱང༌། དོན་ཆོས་སྐུའི་ངང་ཐ་དད་མེད་པས་དབྱེར་མི་ཕྱེད་ཅེས་པའོ། །གསུམ་པ་སྨན་དང་ཞེས་པ་ནི། སྨན་ནི་མཁའ་འགྲོ་མ་རྣམ་པ་བརྒྱད་ཀྱིས་སྒྲུབ་པོ་རྣམས་ལ་ཐུན་མོང་གི་དངོས་གྲུབ་བརྒྱད་གནང་བ་ལ། གཅིག་ནི་མིག་སྨན་གྱི་རིལ་བུས་ས་འོག་གི་གཏེར་ཐམས་ཅད་མཐོང་བ་ཡིན་ལ། དེའང་མིའི་དངོས་གྲུབ་ཡིན་ཏེ། དུད་འགྲོ་རྐང་བཞི་ལ་སོགས་པའི་མིག་ནི་ལོང་བར་བྱེད་དེ། དེ་ཡང་རྐྱེན་གྱིས་ཐ་དད་དུ་གྱུར་པ་ལས། སྨན་རང་གི་ངོ་བོ་ལ་དབྱེར་མེད་པ་དེ་བཞིན་དུ་སེམས་
ཉིད་རྟོགས་པའི་ངོ་བོ་དེ་དྲན་རིག་རྟོག་པ་སྣ་ཚོགས་སུ་སྣང་ཡང་ངོ་བོ་དེ་རང་ལ་དབྱེར་མེད་ཅེས་པའི་དོན་ཏོ། །སྤྱི་དོན་བཞི་པ་འབྲས་བུ་ལ་དཔེ་གསུམ་གྱིས་བསྟན་ཏེ། དེ་ཡང་གཙུག་ཕུད་ཅེས་པ་ནི། ངོ་བོ་ཆོས་སྐུ་དེ་བཞིན་གཤེགས་པའི་དབུའི་གཙུག་ཕུད་ལྟར་མི་མཐོང་ཞེས་པའི་དོན་ཏོ། །འོ་ན་མི་མངོན་ན་དོན་མི་གསལ་ལམ་ཞེ་ན། མིག་དང་ཞེས་པ་ལྟར་མི་མངོན་ཏེ་དོན་ཐམས་ཅད་གསལ་བར་བྱེད་པའི་མིག་དང་འདྲ་བའི་འབྲས་བུ་ཐོབ་ཅེས་པའི་དོན་ཏོ། །དེ་ལྟར་ན་གསལ་ཙམ་ན་ཇི་ལྟ་ཇི་སྙེད་མཁྱེན་པ་རྟོགས་པའི་ཡེ་ཤེས་ཀྱིས་ཉོན་མོངས་པའི་རབ་རིབ་ཐམས་ཅད་གཅོད་པར་བྱེད་པ་ན། འཁོར་ལོ་ལྟ་བུའི་འབྲས་བུ་ཐོབ། །ཅེས་པའི་དོན་ཏོ། །རྣལ་འབྱོར་བ་ཌིངྒི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༡༽ །།གུ་རུ་བྷནྡྷེ་པའི་ཞལ་ནས། མངོན་ཞེན་མེད་པ་བྱམས་པའི་མཆོག །གནས་ལུགས་རྟོགས་པ་སྙིང་རྗེ་ཡིན། །ཟག་མེད་བདེ་བ་དགའ་བ་སྟེ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། །ཞེས་སོ། །འདིའི་དོན་ནི། སློབ་དཔོན་བྷནྡྷེ་པས་ཚད་མེད་པ་བཞི། ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་བཞི་རུ་བསྒོམ་པའི་དབང་དུ་བྱས་པ་ཡིན་ཏེ། དེ་ཡང་མཚན་མའམ་རྟེན་དང་བརྟེན་པ་ཅན་གྱི་འབྲེལ་པ་གང་ཡང་མ་གྲུབ་པ་ཅིག་ཡིན་ལ། དེ་ལྟར་མ་གྲུབ་པས་ན་བསྐྱེད་བྱ་སྐྱེད་བྱེད་བསྐྱེད་པའི་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་ཁོ་ནའི་ངོ་བོ་དེ་ལ་ཆོས་སྐུ་ཟེར་བ་ཡིན་ཏེ། དེ་ཡང་བླ་དྭགས་ཙམ་དུ་ཟད་ཀྱི། དོན་དམ་ལ་ཆོས་སྐུ་རང་ཡང་ཡོད་པ་མ་ཡིན་ཅེས་པའི་དོན་ཏོ། །དེ་ལྟ་བུ་དེ་ཡེ་ནས་ཆོས་སྐུ་ཡིན་ཞེས་བྱའོ། །དེའི་དཔེ་རྒྱ་མཚོ་དང་འདྲ་སྟེ། མཚན་ཉིད་རྣམ་པ་བཞི་དང་ཡང་ལྡན་པ་ཡིན་ཏེ། ཆུ་རླབས་སྣ་ཚོགས་སུ་གཡོས་ཀྱང་འདོམ་བདུན་མན་ཆད་དུ་གཡོ་བ་མེད་པ་ཡིན་པ་དང༌། ནོར་བུ་རིན་པོ་ཆེ་ཐམས་ཅད་འབྱུང་བའི་གཞི་ཡིན་ཞིང༌། ལྗན་ལྗིན་ཐམས་ཅད་མཐར་འབྱིན་པར་བྱེད་པ། ཐམས་ཅད་ཆུར་རོ་མཉམ་པ་དེ་བཞིན་དུ་ཆོས་སྐུ་དེ་ཡང༌། གནས་
ལུགས་རྟོགས་པ་སྙིང་རྗེ་ཡིན། །ཅེས་པ་དེ་ཡང་ལྟ་བའི་དབང་དུ་བྱས་པ་ཡིན་ཏེ། གནས་ལུགས་དེ་ལྟ་བུའི་དོན་མ་རྟོགས་པ་དེ་སྙིང་རྗེ་ཞེས་པའི་དོན་ཏོ། །དེའི་དོན་ནི་ལྟ་བ་རྟོགས་ན་སྙིང་རྗེ་ཚད་མེད་པ་སྐྱེ་ཞེས་བྱ་བ་ནི་བསྒོམས་པའི་ཡུལ་མེད་དེ། འགག་པ་མེད་ཅེས་བྱ་བའི་དོན་ཏོ། །དེ་ཅིས་བྱས་པ་ལ། ཟག་པ་མེད་པའི་ཡེ་ཤེས་དེ་ཀ་ལ་རྒྱུན་མི་ཆད་པ་ཞེས་བྱ་བའི་དོན་ཏོ། །ཟག་མེད་བདེ་བ་དགའ་བ་སྟེ། །ཞེས་པ་ནི། ལྟ་བ་ཟག་པ་མེད་པའི་ཡེ་ཤེས་དེ་ཁོ་ན་ལ་མ་ཡེངས་པ་དེ། རྒྱུན་མི་ཆད་པའི་སྒོམ་པ་ཡིན་ཏེ། དེ་ཁོ་ན་ལ་དགའ་བ་ཚད་མེད་ཅེས་པའི་དོན་ཏོ། །ལྟ་བ་ཟག་པ་མེད་པའི་ཡེ་ཤེས་དེ་མངོན་ཞེན་གྱི་མཐའ་ཐམས་ཅད་དང་བྲལ་བ་དེ་ཁོ་ན་ལ་སྤྱོད་པ་ཞེས་ཟེར་ཏེ། བྱམས་པ་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། །ཞེས་བྱ་བ་ནི་འབྲས་བུའི་དོན་ཡིན་ཏེ། གཞི་ནི་ཁམས་གསུམ་གྱི་སེམས་ཅན་གྱི་རྒྱུད་ལ་གནས་པའི་གཞི། མཐུན་པ་ནི་སངས་རྒྱས་སུ་གཞི་མཐུན་ཅེས་སོ། །རོ་གཅིག་ཅེས་པ་ནི་ཆོས་ཉིད་དུ་རོ་གཅིག་ཅེས་པའོ། །འབྲས་བུ་དེ་ལྟ་བུ་ཁོ་ན་ལ་བཏང་སྙོམས་ཚད་མེད་པ་ཞེས་བྱ་བའི་དོན་ཏོ། །ཐེག་པ་ཆེན་པོའི་དོན་ཉེ་བར་བསྡུས་པས་ན་ཚད་མེད་འབྲས་བུ་ནི། གཞི་དང་ལམ་དུ་ཐོབ་པའི་ཚུལ། །ཡོན་ཏན་རྙེད་ནས་འབྲས་བུ་མཆོག །ཅེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་བྷནྡྷེ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༢༽ །།གུ་རུ་ཏནྟེ་པའི་ཞལ་ནས། ཇི་ལྟར་དྲན་རིག་སྣ་ཚོགས་དག །རྟོག་མེད་དབྱིངས་སུ་ཟད་ཅིང་འགག །དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །སྟོང་ཉིད་དབྱིངས་སུ་ཟད་ཅིང་འགག །ཅེས་སོ། །འདིའི་དོན་ནི། ཇི་ལྟར་དྲན་རིག་སྣ་ཚོགས་དག །ཅེས་པ་ནི། དྲན་རིག་ནི་རྟོག་པ་སྣ་ཚོགས་ཡིན་ལ། དག་ཅེས་པ་ནི་རྟོག་པ་དེ་དག་པའོ། །དེ་གང་དུ་ཟད་ན། རྟོག་མེད་ཀྱི་ངང་དུ་ཟད་ཅིང་འགག །ཅེས་པ་སྟེ། དྲན་པ་དེ་ཉིད་སྟོང་པ་དྲན་མེད་ཀྱི་དབྱིངས་སུ་སྟོར་བས་དག་
ཅེས་བྱ་བའི་དོན་ཏོ། །དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །ཅེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཡིན་ཏེ། དེ་ཐམས་ཅད་ཀྱང་སྟོང་ཉིད་ཀྱི་དབྱིངས་སུ་ཟད་པའམ། འགག་ཅེས་བྱ་བའི་དོན་ཏོ། །རྣལ་འབྱོར་པ་ཏནྟི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༣༽ །།གུ་རུ་ཀུཀྐུ་རི་པའི་ཞལ་ནས། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང༌། །འདོད་དང་འབད་རྩོལ་ཡོད་ན་སངས་རྒྱས་མིན། །བྱིན་རླབས་བླ་མའི་ཞལ་ལས་ཉམས་མྱོང་དཔལ། །ཆ་ལྡན་རང་ལ་ཡོད་ཀྱང་མ་མཐོང་ངོ༌། །ཞེས་སོ། །འདིའི་དོན་ནི། དེ་ལ་སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང༌། །ཞེས་པ་སྟེ། དེ་ཅིས་མི་འབྱུང་ཞེ་ན། ཐུན་མོང་གི་དངོས་གྲུབ་ཕྲ་མོས་སངས་རྒྱས་ལྟར་རེ་བ་ལ་བྱ་སྟེ། དེས་མཆོག་གི་དངོས་གྲུབ་མི་ཐོབ་པ་ནི་སློབ་དཔོན་ཀུཀྐུ་རི་པ་རང་གི་ལོ་རྒྱུས་དང་སྦྱར་རོ། །དེ་ཅིས་བྱས་པ་ལ། ཐུན་མོང་གི་དངོས་གྲུབ་ཕྲ་མོ་ལ་སངས་རྒྱས་ལྟ་བུར་མཐོང་ནས་མཆོད་པ་ལ་སོགས་པ་བྱས་པས་རང་ཡང་དེ་ལྟར་ཡིན་སྙམ་ནས་དེའི་བར་ཆད་དུ་འགྲོ་བ་ཡིན་ཏེ་སློབ་དཔོན་རང་ཉིད་ལ་ལྷས་བར་ཆད་བྱས་པ་ལྟ་བུའོ། །དེ་ཡང་དེ་སོགས་ལ་དོན་མི་འབྱུང་ཞེས་པའོ། །ཅིས་མི་འབྱུང་ན་འདོད་དང་རྩོལ་བ་ཡོད་ན་སངས་རྒྱས་མིན། །ཅེས་པ་མཆོག་ཐུན་མོང་གཉིས་སམ། སངས་རྒྱས་ཆེ་བའི་ཡོན་ཏན་དེ་ལ་འདོད་ཅིང་དེ་བློའི་ཡུལ་དུ་བྱས་ནས་འབད་རྩོལ་བྱས་པ་དེ་འདྲ་སངས་རྒྱས་མིན། ཅེས་པའི་དོན་ཏོ། །འོ་ན་ཅི་འདྲ་ཅིག་ཡིན་བྱས་པ་ལ་བྱིན་རླབས་བླ་མའི་ཞལ་ལས་ཉམས་མྱོང་དཔལ། ཞེས་པ་སྟེ། བྱིན་རླབས་ཞེས་པ་བདག་གི་རྒྱུད་ལ་སྨིན་པ་ཡིན་ཏེ། དེ་རང་གཅིག་པོའི་བྱིན་རླབས་ཡིན་ན་བླ་མའི་ཞལ་ལས་ཞེས་པ་སྟེ། སློབ་དཔོན་ལ་མཁའ་འགྲོ་མས་བར་ཆད་བཟློག་པ་ལྟར་བདག་གི་རྒྱུད་ལ་སྨིན་པར་བྱེད་པའི་བྱིན་རླབས་དེ་བླ་མའི་ཞལ་ལས་འབྱུང་ཞེས་བྱ་བའི་དོན་ཏོ། །དེ་ལྟར་བླ་མས་བསྟན་པ་དེ་ཡང་རང་གིས་ཉམས་སུ་མྱོང་བས་མངོན་དུ་གྱུར་པས་དཔལ་
ཞེས་བྱའོ། །འོ་ན་དེ་རང་ལ་མྱོང་བྱེད་དམ་རྟོགས་བྱེད་ནི་བློ་ཡིན་ལ། བློ་རིག་ཏུ་མ་བཏུབ་པས་ན་བློའི་ཆ་ལ་ཡིན་གྱི། དོན་གྱི་ཆ་ལ་མིན། ཅེས་སོ། །དེ་ལྟར་ཡང་ལང་ཀར་གཤེགས་པ་ལས། བློ་དང་སེམས་ནི་སྣང་བ་ཆེ། །ཅི་ཙམ་སྣང་བ་ཀུན་རྫོབ་སྟེ། །སྣང་མིན་དེ་ལ་བློ་རིག་མེད། །ཡོད་མེད་གང་གི་མཐའ་མ་རིག །ཅེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་ཀུཀྐུ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༤༽ །།གུ་རུ་ཀུ་ཙི་པའི་ཞལ་ནས། གང་ལ་ལྷན་ཅིག་སྐྱེས་པ་ནི། །གླང་པོ་ཆེ་ཡི་མིག་བཞིན་དུ། །བཟེ་རེ་བསྐྱེད་ན་ཟུག་རྔུར་འགྱུར། །ཀློད་ནས་མ་ཞེན་བསམ་གཏན་མཆོག །བླ་མའི་གསུང་གི་འོད་ཟེར་གྱིས། །ཡོད་དང་མེད་པའི་མཐའ་མ་རྙེད། །གང་ཞིག་མ་རྙེད་པ་དེ་མཐའ། །མཐའ་དེ་རྟོགས་ན་དོན་གྱི་མཆོག །ཅེས་སོ། །འདིའི་དོན་ནི། གང་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་བ་ནི་སྣང་བ་དང་སྟོང་པའོ། །དེ་ལྷན་ཅིག་སྐྱེས་པ་གཉུག་མ་མ་བཅོས་པ་དེ་ལ་བྱ་སྟེ། དེ་ཇི་ལྟ་བུ་ལྷན་ཅིག་སྐྱེས་ཤེ་ན། དཔེར་ན་འདུས་མ་བྱས་ཀྱི་ནམ་མཁའ་ཆེན་པོ་འདི་ལ་སྤྲིན་དང་ཁུ་རླངས་ལ་སོགས་པ་སྣ་ཚོགས་འབྱུང་ཡང༌། དེ་ཉིད་ལས་བྱུང་ཞིང་ཐིམ་ཡང་དེ་ག་ལ་ཐིམ་པ་ལྟར། སེམས་ཉིད་ཀྱི་ངོ་བོ་དེ་ལས་སྣང་བ་སྣ་ཚོགས་པའི་དྲན་རིག་གི་རྟོགས་པ་སྣ་ཚོགས་པ་བྱུང་ཡང་དེ་ག་ལས་བྱུང་ཐིམ་ཡང་དེ་ག་ལ་ཐིམ་པས་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། སྣང་བ་དྲན་རིག་གི་ཡལ་སའམ་ཐིམ་ས་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །སྟོང་ཉིད་ཀྱི་ངོ་བོའམ་བསམ་དུ་མེད་པ་དེ་ལ་དེ་ཉིད་ལྷན་ཅིག་སྐྱེས་པ་ཞེས་ཟེར་ཏེ། དེ་ནི་མ་བཅོས་པ་རང་ལུགས་སུ་འདུག་པའི་དོན་ཡིན་པས་ན་དགྲ་དང་གཉེན་ལ་སོགས་པ་དཔེ་ཟླ་གང་གིས་ཀྱང་མཚོན་དུ་མེད་པའམ་བཅོས་སུ་མེད་པའི་དོན་ཏོ། །དེས་ན་གླང་པོ་ཆེའི་མིག་བཞིན་དུ་ཞེས་པ་དཔེ་ཡིན་ཏེ། གླང་པོ་ཆེ་ཞེས་བྱ་བ་དེ་ལ་མིག་གཅིག་པོ་རང་ལའང་ཁྲུ་གང་ཡོད་པ། མ་མཆུ་ལ་ཁྲུ་དོ་ཁྲུ་གང་ཡོད་པས། དེ་འགྲངས་ཏེ་ཏིལ་གྱི་ཕུབ་མའི་ནང་དུ་ཉལ་བའི་དུས་སུ་
རླུང་ཕྲ་མོ་ཞིག་ལངས་ནས་མིག་ནང་རྡུལ་ཕྲ་མོ་མང་པོ་འགྲོ་བ་དེ་ལ་བཟེ་རེ་སྐྱེས་ནས་མིག་གི་ཟུག་རྔུར་འགྱུར་བ་བཞིན་དུ་ཕྱག་རྒྱ་ཆེན་པོའི་ངོ་བོ་བསམ་དུ་མེད་པ་དེ་ཉིད་ལ་ལྷན་ཅིག་སྐྱེས་པ་ཞེས་བྱ་སྟེ། དེ་ལ་དྲན་རིག་གི་རྟོག་པ་ཉམས་སུ་ལེན་རྒྱུ་མེད་པས་ན། ཀློད་ན་ཞེན་མེད་བསམ་གཏན་མཆོག །ཅེས་བྱའོ། །བྲམ་ཟེ་ས་ར་ཧའི་ཞལ་ནས། མ་ཞེན་རང་གི་རང་གིས་བསམ། །ཞེས་པའམ། ཞེ་འདོད་མེད་པའི་སེམས་ལ་དྲི་མ་བྲལ། །ཅེས་གསུངས་པ་ལྟ་བུའོ། །དེ་ངོ་གང་གིས་སྤྲོད་ན། བླ་མའི་གསུང་གི་འོད་ཟེར་གྱིས། །ཞེས་པ་བླ་མ་ནི་འཕགས་པ་ཀླུ་སྒྲུབ་ཡིན་ལ། གསུང་གི་འོད་ཟེར་ནི་གདམས་ངག་གིས་སོ། །ཡོད་དང་མེད་པའི་མཐའ་མ་རྙེད། །ཅེས་པ་ནི། ཀུ་ཙི་པ་ཞེས་པས་ཡོད་མེད་ཀྱི་མཐའ་མ་རྙེད་པའོ། །མ་རྙེད་པ་དེ་དག་ཕྱག་རྒྱ་ཆེན་པོའི་མཐའ་ཡིན་པའོ། །མཐའ་དེ་ག་རྟོགས་ན་དོན་གྱི་མཆོག་ཡིན་ཏེ། བླ་ན་མེད་པའི་དོན་ཅེས་བྱའོ། །རྣལ་འབྱོར་པ་ཀུ་ཙི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༥༽ །།གུ་རུ་དྷ་མ་པའི་ཞལ་ནས། གཉིས་འཛིན་མ་རིག་དུག་དག་གིས། །རིག་པའི་སྐྱེས་བུ་རྒྱུན་དུ་བཟུང༌། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །སྣང་སྲིད་འཁྲུལ་པའི་དུག་ནད་སེལ། །ཅེས་སོ། །འདིའི་དོན་ནི། གཉིས་འཛིན་མ་རིག་དུག་དག་གིས། །ཞེས་པ་གཉིས་འཛིན་རྒྱུ་རྐྱེན་ལས་བྱུང་བ་གང་ཡང་གཉིས་མེད་དུ་མ་ཤེས་པའི་གཉིས་སྣང་གི་རྟོག་པ་ཐམས་ཅད་ལ་བྱའོ། །ཇི་ལྟར་སྣང་ན་མ་རིག་པའི་རྐྱེན་གྱིས་སྒྲིབ་པའི་དཔེ། སྐྱེས་བུ་ཟས་དུག་ཅན་ཟ་བ་ལྟ་བུ་ལ་བྱའོ། །དཔེར་ན་དུག་དེས་སྲོག་གཅོད་པར་བྱེད་ན་ཡང་ངོ་མ་ཤེས་པར་ཟོས་པས་སྐྱེས་བུ་དེ་རང་དུག་གིས་ཟིན་པ་དང་འདྲ་སྟེ། མ་རིག་པའི་རྐྱེན་གྱིས་ངོ་བོ་གཉིས་མེད་དེ་ལ་བསྒྲིབས་ནས་ངོ་མ་ཤེས་པས་གཉིས་འཛིན་གྱི་རྟོག་པ་དུག་དང་འདྲ་སྟེ། ཐམས་ཅད་འཆིང་བའི་དུག་ཡིན་པས་དུག་དག་གིས་ཞེས་པའོ། །དེས་སུ་བཟུང་ན་རིག་པའི་སྐྱེས་བུ་བཟུང་སྟེ། ཇི་ལྟར་བཟུང་ན། རིག་པ་ཞེས་བྱ་བ་ངོ་བོ་གཉིས་མེད་རང་བཞིན་སྤྲོས་
བྲལ་ཅིག་ཡིན་པ་ལ། དེ་ངོ་མ་ཤེས་པའི་སྐྱེས་བུ་དེ་བཟུང་ཞེས་པའོ། །དུས་ཇི་ཙམ་ནས་བཟུང་ན་རྒྱུན་དུ་བཟུང་ཞེས་པ་སྟེ། རྒྱུན་ཅེས་བྱ་བ་དུས་ཡུན་རིང་བ་ལ་བྱེད་དེ། དེ་ཡང་ཐོག་མཐའ་མེད་པ་ལ་བྱའོ། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །ཞེས་བྱ་བ་བླ་མ་ནི་གཉིས་འཛིན་གྱི་དུག་ལ་གཉིས་མེད་དུ་སྟོན་པའམ་ངོས་འཛིན་པ་དེ་ལ་བྱའོ། །ངོས་ཇི་ལྟར་དུ་འཛིན་ན། གསུང་གི་བྱིན་རླབས་ཀྱིས་ཞེས་པས་བཟུང་སྟེ། གསུང་གི་བྱིན་རླབས་ནི་མཚོན་བྱེད་བླ་མའི་གསུང་ཡིན་ལ། དེས་མཚོན་བྱ་རིག་པའི་སྐྱེས་བུ་དེ་ལ་མཚོན་པའོ། །ཇི་ལྟར་མཚོན་ན། གཉིས་འཛིན་ཐམས་ཅད་འཁྲུལ་པ་ཡིན་ལ། འཁྲུལ་པ་ནི་དུག་ནད་དང་འདྲ་བ་ཡིན་པས་སོ། །རིག་པའི་ངོ་བོ་ནི་སྤྲོས་བྲལ་ཡིན་པས། སྤྲོས་བྲལ་དེ་ལ་གཉིས་འཛིན་གྱིས་གོས་པ་མི་མངའ་བས། མཚོན་བྱ་རིག་པའི་སྐྱེས་བུ་དེ་ལ་གསུང་གི་བྱིན་རླབས་ཞུགས་ཏེ་གཉིས་མེད་རང་གསལ་གྱི་ལྟ་བ་རྟོགས་ནས་གསུང་གི་བྱིན་རླབས་ཀྱིས་ཞེས་པའོ། །གསུང་གི་བྱིན་རླབས་དེས་ཅི་བསལ་བྱས་པ་ལ། སྣང་སྲིད་འཁྲུལ་པའི་དུག་ནད་བསལ། །ཅེས་པ་ལྟ་བུའོ། །སྣང་བ་ནི་ཕྱི་སྣོད་ལ་སོགས་པ་ཡུལ་དང་བཅས་པ་འདི་ཡིན་ལ། སྲིད་པ་ནི་བཅུད་ལ་སོགས་པ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཡིན་ལ། འཁྲུལ་པ་ནི་ཡེ་ནས་གཉིས་མེད་ཡིན་ཡང་མ་རིག་པའི་སྟོབས་ཀྱིས་གཉིས་འཛིན་དང་མ་བྲལ་བས་འཁྲུལ་པའོ། །དེ་ནི་དུག་དང་འདྲ་སྟེ། དཔེར་ན་སྨན་པ་མཁས་པས་དུག་སྣ་ཚོགས་སྨན་གྱིས་བསལ་བ་ལྟ་བུར། མཚོན་བྱེད་བླ་མའི་གདམས་ངག་གི་བྱིན་རླབས་ཀྱིས་འཁྲུལ་པའི་དུག་ཐམས་ཅད་སེལ་ཅེས་པའི་དོན་ཏོ། །སློབ་དཔོན་དབྱིག་གཉེན་གྱི་ཞལ་ནས། ཇི་ལྟར་སྣང་བའི་དངོས་པོ་འདི། །གཅིག་པ་མ་ཡིན་ཐ་དད་མིན། །ཡུལ་དང་ཡུལ་ཅན་གཉིས་ཕྱིར་དུ། །འཛིན་པ་གཉིས་ཀྱི་མཐའ་ལས་གྲོལ། །ཅེས་ཐེག་པ་རབ་སྣང་ནས་བཤད་དོ། །རྣལ་འབྱོར་པ་དྷ་མ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༦༽ །།གུ་རུ་མ་ཧི་ལའི་ཞལ་
ནས། མ་རིག་ང་རྒྱལ་རི་བོ་ཡིས། །རྟོགས་པ་ཡིད་བཞིན་ནོར་བུ་བསྒྲིབས། །སྤྱོད་པར་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །ཅེས་སོ། །འདིའི་དོན་ནི། དེ་ལ་དང་པོ་མ་རིག་པའི་ང་རྒྱལ་ཅེས་པ་ནི་མ་རིག་པ་སྟེ། མཐོང་བ་སྒྲིབ་པར་བྱེད་པས་ན་མ་རིག་པ། གང་ལ་སྒྲིབ་པར་བྱེད་ན་དེ་ཁོ་ན་ཉིད་ལ་བསྒྲིབས་སོ། །དེས་སྒྲིབ་པར་ཅིས་ཤེས་བྱས་པ་ལ། དེ་ལ་མ་རིག་པས་བསྐྱེད་ནས་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་བྱེ་བ་ཕྲག་བརྒྱ་དགུ་བཅུ་རྩ་བརྒྱད་དམ། བཞི་བརྒྱ་ལ་སོགས་པ་འབྱུང་བ། དེའི་དཔེ་ནི་རི་བོ་དང་འདྲ་སྟེ་རི་བོ་ཡི་ཞེས་པའོ། །དཔེ་དེས་གང་ལ་བསྒྲིབས་བྱས་པ་ལ། ལུས་འཕགས་ཅན་གྱི་བྱང་ཕྱོགས་ན་མཚོ་མུན་པ་ཅན་བྱ་བ་དེ་ལ་ཀླུའི་རིན་པོ་ཆེའི་གཞལ་ཡས་ཁང་ཡོད་ལ། དེ་ལ་ལྟད་མོ་ངོ་མཚར་ཅན་ཡོད་པ་ལྟ་བར་འདོད་པ་རྣམས་ཀྱིས་དུས་ཐམས་ཅད་དུ་མི་མཐོང་སྟེ། བར་སྐབས་སུ་མཐོང་བ་འདྲ་བ་ཅིག་ཡོད་སྐད། དེ་ཅིས་ངེས་བྱས་པ་ལ། མཚོ་དེའི་ཕྱོགས་བཞི་ན་རི་རྩེ་མོ་གངས་སུ་ཡོད་པ་བཞི་ཡིས་བསྒྲིབས་ནས་ཡོད་པས་དེ་ཉི་མ་མ་ཤར་བར་དུ་མི་མཐོང་ངོ༌། །ཉི་མ་ཕྱེད་ན་འཆར་ཏེ་གཟི་མདངས་རྒྱས་པའི་རླངས་བྱ་བས་རིམས་འོངས་པས་འཇིགས་ནས་མི་བལྟའོ། །སོས་ཀའི་དུས་སུ་ཉི་མ་བྱང་ཤར་མཚམས་ནས་འཆར་དུས་འགའ་ཡིས་མཐོང་བར་འགྱུར་རོ། །དཔེ་དེ་བཞིན་དུ་མ་རིག་པ་ལ་སོགས་པའི་ཉོན་མོངས་པའི་རི་བོ་དེས་གང་ལ་སྒྲིབ་ན། རྟོགས་པ་ཡིད་བཞིན་ནོར་བུ་སྒྲིབ། །ཅེས་པ་སྟེ། རྟོགས་པ་ནི་གང་ཡིན་ན་སྟོང་པའི་ངང་དུ་ང་རྒྱལ་གྱི་རི་བོ་ལ་སོགས་པ་སྟོར་ནས། སྟོང་ཉིད་ཕྱག་རྒྱ་ཆེན་པོ་བྱ་བའི་ཡིད་བཞིན་ནོར་བུ་རིན་པོ་ཆེ་འདི་ལ་སྒྲིབ། ཅེས་པའི་དོན་ཏོ། །དེ་ལ་སྤྱོད་པར་ནུས་པས་དགོས་འདོད་འབྱུང་ཞེས་པའོ། །སྤྱོད་པར་ནུས་པ་གང་ལ་སྤྱོད་པར་ནུས་ན་རྟོགས་པ་ཡིད་བཞིན་གྱི་ནོར་བུ་ལ་སྤྱོད་པར་ནུས་ཞེས་པའོ། །ནུས་པས་དགོས་འདོད་འབྱུང་བྱས་པ་ལ། ཡིད་བཞིན་ནོར་བུ་དེ་དགོས་འདོད་ཐམས་ཅད་འབྱུང་བའི་གཞི་ཡིན་པས་ན་དགའ་བ་ཆེན་པོའི་ཡེ་ཤེས་བཅུའི་དོན་ནམ།
མི་དམིགས་པའི་ཡེ་ཤེས་ཀྱིས་དོན་དམ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་འགྲུབ་པས་ན་དགོས་འདོད་འགྲུབ་ཅེས་པའོ། །དེ་ཡང་ཇི་ལྟར་འགྲུབ་ན་རོ་སྙོམས་དང་ལྡན་པ་རྣམས་ཀྱིས་འགྲུབ་ཅེས་པ་སྟེ། རོ་སྙོམས་ཞེས་པ་ཇི་ལྟར་དུ་སྙོམས་ན། ཚོར་བ་བདེ་སྡུག་ཐམས་ཅད་ཕྱག་རྒྱ་ཆེན་པོའི་ངང་དུ་དབྱེར་མེད་རོ་གཅིག་ཏུ་རྟོགས་པ་ལ་རོ་སྙོམས་ལྡན་ཞེས་བྱའོ། །འགྲུབ་ཅེས་པ་ནི་མྱ་ངན་ལས་འདས་པ་འགྲུབ་པའོ། །དེ་ལྟར་ཡང་ཏིང་འཛིན་རྒྱལ་པོའི་མདོ་ལས། རྒྱལ་པོ་ངང་ངམ་ཤུགས་ལས་གསལ་བ་ཡི། །སེམས་ཉིད་ཡིད་བཞིན་ནོར་བུ་ལ། །དབྱིངས་ལས་སྣ་ཚོགས་རོ་མཉམ་ནས། །མྱ་ངན་འདས་པ་འགྲུབ་པ་ཡིན། །ཞེས་གསུངས་སོ། །རྣལ་འབྱོར་པ་མ་ཧི་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༧༽ །།གུ་རུ་ཨི་ཙནྟིའི་ཞལ་ནས། དམིགས་མེད་ཕྱག་རྒྱ་ཆེན་པོ་རུ། །འཁྲུལ་པའི་དྲན་འཛིན་སྣ་ཚོགས་སྟོར། །ཡེ་ཤེས་རིག་པའི་སྣང་བ་ཡིས། །རང་སྣང་ཕྱག་རྒྱ་ཆེན་པོ་མཐོང༌། །ཞེས་སོ། །འདིའི་དོན་ནི། དེ་ཡང་དམིགས་མེད་ཕྱག་རྒྱ་ཆེན་པོ་ཞེས་པ་ནི། ཆོས་ཉིད་སྟོང་པའི་ངང་དེ་ལ་དམིགས་པར་བྱ་བའི་ཡུལ་དང་ངང་གིས་བྲལ་བས་དམིགས་མེད་ཅེས་པའོ། །འོ་ན་དམིགས་མེད་གང་ཡིན་བྱས་པ་ལ། དམིགས་པ་ནི་ལོག་རྟོག་དང་ཡང་དག་པ་ཉིད་དོ། །མ་རྟོགས་པ་ནི་བྱིས་པ་སོ་སོའི་སྐྱེ་བོའི་ཤེས་པའི་ཡུལ་དུ་འཁྲུལ་པ་དང་བཅས་པ་སྟེ། ཡུལ་གཟུང་འཛིན་གྱི་དབང་གིས་ཡུལ་དང་ཡུལ་ཅན་ནམ། བདག་དང་བདག་གིར་འཛིན་པ་དང༌། ལས་དང་བྱེད་པ་ལ་སོགས་པའི་དྲན་རིག་སྣ་ཚོགས་པ་དེ་ནི་འཁྲུལ་པ་དང་བཅས་པའི་དམིགས་པ་ཡིན་ལ། དམིགས་མེད་ཕྱག་རྒྱ་ཆེན་པོའི་ངོ་བོ་ནི་བསམ་དུ་མེད་པ་རང་བཞིན་མེད་པ་འཁོར་འདས་ཐམས་ཅད་རྒྱ་ཡིས་ཐེབས་པ་ཅིག་ལ་དམིགས་མེད་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །འཁྲུལ་པའི་དྲན་རིག་སྣ་ཚོགས་སྟོར། །ཅེས་པའི་འཁྲུལ་པ་ནི་གོང་དུ་བཤད་པའི་དྲན་རིག་ཡིན་ལ། སྣ་ཚོགས་ཞེས་བྱ་བ་ནི་
རྟོག་པ་ཕྱོགས་མེད་པ་ཡིན་ལ། སྟོར་ཅེས་པ་ནི། ཕྱག་རྒྱ་ཆེན་པོའི་ངང་དུ་དྲན་རིག་དམིགས་པ་སྟོར། །ཅེས་པའོ། །འོ་ན་ཕྱག་རྒྱ་ཆེན་པོ་ལ་དྲན་རིག་གི་འཁྲུལ་པའི་སྣང་བ་ནི་མེད་ལ། ཡེ་ཤེས་རིག་པའི་སྣང་བ་མ་འགགས་པས། ཡེ་ཤེས་རིག་པའི་སྣང་བ་ཡིས། །ཞེས་པའོ། །དེས་གང་མཐོང་ན། རང་སྣང་ཕྱག་རྒྱ་ཆེན་པོ་མཐོང་བའོ། །ཇི་ལྟར་མཐོང་ན་གཞན་ནས་བཙལ་མི་དགོས་པར་ཡེ་གདོད་མ་ནས་རང་ལ་རང་ཆས་སུ་ཡོད་པ་དེ་ལ་ཡེ་ཤེས་རིག་པས་མཐོང༌། ཞེས་པའོ། །དེ་ཡང་གང་བ་བཟང་པོའི་མདོ་ལས། རྒྱུ་ནི་སྲིད་པའི་འཁོར་ལོ་སྟེ། །གཞན་ལ་མ་ཡིན་རང་གི་གནས། །གསེར་དང་ཧ་ཡི་རྒྱན་བཞིན་བཤད། །རྣལ་འབྱོར་པ་ཨ་ཙིནྟའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༨༽ །།གུ་རུ་བ་བྷ་ཧིའི་ཞལ་ནས། བདེའོ་བདེའོ་དངོས་མེད་བདེ། །ཞེན་པ་མེད་པའི་དངོས་མེད་བདེ། །རྟོགས་པ་ཐམས་ཅད་དེར་ཤེས་བདེ། །བསྒྲུབ་བྱ་མེད་པའི་གསང་བ་བདེ། །ཞེས་སོ། །འདིའི་དོན་ནི། དེ་ལ་བདེའོ་ཞེས་པ་ནི། རྒྱུ་བྱང་ཆུབ་ཀྱི་སེམས་ཡིན་ཞེས་བྱ་སྟེ། དེ་ཉིད་གདོད་མ་ནས་མ་སྐྱེས་པའི་ངོ་བོ་བདེ་བ་ཆེན་པོའི་རང་བཞིན་ཅན་ཡིན་པས་ན་བདེའོ་ཞེས་བྱའོ། །མ་སྐྱེས་པའི་བདེ་བ་དེ་ཇི་ལྟར་བདེ་བྱས་པ་ལ། དེ་དངོས་པོའི་ཟུག་རྔུ་ཐམས་ཅད་དང་བྲལ་བས་ན་བདེའོ་ཞེས་པའོ། །བློ་དང་དངོས་པོའམ་སེམས་དང་སེམས་ལས་བྱུང་བ་བཞི་ནི་ཟུག་རྔུ་སྐྱེད་པར་བྱེད་པ་དུག་སྦྲུལ་ལྟ་བུ་ཡིན་ལ། དེ་དག་གི་ཕྱོགས་དང་བྲལ་བ་རང་བཞིན་མེད་པའི་བདེ་བ་ཡིན་པས་ན་དངོས་མེད་བདེ་ཞེས་པའོ། །རང་བཞིན་མེད་པ་ཅིས་ཤེས་ན་དངོས་མེད་དེ་ལ་དངོས་པོའི་མཚན་མའམ། སེམས་དང་སེམས་ལས་བྱུང་བའམ། དྲན་རྟོག་གམ། དེ་དག་གི་འདོད་པའམ། རང་བཞིན་ནམ་ཞེན་པ་གང་ཡང་མེད་པས་ན་ཞེན་པ་མེད་པའི་དངོས་མེད་བདེ་ཞེས་པའོ། «།འདིར་ཚིག་རྐང་གཉིས་ཀྱི་བཤད་པ་མ་བྱུང༌།» ས་ར་ཧའི་ཞལ་ནས། དགག་པ་མེད་དེ་བསྒྲུབ་པ་མེད། །འཛིན་པ་མེད་དེ་བསམ་མི་བྱ། །ཞེས་པའོ། །
ལང་ཀར་གཤེགས་པ་ལས། ཇི་ལྟར་གསེར་ནི་དག་པ་དང༌། །ཆུ་དབང་རྙོག་པ་མེད་པ་དང༌། །ནམ་མཁའ་ལ་ནི་སྤྲིན་མེད་ལྟར། །རྣམ་རྟོག་དག་པའང་དེ་བཞིན་ནོ། །རྣལ་འབྱོར་པ་བ་བྷ་ཧའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༣༩༽ །།གུ་རུ་ན་ལི་ནའི་ཞལ་ནས། སྤྱི་བོའི་པདྨ་འདམ་སྐྱེས་སུ། །ས་བོན་གཡོ་བ་དགའ་བ་སྟེ། །སྙིང་ག་མགྲིན་པ་མཆོག་ཏུ་དགའ། །ལྷན་སྐྱེས་དགའ་བྲལ་བླ་མེད་ཐོབ། །ཅེས་སོ། །འདིའི་དོན་ནི། འཁོར་ལོ་བཞིའི་དམིགས་པ་ལ་བརྟེན་ནས་དགའ་བ་བཞི་བསྒོམས་པས། དགའ་བྲལ་དེ་ལ་དམིགས་པའི་སྐྱོན་གྱིས་མ་གོས་པའི་དཔེ་པདྨ་འདམ་སྐྱོན་གྱིས་མ་གོས་པ་ལྟ་བུས་བསྟན་པ་ཡིན་ཏེ། སྤྱི་བོའི་པདྨ་འདམ་སྐྱེས་སུ། །ཞེས་པ་ནི་སྤྱི་བོ་ན་རྩའི་འཁོར་ལོ་རྒྱ་མཚོའི་འདམ་དང་འདྲ་བ་ཡོད་ལ། པདྨ་ནི་དེའི་སྐྱོན་གྱིས་མ་གོས་པ་སྟེ་བྱང་ཆུབ་ཀྱི་ས་བོན་ལ་བྱའོ། །དེ་ཡང་ས་བོན་གཡོ་བ་དགའ་བ་སྟེ། །ཞེས་པ། ས་བོན་ནི་ས་བོན་ཡིན་ལ། གཡོ་བ་དང་པོ་དྲོད་ཀྱི་ས་བོན་ཡིན་ཏེ། དགའ་བ་ནི་དེ་གཞན་ནས་བཙལ་མ་དགོས་པར་རང་ལ་ཡོད་པས་ལྷན་ཅིག་སྐྱེས་པའི་དགའ་བ་ཞེས་བྱའོ། །སྙིང་ག་མགྲིན་པ་མཆོག་ཏུ་དགའ། །ཞེས་པ་ལ། དེ་ཡང་སྙིང་ག་དང་མགྲིན་པ་ནི་འཁོར་ལོ་གཉིས་པ་དང་གསུམ་པ་ལ་བྱའོ། །དེ་ལ་བརྟེན་ནས་བྱང་ཆུབ་ཀྱི་ས་བོན་དྲོད་ཀྱི་ཡེ་ཤེས་གཡོ་བ་དེ་ལས་ཁྱད་པར་དུ་གྱུར་པའི་མཐོང་ལམ་དེ་ལ་བརྟན་པ་ཐོབ་ནས་སྒོམ་ལམ་གྱི་རྟེན་དུ་གྱུར་པ་དེ་ལ་མཆོག་ཅེས་བྱའོ། །དེ་འོག་དགའ་བྲལ་བླ་མེད་ཐོབ། །ཅེས་པ་ནི། འཁོར་ལོ་བཞི་པའི་བྱང་སེམས་ཀྱི་རང་བཞིན་གཉུག་མའི་ངོ་བོ་མེ་ཏོག་པདྨ་ལྟ་བུ་དེ་ལ་འཁོར་ལོ་བཞི་ལ་དམིགས་པའི་སྐྱོན་གྱིས་མ་གོས་པའི་དཔེ་པདྨ་འདམ་གྱིས་མ་གོས་པ་ལྟ་བུ་ཡིན་ཏེ། དེ་ཡང་པདྨ་དེ་ཇི་ལྟར་འདམ་མི་གཙང་བ་སྣ་ཚོགས་ཀྱི་གསེབ་ནས་སྐྱེས་ཀྱང་དེའི་སྐྱོན་གྱིས་མ་གོས་པར་སླར་ཡང་ཁ་དོག་དང་དྲི་ལ་སོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པ་བཞིན་དུ་
དགའ་བྲལ་གྱི་ཡེ་ཤེས་དེ་ལ་འཁོར་ལོ་གསུམ་མན་ཆད་ཀྱི་ཟག་བཅས་ཀྱི་བདེ་བ་དེ་ཉམས་སུ་མྱོང་ཡང་དེ་ལ་ཟག་པའི་སྐྱོན་གྱིས་མ་གོས་པ་སླར་དེ་ཉིད་ལ་བརྟེན་ནས་ཟག་པ་མེད་པའི་ངོ་བོ་ཡེ་ཤེས་སྤྲོས་བྲལ་གྱི་ཕྱག་རྒྱ་ཆེན་པོ་ཐོབ་པས་ན་དགའ་བྲལ་བླ་ན་མེད་པའོ། །བདག་མེད་མའི་རྒྱུད་ལས། ཇི་ལྟར་དུག་གིས་བསྐྱེད་པའི་སྲིན་བུ་དང༌། །རྨ་བྱའི་མདོངས་ནི་ལེགས་པར་ལྟར། །དེ་བཞིན་གསང་སྔགས་ཐབས་ལ་མཁས་པ་ཡིན། །བདེ་སྡུག་ཀུན་ལ་ཆོས་སྐུ་འཐོབ། །ཅེས་པ་ལྟ་བུའོ། །རྣལ་འབྱོར་པ་ན་ལི་ནའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༠༽ །།གུ་རུ་བྷུ་སུ་ཀུའི་ཞལ་ནས། བདག་གིས་མ་རྟོགས་བར་དུ་རོ་ལ་ཁྱད་པར་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་བའི་རིན་ཆེན་བཞིན། །ཅེས་སོ། །འདིའི་དོན་ནི། དེ་ལ་བདག་གིས་ཞེས་པ་ནི་བྷུ་སུ་ཀུ་པ་བདག་གིས་སོ། །མ་རྟོགས་བར་དུ་ཞེས་པ་ནི། ཚིག་དང་དོན་ལ་མི་མཁས་པའི་བྱིས་པ་སོ་སོའི་སྐྱེ་བོའི་དུས་ཞེས་པའོ། །རོ་ལ་ཁྱད་པར་ཆེ་ཞེས་པ་དཔེ་ཡིན་ཏེ། འབྲས་ལ་སོགས་པ་དཀར་པོ་དང༌། དམར་པོ་དང༌། འབྲས་ཆན་དྲུག་ཅུ་པ་དང༌། ཏིལ་དང༌། སོ་བ་དང༌། ཁྲེ་དང༌། ཞུ་ཙེ་ལ་སོགས་པ་རྣམས་ལ་སྤོད་དང་ན་ལི་ཁུ་ལ་སོགས་པའི་སྔོར་སྣ་ཚོགས་ཀྱིས་བརྒྱན་པའི་འབྲས་ཆན་གྱི་རོ་ལ་ཁྱད་པར་ཆེ་ཞེས་པའོ། །དཔེ་དེ་བཞིན་དུ་མ་རྟོགས་པའི་བྱིས་པ་སོ་སོའི་སྐྱེ་བོའི་དུས་སུ་འཁོར་འདས་གཉིས་ཐ་དད་པའི་རང་བཞིན་དུ་རྟོགས་ཞེས་པའོ། །དེ་ཡང༌། རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །ཞེས་པ་སྟེ། དེ་ཇི་ལྟར་ཡིན་ན། འཁོར་བ་སྤངས་པའི་ཕ་རོལ་ན་སངས་རྒྱས་ཞེས་བྱ་བ་ཅིག་ལོགས་ན་མེད་དེ། འཁོར་བ་ཞེས་བྱ་བ་སངས་རྒྱས་ཀྱི་ངོ་བོ་ཡིན་པའོ། །ཇི་ལྟར་ཡིན་ན། འཁོར་བའི་རྩ་བ་ཉོན་མོངས་པ་ལས་བྱུང་བ་ཡིན་པས། ཉོན་མོངས་པ་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་སྐུ་དང་ཡེ་
ཤེས་ཀྱི་རྣམ་པ་ཡིན་ནོ། «།དཔེའི་འགྲེལ་པ་མ་བྱུང༌།» དེ་ལྟར་ཡང༌། ར་ལི་ངེས་འབྱེད་བླ་མ་ནས་བཤད་པ། །ཉོན་མོངས་རྣམ་པར་བྱང་བ་ནི། །སྐུ་དང་ཡེ་ཤེས་གང་ཡིན་པ། །ཉོན་མོངས་མ་སྤངས་མི་ལྡན་པ། །དེ་ཡིས་དེ་རུ་བདེ་བ་ཆེ། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་བྷུ་སུ་ཀུའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༡༽ །།གུ་རུ་ཨིནྡྲ་བྷཱུ་ཏིའི་ཞལ་ནས། དུས་ཀྱི་སྣ་རྩེ་དག་ནི་བྱིན་རླབས་དག་དང་མི་ལྡན་ན། །ཕྱི་ནང་ཀུན་ཏུ་སྤྱོད་པ་དག་གིས་རྣལ་འབྱོར་འཚང་མི་རྒྱ། །དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པར་ནི། །ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །ཞེས་སོ། །འདིའི་དོན་ནི། དུས་ཀྱི་སྣ་རྩེའི་བྱིན་རླབས་གང་ཡིན་པ། དུས་ནི་སྲོད་དང་ཐོ་རངས་ལ་སོགས་པ་ཐུན་བཞིའི་དུས་སོ། །སྣ་རྩེ་ནི་འཁོར་ལོ་བཞི་ལ་སོགས་པའམ། སྣ་རྩེ་ལྟ་བུའི་བསྒོམ་པར་བྱ་བའི་ཡུལ་ལ་བྱའོ། །དེའི་བྱིན་རླབས་གང་ཡིན་ན། ཕྱི་གཟུང་བྱའི་ཡུལ་ཐམས་ཅད་གཙོ་བོ་གཅིག་པའི་སངས་རྒྱས་ཀྱི་ངོ་བོ་སྣ་རྩེ་ལྟ་བུ་ཡིན་ལ། ནང་འཛིན་བྱེད་ཀྱི་ཤེས་པ་དེ་ཡང་དེ་ག་ཡིན་པས་དེ་ལྟར་ཕྱི་ནང་གཉིས་མེད་ཀྱི་ཤེས་པ་དེ་ལ་སངས་རྒྱས་ཀྱི་ངོ་བོ་གཉིས་མེད་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་དོན་དང་མི་ལྡན་ན་ཕྱི་ནང་ཀུན་ཏུ་སྤྱོད་པས་རྣལ་འབྱོར་འཚང་མི་རྒྱ་ཞེས་བྱ་སྟེ། དེ་ཡང་ཕྱི་རོལ་གྱི་ཡུལ་སྤྱད་བྱ་ལ། ནང་སྤྱོད་བྱེད་ཀྱི་གཉེན་པོ་དེ་ཡེ་ཤེས་སུ་སྤྱད་པས་འཚང་མི་རྒྱ་ཞེས་པའོ། །འོ་ན་སངས་གང་གིས་རྒྱ་ཞེ་ན། དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པར་ནི། །ཞེས་པ་དེ་འདྲ་ཅིག་གིས་འཚང་རྒྱ་ཞེས་པའོ། །སྣང་བ་དེ་རྟོག་དཔྱོད་སྣ་ཚོགས་པ་ཡིན་པ་དེ་ཡང་བདེ་བ་སྟེ། སྟོང་པའི་ཡེ་ཤེས་དང་དེ་གཉིས་ཁྱད་མེད་པས་ན་སངས་རྒྱས་ཞེས་པའོ། །འོ་ན་དེ་འཐོབ་པར་བྱེད་པའི་ཐབས་གང་ཡིན་ན། ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །ཞེས་པ་ཡིན་ནོ། །ཞེན་པ་དེ་གང་ཡིན་ན། ཕྱི་ནང་དུ་ཞེན་པའམ། བདེན་པ་དབྱེར་མེད་ལ་སོགས་
པའི་ཞེན་པ་བཏང་ན་ཕྱག་རྒྱ་ཆེན་པོ་ཡིད་ལ་མི་བྱེད་པ་ཞེས་བྱ་ལ། ལྟ་བའི་རང་བཞིན་བལྟ་རྒྱུ་མེད་པ། སྒོམ་པའི་རང་བཞིན་བསྒོམ་རྒྱུ་མེད་པ། དེར་འཛིན་གྱི་བློ་དང་བྲལ་བ། ཉམས་སུ་མྱོང་རྒྱུ་མེད་པའི་ཉམས་མྱོང་ཅིག་ལ་དེ་རྟོགས་པར་བྱེད་པའི་ཐབས་སམ། ཉམས་སུ་མྱོང་བའི་མཆོག་ཏུ་འགྱུར་ཞེས་པའི་དོན་ཏོ། །གང་བ་བཟང་པོས་ཞུས་པའི་མདོ་ལས། སྟོང་པ་ཞེས་པ་ནི་རང་བཞིན་སྟོང་པའོ། །སྟོང་པ་སྟོང་པ་ཞེས་པ་དངོས་པོ་མེད་པའོ། །དངོས་པོ་མེད་པ་གང་ཡིན་པ་དེ་ནི་ཉམས་སུ་མྱོང་རྒྱུ་མེད་པ་ལ་བྱའོ། །ཞེས་བཤད་དོ། །རྣལ་འབྱོར་པ་ཨིནྡྲ་བྷཱུ་ཏིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༢༽ །།གུ་རུ་མེ་ཀོ་པའི་ཞལ་ནས། བླ་མ་དམ་པ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ནས་སྨྱོན་པའི་བརྟུལ་ཞུགས་སྤྱད་པར་བྱ། །ཞེས་སོ། །འདིའི་དོན་ནི། བླ་མ་དམ་པ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །ཞེས་པ་ནི། དང་པོ་བྱིས་པ་སོ་སོ་སྐྱེ་བོའི་དུས་སུ་རང་ལ་ཡོད་པ་ངོ་མ་ཤེས་པ་དེ་བླ་མ་ལ་བརྟེན་ནས་རྟོགས་པར་བྱ། ཞེས་པའོ། །ཇི་ལྟར་བརྟེན་ནས་རྟོགས་པར་བྱ་ན་མ་རྟོགས་པ་རྟོགས་པར་བྱ་བའམ། མ་གོ་བ་གོ་བར་བྱེད་པའམ། མི་ཤེས་པ་ཤེས་པར་བྱེད་ཅིང༌། མ་གྲོལ་བ་གྲོལ་བར་བྱེད་པ་སྟེ། དེ་ཐམས་ཅད་བླ་མ་ལ་བརྟེན་ནས་བྱེད་པས། དང་པོ་བླ་མ་ལས་རང་གི་སེམས་རྟོགས་པར་བྱ་ཞེས་པའི་དོན་ཏོ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །ཞེས་པ་རྟོགས་པའི་ངང་ལས་གཞན་ཏུ་ཐ་མི་དད་པར་བྱ་སྟེ། ཆོས་ཐམས་ཅད་མཉམ་པ་ཉིད་དམ་གཉིས་མེད་དུ་རྟོགས་ནས། དུར་ཁྲོད་ཀྱི་གནས་སུ་གནས་པར་བྱ་སྟེ། ས་དྲུག་པ་མན་ཆད་དུ་སྣང་བ་དགྲར་ལངས་ཀྱི་དུས་སུ་ཆོས་ཐམས་ཅད་སྟོང་ཉིད་མཉམ་པ་ཉིད་དུ་རྟོགས་ནས། ས་བདུན་པ་དང་བརྒྱད་པ་ལ་སོགས་པ་ལ་སྟོང་པ་དགྲར་ལངས་ཀྱི་དུས་སུ་སྣང་སྟོང་གཉིས་མེད་དུ་གོམས་པར་
བྱས་ནས། དུར་ཁྲོད་གནས་སུ་ཉལ་བར་བྱ། །ཞེས་པ་ནི་སྣང་སྟོང་རོ་སྙོམས་པ་ཞེས་པའི་དོན་ཏོ། །ཇི་ལྟར་དུ་རོ་སྙོམས་ན། མཉམ་པར་རྟོགས་ནས་ཞེས་པ་ཆོས་ཐམས་ཅད་གཉིས་མེད་དམ་མཉམ་པ་ཉིད་དུ་རྟོགས་པར་བྱས་ནས། གང་ལའང་མ་ཞེན་པ་ཟས་ཀྱི་སྣོད་ལྟ་བུ། འབྱར་བས་མ་གོས་པ་དངུལ་ཆུ་ལག་མཐིལ་དུ་བཞག་པ་ལྟ་བུ། གང་ལ་ཡང་བློ་སྔོན་དུ་མ་སོང་བ་བུ་ཆུང་ལྟ་བུ། གང་ལ་ཡང་རྩིས་གདབ་མེད་པ་སྨྱོན་པ་ལྟ་བུའི་བརྟུལ་ཞུགས་སྤྱད། ཅེས་པའི་དོན་ཏོ། །རྣལ་འབྱོར་པ་མེ་ཀོ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༣༽ །།གུ་རུ་ཀོ་ཊ་ལའི་ཞལ་ནས། བདེ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང༌། །བླ་མའི་གདམས་པས་སེམས་ཀྱི་རི་བོ་བརྐོས། །བློ་ལྡན་ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་བ་ཆེན་པོ་ཐོབ་མི་འགྱུར། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་ཆད། །བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དང་མི་སྒོམ་གཉུག་མའི་ངང་ལ་ཞོག །འདིའི་དོན་ནི། བདེ་དང་སྡུག་བསྔལ་ཐམས་ཅད་སེམས་ལས་བྱུང༌། །ཞེས་པ་ནི། ཡུལ་མེད་པའི་སྡུག་བསྔལ་དང༌། ཡུལ་བཙལ་ལ་སྐྱིད་པར་བྱ་བསམ་པའི་བདེ་བ་དང༌། དེ་ཐམས་ཅད་གཞན་ལས་མ་བྱུང་རང་གི་སེམས་ལས་བྱུང་བྱ་བའི་དོན་དང་སྦྱར་རོ། །བླ་མའི་གདམས་པས་སེམས་ཀྱི་རི་བོ་བརྐོས། །ཞེས་པ་ནི་བླ་མའི་གདམས་པས་བརྐོས་ཏེ། ཕྱིན་ཅི་ལོག་གི་ཕ་རོལ་ས་དྲུག་ལས་ལོག་ནས་ཡང་དག་པའི་ཕ་རོལ་ས་དྲུག་གིས་བརྐོས་སྐད། །བློ་ལྡན་ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་ཆེན་རྟོགས་པར་མི་འགྱུར་རོ། །ཞེས་པ་ལོ་རྒྱུས་ཀྱི་དོན་དང་སྦྱར་བའོ། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཅེས་པ་ཐ་མལ་གྱི་ཤེས་པ་ཕྱིན་ཅི་ལོག་གི་བློ་ཕྱག་རྒྱ་ཆེན་པོ་མ་རྟོགས་པའི་བྱིས་པ་སོ་སོའི་སྐྱེ་བོའི་ཤེས་པ་ལ་བྱ་སྟེ། ཇི་ལྟར་སད་ན་སྙིང་གི་དབུས་སུ་སད། །ཅེས་པ། དང་པོའི་སྙིང་གི་དབུས་སུ་སད། ཅེས་པས། དང་པོའི་སྙིང་གི་གོ་བ་ནི། ཆོས་ཐམས་ཅད་
ཀྱི་སྙིང་པོའི་གནས་ལུགས་ཕྱག་རྒྱ་ཆེན་པོ་དེ་ཡིན་ཏེ། སྙིང་པོ་དོན་གྱི་རང་བཞིན་ཅེས་བྱའོ། །ས་ར་ཧ་ཡི་ཞལ་ནས་ཀྱང༌། དོན་གྱི་སྙིང་པོ་བླ་ན་མེད། །ཅེས་གསུངས་སོ། །དེ་ཉིད་མཐའ་ཐམས་ཅད་དང་བྲལ་བའི་དབུས་ཞེས་བྱའོ། །སྙིང་གི་དབུས་སུ་ཐ་མལ་གྱི་ཤེས་པ་སད་པ་ནི། སྙིང་པོ་དོན་གྱི་རང་བཞིན་ཕྱག་རྒྱ་ཆེན་པོའི་ངང་དུ་ཐ་མལ་གྱི་རྣམ་རྟོག་ཟད་ཅིང་འགག་པས་སད་ཅེས་བྱའོ། །དེ་ལྟར་རྟོག་པ་ཟད་པས་ཚོགས་དྲུག་གི་རྟོག་པ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་ན་ཚོགས་དྲུག་དག་ཅེས་བྱའོ། །བདེ་བ་ཞེས་པ་ནི་ཚོགས་དྲུག་ལ་སོགས་པའི་རྟོག་ཚོགས་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གཟིགས་མོར་ཤར་བས་བདེ་བ་ཆེ་ཞེས་པའོ། །ས་ར་ཧའི་ཞལ་ནས། སྣང་བ་སྣ་ཚོགས་ཕྱག་རྒྱ་ཆེན་པོའི་གཟིགས་མོར་ཆེ། །ཞེས་གསུངས་སོ། །བདེ་བ་དེ་ཡང་རྒྱུན་མི་ཆད་པའི་བསམ་གཏན་ཅེས་བྱ་བར་གནས་སོ། །དེ་ལྟ་བུའི་ངང་ནས་བརྟགས་ན་བློ་དང་སེམས་ལས་བྱུང་བའི་དྲན་རིག་ཐམས་ཅད་ལ་དོན་མེད་པར་མ་རྟོགས་པ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ལ། རྟོགས་པ་ལ་ནི་དེ་ཉིད་བླ་མ་ཤར། ཅེས་སོ། །དེ་ཉིད་བླ་མར་བྱས་ནས་སྒོམ་རྒྱུ་ཅིག་ཡོད་དམ་བྱས་པ་ལ། མེད་དེ། བསྒོམ་ན་བསྒོམ་རྒྱུ་མེད། ཅེས་པའོ། །འོ་ན་སྒོམ་རྒྱུ་མེད་ན་མི་སྒོམ་མམ་བྱས་པ་ལ། གཉུག་མའི་ངང་ལ་ཞོག་ཅེས་པ་ནི་མ་བཅོས་པ་ཡིན་ལ། དེའི་ངང་ལ་མ་བཅོས་པར་ཞོག་ཅེས་པའི་དོན་ཏོ། །དགོངས་འགྲེལ་ལས། གང་ལ་ཡིད་ནི་འཛིན་པ་ཡོད། །དེ་ནི་སྡུག་བསྔལ་རྒྱུ་ཡིན་ཏེ། །གང་ལ་ཡིད་ནི་འཛིན་པ་མེད། །དེ་ལ་སྡུག་བསྔལ་རྒྱུ་ཡོད་མིན། །མི་འཛིན་པ་ནི་རབ་ཏུ་འཛིན། །ཞེས་བཤད་དོ། །རྣལ་འབྱོར་པ་ཏོག་ཙེ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༤༽ །།གུ་རུ་ཀམ་པ་རི་པའི་ཞལ་ནས། རང་བཞིན་ལུས་ཀྱི་སོལ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །ལ་ལཱ་ར་སཱའི་སྦུད་པས་བུས། །དྷཱུ་ཏཱིའི་ཡེ་ཤེས་མེ་སྦར་ནས། །དུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས། །ཀམ་པ་རི་པས་རྟོགས་ནས་གྲོལ། །ཅེས་སོ། །འདིའི་དོན་ནི། ཕྱི་མ་གལ་
བའི་དཔེ་ནང་དུ་སྦྱར་ནས། དེ་ལ་རང་བཞིན་ལུས་ཀྱི་སོལ་མལ་དུ། ཞེས་པ་ནི། ལུས་ནི་རང་ལུས་ལ་སྟོང་ཉིད་རྩ་ཨ་ཝ་དྷཱུ་ཏཱི་སྟེ། རྣམ་པར་ཤེས་པའི་རྟེན་ཡིན་པས་དེའི་རང་བཞིན་གྱི་སྟོང་པ་དེ་སོལ་མལ་ལྟ་བུར་བྱས་ནས། གློ་བུར་བའི་དྲན་རིག་ཐམས་ཅད་སོལ་བ་ལྟ་བུར་བྱས་ཏེ། ལ་ལཱ་ར་སཱ་ཞེས་པ་ནི་ཐབས་ཤེས་སྦུད་པ་ལྟ་བུར་བྱས་ནས་དེས་དྷཱུ་ཏཱི་ཡེ་ཤེས་ཀྱི་མེ་སྦར་ནས། ཞེས་པ། དྷཱུ་ཏཱི་ནི་སེམས་ཀྱི་སོལ་མལ་དེ་རུ་སྟོང་ཉིད་ཀྱི་རྟེན་ཡེ་ཤེས་ཀྱི་མེ་སྦར་ཞེས། སྟོང་ཉིད་ཀྱི་སོལ་མལ་དེ་སེམས་ཀྱི་རང་བཞིན་འོད་གསལ་སྟོང་པ་ཉིད་ཡིན་ལ། དེའི་ནང་དུ་དྲན་རིག་གི་རྣམ་པར་རྟོག་པ་ཐམས་ཅད་ལ་ལཱ་ར་སཱ་ལྟ་བུའི་ཐབས་ཤེས་ཀྱི་རང་བཞིན་སྦུད་པ་ལྟ་བུ་དེས། སྣང་སྟོང་གཉིས་མེད་དུ་རྟོགས་པའི་མེ་དེ་ལ་སྦར་ཅེས་པ་ལྟ་བུའོ། །དེ་ལྟར་དུ་རྟོགས་ཙམ་ན་དུག་གསུམ་ཆོས་སྐུར་བརྡུངས་ཞེས་བྱ་སྟེ། སོལ་མལ་གྱི་སྟོང་པ་དང་དྲན་རིག་གི་སྣང་བ་གཉིས་ཐབས་ཤེས་གཉིས་མེད་དུ་རྟོགས་པའི་ཡེ་ཤེས་དེ་དུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས་ཞེས་པའོ། །དེ་སུས་རྟོགས་ན་ཀམ་པ་རི་པས་རྟོགས་ནས་འཁོར་བ་ལས་གྲོལ་ཞེས་པའོ། །ཨིནྡྲ་བྷཱུ་ཏིའི་ཞལ་ནས། ཉོན་མོངས་འཁྲུལ་པའི་བུད་ཤིང་ལ། །ཡེ་ཤེས་མེ་ཡིས་དུག་གསུམ་སྲེག །རང་བཞིན་ཕྱག་རྒྱ་ཆེན་པོར་རྟོགས། །ཞེས་གསུངས་སོ། །རྣལ་འབྱོར་པ་ཀམ་པ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༥༽ །།གུ་རུ་ཛཱ་ལནྡྷ་རའི་ཞལ་ནས། ཁམས་གསུམ་ལུས་ངག་ཡིད་གསུམ་གྱི། །དྲན་རིག་རྣམ་རྟོག་སྣ་ཚོགས་ཀུན། །ལ་ལཱ་ར་སཱ་དྷཱུ་ཏཱི་རུ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །ཞེས་སོ། །འདིའི་དོན་ནི། དེ་ལ་ཁམས་གསུམ་ཞེས་པ་ནི། འདོད་པའི་ཁམས། གཟུགས་ཀྱི་ཁམས། གཟུགས་མེད་ཁམས་དང་གསུམ་ཡིན་ལ། ནང་གི་ཁམས་གསུམ་ནི་ལུས་ངག་ཡིད་གསུམ་མོ། །དེ་གསུམ་གྱིས་བསྡུས་པའི་དྲན་རིག་གི་རྣམ་པར་རྟོག་པ་སྣ་ཚོགས་པ་ཀུན་རྩ་རྣམ་པ་གསུམ་དུ་འདུས་ཏེ། དེ་ཡང་གཡས་པ་ཐབས་ཀྱི་རང་བཞིན་
ལ་ལཱ་ཞེས་བྱ་ལ། གཡོན་པ་ཤེས་རབ་ཀྱི་རང་བཞིན་ར་སཱ་ཞེས་བྱ་བ་ཡིན་ཏེ། དེ་གཉིས་ཀྱི་དབུས་ན་རྩ་ཨ་ཝ་དྷཱུ་ཏཱི་ཞེས་བྱ་བ་གཉིས་མེད་ཀྱི་རྩ་དེ་རུ་ཐབས་ཤེས་རབ་གཉིས་ཀྱི་རྩ་དེ་བསྡུས་པས་དྷཱུ་ཏཱི་རུ་ཞེས་བྱའོ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །ཞེས་པ་ནི། བདག་བྱིན་གྱིས་བརླབ་པ་ཞེས་བྱ་བ་གཉིས་མེད་ཀྱི་རྩ་ལ་བརྟེན་ནས་རྟོགས་པར་བྱ་བ་ཡིན་ཏེ། དེ་ཡང་བཅིང་ཞེས་པ་ནི་དྲན་པ་སྣ་ཚོགས་པ་དེ་སྣང་སྟོང་གཉིས་མེད་དུ་བཅིང་ཞེས་པའོ། །དོན་དབྱེར་མེད་དེ་ཁོ་ན་ལ་གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ལཱུ་ཧི་པའི་དོ་ཧ་ནས་བཤད་པ། རྣམ་པར་རྟོག་པ་བློ་སྣ་ཡིན། །སེམས་ཉིད་རྟོགས་པ་བླ་ན་མེད། །ཅེས་བཤད་དོ། །རྣལ་འབྱོར་པ་ཛཱ་ལནྡྷ་རའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༦༽ །།གུ་རུ་རཱ་ཧུ་ལའི་ཞལ་ནས། ཕྱི་ཡི་སྒྲ་གཅན་བཟང་པོ་ཡིས། །ཟླ་བའི་སྣང་བ་གཉིས་མེད་ཟོས། །ཀུན་རྫོབ་ཟླ་བའི་ཐིག་ལེ་ནི། །དབྱིངས་རིག་སྒྲ་གཅན་གཉིས་མེད་ཟོས། །ཞེས་སོ། འདིའི་དོན་ནི། དེ་ལ་ཕྱིའི་སྒྲ་གཅན་ཅེས་པ་ནི་དཔེ་ཡིན་ལ། དེས་ན་གཟའ་རཱ་ཧུ་ལ་ལ་བྱའོ། །དེའི་སྣང་བས་ཟླ་བ་ཟོས་པ་ལྟ་བུར། ཀུན་རྫོབ་ཐིག་ལེ་ཟླ་བ་ནི། །ཞེས་པ་བདག་ཉིད་ཀྱི་སྤྱི་བོ་ན་ཨ་ལས་ཟླ་བའི་དཀྱིལ་འཁོར་བསྒོམས་པའི་ནང་དུ་སྣང་སྲིད་འཁོར་འདས་ཀྱི་རྟོག་པའམ། སེམས་དང་སེམས་ལས་བྱུང་བའི་དྲན་རིག་ཐམས་ཅད་བསྒོམས་པ་ནི་ཀུན་རྫོབ་ཐིག་ལེ་ཟླ་བ་ལ་བྱ་ལ། དེ་ཟ་བར་བྱེད་པ་ནི་དབྱིངས་རིག་སྒྲ་གཅན་བཟང་པོ་བྱ་བ་ཡིན་ཏེ། དེ་ཇི་ལྟར་དུ་ཟོས་ན། དབྱིངས་ཞེས་པ་ཆོས་ཀྱི་དབྱིངས་ཡིན་ལ། རིག་པ་ཞེས་པ་ཆོས་ཀྱི་དབྱིངས་ཡེ་ནས་རྣམ་པར་དག་པ་ཡིན་ལ། དེ་ལ་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅེས་བྱའོ། །དེའི་ནང་ཀུན་རྫོབ་ཟླ་བའི་ཐིག་ལེ་དྲན་རིག་གི་རྟོག་པ་སྣ་ཚོགས་པ་དེ་དག་དང་ཡེ་ཤེས་དབྱེར་མེད་གཉིས་མེད་དུ་ཟོས་པས་ཟོས་ཞེས་བྱའོ། །དེ་ཉིད་འདུས་པ་ནི། །རྩ་དང་ཤིང་ནི་མེ་ཡིས་ཟོས། །མེ་ཉིད་རྣམ་པར་རྟོག་པ་སྟེ། །རྟོག་པ་ཆོས་ཉིད་ངང་དུ་ཟད། །ཅེས་པའོ། །རྣལ་འབྱོར་པ་རཱ་ཧུ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།།
གུ་རུ་དྷརྨཱ་པའི་ཞལ་ནས། སྣང་སྲིད་ཆོས་ཀྱི་ཀོང་བུ་རུ། །བྱང་ཆུབ་སེམས་ཀྱི་མར་ཁུ་བླུགས། །ཚོགས་དྲུག་རྣམ་ཤེས་སྡོང་བུ་ལ། །གཉིས་མེད་ཡེ་ཤེས་མེ་སྦར་བས། །རྣམ་རྟོག་འཁྲུལ་པའི་མུན་པ་བཅོམ། །ཞེས་སོ། །འདིའི་དོན་ནི། དེ་ཡང་དེ་ཉིད་ཀྱི་དཔེ་མར་མེ་ལ་སྦྱར་བར་བྱ་སྟེ། སྣང་སྲིད་ཆོས་ཀྱི་ཀོང་བུ་རུ། །ཞེས་པ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཀྱི་ཀོང་བུ་རུ་ཞེས་པ་ཆོས་ཉིད་མ་བཅོས་པའི་ངང་རྒྱ་མཚོ་ལྟ་བུར་བྱས་ནས་བྱང་ཆུབ་སེམས་ཀྱི་མར་ཁུ་བླུགས་ཅེས་པ་བྱང་སེམས་ལ་ཉོན་མོངས་ཀྱི་འཁྱགས་པ་མེད་པ་མར་ཁུ་ལྟར་བཞུ་བ་དེ་ཆོས་ཉིད་ཀྱི་ཀོང་བུར་བླུག་ཅེས་པའོ། །དེ་ལ་ཚོགས་དྲུག་གི་རྣམ་ཤེས་སྡོང་བུར་བྱས་ནས་གཉིས་མེད་ཡེ་ཤེས་ཀྱི་མེ་ཇི་ལྟར་སྦར་ན། ཚོགས་དྲུག་གི་རྣམ་པར་རྟོག་པ་རྩྭ་ཤིང་དང་འདྲ་བ་དེ་ལ་གཉིས་མེད་ཡེ་ཤེས་ཀྱི་མེ་སྦར་བས་རྣམ་རྟོག་འཁྲུལ་པའི་བུད་ཤིང་བསྲེགས་ནས་དངོས་མེད་ཡེ་ཤེས་ཀྱི་ངང་དུ་ཐིམ་ཞེས་པའོ། །མུ་སྟེགས་མཆོད་སྦྱིན་པས་ལྷ་མཉེས་པར་བྱ་བའི་ཕྱིར་སྦྱིན་སྲེག་བྱེད་པ་ལས། སློབ་དཔོན་བི་རཱུ་པས་སུན་བཏོན་ནས་རང་འདོད་པའི་ཚིག་འདི་སྐད་གསུངས་སོ། །ཇི་ལྟར་ཤིང་ལ་སྦྱར་བའི་མེས། །འབྲས་སོགས་རྫས་ནི་སྲེག་བྱེད་ལ། །ཉོན་མོངས་རྟོག་པ་སྲེག་མི་བྱེད། །འདོད་ཕྱིར་རྟོག་པ་རྣམ་པར་རྒྱས། །ཆོས་ཉིད་ཉི་མའི་སྙིང་པོ་ལ། །ཡེ་ཤེས་འོད་ཟེར་ཚུར་སྣང་ནས། །ཉོན་མོངས་འཁྲུལ་པ་སྲེག་ཅིང་བསལ། །ཅེས་བཤད་དོ། །རྣལ་འབྱོར་པ་དྷརྨཱ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༨༽ །།གུ་རུ་དྷོ་ཀ་རའི་ཞལ་ནས། ཆོས་དབྱིངས་རང་བཞིན་སྣོད་དག་ཏུ། །རིག་པ་ཆོས་སྐུའི་རྫས་ཉིད་བཅུག །དབྱིངས་རིག་གཉིས་མེད་འབྲས་བུ་ནི། །སྐལ་ལྡན་རྣལ་འབྱོར་རིག་པས་རྟོགས། །ཞེས་སོ། །འདིའི་དོན་ནི། ཆོས་དབྱིངས་རང་བཞིན་སྣོད་དག་ཏུ། །ཞེས་པ་ནི། ཆོས་ཀྱི་དབྱིངས་དེ་གཞན་གྱིས་དག་པའམ། བསལ་བར་བྱ་བ་མེད་དེ། ཁོ་རང་ཡེ་གདོད་མ་ནས་རང་བཞིན་
གྱིས་རྣམ་པར་དག་པ་ནམ་མཁའ་ལྟ་བུ་ཡིན་ལ། དེ་ལ་མི་ཤོང་བ་གང་ཡང་མེད་པས། ཐམས་ཅད་ཀྱི་འབྱུང་གནས་སམ་སྣོད་དུ་གྱུར་པས་ན་སྣོད་དག་ཅེས་པའོ། །དེ་རུ་ཅི་ལྡུགས་བྱས་པ་ལ། རིག་པ་ཆོས་སྐུའི་རྫས་དག་བཅུག །ཅེས་པ་དེ་ལྡུགས་པའོ། །དེ་ལས་འབྲས་བུ་ཅི་འབྱུང་ན། དབྱིངས་རིག་གཉིས་མེད་འབྲས་བུ་ཞེས་པ་དེ་འབྱུང་སྟེ་དབྱིངས་མ་བཅོས་པ་དང་རིག་པ་ཆོས་སྐུ་གཉིས་མེད་དུ་རྟོགས་པའི་འབྲས་བུ་ཞེས་པའོ། །རྒྱལ་པོ་ལ་གདམས་པའི་མདོ་ལས། དབྱིངས་ཉིད་སྒྱུ་མ་ལྟ་བུ་ལ། །རིག་པ་ཆོས་སྐུའི་ངོ་བོ་མཛེས། །འགལ་དང་མི་འགལ་མེད་པ་རུ། །དེ་ཡང་གཉིས་སུ་མེད་པའི་ཚུལ། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་དྷོ་ཀ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༤༩༽ །།གུ་རུ་མེ་དྷི་ནིའི་ཞལ་ནས། རིག་པ་གཉུག་མའི་ཤེས་རབ་དང༌། །ཉམས་མྱོང་གོམས་པའི་ཐབས་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས། །ཞེས་སོ། །འདིའི་དོན་ནི། དེ་ལ་རིག་པ་ཞེས་པ་ནི་རང་གི་སེམས་ཡིན་ལ། གཉུག་མ་ཞེས་པ་ནི་སེམས་ཉིད་མ་བཅོས་པའི་དོན་ཡིན་ནོ། །ཤེས་རབ་ཅེས་པ་ནི་གཉུག་མ་དེ་རྟོགས་པར་བྱེད་པ་མི་དམིགས་པའི་ཤེས་རབ་དེའོ། །ཐབས་ནི་གང་ཡིན་ན། ཉམས་མྱོང་གོམས་པའི་ཐབས་དག་གིས། །ཞེས་པ་གཉུག་མ་དེ་གོམས་པར་བྱེད་པའི་ཐབས་ཤེས་རབ་དེས་ཇི་ལྟར་རྟོགས་ན། རང་བཞིན་གནས་ལུགས་གཞི་དག་ལས། །ཞེས་པ་ཡེ་ནས་གཞི་གནས་ལུགས་ཆེན་པོ་དེ་ལ་གཉུག་མ་བདེ་བ་ཆེན་པོ་བྱ་བ་དེ་འབྲས་བུ་ལྷུན་གྲུབ་ཆེན་པོར་ཡོད་པ་དེ་རྟོགས་ཞེས་པའོ། །ས་ར་ཧའི་ཞལ་ནས། གཉུག་མའི་རི་བོ་དགོན་པ་ལ། །ཤེས་རབ་ཐབས་ཀྱི་གནད་བཙུགས་ནས། །ཉམས་མྱོང་གོམས་པའི་རྟོགས་པས་བགྲོད། །བདེ་བ་ཆེན་པོའི་ས་ལ་གནས། །ཞེས་པ་མཁའ་འགྲོ་མ་མགྲིན་སྔོན་མ་ལ་གདམས་པ་ལྟ་བུའོ། །རྣལ་འབྱོར་པ་མེ་དྷི་ནིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༠༽ །།གུ་རུ་པང་ཀ་ཛའི་ཞལ་ནས།
ཇི་ལྟར་བླ་མས་མ་ཟིན་མ་རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་མཆིང་བུ་མཉམ། །བླ་མ་དང་ནི་རྟོགས་པས་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །ཞེས་སོ། །འདིའི་དོན་ནི། དེ་ལ་ཇི་ལྟར་བླ་མས་མ་ཟིན་ཅེས་པ། ཡིད་བཞིན་གྱི་ནོར་བུ་ངོ་མ་ཤེས་པའི་དཔེ་ཡིན་ཏེ། བསམ་འཕེལ་གྱི་ནོར་བུ་ངོ་མ་ཤེས་པས་འཆིང་བུ་དང་མཉམ་པར་མཐོང་ནས་བརྗེས་པ་ལྟ་བུར། མ་རྟོགས་དུས་དག་ཏུ་ཞེས་པ། དོན་མ་རྟོགས་པའི་དུས་ན་སངས་རྒྱས་ཀྱི་སའི་ཡོན་ཏན་དང་ལྷ་མིའི་འབྲས་བུ་གོ་འཕང་ཐོབ་པ་དེ་གཉིས་ལ་ཁྱད་པར་མ་གོ་ནས། ལམ་ཕྲ་མོ་སྨོན་འཇུག་ཙམ་ལ་བརྟེན་ཏེ་འབྲས་བུ་ལྷ་མིའི་གོ་འཕང་ནོར་བུ་འཆིང་བུ་ལ་འདུན་པ་བྱས། ཞེས་པའོ། །བླ་མ་དང་ནི་རྟོགས་པས་ཡོངས་སུ་ཟིན་གྱུར་ན། །ཞེས་པ་དོན་གྱི་བླ་མ་ནི་རང་གི་སེམས་ཉིད་ལ་བྱ་སྟེ། སེམས་ཉིད་གནས་ལུགས་ཕྱག་རྒྱ་ཆེན་པོ་ཡོངས་སུ་ངོས་ཟིན་པར་གྱུར་ན་སངས་རྒྱས་ཀྱི་དགོངས་པ་རྟོགས་ཏེ། ཡིད་བཞིན་གྱི་ནོར་བུ་ལྟ་བུར་ཡོན་ཏན་ཐམས་ཅད་རྫོགས་པར་གོ་ཞེས་པའི་དོན་ཏོ། །འོ་ན་དེ་གཉིས་ཀྱི་ཁྱད་པར་དཔེར་བྱས་ན་ཇི་ལྟ་བུ་བྱས་པ་ལ། ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །ཞེས་པའོ། །དེ་གཉིས་འོད་ཟེར་ཙམ་དུ་མཉམ་ན་ཡང་ཁྱད་པར་ཤིན་ཏུ་ཆེ་བ་དེ་བཞིན་དུ་ལམ་སྦྱངས་ཙམ་དུ་མཉམ་ཡང་འབྲས་བུ་ཁྱད་པར་ཆེ་བར་འབྱུང་ཞེས་པའི་དོན་ཏོ། །དེ་སྐད་དུ་ཡང་དགོངས་འགྲེལ་ལས། ལམ་སྦྱངས་པ་ཡང་འབྲས་བུ་ཐམས་ཅད་ཡིན། །སེམས་དོན་གང་གིས་ཤེས་པ་འབྲས་བུ་མཆོག །ཅེས་པ་ལྟ་བུའོ། །རྣལ་འབྱོར་པ་པང་ཀ་ཛའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༡༽ །།གུ་རུ་གྷཱཎྚེ་པའི་ཞལ་ནས། ལ་ལཱ་ར་སཱ་དྷཱུ་ཏཱི་གསུམ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། །ཅེས་སོ། །དེའི་དོན་ནི། དེ་ལ། ལ་ལཱ་ར་སཱ་དྷཱུ་ཏཱི་གསུམ། །ཞེས་པ་ནི། ལ་ལཱ་ཞེས་པ་གཡས་པ་ཐབས་ཀྱི་རྩ་ཡིན་ལ། ར་སཱ་ཞེས་པ་གཡོན་པ་ཤེས་
རབ་ཀྱི་རྩ་ཡིན་ལ། དྷཱུ་ཏཱི་ཞེས་པ་རྣམ་པར་ཤེས་པའི་རྟེན་རྩ་དབུ་མ་ཡིན་ཏེ། བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །ཞེས་པ་བདག་སྐྱེས་བུ་དེ་རྟོགས་པའི་རྟེན་དུ་བྱིན་གྱིས་བརླབས་པའོ། །དེའི་ཕྱིར་བཅིང་བར་བྱ། ཇི་ལྟར་དུ་བཅིང་ན། ཐབས་དང་ཤེས་རབ་ཀྱི་རྩ་ཨ་ཝ་དྷཱུ་ཏཱིར་གཉིས་མེད་དུ་བཅིང་པའོ། །དྷཱུ་ཏཱི་སེམས་ཉིད་ཀྱི་ངོ་བོ་རྟོག་མེད་ཀྱི་ཡི་གེ་ཨ་དཀར་པོ་དེར་བདེ་བའི་རང་བཞིན་ཕྱག་རྒྱ་ཆེན་པོར་བཅིང་བར་བྱ། ཞེས་པའོ། །དེ་ཐབས་གང་གིས་ཞེ་ན། བླ་མ་སེམས་དང་སྣང་བ་གསུམ། །ཞེས་པ་ཡིན་ཏེ། བླ་མ་ཞེས་པ་རང་གི་རྒྱུད་ལ་ཆོས་སྐུ་མཚོན་པར་བྱེད་པའི་བླ་མ་དེ་ལ་བྱའོ། །སེམས་དང་ཞེས་པ་ནི་བླ་མས་བརྡ་སྦྱར་བའི་ཕྱིར་སེམས་ཉིད་དེ་ལ་བྱ་སྟེ། དེ་ཡང་རང་སེམས་གཉུག་མ་ལྷན་སྐྱེས་ཀྱི་ངོ་བོ་རྟོགས་པ་དེ་ལ་བྱའོ། །སྣང་བ་ཞེས་བྱ་བ་ནི་ཕྱི་རོལ་གྱི་ཡུལ་གྱི་རྟེན་ཚོགས་དྲུག་གི་རྗེས་སུ་དབང་པོ་འབུངས་ནས་རྟོག་པའི་དབང་གིས་སྣ་ཚོགས་སུ་སྣང་བ་དེ་ལ་བྱ་སྟེ། དེ་ཡང་བླ་མའི་གདམས་ངག་གིས་སྣ་ཚོགས་ཕྱག་རྒྱ་ཆེན་པོ་སྣང་བས་སྣང་བ་ཞེས་བྱའོ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། །ཅེས་པ་ནི་བརྡ་དང་ཐབས་ལ་བརྟེན་ནས་རྟོགས་པར་བྱ་བའི་མན་ངག་ཡིན་ལ། སེམས་ནི་གཉུག་མའི་རང་བཞིན་ཡིན་ཞིང༌། སྣང་བ་ནི་རང་སྣང་ཕྱག་རྒྱ་ཆེན་པོ་ལ་བྱ་ལ། རྟོགས་པར་བྱ་བའི་ཕྱིར་ཅེས་པ་ནི་ལམ་དེ་ཉིད་ལ་གོམས་པར་བྱ་བའི་དོན་ནོ། །མཁས་པས་བསྟན་ཞེས་པ་ནི། དོན་གྱི་སྙིང་པོ་གཉུག་མའི་དོན་ལ་མཁས་པས་སྣ་ཚོགས་ཕྱག་རྒྱ་ཆེན་པོར་རྟོགས་པ་སྟེ། ཀླུ་སྒྲུབ་ཀྱིས་ཨཱརྻ་དེ་ཝ་ལ་གདམས་པ། ཐོག་མར་བླ་མའི་ཞལ་གྱི་པདྨ་བསྟེན། །གཉིས་པ་སེམས་ཉིད་རྟོགས་ཕྱིར་རང་ལ་བལྟ། །ཐ་མ་སྣ་ཚོགས་ཕྱག་རྒྱ་ཆེན་པོ་ལ། །འབྲས་བུ་གཞན་ན་མེད་ཕྱིར་མཁས་པས་བསྟེན། །ཅེས་གདམས་སོ། །སློབ་དཔོན་དྲིལ་བུ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༢༽ །།གུ་རུ་ཛོ་ཀི་བའི་ཞལ་ནས། མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་གསལ་བའི་ཡིད་གོམས་པས། །བརྟན་ཅིང་གཡོ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་
སུ་རྣམ་པར་ཐིམ། །ཞེས་སོ། །འདི་ལ་དཔེ་དོན་གཉིས་ལས། མར་མེའི་རྩེ་མོ་ལྟ་བུ་ཞེས་པ་དཔེ་ཡིན་ཏེ། དེ་ཡང་ཕྲ་ཞིང་གསལ་བའི་དཔེའོ། །དེ་བཞིན་དུ་དོན་ནི། ཕྲ་ཞིང་ཆེས་ཕྲ་བའི་ཡིད་གོམས་པས། ཞེས་པ་ཕྲ་ཞིང་ཞེས་པ་ངོ་བོ་གནས་ལུགས་ཀྱི་སེམས་ཉིད་དངོས་པོའམ་མཚན་མ་ཅིར་ཡང་མ་གྲུབ་པ་ལ་བརྟག་པར་དཀའ་ཞིང་ཅིར་ཡང་མ་གྲུབ་པས་ན་ཕྲ་ཞིང་ཞེས་པའོ། །ཆེས་ཕྲ་ཞིང་ཞེས་པ་ནི་སེམས་ཉིད་ཅིར་ཡང་མ་གྲུབ་པ་དེ་རང་ཆོས་སྐུར་འདུག་ལ། ཆོས་སྐུ་དེ་ཡང་ཕྲ་ཞིང་ཟག་པ་མེད་ལ། རྒྱུ་ས་བོན་དང་བྲལ་བ། རྐྱེན་གཞན་ལ་མི་ལྟོས་པ། འབྲས་བུ་རེ་དོགས་མེད་པ། ཤིན་ཏུ་ཡང་ཟབ་པར་འདུག་པས་ན་ཆེས་ཕྲ་ཞིང་ཞེས་པའོ། །ཡིད་གོམས་པས་ཞེས་པ། ཡིད་ནི་སེམས་ཉིད་ཕྲ་ཞིང་ཟག་པ་མེད་པ། ངོ་བོ་ཆོས་ཀྱི་སྐུའི་རང་བཞིན་ཡིན་ལ། དེ་ལ་གོམས་པ་ཞེས་པའོ། །དེ་ལས་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། བརྟན་ཅིང་གཡོ་བའི་དངོས་པོ་ཀུན། །ཅེས་པའོ། །བརྟན་ཅིང་ཞེས་པ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་ཡིན་ལ། གཡོ་བ་ནི་བཅུད་ཀྱི་སེམས་ཅན་ཡིན་ཏེ། དངོས་པོ་ཀུན་ཅེས་པ་ནི་དེ་ལྟར་བརྟན་གཡོའི་དངོས་པོ་ལ་བརྟེན་ནས་སྐྱེ་མཆེད་བཅུ་གཉིས་ཀྱི་རྟོག་ཚོགས་ཀྱི་དངོས་པོ་ཀུན། ཅེས་པའི་དོན་ཏོ། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཐིམ། །ཞེས་པ་ནི་ཕྲ་ཞིང་ཆེས་ཕྲ་བའི་རྣམ་པར་རྟོག་པ། མི་རྟོག་པ་དེ་ལ་ཆོས་ཀྱི་དབྱིངས་ཙམ་དུ་བླ་དགས་སུ་བཏགས་པ་ཡིན་ལ། དེ་ལ་རྣམ་རྟོག་རང་རྒྱུད་པར་འཛིན་པའི་དངོས་པོ་ཡང་མི་མངའ་བས་ན་ཐིམ་ཞེས་པའོ། །བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སེམས་ནི་ཕྲ་ཞིང་དལ་ལ་རྒྱུ་མེད་པ། །བརྟན་གཡོའི་དངོས་པོ་མེད་ཅིང་བག་ཆགས་མེད། །ལས་མེད་ལས་ཀྱི་བག་ཆགས་རྣམ་པར་དག །བླ་དྭགས་ཙམ་དུ་དབྱིངས་ཉིད་ཆོས་སྐུར་ཟད། །ཅེས་སོ། །རྣལ་འབྱོར་པ་ཛོ་ཀི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༣༽ །།གུ་རུ་ཙ་ལུ་ཀིའི་ཞལ་ནས། བླ་མ་དམ་པའི་གདམས་པ་ནི། །ཡུན་རིང་དུས་ནས་གོམས་པ་ཡིས། །
ས་སོགས་རིམ་པར་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། །ཞེས་སོ། །འདིའི་དོན་ནི། དེ་ཡང༌། བླ་མ་དམ་པའི་གདམས་ངག་གིས། །ཞེས་པ་ནི། བླ་མ་ཞེས་པ་དང་པོ་གདམས་ངག་རྒྱུད་ལ་སྦྱོར་བར་བྱེད་པའི་བླ་མ་དེ་ལ་དམ་པ་ཞེས་ཟེར་ཏོ། །དེའི་གདམས་ངག་ཇི་ལྟར་ཡིན་ན། རྩ་ལ་ལཱ་ར་སཱ་གཉིས་ནི་ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡིན་པས། དེ་གཉིས་ཀྱི་རྟོག་པ་དབུ་མ་ཨ་ཝ་དྷཱུ་ཏཱིར་གཉིས་མེད་དུ་བཅུག་ནས། དེ་ལྟར་ལུས་སེམས་གཉིས་མེད་ཀྱི་རང་བཞིན་དུ་བྱས་ནས། གཉིས་མེད་དེ་ཆོས་ཀྱི་དབྱིངས་རྒྱ་མཚོ་ལྟ་བུར་བསྒོམ། དབྱིངས་རྒྱ་མཚོ་ལྟ་བུ་དེ་ལ་རིག་པའི་ཡེ་ཤེས་ཉ་འཕྱོ་བ་ལྟ་བུར་སྒོམ་པ་ལ། ཡུན་རིང་དུས་སུ་གོམས་པ་ཡིས། །ཞེས་སོ། །བསྒོམས་པ་དེ་ལ་ཡོན་ཏན་ཅི་འབྱུང་ཞེ་ན། ས་སོགས་རིམ་པར་ཐིམ་པ་ལས། །ཞེས་པ་སྟེ། དེ་ཡང་ས་སོགས་རིམ་པར་ཐིམ་པ་ནི་དབྱིངས་དང་རིག་པ་གཉིས་མེད་རྟོག་པ་དེ་སངས་རྒྱས་ཀྱི་ས་བཅུ་བཞི་པ་རྡོ་རྗེ་འཛིན་པའི་ས་ཡིན་པས་ས་དང་ལམ་ལ་སོགས་པའི་རིམ་པས་བགྲོད་མི་དགོས་པས་ན་སྐད་ཅིག་ལ་ཐིམ་པས་ཐིམ་ཞེས་པའོ། །དེ་ལས་ཅི་འབྱུང་ཞེ་ན། རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར་ཞེས་པ་སྟེ། རང་སྣང་ནི་དབྱིངས་དང་རིག་པ་གཉིས་མེད་ཀྱི་རང་སྣང་དེ་ལ་དྲན་རིག་གི་རྣམ་པར་རྟོག་པ་ཐམས་ཅད་གཉིས་མེད་ཕྱག་རྒྱ་ཆེན་པོར་གྱུར་ནས་འབྲས་བུ་ཐོབ་པ་ལ་བྱའོ། །དེ་སྐད་དུ་ཡང་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གང་གིས་སེམས་དོན་ཡོངས་ཤེས་པ། །འབྲས་བུའི་ལམ་དུ་གྱུར་པ་སྟེ། །ཅིར་སྣང་བ་ཡང་དེ་བཞིན་ནོ། །ཕྱོགས་མཚམས་ཀུན་ཡང་དམིགས་པ་མིན། །ཞེས་བཤད་དོ། །རྣལ་འབྱོར་པ་ཙ་ལུ་ཀའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༤༽ །།གུ་རུ་གུ་དྷཱུ་རའི་ཞལ་ནས། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །སེམས་ཉིད་གསལ་བའི་དོན་རྟོགས་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། །ཞེས་སོ། །འདིའི་དོན་ནི། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །ཞེས་པ་ནི། ཕྱི་ནང་གི་ཆོས་ཐམས་ཅད་ནི་ཕྱིའི་སྐྱེ་
མཆེད་བཅུ་གཉིས་པོ་དེ་ལ་རྗེས་སུ་འབྲངས་ནས་རྟོག་པའི་ཡུལ་སྣ་ཚོགས་པ་འབྱུང་བ་དེ་ཡང་སེམས་ཀྱི་ངོ་བོ་ལས་མ་འདས་ཏེ། ཕྱི་རོལ་གྱི་ཡུལ་བདེན་པ་མ་ཡིན་ནོ། །ནང་གི་སྐྱེ་མཆེད་བཅུ་གཉིས་པོ་དེ་ཡང་སེམས་ཉིད་ཀྱི་ངོ་བོ་ལས་གཞན་དུ་མ་གྲུབ་པས་ན། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །ཞེས་པའོ། །དེ་བཞིན་གཤེགས་པའི་སྡེ་སྣོད་ནས་ནང་དང་ཕྱི་ཡི་སྐྱེ་མཆེད་བཅུ་གཉིས་པོ་དེ་སེམས་ཀྱི་རྩ་བར་བཤད་པས་ཕྱི་ནང་གི་ཆོས་ཐམས་ཅད་ནི་སེམས་སུ་འདུས་ཞེས་པའོ། །སེམས་ཉིད་གསལ་བའི་དོན་རྟོགས་ན། །ཞེས་པ། ཕྱི་ནང་གི་ཆོས་ཐམས་ཅད་སེམས་སུ་འདུས་པའི་སེམས་ཉིད་གསལ་བའི་དོན་རྟོགས་པ་ནི། སེམས་རང་བཞིན་འོད་གསལ་འདུས་མ་བྱས་པ་ནམ་མཁའ་ལྟ་བུར་རྟོགས་པ་ལ་བྱའོ། །དེ་ལྟར་དུ་རྟོགས་ཙ་ན། སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །ཞེས་པ་སྟེ་སྤྱོད་ལམ་རྣམ་བཞི་ནི་འགྲོ་འཆག་ཉལ་འདུག་དང༌། ཕྱི་ནང་གི་སྐྱེ་མཆེད་དུ་ཇི་ལྟར་འདུག་ཀྱང་ཆོས་སྐུ་ལས་མ་གཡོས་པའི་དོན་ཏོ། །དེ་ལྟར་རྟོགས་པ་མངོན་དུ་གྱུར་ཙམ་ན་རྫོགས་པའི་སངས་རྒྱས་ཞེས་དེ་ལ་བྱའོ། །རྣལ་འབྱོར་པ་གུ་དྷཱུ་རའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༥༽ །།གུ་རུ་ལུ་ཙི་ཀའི་ཞལ་ནས། གང་ཞིག་ཐོག་མ་མེད་དུས་ནས། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། །གྲུ་མཆོག་བླ་མ་དམ་པ་ཡིས། །བརྒལ་དཀའི་མཚོ་ལས་དེ་རིང་ཐར། །ཅེས་སོ། །འདིའི་དོན་ནི། དེ་ལ་གང་ཞིག་ཅེས་པ་ནི་མ་རྟོགས་པའི་སེམས་ཅན་གང་ཞིག་ཅེས་པའོ། །ཐོག་མེད་དུས་ནས་ཞེས་པ་ཐོག་མ་ནི་འཁོར་བ་ལ་དུས་དང་པོ་འདི་ཙམ་ཅིག་གི་དུས་ནས་འཁོར་ཞེས་བྱ་བ་མེད་པའི་དུས་ཞེས་བྱའོ། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། །ཞེས་པ་ནི་འཁོར་བ་དེ་ཉིད་རྒྱ་མཚོའི་ཆུ་དང་འདྲ་སྟེ། ཐར་བར་ཤིན་ཏུ་དཀའ་བས་ན་ཡུན་རིང་དུ་འཁྱམས། ཞེས་པའོ། བླ་མ་དམ་པའི་གྲུ་དག་གིས། །ཞེས་པ་བླ་མ་ནི་བརྒྱུད་པའི་བླ་མ་ལ་བྱ་ལ། གདམས་ངག་ནི་སྐྱེ་ཤི་རྩད་ནས་གཅོད་པར་བྱེད་པའི་གདམས་ངག་བྱ་བ་ཡིན་ཏེ། འཁོར་བའི་རྒྱ་མཚོའམ། སྲེད་པའི་ཉེར་ལེན་གྱི་ཆུ་དེ་ཡང་སྒྲོལ་བར་བྱེད་པས་ན་གྲུ་ཞེས་
བྱའོ། །བརྒལ་དཀའི་མཚོ་ལས་དེ་རིང་ཐར། །ཅེས་པ་ནི། འཁོར་བ་དེ་ལས་ཐར་བའམ་བརྒལ་བར་དཀའ་བའི་རྒྱ་མཚོ་ལས། ཞེས་པའི་དོན་ཏོ། །དེ་རིང་ཐར་ཅེས་པ་ལ། སུ་ཐར་ན་ལུ་ཙི་པ་ཉིད་བླ་མའི་གདམས་ངག་གི་གྲུ་དེ་རིང་རྙེད་ནས་ཐར། ཞེས་པའི་དོན་ཏོ། །སྤོབས་པ་བརྩེགས་པའི་མདོ་ལས། ཉེར་ལེན་སྲེད་པའི་ཆུ་བོ་དེ། །ཟག་མེད་ཡེ་ཤེས་གྲུ་བོ་ཡིས། །འཁོར་བའི་ཕ་རོལ་མཐར་སོན་འགྱུར། །ཞེས་བཤད་པ་ལྟ་བུའོ། རྣལ་འབྱོར་པ་ལུ་ཙི་ཀའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༦༽ །།གུ་རུ་ན་གུ་ཎའི་ཞལ་ནས། ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། །སྤྱོད་པ་བགས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་ངག་གིས། །ཆགས་སྡང་རྟོག་པ་རང་ཞིར་བྱ། །ཞེས་སོ། ཆུ་རླབས་ལྟ་བུ་ཞེས་པ་ནི་དཔེ་ཡིན་ཏེ། དེ་ཡང་རྒྱ་མཚོ་ཆེན་པོའི་གཟིངས་ཀྱི་རྒྱ་ཞིག་པའི་དུས་སུ་ཆུ་རླབས་ཀྱིས་ཕྱོགས་བཞིར་གཏོར་ནས། དངོས་པོའི་རང་བཞིན་རྒྱ་ཞིག་ནས་རྒྱ་མཚོ་རང་གསལ་ཞིང་མི་གཡོ་བ་ལྟར། ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། །ཞེས་པ་ནི། ཉམས་ནི་སྟོང་པ་སྙིང་རྗེ་གསལ་བ་གསུམ་གྱི་ཉམས་ལ་བྱ་སྟེ། དང་པོ་སྟོང་པའི་ཉམས་ནི་རང་གི་སེམས་ཉིད་ངོ་བོས་སྟོང་སྟེ། མཚན་མ་དང་བྲལ་བའི་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུར་འདུག་པ་དང༌། འཇིག་རྟེན་གྱི་བྱ་བ་སྟོང་པ་དང་མི་རྟག་པ་དང་སྡུག་བསྔལ་བ་དང་བདག་མེད་པའི་རང་བཞིན་བསྒོམ་པས། ཆུ་རླབས་ལྟ་བུའི་ཉམས་ནི་སྣང་སྲིད་སྟོང་པའི་ཉམས་སྐྱེས་པའོ། །དེ་ལྟར་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་དམིགས་མེད་སྟོང་པ་ཉིད་དུ་རྟོགས་པས་བདག་གཞན་ཐམས་ཅད་མ་གྲུབ་པར་རྟོགས་ཏེ། དམིགས་པ་མེད་པའི་སྙིང་རྗེ་ཆུ་རླབས་ལྟ་བུའི་ཉམས་སྐྱེའོ། །དེ་ལྟར་སྟོང་པ་དང་སྙིང་རྗེ་གཉིས་མེད་འོད་གསལ་གྱི་རྟོགས་པ་སྐྱེས་ནས་མ་རིག་པའི་རྒྱ་ཐམས་ཅད་ཞིག་སྟེ་འཁྲུལ་པའི་ཆུ་རླབས་དེ་ལྟ་བུ་དེ་འོད་གསལ་གཉུག་མའི་ངང་དུ་རྒྱ་མཚོ་དྭངས་པ་མ་གཡོས་པ་ལྟ་བུའི་ཉམས་དང་རྟོགས་པ་འཆར་བའོ། །དེ་སུ་ཞིག་གིས་བསྟན་ན་བླ་མ་དམ་པའི་
གདམས་ངག་གིས་བསྟན་པའོ། །བསྟན་པ་དེ་ཇི་ལྟར་ཉམས་སུ་བླང་ཞེ་ན། སྤྱོད་པ་བགས་ཀྱིས་འགྲོ་བར་བྱ། ཞེས་པ་སྟེ། སྤྱོད་པ་ནི་ཉམས་ཡིན་ལ། བགས་ཀྱི་འགྲོ་བ་ནི་བྱང་ཆུབ་སེམས་དཔའི་ས་ལམ་བཞིན་དུ་རྣལ་འབྱོར་པའི་ཉམས་ཀྱང་བགས་ཀྱིས་འགྲོ་བར་བྱ་ཞེས་པའོ། །དེའི་རྟགས་གང་ཡིན་ན། ཆགས་སྡང་རྟོག་པ་རང་ཞིར་བྱ། །ཞེས་པ་སྟེ། ཡོན་ཏན་ཡར་ལྡན་གྱི་དུས་སུ་ཆོས་ཉིད་གཉུག་མའི་འོད་གསལ་དེ་ལ་ཆགས་སྡང་གི་རྟོག་པ་མ་སྤངས་ལ་མི་ལྡན་པས། རྣལ་འབྱོར་པ་རང་སེམས་རང་སར་དྭང་པའི་དཔེ་རིམས་ནད་ཅན་སྨན་གྱིས་དྭངས་པ་ལྟ་བུའོ། །ཞེས་པ་ངེས་པའི་དོན་ཏོ། །བདག་མེད་མས་ཞུས་ལན་ནས་འདི་སྐད་བཤད་དེ། དང་པོ་ཐོས་ལ་མཐོང་བར་བྱ། །གཉིས་པ་གོམས་པར་བྱས་པས་ན། །གསུམ་པ་བརྟན་པ་ཐོབ་པ་སྟེ། །བཞི་པས་ཆགས་སྡང་རྣམ་པར་ཟད། །ཅེས་པ་ལྟ་བུའོ། །རྣལ་འབྱོར་པ་ན་གུ་ཎའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༧༽ །།གུ་རུ་ཛ་ཡཱ་ནནྡི་པའི་ཞལ་ནས། ཡེ་ཤེས་རིག་པའི་ཏིང་འཛིན་ནི། །ཐ་དད་མེད་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མིན། །ཞེས་སོ། འདིའི་དོན་ནི། དེ་ལ་ཡེ་ཤེས་རིག་པའི་ཏིང་འཛིན་ནི། །ཞེས་པ་ནི། འདིར་རིག་པ་དང་མ་རིག་པ་དང་ཡེ་ཤེས་གསུམ་གྱི་གོ་བ་ཅིག་བསམ་དགོས་པ་ཡིན་པ་ལ། རིག་པ་ནི་རྒྱ་གར་གྱི་སྐད་དུ་བིདྱཱ་བྱ་བ་ཡིན་ལ། འོ་ན་བིདྱཱའི་སྒྲ་ལ་ཁྱད་མི་འདུག་པ་སྙམ་ན། ཨ་ཕྲི་བས་རིག་པར་འགྲོ་ལ། ཨ་བསྣན་པས་མ་རིག་པར་འགྲོ་བས་ཁྱད་མེད་པ་དེ་ཅི་ཡིན་སྙམ་ན། ཨ་ཞེས་བྱ་བ་ནི་སེམས་ཉིད་ཀྱི་རང་བཞིན་རྟགས་ཀྱི་ཡི་གེ་ཨ་དཀར་པོ་དེ་ཡིན་ལ། དེ་སེམས་ཅན་ཐམས་ཅད་ལ་ཡེ་གདོད་མ་ནས་རང་ཆས་སུ་གནས་སོ། །དེ་ཡང་ལུང་ལས། ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་སོ། །དེ་ཡེ་ནས་གནས་པའི་དོན་ནི། ངོ་ཤེས་པས་ཡེ་ཤེས་ཞེས་པའི་སྒྲ་འཇུག་པའོ། །དེ་གང་
གིས་ཤེས་ན་རིག་པའི་ཡེ་ཤེས་ཀྱིས་དུས་གསུམ་དོན་ལས་མི་འདའ་བར་ངོ་ཤེས་སོ། །ཨ་ཆོས་སུ་མ་ཤེས་ན་ཨ་ཞེས་བྱ་བ་སོ་སོའི་སྐྱེ་བོའི་བློ་ལས་བཞག་པའོ། །ངོ་ཤེས་ཤིང་རྟོགས་ན་ཡེ་ཤེས་རིག་པ་ཞེས་བྱ་ལ། དུས་གསུམ་དེའི་དོན་ལ་མ་ཡེངས་པས་ཏིང་ངེ་འཛིན་ཅེས་བྱའོ། །འོ་ན་མ་རིག་པ་དང་ཡེ་ཤེས་དེ་གཉིས་ཐ་དད་དུ་ཡོད་དམ་མེད་བྱས་པ་ལ། མེད་དེ་ཐ་དད་མེད་དེ་གཉུག་མར་གནས་ཞེས་པའོ། །ཐ་དད་མེད་པ་དེ་རྟོགས་པའི་དུས་ན་ཡེ་ཤེས་རང་ཡིན་ལ། མ་རྟོགས་པའི་དུས་ན་མ་རིག་པ་རང་ཡིན་པས་ན་ཐ་དད་ཅེས་བྱའོ། །འོ་ན་མ་རིག་པ་ཡང་ཡིན་ཡེ་ཤེས་ཀྱང་ཡིན་ན་སངས་རྒྱས་སེམས་ཅན་གཉིས་ཀ་ཡིན་པར་མི་འགྲོའམ་བྱས་པ་ལ་མི་འགྲོ་སྟེ། དཔེར་ན་ཡུངས་ཀར་མར་གྱི་རྒྱུ་ཡིན་པར་མ་ཤེས་ཀྱང་མར་གྱིས་ཁྱབ་པ་བཞིན་དུ་མ་རྟོགས་པ་ལ་སེམས་ཅན་ནམ་མ་རིག་པ་ལྟར་སྣང་ཡང༌། ཇི་ལྟར་རྟོགས་སམ་ངེས་པའི་དུས་ན་སངས་རྒྱས་ཡིན་ཞེས་པའོ། །ཇི་ལྟར་སྟེང་འོག་ཏུ་བཤད་པའི་དོན་དེ་ལྟར་དུ་མ་རིག་པ་ལ་སོགས་པ་རྣམས་ཡེ་ཤེས་རིག་པའམ། གཉུག་མ་ལ་སོགས་པར་ངེས་པར་རྟོགས་སམ་སྐད་ཅིག་མ་དེ་རྟོགས་ན་ཡང་ངེས་པར་སངས་རྒྱས་ཞེས་པའོ། །དེ་བཞིན་དུ་རྣམ་རྟོག་དྲན་པ་ཞེས་པ་དྲན་པ་དེ་ཆོས་སྐུའམ། དེ་ཉིད་ཡེ་ཤེས་ཀྱི་དོན་མིན་ཞེས་པའི་དོན་ཏོ། །རྣལ་འབྱོར་པ་ཛ་ཡཱ་ནནྡིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༨༽ །།གུ་རུ་པ་ཙ་རིའི་ཞལ་ནས། གར་ཡང་མ་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་ཀྱི་གསང་བའི་སྟོབས་སྤྱད་ན། །རྣལ་འབྱོར་རྟགས་ནི་བསྡུ་བར་བྱ། །ཞེས་སོ། །འདིའི་དོན་ནི། དེ་ལ་གར་ཡང་མ་ལྟ་ཞེས་པ་ནི། ཕྱིའི་བློ་རྟགས་ཀྱི་རྣམ་པའམ། ནང་འཁོར་ལོ་བཞིའི་སྣང་བ་ལ་སོགས་པ་གར་ཡང་མ་ལྟ་ཞེས་པའོ། །འོ་ན་གང་དུ་བལྟ་ན་དབུས་སུ་བལྟ་ཞེས་བྱ་སྟེ། དབུས་གང་ཡིན་ན་ཨ་ཝ་དྷཱུ་ཏཱི་ལ་ལྟོས་ཞེས་པའོ། །དེ་ལ་བལྟས་པས་ཅི་འབྱུང་ཞེ་ན། མཆོག་དང་དགའ་བྲལ་བདེ་བ་ཆེ། །ཞེས་པའོ། །དེ་གང་ཡིན་ན་དབུས་ཨ་ཝ་དྷཱུ་ཏཱིར་འཁོར་ལོ་
བཞིའི་གནས་སུ་བདེ་བ་རྣམ་པ་བཞི་སྟེ། དེ་ཡང་དང་པོ་དགའ་བ། གཉིས་པ་མཆོག་དགའ། གསུམ་པ་ལྷན་ཅིག་སྐྱེས་པའི་དགའ་བ། བཞི་པ་དགའ་བྲལ་གྱི་ཡེ་ཤེས་དང་བཞི་སྐྱེས་པ་ཐ་མ་དགའ་བྲལ་གྱི་དགའ་བ་དེ་ལ་ཟག་པ་དང་བྲལ་ནས། ཡེ་ཤེས་འབའ་ཞིག་ཏུ་གནས་པས་བདེ་བ་ཆེ་ཞེས་པའོ། །དེ་འདྲ་བ་གང་གིས་སྤྱད་ཅེ་ན། གསང་སྔགས་ཀྱི་གསང་བའི་སྟོབས་ཀྱིས་སྤྱད་ན་ཞེས་པ་དེ་ལྟ་བུ་གཅིག་གིས་བགྲོད་པར་བྱ་བ་ཡིན་ཏེ། གསང་སྔགས་ཞེས་པ་རྟེན་ཁྱད་པར་ཅན་དེའོ། །གསང་བའི་ཞེས་པ་ཐབས་ལམ་ཁྱད་པར་ཅན་འབའ་ཞིག་གསང་བ་ཡིན་ལ། དེའི་སྟོབས་ནི་དགའ་བྲལ་གྱི་བདེ་བའི་ཡེ་ཤེས་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྟོབས་དེས་སྤྱད་ན་བྱང་ཆུབ་ཀྱི་གནས་སུ་བསྡུ་ནུས་ཞེས་པའོ། །དེ་ཅིས་ཤེས་ན། རྣལ་འབྱོར་རྟགས་ནི་བསྡུ་བར་བྱ་ཞེས་པས་བསྟན་ཏེ། གནས་ནི་དགའ་བ་བཞི་ལ་གནས་ཤིང༌། ཟག་པ་མེད་པའི་ཡེ་ཤེས་ལ་དབང་འབྱོར་པའི་རྟགས་དེ་ལུས་ལ་བསྡུ་བ་ནི་བྱང་ཆུབ་ཀྱི་སེམས་སམ། སངས་རྒྱས་ཀྱི་ཞིང་དུ་རྒྱུ་བར་བྱེད་ཅེས་པའོ། །ཨིནྡྲ་བྷཱུ་ཏིའི་ཞལ་ནས། རྒྱུ་ལས་བསྒྲུབ་ཅིང་ལམ་ལ་གནས། །དེ་ནི་བྱང་ཆུབ་ས་ལམ་རྒྱུ། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་པ་ཙ་རིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༥༩༽ །།གུ་རུ་ཙམ་པ་ཀའི་ཞལ་ནས། ཐབས་དང་ཤེས་རབ་འོད་གསལ་ལྟ་བུ་ལ། །བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ལྷན་ཅིག་སྐྱེས་པ་དཔག་བསམ་ཤིང་དག་ལས། །འབྲས་བུ་སྐུ་གསུམ་རང་གསལ་རང་ལ་རྫོགས། །ཞེས་སོ། །འདི་ལ་དོན་གསུམ་གྱིས་བསྟན་ཏེ། དེ་ལ་ཐབས་དང་ཤེས་རབ་ཅེས་པ། གནས་ལུགས་སྐྱོན་དང་བྲལ་བ་དེ་དྲི་དང་ཁ་དོག་ཡོན་ཏན་གྱིས་བརྒྱན་པའི་མེ་ཏོག་ཙམ་པ་ཀ་ལྟ་བུས་བསྟན་ནས། དང་པོར་གནས་ལུགས་གཏན་ལ་ཕབ་པ་ཅིག་ལ་ཐབས་ཞེས་བྱའོ། །གཉིས་པ་ཤེས་རབ་ཅེས་པ་ནི་རང་གི་སེམས་ཉིད་བུང་བ་ལྟ་བུ་ཅིག་ལ་ཤེས་རབ་ཅེས་བྱའོ། །འོ་ན་དེ་ལྟར་ཐབས་ཤེས་རབ་གཉིས་
ཀྱིས་གཏན་ལ་ཕབ་ནས་ཅི་བྱེད་ན། བྱང་ཆུབ་ཆེན་པོའི་འབྲས་བུ་སྦྲང་རྩི་ལྟ་བུ་དེ་ཐོབ་པའི་ཕན་ཡོན་ཡོད་དོ། །དེ་གང་ཡིན་ན། ཨ་བཛྲ་ཞེས་པ་དེ་ཡིན་ཏེ། ཨ་ཞེས་པ་གནས་ལུགས་སྐྱེ་མེད་ཀྱི་ངོ་བོ་ལ་བྱ་ལ། བཛྲ་ཞེས་པ་གང་གིས་ཀྱང་གཞིག་ཅིང་གཞོམ་དུ་མེད་པ་མཚན་ཉིད་བཞི་ལྡན་གྱི་དོན་ལ་སྦྱོར་བ་ལ་བྱའོ། །དེ་ལྟ་བུའི་གནས་ལུགས་དེ་རང་ལ་རང་ཆས་སུ་ཡོད་པ་ཅིས་ཤེས་ན། བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ཅེས་པའོ། །བླ་མ་ཞེས་པ་ཙམ་པ་ཀའི་མེ་ཏོག་ལྟ་བུ་དེ་གཏན་ལ་འབེབས་པར་བྱེད་པའོ། །དེས་གཏན་ལ་ཕེབས་པས། རང་སེམས་བུང་བ་དང་འདྲ་བ་དེས་གནས་ལུགས་སྦྲང་རྩི་དང་འདྲ་བ་དེ་རྟོགས་པས། རྒྱུན་མི་ཆད་པར་ཀུན་ལ་རང་ཆས་སུ་འདུག་པས་ན་ཆུ་བོའི་རྒྱུན་གྱིས་ཞེས་སོ། །འོ་ན་དེ་གཞན་ལ་མེད་དམ་ཞེ་ན། དེ་ཡོད་དེ་ཀུན་ལ་ཁྱབ་ཅེས་པའི་དོན་ཏོ། །མདོ་སྡེ་ས་བཅུ་པ་ནས། དེ་ཡིས་དེ་རུ་དེ་མཐོང་ནས། །དེ་ཉིད་རང་ལ་ལྷུན་གྲུབ་པ། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་ཙམ་པ་ཀའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།«་་་་་ཚིག་རྐང་གཉིས་འགྲེལ་པ་མ་ཚང༌།།» ༦༠༽ །།གུ་རུ་བྷིཀྵ་ཎ་པའི་ཞལ་ནས། བླ་མེད་བགྲོད་དཀའི་བྱང་ཆུབ་གནས་ཆེན་དུ། །ཟུང་འཇུག་བདེ་ཆེན་བགྲོད་དཀའི་ལམ་བསྟེན་ནས། །ཕྱོགས་ཆ་བྲལ་བའི་རྣལ་འབྱོར་དབང་ཕྱུག་མཆོག །བླ་མའི་གདམས་པའི་དྲིན་གྱིས་དེ་ཉིད་རྟོགས། །ཞེས་སོ། །འདིའི་དོན་ནི། བླ་མེད་བགྲོད་དཀའི་བྱང་ཆུབ་གནས་ཆེན་དུ། །ཞེས་པ་ནི། བླ་ན་མེད་པ་ནི་ཐར་པ་དང་མྱ་ངན་ལས་འདས་པའི་སའམ་གནས་ཡིན་ཏེ། དེ་ཡང་བྱང་ཆུབ་གནས་ཆེན་དུ། །ཞེས་པ། སྤངས་པ་ཕུན་སུམ་ཚོགས་པ་གཅིག་གིས་སྒྲིབ་པ་གཉིས་བྱང་བ་ཡིན་ཏེ། ཆུབ་ནི་ཡེ་ཤེས་ཕུན་སུམ་ཚོགས་པ་འོག་མིན་གྱི་གནས་ཆེན་ལྟ་བུར་ཆུབ་པས་ན་བྱང་ཆུབ་གནས་ཆེན་དུ་ཞེས་པའོ། །གནས་ཆེན་དེ་རུ་ཤིན་ཏུ་བགྲོད་པར་དཀའ་བས་ན་བགྲོད་དཀའི་ཞེས་པའོ། །འོ་ན་དེར་དེ་ཙམ་བགྲོད་པར་དཀའ་ན་ལམ་མེད་དམ་བྱས་པ་ལ། གསང་སྔགས་ཐབས་ལམ་ཆེ་བས་ལམ་ཡོད་
པར་བསྟན་པ་ནི། ཟུང་འཇུག་བདེ་ཆེན་བགྲོད་དཀའི་ལམ་བསྟེན་ནས། །ཞེས་པ་སྟེ་ཟུང་འཇུག་ནི། སྣང་བའམ། སྟོང་པའམ། འཁོར་འདས་སམ། བདེ་སྡུག་གམ། ཞི་གནས་དང་ལྷག་མཐོང་ལ་སོགས་པ་ཐམས་ཅད་དབྱེར་མི་ཕྱེད་པའི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལམ་གྱི་ཆེ་བ་བྱ་བ་ཡིན་པས། ལམ་དེ་འདྲ་ཅིག་རྒྱུད་ལ་བསྟེན་ནས་བགྲོད་དཀའི་གནས་སུ་འགྲོ་བར་བྱེད་ཅེས་པའོ། །འོ་ན་ལམ་དེ་རྒྱུད་ལ་ནམ་འཆར་ཞེ་ན། རྣལ་འབྱོར་ཕྱོགས་ཆ་བྲལ་བ་དབང་ཕྱུག་མཆོག །ཅེས་པའོ། །དེ་ཡང་རྣལ་ཅེས་པ་བྱང་ཆུབ་ཀྱི་སེམས་རྣལ་མ་ལ་ཟེར་ལ། འབྱོར་ཅེས་པ་དེའི་དོན་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ལམ་ལ་འབྱོར་པ་ལ་ཟེར་རོ། །བསྟེན་པའི་རྟགས་གང་ཡིན་ན། དེ་རྟོགས་པ་ལ་ཕྱོགས་དང་རིས་མེད་པས་ན་ཕྱོགས་ཆ་བྲལ་ཅེས་པའོ། །དབང་ཕྱུག་ནི་ལམ་དེ་ལ་དབང་ཞིང་ལོངས་སྤྱོད་པས་ཕྱུག་པའོ། །མཆོག་ནི་དེའི་གོང་ན་གཞན་མེད་པས་མཆོག་ཅེས་བྱའོ། །དེ་ལྟར་རྟོགས་པ་དེ་ཇི་ལྟར་ཞེ་ན། བླ་མའི་གདམས་པའི་དྲིན་གྱིས་དེ་ཉིད་རྟོགས་ཞེས་པ་ལ། བླ་མ་ནི་མཁའ་འགྲོ་མ་ཡིན་ཞིང༌། གདམས་པ་ནི་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གདམས་པ་ཡིན་ལ། དེ་ཞལ་གྱི་དྲིན་ལས་བྱུང་བས་དྲིན་གྱིས་དེ་ཉིད་རྟོགས། །ཞེས་པའོ། །བདག་མེད་མའི་ཞུས་ལན་ལས། གང་ཞིག་ས་ལ་གནས་ནས་ནི། །བྱང་ཆུབ་སེམས་དཔའི་ལམ་སྒྲུབ་པ། །དེ་ཙམ་དེ་ལས་བསྟན་ནས་ནི། །དེ་ཚེ་འབྲས་བུ་ཐོབ་པར་འགྱུར། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་བྷིཀྵ་ཎ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༡༽ །།གུ་རུ་དྷི་ལི་པའི་ཞལ་ནས། བདག་ཉིད་གདོད་ནས་སངས་རྒྱས་ལ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན། །དབང་བླངས་ལྷན་ཅིག་སྐྱེས་པ་དེས། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །ཅེས་སོ། །འདིའི་དོན་ནི། དེ་ལ་བདག་ཉིད་གདོད་ནས་སངས་རྒྱས་ལ། །ཞེས་པ་བདག་ཉིད་ནི་དྷི་ལི་པའོ། །གདོད་ནས་ཞེས་པ་དངོས་པོ་གཤིས་ཀྱི་གནས་ལུགས་དེ་མ་རྟོགས་པའི་དུས་སུ་འཁོར་བའམ་སྲིད་པའི་ཡན་ལག་སྣ་ཚོགས་པར་འདུག་པ་དང༌། རྟོགས་
པའི་ཚེ་སྦྱང་བར་བྱ་བའམ། བྱེད་པའི་མཁན་པོ་མི་དགོས་པར་ཡེ་གདོད་མ་ནས་དག་ཅེས་པའོ། །སངས་རྒྱས་ཞེས་བྱ་བ་ནི་ཉོན་མོངས་པ་ཡེ་ནས་སངས་ལ། ཡེ་ཤེས་ངང་གིས་རྒྱས་པས་སངས་རྒྱས་ལ་བྱའོ། །རྟོགས་པའི་དབང་གིས་ཆོས་ཉིད་ཡིན། །ཞེས་པ་ནི། རྟོགས་པའི་ཐབས་གང་གིས་རྟོགས་བྱས་པ་ལ། དབང་བླངས་ལྷན་ཅིག་སྐྱེས་པ་དེས། །ཞེས་པ་དེ་ལྟ་བུའི་ཐབས་ཅིག་གིས་རྟོགས་པའོ། །དབང་བླངས་ཞེས་པ་རང་གིས་བརྒྱུད་པའི་བླ་མས་དང་པོར་ངོ་སྤྲད་པས་ལྷན་ཅིག་སྐྱེས་པ་རྟོགས་པར་བྱེད་པའི་དབང་བླངས་པས་ཏེ། དེས་ན་ལྷན་ཅིག་སྐྱེས་པ་ཞེས་བྱའོ། །དེས་རང་སེམས་སྐྱེ་བ་མེད་པར་སྒྲོ་འདོགས་ཆོད་ཙམ་ན་སྐྱེ་མེད་ཀྱིས་འཁོར་འདས་གཉིས་ལ་རྒྱས་ཐེབས་པས་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ། ས་བཅུ་རྒྱུན་གྱི་ཐ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ། །ཅེས་པའི་དོན་ཏོ། །བྱང་ཆུབ་སེམས་དཔའ་སའི་མདོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ནི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་སྟོབས་ཀྱིས། སེམས་ཅན་གྱི་ཁམས་དང༌། བསམ་པ་དང༌། སྐྱེ་མཆེད་ཟག་པ་ལ་བརྟེན་ནས་ཟག་པ་མེད་པའི་ཡེ་ཤེས་གཏན་ལ་ཕབ་པའོ། །དེ་ལྟ་བུའི་དབང་ཐོབ་པའི་སྟོབས་ཀྱིས་སེམས་ཅན་གྱི་ཁམས་དང་བསམ་པ་དང་སྐྱེ་མཆེད་ལ་སོགས་པ་ཇི་སྙེད་པ་ཐམས་ཅད་མཁྱེན་ནས། ཆོས་ཐམས་ཅད་སྐྱེ་བ་མེད་པ་ཞེས་བྱ་བའི་དོན་ཐུགས་སུ་ཆུད་ནས། ས་བཅུ་རྒྱུན་གྱི་ཐ་མ་ལ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་བཞུགས་སོ། །ཞེས་བཤད་དོ། །རྣལ་འབྱོར་པ་དྷི་ལི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༢༽ །།གུ་རུ་ཀུམྦྷ་རི་པའི་ཞལ་ནས། རྒྱུ་མཐུན་ལས་ཀྱི་འཁོར་ལོ་ཡིས། །སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཡེ་ཤེས་རིག་པའི་མེ་ཡིས་ནི། །འཁྲུལ་པའི་དྲི་མ་མ་ལུས་བསྲེགས། །ཞེས་པའི་དོན་ནི། རྒྱུ་མཐུན་ལས་ཀྱི་ཞེས་པའི་ཚིག་རྐང་སྔ་མ་གཉིས་ཀྱིས་འཁོར་བའི་འཁོར་ལོ་ཇི་ལྟར་དུ་འཁོར་བའི་དཔེ་གཉིས་ཀྱིས་བསྟན་ཏེ། དེ་ནི་རྒྱུ་མཐུན་ལས་ཀྱི་འཁོར་ལོ་ཡིས། །ཞེས་པ། དཔེར་ན་རྣལ་འབྱོར་པ་ཀུམྦྷ་རི་པས་རྫ་མའི་འཁོར་ལོ་བསྐོར་བས་རྫའི་བྱ་བ་བྱས་པ་ལྟ་
བུར། རྒྱུ་མཐུན་ལས་ཀྱི་འཁོར་ལོ་སྟེ། རྒྱུ་ཞེས་པ་མ་རིག་པ་ཡིན་ལ། དེ་དང་མཐུན་པའི་འདུ་ཤེས་དང་འདུ་བྱེད་དང༌། རྣམ་པར་ཤེས་པ་ནས་རྒ་ཤིའི་བར་རྟེན་ཅིང་འབྲེལ་བར་མཐུན་པའོ། །ལས་ནི་དེས་བསགས་པའི་ལས་ཡིན་ཏེ། རྒྱུད་དྲུག་ཁམས་གསུམ་དུ་འཁོར་བས་ན་འཁོར་ལོ་ཞེས་བྱའོ། །དེ་ཅི་ཞེ་ན། སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཞེས་པའོ། །རྒྱུ་མཐུན་དེ་དང་ལས་མཐུན་དེས་སྲིད་པའི་བློ་སྐྱེས་ནས་འཁོར་ཏེ། དེ་ཡང་དཔེར་ན་གར་མཁན་གྱི་ལུས་ཟློས་གར་སྣ་ཚོགས་བྱས་པ་ལྟ་བུ། ཟློས་གར་སྣ་ཚོགས་བྱས་ཞེས་པ། སྲིད་པའི་བློ་དེས་ཉེར་ལེན་གྱི་ཟག་པ་དང་བཅས་པའི་འཁྲུལ་པ་སྣ་ཚོགས་བྱས་ཞེས་པའི་དོན་ཏོ། །འོ་ན་འཁྲུལ་པ་དེ་གང་གིས་སྦྱངས་ན། ཡེ་ཤེས་རིག་པ་མེ་ཡིས་ནི། །ཞེས་པ་ཡེ་ཤེས་རྒྱུ་མཐུན་གྱི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་ལྔ་རིག་པའི་ཡེ་ཤེས་སུ་སད་པས། དེ་ཐམས་ཅད་སྲེག་པར་བྱེད་པ་མེ་དང་འདྲ་བ་དེས། མ་རིག་པ་ལ་སོགས་པའི་སྲིད་པའི་ཡན་ལག་སྣ་ཚོགས་པ་བུད་ཤིང་དང་འདྲ་བ་དེ་ཐམས་ཅད་སྲེག་ཅེས་པའི་དོན་ཏོ། །ཁྲོ་བོ་སྟོབས་པོ་ཆེའི་རྒྱུད་ལས། །ཡེ་ཤེས་མེ་དཔུང་འབར་བ་ཡིས། །ཁམས་གསུམ་མ་ལུས་སྲེག་པར་བྱེད། །ཅེས་བཤད་དོ། །རྣལ་འབྱོར་པ་ཀུམྦྷ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༣༽ །།གུ་རུ་ཙརྦ་རི་པའི་ཞལ་ནས། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །རང་གིས་རྟོགས་ལས་གཞན་མེད་དེ། །གཉུག་མ་སེམས་ཀྱིས་རྟོགས་པ་གང༌། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །ཞེས་སོ། །དེ་ལ་སངས་རྒྱས་ནི་དུས་གསུམ་དུ་རྣམ་པར་གཟིགས་པ་ལ་བྱ་སྟེ། ཀུན་གྱི་སྡོམ་པ་ཞེས་པ། ཀུན་གྱི་ནི་མ་ལུས་པ་ལ་བྱ། སྡོམ་པ་ནི་སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བའི་རང་བཞིན་དེ་ལ་ཀུན་གནས་པས་སྡོམ་པ་ཞེས་པའོ། །མཆོག་ཅེས་པ་ནི་དོན་སྐྱེ་མེད་དེ་སྡོམ་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པའོ། །ཞེས་སོ། །འོ་ན་དེ་འདྲ་བའི་སྡོམ་པ་དེ་དག་གང་ནས་བཙལ་ཞེ་ན། རང་གིས་རྟོགས་པ་ལས་གཞན་མེད། །ཅེས་པས། དེ་ལ་རང་གིས་
ཞེས་རང་དང་གདོད་ནས་ལྷན་ཅིག་སྐྱེས་པའི་རང་ངོ་རང་གིས་རྟོགས་པ་ཅིག་ལས་གཞན་ཞིག་ནས་རྙེད་པ་མེད་ཅེས་པའི་དོན་ཏོ། །རང་གིས་རྟོགས་པ་ལས་གཞན་ན་མེད་པའི་རྟོགས་པ་དེ་གང་ལ་ཟེར་ན། གཉུག་མ་སེམས་ཀྱིས་རྟོགས་པ་གང༌། །ཞེས་པས་བསྟན་ཏེ། གཉུག་མ་ཞེས་པ་མ་བཅོས་པ་སོ་མ་ལྷུག་པ་རྒྱ་ཡན་ནམ་རང་ལུགས་ཅིག་ལ་བྱའོ། །དེ་རིག་པ་སེམས་ཀྱིས་ཟིན་པའོ། །རྟོགས་པ་གང་ཡིན་པ་དེ་སངས་རྒྱས་ཀྱི་ངོ་བོ་ཡིན་ལ་གཞན་ཐམས་ཅད་ཀྱིས་མཐོང་བ་མེད་པས་ན། སངས་རྒྱས་ཐམས་ཅད་དེས་མཐོང་ཞེས་པའོ། །བྱང་ཆུབ་སེམས་དཔའ་རབ་དགས་ཞུས་མདོ་ལས། སངས་རྒྱས་ཐམས་ཅད་ཀྱི་གསང་བའི་སྙིང་པོ་བསྡུས་པ་ནི་རང་གི་མཚན་ཉིད་དམ། མཚན་ཉིད་རྟོགས་པ་ལས་འབྱུང་ངོ༌། །དེ་ལྟར་དུ་རང་གི་མཚན་ཉིད་མཐོང་ན་སངས་རྒྱས་ཐམས་ཅད་དེས་མཐོང་ངོ༌། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་ཙརྦ་རི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༤༽ །།གུ་རུ་མ་ཎི་བྷཱ་དྲཱའི་ཞལ་ནས། གང་ཞིག་མ་རྟོགས་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་སྒྲ་ཕྱིར་འབྲངས། །དེ་ཉིད་རང་བཞིན་མངོན་དུ་གྱུར། །གང་སྣང་རང་བཞིན་དེ་དེ་ཉིད། །ཅེས་སོ། །འདིའི་དོན་ནི། གང་ཞིག་མ་རྟོགས་དུས་ཀྱི་ཚེ། །ཞེས་པ་གང་ཞིག་ནི་འཁོར་བ་ཐོག་མ་མེད་པའི་ཚེ་ནས་འཁྲུལ་པའི་རང་བཞིན་ནམ། རྟོག་པའི་རང་བཞིན་ལ་སོགས་པ་ཐམས་ཅད་ད་ལྟ་སྙན་སུ་གང་གི་ཕྱི་ན་འབྲེང་པ་མ་ཚོར་ཅེས་པའི་དོན་ཏོ། །དེ་ཉིད་རང་བཞིན་མངོན་དུ་གྱུར། །ཅེས་པ་དེ་ཉིད་ནི་གཉུག་མའི་རང་བཞིན་གྱི་ལྷུག་པ་ལ་བྱའོ། །མངོན་དུ་གྱུར་ཅེས་པ་བླ་མ་ཀུཀྐུ་རི་པ་ཉིད་ཀྱིས་བསྟན་པའི་ཚེ། རང་ལ་རང་གིས་རྟོགས་པའི་ཚེ་ན། གང་སྣང་རང་བཞིན་དེ་དེ་ཉིད། །ཅེས་པ་གང་སྣང་ནི་གོང་དུ་བཤད་པ་ལྟར་རྟོག་ཚོགས་དང༌། འཁྲུལ་པའི་རང་བཞིན། གཉུག་མའི་དེ་ཁོ་ན་ཉིད་དེ་ཡིའང་དེ་ཉིད་ཅེས་བྱའོ། །ཌོམྦྷི་ཧེ་རུ་ཀའི་ཞལ་ནས། མ་རིག་པ་ནི་འཁྲུལ་པའི་རྒྱུ། །དེ་ལས་བྱུང་བ་རྟོགས་པའི་ཕྱིར། །བླ་མའི་ཞལ་གྱི་བདུད་རྩི་ལས། །དེ་ཉིད་མཐོང་ན་ཡེ་ཤེས་རྒྱུ། །ཞེས་བཤད་དོ། །རྣལ་འབྱོར་པ་མ་ཎི་བྷ་དྲཱའི་རྟོགས་བརྗོད་
དང་འགྲེལ་པ་རྫོགས་སོ།། ༦༥༽ །།གུ་རུ་མེ་ཁ་ལའི་ཞལ་ནས། ཕྱི་དང་ནང་ཀུན་སེམས་སུ་འདུས། །ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་རྩོལ་མེད་ན་སྒོམ་པའི་མཆོག །གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །ཞེས་སོ། །འདིའི་དོན་ནི། ཕྱི་དང་ནང་ཀུན་སེམས་སུ་འདུས། །ཞེས་པ་ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པའི་འཁོར་བའི་ཆོས་སུ་གཏོགས་པའི་ངོ་བོ་འདི་དག་ཀྱང་སེམས་སུ་འདུས། ཞེས་པའོ། །སེམས་རང་གི་རང་བཞིན་ཅི་ཞིག་ཅེ་ན། སེམས་ཞེས་པ་རང་རིག་པའི་ངོ་བོ་འདུས་མ་བྱས་པ་ཅིག་ལ་བྱ། རིག་པའི་ངོ་བོ་དེ་རང་བདེ་བ་དང་དབྱེར་མེད་པ་སྟོང་པ་ཉིད་འོད་གསལ་འདུས་མ་བྱས་པ་ཅིག་ཡིན་གསུང་ངོ༌། །དེ་ལྟ་བུ་ཡིན་ན་ལྟ་ཐོག་ན་སྤྱོད་པ་གཅིག་འདུག་ན་སྤྱོད་པ་ཐམས་ཅད་གཅིག་ཏུ་རོ་སྙོམས་པ་ལ་བྱ་སྟེ། དེ་ཡང་ཞེན་པ་མེད་ན་རོ་སྙོམས་ལྡན། ཞེས་པ་ཞེན་པ་ནི་ཕྱི་ནང་གི་ཆོས་ཐམས་ཅད་ནི་བློ་ཡིན་ལ། བློ་ནི་ཀུན་རྫོབ་ཀྱི་བློ་ཡིན་པས། བློ་དེ་ཞེན་པ་ཙམ་ན་ལྡན། །ཞེས་བྱའོ། །དེ་ལྟར་ཞེན་པ་མེད་ན་འབད་རྩོལ་དང་བྲལ་ནས་འདུག་ཙམ་ན་སྒོམ་པའི་མཆོག་ཅེས་བྱའོ། «།ཚིག་རྐང་རྗེས་མའི་བཤད་པ་མ་བྱུང༌།» དེ་ཡང་རྒྱལ་པོ་ཨིནྡྲ་བྷཱུ་ཏིའི་དོ་ཧ་ལས། འཁོར་འདས་དོན་གྱི་སྙིང་པོ་འདི། །ཇི་ལྟར་རྟོགས་པ་སེམས་སུ་འདུས། །སྒོམ་ཞིང་སྤྱོད་ལམ་འབྲས་བུ་ནི། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་བཤད་དོ། །རྣལ་འབྱོར་པ་མེ་ཁ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༦༽ །།གུ་རུ་ཀ་ན་ཁ་ལའི་ཞལ་ནས། གོ་ཆ་ཆེན་པོ་བགོས་ནས་ཀྱང༌། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ཀྱི་གྲུ་བཏང་ནས། །མི་རོའི་ཁོང་པར་ངེས་པར་ཞུགས། །ཞེས་སོ། འདིའི་དོན་ནི། དེ་ལ་གོ་ཆ་ཆེན་པོ་བགོས་ཞེས་པ་གོ་ཆ་ནི་བཞི་སྟེ། དེ་ཡང་གོ་ཆ་གཅིག་གིས་གོ་ཆ་རྣམ་བཞི་འབྱེད་ཅེས་བྱ་སྟེ། བག་ཆགས་མཚམས་སྦྱོར་གྱི་གོ་ཆ་དང་གཅིག འབྱུང་བ་དྭངས་སྙིགས་འབྱེད་པའི་གོ་ཆ་དང་གཉིས། འབྱུང་བ་རོ་སྙོམས་པའི་གོ་ཆ་དང་གསུམ། སྲིད་པ་གཅིག་པའི་གོ་
ཆ་དང་བཞིའོ། །གོ་ཆ་ཆེན་པོ་བཞི་པོ་དེས་སྐྱེ་རྒ་ན་འཆིའི་ཆུ་བོ་ཆེན་པོ་བཞི་ལས་སྒྲོལ་བར་བྱེད་པ་ཡིན་ཏེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་བལྟམས་པའི་དུས་སུ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་བའི་དུས་ཚིགས་སུ་བཅད་པའི་མདོ་ལས་གསུངས་པ། འཇིག་རྟེན་འདི་ནས་ཕ་རོལ་ཏུ། །སྐྱེ་བའི་སྡུག་བསྔལ་དེ་མི་འབྱུང༌། །སྐྱེ་བའི་སྡུག་བསྔལ་ཐམས་ཅད་འདིར་ཟད་ཀྱི། །བག་ཆགས་མཚམས་སྦྱོར་གྱི་གདམས་ངག་བདོག །བདེ་བ་ཅན་གྱི་གྲོང་ཁྱེར་མཆོག་ཏུ་འགྲོ། །ཞེས་ཤར་ཕྱོགས་སུ་གསུངས་སོ། །འཇིག་རྟེན་འདི་ནས་ཕ་རོལ་ཏུ་རྒ་བའི་སྡུག་བསྔལ་དེ་མི་འབྱུང༌། །རྒས་པའི་སྡུག་བསྔལ་ཐམས་ཅད་འདིར་ཟད་ཀྱི། །འབྱུང་བ་དྭངས་སྙིགས་འབྱེད་པའི་གདམས་ངག་བདོག །བདེ་བ་ཅན་གྱི་གྲོང་ཁྱེར་མཆོག་ཏུ་འགྲོ། །ཞེས་ལྷོ་ཕྱོགས་སུ་གསུང་སོ། །འཇིག་རྟེན༴ །ན་བའི་སྡུག་བསྔལ༴ །འབྱུང་བ་རོ་སྙོམས་ཀྱི་གདམས་ངག་བདོག །བདེ་བ་ཅན་གྱི་གྲོང་ཁྱེར་མཆོག་ཏུ་འགྲོ །ཞེས་ནུབ་ཕྱོགས་སུ་གསུང་སོ། །འཇིག་རྟེན༴ འཆི་བའི་སྡུག་བསྔལ་དེ་མི་འབྱུང༌། །འཆི་བའི་སྡུག་བསྔལ་ཐམས་ཅད་འདིར་ཟད་ཀྱི། །སྲིད་པ་གཅིག་པའི་གདམས་ངག་བདོག །བདེ་བ་ཅན་གྱི་གྲོང་ཁྱེར་མཆོག་ཏུ་འགྲོ །ཞེས་བྱང་ཕྱོགས་སུ་གསུངས་པ་ལྟ་བུའོ། །དེ་ལ་གདམས་ངག་དྲུག་བདོག་སྟེ། ལྟ་བ་འོད་གསལ། ལུས་སྒྱུ་ལུས། མཚམས་སྦྱོར་རྨི་ལམ་བར་དོ། ཏིང་འཛིན་གྱི་འཕོ་བ་དང༌། རྣམ་ཤེས་གྲོང་དུ་འཇུག་གོ །དེ་དག་གི་གདམས་ངག་རིན་ཆེན་ཕྲེང་བ་ན་བཞུགས་སོ། །གོ་ཆ་བཞི་པོ་དེ་བགོས་ནས། ནོར་བུ་ལྟ་བུའི་སྙིང་སྟོབས་གང་ཡིན་ན། དེ་ཡང་ནོར་བུ་ཞེས་པ་དགོས་འདོད་ཐམས་ཅད་འབྱུང་བའི་རིན་པོ་ཆེ་ཡིན་ཞིང༌། དེ་ལྟ་བུ་ཞེས་པ་དཔེ་ཡིན་ལ། དེ་ཡང་ནོར་བུ་ནི་བསམ་འཕེལ་ཏེ་ཡིད་བཞིན་ནོར་བུ་རིན་པོ་ཆེ་ཡིན་ལ། དེ་ལ་ཐམས་ཅད་འབྱུང་བའི་གཞི་རྒྱ་མཚོ་ལྟ་བུའི་སྙིང་སྟོབས་དགོས་སྐད། ཐམས་ཅད་འབྱུང་བ་རྒྱ་མཚོ་ལྟ་བུའི་དཔེ་ཇི་ལྟ་བུ་ཞེ་ན། རྒྱ་མཚོ་ཆེན་པོ་དེ་འདོམ་བདུན་མན་ཆད་མི་གཡོ་བ་ཡིན་ལ་འབབ་ཆུ་ཐམས་ཅད་དེ་རུ་ལན་ཚྭར་རོ་གཅིག་པ་ཡིན་
སྐད། ནོར་ལ་སོགས་པ་ཅི་དང་ཅི་ཐམས་ཅད་སྐྱེ་བའི་ཡུལ་ཡིན་གསུང༌། འོ་ན་དེ་འདྲ་བའི་སྙིང་སྟོབས་གང་ལ་ཡོད་ན་སེམས་ཉིད་ལ་ཡོད་པས་རང་གི་སེམས་ཀྱི་གྲུ་བཏང་ནས། ཞེས་པས་རང་སེམས་བཟུང་བས་སྐྱེ་རྒ་ན་འཆིའི་ཆུ་བོ་ལས་ཐར་ནས། མི་རོའི་ཁོང་པར་ངེས་པར་ཞུགས། །ཞེས་པ་དབང་པོའི་རྟེན་མི་རོ་ལ་ཡོད་པ། མི་རོ་ལ་སེམས་མེད་པ། མི་རོ་དེའི་རྟོག་པ་ཟད་པའོ། །ཁོང་པར་ངེས་པར་ཞུགས་ཞེས་པ་ནི་ཁོང་པ་སྟེ། བདེ་གསལ་མི་རྟོག་པའི་ཁོང་པར་ཞུགས་ན་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་ངེས་པར་ཐར་ནས་ལུས་སྤྲོས་བྲལ་ལ་ཞུགས་པའོ། །རྣལ་འབྱོར་པ་ཀ་ན་ཁ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༧༽ །།གུ་རུ་ཀི་ལི་ཀི་ལི་པའི་ཞལ་ནས། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །སྐྱེ་མེད་འབྲུག་སྒྲ་ལེགས་བསྒྲགས་པས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་ཡེ་ཤེས་འབྲས་བུ་མཛེས། །ཞེས་སོ། །འདིའི་དཔེ་ནི། དཔག་བསམ་གྱི་ཤིང་ལྟ་བུ་ལ་བཞག་སྟེ། དེ་ཡང་ཤིང་སྣ་ཚོགས་འབྲས་བུ་སྐྱེད་པར་བྱེད་པ་ནི། ནམ་མཁའ་ལ་སྤྲིན་དང༌། གློག་དང༌། འབྲུག་གི་སྒྲ་ལས་ཆར་འབེབས་པས་ན། ཤིང་ཐོག་གང་ལས་སྐྱེ་བ་བསྐྱེད་པ་དེ་བཞིན་དུ། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །ཞེས་པས་ཆོས་ཀྱི་དབྱིངས་མ་བཅོས་པ་ཡེ་ནས་རྣམ་པར་དག་པ་རང་བཞིན་ནམ་མཁའི་དབྱིངས་ལྟ་བུར་ཆོས་ཉིད་སྐྱེ་བ་མེད་པའི་འབྲུག་སྒྲ་བསྒྲགས་པས། ཟག་མེད་ཡེ་ཤེས་ཀྱི་ཆར་ཆེན་པོ་བབས་ཏེ། འབྲས་བུ་གང་སྨིན་བྱས་པ་ལ། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །ཅེས་པའོ། །དེ་ཡང་སྣང་བ་ནི་འཁྲུལ་པའི་སྣང་བ་ཡིན་ལ། སྲིད་པ་ནི་འཁོར་བའི་ཆོས་ཐམས་ཅད་སྲིད་པའོ། །སྐུ་གསུམ་ཡེ་ཤེས་འབྲས་བུ་མཛེས།«་་་་་འདིའི་འགྲེལ་པ་མ་བྱུང༌།» སློབ་དཔོན་ཆེན་པོ་ལཱུ་ཧི་པའི་ཞལ་ནས། གནས་ལུགས་ས་གཞི་ལྟ་བུ་ལ། །རྟོགས་པའི་མྱུ་གུ་སྔོན་པོ་ནི། །ཆོས་སྐུ་ནམ་མཁའི་ཡོན་ཏན་ལས། །འབྲས་བུ་སངས་རྒྱས་ཞིང་དུ་འགྲུབ། །ཅེས་བཤད་དོ། །རྣལ་འབྱོར་པ་ཀི་ལི་ཀི་
ལི་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༨༽ །།གུ་རུ་ཀནྟ་ལི་པའི་ཞལ་ནས། བླ་མ་དམ་པའི་ཁབ་དག་དང༌། །སྙིང་རྗེ་ཡི་ནི་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བཙེམས། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །ཞེས་སོ། །འདི་ལ་དཔེ་གསུམ་སྟེ། ཁབ་དང་ལྷན་པ་སྐུད་པ་གསུམ་གྱི་ཚེམ་བུས་གོས་བྱས་པ་ལྟ་བུ་ཡིན་ཏེ། དེ་ཡང༌། བླ་མ་དམ་པའི་གདམས་ངག་གིས། །ཞེས་པ་བླ་མ་ནི་མཁའ་འགྲོ་མ་ཆེན་མོ་བེ་ཏ་ལཱི་བྱ་བ་ཡིན་ཏེ། གདམས་པ་ནི་ཁམས་གསུམ་ཐམས་ཅད་སྟོང་ཉིད་དུ་གཏན་ལ་ཕེབས་པ་ཅིག་གིས་ཁབ་ཏུ་བྱས་ནས། སྙིང་རྗེའི་སྐུད་པ་ཞེས་པ། སྟོང་ཉིད་དེ་ལ་དམིགས་པ་མེད་པའི་སྙིང་རྗེ་བྱ་བ་སྟོང་པ་དང་སྙིང་རྗེ་གཉིས་སུ་མེད་པའི་ཡེ་ཤེས་བྱ་བ་ཅིག་གིས་སྐུད་པ་ལྟ་བུ་བྱས་ནས། ཁམས་གསུམ་མ་ལུས་གོས་སུ་བཙེམས། །ཞེས་པ་ཁམས་གསུམ་ནི་འདོད་པའི་ཁམས། གཟུགས་ཁམས། གཟུགས་མེད་ཁམས་སམ་ནང་ལུས་ངག་ཡིད་གསུམ་མམ། རྒྱུ་དུག་ལྔ་དུག་གསུམ་ཐམས་ཅད་ཆོས་ཉིད་སྟོང་པའི་ངོ་བོར་དེ་ལྟ་བུར་གོས་སུ་བཙེམས་པ་ནས། གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །ཞེས་པ། རང་ལ་ཡིད་ཆེས་པས་ཐག་ཆོད་ནས་འདུག་པས་ན་ངོ་མཚར་ཆེ་ཞེས་པའོ། །སློབ་དཔོན་ཨཱརྻ་དེ་ཝས་ཕ་རོལ་ཏུ་ཕྱིན་པ་ལ་འཇུག་པ་ནས། སྟོང་དང་སྙིང་རྗེ་རོ་གཅིག་པར། །ལམ་གྱི་རྣལ་འབྱོར་འཇུག་པ་ནི། །ཤེས་རབ་ཐབས་ཀྱི་རང་བཞིན་གྱིས། །འགྲོ་བ་ཀུན་གྱི་ཡ་ལད་བགོས། །ཞེས་པ་ལྟ་བུའོ། །རྣལ་འབྱོར་པ་ཀནྟ་ལིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༦༩༽ །།གུ་རུ་དྷ་ཀུ་ལའི་ཞལ་ནས། །ཟུང་འཇུག་རིག་པའི་རིན་ཆེན་མཛོད། །གཉིས་མེད་ངང་སྟེ་བཙལ་བས་མིན། །བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་བཞག་པ་དེ་ལྟར་བདེ། །ཞེས་སོ། །འདིའི་དོན་ནི། དེ་ལ་ཟུང་འཇུག་རིག་པའི་རིན་ཆེན་མཛོད། །ཅེས་བྱ་བ་གང་དང་གང་ཟུང་དུ་འཇུག་ན། གཉིས་སྣང་གི་ཆོས་སྣང་སྟོང༌། ཞི་གནས་ལྷག་མཐོང༌། འཁོར་འདས། བདེ་སྡུག ཡིན་མིན་གྱི་ཆོས་ཐམས་ཅད་རང་གི་རིག་པའི་ངོ་བོ་ལས་གུད་
ན་མེད་པས་ན་ཟུང་འཇུག་གི་རིག་པ་ཞེས་པའོ། །དེའི་དཔེ་ཅི་དང་འདྲ་ན། རིན་ཆེན་མཛོད་ཅེས་པ་དེ་ཡང་འདོད་དགུ་འབྱུང་བའམ། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་མཛོད་ཅེས་པའོ། །རིག་པ་དེ་ཟུང་དུ་ཇི་ལྟར་འཇུག་ན། གཉིས་མེད་ངང་སྟེ་བཙལ་བས་མིན། །ཞེས་པ་གཉིས་མེད་ཀྱི་བདེ་བ་དང་ཐ་མི་དད་དེ། རབ་འབྱོར་གྱིས་ཕ་རོལ་ཕྱིན་པ་ནས་ཀྱང་གསུངས་སོ། །དེ་ཡང་གཉིས་མེད་ཀྱི་ངང་དེ་རང་རྩོལ་བས་གཏན་ལ་མི་ཕེབས་པ་ནི། བྱ་བ་བཏང་བའི་སེམས་བཞིན་དུ། །ཞེས་པ། བྱ་བ་བཏང་བ་དེ་ཇི་ལྟ་བུ་ཅིག་ཡིན་ན། རྒྱལ་པོ་གྷ་ཏྲ་པཱ་ལ་སྙུང་གཞི་ས་བདག་གི་ནད་ཀྱིས་ཐེབས་པས། དེས་རྒྱལ་སྲིད་ཀྱི་བྱ་བ་ཐམས་ཅད་བཏང་ནས་སྒྲུབ་པ་ལ་བཞུགས་པས། ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་དངོས་གྲུབ་ཏུ་བདུད་རྩིའི་ཆུ་རྒྱལ་པོ་ལ་བླུད་པས། དེ་ནས་རྒྱལ་པོའི་ལུས་ཚེར་མའི་ནང་དུ་འདུག་ཀྱང་བདེ་བར་འདུག་གསུངས་སྐད། དེ་བཞིན་དུ་ཟུང་འཇུག་གཉིས་མེད་ཀྱི་རྩོལ་བྲལ་དེ་ལ་བྱའོ། །རྣལ་འབྱོར་པ་དྷ་གུ་ལིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༠༽ །།གུ་རུ་ཨུ་དྷི་ལིའི་ཞལ་ནས། ཇི་ལྟར་རྣམ་རྟོག་རྗེས་འབྲངས་འཁྲུལ། །མ་འབྲངས་བག་ཆགས་མ་བཏང་བཟུང༌། །གང་ལ་མི་གནས་འགྲོ་བ་བསྡུ། །གཞན་ལས་བཙལ་བས་དེ་རྙེད་མིན། །ཞེས་སོ། །འདིའི་དོན་ནི། ཨུ་དྷི་ལིས་མ་རྟོགས་པའི་དུས་ན་དད་པ་དང༌། སྤྲིན་སྣ་ཚོགས་པའི་རྟོག་པ་དང༌། ཕྱི་གཟུང་བྱའི་ཡུལ་ན། ནང་འཛིན་པའི་ཤེས་པས་རྟོག་པ་སྣ་ཚོགས་ཀྱི་རྗེས་སུ་འབྲངས་པས་འཁྲུལ་ཅེས་པའོ། །རྟོགས་པའི་དུས་སུ་མ་འབྲངས་བག་ཆགས་མ་བཏང་བཟུང༌། ཞེས་པ་སློབ་དཔོན་ཨུ་དྷི་ལི་པ་ལ་རང་གསལ་གྱི་རྟོགས་པ་ཤར་ནས་ཆོས་ཐམས་ཅད་མི་དམིགས་པ་ནམ་མཁའ་ལྟ་བུར་རྟོགས་པས། མ་འབྲངས་ཞེས་པ་རྣམ་རྟོག་གི་རྗེས་སུ་མ་འབྲངས་པའོ། །རྣམ་རྟོག་གི་རྗེས་སུ་མ་འབྲངས། དེའི་བག་ཆགས་ངན་པ་མ་བཏང་བས། བག་ཆགས་དེ་ཆོས་ཉིད་དུ་ཟད་པར་བྱས་ནས་བཟུང་ཞེས་པའོ། །གང་ལ་མི་གནས་ཞེས་པ་ནི། རྣམ་རྟོག་གི་དྲྭ་བ་ཆོས་ཉིད་དུ་བསྡུས་ནས་
ཆོས་ཉིད་ཀྱི་བདེ་བ་དེ་ཡང་གནས་པ་མེད་པས་གང་ལ་མི་གནས་ཞེས་པའོ། །འོ་ན་མི་གནས་པ་གནས་པ་མེད་པ་དེ་ཉིད་གཞན་ནས་ཀྱང་མི་རྙེད་དེ། གཞན་ལས་བཙལ་བས་དེ་རྙེད་མིན། །ཞེས་པ་ཡུལ་ཡུལ་ཅན། གཞན་གང་ཞིག་ནས་བཙལ་བའམ། བསྒོམས་པས་མི་རྙེད་པས་ན་དེ་རྙེད་མིན། །ཞེས་སོ། །དེ་ཡང་སློབ་དཔོན་ཤཱནྟི་པའི་ཞལ་ནས། རྣམ་པར་རྟོག་པ་ཆོས་ཉིད་ཡིན་པ་ལ། །ལོག་པའི་རྗེས་སུ་དེ་ནི་མི་འབྲང་ངོ༌། །འཕགས་པ་རྣམས་ཀྱང་ཡོན་ཏན་དེ་བརྗོད་དེ། །དེ་ཕྱིར་མི་འགྲོ་ངོ་བོ་ཉིད་དུ་བསྡུས། །ཞེས་དོན་ལྔ་ནི་གསུངས་སོ། །རྣལ་འབྱོར་པ་ཨུ་དྷི་ལིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༡༽ །།གུ་རུ་ཀ་པཱ་ལིའི་ཞལ་ནས། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །རྒྱན་སོགས་ཐོད་པ་གློ་བུར་བ། །ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང༌། །རང་གིས་བཙལ་བས་རྙེད་མ་ཡིན། །ཞེས་སོ། །འདིའི་དོན་ནི། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །ཞེས་པ་སློབ་དཔོན་ཀ་པ་ལི་ལ་དངོས་པོའི་གནས་ལུགས་དེ་བླ་མ་ནག་པོ་སྤྱོད་པས་བསྟན་ཅིང༌། རྟོགས་པའི་དུས་སུ་གཉིས་སུ་མེད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་ནས་ཆོས་ཐམས་ཅད་རང་གི་ངོ་བོ་ཉིད་དུ་རྟོགས་ཙམ་ན་རྩོལ་བ་དང་བྲལ་བ་ནི། འགྲོ་བའི་ལ་ཁར་དབྱི་བོག་པ་ལྟ་བུའམ། ལྟས་མོ་བལྟ་ཁར་མིག་འཁྲུག་པ་ལྟ་བུར་རྟོགས་པའོ། །དེ་ལྟར་རྟོགས་ཙ་ན། རྒྱན་སོགས་ཐོད་པ་གློ་བུར་བ། །ཞེས་པ་རྒྱན་ནི་བུ་ཚའི་རུས་པའི་དུམ་བུ་ལ་བྱས་པ་ཡིན་ལ། ཐོད་པ་ནི་ཆུང་མའི་མགོ་བོ་ལས་བྱས་པའི་ཐོད་པ་ཡིན་ཏེ། དེ་ཐམས་ཅད་ཀྱང་གློ་བུར་གྱི་རྐྱེན་ལས་སྐྱེས་པ་ཡིན། ཞེས་པའོ། །འོ་ན་འཁྲུལ་པ་སྤངས་པའི་ཕ་རོལ་ན་དེ་ཉིད་ཡོད་དམ་བྱས་པ་ལ། དེ་མེད་དེ། ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང༌། །ཞེས་པ་ངར་འཛིན་དང་བཅས་པའི་ངོ་བོ་ཉིད་ཀྱི་དོན་ཞེས་བྱའོ། །དེ་ཅིས་ཤེས་ན། ཐམས་ཅད་རང་གིས་བཙལ་བས་མིན། །ཞེས་པ་ཐམས་ཅད་མ་ལུས་པའི་རང་བཞིན་ནི་ངོ་བོ་ཉིད་མ་བཅོས་པ་དེའོ། །དེ་ཡུལ་ལ་བཟུང་ན་མི་རྙེད་དེ། བཙལ་བས་མིན་ཞེས་པའོ། །དེ་ཡང་དཔལ་ཧེ་རུ་ཀས་གསུངས་པ་བདག་མེད་མའི་རྒྱུད་ལས། བླ་མ་དང་ནི་རྡོ་
རྗེ་འཛིན། །ཐ་དད་ཡོད་པ་མ་ཡིན་ཏེ། །རང་གི་སེམས་ཉིད་བླ་མ་ཡིན། །ཞེས་བཤད་པ་ལྟ་བུའོ། །རྣལ་འབྱོར་པ་ཀ་པཱ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༢༽ །།གུ་རུ་ཀི་ར་བ་ལའི་ཞལ་ནས། ཇི་སྲིད་མ་རྟོགས་བར་དུ་རང་གཞན་རྟོག་པས་བཅིངས། །དེ་ཚེ་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དྭགས་ཡིན། །དེ་ཉིད་སྤྲོས་བྲལ་མ་བཅོས་རང་སར་རང་སེམས་ཟུང༌། །ཞེས་སོ། །དེ་ལ་ཇི་སྲིད་མ་རྟོགས་བར་དུ་རང་གཞན་རྟོགས་པས་འཆིང༌། །ཞེས་པ་སྟེ། ཇི་སྲིད་ནི་ཀི་ར་བ་རྒྱལ་པོའི་དུས་སུ་འཁོར་བ་ཐོག་མ་མེད་པ་ནས་དེ་སྲིད་དམ། ཇི་སྲིད་དུ་རང་གཞན་རྟོག་པས་འཆིང༌། ཞེས་པ་སྟེ། གཟུགས་དང༌། ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་དེ་དག་རེ་རེ་ལ་ཡང་བཞི་བཞི་སྟེ། རང་བཞིན་བདག་ཡིན་བདག་ལ་གནས། །བདག་ནི་རང་ཡིན་བདག་དང་ལྡན། །དོན་ལ་སྦྱར་ན། འཇིག་ཚོགས་ཀྱི་རི་བོ་བདག་འཛིན་ཉི་ཤུ་ལྟར་བཟུང་བ་དེ་ལ་རང་གཅིག་པུར་བཟུང་བས་ན་རང་ཞེས་པའོ། །གཞན་ཞེས་པ་ཡུལ་གཞན་དུ་གྱུར་པ་ཕ་རོལ་པོ་རང་ལས་གཞན་པ་ཡིན་ཏེ། རང་གཞན་རྟོགས་པས་བཅིངས། ཞེས་པ་ནི་རང་གཞན་གཉིས་མེད་ལ་གཉིས་འཛིན་གྱི་རྟོག་པ་བྱུང་བས་ན་བཅིངས་ཞེས་པའོ། །གང་དུ་བཅིངས་ན་འཁོར་བར་བཅིངས་ཞེས་པའི་དོན་ཏོ། །ཇི་ལྟ་བུས་བཅིངས་ན། རང་གཞན་གྱི་རྟོག་པ་དེས་སྲིན་བུའི་ཁ་ཆུ་ལྟར་རང་གིས་རང་བཅིངས་ཞེས་པའོ། །དེ་ཚེ་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། ཅེས་པ་ནི། དེ་ཚེ་གང་གི་ཚེ་ན་བྱས་པ་ལ། བདག་འཛིན་གྱི་རི་བོ་ཉི་ཤུའམ། གཉིས་འཛིན་གྱི་འཁྲུལ་པ་དེའི་ཚེ་བདག་མེད་ཉི་ཤུའམ། གཉིས་མེད་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། ཅེས་པའོ། །འོ་ན་བདག་མེད་ཉི་ཤུ་ལ་སོགས་པ་གཅིག་ཡིན་ཏེ། གཟུགས་བདག་མ་ཡིན། གཟུགས་བདག་ལ་མི་གནས། གཟུགས་བདག་གི་མ་ཡིན། གཟུགས་བདག་དང་མི་ལྡན། དེ་བཞིན་དུ་ཚོར་བ་དང༌། འདུ་ཤེས་དང༌། འདུ་བྱེད་དང༌། རྣམ་པར་ཤེས་པ་ལ་སོགས་པ་བཞི་བཞི་བདག་གམ།
རང་གཞན་མ་གྲུབ་པས་ན་གཉིས་མ་གྲུབ་ཅེས་པའོ། །དེའི་ཕྱིར་གཟུགས་བདག་མ་ཡིན་བྱས་པ་ལ། བདག་ནི་རྟག་པ་གཅིག་པུའི་རང་བཞིན་ཡིན་ལ། གཟུགས་ནི་མི་རྟག་པའི་རང་བཞིན་ཡིན་པས་ན་གཟུགས་བདག་མ་ཡིན། དེ་ལྟར་བཞི་པོ་ལ་ཡང་སྦྱར་རོ། །དཔེར་ན་བདག་མེད་པས་གནས་མ་གྲུབ་པ་དེ་ལ་སངས་རྒྱས་ཀྱི་དགོངས་པ་གཉིས་འཛིན་དང་བྲལ་བ་ཞེས་བྱའོ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དྭགས་ཡིན། །ཞེས་པ་འདས་མ་ཐག་པའམ་ཐོག་མའི་དབང་དུ་བྱས་པ་ཡིན། གོང་དུ་བཤད་པ་རྟོགས་པའི་བདག་འཛིན་གྱི་རིགས་གང་ཡང་མེད་པས་ན། དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དྭགས་ཙམ་ལས་དངོས་པོ་ལ་ཡོད་པ་མིན་ཞེས་པའོ། །དེ་ཉིད་སྤྲོས་བྲལ་ངང་ལ་རང་སེམས་ཟུང༌། །ཞེས་པ་ནི། དེ་གང་ཉིད་ཡིན་ན། སངས་རྒྱས་ཀྱི་དགོངས་པ་དེ་ཉིད་དེ། དེ་བླ་དྭགས་ཙམ་དུ་བཏགས་པ་ཡིན་པས་བརྗོད་དུ་ཡོད་པ་མ་ཡིན་པས། སྤྲོས་བྲལ་ངང་ལ་རང་སེམས་ཟུང༌། །ཞེས་པའོ། །དེ་ཡང་མཁའ་འགྲོ་མ་ནམ་མཁའ་དྲྭ་བའི་རྒྱུད་ནས་འདི་སྐད་དུ། དངོས་པོའི་མཚན་ཉིད་མ་བཅོས་པ། །ཟག་པ་མེད་པའི་ཡེ་ཤེས་ལ། །བླ་དྭགས་ཙམ་དུ་བརྗོད་ཡིན་པས། །ངོ་བོ་སྤྲོས་དང་བྲལ་བ་ཡིན། །ཞེས་བཤད་པའོ། །རྣལ་འབྱོར་པ་ཀི་ར་བ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༣༽ །།གུ་རུ་ས་ཀ་རའི་ཞལ་ནས། ཀླུ་རྒྱལ་བ་སུ་ཀ་གཟིར་བས། །འགྲོ་རྣམས་སྡུག་བསྔལ་གྱིས་གདུངས་ལ། །འདོད་ཡོན་དག་གི་ཆར་ཕབ་བོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་བས། །སྐལ་ལྡན་རིག་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་བོ། །ཞེས་སོ། །འདི་ལ་དཔེ་དོན་གཉིས་ལས། དཔེ་ནི་ཀླུ་རྒྱལ་གཟིར་བའི་དཔེ་དང་སྦྱར་ཏེ། ཀླུ་རྒྱལ་གྱིས་སེམས་ཅན་ལ་འདོད་ཡོན་གྱི་ཆར་ཕབ་པ་དང་འདྲ་སྟེ། དེས་ནི་ནང་གི་གནས་ཆེན་ཞེས་པ་ལ་སོགས་པ་བསྟན་ཏེ། དེ་བཞིན་ཞེས་པ་གོང་དུ་བཤད་པའི་ཀླུ་རྒྱལ་གཟིར་ཅེས་པ། དེ་བཞིན་དུ་ནང་གི་གནས་ཆེན་ཞེས་པ་ནི། ནང་ནི་ཤེས་བྱ་ཁ་ནང་དུ་ལྟ་བ་ཡིན་ལ། གནས་ཆེན་ནི་ཀུན་གཞིའི་གནས་ཡིན། ཆེ་བ་ནི་འཁོར་
འདས་ཀྱི་ཆོས་ཐམས་ཅད་འབྱུང་ཞིང་མི་ཤོང་བ་མེད་པས་ན་དེ་ལས་ཆེ་བ་མེད་པས་ཆེ་བའོ། །དུ་ཞེས་གནས་ཆེན་དེར་ཅི་བྱེད་ན། རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །ཞེས་པ་ལ་ཟེར་རོ། །འོ་ན་གཟིར་ལུགས་ཇི་ལྟར་དུ་གཟིར་ན། རིག་པའི་རྒྱལ་པོ་ནོར་བུ་རིན་ཆེན་ལྟར་གཟིར་སྐད། རིན་པོ་ཆེ་དེ་ལ་ཡོན་ཏན་ཅི་འབྱུང་ཞེ་ན། འདི་ཙམ་དུ་འབྱུང་བ་ཡིན་ཏེ། དེ་ཡང་དང་པོ་ཐོབ་པའམ་རྙེད་པར་དཀའ་ལ། གཉིས་པ་དེ་བཅང་བ་དཀའ་སྐད། གསུམ་པ་མཆོད་པ་དཀའ་སྐད། བཞི་པ་མཆོད་པས་དགོས་འདོད་ཐམས་ཅད་འབྱུང་སྐད། དཔེ་དེ་བཞིན་དུ་རིག་པའི་ཀླུ་རྒྱལ་དེ། དང་པོར་ངོ་སྤྲོད་པར་དཀའ་བ་ཡིན་སྐད། གཉིས་པ་ངོ་སྤྲོད་ནས་ཉམས་སུ་ལེན་པ་དཀའ་སྐད། གསུམ་པ་བླངས་ནས་ཡེ་ཤེས་མངོན་སུམ་དུ་སྐྱེ་བ་དཀའ་སྐད། བཞི་པ་ཡེ་ཤེས་མངོན་དུ་སྐྱེས་ནས་ཞི་བ་མྱ་ངན་ལས་འདས་པའི་ཡོན་ཏན་བརྗོད་ཀྱིས་མི་ལང་བ་འབྱུང་ཞེས་པའོ། །དེ་ལྟ་བུའི་ཡོན་ཏན་དེས་སུ་ཞིག་གི་དོན་བྱེད་ཅེ་ན། སྐལ་ལྡན་རིགས་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་བོ། །ཞེས་པ་སྟེ། སྐལ་ལྡན་ཅེས་པ་ནི་སྦྱངས་པ་ཅན་ལས་འཕྲོ་སད་པ། ཐེག་པ་ཆེན་པོའི་ཆོས་ཀྱི་སྐལ་བ་ཅན། དད་པ་ཅན་མོས་གུས་ཆེ་བའི་སྐལ་བ་ཡོད་པ། བརྩོན་འགྲུས་ཅན་སྦྱོར་ལམ་རྩོམ་པའི་སྐལ་བ་ཡོད་པ། ཤེས་རབ་ཅན་རྟོགས་པ་སྐྱེ་བའི་སྐལ་བ་ཡོད་པས་སྐལ་ལྡན་ཅེས་བྱའོ། །རིགས་འཛིན་ཞེས་བྱ་བ་ས་བཅུའི་སྐྱེ་གནས་དང་བྱང་ཆུབ་སེམས་དཔའི་རིགས་འཛིན་པས་རིགས་འཛིན་ཞེས་བྱའོ། །ཕོ་མོ་ཞེས་པ་ནི་རྟེན་གྱི་ཁྱད་པར་ལས་བཞག་པའོ། །དེ་རྣམས་ལ་དོན་ཇི་ལྟ་བུ་བྱེད་ཅེ་ན། གསང་སྔགས་རིག་པའི་ཆར་ཕབ་བོ། །ཞེས་བྱའོ། །གསང་སྔགས་ནི་ཤེས་སྐྱོབས་གཉིས་དང་ལྡན་པ་ལ་བྱ་སྟེ། དེ་ལ་ཤེས་པ་ནི་རྣལ་འབྱོར་པ་ལམ་པའི་ཤེས་པ་ཡིན་ལ། སྐྱོབ་པ་ནི་ཐོག་མེད་ནས་ཐུགས་རྗེ་ཆེན་པོས་འགྲོ་ཀུན་སྐྱོབ་པའོ། །རིག་པ་ནི་ཡང་དག་པའི་རིག་པ་ཁོང་དུ་ཆུད་པའོ། །ཆར་ཕབ་པ་ནི་རྟེན་གྱི་གང་ཟག་གོང་མ་རྣམས་ལ་ཀླུ་རྒྱལ་གྱི་དཔེ་ལྟ་བུར་ཕབ་པའོ། །བཀོད་པ་རྒྱལ་པོའི་རྒྱུད་
ནས་འདི་སྐད་བཤད། །སེང་གེའི་འོ་མ་ལྟ་བུ་ནི། །རིན་ཆེན་ལྟ་བུའི་སྣོད་དུ་ནི། །སྐལ་བ་ཅན་གྱི་སྣོད་དག་ལ། །རྡོ་ལ་ཆར་བཞིན་རབ་ཏུ་ཐིམ། །ཞེས་བཤད་དོ། །རྣལ་འབྱོར་བ་ས་ཀ་རའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༤༽ །།གུ་རུ་སརྦ་བྷཀྵའི་ཞལ་ནས། བདག་གིས་མ་རྟོགས་དུས་ན་སྣ་ཚོགས་རོ་ལ་ཁྱད་པར་ཆེ། །གང་ཞིག་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང༌། །དེ་ཉིད་རྟོགས་ན་འཁོར་བ་མྱང་འདས་བདེ་བ་ཆེ། །ཞེས་སོ། །འདི་ལ་ཁ་ཟས་ཀྱི་དཔེ་དང་རྟོགས་པའི་དོན་གཉིས་ཀྱིས་བསྟན་པ་ལས། དང་པོ་ནི། བདག་གིས་ཞེས་པ་སརྦ་བྷཀྵ་བདག་གིས་སོ། །མ་རྟོགས་པ་གང་མ་རྟོགས་ན་སྙིང་པོའི་དོན་མ་རྟོགས་པའོ། །དེ་མ་རྟོགས་པས་ཅི་ཉེས་ཞེ་ན། སྣ་ཚོགས་རོ་ལ་ཁྱད་པར་ཆེ། །ཞེས་པ་སྟེ། སརྦ་བྷཀྵ་ཕོ་བའི་མེ་དྲོད་ཆེ་བས་ཁ་ཟས་ལ་གཙང་རྨེ་མེད་པར་མ་རྟོགས་པའི་དུས་སུ་རོ་ལ་ཁྱད་པར་ཆེ་ཞེས་པ་སྟེ། དོན་གོང་གི་ཁ་ཟས་ཀྱི་གཙང་རྨེ་མེད་པ་སྣ་ཚོགས་པ་དེའི་རོ་ཞིམ་མི་ཞིམ་གྱི་ཁྱད་པར་ཆེ་བར་བྱུང་ཞེས་པའི་དོན་ཏོ། །གང་ཞིག་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །ཅེས་པ་ནི། དཔེ་དེ་བཞིན་དུ་བླ་མའི་གདམས་ངག་གིས་སྣང་སྲིད་ཐམས་ཅད་ཟས་སུ་བྱས་ནས། སེམས་ནི་བསྐལ་པའི་མེ་རུ་བྱས་ཏེ། སྲིད་གསུམ་ཟས་སུ་བྱས་ནས་ཟོས་པས་སྔར་གྱི་ཁ་ཟས་སྣ་ཚོགས་ལ་དེའི་རོ་ཞིམ་མི་ཞིམ་གྱི་བྱེ་བྲག་མེད་པར་གྱུར་པས་ན་རོ་ཐམས་ཅད་བྱེ་བྲག་མེད་ཅེས་པའོ། །དཔེ་དེ་བཞིན་དུ། དེ་བཞིན་མ་རྟོགས་དུས་སུ་འཁོར་འདས་ཐ་དད་སྣང༌། །ཞེས་པ་ནི། དེ་བཞིན་མ་རྟོགས་དུས་ཞེས་པ་དཔེ་དྲངས་པ་ཡིན་ཏེ། དེ་གང་ཡིན་བྱས་པ་ལ། གང་གི་ཁ་ཟས་ཀྱི་རོ་ལ་ཁྱད་པར་རམ་བྱེ་བྲག་འབྱུང་བ་ལྟར་དུ་མ་རྟོགས་པའི་དུས་སུ་འཁོར་བ་དང་མྱང་འདས་ཐ་དད་དུ་སྣང་ཞེས་པའི་དོན་ཏོ། །དེ་ཉིད་རྟོགས་ན་འཁོར་བ་མྱང་འདས་བདེ་བ་ཆེ། ཞེས་པ་དེ་ཡང༌། རྟོགས་པའི་དུས་སུ་ཞེས་པ་ནི་སརྦ་བྷཀྵས་སྣང་སྟོང་གཉིས་མེད་ཀྱི་དོན་གཅིག་རྟོགས་པའི་དུས་སུ་འཁོར་བ་མྱང་འདས་བདེ་བ་ཆེ་སྟེ། ཇི་ལྟར་དུ་བདེ་བྱས་པ་ལ། འཁོར་བ་ལ་སྙིང་པོ་མེད་པར་ཤེས་པས་
མི་མཐུན་པའི་ཕྱོགས་ཀྱི་སྤང་བྱ་མེད། མཐུན་པའི་ཕྱོགས་ཀྱི་གཉེན་པོ་ཡེ་ཤེས་མེད་པས་ན། མྱ་ངན་ལས་འདས་པ་ཡང་དང་དུ་བླང་དུ་མེད་པས་འཁོར་བ་མྱང་འདས་བདེ་བ་ཆེ། ཞེས་སོ། །དོན་གྱིས་ན་འཁོར་བ་ཉིད་ཆོས་སྐུ་ཡིན་པས་མི་སྤངས་ལ། མྱ་ངན་ལས་འདས་པ་བསྒྲུབ་རྒྱུ་མེད་པས་མི་བསྒྲུབ་བོ། །དེ་ལྟར་དུ་ཡང༌། བླང་དོར་མེད་པས་བདེ་བ་ཆེ། །ཞེས་པའོ། །རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་མཁའ་འགྲོ་མ་ལྕེ་སྤྱང་མགོ་རོ་ཟན་མས། ཁང་བཟང་གི་སྟེང་དུ་གནས་སྐབས་ཀྱི་ཚིགས་སུ་བཅད་པ་འདི་དག་གསུངས་ཏེ། འཁོར་བ་འདི་ན་ནམ་མཁའི་ནོར་བུ་རྒྱ་མཚོ་འདྲ། །དེ་ཙམ་གྱིས་ནི་ཡོན་ཏན་རྙེད་པར་གྱུར་པས་ན། །ཐོབ་པའི་ཡོན་ཏན་སྤང་བླང་མི་དགོས་བདེ་བ་ཆེ། །ཞེས་བཤད་དོ། །རྣལ་འབྱོར་པ་སརྦ་བྷཀྵའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༥༽ །།གུ་རུ་ནཱ་ག་བོ་དྷིའི་ཞལ་ནས། ས་ལ་གནས་ན་ཐམས་ཅད་སྐལ་པ་བཟང༌། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་དག་ཏུ་ཕྱིན་ན་གཉེན་དང་འཕྲད། །ཅེས་སོ། །འདིའི་དོན་ནི། དང་པོ་དཔེ་བཞིས་དོན་བཞི་བསྟན་པ་ཡིན་ཏེ། དེ་ཡང་དཔེ་དང་པོ་ཐོད་པ་དངོས་གྲུབ་ཅན་གྱིས་ས་དང་པོ་ཐོབ་པའི་དཔེ། རྣལ་འབྱོར་པ་ཀཱ་མ་རཱུ་པས་བསྟན་པ་ནི། ས་ལ་གནས་ན་ཀུན་ཀྱང་སྐལ་བ་བཟང༌། །ཞེས་པས་བསྟན་ཏེ། དེ་ནི་རྣལ་འབྱོར་པ་ཀཱ་མ་རཱུ་པ་ཞེས་བྱ་བ་དེ་ནགས་ཁྲོད་ན་གནས་པའི་ཚེ། དུར་ཁྲོད་དུ་ས་འབོར་ཞིག་ལ་སྔས་གཏད་ནས་ཉལ་བའི་ཚེ། དེའི་ནུབ་མོ་སྲིད་པ་གསུམ་མཐོང་བར་གྱུར་ནས། དེ་གར་འདུག་པ་ལྟའོ་སྙམ་པ་ལ། དེ་ཕྱིས་མ་བྱུང་ནས། དུར་ཁྲོད་དེ་བརྐོས་པས་ཐོད་པ་དུམ་བུ་གཅིག་བྱུང་ནས། དེ་བཅངས་པས། དེ་མན་ཆད་དུ་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའི་རབ་དགའ་ལྟ་བུའི་མངོན་ཤེས་བྱུང་བས་ན་དེའི་སྐལ་པ་བཟང་ཞེས་པའོ། །དཔེ་དེ་བཞིན་འདིར་ཡང༌། ས་ལ་གནས་ན་ཀུན་ཀྱང་སྐལ་བ་བཟང༌། །ཞེས་པ་ནི་ཕྱིར་མི་ལྡོག་པའི་ས་ཐོབ་པ་ཅིག་ལ་བྱའོ། །འདིར་ཚོགས་ལམ་དང་སྦྱོར་ལམ་གྱི་དུས་སུ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་གསུམ་
གྱི་ས་ལ་གནས་པར་བྱ། མཐོང་ལམ་གྱི་དུས་སུ་ཤེས་རབ་ཀྱི་མིག་གིས་ཡང་དག་མཐོང་བའི་ས་ལ་གནས་པར་བྱས་ནས། སྒོམ་ལམ་གྱི་དུས་སུ་བསམ་གཏན་དང་ཏིང་ངེ་འཛིན་ལས་མ་ཡེངས་པར་བྱས་ནས་བཞུགས་པས། ཉོན་མོངས་པ་ལ་སོགས་པ་སྐད་ཅིག་མ་ལ་སྐྱེ་ཡང་སྐད་ཅིག་མ་གཉིས་པ་ལ་གཉེན་པོའི་ཡེ་ཤེས་ཀྱིས་སྤངས་ནས་སྐད་ཅིག་མ་གསུམ་པ་ལ་ཡེ་ཤེས་འབའ་ཞིག་ཏུ་གནས་གྱུར་ནས་མཐར་ཕྱིན་པའི་གནས་བགྲོད་ཅིང་སྨིན་པའི་ས་ལ་གནས་པས་ན་གནས་ཞེས་བྱའོ། །ཀུན་ཀྱང་སྐལ་པ་བཟང་ཞེས་པ་ནི། དེ་ལ་ཀུན་ཅེས་པ་གོང་མའི་སྒོ་རུ་ཞུགས་པ་ཀུན་ཡིན། སྐལ་པ་ནི་བགྲོད་པར་བྱ་བ་ལམ་གྱི་སྐལ་བ་དང༌། ཐོབ་པར་བྱ་བ་འབྲས་བུའི་སྐལ་བ་དང་ལྡན་པས་ན་སྐལ་བ་ཡིན་ལ། བཟང་བ་ནི་ངན་པའི་རིགས་དང་བྲལ་བ་ལའོ། །དཔེ་གཉིས་པ་རྒྱ་མཚོའི་དཔེ་བསྟན་པ་ནི། རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །ཅེས་པ་སྟེ། དེ་ཡང་བ་ཚྭ་ཅན་གྱི་རྒྱ་མཚོ་ལ་ནོར་བུ་རིན་པོ་ཆེས་གང་ནས་ཡོད་པ་ལས། རྒྱ་གར་ཙ་མ་རི་བྱ་བའི་མི་རིགས་ཡོད་པས། དེ་རྣམས་ཀྱིས་ཏིརྠི་ཀ་དྷ་ཧུ་རི་བྱ་བ་ལ་རླུང་སྲོག་རྩོལ་གཅིག་པ་བྱ་བ་བསླབས་ནས་བསྒོམས་པས། ལོ་ལྔ་ལ་གྲུབ་ནས་ཟླ་བ་ཕྱེད་ཀྱི་བར་དུ་རླུང་ཟིན་ཏེ་དབུགས་མི་རྒྱུ་བ་ལ། དེའི་ལུས་ལ་མེའི་ཕྲེང་བ་ལྟ་བུའི་དྲོད་སྐྱེ་བ་ཅིག་ཡོད་པས། ནུས་པ་དེ་ལྟ་བུ་དེས་རྒྱ་མཚོ་ལ་ཉ་བཞིན་དུ་སོང་ནས། གསེར་དང་དངུལ་དང་མུ་ཏིག་དང་ནོར་བུ་རིན་པོ་ཆེའི་རིགས་ཀུན་བླངས་ནས། གཉེན་འདུན་ཀུན་ལོངས་སྤྱོད་ལ་སྦྱར་ནས་བཞག་པས་དབུལ་བ་འདོར་བར་བྱེད་དོ། །དཔེ་དེ་བཞིན་དུ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དེ་རྒྱ་མཚོ་དང་འདྲ་བར་ཡོན་ཏན་ཐམས་ཅད་འབྱུང་བས་ན། དེའི་གཏིང་དུ་ཕྱིན་པས་ཉོན་མོངས་པ་དང་བྲལ་ནས་ཆོས་ཉིད་ནོར་བུ་ལྟ་བུ་ལོན་ཏེ། དེ་ལ་བརྟེན་ནས་ཉོན་མོངས་པའི་དབུལ་བ་དང་བྲལ་བའོ། །དཔེ་གསུམ་པ། རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཞེས་པ་སྟེ། དེའི་དཔེ་ནི་གྲོང་ཁྱེར་མཉན་ཡོད་ཀྱི་རྒྱལ་པོ་གྷོ་ཕལ་བྱ་བ་དེ་ལ་ནུབ་ཕྱོགས་ཏིརྟི་ཀའམ། དུ་རུ་ཀའི་དམག་ཆེན་པོ་བྱུང་ནས་ཡུལ་ཁམས་ཐམས་ཅད་ཕུང་བར་བྱེད་པ་ལ། དེའི་ལྷོ་
ཕྱོགས་ན་སུ་ལི་བྱཱ་ཁྱོའི་ཡུལ་ཕྱོགས་ན་ཁྱིམ་བདག་ས་མ་ཤྲཱི་བྱ་བ་ཅིག་ལ་བུ་བདུན་ཚ་བོ་བཞི་དང་བཅུ་གཅིག་ཡོད་པ་ལས། དེ་རྣམས་ཀྱིས་ཨོ་ཙ་ཞེས་བྱ་བ་རལ་གྲིའི་འཁོར་ལོ་བསྒྱུར་ཤེས་པ་ཡིན་པ་ལ། རྒྱུ་ཆུང་ལ་ཤིན་ཏུ་དབུལ་བས་ལག་ཆའི་རལ་གྲི་དེ་ཡང་མི་འབྱོར་བར་ཡོད་པ་ལ། མཉན་ཡོད་ཀྱི་རྒྱལ་པོ་དེ་རྣམས་རལ་གྲི་བསྐོར་བ་དེ་ལ་བཤུགས་ནས། ཏིརྟི་ཀའི་དམག་བྱུང་དུས་རལ་གྲི་བསྐོར་ཞིང་འཐབས་པས་ཚུ་རོལ་པ་རྒྱལ་ནས། རྒྱལ་པོ་དེས་རལ་གྲི་བ་དེ་རྣམས་ལོངས་སྤྱོད་དང་སྦྱར་ནས་དབུལ་བ་དོར་བར་བྱས་སོ། །དཔེ་དེ་བཞིན་དུ་མཐར་ཕྱིན་པའི་འབྲས་བུ་ཆོས་སྐུ་དེས་དངོས་པོ་མཚན་མའི་ཆོས་ཐམས་ཅད་གཅོད་པར་བྱེད་པས་ན་རལ་གྲི་ལག་ཏུ་ཐོགས་ཞེས་པའོ། །ལོངས་སྤྱོད་ཆེ་ཞེས་པ་ནི་དེ་ལྟར་ཡེ་ཤེས་ཀྱི་རལ་གྲི་དེས་ཆོས་ཉིད་ལ་ལོངས་སྤྱོད་པས་ཆེ་ཞེས་པའོ། །དཔེ་བཞི་པ་ཕྱོགས་མེད་ས་ལ་ཕྱིན་པ་ནི། རྒྱ་གར་ཤར་ཕྱོགས་ར་དྷ་བྱ་བ་ན་ཁྱིམ་བདག་ལམ་སྐྱེས་བྱ་བ་ཅིག་ཡོད་པ་དེ་ལ་བུ་ལོ་བཞི་ལོན་པ་ཅིག་ཡོད་པ་ལས། དེ་ལ་ཕ་དང་མ་ཡར་གཉིས་ཀ་སྡང་བས་དེ་ཕྱོགས་སུ་ལྡོམ་བུ་ལ་ཕྱིན་པས། ཁ་སརྤཱ་ཎིའི་ལྷ་ཁང་དུ་ཕྱིན་ཏེ། ལྷའི་མཆོད་པའི་རྫས་རྣམས་རྐུ་ནས་ཟ་ཡིན་བསྡད་དེ། དེ་ན་སྤྱན་རས་གཟིགས་ཀྱི་སྐུ་ཡོད་པ་དེ་ལ་མཆོད་པ་ཕུལ་ཞིང་མོས་གུས་བྱས་པས། དེའི་བྱིན་རླབས་ཀྱིས་སྐྱེ་བ་དྲན་པར་གྱུར་ནས་གྲོང་ཁྱེར་ཙམ་པ་ཀ་ན་སྔར་གྱི་ཕ་མ་དང་གཉེན་འདུན་ཡོད་སར་ཕྱིན་ནས་ལོ་རྒྱུས་བཤད་དོ། །ཐམས་ཅད་ངོ་མཚར་སྐྱེས་ཏེ་བུར་བྱས་པས་གཉེན་དང་འཕྲད་ཅེས་པའོ། །དེ་བཞིན་དུ་ས་དང་པོ་མཐར་ཕྱིན་པའི་འབྲས་བུ་ཕྱག་རྒྱ་ཆེན་པོ་ཆོས་སྐུ་དེ་ལ་ཕྱོགས་རིས་སམ་རྟོག་པ་དང་བྲལ་བས་ན་ཕྱོགས་མེད་དུ་ཕྱིན་ཅེས་པའོ། །གཉེན་དང་འཕྲད་ཅེས་པ་ཆོས་སྐུ་ཀུན་གྱི་གཉེན་གཅིག་དང་འཕྲད་ཅེས་པའི་དོན་ཏོ། །རྣལ་འབྱོར་པ་ནཱ་ག་བོ་དྷིའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༦༽ །།གུ་རུ་དཱ་རི་ཀ་པའི་ཞལ་ནས། བདེ་བ་ཆེན་པོ་རང་ལ་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །དེ་བསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསག་བྱ། །
ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང༌། །བླ་མ་དག་དང་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །ཞེས་སོ། །འདིའི་དོན་ནི་བདེ་བ་ཆེན་པོ་ཞེས་པའི་བདེ་བ་གང་ཡིན་ན། ཆོས་སྐུ་ཟག་པ་མེད་པའི་ཡེ་ཤེས་ཞེས་པ་དེ་ལ་བདེ་བ་ཞེས་པའོ། །ཆེན་པོ་ནི་དེའི་གོང་ན་གཞན་མེད་པས་ན་ཆེན་པོའོ། །རང་ལ་ཡོད་ཀྱང་ཞེས་པ་ནི་ཆོས་སྐུ་བདེ་བ་ཆེན་པོའི་ཡེ་ཤེས་དེ་གཞན་ནས་བཙལ་མི་དགོས་པར་རང་ཆས་སུ་ཡེ་གདོད་མ་ནས་ཡོད་ཅེས་པའོ། །མ་རྟོགས་འཁྲུལ་པས་བསྒྲིབས་ཞེས་པ་སྤངས་རྟོགས་དེ་བྱིས་པ་སོ་སོའི་སྐྱེ་བོའི་དུས་ནས་སྒྲིབ་གཡོགས་ཀྱི་རྟོག་འཁྲུལ་ངན་པས་བསྒྲིབས་ཞེས་པའོ། །འོ་ན་སྒྲིབ་གཡོགས་ཀྱི་རྟོག་འཁྲུལ་ངན་པ་དེ་ཐབས་ཅི་འདྲ་ཅིག་གིས་བསལ་བར་བྱ་ཞེ་ན། དེ་བསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསག་བྱ། ཞེས་པ་སྟེ། དེ་བསལ་ཅེས་པ་ཆོས་ཉིད་ཀྱི་རོ་ལ་བདེ་གསལ་མི་རྟོག་པའི་ངོ་བོར་འདོད་པས་སྒྲིབ་གཡོགས་དེ་བསལ་བར་བྱ་སྟེ། དེ་ཡང་ཚོགས་རྣམ་པ་གཉིས་ཀྱིས་བསལ་བར་བྱའོ། །གཉིས་གང་ཞེ་ན་བསོད་ནམས་ཡེ་ཤེས་ཚོགས་བསག་བྱ། །ཞེས་པའོ། །བསོད་ནམས་ཞེས་པ་རྒྱུ་བསོད་ནམས་ཀྱི་ཚོགས་ཡིན་ཏེ། དེ་ཡང་དང་པོར་སྒོམ་པའི་ལམ་ཡན་ཆད་དུ་བསྟན་ནས། བསྒོམས་པའི་འབྲས་བུ་མཐར་ཕྱིན་པའི་དུས་སུ་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་ཅིག་ཐོབ་པས་ན་ཚོགས་བསག་བྱ། །ཞེས་པའོ། །དེ་ལྟར་ཚོགས་རྣམ་པ་གཉིས་ཀྱིས་མ་བསལ་ན་འབྲས་བུ་བདེ་བ་ཆེན་པོ་མི་འཐོབ་པས། ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང༌། །ཞེས་པའོ། །དེ་ཅིས་ན་བྱས་པ་ལ་ཚོགས་གཉིས་པོ་དེ་ལ་འབྲས་བུ་རང་ཆས་སུ་ཡོད་པ་ཡིན་ལ། དེ་མིན་པ་འབྲས་བུ་གང་ནས་ཀྱང་མི་རྙེད་པས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང་ཞེས་པའོ། །འོ་ན་ཚོགས་གཉིས་པོ་དེ་གང་ལ་བརྟེན་ནས་གསོག་བྱས་པ་ལ། བླ་མ་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར་ཞེས་པའོ། །དེ་ཡང་བླ་མ་མི་ལྡན་པ་ནི། ཚོགས་གཉིས་གསོག་པའི་དོན་སྟོན་པ་བླ་མ་ཡིན་པས་དེ་དང་མི་ལྡན་ན་འབྲས་བུ་ཡེ་ཤེས་ཀྱི་ཚོགས་བདེ་བ་ཆེན་པོ་དེ་རྟོགས་པར་མི་འགྱུར་ཞེས་
པའི་དོན་ཏོ། །དེ་ཡང་མཁའ་འགྲོ་མ་དྲྭ་བའི་རྒྱུད་ནས། ཟད་ཅིང་འཕེལ་བ་མེད་པའི་བདེ་བ་ཆེན་པོ་དེས། །ལམ་ཉིད་དག་པར་བྱེད་པ་བླ་མ་ལ་བརྟེན་ནས། །ཚོགས་གཉིས་བློ་ཡི་རིམ་པས་རྣམ་པར་དག་པར་བསགས། །དེ་ཙམ་དེ་ལ་བརྟེན་པས་འབྲས་བུ་ཐོབ། །ཅེས་བཤད་དོ། །རྣལ་འབྱོར་པ་དཱ་རི་ཀ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༧༽ །།གུ་རུ་པུ་ཏ་ལིའི་ཞལ་ནས། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །བློས་བཞག་ལོག་པའི་ལམ་སྤངས་ནས། །སྙིང་པོའི་ལམ་ལ་བརྩོན་བྱས་ན། །སྙིང་པོའི་འབྲས་བུ་གདོན་མི་ཟ། །གང་གིས་བླ་མ་དམ་པ་ལས། །དབང་བླངས་ལྷན་ཅིག་སྐྱེས་པ་དེའི། །རོ་ཡིས་ཀུན་ལ་ཁྱབ་བྱས་ཏེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །ཞེས་སོ། །འདིའི་དོན་ནི། དེ་ཡང་དང་པོ་རྒྱལ་པོ་ལ་ལྷ་ལ་བཟང་ངན་ཕྱོགས་རིས་ཀྱི་བློས་མ་ཕྱེ་བར་བསྒོམས་ཤིག་པར་གདམས་པ་ནི། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །ཞེས་པ་ཕྱི་པ་དང་ནང་པ་ཐམས་ཅད་བདེ་གཤེགས་གཅིག་པའི་ངང་ངམ་རང་བཞིན་ཡིན་པས་ན་ངའི་ལྷ་འདི་ཡིན་ཏེ་བཟང་ཞེས་པའམ། ཁྱོད་ཀྱི་ལྷ་འདི་ཡིན་ཏེ་ངན་ཞེས་པ་མེད་ཅེས་པའི་དོན་ཏོ། །འོ་ན་ཕྱི་ནང་གི་ལྷ་ལ་ང་ཁྱོད་བཟང་ངན་མེད་པ་ཅི་ཙུག་ཡིན་བྱས་པ་ལ། བློས་བཞག་ལོག་པའི་ལམ་སྤངས་ནས། །ཞེས་པ་སྟེ་ལྷ་ལ་ང་ཁྱོད་བཟང་ངན་དུ་འབྱེད་པ་ནི་རང་གི་རྟོག་པའི་བློས་བཞག་པ་ཡིན་ལ། རྟོག་པའི་བློ་ནི་ལོག་པའི་ལམ་ཡིན་པས་ན་ལོག་པའི་ལམ་དེ་སྤངས་ནས་མ་ལོག་པའི་སྙིང་པོའི་ལམ་ལ་བརྩོན་པར་བྱས་ན། སྙིང་པོའི་འབྲས་བུ་གདོན་མི་ཟ་བར་ཐོབ་ཅེས་པའི་དོན་ཏོ། །དེ་འདྲ་བ་དེ་ཐོབ་པར་བྱེད་པའི་ཐབས་གང་གིས་ཐོབ་བྱས་པ་ལ། ཐབས་ནི་གང་གིས་བླ་མ་དམ་པ་ལས། །ཞེས་པ་ལ་སོགས་པས་བསྟན་ཏེ། གང་གིས་ཞེས་པ་སྙིང་པོའི་ལམ་ལ་འཇུག་པའི་གདམས་ངག་གོ །བླ་མ་ལས་ཞེས་པ་ནི་བདེ་སྟོང་གི་དོན་ངོ་སྤྲད་པར་བྱེད་པའི་དམ་པ་དེ་ལ་བྱའོ། །དབང་བླངས་ཞེས་པ་རྒྱུ་དབང་ལ་བརྟེན་ནས་བགྲོད་པར་བྱེད་པའི་ལམ་བསྐྱེད་རྫོགས་གཉིས་ཀྱིས་གྲོལ་ཞིང་སྨིན་པར་བྱས་པས་ཐོབ་པར་བྱ་བའི་འབྲས་བུ་དེ་ལ་ལྷན་ཅིག་སྐྱེས་པ་ཞེས་ཐོབ་བྱའི་འབྲས་བུ་དེ་ཐོབ་པའོ། །དེ་དུས་ནམ་
ཐོབ་ཅེ་ན། རོ་ཡིས་ཀུན་ལ་ཁྱབ་ཅེས་པའོ། །རོ་ནི་བདེ་བ་ཆེན་པོའི་རོ་ཡིན་ལ། །ཁྱབ་ནི་འགྲོ་དྲུག་སེམས་ཅན་ཀུན་ལ་ཁྱབ་པ་སྟེ། གཞན་ནས་བཙལ་མི་དགོས་པར་རང་དང་ལྷན་སྐྱེས་སུ་ཁྱབ་ཅེས་པའོ། །ལྷན་སྐྱེས་དེའི་ངོ་བོ་དེ་ཇི་ལྟ་བུ་ཅིག་ཡིན་བྱས་པ་ལ། སྐྱེ་མེད་རྒྱས་འདེབས་ཞེས་པས་ངོ་བོ་སྐྱེ་མེད་དེས་རྒྱས་འདེབས་ཙམ་ན་ས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་ཅེས་པའོ། །དེ་ཡང་སྒྱུ་འཕྲུལ་རྣམ་བཀོད་ལས། ཐེག་པ་དམན་ལས་རབ་བཟློག་ནས། །རྩེ་གཅིག་པར་ནི་བློ་སྦྱངས་ན། །སྐད་ཅིག་མ་ལ་བློ་འགྱུར་ནས། །རྡོ་རྗེ་འཛིན་པའི་ས་ཐོབ་འགྱུར། །ཞེས་བཤད་དོ། །རྣལ་འབྱོར་པ་པུ་ཏ་ལའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༨༽ །།གུ་རུ་པ་ན་ཧའི་ཞལ་ནས། སྙིང་པོ་གཉུག་མའི་དོན་བསམས་པས། །ཇི་ལྟར་བསམས་པ་དེ་ལྟར་རྟོགས། །དེས་ན་རང་ཉིད་གང་དགར་ཡིན། །འདོད་རྒུ་ལྷུག་པར་ཐམས་ཅད་འབྱུང༌། །ཞེས་སོ། །འདིའི་དོན་ནི། དེའང༌། སྙིང་པོ་གཉུག་མའི་དོན་བསམས་པས། །ཞེས་པ་ནི། སྙིང་པོ་ཞེས་པ་བདེ་བར་གཤེགས་པའི་ཐུགས་བྱང་ཆུབ་སེམས་ཀྱི་སྙིང་པོ་དེ་དག་གི་དོན་མ་བཅོས་པ་ནི་གཉུག་མ་ཞེས་བྱ་སྟེ། དེ་ལ་མ་ཡེངས་པར་རྩེ་གཅིག་བསམས་པས་ཅི་འབྱུང་བྱས་པ་ལ་ཇི་ལྟར་བསམས་པ་དེ་ལྟར་རྟོགས། །ཞེས་པ་སྟེ། ཇི་ལྟར་ན་སེམས་ཉིད་ཀྱི་ངོ་བོ་ཇི་ལྟ་བ་དེ་འདྲ་བ་ཅིག་རྟོགས་ཞེས་པའོ། །ཇི་ལྟ་བ་གང་ཡིན་བྱས་པ་ལ། རང་གི་ངོ་བོ་གང་དུ་ཡང་འདོད་པ་མེད་པ། རྐྱེན་གྱིས་ཇི་ལྟར་སྣང་ཡང་ཕྱོགས་དང་རིས་མེད་པ་ཅིག་རྟོགས་ཞེས་པའོ། །དེས་ན་རང་ཉིད་གང་དགར་ཡིན། །ཞེས་སོ། །དེས་ན་ཞེས་པ་སྟེ་ཕྱོགས་རིས་མེད་པར་རྟོགས་པ་དེས་ན་ཞེས་པའོ། །དེ་ཉིད་གང་དགར་ཡིན་ཞེས་པ་ནི་རྟོགས་པ་དེ་ཉིད་ལ་འདིའི་ཕྱིར་ན་འདི་ཡིན་བྱ་བ་མེད་པས་ན་གང་དགར་ཡིན་ཞེས་པའོ། །དེའི་གོང་ནས་གསུངས་པ་ནི་ངེས་པར་ཡིན་ཞེས་པའོ། །གང་ངེས་པ་ཡིན་བྱས་པ་ལ། གཉུག་མའི་ངོ་བོ་ངེས་པར་སངས་རྒྱས་ཀྱི་དགོངས་པ་ཡིན་ཞེས་པའོ། །འོ་ན་དེ་ཡིན་པ་ལ་ངོ་ཅིས་ཤེས་བྱ་བ་ལ། སངས་རྒྱས་ཀྱི་དགོངས་པ་ནོར་བུ་རིན་པོ་ཆེ་ལ་ཡོན་ཏན་བརྗོད་ཀྱིས་མི་ལང་བར་འབྱུང་
བས་ན་འདོད་དགུ་ལྷུག་པར་ཐམས་ཅད་འབྱུང༌། ཞེས་པའོ། །ཨིནྡྲ་བྷཱུ་ཏིའི་ཞལ་ནས་གསུངས་པ། བརྩོན་པར་བསྒོམས་པའི་འབྲས་བུ་ནི། །ངེས་པའི་སེམས་དོན་ཇི་ལྟར་རྟོགས། །འཆིང་གྲོལ་མེད་པར་ཡན་གྱུར་ན། །ཡིད་བཞིན་ནོར་བུ་ལྟ་བུར་འགྱུར། །ཞེས་བཤད་དོ། །རྣལ་འབྱོར་པ་པ་ན་ཧའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༧༩༽ །།གུ་རུ་ཀོ་ཀི་ལ་པའི་ཞལ་ནས། བྱ་བ་བཏང་བ་མན་ངག་ཡིན། །ཞེ་འདོད་མེད་ན་རྟོགས་པ་ཡིན། །བདེ་བ་དངོས་མེད་སྒོམ་པ་ཡིན། །བསྒྲུབ་བྱེད་མེད་ན་འབྲས་བུའི་མཆོག །ཅེས་སོ། །འདིའི་དོན་ནི། བྱ་བ་བཏང་ན་མན་ངག་ཡིན། །ཞེས་པ་བྱ་བ་དེ་གང་གི་བྱ་བ་བཏང་ན། བྱ་བ་ནི་གཉིས་འཛིན་འཇིག་རྟེན་གྱི་བྱ་བ་ཡིན་ཏེ་ཆོས་བརྒྱད་ལ་སོགས་པ་དང་པོ་འཇལ་བར་བྱས་པ་དང༌། དེ་ལས་གཞན་པའི་ཆོས་ཀྱི་བྱ་བ་སྡེ་སྣོད་ཀྱི་བྱ་བ་གང་དང་གང་བཏང་བ་གཉིས་སོ། །བྱ་བ་དེ་གཉིས་བཏང་བ་ནི་གང་ཡིན་བྱས་པ་ལ། ཀོ་ཀི་ལ་ཉིད་ཀྱི་ཆོས་སྐུའི་ཡོན་ཏན་ངོ་བོ་སྐྱེ་བ་མེད་པ། བྱ་རྩོལ་དང་བྲལ་བ་དེ་ལ་རྟོག་དཔྱོད་གང་གིས་ཀྱང་རྟོགས་པར་མི་འགྱུར་བས་ན། བྱ་བ་བཏང་བ་མན་ངག་ཡིན། ཞེས་པའི་དོན་ཏོ། །དེ་ཅེས་བྱས་པ་ལ། བྱ་བ་ཐམས་ཅད་བློ་ཡིན་ལ། བློ་ནི་ཞེན་པ་ཡིན་ཏེ། དེ་ལ་ཆོས་སྐུ་ནི་ཞེན་པ་མེད་ཅིང་དཔེ་དང་བློས་མ་རེག་པ་ཡིན་པས་ན། ཞེ་འདོད་མེད་ན་རྟོགས་པ་ཡིན། །ཞེས་སོ། །དེ་ལྟར་དུ་ཞེ་འདོད་བྲལ་བས་ན་གང་ལ་ཡང་དངོས་པོར་གྲུབ་པ་མེད་དེ། བདེ་བ་དངོས་མེད་སྒོམ་པ་ཡིན། །ཞེས་སོ། «།ཚིག་རྐང་རྗེས་མའི་འགྲེལ་པ་མ་བྱུང༌།» མགོན་པོ་རལ་པའི་ཐོར་ཚུགས་ཅན་གྱི་ཞལ་ནས། །མཛེས་པར་བྱེད་པའི་བྱ་བ་བཏང༌། །མཛེས་པའི་ཞེན་པ་ང་ལ་མེད། །ལྷ་མིའི་བདེ་བ་དངོས་པོའོ། །བདག་ནི་དེ་ལྟ་མ་ཡིན་ནོ། །ཞེས་པའོ། །རྣལ་འབྱོར་པ་ཀོ་ཀི་ལ་པའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༨༠༽ །།གུ་རུ་ཨ་ནངྒའི་ཞལ་ནས། འཁོར་བ་སྙིང་པོ་མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲེགས་པ་ཡི། །དུག་གིས་ཟིན་ནས་
བདེན་པར་འཛིན། །མངོན་ཞེན་དུག་ནད་དྭངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། །ཞེས་སོ། །འདི་ལ་དཔེ་དོན་གཉིས་ལས། དང་པོ་ཨ་ནངྒ་རང་གི་ལུས་དྲེགས་པའི་མངོན་ཞེན་གྱིས་བཅིང་བར་བསྟན་པ་ནི། འཁོར་བ་སྙིང་པོ་མེད་པ་ཡི། །ཞེས་པ་སྟེ། དེ་ལ་འཁོར་བ་ནི་ཐོག་མ་མེད་པ་ནས་སྐྱེ་ཞིང་འཁོར་བ་དེ་ལ་བྱ་སྟེ། འཁོར་བ་དེ་རུ་འཁྱམས་པས་སྲིད་པ་གསུམ་གྱི་ལུས་བླངས་ནས་འདོད་པ་ལྷ་མིའི་ལོངས་སྤྱོད་དམ། མི་འདོད་པ་ངན་སོང་གསུམ་གྱི་སྡུག་བསྔལ་དེ་ལྟ་བུ་དེ་ལ་བདེ་བ་ཡོད་དམ་བྱས་པ་ལ། མེད་དེ་སྙིང་པོ་མེད་ཅེས་པའི་དོན་ཏོ། །འོ་ན་སྙིང་པོ་མེད་པའི་དཔེ་ཇི་ལྟ་བུ་བྱས་པ་ལ། དཔེ་ནི་དོན་གྱི་ཕྱོགས་མཚོན་པ་སྲིན་བུ་མེ་ཁྱེར་གྱི་དཔེ་ལྟ་བུའོ། །མེ་ཁྱེར་གྱི་མེ་དེ་མིག་གི་དབང་པོ་ལ་དཀར་ཡེ་རེ་འདུག་ཀྱང༌། དངོས་པོ་ལ་མེ་དེ་ཙམ་གང་ནས་བྱུང་གི་སྙིང་པོ་མི་རྙེད་པའམ་མི་འདུག་པ་ལྟ་བུའོ། །དོན་ལ་འཁོར་བའི་རང་བཞིན་གང་ལ་ཡང་སྙིང་པོ་མེད་པ་འཇའ་ཚོན་ལྟ་བུ་ཞེས་པའོ། །ལུས་འདི་ལ་ཞེས་པ་ནི་ཨ་ནངྒའི་ལུས་འདི་ལ་ཞེས་པའོ། །མ་རིག་མངོན་ཞེན་དྲེགས་པ་ཡིས། །ཞེས་པ། མ་རིག་པ་ཞེས་གང་མ་རིག་བྱས་པ་ལ། སྙིང་པོ་མེད་པ་མ་རིག་ཅེས་པའོ། །ཅིས་ཉེས་བྱས་པ་ལ། མངོན་ཞེན་དྲེགས་པའི་ཞེས་པ་སྟེ། མངོན་པར་ཞེན་པས་དྲེགས་པའི་དུག་འདི་ལས་དགྲ་གཞན་མ་མེད་པ་ལ། ང་འདྲ་བའམ། ང་ལས་ལྷག་པ་གང་ན་ཡོད་ཅེས་དྲེགས་པའི་ང་རྒྱལ་གྱི་དུག་གིས་ཟིན་ནས་བདེན་པར་བཟུང་ཞེས་པའི་དོན་ཏོ། །གཉིས་པ་མངོན་ཞེན་དུག་ནད་དྭངས་པས་ཆོས་སྐུ་ངོས་ཟིན་པར་བསྟན་པ་ནི། མངོན་ཞེན་གྱི་དྲེགས་པའི་ནད་དྭངས་པས་འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ་ཞེས་པས་བསྟན་ཏོ། །མངོན་ཞེན་ཅེས་པ་ཕྱི་ནང་གི་ཆོས་གང་ལ་ཡང་མངོན་པར་ཞེན་པ་ཡིན་ཏེ། དེས་ན་འཆིང་བར་བྱེད་པ་ལང་ཏང་གི་དུག་ལྟ་བུ་ཡིན་ཞེས་པའོ། །དུག་དེ་དྭངས་པ་ན་ལང་ཏང་གི་དུག་དེ་དྭངས་ཙམ་ན་རྐྱེན་གྱིས་དབང་པོ་འཁྲུལ་པའི་དུག་ལས་ལོག་སྟེ། རབ་རིབ་ཀྱི་འཁྲུལ་པ་དྭངས་པ་བཞིན་དུ། འཁོར་བ་ལ་མངོན་པར་ཞེན་པ་ལོག་ཙམ་ན་འཁོར་བ་ཉིད་ཀྱང་ཆོས་སྐུ་ཡིན་ལ། འཁོར་བ་སྤངས་པའི་ཕ་
ལོགས་ན། །སངས་རྒྱས་བྱ་བའི་ཡོན་ཏན་མེད། །ཅེས་བསྟན་པའི་དོན་ཏོ། །ལུང་རྒྱས་པའི་དོ་ཧ་ནས་བཤད་པ། འཇིག་རྟེན་བློ་བཞག་ལོག་ལྟ་ཡིན། །མངོན་པར་ཞེན་པ་ལོག་ལྟ་སྟེ། །དངོས་པོའི་ཞེན་པ་གང་ཡིན་པ། །དེ་ལས་ལོག་པ་རྫོགས་སངས་རྒྱས། །ཞེས་སོ། །རྣལ་འབྱོར་པ་ཨ་ནངྒའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༨༡༽ །།གུ་རུ་ལཀྵྨཱི་ཀ་རའི་ཞལ་ནས། དང་པོར་བློ་ལྡན་རྟོགས་པ་བསྐྱེད། །གཉིས་པར་གནས་ལུགས་མ་ཡེངས་བསྒོམ། །དེ་ནས་ཉམས་མྱོང་སྐྱེས་པ་ན། །སྤྱོད་པ་བགས་ཀྱིས་སྤྱད་པར་བྱ། །ཞེས་སོ། །འདིའི་དོན་ནི། དེ་ལ་དང་པོ་སོ་སོ་སྐྱེ་བོ་ཐ་མལ་པས་ལམ་བགྲོད་པར་བྱེད་པའི་ལམ་ལ་བླ་མས་དབང་རིམ་པར་བསྐུར་བ་ལ་བརྟེན་ནས་ཐོབ་པར་བྱེད་པའི་འབྲས་བུ་དེ་བརྡའི་སྒོ་ནས་རིག་པ་ཁོང་འཇམ་དུ་ངོ་སྤྲོད་ནས། ཆོས་སྐུ་རྟོགས་པར་བྱེད་པ་ལ། དང་པོ་མི་དམིགས་པའི་ཤེས་རབ་ཀྱིས་རྟོགས་དགོས་པས་ན། དང་པོར་བློ་ལྡན་རྟོགས་པ་བསྐྱེད། །ཅེས་པའོ། །དེ་ཉམས་མྱོང་དང་མི་འབྲལ་བ་ཅིག་དགོས་པས་ན། གཉིས་པར་གནས་ལུགས་མ་ཡེངས་བསྒོམ། །ཞེས་པའོ། བསྒོམས་ནས་ཉམས་དེ་མངོན་དུ་གྱུར་ཙམ་ན། སྤྱོད་པ་བགས་ཀྱིས་སྤྱད་པར་བྱ། །ཞེས་པ་སྟེ་བགས་ཀྱི་ཇི་ལྟར་དུ་སྤྱད་པར་བྱ་བྱས་པ་ལ། རྟགས་ཀྱིས་དང༌། ཡེ་ཤེས་གང་དང་གང་དུ་སོན་པ་རང་གི་ཉམས་ཀྱིས་བརྟགས་ལ་སྤྱད་པར་བྱ་བ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལྟ་བུས་བསྟན་པའོ། །ཨིནྡྲ་བྷཱུ་ཏིའི་དོ་ཧ་ནས་གསུངས་པ། དམན་པའི་ལུས་ཀྱིས་རྒྱལ་བའི་དགོངས་པ་ནི། །ཚོགས་གཉིས་བློ་ཡིས་ལོགས་པར་བླངས་ནས་ཀྱང༌། །མ་ཡེངས་གྲུབ་ལ་དེ་ཉིད་ལེགས་བཅངས་ཏེ། །འཁོར་བའི་རྒྱ་མཚོ་བགས་ཀྱིས་བསྒྲལ་བར་བྱ། །ཞེས་བཤད་དོ། །ལྷ་ལྕམ་ལཀྵྨཱི་ཀ་རའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༨༢༽ །།གུ་རུ་ས་མུ་དྲའི་ཞལ་ནས། སྐྱེ་མེད་རྟོགས་ཀྱང་ཉམས་མྱོང་དང་བྲལ་ན། །དཔེར་ན་སྲིན་པོའི་ལག་ཏུ་བུ་ཁྱེར་འདྲ། །ཉམས་མྱོང་གནས་ལུགས་དོན་དང་མ་འབྲེལ་ན། །དེ་ཡང་གླང་ཆེན་
འདམ་དུ་ཞུགས་པ་འདྲ། །ཞེས་སོ། །འདི་ལ་དཔེ་དོན་གཉིས་ཀྱིས་བསྟན་ཏེ། དེ་ལ་དང་པོར་རྟོགས་ཀྱང་ཉམས་སུ་མ་མྱངས་ན་མི་ཕན་པའི་དཔེ་ནི་སྲིན་པོ་ལག་ཏུ་བུ་ཁྱེར་བ་ལྟ་བུས་བསྟན་ཏེ། དེ་ཡང་སྲིན་པོའི་ལག་ཏུ་བུ་ཁྱེར་བ་ནི་ཟ་བར་བྱེད་པ་ཡིན་ལ། ལྷོ་ནུབ་མཚམས་ན་སྲིན་པོའི་གྲོང་ཡོད་པ་ལས། དེ་ཡང་ཤ་ཁྲག་གི་དྲི་ཚོར་ན་དཔག་ཚད་སྟོང་གི་བར་དུ་ཡང་རྒྱུགས་ནས་ཤ་དང་ཁྲག་ཟ་བ་ཡིན་ལ། ཤ་ཁྲག་མེད་ན་རང་གི་བུ་དང་བུ་མོའི་ཤ་ཁྲག་ཟོས་ནས་འཇོག་པའོ། །དེའི་གནད་ཀ་ཅི་ཡིན་ན། རང་གི་བུ་ཡིན་པའི་ཆ་ཡོད་ཀྱང་བུའི་བརྩེ་གདུང་མེད་པར་ཤ་ཁྲག་གིས་གདུངས་ནས་ཤ་ཟོས་པ་ལྟ་བུར། དོན་སྐྱེ་བ་མེད་པ་རྟོགས་ཀྱང་དེ་ཉམས་སུ་མ་མྱོང་བའི་སྟོབས་ཀྱིས་ཚོགས་བརྒྱད་ཀྱི་སྤྱོད་ཡུལ་སོ་སོ་སྐྱེ་བོའི་ཉོན་མོངས་པ་དང་ཁྱད་པར་མེད་པར་སོང་བས་ན་སྲིན་པོའི་ལག་ཏུ་བུ་ཁྱེར་བ་དང་འདྲ་ཞེས་པའོ། །དེ་ཉམས་སུ་མྱོང་ཡང་གནས་ལུགས་ངོ་མ་ཤེས་ན་མི་ཕན་པའི་དཔེ་གླང་པོ་ཆེ་ལྟ་བུས་བསྟན་པ་ནི། དེ་ཡང་གླང་ཆེན་འདམ་དུ་བྱིང་བ་འདྲ། །ཞེས་པས་བསྟན་ཏེ། གླང་ཆེན་འདམ་དུ་བྱིང་བ་ནི། དེ་ལུས་ཀྱི་རང་བཞིན་ཆེ་བས་ཁོ་རང་གིས་ཁོ་རང་མ་ཐོན་ན་གཞན་གྱིས་བསྐུལ་ཡང་འགུལ་མི་ནུས་པ་ལྟ་བུར། གནས་ལུགས་སྐྱེ་མེད་ཀྱི་དོན་སངས་རྒྱས་ཀྱི་སའི་ཡེ་ཤེས་དེ་བློ་ལས་འདས་ཏེ། རང་ངོ་མ་ཤེས་ན་ཉམས་མྱོང་ལུས་ངག་གི་སྲུང་སྡོམ་མང་པོ་དང༌། རྟོག་ཚོགས་ཀྱི་ལམ་རིམ་པ་མང་པོ་ཉམས་སུ་མྱོང་ནའང༌། ལྷ་མིའི་བདེ་བ་ཙམ་ལ་སངས་རྒྱས་ཀྱིས་མི་ནོན་པ་གླང་པོ་ཆེ་འདམ་དུ་བྱིང་བ་དང་འདྲ། ཞེས་པའོ། །གང་བ་བཟང་པོའི་མདོ་ལས་བཤད་པ། ཀྱེ་རྒྱལ་པོ་ལས་ནི་གང་བསགས་པ། །དེ་ལྟ་བུ་ནི་ཐོབ་འགྱུར་གྱིས། །མ་བསགས་པས་ན་ཐོབ་མི་འགྱུར། །ཞེས་སོ། །དེ་ལྟ་བུ་ཟག་པ་དང་བཅས་པའི་ལས་ནི་འཁོར་བའོ། །གང་ཟག་པ་མེད་པ་ནི་མྱ་ངན་ལས་འདས་པའོ། །ཞེས་བཤད་དོ། །རྣལ་འབྱོར་པ་ས་མུ་དྲའི་རྟོགས་བརྗོད་དང་འགྲེལ་པ་རྫོགས་སོ།། ༨༣༽ །།གུ་རུ་བྱཱ་ལི་པའི་ཞལ་ནས། །བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང༌། །ནམ་མཁའི་མཐོངས་སུ་བསྒོམས་ན་དབེན་པའི་མཆོག །ཆོས་རྣམས་
ཡོངས་སུ་རྟགས་ན་མི་མཐུན་མེད། །ནམ་མཁའི་འོ་མ་འཐུངས་ན་འཚོ་བར་འགྱུར། །ཞེས་སོ། །འདིའི་དོན་ནི། དེ་ཡང༌། བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང༌། །ཞེས་པ། བླ་མ་གསུམ་ཡོད་དེ། བརྡ་དང་དོན་སྦྱོར་བར་བྱེད་པ་བརྒྱུད་པའི་བླ་མ་དང༌། ཡིད་ཆེས་པར་བྱེད་པ་བཀའི་བླ་མ། སྒྲོ་འདོགས་གཅོད་པ་དངོས་ཀྱི་བླ་མ་དང་གསུམ་ཡོད་པ་ལས། དང་པོ་བླ་མ་གཉིས་ཀྱི་དོན་ངོ་སྤྲོད་པས་ཡིད་ཆེས་ནས་སེམས་ཀྱི་སྒྲོ་འདོགས་ཆོད་ཙམ་ན། བླ་མ་དམ་པ་མཐོང༌། ཞེས་པ། སེམས་སམ་དངོས་ཀྱི་བླ་མ་དེ་མཐོང་བས་ན་བླ་མ་དམ་པ་མཐོང་ཞེས་བྱའོ། །འོ་ན་སེམས་ཀྱི་བླ་མ་དམ་པ་མཐོང་བས་དེ་ཉིད་མཐོང་བ་ཅིའི་ཕྱིར་བྱས་པ་ལ། དེ་ཉིད་ཅེས་བྱ་བ་དེ་སེམས་ཀྱི་ངོ་བོ་མ་ཡིན་པ་ཅིག་ལོགས་ན་མེད་པས་ན། སེམས་ཀྱི་ངོ་བོ་དེ་མཐོང་བ་ལ་དེ་ཉིད་མཐོང་ཞེས་བྱའོ། །འོ་ན་ངོ་བོ་དེ་རང་གི་མཚན་ཉིད་ཅི་འདྲ་བ་ཅིག་ཡིན་བྱས་པ་ལ། དེ་རང་གི་མཚན་ཉིད་འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་མཚན་ཉིད་བཞི་དང་ལྡན་པ་ཅིག་ཡིན་ཏེ། ནམ་མཁའ་དེ་རང་གི་མཚན་ཉིད་ཙམ་དུ་བརྗོད་དུ་བཏུབ་ཀྱང༌། འདི་ཁོ་ན་ཡིན་ཞེས་བརྗོད་དུ་མ་བཏུབ་པས་ན་ནམ་མཁའ་རང་གི་ངོ་བོ་སྟོང་པ་རུ་འདུག་པ། ནམ་མཁའ་དེ་རང་ལ་མཐའ་དང་དབུས་མ་གྲུབ་པས་ཕྱོགས་ཆ་དང་བྲལ་བ། ནམ་མཁའ་དེ་རང་ལ་ཐམས་ཅད་འབྱུང་བས་སྣ་ཚོགས་འབྱུང་བ། ཐམས་ཅད་གོ་འབྱེད་པས་མཚན་ཉིད་བཞི་དང་ལྡན་པ་ཅིག་ལ་ནམ་མཁའ་ཟེར་བ་ཡིན་ཏེ། དཔེ་དེ་བཞིན་དུ་དངོས་ཀྱི་བླ་མ་དེ་མཚན་ཉིད་བཞི་དང་ལྡན་པ་ནམ་མཁའ་ལྟ་བུར་བསྒོམས་ན། དབེན་པའི་མཆོག་ཅེས་པ་ཉོན་མོངས་པ་དང་རྣམ་པར་རྟོག་པས་དབེན་པའི་མཆོག་ཅེས་བྱའོ། །ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ཅེས་པ་ནི། ཆོས་རྣམས་གང་ཡིན་ན་འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་རྣམས་སོ། །ཡོངས་སུ་རྟོགས་ན་ཞེས་པ་ནི། ནམ་མཁའི་མཚན་ཉིད་དེ་ལྟར་སེམས་ཉིད་ཡོངས་སུ་རྟོགས་ན་མི་མཐུན་མེད། ཅེས་བྱ་སྟེ། ནམ་མཁའ་སྟོང་པ་འདིའི་ཕྱིར་ན་འདི་ཡིན་བྱ་བའམ། འདིའི་ཕྱིར་ན་འདི་མིན་བྱ་བ་མེད་པས་ན་མི་མཐུན་མེད། །ཅེས་སོ། །དེ་ལྟ་བུའི་ནམ་མཁའ་སྟོང་པའི་
རང་བཞིན་དེ་ནི་ཆོས་ཉིད་ཀྱི་བདུད་རྩི་ཡིན་པས། ནམ་མཁའི་ངོ་བོ་ཡིན་ཏེ། ཆོས་སྐུའི་བདུད་རྩི་ཡིན་པས་ན། འོ་མ་དེ་འཐུངས་པས་འཚོ་བར་འགྱུར། །ཞེས་པ་ནི་ཉོན་མོངས་པའི་བདུད་དུ་གྱུར་པས་ན་འཚོ་བར་འགྱུར། ཞེས་པའོ། །རྒྱལ་པོ་ཛ་ལེནྡྲ་པས་ཐགས་མཁན་ལ་གདམས་པ་ནི། ཆོས་སྐུ་ཕྱག་རྒྱ་ཆེན་པོའི་རོ། །འོ་མ་ལྟ་བུའི་བདུད་རྩི་འདི། །ལེགས་པར་བློ་ལྡན་གཅོང་ནད་འབྱིན། །སྣོད་ངན་དུག་གིས་འཆིང་བར་འགྱུར། །ཞེས་གསུངས་སོ། །སློབ་དཔོན་བྱཱ་ལི་པའི་རྟོགས་བརྗོད་དང་དེའི་དོན་འགྲེལ་སློབ་དཔོན་ཨ་བྷ་ཡེ་ཤྲཱིས་མཛད་པ་རྫོགས་སོ།། ༨༤༽ །།དེས་གཞུང་གི་དོན་བསྟན་ནས་འཇུག་གི་དོན་བསྟན་པ་ནི། སྐལ་ལྡན་དག་གི་དོན་ཕྱིར་བླ་མ་རྣམས་ཀྱི་རྟོགས་པའི་སྙིང་པོ་ཀུན། །ཚད་མེད་བློ་ཡིས་ལེགས་བསྡུས་བསོད་ནམས་རྒྱ་ཆེན་བདག་གིས་གང་ཐོབ་དེས། །འགྲོ་རྣམས་བླ་མ་དང་འཕྲད་བྱིན་རླབས་ཡང་དག་སེམས་ལ་ཞུགས་གྱུར་ནས། །གནས་ལུགས་དོན་ཉིད་ཡང་དག་སེམས་རྟོགས་རྒྱལ་བའི་ས་ལ་གནས་གྱུར་ཅིག །ཅེས་སོ། །འདི་ལ་གཉིས་ཏེ། གྲུབ་ཐོབ་རྣམས་ཀྱི་དགོངས་པ་རྟོགས་པའི་དོན་སྙིང་པོའི་འོ་མ་ལས་མར་ཕྱུང་བ་ལྟ་བུ་འདི། སྐལ་ལྡན་རྣམས་ཀྱིས་ལམ་གཅིག་ཅར་དུ་བསྟན་པས་རྟོགས་པའི་དཔེ་རྨ་བྱ་ལས་བཙན་དུག་ལྟ་བུར་བསྟན་པ་དང༌། བློ་དམན་ལ་སྨོས་སུ་མི་རུང་བའི་དཔེ་བཙན་དུག་དང་འགྲོ་བ་གཞན་དག་ལྟ་བུས་བསྟན་པའོ། །གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་རྟོགས་པའི་སྙིང་པོ་སློབ་དཔོན་དཔའ་བོ་འོད་གསལ་གྱིས་ཕྱོགས་གཅིག་ཏུ་བསྡུས་ཤིང༌། དེའི་དོན་འགྲེལ་བླ་མ་ཨ་བྷ་ཡ་ཤྲཱིས་བཤད་པ་སྟེ་བླ་མ་མེ་ཉག་ལོ་ཙཱ་བས་བསྒྱུར་བའོ།། །།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་བྱ་ཚུལ་གསལ་བར་བཀོད་པ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་སྦྱིན།
གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་བྱ་ཚུལ་གསལ་བར་བཀོད་པ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་སྦྱིན་ཞེས་བྱ་བ་བཞུགས་སོ།།
འཕགས་ཡུལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཀྱི་ཆོ་ག་ཇི་ལྟར་བགྱིད་པའི་ཚུལ་གསལ་བར་བཀོད་པ་མཆོག་གི་བྱིན་རླབས་ཡེ་ཤེས་བཅུད་སྦྱིན་ཞེས་བྱ་བ། དཔག་ཏུ་མེད་པའི་ཐུགས་རྗེ་མངའ་བའི་རྩ་བའི་བླ་མ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ལ་གུས་པས་ཕྱག་འཚལ་ལོ་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། ཟུང་འཇུག་བདེ་ཆེན་སྐུ་བརྙེས་པའི། །གྲུབ་མཆོག་བླ་མ་བརྒྱུད་པར་འདུད། །གང་གི་བྱིན་རླབས་བྱེད་ཚུལ་ནི། །བླ་མའི་གསུང་བཞིན་གསལ་བར་དགོད། །དེ་ཡང་གནས་ཁང་བྱི་དོར་བྱས་པར་སྟེགས་བུ་ཁེབས་ལྡན་གྱི་དབུས། མཎྜལ་གྲུ་བཞི་པ་དབུས་ཟླུམ་དཀར་པོ་པདྨ་འདབ་བརྒྱད་མཛེས་ཚོན། གྲུ་ཆད་ཕྱོགས་མདོག་ཏུ་བཏང་བའི་དབུས་སུ་མེ་ཏོག་ཚོམ་བུ་བཀོད། མཐའ་མཆོད་པས་བསྐོར། མདུན་ངོས་ནང་མཆོད་ཚོགས་གཏོར་བཅས་བཤམ། ཉིན་དང་པོར་བུམ་པ་ཚད་ལྡན་བཅུད་ཀྱིས་གང་བ་ཡང་འདུ་བྱ། སློབ་དཔོན་གྱིས་བླ་མེད་ཀྱི་ཡི་དམ་ཡབ་ཡུམ་གང་རིགས་ཀྱི་བདག་བསྐྱེད་དང་ལྡན་པས་ནང་མཆོད་གནས་ཡོ་བྱིན་རླབས་བྱ། རྗེ་གྲོལ་མཆོག་ཞབས་སོགས་ཀྱིས་སློབ་དཔོན་གྱིས་སྒྲུབ་པའི་ཚུལ་དམིགས་བསལ་མ་གསུངས་ཀྱང་བླ་མའི་ཕྱག་བཞེས་ལ་མཛད་པས། འོག་ནས་འབྱུང་བཞིན་སློབ་མ་ལ་དམིགས་པ་ངོ་སྤྲོད་པ་ལྟར་སློབ་དཔོན་རང་ཉིད་ཀྱིས་ཚར་གཅིག་ཉམས་སུ་བླང༌། དེ་ནས་སློབ་མ་
རྣམས་བོས་ལ་ཁྲུས་བྱས། མེ་ཏོག་བཀྱེ་བསྡུ་གྲུབ་མཚམས་འདི་ལྟར་བརྗོད་པར་བྱའོ། །ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོང་འཕང་མངོན་དུ་བྱ། དེའི་ཆེད་དུ་འཕགས་ཡུལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དབང་བསྐུར་ཞུ་སྙམ་པས་མ་ཡེངས་པར་གསན་འཚལ། དེ་ཡང་རྒྱལ་བ་རྣམས་ཀྱིས་བསྟན་པའི་དམ་པའི་ཆོས་ཚུལ་མཐའ་ཡས་ཀྱང་མདོར་བསྡུ་ན་ཐེག་པ་དམན་མཆོག་གཉིས་སུ་འདུ་བ་ལས། ཐེག་དམན་ཉན་རང་གི་ཐེག་པ་ལས་ཆོས་དང༌། སེམས་དང༌། བསམ་པ་དང༌། མོས་པ་དང༌། ཚོགས་དང༌། དུས་དང༌། སྒྲུབ་པ་ཆེན་པོ་སྟེ་ཆེན་པོ་བདུན་གྱིས་ཐེག་པ་ཆེན་པོ་ཟབ་ཅིང༌། ཐེག་པ་ཆེན་པོ་དེ་ཉིད་ལའང་རྒྱུ་དང་འབྲས་བུའི་ཐེག་པ་གཉིས་སུ་དབྱེ་བའི་འབྲས་བུ་རྡོ་རྗེ་ཐེག་པ་ཉིད་མཆོག་ཏུ་གྱུར་པར་བཤད་དེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་དང༌། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོགས་མང་དུ་གསུངས་ཤིང༌། ཐེག་པ་ཆེན་པོ་དེ་ལས་ལམ་གྱིས་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དགེ་བའི་བཤེས་གཉེན་ཚུལ་བཞིན་བསྟེན་པ་ལ་རག་ལས་པར་གསུངས་ཤིང༌། མདོ་སྡུད་པ་ལས། སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་
པ་རྣམས་ལ་ཡོངས་སུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་དང༌། ཁྱད་པར་རྡོ་རྗེའི་ཐེག་པ་ལས་ནི་ཆེ་ཐང་དུ་བསྔགས་ཏེ་ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གིས་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། རྒྱུད་གཞན་ལས་ཀྱང༌། ཡོན་ཏན་རྒྱ་མཚོ་བླ་མ་ལ། །དང་བའི་ཡིད་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་ཐམས་ཅད་ཀྱི། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །ཅེས་གསུངས་པ་སོགས་ཀྱིས་མཚོན་ལ། སྐལ་ལྡན་དབང་པོ་ཡང་རབ་འགའ་ཞིག་བྱིན་རླབས་ཀྱི་སྟོབས་ཀྱིས་སྐད་ཅིག་ལ་གྲོལ་བ་ཡང་བླ་མའི་ཐུགས་རྗེ་དང་སློབ་མའི་མོས་གུས་འཛོམ་པ་ལས་བྱུང་བ་ཡིན་ལ། བྱིན་གྱིས་རློབས་ཚུལ་ནི་མཐའ་གཅིག་ཏུ་མ་ངེས་ཏེ་སྤྲོས་བཅས་སྤྲོས་མེད་ཀྱི་ཚུལ་ཅན་དབང་དང་རྗེས་གནང་ཅི་རིགས་པས་སོ། །དཔོན་སློབ་ཀྱི་རྟེན་འབྲེལ་འཛོམ་ན་བླ་མས་ཚིག་གཅིག་མ་བསྟན། སློབ་མས་ཚིག་གཅིག་མ་ཉན་ཀྱང༌། ལྟ་སྟངས་སམ་ཕྱག་སྤྱི་བོར་བཞག་པའམ་བརྡ་ཙམ་གྱིས་གྲོལ་བ་ཡོད་དེ། སློབ་དཔོན་ཏིལླི་པ་ནཱ་རོ་པས་དཀའ་བ་ཆེན་པོ་བཅུ་གཉིས་ཀྱི་སྒོ་ནས་བསྟེན་པའི་མཐར། ཏིལླི་པས་མཆིལ་ལྷྭམ་དཔྲལ་བར་བརྒྱབས་པས་བརྒྱལ། བརྒྱལ་སངས་པ་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་གཟིགས་པ་ལྟ་བུ་སྟེ། དེས་མཚོན་འཕགས་བོད་ཀྱི་ཡུལ་དུ་སློབ་དཔོན་འགའ་ཞིག་དེ་ལྟར་བརྡ་དང་དགོངས་པ་གཏད་པས་གྲོལ་བ་བྱུང་ཚུལ་སོ་སོའི་རྣམ་ཐར་དུ་གསལ་བ་བཞིན་ནོ། །དེ་ལས་འདིར་འཕགས་ཡུལ་གྲུབ་བརྙེས་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཀྱི་རིམ་པ་སྒྲུབ་པར་བྱེད་པ་ལ། དེ་ཡང་གསང་སྔགས་ཀྱི་ཐེག་པ་བླ་ན་མེད་པའི་སྐབས་འདིར་དབང་བཞིའི་དོན་ཚང་ཡང་དབང་གི་ཆོ་ག་དངོས་མ་ཡིན་ཞིང་ཆོ་གའི་རིམ་པ་ཡང་ཤིན་ཏུ་ཟོར་ཡང་བ་རྣམས་ལ་བྱིན་རླབས་ཀྱི་ཆོ་ག་ཞེས་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་ལ་གྲགས་པ་ལྟར། བྱིན་རླབས་ཀྱི་ཆོ་ག་དབང་བཞིའི་ཚུལ་ཅན་བགྱིད་པ་ལ། དེ་ཡང་བདག་ཅག་གི་སྟོན་པའི་བསྟན་པ་འདི་ཉིད་ལ་རྫོགས་པའི་སངས་རྒྱས་མྱ་ངན་ལས་འདས་ནས་ཉན་ཐོས་སྡེ་པ་རྣམས་ལ་གྲགས་པའི་
བཀའ་བསྡུ་གསུམ་པ་ཟིན་པའི་མཇུག ཐེག་ཆེན་གྱི་སྡེ་སྣོད་ཐོག་མར་དར་བ་དང་དུས་མཚུངས་པར་སློབ་དཔོན་བྲམ་ཟེ་ཆེན་པོ་ས་ར་ཧ་བྱོན་པ་ནས་བཟུང་སྟེ། དུས་ཕྱིས་མཁས་པ་སྒོ་དྲུག་ཡན་ཆད་ཀྱི་དུས་ཙམ་དུ་བྱོན་པའི་རྡོ་རྗེ་ཐེག་པ་རྣལ་འབྱོར་ཆེན་པོའི་ལམ་ལ་བརྟེན་ནས་དངོས་གྲུབ་བརྙེས་པའི་སློབ་དཔོན་གྲགས་ཆེ་བ་རྣམས་ཏེ། དེ་ཡང་བརྒྱད་ཅུ་རྩ་བཞིའི་གྲངས་ངེས་ཀྱི་ཐ་སྙད་ལ་ངོས་འཛིན་ཚུལ་མང་ཡང༌། བོད་འདིར་སྔོན་སློབ་དཔོན་རྡོ་རྗེ་གདན་པས་མཛད་པར་གྲགས་པའི་བསྟོད་པ་ཚིགས་བཅད་དུ་སྡེབས་པ་འདི་ལ་མཁས་པའི་དབང་པོ་ཆེས་ཆེ་བ་དག་གིས་ཀྱང་དཔྱད་པ་མེད་པར་ཚད་མར་མཛད་ཅིང༌། བྱིངས་མཁས་རྨོངས་མ་ལུས་པས་ཚད་ཐུབ་ཡིན་ཁུལ་མཛད་མོད་ཀྱང༌། ཕྱིས་བྱོན་གྲུབ་ཆེན་ནག་པོ་སྤྱོད་པའི་རྣམ་འཕྲུལ་རྗེ་བཙུན་ཀུན་དགའ་གྲོལ་མཆོག་ཞབས་དང༌། གང་གི་ཡང་སྲིད་རྗེ་བཙུན་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐའི་ཞབས་སོགས་འཕགས་ཡུལ་གྱི་མཁས་གྲུབ་དང་ཐུགས་འདྲིས་ཆེ་ཞིང་སྔོན་གནས་རྗེས་སུ་དྲན་པའི་དམ་པ་ཚད་མར་གྱུར་པ་དག་གི་གསུང་ལྟར་ན། རྒྱ་གར་གྱི་ཕྱོགས་སུ་སྔོན་ནས་ད་བར་བསྟོད་པ་འདི་གང་དུའང་མ་གྲགས་པས། བར་སྐབས་བལ་པོའི་ལྷ་བཟོ་བ་ཞིག་གིས་རྡོ་རྗེ་གདན་པ་ལ་ཁ་གཡར་ཏེ་བརྩམས་པར་གྲགས་པ་དོན་ལ་གནས་ཤིང༌། བསྟོད་པ་དེར་བརྗོད་དོན་ལ་གཞིགས་ཀྱང་ནོར་འཁྲུལ་མང་བ་སོགས་ཡིད་བརྟེན་མེད་ཅིང༌། པཎྜི་ཏ་དཔའ་བོ་འོད་གསལ་གྱི་ལུགས་འདི་ཉིད་རྒྱ་གར་འཕགས་པའི་ཡུལ་དུ་སྔ་ཕྱིར་གྲགས་པ་དང་མཐུན་ཞིང་རྟོགས་བརྗོད། དོ་ཧ། བྱིན་རླབས་ཀྱི་རྒྱུན་དང་བཅས་པ་ཚད་ཐུབ་མ་ཉམས་པར་གནས་པས་འདི་འབའ་ཞིག་ཁུངས་སུ་འོས་ཞེས་བཞེད་པ་མཁས་གྲུབ་དམ་པ་ཆེན་པོའི་རྡོ་རྗེའི་གསུང་དཔང་དུ་གྱུར་པར་ངེས་པ་རྙེད་པས་འདིའི་དབང་དུ་བྱས་ཏེ་བཤད་ན། སྔོན་བྱུང་གི་ལོ་རྒྱུས་ནི། སྔོན་དུས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་གནོད་སྦྱིན་མོ་ཞིག་ལས་ཀྱི་དབང་གིས་དུར་ཁྲོད་ཀྱི་མི་རོ་རུལ་པ་ཟ་ཞིང་གནས་པ་ལས། ནམ་ཞིག་ན་ནམ་མཁའ་ནས་གནོད་སྦྱིན་གཞན་གྱིས་དེའི་ལུས་ཀྱི་སྟེང་དུ་ཁྲོ་ཆུ་ཁོལ་མ་བླུགས་པས་ལུས་ཐམས་ཅད་ཚིག་སྟེ་
སྡུག་བསྔལ་བཟོད་བླག་མེད་པར་གྱུར་པ་ལ། གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་གནོད་སྦྱིན་མོ་དེ་ཡང་སྐལ་བ་དང་ལྡན་པར་མཁྱེན་ཅིང་ཚད་མེད་པའི་ཐུགས་རྗེ་ཆེན་པོས་དེའི་དོན་དུ་སྙིང་པོའི་དོན་སྟོན་པའི་མན་ངག་རིན་ཆེན་ཕྲེང་བ་ཞེས་པ་མཛད་དེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀོ་ཀི་ལ་དང་དྷརྨ་བི་ཤྭ་ཞེས་པ་གཉིས་ལ་གདམས། དེ་གཉིས་ཀྱིས་གནོད་སྦྱིན་མོ་ལ་གདམས་པ་བསྟན་པས་ལུས་ཀྱི་ཟུག་རྔུ་ཞི། སེམས་རྒྱུད་རྣམ་པར་གྲོལ་ཏེ་བདེན་པ་མཐོང་བའི་མཁའ་འགྲོ་མ་ཆེན་མོར་གྱུར་སྐད། དུས་ཕྱིས་རྒྱ་གར་ནུབ་ཕྱོགས་སུའུ་རཱཥྚའི་བྱེ་བྲག་ཀཱནྟ་མ་ར་ཞེས་བྱ་བར་ཆོས་ལྡན་གྱི་རྒྱལ་པོ་ཀུཉྫི་ཞེས་པ་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཞིག་ཡོད་པ་ལས་ནམ་ཞིག་ན་དེའི་མ་ན་སྟེ་འཆི་བར་ཉེ་བ་ན། རྒྱལ་པོ་དེ་མ་ལ་བརྩེ་བས། མ་ཁྱེད་ཡུན་རིང་དུ་མི་བཞུགས་པ་འདྲ་ན་སྐུ་ཚེ་ཕྱི་མར་ཕན་པའི་ཐབས་སུ་དགེ་སློང་གི་དགེ་འདུན་དང༌། བྲམ་ཟེ་དང༌། ལྷ་ཁང་མཆོད་པ་དང༌། སྦྱིན་པ་གཏོང་བ་ལ་སོགས་པ་ཅི་འདོད་པ་བདག་གིས་བྱ་ཡིས་བཀའ་སྩོལ་ཅིག་ཅེས་སྨྲས་པས། མ་ན་རེ། ཁོ་མོའི་དགེ་རྩ་གཞན་བྱ་མི་དགོས་ཀྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་བརྒྱད་ཅུ་རྩ་བཞི་སྤྱན་དྲངས་ལ་ཚོགས་ཀྱི་འཁོར་ལོས་མཆོད་དེ་ངའི་དོན་དུ་གསོལ་བ་ཐོབ་ཅིག་ཟེར་ནས་འདས་སོ། །དེར་རྒྱལ་པོའི་བསམ་པ་ལ། སྔོན་གྱི་གྲུབ་ཐོབ་དེ་དག་ནི་ད་ལྟ་མིའི་འགྲོ་བ་ཐ་མལ་པས་མི་མཐོང་ན་ཇི་ལྟར་སྤྱན་དྲང༌། འོན་ཀྱང་མའི་ངག་བཅགས་ན་མི་རུང་ཞིང་གྲུབ་ཆེན་རྣམས་ཐུགས་རྗེའི་བདག་ཉིད་ཡིན་པས་གསོལ་བ་གདབ་པར་བྱའོ་སྙམ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀོ་ཀི་ལ་དང༌། དྷརྨ་བི་ཤྭས་མངོན་སུམ་དུ་ཞལ་བསྟན་ཏེ་ངེད་གཉིས་ཀྱིས་ཁྱོད་ཀྱི་གྲོགས་བྱ་སྟེ་གྲུབ་ཐོབ་རྣམས་སྤྱན་དྲང་གི་ཚོགས་ཁང་རྩིགས་ཤིག་གསུངས། དེར་རྒྱལ་པོས་ཚོགས་ཁང་རྒྱ་ཆེན་པོ་བརྩིགས། མཁའ་འགྲོ་མ་གཉིས་ཀྱིས་རྫུ་འཕྲུལ་གྱིས་སྐད་ཅིག་ལ་གནས་སོ་སོར་བྱོན་ཏེ་གྲུབ་ཐོབ་རྣམས་སྤྱན་དྲངས་པས། དང་པོར་ལཱུ་ཡི་པ་བྱོན། དེ་ནས་རིམ་བཞིན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་སྐད་ཅིག་ལ་བྱོན་ཏེ་གདན་ལ་བཞུགས་པ་ལ། རྒྱལ་པོས་ཚོགས་ཀྱི་ཡོ་བྱད་གྱ་ནོམ་པ་བཤམས་ཏེ་
ཚོགས་ཀྱི་འཁོར་ལོའི་འདུ་བ་ཡུན་རིང་དུ་མཛད། མཐར་གྲུབ་ཐོབ་རྣམས་རྒྱལ་པོའི་མཆོད་གནས་སུ་ཡུན་དུ་བཞུགས་པར་ཞུས་ཀྱང་མ་གནང༌། གྲུབ་ཐོབ་རེ་རེས་དོ་ཧ་རྡོ་རྗེའི་གླུ་རེ་བླངས་ཏེ་གར་གཤེགས་ཆ་མེད་པར་བཞུད། དེར་རྒྱལ་པོས་སྐུ་ཚབ་ཏུ་གྲུབ་ཐོབ་སོ་སོའི་སྐུ་རེ་བཞེངས། དེའི་མདུན་དུ་སོ་སོའི་དོ་ཧ་རྣམས་ཡི་གེར་བྲིས་ཏེ་མཆོད་པ་བྱས་སོ། །དེའི་ཚེ་ཤར་ཕྱོགས་ཀྱི་ཐག་རིང་པོ་ནས་བརྒྱུད་ནས་པཎྜི་ཏ་དཔའ་བོ་འོད་གསལ་ཞེས་བྱ་བ་ཞིག་གིས་རྒྱལ་པོ་ཀུཉྫིའི་མཆོད་གནས་སུ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་དངོས་སུ་བྱོན་ཏེ་ཞེས་ཐོས་ནས་བསྙེགས་ཏེ་བྱོན་པས་གྲུབ་ཐོབ་རྣམས་ཟིན་ནས་ཞག་བདུན་ལོན་པ་དང་འགྲིག གདུང་ཤུགས་དྲག་པོས་ས་ཐེ་བཙུགས་ནས་གསོལ་བ་བཏབ་པས་ཞག་བདུན་སོང་བ་ན། མཁའ་འགྲོ་མ་གཉིས་ཀྱིས་ཞལ་མངོན་སུམ་དུ་བསྟན་ཏེ་དོ་ཧ་དང་རིན་ཆེན་ཕྲེང་བ་སོགས་ཀྱི་གདམས་པ་ལོ་རྒྱུས་དང་བཅས་པ་སྩལ། དེའི་དོན་ཉམས་སུ་བཞེས་པས་རྟོགས་པ་ཁྱད་པར་ཅན་བརྙེས་ཏེ་གྲུབ་པའི་དབང་ཕྱུག་ཏུ་གྱུར། དོ་ཧ་ཐོར་བུ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པའི་གླེགས་བམ་ཡང་མཛད། དེ་ནས་རིམ་བཞིན་བརྒྱུད་དེ་ཡུལ་ཙམྤ་རྞར་འཁྲུངས་པའི་པཎྜི་ཏ་མི་འཇིགས་པ་སྦྱིན་པའི་དཔལ་གྱི་བར་དུ་བྱོན། དེས་དོ་ཧའི་འགྲེལ་པ་རྣམ་ཐར་དང་བཅས་པ་མཛད། དེ་ཐམས་ཅད་ཕྱོགས་གཅིག་ཏུ་པཎྜི་ཏ་དེ་ཉིད་དང༌། མི་ཉག་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཡབ་སྲས་ཀྱིས་བོད་འདིར་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ་ནས་དར་རྒྱས་སུ་མཛད་པ་ཡིན་ཅིང༌། དོ་ཧ་རྣམ་ཐར་གཉིས་སྔོན་གྱི་བསྟན་འགྱུར་དུ་སྡུད་པ་པོ་མཁྱེན་ལྡན་ཀུན་གྱིས་ཁུངས་ཐུབ་ཏུ་བཞག་ནས། དབུས་གཙང་གི་བསྟན་འགྱུར་ཡོངས་ལ་བཞུགས་པའི་རྩོད་མེད་ཡིད་ཆེས་ཅན་ཡིན་ལ། རྗེས་གནང་གི་ཡི་གེ་རྙིང་པ་ཕལ་ཆེར་ན་སློབ་མ་གྲུབ་ཐོབ་གང་ཡིན་དུ་བསྐྱེད་པ་དང༌། མཚན་སྔགས་དང་འབྲུ་གསུམ་བཟླས་པར་བཟླས་ལུང་ལེན་པ་སོགས་འཇུག་ཀྱང༌། འདིར་རྗེ་གྲོལ་མཆོག་ཞབས་ཀྱི་བཞེད་པས་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་ཕྱག་མཆོད་སྔོན་དུ་འགྲོ་བས་གྲུབ་ཐོབ་དེ་དང་དེའི་བྱིན་རླབས་དོན་གྱི་འཕོ་བ་དབང་བཞིའི་ཚུལ་ཅན་དུ་བསྐུར་བར་བཞེད་པ་ལྟར་སྒྲུབ་པར་བྱེད་པ་ལ།
ཐོག་མར་སྒོ་འབྱེད་ཀྱི་ཚུལ་དུ་རྩ་བའི་བླ་མའི་དབང་བཞི་སྒྲུབ་པའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག དེ་ནས་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མཎྜལ་འདི་ཉིད་རྩ་བའི་བླ་མ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ་ངོ་མཚར་གྱི་བཀོད་པ་འབྱམས་སུ་ཀླས་ཞིང༌། རང་སྣང་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་ཨིནྡྲ་ནཱི་ལའི་ཕུང་པོ་ལྟར་སྔོ་ཞིང་འོད་ཟེར་འབར་བ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་ཅིང་རང་སྣང་ཤེས་རབ་མཆོག་གི་བདེ་བར་སྤྱོད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་ནུས་པའི་བདག་ཉིད་རྩ་གསུམ་ཀུན་གྱི་སྤྱི་གཟུགས་སུ་བཞུགས་པའི་སྤྱན་སྔར། བདག་གི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ། སྣོད་བཅུད་རྟེན་དང་བརྟེན་པར་བཅས་པའི་མཎྜལ་གྱི་ཚུལ་དུ་འབུལ་བའི་མོས་པས་མཎྜལ་ཕུལ་མཛོད། ས་གཞི་སྤོས་སོགས། སླར་ཡང་ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ཀྱི་དབུའི་ཡ་ཐོད་ཧག་གིས་བཀོག་པའི་ནང་དུ་སྐུ་ལུས་ལྷག་མ་རིལ་པོར་བཅུག་པ་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཡེ་ཤེས་ཀྱི་བདུད་རྩི་རོ་བརྒྱ་དང་ལྡན་པ་དཀར་ལ་དམར་བའི་མདངས་ཅན་དུ་མེར་གྱིས་ཞུ་བ་བླ་མའི་ལྗགས་རྡོ་རྗེའི་འོད་ཟེར་གྱི་སྦུ་གུས་དྲངས་ཏེ་གསོལ་བའི་མོས་པ་དང་བཅས་ཏེ་འདིའི་རྗེས་ཟློས་མཛོད། ཞལ་ཟས་རོ་བརྒྱ་ལྡན་པས་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་དཔལ་ལྡན་བླ་མ་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་ཨཱཿཧཱུྃ་གུ་རུ་ག་ཎ་ཙཀྲ་ས་པ་རི་ཝཱ་རེ་བྷྱཿཨི་དཾ་བ་ལིཾ་གྲྀཧྞནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪ། དེ་ནས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་བླ་མའི་ཞབས་ལ་སྤྱི་བོས་གཏུགས་ཏེ་ཕྱག་འཚལ་བའི་མོས་པས་ཐལ་མོ་
སྦྱར་ཏེ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །དེ་ལྟར་ཕྱག་བགྱིས་ཏེ་དད་མོས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་བསྣམས་ཏེ་སྤྱི་བོ་ནས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། ཅེས་དངོས་སུ་བུམ་པ་སྤྱི་བོར་བཞག དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །སོགས། སྦྱིན་པར་བྱ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །སོགས། སྔགས་དང་བཅས་པས་དབང་བསྐུར། བུམ་ཆུ་སྦྱིན། དེ་ལྟར་དབང་བསྐུར་བས་ཆུ་རྒྱུན་གྱིས་ལུས་ཐམས་ཅད་གང༌། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། ལམ་བསྐྱེད་རིམ་སྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། ཡང་བླ་མ་རྡོ་རྗེ་འཆང་རང་སྣང་གི་ཡུམ་རྡོ་རྗེ་སྙེམས་མ་དང་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱན་དྲངས་ཞལ་དུ་ཞུགས་རྗེས་སུ་ཆགས་པས་ཞུ། དཀར་དམར་བྱང་སེམས་བདུད་རྩིའི་རང་བཞིན་དུ་མཁའ་གསང་ལས་བབས། ཐོད་པའི་བདུད་རྩི་དང་རོ་གཅིག་པ་དེ་ལྕེ་སྟེང་དུ་མྱོང་བས་གསང་བའི་དབང་བསྐུར་ཐོབ་པའི་འདུན་པ་མཛོད་ཅིག ཅེས་ཐོད་པར་གནས་པའི་ནང་མཆོད་ཁྱོར་བ་གཡོན་པར་སྦྱིན་ལ། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །དེ་བཞིན་བྱང་ཆུབ་སེམས་རྒྱུན་གྱིས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་བརྗོད། སློབ་མས་ཀྱང༌། ཨ་ཧོ་མ་ཧཱ་སུ་ཁཾ། ཞེས་བརྗོད་ཅིང་མྱང༌། དེ་ལྟར་བྱང་སེམས་མགྲིན་པའི་ལམ་བརྒྱུད་རྩ་གནས་ཐམས་ཅད་དུ་སོན་ཅིང་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པའི་མོས་པ་དང༌། ངག་གི་དྲི་མ་དག གསང་བའི་དབང་ཐོབ། ལམ་རང་ལུས་ཐབས་ལྡན་སྒོམ་པ་ལ་དབང༌། འབྲས་བུ་གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། ཡང་བླ་མའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་རིག་མ་གཟུགས་དང་ལང་ཚོ་ཕུན་སུམ་
ཚོགས་པ་ཞིག་བྱུང་ནས། ཁྱེད་རང་རྣམས་ལ་ཕྱག་རྒྱའི་དངོས་གྲུབ་ཀྱི་དོན་དུ་གཏད་པའི་མོས་པ་མཛོད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་རྟག་ཏུ་གྱིས། །ཞེས་རིག་མའི་གཟུགས་གཏད། ཁྱེད་རང་རྣམས་རྡོ་རྗེ་འཆང་ཆེན་པོར་གསལ་བ་ལ། ད་ལྟ་གཏད་པའི་རིག་མ་དེ་ཉིད་ཡུམ་རྡོ་རྗེ་སྙེམས་མའི་ངོ་བོར་གནས་པ། མཁའ་གསང་བྱིན་གྱིས་བརླབ་པ་ལ་སོགས་པ་འདུ་ཤེས་གསུམ་གྱི་སྒོ་ནས་རྗེས་སུ་ཆགས་པའི་སྦྱོར་བས་སྙོམས་པར་ཞུགས་པས་བྱང་སེམས་གནས་བཞིར་བབས་པ་སྟེ་ཡས་བབས་དང༌། ལྡོག་པའི་རིམ་པས་མས་བརྟན་གྱི་དགའ་བཞི་ཉམས་སུ་མྱོང་བས་རང་རིག་བདེ་སྟོང་བརྗོད་བྲལ་ལ་མཉམ་པར་བཞག དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལམ་གཞན་ལུས་ཤེས་རབ་ཕོ་ཉའི་ལམ་སྒོམ་པ་ལ་དབང༌། འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། དེ་ལྟར་དབང་གསུམ་པའི་སྐབས་སུ་ཉམས་སུ་མྱོང་བའི་དཔེའི་ཡེ་ཤེས་དེ་ཉིད། དོན་གྱི་གནས་ལུགས་རིག་པ་རང་བཞིན་གྱི་ངོ་བོ་འདུས་མ་བྱས་པ་འཁོར་འདས་ཐམས་ཅད་ཀྱི་སྲོག་ཏུ་གནས་པ་དེ་རང་ངོ་ཚུལ་བཞིན་ཤེས་པས། གློ་བུར་བག་ཆགས་ཀྱི་དྲི་མ་སངས་ཏེ། བྲལ་འབྲས་མངོན་དུ་བྱས་པ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་རང་རིག་གཅེར་མཐོང་དུ་ངོ་སྤྲད་པའི་མོས་པས། ལུས་གནད་ལྟ་སྟངས། སེམས་དུས་གསུམ་རྣམ་རྟོག་སྤྲོ་བསྡུས་མ་བསླད་པར་རང་རིག་བདེ་སྟོང་མ་བཅོས་པའི་ངང་དུ་མཉམ་པར་འཇོག་པ་ཞུ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་ཕྱིན་ཞི་བ་ཉིད། །ཁྱོད་ཀྱི་ཕ་ནི་ཁྱོད་ཉིད་དོ། །དེས་སྒོ་གསུམ་གྱི་དྲི་མ་དག དབང་བཞི་པ་ཐོབ། ལམ་ཕྱག་རྒྱ་ཆེན་པོ་སྒོམ་པ་ལ་དབང༌། འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་ཐོབ་པའི་ནུས་པ་ཁྱད་པར་ཅན་བཞག་པའི་མོས་པ་མཛོད། མཐར་སླར་ཡང་མོས་གདུང་དྲག་པོ་མཛད་པའི་རྐྱེན་གྱིས། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་དགྱེས་
ཞིང་བརྩེ་བའི་ཉམས་ཀྱིས་བདེ་བ་ཆེན་པོའི་རང་བཞིན་འོད་ཀྱི་ཕུང་པོར་ཞུ། ཁྱེད་རང་རྣམས་ཀྱི་དབུ་གཙུག་ནས་སིབ་ཀྱིས་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་རྩ་བྲལ་ལྷུན་གྲུབ་ཆེན་པོའི་ངང་དུ་བཞག་སྟེ། བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། རོལ་མོས་བྱིན་དབབ་ཅིང༌། དཀྱིལ་འཁོར་བསྡུ། དེས་ནི་འཇུག་སྒོའི་སྤྱི་དབང་གི་རིམ་པ་ལེགས་པར་གྲུབ་པ་ཡིན། གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་རྣམས་རིམ་པར་འབུལ་བ་ལ། ཐོག་མར་དོ་ཧ་རྣམ་ཐར་གྱི་སྤྱི་འགྲེལ་ལ་སྙན་གཏོད་པར་ཞུ། ཞེས་སྤྱི་བཤད་ཀྱི་གླེགས་བམ་ཡོད་ན་བསྒྲག འོན་ཀྱང་སྤྱི་འགྲེལ་གྱི་དཔེ་མ་ཚང་ན་མ་བྱས་ཀྱང་རུང༌། དེ་ལྟར་ན། ཐོག་མར་གྲུབ་ཐོབ་ལཱུ་ཡི་པའི་བྱིན་རླབས་ཞུ་བའི་དོན་དུ་མཎྜལ་འབུལ་བ་ཞུ་ཞེས་བརྗོད། དེ་ནས་བྱིན་རླབས་ཀྱི་སྔོན་དུ་གྲུབ་ཐོབ་སོ་སོའི་རྟོགས་བརྗོད་ལུང་ཀློག་པ་ཕྱག་བཞེས་སུ་མཆིས་པས་ཐོག་མར་གྲུབ་ཆེན་ལཱུ་ཡི་པའི་རྣམ་ཐར་ལ་སྙན་གཏོད་འཚལ། ཅེས་བརྗོད་པའི་མཐར། གུ་རུ་ལཱུ་ཡི་པའི་ལོ་རྒྱུས་ནི། ཞེས་སོགས་ལཱུ་ཡི་པའི་རྣམ་ཐར་རྫོགས་པར་བཀླགས་རྗེས། དེ་ལྟ་བུའི་གྲུབ་ཐོབ་ཆེན་པོ་ལཱུ་ཡི་པའི་བྱིན་རླབས་སྒྲུབ་པར་བྱེད་པ་ལ་ཐུགས་མོས་འདི་བཞིན་དུ་མཛོད། དེ་ཡང་སྣང་གཞི་མདུན་གྱི་མཎྜལ་འདི་ཉིད་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ་ཕྱི་རོལ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར། དུར་ཁྲོད་རོལ་པའི་གཞལ་མེད་ཁང་བཀོད་པས་ཁྱད་པར་འཕགས་པ་ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་ལཱུ་ཡི་པ་རྒྱ་གར་གྱི་ཨཱ་ཙཱརྻ་ནུས་ལྡན་གྱི་ཆ་བྱད་སྐུ་མདོག་སྔོ་སྐྱ་ཅུང་ཟད་སྐེམ་པའི་ཚུལ་ཅན། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང་རས་ཀྱིས་སྨད་དཀྲིས་གསོལ་བ། སྐུའི་མདུན་ཕྱོགས་སུ་ཉའི་རྒྱུ་ལྟོ་སྤུངས་པ་ལས་ཕྱག་གི་བླངས་ཏེ་གསོལ་བའི་ཚུལ་ཅན་ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། ལྷན་ཅིག་སྐྱེས་པ་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གཟི་འོད་ཕྱོགས་བརྒྱར་འབར་བས་
སྐུ་བཀྲག་མདངས་དང་ལྡན་ཅིང་བཟོད་པར་དཀའ་བའི་ཟིལ་ཅན་ཉི་མའི་སྙིང་པོ་ལྟ་བུ། གསུང་གསང་སྔགས་ཐེག་པ་ཆེན་པོའི་ཆོས་ཀྱི་རང་སྒྲ་སྒྲོག་པ། ཐུགས་ཟབ་གསལ་གཉིས་སུ་མེད་པ་ཕྱག་རྒྱ་ཆེན་པོ་བདེ་སྟོང་ཟུང་འཇུག་ཆེན་པོར་རྟག་ཏུ་མཉམ་པར་བཞག་བཞིན་པ། མཛད་པ་ཕྲིན་ལས་མ་ངེས་ཅིར་ཡང་སྟོན་པ་དཔག་པར་དཀའ་བའི་སྒྱུ་འཕྲུལ་ཅན། སྣང་སྲིད་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱི་གནོན་པ། ལྷ་དང་ལྷ་མོ་དཔག་ཏུ་མེད་པས་མཆོད་སྤྲིན་རྒྱ་མཚོས་མཆོད་པའི་སྐུ་ཅན་དུ་གསལ་བའི་སྤྱན་སྔར་ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་ཕུང་པོ་འདི་ཉིད་ཀྱི་དབུའི་ཡ་ཐོད་ཧག་གིས་བཀོག་པའི་ནང་དུ་སོགས། ཚོགས་འབུལ་བ་སྔར་བཞིན་ལ། ཨོཾ་ཨཱཿཧཱུྃ་གུ་རུ་ལཱུ་ཡི་པ་ག་ཎ་ཙཀྲ་སོགས་ནས། པྲ་ཡཙྪ། དེ་ནས་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་སོགས་གོང་བཞིན་ལ། བླ་མ་རིན་ཆེན་ལྟ་བུའི་སྐུ། །ལཱུ་ཡི་པ་ལ་ཕྱག་འཚལ་ལོ། །ཞེས་བསྒྱུར། དེ་ལྟར་དད་མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་མཛད་པའི་རྐྱེན་གྱིས། བླ་མ་གྲུབ་ཐོབ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་དཔྲལ་བ་ནས་སྐུའི་བྱིན་རླབས་ཀྱི་རང་བཞིན་གཡོན་རྐྱང་མ་དང་རྗེས་སུ་འབྲེལ་བའི་ཀུནྡ་བྱང་སེམས་དཀར་པོའི་རྒྱུན་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ། ལུས་ཀྱི་དྲི་མ་དག བུམ་པའི་དབང་ཐོབ། མགྲིན་པ་ནས་གསུང་གི་བྱིན་རླབས་ཀྱི་ངོ་བོ་གཡས་རོ་མ་དང་རྗེས་སུ་འབྲེལ་བའི་རཀྟ་བྱང་སེམས་དམར་པོའི་རྒྱུན་བྱུང་བ་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་དྲི་མ་དག གསང་བའི་དབང་ཐོབ། སྨིན་མཚམས་ནས་ཐུགས་ཀྱི་བྱིན་རླབས་དབུ་མ་དང་རྗེས་སུ་འབྲེལ་བའི་ཁུ་ཁྲག་འདྲེས་པའི་བྱང་སེམས་བྱོན། ཁྱེད་རང་རྣམས་ཀྱི་སྨིན་མཚམས་སུ་ཐིམ། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པར་མོས་མཛོད། དེ་དག་གི་ནི་འདྲ་བས་འདྲ་བ་ལམ་དུ་བྱེད་པ་གོང་མའི་བརྡ་དབང་རྣམ་གསུམ་ཡིན། ད་བཞི་པ་ཡེ་ཤེས་རྡོ་རྗེའི་དབང་བསྐུར་བ་ལ། ཁྱེད་རང་རྣམས་ལུས་གནད་ལྟ་སྟངས་གཡོ་བ་མེད་པའི་ངང་ནས་སེམས་དུས་གསུམ་རྣམ་རྟོག་གི་སྤྲོས་པས་མ་བསླད་པར། རང་རིག་
བདེ་སྟོང་བརྗོད་བྲལ་གྱི་ངང་ལ་ཡུད་ཅིག་མཉམ་པར་འཇོག་པ་ཞུ། དེ་ལ་གནས་ལུགས་ཀྱི་དོན་ངོ་སྤྲོད་པའི་ཚུལ་དུ་བླ་མ་གྲུབ་ཐོབ་ཆེན་པོ་ལཱུ་ཡི་པའི་ཞལ་ནས་རང་གི་རྟོགས་པ་བརྗོད་པ་དོ་ཧ་རྡོ་རྗེའི་གླུས་འདི་ལྟར་དུ་གདམས་བྱུང་སྙམ་པའི་མོས་པ་མཛོད། ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བཀུས་པས་ཕྱོགས་རྣམས་ཀུན་ཏུ་ཟ་བར་བྱེད། །དེ་བཞིན་བློ་དམན་སྐལ་མེད་དག་ལ་བླ་མའི་གདམས་ངག་བྱིན་པས་རང་རྒྱུད་སྲེག །སྐལ་བཟང་སྐྱེ་མེད་རྟོགས་པ་དག་ཅིང་སྣང་བ་ཐུགས་ཕྲད་ཙམ་གྱིས་རྣམ་རྟོག་འཇོམས། །དཔེར་ན་གླང་ཆེན་རབ་བརྟན་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །ཞེས་དོ་ཧ་རྩ་འགྲེལ་ནང་བཞིན་བཀླགས་པའི་མཐར། དེ་ལྟར་གསུངས་པར་མོས་མཛོད། སླར་ཡང་མོས་གདུང་དྲག་པོའི་རྐྱེན་གྱིས། བླ་མ་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཡི་པ་དེ་ཉིད་ཀྱི་སྐུ་འོད་ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་ཁྱེད་རང་ལ་སིབ་ཀྱིས་ཐིམ་པས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕུས་བཏབ་པ་བཞིན་དུ་ཐུགས་རྒྱུད་ལ་འཕོས་པའི་མོས་པ་མཛོད། ཅེས་མཎྜལ་རྡུལ་ཚོན་ནམ་ཚོམ་བུ་སོགས་མགོ་བོར་འཇོག་ཅིང་དྲིལ་བུ་གསིལ། ངག་ཏུ། སྤྱིར་འཕགས་ཡུལ་གྱི་གྲུབ་ཆེན་བརྒྱད་ཅུ་རྩ་བཞིས་བྱིན་གྱིས་རློབས་ཤིག ཁྱད་པར་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ལཱུ་ཡི་པས་རྡོ་རྗེ་སློབ་མ་འདི་རྣམས་ལ་བྱིན་གྱིས་རློབས་ཤིག ལུས་ལ་རྡོ་རྗེ་སྐུའི་སྒོ་ནས་བྱིན་གྱིས་རློབས་ཤིག ངག་ལ་རྡོ་རྗེ་གསུང་གི་སྒོ་ནས༴ ཡིད་ལ་རྡོ་རྗེ་ཐུགས་ཀྱི་སྒོ་ནས་བྱིན༴ ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོའི་སྒོ་ནས༴ ཕྲིན་ལས་རྣམ་པ་བཞིའི་སྒོ་ནས༴ གསང་བ་བསམ་གྱིས་མི་ཁྱབ་པའི་སྒོ་ནས༴ ད་ལྟ་ཉིད་དུ་བྱིན༴ མྱུར་བ་ཉིད་དུ་བྱིན༴ སྟན་ཐོག་འདི་ཉིད་དུ་བྱིན་གྱིས་རློབས་ཤིག ཛཿཧཱུྃ་བཾ་ཧོཿ དེས་གྲུབ་ཆེན་ལཱུ་ཡི་པའི་བྱིན་རླབས་གྲུབ་པ་ལགས། ཞེས་བརྗོད། དེས་རིགས་འགྲེ་བས། སྤྱིའི་བྱ་ཚུལ་དེ་ཁོ་ན་བཞིན་ལ། ལཱུ་ཡི་པ་ཞེས་པའི་གནས་སུ། འོག་ནས་འབྱུང་བ་ལྟར་གྱི་གྲུབ་ཐོབ་སོ་སོའི་མཚན་དང༌། རྣམ་ཐར། སྐུའི་བཀོད་པ། དོ་ཧ་སོགས་རང་རང་གང་བབས་བསྒྱུར་ཁ་ཤེས་པར་བྱ་སྟེ།།
གཉིས་པ་གྲུབ་ཆེན་ལཱི་ལ་པའི་བྱིན་རླབས་ཞུ་བའི་དོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་བཅུག་ནས། དེའི་རྣམ་ཐར་ལ་སྙན་གཏོད་འཚལ། ཞེས་དེའི་རྣམ་ཐར་བཀླག དེ་ལྟ་བུའི་གྲུབ་ཆེན་ལཱི་ལ་པའི་བྱིན་རླབས་སྒྲུབ་པར་བྱེད་པ་ལ། དེ་ཡང་སྣང་གཞི་མདུན་གྱི་མཎྜལ་སོགས་གོང་བཞིན་ལ། བརྒྱན་པའི་དབུས་སུ། རིན་པོ་ཆེའི་ཁྲི་སྟན་བཟང་ཞིང་བཀོད་ལེགས་རྒྱལ་པོའི་འབྱོར་པ་ཆེན་པོས་ཁྱད་པར་དུ་བརྒྱན་པར་བྱས་པའི་སྟེང་དུ། གྲུབ་པའི་སློབ་དཔོན་ལཱི་ལ་པ་འཕགས་ཡུལ་མི་བདག་གི་ཆ་བྱད་དཀར་ལ་དམར་བའི་མདངས་ཆགས་པ། དར་གྱི་ན་བཟའ་དང་རིན་པོ་ཆེའི་དབུ་རྒྱན་མགུལ་རྒྱན་ཐམས་ཅད་ཀྱིས་སྤྲས་པ། སྲས་དང་བཙུན་མོ་བློན་པོ་ལ་སོགས་པ་འཁོར་ཚོགས་རྒྱ་མཚོའི་དབུས་ན་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས་གཞན་སྔར་བཞིན། དོ་ཧ་ནི། ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན། །རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང༌། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་པོ་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །རྣམ་རྟོག་མི་མཐུན་ཕྱོགས་རྣམས་འབྱེད། །ལཱི་ལས་དེ་ལྟར་རྟོགས་པས་གྲོལ། །ཅེས་སོགས་རྩ་འགྲེལ་བཀླགས་པའམ་འགྲེལ་པ་རྗེས་སུ་ལུང་བཀླགས་པའི་དབང་དུ་བྱས་ནས་རྩ་བའི་ཚིགས་བཅད་ཁོ་ན་བརྗོད་ཀྱང་རུང་ངོ༌། །མཐར་དེ་ལྟར་གསུངས་པའི་མོས་པ་མཛོད་སོགས་གཞན་གོང་བཞིན་ནོ།། །།གསུམ་པ་མཐུ་སྟོབས་དབང་ཕྱུག་བི་རཱུ་པ་ནི། མངོན་རྟོགས་སྐབས། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་སྟན་ལ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བིརྺ་པའམ་བི་རཱུ་པ་སྐུ་མདོག་སྨུག་ནག་སྦོམ་ཞིང་ཐུང་ལ་གསུས་ཁྱིམ་ཆེ་བ། དབུ་སྐྲ་ཅོ་བྲེགས་ལ་མེ་ཏོག་གི་ཕྲེང་བས་བརྒྱན་པ། སྤྱན་ལྟ་སྟངས་ཕུར་ཚུགས་སུ་གཟིགས་པ། ཕྱག་གཡས་སྡིགས་མཛུབ་ནམ་མཁར་གདེངས་པ། ཕྱག་གཡོན་བ་མེན་གྱི་རྭ་ཞལ་བདུད་རྩིས་གང་བ། ཤ་ནའི་གོས་ཀྱི་འདོམས་དཀྲིས་གྲུ་གསུམ་ཅན་ཞབས་རོལ་པའི་སྟབས་ཀྱིས་བཞུགས་ཤིང༌། གཡོན་གྱི་ཕྱོགས་ནས་
མཁའ་འགྲོ་ཞིང་གི་རྣལ་འབྱོར་མ་མི་མོའི་ཚུལ་ཅན་གྱིས་བདུད་རྩིའི་བུམ་པ་འཛིན་པས་མཆོད་པ། ལྷན་ཅིག་སྐྱེས་པ་མི་འགྱུར་བའི་སོགས་གོང་བཞིན། དོ་ཧ་ནི། ཕྱག་རྒྱ་ཆེན་པོའི་ངང་ནས་ལྷན་ཅིག་སྐྱེས་པ་དེ། །མི་བསམ་མི་རེག་བདག་མེད་རང་གི་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་སུ་མྱོང་བ་རང་གིས་རིག །རྟག་པར་མི་འགྱུར་མངོན་ཞེན་མེད་པས་ཟུང་དུ་འཇུག། །།བཞི་པ་ཌོམྦྷི་ཧེ་རུ་ཀ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་ཆེན་པོ་ཌོམྦྷི་ཧེ་རུ་ཀ་སྐུ་མདོག་དཀར་དམར་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྦྲུལ་རེག་པའི་དུག་ཅན་གྱིས་རྒྱན་དུ་མཛད་ཅིང༌། མཐོང་བའི་དུག་ཅན་ལྕག་གི་ཚུལ་དུ་བསྣམས་པ། ཁ་རླངས་ཀྱི་དུག་ཅན་བདུན་གྱིས་དབུའི་སྟེང་དུ་གདེངས་ཀར་བྱས་ཤིང༌། སྟག་མོ་འཇིགས་སུ་རུང་བར་ཆིབས་ཤིང༌། སྐུའི་བརླ་གཡོན་པའི་སྟེང་ནས་གསང་བའི་ཡུམ་གཡུང་མོ་རྣལ་འབྱོར་མ་མཛེས་ཤིང་བལྟ་བས་མི་ངོམས་པ་པདྨ་ཅན་གྱི་མཚན་ཉིད་ལྡན་པས་འཁྱུད་ཅིང་བདེ་བ་མཆོག་ལ་དགྱེས་རྒུར་རོལ་པ། ལྷན་ཅིག་སྐྱེས་པ་སོགས་གོང་བཞིན་ནོ། །དོ་ཧ་ནི། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་རྣམས་གསེར་དུ་འགྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་བསྒྱུར། །ཅེས་སོ།། །།ལྔ་པ་དཔལ་ཤཱ་ཝ་རི་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་སྟན་ལ། གྲུབ་པའི་དབང་ཕྱུག་ཤཱ་ཝ་རི་པ་སྐུ་མདོག་ནག་པོ། སྤྱན་འབྲུ་ཚུགས་སུ་གཟིགས་ཤིང༌། ཕྱག་གཡས་ན་མདའ་དང༌། གཡོན་ན་འོད་མའི་གཞུ་བསྣམས་པ། གཞུ་མཆོག་ལ་ཕག་པའི་ཁོག་སྟོད་དང་ཁོག་སྨད་བཀལ་བ། རྨ་བྱའི་སྒྲོ་མདོངས་གཤིབས་པའི་སྨད་གཡོགས་གསོལ་བ། མེ་ཏོག་དང་འབྲས་བུའི་རྒྱན་སྣ་ཚོགས་པས་བརྒྱན་པ། སྐུའི་གཡས་གཡོན་ན་རིག་མ་རྒྱན་དང་ཆ་ལུགས་གཙོ་བོ་དང་མཚུངས་པ་མདའ་དོང་ཐོགས་པ་གཉིས་ཀྱིས་བསྟེན་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། མ་རིག་པ་ཡི་ནགས་ཚལ་དུ། །གཟུང་འཛིན་གཉིས་ཀྱི་རི་དྭགས་རྒྱུ། །ཐབས་ཤེས་གཉིས་ཀྱི་གཞུ་
བདུངས་ནས། །སྙིང་པོ་དོན་གྱི་མདའ་གཅིག་འཕངས། །འཆི་ནི་རྣམ་པར་རྟོག་པ་འཆི། །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང༌། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། །ཅེས་སོ།། །།དྲུག་པ་དཔལ་ས་ར་ཧ་པ་ནི། གོང་གི་མཐའ་ཀླས་པས་བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་དབང་ཕྱུག་ཆེན་པོ་དཔལ་ས་ར་ཧའམ་མདའ་བསྣུན་ཞབས་སྐུ་མདོག་དཀར་དམར་དབུ་སྐྲ་ཅོ་བྲེགས། ཚངས་སྐུ་ཅན། རས་དམར་པོའི་ཨངྒ་རག་གསོལ་བ། ཕྱག་གཉིས་ཀྱིས་མདའ་སྲོང་བའི་ཚུལ་གྱིས་ལྷན་སྐྱེས་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་མ་ནོར་བྲང་ཐད་དུ་སྟོན་པའི་བརྡ་མཚོན་ཞིང༌། སྐུའི་གཡོན་ཕྱོགས་ནས་ཞིང་གི་རྣལ་འབྱོར་མ་མདའ་མཁན་མོའི་ཚུལ་གྱིས་བསྟེན་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ཀྱེ་ཧོ། གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མ་དམ་པའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ན། །ཡིད་ལ་འཆི་བ་མེད་ཅིང་ལུས་ལ་ཆད་པ་མེད། །ཅེས་སོ།། །།བདུན་པ་ཀངྐ་ལི་པ་ནི། བསྐོར་བའི་སྙིང་པོར་དུར་ཁྲོད་ཆེན་པོའི་ས་གཞི་འཇིགས་སུ་རུང་བར། རྣལ་འབྱོར་གྱི་དབང་ཕྱུག་ཀངྐ་ལི་པ། སྐུ་མདོག་སྔོ་སངས་དབུ་སྐྲ་ཅོ་བྲེགས། ཕྱག་མཉམ་བཞག་གིས་བཞུགས་ཞིང་རྒྱན་མེད་པ། མདུན་ན་བུད་མེད་ཀྱི་རོ་ཤ་མེད་པའི་ཀེང་རུས་ཉལ་སྟབས་སུ་གནས་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ཇི་ལྟར་ནམ་མཁའ་སྟོང་པ་ལ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་དེ། །དཔེ་མེད་ཐ་སྙད་ཀུན་ལས་འདས། །ཞེས་སོ།། །།བརྒྱད་པ་གྲུབ་ཆེན་མཱི་ན་པ་ནི། དེ་ཡང་སྣང་གཞི་ནས། མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་ཆེན་མཱི་ན་པ་ཆེན་པོ་སྐུ་མདོག་སྔོ་སངས་གཅེར་བུ་རྒྱན་སྤངས་ཤིང་དབུ་སྐྲ་འཛིངས་པ། ཕྱག་གཉིས་གར་བསྒྱུར་བའི་ཚུལ་མཱི་ན་སྟེ་ཉ་ཆེན་པོའི་ཁོག་པ་བཤགས་པའི་དབུས་ན་འཐོན་པའི་ཚུལ་གྱིས་ཞབས་གཉིས་གར་སྟབས་ཀྱིས་བཞེངས་པ། ལྷན་ཅིག་སྐྱེས་པ་སོགས་གོང་འདྲ། དོ་ཧ་ནི། ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་
ལུས་ལ་བརྟེན་བྱས་ནས། །ལྷ་ཆེན་གདམས་ངག་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མཱི་ན་པ་ཞེས་གྲགས། །ཞེས་སོ།། །།དགུ་པ་གྲུབ་པའི་དབང་ཕྱུག་གོ་རཀྵའམ་གོ་རཀྵ་ནཱ་ཐ་ནི། གོང་བཞིན་གྱི་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་ཆེན་པོ་ཤྲཱི་གཽ་རཀྵ་ནཱ་ཐ་སྐུ་ཤ་དཀར་བ། སྤྱན་ལྟ་སྟངས་ཅན། སྙན་ལ་མུ་དྲ་ནག་པོ་དང༌། མགུལ་དུ་ར་དུང་བཏགས་པ། སྐུ་ལུས་གཅེར་བུའམ་ཙཀྲ་ཀནྟ་འཁོར་ལོ་ལྟ་བུའི་བེམ་པོ་གསོལ་བ། སྒོམ་ཤིང་ལ་ཀོས་ཀོ་བསྟེན་པའི་ཚུལ་གྱིས་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུའི་ཉེ་སྐོར་དུ་བ་གླང་གི་ཁྱུའི་ཚོགས་ཆེན་པོས་བསྐོར་བ། ལྷན་ཅིག་སྐྱེས་པ་སོགས་གོང་བཞིན་ནོ། །དོ་ཧ་ནི། རིགས་ནི་མཆོག་དང་འབྲིང་དང་ཐ་མ་རུ། །གནས་པའི་རྒྱུ་ལ་རྐྱེན་གྱི་སྟོབས་ལྡན་པས། །འགག་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །ཙཽ་རཾ་གི་ལ་བྱང་སེམས་བསྙེན་བཀུར་བྱས། །དེ་རྐྱེན་སྟོབས་ཀྱིས་ཁམས་ཀྱི་ས་བོན་བཏབ། །ཨ་ཙིནྟ་ཡིས་འཆི་མེད་བདུད་རྩི་བསྟན། །གཽ་རཀྵ་ཡིས་གཉིས་མེད་དེ་ཉིད་མཐོང༌། །སྲིད་གསུམ་བ་རྫིའི་རྒྱལ་པོ་ངོ་མཚར་ཆེ། །ཞེས་སོ།། །།བཅུ་པ་ཙཽ་རངྒི་པ་ནི། བརྒྱན་པའི་དབུས་སུ་ཞེས་པའི་མཚམས། ཤིང་ལྗོན་པ་ལ་སྐུ་རྒྱབ་བརྟེན་པའི་རྣལ་འབྱོར་དབང་ཕྱུག་ཆེན་པོ་ཙཽ་རངྒི་པ་དབུ་སྐྲ་རལ་པའི་ཐོར་ཚུགས་ཆུང་ངུ་དང་ལྡན་ཞིང༌། སྐུ་ཤ་སྔོ་སངས་ཀྱི་སྨད་དཀྲིས་ཅན། ཕྱག་མཉམ་བཞག ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ལྷན་ཅིག་སོགས། དོ་ཧ་ནི། ཐོག་མེད་སྲིད་པ་ཡུན་རིང་དུ། །མ་རིག་སྡོང་པོའི་རྩ་བ་ལ། །འདུ་བྱེད་ཆུ་ཡིས་ལེགས་བརླན་ནས། །སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །མ་རིག་པ་ཡི་ཤིང་ཆེན་དེ། །བླ་མ་དམ་པའི་གདམས་ངག་དང༌། །ཤེས་རབ་གསུམ་གྱི་སྟེའུ་ཡིས། །ཙཽ་རངྒི་ཡིས་དེ་རིང་བཅད། །ཅེས་སོ།། །།བཅུ་གཅིག་པ་ཝཱི་ན་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། རིན་པོ་ཆེའི་ཁྲི་སྟན་ལ་གྲུབ་པའི་སློབ་དཔོན་ཝཱི་ན་པ་སྐུ་མདོག་དཀར་དམར་དར་ཟབ་ཀྱི་ན་བཟའ་དང་ཐོད་བཅིངས་པ་རྒྱལ་པོའི་ཆ་བྱད། རིན་པོ་ཆེའི་རྒྱན་དུ་མས་བརྒྱན་པ། ཕྱག་གཉིས་ཛནྟར་དུར་
བར་གྲགས་པ་ཀུ་བ་གསུམ་པའི་རྒྱུད་མངས་བརྡུང་བའི་སྒྲ་ལ་ཐུགས་རྩེ་གཅིག་ཏུ་གཞོལ་བའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་མི་འགྱུར་བའི་སོགས་སོ། །དོ་ཧ་ནི། ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །གུས་དང་བརྩོན་པས་བཅད་བྱས་ནས། །མ་གྲོལ་སྐྱེ་མེད་སྒྲ་བཅད་པས། །ཝཱི་ན་པ་ཡིས་བདག་མེད་རྟོགས། །ཞེས་སོ།། །།བཅུ་གཉིས་པ་གྲུབ་ཆེན་ཤཱནྟི་པ་ནི། དེ་ཡང་སྣང་གཞི་མདུན་གྱི་མཎྜལ་འདི་ཉིད་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ། དཀོན་མཆོག་གཙུག་ལག་ཁང་བཀོད་པས་ཁྱད་པར་འཕགས་པའི་ནང༌། ལྷ་རྫས་ཀྱི་ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ་རིན་པོ་ཆེའི་ཁྲི་དང་གདིང་བའི་སྟན་ལ་སློབ་དཔོན་ཆེན་པོ་རཏྣ་ཨཱ་ཀ་ར་ཤཱནྟི་པ་སྐུ་མདོག་དཀར་སྔོ་ཅུང་ཟད་བགྲེས་པའི་རྣམ་པ་ཅན། ཆོས་གོས་རྣམ་པ་གསུམ་དང༌། པཎྜི་ཏའི་ཅོད་པན་གསོལ་བ། ཕྱག་གཡས་བཤད་པའི་ཕྱག་རྒྱ་དང༌། གཡོན་གླེགས་བམ་བསྣམས་པ། ཟབ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བུ་ཆུང་མ་ཡིས་གསོས་པ་ཡིས། །གྱད་ཀྱི་སྟོབས་དང་ལྡན་པ་བཞིན། །བློ་ཆུང་བླ་མའི་མན་ངག་གིས། །རིམ་གྱིས་ཁྲིད་པས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པ་ཡི། །ནད་རྣམས་སྨན་གྱིས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པ་ནི། །བླ་མའི་གདམས་པས་སྐད་ཅིག་སྲེག །ཅེས་པའོ།། །།བཅུ་གསུམ་པ་གྲུབ་ཆེན་ཏནྟྲི་པ་ནི། དབུས་སུ་གྲུབ་ཆེན་ཏནྟྲི་པ་སྐུ་སྔོ་སངས་ཤིན་ཏུ་སྨིན་པའི་ན་ཚོད་ཅན། ཨག་ཚོམ་དང༌། སྨ་ར་རིང་དུ་འཕྱང་བ་དབུ་སྐྱེས་ཐམས་ཅད་ཀུནྡ་ལྟར་དཀར་བ་རས་ཀྱི་སྨད་དཀྲིས་གསོལ་ཞིང་ཁྲི་ཐགས་ཀྱི་བྱ་བ་ལ་བརྩོན་པའི་ཚུལ་དུ་ཆོས་ཀྱི་ངེས་གནས་བརྡ་ཐབས་ཀྱིས་སྟོན་པ། ལྷན་ཅིག་སོགས། དོ་ཧ་ནི། འཇིག་རྟེན་པ་ཡི་ཐགས་མཁན་རྣམས། །སྣལ་མ་ཐམས་ཅད་ཐགས་སུ་བཏགས། །ང་ནི་བླ་མའི་གདམས་ངག་གིས། །ཆོས་རྣམས་ཐམས་ཅད་ཐགས་སུ་འཐག །སྟོང་ཉིད་གནས་སུ་ཡེ་ཤེས་ལྔའི། །སྣལ་མ་མན་ངག་བཏག་སོ་དང༌། །ཤེས་རབ་ཀྱི་ནི་སྒྲོམ་བུ་ཡིས། །དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། །ཞེས་
སོ།། །།བཅུ་བཞི་པ་ཙ་མ་རི་བ་ལ། བརྒྱན་པའི་དབུས་སུ། ཞེས་པའི་མཚམས། གྲུབ་པའི་དབང་ཕྱུག་ཙ་མ་རི་པ་སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ལྷྭམ་བཟོའི་བྱ་བ་མཛད་པས་ཀུན་རྫོབ་བརྡས་གཉུག་མ་སེམས་ཀྱི་དོན་མཚོན་པ། ཞབས་གཉིས་ཅི་བདེར་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས་འདྲའོ། །དོ་ཧ་ནི། རྣམ་རྟོག་མཚན་མའི་ཀོ་བ་འདི། །སྟོང་ཉིད་སྙིང་རྗེའི་སྤངས་སུ་བཅུག །ཆོས་བརྒྱད་སྤངས་པའི་རྒྱུན་གྱིས་ནི། །ཤེས་རབ་ཉམས་མྱོང་སྙུངས་བུས་བཙེམས། །ལྷུན་གྲུབ་ཆོས་སྐུའི་ལྷྭམ་བྱེད་པ། །ཙ་མ་རི་པ་ལྷྭམ་མཁན་མཆོག །ཅེས་སོ།། །།བཅོ་ལྔ་པ་གྲུབ་ཐོབ་ཁཌྒ་པ་ལ། དབུས་སུ་གྲུབ་པའི་སློབ་དཔོན་ཁཌྒ་པ་སྐུ་མདོག་སྔོ་སངས་རས་ཀྱི་ཨང་རག་གསོལ་བ། ཕྱག་གཡས་གྲུབ་པའི་རལ་གྲི་ཡེ་ཤེས་ཀྱི་མེ་འབར་བ་བསྣམས་ཏེ་ནམ་མཁར་འཕུར་བའི་ཚུལ། རལ་པའི་ཐོར་ཚུགས་ཅན། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། མཚོན་ཆ་མེད་པའི་དཔའ་བོ་ནི། །རྒྱུན་དུ་དགྲ་དང་གཡུལ་འགྱེད་ཀྱང༌། །བདག་ཉིད་སྡུག་བསྔལ་དབང་དུ་འགྱུར། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཁཌྒ་པ་ཡིས་ལོངས་སྤྱོད་བྱེད། །ཅེས་སོ།། །།བཅུ་དྲུག་པ་མགོན་པོ་ཀླུ་སྒྲུབ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ་རིན་པོ་ཆེའི་ཁྲི་སྟན་ལ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་སྔོ་སངས་ནོར་བུ་རིན་པོ་ཆེའི་མདོག་ལྟར་དྭངས་ཤིང་དྲི་མ་མེད་པ་ཤིན་ཏུ་མཚར་བ། མཚན་དཔེས་སྤྲས་ཤིང༌། ཕྱག་གཉིས་ཆོས་འཁོར་གྱི་ཕྱག་རྒྱ་ཐུགས་ཀར་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀླུའི་རྒྱལ་པོ་མཆོག་རྣམས་སྦྲུལ་གྱི་རྣམ་པས་མཆོད་ཅིང་བསྙེན་བཀུར་བའི་ཕྱིར་གདེངས་ཀའི་གྲིབ་མ་འབུལ་བ་ལ་སྐུ་རྒྱབ་བརྟེན་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། གང་ཞིག་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་སྲིད་འབངས་ཀྱིས་བཟུང་བ་བཞིན། །རྟོགས་པས་མ་རྟོགས་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་འདམ་དུ་བྱིངས་
པ་འདྲ། །ཞེས་སོ།། །།བཅུ་བདུན་པ་སློབ་དཔོན་ཆེན་པོ་ཀཧྞ་པའམ་ནག་པོ་སྤྱོད་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་ཆེན་པོ་བརྟུལ་ཞུགས་སྤྱོད་པ་ནག་པོའི་ཞབས་སྐུ་མདོག་ནག་པོ། ཕྱག་གཡས་ཅང་ཏེའུ་འཁྲོལ་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་ཐུགས་ཀར་འཛིན་ཅིང༌། མཆན་ཁུང་དུ་ཁ་ཊྭཱཾ་ག་འཛིན་པ། སྐུ་ལ་རུས་པའི་རྒྱན་དྲུག་དང་སྟག་ཤམ་གསོལ་བ། བི་ཤྭ་རཱུ་བི་ནཱི་ཞེས་པའི་སྲིན་མོའི་གཙོ་མོ་འཇིགས་སུ་རུང་བའི་གཟུགས་གདན་ནམ་བཞོན་པའི་ཚུལ་དུ་གནས་པའི་སྟེང་ན་ཕྱེད་སྐྱིལ་གྱིས་བཞུགས་པ། རེས་འགའ་རོ་ལངས་ཆེན་པོ་མེ་ཏོག་གི་ཕྲེང་བས་བརྒྱན་པ་ལ་ཆིབས་པ་སོགས་སྣ་ཚོགས་རྫུ་འཕྲུལ་རོལ་པ་སྟོན་པ། སྟེང་གི་ནམ་མཁར་གདུགས་བདུན་འཛིན་པ་མེད་པར་འཁོར་ཞིང༌། ཌ་མ་རུ་བདུན་འཁྲོལ་བ་མེད་པར་སྒྲ་གྲགས་བཞིན་པ། རེས་འགའ་གདུགས་བདུན་བརྒྱད་དང་ཌ་མ་རུ་བདུན་བརྒྱར་འཕེལ་བའི་ཆོ་འཕྲུལ་ཅན། སྣང་བ་དང་མི་སྣང་བའི་འཁོར་གྲུབ་པ་དང་རིག་འཛིན་གྱི་རྣལ་འབྱོར་ཕོ་མོ་དཔག་ཏུ་མེད་པའི་འཁོར་ལོའི་འདུ་བར་རྟག་ཏུ་སྤྱོད་པ། ལྷན་ཅིག་སྐྱེས་པ་མི་འགྱུར་བ་སོགས་འདྲ། དོ་ཧ་ནི། ཤིང་རྟ་འཁོར་ལོ་བཞི་དང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་མི་ལྡན་དངོས་གྲུབ་དམ་པ་མིན། །བྱ་རྒོད་རྩལ་རྫོགས་འདབ་གཤོག་རྒྱས་པ་དག་ནི་ནམ་མཁར་སྤྱོད་ཅིང་རྒྱུ། །སྐལ་བཟང་རྣལ་འབྱོར་རྣམས་ནི་དབང་གི་གདམས་ངག་ཁོང་དུ་ཆུད་པས་བདེ། །ཞེས་སོ།། །།བཅོ་བརྒྱད་པ་ཀརྞ་ར་པའམ་ཨཱརྻ་དེ་ཝ་ནི། བརྒྱན་པའི་དབུས་སུ་དགེ་སློང་གི་ཡོ་བྱད་གདིང་བའི་སྟན་ལ་སློབ་དཔོན་ཆེན་པོ་འཕགས་པ་ལྷ་སྐུ་མདོག་སྔོ་སངས་དགེ་སློང་གི་ཆ་བྱད་ཆོས་གོས་རྣམ་པ་གསུམ་དང་ལྡན་ཤིང༌། ཞབས་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཀརྞ་རི་ཞེས་པའི་ཤིང་ཆེན་པོ་ཕྱག་ན་བསྣམས་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ངོ་བོ་གཅིག །དེ་ནི་རྟོགས་ན་རང་བཞིན་རང་གི་སེམས། །རྟོགས་པར་འདོད་ན་མ་བཅོས་ཇི་བཞིན་ཞོག །གོམས་པར་བྱས་ན་རྣལ་འབྱོར་མངོན་དུ་འགྱུར། །ཅེས་སོ།། །།བཅུ་
དགུ་པ་གྲུབ་ཆེན་ཐ་ག་ན་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཐ་ག་ན་སྐུ་མི་ཤ་ཁ་སྔོ་སངས་ཤིང་ལྗོན་པ་ལ་སྐུ་རྒྱབ་བརྟེན་པའི་ཕྱེད་སྙེས་ཀྱིས་བཞུགས་ཤིང་ཕྱག་ས་གནོན་སོགས་ཅི་བདེར་སྤྱོད་པ། ལྷན་ཅིག་སོགས། དོ་ཧ་ནི། གང་ཞིག་རྣ་བར་ཆུ་ཞུགས་པ། །ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཞིན་སྣང་སྲིད་བརྫུན་པ་ལ། །བརྫུན་པར་བསྒོམས་པས་བདེན་པ་མཐོང༌། །ཞེས་སོ།། །།ཉི་ཤུ་པ་དཔལ་ནཱ་རོ་པ་ནི། དེ་ཡང་སྣང་གཞི་ཞེས་ནས། མཐའ་ཀླས་པས་བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་དཔལ་ནཱ་རོ་པ་སྐུ་མདོག་སྨུག་ནག་གཟི་བྱིན་མཚུངས་པ་མེད་པའི་ཟིལ་དང་ལྡན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་དང༌། སྐུ་ལ་རུས་པའི་རྒྱན་དྲུག་སོགས་ཀྱིས་སྤྲས་པ། དར་གྱི་ཨངྒ་རག་གསོལ་བའམ་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། མི་ལྤགས་ཀྱི་སྟོད་གཡོགས་མཛད་པའི་རྐང་ལག་གཉིས་ཕྱག་གིས་བཟུང་སྟེ་ཕན་ཚུན་དུ་བརྒྱངས་པའམ་ཕྱག་གཡས་ཀྱིས་མི་ལྤགས་བརྒྱངས་ཤིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གར་སྟབས་སམ། བརྐྱངས་བསྐུམ་གྱི་ཚུལ་དུ་བཞུགས་ཤིང༌། མདུན་དུ་གསང་ཡུམ་མཁའ་འགྲོ་མ་མི་མོའི་རྣམ་པ་མཚར་སྡུག་ཕུན་སུམ་ཚོགས་པས་བདུད་རྩི་འབུལ་བ། ལྷན་ཅིག་སྐྱེས་པ་མི་འགྱུར་པའི་སོགས། དོ་ཧ་ནི། འཁོར་ལོས་སྒྱུར་རྒྱལ་དཔུང་ཚོགས་རྣམས་ཀྱིས་ནི། །གླིང་དང་གླིང་ཕྲན་རྣམས་ལ་དབང་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་རྙེད་རྣལ་འབྱོར་ནི། །འཁོར་བ་དབང་བསྒྱུར་བདེ་བ་ཆེན་པོ་ཡིན། །ཅེས་སོ།། །།ཉེར་གཅིག་པ་གྲུབ་ཆེན་ཤྱཱ་ལི་པ་ནི། དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བར་པགས་པའི་སྟན་ལ་གྲུབ་ཆེན་ཤྱཱ་ལི་པ་སྐུ་སྔོ་སངས་རས་ཀྱི་ཨང་རག་གསོལ་བ། ལྕེ་སྤྱང་གི་རོ་ཕྲག་པར་བཀལ་བ། ལྷན་ཅིག་སོགས་སོ། །དོ་ཧ་ནི། ལེགས་སྦྱར་རི་མོ་མཁན་དག་གིས། །ཤིན་ཏུ་འཇིགས་པའི་གཟུགས་བརྙན་བྲིས། །མཐོང་ན་བདག་ཉིད་འཇིགས་གྱུར་ལ། །བརྟགས་ན་མ་གྲུབ་གཟུགས་བརྙན་སྣང༌། །ཞེས་སོ།། །།ཉེར་གཉིས་པ་གྲུབ་
ཆེན་ཏིལླི་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་ཆེན་པོ་ཏིལླི་པ་སྐུ་ཤ་སྔོ་ནག་དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རས་ཀྱི་ཨང་རག་གསོལ་ཞིང་ཏིལ་རྡུང་བའི་རྣམ་པ་ཅན། མདུན་དུ་རིག་མ་ཞིང་གི་རྣལ་འབྱོར་མ་ཏིལ་མཁན་མའི་རྣམ་པས་ཏིལ་ལུགས་པའི་བྱ་བ་ལ་བརྩོན་པས། གཉུག་མའི་ཡེ་ཤེས་རང་ལ་རང་ཆས་སུ་བཞུགས་པ་ངོ་སྤྲོད་པའི་བརྡ་མཚོན་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། རི་རབ་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་གསེར་དུ་སྣང༌། །མཁས་པ་སྐྱེ་མེད་རྟོགས་པ་ཡིས། །དངོས་པོ་བོར་ནས་བདེ་བ་ཆེ། །ཞེས་སོ།། །།ཉེར་གསུམ་པ་ཙ་ཏྲ་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ། གྲུབ་ཆེན་ཙ་ཏྲ་པ་སྐུ་མདོག་དཀར་དམར་རབ་བྱུང་གི་ཆ་བྱད། གླེགས་བམ་གྱི་ཁུར་བུ་རྒྱབ་ཏུ་བསྣམས་ཤིང༌། ཕྱག་ཏུ་གླེགས་བམ་ཆུང་ངུ་འཛིན་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་ཡིན། །མཐོང་བ་སྐྱེ་མེད་རྟོགས་པ་སློབ་དཔོན་མཆོག །བྱིས་པ་རྣམས་ཀྱིས་གཉིས་འཛིན་རྟོག་པ་ཡིས། །དགེ་སྡིག་འབྲས་བུ་དེ་ལ་གཉིས་མི་འབྱུང༌། །ཞེས་སོ།། །།ཉེར་བཞི་པ་གུ་རུ་བྷ་དྲ་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ། གྲུབ་པའི་སློབ་དཔོན་བྷ་དྲ་པ་སྐུ་ཤ་དཀར་དམར་ལང་ཚོ་རྒྱས་པའི་ཉམས་ལྡན། དབུ་སྐྲ་ཤད་པ་བཅིངས་པའི་ཐོར་ཅོག་ཅན། ཚངས་སྐུད་དང༌། རྣ་རྒྱན་སོགས་རིན་པོ་ཆེའི་རྒྱན་ཐོར་བུས་སྤྲས་པ། ཕྱག་མཉམ་པར་བཞག་པའི་ཕྱག་རྒྱ་དང་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། སྐུའི་མདུན་ངོས་སུ་ཕག་གི་ཤ་དང་མྱོས་བྱེད་ཀྱི་བུམ་པ་བཅས་ཡོད་པ། དེའི་གཡས་ཕྱོགས་བྲག་སྟེང་མཐོ་བ་ན་བླ་མ་རྣལ་འབྱོར་པ་རལ་པའི་ཐོར་ཚུགས་ཅན་མཉམ་གཞག་ལ་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། སྟོང་ཉིད་རྟོགས་པས་འཁྲུལ་པ་དག །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་བསྒོམས་པ་ཡིས། །གཞི་མཐུན་རོ་གཅིག་འབྲས་བུ་ཡིན། །ཅེས་སོ།། །།ཉེར་ལྔ་པ་དྷཱུ་ཁནྡྷི་པ་ནི། པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་དྷཱུ་ཁནྡྷི་པ་སྐུ་མདོག་སྔོ་སངས་དབུ་
སྐྲ་ཅོ་བྲེགས། ཕྱག་དུར་ཁྲོད་ཀྱི་གོས་ཧྲུལ་པ་སྣ་ཚོགས་གཅིག་ཏུ་བསྡུས་ཏེ་འདྲུབ་པའི་ཚུལ་གྱིས། ཆོས་ཅན་ཐམས་ཅད་ཆོས་ཉིད་གཅིག་ཏུ་འདུ་བའི་བརྡ་སྟོན་པ། ཞབས་གཡས་མདུན་དུ་བརྐྱངས་ཞིང༌། གཡོན་ཕྱེད་ཀྲུང་གིས་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། ཀུན་རྫོབ་བསྐྱེད་པའི་རིམ་པ་དང༌། །དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་བསྒོམས། །འབྲས་བུ་སྐུ་གསུམ་ཡེ་ཤེས་འཆར། །ཅེས་སོ།། །།ཉེར་དྲུག་པ་ཨ་ཛོ་གི་པ་སྟེ་སྦྱོར་བྲལ་ཞེས་པའི་སློབ་དཔོན་ནི། དུར་ཁྲོད་ཀྱི་ས་གཞི་མི་མགོ་སྐམ་རྙིང་རློན་པས་གང་བའི་གཞི་ལ། གྲུབ་པའི་སློབ་དཔོན་ཨ་ཛོ་གི་པ་སྐུ་མདོག་སྔོ་སྐྱ་རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ་འཕྲེད་ཉལ་སྟབས་ཀྱིས་གཟིམས་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བླ་མ་དམ་པའི་གདམས་ངག་གིས། །སྟེང་སྒོ་སྣ་རྩེར་ཐིག་ལེ་བསྒོམས། །དེ་ཉིད་ལ་ནི་བློ་བརྟན་པས། །ཡུངས་ཀར་སྟོང་གསུམ་དམིགས་པ་སྟོར། །ཅེས་སོ།། །།ཉེར་བདུན་པ་གྲུབ་ཆེན་ཀ་ལ་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་ཐོབ་ཆེན་པོ་ཀ་ལ་པ་སྐུ་མདོག་དཀར་དམར་མཛེས་ཞིང་བལྟ་བས་མི་ངོམས་པ། རལ་པའི་ཐོར་ཚུགས་ཆུང་ངུ་ཅན། ཕྱག་མཉམ་གཞག་གི་ཕྱག་རྒྱ་དང༌། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། འགྲོ་བ་འདི་དག་ཐོག་མེད་དུས་ནས་འཁྲུལ། །དེ་ཡིས་འཇིག་རྟེན་ཐམས་ཅད་སྨྱོན་པར་གྲགས། །བླ་མའི་གདམས་ངག་བདུད་རྩིའི་སྨན་གྱིས་ནི། །འཁྲུལ་པའི་ནད་རྣམས་སྐད་ཅིག་གཅིག་ལ་སྲེག །ཅེས་སོ།། །།ཉེར་བརྒྱད་པ་གྲུབ་ཆེན་དྷཱུ་བི་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་དྷཱུ་བི་ར་ཛ་སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་གསོལ་ཞིང་ཞབས་པུས་བཙུགས། མདུན་དུ་ཆུ་རྒྱུན་ལ་གོས་རྙིང་པ་སྣ་ཚོགས་པ་འཁྲུད་པའི་ཚུལ་གྱིས་སེམས་ཀྱི་དྲི་མ་སྦྱོང་བའི་བརྡ་སྟོན་པ། གཡོན་དུ་རིག་མས་བསྟེན་པ། ལྷན་ཅིག་སོགས། དོ་ཧ་ནི། ཡུན་རིང་དུས་ནས་དྲི་མ་འཁྲུད་བྱས་ཀྱང༌། །སོལ་བའི་རང་བཞིན་དཀར་པོར་འགྱུར་བ་མེད། །རང་བཞིན་
རྣམ་དག་སྟོང་ཉིད་གོས་དག་ལ། །བླ་མའི་གདམས་པ་རང་བཞིན་ཁྲུས་མཁན་མཆོག །ཅེས་སོ།། །།ཉེར་དགུ་པ་གྲུབ་ཆེན་ཀངྐ་ན་པ་ནི། བརྒྱན་པའི་དབུས་སུ་རིན་པོ་ཆེའི་ཁྲི་བཀོད་ལེགས་དང་དར་ཟབ་ཀྱི་འབོལ་སྟན་ལ། གྲུབ་ཐོབ་ཆེན་པོ་ཀངྐ་ན་སྐུ་མདོག་དཀར་དམར་མདངས་ལྡན་རྒྱལ་པོའི་ཆ་བྱད་དར་དང་རིན་པོ་ཆེས་སྤྲས་པ། ཕྱག་གཡས་པའི་གདུ་བུ་ནོར་བུ་རིན་པོ་ཆེ་འོད་འབར་བ་ལ་རྩེ་གཅིག་ཏུ་གཟིགས་པའི་ཚུལ་ཅན་ཞབས་རོལ་སྟབས་སུ་བཞུགས་པ། མཐའ་བསྐོར་བཙུན་མོ་བློན་འབངས་ཀྱིས་བསྐོར་ཞིང༌། སྟེང་གི་བར་སྣང་གི་ནམ་མཁའ་ནས་ལྷ་དང་ལྷ་མོའི་ཚོགས་ཀྱིས་མཆོད་པ་འབུལ་བ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་འབྱུང་བས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །ཅེས་སོ།། །།སུམ་ཅུ་པ་གྲུབ་ཐོབ་ཀམྤ་ལ་པ་སྟེ་སློབ་དཔོན་ལྭ་ཝ་པ་ནི། དེ་ཡང་སོགས་ནས། ཉེར་སྤྱོད་མཐའ་ཀླས་པས་བརྒྱན་པའི་དབུས་སུ། ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ཀམྤ་ལ། སྐུ་མདོག་དཀར་དམར་དགེ་སློང་གི་ཆ་བྱད། སྐུ་ལ་ལྭ་བའི་ན་བཟའ་གསོལ་ཞིང༌། ཕྱག་མཉམ་བཞག་གི་ཕྱག་རྒྱས་ཏིང་ངེ་འཛིན་ལ་མཉམ་པར་འཇོག་བཞིན་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ནང་ན་ནོར་བུས་གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། །རྟོགས་པ་དང་ལྡན་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །ཞེས་སོ།། །།སོ་གཅིག་པ་གྲུབ་ཆེན་ཌིངྒི་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་སློབ་དཔོན་ཆེན་པོ་ཌིངྒི་པ་སྐུ་ལ་རས་ཀྱི་སྨད་དཀྲིས་གསོལ་ཞིང་རལ་པའི་ཐོར་ཚུགས་ཅན། ཕྱག་གཉིས་སྣོད་དུ་འབྲས་བླུགས་ཏེ་གཏུན་ཤིང་གིས་འབྲས་སྦྲུ་ཞིང་ཆུ་ལ་འཁྲུད་པས་སྙིང་པོའི་དོན་གྱི་བརྡ་སྟོན་པ། ཞབས་པུས་བཙུགས་ཀྱི་རྣམ་པ། སྐུ་ཡི་གམ་ནས་རིག་མ་བཟང་མོས་ཆུ་ཡི་རྒྱུན་ལུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། རྟ་དང་
གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་ཡི་རི་མོ་འདྲ་ན་རྟོགས་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་མིག་དང་འཁོར་ལོ་ལྟ་བུས་འབྲས་བུ་ཐོབ། །ཅེས་སོ།། །།སོ་གཉིས་པ་གྲུབ་ཆེན་བནྡྷེ་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། རིན་པོ་ཆེའི་ཁྲི་སྟན་དར་ཟབ་ཀྱི་འབོལ་དང་བཅས་པའི་སྟེང་དུ་སློབ་དཔོན་བནྡྷེ་པ་རྒྱལ་པོའི་ཆ་བྱད་སྐུ་དཀར་དམར་མདངས་ལྡན། དར་གྱི་འདུད་མ་དང་ཐོད་བཅིངས། རིན་པོ་ཆེའི་རྒྱན་སྣ་ཚོགས་པས་སྤྲས་པ། ཕྱེད་ཀྲུང་ངམ་རོལ་སྟབས་ཀྱིས་བཞུགས་པ། ལྷན་ཅིག་སོགས། དོ་ཧ་ནི། མངོན་ཞེན་མེད་པ་བྱམས་པའི་མཆོག །གནས་ལུགས་རྟོགས་པ་སྙིང་རྗེ་ཡིན། །ཟག་མེད་བདེ་བ་དགའ་བ་སྟེ། །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། །ཞེས་སོ།། །།སོ་གསུམ་པ་ཏནྟེ་པ་ནི། བརྒྱན་པའི་དབུས་སུ། གྲུབ་པའི་དབང་ཕྱུག་ཏནྟེ་པ་སྐུ་སྔོ་སངས་རྒྱ་གར་པ་ཕལ་པའི་ཆ་བྱད་རས་ཀྱི་སྨད་དཀྲིས་དང་ཐོད་བཅིངས་པ། ཕྱག་གཉིས་རྒྱ་གར་གྱི་ལུགས་དང་མཐུན་པའི་ཤོ་བསྣམས་ཏེ་ཤོ་གདན་གྱི་སྟེང་དུ་རོལ་རྩེད་མཛད་པའི་ཚུལ་ཅན། ལྷན་ཅིག་སོགས། དོ་ཧ་ནི། ཇི་ལྟར་དྲན་རིག་སྣ་ཚོགས་དག །རྟོག་མེད་དབྱིངས་སུ་ཟད་ཅིང་འགག །དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །སྟོང་ཉིད་དབྱིངས་སུ་ཟད་ཅིང་འགག །ཅེས་སོ།། །།སོ་བཞི་པ་གྲུབ་ཆེན་ཀུ་ཀུ་རི་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཆེན་པོ་ཀུ་ཀུ་རི་པ། སྐུ་མདོག་མི་ཤ་ཁ་སྔོ་མདངས་ཅུང་ཟད་ཡོད་པ། རལ་པའི་ཐོར་ཚུགས་དང༌། རུས་པའི་རྒྱན་གྱིས་མཛེས་པ་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཡོན་ཀ་པཱ་ལ་བདུད་རྩིས་གང་བ་འཛིན་ཅིང༌། སྐུ་པང་དུ་རྡོ་རྗེ་རྣལ་འབྱོར་མ་ཀུ་ཀུ་རཱི་གཞོན་ནུའི་གཟུགས་ཅན་ཕྱག་གཡས་ཀྱིས་བཟུང་སྟེ་དགྱེས་རྒུར་རོལ་པའི་ཚུལ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང༌། །འདོད་དང་འབད་རྩོལ་ཡོད་ན་སངས་རྒྱས་མིན། །བྱིན་རླབས་བླ་མའི་ཞལ་ལས་ཉམས་མྱོང་དཔལ། །ཆ་ལྡན་རང་ལ་ཡོད་ཀྱང་མ་མཐོང་ངོ༌། །ཞེས་སོ།། །།སོ་ལྔ་པ་
ཀུ་ཛི་པ་ནི། པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཀུ་ཛི་པ་སྐུ་མདོག་སྔོ་སངས་རྣལ་འབྱོར་པའི་ཆ་བྱད་རས་ཀྱི་ཨང་རག་གསོལ་བ། ལྟག་པའི་ཕྱོགས་སུ་ལྦ་བས་མཚན་པ། མདུན་ན་སློབ་དཔོན་ཀླུ་སྒྲུབ་བཞུགས་པ་ལ་གུས་པས་བསྙེན་པའི་ཚུལ་ཅན། ལྷན་ཅིག་སོགས་སོ། །དོ་ཧ་ནི། བླ་མའི་གསུང་གི་འོད་ཟེར་གྱིས། །ཡོད་དང་མེད་པའི་མཐའ་མ་རྙེད། །གང་ཞིག་མ་རྙེད་དེ་མཐའ་འོ། །མཐའ་དེ་རྟོགས་ན་དོན་གྱི་མཆོག །ཅེས་སོ།། །།སོ་དྲུག་པ་དྷ་མ་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་ཆེན་དྷ་མ་པ་སྐུ་ཤ་དཀར་སྔོ་བྲམ་ཟེའི་ཆ་བྱད་གཙུག་ཕུད་དང༌། ཚངས་སྐུད་རིལ་བ་དང་བཅས་ཤིང༌། རས་ཀྱི་སྨད་དཀྲིས་ཅན། ཕྱག་ན་གླེགས་བམ་བསྣམས་པ། སྐུ་ཡི་ཉེ་སྐོར་དུ་ཡང་པོ་ཏི་མང་པོ་དང་བཅས་པ། ལྷན་ཅིག་སོགས། དོ་ཧ་ནི། གཉིས་འཛིན་མ་རིག་དུག་དག་གིས། །རིག་པའི་སྐྱེས་བུ་རྒྱུན་དུ་བཟུང༌། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །སྣང་སྲིད་འཁྲུལ་པའི་དུག་ནད་སེལ། །ཅེས་སོ།། །།སོ་བདུན་པ་མ་ཧི་ལ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་ཆེན་མ་ཧི་ལ་སྐུ་ལུས་ཡན་ལག་སྦོམ་ཞིང་ཤ་སུལ་ཅན། གཞན་ལ་ལུས་སྟོབས་འགྲན་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། མ་རིག་ང་རྒྱལ་རི་བོ་ཡིས། །རྟོགས་པ་ཡིད་བཞིན་ནོར་བུ་བསྒྲིབས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། །ཅེས་པའོ།། །།སོ་བརྒྱད་པ་གྲུབ་ཆེན་ཨ་ཙིནྟ་པ་ནི། བརྒྱན་པའི་དབུས་སུ་ནགས་ཚལ་གྱི་ཕྲེང་བར། གྲུབ་ཆེན་ཨ་ཙིནྟ་པ་རས་ཀྱི་འདོམས་དཀྲིས་གསོལ་ཞིང༌། ཤིང་ཕུང་དང་སྟྭ་རེ་བསྣམས་ནས་ཤིང་གཅོད་པའི་ཚུལ་གྱིས་འཁྲུལ་པའི་དྲྭ་བ་གཅོད་པའི་བརྡ་སྟོན་པ། ལྷན་ཅིག་སོགས། དོ་ཧ་ནི། དམིགས་མེད་ཕྱག་རྒྱ་ཆེན་པོ་རུ། །འཁྲུལ་པའི་དྲན་རིག་སྣ་ཚོགས་སྟོར། །ཡེ་ཤེས་རིག་པའི་སྣང་བ་ཡིས། །རང་སྣང་ཕྱག་རྒྱ་ཆེན་པོ་མཐོང༌། །ཞེས་སོ།། །།སོ་དགུ་པ་བ་བྷ་ཧི་ནི། དབུས་སུ་རིན་པོ་ཆེའི་ཁྲི་དང་དར་ཟབ་བཟང་པོའི་འབོལ་སྟན་ལ། གྲུབ་པའི་སློབ་དཔོན་ཆེན་པོ་བ་བྷ་
ཧི་མི་བདག་གི་ཆ་བྱད། སྐུ་མདོག་དཀར་ལ་དམར་བའི་མདངས་ཅན་ལ། ན་བཟའ་སྨད་གཡོགས་ལས་གཞན་མེད་པར། དབུ་རྒྱན་ཕྱག་ཞབས་རིན་པོ་ཆེའི་གདུ་བུས་མཛེས་པ། སྐུ་ཡི་གཡོན་ཕྱོགས་ནས་མཚར་སྡུག་ཕུན་སུམ་ཚོགས་པའི་བཙུན་མོས་འཁྱུད་པས། འཕོ་མེད་བདེ་ཆེན་གྱི་རོ་ལ་དགྱེས་པས་རོལ་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། དཔེར་ན་ངང་པའི་རྒྱལ་པོ་ཡིས། །ཆུ་ལས་འོ་མ་འབྱེད་པ་བཞིན། །བླ་མ་དམ་པའི་གདམས་ངག་གིས། །བྱང་ཆུབ་སེམས་ཀྱི་བདུད་རྩི་བླངས། །བདེའོ་བདེའོ་དངོས་མེད་བདེ། །ཞེན་པ་མེད་པས་དངོས་མེད་བདེ། །རྟོགས་པ་ཐམས་ཅད་དེར་ཤེས་བདེ། །བསྒྲུབ་བྱ་མེད་པས་གསང་བ་བདེ། །ཞེས་སོ།། །།བཞི་བཅུ་པ་གྲུབ་ཆེན་ནཱ་ལི་ནཱ་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་ནཱ་ལི་ནཱ་པ་སྐུ་མདོག་དཀར་དམར་བྲམ་ཟེ་ཆ་བྱད། མཚོའི་དབུས་ན་མེ་ཏོག་པདྨའི་སྡོང་བུ་རྩ་བ་དང་བཅས་ཏེ་གཅོད་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། སྤྱི་བོ་པདྨ་འདམ་སྐྱེས་སུ། །ས་བོན་གཡོ་བ་དགའ་བ་སྟེ། །སྙིང་ག་མགྲིན་པ་མཆོག་ཏུ་དགའ། །ལྷན་སྐྱེས་དགའ་བྲལ་བླ་མེད་ཐོབ། །ཅེས་སོ།། །།ཞེ་གཅིག་པ་སློབ་དཔོན་ཞི་བ་ལྷ་ནི། བརྒྱན་པའི་དབུས་སུ་སེང་གེའི་ཁྲི་བཟང་པོའི་འབོལ་སྟན་གདིང་བས་བཀབ་པའི་སྟེང་དུ། གྲུབ་པའི་སློབ་དཔོན་ཆེན་པོ་བྷུ་སུ་ཀུ་པའམ། ཤཱནྟ་དེ་ཝ་སྐུ་མདོག་དཀར་དམར་ཤ་ཉམས་རྒྱས་པ། དགེ་སློང་གི་ཆ་བྱད་ཆོས་གོས་གསོལ་བ། ཞབས་སྐྱིལ་མོ་ཀྲུང་བཅས་ཏེ་དགེ་སློང་གི་དགེ་འདུན་ཆེན་པོའི་དབུས་སུ། འཇིགས་པ་མེད་པའི་ཚུལ་གྱིས་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་བཞིན་དུ་ནམ་མཁའ་ལ་ཇེ་མཐོར་འཕགས་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བདག་གིས་མ་རྟོགས་བར་དུ་རོ་ལ་ཁྱད་པར་ཆེ། །དེ་བཞིན་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །རྟོགས་པའི་དུས་ན་འཁོར་འདས་བདེ་བ་ཆེན་པོ་སྟེ། །དཔེར་ན་རྒྱ་མཚོའི་ནང་ན་འབར་བའི་རིན་ཆེན་བཞིན། །ཞེས་སོ།། །།ཞེ་གཉིས་པ་སློབ་དཔོན་ཨིནྡྲ་བོ་དྷི་ནི། མཐའ་ཀླས་པས་བརྒྱན་པའི་
དབུས་སུ། གཞལ་ཡས་ཁང་པ་ཡིད་དུ་མཆིས་པར་རིན་པོ་ཆེའི་ཁྲི་དར་ཟབ་ཀྱི་འབོལ་ལ། གསང་བ་སྔགས་ཀྱི་བདག་པོ་ཆེན་པོ་གྲུབ་པ་ཀུན་གྱི་དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ཨིནྡྲ་བོ་དྷི་སྐུ་མདོག་དཀར་ལ་དམར་བའི་མདངས་ལྡན་མཛེས་པ། འཁོར་ལོས་བསྒྱུར་བ་ཆེན་པོའི་ཆ་བྱད། ཁམས་གསུམ་དབང་ཕྱུག་ཆེན་པོའི་འབྱོར་པས་གཏམས་ཤིང༌། རྡོ་རྗེ་རྣལ་འབྱོར་མ་མིའི་བུ་མོའི་ཚུལ་བཟུང་བའི་བཙུན་མོ་མཚར་སྡུག་ཕུན་སུམ་ཚོགས་པ་ལྔ་བརྒྱས། གླུ་གར་རོལ་མོ་རེག་བྱའི་མཆོད་པས་རྟག་ཏུ་མཆོད་ཅིང་འདོད་པའི་ཡོན་ཏན་ལྔའི་ལོངས་སྤྱོད་དགའ་སྟོན་ལམ་དུ་ཁྱེར་བའི་སྤྲོས་བཅས་ཀྱི་སྤྱོད་པ་ཆེན་པོ་བརྩམས་པའི་ཚུལ་ཅན་གྱིས་དགྱེས་རྒུར་རོལ་པ། ལྷན་ཅིག་སྐྱེས་པ་མི་འགྱུར་བའི་སོགས་སོ། །དོ་ཧ་ནི། དུས་ཀྱི་སྣ་རྩེ་དག་ནི་བདག་བྱིན་རླབས་དང་མི་ལྡན་ན། །ཕྱི་ནང་ཀུན་ཏུ་སྤྱོད་པ་དག་གིས་རྣལ་འབྱོར་འཚང་མི་རྒྱ། །དགའ་བདེའི་རང་བཞིན་སངས་རྒྱས་དག་དང་ཁྱད་པར་མེད་པར་ནི། །ཞེན་པ་བཏང་ན་རང་བཞིན་སྐྱེས་པའི་ཉམས་མྱོང་མཆོག་ཏུ་འགྱུར། །ཞེས་སོ།། །།ཞེ་གསུམ་པ་སློབ་དཔོན་མེ་ཀོ་པ་ནི། བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་མེ་ཀོ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཅན། ཁྱིམ་པ་ཐ་མལ་པའི་ཆ་བྱད་གོས་ཕུ་དུང་ཅན་དང་ཐོད་བཅིངས་པ། ཕྱག་གཉིས་སྣུམ་ཁུར་བཟོ་བའི་བྱ་བ་མཛད་ཅིང༌། སྐུའི་མདུན་ཕྱོགས་སུ་ཁ་ཟས་ཀྱི་བྱེ་བྲག་སྣ་ཚོགས་པ་བཀྲམ་པ། རིག་མ་མཛེས་མས་གཡོས་ཀྱི་བྱ་བ་མཛད་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། བླ་མ་དག་ལས་དང་པོར་རང་གི་སེམས་རྟོགས་བྱ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མེད་བྱ་སྟེ། །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ནས་སྨྱོན་པའི་བརྟུལ་ཞུགས་སྤྱད་པར་བྱ། །ཞེས་སོ།། །།ཞེ་བཞི་པ་སློབ་དཔོན་ཏོག་ཙེ་པ་ནི། བརྒྱན་པའི་དབུས་སུ་གྲུབ་པའི་དབང་ཕྱུག་ཏོག་ཙེ་པ་སྐུ་མདོག་སྔོ་ནག་དབུ་ལ་ཐོད་བཅིངས་ཤིང་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ཀྱིས་ཏོག་ཙེ་བསྣམས་ཏེ་ཞིང་ཐ་རེངས་བརྐོ་བའི་ཚུལ་གྱིས། རང་རྒྱུད་རེངས་པ་འདུལ་དགོས་པའི་བརྡ་མཛད་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། བདེ་
སྡུག་ཐམས་ཅད་སེམས་ལས་བྱུང༌། །གདམས་པས་སེམས་ཀྱི་རི་བོ་བརྐོས། །ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་ཆེན་ཐོབ་མི་འགྱུར། །ཐ་མལ་ཤེས་པ་སྙིང་གི་དབུས་སུ་སད། །ཚོགས་དྲུག་དག་ན་བདེ་ཆེན་རྒྱུན་མི་ཆད། །བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །སྒོམ་དང་མི་སྒོམ་གཉུག་མའི་ངང་དུ་ཞོག །ཅེས་སོ།། །།ཞེ་ལྔ་པ་ཀམྦྷ་རི་པ་ནི། བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཀམྦྷ་རི་པ་སྐུ་མདོག་སྔོ་ནག་ཤ་ནའི་གོས་ཀྱི་སྨད་དཀྲིས་ཅན་ཐོད་བཅིངས་པ། ཕྱག་གཉིས་ཐོ་བ་དང་སྐམ་པ་བཟུང་སྟེ། ལྕགས་མགར་གྱི་ལས་ལ་བརྩོན་པས། དུག་གསུམ་ཆོས་ཀྱི་སྐུ་རུ་སྦྱངས་པའི་བརྡ་སྟོན་པ། ལྷན་ཅིག་སོགས། དོ་ཧ་ནི། རང་བཞིན་ལུས་ཀྱི་སོལ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །ལ་ལཱ་ར་སཱའི་སྦུད་པས་བུས། །དྷཱུ་ཏཱི་ཡེ་ཤེས་མེ་སྦར་ནས། །དུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས། །ཀཾ་བྷ་རི་པས་རྟོགས་ནས་གྲོལ། །ཅེས་སོ།། །།ཞེ་དྲུག་པ་ཛ་ལནྡྷ་ར་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་ཆེན་པོ་ཛ་ལནྡྷ་ར་པའམ་འབར་འཛིན་ཞབས་སྐུ་མདོག་དཀར་དམར་རལ་པའི་ཐོར་ཚུགས་དང་རུས་རྒྱན་ཅན། རས་དམར་གྱི་འདོམས་དཀྲིས་གསོལ་བ། ཞབས་ཕྱོགས་གཅིག་རྒྱབ་ནས་དཔུང་པར་བཀལ་ཞིང༌། ཕྱོགས་གཅིག་བཞེངས་པའི་པུས་བཙུགས་ཀྱི་ཚུལ་ཅན། ཕྱག་གཉིས་རྡོ་རྗེ་གཙུག་ཏོར་གྱི་ཕྱག་རྒྱ་ལྡོག་སྟེ་སྤྱི་བོར་འཆིང་བ། གཡོན་གྱི་ཕྱོགས་ནས་རིག་མ་རྣལ་འབྱོར་མའི་ཆ་བྱད་ཀྱིས་འདུད་བཞིན་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ཁམས་གསུམ་ལུས་ངག་ཡིད་གསུམ་གྱི། །དྲན་རིག་རྣམ་རྟོག་སྣ་ཚོགས་ཀུན། །ལ་ལཱ་ར་སཱ་དྷུ་ཏཱི་རུ། །བདག་བྱིན་བརླབ་ཕྱིར་བཅིང་བར་བགྱི། །ཞེས་སོ།། །།ཞེ་བདུན་པ་གྲུབ་ཆེན་རཱ་ཧུ་ལ་པ་ནི། ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་རཱ་ཧུ་ལ་པ་སྐུ་སྔོ་སངས་ཡིད་ཙམ་བགྲེས་པ། དབུ་སྐྲ་ཅོ་བྲེགས་ཕྱག་གཉིས་མཉམ་གཞག་དང༌། ཞབས་གཉིས་སྐྱིལ་ཀྲུང་གིས་དུར་ཁྲོད་ཀྱིས་གཞི་ལ་བཞུགས་ཤིང༌། དུར་ཁྲོད་ཀྱི་མི་རོ་ལ་གཟིགས་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ཕྱི་
ཡི་སྒྲ་གཅན་བཟང་པོ་ཡིས། །ཟླ་བའི་སྣང་བ་གཉིས་མེད་ཟོས། །ཀུན་རྫོབ་ཟླ་བའི་ཐིག་ལེ་ནི། །དབྱིངས་རིག་སྒྲ་གཅན་གཉིས་མེད་ཟོས། །ཞེས་སོ།། །།ཞེ་བརྒྱད་པ་དྷརྨ་པ་ནི། དགེ་སྦྱོང་གི་ཡོ་བྱད་གདིང་བའི་སྟན་ལ་གྲུབ་པའི་དབང་ཕྱུག་དྷརྨ་པ་སྐུ་སྔོ་སངས་ཆེས་ཆེར་སྨིན་པའི་ན་ཚོད་ཅན་དགེ་སྦྱོང་གི་ཆས་ལྡན། པོ་ཏི་ཕྱག་ན་བསྣམས་ཤིང་ཞབས་སེམས་སྐྱིལ་ཀྱིས་བཞུགས་པ། ལྷན་ཅིག་སོགས་སོ། །དོ་ཧ་ནི། སྣང་སྲིད་ཆོས་ཀྱི་ཀོང་བུ་རུ། །བྱང་ཆུབ་སེམས་ཀྱི་མར་ཁུ་བླུགས། །ཚོགས་དྲུག་རྣམ་ཤེས་སྡོང་བུ་ལ། །གཉིས་མེད་ཡེ་ཤེས་མེ་སྦར་བས། །རྣམ་རྟོག་འཁྲུལ་པའི་མུན་པ་བཅོམ། །ཞེས་སོ།། །།ཞེ་དགུ་པ་དྷོ་ཀ་རི་པ་ནི། བརྒྱན་པའི་དབུས་སུ་སློབ་དཔོན་དྷོ་ཀ་རི་པ་སྐུ་མདོག་སྨུག་ནག་སློང་མོ་པའི་ཆ་བྱད། ཕྱག་གཉིས་ཛོ་ལ་ཞེས་པ་དྲྭ་བའི་སྣོད་དུ་ཁ་ཟས་ཀྱི་སྣོད་ཆེན་པོ་དབྱུག་པའི་དཔྱང་ཐག་ཅན་བསྣམས་ཏེ་སློང་མོ་སློང་བའི་ཚུལ་དུ་བཞེངས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། ཆོས་དབྱིངས་རང་བཞིན་སྣོད་དག་ཏུ། །རིག་པ་ཆོས་སྐུའི་རྫས་ཉིད་བཅུག །དབྱིངས་རིག་གཉིས་མེད་འབྲས་བུ་ནི། །སྐལ་ལྡན་རྣལ་འབྱོར་རིག་པས་རྟོགས། །ཞེས་སོ།། །།ལྔ་བཅུ་པ་མེ་དྷི་ནི་པ་ནི། དབུས་སུ་གྲུབ་ཆེན་མེ་དྷི་ནི་པ་སྐུ་སྔོ་སངས་རྨོས་མཁན་གྱི་ཆ་བྱད། རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་ཤིང༌། རས་ཀྱི་སྨད་དཀྲིས་ཅན། རྨོས་གླང་གཉིས་ལ་གཉའ་ཤིང་བཙུགས་ཏེ་ཞིང་རྨོ་བའི་ཚུལ་གྱིས་ཆོས་ཀྱི་ངེས་གནས་སྟོན་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། རིག་པ་གཉུག་མའི་ཤེས་རབ་དང༌། །ཉམས་མྱོང་གོམས་པའི་ཐབས་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལས། །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས། །ཞེས་སོ།། །།ང་གཅིག་པ་གུ་རུ་པངྐ་ཛ་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། སློབ་དཔོན་ཆེན་པོ་པཾ་ཀ་ཛ་པ་སྐུ་མདོག་དཀར་དམར་གཞོན་པའི་ཉམས་དང་ལྡན་པ། བྲམ་ཟེའི་ཆ་བྱད། ཞབས་གར་སྟབས་ཀྱིས་བཞེངས་ཞིང་པདྨའི་རྫིང་བུའི་འགྲམ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ལ་བསྙེན་བཀུར་མཛད་པ། ལྷན་སྐྱེས་སོགས། དོ་ཧ་ནི། ཇི་ལྟར་བླ་མས་
མ་ཟིན་མ་རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དང་ནི་ནོར་བུ་མཆིང་བུ་མཉམ། །བླ་མ་དང་ནི་རྟོགས་པ་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། །ཞེས་པའོ།། །།ང་གཉིས་པ་བཛྲ་གྷཱཎྜེ་པའམ་རྡོ་རྗེ་དྲིལ་བུ་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་ཆེན་པོ་རྡོ་རྗེ་དྲིལ་བུ་པ་སྐུ་མདོག་མི་ཤ་ཁ་སྔོ་སངས་ཞི་མ་ཁྲོ། རལ་པའི་ཐོར་ཚུགས་དང༌། རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན་པས་ཡུམ་ལ་འཁྱུད་པ། ཡུམ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པ་གྲི་གུག་དང་ཐོད་པ་འཛིན་པ་ཕྱག་རྒྱ་ལྔ་ལྡན་ཤིན་ཏུ་མཛེས་མ་ལ་མཉམ་པར་སྦྱོར་བའི་བདེ་བས་དགྱེས་པ། ཞབས་གཡས་བརྐྱང་གཡོན་བསྐུམ་གྱི་སྟབས་ཀྱིས་མཁའ་དབྱིངས་མཐོན་པོར་འཕགས་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ལ་ལཱ་ར་སཱ་དྷཱུ་ཏཱི་གསུམ། །བདག་བྱིན་བརླབ་ཕྱིར་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། །ཅེས་སོ།། །།ང་གསུམ་པ་ཛོ་གི་པ་ནི། བརྒྱན་པའི་དབུས་སུ་གྲུབ་ཆེན་ཛོ་གི་པ་རྣལ་འབྱོར་གྱི་ཆ་བྱད་སྐུ་སྔོ་སངས་གཅེར་བུ། འཁར་བ་ཐོགས་ཤིང་ཡོ་བྱད་རྣམས་ཕྲག་དབྱུག་གི་རྩེར་བཏགས་ཤིང༌། ཕྲག་ཁུར་ཐོགས་པའི་རྣམ་པ་ཅན་ནམ། ཕྱག་ཐོད་པ་འཛིན་པར་བྱས་ཀྱང་རུང༌། ལྷན་ཅིག་སྐྱེས་སོགས། དོ་ཧ་ནི། མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་གསལ་བའི་ཡིད་གོམས་པས། །བརྟན་ཅིང་གཡོ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་ཐིམ། །ཞེས་སོ།། །།ང་བཞི་པ་ཙ་ལུ་ཀི་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཙ་ལུ་ཀི་པ་རྣལ་འབྱོར་པའི་ཆ་བྱད། ལ་ཊི་ཞེས་པ་འབོལ་སྟན་སྔས་སུ་བཅུག་ནས་གཟིམས་པ། མདུན་དུ་སྒོམ་ཤིང་ཅི་བདེར་བསྐྱུར་བའི་ཚུལ་ཅན། གཡོན་ཕྱོགས་ནས་རིག་མས་བརྟེན་པ། ལྷན་ཅིག་སོགས་སོ། །དོ་ཧ་ནི། བླ་མ་དམ་པའི་གདམས་ངག་ནི། །ཡུན་རིང་དུས་སུ་བསྒོམས་པ་ཡིས། །ས་སོགས་རིམ་པར་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། །ཅེས་སོ།། །།ང་ལྔ་
པ་གྲུབ་ཐོབ་གུ་དྷཱུ་རི་པ་ནི། དབུས་སུ་གྲུབ་ཐོབ་གུ་དྷཱུ་རི་པ་སྐུ་སྔོ་སངས་སྐུ་སྨད་ལ་ཤིང་ལོའི་གོས་ཅན། དབུ་སྐྲ་ཅོ་བྲེགས། སྙི་བཙུགས་ཏེ་བྱ་སྣ་ཚོགས་པ་གཤོར་བའི་རྣམ་པ་ཅན། ལྷན་ཅིག་སོགས་སོ། །དོ་ཧ་ནི། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །སེམས་ཉིད་གསལ་བའི་དོན་རྟོགས་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། །ཞེས་སོ།། །།ང་དྲུག་པ་གུ་རུ་ལུ་ཙི་ཀ་པ་ནི། བརྒྱན་པའི་དབུས་སུ་གྲུབ་ཆེན་ལུ་ཙི་ཀ་པ་སྐུ་མདོག་དཀར་ཉམས་བྲམ་ཟེའི་ཆ་བྱད། སྐྲ་དང་ཁ་སྤུ་རྣམས་འཇའ་རྩེས་འཐོག་སྟེ་ཟད་པའི་རྣམ་པ་ཅན། ལྷན་ཅིག་སོགས། དོ་ཧ་ནི། གང་ཞིག་ཐོག་མ་མེད་དུས་ནས། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། །བླ་མ་དམ་པའི་གྲུ་དག་གིས། །བརྒལ་དཀའི་མཚོ་ལས་དེ་རིང་ཐར། །ཅེས་སོ།། །།ང་བདུན་པ་གྲུབ་ཆེན་ན་གུ་ཎ་པ་ནི། བརྒྱན་པའི་དབུས་སུ་གྲུབ་ཆེན་གུ་ཎ་ཁྱིམ་པའི་ཆ་བྱད། སྐུ་མདོག་དཀར་ལ་དམར་མདངས་ཅན། མལ་ཁྲི་ལ་རྒྱབ་སྙེས་ནས་ཟས་ཟ་བའི་ཚུལ་ཅན། ལྷན་ཅིག་སོགས། དོ་ཧ་ནི། ཆུ་རླབས་ལྟ་བུའི་ཉམས་བརྟེན་ནས། །སྤྱོད་པར་བགས་ཀྱིས་འགྲོ་བར་བྱ། །བླ་མ་དམ་པའི་གདམས་ངག་གིས། །ཆགས་སྡང་རྟོག་པ་རང་ཞིར་བྱ། །ཞེས་སོ།། །།རེ་བརྒྱད་པར་ཛ་ཡཱ་ནནྡི་པ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་གྲུབ་པའི་སློབ་དཔོན་ཛ་ཡཱ་ནནྡི་པ་བྲམ་ཟེའི་སློབ་དཔོན་དགེ་བསྙེན་ཚངས་པར་སྤྱོད་པའི་ཆ་ལུགས་ཅན། རས་ཀྱི་སྨད་དཀྲིས་གསོལ་ཞིང༌། ཕྱག་གིས་ཏིང་ཤག་བསྣམས་ཏེ་རྡུང་བའི་ཚུལ་གྱིས་གཏོར་མ་སྣ་ཚོགས་པ་གཏོང་བའི་རྣམ་པ་ཅན། སྐུའི་མདུན་དུ་བྱ་སྣ་ཚོགས་འདུས་ཤིང༌། འཁོར་སློབ་མ་སྐྱེས་པ་དང་བུད་མེད་སྣ་ཚོགས་རྫ་རྔ་རྡུང་བ་དང༌། གླིང་བུ་འབུད་པ་སོགས་འབུད་དཀྲོལ་གྱི་བྱ་བ་བྱེད་པ་ལ་བརྩོན་པ་རྣམས་ཀྱིས་བསྐོར་བ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། ཡེ་ཤེས་རིག་པའི་ཏིང་ངེ་འཛིན། །ཐད་ཀ་མ་དེ་གཉུག་མར་གནས། །ཇི་ལྟར་རྟོགས་ན་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མིན། །ཅེས་སོ།། །།ང་དགུ་པ་ཙ་རི་པ་ནི། བརྒྱན་པའི་དབུས་སུ་གྲུབ་ཆེན་པ་ཙ་རི་པ་རྣལ་འབྱོར་པའི་ཆ་བྱད་སྐྲ་
བྲེགས་པ། ཤིང་ལྗོན་པའི་དྲུང་ན་བཞུགས་ཤིང་འདོམས་དཀྲིས་གྲུ་གསུམ་པ་ཞིག་མ་གཏོགས་ན་བཟའ་མེད་པ་མདུན་དུ་མེ་བཏང་སྟེ་སྣུམ་ཁུར་བཙོས་པ་ལ། སྣུམ་ཁུར་གཅིག་གི་ཕྱེད་ཞལ་དུ་གསོལ་བའི་རྣམ་པ། མདུན་ན་སྤྱན་རས་གཟིགས་བཞེངས་ཏེ་ཆོས་སྟོན་པ། ལྷན་ཅིག་སོགས། དོ་ཧ་ནི། གར་ཡང་མ་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་ཀྱི་གསང་བའི་སྟོབས་སྤྱད་ན། །རྣལ་འབྱོར་རྟགས་ཀྱིས་བསྡུ་བར་བྱ། །ཞེས་སོ། །དྲུག་ཅུ་པ་གྲུབ་ཆེན་ཙམ་པ་ཀ་པ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ་རིན་པོ་ཆེའི་ཁྲི་དང་དར་ཟབ་ཀྱི་འབོལ་སྟན་ལ། གྲུབ་ཆེན་ཙམ་པ་ཀ་པ་སྐུ་མདོག་དཀར་དམར་ལང་ཚོ་རྒྱས་པ། དར་གྱི་ན་བཟའ་ཕུ་དུང་ཅན་དང༌། རིན་པོ་ཆེས་བརྒྱན་པ། ཕྱག་ན་མེ་ཏོག་གི་ཕྲེང་བ་བསྣམས་པ། མཐའ་སྐོར་གྱི་སྐྱེད་ཚལ་རྣམས་ཙམྤ་ཀ་ཡི་ཤིང་སྟེ། ཡལ་ག་རྣམས་ཟླུམ་པོར་སྐྱེས་པ། ལོ་མ་ལྗང་ནག མེ་ཏོག་སེར་སྐྱ་ཡོད་པ། དེ་ལྟ་བུའི་སྐྱེད་ཚལ་གྱི་དབུས་ན་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ཐབས་དང་ཤེས་རབ་འོད་གསལ་ལྟ་བུ་ལ། །བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ལྷན་ཅིག་སྐྱེས་པས་དཔག་བསམ་ཤིང་དག་ལ། །འབྲས་བུ་སྐུ་གསུམ་རང་གསལ་རང་ལ་རྫོགས། །ཞེས་སོ།། །།རེ་གཅིག་པ་གྲུབ་ཆེན་བྷིཀྵ་ཎ་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་སློབ་དཔོན་བྷིཀྵ་ཎ་པ་སྐུ་སྔོ་སངས། ཕྱག་ན་ཀུ་བའི་སྣོད་བསྣམས་ཤིང༌། ཕྱག་གཅིག་པ་རང་གིས་ཚེམས་གཅིག མདུན་མཁར་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོ་ཞི་བ་རུས་རྒྱན་ཅན་གྱིས་ཆོས་སྟོན་པ་ལ་འབུལ་བའི་ཚུལ་ཅན། ལྷན་ཅིག་སོགས། དོ་ཧ་ནི། བླ་མེད་བགྲོད་དཀའི་བྱང་ཆུབ་གནས་ཆེན་དུ། །ཟུང་འཇུག་བདེ་བ་ཆེན་པོའི་ལམ་བསྟན་ནས། །ཕྱོགས་ཆ་བྲལ་བའི་རྣལ་འབྱོར་དབང་ཕྱུག་མཆོག །བླ་མའི་གདམས་པའི་དྲིན་གྱིས་དེ་ཉིད་རྟོགས། །ཞེས་སོ།། །།རེ་གཉིས་པ་གྲུབ་ཆེན་དྷི་ལི་པ་ནི། བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་བྷི་ལི་པ་རས་ཀྱི་ཐོད་དཀྲིས་དང་སྟོད་གཡོགས་སྨད་གཡོགས་ཅན། མདུན་དུ་མར་ནག་གི་སྣོད་ཆེན་པོ་མང་དུ་
བཤམས་ཏེ་འཚོང་བའི་ཚུལ་དང་ཁ་ཟས་སྣ་ཚོགས་བཤམས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བདག་ཉིད་གདོད་ནས་སངས་རྒྱས་ལ། །རྟོགས་པའི་དབང་གི་ཆོས་ཉིད་ཡིན། །དབང་བླངས་ལྷན་ཅིག་སྐྱེས་པ་དེས། །སྐྱེ་མེད་རྒྱས་འདེབས་རྗེ་བོ་འཛིན། །ཅེས་སོ།། །།རེ་གསུམ་པ་ཀུམྦྷ་རི་པ་ནི། བརྒྱན་པའི་དབུས་སུ་གྲུབ་པའི་སློབ་དཔོན་ཀུམྦྷ་རི་པ་རྫ་མཁན་གྱི་ཆ་ལུགས་འཁོར་ལོ་བསྐོར་ཏེ་རྫ་བཟོ་བའི་ཚུལ་ཅན། ཤེས་རབ་མས་མཐའ་བརྟེན་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། རྒྱུ་མཐུན་ལས་ཀྱི་འཁོར་ལོ་ཡིས། །སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཡེ་ཤེས་རིག་པའི་མེ་ཡིས་ནི། །འཁྲུལ་པའི་དྲི་མ་མ་ལུས་བསྲེགས། །ཞེས་སོ།། །།རེ་བཞི་པ་གྲུབ་ཆེན་ཙརྤ་ཊི་པ་ནི། བརྒྱན་པའི་དབུས་སུ་གྲུབ་ཆེན་ཙརྤ་ཊི་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ན་བཟའ་མི་ཁ་ལི་ཞེས་པ་དབུས་ཀྱི་བུག་པ་ནས་མགུལ་བཏོན་ཅིང༌། གཡས་གཡོན་གྱི་ཕྱེད་ཕྱེད་མདུན་རྒྱབ་ཀྱི་ན་བཟའ་བགོས་པ་ལ་སྐུ་རགས་བཅིངས་པ། ཕྱག་གཉིས་བཅུད་ལེན་གྱི་སྣོད་གསེར་འགྱུར་གྱི་རྩིས་གང་བའི་བུམ་པ་བསྣམས་པ་ལས་ཤིང་ལོའི་འཐོར་གཡབ་ཀྱིས་གཏོར་བས། སྐྱེས་པ་བུད་མེད་མཐའ་ཡས་པ་དོན་ཆེན་པོ་ལ་ཡུད་ཀྱིས་འགོད་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །རང་གིས་རྟོགས་ལས་གཞན་མེད་དེ། །གཉུག་མ་སེམས་ཉིད་རྟོགས་པ་གང༌། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། །ཅེས་སོ།། །།རེ་ལྔ་པ་རྣལ་འབྱོར་མ་མ་ཎི་བྷ་དྲ་ནི། མཐའ་ཀླས་པས་བརྒྱན་པའི་དབུས་སུ། རྣལ་འབྱོར་གྱི་དབང་ཕྱུག་མ་ཆེན་མོ་མ་ཎི་བྷ་དྲཱ་བུ་མོ་གཞོན་ནུ་མ་ལང་ཚོའི་གང་བ་ཅན་ཤིན་ཏུ་མཛེས་པའི་མཚར་སྡུག་ཕུན་སུམ་ཚོགས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ནམ་མཁའ་ལ་འཕུར་བའི་ཚུལ་ཅན། འོག་གི་ས་གཞིར་ཆུ་བུམ་ཆག་པ་ལ་གཟིགས་པའི་རྣམ་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། གང་ཞིག་མ་རྟོགས་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་སྒྲ་ཕྱིར་འབྲེང༌། །དེ་ཉིད་རང་བཞིན་མངོན་གྱུར་ཚེ། །གང་སྣང་རང་བཞིན་དེ་དེ་ཉིད། །ཅེས་སོ།། །།རེ་དྲུག་པ་རྣལ་འབྱོར་མ་མེ་ཁ་ལི་ནི། བརྒྱན་པའི་དབུས་སུ་
རྣལ་འབྱོར་གྱི་དབང་ཕྱུག་མ་མེ་ཁ་ལི་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། གཞོན་མཛེས་ལང་ཚོ་རྒྱས་ཤིང་དབུ་སྐྲ་སིལ་བུར་གྲོལ་བ། གཅེར་བུ་རུས་པའི་རྒྱན་ཅན། མཆན་ཁུང་དུ་རྡོ་རྗེ་ཁ་ཊྭཱཾ་ག་བཟུང་བ། ནམ་མཁའ་ལས་ཡེ་ཤེས་ཀྱི་རལ་གྲི་ཕྱུངས་ཏེ་ཕྱག་གཡས་ཀྱིས་འཛིན་ཞིང༌། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པ། ཞབས་གཉིས་གར་སྟབས་བརྐྱང་བསྐུམ་གྱི་ཚུལ་དུ་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། ཕྱི་དང་ནང་ཀུན་སེམས་སུ་འདུས། །ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་རྩོལ་མེད་ན་སྒོམ་པའི་མཆོག །གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། །ཞེས་སོ།། །།རེ་བདུན་པ་རྣལ་འབྱོར་མ་ཀ་ཁ་ལ་ནི། བརྒྱན་པའི་དབུས་སུ་རྣལ་འབྱོར་མ་ཀ་ན་ཁ་ལ་སྐུ་མདོག་དཀར་དམར་གཅེར་མོ་ལང་ཚོ་རྒྱས་པ། རུས་པའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་པས་ཡེ་ཤེས་ཀྱི་རལ་གྲི་རྣོ་ངར་ལྡན་པ་འཛིན་ཅིང༌། གཡོན་པས་རང་གི་དབུ་བཅད་དེ་འཛིན་པ་ཕག་མོ་དབུ་བཅད་མའི་ཚུལ་ལྟར། ཞབས་བརྐྱང་བསྐུམ་གར་སྟབས་ཀྱིས་ནམ་མཁའ་ལ་གར་མཛད་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། གོ་ཆ་ཆེན་པོ་བགོས་ནས་ཀྱང༌། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་གི་སེམས་ཀྱི་གྲུ་བཏང་ནས། །མི་རོའི་ཁོག་པར་ངེས་པར་ཞུགས། །ཞེས་སོ།། །།རེ་བརྒྱད་པ་ཀ་ལ་ཀ་ལ་པ་ནི། གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོ་དུར་ཁྲོད་ཆེན་པོའི་ས་གཞི་འཇིགས་སུ་རུང་བའི་དབུས་སུ། རྣལ་འབྱོར་གྱི་དབང་ཕྱུག་ཀ་ལ་ཀ་ལ་པ། སྐུ་སྔོ་ནག་གཅེར་བུ་ཏིང་ངེ་འཛིན་ལ་བཞུགས་པ། དེའི་མདུན་མཐོ་བ་ན་རྣལ་འབྱོར་དབང་ཕྱུག་རུས་རྒྱན་ཅན་ཞིག་གིས་ཆོས་སྟོན་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། ཆོས་དབྱིངས་རྣམ་དག་མཁའ་དཀྱིལ་དུ། །སྐྱེ་མེད་འབྲུག་སྒྲ་ལེགས་བསྒྲགས་པས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་ཡེ་ཤེས་འབྲས་བུ་མཛེས། །ཞེས་སོ།། །།རེ་དགུ་པ་ཀནྡྷ་ལི་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་གྲུབ་ཆེན་ཀནྡྷ་ལི་པ་སྐུ་མདོག་སྔོ་སངས་རས་ཀྱི་སྨད་དཀྲིས་ཅན། ཕྱག་གཉིས་ཁབ་སྐུད་དང་བེམ་པོ་བསྣམས་
ཏེ་ཚེམ་བུ་འདྲུབ་པའི་ཚུལ་ཅན། ལྷན་ཅིག་སོགས་སོ། །དོ་ཧ་ནི། བླ་མ་དམ་པའི་ཁབ་དག་དང༌། །སྙིང་རྗེ་ཡི་ནི་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བཙེམས། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། །ཞེས་སོ།། །།བདུན་ཅུ་པ་གྲུབ་ཆེན་དྷ་ཧུ་ལི་པ་ནི། བརྒྱན་པའི་དབུས་སུ། གྲུབ་པའི་སློབ་དཔོན་དྷ་ཧུ་ལི་པ་སྐུ་མདོག་སྔོ་སངས་རལ་པའི་ཐོར་ཚུགས་ཅུང་ཟད་དང་བཅས་པ། རས་ཀྱི་སྨད་དཀྲིས་ཅན་གཡོན་ནས་རིག་མས་འདུད་ཅིང༌། རྩ་ཐག་གི་གྲིམས་པའི་ཁུར་པོ་འཆོས་པའི་ཚུལ་ཅན། ལྷན་ཅིག་སོགས། དོ་ཧ་ནི། ཟུང་འཇུག་རིག་པ་རིན་ཆེན་མཛོད། །གཉིས་མེད་ངང་དེར་བཙལ་བས་མིན། །བྱ་བ་བཏང་བའི་སེམས་བཞིན་དུ། །ཇི་ལྟར་བཞག་པ་དེ་ལྟར་བདེ། །ཞེས་སོ།། །།དོན་གཅིག་པ་ཨུ་དྷི་ལི་པ་ནི། བརྒྱན་པའི་དབུས་སུ་གོས་སྟན་བཟང་པོ་ལ་བཞུགས་པའི་སློབ་དཔོན་གྲུབ་པ་ཐོབ་པའི་ཨུ་དྷི་ལི་པ་སྐུ་མདོག་དཀར་སྨུག་ཤ་ཉམས་ཅན་སྨ་ར་བཟང་པོ་དང་ལྡན་པ། གོས་ཕུ་དུང་ཅན་གསོལ་ཞིང་དབུ་ལ་རས་ཀྱི་ཐོད་བཅིང་སོགས་ཁྱིམ་བདག་གི་ཆ་བྱད། རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། སྤྱན་ནམ་མཁའ་ལ་གཟིགས་པ། ནམ་མཁའི་མཐོངས་སུ་སྤྲིན་ཁ་དོག་སྣ་ལྔ་གླང་པོ་ཆེ་དང༌། རྟ་དང༌། བྱ་ལ་སོགས་པའི་གཟུགས་བརྙན་འཆར་བ་དང༌། བྱ་ངང་པ་ནམ་མཁའ་ལ་འཕུར་བ། དེའི་མདུན་དུ་རྣལ་འབྱོར་པ་ཤིང་ལོ་ཐོགས་པ་ཞིག་གིས་ཆོས་འཆད་པའི་ཚུལ་ཅན། ལྷན་ཅིག་སོགས། དོ་ཧ་ནི། ཇི་ལྟར་རྣམ་རྟོག་རྗེས་འབྲང་འཁྲུལ། །མ་འབྲེང་བག་ཆགས་མ་བཏང་བཟུང༌། །གང་ལ་མི་གནས་འགྲོ་བ་བསྡུ། །གཞན་ལས་བཙལ་བས་དེ་རྙེད་མིན། །ཅེས་སོ།། །།དོན་གཉིས་པ་ཀ་པཱ་ལ་པ་ནི། ཡོངས་སུ་བསྐོར་བའི་སྙིང་པོར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བའི་དབུས་སུ་གྲུབ་ཆེན་ཀ་པཱ་ལི་པ་རྣལ་འབྱོར་བའི་ཆ་བྱད་སྐུ་མདོག་སྔོ་ནག འདོམས་དཀྲིས་མ་གཏོགས་གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། མདུན་དུ་བུད་མེད་བཟང་མོའི་རོ་བཞག་པའི་ཐོད་པ་བྲེགས་ཏེ་ཕྱག་ཏུ་བསྣམས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །རྒྱན་སོགས་ཐོད་པ་གློ་བུར་བ། །ངར་འཛིན་འཁྲུལ་པ་དེ་ཉིད་ཀྱང༌། །
རང་གིས་བཙལ་བས་རྙེད་མ་ཡིན། །ཅེས་སོ།། །།དོན་གསུམ་པ་ཀི་ར་བ་ལ་པ་ནི། བརྒྱན་པའི་དབུས་སུ་རིན་པོ་ཆེའི་སྟན་ལ་གྲུབ་པའི་སློབ་དཔོན་ཀི་ར་བ་ལ་སྐུ་མདོག་དཀར་སྨུག་ཅུང་ཟད་ཁྲོ་བོའི་ཉམས་ལྡན། སྨ་ར་བཟང་པོ་ཅན། དབུ་ལ་ཅོད་པན་དབུས་ཕྱོགས་བཞི་སྟེ་རྩེ་མོ་ལྔ་པ་རིན་པོ་ཆེའི་ཏོག་ཅན་གསོལ་པ། སྐྲ་མཚམས་སུ་དཔའ་བོའི་དར་དཔྱངས་ཞེས་པ་རིན་ཆེན་གསེར་གྱི་འཁྱུད་མོ་ལས་རྣ་ལྟག་གཡས་གཡོན་ནས་མར་དར་དཔྱངས་འཕྱང་བ། ཕྱག་གཡས་རལ་གྲི་དང༌། གཡོན་ཕུབ་བཟུང་སྟེ་རོལ་སྟབས་ཀྱིས་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས་སོ། །དོ་ཧ་ནི། ཇི་སྲིད་མ་རྟོགས་བར་དུ་རང་གཞན་རྟོགས་པས་བཅིངས། །དེ་ཚེ་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བླ་དྭགས་ཡིན། །དེ་ཉིད་སྤྲོས་བྲལ་མ་བཅོས་རང་སར་རང་སེམས་ཟུང༌། ཞེས་སོ།། །།དོན་བཞི་པ་གྲུབ་ཆེན་ས་ཀ་ར་པ་ནི། བརྒྱན་པའི་དབུས་སུ་སློབ་དཔོན་ཆེན་པོ་ས་ཀ་ར་པ་དགེ་སློང་གི་ཆ་བྱད། ཆོས་གོས་རྣམ་པ་གསུམ་དང་ལྡན་པ། མདུན་ན་འཕགས་པ་སྤྱན་རས་གཟིགས་སྐུ་བཞེངས་སྟབས་ཀྱིས་བཞུགས་པ་ལ་གུས་པས་མཆོད་པའི་ཚུལ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། འགྲོ་རྣམས་སྡུག་བསྔལ་གྱིས་གདུངས་ལ། །འདོད་ཡོན་དག་གི་ཆར་ཕབ་བོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །སྐལ་ལྡན་རིག་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་བོ། །ཞེས་སོ།། །།དོན་ལྔ་པ་སརྦ་བྷཀྵ་པ་ནི། བརྒྱན་པའི་དབུས་སུ། གྲུབ་པའི་དབང་ཕྱུག་སརྦ་བྷཀྵ་པ་སྐུ་སྔོ་སངས་དམངས་རིགས་ཀྱི་ཆ་བྱད་རས་ཀྱི་འདོམས་དཀྲིས། སྐྲ་བཅིངས་པ། མདུན་དུ་སྣོད་གཅིག་གི་ནང་ཟས་བཟང་ངན་སྣ་ཚོགས་ཡོད་པ་ལོངས་སྤྱོད་པའི་ཚུལ་ཅན། ལྷན་ཅིག་སོགས། དོ་ཧ་ནི། བདག་གིས་མ་རྟོགས་དུས་ན་སྣ་ཚོགས་རོ་ལ་ཁྱད་པར་ཆེ། །གང་ཞིག་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །དེ་བཞིན་མ་རྟོགས་ཉིད་ན་འཁོར་འདས་ཐ་དད་སྣང༌། །དེ་ཉིད་རྟོགས་ན་འཁོར་བ་སངས་རྒྱས་བདེ་བ་ཆེ། །ཞེས་སོ།། །།དོན་དྲུག་པ་ནཱ་ག་བོ་དྷི་ནི། དབུས་སུ་
དགེ་སྦྱོང་གི་ཡོ་བྱད་གདིང་བའི་སྟན་ལ་སློབ་དཔོན་ཆེན་པོ་ནཱ་ག་བོ་དྷིའམ་ཀླུའི་བྱང་ཆུབ་སྐུ་མདོག་མི་ཤ་ཁ་སྔོ་སངས་དགེ་སློང་གི་ཚུལ་ཅན་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་ཅིང་ཏིང་ངེ་འཛིན་ལ་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། ས་ལ་གནས་ན་ཐམས་ཅད་སྐལ་པ་བཟང༌། །རྒྱ་མཚོའི་གཏིང་དུ་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་དག་ཏུ་ཕྱིན་ན་གཉེན་དང་འཕྲད། །ཅེས་སོ།། །།དོན་བདུན་པ་གྲུབ་ཆེན་དཱ་རི་ཀ་པ་ནི། དབུས་སུ་གྲུབ་པའི་དབང་ཕྱུག་དཱ་རི་ཀ་པ་སྐུ་སྔོ་སངས། ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་ཞིང་འཇའ་འོད་དང་བཅས་ནམ་མཁའ་ལ་འཕུར་ཞིང་ལྡིང་བའི་ཚུལ་གྱིས་གཤེགས་པ། འཁོར་དུ་མཆོག་ཏུ་གྱུར་པའི་བུད་མེད་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་བསམ་མི་ཁྱབ་པ་དང་བཅས་མཁའ་སྤྱོད་དུ་བགྲོད་པའི་ཚུལ་ཅན། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བདེ་བ་ཆེན་པོ་རང་ལ་ཡོད་ཀྱང་མ་རྟོགས་འཁྲུལ་པས་བསྒྲིབས། །བདེ་གསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་བསག་བྱ། །ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང༌། །བླ་མ་དག་དང་མི་ལྡན་བདེ་བ་ཆེན་པོ་རྟོགས་མི་འགྱུར། །ཅེས་སོ།། །།དོན་བརྒྱད་པ་པུ་ཏ་ལི་བ་ནི། བརྒྱན་པའི་དབུས་སུ་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་སློབ་དཔོན་པུ་ཏ་ལི་པ་རྣལ་འབྱོར་གྱི་ཆ་བྱད་དབུ་སྐྲ་ཅོ་བྲེགས། སྒོམ་ཐག་དང་ཨང་རག་གསོལ་པ། མདུན་དུ་དཔལ་དགྱེས་པ་རྡོ་རྗེའི་སྐུ་རས་བྲིས་པ་བཀྲམ་པ་ལ་རྩེ་གཅིག་ཏུ་གཟིགས་པ། ལྷན་ཅིག་སོགས། །དོ་ཧ་ནི། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །བློས་བཞག་ལོག་པའི་ལམ་སྤངས་ཏེ། །སྙིང་པོའི་ལམ་ལ་བརྩོན་བྱས་པས། །སྙིང་པོའི་འབྲས་བུ་གདོན་མི་ཟ། །གང་གི་བླ་མ་དམ་པ་ལས། །དབང་བླངས་ལྷན་ཅིག་སྐྱེས་པ་དེ། །རོ་ཡིས་ཀུན་ལ་ཁྱབ་བྱས་ཏེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། །ཅེས་སོ།། །།དོན་དགུ་པ་ཨུ་པ་ན་ཧ་པ་ནི། བརྒྱན་པའི་དབུས་སུ་གྲུབ་ཆེན་ཨུ་པ་ན་ཧ་སྐུ་མདོག་དཀར་སྔོ་རས་ཀྱི་སྨད་དཀྲིས་དང་ཐོད་ཅན། ཕྱག་གཉིས་དཀུར་བརྟེན་པ། ཨག་ཚོམ་དང་བཅས་ཤིང༌། ཞབས་ལ་
ལྷྭམ་ཡུ་བཅད་གཡེར་ཁ་སོགས་རྒྱན་མང་པོ་བཏགས་ཏེ་སིལ་ཁྲོལ་གྱི་སྒྲ་དང་བཅས་རྒྱུགས་པའི་ཚུལ་གྱིས། བདེ་ཆེན་གྱི་སར་རིངས་པར་འགྲོ་བ་ལ་བརྩོན་དགོས་པའི་བརྡ་སྟོན་པ། ལྷན་ཅིག་སོགས། དོ་ཧ་ནི། སྙིང་པོ་གཉུག་མའི་དོན་བསམས་པས། །ཇི་ལྟར་བསམ་པ་དེ་ལྟར་རྟོགས། །དེས་ནི་དེ་ཉིད་རང་དགར་ཡིན། །འདོད་རྒུ་ལྷུག་པར་ཐམས་ཅད་འབྱུང༌། །ཞེས་སོ། །བརྒྱད་ཅུ་པ་གྲུབ་ཆེན་ཀོ་ཀི་ལ་པ་ནི། བརྒྱན་པའི་དབུས་སུ་སློབ་དཔོན་ཆེན་པོ་ཀོ་ཀི་ལ་པ་རྒྱལ་པོའི་ཆ་བྱད་སྐུ་མདོག་དཀར་དམར། དར་ཟབ་ཀྱི་ན་བཟའ་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རིན་པོ་ཆེའི་ཁྲི་སྟན་ལ་བཞུགས་པའི་མཐའ་སྐོར་དུ་སྐྱེད་མོས་ཚལ་འབྲས་བུ་ཅན་གྱི་ཤིང་གིས་གང་བ། གཞོན་ནུ་མ་མཆོག་གི་མཛེས་སྡུག་ཅན་མང་པོས་གླུ་དང་གར་དང༌། རླུང་གཡབ་དང༌། ཁྲུས་གསོལ་བའི་རྣམ་པ། ཤིང་རྣམས་ལ་བྱ་ཀོ་ཀི་ལ་སྟེ་ཁུ་བྱུག་ནག་པོ་མང་པོ་སྙན་པའི་སྒྲ་འབྱིན་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བྱ་བ་བཏང་ན་མན་ངག་ཡིན། །ཞེ་འདོད་མེད་པ་རྟོགས་པ་ཡིན། །བདེ་བ་དངོས་མེད་སྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་འབྲས་བུའི་མཆོག །ཅེས་སོ།། །།གྱ་གཅིག་པ་ཨ་ནངྒ་པ་ནི། དབུས་སུ་སློབ་དཔོན་ཨ་ནངྒ་པ་སྐུ་དཀར་དམར་ཤིན་ཏུ་མཛེས་པ་ལྟ་བས་ཆོག་མི་ཤེས་པ་ཞབས་སྐྱིལ་ཀྲུང༌། ཕྱག་མཉམ་གཞག་དང་ས་གནོན་གྱི་ཚུལ་གྱིས་ཏིང་ངེ་འཛིན་ལ་མཉམ་པར་བཞག་བཞིན་རྩྭ་ཡི་སྤྱིལ་པོར་གནས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། འཁོར་བ་སྙིང་པོ་མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲེགས་པ་ཡིས། །དུག་གིས་ཟིན་ནས་བདེ་བར་འཛིན། །མངོན་ཞེན་དུག་ནད་སྤངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། །ཞེས་སོ།། །།གྱ་གཉིས་པ་རྣལ་འབྱོར་མ་ལཀྵྨཱི་ཀ་བ་ནི། ཕྱི་རིམ་སྲུང་བའི་འཁོར་ལོ་གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོ་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་གནས་སུ། མི་རོའི་གདན་ལ་རྗེ་བཙུན་རྣལ་འབྱོར་གྱི་དབང་མོ་ཆེན་མོ་ལཀྵྨཱི་ཀ་ར་སྐུ་མདོག་དཀར་དམར་བདེ་བའི་ཉམས་མཆོག་ཏུ་རྒྱས་པའི་ལང་ཚོའི་གང་བ་ཅན། མཛེས་སྡུག་གི་
ཕུལ་དུ་ཕྱིན་པ། སྐུ་གཅེར་མོ་ནུ་འབུར་དང་བྷ་ག་རྒྱས་པ། ཁྲོ་འཛུམ་ཆགས་པའི་ཉམས་ལྡན། ཕྱག་གཡས་རྡོ་རྗེ་གྲི་གུག་འཕྱར་ཞིང༌། གཡོན་ཐོད་ཁྲག་འཛིན་པ། མཆན་ཁུང་དུ་ཁ་ཊྭཱཾ་ག་བསྣམས་ཞིང་རུས་པའི་རྒྱན་གྱིས་མཛེས་པ། ཞབས་བརྐྱང་བསྐུམ་རོལ་སྟབས་ཀྱིས་བཞུགས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། དང་པོར་བློ་ལྡན་རྟོགས་པ་སྐྱེད། །བར་དུ་གནས་ལུགས་མ་ཡེངས་སྒོམ། །དེ་ནས་ཉམས་མྱོང་སྐྱེས་པ་ན། །སྤྱོད་པ་བགས་ཀྱིས་སྤྱད་པར་བྱ། །ཞེས་སོ།། །།གྱ་གསུམ་པ་ས་མུ་དྲ་པ་ནི། བསྐོར་བའི་དབུས་སུ། རྒྱ་མཚོ་ཆེན་པོ་གཏིང་དཔག་དཀའ་བར་གྲུ་བོ་ཆེ་མཐོ་ཁྱད་ཕུན་སུམ་ཚོགས་པ་ནོར་བུ་རིན་པོ་ཆེས་ཡོངས་སུ་གང་བའི་ནང་དུ། གྲུབ་པའི་སློབ་དཔོན་ས་མུ་དྲ་པ་སྐུ་མདོག་དཀར་དམར་དེད་དཔོན་གྱི་ཆ་བྱད་གོས་ཙོ་མ་དང་ཐོད་བཅིངས། ཞབས་ཕྱེད་ཀྲུང་གིས་བཞུགས་པ། འཁོར་དུ་མས་བསྐོར་བ། སྟེང་གི་ནམ་མཁའ་ལ་གྲུབ་ཐོབ་ཨ་ཙིནྟ་པ་གཅེར་བུ་རལ་པ་ཅན་གྱིས་ཆོས་སྟོན་པ། ལྷན་ཅིག་སོགས། དོ་ཧ་ནི། སྐྱེ་མེད་རྟོགས་ཀྱང་ཉམས་མྱོང་དང་བྲལ་ན། །དཔེར་ན་སྲིན་མོའི་ལག་ཏུ་བུ་ཁྱེར་འདྲ། །ཉམས་མྱོང་གནས་ལུགས་དག་དང་མ་འབྲེལ་ན། །དེ་ཡང་གླང་ཆེན་འདམ་དུ་ཞུགས་པ་འདྲ། །ཞེས་སོ།། །།གྱ་བཞི་པ་བྱཱ་ལི་པ་ནི། བརྒྱན་པའི་དབུས་སུ་པགས་པའི་གདན་ལ་གྲུབ་པའི་དབང་ཕྱུག་བྱཱ་ལི་པ་སྐུ་མདོག་དཀར་དམར་ནོར་བུའི་ཁ་དོག་ལྟར་འོད་ཟེར་འབར་བ་བྲམ་ཟེའི་ཆ་བྱད་ཚངས་སྐུད་དཀར་པོ་ཕྲག་པར་ཐོགས་པ། རས་ཀྱི་སྨད་དཀྲིས་གསོལ་བ། ཕྱག་གཉིས་བཅུད་ལེན་གྱི་སྣོད་ཐོགས་ཤིང༌། སྐུའི་ཉེ་ལོགས་སུ་གསེར་འགྱུར་གྱི་རྩིས་གང་བའི་གཞོང་པ་དང༌། ལྕགས་མང་པོ་གསེར་དུ་བསྒྱུར་བའི་རྣམ་པ་ཅན། སྐུའི་གཡོན་ཕྱོགས་སུ་ཆུང་མ་བུ་དང་མནའ་མར་བཅས་པ། མདུན་དུ་རྟ་མཆོག་སྟེ་ཐམས་ཅད་རིག་པ་འཛིན་པའི་ལུས་ཅན་རྒྱན་གྱིས་སྤྲས་པ། ལྷན་ཅིག་སྐྱེས་པ་སོགས། དོ་ཧ་ནི། བླ་མ་དམ་པ་མཐོང་ན་དེ་ཉིད་མཐོང༌། །ནམ་མཁའི་མཐོངས་སུ་བསྒོམས་ན་དབེན་པའི་མཆོག །ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའི་
འོ་མ་འཐུང་ན་འཚོ་བར་འགྱུར། །ཞེས་སོ།། །།དེ་ལྟ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་བའི་བྱིན་རླབས་བྱ་ཚུལ་སྤྱི་ཆིངས་སྔོན་བཤད་ལ་བསྒྱུར་ཁ་བཀོད་པ་རྣམས་ཤེས་པར་བྱས། བར་འདིར། ཡི་དམ་མཚོན་བྱེད་རྡོ་རྗེ་གདན་པའི་ལུགས་མི་གཡོ་སྔོན་པོའི་རྗེས་གནང་བྱ་སྟེ་དེ་ནི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ནང་ལས་འབྱུང་བཞིན་བྱ་བ་ཉིད་ཡིན་ནོ། །མཐར་བཀའ་སྲུང་ཆོས་སྐྱོང་གི་བྱིན་རླབས་ནི། མཎྜལ་གྱི་སྟེང་དུ་གཏོར་མ་གྲུ་གསུམ་ནག་པོའམ། དཔལ་གཏོར་སྙིང་གཟུགས་པད་འདབ་བཞི་པ་རྒྱན་ཅན་གཏོར་གདུགས་ཀྱིས་མཚན་པ་མཉྫིར་བཀོད། མཆོད་ཚོགས་བཤམས། དེ་ཡང་སྣང་གཞི་མདུན་གྱི་མཎྜལ་ཞེས་པ་ནས། གཞོམ་དུ་མེད་པས་ཡོངས་སུ་བསྐོར་བའི་སྙིང་པོར་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བའི་དབུས་སུ་པདྨ་ཉི་མ་དགྲ་བགེགས་བསྒྲལ་བའི་བམ་རོའི་གདན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོ་སྐུ་མདོག་དུས་མཐའི་སྤྲིན་དང་མུན་པ་ལྟར་ནག་པ། སྦོམ་ཞིང་ཐུང་ལ་གསུས་པ་འཕྱང་བ། ཡན་ལག་རགས་པ། དྲག་པོར་ཁྲོས་པའི་ཞལ་གཅིག་ཕྱག་བཞི་པ། སྤྱན་གསུམ་མེ་སྟག་ལྟར་དམར་ཞིང་ཟླུམ་ལ་གཡོ་བ། སྨ་ར་སྨིན་མ་ཨག་ཚོམ་དམར་སེར་མེ་འཕྲོ་བ། ཕྱག་བཞིའི་གཡས་ཀྱི་དང་པོས་མཆོག་སྦྱིན། གཉིས་པ་ན་རལ་གྲི་མེ་འབར་བ། གཡོན་གྱི་དང་པོས་ཐོད་ཁྲག གཉིས་པས་རྩེ་གསུམ་དར་དཔྱངས་ཌ་མ་རུ་དང་ལྡན་པ་འཕྱར་བ། རྡོ་རྗེ་ནག་པོའི་རྩེ་ཕྲན་གྱི་མི་མགོ་སྐམ་པོ་ལྔའི་དབུ་རྒྱན། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་གདུག་པའི་སྦྲུལ་དང་རུས་པའི་རྒྱན་གྱིས་བརྒྱན་པ། སྟག་ལྤགས་རློན་པའི་ཤམ་ཐབས། ཞབས་གཉིས་བརྐྱང་བསྐུམ་རོལ་སྟབས་ཀྱིས་བཞུགས་པ། ཡེ་ཤེས་ཀྱི་མེ་ཕུང་རབ་ཏུ་འབར་བའི་དབུས་ན་འཇིགས་པའང་འཇིགས་པར་མཛད་པའི་ཧེ་རུ་ཀ་དཔལ་ཆེན་དྲག་པོའི་འཁོར་ལོས་སྒྱུར་བའི་ཚུལ་དུ་རོལ་པ། སྲིད་གསུམ་དྲེགས་པ་ཀུན་གྱིས་འདུད་བཞིན་པའི་སྤྱན་སྔར་ཁྱེད་རང་རྣམས་ཀྱི་སྐུ་ལུས་རྣམ་སྨིན་གྱི་སོགས་ནས། ལེགས་སྦྱར་འདི་ནི་རྗེ་བཙུན་ནག་པོ་ཆེར། །དད་པས་ཕུལ་བའི་སོགས་དང༌།
ཨོཾ་ཨཱཿཧཱུྃ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ག་ཎ་ཙཀྲ་སོགས་བསྒྱུར། ཕྱག་འཚལ་སྐབས། གང་གི་འཕྲུལ་དང་མངོན་པར་མཁྱེན་པའི་དཔལ། །ཉེ་བར་ཐོབ་ནས་རྒྱལ་བའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྐྱོང་མཆོག་ལ་ཕྱག་འཚལ་ལོ། །ཞེས་དང༌། དེ་ལྟར་དད་མོས་གདུང་ཤུགས་དྲག་པོས་ཕྱག་འཚལ་ཞིང་གསོལ་བ་འདེབས་པར་མཛད་པའི་རྐྱེན་གྱིས། དཔལ་ཡེ་ཤེས་ཀྱི་མགོན་པོའི་དཔྲལ་བ་ནས་སོགས་ནས། མཉམ་པར་བཞག་པའི་བར་སྔར་གྱི་བཞིན་རིགས་འགྲེ། སླར་ཡང་མོས་གདུང་དྲག་པོས་གསོལ་བ་བཏབ་པས་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུ་འོད་ཕུང་གི་རྣམ་པར་ལྟེམ་གྱིས་ཞུ་ནས་ཁྱེད་རང་ལ་ཐིམ་པས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐམས་ཅད་ལ་མངའ་བརྙེས་པའི་མོས་པ་མཛོད། མཎྜལ་གྱི་ཚབ་གཏོར་མ་མགོ་བོར་བཞག་ནས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་གི་རིམ་པ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། སེམས་ཅན་གྱི་བདེ་སྐྱིད་སྤེལ། བྱེ་བྲག་ཏུ་རྡོ་རྗེ་སློབ་མ་འདི་ཉིད་དུས་འདི་ནས་བཟུང་སྟེ་ཇི་སྲིད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་བར་ཆད་ཐམས་ཅད་ལས་སྲུངས་ཤིག མི་མཐུན་པའི་ཕྱོགས་ཐམས་ཅད་སོལ་ཅིག མཐུ་རྐྱེན་ཐམས་ཅད་སྒྲུབས་ཤིག སྤྱིར་སངས་རྒྱས་ཀྱི་བསྟན་པ་དང་བྱེ་བྲག་རིག་པ་འཛིན་པ་འདི་ཉིད་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག མདོར་ན་རིག་པ་འཛིན་པ་འདིའི་ཆོས་ལྡན་བསམ་པ་ཡིད་བཞིན་དུ་འགྲུབ་པ་དང༌། ཐུན་མོང་དང་ཐུན་མོང་མ་ཡིན་པའི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛད་དུ་གསོལ། སྙིང་པོ་དང༌། རྩ་སྔགས་ཤཱ་ས་ན་སོགས་བརྗོད་ཅིང༌། ཛཿཧཱུྃ་བཾ་ཧོཿབརྗོད། དེས་འཕགས་ཡུལ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞི་ཡི་དམ་བཀའ་སྲུང་གི་མཐའ་རྟེན་དང་བཅས་པའི་བྱིན་རླབས་ཀྱི་རིམ་པ་ཆད་ལྷག་ནོར་པའི་སྐྱོན་མེད་པ། འཕགས་ཡུལ་གྲུབ་པའི་
བཞེད་གཞུང་མཁས་མཆོག་གྲུབ་པའི་སྐྱེས་བུ་དམ་པ་རྣམས་ཀྱིས་གཏན་ལ་ཕབ་པའི་དགོངས་དོན་བཞིན་ལེགས་པར་ཕུལ་གྲུབ་པ་ཡིན་པས་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་མ་ཉམས་པར་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། དེང་ནས་བརྩམས་ཏེ་སོགས། དེ་ལྟ་བུའི་དགེ་བ་མཁའ་མཉམ་སེམས་ཅན་གྱི་དོན་དུ་བསྔོ་བ་འདི་ཉིད་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་དོ། །དེ་ནས་ཚོགས་མཆོད་ནི། བཟའ་བ་དང་བཅའ་བ་དམ་ཚིག་གི་རྫས་ཇི་སྙེད་པ་ཚོགས་པར་བྱས་ལ་ནང་མཆོད་ཀྱི་བདུད་རྩིས་བྲན། ཨོཾ་སུཾ་བྷས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། ཚོགས་རྫས་རྣམས་མི་དམིགས་པའི་སྟོང་པ་ཉིད་དུ་འགྱུར། སྟོང་པའི་ངང་ལས་ཚོགས་རྫས་རྣམས་ཀྱི་འོག་ཏུ་ཡྃ་ལས་རླུང་རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔ་ཞུ་བ་ལས་བྱུང་བའི་ཚོགས་རྫས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ན་མོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་རང་བཞིན་རྣམ་པར་དག་པ་སྐྱེ་བ་མེད་པ། མཚན་ཉིད་རྣམ་པར་དག་པ་ཨཱ་ལི་ཀཱ་ལི། ངོ་བོ་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་ཉིད། བྱིན་རླབས་ཀྱི་རྩ་བ་རྩ་བརྒྱུད་བླ་མ་རྣམས་ཀྱི་ཞལ་དུ་ག་ཎ་ཙཀྲ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། དེ་བཞིན་དུ་སྦྱར་ཏེ། ན་མོ་ཐབས་དང་ཤེས་རབ༴ ནས། རྒྱས་བཏབ་པ་འདི་ཉིད། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ༴ སོགས། ན་མོ་ནས། འདི་ཉིད་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི༴ ན་མོ་ནས། འདི་ཉིད་དམ་ཚིག་གི་རྩ་བ་མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ཀྱི་ཞལ་དུ༴ སོགས། སླར་ཡང་བྱིན་འབེབས་ནི། དབྱིངས་བདེ་གསལ་མི་རྟོག་ཕོ་བྲང་ཆེར། །རྗེ་རྡོ་རྗེ་འཆང་ཆེན་འགྲོ་བའི་མགོན། །དེ་རང་ལ་སྣང་བ་སྐྱབས་ཀྱི་གཙོ། །ཕ་དྲིན་ཅན་རྩ་བའི་བླ་མ་ཡང༌། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་
གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །གནས་ཁང་འདི་ལ་བྱིན་ཕོབ་ལ། །ཚོགས་གཏོར་འདི་ལ་བཅུད་ཅིག་ཆུག །འདིར་འདུས་རྣལ་འབྱོར་བདག་ཅག་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་མ་ཧཱ་གུ་རུ་ཨ་ཤཱི་ཏི་ཀ་སིདྡྷི་ལ་བྡྷ་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཡུལ་དབུས་འགྱུར་མ་ག་དྷཱ་ཡི་ཆར། །མ་འགྲོ་བའི་དོན་དུ་སྐུ་བལྟམས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་གྲུབ་པའི་ཚོགས། །ཁྱེད་རྣམ་འཕྲུལ༴ འདིར་གཤེགས༴ གནས༴ ཚོགས༴ འདིར་འདུས༴ མཆོག་དང༴ ཨོཾ༴ ཡུལ་རྒྱ་གར་ཤར་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི་དོན༴ སོགས་གོང་ལྟར་རིགས་འགྲེ། ཡུལ་རྒྱ་གར་ལྷོ་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི༴ སོགས། ཡུལ་རྒྱ་གར་ནུབ་ཕྱོགས་ཡུལ་ལྗོངས། །མ་འགྲོ་བའི༴ ཡུལ་རྒྱ་གར་བྱང་ཕྱོགས་ཡུལ་ལྗོངས་སུ། །མ་འགྲོ་བའི༴ སོགས། །རིགས་རྒྱལ་རིགས་བྲམ་ཟེ་རྗེའུའི་རིགས། །འབངས་དམངས་རིགས་ཕལ་པར་སྐུ་འཁྲུངས་པའི། །རྗེ་རྣལ་འབྱོར་དབང་ཕྱུག་སོགས། །ཡབ་རྣལ་འབྱོར་དབང་པོ་མཐའ་ཡས་ཀྱི། །མ་ལྷན་ཅིག་སྤྱོད་པ་གསང་བའི་ཡུམ། །སྲིད་དགའ་བཞིའི་ཉམས་སྟེར་ཐམས་ཅད་ཀྱང༌། །ཁྱེད་རྣམས་འཕྲུལ་སོགས། ཕོ་རྟོགས་ཤིང་གྲོལ་བ་བརྒྱད་ཅུ་དང༌། །མོ་རྟོགས་ཤིང་གྲོལ་བའི་སྲིང་མོ་བཞི། །རྗེ་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིའི་ཚོགས། །ཁྱེད་རྣམ་འཕྲུལ་མཁའ་ལ་སྤྲིན་བཞིན་སོགས། སྟུག་པོའི་ཞིང་ཁམས་འཇིགས་མེད་པར། །དཔའ་བོ་དཔའ་མོ་འབུམ་སྡེའི་དབུས། །རྡོ་རྗེ་གཏུམ་པོ་མི་གཡོ་མགོན། །བཅོམ་ལྡན་ཧེ་རུ་ཀ་པ་ཡང༌། །རྣམ་འཕྲུལ༴ ཞེས་ནས། གུ་རུ་དེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ མི་གཡོ་འོག་མིན་ཉམས་དགའི་ཞིང༌། །དག་པ་བདེ་སྟོང་མཁའ་སྤྱོད་གནས། །རྒྱལ་བ་དགྱེས་པའི་བདེ་སྐྱེད་ཡུམ། །རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ། །རྣམ་འཕྲུལ་མཁའ་ལ༴ །བདུད་ཚོགས་ཀུན་འདུལ་ཕྲིན་ལས་ཞིང༌། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །བགེགས་འཇོམས་འདོད་དོན་ཀུན་སྒྲུབ་པའི། །དཔལ་ལྡན་མགོན་པོ་ལྕམ་དྲལ་ཡང༌། །རྣམ་
འཕྲུལ་མཁའ་ལ་སྤྲིན༴ །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །རིགས་ཀྱི་ཅོད་པན་ལྡེམས་སེ་ལྡེམས། །དར་གྱི་ཅོན་པན་པུ་རུ་རུ། །རྒྱན་ཆ་མང་པོ་ཁྲོལ་ལོ་ལོ། །རོལ་མོ་མང་པོ་དིར་རི་རི། །གླུ་ལེན་གར་བྱེད་ཁྱུགས་སེ་ཁྱུག །འཁོར་ཚོགས་འབུམ་སྡེ་ཤར་ར་ར། །སྒྱུ་མའི་རང་སྣང་རྗེན་ནེ་ནེ། །གཏད་མེད་རིག་པ་གསལ་ལ་ལ། །བརྗོད་མེད་དབྱིངས་སུ་ཐལ་ལ་ལ། །བདེ་བ་ཆེན་པོར་ཁྲིལ་ལི་ལི། །བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དངོས་གྲུབ་སྩོལ། །བགེགས་དང་ལོག་འདྲེན་བར་ཆོད་སོལ། །འཁོར་གསུམ་གཉིས་སུ་མེད་པར་འདྲེས། །གུ་རུ་དེ་ཝ་ཌཱ་ཀི་ནི་ཛྙཱ་ན་ཨཱ་བེ་ཤཱ་ཡ་ཨ་ཨཱཿ ལས་ཀྱི་རྡོ་རྗེས་ལག་གཡོན་ཐོད་པ་བདུད་རྩིས་གང་བ་བཟུང༌། གཡས་རྩེ་གསུམ་ཕྱག་རྒྱས་སྟེང་འོག་ཁ་སྦྱོར་དུ་བཟུང་སྟེ། འདིར་ནི་ཆོས་རྣམས་བཟང་པོར་ལྟོས། །འདུས་པ་རྣམས་ལ་ཐེམ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཨ་ཧོ་མ་ཧཱ་སུ་ཁཾ། ཚོགས་ཀྱི་གཙོ་བོ་ནས་བརྩམས་ཏེ་བསྐོར། དེ་དག་གིས། བདེ་གཤེགས་ཆོས་ལ་རིན་ཐང་མེད། །འདོད་ཆགས་ལ་སོགས་དྲི་མ་བྲལ། །གཟུང་དང་འཛིན་པ་དང་བྲལ་བ། །དེ་བཞིན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོ་མ་ཧཱ་སུ་ཁཾ། ཚོགས་ཕུད་འབུལ་བ་ནི། ཞལ་ཟས་རོ་བརྒྱ་ལྡན་པས་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་བླ་མ་ལྷ་ཚོགས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་གིས། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཨོཾ་མ་ཧཱ་གུ་རུ་སིདྡྷི་ལབྡྷ་བུདྡྷ་བོ་དྷི་ས་ཏྭ་ཝཱི་ར་ཌཱ་ཀི་ནཱི་ས་པ་རི་ཝཱ་རེ་བྷྱཿན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསོགས༴ བ་ལིཾ་ཏ་སྭཱ་ཧཱ། ཨོཾ་ཨ་ཀཱ་རོ་བཏགས་པ་ལན་བདུན་གྱིས་བླ་མ་གྲུབ་ཐོབ་འཁོར་བཅས་དང༌། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་མི་གཡོ་བ་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ཤཱ་ས་ན་སོགས་ནས། མཱ་ར་ཡ་ཧཱུྃ་ཕཊ་ཀྱིས་མགོན་པོ་ཆོས་སྐྱོང་ཚོགས་ལ་འབུལ། ཨོཾ་ཨཱཿཧཱུྃ་
ཧ་ཧོ་ཧྲཱིཿཕེཾ་བཛྲ་ཨཱ་རལླི་ཧོཿ ཛཿཧཱུྃ་བཾ་ཧོཿ བཛྲ་ཌཱ་ཀི་ནཱི་ས་མ་ཡ་སྟྭཾ་དྲྀ་ཤྱ་ཧོཿ ཨོཾ་ཁ་ཁ་སོགས། མཁའ་འགྲོ་སྤྱི་གཏོར་ལྟར་གྱིས་མགྲོན་གཞན་རྣམས་ལ་ཕུལ། ནང་མཆོད་ཐོགས་ལ། ཨོཾ་མཆོད་དོ། །དམན་པའི་ཡུལ་ལས་རབ་འདས་ཤིང༌། །རྒྱལ་བ་ཀུན་གྱི་དམ་ཚིག་མཆོག །དངོས་གྲུབ་ཀུན་གྱི་གཞིར་གྱུར་པ། །བདུད་རྩི་མཆོག་གིས་མཆོད་པར་བགྱི། །སྒྲིབ་པའི་དྲི་མ་ཀུན་སེལ་ཞིང༌། །རྟོག་པ་ཀུན་ལས་ངེས་གྲོལ་བ། །བླ་ན་མེད་པའི་བྱང་ཆུབ་སེམས། །བདེ་བ་ཆེན་པོས་མཉེས་གྱུར་ཅིག །དེ་ནས་ཚོགས་ལ་ལོངས་སྤྱད། རྗེས་ཚོགས་ལྷག་བསྡུས། མེ་སྒྲོན་བཙུགས། བསང་སྦྱང༌། སྟོང་པའི་ངང་ལས་ཨཱ་ལས་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཨ་ཀཱ་རོ་ལན་གསུམ། ཕྱི་རོལ་སྒོ་དྲུང་ན་གནས་པའི་འབྱུང་པོ་འཆོལ་བའི་ཚོགས་དམ་ཚིག་གི་ཆོ་ག་བལྟ་བ་ལ་མི་དབང་བ་རྣམས་ལ་སྦྱིན་ནོ། །རྡོ་རྗེ་ཐེག་པ་ལ་གསང་བ་མཆོག་གི་རྣལ་འབྱོར་སྤྱོད་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་བྷཀྵ་སི་སྭཱ་ཧཱ། དེ་ནས་རྡོ་རྗེའི་གླུ་ནི། དྲིལ་བུ་དཀྲོལ་ཞིང༌། ཀོལླ་ཨི་རེ་ཊྀཋ་ཨ་བོ་ལཱ། མུམྨུ་ནི་རེ་ཀཀྐོལླ། གྷ་ཎེ་ཀྲྀ་བི་ཊ་ཧོ་བཱཛྫ་ཨི། ཀ་རུ་ཎེ་ཀི་ཨ་ཨི་ཎ་རོ་ལཱ། ཏ་ཧིཾ་བ་ལ་ཁཱཛྫ་ཨི། གཱཌྷེཾ་མཱ་ཨ་ཎཱ་བིཛྫ་ཨི། ཧ་ལེ་ཀཱ་ལིཉྫ་ར་པ་ཎི་ཨ་ཨི། དུནྡུ་ར་བཱཛྫི་ཨ་ཨི། ཙ་ཨུ་ས་མ་ཀཙྪུ་རཱི་སིཧླཱ། ཀཱཔྤུ་ར་ལཱ་ཨི་ཨ་ཨི། མཱ་ལ་ཨིནྡྷ་ཎ་སཱ་ལིཉྫ། ཏ་ཧིཾ་བྷ་རུ་ཁཱ་ཨི་ཨ་ཨི། ཕྲེཾ་ཁ་ཎ་ཁ་ཊ་ཀ་རེནྟེ། ཤུདྡྷ་ཨ་ཤུདྡྷ་ན་མུ་ཎི་ཨ་ཨི། ནི་རཾ་སུ་ཨཾ་གེ་ཙ་ཌཱ་ཝི། ཏ་ཧིཾ་ཛ་ས་རཱ་ཝ་པ་ཎི་ཨ་ཨི། ཞེས་པའི་རྐང་པ་གཉིས་རེའི་མཐར། མ་ལ་ཨ་ཛེ་ཀུན་དུ་རུ་བཱ་ཊ་ཨི། ཌིཎྜི་མ་ཏ་ཧིནྣ་བཱཛྫི་ཨ་ཨི། ཞེས་སྦྱར་བའམ། ཡང་ན་དཀྱུས་ལྟར་ཐམས་ཅད་རྫོགས་པའི་མཐར་སྦྱར་བས་ཀྱང་རུང༌། གཞན་ཡང་རྡོ་རྗེའི་གླུ་ཅི་རིགས་བླང༌། དངོས་སམ་ཡིད་ཀྱི་ཕྱག་རྒྱ་སྦྱོར་བའི་བདེ་སྟོང་ལ་མཉམ་པར་བཞག སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །གསང་སྔགས་མྱུར་བདེའི་ལམ་ལས་མཆོག་བརྙེས་པ། །བླ་མ་གྲུབ་ཐོབ་རྣམས་ཀྱི་བྱིན་རླབས་ཚུལ། །ཕྱག་ལེན་བཞིན་བཀོད་
དགེ་བས་བདག་ཉིད་ཀྱང༌། །ཟུང་འཇུག་བདེ་བ་ཆེན་པོར་ལོངས་སྤྱོད་ཤོག །ཅེས་འཕགས་ཡུལ་གྲུབ་བརྙེས་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་དབང་གི་རིམ་པ་བྱ་ཚུལ་གསལ་བ་འདི་ཡང་༧རྒྱལ་དབང་འབྲུག་པའི་མཚན་ཙམ་བཟུང་བ་༧བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འགྱུར་མེད་ཡོངས་གྲུབ་དམ་ཆོས་ཉི་མའི་སྡེས་བཀོད་པ་སྟེ། སྔ་སོར་ནས་མཁས་པ་གཞན་གྱིས་བྱས་པ་ཡང་འདུག་མོད་ཀྱི་བྲི་འོས་པར་མཐོང་ནས་སྔོན་ནས་བྲི་བའི་འགོ་བརྩམས་ཀྱང༌། བར་དུ་བྲེལ་བས་འཕྲོ་ལུས་པ་དེ་ཉིད་ཚང་བར་རང་གཞན་ལ་ཕན་ཕྱིར་གསང་སྔགས་ཆོས་ཀྱི་གླིང་དུ་བྲིས་པ་དགེ་ལེགས་འཕེལ་བར་གྱུར་ཅིག རྗེ་བཙུན་སྒྲོལ་བའི་མགོན་པོའི་བཞེད་དགོངས་ལྟར། །ཚད་ལྡན་གྲུབ་པའི་བྱིན་རླབས་དབང་རྒྱུན་ནི། །ཧེ་རུ་ཀ་དཔལ་ཚེ་དབང་ནོར་བུ་ནས། །བཀའ་བརྒྱུད་ཤིང་རྟ་དང་ནི་མར་འབྲེལ་རྗེས། །བྱིན་རླབས་འཕོ་དབང་བཀའ་དྲིན་ཡིན་བཞིན་ནོར། །བདག་གི་སྙིང་མཚོར་རོལ་པའི་དགེ་མཚན་ཐོབ། །བློ་རྨོངས་བདག་འདྲ་ཉམས་ལེན་མི་ལྡན་ཀྱང༌། །སྐབས་སུ་སྐལ་བཟང་བྱས་ལ་ཨ་ཧོ་མཚར། །ཞེས་ཀྱང་འཕྲོས་སུ་བྲིས།། །།
གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཡིག་ཆ་ཡེ་ཤེས་བཅུད་སྦྱིན་གྱི་ལྷན་ཐབས་མཐོང་བས་དོན་རྟོགས།
གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་ཡིག་ཆ་ཡེ་ཤེས་བཅུད་སྦྱིན་གྱི་ལྷན་ཐབས་མཐོང་བས་དོན་རྟོགས་ཞེས་བྱ་བ་བཞུགས་སོ།།
ན་མཿཤྲཱི་མཱཾ་གུ་ར་ཝེ། མཆོག་ཏུ་མི་འགྱུར་བདེ་ཆེན་ལང་ཚོས་སྒེག །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་མོས་འཁྱུད། །ཚེ་ལུས་གཅིག་གིས་ཟུང་འཇུག་རྒྱལ་སར་གཤེགས། །གྲུབ་པའི་ཚོགས་དང་དཔལ་ལྡན་བླ་མའི་ཞབས། །སྤྱི་བོར་མཆོད་ནས་གྲུབ་བརྙེས་བརྒྱད་ཅུ་བཞིའི། །བྱིན་རླབས་འཕོ་བའི་དབང་བསྐུར་ནོད་པ་ལ། །ཉེར་མཁོའི་ཟུར་འདེགས་རྡོ་རྗེ་འཛིན་རྒྱལ་བཀའ། །རྗེས་སུ་བསྒྲུབ་སླད་ཉུང་ངུ་རྣམ་གསལ་སྤེལ། །དེ་ལ་འདི་ནི་རྡོ་རྗེའི་ཡེ་ཤེས་འཕོ་བའི་དབང་བསྐུར་ཡིན་པས་གནང་བ་པོའི་བླ་མའང་བདེ་སྟོང་ཕྱག་རྒྱ་ཆེན་པོའི་རང་ཞལ་ནང་དུ་མཇལ་བས་སློབ་མའི་རྒྱུད་ལ་རྟོགས་པ་དོན་གྱི་ཡེ་ཤེས་འཕོ་ནུས་པ་ཞིག་དགོས་པར་མངོན་ཞིང༌། སློབ་མའང་མོས་གུས་དང་ཏིང་ངེ་འཛིན་འབྲེལ་བས་ཐུགས་རྒྱུད་ཀྱི་ཡེ་ཤེས་ཐིམ་ཕོད་དང་སིམ་ཕོད་དུ་གྱུར་པའི་སྐལ་ཅན་ནམ། ཐ་ནའང་དམིགས་རྣམ་ལ་སེམས་རྩེ་གཅིག་ཏུ་གནས་པ་ནི་ངེས་པར་གལ་ཆེ་བ་ལས་རྫས་སྔགས་ཀྱི་རྣམ་གྲངས་སྤྲོས་བཅས་གཞན་ལྟར་བསྐུར་ཐོབ་མང་པོ་ཅན་ཡང་མ་ཡིན་པས་ཞུས་ལོ་ཙམ་གྱིས་ཐོབ་པར་དཀའ་བ་དང༌། དུས་ཀྱང་ཡར་མར་གྱི་ཚེས་བཅུ་ལྟ་བུ་ཕྱི་ནང་གི་འདུ་བ་མཐུན་པའི་ཚེ་སོགས་དཔོན་སློབ་གནས་དུས་ཀྱི་རྟེན་འབྲེལ་ཚོགས་པ་ན། གང་དུ་བྱ་བའི་གནས་ཁང་བྱི་དོར་དང་རྟེན་བཀྲམ་པའི་གུང་དུ་སྟེགས་བུ་ཁེབས་ལྡན་ནར་མོའི་དབུས་སུ་མཎྜལ་ལ་རྡུལ་ཚོན་གྱིས་པདྨ་འདབ་བརྒྱད་
མཛེས་ཚོན། དེ་རྒྱབ་གྲུ་བཞིར་བསྐོར་བའི་གྲུ་ཆད་ཕྱོགས་མདོག་བྱས་པའི་དབུས་སུ་འབྲུའི་ཚོམ་བུའི་ཁར་བླ་མ་རྡོ་རྗེ་འཆང་གི་སྐུ་བྲིས་འབུར་གང་རུང་བཞུགས། དེའི་མདུན་དུ་བུམ་པ་མགུལ་ཆིངས་སྔོན་པོ་དྲི་དང་ཉེར་ལྔའི་རྫས་ལྡན་དུང་ཆོས་གཟུངས་རྡོར་བཅས། གཡས་སུ་གསང་དབང་གི་ཆས་ཐོད་པར་ཆང་ལ་ཆོས་སྨན་དང་མངར་གསུམ་བཏབ་པ། རྒྱབ་ཏུ་རིག་ཙཀ གཡོན་སོགས་གར་བདེར་ལས་བུམ་མགུལ་ཆིངས་ལྗང་གུ་ཅན་བཅུད་ལྡན། མདུན་ངོས་ནང་མཆོད་ཐོད་པ། འབུལ་གཏོར་ཟླུམ་པོ་རྒྱན་ལྡན། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། སྔོན་གཏོར། ཉིན་རེ་བཞིན་ཚོགས་མཆོད་ལྕོགས་ན་ཚོགས་ཀྱི་ཡོ་བྱད་ཀྱང་བཤམ་མོ། །ཐོག་མར་སྒོ་འབྱེད་བྱིན་རླབས་ཀྱི་ཚུལ་དུ་བླ་མའི་དབང་བཞི་བསྒྲུབས་ཤིང་བསྐུར། དེ་མཚམས་གྲུབ་ཆེན་གསུམ་ལྔ་བདུན་སོགས་གང་ལྕོགས་བསྐུར་སྒྲུབ་སྟབས་གཅིག་ཏུ་བྱེད་པ་ཡིན་པས། རྗེས་མ་རྣམས་ལ་མཎྜལ་ལ་རྡུལ་ཚོན་གྱིས་བྲི་བ་སོགས་མ་ལྕོགས་ཚེ་ཚོམ་བུ་བཀོད་པ་ཁོ་ནས་འཐུས། བུམ་ཐོད་རིག་ཙཀ་རྣམས་ཀྱང་ཐོག་མའི་དེ་ལས་མི་མཁོ་བས་བཀོད་མི་དགོས། བྱིན་རླབས་ཇི་ཙམ་བྱེད་པའི་གྲངས་བསྟུན་གྱི་མཎྜལ་ཚོམ་བུ་ཅན་ཕོ་བྲང་དུ་བཀྲམ་པའི་དབུས་སོ་སོའི་བྲིས་སྐུ་བཞུགས། དེའང་གཡས་ནས་མགོ་བརྩམས་གྲལ་རིམ་བྱ། ནང་མཆོད་སྤྱི་ལ་གཅིག་དང༌། ཕྱི་མཆོད་
རེ་རེ་ལ་ཚར་རེ་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་དྲིལ། ཌ་མ་རུ། ནས་ཟེ། ནང་མཆོད་བཅས་འདུ་བྱ། ཆོ་ག་དངོས་ལ་འཇམ་མགོན་གྲོལ་མཆོག་ཞབས་ཀྱི་བཞེད་པར། སློབ་དཔོན་སྐད་ཅིག་གིས་བདེ་དགྱེས་ལྟ་བུ་བླ་མེད་ཀྱི་ལྷ་གང་རུང་གསལ་བས་ནང་མཆོད་དང་གནས་ཡོ་བྱིན་རླབས་ཙམ་བྱས་ནས་བདག་མདུན་སྒྲུབ་པ་དང་བདག་ཉིད་འཇུག་པ་སོགས་མི་མཛད་པར། ཁྲུས་ནས་བཟུང་སློབ་མ་རྗེས་གཟུང་ཐར་ཆགས་སུ་བཏང་ཟིན་རྗེས་ཚོགས་འཁོར་སོགས་ཀྱིས་མཐར་དབྱུང༌། ལས་བུམ་སྒྲུབ་པའང་འདི་རིགས་ལ་དམིགས་བསལ་མི་མཛད་ཅིང༌། སྤྱིར་ཇོ་ནང་ཕྱག་སྲོལ་ལ། ཨོཾ་བཛྲ་ཡཀྵ་ཧཱུྃ་ལྟ་བུ་ལས་སྔགས་ཙམ་བརྗོད་པས་ཁྲུས་ཆབ་བྱིན་རླབས་དང་བཀྱེ་བ་མཉམ་དུ་མཛད། ཨོཾ་བཛྲ་པུཥྤེ་ཏྲཱྃ་ཞེས་པས་མེ་ཏོག་བཀྱེ་བ་ཙམ་ལས་ཇི་ལྟར་བལྟམས་པའི་ཚིགས་བཅད་སོགས་ཕལ་ཆེར་བརྗོད་སྲོལ་མི་འདུག་གོ །དེ་དག་ནི་འཕགས་ཡུལ་བའི་ཕྱག་བཞེས་ཟང་མ་བྱིན་རླབས་འབོགས་པའི་ཆོ་ག་ལ་དེ་ཙམ་ལས་མི་དགོས་པ་ཁུངས་དང་འབྲེལ་ཡང༌། ཡེ་ཤེས་མཆོག་བརྙེས་པའི་སྐྱེས་ཆེན་འགའ་ཞིག་གི་སྤྱོད་ཡུལ་ལས། ད་ལྟ་ནི་ཡེ་ཤེས་འཕོ་བར་ནུས་པའི་དཔོན་སློབ་རྟེན་འབྲེལ་འཛོམ་པའི་ཤིན་ཏུ་དཀོན་པས་བྱིན་རླབས་འདི་ཉིད་ཀྱི་རྒྱུན་མ་ཆད་ཙམ་པའི་འཆད་སྤེལ་བྱེད་ཚེ། ཆོ་གའི་སྤྲོས་པའང་ཅུང་ཟད་རྒྱས་པའི་ཆ་ལག་ཚང་བར་མཛད་པ་སྔོན་གྱི་ལུགས་རྙིང་སྤྱི་དང༌། བཀའ་བརྒྱུད་འདིའི་བླ་མ་རྣམས་ཀྱི་ཕྱག་སྲོལ་ལའང་འབྱུང་བས། དེ་ལྟར་ན་བདེ་མཆོག་ཡབ་ཡུམ་ལྟ་བུའི་བདག་བསྐྱེད་བཟླས་པ་བཅས་བགྱིད་དགོས་པ་ལས། ཕག་མོ་ལ་མཚོན་ན། བདག་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་སོགས་བདག་ལྷར་གསལ་བ། བདུད་རྩི་བྱིན་རླབས། སྔོན་གཏོར་ནས། བཟླས་པ་བསྡུ་ལྡང་ཡན་བདག་གི་རྣལ་འབྱོར་ཚང་བར་བྱ། དེ་ནས་ཇོ་ནང་ཕྱག་བཞེས་སོར་བཞག་བྱེད་ན། གཤམ་གསལ་ལས་བུམ་བསྒྲུབ་པ་ཙམ་སྤྲོ་ན་འདིར་བྱས་ཏེ། འབྲུག་ཆེན་ཀུན་གཟིགས་ཆོས་ཀྱི་སྣང་བས་མཛད་པའི་བྱིན་རླབས་ཡིག་ཆ་ཡེ་ཤེས་བཅུད་སྦྱིན་ལྟར། ཁྲུས་དང་མཎྜལ་ནས་བླ་མའི་རྣལ་འབྱོར་གྱི་ཚུལ་དུ་རྡོ་རྗེ་འཆང་
གི་བྱིན་རླབས་སློབ་མ་ལ་ཇི་ལྟར་འབོགས་པ་དེ་ཉིད་ཚིག་གི་མཚམས་སྦྱོར་ཕྲན་བུ་ཁ་བསྒྱུར་ནས་རང་གིས་ཚར་གཅིག་བླང༌། དེ་ནས་སློབ་མ་རྗེས་སུ་གཟུང་སྟེ་གཞན་རྣམས་ལའང་རིགས་འགྲེ། འོན་ཀྱང་རྡོ་རྗེ་འཆང་ལ་མཚན་མ་རྫས་ཀྱི་དབང་བཞི་བསྐུར་དུ་ཡོད་པས་དེའི་དམིགས་རྣམ་དོད་པའི་ཕྱིར་དུ་གོང་སྨོས་ལྟར་ཡིག་རྙིང་ལུགས་སུ་མདུན་བུམ་སྒྲུབ་པར་བྱེད་ན་བདག་བསྐྱེད་བཟླས་པ་བཅས་གྲུབ་མཚམས། མདུན་བསྐྱེད་རྟེན། ཨོཾ་ཨཱཿབི་གྷྣཱན་གྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་མཎྜལ་ལ་འདི་ཉིད་རྩ་བའི་བླ་མ་གང་དུ་མངོན་པར་རྫོགས་པར་སངས་རྒྱས་པའི་ཞིང་ཁམས་རྒྱ་ཁྱོན་ཚད་མེད་པ། ངོ་མཚར་གྱི་བཀོད་པ་འབྱམས་སུ་ཀླས་ཤིང་རང་སྣང་མཆོད་པའི་སྤྲིན་ཕུང་གཏིབས་པའི་དབུས་སུ། སེང་ཁྲི་པདྨ་ཉི་ཟླའི་སྟེང་དུ་དུས་གསུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྗེ་བཙུན་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ། སྐུ་མདོག་ཨིནྡྲ་ནཱི་ལའི་ཕུང་པོ་ལྟར་སྔོ་ཞིང་འོད་ཟེར་འབར་བ། ཤིན་ཏུ་ཞི་ཞིང་མཚན་དང་དཔེ་བྱད་གསལ་ལ་རྫོགས་པ། ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཐབས་སུ་འཛིན་ཅིང་རང་སྣང་ཤེས་རབ་མཆོག་གི་བདེ་བར་སྤྱོད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། དྲན་པ་ཙམ་གྱིས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པར་ནུས་པའི་བདག་ཉིད་རྩ་གསུམ་ཀུན་གྱི་སྤྱི་གཟུགས་སུ་གསལ་བ་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། གྲུབ་ཐོབ་བརྒྱད་ཅུ་རྩ་བཞི། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཀྱིས་བསྐོར་ནས་བཞུགས་པ་དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧོཿསེར་པོ། དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། བླ་མ་རྡོ་རྗེ་འཆང་ལ་དཀོན་མཆོག་རྩ་གསུམ་རྒྱ་མཚོས་བསྐོར་བ་སྤྱན་དྲང༌། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་རིགས་ལྔ་འཁོར་བཅས་སྤྱན་དྲང༌། ཨརྒྷཾ། པཱ་དྱཾ་སོགས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་
བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུ་བརྒྱན་པར་གྱུར། ཐུགས་ཀར་པདྨ་ཉི་ཟླའི་སྟེང་དུ་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས་པས། ཕྱོགས་དུས་ཀྱི་དཀོན་མཆོག་རྩ་གསུམ་རྒྱ་མཚོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་སྣང་སྲིད་འཁོར་འདས་ཐམས་ཅད་ལྷ་སྔགས་ཏིང་ངེ་འཛིན་གྱི་རོལ་པར་གྱུར། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཧཱུྃ། ཞེས་བཟླ། དེ་ནས་མཆོད་བསྟོད་ནི། རྒྱས་པར་སྤྲོ་ན་མཆོད་པ་བྱིན་བརླབས་ཏེ། རྒྱལ་བའི་སྐུ་ལ་སོགས་དང༌། ཁ་དོག་དབྱིབས་ལེགས་སོགས། ནང་གསང་གཉིས་སྔགས་མཆོད་མཐར། གང་གིས་འཁོར་བའི་ཉེས་པ་ནི། །སོགས་བསྟོད་པའང་རྒྱས་པ་བྱ། བསྡུ་ན། རང་ལས་མཆོད་པའི་ལྷ་མོ་ནི། །མཆོད་རྫས་སྣ་ཚོགས་རབ་འཛིན་པ། །ནམ་མཁའ་གང་བར་སྤྲོས་བྱས་ནས། །མདུན་བསྐྱེད་ལྷ་ཚོགས་མ་ལུས་མཆོད། །ཨོཾ་ཤྲཱི་མཱན་མ་ཧཱ་གུ་རུ་བཛྲ་དྷ་ར་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་སྦྱར་ཏེ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡའི་བར་དང༌། རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། བཅས་སྦྱར། བཛྲ་པཉྩ་ཨ་མྲྀ་ཏ་ཨཱ་ཧཱུྃ། བཛྲ་མ་ཏཾ་གི་ཨཱཿཧཱུྃ། ཞེས་པས་མཆོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བསྟོད་པར་འོས་པ་སོགས་ཀྱིས་བསྟོད། འབུལ་གཏོར་བསང་སྦྱང༌། སྟོང་པའི་ངང་ལས་ཨཱཿལས་ཐོད་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གཏོར་མ་ཤ་ལྔ་བདུད་རྩི་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོཿཧྲཱིཿ ལན་གསུམ། བླ་མ་རྡོ་རྗེ་འཆང་འཁོར་དང་བཅས་པའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་གྱུར། རྩ་སྔགས་ཀྱི་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་བདུན་འབུལ། བདག་དང་
སློབ་མ་རྣམས་ལ་མཆོག་དང་ཐུན་མོངས་ཀྱི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། རྣམ་རྒྱལ་བུམ་པ་བསང་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་ཕྱི་རིན་པོ་ཆེའི་བུམ་པ་ལ། ནང་གཞལ་ཡས་ཁང་གི་རང་བཞིན། བཅུད་པྃ་ལས་བདུད་རྩིའི་རྒྱ་མཚོར་གྱུར་པའི་དབུས་སུ་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། སོགས་ནས། དབུ་བརྒྱན་པར་གྱུར་གྱི་བར་གོང་མདུན་བསྐྱེད་སྐབས་ལྟར་བརྗོད། རང་གི་ཐུགས་ཀའི་སྔགས་ཕྲེང་གི་འོད་ཟེར་གཟུངས་ཐག་ལ་འཁྲིལ་ནས་སོང་བ་བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བཟླས་པ་བརྒྱ་རྩ་བརྒྱད་ཀྱི་མཐར་མཆོད་བསྟོད་གོང་ལྟར་བྱ། མཐར་དུང་ཆུ་ཕུལ་ལ། ཨོཾ་ཨཱཿཧཱུྃ། བུམ་ལྷ་བདུད་རྩིར་ཞུ་བ་བུམ་པའི་ཆུར་གྱུར། ལས་བུམ་བསང་སྦྱང༌། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེའི་བུམ་པའི་དབུས་སུ་པད་ཉི་ལ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་པ་ལྗང་སྔོན། གཡས་རྡོ་རྗེའི་དབྱུག་པ་འཕྱར་ཞིང༌། གཡོན་སྡིགས་མཛུབ་ཅན། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པ། ཞབས་བརྐྱང་བསྐུམ་གྱིས་བཞེངས་པའི་གནས་གསུམ་འབྲུ་གསུམ་ལས་འོད་འཕྲོས་ཡེ་ཤེས་པ་སྤྱན་དྲང༌། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཐུགས་ཀའི་འོད་ཀྱིས་དབང་ལྷ་སྤྱན་དྲང༌། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་དབང་བསྐུར་སྐུ་གང་དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་དོན་ཡོན་གྲུབ་པས་དབུ་བརྒྱན། ཐུགས་ཀར་ཉི་སྟེང་ཧཱུྃ་ལ་སྔགས་ཕྲེང་གིས་བསྐོར་བ་ལས་ཁྲོ་བོའི་རང་བཞིན་གྱི་བདུད་རྩི་བབས་པས་བུམ་པ་གང་བར་གྱུར། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བརྒྱ་རྩ་དང༌། ཨོཾ་ཨཱཿབིགྷྣཱནྟ་ཀྲྀ་ཏ་ཧཱུྃ་ཕཊ། ཉེར་གཅིག་ཙམ་བཟླ། ཁྲོ་བོའི་དབང་པོས་བགེགས་ཐམས་ཅད་བསྲུང་བའི་ཕྲིན་ལས་མཛོད་ཅིག ཅེས་ལས་བཅོལ། དེ་ནས་བདག་ཉིད་འཇུག་པ་ནི། ཁྲུས་དང་མཎྜལ་སྔོན་དུ་འགྲོ་བས། མདུན་གྱི་མཎྜལ་འདི་ཉིད། ཅེས་པ་ནས། བྱིན་རླབས་ཞུགས་པའི་མོས་པ་མཛོད་བར་དབང་ཆོག་ཡེ་ཤེས་བཅུད་སྦྱིན་ལྟར། ཁྱེད་རང་ཞེས་པའི་མལ་དུ་རང་ཉིད་སོགས་ཁ་བསྒྱུར་ཐར་ཆགས་སུ་བཏང་གྲུབ་
མཚམས། དམ་ཚིག་ཁས་ལེན། གཏང་རག་མཎྜལ་སོགས་རྗེས་སྤྱི་མཐུན་བྱས་ལ། སློབ་མ་རྗེས་སུ་གཟུང་བའང༌། ཁྲུས་དང་མེ་ཏོག་བཀྱེ་བསྡུ། དབང་བཤད་ནས་བརྩམས། རྗེས་ཀྱི་བྱ་བ་ཡན་ཚང་བར་བྱ། མདུན་བསྐྱེད་སློབ་མ་ལ་བསྟིམས་ཟིན་པས་རྗེས་ཆོག་མི་དགོས་སོ། །དེ་ནས་ལཱུ་ཧི་པ་ནས་བརྩམས་ཐེངས་རེར་གྲུབ་ཆེན་དུ་ཙམ་གྱི་བྱིན་རླབས་བྱེད་པ་དེའི་གྲངས་ཀྱི་མཎྜལ་མཆོད་པ་བཤམ། བདག་མདུན་བུམ་སྒྲུབ་སོགས་གོང་གི་རིགས་འགྲེ་མི་དགོས་པས་སློབ་མ་ལ་བསྐུར་བ་ལྟར་སློབ་དཔོན་རང་ཉིད་ཀྱིས་བྱིན་རླབས་ཚར་རེ་བླངས་ཟིན་ནས། ཁྲུས་དང་མཎྜལ་སྔོན་དུ་འགྲོ་བའི་བྱིན་རླབས་རྣམས་མཐར་ཆགས་སུ་བཏང་བས་འགྲུབ་བོ། །དེའི་ཚེ་ཞག་གིས་བར་ཆོད་པའི་མཚམས་རྣམས་སུ་དགོངས་མོར་འབྱོར་ན་ཚོགས་འཁོར་རེ་དང༌། ནངས་མོ་བདག་བསྐྱེད་བཟླས་པ་དང་བཅས་ཚར་གཅིག་བཏང་ལ་དེ་མཚམས་ཁར་སང་འཕྲོས་ཀྱི་གྲུབ་ཆེན་གང་ཡིན་གྱི་བྱིན་རླབས་ལེན་པ་ལ་འཇུག་གོ །དེ་ལྟ་བུའི་ཚུལ་གྱིས་བྱཱ་ལི་པའི་བར་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་གྲུབ་ནས། ཡི་དམ་མི་གཡོ་བའི་རྗེས་གནང་ནི། མཎྜལ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཉི་གདན་དམར་པོ་ལ་ཚོམ་བུ་སྔོན་པོ་འགོད། མ་གྲུབ་ན་འབྲུ་ཚོམ་སྤྱི་ལྟར། ཕྱག་མཚན་རལ་གྲི་ཞགས་པའི་ཙཀླི། མདུན་དུ་དཀར་གཏོར་པད་འདབ་ཅན་ཆེ་བ་གཅིག གཡས་གཡོན་ཕྱོགས་སྐྱོང་གཞི་བདག་ལ་དེ་ལས་ཆུང་གཉིས་དང་མཆོད་པ་རྣམ་བདུན་བཤམ། བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་སྣོད་བཟང་པོ་རྣམས་སུ་ཧཱུྃ་ལས་བྱུང་བའི་མཆོད་པ་སྣ་ཚོགས་པ་བཟང་ཞིང་རྒྱ་ཆེ་བ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ་སོགས། པཱ་དྱཾ་སྭཱ་ཧཱ། པུཥྤེ་ཨཱཿཧཱུྃ་ནས། ཤབྡ་བར། བཛྲ་གྷཱཎྜེ་ར་ཎི་སོགས་ཀྱིས་མཆོད་པ་བྱིན་བརླབ། སངས་རྒྱས་ཆོས་ཚོགས་དང༌། སེམས་ཅན་ཐམས་ཅད་སོགས་ཀྱིས་སྐྱབས་སེམས་ཚད་མེད་བསྒོམ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས། སྟོང་པའི་ངང་ལས་ལུས་འོད་ཀྱི་ཕུང་པོ། རང་གི་སྙིང་གའི་ནང་དུ་པྃ་ལས་པདྨ་རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་
འོད་འབར་བ། དེ་ལས་འོད་ཟེར་འཕྲོས། ལུས་གང་ཞིང་སྡིག་སྒྲིབ་ཐམས་ཅད་སྦྱངས། ཕྱིར་འཕྲོས་སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་རང་ཉིད་གཏུམ་པོ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་ཟར་མའི་མེ་ཏོག་ལྟར་སྔོ་བ། ཞལ་གཅིག་ཕྱག་གཉིས་གཡས་ཡེ་ཤེས་ཀྱི་རལ་གྲི་ནམ་མཁའ་ལ་འཕྱར་བ། གཡོན་རྡོ་རྗེའི་ཞགས་པ་སྡིགས་མཛུབ་ལ་ལན་གཉིས་སུ་དཀྲིས་ཤིང་ཐུགས་ཀར་གཏོད་པ། ཞབས་གཡོན་གྱི་པུས་མོ་དང་གཡས་ཀྱི་མཐིལ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་བཞེངས་སྟབས་ཀྱི་ཚུལ་དུ་བཞུགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་གྱི་གཡས་པ་སྟེང་དུ་གཟིགས་པས་ལྷའི་བུའི་བདུད་ཚར་གཅོད་ཅིང༌། གཡས་པ་འོག་ཏུ་གཟིགས་པས་ལྷ་མིན་དང་ཀླུའི་གདོན་འདུལ་བ་དང༌། དབུས་ཐད་ཀར་གཟིགས་པས་ས་སྟེང་གི་བགེགས་ཐམས་ཅད་འཇོམས་པ། ཆེར་འཁྲུགས་ཤིང་ཁྲོས་པས་ཁྲོ་གཉེར་བསྡུས་ཤིང༌། ཡ་སོས་མ་མཆུ་མནན་པས་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་སེར་པོ་ཐོར་ཚུགས་སུ་བཅིངས་ཤིང་ཟུར་ཕུད་ལྔ་དང་ལྡན་པ་སངས་རྒྱས་མི་བསྐྱོད་པས་དབུ་ལ་བརྒྱན་པ། དར་སྣ་ཚོགས་པའི་ཤམ་ཐབས་དང༌། རིན་པོ་ཆེའི་རྒྱན་དང་སྦྲུལ་དཀར་པོའི་སེ་རལ་ཁ་བྱས་པ། ཤིན་ཏུ་འཇིགས་པའི་སྐུ་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །རང་གི་ཐུགས་ཀར་རང་འདྲ་བའི་ཡེ་ཤེས་སེམས་དཔའ་ཚོན་གང་བ། དེའི་ཐུགས་ཀར་ཏིང་འཛིན་སེམས་དཔའ་པད་ཉི་ལ་གནས་པའི་ཧཱུྃ་ནས་འབྲུ་ཙམ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ སླར་ཡང་དབང་ལྷ་སྤྱན་དྲངས་དབང་བསྐུར་སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པས་དབུ་བརྒྱན་པ་སྔར་གྱི་རིགས་བདག་དང་དབྱེར་མེད་དུ་གྱུར། ཏིང་འཛིན་སེམས་དཔའི་མཐར་སྔགས་ཀྱིས་བསྐོར་བ་དེའི་འོད་ཀྱིས་བདག་གི་སྡིག་སྒྲིབ་སྦྱངས། གདོན་བགེགས་ཐམས་ཅད་ཚར་བཅད། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བྱིན་རླབས་འོད་ཟེར་གྱི་རྣམ་པས་བདག་ལ་ཐིམ། ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། ཅེས་ཅི་ནུས་བཟླ། མདུན་བསྐྱེད་བསང་སྦྱང༌། སྟོང་པའི་
ངང་ལས་མཎྜལ་གྱི་ས་གཞིར་འོད་ཀྱི་ཕུང་པོ། དེའི་དབུས་སུ་པྃ་ལས་པདྨ། རྃ་ལས་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་འོད་འབར་བ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་གྱི་དོན་བྱས། སླར་འདུས་པ་ལས་གཏུམ་པོ་ཆེན་པོའི་སྐུར་གྱུར་པ་ནི། སོགས་ནས་བཟླས་པའི་བར་བདག་བསྐྱེད་ལྟར་ཚང་བར་བྱ། གཏོར་མ་བསང་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད། དེའི་ནང་དུ་ཨཱཿལས་ལྷའི་བདུད་རྩིས་གང་བ། དེའི་དབུས་སུ་ཧཱུྃ་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཏུ་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། སྙིང་པོའི་མཐར། ཨཱརྻ་ཨ་ཙ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་ལན་བདུན་གྱིས་ཕུལ། བཛྲ་པུཥྤེ་ནས། ནཻ་ཝི་དྱཱའི་བར་གྱིས་མཆོད། ཀྱེ་ཀྱེ་མཐའ་གཉིས་རྣམ་པར་མ་གཡོས་ཀྱང༌། །སྤྲུལ་པའི་གཟུགས་ཀྱིས་འགྲོ་དོན་དཔག་མེད་མཛད། །འཇིགས་བྱེད་ཆེན་པོ་འགྲོ་བ་ཀུན་སྒྲོལ་ཞིང༌། །སྲིད་པ་གསུམ་ན་དགྱེས་པའི་གར་མཛད་པ། །སྲིད་པའི་ཆུ་བོ་སྐེམ་ཤིང་བདུད་རྣམས་འཇོམས། །སྲིད་པའི་རླུང་གིས་མི་གཡོ་ཐུགས་རྗེའི་མགོན། །རབ་བརྗིད་མི་གཡོ་མགོན་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མི་གཡོ་བ་འཁོར་དང་བཅས་པ་རྣམས་ཀྱིས་བདག་དང་སློབ་མ་རྣམས་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། དཀར་གཏོར་གཅིག་ཕྱོགས་སྐྱོང་བཅུ་ལ་ཆ་གསུམ་ལྟར་འབུལ། གཅིག་ཤོས་བསང་སྦྱང༌། ཆ་གསུམ་ལྟར་བྱིན་བརླབ། སམྦྷ་ར་ལན་གསུམ་དང༌། གཤེགས་བཞིའི་མཚན་བརྗོད། མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི། སའི་ལྷ་མོ་བརྟན་མས་གཙོར་བྱས་མི་མཇེད་འཇིག་རྟེན་གྱི་ཁམས་འཛམ་གླིང་སྤྱི་དང༌། ཁྱད་པར་བོད་ཁ་བ་ཅན། བྱེ་བྲག་ས་ཕྱོགས་ཡུལ་རིས་འདི་སྐོར་གྱི་གཞི་བདག་གནས་བདག་གྲོང་བདག་གཉུག་མར་གནས་ཤིང་གློ་བུར་དུ་འདུས་པའི་ཚོགས་མ་ལུས་པ་ལ་འབུལ་གྱི། འདི་བཞེས་ལ་བདག་ཅག་དཔོན་སློབ་སྦྱིན་པའི་བདག་པོར་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། བསམ་སྦྱོར་དམ་པའི་ཆོས་དང་མཐུན་པ། འདོད་རྒུ་ཡིད་བཞིན་དུ་འགྲུབ་པའི་སྟོང་གྲོགས་དམ་པ་མཛོད་
ཅིག ཅེས་བསྔོ། དྲིལ་གསིལ་བཅས། སྡིག་པ་ཅི་ཡང་མི་བྱ་སོགས་ཤློ་ཀས་ཆོས་སྦྱིན་བྱའོ། །བདག་འཇུག་གྲུབ་ནའང་ལེགས་ལ་མ་བྱས་ཀྱང་འགལ་བ་མེད། སློབ་མ་འཚོགས། ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱས་ལ། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཟབ་མོ་གསན་དགོངས་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། འདིར་སྐབས་སུ་བབ་པ་གཏུམ་ཆེན་ཁྲོ་བོའི་དབང་པོ་མི་གཡོ་བའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ཡིན་ཏེ། དེ་ཡང་སྔོན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞལ་བཞུགས་པའི་སྐབས་ཤིག་དགེ་སློང་ཞིག་མཉམ་པར་འཇོག་ཅིང་གནས་པ་ལ། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་དགའ་རབ་དབང་ཕྱུག་མི་ནག་རྟ་ནག་གི་རྣམ་པ་ཅན་དགུ་ཚིགས་ལྟ་བུའི་ལམ་ནས་བྱུང་སྟེ་བར་ཆད་བརྩམས་པ་ན། སངས་རྒྱས་ཀྱི་ཐུགས་ཀ་ནས་གཏུམ་པོ་ཁྲོ་བོའི་ཚོགས་དཔག་ཏུ་མེད་པར་སྤྲུལ་ཏེ་བདུད་འཁོར་དང་བཅས་པ་ཚར་བཅད་ཅིང་ཞབས་ཀྱི་འོག་ཏུ་མནན་པའི་ཆོ་འཕྲུལ་མངོན་པར་འདུ་མཛད་དོ། །དེས་ན་ཁྲོ་བོའི་རྒྱལ་པོ་འདི་དེ་བཞིན་གཤེགས་པའི་ཐུགས་ལས་ཆེད་དུ་སྤྲུལ་པ་ཡིན་པས་དངོས་གྲུབ་མྱུར་ཞིང་བདུད་ཀྱི་བར་ཆད་བཟློག་པ་ལ་ལྷག་པར་བསྔགས། རྒྱུད་སྡེའང་བཞི་ཀ་ལས་གསུངས་པས། བླ་མེད་ཀྱི་དབང་དུ་བྱས་པའི་མི་གཡོ་བླ་མེད་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དང་གཙོ་རྐྱང་གི་སྒྲུབ་ཐབས་བཀའ་གདམས་ལུགས། མི་གཡོ་དཀར་པོ། སྤྲེའུ་བརྒྱད་པ་སོགས་ཟུར་བཀའ་ཁྱད་པར་ཅན་མང་དུ་བཞུགས་པ་ལས། སྐབས་འདིར་ཡི་དམ་འབོགས་པའི་ཚུལ་དུ་པཎ་ཆེན་རྡོ་རྗེ་གདན་པའི་ཐུགས་དམ་གྱི་ལྷ་དྲུག་གི་ནང་ཚན་ནང་གི་བར་ཆད་སེལ་བ་མི་གཡོ་སྔོན་པོ་པུས་བཙུགས་ཀྱི་རྗེས་སུ་གནང་བ་མཛད་པ་བརྒྱུད་པའི་མཁས་གྲུབ་རྣམས་ཀྱི་ཕྱག་སྲོལ་ལས་འབྱུང་བ་ཡིན་ཞིང༌། འདིའི་རྩ་བའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་སློབ་དཔོན་ཛཻ་ཏཱ་རི་ལ་རྣམ་སྣང་གང་ཆེན་མཚོས་ཐུགས་རྒྱུད་བསྐུལ་ཞིང་བྱིན་བརླབས། ལྷག་པའི་ལྷས་གནང་བ་སྩལ་ནས་མཛད་དེ་རྡོ་རྗེ་
གདན་པ་ཆེ་ཆུང༌། བ་རི་ལོ་ཙཱ་བ། རྗེ་བཙུན་ས་སྐྱ་པ་ཆེན་པོ་སོགས་ལས་བདག་གི་བླ་མའི་བར་རིམ་པར་བརྒྱུད་པ་ཡིན་ལ། དེའི་ལུགས་ཀྱི་རྗེས་གནང་གི་ཆོ་ག་བགྱིད་པ་ལ་བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་གྲུབ་ཟིན་པས། ཁྱེད་རང་སློབ་མའི་བྱ་བ་ལས་ཐོག་མར་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་འཚལ། ཞེས་མཎྜལ་འབུལ་གཞུག སླར་སློབ་དཔོན་གྱིས་ཀྱང་གནང་བ་ཞུ་བའི་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང༌། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་ཕྱིར། མདུན་བསྐྱེད་ཀྱི་ལྷ་དང༌། སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་རྒྱུན་བཤགས་དང་སྐྱབས་གསུམ་སྔོན་དུ་འགྲོ་བའི་བྱང་ཆུབ་སེམས་གཟུང་བ་ལ་སོགས་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་ལན་གསུམ། ཁྱད་པར་དུ་ཁྲོ་བོའི་དབང་པོ་མི་གཡོ་བའི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་ལ་གཏུམ་ཆེན་ཁྲོ་བོའི་དབང་པོ་མི་གཡོ་བའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་གདབ། ད་སྦྱོར་བ་རྗེས་གནང་གི་གཞི་འགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛད་པ་ཞུ། ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ྅ཧཾ། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། ཁྱོད་རང་གི་ལུས་འོད་ཀྱི་ཕུང་པོར་གྱུར་པའི་སྙིང་གའི་ནང་དུ་པྃ་ལས་པདྨ་སོགས་ནས། དབུས་ན་བཞུགས་པའོ། །ཞེས་པའི་བར་བདག་བསྐྱེད་བཞིན་གསལ་གདབ། དེ་ནས་སློབ་དཔོན་ཡང་རང་གིས་བསྒོམས་པ་དང་འདྲ་བའི་ཁྲོ་བོའི་དབང་པོ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་
བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང༌། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཁྲོ་བོ་མི་གཡོ་བའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབས་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་མཛོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་དག་ནི་རྗེས་གནང་གི་གཞི་དགོད་པའོ། །རྗེས་གནང་དངོས་ལ། ལུང་གསུམ་ལས། དང་པོ་རྗེས་སུ་བཟླས་པའི་ལུང་བླང་བའི་ཕྱིར། སློབ་དཔོན་གྱི་སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་སྔགས་ཀྱི་ཕྲེང་བ་བྱུང༌། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་ཧཱུྃ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག ཨོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། གསུམ། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། གཉིས་པ་བྱིན་གྱིས་བརླབས་པའི་ལུང་ནི། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག སློབ་དཔོན་གྱིས་མེ་ཏོག་འཐོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ལ་གཏུམ་ཆེན་ཁྲོ་བོའི་དབང་པོ་མི་གཡོ་བའི་སྐུ་གསུང་
ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག གསུམ་པ་དམ་བཅའ་བའི་ལུང་གི་ཕྱིར། ཁྲོ་བོ་ཆེན་པོ་མི་གཡོ་བ་འདི་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡི་དམ་དུ་གཟུང་ངོ༌། །བདག་ཐུགས་ཀྱིས་མ་གཏོང་ཞིག་སྙམ་པའི་བསམ་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་མིང་འདི། ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། གཏུམ་ཆེན་ཁྲོ་བོའི་དབང་པོ་མི་གཡོ་བ་ཡི་དམ་གྱི་ལྷར་བཟུང་ནས་འདིའི་གསང་སྔགས་ཉི་མ་རེ་རེ་བཞིན་ཅི་ནུས་སུ་འདོན་པར་དམ་བཅའ་ལགས་སོ། །ཞེས་ལན་གསུམ། དེས་དངོས་གཞི་ལུང་གསུམ་སོང༌། ད་ནི་རྗེས་བྱིན་གྱིས་བརླབ་ཕྱིར། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་པ་དང་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་བསྐྱེད་ཀྱི་ལྷའི་ཐུགས་ཀ་ནས་ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་ཕྱག་མཚན་སྙིང་གར་འགྲིམས། དེས་ཁྲོ་ཆེན་མི་གཡོ་བའི་རྗེས་གནང་ལེགས་པར་གྲུབ་པ་ཡིན་པས་དེའི་དམ་ཚིག་དང་སྡོམ་པ་ཇི་ནུས་སུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་མཎྜལ། དེང་ནས་བརྩམས་ཏེ་སོགས། དགེ་བསྔོ་བྱས་ལ་གྲོལ་ལོ། །འདི་དང་ཁྱད་པར་གྱི་བྱིན་རླབས་ཆུ་སྲུང་སྦྲེལ་དགོས་པ་བྱུང་ན་སྒྲུབ་ཐབས་རིན་འབྱུང་ལས་ཤེས་པར་བྱའོ། །རྗེས་ཆོག་མཆོད་པ་ཁ་གསོ་བྱིན་བརླབ་སྔར་ལྟར། ཨོཾ་ཨཱརྻ་ཨ་ཙ་ལ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། པཱ་དྱཾ། པུཥྤེ་སོགས་ལ་ཨཱཿཧཱུྃ་སྦྱར་བས་མཆོད། གཏོར་འབུལ་སྐབས་ལྟར། ཀྱེ་ཀྱེ་མཐའ་གཉིས་སོགས་བསྟོད་པ་ནས་འདོད་དོན་གསོལ་གདབ་བར། ཡིག་བརྒྱ་ལན་གསུམ། མ་རྙེད་ཡོངས་སུ་མ་ཚང་དང༌། །གཙོ་བོར་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །ཞེས་ནོངས་པ་བཤགས། རྟེན་ཡོད་ན། འདིར་
ནི་རྟེན་དང་ལྷན་ཅིག་སོགས་ཀྱིས་ཡེ་ཤེས་པ་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ། ཁྱེད་ཀྱིས་སེམས་ཅན་སོགས་ཀྱི་མཐར། བཛྲ་མུཿས་གཤེགས། ཛཿཧཱུྃ་བཾ་ཧོཿ ཞེས་དམ་ཚིག་པ་རང་ལ་བསྡུ། རང་ཉིད་སྟོང་ཉིད་ལ་བློ་བཞག དགེ་བ་བསྔོའོ། །དེ་ནས་བཀའ་སྡོད་ཆོས་སྐྱོང་གི་བྱིན་བརླབས་བཤམ་སོགས་དབང་བསྒྲིགས་དཀྱུས་ནས་འབྱུང་བ་ཇི་ལྟ་བ་ཚང་བར་བྱ། སླར་མཆོད་པ་ཁ་གསོ། ཚོགས་ཀྱི་ཡོ་བྱད་བཟང་ཞིང་རྒྱ་ཆེ་བ་འདུ་བྱས་ལ་བྱིན་བརླབས་ནས་རྡོ་རྗེའི་གླུའི་བར་རྗེ་འབྲུག་པའི་ལྗགས་བསྒྲིགས་ལས་འབྱུང་བ་ལྟར་ཚང་བར་གྲུབ་མཚམས། མཆོད་པ་བྱིན་རླབས། མཆོད་བསྟོད་ནས་བརྩམས། བཀྲ་ཤིས་བསྔོ་སྨོན་བཅས་རྩ་བའི་བདག་བསྐྱེད་དང་བསྟུན་དགོས་པས་སྐབས་འདིར་ཕག་མོ་ལྟར་བྱས་པས་ལེགས་པར་འགྲུབ་བོ། །ཡེ་ཤེས་སྐུ་བརྙེས་གྲུབ་པའི་ཚོགས་རྣམས་ཀྱི། །བྱིན་རླབས་སྙིང་ལ་འབེབས་པའི་ཐབས་ཟབ་མོ། །མཁས་དང་གྲུབ་པ་མང་པོས་གསལ་མཛད་མོད། །ཉེར་མཁོའི་ཟུར་འདེགས་ལྷན་ཐབས་ཚུལ་དུ་སྤེལ། །སོ་སྐྱེའི་བློ་གྲོས་སྐྱོན་གྱི་རང་བཞིན་ཕྱིར། །ནོངས་པ་བཤགས་སོ་དེ་ཐོབ་དགེ་བའི་ཆས། །གྲུབ་པའི་ཁྱུ་ཆེན་གང་དུ་གཤེགས་པའི་ཤུལ། །ཟུང་འཇུག་རྒྱལ་ས་ཀུན་གྱིས་ཐོབ་པར་ཤོག །ཅེས་པའང་རིགས་ཀྱི་བདག་པོ་རྡོ་རྗེ་འཆང་པདྨ་ཉིན་བྱེད་དབང་པོའི་བཀའ་སྩལ་གཙུག་ཏུ་མཆོད་ནས། གང་གི་འབངས་ཐ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོས། ཀུན་མཁྱེན་འབྲུག་པའི་དབང་བསྒྲིགས་ཀྱི་ལྷན་ཐབས་ཚུལ་དུ་དཔལ་སྤུངས་རི་ཁྲོད་ཀུན་བདེ་གླིང་དུ་སྤེལ་བ་དགེ་ལེགས་འཕེལ།། །།སརྦ་མངྒལཾ།། །།
གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྗེས་གནང་བྱ་ཚུལ།
གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྗེས་གནང་བྱ་ཚུལ་བཞུགས་སོ།།
སྭ་སྟི། བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་རྗེས་གནང་བྱ་ཚུལ་ནི། གཅིག་བསྟན་པས་ཀུན་ཤེས་པར་འགྱུར་ཏེ། དེ་ལ་ཐོག་མར་གྲུབ་ཆེན་ལཱུ་ཧི་པ་ལ། བཤམ་ནི་སྟེགས་ཇི་ལྟར་རིགས་པ་ལ་མཎྜལ་སྟེང་དུ་འབྲུའི་ཚོམ་བུ་གཅིག་བཀོད། གྲུབ་ཆེན་དང༌། གཞི་བདག་གམ་ཕྱོགས་སྐྱོང་ཐུན་མོང་གི་ཟླུམ་གཏོར་གཅིག་ཆུས་སྦྱངས། དེ་དག་གི་མདུན་དུ་མཚམས་འཛིན་གྱི་མེ་ཏོག ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་རྣམས་མཎྜལ་གྱི་མཐའ་ལ་གྲུ་བཞིར་བཤམ་པ་སོགས་རྗེས་གནང་སྤྱི་དང་མཐུན། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་དྲིལ་བུ་མེ་ཏོག་དང་བཅས་པ་བཤམ། དེ་ནས་མཆོད་པ་བྱིན་རླབས་སྤྱི་འགྲེ། སྐྱབས་འགྲོ་སེམས་བསྐྱེད་བྱས་ལ། སྭ་བྷཱ་ཝས་སྦྱང༌། རང་སྐད་ཅིག་གིས་རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང༌། དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། དར་དང་རིན་པོ་ཆེའི་རྒྱན་ཅན། མཚན་དང་དཔེ་བྱད་ལྡན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས། རྡོ་རྗེ་འཆང་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿགཉིས་སུ་མེད་པར་ཐིམ། ཨོཾ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས་ནམ་
མཁར་བཞུགས་པའི་སངས་རྒྱས་རྣམས་ཀྱིས་ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང༌། དྲི་མ་དག ཆུའི་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔས་དབུ་བརྒྱན། ཨོཾ་བཛྲ་དྷ་ར་ཧཱུྃ། ཞེས་པའི་བཟླས་པ་ཅུང་ཟད་བྱ། དེ་ནས་མདུན་གྱི་མཎྜལ་བསང་སྦྱང༌། སྟོང་པའི་ངང་ལས་མདུན་དུ་པདྨ་དང་ཟླ་བའི་གདན་ལ་སྐད་ཅིག་གིས་གྲུབ་ཆེན་ལཱུ་ཧི་པ་སྐུ་མདོག་དུད་ཀ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། སྐྱེས་པའི་འཁོར་གྱིས་བསྐོར་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས། གྲུབ་པའི་དབང་ཕྱུག་ལཱུ་ཧི་པ་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། ཨོཾ་ཨཱཿལཱུ་ཧི་པ་ཧཱུྃ། ཞེས་ཅི་ལྟར་རིགས་པ་བཟླས། དེ་ནས་གཏོར་མ་བྱིན་རླབས་བསྡུས་པའི་སྤྱི་འགྲེ་དང༌། ཨོཾ་ཨཱཿལཱུ་ཧི་པ་ས་པ་རི་ཝཱ་ར་ཨ་ཀཱ་རོ་བཏགས་པ་ལན་གསུམ་གྱིས་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། བདག་ཅག་དཔོན་སློབ་ཐམས་ཅད་ལ་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཅེས་གཏོར་མའི་ཕུད་ཕུལ། ལྷག་མ་གཞི་བདག་ལ་འབུལ་ན། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨ་ཀརྵཱ་ཡ་ཛཿ ཞེས་པས་སྤྱན་དྲང༌། བྷཱུ་མི་པ་ཏི་
ལ་ཨ་ཀཱ་རོ་བཏགས་པས་འབུལ་བ་སོགས་སྤྱི་འགྲེ། ཡང་ཕྱོགས་སྐྱོང་ལ་འབུལ་ན། ད་ཤ་དི་ཀས་སྤྱན་དྲངས། ཨོཾ་ཨིནྡྲཱ་ཡ་སོགས་ཆ་གསུམ་གཏོར་མས་ཕྱོགས་སྐྱོང་སྐབས་བཞིན་ལན་གསུམ་གྱིས་ཕུལ། ཕྱོགས་སྐྱོང་བ་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཕྱི་ནང་གི་བར་ཆད་ཞི་བའི་ཕྲིན་ལས་མཛོད་ཅིག ཅེས་བརྗོད། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་ལ་འཁོད་པ་ལ། ལས་ཀྱི་སློབ་མས་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། འདིར་གྲུབ་ཆེན་བརྒྱད་ཅུ་རྩ་བཞིའི་ནང་ནས་སློབ་དཔོན་ཆེན་པོ་ལཱུ་ཧི་པའི་བྱིན་རླབས་སམ་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་སློབ་དཔོན་གྱིས་བྱ་བར་འོས་པ་རྣམས་ད་ལན་ནས་གྲུབ་པར་བགྱིས་ཏེ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། བླ་མ་དང་རྡོ་རྗེ་འཆང་ཆེན་པོ་ཐ་མི་དད་པ་ལ་རྗེས་སུ་གནང་བ་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་བ་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ལན་གསུམ། དེས་ཐུན་མོང་པའི་གསོལ་བ་བཏབ་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། བླ་མ་རིན་པོ་ཆེས་བདག་ལ་རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པའི་བྱིན་རླབས་དང་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། དེ་ལྟར་གསོལ་བ་བཏབ་ནས་རྒྱུད་དག་པར་བྱ་བའི་ཕྱིར་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་འཆང་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་སྤྱི་འགྲེ་ཚར་གསུམ། རྒྱུད་དག་པར་བྱས་ནས། རྗེས་གནང་གི་གཞི་འགོད་པའི་ཕྱིར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས། ཨོཾ་སྭ་བྷཱ་
ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅ཧཾ། ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཐ་མལ་པར་སྣང་བའི་འདུག་གནས། རྣམ་སྨིན་ཤ་རུས་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་ལ། ཁྱེད་རང་རྣམས་སྐད་ཅིག་གིས་སློབ་དཔོན་ལཱུ་ཧི་པ་སྐུ་མདོག་དུད་ཀ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། སྐྱེས་པའི་འཁོར་གྱིས་བསྐོར་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རེ་རེ་གསལ་ལམ་སྟེ་བྱུང་བའི་མོས་པ་མཛོད། དེ་ནས་སློབ་དཔོན་བསྐྱེད་པ་དང་བཅས་པ་ལ་གུས་འདུད་བྱས་པས། དེ་དག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་གྲུབ་ཐོབ་ལཱུ་ཧི་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་ནས་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཅེས་དང༌། རྡོ་རྗེ་གསོར། དྲིལ་བུ་གསིལ་ཞིང༌། ཨོཾ་ཨཱཿལཱུ་ཧི་པ་ཧཱུྃ། ཨཱ་བེ་ཤ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་ཡང་བརྗོད། དེ་ནི་རྗེས་གནང་གི་གཞི་འགོད་པ་ཡིན། རྗེས་གནང་གི་དངོས་གཞི་བྱིན་རླབས་དབང་བཞིའི་ཚུལ་དུ་བསྐུར་བ་ལ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་རྡོ་རྗེ་འཆང་དུ་གསལ་བ་དང༌། མདུན་བསྐྱེད་ཀྱི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དང༌། ཨོཾ་ཡིག་གི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་ལུས་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག བུམ་པའི་དབང་ཐོབ། སྐུའི་བྱིན་བརླབས་ཞུགས། སྣང་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་སེམས་གནས་ཚད་མཉམ་པར་འཇོག་པ་ཞུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང༌། ཨཱ་ཡིག་གི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག གསང་བའི་དབང་ཐོབ། གསུང་གི་བྱིན་རླབས་ཞུགས། གསལ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་སེམས་གནས་ཚད་མཉམ་པར་འཇོག་པ་ཞུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང༌། ཧཱུྃ་
ཡིག་གི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས། ཡིད་ཀྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་ཀྱི་བྱིན་རླབས་ཞུགས། རིག་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་སེམས་གནས་ཚད་མཉམ་པར་འཇོག་པ་ཞུ། སློབ་དཔོན་མདུན་བསྐྱེད་དང་བཅས་པའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་དང་ཡིག་འབྲུ་གསུམ་གྱི་ཕྲེང་བ་བྱུང༌། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དུ་ཐིམ་པས། ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག དབང་བཞི་པ་ཐོབ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས། བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་དུ་སེམས་གནས་ཚད་མཉམ་པར་འཇོག་པ་ཞུ། དེ་ལྟར་དབང་བཞི་ལེགས་པར་ཐོབ་ནས་གྲུབ་ཆེན་ལཱུ་ཧི་པའི་རྟོགས་བརྗོད་ཀྱི་སྒོ་ནས་ངོ་སྤྲད་པ་ནི། ཁྱི་རྒོད་མི་བསྲུན་སྣ་ལ་སྦྲང་རྩི་བསྐུས་པས་ཕྱོགས་རྣམས་ཀུན་ཏུ་བཟའ་བར་བྱེད། །བློ་དམན་སྐལ་མེད་དག་ལ་བླ་མའི་གདམས་ངག་བྱིན་པས་རང་རྒྱུད་བསྲེགས། །གླང་ཆེན་མྱོས་པའི་སྣ་ལ་རལ་གྲི་བཏགས་པས་དགྲ་དཔུང་འཇོམས། །སྐལ་བཟང་སྐྱེ་མེད་རྟོགས་པ་བདག་ནི་སྣང་བ་ཐུག་ཕྲད་དག་གིས་རྣམ་རྟོག་འཇོམས། །ཞེས་གསུངས་པས་དེའི་ངང་ལ་ཅུང་ཟད་མཉམ་པར་འཇོག་པ་ཞུ། དེ་རྣམས་ཀྱི་སྒོ་ནས་རྗེས་གནང་བྱིན་རླབས་ཟབ་མོ་གསན་པ་ཡིན་པས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་གསུམ། གཏང་རག་ཏུ་མཎྜལ། དེང་ནས་བརྩམས་ཏེ། བསོད་ནམས་འདི་ཡིས་སོགས་སྤྱི་དང་མཐུན། རྗེས་ཀྱི་བྱ་བ་ནི། མཆོད་པ་ཁ་གསོས་བྱིན་གྱིས་བརླབས་ནས་སྔགས་མཆོད་ཀྱིས་འབུལ་བ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང་ཞིང་བཟོད་པར་གསོལ་བ། ཚོམ་བུའི་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ། བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་སྤྱི་དང་མཐུན། ༈ །རྗེས་གནང་བཏུད་ནས་བྱེད་དགོས་ན་མཎྜལ་གྱི་ཚོམ་བུ་གསར་དུ་བཀོད། གཏོར་མ་དང་མཆོད་པ་ཁ་གསོས། མཆོད་པ་བྱིན་རླབས་བྱ། སློབ་དཔོན་གྱི་
བདག་བསྐྱེད་གོང་གི་དེ་གས་ཆོག་པས་བསྐྱར་ནས་མི་མཛད། མདུན་བསྐྱེད་དང་སློབ་མའི་སྐབས་སུ་སློབ་དཔོན་གྱི་མཚན་དང་སྔགས། རྟོགས་བརྗོད་རྣམས་བརྗེ་བ་མ་གཏོགས་གཞན་ཐམས་ཅད་གོང་བཞིན་མཛད། རྟོགས་བརྗོད་རྣམས་བློ་ལ་ཟིན་ན་དང༌། མ་ཟིན་ན་དཔེ་ཐོག་ནས་མཛད་པས་ཆོག སང་ཉིན་ཞག་གིས་མཚམས་ཆོད་ན་བདག་བསྐྱེད་གོང་བཞིན་ཚར་རེ་མཛད། དང་པོ་ལཱུ་ཧི་པ་ནི་གོང་དུ་སོང༌། ༈ །གཉིས་པ་གྲུབ་ཆེན་དཱ་རི་ཀ་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་སྐྱེས་པ། སྔགས། ཨོཾ་ཨཱཿདཱ་རི་ཀ་པ་ཧཱུྃ། རྟོགས་བརྗོད་ནི། བདེ་ཆེན་རང་ལ་ཡོད་ཀྱང་མ་རྟོགས་འཁྲུལ་པས་བཅིངས། །བདེ་བསལ་འདོད་པས་བསོད་ནམས་ཡེ་ཤེས་ཚོགས་གཉིས་བྱ། །ཚོགས་གཉིས་མ་བསགས་སྐྱེ་བ་བརྒྱ་རུ་འབད་བྱས་ཀྱང༌། །བླ་མ་དག་དང་མི་ལྡན་བདེ་ཆེན་རྟོགས་མི་འགྱུར། ༈ །གསུམ་པ་གྲུབ་ཆེན་ཌེམ་ཀི་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཌེམ་ཀི་པ་ཧཱུྃ། རྟ་དང་གླང་པོ་རྒྱ་མཚོ་འདྲ་ན་རབ་ཏུ་བདེ། །སྤྲེའུ་བྱིས་པ་ཆུ་རིས་འདྲ་ན་རྟོགས་པ་ཡིན། །ཆུ་བོ་ཉི་མ་སྨན་དང་འདྲ་ན་དབྱེར་མི་ཕྱེད། །གཙུག་ཕུད་མིག་དང་འཁོར་ལོ་ལྟ་བུའི་འབྲས་བུ་ཐོབ། ༈ །བཞི་པ་གྲུབ་ཆེན་ལཱི་ལ་པ་སྐུ་མདོག་རྒྱན་འཁོར་ཌེམ་ཀི་པ་དང་འདྲ། ཨོཾ་ཨཱཿལཱི་ལ་པ་ཧཱུྃ། ཚད་མེད་བཞི་ཡི་དགོན་པ་རུ། །རྣལ་འབྱོར་རྒྱལ་པོ་སེང་གེ་བཞིན། །མགོ་ལ་གཡུ་མདོག་རལ་ལྔས་བརྒྱན། །རྣལ་འབྱོར་དབང་རྟགས་རིགས་ལྔ་འཆང༌། །སེང་གེའི་སྡེར་མོ་བཅུ་དག་གིས། །གླང་ཆེན་ལ་སོགས་ཤ་རུས་འབྱེད། །རྣལ་འབྱོར་ཕ་རོལ་ཕྱིན་བཅུ་ཡིས། །དེ་དག་མི་མཐུན་ཕྱོགས་ལས་འབྱེད། །ལཱི་ལ་པ་ཡིས་རྟོགས་ནས་གྲོལ། ༈ །ལྔ་པ་གྲུབ་ཆེན་བིརྺ་པ་སྐུ་མདོག་སྨུག་ནག གཡས་གདན་ལ་བརྟེན་ཅིང༌། གཡོན་སྡིགས་མཛུབ་མཛད་པ། མེ་ཏོག་སྣ་ཚོགས་ཀྱི་དབུ་རྒྱན་དང་དོ་ཤལ་པུས་འཁྱུད་དང་བཅས་རོལ་པའི་སྟབས་ཀྱིས་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿབི་རཱུ་པ་ཧཱུྃ། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པ་སྟེ། །མི་བསམ་མི་སྤྱད་འབད་མེད་ངང་ལ་བཞག །ཆད་པར་མི་འགྱུར་ཉམས་མྱོང་རང་གིས་རིག །
རྟག་པར་མི་འགྱུར་ཞེན་མེད་ཟུང་དུ་འཇུག། ༈ །དྲུག་པ་ཌོམྦྷི་པ་སྐུ་མདོག་དཀར་པོ་དར་ཤམ་ཅན་སྟག་གི་སྟེང་ན་གནས་པ། འཁོར་བུད་མེད། ཨོཾ་ཨཱཿཌོམྦྷི་པ་ཧཱུྃ། གསེར་འགྱུར་རྩི་ཡི་ནུས་པ་ཡིས། །ལྕགས་སོགས་གསེར་དུ་བསྒྱུར་བ་ལྟར། །རིན་ཆེན་དབང་གི་ནུས་པ་ཡིས། །ཉོན་མོངས་གཉིས་མེད་ཡེ་ཤེས་འགྱུར། ༈ །བདུན་པ་གྲུབ་ཆེན་ཤ་ཝ་རི་པ་སྐུ་མདོག་དུད་ཀ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་སྐྱེས་པ། ཨོཾ་ཨཱཿཤ་ཝ་རི་པ་ཧཱུྃ། མ་རིག་པ་ཡི་ནགས་ཚལ་དུ། །གཟུང་འཛིན་རི་དྭགས་རྒྱུ་བ་ལ། །ཐབས་དང་ཤེས་རབ་གཞུ་བདུངས་ནས། །སྙིང་པོའི་དོན་གྱི་མདའ་འཕངས་པས། །ཤི་ནི་རྣམ་པར་རྟོག་པ་ཤི །ཤ་ནི་གཉིས་སུ་མེད་པར་ཟོས། །རོ་ནི་བདེ་བ་ཆེན་པོར་མྱོང༌། །འབྲས་བུ་ཕྱག་རྒྱ་ཆེན་པོ་ཐོབ། ༈ །བརྒྱད་པ་གྲུབ་ཆེན་ས་ར་ཧ་སྐུ་མདོག་སེར་པོ་བསམ་གཏན་གྱི་ཕྱག་རྒྱ་ཅན། འཁོར་བུད་མེད། ཨོཾ་ཨཱཿས་ར་ཧ་ཧཱུྃ། ཀྱེ་ཧོ་གྲོགས་དག་ལྷན་ཅིག་སྐྱེས་པ་དེ། །གཞན་ནས་མི་རྙེད་བླ་མའི་ཞལ་ནས་རྙེད། །དོན་དམ་ཞལ་གྱི་ངོ་བོ་དེ་རྟོགས་ནས། །ཡིད་ལ་འཆི་མེད་རླུང་ལ་ཆད་པ་མེད། ༈ །དགུ་པ་གྲུབ་ཆེན་ཀཾ་ཀ་རི་པ་སྐུ་མདོག་རྫ་གསར་པའི་མདོག་ཅན་གྲུབ་ཐོབ་ཀྱི་ཆ་ལུགས་འགྱིངས་པས་གནས་པ། འཁོར་བུད་མེད། ཨོཾ་ཨཱཿཀཾ་ཀ་རི་པ་ཧཱུྃ། ཇི་ལྟར་ནམ་མཁའ་སྟོང་པ་ལ། །གཅིག་དང་གཞན་གཉིས་སྤངས་པའི་གཟུགས། །རང་སྣང་ཡེ་ཤེས་བཙུན་མོ་ནི། །དཔེ་མེད་ཐ་སྙད་ཀུན་ལས་འདས། ༈ །བཅུ་པ་གྲུབ་ཆེན་མཱི་ན་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། ཕྱག་གཉིས་ཐུགས་ཀར་བསྣོལ་བ། འཁོར་སྐྱེས་པ། ཨོཾ་ཨཱཿམཱི་ན་པ་ཧཱུྃ། ལྕགས་ཀྱུ་ཐོགས་པའི་ཉ་པ་ནི། །ལས་དབང་རྒྱ་མཚོའི་ནང་དུ་ཁྱེར། །ཉ་ཆེན་ལུས་ལ་རྟེན་བཅས་ནས། །ལྷ་ཆེན་གདམས་པ་ཉམས་བླངས་པས། །ཡོན་ཏན་ས་དང་རྡོ་དག་གིས། །མ་ཐེག་མཱི་ན་པ་རུ་གྲགས། ༈ །བཅུ་གཅིག་པ་གྲུབ་ཆེན་གོ་རཀྵ་པའམ་ཡན་ལག་མེད་པའི་རྡོ་རྗེ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཕྱག་གཉིས་རྡོ་རྗེ་དྲིལ་བུ་བསྣམས་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་ཤིང་མཚན་མ་བསྒྲེངས་པ་རུས་པའི་རྒྱན་གྱིས་བརྒྱན་པ། འཁོར་བུད་མེད། ཨོཾ་ཨཱཿགོ་རཀྵ་
པ་ཧཱུྃ། རིགས་ནི་འབྲིང་དང་མཆོག་དང་ཐ་མ་རུ། །གནས་པའི་རྒྱུ་ལ་རྐྱེན་གྱི་སྟོབས་ལྡན་པས། །གེགས་མེད་ལས་དབང་འབྲས་བུ་ངོ་མཚར་ཆེ། །ཙོའུ་རཱངྒ་ཡིས་བྱང་སེམས་བསྙེན་བཀུར་བྱས། །དེ་རྐྱེན་ཁམས་ཀྱི་སྟོབས་ཀྱིས་ས་བོན་བཏབ། །ཨ་ཙིནྟཾ་ཡིས་འཆི་མེད་བདུད་རྩི་བསྟེན། །གོ་རཀྵ་པ་གཉིས་མེད་དེ་ཉིད་མཐོང༌། །སྲིད་གསུམ་བ་རྫིའི་རྒྱལ་པོ་ངོ་མཚར་ཆེ། ༈ །བཅུ་གཉིས་པ་གྲུབ་ཆེན་ཙོའུ་རཱངྒ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་སྐྱེས་པ། ཨོཾ་ཨཱཿཙོའུ་རཱངྒ་ཧཱུྃ། ཐོག་མེད་སྲིད་པར་ཡུན་རིང་དུ། །མ་རིག་སྡོང་པོའི་རྩ་བ་ལ། །སྲེད་པའི་ཆུ་བོས་ལེགས་བརླན་ནས། །སྲིད་པའི་ཡན་ལག་སྣ་ཚོགས་རྒྱས། །མ་རིག་པ་ཡི་ཤིང་ཆེན་དེ། །བླ་མ་དམ་པའི་བྱེད་པ་དང༌། །ཤེས་རབ་གསུམ་གྱི་རྟེའུ་ཡིས། །ཙོའུ་རཱངྒ་ཡིས་དེ་རིང་བཅད། ༈ །བཅུ་གསུམ་པ་གྲུབ་ཆེན་བཱི་ཎ་པ་སྐུ་མདོག་སྔོན་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་བུད་མེད། ཨོཾ་ཨཱཿབི་ཎཱ་པ་ཧཱུྃ། ཕྱིན་ཅི་ལོག་ལ་གོམས་པའི་སྒྲ། །གུས་དང་བརྩོན་པས་བཅད་བྱ་གསུངས། །མ་གྲོལ་སྐྱེ་མེད་སྒྲ་བཤད་པས། །བཱི་ཎ་པ་ཡིས་བདག་མེད་རྟོགས། ༈ །བཅུ་བཞི་པ་གྲུབ་ཆེན་རཏྣ་ཨཱ་ཀ་ར་ཤཱནྟི་པ་སྐུ་མདོག་སེར་པོ་དགེ་སློང་གི་ཆ་ལུགས་ཅན། འཁོར་སྐྱེས་པ། ཨོཾ་ཨཱཿཤཱནྟི་པ་ཧཱུྃ། བུ་ཆུང་མ་ཡིས་གསོས་པས་གྱད་ཀྱི་སྟོབས་དང་ལྡན་པ་ཇི་བཞིན་དུ། །བློ་ཆུང་དག་ནི་བླ་མའི་གདམས་ངག་རིམ་གྱིས་ཁྲིད་པས་ཐེག་པ་ཆེ། །རླུང་མཁྲིས་བད་ཀན་འདུས་པའི་ནད་རྣམས་སྨན་གྱི་ནུས་པས་སེལ་བ་ལྟར། །ང་དང་བདག་ཏུ་འཛིན་པའི་ནད་རྣམས་བླ་མའི་གདམས་པས་སྐད་ཅིག་བསྲེགས། ༈ །བཅོ་ལྔ་པ་གྲུབ་ཆེན་ཏོག་ཙེ་པ་སྐུ་མདོག་ལྗང་གུ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་སྐྱེས་པ། ཨོཾ་ཨཱཿཏོག་ཙེ་པ་ཧཱུྃ། བདེ་སྡུག་ཐམས་ཅད་སེམས་ལས་བྱུང༌། །གདམས་པས་སེམས་ཀྱི་རི་བོ་བརྐོས། །ས་ཡི་རི་བོ་བརྐོས་གྱུར་ཀྱང༌། །གཉུག་མའི་བདེ་ཆེན་ཐོབ་མི་འགྱུར། །ཐ་མལ་ཤེས་པ་སྙིང་གི་དཀྱིལ་དུ་སད། །ཚོགས་དྲུག་དག་ན་བདེ་བ་རྒྱུན་མི་ཆད། །བརྟགས་པ་ཐམས་ཅད་དོན་མེད་སྡུག་བསྔལ་རྒྱུ། །བསྒོམ་དུ་མེད་དོ་གཉུག་མའི་ངང་ལ་ཞོག། ༈ །བཅུ་དྲུག་པ་གྲུབ་ཆེན་ཏནྟྲི་པ་
སྐུ་མདོག་དཀར་པོ། དར་ཤམ་ཅན། ཞབས་གཉིས་འཁྲིལ་བ། འཁོར་བུད་མེད། ཨོཾ་ཨཱཿཏནྟྲི་པ་ཧཱུྃ། འཇིག་རྟེན་པ་ཡི་ཐགས་མཁན་དག་ནི་སྣལ་མ་ཐགས་སུ་འཐག །ང་ནི་བླ་མའི་གདམས་པ་ཆོས་རྣམས་ཐགས་སུ་འཐག །སྟོང་ཉིད་གནས་སུ་ཡེ་ཤེས་སྣལ་མ་གདམས་ངག་སྟག་སོ་དང༌། །ཤེས་རབ་ཀྱི་ནི་སྒྲོམ་བུས་དབྱིངས་རིག་གཉིས་མེད་ཆོས་སྐུར་བཏགས། ༈ །བཅུ་བདུན་པ་གྲུབ་ཆེན་ཙམ་རི་པ་ཀོ་ལྤགས་མཁན་སྐུ་མདོག་སྔོན་པོ་གྲུབ་ཐོབ་ཀྱི་ཆ་ལུགས། ལག་ན་གྲི་བཟུང་བ། འཁོར་སྐྱེས་པ། ཨོཾ་ཨཱཿཙ་མ་རི་པ་ཧཱུྃ། རྣམ་རྟོག་མཚན་མའི་ཀོ་བ་ནི། །སྟོང་ཉིད་སྙིང་རྗེའི་སྦང་དག་ཏུ། །འཇིག་རྟེན་ཆོས་བརྒྱད་སྐུད་པ་དང༌། །ཤེས་རབ་ཉམས་མྱོང་སྙུང་བུས་འཚེམས། །ལྷུན་གྲུབ་ཆོས་སྐུའི་ལྷྭམ་བྱེད་པ། །ཙ་མ་རི་པ་ལྷྭམ་མཁན་མཆོག། ༈ །བཅོ་བརྒྱད་པ་གྲུབ་ཆེན་ཁཌྒ་པ་སྐུ་མདོག་དཀར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿཁཌྒ་པ་ཧཱུྃ། མཚོན་ཆ་མེད་པའི་དཔའ་བོ་ནི། །རྒྱུན་དུ་དགྲ་དང་གཡུལ་འགྱེད་པ། །བདག་ཉིད་དགྲ་ཡི་དབང་དུ་འགྲོ། །འཆི་མེད་ཡེ་ཤེས་རལ་གྲི་ཡིས། །སྲིད་གསུམ་དགྲ་རྣམས་ཕམ་བྱས་ནས། །ཁཌྒ་པ་ནི་ལོངས་སྤྱོད་བྱེད། ༈ །བཅུ་དགུ་པ་གྲུབ་ཆེན་ནཱ་གཱརྫུ་ན་འཕགས་པ་ཀླུ་སྒྲུབ་སྐུ་མདོག་གུར་གུམ་གྱི་མདོག་ཅན་དགེ་སློང་གི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿནཱ་གཱརྫུ་ན་ཧཱུྃ། གང་ཞིག་མ་རྟོགས་པ་ཡིས་རྟོགས་པའི་སྤྱོད་པ་མི་བྱ་སྟེ། །བྱས་ན་རྒྱལ་པོའི་ཁྲིམས་ལ་འབངས་ཀྱིས་གནོན་པ་བཞིན། །རྟོགས་པ་རྣམས་ཀྱིས་མ་རྟོག་པ་ཡི་སྤྱོད་པ་མི་བྱ་སྟེ། །བྱས་ན་གླང་ཆེན་རབ་ཏུ་མྱོས་པ་འདམ་དུ་ཟིན་པ་འདྲ། ༈ །ཉི་ཤུ་པ་གྲུབ་ཆེན་ནག་པོ་པ་སྐུ་མདོག་དམར་སེར་གྲུབ་ཐོབ་ཀྱི་ཆ་ལུགས་ཀྱིས་བཞེངས་པ། འཁོར་བུད་མེད། ཨོཾ་ཨཱཿནག་པོ་པ་ཧཱུྃ། ཤིང་རྟ་འཁོར་ལོ་བཞི་དང་མི་ལྡན་ཁྲིད་ཀྱང་འགྲོ་བར་མི་ནུས་ལྟར། །སྦྱིན་སོགས་འབད་པ་བྱས་ཀྱང་བླ་མ་གཅིག་དང་མི་ལྡན་དངོས་གྲུབ་དམ་མ་ཡིན། །བྱ་རྒོད་རྩལ་རྫོགས་གདབ་གཤོག་རྒྱས་པ་དག་ནི་ནམ་མཁར་བསྐྱོད་ཅིང་རྒྱུ། །སྐལ་བཟང་རྣལ་འབྱོར་དམ་པ་རྣམས་ནི་དབང་གི་གདམས་པ་ཁོང་དུ་ཆུད་པས་བདེ། ༈ །ཉེར་གཅིག་པ་གྲུབ་ཆེན་ཨཱརྻ་དེ་ཝ་སྐུ་མདོག་སེར་པོ་དགེ་སློང་གི་ཆ་ལུགས་ཅན་བཞེངས་
པ། འཁོར་སྐྱེས་པ། ཨོཾ་ཨཱཿཨཱརྻ་དེ་ཝ་ཧཱུྃ། དུས་གསུམ་སངས་རྒྱས་ངོ་བོ་གཅིག །དེ་ཡི་རང་བཞིན་རང་གི་སེམས། །རྟོགས་ན་འདོད་པ་ཇི་བཞིན་ཞོག །གོམས་པར་བྱས་ན་མངོན་དུ་འགྱུར། ༈ །ཉེར་གཉིས་པ་གྲུབ་ཆེན་ཐ་ག་ན་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཐ་ག་ན་པ་ཧཱུྃ། གང་ཞིག་རྣ་བར་ཆུ་ཞུགས་པ། །ཆུ་ཉིད་ཀྱིས་ནི་འབྱིན་པ་བཞིན། །དེ་བཞིན་སྣང་སྲིད་བརྫུན་པ་ལ། །བརྫུན་པ་བསྒོམས་པས་བདེན་པ་མཐོང༌། ༈ །ཉེར་གསུམ་པ་གྲུབ་ཆེན་ཏེ་ལོ་པ་སྐུ་མདོག་ནག་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཏེ་ལོ་པ་ཧཱུྃ། སྔགས་ཀྱི་སྡོམ་པའི་མཆོག་ཉིད་ནི། །རང་གིས་རྟོགས་ལས་གཞན་མེད་དེ། །གཉུག་མའི་སེམས་ཀྱི་རྟོགས་པ་གང༌། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། ༈ །ཉེར་བཞི་པ་གྲུབ་ཆེན་ནཱ་རོ་པ་སྐུ་མདོག་ལྗང་སྔོན་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿནཱ་རོ་པ་ཧཱུྃ། འཁོར་ལོས་སྒྱུར་རྒྱལ་དཔུང་གི་ཚོགས། །གླིང་རྣམས་ཀུན་ལ་དབང་བྱེད་ལྟར། །ལྷན་ཅིག་སྐྱེས་པའི་རོ་རྙེད་ནས། །འཁོར་བ་དབང་བསྒྱུར་བདེ་བ་ཆེ། ༈ །ཉེར་ལྔ་པ་གྲུབ་ཆེན་ཤྱཱ་ལི་པ་སྐུ་མདོག་མི་ཤ་ཁ་དཀར་བ་གཞོན་ནུའི་གཟུགས་འཛིན་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཤྱཱ་ལི་པ་ཧཱུྃ། རི་རབ་གསེར་གྱི་ངོས་ལ་བྱ་གནས་པ། །བྱ་ཡི་རང་བཞིན་བོར་ནས་གསེར་དུ་སྣང༌། །མཁས་པ་གང་ཞིག་སྐྱེ་བ་མེད་རྟོགས་པ། །དངོས་པོའི་རང་བཞིན་བོར་ནས་བདེ་བ་ཆེ། ༈ །ཉེར་དྲུག་པ་གྲུབ་ཆེན་ཙ་ཏ་པ་སྐུ་མདོག་དམར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཙ་ཏ་པ་ཧཱུྃ། རྣལ་འབྱོར་པ་ཡིས་གང་མཐོང་གདམས་པ་དེ། །མཐོང་བ་སྐྱེ་མེད་རྟོགས་ཕྱིར་སློབ་དཔོན་མཆོག །བྱིས་པ་གཉིས་མེད་རྟོགས་ཕྱིར་དེ་ཐབས་ཡིན། །དགེ་སྡིག་འབྲས་བུ་དེ་ལས་གཉིས་མི་འབྱུང༌། ༈ །ཉེར་བདུན་པ་གྲུབ་ཆེན་བྷ་དྲ་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཀྱིས་བཞེངས་པ། འཁོར་བུད་མེད། ཨོཾ་ཨཱཿབྷ་དྲ་པ་ཧཱུྃ། སྟོང་ཉིད་རྟོགས་པས་འཁྲུལ་པ་དག །བྱམས་པ་བསྒོམས་པས་སྤྱོད་པ་རྫོགས། །སྣ་ཚོགས་གཉིས་མེད་བསྒོམ་པ་ཡིན། །སྤྱི་མཐུན་རོ་གཅིག་འབྲས་བུ་ཆེ།།
ཉེར་བརྒྱད་པ་གྲུབ་ཆེན་དྷོ་ཁན་དྷི་པ་སྐུ་མདོག་ནག་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿདྷོ་ཁན་དྷི་པ་ཧཱུྃ། ཀུན་རྫོབ་བསྐྱེད་པའི་རིམ་པ་དང༌། །དོན་དམ་རྫོགས་པའི་རིམ་པ་གཉིས། །ཟུང་འཇུག་ཕྱག་རྒྱ་ཆེན་པོ་བསྒོམ། །འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔ། ༈ །ཉེར་དགུ་པ་གྲུབ་ཆེན་ཨ་ཛོ་ཀི་སྐུ་མདོག་མི་ཤ་ཁ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། ཕྱག་ན་སློང་བའི་སྣོད་བསྣམས་པ། འཁོར་སྐྱེས་པ། ཨོཾ་ཨཱཿཨ་ཛོ་ཀི་ཧཱུྃ། བླ་མ་དམ་པའི་གདམས་ངག་གིས། །སྟེང་སྒོ་སྣ་རྩེར་ཐིག་ལེ་བསྒོམ། །དེ་ཉིད་ལ་ནི་བློ་བརྟན་པས། །ཡུངས་ཀར་སྟོང་གསུམ་དམིགས་པ་སྟོར། ༈ །སུམ་ཅུ་པ་གྲུབ་ཆེན་ཀ་ལ་པ་སྐུ་མདོག་གུར་གུམ་གཞོན་ནུའི་མདོག་ཅན་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཐོད་པ་འཛིན་པ། འཁོར་སྐྱེས་པ། ཨོཾ་ཨཱཿཀ་ལ་པ་ཧཱུྃ། འགྲོ་བ་འདི་དག་ཐོག་མེད་དུས་ནས་འཁྲུལ། །འཁྲུལ་པའི་རང་བཞིན་འཇིག་རྟེན་སྨྱོན་པར་གྲགས། །བླ་མའི་གདམས་ངག་བདུད་རྩི་སྨན་གྱིས་ནི། །འཁྲུལ་པའི་ནད་རྣམས་སྐད་ཅིག་གཅིག་ལ་བསྲེགས། ༈ །སོ་གཅིག་པ་གྲུབ་ཆེན་དྷོ་པི་པ་སྐུ་མདོག་དམར་སེར་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་བུད་མེད། ཨོཾ་ཨཱཿདྷོ་པི་པ་ཧཱུྃ། ཡུན་རིང་དུས་སུ་དྲི་མ་འཁྲུད་བྱས་ཀྱང༌། །སོལ་བའི་རང་བཞིན་དཀར་པོ་འགྱུར་མི་སྲིད། །རྣམ་དག་རང་བཞིན་སྟོང་ཉིད་ཀྱིས་དག་ལ། །བླ་མའི་གདམས་ངག་རང་བཞིན་ཁྲུས་མཁན་མཆོག། ༈ །སོ་གཉིས་པ་གྲུབ་ཆེན་མེ་ཀོ་པ་འོད་མཛད་སྐུ་མདོག་རྫ་གསར་པའི་མདོག་ཅན་གྲུབ་ཐོབ་ཀྱི་ཆ་ལུགས། གཡས་རལ་གྲི་བསྣམས་པ། འཁོར་བུད་མེད། ཨོཾ་ཨཱཿམེ་ཀོ་པ་ཧཱུྃ། བླ་མ་དག་ལས་དང་པོ་རང་གི་སེམས་རྟོགས་བྱ། །དེ་ནས་རྣམ་པ་ཀུན་ཏུ་ཐ་དད་མི་བྱ་སྟེ། །གཉིས་མེད་གོམས་པས་དུར་ཁྲོད་གནས་སུ་འདུག་པར་བྱ། །མཉམ་པར་རྟོགས་ནས་སྨྱོན་པའི་བརྟུལ་ཞུགས་དག་གིས་སྤྱོད། ༈ །སོ་གསུམ་པ་གྲུབ་ཆེན་ཀམྤ་རི་པ་སྐུ་མདོག་དཀར་པོ་གཞོན་ནུའི་གཟུགས་མཛེས་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཀམྤ་རི་པ་ཧཱུྃ། ལུས་པོ་སྟོང་ཉིད་སོལ་མལ་དུ། །དྲན་རིག་རྣམ་རྟོག་སོལ་བ་ལ། །ལ་ལཱ་ར་སཱའི་སྦུད་པ་ཡིས། །དྷཱུ་ཏྲཱིར་ཡེ་ཤེས་མེ་སྦར་བས། །དུག་གསུམ་རྣམ་རྟོག་ཆོས་སྐུར་བརྡུངས། །
ཀམྤ་རི་པས་རྟོགས་ནས་གྲོལ། ༈ །སོ་བཞི་པ་གྲུབ་ཆེན་ཛ་ལནྡྷ་ར་སྐུ་མདོག་ཁམ་པ་ཞབས་གར་སྟབས་ཀྱིས་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿཛ་ལནྡྷ་ར་པ་ཧཱུྃ། ཁམས་གསུམ་ལུས་ངག་ཡིད་གསུམ་གྱི། །དྲན་རིག་རྣམ་པ་སྣ་ཚོགས་ཀུན། །ལ་ལ་ར་སཱ་དྷཱུ་ཏཱི་རུ། །བདག་གིས་ཅི་ཕྱིར་འཆིང་བར་བགྱི། ༈ །སོ་ལྔ་པ་གྲུབ་ཆེན་རཱ་ཧུ་ལ་སྐུ་མདོག་ནག་པོ་ཕྱག་གཉིས་སྤྱི་བོར་ཕེཾ་ཕེཾ་སྒྲའི་ཕྱག་རྒྱ་མཛད་པ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿརཱ་ཧུ་ལ་ཧཱུྃ། ཕྱི་ཡི་སྒྲ་གཅན་བཟང་པོ་ཡིས། །སྣང་བ་ཟླ་བ་གཉིས་མེད་ཟོས། །ཀུན་རྫོབ་ཐིག་ལེ་ཟླ་བ་ནི། །དབྱིངས་རིག་སྒྲ་གཅན་གཉིས་མེད་ཟོས། ༈ །སོ་དྲུག་པ་གྲུབ་ཆེན་དྷརྨ་པ་སྐུ་མདོག་ནག་པོ་ཕྱག་ན་རྔ་བཟུང་བ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿདྷརྨ་པ་ཧཱུྃ། སྣང་སྲིད་ཆོས་ཀྱི་ཀོང་བུ་རུ། །བྱང་ཆུབ་སེམས་ཀྱི་མར་ཁུ་ལ། །ཚོགས་དྲུག་རྣམ་ཤེས་སྡོང་བུ་བཙུགས། །གཉིས་མེད་ཡེ་ཤེས་མེ་སྤར་ནས། །རྣམ་རྟོག་འཁྲུལ་པའི་བུད་ཤིང་བསྲེགས། ༈ །སོ་བདུན་པ་གྲུབ་ཆེན་དྷོ་ཀ་རི་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿདྷོ་ཀ་རི་པ་ཧཱུྃ། ཆོས་དབྱིངས་རང་བཞིན་སྣོད་དག་ཏུ། །རིག་པ་ཆོས་སྐུའི་རྫས་དག་བཅུག །དབྱིངས་རིག་གཉིས་མེད་འབྲས་བུ་ནི། །ལས་ཅན་རྣལ་འབྱོར་རིག་པས་རྟོགས། ༈ །སོ་བརྒྱད་པ་གྲུབ་ཆེན་མེ་དྷི་ནི་སྐུ་མདོག་སྔོ་ལྗང་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱ་མེ་དྷི་ནི་ཧཱུྃ། རིག་པ་གཉུག་མའི་ཤེས་རབ་དང༌། །ཉམས་མྱོང་གསང་བའི་ཐབས་དག་གིས། །རང་བཞིན་གནས་ལུགས་གཞི་དག་ལ། །བདེ་ཆེན་ལྷུན་གྲུབ་འབྲས་བུ་རྟོགས། ༈ །སོ་དགུ་པ་གྲུབ་ཆེན་པངྐ་ཛ་པ་སྐུ་མདོག་གུར་གུམ་མདོག་ཅན་ཕྱག་ན་ཐོད་པ་བསྣམས་པ། གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿཔངྐ་ཛ་པ་ཧཱུྃ། ཇི་ལྟར་བླ་མས་མ་ཟིན་མ་རྟོགས་དུས་དག་ཏུ། །ཡིད་བཞིན་ནོར་བུ་དག་དང་ནོར་བུ་མཆིང་བུ་མཉམ། །དོན་གྱི་རྟོགས་པའི་བླ་མས་ཡོངས་སུ་ཟིན་གྱུར་ན། །ཉི་ཟླའི་འོད་དང་སྲིན་བུ་མེ་ཁྱེར་ཇི་བཞིན་ནོ། ༈ །བཞི་བཅུ་པ་གྲུབ་ཆེན་དྲིལ་
བུ་པ་སྐུ་མདོག་དམར་སེར། རྟགས་ལངས་པ། རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ཞབས་གཡས་བརྐྱངས་གཡོན་བསྐུམས་པ། རུས་པའི་རྒྱན་ཅན་འཁོར་བུད་མེད། ཨོཾ་ཨཱཿརྡོ་རྗེ་དྲིལ་བུ་བ་ཧཱུྃ། ལ་ལཱ་ར་སཱ་དྷཱུ་ཏཱི་གསུམ། །བདག་བྱིན་བརླབས་པས་བཅིང་བར་བྱ། །བླ་མ་སེམས་དང་སྣང་བ་གསུམ། །རྟོགས་པ་བསྐྱེད་ཕྱིར་མཁས་པས་བསྟེན། ༈ །ཞེ་གཅིག་པ་གྲུབ་ཆེན་ཛོ་ཀི་པ་སྐུ་མདོག་མི་ཤ་ཁ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཛོ་ཀི་པ་ཧཱུྃ། མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྲ་ཞིང་ཕྱེད་པའི་ཡིད་བསྒོམས་པས། །བརྟན་ཅིང་གཡོ་བའི་དངོས་པོ་ཀུན། །ཆོས་ཀྱི་དབྱིངས་སུ་རྣམ་པར་གྲོལ། ༈ །ཞེ་གཉིས་པ་གྲུབ་ཆེན་ཙ་ལོ་ཀི་སྐུ་མདོག་ནག་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཙ་ལོ་ཀི་ཧཱུྃ། བླ་མ་དམ་པའི་གདམས་ངག་ནི། །ཡུན་རིང་དུས་སུ་བསྒོམས་པ་ཡིས། །ས་སོགས་རིམ་པས་ཐིམ་པ་ལས། །རང་སྣང་ཕྱག་རྒྱ་ཆེན་པོར་འགྱུར། ༈ །ཞེ་གསུམ་པ་གྲུབ་ཆེན་གྷུ་དྷུ་རི་པ་སྐུ་མདོག་སྔོ་ལྗང་དགེ་བསྙེན་གྱི་ཆ་ལུགས་པོ་ཏི་བསྣམས་པ། འཁོར་བུད་མེད། ཨོཾ་ཨཱཿགྷུ་དྷཱུ་རི་པ་ཧཱུྃ། ཕྱི་ནང་ཆོས་ཀུན་སེམས་སུ་འདུས། །སེམས་ཉིད་གསལ་བར་རྟོགས་པ་ན། །སྤྱོད་ལམ་རྣམ་བཞི་ཆོས་ཀྱི་སྐུ། །རྟོགས་པ་མངོན་གྱུར་རྫོགས་སངས་རྒྱས། ༈ །ཞེ་བཞི་པ་གྲུབ་ཆེན་ལུ་ཙི་ཀ་སྐུ་མདོག་དཀར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿལུ་ཙི་ཀ་ཧཱུྃ། གང་ཞིག་ཐོག་མ་མེད་དུས་ནས། །འཁོར་བའི་རྒྱ་མཚོར་ཡུན་རིང་འཁྱམས། །བླ་མ་དམ་པའི་གྲུ་དག་གིས། །བརྒལ་དཀའི་མཚོ་ལས་དེ་རིང་བརྒལ། ༈ །ཞེ་ལྔ་པ་གྲུབ་ཆེན་ཀཾ་ཀ་ན་སྐུ་མདོག་རྫ་གསར་པའི་མདོག་ཅན་ཕྱག་ན་ཟླ་བ་བསྣམས་པ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཀཾ་ཀ་ན་ཧཱུྃ། རྟོགས་པ་ཡིད་བཞིན་ནོར་བུ་ལ། །ཉམས་སུ་མྱོང་བའི་མདོག་བྱུང་བས། །སྤྱོད་པ་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། ༈ །ཞེ་དྲུག་པ་གྲུབ་ཆེན་ཀཾ་པ་ལི་སྐུ་མདོག་སེར་པོ་རུས་པའི་རྒྱན་ཅན་ཞབས་གར་སྟབས་ཀྱིས་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿཀཾ་པ་ལི་ཧཱུྃ། རྒྱ་མཚོ་ཟབ་ཅིང་རྒྱ་ཆེའི་ནང་ན་ནོར་བུས་
གང་བ་ལ། །ཀླུ་ཡི་རྒྱལ་པོ་རྣམས་ནི་དེ་ལ་ལོངས་སྤྱོད་ངོ་མཚར་ཆེ། །དེ་བཞིན་སྣང་གྲགས་ཐམས་ཅད་ཡེ་ནས་ཆོས་སྐུ་ཡིན་པ་ལ། །རྟོགས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱིས་ལོངས་སྤྱོད་ངོ་མཚར་ཆེ། ༈ །ཞེ་བདུན་པ་གྲུབ་ཆེན་བྷནྡེ་པ་སྐུ་མདོག་སྔོ་སྐྱ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཕྱག་གཉིས་ཆོས་འཆད། འཁོར་བུད་མེད། ཨོཾ་ཨཱཿབྷནྡེ་པ་ཧཱུྃ། གནས་ལུགས་རྟོགས་པ་སྙིང་རྗེ་ཡིན། །ཟག་མེད་བདེ་བ་དགའ་བ་སྟེ། །མངོན་ཞེན་མེད་པ་བྱམས་པའི་མཆོག །གཞི་མཐུན་རོ་གཅིག་བཏང་སྙོམས་རྫོགས། ༈ །ཞེ་བརྒྱད་པ་གྲུབ་ཆེན་ཏནྟེ་པ་སྐུ་མདོག་གུར་གུམ་མདོག་ཅན་རས་གོས་གསོལ་ཞིང་མཛའ་བོ་ཁྱི་ཁྲིད་པ། འཁོར་བུད་མེད། ཨོཾ་ཨཱཿཏནྟེ་པ་ཧཱུྃ། ཇི་ལྟར་དྲན་རིག་སྣ་ཚོགས་དག །རྟོག་མེད་དབྱིངས་སུ་ཟད་ཅིང་འགགས། །དེ་བཞིན་སྣང་སྲིད་ཆོས་རྣམས་ཀུན། །སྟོང་ཉིད་དབྱིངས་སུ་ཟད་ཅིང་འགགས། ༈ །ཞེ་དགུ་པ་གྲུབ་ཆེན་ཀུ་ཀུ་རི་པ་སྐུ་མདོག་མི་ཤ་ཁ་དམར་བ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། ཁྱི་མོས་དཀུ་གཡོན་ནས་འཁྱུད་པ། འཁོར་བུད་མེད། ཨོཾ་ཨཱཿཀུ་ཀུ་རི་པ་ཧཱུྃ། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང༌། །འདོད་དང་འབད་རྩོལ་ཡོད་ན་སངས་རྒྱས་མིན། །བྱིན་རླབས་བླ་མའི་ཞལ་ལས་ཉམས་མྱོང་འཕེལ། །བླ་མའི་ཆ་ཡིས་ཡོད་ཀྱང་དོན་ལས་མིན། ༈ །ལྔ་བཅུ་པ་གྲུབ་ཆེན་ཀུཉྫ་ལི་སྐུ་མདོག་གུར་གུམ་མདོག་ཅན་ཐོད་པ་བསྣམས་པ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿཀུཉྫ་ལི་པ་ཧཱུྃ། གང་གང་ལྷན་ཅིག་སྐྱེས་པ་ནི། །གླང་པོ་ཆེ་ཡི་མིག་བཞིན་དུ། །གཟེ་རེ་སྐྱེས་ན་ཟུང་རྔུ་འགྱུར། །ལྷོད་ན་ཞེན་མེད་བསམ་གཏན་མཆོག །བླ་མའི་གསུང་གི་འོད་ཟེར་གྱིས། །ཡོད་དང་མེད་པའི་མཐའ་མ་རྙེད། །གང་ཞིག་མ་རྙེད་པ་དེ་མཐའ། །མཐའ་དེ་རྟོགས་ན་དོན་གྱི་མཆོག། ༈ །ང་གཅིག་པ་གྲུབ་ཆེན་དྷ་མ་པ་སྐུ་མདོག་ནག་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཕྱག་ན་དར་གྱི་ཅོད་པན་བསྣམས་པ། འཁོར་སྐྱེས་པ། ཨོཾ་ཨཱཿདྷ་མ་པ་ཧཱུྃ། གཉིས་འཛིན་མ་རིག་དུག་དག་གིས། །རིག་པའི་སྐྱེས་བུ་རྒྱུན་དུ་ཟིན། །བླ་མའི་གསུང་གི་བྱིན་རླབས་ཀྱིས། །སྣང་སྲིད་འཁྲུལ་པའི་དུག་ནད་བསང༌། ༈ །ང་གཉིས་པ་གྲུབ་ཆེན་མ་ཏི་ལ་སྐུ་མདོག་སེར་པོ་
དབྱུག་པ་སེར་པོ་བསྣམས་པ། གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿམ་ཧི་ལ་ཧཱུྃ། མ་རིག་ང་རྒྱལ་རི་བོ་ཡིས། །རྟོགས་པ་ཡིད་བཞིན་ནོར་བུ་སྒྲིབ། །སྤྱོད་པར་ནུས་པས་དགོས་འདོད་འབྱུང༌། །རོ་སྙོམས་ལྡན་པ་རྣམས་ཀྱིས་འགྲུབ། ༈ །ང་གསུམ་པ་གྲུབ་ཆེན་ཨ་ཙིནྟ་སྐུ་མདོག་ལྗང་སྔོན། གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཐོད་པ་འཛིན་པ། འཁོར་བུད་མེད། ཨོཾ་ཨཱཿཨ་ཙིནྟ་ཧཱུྃ། དམིགས་མེད་ཕྱག་རྒྱ་ཆེན་པོ་རུ། །འཁྲུལ་པའི་དྲན་རིག་སྣ་ཚོགས་སྟོར། །ཡེ་ཤེས་རིག་པའི་སྣང་བ་ཡིས། །རང་སྣང་ཕྱག་རྒྱ་ཆེན་པོར་མཐོང༌། ༈ །ང་བཞི་པ་གྲུབ་ཆེན་བྷ་ཝ་ཧ་སྐུ་མདོག་གུར་གུམ་གྱི་མདོག་ཅན། གྲུབ་ཐོབ་ཀྱི་ཆ་ལུགས་ཅན་མཉམ་གཞག་མཛད་པ། འཁོར་བུད་མེད། ཨོཾ་ཨཱཿབྷ་ཝ་ཧ་ཧཱུྃ། བདེའོ་བདེའོ་དངོས་མེད་བདེ། །ཞེན་མེད་པ་ཡི་དངོས་མེད་བདེ། །བརྟགས་པ་ཐམས་ཅད་ངོ་ཤེས་བདེ། །བསྒྲུབ་བྱ་མེད་པའི་སངས་རྒྱས་བདེ། ༈ །ང་ལྔ་པ་གྲུབ་ཆེན་ལཾ་པ་སྐུ་མདོག་དཀར་པོ་དར་ཤམ་ཅན། གྲུབ་ཐོབ་ཀྱི་ཆ་ལུགས་ཀྱིས་ཞབས་གཡས་བརྐྱངས་གཡོན་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿན་ལི་པ་ཧཱུྃ། སྤྱི་བོར་པདྨ་འདམ་སྐྱེས་སུ། །ས་བོན་གཡོ་བ་དགའ་བ་སྟེ། །སྙིང་ག་མགྲིན་པ་མཆོག་ཏུ་དགའ། །བྲལ་དགའ་བླ་ན་མེད་པའོ། ༈ །ང་དྲུག་པ་གྲུབ་ཆེན་བྷུ་སུ་ཀུ་ཞི་བ་ལྷ་སྐུ་མདོག་སེར་པོ་དགེ་སློང་གི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿབྷུ་སུ་ཀུ་ཧཱུྃ། བདག་གིས་མ་རྟོགས་པ་ཡི་དུས་སུ་འབྲས་ཆན་རོ་ཡི་ཁྱད་པར་ཆེ། །རྟོགས་ནས་མངར་བའི་འབྲས་ཆན་དག་དང་རོ་འདི་ཁྱད་པར་མེད། །དེ་བཞིན་མ་རྟོགས་བར་དུ་འཁོར་བ་དག་དང་སངས་རྒྱས་ཁྱད་པར་ཆེ། །རྟོགས་པའི་དུས་སུ་འཁོར་བ་ཡེ་ནས་སངས་རྒྱས་བདེ་བ་ཆེ། ༈ །ང་བདུན་པ་གྲུབ་ཆེན་ཨིནྡྲ་བོ་དྷི་སྐུ་མདོག་ལྗང་སྔོན་རྒྱལ་པོའི་ཆ་ལུགས་ཀྱིས་འགྱིང་ཞིང་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿཨིནྡྲ་བོ་དྷི་ཧཱུྃ། དུས་ཀྱི་སྣ་རྩེའི་བདག་བྱིན་རླབས་དང་མི་ལྡན་ན། །ཕྱི་དང་ནང་དུ་སྤྱོད་པ་དག་གིས་སངས་མི་རྒྱ། །བདེ་བས་སངས་རྒྱས་དག་དང་ཁྱད་པར་མེད་གྱུར་ན། །ཞེན་པ་རབ་ཏུ་བཏང་ནས་ཉམས་མྱོང་མཆོག་ཏུ་གྱུར།།
ང་བརྒྱད་པ་ལྕམ་ལེགས་སྨིན་ཀ་ར་སྐུ་མདོག་སྔོ་ལྗང་མི་རོ་སྟེང་ན་ཞབས་གཡས་བསྐུམ་གཡོན་བརྐྱངས་པས་བཞུགས་པ་རུས་པའི་རྒྱན་ཅན། ཕྱག་གཉིས་རྡོར་དྲིལ་འཛིན་པས་ཡབ་ལ་འཁྱུད་པ། འཁོར་བུད་མེད། ཨོཾ་ཨཱཿལེགས་སྨིན་ཀ་ར་ཧཱུྃ། དང་པོ་བློ་ལྡན་རྟོགས་པ་བསྐྱེད། །གཉིས་པ་ནང་དུ་མ་ཡེངས་བསྒོམ། །ཉམས་སུ་མྱོང་བར་གྱུར་པ་ན། །སྤྱོད་པ་དག་ནི་སྤྱད་པར་བྱ། ༈ །ང་དགུ་པ་གྲུབ་ཆེན་ཛཱ་ལེནྡྲ་པ་སྐུ་མདོག་དཀར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཛཱ་ལེནྡྲ་པ་ཧཱུྃ། ཡེ་ཤེས་རིག་པའི་རང་བཞིན་ནི། །ཐད་ཀ་མ་དེ་གཉུག་མར་གནས། །ཇི་ལྟར་རྟོགས་བསམ་ངེས་པ་ཡིན། །རྣམ་རྟོག་དྲན་པ་དེ་ཉིད་མིན། ༈ །དྲུག་ཅུ་པ་གྲུབ་ཆེན་ནིར་གུ་ཎ་སྐུ་མདོག་སེར་པོ་ཕྱག་གཉིས་པ་ཐལ་མོ་སྦྱར་བ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿནིར་གུ་ཎ་ཧཱུྃ། ཆུ་རླབས་ལྟ་བུའི་ཉམས་བརྟན་ནས། །སྤྱོད་པ་བག་གིས་དྲོ་བ་བྱ། །བླ་མ་དམ་པའི་གདམས་ངག་གིས། །ཆགས་སྡང་རྟོག་པ་རང་ཞི་བྱ། ༈ །རེ་གཅིག་པ་གྲུབ་ཆེན་པ་ཙ་རི་པ་སྐུ་མདོག་དམར་སེར་རས་གོས་བསྣམས་ཤིང༌། མཛའ་བོར་ཁྱི་ཁྲིད་པ། འཁོར་བུད་མེད། ཨོཾ་ཨཱཿཔ་ཙ་རི་པ་ཧཱུྃ། གང་ཡང་མ་ལྟ་དབུས་སུ་ལྟོས། །མཆོག་དང་དགའ་བྲལ་བདེ་བ་ཆེ། །སྔགས་ཀྱི་གསང་བ་སྟོབས་སྤྱད་ནས། །རྣལ་འབྱོར་རྟགས་ནི་བསྡུ་བར་བྱ། ༈ །རེ་གཉིས་པ་གྲུབ་ཆེན་ཙམ་པ་ཀ་སྐུ་མདོག་གུར་གུམ་གྱི་མདོག་ཅན་གྲུབ་ཐོབ་ཀྱི་ཆ་ལུགས་ཀྱིས་བཞེངས་པ། འཁོར་སྐྱེས་པ། ཨོཾ་ཨཱཿཙམ་པ་ཀ་ཧཱུྃ། ཐབས་དང་ཤེས་རབ་ཨ་ཛ་ན་ལྟ་བུ། །བླ་མ་ཆུ་བོའི་རྒྱུན་གྱིས་ཀུན་ལ་ཁྱབ། །ལྷན་ཅིག་སྐྱེས་པའི་དཔག་བསམ་ཤིང་དག་ལ། །འབྲས་བུ་སྐུ་གསུམ་རང་གསལ་རང་ལ་རྫོགས། ༈ །རེ་གསུམ་པ་གྲུབ་ཆེན་བྷིཀྵ་ཎ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿབྷིཀྵ་ཎ་ཧཱུྃ། བླ་མེད་བགྲོད་དཀའི་བྱང་ཆུབ་གནས་ཆེན་དུ། །ཟུང་འཇུག་བདེ་ཆེན་བྱང་ཆུབ་ལམ་བསྟན་ནས། །འབྲས་བུ་ཕྱོགས་ཆ་བྲལ་བའི་བྱང་ཆུབ་མཆོག །བླ་མ་དམ་པའི་དྲིན་གྱིས་དེ་ཉིད་རྟོགས། ༈ །རེ་བཞི་པ་གྲུབ་ཆེན་ཏིལ་རྡུང་པ་སྐུ་བཙོད་ཀྱི་མདོག་ཅན་གྲུབ་ཐོབ་ཀྱི་ཆ་
ལུགས། འཁོར་བུད་མེད། ཨོཾ་ཨཱཿཏིལ་རྡུང་པ་ཧཱུྃ། སེམས་ཀྱི་བྱེད་ལས་བདེ་སྡུག་འབྱུང༌། །ཀུན་རྫོབ་ཏིལ་སྣུམ་ཚོང་ཟོག་གིས། །འདི་ཕྱིའི་དོན་རྣམས་འགྲུབ་མི་འགྱུར། །རང་སེམས་བླ་མའི་གདམས་ངག་གིས། །དོན་དམ་ཡེ་ཤེས་སྣུམ་བཙོངས་པས། །གནས་ལུགས་ཕྱག་རྒྱ་ཆེན་པོ་རྟོགས། ༈ །རེ་ལྔ་པ་གྲུབ་ཆེན་ཀུ་མཱ་རི་པ་སྐུ་མདོག་མི་ཤ་ཁ་དཀར་བ་གཞོན་ནུའི་གཟུགས་ཅན་གྲུབ་ཐོབ་ཀྱི་ཆ་ལུགས་འཛིན་པ། འཁོར་བུད་མེད། ཨོཾ་ཨཱཿཀུ་མཱ་རི་པ་ཧཱུྃ། རྒྱུ་མཐུན་མཚན་མའི་འཁོར་ལོ་ཡིས། །སྲིད་པའི་ཟློས་གར་སྣ་ཚོགས་བྱས། །ཡེ་ཤེས་རིག་པའི་མེ་ཡིས་ནི། །མ་རིག་འཁྲུལ་པའི་བུད་ཤིང་བསྲེགས། ༈ །རེ་དྲུག་པ་གྲུབ་ཆེན་དྷུ་མེ་པ་སྐུ་མདོག་བཙོད་ཁ་ཕྱག་གཡས་ན་ཟླ་བ་བསྣམས་པ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿདྷུ་མེ་པ་ཧཱུྃ། སངས་རྒྱས་ཀུན་གྱི་སྡོམ་པ་མཆོག །རང་གིས་རྟོགས་ལས་གཞན་དུ་མེད། །གཉུག་མའི་སེམས་ཉིད་རྟོགས་པ་གང༌། །སངས་རྒྱས་ཐམས་ཅད་དེས་མཐོང་ཡིན། ༈ །རེ་བདུན་པ་རྣལ་འབྱོར་མ་མ་ཎི་བྷ་དྲྭ་སྐུ་མདོག་མི་ཤ་ཁ་ཞབས་གཉིས་གར་སྟབས་ཀྱིས་བཞུགས་ཤིང་ཕྱག་ན་ཐོད་པ་འཛིན་པ། འཁོར་སྐྱེས་པ། ཨོཾ་ཨཱཿམ་ཎི་བྷ་དྲཱ་ཧཱུྃ། གང་ཞིག་མ་རྟོགས་དུས་ཀྱི་ཚེ། །རྣམ་རྟོག་སྣ་ཚོགས་སྒྲ་ཕྱིར་འབྲངས། །དེ་ཉིད་རང་བཞིན་མངོན་གྱུར་ཚེ། །རང་སྣང་རང་བཞིན་དེ་ཉིད་མཐོང༌། ༈ །རེ་བརྒྱད་པ་རྣལ་འབྱོར་མ་མེ་ཁ་ལཱ་སྐུ་མདོག་དམར་སེར་རྡོ་རྗེ་དང་དྲིལ་བུ་བསྟེན་པ་རྣལ་འབྱོར་མའི་ཆ་ལུགས་ཅན། འཁོར་བུད་མེད། ཨོཾ་ཨཱཿམེ་ཁ་ལ་ཧཱུྃ། ཕྱི་དང་ནང་ཀུན་སེམས་སུ་འདུས། །ཞེན་པ་མེད་ན་རོ་སྙོམས་ལྡན། །འབད་རྩོལ་མེད་ན་སྒོམ་པའི་མཆོག །གཉིས་མེད་བདེ་ཆེན་རྫོགས་སངས་རྒྱས། ༈ །རེ་དགུ་པ་རྣལ་འབྱོར་མ་ཀ་ན་ཁ་ལཱ་སྐུ་མདོག་དམར་མོ་མེའི་མདོག་ཅན། ཕྱག་གཉིས་རྡོར་དྲིལ་འཛིན་པ། འཁོར་བུད་མེད། ཨོཾ་ཨཱཿཀ་ན་ཁ་ལ་ཧཱུྃ། གོ་ཆ་ཆེན་པོ་གོན་ནས་ཀྱང༌། །ནོར་བུ་ལྟ་བུའི་སྙིང་སྟོབས་ཀྱིས། །རང་རིག་སེམས་ཀྱི་གྲུ་བཏང་ནས། །མི་རོའི་ཁོག་པར་ངེས་པར་ཞུགས། ༈ །བདུན་ཅུ་པ་གྲུབ་ཆེན་ཀི་ལི་ཀི་ལི་སྐུ་མདོག་དཀར་སེར་སྨད་ཤམ་དང་བཅས་པའི་གྲུབ་ཐོབ་ཀྱི་ཆ་
ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿཀི་ལི་ཀི་ལི་ཧཱུྃ། ཆོས་དབྱིངས་རྣམ་དག་མཁའ་དབྱིངས་སུ། །སྐྱེ་མེད་འབྲུག་སྒྲ་ལེགས་སྒྲོགས་པས། །སྣང་སྲིད་འཁྲུལ་པའི་ཆོས་རྣམས་ཀུན། །སྐུ་གསུམ་འབྲས་བུའི་ཁ་དོག་མཛེས། ༈ །དོན་གཅིག་པ་གྲུབ་ཆེན་ཀན་ཐ་ལི་པ་ཚེམ་བུ་སྐུ་མདོག་གུར་གུམ་མདོག་ཅན་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿཀན་ཐ་ལི་པ་ཧཱུྃ། བླ་མའི་གདམས་པའི་ཁབ་དག་དང༌། །རང་གི་སྙིང་རྗེའི་སྐུད་པ་ཡིས། །ཁམས་གསུམ་མ་ལུས་གོས་སུ་བཙེམ། །གོས་ཀྱི་རྣལ་འབྱོར་ངོ་མཚར་ཆེ། ༈ །དོན་གཉིས་པ་གྲུབ་ཆེན་དྷ་གུ་རི་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་བཞེངས་ལ། འཁོར་བུད་མེད། ཨོཾ་ཨཱཿདྷ་གུ་རི་པ་ཧཱུྃ། ཇི་ལྟར་རྣམ་རྟོག་རྗེས་འབྲང་འཁྲུལ། །མ་འབྲེལ་བག་ཆགས་མ་བཏང་བཟུང༌། །གང་ལ་མི་གནས་འཕྲོ་བ་བསྡུ། །གཞན་ལས་བཙལ་བས་དེ་རྙེད་མིན། ༈ །དོན་གསུམ་པ་གྲུབ་ཆེན་ཨུ་དྷི་རི་པ་སྒེག་པའི་རྡོ་རྗེ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། འཁོར་བུད་མེད། ཨོཾ་ཨཱཿཨུ་དྷི་རི་པ་ཧཱུྃ། རྟོགས་བརྗོད་ནི། ཇི་ལྟར་རྣམ་རྟོག་སོགས་གོང་དང་འདྲ། ༈ །དོན་བཞི་པ་གྲུབ་ཆེན་ཀ་པཱ་ལི་པ་སྐུ་མདོག་ནག་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་བཞེངས་པ་ཕྱག་ན་བུམ་པ་བསྣམས་པ། འཁོར་སྐྱེས་པ། ཨོཾ་ཨཱཿཀ་པཱ་ལི་པ་ཧཱུྃ། དངོས་ཀུན་གཉིས་མེད་རྡོ་རྗེ་འཛིན། །རྒྱན་སོགས་ཐོར་བ་གློ་བུར་བ། །ངར་འཛིན་འཁྲུལ་པ་དེ་ཉིད་དེ། །རང་གིས་བཙལ་བས་རྙེད་མ་ཡིན། ༈ །དོན་ལྔ་པ་གྲུབ་ཆེན་ཀི་ར་ལ་པ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་གར་སྟབས་ཀྱིས་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿཀི་ར་ལ་པ་ཧཱུྃ། ཇི་སྲིད་མ་རྟོགས་བར་དུ་རང་གཞན་རྟོགས་པས་བཅིང༌། །དེ་ཚེ་རྟོགས་པར་གྱུར་ན་རང་གཞན་གཉིས་མ་གྲུབ། །དེས་ན་སངས་རྒྱས་ཞེས་བྱ་རང་གི་བློས་བཏགས་ཡིན། །དེ་ཉིད་སྤྲོས་བྲལ་མ་བཅོས་མ་བསླང་རང་སེམས་ཟུང༌། ༈ །དོན་དྲུག་པ་གྲུབ་ཆེན་མཚོ་སྐྱེས་རྡོ་རྗེ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། ཞབས་གཡས་བརྐྱངས་གཡོན་བསྐུམས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་སྟབས་ཀྱིས་བཞུགས་པ། འཁོར་བུད་མེད། ཨོཾ་ཨཱཿམཚོ་སྐྱེས་རྡོ་རྗེ་ཧཱུྃ། ཀླུ་རྒྱལ་བ་སུ་ཀ་
གཟིར་ནས། །འགྲོ་བ་སྡུག་བསྔལ་གདུངས་པ་ལ། །འདོད་ཡོན་དག་གི་ཆར་ཕབ་བོ། །དེ་བཞིན་ཉིད་ཀྱི་གནས་ཆེན་དུ། །རིག་པའི་ཀླུ་རྒྱལ་ཉིད་གཟིར་ནས། །སྐལ་ལྡན་རིག་འཛིན་ཕོ་མོ་ལ། །གསང་སྔགས་རིག་པའི་ཆར་ཕབ་བོ། ༈ །དོན་བདུན་པ་གྲུབ་ཆེན་སརྦ་བྷཀྵ་ལ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿསརྦ་བྷཀྵ་ལ་ཧཱུྃ། བདག་གིས་མ་རྟོགས་དུས་ན་སྣ་ཚོགས་རོ་ལ་ཁྱད་པར་ཆེ། །གང་ཞིག་རྟོགས་པའི་དུས་སུ་རོ་རྣམས་ངོ་བོ་བྱེ་བྲག་མེད། །དེ་བཞིན་མ་རྟོགས་དུས་སུ་འཁོར་བ་སངས་རྒྱས་ཐ་དད་སྣང༌། །དེ་ཉིད་རྟོགས་པའི་དུས་སུ་འཁོར་བ་སངས་རྒྱས་བདེ་བ་ཆེ། ༈ །དོན་བརྒྱད་པ་གྲུབ་ཆེན་ནཱ་ག་བོ་དྷི་ཀླུའི་བྱང་ཆུབ་སྐུ་མདོག་སྔོ་ལྗང་དགེ་སློང་གི་ཆ་ལུགས་ཅན་ཙོག་པུར་འདུག་པ་ཕྱག་ན་པོ་ཏི་བསྣམས་པ། འཁོར་སྐྱེས་པ། ཨོཾ་ཨཱཿནཱ་ག་བོ་དྷི་ཧཱུྃ། ས་ལ་གནས་པ་ཀུན་ཀྱང་སྐལ་བ་བཟང༌། །དབུལ་བ་རྒྱ་མཚོར་ཕྱིན་ན་དབུལ་དང་བྲལ། །རལ་གྲི་ལག་ཏུ་ཐོགས་ན་ལོངས་སྤྱོད་ཆེ། །ཕྱོགས་མེད་ས་ལ་ཕྱིན་ན་གཉེན་དང་ཕྲད། ༈ །དོན་དགུ་པ་གྲུབ་ཆེན་པུ་ཏ་ལི་སྐུ་མདོག་དམར་སེར་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿཔུ་ཏ་ལི་ཧཱུྃ། ཐམས་ཅད་བདེ་གཤེགས་རང་བཞིན་ཏེ། །བློ་ཞན་ལོག་པའི་ལམ་སྤངས་ནས། །སྙིང་པོའི་འབྲས་བུ་གདོན་མི་ཟ། །བླ་མར་དབང་བླང་ལྷན་སྐྱེས་ཀྱི། །རོ་ཡིས་ཀུན་ལ་ཁྱབ་བྱས་ཏེ། །སྐྱེ་མེད་རྒྱས་འདེབས་རྡོ་རྗེ་འཛིན། ༈ །བརྒྱད་ཅུ་པ་གྲུབ་ཆེན་པ་ན་ཧ་སྐུ་མདོག་སེར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཕྱག་གཉིས་ཐལ་མོ་སྦྱར་བ། འཁོར་སྐྱེས་པ། ཨོཾ་ཨཱཿཔ་ན་ཧ་ཧཱུྃ། སྙིང་པོ་གཉུག་མའི་དོན་བསམས་པས། །ཇི་ལྟར་རྟོགས་སེམས་ངེས་པ་ཡི། །དེས་ན་དེ་ཉིད་རང་དགའ་ཡིན། །དངོས་གྲུབ་ཐོབ་པ་ཐལ་བྱུང་ངོ༌། ༈ །གྱ་གཅིག་པ་གྲུབ་ཆེན་ཀོ་ཀི་ལི་པ་སྐུ་མདོག་སེར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་སྐྱེས་པ། ཨོཾ་ཨཱཿཀོ་ཀི་ལི་པ་ཧཱུྃ། བྱ་བ་བཏང་ན་མན་ངག་ཡིན། །ཞེན་འདོད་མེད་ན་རྟོགས་པ་ཡིན། །བདེ་བ་དངོས་མེད་སྒོམ་པ་ཡིན། །བསྒྲུབ་བྱ་མེད་ན་སྤྱོད་པའི་མཆོག། ༈ །གྱ་གཉིས་པ་གྲུབ་ཆེན་ཨ་ནཾ་ག་སྐུ་མདོག་ལི་ཁྲིའི་མདོག་ཅན་གྲུབ་ཐོབ་ཀྱི་ཆ་ལུགས། འཁོར་བུད་མེད། ཨོཾ་ཨཱཿནཾ་ག་ཧཱུྃ། འཁོར་བ་སྙིང་པོ་
མེད་པ་ཡི། །འཇའ་ཚོན་ལྟ་བུའི་ལུས་འདི་ལ། །མ་རིག་མངོན་ཞེན་དྲག་པོ་ཡི། །དུག་གིས་ཟིན་པ་བདེ་བར་བཟུང༌། །མངོན་ཞེན་དུག་ནད་དྭངས་པ་ན། །འཁོར་བ་ཉིད་ཀྱང་ཆོས་ཀྱི་སྐུ། ༈ །གྱ་གསུམ་པ་གྲུབ་ཆེན་ས་མུ་དྲ་སྐུ་མདོག་དཀར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན་ཞབས་གཡས་བརྐྱངས་གཡོན་བསྐུམས་པས་བཞེངས་པ། འཁོར་བུད་མེད། ཨོཾ་ཨཱཿས་མུ་དྲ་ཧཱུྃ། སྐྱེ་མེད་རྟོགས་ཀྱང་ཉམས་སུ་མྱོང་བྲལ་ན། །དེ་ཡང་སྲིན་མོའི་ལག་ཏུ་བུ་ཁྱེར་འདྲ། །ཉམས་སུ་མྱོང་ཡང་གནས་ལུགས་མ་ཤེས་ན། །དེ་ཡང་གླང་ཆེན་འདམ་དུ་ཞུགས་པ་འདྲ། ༈ །གྱ་བཞི་པ་གྲུབ་ཆེན་བྱཱ་རི་པ་སྐུ་མདོག་དཀར་པོ་གྲུབ་ཐོབ་ཀྱི་ཆ་ལུགས་ཅན། ཕྱག་གཡས་མི་འཇིགས་པའི་ཕྱག་རྒྱ་མཛད་པ། འཁོར་བུད་མེད། ཨོཾ་ཨཱཿབྱཱ་རི་པ་ཧཱུྃ། བླ་མ་དམ་པ་བསྟེན་ན་དེ་ཉིད་མཐོང༌། །ནམ་མཁའི་དབྱིངས་སུ་བསྒོམ་པ་དབེན་པའི་མཆོག །ཆོས་རྣམས་ཡོངས་སུ་རྟོགས་ན་མི་མཐུན་མེད། །ནམ་མཁའི་འོ་མ་དེ་འཐུང་ན། །འཆི་བར་འགྱུར་བ་ཡིན་ཕྱིར་ཏེ། །འགྲོ་བ་རྣམས་ཀྱི་སྤང་བྱ་ཡིན། །གནོད་བྱེད་བདུད་རྩིའི་སྨན་ཆེན་འདི། །ཐབས་ཆེན་ལྡན་པའི་རྨ་བྱ་ཡིས། །མཐོང་ན་ཡིད་འོང་གར་བྱེད་བཞིན། །སྣང་སྲིད་འཁྲུལ་པའི་ལོག་ལམ་འདི། །རིགས་ལྡན་རྣམས་ཀྱི་སྤང་བྱ་ལ། །བླ་མ་ནོར་ལྡན་ཐབས་ཆེན་གྱིས། །ཟིན་ན་ཡིད་འོང་གར་བྱེད་འགྱུར། །ཞེས་པ་མངོན་རྟོགས་སྔགས་དང་བཅས་པ་འདི་རྣམས་རྗེས་གནང་རིམ་པ་བཞིན་གནང་བའི་ཆེད་དུ་བྲིས་པ་ཡིན་ལགས། སྤྲོས་པ་ལ་དགྱེས་པ་རྣམས་རྗེས་གནང་གི་མགོ་རུ། སློབ་མ་རྣམས་ལ་སེམས་བསྐྱེད་གསལ་བཏབ་ནས། རྣམ་ཐར་རྣམས་ངག་ནས་བརྗོད་པའམ། ལུང་བཀླགས་ནས་རྗེས་གནང་གི་ངོ་བོ་མཛད་ཀྱང་རྒྱས་པའི་ཡན་ལག་ཏུ་མཆིའོ། །འདི་ལྟ་བུའི་རྗེས་གནང་བྱ་ཚུལ་ནི། རྣལ་འབྱོར་པ་ཤེས་རབ་རྡོ་རྗེའི་ཡིག་ཆའང་མི་གསལ་ཞིང་ཕྱག་ལེན་མི་མཛད་པ་རྣམས་བསལ་ཞིང་དོར་ནས་བཀོད་པ་འདི་ནི། དྲིན་ཅན་རྩ་བའི་བླ་མ་དམ་པ་དམིགས་པ་མེད་པའི་ཐུགས་རྗེ་དང་མཁྱེན་རབ་ཀྱི་མངའ་བདག་ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དང༌། དེའི་ཐུགས་སྲས་དམ་པ་སེམས་དཔའ་
ཆེན་པོ་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་སྐུའི་སྐྱེ་བ་ལ་གདོན་མི་ཟ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། སྤྱན་སྔ་རིན་པོ་ཆེ་ངག་དབང་ཆོས་ཀྱི་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཤིང་བཀའ་དྲིན་གྱིས་ལེགས་པར་བསྐྱངས་པ། དཔལ་ས་སྐྱ་པ་སྔགས་འཆང་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་སྤྱན་སྔ་རིན་པོ་ཆེ་དགུང་ལོ་བརྒྱད་ཅུ་རྩ་དགུ་བཞེས་པའི་ཚེ་འདིའི་རྗེས་གནང་དང༌། སོ་སོའི་ལོ་རྒྱུས་རྣམ་ཐར། བྱིན་རླབས་རྗེས་གནང་བྱ་ཚུལ། རྟོགས་བརྗོད། དེའི་འགྲེལ་པ། ཚོགས་འཁོར། མན་ངག་རིན་པོ་ཆེའི་ཕྲེང་བ་རྩ་འགྲེལ། སྐུ་བྲི་ཐབས། བསྟོད་པ། ཡང་གྲུབ་ཆེན་བརྒྱད་ཀྱི་བསྟོད་པ་ཆོས་འདིའི་བྱུང་ཚུལ་རྣམས་ཐོས་པའི་ཚེ། རྗེས་གནང་བྱ་ཚུལ་གྱི་ཡིག་ཆ་གསལ་བར་གྱིས་ཤིག་ཅེས་བཀའ་སྩལ་པ་གུས་པ་ཆེན་པོས་སྤྱི་བོར་བླངས་ཏེ་རང་དང་སྐལ་བ་མཉམ་པ་རྣམས་དང༌། ངག་དབང་བསོད་ནམས་དབང་པོ་སྤུན་ལ་བསམས་ནས། ལོ་དགོན་པའི་ཡང་དབེན་བླ་མ་དམ་པ་བཞུགས་ས་དང་ཉེ་བའི་དགའ་ལྡན་རྩེའི་ཀླུ་སྡིངས་སུ་བྲིས་ནས་སྤྱན་ལམ་ཕབ་པས་ཤིན་ཏུ་ལེགས་བརྗོད་དང་བཅས་གནང་བ་ཡིན་པས་ཡིད་ཆེས་དང་བྱིན་རླབས་གཉིས་ཀ་ཡོད་དོ། །འདིའི་བརྒྱུད་པ་ནི། གྲུབ་ཆེན་བརྒྱད་ཅུ་རྩ་བཞི། མཁའ་འགྲོ་མ་ཀོ་ཀ་ལི། རྨ་ཝེ་ཝཾ་གཉིས། དེ་གཉིས་ལ་སཱུརྻ་རསྨི། བྲམ་ཟེའི་པཎྜི་ཏ་ཀ་མ་ལ། གྲུབ་ཐོབ་ཙ་མ་རི་པ། པཎྜི་ཏ་མི་འཇིགས་སྦྱིན་པ། རྩ་མི་ལོ་ཙཱ་བ། རིན་པོ་ཆེ་ཡབ་སྲས། རཏྣ་གུ་རུ། གྲུབ་ཐོབ་ཧཱུྃ་འབར། མཁན་ཆེན་རྒན་ལྷས་པ། སྟག་སྟོན་གཞོན་ནུ་དང༌། བག་སྟོན་གཞོན་ནུ་ཚུལ་ཁྲིམས། མཁན་ཆེན་གཞོན་ནུ་མགོན། མཁན་ཆེན་གྲགས་ཚུལ་པ། རྒྱལ་བ་ཡོན་ཏན་འོད། བླ་མ་རྡོ་རྗེ་རྒྱལ་མཚན། བླ་མ་ཡེ་ཤེས་རྡོ་རྗེ། སྨྱུག་ལ་པཎ་ཆེན་ངག་དབང་གྲགས་པ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། །མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ལའོ། །དྷརྨེ་ཨུ་ད་ཡ་མསྟུ། «ཆོས་འདི་དར་བར་གྱུར་ཅིག མཆན། འདིའི་ཡི་གེ་པ་རྣམ་དཔྱོད་དང་ལྡན་པ་ངག་དབང་དཔལ་འབྱོར་ག་ཆེན་གྱིས་བགྱིས་སོ། །སླར་ཡང་ལག་ལེན་བདེ་བའི་ཕྱིར་རྟོགས་བརྗོད་རྣམས་དཀྱུས་སུ་བཅུག་གོ །མངྒལཾ།། །།
བླ་མ་རྡོ་རྗེ་འཆང་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་དང་བཅས་པའི་བྱིན་རླབས་བྱ་ཚུལ་གྲུབ་པ་མཆོག་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་བཛྲ་དྷཱ་རཱ་ཡ། ཤིན་ཏུ་རྣམ་པར་དག་པ་ཡི། །བདེ་སྟོང་མཆོག་གི་རྡོ་རྗེ་འཛིན། །གྲུབ་པའི་དབང་ཕྱུག་རྒྱ་མཚོ་ལ། །ཕྱག་བྱས་དེ་ཡི་བྱིན་རླབས་བཤད། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྟེགས་ཀྱི་ཁར། མཎྜལ་ཟླུམ་པོའི་ངོས་སུ་ལྷ་གྲངས་དང་མཉམ་པའི་ཚོམ་བུ་བཀོད་པའི་མཐར་མཆོད་པས་བསྐོར། རང་གི་མདུན་དུ་རྡོ་རྗེ་དྲིལ་བུ། ནང་མཆོད། བུམ་པ་བཅུད་ལྡན། ཉེ་ལོགས་སུ་ཚོགས་ཀྱི་འཁོར་ལོའི་ལོངས་སྤྱོད་ཅི་འབྱོར་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བཤམ། གཉིས་པ་ནི། བྱིན་རླབས་ཀྱི་སྒྲུབ་པ་གཞན་མེད། རང་ཉིད་ཀྱིས་རྒྱུན་དུ་བསྙེན་པའི་བདེ་ཀྱེ་སོགས་ཡི་དམ་གང་རིགས་ཀྱི་བདག་བསྐྱེད་སྔོན་དུ་འགྲོ་བས་དེ་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བྱ། སྐབས་དེའི་ཚོགས་མགྲོན་ལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་བྱོན་པར་བསམས་ནས་ཚོམ་བུ་ལ་བསྟིམས་ཤིང་ཚོགས་གཏོར་གྱིས་མཆོད། དེ་ནས་སློབ་མ་རྣལ་འབྱོར་བླ་མེད་ཀྱི་དབང་བཞིས་སྨིན་པ་ཅི་རིགས་པ་བོས་ཏེ་ཁྲུས་བྱས། ཆོས་བཤད་ཇི་ལྟར་འཚམས་པའི་རྗེས་སུ། དེ་ལ་རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ཀྱི་རྒྱལ་པོ་ཀཉྫི་ཀས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་མཁའ་འགྲོ་མ་ཀོ་ཀི་ལ་དང༌། དྷརྨ་དེ་བཱི་མཆེད་གཉིས་ངོ་ཆེན་དུ་སྦྲན་ནས་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་སྤྱན་དྲངས་ཏེ་ཚོགས་ཀྱི་འཁོར་ལོས་མཆོད་པ་བྱས་པ་ན། ཐོག་མར་རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པ་བྱོན། དེ་ནས་རིམ་པར་བྱོན་ཏེ། མཐར་བྱཱ་ལི་པའི་བར་དུ་བྱོན། རྒྱལ་པོས་གྲུབ་ཐོབ་སོ་སོའི་སྐུ་རེ་བཞེངས། ལོ་རྒྱུས་དང་རྟོགས་བརྗོད་སོ་སོར་བྲིས། དེ་ནས་ཀྱང་རྒྱལ་རབས་བཞིའི་བར་དུ་ཚོགས་འཁོར་ལ་གྲུབ་ཆེན་བརྒྱད་ཅུ་རྩ་བཞི་དངོས་སུ་བྱོན་པར་གྲགས། ཕྱིས་གྲུབ་ཆེན་དཔའ་བོ་འོད་གསལ་གྱིས་ལོ་རྒྱུས་དང་རྟོགས་བརྗོད་ཀྱི་ཡི་གེ་དོ་ཧ་རྣམས་ཕྱོགས་གཅིག་ཏུ་བསྡུས། དེས་བྲམ་ཟེའི་པཎྜི་ཏ་ཀ་མ་ལ་ལ་བཤད། དེས་གྲུབ་ཐོབ་རི་ཁྲོད་པ་ཛ་ཝ་རི་པ་ལ། དེས་མ་ག་དྷཱའི་པཎྜི་ཏ་ཨ་བྷ་
ཡ་དཱ་ན་ཤྲཱི་ལ། དེ་ལས་མི་ཉག་ཙ་མི་ལོ་ཙཱ་བ་སྨོན་གྲུབ་ཤེས་རབ་ཀྱིས་གསན་ཏེ་བོད་དུ་བསྒྱུར་བ་ནས་བཟུང་བདག་ཅག་གི་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་རྡོ་རྗེ་འཆང་རྣལ་འབྱོར་གྱི་དབང་ཕྱུག་བརྒྱད་ཅུ་རྩ་བཞི་དང་བཅས་པའི་བྱིན་རླབས་ཟབ་མོ་རྣམས་རིམ་བཞིན་དུ་འབུལ་བའི་སྐབས་སུ་བབས་པ་ལས། བདག་ཉིད་ཀྱིས་བགྱི་བར་འོས་པ་རྣམས་སྔོན་དུ་གྲུབ་ཟིན་ནས། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་ཐོག་མར་འཇུག་སྒོ་སྤྱིའི་དབང་རྩ་བའི་བླ་མ་རྡོ་རྗེ་འཆང་གི་བྱིན་རླབས་སྒྲུབ་པའི་སླད་དུ་ཐུགས་དམིགས་འདི་བཞིན་དུ་གནང་བར་ཞུ། ས་ཕྱོགས་འདི་ཉིད་བླ་མ་མངོན་པར་སངས་རྒྱས་པའི་ཞིང་ཁམས་རྣམ་པར་དག་པའི་དབུས་སུ། སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་བླ་མ་ལ་རྣམ་པ་རིགས་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་འཆང་སྔོན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ། ཡུམ་བཅོམ་ལྡན་འདས་མ་དམར་མོ་གྲི་གུག་དང་ཐོད་པ་འཛིན་པ་ལ་འཁྱུད་ཅིང༌། རྡོ་རྗེ་དང་པདྨའི་སྐྱིལ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་བརྒྱན་པ་ལ་རྩ་བརྒྱུད་ཀྱི་བླ་མ་རྣམས་དང༌། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་མངོན་སུམ་ལྟ་བུར་བཞུགས་པའི་དྲུང་དུ་གླིང་བཞི་རི་རབ་དང་བཅས་པ་འབུལ་བའི་མོས་པ་མཛོད། ཅེས་བརྗོད་ལ་མཎྜལ་རྒྱས་བསྡུས་ཅི་རིགས་འབུལ་དུ་གཞུག དེ་ནས་ག་ཤེད་ནས་རལ་གྲི་སྔོ་སངས་པ་བྱུང༌། ཁྱེད་རང་རྣམས་ཀྱི་སྨིན་མཚམས་ནས་ཐོད་པ་བྲེག དེའི་ནང་དུ་ལུས་བཅུག རླུང་མེ་ཐོད་པའི་སྒྱེད་པུར་བརྟེན་པའི་འོག་གི་རླུང་གཡོས། མེ་སྦར། རྫས་ཞུ་བའི་མ་དག་པ་ཐམས་ཅད་རླངས་པ་སྔོ་དམར་གྱི་རྣམ་པར་ཕྱིར་ཐོན། ཡེ་ཤེས་ཀྱི་བདུད་རྩི་བཀུག དམ་ཚིག་གི་བདུད་རྩི་དང་འདྲེས་པས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པ་དེ་ཚོགས་ཀྱི་འཁོར་ལོར་འབུལ་བའི་མོས་པ་མཛོད་ལ་འདིའི་རྗེས་ཟློས་གནང་བར་ཞུ། ཞལ་ཟས་རོ་བརྒྱ་ལྡན་ཞིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་འབུལ་དུ་གཞུག དེ་ནས་རང་
ཉིད་ལྷག་པའི་ལྷར་གསལ་བའི་ལུས་ལས་སྤྲོས་པའི་ལྷ་མོའི་ཚོགས་ཀྱིས་གསང་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའི་བསྔགས་པ་བརྗོད་པའི་མོས་པ་མཛོད་ལ་འདིའི་རྗེས་ཟློས་ལན་གསུམ་གནང་བར་ཞུ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཅེས་མཆོད་ཅིང་ཕྱག་འཚལ་བས་བླ་མ་རྡོ་རྗེ་འཆང་ཐུགས་དགྱེས་པའི་རྣམ་པར་བཞུགས་པ་ལས། ཐུགས་ཀའི་འོད་ཀྱིས་གདན་གསུམ་ཚང་བའི་དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པར་བསམས་ལ། དེ་རྣམས་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། །བཅོམ་ལྡན་བདག་ཉིད་ཆེན་པོ་རྣམས། །ཐུགས་རྗེའི་རང་བཞིན་ཅན་རྣམས་ཀྱིས། །ཁྱེད་ཀྱིས་བདག་ལ་དབང་བསྐུར་སྩོལ། །ཅེས་གསོལ་བ་བཏབ་པས། ནམ་མཁར་བཞུགས་པའི་དབང་གི་ལྷ་དང་སློབ་དཔོན་ལྷན་ཅིག་པས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ལ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་བརྗོད་ཅིང་བུམ་ཆུ་སྦྱིན། དེས་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག ལམ་བསྐྱེད་རིམ་བསྒོམ་པ་ལ་དབང༌། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། བླ་མ་རྡོ་རྗེ་འཆང་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་ཀྱི་བདུད་རྩི་བྱིན་པའི་མོས་པ་མཛོད། ཇི་ལྟར་འདས་པའི་སངས་རྒྱས་ཀྱིས། །བྱང་ཆུབ་སྲས་རྣམས་དབང་བསྐུར་ལྟར། །བདག་གིས་གསང་བའི་དབང་གི་ནི། །སེམས་ཀྱི་རྒྱུན་གྱིས་དབང་བསྐུར་རོ། །ཨོཾ་ཨཱཿཧཱུྃ་ཧོཿཞེས་བརྗོད་ཅིང་ནང་མཆོད་ཀྱི་བདུད་རྩི་སྦྱིན། དེས་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་རླུང་དང་གཏུམ་མོ་བསྒོམ་པ་ལ་དབང༌། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །སློབ་དཔོན་གྱི་ཐུགས་ཀ་ནས་རིག་མ་ཡིད་དུ་འོང་བ་ཞིག་སྤྲུལ་ཏེ་གཏད་
པའི་མོས་པ་མཛོད། དགའ་སྟེར་གནས་སྟེར་ལྷ་མོ་ནི། །སྣ་ཚོགས་གཟུགས་ཅན་ཡིད་འོང་མ། །ཁྱེར་ཅིག་ཁྱེར་ཅིག་སེམས་དཔའ་ཆེ། །ཁྱེར་ལ་མཆོད་པ་དག་ཏུ་གྱིས། །ཞེས་པའི་རིག་མ་དང་འདུ་ཤེས་སུམ་ལྡན་གྱིས་སྙོམས་པར་ཞུགས་པས་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་བའི་མོས་པ་མཛོད། དེས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ཕོ་ཉའི་ལམ་བསྒོམ་པ་ལ་དབང༌། འབྲས་བུ་ཆོས་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །གསུམ་པའི་དུས་ཀྱི་ཡེ་ཤེས་དེ་ཉིད་ཡིད་ཡུལ་དུ་བྱས་ཏེ། བདེ་བས་ཐབས་བྱས་པའི་སྟོང་ཉིད་སོ་སོ་རང་རིག་པའི་ཡེ་ཤེས་ཉམས་སུ་མྱོང་བ་དབང་བཞི་པར་ངོ་སྤྲད་པ་ནི་འདི་ལ་གསན་པས་ཁྱབ་སྟེ། ཡེ་ཤེས་འདི་ནི་ཆེས་ཕྲ་ཞིང༌། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །རྡུལ་བྲལ་མཐར་སྦྱིན་ཞི་བ་ཉིད། །ཁྱོད་རང་ཡང་ནི་དེ་ཡི་ཕ། །དེས་དབང་བཞི་པ་ཐོབ། བག་ཆགས་ཀྱི་དྲི་མ་དག ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང༌། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་ས་བོན་རྒྱུད་ལ་བཞག་པ་ཡིན་ནོ། །མཐར་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་ལ་གུས་འདུད་དྲག་པོ་དུང་པ་ཞིག་བྱས་པའི་རྐྱེན་གྱིས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཅེས་བརྗོད་ལ་རོལ་མོས་བྱིན་དབབ་བོ། །དེས་འཇུག་སྒོ་སྤྱིའི་དབང་གྲུབ་ནས། གྲུབ་ཆེན་སོ་སོའི་བྱིན་རླབས་ལ། ཐོག་མར་གུ་རུ་ལཱུ་ཧི་པའི་ལོ་རྒྱུས་ནི་ཞེས་མཚམས་སྦྱར་ལ་རྣམ་ཐར་བཀླག རྣམ་ཐར་དེ་དང་ལྡན་པའི་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་མཛོད། ཅེས་བརྡ་སྦྱར། བསྡུ་ན། ཐོག་མར་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པའི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་མཛོད་ཅེས་སྦྲེལ། གང་ལྟར་ཡང༌། མདུན་གྱི་མཎྜལ་འདི་ཉིད་དུར་ཁྲོད་རོལ་པའི་གཞལ་མེད་ཁང་བཀོད་པ་ཁྱད་པར་འཕགས་པའི་གཞིར་རི་དྭགས་ཀྲྀཥྞ་སཱ་རའི་པགས་པའི་གདན་ལ་རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པ་རྒྱ་གར་གྱི་རྣལ་འབྱོར་ནུས་ལྡན་གྱི་རྣམ་པ་ཅན་བྱིན་རླབས་ཀྱི་གཟི་བརྗིད་འབར་བ་ལ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་
བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པའི་དྲུང་དུ་མཎྜལ་ཞིག་ཕུལ་མཛོད། ཅེས་མཆོད་པ་དང༌། ལུས་ཚོགས་འཁོར་དུ་འབུལ་བ་སྔར་ལྟར་ལ། བསྟོད་པའི་ཁྱད་པར། གང་གི་དྲིན་གྱིས་སོགས་ཀྱི་མཐར། ལཱུ་ཧི་པ་ལ་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། མཎྜལ་གྱི་ནང་དུ་བཞུགས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའི་གཡོན་རྐྱང་མ་དང་འབྲེལ་བའི་བྱང་སེམས་དཀར་པོ་སྤྱི་བོའི་སྨིན་མཚམས་ནས་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། རྐྱང་མའི་ནང་ཐམས་ཅད་ཁེངས། ལུས་ཀྱི་སྒྲིབ་པ་དག བུམ་པའི་དབང་ཐོབ། སྐུ་རྡོ་རྗེའི་བྱིན་རླབས་རྒྱུད་ལ་བཞུགས་པའི་མོས་པ་མཛོད། ཡང་གཡས་རོ་མ་དང་འབྲེལ་བའི་བྱང་སེམས་དམར་པོ་མགྲིན་པ་ནས་བྱོན། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས། རོ་མའི་ནང་ཐམས་ཅད་ཁེངས། ངག་གི་སྒྲིབ་པ་དག གསང་བའི་དབང་ཐོབ། གསུང་རྡོ་རྗེའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། ཡང་དབུས་དབུ་མ་དང་འབྲེལ་བའི་བྱང་སེམས་དཀར་དམར་འདྲེས་པ་ཐུགས་ཀ་ནས་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། དབུ་མའི་ནང་ཐམས་ཅད་གང༌། ཡིད་ཀྱི་དྲི་མ་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐུགས་རྡོ་རྗེའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། དེ་རྣམས་ནི་འདྲ་བས་འདྲ་བ་ལམ་དུ་བྱེད་པ་མཚོན་བྱེད་བརྡའི་དབང་གསུམ་ཡིན། ད་མཚོན་བྱ་དོན་གྱི་དབང་ནི། མཎྜལ་ན་བཞུགས་པའི་གུ་རུ་ལཱུ་ཧི་པའི་ཞལ་ནས་འདི་སྐད་གསུངས་པའི་ཐུགས་མོས་གནང་བར་ཞུ། ཞེས་བརྗོད་ལ་རྟོགས་བརྗོད་ཚར་གཅིག་བཀླག དཔོན་སློབ་གཉིས་ཀས་ཅུང་ཟད་རེ་མཉམ་པར་བཞག་པའི་མཐར། ཞེས་གསུངས་ནས་རྣལ་འབྱོར་གྱི་དབང་ཕྱུག་དེ་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་ཁྱེད་རང་རྣམས་རྣལ་འབྱོར་དབང་ཕྱུག་ལཱུ་ཧི་པའི་སྐུར་གྱུར། ལུས་ངག་ཡིད་གསུམ་གྱི་དྲི་མ་དག དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེའི་བྱིན་རླབས་རྒྱུད་ལ་ཞུགས་པའི་མོས་པ་མཛོད། དེ་ནས་ཚོམ་བུའམ་མེ་ཏོག་སྤྱི་བོར་བཀོད་ལ། སྤྱིར་རྒྱ་གར་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིས་བྱིན་གྱིས་རློབས་ཤིག ཁྱད་པར་
རྣལ་འབྱོར་གྱི་དབང་ཕྱུག་ལཱུ་ཧི་པས་གདུལ་བྱ་སློབ་མ་འདི་རྣམས་ལ་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་རློབས་ཤིག ཅེས་དང༌། ཛཿཧཱུྃ་བཾ་ཧོཿབརྗོད་ཅིང་རོལ་མོ་བྱ། དེས་ལཱུ་ཧི་པའི་བྱིན་རླབས་གྲུབ་པ་ལགས། དེས་རིགས་འགྲེ་སྟེ། དེ་ནས་གྲུབ་ཆེན་ལཱི་ལ་པའི་བྱིན་རླབས་ལཱ་ཞེས་མཚམས་སྦྱར་ལ། རྣམ་ཐར་དང༌། མཚན་དང༌། རྟོགས་བརྗོད་སོ་སོར་སྦྱར། ཤཱནྟི་པ་སོགས་རབ་བྱུང་གི་རྣམ་པ་ཅན་རྣམས་ལ། མདུན་གྱི་མཎྜལ་འདི་ཉིད་དཀོན་མཆོག་གི་གཙུག་ལག་ཁང་བཀོད་པ་ཁྱད་པར་འཕགས་པར། དགེ་སྦྱོང་གི་ཉེར་སྤྱད་གདིང་བའི་གདན་ལ་པཎ་ཆེན་ཤཱནྟི་པ་རྒྱ་གར་གྱི་པཎྜི་ཏ་སྡོམ་བརྩོན་གྱི་ཆ་བྱད་ཅན། དབང་པོ་ཞི་ཞིང་ཤིན་ཏུ་དུལ་བ་ལ་ཞེས་སོགས་སྦྱར་བར་གསུངས། དེ་ལྟ་བུའི་ཚུལ་གྱིས་བྱཱ་ལི་པའི་བར་རིམ་པར་གྲུབ་རྗེས། ཆོས་སྲུང་ཡེ་ཤེས་མགོན་པོའི་བྱིན་རླབས་ནི། དེ་ནས་མཐའ་རྟེན་དུ་ཆོས་སྲུང་ཡེ་ཤེས་མགོན་པོའི་བྱིན་རླབས་ཀྱི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། མདུན་གྱི་མཎྜལ་དུར་ཁྲོད་རོལ་པའི་གཞལ་མེད་ཁང་ཆེན་པོའི་ནང་དུ་པདྨ་ཉི་མ་བམ་རོ་བསྣོལ་བའི་གདན་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་གྲི་གུག་ཅན་མངོན་སུམ་དུ་གསལ་བའི་སྤྱན་སྔར་མཎྜལ་ཞིག་འབུལ་མཛོད། ཅེས་མཎྜལ་དང༌། ཚོགས་མཆོད་སྔར་ལྟར་ལ། གང་གི་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བ། །རྡོ་རྗེའི་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་གསོལ་བ་བཏབ་པས། དཔལ་ཡེ་ཤེས་ཀྱི་མགོན་པོའི་གཡོན་རྐྱང་མ་སོགས་ནས། དབང་གསུམ་ཡིན། ཅེས་པའི་བར་སྔར་ལྟར་ལ། དེ་ནས་མཚོན་བྱ་དོན་གྱི་དབང་གི་སླད་དུ། དཔལ་ཡེ་ཤེས་ཀྱི་མགོན་པོ་དེ་ཉིད་ཁྱེད་རང་རྣམས་ལ་གཉིས་སུ་མེད་པར་ཐིམ་པས་ཁྱེད་རང་རྣམས་དཔལ་ཡེ་ཤེས་ཀྱི་མགོན་པོའི་སྐུར་གྱུར་སོགས་དང༌། དཔལ་ཡེ་ཤེས་ཀྱི་མགོན་པོས་གདུལ་བྱ་སློབ་མ་འདི་རྣམས་སོགས་བརྗོད་པ་ཁྱད་པར་རོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བླ་མ་རྡོ་རྗེ་འཆང་རྣལ་འབྱོར་དབང་ཕྱུག་བརྒྱད་ཅུ་རྩ་བཞིའི་བྱིན་རླབས་མཐའ་བརྟེན་དང་བཅས་པ་ལེགས་པར་གསན་པ་ཡིན་པས། དེ་དག་གི་གནས་སྐབས་སུ་ཐོབ་པའི་དམ་ཚིག་
དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེས་བྱིན་རླབས་ཀྱི་བཀའ་ཟབ་མོ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ། བསོད་ནམས་འདི་ཡིས་སོགས་བརྗོད་ལ་སློབ་མ་རྣམས་རང་གནས་སུ་བཏང་ངོ༌། །དེ་ལྟ་བུའི་སྐབས་ཉིན་ཞག་གིས་བར་ཆོད་ན། མཇུག་ཏུ་དམ་ཚིག་ཁས་བླང་མན་བྱ། ཉིན་རྗེས་མར་བདག་བསྐྱེད་དང་ཚོགས་མཆོད་སོགས་སྔོན་དུ་འགྲོ་བས། མགོར་སེམས་བསྐྱེད་གསལ་གདབ་དང་བཅས་ཏེ་གྲུབ་ཆེན་སོ་སོའི་རྣམ་ཐར་ལ་འཇུག་གོ །གསུམ་པ་རྗེས་ནི། ཚོགས་ལ་རོལ། ལྷག་མ་བཏང༌། བདག་བསྐྱེད་ཀྱི་ཉེར་བསྡུ་སོགས་མཇུག་གི་བྱ་བ་རྣམས་ཚུལ་བཞིན་དུ་བྱའོ། །གྲུབ་པའི་ཁྱུ་མཆོག་ཆེ་རྣམས་ཀྱི། །བྱིན་རླབས་བྱ་ཚུལ་བཀླག་ཆོག་ཏུ། །བཀོད་པའི་དགེ་བས་འགྲོ་བ་ཀུན། །གྲུབ་གཉིས་དཔལ་ལ་རོལ་པར་ཤོག །ཅེས་པའང་འཇམ་མགོན་ཀུན་དགའ་གྲོལ་མཆོག་དང༌། ཆོས་སྨྲ་བ་ཕྲིན་ལས་ཤེས་རབ་སོགས་ཀྱིས་མཛད་པའི་ཡིག་ཆའི་དགོངས་པ་དང་བླ་མའི་ཕྱག་གཞེས་ལྟར། མ་ཧཱ་པཎྜི་ཏ་འཇམ་དཔལ་དགྱེས་པའི་བློ་གྲོས་སོགས་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་བྱ་བྲལ་བ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་སུ་གྱུར་ཅིག། །།
དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་སྤྲིན་ཞབས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཉེ་བརྒྱུད་ཐུན་མོང་མ་ཡིན་པ།
དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་མགོན་སྤྲིན་ཞབས་ཀྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་ཉེ་བརྒྱུད་ཐུན་མོང་མ་ཡིན་པ་བཞུགས་སོ།།
ན་མོ་བཱིརྻ་བྷ་དྲཱ་ཡ། རྣམ་འདྲེན་རྒྱལ་བ་ཐམས་ཅད་ཀྱི། །མཁྱེན་བརྩེ་ནུས་པ་གཅིག་བསྡུས་ནས། །གྲུབ་པའི་འཁོར་ལོས་སྒྱུར་བ་ཡི། །ཐང་སྟོང་རྒྱལ་པོས་བྱིན་གྱིས་རློབས། །གང་གི་ཞལ་གཟིགས་བཀའ་བསྒོས་པས། །བརྒྱུད་འཛིན་སློབ་མའི་ཚོགས་བཅས་པའི། །བཀའ་སྲུང་གུར་གྱི་མགོན་པོ་ཡི། །ཐུན་མོང་མིན་པའི་རྗེས་གནང་བྲི། །དེ་ལ་འདིར་དཔལ་གྲུབ་པའི་དབང་ཕྱུག་གི་ཉེ་བརྒྱུད་ལས་བྱུང་ཞིང༌། ཐུན་མོང་མ་ཡིན་པའི་བཀའ་སྲུང་དམ་པར་གྱུར་པ། གུར་གྱི་མགོན་པོ་སྤྲིན་ཞབས་མར་གྲགས་པའི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་སྒྲུབ་པར་བྱེད་པ་ལ། སྦྱོར་བའི་རིམ་པ་ནི། སློབ་དཔོན་དང་ཞལ་སྤྲོད་དུ་ཡོང་བར་བླ་མ་ཡི་དམ་ཆོས་སྐྱོང་འདི་ཉིད་ཀྱི་བྲིས་སྐུ་སོགས་ལེགས་པར་བཤམས་པའི་མདུན་དུ་སྟེགས་བུ་ཇི་ལྟར་འཚམས་པར་བཟང་པོའི་ཁེབས་དང་ལྡན་པའི་ཁར་འབྲུ་ནག་གི་ཚོམ་བུ་བཀོད། དེའི་སྟེང་དུ་མཉྫི་ལ་གཏོར་མ་གྲུ་གསུམ་ཆེ་བ་དམར་ནག་བྱུགས་ཤིང༌། རྒྱན་གྱི་མཛེས་པར་བྱས་པ་ལ་དར་ནག་གི་རྒྱལ་མཚན་ལྷ་ཙཀ་དང་བཅས་པ་བཙུགས་པ་བཞག དེའི་གཡས་སུ་ཡི་དམ་གྱི་གཏོར་མ། གཡོན་དུ་མཆོད་གཏོར་གྲུ་གསུམ་མཐེབ་ཀྱུས་བསྐོར་བ་དང་བཅས་པ་བཤམས་པའི་མདུན་ཉེར་སྤྱོད་ལྔ། གཡས་
གཡོན་དུ་སྨན་རཀ་དང༌། སློབ་དཔོན་གྱི་མདུན་དུ་རྡོར་དྲིལ་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱ། དངོས་གཞི་སློབ་དཔོན་དང༌། སློབ་མའི་བྱ་བ་གཉིས་ལས། དང་པོ་ནི་ཡི་དམ་གང་དང་འབྲེལ་བའི་ཐོག་མར། གནས་མཆོད་བྱིན་རླབས་བྱས། སྐྱབས་འགྲོ་ནས་བརྩམས་ཏེ་དཔལ་ཀྱེ་རྡོ་རྗེའམ། མ་གྲུབ་ན་ཕྱག་རྡོར་འབྱུང་འདུལ་ལྟ་བུ་ཁྲོ་བོའི་རྒྱལ་པོ་གང་ཡང་རུང་བའི་བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་པར་བྱས་ནས་ནང་མཆོད་བྱིན་རླབས་བྱས་ལ་གཏོར་མ་ལ་བྲན། རཀྟར་དམིགས་ཏེ་ཨོཾ་མ་ཧཱ་རཀྟ་ཨཱཿཧཱུྃ་གསུམ་དང༌། གཏོར་མ་བྱིན་རླབས་ནང་མཆོད་ལྟར་བྱ། གཉིས་པ་འདིའི་མདུན་བསྐྱེད་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། མདུན་གྱི་ཚོམ་བུ་དང་གཏོར་མ་མི་དམིགས་ཏེ་སྟོང་པའི་ངང་ལས། མདུན་གྱི་ནམ་མཁའི་གནས་སུ་འཇིགས་བྱེད་མུན་པ་ཚལ་གྱི་དུར་ཁྲོད་ཆེན་པོ་རོལ་པའི་ཕོ་བྲང་འཇིགས་སུ་རུང་བ། ས་གཞི་ཐམས་ཅད་ཁྲག་གཞག་གིས་གཏམས་ཤིང༌། རོ་ལངས་དང་ཀེང་རུས་མང་པོ་གར་བྱེད་པ། ཧཱུྃ་ཕཊ་ཕེཾ་ཕེཾ་གྱི་སྒྲ་སྒྲོག་ཙེར་བ། མཁའ་འགྲོ་དང་ཤ་ཟ་ཞིང་སྐྱོང་གི་ཚོགས་མང་པོས་གང་བའི་དབུས་སུ་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་མི་རོ་དམར་སེར་དང་བཅས་པའི་གདན་ལ། ཧཱུྃ་མཐིང་ནག་དེ་ལས་འོད་འཕྲོས་
དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གུམ་གྱི་མགོན་པོ་སྐུ་མདོག་མཐིང་ནག་ཆེར་འབར་བ། ཞལ་གཅིག་ཕྱག་གཉིས་པ། གཡས་གྲི་གུག་དང༌། གཡོན་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། ཕྱག་གཉིས་ཆར་གྱི་དབུས་ན་རྣམ་འཕྲུལ་གྱི་གཎྜི་བསྣམས་པ། སྤྱན་གསུམ་དང་ལྡན་ཞིང༌། དབུ་སྐྲ་སེར་པོ་གྱེན་དུ་བརྫེས་ཤིང༌། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱིས་བརྒྱན་པ། སྟག་གི་པགས་པའི་ཤམ་ཐབས་ཅན། དར་སྣ་ཚོགས་ཀྱི་ཅོད་པན་དང་ལྷབ་ལྷུབ་ཀྱིས་བཀླུབས་པ། མིའུ་ཐུང་གེལ་པའི་འདུག་སྟངས་ཀྱིས་ཞབས་དབུས་མན་ཆད་སྤྲིན་རུམ་ཆེན་པོ་དུ་བའི་མདོག་ཅན་གྱི་དབུས་ན་ནུབ་པ། དེའི་གཡས་ན་བྱ་ནག་གི་ཚོགས་གཤོག་སྐོར་བྱེད་པ། གཡོན་ན་ཁྱི་ནག་མང་པོ་འཁང་ཞིང་ཟུག་པ། རྒྱབ་ན་ཅེ་སྤྱང་འབུམ་སྡེ་འབྲོས་འདེད་བྱེད་པ། མདུན་ན་མི་ནག་གཏུམ་པོ་འཇིགས་སུ་རུང་བ་བསམ་གྱིས་མི་ཁྱབ་པ་འཇིགས་པའི་ང་རོ་སྒྲོག་ཅིང་འོ་དོད་འབོད་པ། སྟེང་ན་ཁྱུང་ཆེན་པོ་དཔག་ཏུ་མེད་པ་ལྡིང་ཞིང་འཁོར་བ། ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་རབ་ཏུ་འབར་བའི་དབུས་ན་བཞུགས་པའི་མཐའ་བཀའ་སྡོད་ལས་བྱེད་ཕོ་ཉ་སྡེ་བརྒྱད་དྲེགས་པའི་ཁྲོ་ཚོགས། དམ་ཅན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཞེས་གསལ་བཏབ་ལ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། གནས་གསུམ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ དུར་ཁྲོད་ཆེན་པོའི་གནས་བརྒྱད། རྒྱ་གར་རྡོ་རྗེ་གདན། ནཱ་ལེནྡྲ། དཔལ་ལྡན་ས་སྐྱ་པ། དཔལ་ཆེན་རི་བོ་ཆེའི་གནས་མཆོག་རྣམས་ནས་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་ལ། བཀའ་སྡོད་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿཛཿ ཧཱུྃ། རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་འདི་རུ། །དྲག་པོའི་ལས་ལ་སྤྱན་འདྲེན་གཤེགས། །
མགོན་པོ་ཀུན་གཤེགས་གདན་ལས་བཞེངས། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང༌། །ཤཱཀྱའི་བསྟན་པ་བསྲུང་བ་དང༌། །བདག་ཅག་རྣམས་ལ་ཕན་གདགས་ཕྱིར། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཞེས་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས། དམ་ཚིག་པ་ལ་གཉིས་སུ་མེད་པར་ཐིམ། པདྨ་ཀ་མ་ལཱ་ཡ་སྟྭཾ་ཞེས་གདན་འབུལ། ཕྱི་མཆོད་ནི། ཧཱུྃ། མགོན་པོ་འཁོར་དང་བཅས་པ་ལ། །བདག་གིས་མཆོད་པ་འབུལ་བ་ནི། །དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །དབང་པོ་རྣམ་ལྔའི་མེ་ཏོག་དང༌། །རུས་རྐང་ཀླད་པ་བསྲེགས་པའི་སྤོས། །ཞུ་ཆེན་གསལ་བའི་སྒྲོན་མེ་དང༌། །རྡོ་རྗེ་རང་བྱུང་དྲི་ཆབ་དང༌། །ཤ་ཆེན་རྣམ་ལྔའི་ཞལ་ཟས་ཚོགས། །རྐང་གླིང་ཐོད་རྔ་སྙན་པའི་སྒྲ། །དངོས་འབྱོར་ཡིད་སྤྲུལ་མཁའ་བཀང་ནས། །དཔལ་ལྡན་མགོན་པོ་ཁྱེད་ལ་འབུལ། །སྐུ་གསུང་ཐུགས་མཆོག་མཉེས་ནས་ཀྱང༌། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སོགས་ནས། ཤབྡ་ཨཱཿཧཱུྃ་གི་བར་གྱིས་མཆོད། ཨོཾ་ཤྲཱི་ནས། ཝཱ་ར་ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵམ་ཏུ་ནས་ཕྱག་རྒྱ་དང་བཅས་པས་དམ་བཞག་དང༌། དཔལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ་འཁོར་དང་བཅས་པ་ཁྱེད་རྣམས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྒྱལ་བ་རྡོ་རྗེ་འཆང༌། སློབ་དཔོན་ཆེན་པོ་བྲམ་ཟེ་མཆོག་སྲེད། རྗེ་བཙུན་ས་སྐྱ་པ་ཡབ་སྲས། གྲུབ་ཆེན་ཐང་སྟོང་རྒྱལ་པོ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་ཡང་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བ་དང༌། བདག་གི་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་སོགས་ཀྱི་དམ་བཞག་ཐལ་བརྡབ་དཀྱུས་བཞིན་བྱས་རྗེས།
མདུན་བསྐྱེད་ནག་པོ་ཆེན་པོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་གཏོར་མ་གསོལ་བར་གྱུར་པར་བསམ་ཞིང༌། རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ། ཨོཾ་ཤྲཱི་མ་ཧཱ་ནས་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏ་ནས་གྷྲྀཧྞེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ་ལན་གསུམ་དང༌། ཤཱ་ས་ན་གསུམ་གྱིས་གཏོར་མ་ཕུལ། ཨོཾ་ཤྲཱི་ནས་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་སླར་ཡང་ཕྱི་མཆོད་དང༌། སྔགས་ལ་ཨོཾ་ཨཱཿཧཱུྃ་ཞེས་ནང་མཆོད་འཐོར། སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ་ཞེས་ཕྲིན་བཅོལ་བྱ། སྨན་རཀ་གཏོར་གསུམ་གྱི་མཆོད་པ་ནི། ཧཱུྃ། ནག་པོ་ཆེན་པོ་འཁོར་བཅས་ལ། །གཞན་ཡང་མཆོད་པ་འབུལ་བ་ནི། །འབྲུ་བཅུད་སྟོང་སྦྱར་ཛ་གད་དང༌། །རྩ་བརྒྱད་སྟོང་སྦྱར་བདུད་རྩི་སྨན། །དགྲ་བགེགས་རྣམ་གཉིས་བསྒྲལ་བ་ཡི། །དོན་སྙིང་ཤ་རུས་གཏོར་ཆེན་བཤམས། །དེ་བཞིན་ཚེ་འཛིན་ཁྲག་གི་རྒྱུན། །བནྡྷ་ལྕང་ལོ་ཁྲག་གིས་བཀང༌། །བླ་ན་མེད་པའི་མཆོད་པ་འདི། །མགོན་པོ་འཁོར་དང་བཅས་ལ་འབུལ། །ཁྱེད་ཀྱི་ཐུགས་དམ་བསྐངས་གྱུར་ནས། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །ཨོཾ་ཤྲཱི་མ་ཧཱ་ནས་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་བ་ལིཾ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་འབུལ། གནས་དང་རྒྱན་གྱི་མཆོད་པ་ནི། ཧཱུྃ། དུར་ཁྲོད་རོལ་པའི་གཞལ་ཡས་འདིར། །ཞིང་ཆེན་འཕན་གདུགས་བླ་བྲེ་བྲེས། །རྒྱུ་རློན་ལྡ་ལྡི་སྙིང་ཕྲེང་འཕྱང༌། །ཀེང་རུས་སྣ་ཚོགས་རི་ལྟར་སྤུངས། །ཤ་ཁྲག་དྲི་གསུར་རྒྱུན་མི་ཆད། །སྣ་ཚོགས་རྒྱན་གྱི་མཆོད་པ་འདི། །ནག་པོ་ཆེན་པོ་ཁྱེད་ལ་འབུལ། །བཞེས་ནས་སངས་རྒྱས་བསྟན་པ་སྲུངས། །དགྲ་བགེགས་རྣམ་གཉིས་བསྒྲལ་དུ་གསོལ། །སྤྲོ་ན་སྐོང་བ་གཞན་ཡང་འདིར་བྱ། བསྟོད་པ་ནི། ཧཱུྃ། སྲིན་པོའི་གཟུགས་ཀྱིས་གདུག་པ་ཅན། །སོགས་ནས། དམ་ཚིག་ཅན་ལ་བདག་བསྟོད་དོ། །ཞེས་པའི་
བར་གྱིས་བསྟོད་པའོ། །སྟོབ་པ་བྱ་བ་ནི། ཧཱུྃ། དཔལ་ལྡན་མགོན་པོ་མཧཱ་ཀཱ་ལ་ཡ། སོགས། དམ་ཉམས་ཡོངས་ཀྱི་གཤེད་མ་ནག་པོ་ཆེ། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི་བཞེས་ཤིག །སོགས། བཟླས་པ་བྱ་བ་ནི། ནག་པོ་ཆེན་པོའི་ཐུགས་ཀར་ཧཱུྃ་དང་སྔགས་ཕྲེང་གསལ་གདབ། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་འོད་ཀྱིས་མགོན་པོའི་ཐུགས་རྒྱུད་བསྐུལ་བ་སོགས་ཀྱི་མན་ངག་གི་གནད་དང་ལྡན་པས། དེ་ཝ་པི་ཙུ་སོགས་ཅུང་ཟད་བཟླས་པས་མགོ་དྲངས་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཅེས་ཡི་གེ་བདུན་པ་ཅི་ནུས་བཟླ། དངོས་གཞི་སློབ་མ་ལ་རྗེས་གནང་བྱ་བའི་རིམ་པ་ལ་ཁྲུས་དང་མེ་ཏོག་བཀྱེ་བསྡུ་བྱ། ཆོས་བཤད་ཅི་རིགས་པའི་རྗེས་སུ། འདིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང༌། དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ཞི་བ་དང༌། མཐུན་རྐྱེན་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་སྲུང་མ་རེ་བསྟེན་དགོས་ལ། དེ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས། དང་པོ་ནི་བསྟེན་ཀྱང་དོན་ཆུང་ལ་ཉེས་པ་ཆེ་བ་ཡིན་ཏེ། རང་ཡང་འཁོར་བའི་བཙོན་རར་བཅིངས་པ་ཡི། །འཇིག་རྟེན་ལྷ་ཡིས་སུ་ཞིག་སྐྱོབ་པར་ནུས། །ཞེས་སོགས་གསུངས་པའི་ཕྱིར་རོ། །གཉིས་པ་ལ་རྒྱུད་སྡེ་རིན་པོ་ཆེ་རྣམས་ནས་བསྟན་སྲུང་ཆེན་པོ་མང་དུ་གསུངས་པའི་ནང་ནས་མཆོག་ཏུ་གྱུར་པ་རྡོ་རྗེ་ནག་པོ་ཆེན་པོ། རྒྱུད་ལས་མཚན་དུ་ཐོགས་པ་གུར་གྱི་མགོན་པོ་འདི་ཉིད་ནི་དཔལ་ཆེན་པོ་ཧེ་རུ་ཀའི་སྐུ་གསུང་ཐུགས་དང་དབྱེར་མེད་པ་སྟེ། རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་ལས། བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་ལས་ནག་པོ་ཆེན་པོ་འདི་ཉིད་ཕྱུང་ངོ༌། །ཧཱུྃ་གི་ཡི་གེ་ལས་སྐྱེས་པ། །ཞེས་སོགས་ཀྱིས་གསལ་བར་བསྟན་ཅིང༌། མགོན་པོ་མངོན་པར་འབྱུང་བ་དང༌། རྡོ་རྗེ་གདན་བཞིའི་རྒྱུད་རྒྱས་པ་ལས་ཀྱང་གསུངས་ཤིང༌། འདི་ལ་སྒྲུབ་སྐོར་གྱི་རིམ་པ་མང་བར་བཞུགས་པ་ཐམས་ཅད་རྗེ་བཙུན་ས་སྐྱ་པའི་ཕྱག་ཏུ་བཀའ་བབས་པ་ཡིན་ཀྱང༌། ད་ལམ་འདིར་ནི་རྒྱལ་བ་ཀུན་གྱི་ཕྲིན་ལས་པ་ཆེན་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་དེ་ཉིད་མོན་ཡུལ་ས་དང་ཆུ་དང་རྡོ་ལས་
མེ་འབར་བ་རྣམས་ནས་བརྒྱུད་དེ་འཇིགས་བྱེད་མུན་པ་ཚལ་གྱི་དུར་ཁྲོད་ཆེན་པོར་ཕེབས་པ་ན། རོ་ལངས་བཤུགས་སྐད་སྒྲོགས་ཤིང་ཅེ་སྤྱང་གར་བྱེད་པ་སོགས་འཇིགས་ཤིང་སྐྱི་གཡའ་བའི་གནས་དེར་དཔའ་བོ་མཁའ་འགྲོ་རྒྱ་མཚོ་ལྟ་བུའི་དབུས་ན། གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོའི་འཁོར་གྱིས་བསྐོར་བའི་བླ་མ་བྲམ་ཟེ་མཆོག་སྲེད་དང་མཇལ། དཔལ་གུར་གྱི་མགོན་པོའི་གདམས་པ་དང་རྗེས་སུ་གནང་བ་ཐམས་ཅད་གནང་སྟེ། ནམ་སྲོད་ཀྱི་ཆར་ཚོགས་ཀྱི་འཁོར་ལོ་མཛད་པའི་དུས་ན་ནམ་མཁའི་ཀློང་དུ་སྤྲིན་ཕུང་དུ་བའི་མདོག་ཅན་མེ་འབར་ཞིང་འཁྲུགས་པའི་དབུས་སུ་དཔལ་གུར་གྱི་མགོན་པོ་སྣང་སྲིད་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བ་གཟིགས། དེའི་ཚེ་གྲུབ་པའི་དབང་ཕྱུག་བྲམ་ཟེ་ཆེན་པོས་མགོན་པོ་འཁོར་དང་བཅས་པ་ལ། ཁྱེད་ཀྱིས་རིག་པ་འཛིན་པ་འདིའི་ཕྲིན་ལས་སྒྲུབས་ཤིག་ཅེས་བཀའ་བསྒོ་མཛད་དེ་ཆོས་སྐྱོང་དུ་གནང་བ་ནས་བཟུང༌། བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པ་ལས་བྱོན་པའི་གྲུབ་ཐོབ་ཆེན་པོའི་ཉེ་བརྒྱུད་ཐུན་མོང་མ་ཡིན་པའི་ཡེ་ཤེས་མགོན་པོ་བདུན་«་་་་་གུར། ཕྱག་བཞི་དྲུག བིང༌། ཞལ། ཚོགས་བདག་དཀར་པོ། རྣམ་སྲས་སེར་ཆེན། »གྱི་ནང་ནས་གཙོ་བོར་མཛད་པའི་གུར་གྱི་མགོན་པོ་དེ་ལ་སྤྲིན་ཞགས་མར་གྲགས་པའི་རྗེས་གནང་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱི་བགྱི་འོས་རྣམས་སྔོན་དུ་ལེགས་པར་གྲུབ། ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་ལའང་གསུམ་ལས། དང་པོ་མཎྜལ་ཕུལ། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས། ནས། རྗེས་གནང་སྩལ་དུ་གསོལ། གསུམ། རྒྱུན་བཤགས་ཀྱི་སླད་དུ་བླ་མ་མདུན་བསྐྱེད་གུར་མགོན་དུ་གསལ་བའི་སྟེང་དུ་བླ་མ་བརྒྱུད་པ། མཐའ་སྐོར་དུ་སངས་རྒྱས་བྱང་སེམས་གནས་གསུམ་མཁའ་འགྲོའི་སྤྱན་སྔར་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་མཛོད་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་སོགས་གསུམ། རིགས་ལྔ་སྤྱི་དང་བྱེ་བྲག་གི་སྡོམ་པ་རྣམས་ཀྱང་གཟུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། སྲས་བཅས་སངས་
རྒྱས་ཐམས་ཅད་དང༌། །སོགས་གསུམ། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་ལ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་རྗེས་སུ་གནང་བ་དང༌། བྱིན་གྱིས་བརླབ་པ་མ་ལུས་པ་སྩལ་དུ་གསོལ། གསུམ་བརྗོད། དངོས་གཞི་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ། ཡོན་ཏན་བཟླས་པའི་ལུང༌། ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་དང་ལྔ་ལས། དང་པོ་སྐུའི་རྗེས་གནང་ལ་གཞི་བཅའ་བ་དང༌། དངོས་གཉིས་ལས། ཐོག་མར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱིས་ཨོཾ་སྭ་བྷཱ་ཝ་ཤུདྡྷཿསོགས་བརྗོད་པས་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྟོང་པར་སྦྱངས་ནས། སྟོང་པའི་ངང་དེ་ལས་རང་རེ་རྣམས་གནས་པའི་ས་ཕྱོགས་འདི་ཉིད་འཇིགས་བྱེད་མུན་པ་ཚལ་གྱི་དུར་ཁྲོད་ཅེས་པ་ནས། བཅས་པའི་གདན་ལ་རང་རང་གི་སེམས་ཉིད་ཀྱི་ངོ་བོ་ཧཱུྃ་མཐིང་ནག་སོགས་ནས་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་དཔལ་རྡོ་རྗེ་ནག་པོ་ཆེན་པོ་སོགས་ནས། ཐུགས་ཀར་ཧཱུྃ་ཞེས་པའི་བར་མངོན་རྟོགས་ལྟར་གསལ་འདེབས་སུ་བཅུག དེ་ནས་སློབ་དཔོན་དང་མདུན་བསྐྱེད་གཉིས་ཀའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཆེན་པོའི་ཐུགས་ཀ་སོགས་ནས་དཔལ་ཆེན་རི་བོ་ཆེའི་གནས་མཆོག་རྣམས་དང༌། མདུན་བསྐྱེད་ཀྱི་ནག་པོ་ཆེན་པོའི་ཐུགས་ཀ་རྣམས་ནས་ནག་པོ་ཆེན་པོ་གུར་གྱི་མགོན་པོའི་སྐུ་ཆེ་ཆུང་ཚད་མེད་གྲངས་མེད་པ་རྔམས་བརྗིད་དང་དྲག་ཤུལ་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁྱོན་ཐམས་ཅད་གང་བ་ཙམ་དུ་བྱོན་ནས། སྤྱི་བོ་ལ་སོགས་པ་ལུས་ཀྱི་ཆ་ཤས་ཐམས་ཅད་དུ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད་བྱས་ལ་ཌ་དྲིལ་དང་སྤྲོ་ན་རོལ་མོ་དྲག་པོ་བྱ་ཞིང༌། གུ་གུལ་གྱི་དུད་པས་བདུག་པ་དང་བཅས། ཡི་གེ་བདུན་པ་དང་ཤཱ་ས་ན་མང་དུ་བརྗོད་པའི་
མཐར་ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ཨཱ་ཝེ་ཤ་ཡ་ཨཱ་ཨཱཿ ཞེས་བརྗོད་པས་བྱིན་རླབས་དབབ་བོ། །དེ་ལྟར་བྱིན་རླབས་ཀྱི་གཞི་བཅའ་བ་གྲུབ་ནས་རྗེས་གནང་དངོས་ལ་སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། བླ་མ་དང་མདུན་བསྐྱེད་གཉིས་ཀ་རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོར་གསལ་བའི་དཔྲལ་བའི་དབྱིངས་ནས་ནག་པོ་ཆེན་པོའི་སྐུའི་ངོ་བོ་ཨོཾ་ཡིག་དཀར་པོ་རེ་རྒྱངས་ཏེ་ཆད། ཁྱེད་རང་རྣམས་མགོན་པོར་གསལ་བའི་དཔྲལ་བར་ཐིམ་པས་ལུས་ཀྱི་བར་ཆད་ཐམས་ཅད་ཞི་ནས། ནག་པོ་ཆེན་པོའི་སྐུའི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཅེས་རོལ་མོ་སྔགས་དང་བཅས་པ་གོང་བཞིན་བྱ། དེ་བཞིན་ཏུ་མགྲིན་པའི་དབུས་ནས་ནག་པོ་ཆེན་པོའི་གསུང་གི་ངོ་བོ་ཨཱཿཡིག་དམར་པོ་རེ་རྒྱངས་ཏེ་ཆད། ཁྱེད་རང་སོགས་ནས་མགྲིན་པར་སོགས། གསུང་གི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སྙམ་པའི་སོགས་གོང་བཞིན་བྱ། ཡང་ཐུགས་ཀའི་དབུས་ན་ནག་པོ་ཆེན་པོ་ཐུགས་ཀའི་ངོ་བོ་ཧཱུྃ་ཡིག་མཐིང་ནག་རེ་རྒྱངས་ཏེ་ཆད། ཁྱེད་རང་མགོན་པོར་སོགས་ནས་སྙིང་གར་སོགས་དང༌། ཐུགས་ཀྱི་བྱིན་རླབས་མ་ལུས་པ་ཐོབ་བྱུང་སོགས་རིགས་འགྲེ། ཡོན་ཏན་བཟླས་པའི་ལུང་གི་དོན་དུ་བླ་མ་མགོན་པོར་གསལ་བའི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་སྔགས་ཀྱིས་བསྐོར་བ་དང༌། ཁྱེད་རང་གི་སྙིང་གར་ཉི་མ་ལ་ཧཱུྃ་ཡིག་གསལ་བཏབ་ནས། བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་ཆད་པ་ཞལ་ནས་ཐོན། ཁྱེད་རང་གི་ཁ་ནས་ཞུགས། སྙིང་གར་ཧཱུྃ་གི་མཐར་དང་པོ་འཁོད། ཕྱི་མ་རྣམས་དེ་ལ་ཐིམ་པས་གསལ་ཞིང་བརྟན་པར་བྱས་པའི་མོས་པ་བྱས་ནས་འདིའི་རྗེས་ཟློས་སྤྲོ་ན་བརྒྱ་རྩ། མ་གྲུབ་ན་ལན་ཉེར་གཅིག་གི་བར་དུ་མཛོད་བྱས་ལ་ཡི་གེ་བདུན་པ་བཟླ། དྲིན་ལན་དུ་མེ་ཏོག་བླ་མ་ལ་འཐོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། མེ་ཏོག་སྔགས་སུ་བྱིན་གྱིས་བརླབས་ནས་སྤྱི་བོར་བཞག་པའམ་གཏོར་བས་སྔགས་ཕྲེང་བྱང་ཆུབ་བར་དུ་བརྟན་པར་བྱས་པར་མོས་པ་
མཛོད་བྱས་ལ། བཅོམ་ལྡན་འདི་ལ་ནས་འགོ་བར་མཛད་དུ་གསོལ། གསུམ་དང༌། སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་དཔལ་ནག་པོ་ཆེན་པོའི་གསང་སྔགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་ཅིག ཅེས་བརྗོད་དེ་ཡོན་ཏན་བཟླས་ལུང་ངོ༌། །ཕྲིན་ལས་གཏོར་མའི་བཀའ་བསྒོ་བའི་སླད་དུ་གཏོར་མ་ནག་པོ་ཆེན་པོ་མངོན་རྟོགས་ལྟར་གསལ་འདེབས་པའམ། དམ་ཅན་རྒྱ་མཚོས་བསྐོར་བ། སྤྱི་བོར་བྱོན་པའི་སྟེང་དུ་རྩ་བརྒྱུད་བླ་མ། མཐའ་སྐོར་དུ་ཡི་དམ་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར་ནས་བཞུགས་པར་མོས། རྩ་བའི་བླ་མས་བཀའ་བསྒོས་པ་བཞིན་དུ་ཕྲིན་ལས་ཐམས་ཅད་སྒྲུབ་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད་བྱས་ལ་གཏོར་མ་མགོ་བོར་བཞག་ཅིང༌། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས། རྒྱལ་བ་རྡོ་རྗེ་འཆང༌། སློབ་དཔོན་བྲམ་ཟེ་མཆོག་སྲེད། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྗེ་བཙུན་ཀུན་བཟང་ཆོས་ཀྱི་ཉི་མ། འཇམ་མགོན་ཀུན་དགའ་གྲོལ་མཆོག ངག་དབང་ཉི་ཟླ་བཟང་པོ། གྲུབ་མཆོག་ངག་དབང་ཉི་མ། འཇམ་མགོན་ཀུན་དགའ་བསོད་ནམས་དབང་ཕྱུག དྲིན་ཅན་རྩ་བའི་བླ་མ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་དང་བཅས་པ་རྣམས་སྐྱོང་བ་དང༌། རྡོ་རྗེ་སློབ་མ་འདི་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་བསམ་དོན་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་ཅིང༌། རྣམ་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པ་སོགས་གནས་སྐབས་དང༌། མཐར་ཐུག་གི་ཕྲིན་ལས་ཐམས་ཅད་འབད་མེད་དུ་འགྲུབ་པར་མཛད་དུ་གསོལ། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད། དེ་ལྟར་གསོལ་བ་བཏབ་པས་རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་ནག་པོ་ཆེན་པོ་ལ་ཐིམ།«་་་་་སློབ་མ་དཀྱུས་ལ། ཞེས་གསོལ་བ་བཏབ་པས་ནག་པོ་ཆེན་པོའི་
བྱིན་རླབས་ཞུགས་པར་མོས་ཞེས་པས་ཆོག བསྟིམ་པར་མི་བྱེད།» དེ་ཉིད་འོད་ཟེར་སྔོན་པོའི་རྣམ་པར་གྱུར་ནས་སྤྱི་བོ་ནས་ཐིམ་པས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་བྱིན་རླབས་ཐམས་ཅད་ཞུགས་ནས་བརྟན་པར་བྱས་པའི་མོས་པ་མཛོད།«་་་་་སོགས་རྒྱས་བསྡུས་གང་འོས་བྱ།» ཅེས་བརྗོད། རྗེས་གནང་ཐོབ་ནས། དམ་ཚིག་རྡོ་རྗེ་ཐེག་པ་སྤྱི་དང༌། འདི་གའི་བྱེ་བྲག་མཐའ་དག་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། སོགས་རྗེས་ཀྱི་ཆོས་གསུམ་འདྲ། རྗེས་ལ་མཆོད་པ་བྲན། ཕྱི་ནང་གི་མཆོད་པ་དང༌། བསྟོད་པ་བྱས། འདོད་དོན་གསོལ། འབུལ་གཏོར་ཕུལ། ཡིག་བརྒྱ་དང་བཟོད་གསོལ། བསྔོ་སྨོན་དང་བཀྲ་ཤིས་བྱའོ། །གུར་མགོན་སྒྲུབ་ཐབས་རྗེས་གནང་འདི། །ངགཾ་དབཾང་བདག་གི་འབད་པ་ཡིས། །བསྟནཾ་འཛིཾན་རྣམས་ལ་བསམས་ནས་བཀོད། །འབྲས་བུ་ཕུནཾ་སུམ་ཚོཾགས་གྱུར་ཅིག །གུར་མགོན་ཉེ་བརྒྱུད་སྤྲིན་ཞབས་ཀྱི་སྒྲུབ་ཐབས་རྗེས་གནང་གི་ལེའུ་ཚན་ནོ། །སརྦ་དཱ་མངྒལཾ།། །།
དཔལ་མགོན་བྲམ་ནག་གམ་ནག་པོ་དམ་འཆང་གི་ཟིན།
དཔལ་མགོན་བྲམ་ནག་གམ་ནག་པོ་དམ་འཆང་གི་ཟིན་བཞུགས།། པད་ཉི་དང་དགྲ་བགེགས་ཀྱི་རོའི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་རྡོ་རྗེ་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་སྐུ་མདོག་ནག་པོ་གཡས་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་བ། གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། མི་རུས་ཀྱི་ཕྲེང་བ་ཕྱག་འགག་ཏུ་བརྒྱུས་པ། ཆང་གིས་གང་བའི་བུམ་པ་མཆན་ཁུང་དུ་བསྣམས་པ། མདུང་དང་རྩེ་གསུམ་ཡང་མཆན་ཁུང་དུ་བསྣམས་པ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། སྨིན་མ་དམར་སེར་མེ་ལྟར་དུ་འབར་བ། སྤྱན་གསུམ་སྡང་མིག་ཏུ་བགྲད་པ། ཞལ་གདངས་ཤིང་མཆེ་བའི་མྱུ་གུ་གཙིགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཉི་ཤུ་རྩ་གཅིག་གི་དོ་ཤལ་ཅན། ཚངས་པའི་སྐུད་པ་དང༌། རུས་པའི་ཕྲེང་བ་སྐྱ་ཆེབ་བེས་བརྒྱན་པ། སྟག་གིས་པགས་པའི་ཤམ་ཐབས་ཅན། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ། དེའི་འཁོར་དུ་ལས་མཁན་བཤན་པ་དྲུག་པོ་ཡང་ཕྱག་གཡས་པས་ཕྱག་མཚན་སྣ་ཚོགས་བསྣམས་པ། གཡོན་པས་མདའ་གཞུ་ཁྱི་ཁྲིད་བྱེད་པ། ཤིན་ཏུ་རྔམས་ཤིང་འཁྲུགས་པ། གཙོ་འཁོར་དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་སོགས་གནས་གསུམ་བྱིན་གྱིས་བརླབ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་ར་ཏྲི་ཏ་ཧཱུྃ་ཕཊ། གསུང་ངོ༌། །འདིའི་རྗེས་གནང་ལ་གཏོར་མ་ཟུར་གསུམ་ཆེ་བ་ལ་མེ་རི་སོགས་གཟབ་པར་བརྒྱན་པའི་མཐར་བཤོས་བུ་ཟུར་གསུམ་ཆུང་བ་དྲུག་གིས་བསྐོར་བ་སོགས་མཛད། རྡོ་རྗེ་འཛིན་པའི་གསོལ་གདབ་གསུམ། མཎྜལ། རྒྱུན་བཤགས། དུས་གསུམ་སངས་རྒྱས་སོགས་ཀྱི་ཐུན་མོང་མ་ཡིན་པའི་གསོལ་གདབ་གསུམ། རྗེས་གནང་དངོས་ལ། སློབ་མ་བྲམ་ནག་ཏུ་བསྐྱེད་པའི་འཁོར་དུ་བཤན་པ་དྲུག་གིས་བསྐོར་བའི་གནས་གསུམ་བྱིན་བརླབ། ཡེ་ཤེས་པ་བསྟིམ། ཌ་དྲིལ་སྤོས་བཅས་སྐུ། གསུང་ལ་བཟླས་ལུང་ལ་ཡུམ་བཞིའི་སྔགས་སྤངས་པའི་སྔགས་ཐུང་ངམ། གློ་བུར་དུ་ལས་འཆོལ་བའི་སྔགས་ཁོ་ན་གསུམ། བཅོམ་ལྡན་འདས་སོགས། ཐུགས་ཕྱག་མཚན་རྣམས་སྙིང་གའི་ཧཱུྃ་ལ་བསྟིམས་ནས། གཏོར་
མ་མགོན་པོར་གསལ་བ་སློབ་མའི་སྤྱི་བོར་བཞག་ནས་བརྒྱུད་པའི་བཀའ་བསྒོ་དམ་བཞག་རྒྱས་པར་མཛད་ཅིང་ཕྱག་དྲིལ་གསིལ་བ་གནང༌། རྗེས་འདྲ་བ་སྤྱི་ལྟར་རོ། །བྲམ་ནག་བཤན་པ་དྲུག་སྐོར་གྱི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཀླུ་སྒྲུབ། ཛོ་ཀི་ཀཱ་མ་རཱུ་པ། ཞང་མདོ་སྡེ་པ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། གྲང་མོ་ཆེ་པ། རྗེ་བཙུན་རེད་མདའ་བ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་དབང་རྒྱལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། འཇམ་དབྱངས་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། དེས་བདག་ལའོ། །འདིའི་རྗེས་གནང་སྔོན་ཆད་སྙན་བརྒྱུད་བཞུགས་པ་ལས། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན་གྱིས་ཐོ་མདོར་བསྡུས་མཛད་པ་འདི་ལུང་བཅས་བཞུགས་ཤིང་འདིའི་ཕྱག་ལེན་ལ་གཏོར་མ་ཟུར་གསུམ་གཅིག་ལ་ཆུང་བ་ལྔས་བསྐོར་བ་གཉིས་བཤམས་ལ། དང་པོ་ལྷར་བསྐྱེད་པ་ལ། གཉིས་པ་འབུལ། རྒྱུན་བཤགས་གུར་ནས་གསུངས་པ། མདུན་བསྐྱེད་ཀྱེ་རྡོར་སོགས་པ། དེའི་སྟེང་དུ་རྩ་བརྒྱུད་བླ་མ་ལ། སངས་རྒྱས་བྱང་སེམས་སོགས། བླ་མ་ཀྱེ་རྡོར་གྱི་ཐུགས་ཀའི་འོད་ཟེར་མདུན་བསྐྱེད་ལ་ཕོག་པས་བསྐུལ། དེའི་ཐུགས་ཀའི་ཧཱུྃ་འོད་ཀྱིས་སློབ་མ་ལ་ཕོག་པས་སྡིག་སྒྲིབ་སྦྱངས་ནས་འོད་ཟེར་གྱི་ཕུང་པོར་གྱུར་པ་དེ་ཉིད་ཧཱུྃ་ལས་བྲམ་ནག་ཏུ་བསྐྱེད་པ་སོགས། བླ་མའི་ཐུགས་ཀའི་འོད་སོགས་གོང་བཞིན་གྱི་མགོན་པོའི་ཐུགས་ཀའི་སྔགས་ཕྲེང་དང་དམ་ཚིག་པ་སོགས། ཡང་གོང་བཞིན་གྱི་ཕྱོགས་བཅུའི་སངས་རྒྱས་སོགས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཕྱག་མཚན་སློབ་མའི་སྙིང་གའི་ཧཱུྃ་སོགས། བླ་མ་དང་མགོན་པོ་དབྱེར་མེད་དུ་བསམ་སོགས། འདི་བཞིན་གྱི་འབབ་ལུགས་རྣམ་སྲས་རྐྱ་བརྒྱད་སྐོར་ལ་ཡང་གནང་བྱུང་བ་ཕྲིན་ལས་པ་རང་གི་དྲན་ཐོ་འདི་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་གམ། བྲམ་ནག་བཤན་པ་དྲུག་སྐོར་རམ། ནག་པོ་རྡོ་རྗེ་བདུད་འཇོམས་ཞེས་བྱ་བ་བཀྲ་ཤིས།།
བྲམ་ནག་བཤན་པ་དྲུག་བསྐོར་གྱི་རྗེས་གནང་བདུད་དཔུང་མཐར་བྱེད་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི། དཔལ་མགོན་བྲམ་ནག་བཤན་པ་དྲུག་བསྐོར་གྱི་རྗེས་གནང་ལ། སྟེགས་ཀྱི་དབུས་སུ་ནས་ནག་གི་ཚོམ་བུ་ཆེ་བ་དང༌། མཐའ་སྐོར་དུ་དྲུག་དགོད། དེའི་སྟེང་དུ་མཉྫིའི་ཁར་གཏོར་མ་ཟུར་གསུམ་རྩ་བ་ཟླུམ་པོ་ཅན་ཆེ་བ་གཅིག་ལ་ཆུང་བ་དྲུག་གིས་བསྐོར་བ་ལ་དར་ནག་གི་གདུགས་དང༌། འབྱོར་ན་སྐུ་ཙཀ་གཟུག མདུན་དུ་འབུལ་གཏོར་ཡི་དམ་ཆོས་སྐྱོང་ལ་གཉིས་དང༌། མཐའ་མཆོད་པས་བསྐོར། སློབ་དཔོན་གྱི་མདུན་དུ་ནང་མཆོད། འཐོར་ནས། ཌ་དྲིལ་སོགས་བཤམས་ནས། དཔལ་ཀྱེ་རྡོ་རྗེའི་བདག་བསྐྱེད་མངོན་ལུས་རྒྱས་པའམ། ཡང་ན་གཙོ་རྐྱང་བཟླས་པ་བཅས་གྲུབ་མཚམས་གཏོར་ཆོག་མཛེས་རྒྱན་བཞིན་ཡི་དམ་ལ་གཏོར་མ་དབུལ། དེ་ནས་མདུན་དུ་རྟེན་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་རྟེན་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་ཆེན་པོའི་དབུས་སུ་པད་ཉི་དང་དགྲ་བགེགས་ཀྱི་གདན་གྱི་སྟེང་དུ་ཧཱུྃ་མཐིང་ནག དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། དགྲ་བགེགས་རྣམས་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་བྲམ་ཟེའི་གཟུགས་ཅན་སྐུ་མདོག་ནག་པོ་ནས། དཔྲལ་བར་ཨོཾ་བར་གོང་བཞིན་དང༌། མགྲིན་པར་ཨཱཿཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་འཕྲོས་ཏི་སེ། བསིལ་བའི་ཚལ། པོ་ཏ་ལ། ཧ་ཧ་དགོད་པའི་དུར་ཁྲོད་ནས་བྲམ་ཟེ་ནག་པོ་བཤན་པ་དྲུག་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཱཿ ཞེས་དང་སེ་གོལ་གྱི་སྒྲ་བྱ། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་ལས་མཛུབ་མོ་གཡབ་པའམ་རྡོ་རྗེ་དྲིལ་བུ་འཛིན་པས། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །གཏུམ་པོ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་བཞིན། །ཕྲིན་ལས་རྣམ་བཞིའི་ལས་ལ་སྤྱན་འདྲེན་ན། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲྀ་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་ཞེས་པས་སྤྱན་དྲང༌། ཛཿཧཱུྃ་བཾ་ཧོཿས་བསྟིམ། པདྨ་
ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། སྔགས་གོང་ལྟར་མཐར་ས་པ་རི་ཝཱ་ར་གྲྀཧྞེ་དཾ་ཨརྒྷཾ་སོགས་ནས་ཤབྡའི་བར་གྱིས་མཆོད། རྡོ་རྗེ་རྩེ་ལྔ་པའི་དམ་རྒྱ་སྤྱི་བོར་བཞག་པར་བསམས་ལ། སྔགས་མཐར་ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། དཀོན་མཆོག་གི་དབུ་འཕང་བསྟོད། ཁྱད་པར་དུའང་སངས་རྒྱས་ཀྱི་བསྟན་པ་དང༌། བསྟན་པ་འཛིན་པ་རྣམས་དང༌། རྣལ་འབྱོར་པ་བདག་ཅག་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བ་དང༌། བདག་གིས་ལམ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་དགྲ་བགེགས་ལོག་པར་འདྲེན་པའི་ཚོགས་རྣམས་ཀྱི་བསམ་ངན་སྦྱོར་རྩུབ་ཐམས་ཅད་ཞི་བའི་ཐབས་ཀྱིས་འདོར་བར་མཛད་དུ་གསོལ། གལ་ཏེ་ཞི་བའི་ཐབས་ཀྱིས་འདུལ་དུ་མ་འཚལ་ན། གང་ལ་གང་འཚམ་པའི་ཆད་པས་གཅད་པ་དང༌། བསྐྲད་ཅིང་གཟིར་བ་དང༌། དབྱེ་བ་དང༌། བསྡིགས་ཤིང་སྤ་བཀོང་བར་མཛད་དུ་གསོལ། མདོར་ན་ཆོས་སྒྲུབ་པའི་བར་ཆད་ཐམས་ཅད་ཞི་བ་དང༌། བསམ་སྦྱོར་ཆོས་མཐུན་ཡིད་བཞིན་དུ་འགྲུབ་ཅིང༌། བསྟན་པ་དང༌། བསྟན་པ་འཛིན་པ་དང༌། འཇིག་རྟེན་པ་ཀུན་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་བརྗོད་ཅིང་ཐལ་མོ་བརྡབ། རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲྀ་ཏ་ས་པ་རི་ཝཱ་ར་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལྱཱ་དི་སྭཱ་ཧཱ། ཞེས་གསུམ་མམ་ལྔས་གཏོར་མ་དབུལ། གོང་ལྟར་མཆོད། ནང་མཆོད་ཕུལ་ཏེ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲྀ་ཏ་ཨོཾ་ཨཱཿཧཱུྃ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང༌། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་དང༌།
བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཞེས་བརྗོད། རྡོ་རྗེ་དང་བཅས་པའི་ཐལ་མོ་དང༌། དྲིལ་བུ་ཆིག་བརྡུང་བྱ་ཞིང༌། ཧཱུྃ། མི་རྟོག་དབྱིངས་ལས་ཐུགས་རྗེའི་སྐུར་བཞེངས་ཤིག །འབྱུང་བ་གུར་ཆེན་བརྩེགས་པའི་གཞལ་ཡས་ནས། །བདེ་གཤེགས་བཀའ་ཡི་སྲུང་མ་དམ་ཚིག་ཅན། །རྡོ་རྗེ་ནག་པོ་ཆེན་པོ་དབྱིངས་ལས་བཞེངས། །དཔལ་ལྡན་དབང་ལྡན་སྲིད་གསུམ་དབང་བསྒྱུར་ཞིང༌། །མཆེ་བ་གཙིགས་ཤིང་མཆུ་འཕྱང་ཤུགས་ཆེ་བ། །ཚངས་སྐུད་རུས་པའི་ཕྲེང་བས་བརྒྱན་པ་ཡི། །བྲམ་ཟེའི་གཟུགས་ཁྱོད་ཏི་སེའི་ཞིང་སྐྱོང་མཛད། ༈ །རྫོགས་པའི་སངས་རྒྱས་སྤྱན་སྔ་རུ། །བསྟན་པ་སྲུང་བར་ཞལ་བཞེས་པའི། །ནག་པོ་ཆེན་པོ་བྲམ་ཟེའི་གཟུགས། །བྲན་གཡོག་བཤན་པ་དྲུག་དང་བཅས། །ཤ་ཆེན་ཟན་དང་མེ་ཏོག་སྤོས། །ཆང་ཕུད་ཤ་ཁྲག་དག་གིས་མཆོད། །རྒྱལ་བའི་བསྟན་པ་སྐྱོང་བ་དང༌། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བརྗོད། དེ་ནས་བཟླས་པ་ནི། ཡུངས་ཀར། གུ་གུལ། དུག ཚིལ་ཆེན་རྣམས་བསྲེས་པའི་བདུག་སྤོས་བསྲེག་ཅིང༌། དེ་བ་པི་ཙུ་ཕྲེང་སྐོར་གཅིག་བཟླས་ལ། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་འོད་ཟེར་དང་བཅས་པ་འཕྲོས། མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་གང་བསྒོ་བ་ཉན་པར་བསམས་ལ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་བི་ཀཱ་ལ་རཱ་ཏྲྀ་ཏ་ཧཱུྃ་ཕཊ། ཅེས་བརྒྱ་སྟོང་ལ་སོགས་པ་བཟླས་མཐར་གོང་ལྟར་མཆོད། དཔལ་ལྡན་དབང་ལྡན་གྱི་ཚིག་རྐང་བཞི་པར། རབ་འཇིགས་བྲམ་ཟེའི་གཟུགས་ཅན་ཁྱོད་ལ་བསྟོད། །ཅེས་པས་བསྟོད། དེ་ནས་བཤགས་པ་ནི། གང་དྲིན་མ་ནས་ཚངས་པར་སྩལ་དུ་གསོལ་བར་སྤྱི་ལྟར་ལ། ཧེ་རུ་ཀ་ལ་ཕྱག་འཚལ་ལོའི་མཇུག་ཏུ་དཔལ་ལྡན་ཤོ་ལོ་ཀ་གཅིག་བརྗོད་པ་ནི་ཁྱད་པར་རོ། །སྐང་གསོ་སྤྲོ་ཞིང་ནུས་ན་ལྷ་མཆོག་མར་ཁ་བསྒྱུར་བས་བྱ། ༈ དེ་ནས་སློབ་མ་
རྣམས་ཁྲུས་བྱས་གྲལ་དུ་འཁོད་པ་ལ། ལས་ཀྱི་རྡོ་རྗེས་མེ་ཏོག་བཀྱེ་བསྡུ་བྱ། སློབ་དཔོན་གྱིས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པའི་ཐུགས་བསྐྱེད་དང༌། ཆོས་གསན་པའི་ཀུན་སྤྱོད་རྣམས་ཀྱང་གསལ་བཏབ་ནས་གསན་འཚལ། འདིར་གང་གསན་པར་བྱ་བ་ནི། དམ་པའི་ཆོས་ཚུལ་བཞིན་དུ་སྒྲུབ་པའི་གང་ཟག་ལ། ཇི་སྐད་དུ། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བའང་མང༌། །ཞེས་གསུངས་པ་ལྟར། ནག་ཕྱོགས་ལ་དགའ་བའི་མི་དང་མི་མ་ཡིན་པ་དག་གིས་ཐབས་སྣ་ཚོགས་ཀྱི་སྒོ་ནས་བར་ཆད་བྱེད་པས། དེ་བསྲུང་ཞིང་བཟློག་པའི་སྲུང་མ་ཁྱད་པར་ཅན་རེ་བསྟེན་དགོས། སྲུང་མ་ལའང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་ལས། དང་པོས་ནི་ཚེ་འདིར་ཕན་པ་ཆུང་དུ་ཙམ་སྒྲུབ་པར་ནུས་ཀྱང༌། ལོག་པའི་ལམ་ལ་སྦྱོར་བ་དང༌། འཁུ་ལྡོག་ཕྲ་མོ་ཙམ་གྱིས་ལུས་སྲོག་ལ་བར་དུ་གཅོད་པ་སོགས་ཉེས་དམིགས་ཆེ་ཞིང་ཕན་ཡོན་ཆུང་བས། འཇིག་རྟེན་ལས་འདས་པའི་སྲུང་མ་ཁྱད་པར་ཅན་རེ་བསྟེན་དགོས། དེའང་རྒྱུད་སྡེ་རིན་པོ་ཆེ་རྣམས་ལས་ཆོས་སྐྱོང་གི་རིགས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདི་ནི་དཔལ་གསང་བ་འདུས་པའི་རྩ་བརྒྱུད་དང༌། འཁོར་ལོ་བདེ་མཆོག་གི་བཤད་པའི་རྒྱུད་ལས་དངོས་སུ་བསྟན་པ། སྟོབས་འཕྲོག་ནག་པོ་ཆེན་པོ་གདོང་བཞི་པ་ཞེས་ཀྱང་བྱ། བྲམ་ཟེའི་གཟུགས་ཅན་དཔའ་བོ་ཞེས་ཀྱང་བྱ་བ་སྟེ། རྩོད་པའི་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ། རྒྱལ་བ་ཉིད་ཀྱིས་མདོ་རྒྱུད་དུ་མ་ནས་ལུང་བསྟན་པ། འཕགས་ཡུལ་མཁས་གྲུབ་ཀུན་གྱི་གཙུག་གི་ནོར་བུ། སྟོང་ཉིད་སྨྲ་བའི་སེང་གེ་སློབ་དཔོན་ཆེན་པོ་འཕགས་མཆོག་ཀླུ་སྒྲུབ་ཞབས་ཀྱིས་རྡོ་རྗེ་འཆང་ཆེན་པོ་ཉིད་ལས་ལེགས་པར་མནོས་ཏེ་རྒྱུད་ལས་ཕྱུང་བའི་སྒྲུབ་ཐབས་བསྟོད་པ་སོགས་མཛད་པས་ཀླུ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་ལྟ་བའི་སྲུང་མར་
གྲགས། དེས་ཛོ་ཀི་ཀཱ་མ་རཱུ་པ་ལ། དེས་ཞང་མདོ་སྡེ་པ་ལ། དེས་འཇམ་སྐྱ་ནམ་མཁའ་དཔལ་ལྡན་ལ། དེས་གྲོང་མོ་ཆེ་པ་ལ། དེས་རྗེ་བཙུན་རེད་མདའ་པ་ལ། དེས་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ལ་སྩལ་བ་ནས་བཟུང་སྟེ་བདག་ཅག་གི་རྩ་བའི་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་ཤིང༌། གདམས་ངག་གི་སྲོལ་ཀ་མ་ནུབ་པ། ཕྲིན་ལས་ཀྱི་ནུས་མཐུར་ལྡན་པ་ཤ་སྟག་ཏུ་བྱོན་པའི་བྲམ་ཟེ་ནག་པོ་བཤན་པ་དྲུག་བསྐོར་གྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བགྱི་བར་འོས་པ་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་རྗེས་གནང་ཟབ་མོ་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་མཛོད། དེ་ནས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་དང༌། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ཁྱོད་ཞབས་པདྨ་སྤངས་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་མཐུ་ཆེན་གྱིས། །བློ་མཆོག་བདག་ལ་གནང་བར་མཛོད། །ལན་གསུམ། རྒྱུན་བཤགས་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་བསྐྱེད་བྲམ་ཟེ་ནག་པོ་འཁོར་བཅས་ཀྱི་སྟེང་དུ་དཔལ་ཀྱེ་རྡོ་རྗེ་སོགས་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། དེའི་སྟེང་དུ་རྩ་བརྒྱུད་ཀྱི་བླ་མ་དམ་པ། མཐའ་སྐོར་ཀུན་ཏུ་སངས་རྒྱས་བྱང་སེམས། གནས་གསུམ་མཁའ་འགྲོའི་ཚོགས་རྣམས་སྤྲིན་ཕུང་འཐིབས་པ་ལྟར་བཞུགས་པའི་སྤྱན་སྔར། ཁྱེད་རང་རྣམས་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བཤགས་
པ་སོགས་ཡན་ལག་བདུན་པ་མཛད་སྙམ་པ་མཛོད་ལ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད། རིགས་ལྔ་སྤྱི་དང་ཁྱད་པར་གྱིས་བསྡུས་པའི་སྡོམ་པ་རྣམས་ཀྱང་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། སྲས་བཅས་སངས་རྒྱས་ཐམས་ཅད་དང༌། །སོགས་ལན་གསུམ་བརྗོད། དེ་ནས་ཐུན་མོང་མ་ཡིན་པའི་གསོལ་བ་གདབ་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་ངོ་བོར་གྱུར་པ་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེས་བདག་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་སྟོབས་འཕྲོག་བྲམ་ཟེའི་གཟུགས་ཅན་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱིས་རློབས་ལ་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་བསྒྲུབ་པའི་སླད་དུ་སློབ་དཔོན་ཉིད་དཔལ་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་པ་དང༌། མདུན་གྱི་བླ་རྡོ་ཚོམ་བུ་དང་བཅས་པ་དབྱེར་མེད་པའི་དུར་ཁྲོད་རོལ་པའི་ནས། གདན་གྱི་སྟེང་དུ་དཔལ་རྡོ་རྗེ་ནག་པོ་ནས། རྔམ་ཞིང་འཁྲུགས་པར་གོང་ལྟར་བརྗོད། དེ་ཐམས་ཅད་ཀྱང་སྐུ་གཟི་བརྗིད་ཕུན་སུམ་ཚོགས་ཤིང་བརྗིད་ལ་གར་དགུའི་ཉམས་དང་ལྡན་པ། གསུང་ཧཱུྃ་དང་བྷྱོཿཀྵིཾ་གི་སྒྲ་གྲགས་སྟོང་སྐྱེ་བ་མེད་པ་འབྲུག་སྒྲ་སྟོང་ལྟར་སྒྲོགས་པ། ཐུགས་འོད་གསལ་རྣམ་པར་མི་རྟོག་པའི་ངང་ནས་བསྟན་པ་སྲུང་ཞིང་དགྲ་བགེགས་སྒྲོལ་བའི་དྲག་ཤུལ་ཅན། རྣལ་འབྱོར་སྒྲུབ་པ་པོའི་ལས་ལ་བརྩོན་པས་མངོན་སུམ་དུ་མདུན་གྱི་གནས་འདི་ཉིད་ན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ཚིག་དང༌། ཕྲིན་ལས་དང༌། རྟེན་འབྲེལ་གྱི་དབང་གིས་བཞུགས་པ་ཡིན་སྙམ་པའི་ངེས་ཤེས་ཁྱད་པར་ཅན་མཛོད་ཅིག དེ་ནས་ཁྱེད་རང་གིས་སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པས། སློབ་དཔོན་ཀྱེ་རྡོ་རྗེར་གསལ་བའི་ཐུགས་ཀ་ནས་འོད་ཟེར་རབ་ཏུ་འབར་བ་བྱུང་བས་མདུན་གྱི་ཆོས་སྐྱོང་འཁོར་བཅས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བསྐུལ་ཏེ། དེའི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་སྒྲ་དང་བཅས་པ་ཞིག་བྱུང༌། ཤངས་བུག་ནས་
ཐོན་ཏེ་ཁྱེད་རང་གི་ལུས་ལ་གཡས་བསྐོར་དུ་ལན་གསུམ་བསྐོར་ནས་ཁ་ནས་ཞུགས། སྙིང་གར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གནས་པའི་འོད་ཟེར་གྱིས་ལུས་ཐམས་ཅད་གང་བས་ལས་དང་ཉོན་མོངས་པ་ཐམས་ཅད་དང༌། དེ་ལས་བྱུང་བའི་རྣམ་སྨིན་གྱི་ཕུང་པོ། ཡེ་ཤེས་ཀྱི་མེས་བསྲེགས་ཏེ་དག་པར་བྱས། ཧཱུྃ་དེའང་ཞབས་ཀྱུ་ཁོག་པ་ལ་ཐིམ། དེ་མགོ་བོ་ལ་ཐིམ། དེ་ཟླ་ཚེས་ལ་ཐིམ། དེ་ཐིག་ལེ་ལ་ཐིམ། དེ་ནཱ་ད་ལ་ཐིམ། དེའང་ནམ་མཁའ་ལ་འཇའ་ཡལ་བའམ། མེ་ལོང་ལ་ཧས་བཏབ་པ་བཞིན་ཡལ་བར་མོས་ནས་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་ཞོག་མཛོད། སྟོང་ཉིད་དེའི་ངང་ལས་ཁྱེད་རང་གང་དུ་གནས་པའི་སར་ཆུ་ལས་ཆུ་བུར་རྡོལ་བའི་ཚུལ་དུ་དུར་ཁྲོད་ཀྱི་ས་གཞི་ལ་པད་ཉི་དགྲ་བགེགས་ཀྱི་གདན་གྱི་སྟེང་དུ་ཁྱེད་རང་གི་སེམས་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཧཱུྃ་ཡིག་ཏུ་གྱུར། དེ་ལས་འོད་ཟེར་ཚ་ཞིང་རྩུབ་པ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཧཱུྃ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྡོ་རྗེ་ནག་པོ་ཆེན་པོ་ཞིང་སྐྱོང་གཟི་ལྡན་དབང་ཕྱུག་བྲམ་ཟེའི་སོགས་ནས། ཤིན་ཏུ་རྔམ་ཞིང་འཁྲུགས་པ་བར་གོང་བཞིན་དང༌། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར་པའི་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་བསྒྲུབ་པའོ། །རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་གནང་གསུམ་ལས། དང་པོ་ནི། སློབ་དཔོན་ལྷར་གསལ་བ་ལ་སྐུའི་རྗེས་གནང་ཞུ་བའི་ཕྱིར་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེས་བདག་ལ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་འཁོར་དང་བཅས་པའི་སྐུའི་རྗེས་སུ་གནང་བ་སྩལ་དུ་གསོལ། དེ་ནས་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལས་ཀྱེ་རྡོ་རྗེ་དངོས་ཡིན་སྙམ་དུ་མོས་གུས་ཁྱད་པར་ཅན་བྱས་པའི་
རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་ཉི་མ་འབུམ་གྱི་གཟི་བརྗིད་དང་ལྡན་པ་འཕྲོས། མདུན་གྱི་སྟོབས་འཕྲོག་དབང་པོ་འཁོར་བཅས་ཀྱི་ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་འོད་ཟེར་འཕྲོས་པས་གངས་ཏི་སེ། ཤར་ལྷོ་བསིལ་པ་ཚལ་གྱི་དུར་ཁྲོད། སིངྒ་ལའི་གླིང༌། རི་བོ་པོ་ཏ་ལ། བྱང་ཤར་ཧ་ཧ་དགོད་པའི་དུར་ཁྲོད། དེ་ཝཱི་ཀོ་ཊའི་རི་སུལ། ཙཱ་རི་ཏྲ་སོགས་ཡུལ་སུམ་ཅུ་རྩ་གཉིས། གནས་ཉི་ཤུ་རྩ་བཞི། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་ཆོས་སྐྱོང་གར་བཞུགས་ཀྱི་གནས་རྣམས་དང༌། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྟོབས་འཕྲོག་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་བཤན་པ་དྲུག་སོགས་འཁོར་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པའི་སྐུ་ཆེ་བ་རི་རབ་ཙམ་ནས་ཆུང་བ་ནས་འབྲུ་ཙམ་གྱི་བར་དཔག་ཏུ་མེད་པ་རྔམ་བརྗིད་དྲག་ཤུལ་དང་ལྡན་པ། གསུང་ཧཱུྃ་དང་ཕཊ་དང་ཀྵིཾ་གི་ང་རོ་འབྲུག་ལྟར་སྒྲོགས་པ། ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་གང་བ། མེ་དཔུང་འབར་ཞིང་འཁྲུགས་པ་དང་བཅས་ཏེ་བྱོན་ནས། ཁྱེད་རང་སྟོབས་འཕྲོག་ནག་པོ་ཆེན་པོར་གསལ་བའི་ལུས་ཀྱི་སྨིན་མཚམས་དང༌། བ་སྤུའི་བུ་ག་རྣམས་ནས་སིབ་སིབ་ཐིམ་པའི་མོས་པ་མཛོད་ཅིག ཅེས་དང༌། ཨོཾ་དེ་བ་པི་ཙུ་བཛྲ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ། བི་ཀཱ་ལ་རཱ་ཏྲྀ་ཏ་ཧཱུྃ་ཕཊ། ཨཱ་ཝེ་ཤ་ཡ་ཨ་ཨ་ཨ། ཞེས་བཟླ་ཞིང་སྤོས་རོལ་བྱ། དེ་ལྟར་བྱས་པས་སྟོབས་འཕྲོག་ནག་པོ་ཆེན་པོའི་སྐུའི་རྗེས་སུ་གནང་བ་ཐོབ་ཅིང༌། སྐུའི་བྱིན་རླབས་ཐམས་ཅད་ཞུགས། མཐོང་བ་ཙམ་གྱིས་གདུག་པ་ཅན་རྣམས་ཚར་གཅོད་ནུས་པ་ནག་པོ་ཆེན་པོའི་སྐུ་དང་རང་གི་ལུས་དབྱེར་མེད་དུ་བྱིན་གྱིས་བརླབས་པར་གྱུར་པ་ཡིན་སྙམ་པར་མཛོད་ཅིག དེ་ནི་སྐུའི་རྗེས་སུ་གནང་བའོ། །གཉིས་པ་གསུང་གི་རྗེས་སུ་གནང་བ་ཞུ་བའི་སོགས་ནས། ནག་པོ་བྲམ་ཟེའི་གཟུགས་ཅན་གྱི་གསུང་གི་རྗེས་སུ་གནང་བ་སྩལ་དུ་གསོལ། དེ་ནས་སློབ་དཔོན་ལ་སོགས་ནས་འོད་ཟེར་འཕྲོས་པས་མདུན་བསྐྱེད་ཀྱི་ཐུགས་ཀ་དང་རང་བཞིན་གྱི་གནས་རྣམས་ནས། སྟོབས་འཕྲོག་དབང་པོའི་གསུང་གི་ངོ་བོ་རྩ་སྔགས་དང༌། སྙིང་པོ་དང༌། ཉེ་སྙིང་
སོགས་དང༌། གཞན་ཡང་འབྲུ་གསུམ་དང༌། ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཡིག་འབྲུའི་ཚོགས་མེ་འོད་འཕྲོ་བ་རང་སྒྲ་དྲག་པོ་འབྲུག་ལྟར་སྒྲོགས་པ་དཔག་ཏུ་མེད་པ་ཆར་བབས་པ་བཞིན་བྱུང་བ་ཁྱེད་རང་ཆོས་སྐྱོང་དུ་གསལ་བའི་ལུས་ལ་སིབ་སིབ་ཐིམ་པའི་མོས་པ་མཛོད། ཅེས་དང༌། སྔགས་གོང་ལྟར་བཟླ་ཞིང་སྤོས་རོལ་བྱ། དེ་ནས་བཟླས་ལུང་གི་སླད་དུ་སློབ་དཔོན་གྱི་ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་གི་མཐའ་མར་མགོན་པོའི་སྔགས་ཀྱིས་བསྐོར་བ་འོད་འབར་ཞིང་གསལ་བ་དང༌། ཁྱེད་རང་གི་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་ཡིག་འོད་འཕྲོ་བ་ཞིག་བསྒོམས་ནས་སློབ་དཔོན་ལ་མོས་གུས་དྲག་པོ་བྱས་པས་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཆད། ཞལ་ནས་ཐོན། ཁྱེད་རང་གི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་འཁོད་པར་མོས་ལ་སྔགས་འདིའི་རྗེས་ཟློས་ལན་གསུམ་བརྗོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཁྱེད་རང་གིས་ཕུལ་བའི་མེ་ཏོག་དེ་ཉིད་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་སྤྱི་གཙུག་ཏུ་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད་ཅིག ཅེས་བརྗོད་ལ་སྔགས་བཟླ་ཞིང་ཕུས་བཏབ་པའི་མེ་ཏོག་སློབ་མའི་སྤྱི་བོར་འཐོར་ཏེ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་བྲམ་ཟེའི་གཟུགས་ཅན་འཁོར་དང་བཅས་པའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། རིག་སྔགས་ཀྱི་ནུས་པ་ཐམས་ཅད་རིག་པ་འཛིན་པ་འདིའི་རྒྱུད་ལ་འཇུག་པར་གྱུར་ཅིག དེ་ལྟར་བྱས་པས་སྟོབས་འཕྲོག་ནག་པོ་ཆེན་པོའི་གསུང་གི་རྗེས་སུ་གནང་བ་ཐོབ་ཅིང༌། གསུང་གི་བྱིན་རླབས་ཐམས་ཅད་ཞུགས། གསུང་བསྒྲགས་པ་ཙམ་གྱིས་གདུག་པ་ཅན་རྣམས་ཚར་གཅོད་ནུས་པ་ནག་པོ་ཆེན་པོའི་གསུང་དང་རང་གི་ངག་དབྱེར་མེད་དུ་བྱིན་གྱིས་བརླབས་
པར་གྱུར་པ་ཡིན་སྙམ་པ་མཛོད་ཅིག དེ་ནི་གསུང་གི་རྗེས་སུ་གནང་བའོ། །གསུམ་པ་ཐུགས་ཀྱི་རྗེས་སུ་གནང་བ་ཞུ་བའི་སོགས་ནས་འོད་ཟེར་འཕྲོས་པས་བར་གོང་ལྟར་ལ་ཐུགས་ཀྱི་ཞེས་བསྒྱུར། མདུན་བསྐྱེད་ཀྱི་ཐུགས་ཀ་དང༌། རང་བཞིན་གྱི་གནས་རྣམས་ནས་དཔལ་ལྡན་སྟོབས་འཕྲོག་དབང་པོའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ཕྱག་མཚན་རལ་གྲི་དང༌། ཐོད་ཁྲག རྩེ་གསུམ། རུས་ཕྲེང༌། བདུད་རྩིས་གང་བའི་བུམ་པ་ལ་སོགས་པའི་ཕྱག་མཚན་དཔག་ཏུ་མེད་པ་མེ་འོད་འབར་བ་དང་བཅས་པ་ནམ་མཁའི་ཁམས་གང་བ་སྤྲིན་ཕུང་འཐིབས་པ་ལྟར་བྱོན་ནས་ལུས་ཀྱི་ཐད་ཀར་སླེབ་པ་དང༌། འོད་དུ་ལྟེམ་གྱིས་ཞུ་ནས་སྙིང་གའི་ཧཱུྃ་ཡིག་ལ་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་མོས་པ་མཛོད། ཅེས་དང༌། སྔགས་བཟླ་ཞིང་སྤོས་རོལ་བྱ། དེ་ལྟར་བྱས་པས་སྟོབས་འཕྲོག་ནག་པོ་ཆེན་པོའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་ཅིང༌། ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཞུགས། ཡིད་ལ་དྲན་པ་ཙམ་གྱིས་གདུག་པ་ཅན་རྣམས་ཚར་གཅོད་ནུས་པ་ནག་པོ་ཆེན་པོའི་ཐུགས་དང་རང་གི་ཡིད་དབྱེར་མེད་དུ་བྱིན་གྱིས་བརླབས་པར་གྱུར་པ་ཡིན་སྙམ་པ་མཛོད་ཅིག དེ་ནི་ཐུགས་ཀྱི་རྗེས་སུ་གནང་བའོ། །དེ་ནས་ཕྲིན་ལས་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་ཐོགས་ཏེ། མདུན་གྱི་དུར་ཁྲོད་རོལ་པའི་དབུས་ན་བཞུགས་པའི་སྟོབས་འཕྲོག་ནག་པོ་ཆེན་པོ་འཁོར་དང་བཅས་པ་སློབ་མའི་སྤྱི་བོར་བྱོན་པའི་སྟེང་གི་ཆར་རྩ་བརྒྱུད་ཀྱི་བླ་མ་རྣམས་ཐོ་བརྩེགས་ཀྱི་ཚུལ་དུ་བཞུགས་པ་ལ། སློབ་དཔོན་གྱིས་ལག་ཏུ་རྡོ་རྗེ་ཐོགས་ནས་ཆོས་སྐྱོང་གི་ཐུགས་ཀར་བཞག་ཅིང་བཀའ་བསྒོས་པ་ལྟར། བརྒྱུད་པའི་བླ་མ་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་བཀའ་བསྒོས་པའི་མོས་པ་མཛོད། རྩ་སྔགས་ཀྱི་མཇུག་ཏུ། ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ་སོགས་གོང་ལྟར་
བརྗོད་ནས། མཁན་ཆེན་ངག་དབང་ཆོས་གྲགས་ནས་བདག་གི་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བར་གྱི་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་དེ་རྣམས་ཀྱི་བཀའ་དང་དམ་ཚིག་དང༌། བདག་གིས་གསོལ་བ་བཏབ་པ་བཞིན་དུ་ལྷ་ཆེན་ནག་པོ་བྲམ་ཟེའི་གཟུགས་ཅན། འཁོར་བཤན་པ་དྲུག་གི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། དམ་ཆོས་མི་ནུབ་པའི་རྒྱལ་མཚན་ཚུགས། ཁྱད་པར་དུ་རྡོ་རྗེ་སློབ་མ་རིག་པ་འཛིན་པ་འདི་ཉིད་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ལས་བཞིའི་ཕྲིན་ལས་མཐའ་དག་འབད་མེད་དུ་བསྒྲུབས་ནས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲུང་བ་དང༌། སྐྱོབ་པ་དང༌། སྦ་བའི་ཕྲིན་ལས་མཛོད་ཅིག ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས་རྩ་བརྒྱུད་ཀྱི་བླ་མ་རྣམས་རིམ་བཞིན་འོད་དུ་ཞུ་ནས་ཆོས་སྐྱོང་འཁོར་བཅས་ལ་ཐིམ། དེ་འོད་དུ་ཞུ་ནས་ཁྱེད་རང་གི་སྤྱི་བོ་ནས་རྡོ་ཚན་ལ་ཁ་བ་བབས་པའམ། བྱེ་མ་ལ་ཆུ་ཐིམ་པ་ལྟར་སིབ་སིབ་ཐིམ་པས་ལུས་ཐམས་ཅད་འོད་ཟེར་དང་བདུད་རྩི་སྔོན་པོ་བདེ་བ་ཆེན་པོའི་རང་བཞིན་གྱིས་ཁྲིགས་མེར་གྱིས་གང་ནས། ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་གྱུར་བའི་མོས་པ་མཛོད་ཅིག ཅེས་བརྗོད། དེ་ནས་ཡོན་ཏན་སྒྲུབ་པའི་ལུང་སྦྱིན་པ་ནི། འདི་ལྟ་བུའི་རྗེས་སུ་གནང་བ་ཐོབ་ནས་ཆོས་སྐྱོང་འདིར་དུས་གཏོར་མ་ཆག་པ་དང༌། སྣོད་ལྡན་ལ་དམ་དུ་གདམས་ཤིང༌། སྣོད་མིན་ལ་གསང་བ་དང༌། ཁྱད་པར་འདི་དམ་ཚིག་གི་མགོན་པོ་ཡིན་པས་སྤྱི་དང་ཁྱད་པར་གྱི་དམ་ཚིག་མིག་འབྲས་ལྟར་བསྲུང་བ་དང༌། གཞན་བྱ་ནག ཁྱི་ནག མི་ནག་ལ་མི་སྡང་བ་རྣམས་ཚུལ་བཞིན་བསྲུང་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་ཇི་ལྟར་སོགས་རྗེས་གནང་དང་སྒྲུབ་ཐབས་ཀྱི་མཇུག་ཆོག་
རྣམས་སྤྱི་ལྟར་བྱའོ། །ཞེས་བྲམ་ནག་བཤན་པ་དྲུག་བསྐོར་གྱི་རྗེས་གནང་བདུད་དཔུང་མཐར་བྱེད་ཅེས་བྱ་བ་འདིའང་དབང་རབ་པའི་ཟིན་བྲིས་དང༌། ཚར་ཆེན་རིན་པོ་ཆེའི་རྗེས་གནང་གི་ཆོ་ག་དངོས་གྲུབ་རྒྱ་མཚོ་བཞིན་བློ་གཏེར་དབང་པོས་བྲིས་པའི་དགེ་བས་ལམ་གྱི་བར་ཆད་ཐམས་ཅད་ཞི་ཞིང༌། ལས་བཞིའི་འཕྲིན་ལས་ཐོགས་མེད་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །།མངྒལཾ།། །།
དཔལ་མགོན་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་གཏོར་ཆོག་སྐོང་བ་རྗེས་གནང་དང་བཅས་པ།
དཔལ་མགོན་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་གཏོར་ཆོག་སྐོང་བ་རྗེས་གནང་དང་བཅས་པ་བཞུགས་སོ།།
སྭ་སྟི། བླ་མ་དང་དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདིར་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་ལ་གཏོར་མ་འབུལ་བར་འདོད་པས། གནས་ཁང་བླ་བྲེ་དང་ཡོལ་བ་ལ་སོགས་པས་བརྒྱན། ཆོས་སྐྱོང་གི་བྲིས་སྐུ་ཡོད་ན་བཀྲམ་པའི་མདུན་དུ་སྟེགས་བུ་ཇི་ལྟར་རིགས་པ་ལ་རས་ལ་སོགས་པས་བཀབ་པའི་སྟེང་དུ་འབྲུ་སྣ་ཚོགས་གཅལ་དུ་དགྲམ། དེའི་སྟེང་དུ་ཡི་དམ་དང་མགོན་པོའི་གཏོར་མ་ཟུར་གསུམ་ཆེ་བ། དེའི་གཡོན་དུ་ཅུང་ཟད་ཆུང་བ། དེ་དག་གི་མདུན་དུ་དེ་བས་ཆུང་བ། དེའི་གཡོན་དུ་ཅུང་ཆུང་བ་རྣམས་གནམ་ལྕགས་ཀྱི་ཕུར་བུ་ལྟ་བུ་མཐེབ་ཀྱུས་བསྐོར་བ་ལ་རྒྱན་ཅི་མཛེས་བྱས་པ་དང༌། འཇིག་རྟེན་པའི་གཏོར་མ་སོགས་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཤམ། དེའི་མདུན་དུ་ཆུ་གཉིས་ཉེར་སྤྱོད་དང༌། རྣལ་འབྱོར་པ་རྣམས་ཀྱི་མདུན་དུ་རྡོར་དྲིལ་ནང་མཆོད་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་མ་ཚང་བ་མེད་པར་བཤམས་ལ། ལྷའི་རྣལ་འབྱོར་གང་ཡང་རུང་བའམ། མཆོག་ཏུ་ཤིས་པ་ཕྱག་ན་རྡོ་རྗེ་གཏུམ་པོའི་རྣལ་འབྱོར་སྔོན་དུ་འགྲོ་བས། གཏོར་མ་ནང་མཆོད་ཆུ་ཆང་གིས་སྦྱངས་ལ། རྡོ་རྗེའི་རྩེས་ནང་མཆོད་ནས་གཏོར་ཏེ། ཡི་དམ་གང་བྱེད་ཀྱི་གཏོར་མ་བདུད་རྩི་ལྟར་བྱིན་གྱིས་བརླབས་ནས་ཡི་དམ་ལ་ཕུལ། དེ་
ནས་ཨོཾ་ཨཱཿཧཱུྃ་ཧོཿ ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ས་གཞི། རྭ་བ། གུར། བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་གྲུ་གསུམ་དམར་ནག་ཁྱམས་ཁོར་ཡུག་སྒོ་དང་བཅས་ཤིང་མི་མགོའི་མདའ་ཡབ་ཀྱི་ཁ་ནས་རྒྱུ་མ་དོན་སྙིང་གི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། ཤིན་ཏུ་འཇིགས་པའི་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་དབུས་སུ་རྡོ་རྗེའི་བྲག་རྫོང་ཤིན་ཏུ་མཐོ་བའི་སྟེང་དུ་པྃ་ལས་པདྨ་དང༌། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་ལས་འོད་ཟེར་འཕྲོས། བསྟན་པ་ལ་སྡང་ཞིང་འགྲོ་བ་ཡོངས་ལ་འཚེ་བའི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་མ་ཧཱ་ཀཱ་ལ་སྐུ་མདོག་ཆར་སྤྲིན་ལྟར་ནག་པ། ཞལ་གཅིག་ཕྱག་གཉིས་པ་བེར་ནག་པོ་དགུ་བརྩེགས་ཏེ་གསོལ་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་རྣམ་པར་འགྱུར་བ། ཧཱུྃ་ཕཊ་ཀྱི་སྒྲ་སྒྲོགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་བགྲད་པས་ཁྲོ་གཉེར་རབ་ཏུ་བསྡུས་པ། དབུ་སྐྲ་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། རློན་པ་ཁྲག་འཛག་པ་ལྔ་
བཅུའི་དོ་ཤལ་ཅན། སྐེད་ཆིངས་ལ་རིན་པོ་ཆེ་དུ་མས་སྤྲས་ཤིང་འཕྱང་འཕྲུལ་དང༌། སྦྲུལ་ནག་པོ་ལྟོ་སེར་གྱི་ཆུན་པོ་དང༌། སག་ཏིའི་ལྷྭམ་གསོལ་བས་སྟག་ཆེན་རྔམས་པ་ལ་ཆིབས་ཤིང་རོལ་དུ་སེང་གེ་དཀར་པོ་རྒྱན་ལྡན་འདུར་ཞིང་ཁྲིད་པ། ཕྱག་གཡས་པས་ཙནྡན་གྱི་བིང་ཆེན་རིན་པོ་ཆེས་སྤྲས་པས་ཀླད་ལ་འཕྱར་བས་ལྷའི་དམག་གི་དཔུང་ཚོགས་རྣམས་གཡོ་ཞིང་འགྱེད་པ། གཡོན་པས་ལྕགས་ཀྱི་པར་བུ་ཐུགས་ཀར་འཛིན་པ། སྒེག་པ་ལ་སོགས་པ་གར་དགུས་བསྒྱིངས་ནས་བཞུགས་པའི་སྟེང་ན་ལྕགས་ཀྱི་བྱ་ཁྲ་འཕུར་ལྡིང་བཤུག་པའི་སྒྲ་འབྱིན་པ། ཅེ་སྤྱང་འདུར་ཞིང་ཁྲག་རྗེས་གཅོད་པ། འཇིགས་པའི་སྤྱང་ཀི་དང་ཁྱི་ནག་རྔམས་ཞིང་རྒྱུག་པ་ཤུལ་ནས་འབྲང་བ། སྤྲུལ་པའི་དམག་དཔུང་ཕྱོགས་བཅུར་གཡོ་ཞིང་དགྲ་བགེགས་ཚར་གཅོད་པའི་ཚུལ་དུ་བཞུགས་པ། དེའི་མདུན་དུ་རླུང་ནག་འཚུབས་མ་དང་ཁྲག་ཞག་གི་རྒྱ་མཚོ་རྦ་རླབས་གཡོ་བའི་སྟེང་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་པས་ཁྲམ་ཤིང་དང་གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན་པ། མཆན་ཁུང་ན་ནད་ཀྱི་རྐྱལ་པ་ཐོགས་པ། མི་མགོ་སྐམ་པོ་ལྔའི་དབུ་རྒྱན་དང༌། སྦྲུལ་གྱི་ག་ཤ་ཅན། སྤྱི་བོར་རྨ་བྱའི་མདོངས་ཀྱིས་མཛེས་པ། སྤྱན་གསུམ་དང་ལྡན་ཞིང་མཆེ་བ་གཙིགས་པ། སྙན་གཡས་པ་ལ་སེང་གེ་དང༌། གཡོན་པ་ལ་དུག་སྦྲུལ་གྱིས་བརྒྱན་པ། ཞིང་ཆེན་གྱི་གཡང་གཞིས་སྟོད་གཡོགས་ཤིང་རེ་ལྡེ་ཁྲ་བོ་དང༌། སྟག་གི་པགས་པས་སྨད་གཡོགས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པས་དྲེའུ་དམར་པོ་ལ་ཆིབས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་ཤིང་རྐང་སིལ་གྱི་སྒྲ་དང་བཅས་པ་སྣང་སྲིད་ཀྱི་མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར་བའོ། །དེའི་མདུན་དུ་སྐུའི་མོན་པ་ནག་པོ་གཡས་པས་ཏྲི་ཤཱུ་ལའི་རྩེ་མོ་ལ་མི་རོ་དམར་པོའི་རྒྱལ་མཚན་འཕྱར་ཞིང༌། གཡོན་པས་དར་ནག་གི་རུ་མཚོན་འཕྱར་བས་དམག་སྣ་འདྲེན་ཞིང་དགྲ་བོའི་སྡེ་འཇིགས་པར་བྱེད་པ། གཡས་སུ་ཐུགས་ཀྱི་མོན་པ་སྔོ་ནག་
གཡས་ཀྱི་སྤུ་གྲིས་གཏུབས་ཤིང༌། གཡོན་པས་ཙིཏྟ་ཕྱུང་སྟེ་གཙོ་བོ་ལ་སྟོབ་པས་དམ་ཉམས་པའི་སྙིང་རྩ་འབྱིན་པར་བྱེད་པ། གཡོན་དུ་གསུང་གི་མོན་པ་དམར་ནག་གཡས་ཀྱི་ཞགས་པས་དགྲ་བགེགས་གནོད་བྱེད་ཀྱི་མགུལ་ནས་བཅིངས་ཏེ་འཁྲིད་པ། གཡོན་པས་མ་ཧེའི་རྭ་དུང་འབུད་པས་དམག་གི་ཚོགས་བསྡུས་ཏེ་དགྲ་བགེགས་ཀྱི་དཔུང་འཇོམས་པར་བྱེད་པ། རྒྱབ་«་་་་་ཁ་སྐོང༌།» ཏུ་ནོར་བདག་ཛམ་བྷ་ལ་ནག་པོ་གཡས་ཐོད་ཁྲག་ཐུགས་ཀར་འཛིན་ཅིང༌། གཡོན་ནེའུ་བརླ་སྟེང་དུ་འཛིན་པ། དར་དང་སྦྲུལ་གྱིས་བརྒྱན་ཅིང་རྣ་བ་མ་ཕུག་པ་རིགས་ངན་གྱི་ཆ་ལུགས་ཅན། ཞབས་བརྐྱང་བསྐུམ་གྱིས་ནོར་བདག་སེར་པོ་གན་རྐྱལ་དུ་མནན་པ། དེ་རྣམས་ཀྱི་རྒྱབ་ན་བདུད་ཀྱི་མོན་པ་གྲི་ཐོགས་བདུན་རྔམ་ཞིང་བདུད་དམག་འབུམ་ཁྲིའི་དཔུང་གིས་བསྐོར་བས་དགྲ་བགེགས་རྡུལ་དུ་རློག་པ། མོན་མོ་«་་་་་ཁ་སྐོང༌།» ནག་མོ་བདུན་ལ་འཁོར་བུད་མེད་སྟོང་ཁམས་ཁེངས་པ། བྷྱོཿདང་ཛཿཡི་སྒྲ་སྒྲོགས་ཤིང་ཁྲག་ཐུན་གྱི་ཟོར་འཕེན་ཞིང་དགྲ་ལ་དལ་ཡམས་གཏོང་བ། དེའི་ལྕགས་མཁར་གྱི་ཕྱིའི་ཁྱམས་ལ་དགྲ་བགེགས་གསོད་གཅོད་ལ་བརྩོན་པས་བཅོལ་བའི་ལས་བྱེད་པ་ནི་བདུད་མགོན་ནག་པོ་སྤྱི་རིང་མི་སྡུག་པ་སྤུ་གྲི་དང་ཞགས་པ་ཐོགས་པ་རྟ་ནག་ལ་ཞོན་ཏེ་སྔ་ཤ་དང༌། ཕྱི་ཤ་ལ་བདུད་ཀྱི་ཁྲམ་ཤིང་དང་མི་རོ་བཀལ་ཏེ་རྒྱུག་པ། སྲོག་བདག་འོད་ལྷ་དཀར་པོ་བཞོན་པ་ལ་ཞོན་ཅིང་རྒྱལ་ཞུ་དང་དར་དཀར་གྱི་ལའུ་གྱོན་ནས་འཁོར་ལོ་དང་ཤཀྟི་ཐོགས་པ་དགྲ་བགེགས་ལ་བརྒྱབས་པས་ཚར་གཅོད་པ། ལྕགས་གཞུ་ནག་པོ་རལ་པ་ཅན་སོ་ཐམ་བྱེད་པ་ཏྲི་ཤཱུ་ལ་དང་ཐོད་ཁྲག་ཐོགས་པས་དགྲ་བགེགས་རྡུལ་དུ་རློག་པ། བཙན་«་་་་་ཁ་སྐོང༌།» མགོན་ཤུ་པོ་སྲོག་ལེན་མདོག་དམར་ནག་དར་དམར་གྱི་ཐོད་བཅིངས་པ་བེར་དམར་བསེ་ཁྲབ་གྱོན་པ། མདུང་དམར་ཁྲག་གི་བ་དན་ཅན་དང༌། བཙན་གྱི་ཞགས་པ་དམར་པོ་ཐོགས་པ། རྟ་དམར་ལ་ཞོན་པ། ཀླུ་མགོན་ནག་པོ་དུག་སྦྲུལ་གྱི་གདེངས་ཀ་ཅན་མཇུག་ཐོགས་དང་བཅས་པ་སྦྲུལ་ཞགས་དང་བཅས་པའི་རྒྱལ་མཚན་འཛིན་པ། མ་ཧེ་སྔོ་ནག་ལ་ཞོན་ཏེ་དགྲ་བགེགས་གཟིར་བ། གྱིང་
མགོན་རྡོ་རྗེ་ལེགས་པ་སྤྱང་ཀུ་ཞོན་ནས་ཟ་འོག་གི་བེར་དང་ཐོད་བཅིངས་པ། གཡས་པས་རྡོ་རྗེ་བྱ་ཁྲ། གཡོན་པས་རའི་སྙིང་འཛིན་པས་ལས་བྱེད་པ། མ་མགོན་རྡོ་རྗེ་སྡེར་ཆེན་ནག་པོ་རླུང་ནག་དང་མེ་དཔུང་གི་དབུས་ན་བེར་གྱོན་ཅིང་རལ་པ་གཅིག་ཏུ་འཕྱང་བ། ཁྲམ་ཤིང་དང་ནད་ཀྱི་རྐྱལ་པ་ཐོགས་པ། སྤྱང་ཀུ་དང་ཁྱི་ནག་ཟ་ཟ་འདྲ་བ་དང་འཆའ་འཆའ་འདྲ་བས་བསྐོར་བ། གཡན་མགོན་རཱ་ཧུ་ལ་མགོ་དགུ་བྱ་རོག་གི་མགོ་དང་བཅས་པ། དུད་ཀ་མིག་གིས་ཁེངས་པ། སྦྲུལ་མཇུག་འཁྱིལ་པ། མདའ་གཞུ་འཛིན་པས་དམ་ཉམས་ཀྱི་ཡུལ་དུ་སྐྱིན་ཐང་ཆུ་འཁྱགས་འབེབས་པ། གཞན་ཡང་ལས་མཁན་སྤྲུལ་པ་གཡས་གཡོན་གྱི་རུ་འདྲེན། གཤེགས་ཀྱི་སྣ་འདྲེན་བྱང་ཕྱོགས་ཀྱི་གནོད་སྦྱིན་བརྒྱད། སླད་ཀྱི་རྗེས་འབྲང་གཤིན་རྗེ་བརྒྱད་དང་བཅས་པ་འཇིག་རྟེན་གྱི་ཁམས་ཁེངས་པས་ཤིན་ཏུ་འཇིགས་པ་ཧཱུྃ་ཕཊ་ཕཻཾ་ཀྱི་སྒྲ་སྒྲོགས་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་དང་མ་ལ་ཡའི་གནས་མཆོག་ནས་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ གསུར་ཆེན་གྱི་སྤོས་སོགས་དང་རྡོ་རྗེ་དྲིལ་བུ་འཛིན་པས། སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །མགོན་པོ་སྟག་ཞོན་འཁོར་བཅས་རྣམས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲངས་ལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤབྡ་ཨཱཿཧཱུྃ། ཞེས་མཆོད་ནས་ཛཿཧཱུྃ་བཾ་ཧོཿ ཞེས་པས་བསྟིམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ་ས་མ་ཡ་སྨ་ར། ས་མ་ཡ་མཱ་ཏི་ཀྲ་མ། ས་མ་ཡ་རཀྵནྟུ། ཞེས་དམ་ལ་བཞག རྡོ་རྗེ་ཐལ་མོ་ཁ་ཕྱེ་སྟེ། «ཡེ་ཤེས་ལྷ་ཡི་མཚོན་པ་ལའང་འཇུག བཀྲ་ཤིས་པའི་ཚིག་སྟེ་སྔགས་ཀྱི་མགོ་འདྲེན།་་་་་»ཨོཾ་ཤྲཱི་«་་་་་དཔལ་ནག་པོ་ཆེན་པོ་་་་་་»མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛཿཛཿ«་་་་་ཞེས་རྐྱང་པའམ་བཟླས་པ་ཡིན།» དགྲ་བོ་མཱ་ར་ཡ་ཧཱུྃ་ཕཊ།«་་་་་བསད་པར་གྱིས།» ཏྲཀ་རཀྵ་«་་་་་སྲིན་པོ།» ཧ་ལ་«་་་་་དུག་གམ་སྲོག་འཕྲོག» ཛཿདགྲ་བོ་མཱ་ར«་་་་་བསད་པར་གྱིས།» ཡ་ཛཿཛཿ«་་་་་ཞེས་བཏགས་པ་ཡུམ་དང་སྒྲོལ་བའི།» དུ་ན་རུ་ཏྲ་རུ་ཐུམ་བྷ་
ཏི་ཛཿ«་་་་་དྲག་པོ།» ཤཱུ་ལ་རཱ་«་་་་་རྒྱལ་པོ།» ཛ་ཏྲི་ཤ་མ་ཛཿ ཡཾ་ཛཿ བཛྲ་«་་་་་རྡོ་རྗེ།» ཏྲི་སྣ་སཱ་«་་་་་ལེགས་པ།» དྷུ་ཁ་ཐུམ་ཏྲི་ས་མཱ་«་་་་་དམ་ཚིག་དགོངས་སམ་བབ་ལྟ་བུ།» ཛཿཛཿ དགྲ་བོ་མཱ་ར་«་་་་་སོད་ཅིག»་ཡ་ཧཱུྃ་ཕཊ།«་་་་་ཅེས་མཱ་ར་ཡ་རྣམས་བཏགས་པས་གཏོར་མ་འབུལ་དུས་ཀྱི་སྔགས་དཀྱུས་མ་འདི་ཡིན། མཆན།» ཞེས་པའི་མཐར་ཨི་དཾ་བ་ལིཾ་གྲྀཧྞ་«་་་་་གཏོར་མ་འདི་ཟུངས་ཟུངས་བཞེས་ཤིག་བཞེས་ཤིག»་གྲྀཧྞ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨི་དཾ་བ་ལིཾ་གྲྀཧྞ་པཱུ་«་་་་་གཏོར་མ་འདི་ཟུངས་གསོལ་ཞིག»་ཛ་ཧོཿ རཀྟ་པི་«་་་་་ཁྲག་གསོལ་ཞིག»་པ་ཧོཿ ས་མ་«་་་་་དམ་ཚིག་ལ།» ཡེ། སྭཱ་ཧཱ།«་་་་་གཞི་ཚུགས་སམ་གནས་ལྟ་བུ།» ཞེས་ལན་གསུམ་མམ་ལྔའམ་བདུན་གྱིས་ཕུལ། ཨོཾ་ཤྲཱི་སོགས་ནས་ཤབྡ་ཨཱཿཧཱུྃ་གི་བར་དང༌། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཏྲི་ཡཾ་སོགས་ཀྱི་རྗེས་སུ་ཨོཾ་ཨཱཿཧཱུྃ། དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་ཞལ་དུ་མཆོད་པ་དམ་པ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་སོགས་བརྗོད་ཅིང་ནང་མཆོད་ཕུལ། ཧཱུྃ། བརྗོད་མེད་སྤྲོས་བྲལ་མཁའ་དབྱིངས་དག་པ་ལས། །སྣ་ཚོགས་གཟུགས་སྐུ་འཇིགས་པའི་སྐུར་བཞེངས་པ། །ཆར་སྤྲིན་ནག་པོ་གཡོ་བའི་གཟི་བརྗིད་ཀྱིས། །སྲིད་གསུམ་ཟིལ་གྱིས་གནོན་ལ་ཕྱག་འཚལ་ལོ། །ཞལ་གདངས་མཆེ་གཙིགས་ཧ་ཧའི་གད་མོ་ཡིས། །དགྲ་བགེགས་བསྔངས་ཤིང་ས་གསུམ་གཡོ་བར་བྱེད། །སྤྱན་གསུམ་རབ་བགྲད་ཁྲོ་གཉེར་གཡོ་བ་ཡིས། །དམ་ཉམས་རེངས་པར་མཛད་ལ་ཕྱག་འཚལ་བསྟོད། །བེར་ཆེན་དགུ་གསོལ་དབུ་ལ་ཐོད་སྐམ་གསོལ། །མགོ་རློན་ལྔ་བཅུ་སྦྲུལ་ནག་ཆུན་པོས་བརྒྱན། །སག་ཏིའི་ལྷྭམ་དང་གསེར་སྐའི་སྐེད་བཅིངས་ཅན། །དབུ་སྐྲ་སྨར་སྨིན་འབར་བ་ཁྱོད་ལ་བསྟོད། །ཕྱག་གཡས་ཙནྡན་བེང་ཆེན་རབ་འཕྱར་བས། །ལྷ་དང་བདུད་ཀྱི་དཔུང་རྣམས་གཡོ་ཞིང་སྡུད། །གཡོན་པས་ལྕགས་ཀྱི་པར་བུ་ཐུགས་ཀར་འཛིན། །དཔའ་བོ་སྟག་ལ་ཆིབས་པ་ཁྱོད་ལ་བསྟོད། །སེང་གེ་རྒྱན་ལྡན་རོལ་དུ་ཁྲིད་ནས་ནི། །ལྕགས་སྤྱང་བྱ་ཁྲ་སྔོན་པོ་ལྡིང་ཞིང་འདུར། །སྤྲུལ་པའི་ཕོ་ཉ་མང་པོ་ཕྱོགས་བཅུར་འགྱེད། །དགྲ་བགེགས་རྩད་ནས་གཅོད་ལ་ཕྱག་འཚལ་ལོ། །དཔལ་ལྡན་ལྷ་མོ་མི་ཕམ་སྲིད་གསུམ་མ། །སྐུ་གསུང་ཐུགས་ཀྱི་མོན་པ་རྣམ་པ་
གསུམ། །ནོར་བདག་གནོད་སྦྱིན་བདུད་ནག་མོན་པ་བདུན། །བདུད་མགོན་སྤྱི་རིངས་སྲོག་བདག་འོད་ལྷ་དཀར། །ལྕགས་གཞུ་ནག་པོ་ཤུ་བོ་སྲོག་ལེན་དང༌། །ཀླུ་མགོན་རྡོ་རྗེ་ལེགས་པ་མ་མོའི་མགོན། །རཱ་«་་་་་གཟའ་»ཧུ་རཀྵ་«་་་་་སྲིན་པོ།» བཙན་བདུད་མོན་མོའི་ཚོགས། །གཡས་གཡོན་རུ་འདྲེན་མ་མོའི་ཚོགས་ལ་བསྟོད། །ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་སོགས་ནས། །བསྟན་པ་རྒྱས་པའི་ལས་འདི་མྱུར་དུ་སྒྲུབས། །ཞེས་པས་བསྟོད་དོ། །བཟླས་པ་ནི་རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། མདུན་གྱི་མགོན་པོ་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བས་ཕོ་ཉ་དང་མཚོན་ཆའི་ཚོགས་སུ་གྱུར། དགྲ་བགེགས་བཀུག་ནས་བསྒྲལ། ལུས་ངག་ཡིད་གསུམ་གྱི་ཡེ་ཤེས་དང༌། གོ་ཆ་སྲུང་བ་ལ་སོགས་པ་ཡིག་འབྲུའི་རྣམ་པར་བདག་ལ་བསྡུས། ལྷ་སྔགས་ནུས་པ་གཟི་བརྗིད་ཆེན་པོར་གྱུར་པར་བསམ་ཞིང༌། ཡི་དམ་གྱི་སྔགས་དང༌། མགོན་པོའི་སྔགས་ཅི་མང་བཟླའོ། །དེ་ནས་མཆོད་བསྟོད་གོང་ལྟར་བྱས་ལ་ཡིག་བརྒྱ་ལན་གསུམ་དང༌། མ་འབྱོར་པ་དང་ཉམས་པ་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟེན་བཞུགས་བྱ། མེད་ན་མི་དགོས། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད་སོགས་དང༌། བཛྲ་མུཿ ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གནས་གསུམ་བསྲུང་བ་སོགས་བྱའོ། །འདི་ནི་རང་གི་དྲན་གསོར་ཐར་རྩེར་སྦྱར་བའོ། ༈ །བླ་མ་དང་དཔལ་ནག་པོ་ཆེན་པོ་ལ་ཕྱག་འཚལ་ལོ། །དཔལ་རྡོ་རྗེ་ནག་པོ་ཆེན་པོ་སྟག་ཞོན་འཁོར་བཅས་ཀྱི་ཐུགས་དམ་སྐོང་བའི་ཆོ་ག་བྱེད་པར་འདོད་པས། རྟེན་བཤམས་ནས་འདིའི་དམ་རྫས་གཏོར་མའི་བར་པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་གཏོར་ཆོག་ལྟར་དང༌། སྐོང་གཏོར་གྲུ་གསུམ་ཆེ་བ། དེའི་མདུན་དུ་གྲུ་གསུམ་ཆུང་བ་གསུམ། དེ་རྣམས་ཀྱི་མཐར་མཐེབ་ཀྱུ་ཇི་ལྟར་རིགས་པས་བསྐོར་བ། སྨུག་རྩི་སོགས་ཀྱིས་བྱུགས་པ་གཏོར་གདུགས་སམ་བ་དན་སོགས་དང་མར་གྱི་ཕྱག་མཚན་མེ་རི་སོགས་ཅི་མཛེས་དང༌། ཁ་ཟས་བཟང་དགུ་ཅི་འབྱོར་གྱིས་བསྐོར། ཁ་
རླངས་སོགས་མ་ཕོག་པ་གལ་ཆེ། གཏོར་རྩམ་ཡང་ནས་རྗེན་བཏགས་ཀྱི་ཕྱེ་ལ། བདུད་རྩི་རིལ་བུ་ཕྱེ་མ་དང་སྨན་སྣ་གང་འཛོམས་བཏབ། ཕུད་མ་ཉམས་པ་དང་གཙང་སྦྲ་གལ་ཆེ། བསད་ཤ་མ་ཡིན་པ་ཁ་ན་མ་ཐོ་བ་མེད་པའི་ཤ་རྙེད་ན་དམར་རྒྱན་བྱ། བསད་ཤ་དང༌། རང་གི་ནོར་ཕྱུགས་ཤི་བའི་ཤ་ཁྲག་མི་འབུལ། གོད་ཁ་འགྲིམ་ཉེན་ཡོད་གསུངས། སྤྲོ་ན། དབང་ལྔའི་མེ་ཏོག་ལྕགས་ཀྱུ་ལྔ་སོགས་ཐུན་མོང་མ་ཡིན་པའི་མཆོད་པ་དང༌། དེ་མ་གྲུབ་ན་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སོགས་དང༌། རིན་པོ་ཆེ་དང༌། སྟག་གཟིག་པགས་པ་སོགས་དང༌། རྒྱན་དྲུག ཇ་བུ་རམ་ཀ་ར་གོ་མཚོན་སོགས་སྤྱན་གཟིགས་ཅི་ཙམ་འབྱོར་པ་བཀོད་པ་ལེགས་ཤིང་ཡིད་འཁུལ་ནུས་པ་བཤམ། རྣལ་འབྱོར་པ་རྣལ་འབྱོར་བླ་མེད་ཀྱི་དབང་དང་མགོན་པོ་འདིའི་རྗེས་གནང་སོགས་ཐོབ་ཅིང་དམ་ཚིག་གཙང་ལ་ཡི་དམ་ཆོས་སྐྱོང་གི་བསྙེན་སོང་སོགས་མཚན་ཉིད་ལྡན་པས། སྐྱབས་འགྲོ་ནས་བཟླས་པའི་བར་གཏོར་ཆོག་བཞིན་བྱ། འོན་ཀྱང་གུར་ཞལ་སོགས་ཀྱི་སྐོང་གསོ་དང་འབྲེལ་ཚེ་མཁའ་འགྲོ་སྤྱི་གཏོར་གྱི་གོང་དུ་འདིའི་གཏོར་བསྔོ་བྱེད། ཕྱོགས་སྐྱོང་ལས་གཤིན་སོགས་བྱེད་པ་ཡིན་ན། དེ་དག་གི་ཡང་གོང་དུ་བྱེད་དགོས་སོ། །གོང་ལྟར་བཟླས་པ་བཤགས་སོགས་གྲུབ་ནས་སམ། གུར་ཞལ་སོགས་ཀྱི་སྐོང་གསོ་བྱེད་ན་དེ་དག་གི་རྗེས་སམ། སྐབས་སུ་གང་བབ་དང་བསྟུན་ནོ། །སྐོང་རྫས་བྱིན་རླབས་ལས་འཇམ་པོའི་ཕྱོགས་ལ་གུར་གྱི་སྐོང་བ་ཧེ་རུ་ཀ་དཔལ་མའི་མགོ་ན་ཡོད་པའི་སྔགས་དྲུག་ཕྱག་དྲུག་སོགས་བྱ། ཡང་ན་འདི་བཞིན་བྱ་སྟེ། སྐོང་རྫས་རྣམས་ལ་དམིགས་ནས། རྡོ་རྗེའི་རྩེས་ནང་མཆོད་ནས་གཏོར་ཞིང༌། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཞེས་པས་བསང༌། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་དྲག་པོའི་གཞལ་ཡས་ཁང་མི་མགོ་སྐམ་པོའི་རྩིགས་པ་དང་རྒྱུ་མའི་དྲྭ་ཕྱེད་འཕྱང་བ། བསེ་སྨུག་པོའི་སྒོ་ཅན། སྟེང་དུ་ཞིང་ཆེན་གྱི་བླ་བྲེ་དང་མི་རོའི་རྒྱལ་མཚན་འཕྱར་བ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཨ་ལས་བྱུང་བའི་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བར། ཕྱི་ནང་
གསང་གསུམ་གྱི་དགྲ་བགེགས་བཀུག་ནས་བསྒྲལ་བའི་ཤ་ཁྲག་རུས་གསུམ་གྱི་གཏོར་མ་རི་དང་རྒྱ་མཚོར་མཉམ་པ། ཁྲག་གི་མཆོད་ཡོན། དབང་པོ་ལྔའི་མེ་ཏོག ཚིལ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། རྐང་གླིང་ཐོད་རྔ་ལ་སོགས་པ་རོལ་མོའི་བྱེ་བྲག གཞན་ཡང་ཧཱུྃ་མཐིང་ནག་རེ་རེ་ལས་བྱུང་བའི་བྱ་ནག རྟ་ནག གཡག་ནག ལུག་ནག ཁྱི་ནག མི་ནག་རྣམས་དབང་པོ་རྫོགས་ཤིང་རྒྱན་གྱིས་བརྒྱན་པ། སྟག་གཟིག་གོ་ཁྲབ་གོས་དར་ལ་སོགས་པ་ཕྱི་ནང་གི་དམ་རྫས་དངོས་སུ་འབྱོར་པ་དང༌། ཡིད་ཀྱིས་སྤྲུལ་པ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་ལ་སོགས་པ་དམ་ཅན་རྒྱ་མཚོའི་ཚོགས་མཉེས་པར་བྱེད་པའི་མཆོད་པའི་སྤྲིན་ཕུང་ནམ་མཁའི་ཁམས་གང་བར་གྱུར། ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿབཛྲ་སྥ་ར་ཎ་ཁཾ་སྭཱ་ཧཱ། ཞེས་པས་བྱིན་གྱིས་བརླབ། རྔ་སིལ་སོགས་རོལ་མོ་དབྱངས་དང་བཅས་པའམ་མེད་ཀྱང་རུང་སྟེ། ཧཱུྃ། ཕྱག་ན་རྡོ་རྗེ་གཏུམ་པོ་ནི། །རབ་ཁྲོས་མ་ཧཱ་ཀཱ་ལ་ཆེ། །མགོན་པོ་སྟག་ཞོན་འཁོར་བཅས་རྣམས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །སྙིགས་མ་ལྔ་བདོར་སྒྲུབ་དུས་སུ། །གསུངས་པའི་དམ་ཚིག་འདིར་དགོངས་ལ། །མགོན་པོ་སྟག་ཞོན་འཁོར་བཅས་གསོལ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །མགོན་པོ་སྟག་ཞོན་འཁོར་བཅས་གསོལ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ལི་ཡུལ་ལྕང་རྭར་ཨུ་རྒྱན་གྱི། །སྤྱན་སྔར་ཁས་བླངས་དམ་བཅས་བཞིན། །མགོན་པོ་སྟག་ཞོན་འཁོར་བཅས་རྣམས། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨཱ་ཀརྵ་ཡ་ཛཿ ཞེས་པས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ སྔར་བཞུགས་པ་རྣམས་ལ་བསྟིམ། མཚན་ཉིད་ལྡན་པའི་གཞལ་ཡས་དམ་པ་འདིར། །དམ་ཚིག་ཅན་གྱི་རྣལ་འབྱོར་བདག་ཅག་རྣམས། །དམ་རྫས་མཆོད་གཏོར་འདོད་ཡོན་སྣ་ཚོགས་ཀྱིས། །ཐུགས་དམ་བསྐང་ཕྱིར་བརྟན་པར་བཞུགས་སུ་གསོལ། །རོ་བཅུད་བརྒྱ་ལྡན་གསེར་སྐྱེམས་གཙང་མ་དང༌། །དགྲ་བགེགས་བསྒྲལ་བའི་
རཀྟའི་མཆོད་ཡོན་འདི། །དམ་ཅན་རྒྱ་མཚོ་འཁོར་དང་བཅས་རྣམས་ལ། །བྱོན་སྐྱེམས་དམ་པར་འབུལ་གྱི་དགེས་པར་རོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ཨཱ་ས་ན་ཏིཥྛནྟུ། ས་མ་ཡ་སྟྭཾ། པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་ནས་རོལ་མོ་བཞག་སྟེ། གཏོར་ཆོག་ལྟར་གཏོར་སྔགས་ལན་གསུམ་ལ་སོགས་པས་སྐོང་གཏོར་ཕུལ། སྐོང་བ་དངོས་ནི། དབྱངས་རོལ་དང་བཅས་པའམ་མེད་ཀྱང་རུང་སྟེ། ཧཱུྃ། བསྟན་སྲུང་རྒྱ་མཚོའི་ཚོགས་ལ་ཕྱི་ནང་གི། །མཆོད་གཏོར་མཐུན་པའི་དམ་རྫས་ལེགས་འབུལ་གྱི། །ཐུགས་དམ་དགོངས་ལ་བརྩེ་ཞིང་རབ་དགེས་པས། །ཟག་མེད་བདེ་བ་བསྐྱེད་ཕྱིར་བཞེས་སུ་གསོལ། །མཚན་ལྡན་ཐོད་པ་དཀར་པོ་ཡངས་པའི་ནང༌། །དམ་ཉམས་བསྒྲལ་བའི་ཤ་རུས་དོན་སྙིང་ལྔ། །འབྲུ་སྣ་སྒྲོན་མེ་ལྕགས་ཀྱུ་ཡེ་ཤེས་ལྔ། །བྱིན་བརླབས་བཞེད་དགུའི་གཏོར་མ་འདི་བཞེས་ཤིག །ཁྲག་གི་མཆོད་ཡོན་དབང་ལྔའི་མེ་ཏོག་དང༌། །ཚིལ་ཆེན་བདུག་སྤོས་ཞུན་ཆེན་སྒྲོན་མེ་སྦར། །ཁྲག་ཞག་མཁྲིས་ཆབ་དམར་ནག་བཤོས་བུ་དང༌། །རྐང་གླིང་ཐོད་རྔ་ལ་སོགས་རོལ་མོའི་ཚོགས། །སྙན་བརྗིད་འགྱིང་བའི་དབྱངས་ཀྱི་ང་རོ་སོགས། །སྟག་ཞོན་འཁོར་བཅས་དགེས་པར་བཞེས་སུ་གསོལ། །མེ་དཔུང་རྡོ་རྗེ་གུར་ཁང་ཡངས་པའི་ནང༌། །འཇིགས་རུང་དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས། །མི་མགོའི་རྩིགས་པ་ལྕང་ལོའི་ཁ་བད་ཅན། །རྒྱུ་མའི་དྲྭ་ཕྱེད་ཞིང་ལྤགས་བླ་རེ་བྲེས། །མི་རོའི་རྒྱལ་མཚན་གློ་སྙིང་འཕན་ཚར་འཕྱང༌། །ཀེང་རུས་ཐོག་ཕུབ་བསེ་ཡི་སྒོ་གླེགས་ལ། །གནམ་ལྕགས་གཟེར་བཏབ་ཁྲོ་ཆུའི་ར་བས་བསྐོར། །མེ་རླུང་འཁྲུགས་པ་དྲག་པོའི་གནས་ཁང་འདི། །ལེགས་ལྡན་སྟག་ཞོན་འཁོར་དང་བཅས་ལ་འབུལ། །རྟ་ནག་གཡག་ནག་ལུག་ནག་ཁྱི་ནག་དང༌། །མི་ནག་མཆུ་སྡེར་རབ་འཇིགས་བྱ་ཡི་ཚོགས། །དྲེའུ་དམར་ནག་བོང་བུ་གྭ་དམར་དང༌། །སེང་གེ་གླང་ཆེན་གཅན་གཟན་འཇིགས་པའི་ཚོགས། །ཡིད་བཞིན་ནོར་བུ་བུམ་བཟང་དཔག་བསམ་
ཤིང༌། །འདོད་འཇོའི་བ་དང་རྒྱལ་སྲིད་རིན་ཆེན་བདུན། །བཀྲ་ཤིས་རྫས་བརྒྱད་འདོད་ཡོན་རྣམ་པ་ལྔ། །རིན་ཆེན་ཚོགས་དང་དར་གོས་ཇ་སོགས་དང༌། །དྲི་བཟང་སྨན་སྣ་འབྲུ་སྣ་དཔག་མེད་དང༌། །གོ་ཆ་མཚོན་ཆ་གཅན་གཟན་པགས་པའི་ཚོགས། །རིན་ཆེན་རུས་པ་མི་མགོ་སྦྲུལ་རྒྱན་སོགས། །ཐུན་མོང་མཆོད་རྫས་ནམ་མཁའི་ཁམས་གང་བ། །ལེགས་ལྡན་སྟག་ཞོན་འཁོར་དང་བཅས་ལ་འབུལ། །ཁྱད་པར་རྟེན་རྫས་བིང་དང་ལྕགས་པར་སོགས། །གསང་རྫས་བསྙེན་སྒྲུབ་ལས་སྦྱོར་དམ་རྫས་སོགས། །དངོས་འབྱོར་ཡིད་སྤྲུལ་མཆོད་སྤྲིན་དཔག་མེད་རྣམས། །གུས་པས་འབུལ་ལོ་བརྩེ་བས་བཞེས་སུ་གསོལ། །དེ་ལྟར་རྨད་བྱུང་དམ་རྫས་ཕྱི་ནང་གིས། །ལེགས་ལྡན་སྟག་ཞོན་ལྕམ་དྲལ་ཐུགས་དམ་བསྐང༌། །སྐུ་གསུང་ཐུགས་ཀྱི་མགོན་པོའི༴ །ལས་ཀྱི་མགོན་པོ་བདུན་གྱི༴ །སྡེ་བརྒྱད་མགོན་པོ་གཙོ་འཁོར༴ །གནོད་སྦྱིན་བརྒྱད་དང་གཤིན་རྗེ་བརྒྱད་ལ་སོགས། །དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་ཞིང་ཉམས་ཆགས་སོས་གྱུར་ཅིག །བཤགས་པ་ནི། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དགོངས། །བདག་ཅག་ལས་དང་ཉོན་མོངས་དབང་གྱུར་པས། །སྤྱི་དང་ཁྱད་པར་དམ་ཚིག་ཉམས་པ་སོགས། །བསམ་སྦྱོར་ནོངས་པ་གང་མཆིས་མཐོལ་ལོ་བཤགས། །མ་དག་ཐ་མལ་འཛིན་པས་བསྒྲིབས་གྱུར་ཏེ། །རིམ་གཉིས་མ་བསྒྲུབས་བསྙེན་སྒྲུབ་གཡེལ་སོགས་དང༌། །མཆོད་གཏོར་ཆག་དང་མི་གཙང་ཕུད་ཉམས་སོགས། །གནོང་ཞིང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །དམིགས་མེད་ཐུགས་རྗེའི་ཀློང་དུ་བཟོད་པར་གསོལ། །སྡིག་སྒྲིབ་ཉེས་ལྟུང་དག་པར་བྱིན་གྱིས་རློབས། །ཕྲིན་ལས་བཅོལ་བ་ནི། ཁྱེད་ལ་ཕྲིན་ལས་གཉེར་དུ་བཅོལ་བ་ནི། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །རྒྱལ་བསྟན་སྤྱི་དང་ཁྱད་པར་རིང་ལུགས་འདི། །སྲིད་མཐའི་བར་དུ་མི་ཉམས་རྒྱས་པར་མཛོད། །འཇིག་རྟེན་
ཁམས་ཀུན་བདེ་ཞིང་ལོ་ཕྱུག་ལེགས། །ཆོས་སྲིད་དཔལ་འབྱོར་རྒྱས་པར་མཛད་དུ་གསོལ། །རྣལ་འབྱོར་བདག་ཅག་ཁྱེད་ལ་ལྟོས་བཅས་རྣམས། །ལུས་དང་གྲིབ་མ་ལྟར་འགྲོགས་སྟོང་གྲོགས་མཛོད། །ནད་གདོན་རིམས་དང་དགྲ་བགེགས་གནོད་པ་སོགས། །མི་མཐུན་བར་ཆད་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །མཐུན་རྐྱེན་ཚེ་དང་བསོད་ནམས་ཡེ་ཤེས་དང༌། །དཔལ་འབྱོར་འཁོར་དང་ལོངས་སྤྱོད་དབང་ཕྱུག་སོགས། །ལེགས་པའི་ཡོན་ཏན་མཐའ་དག་དབྱར་མཚོ་ལྟར། །གང་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། །གནས་འདིའི་ཟས་ནོར་ལོངས་སྤྱོད་འཁོར་སོགས་ལ། །དགྲ་རྐུན་འཇབ་བུས་ཁྱེར་ལ་ལྟས་ངན་ཐོང༌། །ཞི་བས་མི་འདུལ་གདུག་ཅན་དབྱིངས་སུ་སྒྲོལ། །ཉེས་པ་ཀུན་བྲལ་ལེགས་པའི་གཞི་ཐིངས་ལ། །བསམ་དོན་ཀུན་འགྲུབ་བསྟན་པ་འཛིན་པར་མཛོད། །མདོར་ན་ཞི་རྒྱས་དབང་དྲག་ཕྲིན་ལས་རྣམས། །གང་བཅོལ་ཐོགས་པ་མེད་པར་འགྲུབ་པ་དང༌། །ས་ལམ་བགྲོད་ནས་རྡོ་རྗེ་འཛིན་པའི་ས། །མྱུར་དུ་འགྲུབ་པའི་ཕྲིན་ལས་རྒྱ་ཆེར་མཛོད། །བཟློག་པ་ནི། ཧཱུྃ། ལྷ་ཆེན་དཔལ་འབར་མཐུ་མ་ཆུང༌། །སོགས་བརྗོད། བསྟོད་པ་ལ་རྔ་བརྡུང་བར་སྤྲོ་ན། གོང་གཏོར་བསྔོའི་སྐབས་སུ་མི་བྱེད་པར་འདིར་བྱའོ། །བསྟོད་པའི་ཚིག་ནི། ཧཱུྃ། བརྗོད་མེད་སྤྲོས་བྲལ་སོགས་གཏོར་ཆོག་ལྟར་རོ། །ཐུན་གཏོར་རམ། མགྱོགས་གཏོར་འབུལ་བར་སྤྲོ་ན། གོང་བཤམ་གྱི་སྐབས་སུ། ལྕགས་སྡེར་ལ་སོགས་པར་གཏོར་ཆུང་གྲུ་གསུམ་དམར་པོ་བཞི་བཤམས་ལ། སྐབས་འདིར། ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་རྣམས། །འདིར་གཤེགས་རྒྱན་གྱི་གཏོར་མ་སོགས་ཀྱིས་ཁང་སྟེང་ལ་སོགས་པ་གཙང་སར་འབུལ། དམིགས་པ་ནི་མགོན་པོའི་སྤྲུལ་པ་ཕོ་ཉ་ལས་མཁན་རྣམས་ཀྱིས་གཏོར་མ་བཞེས་ཤིང་དགྲ་བགེགས་ཚར་བཅད་པར་བསམས་ལ་རོལ་མོའམ་དྲིལ་གསིལ་བཅས་སྔགས་ཤུབ་བུར་བཟླའོ། །ཐུན་གཏོར་མ་བྱུང་ཡང་སྐྱོན་ཆེར་མེད། དེ་ལྟར་གཏོར་གཞི་གཅིག་ལ་ཡུན་རིང་དུ་མཆོད་གཏོར་འབུལ་ན་སྔ་མ་
རྣམས་ལ་གཏོར་མ་དངོས་གཞི་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབས་ནས་ཕུད་ནས་ཅུང་ཟད་འབུལ་ཞིང་ཡོངས་རྫོགས་འབུལ་བའི་དམིགས་པ་མི་བྱེད། ནུབ་རེ་བཞིན་མཐེབ་ཀྱུ་ཁ་གསོས་པ་རྣམས་འབུལ་བ་ཡིན་ལ། མཐེབ་ཀྱུ་ཡང་ལྔ་ཚར་སོགས་ཀྱི་གྲལ་གྱི་དམ་རྫས་གཏོར་མ་དང༌། སྐོང་གཏོར་གཉིས་ཆར་ལ་མཐེབ་ཀྱུ་བཞི་རེ་གསོ་བ་བྱུང་ན་ལེགས། དམིགས་བསལ་ནི་གཏོར་མ་དངོས་གཞི་ལ་ཆེ་ཆུང་བཞི་རེ་ཡོད་པ། མགོན་པོ་ལྕམ་དྲལ། ནང་གི་ལས་མཁན། ཕྱིའི་འཁོར་ཚོགས་སྤྱི་རྣམས་ལ་རེ་རེ་ཡིན་པར་སྣང་བས་སོ། །མཐེབ་ཀྱུ་རྣམས་ཀྱང་མ་རུལ་མ་འབག་ས་ལ་མ་ལྷུང་བ་སོགས་དགོས་སོ། །གཏོར་གཞི་སྤོད་པའམ་མཆོད་གཏོར་གྲོལ་བའི་ཚེ་གཏོར་མ་རྣམས་ཡོངས་རྫོགས་འབུལ་བའི་དམིགས་པ་བྱེད། སྤྲོ་ན། ཡི་དམ་གྱི་གཏོར་མ་མ་གཏོགས་ཁང་སྟེང་སོགས་སུ་སྤྱི་བསྟབ་ཀྱིས་དབུལ་ལོ། །མཚན་མོ་ཡིན་ན་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་དཔལ་འབར་དགོས་པར་བཤད། ཉིན་མོ་མི་དགོས་སོ། །རྗེས་ཀྱི་བྱ་བ་རྣམས་གཏོར་ཆོག་ལྟར་བྱའོ། །དེ་ལྟར་དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་བཅས་ཀྱི་ཐུགས་དམ་སྐོང་བའི་ཆོ་ག་ལག་ལེན་རབ་གསལ་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་འདི་ནི་དོན་དུ་གཉེར་བས་བསྐུལ་བའི་ངོར། འདིའི་ཡི་གེ་རྙིང་པ་མང་དུ་མཐོང་ཡང༌། ཚིག་གི་ཆ་བདེ་བ་དང་བྱིན་རླབས་ཆེ་ཁྱད་ས་ལོ་འཇམ་དབྱངས་ཆེན་པོའི་སྐོང་གསོ་ལ་གཙོ་བོར་བརྟེན་ཞིང༌། གཞན་ནས་ཀྱང་ལེགས་བཤད་ཀྱི་ཆ་ཅུང་ཟད་བླངས་ནས་ཤཱཀྱའི་དགེ་སློང་སངས་རྒྱས་ཕུན་ཚོགས་ཀྱིས་དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་མཚོན་དགེ་ཚོགས་མ་ལུས་བསྡོམས་པའི་མཐུས། །ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་བར། །ལུས་རྟེན་བླ་མ་ཆོས་སོགས་མཐུན་རྐྱེན་ཀུན། །བཀའ་སྲུང་རྣམས་ཀྱིས་འབད་མེད་འགྲུབ་པར་ཤོག །པཎ་ཆེན་ནམ་མཁའ་དཔལ་བཟང་གིས་མཛད་པའི་གཏོར་ཆོག་གི་ལྷན་ཐབས་ཡིན་ནོ།། །།མངྒ་ལཾ།།
སྟག་ཞོན་གྱི་རྗེས་གནང་གི་ཆོ་ག
༈ སྟག་ཞོན་གྱི་རྗེས་གནང་གི་ཆོ་ག་བཞུགས་སོ། །སྭ་སྟི། དཔལ་ལྡན་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་བཅས་ཀྱི་རྗེས་གནང་ལ་སྦྱོར་དངོས་རྗེས་གསུམ། དང་པོ་སྦྱོར་བ་ལ་སྟེགས་ཀྱི་སྟེང་དུ་ཚོམ་བུ་མཆོད་གཏོར་སོགས་དཀྱུས་ལྟར་བཤམ། སློབ་དཔོན་གྱིས་ཡི་དམ་གང་རུང་གི་བདག་བསྐྱེད་ནས་བཟླས་པའི་བར་གྲུབ་ནས། གཉིས་པ་དངོས་གཞི་ལ་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་གང་རུང་དུ་དབང་ཐོབ་པའི་སློབ་མ་བདུན་སོགས་ཁྲུས་བྱས་གྲལ་ལ་འཁོད་པ་ལ་མེ་ཏོག་བཀྱེ་བསྡུ་ཚར་ནས་སློབ་དཔོན་གྱིས། འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། གནས་སྐབས་སུ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་བྱང་ཆུབ་སྒྲུབ་པའི་ཆེད་དུ་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་རྗེས་སུ་གནང་བ་ཟབ་མོ་གསན་ལ་དོན་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་འཚལ། དེ་ལ་གསན་རྒྱུའི་རྗེས་སུ་གནང་བ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སྡུད་པ་ལས། རིན་ཆེན་ཆོས་ཀྱང་དཀོན་ལ་རྟག་ཏུ་འཚེ་བ་མང༌། །ཞེས་གསུངས་པའི་དོན་སྙིགས་མའི་དུས་འདིར་ཆོས་བྱེད་ཀྱི་གང་ཟག་ཤིན་ཏུ་དཀོན་ཞིང༌། རེ་རེ་ཙམ་བྱུང་བ་ཡང་ཕྱི་ནང་གི་བར་ཆད་ཤིན་ཏུ་མང་བས། དེའི་འགལ་རྐྱེན་སེལ་བར་བྱེད་པ་ལ་སྲུང་མ་རེ་བསྟེན་དགོས། དེ་ལ་ཡང་འཇིག་རྟེན་པའི་སྲུང་མ་དང༌། འཇིག་རྟེན་ལས་འདས་པའི་སྲུང་མ་གཉིས་ལས། དང་པོ་ནི། ཕོ་ལྷ་དང་མོ་ལྷ་དང་ཞང་ལྷ་ལ་སོགས་པ་བསྟེན་ཀྱང༌། ཚེ་འདིར་བར་ཆད་ཕྲ་མོ་ཙམ་སེལ་བ་དང༌། མཐུན་རྐྱེན་ཕྲན་ཚེགས་ཙམ་སྒྲུབ་ནུས་ཀྱང༌། མཐར་ཐུག་བྱང་ཆུབ་སྒྲུབ་པ་ལ་གེགས་བྱེད་པ་ཡིན་པས་སྙིང་རྗེའི་བསམ་པས་གཏོར་མ་རེ་སྟེར་བ་ཙམ་མ་གཏོགས། བསྟེན་ཅིང་སྲུང་སྐྱོབ་བྱེད་པའི་ལྷ་མ་ཡིན་ཏེ། སངས་རྒྱས་པ་རྣམས་ཀྱི་སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་ཡིན་ལགས། གཉིས་པ་འཇིག་རྟེན་ལས་འདས་པའི་སྲུང་མ་ལ་གཉིས་ཀྱི་དང་པོ་
ནི། སྟོན་པ་ཡང་དག་པར་རྫོགས་སངས་རྒྱས་ཀྱིས་དམ་པའི་ཆོས་གསུངས་པའི་ཚེ་རང་རང་གི་སྲོག་སྙིང་ཕུལ་ནས་བསྟན་པ་སྐྱོང་བར་ཞལ་གྱིས་བཞེས་པའི་དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པ་སྟེ། དེ་དག་བསྟན་པས་དོན་འགྲུབ་པར་བཤད་ཀྱང༌། གཉིས་པ་དེ་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེ་ཐེག་པ་ནས་བཤད་པའི་སྲུང་མ་རེ་བསྟན་དགོས་པ་ཡིན། དེ་ལ་ཡང་རྒྱུད་སྡེ་བཞི་ནས་གསུངས་པའི་སྲུང་མ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་རྣལ་འབྱོར་བླ་མེད་ཀྱི་ཕྱོགས་ཡིན། དེ་ལ་ཡང་རྣམ་གྲངས་དུ་མ་ཞིག་གསུངས་པ་ལས་འདིར་གཙོ་བོར་གྱུར་པ་ཕ་རྒྱུད་ཀྱི་ཁོངས་སུ་གཏོགས་པ་ཡིན། དེ་ལ་ཡང་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ལ་ཆོས་སྐྱོང་གཅིག་དགོས་པར་དགོངས་ནས་གདུལ་བྱ་དྲག་པོས་འདུལ་བར་མཁྱེན་ཏེ། ཕྱག་ན་རྡོ་རྗེ་གཏུམ་པོ་ཤིན་ཏུ་ཁྲོས་པའི་ཚུལ་མཛད། དེའི་ཐུགས་ཀ་ནས་ཡེ་ཤེས་མགོན་པོ་འདི་ཤིན་ཏུ་འཇིགས་པའི་སྐུར་སྤྲུལ་ཞིང༌། མཐུ་སྟོབས་ཆེ་ལ་གཉན་པས་ཡེ་ཤེས་མགོན་པོ་ལེགས་ལྡན་སྟག་ཞོན་ཞེས་གྲགས་སོ། །འདི་ལ་ཡང་ལུགས་སྲོལ་དུ་མ་ཞིག་བྱུང་བ་ལས་འདིར་སློབ་དཔོན་པདྨ་འབྱུང་གནས་ནས་བླ་མ་རོང་པ་རྒྭ་ལོ་ལ་བཀའ་བབས་པའི་དཔལ་མགོན་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་རྗེས་སུ་གནང་བ་སྒྲུབ་པ་ལ། གང་གིས་སྒྲུབ་པར་བྱེད་པའི་སློབ་དཔོན་ནི་འདིའི་རྗེས་སུ་གནང་བ་ཐོབ་པ་བསྙེན་པ་སོང་བ་ཞིག་དགོས་པར་བཤད། གང་ལ་བྱ་བའི་སློབ་མ་ནི། བླ་མེད་ལ་སོགས་པའི་དཀྱིལ་འཁོར་དུ་དབང་ཐོབ་པ་ལ་སོགས་པ་ཞིག་དགོས་པར་བཤད། ནམ་བྱ་བའི་དུས་ནི་མཁའ་འགྲོ་འདུ་བའི་དུས་ཁྱད་པར་ཅན་ལ་བྱ་དགོས་པར་བཤད། གང་དུ་བྱ་བའི་གནས་ནི། ས་ཕྱོགས་ཆོས་ལྡན་གྱི་རྒྱལ་པོས་སྐྱོང་བ་ཕྱི་ནང་གི་ཉེར་འཚེ་མེད་པ་ཞིག་དགོས་པར་བཤད་ལ། ཚུལ་ཇི་ལྟར་བྱ་བའི་ཆོ་ག་ལ་སློབ་དཔོན་གྱི་བྱ་བ་དང༌། སློབ་མ་ལ་བྱ་བ་གཉིས་ལས། དང་པོ། སློབ་དཔོན་གྱིས་བགྱི་བར་འོས་པ་ཐམས་ཅད་གྲུབ་ནས། གཉིས་པ་སློབ་མ་ལ་བྱ་བ་སྔོན་འགྲོ་དངོས་གཞི་རྗེས་གསུམ་གྱི་དང་པོ་ལ་སློབ་དཔོན་ལ་ཡི་དམ་གྱི་ལྷ་གང་ཡང་རུང་བ་དངོས་ཡིན་སྙམ་པའི་སྒོ་ནས་
རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ཕྱག་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །དང་པོར་མེ་ཏོག་ཕོག་པ་ཡི། །དཀྱིལ་འཁོར་ལྷ་ཚོགས་ཞབས་ལ་འདུད། །ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས་ནས། བློ་མཆོག་བདག་ལ་གནང་བར་མཛོད། །ཅེས་གསོལ་བ་བཏབ་ནས། རྒྱུན་བཤགས་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཡི་དམ་གྱི་ལྷ་གང་ཡང་རུང་བ་ལ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་ལ་ཆོས་སྐྱོང་བའི་སྲུང་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་སྤྲིན་ཕུང་འཐིབས་པ་ལྟར་མངོན་སུམ་དུ་བཞུགས་པར་མོས་ནས། དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་གྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ནས་འགྲུབ་པར་ཤོག ཅེས་རྒྱུད་དག་པར་བྱས་ནས་ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །དཔལ་ལྡན་བླ་མ་དམ་པ་ཡིས། །རིག་པ་འཛིན་པ་བདག་ཅག་ལ། །ཆེ་བཙན་མགོན་པོ་ནག་པོ་ཡི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་ནི། །དངོས་གྲུབ་རྣམ་གཉིས་འགྲུབ་པའི་ཕྱིར། །དམ་པས་བདག་ལ་སྩལ་དུ་གསོལ། །ཞེས་པ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཏོར་མའི་བཀའ་བསྒོ་བ་རྣམས་ཡོད་པ་ལས་ཐོག་མར་སྐུའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཡི་དམ་གྱི་ལྷ་གང་ཡང་རུང་བ་དངོས་ཡིན་སྙམ་པའི་
མོས་གུས་བྱས་པས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཁྱེད་རང་གི་ལུས་ལ་ཕོག་པས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་དང༌། ཁྱད་པར་དུ་རྣམ་སྨིན་གྱིས་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད། ནད་གདོན་བགེགས་དང་བར་དུ་གཅོད་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་བཞིན་གཞོབ་ཐུལ་གྱིས་བསྲེགས་ཏེ། ལུས་འོད་ཀྱི་རང་བཞིན་དུ་གྱུར་པར་མོས། དེ་ཉིད་ལ་སློབ་དཔོན་གྱིས་དམིགས་ཏེ། ཨོཾ་སྭ་བྷཱ་ཝ་ནས་ཧཾ་ཞེས་བརྗོད་པས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་དུ་སངས་ཀྱིས་སྦྱངས་པར་མོས། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་ནས་ཕཻཾ་གྱི་སྒྲ་སྒྲོག་པའི་སྐུ་ཅན་དུ་གསལ་བཏབ་ནས་སློབ་དཔོན་ལ་ཡི་དམ་གྱི་ལྷ་དངོས་ཡིན་སྙམ་པའི་མོས་གུས་མཛད་པའི་རྐྱེན་གྱིས་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས། རང་བཞིན་གྱི་གནས་ནས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཁྲོ་བོ་ཁྲོ་མོ་རྣམས་དང༌། ལྕང་ལོ་ཅན་དང་མ་ལ་ཡའི་གནས་ལ་སོགས་པ་ནས་དཔལ་ལྡན་མགོན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་སྐུ་བསམ་གྱིས་མི་ཁྱབ་པའི་རྣམ་པར་སྤྱན་དྲངས་ཏེ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གང་བས་གདོན་བགེགས་ལོག་འདྲེན་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་འདུས་ཏེ་ཁྱེད་རང་རྣམས་ལ་ཐིམ་པར་མོས། སླར་ཡང་སློབ་དཔོན་མདུན་བསྐྱེད་དང་བཅས་པའི་ཐུགས་ཀ་ནས་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་སྐུ་ཆེ་བ་རི་རབ་ཙམ་ལ་སོགས་པ་སྤྱན་དྲངས་ཏེ། ཁྱེད་རང་རྣམས་ཀྱི་སྐུ་ལུས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སོགས་བརྗོད་ཅིང་རོལ་མོ་དང༌། གུ་གུལ་གྱིས་བདུག དེ་ལྟར་ན་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་སྐུའི་རྗེས་སུ་གནང་བ་ཐོབ། ཁྱེད་རྣམས་ཀྱི་ལུས་ཀྱི་སྡིག་སྒྲིབ་དང་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བར་བྱས། ལུས་དཔལ་ནག་པོ་ཆེན་པོ་
ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་སྐུ་དང་ནུས་པ་མཉམ་པར་བྱིན་གྱིས་བརླབས་པ་ཡིན་སྙམ་དུ་མོས་པ་མཛོད། གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ཡི་དམ་གྱི་ལྷ་གང་ཡང་རུང་བའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་གསལ་བར་དམིགས་ནས། ཁྱེད་རང་རྣམས་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་གཅིག་གསལ་བཏབ། སློབ་དཔོན་ལ་ཡི་དམ་གྱི་ལྷ་དངོས་ཡིན་སྙམ་པའི་ཡིད་ཀྱི་གུས་འདུད་མཛད་པའི་རྐྱེན་གྱིས་ཐུགས་ཀའི་ཧཱུྃ་ཡིག་སྔགས་ཕྲེང་དང་བཅས་པ་ལས་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་གྱིས་བྱུང་སྟེ། སློབ་དཔོན་གྱི་ཞལ་ནས་ཐོན་ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། ཨོཾ་ཤྲཱི་མ་ཧཱ་སོགས་བརྗོད་དོ། །དེ་ལྟར་བཟླས་པས་དང་པོས་རྒྱུད་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་མོས་ནས། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་གྱིས་མེ་ཏོག་གཏོར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་འགོ་བར་མཛོད། །ཅེས་གསོལ་བ་བཏབ་ནས་ཁྱེད་རྣམས་ཀྱིས་མེ་ཏོག་ཕུལ་བ་དེ་སློབ་དཔོན་གྱིས་ཁྱེད་རང་གི་མགོར་བཞག་སྟེ་བྱིན་གྱིས་བརླབས་པར་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །བཅོམ་ལྡན་འདི་ལ་འགོ་བར་མཛོད། །ཁྱེད་རྣམས་ཀྱི་རྒྱུད་ལ་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་གསུང་གི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་རྒྱུད་ལ་འཇུག་པར་གྱུར་ཅིག དེ་ལྟར་ན་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་གསུང་གི་རྗེས་གནང་སོགས་གོང་གི་སྐུའི་རིགས་འགྲེ་བྱའོ། །ཐུགས་ཀྱི་རྗེས་གནང་གི་དོན་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་ལ་ཡི་དམ་གྱི་ལྷ་
དངོས་ཡིན་སྙམ་པའི་གུས་འདུད་དྲག་པོ་མཛད་པའི་རྐྱེན་གྱིས་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ལྕང་ལོ་ཅན་དང༌། མ་ལ་ཡ་སོགས་ན་བཞུགས་པ་དང་མདུན་གྱི་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་རྣམས་ལ་ཕོག་པས། དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ་བས། དེ་རྣམས་ཀྱི་ཐུགས་ཀ་ནས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཙནྡན་གྱི་བེང་དང༌། ལྕགས་ཀྱི་པར་པུ་ལ་སོགས་པ་ཕྱག་མཚན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། ནམ་མཁའི་ཁམས་ཐམས་ཅད་གང་བས་གདོན་བགེགས་ལོག་འདྲེན་ལ་སོགས་པ་ཚར་བཅད། ཚུར་འདུས་ཏེ་ཁྱེད་རང་རྣམས་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་སྙིང་གར་ཐིམ་པས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོར་རྒྱུད་བྱིན་གྱིས་བརླབས་པར་མོས་པ་མཛོད། སྔགས་དང་གུ་གུལ་གྱིས་བདུག་ཅིང་རོལ་མོ་བྱའོ། །དེ་ལྟར་ན་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པའི་ཐུགས་ཀྱི་རྗེས་སུ་གནང་བ་ཐོབ་སོགས་འདྲ། དེས་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་གྲུབ་ནས། མཐའ་རྟེན་ཡོན་ཏན་ཕྲིན་ལས་གཏོར་མའི་བཀའ་བསྒོ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། གཏོར་མ་འདི་ཉིད་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་ལ་གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་སྲུང་མའི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ་གསལ་བར་དམིགས་ལ། དེའི་སྟེང་ཆ་ལ་རྩ་བའི་བླ་མ་ནས་བརྒྱུད་པའི་བླ་མའི་བར་ཐམས་ཅད་ཐོ་བརྩེགས་སུ་བཞུགས་པར་མོས་ཏེ། རྩ་བའི་བླ་མས་བཀའ་བསྒོས་པ་བཞིན་དུ་བརྒྱུད་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱིས་ཀྱང་མགྲིན་གཅིག་ཏུ་བཀའ་བསྒོས་པར་མོས་པ་མཛོད། ཨོཾ་ཤྲཱི་མ་ཧཱ་སོགས་ཀྱི་མཐར། རྒྱལ་བ་རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ་གཏུམ་པོ། སློབ་དཔོན་པདྨ་འབྱུང་གནས། ཕུང་བྱེད་ཤཱནྟིཾ་གརྦྷ། རཾ་བུ་གུ་ཧྱ་ཙཎྜ། རྒྱ་གར་ཁྲག་འཐུང་ནག་པོ། སློབ་དཔོན་སྒེག་པའི་རྡོ་རྗེ། བལ་པོ་བྷ་
སུནྡྷ་ར། གྲུབ་ཆེན་སངས་རྒྱས་ཡེ་ཤེས། གཏེར་སྟོན་གྲྭ་པ་ཀུན་དགའ་གྲགས། སེའི་བནྡྷེ་འབུམ་ཕྲག་གསུམ་པ། སྐྱོའི་བནྡེ་མཐུ་ཆེན། ལྕེ་བཙུན་མདོ་སྡེ་སེང་གེ། རོང་པ་རྒྭ་ལོ། ལྕེ་བློ་ལྡན་སེང་གེ། བླ་མ་སླེའུ་ཆུང་བ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། ཀུན་མཁྱེན་ཆོས་རྒྱལ་དཔལ་བཟང༌། དབོན་ཆེན་ཆོས་སྐྱོང་རྒྱལ་མཚན། ཕ་རྒོད་རིན་ཆེན་རྒྱལ་མཚན། ཚར་ཆེན་བློ་གསལ་རྒྱ་མཚོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག རིན་ཆེན་བཀྲ་ཤིས་རྒྱལ་མཚན། པཎ་ཆེན་ནམ་མཁའ་དཔལ་བཟང༌། རྗེ་«་་་་་བྷཱཊྚཱ་ར་ཀཱ་ཨཱ་ཀཱ་ཤ་བུདྡྷ།» བཙུན་ནམ་མཁའ་སངས་རྒྱས། རྗེ་ནམ་མཁའ་དཔལ་བཟང༌། ཆོས་རྗེ་དམ་ཆོས་བསམ་འགྲུབ། གྲུབ་དབང་སངས་རྒྱས་ཕུན་ཚོགས། བྱམས་པ་བསྟན་འཛིན་ལྷུན་གྲུབ། འཇམ་དབྱངས་ནམ་མཁའ་བསམ་འགྲུབ། སྟག་གཞོན་དང་འབྲལ་བ་མེད་པར་གནས་པའི་རྣལ་འབྱོར་པ་དཀོན་མཆོག་གྲགས་པ་ལའོ། །ཡང་ན། རྫོགས་པའི་སངས་རྒྱས། འཇམ་དཔལ་བཤེས་གཉེན་ནས། ལྕེ་བཙུན་མདོ་སྡེ་སེང་གེ་བར་སངས་ཕུན་པའི་གསན་ཡིག་ལྟར་དང༌། དེ་ནས་རོང་པ་རྒྭ་ལོ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་བསྲུང་བ་དང་བསྐྱབ་པ་དང༌། སྦ་བ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག འདི་རྣམས་ཀྱི་ཆོས་སྒྲུབ་པའི་འགལ་རྐྱེན་ཕྱི་ནང་གི་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བའི༴ གཞན་ཡང་གཟུགས་ཅན་དགྲའི་གནོད་པ་དང༌། གཟུགས་མེད་བགེགས་ཀྱི་གནོད་པ་དང༌། ཕ་རོལ་གྱི་རྦོད་གཏོང་དང་མནན་གཏད་གཟེར་གསུམ་ལ་སོགས་པའི་བར་ཆད་ཐམས་ཅད༴ མཐུན་པའི་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ། ནང་གི་རྟོགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི༴ ལྷ་འདྲེ་མི་གསུམ་གྱི་འགྲོ་བ་མང་པོ་དབང་དུ་བསྡུས་ནས་ཟས་གོས་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པ་ཡིད་བཞིན་དུ་འབྱོར་པ་དང༌། དེ་དག་གིས་ཀྱང་བསྟན་པ་རིན་
པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་ཐོགས་པའི༴ རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ཆོས་ཚུལ་བཞིན་དུ་བསྒྲུབ་པ་ལ་བར་ཆད་བྱེད་པའི་འབྱུང་པོ་གདུག་པ་ཅན་དང༌། དཀོན་མཆོག་གི་དབུ་འཕང་དམོད་པ། སངས་རྒྱས་ཀྱི་བསྟན་པ་བཤིག་པ། བླ་མའི་སྐུ་ལ་སྡོ་བ། བསྟན་པའི་དགྲ་བོར་གྱུར་པ་ཐམས་ཅད་ཞི་བའི་ཚུལ་གྱིས་འདུལ་དུ་མ་འཚལ་ན། སྲུང་མའི་དབང་པོ་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན། དཔལ་ལྡན་ལྷ་མོ། སྐུ་གསུང་ཐུགས་ཀྱི་མོན་པ། ལས་ཀྱི་མོན་པ་ཟོར་ཐོགས་བདུན། ལྷོ་ཕྱོགས་ཀྱི་གཤིན་རྗེ། བྱང་ཕྱོགས་ཀྱི་གནོད་སྦྱིན། ཤ་ཟ་མཁའ་འགྲོ་རྣམས་ཀྱིས་མི་ཐུལ་བ་མེད་པས་མངོན་སྤྱོད་ཀྱི་ཚར་བཅད་ནས་འདི་རྣམས་ཀྱི་བྲན་བཞིན་དུ་འདུ་བའི་ཕྲིན་ལས་མཛོད། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་སྲུང་བསྐྱབ་སྦ་བའི་ཕྲིན་ལས་མཛོད་ཅིག ཅེས་བཀའ་བསྒོས་པས་གཏོར་མའི་སྟེང་གི་དཔལ་ནག་པོ་ཆེན་པོ་ལེགས་ལྡན་སྟག་ཞོན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱི་སྤྱི་བོ་ནས་ཐིམ་པས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་འགལ་རྐྱེན་ཐམས་ཅད་སེལ་བ་དང༌། མཐུན་རྐྱེན་ཐམས་ཅད་འགྲུབ་པར་མཛད་པ་ཡིན་སྙམ་དུ་མོས་པ་མཛོད། དེ་དག་གི་གནས་སྐབས་སུ་ཐོབ་ཅིང་ཁས་བླངས་པའི་དམ་ཚིག་ལ་སྲུང་སྡོམ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་སོགས་དང༌། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། ལུས་ལོངས་སྤྱོད་ལ་སོགས་པ་དྲིན་ལན་དུ་འབུལ་ན། ཆ་ཤས་ནས་བཞེས་ལ་ལོངས་སྤྱོད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ། དེང་ནས་སོགས་བརྗོད་དོ། །དེ་ནས་རྗེས་ཀྱི་བྱ་བ་གཏོར་ཆོག་ནས་འབྱུང་བ་ལྟར་བྱའོ། །ཞེས་པ་འདི་ནི་བྲང་བཙུན་ནམ་མཁའ་དཔལ་བཟང་གིས་དྲན་གསོར་སུག་བྲིས་སུ་བྱས་པའོ།། །།མངྒ་ལཾ། ༈ །སྭ་སྟི། སྟག་ཞོན་འཁོར་ཁ་བསྐང་རྒྱུ། དགྲ་བགེགས་ཀྱི་དཔུང་འཇོམས་པར་བྱེད་པ་ཞེས་པའི་རྗེས་སུ། རྒྱབ་ཏུ་ནོར་བདག་ཛཾ་བྷ་ལ་ནག་པོ་གཡས་ཐོད་ཁྲག་ཐུགས་ཀར་འཛིན་
ཅིང༌། གཡོན་ནེའུ་ལེ་བརླ་སྟེང་དུ་འཛིན་པ། དར་དང་སྦྲུལ་གྱིས་བརྒྱན་ཅིང་རྣ་བ་མ་ཕུག་པ་རིགས་ངན་གྱི་ཆ་ལུགས་ཅན། ཞབས་བརྐྱང་བསྐུམ་གྱིས་ནོར་བདག་སེར་པོ་གན་རྐྱལ་དུ་མནན་པ། དེ་རྣམས་ཀྱི་རྒྱབ་ན་བདུད་ཀྱི་མོན་པ་གྲི་ཐོགས་བདུན་རྔམ་ཞིང་བདུད་དམག་འབུམ་ཁྲིའི་དཔུང་གིས་བསྐོར་བས་དགྲ་བགེགས་རྡུལ་དུ་རློག་པ། མོན་མོ་ནག་མོ་བདུན་ལ་འཁོར་བུད་མེད་སྟོང་ཁམས་ཁེངས་པ། བྷྱོཿདང་ཛཿཡི་སྒྲ་སྒྲོགས་ཤིང་ཁྲག་ཐུན་གྱི་ཟོར་འཕེན་ཞིང་དགྲ་ལ་དལ་ཡམས་གཏོང་བ། དེའི་ལྕགས་མཁར་སོགས་ནས་རྡུལ་དུ་རློག་པ། བཙན་མགོན་ཤུ་པོ་སྲོག་ལེན་མདོག་དམར་ནག་དར་དམར་གྱིས་ཐོད་བཅིངས་པ་བེར་དམར་བསེ་ཁྲབ་གྱོན་པ། མདུང་དམར་ཁྲག་གི་བ་དན་ཅན་དང༌། བཙན་གྱི་ཞགས་པ་དམར་པོ་ཐོགས་པ། རྟ་དམར་ལ་ཞོན་པ་སོགས། འདི་རྣམས་པཎ་ཆེན་གྱི་ཡིག་ཆ་བྲིས་རྙིང་ལ་སྣང་ཞིང༌། ཏྲི་ཡཾ་མའི་གཞུང་རྙིང་པ་རྣམས་དང་ཁྱད་པར་ཚར་ཆེན་གྱི་ཡིག་ཆར་གསལ་བས་སྤར་མ་ལ་ཆད་ལུས་བྱུང་བར་ངེས་སོ། །ཞེས་པའང་ཝཱ་གིནྡྲས་སྤེལ་བའོ། །ཞེས་སོ། །འདིའི་འཁོར་གྱི་ལྷ་ཆད་པ་རྣམས་རྗེ་ངག་དབང་ལེགས་གྲུབ་ཀྱི་ཟུར་ཐོ་འདི་ལྟར་དཀྱུས་སུ་ཁ་འགེངས་ཞུས་པ་དགེ་ལེགས་འཕེལ།། །།
མགོན་པོ་བིང་དམར་གྱི་གཏོར་ཆོག
མགོན་པོ་བིང་དམར་གྱི་གཏོར་ཆོག་ཅེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཝེ་མ་ཧཱ་ཀཱ་ལཱ་ཡ། དཔལ་ཡེ་ཤེས་ཀྱི་མགོན་པོ་བིང་དམར་ལ་གཏོར་མ་འབུལ་བར་འདོད་པས། ལེགས་པར་བཤམས་པའི་གཏོར་མ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀྃ་ལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨ་ལས་ཐོད་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། གོ་ཀུ་ད་ཧ་ན་ལས་ཤ་ལྔ། བི་མུ་ཤུ་མ་ར་ལས་བདུད་རྩི་ལྔ། བྷྲཱུྃ་ཨཱྃ་ཛྲཱིཾ་ཁྃ་ཧཱུྃ་ལས་ཡེ་ཤེས་ལྔ། དེ་རྣམས་ཀྱི་སྟེང་དུ། ཟླ་བའི་དབུས་སུ་རྡོ་རྗེ་ཕྱེད་པ་ཨོཾ་ཨཱཿཧཱུྃ་གིས་མཚན་པ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རླུང་གཡོས། མེ་སྦར། ཤ་ལྔ་བདུད་རྩི་ལྔ་རྣམས་ཞུ་ཞིང་ཁོལ་བའི་རླངས་པ་གྱེན་དུ་སོང༌། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། དམ་ཚིག་གི་བདུད་རྩི་དང་འདྲེས། རྡོ་རྗེ་འབྲུ་གསུམ་ཟླ་བ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་སྟེ་འདྲེས་པས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ལན་གསུམ་གྱི་བྱིན་གྱིས་བརླབ། མདུན་གྱི་ནམ་མཁར་མདུང་དང་རལ་གྲི་མཚོན་ཆའི་བུ་ཡུག་འཚུབ་ཅིང་མེ་རླུང་གྲུ་གསུམ་མཐིང་ནག་འབར་བའི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དབུས་སུ་པདྨ་དང་ཉི་མ་ལ། དགྲ་བགེགས་
བསྣོལ་བའི་གདན་གྱི་སྟེང་དུ་ཧཱུྃ་ལས་གྲི་གུག་མཐིང་ནག་ཡུ་བ་ལ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མགོན་པོ་བིང་དམར་པོ་སྐུ་མདོག་དམར་ནག་སྲིན་པོ་ཁྲོས་པའི་ཆ་ལུགས་ཅན། ཞལ་གཅིག་ཕྱག་གཉིས་དང་ལྡན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་མཆེ་བ་རྣམ་པར་གཙིགས་ནས་ལྗགས་འདྲིལ་བ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཧ་ཧའི་གད་རྒྱང་གིས་ས་གསུམ་འདར་བར་བྱེད་པ། ཕྱག་གཡས་ནོར་བུས་མཚན་པའི་ཙནྡན་གྱི་བིང་ཆེན་པོ་འཕྱར་སྟབས་སུ་འཛིན་ཞིང༌། གཡོན་པས་དགྲ་སྙིང་དྲོན་མོ་འཕར་བཞིན་པས་ཁེངས་པའི་ལྕགས་ཀྱི་སྤར་བུ་ཐུགས་ཀར་འཛིན་པ། སྐུ་ལ་དར་ནག་པོའི་འཇོལ་བེར་དགུ་བརྩེགས་གསོལ་ཞིང་གསེར་སྐེག་རིན་ཆེན་སྐེད་ལ་བཅིངས་པ། ཞབས་ལ་སག་ཏིའི་ལྷྭམ་གསོལ་བ། སྟག་ལྤགས་ཀྱི་ཤམ་ཐབས་དང༌། དུག་སྦྲུལ་ནག་པོའི་རྒྱན་གྱིས་སྤྲས་པ། མི་མགོ་སྐམ་རློན་གྱི་ཐོད་དང་དོ་ཤལ་ཅན། ཞབས་གཡས་བསྐུམས་གཡོན་བརྐྱངས་པས་དམ་ཉམས་ཀྱི་སྟེང་ན་བྲོ་བརྡུང་བ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་མདུན་དུ། ལས་མཁན་མོན་པ་ནག་པོ། གཡས་གྲི་གུག་འཕྱར་ཞིང༌། གཡོན་ཐོད་པ་དགྲ་སྙིང་གིས་གང་བ་གཙོ་བོ་ལ་སྟོབ་པ། ཁ་གདངས་ཤིང་མཆེ་བ་གཙིགས་པ། དུར་ཁྲོད་ཀྱི་ཆས་ཀྱིས་བརྒྱན་པ།
མཐའ་སྐོར་ཀུན་ཏུ་ཡེ་ཤེས་ཀྱི་མགོན་པོ་སྤྲིན་ལྟར་འཐིབས་པ། འཇིག་རྟེན་གྱི་མགོན་པོ་རླུང་ལྟར་འཚུབས་པ། ལས་ཀྱི་མགོན་པོ་གློག་ལྟར་འཁྱུགས་པ། སྤྲུལ་པའི་ཕོ་ཉ་ཐོག་ལྟར་འབེབས་ཤིང་སྣང་སྲིད་ཀྱི་མ་མོ་དང༌། གཤིན་རྗེ་དྲེགས་བྱེད་དུ་མས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། རང་གི་སྙིང་ག་ནས་འོད་འཕྲོས། རང་བཞིན་གྱི་གནས་ནས་ནག་པོ་ཆེན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ རྡོ་རྗེ་དྲིལ་བུ་འཛིན་པའམ། རྔ་བརྡུང་ཞིང་དབྱངས་དང་བཅས་པས། ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །ཡེ་ཤེས་མགོན་པོ་སྤྱན་འདྲེན་ནོ། །ཐུགས་དམ་ཐུགས་རྗེས་བརྩེར་དགོངས་ལ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཞེས་པས་སྤྱན་དྲང༌། ཉེར་སྤྱོད་ཀྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། དེ་བཞིན་གཤེགས་པ་རིགས་ལྔས་དབང་བསྐུར། མི་བསྐྱོད་པས་དབུ་བརྒྱན་པར་གྱུར། རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བཅས་ལ། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་དམ་ཚིག་སྲུངས། བསྟན་པ་སྐྱོངས། བསྟན་པ་དང་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་དང་བདག་གིས་ལམ་བསྒྲུབ་པ་ལ་བར་དུ་གཅོད་པ་རྣམས་དང༌། འཁོར་དང་ལོངས་སྤྱོད་དུ་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བགེགས་ཐམས་ཅད་ཚར་གཅོད་པའི་ཕྲིན་ལས་ཐམས་ཅད་མྱུར་དུ་འགྲུབ་པར་མཛད་དུ་གསོལ། ཞེས་དམ་ལ་བཞག རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་བཅས་ཏེ། མགོན་པོའི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང༌། ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་དྷུ་དྷུ་སྭཱ་ཧཱ་བྷྲཱུྃ་ཧཱུྃ་ཕཊ་ཕཊ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ། ཞེས་གསུམ་མམ་བདུན་གྱིས་ཕུལ། ཉེར་སྤྱོད་དང༌། རྩ་སྔགས་ཀྱི་མཐར། ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་ཕུལ། ཇི་ལྟར་འདོད་པའི་ཕྲིན་ལས་བཅོལ་ལ་རྡོ་རྗེ་དྲིལ་བུ་འཛིན་པའམ། རྔ་བརྡུང་ཞིང༌། ཧཱུྃ། རྒྱལ་བའི་ཐུགས་མཆོག་ཧེ་རུ་ཀ །མ་རུངས་བདུད་ཀྱི་དཔུང་འཇོམས་ཕྱིར། །སྲུང་མའི་དབང་པོར་རྣམ་སྤྲུལ་པ། །ཡེ་ཤེས་མགོན་པོ་
ཁྱོད་ལ་བསྟོད། །བསྐལ་པའི་མེ་རླུང་འཁྱིལ་པའི་ཀློང༌། །ཤུགས་དྲག་མཚོན་ཆའི་བུ་ཡུག་འཚུབས། །གྲུ་གསུམ་འབར་བའི་ཕོ་བྲང་དབུས། །རྣམ་པར་རོལ་པ་ཁྱོད་ལ་བསྟོད། །རབ་འཇིགས་སྲིན་པོ་ཁྲོས་པའི་གཟུགས། །དམར་ནག་ཉི་མ་བྱེ་བའི་གཟི། །ཞལ་གདངས་མཆེ་གཙིགས་ཁྲག་ལ་དགེས། །ཁྲོས་པའི་སྤྱན་གསུམ་གཡོ་ལ་བསྟོད། །ཕྱག་གཡས་ཙནྡན་བིང་ཆེན་པ། །ནམ་མཁར་འཕྱར་ཞིང་བརྡབས་པ་ཡིས། །བདུད་དམག་ཉི་ཁྲི་རབ་ཁྲོས་ནས། །ནག་ཕྱོགས་ཕྱེ་མར་འཐག་ལ་བསྟོད། །དམ་ཉམས་སྙིང་དམར་ཁྲག་དོན་གྱིས། །རབ་གང་སྤར་བུ་གཡོན་ན་འཛིན། །གཡས་བསྐུམ་གཡོན་བརྐྱང་བརྗིད་པའི་གར། །བསྟན་དགྲའི་སྙིང་གར་རོལ་ལ་བསྟོད། །བརྗིད་ལྡན་དར་ནག་འཇོལ་བེར་དང༌། །སྦྲུལ་དང་རིན་ཆེན་རུས་པས་བརྒྱན། །དཔའ་གཏུམ་སྟག་གི་ཤམ་ཐབས་ཀྱིས། །རྣམ་པར་སྒེག་པ་ཁྱོད་ལ་བསྟོད། །ཐུགས་ཀྱི་སྤྲུལ་པ་དགྲ་བོའི་གཤེད། །གྲི་གུག་རབ་འཕྱར་དགྲ་སྙིང་ཟ། །མདོག་ནག་དྲག་པོ་མ་རུངས་པ། །ལས་ཀྱི་མགོན་པོ་ཁྱེད་ལ་བསྟོད། །ཡེ་ཤེས་ལས་དང་འཇིག་རྟེན་གྱི། །ཚུལ་འཛིན་མཐུ་སྟོབས་མཐའ་ཡས་པའི། །ཆོས་སྐྱོང་སྲུང་མ་རྒྱ་མཚོའི་ཚོགས། །སྤྲུལ་པ་ཡང་སྤྲུལ་བཅས་ལ་བསྟོད། །ཡེ་ཤེས་མགོན་པོ་འཁོར་དང་བཅས། །ཚུར་བྱོན་སྔོན་གྱི་ཐ་ཚིག་བཞིན། །དམ་རྫས་རྒྱན་གྱི་གཏོར་མ་བཞེས། །བསྟན་པའི་དགྲ་བོ་མྱུར་དུ་སྒྲོལ། །ཁྱད་པར་ཞྭ་ལུའི་གཙུག་ལག་ཁང༌། །དགེ་འདུན་སྡེ་དང་སྦྱིན་བདག་བཅས། །མི་ཉམས་འཕེལ་ཞིང་རྒྱས་པ་དང༌། །འགྲན་ཟླ་ཀུན་ལས་རྒྱལ་བར་མཛོད། །བདག་གི་གནས་དགོན་ལོངས་སྤྱོད་དང༌། །འཁོར་འབངས་སློབ་མར་བཅས་པ་ཀུན། །བཅོལ་ལོ་བསྟོད་དོ་དུས་ཀུན་ཏུ། །སྲུང་སྐྱོབ་སྦ་བར་མཛད་དུ་གསོལ། །བདག་དང་བདག་གི་ཕྱོགས་རྣམས་ལ། །གནོད་པར་སེམས་པའི་དགྲ་དང་བགེགས། །དེ་དག་དཔུང་དང་བཅས་པ་ཀུན། །མ་ཐོགས་མྱུར་བ་ཉིད་དུ་སྒྲོལ། །མདོར་ན་ཇི་ལྟར་བཅོལ་བ་ཡི། །ཕྲིན་ལས་ཐམས་ཅད་མྱུར་སྒྲུབ་སྟེ། །བསྟན་དང་བསྟན་འཛིན་མ་ལུས་པ། །ཕྱོགས་དུས་ཀུན་ཏུ་རྒྱས་པར་མཛོད། །ཅེས་པས་བསྟོད་ཅིང་ཕྲིན་ལས་བཅོལ། རྒྱས་པར་ན། མཁན་
ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་མཛད་པའི་བསྟོད་པ་སོགས་བྱས་ཤིང༌། མཇུག་གི་ཆོ་ག་སྤྱི་དང་མཐུན་པར་བྱའོ། །ཞེས་དཔལ་ཞྭ་ལུའི་ཆོས་གྲྭ་ཆེན་པོའི་བཀའ་སྲུང་བེང་དམར་པོའི་མཆོད་གཏོར་གྱི་རིམ་པ་འདི་ཡང༌། མི་ཕྱེད་པའི་དད་པ་སོགས་ཡོན་ཏན་དུ་མས་རྒྱུད་བལྟམས་ཤིང༌། སྡེ་དང་བསྟན་པའི་ཁུར་མི་ལྷོད་པ་སློབ་དཔོན་ཆེན་པོ་རྣམ་སྲས་པ་དང༌། རྒྱུད་སྡེ་རབ་འབྱམས་ལ་བློའི་སྣང་བ་ཐོབ་པའི་བླ་ཆེན་སངས་རྒྱས་སེང་གེ་བས་བསྐུལ་བའི་ངོར། བཙུན་པ་མཁྱེན་བརྩེའི་དབང་པོས་ལྕགས་མོ་བྱ་ལོ་ཟླ་བ་དྲུག་པའི་ཚེས་ཉེར་དགུའི་སྲོད་ལ་དཔལ་ཞྭ་ལུ་གསེར་ཁང་གི་གཙུག་ལག་ཁང་དུ་བགྱིས་པ་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་གྱུར་ཅིག །སརྦ་མངྒལཾ། ༈ །འདིའི་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང༌། ཁ་སརྤཱ་ཎི། གྲུབ་ཆེན་མི་ཏྲ་ཛོ་ཀི། ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། ཆོས་རྗེ་ཐམས་ཅད་མཁྱེན་པ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ཆོས་རྗེ་ནམ་མཁའི་མཚན་ཅན། སྐུ་ཞང་ནམ་མཁའི་འབུམ། མཁས་པ་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། བཀའ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། མཁན་ཆེན་ཐམས་ཅད་མཁྱེན་པ། དེས་བདག་མཁྱེན་བརྩེའི་དབང་པོ་ལའོ། །སརྦ་མངྒ་ལཾ། ༈ །དཔལ་མགོན་བིང་དམར་པོའི་སྐོང་ཕྲིན་བཞུགས་སོ། །འདིར་དཔལ་མགོན་བེང་དམར་པོའི་གཏོར་ཆོག་མཁན་ཆེན་ཐམས་ཅད་མཁྱེན་པ་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་མཛད་པ་བཞིན་ཉམས་སུ་བླངས་ཐོག ཐུགས་དམ་བསྐུལ་བའི་རིམ་པ་འདི་བཞིན་བྱའོ། །ཨོཾ་བཛྲ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་ཆེན་པོ་ཧ་ཧ་རྒོད་པ་སོགས་དང་མཚུངས་པའི་དབུས་སུ་སྐོང་རྫས་རྣམས་རཀྟའི་མཆོད་ཡོན། དབང་པོ་ལྔའི་མེ་ཏོག ཤ་ཆེན་གྱི་བདུག་སྤོས། ཞུན་ཆེན་གྱི་མར་མེ། མཁྲིས་པའི་དྲི་ཆབ། ཤ་རུས་ཀྱི་ཞལ་ཟས། མི་རྐང་གླིང་བུའི་རོལ་མོ་ལ་སོགས་པ་ས་དང་བར་སྣང་ནམ་མཁའི་ཁྱོན་ཐམས་ཅད་གང་ཞིང་
མགོན་པོ་འཁོར་དང་བཅས་པ་རྣམས་དགེས་པར་བྱེད་པའི་མཆོད་སྤྲིན་ཟད་མི་ཤེས་པར་གྱུར་ཅིག ཨོཾ་སརྦ་བིཏྤཱུ་ར་པཱུ་ར་ནས་སྥ་ར་ཎ་ཁཾ། ཧཱུྃ། འཇིག་རྟེན་མགོན་པོ་སྤྱན་རས་གཟིགས་དབང་གིས། །རང་བཞིན་ཞི་བས་གདུལ་བར་མི་ནུས་པར། །རབ་འཇིགས་སྲིན་པོ་ཁྲོས་པའི་སྐུར་བཞེངས་པ། །དཔལ་ལྡན་མགོན་པོ་འཁོར་བཅས་གཤེགས་སུ་གསོལ། །ཕོ་རྒྱུད་དགྲ་ལྷའི་གཙོ་བོ་མགོན་པོ་བིང༌། །མོ་རྒྱུད་སྲུང་མའི་གཙོ་མོ་རེ་མ་ཏི། །ལྕམ་དྲལ་འཁོར་དང་བཅས་པ་སྐད་ཅིག་གིས། །སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལི་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ ཧཱུྃ། དཔལ་ལྡན་མགོན་པོ་འཁོར་དང་བཅས་རྣམས་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་མཐའ་ཡས་པ། །ས་དང་ནམ་མཁའ་མ་ལུས་གང་བ་འདི། །བཞེས་ནས་སངས་རྒྱས་བསྟན་པ་བསྲུང་དུ་གསོལ། །བདུད་རྩི་རྣམ་ལྔ་སྒྱུར་བ་ཡིས། །དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །བསྟན་པའི་དགྲ་བགེགས་བསྒྲལ་བ་ཡི། །དབང་པོ་ལྔ་ཡི་མེ་ཏོག་དང༌། །དུར་ཁྲོད་སོལ་མེ་ལ་བསྲེགས་པའི། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་འཁྲིགས། །རྐང་གི་ཚིལ་བུ་སྣ་ཚོགས་དང༌། །ཞུན་ཆེན་གསལ་བའི་མར་མེ་སྦར། །ཤ་ཁྲག་མཁྲིས་ཆེན་སོགས་སྦྱར་བའི། །དམར་ནག་ཁྲག་གི་དྲི་ཆབ་འཁྱིལ། །དཔལ་བཤོས་ཟུར་གསུམ་ཁྲག་གིས་བྱུགས། །མ་ཧཱ་མཱཾ་སའི་ཞལ་ཟས་སྤུངས། །ཐོད་རྔ་གསང་བའི་རྔེའུ་ཆུང༌། །མི་རྐང་གླིང་བུ་རོལ་མོ་དང༌། །གཞན་ཡང་འདོད་པའི་ཡོན་ཏན་ལྔ། །རིན་ཆེན་སྣ་བདུན་བཀྲ་ཤིས་ཀྱི། །རྫས་དང་རྟགས་བརྒྱད་ལྷ་མིའི་ནོར། །ཕྱི་ནང་གསང་བའི་སྐོང་རྫས་དང༌། །རྟ་ནག་རླུང་གི་ཤུགས་འཆང་ཅན། །ཁྱི་ནག་སྙིང་དཀར་མཐུ་རྩལ་ཅན། །གཡག་རྒོད་མུན་པའི་ཁ་དོག་ཅན། །ལུག་ནག་རྭ་བཞི་འཁྱིལ་བ་ཅན། །སྟོང་གསུམ་ཁྱོན་མཉམ་བདེ་སྐྱོང་མར། །སྦྱངས་རྟོགས་སྦར་བའི་འཆི་མེད་བཅུད། །ཟག་མེད་བདེ་སྟོང་སྨན་རག་དང༌། །དམར་ཆེན་བ་ལིཾ་རྒྱ་མཚོ་ཡིས། །དགྲ་བགེགས་ཞི་བའི་དབྱིངས་སུ་བསྒྲལ། །ཤ་ཁྲག་ནང་ཁྲོལ་རུས་རྐང་སོགས། །སྔགས་དང་ཕྱག་རྒྱས་བྱིན་བརླབས་པ། །དྲག་པོའི་
མཆོད་རྫས་འདི་རྣམས་ཀྱིས། །ཡེ་ཤེས་མགོན་པོའི་ཐུགས་དམ་བསྐང༌། །དཔལ་ལྡན་བིང་གི་ཐུགས་དམ་བསྐང༌། །བྲག་ལྷ་མགོན་པོའི་ཐུགས་དམ་བསྐང༌། །ལེགས་ལྡན་མགོན་པོའི་ཐུགས༴ །རྩིས་མགོན་ཆེན་པོའི༴ །མ་གཅིག་ལྷ་མོའི༴ །འཁོར་ཚོགས་བྱེ་བའི༴ ཐུགས་དམ་བསྐངས་ཤིང་དགྱེས་པ་ཡིས། །ཉམས་ཆགས་མ་ལུས་དག་གྱུར་ནས། །བསྟན་དང་བསྟན་འཛིན་དགེ་འདུན་སྡེ། །སྤྱི་དང་ཁྱད་པར་ཞྭ་ལུའི་གནས། །བསྲུང་སྐྱོབ་སྤེལ་བའི་ཕྲིན་ལས་མཛོད། །ཧཱུྃ། རྡོ་རྗེ་འཆང་དང་རྗེ་བཙུན་སྤྱན་རས་གཟིགས། །མི་ཏྲ་ཛོ་ཀི་ལོ་ཆེན་བྱམས་པའི་དཔལ། །བསོད་ནམས་དབང་ཕྱུག་སེམས་དཔའ་ཆེན་པོ་དང༌། །རིན་ཆེན་སེང་གེ་ཚད་མའི་སྐྱེས་བུ་པ། །ཐམས་ཅད་མཁྱེན་པ་བུ་སྟོན་ཡབ་སྲས་སོགས། །རྩ་བ་བརྒྱུད་པའི་བླ་མའི་ཚོགས་རྣམས་ཀྱིས། །གཙུག་ལག་ཁང་དང་དགེ་འདུན་འདུས་པའི་སྡེ། །བཀའ་བསྒོས་དམ་བཞག་གཉེར་དུ་གཏད་པ་བཞིན། །སངས་རྒྱས་བསྟན་པ་སྤྱི་དང་ཁྱད་པར་དུ། །དཔལ་ལྡན་ཞྭ་ལུའི་གནས་རྟེན་མཆོད་རྫས་སོགས། །བསྲུང་ཞིང་གོང་ནས་གོང་དུ་སྤེལ་བ་དང༌། །འགྲོ་ཀུན་བདེ་སྐྱིད་ལྡན་པའི་ཕྲིན་ལས་མཛོད། །དེང་དུས་ལས་འབྲས་ཟབ་མོ་ཁྱད་བསད་ནས། །དཀོན་མཆོག་གསུམ་གྱི་དཀོར་ལ་འབགས་པ་སོགས། །དད་ལྡན་རྣམས་ཀྱིས་སྦྱར་བའི་མཆོད་པའི་སྤྲིན། །ཉམས་ཆགས་གཏོང་བའི་གནོད་བྱེད་ཞི་བར་མཛོད། །ཧཱུྃ། དཔལ་ལྡན་མགོན་པོ་འཁོར་བཅས་དགོངས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་པའི་དབང་གྱུར་ནས། །ཁས་བླངས་ཇི་བཞིན་བསླབ་ཁྲིམས་ཉམས་པ་སོགས། །ཉེས་ལྟུང་དྲི་མས་ཕོག་པ་མཐོལ་ལོ་བཤགས། །ཁྱད་པར་བླ་མ་མགོན་པོ་དབྱེར་མེད་ཀྱི། །སྐུ་གསུང་ཐུགས་ཀྱི་དམ་ཚིག་ལས་འདས་ཏེ། །ཕྱི་ནང་གསང་བའི་མཆོད་གཏོར་ལ་སོགས་པ། །དུས་སུ་མ་བསྒྲུབས་ནོངས་ཚོགས་མཐོལ་ལོ་བཤགས། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །མི་དང་མི་མིན་འཚེ་བའི་ནད་དང་གདོན། །བར་ཆད་མཚན་ལྟས་ངན་པ་ལ་སོགས་པ། །མ་ལུས་བསྲུངས་ཤིང་བཟློག་པར་མཛད་དུ་གསོལ། །ཡུལ་ཕྱོགས་དམག་འཁྲུག་མུ་གེ་ལོ་ཉེས་སོགས། །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་
དང༌། །སྐྱེ་འགྲོ་ཀུན་ཀྱང་བདེ་སྐྱིད་དཔལ་འབྱོར་ཀུན། །ཡར་ངོའི་ཟླ་ལྟར་འཕེལ་བའི་ཕྲིན་ལས་མཛོད། །གཙུག་ལག་ཁང་འདི་སྐྱོང་ཕྱིར་འགྲོ་བ་ཀུན། །དབང་དུ་བསྡུས་ཤིང་དབང་ཕྱུག་ཡོན་ཏན་འཕེལ། །དམ་ཅན་སྲུང་མས་བདུད་ཕུང་ཚར་བཅད་ནས། །བསམ་དོན་ཐམས་ཅད་ལྷུན་གྱིས་འགྲུབ་པར་མཛོད། །ཅེས་དཔལ་མགོན་བིང་ཆེན་པོའི་སྐོང་ཕྲིན་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་འདི་ནི་ཞྭ་ལུའི་དངུལ་གདུང་ལྷ་ཁང་དུ་གཉེར་གཏད་མགོན་པོའི་རྟེན་གསུམ་འཛུགས་སྐབས་བཙུན་པ་བློ་གསལ་རི་ཁྲོད་པས་རྔ་ཆེན་ཞེས་པ་ཆུ་ཕོ་བྱི་ལོ་ས་ག་ཟླ་བའི་དམར་ཆ་ཤིས་པའི་རྒྱལ་བ་དང་པོའི་ཉིན་སྦྱར་བའི་ཡི་གེ་པ་ནི་ཟུར་རིན་ཆེན་བློ་བཟང་མཁྱེན་རབ་ཀྱིས་བགྱིས་པའོ། །མངྒ་ལཾ། ༈ །དཔལ་མགོན་བིང་གི་རྗེས་གནང་གི་ཡི་གེ་བཞུགས་སོ། །མགོན་པོ་བིང་དམར་གྱི་རྗེས་གནང་ལ། གཏོར་མ་ཟུར་གསུམ་ཆེ་བ་གཅིག་གི་མདུན་དུ་ཆུང་བ་གཅིག་གི་མཐར་མཐེབ་སྐྱུས་བསྐོར་བ་མདའ་དར་སོགས་ཀྱིས་བརྒྱན། ཐོད་ཆང་དང༌། བིང་གི་ཕྱག་མཚན་དང༌། འབུལ་གཏོར་ཟུར་གསུམ་པའི་མདུན་དུ་མཆོད་པ་སོགས་སྤྱི་ལྟར་བཤམ། སློབ་དཔོན་གྱིས་ཕྱག་རྡོར་སོགས་ཡི་དམ་གྱི་བདག་བསྐྱེད་བཟླས་པ་ཡན་བྱ། མདུན་གྱི་གཏོར་མ་དབང་རྫས་སོགས་གཏོར་ཆོག་ལྟར་གྱི་མདུན་བསྐྱེད་བསྟོད་པ་ཡན་རྒྱས་པར་བྱ། མཎྜལ། སངས་རྒྱས་བསྟན་པ་བསྲུང་བ་དང༌། །དཀོན་མཆོག་དབུ་འཕང་བསྟོད་པ་དང༌། །ལོག་འདྲེན་བགེགས་རྣམས་ཚར་བཅད་ཕྱིར། །མགོན་པོའི་དབང་བསྐུར་བདག་ལ་སྩོལ། །ལན་གསུམ་གྱིས་གསོལ་བ་གདབ། སླར་ཡང་རྒྱུད་དག་པར་བྱ་བའི་ཕྱིར། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་གསུམ་གྱིས་སྡོམ་པ་བཟུང༌། དངོས་གཞི་སློབ་དཔོན་ལ་གསོལ་གདབ་བྱས་པས་ཐུགས་ཀའི་འོད་ཟེར་གྱིས་སློབ་མ་སྟོང་པར་སྦྱངས་ནས། སྟོང་པའི་ངང་ལས་གང་དུ་གནས་པའི་ས་ཕྱོགས་མདུང་དང་རལ་གྲི་མཚོན་ཆའི་ཞེས་པ་ནས། ཐུགས་ཀར་ཧཱུྃ་གིས་མཚན་པའི་བར་གྱིས་མགོན་པོ་མངོན་རྟོགས་ལྟར་བསྐྱེད། སློབ་དཔོན་བདག་མདུན་གྱི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་
བསྟིམ་ཞིང་སྤོས་རོལ་བྱའོ། །དེ་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་གནང་ལ། གཏོར་མ་མགོན་པོར་གསལ་བ་སློབ་མའི་སྤྱི་བོར་བཞག་པས། དེ་ལས་མགོན་པོའི་སྐུ་གཅིག་ཆད། སློབ་མའི་སྤྱི་བོར་ཞུགས་པས་མགོན་པོའི་སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། དཔལ་ལྡན་མགོན་པོ་ནག་པོ་ཡི། །ཡེ་ཤེས་དམ་པའི་དཀྱིལ་འཁོར་དུ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བུ་ཁྱོད་ལ་ནི་དབང་བསྐུར་རོ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་དྷུ་དྷུ་སྭཱ་ཧཱ། བྷྲཱུྃ་ཧཱུྃ་ཕཊ་ཕཊ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཡང་ཐོད་ཆང་མགོན་པོར་གསལ་བ་མགྲིན་པར་བཞག་ཅིང༌། དེ་ལས་མགོན་པོ་གཅིག་ཆད། མགྲིན་པར་ཐིམ་པས། གསུང་གི་བྱིན་རླབས་ཞུགས། བདུད་རྩི་ལྕེ་ལ་བླུག་ཅིང༌། དཔལ་ལྡན་མགོན་པོ་སོགས་ཀྱི་ཚིགས་བཅད་བརྗོད་ཅིང༌། སྔགས་ཀྱི་མཐར། ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཡང་བིང་མགོན་པོར་གསལ་བ་སྙིང་གར་བཞག་ཅིང༌། དེ་ལས་མགོན་པོའི་སྐུ་གཅིག་ཆད། སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་ཞུགས། དཔལ་ལྡན་མགོན་པོ་སོགས་དང་སྔགས་ཀྱི་མཐར། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཡང་གཏོར་མ་སྤྱི་བོར་བཞག་ལ་གཡས་སུ་བིང་དང༌། གཡོན་དུ་ཐོད་ཆང་གཏད་དེ། བླ་མ་བརྒྱུད་པའི་མཚན་ནས་བརྗོད་ཅིང་བཀའ་བསྒོ་རྒྱས་པར་བྱས་པའི་མཐར། དཔལ་ལྡན་མགོན་པོ་སོགས་ཚིགས་བཅད་དང་སྔགས་ཀྱི་མཐར། གུ་ཎ་ཨ་བྷི་ཥིཉྩ་སྭཱ། སློབ་དཔོན་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་ཞལ་ནས་ཐོན། སློབ་མ་མགོན་པོར་གསལ་བའི་ཞལ་ནས་སྙིང་གའི་ཧཱུྃ་གི་མཐར་འཁོད་པའི་དམིགས་པ་དང་བཅས། སྔགས་ཀྱི་རྗེས་ཟློས་ལན་གསུམ་དང༌། བཅོམ་ལྡན་བདག་ལ་སོགས་ཀྱིས་མེ་ཏོག་དོར། སློབ་དཔོན་གྱིས་ཐོད་ཕྲེང་སྤྱི་བོར་བཞག་ཅིང༌། དཔལ་ལྡན་མགོན་པོའི་ཚིགས་བཅད་དང༌། སྔགས་མཐར་ཀརྨ་ཨ་བྷི་ཥིཉྩ་ཧཱ་སོགས་བྱ། དེ་ནས་གཙོ་བོས་སོགས་དང༌། མཎྜལ། དེང་ནས་སོགས་སྤྱི་ལྟར་བྱའོ། །རྗེས་ཡི་གེ་བརྒྱ་པ་དང༌། མ་འབྱོར་པ་དང་སོགས་དང༌། ཨོཾ། ཁྱེད་ཀྱིས་སོགས་ཀྱིས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་སྤྱི་ལྟར་བྱའོ། །གསལ་བྱེད་ལྷན་ཐབས་འདིའང་
བནྡེ་དབང་རབ་ཀྱིས་བགྱིས་པའོ། ༈ །འདིའི་རྗེས་གནང་གི་གཏོར་མའི་བཀའ་བསྒོ་ནི། རྡོ་རྗེ་འཆང༌། ཁ་སརྤཱ་ཎི། གྲུབ་ཆེན་མི་ཏྲ་ཛོ་ཀི། ཁྲོ་ཕུ་ལོ་ཙཱ་བ། བླ་ཆེན་བསོད་ནམས་དབང་ཕྱུག ཁྲོ་ཕུ་སེམས་དཔའ་ཆེན་པོ། ཡང་རྩེ་བ་རིན་ཆེན་སེང་གེ། ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ། ཐུགས་སྲས་སེམས་དཔའ་ཆེན་པོ། སྐུ་ཞང་ཆོས་རྗེ་ནམ་མཁའི་མཚན་ཅན། སྐུ་ཞང་ནམ་མཁའ་འབུམ། མཁས་མཆོག་ཙནྡྲ་ཤྲཱི། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། བཀའ་བཞི་པ་རིན་ཆེན་མཆོག་གྲུབ་དཔལ་འབར། རྒྱལ་ཡུམ་ཚུལ་ཁྲིམས་བཟང་མོ། མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པ་ཆོས་རྗེ། འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག འཕགས་མཆོག་བྱམས་པ་སྐལ་བཟང༌། རྡོ་རྗེ་འཆང་དབང་ཕྱུག་རབ་བརྟན། ཁྱབ་བདག་མཁན་ཆེན་བྱང་གླིང་པ་ཆེན་པོ་རིན་ཆེན་བསོད་ནམས་མཆོག་གྲུབ། དྲིན་ཆེན་རྩ་བའི་བླ་མ་མགོན་པོ་ངག་དབང་བློ་གསལ་མཆོག་ལྡན་དཔལ་བཟང་པོའི་ཞབས་དྲུང་དུ། ཆོས་རྗེ་སྨོན་ལམ་ལྷུན་གྲུབ་པས་གསན། ཡང་ན། ཚར་ཆེན་རྡོ་རྗེ་འཆང༌། སྐུ་ཞང་བཀྲ་ཤིས་རྒྱལ་མཚན། བླ་མ་དམ་པ་ཤཱཀྱ་སེང་གེ། མཁན་ཆེན་བསོད་ནམས་མཆོག་གྲུབ། ཆོས་རྗེ་སྨོན་ལམ་ལྷུན་གྲུབ། རྗེ་བཙུན་བློ་བཟང་མཁས་བཙུན། བྱང་གླིང་འཇམ་དཔལ་ཚུལ་ཁྲིམས། བྱམས་པ་སྨོན་ལམ་བསམ་གཏན། ཁྱབ་བདག་ཡེ་ཤེས་དཔལ་འབྱོར་ལ་སོགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང༌། དམ་ཚིག་གི་རིམ་པ་ལས་མ་འདའ་བར། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་རྣམས་ཀྱིས་རྡོ་རྗེ་སློབ་མ་རྣམས་ཀྱི་སྲུང་སྐྱོབ་ཚུལ་བཞིན་དུ་མཛད་ནས། འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛོད་ཅིག འདི་རྗེ་བླ་མའི་གསུང་ལགས། མངྒ་ལཾ།། །།
དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་སྒྲུབ་ཐབས་དང་རྗེས་གནང་ཐུན་མོང་བ།
དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་སྒྲུབ་ཐབས་དང་རྗེས་གནང་ཐུན་མོང་བ་བཞུགས་སོ།།
ན་མོ་བཛྲ་པཱ་ཎ་ཡེ། དཔལ་ལྡན་རྡོ་རྗེ་རབ་བརྟན་མ་ལ་གཏོར་མ་འབུལ་བར་འདོད་པས། སྦྱོར་དངོས་རྗེས་གསུམ་གྱིས་ཤེས་པར་བྱ་སྟེ། དང་པོ་ནི། རང་ཡི་དམ་དུ་གསལ་བའི་མདུན་དུ། ཤ་ཁྲག་ལ་སོགས་པའི་གཏོར་མ་ཅི་འབྱོར་པ་བཤམས་ལ། ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེའི་དཀྱིལ་འཁོར་གྱི་སྟེང་དུ། རུ་རུ་ལས་མི་མགོ་ཁ་ཕྱིར་བསྟན་གྱི་སྒྱེད་པུ་གསུམ་གྱི་སྟེང་དུ། ཨ་ལས་ཐོད་པ་ཕྱི་དཀར་ལ་ནང་དམར་བ་ཅིག་བསམས་ལ། དེའི་དབུས་སུ་ཨོཾ། ཤར་དུ་ཧཱུྃ། ལྷོར་སྭ། ནུབ་ཏུ་ཨཱ། བྱང་དུ་ཧཱ། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་བསམ། དེ་ལས་འོད་ཟེར་འཕྲོས་པས་རླུང་གཡོས། ཨེ་ལས་མེ་འབར་བས་ཐོད་པ་གདུང༌། ཡིག་འབྲུ་ལྔ་ལས་འོད་འཕྲོས་པས་ཁམས་གསུམ་གྱི་བདུད་རྩི་མ་ལུས་པ་བཀུག ཡིག་འབྲུ་ལྔ་ལ་ཐིམ། ཡིག་འབྲུ་ལྔ་པོ་ཡང་ཞུ་ཞིང་གཅིག་ཏུ་འདྲེས་པས་ཤ་ལྔ་བདུད་རྩི་ལྔ་ཞུ་བའི་རང་བཞིན་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་བསམ། གཉིས་པ་ནི། གཏོར་མའི་མདུན་དུ་ཀྃ་ཀྃ་ལས་རྡོ་རྗེ་རབ་བརྟན་མ་སྐུ་མདོག་སྨུག་ནག་མོ། ཞལ་གཅིག་ཕྱག་གཉིས་མ། སྤྱན་གསུམ་མ། གཡས་རལ་གྲི། གཡོན་ནེའུ་ལེ་འཛིན་པ། སྐུ་ལ་མི་
པགས་ཀྱི་གཡང་གཞི་གསོལ་བ། དྲེའུ་གྭ་པ་ལ་ཆིབས་པ་ཅིག་ཏུ་ཝལ་གྱིས་བསྐྱེད་ལ། དེའི་ཐུགས་ཀ་ནས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲང་བ་ནི། རག་མོ་དུ་ར་དུན་ཏིང་བྷྱོཿ ཞེས་པས་སྤྱན་དྲངས་ལ། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་དབྱེར་མེད་དུ་གྱུར་པར་བསམས་ཞིང་བཟླས་པ་བྱེད་ན། སྲོག་སྙིང་འདི་བཟླའོ། །ཏདྱ་ཐཱ། ཨོཾ་རུ་རུ་བི་ཏིཥྛ། བ་དྷོ་སི། མ་མ་རག་མོ། ཙིཏྟ་ཁ་རག་མོ་བྷྱོཿབྷྱོཿསྭཱ་ཧཱ། ཞེས་སོ། །དེ་ནས་གཏོར་མ་འབུལ་བ་ནི། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་བའི་ཕྱག་རྒྱ་དང༌། ཨོཾ་བ་ལིང་ཏ་ཁ་རཾ་ཁཱ་ཧི། ཡོ་གི་ནཱི་ཁ་རཾ་ཁཱ་ཧི། ཌཱ་ཀི་ནཱི་ཁ་རཾ་ཁཱ་ཧི། སྟཾ་བ་ཝ་ཀཱ་ཏཱ་ཁ་རཾ་ཁཱ་ཧི། ཨ་ཀ་པཱ་ལ་ཧོ་ཁ་རཾ་ཁཱ་ཧི། ཨ་ཀཱ་རོ་གསུམ་མམ་བདུན་གྱིས་ཕུལ་ལ། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བར་བསམ་ཞིང༌། ཉེར་སྤྱོད་ལྔ་དང༌། ཨ་མྲྀ་ཏས་མཆོད་ལ། བསྟོད་བསྐུལ་འདི་བྱའོ། །ཧཱུྃ་བྷྱོཿ ལྷ་མོ་རྡོ་རྗེ་རབ་བརྟན་མ། །སྐུ་མདོག་སྨུག་ནག་ཆེན་མོ་ལ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། །སྐུ་ལ་མི་ལྤགས་གཡང་གཞི་གསོལ། །ཕྱག་གཡས་རལ་གྲི་འབར་བ་བསྣམས། །གཡོན་པའི་ཕྱག་གིས་ནེའུ་ལེ་འཛིན། །ཆིབས་སུ་དྲེའུ་རྟ་རྐང་གསུམ་ཆིབས། །ཕྲིན་ལས་བཅོལ་བའི་དུས་ཀྱི་ཚེ། །
མཚན་གསུམ་གློག་ལྟར་འཁྱུག་ཅིང་བྱོན། །ཉིན་གསུམ་ཁྲ་ལྟར་འཁྱུག་ཅིང་བྱོན། །བསྟན་པ་བསྲུང་བའི་དུས་ལ་བབ། །མ་གཅིག་རྡོ་རྗེ་རབ་བརྟན་མ། །དགྲ་བོ་འདུལ་བའི་དུས་ལ་བབ། །དཔལ་ལྡན་རྡོ་རྗེ་རབ་བརྟན་མ། །རཀྟའི་མཆོད་པ་འདི་བཞེས་ལ། །ཤ་ཁྲག་གཏོར་མ་འདི་བཞེས་ཤིག །བསྟན་མའི་གཙོ་མོ་རབ་བརྟན་མ། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བསྟན་པ་གཉན་པོ་ཁྱོད་ཀྱིས་སྲུངས། །ཞེས་སོགས་ཀྱིས་ཕྲིན་ལས་གཞོལ་ལོ། །གསུམ་པ་ནི། ནོངས་པ་བཟོད་པར་གསོལ། ཨོཾ་ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་དང༌། བཛྲ་མུཿ ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ་བའམ་མི་དམིགས་པར་བསམ། རྟེན་ཡོད་ན་གཤེགས་མི་དགོས་བརྟན་བཞུགས་བྱ། དགེ་བ་སེམས་ཅན་གྱི་དོན་དུ་བསྔོའོ། །གཏོར་མ་དཔལ་འབར་དང་བཅས་ཏེ་ས་གཙང་སར་བཏང༌། དམ་ཚིག་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ། སྨྲ་བ་ཉུང་ཞིང་མཆོད་གཏོར་དང་བཟླས་བརྗོད་ལ་བརྩོན་པ་དེས་བསྒྲུབས་ན་ཞག་ཉེར་གཅིག་ལ་འགྲུབ་སྟེ། མ་དང་སྲིང་མོའི་ཚུལ་དུ་འོངས་ནས་གོང་བསྒོ་བ་ཉན་གསུང་ངོ༌། །བསྟན་སྲུང་ཆེན་མོ་རྡོ་རྗེ་རབ་བརྟན་མའི། །སྒྲུབ་ཐབས་གཏོར་ཆོག་ཤིན་ཏུ་བསྡུས་པ་འདི། །ཆུང་ངུའི་དུས་ནས་རྡོ་རྗེ་རབ་བརྟན་མས། །ལེགས་པར་བསྲུང་ཞིང་སྟོང་གྲོགས་ལེགས་བྱེད་པའི། །ཤཱཀྱའི་དགེ་སློང་རིན་ཆེན་རྣམ་རྒྱལ་གྱིས། །དབེན་གནས་ཆེན་པོ་ཞྭ་ལུ་རི་ཕུག་ཏུ། །ལེགས་པར་སྦྱར་བའི་དགེ་བས་འགྲོ་བ་རྣམས། །ཕྱི་ནང་བདུད་ཀྱི་བར་ཆད་ཀུན་ཞི་ནས། །དམ་ཆོས་ཚུལ་བཞིན་ལེགས་པར་གྲུབ་གྱུར་ཏེ། །བདག་ཉིད་ཆེན་མོས་ལེགས་པར་སྐྱོང་གྱུར་ཅིག །ཆོས་སྐྱོང་མ་འདི་ཉིད་ཨུ་རྒྱན་གྱི་ཡུལ་དུ་རྡོ་རྗེ་སྣ་ཡོན་མར་མཚན་གསོལ། མི་ཤ་གསོལ་ཞིང་མི་ཁྲག་གསོལ། དེ་ནས་ཐོ་ལིང་གི་སྲུང་མར་བྱོན། རྡོ་རྗེ་དབང་གྲུབ་མར་མཚན་གསོལ། དེ་ནས་དཀར་ཆུང་སྲུང་མར་བྱོན། རྡོ་རྗེ་གཤོག་རྒོད་མར་མཚན་གསོལ། དེ་
ནས་དཔལ་རྒྱན་གོང་གི་སྲུང་མར་བྱོན། རྡོ་རྗེ་རབ་བརྟན་མར་མཚན་གསོལ། འདི་ལ་རྒྱུད་ཆེ་བ་གཉིས་ཡོད་ཅིང༌། སྒྲུབ་ཐབས་དང་བསྟོད་པ་མི་འདྲ་བ་མང་པོ་ཡོད་པའི་ནང་ནས། འདི་ཞི་བའི་སྒོ་ནས་སྒྲུབ་པའི་ཐབས་ཡིན་ནོ། །མཁན་པོ་ལོ་སྟོན་རྡོ་རྗེ་དབང་ཕྱུག་གིས་མཛད་པའི་ཡིག་ཆ་ལ་བརྟེན་ནས་བྱས་པ་ཡིན་ནོ། །དགེ་ལེགས་འཕེལ། ༈ །དཔལ་ལྡན་རྡོ་རྗེ་རབ་བརྟན་མའི་རྗེས་གནང་བཞུགས་སོ། །ལྷ་མོ་རྡོ་རྗེ་རབ་བརྟན་མའི་རྗེས་སུ་གནང་བ་བྱ་བར་འདོད་པས། མཆོད་གཏོར་བསྙེན་པ་སོགས་གོང་དུ་གྲུབ་རྗེས། སྦྱོར་དངོས་རྗེས་གསུམ་གྱི་སྒོ་ནས་བསྒྲུབ་པར་བྱ་བ་ནི། དང་པོ་གཏོར་མ་མཎྜལ་ཁྲུས་གསོལ་སྔོན་དུ་འགྲོ་བས། གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྐུ་དྲིན་སྩོལ། །ཞེས་ལན་གསུམ་གྱིས་གསོལ་བ་གདབ། རྒྱུད་དག་པར་བྱེད་པའི་ཆེད་དུ། མདུན་གྱི་ནམ་མཁར་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སངས་རྒྱས་བྱང་སེམས་ཀྱིས་བསྐོར་བ་བཞུགས་པ་རྣམས་ཀྱི་སྤྱན་སྔར། རང་གཞན་ཐམས་ཅད་ཀྱི་སྡིག་པ་བཤགས་པའི་སྒོ་ནས་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་ལན་གསུམ་གྱིས་གསོལ་བ་གདབ། དངོས་གཞི་བླ་མ་དང་ཡི་དམ་དབྱེར་མེད་ལ་མོས་གུས་འདུན་པ་དྲག་པོས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པས། བདག་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཆེད་དུ། དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་སྩལ་དུ་གསོལ། ཞེས་ལན་གསུམ་གྱི་བར་དུ་བྱ། དེ་ནས་བླ་མ་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། སློབ་མའི་ལུས་ལ་ཕོག་པས་རྣམ་སྨིན་གདོས་བཅས་ཤ་ཁྲག་གི་ཕུང་པོ་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་
ལས་སློབ་མ་ཕྱག་རྡོར་དུ་བསྐྱེད། བླ་མ་ཡང་གསང་བའི་བདག་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མའི་མདུན་དུ་ལྷ་མོ་གཙོ་འཁོར་ཡོངས་སུ་རྫོགས་པར་བསྐྱེད་པའི་གནས་གསུམ་བྱིན་གྱིས་བརླབ་བོ། །ཐུགས་ཀའི་བྷྱོཿམཐིང་ནག་ལས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཨ་སུ་རའི་བྲག་ཕུག་སོགས་ནས་སྤྱན་དྲངས་ནས་དེ་ཉིད་དུ་བསྟིམ། ཛཿཧཱུྃ་བཾ་ཧོཿས་བྱིན་གྱིས་བརླབ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཞུགས། ཁྱད་པར་དུ་དཔལ་ལྡན་ལྷ་མོ་རྡོ་རྗེ་རབ་བརྟན་མའི་སྐུའི་རྗེས་སུ་གནང་བ་ཐོབ། ལུས་ཀྱི་བར་ཆད་ཐམས་ཅད་ཞི་བའི་མོས་པ་མཛོད། ཡང་གསུང་གི་རྗེས་སུ་གནང་བའི་དོན་དུ་གསོལ་བ་ལན་གསུམ་གདབ། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང༌། ལྷ་མོའི་ཐུགས་ཀར་ཕོག ལྷ་མོའི་ཐུགས་ཀ་ནས་སྔགས་ཕྲེང་འོད་ཟེར་དང་བཅས་པ་བྱུང༌། ཁྱེད་རང་རྣམས་ཀྱི་ཐུགས་ཀར་ཐིམ་པས། སྔགས་ལན་གསུམ་བཟླས་པས་དང་པོ་དམ་ཚིག་པ། གཉིས་པས་ཡེ་ཤེས་པ། གསུམ་པས་དབང་བསྐུར་ཞིང་རིགས་བདག་གི་རྒྱས་བཏབ་སྟེ། བརྟན་ཞིང་ནུས་ལྡན་དུ་གྱུར་པའི་མོས་པ་བྱེད་ཅིང༌། སློབ་དཔོན་གྱི་ཕྲེང་བ་ནས་བཟུང་སྟེ། ཏདྱ་ཐཱ་སོགས་སྔགས་ཀྱི་རྗེས་ཟློས་ལན་གསུམ་བྱེད། སློབ་དཔོན་ལ་མེ་ཏོག་འདོར་ཞིང༌། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི་ཞེས་སོགས་དང༌། སློབ་དཔོན་གྱིས་ཕྲེང་བ་སྔགས་དང་བཅས་སློབ་མའི་སྤྱི་བོར་བཞག་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི་ཞེས་སོགས་བརྗོད། གསུང་གི་དངོས་གྲུབ་དང་རྡོ་རྗེ་རབ་བརྟན་མའི་གསུང་གི་རྗེས་སུ་གནང་བ་ལེགས་པར་ཐོབ། ངག་གི་བར་ཆད་ཐམས་ཅད་ཞི་བའི་མོས་པ་མཛོད། ཡང་ཐུགས་ཀྱི་རྗེས་གནང་གི་དོན་དུ་གསོལ་བ་གདབ། རང་གི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་སྟེང་དུ་བྷྱོཿསྨུག་ནག་ཅིག་བསམ། དེ་ཉིད་ལ་དམིགས་པ་གཏད་ལ་སེམས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ངང་ལ་ཅི་གནས་ཀྱི་བར་དུ་མཉམ་པར་གཞག་གོ །དེ་ནི་ཐུགས་ཀྱི་རྗེས་གནང་ངོ༌། །དེ་ནས་
བཀའ་བསྒོ་བ་ནི། གཏོར་མ་སློབ་མའི་ལག་ཏུ་གཏད་ལ། མདུན་གྱི་ནམ་མཁའ་ལ་རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་བཞུགས་ནས་བསྟན་པ་བསྲུང་བར་བཀའ་བསྒོ་བ་མཛད་པ་ཡིན་པས། སློབ་དཔོན་པདྨ་འབྱུང་གནས་ནས་རིམ་པར་བརྒྱུད། ལོ་སྟོན་རྡོ་རྗེ་དབང་ཕྱུག ལྕེ་བཙུན་ཤེས་རབ་འབྱུང་གནས་སོགས་ནས་ཉེ་བར་བརྒྱུད་དེ། ཐམས་ཅད་མཁྱེན་པ་བུ་སྟོན་ཆོས་རྗེ། ཐུགས་སྲས་རིན་ཆེན་རྣམ་རྒྱལ། སྐུ་ཞང་ནམ་མཁའི་མཚན་ཅན། ཆོས་རྗེ་རིན་ཆེན་དཔལ་གྲུབ། རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེ། འཇམ་དབྱངས་རིན་ཆེན་རྒྱལ་མཚན། རིན་ཆེན་དོན་ཡོད་རྒྱལ་མཚན། རྗེ་བཙུན་བསོད་ནམས་ལྷུན་གྲུབ། འདྲེན་མཆོག་མཆོག་ལེགས་རྡོ་རྗེ། མཁྱེན་རབ་བསྟན་འཛིན་བཟང་པོ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ལ་ཇི་སྲིད་བྱང་ཆུབ་མ་ཐོབ་བར་དུ་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། གང་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབས་ཤིག ལྷ་མོས་ཀྱང་དེ་ལྟར་བགྱིའོ་ཞེས་ཁས་བླངས་པར་མོས་ཤིང༌། དེ་རྣམས་དངོས་གཞི་རྗེས་གནང་གི་རིམ་པའོ། །མཇུག་ཏུ་གཙོ་བོས་ཇི་ལྟར་བཀའ་སྩལ་པ་སོགས་དང༌། གཏོར་མའི་ཡེ་ཤེས་པ་བསྟིམ་པ་སོགས་སྤྱི་མཐུན་ལྟར་བྱ། རྗེས་ཆོག་སོགས་གཞུང་བཞིན་བྱའོ། །རྡོ་རྗེ་རབ་བརྟན་མའི་རྗེས་གནང་གི་ཆོ་ག་མདོར་བསྡུས་རྡོ་རྗེ་འཆང་མཁྱེན་རབ་ཆོས་རྗེའི་ཕྱག་ལེན་གྱི་གསུང་རྒྱུན་མ་ཉམས་པ་བྲིས་པའོ།། །།མངྒ་ལཾ།། །།
པུ་ཏྲ་མིང་སྲིང་གི་རྗེས་གནང་བྱ་ཚུལ།
པུ་ཏྲ་མིང་སྲིང་གི་རྗེས་གནང་བྱ་ཚུལ་བཞུགས་སོ།།
བླ་མ་མཆོག་དང་ཧེ་རུ་ཀ །ནག་པོ་ཆེ་ལ་རབ་བཏུད་ནས། །དེ་ཡི་ལས་མཁན་མིང་སྲིང་གསུམ། །མཉེས་བྱེད་རྗེས་སུ་གནང་བ་བྲི། །དེ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་ནི། གནས་ཁང་ཇི་ལྟར་རིགས་པར་གུར་ལྷ་བརྒྱད་ཀྱི་རྟེན་ཡོད་ན་བཞུགས་སུ་གསོལ་བའི་མདུན་སོ་སོའི་ཕྱག་ལེན་བཞིན་མཆོད་གཏོར་བཤམས། ཁྱད་པར་མིང་སྲིང་གི་རྟག་གཏོར་ཟུར་བརྒྱད་པ་ཁྲག་གམ་སྨུག་རྩིས་བྱུགས་པ་ལ་མར་གྱིས་རྒྱན་ཅི་མཛེས་དང༌། ཤ་དམར་པོས་བརྒྱན་པ། མདའ་དར་སྣ་ཚོགས་སམ་དར་ནག་གིས་བརྒྱན་པ་གཟུགས་པའང་བཤམས་པའོ། །གཉིས་པ་དངོས་གཞི་ལ། སློབ་དཔོན་དང་སློབ་མའི་བྱ་བ་ལས། དང་པོ་སློབ་དཔོན་གྱིས་ཀྱེ་རྡོར་སོགས་ཡི་དམ་གྱི་བདག་བསྐྱེད་གང་ཡང་རུང་བར་བྱས་ལ། ཡི་དམ་ཆོས་སྲུང་གི་གཏོར་མ་འབུལ་བ། སྐོང་བ་སོ་སོའི་ཕྱག་ལེན་བཞིན་དང༌། ཁྱད་པར་པུ་ཏྲ་མིང་སྲིང་གི་སྒོས་སྐོང་རེ་བྱུང་ན་རབ་ཡིན་ནོ། །གཉིས་པ་སློབ་མའི་བྱ་བ་ནི། གུར་མགོན་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་པ་བདུན་ནམ། བཅུ་གཅིག་ལ་སོགས་པ་ཟུང་དུ་མ་གྱུར་པ་ཁྲུས་བྱས་གྲལ་ལ་འཁོད་པ་ལས་སློབ་ཀྱིས་མེ་ཏོག་བཀྱེ་བསྡུ་ཚར་བ་དང༌། སློབ་དཔོན་གྱིས། འོ། གནས་སྐབས་སུ་འགལ་རྐྱེན་བར་ཆད་ཞི་ཞིང༌། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་ཕྱིར་རྗེས་སུ་གནང་བ་ཟབ་མོ་གསན་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གསལ་བཏབ་ནས་གསན་པར་ཞུ། དེ་ལ་འདིར་དཔལ་རྡོ་རྗེ་ནག་པོ་ཆེན་པོའི་ལས་མཁན་ཕྱི་ནང་གསང་གསུམ་ལས་གསང་བ། དེ་ལ་ཡང་གནོད་སྦྱིན་ཡབ་ཡུམ་སོགས་ལྔར་བྱེད་པ་ལ། པུ་ཏྲའི་རྗེས་གནང་ཟུར་བཀའ་རྒྱས་པ་མཛད་པ་དང༌། ཕྲིན་ལས་མྱུར་དུ་སྒྲུབ་པར་བྱེད་པ་མོན་བུ་མིང་སྲིང་གསུམ་གྱི་རྗེས་སུ་གནང་བ་ལས། ཕྱི་མ་ཉིད་ཀྱི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། སློབ་དཔོན་གྱིས་ཡི་དམ་ཆོས་སྐྱོང་གི་བསྙེན་པ་ཚུལ་བཞིན་སོང་བས། སློབ་མ་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཐོབ་ཅིང༌། དེ་ཉིད་ཆོས་སྐྱོང་དུ་བསྟེན་པའམ་དམ་ཚིག་ཅན་གྱི་གང་ཟག་གཅིག་ནས་བདུན་ལ་སོགས་པ་ཟུང་དུ་མ་གྱུར་པ་ལ་བྱ་དགོས་ཤིང༌། དུས་ཉེར་དགུ་
ལྟ་བུ་སོགས་ལ་བྱུང་ན་མཆོག་ཏུ་གྱུར་ཅིང༌། ངེས་པར་བྱ་དགོས་པ་ནི་མ་ཡིན་ནོ། །ཆོ་ག་ནི་སློབ་དཔོན་གྱིས་ཡི་དམ་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས་ཡི་དམ་ཆོས་སྐྱོང་སྲུང་མ་རྣམས་ལ་མཆོད་གཏོར་འབུལ་བ་སོགས་ལེགས་པར་གྲུབ་ནས་ཁྱེད་རང་རྣམས་རྡོ་རྗེ་སློབ་དཔོན་དང་ཀྱེ་རྡོ་རྗེ་ཐ་དད་མེད་པ་ལ་པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱིས་སོགས་ཤོ་ལོ་ཀ་གཅིག་དང༌། སངས་རྒྱས་ཀུན་གྱི་སོགས་ཚིག་གཉིས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་ནས། བློ་མཆོག་བདག་ལ་གནང་བར་མཛོད་ཀྱི་བར་གྱིས་ཐུན་མོང་གི་གསོལ་བ་བཏབ་ནས། ཐུན་མོང་མ་ཡིན་པའི་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་བླ་མ་དམ་པས་བདག་ལ་ལས་ཀྱི་མགོན་པོ་པུ་ཏྲ་མིང་སྲིང་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། ལན་གསུམ། དེ་ལྟར་གསོལ་བ་བཏབ་ནས་སྐུའི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་དང༌། མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་ལ་གསལ་འདེབས་པ་ཙམ་ཡིན་པས་དེ་ལ་ལས་དང་པོ་པ་རྣམས་བསྒོམ་བདེ་བའི་ཕྱིར། སློབ་དཔོན་གྱིས་ངག་ཏུ་བརྗོད་པ་ལ་ཐུགས་མ་ཡེངས་པར་གཏོད་པར་ཞུ། ཁྱེད་རང་རྣམས་སྐད་ཅིག་གིས་པདྨ་ཉི་མ་རོའི་གདན་ལ་རྡོ་རྗེ་ནག་པོ་ཆེན་པོ་ཆེ་ཞིང་ཆེར་འབར་བ་ཞེས་པ་ནས་མི་བསྐྱོད་པའི་ཅོད་པན་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པ་ཞེས་པའི་བར་གཏོར་ཆོག་བཞིན་བརྗོད། མདུན་དུ་ཡང་པད་ཉི་རོ་ཡི་གདན་ལ་གཏོར་མགྲོན་གྱི་རྡོ་རྗེ་ནག་པོ་ཆེན་པོ་ཞེས་པ་གོང་བཞིན་དང༌། དེའི་མདུན་དུ་པད་ཉི་རོ་སྟེ་གདན་གསུམ་གྱི་སྟེང་དུ་རིམ་པ་བཞིན་ལས་ཀྱི་མགོན་པོ་པུ་ཏྲ་ནག་པོ་ཞལ་གཅིག་ཕྱག་གཉིས་གཡས་རལ་གྲི། གཡོན་ཀླད་ཁྲག་གིས་གང་བའི་ཐོད་པ། དར་གྱི་ཨང་ག་རག་དང་དར་ནག་གི་ན་བཟའ་མནྟྲའི་ག་ཤ་ཅན། དེའི་གཡོན་དུ་བྷ་ཊ་ནག་པོ་སྟག་སློག་ཅན། གཡས་དམ་ཤིང༌། གཡོན་མི་སྙིང་འཛིན་པ། དེའི་གཡོན་དུ་སྲིང་མོ་
ཁྲག་མིག་མ་ཁ་ནས་མེ་འབར་མ་གཡས་སྤུ་གྲི། གཡོན་མིའི་རྒྱུ་མ་འཛིན་པ། ཟ་འོག་ནག་ཁྲའི་གོས་གྱོན་པ། མིང་སྲིང་གསུམ་ཀའང་མི་མགོ་སྐམ་པོའི་དབུ་རྒྱན། རློན་པའི་དོ་ཤལ་ཅན། རྔམ་ཞིང་འཁྲུགས་པས་གདུག་པ་ཅན་ཐམས་ཅད་ཚར་གཅོད་པ་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་ཕོ་ཉ་བསམ་གྱིས་མི་ཁྱབ་པ་རྣམས་གསལ་ལམ་སྟེ་མངོན་སུམ་དུ་བཞུགས་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་རྡོ་རྗེ་ནག་པོ་ཆེན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་འཕྲོས། མདུན་གྱི་ནག་པོ་ཆེན་པོ་གཙོ་འཁོར་རྣམས་ཀྱི་ཐུགས་ཀར་ཕོག དེ་དག་གི་སྐུ་ལས་མིང་སྲིང་གསུམ་གྱི་སྐུ་འཇིག་རྟེན་གྱི་ཁམས་ཁྱབ་པར་སྤྲོས། བླ་མ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པར་བྱེད་པའི་དམ་ཉམས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། སླར་པུ་ཏྲ་མིང་སྲིང་གསུམ་གྱི་སྐུའི་རྣམ་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའི་ཁམས་གང་བ་རྣམས་ཚུར་འདུས། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པས་སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། གུ་གུལ་གྱིས་བདུག རོལ་མོའི་སྒྲ་དྲག་ཏུ་བྱ་ཞིང༌། ཤཱ་ས་ན་དང་བོད་པ་གཉིས་ཀྱི་མཇུག་ཏུ་ཨ་ཝཱེ་ཤ་ཡ་ཨཱཿ ཛཿཧཱུྃ་བཾ་ཧོཿ ཡང་ཡང་བརྗོད། རྦད་བསད་གཉིས་མི་བརྗོད། གསུང་གི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་གི་མཐའ་མར་ཤཱ་ས་ན་དང༌། དེའི་མཐར་མོའི་བོད་པ་ནས་སྔགས་ཚན་རེ་རེ་བཞིན་ནས་རིམ་པ་བཞིན་བོད་རྦད་བསད་གསུམ་གྱིས་བསྐོར་བར་དམིགས། སྔགས་རྣམས་ལས་འོད་འཕྲོས། མདུན་གྱི་མགོན་པོ་འཁོར་བཅས་ལ་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་འོད་ཟེར་འཕྲོས། པུ་ཏྲ་མིང་སྲིང་གསུམ་གྱི་སྲོག་སྙིང་ཏྲི་ཏྲི་བྷྱོཿརྣམས་ལ་ཕོག་པས་དེ་དག་ལས་པུ་ཏྲ་མིང་སྲིང་གི་སྐུ་འཇིག་རྟེན་གྱི་ཁམས་གང་བར་སྤྲོས། བླ་མ་དང་སངས་རྒྱས་ཀྱི་བསྟན་ལ་གནོད་པར་བྱེད་པའི་དམ་ཉམས་དགྲ་བགེགས་གདུག་པ་ཅན་རྣམས་ཚར་བཅད། སླར་སྐུ་རྣམས་ཚུར་འདུས། ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁའི་ཐད་དུ་སླེབ་པ་དང༌། གསུང་ཡིག་འབྲུའི་རྣམ་པར་གྱུར་ནས་ཁྱེད་རང་རྣམས་ཀྱི་ཐུགས་ཀའི་སྔགས་
ཕྲེང་ལ་ཐིམ་པས། གསུང་གི་བྱིན་རླབས་ཞུགས་པའི་མོས་པ་མཛད་ནས། སྔགས་འདི་རྣམས་ཀྱི་རྗེས་ཟློས་ལན་གསུམ་གྱི་བར་དུ་མཛོད། ཤཱ་ས་ན་དང་བོད་རྦད་བསད་གསུམ་གྱི་«་་་་་བཟླས་ལུང་སྐབས་འབོད་པ་གཉིས་ཀྱིས་ཆོག་ཅེས་ཨ་མེས་ཞབས་ཀྱི་གསུང་ལྟར་རྗེ་འཕགས་མཚན་དེ་ལྟར་མཛད། མཆན།» རྗེས་ཟློས་ཚར་བ་དང༌། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་བཞིན་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། །ལན་གསུམ། དེ་ནས་སློབ་དཔོན་གྱིས་མེ་ཏོག་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ནས་ཁྱེད་རང་རྣམས་ཀྱི་མགོ་ཐོག་ཏུ་བཞག་པའི་མོས་པ་མཛོད། ཅེས་སློབ་མ་ལ་ནས་སོགས་འཐོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །ཞེས་ཇི་ལྟར་རིགས་པ་བརྗོད། ཐུགས་ཀྱི་རྗེས་སུ་གནང་བའི་དོན་དུ་དམིགས་པ་འདི་བཞིན་མཛོད། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་མགོན་པོ་གཙོ་འཁོར་གྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། དེ་རྣམས་ཀྱི་ཐུགས་ཀ་ནས་གྲི་གུག་དང༌། རལ་གྲི་དང༌། དམ་ཤིང་དང་སྤུ་གྲི་ལ་སོགས་པ་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཇིག་རྟེན་གྱི་ཁམས་གང་བ་སྤྲོས། བླ་མ་དང་སངས་རྒྱས་ཀྱི་བསྟན་པ་ལ་གནོད་པ་བྱེད་པའི་དམ་ཉམས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། འོད་ཟེར་མཚོན་ཆའི་ཚོགས་རྣམས་ཚུར་འདུས་པ། སླར་མིང་སྲིང་གསུམ་གྱི་ཐུགས་ཀར་ཐིམ་པས་མཚོན་ཆ་རྣམས་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་གྱུར་ཏེ། དེ་གསུམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་མགོན་པོར་གསལ་བའི་ཐུགས་ཀར་ཐིམ་པས། ཐུགས་ཀྱི་བྱིན་རླབས་ཞུགས་པའི་མོས་པ་མཛོད། ཤཱ་ས་ན་དང་བོད་པ་གཉིས་སོགས་གོང་བཞིན་རོལ་མོ་དང་བདུག་པ་བྱ། ཕྲིན་ལས་གཏོར་མའི་བཀའ་བསྒོ་བའི་དོན་དུ་དམིགས་པ་འདི་བཞིན་དུ་མཛོད། རྟག་གཏོར་ཟུར་བརྒྱད་པ་ལ་མཚན་མོ་ཡིན་ན་དཔལ་འབར་བཙུགས་པ་སློབ་དཔོན་གྱིས་སློབ་མའི་མདུན་གྱི་ཐད་ཀར་བཟུང་ལ། གཏོར་མ་འདི་ཉིད་གུར་གྱི་མགོན་པོ་གཙོ་འཁོར་ལ་
བཀའ་སྡོད་ཕོ་ཉ་བསམ་གྱིས་མི་ཁྱབ་པས་བསྐོར་བའི་སྟེང་གི་ཆ་ལ་སངས་རྒྱས་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་མཐོ་བརྩེགས་སུ་མངོན་སུམ་དུ་བཞུགས་པའི་མོས་པ་མཛོད། བོད་པ་གཉིས་ཀྱི་མཇུག་ཏུ། ས་པ་རི་ཝཱ་ར་ས་མ་ཡ་སྨཱ་ར་ས་མ་ཡ་མཱ་ཏི་ཀྲ་མ་ཐ། ས་མ་ཡ་རཀྵནྟུ། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང༌། འཕགས་པ་ཀླུ་སྒྲུབ། སློབ་དཔོན་པདྨ་འབྱུང་གནས། པཎྜི་ཏ་དྷརྨ་པཱ་ལ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། བླ་མ་མལ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། གྲུབ་ཆེན་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ་བ། དྲིན་ཅན་རྩ་བའི་བླ་མ་དམ་པ་ས་ལོ་ཙཱ་བ་འཇམ་དབྱངས་ཀུན་དགའ་བསོད་ནམས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། སྦས་པའི་རྣལ་འབྱོར་གྲུབ་ཆེན་དཔལ་ལྡན་བཀྲ་ཤིས་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྡོ་རྗེ་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་བསྲུང་བ་དང༌། བསྐྱབ་པ་དང༌། སྦ་བ་དང༌། འགོ་བའི་ཕྲིན་ལས་མཛོད་ཅིག ཞི་རྒྱས་དབང་དྲག་གི་ལས་རྣམས་མྱུར་དུ་སྒྲུབས་ཤིག གནས་སྐབས་ཀྱི་འགལ་རྐྱེན་དང་དམ་ཆོས་སྒྲུབ་པའི་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང༌། མཐུན་རྐྱེན་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་སྙན་གྲགས་ལེགས་པའི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བརྗོད་ཅིང་གོང་བཞིན་སྔགས་དང་རོལ་མོ་བྱ། སྔགས་ཀྱི་མཇུག་ཏུ་ཨ་དྷིཥྛཱ་ན། ཨ་དྷིཥྛི་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང་
སློབ་མ་རྣམས་ཀྱི་ལག་པར་གཏད་ཚར་བ་དང་རོལ་མོ་བཞག སློབ་དཔོན་གྱིས་གཏོར་མ་མདུན་དུ་བཟུང་ལ། ཁྱེད་རྣམས་ཀྱི་ལག་ཏུ་གཏད་པའི་གཏོར་མ་མགོན་པོ་གཙོ་འཁོར་བླ་མ་བརྒྱུད་པ་དང༌། མདུན་གྱི་ལྷ་ཚོགས་རྣམས་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་ཞུ་ནས་ཁྱེད་རང་རྣམས་གུར་གྱི་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་དང་གུར་གྱི་མགོན་པོ་གཙོ་འཁོར་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང༌། རང་གི་སེམས་རོ་གཅིག་ཏུ་གྱུར་པའི་མོས་པ་མཛད་ནས་དེའི་ངང་ལ་ཅུང་ཟད་ཅིག་མཉམ་པར་འཇོག་པར་ཞུ། དེ་རྣམས་ཀྱིས་རྗེས་སུ་གནང་བ་ཟབ་མོ་གསན་པ་ཡིན་པས། དེ་དག་གི་གནས་སྐབས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ལ་བསྲུང་སྡོམ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས་ལན་གསུམ། རྗེས་གནང་ཐོབ་པའི་གཏང་རག་ཏུ་མཎྜལ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ལ་སོགས་པ་ཡོན་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་རྣམས་ཀྱི་སྒོ་ནས་མོན་བུ་མིང་སྲིང་གསུམ་གྱི་རྗེས་གནང་ཟུར་དུ་མཛད་པའི་ལུགས་བཞིན་གསན་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛོད། བསོད་ནམས་འདི་ཡིས་སོགས་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ནི། གཏོར་མ་རྣམས་གཏང་རག་ཏུ་སྤྱི་བསྟབ་བྱ་ཞིང་འབུལ། ཡི་གེ་བརྒྱ་པས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། རྟེན་ཡོད་པ་རྣམས་ལ་བརྟན་བཞུགས། མེད་པ་རྣམས་གཤེགས་སུ་གསོལ། ལྷ་བརྒྱད་ཀྱི་སྐུ་མེད་ན་ལྷ་བརྒྱད་རང་གི་སྙིང་གར་ཐིམ་ཞེས་བརྗོད། གནས་གསུམ་བསྲུང་ཞིང་གོ་བསྒོ་བ་སོགས་བདག་བསྐྱེད་དང་བསྟུན་ལ་བྱ། དེ་ནས་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱའོ། །ཞེས་པུ་ཏྲ་མིང་སྲིང་གསུམ་གྱི་རྗེས་གནང་ཟུར་དུ་མཛད་པའི་ཚུལ་འདི་ནི་རང་ལོ་ཉེར་གཅིག་ལོན་པའི་དུས། རྗེ་བཙུན་རིན་པོ་ཆེའི་སྒྲུབ་གནས་ཁྱད་པར་ཅན་བྱས་འགྱུར་རྡོ་རྗེའི་བྲག་རྫོང་འདི་ཉིད་དུ་མཁས་གྲུབ་ཆེན་པོ་སྦས་པའི་རྣལ་འབྱོར་པ་དཔལ་ལྡན་བཀྲ་ཤིས་པའི་དྲུང་དུ་ཇི་ལྟར་ཐོབ་པའི་ལུགས་བཞིན་རིགས་ཀྱི་བུ་བསོད་ནམས་
དབང་པོ་སྤུན་ལ་དབེན་གནས་འདིར་རྗེས་གནང་བྱས་དུས། འཇམ་དབྱངས་བསོད་ནམས་ལྷུན་གྲུབ་ཀྱིས་ཡོངས་འཛིན་དཀོན་མཆོག་འཕེལ་གྱི་གསུང་ལ་ཟིན་བྲིས་མཛད་པའི་རྗེས་གནང་གི་ཐོ་བཞིན། ས་ཕོ་སྟག་ལོ་ནག་པ་ཟླ་བའི་དཀར་ཕྱོགས་དགའ་བ་དང་པོའི་ཚེས་ལ། བླ་མ་རྣམས་ཀྱི་གསུང་རྒྱུན་ཕྱག་ལེན་གྱིས་བརྒྱན་ཏེ། རྗེ་བཙུན་ས་ལོ་ཆེན་པོ་ཡབ་སྲས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པ་ཟ་ཉལ་འཆག་གི་རྣལ་འབྱོར་པ་ངག་གི་དབང་པོ་ཀུན་དགའ་རིན་ཆེན་གྱིས་རྡོ་རྗེའི་བྲག་རྫོང་འདི་ཉིད་དུ་སུག་བྲིས་བགྱིས་པ་འདི་ལ་ཉེས་པ་མཆིས་ན་བླ་མ་དང་མཁའ་འགྲོས་བཟོད་པར་མཛོད། འདི་བྲིས་དགེ་བས་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཚེ་བརྟན་ཞིང་བསྟན་པ་རྒྱས་པ་དང༌། །བསྟན་དགྲ་ཐལ་བ་རྡུལ་དུ་བརླག་གྱུར་ནས། །འགྲོ་ཀུན་དགའ་བདེའི་དཔལ་ལ་སྤྱོད་པར་ཤོག །མངྒལཾ། ༈ །འདིའི་རྗེས་གནང་གི་བརྒྱུད་པ་དཔལ་ལྡན་བཀྲ་ཤིས་ཡན་འདྲ། དེ་ནས་སྔགས་འཆང་ཆོས་རྗེ། ཁྲི་ཆེན་འཇམ་དབྱངས་བསོད་ནམས་དབང་པོ། ངག་དབང་ཀུན་དགའ་བསོད་ནམས། ས་ཆེན་བླ་མ་ངག་དབང་ཀུན་དགའ་བཀྲ་ཤིས། འཇམ་དབྱངས་བཟང་པོ་རྒྱལ་མཚན། ཤྲཱི་མ་ཧཱ་ཀཱ་ལ་སྐུ་དྲིན་མཚུངས་མེད་འཕགས་པ་ཆོས་ཀྱི་རྒྱལ་མཚན། དེས་བདག་བསོད་ནམས་དབང་ཕྱུག་ལ་རྗེས་གནང་ལུང་དང་བཅས་པ་གནང་བའོ།། །།
དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་གསལ་བར་བྱེད་པའི་གཏམ་གྱི་རྒྱུད་མངས།
དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་གསལ་བར་བྱེད་པའི་གཏམ་གྱི་རྒྱུད་མངས་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི་སིདྡྷཾ། བླ་ན་མེད་པའི་གསང་གསུམ་ཡོན་ཏན་དཔལ། །མི་ཟད་མཛོད་འཆང་ཆོས་ཀྱི་བཀྲཾ་ཤཾིས་དབྱངས། །སྙན་པོས་འགྲོ་ལ་ལེགས་པའི་ལམ་ཆེན་སྟོན། །ཕྲིན་ལས་ལྷཾུན་གྲུབཾ་བླ་མས་དགེ་ལེགས་སྩོལ། །ཆུ་བདག་ངལ་བའི་སྡིག་དང་ས་འཛིན་དབང༌། །བསྐྱོད་པའི་ཐུབ་ཆོད་ལས་འགའ་བརྩམས་མིན་པར། །ལེགས་པའི་དཔལ་བསྐྱེད་གདམས་པའི་བཅུད་ཀྱིས་ལེན། །དངོས་དང་བརྒྱུད་ནས་སྦྱིན་མཛད་ཀུན་ལ་བཏུད། །བདེ་གཤེགས་ཡོངས་ཀྱི་མཁྱེན་བརྩེ་རྫུ་འཕྲུལ་སྟོབས། །གར་གྱི་ཉམས་རྩལ་རྫོགས་པའི་ཀེང་རུས་སུ། །མངོན་པར་བརྫུས་ནས་ལས་བཞི་ལྷུན་གྲུབ་ཀྱི། །དཔལ་སྦྱིན་དུར་ཁྲོད་བདག་པོས་དགེ་ལ་སྦྱོར། །གསང་རྒྱུད་སྤྲིན་གྱི་གདུང་སྐྱོབ་ལྷ་དང་མི། །ཀུན་གྱི་བླ་ན་འཕྱོ་བའི་ཁོང་རུམ་ནས། །བསམ་ཀུན་རྫོགས་མཛད་སྲུང་མའི་དབང་པོ་གང༌། །བསྔགས་བརྗོད་ཚིག་གི་དབྱར་སྐྱེས་རྔ་གསང་ལྡིར། །གང་གི་ཐུགས་རྒྱུད་ལེགས་བསྐུལ་ཐུན་མོང་མཆོག །ཟུང་གིས་བསྡུས་པའི་དངོས་གྲུབ་སྐྱེས་བཟང་གིས། །རང་གཞན་ཡིད་ཀྱི་ཤིང་རྟ་འགེངས་པའི་ཐབས། །བསྙེན་སྒྲུབ་བྱ་ཚུལ་གཏམ་གྱི་རྒྱུད་མངས་འཁྲོལ། །དེ་ལ་འདིར་སྐབས་སུ་བབ་པའི་གླེང་བར་བྱ་བ་ཉིད་ནི། གངས་ལྡན་གྱི་རི་བོའི་ཕྲེང་བས་ཡོངས་སུ་བསྐོར་བའི་ཡུལ་གྲུ་ཆེན་པོ་འདི་ཉིད་དུ། སྐལ་བཟང་རྣམ་འདྲེན་བཞི་པའི་ལུགས་བཟང་འདི་
སྙེད་པ་བགྱི་བ་རྣམ་པ་གསུམ་གྱི་སྒོ་ནས་གསལ་བར་བྱེད་པའི་སྒྲོན་མེ་དམ་པ་དཔལ་ས་སྐྱ་པ་ཆེན་པོ་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ་གདམས་པའི་བཀའ་སྲོལ་བབ་ཅིང་ཐུགས་ཉམས་སུ་བསྟར་བའི་ཟབ་ཆོས་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་བཀའ་སྲུང་ཐུན་མོང་མ་ཡིན་པ་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་སྒོ་ནས་རང་དང་གཞན་གྱི་དོན་བསྒྲུབ་པ་ལ་གསུམ་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་སྦྱོར་རོ། །དང་པོ་བསྙེན་པ་ལའང་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། ཐོག་མར་སྒྲུབ་པ་པོ་བདེ་ཀྱེ་ལ་སོགས་པའི་རྣལ་འབྱོར་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པ་སླར་ཡང་ཆོས་སྐྱོང་འདི་ཉིད་ཀྱི་བཀའ་ཡི་རྗེས་སུ་གནང་བ་མན་ངག་སྒྲུབ་སྐོར་དང་བཅས་པ་ལེགས་པར་ཐོབ་པས། གང་དུ་བསྒྲུབ་པའི་གནས་ནི། གཞུང་ལས། དུར་ཁྲོད་ཆེན་པོའི་གནས་དག་གམ། །ལྷ་ཁང་ལ་སོགས་དབེན་གནས་སུ། །ཞེས་གསུངས་པས། འདིར་ལས་དང་པོ་པའི་གནས་ནི་ཕྱི་མ་སྟེ། དེའང་བླ་མ་གོང་མ་ལ་སོགས་པས་བྱིན་གྱིས་བརླབས་ཤིང་རང་དབང་དུ་འདུ་ངེས་པ་དེ་ལ་ཕྱག་དར་ལ་སོགས་པས་ཡིད་འཇུག་པར་བྱས་ཏེ། དེར་རང་ཉིད་ཁ་ནུབ་ཏུ་ཕྱོགས་པའི་གདན་བཤམ་འོང་བར་བྱས་པའི་མདུན་དུ། མཎྜལ་མདའ་གང་གི་ཚད་ཙམ་ཡོད་པ་ལ་ཞལ་བ་ཁོད་སྙོམས་པར་བྱས། དེའི་དབུས་
སུ་ཡིག་རྙིང་ཕལ་ཆེར་ལས་གྲུ་གསུམ་བྲུ་བ་སོགས་བཤད་ཀྱང་ཕྱག་ལེན་བདེ་བའི་ཆེད་དུ་དབུས་ནས་མཐོ་ཚད་ཙམ་གྱིས་ཟླུམ་པོར་བསྐོར་བའི་ནང་དུ་རྡུལ་ཚོན་དཀར་པོ་ལ་སོགས་པས་དུང་དཀར་དང་འགྲོན་བུ་ཁ་སྤྲོད་ཀྱི་རྣམ་པ་ལེགས་པར་བྲིས་པའི་སྟེང་དུ་འབྲས་སམ་ནས་ཀྱི་ཚོམ་བུ་དབུས་སུ་གཅིག་དང༌། ཕྱིའི་ཕྱོགས་མཚམས་བརྒྱད་དུ་རེ་རེ་སྟེ་ཚོམ་བུ་དགུ་བཀོད་ལ་ཚོམ་བུ་དབུས་མའི་སྟེང་དུ་མཆོག་རྐང་ངམ་མཆོག་ཕུར་ཞེས་བྱ་བ་མི་རྐང་གི་ཁྲིའུ་འམ། ཐོད་སྐམ་སྒལ་ཚིགས་དང་བཅས་པའི་རྣམ་པ་ཤིང་ལས་བྱས་པ་ལ་དཀར་རྩིས་བྱུགས་པ་གསུམ་བཅིངས་བའི་ཁྲིའུ་བྱས། དེའང་མ་འབྱོར་ན་མཉྫི་བཞག་པས་ཀྱང་རུང༌། དེའི་ཁར་ཀ་པཱ་ལ་དུམ་བུ་གཅིག་པའི་ནང་ཐམས་ཅད་མར་གྱིས་ཁྱབ་པར་བསྐུས་ལ་བཞག དེའི་ནང་དུ་དཔལ་བཤོས་ཞེས་པ་གཏོར་མ་སྟོད་ཟུར་གསུམ་ཧ་ཅང་མི་རྣོ་བ། སྨད་ཟླུམ་པོ་ཆངས་བུ་བདུན་གྱི་ནང་དུ་བསླང་སྟེ་སྦྱར་བ་ལ་མར་གྱིས་རྒྱན་བཏགས་པའམ། ཡང་ན་སྤྱིར་འདི་དག་གི་རིགས་ལ་ཟླུམ་གཏོར་བྱ་བ་ས་པཎ་གྱི་དགོངས་པ་དང་མཐུན་པར་ངོར་ཆེན་རྡོ་རྗེ་འཆང་ཡང་དེ་བཞིན་བཞེད་དེ། དེ་དག་གང་ལ་མོས་པ་རེ་བཤམས་པའི་མཐར་མཛོ་དྲེལ་གྱི་ཤ་མ་གཏོགས་པ་གཙོ་བོར་རི་བོང་གི་ཤ་དང༌། གཞན་ཡང་ལུག་དང་གཡག་རྒོད་ལ་སོགས་པའི་ཤ་སྣ་གཙང་མ་དང༌། དཀར་གསུམ་མངར་གསུམ་དང༌། ཤིང་ཐོག་དང་འབྲུ་སྣ་དང་རིན་པོ་ཆེ་དང་དར་ཟབ་ལ་སོགས་པ་ཚོགས་ཚད་བསགས་ཏེ་ཕྱུར་བུར་དགང་ངོ༌། །དེའི་ཁར་ནོར་བུ་གཉིས་ཞེས་པ་དུང་དཀར་དང་འགྲོན་བུ་བུ་མ་ཆེ་བ་གཉིས་དང་ཡབ་ཡུམ་གྱི་སྐུ་བརྙན་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་གསང་བའི་རྟེན་གཞག་པར་བྱ་སྟེ། དེ་ཡང་ཇི་ལྟར་བྱ་བའི་ཚུལ་ནི། ཡར་ངོ་སྐར་མ་རྒྱལ་ལ་ནི། །སྔ་དྲོའི་དུས་སུ་བརྩམ་པར་བྱ། །ཞེས་པས་ནམ་བྱ་བའི་དུས་བསྟན། རབ་ནི་རིན་ཆེན་ལྔ་ལས་བྱ། །འབྲིང་ནི་བ་སོའམ་རུས་པ་ལས། །ཐ་མ་ས་ལ་རིན་ཆེན་བརྡར། །ཞེས་པས་གང་ལ་བྱ་བའི་རྒྱུ་བསྟན། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཞེས་པ་ནས། བརྐྱང་བསྐུམ་གར་གྱིས་ལེགས་པར་གནས། །ཞེས་པའི་བར་གྱིས་རྣམ་པ་ཇི་ལྟར་བྱ་བའི་ཚུལ་རྣམས་བསྟན་པས། དང་པོ་ནི། ལྷ་བཟོ་བ་དབང་ཐོབ་
ཅིང་དམ་ཚིག་དང་སྡོམ་པར་ལྡན་པའམ། དེ་མ་བྱུང་ནའང་བྲི་བའི་ཡུན་དེར་གསོ་སྦྱོང་སོགས་ལ་གནས་པས་བྱ་སྟེ། སྐུ་མདོག་ལ་སོགས་པ་ནི་གཞུང་ངམ་མངོན་རྟོགས་ནས་འབྱུང་བ་ལྟར་བཞེངས་གྲུབ་པ་དང༌། ཡང་ཇི་སྐད་དུ། དར་དཀར་དག་ལ་སྔགས་བྲིས་ལ། །བུད་མེད་མ་རེག་གསེར་དུམ་གཉིས། །དེ་ཡི་ཐུགས་ཀར་གཞུག་པར་བྱ། །ཞེས་པའི་སྔགས་ནི། ཨོཾ་གྷྲྀ་རཱ་ཛ་སོགས་ཀྱི་སྙིང་པོ་སྟེ། གསེར་ལ་སོགས་པས་ཡི་གེ་དབུ་ཅན་དུ་བྲིས་པ་ནང་དུ་བསྟན་ལ་དབུ་ནས་དྲིལ་བ་གཉིས་མགོ་གཤམ་མ་ལོག་པར་དེ་དང་མཉམ་དུ་གསེར་དུམ་རེ་ལ་ན་བཟའ་སེར་པོས་གཡོགས་ལ་སྐུ་བརྙན་དེ་གཉིས་ཀྱི་ཐུགས་ཀར་གཞུག་གོ །སླར་ཡང་རྟེན་གྱི་སྐུ་སྦ་བའི་མན་ངག་ལས་འབྱུང་བའི་འཁོར་ལོ་ཡང་གཞུག་པར་བྱ་སྟེ། དེ་ནི་རས་སམ་དར་དཀར་ལ་དྲི་བཟང་ངམ། དེ་དང་མཚལ་བསྲེས་པ་ལ་སོགས་པས་འཁོར་ལོ་རྩིབས་བརྒྱད་པ་མུ་ཁྱུད་དང་བཅས་པ་བྲི། དེའི་དབུས་སུ་ཨོཾ། རྩིབས་བརྒྱད་ལ་རིན་པོ་ཆེ་བརྒྱད་བྲི། མུ་ཁྱུད་ལ། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་རཏྣ་གྷྲྀ་རཱ་ཙི་ཝཾ་མི་སེམས་སྒུལ་སྒུལ་སྭཱ་ཧཱ། ཞེས་པས་གཡས་སྐོར་དུ་འཁོར་བར་བཀོད་པའི་འཁོར་ལོ་དེ་ཡབ་ཡུམ་གྱི་ལྟོ་བར་གཞུག་གོ །དེ་ལྟར་བྱས་པའི་སྐུ་རྟེན་དེ་ལ་སྦྱང་ཁྲུས་དང་རབ་གནས་རྒྱས་བསྡུས་ཇི་ལྟར་རིགས་པར་བྱས་ལ་སྔར་གྱི་ཐོད་པའི་ཁར་མཉྫི་ལ་སོགས་པའི་སྟེགས་ལ་བརྟེན་ནས་བཞུགས་སུ་གསོལ། དེའི་སྟེང་དུ་དར་དཀར་གྱི་གདུགས་དབུབ། དེ་བཞིན་དུ་ནང་གི་རྟེན་ནི་འབྲུ་སྣ་ཚོགས་ལ་རིན་པོ་ཆེ་བརྡར་བ་ལས་བྱས་པ་དང༌། ཕྱིའི་རྟེན་ནི་དུར་ཁྲོད་རོ་རས་ཀྱི་གཞི་ལ་བྲིས་པའི་སྐུ་གཉིས་ཀྱང་བྱས་ཏེ། དེ་གཉིས་དཀྱིལ་འཁོར་གྱི་སྟེང་ལ་སོགས་པར་ཅི་བདེར་བཀྲམ། མཎྜལ་གྱི་མདུན་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་གཡས་སྐོར་གྱི་རིམ་པས་བཤམ། དབང་ལྡན་ནས་མེའི་བར་དུ་ཡི་དམ་ཆོས་སྐྱོང་མཁའ་འགྲོ་སྤྱི་གཏོར་རྣམས་བཤམས་པའི་མདུན་དུ་འདི་ཉིད་ཀྱི་རྒྱུན་གཏོར་འབུལ་རྒྱུའང་སྔར་དང་འདྲ་བར་བྱས་པས་ཐོད་པའི་མདུན་ཐད་དུ་འོང་བར་བྱའོ། །རང་གི་མདུན་དུ་རྡོ་རྗེ་དྲིལ་བུ་ནང་མཆོད་ཌ་མ་རུ་མེ་ཏོག་རྣམས་ཀྱང་བཤམ་མོ། །གཉིས་པ་དངོས་གཞི་ལ། མཚམས་གཅོད་གཏོར་མ་
གཏོང་བ། ཡོ་བྱད་བྱིན་གྱིས་བརླབ་པ། བདག་གི་རྣལ་འབྱོར་བྱ་བ། མདུན་བསྐྱེད་མཆོད་གཏོར་འབུལ་བ། བཟླས་པས་ཐུགས་རྒྱུད་བསྐུལ་བ། རྗེས་ཀྱི་བྱ་བའི་རིམ་པ་དང་དྲུག་ལས། དང་པོ་མཚམས་གཅོད་གཏོར་མ་གཏོང་བ་ནི། གཞུང་ལས་དེ་ནས་མཚམས་བཅད་ཅེས་པའི་དོན་ནི། ཕྱི་མཚམས་ནང་མཚམས་བཅད་པ་སྟེ་མཚམས་གཡོག་པ་སོགས་དགོས་ངེས་པ་ལྔའམ་བདུན་ཙམ་ལས་མང་བ་མཚམས་འོག་ཏུ་མི་འཇུག་པ་དང༌། གལ་ཏེ་འཇུག་དགོས་ཀྱི་དགོས་པ་ཡོད་པ་དང་ཡོ་བྱད་གསར་དུ་ལེན་དགོས་པ་སོགས་ཀྱང་དམིགས་འོག་ཏུ་ཆུད་ངེས་པར་བྱ། ཁྱད་པར་དུ་སྒྲུབ་ཁང་ན་བུད་མེད་མི་གཏོང་བ་དམ་ཚིག་ཡིན་པས་ཤིན་ཏུ་གཅེས། ཕྱི་མིས་མི་འཇུག་པའི་ཆེད་དུ་སྒོ་རྩར་ཐོ་བརྟན་པར་བརྩིག རང་ཉིད་སྟན་བདེ་བ་ལ་འདུག་སྟེ་ལྷག་པའི་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་རང་གི་མདུན་གྱི་ནམ་མཁར་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་བསམ་གྱིས་མི་ཁྱབ་པས་གང་བར་དམིགས་ལ། དེ་དག་བདེན་པའི་དཔང་པོར་བཞུགས་བཞིན་པའི་སྤྱན་སྔར་བདེ་མཆོག་ལ་སོགས་པའི་ཡི་དམ་གང་ལ་བྱེད་པ་དེའི་དཀྱིལ་ཆོག་ནས་འབྱུང་བ་ལྟར། སྔོན་འགྲོ་བསང་སྦྱང་ནས་བརྩམ་སྟེ་ཡིད་ལ་འདོད་པ་ཀུན་འགྲུབ་ཤོག་གི་བར་བརྗོད་པའི་མཐར། དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་མཆོག་དང་ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ཆེད་དུ་བསྙེན་སྒྲུབ་ཚུལ་བཞིན་དུ་བགྱིད་པར་འཚལ་ན་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱིས་བསྙེན་སྒྲུབ་ཀྱི་བྱ་བ་མཐར་མ་ཕྱིན་གྱི་བར་གྱི་བར་དུ་གཅོད་པ་ཐམས་ཅད་བསྲུང་བ་དང༌། དེ་ནས་ཀྱང་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་བར་ཆད་ཐམས་ཅད་བསྲུང་བ་དང་སྟོང་གྲོགས་མཛོད་ཅིག་ཅེས་པས་ཕྲིན་ལས་གཞོལ་བའི་མཐར་མུཿཞེས་པ་དང༌། ལག་པ་གཡས་རྡོ་རྗེ་དང་བཅས་ཏེ་ས་ལ་རེག་པས་གཏོར་མགྲོན་རྣམས་སྒྲུབ་ཁང་གི་ཕྱི་རོལ་དུ་གཤེགས་པར་བསམ། རང་གི་སྙིང་གའི་ས་བོན་གྱི་འོད་ཀྱིས་གཏོར་མགྲོན་གྱི་ཕྱི་འབྲང་གི་བགེགས་རྣམས་རིང་དུ་བསྐྲད་པར་བསམས་ལ། ངག་ཏུ་གང་དག་ནག་པོའི་ཕྱོགས་ལ་མངོན་པར་དགའ་བའི་སོགས་བརྗོད་ཅིང༌། གུ་གུལ་གྱི་དུད་
པས་བདུག རྡོ་རྗེ་གསོར་ལ་དྲིལ་བུ་དྲག་ཏུ་དཀྲོལ་བ་དང་བཅས་པས་རྩ་བའི་སྔགས་བརྗོད་ལ་གཏོར་མ་ས་གཙང་སར་དོར་རོ། །གཉིས་པ་ཡོ་བྱད་བྱིན་གྱིས་བརླབ་པ་ནི། ཡི་དམ་གྱི་དཀྱིལ་ཆོག་ནས་འབྱུང་བའི་གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ་པ་དང༌། གྷཱཎྜེ་ར་ཎི་རོལ་མོ་དང་བཅས་པ་ལན་གསུམ་གྱིས་བྱིན་དབབ་བོ། །གསུམ་པ་བདག་གི་རྣལ་འབྱོར་ནི། གཞུང་ལས། སྔ་མའི་རྗེས་ཐོགས་དེ་མ་ཐག་པར། བཤགས་པ་དང༌། ཡན་ལག་བདུན་པས་ཚོགས་བསགས་ནས། སྙིང་རྗེ་ཚངས་པའི་གནས་བཞི་བསྒོམ། །ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསྒོམ། །དེ་ནས་བདག་ཉིད་ཧཱུྃ་ལས་ནི། །ཧེ་རུ་ཀ་བསམ་ཞེས་གསུངས་པས། །འདི་ཉིད་དུ་ཤིས་པའི་ཡི་དམ་ནི་འཁོར་ལོ་བདེ་མཆོག་གམ། ཀྱེ་རྡོ་རྗེ། ཡང་ན་ནཱ་རོ་མཁའ་སྤྱོད་དེ་དེ་གསུམ་པོ་གང་རུང་ཞིག་མཛད་པ་ཕྱག་ལེན་ཏེ། དེའི་ནང་ནས་ཀྱང་སྔོན་དུ་བསྙེན་པ་སོང་བ་ཞིག་ཅིས་ཀྱང་དགོས་ཤིང་དེ་དག་གང་ལྟར་ཡང་རུང༌། ཐོག་མར་འཁོར་བ་ལས་ཡིད་འབྱུང༌། དལ་འབྱོར་རྙེད་དཀའ་དང༌། འཆི་བ་མི་རྟག་པ། ལས་འབྲས་བླང་དོར་ལ་སོགས་པ་བསམ་པའི་སྒོ་ནས་ཚེ་འདིར་སྣང་གི་ཁེ་དང་གྲགས་འདོད་ཀྱི་རྟོག་པ་ཐམས་ཅད་ཐག་བསྲིང་བ་དང༌། ཚེ་རབས་ཐོག་མ་མེད་པ་ནས་ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོ་ལས་བསྒྲལ་འདོད་ཀྱི་བློས་ཀུན་ནས་བསླངས་ཏེ། སྐྱབས་འགྲོ་ནས་དཀྱིལ་འཁོར་བསྡུ་བ་ཡན་ཆད་ཀྱིས་བདག་གི་རྣལ་འབྱོར་རྫོགས་པར་བསྒོམ་མོ། །བཞི་པ་མདུན་བསྐྱེད་མཆོད་གཏོར་འབུལ་བ་ནི། གཏོར་མ་རྣམས་ནང་མཆོད་ཆུ་ཆང་གིས་སྦྱངས་ཏེ། བསང་སྦྱང་ནས་ཧ་ཧོཿཧྲཱིཿལན་གསུམ་བརྗོད་པའི་བར་གྱིས་གཏོར་མ་བདུད་རྩི་ལྟར་བྱིན་གྱིས་བརླབས་ལ། ཐོག་མར་ཡི་དམ་ལ་རང་རང་གི་གཏོར་ཆོག་གིས་གཏོར་མ་དབུལ། དགོང་ཐུན་ལྟ་བུ་ལ་གུར་ཞལ་ལས་མགོན་སོགས་ཆོས་སྐྱོང་གཞན་རྣམས་ལ་འབུལ་ནའང༌། འདས་གཏོར་ཐམས་ཅད་སྡེབས་གཅིག་ཏུ་སྐབས་འདིར་ཕུལ་ན་བདེ་བར་མཐོང༌། དེ་རྣམས་ཀྱི་སྐབས་སུ་ཡང་སྒྲུབ་པ་འདི་ལ་བར་ཆད་མི་འབྱུང་བའི་གསོལ་གདབ་དང་ཕྲིན་ལས་ཞུ། དེ་ནས་སྒོས་ཀྱི་ཆོས་སྐྱོང་བསྐྱེད་ཅིང་མཆོད་
གཏོར་འབུལ་བ་ལ་སོགས་པ་ནི། ཇི་སྐད་དུ། རྒྱུད་གཞུང་ལས། ཡབ་ཡུམ་མདུན་དུ་བསྐྱེད་བྱས་ཏེ། །མཆོད་བསྟོད་གཏོར་མས་མཉེས་བྱས་ལ། །གསང་བའི་སྙིང་པོ་འབུམ་དུ་བཟླས། །ཞེས་པའི་དོན་ནི། དབུས་ཀྱི་རྟེན་གཏོར་ལ་དམིགས་ཏེ་རྡོ་རྗེའི་རྩེས་ནང་མཆོད་ནས་འཐོར་བ་དང་བཅས་པས། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ་ཞེས་པས་བགེགས་བསངས་ལ། ལག་པ་གཡས་གཡོན་གཉིས་ཀ་བྱ་ཁྱུང་གི་ཕྱག་རྒྱ་རྣམས་བསྟན་ཏེ། ཨོཾ་སྟོང་པ་ཉིད་དུ་བསམ། ཨཱ་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་དགྲ་བགེགས་ཀྱི་ཤ་ཁྲག་དང་ཤ་ལྔ་བདུད་རྩི་ལྔ། ཧོཿཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་མོས་ལ། སླར་ཡང་ཧ་ཧོཿཧྲཱིཿལན་གསུམ་བརྗོད་པས་བྱིན་བརླབས་ནས། ནོར་བུ་གཉིས་དང་སྐུ་ལ་དམིགས་ཏེ། ངག་ཏུ། ཨོཾ་སྭ་བྷཱ་ཝ་སོགས་ཀྱིས་སྟོང་པར་བསྒོམ། སྟོང་པའི་ངང་ལས་གཏོར་མའི་སྟེང་གི་ནམ་མཁར་ཧཱུྃ་ཡིག་ལས་ཨེ་ཆད་པས་ནམ་མཁའ། ཡྃ་ལས་རླུང་གི་དཀྱིལ་འཁོར། ར་ལས་རཀྟའི་རྒྱ་མཚོ། སུྃ་ལས་ཞིང་ཆེན་གྱི་ས་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རྃ་ལས་ཉི་མའི་དཀྱིལ་འཁོར། བཱུྃ་ལས་ཐོད་པའི་མཁར་གྱི་གཞལ་ཡས་ཁང་མི་མགོ་སྐམ་པོ་ལས་གྲུབ་པ་གྲུ་བཞི་པ། མི་རུས་ཀྱི་རྐང་དང་རྩིབ་རུས་སྣ་ཚོགས་ཀྱིས་སྟེང་ཐོག་ཕུབས་པ། ཐོད་སྐམ་གྱི་མདའ་ཡབ་དང་པུ་ཤུས་བརྒྱན་ཅིང་རྒྱུ་རློན་གྱི་དྲྭ་བ་དང་དྲྭ་བ་ཕྱེད་པ་འཕྱང་བ། འོག་ཏུ་རུས་པ་དང་ཤ་ཁྲག་སྣ་ཚོགས་གཅལ་དུ་བཀྲམ་པ། དེའི་ནང་དུ་པྃ་པདྨ་མཎྜལ་ཧཱུྃ་གིས་པདྨའི་གདན་སོགས་ནས་ཆོམ་རྐུན་ཐམས་ཅད་བཅིང་བའི་ཕྲིན་ལས་མཛད་དུ་གསོལ་ཞེས་པས་ཕྲིན་ལས་བཅོལ་བའི་བར་ཡར་ལུང་པའམ་རྗེ་སངས་རྒྱས་རིན་ཆེན་ལ་སོགས་པའི་གཏོར་ཆོག་ལྟར་བསྐྱེད་ཅིང་སྐུ་གསུང་ཐུགས་བྱིན་གྱིས་བརླབ་པ། དགུག་གཞུག་བྱ་བ་གདན་དང་མཆོད་པ་འབུལ་བ་དབང་བསྐུར་རྒྱས་གདབ་མཆོད་བསྟོད་དམ་བཞག་རྣམས་དཀྱུས་ལྟར་བྱས་ཏེ། རྟེན་གཏོར་ནི་བསྙེན་པ་ནམ་གྲོལ་གྱི་བར་དུ་འབུལ་བ་མེད་ལ། མདུན་གྱི་རྒྱུན་གཏོར་ནི་གོང་གི་ཡི་དམ་སོགས་ཀྱི་སྐབས་སུ་བྱིན་རླབས་རྒྱས་པར་བྱས་པས་དེ་ཉིད་སླར་ཡང་འདི་ཉིད་ནས་འབྱུང་བའི་བྱིན་རླབས་
མདོར་བསྡུས་པ་གོང་བཞིན་བྱིན་གྱིས་བརླབས་ནས་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་ལ་ཟུག་སྟེ་གསོལ་བར་མོས་ལ། སྔགས་ཀྱི་རྗེས་སུ། ཤྲཱི་ཤྨ་ཤ་ན་ཨ་དྷི་པ་ཏི་པི་ཤཱ་ཙི་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་བཏགས་པ་ལན་གསུམ་མམ་བདུན་གྱིས་ཕུལ་བས་དགྱེས་པར་བསམ་མོ། །ཨརྒྷཾ་ལ་སོགས་པའི་ཕྱི་མཆོད་དང༌། གཡོན་པའི་མཐེབ་སྲིན་གྱི་ཐོར་མས་ནང་མཆོད་ནས་འཐོར་ཞིང༌། སྙིང་པོའི་མཐར་འབྲུ་གསུམ་བཏགས་པས་ནང་མཆོད་ཕུལ་ལ་དཔལ་དུར་ཁྲོད་ཀྱི་བདག་པོ་འཁོར་དང་བཅས་པ་སོགས་ཀྱིས་ཕྲིན་ལས་བཅོལ། ཧཱུྃ་རྒྱལ་བའི་ཐུགས་ཀྱི་ཕྲིན་ལས་ནས། ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཅེས་པའི་བར་གྱིས་བསྟོད་དོ། །ལྔ་པ་བཟླས་པས་ཐུགས་རྒྱུད་བསྐུལ་བ་ནི། རང་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པ་མདུན་གྱི་ཆོས་སྐྱོང་ཡབ་ཡུམ་ལ་ཕོག ཐུགས་རྒྱུད་བསྐུལ། ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་དང་ཨྃ་ལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བཀུག་ནས་བདག་ལ་སྩོལ་ཞིང༌། ཆོམ་རྐུན་ལ་སོགས་པའི་གདོན་དང་ལོག་འདྲེན་ཐམས་ཅད་ཚར་བཅད་པར་བསམས་ལ་ཐོག་མར་ཡི་དམ་གྱི་སྙིང་པོ་བརྒྱ་ཕྲག་ཙམ་གྱིས་ཐོག་དྲངས་ཏེ་འདི་ཉིད་ཀྱི་གསང་སྔགས་ནི། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་བཟླ་བ་ནི་བསྙེན་པའི་དངོས་གཞི་སྟེ་རང་ཉིད་ཡི་དམ་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པའི་སྒོ་ནས། མི་ཚིག་གིས་བར་མ་ཆོད་པའི་སྨྲ་བཅད་དམ་པོས་སྔགས་དག་པར་བཟླ་བ་དང༌། གོང་དུ་བསྟན་པ་ལྟར་ཐུགས་རྒྱུད་བསྐུལ་བའི་དམིགས་པ་དང་མ་བྲལ་བར་བྱ་སྟེ། མདོར་ན་སྒོ་གསུམ་ཐ་མལ་གྱི་དབང་དུ་སྐད་ཅིག་ཀྱང་མ་སོང་བའི་ངང་ནས་བཟླས་ན་ཇི་སྐད་བཤད་པའི་ཕན་ཡོན་རྣམས་འབྱུང་བ་ནི་ངེས་པ་སྟེ། སཾ་བུ་ཊ་ལས། མཉམ་གཞག་བཟླས་དང་བསྒོམ་པ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང༌། རྡོ་རྗེ་གུར་ལས། མཁའ་འགྲོ་མ་དང་རང་བཙུན་མོ། །མངོན་སུམ་དུ་ནི་བྱ་བའི་ཕྱིར། །སྔགས་ནི་སྙན་གསན་འབེབས་པར་བརྗོད། །དཔེར་ན་
སྐྱེས་བུ་ལ་ལ་ཞིག །སྐད་ཀྱི་ང་རོས་བོས་པ་ན། །མངོན་སུམ་དུ་ནི་འོང་བར་འགྱུར། །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས། །ཞེས་གསུངས་ལ། གཞན་དུ་ན། ད་ལན་བདག་གིས་སྒྲུབ་པ་འདི་བསྒྲུབས་ནའང་འགྲུབ་བམ་མི་འགྲུབ། བར་ཆད་འབྱུང་ངམ་མི་འབྱུང༌། དགེའམ་མི་དགེ་སྙམ་པའི་ཐེ་ཚོམ་དང་རྟོག་ངན་ཐམས་ཅད་རྒྱང་བསྲིངས་ཏེ་སེམས་རྩེ་གཅིག་པ་ཉིད་དུ་བྱ་དགོས་ཀྱི། དེ་ལྟར་མ་ཡིན་ན་ཡུན་ཇི་ཙམ་རིང་ཡང་ཕན་པ་ཆུང་སྟེ། སྤྱོད་འཇུག་གི་བསམ་གཏན་ལེའུར། བཟླས་བརྗོད་དང་ནི་དཀའ་ཐུབ་ཀུན། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེང་བས་བྱས་པ་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་བྱ་བ་ལ་སོགས་པ་མང་དུ་གསུངས་པས་སྤྱིར་ཡང་དགེ་སྦྱོར་ཐམས་ཅད་བྱས་ལོ་ཙམ་མིན་པར་གནད་དུ་ཁེལ་བ་གཙོ་ཆེའོ། །དྲུག་པ་རྗེས་ཀྱི་བྱ་བའི་རིམ་པ་ནི། དེ་ནས་ཐུན་བསྡུ་བ་ན། སླར་ཡང་ཨརྒྷཾ་ལ་སོགས་པའི་མཆོད་བསྟོད་གསོལ་གདབ་གོང་བཞིན་བྱས་པའི་མཐར། དགོང་ཐུན་ལྟ་བུ་ལ་འཇིག་རྟེན་པར་གཏོགས་པའི་སྲུང་མ་གཞན་ལ་གཏོར་མ་འབུལ་དགོས་ཡོད་ན་འབུལ། མཁའ་འགྲོ་སྤྱི་གཏོར་ནི་ཐུན་ཐམས་ཅད་ཀྱི་མཇུག་ཏུ་བྱུང་ན་ལེགས་གསུངས། དེ་རྗེས་རྡོ་རྗེའི་གླུ་བཀྲ་ཤིས་སྨོན་ལམ་རྣམས་བྱས་ལ། ཧེ་རུ་ཀའི་ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་ཁ་བསྐང༌། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། སྤྱི་དང་ཁྱད་པར་གྱི་རྟེན་རྣམས་ལ་བརྟན་བཞུགས་དང་མེད་པ་རྣམས་ལ་ཨོཾ་ཁྱེད་ཀྱིས་སེམས་ཅན་ལ་སོགས་པས་གཤེགས་གསོལ་བྱ། རང་གི་སྐྱེ་མཆེད་དང་སྐུ་གསུང་ཐུགས་ཀྱི་ལྷ་རྣམས་གསལ་གདབ་ཅིང་བསྔོ་བ་སྨོན་ལམ་བཀྲ་ཤིས་རྣམས་བྱ་དེ་ལྟར་ཐུན་གཅིག་གོ །དེ་བཞིན་དུ་ཐུན་གཞན་རྣམས་ལ་མཆོད་པ་སྤོ་བ་དང༌། མདུན་གྱི་གཏོར་མ་ཆང་བུས་གསོས། མཆོད་པ་བྱིན་རླབས་ནས་བརྩམས་ཏེ་བཀྲ་ཤིས་ཀྱི་བར་ལ་དགོང་ཐུན་གྱི་བྱ་བ་ཆོས་སྐྱོང་གཞན་གྱི་གཏོར་བསྔོ་དོར་བ་མ་གཏོགས་གཞན་ཐམས་ཅད་སྔ་མ་དང་འདྲའོ། །དེ་ཡང་ཐུན་བཞིར་བྱ་བའི་ངེས་པ་ནི། ས་ཆེན་གྱིས་ཐུན་བཞིར་བསྐྱེད་བསྟིམ་བྱ་ཞེས་གསུངས། གལ་ཏེ་མ་ལྕོགས་པ་དང་སྔགས་ཀྱི་
གྲངས་མ་སོང་གིས་དོགས་ན་བསྙེན་པའི་སྐབས་འདིར་ཐུན་གསུམ་པ་ཉིད་བྱས་ཀྱང་ཆོག་གོ །དེ་ལྟ་བུའི་རིམ་པས་ཞག་ཉི་ཤུ་རྩ་གཅིག་ལ་སོགས་པར་བསྒྲུབ་པར་བྱ་སྟེ་སྔགས་ཀྱི་གྲངས་ནི། རྒྱུད་གཞུང་དག་ལས། གསང་བའི་སྙིང་པོ་འབུམ་དུ་བཟླས། །ཞེས་གསུངས་ཀྱང་རྟགས་ཐོན་པ་ཉིད་གཙོ་ཆེའོ། །དེ་ཡང་ཇི་སྐད་དུ། མགོན་པོ་དངོས་སུ་བྱོན་གྱུར་ན། །གང་འདོད་དངོས་གྲུབ་ཐམས་ཅད་འགྲུབ། །ཅེས་བྱ་བ་ལ་སོགས་པ་འགྲུབ་པའི་རྟགས་རབ་འབྲིང་རྣམས་ནི་གཞུང་ཡི་གེ་རྙིང་པ་རྣམས་ལས་ཤེས་པར་བྱའོ། །དེ་ཡང་རྨི་ཉམས་སོགས་སུ་དགེ་བའི་ལྟས་ཇི་སྐད་བསྟན་པ་རེ་བྱུང་ན་དངོས་གྲུབ་རབ་འབྲིང་གང་རུང་འགྲུབ་པར་ངེས་པས་ཞེན་པ་མེད་པའི་དགའ་བ་བསྒོམ་པ་དང་གཞན་ལ་མི་སྨྲ་བའི་གསང་བ་དམ་པར་བྱའོ། །གལ་ཏེ་ཅུང་ཟད་ངན་པ་ཡང་འབྱུང་སྲིད་དེ། དེ་ཡང༌། ཉི་མ་ཐལ་དང་གོས་ནག་གྱོན། །ཞེས་བྱ་བ་ལ་སོགས་པ་སྟེ། དེ་དག་བྱུང་ན་ཡང་བདེན་མེད་ཀྱི་སྦྱོང་བའི་རྒྱས་འདེབས་པ་དང་ཆོས་སྐྱོང་གི་སྐོང་བཤགས་སོགས་ལ་བརྩོན་པར་བྱའོ། །དེ་ལྟ་བུའི་རིམ་པས་བསྙེན་པ་སོང་ནས་ནམ་ཞིག་གྲོལ་བའི་ཚེ་ན། རྟེན་གཏོར་ཆོས་སྐྱོང་ཡབ་ཡུམ་ལ་གཏང་རག་གི་ཚུལ་དུ་ཕུལ་བས་གཙང་སར་གཏོང་བ་དང༌། ནོར་བུ་གཉིས་དང་སྐུ་རྟེན་མཛོད་ཕུག་ལ་སོགས་པར་མིས་མི་མཐོང་བར་སྦ་བར་བྱ་སྟེ་དེ་དག་གིས་བསྙེན་པ་བསྟན་ཟིན་ཏོ། །ད་ནི་གཉིས་པ་སྒྲུབ་པ་བསྟན་པར་བྱ་སྟེ། དེ་ཡང་བསྙེན་པ་མཐར་ཕྱིན་པའི་གང་ཟག་གིས་འདིའི་སྒྲུབ་པ་བྱ་བ་ལ། སྦྱོར་བ་དངོས་གཞི་དང་རྗེས་གསུམ་མོ། །དང་པོ་སྦྱོར་བ་ནི། འདིར་བསྙེན་པ་དང་མི་འདྲ་བའི་ཁྱད་པར་རྣམས་བརྗོད་ན་སྔར་གྱི་མཎྜལ་གྱི་སྟེང་དུ་ཟླུམ་སྐོར། དེའི་དབུས་སུ་གྲུ་གསུམ་རྩེ་མོ་ཕྱིར་བསྟན་པ་མཐོ་གང་གི་ཚད་དང་ལྡན་པར་བྲིས་པའི་ནང་དུ་གཞི་དམར་པོ་ལ་ཁྲག་མཚོའི་རི་མོ་དང༌། དབུས་སུ་དུང་འགྲོན་ཁ་སྤྲོད་བྲིས་པའི་སྟེང་ན་ནས་ཀྱི་ཚོམ་བུ་རྣམས་དགོད་པ་དང༌། གྲུ་གསུམ་གྱི་ཟུར་གསུམ་དུ་མཆོག་ཕུར་གྱི་རྐང་པ་གསུམ་བརྟན་པར་བཅུག་པའི་ཁར་སྔར་གྱི་ཐོད་པ་བཞག་ལ། དེའི་ནང་དུ་སྔར་དང་འདྲ་བའི་གཏོར་མ་མར་ཁུས་སྦྲུས་པ་བཟང་བ་བཤམས། དེའི་མཐའ་སྐོར་
དུ་གོང་དུ་སྨོས་པའི་ཟས་དང་འབྲུ་དང་རིན་པོ་ཆེ་རྣམ་པ་སྣ་ཚོགས་དང༌། ཁྱད་པར་རང་གང་དགའ་བའི་ཁ་ཟས་ཀྱིས་ཕྱུར་བུར་བཀང་སྟེ་བཞག་གོ །དཀྱིལ་འཁོར་གྱི་ཟུར་གསུམ་མདུན་དང་བཞི་ལ་འབུལ་གཏོར་ལག་པ་གཡོན་པའི་སྤར་རྗེས་དོད་པར་བྱས་པའི་ཆངས་བུ་བདུན་རེ་གྱེན་དུ་བསླངས་པ། དེ་ཡང་སྦོམ་ཕྲ་ཆེས་ན་འགྱེལ་བའི་ཉེན་ཡོད་པས་སྦོམ་ཕྲ་ཆེར་མེད་པ་ལ་གཟེར་གྱིས་བསྡམས་པ་བཞི། ཕྱི་ནས་ཁ་གསོ་བའི་ཆངས་བུ་དང་བཅས་པ་ཤོང་བའི་ཚད་ཀྱི་སྣོད་རྣམས་སུ་བཤམ་མོ། །ཚོགས་ཀྱི་འཁོར་ལོ་བྱ་བར་བཤད་ཀྱང་ཇི་ལྟ་བ་བཞིན་འགྲིག་མི་ཐུབ་པས་དཔའ་བོའི་སྟོན་མོའམ་ཙཱ་རུའི་བཟའ་བ་ཙམ་གྲུབ་ན་ལེགས་གསུངས་པས་དེའི་ཡོ་བྱད་དང༌། སྔོན་འགྲོ་གཏོར་མའང་བཤམ། གཞན་སྒྲུབ་རྟེན་གཞག་པ་དང་མཆོད་པ་བཤམ་ཚུལ་སོགས་ནི་བསྙེན་པའི་སྐབས་ཇི་ལྟ་བ་བཞིན་བྱའོ། །གཉིས་པ་དངོས་གཞི་སྒྲུབ་པ་ནི། སྔ་ཐུན་ནས་མགོ་བརྩམས་ཏེ་མཚམས་གཅོད་པ་ནས་བཀྲ་ཤིས་ཀྱི་བར་ལ་བསྙེན་པ་དང་འདྲ་བ་ལས། ཁྱད་པར་འདིར་ནི་ཐུན་བཞིར་བྱ་བ་དང་གཏོར་མ་འབུལ་ཚེ་སྔ་ཐུན་ལ་མདུན་གྱི་གཏོར་མ་ཕུལ། དགོང་ཐུན་ལ་གཡས་ཟུར་གྱི་གཏོར་མ། སྲོད་ཐུན་ལ་གཡོན་ཟུར་གྱི་གཏོར་མ། སང་གི་ཐོར་ཐུན་ལ་རྒྱབ་ཀྱི་གཏོར་མ་རྣམས་རིམ་པས་འབུལ་ལོ། །སླར་ཡང་གཏོར་མ་ཐམས་ཅད་ལ་ཆངས་བུ་བདུན་བདུན་གྱིས་ཁ་གསོ་བ་སོགས་བྱའོ། །དབུས་ཀྱི་གཏོར་མ་ནི་བྱིན་བརླབ་བྱ་བ་ཙམ་མ་གཏོགས་སྒྲུབ་པ་མ་ཐོན་གྱི་བར་དུ་འབུལ་གསོ་བྱ་མི་དགོས། དེ་ལྟ་བུའི་རིམ་པས་ཞག་བདུན་གྱི་བར་དུ་སྒྲུབ་ཁང་དུ་བུད་མེད་དང་ཁྱི་དང་དམེ་ཅན་རྣམས་མི་གཏོང་བ་དང༌། སྒྲུབ་རྫས་རྣམས་གཞན་གྱིས་མི་མཐོང་བར་བྱས་ལ་ཤིན་ཏུ་གསང་སྟེ་བསྒྲུབ་བོ། །གསུམ་པ་རྗེས་ཀྱི་བྱ་བ་དངོས་གྲུབ་བླང་བ་ལ་སོགས་པ་ནི། ཞག་བརྒྱད་པའི་སྔ་དྲོའི་ཐུན་གཅིག་པོ་དེ་ལ་དབུས་ཀྱི་གཏོར་མའང་ཁ་གསོས་ཏེ་ཆོས་སྐྱོང་ཡབ་ཡུམ་ལ་འབུལ་ལོ། །ཕུལ་གྲུབ་པའི་རྗེས་སུ་དབུས་ཀྱི་ཐོད་པའི་ནང་གི་རང་གང་དགའ་བའི་ཁ་ཟས་དེ་ཉིད། ཆོས་སྐྱོང་ཡབ་ཡུམ་དགྱེས་བཞིན་པས་དངོས་གྲུབ་ཏུ་སྩལ་བར་བསམས་ལ་གཞན་ལ་མི་སྟེར་བར་རང་ཉིད་ཀྱིས་ལོངས་སྤྱད་པར་བྱ་སྟེ་དེ་ནི་དངོས་གྲུབ་བླང་བ་ཞེས་བྱའོ། །
འབུལ་གཏོར་བཞི་པོའང་དབུས་ཀྱི་དེ་དང་དུས་གཅིག་ཏུ་འབུལ་ལོ། །ཡང་ཚོགས་སམ་ཙཱ་རུ་ལ་སོགས་པ་དང་འབྲེལ་ན་དེ་དག་གི་སྐབས་སུ་ཚོགས་མཆོད་ཀྱང་བྱས་ཏེ་ཚོགས་རྫས་རྣམས་དངོས་གྲུབ་ཀྱི་ཚུལ་དུ་ལོངས་སྤྱད་པར་བྱའོ། །དེ་ནས་བདག་བསྐྱེད་ཀྱི་མཇུག་གི་བྱ་བ་རྣམས་དང་བཀྲ་ཤིས་རྒྱས་པས་མཐའ་བརྒྱན་པ་དང་བཅས་ཏེ་རྟེན་དེ་དག་རང་གི་མཆོད་ཁང་ལ་སོགས་པའི་ཕུག་ཏུ་གཞན་གྱིས་མི་མཐོང་བར་བྱས་ལ་བཞུགས་སུ་གསོལ་ཏེ་ཉ་སྟོང་ཚེས་བརྒྱད་ལ་སོགས་པའི་དུས་བཟང་རྣམས་ལ་མཆོད་གཏོར་བསྔོས་པ་འདོད་པའི་དོན་ལ་གསོལ་བ་བཏབ་ན་རང་ལ་ཅི་ལྟར་འདོད་པའི་དངོས་གྲུབ་རྣམས་འབྱུང་སྟེ། ཇི་སྐད་དུ། སྒྲུབ་པ་ཐོན་ནས་བང་མཛོད་སྦས། །དུས་བཟང་མཆོད་གཏོར་དབུལ་བར་བྱ། །དངོས་གྲུབ་གང་འདོད་གསོལ་བ་གདབ། །ཅེས་དང༌། སྐུ་དེ་བང་མཛོད་ཕུག་ཏུ་གཞུག །དུས་བཟང་གསུམ་དུ་མཆོད་བྱ་སྟེ། །གསོལ་བ་བཏབ་ལ་དངོས་གྲུབ་བླངས། །ཐུན་མོང་རྫས་དང་ལོངས་སྤྱོད་འདུ། །ཞེས་སོགས་གསུངས་ཏེ་དེ་དག་གིས་སྒྲུབ་པ་བསྟན་ཟིན་ཏོ། །ད་ནི་གསུམ་པ་ལས་སྦྱོར་བསྟན་པར་བྱ་སྟེ། དེའང་རྒྱུད་གཞུང་དག་ལས། སྒྲུབ་པ་ཆེན་པོའི་རྟགས་ཐོན་ནས། །ལས་ཚོགས་ཉི་ཤུ་རྩ་གཅིག་པོ། །བསྒྲུབས་ན་གང་སྒྲུབ་མྱུར་དུ་འགྲུབ། །ཅེས་གསུངས་པས། གོང་དུ་བསྟན་པའི་བསྙེན་སྒྲུབ་མཐར་ཕྱིར་པའི་སྒྲུབ་པ་པོས་འདིའི་རྒྱུད་གསང་བ་སྙིང་གི་འཁོར་ལོ་དང་བཻ་རོ་ཙ་ནའི་རྒྱ་གཞུང་དང་ས་སྐྱ་པ་ཆེན་པོས་མཛད་པ་རྣམས་གཙོ་བོར་སྨོས་པའི་བོད་གཞུང་དྲི་མ་མེད་པ་རྣམས་ནས་ཇི་སྐད་བསྟན་པའི་ལས་ཚོགས་རྣམས་བསྒྲུབས་ན་རང་གཞན་གྱི་དོན་མཐའ་དག་འགྲུབ་པ་ནི་མི་བསླུ་བ་སྟེ། དེ་ནི་སྨྲས་མ་ཐག་པའི་གཞུང་དེ་རྣམས་སུ་ཤིན་ཏུ་གསལ་བས་འདིར་རྒྱས་པར་སྤྲོ་བར་མི་བྱ་སྟེ། དེས་ལས་ཚོགས་མདོ་ཙམ་བསྟན་ཟིན་ཏོ། །སླར་ཡང་སྨྲས་པ། དེ་ལྟའི་རྒྱུད་གཞུང་དཀའ་གནས་ནོར་བུའི་ཁམས། །བརྒྱུད་པའི་ཞལ་ལུང་ཕ་ལམ་རྫས་སྦྱོར་གྱིས། །དྲང་པོའི་མིག་ཕུག་ཚིག་གི་སྲད་བུ་ལ། །ཚར་དུ་དངར་བར་བཟོད་པ་བླ་མའི་དྲིན། །རྒྱུད་དང་རྒྱ་བོད་ཡོངས་སུ་གྲགས་པའི་
གཞུང༌། །འགལ་མེད་གོང་མའི་ཕྱག་ལེན་མིང་ཚིག་དང༌། །ཡི་གེ་འདུས་པའི་གསལ་བྱེད་འདི་མཐོང་ཚེ། །འཕྱང་མོ་ཉུག་པའི་བློ་དེ་ཡུལ་གཞན་བྲོས། །བསྟན་འགྲོར་ཕན་པའི་སྐྱ་རེངས་སྔོན་འགྲོ་མས། །ཤེས་རབ་ནམ་མཁའི་མཐོངས་ནས་བྱ་གྲུབ་ཀྱི། །བསྟན་སྲུང་ཉིན་མོའི་མགོན་པོ་དགུག་ནུས་ན། །དོན་གཞན་ཞར་ལས་འབྱུང་ངོ་སྙིང་གི་གྲོགས། །འཕགས་བོད་གྲུབ་དབང་རིམ་པར་བྱོན་པའི་ཐུགས། །སྙིང་རྗེས་ཡོངས་སུ་བསྒོས་ལས་སྐྱེས་པའི་བཅུད། །གདམས་པའི་མཆོག་འདི་སྐལ་ལྡན་ཀུན་གྱི་ཡིད། །རབ་དགའ་བསྐྱེད་ཕྱིར་དམ་པའི་མགྲིན་པར་ཡིབ། །རྐང་དྲུག་འཕུར་ལྡིང་གསར་དུ་བསྒྱུར་བ་དང༌། །མགྲིན་པའི་རྔ་ཆུང་བརྡུང་ལ་འདབ་གཤོག་དག །ཡོངས་སུ་མ་རྫོགས་ནོངས་པ་འདབ་བརྒྱའི་ཁ། །རྣམ་པར་རྒྱས་པ་གང་དེས་བཟོད་པར་རིགས། །ལེགས་པའི་དགེ་ཚོགས་མ་ལུས་བསྡོམས་པའི་མཐུས། །ཕན་བདེའི་འབྱུང་གནས་བསྟན་དང་བསྟན་འཛིན་བཅས། །ཉི་འོད་བྲན་པའི་མཚམས་སྤྲིན་གཞོན་ནུ་བཞིན། །ས་སྟེང་སྣང་བས་ཁྱབ་པར་བརྟན་གྱུར་ཅིག །གཞན་ཕན་བསམ་པས་ཀུན་བསླངས་ཚུལ་འདི་ལ། །བརྩོན་ལྡན་སུ་ཞིག་རྫོགས་སངས་རྒྱས་ཡོན་ཏན། །རྒྱ་མཚོ་བསྒྲུབ་ཕྱིར་ཡེ་ཤེས་སྤྱན་མངའ་བའི། །དཔལ་ལྡན་དུར་ཁྲོད་བདག་པོས་སྐྱོང་གྱུར་ཅིག །དེ་ལྟར་དཔལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་བསྙེན་སྒྲུབ་གསལ་བར་བྱེད་པའི་གཏམ་གྱི་རྒྱུད་མངས་ཞེས་བྱ་བ་འདི་ནི། སྲུང་མའི་དབང་པོ་འདི་ཉིད་ཀྱི་རྣལ་འབྱོར་པ་དབུ་མཛད་སངས་རྒྱས་རྒྱ་མཚོ་དང་ཡེ་ཤེས་དཔལ་ལྡན་ཆོས་གྲོགས་ཟུང་གིས་སྔ་ཕྱིར་བསྐུལ་བའི་ངོར། རྗེ་ས་ཆེན་གྱི་ཡི་གེ་ལ་གཞི་བྱས། གསང་བ་སྙིང་གི་འཁོར་ལོའི་རྒྱུད་དང༌། བཻ་རོ་ཙ་ནས་མཛད་པའི་རྒྱ་གཞུང་དང༌། གཞན་ཡང་བླ་མ་ཕྱི་མ་རྣམས་ཀྱི་ཡིག་ཆ་གང་རྙེད་རྣམས་ལ་འདྲིས་པར་བལྟས་ཤིང༌། ཁྱད་པར་རིགས་བརྒྱའི་ཁྱབ་བདག་ཆེན་པོ་དཔལ་ལྡན་རྡོ་རྗེ་སེམས་དཔའ་དང་དབྱེར་མེད་པ་འཇམ་མགོན་བཀྲ་ཤིས་ལྷུན་གྲུབ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ལ་སོགས་པའི་མཁས་ཤིང་གྲུབ་པ་དམ་པ་རྣམས་ཀྱི་ཞབས་ཀྱི་པདྨ་གཙུག་གི་རྒྱན་དུ་བསྟེན་ཅིང་མན་ངག་དང་
ཕྱག་ལེན་གྱི་གསུང་སྒྲོས་དྲི་མ་མེད་པ་ཇི་ལྟར་ཐོས་པས་ལེགས་པར་བརྒྱན་ཏེ་བནྡེ་ཚུལ་ཁྲིམས་རིན་ཆེན་ཞེས་བགྱི་བས་ས་ཕོ་རྟའི་ལོར་སྡེ་དགེ་ལྷུན་གྲུབ་སྟེང་གི་ཆོས་གྲྭར་བྲིས་པ་དགེ་ལེགས་རྣམ་པར་རྒྱལ་བར་གྱུར་ཅིག། ༈ །དཔལ་དུར་ཁྲོད་ཀྱི་བདག་པོའི་གཏོར་བསྔོ་བསྡུས་པ་བཞུགས་སོ། །དཔལ་དུར་ཁྲོད་ཀྱི་བདག་པོའི་མགྱོགས་གཏོར་ལ། གཏོར་མ་བྱིན་རླབས་ཡི་དམ་གོང་ལྟར་དྲན་པར་བྱས་ལ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁར་རླུང་དཀྱིལ་རཀྟའི་རྒྱ་མཚོའི་སྟེང༌། ཞིང་ཆེན་གྱི་ས་གཞིར་ཀེང་རུས་ཀྱི་རི་རབ་ཀྱི་སྟེང་དུ་ཐོད་མཁར་གྲུ་བཞི་པའི་ནང་དུ། པད་ཉིའི་གདན་ལ་བཞུགས་པའི་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ལ་འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ བཛྲ་ས་མ་ཡ་སྟྭཾ། ཞེས་པས་དམ་ལ་བཞག ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཤྲཱི་སྨཱ་ཤ་ན་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་བྷུཉྫ་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་སིདྡྷིམྨེ་པྲ་ཡཙྪནྟུ་སྭཱ་ཧཱ། ཚར་གསུམ་མམ་ལྔས་ཕུལ། ཨོཾ་ཤྲཱི་སྨཱ་ཤ་ན་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། ཧཱུྃ། དུར་ཁྲོད་ཤ་ཟ་ཀུན་གྱི་གཙོ། །རབ་དཀར་ཀེང་རུས་བརྗིད་པའི་གཟུགས། །དམ་ཚིག་ཅན་ལ་བརྩེར་དགོངས་པའི། །ནོར་གྱི་བདག་པོ་ཡབ་ཡུམ་བསྟོད། །རྣལ་འབྱོར་བདག་ཅག་དཔོན་སློབ་ལ། །ཆོས་ཀྱི་བར་ཆད་ཉེར་ཞི་ཞིང༌། །མཐུན་རྐྱེན་མ་ལུས་འབད་མེད་དུ། །འབྱུང་བའི་ཕྲིན་ལས་མཛད་དུ་གསོལ། །ཞེས་པ་འདིའང་བུདྡྷ་ལཀྵྨཱིས་བྲིས་པའོ། །སརྦ་མངྒ་ལཾ་བྷ་ཝནྟུ།། །།
མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་བྱ་ཚུལ་སྐྱིད་ཤོད་པའི་ཡིག་ཆ།
མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་བྱ་ཚུལ་སྐྱིད་ཤོད་པའི་ཡིག་ཆ་ལས་བྱུང་བའོ།།
མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་ལ། གཏོར་མ། མཎྜལ། མཆོད་གཏོར་རྣམས་བར་ཆད་ཀུན་སེལ་དང་འདྲ། སློབ་དཔོན་གྱིས་ཡི་དམ་གྱི་སྒོམ་བཟླས་དང༌། མདུན་གྱི་མཎྜལ་གཏོར་མ་རྣམས་བསང་སྦྱང་མགོན་པོར་བསྐྱེད། ཡེ་ཤེས་པ་དགུག་གཞུག་མཆོད་བསྟོད་བསྙེན་པ་གཏོར་འབུལ་སོགས་དཀྱུས་ལྟར་བྱ། མགོན་པོ་བར་ཆད་ཀུན་སེལ་གྱི་རྗེས་གནང་ཐོབ་པའི་སློབ་མ་རེ་རེ་ཙམ་ཁྲུས་བྱས་གསེར་གྱི་མཎྜལ་དབུལ། གང་གི་དྲིན་གྱིས་སོགས་དང༌། ཁྱོད་ཞབས་སོགས་ཀྱིས་གསོལ་བ་གདབ། སྤྱི་བྱེ་བྲག་གི་ཆོས་བཤད་ཅིང་ལྷ་«་་་་་མངོན་རྟོགས་ལྟར། »ངོ་སྤྲད། དེ་དག་གི་སྟེང་གི་ནམ་མཁའ་ལ་ཞེས་པ་ནས། ཐུན་མོང་བའི་སྡོམ་པ་འཛིན་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བྱ། ཐུན་མོང་མིན་པའི་སྡོམ་པ་འཛིན་པ་འདིའི་རྗེས་ཟློས་མཛོད། བླ་མ་མགོན་པོའི་ལྷ་ཚོགས་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །ཞེས་སོགས་ལན་གསུམ་གྱིས་སྔགས་སྡོམ་བཟུང༌། ཆོ་ག་གསུམ་གྱིས་མགོན་པོ་གཙོ་རྐྱང་བསྐྱེད། གནས་གསུམ་དུ་ཡི་གེ་གསུམ་བཀོད། དེ་ནས་རྗེས་གནང་དངོས་གཞི་འབུལ་བར་བྱེད་པ་ལ། བླ་མས་སློབ་མའི་མགོ་བོར་རྡོ་རྗེ་བཞག་ལ། བུ་
ཁྱོད་ལ་ནི་བདག་གིས་ནི། །ནག་པོ་ཆེན་པོའི་དམ་ཚིག་བསྒྲག །བསམ་གྱིས་མི་ཁྱབ་དཔེ་བྱད་དང༌། །མཚན་བཟང་གར་དགུའི་ཉམས་ལྡན་པ། །བསྒོམ་དང་དམིགས་བཟླས་མཆོད་གཏོར་གྱིས། །སྔགས་རྒྱུན་དྲག་པོའི་ཕྱག་ལེན་སོགས། །དྲག་ཏུ་བཅངས་ཤིང་བཟླས་པ་བྱ། །ལས་ཀྱི་སྒྲུབ་པ་ཅི་བྱེད་ཀྱང༌། །བླ་མ་མཆོད་ཅིང་གསོལ་བ་གདབ། །སྒྲུབ་པའི་ཐབས་རང་བསྒྲུབ་པ་བས། །རིང་དུ་གྱུར་ལ་བྱམས་པ་སྤོངས། །བྱང་ཆུབ་སེམས་དང་ལྡན་པར་བྱོས། །ཞེས་དམ་ལ་བཞག དེ་ནས་ཁྱོད་རང་རྣམས་ཚངས་པའི་བུ་ག་ནས་གསང་གནས་ཀྱི་བར་དྲང་པོར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་སྤྱི་བོ་ནས་སྙིང་ག་ཡན་ཡངས་ཤིང་སྤྱི་བོའི་ཚངས་བུག་ཁ་གདང་དེ་ཡོད་པའི་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་ཁྱོད་རང་གི་སྙིང་གྱེན་དུ་ལྡོག་སྟེ་ལོག་པ་པདྨ་འདབ་བརྒྱད་དུ་སོང་བའི་ལྟེ་བར་ཉི་མའི་སྟེང་དུ་རང་སེམས་ཧཱུྃ་ཡིག་སྔོན་པོ་ཞིག་ཏུ་སོང་བའི་མོས་པ་མཛོད། སྤྱི་བོ་ནས་ཚངས་བུག་གི་འཁྲིས་སུ་ཡེ་ཤེས་ཀྱི་མགོན་པོ་བཞུགས་པའི་མོས་པ་མཛད་པར་ཞུ། སློབ་མའི་སྤྱི་བོར་པདྨ་དང་ཉི་མ་དང་ཚོགས་བདག་གི་སྟེང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཅེས་པ་ནས། མེ་རབ་ཏུ་འབར་བའི་ཀློང་དཀྱིལ་ན་བཞུགས་པ། དེའི་སྤྱི་བོར་དྲིན་ཅན་རྩ་བའི་བླ་མ་
སྐུ་མདོག་སེར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང༌། གཡོན་གསེར་གྱི་དྲིལ་བུ་བསྣམས་པ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། ཡིད་ལ་དྲན་པ་ཙམ་གྱིས་ཕྱིར་མི་ལྡོག་པའི་ས་ཐོབ་པ། གསོལ་བ་བཏབ་ན་མཆོག་ཐུན་མོང་གི་དངོས་གྲུབ་བདེ་བླག་ཏུ་སྩོལ་བར་མཛད་པ་ཞིག་བཞུགས་པའི་མོས་པ་མཛད་ནས་དེ་ཉིད་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་མགོན་པོ་དབྱེར་མི་ཕྱེད་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག ད་ལྟར་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ༴ དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་བསིལ་བའི་ཚལ་ན་བཞུགས་པའི་མགོན་པོ་ལ་ཕོག་པས་ཉ་ལ་ལྕགས་ཀྱུས་བཏབ་པ་བཞིན་དུ་རང་དབང་མེད་པར་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཐད་དུ་ཌ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་སྒྲོག་ཅིང་ཁྱོད་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་བོ། །ཞེས་གསུང་ལྷང་ལྷང་བྱོན་ནས་སྤྱི་བོའི་མགོན་པོ་དམ་ཚིག་པ་ལ་ཐིམ་པས་དེ་ཉིད་བསིལ་བ་ཚལ་གྱི་མགོན་པོ་ཡེ་ཤེས་པར་གྱུར་སོང་སྙམ་པ་མཛོད། དེ་ནས་རྩ་བའི་བླ་མས་མགོན་པོ་དེ་ཉིད་དབུ་མའི་ནང་ནས་མར་བསྟིམས་བྱུང་བ་རང་སེམས་ཧཱུྃ་ཡིག་ཏུ་གསོལ་བ་དེ་ལ་ཐིམ་པས། དངུལ་ཆུ་ལ་དངུལ་ཆུ་ཐིམ་པ་བཞིན་དུ་དབྱེར་མེད་དུ་གྱུར་ཏེ་ཡེ་ཤེས་ཀྱི་མགོན་པོའི་སྐུར་གྱུར་པ་ནི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་ཞེས་པ་ནས། ཀློང་དཀྱིལ་ན་བཞུགས་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོས་མཚན་པར་གྱུར། དེ་ལྟར་རང་ཉིད་ཡེ་ཤེས་ཀྱི་མགོན་པོ་སྣང་སྟོང་གཉིས་ཚོགས་སྒྱུ་མ་ལྟ་བུའི་སྐུ་དེ་ངའོ་སྙམ་པའི་ངང་ལ་ཅུང་ཟད་མཉམ་པར་འཇོག་པར་ཞུ་བྱས་ལ་མཉམ་པར་འཇོག་ཏུ་བཅུག སླར་ཡང་བླ་མའི་ཐུགས་
ཀ་ནས་འོད་ཟེར་བྱུང་བ་རྩ་དབུ་མའི་ནང་བརྒྱུད་སྙིང་གའི་པདྨ་མགོན་པོ་དང་བཅས་པ་ལ་སོགས་པ་པདྨ་བུམ་སྐུ་ལྟར་འུབ་ཀྱིས་འདུས་པའི་རྩེ་མོར་རྡོ་རྗེ་རྩེ་ལྔ་པ་ཏོག་ནག་པོའི་ལྟེ་བ་ལ་ཧཱུྃ་དང་བཅས་པས་མཚན་པར་གྱུར་བའི་མོས་པ་མཛོད། བླ་མའི་ཞལ་ནས་སྔགས་ཀྱི་ཕྲེང་བ་ཕྱུང་སྟེ་རྩ་དབུ་མའི་ནང་ནས་མར་ཞུགས་ཏེ་སྙིང་གའི་མགོན་པོ་པདྨ་བུམ་སྐུ་ལྟར་ཁ་ཟུམ་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་ཅིང་འབྲལ་མེད་དུ་བཞུགས་ནས་བྱིན་གྱིས་བརླབ་པའི་ཕྱིར་དུ་བུམ་སྐུ་ཕྱི་ནང་གི་སྙིང་པོའི་སྔགས་ཀྱི་ཡིག་འབྲུ་འོད་ཟེར་འཕྲོ་བའི་དྲྭ་བའི་རྣམ་པ་ཅན་གྱི་ཐག་པས་གྲུ་གུ་ལྟར་བསྡམས་པའི་མོས་པ་མཛོད། དེ་བརྟན་པར་བྱ་བའི་ཕྱིར་དུ་སྙིང་གར་རྡོ་རྗེ་བཞག་སྟེ། བཛྲ་མ་ཧཱ་ཀཱ་ལ་ཏིཥྛ་བཛྲ་ཞེས་བརྗོད། དེ་ནས་གཏོར་མ་མགོན་པོར་གསལ་བའི་སྤྱི་བོའི་ཨོཾ་ཡིག་ལས་འོད་ཟེར་དཀར་པོ་བྱུང༌། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་སྤྱི་བོའི་ཨོཾ་ཡིག་ལ་ཐིམ་པས། ལུས་ཀྱི་སྒྲིབ་པ་དག བུམ་པའི་དབང་དང་སྐུའི་བྱིན་རླབས་ཐོབ་པའི་མོས་པ་མཛོད། བྱས། སྔགས་རོལ་བྱ། དེ་བཞིན་དུ་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང༌། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་བྱུང༌། སློབ་མ་མགོན་པོར་གསལ་བ་དང་སྙིང་གའི་མགོན་པོའི་མགྲིན་པ་དང་སྙིང་གའི་ཡིག་འབྲུ་ལ་ཐིམ་པས་ངག་དང་ཡིད་ཀྱི་སྒྲིབ་པ་དག གསང་དབང་དང་གསུང་གི་བྱིན་རླབས་དང༌། ཤེར་དབང་དང་ཐུགས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་བྱེད། ཡང་གཏོར་མ་མགོན་པོར་གསལ་བའི་གནས་གསུམ་གྱི་ཡིག་འབྲུ་གསུམ་རྦད་ཆད་ནས་སློབ་མ་དང་སྙིང་གའི་མགོན་པོའི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལ་ཐིམ་པས་ལུས་ངག་ཡིད་གསུམ་བྱེད་པ་དང་བཅས་པའི་སྒྲིབ་པ་དག ཚིག་དབང་དང་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་ཐོབ་པའི་མོས་པ་མཛོད། དེ་ནས་གཏོར་མ་མགོ་ཐོག་ཏུ་འཇོག་པའི་སྐབས་སུ་བླ་མ་མགོན་པོ་སྤྱི་བོར་བྱོན་ནས་དགྱེས་བཞིན་དུ་ཁྱེད་རང་རྣམས་མགོན་པོར་གསལ་བ་དང༌། ཁྱད་པར་དུ་ཡང་སྙིང་གའི་རང་
སེམས་མགོན་པོར་གསལ་བ་ལ་སིབ་སིབ་ཐིམ་པས་བླ་མ་མགོན་པོའི་བྱིན་རླབས་ཞུགས་ཏེ་བླ་མ་མགོན་པོ་རང་གི་ཤིན་ཏུ་ཕྲ་བའི་རླུང་སེམས་དང་ངོ་བོ་དབྱེར་མེད་དུ་སོང་སྙམ་པ་མཛོད་བྱས་ལ། གཏོར་མ་མགོ་ཐོག་ཏུ་བཞག་ནས་དྲིལ་བུ་གསིལ་ཞིང༌། རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །ཇི་ལྟར་བཀའ་བསྒོས་དམ་བཅས་དྲན་མཛོད་ལ། །སྐལ་ལྡན་བུ་ཡི་འགལ་རྐྱེན་ཀུན་སེལ་ཞིང༌། །མཐུན་རྐྱེན་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། །ཛཿཧཱུྃ་བཾ་ཧོཿཞེས་བརྗོད། མཇུག་ཆོག་སྤྱི་ལྟར་བྱའོ། མགོན་པོ་སྙིང་ཞུགས་ཀྱི་རྗེས་གནང་བྱ་ཚུལ་ཀུན་དང་ཐུན་མོང་མིན་པ་ཞལ་ཤེས་སྙན་ནས་སྙན་དུ་བརྒྱུད་པ་ཡི་གེར་བཀོད་པ་ཡིན་པས་སྐལ་ལྡན་སློབ་མ་རེ་རེ་ཙམ་མ་གཏོགས་མང་པོར་མི་སྤེལ་བ་གལ་ཆེ་ཞིང་སྣོད་མིན་ལ་ཆེས་ཆེར་གསང་བར་བྱའོ། །ཤིན་ཏུ་བཀྲ་ཤིས་སོ། །སརྦ་དཱ་མངྒ་ལཾ་བྷ་ཝནྟུ། ༈ །མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་«་་་་་བཀའ་རྒྱ་མའོ། »དང་འབྲེལ་བའི་བླ་མའི་རྣལ་འབྱོར་བཞུགས་སོ། །ཐུགས་རྗེའི་གཏེར་ཆེན་བླ་མ་མགོན་པོ་ལ། །བྱང་ཆུབ་སྙིང་པོའི་བར་དུ་གུས་བཏུད་ནས། །དེ་ཡི་རྣལ་འབྱོར་ཐུན་མོང་མ་ཡིན་པ། །སྙན་བརྒྱུད་ཟབ་མོ་མདོར་བསྡུས་བྲི་བར་བྱ། །དེ་ལ་འདིའི་ཐུན་མོང་མ་ཡིན་པའི་རྗེས་གནང་ཐོབ་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པའི་གང་ཟག་གིས། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་ཏུ་བཏང༌། རང་གི་«་་་་་རང་ཡི་དམ་གང་རུང་ངམ་མགོན་པོར་བསྒོམས་ཀྱང་རུང་གསུངས། མཆན། »ལུས་ཀྱི་དབུས་སུ་རྩ་དབུ་མ་སྦོམ་ཕྲ་སྦ་ལྕག་ཙམ། ཡར་སྣ་ཚངས་བུག་ཏུ་སླེབས་ཤིང༌། མར་སྣ་སྙིང་ག་བུད་པ་ཙམ་དུ་ཡོད་པའི་སྙིང་པདྨ་འདབ་བརྒྱད་དམར་པོ། བུམ་སྐུ་ཁ་བསྡུས་པ་ལྟ་བུའི་རྩེ་མོར་རྡོ་རྗེ་སྔོན་པོ་རྩེ་ལྔའི་ཏོག་གིས་མཚན་པ། པདྨའི་དབུས་སུ་ཤིན་ཏུ་ཕྲ་བའི་ཐིག་ལེ་དཀར་དམར་གྱི་ནང་དུ་རང་སེམས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཞལ་ཕྱག་ཡོངས་སུ་རྫོགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་རྩེ་མོར་ཡེ་ཤེས་ཀྱི་མེ་འབར་ཞིང༌། ཞབས་ཀྱུ་ལས་བྱང་ཆུབ་ཀྱི་སེམས་འཛག་པ། མགོན་པོའི་སྐུ་དང་སྙིང་གའི་པདྨ་བུམ་སྐུ་ལས་མེ་འོད་དག་ཏུ་
འཕྲོ་བར་གྱུར་པར་བསམ། རང་གི་སྤྱི་བོར་པྃ་ལས་པདྨ་དང་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་གྃ་ལས་ཚོགས་བདག་དཀར་པོ་གླང་པོ་ཆེའི་གདོང་པ་ཅན། ཕྱག་གཡས་ཐོད་པ་དང་གཡོན་ལ་ཕུག་འཛིན་པ། མགོ་བོ་གཡས་སུ་བསྟན་གན་རྐྱལ་དུ་བསྒྱེལ་བ། དེའི་སྟེང་དུ་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པ། དེ་ལས་འོད་འཕྲོས་གདུག་པ་ཅན་ཐམས་ཅད་ཚར་བཅད་ཚུར་འདུས་གྲི་གུག་ས་བོན་དང་བཅས་པ་ཡོངས་སུ་གྱུར་པ་ལས་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་དྲུག་པ། ཆེར་འབར་རབ་ཏུ་ཁྲོས་ཤིང་ཤིན་ཏུ་རྔམས་པ། ཞལ་རྣམ་པར་འགྱུར་ཞིང་མཆེ་བ་རྣོན་པོ་བཞི་གཙིགས་པ། སྤྱན་གསུམ་དམར་ཞིང་ཟླུམ་པོ་གློག་ལྟར་འཁྱུག་ཅིང༌། ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང༌། སྨ་ར་དང་སྨིན་མ་དུས་མཐའི་མེ་ལྟར་འབར་བ། ལྗགས་རྣམ་པར་འདྲིལ་ཞིང་ཧ་ཧའི་གད་རྒྱངས་འབྲུག་ལྟར་སྒྲོག་པ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག གཉིས་པ་ན་ཐོད་པའི་ཕྲེང་བ། གསུམ་པ་ན་ཐོད་པའི་ཌ་མ་རུ་དྲག་ཏུ་འཁྲོལ་བ། ཕྱག་གཡོན་གྱི་དང་པོ་ན་ཐོད་ཁྲག གཉིས་པ་ན་རྩེ་གསུམ། གསུམ་པ་ན་རྡོ་རྗེ་ཞགས་པ་འཛིན་པ། སྦྲུལ་སྔོན་པོས་དབུ་སྐྲ་བཅིངས་ཤིང༌། དམར་པོས་སྙན་རྒྱན། ཁྲ་བོས་དཔུང་རྒྱན། དཀར་པོས་མགུལ་རྒྱན། སེར་པོས་ལག་གདུབ། ལྗང་གུས་དོ་ཤལ། དཀར་པོས་སྐ་རགས་དང་རྐང་གདུབ་བྱས་པ། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ་དར་ལྗང་གུའི་སྐ་རགས་བཅིང་བ། ལྟོ་བ་རབ་ཏུ་འཕྱང་ཞིང་ཡན་ལག་རགས་ལ་བཟོད་པར་དཀའ་བའི་གཟི་བརྗིད་ཅན། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔྲལ་བར་སིནྡྷུ་རས་ལེགས་པར་བྱུགས་ཤིང༌། སྤྱི་བོར་མི་བསྐྱོད་པས་རྒྱས་བཏབ་པ། ཕྱག་ཞབས་ཐམས་ཅད་ལ་དྲིལ་བུ་གཡེར་ཁ་སྒྲ་དང་བཅས་པས་རབ་ཏུ་བརྒྱན་ཅིང༌། གླང་པོ་ཆེའི་པགས་པ་རློན་པ་གོས་སུ་གྱོན་པ། ཞབས་གཡས་བསྐུམས་ཤིང་གཡོན་བརྐྱངས་པའི་གར་སྟབས་ཀྱིས་ཡེ་ཤེས་
ཀྱི་མེ་རབ་ཏུ་འབར་བའི་དབུས་ན་བཞུགས་པ། མགོན་པོའི་སྤྱི་གཙུག་ཏུ་དྲིན་ཅན་རྩ་བའི་བླ་མ་སྐུ་མདོག་སེར་པོ་ཉི་མ་འབུམ་གྱི་མདངས་དང་ལྡན་པ། ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ཐུགས་ཀར་འཛིན་ཅིང༌། ཕྱག་གཡོན་གསེར་གྱི་དྲིལ་བུ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་རིན་པོ་ཆེའི་རྒྱན་དཔག་ཏུ་མེད་པས་སྤྲས་པ། བླ་མ་དང་མགོན་པོ་གཉིས་ཀའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། དྲིན་ཅན་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྱན་དྲངས། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱཻ་རེ་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷ་ཡ། བོ་དྷི་ས་ཏྭ་ཤ་ར་ཎཾ་གཙྪ་མི། ཀྱེ་ཀྱེ། ལན་གསུམ་བརྗོད། ཛཿཧཱུྃ་བཾ་ཧོཿ བླ་མ་དེ་ཉིད་བླ་མ་ཀུན་འདུས་ཀྱི་ངོ་བོར་གྱུར། སྤྱི་བོར་བླ་མ་དང་མགོན་པོ་དང་སྙིང་གའི་མགོན་པོ་གསུམ་ཀའི་ཐུགས་ཀ་ལས་འོད་ཟེར་འཕྲོས་པ་གཅིག་ཏུ་གྱུར་ནས། ཤར་ལྷོ་བསིལ་བའི་ཚལ་གྱི་དུར་ཁྲོད་ཤིང་ཙནྡན་རྐང་གཅིག་པའི་དྲུང་ནས་ནག་པོ་ཆེན་པོ་སྐད་ཅིག་གིས་སྤྱན་དྲངས། ཧཱུྃ། བསིལ་བའི་ཚལ་གྱི་དུར་ཁྲོད་ནས། །དད་པ་དང་ནི་དམ་ཚིག་གིས། །ཚུར་བྱོན་མ་ཧཱ་ཀཱ་ལ་ཆེ། །དཀྱིལ་འཁོར་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཨེ་ཧྱེ་ཧི་ཀྵིཾ་ཀྵིཾ། ཉེར་གཅིག་དང༌། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། ཅེས་བརྗོད་པས་བསིལ་བའི་ཚལ་གྱི་མགོན་པོ་དེ་ཉིད་ཌ་མ་རུ་དང་དྲིལ་བུ་གཡེར་ཁའི་སྒྲ་དང་བཅས་ཏེ། ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱི་འགལ་རྐྱེན་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ་ཅེས་པའི་གསུང་ལྷང་ལྷང་བྱོན་བཞིན་པ་སྤྱི་བོའི་བླ་མ་མགོན་པོ་ལ་ཐིམ་པས། དེ་ཉིད་མགོན་པོ་དངོས་སུ་གྱུར་ཏེ། ཞལ་ནས་ཧཱུྃ་ཕཊ་ཀྱི་སྒྲ་འབྲུག་ལྟར་སྒྲོག་ཅིང༌། རང་གི་ནད་གདོན་སྤྱི་དང་ཁྱད་པར་སྟེང་གདོན་གཟའ་དང་རྒྱུ་སྐར། བར་གདོན་བཙན་དང་རྒྱལ་འགོང༌། འོག་གདོན་ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་བྱ་སྒྲོ་མེས་བསྲེགས་པ་ལྟར་གཞོབ་ཐུལ་གྱིས་བསྲེགས། གྲི་གུག་གི་སོས་ཉིལ་ཉིལ་གཏུབས་ཅིང་ཤ་ཁྲག་རུས་གསུམ་
གྱི་རྣམ་པར་ཞལ་དུ་དམར་ཆིལ་ཆིལ་གསོལ་བར་བསམ། དེ་ནས་རང་གི་སྙིང་ག་ནས་མཆོད་པའི་ལྷ་མོ་སྤྲོས་ཏེ་མཆོད་པར་བསམས་ལ། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཨརྒྷཾ་ནས། ཤབྡའི་བར་དང༌། རཱུ་པ་ནས། སྤརྴེའི་བར་གྱིས་མཆོད། ཨོཾ་གུ་རུ་མ་ཧཱ་ཀཱ་ལ་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་འབུལ། སྤྲོས་པའི་ལྷ་མོ་དང་སྙོམས་པར་བཞུགས་པས་བདེ་བ་ཆེན་པོས་དགྱེས་པར་གྱུར་པར་བསམ། གང་གི་དྲིན་གྱིས་བདེ་ཆེན་གནས། །སྐད་ཅིག་གིས་ནི་ཐོབ་འགྱུར་བ། །བླ་མ་རིན་ཆེན་ལྟ་བུ་ཡི། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །ཆོས་དབྱིངས་ངང་ལས་མ་གཡོས་ཀྱང༌། །མ་རུངས་ཀུན་འདུལ་ཁྲོས་པའི་སྐུ། །བསྟན་པའི་རུ་ཏྲ་འཇོམས་མཛད་པའི། །ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །ཅེས་པས་བསྟོད། ས་གཞི་སྤོས་ཀྱི་བྱུགས་ཤིང་ཞེས་སོགས་ཀྱིས་མཎྜལ་ཕུལ། དེ་ནས་གདུང་ཤུགས་དྲག་པོས། བླ་མ་མགོན་པོ་དབྱེར་མེད་ལ་གསོལ་བ་འདེབས་སོ། །བདག་གིས་བླ་མ་དང་མགོན་པོ་དབྱེར་མེད་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ལན་གསུམ་གསོལ་བ་བཏབ་པས། རྡོ་རྗེ་འཆང་དང་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་ངོ་བོར་གྱུར་པའི་སྐུ་ལས་འོད་ཟེར་འཕྲོས། མགོན་པོ་ལ་ཕོག་པས་མགོན་པོ་«་་་་་སྐུ་མདོག་ལྗང་ནག་ཏུ་གྱུར་པར་བསྒོམ་གསུངས། མཆན། »འོད་དང་བདེ་བའི་རང་བཞིན་དུ་འབར་འུར་འུར་སིལ་སིལ་གར་མཛད་ཅིང༌། མགོན་པོའི་སྐུ་ལས་འོད་ཟེར་འཕྲོས། བླ་མ་ལ་ཕོག་པས་བླ་མ་འོད་ཀྱི་«་་་་་བླ་མ་སྐུ་མདོག་ལྗང་སེར་དུ་གྱུར་པར་བསྒོམ། མཆན། »རང་བཞིན་དུ་མེར་མེར་དྲིལ་བུའི་སྒྲ་སྒྲོག བླ་མ་ཉིད་མགོན་པོ། མགོན་པོ་ཉིད་བླ་མ། བླ་མ་དང་མགོན་པོ་དབྱེར་མི་ཕྱེད་པར་གྱུར། བདག་དང་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞིའི་བདག་ཉིད་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །རྒྱལ་བ་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །དཔལ་ལྡན་ཤ་བ་རི་དབང་ཕྱུག་ལ་གསོལ་བ་འདེབས་སོ། །རྗེ་བཙུན་མཻ་ཏྲི་པ་ཆེན་པོ་ལ༴ གྲུབ་ཆེན་རཱ་ཧུ་ལ་ཆེན་པོ་ལ་གསོལ༴ མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ལ༴ མཉམ་མེད་རིན་ཆེན་བརྩོན་
འགྲུས་ལ༴ དབོན་སྟོན་སྐྱེར་སྒང་པ་ཆེན་པོ་ལ༴ གཉན་སྟོན་སྦས་པའི་རྣལ་འབྱོར་ལ༴ ཆོས་རྗེ་སངས་རྒྱས་སྟོན་པ་ལ༴ མཁས་གྲུབ་ཤངས་སྟོན་ཆེན་པོ་ལ༴ མུས་ཆེན་རྒྱལ་མཚན་དཔལ་བཟང་པོ་ལ༴ སྔགས་འཆང་རྡོ་རྗེ་གཞོན་ནུ་ལ༴ མཉམ་མེད་ནམ་མཁའི་རྣལ་འབྱོར་པ་ཆེན་པོ་ལ་གསོལ༴ ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོ་ལ༴ མཁས་གྲུབ་དགེ་ལེགས་དཔལ་བཟང་པོ་ལ༴ པཎ་ཆེན་ཆོས་ཀྱི་རྒྱལ་མཚན་ལ༴ གྲུབ་ཆེན་ཆོས་ཀྱི་རྡོ་རྗེ་ལ༴ རྒྱལ་བ་བློ་བཟང་དོན་གྲུབ་ལ༴ མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ༴ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལ༴ རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་ལ༴ སྐྱིད་ཤོད་ངག་དབང་བསྟན་འཛིན་འཕྲིན་ལས་ལ༴ རྗེ་བློ་བཟང་ཆོས་འཕེལ་ལ༴ རྗེ་བློ་བཟང་དར་རྒྱས་ལ༴ རྗེ་བློ་བཟང་སྦྱིན་པ་ལ༴ རྗེ་ངག་དབང་མཆོག་ལྡན་ལ༴ ཁ་སྐོང་ནི། ཀུན་མཁྱེན་རོལ་པའི་རྡོ་རྗེ་ལ༴ རྗེ་བཙུན་དཀོན་མཆོག་བདེ་ཆེན་ལ༴ འཇམ་དབྱངས་ཐུབ་བསྟན་ཉི་མ་ལ༴ འཇམ་མགོན་དོན་གྲུབ་རྒྱལ་མཚན་ལ༴ ཞེས་སོ། །དྲིན་ཅན་རྩ་བའི་བླ་མ་ལ༴ ཕྱག་དྲུག་ཡེ་ཤེས་ཀྱི་མགོན་པོ་ལ༴ མགོན་པོ་ཡིད་བཞིན་ནོར་བུ་ལ༴ མགོན་པོ་མྱུར་མཛད་ཐུགས་རྗེ་ཅན་ལ༴ བླ་མ་མགོན་པོ་དབྱེར་མེད་ལ༴ མགོན་པོ་བླ་མ་དབྱེར་མེད་ལ༴ དེ་ལྟར་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས། མགོན་པོའི་ཞལ་ནས་ཁྱོད་ཀྱི་བར་ཆད་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་སྒྲུབ་བོ་ཞེས་གསུང་ལྷང་ལྷང་བཞུགས་པར་བསམས་ལ། ན་མོ་བུདྡྷཱ་ཡ། ན་མོ་གུ་རུ་ཧེ། བཛྲ་བཱི་ར་བཱི་རེ་ན་ཤྲཱི་ཡེ། ཌཱ་ཀ་ཌཱ་ཀི་ནཱི། ཛོ་ཀ་ཛོ་ཀི་ནཱི། སརྦ་བུདྡྷཱ་ཡ། བོ་དྷི་སཏྭ། ཤ་ར་ཎཾ་གཙྪཱ་མི། ཀྱེ་ཀྱེ། ཞེས་གང་མང་བརྗོད་པས། སྤྱི་བོའི་བླ་མ་མགོན་པོའི་སྐུ་«་་་་་འདི་སྐབས་སྤྱི་བོའི་བླ་མའི་སྐུ་ལས་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པ་དང༌། མགོན་པོའི་གནས་གསུམ་ལས་སྐུ་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་བྱུང་སྟེ་
རང་ལ་ཐིམ་པར་བསྒོམ་གསུངས། མཆན།» ལས་བདུད་རྩི་དང་འོད་ཟེར་ཁ་དོག་སྣ་ལྔ་དང༌། མགོན་པོའི་སྐུ་བོང་ཐུང་ལ་ཡན་ལག་རགས་པ་དཔག་ཏུ་མེད་པ་བྱུང་སྟེ་རང་གི་ལུས་ཀྱི་ནང་ཐམས་ཅད་གང་བས། ནད་གདོན་གྱི་སྡིག་སྒྲིབ་བར་ཆད་ཐམས་ཅད་བསྲེགས་ཤིང་སྦྱངས་ཏེ་མགོན་པོའི་ཞལ་དུ་གསོལ་བས་དག་པར་གྱུར་ཞིང༌། ཚེ་བསོད་ནམས་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་པར་གྱུར་པར་བསམས་ལ། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བྱིན་གྱིས་རློབས་ཤིག དཔའ་བོ་དང་དཔའ་མོ་རྣལ་འབྱོར་མ་རྣམས་ཀྱིས་བྱིན༴ དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ། མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག ཅེས་བརྗོད་པས། མགོན་པོའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་དང་མགོན་པོའི་སྐུ་དཀར་པོའི་ཚོགས་དཔག་ཏུ་མེད་པ་བྱོན། རང་གི་དཔྲལ་བར་ཞུགས། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག བུམ་པའི་དབང་ཐོབ། སྤྲུལ་པའི་སྐུ་འགྲུབ་པའི་ནུས་པ་བཞག མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དང་མགོན་པོའི་སྐུ་དམར་པོའི་ཚོགས་དཔག་ཏུ་མེད་པ་བྱོན། རང་གི་མགྲིན་པར་ཞུགས། ངག་གི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག གསང་བའི་དབང་ཐོབ། ལོངས་སྐུ་འགྲུབ་པའི་ནུས་པ་བཞག ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་དང་མགོན་པོའི་སྐུ་སྔོན་པོ་དཔག་ཏུ་མེད་པ་བྱོན། རང་གི་ཡིད་ལ་ཞུགས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཆོས་སྐུ་འགྲུབ་པའི་ནུས་པ་བཞག སླར་ཡང་གནས་ལྔ་ལས་འོད་ཟེར་ཁ་དོག་སྣ་ལྔ་དང༌། མགོན་པོའི་སྐུ་ཁ་དོག་སྣ་ལྔ་དཔག་ཏུ་མེད་པ་བྱོན། རང་
གི་གནས་ལྔར་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། ལུས་ངག་ཡིད་གསུམ་གྱི་ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་དག དབང་བཞི་པ་ཐོབ། ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་བཞག་པར་བསམ། དེ་ནས་སླར་ཡང༌། ཕྱོགས་བཅུ་དུས་གསུམ་གྱི་རྩ་བ་དང་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱིས་བྱིན་གྱིས་རློབས་ཤིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ཤིག ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས༴ དཔའ་བོ་དང་རྣལ་འབྱོར་མ་རྣམས་ཀྱིས༴ བླ་མ་དང་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་ལྷ་ཚོགས་ཡེ་ཤེས་ལ་སྒྲིབ་པ་མི་མངའ་བ་མཐུ་དང་ནུས་པ་ལ་ཐོགས་པ་མི་མངའ་བ། ཐུགས་རྗེ་ལ་ཕྱི་བཤོལ་མི་མངའ་བ། བྱིན་རླབས་ལ་རྒྱང་རིང་ཐུང་མི་མངའ་བ་ཁྱེད་རྣམས་ཀྱིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས་བྱིན་གྱིས་རློབས་ཤིག ད་ལྟ་ཉིད་དུ༴ མྱུར་བ་ཉིད་དུ༴ འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག ཁྱད་པར་བདག་གི་སྙིང་པདྨ་འདབ་བརྒྱད་ཀྱི་དབུས་སུ་བྱོན་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབྲལ་བ་མེད་པར་བརྟན་པར་བཞུགས་ལ། ཚེ་འདི་ཕྱི་བར་དོའི་འཇིགས་པ་ཐམས་ཅད་ལས་བསྐྱབ་ཏུ་གསོལ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། སྤྱི་བོའི་བླ་མ་མགོན་པོའི་ཞབས་འོག་གི་ཚོགས་བདག་མི་དམིགས་པར་བཞག་པར་བྱས་ཏེ། ཞལ་ནས་རིགས་ཀྱི་བུ་ཁྱོད་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་ཐམས་ཅད་ངས་སེལ། མཐུན་རྐྱེན་ཐམས་ཅད་ངས་བསྒྲུབ། ཅེས་པའི་གསུང་ལྷང་ལྷང་དང་བཅས་ཏེ་ཚངས་བུག་ནས་ཞུགས་ཏེ་སྔགས་ཀྱི་སྒྲ་སྒྲོགས་བཞིན་པས་གར་སྟབས་ལིང་དེ་དབུ་མའི་ནང་ནས་མར་བྱོན་སྙིང་གའི་མགོན་པོ་ལ་ཐིམ་ཞིང་བླ་མའི་བུམ་སྐུའི་ཏོག་གི་རྡོ་རྗེ་ལ་ཐིམ་པས་རྡོ་རྗེ་སྔོན་པོའི་ལྟེ་བར་ཧཱུྃ་ཡིག་སེར་པོས་མཚན་པར་གྱུར་པར་བསམ། དེ་ནས་མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་དུ་མཐའི་མེ་འོད་ལྟ་བུ་འཕྲོས། ལུས་ཀྱི་ནང་ཐམས་ཅད་གང༌།
ནད་གདོན་སྡིག་སྒྲིབ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེགས། རང་གི་ཤ་རུས་གདོས་བཅས་ཀྱི་ལུས་འདི་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པའི་སྐུར་ལམ་གྱིས་གྱུར། ཅེས་ང་རྒྱལ་བརྟན་པོ་བྱ། དེ་ནས་ཡེ་ཤེས་ཀྱི་མེ་འོད་སྟོང་གསུམ་ཐམས་ཅད་ཁྱབ་པར་འཕྲོས། སེམས་ཅན་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་མགོན་པོའི་སྐུར་གྱུར་པས་སྔགས་ཀྱི་སྒྲ་འུར་འུར་སྒྲོག་པར་མོས་ཏེ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཀྵེཾ་ཀྵེཾ་བི་གྷཱན྄་བི་ནཱ་ཡ་ཀ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལཱ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎེ། ཨེ་ཥ་ཨ་པཤྩི། མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡ། ཨ་པ་ཀ་རཱི་ཎཱཾ། ཡ་དི་པྲ་ཏཱི་ཛྙཱ། སྨ་ར་སི་ཏྭ་ད། ཨི་དཾ་དུཥྚཱཾ། ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲྀཧྞ་གྲྀཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན། མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། ཞེས་པ་རྣམས་ཅི་ནུས་སུ་བཟླ། མཇུག་ཏུ། བླ་མ་མགོན་པོ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །ཉོན་མོངས་མ་ལུས་སེལ་བར་ཤོག །མགོན་པོ་བླ་མ་དབྱེར་མེད་ལ། །བདག་ནི་གུས་པས་སྐྱབས་སུ་མཆི། །བདག་གིས་སེམས་ཅན་ཐམས་ཅད་ཀྱི། །བར་ཆད་མ་ལུས་སེལ་བར་ཤོག །ཅེས་པ་གསུམ་མམ་བདུན་སོགས་བརྗོད། དུས་རྒྱུན་དུ་སྔགས་བཟླ་«་་་་་ཤཱ་ས་ན་དང་བཅས། མཆན། »བའི་ཚེ་སྙིང་གའི་མགོན་པོའི་ཐུགས་ཀའི་སྔགས་འཁོར་ལ་དམིགས་པ་གཏད་ནས་བཟླས་ན་ལེགས་ཤིང༌། གཏོར་མ་དང་མཆོད་པ་སོགས་ཀྱང་སྙིང་གའི་མགོན་པོ་ལ་ཕུལ་བས་ཆོག་པར་གསུངས་སོ། །དེ་ལྟར་འབད་པས་ཉམས་སུ་བླངས་ནས་གནས་སྐབས་སུ་ནད་གདོན་བར་གཅོད་གང་གིས་ཀྱང་མི་ཚུགས་ཤིང༌། །ཚེ་བསོད་«་་་་་མཐར་རྡོ་རྗེའི་བཟླས་པ་སྤྱི་ལྟར་བྱ། མཆན།» དཔལ་འབྱོར་དམ་ཆོས་བཤད་སྒྲུབ་སོགས་འཕེལ་བར་འགྱུར་བ་དང༌། བླ་མ་མགོན་པོ་དབྱེར་མེད་ཀྱིས་འདི་ཕྱི་བར་དོ་ཐམས་ཅད་དུ་འབྲལ་བ་མེད་པར་རྗེས་སུ་འཛིན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས། གཞན་ལ་གསང་བས་ཉམས་སུ་ལེན་པ་གལ་ཆེ་ཞིང༌། ཞིབ་ཆ་བླ་
མའི་ཞལ་ལས་ཤེས་«་་་་་ཕལ་ཆེར་མཆན་གསལ་ལྟར་རོ། །མཆན།» པར་བྱ་དགོས་སོ། །སྨྲས་པ། བླ་མ་ལྷ་དང་རང་སེམས་དབྱེར་མེད་དུ། །རྩེ་གཅིག་བསྒོམ་ཞིང་ཡིད་ཆེས་གསོལ་བཏབ་པས། །དོན་གཉིས་ལྷུན་གྱིས་འགྲུབ་བྱེད་ལྷ་མཆོག་དེར། །སྙིང་ནས་བློ་གཏད་གང་དེ་སྐལ་བ་བཟང༌། །འདིར་འབད་དགེ་བ་སྤྲིན་བྲལ་ཟླ་ཟེར་ལྟར། །མཆོག་ཏུ་དཀར་བ་ཇི་སྙེད་ཐོབ་པ་དེས། །སྐྱེ་དང་སྐྱེ་བར་བླ་མགོན་དབྱེར་མེད་ཀྱིས། །རྗེས་བཟུང་རྒྱལ་བའི་བསྟན་པ་རྒྱས་བྱེད་ཤོག །ཅེས་པ་བླ་མ་མགོན་པོ་དབྱེར་མེད་ཀྱི་རྣལ་འབྱོར་ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་པ་འདི་ནི། རང་གི་བླ་མའི་ཞལ་ཤེས་ཇི་ལྟ་བ་བཞིན་དུ། རིག་པ་འཛིན་པ་༧ལྕང་སྐྱ་རོལ་པའི་རྡོ་རྗེས་གོ་བདེ་བཀླགས་ཆོག་ཏུ་བསྒྲིགས་པ་ཡིན་པས། རྗེས་གནང་མ་ཐོབ་པ་དང་སྣོད་མིན་རྣམས་ལ་གསང་བར་བྱའོ། །འདིས་ཀྱང་བསྟན་པ་རྒྱས་པར་གྱུར་ཅིག །མངྒ་ལཾ། ཡིག་ཆ་འདིའི་སྟེང་ནས་ཁྲིད་རྒྱུན་ལུང་བཅས་ཀ་ཆེན་རིན་པོ་ཆེ་བློ་བཟང་དགེ་ལེགས་ཀྱི་ཞལ་སྔ་ནས། མཁྱེན་བརྩེའི་དབང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོར་ནོས་སོ།། །།
འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་གཏོར་ཆོག
འདོད་ཁམས་དབང་ཕྱུག་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་གཏོར་ཆོག་བཞུགས་སོ།།
འདོད་དགུའི་མཆོག་སྦྱིན་རྩ་བའི་བླ་མ་དང༌། །བགེགས་དཔུང་འཇོམས་མཛད་བཅོམ་ལྡན་གཤིན་རྗེའི་གཤེད། །དཔལ་ལྡན་བསྟན་སྲུང་དམག་ཟོར་རྒྱལ་མོ་ལ། །སྙིང་ནས་འདུད་དོ་སྲིད་མཐའི་བར་དུ་སྐྱོངས། །འདིར་རྒྱལ་བ་ཐམས་ཅད་ཀྱི་ཡུམ་གཅིག་ལྷ་མོ་དབྱངས་ཅན་མ་དྲག་མོའི་སྐུར་བསྟན་པ། དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་ངག་ཏུ་འདོན་བདེ་བ་གཙོ་བོར་བྱས་ཏེ་བརྗོད་པར་བྱའོ། །དེ་ལ་ཐོག་མར། རང་ཉིད་དཔལ་རྡོ་རྗེ་འཇིགས་བྱེད་ཞལ་གཅིག་ཕྱག་གཉིས་ཀྱིས་གྲི་གུག་དང་ཐོད་པ་འཛིན་པ་ཡུམ་དང་བཅས་པའི་སྐུར་བཞེངས་པར་བསམས་ལ། ནང་མཆོད་བྱིན་གྱིས་བརླབ་པ་ནི། ཨོཾ་ཧྲཱིཿཥྚི་ཝི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས། ཡྃ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུའི་དབྱིབས་ལྟ་བུ་བ་དན་གྱི་མཚན་པ། དེའི་སྟེང་དུ་རྃ་ལས་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་པ། དེའི་སྟེང་དུ་ཨཱཿལས་མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པ་དཀར་པོ། དེའི་ནང་གི་ཤར་དུ་བྷྲཱུྃ་ལས་བྱུང་བའི་བ་ལང་གི་ཤ་གོས་མཚན་པ། ལྷོར་ཨོཾ་ལས་བྱུང་བའི་ཁྱིའི་ཤ་ཀུས་མཚན་པ། ནུབ་ཏུ་ཛྲིཾ་ལས་བྱུང་བའི་གླང་པོ་ཆེའི་ཤ་དས་མཚན་པ། བྱང་དུ་ཁྃ་ལས་བྱུང་བའི་རྟའི་ཤ་ཧས་མཚན་པ། དབུས་སུ་ཧཱུྃ་ལས་བྱུང་བའི་མིའི་ཤ་ནས་མཚན་པ། ཤར་ལྷོར་ལྃ་
ལས་བྱུང་བའི་དྲི་ཆེན་བིས་མཚན་པ། ལྷོ་ནུབ་ཏུ་མཱྃ་ལས་བྱུང་བའི་རཀྟ་རས་མཚན་པ། ནུབ་བྱང་དུ་པྃ་ལས་བྱུང་བའི་བྱང་སེམས་དཀར་པོ་ཤུས་མཚན་པ། བྱང་ཤར་དུ་ཏཱྃ་ལས་བྱུང་བའི་རྐང་མར་མས་མཚན་པ། དབུས་སུ་ལྃ་ལས་བྱུང་བའི་དྲི་ཆུ་མུས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་སྔོན་པོ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། རླུང་ལ་ཕོག རླུང་གཡོས་མེ་སྦར། ཐོད་པའི་རྫས་རྣམས་ཞུ་ཞིང་འཁོལ་བར་གྱུར། ཡི་གེ་གསུམ་ལས་འོད་ཟེར་རིམ་པ་བཞིན་དུ་འཕྲོས་པས། སྐུ་རྡོ་རྗེ། གསུང་རྡོ་རྗེ། ཐུགས་རྡོ་རྗེ་རྣམས་བཀུག་ནས་ཡི་གེ་གསུམ་ལ་རིམ་གྱིས་ཐིམ་པ་རྣམས་ཐོད་པར་ལྷུང་ནས་ཞུ་བས། ཧཱུྃ་གིས་ཁ་དོག་དྲི་ནུས་ཀྱི་སྐྱོན་སྦྱངས། ཨཱཿས་བདུད་རྩིར་རྟོགས་པར་བྱས། ཨོཾ་གྱིས་མང་པོར་སྦར་ཞིང་སྤེལ་བར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ་བརྗོད། དེ་ནས་མཆོད་པ་བྱིན་གྱིས་བརླབ་པ་ནི། ཧྲཱིཿཥྚྲཱིཿས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་ཨཿལས་བྱུང་བའི་ཐོད་པ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཧཱུྃ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་རང་བཞིན་བདེ་སྟོང༌། རྣམ་པ་མཆོད་རྫས།
བྱེད་ལས་དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་པར་གྱུར། ཨོཾ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ། བཛྲ་པུཥྤེ། བཛྲ་དྷཱུ་པཾ། བཛྲ་ཨཱ་ལོ་ཀེ། བཛྲ་གནྡྷེ། བཛྲ་ནཻ་ཝི་དྱཱ། བཛྲ་ཤབྡ་ཨཱཿཧཱུྃ། ཨོཾ་རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ་ཨཱཿཧཱུྃ། ཞེས་རོལ་མོ་དང་བཅས་པས་བྱིན་གྱིས་བརླབ། དེ་ནས་ལེགས་པར་བཤམས་པའི་གཏོར་མའང་ནང་མཆོད་ལྟར་བྱིན་གྱིས་བརླབ། དེ་ནས། ཆོས་སྐྱོང་འཁོར་བཅས་བསྐྱེད་པ་ནི། བྷྱོཿརཀྨོ་བྷྱོཿརཀྨོ་བྷྱོཿབྷྱོཿརཀྨོ་ཐུན་བྷྱོཿཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཞེས་པ་ལན་གསུམ་བཟླས་པའི་རྗེས་སུ། ཧྲཱིཿཥྚྲཱིཿས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་གི་མདུན་དུ་ཁྲག་ཞག་འཁྲུག་པའི་རྒྱ་མཚོ་ཆེན་པོའི་དབུས་སུ། རླུང་ནག་འཚུབ་མའི་གུར་གྱི་ནང་དུ། དྲེའུ་རྐྱང་སེར་གྭ་པ་སྲིན་པོའི་ཐོད་པའི་སྒ་དང་པགས་པས་གཡོགས་ཤིང༌། གོང་སྨེད་དང་སྲབ་མཐུར་གདུག་པའི་སྦྲུལ་ལས་བྱས་པ། དེའི་སྟེང་དུ་བྷྱོཿལས་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་རེ་མ་ཏི་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་རྡོ་རྗེས་མཚན་པའི་བེ་ཅོན་དམ་ཉམས་ཀྱི་ཀླད་ལ་འཕྱར་ཞིང༌། གཡོན་ཐུན་དང་ཁྲག་གིས་གང་བའི་ནལ་ཐོད་ཐུགས་ཀར་འཛིན་པ། ཞལ་རབ་ཏུ་གདངས་ཤིང་ཆེ་བ་རྣོན་པོ་བཞི་གཙིགས་ནས་མི་རོ་རངས་པོ་ཟ་ཞིང་ཨ་ལ་ལའི་གད་མོ་འབྲུག་ལྟར་སྒྲོག་པ། སྤྱན་གསུམ་དམར་ཞིང་ཟླུམ་པ་གློག་ལྟར་འཁྱུག་ཅིང་ཁྲོ་གཉེར་ཤིན་ཏུ་བསྡུས་པ། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་ཤིང་སྨིན་མ་དང་སྨ་ར་དུས་མཐའི་མེ་ལྟར་རབ་ཏུ་འབར་བ། སྙན་གཡས་ལ་སེངྒེ་དང༌། གཡོན་ལ་སྦྲུལ་གྱིས་བརྒྱན་པ། མི་མགོ་སྐམ་པོ་ལྔས་དབུ་ལ་བརྒྱན་ཅིང༌། ཁྲག་འཛག་པའི་མགོ་བོ་རློན་པ་ལྔ་བཅུའི་དོ་ཤལ་ཅན། སྐུ་ལ་ཁྲག་གི་ཐིག་ལེ་དང་ཞག་གི་ཟོར་རིས་དང༌། ཐལ་ཆེན་གྱི་ཚོམ་བུས་བྱུགས་ཤིང༌། སྤྱི་བོར་ཟླ་བ་དང༌། ལྟེ་བར་ཉི་མའི་དཀྱིལ་འཁོར་འཆར་བ། དར་ནག་གི་ལྷབ་ལྷུབ་དང༌། མི་ལྤགས་ཀྱི་གཡང་གཞི་དང༌། རེ་བ་ནག་པོས་སྟོད་གཡོགས་
ཤིང༌། སྟག་གི་པགས་པ་རློན་པའི་ཤམ་ཐབས་ལ་སྦྲུལ་ཉིས་གཤིབས་ཀྱི་སྐ་རགས་བྱས་པ། སྒའི་སྔ་ཤ་ལ་ནད་རྐྱལ་དང༌། མཚོན་གྱི་གྲུ་གུ་ཕྱི་ཤ་ལ་འཕྱང་ཞིང༌། ཁྲམ་ཤིང་སྐེད་ལ་གཟེར་བ། བྱང་དམར་གྱི་ཁྲེས་པོ་དང༌། ཤྭ་རྡེ་དཀར་ནག་སྔ་ཤ་ལ་འཕྱང་ཞིང༌། དབུ་ལ་རྨ་བྱའི་གདུགས་ཕུབ་པ། དེའི་འཁོར་དུ་དུས་བཞིའི་ལྷ་མོ་དང༌། མ་མོ་དང༌། བདུད་དང༌། གཤིན་རྗེ་དང༌། སྲིན་པོ་དང༌། ཞིང་སྐྱོང་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ་དང༌། གཞན་ཡང་ལྷ་དང༌། ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། མིའམ་ཅི་དང༌། ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་ཚོགས་དཔག་ཏུ་མེད་པ། ཕྱག་གཡས་ན་རྡོ་རྗེ་དང༌། གྲི་གུག་དང༌། རལ་གྲི་དང༌། དགྲ་སྟྭ་དང༌། མདུང་དང༌། ལྕགས་ཀྱུ་དང༌། ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་ལ་སོགས་པ་མཚོན་ཆ་སྣ་ཚོགས་པ་འཕྱར་ཞིང༌། གཡོན་ཐམས་ཅད་ཐོད་པ་གདུག་པའི་ཁྲག་གིས་གང་བ་འཛིན་པའི་གཙོ་འཁོར་ཐམས་ཅད་ཀྱི་མིག་ཏུ་ཀྵིཾ། རྣ་བར་ཛྲིཾ། སྣར་ཁྃ། ལྕེ་རྃ། དཔྲལ་བར་ཀྃ ལྟེ་བར་སྃ། སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་གྱུར། བདག་ཉིད་ཀྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོ་ནས། དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས། སྤོས་སྦྱོར་བསྲེག རོལ་མོ་དབྱངས་དང་བཅས་པས། བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །དམག་ཟོར་བསྟན་པའི་བྱ་ར་མ། །རྡོ་རྗེ་འཆང་གི་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་མ། །སྔོན་གྱི་བསྐལ་པའི་དང་པོ་ལ། །ཁྱོད་ཀྱིས་བརྟེན་པའི་གནས་བཅས་པ། །འདི་ནས་བྱང་ཤར་མཚམས་ཤེད་ན། །རྩྭ་ཆུ་ཤིང་སོགས་མེད་པ་ལ། །ལུང་མང་བརྒལ་བའི་ཕ་རོལ་ན། །བྱང་ཐང་དམར་པོ་སྐྱོ་ཕྱད་པ། །བྱང་ལམ་དམར་པོ་གྱ་མ་གྱུ། །བྱང་རི་དམར་པོ་རྔམས་ཤིང་འཇིགས། །གཅན་གཟན་མང་པོ་འདུར་རྒྱུག་བྱེད། །འདྲེ་བྱ་སྣ་ཚོགས་སྐད་སྒྲོག་ཅིང༌། །གནམ་ལྕགས་སེར་ཆེན་ཤ་ར་ར། །དུག་གི་བུ་ཡུག་ཁྱིལ་ལི་ལི། །མུ་ལེ་དིང་གི་མཚོ་
ནང་ན། །བསེ་མཁར་སྨུག་པོ་གྲུ་བཞི་པ། །ཟུར་བཞི་སྨུག་པོའི་མཆོང་ལས་བྱས། །ཁ་བད་སྔོན་པོའི་གཡུ་ལས་བྱས། །རྨང་གཞི་ནག་པོའི་ལྕགས་ལས་བྱས། །མི་རོ་རྟ་རོ་གཅལ་དུ་བཀྲམ། །མི་ཁྲག་རྟ་ཁྲག་མཚོ་རུ་མེར། །མ་མོ་འབུམ་དང་ཤ་ཟ་སྟོང༌། །ཁྲག་འཐུང་བྱེ་བའི་ཚོགས་འཁོར་རྒྱས། །གཞལ་ཡས་དེ་ཡི་ནང་ཤེད་ན། །མ་མོ་ཀུན་གྱི་བདག་མོ་བཞུགས། བྷྱོཿ སྔོན་གྱི་གནས་མཆོག་དམ་པ་ནས། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །རྡོ་རྗེ་འཆང་གིས་མཚན་བཏགས་པ། །དམག་དང་ཟོར་གྱི་ལས་ལ་དགྱེས། །དམག་ཟོར་རྒྱལ་མོ་གཤེགས་སུ་གསོལ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །ཕྱག་ན་རྡོ་རྗེས་མཚན་བཏགས་པ། །གནོད་སྦྱིན་བཤན་ནག་རེ་མ་ཏི། །སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །འདིར་གཤེགས༴ །དམ་ཉམས་དགྲ་བགེགས༴ །རྟ་མགྲིན་རྒྱལ་པོས་མཚན་བཏགས་པ། །གློག་མ་སྤྲིན་སྡེ་གཤེགས་སུ་གསོལ། །འདིར་གཤེགས༴ །དམ་ཉམས་དགྲ་བགེགས༴ །དབང་ཕྱུག་ཆེན་པོས་མཚན་བཏགས་པ། །སྦས་པ་ཐལ་མདོག་གཤེགས་སུ་གསོལ། །འདིར་གཤེགས༴ །དམ་ཉམས༴ །ན་ལ་ཙེ་ཡིས་མཚན་བཏགས་པ། །མི་ཕམ་ཁྲོ་གཉེར་གཤེགས་སུ་གསོལ། འདིར་གཤེགས༴ །དམ་ཉམས༴ །བདུད་མོ་དབང་མེད་མཚན་བཏགས་པ། །ཡ་མཚན་འཕྲུལ་གྱི་གཤོག་པ་ཅན། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས༴ །རེ་ལྡེ་འགོང་ཡག་མཚན་བཏགས་པ། །སྲིད་གསུམ་བློ་འཕྲོག་གཤེགས་སུ་གསོལ། །འདིར་གཤེགས༴ །དམ་ཉམས༴ །དུང་སྐྱོང་རྒྱལ་མོས་མཚན་བཏགས་པ། །གཤིན་རྗེ་དམར་འདབ་ཕུར་པའི་ལྷ། །སྤྱན་འདྲེན་གནས་འདིར༴ །འདིར་གཤེགས༴ །དམ་ཉམས༴ །ཨེ་ཀ་ཛྭ་ཊིས་མཚན་བཏགས་པ། །ཡཀྵ་ནག་མོ་རེ་མ་ཏི། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས༴ །བྷྱོཿ རྒྱ་གར་ཡུལ་ན་བཞུགས་ཙ་ན། །མ་མོ་ཝ་ཤཾ་ཀུ་རུ་མ།
སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །ཧོར་གྱི་ཡུལ་ན་བཞུགས་ཙ་ན། །ཧོར་མོ་གཉན་གྱི་སྤུན་དགུའི་གཙོ། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས་དགྲ༴ །མོན་གྱི་ཡུལ་ན་བཞུགས་ཙ་ན། །མོན་མོ་སྤྱི་རིང་ལན་ཕྲན་མ། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས༴ །རྒྱ་ནག་ཡུལ་ན་བཞུགས་ཙ་ན། །རྒྱ་མོ་སྔོན་མོ་མགྲིན་བཟང་མ། །སྤྱན༴ །འདིར་གཤེགས༴ །དམ་ཉམས༴ །བོད་ཀྱི་ཡུལ་ན་བཞུགས་ཙ་ན། །མ་གཅིག་དཔལ་ལྡན་ཨ་ཕྱི་མ། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས༴ །བར་སྣང་ཁམས་ན་བཞུགས་ཙ་ན། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས༴ །སངས་རྒྱས་བསྟན་པ་བསྲུངས་ཙ་ན། །དཔལ་ལྡན་གཉན་གྱི་རེ་མ་ཏི། །སྤྱན་འདྲེན༴ །འདིར་གཤེགས༴ །དམ་ཉམས༴ །བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྕམ། །བསྟན་སྐྱོང་རྒྱལ་མོ་གཤེགས་སུ་གསོལ། །འདིར་གཤེགས༴ །དམ་ཉམས༴ །བྷྱོཿ ལྷ་ཡི་གཙོ་མོ་མཛད་ཙ་ན། །བརྒྱ་བྱིན་སྲས་མོ་ཨུ་མ་དེ། །ལྷ་བྲན་མང་པོའི་འཁོར་དང་བཅས། །སུམ་ཅུ་རྩ་གསུམ་གནས་ནས་གཤེགས། །འདིར་གཤེགས༴ །དམ་ཉམས༴ །ཀླུ་ཡི་གཙོ་མོ་མཛད་ཙ་ན། །གཙུག་ནའི་བུ་མོ་ནོར་འཛིན་མ། །ཀླུ་བྲན་མང་པོའི་འཁོར་དང་བཅས། །རོལ་མཚོ་བདུན་གྱི་གནས་ནས་གཤེགས། །འདིར་གཤེགས༴ །དམ་ཉམས༴ །གནོད་སྦྱིན་གཙོ་མོ་མཛད་ཙ་ན། །གང་བཟང་བུ་མོ་གཟི་ལེགས་མ། །གནོད་སྦྱིན་མང་པོའི་འཁོར་དང་བཅས། །བྱ་དཀར་ཅན་གྱི་གནས་ནས་གཤེགས། །འདིར་གཤེགས༴ །དམ་ཉམས༴ །བདུད་ཀྱི་གཙོ་མོ་མཛད་ཙ་ན། །འགོང་ཡག་སྲས་མོ་དྲི་ལྡན་མ། །བདུད་ཕྲུག་མང་པོའི་འཁོར་དང་བཅས། །བདུད་མཁར་རྩེ་དགུའི་གནས་ནས་གཤེགས། །འདིར་གཤེགས༴ །དམ་ཉམས༴ །སྲིན་པོའི་གཙོ་མོ་མཛད་ཙ་ན། །ཞབས་ལ་ལྕགས་སྒྲོག་རྒྱན་དུ་བྱས། །སྲིན་མོ་མང་པོའི་འཁོར་དང་བཅས། །ལངྐ་མགྲིན་བཅུའི་
གནས་ནས་གཤེགས། །འདིར་གཤེགས༴ །དམ་ཉམས༴ །གཤིན་རྗེའི་གཙོ་མོ་མཛད་ཙ་ན། །མི་བཟད་ནག་མོ་དྲག་ཤུལ་ཅན། །གཤིན་རྗེ་མང་པོའི་འཁོར་དང་བཅས། །ལྕགས་མཁར་སྒོ་མེད་གནས་ནས་གཤེགས། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །དམ་ཉམས་དགྲ་བགེགས་བསྒྲལ་དུ་གསོལ། །བྷྱོཿ མིང་བརྒྱ་མ་ལ་མཚན་སྟོང་མ། །མཚན་ནས་འབོད་ཀྱིས་གཤེགས་སུ་གསོལ། །རྡོ་རྗེ་འཆང་སོགས་བླ་མ་ཡིས། །ཇི་ལྟར་བཀའ་བསྒོས་དམ་བཅས་བཞིན། །ད་ལྟ་རྣལ་འབྱོར་བདག་བསྐུལ་གྱིས། །བཅོལ་པའི་ཕྲིན་ལས་མྱུར་དུ་སྒྲུབས། །དཔོན་སློབ་སྡེ་དང་བཅས་པ་རྣམས། །ལྷ་མོ་ཁྱོད་ལ་གཉེར་དུ་གཏད། །བཅོལ་ལོ་ལྟོས་སོ་མཐུ་མ་ཆུང༌། །ཉིན་གསུམ་བྱ་ར་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་མ་གཡེལ་ཞིག །རྒྱུན་དུ་ལྷ་མོ་ཁྱོད་བསྟེན་ནོ། །བསྟེན་པའི་ཚེ་ན་སྙིང་མ་རིང༌། །རྒྱུན་དུ་ལྷ་མོ་ཁྱོད་འབོད་དོ། །བོས་པའི་ཚེ་ན་སྙན་མ་སྲ། །རྒྱུན་དུ་ལྷ་མོ་ཁྱོད་གཡབ་བོ། །གཡབས་པའི་ཚེ་ན་སྤྱན་མ་བརྟུལ། །རྒྱུན་དུ་ལྷ་མོ་ཁྱོད་བསྐུལ་ལོ། །བསྐུལ་བའི་ཚེ་ན་བང་མ་བུལ། །རྒྱུན་དུ་ལྷ་མོ་ཁྱོད་རྦད་དོ། །རྦད་པའི་ཚེ་ན་མཐུ་མ་ཆུང༌། །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་ཟླ་འབར་བའི་འོད་ཟེར་འཕྲོ། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །ཐུགས་དམ་དུས་བབ་ད་ཚུར་སྤྱོན། །ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ནག་མོ་གདུག་ཅན་དྲེགས་པ་ཅན། །ཀུན་ཏུ་ཁྱབ་པའི་གཟུགས་སྟོན་མ། །ནག་མོའི་གཙོ་མོ་དྲེའུ་རྟ་ཆིབས། །འདིར་བྱོན་དྲེའུ་རྟའི་གདན་ལ་བཞུགས། །ཛཿཧཱུྃ་བཾ་ཧོཿ ཟ་བྱེད་ནག་མོ་མཆེ་བ་ཅན། །རྒོད་བྱེད་ཧ་ཧ་ནག་མོ་ཁྱོད། །གསོད་ལ་དགའ་བར་བྱེད་པ་མོ། །བདག་ནི་བརྡ་ཡིས་ཕྱག་བགྱིད་དོ། །དཀྱུས་མ་ལ་ནི་གོང་གི་ཤློ་ཀ་གཉིས་པོ་བཞག་ནས། སྐུ་གསུམ་ལྷུན་གྲུབ་ཐུགས་རྗེ་མཐར་ཕྱིན་ཡང༌། །སྲིད་གསུམ་གདུག་པ་འདུལ་ཕྱིར་ཁྲོས་པའི་སྐུ། །དུས་གསུམ་རྒྱལ་བའི་བསྟན་སྲུང་ཆེན་མོ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། རང་གི་
ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་འདི་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཨཱཿཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བས། ལུས་གང་དྲི་མ་དག ཆུ་ལྷག་མ་སྤྱི་གཙུག་ཏུ་གནས་པ་ཡོངས་སུ་གྱུར་པ་ལས། རྡོ་རྗེ་འཇིགས་བྱེད་ཡུམ་དང་བཅས་པས་དབུ་བརྒྱན་པར་གྱུར། དེ་ནས་མཆོད་པ་འབུལ་བ་ནི། བྷྱོཿ བདག་གིས་དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས། །ལེགས་པར་བྱུང་བའི་མཆོད་ཡོན་མཐའ་ཡས་པ། །དམག་ཟོར་རྒྱལ་མོ་འཁོར་དང་བཅས་ལ་འབུལ། །བཞེས་ནས་བསྟན་དགྲ་མ་ལུས་བརླག་པར་མཛོད། །ཨོཾ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་མཆོད་ཕྲེང་གི་ཚིགས་སུ་བཅད་པ་གོང་བཞིན་ལ། མཆོད་ཡོན་གྱི་གནས་སུ། ཞབས་བསིལ། མེ་ཏོག བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། དེ་བཞིན་དུ། གཟུགས་མཆོག སྒྲ་སྙན། དྲི་མཆོག རོ་མཆོག རེག་བྱ། རྣམས་བཅུག ཨརྒྷཾ་གྱི་གནས་སུ། པཱ་དྱཾ། པུཥྤེ། དྷཱུ་པཾ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱཱ། ཤབྡ། དེ་བཞིན་དུ། རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། རྣམས་བཅུག་ལ་ཕུལ། དེ་ནས་ནང་མཆོད་འབུལ་བ་ནི། མཆོད་དོ་ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པའི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་དྲིན་ཅན་རྩ་བའི་བླ་མ་རིན་པོ་ཆེའི་ཞལ་དུ་ཨོཾ་ཨཱཿཧཱུྃ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ཞལ་དུ༴ ཨཱ་ཙརྻ་དམར་པོའི༴ ལྕེ་འབྱུང་གནས་བཟང་པོའི༴ སྣུབས་རྒྱལ་བ་ཡེ་ཤེས་ཀྱི་ཞལ་དུ༴ ཞང་པྲཛྙཱ་གུ་རུའི༴ སྲས་སཾ་གྷ་བྷ་དྲའི་ཞལ་དུ༴ སྲས་འོད་པོ་ཆེའི་ཞལ་དུ༴ སྲས་རྡོ་རྗེ་རྩེ་མོའི་ཞལ་དུ༴ ཞང་དིང་རི་བ་ཉི་མ་འོད་ཀྱི་ཞལ་དུ༴ བསྟན་བཟང་
བ་རིན་ཆེན་རྣམ་རྒྱལ་གྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། བསམ་གླིང་པ་རིན་པོ་ཆེ་སངས་རྒྱས་འབྱུང་བའི༴ འཇམ་དབྱངས་འཁོན་སྟོན་གྱི་ཞལ༴ བྱང་སེམས་རིན་ཆེན་མགོན་གྱི༴ བླ་མ་ཉི་མ་བཤེས་གཉེན་གྱི༴ ཏོག་གེ་པ་ནམ་མཁའ་རྡོ་རྗེའི༴ འཇམ་དབྱངས་དཀར་པོ་དཔལ་ལྡན་རྡོ་རྗེའི་ཞལ་རིན་པོ་ཆེ་ཆོས་དཔལ་བཟང་པོའི༴ ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་དཔལ་བཟང་པོའི༴ རྡོ་རྗེ་འཆང་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི༴ ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི༴ རྗེ་ཡོན་ཏན་མཆོག་གི༴ ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོའི་ཞལ་དུ༴ མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི༴ པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི༴ ཐམས་ཅད་མཁྱེན་པ་ངག་དབང་བློ་བཟང་རྒྱ་མཚོའི༴ རྡོ་རྗེ་འཛིན་པ་དཀོན་མཆོག་རྒྱལ་མཚན་གྱི༴ རྗེ་བཙུན་བློ་བཟང་ཡེ་ཤེས་དཔལ་བཟང་པོའི༴ གྲུབ་པའི་དབང་ཕྱུག་བློ་བཟང་བཟོད་པའི༴ ཁྱབ་བདག་འཁོར་ལོའི་མགོན་པོ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བློ་བཟང་དཔལ་ལྡན་ཡེ་ཤེས་དཔལ་བཟང་པོའི༴ རྗེ་ཡེ་ཤེས་རྒྱལ་མཚན་གྱི་ཞལ༴ ཐམས་ཅད་མཁྱེན་པ་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོའི༴ གྲུབ་པའི་དབང་ཕྱུག་བློ་བཟང་བསྟན་འཛིན་གྱི༴ ཁྱབ་བདག་འཁོར་ལོའི་མགོན་པོ་དྲིན་ཅན་རྩ་བའི་བླ་མ་རྗེ་བཙུན་བློ་བཟང་དཔལ་ལྡན་བསྟན་པའི་ཉི་མ་ཕྱོགས་ལས་རྣམ་རྒྱལ་དཔལ་བཟང་པོའི༴ གཞན་ཡང་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་བརྒྱུད་པར་བཅས་པ་རྣམས་ཀྱི་ཞལ་དུ༴ རྒྱུད་སྡེ་ཆེན་པོ་བཞི་དང་འབྲེལ་བའི་ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཕྲ་མོ་སྦོམ་པོ་ལས་བྱུང་བའི། །བྱིན་གྱིས་བརླབས་པའི་ནང་མཆོད་འདི། །དམག་ཟོར་ལྷ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཆུ་དང་མ་འདྲེས་དྭངས་མའི་ཁྲག །དྭངས་མ་ཡི་ནི་ཁྲག་ཆེན་པོ། །དམག་ཟོར་ལྷ་མོ་ལ་འབུལ་གྱི། །བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཨོཾ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་མ་ཧཱ་རཀྟ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤ་ཁྲག་ལ་
ལ་སོགས་བདུད་རྩི་ལྔ་དང་བཅས། །འབྲུ་སྣ་ལྔ་དང་སྦྱར་བའི་གཏོར་མ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོ་ལ་འབུལ་གྱི། །རྒྱལ་བའི་བསྟན་པ་བསྲུང་ཕྱིར་བཞེས་སུ་གསོལ། །ཞེས་སྔར་བྱིན་གྱིས་བརླབས་པའི་གཏོར་མ་དེ་ཉིད་འབུལ་ལ། དེའི་ཚུལ་ཡང༌། ལྷ་མོ་འཁོར་དང་བཅས་པའི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམས་ལ། ཨོཾ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་སརྦ་བི་གྷྣཱན་ཤ་ཏྲཱུཾ་མཱ་ར་ཡ་ཨི་དམ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་ནམ་ཉེར་གཅིག་གིས་དབུལ། སྐབས་འདིར་མ་གཅིག་དཔལ་ལྷ་དང༌། ཚེ་རིང་མཆེད་ལྔ་བསྟན་མ་དང་བཅས་པ་ལ་གཏོར་མ་འབུལ་བར་འདོད་ན། རང་གི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་བལ་བོད་གཉིས་ཀྱི་མཚམས། གངས་རྒྱལ་མོ་མཐོན་མཐིང་གི་ཕོ་བྲང་ནས་ཇོ་མོ་བཀྲ་ཤིས་ཚེ་རིང་མཆེད་ལྔ་བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་འཁོར་དང་བཅས་པ་སྤྱན་དྲངས། རྒྱས་པ་ལ་སྤྲོ་ན། ཨོཾ། སྔོན་གྱི་ཁས་བླངས་དམ་བཅའ་མ་བསྙེལ་བར། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་བཅས། །རྣམ་མང་འཁོར་ཚོགས་དང་བཅས་གནས་འདི་རུ། །ཚུར་བྱོན་ཚུར་བྱོན་མྱུར་དུ་གཤེགས་སུ་གསོལ། །ཨེ་ཨཱ་ར་ལི་ཧཱུྃ། མ་མ། མེ་མེ། ལ་ལ། ལེ་ལེ། ཏ་ཏ། ཏེ་ཏེ། སྲིང་འགྲོ་མ་ཨཱ་ཀརྵ་ཡ་ཛཿ དར་དཀར་གྱི་གུར་འཇའ་འོད་འཁྱིལ་པའི་དབུས་ན་བཞུགས་པའི་མགྲོན་རྣམས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་འོད་ཀྱི་སྦུ་གུ་ཅན་དུ་གྱུར་པས་གཏོར་མའི་བཅུད་ཐམས་ཅད་དྲངས་ནས་གསོལ་བར་གྱུར། ཨོཾ་ཤྲཱི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ་གྱིས་དཔལ་ལྷ་དང༌། ཨོཾ་བཛྲ་ས་ཡ་མ་ཌཱ་ཀི་ནཱི་མ་མ་པཉྩ་སིདྡྷི་ཛྙཱ་ན་ས་མ་ཡ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པའམ། ཨོཾ་བཛྲ་ཌཱ་ཀི་ནཱི་ས་མ་ཡ་སརྦ་སིདྡྷི་ཛྙཱ་ན་ས་པ་རི་ཝཱ་ར་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གང་རིགས་གསུམ་གྱིས་ཚེ་རིང་མཆེད་ལྔ་དང༌། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱད་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་གསུམ་ལ་སོགས་པས་བསྟན་མ་བཅུ་གཉིས་དང་འཁོར་སྤྱི་ལ་འབུལ། དེ་ནས། ཨོཾ་ཀཱ་ལཱི་
དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་ཏུ། ཤབྡའི་བར་གྱིས་མཆོད། ཨོཾ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ། ཚེ་རིང་མཆེད་ལྔ། བོད་ཁམས་སྐྱོང་བའི་བསྟན་མ་བཅུ་གཉིས་ཡུལ་ལྷ་གཞི་བདག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་འབུལ། དེ་ནས། བྷྱོཿ དཔལ་ལྡན་ལྷ་མོ་དཔག་པར་དཀའ་བ་ཁྱོད། །ཐབས་ཀྱི་ཆོ་འཕྲུལ་ནམ་མཁའི་མཐའ་ལ་སྤྱོད། །བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ། །ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །ཁྱོད་ནི་བདག་གི་མཆོད་པས་མ་བསྒྲིབས་ཀྱང༌། །དཔལ་ལྡན་དབང་ཕྱུག་དམ་པ་ཐོབ་བྱའི་ཕྱིར། །འདོད་པའི་ཡོན་ཏན་མཁའ་ལ་ཆར་ཕབ་ནས། །མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག །དཔལ་ལྡན་ཁྱོད་ནི་དགེ་སྡིག་དཔང་པོ་སྟེ། །བདག་ནི་ལུས་ངག་ཡིད་ཀྱི་ཉེས་པའི་ཚོགས། །ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་བཤགས་ན། །ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད། །ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི། །འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས། །དགེ་འདུན་ཕྲག་དོག་མེད་པའི་སྤྲོ་བ་ནི། །རྗེས་སུ་ཡི་རང་ཁྱོད་ཀྱི་རྒྱུད་ལ་འབུལ། །ཡང་དག་ཡོན་ཏན་ལྡན་པའི་སྐུ་མཆོག་ནི། །ནག་དང་བཟང་མོ་འཇིགས་པའི་ཆ་བྱད་ཅན། །ཕྱོགས་བཅུ་དུས་གསུམ་ཀུན་ཏུ་འགྲོ་དོན་ལ། །སྒྱུ་འཕྲུལ་དྲྭ་བའི་ཚུལ་སྟོན་བསྟན་དུ་གསོལ། །དེ་ལྟར་ཡང་དག་ལྡན་པའི་སྐུ་མཆོག་ནི། །འགྲོ་བའི་དོན་དང་བསྟན་པ་བསྲུང་བྱའི་ཕྱིར། །ནམ་མཁའ་ཟད་པར་མ་གྱུར་བར་དུ་ཡང༌། །མྱ་ངན་མི་འདའ་རྟག་པར་བཞུགས་སུ་གསོལ། །དེ་ལྟར་ཕྱག་འཚལ་མཆོད་ཅིང་བཤགས་པ་དང༌། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་འདི་ཡིས་ངན་སོང་སྟོངས་གྱུར་ནས། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །དེ་ནས་བཤགས་པ་བྱ་བ་ནི། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས། དེ་རྣམས་ཀྱི་གནས་གསུམ་ནས་ཡི་གེ་བརྒྱ་པ་དཀར་དམར་མཐིང་གསུམ་བྱུང་རང་དང་ལྷ་མོའི་གནས་གསུམ་དུ་ཐིམ་པས། རང་གི་དམ་ཚིག་ཉམས་ཆགས་ཐམས་ཅད་དང་ལྷ་མོའི་སྐུ་གསུང་ཐུགས་ལ་གྲིབ་ཕོག་པ་ཐམས་ཅད་བྱང་ཞིང་དག་པར་བསམས་
ལ། ཡི་གེ་བརྒྱ་པ་ཉེར་གཅིག་བཟླ། དེ་ནས། བྷྱོཿ རྡོ་རྗེ་འཆང་དང་ལྭ་བ་དམར་པོ་སོགས། །རྩ་བ་བརྒྱུད་པའི་བླ་མ་དགོངས་སུ་གསོལ། །སངས་རྒྱས་དངོས་ཀྱི་བླ་མ་ཁྱེད་རྣམས་ལ། །མ་རིག་དབང་གིས་ལོག་ལྟ་བགྱིས་རྣམས་བཤགས། །བདག་ཅག་གསང་སྔགས་ཐེག་པའི་རྒྱ་མཚོ་ཆེར། །བཤེས་གཉེན་དེད་དཔོན་བཀའ་དྲིན་ལ་བརྟེན་ནས། །སྐུ་གསུམ་ནོར་བུ་ལེན་ལ་རབ་བཞུགས་ཏེ། །དེ་ཡི་གེགས་གྱུར་དམ་ཚིག་ཉམས་ཆགས་བཤགས། །མ་ཉམས་ཁྱད་པར་འཕགས་པའི་དམ་རྫས་དང༌། །རྩེ་གཅིག་མོས་པའི་གདུང་ཤུགས་དྲག་པོ་ཡིས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ། །བཟླས་སྒྲུབ་ཚུལ་བཞིན་མ་བྱས་མཐོལ་ལོ་བཤགས། །བདག་ནི་སྔོན་ཆད་མ་རིག་དབང་གྱུར་པས། །སྒོ་གསུམ་སྒོ་ནས་ཉེས་ཚོགས་ཅི་བགྱིས་པ། །སྐུ་གསུམ་ལྷུན་གྲུབ་ཁྱེད་ཀྱི་སྤྱན་སྔ་རུ། །ལུས་ངག་ཡིད་གསུམ་བསམ་པ་ཐག་པས་བཤགས། །ཐུགས་རྗེའི་གཏེར་གྱུར་ལྷ་མོ་འཁོར་བཅས་ཀྱིས། །སྡུག་པའི་བུ་ལ་བརྩེ་བའི་མ་བཞིན་དུ། །རྣལ་འབྱོར་བདག་ཅག་གཡེལ་མེད་བསྐྱངས་པ་ལ། །གཏང་རག་དུས་སུ་མ་ཐོངས་མཐོལ་ལོ་བཤགས། །བླ་མའི་སྐུ་དགྲ་སངས་རྒྱས་བསྟན་པའི་དགྲ། །བསྟན་འཛིན་རྣམས་དང་སྐྱེ་འགྲོ་ཡོངས་ལ་འཚེ། །དམ་ཉམས་སྡིག་ཅན་དགྲ་བགེགས་དེ་དག་ལ། །དབང་བསྐུར་བྱམས་ཀྱིས་བསྐྱངས་པ་མཐོལ་ལོ་བཤགས། །མདོར་ན་བདག་ཅག་མ་རིག་དབང་གྱུར་པས། །མཆོད་རྫས་དམ་ཉམས་རྫས་ཀྱི་སྦགས་པ་སོགས། །ཁྱོད་ཀྱི་སྐུ་གསུང་ཐུགས་དང་འགལ་བགྱིས་པ། །ཐམས་ཅད་བསམ་པ་ཐག་པས་མཐོལ་ལོ་བཤགས། །བཤགས་དང་བཤགས་བྱ་བདེན་པར་མི་དམིགས་ཀྱང༌། །བདེན་འཛིན་རྣམ་རྟོག་དྲི་མ་དག་བྱའི་ཕྱིར། །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ལ། །བཤགས་པས་ཉམས་གྲིབ་མ་ལུས་བྱང་གྱུར་ཅིག །ཅེས་གདུང་ཤུགས་དྲག་པོས་བཤགས་པ་བྱ། དེ་ནས་ཐུགས་དམ་བསྐང་བ་ལ། ཁྲག་གི་མཆོད་ཡོན། དབང་པོའི་མེ་ཏོག གསུར་ཆེན་གྱི་དུད་པ། ཞུན་ཆེན་གྱི་སྒྲོན་མེ། ཁྲག་ཞག་གི་དྲི་ཆབ།
ཤ་ཁྲག་གི་ཞལ་ཟས། རྐང་གླིང་ལ་སོགས་པའི་རོལ་མོ། གཞན་ཡང་རྟ་ནག་གཡག་ནག་ལུག་ནག་བྱ་ནག་ཁྱི་ནག་གོ་མཚོན་སོགས་སྤྱན་གཟིགས། ཕྱི་ནང་གསང་བའི་རྟེན་རྫས་རྣམས་ཚོགས་པར་བྱས། སྐོང་གཏོར་གོང་གི་ནང་མཆོད་ལྟར་བྱིན་གྱིས་བརླབ། སྐོང་རྫས་རྣམས། ཧྲཱིཿཥྚྲཱིཿས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ཞུ་བ་ལས་བྱུང་བའི་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པ་མཉེས་པར་བྱེད་པའི་དམ་རྫས་སྤྱན་གཟིགས་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཞིག་དཔལ་ལྡན་ལྷ་མོ་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་སརྦ་བིད་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། །བཛྲ་སྥ་ར་ཎ་ཁྃ། ཞེས་དཔྲལ་བར་ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་སྔགས་དང་བཅས་པ་ལན་གསུམ་དང༌། ཨོཾ་སྭ་བྷཱ་བ་བི་ཤུདྡྷེ་དྷརྨཱཿཏེ་བཛྲ་སིདྡྷི་ཧཱུྃ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུད་ག་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ། ཨཱ་དྱ་ནུཏྤནྣ་ཏྭད། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱ་ཧཱ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་བྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་ཀྱང་བྱིན་གྱིས་བརླབས་ལ། རོལ་མོ་དབྱངས་དང་བཅས་པས། བྷྱོཿ གང་ཤར་བདེ་སྟོང་མཆོག་གི་རོལ་པར་ནི། །འཆར་བའི་ཏིང་འཛིན་པིར་གྱིས་མཆོད་པའི་སྤྲིན། །ས་དང་བར་སྣང་ནམ་མཁའི་ཁྱོན་བཀང་སྟེ། །འདོད་ཁམས་དབང་ཕྱུག་འཁོར་བཅས་མཆོད་པར་བགྱི། །གདུག་ཅན་སྙིང་གི་ཁུ་བ་ལས་བྱུང་བའི། །ཁྲག་གི་རྒྱ་མཚོ་སྟོང་གསུམ་ཁྱོན་གང་བ། །ཆལ་ཆིལ་རླབས་ཀྱི་ཕྲེང་བ་མཁའ་ལ་འཕྱོ། །དམར་སེར་ལྦུ་བས་གཡོགས་པའི་མཆོད་ཡོན་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་
དམ་བསྐང༌། །གདུག་པའི་འཁོར་ཚོགས་རྒྱ་མཚོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐངས་ཤིང་ཉམས་ཆགས་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་དུ་གསོལ། །རྐང་པ་ཕྱི་མ་བཞི་པོ་ཀུན་ལ་སྦྱར་རོ། །ལྷ་རྫས་མེ་ཏོག་ཚོགས་ཀྱིས་ནམ་མཁའ་གང༌། །ཡིད་འོང་ཆུ་སྐྱེས་སྣ་ཚོགས་འཛིན་མའི་རྒྱན། །དགྲ་བགེགས་མིག་དང་རྣ་བ་ལྕེ་ལ་སོགས། །དབང་པོའི་མེ་ཏོག་ཕང་ཕུང་ཆགས་པ་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང༌། །དུས་མཐའི་བསྲེག་ཟ་དང་མཚུངས་རོ་སོལ་མེར། །ཚིལ་ཆེན་གུ་གུལ་བསྲེགས་པའི་དུ་བའི་ཚོགས། །དབྱར་སྐྱེས་ཆུ་འཛིན་སྔོན་པོའི་ཕྲེང་བ་བཞིན། །ནམ་མཁའི་ཁམས་ཀུན་ཡོངས་སུ་གང་བ་འདིས། །དཔལ་ལྡན་དམག་ཟོར༴ །ཚིལ་ཆེན་ཞུན་མར་རྒྱ་མཚོར་འཁྱིལ་པའི་དབུས། །རི་རབ་ལ་འགྲན་སྐྲ་ཡི་སྡོང་བུ་ལ། །སྦར་བའི་མེ་ལྕེ་གསེར་གྱི་མཆོད་སྡོང་བཞིན། །རབ་འབར་ཚངས་པའི་འཇིག་རྟེན་སྙེགས་པ་འདིས། །དཔལ་ལྡན་དམག་ཟོར༴ །ཕྱོགས་ཀྱི་འཁོར་ལོ་འགེངས་པའི་དྲི་བཟང་ཅན། །ག་པུར་ཐིགས་པས་ལེགས་བྲན་དགྲ་བགེགས་ཀྱི། །ཁྲག་དང་ཞག་གི་རྒྱ་མཚོ་རླབས་ཀྱི་ཕྲེང༌། །ཆིལ་ཆིལ་གཡོ་བས་ཆུ་མཐོངས་འགོག་པ་འདིས། །དཔལ་ལྡན་དམག༴ །འབྲས་ཆང་རྒུན་ཆང་བཏུང་བ་རྒྱ་མཚོར་འཁྱིལ། །དགྲ་བགེགས་ཤ་ཁྲག་ཕུང་པོ་རི་ལྟར་སྤུངས། །སྣ་ཚོགས་བཟའ་དང་བཅའ་བ་རོ་བརྒྱར་ལྡན། །ཟག་མེད་བདེ་སྟེར་ཞལ་ཟས་དམ་པ་འདིས། །དཔལ་ལྡན༴ །ལྷ་རྫས་རོལ་མོའི་བྱེ་བྲག་མཐའ་ཡས་པ། །སྙན་པའི་སྒྲ་དབྱངས་ས་ཆེན་གཡོ་བ་བཞིན། །ཕྱོགས་ཀུན་དལ་གྱིས་རྒོད་པའི་འབྲུག་སྒྲ་དང༌། །རབ་མཚུངས་ས་དང་བར་སྣང་ཁྱོན་གང་བས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང༌། །བྷྱོཿ རྫུ་འཕྲུལ་ཤུགས་ལྡན་རླུང་ལྟར་མགྱོགས་པའི་བང༌། །ལམ་ལམ་འགྲོས་ཀྱིས་སྟོང་གསུམ་ཡུད་ཀྱིས་བསྐོར། །སྣ་ཚོགས་དར་དང་རིན་ཆེན་སྒ་སྲབ་མཛེས། །འཛིན་མའི་རྒྱན་གྱུར་རྟ་ནག་ཚོགས་རྣམས་ཀྱིས། །དཔལ་ལྡན་དམག་ཟོར༴ །རབ་བརྗིད་ཨིནྡྲ་ནཱི་ལའི་རི་བོ་བཞིན། །དྲག་པོའི་ངར་སྒྲ་
བསྒྲགས་པས་རི་རབ་ཀྱང༌། །ལིང་ལིང་འདར་བྱེད་རྣོ་བའི་རྭ་རྩེ་ཅན། །སྟོབས་ཀྱིས་དགྲ་འཇོམས་གཡག་རོག་ཞོལ་ཆེན་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང༌། །འཇམ་པའི་སྤུ་ཚོགས་ཆར་སྤྲིན་གཏིབས་པ་བཞིན། །ཤ་རྒྱས་ཟླ་ཚེས་ལྟར་དཀར་མདོངས་ཀྱིས་བརྒྱན། །བཻ་ཌཱུརྻ་ཡི་རྭ་བཞི་འཁྱིལ་བ་ཅན། །མཛེས་པའི་རྒྱན་ལྡན་ལུག་ནག་ཚོགས་རྣམས་ཀྱིས། །དཔལ་ལྡན༴ །འགའ་ཞིག་ནམ་མཁའ་དབྱིངས་སུ་ཁྱུང་ལྟར་ལྡིང༌། །ལ་ལ་ལང་ལིང་གར་གྱིས་བར་སྣང་འགེངས། །གཞན་དག་དགྲ་བགེགས་མགོ་བོར་ཐོག་ལྟར་འབབ། །ནམ་མཁའི་རྒྱན་གྱུར་བྱ་ནག་ཚོགས་རྣམས་ཀྱིས། །དཔལ་ལྡན་དམག་ཟོར༴ །དགྲ་བགེགས་སྲོག་ལ་རྔམས་པའི་ཁྱི་ནག་ནི། །འཇིགས་པའི་ཁ་གདངས་ལྕེ་རྩེ་གློག་ལྟར་གཡོ། །དྲག་པོའི་ང་རོས་སྲིད་གསུམ་ཟ་བ་བཞིན། །སྣ་ཚོགས་དར་གྱི་རྒྱན་ལྡན་མང་པོ་འདིས། །དཔལ་ལྡན༴ །འཇིགས་རུང་བདུད་སྡེའི་དམག་དཔུང་ཐམས་ཅད་ཀྱིས། །མི་བཟད་རྡོ་རྗེའི་མཚོན་ཆར་བརྒྱ་ཕབ་ཀྱང༌། །འབིགས་པར་མི་ནུས་ལུས་ལ་བགོས་ཙམ་གྱིས། །གཡུལ་ལས་རྣམ་པར་རྒྱལ་བའི་གོ་ཁྲབ་འདིས། །དཔལ་ལྡན༴ །གང་ཞིག་བཏབ་པས་དགྲ་བགེགས་འབྱུང་པོའི་ཚོགས། །དུས་མཐའི་མེ་དང་ཕྲད་པའི་བུད་ཤིང་བཞིན། །སྐད་ཅིག་ཙམ་གྱིས་ཐལ་བར་བརླག་འགྱུར་བའི། །མི་བཟད་རྡོ་རྗེའི་མཚོན་ཆ་འབར་བ་འདིས། །དཔལ་ལྡན་དམག་ཟོར༴ །བྷྱོཿ སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་འདི། །སྲིན་པོའི་ཐོད་སྒ་པགས་པས་རབ་གཡོགས་ཤིང༌། །གོང་སྨེད་སྲབ་མཐུར་གདུག་པའི་སྦྲུལ་གྱིས་བརྒྱན། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་བཞོན་པ་འདིས། །དཔལ་ལྡན༴ །དམ་ཉམས་དགྲ་བགེགས་ཕྱེ་མར་འཐག་བྱེད་པའི། །མི་བཟད་རྡོ་རྗེས་མཚན་པའི་བེ་ཅོན་དང༌། །ཐུན་དང་གདུག་པའི་ཁྲག་གིས་རབ་བཀང་བའི། །མཚན་ལྡན་ཡངས་ཤིང་རྒྱ་ཆེའི་ནལ་ཐོད་འདིས། །དཔལ་ལྡན༴ །ནད་ཀྱི་རྐྱལ་པ་ཚོན་གྱི་གྲུ་གུ་དང༌། །རེ་ནག་གོས་དང་རྨ་བྱའི་གདུགས་མཛེས་དང༌། །བདུད་ཀྱི་ཁྲམ་
ཤིང་ཤྭ་རྡེ་དཀར་ནག་སོགས། །བསྟན་པ་སྲུང་བའི་ཆ་རྐྱེན་དམ་པ་འདིས། །དཔལ་ལྡན༴ །ཐོད་སྐམ་དབུ་རྒྱན་མི་མགོའི་ཕྲེང་བ་དང༌། །གླང་ཆེན་ཀོ་རློན་ཞིང་ལྤགས་གཡང་གཞི་དང༌། །སྟག་ལྤགས་ཤམ་ཐབས་ཁྲག་ཞག་ཐིག་ལེ་དང༌། །ཕྱག་རྒྱ་རྣམ་དྲུག་ལི་ཁྲིའི་བྱུག་པ་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང༌། །བྷྱོཿ རི་ལྟར་སྤུངས་པའི་ཤ་ཁྲག་གཏོར་ཚོགས་ནི། །སྔགས་དང་ཏིང་འཛིན་ཕྱག་རྒྱའི་ཚོགས་རྣམས་ཀྱིས། །རོ་བརྒྱ་ལྡན་པའི་བདུད་རྩིར་བྱིན་བརླབས་ཤིང༌། །དར་ནག་ཅོད་པན་དུ་མས་བརྒྱན་པ་འདིས། །དཔལ་ལྡན༴ །རྡོ་རྗེའི་ཐོག་དང་མཚུངས་པའི་མདའ་བོ་ཆེ། །བྱ་རོག་སྒྲོས་བརྒྱན་དར་ནག་མགུལ་པར་བཅིངས། །དཔལ་ལྡན་ལྷ་མོའི་སྐུ་དང་སྔགས་ཀྱིས་བརྒྱན། །དམ་ཉམས་སྙིང་ལ་བསྣུན་པའི་མཚོན་ཆ་འདིས། །དཔལ་ལྡན༴ །ཉི་ཟླ་རི་རབ་གླིང་བཞི་གླིང་ཕྲན་བརྒྱད། །སྐུ་གསུང་ཐུགས་དང་ཕྱི་ནང་གསང་བའི་རྟེན། །འདོད་ཡོན་ལྔ་དང་རིན་ཆེན་བདུན་ལ་སོགས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདིས། །དཔལ་ལྡན༴ །དུས་གསུམ་རྒྱལ་བའི་ཡུམ་གཅིག་དབྱངས་ཅན་མ། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ཀྱང༌། །ས་བཅུའི་དབང་ཕྱུག་མཁྱེན་བརྩེའི་གཏེར་ཆེན་དུ། །ཡིད་ཆེས་གསོལ་འདེབས་བླ་མེད་རྟེན་མཆོག་འདིས། །དཔལ་ལྡན་དམག་ཟོར་རྒྱལ་མོའི་ཐུགས་དམ་བསྐང༌། །གདུག་པའི་འཁོར་ཚོགས་རྒྱ་མཚོའི༴ །ཐུགས་དམ་བསྐངས་ཤིང་ཉམས་ཆགས་སོས་གྱུར་ནས། །བར་ཆད་སེལ་ཞིང་དངོས་གྲུབ་སྩལ་དུ་གསོལ། །ཡང་ཅུང་ཟད་བསྡུས་པ་བྱེད་ན། བྷྱོཿ དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ལས་བྱུང་ཞིང༌། །བྱིན་གྱིས་བརླབས་པའི་མཆོད་སྤྲིན་རྒྱ་མཚོའི་ཚོགས། །དམག་ཟོར་འཁོར་དང་བཅས་པའི་སྤྱན་ལམ་དུ། །ལེགས་པར་འབྱུང་ཞིང་ཐུགས་དམ་བསྐངས་གྱུར་ཅིག །གདུག་པའི་སྙིང་ཁྲག་རྒྱ་མཚོའི་མཆོད་ཡོན་དང༌། །རི་ལྟར་སྤུངས་པའི་དབང་པོའི་མེ་ཏོག་དང༌། །གསུར་ཆེན་དུད་པའི་སྤྲིན་ཕུང་མཁའ་ལ་གཏིབས། །ཞུན་ཆེན་མར་མེའི་སྣང་གསལ་དམ་པ་འདིས། །དཔལ་
ལྡན་དམག༴ །དམ་ཉམས་ཁྲག་ཞག་རྒྱ་མཚོའི་དྲི་ཆབ་དང༌། །རོ་བརྒྱ་ལྡན་པའི་ཤ་ཁྲག་ཞལ་ཟས་དང༌། །ཟག་མེད་བདེ་སྟེར་བདུད་རྩིའི་བཏུང་བ་དང༌། །རབ་བརྗིད་སྒྲ་སྙན་རོལ་མོའི་སིལ་སྙན་འདིས། །དཔལ་ལྡན༴ །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་རྟ་ནག་ཚོགས། །རྣམ་བཀྲ་དར་གྱི་ཅོད་པན་འཕྱང་བ་དང༌། །མི་སྡུག་དྲག་པོའི་རྭ་རྩེ་གཡོ་བ་ཅན། །ཆར་སྤྲིན་མདོག་ཅན་གཡག་རོག་ཞོལ་ཆེན་འདིས། །དཔལ་ལྡན༴ །འཇམ་ལེགས་སྤུ་ཡི་གོས་གྱོན་ལུག་ནག་དང༌། །དགྲ་བགེགས་ཀླད་ལ་ལྡིང་བའི་བྱ་ནག་དང༌། །དམ་ཉམས་སྲོག་འཕྲོག་དོམ་དང་ལྕེ་སྤྱང་དང༌། །དར་གྱི་ཅོད་པན་གཡོ་བའི་ཁྱི་ནག་འདིས། །དཔལ་ལྡན༴ །འཇིགས་རུང་བདུད་སྡེའི་དམག་དཔུང་ཐམས་ཅད་ཀྱིས། །ཞེས་སོགས་མན་གྱི་ཚིགས་བཅད་རྣམས་བཏགས་ལ་འབུལ། དེ་ནས་ཆས་འབུལ་བ་ནི། བྷྱོཿ གཤིན་རྗེ་རླུང་གི་འཁོར་ལོ་ཡིས། །རླུང་ནག་འཚུབ་མ་ཕུལ་བ་ན། །དེ་ལ་ཞོན་ནས་སྤྲུལ་པ་འགྱེད། །བདག་ཀྱང་རླུང་ནག་འཚུབ་མ་འབུལ། །དགྲ་བགེགས་སྒྲོལ་བའི་སྤྲུལ་པ་ཁྱེ། །མ་གཅིག་དཀར་མོ་དུང་སྐྱོང་གིས། །སྲིན་པོའི་བོང་བུ་གྭ་དམར་དང༌། །རྒོད་མ་རླུང་གི་གཤོག་པ་ཅན། །སྤྲད་པའི་དྲེ་རྟ་འཕུར་ཤེས་དེ། །དཔལ་ལྡན་ལྷ་མོའི་བཞོན་པར་ཕུལ། །སྲིན་པོ་ཡཀྵ་གོ་ར་ཡིས། །མགོ་དང་པགས་པ་དྲེའུ་ཡི། །སྒ་དང་དེ་ཡི་ཁེབས་སུ་ཕུལ། །དྲེ་རྟ་ཞོན་ནས་སྟོང་གསུམ་བསྐོར། །བདག་ཀྱང་དྲེ་རྟ་འཕུར་ཤེས་དང༌། །སྲིན་པོའི་མགོ་ལྤགས་འབུལ་ལགས་ཀྱི། །འདི་ལ་ཞོན་ནས་སྟོང་གསུམ་སྐོར། །དགྲ་དང་བགེགས་རྣམས་ཐལ་བར་རློག །ཡབ་གཅིག་རེ་ལྡེ་འགོང་ཡག་གིས། །བདུད་ཀྱི་ཁྲམ་བམ་ནག་པོ་ཕུལ། །སྲིན་པོའི་ཡ་མགལ་སྔ་རུ་ལ། །བཏགས་ཏེ་དམ་ཉམས་ཁྲམ་ལ་འདེབས། །བདག་ཀྱང་བདུད་ཀྱི་ཁྲམ་ཤིང་འབུལ། །དམ་ཉམས་དགྲ་བོ་ཁྲམ་ལ་ཐོབ། །མ་གཅིག་བདུད་མོ་དབང་མེད་ཀྱིས། །ཚོན་གྱི་གྲུ་གུ་སྔོ་དམར་ཕུལ། །སྲིན་པོའི་མ་མགལ་ཕྱི་རུ་ལ། །བཏགས་དེ་དམ་ཉམས་དགྲ་ལ་འགྱེད། །བདག་ཀྱང་ཚོན་གྲུ་སྔོ་དམར་འབུལ། །དམ་ཉམས་དགྲ་དང་བགེགས་ལ་ཁྱོངས། །བཙན་སྐྱ་རྡོ་རྗེ་ཟླ་བ་ཡིས། །ཕུང་བྱེད་ཤྭ་རྡེ་དཀར་ནག་ཕུལ། །
བླངས་ཏེ་སྒ་ཡི་སྔ་ཤ་ལ། །བཏགས་ཏེ་དམ་ཉམས་ཕུང་ལ་འདེབས། །བདག་ཀྱང་ཤྭ་རྡེ་དཀར་ནག་འབུལ། །དམ་ཉམས་དགྲ་བགེགས་ཕུང་ལ་ཐོབ། །སྲིན་པོ་བུམ་སྣ་ཤི་བ་ཡི། །ལྷུ་ཕྲག་བར་ན་ནད་མཚོ་ཡོད། །ལྷ་མོས་འཐུངས་པའི་ཁ་རླངས་ཀྱིས། །ནད་ཡམས་དལ་ཡམས་དགྲ་ལ་གཏོང༌། །བདག་ཀྱང་ནད་ཀྱི་རྫིང་བུ་འབུལ། །ནད་ཡམས་དལ་ཡམས་དགྲ་ལ་ཐོངས། །གསལ་བའི་ཁོལ་མོའི་རླིད་བུ་བཤུས། །ནད་རྫིང་ནང་ནས་བཅུས་ཏེ་བཀང༌། །སྦྲུལ་གྱི་ཞགས་པས་ཁ་བཅིངས་ནས། །དྲེའུ་མོའི་སྒྲ་ཡི་སྔ་ཤ་ལ། །བཏགས་ཏེ་ནད་རྐྱལ་དགྲ་ལ་འབྱོ། །བདག་ཀྱང་ནད་ཀྱི་རྐྱལ་པ་འབུལ། །ནད་ཡམས་དལ་ཡམས་དགྲ་ལ་ཐོངས། །ཁོལ་མོའི་གོས་ཀྱི་རེ་ནག་དེ། །བཤུས་ཏེ་ལྷ་མོའི་སྐུ་ལ་གསོལ། །གདུག་པའི་དགྲ་བགེགས་ཚར་གཅོད་མཛད། །བདག་ཀྱང་དཔལ་ལྡན་ལྷ་མོ་ལ། །རེ་བ་ནག་པོའི་གོས་འབུལ་གྱི། །གྱོན་ལ་དམ་ཉམས་རྩད་ནས་ཆོད། །རྒྱལ་པོ་ཆེན་པོ་རྣམ་སྲས་ཀྱིས། །སེང་གེ་ཕུལ་བ་སྙན་གཡས་ཀྱི། །རྒྱན་དུ་བྱས་ནས་དགྲ་བགེགས་སྒྲོལ། །བདག་ཀྱང་སེང་གེ་དཀར་མོ་འབུལ། །དྲག་སྔགས་སེང་གེའི་ང་རོ་ཡིས། །གདུག་པའི་དགྲ་བགེགས་ཐལ་བར་རློག །ཀླུ་ཡི་རྒྱལ་པོ་དགའ་བོ་ཡིས། །སྦྲུལ་གྱི་གདེངས་ཀ་ཕུལ་བ་ན། །སྙན་གཡོན་དག་ལ་རྒྱན་བྱས་ཤིང༌། །དྲེའུ་མོའི་སྒ་ཡི་གོང་སྨེད་བྱས། །ཁ་རླངས་སྡང་བའི་དགྲ་ལ་གཏོང༌། །བདག་ཀྱང་སྦྲུལ་ནག་ཆུན་པོ་འབུལ། །ཁ་རླངས་དུག་གིས་དགྲ་དང་བགེགས། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །ལྷ་ཆེན་ཚངས་པ་ཆེན་པོ་ཡིས། །རྨ་བྱའི་གཙུག་ཕུད་ཕུལ་བ་ན། །དབུ་ལ་གདུགས་ཀྱི་རྒྱན་དུ་བྱས། །ཐམས་ཅད་དུས་སུ་སྐྱོབ་པར་མཛད། །བདག་ཀྱང་རྨ་བྱའི་གདུགས་དབུལ་གྱི། །སྟེང་གདོན་ནད་ལས་ཐར་བར་མཛོད། །ཁྱབ་འཇུག་ནག་པོ་ཆེན་པོ་ཡིས། །ཉི་མ་ཟླ་བ་ཕུལ་བ་ན། །ལྟེ་བ་དབུ་ལ་རྒྱན་དུ་བྱས། །དཀར་ནག་ལས་འབྲས་སོ་སོར་གཟིགས། །བདག་ཀྱང་ཉི་མ་ཟླ་བ་འབུལ། །ལེགས་ཉེས་སོ་སོར་གཟིགས་ནས་ཀྱང༌། །ཉེས་བྱེད་དམ་ཉམས་རྩད་ནས་ཆོད། །གསང་
བདག་ཕྱག་ན་རྡོ་རྗེ་ཡིས། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །དབང་བསྐུར་ཕྱག་ཏུ་བེ་ཅོན་གཏད། །དམ་ཉམས་དགྲ་བགེགས་ཀླད་ལ་བསྣུན། །བདག་ཀྱང་རྡོ་རྗེའི་བེ་ཅོན་འབུལ། །དམ་ཉམས་དགྲ་བགེགས་ཐལ་བར་རློག །སྲིན་གྱི་རྫི་བོ་དང་འགྲོགས་པའི། །རང་གི་ནལ་བུའི་ཐོད་པ་དེ། །ཐུན་དང་ཁྲག་གིས་བཀང་ནས་སུ། །ལྷ་མོ་མཉེས་པའི་རྟེན་དུ་འཛིན། །བདག་ཀྱང་ནལ་ཐོད་དབུལ་ལགས་ཀྱི། །ལྷ་མོ་མཉེས་པའི་རྟེན་དུ་བཞེས། །སྲིན་པོ་ཤ་ཟའི་ཚོགས་རྣམས་ཀྱིས། །དགྲ་བགེགས་མགོ་དང་ཁྲག་ཞག་ཕུལ། །ཐོད་པ་སྐམ་རློན་རྒྱན་བྱས་ཤིང༌། །ཁྲག་ཞག་ཐིག་ལེས་སྐུ་ལ་བརྒྱན། །དུར་ཁྲོད་ཆས་ཀྱི་བརྒྱན་བྱས་ནས། །གདུག་པའི་དགྲ་བགེགས་ཐལ་བར་རློག །བདག་ཀྱང་དཔལ་ལྡན་ལྷ་མོ་ལ། །དམ་ཉམས་མགོ་དང་ཁྲག་ཞག་འབུལ། །ཐོད་སྐམ་ལྔ་ཡི་དབུ་རྒྱན་དང༌། །ཁྲག་འཛག་ལྔ་བཅུའི་དོ་ཤལ་དང༌། །སྐུ་ལ་ཁྲག་གི་ཐིག་ལེ་དང༌། །ཞག་གི་སོར་རིས་ཐལ་ཆེན་གྱི། །ཚོམ་བུས་བྱུགས་ལ་དམ་ཉམས་ཀྱི། །སྲོག་དབུགས་ལེན་ལ་རིངས་པར་བྱོན། །གཞན་ཡང་དཔལ་ལྡན་ལྷ་མོ་ལ། །བསྟན་པ་སྲུང་བའི་ཆ་རྐྱེན་དུ། །དགོས་པའི་ཡོ་བྱད་ཐམས་ཅད་འབུལ། །བསྟན་པ་བསྲུང་བ་མ་གཡེལ་ཞིག །དམ་ཉམས་སྡིག་ཅན་སྒྲོལ་བ་དང༌། །དགོན་གནས་སྲུང་བའི་ཆ་རྐྱེན་དུ། །དགོས་པའི་ཡོ་བྱད་ཐམས་ཅད་འབུལ། །དགོན་གནས་འདི་ལ་གནོད་པ་ཡི། །སེམས་འཆང་དགྲ་དང་བགེགས་རྣམས་ཀུན། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །དཔོན་སློབ་དགོན་གནས་བཅས་པ་ལ། །དགོས་པའི་ཡོ་བྱད་ཅི་བྱུང་ཡང༌། །དཔལ་ལྡན་ལྷ་མོའི་ཕྲིན་ལས་ཀྱིས། །འབད་མེད་ལྷུན་གྱིས་གྲུབ་པར་མཛོད། །དེ་ནས་སྐོང་གཏོར་འབུལ་བ་ནི། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །ཞེས་སོགས་ཤོ་ལོ་ཀ་གཅིག་བརྗོད་དེ། གོང་དུ་བཤད་པའི་གཏོར་སྔགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་ཕུལ། དེ་ནས། བྷྱོཿ སེམས་ཉིད་ཕྲིན་ལས་རྣམ་བཞིའི་ཁྱད་པར་ནི། །སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད། །དོན་དམ་དབྱེར་མེད་ཁ་དོག་གཟུགས་ཀྱང་མེད། །
རྫུ་འཕྲུལ་སྒྱུ་མ་ཙམ་དུ་རང་གི་སེམས། །མཐུན་པར་བསྟན་པ་ཞི་བའི་དཔལ་ལྷ་མོ། །ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན། །ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དཀར་མོ་ཤིན་ཏུ་དྭངས། །ཀུན་ཏུ་ཞི་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་བར་ཆད་ཞི་བར་མཛོད། །བྷྱོཿ སེམས་ཉིད༴ །ཅེས་སོགས་ཤློ་ཀ་གཅིག་འགྲེའོ། །མཐུན་པར་བསྟན་པ་རྒྱས་པའི་དཔལ་ལྷ་མོ། །རྒྱས་མཛད་རྒྱས་འགྱུར་རྒྱས་པའི་ངང་ཚུལ་ཅན། །རྒྱས་པའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་སེར་མོ་ཤིན་ཏུ་བརྗིད། །ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ཚེ་དང་བསོད་ནམས་རྒྱས་པར་མཛོད། །བྷྱོཿ སེམས་ཉིད༴ །མཐུན་པར་བསྟན་པ་དབང་གི་དཔལ་ལྷ་མོ། །དབང་མཛད་དབང་བསྒྱུར་དབང་གི་ངང་ཚུལ་ཅན། །དབང་གི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་དམར་མོ་ཤིན་ཏུ་ཆགས། །ཀུན་ཏུ་དབང་མཛད་མ་ལ་ཕྱག་འཚལ་ལོ། །ཁམས་གསུམ་སེམས་ཅན་ཐམས་ཅད་དབང་དུ་བསྡུས། །བྷྱོཿ སེམས་ཉིད༴ །མཐུན་པར་བསྟན་པ་དྲག་པོའི་དཔལ་ལྷ་མོ། །དྲག་མཛད་དྲག་འགྱུར་དྲག་པོའི་ངང་ཚུལ་ཅན། །དྲག་པོའི་འཁོར་གྱིས་བསྐོར་བའི་གཙོ་མོ་ནི། །རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་ཏུ་རྔམས། །ཀུན་ཏུ་དྲག་མཛད་མ་ལ་ཕྱག་འཚལ་ལོ། །བདག་གི་ནད་གདོན་དགྲ་བགེགས་དྲག་པོས་སྒྲོལ། །བྷྱོཿ ཁྱོད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཀྱང༌། །འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ཡིས། །ཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལ། །བདག་གིས་བསྒྲིམས་ཏེ་རབ་ཏུ་བསྟོད་བགྱིད་ན། །བདག་ཀྱང་ལས་བཞིའི་རང་བཞིན་ལྷུན་གྲུབ་སྟེ། །ཁྱོད་ལྟར་འགྲོ་བའི་དོན་ལ་བརྩོན་པར་ཤོག །དེ་ནས་བཟླས་པ་བྱ་བ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོའི་ཐུགས་ཀའི་བྷྱོཿལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བས་ཅི་འདོད་པའི་ལས་རབ་འབྱམས་ཐམས་ཅད་བསྒྲུབས་པར་བསམས་ལ། བྷྱོཿ རཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཞེས་བཟླས་པ་ཅི་མང་བྱས། ཡིག་
བརྒྱས་ལྷག་ཆད་བསྐང༌། གཏོར་མ་འབུལ་བ་ནི། ལེགས་པར་བཤམས་པའི་གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །ཞེས་སོགས་ཀྱི་ཚིགས་བཅད་བརྗོད། ལྗགས་བྱིན་བརླབ་སོགས་གོང་དུ་བཤད་པའི་གཏོར་སྔགས་ཀྱིས་གཙོ་འཁོར་ཐམས་ཅད་ལ་ཕུལ། ཨརྒྷཾ་སོགས་ཀྱིས་མཆོད། ནང་མཆོད་ཕུལ། དེ་ནས་གཏོར་རྫོང་བྱ་བ་ནི། བྷྱོཿ ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །རཀྟའི་ཚོགས་ནི་མཚོ་ལྟར་བསྐྱིལ། །དམ་རྫས་གཏོར་མ་འདི་བཞེས་ལ། །དམ་ཚིག་ཉམས་པའི་དགྲ་དང་བགེགས། །གནོད་བྱེད་འབྱུང་པོའི་ཚོགས་རྣམས་ལ། །བདུད་ཀྱི་དམག་ཚོགས་དགྲ་ལ་དྲོངས། །དམག་དཔོན་རྒྱལ་མོས་དམག་སྣ་དྲོངས། །དམག་དཔུང་བསྐྱེད་ལ་རུ་མཚོན་ཕྱོར། །བདག་ཅག་དུས་འདིར་ཚེ་རིང་ཞིང༌། །འཁོར་དང་བསྟན་པ་རྒྱས་པ་དང༌། །ཁམས་གསུམ་དབང་དུ་བསྡུ་བ་དང༌། །བཤད་སྒྲུབ་ལོངས་སྤྱོད་འཕེལ་བར་མཛོད། །དེ་ནས་ཚེ་རིང་མཆེད་ལྔ་དང་བསྟན་མ་བཅུ་གཉིས་ལ་གཏོར་མ་ཟུར་དུ་བཤམས་ཡོད་ན་སྐབས་འདིར་འབུལ་ཞིང༌། གཞི་བདག་གཏོར་མའང་སྐབས་འདིར་ཕུལ། ཕྲིན་ལས་བཅོལ་བར་བྱའོ། །དེ་ནས་བསྟོད་པ་བྱ་བ་ནི། བྷྱོཿ ས་བཅུའི་དབང་ཕྱུག་ཁྲོ་བ་ཉེར་ཞི་ཡང༌། །གདུལ་བྱའི་དོན་དུ་ཕྲིན་ལས་རྣམ་བཞི་སྟོན། །མཛད་པ་དུས་ལས་མི་ཡོལ་བདེ་སྟེར་མ། །བཅོམ་ལྡན་གཤིན་རྗེ་གཤེད་ཀྱི་ལྕམ་ལ་བསྟོད། །སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ། །ཞལ་བཞེས་དམ་བཅས་བསྙེལ་བ་མི་མངའ་བར། །སངས་རྒྱས་བསྟན་པ་རྒྱས་པའི་ཕྲིན་ལས་ལ། །གཡེལ་མེད་བསྟན་སྲུང་ཆེན་མོ་ཁྱོད་ལ་བསྟོད། །ཁྲག་ཞག་རྒྱ་མཚོ་ཆེན་པོ་འཁྱིལ་པའི་ནང༌། །རླུང་ནག་འཚུབ་མར་འཚུབས་པའི་དབུས་ཉིད་ན། །སྲོག་ལ་རྔམས་ཤིང་མི་ཤ་དྲོན་མོ་གསོལ། །སྲོག་བདག་སྡེ་བརྒྱད་གཙོ་མོ་ཁྱོད་ལ་བསྟོད། །ཞབས་གཉིས་བརྡབས་པས་ས་གསུམ་ཆེམ་ཆེམ་གཡོ། །ཧཱུྃ་ཧཱུྃ་གད་རྒྱངས་དྲག་པོས་རི་རབ་བསྙིལ། །ཁྲོས་པའི་མོད་ལ་བསྟན་དགྲ་བརླག་བྱེད་མ། །བདུད་འདུལ་དམག་དཔོན་ཆེན་མོ་ཁྱོད་ལ་བསྟོད། །ཕྱི་རོལ་ཉིད་དུ་དགྲ་བགེགས་གདུག་པའི་གཤེད། །ནང་དུ་བཅོམ་ལྡན་གཤིན་རྗེའི་གཤེད་ཉིད་ལ། །ཟག་མེད་བདེ་བ་ཆེན་པོ་སྟེར་མཛད་མ། །
རྒྱལ་བའི་ཡུམ་གྱུར་ཁྱོད་ལ་གུས་པས་བསྟོད། །ཁྱོད་ནི་སངས་རྒྱས་བསྟན་པའི་སྲོག་ཤིང་སྟེ། །མཁས་གྲུབ་བསྟན་འཛིན་ཡོངས་ཀྱི་སྲིང་གཅིག་མ། །བསྟན་པའི་རྗེས་འཇུག་སྐྱེ་འགྲོ་ཡོངས་ཀྱི་མ། །བསྟན་པའི་གཉེན་གྱུར་ཁྱོད་ལ་རྩེ་གཅིག་བསྟོད། །འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ་བཟུང་ནས། །གདུག་པ་འདུལ་ཕྱིར་ཁྲོ་ལ་ཁྲོ་སྟོན་མ། །ཞི་བ་རྣམས་ལ་ཞི་བའི་ཚུལ་བསྟན་ནས། །འཇིག་རྟེན་འདྲེན་པའི་ལྷ་མོ་ཁྱོད་ལ་བསྟོད། །བསྟན་དང་འགྲོ་བའི་དོན་ལ་བརྩོན་པ་དང༌། །དེང་ནས་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །ཁྱོད་ལ་སྐྱབས་སོང་རྣལ་འབྱོར་བདག་ཅག་ལ། །མ་ལྟར་བྱམས་ཤིང་སྲིང་ལྟར་བརྩེ་བར་མཛོད། །བྷྱོཿ དཀའ་བ་དང་དུ་བླངས་ནས་ཁྱོད་བསྒྲུབས་ན། །མ་གཡེལ་མ་གཡེལ་མ་གཅིག་རེ་མ་ཏི། །ལུས་སྲོག་འབེམ་དུ་བཙུགས་ནས་ཁྱོད་བསྒྲུབས་ནས། །བསྟེན་པའི་ཚེ་ན་མ་གཅིག་སྙིང་མ་རིང༌། །རཀྟ་མཚོ་ལྟར་བསྐྱིལ་ནས་ཁྱོད་བསྒྲུབས་ནས། །བསྐུལ་བའི་ཚེ་ན་མ་གཅིག་བང་མ་བུལ། །གཏོར་མ་རི་ལྟར་སྤུངས་ནས་ཁྱོད་བསྒྲུབས་ན། །རྦད་པའི་ཚེ་ན་མ་གཅིག་མཐུ་མ་ཆུང༌། །ཁྱོད་ཀྱི་གཡོག་ནི་མི་བསྲུན་གདུག་པ་ཅན། །ཆུ་སྲིན་གདོང་ཅན་དགྲ་བགེགས་སྒྲོལ་ལ་ཤོག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང་པ་ཅན། །དམ་ཉམས་དགྲ་བོའི་སྲོག་རྩ་ཆོད་ལ་ཤོག །དཔལ་ལྡན་ལྷ་མོ་འཁོར་དང་བཅས་རྣམས་ཀྱིས། །ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ། །མི་མཐུན་རྐྱེན་དང་བར་ཆད་ཞི་བ་དང༌། །མཐུན་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། བྷྱོཿ ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་དམ་པ་ནས། །གདུག་པ་འདུལ་ཕྱིར་དྲག་མོའི་སྐུར་བསྟན་ནས། །དངོས་གྲུབ་རིན་ཆེན་འདོད་དགུའི་ཆར་འབེབས་མ། །དམག་ཟོར་རྒྱལ་མོའི་ཞབས་ལ་ཕྱག་འཚལ་ལོ། །འཐོར་བྱེད་དྲག་པོའི་རླུང་དང་རབ་འདྲེས་པའི། །དུས་མཐའི་མེ་ལྕེའི་ཕྲེང་བས་བསྐོར་བའི་དབུས། །ཁྲག་ཞག་རྒྱ་མཚོ་ཆིལ་ཆིལ་གཡོ་བའི་སྟེང༌། །སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་ཆིབས། །ཆར་སྤྲིན་མདོག་ཅན་འཇིགས་རུང་སྲིན་མོའི་གཟུགས། །བཟོད་དཀའ་དུས་མཐའི་མེ་འོད་རྣམ་པར་འཕྲོ། །ཞལ་གདངས་རྐན་སྒྲ་དྲག་པོས་ས་གསུམ་གཡོ། །གངས་རི་གཙིགས་འདྲའི་མཆེ་བའི་སྤྲིན་
གསེབ་ནས། །དམ་ཉམས་ཁྲག་གི་ལྦུ་བའི་གོས་གྱོན་པའི། །ལྗགས་ཀྱི་གློག་ཕྲེང་ས་གསུམ་ཁྱབ་པར་གཡོ། །ཧ་ཧའི་གད་རྒྱངས་དབྱར་སྐྱེས་སྤྲིན་གྱི་སྒྲས། །ནག་པོའི་རྩ་ལག་ཕྱེ་མར་འཐག་ལ་བསྟོད། །འཇིགས་རུང་ཐོད་སྐམ་ལྔ་ཡིས་རབ་བརྒྱན་པའི། །རབ་འཇིགས་དབུ་སྐྲའི་མཚམས་སྤྲིན་ཕུང་པོའི་རྩེར། །རི་བོང་འཛིན་པའི་དཀྱིལ་འཁོར་རབ་མཛེས་པ། །རྨ་བྱའི་གདུགས་ཀྱི་གྲིབ་བསིལ་ཅན་དེར་འདུད། །རྡོ་རྗེས་མཚན་པའི་བེ་ཅོན་ཕྱག་གཡས་ཀྱིས། །ནམ་མཁའི་ངོས་ལ་ལན་ཅིག་གཟས་པ་ལས། །བདུད་དང་འབྱུང་པོའི་མགོན་པོ་ཐམས་ཅད་ཀྱི། །ཐོད་པ་ཅིག་ཅར་དྲལ་མཛད་ཁྱོད་ལ་བསྟོད། །གདུག་པའི་ཁྲག་གིས་གང་བའི་ནལ་ཐོད་ནི། །གཡོན་པའི་ཕྱག་གིས་རོལ་པས་རྣམ་པར་དགྱེས། །ཁ་ནས་ཁྲག་གི་ལྦུ་བ་རབ་མཆིལ་བའི། །དམ་ཉམས་མགོ་ཕྲེང་མགུལ་པར་འཛིན་ལ་བསྟོད། །གདོང་ལྔ་བ་དང་བྲང་འགྲོའི་དབང་པོ་ཡིས། །གཡས་གཡོན་རྣ་བའི་བུ་གར་རབ་བརྒྱན་ཅིང༌། །རེ་ནག་གོས་དང་མི་ལྤགས་གཡང་གཞི་དང༌། །དར་ནག་ལྷབ་ལྷུབ་གཡོ་བ་ཁྱེད་ལ་བསྟོད། །ཁྲག་ཞག་ཐིག་ལེ་ཐལ་བས་ལུས་བྱུགས་ཤིང༌། །ལྟེ་བར་རྟ་བདུན་རྒྱལ་པོའི་དཀྱིལ་འཁོར་རྒྱས། །སྡེར་ཕྲེང་གཡོ་བའི་སྟག་ལྤགས་ཤམ་ཐབས་ནི། །གདུག་པའི་སྦྲུལ་གྱི་སྐ་རགས་ཅན་དེར་འདུད། །གཞན་ཡང་ནད་རྐྱལ་མཚོན་གྱི་གྲུ་གུ་དང༌། །བདུད་ཀྱི་ཁྲམ་ཤིང་ཤྭ་རྡེ་དཀར་ནག་སོགས། །བདུད་སྡེ་འཇོམས་པའི་ཆ་ལུགས་སྣ་ཚོགས་ཀྱིས། །ནག་པོའི་གཡུལ་ལས་རྣམ་པར་རྒྱལ་ལ་བསྟོད། །རྩེ་གཅིག་གུས་པས་ཁྱོད་ལ་མཆོད་བསྟོད་དང༌། །བཟླས་བརྗོད་ལྷུར་ལེན་རྣལ་འབྱོར་བདག་ཅག་གི །འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང༌། །ཇི་ལྟར་འདོད་པའི་དོན་ཀུན་འགྲུབ་པར་མཛོད། །བསྟན་དང་བསྟན་འཛིན་བུ་བཞིན་སྐྱོང་བ་དང༌། །བསྟན་དགྲ་དམ་ཉམས་དགྲ་བགེགས་མ་ལུས་པ། །དྲག་པོའི་ཆད་པས་ཐལ་བར་བརླག་པ་དང༌། །ཐུབ་བསྟན་དར་རྒྱས་ཡུན་རིང་གནས་པར་མཛོད། །ཁྱད་པར་རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གནོད་ཅིང་འཚེ་བའི་མི་དང་འབྱུང་པོའི་ཚོགས། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པ་དང༌། །འདོད་དགུའི་ཡོ་བྱད་མ་ལུས་ཁྱོད་ཀྱིས་སྒྲུབས། །ནད་ཡམས་དལ་ཡམས་དགྲ་དང་བགེགས་ལ་ཐོངས། །ཚོན་གྱི་གྲུ་གུ་དགྲ་དང་བགེགས་ལ་
ཁྱོངས། །ཤྭ་རྡེ་དཀར་ནག་དགྲ་དང་བགེགས་ལ་ཁྱེ། །བདུད་ཀྱི་ཁྲམ་ཤིང་དགྲ་དང་བགེགས་ལ་ཐོབ། །བདུད་ཀྱི་དམག་ཚོགས་དགྲ་དང་བགེགས་ལ་དྲོངས། །རྨི་ལམ་ངན་དང་མཚན་མ་ངན་པ་དང༌། །ལྟས་ངན་ཐམས་ཅད་དགྲ་དང་བགེགས་ལ་ཐོངས། །མདོར་ན་གནོད་བྱེད་འབྱུང་པོ་གདུག་ཅན་འདི། །ལོ་དང་ཟླ་བ་ཞག་དུ་མ་བཞག་པར། །སྐད་ཅིག་ཙམ་གྱིས་ཐལ་བར་བརླག་པར་མཛོད། །བདག་ཅག་དཔོན་སློབ་དགོན་གནས་བཅས་པ་ལ། །ཉིན་གསུམ་བྱ་ར་རྒྱང་ནས་མ་གཡེལ་ཞིག །མཚན་གསུམ་མེལ་ཚེ་དྲུང་ནས་མ་གཡེལ་ཞིག །འགལ་རྐྱེན་སོལ་ལ་མཐུན་རྐྱེན་མ་ལུས་སྒྲུབས། །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །ནམ་མཁའི་ཁམས་ན་བཞུགས་པའི་ཚེ། །ནམ་མཁའི་ཁམས་ཀྱི་དཔལ་མོ་བཙན། །དེ་ཡང་བྱང་ཤར་རེ་མ་ཏི། །འདིར་བྱོན་མཐུན་པའི་མཆོད་གཏོར་བཞེས། །བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད། །རི་རབ་ཟོམ་ན་བཞུགས་པའི་ཚེ། །འབར་བ་མེ་ཁྱེར་གློག་ཕྲེང་འཛིན། །ལྷ་སྲིན་དགུ་བརྒྱའི་ལིངས་པ་མོ། །དེ་ཡང༴ ཞེས་སོགས་རིགས་འགྲེ། རྒྱ་མཚོའི་གཏིང་ན་བཞུགས་པའི་ཚེ། །མེ་བཟའ་བྲག་གྱོན་རལ་གཅིག་པ། །ཀླུ་སྲིན་ཐམས་ཅད་དབང་སྡུད་མ། །དེ་ཡང༴༴༴ །དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱི། །གཙོ་མོ་མཛད་པ་དེ་ཡི་ཚེ། །མི་བསྲུན་གཡག་མགོ་ཐོད་རློན་འཆང༌། །དེ་ཡང༴༴༴ མ་བདུན་གཙོ་མོ་མཛད་པའི་ཚེ། །ཨེ་ཀ་ཛཱ་ཊི་རལ་གཅིག་མ། །རྣལ་འབྱོར་ཚེ་འཛིན་དྲོད་ཉུལ་མ། །དེ་ཡང༴༴༴ །མ་བདུད་གཙོ་མོ་མཛད་པའི་ཚེ། །རྡོ་རྗེ་ཤཱནྟིཾ་ཀུན་གྲགས་མ། །ཤུགས་པ་ཀུན་གྱི་བཀའ་ཉན་མ། །དེ་ཡང༴༴༴ །སྲིད་བཞིའི་གཙོ་མོ་མཛད་པའི་ཚེ། །གླིང་བཞི་མགྱོགས་མ་ལྷ་ཡི་སྲིང༌། །ཉི་མའི་ཟེར་ལ་ཞོན་བྱེད་མ། །དེ་ཡང༴༴༴ །ལྷ་དང་ལྷ་མིན་གཡུལ་འཐབ་ཚེ། །ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ། །ལྷ་རྣམས་ཀུན་གྱིས་རྫོང་བཅས་ནས། །ལྷ་མིན་རྣམས་ཀྱི་གཡུལ་ངོ་བཟློག །དེ་ཕྱིར་དུང་དཀར་རྫོང་མར་གྲགས། །དེ་ཡང༴༴༴ །བསྟན་མའི་གཙོ་མོ་མཛད་པའི་ཚེ། །བདག་ཉིད་རྡོ་རྗེ་ཀུན་གྲགས་མ། །འཁོར་རྣམས་སྐྱོང་ཞིང་འདྲེ་སྲིན་འདུལ། །དེ་ཡང༴༴༴ །དམ་ཚིག་མཐའ་གནས་
གཙོ་མོ་མཛད་པའི་ཚེ། །སྨན་བཙུན་ཆེན་མོ་རྡོ་རྗེ་གཡར་མོ་བསིལ། །རྣལ་འབྱོར་གྲོགས་བྱེད་གསང་སྔགས་ཆོས་འཁོར་སྐྱོང༌། །དེ་ཡང་བྱང་ཤར་རེ་མ་ཏི། །འདིར་བྱོན་མཐུན་པའི་མཆོད་གཏོར་བཞེས། །བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོཿ ཆར་སྤྲིན་ལྟར་སྔོ་གསེར་གྱི་སྤུ་གྲི་གཡས། །གཡོན་པ་དམ་ཉམས་སྙིང་ཁྲག་དཀྲུག་ཅིང་རོལ། །མི་ལྤགས་གོས་གྱོན་དྲེའུ་ལ་ཆིབས་མ། །དཔྱིད་ཀྱི་རྒྱལ་མོས་བཅོལ་པའི་འཕྲིན་ལས་མཛོད། །པདྨ་རཱ་གའི་མདོག་ཅན་ལྕགས་ཀྱུ་གཡས། །གཡོན་པ་འབར་བའི་ཐོད་པ་ཁྲག་བཀང་བསྣམས། །ཆུ་དར་གྱོན་ཅིང་ཆུ་གླང་སྔོན་པོ་ཆིབས། །དབྱར་གྱི་རྒྱལ་མོས་བཅོལ་པའི་འཕྲིན་ལས་མཛོད། །འཛམ་བུ་ཆུ་བོའི་གསེར་མདོག་གསེར་ཟོར་གཡས། །གཡོན་པས་དགྲ་བགེགས་སྙིང་ཁྲག་ཞལ་དུ་གསོལ། །རྨ་བྱའི་སྒྲོ་ཐུལ་གྱོན་ཅིང་ཤ་བ་ཆིབས། །སྟོན་གྱི་རྒྱལ་མོས་བཅོལ་པའི་འཕྲིན་ལས་མཛོད། །མིག་སྨན་ལྟར་གནག་བདུད་ཀྱི་ཁྲམ་ཤིང་གཡས། །གཡོན་པ་ཁྲག་གིས་བཀང་བའི་ཐོད་པ་འཛིན། །རེ་ལྡེ་གྱོན་ཅིང་རྔ་མོང་ཁམ་པ་ཆིབས། །དགུན་གྱི་རྒྱལ་མོས་བཅོལ་པའི་འཕྲིན་ལས་མཛོད། །ཨོཾ་འཆི་མེད་ཚེ་ཡི་མཆོག་སྩོལ་ཚེ་རིང་མ། །སྣང་གསལ་པྲ་སྟོན་མཐིང་གི་ཞལ་བཟང་མ། །ཟས་ཀྱི་དཔལ་སྟེར་མི་གཡོ་བློ་བཟང་མ། །ནོར་གྱི་མཆོག་སྩོལ་ཅོད་པན་མགྲིན་བཟང་མ། །རྐང་བཞི་འཕེལ་མཛད་གཏད་དཀར་འགྲོ་བཟང་མ། །མཁའ་འགྲོ་ཆེན་པོ་ཁྱེད་ལྔ་ཡང༌། །སྔོན་གྱི་ཐུགས་དམ་རྗེས་དགོངས་ལ། །བྲན་གཡོག་མང་པོའི་འཁོར་དང་བཅས། །ལྷབ་ལྷུབ་མང་པོའི་རྒྱན་དང་བཅས། །སིལ་སྙན་རོལ་མོའི་སྒྲ་དང་བཅས། །འདིར་གཤེགས་མཆོད་སྦྱིན་གཏོར་མ་བཞེས། །བཅོལ་པའི་འཕྲིན་ལས་གྲུབ་པར་མཛོད། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །དཔལ་ལྡན་ལྷ་རི་རྡོ་རྗེ་གཡའ་མ་སྐྱོང༌། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང༌། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །བདུད་མོ་ཆེན་མོ་ཁྱོད་བཞི་ཡང༌། །དེ་མན་ཆད་སྔར་བཞིན་འགྲེའོ། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །མཁའ་རེག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་གླུ་མོ་དང༌། །
རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །གནོད་སྦྱིན་ཆེན་མོ་ཁྱེད་བཞི་ཡང༌། །སྔོན་གྱི་ཐུགས་དམ་རྗེས་དགོངས་སོགས། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང༌། །བཙན་ལ་ལོ་རོ་རྡོ་རྗེ་སྨན་གཅིག་མ། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །གཡུ་ཡི་དྲིལ་བུ་རྡོ་རྗེ་གཟུགས་ལེགས་མ། །སྨན་མོ་ཆེན་མོ་ཁྱོད་བཞི་ཡང༌། །སྔོན་གྱི༴ །ཆོས་དབྱིངས་རྣམ་པར་དག་པའི་ཕོ་བྲང་ནས། །ཆོས་བཞིན་སྒྲུབ་པའི་གང་ཟག་ཐམས་ཅད་ཀྱི། །ཆོས་ལྡན་ཕྲིན་ལས་མཐའ་དག་སྒྲུབ་མཛད་པའི། །ཆོས་སྐྱོང་ལས་བྱེད་འཁོར་དང་བཅས་རྣམས་ཀྱང༌། །སྔོན་ཞེས་སོགས་གོང་ལྟར་བྱའོ། །བསྐུལ་བ་ནི། བྷྱོཿ རི་རབ་ལྷུན་པོའི་གདན་སྟེང་ན། །རླུང་ནག་འཚུབ་མའི་གུར་གྱི་ནང༌། །དྲེའུ་རྐྱང་སེར་གྭ་པའི་སྟེང༌། །ཀྵ་ལས་བྱུང་བའི་ནག་མོ་ནི། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཕྱག་གཡས་རྡོ་རྗེ་བེ་ཅོན་དང༌། །གཡོན་པ་ཡུངས་ཀར་ཐོད་ཁྲག་འཛིན། །སྐུ་ལ་མི་ལྤགས་གཡང་གཞི་དང༌། །རེ་བ་ནག་པོའི་གོས་གྱོན་ཅིང༌། །རྫུ་འཕྲུལ་ཤུགས་ཀྱིས་སྟོང་གསུམ་བསྐོར། །ཁྱོད་ཀྱིས་དགྲ་བགེགས་ཐལ་བར་རློག །ཧཱུྃ་ལས་བྱུང་བའི་ནག་མོ་ནི། །ཞལ་གཅིག་ཕྱག་གཉིས་འཇིགས་པའི་གཟུགས། །ཕྱག་གཡས་སྡིགས་མཛུབ་ཞགས་པ་དང༌། །གཡོན་པ་དྲེའུའི་མཐུར་སྣ་འཛིན། །ཆུ་སྲིན་གདོང་ཅན་ལས་མཛོད་ཅིག །སླད་ཀྱི་རྗེས་འབྲང་སེང་གེའི་གདོང༌། །སྐུ་མདོག་དམར་ནག་སྲིན་མོའི་གཟུགས། །ཕྱག་གཡས་རྡོ་རྗེ་གྲི་གུག་དང༌། །གཡོན་པ་སྡིགས་མཛུབ་ཞགས་པ་འཛིན། །སེང་གེའི་གདོང་ཅན་ལས་མཛོད་ཅིག །བྷྱོཿ དཔལ་ལྡན་གཉན་གྱི་རེ་མ་ཏི། །ལེགས་ཉེས་ཚར་གཅོད་རྗེས་འཛིན་ཕྱིར། །ཁྱོད་ཀྱི་རལ་པའི་གསེབ་ཤེད་ནས། །དུས་བཞིའི་ལྷ་མོའི་སྐུ་ཡང་ཤར། །བྷྱོཿ དཔྱིད་ཀྱི་རྒྱལ་མོར་གཤེགས་པའི་ཚེ། །ཤྲཱི་དུར་ཁྲོད་གནས་ཉུལ་མ། །རླུང་ནག་འཚུབ་མའི་སྣ་འདྲེན་མ། །འཁྱགས་བའི་མིག་ཏུ་ས་འདེབས་མ། །མིང་པོ་རྡོ་རྗེས་ལས་བཅོལ་ན། །སྲིང་མོ་དམ་ཅན་ལས་མཛོད་ཅིག །ཡིད་ལ་བརྣགས་པའི་དགྲ་བོ་རྣམས། །ཁྲམ་ལ་བབ་ཀྱིས་ཁྲམ་ལ་ཐོབ། །ཤོ་ལ་བབ་ཀྱིས་ཤོ་ཁྱེ་ཞིག །ནད་ཀྱི་རྐྱལ་པ་ཁ་ཐོང་ལ། །ཚོན་གྱི་གྲུ་གུ་དེར་ཁྱོངས་ཤིག །ཉེས་ཅན་སྟེས་ལ་ཤོར་
ར་རེ། །རྟགས་ཕྱུང་མཚན་མ་མྱུར་དུ་སྟོན། །བྷྱོཿ དབྱར་གྱི་རྒྱལ་མོར་གཤེགས་པའི་ཚེ། །སྤྲིན་བཅས་མཁའ་ལ་ཆར་འབེབས་མ། །འབྲུག་སྒྲོག་ཐོག་གི་མདའ་འཕེན་མ། །སད་དང་སེར་བའི་སྣ་འདྲེན་མ། །མིང་པོ་རྡོ་རྗེ་ལས་བཅོལ་ན། །ཞེས་སོགས་འགྲེའོ། །བྷྱོཿ སྟོན་གྱི་རྒྱལ་མོར་གཤེགས་པའི་ཚེ། །མ་ཧཱ་ཤཱནྟིཾ་ཀུ་རུ་མ། །རི་རབ་ཀྱི་ནི་ཟོམ་ལ་གནས། །ཕྱག་ན་གསེར་གྱི་ཟོར་བ་བསྣམས། །སྤང་པོ་དེ་ནི་ཁ་སེར་ལ། །འབྲུ་དང་ལོ་ཏོག་བཅུད་ལེན་མ། །རྡོ་རྗེ་བཀའ་ཉན་ཕོ་ཉའི་ཚོགས། །མི་རྣམས་ཀུན་གྱི་བདུད་གཅོད་མ། །མིང་པོ༴ །བྷྱོཿ དགུན་གྱི་རྒྱལ་མོར་གཤེགས་པའི་ཚེ། །རྒྱ་མཚོའི་གཏིང་གནས་བཀའ་སྡོད་མ། །དཔག་ཚད་བརྒྱད་ཁྲིར་དྲི་སྣོམ་མ། །ཀླུ་ལ་གནས་ནས་མངའ་མཛད་མ། །མིང་པོ༴ །བྷྱོཿ ཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། །དྲག་མོ་ནམ་གྲུ་ཚིམ་བྱེད་མངའ་བདག་མོ། །སྲོག་བདག་མ་མོ་དཔལ་གྱི་རྡོ་རྗེའི་ཡུམ། །སྡེ་བརྒྱད་བདག་མོ་དཔལ་ལྡན་གཤིན་རྗེའི་ཡུམ། །ཁྱོད་ཀྱི་བཀའ་སྡོད་བྲན་གཡོག་འཁོར་དང་བཅས། །མ་མོ་འབུམ་སྡེ་ནག་མོ་འབུམ་སྡེར་བཅས། །བདུད་དང་གཤིན་རྗེ་སྲིན་པོའི་ཚོགས་དང་བཅས། །དུར་ཁྲོད་བདག་པོ་ཞིང་སྐྱོང་འཁོར་དང་བཅས། །སྣང་སྲིད་ལྷ་སྲིན་སྡེ་བརྒྱད་འཁོར་དང་བཅས། །བྱ་ཁྱི་ལྕེ་སྦྱང་ལ་སོགས་འཁོར་དང་བཅས། །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པའི་ཚོགས། །འཁོར་བཅས་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །བྷྱོཿབྷྱོཿདེ་ནི་དམ་ཉམས་དགྲ་ལ་བྷྱོཿ །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དགྲ་ལ་བྷྱོཿ །གདོན་རིགས་སུམ་བརྒྱ་དྲུག་ཅུ་དགྲ་ལ་བྷྱོཿ །ནད་ཀྱི་བདག་མོ་འཁོར་བཅས་དགྲ་ལ་བྷྱོཿ །ཤ་ཟ་ཁྲག་འཐུང་ཐམས་ཅད་དགྲ་ལ་བྷྱོཿ །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པའི་ཚོགས། །དམ་ཉམས་དགྲ་བོ་མྱུར་དུ་བསྒྲལ་བར་གྱིས། །མཐུ་རྩལ་དུས་ལ་བབ་པོ་ས་མ་ཡ། །བསྐུལ་འདི་རྣམས་དུས་གཏོར་སོགས་ཀྱི་སྐབས་དང༌། གཏོར་མ་འཕེན་པ་སོགས་ཀྱི་སྐབས་མ་གཏོགས་རྒྱུན་དུ་ཤིན་ཏུ་གཉན་པས་མི་བྱེད། བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་ཀྱིས། །མཐུན་པའི་དམ་རྫས་འདི་བཞེས་ལ། །རྣལ་འབྱོར་དཔོན་སློབ་འཁོར་བཅས་ལ། །གཞན་གྱི་བསམ་སྦྱོར་ངན་པ་
དང༌། །མཚེ་ཟོར་ཡུངས་ཟོར་འཕེན་པ་བཟློག །འབྱུང་པོའི་ཐོད་ཟོར་འཕེན་པ༴ །གཤིན་རྗེའི་འཁོར་ལོ་བསྐོར་བ༴ །བདུད་ཀྱི་ཁྲམ་ཁ་སྟོན་པ༴ །མ་མོའི་ཁྲག་ཟོར་འཕེན་པ༴ །ཞང་ཞུང་བཙོ་དམར་འཕེན་པ༴ །སུམ་པ་གླང་ཟོར་འཕེན་པ༴ །བནྡྷེ་སྔགས་ཟོར་འཕེན་པ༴ །བོན་པོ་རྟ་ཟོར་འཕེན་པ༴ །སྔགས་པ་སྒོང་ཟོར༴ །སྐྱེས་པ་མདའ་ཟོར༴ །བུད་མེད་དམོད་ཟོར༴ །མུ་སྟེགས་བར་ཆད་བྱེད་པ༴ །ངན་སྔགས་གདུག་པའི་རྦོད་གཏོང༴ །ཀླུ་ཡིས་བྱད་དུ་བཅུག་པ༴ །ཐེའུ་རང་སྲིས་ལ་བརྐུ་བ༴ །རྒྱལ་པོའི་སྨྱོ་འབོགས་གཏོང་བ་བཟློག །དྲང་སྲོང་གཟའ་ཡི་ཀིཾ་ཀཾ༴ །ལྟས་ངན་བརྒྱད་ཅུ་རྩ་བཞི༴ །ཡེ་འདྲོག་སུམ་བརྒྱ་དྲུག་ཅུ༴ །རྨི་ལམ་ངན་དང་མཚན་མ་ངན། །ལོ་སྐེགས་ཟླ་སྐེགས་ཞག་སྐེགས་དང༌། །ནད་རིགས་བཞི་བརྒྱ་རྩ་བཞི༴ །མཁའ་འགྲོ་མ་དང་རོ་ལངས་དང༌། །རྒྱལ་བསེན་བར་ཆད་བྱེད་པ་བཟློག །དེ་ལ་སོགས་པའི་གདུག་སེམས་རྣམས། །ཐམས་ཅད་སྡང་བའི་དགྲ་ལ་བྷྱོཿ །ཐམས་ཅད་གནོད་པའི་བགེགས་ལ་བྷྱོཿ །མཐུན་པའི་དངོས་གྲུབ་མ་ལུས་པ། །དུས་འདིར་བདག་ལ་སྩལ་དུ་གསོལ། །འཁོར་དང་བསྟན་པ་ལོངས་སྤྱོད་རྣམས། །རྒྱས་པར་མཛོད་ཅིག་སྲུང་མའི་ཚོགས། །དེ་ནས་གཏོར་མ་སྐྱོང་བ་ནི། མཚན་མོ་ཡིན་ན་གཏོར་མ་ལ་དཔལ་འབར་བཙུགས། གཏོར་མ་ནང་མཆོད་ལྟར་བྱིན་གྱིས་བརླབ། གཞི་བདག་གཏོར་མ་སོགས་སྔགས་དྲུག་དང་ཕྱག་རྒྱ་དྲུག་གིས་བྱིན་བརླབ། སྤྱན་འདྲེན་པ་ནི། བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་ལ། །དམག་ཟོར་རྒྱལ་མོ་ཞེས་བྱར་མཚན་གསོལ་བ། །རྩེ་གཅིག་མོས་པའི་དབང་གིས་སྤྱན་འདྲེན་ན། །ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །མདུན་གྱི་ནམ་མཁར་རླུང་ནག་འཚུབ་མའི་དབུས། །བེ་ཅོན་ཐོད་ཁྲག་འཛིན་པ་སྲིན་མོའི་གཟུགས། །དྲེའུའི་སྟེང་བཞུགས་གདུག་པ་ཚར་གཅོད་སྐུ། །ཇི་སྲིད་དྲན་པ་དེ་སྲིད་རྟག་ཏུ་བཞུགས། །ཕྱི་ཡི་སྤྱན་གཟིགས་ནམ་མཁའ་ཁྱོན་གང་ཞིང༌། །ནང་གི་དམ་རྫས་ས་གཞི་མ་ལུས་ཁྱབ། །ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་ཞིང་ཁམས་ཀུན། །རྒྱས་པར་འགེངས་པ་
འཁོར་དང་བཅས་ལ་འབུལ། །དཔལ་ལྡན་ཐུབ་པའི་བཀའ་སྲུང་མཐུ་རྩལ་ཅན། །ཁྱོད་ཉིད་བསྙེན་ཅིང་བསྒྲུབ་དང་རྩེ་གཅིག་ཏུ། །གསོལ་བ་འདེབས་པའི་རྣལ་འབྱོར་དཔོན་སློབ་ཀྱི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། དེ་ནས་གཏོར་མ་འབུལ་བ་ནི། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་བཅས། །ཞེས་སོགས་གོང་དུ་བཤད་པ་བཞིན་དུ། གཏོར་མ་དང་མཆོད་པ་ནང་མཆོད་དང་བཅས་པ་ཕུལ་ལ། ཤ་ཆེན་ཚོགས་ནི་རི་ལྟར་སྤུངས། །ཞེས་སོགས་ཀྱིས་འཕྲིན་ལས་བཅོལ། བྷྱོཿ ཆོས་དབྱིངས་དབང་ཕྱུག་མ་གཅིག་བདུད་ཀྱི་ཡུམ། །ཞེས་པ་ནས། བྱ་ཁྱི་ཅེ་སྤྱང་ལ་སོགས་འཁོར་དང་བཅས། །ཚེ་རིང་མཆེད་ལྔ་བསྟན་མ་བཅུ་གཉིས་དང༌། །ཡུལ་ལྷ་གཞི་བདག་གཉན་པོ་འཁོར་དང་བཅས། །དགྲ་བོའི་སྲོག་ལ་དབང་བྱེད་བཤན་པའི་ཚོགས། །འདིར་གཤེགས་བརྒྱན་གྱི་གཏོར་མ་འདི་བཞེས་ཤིག །ཅེས་པ་འདི་ནས་གཏོར་མ་བྱང་ཤར་གྱི་མཚམས་སུ་གཤེགས། ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ཤིག །འཛམྦུ་ཏི་བའི་ཞལ་ཟས་འདི༴ །སྨན་རག་ཕུད་ཀྱི་མཆོད་པ༴ །ཛ་གད་དཔའ་བོའི་སྨན་ཕུད༴ །གཙང་མ་ཕུད་ཀྱི་གསེར་སྐྱེམས་འདི་བཞེས་ཤིག །སྔར་བཅོལ་ལེགས་པའི་གཏང་རག་གཉན་པོར་གཏོང༌། །ད་འཆོལ་ལེགས་པའི་གསོལ་འདེབས་གཉན་པོར་བཞེས། །འཁོར་རྣམས་སྐྱོང་ཞིང་རྐྱེན་རྣམས་བཟློག་པ་དང༌། །སྡང་བའི་དགྲ་དང་གནོད་པའི་བགེགས་ལ་སོགས། །བདུད་དང་བར་དུ་གཅོད་པ་རྣམ་མང་པོ། །ཐམས་ཅད་རྡུལ་ཕྲན་བཞིན་དུ་བརླག་པ་དང༌། །བསྟན་པ་རྒྱས་པའི་ལས་འདི་ཁྱོད་ཀྱིས་སྒྲུབས། །སྲིད་ཞིའི་དཔལ་འབྱོར་མ་ལུས་འབྱུང་བའི་གཞི། །ཐུབ་པའི་བསྟན་པ་ཡུན་རིང་གནས་པ་དང༌། །དེར་འཛིན་བྱེད་པའི་སྐྱེས་བུ་དམ་པ་རྣམས། །དཔལ་འབྱོར་གྱིས་སྐྱོངས་ཡུན་རིང་ཞབས་བརྟན་མཛོད། །ཐུགས་དམ་བརྟག་པ་སྐབས་འདིར་མཛད། དེ་ནས་མཇུག་གི་ཆོ་ག་ནི། མཆོད་པ་རྣམས་བསང་སྦྱང༌། བྱིན་གྱིས་བརླབ། ཨོཾ་ཀཱ་ལཱི་དེ་ཝཱི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་ཧཱུྃ་སྭཱ་ཧཱ། དེ་བཞིན་དུ་ཤབྡའི་བར་གྱིས་མཆོད། སྔར་བཞིན་ནང་མཆོད་ཕུལ། བསྟོད་པ་བྱ་བ་ནི། བྷྱོཿ
ལྷ་ལ་དབང་བསྒྱུར་ལྷ་མོ་དཔལ་འབར་མ། །དབང་པོ་བརྒྱ་བྱིན་བུ་མོ་ཡིད་འོང་མ། །སུམ་ཅུ་རྩ་གསུམ་གནས་ཀྱི་གཙོ་མོ་སྟེ། །ལྷ་མོ་རེ་མ་ཏི་ལ་ཕྱག་འཚལ་ལོ། །ཀླུ་ལ་དབང་བསྒྱུར་ཀླུ་མོ་དཔལ་འབར་མ། །གཙུག་ན་རིན་ཆེན་བུ་མོ་ནོར་འཛིན་མ། །རོལ་མཚོ་བདུན་གྱི་གནས་ཀྱི་གཙོ་མོ་སྟེ། །ཀླུ་མོ་རེ་མ་ཏི་ལ༴ །གནོད་སྦྱིན་དབང་བསྒྱུར་གནོད་སྦྱིན་དཔལ༴ །གང་བ་བཟང་པོའི་བུ་མོ་གཟི་ལེགས་མ། །བྱ་དཀར་ཅན་གྱི་གནས་ཀྱི་གཙོ་མོ་སྟེ། །གནོད་སྦྱིན་རེ་མ༴ །བདུད་ལ་དབང་བསྒྱུར་བདུད་མོ་དཔལ༴ །རེ་ལྡེ་འགོང་ཡག་བུ་མོ་དྲི་ལྡན་མ། །བདུད་མཁར་རྩེ་དགུའི་གནས་ཀྱི་གཙོ༴ །བདུད་མོ་རེ་མ་ཏི༴ །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་དེར། །ནད་དང་དབུལ་ཕོངས་འཐབ་རྩོད་ཞི་བ་དང༌། །ཆོས་དང་བཀྲ་ཤིས་འཕེལ་བར༴ །བྷྱོཿ དཔལ་གྱི་གཟུགས་ལ་འདོད་ཁམས་གཙོ་མོ་ཁྱོད། །དྲེ་རྟ་ཞོན་ནས་དཔག་ཚད་ལྔ་བརྒྱར་རྒྱུག །བེ་ཅོན་ནལ་ཐོད་དམ་པའི་རང་རྟགས་འཛིན། །རེ་ལྡེའི་སྟོད་གཡོགས་སྦྲུལ་གྱི་ཤམ་བུ་ཅན། །ལྟེ་བར་ཉི་ཤར་གཙུག་ན་ཟླ་རྒྱས་མ། །ཁྲག་ནད་བདག་མོ་དབྱིངས་ཕྱུག་དཔལ་འབར་མ། །ལྷ་མོ་རེ་མ་ཏི་ལ་བསྟོད་པར་བགྱི། །རྣལ་འབྱོར་བཅོལ་པའི་འཕྲིན་ལས་སྒྲུབ་པར་མཛོད། །ཡི་གེ་བརྒྱ་པས་ལྷག་ཆད་གསོ། །མ་རྙེད་ཡོངས་སུ་མ་ཤེས་དང༌། །ཞེས་སོགས་ཀྱིས་བཟོད་པར་གསོལ། བསྔོ་བ་དང་སྨོན་ལམ་གྱིས་དགེ་རྩ་སྤེལ། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །ཞེས་སོགས་ཀྱིས་བྲིས་སྐུ་སོགས་ཡོད་ན་བསྟིམ་པར་བྱའོ། །བྷྱོཿརྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་དང༌། །བདེ་ཆེན་ཆོས་སྐུའི་ངང་དུ་རོ་གཅིག་ཀྱང༌། །རབ་འབྱམས་འཕྲིན་ལས་སྒྲུབ་མཛད་ལྷ་མོ་ཁྱོད། །བཀའ་བརྒྱུད་བླ་མའི་ཚོགས་སུ་མངའ་གསོལ་ལོ། །ལྷན་ཅིག་སྐྱེས་མདངས་བདེ་ཆེན་ནམ་མཁའི་ངང༌། །གྲངས་མེད་གཟུགས་སྐུའི་སྒྱུ་འཕྲུལ་དྲྭ་བ་ཅན། །མ་ལུས་རྒྱལ་བའི་ཡུམ་ཁྱོད་རྒྱུད་སྡེ་བཞིའི། །དཀྱིལ་འཁོར་ལྷ་ཚོགས་ངོ་བོར་མངའ་གསོལ་ལོ། །སྐུ་གསུམ་ལྷུན་གྲུབ་རྫོགས་པའི་སངས་རྒྱས་ཏེ། །སྤངས་རྟོགས་དབྱེར་མེད་ཞི་གྱུར་དམ་པའི་ཆོས། །རིག་གྲོལ་མཐར་ཕྱིན་འཕགས་ཚོགས་ཀུན་གྱི་གཙོ། །སྐྱབས་
གནས་དཀོན་མཆོག་གསུམ་དུ་མངའ་གསོལ་ལོ། །འོད་སྲུང་བསྟན་པའི་མཇུག་ཏུ་ལྷ་མོ་ཁྱོད། །ཉི་མའི་གཉེན་དང་སྨོན་ལམ་ལྷན་ཅིག་པས། །ཞིང་འདིར་ཐུབ་བསྟན་བསྲུང་དང་སྤེལ་མཛད་པའི། །བཀའ་སྲུང་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཞིང་སྐྱེས་ལྷན་ཅིག་སྐྱེས་དང་སྔགས་སྐྱེས་ཀྱི། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒྱུར་ཞིང༌། །ཐོགས་མེད་དངོས་གྲུབ་ཆར་འབེབས་ལྷ་མོ་ཁྱོད། །མཁའ་འགྲོ་ཀུན་གྱི་གཙོ་མོར་མངའ་གསོལ་ལོ། །ཁྱོད་ནི་སྲིད་གསུམ་མ་ལུས་ཀུན་གྱི་བདག །འདོད་ཁམས་དབང་བསྒྱུར་སྡེ་བརྒྱད་བྲན་དུ་འཁོལ། །འཇིག་རྟེན་འཇིག་རྟེན་འདས་པའི་སྲུང་མའི་གཙོ། །སྣང་སྲིད་ཀུན་གྱི་བདག་མོར་མངའ་གསོལ་ལོ། །བདག་ཅག་དཔོན་སློབ་མི་ནོར་དགོན་གནས་བཅས། །ཀུན་གྱི་སྲུང་མར་མངའ་གསོལ་གཉེར་གཏད་ཀྱི། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་འབར། །རབ་འབྱམས་ཕྲིན་ལས་བསྒྲུབ་ལ་མ་གཡེལ་ཞིག །ཅེས་མངའ་གསོལ་བྱའོ། །བྷྱོཿ དྲན་པ་ཙམ་གྱིས་དངོས་གྲུབ་མཆོག་སྩོལ་བའི། །རྩ་བ་བརྒྱུད་པའི་བླ་མ་མཆོག་རྣམས་དང༌། །སྐུ་བཞིའི་བདག་ཉིད་དཀྱིལ་འཁོར་འཁོར་ལོའི་གཙོ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །རབ་ཞི་ཆོས་སྐུའི་ངང་ལས་མ་གཡོས་ཀྱང༌། །ཐབས་མང་སྤྲུལ་པས་བསྟན་པ་སྲུང་མཛད་ཅིང༌། །སྒྲུབ་པ་པོ་རྣམས་བུ་བཞིན་སྐྱོང་མཛད་པའི། །དཔལ་ལྡན་དམག་ཟོར་རྒྱལ་མོའི་བཀྲ་ཤིས་ཤོག །ཆོས་བཞིན་སྒྲུབ་པའི་གང་ཟག་སྐྱོང་བ་དང༌། །བསྟན་དགྲ་དམ་ཉམས་ཕྱེ་མར་འཐག་པ་ལ། །ནམ་ཡང་གཡེལ་བ་མེད་པའི་ཕྲིན་ལས་ཅན། །གདུག་པའི་འཁོར་ཚོགས་རྒྱ་མཚོའི་བཀྲ་ཤིས་ཤོག །བསོད་ནམས་དར་རྒྱས་རི་རྒྱལ་ལྷུན་པོ་བཞིན། །སྙན་གྲགས་ཆེན་པོས་ནམ་མཁའ་བཞིན་དུ་ཁྱབ། །ཚེ་རིང་ནད་མེད་གཞན་དོན་ལྷུན་གྲུབ་པའི། །ཡོན་ཏན་རྒྱ་མཚོ་མཆོག་གི་བཀྲ༴ །འབད་དང་རྩོལ་བ་མི་དགོས་པའི། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང༌། །སེམས་ཅན་རེ་བ་སྐོང་མཛད་པའི། །བསམས་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད། དཔལ་ལྡན་དམག་ཟོར་རྒྱལ་མོའི་སྒྲུབ་ཐབས་རྒྱས་པ་འདི་ནི། རྗེ་ཐམས་ཅད་
མཁྱེན་པས་དུས་གཏོར་སོགས་ཀྱི་སྐབས་སུ་མཛད་པའི་ཕྱག་ལེན་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ནས་བྲིས་པའོ། །ཁམས་གསུམ་དབང་ཕྱུག་དཔལ་ལྡན་ལྷ་མོ་ཡིས། །ཁམས་གསུམ་མ་ལུས་དབང་དུ་སྡུད་མཛད་ནས། །ཁམས་གསུམ་འགྲོ་འདི་ཕན་བདེའི་ལམ་ཞུགས་ཏེ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཐོབ་པར་མཛོད། །བདུད་སྡེའི་གཡུལ་ལས་རྒྱལ་བའི་གོ་ཁྲབ་དང༌། །བདུད་དཔུང་འཇོམས་པའི་རལ་གྲི་མདའ་བོ་ཆེ། །བདུད་ཀྱི་ཡུམ་ཁྱོད་མཉེས་ཕྱིར་ཕུལ་པ་ཡིས། །བདུད་ཚོགས་དགྲ་ལས་རྒྱལ་བའི་བཀྲ་ཤིས་ཤོག །རྗེ་ཉིད་ཀྱིས་སོ། ༈ །ན་མོ་བཛྲ་བྷཻ་ར་ཝཱ་ཡ། བླ་མ་མཆོག་དང་སྐྱེས་འགྲོའི་འཆི་བདག་གཤེད། །དབྱེར་མེད་བཅོམ་ལྡན་འདས་མའི་ཞབས་བཏུད་ནས། །དེ་ཉིད་དགྱེས་བྱེད་མཆོད་པའི་སྤྲིན་གྱི་ཕྲེང༌། །རབ་འབྱམས་ལྷ་ལ་མཛེས་རྒྱན་འགོད་ཚུལ་བརྗོད། །གནམ་ལོ་རྒྱལ་པོ་གསར་བའི་དགའ་བ་དང་པོའི་ཚེས་ཀྱི་ཐོག་མར། འདོད་ཁམས་དབང་ཕྱུག་མ་ལ་མཆོད་གཏོར་འབུལ་བའི་ཚུལ་ནི། དཔལ་ལྡན་ལྷ་མོའི་སྐུ་རྟེན་དང༌། མཆོད་གཏོར། དམ་རྫས། སྤྱན་གཟིགས། ཕྱི་ནང་གི་རྟེན་རྫས་སོགས་ཕུལ་དུ་བྱུང་བ་བཀོད་པ་མཛེས་པ་བཤམ། སྒྲུབ་པ་པོ་རྣམས་འཁོད་ནས། ནང་མཆོད། གཏོར་མཆོད། དམ་རྫས་སོགས་བྱིན་གྱིས་བརླབ། དེ་ནས། བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་ལ། །ཞེས་པ་ནས། ཐོགས་པ་མེད་པར་མྱུར་དུ་གཤེགས་སུ་གསོལ། །དེ་ནས། རྒྱུན་དུ་ལྷ་མོ་ཁྱོད་བསྟེན་ནོ། །ཞེས་པ་ནས། ཐུགས་དམ་དུས་བབ་ད་ཚུར་སྤྱོན། །ཨེ་ཨཱ་ར་ལི་ཧྲིཾ་ཧྲིཾ་ཛཿཛཿ ནག་མོ་གདུག་ཅན་དྲེགས་པ་ཅན། །ཞེས་པ་ནས། ཕྱག་བགྱིད་དོ་ཞེས་ཛཿཧཱུྃ་བཾ་ཧོཿ བཞག་སྟེ། ཤློ་ཀ་གཉིས་པོ་བརྗོད། དེ་ནས་ཕྱི་ནང་གི་མཆོད་པ་རྒྱས་བསྡུས་ཅི་རིགས་པ་འབུལ། ཉི་ཚོད་ཀྱིས་གཏུགས་ཚེ། མཚམས་འདིར་གཏོར་མ་རྒྱས་པར་འབུལ། དེ་མིན་དཀྱུས་ལྟར་ཕེབས་གཏོར་ཡན་ལག་བདུན་པའི་བར་བྱ། དེ་ནས་རྟེན་རྫས་རྣམས་འབུལ་བ་ནི། བྷྱོཿ སྤྲིན་གྱི་ཤུགས་འཆང་དྲེའུ་རྐྱང་སེར་འདི། །སྲིན་པོའི་ཐོད་སྒ་པགས་པས་རབ་གཡོགས་ཤིང༌། །གོང་སྨེད་སྲབ་མཐུར་གདུག་པའི་སྦྲུལ་
གྱིས་བརྒྱན། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་བཞོན་པ་འདི། །དཔལ་ལྡན་དམག་ཟོར་རྒྱལ་མོའི་རྟེན་དུ་འབུལ། །འཁོར་ཚོགས་དམ་ཅན་རྒྱ་མཚོའི་རྟེན་དུ་འབུལ། །རྟེན་ལས་མ་འདའ་འབེམ་ལས་མ་གཡོ་བར། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་པ་དང༌། །རྣལ་འབྱོར་བཅོལ་པའི་ཕྲིན་ལས་སྒྲུབ་པར་མཛོད། །དེ་ནས། རྟ། གཡག འོ་མའི་རྒྱུན་འཛིན་འདོད་པ་ཀུན་འཇོ་ཞིང༌། །ཆར་སྤྲིན་ལྟ་བུར་མཛེས་པའི་རྔ་ཞོལ་ཅན། །རྣམ་བཀྲ་དར་གྱི་ཅོད་པན་མང་པོས་བརྒྱན། །ནོར་འཛིན་མཛེས་བྱེད་ཞོལ་མོའི་ཚོགས་འདི་དག །དཔལ་ལྡན་སོགས་འགྲེ། དེ་ནས་བྱ་ཁྱི་ནད་རྐྱལ་རྣམས་མ་གཏོགས། བླ་མེད་ཀྱི་རྟེན་གྱི་བར་དུ་འབུལ། རྟེན་འབུལ་བསྡུས་ཙམ་བྱེད་ན། དྲེའུ། རྟ། ཞོལ་ཕོ་མོ། ལུག་ནག གཏོར་མ། ནང་རྟེན། གསང་རྟེན། བླ་ན་མེད་པའི་རྟེན་རྣམས་འབུལ། དེ་རྗེས། གཞན་ཡང་དཔལ་ལྡན་ལྷ་མོ་ལ། །བསྟན་པ་སྲུང་བའི་ཆ་རྐྱེན་དུ། །དགོས་པའི་ཡོ་བྱད་ཐམས་ཅད་འབུལ། །བསྟན་པ་བསྲུང་ལ་མ་གཡེལ་ཞིག །དམ་ཉམས་སྡིག་ཅན་སྒྲོལ་བ་དང༌། །དགོན་གནས་སྲུང་བའི་ཆ་རྐྱེན་དུ། །དགོས་པའི་ཡོ་བྱད་ཐམས་ཅད་འབུལ། །དགོན་གནས་འདི་ལ་གནོད་པ་ཡི། །སེམས་འཆང་དགྲ་དང་བགེགས་རྣམས་ཀུན། །སྐད་ཅིག་ཉིད་ལ་བརླག་པར་མཛོད། །དཔོན་སློབ་དགོན་གནས་བཅས་པ་ལ། །དགོས་པའི་ཡོ་བྱད་ཅི་བྱུང་ཡང༌། །དཔལ་ལྡན་ལྷ་མོའི་ཕྲིན་ལས་ཀྱིས། །འབད་མེད་ལྷུན་གྲུབ་གྲུབ་པར་མཛོད། །དེ་ནས་སྐབས་འདིར་གཏོར་མ་དངོས་གཞི་རྒྱས་པར་འབུལ། དེ་ཡང་ཀཱ་ལཱི་དེ་ཝཱི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི་བཏགས་ལ། ཉུང་མཐའ་ཉེར་ལྔ་ཙམ་བརྗོད་ནས་འབུལ་བའི་ཕྱག་ལེན་འདུག གཏོར་རྫོངས་བྱས་ཏེ། གཞི་བདག་གཏོར་མ་ཕུལ། ལྷ་ལ་དབང་བསྒྱུར་མ་དང༌། དཔལ་གཟུགས་མའི། ཁྲག་ན་བདག་མོ། ཞེས་པའི་ཚིག་གཅིག་པུ་དེ། འདོད་དགུའི་མཆོག་སྦྱིན་དབྱིངས་ཕྱུག་དཔལ་འབར་མ། །ཞེས་པར་བསྒྱུར་ཏེ་བསྟོད། དེ་ནས་ཐམས་ཅད་ལངས་ཏེ། ཆོས་དབྱིངས་དབང་ཕྱུག་མ་དང་སྦྲེལ་བའི་གཤེགས་གཏོར་སྤྱི་འགྲོ་ལྟར་བྱ། སླར་གདན་ལ་འཁོད་ནས་མངའ་གསོལ་དང་བཀྲ་ཤིས་བརྗོད་དེ་མེ་
ཏོག་གི་ཆར་དབབ་བོ། །རྒྱལ་ཡུམ་དབྱིངས་ཕྱུག་དབྱངས་ཅན་མ། །མ་རུངས་བདུད་རིགས་ཕྱེ་བའི་དགྲར། །སྒྱུ་མའི་སྲིན་མོ་ལྟར་སྟོན་ཅིང༌། །སྣ་ཚོགས་འདོད་དགུའི་འོ་རྒྱུན་གྱིས། །རྣལ་འབྱོར་བུ་བཞིན་སྐྱོང་མཛད་མ། །དེ་ཉིད་དགྱེས་པ་སྐྱེད་པ་ཡི། །ཆོག་བསྒྲིགས་དམ་པའི་ཕྱག་ལེན་བཞིན། །བཀོད་འདིས་དགེ་ལེགས་འབར་གྱུར་ཅིག །ཅེས་པ་འདི་ཡང་དབུ་མཛད་སྔགས་རམས་པ་དགེ་འདུན་འཇམ་དབྱངས་སོགས་ཀྱིས་ཡང་ནན་གྱིས་བསྐུལ་ངོར། གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་བཞིན་བྲིས་པའོ། ༈ །ན་མོ་མ་ཧཱ་ཀཱ་ལཱ་ཡ། ཆོས་སྐྱོང་སོ་སོའི་ཐུགས་བཀོད་པས་མཛེས་པ་ལེགས་པར་བཙུགས་ལ། མཆོད་གཏོར་བཟང་པོ་བཤམས། རང་ཡི་དམ་དུ་གསལ་བས་བྱིན་གྱིས་བརླབ། དེ་ནས་ཐུགས་རྣམས་བསང་སྦྱང༌། ཆོས་སྐྱོང་དེ་དང་དེར་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ལ་བསྟིམ། ཕྱག་དྲུག་པ་མ་གཏོགས་གཞན་རྣམས་ལ་དབང་བསྐུར། རྒྱས་གདབ། ཐམས་ཅད་ལ་མཆོད་གཏོར་ནང་མཆོད་དང་བཅས་པ་ཕུལ། བསྟོད་པ་རྒྱས་བསྡུས་ཅི་རིགས་ཀྱིས་བསྟོད་པས་ཆོས་སྐྱོང་དེ་དང་དེ་རྣམས་དགྱེས་ནས་འོད་དུ་ཞུ་བས། ཐུགས་འོད་ཟེར་རབ་ཏུ་འབར་ཞིང༌། འོད་ཟེར་དེས་ཡུལ་ཁམས་དང་གནས་ཁང་དེ་དང་དེར་འཁོད་པའི་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཉེར་འཚེ་ཐམས་ཅད་ལས་སྐྱོབ་པ་ཐུགས་ཀྱི་རྣམ་པར་གྱུར་པར་བསམས་ལ། བརྟན་བཞུགས་དང་ཤིས་པ་བརྗོད་ཅིང༌། མེ་ཏོག་གི་ཆར་དབབ་པར་བྱའོ། །ཡང་ཆོས་སྐྱོང་གི་ཕྱི་རྟེན་འཛུགས་པར་འདོད་པས། སྟག་པའམ་ཤུག་པའི་ཤིང་བྱང་ལ། ཨོཾ་བཛྲ་མ་ཧཱ་ཀཱ་ལ་ནས་ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བདག་ཅག་དཔོན་སློབ་བམ། དཔོན་གཡོག་འཁོར་དང་བཅས་པ་དར་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་པ་དང༌། ངོས་གཅིག་ལ། འདི་དཔལ་ཡེ་ཤེས་ཀྱི་མགོན་པོ་འདི་ཞེས་བྱ་བའི་རྟེན་དུ་འབུལ་ཏེ། རྟེན་ལས་མ་འདའ་འབེམ་ལས་མ་གཡོ་བར། བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་འགལ་རྐྱེན་སོལ། མཐུན་རྐྱེན་འགྲུབ་པར་མཛད་དུ་གསོལ། ཞེས་པ་བྲིས། ཚོན་དང་པྲ་རྩིས་མནན། ཆོས་
སྐྱོང་དེ་དང་དེར་བསྐྱེད། ཡེ་ཤེས་པ་བཅུག མཆོད་བསྟོད་བྱས་ལ། ཞུ་བ་ལས་བྱུང་བའི་ཡིག་འབྲུ་གསལ་བའི་བྱང་བུར་བསམས། ཕྱིང་པའི་ཤུབ་བྱ། ཞོལ་གཡག་སོགས་ཀྱི་སོག་པ་གཡས་སུ་བཏགས། ཆོས་སྐྱོང་དེ་དང་དེར་བསྐྱེད། རྭ་དང་རྨིག་པ་སོགས་ལ་སྣུམ་བྱུགས། ཕྱེ་མར་དང་ནང་མཆོད་བླུད། བཀྲ་ཤིས་ཀྱིས་བརྒྱན་པར་བྱའོ། །ཞེས་པ་འདི་ཡང་སྡེ་པ་གཞི་རྩེ་རྣམ་རྒྱལ་བཀྲ་ཤིས་ཀྱི་ནན་ཆེར་བསྐུལ་བ་ལ་བརྟེན་ནས། ཆོས་སྨྲ་བའི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མན་ངག་བཞིན་དུ་སྦྱར་བའོ། །འདོད་ཁམས་དབང་ཕྱུག་ཐུགས་ཀྱི་སྤྲུལ་པ་ནི། །ཆུ་སྲིན་གདོང་ཅན་འཇིགས་རུང་སྲིན་མོའི་གཟུགས། །སྲིད་གསུམ་དགྲ་བགེགས་སྙིང་ཁྲག་ཧུབ་གཅིག་གིས། །འདྲེན་མཛད་མུན་པའི་མདོག་ཅན་ཁྱོད་ལ་བསྟོད། །སླད་ཀྱི་རྗེས་འབྲང་དམར་ནག་སེང་གེའི་གདོང༌། །གནས་གསུམ་མཁའ་འགྲོའི་ཚོགས་ལ་དབང་བསྒྱུར་ཞིང༌། །ཁྲོས་པའི་ཞབས་བརྡབས་ས་གསུམ་སྐད་ཅིག་གིས། །ཆེམས་ཆེམས་གཡོ་མཛད་སྲིན་མོ་ཁྱོད་ལ་བསྟོད། །ལྷ་མོའི་གཙོ་མོའི་བསྟོད་པ་རྣམས་རྫོགས་མཚམས་སུ་བྱའོ། བཀྲ་ཤིས། ༈ །བྷྱོཿ རྡོ་རྗེ་འཆང་སོགས་རྩ་བརྒྱུད་བླ་མ་ཡིས། །བཀའ་བསྒོས་དམ་ལས་ནམ་ཡང་གཡེལ་མེད་པར། །བགེགས་རིགས་བར་གཅོད་བསམ་སྦྱོར་ངན་པ་ཀུན། །ཞི་ཞིང་ཅི་བསམ་གེགས་མེད་འགྲུབ་པར་མཛོད། བྷྱོཿ སྲིད་གསུམ་ཟ་བྱེད་དཔལ་ལྷ་མོ། །གདོང་བརྙན་གཉིས་དང་ལྷ་མོ་བཞི། །ཚེ་རིང་མཆེད་ལྔ་བསྟན་མ་སོགས། །བསྐུལ་ལ་རྦད་དོ་མཐུ་མ་ཆུང༌། །བདག་གི་ཡིད་ལ་བརྣགས་པ་ཡི། །བསྟན་པའི་དགྲ་བོའི་ཚོགས་མཐའ་དག །ལྟས་ངན་ཆོ་འཕྲུལ་སྣ་ཚོགས་ཀྱིས། །སྤ་བཀོང་ནད་ཀྱིས་རྣམ་པར་གཟིགས། །ཁྲམ་ལ་བབས་ཀྱི༴༴༴༴༴༴། ༈ །དཔལ་ལྡན་དམག་ཟོར་རྒྱལ་མོ་མཉེས་པར་བྱེད་པའི་གསེར་སྐྱེམས་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་བཞུགས་སོ། །འདིར་དཔལ་ལྡན་དམག་ཟོར་རྒྱལ་མོ་རེ་མ་ཏིར་གསེར་སྐྱེམས་འབུལ་བར་འདོད་པས་ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། གསེར་སྐྱེམས་སྦྲེངས་ཏེ། བྷྱོཿབྷྱོཿ སྲིད་གསུམ་
མ་ལུས་རྡོ་རྗེའི་དབུགས་གཅིག་གིས། །འདྲེན་མཛད་དཔའ་བོ་ཆེན་པོ་ཁྲོ་བོའི་རྒྱལ། །སྒྱུ་འཕྲུལ་རྡོ་རྗེ་འབར་བའི་གདོང་བརྒྱ་འཕྲོ། །འཇམ་དཔལ་གཤིན་རྗེ་གཤེད་པོ་དགྱེས་གྱུར་ཅིག །ཆུ་གཏེར་ཀློང་ནས་དུས་མཐའི་མེ་འཕྲོ་བའི། །རྫོང་རྣམས་སྐྱོང་ཞིང་དཀའ་ཐུབ་ཟློག་མཛད་མ། །རྒྱལ་ཀུན་ཡུམ་གྱུར་དམག་དང་ཟོར་གྱི་ལྷ། །འདོད་ཁམས་དབང་མོ་བདུད་རྩིའི་གསེར་སྐྱེམས་བཞེས། །མི་བསྲུན་ལྷ་མོ་ཆུ་སྲིན་སིདྡྷའི་གདོང༌། །འཇིག་རྟེན་ཁམས་ཀུན་འགས་བྱེད་གཏུམ་དྲག་ཅན། །དུག་གི་ན་བུན་འབྲུམ་གཟེར་སེར་དྲག་འབེབས། །མཁའ་འགྲོའི་གཙོ་བཟུང་ཀླད་ཁྲག་གསེར་གཡུར་རོལ། །རིག་བྱེད་གནམ་སའི་འགྱུར་བའི་གནས་རེ་ལ། །དབང་བྱེད་མཁའ་འགྲོ་མི་བཟད་འབར་བ་བཞིན། །སྲོག་རྩའི་ལམ་ཕྱུང་རཀྟར་སྦྱར་བའི་གསེར། །དྲག་པོར་ཁོལ་བའི་རོ་བརྒྱའི་བཏུང་བར་རོལ། །བདུད་དང་སྲིན་པོ་གཤིན་རྗེ་མ་མོ་དང༌། །གནོད་སྦྱིན་གྲུལ་བུམ་སྡེ་བརྒྱད་བྱེ་བའི་ཚོགས། །གསེར་སྐྱེམས་འདི་བཞེས་བདག་ལ་སྡང་བའི་དགྲ། །མ་ལུས་ཐལ་བའི་རྡུལ་ཕྲན་བཞིན་དུ་རློག །སྲིད་གསུམ་བདག་མོ་འཁོར་བཅས་རིན་ཆེན་བཅུད། །དགྱེས་པར་བཞེས་མཛོད་བདག་གི་བསམ་པའི་དོན། །ཀུན་ཀྱང་ཉེར་འཚེ་དང་བྲལ་དུས་མྱུར་བར། །བདེ་བླག་ཉིད་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་སྲིད་གསུམ་བདག་མོ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་མཉེས་པར་བྱེད་པའི་གསེར་སྐྱེམས་བདུད་རྩིའི་དགའ་སྟོན་ཞེས་བྱ་བ་འདི་ནི། རྒྱལ་ཀུན་མཁྱེན་བརྩེ་ནུས་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་འཕགས་མཆོག་ཕྱག་ན་པདྨོ་ངུར་སྨྲིག་གར་གྱིས་རྣམ་པར་རོལ་པ་༧རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་རྗེ་བཙུན་བློ་བཟང་བསྟན་པའི་དབང་ཕྱུག་འཇམ་དཔལ་རྒྱ་མཚོ་དཔལ་བཟང་པོས་བཀའ་སྩལ་བ་སྤྱི་བོར་ནོས་ཏེ། ཤཱཀྱའི་དགེ་སློང་བློ་བཟང་དཔལ་ལྡན་ཡེ་ཤེས་ཀྱིས་སྦྱར་ནས་ཕུལ་བའོ།། །།
དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག
དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་བཞུགས་སོ།།
མི་འགྱུར་བདེ་ཆེན་རང་བཞིན་ཆོས་ཀྱི་སྐུ། །རྣམ་དག་སྒྱུ་མའི་གར་མཛད་དྲག་མོའི་གཟུགས། །རྣལ་འབྱོར་བུ་བཞིན་སྐྱོང་མཛད་བཅོམ་ལྡན་མ། །དམག་ཟོར་རྒྱལ་མོའི་ཞབས་ལ་ཕྱག་འཚལ་ལོ། །འདིར་དཔལ་ལྡན་ལྷ་མོ་དམག་ཟོར་རྒྱལ་མོའི་བསྙེན་སྒྲུབ་ལས་གསུམ་ལ་ཇི་ལྟར་འཇུག་ཅིང་ཉམས་སུ་བླང་བའི་ཚུལ་ཁྲིགས་སུ་བསྡེབ་པ་ནི་འདི་ལྟར་ཤེས་པར་བྱའོ། །བསྙེན་སྒྲུབ་ལས་གསུམ་ལ་འཇུག་པའི་ཚུལ་དངོས་བརྗོད་པར་བྱ་སྟེ། དེ་ཡང་བསྙེན་སྒྲུབ་ལས་གསུམ་ཞེས་པའི་གོ་དོན་ནི། འཇིག་རྟེན་ཕ་རོལ་པོ་དང་གཡུལ་འགྱེད་པར་ནུས་པའི་དཔུང་གི་ཚོགས་རྣམས་ལ་ཐོག་མར། ཟས་གོས་དང་ཡུལ་ཞིང་སོགས་དུ་མ་ཞིག་བྱིན་ནས་ཡུན་རིང་དུ་མགུ་བར་བྱེད་པ་ལྷུར་ལེན་པ་ལྟར། དམ་ཚིག་དང་སྡོམ་པ་ལེགས་པར་བསྲུང་ཞིང༌། ལྷའི་རྣལ་འབྱོར་དང་བཟླས་བརྗོད་མཆོད་གཏོར་སོགས་ལ་ཡུན་རིང་དུ་འབད་ནས། ལྷ་མཉེས་ཤིང་རང་ལ་ཉེ་བར་བྱེད་པའི་སྦྱོར་བ་ལ་འབད་པར་བྱེད་པ་ནི་བསྙེན་པའོ། །དེ་ནས་ཕ་རོལ་པོ་དང་གཡུལ་འགྱེད་པའི་ཕྱིར་དུ་དཔུང་གི་ཚོགས་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། གོ་བསྐོན་པ་དང་མཚོན་ཆ་ཆས་སུ་འཇུག་པ་སོགས་བྱེད་པ་དང་འདྲ་བར་བསྙེན་པ་ཚད་དུ་ཐེངས་ནས། ལས་ལ་སྦྱོར་བའི་ཉེ་རྒྱུ་ལིང་ག་དང༌། རྫས་དང་སྨན་དང་འབྲུབ་ཁུང་
དང་ཐུན་ལ་སོགས་པ་ཆས་སུ་གཞུག་ཅིང༌། ལས་ལ་སྦྱོར་བའི་ཉེ་རྒྱུ་ལྷག་མ་རྣམས་དང༌། ལས་འདི་ལ་སྦྱོར་བའི་ཐུགས་རིངས་པར་སྐུལ་བའི་བཟླས་པའི་རྣམ་པ་གཞན་བྱེད་པ་ནི་སྒྲུབ་པའོ། །དེ་ནས་དམག་གི་ཚོགས་དེ་དག་གཡུལ་འགྱེད་པ་དང་འདྲ་བར་ལས་དེ་དང་དེ་ལས་དངོས་སུ་སྦྱོར་བའི་བཟླས་པ་དང་ཆོ་ག་ལ་ཞུགས་པ་ནི་ལས་སྦྱོར་རོ། །དེ་ནས་གཡུལ་བཀྱེ་བའི་དབང་གིས་ཕ་རོལ་པོ་ཕམ་པར་བྱས་པ་དང༌། བསད་པ་དང༌། བཅིང་བ་དང༌། ཡུལ་འཁོར་ཐོབ་པ་སོགས་དང་འདྲ་བ་ནི་ལས་ལ་སྦྱར་བའི་འབྲས་བུ་འགྲུབ་པ་སྟེ། རྒྱུད་སྡེ་ཆེན་པོ་རྣམས་ལས་འདིའི་དོན་ཐ་སྙད་གཉིས་ཀ་དངོས་སུ་ཡོད་པ་དང༌། དངོས་སུ་མེད་ཀྱང་དོན་ཚང་བར་ཡོད་པས། འདིའི་སྐབས་སུ་ལྷའི་རྣལ་འབྱོར། བཟླས་པ། གཏོར་མ། རྫས་སོགས་མི་འདྲ་བའི་ཁྱད་པར་ཞིབ་པར་ཤེས་ཤིང༌། བསྙེན་པ་གནད་དུ་སོང་མ་སོང་གི་རྟགས་དང་ཚད། སྒྲུབ་པ་གནད་དུ་སོང་མ་སོང༌། ལས་སྦྱོར་ལ་དངོས་སུ་འཇུག་རན་མ་རན་གྱི་རྟགས་དང་ཚད། ལས་ལ་སྦྱར་བས་དགོས་པ་འགྲུབ་མི་འགྲུབ་ཀྱི་རྟགས་དང་ཚད། གྲུབ་ནས་ཇི་ལྟར་བྱ་བ་དང༌། མ་གྲུབ་ན་སྤོགས་ཆོག་ཇི་ལྟར་བྱ་བ་སོགས་ཀྱི་རྣམ་དབྱེ་ལེགས་པར་ཤེས་དགོས་སོ། །དེ་ལྟར་མིན་
ན་ངལ་བ་འབྲས་བུ་མེད་པའམ། འབྲས་བུ་ལོག་པར་འབྱིན་པ་གང་རུང་ལས་མི་འདའོ། །དེ་ལྟར་ན་འདིའི་བསྙེན་སྒྲུབ་ལས་གསུམ་ཉམས་སུ་ལེན་པ་ལ་བཞི། གང་དུ་ཉམས་སུ་ལེན་པའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག གང་གི་ཕྱིར་ཉམས་སུ་ལེན་པའི་དགོས་པ། ཇི་ལྟར་ཉམས་སུ་ལེན་པའི་ཚུལ་ལོ། །དང་པོ་ནི། གྲིབ་ཅན་དང་དམ་ཉམས་གནས་པའི་ས་མ་ཡིན་པ། ནག་ཕྱོགས་ལ་དགའ་བའི་མི་དང་མི་མ་ཡིན་གདུག་པ་ཅན་མི་གནས་པ། དབེན་ཞིང་འདུ་འཛི་དང་བྲལ་བ། དུར་ཁྲོད་ལ་སོགས་པ་མཁའ་འགྲོ་མ་འདུ་བའི་གནས་སམ། རང་ཡིད་དང་མཐུན་པའི་སྤྱིལ་བུ་སོགས་སོ། །གཉིས་པ་གང་ཟག་ནི། རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་དབང་བསྐུར་བ་ལེགས་པར་ཐོབ་ཅིང༌། དམ་ཚིག་དང་སྡོམ་པ་མིག་གི་འབྲས་བུ་ལྟར་གཅེས་པར་འཛིན་པའོ། །དམ་ཚིག་དང་སྡོམ་པ་ཡལ་བར་འདོར་བ་ནི་ཆོས་སྐྱོང་གིས་སྤོང་བ་ཡིན་ཏེ། ཟླ་གསང་ཐིག་ལེ་ལས། ལྷ་རྣམས་ཀྱང་ནི་དམ་ཉམས་ཀྱི། །གསོལ་ཡང་བཞེས་སུ་མི་གནང་སྟེ། །ཞེས་གསུངས་པའི་ཕྱིར། དེ་ལྟར་དམ་ཚིག་དང་སྡོམ་པ་ལ་གནས་པས་བཀའ་བསྒོ་བ་དང༌། རྗེས་སུ་གནང་བ་དང༌། སྒྲུབ་པའི་ལུང་དང༌། མན་ངག་སོགས་ཀྱི་ལུང་ལེགས་པར་ཐོབ་ཅིང་ཉམས་སུ་ལེན་པའི་གནད་ལ་མཁས་པས་ཉམས་སུ་བླང་བར་བྱའོ། །གསུམ་པ་དགོས་པ་ནི། རང་ཉིད་ཀྱི་རྙེད་བཀུར་སྙན་གྲགས་སོགས་ཚེ་འདིའི་ཕུན་ཚོགས་དང་ཟང་ཟིང་གི་ཕྱིར་མ་ཡིན་པར། སྙིང་ཐག་པ་ནས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་འཇིག་རྟེན་ཕྱི་མའི་དོན་གྱི་ཕྱིར་དང༌། རྒྱལ་བའི་བསྟན་པ་ལ་གཅེས་པར་འཛིན་པའི་བློས་བཤད་སྒྲུབ་ལ་ཞུགས་ཙམ་ཉིད་ནས་བདུད་དང་བདུད་ཀྱིས་ཡིད་བསྒྱུར་བའི་སྐྱེ་བོ་དག་གིས་སྒོ་སྣ་ཚོགས་ནས་བར་དུ་གཅོད་པར་འགྱུར་བས། དེ་དག་གི་འགལ་རྐྱེན་སེལ་བ་དང༌། མཐུན་རྐྱེན་སྒྲུབ་པའི་ཕྱིར་སྲུང་མ་ཁྱད་པར་ཅན་འདི་ལྟ་བུ་ལ་བརྟེན་ནས་འགལ་རྐྱེན་སེལ་བ་དང་མཐུན་རྐྱེན་སྒྲུབ་པའི་ཕྱིར་དུ་ཡིན་གྱི། དེ་ལས་གཞན་དུ་མ་ཡིན་ནོ། །བཞི་པ་ཇི་ལྟར་ཉམས་སུ་བླང་བའི་ཚུལ་ལ་གསུམ། བསྙེན་པ། སྒྲུབ་པ་ལས་ལ་
སྦྱོར་བའོ། །དང་པོ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པས་ཕྱག་དྲུག་པའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་གཞག་ནས་ཇི་སྐད་བཤད་པ་ལྟར་འདིར་ཡང་ཕལ་ཆེར་རུང་བས། དེ་ལ་གཏོར་མ་དང་འབྲེལ་བ་དང༌། མ་འབྲེལ་བའི་སྐབས་གཉིས་ལས། དང་པོ་ནི། ཞག་རེ་ལ་ཐུན་བཞིའམ་དྲུག་ཏུ་གཏོར་མ་དང་བཟླས་པ་འབྲེལ་བ་རེ་ཞིག་པའི་ཉམས་ལེན་གྱི་དབང་དུ་བྱས་པ་དང༌། ཐུན་ཐ་མ་འབའ་ཞིག་ལ་བྱེད་པའི་རྒྱུན་ལྡན་པའི་དབང་དུ་བྱས་པའོ། །དང་པོ་ལ་མེ་ལྕེ་འབར་མའི་རྒྱུད་ཀྱི་ལེའུ་བཞི་པ་ལས། མཐིང་ནག་གྲུ་བཞིའི་དབུས་ན་ཨེ་གྲུ་གསུམ། །ཚོན་རྩི་མི་རུས་ལྡོང་རོས་རམས་དང་སྐག །དབུས་སུ་ཞེས་གསུངས་པ་ལྟར། སྒྲུབ་པའི་མཎྜལ་འབྲི་བ་དང་འབྲེལ་བ་དང༌། གཏོར་མ་འབའ་ཞིག་ལ་བརྟེན་པའོ། །དང་པོ་མཎྜལ་བཅའ་གཞི་འོག་ཏུ་གཏོར་སྒྲུབ་ཀྱི་སྐབས་སུ་འཆད་ལ། འདིར་མཎྜལ་ནི། ཁྲག་ཞག་འཁྲུགས་པའི་རྒྱ་མཚོ་ཆེན་པོའི་ནང་དུ་རླུང་ནག་འཚུབ་མར་འཚུབས་པའི་གུར་གྱི་ནང་དུ་མཐིང་ནག་གྲུ་བཞི་པའི་དབུས་སུ་ཨེ་ལས་ཆོས་འབྱུང་གྲུ་གསུམ་པའི་ནང་དུ། བསེ་མཁར་སྨུག་པོ་གྲུ་བཞི་པ། ཟུར་བཞི་སྨུག་པོ་མཆོངས་ལས་བྱས་པ། ཁ་བད་སྔོན་པོ་གཡུ་ལས་བྱས་པ། རྨང་གཞི་ནག་པོ་ལྕགས་ལས་བྱས་པའི་ནང་དུ། མངོན་རྟོགས་བཞིན་བསྒོམས་པའི་མདུན་དུ་གཏོར་མ་རྣམས་ཕྱག་ལེན་བཞིན་དུ་བཤམས་ལ། དུས་ཇི་ཙམ་བྱས་པའི་རིང་ལ་མཚམས་ཤིན་ཏུ་དམ་པར་བཅད། ཐུན་མཚམས་སུའང་མཚམས་གཡོག་ངེས་པ་ཅན་མིན་པ་མི་འཕྲད། ངག་མི་བསྲེ། གྲིབ་ཅན་དང༌། དམ་ཉམས་དང༌། རང་གི་བླ་མ་སོགས་དང་འཁོན་ཡོད་པའི་ལག་ནས་བྱུང་བའི་སྒྲུབ་རྫས་དང་བཟའ་བཏུང་སོགས་ཀྱི་ཡོ་བྱད་མི་ལེན་ནོ། །དེ་ནས་གཏོར་མ་དང༌། མཆོད་པའི་རྫས་དང༌། བྲིས་སྐུ་དང༌། ཕྱི་ནང་གསང་བའི་རྟེན། སྤོས་སྦྱར་མ། རྡོར་དྲིལ། ཅང་ཏེའུ་སོགས་མེད་དུ་མི་རུང་བའི་ཡོ་བྱད་རྣམས་འཚོགས་པར་བྱས་ལ། ཡར་ངོའི་ཚེས་བརྒྱད་དང༌།
བཅུ་དང༌། བཅུ་བཞི་དང༌། བཅོ་ལྔ་སོགས་གང་རུང་ལ་གཟའ་དང༌། སྐར་མ་དང༌། སྦྱོར་བ་དང༌། བྱེད་པ་བཟང་པོ་ལ་ཐོག་མར་བརྩམ་པར་བྱའོ། །དེ་ནས་ཡི་དམ་གྱི་སྒྲུབ་ཐབས་རྫོགས་པར་བསྒོམས་ཏེ་བཟླས་པ་ཅུང་ཞིག་བྱ་ཞིང་མཆོད་བསྟོད་བདུད་རྩི་མྱང་བ་སོགས་བྱས་ནས་མདུན་བསྐྱེད་ཀྱི་གཏོར་མ་འབུལ། དངོས་གྲུབ་ཞུས། དེ་ནས་ལྷ་མོ་བསྐྱེད་པ་ནི། བྷྱོཿ རཀྨོ་བྷྱོཿ ཞེས་སོགས་བརྗོད། ཨོཾ་ཧྲཱིཿཥྚྲཱིཿབི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ། ཅེས་བརྗོད། མཎྜལ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྲག་ཞག་འཁྲུགས་པའི་རྒྱ་མཚོ་ཆེན་པོའི་ནང་དུ་རླུང་ནག་འཚུབ་མའི་གུར་གྱི་ནང་དུ། འོག་གཞི་མཐིང་ནག་གྲུ་བཞི་པའི་དབུས་སུ། ཨེ་ལས་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་དྲེའུ་རྐྱང་སེར་གྭ་པའི་སྟེང་དུ་བྷྱོཿལས་དཔལ་ལྡན་ལྷ་མོ་དམག་ཟོར་གྱི་རྒྱལ་མོ་ཞེས་སོགས་མངོན་རྟོགས་བཞིན་བསྐྱེད་ནས། སྤྱན་འདྲེན། མཆོད་བསྟོད། བཤགས་པ། སྐོང་གསོ་རྣམས་ཐུན་དང་སྦྱར་ལ་རྒྱས་པར་བྱ། དེ་ནས་བསྙེན་པ་ལ་འཇུག་པ་ན། མེ་ལྕེ་འབར་མའི་ལེའུ་བརྒྱད་པ་ལས། སྔགས་ཞེས་བྱ་བ་མཁའ་འགྲོའི་སྲོག་རྩ་ཡིན། །གྲངས་ཀྱང་མང་ལ་ཟུར་ཡང་མ་ཆག་སྟེ། །གུག་སྐྱེད་ཚེག་དྲག་དག་ཀྱང་མ་ནོར་ན། །ལྷ་མོ་ནག་མོ་དངོས་སུ་འགྲུབ་པ་ཡིན། །ཅེས་གསུངས་པ་བཞིན་བསྙེན་པ་བྱེད་དགོས་སོ། །རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོའི་ཐུགས་ཀའི་བྷྱོཿལ་ཕོག་པས་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་བས་ཅི་འདོད་པའི་ལས་རབ་འབྱམས་འགྲུབ་པར་བསམས་ལ། བྷྱོཿ«་་་་་རྦད་པ།» རཀྨོ་«་་་་་སྙིང་ཁྲག་ལ། »བྷྱོཿ རཀྨོ་«་་་་་སྙིང་ཁྲག་ལ།» རཀྨོ་ཐུན་བྷྱོཿ«་་་་་ཉམས་པའི་སྙིང་ཁྲག་ལ་རོལ།» ཁ་ལ་རཀ་«་་་་་དམར་ནག་མ་ཆེན་མོ།» ཆེན་མོ། རཀྨོ་ཨ་«་་་་་ཁྲག་འཐུང་མ་ཁྱོད་ཀྱིས་རོལ།» བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿ«་་་་་མྱུར་དུ་མྱུར་དུ། ཐུགས་བྱིན་གྱིས་རློབས། »ཧཱུྃ། ཡང་སྔགས་ཕྲེང་རང་གི་ཐུགས་ཀའི་ཧཱུྃ་ལས་བྱུང་བ་ཞལ་ནས་ཐོན། ལྷ་མོའི་ཞལ་དུ་ཞུགས། ཐུགས་ཀའི་བྷྱོཿལ་ཐིམ། ལྟེ་བ་ནས་བྱུང༌། རང་གི་ལྟེ་བ་ནས་ཞུགས་ཧཱུྃ་ལ་ཐིམ། མགལ་མེའི་འཁོར་
ལོ་ལྟར་སྔགས་ཀྱི་ཡིག་འབྲུ་རྣམས་ཁ་དོག་སྔོ་ནག མེ་འོད་འཕྲོ་བ། མྱུར་བ། དྲག་ལ་རྩུབ་པ་ཅན་དུ་རྩེ་གཅིག་ཏུ་དམིགས་ཏེ་བཟླས་པ་བྱའོ། །ལྷག་ཆད་ཀྱི་ཉེས་པ་ཞི་བར་བྱ་བའི་ཕྱིར་ཡི་གེ་བརྒྱ་པ་ཅི་མང་བཟླས་སོ། །དེ་ལྟར་ཐུན་རེ་ལ་ཇི་ཙམ་བཟླ་བའི་རིང་ལ་རང་དང་ལྷ་མོའི་ཆོས་ཉིད་ལ་དབྱེ་བ་ཅུང་ཟད་ཀྱང་མེད་པའི་རང་བཞིན་སྟོང་པ་ཉིད་དུ་རོ་གཅིག་ཀྱང༌། གདུག་པ་ཅན་འདུལ་བའི་དོན་དུ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་གཟུང་རྣམས་ཤིན་ཏུ་དྲག་ཏུ་ཁྲོས་པའི་ཁྲོ་མོའི་གཟུགས་ཅན་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་ཤར་བ་ཡང་ཡང་དྲན་པར་བྱས་ཏེ། མགྱོགས་པ་དང༌། བུལ་བ་དང་མ་དག་པའི་སྐྱོན་བསལ་ཏེ་རྩེ་གཅིག་པའི་དམིགས་པ་རྣོ་ཞིང་སྨྲ་བརྗོད་དྲག་པོས་བཟླ་བར་བྱའོ། །བཟླས་བརྗོད་དང་ནི་དཀའ་ཐུབ་དག །ཅེས་སོགས་དང་གོང་དུ་སྨོས་པ་དེའི་ཕྱིར་རོ། །གྲངས་ནི། འབར་མ་ལས། ས་ཡ་བཟླས་ན་མ་མོ་མངོན་དུ་འོང༌། །བྱེ་བ་བཟླས་ན་ཕྱག་རྒྱ་སྟོན་པར་བྱེད། །འབུམ་ཕྲག་དག་གིས་དངོས་གྲུབ་མཚན་མ་སྟེར། །ཅེས་གསུངས་སོ། །དེ་ནས་གཏོར་མ་བྱིན་གྱིས་བརླབས་ལ་གཏོར་ཆོག་ལྟར་འབུལ། ཕྲིན་ལས་བཅོལ། བསྟོད་བསྐུལ་རྒྱས་པར་བྱ། ཐུན་དང་པོ་ལ་དེ་ལྟར་བྱས་ནས། གཉིས་པ་དང༌། གསུམ་པ་དང༌། བཞི་པ་རྣམས་ལ་རྒྱས་བསྡུས་སྐབས་དང་སྦྱར་ལ། བསྙེན་པ་ལ་གཙོ་བོར་འབད་པ་ཡིན་ནོ། །དེ་ནས་སྒྲུབ་པ་མ་ཐོན་གྱི་རིང་ལ་ཆོས་སྐྱོང་འཁོར་བཅས་གཤེགས་སུ་གསོལ་བ་དང༌། བྲིས་སྐུ་ལ་བསྟིམ་པ་དང༌། མཎྜལ་གྱི་མཚན་མ་ལ་བརྟན་བཞུགས་གང་ཡང་མི་བྱེད་པར་སྒྲུབ་ཁང་དེ་ན་ཆོས་སྐྱོང་འཁོར་བཅས་དངོས་སུ་ཁྲ་ཕུང་ངེ་བཞུགས་པར་བསམ་མོ། །ཐུན་རྗེས་མ་རྣམས་ལ་གསར་དུ་བསྐྱེད་པ་མིན་སྔར་གྱི་དེ་ཁ་ལ་གསལ་བཏབ་ནས་བསྒོམ་པ་ཡིན་ནོ། །དེ་ལྟར་ཞག་དང་ཟླ་བ་དང་ལོ་ལ་སོགས་སུ་ཐུན་བཞིའམ་དྲུག་དྲུག་གང་བྱེད་ཀྱང་ཐུན་ཐ་མ་ལ་ཆོ་ག་རྒྱས་པར་བྱས། བསྟོད་བསྐུལ་ཟིན་ནས། གཏོར་མར་གྲིབ་གནོན་གྱི་གདོན་བསྲུང་བའི་ཕྱིར་དཔལ་འབར་བཙུགས། ཐོག་ཁར་ཁྱེར། གསོ་བྲན་བྱས།
བྱིན་གྱིས་བརླབས་ཏེ། བྷྱོཿ རབ་འབྱམས་རྒྱལ་བ་ཀུན་གྱི་ཕྲིན་ལས་ལ། །ཞེས་སོགས་དཀྱུས་ལྟར་བརྗོད། གཏོར་མ་གཤེགས། རྗེས་ཆོག་བྱས། མངའ་གསོལ་ཤིས་བརྗོད་སོགས་བྱའོ། །ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ་ལས་ཀྱི་རྗེས་མི་མངོན་པར་བྱའོ། །གཉིས་པ་རྒྱུན་གྱི་ཉམས་ལེན་གྱི་དབང་དུ་བྱ་བ་ནི། འཛིན་གཏོར་ལ་བརྟེན་ཏེ་དགོང་མོའམ། སྲོད་ལ་ཐུན་རེར་ཆོ་ག་ཚང་བ་རེའི་སྐབས་སུ་གྲངས་འདི་ཙམ་མམ། དེའི་བསྙེན་པ་ནར་མར་བྱེད་ཚུལ་གོང་དུ་བརྗོད་པ་བཞིན་ནོ། །གཉིས་པ་གཏོར་མ་དང་འབྲེལ་བ་རྒྱུན་བསྙེན་གྱི་བཟླས་པ་བྱ་བར་འདོད་ན། མདུན་དུ་སྐད་ཅིག་གིས་ལྷ་མོ་བསྐྱེད། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། བྱང་ཤར་མུ་ལེ་དིང་གི་རྒྱ་མཚོ་ཆེན་པོ་ནས་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ་འཁོར་དང་བཅས་པ་སྤྱན་དྲངས། བྷྱོཿ ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ན། །ཞེས་སོགས་ཀྱིས་སྤྱན་དྲངས། གཉིས་སུ་མེད་པར་བྱས། རིགས་བདག་གིས་རྒྱས་གདབ། མཆོད་བསྟོད་བདུད་རྩི་མྱང་བ་བཤགས་པ་རྣམས་བྱས། སྐོང་གསོ་བསྡུས་པ་ཅིག་བྱེད། དེ་ནས་བསྙེན་པ་ཉིད་བྱའོ། །མཆོད་བསྟོད་བྱས། བཛྲ་མུཿས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་བསྡུ་བའམ་བཞག་སྟེ། བྱ་བ་གཞན་ལ་འཇུག་གོ །བསྙེན་པ་ཇི་ལྟར་བྱ་བ་བརྗོད་ཟིན་ཏོ། །བསྙེན་པའི་ཚད་ནི་གོང་དུ་བརྗོད་པ་དང༌། གཞན་ཡང་མཚན་མ་དང༌། གྲངས་དང༌། དུས་ཀྱི་བསྙེན་པའོ། །མཚན་མ་ལ་རབ་དངོས། འབྲིང་ཉམས་སྣང༌། ཐ་མ་རྨི་ལམ་དུ་ལྷ་མོའི་སྐུ་མཐོང་བ་དང༌། བུད་མེད་ནག་མོ་དང༌། མོན་མོ་ནག་མོ་དངོས་སམ་ཉམས་སྣང་ལ་མཐོང་བ་དང༌། ཁྱི་ནག རྟ་ནག ལུག་ནག གཡག་ནག བྱ་ནག་མང་པོ་མཐོང་བ་དེ་དག་ནི་ཉེ་བའི་རྟགས་སོ། །གཏོར་མ་དང་སྒྲུབ་རྫས་སྒྲུབ་ཁང་སོགས་སུ་འོད་དང༌། མེ་འབར་བ་དང་ཐོག་འཚེག་པ་དང༌། སྒྲ་སྙན་ཅིང་ཡིད་དུ་འོང་བ་དང༌། དྲི་ཞིམ་པོ་རྣམས་རང་ལ་འཁོར་བའི་རྟགས་སོ། །བླ་མ་དང༌། བུད་མེད་རྒྱན་བཟང་པོས་བརྒྱན་པ་དང༌། མི་དཔོན་དང༌།
སྐྱེ་བོའི་ཚོགས་ཀྱིས་བཟའ་བཏུང་སྟེར་བ། ཐོད་པར་ཆང་འཐུང་བ། མིའི་ཤ་ཟ་བ། དར་འཕྱར་བ། དུང་འབུད་པ། ཉི་ཟླ་ཤར་བ་སོགས་ནི་དངོས་གྲུབ་ཀྱི་རྟགས་ཡིན། བུད་མེད་རྒྱན་མེད་མང་པོ་ངུ་བ་སོགས་ནི་ལྡོག་པའི་རྟགས་ཡིན། མཚོན་ཆ་ཆག་པ། རོལ་མོ་ཆག་པ། མཛེ་ཕོ་དང་མི་གཙང་བ་སོགས་ནི་ཉམས་གྲིབ་ཀྱི་རྟགས་ཡིན། གྲངས་ནི་བྱེ་བའོ་གསུངས། དུས་བསྙེན་བྱེད་པ་དེར་མེད་དོ། །ཞི་བ་དང་རྒྱས་པ་དང་དབང་གི་བསྙེན་སྒྲུབ་ལས་གསུམ་ཐམས་ཅད་གཏོར་མར་རག་ལས་པས། ཐུགས་དམ་སྐོང་བ་ཕྲིན་ལས་བཅོལ་བ་ཐམས་ཅད་གཏོར་མ་འབུལ་ནས་བྱེད་དགོས་པས། གཏོར་མའི་གནད་ཤེས་པ་གལ་ཆེའོ། །དེས་ན་སྒྲུབ་ཁང་སོགས་སུ་དུས་རྟག་ཏུ་འཇོག་པའི་གཏོར་མ་ལ་རྟག་གཏོར་ཟེར། ལོའམ་ཟླ་བའི་བར་དུ་བཞག་ནས་ལོ་ཟད་ཟླ་ཟད་ཀྱི་ཉེར་དགུའམ། རང་གནས་འཕོ་བའི་ཚེ་བསྡུ་བ་ནི་རྟེན་གཏོར་རམ་འཛིན་གཏོར་ཟེར། ནུབ་རེ་བཞིན་གསར་དུ་འབུལ་བ་ལ་འཕྲལ་གཏོར་ཟེར། དུས་ལོ་གསར་པའི་ཚེས་གཅིག བརྒྱད། བཅུ། བཅུ་བཞི། བཅོ་ལྔ། ཉི་ཟླ་ཤར་ནུབ་ཀྱི་ཟེར་རྣམས་ལ་འབུལ་བ་ནི་དུས་གཏོར་ཟེར་རོ། །མར་ངོའམ། ནད་དང་གདོན་དང་དགྲ་དང་བར་ཆད་དང་རྐྱེན་ངན་གློ་བུར་གནོད་པ་བྱུང་བའི་ཚེ་གཏོར་མ་འཕྲལ་དུ་བཤམས་ནས་ཕུལ་ཏེ། དུས་དེ་ཉིད་དུ་གཏོང་བ་ནི་གློ་བུར་ལས་བཅོལ་གྱི་གཏོར་མ་ཟེར་རོ། །གཏོར་མ་ཤིན་ཏུ་བཟང་བར་བཤམས་ཏེ། ཐུན་བཞིའམ་དྲུག་ཏུ་བསོ། བྱིན་གྱིས་བརླབས་ནས་ལས་གྲུབ་པའི་མཚན་མ་བརྟན་པོ་མ་བྱུང་གི་བར་ཐེབས་གཅིག་ཀྱང་མི་འབུལ་མི་བསྔོ་བར་བཞག་ནས། ཞག་རེ་ལ་འཕྲལ་གཏོར་ཐུན་བཞིའམ་དྲུག་ཏུ་འབུལ་ལ། ལས་འདི་དང་འདི་མྱུར་དུ་སྒྲུབས་ཤིག དེ་གྲུབ་ན་གཏོར་མ་འདིའང་གཏང་རག་ཏུ་འབུལ་ལོ། །ཞེས་གཏོར་མ་གཏེལ་པར་འཛིན་པས་ན་གཏའ་གཏོར་ཟེར་རོ། །གཏོར་མ་ལྷར་བསྐྱེད་པ་ལ་ཐུན་གཏོར་དུ་བསྟབས་ནས། བར་ཆད་སེལ་ཞིང་དངོས་གྲུབ་ཞུ་བའི་གཏོར་སྒྲུབ་
དང༌། གཏོར་མ་ལྷར་བསྐྱེད་ཐུན་བཞིའམ་དྲུག་ཏུ་ཐུན་གཏོར་བསྟབ། སྒྲུབ་པ་ཞག་ཅི་རིགས་བྱས། མཐར་གཏོར་ཆེན་དགྲ་བགེགས་ཀྱི་ཕྱོགས་སུ་བརྡེག་གཏོར་དུ་བྱེད་པ་ནི་འདིའི་ལུགས་ཀྱི་གཏོར་ཆེན་ཞེས་བྱའོ། །གཉིས་པ་སྒྲུབ་པ་ལས་སོ་སོ་དང་མཐུན་པའི་སྒྲུབ་པ་བཤད་པ་ལ་གཉིས། འཇམ་པོ་གསུམ་དང་མཐུན་པའི་སྒྲུབ་པ་དང༌། དྲག་པོ་མཐུའི་སྒྲུབ་པའོ། །ཞི་རྒྱས་དབང་གསུམ་ལ་བར་ཆད་སེལ་བའི་གཏོར་སྒྲུབ་གཙོ་ཆེ། དྲག་པོ་ལ་གཏོར་ཆེན་དང༌། མདོས་ཆེན་གཙོ་ཆེ་བ་ཡིན་ནོ། །དགོས་པ་མི་འདྲ་བའི་དབང་གིས་གཏོར་མའི་བཤམ་ཚུལ། འབུལ་བའི་དམིགས་པ། བཟླས་པའི་སྔགས། ཕྲིན་ལས་བཅོལ་ཚུལ་རྣམས་མི་འདྲའོ། །དེའི་དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། མཇུག་གོ །དང་པོ་ནི། གནས་ཁང་གཙང་ཞིང་དབེན་པར་མཚམས་དམ་པར་བཅད། ཕྱག་དར་བྱི་དོར་ལེགས་པར་བྱས། ཡོལ་བ་བླ་རེ་སྤྱན་གཟིགས། ཕྱི་ནང་གསང་བའི་རྟེན། མདོར་ན་ཡོ་བྱད་ཐམས་ཅད་ཚོགས་པར་བྱས། དྲི་བཟང་དང་བའི་རྣམ་ལྔ་བྱུགས་པའི་མཎྜལ་ཟླུམ་པོ་དང༌། གྲུ་བཞི་དང༌། ཟླ་གམ་དང༌། གྲུ་གསུམ་པ་སོགས་བྱའོ། །དེའི་སྟེང་དུ་མཉྫི་ལ་སོགས་པའི་སྟེང་དུ་ཟངས་སོགས་གས་ཆག་མེད་པའི་སྣོད་བཟང་པོར་གཏོར་མ་དཔལ་གཏོར་ཟླུམ་པོ་ཐེབས་ཀྱུ་ཉེར་གཅིག་གིས་བསྐོར་བ་བཅད་ཁ་ནང་དུ་བསྟན་པ། མདུན་དུ་དཔལ་ལྷ། གཡས་སུ་ཆུ་སྲིན་གདོང་ཅན་གྱི། གཡོན་དུ་སེང་གེའི་གདོང་ཅན་གྱི། དཔལ་ལྷའི་མདུན་དུ་དཔྱིད་ཀྱི་རྒྱལ་མོའི། ཆུ་སྲིན་གདོང་ཅན་གྱི་གཡས་སུ་དབྱར་གྱི་རྒྱལ་མོའི། རྒྱབ་ཏུ་སྟོན་གྱི་རྒྱལ་མོའི། སེང་གེའི་གདོང་ཅན་གྱི་གཡོན་ཏུ་དགུན་གྱི་རྒྱལ་མོའི། ཡང་དེའི་མདུན་དུ་ཞི་བའི་ལྷ་མོའི། གཡས། རྒྱབ། གཡོན་དུ་རིམ་བཞིན་རྒྱས་པའི་ལྷ་དང་དབང་དང་དྲག་པོའི་ལྷ་མོའི། དེའི་ཡང་མདུན་དུ་ཚེ་རིང་མཆེད་ལྔའི། གཡས་སུ་བདུད་མོ་བཞི། རྒྱབ་ཏུ་སྨན་མོ་བཞི། གཡོན་དུ་གནོད་སྦྱིན་མོ་བཞིའི། རྒྱབ་ཀྱི་གཡས་ལ་ཡི་དམ་གྱི་གཏོར་མ། གཡོན་ལ་གཞི་བདག་གི་གཏོར་མ།
དེ་ཐམས་ཅད་སྣོད་གཅིག་ལ་མཐའ་མ་ཐེབས་ཀྱུས་འཁོར་བར་བསྐོར་བ་ནི་ལྷག་མ་རྣམས་ཀྱིའོ། །ཐམས་ཅད་རྒྱུ་བཟང་བ་བཀོད་པ་མཛེས་པར་བཤམ། འདིས་གཞན་ལའང་འགྲེའོ། །གཏོར་མའི་རྒྱབ་ཏུ་གཏོར་མ་ལས་མཐོ་བའི་བྲིས་སྐུ་བཀྲམ། དེ་རྣམས་མདུན་དུ་མཆོད་རྫས། མཎྜལ་གྱི་དབུས་ཐོད་པ་ལ་མཚན་ལྡན་ནལ་ཐོད་ཀྱི་ནང་དུ་ཕུད་མ་ཉམས་པ་ལ་བདུད་རྩིའི་རིལ་བུ་དང༌། གུར་གུམ། གི་ཝཾ། ག་བུར། ཙནྡན་དཀར་དམར་སོགས་སྨན་བཟང་པོ་དྲི་བསུང་ཅན་བཏབ་སྟེ་སྟེགས་བུའི་ཁར་བཞག ཁྲག་གི་ཨརྒྷཾ། དབང་པོའི་མེ་ཏོག གསུར་ཆེན་གྱི་དུད་པ། ཞུན་ཆེན་གྱི་མར་མེ། མཁྲིས་ཆེན་གྱི་དྲི་ཆབ། ཞལ་ཟས་བཤོས་བུ་དམར་ནག་ཤ་ཆེན་གྱིས་བརྒྱན་པ། རྡོ་རྗེ་དྲིལ་བུ་སོགས་རོལ་མོ། ཁྱད་པར་དུ་དེ་རྣམས་མདུན་ནམ་གོང་དུ་སྐོང་གཏོར་ལ་ཡང་སྙིང་ཁྲག་གིས་བཀང་བའི་ཐོད་པའི་ནང་མཆོད་གྲི་སྙིང་ཙཀ་ལིས་བརྒྱན་པ། འཕྲལ་གཏོར་གསུམ། གཤེགས་གཏོར་གཅིག་རྣམས་བཤམ། ཁྱད་པར་དུ་ཚིལ་ཆེན་དང་ཅོང་ཞི་སྦྱར་བའི་སྤོས་སོགས་ཡོ་བྱད་ཐམས་ཅད་ཚོགས་པར་བྱའོ། །གཉིས་པ་ཆོ་ག་ཇི་ལྟར་བྱ་ཞིང་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ་བ་ནི། ཐོག་མར་ཡི་དམ་གྱི་སྒོམ་བཟླས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་ཕུལ། མཆོད་གཏོར་བདུད་རྩི་མྱང་བ་སོགས་བྱས། རྣམ་དག་བསམ་པས་ཚུལ་འདིར་འབད་པ་ལས་སོགས་བརྗོད། དེ་ནས་མཆོད་རྫས་དང༌། སྐོང་རྫས་དང༌། གཏོར་ཆེན་མ་གཏོགས་པའི་ཐུན་གཏོར་རྣམས་བྱིན་གྱིས་བརླབ། བསྙེན་པའི་སྐབས་བཞིན་ལྷ་མོ་འཁོར་བཅས་མངོན་རྟོགས་སྔར་བཞིན་རྒྱས་པར་བསྐྱེད། སྤོས་སྦྱོར་བསྲེག ཐོད་རྔ་སོགས་རོལ་མོའི་སྒྲ་དང༌། དབྱངས་དང་བཅས་པས་སྤྱན་དྲངས། ཕྱི་ནང་གི་མཆོད་པས་མཆོད། གཏོར་མ་ཕུལ་ལ་བསྟོད། ཡིག་བརྒྱ་བཤགས་པ་དང་བཅས་པ་བྱས། སྐོང་གསོ་བསྐུལ་དང་བཅས་པ་བྱེད། ཡང་གཏོར་མ་འབུལ། བསྟོད་པ་བྱ། དེ་ནས་བཟླས་པ་བྱ་བ་ནི། ཞི་རྒྱས་དབང་
གསུམ་གྱི་དམིགས་པ་ཟུར་དུ་ཡོད་པ་བཞིན་ནོ། །ཞེས་པ་འཇམ་པོ་གསུམ་གྱི་སྐབས་སུ་བསྒྲུབ་པའི་དམིགས་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོ་འཁོར་བཅས་ཀྱི་ཐུགས་ཀའི་བྷྱོཿསོགས་ལ་ཕོག ཐུགས་རྒྱུད་བསྐུལ་བས་ཡུལ་ཁམས་དང༌། དགེ་འདུན་གྱི་སྡེ་དང༌། གང་ལ་དམིགས་པར་བྱ་བའི་ནད་དང༌། གདོན་དང༌། བགེགས་དང༌། བར་དུ་གཅོད་པ་ཐམས་ཅད་དང༌། ཁྱད་པར་རང་གི་ཐོས་བསམ་སྒོམ་གསུམ་སོགས་བཤད་སྒྲུབ་ཀྱི་བྱ་བ་ལ་བར་དུ་གཅོད་པ་ཐམས་ཅད་ཞི་བར་བྱས་སྙམ་དུ་བསམས་ལ། བྷྱོཿ རཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རག་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ། ཆེ་གེ་མོའི་ནད་གདོན་ཚེའི་བར་ཆད། བཤད་སྒྲུབ་ཀྱི་བྱ་བ་ལ་བར་དུ་གཅོད་པ་རྣམས་ཤཱནྟིཾ་ཀུ་རུ་ན་མཿ ཞེས་བཟླའོ། །རྒྱས་པ་ལ་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོ་འཁོར་བཅས་ཀྱི་ཐུགས་ཀའི་བྷྱོཿསོགས་ལ་ཕོག ཐུགས་རྒྱུད་བསྐུལ། འོད་ཟེར་ཁ་དོག་སེར་པོ་ལྕགས་ཀྱུའི་རྣམ་པ་ཅན་ནམ། ཡང་ན་ཐུགས་ཀ་ནས་མཁའ་འགྲོ་མ་སེར་མོ་གསེར་འོད་འཕྲོ་བ་ལྕགས་ཀྱུ་ཐོགས་པ་དཔག་ཏུ་མེད་པ་འཕྲོས། སྲིད་པ་གསུམ་གྱི་བཀྲག་མདངས། གཟི་བརྗིད། ཚེ་དང་བསོད་ནམས་ཐམས་ཅད་བསྡུས་ཏེ་གཏོར་མ་ལ་ཐིམ་པས། ཚེ་བསོད་ནམས་ཐོས་བསམ་སྒོམ་གསུམ་ཐམས་ཅད་རྒྱས་པར་བསམས་ལ། བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རག་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་སྭཱ་ཧཱ། ཆེ་གེ་མོའི་ཚེ་དང་བསོད་ནམས། བཤད་སྒྲུབ་ཀྱི་བྱ་བ། ལུང་དང་རྟོགས་པའི་ཡོན་ཏན། ནོར་ལོངས་སྤྱོད་སོགས་ཡིད་ལ་བསམས་པའི་དོན་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླའོ། །དབང་ལ་རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོ་འཁོར་བཅས་ཀྱི་ཐུགས་ཀའི་བྷྱོཿསོགས་ལ་ཕོག ཐུགས་རྒྱུད་བསྐུལ། ཐུགས་ཀ་ནས་ལྷ་མོ་དམར་མོ་ལྕགས་ཀྱུ་ཐོགས་པ་
དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཕུན་ཚོགས་ཐམས་ཅད་དང༌། ཁྱད་པར་དུ་རྒྱལ་པོ་སོགས་སྐྱེ་བོ་རྣམས་ཀྱི་སྙིང་ག ལྷ་ཀླུ་གནོད་སྦྱིན་མོ། གང་ལ་དམིགས་པའི་བུད་མེད་ཀྱི་སྐྱེ་གནས་སུ་བཏབ། རང་དབང་མེད་པར་བཀུག་ལ་མགོའི་ཅོད་པན་གྱིས་རང་གི་རྐང་པ་ལ་གཏུགས་ཏེ་ཇི་ལྟར་བགོ་བ་ཉན་པར་བསམས་ལ། བྷྱོཿ རཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རག་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃ་ཛཿ རྒྱལ་པོ་ལ་སོགས་པ་ཨཱ་ཀརྵ་ཡ་ཛཿ ཞེས་དང༌། སྔགས་མཐར། ཧྲཱིཿ ལྷ་མོ་སོགས་དང་བུད་མེད་ཆེ་གེ་མོ་ཨཱ་ཀརྵ་ཡ་ཧྲཱིཿ ཞེས་བཟླའོ། །འདི་ནི་དགྱེས་བཞིན་གནང་བས་གཏེར་ལྟར་སྦོས༌། འདིའི་སྐབས་སུ་བརྒྱད་པ་དགོས་པ་གཞན་དུ་བཙལ་བར་བྱའོ། །གསུམ་པ་ནི། དེ་ལྟར་ཐུན་བཞིའམ་དྲུག་ཏུ་སྔགས་བཟླས་ཤིང་གཏོར་མ་ཕུལ་ཏེ་སྐོང་བ་རྒྱས་པར་བྱའོ། །དེ་ནས་གཤེགས་གཏོར་ཕུལ། རྗེས་ཆོག་བྱ། མངའ་གསོལ་ཤིས་བརྗོད་བྱའོ། །གཉིས་པ་དྲག་པོ་«་་་་་དཔེ་གཅིག་ལ་རྫས་རུས་པ་སྣང་བརྟག མཆན།» དང་འབྲེལ་བའི་གཏོར་ཆེན་ཇི་ལྟར་བྱ་བ་ནི། འབར་མའི་རྒྱུད་ལེའུ་བཞི་པ་ལས། གཟུགས་བརྙན་དཀྱིལ་འཁོར་གནས་གཞིའི་ས་ལ་བྱ། །ཚོན་རྩི་མི་རུས་ལྡོང་རོས་རམས་དང་སྐག །མཐིང་ནག་གྲུ་བཞིའི་དབུས་ན་ཨེ་གྲུ་གསུམ། །ཞེས་གསུངས་པས། སྟེགས་བུ་དཔངས་སུ་ཁྲུ་གང་པ། རྒྱར་ཕྱོགས་རེ་རེར་ཁྲུ་དོ་དོ་ཡོད་པའི་དབུས་སུ་ཆོས་འབྱུང་གྲུ་གསུམ་པ་རྩེ་ནུབ་ན་བསྟན་པས་འོག་ན་བྲུས་པའམ། བྲི་བའི་གཞི་«་་་་་རོ་སོལ་དང་རུས་པ་ནག་པོ།» ནག་པོ་ལ། ཆོས་འབྱུང་དམར་«་་་་་དམར་སེར།» ནག་བྲིས་པ་ཚོན་གྱིས་ཁ་བསྒྱུར། དེའི་མདུན་དུ་འབྲུབ་ཁུང་ཟུར་གསུམ་པ་ཟུར་གཅིག་ཕར་བསྟན་པ། ཕྱིའི་སྟེགས་བུ་ལ་རྩངས་ཉེར་གཅིག་སྲིན་མོ་འགྲོས་སུ་བསྐོར། དེའི་སྟེང་དུ་རོ་གཡམ་ལ་རྡོ་རྗེ་རྒྱ་གྲམ་བྲིས་པའི་ལྟེ་བར་བུག་པ་ཡོད་པས་ཁ་བཅད། དུག་དང་ཁྲག་ཆེན་དང༌། ནད་རིགས་གང་གིས་ཤི་འདོད་པའི་ཁྲག་དང་རོ་སོལ་གྱིས་ནག་པོར་བྱུག གང་
ལ་བྱ་བའི་ལིང་ག་དཔེའུ་ཆུང་ལྟར་བྲིས། ཟག་རྫས་ཀྱིས་བྱུག ཁ་སྦྱར་དབྱེ་བ་སོགས་བྱས། ནང་དུ་གཞུག དེའི་སྟེང་དུ་ཕུར་སྒྲུབ་བྱས་ལ་རོ་སྐྲའི་གཟུངས་ཐག་གིས་སྦྲེལ་བ་སྙིང་གར་བཙུགས། ཐུན་སོགས་ཀྱང་སྟ་གོན་བྱ། མཎྜལ་གྲུ་གསུམ་མདའ་གང་བ་བྱས་ལ། དེའི་དབུས་སུ་ཆོས་འབྱུང་གྲུ་གསུམ་མེ་རི་རླུང་ནག་འཚུབ་མས་བསྐོར་བ་ལ་དུག་ཁྲག་གིས་བྱུག དེའི་སྟེང་དུ་ཁྲག་ཆང་བསྲེས་པའི་དཔལ་བཤོས་གཏོར་མ་གྲུ་གསུམ་ཁྲུ་གང་ལས་མི་ཆུང་བ། གཏོར་བྲན་བརྒྱད་ཀྱིས་བསྐོར་བ། མཐའ་ཐེབ་ཀྱུ་ཉེར་གཅིག་གི་བཅད་ཁམ་ཕྱིར་བསྟན་ནས་མཚམས་དམ་པར་བྱས། ཁྲག་གིས་བརྒྱན་པ་མཉྫི་སོགས་ཀྱི་ཁར་བཞག མདུན་དུའང་མཆོད་གཏོར་རྣམས་དང་སྐོང་རྫས་ཚོགས་པར་བྱས་ལ། དེ་ནས་ནང་མཆོད་གཏོར་ཆེན་བྱིན་གྱིས་བརླབ། བསྐྱེད་ཆོག་རྣམས་གོང་དང་འདྲ་ལ། ཁྱད་པར་བཟླས་པའི་སྐབས་སུ། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ལྷ་མོའི་ཐུགས་ཀའི་བྷྱོཿལ་ཕོག དྲག་ཏུ་ཁྲོས། སྤྲུལ་པ་ནམ་མཁའ་གང་བར་སྤྲོས། དགྲ་བགེགས་ཐམས་ཅད་བསད་བཅད་གཏུབས་བརླག་པར་བྱས་ལ། སྤྲུལ་པ་རྣམས་ཀྱིས་ཤ་ཁྲག་ཀྱང་ཟོས་པར་བསམས་ལ། སྙིང་པོའི་མཇུག་ཏུ་ཧཱུྃ་ཕཊ་དགྲ་བགེགས་ཆེ་གེ་མོ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཟླས། མཚམས་འདིར་ལིང་ག་ཁ་སྦྱར་དབྱེ་བ་བྱས། ལིང་ག་རལ་གྲིས་གཏུབས། ཤ་ཁྲག་དང་བཅས་པ་ཐུན་བཞིར་ཞག་ཇི་ཙམ་བྱེད་པའི་རིང་ལ་ཕུལ། ཐུན་མཐའ་མ་ལ་འབྲུབ་ཁུང་གི་ལིངྒ་ཡང་བསྒྲལ་ཏེ་གཏོར་ཆེན་དུ་བླུག གཏོར་ཆེན་གྱི་ལྷ་བཏེག བྱིན་གྱིས་བརླབ། དེ་མ་ཐག་འཕྲལ་གཏོར་ལག་ཏུ་བཟུང་ལ། ཤ་ཁྲག་ལ་སོགས་བདུད་རྩི་ལྔ་དང་སྦྱར། །ཅེས་སོགས་བརྗོད་ནས་ལྷ་མོ་འཁོར་བཅས་ཀྱིས་གསོལ་བར་བསམས་ལ་འབུལ་ལོ། །མཆོད་པ་དང་ནང་མཆོད་ཁྲག་མཆོད་ཕུལ། གཏོར་རྫོང་བྱས། གཞི་བདག་ལ་གཏོར་མ་བྱིན། མཁའ་འགྲོ་ཕྱོགས་བར་དང༌། བསྟོད་པ་རྒྱས་པར་བྱ། གཤེགས་གཏོར་བཏང༌། དེ་ནས་བིཥྚི་
དང་མ་འཛོམས་པ་ཐེབས་དང་བསྟུན་ནས་གཏོར་མ་དགྲ་བགེགས་ཕྱོགས་སུ་རྡེག་པའོ། །དེ་ནས་རྗེས་ཆོག་བྱས། ལས་ཀྱི་རྗེས་མི་མངོན་པར་སྨོན་ལམ་དང་ཤིས་བརྗོད་བྱའོ། །ཞིབ་པར་འོག་ཏུ་བཤད་པ་ལས་ཤེས་པར་བྱའོ། །བསྙེན་སྒྲུབ་ལས་གསུམ་གྱི་རྣམ་བཞག་བརྗོད་ཟིན་ནོ། ༈ །ན་མོ་མ་ཧཱ་ཀཱ་ལཱི་ཡེ། བདེ་ཆེན་འགྱུར་མེད་རྣམ་ཐར་གསུམ་གྱི་དངོས། །ཡེ་ཤེས་ཐབ་ཏུ་མ་རུངས་དགྲ་བགེགས་ཀྱི། །བུད་ཤིང་སྲེག་མཛད་འདོད་ཁམས་གཙོ་མོ་ལ། །གུས་པས་བཏུད་ནས་ལས་མཐའ་བཤད་པར་བྱ། །འདིར་ལས་མཐའ་སྦྱིན་སྲེག་བྱ་བ་ལ་གསུམ། སྦྱོར་བ་དང༌། དངོས་གཞི་དང༌། མཇུག་གི་བྱ་བའོ། །དང་པོ་ལ་ཐབ་དང་རྫས་ཀྱི་བཤམ་ཚུལ་ནི། སྟེགས་བུ་གྲུ་བཞི་པ་ཁྲུ་དོ་པ་བྱས་ལ། ཁྲག་ཆེན་དང་དུག་དང་རོ་སོལ་གྱིས་ནག་པོར་བྱུག རོ་སྐྲའི་སྲད་བུ་ཐལ་ཆེན་གྱིས་གོས་པར་བྱས་ལ་ཚངས་ཐིག་གདབ། གྲི་རུས་བསྲེགས་པའི་དཀར་གྱིས་དབུས་སུ་མཚན་མ་བྱས། དེའི་སྟེང་ནས་མཐོ་རེ་རེར་ཡང་མཚན་མའི་སྟེང་ནས་སྲད་བུ་མཐོ་དོ་པ་གཅིག་བསླངས་ཏེ་བྱ་རྗེས་བཙལ། ཚངས་ཐིག་གཉིས་པ་གདབ། ཚངས་ཐིག་མཐོ་གང་བ་བསླངས་ཏེ། ཚངས་ཐིག་གཉིས་པར་ཡང་མཚན་མ་བྱ། དེ་ཉིད་ནས་གཡས་གཡོན་དུ་བྱ་རྗེས་བཙལ་ལ་ཟུར་ཐིག་གདབ་བོ། །དབུས་ནས་མཐོ་གང་སོར་གཉིས་ནས་ཟླུམ་པོར་བསྐོར། དེ་ནས་སོར་བཞི་ནས་བསྐོར། ཡང་སོར་བཞི་པས་བསྐོར། མདུན་གྱི་ཟླུམ་པོ་དང་ཚངས་ཐིག་ཕྲད་མཚམས་སོ་སོའི་སྟེང་ནས། རྒྱབ་ཕྱོགས་ཟླུམ་པོ་དང་ཚངས་ཐིག་ཕྲད་མཚམས་སོ་སོར་སྲད་བུ་འཐེན་ནས་ཐིག་བཏབ་པས་གྲུ་གསུམ་པ་གསུམ་རིམ་པར་འགྱུར་རོ། །དེ་ནས་སོར་གཉིས་སོང་བ་ནས་སོ་སོའི་ཟུར་ཐིག་གི་སྟེང་དུ་བྱ་རྗེས་བྱས་ལ་ཟུར་ཐིག་གདབ། འདི་རྩིག་པ་ལ་རང་འདྲའོ། །ཁ་ཁྱེར་ལ་ཁྲོ་བོའི་རྡོ་རྗེས་བསྐོར། ནང་དུ་པདྨ་འདབ་མ་བརྒྱད་ཀྱི་དབུས་སུ་གྲི་གུག་གི་ཡུ་བའི་ལྟེ་བ་ལ་བྷྱོཿས་མཚན་པ་བྲིས། དུག་ཁྲག་གིས་ནག་པོར་བྱུག ཟུར་དུ་གྲི་གུག་གམ། རལ་གྲིའམ། བེ་ཅོན་
བྲིའོ། །རྫས་ནི་དྲག་པོའི་ཤིང་ཚེར་མ་ཅན་ནམ། གྲི་རོ་བསྲེགས་པའི་མགལ་དུམ་སོར་བཅུ་གཉིས་པ་རྣོན་པོ་བཞོགས་པ་དུག་ཁྲག་གིས་སྦགས་པ་ནི་ཡམ་ཤིང་ངོ༌། །ཚིལ་ཆེན་བསྲེས་པའི་མར་ནག་གམ་ཚ་བ་གསུམ་གྱི་མར་ཁུ། མི་རུས་ཀྱི་ཕྱེ་མ། ཤ་ཆེན། མེ་ཏོག་ནག་པོ། ཡུངས་ཀར། སྐེ་ཚེ། ཚ་བ་གསུམ། ཚེར་མ་ཅན་གྱི་ཤིང་གི་འབྲུ། དྲི་མི་ཞིམ་པའི་མེ་ཏོག་སྔོན་པོ། ལྷ་ལ་ཕུལ་བའི་མེ་ཏོག་རྙིང་པ་རྣམས་ཐབ་ཀྱི་གཡོན། རང་གི་གཡས་ནས་ཚུར་བཤམ། ཐབ་ཀྱི་གཡས་རང་གི་གཡོན་ངོས་སུ། ཡུངས་ཀར། ཡུངས་ནག སྐེ་ཚེ། ལྕགས་ཕྱེ། རྡོ་དཀར་ནག་གི་ཕྱེ་མ་རྣམས་དུག་ཁྲག་གིས་ངར་བླུད་ལ་བཞག མེ་ལྷ་དང་ལྷ་མོའི་གཏོར་མ་གཉིས། འབྲུ་ནག་དང་ཁྲག་ཆེན་བསྲེས་པའི་ཆུ་བཞི་བཤམ། རང་གི་གཡས་སུ་དབང་པོའི་མེ་ཏོག ཤ་ཆེན་ཚིལ་ཆེན་གུ་གུལ་བསྲེས་པའི་སྤོས། རྐང་མར་ཚིལ་ཆེན་གྱི་ཞག་རྣམས་སྦྱར་བའི་མར་མེ། དུག་ཁྲག་དང་མཁྲིས་ཆེན་དང་ཞག་དང་བསྲེས་པའི་དྲི་ཆབ། ཤ་ཆེན་དང་ཤ་གསར་པས་བརྒྱན་པའི་ཞལ་ཟས། ཌ་མ་རུ་རྐང་གླིང་གི་རོལ་མོ་རྣམས་ཚར་གཉིས་ཕྱི་ནང་དུ་བཤམ། རང་གི་མདུན་དུ་དགང་བླུགས། མི་གསོད་པའི་ཆས་རལ་གྲིའམ་གྲི་གུག དེའི་གཡོན་དུ་སླ་ངའི་ནང་དུ་ཁྲག་གི་འབྲུབ་ཁུང་གྲུ་གསུམ་རྩེ་མོ་ཕར་བསྟན་པ་བྲིས། དེར་དགྲ་བོའི་ཟག་རྫས། དྲི་མ། གཅིན་ཤུལ་གྱི་ས། རྐང་རྗེས་ཀྱི་ས། གོས་དྲི་མ་ཅན་གྱི་དུམ་བུ་རྣམས་བསྲེས་ལ། དུག་ཁྲག་དང་སད་ཀྱིས་ཁྱེར་བའི་ནས་ཚིག་མའི་ཕྱེ་ལ་ལིངྒ་ཆེ་ཆུང་གང་རིགས་བྱ། སྙིང་གར་སྔགས་བན་གྱི་ལིངྒ་ལ་ཟག་རྫས་བྱུགས་པ་གཞུག དེའི་དབང་པོ་དང་ལུས་ཀྱི་ཚིགས་རྣམས་སུ་དུག་ཚེར་བཏབ། ལུས་ནི་སྐེམ་པ། གཉེར་མ་ཤིག་ཤིག་ཏུ་ཡོད་པ། མིག་ཟི་མ་མེ་བ། ཁ་དང་དབང་པོ་ནས་ཁྲག་འབབ་པའོ། །ས་གཞི་ཡངས་པོ་ལ་རྟ་དང་བོང་བུ། མ་ཧེ་རྔ་མོང༌། དྲེའུ་དང་རྐྱང་སོགས་ཀྱི་སྦངས་དང་དྲི་མས་སྦགས་པའི་ཆག་ཆག་གདབ། ཀུ་ཤ་ལ་སོགས་པའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །
གཉིས་པ་དངོས་གཞི་ནི། རང་ཡི་དམ་གྱི་ང་རྒྱལ་ལ་གནས་པས་ཆས་སུ་ཞུགས། ནང་མཆོད། བསང་ཆུ། མཆོད་པ། སྲེག་རྫས། གཏོར་མ་རྣམས་བྱིན་གྱིས་བརླབ། འདིའི་མན་ངག་ཏུ་རྟབ་རྟོབ་དང་ཚབ་ཚུབ་ཏུ་མ་སོང་བར་རིག་པ་གདིང་དང་ལྡན་པ། རབ་ཏུ་ཁྲོས་པའི་སེམས་ཀྱིས་ལྷ་མོ་འཁོར་བཅས་ལ་བཀའ་བསྒོ་ཞིང་ལས་འཆོལ་བའི་བསམ་པ་དྲག་པོ་དང་ལྡན་པས་འདི་ལྟར་བྱའོ། །ཨོཾ་ཧྲཱིཿཥྚཱི་བི་ཀྲི་ཏཱ་ན་ན་ཧཱུྃ་ཕཊ། ཅེས་ལས་སྔགས་བརྗོད་ལ་བསང༌། ཨོཾ་སྭ་བྷཱ་ཝ་ཤུདྡྷཿཞེས་སོགས་ཀྱིས་སྦྱང༌། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་གསད་ཁུང་འདི་ཉིད་ཧཱུྃ་ནག་པོ་ལས་གྲུབ་པའི་གནམ་ལྕགས་ཀྱི་འབྲུབ་ཁུང་ཁ་དོག་ནག་པོ་གཏིང་ཡངས་པ། གཤིན་རྗེའི་གསད་ཁང༌། མ་མོའི་དུར་ས། རྒྱོབ་རྒྱོབ་ཆོད་ཆོད་ཀྱི་སྒྲ་བརྒྱུད་མར་སྒྲོགས་པ། མ་རིག་པའི་མུན་པ་འཐིབས་པ། ནད་ཀྱི་བུ་ཡུག་འཚུབས་པ། མཚོན་ཆའི་ཆར་འབབ་པ། གང་ཆུད་པ་ཙམ་གྱིས་བརླག་པར་བྱེད་པའི་ལྕགས་ཁང་མེ་འབར་བའི་ནང་དུ། གཟུགས་འདིའི་སྙིང་གའི་ཎི་ཡིག་གམ། དགྲ་བོའི་མིང་ཡིག་དང་པོ་ལས་རཱུ་པ་འདི་དང་དབྱེར་མེད་པའི་བགེགས་མིང་རུས་ཆེ་གེ་མོའི་ཕུང་པོ་དང༌། ཁམས་དང་སྐྱེ་མཆེད་དང༌། དབང་པོ་ཐམས་ཅད་དང༌། ཁྱད་པར་རྣམ་ཤེས་ཀྱི་ངོ་བོ་ཏིལ་མར་གྱི་མར་མེ་ལྟ་བུ་སྙིང་གར་གསལ་བར་གྱུར། རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་དྲག་ལ་རྩུབ་པ་དམར་ནག་འཕྲོས། ལྷ་མོ་འཁོར་བཅས་སྐད་ཅིག་གིས་བསྐྱེད་པའི་ཐུགས་ཀར་ཕོག ཁྲོས་ཤིང་འཁྲུགས་ཏེ་རང་འདྲའི་སྤྲུལ་པ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་ནམ་མཁའི་ཁམས་གང་བར་སྤྲོས། དེ་ཐམས་ཅད་ཁྲོས་ཤིང་འཁྲུགས། ཡུལ་ཆེ་གེ་མོ་ནས་མིང་ཆེ་གེ་མོ་ཞེས་བྱ་བའི་སྙིང་ག་ནས་ལྕགས་ཀྱུས་བཟུང༌། མགྲིན་པ་ནས་ཞག་པས་བསྡམས། ཡན་ལག་ལྕགས་སྒྲོག་གིས་བཅིངས། ཡྃ་ལས་བྱུང་བའི་རླུང་ནག་འཚུབ་མའི་དཀྱིལ་འཁོར་ལ་བསྐྱོན་ཏེ། རྒྱོབ་རྒྱོབ་སོད་སོད་ཀྱིས་བསྡིགས་ཤིང་རང་དབང་
མེད་པར་བྱིའུ་ཁྲས་དེད་པ་བཞིན་དུ་བཀུག་ནས་ལིངྒ་དང་སྲེག་རྫས་ལ་ཐིམ་པར་བསམས་ཤིང༌། ངག་ཏུ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང༌། རིག་སྔགས་དང༌། གཟུངས་སྔགས་དང༌། སྙིང་པོ་དང༌། ཕྱག་རྒྱ་དང༌། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ༴ བཀའ་སྡོད་དམ་པ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་བཀའ༴ ཁྱད་པར་དུ་དཔལ་ལྡན་དམག་ཟོར་རྒྱལ་མོ་འཁོར་དང་བཅས་པའི་བཀའ་བདེན་པ་དང༌། ལས་དང༌། རྟེན་འབྲེལ་བསླུ་བ་མེད་པའི་བཀའ་བདེན་པ་དང༌། བདེན་པ་ཆེན་པོས་བྱིན་གྱིས་བརླབས་ཀྱིས་ཡུལ་ཆེ་གེ་མོ་ནས་མིང་རུས་ཆེ་གེ་མོ་ཞེས་བྱ་བ་འདི། ས་འོག་ས་སྟེང་ས་བླ་སྲུང་བའི་གུར་ཁང་ལ་སོགས་པ་གང་ན་གནས་ཀྱང༌། མཐུ་སྟོབས་ཀྱི་བདག་མོ་སྤྲུལ་པ་ཕོ་ཉའི་ཚོགས་དང་བཅས་པ་རྣམས་ཀྱིས་སྐད་ཅིག་གིས་རང་དབང་མེད་པར་འདིར་ཁུག་གཅིག ཅེས་ལན་གསུམ་བརྗོད། རོལ་མོའི་སྒྲ་དྲག་ཏུ་བྱའོ། །བྷྱོཿརཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ ཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ་ཧཱུྃ་བྷྱོཿཧཱུྃཿ དེ་ཝཱི་སརྦ་ཤ་ཏྲུཾ་ཨཱ་ཀརྵ་ཡ་ཛཿ ཞེས་སྔགས་ཤམ་བུ་ཅན་ལན་བདུན་བརྗོད། ཛཿཧཱུྃ་བཾ་ཧོཿས་བསྟིམས་པས་དགྲ་བོ་དངོས་སུ་ཁུག་པར་ཡང་ཡང་བསམ་མོ། །དེ་ལྟར་ཁ་སྦྱོར་བྱས་ནས་དབྱེ་བར་བྱ་བ་ནི། ཐོག་མར་སྲུང་སྐྱོབ་བྱེད་པའི་ལྷ་ཡེ་ཤེས་པ་དང་དབྲལ་བ་ནི། ཁོ་རང་གིས་བསྒྲུབས་པའི་ཡི་དམ་གྱི་ལྷ་དང༌། འཇིག་རྟེན་ལས་འདས་པའི་ཁོ་རང་གི་སྲུང་མ་རྣམས་མངོན་སུམ་དུ་ཡོད་པར་དམིགས་ལ། དེ་རྣམས་ལ་དགྲ་བོ་འདིའི་ཉེས་པ་བསྒྲག་པར་བྱའོ། བྷྱོཿ ལྷ་མོ་འཁོར་བཅས་སྙན་གསོན་ཅིག །ཡི་དམ་ལྷ་ཚོགས༴ །ཆོས་སྐྱོང་སྲུང་མ༴ །ཡུལ་ལྷ་གཞི་བདག༴ ཁྱེད་རྣམས་གཟུ་དང་དཔང་པོ་སྟེ། །བདག་གིས་དམིགས་པའི་དགྲ་བོ་འདི། །ནམ་ཡང་ཡལ་བར་མི་བཏང་ངོ༌། །དམ་ཉམས་དགྲ་བགེགས་
སྡིག་ཅན་འདིས། །དཔལ་ལྡན་བླ་མའི་སྐུ་ལ་བསྡོས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྨད། །སངས་རྒྱས་བསྟན་པའི་སྤྱི་དགྲ་བྱས། །འཕགས་པའི་དགེ་འདུན་སོ་སོར་ཕྱེས། །སྐྱེ་བོ་ཡོངས་ལ་གནོད་ཅིང་འཚེ། །མི་དགེ་བཅུ་དང་མཚམས་མེད་བྱས། །སྲུང་མ་ཁྱོད་ལ་བསྡོ་ཕོད་བཙུགས། །རྣལ་འབྱོར་བདག་ལ་གནོད་པ་བྱས། །དགེ་འདུན་ཞལ་གྱི་འདུ་སྒོ་ཕྲོགས། །མ་ཉེས་སེམས་ཅན་བརླག་པར་བྱས། །ཞིང་བཅུ་ཚང་བའི་དགྲ་བགེགས་འདིའི། །སྲུང་དང་སྐྱོབ་པ་མ་མཛད་པར། །འདི་ཉིད་བརླག་པའི་ཕྲིན་ལས་མཛོད། །ཅེས་བརྗོད་པས། ཡེ་ཤེས་པ་དེ་ཐམས་ཅད་སྲིན་པོ་ཁྲོས་པ་ལྟ་བུར་གྱུར་ནས། ཁོ་པའི་ལུས་ལས་སྙིང་དང་རྒྱུ་མ་དང་ནང་རོལ་ཐམས་ཅད་དྲངས་ཏེ་རང་ལ་ཐིམ་པས་མཐུ་སྟོབས་ཕུན་སུམ་ཚོགས་པར་བསམས་ལ། སྙིང་པོ་ལ་སརྦ་ཤ་ཏྲུཾ། སརྦ་དེ་ཝཱི། བྷི་ཏི་ཤ་ཡ་ཕཊ། ཅེས་བཟླས་སོ། །རང་དང་ལྷ་མོའི་ཐུགས་ཀ་ནས་སྤྲོས་པའི་མ་མོའི་ཚོགས་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་རྣམས་ཀྱིས་དགྲ་བགེགས་དེ་དག་ལ་སྔགས་མཁན་གཞན་གྱིས་བྱས་པའི་སྲུང་བ་དང་འཁོར་ལོ་དང༌། རིག་སྔགས་དང༌། འཇིག་རྟེན་པའི་ལྷ་དང་སྲུང་མ་ཐམས་ཅད་ལྕགས་ཀྱུས་བཏབ་ཅིང་ཞགས་པས་དྲངས་ནས། རང་གི་གཡོན་ཕྱོགས་སུ་འབྲུབ་ཁུང་དུ་བཅུག གཞན་དུ་འབྱུང་བ་ལྟར་བུར་གདབ་བྱའོ། །ཡང་ཕོ་ཉ་རྣམས་སྤྲོས། དགྲ་བགེགས་དེ་དག་གིས་སྲུང་བའི་དོན་དུ་བཏགས་པའི་གོ་ཆ་དང༌། ནོར་བུ་དང་རྫས་སོགས་བཅངས་པ་ཐམས་ཅད་བཀུག་ནས་སྔར་ལྟར་རོ། །དེ་ནས་གུ་གུལ། ཡུགས་མོའི་དོར་རྟ། ཁྱི་ལུད། རྟ་བོན། བསེ་ནག མུ་ཟི། ཟ་འོག་དུམ་བུ། བཤན་པའི་ལྷྭམ་འབོབ་རྣམས་ཁམ་པོར་དུ་སྒྲུབ་ཁང་གི་ཕྱི་རོལ་ཏུ་རང་ལ་དུ་བ་ཡེ་མི་ཕོག་པའི་རླུང་ཕྱོགས་ལེགས་པར་བརྟགས་ཏེ། ལིངྒ་ཤིང་ངམ་དུག་གི་རྩེ་མོ་ལ་བསྐྱོན་ཏེ་བདུག་གོ །དེ་ལྟར་བྱས་པས་དགྲ་བགེགས་དེ་དག་མགོན་སྐྱབས་ཐམས་
ཅད་དང་བྲལ་བས་བཀྲག་མདངས་མེད་པ་ཉམ་ཐག་པ། རང་ལ་རྒྱབ་བསྟན་ཏེ་རླུང་གི་དཀྱིལ་འཁོར་ལ་འདར་ཧེད་ཧེད་གནས་པར་བསམ་མོ། །བསྐུལ་ནི། བྷྱོཿ མཐུ་སྟོབས་དབང་ཕྱུག་དཔལ་ལྡན་རེ་མ་ཏི། །ཞེས་པ་ནས། དགྲ་བོའི་ཡུལ་ཁམས་མྱུར་དུ་བརླག་པར་གྱིས། །དགྲ་བོ་འདི་དག་མྱུར་དུ་གསད་པར་གྱིས། །དགྲ་དང་བགེགས་ཀྱི་ཤ་ཟོ། །ཞེས་སོགས་མན་གོང་བཞིན་ནོ། །རལ་གྲིའམ་གྲི་གུག་གིས་གཏུབས་ཏེ་དུམ་བུ་བརྒྱ་ལ་སོགས་པ་བྱས། ལིངྒ་དུམ་བུ་རེ་དང༌། ཤ་དུམ་བུ་རེ་སྦྲགས་ལ་ཁྲག་གིས་དམར་ལྡེག་སྟེ་བྱུགས། མེ་ལྷ་དང་ལྷ་མོ་འཁོར་བཅས་ལ་འབུལ་རྒྱུ་སོ་སོར་བཞག དེ་ནས་ཐབ་བསྐྱེད་པ་ནི། གདོལ་པའི་ཁྱིམ་ནས་མེ་བླངས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་བཟླ་ཞིང་མེ་གསོས། ཨོཾ་ཛྭ་ལ་རྃ་ཞེས་སྦར་རོ། ཧཱུྃ་ཞེས་རླུང་གཡབ། མར་ཁུ་བླུག་གཟར་གསུམ་གྱིས་མེ་གསོ། སྐབས་འདིར་མེ་སྒྲ་ཆེན་པོ་འབར་བ་དང༌། ཚེག་སྒྲ་དང༌། མེ་ལྕེ་དུམ་བུར་འཆད་ཅིང་འབར་བ་དང༌། དྲི་མི་ཞིམ་པ་སྣོམ་པ་སོགས་ནི་ལས་མྱུར་དུ་འགྲུབ་པའི་རྟགས་སོ། །དེ་ནས་ཐབ་བསྐྱེད། བསང་ཆུ་དང་ནང་མཆོད་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཧཱུྃ་ནག་པོ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཐབ་ཁ་དོག་ནག་པོ་དབྱིབས་གྲུ་གསུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། རྃ་ལས་མེ་དཔུང་འབར་བའི་དབུས་སུ་ར་སྐྱེས་ཀྱི་སྟེང་དུ་རྃ་ལས་བགྲང་ཕྲེང༌། དེ་ཡོངས་སུ་གྱུར་པ་ལས་མེ་ལྷ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་པ་དྲང་སྲོང་གི་ཆ་བྱད་ཅན། སྨིན་མ་དང་སྨ་ར་དཀར་སེར་འབར་བ། གཡས་གཉིས་གྲི་གུག་དང་བེ་ཅོན། གཡོན་གཉིས་ཐོད་པ་དང་རལ་གྲི་འཛིན་པ། ཁྲོས་པ་ཞལ་གདངས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ། རང་དང་དམ་ཚིག་སེམས་དཔའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཤར་ལྷོ་ནས་མེ་ལྷ་དྲང་སྲོང་གིས་བསྐོར་བ་སྤྱན་དྲངས། ཧཱུྃ་ཚུར་སྤྱོན་ཚུར་སྤྱོན་འབྱུང་པོའི་ཚོགས། །ལྷ་ཡི་དྲང་སྲོང་བྲམ་ཟེའི་མཆོག །བསྲེག་
བླུགས་ཞལ་ཟས་བཞེས་སླད་དུ། །འདིར་ནི་ཡང་དག་བསྙེན་པར་མཛོད། །ཨོཾ་ཨགྣ་ཡེ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར། རྡོ་རྗེ་སེམས་དཔས་དབུ་བརྒྱན་པར་གྱུར། ཨོཾ་ཨགྣ་ཡེ་ཨཉྩ་མ་ནཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་པྲོཀྵ་ཎཾ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨགྣ་ཡེ་ཨརྒྷཾ་པྲ་ཏཱིཙྪ༴ པཱ་དྱཾ། དེ་བཞིན་དུ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝི་དྱེ། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་ཨགྣ་ཡེ། ཨོཾ་ཨཱཿཧཱུྃ། ཞེས་ནང་མཆོད་དབུལ། འཇིག་རྟེན་དབང་ཕྱུག་ཚངས་དབང་མགོན་གྱི་སྲས། །མེ་ལྷའི་རྒྱལ་པོ་ཊཀྐིས་དབང་བསྐུར་བ། །ཤེས་རབ་མཆོག་གིས་ཉོན་མོངས་ཐམས་ཅད་བསྲེགས། །འཛིན་བྱེད་མེ་ལྷ་ཉིད་ལ་རྣམ་པར་འདུད། །མར་ཁུ་བླུག་གཟར་བདུན་ཕུལ་ལ། མེ་ལྷ་འཁོར་བཅས་ཀྱིས་དགྲ་བགེགས་ཐམས་ཅད་མྱུར་དུ་ཚར་གཅོད་པའི་ཕྲིན་ལས་མཛོད་ཅིག མེ་ལྷའི་ལྗགས་ལ་རཾ་ཡིག་དང༌། དགང་བླུག་ཁ་ལ་ཧཱུྃ་གིས་མཚན་པར་གྱུར། ཨོཾ་ཨགྣ་ཡེ་བོ་དྷི་བྲྀཀྵ་ཡེ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ། ཅེས་ཡམ་ཤིང་ཕུལ། རྫས་ཐམས་ཅད་མེ་ལྷའི་སྔགས་ཉིད་ཀྱིས་འབུལ། དེ་ནས་ལིངྒའི་དུམ་བུ་ཤ་དུམ་མར་ཁུ་གསུམ་སྦྱར་བ་བྱས་ཏེ་ལན་བདུན་ནམ་ཉེར་གཅིག་སོགས་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་གྱི་སྐྱེས་བུ་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་དང༌། ཁྱད་པར་དུ་བདག་ཅག་དཔོན་སློབ་མི་ནོར་དགོན་གནས་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་དང༌། དགྲ་བོ་དམིགས་བསལ་བ་འདི་ཉིད་མཱ་ར་ཡ་ཕཊ། ཅེས་རེ་རེའི་མཐར་སྤེལ་ཚིག་སྦྱོར་བའམ། ཡང་ན་ཐམས་ཅད་ཀྱང་མཇུག་ཏུ་ངེས་པར་བརྗོད་དོ། །དེ་ནས་མེ་ལྷའི་ཐུགས་ཀར་ལྷ་མོ་འཁོར་བཅས་གསར་དུ་བསྐྱེད་པའམ། སྤྱན་དྲངས་ཏེ་བཞུགས་སུ་གསོལ་བ་གང་རུང་བྱས། གསར་དུ་བསྐྱེད་ན་དེའི་ཐུགས་ཀར་དྲེའུ་རྐྱང་སེར་གྭ་པའི་སྟེང་
དུ་བྷྱོཿལས་བསྐྱེད། སྤྱན་དྲངས། གཉིས་སུ་མེད་པར་བྱས། རིགས་བདག་གིས་རྒྱས་གདབ། ཆུ་བཞི་ཕུལ། ཉེར་སྤྱོད་ཀྱིས་མཆོད། སྙིང་པོ་ལ་ཡི་གེ་གསུམ་བཏགས་ལ་ནང་མཆོད་ཕུལ། ཡང་ན་ཕྲ་མོ་སྦོམ་པོ་སོགས་ཀྱིས་ཕུལ། རཀྟའང་དེ་བཞིན་ནོ། །འཕྲལ་གཏོར་གཏོང༌། བསྟོད་པ་བྱས་ཏེ། ལྷ་མོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་རྩེ་གཅིག་པ་དམར་པོ་དང༌། དགང་བླུགས་ཀྱི་ཁ་ལ་ཧཱུྃ་འབར་བས་མཚན་པར་གྱུར། མར་ཁུ་བླུགས་གཟར་བདུན་ཕུལ་ཏེ། སངས་རྒྱས་ཀྱི་བསྟན་པ་བསྟན་འཛིན་གྱི་སྐྱེས་བུ། བདག་ཅག་དཔོན་སློབ་མི་ནོར་དགོན་གནས་དང་བཅས་པ་ལ་གནོད་ཅིང་འཚེ་བའི་དགྲ་བགེགས་ཐམས་ཅད་བརླག་པའི་ཕྲིན་ལས་མཛོད་ཅིག བསྲེག་རྫས་རིམ་པས། བྷྱོཿརཀྨོ་བྷྱོཿ རཀྨོ་བྷྱོཿབྷྱོཿ རཀྨོ་ཐུན་བྷྱོཿ རཀྨོ་ཁ་ལ་རཀ་ཆེན་མོ། རཀྨོ་ཨ་བྱ་ཏ་བྱ་ཐུན་བྷྱོཿ རུ་ལུ་རུ་ལུ། ཧཱུྃ་བྷྱོཿཧཱུྃ། ཡུལ་ཆེ་གེ་མོ་ནས་དགྲ་བོ་ཆེ་གེ་མོ་མིང་དང་རུས་ཆེ་གེ་མོ་ཞེས་བྱ་བ་འདི་ཨ་མུ་ཀ་སརྦ་ཤ་ཏྲུཾ། རུ་ལུ་རུ་ལུ། མཱ་ར་ཡ་མཱ་ར་ཡ། མཱཾ་ས་རུ་དྷི་ར་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་རུ་རུ་རོ་རུ་བི་ཏིཥྛ་བ་ཏོ་སི། ཙ་པ་ལ་ཨ་ཤུ་མེ་ཧཱུྃ་བྷྱོཿ སྤེལ་ཚིག་གོང་བཞིན་སྦྱར་ལ་ཕུལ། ཁྱད་པར་ལིངྒའི་དུམ་པོ། ཤ་གསར་པ། གློ་སྙིང་དུམ་བུ། ཁྲག མར་ཁུ་རྣམས་བཞི་སྦྲགས་སུ་བྱས་ཏེ། བརྒྱའམ་ཉེར་གཅིག་སྐབས་དང་སྦྱར་ནས་ཕུལ། ན་མོ་རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ། ཨཱ་ཙཱརྻ་དམར་པོ་ནས་རྩ་བའི་བླ་མའི་བར་བསྒྲུབས་བསྒྲུབས་པ། མཆོད་མཆོད་པ། བསྟེན་བསྟེན་པའི་སྲུང་མ་དཔལ་ལྡན་དམག་ཟོར་གྱི་རྒྱལ་མོ། ལས་མཁན་གདོང་ཅན་རྣམ་གཉིས། བཀའ་ཉན་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྤྱིར་སངས་རྒྱས་ཀྱི་བསྟན་པ། བསྟན་འཛིན་གྱི་སྐྱེས་བུ། ཁྱད་པར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པའི་བསྟན་པ་བསྟན་འཛིན་གྱི་སྐྱེས་བུ་དང་བཅས་པ་ལ་གནོད་ཅིང་འཚེ་བར་བྱེད་པ་དང༌། བདག་ཅག་དཔོན་སློབ་མི་ནོར་དགོན་གནས་དང་བཅས་
པ་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ཁྱད་པར་དུ་ཡུལ་མིང་རུས་ཆེ་གེ་མོ་ཞེས་བྱ་བ་འདི་འཁོར་དང་བཅས་པ་ཐམས་ཅད་ཨ་མུ་ཀ་སརྦ་ཤ་ཏྲཱུཾ་རུ་ལུ་རུ་ལུ། མཱ་ར་ཡ་མཱ་ར་ཡ། མཱཾ་ས་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། སྤེལ་ཚིག་དང་བཅས་ཏེ་འབུལ་ལོ། །མཆོད་ཕྲེང་དང་བཅས་ཏེ། ཆུ་བཞི་ཉེར་སྤྱོད། འདོད་ཡོན། ནང་མཆོད། རཀྟ། གཏོར་མ་རྣམས་འབུལ། ཡིག་བརྒྱ་བཟླས། ཉེས་པ་བཟོད་པར་གསོལ། ཀཱ་ལཱི་དེ་ཝཱི་བཛྲ་མུཿ ཡེ་ཤེས་པ་གཤེགས་པ་དང༌། སླར་སྤྱན་དྲང་བ་སྐབས་སུ་གང་བབ་བྱ། དམ་ཚིག་པ་རང་ལ་བསྡུའོ། །དེ་ནས་མེ་ལྷ་ལ་བསྲེག་རྫས་ལྷག་མ་ཡོད་ན་འབུལ། གཏོར་མ་མེ་ལྷའི་སྔགས་ལ་ཁ་འབར་མ་བཏགས་ལ་ཕུལ། མཆོད་པ་ནང་མཆོད་ཀྱིས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །ཞེས་སོགས་ཀྱིས་བསྟོད། ཨརྒྷཾ་ཕུལ། རང་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དོན་ལ་འདིར་གཤེགས་ལ། །བདག་གི་འདོད་པ་ཐམས་ཅད་སྒྲུབས། །བཛྲ་མུཿ མེ་ལྷ་ཡེ་ཤེས་པ་གཤེགས། དམ་ཚིག་པ་མེ་འབར་བའི་རྣམ་པར་གྱུར། གསུམ་པ་ནི། ལས་ཀྱི་རྗེས་མི་མངོན་པར་བྱས། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱད། ལྷག་གཏོར་བཏང༌། བཀྲ་ཤིས་བརྗོད། བསྲེག་རྫས་ཀྱི་རྒྱུ་རབས་ཆད་ནག་པོའི་ཤ་ཁྲག བྱ་རོག འུག་པའི་ཤ་ཚིལ། སེངྒེ། སྟག བྱ་རྒོད། ཀྱུང་ཀའི་སྙིང༌། རྟ་ནག ར་རོག་པོ། ཕག་ནག་གི་སྙིང༌། སྤྱང་ཀི་མོའི་སྙིང༌། ནལ་བུའི་སྙིང༌། དུག་ཁྲག ཅོང་ཞི། གི་ཧང་རྣམས་སྦྱར་བའི་རིལ་བུ་ཁྲི་ཚོ་བཞི་བྱས་ཏེ། རུ་རུ་བི་ཏིཥྛ། བ་ཏོ་སི། ཙ་པ་ལ། ཨ་ཤུ་མེ། མ་མ་སརྦ་ཤ་ཏྲཱུཾ། ཨ་མུ་ཀ ཤཱི་གྷྲཾ་མཱ་ར་ཎ། ཛྭ་ལ་ཏི། ཙི་ཏི་ཛྭ་ལ་ཛྭི་བཾ། རུ་དྷི་ར། མཱ་ར་ཡ། ནཱ་ཤ་ཡ་ཧཱུྃ་ཕཊ། ཅེས་རིལ་བུའི་རྫས་དང་མཉམ་པའི་སྔགས་བཟླས་ཏེ་རིལ་བུ་སྦྱིན་སྲེག་བྱས་ན་ཚ་བའི་ནད་ཀྱིས་དགྲ་བོ་མྱུར་དུ་བརླག་པར་འགྱུར་རོ། །ཐལ་བའང་རྫི་ཕྱོགས་ནས་དགྲ་ཕྱོགས་སུ་རླུང་ལ་བསྐུར་རོ། །ཤུ་བྷཾ།། །།
བསྔོ་སྨོན་བཀྲ་ཤིས་བྱིན་རླབས་ཅན་གྱི་སྐོར་རྣམས།
བསྔོ་སྨོན་བཀྲ་ཤིས་བྱིན་རླབས་ཅན་གྱི་སྐོར་རྣམས་བཞུགས་སོ།།
བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ནི་སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་གྱུར་ནས། །བཤེས་གཉེན་དམ་པ་རྣམས་དང་མཇལ་བ་དང༌། །རྟག་ཏུ་དམ་པའི་ཆོས་ལ་སྤྱོད་པར་ཤོག །སྲིད་པའི་བདེ་ལ་ནམ་ཡང་མ་ཆགས་ཤིང༌། །མྱང་འདས་དམན་པའི་མཐའ་ལའང་མ་ཞེན་པར། །མཁའ་མཉམ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བླ་མེད་བྱང་ཆུབ་སྒྲུབ་ལ་བརྩོན་པར་ཤོག །དོན་དམ་སྤྲོས་པའི་མཐའ་དང་བྲལ་བ་དང༌། །ཀུན་རྫོབ་སྒྱུ་མ་ལྟ་བུར་རྟོགས་གྱུར་ནས། །སྐད་ཅིག་ཙམ་ཡང་གཡེལ་བ་མེད་པར་ནི། །ཟབ་དོན་ཉམས་སུ་ལེན་ལ་བརྩོན་པར་ཤོག །ཚེ་འདི་ཉིད་ལའང་མི་དགེ་ཀུན་སྤོང་ཞིང༌། །རྟག་ཏུ་དགེ་བའི་ཆོས་ལ་རབ་ཏུ་བརྩོན། །དུས་རྣམས་རྟག་ཏུ་སྒོ་གསུམ་སྤྱོད་པ་རྣམས། །གཞན་ལ་ཕན་པའི་དོན་དུ་འགྱུར་བར་ཤོག །ཚེའི་འདུ་བྱེད་གཏོང་བར་གྱུར་པ་ན། །ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ། །དད་དང་འདུན་པའི་ཤུགས་ཀྱིས་ལེགས་བགྲོད་ནས། །འོད་དཔག་མེད་པའི་ཐུགས་རྗེས་རྗེས་འཛིན་ཤོག །ཅེས་པའི་སྨོན་ལམ་འདི་དཔོན་རིན་ཆེན་བཟང་པོའི་དོན་དུ་ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ།།
གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ནད་ཀྱི་འཇིགས་པ་ཞི་བའི་གསོལ་འདེབས་ས་སྐྱ་ནད་གྲོལ་མ་ཞེས་བྱ་བ་བཞུགས་སོ། །ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་གསད་བྱ་བཞིན། །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི། །སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ནང་ཆུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང༌། །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་
མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང༌། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང༌། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །ཅེས་པ་འདི་ནི་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་རྒྱ་ནད་མིག་སེར། བལ་ནད་རྒྱུ་གཟེར། ཧ་ལ་ལྕོག་འགྱེལ། འཛུ་མ་ལྟག་དགྱེད་སོགས་ནག་པོ་སུམ་འཁྲིལ་འབབ་ལུགས་སྣ་ཚོགས་པས་མི་རྣམས་བཟའ་བཏུང་དང་ལས་ཀ་བྱེད་འཕྲོ་ལ་འཆི་ཞིང༌། དྲན་པས་མི་ཟིན་པར་མཆོང་རྒྱུག་སྨྲ་བརྗོད་སྣ་ཚོགས་པའི་ངང་ནས་འཆི་བ་སོགས་ལ་མདོས་དང་གཏོར་ཟློག བོན་པོའི་རིམ་གྲོ། སྨན་པ་དང་སྔགས་པའི་སྲུང་བ་སོགས་གང་གིས་ཀྱང་མ་ཕན་པར་གདན་ས་ཆེན་པོ་སྟོངས་པ་ལ་ཐུག་པའི་སྐབས། བུ་ཆེན་ཤཱཀྱ་དཔལ་བཟང་དཔོན་སློབ་བརྒྱད་ལ། གྲུབ་ཐོབ་ཆེན་པོའི་སྐུ། བཀྲ་ཤིས་སྒོ་མང་བཀའ་ཤོག་དང་བཅས་པ་གནང༌། སྔ་མ་སླེབས་ནས་རིམས་ཆུག་སྒོ་གཅིག་ཀྱང་མ་ལས་པར་ཚོགས་འཁོར་ཤོམས། མ་ནམ་མཁའ་མའི་སྐྱབས་འགྲོ་གྱིས། མ་ཎི་སྒྲོངས། སྨོན་ལམ་འདི་ཐོབ་གསུངས་ནས་གནང་བ་བཀའ་བཞིན་དུ་བསྒྲུབས་པས་ནད་རིམས་འཕྲལ་དུ་ཆད་ཅིང་བདེ་སྐྱིད་དང་ལྡན་པར་གྱུར་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །མངྒ་ལཾ། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་མཚོན་གྱི་འཇིགས་པ་ཞི་བའི་བདེན་ཚིག་བཞུགས་སོ། །ཨོཾ་མ་ཎི་པདྨེ་ཧཱུྃ། བྱམས་ཆེན་རྒྱལ་བ་འཕགས་མཆོག་སྤྱན་རས་གཟིགས། །ཁྲོ་རྒྱལ་རྟ་མགྲིན་རྗེ་བཙུན་སྒྲོལ་མ་སོགས། །མཚན་ཙམ་ཐོས་པས་འཇིགས་པ་ཀུན་སེལ་བའི། །སྐྱབས་གནས་ཐུགས་རྗེའི་བདག་ཉིད་དགོངས་སུ་གསོལ། །རྩོད་ལྡན་སྙིགས་མ་ལྔ་བདོའི་སེམས་ཅན་རྣམས། །ལས་ངན་ཕྲག་དོག་མཚོ་ཆེན་རྡོལ་བ་ལས། །འཐབ་རྩོད་སྡུག་བསྔལ་དྲག་པོས་མནར་བ་ན། །ཡེ་ཤེས་ཐུགས་རྗེའི་ཞུགས་ཀྱིས་སྐེམ་པར་མཛོད། །ཞེ་སྡང་མེ་ཕུང་འབར་བའི་འགྲོ་བ་ལ། །བྱམས་པའི་བདུད་རྩིའི་ཆར་ཆེན་ཕབ་ནས་ཀྱང༌། །ཕན་ཚུན་ཕ་
མ་ལྟ་བུའི་འདུ་ཤེས་ཀྱིས། །བདེ་སྐྱིད་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །གང་གི་རྒྱུད་ལ་ཞུགས་པས་སྐད་ཅིག་གིས། །བློ་སྣ་ལྷ་མིན་བཞིན་དུ་སྒྱུར་བྱེད་པ། །འབྱུང་པོ་གདུག་པའི་ཚོགས་རྣམས་ཚར་བཅད་ནས། །ཕྱིན་ཆད་ཕྱོགས་འདིར་རྒྱུ་བར་མ་གྱུར་ཅིག །གཡུལ་ངོར་ཤི་བའི་སེམས་ཅན་ཐམས་ཅད་ཀྱང༌། །དེང་ནས་ལས་ངན་རྒྱུ་འབྲས་ཀུན་སྤོང་ཞིང༌། །བདེ་བ་ཅན་དུ་རྫུས་ཏེ་སྐྱེས་ནས་ཀྱང༌། །ཐམས་ཅད་ཞིང་དེར་འཁྲིད་པར་མཛད་དུ་གསོལ། །སྐྱེ་རྒུ་ཐམས་ཅད་ཚེ་རིང་ནད་མེད་ཅིང༌། །འཐབ་རྩོད་ཀུན་ཞི་དགེ་བ་བཅུ་ལ་སྤྱོད། །ཆར་ཆུ་དུས་བབས་ལོ་ཕྱུགས་རྟག་ཏུ་ལེགས། །སྣོད་བཅུད་བཀྲ་ཤིས་འཕེལ་བར་བྱིན་གྱིས་རློབས། །ཆོས་ཉིད་རང་བཞིན་རྣམ་པར་དག་པ་དང༌། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པ་དང༌། །བླ་མ་ཡི་དམ་དཀོན་མཆོག་ཐུགས་རྗེ་ཡིས། །རྣམ་དག་སྨོན་ལམ་རྒྱ་ཆེར་འགྲུབ་པར་ཤོག །ཅེས་མདོ་ཁམས་མེ་ཉག་གི་ཡུལ་དུ་གཡུལ་འཁྲུགས་རྒྱུན་མི་ཆད་པ་སུས་ཀྱང་འདུམས་པ་མ་ནུས་པའི་ཚེ། རྗེ་གྲུབ་ཐོབ་ཆེན་པོ་ཕྱོགས་དེར་ཕེབས་ནས་ཐུགས་བསྐྱེད་མཛད། བདེན་ཚིགས་གསུངས་ཤིང་མེ་ཏོག་འཐོར་བ་ཙམ་གྱིས་ཐམས་ཅད་ཀྱི་ཕྲག་དོག་དང་ཞེ་སྡང་གི་གདུག་སེམས་ཐམས་ཅད་ཞི་ཞིང་གཡུལ་འཁྲུགས་རྒྱུན་ཆད། ལོ་ལེགས་སྐྱ་རྒྱལ་སོགས་བཀྲ་ཤིས་ཕུན་སུམ་ཚོགས་པ་བྱུང་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །མངྒ་ལཾ། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་མུ་གེའི་འཇིགས་པ་ཞི་བའི་གསོལ་འདེབས་བཞུགས་སོ། །མཐའ་ཡས་འགྲོ་བ་ངེས་པར་སྒྲོལ་སླད་དུ། །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཚོགས་གཉིས་རྫོགས་མཛད་རྒྱལ་བ་ཐུགས་རྗེ་ཅན། «འདི་ནས་ཚིག་རྐང་གསུམ་ཞལ་སྐོང༌།་་་་་»།ཕྱོགས་བཅུའི་རྣམ་འདྲེན་བྱང་སེམས་ཉན་རང་དང༌། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྲུང་ཚོགས། །གནོད་སྦྱིན་ནོར་ལྷ་གཏེར་བདག་འཁོར་དང་བཅས། །མགོན་མེད་སྙིགས་མའི་
འགྲོ་ལ་བརྩེར་དགོངས་ནས། །བཀྲེས་སྐོམ་ཉམ་ཐག་སྡུག་བསྔལ་གྱིས་གཟིར་བའི། །ལུས་ཅན་འདི་དག་ངེས་པར་བསྐྱབ་ཕྱིར་དུ། །རིན་ཆེན་ཟས་ནོར་འབྲུ་དང་མལ་ཆ་སོགས། །ཡིད་འོང་མཁོ་རྒུའི་ལོངས་སྤྱོད་ཇི་སྙེད་ཀྱི། །ཆར་པ་འཛམ་གླིང་ཁ་བ་ཅན་དུ་ཕོབ། །དུས་མིན་རླུང་དང་མེ་ཐན་ཆར་ཆུ་སོགས། །འབྱུང་བཞིའི་གནོད་པ་ཉེ་བར་ཞི་བ་དང༌། །འབྲུ་བཅུད་རྩི་ཐོག་ལོ་ཏོག་ལ་སོགས་པ། །རྫོགས་ལྡན་དུས་ལྟར་སྨིན་ཅིང་རྒྱས་གྱུར་ཅིག །བྱམས་དང་སྙིང་རྗེའི་ཤུགས་ཀྱིས་རབ་བསྐུལ་ནས། །རྒྱ་ཆེན་སྨོན་ལམ་བཏབ་པ་འདི་ཡི་མཐུས། །ནད་མཚོན་མུ་གེའི་བསྐལ་པ་ཉེར་ཞི་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང༌། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང༌། །འགྲོ་ཀུན་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །ཅེས་དབུས་གཙང་དུ་ལོ་ཉེས་སད་སེར་སོགས་ཀྱིས་མུ་གེའི་འཇིགས་པ་ཆེན་པོ་བྱུང་བའི་དུས། རྗེ་གྲུབ་ཐོབ་ཆེན་པོས་ལྷ་ལྡན་ཇོ་བོ་རིན་པོ་ཆེའི་མདུན་དུ་གསེར་གྱི་ལྷུང་བཟེད་འབྲུས་བཀང་བ་ཕུལ་ཞིང་ཐུགས་སྨོན་མཛད་པས། གང་ཟག་ལས་ཅན་རྣམས་ཀྱིས་འཕགས་པ་སྤྱན་རས་གཟིགས་ཀྱིས་ནམ་མཁའ་ནས་བོད་ཡུལ་དུ་འབྲུའི་ཆར་པ་འབེབས་པ་མཐོང་ཞིང༌། འགྲོ་བ་ཐམས་ཅད་བཀྲེས་སྐོམ་གྱི་སྡུག་བསྔལ་ལས་དགྲོལ་བར་མཛད་པའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། །མངྒ་ལཾ། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་སྨོན་ལམ་ཡིད་བཞིན་ནོར་བུ་བཞུགས་སོ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །བླ་མ་ཡི་དམ་མཁའ་འགྲོ་ལ། །བདག་ནི་གུས་པས་ཕྱག་འཚལ་ལོ། །འགྲོ་དོན་ནུས་པར་བྱིན་གྱིས་རློབས། །དངོས་བཤམས་ཡིད་ཀྱིས་སྤྲུལ་པ་ཡི། །མཆོད་པ་རྒྱ་ཆེན་བཞེས་ནས་ཀྱང༌། །འགྲོ་བ་རྣམས་ཀྱི་དོན་སླད་དུ། །སྨོན་ལམ་འགྲུབ་པར་མཛད་དུ་གསོལ། །བདག་ནི་མ་རིག་རྨོངས་པ་ཡིས། །སྡིག་པའི་ལས་ནི་ཅི་བགྱིས་པ། །རྒྱལ་
བ་སྲས་དང་བཅས་ལ་བཤགས། །ངན་འགྲོའི་གཡང་ལས་བསྒྲལ་དུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང༌། །ཉན་ཐོས་རང་རྒྱལ་སྐྱེ་བོ་ཡི། །དགེ་བ་ཀུན་ལ་རབ་དང་བའི། །བདག་ནི་རྗེས་སུ་ཡི་རང་ངོ༌། །ཕྱོགས་བཅུའི་མགོན་ལ་འགྲོ་དོན་དུ། །དམ་ཆོས་འཁོར་ལོ་བསྐོར་བར་བསྐུལ། །ཇི་སྲིད་འཁོར་བ་མ་སྟོངས་བར། །མྱ་ངན་མི་འདའ་བཞུགས་སུ་གསོལ། །སངས་རྒྱས་ཆོས་དང་དགེ་འདུན་དང༌། །བླ་མ་ཡི་དམ་མཁའ་འགྲོ་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །བདག་ནི་སྐྱབས་སུ་ཉེ་བར་མཆི། །སྔོན་གྱི་རྒྱལ་བ་སྲས་བཅས་ཀྱིས། །ཇི་ལྟར་བྱང་ཆུབ་སེམས་བསྐྱེད་ཅིང༌། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །དེ་དག་རིམ་བཞིན་བགྱིད་པ་ལྟར། །དེ་བཞིན་བདག་གིས་འགྲོ་དོན་དུ། །བྱང་ཆུབ་སེམས་ཉིད་བསྐྱེད་པར་བགྱིད། །བྱང་ཆུབ་སེམས་དཔའི་བསླབ་པ་རྣམས། །རིམ་པ་བཞིན་དུ་བསླབ་པར་བགྱི། །བདག་གི་ལུས་ངག་ཡིད་གསུམ་གྱིས། །དུས་གསུམ་བསགས་པའི་དགེ་བ་ཡིས། །བླ་མེད་བྱང་ཆུབ་མཆོག་ཐོབ་ནས། །འགྲོ་ཀུན་སྲིད་མཚོ་སྒྲོལ་བར་ཤོག །བདག་ནི་བྱང་ཆུབ་མ་ཐོབ་བར། །ལམ་ལ་བར་ཆད་མེད་པ་དང༌། །མཐུན་རྐྱེན་ཕུན་སུམ་ཚོགས་གྱུར་ཏེ། །ས་རབ་དགའ་བ་མ་ཐོབ་བར། །རབ་ཏུ་བྱུང་བ་ཐོབ་པར་ཤོག །དགེ་སྦྱོང་ཆོས་དང་ལྡན་གྱུར་ཏེ། །རྟག་ཏུ་འཕགས་པའི་རིགས་ལྡན་ནས། །ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཤོག །ལུས་དང་སྲོག་ལ་མི་བལྟ་བར། །བཤེས་གཉེན་དམ་པ་བསྟེན་བྱེད་ཅིང༌། །འཕགས་པའི་ནོར་བདུན་ལྡན་པ་ཡིས། །རྟག་ཏུ་དམ་པའི་ཆོས་འཛིན་ཤོག །སྡོམ་པ་གསུམ་ལ་རབ་གནས་ཤིང༌། །ཐབས་དང་ཤེས་རབ་འབྲེལ་བར་ཤོག །རྟག་ཏུ་དཀོན་མཆོག་མཆོད་བྱེད་ཅིང༌། །རྟག་ཏུ་བླ་མ་མཉེས་བྱེད་ཤོག །ལན་དང་རྣམ་སྨིན་མི་རེ་བའི། །ཕྱོགས་མེད་སྦྱིན་པ་གཏོང་བར་བྱེད། །ཞེ་འདོད་ཚུལ་འཆོས་མེད་པ་ཡིས། །དྲི་མེད་ཚུལ་ཁྲིམས་བསྲུང་
བར་ཤོག །མི་མཐུན་ཡུལ་ལ་སྲན་ཚུགས་པའི། །རྟག་ཏུ་བཟོད་ལ་གནས་པར་ཤོག །སེམས་ཅན་དོན་ལ་རབ་སྤྲོ་བའི། །གོ་ཆ་བརྩོན་འགྲུས་བརྟན་པར་ཤོག །ཕྱི་ནང་འདུ་འཛིས་མི་གནོད་པའི། །རྩེ་གཅིག་སེམས་ལ་དབང་ཐོབ་ཤོག །ཆོས་རྣམས་སྟོང་ཞིང་བདག་མེད་པས། །ལྷག་མཐོང་ཤེས་རབ་མཆོག་ཐོབ་ཤོག །རང་སེམས་སྐྱེ་བ་མེད་པའི་དོན། །ཅིག་ཆར་རྟོགས་པ་འཆར་བར་ཤོག །སེམས་ལ་བརྟན་པ་མ་ཐོབ་བར། །རི་དྭགས་བཞིན་དུ་འཇིགས་མེད་པར། །གཅིག་པུར་རི་ཁྲོད་གནས་བཅས་ཤིང༌། །སྣང་སེམས་ཀུན་ལ་དབང་ཐོབ་ཤོག །ལུས་ངག་སེམས་ལ་མི་གནོད་ཅིང༌། །མཚན་མའི་སྤྲོས་པས་མ་གོས་པའི། །དམིགས་པ་མེད་པའི་ཡེ་ཤེས་ཀྱིས། །འགྲོ་བ་གང་ལ་གང་འདུལ་གྱིས། །གཞན་དོན་ཕུན་སུམ་ཚོགས་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །མི་དགེ་སྡིག་སྦྱོང་ཇི་སྙེད་པ། །དགེ་བའི་བསོད་ནམས་ལྡན་པར་ཤོག །ལས་ངན་རྣམ་པར་སྨིན་པ་ཡིས། །ངན་སོང་སྡུག་བསྔལ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །མཐོ་རིས་བདེ་བ་ཐོབ་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །སེམས་ཅན་ནད་པ་ཇི་སྙེད་པ། །དེ་དག་བདག་གི་བསོད་ནམས་ཀྱིས། །ནད་མེད་དགའ་བ་ཐོབ་པར་ཤོག །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །ལོང་བ་རྣམས་ཀྱིས་གཟུགས་མཐོང་ཞིང༌། །འོན་པ་རྣམས་ཀྱིས་སྒྲ་ཐོས་ཏེ། །སྨྱོན་པ་རྣམས་ཀྱིས་དྲན་རྙེད་ཤོག །བཀྲེས་སྐོམ་ཅན་རྣམས་ཟས་སྐོམ་རྙེད། །གོས་མེད་རྣམས་ཀྱིས་གོས་རྙེད་ཅིང༌། །ཕོངས་པ་རྣམས་ཀྱིས་ནོར་ཐོབ་ཤོག །འཇིགས་སྐྲག་ཅན་རྣམས་འཇིགས་མེད་ཅིང༌། །བཅིངས་པ་རྣམས་ནི་གྲོལ་བར་ཤོག །གང་དག་འཆི་འཕོའི་སེམས་ཅན་རྣམས། །ནད་གཅོང་སྡུག་བསྔལ་མེད་པར་ཤོག །སྲིད་པ་བར་དོའི་སེམས་ཅན་རྣམས། །འཇིགས་མེད་རང་དབང་ཐོབ་པར་ཤོག །འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །ཁྲོ་བའི་སེམས་ནི་དུལ་གྱུར་ཅིག །ཕ་མ་བུ་ཚའི་སེམས་ལྡན་
པས། །ཕན་ཚུན་རྩོད་པ་མེད་པར་ཤོག །གང་དག་བདག་ལ་དད་གུས་དང༌། །ཟས་སྐོམ་སྦྱིན་དང་མཆོད་བསྟོད་པ། །དེ་དག་དགེ་བ་ཐོབ་གྱུར་ཅིག །བྱང་ཆུབ་དམ་པ་ཐོབ་པར་ཤོག །གང་ཞིག་བདག་ལ་གདུང་བ་ཡི། །གསོལ་འདེབས་བྱིན་རླབས་ཐོགས་མེད་ཤོག །གང་ཞིག་བདག་ལ་གཤེ་བ་དང༌། །ཁྲོ་དང་བརྡེག་དང་སྲོག་གཅོད་སོགས། །མྱུར་དུ་འགྱོད་པའི་སེམས་སྐྱེས་ནས། །བདག་གི་འཁོར་གྱི་ཐོག་མར་ཤོག །སེམས་ཅན་ལུས་དང་ལོངས་སྤྱོད་ལ། །བདག་གིས་སྤྱད་པ་གང་ཡིན་དང༌། །བདག་གི་ལུས་དང་ལོངས་སྤྱོད་ལ། །གཞན་གྱིས་སྤྱོད་པ་གང་ཡིན་པ། །སེམས་ཅན་དེ་དག་ཐམས་ཅད་ཀུན། །བདེ་བ་རྒྱ་ཆེན་ཐོབ་གྱུར་ཅིག །བདག་གིས་སེམས་ཅན་གང་དག་ལ། །ཆོས་དང་ཟང་ཟིང་སྦྱིན་པ་དང༌། །གང་གིས་བདག་གི་ལུས་དང་ངག །མཐོང་ཐོས་རེག་པའི་སེམས་ཅན་གང༌། །ལུས་ངག་སྒྲིབ་པ་བྱང་བར་ཤོག །གང་གིས་བདག་གི་མིང་ཐོས་པ། །དེ་དག་ཀུན་གྱི་ལུས་སེམས་ཀྱི། །ནད་དང་སྡུག་བསྔལ་རབ་ཞི་ནས། །བདེ་བ་དམ་པ་ཐོབ་པར་ཤོག །ཇི་སྲིད་ནམ་མཁས་གར་ཁྱབ་པ། །བདག་གི་ལུས་ཀྱིས་ཁྱབ་གྱུར་ཏེ། །འགྲོ་ཀུན་རང་རང་འདོད་པ་ཡི། །གཟུགས་སུ་སྣང་བས་དོན་བྱེད་ཤོག །དེ་སྙེད་བདག་གི་ངག་གི་སྒྲས། །ཁྱབ་ཅིང་ཆོས་སྒྲ་སྒྲོགས་པར་ཤོག །ནམ་མཁའ་མཐའ་ཡས་སེམས་ཅན་གྱི། །ཡིད་ལ་བདག་གི་སེམས་ཞུགས་ཏེ། །སྟོང་པ་སྙིང་རྗེ་དབྱེར་མེད་པའི། །བྱང་ཆུབ་སེམས་དང་ལྡན་པར་ཤོག །བདག་ནི་ས་སོགས་འབྱུང་ཆེན་དང༌། །ལེགས་སྦྱིན་ནོར་བུ་རིན་ཆེན་དང༌། །དཔག་བསམ་ཤིང་དང་བུམ་པ་བཟང༌། །མ་བཏབ་ལོ་ཏོག་འདོད་འཇོའི་བ། །རིག་སྔགས་གྲུབ་དང་སྨན་ཆེན་དང༌། །ཉི་མ་ཟླ་བ་ལ་སོགས་པ། །སེམས་ཅན་ཉེར་འཚོའི་རྒྱུར་ཡང་ཤོག །བདག་གི་སྨོན་ལམ་སྟོབས་དག་དང༌། །རྒྱལ་བ་སྲས་བཅས་སྦྱིན་སྟོབས་དང༌། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །ཇི་སྲིད་འཁོར་བ་མ་སྟོངས་བར། །
འགྲོ་དོན་ཇི་ལྟར་སྨོན་པ་བཞིན། །འབད་མེད་ལྷུན་གྱིས་གྲུབ་པར་ཤོག །ཅེས་དཔལ་སྣར་ཐང་པའི་དགེ་བའི་བཤེས་གཉེན་བརྒྱད་ཀྱིས་གསོལ་བ་བཏབ་པའི་ངོར་རྗེ་གྲུབ་ཐོབ་ཆེན་པོས་གནང་བའི་རྡོ་རྗེའི་གསུང་བྱིན་རླབས་ཅན་ནོ། ༈ །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་བཀྲ་ཤིས་བྱིན་རླབས་ཅན་བཞུགས་སོ། །ཡིན་ལུགས་དོན་ལ་སྐྱེ་བ་མེད་གྱུར་ཀྱང༌། །རིགས་དྲུག་ངན་འགྲོའི་སྐྱེ་གནས་བསམ་མི་ཁྱབ། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་སྐྱེ་མེད་རྟོགས་པའི་བཀྲ་ཤིས་ཤོག །ཡིན་ལུགས་དོན་ལ་རྒས་པ་མེད་གྱུར་ཀྱང༌། །ན་སོ་འགྱུར་བའི་སྡུག་བསྔལ་བསམ་མི་ཁྱབ། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་རྒས་མེད་རྟོགས་པའི་བཀྲ་ཤིས་ཤོག །ཡིན་ལུགས་དོན་ལ་ན་བ་མེད་གྱུར་ཀྱང༌། །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་བསམ་མི་ཁྱབ། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་ནད་མེད་རྟོགས་པའི་བཀྲ་ཤིས་ཤོག །ཡིན་ལུགས་དོན་ལ་འཆི་བ་མེད་གྱུར་ཀྱང༌། །ས་སྟེང་འདི་ན་རྟག་པར་སྡོད་དབང་མེད། །དེང་ནས་འགྲོ་ཀུན་སྐྱེ་བ་ཐམས་ཅད་དུ། །ཡིན་ལུགས་འཆི་མེད་རྟོགས་པའི་
བཀྲ་ཤིས་ཤོག །ཉམས་དང་འོད་གསལ་འདྲེས་པའི་བཀྲ་ཤིས་ཤོག །འོད་གསལ་མ་བུ་འདྲེས་པའི་བཀྲ་ཤིས་ཤོག །རང་ལ་རང་ཕན་བྱེད་པའི་བཀྲ་ཤིས་ཤོག །གཞན་ཕན་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོ་ཉིད་སྐྱི་ཆུ་ལ་ཕེབས་པའི་སྐབས་མཉན་པས་གྲུ་མ་བཏང་བར་བརྟེན། ཆུ་འགྲམ་དུ་ཁྱི་ལྤགས་བཏིང་བའི་སྟེང་དུ། སྐུ་རྣམ་སྣང་གི་ཆོས་བདུན་མཛད་ནས་དེ་ལས་མ་གཡོས་བཞིན་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་འདི་གསུངས་ནས་ཆུའི་ཕར་ངོས་སུ་ཐལ་གྱིས་ཕེབས། ཆུ་ལ་གནས་པའི་སེམས་ཅན་གྲངས་མེད་པ་སྐད་ཅིག་གིས་གྲོལ་བར་མཛད་པའི་རྡོ་རྗེའི་གསུང་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བའོ། ༈ །དཔོན་སློབ་མི་འབྲལ་ལྷན་ཅིག་གནས། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་བཟང་བཞེས་སྤྲོ་རྒྱུན་མི་ཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ་པོའི་གསུང་བྱིན་རླབས་ཅན་ནོ།། །།སརྦ་མངྒ་ལཾ།། ཨོཾ་སུ་པྲ་ཏྀཥྛ་བཛྲཱ་ཡ་སྭཱ་ཧཱ། ཨོཾ་སརྦ་བིདྱཱ་སྭཱ་ཧཱ། ཨོཾ་བཛྲཱ་ཨཱ་ཡུ་ཥེ་སྭཱ་ཧཱ།། །།
སྲོག་བདག་དམར་པོའི་དྲག་སྔགས་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད།
སྲོག་བདག་དམར་པོའི་དྲག་སྔགས་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་བཞུགས་སོ།།
རྒྱ་གར་སྐད་དུ། པྲཱ་ཎ་ཨཱཏྨ་ལུ་ཧི་ཏི་ཤ་མནྟྲ་ཙ་ལ་རི་ཏནྟྲ། བོད་སྐད་དུ། སྲོག་བདག་དམར་པོའི་དྲག་སྔགས་བཤན་པ་སྒྲོལ་བྱེད་ཀྱི་རྒྱུད། དཔལ་གཤིན་རྗེ་གཤེད་ནག་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཉི་མ་བྱང་ཤར་གྱི་མཚམས། རི་དམར་པོ་ཁྲག་གི་རལ་པ་ཅན། བྱི་རུའི་ཐང་དམར་པོ་ཡོད་པ། ནམ་མཁའ་ལ་བྱང་སྤྲིན་དམར་པོ་ཡོད་པའི་གསེབ་ན་གློག་འཁྱུག་པ་ལ་ཟངས་ཀྱི་འཚུབས་མ་དམར་པོ་འཚུབས་པ། མཁར་ཟངས་ཀྱི་སྒོ་ཅན། མི་མགོའི་རུས་པའི་ཕྲེང་བ་ཅན། ལོགས་ལ་མི་ཁྲག་དང་རྟ་ཁྲག་བྱུགས་པ། དྲེད་མོ་ལག་རྡེབས་དང༌། འཕར་བ་རྐང་རྡེབས་དང༌། དུར་ཁྲོད་ཀྱི་གཅན་གཟན་དང༌། བསེ་ཁྲ་དུང་ཁྲ་ལ་སོགས་པ་ལྟས་ངན་གྱི་བྱ་སྣ་ཚོགས་ཏེ། དེ་ལྟ་བུའི་འཇིགས་སུ་རུང་བའི་ནང་ན། ཕ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན། མ་གནོད་སྦྱིན་ཁྲག་གི་རལ་པ་ཅན་གཉིས་ཚོགས་པ་ལས། ཕྱིས་དེ་ལོའི་དུས་སུ་བྱི་རུའི་སྒོ་ང་དམར་པོ་གཅིག་དང༌། བསེའི་སྒོ་ང་དམར་པོ་གཅིག་བྱུང་ངོ༌། །སྒོ་ང་དམར་པོ་དེ་གཉིས་ནམ་མཁའ་ལ་འཕུར། ས་ལ་འཛུལ། བར་སྣང་ལ་འཕྱོས། ཕ་མ་གཉིས་ཀྱིས་མ་ཐུལ་ལོ། །ཕ་མ་གཉིས་ཀྱིས་གནོད་སྦྱིན་གྱི་ཕུག་ནས་མ་ཧཱ་དེ་ཝ་སྤྱན་དྲངས་ནས་སྒོ་ང་གཉིས་པོ་བརྟོལ་བའི་ནང་ན། གཅིག་
གི་ནང་ན་བྱི་རུའི་མི་དམར་པོ་སྐྲ་ལྟག་པར་བཅིངས་པ། ཟངས་ཀྱི་བེག་ཙེ་དང༌། ཟངས་ཀྱི་རལ་ཁ་གྱོན་པ། ཟངས་ཀྱི་མདའ་གཞུ་དང་ཟངས་ཀྱི་གྲི་བསྣམས་པ། བསེ་མདུང་དམར་པོ་ཐོགས་པ། དར་གྱི་རུ་མཚོན་བསྒྲེངས་པ། ར་སློག་དམར་པོ་གྱོན་པ། བྱུ་རུའི་འཁར་བ་ཐོགས་པ་ཅིག་བྱུང༌། དེ་ལ་མ་ཧཱ་དེ་ཝས་གསོལ་པ། གནོད་སྦྱིན་ཁྱོད་སུའི་སྤྲུལ་པ་ཡིན། མིང་ཅི་ཡིན། སྲོག་གི་སྙིང་པོ་གང་ཡིན། ཟས་སྐལ་གང་ཡིན། བསྙེན་སྒྲུབ་ལས་སྦྱོར་གང་ཡིན། ཞེས་གསུངས་པས། གནོད་སྦྱིན་གྱིས་སྨྲས་པ། ཀྱེ་ལྷ་ཆེན་མ་ཧཱ་དེ་ཝ་ལགས། བདག་ནི་གཤིན་རྗེ་ནག་པོའི་སྤྲུལ་པ་ལགས། མིང་ནི་སྐྱེས་བུ་དབང་གི་མདོག་ཅན་ཞེས་ཀྱང་བྱ། སྲོག་བདག་དམར་པོ་ཞེས་ཀྱང་བྱ། ཡམ་ཤུད་དམར་པོ་ཞེས་ཀྱང་བྱ། སྲོག་སྙིང་ནི་འདི་ལགས། ཨོཾ་པྲཱ་ཎ་ཨཱཏྨ་ཀྵེ་རུ་པུ་རུ་ཥ་ལུ་ཧི་ཏ་སརྦ་ཤ་ཏྲུྃ་མཱ་ར་ཡ་ཕཊ། བདག་གི་ཟས་སྐལ་ནི། བསྒྲལ་བའི་ཞིང་བཅུ་ལགས། བསྙེན་སྒྲུབ་ལས་ལ་སྦྱར་བ་ནི། །དུར་ཁྲོད་ཆུ་འགྲམ་བྲག་དམར་རམ། །བྲག་དང་ཆུ་འཐབས་ལ་སོགས་སུ། །དེར་ནི་བསྒྲུབ་ཅིང་ལས་ལ་སྦྱར། །ཞེས་གསུངས་སོ། །མ་རུ་ཙེ་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ།། །དེ་ནས་མ་ཧཱ་དེ་ཝས་གསོལ་པ། སྐྱེས་
བུ་དབང་གི་མདོག་ཅན་ཁྱོད། །གོང་དུ་བསྟན་པའི་གནས་དེ་རུ། །བསྟན་པ་སྲུང་བའི་རྣལ་འབྱོར་པས། །རྫས་ཀྱི་རིམ་པ་ཇི་ལྟར་བསོགས། །བཟླས་པའི་གྲངས་ནི་དུ་ཡིས་འགྲུབ། །མཚན་རྟགས་ཀྱི་ནི་རིམ་པ་གང༌། །བསྐུལ་དང་གཏོར་མ་ཇི་ལྟར་གཏང༌། །མ་གྲུབ་སྤོགས་པ་ཇི་ལྟར་བྱ། །ཤི་ས་སྤྲུག་ལྡོག་ཇི་ལྟར་བྱ། །ཞེས་གསུངས་པས། མ་རུ་ཙེས་སྨྲས་པ། ཀྱེ་ཀྱེ་མ་ཧཱ་དེ་ཝ་ལགས། །རིག་འཛིན་ལྡན་པའི་རྣལ་འབྱོར་པས། །དཀྱིལ་འཁོར་མདའ་གང་གྲུ་བཞིར་བརྩིགས། །ཁྱི་དམར་ཁྲག་གིས་ཆག་ཆག་གདབ། །དབུས་སུ་གྲུ་གང་འབྲུབ་ཁུང་བརྩིགས། །བཙན་བྱ་དམར་པོས་བསྒྲོན་པའི་མདའ། །དར་དམར་བཏགས་ལ་གཟུགས་ལ་གཟུགས། །རྩང་དམར་ཉི་ཤུ་རྩ་གཅིག་ནི། །ཤན་པའི་ཚོགས་སུ་དབང་བསྐུར་ལ། །འབྲུབ་ཁུང་ཐམས་ཅད་བསྐོར་བར་བྱ། །མིའམ་ཡང་ན་ར་ཁྱི་ཡི། །སོག་པ་དུག་གིས་བྱུགས་བྱས་ལ། །མིང་རུས་བྲིས་ལ་དབུས་སུ་གཞུག །ཉུངས་ཀར་བྲའོ་སྐྱེ་ཚེ་དང༌། །དུག་དང་ཟངས་ཕྱེ་ལྕགས་ཕྱེ་དང༌། །གྲིར་ཤིའི་ཐལ་ཆེན་རྫས་ཀྱིས་བྲབ། །བཙན་བཤོས་གསེར་སྐྱེམས་བཅས་པས་མཆོད། །ཡི་གེ་ཏྲི་ཡི་སྤྲོ་བསྡུ་ཡིས། །གནོད་སྦྱིན་དམར་པོ་མདུན་དུ་བསྐྱེད། །གོང་གི་སྲོག་སྙིང་སུམ་འབུམ་འདོན། །དེ་ལ་འདི་བཏགས་སྔགས་ཀྱིས་བསྐྱེད། །ཨོཾ་པྲཱ་ཎ་ལུ་ཧེ་ཏ་ཨཱཏྨ་ལོ་ཧི་ཏ་མཱ་ར་ཡ་རྦད། རྫས་དང་ལས་སྔགས་བྲབ་པར་བྱ། །སྐྱ་ཤར་རྟ་པ་མང་པོ་དང༌། །ཞུབ་ཅན་ཁྱེའུ་ཆུང་མང་པོ་དང༌། །ན་ཆུང་མཛེས་མའི་ཚོགས་རྣམས་ནི། །འགྲུབ་པའི་རྟགས་སུ་ཤེས་པར་བྱ། །བ་སྤུ་གྱེན་ལངས་སྙིང་མི་དགའ། །ཁྲོ་ཞིང་འདེད་དང་མཛེ་ཕོ་རྣམས། །ལྡོག་པའི་རྟགས་སུ་ཤེས་པར་བྱ། །སྲོག་ཆགས་བསད་དང་ཤིང་བུ་བཅད། །ལས་ལ་སྦྱར་བའི་རྟགས་སུ་བཤད། །མ་རུ་ཙེ་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་ལས། རྫས་དང་བཅའ་གཞི་སྔགས་ཀྱི་གྲངས་དང་རྟགས་ཀྱི་ལེའུ་སྟེ་གཉིས་པའོ། ༈ །དེ་ནས་བསྐུལ་ཞིང་གཏོར་མ་བཏང་བའི་འདི་གསུངས་སོ། །ཀྱེ་གནོད་སྦྱིན་ཟངས་ཀྱི་བེག་ཙེ་ཅན། །སྒྲུབ་པ་པོ་ཡི་ལས་གྱིས་ལ། །མ་ཧཱ་དེ་ཝའི་བཀའ་ལ་ཉོན། །གཤིན་
རྗེ་གཤེད་པོའི་ལས་གྱིས་ཤིག །གདོང་དམར་མ་ཡིས་སྣ་དྲོངས་ལ། །ཉམས་པའི་སྲོག་རྩ་མྱུར་དུ་ཆོད། །ར་དམར་ཁྲག་དང་སྙིང་སྣའི་ཚོགས། །བཙན་བཤོས་གསེར་སྐྱེམས་བདུད་རྩིས་མཆོད། །ཨོཾ་པྲཱ་ཎ་ཨཱཏྨ་ལུ་ཧེ་ཏ་བ་ལིནྟ་གྲྀཧྞ་ཤ་ཏྲཱུཾ་མཱ་ར་ཡ་ཁཱ་ཧི། བྱང་ཤར་མཚམས་སུ་གཏོང༌། ཙིཏྟ་མིང་རུས་རྒྱུན་དུ་བཅང༌། མ་རུ་ཙེ་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་ལས། བསྐུལ་ཞིང་གཏོར་མ་བཏང་བའི་ལེའུ་སྟེ་གསུམ་པའོ། ༈ །དེས་མ་གྲུབ་ན་སྤོགས་པ་དང་ཤི་ས་བསྟན་པ་འདི་གསུངས་སོ། །ཙ་ར་དམར་པོའི་བླུད་བུ་རུ། །གཟུངས་དང་སྲོག་སྙིང་བཅས་ལ་གཞུག །སྨྱུག་མ་ཚིགས་དགུ་གདབ་ཅིང་བྲབ། །ལྷ་སྔགས་མཇུག་ལ་བྷྱོཿབཏགས་ལ། །རྩ་བའི་སྙིང་པོ་འབྲུ་བཟློག་པ། །གཤིན་རྗེ་ནག་པོའི་དགོངས་པས་བཅད། །ལྟས་ངན་འདོད་ན་སྤུ་རྣམས་བསོགས། །མ་རུ་ཙེ་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་ལས། སྤོགས་པ་དང༌། འབྲུ་བཟློག ཤིས་བསྟན་པའི་ལེའུ་སྟེ་བཞི་པའོ། ༈ །དེ་ནས་མཧཱ་དེ་ཝས། མ་རུ་ཙེ་ལེགས་སོ། །ཁྱོད་ཀྱིས་ཕྱི་རབས་ཀྱི་དོན་དུ་བཤད་པའི་རྒྱུད་འདི་གསུངས་པ་ངོ་མཚར་ཆེའོ། །ཞེས་རྗེས་སུ་ཡི་རངས་པ་ཕུལ་ནས་མི་སྣང་བར་གྱུར་ཏོ། །མ་རུ་ཙེ་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་ལས། རྗེས་སུ་ཡི་རངས་པའི་ལེའུ་སྟེ་ལྔ་པའོ། ༈ །རྒྱ་གར་གྱི་མཁན་པོ་ཤྲཱི་དྷ་ར་ཀྲ་ཤུ་དང༌། མར་པ་ལོ་ཙཱ་བས་དབུས་གྲྭ་ཐང་གི་གཙུག་ལག་ཁང་དུ་བསྒྱུར་བའོ། །མངྒ་ལཾ། ༈ །དམར་པོ་ཁྲག་གི་མདའ་འཕེན་མའི་རྒྱུད་བཞུགས་སོ། །རྒྱ་གར་སྐད་དུ། ཙ་ཏུ་ཀ་མ་ལ་པྲ་མ་དུ་ཏེ་ཀྱི་ཏནྟྲ། བོད་སྐད་དུ། དམར་པོ་ཁྲག་གི་མདའ་འཕེན་མའི་ངན་སྔགས་ཤན་པ་དམར་པོའི་རྒྱུད། སྲིད་པ་ཐམས་ཅད་ཀྱི་ཡུམ་ཨེ་ཀ་ཛཱ་ཊི་མ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། ཉི་མ་བྱང་ཤར་གྱི་མཚམས་མྱ་ངམ་གྱི་རྣམ་པར་འདས་པ་ན་ཟངས་ཐང་དམར་པོ། ཟངས་རི་སྨུག་པོ། ཟངས་སྤྲིན་དམར་པོའི་མདའ་ན་ཁྲག་གི་མཚོ། ཕུ་ན་ཟངས་ཀྱི་བྲག ཁྲག་མཚོ་དམར་ནག་རྦ་ཀློང་འཁྲུགས་པའི་ནང་བསེ་མཁར་སྨུག་པོ། ཟངས་སྒོ་དམར་པོ། སྒོ་བཞིའི་ནང་ན་
ཟངས་ཀྱི་ཆུ་སྲིན་ངུར་བ། ཁྲག་གི་ཞམ་ཆུ་དམར་པོ་འབབ་པ། དེའི་ནང་ན་མི་རོ་རྟ་རོ་གཅལ་དུ་བཀྲམ་པ། མི་ཁྲག་རྟ་ཁྲག་མཚོ་རུ་འཁྱིལ་པ། ཐོད་པའི་གཞལ་ཡས་ཁང་གི་ནང་ན་ཕ་གནོད་སྦྱིན་ཟངས་ཀྱི་རལ་པ་ཅན་དང༌། མ་སྲིན་མོ་ཁྲག་གི་རལ་པ་ཅན་གཉིས་འཚོགས་པ་ལས་ཕ་ཞེ་སྡང་ཆེ། མ་འདོད་ཆགས་ཆེ། འདོད་ཆགས་ཞེ་སྡང་གཉིས་ཀྱི་བུ་བྱི་རུའི་སྒོ་ང་དང་བསེའི་སྒོ་ང་གཉིས་བྱུང༌། ཕ་མས་མ་ཐུལ་ནས་བར་སྣང་དུ་འཕྱོས། བར་སྣང་གི་གཟའ་བརྒྱད་བཏུལ། སྟེང་དུ་འཕོས་ལྷ་ཆེན་བརྒྱད་བཏུལ། འོག་ཏུ་འཕོས་ཀླུ་ཆེན་བརྒྱད་བཏུལ། ཕ་མ་ཡང་ཟ་ལ་ཁད་པ་ལས། ཡུམ་ཆེན་ཨེ་ཀ་ཛཱ་ཊི་མས་ཐུགས་རྗེ་ཆེན་པོ་བསྐྱེད་ནས་དབང་སྡུད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཁ་ཊྭཱཾ་ག་བརྒྱབས་པས་བྱི་རུའི་སྒོ་ང་ལས་སྐྱེས་བུ་དབང་གི་མདོག་ཅན་བྱུང༌། བསེའི་སྒོ་ངའི་ནང་ནས་སྲིད་པའི་བུ་མོ་གདོང་དམར་མ་མདོག་སྔོ་བ། གདོང་པ་བསེ། སོ་དུང༌། སྨིན་མ་གཡུ། མེའི་རལ་པ་ཅན། དབུ་སྐྲ་མཆོང་དང་མུ་མེན་གྱིས་བརྒྱན་པ། ཟངས་ཀྱི་གྲི་རྣོན་པོ་དང་ཕུར་པ་ཐོགས་པ། དྲེད་མོ་མི་ཟན་ལ་ཞོན་པ་ཅིག་བྱུང༌། དེ་ནས་དེའི་ཚེ་ཡུམ་ཆེན་ཨེ་ཀ་ཛཱ་ཊིས་གསོལ་པ། སྲིད་པའི་བུ་མོ་གདོང་དམར་མ། །ཁྱོད་ཀྱིས་བསྟན་པ་བསྲུང་དགོས་པས། །སྲོག་གི་སྙིང་པོ་གང་ཡིན་དང༌། །མིང་དང་གསང་མཚན་གང་ཡིན་དང༌། །ཟས་སྐལ་གང་ཡིན་སྨྲོས་ཤིག སྲིད་པའི་བུ་མོས་སྨྲས་པ། བདག་གི་སྲོག་གི་སྙིང་པོ་ནི། །ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝཱི་ཧཱུྃ་སྲོག་ལ་ཡ་མ་ཛཿ ཨ་མུ་ཀཾ་ཤ་ཏྲཱུཾ་མཱ་ར་ཡ། མིང་ནི་རིག་པའི་ལྷ་མོ་གདོང་དམར་མ། །གསང་མཚན་ནི་པདྨ་གར་གྱི་དབང་ཕྱུག་མ། བདག་གི་ཟས་སྐལ་ནི། བསྟན་པ་ལ་གནོད་པར་བྱེད་པ་རྣམས་ཀྱི་སྲོག་དབུགས་ལགས། ཞེས་གསུངས་སོ། །དམར་པོ་ཤན་པའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ༈ །དེ་ནས་ཨེ་ཀ་ཛཱ་ཊི་མས། རིག་པའི་ལྷ་མོ་གདོང་དམར་མ་ལ་འདི་སྐད་ཅེས་གསུངས་སོ། །པདྨ་གར་གྱི་དབང་ཕྱུག་མ། །སངས་རྒྱས་བསྟན་པ་བསྲུང་སླད་དུ། །གནས་ནི་གང་དང་གང་དུ་བསྒྲུབ། །
རྫས་དང་རྟེན་ནི་ཅི་ལ་བྱ། །སྔགས་ཀྱི་གྲངས་དང་རྟགས་ནི་ཅི། །བསྐུལ་ཞིང་ཟོར་ནི་ཅི་ལྟར་འཕངས། །ཕོ་མོ་སྦགས་ན་ཅི་ལྟར་སྦགས། །ཕོ་བཙུན་མོ་བཙུན་གང་ལྟར་ཡིན། །ཞེས་གསུངས་སོ། །དམར་པོ་ཤན་པའི་རྒྱུད་ལས་རྒྱུད་དངོས་པོ་ཡོངས་སུ་དྲིལ་བའི་ལེའུ་སྟེ་གཉིས་པའོ། ༈ །དེ་ནས་ཡུམ་གྱིས་སྨྲས་པའི་ལན། །རིག་པའི་ལྷ་མོས་རྗེས་སྨྲས་པ། །ཕྱི་རབས་རྣལ་འབྱོར་སྒྲུབ་པ་ལ། །གནས་ཀྱི་རིམ་པ་བསྟན་པ་ཡང༌། །རི་གསུམ་«་་་་་ཀླུ་དང་མ་མོ་གནས་པའམ་གནས་ས། »འདུས་དང་ཆུ་གསུམ་འདུས། །དུར་ཁྲོད་དབུས་སུ་བདག་ཉིད་བསྒྲུབ། །དཀྱིལ་འཁོར་མཐིང་ནག་གྲུ་གསུམ་བཅའ། །སྨུག་ནག་ཁ་«་་་་་ལུག་ནག་པོ། »སྐྱའི་ཙིཏྟ་ལ། །དར་སྣ་མང་པོ་བཏགས་ལ་གཟུགས། །སེང་ལྡེང་ཕུར་པ་སོར་བརྒྱད་པ། །གསང་སྔགས་བྲིས་པ་མདུན་དུ་གཟུགས། །བདག་ཉིད་ལྷ་མི་ང་རྒྱལ་གྱིས། །མདུན་དུ་རཀྟའི་མཎྜལ་ལ། །ཡི་གེ་མ་ཡི་འཕྲོ་འདུས་ལས། །སྲིད་པའི་བུ་མོ་བསྐྱེད་ཅིང་བསྒོམ། །སྔགས་ཀྱི་འོད་ཀྱིས་བདག་ཉིད་བསྐུལ། །སུམ་འབུམ་གྲངས་ཀྱིས་འགྲུབ་པར་འགྱུར། །ཆུ་དང་མེ་དང་བུ་མོ་དང༌། །རྟ་པ་དམར་པོ་བྱུང་གྱུར་ན། །འགྲུབ་པའི་རྟགས་སུ་ཤེས་པར་བྱ། །མཛེ་ཕོ་ཕོ་མོ་ལྡོག་པའི་རྟགས། །སྲོག་ཆགས་བསད་ན་ལས་ལ་སྦྱར། །ཅེས་གསུངས་སོ། །དམར་པོ་ཤན་པའི་རྒྱུད་ལས་གནས་དང༌། རྟེན་དང༌། རྫས་དང༌། སྔགས་དང༌། རྟགས་ཀྱི་ལེའུ་སྟེ་གསུམ་པའོ། ༈ །དེ་ནས་བསྐུལ་ཞིང་ཟོར་འཕང་བ་འདི་སྐད་དོ། །བྷྱོཿ རིག་པའི་ལྷ་མོ་གདོང་དམར་མ། །གཤིན་རྗེ་གཤེད་པོའི་བཀའ་ཉན་མ། །ཨེ་ཀ་ཛཱ་ཊིའི་གསུང་སྡོད་མ། །ལྷ་མོ་འབུམ་གྱི་གཡུལ་ངོ་བཟློག །བསེ་ཡི་སྐྱེས་བུའི་སྣ་འདྲེན་མ། །མ་མོ་འབུམ་གྱི་དབང་མོ་ཆེ། །རྒྱན་ཆ་མ་མོ་མཐུ་མོ་ཆེ། །གསང་བའི་མ་མོ་ཡལ་གམ་ཅན། །ཆོ་འཕྲུལ་ཡོངས་ཀྱི་སྣ་འདྲེན་མ། །སྡང་བའི་དགྲ་ལ་ཆོ་འཕྲུལ་ཐོང༌། །ང་ཡི་ནོར་གྱི་སྟེང་ལ་རྒྱུག །སྲོག་བདག་དམར་པོའི་རྟིང་ལ་རྒྱུག །ང་དང་འགྲས་པའི་དགྲ་བོ་ལ། །ཆོ་འཕྲུལ་དཔུང་རྣམས་ཚོགས་སུ་བསོགས། །
སྤྲེའུ་འུག་པ་ཝ་ཁྲ་དང༌། །སྤྱང་ཀི་དང་ནི་བྱ་ནག་དང༌། །སྲིན་བྱ་དང་ནི་གླ་བ་སོགས། །སྨྱོ་འབོགས་འཁྲུགས་དང་འཐབ་དང་གྲི། །ཆོ་འཕྲུལ་སྣ་ཚོགས་མྱོང་བར་རིགས། །བླུད་བུ་བརྡབས་ན་ཆོ་འཕྲུལ་འོང༌། །སྨྱུག་མ་བརྡབས་ན་རིམས་ནད་འོང༌། །སྤུ་རྣམས་བསོགས་ན་ལྟས་ངན་འོང༌། །ཐུན་ལ་བསྔགས་ལ་ཟོར་དུ་འཕང༌། །ཡང་ན་རྐྱང་མ་ཡང་ན་སྔགས། །ཞེས་གསུངས་སོ། །དམར་པོ་ཤན་པའི་རྒྱུད་ལས་བསྐུལ་ཞིང་ཆོ་འཕྲུལ་དང༌། ཟོར་འཕང་བའི་ལེའུ་སྟེ་བཞི་པའོ། ༈ །དེ་ཡང་ཕོ་མོ་སྦགས་ཤིང་གཅུན་ཐབས་འདི་གསུངས་སོ། །ར་ཁྱི་མི་ཡི་སོག་པ་ཡི། །ལིང་ག་འབྲུབ་ཁུང་ནང་དུ་གཞུག །མདའ་དམར་དར་དམར་རྟེན་དུ་གཟུགས། །མིང་པོ་བསྐུལ་ཞིང་སྔགས་འདིས་འབོད། །ཨོཾ་པྲཱ་ཎ་ཨཱཏྨ་ཀྵེ་རུ་པུ་རུ་ཥ་ལུ་ཧེ་ཏ་ཨ་མུ་ཀ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། སྲིང་མོ་གཡེལ་ན་མིང་པོ་གཅུན། །ཞེས་གསུངས་སོ། །དམར་པོ་ཤན་པའི་རྒྱུད་ལས་ཕོ་མོ་སྦགས་པ་དང༌། གཅུན་ཐབས་ལེའུ་སྟེ་ལྔ་པའོ། ༈ །དེ་ནས་དམར་པོ་སྒྲོལ་བྱེད་ཤན་པའི་རྒྱུད་གསུངས་པ་ནི་ངོ་མཚར་ཆེའོ། །ཞེས་གསུངས་སོ། །ཡུམ་ཨེ་ཀ་ཛཱ་ཊིས་རྗེས་སུ་ཡི་རང་བ་ཕུལ་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ། །དམར་པོ་ཤན་པའི་རྒྱུད་ལས་རྗེས་སུ་ཡི་རང་བའི་ལེའུ་སྟེ་དྲུག་པའོ། ༈ །དམར་པོ་འཇིག་རྟེན་ཟ་བྱེད་མའི་རྒྱུད་རྫོགས་སོ། །འདི་ཤིན་ཏུ་གཉན་པས་དར་དམར་པོས་དྲིལ། མིས་མི་མཐོང་བར་སྦའོ། །རྒྱ་གར་གྱི་མཁན་པོ་དྷ་ར་ཀྲ་ཤུ་དང༌། བོད་ཀྱི་ལོ་ཙཱ་བ་མར་པས་ཡུལ་དབུས་ཀྱི་གྲྭ་ཐང་གི་གཙུག་ལག་ཁང་དུ་བསྒྱུར་བའོ། །། ས་མ་ཡ་རྒྱ་རྒྱ། ༈ །གནོད་སྦྱིན་ལྕམ་དྲལ་གྱི་བསྙེན་སྒྲུབ་ལས་གསུམ་ལག་ཏུ་བླང་བའི་རིམ་པ་ཧ་ལ་ནག་པོ་དུག་གི་སྤུ་གྲི་ཞེས་བྱ་བ་བཞུགས་སོ། །བླ་མ་མཆོག་དང་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བེག་གདོང་ལྕམ་དྲལ་སྒྲུབ་པ་ལ་གཉིས་ཏེ། ཐོག་མར་བྱུང་ཚུལ་ལོ་རྒྱུས་ནི། སྔོན་བསྐལ་པ་འདས་པའི་དུས་ན་ཡབ་རྒྱལ་པོ་གསེར་གྱི་ཤུགས་ཅན་དང༌། ཡུམ་བཙུན་མོ་ཨུཏྤ་ལའི་སྤྱན་གཉིས་ཀྱི་སྲས་སུ་སྐུ་མཆེད་གཉིས་ཡོད་པ་
ལས། གཅེན་གྲགས་ལྡན་ནི་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཡིན་ལ། གཅུང་གྲགས་སྐྱེས་ནི་གནོད་སྦྱིན་འདི་ཡིན་ནོ། །ཁོང་གཉིས་ཕྱི་ནང་གི་གྲུབ་མཐའ་ལ་མ་འཆམས་པས། ཆོ་ལོང་གང་རྒྱལ་གྱི་རྗེས་སུ་འཇུག་པར་བྱས་ནས་ཆོ་ལོང་བཏང་ནས་གཅེན་རྒྱལ་ཏེ། ད་ངའི་ཆོས་ལུགས་ལ་ཞུགས་ཤིག་གསུངས་པས་གཅུང་མ་ཉན་ཏེ་བྲོས་པ་ལས། གཅེན་གྱིས་བདས་ཏེ་བཟུང་བ་ལས་གཅུང་ན་རེ། བདག་བསད་ཀྱང་ཉིད་ཀྱི་ཆོས་ལ་མི་འཇུག་པས། དེ་བས་བདག་མ་བསད་པར་ཐོང༌། གཅེན་ཉིད་ནི་སངས་རྒྱས་པའི་དུས་བདག་གིས་སྲུང་མ་བྱ་སྟེ། བསྟན་པ་ལ་གནོད་པ་རྣམས་ཀྱི་སྲོག་དབུགས་དབྲལ་བར་བགྱིའོ། །བསྟན་པ་བཤིག་པ་ལ་ཆད་པ་བཅད་པར་བགྱིའོ། །ཞེས་ཁས་བླངས་དམ་བཅས་སོ། །དེར་གཅེན་གྱིས་གཅུང་ལ་དབང་བསྐུར་ཏེ། ང་ནམ་སངས་རྒྱས་པའི་དུས་སུ་ཁྱོད་བསྟན་སྲུང་དུ་གྱུར་ཅིག ངའི་བསྟན་པ་ལ་གནོད་པའི་སྲོག་གི་གཤེད་མར་གྱིས་ཤིག ཁྱོད་ཀྱིས་ང་ཡི་བསྟན་པ་འཕེལ་བར་གྱིས་ཤིག ཅེས་གསུངས་ནས་དབང་རྟགས་སུ་ཟངས་ཀྱི་ཡ་ལད་དང༌། བྱི་རུའི་དབྱུག་པ་དང༌། བསེའི་མདའ་གཞུ་ལག་ཏུ་གཏད་ནས། མིང་ཡང་སྲོག་བདག་ཡམ་ཤུད་དམར་པོར་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཞིང་འདིར་སངས་རྒྱས་པའི་ཚུལ་བསྟན་པ་ན། སྔོན་གྱི་སྨོན་ལམ་གྱི་དབང་གིས་ཉི་མ་བྱང་ཤར་གྱི་མཚམས། ཆུ་མེད་པའི་མྱ་ངམ་གྱི་ཐང་ཆེན་པོ་འདས་པའི་ཕ་རོལ་མ་རུ་ཙེའི་དུར་ཁྲོད་ཅེས་བྱ་བ། བྱི་རུའི་ཐང་དམར་པོ་ཡངས་པའི་ལྗོངས། མཆོང་གི་བྱང་རི་དམར་པོ་ཁྲག་གི་རལ་པ་ཅན་གྱི་མདུན། ཁྲག་མཚོ་དམར་ནག་རྦ་ཀློང་ཁོལ་བའི་ཀློང༌། ནམ་མཁའ་ལ་བྱང་སྤྲིན་དམར་པོ་འཁྲིགས་པའི་གསེབ་ན་གློག་འཁྱུག་ཅིང་འབྲུག་ལྡིར་བ། ས་གཞི་ཐམས་ཅད་ཁྲག་གི་ན་བུན་དང༌། ཟངས་འཚུབས་ཆེན་པོ་གཏིབས་པ་ན། བསེ་མཁར་སྨུག་པོ་བསེའི་ཁ་བད་ཅན། ཟངས་ཀྱི་སྒོ་ཅན། སྒོ་ནང་ཟངས་ཀྱི་ཆུ་སྲིན་ངུར་བ། རྟ་ཁྲག་དང་མི་ཁྲག་མཚོ་རུ་འཁྱིལ་བ། ཐོད་པའི་གུར་ཁང་ཆེན་པོའི་ནང་ཕ་གནོད་སྦྱིན་
ཟངས་ཀྱི་རལ་པ་ཅན། མ་གནོད་སྦྱིན་ཁྲག་གི་རལ་པ་ཅན་གཉིས་འཚོགས་པ་ལས། ཕྱིས་དེ་ལོའི་དུས་སུ་བྱི་རུའི་སྒོ་ང་གཅིག་དང་བསེའི་སྒོ་ང་དམར་པོ་གཅིག་དང་གཉིས་བྱུང་ངོ༌། །སྒོ་ང་དེ་གཉིས་ཕ་མས་མ་ཐུབ་པར་ནམ་མཁའ་ལ་འཕུར་ལྷ་ཆེན་བརྒྱད་བཏུལ། བར་སྣང་དུ་འཕྱོས་གཟའ་ཆེན་བརྒྱད་བཏུལ། ས་གཞི་ལ་འཛུལ་ཀླུ་ཆེན་བརྒྱད་བཏུལ། ཕ་མ་ཡང་ཟ་ལ་ཐུག་པ་ན། ཕ་མ་གཉིས་ཀྱིས་བསྐུལ་བས། དུར་ཁྲོད་གནོད་སྦྱིན་གྱི་ཕུག་ན་མ་ཧཱ་དེ་ཝ་དང་ཡུམ་ཆེན་ཨེ་ཀ་ཛཱ་ཊིས་ཐུགས་རྗེ་ཆེན་པོ་བསྐྱེད་ནས། དབང་སྡུད་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཁ་ཊྭཱཾ་ག་བརྒྱབས་པས་སྒོ་ང་གཉིས་བརྡོལ་བ་ལས་བྱི་རུའི་སྒོ་ང་ནས། བྱི་རུའི་མི་དམར་པོ་སྐྲ་ལྟག་པར་བཅིང་བ། ཟངས་ཀྱི་བེག་ཙེ་དང་ས་ལ་གྱོན་པ། བསེ་ཡི་མདའ་གཞུ་དང་ཟངས་ཀྱི་རལ་གྲི་བསྣམས་པ། བསེའི་མདུང་དམར་དང་དར་གྱི་རུ་མཚོན་བསྒྲེང་བ། ར་སློག་དམར་པོ་དང་བྱི་རུའི་འཁར་བ་ཐོགས་པ་གཅིག་བྱུང༌། དེ་ལ་མ་ཧཱ་དེ་ཝས་གནོད་སྦྱིན་ཁྱོད་སུའི་སྤྲུལ་པ་ཡིན། མིང་ཅི་ཡིན། ཁྱོད་ཀྱི་སྲོག་སྙིང་གང་ཡིན། ཟས་སྐལ་ནི་གང་ཡིན། བསྙེན་སྒྲུབ་ལས་སྦྱོར་གང་ཡིན། ཞེས་གསུངས་པས། དེས་སྨྲས་པ། ཀྱེ། མ་ཧཱ་དེ་ཝ་ལགས། བདག་ནི་གཤིན་རྗེ་ནག་པོའི་གསུང་གི་སྤྲུལ་པ་ལགས། བདག་གི་མིང་ནི་སྐྱེས་བུ་དབང་གི་མདོག་ཅན་ཞེས་ཀྱང་བྱ། སྲོག་བདག་དམར་པོ་ཞེས་ཀྱང་བྱ། ཡམ་ཤུད་དམར་པོ་ཞེས་ཀྱང་བྱ། བདག་གི་སྲོག་སྙིང་ནི་འདི་ལགས་སོ། །ཞེས་དྲི་བ་དྲིས་ལན་གྱི་ཚུལ་དུ་མ་རུ་ཙེ་ཤན་པ་སྒྲོལ་བྱེད་ཀྱི་རྒྱུད་གསུང༌། བསེའི་སྒོ་ངའི་ནང་ནས་སྲིད་པའི་བུ་མོ་མདོག་མཐིང་ཤུན་ལྟར་སྔོ་བ། བསེ་དམར་པོའི་གདོང་པ་ཅན། སོ་དུང༌། སྨིན་མ་གཡུ། མེའི་རལ་པ་ཅན། མཆོང་དང་མུ་མེན་གྱིས་བརྒྱན་པ། ཟངས་ཀྱི་གྲི་རྣོན་དང་ཕུར་པ་ཐོགས་པ། དྲེད་མོ་མི་ཟན་ལ་ཞོན་པ་གཅིག་བྱུང༌། དེ་ལ་ཡུམ་ཨེ་ཀ་ཛཱ་ཊི་མས་གསོལ་པ། སྲིད་པའི་བུ་མོ་གདོང་དམར་མ་ཁྱོད་ཀྱིས་བསྟན་པ་བསྲུང་དགོས་པས་སྲོག་སྙིང་གང་ཡིན། མིང་དང་གསང་མཚན་གང་ཡིན། ཟས་སྐལ་གང་
ཡིན་སྨྲོས་ཤིག་ཅེས་གསུངས་པས། སྲིད་པའི་བུ་མོས་སྨྲས་པ། བདག་གི་སྲོག་གི་སྙིང་པོ་ནི་འདིའོ་ཞེས་སོ། །མིང་ནི་སྲིད་པའི་ལྷ་མོ་གདོང་དམར་མ། གསང་མཚན་པདྨ་གར་གྱི་དབང་ཕྱུག་མ། བདག་གི་ཟས་སྐལ་ནི་བསྟན་པ་ལ་གནོད་པར་བྱེད་པའི་སྲོག་དབུག་ལགས། ཞེས་ཞུས་ཤིང༌། དེ་ནས་དྲི་བ་དྲིས་ལན་གྱི་ཚུལ་དུ་དམར་པོ་ཤན་པ་འཇིག་རྟེན་ཟ་བྱེད་མའི་རྒྱུད་གསུངས་སོ། །དེ་ལྟར་རྒྱུད་ཀྱི་རྒྱུད་ཁུངས་བརྟེན་ནས། རྒྱ་གར་གྱི་ཡུལ་དུ་སྔགས་ཀྱི་ནུས་པ་མཐར་ཕྱིན་པ་ཨ་ཙ་ར་ཉི་མ་གྲགས་ཞེས་བྱ་བས་མ་ཧཱ་དེ་ཝ་ལ་ལུང་ནོད་དེ། རྒྱ་གར་བམ་སོ་དམར་པོ་ཞེས་བྱ་བ་ནས་གཏེར་ཕྱུང་ནས་བསྒྲུབས་པས་འགྲུབ། དགྲ་ལ་མིག་གིས་བལྟས་པ་ཙམ་གྱིས་དགྲ་འཆི་བ་བྱུང༌། དེས་སྲས་པཎྜི་ཏ་ཟླ་བ་ནག་པོ་ལ་གནང༌། དེ་ཁྲོས་པའི་མོད་ལ་དགྲ་འཆི་བ་བྱུང༌། དེས་སྲས་ག་ཡ་དྷ་ར་ལ་གནང༌། འདི་ལ་བོད་དུ་མཚན་ལ་ཨ་ཙ་ར་དམར་པོ་ཞེས་ཀྱང་ཟེར། ཤྲཱི་དྷ་ར་ཀྲ་ཤུ་ཞེས་ཀྱང་བྱ། འོན་ཀྱང་བླ་ཆེན་འབྲོག་མིའི་བླ་མ་ག་ཡ་དྷ་ར་དང་མི་གཅིག་གོ །དེས་ཞག་གསུམ་བསྒྲུབས་པས་དགྲ་འཆི་བ་བྱུང༌། འདིས་བོད་དུ་བྱོན་ནས་མར་པ་ལོ་ཙཱ་བ་ལ་དབུས་ཀྱི་གྲྭ་ཐང་གི་གཙུག་ལག་ཁང་དུ་ཆོས་སྐྱོང་འདིའི་སྐོར་གནང༌། གོང་གི་རྒྱུད་གཉིས་རྒྱ་གཞུང་འགའ་དང་བཅས་པ་ལོ་པཎ་གཉིས་ཀྱིས་བསྒྱུར། པཎྜི་ཏ་འདིས་མངའ་རིས་གུང་ཐང་དུ་བོན་པོ་གཅིག་ལ་གནང༌། གཙང་དུ་ཅོག་རོའི་ཟོག་བན་དར་མ་སྐྱབས་ལ་གནང༌། གཙོ་ཆེར་གཉན་ལོ་ཙཱ་བ་དར་མ་གྲགས་ལ་ཆོས་སྐོར་ཡོངས་སུ་རྫོགས་པར་གནང་སྟེ། གཉན་ལོས་དཔལ་མགོན་ཞལ་བཞི་པའི་བཀའ་སྡོད་ཤན་པ་དམར་ནག་གི་ཐ་སྙད་བྱེད་ཅིང་རྩུབ་གྲགས་ཆེ། སྒྲུབ་ཡིག་མདོས་ཆོག་བསྐུལ་བྱང་སོགས་བཀའ་རྒྱ་ཆེ་བར་མཛད། དེས་གནམ་ཁའུ་པ་ལ་གནང༌། དེས་རྗེ་ས་ཆེན་ལ་གནང༌། དེས་ཁོ་རང་གི་ཉེ་གནས་ར་པ་ཤུད་བུ་བཀྲ་ཤིས་འོད་ཟེར་ལ་གནང༌། དེས་གྲུབ་ཐོབ་འདར་ཕྱ་རུ་པ་ལ་གནང༌། ཡང་བནྡེ་དར་མ་སྐྱབས་ཀྱིས་མར་པ་ལོ་ཙཱ་བ་ལ་ཡང་ཞུས། དེ་ལ་ཡང་ཤུད་བུ་བཀྲ་ཤིས་འོད་ཟེར་གྱིས་ཞུས་སོ། །ཡང་ཉེ་བརྒྱུད་ནི། ནག་
རྒྱལ་ལྷ་ཆུའི་དབེན་གནས་སུ་སློབ་དཔོན་པདྨ་དངོས་སུ་བྱོན་ནས་གྲུབ་ཐོབ་འདར་འཕྱར་ལ། ཡང་གསང་ཁྲོས་པ་ལྷ་དགུའི་མན་ངག་བཀའ་སྲུང་འདི་དང་བཅས་པ་གནང་བར་གྲགས་ཤིང༌། ཡང་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། སློབ་དཔོན་པདྨ་བོད་དུ་སྤྱན་དྲངས་དུས་བསམ་ཡས་ཀྱི་གཙུག་ལག་ཁང་དུ་སྦས་པ། གནུབས་སངས་རྒྱས་ཡེ་ཤེས་ཀྱིས་གཏེར་ནས་བཏོན་པའི་སྲོག་བདག་ཡམ་ཤུད་དམར་པོའི་སྒྲུབ་ཡིག་རྒྱས་འབྲིང་བསྡུས་གསུམ། དྲག་པོ་ལས་ཀྱི་ཤོག་དྲིལ་བཅུ་དང་བཅས་པ་སྔགས་འཆང་དྲག་སྔགས་ཀྱི་བདག་པོ་བསྣུབས་པ་དག་ལས་བརྒྱུད་པ་དང༌། གཞན་ཡང་མང་ཡུལ་བྱམས་སྤྲིན་གྱི་ལྷ་ཁང་དང༌། སྤ་གྲོ་སྐྱེར་ཆུ་དང༌། རུ་ལག་རྒྱང་གི་བྲག་རི་རྣམས་ནས་བཏོན་པའི་སྲུང་མ་འདིའི་སྒྲུབ་ཐབས་ཀྱི་རིགས་ཤིན་ཏུ་མང་བ་དག་སྣང་ཞིང༌། སྒྲུབ་ཚུལ་ལའང༌། གནོད་སྦྱིན་ཕོ་རྐྱང་དུ་སྒྲུབ་པ་དང༌། གདོང་དམར་མོ་རྐྱང་དུ་སྒྲུབ་པ་དང༌། གཙོ་འཁོར་གཉིས་སུ་སྒྲུབ་པ་དང༌། ལྕམ་དྲལ་གསུམ་དུ་སྒྲུབ་པ་དང༌། ཤན་པ་དགུ་སྐོར་གྱི་སྒྲུབ་པ། རོ་ཤན་ཉི་ཤུ་རྩ་གཅིག་གིས་བསྐོར་བ། ཐམས་ཅད་སྦགས་ཏེ་སྒྲུབ་པ། དེ་ལའང་མྱུར་ཞིང་རྣོ་བའི་ཕྱིར། དགྲ་ཕོ་སྒྲོལ་བའི་ཕྱིར་ཕོ་རྒྱུད་གཙོ་བོར་སྒྲུབ་པ། དགྲ་མོ་སྒྲོལ་བའི་ཕྱིར་མོ་རྒྱུད་གཙོ་མོར་སྒྲུབ་པ། ཕོ་རྒྱུད་ལའང་བཙན་རྒོད་ལྟར་སྒྲུབ་པ་རྟ་ལ་ཞོན་པ། སྲོག་བདག་ལྟར་སྒྲུབ་པ་ར་སྐྱེས་ལ་ཞོན་པ། བཀའ་སྡོད་ལྟར་སྒྲུབ་པ་རྐང་ཐང་ཅན་ལ་སོགས་པ་མང་དུ་ཡོད་ཅིང་དེ་རྣམས་ལ་ལྷ་དང༌། སྔགས་དང༌། སྒྲུབ་རྫས་དང༌། སྒྲུབ་ཚུལ་གྱི་ཁྱད་པར་མི་འདྲ་བ་དུ་མ་ཞིག་ཡོད་པ་རྣམས་ཐུན་མོང་བ་རྣམས་མི་འགལ་ཞིང༌། ཐུན་མོང་མ་ཡིན་པ་མ་འདྲེས་པའི་སྒོ་ནས་སོ་སོར་སྟོན་ཤེས་པའི་བླ་མ་མན་ངག་ལྡན་པ་ཞིག་མི་བསྟེན་ཁ་མེད་དུ་སྣང་བས། འདི་སྒྲུབ་པར་འདོད་པའི་དཔྱོད་ལྡན་དག་གིས་ཤེས་པར་བྱོས་ཤིག དིང་སང་སྲུང་མ་འདི་ལ་མྱུར་ཞིང་རྩུབ་ཆེ་བས་བསྟན་པར་རློམ་པ་མང་ཡང༌། ཕལ་ཆེར་གཏོར་བསྔོས་རྐྱང་པར་བྱེད་པ་མ་གཏོགས། མན་ངག་གི་གནད་ཅུང་ཟད་ཙམ་ཡང་རྣ་བས་མ་ཐོས་པ་འབའ་ཞིག་ཏུ་སྣང་ངོ༌། །འདིར་
ནི་རྒྱུད་གཉིས་དང་ཤྲཱི་དྷ་ར་ཀྲ་ཤུའི་དགོངས་པ། བླ་མ་གཉན་ལོ་ཙཱ་བའི་བཞེད་སྲོལ། མཁས་གྲུབ་ཀྱི་བླ་མ་དམ་པ་གསུམ་གྱི་མན་ངག་གིས་བརྒྱན་ཏེ། ལས་མྱུར་ཞིང་རྩུབ་པའི་རྐང་ཐང་ཅན་འཁོར་བཅས་ཀྱི་སྒྲུབ་ཚུལ་ལག་ཏུ་བླང་བའི་ཐབས་བཤད་པར་བྱའོ། །གཉིས་པ་སྒྲུབ་ཐབས་དངོས་ལ་གཉིས་ལས། དང་པོ་རྟེན་བཅའ་བ་ནི། ཕྱིའི་རྟེན་དུ་རྟ་དམར་པོ། གཡག་ཁམ་པ། ར་སྐྱེས་དམར་པོ། ཁྱི་དམར་པོ། ལུག་དམར་པོ་ལྕགས་ཁ་རྣམས་ཕུམ་ཕུམ་དང་སོག་ཤུལ་ལ་ལྕམ་དྲལ་གྱི་སྲོག་སྙིང་རྒྱ་ཤོག་ལ་གསེར་རམ་གྲི་ཁྲག་གིས་བྲིས་པའི་མཐར། རྟེན་འདི་ལ་བཞུགས་ནས་སྒྲུབ་པ་པོ་བདག་གི་སྲུང་མ་མཛོད། མི་ནོར་དང་དགོན་ནས་དང་གནས་གཞིའི་གཉེར་མཛོད། ཁྱེར་བ་པོ་ལ་ཆོ་འཕྲུལ་སྣ་ཚོགས་སྟོན་ལ་མྱུར་དུ་ཁུག་ཅིག ཅེས་པའི་སྤེལ་ཚིག་དང་བཅས་པ་དར་དམར་པོའི་སྐུད་པས་དཀྲིས་པ། འབྲུ་སྣ། སྨན་སྣ། རིན་པོ་ཆེ། དར་ཟབ་དང་བཅས་པའི་ཐུམ་བུ་དར་དམར་པོས་དྲིལ་བ་མི་མངོན་པར་བཏགས་ཏེ་ཆོ་ག་བཞིན་བཙུགས་པ་དང༌། ནང་གི་རྟེན་དུ་སྨྱུག་རྒོད་ཚིགས་གསུམ་པའི་སྦུབས་སྨན་དང་རིན་པོ་ཆེས་བཀང་བ། དུར་བྱའམ་འུག་པའི་སྤུས་བརྒྱན་པ། གྲི་ལྕགས་ཀྱི་མདེའུ་གྲི་རྒྱུས་ཀྱིས་བསྡམས་པ། གྲི་ཁྲག་གིས་ལྟོང་ལ་ཡི་གེ་པྲྃ། རྐེད་པ་ལ་ཛཿ མདེའུ་ལ་རྦད་བྲིས་པའི་མགུལ་དུ་དར་ཟབ་དམར་པོ་ཁ་ལོངས་པ་ལ་ཡབ་ཀྱི་སྲོག་སྙིང་གསེར་གྱིས་བྲིས་པ་དང༌། དར་ནག་ལ་ཡུམ་གྱི་སྲོག་སྙིང་གསེར་གྱིས་བྲིས་པ་གདགས། ཡུམ་གྱི་རྟེན་དུ་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་སྣས་དཀྲིས་པ་དང༌། ལས་མཁན་རྟེན་དུ་ཟངས་དམར་གྱི་ཕུར་པ་སོར་བརྒྱད་པ་གྲི་རྒྱུས་ཀྱིས་མགུལ་དུ་བཏགས་པ་བཤམ། གསང་བའི་རྟེན་དུ་སྨྱུག་རྒོད་ཚིགས་དགུ་པའི་མགོ་མཇུག་ཏུ་སེང་ལྡེང་གི་རྡོ་རྗེ་རྩེ་ལྔ་པ་ཕྱེད་པས་བཀག་པའི་ནང་དུ་ཡི་དམ་གྱི་སྲོག་གི་མཇུག་ཏུ་གནོད་སྦྱིན་ལྕམ་དྲལ་གྱི་སྲོག་སྔགས་འབྲུ་ལྡོག་སྟེ་བྲིས་པའི་ཤོག་དྲིལ་གྱིས་བཀག་པ་དང༌། ར་སྐྱེས་དམར་པོའི་བླུད་བུའི་ནང་དུ་གྲི་ཁྲག་དང་རྒྱ་སྣག་གིས་ལྕམ་དྲལ་གྱི་སྲོག་སྙིང་སྤེལ་ཚིག་དང་བཅས་པ་ཚར་མང་པོ་བྲིས་པ་གཟུགས། སྐུའི་རྟེན་
ལ་དུར་ཁྲོད་ཀྱི་རས་ལ་གྲི་ཁྲག་གིས་བྲིས་པའི་ལྕམ་དྲལ་གྱི་སྐུ་ཙཀ་ལི། གསུང་གི་རྟེན་དུ་འདིའི་རྒྱུད་སྒྲུབ་ཐབས་ཀྱི་པུསྟི། ཐུགས་ཀྱི་རྟེན་དུ་གསང་བའི་བླ་རྡོ་དང༌། ཤན་པའི་ལག་ནས་བླངས་པའི་ར་དམར་པོའི་ཙིཏྟ་དང༌། ལུག་ནག་པོའི་ཙིཏྟའི་ནང་དུ་ཡབ་དང་ཡུམ་གྱི་སྙིང་པོ་སྤེལ་ཚིག་དང་བཅས་པ་གསེར་རམ་གྲི་ཁྲག་གིས་བྲིས་པའི་ཤོག་དྲིལ་སྨན་དང༌། དྲི་དང༌། རིན་པོ་ཆེ་དང༌། དར་ཟབ་ཀྱིས་བཀང་བ་རྣམས་བཤམ། གཉིས་པ་སྒྲུབ་པ་དངོས་ལ། རྣལ་འབྱོར་པ་དམ་ཚིག་དང་སྡོམ་པར་ལྡན་ཞིང་ཡི་དམ་གྱི་ལྷ་ཁྲོ་བོ་གང་ཡང་རུང་བའམ། ཁྱད་པར་ཤིས་པ་གཤིན་རྗེ་གཤེད་དམ། ཡང་གསང་ཁྲོས་པའི་བསྙེན་པ་མཐར་ཕྱིན་པས་བསྟན་པ་བསྲུང་བའི་ཕྱིར་གནོད་སྦྱིན་ལྕམ་དྲལ་སྒྲུབ་པར་འདོད་པས། ཕོའི་གནས་བྲག་དམར་པོ་གཤིན་རྗེའམ། སོག་པོ་ཁྲོས་པ་འདྲ་བའི་འགྲམ་མམ། བྲག་དང་ཆུ་འཐབ་པ། འུག་པ་དང་སྲིན་བྱའི་སྐད་གྲགས་པ། བཙན་ཡོད་ངེས་པའི་གནས་སུ་སྒྲུབ། ཡུམ་གྱི་གནས་རི་གསུམ་འདུས་པའི་གནས། ཆུ་གསུམ་འདུས་པའི་འགྲམ། མ་མོ་འདུས་པའི་དུར་ཁྲོད་དུ་བསྒྲུབ། དེ་དག་ནི་ཤིན་ཏུ་འགྲུབ་པའི་གནས་ཡིན་ལ། དེ་དག་ཡེ་མ་གྲུབ་ན་བྲག་ཕུག་ལ་སོགས་པ་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་གནམ་སའི་རྒྱན་དགྲམ་པ་སོགས་དང༌། ཡི་དམ་དང་གནོད་སྦྱིན་འཁོར་བཅས་ཀྱི་བྲིས་སྐུ་སོགས་ལེགས་པར་བཤམས་པའི་མདུན་ངོགས་སུ། ཕྱི་རབས་ཆོད་པའི་རི་ཧྲུལ་གྱི་ས་དང༌། དུར་ཁུང་གི་ས་དམར་པོ་རྣམས་བོང་བུ་གྭ་དམར་དང་ར་ཐུག་གི་ཆུས་ཁུ་བ་བྱས་པའི་སྟེགས་བུ་མདའ་གང་གྲུ་བཞི་པ་བརྩིག དེའི་དབུས་སུ་འབྲུབ་ཁུང་གྲུ་གསུམ་ཁྲུ་གང་བ། གཏིང་དུ་མཛུབ་གང་གི་དཔངས་ཡོད་པ་ཁ་ཁྱེར་དང་ལྡན་པ་བྲུས་ལ། དེ་རྣམས་ལ་བཙན་དུག་དང་རོ་སོལ། ཁྱི་དམར་གྱི་ཁྲག ར་དམར་གྱི་ཁྲག གྲི་ཁྲག་རྣམས་སྦྱར་བས་བྱུགས། འབྲུབ་ཁུང་གི་མཐིལ་དུ་དུར་ཐལ་གྲི་རུས་ཀྱི་ཕྱེ་མ་དགྲམ། དེ་ནས་དུག་གིས་བསད་པའི་ཁྲག་གིས་དགྲའི་ལིང་ག་སོར་བཞི་པ་ཤོག་བུ་ལ་བྲིས་པའི་དཔྲལ་བར་རུས། སྙིང་གར་མིང༌།
བརླ་ལ་བླ་དགས། ཡན་ལག་བཞི་ལ་ཛཿབཞི། དཔུང་མགོ་གཉིས། པུས་མོ་གཉིས། སྤྱི་བོ་རྣམས་སུ་རྦད། མཐའ་མ་ལ་གཉེན་བཤེས་ཡི་མིང་གིས་བསྐོར། དེ་རྣམས་ཀྱི་མཐར། མཱ་ར་ཡ་ཧཱུྃ་ཕཊ་བྲིས། དེ་ལ་འགུགས་གཞུག་ཡིད་ཆེས་པ་བྱས་ལ་བསྟབས་ནས་གྲི་སྐུད་ཀྱིས་བཅིངས། ཁྱི་དང་མིའི་རུས་པ། སྤྱང་ཀིའི་བྲུན། མགར་བའི་ཚྭ་རྡོག དགྲའི་ཡུལ་ལམ་གནས་གཞིའི་སྒོའི་ཤིང༌། མགར་བའི་འོག་རྡོ་དང༌། ཐོ་བའི་ལྕགས་ཀྱི་དུམ་བུ། མི་སྡིག་ཅན་གྱི་སྐྲ་དང་བྲུན། དམིགས་པའི་དགྲ་གང་ཡིན་གྱི་དྲི་མ་བཤང་གཅི་སོགས་གང་རྙེད། དེ་རྣམས་ཞིབ་པར་བརྡུངས་པའི་ཁུ་བ་གྲི་ཁྲག་གིས་སྦྲུས་པའི་ལིང་ག་སོར་བརྒྱད་པའི་སྙིང་གར་བཅུག་ལ། དེ་བཅིངས་པའི་གྲི་རྒྱུས་དྲངས་ཏེ་ལིང་གའི་སྐེ་ལ་སེ་ཆིང་དུ་བཅིངས། ལིང་ག་དེ་འབྲུབ་ཁུང་གི་མཐིལ་དུ་བཞག ར་དམར་པོའམ། ཁྱི་དམར་པོའི་སོག་པའི་ནང་ངོས་གྲི་ཁྲག་དང༌། སྦྲང་རྒོད་ལ་བཙན་དུག་དང༌། ཐང་ཕྲོམ་དང༌། རྒྱ་སྣག་སྦྱར་བ་བྱུགས་པ་གཅིག་གི་ངོས་ལ། འུག་པའི་སྒྲོ་རྩའི་མྱུ་གུས་ར་དམར་ཁྱི་དམར་གྱི་ཁྲག་དང༌། ཟངས་ཕྱི་སྦྱར་བས་ཕོའི་འཁོར་ལོ་དཔེའུ་ཆུང་ལྟར་བྲིས། ཕྱི་ངོས་སྨྱུག་གཙང་གིས་བཙན་དུག་དང༌། ལུག་ནག་གི་ཁྲག་དང༌། གྲི་ལྕགས་ཀྱི་ཕྱེ་མ་སྦྱར་བས་མོའི་འཁོར་ལོ་དཔེའུ་ཆུང་ལྟར་བྲི། དེ་གཉིས་ཁ་སྦྱོར་བའི་བར་དུ་རོ་རས་ལ་གྲི་ཁྲག་གིས་དགྲ་བོའི་ལིང་ག་མན་ངག་ལྟར་བྲིས་པ་བཅུག་ནས། སྔར་གྱི་ལིང་གའི་རྐེ་ལ་བཏགས་པའི་གྲི་རྒྱུས་ཀྱིས་རྒྱ་གྲམ་དུ་བསྡམ། བྲུབ་ཁུང་གི་ཁ་གཡམ་དམར་པོས་འགྲིགས་པར་བཅད། དེའི་སྟེང་དུ་མཉྫི་དམའ་བ་གཅིག་གི་སྟེང་དུ་གྲི་ཐོད་ཚད་ལྡན་གྱི་ནང་དུ་ཐུགས་ཀྱི་རྟེན་སྙིང་གཉིས། གསང་བའི་བླ་རྡོ་རྫས་ཅན་མན་ངག་ལྟར་བཅས་ལ། རིན་པོ་ཆེ། སྨན་སྣ། འབྲུ་སྣ། དྲི་བཟང་པོ། དར་ཟབ་མང་པོ་རྣམས་ཀྱིས་ཕྱུར་བུར་བཀང་བ་དར་དམར་པོས་དྲིལ་ཏེ་བཞག དེའི་སྟེང་དུ་ཆེས་མཐོ་བའི་མཉྫི་སོགས་ཀྱི་ཁར་འབྲུ་སྣ་ཚོགས་ཁྲག་གིས་སྦྲུས་པའི་གཏོར་མ་དམར་པོ་གསུམ་བཤམས། དེ་ལ་ནང་རྟེན་གྱི་མདའ་
དར་མགུལ་དུ་སྐུའི་རྟེན་ཙཀ་ལི་བཏགས་པ་དང༌། གསང་རྟེན་སྨྱུག་རྒོད་ཚིགས་དགུ་པ་བཅུག་ལ་བཞག འབྲུབ་ཁུང་གི་ཁ་ཁྱེར་ལ་དུག་ཤིང་གི་རྩང་རྡོ་རྗེ་རྩེ་གཅིག་པའི་དབྱིབས་ཅན་དུག་ཁྲག་གིས་བྱུགས་པ་ཉེར་གཅིག་སྲིན་མོ་འགྲོས་སུ་བཙུག འབྲུབ་ཁུང་གི་གཡས་ངོས་ཀྱི་སྟེགས་བུའི་ཁར་ཟངས་ཕུར་གྲི་ཁྲག་གིས་ངར་བླུད་པ་ཕུར་ཁུང་དུ་གཟུགས་པ་ལ་ལིང་གའི་གྲི་རྒྱུས་ཐུན་ཁུང་ལས་དྲངས་ཏེ་བརྟོད་ལ་བཞག གཡོན་ངོས་ལ་སེང་ལྡེང་གི་ཕུར་བུ་ཡུམ་གྱི་སྔགས་བྲིས་པ་ཕུར་གདན་ལ་བཙུག མདུན་དུ་འཁོར་བཅས་ཀྱི་རྟག་གཏོར་དང༌། འཕྲལ་དུ་ཕུལ་བའི་གཏོར་མ་ཁྲག་ཆང་གི་མཆོད་ཡོན་སོགས་ཉེར་སྤྱོད་ལྔ་དང་བཅས་པ་བཤམ། དེ་ཐམས་ཅད་ཀྱི་ཐོག་ལ་ར་དམར་གྱི་བླུད་བུ་སྔགས་ཅན་གྱི་ནང་དུ་སྤྲེའུ་དང༌། ཝ་དང༌། སྟག་དང༌། སྤྱང་ཀི་ལ་སོགས་པ་གཅན་གཟན་གྱི་རིགས་མང་པོའི་སྤུ་དང་མཆེ་སྡེར་གང་རྙེད། འུག་པ་དང༌། ཁྲ་དང༌། སྲིན་བྱ་དང༌། བྱ་རོག་ལ་སོགས་པ་འདབ་ཆགས་ཀྱི་སྒྲོ་དང་མཆེ་སྡེར་རྙེད་ཚད། གླ་བ་དང་ཤ་བ་ལ་སོགས་པའི་རི་དྭགས་མང་པོའི་སྤུ་དང་བཅས་པ་བཅུག་ལ་བཏགས། དེའི་གཡས་གཡོན་དུ་སྲིན་བྱ་འུག་པ་གང་རྙེད་ཀྱི་གསོབ་ཀྱང་བཤམ། དེ་ནས་སྒྲུབ་པ་པོས་ཡི་དམ་ལྷ་གང་ཡིན་པའི་བདག་བསྐྱེད་བཟླས་པ་དང་བཅས་པ་ཚང་བར་བྱས་ནས། མདུན་གྱི་མཆོད་རྫས་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྟོང་པར་སྦྱང༌། སྟོང་པའི་ངང་ལས་གནོད་སྦྱིན་འཁོར་བཅས་སུ་བསྐྱེད་ལ། དེ་ལ་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ་དམ་བཞག་མཆོད་བསྟོད་གཏོར་མ་འབུལ་བ་རྣམས་ལས་བྱང་ལྟར་བྱ། དེ་ནས་ཡི་དམ་གྱི་སྔགས་བརྒྱ་རྩ་ཙམ་གྱིས་གཉའ་མནན་ཏེ། རང་གི་སྙིང་ག་ནས་འོད་ཟེར་དམར་པོ་ཆེ་ཞིང་འོད་འབར་བ་འཕྲོས་པས་མདུན་གྱི་ལྕམ་དྲལ་གྱི་ས་བོན་ལ་ཕོག་པས་དམར་ཞིང་ཆགས་པའི་རང་བཞིན་དུ་གྱུར། འོད་ཟེར་ཚུར་འདུས་པ་དང་ལྷན་ཅིག་ལྕམ་དྲལ་གྱི་ནུས་མཐུ་ཐམས་ཅད་བདག་ལ་ཐིམ་ཞིང་བཀའ་ཉན་གསུང་སྡོད་པར་བསམས་ལ། ཨོཾ་པྲཱ་ཎ་ཨཱཏྨ་ཀྵེ་རུ་པུ་རུ་ཥ་ལུ་ཧི་ཏ་སརྦ་ཤ་ཏྲཱུཾ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་ཡབ་ཀྱི་སྲོག་སྔགས་དང༌། ཨོཾ་རཀྨོ་ཡ་མ་ཙིཏྟ་ཛྭ་ལ་རཾ་པྲ་ཏི་དེ་ཝཱི་
ཧཱུྃ་སྲོག་ལ་ཡ་མ་ཛཿ སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་ཕཊ། ཅེས་ཡུམ་གྱི་སྙིང་པོ་དང་སྦྲེལ་ཏེ་ཐུན་བཞིར་བཅད་ནས་མི་ཚིག་གིས་བར་མ་ཆོད་པར་བཟླའོ། །དེ་ཡང་རྒྱུད་ལས། སུམ་འབུམ་གྲངས་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་ཞིང་བླ་མ་དམ་པ་རྣམས་ཀྱིས་བཞི་འགྱུར་བྱས་པའི་འབུམ་ཕྲག་བཅུ་གཉིས་གྲངས་ཀྱི་བསྙེན་པར་བཞེད་པའོ། །འདིར་མཚན་མ་གཙོ་ཆེ་བས་མདུན་གྱི་སྙིང་ལ་སོགས་པའི་རྟེན་རྫས་འགུལ་ཞིང་འཕར་བ་དང༌། ཚེགས་སྒྲ་ལ་སོགས་པའི་སྒྲ་འབྱིན་པ་དང༌། མེ་འབར་བ་ལ་སོགས་པ་དང༌། གཞན་ཡང་དངོས་ཉམས་རྨི་ལམ་སོགས་པར་ལྕམ་དྲལ་འཁོར་བཅས་ཞལ་མཐོང་བ་དང༌། མི་དམར་པོ་ཤའི་རལ་པ་ཅན་དང༌། བུད་མེད་ནག་མོ་ཁྲག་གི་རལ་པ་ཅན་དང༌། མི་ཆེན་དང༌། སྔགས་པ་ཆས་བཟང་རྒྱན་གྱིས་བརྒྱན་པ། ཆུ་ཆེན་པོའི་རྦ་ཀློང་འཁྲུགས་པ། ལུང་པ་མེས་ཁེངས་པ། གོ་གྱོན་ཞིང་ཆས་སུ་གཞུག་པའི་རྟ་པ་མང་པོ་རྒྱུག་པ། དམག་དཔུང་ཆེན་པོ། བུད་མེད་གཞོན་ནུ་མང་པོ་དགའ་ཞིང་རྩེ་བ། ཁྱི་དམར་པོ་ཆེན་པོ། སྤྱང་ཀི་དང་མི་དྲེད་ལ་སོགས་པ། རྟ་དམར་ཞུར་དང༌། སྔོན་པོ་ཤིན་ཏུ་ཆེ་བ། སྲིན་བྱ་འུག་པ་ལ་སོགས་པའི་རྣམ་འཕྲུལ་སྣ་ཚོགས་ལན་གཅིག་མ་ཡིན་པ་ཡང་ཡང་འབྱུང་བ་ནི་ཉེ་བའི་རྟགས་ཡིན་ལ། དངོས་སུ་སྙིང་མི་དགའ་བ། འཇིགས་ཤིང་བ་སྤུ་ལྡང་བ། ཉམས་དང་རྨི་ལམ་དུ་མཛེ་ཕོ་མང་པོ་འབྱུང་བ་ནི་བཟློག་པའི་རྟགས་ཡིན་པས། ཡི་དམ་གྱི་ང་རྒྱལ་བསྐྱེད་ཅིང་ལྟ་བ་ལ་བློ་འཇོག སྐོང་བཤགས་མཆོད་བསྟོད་ལ་བརྩོན་པར་བྱའོ། །དེ་ལ་བསྙེན་པ་སྔོན་དུ་སོང་བའི་རྣལ་འབྱོར་པས་སྒྲུབ་ཅིང་ལས་ལ་སྦྱར་བའི་ཚུལ་ནི། བདག་མདུན་བསྐྱེད་ཆོག་སོགས་སྔར་ལྟར་བྱས་པའི་རྗེས་སུ། མདུན་གྱི་འབྲུབ་ཁུང་ལིང་ག་དང་བཅས་པ་བསང་སྦྱང༌། སྟོང་པའི་ངང་ལས་ཁྃ་ལས་གནམ་ལྕགས་ཀྱི་ཁང་སྒྲོམ་གྲུ་གསུམ་པ་མེ་རླུང་འཚུབས་པའི་དབུས་སུ་ནྲྀ་ལས་དགྲ་བོ་གང་ཡིན་པ་མངོན་སུམ་བཞིན་དུ་འདར་ཡེད་པར་བསམས་ལ། རང་གི་ཐུགས་ཀ་ནས་འོད་ཟེར་ཚ་ཞིང་རྩུབ་པ་མེའི་རང་བཞིན་ཅན་འཕྲོས་པས་ལྕམ་དྲལ་གྱི་ཐུགས་ཀའི་ས་བོན་ལ་ཕོག་པས་རང་
དབང་མེད་པར་ཁྲོ་ཞིང་འཁྲུགས་པའི་ཉམས་ཅན་དུ་གྱུར། དེ་རྣམས་ལས་རང་འདྲའི་སྤྲུལ་པ་ཡང་སྤྲུལ་ཕྱོགས་བཅུར་འཕྲོས་པས་དགྲ་བགེགས་གང་ན་ཡོད་པའི་གནས་ནས་བཀུག་སྟེ། མདུན་གྱི་ལིང་ག་ལ་ཐིམ་ཞིང་སྐྱོབ་པའི་ལྷ་ཐམས་ཅད་རྒྱང་རིང་དུ་བསྐྲད་པར་བསམས་ལ། སྔགས་འདྲེས་པ་ཁྲི་ཕྲག་གསུམ་ལ་སོགས་པ་བཟླས་པས། དགྲ་བོ་དངོས་སུ་ཁྲིད་ནས་འབྲུབ་ཁུང་དུ་བཅུག་པ་དང༌། ཤན་པ་གྲི་ཐོགས་པ་མང་པོ་ལས་ཅི་བགྱི་ཟེར་བ་སོགས་ཉམས་སམ་རྨི་ལམ་དུ་འབྱུང་ངོ༌། །ལས་སྦྱོར་དངོས་ལ་འཁོར་ལོས་བསད་པ་ནི། འཁོར་ལོ་བསང་སྦྱང་སྟོང་པའི་ངང་ལས་ཕོ་འཁོར་མེའི་རང་བཞིན་ཚ་ཞིང་རྩུབ་པ། མོ་འཁོར་ཆུའི་རང་བཞིན་གྲང་ཞིང་བསིལ་པ་གཉིས་ཀའང་བསད་སྔགས་ཀྱི་ང་རོ་འབྲུག་ལྟར་ལྡིར་བའི་བར་དུ་ལིང་ག་དགྲ་བོ་དངོས་སུ་གསལ་བ་ཚལ་པ་ཚལ་པར་བཏང་བར་བསམས་ལ་སྔགས་དྲག་ཏུ་བཟླ། ཐུན་གྱིས་བསད་པ་ནི། འབྲུབ་ཁུང་ནང་གི་ལིང་ག་དགྲ་བོར་གསལ་བ་ལ། གནོད་སྦྱིན་འཁོར་བཅས་ཀྱིས་མཚོན་ཆའི་ཆར་ཕབ་ནས་ཐལ་བ་རྡུལ་ཕྲན་དུ་གཏོང་བར་བསམ་ཞིང༌། ཡུངས་དཀར་ནག བྲ་བོ། སྐྱེ་ཚེ། ཟངས་ལྕགས་ཕྱེ་མ། གྲིར་ཤི་བའི་རོ་བསྲེགས་པའི་ཐལ་ཆེན་རྣམས་བསྲེས་པའི་ཐུན་གྱིས་བྲབ་ཅིང་བསད་སྔགས་བཟླའོ། །དེ་ལྟར་ཐུན་བཞིར་བཅད་ཅིང༌། ཐུན་མཚམས་སུ་ལྕམ་དྲལ་ལ་དམར་གཏོར་རའི་ཁྲག་གིས་བརྒྱན་པ་དབུལ་ཞིང་བསྐུལ་དྲག་ཏུ་བྱ། དམོད་མོ་གདབ་ཅིང་དགྲ་ཕྱོགས་སུ་འཕང༌། དེ་ཚེ་སྲོག་ཆགས་མང་པོ་བསད་པའི་ཤ་ཁྲག་དམར་ཉོག་ཉོག་པ་དང༌། སྤྱང་ཀིས་ར་ལུག་བསད་པ་དང༌། ཁྲས་བྱིའུ་བསད་པ་དང༌། ཤན་པ་ལ་སོགས་པའི་མི་མང་པོ་འཚོགས་ནས་ཤ་དམར་པོ་ཟ་བ་དང༌། མགོ་དང་སྙིང་དང་ནང་ཁྲོལ་ལ་སོགས་པ་ལག་ཏུ་གཏད་པའི་རྣམ་པ་ཉམས་དང་རྨི་ལམ་སོགས་སུ་ངེས་པར་བྱུང་ན་ལས་གྲུབ་པ་ཡིན་པས། རྟེན་གྱི་མདའ་ཤན་པའི་གཞུ་ལ་བཀང་སྟེ། བྲུབ་ཁུང་ནང་གི་ལིང་གའི་སྙིང་བར་བརྒྱབས་པས་རྣམ་ཤེས་མར་མེ་ལྟ་བུ་དེ་ནག་ཐུམ་སོང་ནས་ཆོས་ཉིད་དུ་ཐིམ་པར་བསམ་མོ། །སྟེང་གི་གཏོར་མ་གནོད་སྦྱིན་འཁོར་བཅས་སུ་གསལ་བ་དགྲ་བགེགས་ལ་འཕྲོས་
པ་འོད་དུ་ཞུ་ནས་མཚོན་ཆ་དང་ནད་དུག་གི་རང་བཞིན་དུ་གྱུར་པས། དགྲ་བོའི་ལུས་ཕྲ་རབ་ཏུ་བཏང་བར་བསམས་ལ་འབྲུབ་ཁུང་ནང་དུ་ཁ་ཚོགས་སུ་གདབ་བོ། །དེ་ནས་འབྲུབ་ཁུང་གི་གཏོར་མ་ལིང་རོ་སྔགས་ཀྱི་འཁོར་ལོ་དང་བཅས་པ་བཏོན་ནས་རེ་བས་བསྟུམ། ར་དམར་པོའི་པགས་པ་ལ་དྲིལ་ནས་མཆོད་རྟེན་འདྲེ་ཅན་ནམ་བྲག་དམར་པོ་བདུད་བཙན་དྲག་པོ་གནས་པའི་འགྲམ་དུ་སྦ་ཞིང་གནོད་སྦྱིན་འཁོར་དང་བཅས་པ་དང༌། གནས་དེའི་གཞི་བདག་ལ་གཏད་གཉེར་བདེན་བདར་དྲག་པོ་བྱ། དུས་གཟའ་མིག་དམར་དང༌། སྐར་མ་བྱ་མཆུ་དང་ཁྲ་ལ་བྱེད་པར་བཤད་དོ། །དངོས་གཞིའི་འཁོར་ལོ་སྒོམ་བཟླས་གཙོ་བོར་བྱས་ན་དགྲ་སྨྱོ་བ་དང་ལྕེབ་པ་ལ་སོགས་པ་འབྱུང༌། ཐུན་གཙོ་བོར་བྱས་ན་གྲི་རུ་འཆིའོ། །གང་ལྟར་ཡང་འདི་ལྟར་བྱས་པས་ཡུན་རིང་མི་འགོར་བར་ཞག་དང་ཟ་མ་ལ་བརླག་པར་བཤད་པས་དམ་དུ་སྦ་ཞིང་ལྟས་ངན་ཆོ་འཕྲུལ་གཏོང་བར་འདོད་ན་སྔར་གྱི་རའི་བླུད་བུའི་ནང་གི་སྤུ་རྣམས་དགྲ་ཕྱོགས་སུ་གཏོར་ཞིང་བླུད་བུ་དྲག་ཏུ་བརྡབས། ཐུན་གྱི་མཐར་གཏོང་བའི་གཏོར་མ་ལའང་ལྟས་ངན་གྱི་སྤུ་སྣ་ཚོགས་པ་བཙུག་སྟེ་ཟོར་དུ་འཕང་ངོ༌། །དེ་ལྟར་ཡུན་རིང་དུ་བསྒྲུབས་ཀྱང་རྟགས་མེད་པ་དང༌། ནང་རྟགས་བྱུང་ཡང་ཕྱི་རུ་ལས་མི་འགྲུབ་པ་ལ་སོགས་པ་དང༌། འཁུ་ཞིང་བཟློག་ན་ཤི་ས་བསྟན་པ་ནི། སྔར་གྱི་ར་དམར་གྱི་བླུད་བུར་ཙཀ་ལི་གཉིས་འཁོར་ལོ་ལིང་ག་དང་བཅས་པ་བཅུག་ལ། དེར་མ་རུ་ཙེའི་གྲོང་ཁྱེར་གྱི་ནང་གནོད་སྦྱིན་འཁོར་ལོ། དེའི་མདུན་དུ་དགྲ་བགེགས་དང་བཅས་པ་གསལ་བཏབ། རང་གཤིན་རྗེ་གཤེད་ཀྱི་ང་རྒྱལ་བརྟན་པོ་དང་ལྡན་པས་སྨྱུག་མ་ཚིགས་དགུ་པ་རྡོ་རྗེའི་དབྱུག་པར་བསམས་ལ། སྲོག་སྔགས་མགོ་མཇུག་བཟློག་ལ་དྲག་ཏུ་བཟླ་ཞིང་བྲབས་པས་མ་རུ་ཙེའི་གྲོང་ཁྱེར་ཐམས་ཅད་ས་གཡོས་མཚོ་འཁྲུགས། རི་འགུལ་ཞིང་གནོད་སྦྱིན་འཁོར་ལོས་ཀྱང་འཇིགས་ཤིང་སྐྲག་པས། དགྲ་བགེགས་ཐམས་ཅད་དེ་མ་ཐག་བསད་བཅད་ཀྱི་ལས་བྱས་ཏེ་ཤ་རུས་ཐམས་ཅད་རྗེས་མེད་དུ་གསོལ་བར་བསམ། དེ་ལྟ་བུ་ཞག་གཅིག་གམ་གཉིས་སམ་གསུམ་གྱི་བར་དུ་ཐུན་བཞིར་བྱས་པས་མི་འགྲུབ་མི་སྲིད་ཅིང༌། འགྲུབ་པ་དང་ཕྱི་
རྟེན་རྣམས་བཏོན་ལ་མེ་ལོང་ཁྲུས་གསོལ་ཞིང་གཏང་རག་གི་མཆོད་བསྟོད་བཟང་དུ་བཏང་བས་མཉེས་པར་བྱ། དེ་ཡང་ཡེ་སྡུག་ན་མིན་པ་བྱུང་ཚད་ལ་བྱར་མི་རུང་གསུངས་སོ། །དེང་སང་སྲུང་མ་འདིའི་རྗེས་གནང་ཙམ་ཐོབ་པ་དང༌། གཏོར་མ་འབུལ་མཁན་ཅུང་ཟད་སྣང་མོད། འདི་ལྟ་བུའི་བསྙེན་སྒྲུབ་ལས་གསུམ་གྱི་རྣམ་དབྱེར་ཤེས་པ་ཉིན་མོའི་སྐར་མ་བས་ཀྱང་ཆེས་དཀོན་ཞིང་འདི་སྐོར་གྱི་གདམས་པ་ཆ་ཚང་ཟོང་དུ་གསེར་གྱི་ཁུར་པོ་ཁུར་ནས་རྒྱལ་ཁམས་ཀུན་ཏུ་བཙལ་ཀྱང་རྙེད་པའི་གནས་མེད་ལ། སྤྱིར་ཆོས་སྐྱོང་འདི་ཉིད་ལ་གཏོར་བསྔོ་ཆག་མེད་ཙམ་གྱིས་ཀྱང་ལས་ཕྲ་མོ་ཕལ་ཆེར་བདེ་བླག་ཏུ་འགྲུབ་པར་སྣང་ཞིང་འདི་འདྲའི་གདམས་ངག་གི་སྒོ་ནས་བསྒྲུབས་ན་ཐེ་ཚོམ་མེད་པར་ལས་ཐམས་ཅད་བྱེད་ངེས་འདུག་པས། སུ་རུང་རུང་ལ་སྟོན་པར་མི་བྱ་བ་ནི་དམ་ཚིག་གོ །ས་མ་ཡ། རྒྱ་རྒྱ་རྒྱ། འདི་ཉིད་མཚུངས་མེད་དམ་པ་བློ་གསལ་རྒྱ་མཚོས་མཛད་པར་གྲགས།། །།སརྦ་མངྒ་ལཾ།། །།
དཔལ་དུར་ཁྲོད་ཀྱི་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་ལོ།
དཔལ་དུར་ཁྲོད་ཀྱི་བདག་པོའི་རྒྱུད་གསང་བ་སྙིང་གི་འཁོར་ལོ་ཞེས་བྱ་བ་བཞུགས་སོ།།
རྒྱ་གར་སྐད་དུ། ཤྲཱི་ཤྨ་ཤ་ན་ཨ་དྷི་པ་ཏི་གུ་ཧྱ་ཙིཀྲ་ཏནྟྲ། བོད་སྐད་དུ། དཔལ་དུར་ཁྲོད་ཀྱི་བདག་པོའི་གསང་བ་སྙིང་གི་འཁོར་ལོའི་རྒྱུད། དཔལ་ཧེ་རུ་ཀ་ཁམས་གསུམ་ཟིལ་གྱིས་གནོན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། དཔལ་ཧེ་རུ་ཀ་སྐུ་སྐྱེ་བ་མེད་པའི་ངང་ལས། ཡུམ་རྡོ་རྗེ་རྣལ་འབྱོར་མ་དང་གཉིས་སུ་མེད་པའི་སྤྲུལ་པ་ཡང་སྤྲུལ་དང་བཅས་པ་རྣམས་དུར་ཁྲོད་ཆེན་པོའི་དངོས་གྲུབ་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཨོཾ་ཤྲཱི་བཛྲ་ཧེ་ཧེ་རུ་རུ་ཀཾ་ཧུྃ་ཧཱུྃ་ཕཊ། ཨོཾ་ཤྲཱི་བཛྲ་ཡོ་གི་ནི་ཧཱུྃ་ཕཊ། ཅེས་གསུངས་པས། འཇིག་རྟེན་དྲེགས་པ་ཅན་ཐམས་ཅད་བརྒྱལ་བར་གྱུར་ཏེ། བརྒྱལ་བ་སངས་པ་དང༌། འཁོར་དེ་རྣམས་ཀྱི་ནང་ནས་དཔལ་དུར་ཁྲོད་བདག་པོ་སྟན་ལས་ལངས་ཏེ། དཔལ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ། གདུག་པ་འདུལ་མཛད་ཧེ་རུ་ཀ །བསྐལ་པ་སྙིགས་མ་ལྔ་ཡི་དུས། །གདུག་པ་ཅན་རྣམས་འཁྲུག་པ་དང༌། །ས་བདག་ཀླུ་ཡི་ནད་ཡམས་དར། །མ་མོ་མཁའ་འགྲོ་འཁྲུག་པའི་ཚེ། །མི་རྣམས་བསོད་ནམས་ལོངས་སྤྱོད་ཆུང༌། །རང་བསགས་དངོས་པོ་སྤྱད་དབང་མེད། །ཕ་དང་བུ་འབྲལ་ལོངས་སྤྱོད་ཉམས། །དེ་དུས་བཅོམ་ལྡན་བསྟན་པ་ནི། །དཔའ་བོ་བདག་གིས་བསྲུང་བར་བགྱི། །ཞེས་གསོལ་པ་དང༌། དེ་ནས་དཔལ་
ཆེན་ཧེ་རུ་ཀས། །ལེགས་སོ་དུར་ཁྲོད་བདག་པོ་ཁྱོད། །སྲོག་གི་སྙིང་པོ་བདག་ལ་ཕུལ། །ཞེས་གསུངས་པ་དང༌། ཏདྱ་ཐཱ། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་མདོངས་གསོལ་དུ་ཕུལ་ལོ། །དུར་ཁྲོད་བདག་པོའི་གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པོའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །དངོས་གྲུབ་མ་ལུས་འབྱུང་བ་ཡི། །ཡིད་བཞིན་ནོར་བུ་ཞེས་བྱ་སྟེ། །འདི་ཡི་སྒྲུབ་པའི་ཐབས་བསྟན་པ། །དུར་ཁྲོད་ཆེན་པོ་གནས་དག་གམ། །ལྷ་ཁང་ལ་སོགས་དབེན་གནས་སུ། །མཎྜལ་མདའ་གང་རྒྱ་ཕྱེད་བརྩིགས། །དཀྱིལ་དུ་གྲུ་གསུམ་མཐོ་གང་བྲུ། །མི་རྟ་ཁྲག་གིས་ཆག་ཆག་གདབ། །ཟུར་ལ་མཆོག་ཕུར་རེ་རེ་གཟུགས། །སྟེང་དུ་ཐོད་པ་དུམ་གཅིག་པར། །རི་བོང་ལུག་དང་གཡག་རྒོད་ཤ། །དཀར་གསུམ་མངར་གསུམ་ཤིང་ཐོག་འབྲུ། །སྣ་ཚོགས་ཞལ་ཟས་མ་ལུས་པ། །རིན་ཆེན་ལྔ་དང་དར་ཟབ་རས། །སྟག་གཟིག་ལ་སོགས་མི་ནོར་རྣམས། །དངོས་གྲུབ་བླང་ཕྱིར་ཐོད་པ་བཀང༌། །དེ་སྟེང་དུར་ཁྲོད་བདག་པོ་ནི། །རབ་ལ་རིན་ཆེན་ལྔ་ལས་བྱས། །འབྲིང་ནི་བ་སོའམ་རུས་པ་ལས། །ཐ་མ་ས་ལ་རིན་ཆེན་བརྡར། །ཡར་ངོའི་སྐར་མ་རྒྱལ་ལ་ནི། །སྔ་དྲོ་དང་པོའི་དུས་སུ་བྱ། །ཞལ་གཅིག་
ཕྱག་གཉིས་སྐུ་མདོག་དཀར། །དབུ་ལ་རིན་ཆེན་སྣ་ཚོགས་དང༌། །ཐོད་སྐམ་ལྔ་ཡིས་བརྒྱན་པའོ། །བརྒྱ་ཕྱེད་རིན་ཆེན་དོ་ཤལ་བརྒྱན། །ཀེང་རུས་གར་བྱེད་མཆེ་བ་གཙིགས། །ཕྱག་གཡས་ཐོད་དབྱུག་འབར་བ་བསྣམས། །གཡོན་པས་ཐོད་ཁྲག་ཞལ་དུ་གསོལ། །བརྐྱང་བསྐུམ་གར་གྱིས་ལེགས་པར་གནས། །སྣ་ཚོགས་སྒྲུབ་རྫས་སྟེང་ན་བཞུགས། །དར་དཀར་དག་ལ་སྔགས་བྲིས་ལ། །བུད་མེད་མ་རེག་གསེར་དུམ་གཉིས། །དེ་ཡི་ཐུགས་ཀར་གཞུག་པར་བྱ། །དེ་ནི་མི་འགྱུར་གསང་བའི་རྟེན། །སྟེང་ནས་དར་དཀར་གུར་ཁང་ཕུབ། །སྒྲུབ་པ་ཐོན་ནས་བང་མཛོད་སྦ། །དུས་བཟང་མཆོད་གཏོར་དབུལ་བར་བྱ། །དངོས་གྲུབ་གང་འདོད་གསོལ་བ་གདབ། །སྣ་ཚོགས་འབྲུ་ལ་རིན་ཆེན་བརྡར། །ག་བུར་བཟང་དྲུག་ཆུ་ཡིས་བཀྲུ། །སྔར་དང་འདྲ་བའི་སྐུ་བྱས་ལ། །ནང་གི་རྟེན་དུ་གཟུང་བར་བྱ། །དུར་ཁྲོད་རོ་རས་སྐུ་བྲིས་ཏེ། །ཕྱི་རྟེན་དམ་ཚིག་ལུས་ལ་བཅངས། །དཀོན་མཆོག་ཡི་དམ་ཆོས་སྐྱོང་ལ། །མཆོད་གསོལ་དངོས་གྲུབ་སྩོལ་བར་བྱ། །ཨ་མྲྀ་ཏ་དང་ཤ་ལྔ་དང༌། །ཆང་དང་སྣ་ཚོགས་ཟས་ཀྱིས་ནི། །དུར་ཁྲོད་བདག་པོ་ཡབ་ཡུམ་མཆོད། །དེ་ནས་མཚམས་བཅད་བཤགས་པ་བྱ། །ཡན་ལག་བདུན་པས་ཚོགས་བསགས་ནས། །དེ་རྗེས་ཚངས་པའི་གནས་བཞི་དང༌། །ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསྒོམ། །དེ་ནས་བདག་ཉིད་ཧཱུྃ་ལས་ནི། །ཧེ་རུ་ཀར་བསམ་མདུན་དུ་ནི། །དུར་ཁྲོད་བདག་པོ་ཡབ་ཡུམ་བསམ། །གསང་བའི་སྙིང་པོ་འབུམ་དུ་བཟླས། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། དེ་ཡི་མཚན་རྟགས་ལྷས་བསྟན་ནོ། །མགོན་པོ་དངོས་སུ་བྱུང་གྱུར་ན། །གང་འདོད་དངོས་གྲུབ་ཐམས་ཅད་འགྲུབ། །རཏྣའི་ཚོང་པ་བྱུང་གྱུར་ན། །ནོར་གྱི་དངོས་གྲུབ་ཐོབ་པར་ངེས། །ཤིང་ཐོག་བྱུང་ན་ཟས་རྣམས་འདུ། །བ་དང་མ་ཧེ་བྱུང་གྱུར་ན། །དཀར་ཐོག་ཐམས་ཅད་འཕེལ་བར་འགྱུར། །ཏིལ་དང་འབྲས་ལ་སྤྱོད་གྱུར་ན། །ཞིང་ཐོག་ཐམས་ཅད་འཕེལ་བར་འགྱུར། །དུང་འབུད་རྔ་བརྡུང་ཤིན་ཏུ་བཟང༌། །ཉི་མ་ཐལ་དང་གོས་ནག་གྱོན། །རྩོད་པ་འགྱེད་དང་ཟས་ངན་ཟ། །བནྡེ་སྔགས་པ་བྱུང་གྱུར་ན། །མགོན་པོ་ཁྲོས་
པས་སྐོང་བཤགས་བྱ། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་རྩ་བའི་སྒྲུབ་ཐབས་ཀྱི་ལེའུ་སྟེ་གཉིས་པའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །བདག་ཉིད་བསྲུང་དང་གནས་བསྲུང་དང༌། །ཡུལ་ཁམས་གྲོང་ཁྱེར་སྲུང་ཐབས་དང༌། །ཤེས་རབ་འཕེལ་བ་ལ་སོགས་པ། །སྔགས་དང་ཏིང་འཛིན་ལྷ་དང་སྦྱར། །གཞན་གྱི་རིགས་སྔགས་བཟློག་པ་དང༌། །དངོས་གྲུབ་ལ་སོགས་གང་བསྒྲུབས་ཀྱང༌། །དཀྱིལ་འཁོར་རྫས་རྣམས་གོང་ཏུ་བསྟན། །ཏིང་འཛིན་སྔགས་དང་རྩ་བའི་སྔགས། །སྒྲུབ་པ་ཆེན་པོའི་རྟགས་ཐོན་ནས། །ལས་ཚོགས་ཉི་ཤུ་རྩ་གཅིག་པོ། །བསྒྲུབས་ན་གང་སྒྲུབ་མྱུར་དུ་འགྲུབ། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་ལས་ཚོགས་མདོར་བསྟན་པའི་ལེའུ་སྟེ་གསུམ་པའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །གཞན་གྱི་རིག་སྔགས་བཟློག་པ་ནི། །ཁམ་ས་ཐལ་ཆེན་རྒྱུ་དག་ལས། །ཡབ་ཡུམ་སྐུ་བྱས་ཡེ་ཤེས་བསྟིམ། །མཆོད་གཏོར་གསོལ་བ་གདབ་པར་བྱ། །ཚེས་བརྒྱད་ཉ་སྟོང་དུས་གསུམ་ལ། །སྨེ་བ་ནག་པོའི་དུད་པས་བདུག །གཟས་པ་པོ་ཡི་མིང་རུས་ཅན། །འབྲུབ་ཁུང་ནང་དུ་གཞུག་པར་བྱ། །སྟེང་དུ་སཱཙྪ་ནག་པོས་མནན། །ཡུངས་ཀར་ཐལ་ཆེན་དུག་ཁྲག་གསུམ། །རྩ་བའི་སྔགས་དང་སྲོག་སྔགས་འདིས། །ཨ་ཡ་མ་དུ་རུ་ཙ་ཤ་ན། །ཆེ་གེ་མོ་ཡི་རིག་སྔགས་ཟློག །མཱ་ར་ཡ་རྦད། དུས་བཞིར་ཐུན་གྱིས་བྲབ་པར་བྱ། །རིག་སྔགས་ཟློག་པར་ཐེ་ཚོམ་མེད། །ཡབ་ཡུམ་ཞལ་ནི་དགྲ་ཕྱོགས་བསྟན། །ལིངྒ་དུག་ཤིང་ཚེར་མས་བསྲེག །ཐལ་བ་དམ་ཉམས་ཕྱོགས་སུ་གཏོར། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་རིག་སྔགས་བཟློག་པའི་ལེའུ་སྟེ་བཞི་པའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །དངོས་གྲུབ་སྒྲུབ་པའི་ཐབས་ཆེན་པོ། །དམ་ཚིག་ལྡན་པས་དང་དུ་བླང༌། །སྔགས་དང་ཏིང་འཛིན་རྒྱུན་མི་བཅད། །དཀྱིལ་འཁོར་རྫས་རྣམས་གསང་ཞིང་སྦ། །བུད་མེད་དམེ་ཅན་ཁྱི་དང་གསུམ། །དེ་དག་མི་འཕྲད་དམ་ཚིག་ཡིན། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །འབྲུ་སྣ་ཙནྡན་ཆུས་བྱས་ཏེ། །རབ་ཏུ་གནས་དང་མཆོད་པ་བྱ། །ཆང་ཕུད་གཏོར་མ་ཕུལ་ནས་ནི། །ཞག་བདུན་བར་དུ་བསྒྲུབ་པར་བྱ། །སྐུ་དེ་བང་མཛོད་
ཕུགས་སུ་གཞུག །དུས་བཟང་གསུམ་དུ་མཆོད་བྱ་སྟེ། །གསོལ་བ་བཏབ་ལ་དངོས་གྲུབ་བླང༌། །ཐུན་མོང་རྫས་དང་ཟས་ནོར་འདུ། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་དངོས་གྲུབ་བླང་བའི་ལེའུ་སྟེ་ལྔ་པའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །དུར་ཁྲོད་བདག་པོ་ཡབ་ཡུམ་དག །དཀར་གསུམ་དག་ལས་བྱས་གྱུར་ན། །དཀར་གྱི་དངོས་གྲུབ་ཐོབ་པར་འགྱུར། །འཁར་བའི་སྐུ་གཟུགས་ཞིང་དཀྱིལ་གཞུག །ལོ་ཐོག་ཐམས་ཅད་འཕེལ་བར་འགྱུར། །ཐབ་འོག་མདའ་གང་འོག་ཏུ་ནི། །གྲུ་གསུམ་མཐོ་གང་བྲུས་ལ་གཞུག །ཟས་ཀྱི་དངོས་གྲུབ་མ་ལུས་འཕེལ། །ཆོམ་རྐུན་འཆིང་བའི་མན་ངག་ལ། །ཆུ་ཡི་གསེག་མ་ལ་སོགས་ལ། །དབྱུག་ཏོའི་སྙིང་པོ་བརྒྱ་རྩ་བཟླས། །བདག་དང་རྫས་ལ་ཕྱོགས་བཅུར་གཏོར། །ཆོམ་རྐུན་འཆིང་བར་གསོལ་བ་གདབ། །མདུན་རྒྱབ་གཡས་གཡོན་ཕྱོགས་བཞི་ནས། །ཡབ་ཡུམ་གར་བྱེད་འགྲོ་བར་བསམ། །གནས་སུ་ཕྱིན་ཏེ་ཏིང་འཛིན་ལྷོད། །དེ་ཡིས་འཇིགས་པ་ཀུན་ལས་ཐར། །རྒྱུན་དུ་སྲོག་གི་སྙིང་པོ་བཟླས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །གཏོར་མས་དཀོན་མཆོག་མཆོད་པར་བྱ། །དེ་འོག་ཆོས་སྐྱོང་ཡབ་ཡུམ་མཆོད། །རྩ་བའི་སྔགས་ལ་དུར་ཁྲོད་ཀྱི། །བདག་པོ་ཤ་ཟ་ཡབ་ཡུམ་ཁྱེད། །ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཞེས་པ་ལན་ལྔ་དག་གིས་དབུལ། །གསོལ་ནས་ཕྲིན་ལས་ཅི་བསྒོ་བྱ། །ཀེང་རུས་གཟུགས་ཅན་ཁྲོ་བོ་ཡི། །ཕྱག་གཡས་ཐོད་དབྱུག་གཡོན་ཞགས་པ། །བསྣམས་པ་ཤིན་ཏུ་འཇིགས་པའི་སྐུ། །ཆ་བྱད་ཅན་གྱིས་སྟོང་གསུམ་གང༌། །ཐམས་ཅད་ཟིལ་གྱིས་གནོན་བྱེད་ཅིང༌། །ཡན་ལག་དབང་པོ་བཅིངས་པར་བསམ། །ཞིང་ལྤགས་སྟག་ལྤགས་གང་རུང་ལ། །སྐུ་བྲིས་དཔུང་པ་གཡོན་པར་གདགས། །མཐོང་བའི་མི་རྣམས་དབང་དུ་འགྱུར། །དུར་ཁྲོད་རས་ལ་སྐུ་བྲིས་ལ། །དམག་དཔོན་སྤྱི་བོར་བཏགས་པ་ན། །གསང་སྔགས་འབུམ་བཟླས་འཁྲུག་པ་རྒྱལ། །ཙནྡན་ཤིང་ངམ་ཤུག་པ་ལ། །དྲི་བཟང་དག་གིས་སྐུ་བྲིས་ཏེ། །སྒོ་སྟེང་བཅུག་ན་རིམས་ནད་སྲུང༌། །དུར་ཁྲོད་རས་ལ་བྲིས་ནས་ནི། །དཀྱིལ་འཁོར་སྟེང་དུ་བླ་བྲེ་བྱ། །རང་གཞན་གཉིས་ཀྱི་
བར་ཆད་སྲུང༌། །གསེར་གྱིས་བྲིས་པའི་ཡབ་ཡུམ་སྐུ། །ཕ་མ་གཉིས་ལ་བསྣོལ་མར་གདགས། །ལྟེ་བ་བསྒྱུར་བས་རིགས་བརྒྱུད་འཕེལ། །ཡབ་ཡུམ་སྐུ་ནི་རྒྱབ་ཡོལ་ནང༌། །སྦས་ན་ཚོགས་རྫས་འཁོར་གཡོག་འདུ། །སྙིང་ག་ཧཱུྃ་ལ་སྔགས་ཀྱིས་བསྐོར། །འོད་འཕྲོས་སེམས་ཅན་སྒྲིབ་པ་སྦྱངས། །བརྒྱ་རྩ་བརྒྱད་དམ་ཉེར་གཅིག་བཟླ། །ཤེས་རབ་འཕེལ་བར་ཐེ་ཚོམ་མེད། །བདག་གཞན་ལམ་དུ་ཞུགས་པའི་ཚེ། །ཡུངས་ཀར་དག་ལ་ཉེར་གཅིག་བཟླ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ། །ཡབ་ཡུམ་གཉིས་ཀྱིས་གང་བར་བསྒོམ། །བྱི་བ་བརྒྱ་ཡང་རྡུགས་པར་འགྱུར། །ཐལ་ཆེན་ཐར་ནུ་རེ་ལྕག་དང༌། །ཐང་ཕྲོམ་ཉུངས་ཀར་ལྔ་པོ་ལ། །རྩ་བའི་སྔགས་ནི་ཁྲི་ཕྲག་གཅིག །བཟླས་པ་བྱེ་མ་དང་བསྲེས་ལ། །ཞིང་ལ་གཏོར་ན་ལོ་ལེགས་འབྱུང༌། །སྲུང་སྐུད་མདུད་པ་ཉེར་གཅིག་ལ། །སྔགས་ནི་བརྒྱ་རྩ་བརྒྱད་དུ་བཟླས། །གང་ལ་བཏགས་པ་སྲུང་བར་འགྱུར། །སྟག་གཟིག་ལ་སོགས་གཅན་གཟན་གྱིས། །བདག་ལ་སོགས་ལ་གནོད་གྱུར་ན། །ཤ་བའི་རྭ་ཡི་ཁྱི་ལེན་ཁར། །མཐིང་གི་ཤོག་བུ་སྔོན་པོ་ལ། །གསེར་གྱིས་ཡི་གེ་ལྔ་བྲིས་ཏེ། །མུན་པའི་གླིང་དུ་སྦས་གྱུར་ན། །གཅན་གཟན་གདུག་པ་ཁ་འཆིང་འགྱུར། །ཨོཾ་གཅན་གཟན་ཁ་ཆིངས། གཟན་གཟན་ཁ་སྡོམས། རྩ་བའི་སྔགས་ལ་བཏགས་པ་བརྒྱ་རྩ་བརྒྱད་བཟླས། འདི་ལ་ཐེ་ཚོམ་བྱ་མི་དགོས། །དར་དཀར་གྲོ་ག་ཤིང་ཤུན་ལ། །དམ་ཉམས་བུ་ཆུང་མིང་བྲིས་ཏེ། །མཐའ་ལ་རྩ་བའི་སྔགས་གྱིས་བསྐོར། །གཅན་གཟན་ཝ་ཡི་ཐོད་པ་རུ། །གདོལ་པའི་སྙིང་ཁྲག་དམ་ཉམས་ཀྱི། །དྲི་མ་གང་རྙེད་ཐོད་པར་བླུགས། །བདག་ཉིད་དུར་ཁྲོད་བདག་པོ་བསྒོམ། །ཏིང་ངེ་འཛིན་གྱིས་བཀུག་ལ་བསྟིམ། །གཅན་གཟན་སྟག་གི་མཆེ་བས་དཀྲུག །ཞག་བདུན་གྱིས་ནི་ལས་རྣམས་འགྲུབ། །ཆེ་གེ་མོའི་བུ་མཱ་ར་ཡ། མཱ་ར་ཡ་རྦད། འདི་ཡི་དམ་ཚིག་རྟེན་དུ་ནི། །སྲིའུ་གསོ་བར་མི་བྱའོ། །སྲུང་བའི་འཁོར་ལོ་ཞལ་ལས་ཤེས། །སྔགས་བཟླས་དཀྲུགས་ན་ལིང་ཐོག་སེལ། །རྩུབ་པའི་རྩ་བ་དཀྲུགས་པའི་བྲུན། །བྱང་ཚྭ་འབྲུ་མར་ལ་སྦྱར་བས། །ལྤགས་ནད་མ་
ལུས་སེལ་བར་བྱེད། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་ལས་ཚོགས་རྒྱས་པའི་ལེའུ་སྟེ་དྲུག་པའོ། ༈ །དེ་ནས་དཔའ་བོ་ཆེན་པོ་དེས། །བདག་གི་ལས་རྣམས་གང་བསྒྲུབས་ཀྱང༌། །གདུང་བ་ཆེན་པོའི་སྐད་ཀྱིས་ནི། །བསྟོད་ཅིང་བསྐུལ་བ་འདི་སྐད་དོ། །ཧཱུྃ། དུར་ཁྲོད་ཆེན་པོའི་གནས་མཆོག་ནས། །ཀེང་རུས་ཐོད་པའི་གུར་ཁང་ནས། །རཀྟའི་རྦ་ཀློང་དཀྱིལ་འཁོར་ནས། །མི་རོ་བསྣོལ་བའི་གདན་སྟེང་དུ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །གཏི་མུག་སྤང་ཕྱིར་ཀེང་རུས་སྐུ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཞེ་སྡང་འཇོམས་ཕྱིར་ཐོད་དབྱུག་ཕྱར། །འདོད་ཆགས་མཚོ་སྐེམ་ཐོད་ཁྲག་བཏུང༌། །གཡས་པའི་ཐོད་དབྱུག་འབར་བ་ཡིས། །དམ་ཉམས་དགྲ་བོའི་ཀླད་པ་འཇོམས། །གཡོན་པ་ཐོད་པ་ཁྲག་གིས་བཀང༌། །དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང༌། །འབར་བའི་ཀེང་རུས་མཆེ་བ་གཙིགས། །དུག་གསུམ་རྩད་ནས་གཅོད་པར་བྱེད། །དབུ་ལ་རིན་ཆེན་པྲོག་ཞུ་གསོལ། །དངོས་གྲུབ་ཀུན་གྱི་གཏེར་དང་ལྡན། །མི་མགོ་ལྔ་བཅུའི་དོ་ཤལ་བྱས། །དུས་གསུམ་སངས་རྒྱས་མཆོད་པ་ཡིན། །སྐུ་ལ་རིན་ཆེན་སྣ་ཚོགས་བརྒྱན། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །གཉིས་མེད་ཤེས་རབ་ཡུམ་ཆེན་མོ། །རྒྱན་དང་ཆ་ལུགས་ཡབ་དང་མཐུན། །འཇིགས་སུ་རུང་བའི་ཡབ་ཡུམ་སྐུ། །བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །གད་མོ་སྒྲོགས་ཤིང་ཁྲོས་ཐབས་ཚུལ། །གདུག་པའི་དགྲ་བགེགས་ཚར་གཅོད་ཅིང༌། །དམ་ཚིག་ཅན་ལ་དངོས་གྲུབ་སྟེར། །ཤེས་རབ་འཕེལ་བའི་དབང་ཕྱུག་སྟེ། །རིག་སྔགས་ཟློག་པའི་མཐུ་བོ་ཆེ། །རང་རྟགས་སྲོག་སྙིང་སྒྲ་སྒྲོགས་ཤིང༌། །དཔལ་ལྡན་ཡབ་ཡུམ་ཐུགས་རྗེ་ཅན། །ཁྱོད་ཀྱི་སྤྲུལ་པས་གར་ཡང་ཁྱབ། །རྩ་གསུམ་ལྷ་གནས་མན་ཆད་ནས། །ན་རག་དམྱལ་ཁམས་ཡན་ཆད་དུ། །སྤྲུལ་པ་བྱེ་བ་དཔག་མེད་འགྱེད། །ལྷ་སྲིན་སྡེ་བརྒྱད་ཁྱོད་ཀྱི་འཁོར། །སྟོང་ཕྲག་བརྒྱད་ཅུ་ཁྱོད་ཀྱི་བྲན། །འདིར་གཤེགས་རྒྱན་གྱི་གཏོར་མ་འདི། །ཁྲོ་རྔམས་སྟབས་ཀྱིས་བཞེས་སུ་གསོལ། །དགྲ་བགེགས་འདུལ་ཕྱིར་མཐུ་མ་ཆུང༌། །རྣལ་འབྱོར་སྐྱོང་ཕྱིར་ཐུགས་མ་རིང༌། །གདུག་
པ་འདུལ་ཕྱིར་བང་མ་ཞན། །བོས་པའི་ཚེ་ན་སྙན་མ་སྲ། །གཡབ་བའི་ཚེ་ན་སྤྱན་མ་རྟུལ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །བསྲུང་བའི་འཁོར་ལ་སྐྱབས་མ་ཆུང༌། །འགྲོ་བ་སྲུངས་ཤིག་ཐུགས་རྗེ་ཅན། །བདག་གིས་མཆོད་ཅིང་བསྟོད་པའི་ཚེ། །དཀོར་ཁང་སྲུངས་ཤིག་བར་ཆད་སོལ། །ཡོན་བདག་བསྲུང་ཞིང་སྐྱོབ་པ་དང༌། །རྣལ་འབྱོར་བསམ་པ་སྒྲུབ་པ་དང༌། །ཆོས་སྐྱོང་ཐུགས་དམ་བསྐང་བའི་ཕྱིར། །བསོད་ནམས་དཔག་མེད་བསྐྱེད་པ་དང༌། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །བཀའ་ཡི་གཏོར་མ་འདི་བཞེས་ལ། །ཐུགས་དམ་བཞིན་དུ་ཕྲིན་ལས་མཛོད། །གཏོར་མ་བྱིན་བརླབ་བཀའ་བསྒོ་བྱ། །སློབ་མས་མཎྜལ་ཡོན་དུ་ཕུལ། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་བཀའ་བསྒོ་བསྟོད་ཅིང་བསྐུལ་བའི་ལེའུ་སྟེ་བདུན་པའོ། ༈ །དེ་ནས་ཡང་དག་བཤད་བྱ་བ། །དེ་ནས་དཔལ་ཆེན་ཧེ་རུ་ཀས། །གསང་བ་སྙིང་གི་རྒྱུད་འདི་ནི། །དུར་ཁྲོད་བདག་པོ་ཁྱོད་ལ་གཏད། །དུས་གསུམ་སངས་རྒྱས་བསྟན་པ་སྲུངས། །དམ་ཚིག་ཅན་ལ་དངོས་གྲུབ་བྱིན། །དམ་ཉམས་རྣམས་ལ་ཆད་པ་ཆོད། །ཅེས་གསུངས་ནས་འཁོར་ཐམས་ཅད་རྗེས་སུ་ཡི་རངས་ཏེ་ཆོས་སྐུ་སྐྱེ་བ་མེད་པའི་ངང་ལ་བཞུགས་སོ། །གསང་བ་སྙིང་གི་འཁོར་ལོའི་རྒྱུད་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་བརྒྱད་པའོ། །བླ་མ་བཻ་རོ་ཙ་ན་རཀྵི་ཏ་ལས་བརྒྱུད་ཅིང༌། འཛིམ་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ། ༈ །དཔལ་དུར་ཁྲོད་ཀྱི་བདག་པོའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་བཻ་རོས་མཛད་པ་བཞུགས་སོ། །རྒྱ་གར་སྐད་དུ། ཤྨ་ཤ་ན་ཨ་དྷི་པ་ཏི་སྭ་དྷ་ན་ནཱ་མ། བོད་སྐད་དུ། དུར་ཁྲོད་ཀྱི་བདག་པོའི་སྒྲུབ་ཐབས་ཞེས་བྱ་བ། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་ལྡན་པའི་རྣལ་འབྱོར་པས། །དུར་ཁྲོད་བདག་པོ་སྒྲུབ་འདོད་ན། །དུར་ཁྲོད་ཆེན་པོའི་གནས་དག་གམ། །ལྷ་ཁང་ལ་སོགས་དབེན་གནས་སུ། །བཀྲ་ཤིས་པ་ཡི་ས་དཀར་ལ། །མཎྜལ་མདའ་གང་བརྩིག་པར་བྱ། །དཀྱིལ་དུ་གྲུ་གསུམ་མཐོ་གང་བྲུ། །དམར་པོ་ཁྲག་གིས་ཆག་ཆག་གདབ། །ཟུར་ལ་མཆོག་ཕུར་རེ་རེ་གཟུགས། །སྟེང་དུ་ཐོད་པ་དུམ་གཅིག་པར། །རི་བོང་ལུག་དང་གཡག་རྒོད་ཤ །
དཀར་གསུམ་མངར་གསུམ་ཤིང་ཐོག་འབྲུ། །སྣ་ཚོགས་ཞལ་ཟས་ཀུན་གྱིས་བཀང༌། །རིན་ཆེན་ལྔ་དང་དར་ཟབ་རས། །སྟག་གཟིག་ལ་སོགས་མི་ནོར་རྣམས། །དངོས་གྲུབ་བླང་ཕྱིར་བླུག་པར་བྱ། །དེ་སྟེང་དུར་ཁྲོད་བདག་པོ་ནི། །རབ་ནི་རིན་ཆེན་ལྔ་ལས་བྱ། །འབྲིང་ནི་བ་སོ་རུས་པ་ལ། །ཐ་མ་ས་ལ་རིན་ཆེན་བརྡར། །སྐར་མ་རྒྱལ་གྱི་ཉིན་པར་ནི། །སྔ་དྲོ་ནས་ནི་བརྩམ་པར་བྱ། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །དབུ་ལ་རིན་ཆེན་རྒྱན་དང་ལྡན། །ཐོད་པ་ལྔ་ཡིས་དབུ་ལ་བརྒྱན། །ཐོད་པ་ལྔ་བཅུའི་དོ་ཤལ་བྱས། །རིན་ཆེན་རྒྱན་གྱིས་མཛེས་པར་བརྒྱན། །ཀེང་རུས་གར་བྱེད་མཆེ་བ་གཙིགས།«་་་་་ཞལ་གདངས་ཤིང༌།» །གཡས་ན་ཐོད་«་་་་་གནམ་འཕྱར། »དབྱུག་འབར་བ་ཐོགས། །གཡོན་པ་ཐོད་«་་་་་ཐུགས་ཀར་བསྣམས། »ཁྲག་ཞལ་དུ་གསོལ། །བརྐྱང་བསྐུམ་གར་གྱིས་ལེགས་པར་གནས། །སྣ་ཚོགས་རྫས་ཀྱི་སྟེང་ན་བཞུགས། །དར་དཀར་དག་ལ་སྔགས་བྲིས་ལ། །བུད་མེད་མ་རེག་གསེར་དུམ་གཉིས། །དེ་ཡི་ཐུགས་ཀར་གཞུག་པར་བྱ། །དེ་ནི་མི་འགྱུར་གསང་བའི་རྟེན། །སྟེང་དུ་དར་དཀར་གུར་ཁང་ཕུབ། །སྒྲུབ་པ་ཐོན་ནས་ཕུགས་སུ་བཅང༌། །དུས་སུ་མཆོད་གཏོར་ཆེན་པོ་འབུལ། །སྣ་ཚོགས་འབྲུ་ལ་རིན་ཆེན་བརྡར། །ག་བུར་བཟང་དྲུག་ཆུ་ཡིས་བཀྲུ། །སྔར་དང་འདྲ་བའི་གཟུགས་བྱས་ལ། །སྒྲུབ་པའི་དཀྱིལ་འཁོར་སྟེང་དུ་ནི། །ནང་གི་རྟེན་དུ་གཟུགས་པར་བྱ། །དུར་ཁྲོད་རོ་རས་དག་ལ་ནི། །སྔར་དང་འདྲ་བ་བྲི་བྱས་ལ། །ཕྱི་ཡི་རྟེན་དུ་ལུས་ལ་བཅང༌། །དཀོན་མཆོག་ཡི་དམ་ཆོས་སྐྱོང་ལ། །མཆོད་པས་མཉེས་ན་དངོས་གྲུབ་ཉེ། །ཨ་མྲྀ་ཏ་དང་ཤ་ལྔ་དང༌། །ཆང་དང་སྣ་ཚོགས་ཟས་ཀྱིས་མཆོད། །དེ་ནས་མཚམས་བཅད་བཤགས་པ་དང༌། །ཡན་ལག་བདུན་པས་ཚོགས་བསགས་ནས། །སྙིང་རྗེ་ཚངས་པའི་གནས་བཞི་བསྒོམ། །ཤཱུ་ནྱ་ཏཱ་ཡིས་སྟོང་པར་བསམ། །དེ་ནས་བདག་ཉིད་ཧཱུྃ་ལས་ནི། །ཧེ་རུ་ཀའམ་ཡི་དམ་བསྒོམ། །ཡབ་ཡུམ་མདུན་དུ་བསྐྱེད་བྱས་ཏེ། །མཆོད་བསྟོད་གཏོར་མས་མཉེས་བྱས་ལ། །གསང་བའི་སྙིང་པོ་འབུམ་དུ་བཟླས། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞི་བ་ལ་ཤཱནྟིཾ་ཀུ་རུ། རྒྱས་པ་ལ་པུཥྚིཾ་ཀུ་རུ། དབང་ལ་ཝ་ཤཾ་ཀུ་རུ། དྲག་པོ་ལ་མཱ་ར་
ཡ་ཕཊ། སྲུང་བ་ལ་རཀྵ་རཀྵ་ཀུ་རུ་ཞེས་སྤེལ་ལོ། །དེ་ཡི་མཚན་རྟགས་ལྷ་ཡི་སྟོན། །མགོན་པོ་དངོས་སུ་བྱོན་ན་རབ། །དངོས་གྲུབ་བསམ་པ་ཐམས་ཅད་འགྲུབ། །དུང་འབུད་རྔ་བརྡུང་གྲགས་པ་ཐོབ། །ཤིན་ཏུ་བཟང་བར་བཤད་པ་ཡིན། །རཏྣའི་ཚོང་པ་བྱུང་གྱུར་ན། །ནོར་གྱི་དངོས་གྲུབ་ཐོབ་པར་ངེས། །བ་དང་མ་ཧེ་བྱུང་གྱུར་ན། །དཀར་ཐོག་ཐམས་ཅད་འཕེལ་བར་འགྱུར། །ཏིལ་དང་ནས་ལ་སྤྱོད་གྱུར་ན། །ཞིང་ཐོག་ཐམས་ཅད་འཕེལ་བར་འགྱུར། །དེ་རྣམས་འབྲིང་གི་རྟགས་ཡིན་ནོ། །ཤིང་ཐོག་བྱུང་ན་ཟས་རྣམས་འདུ། །དེ་ནི་ཐ་མའི་རྟགས་ཡིན་ནོ། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །ཉི་མ་ཐལ་དང་གོས་ནག་གྱོན། །རྩོད་པ་འགྱེད་དང་ཟས་ངན་ཟ། །བནྡེ་སྔགས་པ་བྱུང་གྱུར་ན། །མགོན་པོ་ཁྲོས་པས་སྐོང་བཤགས་«་་་་་བསྙེན་པ་བྱ། »བྱ། །དམ་ཚིག་བསྲུང་བ་མཆོག་ཏུ་གཅེས། །གཏོར་མ་མི་གཤེགས་གཏའ་རུ་བཟུང༌། །དཀྱིལ་«་་་་་སྒྲུབ་པ་ནི། »འཁོར་རྫས་དང་རྟེན་རྣམས་ལ། །ཏིང་ངེ་འཛིན་དང་རྩ་སྔགས་བཟླས། «།ནང་རྟེན་གསང་རྟེན་རྣམས་མཛོད་ཕུགས་སུ་སྦ་མིས་མ་མཐོང་བར་གསང་བ་དང་སྦ་བ་གཅེས་སོ།་་་་་»སྒྲུབ་པ་ཆེན་པོའི་རྟགས་ཐོན་ནས། །ལས་ཚོགས་ཉི་ཤུ་རྩ་གཅིག་«བུད་མེད་སྤང་»པོ། །བསྒྲུབས་ན་གང་སྒྲུབ་མྱུར་དུ་འགྲུབ། །གསད་པའི་ལས་ཀྱང་དེ་བཞིན་ནོ། །མན་ངག་ལྡན་པས་བསྒྲུབ་པར་བྱ། །རྒྱུན་དུ་སྲོག་གི་སྙིང་པོ་བཟླས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །དང་པོ་མཆོད་གཏོར་དཀོན་མཆོག་མཆོད། །དེ་འོག་ཆོས་སྐྱོང་ཡབ་ཡུམ་མཆོད། །མ་ཧཱ་ཀཱ་ལ་སྨ་ཤ་ན་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་ལྔས་ཕུལ་གསོལ་བར་བསམ། །ཕྲིན་ལས་གང་དགོས་འགྲུབ་པར་འགྱུར། །དཔལ་དུར་ཁྲོད་བདག་པོའི་སྒྲུབ་ཐབས་བླ་མ་བཻ་རོས་མཛད་པའོ། །འཛིམ་ལོ་ཙཱ་བས་བསྒྱུར་བ་རྫོགས་སོ། །མངྒ་ལཾ། ༈ །དཔལ་དུར་ཁྲོད་བདག་པོའི་སྒྲུབ་ཐབས་ཚིགས་བཅད་བླ་མ་བཻ་རོའི་མན་ངག་བཞུགས་སོ། །དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །གང་དག་རྣལ་འབྱོར་པ་རྣམས་ཀྱིས། །བདག་གཞན་བསྲུང་དང་བཟློག་པ་དང༌། །བསོད་ནམས་སྤེལ་དང་དངོས་གྲུབ་སྟེར། །དེ་དག་སྒྲུབ་པའི་ཐབས་བསྟན་པ། །དུར་ཁྲོད་ལ་སོགས་དབེན་གནས་«་་་་་བྱི་དོར་བྱ་མཚམས་བཅད།
སུ། །མཎྜལ་མཆོད་གཏོར་བཤམས་ནས་ནི། །དང་པོ་རང་ཉིད་ཡི་དམ་ལྷ། །སྒྲུབ་ཐབས་གཞུང་བཞིན་བསྒོམ་པར་བྱ། །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པས་ཐོད་དབྱུག་«་་་་་ནམ་མཁའ་ལ་འཕྱར། »འབར་བ་ཐོགས། །གཡོན་པ་ཐོད་«་་་་་ཐུགས་ཀར།» པ་ཁྲག་གང་གསོལ། །འབར་བའི་ཀེང་རུས་མཆེ་བ་གཙིགས། །བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་བསྒོམ། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་«་་་་་སྲུང་ན་རཀྵ་རཀྵ་ཀུ་རུ། བསྙེན་པ་ཞག་ཉི་ཤུ་རྩ་གཅིག་བྱ།» སྭཱ་ཧཱ། ཚར་གཅིག་བརྗོད་པས་བདག་ཉིད་སྲུང༌། །ཚར་གཉིས་བརྗོད་པས་གཞན་སྲུང་འགྱུར། །ཚར་གསུམ་བརྗོད་པས་གྲོང་སྲུང་འགྱུར། །ཚར་བདུན་བརྗོད་པས་ཤེས་རབ་འཕེལ། །བརྒྱ་རྩ་བརྒྱད་བརྗོད་ཡུལ་འཁོར་སྲུང༌། །དེ་ནས་རིག་སྔགས་བཟློག་པ་ནི། །དུར་ཁྲོད་ཐལ་ཆེན་བླངས་ནས་སུ། །ཆོས་སྐྱོང་ཡབ་ཡུམ་སྐུ་བཞེངས་ནས། །སྤྱན་འདྲེན་རབ་ཏུ་གནས་པར་བྱ། །བརྒྱད་དང་བཅོ་ལྔ་གནམ་སྟོང་ལ། །སྨེ་བ་«་་་་་གུ་གུལ་ཡིན།» ནག་པོའི་དུད་པས་བདུག །རིག་སྔགས་ཟློག་ཅེས་གསོལ་བ་གདབ། །དེས་ནི་རིག་སྔགས་ཟློག་པར་འགྱུར། །དངོས་གྲུབ་སྒྲུབ་པའི་ཐབས་བསྟན་པ། །འབྲུབ་ཁུང་མཐོ་«་་་་་རྒྱ་དང་དཔངས་སུ།» གང་ཁྲག་གིས་བྱུགས། །ཟུར་གསུམ་ནང་དུ་མཆོག་ཕུར་གསུམ། །བཙུགས་པའི་ཁ་ལ་ཐོད་«་་་་་མཚན་བཟང་རིན་པོ་ཆེའི་སྟེང༌།» པ་བཞག །ཁ་ཟས་སྣ་ཚོགས་མཆོག་གིས་བཀང༌། །འབྲུ་སྣ་སྨན་དང་རཏྣ་བརྡར། །མདུན་དང་ཟུར་ལ་བ་ལིཾ་བཞག །དུས་དྲུག་དག་ལ་ཆང་བུ་གསོ། །གཏོར་མ་མི་གཤེགས་གཏའ་རུ་བཟུང༌། །ཞག་བདུན་བར་དུ་སྨྲ་བཅད་བྱ། །དམ་ཚིག་བསྲུང་བ་མཆོག་ཏུ་གཅེས།«་་་་་བུད་མེད་མི་གཏོང༌།» །སྒྲུབ་པ་ཐོན་ནས་དངོས་གྲུབ་«་་་་་བ་ལིཾ་ལ་རོལ།» བླང༌། །ཞག་བདུན་ལོན་པའི་ནང་པར་ནི། །དཔལ་ལྡན་ཡབ་ཡུམ་གུས་པ་ཡི། །ཚུལ་གྱིས་དངོས་གྲུབ་དྲངས་པར་བསམ། «།ཞིང་གཏོར་མའི་སྟེང་ནས་ཟས་བླངས་ལ་བཏང་ངོ༌།» །རྒྱུན་གཏོར་གཉིས་པོ་གཙང་སར་བསྐྱལ། །དེ་ནས་དངོས་གྲུབ་སྒྲུབ་པའི་ཐབས། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །སྣ་ཚོགས་འབྲུ་ལ་«་་་་་རྟེན་བཅས་ལ།» བྱས་ནས་སུ། །བང་མཛོད་བཅུག་ལ་
གསོལ་བ་གདབ། །དེ་ཡིས་འབྲུ་རྣམས་འཕེལ་བར་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །རཏྣ་སྣ་ཚོགས་དག་ལས་«་་་་་ལུག་མ་སོགས། »བྱ། །ཞིང་དཀྱིལ་བཅུག་ན་ལོ་ལེགས་འབྱུང༌། །ཐབ་འོག་བཅུག་ན་ཡོ་ལོང་འདུ། །གསེར་དང་དངུལ་གྱིས་བྲིས་པ་ནི། །རབ་གནས་བྱས་ལ་ཆུ་རའི་ཞབས། །སྦས་ན་ཟས་ཀྱི་སྤྱན་གཟིགས་འགྱུར། །ཏཱ་ལ་དག་གི་ལོ་མ་ལ། །དུར་ཁྲོད་བདག་པོའི་སྐུ་བྲིས་ལ། །གང་གི་མགུལ་དུ་བཏགས་གྱུར་ན། །དེ་ལ་ཐམས་ཅད་དད་པར་འགྱུར། །སྣ་ཚོགས་རཏྣས་སྐུ་«གཡུ་ཞེས་པའང་སྣང༌།» བྲིས་ལ། །རབ་གནས་བྱས་ལ་དཔུང་པར་གདགས། །ཡིད་ལ་བསམ་པ་ཐམས་ཅད་འགྲུབ། །ཙནྡན་གླ་བ་དྲི་བཟང་གིས། །སྐུ་བྲིས་རབ་གནས་མཆོད་པར་བྱ། །སྒོ་སྟེང་བཏགས་ན་ནད་རྣམས་སྲུང༌། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །གསུམ་དུ་བྱས་ལ་རབ་གནས་བྱ། །ཕ་ལ་གཅིག་བཏགས་མ་ལ་གཅིག །བུ་ཚ་ལ་གཅིག་གདགས་པར་བྱ། །ཆུང་སྲི་ཆིངས་ཤིག་གསོལ་བ་གདབ། །སྲིའུ་གསོ་བར་བྱ་བའོ། །རས་ལ་བྲིས་ལ་རབ་གནས་བྱ། །བླ་རེ་བྱས་ལ་གསོལ་བ་གདབ། །དེ་ཡིས་བདག་གཞན་བར་ཆད་སྲུང༌། །གསེར་གྱིས་སྐུ་བྲིས་མགུལ་དུ་བཏགས། །དེ་ཡིས་རིགས་བརྒྱུད་འཕེལ་བར་གྱུར། །ནང་པར་ཚར་བདུན་ཡི་དམ་བྱ། །དེ་ཡིས་ཤེས་རབ་འཕེལ་བར་འགྱུར། །ཡུངས་ཀར་དུར་ཁྲོད་ཐལ་ཆེན་སྔགས། །ཞིང་ལ་སོགས་པ་ཀུན་ལ་གཏོར། །གར་སྟབས་ཅན་གྱིས་གང་བར་བསམ། །དེ་ཡིས་གདུག་པ་ཁ་འཆིངས་འགྱུར། །རས་བལ་སྐུད་པ་དཀར་པོ་«་་་་་རེ་བལ་སྐུད་པ་ནག་པོ་ལ། །ཞེས་པའང་སྣང༌།» ལ། །སྔགས་ལ་མདུད་པ་ཉེར་གཅིག་བྱ། །ཕྱུགས་ལ་བཏགས་ན་འགབ་འཕེལ་འགྱུར། །དུར་ཁྲོད་སྲུང་བའི་མན་ངག་ནི། །ལྷ་ཁང་ལ་སོགས་ས་བླངས་ལ། །གསང་སྔགས་བརྒྱ་དང་རྩ་བརྒྱད་བརྗོད། །ཕྱུགས་ལ་སོགས་པའི་ལྷས་སུ་གཏོར། །སྲུང་བའི་འཁོར་ལོ་གོང་བཞིན་ནོ། །ཆོམ་རྐུན་བཅིང་བའི་མན་ངག་ནི། །ཆུ་ཡི་གསེག་མ་ལ་སོགས་ལ། །སྔགས་ནི་བརྒྱ་དང་རྩ་བརྒྱད་བརྗོད། །བདག་དང་རྫས་དང་ཕྱོགས་བཅུར་གཏོར། །མདུན་དང་རྒྱབ་ཀྱི་ཕྱོགས་རེ་ནས། །ལྷ་གཉིས་གར་བྱེད་
འགྲོ་བར་བསམ། །ཆོམ་རྐུན་ཆིངས་ཤིག་གསོལ་བ་གདབ། །གནས་སུ་ཕྱིན་ཚེ་ཏིང་འཛིན་ལྷོད། །དེ་ཡིས་འཇིགས་པ་ཀུན་ལས་ཐར། །རྒྱུན་དུ་སྲོག་གི་སྙིང་པོ་བཟླས། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །གཏོར་མས་དཀོན་མཆོག་མཆོད་པར་བྱ། །དེ་འོག་ཆོས་སྐྱོང་ཡབ་ཡུམ་མཆོད། །རྩ་བའི་གསང་སྔགས་ཉིད་ལ་ནི། །ཤྲཱི་«་་་་་དཔལ་དུར་ཁྲོད་ཀྱི་བདག་པོ་ཆེན་པོ། ཤ་ཟ་ཆེན་པོ་གཏོར་མ་ཟོ་ཟོ། གསོལ་གསོལ།» སྨ་ཤ་ན་ཨ་དྷི་པ་ཏི། མ་ཧཱ་པི་ཤཱ་ཙི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བདུན་བཟླས་ལ་གསོལ་བར་བསམ། །ཤིན་ཏུ་གསང་ལ་བསྒྲུབ་པར་བྱ། །གཞན་ཡང་ཡོན་ཏན་བསམ་མི་ཁྱབ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དར་དཀར་དག་ལ་བྲིས་ནས་སུ། །དམག་དཔོན་མགོ་ལ་གདགས་པར་བྱ། །དེས་ནི་དམག་རྣམས་སྲུང་བར་འགྱུར། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །མར་ལ་བྱས་ཏེ་སྒྲོམ་དུ་བཅུག །ཐམས་ཅད་ཕུལ་ལ་གསོལ་བ་གདབ། །དེ་ཡིས་དཀར་རྣམས་འཕེལ་བར་འགྱུར། །གཞན་ཡང་གསང་སྔགས་དག་ལ་ནི། །གང་འདོད་ཤམ་བུ་བསྒྱུར་ལ་གདགས། །བླ་མ་བཻ་རོའི་མན་ངག༌། ཤིན་ཏུ་ཟབ། ཞལ་གདམས་ཡོད། མངྒལཾ། ༈ །དཔལ་ལྡན་ས་སྐྱ་པ་ནས་བརྒྱུད་པའི་དུར་ཁྲོད་བདག་པོའི་རྗེས་གནང་སྒྲུབ་ཐབས་ལས་ཚོགས་ཞལ་གདམས་དང་བཅས་པ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ། །འདིར་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྗེས་གནང་བྱ་བའི་ཚུལ་ནི། ཟླ་བ་ཡར་ངོ་མར་ངོའི་ཚེས་བཅུ་བཞི་གང་རུང་གཉིས་ལ། མཁའ་འགྲོ་ཕྱི་ནང་མཉེས་པའི་མཆོད་གཏོར་ཚོགས་ཀྱི་ཡོ་བྱད་སྟ་གོན་བྱ། ཁྱད་པར་འདི་ཉིད་ཀྱི་རྟེན་མཎྜལ་མདའ་གང་པ་གྲུ་བཞིའི་དབུས་སུ་པདྨ་འདབ་བརྒྱད་བྲིས་པའི་དབུས་སུ། ལག་ལེན་བཞིན་རིན་པོ་ཆེའི་རྟེན་ཁ་སྤྲོད་བྲི། དེའི་སྟེང་དུ་མཆོག་རྐང་གི་ཁྲིའུ་ལ་རིན་པོ་ཆེའི་སྣོད་དུ་དཔལ་བཤོས་ཤ་ཁྲག་སྣ་ཚོགས་དང༌། དར་དཀར་པོའི་ཅོད་པན་གྱིས་བརྒྱན་པ་བཞག དེའི་སྟེང་དུ་ཡབ་ཡུམ་གྱི་ཙཀ་ལིའམ། ཐང་སྐུ་གང་ཡོད་བཞུགས་སུ་གསོལ། མཎྜལ་གྱི་མཐར་མཆོད་པ་སྣ་ཚོགས་དང༌། ཁ་ཟས་སྣ་ཚོགས་གང་འཛོམ་བཤམས་
ལ། ཕྱེ་མ་རེད་ཀྱི་ཚེ། དཔོན་སློབ་འཁོར་བཅས་གྲལ་ལ་འཁོད་དེ། རྣལ་འབྱོར་ལ་གནས་པར་གསོལ་བ་གདབ། དཔལ་འཁོར་ལོ་བདེ་མཆོག་གི་རིམ་གཉིས་མཆོད་གཏོར་སྔོན་དུ་འགྲོ་བས། ཆོས་སྐྱོང་ཡབ་ཡུམ་བསྐྱེད། གཏོར་མ་འབུལ་ཞིང་མཆོད་བསྟོད་བྱ། གསོལ་བ་བཏབ་ལ་བསྙེན་པ་ཅུང་ཟད་ཀྱང་དབུལ། དེ་ནས་དཔལ་འཁོར་ལོ་བདེ་མཆོག་གམ། རྣལ་འབྱོར་བླ་མེད་གང་རུང་གི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ཐོབ་པའི་སློབ་མ་དམ་ཚིག་དང་ལྡན་པས་མཎྜལ་ཕུལ་ཏེ། གུར་ནས་འབྱུང་བའི་རྒྱུན་བཤགས་ལན་གསུམ་བྱེད་དུ་གཞུག དཀོན་མཆོག་གསུམ་དང་དབྱེར་མེད་ཅིང༌། །ཡི་དམ་ལྷ་ཡི་ངོ་བོ་ཉིད། །བླ་མ་དམ་པའི་ཐུགས་རྗེ་ཡིས། །བྱིན་གྱིས་བརླབ་པ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ། སློབ་མ་ཆོས་སྐྱོང་ཡབ་ཡུམ་བསྐྱེད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཨུ་རྒྱན་མཁའ་འགྲོའི་ཕོ་བྲང་དང༌། རང་བཞིན་གྱི་གནས་ནས་ཆོས་སྐྱོང་ཡབ་ཡུམ་བསམ་གྱིས་མི་ཁྱབ་པ་བཀུག སློབ་དཔོན་གྱི་ཞལ་དུ་ཞུགས། རྗེས་ཆགས་ཀྱི་མེས་འོད་དུ་ཞུ་ནས། ཡབ་ཡུམ་གྱི་མཁའ་ནས་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པའི་སྐུར་གྱུར་ནས་སློབ་མའི་ལུས་ལ་ཐིམ་པར་མོས་ལ། སྔགས་ལ། པྲ་ཝེ་ཤ་ཡ་ཧཱུྃ་ཨཱཿ ཨཱ་ཝེ་ཤ་ཡ་ཧཱུྃ་ཨཱཿ ཞེས་མང་དུ་བཟླས་ཤིང་དྲིལ་བུ་དཀྲོལ་ལ་བྱིན་དབབ། དེ་ལྟ་བུ་དམིགས་པ་དང་བཅས་པ་ལན་གསུམ་མམ་བདུན་གྱི་བར་དུ་བསྐྱར་ནས་དབབ། བརྟན་པར་བྱ་བའི་ཕྱིར་གཏོར་མ་མགོ་ཐོག་ཏུ་བཞག་ལ། སྔགས་གོང་བཞིན་བཟླས་ཤིང་དྲིལ་བུ་དཀྲོལ། ཏིཥྛ་བཛྲ་ཧཱུྃ་ཨཱཿ ཧཱུྃ་ཨཱཿཏིཥྛ་བཛྲ། ཞེས་བརྗོད། སླར་ཡང་གཏོར་མ་དེ་གསོས་ནས་བདུད་རྩི་བྲན། བྱིན་གྱིས་བརླབས་ལ་ཕུལ་ནས། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་འཁོར་དང་བཅས་པ། སློབ་མ་འདི་དག་ལ་འགོ་བར་མཛད་དེ་སངས་རྒྱས་མ་ཐོབ་ཀྱི་བར་དུ། ཞི་དང་རྒྱས་དང་དབང་གི་ལས། །བསད་བསྐྲད་དབྱེ་རྨོངས་རེངས་ལ་སོགས། །ཇི་ལྟར་བསྒོ་བའི་ལས་སྒྲུབ་ཅིང༌། །སངས་རྒྱས་དམ་ཚིག་རྗེས་དྲན་མཛོད། །ཅེས་པའི་རྗེས་ལ། སྔགས་བཟླས་ཤིང་དྲིལ་བུ་དཀྲོལ། གཏོར་མ་མགོར་
བཞག དམ་བཞག་ལན་གསུམ་བྱ་སྟེ་དམ་བསྒྲག གཏོར་མ་མཎྜལ་གྱི་སྟེང་དུ་བཞག མདུན་དུ་བསྐྱེད་པའི་ཆོས་སྐྱོང་ཡབ་ཡུམ་གྱི་ཐུགས་ཀ་ནས་སྔགས་འཕྲོས། སློབ་མའི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསམས་ལ་སྔགས་ཀྱི་རྗེས་ཟློས་ལན་བདུན་ནམ་ཉེར་གཅིག་གི་བར་དུ་བྱ། རྗེས་གཏང་རག་གི་མཎྜལ་དང་ཡོན་འབུལ། དེའི་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་སློབ་མ་ལ་རྒྱས་པར་སྦྱིན། ཚོགས་ཀྱི་འཁོར་ལོ་ལ་ལོངས་སྤྱོད། མཇུག་གི་ཆོ་ག་རྣམས་གཞུང་བཞིན་བྱ། བྲིས་སྐུ་དང་ཙཀ་ལི་ཡོད་ན་བརྟན་བཞུགས་བྱ། མེད་ན་གཤེགས་སུ་གསོལ། གཏོར་མ་དངོས་གྲུབ་བླང་བའི་ཕྱིར་བཅུད་ཟོས་ལ་དབེན་པར་བཞག ཡང་ན་དགྲའི་ཕྱོགས་སུ་འཕང༌། དཔལ་དུར་ཁྲོད་བདག་པོའི་རྗེས་གནང་གི་ཐོ་བླ་མའི་གསུང་བཞིན་དཔལ་གཡུ་མཁར་མོ་སྒྲོལ་མ་ལྷ་ཁང་དུ་བྲིས་པའོ། །འདིའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ཤྲཱི་བཛྲ་རཱ་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། བཻ་རོ་ཙ་ན། ཁམས་པ་རྒྭ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། བླ་མ་ཡར་སྒོམ་པ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། བླ་མ་མཁན་ཆེན་སེང་གེ་བཟང་པོའོ། ༈ །བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །འདིར་རྗེ་བཙུན་ས་སྐྱ་པ་ནས་བརྒྱུད་པའི་དཔལ་དུར་ཁྲོད་བདག་པོའི་བསྙེན་པ། མཆོད་གཏོར་བསྡུས་པ་བྱ་བའི་ཚུལ་ནི། བླ་མ་མཚན་ཉིད་དང་ལྡན་པས། སློབ་མ་མཚན་ཉིད་དང་ལྡན་པ་ལ་དཔལ་འཁོར་ལོ་བདེ་མཆོག་གམ། རྣལ་འབྱོར་བླ་མེད་གང་ཡང་རུང་བའི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བཞི་ལེགས་པར་ཐོབ་པའི་གང་ཟག་ལ། སློབ་མས་གསོལ་བ་བཏབ་པའི་ངོར། ཐོག་མར་འདིའི་རྗེས་སུ་གནང་བ་སྦྱིན་ཏེ། དེ་ནས་ཉམས་སུ་བླང་བའི་ཚུལ་ནི། སྔོན་དུ་སྐྱབས་འགྲོ་སེམས་བསྐྱེད་དང་སྲུང་འཁོར། ཡི་དམ་གྱི་སྒོམ་བཟླས་ཅི་ནུས་བྱས་ལ། ཡི་དམ་དང་ཆོས་སྐྱོང་ཆེ་ཆུང་གི་མཆོད་གཏོར་གྱི་རྗེས་ལ། སྔོན་དུ་འདིའི་གཏོར་མ་བྱིན་གྱིས་བརླབས། ཡང་ན་སྔོན་དུ་ཆོས་སྐྱོང་བསྐྱེད་ན། མདུན་གྱི་ནམ་མཁར་ཧཱུྃ་ཡིག་ལས་ཨེ་ཆད་
པས་ནམ་མཁར་ཡྃ་ལས་རླུང་གི་དཀྱིལ་འཁོར། ར་ལས་རཀྟའི་རྒྱ་མཚོ། སུྃ་ལས་ཞིང་ཆེན་གྱི་ས་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རྃ་ལས་ཉི་མ། སུྃ་ལས་ཐོད་མཁར་གྱི་གཞལ་ཡས་ཁང༌། དེའི་ནང་དུ་པྃ་པདྨ་མཎྜ་ལ་ཧཱུྃ་གིས་པདྨའི་གདན། མ་སཱུརྻ་མཎྜ་ལ་ཧཱུྃ་གིས་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུྃ་གིས་ཟླ་བའི་གདན་གཉིས་སུ་གྱུར། གདན་གྱི་སྟེང་དུ། ས་བོན་ཧཱུྃ་དང་ཨྃ་ལས་དུང་དང་མགྲོན་བུ་ཧཱུྃ་དང་ཨྃ་གིས་མཚན་པ་ལས། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་སྐུ་མདོག་དཀར་ཞིང་འོད་ཟེར་འཕྲོ་བ། ཀེང་རུས་ཤིན་ཏུ་འཇིགས་པའི་གཟུགས་ཅན་ཞལ་གཅིག་ཕྱག་གཉིས་པ། སྤྱན་བགྲད་ཅིང་ལྗགས་འདྲིལ་བ། མཆེ་བ་གཙིགས་པ། ཕྱག་གཡས་པས་ཐོད་སྐམ་གྱི་དབྱུག་པ་ནམ་མཁར་འཕྱར་ཞིང༌། ཕྱག་གཡོན་པས་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་ཤིང་ཞལ་དུ་གསོལ་བ། ཞབས་གཡས་བསྐུམས་པ་གཡོན་པའི་བརླ་ལ་བརྟེན་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་དང༌། རིན་པོ་ཆེའི་དབུ་རྒྱན་དང་སྙན་ཆས་བརྒྱན་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཡབ་ཡུམ། འཁོར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་དཔག་ཏུ་མེད་པས་བསྐོར་བ་གཉིས་སུ་གྱུར་ཏེ། དེ་གཉིས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་དང༌། ཨུ་རྒྱན་ནས་ཡེ་ཤེས་པ་སྤྱན་དྲངས། ཧཱུྃ། དཔལ་ལྡན་མཐུ་སྟོབས་དབང་ཕྱུག་ཆེ། །ཕྲིན་ལས་རྣམ་བཞིས་དོན་མཛད་པ། །དད་ལྡན་དམ་ཚིག་ཆེན་པོ་ཡི། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཤྲཱི་སྨ་ཤ་ན་ཨ་དྷི་པ་ཏི་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ ཞེས་དང༌། ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། བཅོམ་ལྡན་འཁོར་ལོ་སྡོམ་པའི་ལྷ་ཚོགས་ཀྱིས་དབང་བསྐུར། སྐུ་གང༌། དྲི་མ་དག ཆུ་ལྷག་མ་ཡར་ལུད་པ་ལས་འཁོར་ལོ་སྡོམ་པ་ལྷན་ཅིག་སྐྱེས་པས་དབུ་བརྒྱན། དེ་ལ་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱལ་བའི་ཐུགས་ཀྱི་ཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་
སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །ཅེས་པས་བསྟོད། ཨོཾ་བཛྲ་ས་མ་ཡ་སྟྭཾ། ས་མ་ཡ་ཧོ། དཔལ་འཁོར་ལོ་བདེ་མཆོག་གི་ལྷ་ཚོགས་རྣམས་དང༌། རྗེ་བཙུན་བླ་མ་དམ་པ་བརྒྱུད་པ་དང་བཅས་པ་རྣམས་ཀྱིས་ཇི་ལྟར་བཀའ་བསྒོས་པ་དང་དམ་ཚིག་ལས་མ་འདའ་བར། དཔལ་དུར་ཁྲོད་ཀྱི་བདག་པོ་འཁོར་དང་བཅས་པས་བདེ་བར་གཤེགས་པའི་བསྟན་པ་དང་བསྟན་པ་འཛིན་པ་དང་བཅས་པ་རྣམས་དང༌། བདག་ཅག་དཔོན་སློབ་འཁོར་བཅས་དང༌། སེམས་ཅན་ཐམས་ཅད་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་གཅོད་པ་དང༌། ཚེ་རིང་ནད་མེད་ལོངས་སྤྱོད་འཕེལ་ཞིང༌། ཆོམ་རྐུན་ཐམས་ཅད་བཅིང་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་ཕྲིན་ལས་བཅོལ། གཏོར་མ་ཤ་ཁྲག་དང་དར་དཀར་པོའི་ཅོད་པན་གྱིས་བརྒྱན་པ་ནང་མཆོད་ཆུ་གཙང་གིས་སྦྱངས་ལ། ཨ་མྲྀ་ཏས་བསངས། ཨོཾ་སྟོང་པ། ཨཱཿཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ། ཧཱུྃ་དགྲ་བགེགས་ཀྱི་ཤ་ཁྲག་དང་ཤ་ལྔ་བདུད་རྩི་ལྔ། ཧོཿས་ཡེ་ཤེས་ཀྱི་བདུད་རྩིར་གྱུར་པར་མོས་ལ། ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ། ཞེས་མོས་པ་ལ། གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཤྲཱི་སྨ་ཤ་ན་ཨ་དྷི་པ་ཏི་མ་ཧཱ་པི་ཤཱ་ཙི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་བས་གསོལ་ཏེ་དགྱེས་པར་བསམས་ལ། ཨརྒྷཾ་ལ་སོགས་པས་མཆོད། ནང་མཆོད་ཡོད་ན་འཐོར་ཞིང༌། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁཾ་ཐིས་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ། དཔལ་དུར་ཁྲོད་ཀྱི་བདག་པོ་འཁོར་དང་བཅས་པ་ཞེས་སོགས་གོང་བཞིན་ཕྲིན་ལས་བཅོལ། ཧཱུྃ། རྒྱལ་བའི་ཐུགས་ཀྱི་ཕྲིན་ལས་ཀུན། །མ་ལུས་གདུག་པ་འདུལ་བའི་ཕྱིར། །འཇིགས་པའི་སྐུར་སྟོན་འདོད་དོན་སྟེར། །དུར་ཁྲོད་གནས་ཀྱི་བདག་པོར་བསྟོད། །རྣམ་དཀར་ཀེང་རུས་དག་པའི་གཟུགས། །ཕྲིན་ལས་རྣམ་བཞི་ཐོགས་མེད་པར། །གང་ལ་ཅི་འདོད་དངོས་གྲུབ་ཀུན། །ཉེ་བར་སྩོལ་མཛད་ཁྱོད་ལ་བསྟོད། །ཡང་དག་ལམ་ལ་ཉེར་གནས་ཏེ། །ལུས་ཅན་བདེ་ལ་འགོད་མཛད་ཅིང༌། །སྲིད་པའི་འཆིང་བ་ཀུན་ལས་སྐྱོབ། །ཕན་བདེ་ཀུན་སྩོལ་
ཁྱོད་ལ་བསྟོད། །གང་གིས་ཁྱོད་སྒྲུབ་ཁྱོད་མཆོད་ན། །དམ་བཅས་ཇི་བཞིན་ཉེར་དགོངས་ནས། །ཇི་ལྟར་གསོལ་བཏབ་ཇི་བཞིན་དུ། །བདག་ལ་དངོས་གྲུབ་མ་ལུས་སྩོལ། །མཆོད་སྦྱིན་གཏོར་མ་རྒྱ་མཚོ་དང༌། །དངོས་གྲུབ་ཀུན་འབྱུང་དམ་རྫས་ཀྱིས། །དཔལ་ལྡན་བསྟན་སྲུང་འཁོར་བཅས་མཆོད། །ཕྲིན་ལས་གང་བཅོལ་འགྲུབ་པར་མཛོད། །ཅེས་པས་བསྟོད། སྔགས་བཟླ་བར་འདོད་པས། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། མདུན་གྱི་ཆོས་སྐྱོང་ལྕམ་དྲལ་ལ་ཕོག ཐུགས་རྒྱུད་བསྐུལ། ཡབ་ཡུམ་གྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་དང་ཨྃ་ལས་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་མ་ལུས་པ་བཀུག་ནས་བདག་ལ་སྩལ། ཆོམ་རྐུན་ལ་སོགས་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་ཚར་བཅད་པར་མོས་ནས། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་ཅི་མང་དུ་བཟླས་པའི་མཐར། ཨརྒྷཾ་ལ་སོགས་པའི་མཆོད་བསྟོད་གསོལ་གདབ་གོང་བཞིན་བྱ། ཡིག་བརྒྱས་ལྷག་ཆད་ཁ་བསྐང་ཞིང༌། བྲིས་སྐུ་སོགས་རྟེན་ཡོད་ན་དེ་ལ་བསྟིམ། མེད་ན་བཛྲ་མུཿས་གཤེགས་སུ་གསོལ། བསྔོ་བ་སྨོན་ལམ་གྱི་རྒྱས་གདབ་སྤྱི་ལྟར་བྱ། ཁྱད་པར་དུ་ལམ་བསྲུང་བར་འདོད་ན། སྔ་དྲོ་འགྲོ་ཁར་ཡབ་ཡུམ་ལ་གཏོར་མ་བྱིན་ལ། ཆོམ་རྐུན་ཆིངས་ཤིག་པར་གསོལ་བ་གདབ། གཏོར་མ་དགྲ་ཕྱོགས་སུ་བཏང༌། རང་ཡི་དམ་དུ་གསལ་བཏབ་ནས་གསེག་མའམ། བྱེ་མ་གཙང་མ་ལ། རྩ་སྔགས་ལ་ཆོམ་རྐུན་བནྡྷ་བནྡྷ། ཞེས་བཏགས་པ་མང་དུ་བཟླས་ལ་འགྲོ་བའི་ཕྱོགས་དང༌། ཕྱོགས་ཐམས་ཅད་དུ་གཏོར་ཞིང༌། རང་དང་འཁོར་གཡོག་ནོར་རྫས་ཀུན་ལ་གཞན་གྱིས་མ་ཚོར་བར་ཅུང་ཟད་ཕོག་པར་བྱས་ནས། རང་འཁོར་བཅས་ཀྱི་མདུན་རྒྱབ་ཏུ་ཆོས་སྐྱོང་ཡབ་ཡུམ་སྐུ་ཆེ་ཞིང་རགས་པ་རྔམས་པའི་སྐུ་ལས་དེ་འདྲ་བ་མང་པོ་འཕྲོས། གཡས་པའི་དབྱུག་པ་ཀླད་ལ་བསྐོར་བས་དགྲ་བགེགས་ཐམས་ཅད་རྡུལ་དུ་རློག་པར་བྱེད་པ། གཡོན་པའི་ཞགས་པས་གནོད་བྱེད་ཀྱི་ཡན་ལག་སྡོམ་པ། རྣམ་ཤེས་དང་དབང་པོ་ཐམས་ཅད་རྨུགས་ཤིང་ཉམས་པར་
བྱས་པར་མོས་ནས། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། མ་ཧཱ་ཐ་ནུ་ཆོམ་རྐུན་བནྡྷ་བནྡྷ་སྭཱ་ཧཱ། ཞེས་བཟླ་ཞིང་རང་གིས་ཐོག་མར་སྣ་དྲངས་ཏེ་འགྲོ །དེ་ནས་ཅི་བདེ་བར་བྱ། དེས་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་ངེས་ཤིང༌། བཙན་སར་ཕྱིན་པ་དང་ཏིང་ངེ་འཛིན་རིམ་གྱིས་ཀློད་དོ། །གཞན་ལ་ལམ་སྲུང་སྟེར་ན། མན་ངག་སྦྱིན་པའམ་ཡུངས་ཀར་ལ་སྔགས་ཅི་མང་བཟླས་པ་ཐུམ་དཀར་པོ་བྱས་པ་དང༌། སྔགས་བྲིས་པ་ལ་ཤམ་བུར་འཆང་བ་པོ་ལ་ཆོམ་རྐུན་རཀྵ་རཀྵ་སྭཱ་ཧཱ། ཞེས་བྲིས་པ་ལ་ཆོས་སྐྱོང་བསྐྱེད་བསྟིམ་བྱས་པས་ཡུངས་ཀར་གྱི་ཐུམ་བུ་དང་ལྷན་དུ་ལུས་སམ་མགུལ་དུ་བཏགས་པས་ལམ་གྱི་བར་ཆད་ངེས་པར་སྲུང་ཞེས་གསུང༌། གཞན་ལས་ཚོགས་མང་པོ་མཆིས་པ་རྣམས་བླ་མ་བཻ་རོ་ཙ་ན་དང༌། བླ་མ་ས་སྐྱ་པ་ཆེན་པོའི་གསུང་རབ་ལས་ཤེས་པར་བྱའོ། །དཔལ་དུར་ཁྲོད་བདག་པོའི་མཆོད་གཏོར་མདོར་བསྡུས་པ་མན་ངག་དང་བཅས་པ་བླ་མ་རྗེ་བཙུན་ཆེན་པོ་ལས་བླ་མ་ཡར་སྒོམ་སེ་བོ་དང༌། བླ་མ་དམ་པ་རྒྱལ་ཚ་ལུང་མང་པོ་ཁུ་དབོན་ལས་བརྒྱུད་པ། ཡར་ལུང་པ་སེང་གེ་རྒྱལ་མཚན་གྱིས་ལས་དང་པོ་པས་བསྐུལ་བའི་ངོར། དམ་པ་མང་པོའི་དབེན་གནས་བསམ་གླིང་བདེ་བ་ཅན་དུ་ཤིང་ཕོ་བྱི་བའི་ལོ་ཟླ་བ་བཞི་པའི་ཉེར་ལྔ་ཆོས་ཀྱི་རྗེ་པས་དུས་བྱིན་གྱིས་བརླབས་པའི་ཉིན་སྦྱར་བ་དགེའོ། ༈ །འདིའི་བརྒྱུད་པ་ནི། རྡོ་རྗེ་རྣལ་འབྱོར་མ། པདྨ་བཛྲ། ཤྲཱི་བཛྲ་རཱ་ཧུ་ལ། སྒེག་པའི་རྡོ་རྗེ། ཛྙཱ་ན་སིདྡྷི། དཔལ་དམ་ཚིག་རྡོ་རྗེ། འཆི་མེད་བློ་གྲོས་བཟང་པོ། བཻ་རོ་ཙ་ན། ཁམས་པ་རྒྭ་ལོ་ཙཱ་བ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་པ། བླ་ཆེན་ཡར་སྒོམ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། དྲིན་ཆེན་སེང་གེ་བཟང་པོས། བདག་ཡར་ལུང་པ་སེང་གེ་རྒྱལ་མཚན་དཔལ་བཟང་པོ་ལའོ། །བདག་པོ་བླ་མ་ཆེན་པོ་འཇམ་དབྱངས་ནམ་མཁའ་རྒྱལ་མཚན། ཀུན་སྤངས་ཆོས་ཀྱི་ཉི་མ། སྒོམ་ཆེན་ཤཱཀྱ་བློ་ལྡན། རྗེ་བཙུན་མཻ་ཏྲི་པ་ཆེན་པོ། སྤྱན་སྔ་མི་ཕམ་ཆོས་རྒྱ་མཚོ། དེས་བདག་བྱམས་པ་ཀུན་དགའ་ལའོ། །བླ་མ་གཟུངས་ཀྱི་དཔལ་བ་ལས་འདིའི་རྗེས་གནང་དང་ལས་ཚོགས་སྒྲུབ་
ཐབས་ས་སྐྱ་པའི་བླ་མ་གོང་མས་མཛད་པ་ཡོངས་སུ་ཚང་བ་ཐོབ་པའི་ཐོབ་ཡིག་ཟུར་ན་ཡོད་དོ། བླ་མ་གན་པ་བ་ལས་བླ་མ་དམན་ཡེ་ཤེས་དཔལ་ནས་ཞུས། དེ་ལ་བདག་གིས་ལུང་འགའ་ཞིག་ཀྱང་ཐོབ་བོ། ༈ །དཔལ་ལྡན་བདེ་མཆོག་ལྷ་ཚོགས་དང༌། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །དཔལ་ལྡན་དུར་ཁྲོད་བདག་པོ་ཡི། །གདམས་པ་གཞུང་དང་མི་འགལ་བ། །བླ་མའི་ཞལ་ནས་གསུངས་པ་བཞིན། །ཕྱིན་ཅི་མ་ལོག་ཇི་ལྟ་བར། །ཟིན་བྲིས་གསལ་བར་བྲི་བར་བྱ། །བླ་མ་མཁའ་འགྲོའི་ཚོགས་རྣམས་དང༌། །དུར་ཁྲོད་བདག་པོས་བཟོད་པར་མཛོད། །དཔལ་དུར་ཁྲོད་ཀྱི་བདག་པོའི་སྒོ་ནས་བདག་གཞན་བསྲུང་བ་ལ་གསུམ་སྟེ། བསྙེན་པ་དང༌། སྒྲུབ་པ་དང༌། ལས་ལ་སྦྱར་བའོ། །དང་པོ་བསྙེན་པ་ནི། དུར་ཁྲོད་ལ་སོགས་པ་དབེན་ཞིང་ཉམས་དགའ་བའི་གནས་སུ་སོང་ལ། ཕྱགས་དར་ལ་སོགས་པ་ཡིད་འཇུག་པར་བྱས་ལ། གནས་དེར་རང་གི་མདུན་དུ་མཎྜལ་མདའ་གང་བ་ཅིག་ལེགས་པར་བྱས་པའི་དབུས་སུ་ཟླུམ་པོ་ཁྲུ་གང་པ་ཅིག་བྱ། དེའི་དབུས་སུ་རིན་པོ་ཆེའི་རྟེན་ཞལ་སྤྲོད་ཅིག་བྲི། དེའི་སྟེང་དུ་དབུས་དང་ཕྱི་རུ་ནས་ཀྱི་ཚོམ་བུ་དགུ་དགོད། ཚོམ་བུ་དབུས་མའི་སྟེང་དུ་མཉྫིའམ་མཆོག་རྐང་གི་ཁྲིའུ་བྱས་པའི་སྟེང་དུ། ཀ་པཱ་ལ་མཚན་ལྡན་གྱི་ནང་དུ་དཔལ་བཤོས་དང༌། ཤ་ཁྲག་སྣ་ཚོགས་པས་བཀང་བའི་རྟེན་གཏོར་གཅིག་བཞག ཆང་ཕུད་ཀྱང་བླུགས། དེའི་ནང་དུ་ནོར་བུ་གཉིས་བཞག་ལ། དེའི་སྟེང་དུ་ཡབ་ཡུམ་གྱི་སྐུ་གཉིས་ཀྱང་བཞུགས་སུ་གསོལ། རྒྱུན་གཏོར་གཅིག་ཀྱང་མདུན་དུ་བཞག གཞན་ཡང་དཀོན་མཆོག་གི་མཆོད་གཏོར་དཀར་གསུམ་མངར་གསུམ་ལས་བྱས་པ་འབྱོར་ཚད་བཤམས་ཏེ། མཚམས་དམ་པར་བྱས་ལ་རང་སྟན་བདེ་བ་ལ་བསྡད་དེ། སེམས་བསྐྱེད་དང་ལྡན་པས་རང་བདེ་མཆོག་གམ་ཡི་དམ་གང་བྱེད་དུ་བསྐྱེད་ལ། མཚམས་གཅོད་དྲག་ཏུ་བྱ། སྲུང་བའི་གུར་ཁང་ཕུབ་སྟེ། མེ་རི་རྡོ་རྭ་དུར་ཁྲོད་གཞལ་ཡས་ཁང་དུ་བསྒོམས་ལ། བླ་མ་དཀོན་མཆོག་ཡི་དམ་རྣམས་ལ་མཆོད་གཏོར་ཕུལ་ལ། སྒྲུབ་པ་འདི་ལ་བར་ཆད་མི་འབྱུང་བ་དང༌། མྱུར་དུ་འགྲུབ་པའི་གསོལ་བ་གདབ་
བོ། །དེ་ནས་རྟེན་གཏོར་དེ་ཤ་ཁྲག་གི་རི་བོ་ལ་བདུད་རྩིའི་རྒྱ་མཚོ་ཆེན་པོ་ཅིག་ཏུ་བསམ་མོ། །དེའི་སྟེང་དུ་ནོར་བུ་གཉིས་དང་སྐུའི་རྣམ་པ་ལས་ཆོས་སྐྱོང་ཡབ་ཡུམ་གཉིས་སྐད་ཅིག་གིས་ཝལ་གྱིས་བསྐྱེད། དེ་ནས་རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་ཏེ། རྒྱ་གར་ཡུལ་གྱི་ནུབ་ཕྱོགས་ཨཽ་ཌྱཱན་གྱི་དུར་ཁྲོད་ནས་ཡབ་ཡུམ་སྤྱན་དྲངས་ལ་བསྟིམ། དེ་ནས་མཆོད་གཏོར་ཤ་ཁྲག་ལས་བྱས་པ་མང་དུ་ཕུལ་ནས་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་བསྙེན་པ་བྱ་སྟེ་གོང་ལྟར་དུས་བཞིར་བསྐྱེད་བསྟིམ་བྱ་ཞིང་མཆོད་གཏོར་དབུལ། དེ་ལྟར་ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་འགྲུབ་སྟེ་གསང་བར་བྱའོ། །དེ་ནས་རྟེན་གཏོར་གཙང་སར་དབུལ། ནོར་བུ་གཉིས་དང་སྐུ་ཚགས་བྱ། བསྙེན་པའོ། །དེ་ནས་དངོས་གྲུབ་བསྒྲུབ་པ་ནི། ཞེས་པས་དེའི་སྒྲུབ་པ་བྱ་བ་ནི། སྔར་གྱི་དཀྱིལ་འཁོར་དེའི་སྟེང་དུ་གྲུ་གསུམ་རྒྱ་དང་དཔངས་སུ་མཐོ་གང་པ་ཅིག་བྱ། དེའི་ཕྱི་ནང་ཁྲག་ལ་སོགས་པས་དམར་པོར་བྱུགས། དེའི་ཟུར་གསུམ་དུ་མཆོག་ཕུར་གསུམ་གཟུགས། དེའི་ཁར་ཐོད་པ་མཚན་ལྡན་ཅིག་གི་ནང་དུ་ཟས་རྣམ་པ་སྣ་ཚོགས་པས་བཀང་ལ་བཞག གཞན་ཡང་འབྲུ་སྣ་དང་རྒུན་འབྲུམ་ལ་སོགས་ཏེ་ཤིང་ཐོག་སྣ་ཚོགས་ཀྱང་དེའི་ནང་དུ་བླུགས། རིན་པོ་ཆེ་སྣ་ཚོགས་ཀྱང་དེར་བཞག དེའི་སྟེང་དུ་རང་གང་དགའ་བའི་ཁ་ཟས་སྣ་ཚོགས་བཞག དེའི་སྟེང་དུ་གོང་གི་ནོར་བུ་དང་སྐུ་བཞུགས། དཀྱིལ་འཁོར་གྱི་ཟུར་གསུམ་མདུན་དང་བཞིར་གཏོར་ཟན་ཆངས་ཀྲད་བདུན་བདུན་པ་རེ་བཞག་པའི་ནང་དུ་ཁྲག་རེ་བླུགས་པ་བཞི་ཡང་བཞག་གོ །གཞན་ཡང་བླ་མ་དཀོན་མཆོག་གི་མཆོད་པ་དང༌། ཡི་དམ་ལྷའི་གཏོར་མ་དང༌། ཚོགས་ཀྱི་ཡོ་བྱད་ཅི་འབྱོར་ཚད་བཤམ། དེ་ནི་དཀྱིལ་འཁོར་དང་རྫས་ཀྱི་བཅའ་གཞི་བཀོད་པའི་རིམ་པའོ། །དེ་ནས་སྟན་བདེ་བ་ལ་ཁ་ནུབ་ཏུ་བལྟས་ནས་བསྡད། བདག་ཉིད་ཡི་དམ་ལྷའི་ཏིང་ངེ་འཛིན་དུ་ཞུགས་ལ་མཚམས་བཅད་ནས་སྲུང་བའི་འཁོར་ལོའི་གུར་ཁང་ཕུབ་སྟེ། བླ་མ་དང་དཀོན་མཆོག་ཡི་དམ་ལ་སོགས་པ་ལ་མཆོད་གཏོར་གཞུང་བཞིན་ཕུལ་ལ། བར་ཆད་བསྲུང་བ་ལ་སོགས་པའི་གསོལ་བ་གདབ། ཚོགས་
ཟས་བདུད་རྩིར་བྱིན་གྱིས་བརླབས་པའི་ཕུད་དང་གཏོར་མ་ལྔ་པོ་ཕུལ། ཚོགས་ལ་ལོངས་སྤྱོད། ལྷག་གཏོར་གཏོང༌། དེ་ནས་སྐད་ཅིག་གིས་གཏོར་མ་དེ་ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། བདུད་རྩིའི་རྒྱ་མཚོ་ཆེན་པོ་ཤ་ཁྲག་གི་རི་བོ་ཆེན་པོ་གཅིག་ཏུ་དམིགས་ལ་དེའི་སྟེང་དུ། ཕྱི་ཐོད་པ་ནང་རིན་པོ་ཆེ་ལས་གྲུབ་པའི་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཅིག་བསམ། དེའི་ནང་དུ་སྐུ་དང་མགྲོན་བུ་གཉིས་ལས། ཆོས་སྐྱོང་ཡབ་ཡུམ་ཝལ་གྱིས་བསྐྱེད་ལ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་ཨཽ་ཌྱཱན་གྱི་དུར་ཁྲོད་ཀྱི་གླིང་ནས་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་སྤྱན་དྲངས་ལ། མདུན་གྱི་དེ་ལ་བསྟིམ། གཏོར་མ་བཞི་པོ་དེ་ཤ་ཁྲག་གི་ཚོགས་སུ་བྱིན་གྱིས་བརླབས་ཏེ་བསྔོས་ལ་འདོད་པའི་དོན་ལ་གསོལ་བ་གདབ། དེ་ནས་སྲོག་སྙིང་བགྲང་ཞིང་དུས་དྲུག་ཏུ་ཆངས་སྐྲད་གཡོན་སྐོར་དུ་རེ་རེའི་ནང་དུ་རེས་བཞིན་དུ་བདུན་བདུན་བཞག དེ་ཡང་དང་པོ་ནི་བཞེངས་ལ་ཕུལ་ལ། དེའི་ནང་དུ་ཁྲག་དང་ཆང་ཕུད་ཧུབ་ཅིག་བླུགས། ཤ་ཁྲག་ཏུ་བྱིན་གྱིས་བརླབས་ལ། གཏོར་སྔགས་གཤམ་དུ་བཏགས་ལ་ཚར་བདུན་གྱིས་དབུལ། དེའི་ཐུན་མགོའི་དུས་སུ་གཡས་ཟུར་གྱི་གཏོར་མའང་གོང་བཞིན་དུ་གསོས་ལ་དབུལ་ལོ། །དེ་བཞིན་དུ་གཡོན་དུ་གོང་བཞིན་དུ་ཕུལ་ལ། ཞག་བདུན་དུ་སྨྲ་བཅད་བྱས་ཏེ་བསྒྲུབ་བོ། །དེ་ནས་ཞག་བདུན་གྱི་ནངས་པར་མཚམས་ཐོན་པ་དང༌། གཏོར་མ་བཞི་པ་གོང་བཞིན་ཚོགས་མཆོད་བྱའོ། །དེའི་ཚེ་མཚམས་ཁོང་དུ་བུད་མེད་མི་བསྟེན་ནོ། །དེ་ནས་མཚམས་ནམ་ཐོན་པའི་ནུབ་མོ་དེར་ཆོས་སྐྱོང་ཡབ་ཡུམ་གྱིས་གུས་པའི་ཚུལ་གྱིས་ཚོགས་དང་དངོས་གྲུབ་དྲངས་པར་བསམས་ལ། རྟེན་གཏོར་སྟེང་གི་རང་གང་དགའ་བའི་ཟས་དེ་བླངས་ལ་བཟའོ། །དེ་ནས་གཏོར་མ་གཙང་སར་དབུལ། དེ་ནི་དངོས་གྲུབ་བླང་བཞེས་ཀྱང་བྱ་སྟེ་སྒྲུབ་པའོ། །རྟེན་དེ་དག་རང་གི་མཆོད་ཁང་ལ་སོགས་པའི་ཕུགས་སུ་མིས་མི་མཐོང་བར་བྱས་ལ་མཆོད་གཏོར་བསྔོ། འདོད་པའི་དོན་ལ་གསོལ་བ་བཏབ་ན་རང་ཅི་འདོད་པའི་གྲོགས་བྱེད་དོ། །དེ་ནས་ལས་ཚོགས་བསྟན་པ་ནི། །ཚར་གཅིག་བརྗོད་པས་བདག་ཉིད་སྲུང༌། །ཞེས་པ་ནི། དུས་དང་རྣམ་པ་ཐམས་
ཅད་དུ་བདག་ཉིད་ཡི་དམ་ལྷར་གསལ་བའི་ཏིང་ངེ་འཛིན་བྱས་ལ་དུས་རྒྱུན་གྱི་གཏོར་མ་ནམ་གཏོང་ཙ་ན། དང་པོ་ཡི་དམ་ལ་བསྔོ། དེ་སྟེང་ཡབ་ཡུམ་ལ་བསྔོས་ལ་བདག་ལ་བསྲུང་བ་དང་བར་ཆད་བཟློག་པར་གསོལ་བ་གདབ། སྔགས་ལ་རཀྵ་རཀྵ་ཀུ་རུ་སྭཱ་ཧཱ། ཞེས་པ་བཏགས་ཤིང་བཟླས་ནས་སྤྱོད་ལམ་ཐམས་ཅད་དུ་ཡི་དམ་ལྷའི་ང་རྒྱལ་ལས་མ་ཡེངས་པས་ཆོས་སྐྱོང་ཡབ་ཡུམ་འཇིགས་པའི་གར་སྟབས་ཅན་དཔག་ཏུ་མེད་པས་ཉིན་མཚན་མེད་པར་བསྐོར་ནས་བར་ཆད་ཐམས་ཅད་བསྲུངས་པར་བསམ་ཞིང་བསྒོམ་པར་བྱའོ། །དགོན་གནས་ལ་སོགས་པ་གང་སྲུང་ཡང༌། ཆོས་སྐྱོང་ཡབ་ཡུམ་ཤིན་ཏུ་འཇིགས་སུ་རུང་པའི་གར་སྟབས་ཅན་དཔག་ཏུ་མེད་པས་བསྐོར་ཞིང་བསྲུངས་པར་བསམ་ཞིང་མཆོད་གཏོར་ཕུལ་ལ་གསོལ་བ་གདབ་བོ། །གལ་ཆེ་ན་མན་ངག་བཞིན་ཏུ་བྱའོ། །དེ་ནས་གནོད་པ་ཐམས་ཅད་ཞི་བར་འགྱུར་རོ། །ཚར་གཉིས་ཞེས་བྱ་བ་ནི། གཞན་གྱི་དགོན་གནས་བསྲུང་བར་བྱ་བའམ། ཡོན་བདག་བསྲུང་བ་ལ་གོང་ལྟར་དམིགས་ལ་གཏོར་མ་སྦྱིན། དམག་དང་ནད་རིམས་དང་གང་བསྲུང་བར་འདོད་པའི་འདི་དང་འདི་སྲུངས་ཤིག་ཅེས་བཀའ་བསྒོ་བྱའོ། །ཚར་གསུམ་བརྗོད་ཅེས་བྱ་བ་ནི། གྲོང་ཁྱེར་དེར་རིམས་ནད་དང་དགྲ་རྐུན་བྱུང་གིས་དོགས་ན། གྲོང་ཁྱེར་དེའི་མཆོད་གཏོར་གྱི་རྒྱུ་བསྡུས་ལ། གོང་ལྟར་མཆོད་པ་དང་གཏོར་མ་སྦྱིན་ཞིང་གསོལ་བ་གདབ། བཀའ་བསྒོ། མིས་མ་མཐོང་བར་ས་གཙང་མ་ལ་སྔགས་ལ། མིས་མ་ཚོར་བར་གྲོང་ཁྱེར་འཁོར་བར་བསྐོར་ཏེ་གཏོར་བས་ཆོས་སྐྱོང་ཡབ་ཡུམ་འཇིགས་པའི་གར་སྟབས་ཅན་དཔག་ཏུ་མེད་པར་གྱུར་པས་བསྐོར་ཞིང་བར་ཆད་བསལ་བར་བསམ། དགྲ་ཡིན་ན་ཐོ་རངས། རྐུན་མ་ཡིན་ན་ནུབ་མོ། ནད་རིམས་ལ་དུས་ངེས་པ་མེད། གསོལ་བ་གདབ་པ་ལ་སོགས་པ་གོང་དང་འདྲ། མན་ངག་ཏུ་མིས་མ་ཚོར་བར་གསང་བ་གལ་ཆེའོ། །དེས་ཐམས་ཅད་སྲུང་བར་འགྱུར་རོ། །ཚར་བདུན་ཞེས་པ་ནི། ནངས་པར་ཐོ་རངས་ལྡང་དུས་སུ་རང་ཡི་དམ་ལྷར་བསྒོམ། ཆོས་སྐྱོང་ཡབ་ཡུམ་མདུན་དུ་བསྐྱེད་ལ་དེའི་ཞལ་ནས་སྔགས་ཀྱི་ཕྲེང་བ་འོད་ཟེར་དང་བཅས་པ་བྱུང་བ་རང་གི་ཞལ་དུ་ཐིམ་པས། བློ་རྨོངས་པ་དང་མ་རིག་པའི་
མུན་པ་ཐམས་ཅད་བསལ་བར་བསམ་ཞིང༌། སྔགས་ཚར་བདུན་མ་ཆག་པར་བཟླས་ནས། བདག་བློ་རྣོ་བར་མཛད་དུ་གསོལ། །ཞེས་བརྗོད་ན་ཤེས་རབ་འཕེལ་བར་འགྱུར་རོ། །བརྒྱ་རྩ་བརྒྱད་བརྗོད་ཅེས་པ་ནི། ཡུལ་གཡས་གཡོན་གཞན་དུ་ནད་ཡམས་བྱུང་ནས་རང་ཡུལ་དུ་བྱུང་དོགས་སམ། གཞན་གྱིས་རང་ལ་དགྲ་གཤོམ་ན། ཡུལ་དེའི་གཏོར་ཕྱེ་བསྡུས་ལ། དུས་བཞིའམ་གཏན་དུ་རྒྱུན་གཏོར་སྦྱིན་ཞིང༌། ཐོ་རངས་ནས་མ་ཆག་པར་ཆོས་སྐྱོང་ཡབ་ཡུམ་འཇིགས་པའི་གར་སྟབས་ཅན་དཔག་ཏུ་མེད་པས་དབྱུག་ཏོ་ཐོགས་ཤིང་ཀླད་ལ་བསྐོར་བས་གདུག་པ་ཅན་ཐམས་ཅད་རྡུལ་དུ་རློག་པར་བསམས་ལ། སྔགས་བརྒྱ་རྩ་བརྒྱད་ལ་སོགས་པ་བཟླའོ། །དེ་ལྟར་གདུག་པ་མ་ཞིའི་བར་དུ་བྱའོ། །དེས་ནི་ཞི་བར་འགྱུར་བར་ཐེ་ཚོམ་མེད་དོ། །ལར་བརྒྱ་རྩ་བརྒྱད་ཅེས་གོང་དུ་བསྟན་ཏེ། ལས་གང་ལ་ཡང་སྔགས་བརྒྱ་རྩ་བརྒྱད་རེ་དགོས། སྤྱིར་སྔགས་ཀྱི་ཤམ་བུ་བསྒྱུར་ཏེ་གསོལ་བ་གདབ་པ་གལ་ཆེའོ། །དེ་ནས་རིག་སྔགས་བཟློག་པ་ནི། །ཞེས་པས། དུར་ཁྲོད་ཀྱི་ཐལ་ཆེན་དང་ཁམས་བསྲེས་ལ། འབུར་སྐུ་ལེགས་པར་བྱས་ལ་མདུན་གྱི་མཎྜལ་སྟེང་དུ་བཞུགས་པ་ལ་མཆོད་གཏོར་བཤམས་ཏེ། རང་ལྷའི་ང་རྒྱལ་གྱིས་མཚམས་དང་སྲུང་འཁོར་བསྒོམ། དཀོན་མཆོག་ལ་མཆོད་པ་འབུལ། གསོལ་བ་གདབ། ཡི་དམ་ཆོས་སྐྱོང་ལ་གཏོར་མ་གཏོང༌། ཕྲིན་ལས་བཅོལ། འབུར་སྐུ་མི་དམིགས་པ་ལས་ཆོས་སྐྱོང་ཡབ་ཡུམ་དུ་སྐད་ཅིག་གིས་བསྐྱེད་དེ་སྤྱན་དྲངས་ལ་བསྟིམ། མཆོད་གཏོར་དུས་བཞིའམ་དྲུག་ཏུ་འབུལ། འདོད་དོན་ལ་གསོལ་བ་གདབ། དེ་ནས་བུམ་པ་ཆོ་ག་བྱས་པ་གཅིག་གིས་སྐུ་དེ་གཉིས་ལ་མེ་ལོང་དུ་ཁྲུས་གསོལ། ཞལ་བསོ་བའི་མཆོད་གཏོར་ཆེར་སྦྱིན། རབ་གནས་བྱ་སྟེ་སྔོན་དུ་བྱ་བའི་རིམ་པའོ། །དེ་ནས་སྐུ་དེ་དགོན་གནས་ལ་སོགས་པའི་ཕུགས་སུ་བཞག་ལ། མཆོག་ཕུར་སོར་བརྒྱད་པ་བཅུས་བསྐོར་ལ་དུས་བཟང་ཁྱད་པར་ཅན་གསུམ་ལ་གུ་གུལ་གྱི་དུད་པས་བདུག་ཅིང་སྔགས་བརྒྱ་རྩ་རེ་བཟླས་པའི་རྗེས་ལ། རིག་སྔགས་ཟློག་ཅིག ཅེས་གསོལ་བ་ལན་གསུམ་གསུམ་མམ་བདུན་བདུན་གདབ། རབ་
ཞག་བདུན། འབྲིང་གསུམ། ཐ་མ་གཅིག་ཏུ་བསྒྲུབ། དེས་ཟློག་པར་ཐེ་ཚོམ་མེད། གཞན་ཡང་ལས་སྣ་གང་ལ་ཡང༌། བྲིས་སྐུའམ་འབུར་སྐུ་ལ་སོགས་གང་ཡིན་མཎྜལ་སྟེང་དུ་བཞུགས་ལ་མཆོད་གཏོར་བཤམ། ཡི་དམ་ལྷའི་ང་རྒྱལ་གྱིས་མཚམས་བཅད་ལ་སོགས་བྱས་ནས་བུམ་པ་བཅས་ཏེ་སྐུ་དེ་ལ་མེ་ལོང་དུ་ཁྲུས་བྱས། མཆོད་ཅིང་གསོལ་བ་གདབ་པ་ལ་སོགས་པ་གོང་བཞིན་བྱས་ལ། གང་བྱེད་གནས་སུ་གཞུག དེས་ཀུན་ལ་འགྲེའོ། །དེ་ནས། གཞན་ཡང་དངོས་གྲུབ་སྒྲུབ་པའི་ཐབས། །ཞེས་པས་ལས་ཚོགས་བསྟན་པ་ནི། འབྲུ་འཕེལ་བར་འདོད་ན། འབྲུ་རྣམ་པ་སྣ་ཚོགས་ཀྱི་བག་ཕྱེ་ལས་ཡབ་ཡུམ་གྱི་སྐུ་འབུར་སྐུ་བྱས་ལ། དེའི་ཁོང་པར་འབྲུ་སྣ་བླུགས་ཏེ་མཎྜལ་སྟེང་དུ་གཞུག རང་ཡི་དམ་དུ་བསྒོམ། མཚམས་བཅད། སྐུ་བསྐྱེད་བསྟིམ། མཆོད་གཏོར་འབུལ། གསོལ་བ་གདབ། ཐུན་བཞིའམ་དྲུག་ཏུ་ཞག་བདུན་ལ་སོགས་པར་བསྒྲུབས་ལ་བང་མཛོད་ལ་སོགས་པའི་ཕུགས་སུ་གཞུག མཆོད་ཅིང་གསོལ་བ་གདབ་བོ། །མར་འཕེལ་བར་འདོད་ན། མར་ལ་ཡབ་ཡུམ་གྱི་སྐུ་བྱས་ལ་གོང་ལྟར་རབ་གནས་བྱ། བསྐྱེད་བསྟིམ་མཆོད་གཏོར་འབུལ། གསོལ་བ་ཡང་ཡང་གདབ། མར་སྒྲོམ་གྱི་ཕུགས་སུ་བཞག་ལ། མར་ཡོད་ཚད་ཐམས་ཅད་དབུལ། སྤྱོད་དུས་ཆོས་སྐྱོང་ལ་ཞུས་ལ་བྱ། དེ་ལ་ཐེ་ཚོམ་མི་བྱའོ། །ཡང་ས་བཟང་པོ་ལ་རིན་པོ་ཆེ་སྣ་ཚོགས་བརྡར་ལ་ཡབ་ཡུམ་གྱི་སྐུ་བྱ། རབ་གནས་དང་སྒྲུབ་པ་གོང་དང་འདྲ། ཞིང་དཀྱིལ་ཐོད་པས་མི་སླེབ་སར་རྡོ་སྒྲོམ་གྱི་ནང་དུ་གཞུག རྡོ་ལེབ་ཀྱིས་དགབ། ཆུས་མི་འཇིག་པར་བྱས་ན་ལོ་ལེགས་པར་བྱེད་དོ། །ལོ་ལ་གདུག་པ་ཐམས་ཅད་བསྲུང་བར་འགྱུར་རོ། །ཡང་འབུར་སྐུ་དང་རབ་གནས་སྒྲུབ་པ་གོང་ལྟར་བྱས་ནས། ཐབ་ཁུང་ཞབས་སུ་གྲུ་གསུམ་ཁྲུ་གང་བྲུས་པར་ཞལ་ལ་བྱས། དེར་བཅུག་ལ་རྡོ་ལེབ་ཀྱིས་ཁ་དགབ། དེའི་སྟེང་དུ་སོར་བདུན་གྱི་འཇིམ་པས་གཡོགས། གཡོས་ཅི་བྱེད་ཐམས་ཅད་དེ་ལ་འབུལ་བར་བསམ། དེས་ཟས་འདུ་ཞིང་ཐབ་ཁ་ལོངས་སྤྱོད་ཆེ་བར་འགྱུར་རོ། །ཡང་ཚོན་རྩིའི་ནང་དུ་གསེར་བརྡར་ལ། ཀ་རའི་ཤུན་པ་ལ་
ཡབ་ཡུམ་གྱི་སྐུ་བྲིས་ལ། བསྐྱེད་བསྟིམ་རབ་གནས་མཆོད་གཏོར་སྒྲུབ་པ་གོང་ལྟར་བྱས་ནས་ཆུ་རའི་ཞབས་སུ་སྦས་ཏེ། ཆུ་མི་འགྲོ་བའི་ཚས་བྱའོ། །ཡང་ན་ཆུ་ར་ཁྲི་ལ་བཞག་ནས་ཞ་ལ་བྱས་ཀྱང་ཆོག དེ་མིས་མ་རིག་པར་བྱའོ། །དེས་ནི་རང་བཞིན་གྱིས་ཁ་ཟས་བཅུད་ཅན་གྱི་རིགས་ཐམས་ཅད་འདུ་བར་འགྱུར་རོ། །ཡང་ཀ་རའི་ཤུན་པའམ། ཏཱ་ལའི་ལོ་མ་ལ་ཡབ་ཡུམ་གྱི་སྐུ་ཚོན་གང་པ་ཚོན་གྱིས་བྲིས་ནས། བསྐྱེད་བསྟིམ་རབ་གནས་མཆོད་སྒྲུབ་གོང་ལྟར་བྱས་ནས་མགུལ་ཏུ་བཏགས་ན་མི་ཐམས་ཅད་ཀྱིས་མཐོང་བ་ཙམ་གྱིས་མ་བུ་གཅིག་པའི་འདུ་ཤེས་སམ་དད་པ་ཅན་གྱིས་སློབ་དཔོན་མཐོང་བ་བཞིན་དུ་འགྱུར་རོ། །ཡང་དར་དཀར་ལ་ཡབ་ཡུམ་གྱི་སྐུ་བྲིས་ལ། བསྐྱེད་བསྟིམ་རབ་གནས་མཆོད་སྒྲུབ་བྱས་ནས། དམག་ལ་འགྲོ་བའི་ནངས་པར་གཏོར་མ་བྱིན་ལ། བདག་གི་དམག་རྣམས་བསྲུང་བ་དང༌། ཕ་རོལ་པོའི་དམག་མི་རྣམས་བཅིང་བ་དང༌། བཟློག་པའི་གསོལ་བ་གདབ། བཀའ་བསྒོ་བྱས་ལ་དགྲའི་ཕྱོགས་སུ་གཏོར་མ་དང་བཅས་པ་གཤེགས་སུ་གསོལ་ལ། སྐུ་དེ་དམག་དཔོན་མགོ་ལ་གཟུགས་སོ། །རང་ཡི་དམ་དུ་བསྒོམ། མན་ངག་ཏུ་དར་སྐུ་ལ་མིས་མ་རེག་པར་བྱའོ། །དེ་ནས་དམག་མི་ལམ་དུ་ཞུགས་པ་དང༌། རང་གི་དམག་མི་བསྲུངས་ཤིང༌། ཕ་རོལ་གྱི་དམག་སྣ་ཕར་ལ་བཟློག་ཅིང་དགྲ་རྡུལ་དུ་བརླག་པར་བསམ་མོ། །དེས་ནི་རང་གི་མི་མི་འཆི། གོ་མི་འཆོར། གཡུལ་ལས་རྒྱལ་བར་འགྱུར་རོ། །དེ་ནས་ཁྱིམ་དུ་ཕྱིན་པ་དང༌། གཏང་རག་གི་མཆོད་པ་རྒྱ་ཆེན་པོ་བྱའོ། །ཡང་ཀ་རའི་ལོ་མ་ལ་རིན་པོ་ཆེ་སྣ་ཚོགས་ཚོན་རྩིའི་གསེབ་ཏུ་བརྡར་ལ། ཡབ་ཡུམ་གྱི་སྐུ་ཚོན་གང་པ་བྲིས་ལ་རབ་གནས་བསྐྱེད་བསྟིམ་མཆོད་སྒྲུབ་གོང་ལྟར་བྱས་ལ་སྲུང་ཁུག་ཏུ་བཅུག་ལ། རང་གི་དཔུང་པ་ལ་བཏགས་ན་ཡིད་ལ་ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡང་ཙནྡན་དང་གླ་བ་ལ་སོགས་དྲི་བཟང་ཐམས་ཅད་ལ་ཚོན་རྩི་སྦྱར་ལ། རས་སམ། གྲོ་གའམ་ཤིང་ལེབ་ཁྲུ་གང་པ་ལ་སྐུ་ལེགས་པར་བྲིས་ལ། རབ་གནས་བསྐྱེད་བསྟིམ་མཆོད་སྒྲུབ་གོང་བཞིན་བྱས་ལ། རང་གི་སྒོ་སྟེང་དུ་གཞལ་ཡས་ཁང་
ཅིག་བྱས་པའི་ནང་དུ་བཞུགས་ནས་གསོལ་བ་བཏབ་ན། རང་གི་འཁོར་རྣམས་ལ་ནད་ཡམས་མི་འོང་ངོ༌། །ཡང་རས་དཀར་པོ་ལ་བྲིས་ནས་རབ་གནས་བསྐྱེད་བསྟིམ་སྒྲུབ་པ་བྱས་ལ། རང་གི་སྟེང་དུ་བླ་བྲེ་བྲེས་ནས་མིས་མ་རེག་པར་བྱས་ནས་མཆོད་པ་བྱས་ཏེ། དུས་མིན་འཆི་བའི་བར་ཆད་ཐམས་ཅད་བཟློག་ཏུ་གསོལ་ཞེས་གསོལ་བ་གདབ་བོ། །ངེས་པར་ཟློག་གོ །ཡང་ཤིང་ཤུན་གང་ཡང་རུང་བའམ་མཐིང་ཤོག་ལ་བྲིས་ལ་རབ་གནས་ལ་སོགས་པ་གོང་བཞིན་བྱས་ལ། གཙོ་བོའམ་རང་གི་མགུལ་དུ་བཏགས་ན་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །ཡང་བྱིས་པ་སྲིའུ་གསོ་ན་གོང་ལྟར་གསེར་སྐུ་གསུམ་བྱ། རབ་གནས་བསྐྱེད་བསྟིམ་མཆོད་གཏོར་སྒྲུབ་པ་གསོལ་བ་གདབ་པ་བྱས་ནས། གཅིག་མ་ལ་གདགས། གཅིག་ཕ་ལ་གདགས། གཅིག་བུ་ཆུང་ནམ་ཡོད་ཙ་ན་གདགས། རྒྱུན་དུ་མཆོད་ཅིང་ཏིང་ངེ་འཛིན་དེ་དག་གིས་སྲུང་འཁོར་གཞན་བསྒོམ། བར་བར་དུ་མཆོད་ཅིང་གསོལ་བ་གདབ་བོ། །ཡང་ཁམ་ས་ལ་རིན་པོ་ཆེ་སྣ་ཚོགས་བརྡར་ནས་འབུར་སྐུ་བྱ། རབ་གནས་སྒྲུབ་པ་སོགས་གོང་ལྟར་བྱས་ལ། རྒྱབ་ཡོལ་སོག་བྲག་གི་ཐད་ཀར་གྱེང་ལ་བྲུས་ལ་ཞལ་ཞལ་བྱས་ཏེ། དྲིས་བྱུགས་པར་སྦས་ནས་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པས་གང་ནས་ཐམས་ཅད་དབང་དུ་བསྡུས་པར་བསམ་མོ། །དེའི་ཞལ་ཁེབས་རྒྱབ་ཡོལ་ན་མར་དཔྱངས་ནས་མིས་མི་རིག་པར་བྱའོ། །དེས་ནི་མི་ཐམས་ཅད་དབང་དུ་འདུས་ཤིང་སློབ་བུ་འཕེལ་བར་འགྱུར་རོ། །ཡང་ཡུངས་ཀར་དང་ཐལ་ཆེན་ལ་སྔགས་ཞེས་པ་ནི། ཡུངས་ཀར་དང་གཡུལ་གྱི་ཐལ་ཆེན་བསྲེས་ནས་མདུན་དུ་བཞག་ལ། ཆོས་སྐྱོང་ཡབ་ཡུམ་མཆོད་ཅིང་སྔགས་མང་དུ་གདབ། ཞིང་གི་མཐའ་འཁོར་བར་བསྐོར་བས་ཡབ་ཡུམ་གར་སྟབས་ཅན་མང་པོར་གྱུར་ནས་བསྐོར་བས་གདུག་པ་ཅན་ཐམས་ཅད་ཀྱི་ཁ་བཅིངས་པར་བསམ་ཞིང་གསོལ་བ་གདབ། དེས་ནི་ཞིང་ལ་འབུ་སྲིན་ལ་སོགས་པ་གདུག་པ་ཅན་ཐམས་ཅད་ཀྱི་ཁ་བཅིང་བར་འགྱུར་རོ། །ཡང་སྲུང་སྐུད་རས་བལ་གཙང་མ་ལས་བྱས་པའི་མདུད་པ་རེ་རེ་ལ་ཡབ་ཡུམ་ཟུང་རེ་བསྟིམ་ཞིང་མདུད་དེ་མཆོད་གཏོར་ཆེ་བར་བྱ་ཞིང་གསོལ་བ་
གདབ་པར་བྱའོ། །དེ་ནས་ཕྱུགས་ལ་བཏགས་པས་གོད་ཁ་མི་འོང་ཞིང་སྒབ་འཕེལ་བར་འགྱུར་རོ། །གང་འདོད་པ་དེ་འགྲུབ་པར་མཛོད་ཅིག་ཅེས་གསོལ་བ་གདབ་པ་གལ་ཆེའོ། །ཡང་ནོར་ཕྱུགས་ལ་གོར་ཧོན་ནམ་ལྷོག་པའམ། ལུག་ལ་ཏལ་པ་བྱུང་ན། ལྷ་ཁང་གི་གྱོ་མོ་རག་རུག་ཏུ་བྱས་ལ། སྣོད་ཐོད་པའི་ནང་དུ་བླུགས་ལ་མདུན་དུ་བཞག་ཅིང་ཆོས་སྐྱོང་ཡབ་ཡུམ་ལ་མཆོད་གཏོར་སྦྱིན་པ་ལ་སོགས་པ་གོང་བཞིན་བྱ་ཞིང་སྔགས་ཞག་གཅིག་ཅི་འགྲུབ་བཏབ། དེ་ནས་གར་སྟབས་དང་བཅས་སྔགས་བཟླ་ཞིང༌། ལྷས་སམ་རྭ་བར་གཏོར་བས་དེ་རྣམས་ཆོས་སྐྱོང་ཡབ་ཡུམ་དཔག་ཏུ་མེད་པ་གར་སྟབས་བྱེད་པས་ལྷས་སམ་རྭ་བ་གང་བར་བསམ། དེས་གདོན་བགེགས་ཐམས་ཅད་ཚར་བཅད་ཅིང་བསྐྲད་པར་བསམ། དེས་ནི་ཕྱུགས་ནད་གང་ཡིན་ཞི་བ་དང་ཆད་པར་འགྱུར་རོ། །དེ་ནས་ལམ་བསྲུང་བར་འདོད་ན། ནངས་པར་འགྲོ་ཁར་ཡབ་ཡུམ་ལ་གཏོར་མ་བྱིན་ལ་བཀའ་བསྒོ། གསོལ་བ་གདབ། རང་འགྲོ་ཕྱོགས་སུ་གཤེགས་སུ་གསོལ། རང་ཡི་དམ་གྱི་ང་རྒྱལ་དང་ལྡན་པས་ཆོས་སྐྱོང་ཡབ་ཡུམ་སྐུ་ཆེ་ལ་ཡན་ལག་རགས་པ་ཤིན་ཏུ་འཇིགས་པ་རྔམས་པའི་སྐུ་བསྐལ་པའི་མེ་རླུང་འཚུབས་པ་ལྟར་བྱུང་བས། དཔག་ཚད་མཐོང་བའི་ས་ཚུན་ཆད་དུ་ཆོམ་རྐུན་དང༌། གནོད་བྱེད་ཐམས་ཅད་བསད་པ་དང༌། བསྐྲད་པ་དང༌། བཅིང་པ་དང༌། མིག་བཀབ་པ་དང༌། རྡུལ་དུ་བརླག་པར་བསམ་ཞིང༌། གསེག་མའམ་ས་གཙང་མ་མིས་མ་བརྫིས་པ་བླངས་ལ་སྔགས་བརྒྱ་རྩ་བརྒྱད་བཏབ་ལ་འགྲོ་ཕྱོགས་སུ་གཏོར། དེ་ནས་མདུན་རྒྱབ་ལ་སོགས་པའི་ཕྱོགས་ཀུན་ཏུ་གཏོར་རོ། །རང་དང་ནོར་རྫས་དང་གྲོགས་ཀུན་ལ་ཕོག་པར་བྱ། དེའི་ཚེ་སྨྲ་བ་བཅད་པ་དང༌། གྲོགས་ཀྱིས་མ་ཚོར་བར་བྱའོ། །དེ་མན་ངག་ཡིན་ནོ། །དེ་ནས་ཡིད་ཀྱིས་མདུན་རྒྱབ་ཀྱི་གཞོགས་རེ་རེ་སོ་སོར་ལྟ་གཉིས་གཉིས་གར་བྱེད་ཅིང་གཟི་བརྗིད་ཤིན་ཏུ་ཆེ་བས་དཔག་ཚད་ཚུན་ཆད་ཀྱི་ཇག་པ་དང༌། དགྲ་རྐུན་གདུག་སེམས་ཅན་ཟིལ་གྱིས་མནན་ཅིང༌། ཡན་ལག་དང་ཉིང་ལག་ཐམས་ཅད་བཅིངས་བལྟབས་རེངས་སུ་བཅུག དབང་པོ་ལྔ་སྟོར་ཞིང་བྲེད་དུ་བཅུག་པར་བསམས་ཤིང༌། སྔགས་ཀྱི་
ཤམ་ལ་མ་ཧཱ་ཐ་ནུ་ཆོམ་རྐུན་ཆིངས་ཤིག་བཏགས་ལ་བཟླས། རང་བཙན་སར་ཕྱིན་པ་དང་ཏིང་ངེ་འཛིན་ཀློད་དོ། །དེས་ནི་ཆོམ་རྐུན་གྱི་འཇིགས་པ་ལས་ཐར་བར་བྱེད་པར་འགྱུར་རོ། །འདི་ནི་གསང་ངོ༌། །ཆོས་སྐྱོང་དུ་བསྟེན་ཞིང་མཆོད་ན་བཅོལ་བའི་ལས་རྣམས་བྱེད་པར་འགྱུར་རོ། །དཔལ་དུར་ཁྲོད་བདག་པོའི་ཞལ་གདམས། བླ་མ་བཻ་རོ་ཙ་ནའི་ཞལ་གདམས་སོ། །དཔལ་ལྡན་དུར་ཁྲོད་བདག་པོ་ཡི། །ལག་ལེན་རིམ་པ་ཇི་ལྟ་བར། །བླ་མ་རྣམས་ཀྱི་མན་ངག་རྣམས། །བདག་གིས་ཡི་གེར་གསལ་བཀོད་པས། །འདི་ལ་མོས་ཤིང་སྒྲུབ་པ་རྣམས། །བར་ཆད་མེད་པར་དངོས་གྲུབ་ཀུན། །ཅི་འདོད་པར་ནི་འགྲུབ་ནས་སུ། །ཕྱག་རྒྱ་ཆེན་པོ་ཐོབ་པར་ཤོག །དཔལ་དུར་ཁྲོད་བདག་པོའི་མན་ངག་ལག་ལེན་ས་མ་པ་ཐཱ། བླ་མ་ས་སྐྱ་པ་ཆེན་པོས་བསྒྲིགས་པར་གདའ་ལགས་སོ། ༈ །བླ་མ་དམ་པ་རྣམས་ལ་ན་མོ། དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་གྱི་རྟེན་སྐུ་སྦ་བའི་མན་ངག་ནི། རིན་པོ་ཆེའམ་བཀྲ་ཤིས་པའི་ས་ལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་བྱས་ཏེ་དྲི་བཟང་བྱུགས། རས་སམ་དར་དཀར་ལ་དྲི་བཟང་གིས་འཁོར་ལོ་རིན་པོ་ཆེ་ཟུར་བརྒྱད་པ་བྲི། དབུས་སུ་ཨོཾ། ཟུར་བརྒྱད་ལ་རིན་པོ་ཆེ་བརྒྱད། མུ་ཁྱུད་ལ། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་རཏྣ་གྷྲྀ་རཱ་ཙི་ཝཾ། ཆེ་གེ་མོའི་སེམས་སྒུལ་སྒུལ་བྱ་བ་བྲི། འཁོར་ལོ་ཡབ་ཡུམ་གྱི་ལྟེ་བར་གཞུག རྟེན་གྱི་དཀྱིལ་འཁོར་གྱི་བཅས་རྣམས་གོང་བཞིན་བྱས་ལ། ཧཱུྃ་ལས་ཨེ་ཆད་པ་ལས་ནམ་མཁར་ཡྃ་ལས་རླུང༌། ར་ལས་རཀྟའི་རྒྱ་མཚོ། སུཾ་ལས་ཞིང་ཆེན་གྱི་ས་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རྃ་ལས་ཉི་མ། བྷྲཱུཾ་ལས་གཞལ་ཡས་ཁང་ཕོད་པའི་མཁར་དེའི་ནང་དུ་པཾ་པདྨ་མཎྜ་ལ་ཧཱུྃ་ཞེས་པས་པདྨའི་གདན། མ་སཱུརྻ་མཎྜ་ལ་ཧཱུྃ་གིས་ཟླ་བའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུྃ་གིས་ཟླ་བའི་གདན། དེའི་སྟེང་དུ་ས་བོན་ཧཱུྃ་དེ་ལས། དུར་ཁྲོད་བདག་པོ་ཆེན་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །ཕྱག་གཡས་ཐོད་དབྱུག་འབར་བ་འཕྱར། །གཡོན་ན་ཐོད་པ་ཁྲག་བཀང་གསོལ། །སྤྱན་བགྲད་ལྗགས་འདྲིལ་མཆེ་བ་གཙིགས། །ཤིན་ཏུ་འཇིགས་ཤིང་རྔམས་པའི་ཚུལ། །བརྐྱང་
བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་རུང་བའི་ཡབ་ཡུམ་བསྒོམ། །རང་གི་ཐུགས་ཀའི་འོད་ཟེར་གྱིས། །ཨོ་རྒྱན་ནས་ནི་སྤྱན་དྲངས་བསྟིམ། །རྟེན་འབྲེལ་སྙིང་པོས་རབ་གནས་བྱ། །གོང་ལྟར་བསྙེན་སྒྲུབ་བྱས་ནས་ནི། །རང་གི་བང་མཛོད་ལུགས་སུ་སྦ། །དེས་ནི་མི་རྣམས་གཡོ་བ་དང༌། །དཀོར་ནོར་འཕེལ་དང་བསྲུང་བ་དང༌། །ཚེ་རིང་བསོད་ནམས་འཕེལ་བ་དང༌། །ཀུན་གྱི་གཙུག་གི་ནོར་བུར་འགྱུར། །འདི་ནི་རྟེན་གྱི་མན་ངག་གོ །ས་མ་པ་ཐཱ། ༈ །དཔལ་དུར་ཁྲོད་བདག་པོའི་བསྙེན་སྒྲུབ་ཀྱི་ཡི་གེ་རྣམས་བཞུགས་སོ། །དཔལ་དུར་ཁྲོད་བདག་པོའི་སྒྲུབ་ཐབས། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དམ་ཚིག་ལྡན་པའི་གང་ཟག་གིས་དཔལ་དུར་ཁྲོད་ཀྱི་བདག་པོ་སྒྲུབ་པ་ལ་གསུམ་སྟེ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་བསྙེན་པ་ནི། དུར་ཁྲོད་དམ། ལྷ་ཁང་ངམ། དབེན་པའི་གནས་སུ། བཀྲ་ཤིས་པའི་ས་ནས་ས་དཀར་པོ་བླངས་ཏེ། མཎྜལ་མདའ་གང་གི་རྒྱ་དང་དཔངས་སུ་ལྡན་པ་བརྩིག དེའི་དབུས་སུ་ཟླུམ་པོ་ཁྲུ་གང་པ་བྲི། དེའི་དབུས་སུ་གྲུ་གསུམ་མཐོ་གང་བྲིས། ཁྲག་གིས་དམར་པོར་བྱུགས། དབུས་སུ་རིན་པོ་ཆེ་སྣ་ཚོགས་བསྲེས་པའི་རེ་ཁཱས་གྲུ་བཞིར་བསྣོལ། ཟུར་བརྒྱད་པ་ལ་རིན་པོ་ཆེ་འབར་བ་དང༌། ལྟེ་བར་རིན་པོ་ཆེ་རྟེན་སྤྲོད་གཉིས་བྲི། སྟེང་དུ་ཚོམ་བུ་བཅུ་དགོད། ཟུར་གསུམ་གྱི་ཟུར་གསུམ་ལ་མཆོག་ཕུར་གསུམ་སྒྲོའི་ཁྲི་སྟེང་དུ། ཀ་པཱ་ལ་མཚན་ལྡན་དུམ་བུ་གཅིག་པའི་ནང་དུ་འབྲུ་སྣ་ཚོགས་པའི་གཏོར་མ་དཔལ་བཤོས་ཅན། མཐའ་ཆངས་བུ་བདུན་གྱིས་བསྐོར་བ་ཅན། དཀར་གསུམ་མངར་གསུམ། ཤིང་ཐོག་འབྲུ་སྣ་ཟས་སྣ། རི་བོང་ལུག་གཡག་རྒོད་ཀྱི་ཤ་དང༌། ཁྲག་སྣ་ཚོགས་ཀྱིས་བརྒྱན། གཏའ་གཏོར་ལ་རིན་པོ་ཆེ་སྣ་ལྔ། དར་ཟབ་སྣ་ཚོགས། སྟག་རས་གཟིག་རས་སྣ་ཚོགས་གཟུགས། དེའི་གསང་རྟེན་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་རབ་རིན་པོ་ཆེ། འབྲིང་བ་སོ། ཐ་མ་ས་བཟང་པོ་ལ་རིན་པོ་ཆེ་བརྡར་བས་བྱ། དར་དཀར་ལ་སྔགས་བྲིས་གསེར་ལ་བུད་མེད་ཀྱིས་མ་རེག་པར་དྲིལ་ལ་དེའི་ཐུགས་ཀར་གཞུག སྐར་མ་རྒྱལ་གྱི་སྔ་དྲོ་ཚར་བར་རབ་ཏུ་གནས་པ་བྱས་
ལ་གཞུག ནོར་བུ་དང༌། དུང་དང༌། འགྲོན་བུ་བུམ་གཉིས་ཀྱང་བཞག་ནས། སྟེང་དུ་དར་དཀར་གྱི་གུར་ཕུབ་པ་རྣམས་མི་འགྱུར་བའི་གསང་རྟེན་ནོ། །འབྲུ་སྣ་ཚོགས་ལ་རིན་པོ་ཆེ་བརྡར་བ། ག་པུར་དང་དྲི་བཟང༌། བཟང་དྲུག་ཆོས་མགོ་བསྡུས་ཏེ་ཡབ་ཡུམ་གྱི་སྐུ་བྱས་ལ་དཀྱིལ་འཁོར་གྱི་སྟེང་དུ་གཞུག་པ་ནི་ནང་གི་རྟེན་ནོ། །དུར་ཁྲོད་ཀྱི་རོ་རས་ལ་ཡབ་ཡུམ་གྱི་སྐུ་བྲིས། དེའི་སྙིང་གར་རྩ་སྔགས་ལ་རབ་ཏུ་གནས་པར་བྱས་ནས། རང་གི་ལུས་ལ་བཅང་བ་ནི་ཕྱིའི་རྟེན། རང་གི་མདུན་གྱི་མཎྜལ་གྱི་ཆངས་བུའི་རྒྱུན་གཏོར་གཅིག་བྱ། ཆངས་བུ་གཡོན་སྐོར་དུ་བདུན་བདུན་གྱིས་གང་བའི་ཚང་བྱས་ལ་ནང་ནུབ་གཉིས་བཏང༌། དཀོན་མཆོག་དང་ཡི་དམ་མཆོད་པ་དང༌། གཏོར་མ་བཟང་བ་གཡོན་ཟུར་དུ་བཤམས། ཐུན་མགོ་ལ་དབུལ། དེ་ནས་མཚམས་བསྡམས་ལ་བཤགས་པ་བྱ། སྲུང་འཁོར་བསྒོམ། ཧེ་རུ་ཀའམ། ཡི་དམ་གང་རུང་གི་བསྒོམ་བཟླས་བྱ། དེ་ནས་དང་པོ་བླ་མ་དཀོན་མཆོག་དང༌། ཡི་དམ་ལ་མཆོད་པ་དང་གཏོར་མ་ཕུལ་ལ། སྒྲུབ་པ་ལ་བར་ཆད་མི་འབྱུང་བ་དང༌། མྱུར་དུ་འགྲུབ་པའི་གསོལ་བ་གདབ། དེ་ནས་རྟེན་གཏོར་དེ་ཤ་ཁྲག་གི་རི་བོ་བདུད་རྩིའི་རྒྱ་མཚོར་བྱིན་གྱིས་བརླབ། དེའི་སྟེང་གི་སྐུ་དེ་སྐད་ཅིག་གིས་དུར་ཁྲོད་བརྒྱད་ཀྱི་དབུས་ཀེང་རུས་ཐོད་པའི་གུར་ཁང་ནང་རཀྟའི་རྦ་ཀློང་འཁྱིལ་པའི་དབུས་ན། མི་རོ་བསྣོལ་བའི་གདན་ལ། དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ཀེང་རུས་འཁྲོལ་བ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་ཐོད་དབྱུག་འབར་བ་འཕྱར་བ། གཡོན་ཐོད་ཁྲག་ཞལ་དུ་གསོལ་བ། རིན་པོ་ཆེ་དང་ཐོད་སྐམ་གྱི་དབུ་བརྒྱན་དང༌། ཐོད་པའི་དོ་ཤལ་དང་ལྡན་པ། ཞབས་བརྐྱང་བསྐུམ་གྱི་གར་སྟབས་སྣ་ཚོགས་མཛད་པ། དེ་ལྟ་བུའི་འཁོར་དང་སྤྲུལ་པ་དཔག་ཏུ་མེད་པ་བསྐྱེད། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱ་གར་གྱི་དུར་ཁྲོད་ཆེན་པོ་བརྒྱད་ནས་ཡབ་ཡུམ་སྤྱན་དྲངས་ལ་བསྟིམ་མོ། །རྟེན་གཏོར་རྟགས་བྱུང་བ་དང༌། འབུལ་བར་ཁས་བླངས་ལ་སྒྲུབ་ཚེ་རྟེན་དུ་བཟུང་ངོ༌། །རྒྱུན་གཏོར་བྱིན་གྱིས་བརླབས་ལ། སྨ་ཤ་ན་ཨ་དྷི་པ་ཏི་མ་ཧཱ་པི་ཤཱ་ཙི་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་པ་བདུན་གྱིས་ཐུན་དྲུག་ཏུ་ཕུལ་ལ།
ཆངས་བུ་བདུན་གྱིས་གང་བའི་ཚད་བྱས་ལ་བཏང༌། བསྟོད་པ་བྱས་ལ་གང་འདོད་གསོལ་བ་གདབ། དེ་ནས་རང་ཡི་དམ་དུ་གསལ་བའི་ཐུགས་ཀར་ཧཱུྃ་དང་སྔགས་ལས་འོད་ཟེར་འཕྲོས། ཡབ་ཡུམ་གྱི་ཐུགས་ཀའི་སྲོག་གི་ཡི་གེ་རྩ་བའི་སྔགས་ཡོད་པ་བསྐུལ་བས་ལས་མི་བྱ་རང་དབང་མེད་པར་བསམ་ཞིང༌། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་རྒྱུན་མ་བཅད་པར་བཟླས་ཏེ། ཞག་ཉི་ཤུ་རྩ་གཅིག་བསྒྲུབ། གསང་བའི་སྙིང་པོ་འབུམ་དུ་བཟླ་ཟེར་ཡང་རྟགས་ཐོན་པ་གལ་ཆེ་སྟེ། འགྲུབ་པའི་རྟགས་རབ་མགོན་པོ་དངོས་སུ་བྱུང་སྟེ་གཏོར་མ་བྱིན་ནས་ཕྲིན་ལས་གང་བཅོལ་བསྒོ་བ་བཞིན་དུ་བྱེད་དེ་དངོས་གྲུབ་ཆེན་པོ་འབྱུང་ངོ༌། །འབྲིང་རྨི་ལམ་དུ་ཀེང་རུས་ཀྱི་སྐུ་འཁྲབ་པ་དང༌། མོན་པ། ཨ་ཙ་ར། རྒྱའམ། བོན་པོ་འབྱུང༌། གཞན་ཡང་སྣ་ཚོགས་འབྱུང་སྟེ་བཟང་ངན་བརྟག་ཤེས་པར་བྱའོ། །དུང་འབུད་རོལ་མོ་བྱེད་ན་གྲགས་པ་ཆེ། །རཏྣའི་ཚོང་པ་བྱུང་ན་ནོར་འཕེལ། བ་གླང་མ་ཧེ་བྱུང་ན་དཀར་ཐོག་འཕེལ། ཏིལ་དང་ནས་ལ་སྤྱོད་ན་འབྲུ་འཕེལ། ཤིང་ཐོག་དང་བཟའ་བཏུང་སྟེར་བ་རྨིས་ན་ཟས་འདུ། རྒྱུན་དུ་འཁོར་བའི་རྟགས་རྨིས་ན་སྲུང་བའི་རྟགས་འགྲུབ་བོ། །ངན་པ་ནི། ཉི་མ་བརྒལ་བ་དང༌། གོས་ནག་གྱོན་པ་དང༌། རྩོད་པ་འགྱེད་པ་དང༌། བནྡེ་ནག་པོ་ཁྲོ་བ་དང༌། ཟས་ངན་ཟ་བ་དང༌། མཛེ་ཕོ་མོ་སོགས་རྨིས་ན་མགོན་པོ་ཁྲོས་པས་དེའི་སྐོང་བཤགས་ལ་འབད་པར་བྱའོ། །བསྙེན་པ་ཐོན་ནས་རྟེན་གཏོར་དེ་ཕུལ། ས་གཙང་སར་བཏང༌། རྟེན་རྣམས་མཛོད་ཕུགས་སུ་མིས་མ་ཚོར་བར་གསང་ངོ༌། །བསྙེན་པའོ། །སྒྲུབ་པ་ནི་སྔར་གྱི་མཎྜལ་གྱི་སྟེང་དུ་གྲུ་གསུམ་རྒྱ་དཔངས་སུ་མཐོ་གང་ཡོད་པ་ཅིག་བརྩིགས་སམ་བྲུས། མཎྜལ་གྱི་ཕྱོགས་བཞིར་གཏོར་སྣོད་རི་རབ་ཆངས་བུ་བདུན་གྱིས་གང་བ་ལ་ཤ་ཁྲག་གིས་བརྒྱན་པ་བཤམ། རྟེན་གཏོར་སྟེང་དུ་རང་དགའ་བའི་ཟས་ཅིག་བཞག གཞན་རྟེན་བཅའ་གཞི་ཐམས་ཅད་སྔར་དང་འདྲ་བར་བྱེད། དེ་ནས་མཚམས་བཅད། བཤགས་པ་བྱ། སྲུང་འཁོར་བསྒོམ། ཡི་དམ་བསྐྱེད་རིམ་བཟླས་པ་བྱ། མཆོད་པ་དང་གཏོར་མ་སྔར་བཞིན་བཤམ།
མགོན་པོ་བསྐྱེད་པ་དང༌། གཏོར་མ་སྔར་དང་འདྲ། ཁྱད་པར་གཏོར་མ་བཞི་པོ་དེ་ཤ་ཁྲག་གི་རྒྱ་མཚོར་བྱིན་གྱིས་བརླབས་ལ། ཡབ་ཡུམ་ལ་ཕུལ་ལ་འདོད་པའི་དོན་ལ་གསོལ་བ་གདབ། དུས་དྲུག་ཏུ་གཏོར་སྣོད་རེ་རེར་ཆང་བུ་རེ་རེ་བསྣན་ནས་བྱིན་གྱིས་བརླབ་ནས་ཕུལ་བས་བདུན་ཚང་བ་དང༌། ཐུན་ཐ་མ་ལ་གཏོར་མ་བཤམ། སྲོད་ལ་ཚོགས་རེ་བྱ། དེ་ནས་སྨྲ་བཅད་བྱས་ལ་སྔགས་ཀྱི་ཏིང་ངེ་འཛིན་དང་ལྡན་པས། རྒྱུན་མི་ཆད་པར་རྩ་སྔགས་ཀྱི་སྙིང་པོ་དྲག་ཏུ་བཟླས་ཤིང་ཞག་བདུན་བསྒྲུབ་བོ། །ཞག་བདུན་གྱི་མཚམས་ཐོན་པའི་ནུབ་མོ་གཏོར་མ་ཐམས་ཅད་ཕུལ། ཚོགས་བྱ་ཞིང་རོལ། རྟེན་གཏོར་སྟེང་གི་རང་དགའ་བའི་ཟས་དེ་ཆོས་སྐྱོང་གིས་དངོས་གྲུབ་བྱིན་པར་བསམས་ལ་ཟའོ། །མི་ལ་མི་སྦྱིན་ནོ། །གཏོར་མ་ས་གཙང་སར་བཏང༌། རྗེས་བསྡུ། རྟེན་རྟེན་གཏོར་དང་བཅས་པ་མཆོད་ཁང་ངམ་བང་མཛོད་སོགས་སུ་མིས་མ་མཐོང་བར་སྦའོ། །དམ་ཚིག་ཏུ། སྒྲུབ་པའི་བར་ལ་མཚམས་ཁང་དུ་བུད་མེད་དང་དམེ་ཅན་དང༌། གཅན་གཟན་མི་བཏང༌། ཁྱད་པར་ཡུགས་ས་མོ་ལ་འཛེམ་མོ། །གལ་ཏེ་བྱུང་ན་སྒྲུབ་པ་བསྐྱར་ལ་བྱའོ། །གནས་སྐབས་ཐམས་ཅད་དུ་གཏོར་མ་དང་བཟླས་པ་ལ་བརྩོན་པར་བྱས་ན། ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་སྙིང་ཉེའོ། །སྒྲུབ་པའོ། །ལས་སྦྱོར་ནི། ལས་ཚོགས་སོ་སོའི་སྐབས་བཞིན་ཤེས་པར་བྱའོ། ༈ །སྨྱོ་འདུལ་ན། ཤ་ཆེན། ཡུངས་ཀར། གུ་གུལ་ནག་པོ། སོ་བ། རྒྱ་སྐྱེགས། ལྡོང་རོས། མུ་ཟི། རོ་བསྲེགས། ཐལ་བ་རྣམས་ནད་པས་མ་ཚོར་བར་བསྲེགས། རང་ཁྲོ་བོའི་ང་རྒྱལ་གྱིས་ནད་པའི་མདུན་དུ་སོལ་མེ་ལ་རྫས་བརྒྱད་པོ་བསྲེགས་པའི་དུད་པ་ཕྱིར་མི་འཚོར་བར་བྱས་ལ་བདུག ཡུགས་སའི་སྐྲ་ཤད་ཀྱིས་ནད་པའི་རྐེ་ནས་བཅིངས་ལ། རང་གི་ལག་པ་གཡོན་པས་བཟུང་སྟེ། སྔགས་བཟླ་ཞིང་ཁས་མ་བླངས་བར་དུ་ལག་པ་གཡས་པས་ཡུངས་ཀར་དང་སོ་བས་བྲབ། སྔར་དང་མི་འདྲ་བའི་རྣམ་འགྱུར་བྱུང་བྱུང་བྱ། དེ་མ་བྱུང་ན་འདྲེ་མ་ཡིན་པས་སྨན་བཅོས་བྱ། འཕར་བ་དང༌། འདར་བ་དང༌། ངུ་བ་དང༌། དགོད་པ་ལ་སོགས་པ་བྱུང་ན་འདྲེ་ཡིན་པས་སྔར་
བཞིན་གཟིར་ཅིང༌། གཞན་གཅིག་ལ་འདྲིར་བཅུག་ཀྱང་ཐུབ་བོ། །ཟབ་བོ། །མངྒ་ལཾ། ༈ །དཔལ་དུར་ཁྲོད་བདག་པོའི་ལས་ཚོགས་བཞུགས་སོ། །སྭ་སྟི། ཡུལ་དུ་རིམས་ནད་བྱུང་བ་ལ། གཏོར་ཕྱེ་བསྡུས་ལ། ཡབ་ཡུམ་གྱི་སྐུ་ལ་མཆོད་གཏོར་ཕུལ་ལ། རིམས་ནད་ཟློག་ཅེས་གསོལ་བ་གདབ། །དུར་ཁྲོད་ཐལ་ཆེན་གྲོང་ལ་གདབ། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དཔག་ཏུ་མེད་པས་བསྐོར་བར་བསམ། །དེས་ནི་རིམས་ནད་ཟློག་པར་འགྱུར། །ཕྱུགས་ལ་གློ་གོར་བྱུང་བ་དང༌། །ལུག་ལ་ཏལ་བ་བྱུང་པ་ལ། །དུར་ཁྲོད་ཐལ་ཆེན་དག་ལ་ནི། །ཡུངས་ཀར་ཡུངས་ནག་བསྲེས་བྱས་ནས། །ཕྱུགས་ཀྱི་ལྷས་སུ་གཏོར་བར་བྱ། །དེས་ནི་མི་ཕྱུགས་ནད་རྣམས་ཁོག། ༈ །ན་མོ་གུ་རུ། དང་པོ་བསྙེན་པ་ནི། མཎྜལ་ཟླུམ་པོ་ཁྲུ་གང་པ་ཞིག དེའི་སྟེང་དུ་རིན་པོ་ཆེ་གཅིག་བྲིས་ལ། དེའི་སྟེང་དུ་ནས་སྤུངས། དེའི་སྟེང་དུ་མཉྫིའི་ཁར་རྟེན་གཏོར་བཞག དེའི་སྟེང་དུ་ཡང་གཏོར་མ་བཞག མདུན་དུ་རྒྱུན་གཏོར་བཤམ། གཞན་ཡང་དཀོན་མཆོག་མཆོད་པ་ཅི་འབྱོར་བཤམ། ལྷ་བསྒོམ་མཆོད་གཏོར་འབུལ། ཞག་ཉེར་གཅིག་བསྙེན་པ་བྱ། རྒྱུན་དུ་གཏོར་མ་བཤམས་ལ་ཡབ་ཡུམ་ལ་གསོལ་བ་གདབ། དུས་རྒྱུན་དུ་ཡི་དམ་མི་འགྱུར་བའི་ཏིང་ངེ་འཛིན་དང་ལྡན་པར་བྱ། ཡབ་ཡུམ་དཔག་ཏུ་མེད་པས་བསྐོར་ཞིང་བར་ཆད་བསལ་བར་བསམས་ལ་གསོལ་བ་གདབ། དགྲ་དམག རིམས་ནད་སྲུང་བའི་ཐབས་ལ་མན་ངག་བཞིན་བྱ་སྟེ། དགྲ་ལ་ཐོ་རངས་བྱ། རིམས་ལ་ངེས་པ་མེད། དེ་ཡང་གོང་དང་འདྲ། མིས་མི་ཚོར་བར་བྱ། གར་སྟབས་ཅན་གྱིས་གང་ནས་གདུག་པ་ཅན་ཐམས་ཅད་བསལ་བར་བསམ། རྒྱུན་གཏོར་ཆངས་སྐྲད་བདུན་བདུན་བཞག རྟེན་གཏོར་སྟེང་དུ་དུང་གཉིས་བཞག ཤ་དང་ཁྲག་གི་རི་བོ་དང་རྒྱ་མཚོར་བསམས་པའི་སྟེང་དུ་དུང་གཉིས་ལས་ཡབ་ཡུམ་བསྐྱེད་ནས་བསྟིམ་པར་བྱ། རྒྱུན་གཏོར་སྔགས་བདུན་བདུན་ལ་ཁཱ་ཧི་བཏགས་ལ་འབུལ་ལོ། །འཛིན་གཏོར་མི་གཤེགས་གཏའ་རུ་བཟུང༌། དུས་དྲུག་ཏུ་ཆངས་བུ་རེ་རེ་བདུན་བདུན་ཉི་མ་གཅིག་
གཅིག་བཞིན་དུ་གཡོན་སྐོར་བྱ། ལན་བདུན་གྱིས་གང་བའི་ཚད་བྱ། མཚམས་ཁང་དུ་བུད་མེད་མི་བཏང༌། སྒྲུབ་པའི་ཡིག་ཆུང་ཡིན་ནོ། །ཙཀྲའི་རབ་གནས་བྱ། རང་ཡི་དམ་གྱི་ལྷར་མོས་ཏེ། རྩ་བའི་བླ་མས་གཙོ་བྱས་ལ་བླ་མ་རྣམས་མདུན་དུ་སྤྱན་དྲངས་ལ། རྩ་བའི་བླ་མ་སྐུ་མདོག་དམར་པོ། དེའི་ཕྱག་རྒྱའི་ནང་དུ་ཆུད་པར་བསམས་ལ། མཆོད་པ་དབུལ། གསོལ་བ་གདབ་པ་ནི། བདག་ལམ་ལོག་པ་ལས་བསྐྱབ་ཏུ་གསོལ། ཆོམ་རྐུན་ལས་བསྐྱབ་ཏུ་གསོལ། གཅན་གཟན་གྱི་འཇིགས་པ་ལས་བསྐྱབ་ཏུ་གསོལ། ཞེས་གསོལ་བ་གདབ། རྟེན་འབྲེལ་སྙིང་པོ་བཏགས་ལ། ཨོཾ་ཨཱཿཧཱུྃ་བསྟིམ། རབ་གནས་སོ། ༈ །ན་མོ་གུ་རུ། ཤིན་ཏུ་དབེན་པའི་གནས་ཉིད་དུ། །བདེ་བའི་སྟན་ལ་རབ་འདུག་སྟེ། །དུར་ཁྲོད་ས་ལ་མཎྜལ་ནི། །གྲུ་བཞི་མདའ་གང་ཚད་དུ་བྱ། །སྟེང་དུ་ཟླུམ་པོ་ཁྲུ་གང་བྱ། །དེ་ཡི་སྟེང་དུ་གྲུ་གསུམ་བྱ། །ཆང་དང་ཁྲག་གིས་བྱུག་པར་བྱ། །ཟུར་གསུམ་དག་ལ་མཆོག་ཕུར་གསུམ། །སྟེང་དུ་མཚན་ལྡན་ཀ་པཱ་ལ། །ནང་དུ་ཁ་ཟས་མཆོག་གིས་བཀང༌། །ཐབས་དང་ཤེས་རབ་ནོར་བུ་གཉིས། །སྒྲུབ་པའི་རྟེན་དུ་བཅང་བར་བྱ། །དཀར་པོའི་དར་གྱི་ཞལ་ཁེབས་ཅན། །དུར་ཁྲོད་བདག་པོ་ཡབ་ཡུམ་སྐུ། །དམིགས་པའི་རྟེན་དུ་དགྲམ་པར་བྱ། །དེ་ནས་ཡན་ལག་བདུན་པ་བྱ། །ཚད་མེད་བཞི་ཡི་སེམས་ཀྱིས་སྦྱངས། །དེ་ནས་སྟོང་པའི་ངང་ཉིད་ལས། །བདག་ཉིད་ཡི་དམ་ལྷ་རུ་བསྐྱེད། དཔལ་ལྡན་དུར་ཁྲོད་བདག་པོ་ནི། །སྐུ་མདོག་དཀར་པོ་འཇིགས་པའི་སྐུ། །སྤྱན་གསུམ་ཉི་མའི་དཀྱིལ་འཁོར་བགྲད། །ཕྱག་གཡས་ཐོད་དབྱུག་འབར་བ་སྟེ། །གཡོན་པ་ན་ནི་ཐོད་ཁྲག་འཛིན། །ཞབས་གཉིས་བརྐྱང་བསྐུམ་གར་སྟབས་བཞུགས། །བདག་གི་མདུན་དུ་བསྒོམ་པར་བྱ། །གཡས་སུ་དཔའ་བོའི་ཚོགས་རྣམས་བསྐྱེད། །གཡོན་དུ་དཔའ་མོའི་ཚོགས་རྣམས་བསྐྱེད། །མདུན་གྱི་བར་སྣང་དག་ལ་ནི། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བླ་མ་ཡི་དམ་རྣམས་ཀྱང་བསམ། །དེ་ནས་བཟླས་པ་བྱ་བ་ནི། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཚར་གཅིག་བཟླས་ན་བདག་ཉིད་སྲུང༌། །ཚར་གཉིས་གཞན་སྲུང་ཚར་གསུམ་གྲོང༌། །
ཚར་བདུན་བརྗོད་པས་ཤེས་རབ་འཕེལ། །བརྒྱ་རྩ་བརྗོད་པས་ཡུལ་ཁམས་སྲུང༌། །སྟོང་གིས་ཡོན་བདག་སྲུང་བར་བྱེད། །དེ་ནི་སྲུང་བའི་མན་ངག་གོ། ༈ །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུའི་མདུན་དུ་མཆོད་པ་ལྔ་བཤམ། ཨ་ཀ་རུ་དང༌། དུ་རུ་ཀ་དང༌། གུ་གུལ་ནག་པོ་དང༌། ཙནྡན་དམར་པོ་ལ་སོགས་སྤོས་སྣ་ཚོགས་བསྲེག དཀར་གསུམ་མངར་གསུམ་ལ་སོགས་པའི་ཚོགས་རྒྱ་ཆེན་པོ་བཤམ། གཏོར་མ་གསུམ་བཤམ། དཀྱིལ་འཁོར་བྲི། ལོགས་བཞིར་གཡུང་དྲུང་རིས་རེ་བྲི། གཡུང་དྲུང་རིས་རེ་ལ་དུར་ཁྲོད་བདག་པོ་ཡབ་ཡུམ་བསམ། བླ་མ་ཡི་དམ་རྣམ་གཉིས་བསམ། སྤྱན་དྲངས་ལ་ཡན་ལག་བདུན་པ་ཚར་གཅིག རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་རྩ་ཐམས་ཅད་དབུལ། སྲོད་ལ་ཚོགས་འཁོར་བླ་མ་དང་དུར་ཁྲོད་བདག་པོ་ཡབ་ཡུམ་ལ་དབུལ། རང་ངོམས་ཤིང་ཚིམ་པར་བྱ། གཏོར་མ་གསུམ་པོ་གཤེགས་སུ་གསོལ། དུས་བཟང་རྣམས་ལ་མཚམས་བྱ། ཉི་མ་ཤར་བ་དང་ཐོ་རེངས་ལ་བྱ། ཡབ་ཡུམ་གྱི་སྦྱོར་མཚམས་ལས་འོད་ཟེར་འཕྲོས། བདུད་རྩི་དཀར་དམར་གཉིས་བྱོན་ནས་རང་གི་ལྕེ་ཐོག་ཏུ་ཐིམ་པར་བསམ། སྔགས་ཉེར་གཅིག་བགྲང༌། ཡབ་ཡུམ་གྱི་སྐུ་སོར་གཅིག་པ་བྲིས་ལ་ནུ་མ་གཡོན་པའི་ཐོག་ཏུ་གདགས། སྐྱ་རེངས་ཤར་ཙམ་ནས་བསྐོར་བ་གསུམ་བྱ། ལྷ་ཕྱག་གསུམ་བྱ། དེས་ནི་བདག་ལ་དགའ་མགུར་འདུ་བ་ཡིན་ནོ། ། ༈ །ན་མོ་གུ་རུ། དུར་ཁྲོད་བདག་པོའི་རྟེན་སྦ་བ་ནི། རཏྣ་དང་བཀྲ་ཤིས་པའི་ས་ལ་ཡབ་ཡུམ་གྱི་སྐུ་བྱ། དྲི་བཟང་གིས་བྱུགས། རས་སམ་དར་དཀར་ལ་ཙཀྲ་ཟུར་བརྒྱད་པ་བྲིས། དབུས་སུ་རིན་པོ་ཆེ་ལ་ཨོཾ་བྲི། ཟུར་བརྒྱད་ལ་རིན་པོ་ཆེ་བརྒྱད། མུ་ཁྱུད་ལ། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། རཏྣ་གྷྲྀ་ཆེ་གེ་མོའི་སེམས་སྒུལ་སྒུལ་བྱ་བ་བྲི། ཙཀྲ་རབ་གནས་བྱ། ཡབ་ཡུམ་གྱི་སྐུའི་ལྟེ་བར་བཅུག་ལ་དེ་བང་མཛོད་དུ་སྦའོ། །དེས་མི་རྣམས་གཡོ་བ་དང༌། ནོར་འཕེལ་བ་དང༌། ཚེ་རིང་བ་དང༌། འགྲོ་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་ལྟར་འགྱུར་རོ། ། ༈ །བླ་མ་རྣམས་ལ་ཕྱག་འཚལ་ལོ། །
དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་རྟེན་སྐུ་སྦ་བའི་མན་ངག་ལ། རིན་པོ་ཆེའམ་བཀྲ་ཤིས་པའི་ས་ལ་རིན་པོ་ཆེ་བརྡར་ལ། ཡབ་ཡུམ་གྱི་སྐུ་བྱས་ལ་དྲི་བཟང་གིས་བྱུགས། དར་དཀར་ལ་དྲི་བཟང་གིས་འཁོར་ལོ་རིན་པོ་ཆེ་ཟུར་བརྒྱད་པ་བྲི། དབུས་སུ་རིན་པོ་ཆེ་ལ་ཨོཾ། ཟུར་བརྒྱད་ལ་རིན་པོ་ཆེ་བརྒྱད། མུ་ཁྱུད་ལ་རྩ་བའི་སྔགས་ལ། རཏྣ་གྷྲྀ་རཱ་ཙི་ཝཾ་མི་སེམས་སྒུལ་སྒུལ་སྭཱ་ཧཱ། བཏགས་པ་བྲི། རབ་གནས་བྱས་ལ་ཡབ་ཡུམ་གྱི་ལྟེ་བར་བཞག དར་དཀར་ལ་གསེར་གྱིས་རྩ་སྔགས་བྲིས་པས་གསེར་སྦྲམ་ལ་བུད་མེད་ཀྱིས་མ་རེག་པར་དྲིལ་ལ་སྙིང་གར་གཞག སྐར་མ་རྒྱལ་གྱི་ཉིན་པར་སྐུ་གཟུགས་དང་རབ་གནས་ཚང་བར་བྱས་ལ། མཎྜལ་སྙིང་གར་རྟེན་གཏོར་གྱི་ཁར་གཞུག དུང་དང་མགྲོན་བུ་གཉིས་ཀྱང་སྟེང་དུ་བཞག ཧཱུྃ་ལས་ཨེ་ཆད་པ་ལས་ནམ་མཁའ། ཡྃ་ལས་རླུང༌། ར་ལས་རཀྟའི་རྒྱ་མཚོ། སུྃ་ལས་ཞིང་ཆེན་གྱི་ས་གཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ། རྃ་ལས་ཉི་མ། བྷྲཱུྃ་ལས་གཞལ་ཡས་ཁང་ཐོད་པའི་མཁར། དེའི་དབུས་སུ་པྃ་པདྨ་མཎྜ་ལ་ཧཱུྃ་ཞེས་པས་པདྨའི་གདན་དང༌། མ་སཱུརྻ་མཎྜ་ལ་ཧཱུྃ་གིས་ཉི་མའི་གདན། ཨ་ཙནྡྲ་མཎྜ་ལ་ཧཱུྃ་གིས་ཟླ་བའི་གདན། རུ་དྲ་ཏི་ར་བྃ་གྱིས་རོའི་གདན། དེའི་སྟེང་དུ་ཧཱུྃ་ལས་དུར་ཁྲོད་བདག་པོ་ཡབ་ཡུམ་འཇིགས་ཤིང་རྔམས་པ། བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ་བ་འཁོར་དང་བཅས་པ་བསྐྱེད། ཐུགས་ཀའི་འོད་ཟེར་གྱིས་ཨུ་རྒྱན་ནས་སྤྱན་དྲངས་ལ་བསྟིམ། མཆོད་གཏོར་དང་བསྙེན་སྒྲུབ་སྒྲུབ་ཐབས་ནས་འབྱུང་བ་ལྟར་བྱས་ནས། མཛོད་ཕུགས་སུ་སྦས་ནས་གསང་ངོ༌། །དེས་ནི་མི་རྣམས་གཡོ་བ་དང༌། ནོར་འཕེལ་ཞིང་འཁོར་བཅས་སྲུང་བ་དང༌། ཚེ་རིང་བ་དང༌། བསོད་ནམས་གྲགས་པ་འཕེལ་བ་དང༌། གཙུག་གི་ནོར་བུ་ལྟར་འགྱུར་རོ། །ཡབ་ཡུམ་གྱི་རྟེན་གྱི་མན་ངག་ལོགས་སུ་བཀོལ་བའོ། །ཟབ་བོ། ༈ །དཔལ་ལྡན་དུར་ཁྲོད་བདག་པོ་ནི། །ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར། །གཡས་པ་ཐོད་དབྱུག་འབར་བ་བསྣམས། །གཡོན་པ་ཐོད་པ་ཁྲག་བཀང་གསོལ། །ཀེང་རུས་གར་བྱེད་མཆེ་བ་གཙིགས། །བརྐྱང་བསྐུམ་གར་གྱིས་གདུག་པ་འདུལ། །འཇིགས་སུ་
རུང་བའི་ཡབ་ཡུམ་སྐུ། །ཐམས་ཅད་མ་ལུས་སྐྲག་པར་བྱེད། །དགྲ་རྣམས་མ་ལུས་འཇོམས་མཛད་པ། །མཐུན་རྐྱེན་སྒྲུབས་ཤིག་དཔལ་ཆེན་པོ། །འགལ་རྐྱེན་རྡུལ་དུ་རློག་བྱེད་ཅིང༌། །མི་མཐུན་འཇོམས་ལ་ཕྱག་འཚལ་བསྟོད། །དཔལ་ལྡན་དུར་ཁྲོད་བདག་པོ་ཁྱོད། །སྔོན་ཚེ་བཅོམ་ལྡན་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་པ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དམ་ལས་མ་འདའ་ད་ཚུར་སྤྱོན། །ལས་སུ་སངས་རྒྱས་བསྟན་པ་སྲུང༌། །ཆོས་པ་སྐྱོང་བར་ཞལ་གྱིས་བཞེས། །ཆོམ་རྐུན་སྲུང་བར་ཞལ་གྱིས་བཞེས། །མཐུན་རྐྱེན་སྒྲུབ་པར་ཞལ་གྱིས་བཞེས། །བྷྱོཿདཔལ་ཆེན་དུར་ཁྲོད་བདག་པོ་ནི། །དབུགས་ལེན་བྱེ་བ་འབུམ་ཕྲག་བདུན། །ཟོ་ཞིག་དགྲ་བོའི་ཤ་ལ་ཟོ། །ཤ་ཡི་རྩིག་པ་རི་རབ་ཙམ། །ཧབས་སེ་ཧབས་སེ་ཤ་ལ་ཟོ། །བྷྱོཿདཔལ་ཆེན་དུར་ཁྲོད་བདག་པོ་ཁྱོད། །འཐུངས་ཤིག་དགྲ་བོའི་ཁྲག་ལ་འཐུངས། །ཧུབས་སེ་ཧུབས་སེ་ཁྲག་ལ་འཐུངས། །སྡང་བ་དགྲ་བོའི་ཁྲག་ལ་འཐུངས། །བྷྱོཿདཔལ་ཆེན་དུར་ཁྲོད་བདག་པོ་ནི། །འགོམས་ཤིག་དགྲ་བོའི་དབུགས་ལ་འགོམས། །འགལ་རྐྱེན་བྱེད་པའི་གདུག་པ་རྣམས། །མ་ལུས་དབང་དུ་བསྡུས་ནས་ནི། །དགྲ་བོ་ཆོས་ཀྱི་དབྱིངས་སུ་སྒྲོལ། །ཉིན་གྱི་དུས་སུ་སྨྱོ་འབོག་མང་པོ་ཐོང༌། །མཚན་གྱི་དུས་སུ་ལྟས་ངན་སྣ་ཚོགས་ཐོང༌། །ནངས་ནུབ་དགྲ་ལ་ཆོ་འཕྲུལ་སྣ་ཚོགས་ཐོང༌། །ནོར་ཕྱིར་འབྲངས་ལ་དགྲ་བོ་ཁུག་ལ་ཤོག །དུར་ཁྲོད་བདག་པོ་ཡབ་ཡུམ་ལ་དྲག་པོའི་དུས་སུ་བསྟོད་ཅིང་བསྐུལ་བ་རྫོགས་སོ། ༈ །ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་ཤ་ཟ་ཆེན་པོས་དམ་ཉམས་པ་བསྒྲལ་བའི་ཐབས་ལ་དུར་ཁྲོད་དམ་དབེན་པའི་གནས་སུ། མི་ཕོ་མོ་ཚད་རིམས་ཀྱིས་ཤི་བའི་ཤུལ་ནས་ས་བླངས་ལ། དེ་ལ་མཎྜལ་གྲུ་གསུམ་ཁྲུ་གང་བྱ། ནང་དུ་ཁྲག་དང་དུར་སོལ་གྱིས་བྱུགས། དུར་ཁྲོད་སོལ་བར་རིན་པོ་ཆེ་བརྡར་ལ་ཁྲག་གིས་སྦྲུས་ལ་དུར་ཁྲོད་བདག་པོ་ཡབ་ཡུམ་གྱི་སྐུ་སོར་བརྒྱད་པ་ཁ་སྦྱོར་བྱས་ལ། དུག་ཁྲག་གིས་བསྒྲུབ་བྱའི་མིང་རུས་བྲིས་ལ། དེའི་བར་དུ་མགོ་ཐུར་དུ་བསྟན་པ་གཞུག གྲུ་གསུམ་ནང་དུ་ལིངྒ་དེ་དང་འདྲ་བ་བྲིས་ལ་གཞུག
སྟེང་དུ་དར་ནག་པོ་ཕུབ། རྩང་ཉི་ཤུ་རྩ་གཅིག་དུར་སོལ་གྱིས་བྱུགས་ལ་གྲུ་གསུམ་ཁ་ལ་སྲིན་མོ་འགྲོས་སུ་བསྐོར། གཏོར་མ་ཤ་ཁྲག་གིས་བརྒྱན་པ་ཆང་གིས་བྲན་ལ་ཆེར་བཤམས། ཐུན་རྫས། ཟངས་ཕྱེ། ལྕགས་ཕྱེ། མུན་ནག་དུག་སྣ་ཚོགས་བསགས། རང་ཡི་དམ་དུ་བསྒོམ། དེའི་མདུན་དུ་སྐད་ཅིག་གིས་དཔལ་དུར་ཁྲོད་ཀྱི་བདག་པོ་ཡབ་ཡུམ་སྐུ་མདོག་དཀར་པོ་དང་ནག་པོ་གཉིས་མཆེ་བ་གཙིགས་པ། གཡས་ཁྲམ་ཤིང་གཡོན་ཞགས་པ་བསྣམས་པ། འཇིགས་སུ་རུང་བའི་བརྐྱང་བསྐུམ་དུ་བཞུགས་པ། འཁོར་ཤ་ཟའི་བདག་པོ་དང་བདག་མོ་དཔག་ཏུ་མེད་པས་བསྐོར་བར་བསམ། རང་གི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་གཞུག གཏོར་མ་ཤ་ཁྲག་རྒྱ་མཚོ་བདུད་རྩིར་དམིགས་ལ་རྩ་བའི་སྔགས་བདུན་གྱིས་དབུལ། ཐལ་མོ་བརྡབ། ཕྲིན་ལས་བཅོལ། དེ་ནས་ཐུན་རྫས་རྣམས་དུར་ཁྲོད་བདག་པོ་ཡུངས་འབྲུ་ཙམ་མང་པོར་བསམས་པའི་མཚོན་གྱིས་བཏབ། དུག་གིས་གཟིར། ནད་ཀྱིས་མྱོས། ཕྱེ་མར་གཏུབས་པར་བསམས་ལ། ཐུན་བྲབ་ཅིང༌། ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཆེ་གེ་མོ་མཱ་ར་ཡ་རྦད་རྦད། ཅེས་མང་དུ་བཟླའོ། །དེ་ལྟ་བུ་ཟླ་བ་ཕྱེད་ཕྱེད་བར་དུ་སྨྲ་བཅད་བྱ། མཚན་མ་ནི་ངེས་པ་མེད། ཆོ་འཕྲུལ་ཅི་ཡང་སྟོན་ཏེ་སྐྲག་པར་མི་བྱའོ། །དེ་ནས་ལིངྒ་དང་སྐུ་དེ་རྣམས་དར་དུ་དྲིལ་ནས། ལྷོ་ཕྱོགས་ཀྱི་དུར་སྟོང་པར་མནན་ནོ། །ལོ་མ་འཁོར་བར་ཆད་པའི་ལས་ཀྱིས་འཆི་བར་འགྱུར་རོ། །དཔལ་དུར་ཁྲོད་ཀྱི་བདག་པོ་ཤ་ཟ་ཆེན་པོ་ཡབ་ཡུམ་གྱི་དམ་ཉམས་བསྒྲལ་བ་དྲག་པོའི་ལས་རྫོགས་སོ། ༈ །རྒྱ་གར་སྐད་དུ། ཙཽ་ར་རཀྵ། བོད་སྐད་དུ། ཇག་པ་སྲུང་བའི་ཐབས། སྲུང་བར་བྱེད་པའི་ལྷ་ལ་ཕྱག་འཚལ་ལོ། །རང་གི་སྔོན་དང་ཕྱི་ནས་ནི། །ཤ་མེད་ཀེང་རུས་ཕོ་མོ་གཉིས། །ཐོད་དབྱུག་ཐོད་ཁྲག་གཡས་དང་གཡོན། །གཉིས་ཀ་གར་བྱེད་བྱ་ར་བྱེད། །ཙཽ་ར་སྲུང་ཟློག་བྱེད་པར་བསམ། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། རྐང་འོག་ནས་ནི་ས་བླངས་ལ། །སྔགས་བཟླས་ཕྱེད་ནི་སྔོན་ལ་གཏོར། །ཕྱེད་ནི་སུམ་ཆའི་ཆ་གཅིག་ནི། །རྒྱབ་ཀྱི་ཕྱོགས་སུ་གཏོར་བར་བྱ། །ཆ་གཅིག་གྲོགས་
དང་རྫས་ལ་གཏོར། །སུམ་ཆ་གཅིག་ལ་ཡང་སྔགས་ནི། །བརྒྱ་བཟླས་མཛུབ་མོས་སྔོན་ལ་གཏོར། །དེ་བཞིན་མཐེབ་ཆུང་རྒྱབ་ཏུའོ། །དེས་ནི་ཙཽ་རའི་འཇིགས་པ་བྲལ། །མལ་སྔགས་རྟེན་ཡང་དེ་ལྟར་ཤེས། །རྟ་ཕྱུགས་ལ་སོགས་དེ་ལྟར་བྱ། །འདི་ལ་ཐེ་ཚོམ་སྤང་བའོ། །བླ་མ་འཛིམ་ལོ་ཙཱ་བས་བསྒྱུར་བའོ། །ཨོཾ་གྷྲྀ་རཱ་ཛ་གྷྲྀ་རཱ་ཛ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཟས་ཟ་བའི་དུས་སུ་ཟན་ཆངས་སྐྲད་གཉིས་ལ་སྔགས་བཏབ་པ་མདུན་རྒྱབ་ཏུ་བསྐུར་ལ། དུར་ཁྲོད་བདག་པོར་མཆོད་པར་བཞེས། །ཇག་ཆིངས་འདི་ལས་ཟབ་པ་མེད་དོ། ། ༈ །ལུགས་གཅིག་ལ། ཨོཾ་ཀུ་མ་ཀུ་མ་ཁུཾ་ཐིས་སྭཱ་ཧཱ། ཞེས་སྟོང་བཟླས་ཏེ། མལ་གྱི་གཡས་ཕྱོགས་ནས་མིས་མ་འགོང་བའི་ས་བླངས་ནས་སྔགས་བཏབ་ལ་མདུན་དང༌། གཡས་གཡོན། རྒྱབ་ཏུ་གཏོར་ལ། རང་གི་སྣ་དྲང་ངོ༌། །འདི་ལ་ལག་ལེན་ཡང་ཡང་བྱས་ཏེ་བཟང་པོའི་རྟགས་ཐོན། ཐུབ་ངེས་པར་འདུག །། །ལྷ་ས་བསྐོར་བ་ལ། སྐོར་ར་བ་བརྒྱ་བརྒྱ་ཙམ་ལ་དགྲ་ཡང་ཡང་བྱུང་བ་ལ། སློབ་དཔོན་ཤག་ཡོན་ཟེར་བ་ཞིག་གིས། གདམས་ངག་འདི་ཤེས་པར་འདུག་པས། འདི་མཛད་པས་སྐོང་ར་བ་རྣམས་ལ་ཇག་པ་དང་རྐུན་མ་མ་བྱུང་བར་གདའོ། །ཀོང་པོར་ཕྱིན་པ་ལ་ཡང་འདི་བྱས་པས་ཟབ་པར་བྱུང་བའི་ལོ་རྒྱུས་གདའོ། །ཤིན་ཏུ་ཟབ་བོ།། །།
ཇོ་ལུགས་ཛཾ་དཀར་ལྷ་ལྔའི་ཕྱྭ་གཡང་འགུགས་པའི་ཆོ་ག་འདོད་རྒུའི་ཆར་འབེབས།
ཇོ་ལུགས་ཛཾ་དཀར་ལྷ་ལྔའི་ཕྱྭ་གཡང་འགུགས་པའི་ཆོ་ག་འདོད་རྒུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།།
རབ་འབྱམས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི། །ཐུགས་རྗེ་ཟླ་ཤེལ་བདུད་རྩིའི་ཕུང་པོ་ལ། །པུཎྜ་རཱི་ཀས་མཚན་པའི་འཕགས་མཆོག་དང༌། །མི་ཕྱེད་བླ་མར་སྙིང་ནས་འདུད་དོ་སྐྱོངས། །གང་དེའི་སྙིང་རྗེའི་སྤྱན་རས་ལས། །འཁྲུངས་པའི་རྨུགས་འཛིན་དཀར་པོ་ཡི། །སྲིད་ཞིའི་ཕྱྭ་གཡང་འདོད་རྒུའི་ཆར། །འབེབས་པའི་ཆོ་ག་འདི་ན་བསྐྲུན། །དེའང་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཡེ་ཤེས་སྒྱུ་མའི་རོལ་གར་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ལ་འཕགས་པ་སྤྱན་རས་གཟིགས་གྱི་ཞལ་མངོན་སུམ་དུ་བསྟན་ནས་སེམས་ཅན་དབུལ་བའི་སྡུག་བསྔལ་སེལ་བའི་སླད་དུ་འཕགས་པའི་སྤྱན་གཡས་ནས་ཛམྦྷ་ལ་དཀར་པོ་ལྷ་ལྔ་བྱོན་པའི་སྒྲུབ་ཐབས་ཕྱི་ཆུ་སྦྱིན་ལ་བརྟེན་པ། ནང་གཏོར་མ་ལ་བརྟེན་པ། གསང་བ་གྭའུ་ལ་བརྟེན་པ། ལས་ཚོགས་ཐོར་བུ་བ། དྲིལ་ནས་བསྒྲུབ་པ་སོགས་གསུངས་པ་ལས། འདིར་དྲིལ་སྒྲུབ་ཀྱི་ཡན་ལག་སྣོད་བཅུད་ཀྱི་ཕྱྭ་གཡང་སྤེལ་བའི་ཚུལ་ལ་གསུམ། སྦྱོར་དངོས་རྗེ་གསུམ་མོ། །དང་པོ་ནི། ཚེས་གྲངས་སྤེན་སྣྲར་སོགས་ཀྱི་འགྲུབ་སྦྱོར་ཉིན་མཛོད་ཕུག་གམ་བཀྲ་ཤིས་པའི་ཁང་པར་སྟེགས་བུ་ཁེབས་ལྡན་གྱི་ཁར་པདྨ་འདབ་བརྒྱད་ཀྱི་དབུས་དང་ཕྱོགས་བཞིར་ལྷའི་སྐུ་མདོག་དང་མཐུན་པའི་ཚོན་ཕུང་དགོད་པའམ་འབྲས་དཀར་གྱི་ཚོམ་བུ་ལྔ་བཀོད་པའི་དབུས་སུ། འབྱོར་ན་ཞུ་ཆེན་
རིན་པོ་ཆེའི་ཡིག་ཆ་ལྟར་ནོར་སྒྲུབ་ཀྱི་གྭའུ་ལྔའམ། བསྡུ་ན་གཅིག་གང་རུང་བཅའ་སྒྲུབ་ཚད་ལྡན་བགྱིས་པ་ཡོད་ན་ཤིན་ཏུ་ལེགས་ལ། མ་འཛོམ་ན་དཀར་མངར་གཡང་རྫས་བསྲེས་པའི་གཡང་གཏོར་གྲུ་བཞི་རི་རབ་བང་རིམ་སྟེང་པདྨ་ནོར་བུ་མིག་གསུམ་འབར་བའི་རྣམ་པ་ཅན་ལ་ཕྱོགས་བཞིར་བཤོས་ཕྲན་ཛཾ་གཏོར་དབྱིབས་ཅན་བཞིའི་མཐའ་སྐོར་དུ་རིལ་བུ་ཟས་སྣས་ཕྱུར་བུར་གཏམས་པ་བཀོད། དེའི་མདུན་དང་ཕྱོགས་བཞིར་དངོས་གྲུབ་བླང་བའི་རྫས་ལྷའི་ཕྱག་མཚན་བེ་ཅོན། ནེའུ་ལེ། ཁ་ཊྭཱཾ། རྡོ་རྗེ་དང་རྟེན་འབྲེལ་ནོར་རྫས་བླུགས་པའི་སྣོད། རིན་པོ་ཆེ་དང་བུམ་པ་བཅུད་ཀྱིས་གང་བ་ཁ་རྒྱན་དང་བཅས་པ། པདྨ་དང་ལྕགས་ཀྱུ། སྣ་ཚོགས་རྡོ་རྗེ་དང་ནེའུ་ལེའི་རྐྱལ་པ་རྣམས་ཕྱོགས་ཐ་དད་དུ་དགོད། གཡས་སུ་སྣོད་གས་ཆག་མེད་པའི་ནང་འབྲས་སམ་གྲོ་གཙང་མས་བཀང་བར། དར་དཀར་ལ་གཙོ་འཁོར་ལྔའི་སྔགས། རྟེན་འབྲེལ་སྙིང་པོ་སོགས་ཀྱི་མཐར། བདག་དང་རྒྱུ་སྦྱོར་སྦྱིན་པའི་བདག་པོའི་ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་མི་ནོར་ལོངས་སྤྱོད་ལ་སོགས་པ་ལེགས་པའི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ལ་བརྟན་པར་མཛད་དུ་གསོལ། སརྦ་པུཥྚིཾ་ཀུ་རུ་ཨོཾ། དེའི་མཐར་རྒྱལ་སྲིད་སྣ་བདུན་བཀྲ་ཤིས་རྫས་རྟགས་ཀྱི་གཟུགས་བྲིས་པ་དང༌། དར་སྣ་བཏགས་
པའི་མདའ་དར་མ་ཉམས་པ་བཙུགས། མཐར་བཀྲ་ཤིས་རྫས་བརྒྱད་ཀྱི་ཙཀླིས་བསྐོར། གཡོན་དུ་ཆུ་སྦྱིན་འབུལ་བའི་ཆས་ཟངས་གཞོང་བུམ་པ་དྲི་བཟངས་འོ་མའི་ཆུས་བཀང་ལ་བཞག མདུན་དུ་དཀར་གསུམ་མངར་གསུམ་གྱིས་སྦགས་པའི་མཆོད་གཏོར་ཟླུམ་འཁྱིལ་པད་འདབ་བཞི་པ་རིལ་བུ་ཟས་སྣས་བསྐོར་བ། གཞན་ཡང་འདོད་ཡོན་ལྔ། མཆོད་པ་རྣམ་བདུན། བར་མཚམས་མཐའ་སྐོར་རྣམས་སུ་ཕྱུགས་པོ་དགུའི་ཞིང་ས་དང་འབྲུ། བཙན་པོ་དགུའི་ཁང་ས་དང་མདའ། གོས་དར་དང་ནོར་གཡང་ཅན་གྱི་སྤུ། གསེར་དངུལ་སོགས་རིན་པོ་ཆེའི་རིགས། དུག་རིགས་སྤངས་པའི་སྨན་སྣ། འབྲུ་དང་ཤིང་ཐོག་ཁ་ཟས་སྣ་ཚོགས། ཇ་དང་དཀར་ཕུད། ཕྱེ་མར། རིན་ཆེན་བརྡར་བའི་གསེར་སྐྱེམས། དངུལ་ཞལ་མར་ཁུས་བཀང་བ་རྣམས་བཀོད་ལེགས་སུ་བཞག ཡོད་ན་གོང་གི་རྫས་རྣམས་བླུགས་པའི་གཡང་ཁུག ཁྱད་པར་མཚན་ལྡན་དགེ་བའི་བཤེས་གཉེན་གྱི་ལག་ནས་བྱུང་བའི་རིང་བསྲེལ་རྣམ་ལྔ་སོགས་བྱིན་རྟེན་རིགས་དང༌། སྐུ་རྟེན་ནོར་གཟུགས་ཕྱག་མཚན་སོགས་རྟེན་གསུམ་གང་རྙེད། གཞན་ཡང་མཐོ་ལ་བརྗིད་པའི་གངས་རི། སྨན་མོ་གནོད་སྦྱིན་གནས་པའི་ས་རྡོ། ཡུལ་དགེ་ཞིང་ཤིས་ལ་ཆེ་བརྗིད་གཉན་པ་མི་བཟང་བའི་ས། གཙུག་ལག་ཁང་དགོན་རྫོང་ཕོ་བྲང་སྙན་གྲགས་ཅན་གྱི་དར་དང་རྫས་གང་འཛོམ། རྒྱ་དཀར་ནག་སོགས་གནས་ཆེན་ཁྱད་པར་ཅན་རྣམས་ཀྱི་ས་རྡོ་ཆུ་སྣ། ཁང་ས་ཞིང་ས་སོགས་མདོར་ན་དམེ་རྨུགས་ནལ་བཙོག་གྲིབ་དུག་ཅན་མ་ཡིན་པའི་ལོངས་སྤྱོད་ནོར་རྫས་རྟེན་གང་འཚོགས་ཏེ། སྔ་ཕྱི་དེ་དག་ཀུན་ཀྱང་བླ་མ་རྒྱལ་པོ་སློབ་དཔོན་སོགས་ཆེ་བཙུན་བཙན་དྲག་འཕེལ་ཕྱུག་དར་རྒྱས་སྙན་གྲགས་འཛོམས་ས་ནས་བླངས་ནས་སོ་སོའི་བླ་སྐར་ལ་བླུགས་པ་སྤྲོ་ན་བྱ་བའོ། །གཞན་ཡང་བླ་བྲེ་འཕན་གདུགས་རྒྱལ་མཚན་དང་རིགས་ཀྱི་འཕྱང་འཕྲུལ་སོགས་སྤྱན་གཟིགས་གཡང་ཆགས་ཤིང་བརྗིད་པའི་མཆོད་རྫས། མཐུན་པའི་སྤོས་སྦྱོར། རྐང་གླིང་སྤངས་པའི་རོལ་མོ་ལ་སོགས་པ་མདོར་ན་འོག་ཏུ་མཁོ་བའི་ཡོ་བྱད་མ་ཚང་བ་མེད་པ་འདུ་བྱའོ། །གཉིས་པ་ལ། མཆོད་པ་བྱིན་རླབས་ནི། ཨོཾ་ཨ་
མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ། ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་མཆོག ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར་པར་བསམས་ལ་སོ་སོའི་ཕྱག་རྒྱ་བཅས། ཨོཾ་བཛྲ་ཨརྒྷཾ་སྭཱ་ཧཱ། དེ་བཞིན་དུ་པཱ་དྱཾ། པུཥྤཾ། དྷཱུ་པཾ། དཱི་པཾ། གནྡྷཾ། ནཻ་བི་དྱཾ། ཨོཾ་བཛྲ་ཤབྡ་སྭཱ་ཧཱ། ཞེས་དང་རོལ་མོ་སྣ་ཚོགས་དཀྲོལ་ཞིང༌། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ་པྲ་ཙ་ལི་ནི་པྲཛྙཱ་པཱ་ར་མི་ཏཱ་ནཱ་ད་སཾ་བྷ་ཝེ་ན། བཛྲ་དྷརྨཱ་ཧྲྀ་ད་ཡ་སནྟོ་ཥ་ཎི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨཱ་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་བདག་གི་ཏིང་«་་་་་འདི་ལ་གཞན་དག་གིས་ཐུགས་རྗེ་ཆེན་པོ་སོགས་ཀྱི་གོང་གནོན་མཛད་ཀྱང༌། ཇོ་བོའི་རྒྱ་གཞུང་དང་སྔོན་གྱི་སྒྲུབ་ཐབས་རྣམས་ལས་མ་བྱུང་ཞིང༌། སྤྱན་རས་གཟིགས་ཀྱི་སྤྱན་ལས་འཁྲུངས་པ་སོགས་ཀྱིས་ཤེས་སོ། །མཆན། »ངེ་འཛིན་ནི། སྐྱབས་འགྲོ་སེམས་བསྐྱེད་སྤྱི་ལྟར་བྱས་ལ། རང་སྐད་ཅིག་གིས་ཛཾ་བྷ་ལར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཛམྦྷ་ལ་ལ་བླ་མ་འོད་དཔག་མེད་ཀྱིས་དབུར་བརྒྱན་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛཿས་ཚོགས་ཞིང་སྤྱན་དྲང༌། ན་མོ་གུ་རུ་བྷྱཿ ན་མཿཔདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་མཎྜ་ལེ་བྷྱཿས་ཕྱག་བྱ། གོང་གི་སྔགས་ཤམ་དུ་ཨརྒྷཾ་སོགས་བཏགས་པས་མཆོད། གུར་ནས་འབྱུང་བའི་རྒྱུན་བཤགས་བྱ། ཚད་མེད་བཞི་བསྒོམ། དངོས་གཞི་ནི། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་པྃ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཛྃ་དཀར་པོ་དེ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རང་ཉིད་འཕགས་པ་ཛམྦྷ་ལ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁྲོས་པ། སྤྱན་
གསུམ་པ། དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་ཤིང༌། སྨ་ར་སྨིན་མ་དཀར་སེར་གྱེན་དུ་འཁྱིལ་བ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་རིན་པོ་ཆེའི་བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན་སེ་མོ་དོ། འོག་པགས། ཕྱག་གདུབ། ཞབས་གདུབ་རྣམས་ཀྱི་སྤྲས་ཤིང༌། དར་གྱི་ཡུག་གོན་སྟོད་གཡོགས་ཀྱི་ཚུལ་དུ་འཕྱངས་ཤིང་པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་སྟེང་ན་ཞབས་གཉིས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ། དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཛྃ་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ཛམྦྷ་ལ་དཀར་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། གོང་ལྟར་མཆོད། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཱཾ། ཞེས་གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཤེལ་དཀར་ཞུན་མའི་ཕུང་པོར་དབང་གཞུ་ཡིས། །རབ་དཀྲིས་གར་དགུའི་ཉམས་ལྡན་གནོད་སྦྱིན་དབང༌། །འདོད་རྒུའི་དངོས་གྲུབ་ཆར་ལྟར་འབེབས་མཛད་པ། །དཔལ་ལྡན་ཛཾ་བྷ་ལ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཟླ་བའི་གདན་ལ་ཛྃ་ཡིག་དཀར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་ཁམས་གསུམ་གྱི་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་བསྡུས་ཏེ་ཇི་ལྟར་འདོད་པའི་དངོས་གྲུབ་ཐོབ་པར་བསམས་ལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཇི་ལྟར་རིགས་པ་བཟླས་ལ། བདག་བསྐྱེད་ཀྱི་ཡེ་ཤེས་པ་མདུན་གྱི་ནམ་མཁར་
བྱོན་པར་གྱུར། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་རེ་རེའི་མགོར་སྦྱར་བའི་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ལས། །འདོད་དགུའི་དཔལ་སྟེར་རབ་བརྗིད་གནོད་སྦྱིན་དབང༌། །དབུལ་ཕོངས་སྡུག་བསྔལ་ཀུན་སེལ་ནོར་གྱི་ལྷ། །མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་མགོན་པོ་ཛམྦྷ་ལས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་མ་དག་པའི་འཚོ་བ་སྤངས་ནས་ཆོས་དང་མཐུན་པའི་འབྱོར་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པར་མཛད་དུ་གསོལ། ཡི་གེ་བརྒྱ་པ་ལན་གསུམ། མ་འབྱོར་པ་དང་སོགས་ཤློ་གཅིག་གི་མཐར། བཛྲ་མུཿས་ཡེ་ཤེས་པ་གཤེགས་པར་བསམ་མོ། །དེ་ནས་སྔོན་འགྲོ་གཡང་གླུད་གཏོང་བ་ནི། གླུད་གཟུགས་མར་མེ་ཆངས་བུ་མི་ཁའི་རྫས་«་་་་་ལྟེ་ཕྱེ། ཉུང་མ། སྦང་མ། ཐལ་བ། ཤིང་བུ་སོགས། »གང་འཛོམ་བྲན་ལ། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་པར་ལན་ཆགས་གླུད་ཀྱི་གཏོར་མ་རྣམས་འདོད་པའི་ཡོན་ཏན་ལྔའི་རང་བཞིན་གླུད་བདག་སོ་སོའི་ཡིད་ལ་དགའ་མགུ་ཕུན་སུམ་ཚོགས་པ་བསྐྱེད་ཅིང་ཚིམ་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿཧཱུྃ། ལན་གསུམ། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ། ལན་བདུན་གྱིས་བསྔོས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ༴ དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ༴ དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་བརྗོད། རང་ཉིད་སྐད་ཅིག་གིས་དབང་ཆེན་རྟ་མཆོག་རོལ་པ་དྲག་གཏུམ་ཁྲོ་རྔམས་མི་བཟད་གཟི་བྱིན་ཆེན་པོའི་རང་བཞིན་དུ་གྱུར་པར་བསམས་ལ། ཧྲཱིཿ ང་ནི་རྟ་མགྲིན་དབང་གི་རྒྱལ། །ཉོན་ཅིག་བསེ་རག་འགོང་པོའི་ཚོགས། །ཡོད་གང་བརྒྱགས་ཕྱུག་མི་དགའ་ཞིང༌། །མེད་སྟོངས་ལྟོག་དབུལ་གཏོང་ལ་དགའ། །རྟ་ཕྱུགས་གོད་ཡམས་སྣ་འདྲེན་ཅིང༌། །དཀར་ཐོག་ལོ་ཐོག་སྲིས་ལ་ཟ། །བློ་ཉེས་ཚོང་ཉེས་གཏོང་བའི་བདག །
ཁྱོད་ལ་གླུད་དང་གཏོར་མ་སྦྱིན། །རང་རང་མཐུན་རྫས་འདི་ཁྱེར་ལ། །རྣལ་འབྱོར་སྦྱིན་བདག་འཁོར་བཅས་ལ། །མ་ཉེ་མ་གནོད་མ་འཁོར་བར། །དཔག་ཚད་མང་པོའི་ཕ་རོལ་དེངས། །གལ་ཏེ་མི་འགྲོ་འཚེ་བྱེད་ན། །སྤྲུལ་པའི་ཁྲོ་བོ་འབར་བ་ཡིས། །ལུས་སེམས་བརླག་པར་གདོན་མི་ཟ། །དེ་བས་མྱུར་དུ་ཕྱིར་དེངས་ཤིག །ཨོཾ་ཧྲཱིཿཔདྨཱནྟ་ཀྲྀ་ཏ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སོགས་ཀྱི་དྲག་སྔགས་ཀྱི་བསྐྲད། གུ་གུལ་གྱིས་བདུག ཡུངས་ཀར་གྱིས་བྲབ། ཏིང་ངེ་འཛིན་གྱིས་གཟིར་ཅིང་གླུད་གཟུགས་ཕྱིར་བསྐྱལ། ཧྲཱིཿ སྣང་སྲིད་རྡོ་རྗེ་མེ་རིའི་གུར། །དེ་ནང་ཕྱི་སྣོད་རྟ་མགྲིན་སྐུ། །ཐུགས་ཀར་རང་ཉིད་སྤྱན་རས་གཟིགས། །མཐའ་སྐོར་བསྲུང་བྱ་གསལ་བར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཞེས་ལན་གསུམ་བརྗོད་ཅིང་བསྲུང་ངོ༌། །མདུན་གྱི་རྟེན་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེའི་ཁང་བཟང་གི་དབུས་སུ་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་ཛྃ་ལས་རྩེ་གསུམ་ཛྃ་གྱིས་མཚན་པ་ལས་ཛམྦྷ་ལ་དཀར་པོ་སྐུ་མདོག་གངས་རིའི་མདོག་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་འཛུམ་ལ་ཆགས་པའི་ཉམས་ཅན་ཡིད་ཙམ་ཁྲོས་པ། སྤྱན་གསུམ་པ། དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་ཤིང༌། སྨ་ར་སྨིན་མ་དཀར་སེར་གྱེན་དུ་འཁྱིལ་བ། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་དང༌། གཡོན་རིན་པོ་ཆེའི་བེ་ཅོན་བསྣམས་པ། རིན་པོ་ཆེའི་དབུ་རྒྱན་སྙན་རྒྱན། མགུལ་རྒྱན། སེ་མོ་དོ། འོག་པག ཕྱག་གདུབ་ཞབས་གདུབ་རྣམས་ཀྱིས་སྤྲས་ཤིང༌། དར་གྱི་ཡུག་གོན་སྟོད་གཡོགས་ཀྱི་ཚུལ་དུ་འཕྱང་བ། པཉྩ་ལི་ཀའི་ཤམ་ཐབས་ཅན། གཡུ་འབྲུག་གི་སྟེང་ན་ཞབས་ཕྱེད་སྐྱིལ་གྱི་ཚུལ་དུ་བཞུགས་པ། ཤར་གྱི་འདབ་མ་ལ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་ཌཱ་ཀི་ནཱི་ནམ་མཁའི་མདོག་ཅན་ཞལ་གཅིག་ཕྱག་གཉིས་མ། གཡས་གསེར་གྱི་རྡོ་རྗེ་དང༌། གཡོན་པས་རྟེན་འབྲེལ་གྱི་ནོར་རྫས་བསྣམས་པ། ལྷོར་ཏྲཱྃ་ལས་རིན་པོ་ཆེ་ཏྲཱྃ་གྱིས་མཚན་པ་ལས་རིན་ཆེན་ཌཱ་ཀི་ནཱི་སེར་མོ་གཡས་ནོར་བུ། གཡོན་རིན་པོ་ཆེའི་བུམ་པ་བསྣམས་པ།
ནུབ་ཏུ་པྃ་ལས་པདྨ་པྃ་གྱིས་མཚན་པ་ལས་པདྨ་ཌཱ་ཀི་ནཱི་དམར་མོ་གཡས་པདྨ། གཡོན་ལྕགས་ཀྱུ་བསྣམས་པ། བྱང་དུ་ཁྃ་ལས་རལ་གྲི་ཁྃ་གིས་མཚན་པ་ལས་ཀྱི་ཌཱ་ཀི་ནཱི་ལྗང་གུ་གཡས་རྡོ་རྗེ་རྒྱ་གྲམ། གཡོན་ནེའུ་ལེ་ནོར་བུ་སྐྱུགས་པ་བསྣམས་པ། ཐམས་ཅད་ཀྱང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མ། དབུ་སྐྲ་སེར་པོ་ཐོར་ཚུགས་ཅན། དར་དང་རིན་པོ་ཆེས་བརྒྱན་པ། ཞབས་གཡོན་བསྐུམ་གཡོན་བརྐྱང་བའི་སྟབས་ཀྱིས་བཞུགས་པ། དེ་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཟླ་གདན་ལ་ཛྃ་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་འཕགས་པ་ཛྃ་བྷ་ལ་དཀར་པོ་རིགས་བཞི་མཁའ་འགྲོ་དང་བཅས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ སྤོས་སྦྱོར་བདུག་ལ་སྙན་པའི་དབྱངས་དང་རོལ་མོར་བཅས་པ། ཧཱུྃ། སྔོན་གྱི་བསྐལ་པའི་དང་པོ་ལ། །རྒྱལ་བ་ཀུན་གྱི་ཐུགས་རྗེ་ལས། །འཕགས་པ་སྤྱན་རས་གཟིགས་སུ་སྤྲུལ། །བརྩེ་བ་ཆེན་པོས་གཤེགས་སུ་གསོལ། །འགྲོ་བའི་དབུལ་བ་སེལ་བའི་ཕྱིར། །སྤྱན་ཆབ་གཡས་ལས་སྤྲུལ་པའི་སྐུ། །ཛཾ་ལྷ་འབྲུག་ཞོན་ལྷ་ལྔ་པོ། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །འཕགས་པ་ཐུགས་རྗེ་ཆེན་པོ་ཡིས། །གནོད་སྦྱིན་རྒྱལ་པོའི་བུ་སྤྲུལ་ཚེ། །ཛམྦྷ་ལ་ཞེས་མཚན་གསོལ་བ། །ནོར་ལྷའི་རྒྱལ་པོ་ཐུགས་རྗེ་ཅན། །རྨུགས་འཛིན་དཀར་པོ་མཁའ་འགྲོའི་ཚོགས། །ནོར་ལྷ་གཏེར་བདག་རྒྱ་མཚོས་བསྐོར། །ཐུགས་དམ་དབང་གིས་གནས་འདིར་བྱོན། །དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ། །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་ཐིམ། སླར་ཡང་འོད་འཕྲོས་དབང་གི་ལྷ་རིགས་ལྔ་འཁོར་བཅས་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང༌། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་
གསོལ་བ་བཏབ་པས། ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུངས་ཤིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡུར་ལུད་པ་ལས་གཙོ་བོར་འོད་དཔག་མེད། རྡོ་རྗེ་མཁའ་འགྲོ་ལ་མི་བསྐྱོད་པ། རིན་ཆེན་མཁའ་འགྲོ་ལ་རིན་ཆེན་འབྱུང་ལྡན། པདྨ་མཁའ་འགྲོ་ལ་འོད་དཔག་མེད། ལས་ཀྱི་མཁའ་འགྲོ་ལ་དོན་ཡོད་གྲུབ་པས་དབུར་བརྒྱན། མཆོད་རྫས་ལོངས་སྤྱོད་རྣམས། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་པས་བསང༌། སྭ་བྷཱ་ཝས་སྦྱང༌། མ་དག་ཆོས་ཀུན་སྐྱེ་མེད་ཀློང་དུ་ཡལ། །དག་པ་རིན་ཆེན་སྣོད་མཆོག་རབ་ཡངས་པར། །ལྷ་མིའི་ཕུན་ཚོགས་ལས་གྲུབ་གཏོར་མ་དང༌། །སྣ་བདུན་མཆོད་པ་འདོད་པའི་ཡོན་ཏན་ལྔ། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །དར་ཟབ་སྤྱན་གཟིགས་དཀོར་ནོར་ལ་སོགས་པ། །ཀུན་བཟང་མཆོད་པའི་དཔལ་ལ་འགྲན་བཟོད་པ། །སྲིད་མཐའི་བར་དུ་འབྱུང་ཞིང་རྒྱས་གྱུར་ཅིག །ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་གཏོར་མ་དང༌། ཨརྒྷཾ། པཱ་དྱཾ། པུཥྤེ་སོགས་ཀྱིས་མཆོད། ཨོཾ་སརྦ་བིཏྤཱུ་ར་པཱུ་ར་སོགས་བརྗོད་པས་རྟེན་རྫས་རྣམས་བྱིན་གྱིས་བརླབ། ཧྲཱིཿ སྟོང་གསུམ་འདི་དང་གཞན་དག་ན། །མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །སྣང་གསལ་དྲི་མཆོག་ཞལ་ཟས་དང༌། །སྒྲ་སྙན་རོལ་མོའི་བྱེ་བྲག་ཚོགས། །རེ་རེའང་བགྲང་ཡས་མཐའ་ཀླས་པ། །མཆོད་པའི་ལྷ་མོ་གྲངས་མེད་པས། །རྒྱལ་བ་རྣམས་ལ་མཆོད་པ་ལྟར། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས་མི་ཕྱུགས་ལོངས་སྤྱོད་སོགས། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤབྡའི་བར་རེ་རེ་བཞིན་སྦྱར་བས་མཆོད། ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཡིད་འཛིན་དྲི་དང་རོ་བརྒྱའི་ཟས། །འཇམ་མཉེན་འཁྲིལ་ཆགས་རེག་བྱའི་མཆོག །འདོད་ཡོན་ནམ་མཁའི་ཁམས་གང་བ། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས༴ །ཕྱྭ་གཡང༴ །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། རིན་ཆེན་གདུགས་མཛེས་གསེར་ཉ་དང༌། །གཏེར་ཆེན་བུམ་པ་པདྨ་
བཟང༌། །དུང་དཀར་གཡས་འཁྱིལ་དཔལ་བེའུ། །མཆོག་གི་རྒྱལ་མཚན་འཁོར་ལོ་སོགས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ཕྱིར། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས༴ །ཕྱྭ་གཡང༴ །སྔགས་ཐོག་མཐའ་འདྲ་བར། ཨཥྚ་མངྒ་ལ་ཙིཧྞ། ཕུན་ཚོགས་འཁོར་ལོ་རིན་པོ་ཆེ། །དྲི་མེད་བཙུན་མོ་ཁྱིམ་བདག་དང༌། །ཅང་ཤེས་རྟ་དང་གླང་པོ་དང༌། །ཕས་ཀྱི་རྒོལ་བ་ཚར་གཅོད་པའི། །དམག་དཔོན་རིན་ཆེན་སྣ་བདུན་རྣམས། །བདག་གི་བསམ་པ་ཡོངས་རྫོགས་ཕྱིར། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས༴ །ཕྱྭ་གཡང༴ །སཔྟ་རཏྣ། ཡིད་འོང་ནགས་ཚལ་རལ་གྲི་དང༌། །ཁང་བཟང་མལ་ཆ་ལྷ་ཡི་གོས། །སྦྲུལ་གྱི་པགས་པ་ལྷྭམ་ལ་སོགས། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས༴ །ཕྱྭ་གཡང༴ །སཔྟ་ཨུ་པ་རཏྣ། མེ་ལོང་གི་ཝཾ་བ་ཞོ་དང༌། དཱུརྦ་བིལྦ་ལི་ཁྲི་དུང༌། །ཉུངས་ཀར་ལ་སོགས་བཀྲ་ཤིས་རྫས། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས༴ །ཕྱྭ་གཡང༴ །ཨཥྚ་མངྒ་ལ་དྲ་བྱ། མདོར་ན་ལྷ་ཀླུ་མིའི་བསགས་པ། །ཡོ་བྱད་ཇི་སྙེད་མཆིས་སོ་ཅོག །མ་ཚང་མེད་པ་གྲངས་ཀྱི་གཏོས། །ཆོས་དབྱིངས་ཁྱབ་གདལ་ཆེན་པོའི་དཔྱིད། །ཚོགས་གཉིས་ཡོངས་སུ་རྫོགས་པའི་ཕྱིར། །ཛཾ་ལྷ་འཁོར་དང་བཅས་ལ་འབུལ། །བཞེས་ནས་མི་ཕྱུགས་ལོངས་སྤྱོད་སོགས། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ས་པ་རི་ཝཱ་ར་སརྦ་པཱུ་ཛ་ཧོཿ ཇོ་བོས་མཛད་པའི་བསྟོད་པ་ནི། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ནོར་བདག་རིན་ཆེན་བརྗིད་པའི་སྐུ། །གངས་རི་ལྟར་དཀར་རབ་མཛེས་འགྲོ་ཚོགས་དབུལ་ཕོངས་མཐའ་དག་སྡུག་བསྔལ་མ་ལུས་ཞི་མཛད་ཅིང༌། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་འགྲོ་ལ་བུ་གཅིག་ལྟར་བརྩེ་ཕྱོགས་བཅུ་ཀུན་ཏུ་གཟིགས་མཛད་པ། །བསམ་འཕེལ་ནོར་བུ་དཔག་བསམ་ཤིང་འདྲ་དེ་ལ་བདག་ཡིད་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །དུག་གསུམ་ལ་སོགས་ངན་འགྲོའི་ས་བོན་མྱུ་གུ་གཅོད་མཛད་
ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་འཛིན། །གཡོན་པས་བེ་ཅོན་ནོར་བདག་མ་ལུས་དབང་དུ་སྡུད་ཅིང་བཀྲེས་སྐོམ་ནད་དང་སྡུག་བསྔལ་འཇོམས། །དབུ་སྐྲ་དཀར་སེར་གྱེན་དུ་བརྫེས་ཤིང་ལན་བུའི་ཅོད་པན་ལྷབ་ལྷུབ་རྒྱན་གྱིས་ཀུན་ནས་མཛེས། །ནོར་བདག་ཆེན་པོ་འབྲུག་ལ་ཆིབས་པས་བདག་དང་སེམས་ཅན་ཀུན་གྱི་དབུལ་ཕོངས་ཞི་བར་མཛོད། །དང༌། གངས་རི་ལྟར་དཀར་ཞལ་གཅིག་ཕྱག་གཉིས་འབྲུག་གི་སྟེང་ན་བརྗིད་པའི་སྐུ། །སྤྱན་རས་གཟིགས་དབང་ཐུགས་རྗེའི་རྣམ་འཕྲུལ་འགྲོ་ལ་འདོད་རྒུའི་ཆར་འབེབས་པ། །ཡི་དམ་ཁྱོད་ལ་གུས་པས་འདུད་དོ་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ལོག་འཚོ་བྲལ་བའི་འབྱོར་པ་ཆེན་པོ་ཀུན་ནས་རྒྱས་པའི་དངོས་གྲུབ་སྩོལ། །ཅེས་དང༌། ཀྱེ། འདི་ནི་ཐུགས་རྗེ་ཆེན་པོ་ནོར་ལྷ་འཕགས་པ་ནི། །གཏི་མུག་རྣམ་དག་ཆོས་དབྱིངས་ཡེ་ཤེས་ངོ་བོ་ཉིད། །མདོག་དཀར་རིན་ཆེན་རྒྱན་བཅས་ཞལ་གཅིག་ཕྱག་གཉིས་ན། །རྩེ་གསུམ་བེ་ཅོན་འཛིན་མཛད་ཞལ་གདངས་འབྲུག་ལ་ཞོན། །དབུ་སྐྲ་དཀར་སེར་གྱེན་བརྫེས་སྤྱན་གསུམ་སྲིད་གསུམ་གཟིགས། །འཕགས་པ་ཁྱོད་ལ་ཕྱག་འཚལ་མཆོད་དོ་དངོས་གྲུབ་སློང༌། །ཤར་དུ་ཞེ་སྡང་རྣམ་དག་མེ་ལོང་ཡེ་ཤེས་སྐུ། །རྡོ་རྗེ་མཁའ་འགྲོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྡོ་རྗེ་གཡོན་པས་རྟེན་འབྲེལ་རྫས་རྣམས་བསྣམས། །ལྷོ་རུ་སེར་སྣ་རྣམ་དག་མཉམ་ཉིད་ཡེ་ཤེས་སྐུ། །རིན་ཆེན་མཁའ་འགྲོ་སེར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རིན་ཆེན་གཡོན་པས་བཅུད་ཀྱི་བུམ་པ་བསྣམས། །ནུབ་ཏུ་འདོད་ཆགས་རྣམ་དག་ཀུན་རྟོག་ཡེ་ཤེས་སྐུ། །པདྨ་མཁའ་འགྲོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་པདྨ་གཡོན་པས་རིན་ཆེན་ལྕགས་ཀྱུ་བསྣམས། །བྱང་དུ་ཕྲག་དོག་རྣམ་དག་བྱ་གྲུབ་ཡེ་ཤེས་སྐུ། །ལས་ཀྱི་མཁའ་འགྲོ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། །གཡས་པས་རྒྱ་གྲམ་གཡོན་པས་ནོར་གྱི་རྐྱལ་པ་བསྣམས། །ཀུན་ཀྱང་རིན་ཆེན་རྒྱན་ལྡན་ཕྱེད་སྐྱིལ་གར་གྱིས་བཞེངས། །མཁའ་འགྲོ་བཞི་ལ་ཕྱག་འཚལ་མཆོད་བསྟོད་དངོས་གྲུབ་སློང༌། །ནོར་རྣམས་སྟེར་བ་མེད་ན་ནོར་ལྷའི་མིང་མ་མཆིས། །ནོར་
རྣམས་སྟེར་ཕྱིར་ནོར་གྱི་ལྷ་རུ་གྲགས་པས་ན། །ཐུགས་རྗེའི་ཕྱག་རྐྱོང་རིན་ཆེན་གཏེར་ཕྱེ་ནོར་སྟེར་བས། །ཕོངས་པའི་ཚོགས་རྣམས་དཔལ་དང་འབྱོར་པས་ཕྱུག་པར་མཛོད། །ཅེས་པ་རྣམས་ཀྱིས་བསྟོད། རང་གི་སྙིང་ག་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལ་ཕོག དེ་གཉིས་ཀྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་དང་ཞགས་པའི་རྣམ་པ་དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ལྷ་ཀླུ་གནོད་སྦྱིན་སྟོབས་ལྡན་རྣམས་དང༌། མིའི་དབང་པོ་ལ་སོགས་པའི་སྟོབས་ལྡན་ཐམས་ཅད་བཀུག་སྟེ་མདུན་བསྐྱེད་ཀྱི་ལྷའི་ཕྱག་མཚན་རྣམས་ལ་ཐིམ་པས། དེ་རྣམས་ལས་རིན་པོ་ཆེ་གོས་དར་ནོར་དབྱིག་འབྲུ་རིགས་རྐང་འགྲོས་ལ་སོགས་པ་དགོས་འདོད་ཐམས་ཅད་ཆར་བཞིན་དུ་བབས་ནས་དཔལ་འབྱོར་ལོངས་སྤྱོད་ཟད་མི་ཤེས་པ་དང༌། མི་ནོར་ཟས་གསུམ་འདུ་ཞིང་ཐོས་བསམ་སྒོམ་གསུམ་འཕེལ་བ་སོགས་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བསམས་ལ། ཐོག་མར་གཙོ་སྔགས་ཅི་ནུས་བཟླས་ལ་མཐར། འཁོར་སྔགས། ཨོཾ་བཛྲ་ཌཱ་ཀི་ནཱི་པི་ཤ་ནི་སྭཱ་ཧཱ། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་པདྨ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི་སྭཱ་ཧཱ། ཞེས་སོ་སོའམ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། བཛྲ་ཌཱ་ཀི་ནཱི་རཏྣ་ཌཱ་ཀི་ནཱི་པདྨ་ཌཱ་ཀི་ནཱི་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི་སརྦ་སིདྡྷི་སྭཱ་ཧཱ། ཞེས་དྲིལ་སྔགས་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར་ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་བདུན་རེ་བཟླའོ། །ཆུ་སྦྱིན་ནི། སྣོད་མདུན་དུ་བཞག་ལ། རང་ཉིད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོ་བསྣམས་པ། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། རི་དྭགས་ཀྱི་པགས་པས་ནུ་མ་གཡོན་པ་བཀབ་པ། ཞབས་གཉིས་སེམས་དཔའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་གསལ་བའི་ཕྱག་གཡས་པའི་མཆོག་སྦྱིན་ལས་བདུད་རྩིའི་རྒྱུན་བབས་པར་བསམས་ལ། བུམ་པ་ནས་ཆུ་སྦྲེང་བ་མདུན་བསྐྱེད་ལ་
ཕུལ་བའི་མོས་པས། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཅེས་བརྒྱ་རྩ་བརྒྱད་དང་ལྷ་མོ་བཞིའི་སྔགས་ཀྱང་ཅི་རིགས་བཟླས་ལ། ཆུ་མུ་ཏིག་གི་ཕྲེང་བར་གྱུར་ཅིང༌། ནོར་བདག་གཙོ་འཁོར་ལྔའི་ཞལ་ནས་ཀྱང་མུ་ཏིག་གི་ཆར་ཕབ་ནས་བདག་དང་སྦྱིན་བདག་ལ་དངོས་གྲུབ་སྩོལ་བར་བསམས་ལ་ཕུལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། འགྲོ་བ་དབུལ་བའི་སྡུག་བསྔལ་གཟིགས་གྱུར་ནས། །འཇིག་རྟེན་མགོན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང༌། །གངས་རི་ལྟར་དཀར་ནོར་འཆང་ཀུན་གྱི་རྗེ། །མཁའ་འགྲོ་བཞི་ཡིས་བསྐོར་ལ་ཕྱག་འཚལ་བསྟོད། །སེར་སྣའི་ལས་ཀྱི་མེ་ཡིས་གདུང་བ་དག །སྐྱེ་དང་སྐྱེ་བར་ཁྱེད་ལ་གསོལ་འདེབས་ཀྱི། །རིན་ཆེན་བདུད་རྩིའི་གཏེར་གྱི་ཆར་རྒྱུན་གྱིས། །སེམས་ཅན་དབུལ་བའི་སྡུག་བསྔལ་ཞི་བར་མཛོད། །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་རཏྣ་སརྦ་སིདྡྷི་ཕ་ལ་ཧོཿ ཞེས་ཆུ་ཐིགས་མཐེབ་སྲིན་གྱིས་ལྕེ་ལ་བཞག་ཅིང་སྦྱིན་བདག་ལའང་བླུད་དེ་དངོས་གྲུབ་བླང༌། ཡིག་བརྒྱ་བཟླ་ཞིང་ཕྱོགས་བཞིར་གཏོར། ཐམས་ཅད་ནམ་མཁའི་མཛོད་སོགས་བརྗོད། གཏོར་མ་ཆབ་ཀྱིས་བྲན་ཏེ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་རྒུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། མདུན་བསྐྱེད་གཙོ་འཁོར་ལྔའི་ཞལ་ནས་འོད་ཀྱི་སྦུ་གུ་བྱུང་སྟེ་གསོལ་བར་བསམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང་བཅས། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་བདུན། ཨོཾ་བཛྲ་ཌཱ་ཀི་ནཱི་རཏྣ་ཌཱ་ཀི་ནཱི་པདྨ་ཌཱ་ཀི་ནི་ཀརྨ་ཌཱ་ཀི་ནཱི་ཨི་དཾ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛཾ་བྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། ཐུགས་རྗེ་ཆེན་པོའི་སྤྱན་ཆབ་ལས་འཁྲུངས་ཤིང༌། །རྩེ་གསུམ་དབྱུག་པས་དུག་གསུམ་དབུལ་བ་སེལ། །གནས་སྐབས་མཐར་ཐུག་དགོས་འདོད་ཀུན་འབྱུང་བ། །ཡིད་བཞིན་ནོར་བུ་ཁྱོད་ལ་ཕྱག་འཚལ་ལོ། །ལས་བཞིའི་
ཕྲིན་ལས་སྒྲུབ་ལ་ཐོགས་མེད་ཅིང༌། །རྣམ་འཕྲུལ་མ་ངེས་སྤྲུལ་པ་ཕྱོགས་བཅུར་འགྱེད། །གདུལ་བྱའི་རེ་བ་སྐོང་མཛད་མཁའ་འགྲོ་མ། །སྒྱུ་མའི་གཟུགས་ཅན་བཞི་ལ་ཕྱག་འཚལ་བསྟོད། །ནོར་བདག་ཆེན་པོ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཞེས་མཆོད་བསྟོད་འདོད་དོན་གསོལ་གདབ་བྱའོ། །དེ་ནས་ཕྱྭ་གཡང་དངོས་སྒྲུབ་པ་ལ་དང་པོ་བྱུང་ཁུངས་སྟོན་པ་ནི། ཀྱེ། དང་པོ་གཡང་ལེན་གར་སྲིད་ན། །སྔོན་གྱི་བསྐལ་པ་དང་པོ་ལ། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལས། །སྤྲེའུ་བྱང་ཆུབ་སེམས་དཔའ་བྱུང༌། །ཇོ་མོ་སྒྲོལ་མའི་སྤྲུལ་པ་ལས། །བྲག་སྲིན་ནག་མོ་བྱ་བ་བྱུང༌། །དེ་གཉིས་ཐབས་ཤེས་འཕྲད་པ་ལས། །གདོང་དམར་མི་གསུམ་ཐམས་ཅད་བྱུང༌། །མི་རྣམས་ཕོངས་པས་མནར་བ་ལས། །སྤྲེའུའི་རྒྱལ་པོ་ཡར་གཤེགས་ཏེ། །པོ་ཏ་ལ་ཡི་རྩེ་མོ་ན། །སྤྱན་རས་གཟིགས་དབང་བཞུགས་པ་ལ། །སྤྲེའུའི་རྒྱལ་པོས་འདི་སྐད་ཞུས། །ཀྱེ་མ་ལས་ཀྱི་འབྲས་བུ་ཡི། །དབོན་སྲས་མང་པོ་འཕེལ་བ་ལས། །དྲན་པ་གསལ་བ་ལྷ་དང་འདྲ། །གདུག་རྩུབ་ཆེ་བ་ལྷ་མིན་འདྲ། །གོས་མེད་གཅེར་བུ་དུད་འགྲོ་འདྲ། །བཀྲེས་སྐོམ་སྡུག་བསྔལ་ཡི་དྭགས་འདྲ། །ཤིན་ཏུ་སྡུག་བསྔལ་དམྱལ་བ་འདྲ། །རིགས་དྲུག་སྡུག་བསྔལ་ངེས་པར་ཚང༌། །འདི་དག་ལས་ཐབས་ཅི་ཞིག་བྱ། །དེ་སྐད་ཞུས་པས་བཀའ་སྩལ་པ། །སྤྲེའུའི་རྒྱལ་པོ་ལེགས་པར་ཉོན། །ཁྱོད་ཀྱི་བུ་དང་ཚ་བོ་རྣམས། །གདོང་དམར་སྲིན་པོ་ཡིན་ཟེར་ཏེ། །ཁ་བ་ཅན་གྱི་ཞིང་ཁམས་སུ། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན། །ཟས་ལ་འབྲུ་རིགས་སྣ་ཚོགས་ཟོ། །སྐོམ་དུ་འབྱུང་བ་ཆུ་ལ་འཐུང༌། །གོས་སུ་ལྷ་ཡི་ན་བཟའ་གཏོད། །སྐབས་སུ་གཡང་འགུགས་གཡང་བླན་བྱ། །སྤྱན་རས་གཟིགས་ཀྱིས་དེ་སྐད་གསུངས། །དེ་ནས་སྤྲེའུའི་རྒྱལ་པོ་དེས། །སྔགས་འཆང་རྒྱལ་པོ་སྤྱན་ཡང་དྲངས། །ལྷ་གཞི་དཀར་པོའི་གདན་སྟེང་དུ། །དཀོན་
མཆོག་མཆོད་པ་རྒྱ་ཆེན་བཤམས། །རྒོད་སྒྲོ་མདའ་དར་དཀར་པོ་ལ། །དངུལ་དཀར་མེ་ལོང་བཏགས་པས་གཡབ། །ཁུ་ཡེ་བརྗོད་ཅིང་འོ་དོད་བོས། །ཐུགས་རྗེ་ཆེན་པོའི་བྱིན་རླབས་དང༌། །སྔགས་འཆང་བདག་གི་སྨེ་སྔགས་དང༌། །དབུ་ནག་བོད་ཀྱི་བསོད་ནམས་ལས། །འོད་ཟེར་སྣ་ལྔ་སྟེང་དུ་འཕྲོས། །ཚངས་པ་དུང་ཐོད་དཀར་པོར་ཕོག །ལྷ་ཡི་ལོངས་སྤྱོད་ལྡན་པ་ལས། །འོད་རླུང་དཀར་པོ་གཅིག་ཏུ་སྤྲུལ། །ལྷ་ཡི་ལོངས་སྤྱོད་བོད་དུ་འོངས། །བོད་ལྷ་ཁམས་འདྲ་བ་དེ་ནས་སྲིད། །འོད་ཟེར་འོག་ཏུ་འཕྲོས་པ་ལས། །ཀླུ་རྒྱལ་གཙུག་ན་རིན་ཆེན་ཕོག །ཀླུ་ཡི་ལོངས་སྤྱོད་འཕེལ་བ་ལས། །ཀླུ་ཡི་ལོངས་སྤྱོད་བོད་དུ་འོངས། །བོད་ཀླུ་ལས་གྲོལ་བ་དེ་ནས་སྲིད། །འོད་ཟེར་བར་སྣང་ཁམས་སུ་འཕྲོས། །གཉན་གྱི་རྒྱལ་པོ་ཆེན་པོར་ཕོག །གཉན་གྱི་ལོངས་སྤྱོད་བོད་དུ་འོངས། །བོད་འགྲོལ་ཐབས་གཉན་པ་དེ་ནས་སྲིད། །འོད་ཟེར་ཤར་ཕྱོགས་གླིང་དུ་འཕྲོས། །ཡུལ་འཁོར་སྲུང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐྱེ་བ་བཟང༌། །ཤར་ཕྱོགས་གཡང་རྣམས་བོད་དུ་འོངས། །བོད་སྐྱེ་བ་བཟང་དོན་དེ་ནས་སྲིད། །འོད་ཟེར་ལྷོ་ཕྱོགས་གླིང་དུ་འཕྲོས། །འཕགས་སྐྱེས་པོ་ཡི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་དཀོར་ནོར་ཕྱུག །ལོངས་སྤྱོད་གཡང་རྣམས་བོད་དུ་འོངས། །བོད་དཀོར་ནོར་ཕྱུག་དོན་དེ་ནས་སྲིད། །འོད་ཟེར་ནུབ་ཕྱོགས་གླིང་དུ་འཕྲོས། །སྤྱན་མི་བཟང་གི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་མི་འཕེལ་ཆེ། །ནུབ་ཕྱོགས་གཡང་རྣམས་བོད་དུ་འོངས། །བོད་མི་འཕེལ་ཆེ་བ་དེ་ནས་སྲིད། །འོད་ཟེར་བྱང་གི་ཕྱོགས་སུ་འཕྲོས། །རྣམ་ཐོས་སྲས་ཀྱི་རྒྱལ་པོ་ལ། །ལོངས་སྤྱོད་ལྡན་ཞིང་སྐུ་ཚེ་རིང༌། །བྱང་ཕྱོགས་གཡང་རྣམས་བོད་དུ་འོངས། །བོད་སྐུ་ཚེ་རིང་བ་དེ་ནས་སྲིད། །འོད་ཟེར་ཕྱོགས་བཅུ་ཀུན་ཏུ་འཕྲོས། །ཕྱོགས་བཅུའི་ནོར་ལྷ་ཀུན་ལ་ཕོག །དེ་རྣམས་ལོངས་སྤྱོད་བོད་དུ་འོངས། །བོད་ནོར་གཡང་འཕེལ་བ་དེ་ནས་སྲིད། །འོད་ཟེར་རྒྱ་གར་ཡུལ་དུ་འཕྲོས། །རྒྱ་གར་ཆོས་གཡང་བོད་དུ་འོངས། །བོད་ཆོས་ལ་དཀར་བ་དེ་ནས་སྲིད། །འོད་ཟེར་སྟག་གཟིག་ཡུལ་དུ་འཕྲོས། །སྟག་
གཟིག་ནོར་རྣམས་བོད་དུ་འོངས། །བོད་དཀོར་ནོར་ཕྱུག་པ་དེ་ནས་སྲིད། །འོད་ཟེར་རྒྱ་ནག་ཡུལ་དུ་འཕྲོས། །རྒྱ་ཡི་ཇ་དར་བོད་དུ་འོངས། །བོད་ཇ་དར་འཕེལ་བ་དེ་ནས་སྲིད། །འོད་ཟེར་ཧོར་གྱི་ཡུལ་དུ་འཕྲོས། །ཧོར་གྱི་རྟ་གཡང་བོད་དུ་འོངས། །བོད་རྟ་དྲེལ་མང་བ་དེ་ནས་སྲིད། །འོད་ཟེར་བོད་ཀྱི་ཡུལ་དུ་འཕྲོས། །མི་དང་གཡང་གཉིས་ཀྱི་ལི་ལི། །ཕྱྭ་དང་གཡང་གཉིས་སྒ་ར་ར། །ལོངས་སྤྱོད་སྣ་ཚོགས་དེ་ལས་ཚོགས། །སྔོན་གྱི་བཟང་འཕྲོའི་དཔལ་བཞིན་དུ། །དར་དཀར་གཡོབ་ཅིང་འདིར་འབོད་ན། །དེ་རིང་ཁུ་ཡེ་ཕྱྭ་གཡང་ལེན། །དངོས་གཞི་གཡང་བསྒྲུབ་པ་ལ། གཙོ་བོའི་དམིགས་བཟླས། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ། པདྨ་མཁའ་འགྲོ། ལས་ཀྱི་མཁའ་འགྲོ་སྟེ་རིགས་བཞིའི་མཁའ་འགྲོའི་དམིགས་བཟླས་དང་ལྔ་ལས། དང་པོ་ནི། བདག་ལྷའི་ཐུགས་འོད་སྔགས་ཕྲེང་དང་བཅས་པ། །རང་གི་ཞལ་ནས་འཐོན་ཏེ་མཆོད་པའི་ཚུལ། །མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས་པ་ལས། །ཛཾ་ཡིག་དཀར་པོ་སྔགས་ཕྲེང་བཅས་ལ་ཐིམ། །སླར་ཡང་སྔགས་ཕྲེང་ལས་ཐོན་མདུན་བསྐྱེད་ཀྱི། །ལྟེ་བ་ནས་བྱུང་རང་གི་ལྟེ་བ་རུ། །དངོས་གྲུབ་ཚུལ་དུ་ཞུགས་ཏེ་དེ་ལྟ་བུ། །རྒྱུན་མི་འཆད་པར་འཁོར་བས་ཐུགས་རྒྱུད་བསྐུལ། །ཐུགས་རྗེའི་འོད་ཀྱིས་རྒྱལ་བ་སྲས་བཅས་མཆོད། །རྒྱལ་བའི་གསང་གསུམ་བྱིན་རླབས་དངོས་གྲུབ་དང༌། །འཁོར་བའི་ཚེ་བསོད་དཔལ་འབྱོར་ལྷ་ཀླུ་མིའི། །མངའ་ཐང་ནོར་ལྷ་འཇིག་རྟེན་སྐྱོང་རྣམས་ཀྱི། །ཕྱྭ་གཡང་དངོས་གྲུབ་འོད་ཟེར་ཚུལ་དུ་བསྡུས། །རང་དང་མདུན་བསྐྱེད་གཙོ་བོའི་གའུ་དང༌།«་་་་་གྭའུ་མེད་ན་གཙོ་བོའི་རྟེན་རྫས་དང༌། མཆན།» །གཡང་རྟེན་ལ་ཐིམ་ཚེ་བསོད་དཔལ་འབྱོར་སོགས། །ཕུན་སུམ་ཚོགས་པའི་དངོས་གྲུབ་མྱུར་ཐོབ་གྱུར། །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། ཨོཾ་པི་ཤཱ་ནི་འཇིག་རྟེན་ཁམས་ཀྱི་ལྷ་འདྲེ་མི་གསུམ་འགྲོ་བ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་གཙོ་བོར་ཅི་འགྲུབ་བུངས་བསྐྱེད་ལ་བཟླ། གཉིས་པ་རྡོ་རྗེ་མཁའ་འགྲོའི་དམིགས་བཟླས་ནི། བདག་ལྷའི་ཐུགས་འོད་སྔོན་པོ་
དམར་མདངས་ཅན། །གཙོ་མོ་ལ་ཐིམ་དེ་ཡི་ཐུགས་རྗེའི་འོད། །རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཟླ་བའི་སྟེང༌། །ཧ་སྔོན་སྔགས་ཀྱིས་བསྐོར་བ་ལ་ཐིམ་པས། །སྔགས་དེ་གཡོན་དུ་དྲག་ཏུ་འཁོར་བ་ལས། །འོད་ཟེར་མཐིང་དམར་ལྕགས་ཀྱུ་ལྟ་བུ་འཕྲོས། །ལྷ་ཀླུ་མི་རྣམས་རང་དབང་མེད་པར་འདུས། །མོས་པ་རྣམ་བཞི་ཞེས་བྱ་ཕ་མ་དང༌། །བླ་མ་རྒྱལ་པོ་སྤུན་གྲོགས་འདུ་ཤེས་ཀྱིས། །བྱམས་དང་གུས་ལྡན་སྐྲག་དང་བརྩེ་གྱུར་ནས། །ཚེ་བསོད་ལོངས་སྤྱོད་དངོས་གྲུབ་ཚོགས་བསྡུས་ཏེ། །རང་དང་རྡོ་རྗེ་མཁའ་འགྲོའི་གྭའུར་«་་་་་རྟེན་ལ།» ཐིམ། །ཁམས་གསུམ་སྣོད་བཅུད་དཔལ་ལ་སྤྱོད་པར་གྱུར། །གཙོ་སྔགས་དང༌། ཨོཾ་བཛྲ་ཌཱ་ཀི་ནཱི་ཝ་ཤཾ་ནི་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བཟླ། གསུམ་པ་རིན་ཆེན་མཁའ་འགྲོའི་དམིགས་བཟླས་ནི། བདག་ལྷའི་ཐུགས་འོད་བཙོ་མའི་གསེར་ལྟ་བུ། །གཙོ་བོ་ལ་ཐིམ་དེ་ཡི་ཐུགས་ཀའི་འོད། །རིན་ཆེན་མཁའ་འགྲོའི་ཐུགས་ཀར་ཟླ་བའི་སྟེང༌། །རི་ཡིག་སེར་པོ་སྔགས་ཀྱིས་བསྐོར་བ་ལ། །ཐིམ་ཞིང་སྔགས་དེ་གཡོན་དུ་དྲུག་ཏུ་འཁོར། །དེ་ལས་འོད་ཟེར་དམར་སེར་ལི་ཁྲིའི་མདངས། །ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་ཁམས་ཀུན་གྱི། །བཟའ་བཏུང་ཞིམ་མངར་ནོར་རྫས་ཕུན་ཚོགས་པའི། །དངོས་གྲུབ་ཐམས་ཅད་འོད་ཟེར་རྣམ་པར་བསྡུས། །བདག་དང་རིན་ཆེན་མཁའ་འགྲོ་གྭའུ་«་་་་་གཡང་རྟེན།» ལ། །ཐིམ་པས་རྨ་གཡང་ཟས་ཀྱི་དངོས་གྲུབ་རྣམས། །འབད་རྩོལ་མེད་པར་མྱུར་དུ་ཐོབ་པར་གྱུར། །གཙོ་སྔགས་དང༌། ཨོཾ་རཏྣ་ཌཱ་ཀི་ནཱི་བ་ཤཾ་ནི་ལྷ་དང་མི་དང་ལྷ་མ་ཡིན་གྱི་ནོར་རྫས་ཁྱད་པར་ཅན་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བཟླ། བཞི་པ། པདྨ་མཁའ་འགྲོའི་དམིགས་བཟླས་ནི། བདག་ལྷའི་ཐུགས་འོད་པདྨ་རཱ་གའི་མདངས། །གཙོ་བོ་ལ་ཐིམ་དེ་ཡི་ཐུགས་རྗེའི་འོད། །པདྨ་ཌཱ་ཀིའི་ཐུགས་ཀར་ཟླ་བའི་སྟེང༌། །ནི་ཡིག་དམར་པོ་སྔགས་ཕྲེང་བསྐོར་བ་ལ། །ཐིམ་པས་སྔགས་དེ་གཡོན་དུ་དྲག་ཏུ་འཁོར། །དེ་ལས་འོད་དམར་ལྕགས་ཀྱུ་ལྟ་
བུ་འཕྲོས། །རྒྱལ་པོ་བློན་པོ་བཙན་ཕྱུག་འཕེན་དར་ཅན། །ཡུལ་མི་དབང་ཆེན་ནོར་བུའི་བདག་པོ་ཀླུ། །ས་བདག་ཡུལ་ལྷ་ཐམས་ཅད་མོས་པ་བཞིས། །དབང་དུ་འདུས་ནས་བསོད་ནམས་དཔལ་འབྱོར་རྣམས། །ཚུར་བསྡུས་རང་དང་པདྨ་མཁའ་འགྲོ་ཡི། །གྭའུ་«་་་་་གཡང་རྟེན་»ལ་ཐིམ་སྲིད་གསུམ་དབང་དུ་གྱུར། །གཙོ་སྔགས་དང༌། པདྨ་ཌཱ་ཀི་ནཱི་བ་ཤཾ་ནི་རྒྱལ་པོ་དང་བློན་པོ་དང་བཙན་ཕྱུག་དར་རྒྱས་ཅན་གྱི་ཡུལ་མི་དང་ནོར་བུ་རིན་པོ་ཆེ་བདག་བྱེད་པའི་ཀླུ་ཆེན་པོ་ས་བདག་ཐམས་ཅད་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་བཟླ། ལྔ་པ་ལས་ཀྱི་མཁའ་འགྲོའི་དམིགས་བཟླས་ནི། བདག་ལྷའི་ཐུགས་འོད་ལྗང་གུ་དམར་མདངས་ཅན། །གཙོ་བོ་ལ་ཐིམ་དེ་ཡི་ཐུགས་རྗེའི་འོད། །ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ཟླ་བའི་སྟེང༌། །ས་ཡིག་ལྗང་གུ་སྔགས་ཀྱིས་བསྐོར་བ་ལས། །ཐིམ་པས་སྔགས་དེ་གཡོན་དུ་དྲག་ཏུ་འཁོར། །དེ་ལས་འོད་ཟེར་ལྗང་དམར་ལྕགས་ཀྱུའི་དབྱིབས། །ཕྱོགས་བཅུར་འཕྲོས་པས་ལྷ་འདྲེ་མི་གསུམ་རྣམས། །མོས་པ་རྣམ་བཞིས་རང་དབང་མེད་པར་འདུས། །ཟས་དང་ནོར་དང་རྟ་ཕྱུགས་གཡང་ཅན་གྱི། །དངོས་གྲུབ་སྣ་ཚོགས་འོད་ཟེར་ཚུལ་དུ་བསྡུས། །བདག་དང་ལས་ཀྱི་མཁའ་འགྲོའི་གྭ་འུ་ལ། །ཐིམ་པས་ཟས་ནོར་དགོས་འདོད་ལྷུན་གྲུབ་གྱུར། །གཙོ་སྔགས་དང༌། ཨོཾ་ཨོཾ་ཀརྨ་ཌཱ་ཀི་ནཱི་བ་ཤཾ་ནི་ལྷ་འདྲེ་མི་གསུམ་གྱི་ཟས་ནོར་གཡང་ཅན་སྣ་ཚོགས་བདག་གི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་འཁོར་བཞི་ལ་གཙོ་སྔགས་ཀྱི་བཅུ་ཆ་ཙམ་རེ་བཟླས་མཐར་ལྷག་ཆད་ཁ་སྐོང་ཡིག་བརྒྱ་དབྱངས་གསལ་རྟེན་འབྲེལ་སྙིང་པོ་རྣམས་ཀྱང་བཟླ། དེ་ནས་གཡང་འགུགས་པ་ལ་ཐོག་མར་ལྷའི་ཐུགས་རྒྱུད་བསྐུལ་བ་ནི། སློབ་དཔོན་གྱིས་མདའ་དར་གཡོབ་ཅིང༌། ཀྱེ། རབ་འབྱམས་རྒྱལ་བའི་སྦྱིན་པའི་སྟོབས་ལས་གྲུབ། །འཕགས་མཆོག་ཐུགས་རྗེའི་སྤྱན་ལས་འཁྲུངས་པའི་སྲས། །གཟུགས་ཕུང་གཏི་མུག་རྣམ་དག་ཆོས་དབྱིངས་མདངས། །ཨཱརྻ་ཛཾ་ལ་དཀར་པོ་འབྲུག་ལ་ཆིབས། །འདོད་རྒུའི་ཆར་འབེབས་བེ་ཅོན་ནེའུ་ལེ་
འཛིན། །སྦས་ཡུམ་ཁ་ཊྭཱཾ་ཚུལ་གྱི་དབྱིངས་ཕྱུག་མའི། །ཐུགས་སྤྲུལ་བུདྡྷ་གར་དབང་མཁའ་འགྲོ་མ། །དཀར་མོ་སྣ་ཚོགས་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་སྡུད་བྱེད་གཡབ་དར་དཀར་པོ་བསྣམས། །སྣ་ཚོགས་ལས་ཀུན་མྱུར་འགྲུབ་བདེན་མཐུ་ཅན། །དར་དཀར་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་ནམ་མཁའི་ནུས་བཅུད་ཚེ་བསོད་གཡང༌། །སྟེང་འོག་ལྷ་ཀླུ་ས་བདག་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམས། །དྭངས་གསལ་གདལ་ཁྱབ་ཚེ་གཡང་བརྟན་པར་མཛོད། །ཧཱུྃ། རྣམ་ཤེས་ཞེ་སྡང་རྣམ་དག་མེ་ལོང་མདངས། །དུས་གསུམ་རྒྱལ་བའི་ཡུམ་མཆོག་མཱ་མ་ཀཱིའི། །ཐུགས་སྤྲུལ་རྡོ་རྗེ་གར་དབང་མཁའ་འགྲོ་མ། །སྔོན་མོ་ཞི་བའི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་འགུགས་བྱེད་གཡབ་དར་སྔོན་པོ་བསྣམས། །མི་མཐུན་ལས་ཀུན་གཞོམ་པའི་བདེན་མཐུ་ཅན། །དར་སྔོན་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་ཆུ་ཁམས་ནུས་བཅུད་ཚེ་བསོད་གཡང༌། །ཤར་ཕྱོགས་དྲི་ཟ་རྒྱལ་འགོང་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་སྟིམས། །སྣུམ་བཅུད་དཀྱུས་རིང་ཚེ་གཡང་བརྟན་པར་མཛོད། །ཧཱུྃ། ཚོར་བ་ང་རྒྱལ་རྣམ་དག་མཉམ་ཉིད་མདངས། །དུས་གསུམ་རྒྱལ་ཡུམ་སངས་རྒྱས་སྤྱན་མ་ཡི། །ཐུགས་སྤྲུལ་རིན་ཆེན་གར་དབང་མཁའ་འགྲོ་མ། །སེར་མོ་རྒྱས་པའི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་འཆིངས་བྱེད་གཡབ་དར་སེར་པོ་བསྣམས། །ཚེ་བསོད་དཔལ་འབྱོར་སྐྱེད་པའི་བདེན་མཐུ་ཅན། །དར་སེར་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་ས་ཁམས་ནུས་བཅུད་ཚེ་བསོད་གཡང༌། །ལྷོ་ཕྱོགས་གཤིན་རྗེ་ཐེའུ་སྲིན་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམ། །སྲ་བརྟན་གཞོམ་མེད་ཚེ་གཡང་བརྟན་པར་མཛོད། །ཧཱུྃ། འདུ་ཤེས་
འདོད་ཆགས་རྣམ་དག་སོར་རྟོག་མདངས། །དུས་གསུམ་རྒྱལ་བ་སྐྱེད་ཡུམ་གོས་དཀར་མོའི། །ཐུགས་སྤྲུལ་པདྨ་གར་དབང་མཁའ་འགྲོ་མ། །དམར་མོ་དབང་གི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་སྡོམ་བྱེད་གཡབ་དར་དམར་པོ་བསྣམས། །སྣང་སྲིད་དབང་དུ་འགུགས་པའི་བདེན་མཐུ་ཅན། །དར་དམར་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་མེ་ཁམས་ནུས་བཅུད་ཚེ་བསོད་གཡང༌། །ནུབ་ཕྱོགས་ཀླུ་དབང་བཙན་བདུད་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་སྟིམས། །དྲོད་བཀྲག་གཟི་འབར་ཚེ་གཡང་བརྟན་པར་མཛོད། །ཧཱུྃ། འདུ་བྱེད་ཕྲག་དོག་རྣམ་དག་བྱ་གྲུབ་མདངས། །དུས་གསུམ་རྒྱལ་ཡུམ་དམ་ཚིག་སྒྲོལ་མ་ཡི། །ཐུགས་སྤྲུལ་ཀརྨ་གར་དབང་མཁའ་འགྲོ་མ། །ལྗང་མོ་ལས་ཀྱི་མཁའ་འགྲོ་འབུམ་གྱིས་བསྐོར། །ཕྱག་ན་མཉེས་བྱེད་གཡབ་དར་ལྗང་གུ་བསྣམས། །བར་ཆད་དགྲ་བགེགས་འདུལ་བའི་བདེན་མཐུ་ཅན། །དར་ལྗང་གཡབ་ཅིང་རྒྱུད་བསྐུལ་སྤྱན་འདྲེན་ནོ། །ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་འགུགས་པར་མཛོད། །ཕྱོགས་བཅུའི་རླུང་ཁམས་ནུས་བཅུད་ཚེ་བསོད་གཡང༌། །བྱང་ཕྱོགས་གནོད་སྦྱིན་མ་མོའི་ལག་ནས་དྲོངས། །མི་ཕྱུགས་གནས་ཁང་ནོར་རྫས་རྟེན་འདིར་བསྟིམས། །གཡོ་མྱུར་སྟོབས་ལྡན་ཚེ་གཡང་བརྟན་པར་མཛོད། །ཅེས་འདུན་པ་རྩེ་གཅིག་པས་བསྐུལ་ནས་གཡང་འགུགས་དངོས་ནི། ཀྱེ། སྟེང་ཕྱོགས་ལྷ་ཁམས་རྣམས་ཀྱི་གཡང༌། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །བར་སྣང་གཉན་གྱི་རྒྱལ་པོའི་གཡང༌། །དེ་རིང་ཁུ་ཡེ་ཕྱྭ༴ །ས་འོག་ཀླུ་ཡི་རྒྱལ་པོའི་གཡང༌། །དེ་རིང༴ །ཤར་ཕྱོགས་ཡུལ་འཁོར་སྲུང་གི་གཡང༌། །དེ་རིང༴ །ལྷོ་ཕྱོགས་འཕགས་སྐྱེས་པོ་ཡི་གཡང༌། །དེ་རིང༴ །ནུབ་ཕྱོགས་སྤྱན་མི་བཟང་གི་གཡང༌། །དེ་རིང༴ །བྱང་ཕྱོགས་རྣམ་ཐོས་སྲས་ཀྱི་གཡང༌། །དེ་རིང༴ །ཕྱོགས་སྐྱོང་ནོར་ལྷ་རྣམས་ཀྱི་གཡང༌། །དེ་རིང༴ །ལྷ་འདྲེ་མཐུ་རྩལ་ཅན་གྱི་གཡང༌། །དེ་རིང༴ །རྒྱ་
གར་རྒྱལ་པོའི་ཆོས་གཡང་དེ། །དེ་རིང༴ །རྒྱ་ནག་རྒྱལ་པོའི་དར་གཡང་དེ། །དེ་རིང༴ །སྟག་གཟིག་རྒྱལ་པོའི་ནོར་གཡང་དེ། དེ་རིང༴ །གེ་སར་རྒྱལ་པོའི་དམག་གཡང་དེ། །དེ་རིང༴ །བལ་པོའི་སྐྱེ་བཞིན་ལེགས་གཡང་དེ། །དེ་རིང༴ །སོག་པོའི་མདའ་རྩལ་ཆེ་བའི་གཡང༌། །དེ་རིང༴ །དགུང་སྔོན་མཐོན་པོའི་ཕ་གཡང་དེ། །དེ་རིང༴ །དོག་མོ་ས་ཡི་མ་གཡང་དེ། །དེ་རིང༴ །ཉི་ཟླ་སྐར་གསུམ་བཀྲག་གཡང་དེ། །དེ་རིང༴ །འཇའ་ཚོན་སྣ་ལྔའི་བཀྲག་གཡང་དེ། །དེ་རིང༴ །ལྷོ་སྤྲིན་སྨུག་པོའི་ཕྱུག་གཡང་དེ། །དེ་རིང༴ །རི་རབ་ལྷུན་པོའི་བརྟན་གཡང་དེ༴ །དེ་རིང༴ །གླིང་ཆེན་བཞི་ཡི་བཀོད་གཡང་དེ། །དེ་རིང༴ །གླིང་ཕྲན་བརྒྱད་ཀྱི་འཁོར་གཡང་དེ། །དེ་རིང༴ །རི་ཕྲན་རྣམས་ཀྱི་བཙུན་གཡང་དེ། །དེ་རིང༴ །རྒྱ་མཚོ་ཆེན་པོའི་ཟབ་གཡང་དེ། །དེ་རིང༴ །དཔག་བསམ་ཤིང་གི་ལོ་གཡང་དེ། །དེ་རིང༴ །རྩི་ཤིང་ནགས་ཚལ་འཕེན་གཡང་དེ། །དེ་རིང༴ །ཕྱུག་པོ་རྣམས་ཀྱི་ཕྱུག་གཡང་དེ། །དེ་རིང༴ །འཕེན་པོ་རྣམས་ཀྱི་འཕེན་གཡང་དེ། །དེ་རིང༴ །བཙན་པོ་རྣམས་ཀྱི་བཙན་གཡང་དེ། །དེ་རིང༴ །སྙན་པ་རྣམས་ཀྱི་སྙན་གཡང་དེ། །དེ་རིང༴ །འཆི་མེད་རྡོ་རྗེའི་ཚེ་གཡང་དེ། །དེ་རིང༴ །རྒྱལ་བ་རྣམས་ཀྱི་ཐུགས་རྗེའི་གཡང༌། །དེ་རིང་ཁུ་ཡེ་ཕྱྭ་གཡང་ཁུག །ཁུ་ཡེ་ཕྱྭ་ཁུག་གཡང་ཁུག་ལ། །གཡང་ལེན་ཕུད་ཀྱིས་ནོར་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཕྱུགས་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཁྱིམ་ལྷ་མཆོད། །གཡང་ལེན་ཕུད་ཀྱིས་ཚེ་ལྷ་མཆོད། །ཅེས་པ་དངོས་གཞི་འདི་རྣམས་འདོན་སྒོམ་ནན་ཏན་དང་འབྲེལ་བར་གྲངས་གང་འགྲོ་ཡིད་ཆེས་པ་བྱའོ། །གཞན་ཡང་སྤྲོ་ན། གཡང་ལེན་ཕུད་ཀྱིས་ནོར་ལྷ་མཆོད་གསུངས་པའི་དོན་བསང་མཆོད་འབུལ་བར་འདོད་པས། ཤིང་སྣ་དྲི་བཟང་གི་དུད་པ་ཆེར་བཏང་ཞིང་ཕྱེ་མར་སོགས་ཕུད་རིགས་ཐམས་ཅད་མཆོད་ལ། ཨོཾ་ཨཱཿཧཱུྃ། དཔལ་ལྡན་ཕུན་ཚོགས་རིགས་ཀྱི་བདག །རིན་ཆེན་འབྱུང་ལྡན་ཡབ་ཡུམ་འཁོར། །ཨཱརྻ་ཛཾ་ལྷ་རིགས་ལྔ་དང༌། །ནོར་རྒྱུན་
ལྷ་མོ་རྣམ་ཐོས་སྲས། །ནོར་ལྷ་གཏེར་བདག་འཁོར་བཅས་དང༌། །ཡུལ་ལྷ་ཁྱིམ་ལྷ་དགྲ་ལྷ་སོགས། །དཔལ་གཡང་བདག་པོ་ཐམས་ཅད་ལ། །དག་བྱེད་ཤིང་སྣའི་དུད་པས་བསང༌། །འདོད་རྒུ་དཔལ་གྱི་མཆོད་པ་འབུལ། །དབུལ་ཕོངས་རྒུད་པ་ཞི་བར་མཛོད། །ཟས་ནོར་ཕྱུགས་སོགས་ལོངས་སྤྱོད་དངོས། །མི་ཟད་རྒྱ་མཚོའི་དངོས་གྲུབ་སྩོལ། །ཅེས་དང༌། ནོར་ལྷའི་བསང་རྒྱས་པ་སྐབས་སུ་བབ་པ་དག་ཀྱང་ལྕོགས་ན་ལེགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ནས་གཡང་དངོས་གྲུབ་ཏུ་ལེན་པ་ལ། ཐོག་མར་སྒྲུབ་པ་པོ་རང་ཉིད་ཀྱིས་ལེན་པའི་ཕྱིར་གསོལ་བ་འདེབས་པ་ནི། ཧྲཱིཿ ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང༌། །ནོར་བདག་ཛཾ་ལྷ་འཁོར་བཅས་ཀྱི། །བདེན་པའི་སྟོབས་དང་བྱིན་རླབས་ཀྱིས། །འཇིག་རྟེན་ཁམས་ཀྱི་ཟས་དང་ནོར། །གསེར་དངུལ་ཟངས་ལྕགས་གཡུ་མུ་ཏིག །སྲིད་ཞིའི་དཔལ་ཡོན་འདོད་རྒུ་རྣམས། །མ་ལུས་ཐམས་ཅད་དབང་བསྡུས་ལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །སརྦ་སིདྡྷི་ཕ་ལ་ཧཱུྃ། ཞེས་གདུང་ཤུགས་ཀྱིས་གསོལ་བ་བཏབ་པས། སོ་སོ་ནས་དགྱེས་ཤིང་བརྩེ་བ་ཆེན་པོས་དངོས་གྲུབ་གནང་བའི་བཀའ་འདི་བཞིན་སྩལ་བར་གྱུར་པར་བསམས་ལ། དངོས་གྲུབ་ཀྱི་རྫས་སོ་སོའི་ཕྱག་མཚན་རྣམས་ལས་དང་པོ་གཙོ་བོའི་བེ་ཅོན་ནེའུ་ལེ་ཁ་ཊྭཱཾ་ག་བླངས་ཏེ། རྗེ་བཙུན་ཛཾ་ལྷ་དཀར་པོ་ཡི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང༌། །མཆོག་དང་ཐུན་མོང་དངོས་གྲུབ་རྣམས། །བུ་ཡིས་མྱུར་དུ་ཐོབ་པར་ཤོག །ཨོཾ་པདྨ་ཀྲོ་དྷ་ཨཱརྻ་ཛམྦྷ་ལ་ཧྲྀ་ད་ཡ་ཧཱུྃ་ཕཊ། རྒྱལ་བ་སྲས་བཅས་ཀྱི་གསང་གསུམ་བྱིན་རླབས་འཇིག་རྟེན་ཁམས་ཀྱི་ཚེ་དང་བསོད་ནམས་དབང་ཐང་དཔལ་འབྱོར་ཐམས་ཅད་བུའི་དབང་དུ་གྱུར་ཅིག ཅེས་གསུང་གནང་བར་བསམས་ལ་སྤྱི་བོར་རེག གཉིས་པ་རྡོ་རྗེ་དང་རྟེན་འབྲེལ་རྫས་སྣོད་ཐོགས་ལ། བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི། །སྐུ་གསུང་ཐུགས་སོགས་ཚིག་རྐང་གསུམ་འོག་མ་རྣམས་ལའང་འགྲེ། ཨོཾ་བཛྲ་ཌཱ་ཀི་ནཱི་བི་ཤཱ་ནི་སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པ་ཐམས་ཅད་རིགས་ཀྱི་བུ་
འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། གསུམ་པ་རིན་པོ་ཆེ་དང་བུམ་པ་ཐོགས་ལ། བཅོམ་ལྡན་རིན་ཆེན་མཁའ་འགྲོ་མའི། །སྐུ་སོགས། ཨོཾ་རཏྣ་ཌཱ་ཀི་ནཱི་པི་ཤཱ་ནི། འཇིག་རྟེན་ཁམས་ཀྱི་ནོར་རྫས་ཐམས་ཅད་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། བཞི་པ་པདྨ་དང་ལྕགས་ཀྱུ་ཐོགས་ལ། བཅོམ་ལྡན་པདྨ་མཁའ་འགྲོ་མའི། །སྐུ་སོགས། ཨོཾ་པདྨ་ཌཱ་ཀི་ནི་པི་ཤཱ་ནི། རྒྱལ་པོ་དང་བློན་པོ་དང་ཡུལ་མི་དབང་ཆེ་བ་རྣམས་དང༌། ནོར་བུའི་བདག་པོ་ཀླུ་ཆེན་པོ་ལ་སོགས་པ་རྣམས་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ལྔ་པ་སྣ་ཚོགས་རྡོ་རྗེ་དང་ནེའུ་ལེ་ཐོགས་ལ། བཅོམ་ལྡན་ལས་ཀྱི་མཁའ་འགྲོ་མའི། །སྐུ་སོགས། ཨོཾ་ཀརྨ་ཌཱ་ཀི་ནཱི་པི་ཤཱ་ནི། ཡུལ་མི་ཕྱུག་པོ་དང༌། ཟས་ནོར་སྣ་ཚོགས་པ་རིགས་ཀྱི་བུ་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཞེས་སོ་སོའི་རང་རྟགས་ཕྱག་མཚན་རྣམས་གཏད་ནས་དངོས་གྲུབ་མ་ལུས་པ་སྩལ་བའི་མོས་པ་བསྐྱེད་ཅིང་ལྷ་ལས་དབང་དང་དངོས་གྲུབ་བླང༌། སླར་ཡང་འཁོར་འདས་སྣོད་བཅུད་ཀྱི་གཡང་ལེན་པ་ནི། ཀྱེ། མཐོ་བ་སྲིད་གསུམ་ཡང་རྩེ་ནས། །རླུང་གི་རྒྱ་གྲམ་ཡན་བར་གྱི། །ཁམས་ལྔའི་ནུས་བཅུད་ཚེ་དཔལ་གཡང༌། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཕྱོགས་བཅུ་དག་པའི་ཞིང་ཁམས་དང༌། །འཛམ་གླིང་རྔ་ཡབ་གཞན་གསུམ་ནས། །དམ་པ་ཆོས་ཀྱི་ཆབ་སྲིད་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ལྷ་གནས་སུམ་ཅུ་རྩ་གསུམ་དང༌། །ལུས་འཕགས་ལུས་དང་འཕགས་པ་ནས། །མཐོ་རིས་སྙན་གྲགས་རྒྱལ་སྲིད་དེ། །དེང་འདིར་ཁུ་ཡེ༴ །གནོད་སྦྱིན་གྲོང་ཁྱེར་ཁང་བཟང་དང༌། །བ་ལང་སྤྱོད་གླིང་གཡོ་ལམ་ནས། །བ་ཕྱུགས་ནོར་མཛོད་རྨ་གཡང་དེ། །དེང་འདིར༴ །མཐོ་རིས་ནམ་མཁའི་གནས་རྣམས་དང༌། །སྒྲ་མི་སྙན་གཉིས་དེའི་ཟླ་ནས། །འཆི་མེད་ཚེ་ཡི་སྲོག་གཡང་དེ། །དེང་འདིར༴ །བསམ་གཏན་བཞི་གནས་མན་ཆད་དང༌། །ས་འོག་ལྟོ་འཕྱེའི་གནས་ཡན་གྱི། །བདེ་སྐྱིད་མངའ་རིས་ཕུན་ཚོགས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཞེས་དང༌། ཀྱེ། ཕྱོགས་
བཅུ་དུས་གསུམ་བྱོན་པ་ཡི། །དཀོན་མཆོག་རིན་ཆེན་རྣམ་གསུམ་དང༌། །རྩ་བརྒྱུད་བླ་མའི་བྱིན་རླབས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཐེག་པ་རིམ་དགུ་རྒྱུད་སྡེ་བཞིའི། །ཡི་དམ་དཀྱིལ་འཁོར་ལྷ་ཚོགས་ཀྱི། །མཆོག་དང་ཐུན་མོང་དངོས་གྲུབ་དེ། །དེང་འདིར༴ །གནས་གསུམ་དཔའ་བོ་མཁའ་འགྲོ་དང༌། །ཆོས་སྲུང་དམ་ཅན་རྒྱ་མཚོའི་སྡེའི། །གང་བཅོལ་གཡེལ་མེད་ཕྲིན་ལས་དེ། །དེང་འདིར༴ །གནོད་སྦྱིན་དབུལ་སེལ་ནོར་སྐྱོང་ཚོགས། །མི་ཟད་འདོད་རྒུར་དབང་རྣམས་ཀྱི། །དགོས་འབྱུང་ལོངས་སྤྱོད་གཏེར་མཛོད་དེ། །དེང་འདིར༴ །རིགས་རྒྱུད་སྣག་འབྲང་དང་སྐྱེས་ལྷ། །འགོ་བའི་དགྲ་ལྷ་དཔུང་གཉེན་དུ། །མི་འབྲལ་ཟུང་དུ་འགྲོགས་པའི་གཡང༌། །དེང་འདིར༴ །དམ་ལྡན་དཀར་པོའི་ཕྱོགས་སྐྱོང་བའི། །ཡུལ་ལྷ་གཞི་བདག་གནས་སྲུང་རྣམས། །རྐྱེན་བསལ་མཐུན་འགྲུབ་མི་འབྲལ་གཡང༌། །དེང་འདིར༴ །སྣང་སྲིད་སྣོད་བཅུད་དཀྱིལ་འཁོར་ལྷ། །གདོད་ནས་དག་པ་ལྷུན་གྲུབ་གཤིས། །གནས་ལུགས་ཕྱག་རྒྱ་ཆེན་པོའི་གཡང༌། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཞེས་དང༌། ཀྱེ། ཚེ་སྣང་མཐའ་ཡས་རྣམ་པར་རྒྱལ། །འཕགས་པ་པད་འབྱུང་གྲུབ་རྒྱལ་སོགས། །འཆི་མེད་བརྙེས་རྣམས་ཚེ་དངོས་དེ། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །བདེ་གཤེགས་མཆེད་བདུན་སྤྲུལ་པ་ལྔ། །ནང་པ་ལྷ་མི་དྲང་སྲོང་ཕྱེའི། །ན་གསོ་འཆི་སློང་སྨན་ནུས་དེ། །དེང་འདིར༴ །འཇམ་མགོན་ངག་དབང་དབྱངས་ཅན་སོགས། །ཕྱོགས་དུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་རབ་བློ་གྲོས་སྤོབས་པ་དེ། །དེང་འདིར༴ །སྙིང་རྗེའི་སྤྱན་རས་འགྲོར་གཟིགས་མགོན། །ས་དང་ལམ་གནས་བྱང་སེམས་རྣམས། །ཐུགས་བསྐྱེད་གཞན་དོན་ཕྱོགས་མེད་དེ། །དེང་འདིར༴ །གསང་བདག་རྡོར་འཛིན་རྟ་མགྲིན་སོགས། །གསང་སྔགས་རིག་གཟུངས་གྲུབ་བརྙེས་པས། །ལོག་འདྲེན་གཞོམ་པའི་མཐུ་སྟོབས་དེ། །དེང་འདིར༴ །འདུལ་བ་མདོ་སྡེ་མ་མོ་སྔགས། །གསར་རྙིང་བསྟན་འཛིན་བརྒྱུད་བཅས་ཀྱི། །སྤངས་རྟོགས་བརྟུལ་ཞུགས་གྲུབ་འབྲས་
དེ། །དེང་འདིར༴ །རྒྱ་བོད་མཁན་སློབ་པཎ་གྲུབ་ལོས། །འཆད་ཉན་རྩོམ་བསྒྱུར་སྒོམ་སྒྲུབ་རྒྱུན། །ས་རྒྱར་མཁའ་ཡུན་གདལ་བའི་གཡང༌། །དེང་འདིར༴ །མོ་རྩིས་རྫས་སྔགས་སྒོམ་སྒྲུབ་སོགས། །ཟག་བཅས་ཟག་མེད་མངོན་མཁྱེན་ལྔས། །དུས་གསུམ་གསལ་སྟོན་པྲ་གཡང་དེ། །དེང་འདིར༴ །སོར་འབྲང་སོགས་ལྔ་པདྨ་འབྱུང༌། །ནཱ་གཱརྫུ་ན་དྲང་སོང་སོགས། །སྲི་འདུལ་སྲིད་སྤེལ་སྲུང་སྐྱོབ་གཡང༌། །དེང་འདིར༴ །ལྷ་ཀླུ་གནོད་སྦྱིན་གཏེར་གྱི་བདག །བརྒྱད་བརྒྱད་བློན་འཁོར་འབངས་བཅས་ཀྱི། །འཛད་མེད་དབྱིག་གི་བང་མཛོད་དེ། །དེང་འདིར༴ །ཛཾ་ལ་ནོར་རྒྱུན་རྣམས་མང་བུ། །གནོད་སྦྱིན་སྡེ་དཔོན་འབྲོག་གནས་སོགས། །རྐང་བཞིའི་ཕྱུགས་སྤེལ་དམུ་གཡང་དེ། །དེང་འདིར༴ །མཁར་ཁྱིམ་ཐབ་མཛོད་འདོད་འཇོའི་ལྷ། །མ་ཕྱིའི་གྲོགས་རྒྱལ་མཐིང་གེ་སོགས། །བཟའ་བཏུང་ཟས་བཅུད་སྲིད་གཡང་དེ། །དེང་འདིར༴ །མ་དྲོས་ཆུ་བཞི་གངས་ཅན་རི། །འབིགས་བྱེད་ཡུལ་དྲུག་འཛམ་གླིང་སྤྱིའི། །སྐམ་གཤེར་ཡུལ་གནས་གཞི་བདག་གཡང༌། །དེང་འདིར༴ །ཁྱད་པར་ཏི་སེ་ཐང་ལྷ་རྨ། །མ་ཕམ་གཡུ་མཚོ་ཁྲི་ཤོར་སོགས། །བོད་ཁམས་གནས་བདག་རྨ་གཡང་དེ། །དེང་འདིར༴ །ཆོས་རྒྱལ་རིགས་ལྡན་མང་བཀུར་སོགས། །མི་དབང་གསེར་དངུལ་ཟངས་ལྕགས་ཀྱི། །འཁོར་ལོས་སྒྱུར་རྣམས་ཆབ་སྲིད་བསྟན། །དེང་འདིར༴ །གཤེན་རབས་ཕྱྭ་ལྷ་དགུ་ཁྲི་འབུམ། །ཐུག་ཀར་སུམ་བརྒྱ་དྲུག་ཅུ་སོགས། །གཡུང་དྲུང་བོན་དབང་ཕྱྭ་གཡང་དེ། །དེང་འདིར༴ །འཕགས་བོད་བདེ་འབྱུང་ཨོ་རྒྱན་སོགས། །རྒྱལ་བསྟན་སྤེལ་སྐྱོང་ཆོས་ཀྱི་ཁྲིམས། །བསྟན་འགྲོར་དགེ་བའི་ལེགས་མཛོད་དེ། །དེང་འདིར༴ །སྟག་གཟིག་རྒྱ་བོད་ཧོར་ཁྲོམ་སོགས། །ནོར་སྤེལ་དགྲ་འདུལ་གཉེན་སྐྱོང་བའི། །ཆེ་བཙུན་བཙན་ཕྱུག་རྒྱལ་སྲིད་གཡང༌། །དེང་འདིར༴ །མཐའ་ཀླུང་དབུས་ལྗོངས་ཙི་ན་སོགས། །མི་རྒྱུད་ལོ་འབྲས་འཕེན་དར་འཕེལ། །རིན་ཆེན་ཇ་དར་གོས་ཟས་གཡང༌། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཀྱེ། སྟོང་ཁམས་གསུམ་ན་ཡུལ་བདེ་ཞིང༌། །རྫོང་བཙན་ཁྲིམས་བརྟན་
དུས་ཆར་འབེབས། །ལོ་ལེགས་ཆོས་དར་ཕྱི་ཡི་གཡང༌། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །མི་ཆོས་ཕྱུགས་རྒྱུད་འཕེལ་ནང་གཤིན། །ཕོ་དཔའ་མོ་མཛངས་འོག་རྟ་མགྱོགས། །གོ་བཙན་མཚོན་རྣོ་ནང་གི་གཡང༌། །དེང་འདིར༴ །མཁས་གྲུབ་རྩོད་རྒྱལ་དོན་གཉིས་འགྲུབ། །ནད་མེད་ཚེ་རིང་བརྒྱགས་སྐྱེད་བདེ། །མཐར་ཐུག་འཚང་རྒྱ་དོན་གྱི་གཡང༌། །དེང་འདིར༴ །ཆོས་དབྱིངས་ཆོས་ཅན་བསླུ་མེད་མཐུས། །བདེན་པའི་ཚིག་ལ་དབང་རྣམས་ཀྱིས། །ཅི་བཏབ་སྨོན་ལམ་འགྲུབ་པའི་གཡང༌། །དེང་འདིར་ཁུ་ཡེ༴ །ཚོགས་རྫོགས་རྟེན་འབྲེལ་མངའ་ཐང་ལས། །རྫས་རྟགས་རྒྱལ་སྲིད་ཉེ་བཅས་ཀྱི། །འཇིག་རྟེན་དགེ་མཛད་བཀྲ་ཤིས་གཡང༌། །དེང་འདིར་ཁུ་ཡེ་ཕྱྭ་གཡང་ལེན། །ཅེས་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་གསུང་བྱིན་རླབས་ཅན་འདི་ཉིད་དམིགས་པ་རྩེ་གཅིག་པས་མདའ་དར་གཡོབ་ཅིང་གྱེར། མཐར་དངོས་གྲུབ་ཀྱི་རྫས་རྣམས་ནས་ལོངས་སྤྱད་པར་བྱའོ། །ཚར་གྲངས་དུ་བྱེད་ན་མཆོད་པ་རྣམས་ཁ་གསོས་ལ། ཨོཾ་ཨ་མྲྀ་ཏ་ཧཱུྃ་ཕཊ། སྭ་བྷཱ་ཝས་སྦྱང༌། རྣམ་དག་ཆོས་ཀུན་སྐྱེ་མེད་ངང་དུ་ཡལ། །ནས་འདི་བར་བསྐྱར་བས་འཐུས་ཤིང༌། ཉིན་སྔ་མ་རྣམས་སུ་འདིར་མཆོད་བསྟོད་ཡིག་བརྒྱ་བརྟན་བཞུགས་སོགས་འོག་ནས་འབྱུང་བ་ལྟར་དང༌། དགོང་མོར། ཏདྱ་ཐཱ། ཨོཾ་ཚོམ་མེ་ལེ་དུ་ཀ་ཐ་ན་སྭཱ་ཧཱ། ཞེས་རྣམ་པར་མི་རྟོག་པའི་སྔགས་འདི་བཞི་བརྒྱ་རེ་བཟླ། གྲོལ་ཉིན་ཡོན་བདག་བསྒོ་བ་སོགས་དཀྱུས་ལྟར་རོ། །དེ་ནས་གཡང་ཡོན་བདག་ལ་གཏད་པ་ནི། སྦྱིན་བདག་ཆས་རྒྱན་བཟང་པོ་དང་བཅས་སློབ་དཔོན་ལ་ཞལ་སྐྱེམས་དྲང༌། དགྱེས་པའི་ཡོན་དང་ཕྱག་ཕུལ་ནས། ཀྱེ། སྔགས་འཆང་རྒྱལ་པོ་གསན་དུ་གསོལ། །ཕྱྭ་དང་གཡང་གི་བདག་པོ་ཁྱོད། །སྔོན་གྱི་རྟེན་འབྲེལ་མཐུ་སྟོབས་ཀྱིས། །བདག་ལ་ཕྱྭ་གཡང་དངོས་གྲུབ་སྩོལ། །ཞེས་ཞུ། དེ་ནས་མདུན་དུ་སྟན་དཀར་བཏིང་བ་ལ་འཁོད་པ་ལ། སྔགས་འཆང་གིས་མདའ་དར་གཡང་ཁུག་སོགས་ཐོགས་ལ། ཀྱེ། དེ་རིང་རྒྱུ་སྦྱོར་ཡོན་གྱི་བདག་པོ་འདིའི། །མི་ཡི་གཡང་དང་ཕྱུགས་ཀྱི་
བཅུད། །ཕ་མཚན་དགྲ་བླའི་བཀྲག་གཡང་བཅས། །བཀྲ་ཤིས་གཡང་རྟེན་གཡང་རྫས་རྣམས། །གཏི་མུག་རྨོངས་པའི་ལག་ཏུ་གཡང་མི་གཏད། །ཞེ་སྡང་ཁྲོས་པའི་ལག་ཏུ་གཡང་མི་གཏད། །འདོད་ཆགས་གླེན་པའི་ལག་ཏུ་གཡང་མི་གཏད། །ང་རྒྱལ་དྲེགས་པའི་ལག་ཏུ་གཡང་མི་གཏད། །ཕྲག་དོག་གཏུམ་པའི་ལག་ཏུ་གཡང་མི་གཏད། །ཕ་སྤུན་ཕྱི་ཚོའི་ལག་ཏུ་གཡང་མི་གཏད། །བུ་སྲིང་མག་པའི་ལག་ཏུ༴ །འདྲེ་སྲིན་བྱུར་གསུམ་ལག༴ །མི་ལ་བསེ་རག་ལག་ཏུ༴ །གོད་འདྲེ་ཐེ་རང་ལག་ཏུ་གཡང་མི་གཏད། །ཅེས་བརྗོད་ལ་གཡང་ཁུག་མདའ་དར་སོགས་ཡོན་བདག་རྣམས་ལག་སྟོང་མི་འོང་བར་གཏད་ནས། ཀྱེ། གཡང་གཏད་ཡོན་བདག་འདི་ལ་གཏད། །གཡང་སྒྱེ་རིན་ཆེན་སྣ་ལྔའི་བཅུད། །དར་སྣ་རྔ་མའི་རྒྱན་གྱིས་བརྒྱན། །དཀར་གསལ་གངས་ལ་ཉི་ཤར་འདྲ། །གཡང་གདན་གངས་ལས་དཀར་བའི་གཡང༌། །རིན་ཆེན་སྣ་ལྔ་བཅུག་པ་འདི། །མི་ནོར་རྟ་གསུམ་འཕེལ་བའི་གཡང༌། །ཕ་མ་བུ་གསུམ་སྐྱིད་འཛོམ་གཡང༌། །དེ་རིང་ཡོན་བདག་ཁྱེད་ལ་གཏད། །གཡང་སྒྱེ་ཁ་སྒྲོག་མ་ཤུད་གཅིག །ནང་བཅུད་སྲུབ་ནས་མ་རལ་ཅིག །དར་ཐག་བཀྲག་མདངས་མ་ཉམས་ཤིག །འདྲེ་སྲིན་ཞབས་སུ་མ་འཇབས་ཤིག །གཡང་སྤེལ་འདབ་བརྒྱད་འདི་གཏད་པས། །མི་ནོར་འདབ་ལག་རྒྱས་པའི་གཡང༌། །ནང་དུ་གསེར་སྦྲུལ་འཁྱིལ་བ་འདི། །ཀླུ་དཔལ་མི་ལ་འཁོར་བའི་གཡང༌། །མར་ཞུན་ནང་དུ་འཁྱིལ་བ་འདི། །བདུད་རྩིའི་ཆུ་རྒྱུན་འབེབས་པའི་གཡང༌། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །གཡང་སྤེལ་འདབ་བརྒྱད་མ་གྲུག་ཅིག །གསེར་སྦྲུལ་མཁའ་ལྡིང་མ་འཇུམས་ཤིག །ཞུན་གསུམ་འདྲེ་ཡིས་མ་རློམས་ཤིག །བདུད་རྩིའི་ཆུ་རྒྱུན་མ་སྐོམས་ཤིག །བཀྲ་ཤིས་རྨ་གཡང་འཁོར་བར་ཤོག །གཡང་ནས་རིན་ཆེན་སྣོད་དུ་བླུགས། །མི་འབྲུ་ནས་བས་བཟང་བའི་གཡང༌། །མི་འཕེལ་ནས་བས་འཕེལ་བའི་གཡང༌། །རིན་ཆེན་ཟས་ནོར་འཁོར་བའི་གཡང༌། །དེ་རིང་ཡོན་བདག་ཁྱོད་ལ་གཏད། །གཡང་ནས་དགྲ་ཡིས་མ་ཁྱེར་ཞིག །རིན་
ཆེན་འཕེལ་གཡང་ཐོབ་པར་ཤོག །ཅེས་གཏད། དེ་ནས་གཡང་སྒོ་སྲུང་སྡོམ་ལ། དང་པོ་བཀའ་བསྒོ་བ་ནི། ཀྱེ། དེ་རིང་ཉི་མའི་གདུགས་གང་ལ། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡིས། །སྔགས་འཆང་རྒྱལ་པོ་སྤྱན་དྲངས་ནས། །དབུ་ལ་ཐོད་བཅིངས་མགུལ་སྐྱེམས་དྲངས། །ཕྱག་ཏུ་མཉེས་པའི་ལྷ་ཡོན་ཕུལ། །མི་ཡི་གཡང་དང་ཕྱུགས་ཀྱི་རྩི། །མི་ཕྱུགས་གཡང་སྐྱབས་བསྒྲུབ་པའི་ཕྱིར། །ལྷ་མིའི་ལོངས་སྤྱོད་མཆོད་པར་བཤམས། །མགྲོན་རིགས་བཞི་པོ་དགྱེས་པར་མཆོད། །གཡང་རབ་སྒོ་བཞི་སྙན་གསོན་དང༌། །བསྒོ་བླག་སྔགས་འཆང་བདག་གིས་བྱེད། །ཁྱིམ་ལྷ་གེལ་ཐུང་བྱ་བ་དེ། །ཆེ་བཙན་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་དཀར་ལ་འོད་ཟེར་འབར། །ཕྱག་ན་ཚེ་ཡི་བུམ་པ་བསྣམས། །ཡོན་བདག་མི་ནོར་འཁོར་བཅས་ལ། །ཚེ་ཡི་དམུ་ཐག་གཟུང་དུ་གསོལ། །ཁྱིམ་ལྷ་གཞན་དུ་མ་འཁྱམས་ཤིག །ཕྱུག་གི་ལྷ་སྲུང་དམ་པར་མཛོད། །འཁོར་གསུམ་སྐེད་ལ་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །ཁྲ་བོའི་སྲུང་ལ་རྟེན་ཆོས་ལ། །རྟེན་བཅོས་གཞན་དུ་མ་འཁྱམས་ཤིག །ཕུག་ལྷ་ཀ་བར་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །གསེར་གྱི་གདུང་མར་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །ནོར་ལྷ་རྨ་གཡང་བྱ་བ་ནི། །བཙན་ཕྱུག་འཛོམ་པའི་དགྲ་བླ་ཡིན། །སྐུ་མདོག་སྨུག་ལ་འོད་ཟེར་འབར། །ཕྱག་ན་ཡིད་བཞིན་ནོར་བུ་བསྣམས། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ལ། །རིན་པོ་ཆེ་ཡི་གཡང་སྤེལ་རྣམས། །བསམ་པ་ཡིད་བཞིན་འགྲུབ་པར་ཤོག །གཡང་རའི་ནོར་ཕྱུགས་སྲུང་བར་མཛོད། །བསམ་པ་བཞིན་དུ་འགྲུབ་པར་མཛོད། །ཕྱུགས་ཀྱི་རྭ་བར་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །གསེར་སྲབ་གཡུ་མཐུར་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །གཡང་མོ་ལུག་གི་སོག་བལ་ལ། །རྟེན་བཅས༴ །ལྷ་རྟ་ལྷ་ལུག་ལྷ་གཡག་ལ། །རྟེན་བཅས༴ །བིལ་དང་སྡོང་ལ་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །ཐབ་ལྷ་
རོག་པོ་བྱ་བ་དེ། །དྲག་མཛངས་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་སྣ་ཚོགས་ཅིར་ཡང་སྟོན། །ཕྱག་ན་བདུད་རྩིའི་བུམ་པ་བསྣམས། །ཡོན་བདག་མི་ནོར་འཁོར་བཅས་ལ། །བདུད་རྩིའི་དངོས་གྲུབ་སྩལ་དུ་གསོལ། །ཐབ་འདྲེ་གཞོབ་འདྲེ་མ་གཏོང་ཞིག །མི་ནོར་ཟས་གསུམ་སྲུང་སྐྱོབ་མཛད། །རིན་ཆེན་གསེར་སྐྱེམས་རྟེན་ཆོས་ལ། །རྟེན་བཅས༴ །ཐབ་ལྷ་རོག་པོ་མ་འཁྱམས་ཤིག །གཡང་རྟེན་བཀྲ་ཤིས་འཁྱིལ་པ་ལ། །རྟེན་ཆོས་གཞན་དུ་མ་འཁྱམས་ཤིག །གཡུང་དྲུང་འཁྱིལ་བར་རྟེན་ཆོས་ལ། །རྟེན་བཅས༴ །མི་ཟད་ལོངས་སྤྱོད་རྟེན་ཆོས་ལ། །རྟེན་བཅས༴ །སྒོ་ལྷ་རྟ་གཡང་བྱ་བ་དེ། །དཔའ་དར་བྱེད་པའི་དགྲ་བླ་ཡིན། །སྐུ་མདོག་ནག་ལ་འོད་ཟེར་འབར། །ཕྱག་ན་ལྕགས་ཀྱི་ཐུ་ལུམ་བསྣམས། །དགྲ་འདྲེའི་ཀླད་པ་སྤྱི་ནས་འཇོམས། །འདྲེ་གདོན་ཐམས་ཅད་ཕྱིར་ལ་བཟློག །ཡོན་བདག་མི་ནོར་གཡང་སར་སྐྱོལ། །ཟས་ནོར་ཐམས་ཅད་སྲུང་བར་མཛོད། །སྒོ་ལྷ་མི་ནོར་མང་བར་མཛོད། །འཆིང་མོ་སྟེང་དུ་རྟེན་ཆོས་ལ། །རྟེན་བཅས༴ །གསེར་གྱི་འདན་བུར་རྟེན་ཆོས་ལ། །རྟེན་བཅས་གཞན་དུ་མ་འཁྱམས་ཤིག །རིན་པོ་ཆེ་ཡི་ལྡེ་མིག་ལ། །རྟེན་ཆོས་གཞན་དུ་མ་འཁྱམས་ཤིག །ཅེས་བརྗོད་ལ་གཡང་སྒམ་ཡོད་ན་གཏོར་མ་སོགས་གཡང་རྫས་རྣམས་མཆོད་པ་དང་བཅས་བྱིན་ཆགས་པར་བསྒྲིགས་ཏེ། ཀྱེ། དེ་རིང་ཉི་མའི་གདུགས་གང་ལ། །ཡོན་གྱི་བདག་པོ་འཁོར་བཅས་ལ། །མི་གཡང་ཕྱུགས་རྩི་རྟེན་པ་ཡི། །འདོད་ཡོན་སྣ་ཚོགས་གཡང་འདི་བརྟེན། །སྔགས་འཆང་བཀའ་འདི་བཀྲ་བར་ཤོག །མི་གཡང་མ་ཉམས་གཡང་སྒོ་སྡོམས། །ཕྱུགས་རྩི་མ་འཕྱུགས་གཡང་སྒོ་སྡོམས། །ལྷ་སྲུང་འཁོར་བཅས་གཡང་སྒོ་སྡོམས། །འདྲེ་གདོན་མི་ཚུགས་གཡང་སྒོ་སྡོམས། །མཆོང་གི་སྒོ་མོ་ཐམ་གྱིས་འདན། །གསེར་གྱི་འདན་བུས་ཐིག་གིས་འདན། །ཤར་སྒོ་སྟག་དཀར་སྐྱ་བོས་སྲུངས། །ལྷོ་སྒོ་གཡུ་འབྲུག་སྔོན་མོས་སྲུངས། །ནུབ་སྒོ་གཉན་བྱ་དམར་པོས་སྲུངས། །བྱང་སྒོ་རུ་སྦལ་རྒྱ་བོས་སྲུངས། །སྒོ་སྲུང་མཐུ་རྩལ་མ་ཆུང་ཞིག །བཀྲ་ཤིས་
གཡང་རྟེན་མ་འཕྱུགས་ཤིག །འདྲེ་སྲིན་ནང་དུ་མ་གཏོང་ཞིག །བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །ཅེས་དང་བརྟན་བཞུགས་སྨོན་ལམ་བཀྲ་ཤིས་བྱས་ལ་སྒོ་བསྡམས་ཤིང་རྟགས་གདབ་པའམ། ཡང་ན་འོག་ནས་འབྱུང་བ་ལྟར་བྱས་ཀྱང་རུང་ངོ༌། །གསུམ་པ་རྗེས་ཀྱི་རིམ་པ་ལ། དང་པོ་ཙཱ་རུའི་བཟའ་བ་ནི། བཟར་རུང་བའི་འབྲང་རྒྱས་རྒྱན་ཅི་མཛེས་ཅན་དང༌། བཟའ་བཅའ་བཏུང་བའི་རིགས་ཅི་འབྱོར་བཤམས་ཤིང་བྲན་ལ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཞལ་ཟས་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་དང༌། གང་བའི་ཕྱག་རྒྱ་དང་བཅས་པས། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པར། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །དེ་བཞིན་དུ། ལེགས་སྦྱར་འདི་ནི་བླ་མ་ཡི་དམ་ལ། །དང༌། ཆོས་སྲུང་ནོར་ལྷ་ལ་ཞེས་བསྒྱུར་བ་དང༌། ཨོཾ་དི་བྱ་ཨནྣེ་ས་མ་དྷི་དྷྱཱུ་ན་པྲྀ་ཎ་ནེ་སྭཱ་ཧཱ། ཞེས་ཕུད་གསུམ་ཕུལ། ལྷག་མ་དངོས་གྲུབ་ཀྱི་གཏེར་ཆེན་པོ་ཟག་མེད་ཀྱི་བདུད་རྩིར་མོས་པས་འབུལ་ལེན་གྱི་ཚུལ་དུ་མཆོད་གཡོག་པས། བདེ་བར་གཤེགས་པས་གསོལ་བ་ཡི། །ལྷག་མས་དངོས་གྲུབ་ཐོབ་པས་བཞེས། །ཞེས་སློབ་དཔོན་སོགས་ལ་དྲང༌། དེས། བདེ་བར་གཤེགས་པས་གསོལ་བ་ཡི། །ལྷག་མས་དངོས་གྲུབ་ཐོབ་པས་རོལ། །ཞེས་ལན། གཞན་སྦྱིན་བདག་སོགས་ལ། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོ་ཞིག་དངོས་གྲུབ་ཐོབ་པར་འགྱུར། །ཞེས་སྦྱིན། བདེ་གཤེགས་ལྷག་མ་འདི་དག་ནི། །ཟོས་པས་དངོས་གྲུབ་ཐོབ་ཕྱིར་རོལ། །ཅེས་ཐམས་ཅད་ལ་ཟས་སྣ་ཚང་བར་བྲིམ། མཐར་དཔོན་སློབ་ལྷན་ཅིག་པས། ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་
ཤོག །ཅེས་གདངས་དང་བཅས་ལན་གསུམ་གྱིས་སྨོན་ལམ་གདབ། མཆོད་བསྟོད་གོང་ལྟར་བྱ། ཡིག་བརྒྱ་ལན་བདུན་གྱིས་ནོངས་པ་བཤགས། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བྱེ་བྲག་ཏུའང་མདུན་གྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་བདག་དང་སེམས་ཅན་ཐམས་ཅད་ལ་ཆོས་དང་མཐུན་པའི་དཔལ་འབྱོར་ཕུན་སུམ་ཚོགས་པ་སྩལ་དུ་གསོལ། ཁྱད་པར་དུ་རྟེན་འདི་ཉིད་གང་དུ་བཞུགས་པའི་ས་ཕྱོགས་སུ་ཆོས་སྤྱོད་དགེ་བཅུ་ལྷུར་ལེན་པའི་དགེ་སློང་གི་དགེ་འདུན་གྱི་ཚོགས་བརྒྱ་སྟོང་ཕྲག་མང་པོ་འདུ་བ་དང༌། ཆོས་ཀྱི་སྦྱིན་བདག་ཏུ་གྱུར་པའི་རྒྱལ་པོ་དང་བློན་པོ་དང་བཙུན་མོ་དང་མི་ཆེན་སྟོབས་ལྡན་འབྱོར་ལྡན་ཐམས་ཅད་དང༌། འཇིག་རྟེན་གྱི་ཁམས་ཀྱི་ལྷ་མིའི་དཔལ་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་རྟེན་འདིའི་དབང་དུ་གྱུར་ཅིག་སྭཱ་ཧཱ། ཨོཾ་སུ་པྲ་ཏིཥྛ་བཛྲཱ་ཡ་སྭཱ་ཧཱ། ཞེས་ལན་བདུན་གྱིས་བརྟན་པར་བཞུགས་སུ་གསོལ། རང་གི་དཔྲལ་བར་ཨོཾ་དཀར་པོ་སོགས་ཀྱིས་གནས་གསུམ་བསྲུང༌། དགེ་བ་འདི་ཡིས་མྱུར་དུ་བདག །འཕགས་པ་ཛཾ་ལ་འགྲུབ་གྱུར་ནས། །སོགས་ཀྱིས་སྨོན་ལམ་དང༌། ཆེ་བའི་ཆེ་མཆོག་སྟོན་མཆོག་བླ་ན་མེད། །ཆོས་རྗེ་ཉི་མ་རྒྱལ་བའི་བྱིན་རླབས་ཀྱིས། །བདུད་དང་བགེགས་རིགས་གནོད་པའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཆོས་ཉིད་བདེན་པའི་ཆོས་མཆོག་བླ་ན་མེད། །དམ་ཆོས་བདུད་རྩི་བདེན་པའི་བྱིན་རླབས་ཀྱིས། །ཉོན་མོངས་སྡུག་བསྔལ་གདུང་བའི་དགྲ་ཞི་སྟེ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །དགེ་
འདུན་ཡོན་ཏན་རིན་ཆེན་དཔལ་འབར་བ། །རྒྱལ་སྲས་ཕན་མཛད་བདེན་པའི་བྱིན་རླབས་ཀྱིས། །ཉེས་པའི་སྐྱོན་བྲལ་དགེ་ཚོགས་རྣམ་པར་འཕེལ། །རྟག་ཏུ་དཔལ་གནས་ཉིན་མཚན་བཀྲ་ཤིས་ཤོག །ཚངས་དང་ལྷ་དབང་སྲུང་མའི་བྱིན་རླབས་ཀྱིས། །ཕན་མཛད་ལྷ་ཡི་བཀྲ་ཤིས་གནས་གྱུར་ཏེ། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་པ་དང༌། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །ཅེས་དང༌། འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བཀྲ་ཤིས་རྒྱས་པར་བརྗོད་པས་མཐའ་བརྒྱན་པར་བྱ་ཞིང༌། དེ་ལྟར་བསྒྲུབས་པའི་གཡང་རྟེན་གཏོར་རྫས་གྭའུ་རྣམས་དར་གོས་ལ་སོགས་པའི་ལྡིང་གུར་དང་བཅས་བང་མཛོད་དུ་འབྲུ་དང་བཀྲ་ཤིས་པའི་རྫས་སྣ་ཅི་འཛོམས་སྤུངས་པའི་དབུས་སུ་བཞུགས་པ་དེ་ལ་ལོངས་སྤྱོད་གང་བྱུང་གི་ཕུད་སོགས་དུས་སྐབས་ལ་མཆོད་པ་དང༌། གཏོར་མ་ཕུལ་བས་ཁ་གསོ། གཡང་ཅན་གྱི་ནོར་སྣ་རྙེད་ན་ཕྱོགས་སུ་ཚགས་བྱ། གཞན་དངོས་གྲུབ་གང་བྱུང་མཆོད་སྦྱིན་ལ་སེར་སྣ་མེད་པར་གཏོང་བ་ནོར་ལྷ་སྤྱིའི་དམ་ཚིག་ཡིན་ནོ། །འདིར་འབད་དགེ་བའི་ཆུ་གཏེར་ལས། །ཕན་བདེ་ནོར་བུའི་ཆར་འབེབས་པས། །སྣོད་བཅུད་རྒུད་པ་རིང་བསྐྲད་དེ། །འགྲོ་ཀུན་རྫོགས་ལྡན་བདེར་སྤྱོད་ཤོག །ཅེས་རྗེ་ཐམས་ཅད་མཁྱེན་པ་དེ་ཉིད་ཀྱི་བཀའ་ལུང་གི་རྗེས་སུ་གནང་བ་ཐོབ་པར་བརྟེན་ནས་བློ་གཏེར་དབང་པོས་རྒྱ་ཚན་ཆོས་རྗེ་ངག་དབང་མཐར་ཕྱིན་གྱིས་མཛད་པའི་ཛཾ་དཀར་གཡང་སྐྱབས་ལས་ས་བཅད་སོགས་ཀྱི་སྤྲོས་པ་རྣམས་དོར་ཞིང༌། མཉམ་མེད་ཇོ་བོ་དཱི་པཾ་ཀ་ར་ནས་བརྒྱུད་པའི་སྒྲུབ་ཐབས་སོགས་དཀྱུས་སུ་བཅུག་ནས་ལག་ཏུ་བླང་བདེ་བར་བྲིས་པ་དགེ་ལེགས་འཕེལ།། །།
མགོན་པོ་ཛམྦྷ་ལ་དམར་པོའི་ཕྱྭ་གཡང་འགུགས་པའི་ཆོ་ག་པདྨ་རཱ་གའི་ལྕགས་ཀྱུ།
མགོན་པོ་ཛམྦྷ་ལ་དམར་པོའི་ཕྱྭ་གཡང་འགུགས་པའི་ཆོ་ག་པདྨ་རཱ་གའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི། བླ་མ་གསང་བའི་བདག་པོ་དང༌། །དབྱེར་མེད་རྨུགས་འཛིན་དབང་གི་རྒྱལ། །སྤྱི་བོར་མཆོད་ནས་དེ་ཉིད་ཀྱི། །ཕྱྭ་གཡང་འགུགས་པའི་ཕྲིན་ལས་སྤེལ། །དེ་ལ་འདིར་གྲྭ་མངོན་ཛཾ་དམར་ལ་བརྟེན་པའི་གཡང་ཆོག་ལག་ཏུ་ལེན་པའི་ཚུལ་ལ་གསུམ། སྦྱོར་བ་ཡོ་བྱད་ཀྱི་གཤོམ་བཀོད། དངོས་གཞི་སྒྲུབ་པའི་ཕྲིན་ལས། རྗེས་དངོས་གྲུབ་སྡུད་པའི་ལས་རིམ་མོ། །དང་པོ་ནི། ཉི་མ་བྱང་བགྲོད་ཀྱི་དཀར་ཕྱོགས་འགྲུབ་པའི་སྦྱོར་བ་དང་བཀྲ་ཤིས་པའི་ཉི་མ་སོགས་དགེ་ཞིང་ཤིས་པའི་དུས་སུ། ཡིད་འོང་གཙང་མའི་གནས་ལ་འབྱུང་པོ་འདུལ་བྱེད་དང་ཛཾ་དམར་གྱི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཕྱིང་དཀར་གྱིས་གཡོགས་པ་ལ། སྤྲོ་ན་གླང་པོ་ཆེའི་པགས་པས་དངོས་སམ་བྲིས་པ་བཏིང་བའི་སྟེང་དུ་པདྨ་དམར་པོ་འདབ་བརྒྱད་ཀྱི་ལྟེ་བར་ཚོམ་བུ་དམར་པོ་དགོད། དེའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་སྣོད་གཙང་མར་འབྲུ་སྣ་ཚོགས་དང་གཡང་རྫས་བསྲེས་པའི་ཕྱེ་ལས་གྲུབ་པའི་རི་རབ་བང་རིམ་བཞི་པའི་སྟེང་དུ་དྲིལ་གཟུགས་དང་རིན་ཆེན་ཟུར་བརྒྱད་ཀྱི་ཁར་བུམ་པ་ནོར་བུ་མིག་གསུམ་གྱི་ཏོག་ཅན་རྩ་བར་ཚེ་རིལ་གྱིས་བསྐོར་བ་འབྲི་སྨུག་གིས་བྱུགས་པ་ལ། རྩེ་ཕྲན་ནོར་བུ་འབར་བ་ལ་པདྨ་ཉི་ཟླས་བརྒྱན་པ་སོགས་གང་
མཛེས་དང༌། རི་རབ་ཀྱི་བང་རིམ་དང་པོར་ནེའུ་ལེ་ནོར་བུ་སྐྱུགས་པ་དང༌། བང་རིམ་རྣམས་ལ་རིན་པོ་ཆེ་འབབ་པ། བཀྲ་ཤིས་རྟགས་བརྒྱད། ནོར་བུ་ཆ་བདུན་སོགས་རྒྱན་སྤྲོས་གང་མཛེས། མདའ་དར་དམར་པོ་མེ་ལོང་གིས་བརྒྱན་ཏེ་བཙུགས་པ་བཀོད། དེའི་ཤར་དུ་རིན་པོ་ཆེའི་སྣོད་རྒྱུན་འབབ་ཀྱི་ཆུས་བཀང་བ། ལྷོར་རི་བཀྲ་བཟང་པོའི་ས་དང་བྱིན་རླབས་ཅན་གྱི་ས་སྣ། ནུབ་ཏུ་ཙནྡན་དམར་པོའམ་ཤུག་པའི་སྡོང་བུ་ཅན་གྱི་མར་མེ། བྱང་དུ་རླུང་གཡབ་དཀར་པོ་སྟེ་འབྱུང་བཞིའི་བཅུད་དགུག་པའི་རྫས་བཞི། མཚམས་བཞིར་བཅུད་དགུག་པའི་ཞལ་ཟས་བཞི། ལྷོ་ནུབ་ཏུ་རིན་པོ་ཆེའི་བུམ་པའམ་དཀར་ཡོལ་ལམ་རྫ་སོགས་ཀྱི་བུམ་པ་སྐྱོན་མེད་པའི་ནང་ཆང་བཟང་པོ་ལ་བུ་རམ་སྦྲང་དཀར་ཆོས་སྨན་བཏབ་པའི་ནང་དུ། མར་གྱི་ནོར་བུ་ཆ་བདུན་ལ་སོགས་པ་ནོར་བུའི་རིགས་ཁ་དོག་སྣ་ཚོགས་པ་བྱས་པ་དང༌། ནས་དང་གྲོ་ཡི་དབྱིབས་ཅན་དང༌། དུད་འགྲོའི་སྣ་འཇུ་སོགས་ཀྱི་གཟུགས་བརྙན་བཅོས་པ་བླུགས་ལ། དར་དམར་གྱི་མགུལ་ཆིངས་བྱ། ཁ་ཕྱེ་མར་དང་མར་ཁུས་བཅད། དར་ལ་རྡོ་རྗེ་རྒྱ་གྲམ་བྲིས་པས་བཀག་པའི་སྟེང་དུ་ཟན་གྱི་ནོར་བུ་མིག་གསུམ་བཀོད་པའི་ཕྱྭ་བུམ་བཞག མ་གྲུབ་ན་གོང་གི་རྒྱུ་
ལས་གཏོར་མ་ཟླུམ་པོ་དབལ་ཅུང་ཟད་བཏོད་པ་རྩི་དམར་པོས་བྱུགས་པ་པདྨ་དང༌། ནོར་བུ་ལྟ་བུའི་ཟན་རིལ་གྱིས་ཕྱུར་བུར་སྤུངས་པ། ཉི་ཟླ་ནོར་བུའི་རྒྱན་ཅན་ཟས་སྣས་བསྐོར་བ་བཞག ལས་ཚོགས་ནས་འབྱུང་བའི་གྭའུ་དང་ཐོད་པའི་རྟེན་ཡོད་ན་གཡས་གཡོན་དུ་བཤམས་ཤིང༌། མེད་ན་གཞུང་ནས་བཤད་པའི་གཡང་རྫས་དང༌། གཡང་ཆང་རྣམས་ཚོགས་པར་བྱ། དེའི་མདུན་དུ་ཟངས་སྣོད་དུ་འབུལ་གཏོར་དམར་པོ་ཤ་ཆང་ཟས་སྣ་གཡང་རྫས་ཀྱིས་གཏམས་པ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སྒོར་མཆོད་དམ་སྦྲེང་ཚར། ཉེ་ལོགས་གང་བདེར་ཆུ་སྦྱིན་གྱི་ཆས། བསང་རྫས། ཚོགས་འཁོར་གྱི་ཡོ་བྱད། བཀྲ་ཤིས་རྫས་རྟགས་སྣ་བདུན་སྣོད་བཅུད་ཀྱི་བཀོད་པ་སོགས་སྤྱན་གཟིགས་དཀོར་ཆ་བྱིན་ཆགས་པར་བཤམ། སྔོན་འགྲོ་ཕྱྭ་གླུད་ཀྱི་གཏོར་མ་དཀར་གཏོར་གཉིས་དང༌། བགེགས་གཏོར་གླུད་གཟུགས་རྫས་དང་བཅས་པ། སློབ་དཔོན་གྱི་མདུན་དུ་རྡོ་དྲིལ། མདའ་དར་དམར་པོ། མེ་ཏོག གཞན་རོལ་མོའི་བྱེ་བྲག་བཅས་འདུ་བྱའོ། །གཉིས་པ་ལ་གཉིས། བདག་གི་རྣལ་འབྱོར་དང༌། ཕྱྭ་གཡང་གི་ཕྲིན་ལས་སོ། །དང་པོ་ནི། གནས་ཁང་དང་ཡོ་བྱད་བྱིན་གྱིས་བརླབ་པ་ཀྱེ་རྡོར་ལྟར་ལ་ཆུ་གཉིས་ཉེར་སྤྱོད་ཀྱི་ཚིག་བསྒྱུར་བ་སྔོན་ཏུ་བཏང་བའམ། གང་ལྟར་ཡང་འབྱུང་པོ་འདུལ་བྱེད་ཀྱི་བདག་བསྐྱེད་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་ལས་འབྱུང་བ་ལྟ་བུ་བཟླས་པ་བསྡུ་བའི་བར་ཉམས་སུ་བླང༌། དེ་ནས་ཕྱྭ་གླུད་ཀྱི་གཏོར་མ་འདོད་དགུ་ཕུན་སུམ་ཚོགས་པའི་རྒྱ་མཚོར་གྱུར་པར་བསམས་ལ། འབྲུ་གསུམ་གྱིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་བཞི་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་ཙ་ཏུརྨ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤནྣ་སོགས་ལན་གསུམ་གྱིས་བསྔོས་ལ། གཏོར་མ་གཉིས་པ་བྱིན་རླབས་སྔར་བཞིན་དང༌། སླར་ཡང་སྙིང་ག་ནས་འོད་ཟེར་འཕྲོས་པས་ཕྱོགས་སྐྱོང་འཇིག་རྟེན་སྐྱོང་བ་འཁོར་དང་བཅས་པ་སྤྱན་དྲངས། ཨོཾ་ད་ཤ་དིཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་སོགས་ལན་
གསུམ་གྱིས་བསྔོས་ལ། ཕྱྭ་ཁུ་ཡེ། ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་སྲུང༌། །དྲི་ཟ་གཤིན་རྗེའི་རྒྱལ་པོ་སྟེ། །ཤར་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ། །གྲུལ་བུམ་མ་མོའི་རྒྱལ་པོ་སྟེ། །ལྷོ་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ་འདི༴ །ཕྱྭ་དང་གཡང་ནི༴ །དགོས་འདོད་ཆར་ལྟར༴ །ཚེ་དང་དཔལ་ནི་འདིར༴ །ནུབ་ཕྱོགས་རྒྱལ་པོ་སྤྱན་མི་བཟང༌། །ཀླུ་དང་བདུད་ཀྱི་རྒྱལ་པོ་སྟེ། །ནུབ་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི༴ །དགོས་འདོད་ཆར་ལྟར༴ །ཚེ་དང་དཔལ་ནི་འདིར༴ །བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས། །གནོད་སྦྱིན་ཤ་ཟའི་རྒྱལ་པོ་སྟེ། །བྱང་ཕྱོགས་ཁམས་ལ་དབང་གིས་བསྒྱུར། །རྗེ་བློན་བཙུན་མོ་འཁོར་དུ་བཅས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི༴ །དགོས་འདོད་ཆར་ལྟར༴ །ཚེ་དང་དཔལ་ནི་འདིར༴ །སྟེང་ཕྱོགས་ཚངས་པ་བརྒྱ་བྱིན་སོགས། །ལྷ་ཆེན་བརྒྱད་པོ་ཐམས་ཅད་དེ། །སྟེང་ཕྱོགས་ལྷ་ཡི་ཚོགས་བཅས་རྣམས། །ཕྱྭ་གླུད་བཟང་པོ༴ །ཕྱྭ་དང་གཡང༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི༴ །འོག་ཕྱོགས་དགའ་བོ་འཇོག་པོ་སོགས། །ས་བདག་ཀླུ་གཉན་ཐམས་ཅད་དེ། །འོག་ཕྱོགས་གནས་པའི་ཚོགས་བཅས་རྣམས། །ཕྱྭ་གླུད་བཟང་པོ༴ །ཕྱྭ་དང་གཡང་ནི༴ །དགོས་འདོད་ཆར༴ །ཚེ་དང་དཔལ་ནི་འདིར༴ །བར་སྣང་ཉི་ཟླ་རྒྱུ་སྐར་དང༌། །གཟའ་དང་གདོང་མོ་གཟེད་སྨན་སོགས། །བར་སྣང་གནས་པའི་ཚོགས་བཅས་རྣམས། །ཕྱྭ་གླུད་བཟང་པོ་འདི༴ །ཕྱྭ་དང་གཡང་ནི༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ཕྱོགས་
མཚམས་བདུད་རྨུ་རྒྱལ་པོ་བཙན། །སྲིན་པོ་འབྱུང་པོ་མ་མོ་དང༌། །གཡའ་སྨན་གངས་སྨན་མཚོ་སྨན་དང༌། །ཡུལ་ཕྱོགས་འདིར་གནས་གཞི་བདག་དང༌། །དམ་སྲི་གདོན་བགེགས་ཐམས་ཅད་རྣམས། །ཕྱྭ་གླུད་བཟང་པོ་འདི་བཞེས་ལ། །ཕྱྭ་དང་གཡང་ནི་འདིར་ཁུག་ཅིག །དགོས་འདོད་ཆར་ལྟར་འདིར་ཕོབ་ཅིག །ཚེ་དང་དཔལ་ནི་འདིར་སྐྱོབས་ཤིག །ཅེས་པས་གཏོར་མ་བསྔོས་ནས་ཕྲིན་ལས་བཅོལ་ལོ། །ཕྱྭ་རྫས་བསང་བ་ནི། བགེགས་གཏོར་གཅིག་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ཏེ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་དང༌། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོཿསོགས་ཀྱིས་བསྔོས་ལ། རྡོ་རྗེ་དྲིལ་བུ་ཐོགས་ཏེ་འདི་སྐད་དུ། ཧཱུྃ། གསང་ཆེན་སྒྲུབ་པའི་དཀྱིལ་འཁོར་འདིར། །དངོས་གྲུབ་སྩོལ་ཕྱིར་འདུ་འགྱུར་བའི། །ལྷ་དང་སྲུང་མ་མ་གཏོགས་པའི། །དངོས་གྲུབ་བར་དུ་གཅོད་བྱེད་པའི། །གདོན་བགེགས་འབྱུང་པོ་ཁྱེད་ཅག་རྣམས། །མཆོད་སྦྱིན་གཏོར་མས་ཚིམ་གྱིས་ལ། །མ་འཚེ་བར་ནི་གཞན་དུ་དེངས། །ཅི་སྟེ་མི་འགྲོ་འདུག་བྱེད་ན། །བདེ་གཤེགས་ཀུན་འདུས་ཐུགས་གཉིས་མེད། །ཡེ་ཤེས་ཁྲོ་བོའི་འཕྲོ་འདུ་ཡིས། །བགེགས་དཔུང་ཐམས་ཅད་རྡུལ་ཕྲན་བཞིན། །འཐག་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་བརྗོད་ཅིང་རོལ་མོ་དང་བཅས་ཏེ། ཨོཾ་སུམྦྷ་སོགས་དང༌། ཡུངས་ཐུན་བརྡེག་ཅིང་མཚམས་གཅད་དོ། །ཕྱྭ་སྒོ་བསྡམ་པ་ནི། ཤར་གྱི་སྒོ་མ་ལྕགས་ཀྱུ་མ། །དཀར་མོ་ཞི་བའི་ལས་ལ་བརྩོན། །དུང་གི་སྒོ་མོ་བསྡམས་ནས་ཀྱང༌། །ཕྱྭ་དང་གཡང་དུ་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ལྷ་ཡི་སྒོ་མ་ཞགས་པ་མ། །སེར་མོ་རྒྱས་པའི་ལས་ལ་བརྩོན། །གསེར་གྱི་སྒོ་མོ་བསྡམས་ནས་ཀྱང༌། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །ཚེ་དང་དཔལ་ནི་འདིར༴ །ནུབ་ཀྱི་སྒོ་མ་ལྕགས་སྒྲོག་མ། །དམར་མོ་དབང་གི་ལས་ལ་བརྩོན། །ཟངས་ཀྱི་སྒོ་མོ་བསྡམས་ནས་ཀྱང༌། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར་འདིར༴ །
ཚེ་དང་དཔལ་ནི༴ །བྱང་གི་སྒོ་མ་དྲིལ་བུ་མ། །སྔོན་མོ་དྲག་པོའི་ལས་ལ་བརྩོན། །གཡུ་ཡི་སྒོ་མོ་བསྡམས་ནས་ཀྱང༌། །ཕྱྭ་དང་གཡང་ནི་འདིར༴ །དགོས་འདོད་ཆར་ལྟར༴ །ཚེ་དང་དཔལ་ནི༴ །ཕྱྭ་འདིར་མ་ཕམ་གཡང་དུ་བྱོན། །གཡང་འདིར་མ་ཉམས་བསྐྱབ་ཏུ་གསོལ། །ཞེས་པས་སྒོ་མ་བཞི་ལ་ལས་བཅོལ། གནས་ཡོ་བྱིན་རླབས་གོང་དུ་མ་བྱས་ན་འདིར་བྱ་ཞིང༌། གྷཱཎྚེ་ར་ཎི་ཏ་རོལ་ཆེན་དང་བཅས་པས་བྱིན་དབབ་བོ། །དེ་ནས་མདུན་གྱི་རྟེན་རྣམས་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་ཨ་ལས་ཟླ་བ། མ་ལས་ཉི་མ། པྃ་ལས་པདྨའི་གདན་གྱི་སྟེང་དུ་ཡི་གེ་ཛཾ་དམར་པོ་ལས་འོད་འཕྲོས། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཛཾ་ལ་ཕོག དེ་ཡོངས་སུ་གྱུར་པ་ལས་ཛཾ་བྷ་ལ་དམར་པོ་ཞལ་གསུམ་ཕྱག་དྲུག་པ། སྐུ་ཤིན་ཏུ་དམར་བ། ཆགས་པ་དང་སྒེག་པའི་ཉམས་དང་ལྡན་པ། ཀླུ་ཆེན་པོ་བརྒྱད་དང་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ། ཞལ་གཡས་དཀར་བ། གཡོན་སྔོ་བ། རྩ་ཞལ་དམར་བ། ཕྱག་གཡས་དང་པོ་ན་རིན་པོ་ཆེ། བར་པ་ལྕགས་ཀྱུ། གཡོན་དང་པོ་ཐོད་པ་རིན་པོ་ཆེས་གང་བ། གཉིས་པ་ཞགས་པ། ཐ་མ་གཉིས་ན་གཏེར་གྱི་ནེའུ་ལེ་རེ་རེ་བསྣམས་ནས། བཙིར་བས་ནོར་བུ་སྐྱུགས་པ། ཞབས་བཞིས་གནོད་སྦྱིན་ནོར་བུ་སྐྱུགས་པ་གཉིས་མནན་པ། དེའི་ཐུགས་ཀར་ཡི་གེ་ཧྲཱིཿདམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་མདའ་གཞུ། གཡས་འོག་མ་ལྕགས་ཀྱུ། གཡོན་ཞགས་པ་བསྣམས་པའི་ཐུགས་ཀར་ཧྲཱིཿདམར་པོ་ལས་འོད་འཕྲོས་པས་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་དབུས་སུ་ཧྲཱིཿདམར་པོ་དེ་ལས་འོད་འཕྲོས་པས་མགོན་པོ་ཛམྦྷ་ལ་དམར་པོ་ནོར་ལྷ་གཏེར་བདག་གི་ཚོགས་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཧྲཱིཿ མགོན་པོ་ཐུགས་རྗེའི་སྤྱན་
ལྡན་རྒྱལ་བ་ཀུན། །འགྲོ་ལ་རྗེས་སུ་ཆགས་པའི་སྒྱུ་འཕྲུལ་གར། །གནོད་སྦྱིན་གཏེར་གྱི་བདག་པོའི་རྣམ་རོལ་པ། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ཛཿཧཱུྃ་བཾ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭཾ། ཞེས་སྤྱན་དྲངས་ལ་བཞུགས་སུ་གསོལ། མཆོད་རྫས་ལ་བསང་ཆུ་འཐོར་ཏེ། ཨོཾ་ཨ་མྲྀ་ཏེ་ཧཱུྃ་ཕཊ་ཀྱིས་བསང༌། ཨོཾ་སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཉེ་བར་སྤྱོད་པ་རྣམས་དང༌། གཞན་ཡང་ཐུན་མོང་ཁྱད་པར་གྱི་མཆོད་པའི་སྤྲིན་གྱི་ཕུང་པོ་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར་པར་བསམས་ལ། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། དེ་བཞིན་དུ། པཱ་དྱཾ་ནས། ཤབྡའི་བར། ཨོཾ་སརྦ་བིད་པཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོཿ བཛྲ་སྥ་ར་ཎ་ཁཾ། ཞེས་བྱིན་བརླབས། ཨོཾ། མཆོད་ཡོན་ཞབས་བསིལ་མེ་ཏོག་སྤོས། །མར་མེ་དྲི་ཆབ་ཞལ་ཟས་དང༌། །རོལ་མོ་ལ་སོགས་ཉེར་སྤྱོད་རྣམས། །དབང་མཛད་ཛམྦྷ་ལ་ལ་འབུལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང༌། །རོ་བདའ་རེག་འཇམ་བདེ་བ་དང༌། །ཆོས་ཡིད་ཚིམ་བྱེད་འདོད་ཡོན་དྲུག །དབང་མཛད་ཛམྦྷ་ལ་ལ་འབུལ། །མི་དབང་རྒྱལ་སྲིད་རིན་ཆེན་བདུན། །ཉེ་བར་འོས་པ་བདུན་དང་བཅས། །བཀྲ་ཤིས་རྟགས་རྫས་བརྒྱད་ཟུང་རྣམས། །དབང་མཛོད་ཛམྦྷ་ལ༴ །ཕྱི་སྣོད་འབྱུང་ལྔ་ལས་གྲུབ་པའི། །ལྷུན་པོ་རི་གླིང་ས་མཚོར་བཅས། །མཐོ་རིས་དཔལ་འབྱོར་གྱིས་ཕྱུག་པ། །དབང་མཛད༴ །རིན་ཆེན་རྡུལ་བརྩེགས་དཔག་བསམ་ཤིང༌། །མ་རྨོས་ལོ་ཏོག་འདོད་འཇོའི་བ། །གཏེར་ཆེན་བུམ་བཟང་ནམ་མཁའི་མཛོད། །དབང་མཛད༴ །ཁ་དོག་དྲི་རོ་ཕུན་ཚོགས་པ། །ཟག་མེད་བདེ་བ་སྐྱེད་བྱེད་པའི། །ལྷ་རྫས་བདུད་རྩིའི་མཆོད་གཏོར་འདི། །དབང་མཛད༴ །དག་ཅིང་གཙང་མར་སྦྱར་བ་ཡི། །བཟའ་བཅའ་བཏུང་བ་སྣ་ཚོགས་པའི། །
ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་འདི། །དབང་མཛད༴ །གཡུལ་ལས་རྒྱལ་བྱེད་མཚན་མ་སོགས། །ཕྱི་ནང་གསང་བ་དེ་ཁོ་ནས། །ཐུགས་དམ་སྐོང་བའི་སྒྲུབ་རྫས་ཀུན། །དབང་མཛད་ཛམྦྷ་ལ་ལ་འབུལ། །དངོས་སུ་འབྱོར་དང་ཡིད་སྤྲུལ་པ། །ཏིང་འཛིན་སྔགས་རྒྱའི་མཐུས་བསྒྲུབས་པའི། །ཀུན་བཟང་མཆོད་སྤྲིན་མཐའ་ཡས་པས། །མཁའ་དང་ཕྱོགས་མཚམས་ཀུན་བཀང་སྟེ། །དབང་མཛད་ཛཾ་ལ་འཁོར་བཅས་ལ། །བདག་གིས་དད་པས་འབུལ་ལགས་ན། །དགྱེས་པར་དགོངས་ཏེ་བཞེས་ནས་ཀྱང༌། །བསྒྲུབས་པའི་འབྲས་བུ་མཆིས་པར་མཛོད། །ཨོཾ་ཨཱརྻ་ཛམྦྷ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས། ཤབྡ་ཨཱཿཧཱུྃ། རཱུ་པ། ཤབྡ། གནྡྷེ། ར་ས། སྤརྴེ། དྷརྨ་དྷཱ་ཏུ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཨཱཿཧཱུྃ། མ་ཧཱ་བ་ལིཾ་ཏ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ག་ཎ་ཙཀྲ་སརྦ་པཱུ་ཛ་སིདྡྷི་ཨཱཿཧཱུྃ་སྭཱ་ཧཱ། བསྟོད་པ་ནི། བདེ་གཤེགས་ཀུན་གྱི་གསུང་ལས་རབ་སྤྲུལ་ཞིང༌། །ཐུགས་རྗེ་ཆགས་པས་སྐུ་མདོག་དམར་པོར་བཞུགས། །དབང་གི་ཕྲིན་ལས་རྫོགས་མཛད་ཛམྦྷ་ལ། །མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ། །ཞལ་གསུམ་ཕྱག་དྲུག་ཞབས་བཞིས་ནོར་སྐྱུགས་མནན། །འགྲོ་བའི་རེ་སྐོང་ཡིད་བཞིན་རིན་ཆེན་དང༌། །ཁམས་གསུམ་འགུགས་པར་བྱེད་པའི་ལྕགས་ཀྱུ་གཉིས། །གཡས་གཉིས་དང་པོ་བར་པས་བསྣམས་པར་མཛོད། །རིན་ཆེན་ཐོད་པ་ཞགས་པ་གཡོན་གཉིས་ན། །ཐ་གཉིས་ནེའུ་ལེ་བཙིར་ཞིང་རིན་ཆེན་འབེབས། །རྣམ་མང་རིན་ཆེན་ནོར་གྱི་ཆར་ཕབ་ནས། །མ་ལུས་འགྲོ་བའི་རེ་སྐོང་ལ་ཕྱག་འཚལ། །ཞལ་གཡས་དཀར་བས་ལྷ་རིགས་དབང་དུ་སྡུད། །གཡོན་ཞལ་སྔོ་བས་ཀླུ་རིགས་དབང་དུ་སྡུད། །དབུས་ཞལ་དམར་བས་མི་རྣམས་དབང་དུ་སྡུད། །སྲིད་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་ལོ། །སྐུ་ལ་རིན་ཆེན་དུ་མས་རྣམ་པར་བརྒྱན། །ཀླུ་ཆེན་བརྒྱད་དང་ལྷ་ཡི་ན་བཟས་བརྒྱན། །སྒེག་པའི་ཉམས་ལྡན་འགྲོ་བ་ཀུན་ཡིད་སྡུད། །མགོན་པོ་ཛམྦྷ་ལ་ལ་ཕྱག་འཚལ་
ལོ། །བདག་ལ་ལོངས་སྤྱོད་ནོར་ཆེན་དངོས་གྲུབ་སྩོལ། །ཞེས་བསྟོད། བཟླས་པ་ནི། མདུན་བསྐྱེད་ཀྱི་ཛམྦྷ་ལའི་ཐུགས་སྲོག་ཧྲཱིཿདམར་པོ་ལས་ལྷ་མོ་ཀུ་རུ་ཀུལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་མདའ་གཞུ། གཡས་འོག་མ་ལྕགས་ཀྱུ། གཡོན་ཞགས་པ་བསྣམས་པའི་ཐུགས་ཀར་ཧྲཱིཿདམར་པོ་ལས་འོད་འཕྲོས་པས་ལྷ་མོ་དམར་མོ་ཞལ་གཅིག་ཕྱག་གཉིས་མ་གཡས་ལྕགས་ཀྱུ་གཡོན་ཞགས་པ་བསྣམས་པ་གྲངས་མེད་པ་སྤྲོས་ཏེ། འཇིག་རྟེན་ཁམས་ཀྱི་ནོར་རྫས་ཀྱི་རྣམ་པ་གང་འདོད་པ་ལ་ལྕགས་ཀྱུས་བཟུང་ཞགས་པས་བཅིངས་ནས་རང་གི་ཁྱིམ་དུ་དྲངས། ཁང་པར་མི་ཤོང་བ་ཙམ་སྤུངས་ཏེ་བྱིན། ཛམྦྷ་ལའི་ཞལ་དང༌། ནེའུ་ལེའི་ཞལ་དང༌། གནོད་སྦྱིན་ནོར་སྐྱུགས་གཉིས་པོའི་ཞལ་རྣམས་ནས་གསེར་གཡུ་མུ་ཏིག་བྱི་རུ་ལ་སོགས་པ་ཟད་མི་ཤེས་པ་བྲུལ་ནས་བདག་གི་ཁང་པ་ཁེངས་པར་གྱུར། ཨོཾ་ཛམྦྷ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ། ཞེས་ཅི་མང་བཟླའོ། །ཆུ་སྦྱིན་ནོ། །ཚས་མདུན་དུ་བསྟར་ལ། མདུན་བསྐྱེད་ཀྱི་ཐུགས་ཀར་རྃ་དམར་པོ་ལས་མེ་འབར་ཏེ། ཞལ་ནས་མེ་ལྕེ་ལྷབ་ཀྱིས་བྱུང་པས་ཛམྦྷ་ལ་དེ་སྐོམ་པས་གདུངས་པར་བསམས་ལ། ཨོཾ་ཛམྦྷ་ལ་སོགས་སྔགས་གོང་ལྟར་བརྒྱའམ་ཉེར་གཅིག་ཙམ་བརྗོད་ཅིང་ཆུ་གཙང་ཕུལ་བས་སྐོམ་པ་ཞི་ནས་མཉེས་ཏེ། ཞལ་ནས་རིན་པོ་ཆེ་སྣ་ཚོགས་སྐྱུགས་པ་དང༌། ནེའུ་ལེ་གཉིས་ཀྱང་ཕྱག་གིས་བཙིར་བས་ནོར་བུ་སྐྱུགས། ཞབས་འོག་གི་ནོར་བདག་གཉིས་ལ་ཞབས་ཀྱིས་ཆེར་མནན་པས་ཀྱང་ནོར་བུ་སྐྱུགས་ཤིང༌། དེ་ལྟ་བུའི་ནོར་བུས་ཁྱིམ་གང་པར་བསམས་ལ་མཐར། ཛམྦྷ་ལའི་ཞལ་དང་ནོར་བདག་ནེའུ་ལེ་གཉིས་ལ་རང་གི་ལག་པས་རེག་པས་དངོས་གྲུབ་བདུད་རྩི་དམར་པོའི་རྣམ་པ་དེ་ཉིད་ལྕེ་ལ་མྱོང་བར་བསམས་ཏེ། ཨོཾ་ཨཱཿཧཱུྃ་ཞེས་ཆུ་ལ་རེག་ཅིང་བཏུངས་པའི་ལྷག་ཀྱང་རང་གིས་ལོངས་སྤྱད་པར་བྱའོ། །གཏོར་འབུལ་ནི། གཏོར་མ་ཨོཾ་ཨཱཿཧཱུྃ། རིན་པོ་ཆེ་ལས་གྲུབ་པའི་སྣོད་དུ་གཏོར་མ་གཟུགས་སྒྲ་དྲི་རོ་རེག་བྱ་ཕུན་སུམ་
ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཅེས་བརྗོད་ཅིང་བྱིན་རླབས་བྱས་ཏེ། རྡོ་རྗེ་ཐལ་མོ་ཁ་གྱེན་དུ་ཕྱེ་ནས། ཛམྦྷ་ལའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམས་ལ། ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་གསུམ་མམ་བདུན་གྱིས་དབུལ། མཆོད་བསྟོད་གོང་བཞིན་དང༌། འདོད་དོན་ལ་གསོལ་བ་གདབ་བོ། །དེ་ནས་ཚོགས་ཀྱི་ཡོ་བྱད་རྣམས། རྃ་ཡྃ་ཁྃ་གིས་བསང་སྦྱང༌། མ་དག་དངོས་འཛིན་ཉེས་སྐྱོན་བསྲེགས་གཏོར་བཀྲུས། །ཟག་མེད་འདོད་ཡོན་ཡེ་ཤེས་བདུད་རྩིར་གྱུར། །ཞེས་ལན་གསུམ་བརྗོད། ཚོགས་ཡུལ་སྤྱན་འདྲེན་པ་ནི། འདོད་དགུའི་མཆོག་སྩོལ་རྨུགས་འཛིན་གཏེར་གྱི་བདག །འགྲོ་བའི་དབུལ་ཕོངས་སེལ་མཛད་འཁོར་དང་བཅས། །ཡེ་ཤེས་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ། །དགྱེས་ཤིང་བརྩེ་བས་གནས་འདིར་གཤེགས་སུ་གསོལ། །བཛྲ་ས་མ་ཡ་ཛཿས་སྤྱན་དྲངས། ཚོགས་ཕུད་ནི། འདོད་ཡོན་ཟག་མེད་ཡེ་ཤེས་བདུད་རྩིའི་གཏེར། །རབ་འབྱམས་ནམ་མཁའ་གང་བར་རབ་སྤྲུལ་ཏེ། །སྐྱབས་གནས་མཆོད་འོས་སྤྱི་དང་ཁྱད་པར་དུ། །ནོར་བདག་ཛཾ་ལ་འཁོར་དང་བཅས་ལ་འབུལ། །རྩ་སྔགས་ལ་ག་ཎ་ཙཀྲ་པཱུ་ཛཿཧོཿ ཞེས་ཕུལ་བས་དགྱེས་པར་བསམ། སྐོང་བ་ནི། རྃ་ཡྃ་ཁྃ་གིས་སྦྱང༌། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ། ཧྲཱིཿ མ་ཆགས་པདྨའི་ལོངས་སྤྱོད་རྫོགས་པ་ནས། །ཁྱབ་བདག་འོད་དཔག་མེད་མགོན་སྲས་བཅས་བྱོན། །སོར་རྟོག་ཡེ་ཤེས་དབང་མཛོད་འོད་ཀློང་ནས། །རྨུགས་འཛིན་དམར་པོ་གནོད་སྦྱིན་འཁོར་བཅས་བྱོན། །དྭངས་སྲོག་ཐིག་ལེ་ཟླ་གམ་འཁྱིལ་པ་ནས། །སྦས་ཡུམ་རིག་བྱེད་ཌཱ་ཀིའི་ཚོགས་བཅས་བྱོན། །ཐུགས་རྗེའི་དབང་གྱུར་རྩ་གསུམ་རབ་འབྱམས་ལྷ། །འདིར་གཤེགས་དགྱེས་པར་བཞུགས་ལ་དངོས་གྲུབ་སྩོལ། །དད་པ་རྣམ་གསུམ་ས་གཞི་བསྟར་བ་ལ། །ཚུལ་ཁྲིམས་གཞལ་མེད་ཁང་པ་བཀོད་ལེགས་མཛེས། །མང་ཐོས་ཉེ་བར་སྤྱོད་པའི་སྤྲིན་ཕུང་བཀོད། །གཏོང་བའི་འདོད་ཡོན་ནམ་
མཁའ་མཛོད་སྒོ་དབྱེ། །ཁྲེལ་ཡོད་རིག་མའི་བདེ་གར་དགའ་བཞི་སྦར། །བག་ལྡན་ལྷ་སྔགས་ཏིང་འཛིན་རོལ་མོ་རྩེ། །ཤེས་རབ་འཕྲུལ་གྱིས་འཁོར་གསུམ་དག་པར་སྤེལ། །རྒྱལ་བ་མཉེས་བྱེད་ཀུན་བཟང་མཆོད་སྤྲིན་འདིས། །བདེ་བ་ཆེན་པོ་མཚོ་སྐྱེས་ཡབ་ཡུམ་སོགས། །རིག་འཛིན་རྩ་བརྒྱུད་བླ་མའི་ཐུགས་དམ་བསྐང༌། །སྣང་བ་མཐའ་ཡས་འཇིག་རྟེན་དབང་ཕྱུག་སོགས། །སངས་རྒྱས་བྱང་ཆུབ་སེམས་དཔའི༴ །དབང་ཆེན་རྡོ་རྗེ་རྟ་ཡི་ཞལ་ཅན་སོགས། །ཡི་དམ་རྒྱུད་སྡེ་བཞི་དྲུག༴ །གསང་བ་ཡེ་ཤེས་མྱུར་མཛད་དཔའ་མོ་སོགས། །གནས་གསུམ་མཁའ་འགྲོ་དམ་ཅན༴ །རྣམ་མང་ཐོས་སྲས་ཛཾ་ལྷ་མཆེད་ལྔ་སོགས། །གཏེར་བདག་ནོར་ལྷ་བྱེ་བའི༴ །དགྱེས་པར་དགོངས་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཁྱད་པར་ཚེ་བསོད་ལོངས་སྤྱོད་དར་རྒྱས་མཛོད། །ཧྲཱིཿ ལྷ་མཆོག་ཐུགས་དམ་མཉེས་བྱེད་ཁྱད་པར་རྫས། །བཀྲ་ཤིས་རྫས་རྟགས་རིན་ཆེན་རྣམ་པ་བདུན། །གཏེར་གྱི་བུམ་བཟང་དཔག་བསམ་ལྗོན་པའི་ཤིང༌། །འདོད་འཇོའི་བ་མོ་རིན་ཆེན་དབྱིག་གི་གཏེར། །འཆི་མེད་བདུད་རྩི་དམར་ཆེན་ཁྲག་གི་མཚོ། །འབྲས་ཆན་ཁུར་བ་ཤིང་ཏོག་དཀར་མངར་བཅུད། །མཱཾ་ས་རང་བྱུང་སྦྱར་བའི་ཆང་སྣ་སོགས། །བཟའ་བཅའ་བཏུང་བས་ཟངས་གཞོང་ཕྱུར་བུར་བཀང༌། །རིན་ཆེན་གའུ་མཚན་ལྡན་བན་དྷ་དང༌། །ཤེལ་དཀར་ཙིཏྟ་ཡིད་སྒྱུར་རྫས་ཀྱིས་བལྟམས། །སྐུ་གཟུགས་བླ་རྡོ་སྲོག་གི་ཙཀྲ་སོགས། །ཕྱི་ནང་གསང་རྟེན་སྒྲུབ་དང་མཆོད་སྐོང་རྫས། །མཐུན་པའི་ཡོ་བྱད་ནམ་མཁའ་གང་བ་འདིས། །མགོན་པོ་གསུང་གི་དབང་ཕྱུག་ཐུགས་དམ་བསྐང༌། །ཆུ་དབང་གཏེར་གྱི་བདག་པོའི༴ །རྨུགས་འཛིན་མཁའ་འགྲོའི་དབང་ཕྱུག །སྦས་ཡུམ་ཀུ་རུ་ཀུལླེའི༴ །མྱུར་མགྱོགས་ལས་ཀྱི་ཕོ་ཉའི༴ །སྤྲུལ་འཁོར་བྱེ་བ་དུང་ཕྱུར༴ །མ་རིག་དུག་ལྔའི་རྒྱུས་བསྐྱེད་སྡིག་ཀུན་དང༌། །ཁྱད་པར་འདོད་ཆགས་སེར་སྣའི་དབང་གྱུར་པས། །མ་བྱིན་ལེན་སོགས་དབུལ་ཕོངས་ལས་བསགས་པ། །ལྷ་མཆོག་ཐུགས་རྗེ་ཅན་གྱི་སྤྱན་སྔར་བཤགས། །ཆོས་དབྱིངས་འགྱུར་མེད་
དགའ་བས་མཉེས་པའི་གར། །ཡེ་ཤེས་འཛུམ་བག་སྒྲུབ་པ་པོ་ལ་སྟོན། །བསྟན་དང་བསྟན་འཛིན་མངའ་ཐང་དགུང་དུ་སྤོར། །བདག་དང་ཆོས་བཞིན་སྤྱོད་པ་མཐའ་དག་ལ། །གྲུབ་གཉིས་བདུད་རྩིས་འཕྲལ་ཡུན་འཚོ་བ་སྦྱོར། །ཚེ་བསོད་དཔལ་འབྱོར་རྒྱ་མཚོ་གོང་དུ་སྤེལ། །སྙན་གྲགས་དབྱར་གྱི་རྔ་ཆེན་སྲིད་རྩེར་སྒྲོགས། །འཛད་མེད་དགོས་འདོད་གཏེར་སྒོ་བརྒྱ་ཕྲག་ཕྱེས། །ཁམས་གསུམ་སྲིད་གསུམ་མོས་བཞིས་དབང་དུ་སྡུས། །གཞན་ཕན་ཕྲིན་ལས་ཆུ་རྒྱུན་མཁའ་མཐར་དྲོངས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གྱི། །དབུལ་ཕོངས་སྡུག་བསྔལ་རྒྱུ་འབྲས་སེལ་བ་དང༌། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །ལྷ་མཆོག་ཁྱོད་དང་མི་འབྲལ་འགྲོགས་པ་ཡིས། །འདོད་པའི་འབྲས་བུ་མྱུར་དུ་མཆིས་པར་མཛོད། །དཔོན་སློབ་རྣམས་ལ་ཚོགས་དྲངས་ཏེ། བདག་ཉིད་ལྷར་གྱུར་མགྲིན་པར་ཛམྦྷ་ལ། །གསལ་བས་ཚོགས་རྫས་ལོངས་སུ་སྤྱད་པར་གྱུར། །དོན་བསམ་ཞིང་རོལ། ལྷག་མ་བདུད་རྩིར་སྤེལ་ལ། ཨོཾ་ཨུ་ཙྪིཥྚ་བ་ལིཾ་ཏ་བྷཀྵཱ་ཡ་སྭཱ་ཧཱ། ཞེས་འབྱུང་པོ་རྣམས་ལ་ཕྱིར་སྦྱིན། དེ་ནས་གཡང་འགུགས་ལ། མདའ་དར་གཡོབ་ཅིང༌། བསང་དུད་རོལ་མོ་དབྱངས་དང་བཅས་པས་འདི་སྐད་དུ། ཧྲཱྀཿཛཿ དངོས་གྲུབ་མཆོག་སྩོལ་རྩ་གསུམ་དམ་ཅན་ཚོགས། །བདེན་གྲུབ་དྲང་སྲོང་གཙང་རིགས་དཀར་ཕྱོགས་སྐྱོང༌། །ཁྱད་པར་རྨུགས་འཛིན་གཏེར་བདག་སྤྲུལ་འཁོར་བཅས། །རབ་འབྱམས་ཞིང་དང་རང་རང་དགྱེས་པའི་གནས། །ཕོ་བྲང་ལྕང་ལོ་ཅན་ནས་སྐུ་བསྐྱོད་ལ། །འདའ་དཀའ་རྡོ་རྗེའི་ཐ་ཚིག་མ་བསྙེལ་བར། །བཀྲ་ཤིས་དཔལ་གྱིས་གང་བའི་གནས་མཆོག་འདིར། །སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད། །སྔོན་བྱུང་གདོད་མའི་མགོན་པོས་སྐད་ཅིག་ལ། །གཞི་སྣང་རིག་པས་འཁོར་འདས་གྲོལ་གཞིར་བསྡུས། །ལྷུན་རྫོགས་ཡོན་ཏན་ཕྱྭ་དཔལ་གཡང་ཆགས་ལྟར། །དེ་རིང་ལྷ་ཁྱིམ་འདི་རུ་གཡང་འགུགས་སོ། །བར་
དུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་ཏེ། །གངས་ཅན་ལྗོངས་སུ་ཆོས་སྲིད་དཔལ་འབྱོར་དྲངས། །མཐའ་བཞིའི་ཕྱྭ་ཚེ་གཡང་དཔལ་བཀུག་པ་བཞིན། །དེ་རིང་ལྷ༴ །ཕྱིས་དུས་གྲུབ་རིགས་མཐུ་རྩལ་ཅན་རྣམས་ཀྱིས། །ཕྱྭ་ཆ་བཀོད་ཅིང་གཡང་ཆ་བཀྲམ་ནས་ཀྱང༌། །སྲིད་ཞིའི་གཡང་བསྡུས་སྦྱིན་བདག་དཔལ་བསྐྱེད་ལྟར། །དེ་རིང་ལྷ༴ ཧྲཱིཿཛཿ དཀོན་མཆོག་རྩ་བ་གསུམ་གྱི་བྱིན་རླབས་དང༌། །ཆོས་ཉིད་རྣམ་དག་རྟེན་འབྲེལ་བསླུ་མེད་མཐུ། །ལྷ་སྔགས་ཕྱག་རྒྱ་ཏིང་འཛིན་བདེན་པ་ཡིས། །སྲིད་དང་ཞི་བའི་ཕྱྭ་གཡང་འདིར་ཁུག་ཅིག །མངོན་དགའ་དཔལ་ལྡན་བདེ་ཆེན་ལས་རབ་རྫོགས། །སྟུག་པོ་བཀོད་དང་ཆོས་དབྱིངས་ལྷུན་གྲུབ་སྦུབས། །རབ་འབྱམ་སྤྲུལ་པའི་ཞིང་དང་དེར་བཞུགས་ཀྱི། །རྒྱལ་བ་སྲས་བཅས་བྱིན་རླབས་འདིར་ཁུག་ཅིག །ནམ་མཁའ་འབྱུང་བཞི་རི་རབ་རྒྱ་མཚོ་དང༌། །ཉི་ཟླ་གཟའ་སྐར་གླིང་བཞི་གླིང་ཕྲན་ཁམས། །ནོར་བུ་བུམ་བཟང་དཔག་བསམ་ལྗོན་ཤིང་སོགས། །བརྟན་པ་སྣོད་ཀྱི་ཕྱྭ་གཡང་འདིར༴ །དྲང་སྲོང་རིག་འཛིན་མཁས་གྲུབ་དགེ་བའི་བཤེས། །ལྷ་ཀླུ་མི་དབང་སྡེ་བརྒྱད་མཐུ་བོ་ཆེ། །རིགས་བཞིའི་རྒྱལ་བློན་བཙུན་མོ་ཁྱིམ་བདག་སོགས། །གཡོ་བ་བཅུད་ཀྱི་ཕྱྭ་གཡང་འདིར༴ །རྒྱ་གར་རྒྱ་ནག་ཨོ་རྒྱན་ཤམྦྷ་ལ། །གངས་ཅན་ཧོར་བོད་སྟག་གཟིག་བལ་པོ་ཡི། །ཁྲོམ་དང་གེ་སར་གར་ལོག་ལ་སོགས་པ། །འཛམ་བུའི་གླིང་གི་ཕྱྭ་གཡང་འདིར༴ །འཆི་མེད་ཚེ་དང་འགྲིབ་མེད་བསོད་ནམས་རྒྱུན། །འཛད་མེད་ལོངས་སྤྱོད་སྙན་གྲགས་གཟི་མདངས་སྟོབས། །དཔལ་འབྱོར་དབང་ཐང་འཁོར་སློབ་མངའ་རིས་སོགས། །མཐོ་རིས་ལེགས་དགུའི་ཕྱྭ་གཡང་འདིར༴ །རྨ་གཡང་ཟས་དང་དཀོར་མཛོད་ནོར་གྱི་རིགས། །རྐང་བཞི་ཕྱུགས་དང་བང་མཛོད་འབྲུ་སྣ་ཚོགས། །བརྒྱུད་འཛིན་སྲིད་དང་རྒོལ་འཇོམས་དཔུང་ལ་སོགས། །བཙན་ཕྱུགས་འཕན་དར་ཕྱྭ་གཡང་འདིར་ཁུག་ཅིག །མཁས་པའི་རྣམ་དཔྱོད་གྲུབ་པའི་ཡོན་ཏན་དང༌། །རྣལ་འབྱོར་ཉམས་རྟོགས་གསང་འཛིན་མཐུ་ནུས་རྩལ། །
ཆོས་མཐུན་དཀར་པོའི་བསམ་སྦྱོར་ཇི་སྙེད་སོགས། །དགེ་ལེགས་གཏན་གྱི་ཕྱྭ་གཡང་འདིར་ཁུག་གཅིག །ཧྲཱིཿཛཿ རྣལ་འབྱོར་རིག་འཛིན་དགོངས་པའི་རྩལ་བསྐྱེད་ཅིང༌། །ལེབ་རྒན་འབར་བའི་དར་གྱིས་གཡབ་པའི་ཚེ། །རྨུགས་འཛིན་ཆགས་པའི་མདངས་ལྡན་དབྱིངས་ནས་བཞེངས། །ཆུ་དབང་ཇི་སྙེད་ཅན་གྱི་ཐུགས་དམ་བསྐུལ། །ད་ལྟ་སྙིགས་མའི་དུས་ཀྱི་རྒུད་པ་ཤར། །བདག་དང་ཡོན་བདག་ཆོས་ལྡན་འབྱོར་པས་དམན། །དེ་ཕྱིར་གཏེར་གྱི་བདག་པོ་ཁྱོད་བསྐུལ་ན། །ཐུགས་དམ་མ་བསྙེལ་ཕྲིན་ལས་རྩལ་སྤྲུགས་ལ། །ཐུགས་རྗེ་ཆགས་པ་དབང་གི་གཟི་བརྗིད་ཀྱིས། །སྲིད་ཞིའི་དྭངས་བཅུད་ཁབ་ལེན་ལྕགས་བཞིན་སྡུས། །སྒེག་པའི་གཟུགས་དང་ནེའུ་ལེ་ཞལ་ཁྱིམ་ནས། །སྣ་ཚོགས་ནོར་བུའི་ཆར་རྒྱུན་འཛད་མེད་ཕོབ། །འགུགས་བྱེད་ཟེར་གྱིས་ལྷ་འདྲེ་མི་གསུམ་སྡུས། །འཆིང་བྱེད་རྒྱ་ཡིས་བརྟན་གཡོའི་ཆོས་ཀུན་ཆིངས། །དབང་མཛད་ཌཱ་ཀི་ཉི་ཟེར་རྡུལ་ལྟར་འཁྲུགས། །གློག་འགྱུའི་རྩལ་གྱིས་ཡིད་ལ་གང་འདོད་ཁུག །ལྕགས་ཀྱུ་འབར་བས་སྲོག་གི་དྭངས་མར་གཟེར། །འོད་དམར་དྲྭ་བས་སྒོ་གསུམ་འཆུག་མེད་སྡོམས། །དྲེགས་ལྡན་སེམས་ཀྱི་བརྟན་པ་དབང་མེད་འཕྲོག །གཟུགས་ཅན་གཟུགས་མེད་སྣང་བ་ཆོས་ལ་སྒྱུར། །འཁོར་འདས་ལམ་གྱིས་བསྡུས་པའི་ཕྱྭ་གཡང་ཁུག །འདུས་བྱས་འདུས་མ་བྱས་པའི་ཕྱྭ་གཡང༴ །བརྟན་གཡོ་སྣོད་བཅུད་ཀུན་གྱི་ཕྱྭ༴ །མི་མཇེད་སྟོང་གསུམ་ཞིང་གི་ཕྱྭ་གཡང་ཁུག །ཁུ་ཡེ་ཧུ་ལོ་སྔགས་ཀྱི་བརྡ་ཡིས་འབོད། །སྤྲོ་བསྡུའི་སྦྱོར་བའི་ཏིང་འཛིན་ཕོ་ཉ་བཀྱེ། །བཟང་ཤིང་དད་པས་གཙང་རིགས་ལྷ་སྲུང་བསྐུལ། །ལྷ་མདའ་དར་སྣའི་འཕུར་མས་གཡབ་འདོར་ན། །མ་གཡེལ་མ་གཡེལ་རྩ་གསུམ་རྒྱལ་བའི་ལྷ། །མ་གཡེལ་མ་གཡེལ་རྨུགས་འཛིན་ནོར་གྱི་བདག །སྤྲུལ་པའི་ཕོ་ཉས་འཇིག་རྟེན་གསུམ་བཀང་ལ། །ཕྱྭ་གཡང་ཐོགས་མེད་འགུགས་པ་འཕྲིན་ལས་མཛོད། །ཕྱྭ་ཚེ་འོད་ཀྱི་ཐིག་ལེ་ཀྱི་ལི་ལི། །རྨ་གཡང་ཟེར་གྱི་དམུ་ཐག་ཤ་ར་ར། །དངོས་གྲུབ་བདུད་
རྩིའི་ཆར་ཆེན་སི་ལི་ལི། །དམུ་གཡང་དཔལ་གྱི་མཚོ་མོ་མེ་རེ་རེ། །གཡང་གི་ལྷ་གཞི་དཀར་པོ་བཀྲག་ལ་གསལ། །ཚེ་བསོད་དཔལ་གྱི་ལྷུན་པོ་བརྟན་ལ་བརྗིད། །ཕྱྭ་གཡང་འབྱོར་པའི་སྣུམ་ཞག་ཆེ་ལ་འཐིབས། །དབང་ཐང་ཉི་ཟླའི་དཀྱིལ་འཁོར་གསལ་ལ་བརྟན། །ཕྱྭ་དང་བླ་ཚེ་རི་ལ་མ་བྲོས་ལ། །གཡང་དང་བསོད་ནམས་སྒོ་རུ་མི་ཉམས་པར། །འགྱུར་མེད་ཕྱག་རྒྱ་གསུམ་གྱི་རྒྱས་འདེབས་ཤིང༌། །མི་གནས་མི་དམིགས་ཆོས་ཀྱི་དབྱིངས་སུ་སྦ། །གནོད་གནས་གཏེར་གྱི་བདག་པོའི་མཐུ་རྩལ་གྱིས། །སྲིད་ཞིའི་ཕྱྭ་གཡང་དམིགས་པའི་འབེན་ལ་སྟིམས། །འཕྲལ་ཡུན་དགེ་ལེགས་ནམ་མཁའི་མཛོད་ཆེན་ལ། །དབང་བསྒྱུར་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་བརྗོད། གྲངས་གསོག་བྱེད་ན། མཆོད་པ་ཁ་གསོས་ནས་བརླབས་ཏེ་གོང་ལྟར་མཆོད་ཅིང་བསྟོད། བཟླས་པ་ཅུང་ཟད་རེ་དང་བཅས་པའི་མཇུག་ཏུ་གཡང་འགུགས་འདི་ཉིད་སྦྲེལ་ནས་བསྐྱར་བར་བྱའོ། །གསུམ་པ་ནི། དེ་ལྟར་སྒྲུབ་ཞག་ལྔ་བདུན་སོགས་གང་བྱེད་གྲུབ་པའི་གྲོལ་རྒྱུའི་ནང་མོར་གཡང་ཆོག་ཚར་གཅིག་བཏང་ནས། དཔོན་སློབ་ཐམས་ཅད་རྒྱན་གོས་བཟང་པོ་དང་ལྡན་པར་བྱས། ཡོན་བདག་ཡོད་ན་སྟན་བཟང་པོ་ལ་བཞག བགེགས་བསྐྲད་བསྡུས་པ་སྔོན་དུ་འགྲོ་བས་གོང་གི་གཡང་འགུགས་ལན་ཅིག་བརྗོད་ནས། དངོས་གྲུབ་བསྐུལ་བ་ནི། མདུན་གྱི་ནམ་མཁར་དཔལ་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཚོགས་རྣམས་དང༌། གཏོར་མ་འདི་ཉིད་མགོན་པོ་ཛམྦྷ་ལ་དམར་པོ་ནོར་བདག་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་མངོན་སུམ་བཞིན་དུ་གསལ་བ་དེ་དག་གི་སྤྱི་བོར་སྤྱན་དྲངས་ནས་དངོས་གྲུབ་བསྐུལ་བའི་རྐྱེན་གྱིས། ལྷ་ཚོགས་རྣམས་ཀྱི་སྐུའི་ཆ་དང་ཞལ་དང་ནོར་བུ་དང་ནེའུ་ལེ་དང་ཕྱྭ་རྫས་རྣམས་ལས་འདོད་རྒུའི་ལོངས་སྤྱོད་ཀྱི་ཆར་ཆེན་པོ་ཕབ་ནས་དངོས་གྲུབ་ཏུ་སྩལ་བས། ཚེ་དང་བསོད་ནམས། སྟོབས་དང་གཟི་བརྗིད་ལ་སོགས་པ་རྒྱས་པར་བྱས། གནས་ཁང་དང་ལུང་པ་ཐམས་ཅད་ཟས་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པས་
ཡོངས་སུ་གང་བར་གྱུར། ཅེས་མོས་ལ་ཡི་དམ་གྱི་གཏོར་མ། གཡང་བཤོས། ཕྱྭ་རྫས། ཕྱྭ་བུམ། མདའ་དར་སོགས་གཡང་རྫས་ཐམས་ཅད་ལག་སྟོང་མ་གྱུར་པར་རིམ་པར་གཏད་ལ། ཧྲཱིཿ ཤར་གྱི་ཕྱོགས་ནས་དངོས་གྲུབ་སྐུལ་བའི་ལྷ། །ཞི་བའི་ལས་མཛད་ཀུ་རུ་ཀུལླེ་དཀར། །ཕྱག་བཞིས་མདའ་གཞུ་ལྕགས་ཀྱུ་ཞགས་པ་བསྣམས། །རྡོ་རྗེ་མཁའ་འགྲོའི་ཐུགས་དམ་རྒྱུད་བསྐུལ་ན། །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་བཅས་ལ། །ནད་གདོན་བགེགས་དང་བར་ཆད་ཞི་བར་མཛོད། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ། དེ་བཞིན་དུ་འགྲེས་ཁ་བསྒྱུར་བས། ཧྲཱིཿ ལྷོ་ཡི་ཕྱོགས༴ །རྒྱས་པའི༴ སེར། ཕྱག་བཞིས༴ །རིན་ཆེན༴ །བདག་ཅག༴ །ཚེ་དང་བསོད་ནམས་དཔལ་འབྱོར་རྒྱས་པར་མཛོད། །ཨོཾ༴ ཧྲཱིཿ ནུབ་ཀྱི་ཕྱོགས༴ །དབང་གི༴ དམར། ཕྱག་བཞིས༴ །པདྨ༴ །བདག་ཅག༴ །ཁམས་གསུམ་དབང་དུ་སྡུད་པའི་དངོས་གྲུབ་སྩོལ། །ཨོཾ༴ ཧྲཱིཿ བྱང་གི་ཕྱོགས༴ །དྲག་པོའི༴ ལྗང༌། ཕྱག་བཞིས༴ །ལས་ཀྱི༴ །བདག་ཅག༴ །དགྲ་བགེགས་བར་གཅོད་ཐམས་ཅད་ཚར་གཅོད་མཛོད། །ཨོཾ༴ ཧྲཱིཿ དབུས་ཀྱི་ཕྱོགས༴ །མཆོག་གི༴ མཐིང༌། ཕྱག་བཞིས༴ །སངས་རྒྱས༴ །བདག་ཅག༴ །ཐམས་ཅད་ལྷུན་གྱིས་གྲུབ་པའི་དངོས་གྲུབ་སྩོལ། །ཨོཾ༴ མི་ལ་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །ནོར་ལ་གཡང་གི་དངོས་གྲུབ་སྩལ་དུ་གསོལ། །ཟས་ལ་བཅུད་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཛམྦྷ་ལ་ཛ་ལེནྡྲཱ་ཡ་དྷ་ན་མེ་དྷི་ཧྲཱིཿསྭཱ་ཧཱ། ཞེས་དབྱངས་དང་བཅས་དངོས་གྲུབ་ཀྱི་རྫས་རྣམས་ལོངས་སྤྱད་ཅིང་ཕྱྭ་བུམ་བྱོ་ལ་པྲ་བརྟགས་ནས་འགྱེད། གཏོར་མ་སོགས་རང་མལ་དུ་བཞག་ལ་མཆོད་བསྟོད་གོང་ལྟར་དང༌། ཡིག་བརྒྱ་ནོངས་བཤགས། འདིར་ནི་རྟེན་དང་སོགས་ཀྱིས་བརྟན་བཞུགས་བྱས་ལ་གཡང་བཤོས་སོགས་རྟེན་རྣམས་བང་མཛོད་དུ་འཇོག ལྷ་གཞུང་གི་མཇུག་བསྡུ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱའོ། །ཞེས་པའང་བློ་གཏེར་དབང་པོས་ལེགས་པར་བསྡེབས་པ་སྲིད་ཞིའི་དཔལ་འབྱོར་རྒྱས་པའི་རྒྱུར་སིདྡྷི་རསྟུ།། །