མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་ན་རིམ་གྱི་གསུང་འབུམ།
མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ན་རིམ་གྱི་གསུང་འབུམ་དཀར་ཆག་ཕན་བདེའི་རྒྱན་བཟང།
མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ན་རིམ་གྱི་གསུང་འབུམ་དཀར་ཆག་ཕན་བདེའི་རྒྱན་བཟང་ཞེས་བྱ་བ་བཞུགས་སོ། །
ན་མོ་རཏྣ་ཏྲ་ཡཱ་ཡ། གང་ལ་བརྟེན་ན་ཉེས་ཚོགས་ཞི་བྱེད་ཅིང་། །བདེ་ལེགས་བསམ་པ་ཡིད་བཞིན་འགྲུབ་འགྱུར་བ། །འཇིག་རྟེན་འདི་ན་ཤིན་ ཏུ་དཀོན་པའི་མཆོག །རིན་ཆེན་རྣམ་གསུམ་གཙུག་གི་རྒྱན་དུ་འཆང་། །སྙིགས་མའི་གདུལ་དཀའ་འདུལ་བ་ལ། །ཕྲིན་ལས་འགྲན་པའི་ཟླ་བྲལ་བ། སྐྱབས་གནས་ཀུན་འདུས་ངོ་བོ་ཉིད། །ཀརྨ་པ་ལ་གུས་པས་འདུད། །སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི །བསྟན་པའི་གེགས་ཆག་སེལ་བ་ལ། །ཉི་མ་ལྟ་བུའི་མཛད་ པ་ཅན། །རྒྱལ་ཚབ་རིམ་པར་བྱོན་རྣམས་རྒྱལ། །གང་གི་བློ་གྲོས་ཆུ་གཏེར་ཡངས་པ་སྙིང་རྗེའི་རླབས་ཀྱིས་གཡོས་པ་ལས། །དོན་བཟང་ནོར་བུ་རིན་ཆེན་
ཚིག་གི་སྲད་བུར་རྒྱུས་པ་དུ་མ་ཞིག །སྐྱེ་བོའི་མདུན་སར་ཐང་མར་བརྡལ་ལས་དེང་གི་དུས་ན་གང་ཐོབ་པ། །གསུང་གི་ཕྲེང་བ་གསལ་བའི་ དཀར་ཆག་ཕན་བདེའི་རྒྱན་བཟང་འདིར་འགོད་བྱ། །དེ་ཡང་མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ན་རིམ་གྱི་ཐོག་མ་གོ་ཤྲི་དཔལ་འབྱོར་དོན་གྲུབ་ ཡིན་ཅིང་། དམ་པ་གང་གི་ཆེ་བ་ཀརྨཔ་མི་བསྐྱོད་རྡོ་རྗེས་སྩལ་བ་ཚང་བར་འདྲེན་ན། འདི་ལྟར། རྒྱལ་བ་ཐམས་ཅད་མཁྱེན་པ་སྙེ་བོ་བ་ཆེན་པོ་འཇམ་པའི་དབྱངས་རྒྱལ་པོའི་ལུང་གིས་མཚན་གསོལ་བ། ཏཱའི་དབེན་གྭོ་ཤྲཱི་གུའི་གུང་པའམ་མཚན་གཞན་ཤཱཀྱའི་དགེ་སློང་དཔལ་འབྱོར་དོན་གྲུབ་ཅེས། རས་ཆུང་
རྡོ་རྗེ་གྲགས་པའམ། ཞི་བ་འོད་ཀྱི་སྤྲུལ་པའི་སྐུ་ཆེན་པོ་གང་གི་རྣམ་པར་ཐར་པའོ། །སྭསྟི། བསམས་བཞིན་རྒྱལ་མཆོག་ཀརྨ་པ་དེ་ཡི། །བཞེད་དོན་མ་ལུས་བསྒྲུབ་ལ་སྤྲུལ་པའི་སྐུ། །སར་གནས་སེམས་དཔའ་ཆེན་པོའི་ཚུལ་བཟུང་ནས། །མངལ་གྱི་དྲི་མ་འཛིན་མེད་གང་དེར་འདུད། །ཅེས་བསྟོད་ཅིང་བཀུར་བ་དང་བསྔགས་པའི་གནས་སུ་གྱུར་པ་འགྲོ་བའི་བླ་མ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་མངོན་པར་རྫོགས་པར་སངས་རྒྱས་ཀྱང་། སྙིགས་མའི་དུས་འདིར་རྒྱལ་མཆོག་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པ་འཕགས་མཆོག་སྤྱན་རས་གཟིགས་དེ་ཉིད། བཅོམ་ལྡན་འདས་མི་བསྐྱོད་རྡོ་རྗེའི་ངོ་བོའི་མཐོན་མཐིང་གི་ཁ་དོག་ཅན་གྱི་དབུ་རྒྱན་ཉི་མ་དང་ཟླ་བ་སྤྲིན་དཀར་ཕུང་པོའི་དབུས་ནས་ཐོན་པའི་ཅོད་པན་གྱི་ཕུར་མ་དང་སྣ་ཚོགས་རྡོ་རྗེ་འགྱུར་བ་མེད་པའི་ཟེའུ་ཁ་དབུར་བཅིངས་ཤིང་། ཀརྨ་པ་ཞེས་མིང་གི་དབང་བསྐུར་བ་ཐོབ་པ་གང་གི་མཛད་པ་ཐམས་ཅད་ཡོངས་སུ་རྫོགས་
པའི་ཆེད་དུ། ས་ཆེན་པོ་ལ་གནས་པའི་སེམས་པར་སྐུ་སྤྲུལ་ནས། བདག་ཉིད་ཆེན་པོ་དཔལ་འབྱོར་དོན་གྲུབ་ཅེས་ས་གསུམ་དུ་གྲགས་པ་འདི་ནི་སྐྱེ་འཆིའི་རྫི་བ་ཐམས་ཅད་ལས་གྲོལ་ཡང་། ཉིང་མཚམས་སྦྱོར་བའི་ཚུལ་མ་དག་པའི་སྐྱེ་བོ་དག་གི་ངོར་སྣང་བརྙན་བསྟན་པ་ན། ཕལ་པའི་སྐྱེ་བོ་ལྟར་མངལ་དུ་ནུར་ནུར་མེར་མེར་པོ་ལ་སོགས་མི་གཙང་བའི་བདག་ཉིད་དུ་གྱུར་པ་དང་། དྲན་པ་དང་ཤེས་བཞིན་ཉམས་པ་ལ་སོགས་པའི་སྒྲིབ་པའི་དྲི་མ་ཐམས་ཅད་དང་བྲལ་ཏེ། ཡུམ་གྱི་ལྷུམས་སངས་རྒྱས་ཀྱི་ཞིང་དང་ཁང་བཟང་དང་ཁྲི་མཆོག་དག་པར་ཡོངས་སུ་སྦྱངས་པའི་མངལ་པདྨ་རབ་ཏུ་རྒྱས་པར་བྱིན་གྱིས་རླབས་ནས། དེའི་དབུས་ན་བྱང་ཆུབ་སེམས་དཔའ་སྐྱིལ་མོ་ཀྲུང་དང་མཉམ་པར་བཞག་པའི་ཕྱག་རྒྱ་དང་བཅས། ཞི་གནས་དང་ལྷག་མཐོང་གི་རྣམ་ཐར་གྱི་སྒོ་ཞུམ་པ་མེད་པར་རབ་ཏུ་ཆེ་བའི་རྣལ་འབྱོར་ཆེན་པོ་ལ་སྙོམས་པར་འཇུག་པར་མཛད་པ་ལ། ཨ་ལ་ལ་ཧོ་ཞེས་ག་ཞའི་ཅ་ཅོ་གནས་
གཙང་མའི་ལྷ་རྣམས་ཀྱིས་སྲིད་པའི་རྩེ་མོའི་བར་བསྒྲགས་པ་འདི་ནི། སྔོན་སྟོན་པ་ཤཱཀྱའི་ཏོག་སྒྱུ་འཕྲུལ་མ་ཆེན་མོའི་ལྷུམས་སུ་ཞུགས་པ་ཅི་འདྲ་བ་དེ་འདྲ་བའོ། །ཞེས་འགྲོ་བ་རིས་མེད་པ་དག་གིས་འདུད་ཅིང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སློབ་མར་བཅས་པ་མཐའ་དག་གིས་ཀྱང་ཡོངས་སུ་བསྔགས་པར་མཛད་དོ། །བལྟམས་མ་ཐག་པ་ཉིད་ནས་ཆོས་ཀྱི་རྗེ། །འགྲོ་མགོན་ཀརྨ་པ་ཡི་མདུན་དུ་བྱོན། །ཕྲིན་ལས་མཐའ་དག་སྒྲུབ་པའི་དབང་བསྐུར་མནོས། །རྒྱལ་བ་ཀུན་གྱི་གསང་བ་འཛིན་པར་གྱུར། །དེ་ཡང་སྐུ་བལྟམས་མ་ཐག་པར་གཤེགས་པ་དང་བསྐྱོད་པ་ལ་འགྲོ་འོང་གི་ཐོགས་པ་དང་བྲལ་བར་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཏེ། ཆོས་རྗེ་ཀརྨ་པའི་ཁྲི་སེང་གེ་ཆེན་པོས་བཏེག་པ་ག་ལ་བར་དོང་ནས། ཨེ་མ། མཁའ་ཁྱབ་ཀྱི་ཞིང་མཐའ་ཡས་པའི་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མ་ལུས་བདག་གིས་སྒྲུབ་ལགས་པས། དེ་དག་འདོད་དགུར་བསྒྱུར་བའི་དབང་ཕྱུག་གི་དངོས་པོ་སྩོལ་
ཅིག་ཅེས་གསོལ་བ་བཏབ་པའི་མོད་ལ། རྒྱལ་བ་ཀརྨ་པ་ཉིད་ལ་སོགས་ཏེ་ཕྱོགས་བཅུའི་སངས་རྒྱས་ཏིལ་གྱི་གང་བུ་ཁ་བྱེ་བ་ལྟར་གྱུར་པ་ཐམས་ཅད་ཀྱིས་དེ་ལྟར་བདེན་པའི་བྱིན་རླབས་ཆེན་པོས། སྐད་ཅིག་དེ་ཉིད་ལ་མཐུ་ཆེན་པོའི་དབང་དང་གཟི་བརྗིད་ཕུན་སུམ་ཚོགས་པའི་དཔལ་རབ་ཏུ་འབར་བ་བཀུར་ནས་གཞན་དོན་རབ་འབྱམས་བསྒྲུབ་པ་ལ་ཆགས་ཐོགས་དང་བྲལ་བར་སངས་རྒྱས་འཚལ་ཏོ་ཅོག་གི་སྐུ་གསུང་ཐུགས་ཡེ་ཤེས་རྡོ་རྗེའི་གསང་བ་མི་ཟད་པ་རང་གིར་མངའ་དབང་དུ་མཛད་དོ། །སྐྱེ་བོ་ཕལ་པ་ང་རྒྱལ་བསྙེམས་པ་ཅན། །བླ་མའི་ལམ་ལ་རིང་བ་གདུལ་སླད་དུ། །ཡོངས་སུ་འཛིན་པ་སླར་ཡང་བསྙེན་ཚུལ་ནི། །ནོར་བཟང་དང་ནི་རྟག་ཏུ་ངུ་བཞིན་ནོ། །ཞེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་གདུལ་བྱའི་ངོར་སླར་སློབ་མ་དང་བླ་མའི་རྣམ་རོལ་བསྟན་པ་ཡིན་ཀྱང་། སྐལ་བ་དམན་པ་དྲང་བའི་ཆེད་ཀྱི་དབང་དུ་གཟིགས་ནས། ཡང་དག་པའི་བཤེས་གཉེན་ལ་འཁོན་དུ་
འཛིན་པ་དམ་པའི་ཆོས་སྤང་ཞིང་། གཏན་གྱི་བདེ་བ་རྩྭ་ལྟར་འདོར་བའི་སྐྱེ་བོ་ཕལ་པ་དག་གི་ལོག་པའི་ང་རྒྱལ་གྱི་བསྙེམས་པ་གཞོམ་པའི་སླད་དུ་སེམས་དཔའ་ཆེན་པོ་འདིས། རྒྱལ་བ་ཀརྨ་པ་མཐོང་བ་དོན་ལྡན་དང་། མཁན་ཆེན་ཐམས་ཅད་མཁྱེན་པ་སྙག་ཕུ་པ་བསོད་ནམས་བཟང་པོ་དང་། རྟོགས་ལྡན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞྭ་དམར་བ་ཆོས་དཔལ་ཡེ་ཤེས་ཀྱི་ཞབས་སོགས་དགེ་བའི་བཤེས་གཉེན་ལ་རྙེད་པ་དང་བཀུར་སྟི་དང་རིམ་གྲོ་དང་སྒྲུབ་པས་བསྙེན་ཅིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གོང་ནས་གོང་དུ་སྤེལ་ཚུལ་ནི། བྱང་ཆུབ་སེམས་དཔའ་ནོར་བཟང་དང་རྟག་ཏུ་ངུའི་རྣམ་པར་ཐར་པ་ཅི་ལྟ་བ་དེ་ལྟ་བར་བསྟན་པ་ལས་གཞན་དུ་མ་ཡིན་པས། སྤྱོད་ཚུལ་དེ་ལྟ་བུས་ཀྱང་སེམས་ཅན་གྱི་ཁམས་ཆེན་པོ་འདི་ཡོངས་སུ་ཟད་པར་བྱེད་པ་ལ་སྟོབས་རབ་ཏུ་གྱུར་པ་ཡིན་ནོ། །རྒྱལ་མཆོག་ཀརྨ་པ་སོགས་བླ་མའི་རབ། །སྐུ་ཚེའི་འདུ་བྱེད་བརྟུལ་བར་གྱུར་པ་ན། །ཆོས་ཀྱི་གདུང་འཛིན་མྱ་ངན་
འདའ་བ་ཡི། །བཞེད་པ་ཅི་མཆིས་མཐར་ཕྱིན་མཛད་པ་ཡིན། །དེ་ཡང་རྒྱལ་མཆོག་ཀརྨ་པ་མཐོང་ཐོས་རེག་དྲན་དོན་ལྡན་ཞབས་གཙོ་བོར་གྱུར་པའི་ཡང་དག་པའི་དགེ་བའི་བཤེས་གཉེན་སེམས་དཔའ་ཆེན་པོ་ཉིད་ཀྱི་སྐུ་ཚེ་དེ་ལ་བསྟེན་ཏོ་འཚལ་དེ་དག་གི་ཞིང་དེའི་སེམས་ཅན་གྱི་དོན་རླབས་པོ་ཆེ་གྲུབ་ནས། སླར་མྱ་ངན་ལས་འདའ་ཚུལ་བསྟན་པའི་མཛད་པས་དེ་སྐབས་ཀྱི་འགྲོ་བའི་དོན་གཞལ་དུ་མི་བཟོད་པ་བསྟན་པ་ན། བྱང་ཆུབ་སེམས་དཔའ་འདིས་རྒྱལ་མཆོག་དེ་དག་གི་ཆོས་ཀྱི་ཁྲི་དང་གདུང་ཆེན་པོ་འཛིན་པ་ལ་རྒྱལ་བ་མ་ཕམ་པ་དང་ཆོས་ཀྱི་གསང་མཛོད་འཛིན་པ་ལ་འཕགས་པ་ཀུན་དགའ་བོ་དང་། སྐུ་གདུང་ཡོངས་སུ་རྒྱས་པར་འགྱུར་བའི་བསོད་ནམས་ཀྱི་ཕུང་པོ་མ་གཏུགས་པར་ཕྱོགས་བཅུར་འགེངས་པར་མཛད་པ་ལ་གནས་བརྟན་འོད་སྲུངས་དང་། ཕྲིན་ལས་ཀྱི་མཐའ་ཐམས་ཅད་སྲུང་བར་བགྱི་བ་ལ་ཚངས་པ་དང་བརྒྱ་བྱིན་ལྟར་གྱུར་པས། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་འཚལ་
ཏོ་ཅོག་དེ་ནི་འགྲོ་བའི་སྨན་ཡོན་ཆེན་པོར་མཐར་ཅི་ཕྱིན་དུ་བརླིང་བར་མཛད་པའི་ཐབས་ཆེན་པོ་ལ་གཞན་དྲིང་མི་འཇོག་པའི་དཔའ་བོ་གཅིག་པུར་གྱུར་པ་ཟླ་གཉིས་པ་སྤངས་པའོ། །སངས་རྒྱས་ཀརྨ་པ་ཡི་སྐྱེ་བ་ནི། །སྤྲུལ་སྐུ་ཆེན་པོ་ཆོས་གྲགས་རྒྱ་མཚོའི་ཞབས། །འགྲོ་བའི་བླ་མ་ཟླ་དང་བྲལ་རྣམས་ཀྱི། །མཁྱེན་རབ་འོད་གསལ་ཞིང་འདིར་སྣང་བར་མཛད། །དེ་ཡང་སྔོན་ནས་སངས་རྒྱས་པའི་སངས་རྒྱས་དག་གིས། མཆོག་གི་སྤྲུལ་སྐུ་ཤཱཀྱའི་རྒྱལ་པོ་ཞིང་འདིར་མཆོག་གི་སྤྲུལ་སྐུ་ཟླ་བཅས་གཉིས་པ་ཞིག་འགྲོ་བའི་དོན་ལ་སྟོན་པ་མེད་ཀྱང་། ཞིང་འདིར་གང་ལ་གང་འདུལ་གྱི་སྐྱེ་བ་དང་བཟོ་སྤྲུལ་པའི་སྐུ་སྟོན་པར་མཛད་པ་ཡིན་ལ། དེ་ན་སངས་རྒྱས་གཞན་ཕན་རྣམ་རོལ་དེ་ཉིད་ཞིང་འདིར་སྐྱེ་བ་སྤྲུལ་པའི་སྐུ་གང་གའི་ཀླུང་ཐེར་འབུམ་བྱེ་བའི་རྡུལ་སྙེད་ལས་འདས་པར་འཕྲུལ་བ་ལས། བྱང་ཕྱོགས་ཁ་བ་ཅན་པའི་བསོད་ནམས་ཀྱི་ཞིང་དམ་པར་ཀརྨ་པ་ཞེས་སྐྱེ་བ་སྤྲུལ་པའི་སྐུ་འདི་ནི། དག་པ་དང་སྐལ་བ་
མཆོག་གྱུར་དུ་མ་ཟད། མ་དག་པའི་སེམས་ཅན་སྐལ་བ་ཆེས་དམན་པ་དག་གི་བློ་མིག་གི་སྤྱོད་ཡུལ་དུ་གྱུར་པ། ཐུགས་རྗེ་ཆེན་པོའི་བདག་ཉིད་བཅུ་གཅིག་འབྱོན་པ་ལས། བདུན་པ་རང་བྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་ཞེས་གྲགས་པ་གཙོ་བོར་གྱུར་པའི་སྤྲུལ་པའི་སྐུ་རྩོད་པ་དང་བྲལ་བ་དག་ (འདིའི་དག་སྒྲས། སྤྲུལ་པའི་སྐུ་ཆོས་དཔལ་ཡེ་ཤེས་པའི་སྐུ་སྐྱེ་ཞྭ་དམར་བ་ཆོས་ཀྱི་གྲགས་པའང་། དུས་ཕྱིས་དབུས་གཙང་གི་གཞུང་འདིར་ཁ་ཅིག་གིས་ཐམས་ཅད་མཁྱེན་པའོ་ཞེས་གླེང་བའང་། སེམས་དཔའ་འདིས་བྱིན་གྱིས་རླབས་པའི་སྐུ་དྲིན་ཡིན་ནོ། །མཆན།) གིས་འགྲོ་བའི་དོན་མཛད་པ་ལ། སྐྱེ་བོ་ཕྲག་དོག་གི་མིག་ཅན་གང་གི་སྤྲུལ་པའི་སྐུར་མོས་པས་དབེན་པས་རྗེ་འདི་ནི་ལེགས་པར་མ་སྦྱངས་པས་འགྲོ་བའི་སྟོན་པར་ཁས་འཆེའོ་ཞེས་གྲགས་པ་ངན་པ་འགོག་པ་དང་། དམ་པ་མ་ཡིན་པ་རྙེད་པའི་ཕྱིར་ཆོས་ལ་རང་དབང་ཟ་བ་དག །ལེགས་པའི་ཡོན་ཏན་དགེ་བའི་བཤེས་གཉེན་ལ་མ་ལྟོས་པར་མི་འབྱུང་བར་རྟོགས་སུ་གཞུག་པའི་ཆེད་པོགས་
དགོས་པ་དུ་མའི་ཕྱིར། སེམས་དཔའ་ཆེན་པོ་འདིས་སྤྲུལ་པའི་སྐུ་ཀརྨ་པ་ཆེན་པོ་སོགས་འགྲོ་སྐྱབས་མཐར་ཐུག་པ་རྣམས་ལ། གཞན་ངོར་ཡིག་མཁན་ཀུན་གྱི་བཤེས་གཉེན་གྱིས་རྒྱལ་བུ་དོན་གྲུབ་ལ་ཡི་གེའི་རིག་བྱེད་བསྟན་པ་ལྟར། སྡེ་སྣོད་རྒྱུད་སྡེ་རིག་གནས་ཆེན་པོ་རྣམས་བརྡ་སྤྲོད་པའི་ཚུལ་དང་། སྤྲུལ་པའི་སྐུ་དེ་དག་གིས་ཀྱང་བསླབ་པའི་གནས་དེ་དག་ཁོང་དུ་ཆུབ་པའི་ཚུལ་སླར་བསྟན་ནས་མི་འཇིགས་པའི་སྤོབས་པ་ཆེན་པོའི་མཐུ་ཐོབ་སྟེ། རྒྱལ་བ་ཀརྨ་པའི་སྤྲུལ་པའི་སྐུ་ཆོས་གྲགས་རྒྱ་མཚོ་གང་དེ། འཇིག་རྟེན་གྱི་ཁམས་འདིར་ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ་ཞེས་དུས་གསུམ་ལ་ཐོགས་པ་མེད་པའི་སྤྱན་མངའ་བར་གྱུར་པ་ལ། ལྷ་དང་བཅས་པའི་དགེ་སྦྱོང་སྟོན་པར་ཁས་འཆེ་བར་རློམས་པ་དག་གིས། ཆོས་མཐུན་གྱི་ཕྱིར་རྒོལ་བ་ཐམས་ཅད་ཡོངས་སུ་ཕམ་པར་བྱས་པ་འདི་ཡང་སེམས་དཔའ་ཆེན་པོ་འདི་ཉིད་ཡོངས་འཛིན་དུ་མཛད་པའི་བཀའ་དྲིན་ལས་ཡིན་ནོ། །འགྲོ་རྣམས་འདུལ་
སླད་འཇིག་རྟེན་འདས་པ་ཡི། །མཛད་པར་མ་ཟད་འཇིག་རྟེན་པ་ཉིད་ཀྱི། །མཐུན་འཇུག་མཛད་པས་འགྲོ་བ་སྒྲོལ་བ་དང་། །སླད་ནས་སྤྲུལ་པ་སྟོན་པ་དེར་ཕྱག་འཚལ། །ཞེས་བྱ་བ་ནི་ཟག་པ་ཐམས་ཅད་སྤངས་པ་ཟང་ཟིང་མེད་པའི་དགེ་བ་ཡོངས་སུ་རྫོགས་པའི་སླད་དུ་མ་དག་པའི་འཇིག་རྟེན་པ་དག་དང་ལས་མཐུན་པར་ཟང་ཟིང་དང་བཅས་པའི་ལེགས་བྱས་ལ་འགོད་པའི་ཚུལ་ཡང་། སྦྱིན་པ་གཏོང་བ་དང་། གཏོང་དུ་འཇུག་པ་དང་། གསུང་རབ་དང་སྐུ་གཟུགས་བཞེང་བ་དང་། བཞེང་དུ་འཇུག་པ་དང་། ཚུལ་ཁྲིམས་ལ་གནས་པ་དང་། དེར་འགོད་དུ་འཇུག་པ་དང་། འཚེ་བ་སྤང་བ་དང་། སྤོང་དུ་འཇུག་པ་དང་། འདོད་པ་ཆུང་ཞིང་ཆོག་ཤེས་པ་ལ་གནས་པ་དང་། དེར་སྦྱོར་བ་དང་། ཕྱི་དང་ནང་གི་ཤ་འཁོན་ཐམས་ཅད་ཡོངས་སུ་སྦྱང་བ་དང་སྦྱོང་དུ་འཇུག་པ་དང་། ཕ་མ་དང་དགེ་སྦྱོང་རྒན་རབ་ལ་དེར་ཤེས་ཤིང་བྱས་པ་བཟོ་བ་དང་། བཟོར་འཇུག་པ་སོགས་འདས་པ་དང་མ་འདས་པའི་
དགེ་བའི་རྩ་བ་མཁའ་མཉམ་གྱི་སེམས་ཅན་གཞན་རྒྱུད་ལ་འཕེལ་ཞིང་ཡངས་པ་དང་རྒྱས་པར་མཛད་པའི་མཁྱེན་བརྩེ་ནུས་པ་འདི་ནི། ཇོ་བོ་རིགས་གསུམ་མགོན་པོ་དང་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ལ། རྣམ་ཐར་དེ་ལྟ་བུ་སྟོན་པའི་བདག་རྐྱེན་གྱི་སྤྲུལ་སྐུ་རྒྱུན་མར་འབྱུང་བའི་མངའ་དབང་བསྒྱུར་བ་ལས། དང་པོ་ནི་སེམས་དཔའ་ཆེན་པོ་འདི་ཉིད་ཀྱི་ཞབས་དང་། གཉིས་པ་ནི་བཀྲ་ཤིས་གྲགས་པ་དོན་གྲུབ་རྣམ་རྒྱལ་དཔལ་བཟང་པོ་ཞེས་པ་དང་། གསུམ་པ་ནི་བཀྲ་ཤིས་གྲགས་པ་དཔལ་འབྱོར་ཞེས་ཞལ་མངོན་དུ་གྱུར་པ་འདི་སྟེ། སེམས་ཅན་ཐམས་ཅད་ཀྱི་དཔུང་གླིང་མགོན་གཉེར་འདྲེན་པ་དམ་པར་བཞུགས་པའོ། །དེས་ན་བདག་ཉིད་ཆེན་པོ་གང་གི་རྣམ་པར་ཐར་པ་འོལ་སྤྱིར་བརྗོད་ན་འདི་ཙམ་ཞིག་གོ་ཞེས་དཔལ་ལྡན་རྡོ་རྗེ་དགའ་བའི་དབྱངས་ཀྱིས་ཧ་(མིང་གཞན་གནོད་སྦྱིན་གང་བ་བཟང་པོར་གྲགས་པ་དེའོ། །མཆན།) བོའི་གངས་འདབ་ཏུ་ཡི་གེར་བྲིས་པ་འགྲོ་བ་ཐམས་ཅད་རྗེ་བཙུན་འདི་ཉིད་ཀྱི་གོ་
འཕང་ཐོབ་པར་གྱུར་ཅིག །ཅེས་ཁོང་ནི་བསྟན་པ་དང་སེམས་ཅན་གྱི་དོན་དུ་བསམ་བཞིན་བྱོན་པ་འཕགས་པའི་གང་ཟག་ཆོས་འཇིག་རྟེན་གང་ལའང་མཁྱེན་པ་རྒྱས་པ་ཡིན་ཕྱིར། ཁོང་སྒར་ཆེན་གྱི་གུའི་གུང་པར་བཞུགས་རིང་། ཀརྨའི་སྒར་ཆེན་འཛམ་གླིང་རྒྱན་དར་རྒྱས་ཆེ་ཤོས་བྱུང་ལ། ཁོང་གི་ཐུགས་བསྐྱེད་སྨོན་ལམ་གྱི་བྱིན་མཐུ་ལྟ་བུས། དུས་ཕྱིས་ཀརྨ་བཀའ་བརྒྱུད་ལ་གེགས་ཆག་ནམ་བྱུང་གི་ཚེ་རྒྱལ་ཚབ་ན་རིམ་རྣམས་ནི་དཀའ་ཚེགས་སེལ་བ་ལ་ཆེད་དུ་བྱོན་པ་ཤ་སྟག་ཏུ་ཡོད་དེ། ཀརྨ་པ་ཆོས་གྲགས་རྒྱ་མཚོའི་ཡང་སྲིད་ལ་གླེང་རྙོག་བྱུང་བ་ན། རྒྱལ་ཚབ་བཀྲ་ཤིས་རྣམ་རྒྱལ་གྱི་དྲང་བདེན་མཛད་པས། ཀརྨ་པ་མི་བསྐྱོད་རྡོ་རྗེ་སེང་ཁྲིར་མངའ་གསོལ་ཐུབ་པ་ནི། བསྟན་པ་ལ་བཀའ་དྲིན་གཞལ་མཐའ་བྲལ་བ་ཡིན་པ་ད་ལྟར་ཡང་གསལ་ཞིང་ཡོད་ལ། ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་སྐུ་དུས་སུ། གོང་ས་ལྔ་པ་ཆེན་པོས། སོག་དམག་ནང་འདྲེན་གྱིས་ཀར་བསྟན་ཉམས་ཆག་ཏུ་བཏང་བ་ན། རྒྱལ་
ཚབ་གྲགས་པ་མཆོག་དབྱངས་ཀྱིས། གོང་ས་ལྔ་པ་ཆེན་པོ་ལ་ཐབས་མཁས་ཀྱི་ཞུ་དོན་སྦྱར་བ་བཞིན། མཚུར་ཕུ། ཡངས་པ་ཅན། ཉིན་བྱེད་གླིང་། ལེགས་བཤད་གླིང་། འོད་ཟེར་གླིང་སོགས་ཆོས་སྡེ་ཉེར་གཅིག་ཙམ་ཐོབ་ནས་ཀཾ་ཚང་གི་བསྟན་པའི་མེ་རོ་གསོ་ཐུབ་པ་བྱུང་བ་དང་། ཀརྨ་པ་རིག་པའི་རྡོ་རྗེའི་ཡང་སྲིད་ལ་རྙོག་འཛིང་བྱུང་བ་ན། དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེའི་དྲང་ཚུགས་དང་ཐུགས་སྟོབས། མཁས་ཡོན་དང་ཉམས་རྟོགས་ཀྱིས་བཤད་སྒྲུབ་ལས་གསུམ་གང་ལའང་ཉམས་ཆག་མ་བྱུང་བར། ཀརྨ་པའི་ཡང་སྲིད་འཁྲུལ་བྲལ་ཁྲི་འདོན་དང་བདག་སྐྱོང་གི་ཞབས་འདེགས་བླ་མེད་གྲུབ་ནས་བསྟན་པ་ལ་བཀའ་དྲིན་ཆེ་བ་ཡིན་ནོ། །རྒྱལ་ཚབ་ན་རིམ་ཕལ་མོ་ཆེ་ལ་བཀའ་འབུམ་མི་ཉུང་བ་ཡོད་མོད། སོག་དམག་གིས་ཀརྨའི་སྒར་ཆེན་འཐོར་ཞིག་བཏང་ཞིང་། ཀོང་པོ་རྩེ་ལྷ་སྒང་སོགས་ཀྱི་མཛོད་ནག་འཕྲོག་བཅོམ་བྱས་པ་ནས་བཀའ་བརྒྱུད་པའི་བླ་དགོན་རྣམས་ཉམས་རྨས་ཀྱིས་སྐུ་གསུང་ཐུགས་རྟེན་འཐོར་
གྱར་སོང་བའི་ལྷག་ལུས་བོད་ལ་དུས་འགྱུར་མ་བྱུང་གོང་གཞན་གྱིས་མཐོང་མྱོང་བའང་། དཔའ་བོའི་གདན་ས་གནས་ནང་བླ་བྲང་དུ། གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་བཀའ་འབུམ་པོད་བཅོ་བརྒྱད་ཡོད་པ་གནས་ནང་མགྲོན་གཉེར་ཀརྨ་ཚུལ་ཁྲིམས་ལ་གསུང་དུ་ཡོད་ཅིང་། འབྲས་ལྗོངས་ཆོས་རྒྱལ་ཡབ་སྲས་ཟུང་གིས། རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གསར་འཛུགས་གནང་བ་ན་བཀས་བསྐུལ་བ་བཞིན། ཁྱུང་པོ་རྒྱལ་སྟོན་སྤྲུལ་སྐུ་ཀརྨ་ཨུ་རྒྱན་འཇིགས་མེད་ཆོས་ཀྱི་སེང་གེས། བོད་རབ་བྱུང་བཅུ་དྲུག་པའི་ལྕགས་བྱི་ལོའི་སྟོན་ཟླ་ར་བར་བྲིས་པ། ངེས་གསང་སྙིང་པོའི་རིང་ལུགས་བཀའ་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་ཆོས་བྱུང་ཉུང་ངུ་རྣམ་གསལ་གྱི་ཚུལ་དུ་བཀོད་པ་ལས། རྗེ་དྲུག་པ་མཐོང་བ་དོན་ལྡན་གྱིས་རྒྱལ་ཚབ་ཏུ་མངའ་གསོལ་བ་རྒྱལ་ཚབ་རིམ་བྱོན་ལས། གོ་ཤྲི་དཔལ་འབྱོར་དོན་གྲུབ་གསུང་པོད་བདུན། འདི་ཡངས་ཅན་དགོན་དུ་སྤར་ཡོད། བཀྲ་ཤིས་རྣམ་རྒྱལ་གསུང་
པོད་གསུམ། གྲགས་པ་དཔལ་འབྱོར་གསུང་པོད་བཞི། གྲགས་པ་དོན་གྲུབ་གསུང་པོད་བརྒྱད། ནོར་བུ་བཟང་པོའི་གསུང་པོད་གཅིག །དཀོན་མཆོག་འོད་ཟེར་གསུང་པོད་གཅིག །ཆོས་འཕེལ་བཟང་པོའི་གསུང་པོད་གསུམ། གྲགས་པ་ཡེ་ཤེས་གསུང་པོད་གཅིག །བསྟན་པའི་ཉི་མའི་གསུང་པོད་གཅིག །གྲགས་པ་རྒྱ་མཚོའི་གསུང་པོད་གཉིས། འདི་རྣམས་བྲིས་མ་ཤ་སྟག་མཚུར་ཕུའི་རྒྱལ་ཚབ་བླ་བྲང་དུ་ཡོད། ཅེས་གསལ་བར་བྱུང་མོད། དུས་ཕྱིས་རྒྱ་ནག་གི་དྲག་པོའི་དཔུང་འཇུག་གིས་བོད་ལ་དུས་འགྱུར་ཚབས་ཆེན་བྱུང་བ་ན། བོད་ཡུལ་གྱི་ཆོས་སྡེ་ཕལ་མོ་ཆེ་ཤུལ་ཡང་ཡོད་ལ་མེད་དུ་གྱུར་ནས། དགོན་པའི་སྐུ་གསུང་ཐུགས་རྟེན་གྱི་མིང་ཙམ་ཡང་རྙེད་དཀའ་བ་དིང་གི་དུས་འདིར། རྒྱལ་ཚབ་ན་རིམ་རྣམས་ཀྱི་གསུང་ང་ཚོར་སྔ་རྗེས་སུ་ཐོབ་པ་ཇི་སྙེད་ཐམས་ཅད་ཕྱོགས་བསྒྲིགས་བགྱིས་པའི་གོ་རིམ་ནི། སྐུ་ཕྲེང་གི་རིམ་པ་ལྟར་བྱས་ཤིང་། ན་རིམ་སོ་སོའི་གསུང་རྣམས་ཀྱང་། ལོ་རྒྱུས། རིག་གནས། མདོ་
སྔགས། ཆོས་སྐྱོང་དུ་བྱས་པ་ལ། མདོ་སྔགས་ཀྱི་ནང་ཚན་ཡང་། གཞུང་འགྲེལ། འདོན་ཆོག །ཁྲིད་ཡིག་ཏུ་བྱས་པ་ལས། གྲགས་པ་དོན་གྲུབ་ཀྱི་གསུང་ཁག་ཅིག་ནང་དོན་ཕྱོགས་མཐུན་དང་ཡི་གེའི་བོངས་ཚད་ཀྱིས་གོང་འོག་སྣོལ་དགོས་བྱུང་བ་ཙམ་མོ། །མ་དཔེ་རྣམས་ནི་སྒྲ་དག་སྒྲོས་གཙང་གི་བདག་ཉིད་དུ་ཡོད་ཕྱིར། ཞུ་དག་གི་དཀའ་ཚེགས་ཆེར་མ་བྱུང་ཡང་། གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་གསུང་། ཆོས་དྲུག་ཉམས་ལེན་གསལ་བའི་སྒྲོན་མེ། ཐོག་མར་རྩོམ་པ་ན་ཀརྨ་པ་རང་བྱུང་རྡོ་རྗེའི་གསུང་ཆོས་དྲུག་གསེར་ཞུན་མ་རྩ་བར་བཟུང་། ཤེས་རབ་རིན་ཆེན་གྱིས་རང་བྱུང་རྡོ་རྗེའི་གསུང་ཇི་ལྟ་བ་བཞིན་དུ་ཅུང་ཟད་ཙམ་ཞིག་སྤྲོས་པ་དེས་ཟུར་བརྒྱན། ཆོས་དྲུག་ཆེན་མོ་སོགས་ཀྱི་ལུང་འདྲེན་གྱིས་ཁ་གསལ་དུ་བཏང་བ་རྣམས་སོ་སོར་ངོས་ཟིན་ཐབས་སུ་ཡི་གེ་ཆེ་ཆུང་དང་དམར་སེར་གྱི་རྟགས་གནང་བ་སོགས་ནི་མགོ་རྙོག་གི་གཞིར་འགྱུར་ཉེན་ཆེ་བས། ཚིག་དོན་གོང་འོག་འགྲིག་པའི་མཆན་
རྣམས་དཀྱུས་སུ་བཏང་ཞིང་། མི་འགྲིག་པའི་མཆན་རྣམས་རང་སོར་བཞག་ཡོད། ཆོས་དྲུག་འདི་ཉིད་ལས་རྟེན་མེད་དུ་འཕོ་བའི་སྐབས་ན་མ་དཔེ་ལྡེབ་མ་གཅིག་ཆད་པ་དང་། གྲགས་པ་དོན་གྲུབ་ཀྱི་གསུང་མར་པའི་རྣམ་ཐར་རིན་པོ་ཆེའི་གྲུ་གཟིངས་ལས་མེ་ཏྲི་པ་ཐོག་མར་མཇལ་དུ་ཕེབས་པའི་སྐབས་ན་མ་དཔེ་ལྡེབ་མ་གཅིག་ཆད་པ་དག་གཞུག་མ་གསར་རྙེད་བྱུང་ན་འཛུད་པར་བྱ་ལ། ལམ་ཡིག་རྡོ་རྗེའི་ཟེགས་མ་གཞན་ཟེར་རྗེས་འབྲང་གིས་བཞག་པ་ལས་གཞན་ནི་རྒྱལ་ཚབ་ན་རིམ་གྱི་གསུང་ཡིན་ངེས་ཐག་ཆོད་བྱུང་བ་ཁོ་ནའོ། །ད་ཡོད་ཀྱི་དཀར་ཆག་དངོས་ནི། ཀ༽ པ་ལ། གོ་ཤྲི་དཔལ་འབྱོར་དོན་གྲུབ་ཀྱི་གསུང་། བཀའ་བརྒྱུད་རིན་པོ་ཆེ་རྣམས་ལུང་བསྟན་པའི་སྐོར། རང་འབྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེའི་རྣམ་ཐར། དུས་མཁྱེན་གསུང་འབུམ་དཀར་ཆག །རྡོ་རྗེ་རྣལ་འབྱོར་མའི་མཆོད་ཕྲེང་ཟིན་བྲིས། ཆོས་དྲུག་ཉམས་ལེན་གསལ་བའི་སྒྲོན་མེ། མགོན་པོ་བེར་ནག་ཅན་གྱི་བསྙེན་ཟིན་བཅས་བཞུགས་
སོ། ། ཁ༽ པ་ལ། གྲགས་པ་དཔལ་འབྱོར་གྱི་གསུང་། གཏོར་བསྔོས་མཆོད་སྤྲིན་རྣམ་རྒྱལ། མགོན་པོའི་རྗེས་གནང་། ལྷ་མོའི་རྗེས་གནང་། རྣམ་སྲས་རྗེས་གནང་། སྔགས་བདག་རྗེས་གནང་། དམ་ཅན་རྗེས་གནང་། སྲིན་མགོན་རྗེས་གནང་། ཞིང་སྐྱོང་རྗེས་གནང་། བེར་ཅན་དགྲ་ཆོས། སྲེག་བྱེད་མེའི་འཁོར་ལོ། གསོལ་མཆོད་འདོད་རྒུ་མྱུར་སྩོལ། བསྐང་བ་རིན་ཆེན་ཕྲེང་བ་བཅས་དང་། གྲགས་པ་དོན་གྲུབ་ཀྱི་གསུང་། མར་པའི་རྣམ་ཐར་རིན་པོ་ཆེའི་གྲུ་གཟིངས། དབང་ཕྱུག་རྡོ་རྗེའི་རྣམ་ཐར་ཕན་བདེའི་གཏེར་ཆེན་བཅས་བཞུགས་སོ། ། ག༽ པ་ལ། གྲགས་པ་དོན་གྲུབ་ཀྱི་གསུང་། ལམ་ཡིག་རྡོ་རྗེའི་ཟེགས་མ། དགེ་ཚུལ་སློང་དུ་བསྒྲུབ་པའི་ལས་ཆོག །བྱང་ཆུབ་ལམ་སྒྲོན་འགྲེལ་བ་མར་གྱི་ཉིང་ཁུ་བཅས་བཞུགས་སོ། ། ང༽ པ་ལ། གྲགས་པ་དོན་གྲུབ་ཀྱི་གསུང་། དགྱེས་རྡོར་ལྷ་དགུའི་བསྐྱེད་རིམ། ཆོས་དྲུག་དྭགས་བརྒྱུད་གྲུབ་པའི་མཛེས་རྒྱན་བཅས་བཞུགས་སོ། ། ཅ༽ པ་
ལ། གྲགས་པ་དོན་གྲུབ་ཀྱི་གསུང་། སྨན་ཆོག་ལྷན་ཐབས་ཀྱིས་བརྒྱན་པ། མི་བསྐྱོད་རྡོ་རྗེའི་ཚེ་སྒྲུབ་རྫུན་སྤོང་བ། ཕག་མོ་ལྷ་ལྔའི་མངོན་དཀྱིལ་ཚིགས་བཅད། རབ་གནས་སྙིང་པོ་བསྡུས་པ། རྟེན་རབ་ཏུ་གནས་པའི་ཆོ་ག །ཕྱག་དང་སྐོར་བའི་ལག་ལེན་བཅས་དང་། གྲགས་པ་མཆོག་དབྱངས་ཀྱི་གསུང་། རྒྱལ་ཚབ་རིམ་བྱོན་གསོལ་འདེབས། སྒྲོལ་མའི་ཟློག་པ་ནག་པོ་འགྲོ་ཤེས། བརྒྱ་བཞིའི་ཆོ་ག་བར་ཆད་ཀུན་སེལ། ཟ་བྱེད་རྡོ་རྗེ་མཁའ་འགྲོའི་ཆོ་ག །དཔལ་ལྡན་ལྷ་མོའི་མངའ་གསོལ། རྫིང་བཙན་བསང་མཆོད་བཅས་དང་། ནོར་བུ་བཟང་པོའི་གསུང་། ཀུན་རིག་སྒྲུབ་དཀྱིལ་ཐར་ལམ་གསལ་བྱེད། ཕྱག་བཞི་པའི་ཆོ་ག་ཕྲིན་ལས་མཆོག་སྩོལ། ཕྱག་བཞི་པའི་དགོངས་གསོལ། རྫིང་བཙན་གྱི་མངའ་གསོལ་བསངས་མཆོད་བཅས་དང་། ཆོས་དཔལ་བཟང་པོའི་གསུང་། ཀརྨཔ་བཅུ་གསུམ་པའི་གསོལ་འདེབས། རྒྱལ་ཚབ་རིན་པོ་ཆེའི་གསོལ་འདེབས། སྨོན་ལམ། རྩིས་ཀྱི་ལེགས་བཤད་མེ་ལོང་གཡའ་བྲལ།
ཡུལ་ལྷ་འབྲུག་རྗེའི་བསངས་མཆོད་བཅས་དང་། གྲགས་པ་ཡེ་ཤེས་ཀྱི་གསུང་། ཏིའུ་ལུང་ཐོག་བཙན་སྒེར་གསོལ། ཡུལ་ལྷ་གཞི་བདག་རྣམས་ཀྱི་བསངས་མཆོད་བཅས་དང་། བསྟན་པའི་ཉི་མའི་གསུང་། དགྲ་ལྷ་ཆེན་པོའི་མངའ་གསོལ་འདོད་རྒུ་མྱུར་བསྩོལ། བྱང་འཁྱོག་ངང་པའི་གསོལ་མཆོད་བཅས་དང་། གྲགས་པ་རྒྱ་མཚོའི་གསུང་། ཕུགས་བཙན་དང་ལྕམ་རྫོང་མའི་མཆོད་འཕྲིན་བཅས་བཞུགས་སོ། །སྨྲས་པ། སྔོན་གྱི་དུས་ནས་ད་ལྟའི་བར། །སོ་སོའི་བློ་གྲོས་ལས་བྱུང་བ། །བདེ་བའི་ལམ་དུ་འདོད་པ་ཡི། །ཆོས་ལུགས་འདྲ་མིན་སྣ་ཚོགས་ཀྱང་། །སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གནས་སྣང་མ་འདྲེས་གསལ་བྱེད་ཅིང་། །ཡང་དག་ལམ་བཟང་སྟོན་བྱེད་པ། །རྒྱལ་བའི་བསྟན་པ་ཁོ་ན་འོ། །རྒྱལ་བློན་ལོ་པཎ་བཀའ་དྲིན་གྱིས། །བོད་ཡུལ་ཆོས་ཀྱི་ཞིང་ཁམས་སུ། །ཐེག་པ་ཆེ་ཆུང་སྔགས་བཅས་པ། །ཆ་ལག་ཚང་བའི་དར་རྒྱས་བྱུང་། །ཀུན་གྱི་ཟབ་དོན་སྙིང་པོ་དག །ཚུལ་བཞིན་སྒྲུབ་པའི་
ཉམས་ལེན་གྱིས། །དངོས་གྲུབ་ཐོབ་པའི་བརྒྱུད་པ་ལ། །བཀའ་བརྒྱུད་པ་ཞེས་གྲགས་པ་ཡིན། །བཀའ་བརྒྱུད་གསེར་རིའི་ཕྲེང་བ་ལས། །སྙིང་པོའི་བསྟན་པ་འཛིན་པ་ལ། །ཁྱད་པར་འཕགས་པའི་ཕྲིན་ལས་ཅན། །རྒྱལ་ཚབ་རིམ་པར་བྱོན་པ་འོ། །གང་གི་སྐྱེ་བ་ཐམས་ཅད་དུ། །མཁྱེན་བརྩེ་ནུས་པའི་རྩལ་རྫོགས་པས། །བསྟན་དང་འགྲོ་ལ་ཕན་པའི་ཕྱིར། །གསུང་རབ་ནོར་བུའི་ཕྲེང་བ་རྒྱུས། །གང་ལས་ཇི་སྙེད་ཐོབ་པ་ཀུན། །ཚིག་དོན་གཙང་མའི་ཞུ་དག་གིས། །ཕྱོགས་གཅིག་བསྒྲིགས་པའི་པུསྟ་ཀ །དབང་པོའི་གྲངས་ནི་ལེགས་པར་གྲུབ། །འདི་ལྟར་བགྱིས་པའི་བསོད་ནམས་དཔག་མེད་ནམ་མཁའི་རྗེས་འགྲོ་གང་ཐོབ་པ། །མཐའ་ཡས་སེམས་ཅན་རྣམས་ལ་བྱང་ཆུབ་སེམས་ཀྱིས་ཡོངས་སུ་བསྔོ་བར་བགྱི། །ཀུན་ཀྱང་འཁྲུལ་སྣང་འཁོར་བའི་འཇིགས་པ་ཆེན་པོ་གཏན་དུ་རབ་ཞི་ཞིང་། །བདེ་ཆེན་ཡེ་ཤེས་རྒྱས་པ་ཐར་པའི་གོ་འཕང་བདེ་བླག་ཐོབ་གྱུར་ཅིག །ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །མི་
ནུབ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན། །ཕྲིན་ལས་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ན་རིམ་གྱི་གསུང་འབུམ་དཀར་ཆག་ཕན་བདེའི་རྒྱན་བཟང་ཞེས་པ་འདི་ཉིད། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་དང་། སྙེ་མོ་བ་བསྟན་འཛིན་ཆོས་འཕེལ་ཟུང་། རི་བོ་ཧི་མ་ལ་ཡའི་འདབས་རོལ་ཤྲི་གུ་རུ་ལ་ལྷན་འཛོམས་ཀྱིས། རྒྱལ་ཚབ་ན་རིམ་རྣམས་ཀྱི་གསུང་སྔ་རྗེས་སུ་ཐོབ་པ་ཇི་སྙེད་ཐམས་ཅད་ཕྱོགས་བསྒྲིགས་དང་ཞུ་དག་བགྱིས་པ་ལེགས་གྲུབ་བྱུང་བ་ན། བཞུགས་བྱང་དཀར་ཆག་ཅིག་ཀྱང་དགོས་གལ་ཆེ་བར་མཐོང་ནས། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ཆོ་འཕྲུལ་ཟླ་བའི་མར་ངོའི་ཚེས་ ༡༠ ཉིན་སྦྱར་བ་དགེ་ལེགས་འཕེལ།། ། ༈ ཐུགས་རྗེ་ཆེ་ཞུ། དཔལ་ཕྱག་ན་རྡོ་རྗེ་དངོས་སྣང་དྲུང་གོ་ཤྲི་རྒྱལ་ཚབ་རིན་པོ་ཆེ་ན་རིམ་གྱི་གསུང་འབུམ་ཕྱོགས་བསྒྲིགས་པུསྟ་ཀ་ལྔ་པོ་ཆོས་སྦྱིན་
པར་སྐྲུན་གྱི་སྦྱིན་བདག །རྒྱལ་བའི་བསྟན་པ་ལ་ཤེས་ནས་དད་པའི་ལྷག་བསམ་དཀར་ཞིང་། སྔོན་བསགས་བསོད་ནམས་ཀྱི་དབང་གིས་འབྱོར་པའི་སྟོབས་ཆེ་ལ་ཆོས་སྦྱིན་གྱི་ཕྱག་ཡངས་པ་སི་ཀོ་ཊ་ལིའི། ཧྲུ་ཤིན་ཆང་། ཆི་ཆེ་ཝང་། ཝེན་ཆེ་ལུའི། ཧུ་མིན་ཡུའི་ནང་མི་རྣམས་ནས་གནང་སོན་བྱུང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག །ཁོང་རྣམ་པ་ནད་མེད་ཚེ་རིང་གིས་བདེ་སྐྱིད་ཆོས་འབྱོར་གྱི་དཔལ་ལ་ལོངས་སུ་སྤྱོད་ཅིང་། བསམ་པའི་དོན་མཐའ་དག་གེགས་མེད་ཡིད་བཞིན་འགྲུབ་པའི་སྨོན་ལམ་ཞུའོ། །དཔལ་ཆེན་ཆོས་གླིང་ཤེས་གསལ་དཔེ་སྐྲུན་ཁང་ནས།
ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་ལས་བཀའ་བརྒྱུད་རིན་པོ་ཆེ་རྣམས་ལུང་བསྟན་པའི་སྐོར་རྣམས།
ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པའི་རྣམ་པར་ཐར་པ་ལས་བཀའ་བརྒྱུད་རིན་པོ་ཆེ་རྣམས་ལུང་བསྟན་པའི་སྐོར་རྣམས་བཞུགས་སོ། །
སྤྱིར་ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཀརྨ་པ་རིམ་པར་བྱོན་པ་རྣམས། འགྲོ་བ་ལྷ་དང་མིའི་གཙུག་རྒྱན་དམ་པར་གྱུར་པ། མདོ་རྒྱུད་དུ་མ་ནས་ལུང་བསྟན་ཅིང། བྱེ་བྲག་ཏུ་འཇམ་དཔལ་རྩ་རྒྱུད་ལས། མིང་ནི་ཀ་དང་མའི་ཐོག་མཐའ་ཅན། །བསྟན་པ་གསལ་བྱེད་སྐྱེས་བུ་འབྱུང༌། །ཞེས་དང༌། ཏིང་འཛིན་རྒྱལ་པོའི་མདོ་ལས་ཀྱང་། ང་འདས་ལོ་ནི་ཉིས་སྟོང་ན། །གདོང་དམར་ཡུལ་དུ་བསྟན་པ་འབྱུང༌། །སྤྱན་རས་གཟིགས་ཀྱིས་འདུལ་བར་འགྱུར། །དེའི་བསྟན་པའི་སྙིགས་མ་ལ། །བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །ཀརྨ་པ་ཞེས་བྱ་བར་འགྱུར། །ཏིང་འཛིན་དབང་ཐོབ་འགྲོ་བ་འདུལ། །
ཞེས་དང༌། ལང་ཀར་གཤེགས་པ་བསྡུས་པ་ལས། བྱང་ཆུབ་སེམས་དཔའ་སེང་གེའི་སྒྲ། །སྤྱོད་པ་མ་ངེས་འགྲོ་བ་འདུལ། །གནས་ནི་ངེས་མེད་ཀུན་ཏུ་རྒྱུ། །ཞེས་དང༌། དྭངས་སྙིགས་འབྱེད་པའི་མདོ་བསྡུས་པ་ལས། འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །ཀརྨ་པ་ཞེས་བྱ་བ་ཡི། །སྤྲུལ་སྐུ་བྱེ་བ་ཕྲག་བརྒྱ་འབྱུང༌། །ཞྭ་ནག་གོན་ནས་འགྲོ་བ་འདུལ། །ཞེས་དང༌། མངོན་པ་ལས། སྟོང་གསུམ་མི་མཇེད་འཇིག་རྟེན་འདིར། །ཐུབ་པ་གངས་ཅན་མཚོ་རྒྱལ་གྱི། །ཕྱག་གི་བུམ་པའི་ཁ་བརྒྱན་ལ། །པདྨའི་སྡོང་པོ་དགུ་བརྒྱ་ཡོད། །དཀྱིལ་མའི་ཟེའུ་འབྲུ་གཅིག་ལ་ཆགས། །ཡར་མར་དོང་རྩེ་བརྩེགས་པ་འདྲ། །
ཕར་ཚུར་ཟ་འོག་པར་གཏབ་འདྲ། །གླིང་བཞི་བྱེ་བ་ཕྲག་བརྒྱ་ན། །ཐུབ་པ་བྱེ་བ་ཕྲག་བརྒྱ་བཞུགས། །འཛམ་གླིང་བྱེ་བ་ཕྲག་བརྒྱ་ན། །ཀརྨ་བྱེ་བ་ཕྲག་བརྒྱར་སྤྲུལ། །ཅེས་གསུངས། སྙིང་རྗེ་པདྨ་དཀར་པོ་ལས། ཆོས་རྗེ་དུས་གསུམ་མཁྱེན་པ་ལུང་བསྟན་པ་ནི། བྱང་ཕྱོགས་ཀྱི་རྒྱུད་ན་དགེ་བསྙེན་དགེ་སྦྱོང་འཕེལ་ཞེས་བྱ་བ་དེ་ནི་རྫུ་འཕྲུལ་ཆེ་བ། མཐུ་ཆེ་བ། དབང་ཆེ་བར་གྲགས་པ། གསལ་བ། འཇིགས་པ་མེད་པ། མང་དུ་ཐོས་པ། ཐོས་པ་ངེས་པར་བྱེད་པ་ལ་མཁས་པ་ཞིག་འབྱུང་སྟེ། དེས་བྲམ་ཟེ་དང་ཁྱིམ་བདག་ལ་སོགས་པ་རྣམས་དགའ་བར་བྱ་བའི་ཕྱིར། རྫུ་འཕྲུལ་གྱིས་མངོན་པར་འཕགས་ནས། ཁྱིམ་བདག་ལ་སོགས་པ་རྣམས་ལ་ལམ་ཡང་དག་པར་སྟོན། ཡང་དག་པར་འཛིན་དུ་འཇུག །ཡང་དག་པར་གཟེངས་བསྟོད། ཡང་དག་པར་རབ་ཏུ་དགའ་བར་བྱེད་པ་དང༌། རྣམ་པར་དཀར་བ་དགེ་བའི་ཆོས་ལ་སྦྱོར། དགེ་བསྙེན་དགེ་སྦྱོང་འཕེལ་ཞེས་བྱ་བ་དེས། བྲམ་ཟེ་ལ་སོགས་པའི་ཁྱིམ་བདག་རྣམས་ཕལ་
ཆེར་མཐོ་རིས་དང་ཐར་པར་འདྲེན་པར་འགྱུར་རོ། །ཀུན་དགའ་བོ་དགེ་སྦྱོང་འཕེལ་ཞེས་བྱ་བ་དེས་ཀྱང༌། ངའི་བསྟན་པ་རྒྱ་ཆེར་རྒྱས་པར་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན། ཆོས་ཀྱི་རྗེ་རིན་པོ་ཆེ་ཀརྨ་པ་ཐམས་ཅད་མཁྱེན་པ་འདི་ཉིད་སྔོན་བྱུང་བ་འདས་པའི་དུས་འཇིག་རྟེན་གྱི་ཁམས་ན་རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་བྱོན་པའི་ཚེ། ཐམས་ཅད་མཁྱེན་པ་འདི་ཉིད་སའི་བདག་པོ་གསོ་སྦྱིན་དུ་གྱུར་ཏེ། ཕུན་སུམ་ཚོགས་པའི་འབྱོར་པས་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་འགྲན་དུ་བཟོད་པ། དེའི་མངའ་འོག་གི་ཆབ་སྲིད་ཀྱང་བདེ་བ། རྩོད་པ་དང་བསྐལ་པ་ངན་པ་དབེན་པ། མདོར་ན་མཐོ་རིས་ཀྱི་དཔལ་དང་ལྡན་ཞིང༌། དགེ་བཅུའི་ཁྲིམས་ཀྱིས་བདེ་བར་གནས་སོ། །རིང་ཞིག་ན་མི་ཕམ་བྱམས་པ་ནི། དེ་ཉིད་དང་སྟོབས་མཉམ་པའི་རྒྱལ་པོར་གྱུར་ཏེ། དེའི་བློན་འབངས་བློ་དམན་པ། འགའ་ཞིག་གསོ་སྦྱིན་གྱི་འབྱོར་པའི་དཔལ་ལ་ཡིད་མི་བདེ་བར་གྱུར་ཏེ། རང་ཉིད་ཀྱི་ས་སྐྱོང་ལ་ནན་གྱི་བསྙེན་ཏེ།
དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་པས། གསོ་སྦྱིན་གྱི་དཔུང་གཞོམ་པའི་ཕྱིར། དེའི་ཡུལ་འཁོར་གྱི་ཉེ་ལོགས་ཆུ་བོ་ཆེན་པོ་ཞིག་གི་འགྲམ་དུ་ཕྱིན་ཏེ། དེའི་ཚེ་གསོ་སྦྱིན་ཡང་དཔུང་ཡན་ལག་གི་ཚོགས་དང་བཅས་པ། ཡུལ་འཁོར་གྱི་མཐའ་ཆུ་བོ་ཡི་ལོགས་སུ་ཕྱིན་པ་ན། སྟོན་པ་རིན་ཆེན་གཙུག་ཏོར་ཅན་གྱིས་དེ་དག་འདུལ་བའི་དུས་ལ་བབ་པར་མཁྱེན་ཏེ། གསོ་སྦྱིན་གང་ན་བ་དེར་ཕེབས་ནས། དེའི་དཔུང་གི་ཚོགས་དེ་དག་ངོ་མཚར་བའི་གད་མོ་ཆེར་སྒྲོག་པ་ལས། ཕ་རོལ་གྱི་དམག་ཐམས་ཅད་ཐེ་ཚོམ་དུ་གྱུར་ཏེ། སའི་བདག་པོས་རང་ཉིད་ཀྱི་བློན་པོ་རྣམས་ལ་དྲིས་པ་ན། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས། གསོ་སྦྱིན་གྱི་དཔུང་གི་ཚོགས་ནང་ན་བཞུགས་པའི་རྒྱུ་ཅི་ལས་བྱུང༌། ཞེས་ཐོས་པའི་ཚེ། རྩོད་པ་ཕྱིར་ཟློག་སྟེ་འདུམ་བྱེད་པར་སེམས་སོ། །དེའི་ཚེ་གསོ་སྦྱིན་གྱིས་རྒྱལ་བ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ལ། སྔ་དྲོ་འཚོ་བའི་ཡོ་བྱད་ཀྱིས་མཆོད་དེ། སྟོན་པའི་སྤྱན་སྔར་གང་རྒྱལ་པོ་
རྣམས་ཀྱིས་ཞབས་ལ་གཏུག་པར་གྱུར་པ་གང་ལགས་ཞུས་པས། འཁོར་ལོས་སྒྱུར་བའི་རྒྱལ་པོའོ་གསུངས་པ་ན། གསོ་སྦྱིན་གྱིས་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྨོན་ལམ་བཏབ་པའི་ཚེ། དུང་གི་སྒྲ་གྲགས་པ་ལས། སྟོན་པས་མ་འོངས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་དུ་འགྱུར་བར་ལུང་བསྟན་ཅིང༌། བདེན་པ་བརྗོད་དོ། །དེའི་ཚེ་དཔུང་རྣམས་ཀྱིས་ངོ་མཚར་གྱི་སྒྲ་ཆེར་སྒྲོག་པ་ལས། ཕ་རོལ་གྱི་ས་སྐྱོང་ཐེ་ཚོམ་དུ་གྱུར་ཏེ། རང་ཉིད་ཀྱི་བློན་པོ་ལ་དྲིས་པ་ན། དེའི་རྒྱུ་མཚན་བཤད་པས། རྒྱལ་པོ་སྟོན་པའི་སྤྱན་སྔར་བྱོན་ཏེ། སྔ་དྲོ་འཚོ་བའི་མཆོད་པ་ལ་བྱོན་པའི་སྙན་གསན་ཕུལ་ཏེ། སྤྱན་དྲངས་ནས་མཆོད་ཅིང༌། འཁོར་ལོ་སྒྱུར་བའི་རྒྱལ་པོ་རྣམས་ཀྱིས་ཞབས་ལ་གཏུག་པར་གྱུར་པ་གང་ལགས། ཅེས་གསོལ་བ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་སོ་གསུངས་པའི་ཚེ། དེ་བཞིན་དུ་སྨོན་ལམ་བཏབ་པ་ན། རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་ཞེས་བྱ་བར་
ལུང་བསྟན་ཅིང༌། བདེན་པའི་ཚིག་བརྗོད་དོ། །རྒྱལ་པོ་གཉིས་ཕན་ཚུན་སེམས་བརྩེ་བས། སྟན་གཅིག་ལ་འདུག་ཅིང་ལག་སྦྲེལ་ཏེ། ཆབ་སྲིད་ལ་གནོད་པ་མེད་དོ། །མ་འོངས་པའི་དུས་སུ་ན་འཁོར་ལོ་སྒྱུར་བའི་རྒྱལ་པོ་དུང་གི་མདུན་ན་འདོན་བྲམ་ཟེ་ཚངས་སྦྱིན་གྱི་བུ་སྔ་ཚིག་བྱམས་པ་ཞེས་བྱ་བར་མཆོད་སྡོང་གི་གཏམ་ལས་བྱུང་བ་ལྟར། མཆོད་སྡོང་གཤིག་པ་ལས་ཡིད་བྱུང་སྟེ། ནགས་སུ་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ། དུང་གི་རྒྱལ་སྲིད་བདུན་པོ་ནུབ་ཅིང༌། བྱམས་པ་ལ་རབ་ཏུ་བྱུང་སྟེ། བསྟན་པ་གཅིག་ལ་སྟོན་པ་གཉིས་པར་འགྱུར་རོ། །འདི་དག་ནི་ངེས་པར་ལུང་དུ་བྱུང་ཞིང༌། སྟོན་པས་གངྒཱའི་འགྲམ་དུ་གསུངས་པའི་མཆོད་སྡོང་གི་གཏམ་ལས་རྒྱས་པར་འབྱུང་བ་བཞིན་ཤེས་པར་མཛོད་ཅིག །མདོའི་ལུང་སློབ་དཔོན་གྱིས་བསྡུས་པ་ནི། འབྲེལ་ཚད་དོན་ལྡན་སྟོབས་པོ་ཆེ། །བཅོམ་ལྡན་སེང་གེའི་མཚན་དང་ལྡན། །བྱམས་མགོན་ཐུགས་རྗེ་ཆེན་པོའི་སྲས། །འཁོར་བ་དོང་སྤྲུགས་ཞེས་
བྱ་བའི། །དུས་གསུམ་མཁྱེན་པའི་བླ་མ་འདི། །མཚན་ནི་དྷརྨ་ཀིརྟི་ཡིན། །བྱམས་པའི་བསྟན་པའི་རྗེས་ཐོག་ཏུ། །སངས་རྒྱས་སེང་གེ་ཞེས་བྱ་བར། །བསྟན་པ་རབ་ཏུ་རྒྱས་པར་འགྱུར། །ཞེས་ལུང་བསྟན། ཨེ་མ་ཧོ། སྣང་བ་མཐའ་ཡས་ཀུན་བཟང་ཀློང་། །ཐུགས་རྗེ་ཆེན་པོའི་འོད་ཟེར་གྱིས། །པདྨ་འབྱུང་གནས་དགྱེས་པར་འབྱུང༌། །སྐུ་གསུང་ཐུགས་དང་ཡོན་ཏན་དང༌། །འཕྲིན་ལས་གསུམ་པོའི་དཀྱིལ་འཁོར་ནས། །སྤྲུལ་པ་གྲངས་མེད་མཐའ་ཡས་སྤྲོས། །མཁའ་མཉམ་འགྲོ་བའི་དཔལ་དུ་བྱོན། །བྱེ་བྲག་མི་མཇེད་འཇིག་རྟེན་འདིར། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །ཁྱད་པར་འཛམ་གླིང་འཇིག་རྟེན་འདིར། །སྤྲུལ་པ་ཡང་སྤྲུལ་བསམ་མི་ཁྱབ། །རྒྱ་གར་བོད་ཡུལ་ཨུ་རྒྱན་ཡུལ། །འགྲོ་དོན་ཉི་ཟླ་ལྟ་བུར་འབྱུང༌། །སྒོས་སུ་བོད་འདིར་ཆོས་གཏེར་གྱིས། །སངས་རྒྱས་བསྟན་པ་གསལ་བྱེད་པ། །ངའི་སྤྲུལ་པ་དུ་མ་འབྱུང༌། །འགྲོ་དོན་མ་ངེས་གང་ཡང་སྤྱོད། །ངའི་གནས་མཆོག་སྦྱངས་ནས་ནི། །
ཐུགས་རྗེ་ལས་བྱུང་རྟ་མགྲིན་དབང༌། །དབྱིངས་ལ་སྤྱོད་པའི་ཕག་མོ་ཉིད། །གཉིས་མེད་ཡེ་ཤེས་མཆོག་གི་སྲས། །སྐྱེ་བ་མངལ་ནས་སྐྱེ་བ་ཡིས། །ཆོ་འཕྲུལ་སྤྱིར་ཡང་སྤྲུལ་ནས་སུ། །མི་མཇེད་ཁམས་སུ་སྤྲུལ་པ་སྟོན། །འགྲོ་དོན་ཨུ་རྒྱན་ཡུལ་དུ་མཛད། །དགོངས་པ་ལྷའི་ཡུལ་དུ་རྫོགས། །དངོས་ཉིད་འཛམ་གླིང་གདུལ་བྱ་སྐྱོང༌། །སྐྱེ་བ་བཅུ་གཅིག་རྒྱ་བོད་དུ། །མཁས་གྲུབ་རྟོགས་ལྡན་གཟུགས་བཟུང་ནས། །བསྟན་པ་ཀུན་ཏུ་དར་བ་ཡིས། །ཟབ་རྒྱས་ཆོས་ལ་ས་བོན་ཐེབས། །ཨུ་རྒྱན་ངའི་ཟབ་ཆོས་ལ། །རྩལ་དང་ཡོན་ཏན་རྫོགས་པར་སྟོན། །མ་འོངས་ལྔ་བརྒྱའི་ཐ་མ་ལ། །མ་འོངས་གདུལ་བྱ་འདུལ་བ་ཡིས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་འཕྲིན་ལས་ཀྱིས། །རྒྱ་བོད་ཧོར་གསུམ་འདུལ་བ་ཡི། །དུས་གསུམ་མཁྱེན་པ་མཚུར་ཕུ་ཞེས། །གྲགས་པ་ཀརྨའི་མིང་ཅན་འབྱུང༌། །དེ་འོག་སྐྱེ་བ་ཕྱི་མ་ལ། །མིའི་སེང་གེ་སྤྲེལ་ལོ་པ། །དཔའ་བོ་ཆེན་པོ་གཟི་མདངས་ཅན། །མི་ཐུང་མགོན་
པོའི་གཟུགས་མཛེས་པ། །རབ་བྱུང་ཆས་ལ་ཞྭ་ནག་འཛིན། སྤྱན་མིག་ཆོས་ཉིད་གྱེན་ལ་གཟིགས། །སྨེ་བ་ཡི་གེའི་ཤ་མཚན་ཅན། །གསང་བའི་མིང་ནི་གྲགས་པ་ཡིན། །རང་བྱུང་ཡེ་ཤེས་རཏྣའི་མཚན། །ཆོས་རྣམས་ཀུན་གྱི་བདག་པོར་འགྱུར། །ཡིད་བཞིན་ནོར་བུ་རིན་ཆེན་སྐུ། །གང་གིས་མཐོང་ཐོས་དྲན་རེག་ཙམ། །དོན་ཀུན་འགྲུབ་ཅིང་འབྲས་བུ་ཐོབ། །གཞན་རྐྱེན་བར་ཆད་མ་བྱུང་ན། །བརྒྱད་ཅུ་གྱ་དྲུག་བར་དུ་འཚོ། །ས་བདག་རྒྱལ་པོའི་བླ་མཆོད་བྱེད། །ཧོར་དང་སོག་པོ་ཐབས་ཀྱིས་འདུལ། །རྒྱ་ནག་སྐུའི་གདུལ་བྱར་བཀོད། །གསུང་དབྱངས་སེང་གེའི་ང་རོ་ཡིས། །བདུད་དང་མུ་སྟེགས་ཚར་བཅད་ནས། །ཟབ་དང་རྒྱ་ཆེའི་ཆོས་སྒྲ་སྒྲོག །དབུས་རྩང་ཁམས་གསུམ་གདུལ་བྱར་བཀོད། །སྐལ་ལྡན་གསོལ་བཏབ་རྒྱ་གཉེར་ནས། །སྟོང་ཕྲག་དྲུག་ཅུའི་འཁོར་ཚོགས་སྐོར། །འབུམ་ཕྲག་དྲུག་ཅུ་ཆོས་ལ་བཀོད། །བསྒོམ་བརྒྱུད་ཡོངས་ཀྱི་བསྟན་པ་འཛིན། །དུས་གཅིག་སྐྱེ་བ་ལྔ་བཟུང་
ནས། །ཞིང་ཁམས་ལྔ་ལ་དབང་བསྒྱུར་བྱེད། །ལྷན་སྐྱེས་ཡེ་ཤེས་མཆོག་རྩལ་སྦྱོངས། །ཐུགས་ཀྱི་དགོངས་པ་སྐད་ཅིག་ལ། །དཔག་མེད་འགྲོ་བ་བདེ་ལ་བཀོད། །ས་བཅུ་ལ་གནས་སེམས་དཔའ་ཆེ། །ཀུན་མཁྱེན་ཡེ་ཤེས་ངང་གིས་གསལ། །པདྨ་ང་དང་གཉིས་སུ་མེད། །འབྲེལ་ཚད་དོན་ལྡན་སྟོབས་པོ་ཆེ། །མཁའ་མཉམ་འགྲོ་བ་སྐལ་ལྡན་ལ། །གསང་གསུམ་འབྲས་བུ་ངོ་སྤྲོད་ཅིང༌། །བདེ་བ་ཆེན་པོར་འགོད་བྱེད་པའི། །བཅོམ་ལྡན་སེང་གེའི་མཚན་དང་ལྡན། །བྱམས་མགོན་ཐུགས་རྗེ་ཆེན་པོའི་སྲས། །འཁོར་བ་དོང་སྤྲུགས་ཞེས་བྱ་བའི། །བདེ་བར་གཤེགས་པས་ལུང་བསྟན་ནོ། །ཕྱིའི་ལུང་བསྟན་མདོ་ནས་གསུངས། །ནང་གི་ལུང་བསྟན་བླ་མས་གསུངས། །འདི་ནི་གསང་བའི་ལུང་བསྟན་ཡིན། །མངའ་བདག་རྗེ་བློན་ཐུགས་ལ་ཞོག །མ་འོངས་དུས་སུ་ཀུན་ལ་གྲགས། །འཛམ་གླིང་ཀུན་གྱི་རྒྱན་དུ་ཤོག །ཅེས་དང༌། སངས་རྒྱས་གླིང་པའི་གཏེར་ཁ་ལས། ལོ་ཙཱ་བ་ཡེ་ཤེས་བྱ་བ་ཁྱོད། །བོད་འདིར་
སྦས་པའི་ཚུལ་དུ་གནས། །དེ་རྗེས་སྤྱོད་པ་རླབས་ཆེན་རྣལ་འབྱོར་སྤྱོད་པ་བྱེད། །ལན་གཅིག་ཨུ་རྒྱན་མཁའ་འགྲོའི་གནས་སུ་འགྲོ་དོན་བྱེད། །ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །དབུས་ཀྱི་ས་ཆ་འདི་དག་ཏུ། །དུས་གསུམ་མཁྱེན་པ་བྱ་བ་འབྱུང་། །སྤྱོད་པ་རླབས་ཆེན་རྫུ་འཕྲུལ་སྟོན། །འགྲོ་དོན་ཁམས་ཀྱི་ས་ཆ་དག་ཏུ་འབྱུང༌། །སྐྱེ་བ་དེའི་ཕྱི་མ་ལ། །ཀརྨ་པཀྵི་བྱ་བ་འབྱུང༌། །མཐའ་དམག་འདུལ་བའི་ཕལ་ལྟར་འཁྲུངས། །ཅེས་དང༌། ཚེ་ཆུའི་ལུང་བསྟན་ལས། སྤྱན་རས་གཟིགས་ཀྱི་གསུང་གི་རྣམ་སྤྲུལ་ལས། །དགའ་ལྡན་གནས་ནས་སེམས་ཅན་དོན་དུ་འཕོས། །དང་པོའི་ས་སྤྱོད་དུས་གསུམ་མཁྱེན་ཅེས་གྲགས། །བྲམ་ཟེ་ཆེན་པོའི་ཐུགས་ཀྱི་སྲས་མཆོག་སྟེ། །དབང་རྟགས་རིགས་ཀྱི་གཅོད་པན་ཞྭ་ནག་འཛིན། །ལོ་བརྒྱ་ཉི་ཤུ་གདུལ་བྱའི་ཞིང་ཁམས་སྐྱོང༌། །དེ་ནས་དབུགས་དབྱུང༌སླར་ཡང་རྗེས་འཇུག་རྣམས། །བདེ་ལ་བཀོད་ཕྱིར་མིའི་ཆ་ལུགས་འཛིན། །ཀརྨའི་མཚན་ཅན་ཧོར་སོག་ཐམས་ཅད་འདུལ། །
རྫུ་འཕྲུལ་སྟོབས་བསྐྱེད་འགྲོ་བའི་ཁ་ལོ་སྒྱུར། །དེས་ཀྱང་ཞིང་ཁམས་ལྔ་ལ་སྤྲུལ་པ་འགྱེད། །རྗེས་འཇུག་བུ་སློབ་ཐམས་ཅད་སྐྱོང་བ་དང༌། །མངའ་རིས་བོད་འབངས་བདེ་ལ་བཀོད་པའི་ཕྱིར། །སླར་ཡང་གངས་ཅན་ཁྲོད་དུ་སྐྱེ་བ་བཞེས། །མི་ཐུང་མགོན་པོའི་གཟུགས་མཛེས་གཟི་མདངས་ཅན། །སྤྱན་ཡང་གྱེན་གཟིགས་སྨེ་ཡིག་ཤ་མཚན་སྤྲས། །རང་བྱུང་མཚན་འཛིན་མངོན་ཤེས་དྲུག་དང་ལྡན། །བརྒྱད་ཅུ་རྩ་དྲུག་བར་དུ་འགྲོ་བ་སྐྱོང༌། །དེ་ལྟར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་ནི། །སྐད་ཅིག་དྲན་པའི་ཏིང་འཛིན་གསལ་བ་ཡིས། །དགའ་ལྡན་གནས་སུ་ལན་ཅིག་དབུགས་དབྱུང་ཞིང༌། །བྱམས་མགོན་དྲུང་དུ་སེམས་བསྐྱེད་བླངས་ནས་ཀྱང༌། །དུས་མཐའི་སེམས་ཅན་རྨུ་རྒོད་འདྲེན་བྱེད་དུ། །གངས་ཅན་ཁྲོད་དུ་སྐྱེ་བ་བཞེས་ནས་ནི། །མིའི་སེང་གེ་རྣམ་མཁྱེན་མཐུ་སྟོབས་ཅན། །འདམ་སྐྱེས་འཁོར་སྐྱོན་མངལ་གྱི་དྲི་མ་དག །མངོན་ཤེས་ཐོགས་མེད་གསུང་དབྱངས་ང་རོ་ཅན། །སྤྱན་ནི་ཁྲོ་བོའི་སྟངས་སྟབས་གྱེན་
དུ་གཟིགས། །གཟི་བརྗིད་སྟོབས་ཆེན་གདུལ་བྱ་ཐམས་ཅད་འདུལ། །མཚན་བཟང་ཕལ་ཆེར་སྐུའི་རྒྱན་དུ་རྫོགས། །ཁྲོས་པའི་གཟི་མདངས་དཔྲལ་གཉེར་གྲུ་གསུམ་འབར། །རང་བྱུང་ཡེ་ཤེས་རོལ་པའི་མཚན་གསོལ་ཞིང༌། །པད་འབྱུང་ང་དང་འབྲལ་མེད་དགོངས་པ་གཅིག །རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན་བྱེད་ཅིང༌། །ཉི་མའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་ཚེ། །འགྲོ་བའི་མི་ལ་ཆོས་སྟོན་དགེ་ལ་བཀོད། །ཟླ་བའི་དཀྱིལ་འཁོར་རབ་ཏུ་རྒྱས་པའི་ཚེ། །མི་མ་ཡིན་རྣམས་འདུལ་ཆོས་སྟོན་པར་བྱེད། །སྤྱན་རས་གཟིགས་དབང་གསུང་གི་སྙིང་པོ་སྒྲོག །མཐའ་འཁོབ་རྒྱལ་པོ་དབང་དུ་བསྡུས་ནས་ཀྱང༌། །རྒྱ་བོད་ཧོར་སོགས་སྣ་ཚོགས་ཐབས་ཀྱིས་འདུལ། །སྐད་ཅིག་རེ་ལ་སེམས་ཅན་དཔག་མེད་འདྲེན། །དེ་དག་མཐོང་ཐོས་རེག་པའི་འགྲོ་བ་རྣམས། །སྐྱེ་བ་དེ་འཕོས་བྱམས་མགོན་དྲུང་དུ་སྐྱེས། །དེའི་སྨོན་ལམ་དགའ་ལྡན་གནས་ན་ཡོད། །འགྱུར་ཡང་སྐད་རིགས་མི་འདྲ་སྣ་འགའ་མཁྱེན། །དེ་ཡིས་
ཆོས་བསྟན་རང་རང་སྐད་དུ་གོ །ཞེས་དང༌། རཏྣ་གླིང་པའི་གཏེར་ཁ་ནས། བྱམས་པའི་སྤྲུལ་པ་བསྟན་པའི་རྗེས་སྐྱོང་བ། །དུས་གསུམ་མཁྱེན་པ་མཚུར་ཕུའི་ས་རུ་འབྱུང༌། །ས་ར་ཧ་ཉིད་གསང་བའི་མཛོད་འཛིན་པ། །ཀརྨ་པཀྵི་རྒྱ་ཧོར་འདུལ་བ་འབྱུང༌། །ངའི་སྤྲུལ་པ་སར་གནས་བྱང་ཆུབ་སེམས། །རང་བྱུང་རྡོ་རྗེ་བསྟན་པའི་བདག་པོ་འབྱུང༌། །རིགས་གསུམ་སྤྲུལ་པ་སར་གནས་བྱང་ཆུབ་སེམས། །ས་ཁམས་སྤྲེལ་ལོ་རྨེ་བའི་ག་ཤ་ཅན། །ཆོས་ཀྱི་གྲགས་པ་ཀརྨ་པ་ཞེས་འབྱུང༌། །ཨུ་རྒྱན་བདག་དང་བྱམས་མགོན་ས་ར་ཧ། །ཏེ་ལོ་པ་ཡིས་དེ་ལ་ཆོས་ཀྱང༌སྟོན། །ཅེས་དང༌། དེང་སང་བཙུན་པ་རྒྱལ་བ་མཆོག་དབྱངས་ཁྱོད། །ཚེ་རབས་སྔར་ནས་སེམས་བསྐྱེད་སྨོན་ལམ་བཏབ། །རྒྱལ་བའི་མཐུ་ཤུགས་ང་དང་དམ་ཚིག་འབྲེལ། །དབང་ཆེན་ལྷའི་བརྟན་ཐུབ་དབང་སྐད་སྒྲོག །སྨོན་ལམ་མཐུ་བཙན་འཁོར་བ་མ་སྟོང་བར། །འགྲོ་བའི་དོན་བརྩོན་འཛམ་གླིང་ཡོངས་ལ་ཁྱབ། །ཁྱད་པར་མ་འོངས་བསྐལ་པའི་དུས་ཞབས་
སུ། །ཤཱཀྱའི་ཞིང་ཁམས་ཁ་བ་ཅན་ལྗོངས་སུ། །སྤྱན་རས་གཟིགས་ཀྱི་འཕྲིན་ལས་སྐྱོང་བྱེད་ཅིང༌། །སྔགས་ཀྱི་རྣལ་འབྱོར་བརྟུལ་ཞུགས་ཉམས་དང་ལྡན། །མི་སྨྱོན་ཀརྨའི་མིང་འཛིན་རྒྱལ་ཁམས་ཉུལ། །ས་སྐྱོང་རྒྱལ་པོའི་མཆོད་གནས་བྱེད་པ་འབྱུང༌། །དེ་ཚེ་རིམ་བཞིན་བསྟན་པའི་མེ་རོ་སློང༌། །འགྲོ་འདུལ་ཐབས་མཁས་ཐུགས་རྗེས་སྐྱོང་བར་བྱེད། །ཅེས་གསུངས། ཡང་མ་འོངས་ལུང་བསྟན་ལས། ཡེ་ཤེས་ལྷའི་མངོན་སྤྲུལ་པ། །ཁྲོ་བོའི་གཟུགས་ཅན་རང་བྱུང་རྡོ་རྗེ་བྱ་བ་འབྱུང་། །རྒྱལ་པོའི་བླ་མཆོད་སེམས་ཅན་འགྲོ་དོན་སོགས། །མུ་སྟེགས་དྲེགས་པ་ཅན་རྣམས་ཚར་གཅོད་ཡིན། །ཅེས་དང༌། དེ་རྟིང་ཚེ་ལོ་ལྔ་བཅུའི་དུས། །ཐུགས་རྗེ་ཆེན་པོའི་རྣམ་འཕྲུལ་རོལ་པའི་རྡོ་རྗེ་བྱ་བ་འབྱུང༌། །སྟོད་སྨད་ཀུན་ཏུ་ཆོས་བཤད་ཞལ་སྟོན་འགྲོ་དོན་བྱེད། །ཅེས་དང༌། ཡང་ལུང་བསྟན་ལས། བྱང་ཆུབ་སེམས་དཔའ་རྒྱལ་བའི་སྲས་གཅིག་པོ། །བཱཻ་རོའི་སྨོན་ལམ་མཐུ་ལས་གྲུབ་པ་ཡིས། །མོས་པ་ལས་འཕོས་སྤྲུལ་
པའི་བྱང་ཆུབ་སེམས། །སྐྱེ་འཕོ་སྤངས་ཀྱང་སྐྱེ་འཕོའི་ཚུལ་དུ་སྟོན། །མདོག་དཀར་དྲི་ཞིམ་སྤྱན་གྱི་དབང་པོ་མཛེས། །ཤངས་ཀྱི་དབྱིབས་མཐོ་ཅུང་ཟད་ཞལ་འཛུམ་པ། །རེང་ཞིང་ལྡེམ་བག་དལ་བུས་ཁྱུ་མཆོག་འགྲོས། །བྱི་བའི་ལོ་པ་འགྲོ་བའི་སྐྱབས་གཅིག་པོ། །བྱང་སེམས་ཡིན་རྟགས་བླ་གཡས་སྨེ་བས་མཛེས། །བཟང་པོའམ་ནི་དཔལ་གྱི་མཚན་ཅན་ཅིག།།ཉང་ཀོང་ཕྱོགས་སམ་ཁམས་ཀྱི་ཕྱོགས་ནས་ཡོང༌། །སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་བར། །འགྲོ་འདྲེན་ཀརྨའི་བསྟན་པ་རྫོགས་མི་འགྱུར། །དེ་ལ་འདུན་བྱེད་བདེ་བ་ཅན་དུ་སྐྱེས། །སྐད་ཅིག་ཆ་ཤས་འདི་ཡི་ཞལ་མཐོང་ན། །སྐྱེ་བ་འདི་ཡི་ལས་སྒྲིབ་ངེས་པར་དག །ཐུགས་རྗེ་ཆེན་པོའི་སྤྲུལ་པ་བྱང་ཆུབ་སེམས། །ངེས་པར་འབྱུང་འགྱུར་རྗེ་འབངས་སྐྱོང་བར་བགྱིས། །དེ་ཉིད་གང་དུ་སྐྱེས་ཀྱང་ལོངས་སྤྱོད་འདུ། །ཞེས་དང༌། རཏྣ་གླིང་པའི་གཏེར་བྱང་ལུང་བསྟན་ལས། ཨེ་མ་འདི་ནས་མ་འོངས་དུས་ཀྱི་ཚེ། །ལོ་ཡང་ལྔ་བཅུ་ཁ་རལ་དུས། །ད་ལྟའི་ལང་
འགྲོ་སྐྱེ་བ་དེ། །རཏྣ་གླིང་པར་གྲགས་དེ་ཡིས། །གཏེར་འདི་བོད་ཡུལ་སྣང་བའི་དུས། །ལས་ཅན་སྐྱེས་བུ་དེ་ཉིད་ལ། །སྐལ་ལྡན་ཆོས་ཀྱི་བདག་པོ་འོང༌། །ངོ་མཚར་མཆོག་གི་བུ་ཆེན་ལྔ། །ཐུགས་སྲས་མཆོག་གི་བུ་ཆེན་བརྒྱད། །རིགས་བདག་དཀྱིལ་འཁོར་འཛིན་པ་དགུ །ལས་ཅན་ཆོས་བདག་ཉི་ཤུ་ལྔ། །དོན་གཉིས་སྤྱོད་པ་ལྔ་བཅུ་གཅིག །བཀའ་ལུང་མཐར་རྫོགས་བརྒྱ་ཕྲག་གཅིག །འབྲེལ་ཐོབ་སེར་མོ་ཁྲི་ཕྲག་ལྔ། །གྲུབ་ཐོབ་རྟོགས་ལྡན་བརྒྱ་ཕྲག་གཅིག །གཞན་ཡང་མཁའ་འགྲོའི་རིགས་འདུ་ཞིང༌། །ཞེ་དགུའི་བགེགས་དང་དེ་འོག་ཉིད། །གྲོལ་ན་ངའི་ཐུགས་སྲས་དེས། །གཏེར་སྟོན་ཡོངས་ཀྱི་གདུལ་བྱ་ལས། །ལས་ཅན་དེ་ཉིད་རྒྱས་པར་འགྱུར། །ཨེ་མ་དེ་ལྟར་ཆོས་བདག་མང་བསྟན་ཀྱང༌། །ངོ་མཚར་གསང་འདུས་ཞི་ཁྲོ་འདི། །ཁྱད་པར་ཆོས་འདི་དར་བྱེད་པ། །ས་ལ་གནས་པའི་བྱང་སེམས་འབྱུང་། །ད་ལྟའི་བཙུན་པ་མཆོག་དབྱངས་ཁྱོད། །རིག་འཛིན་དབང་ཆེན་ཡབ་ཡུམ་གྱི། །ངོ་བོ་རྣམ་
པར་འཕྲུལ་པ་དེ། །འཕྲིན་ལས་སྤྱན་རས་གཟིགས་དབང་ཉིད། །མ་འོངས་ཐ་མར་གྱུར་པ་ན། །སྤྲུལ་པ་དུ་མས་འགྲོ་བ་འདུལ། །གཅིག་ནི་དགའ་ལྡན་མི་ཕམ་དྲུང༌། །སེམས་དཔའ་ཆོས་ཀྱི་བློ་གྲོས་འགྱུར། །གཅིག་ནི་ཤར་གྱི་གླིང་དག་ན། །རྒྱལ་པོ་དགེ་བ་བློ་གྲོས་རྫུ་འཕྲུལ་ཅན། །གཅིག་ནི་ནུབ་ཕྱོགས་བདེ་ལྡན་ན། །དགེ་སློང་ཆོས་ཀྱི་གྲགས་པ་ཞེས། །དག་པའི་འཁོར་ཡང་འབུམ་ཕྲག་གཅིག །གཅིག་ནི་ནུབ་ཕྱོགས་ཨུ་རྒྱན་ན། །རྣལ་འབྱོར་རོལ་པའི་རྡོ་རྗེ་ཞེས། །བརྟུལ་ཞུགས་སྤྱོད་པ་ཀུན་ཏུ་སྐྱོང་། །དེ་སོགས་གཞན་ཡང་སྤྲུལ་པ་ནི། །རྣལ་འབྱོར་མཐོང་ལམ་ཇི་བཞིན་ནོ། །ས་ལ་གནས་པའི་བྱང་ཆུབ་སེམས། །སྤྲེའུ་ལོ་སྨེ་བའི་ག་ཤ་ཅན། །དེའི་མགྲིན་པ་ལྟོ་བ་ལའང་། །སྨེ་བ་དཀར་ནག་མཚན་མར་འབྱུང༌། །ཐབས་ཀྱི་བརླ་དང་ཐུགས་ལའང་སྲིད། །རྒྱལ་སྲས་དྷརྨ་ཀིརྟི་ཞེས། །ངེས་པར་ཨུ་རྒྱན་ངས་ལུང་བསྟན། །ཨུ་རྒྱན་བདག་དང་ས་ར་ཧ། །ཏེ་ལོ་པ་དང་མི་ཕམ་སོགས། །རྣལ་འབྱོར་དབང་ཕྱུག་
མང་པོས་ཀྱང༌། །དེ་ལ་ཆོས་ཀྱང་སྟོན་པར་བྱེད། །འབྲེལ་ཚད་དོན་ལྡན་སེམས་དཔའ་དེ། །དམ་ཚིག་སེར་གྱིས་སོ་བདུན་ལ། །ཤིན་ཏུ་གཉེན་པས་ཚེ་སྒྲུབ་འབད། །དེའི་འཕྲང་སྒྲོལ་ཞེ་བཞི་འཚོ། །རྟེན་འབྲེལ་ཀུན་ནས་ལེགས་སྒྲིགས་ཤིང་། །གཞན་རྐྱེན་སེར་གྱིས་མ་ཆོད་ན། །དྲུག་ཅུ་རེ་བཞི་བཞུགས་ཀྱང་སྲིད། །སྙིགས་མའི་འགྲོ་བ་བསོད་ནམ་དམན། །ཕལ་ཆེར་གོང་དུ་འདས་ཉེན་ཡོད། །འོན་ཀྱང་རྟེན་འབྲེལ་ཞིབ་ཏུ་རྩིས། །ཅེས་གསུངས། སངས་རྒྱས་མཁའ་འགྲོས་བྱིན་བརླབས་པའི། །རྒྱལ་སྲས་དྷརྨ་ཀརྟི་ནི། །ལུང་བྱང་རྒྱས་པར་གཞན་ནས་གསལ། །དེ་ཚེ་རྟེན་འབྲེལ་མ་འགྲིག་ན། །དེ་འོག་ཕྱི་མའི་དུས་ཀྱི་ཚེ། །ཁམས་ཀྱི་སར་གཏོགས་ལྷོའི་ཆར། །རི་བོ་མཁའ་ལྡིང་འདྲ་བའི་ཞོལ། །རྔོད་ཅེས་བྱ་བའི་ས་ཕྱོགས་སུ། །པདྨ་ངའི་རྣམ་འཕྲུལ་ཏེ། །བྱང་སེམས་ཁྱིའི་ལོ་པ་གཅིག །རང་བྱུང་མཚོ་སྐྱེས་རྡོ་རྗེ་ཞེས། །ས་ལ་གནས་པའི་བྱང་སེམས་འབྱུང༌། །ཞེས་དང༌། འགྲོ་དོན་ཀུན་ལས་
ལྷག་གྱུར་ཅིང༌། །ཞི་བ་ཐུགས་རྗེ་ཆེན་པོ་དང༌། །ཁྲོ་བོ་རྟ་མགྲིན་དཔའ་བོ་ནི། །གཉིས་མེད་སྤྲུལ་པ་ཞི་དྲག་ལྡན། །པདྨ་གཉིས་མེད་ཐུགས་ཀྱི་སྲས། །རང་བྱུང་ཡེ་ཤེས་རཏྣའི་མཚན། །ཀུན་མཁྱེན་རྒྱལ་བའི་ཁྱུ་མཆོག་གཅིག །འགྲོ་དོན་སྤྲུལ་པའི་སྐུ་ཉིད་པས། །ལྷག་ཅིང་སྟོབས་ནི་ཆེ་བ་ཉིད། །ནམ་ཞིག་ཐོག་བབ་ཚུལ་དུ་འབྱུང༌། །བཀའ་རྣམས་ཀུན་གྱི་བསྡུ་བ་མཛད། །མཐོང་ཐོས་དྲན་རེག་དོན་ལྡན་ཏེ། །འཁོར་བ་དོང་སྤྲུགས་ཞེས་བྱ་བའི། །དེ་བཞིན་གཤེགས་པར་ལུང་བསྟན་ནས། །སྤྲུལ་པ་འབུམ་ཕྲག་དུ་མར་འགྱེད། །བདེ་ཆེན་ལྷུན་གྲུབ་གཞལ་ཡས་སུ། །པདྨ་ང་དང་གཉིས་མེད་དོ། །དགོས་འབྱུང་རིན་ཆེན་ཨེ་མ་ཧོ། །ཞེས་གསུངས། རྗེ་དུས་གསུམ་མཁྱེན་པས་མ་འོངས་པའི་ལུང་བསྟན་མཛད་པ་ནི། རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་བྱང་ཤར་མཚམས་ཀརྟི་ཀའི་གྲོང་ཁྱེར་དུ། ཡབ་དྷརྨ་སིདྷི་དང༌། ཡུམ་མ་ཧཱ་པྲཛྙཱ་ཤི་ལའི་སྲས། རཏྣ་སིདྷི་ཞེས་བྱ་བའི་རྣལ་འབྱོར་པ་གཅིག་ཏུ་སྐྱེ་བ་བཞེས། སེམས་
ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས། གསུངས་པ་སོགས་ལུང་བསྟན་མང་དུ་གསུངས་པ་དང་མཐུན་པར། འགྲོ་བའི་མགོན་པོ་ཞང་གིས་འཕྲང་པོ་བྲག་གི་གཏེར་ལས་ཤོག་དྲིལ་སེར་པོ་གཅིག་བྱུང་སྟེ། དེ་ལས་ལུང་བསྟན་པ་ནི། དུས་གསུམ་མཁྱེན་པའི་བླ་མ་འདི། །མཚན་ནི་དྷརྨ་ཀིརྟི་ཡིན། །བྱམས་པའི་བསྟན་པའི་རྗེས་ཐོག་ཏུ། །སངས་རྒྱས་སེང་གེ་ཞེས་བྱ་བར། །བསྟན་པ་རབ་ཏུ་རྒྱས་པར་འགྱུར། །དྷརྨ་ཀིརྟི་ཉིད་ཡིན་ནོ། །འདི་ནས་ཚེ་འཕོས་ཕྱི་མ་ལ། །ཀརྟི་ཀའི་རྒྱལ་ཁམས་སུ། །ཁྲི་ཁྲག་དྲུག་དང་སྟོང་ཚོ་དྲུག །ཐེ་ཚོམ་མེད་པར་ཤེས་པར་གྱིས། །ཞེས་ཀྱང་བྱུང༌། ཡང་དུས་གསུམ་མཁྱེན་པ་དེ་ཉིད། མཚུར་ཕུའི་དགོན་གྱི་གཞི་གཏབ་པའི་ཚེ། མ་འོངས་པ་ན་དར་རྒྱས་སུ་འབྱུང་བའི་ལུང་བསྟན་མཛད་པ་དང༌། མདོ་ཁམས་སྟོད་སྨད་དུ་བྱོན་ནས་དགོན་པ་མང་པོའི་སྨིང་གཞི་མཛད། ཕྱིས་དར་རྒྱས་སུ་འབྱུང་བར་ལུང་བསྟན་པ་དང༌། འབྲི་ཆུ་ངོ་མཐོང་ནས་གཅིག་གིས་ངེད་ཀྱི་དགོངས་པ་རྫོགས་པར་
བྱེད་གསུང་པ་དང༌། ད་ལྟ་ཞི་བའི་ཚུལ་ལ་ཕྱིས་དྲག་པོར་འགྱུར་བར་ལུང་བསྟན་པ་སོགས་དང་མཐུན་པར། རིན་པོ་ཆེ་ཀརྨ་པཀྵི་འཛམ་བུ་གླིང་ཐམས་ཅད་དུ་གྲགས་པ། འབྲི་ཆུ་རྒྱུད་ཙག་གཏོར་སྐུ་འཁྲུངས། རིན་པོ་ཆེ་ཀརྨ་པཀྵི་ལ་རྗེ་བཙུན་མ་སྒྲོལ་མས་ལུང་བསྟན་པ་ནི། ཨེ་མ་ངོ་མཚར་མི་ཆེ་འམ། །ནཱ་རོའི་བརྒྱུད་པས་བྱིན་རླབས་ཤིང༌། །བསམ་བཞིན་སྲིད་པར་སྐུ་འཁྲུངས་ཤིང༌། །གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས། །ཟླ་འོད་གཞོན་ནུ་སེང་གེའི་སྒྲ། །ཡབ་སྲས་རྣམས་ཀྱི་རྗེས་ཞུགས་ཤིང༌། །བཀའ་བཞིན་སྒྲུབ་པའི་རྣལ་འབྱོར་པ། །གོ་ཞིང་རྟོགས་པ་འདི་ལྟར་ཤར། །སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི། །ཡན་ལག་བཅུ་གཉིས་གསུང་གི་མཛོད། །ཅེས་སོགས་ལུང་བསྟན་རྒྱས་པར་གནང༌། བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མའི་ཞལ་སྔ་ནས། གྲུབ་ཐོབ་གསུམ་གྱིས་བྱིན་གྱིས་བརླབས། །ཕྱི་ནང་གྲུབ་མཐའ་ཤན་འབྱེད་ཅིང༌། །སངས་རྒྱས་བསྟན་ལ་བྱ་བ་བྱས། །དྷརྨ་ཀིརྟི་ཞེས་བྱ་བ། །རྣལ་འབྱོར་དབང་
ཕྱུག་ཨེ་མ་ཧོ། །མཁའ་འགྲོའི་ཚོགས་ཀྱིས་དེ་སྐད་གསུངས། །ཅེས་དང༌། ཡང་འཕགས་པ་འཇམ་དཔལ་སྐུ་མདོག་སེར་པོ་ཞལ་བཅུ་གཅིག་པ། ཕྱག་སྟོང་ཡོད་པའི་ཞལ་ནས། མ་འོངས་པའི་དུས་སུ་རྒྱ་མི་ཉག་ལ་སོགས་པའི་རྒྱ་མཚོ་ལ་ཐུག་པའི་བར་དུ་ཁྱོད་ཀྱིས་འདུལ་ཞིང་གྲོལ་བར་འདུག་པའི་ཕྱིར། ཡུལ་ཁམས་འདི་རྣམས་ལྷན་སྐྱེས་ཡེ་ཤེས་སུ་བྱིན་གྱིས་བརླབ་པ་དང༌། ངེད་ཀྱིས་ཀྱང་དུས་གསུམ་དུ་བྱིན་གྱིས་བརླབས་པ་ཡིན་གསུངས་པའི་སྒྲ་སྐད་ཕྱོགས་མེད་དུ་ཐོས་པ། ཞེས་དང༌། ཡང་དཔལ་མགོན་པོའི་ཞལ་ནས། བསྟན་པ་དར་ཞིང་བསྟན་པ་རྒྱས། །ཕྱོགས་བཅུར་སྙན་པས་ཁྱབ་པར་བགྱིས། །གསུངས་པ་སྟེ། ཏྲེ་མི་ཉག་རབ་སྒང་ཤར་མ་རྫའི་སྒང་ལ་སོགས་པར། མིང་ཡོངས་སུ་གྲགས་པ་ཀརྨ་པའི་བསྟན་པ་བུ་སློབ་ཀྱིས་ཁྱབ་པར་འོང་སྟེ་མཆི། ཡང་ཀརྨ་པའི་གསུང་ལས། མིང་ཡོངས་སུ་གྲགས་པ་ཀརྨ་པ། གཞན་དང་མི་འདྲ་བར་དྲན་བཞིན་དུ་སྐྱེས། དྲན་བཞིན་དུ་གནས། དྲན་
བཞིན་དུ་འཕོ་ཞིང་འགྱུར་བ་སྣ་ཚོགས་སྟོན་ཅིང༌། ད་ཕྱིན་ཆད་ཁ་ཆེམས་དང་མ་འོངས་པའི་བྱུང་ཚུལ་མང་པོ་བཤད་ཅིང་སྟོན་དགོས་པའི་ཕྱིར། རྟོགས་ལྡན་རྣལ་འབྱོར་རང་བྱུང་རྡོ་རྗེ་འཆི་བའི་བྱེ་བྲག་ལ་ངེས་པ་མེད་དེ། སུ་ཞིག་གིས་ཤེས། དཔེར་ན་མར་མེ་འདའ་ཁར་གསལ་བ་བཞིན་དུ། མཁས་པར་འདོད་པའི་ཐེ་ཚོམ་སོལ། གྲུབ་པར་འདོད་པའི་རྡར་ཤ་གཅོད། གྲུབ་ཐོབ་ཆེན་པོ་ཨུ་རྒྱན་པ་བྱོན་པ་ལྟར། སྐལ་ལྡན་གདུལ་བྱ་མང་པོ་འབྱུང་ཞིང་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཡང་མིང་ཡོངས་སུ་གྲགས་པ་ཀརྨ་པ། སྐྱེ་བ་འདིའི་རྗེས་ལ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས། རིན་པོ་ཆེ་མཐའ་ཡས་རྣམ་པར་བཀོད་པ་ཞེས་བྱ་བར། འཁོར་ལོས་སྒྱུར་བའི་རྒྱལ་པོ་པདྨ་རྣམ་པར་རོལ་པ་ཞེས་བྱ་བར་འགྱུར་བས། ཚེ་ལོ་གྲངས་མེད་པར་བྱང་ཆུབ་ཀྱི་སྤྱོད་པ་ལ་སྤྱོད་པའོ། །ཡང་སྤྲུལ་པ་ཆ་གཅིག་དགའ་ལྡན་དུ་བྱམས་མགོན་གྱི་དྲུང་དུ། བྱང་ཆུབ་ཀྱི་སྤྱོད་པ་སྤྱོད་དེ། བྱམས་པའི་ཞལ་ནས། ང་སངས་རྒྱས་
པའི་ཚེ། ཁྱོད་བྱང་ཆུབ་སེམས་དཔའ་འོད་ཟེར་མངོན་པར་འཕྲུལ་པ་འབྱུང་གནས་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཅིང༌། སྐྱེ་བ་ཉི་ཤུ་རྩ་གཅིག་ཙམ་གྱི་བར་དུ་བྱམས་པའི་བསྟན་པ་དར་ཞིང་རྒྱས་པར་བྱེད་པ་ཡིན། སྔགས་འཆང་རང་བྱུང་རྡོ་རྗེ་འཇིག་རྟེན་འདི་ནས་མི་སྣང་བར་འགྱུར་བའི་ཚེ། འགྲོ་དྲུག་བར་དོ་བཅས་པ་རྣམས་ལ་རང་གི་རིག་པའི་ཡེ་ཤེས་སྐུ་བཞི་ངོ་སྤྲོད་ཅིང་བྱིན་གྱིས་བརླབས་པ་སྟེ། ལུས་མཐུན་པར་ནི་སེམས་སྤྲུལ། སྐད་མཐུན་པར་ནི་ཆོས་གསུང། ཁམས་མཐུན་པར་ནི་ཟས་ཀྱིས་འཚོ། སེམས་རྒྱུད་མཐུན་པར་ཏིང་ངེ་འཛིན་སྣ་ཚོགས་སྟོན། སྤྱོད་ལམ་འགྲོ་བ་ཀུན་དང་མཐུན་པར་ཀུན་ཆོས་སྤྱོད། ཀུན་ཏུ་ཁྱབ་པ་སྟེ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་པར་འབྲེལ་པ་ཅན་རྣམས་གང་དང་གང་དུ་སྐྱེ་ན་ཡང་། དེ་དང་དེར་སྐྱེ་འཆི་གཉིས་ལ་རང་དབང་ཐོབ་པའི་སློབ་དཔོན་མི་འབྱུང་མི་སྲིད་པའི་ཕྱིར། ཕྱི་མའི་མུ་མཐར་ཐུག་གི་བར་དུ། རྡོ་རྗེ་འཆང་དང་ཐ་དད་མེད་པའོ། །
དཔེར་ན་ཉི་མ་དེ་རིང་ནུབ་ཀྱང་སང་འཆར་བ་བཞིན། སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟ་བུའོ། །ཡང་གསུངས་པ། གཞན་ཡང་མ་འོངས་པའི་བྱུང་ཚུལ་བྱེ་བྲག་མང་པོ་ཤེས་ཤིང་དྲན་པར་འདུག་སྟེ། འདི་བྱུང་། འདིར་སྐྱེ་བརྗོད་པར་གྱུར་ཀྱང་མངོན་སུམ་མཚན་མ་མེད་པའི་ཕྱིར། ཡིད་ཆེས་པར་མི་འགྱུར་བའི་ཕྱིར། ཡིད་ཆེས་པ་མདོར་བསྡུས་ཞིང་མ་སྤྲོས་པའོ། །གཞན་ཡང་སེམས་དཔའ་རང་བྱུང་རྡོ་རྗེ་ཚད་མེད་པའི་ཐུགས་རྗེའི་ཕྲིན་ལས་རབ་འབྱམས་མུ་མེད་པས། ཀརྨ་པའི་ཆོས་དང་གདམས་ངག་བུ་སློབ་གདུལ་བྱའི་ཚོགས་དང་། སྐུ་གསུང་ཐུགས་ཀྱི་རྟེན་རིས་སུ་བྲིས་པ། ལུགས་སུ་བླུག་པ། འབུར་དུ་དོད་པ། ཆོས་ཁྲི་འདུག་མལ། སྐྲ་དང་སེན་མོ་ལ་སོགས་པ་རྣམས་ཀྱང་། འཛམ་གླིང་ཡུལ་ཁམས་སྣ་ཚོགས་ཁྱབ་པར་དུས་གསུམ་རྒྱུན་མི་ཆད་པར་འབྱུང་སྟེ། ཐུགས་རྗེ་ཆེན་པོའི་མཚན་ལས་ཀྱང་། བ་སྤུ་ཉག་མ་རེ་རེ་ཡང་། །སེམས་ཅན་ཀུན་གྱི་གསོས་སུ་
འགྱུར། །གསུངས་པ་བཞིན། ད་ལྟར་གྱི་མིང༌ཡོངས་སུ་གྲགས་པ་ཀརྨ་པ་ཡང༌། རླུང་སེམས་གཉིས་ལ་དབང་ཐོབ་རྩལ་རྫོགས་པའི་ཕྱིར། མཐོང་ཐོས་དྲན་ཞིང་ཏིང་ངེ་འཛིན་གར་གཏད་པའི་སར། རྟགས་དང་ཆོ་འཕྲུལ་བྱིན་རླབས་མཐའ་ཡས་པ་འབྱུང་བ་མངོན་སུམ་ཚད་མ་སྟེ། འདི་ནས་བཟུང་སྟེ་ཕྱི་མཐའི་བར། །སྨིན་གྲོལ་རྣམ་པ་སྣ་ཚོགས་འབྱུང་། །སྤྲང་པོ་ས་འོག་ཤི་གྱུར་ཀྱང་། །རྟགས་ནི་ནམ་མཁའ་ཉིད་ལས་འབྱུང་། །ལུས་ནི་སྐུ་གདུང་རིང་བསྲེལ་འགྱུར། །ཐམས་ཅད་ངོ་མཚར་དཔག་མེད་སྐྱེས། །ལུང་བསྟན་སྐྱེས་རབས་རྣམས་ཉིད་དང༌། །དབྱེར་མེད་རང་བྱུང་རྡོ་རྗེ་ནི། །ལུས་ངག་ཡིད་གསུམ་སྣང་བ་བཞིན། །སྐུ་གསུམ་སྐུ་བཞིར་ངོ་སྤྲོད་པས། །བརྒྱུད་པ་མཆོག་གྱུར་འདི་ཉིད་ལ། །སྔགས་འཆང་རྣལ་འབྱོར་དཔག་མེད་འབྱུང༌། །མཐོང་ཐོས་དྲན་པའི་སྐལ་ལྡན་རྣམས། །ཡུན་མི་རིང་བར་སྨིན་གྲོལ་འགྱུར། །དུས་གསུམ་དུས་མེད་ཐམས་ཅད་ཀྱི། །སྐལ་ལྡན་རྣམས་ཀྱིས་མཁྱེན་པར་མཛོད། །སྔགས་
འཆང་རང་བྱུང་རྡོ་རྗེ་ནི། མ་འོངས་པ་ཡི་དུས་སུ་ཡང་། འགྲོ་དོན་བསམ་གྱིས་མི་ཁྱབ་པ་འབྱུང་། བསམ་པ་བཞིན་དུ་སྲིད་པར་ཉེ་བར་ལེན་པ་ལ་སོགས་པ་ཕྱོགས་རིས་མེད་པར་བྱིན་གྱིས་བརླབས་ཤིང༌། ལས་དང་སྨོན་ལམ་གྱི་སྟོབས་ཀྱིས་འཇིག་རྟེན་ཁམས་སུ་ཁྱད་པར་སྐྱེ་ཞིང་གནས་པ། ཆུའི་ཟླ་བ་དང་མེ་ལོང་གི་གཟུགས་བརྙན་གྱི་དཔེ་བཞིན། ཀུན་ཁྱབ་དགག་སྒྲུབ་མེད་པར་ཐམས་ཅད་མཐོ་རིས་དང་ཐར་པ་ཉིད་ལ་བཀོད་ཅིང༌། མཐར་ཐུག་མ་རིག་པ་རང་རིག་པའི་ཡེ་ཤེས་སུ་ངོ་སྤྲད་བྱིན་གྱིས་བརླབས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཏེ། དེའི་ཕྱིར་རྗེ་དུས་གསུམ་མཁྱེན་པ་ཀུན་མཁྱེན་ཡེ་ཤེས་རྒྱ་མཚོ་དང༌། མིང་ཡོངས་སུ་གྲགས་པ་ཀརྨ་པ་ངོ་བོ་ཅིག་ཅིང་ཐ་དད་མེད་པར་གླེང་གཞི་གླེང་སློང་རྣམ་ཐར་མདོར་བསྡུས་པའི་ཕྱིར། མ་འོངས་པའི་གདུལ་བྱ་ལས་དང་སྨོན་ལམ་གྱི་འབྲེལ་པ་ཡོད་པ་དང་མེད་པ་རྣམས་ཀྱིས་ཀྱང་བྲིས་ཤིག །ཀློག་ཤིག །དོན་
ལ་བསམས་ཤིང་ཡིད་ལ་བགྱིས་ཤིང་། ཀུན་ལ་ཁྱབ་ཅིང་ཐོས་སུ་ཆུག །གང་དག་མི་དད་མི་མོས་ཤིང་སྒྲོ་སྐུར་འདེབས་པ་རྣམས་ཀྱང༌། ཆོས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གཉིས་སུ་མེད་ཅིང་ལྷན་ཅིག་སྐྱེས་པའི་འབྲེལ་ཐོགས་པའི་ཕྱིར་རྒྱ་མཚོ་ཆེན་པོར་ཆུ་ཐམས་ཅད་རོ་གཅིག་པའི་དཔེ་དང་འདྲའོ། །ཞེས་རྒྱ་ཆེར་འབྱུང་ངོ༌། །ཁ་བ་ཅན་ལྗོངས་བྱང་ཕྱོགས་འདིར། །ད་ལྟ་སྐྱེ་ཞིང་གནས་ཚུལ་བསྟན་པ་ཡང༌། །མ་རིག་འཁྲུལ་པའི་དབང་གིས་སྐྱེ་བ་མིན། །འཛམ་གླིང་རྒྱལ་པོ་མན་ཆོད་དང༌། །གདུལ་བྱ་རབ་འབྲིང་ཐ་མ་རྣམས། །རབ་རིབ་མ་རིག་འཁྲུལ་པའི་ལིང་ཏོག་རྣམས། །འཁྲུལ་ཚོགས་ཡེ་ཤེས་སྤྱན་ལྡན་ཞིང༌། །སངས་རྒྱས་བསྟན་པའི་ཆེ་བ་སྟོན། །རྨོངས་པ་རྣམས་ཀྱིས་མི་ཤེས་སོ། །ཞེས་གསུངས་སོ། །ཡང་ལྷ་ཆེན་འཛམ་གླིང་རྒྱན་གྱི་རབ་གནས་མཛད་པའི་ཚེ། མགོན་པོ་འཁོར་བཅས་ཀྱི་ཞལ་ནས། ལྷ་ཆེན་འདི་རྣམས་དང་ཁྱོད་ཀྱི་དགོངས་པ་ཐམས་ཅད་ངེད་ཀྱིས་
སྒྲུབས་པ་ཡིན། ད་དུང་ཡང་མ་འོངས་པའི་དུས་སུ་ཡང་། ཁྱོད་འཁྲུལ་པ་མེད་པར་བསམ་བཞིན་དུ་སྲིད་པ་ཉེ་བར་ལེན་ཅིང་ཁམས་གསུམ་ཁྱབ་པར་གདུལ་བྱ་སེམས་ཅན་རྣམས་ཀྱི་དོན་བྱེད་པར་འགྱུར་བའི་དུས་སུ་ཡང༌། ངེད་རྣམས་ཀྱིས་བསྟན་པ་སྲུང་ཞིང་བྱ་བ་སྒྲུབ་བོ། །ཞེས་ཁས་བླངས་ཤིང་དམ་བཅས་སོ། །ཡང་ད་ནི་རྗེ་དུས་གསུམ་མཁྱེན་པ་ཡབ་སྲས་ཀྱི་ཐུགས་དགོངས་རྫོགས་པར་བྱས་པ་ཡིན། འཛམ་བུའི་གླིང་འདིར་བྱ་བ་ཐམས་ཅད་རྫོགས་པར་ཚར་བ་ཡིན་ཀྱང༌། དཔེར་ན་ཉི་མ་དེ་རིང་ནུབ་ཀྱང་སང་ཉིན་འཆར་བ་བཞིན་དུ། རེ་ཞིག་འདི་ནས་མི་སྣང་བར་གྱུར་ཀྱང༌། འཕྲིན་ལས་ཀྱི་དབང་གིས་གདུལ་བྱ་རྣམས་ཀྱི་ལུས་དང་མཐུན་པར། སྤྲུལ་པའི་སྐུ་ཤེས་བྱ་ཀུན་ལ་མཁས་པ་གཅིག་ནམ་མཁའ་ལས་བྱ་བབས་པ་བཞིན་དུ་མྱུར་དུ་ཡོང་བ་ཡིན་ཨང་གསུངས། ཡང་དབོན་རིན་ཆེན་ལ་སྤྲུལ་པའི་སྐུ་འདིར་མ་བྱོན་གྱི་བར་དུ། ཁྱོད་ཀྱིས་དགེ་འདུན་གྱི་རྒན་ཤོས་གྱིས་ལ། དགོན་པ་འདིའི་མཆོད་གཉེར་དང་གྲྭ་
པའི་སྐྱོང་བྲན་གྱིས་ཤིག་གསུངས། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཞལ་ནས། རང་བྱུང་མིང་ཅན་ཡིད་ཀྱི་ཀུན་རྟོག་ལས། །འདི་ནས་མ་འོངས་ཕྱི་མའི་དུས་ཀྱི་ཚེ། །བྱང་ཆུབ་སེམས་དཔའི་རྣམ་ཐར་བཞིན། །མ་ཕམ་ཆོས་ཀྱི་བླ་མ་བཞུགས་པ་ཡི། །སྣ་ཚོགས་བཀོད་པ་ལྡན་པའི་གནས་བཞིན་དུ། །འདུན་པ་འཕངས་ཏེ་སྐྱེ་བར་བྱེད་པ་སྙམ། །དཔལ་ལྡན་ཀརྨ་པའི་ལུང་བསྟན་དུ། །མ་འོངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང༌། །བདག་ཉིད་ཆེན་པོ་བྱམས་པའི་ཆོས་འཛིན་པ། །བརྒྱུད་པ་འདི་ལས་འབྱུང་ཞེས་གང་གསུངས་པ། །དེ་དང་ཕྱོགས་མཐུན་བདག་ཀྱང་སྦྱོར་གྱུར་ཅིག །རྒྱལ་སྲས་རྣམས་ཀྱི་སྤྱོད་དང་མཐུན་པར་འཇུག །དེ་ནས་རེ་ཞིག་འོད་དཔག་མེད་པ་ཡི། །རྒྱལ་བ་དེའི་ཐུགས་རྗེ་སྐུལ་བ་དང༌། །སྤྱན་རས་གཟིགས་དབང་མཐུ་ཆེན་ཐོབ་ལ་སོགས། །རྒྱལ་སྲས་རྒྱ་མཚོ་རྣམ་པར་བལྟ་བྱེད་ཅིང༌། །དེ་དག་མཛད་དང་མཐུན་པར་འཇུག་པར་སྙམ། །བསྐལ་པ་བཟང་པོར་རྒྱལ་བ་རང་བྱུང་
བ། །དེ་བཞིན་གཤེགས་པ་སེང་གེ་ནས་བཟུང་སྟེ། །ཐ་མ་སྣང་བར་མཛད་པའི་བར་དག་ཏུ། །ཆོས་འཛིན་ཞིང་ཁམས་སྐྱོང་བར་སྨོན་ལམ་བཏབ། །ཐམས་ཅད་ཡིད་ཀྱི་གཟུགས་བརྙན་ཡིན་པའི་ཕྱིར། །དེ་དག་རྣམས་ཀྱང་འགྲུབ་པར་འགྱུར་བ་ཡིན། །རྒྱལ་བའི་སྲས་པོ་མཐུ་ཆེན་མ་སྨད་པ། །འཇམ་དཔལ་གྱི་ནི་ཞིང་གི་སྨོན་ལམ་བཞིན། །རྗེས་སུ་མཐུན་པར་ཡོངས་སུ་སྒྲུབ་བྱེད་ཅིང༌། །ཀུན་ཏུ་གཟིགས་པའི་རྒྱལ་བའང་མཐོང་བར་འདོད། །དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི། །ཞིང་ཁམས་རྒྱ་མཚོ་སྦྱོང་ཞིང་བལྟ་བ་དང༌། །རྣམ་ཐར་རྒྱ་མཚོ་མཛད་པ་ཇི་བཞིན་དུ། །ཕྱོགས་བཅུའི་ཞིང་ཁམས་ནམ་མཁའི་མཐར་ཐུག་པར། །སྒྲུབ་པར་བྱེད་པའི་སྨོན་ལམ་རབ་ལྡན་ཞིང༌། །དུས་རིང་བྱ་ཀ་སེམས་དཔའ་མེད་པ་དང༌། །ཐེ་ཚོམ་ཡིད་གཉིས་བློ་དང་བྲལ་བ་སྟེ། །རྒྱལ་བ་རྒྱ་མཚོའི་ཐུགས་དང་མཐུན་པར་འཇུག །འདི་ནས་མ་འོངས་ཚུལ་ལུགས་འབྱོན་པ་ནི། །སེམས་ཀྱི་ཀུན་རྟོག་མྱུ་གུའི་རྒྱུད་ལས་ནི། །རྣམ་དག་
འབྲས་བུ་སྒྲུབ་ཕྱིར་བྲིས་པ་ཡིན། །སྐལ་པ་དམན་ཞིང་བརྩོན་འགྲུས་ཞན་པ་དང༌། །བློ་ཆུང་རྣམས་ཀྱིས་ཐོས་ན་ཐེ་ཚོམ་སྐྱེ། །བློ་ལྡན་རྒྱལ་བའི་སྙིང་པོ་ལ་མོས་པ། །ཐེག་ཆེན་ཆོས་ཚུལ་རྟོགས་པར་གྱུར་པ་རྣམས། །དུ་བའི་རྟགས་ལས་མེ་བཞིན་ངེས་ཤེས་སྐྱེ། །འདི་ནི་རང་བྱུང་མ་འོངས་སྤྱོད་པ་ཡིན། །ཅེས་གསུངས། དྲུང་རོལ་པའི་རྡོ་རྗེ་ལ། རས་པ་སོ་དཀར་ཅན་གྱིས། ཞྭ་ནག་ཅན་དུ་ཙམ་འོང་བ་ལགས་ཞུས་པས། གང་བྱས་ཀྱང་ཉན། ཅེས་གསུངས་པ་དང༌། སླར་ཡང་ཕྱོགས་འདི་ཉིད་དུ། སྒྱུ་འཕྲུལ་གྱི་སྐུ་ཕུལ་དུ་ཕྱིན་པ་འཇུག་པ་དང༌། དུ་མས་ཇི་སྲིད་གནས་པ་དེ་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་ཚད་མེད་ཅིང་བརྗོད་དུ་མེད་པ་འབད་པ་མེད་པར་ལྷུན་གྲུབ་ཏུ་མཛད་པར་འགྱུར། ཅེས་གསུངས་སོ། །ངོ་མཚར་རྨད་དུ་བྱུང་བའི་སྤྲུལ་པའི་སྐུ་དུ་མ་རྒྱུན་ཆགས་སུ་འབྱུང་བ་ནི། མངོན་སུམ་ཚད་མ་སྟེ་ཐེ་ཚོམ་དང་བྲལ་བའོ། །ཡང་ཆོས་རྗེ་ཀརྨ་པའི་གསུང་ལས། ཐུགས་རྗེ་ཆེན་པོ་དང་མིང་ཡོངས་སུ་
གྲགས་པ་ཀརྨ་པའི་བར་ན་བརྒྱུད་པ་ཡོད་ཀྱང་ཉན་མེད་ཀྱང་ཉན། ཞེས་དང༌། ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཐོད་རྒལ་བས་འགྲོ་དོན་བྱེད་ཅེས་པ་ང་རང་ཡིན་ཞེས་སོགས་ཀྱིས། ཐུགས་རྗེ་ཆེན་པོ་ཉིད་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྤྲུལ་པར་ཆེས་ཤིན་ཏུ་གསལ་བ་ལ། དེ་བཞིན་དུ་སྔོན་རྒྱལ་པོ་གསོ་སྦྱིན་དུ་གྱུར་པའི་ཚེ། རྒྱལ་བ་རིན་ཆེན་གཙུག་ཏོར་ཅན་གྱི་དྲུང་དུ་སྨོན་ལམ་ཇི་ལྟར་མཛད་པ་བཞིན། མ་འོངས་པའི་དུས་སུ་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང་དུ་གྱུར་ནས། མགོན་པོ་བྱམས་པའི་བསྟན་པ་ལ་བྱང་ཆུབ་ཀྱི་སྤྱོད་པ་སྤྱད་པར་མཛད་ཅིང༌། སླར་ཡང་རྒྱལ་བ་སེང་གེ་སྒྲར་གྱུར་པའི་ཚུལ་དང༌། དགའ་ལྡན་ལྷའི་ལོ་ཁྲི་ཁྲག་གི་བར་དུ་གནས་པའི་བྱང་ཆུབ་སེམས་དཔའ་མཛད་དེ་བཞུགས་པ་དང༌། བྱང་ཕྱོགས་ཀྱི་གླིང་གཞན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་པདྨ་རྣམ་པར་རོལ་པ་ཞེས་བྱ་བར་སྤྲུལ་ཏེ། སེམས་ཅན་གྱི་དོན་མཛད་པ་དང༌། རྒྱལ་པོ་ཆེན་པོ་ཨིནྡྲ་བོ་དྷི་དང༌། དཔལ་ས་ར་ཧ་པ། སློབ་དཔོན་
ཆེན་པོ་པདྨ་འབྱུང་གནས། བདག་ཉིད་ཆེན་པོ་ཀརྨ་པཀྵི་སོགས་དང་ངོ་བོ་གཅིག་པར་རྒྱུ་མཚན་དུ་མ་ནས་ངེས་ཤིང༌། རང་ཉིད་ངོ་བོ་གཅིག་པ་ལ་ཐ་དད་མཐོ་དམན་དུ་མ་སྟོན་ཅིང་། དུས་མཉམ་པ་དང༌། སྔ་ཕྱིར་རྒྱུན་མི་ཆད་པར་འབྱུང་ངོ༌། །ཞེས་ལུང་བསྟན་པ་དུ་མ་དང༌། དེ་བཞིན་གཤེགས་པའི་གསུང་ལས། མ་འོངས་འཁོར་ལོས་སྒྱུར་བའི་རྒྱལ་པོ་དུང༌། །དེ་ཉིད་དྲུག་པ་སངས་རྒྱས་སེང་གེའི་སྒྲ། །བསྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པ། །དཔག་ཡས་ཡོན་ཏན་རྫོགས་ལ་ཕྱག་འཚལ་ལོ། །ཞེས་དང༌། ཡང་། སྐྱེ་མེད་རྟོགས་ནས་བསམ་བཞིན་སྐྱེ་བ་ལེན། །སྲིད་པ་ཇི་སྲིད་འཁོར་བའི་སེམས་ཅན་སྒྲོལ། །དེ་བཞིན་གཤེགས་དང་དེ་སྲས་སེམས་དཔའ་ལྟར། །མགོན་མེད་རྣམས་ཀྱི་མགོན་དུ་བདག་གྱུར་ཅིག །ཅེས་དང༌། སྐྱེ་འཆི་མེད་པ་སེམས་ལ་དབང་ཐོབ་ཀྱང༌། །དབང་མེད་འཁོར་བའི་འགྲོ་བ་སྒྲོལ་སླད་དུ། །སྙིང་རྗེའི་དབང་གིས་སྲིད་པར་ཉིང་མཚམས་སྦྱར། །སྲིད་པ་ཇི་སྲིད་མཛད་པ་རྒྱུན་
མི་ཆད། །ཅེས་གསུངས་པ་དང་མཐུན་པར། ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་གྱི་ཞལ་སྔ་ནས། ང་ནི་སྐྱེ་མེད་བརྗོད་པ་ཀུན་དང་བྲལ། །གནས་མེད་གནས་བྲལ་འཁོར་བའི་སེམས་ཅན་རྣམས། །མ་ལུས་ཐར་པའི་གནས་སུ་འདྲེན་པར་བྱ་བའི་ཕྱིར། །སྐྱེ་འགྲོ་ཀུན་གྱི་དཔལ་དུ་བདག་གྱུར་ཏོ། །ཞེས་གསུངས་སོ། །བདག་ཅག་རྣམས་ཀྱི་འདྲེན་པ་མཆོག་དམ་པར་གྱུར་པ་འདི་ཉིད་ཀྱི་ཞལ་ནས་ཀྱང༌། ན་མོ་གུ་རུ། རྡོ་རྗེ་འཆང་ལ་གསོལ་བ་འདེབས། །རྒྱལ་བས་གསུང་པའི་མདོ་རྒྱུད་ལས། །མཁྱེན་པ་གཉིས་ལྡན་ཆོས་ཀྱི་རྗེ། །གངྒཱའི་རྒྱུན་བཞིན་ཀརྨ་པ། །བཀའ་བརྒྱུད་བླ་མའི་བྱིན་རླབས་ཀྱིས། །རྒྱུན་མི་ཆད་དུ་འབྱུང་བ་ཡིན། །སྟོན་པའི་ཞལ་ཚབ་བདེ་བ་ཆེ། །སེམས་ཉིད་ཕྱག་ཆེན་ངང་དུ་ཞོག །ཅེས་ལུང་བསྟན་ཅིང་སྤྲུལ་སྐུ་རྒྱུན་མི་ཆད་དུ་འབྱོན་པ་དྲུང་ཉིད་རྣམས་ཀྱིས་ཞལ་གྱིས་བཞེས་སོ། །ཁྱད་པར་དུ་ཡང་བཀའ་བརྒྱུད་རིན་པོ་ཆེ་འདི་རྣམས་རིམ་པ་བཞིན་དུ་ལུང་བསྟན་པ་ནི་འདི་ལྟ་སྟེ། དཔལ་
བདེ་མཆོག་འཁོར་ལོ། རྡོ་རྗེ་འཕྲེང་བའི་རྒྱུད་ཀྱི་ལེའུ་དྲུག་ཅུ་རྩ་བཞི་པའི་ལེའུ་བཅུ་གསུམ་པ་ལས། བདེན་གཉིས་མཐའ་དང་བྲལ་བའི་ཏཻ་ལོ་པ། །རིག་པའི་གནས་ལྔ་དག་ལ་མཁས་པ་ནི། །དེ་བཞིན་གཤེགས་པའི་སྤྲུལ་སྐུ་ཁྱོད་ལུང་བསྟན། །ཁྱོད་ཀྱི་བླ་མ་ཐམས་ཅད་མཁྱེན་པ་ཡིན། །ཅེས་གསུངས། ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་མས་རྣལ་འབྱོར་གྱི་དབང་ཕྱུག་ཏཻ་ལོ་པ་ཆེན་པོ། ནགས་ཁྲོད་ཅིག་ཏུ་མདུན་ན་མ་ཧེའི་ཁྱུ་བཀོད། ཤིང་ཤ་པའི་སྡོང་པོ་ལ་སྐུ་རྒྱབ་གཏད། སཾ་བྷོ་རའི་ངོས་ལ་ཡི་གེ་ཡི་རིག་བྱེད་སྦྱང་ཞིང་གནས་པ་ལ། གཞོན་ནུ་ཁྱོད་ནི་སུ་ཡིན་ཡུལ་ནི་གང༌། །ཕ་དང་མ་དང་སྤུན་ཟླར་གྱུར་པ་སུ། །རྒྱབ་རྟེན་ལོ་འདབ་རྒྱས་པའི་ཤིང་འདི་ཅི། །མ་ཧེ་ཁྱུ་ཡིས་ཅི་བྱ་ཡི་གེ་ཅི། །གསུངས་པ་ལ། ཏཻ་ལོ་པས་སྨྲས་པ། འཛམ་བུས་མཚན་པའི་གླིང་འདི་ངོ་མཚར་བའི། །གྲུབ་པ་སངས་རྒྱས་བསྟན་ཡུལ་ཛ་གོ་ར། །ཉིན་མོར་བྱེད་པ་བས་ལྷག་ཡོན་ཏན་གྱི། །གཟི་ལྡན་ཡབ་ནི་རབ་གསལ་བྲམ་ཟེའི་
གཙོ། །བཙུན་མོ་དམ་པ་དཔེ་མེད་ཡོན་ཏན་གྱིས། །མངོན་པར་ཕྱུག་པའི་ལྷ་མོ་གསལ་ལྡན་མ། །སྐྱེ་དགུའི་མིག་ཏུ་མཛེས་པའི་སྒྲོན་གཅིག་པོ། །གང་དེའི་སྲིང་མོ་གསལ་བའི་སྒྲོན་མ་སྟེ། །དེ་དག་ཀུན་གྱིས་གཅེས་པར་རབ་སྐྱེད་པ། །བྲམ་ཟེའི་ཁྱེའུ་བདག་ནི་གསལ་བའི་འོད། །རྒྱབ་རྟེན་ཤ་པ་ལྗོན་པའི་དབང་པོ་སྟེ། །མ་ཧེ་འདི་དག་ཁྱིམ་གྱི་ཉེར་མཁོའི་ནོར། །ངེས་པར་ཐ་སྙད་ཀྱིས་ནི་དམ་པའི་དོན། །རབ་ཏུ་རྟོགས་བྱེད་ཕྱི་མོའི་ཡི་གེ་སྟེ། །ཐ་སྙད་ལ་བརྟེན་དམ་པའི་དོན་འཚོལ་ཞེས། །བདག་ནི་འདི་ལྟར་སྦྱངས་ལ་རྩེ་གཅིག་གོ །ཞེས་སྨྲས་པས། མཁའ་འགྲོ་མ་དེ་ཁྲོས་ནས་ལུས་ཀྱི་རྣམ་འགྱུར་དང་ཚིག་ངན་དུ་མ་ཟེར་བྱུང་བ་དང་། ཏཻ་ལོ་པས་འོ་ན་དེ་དག་གང་ཡིན་ཞུས་པ་ལ། གསུངས་པ། ཡུལ་ནི་ཤར་ཕྱོགས་ཛ་གོར་མ་ཡིན་ཨུ་རྒྱན་གནས་ཀྱི་གཙོ། །ཡབ་ནི་བྲམ་ཟེ་རབ་གསལ་མ་ཡིན་བདེ་མཆོག་འཁོར་ལོ་རྒྱལ་བའི་ཡབ། །ཡུམ་ནི་ལྷ་མོ་གསལ་ལྡན་མ་ཡིན་རྒྱལ་བ་ཀུན་ཡུམ་བཅོམ་ལྡན་མ། །སྲིང་མོ་རབ་
མཛེས་གསལ་སྒྲོན་མ་ཡིན་བདེ་གཏེར་ང་ནི་ཁྱོད་ཀྱི་སྲིང་། །ཤིང་ནི་ཤ་པའི་སྡོང་པོ་མ་ཡིན་ཡིད་བཞིན་གྲུབ་པ་ལྗོན་པའི་མཆོག །མ་ཧེ་ཁྱིམ་གྱི་ཉེར་མཁོ་མ་ཡིན་ཉམས་མྱོང་སྣ་ཚོགས་རེ་འདོད་སྦྱིན། །ཡི་གེ་ཐ་སྙད་དོན་འཚོལ་མ་ཡིན་སྙན་བརྒྱུད་ཡི་གེ་མེད་པ་མཚོན། །ཁྱོད་ནི་ཁྱེའུ་གསལ་འོད་མ་ཡིན་རིགས་ཀུན་མངའ་བདག་རྡོ་རྗེ་འཆང་། །རང་ལས་གཞན་དུ་གྲུབ་པ་མ་ཡིན་འོན་ཀྱང་གདུལ་བྱ་ལ་ལའི་ངོར། །ཀུན་ཏུ་སྒྲོད་བྱ་སྒྲོད་བྱེད་མ་ཡིན་མཉམ་པ་ཉིད་དུ་ངེས་པར་བྱ། །ཞེས་གསུངས་པས། ལུང་བསྟན་མཛད་པས། ངེས་པ་རྙེད་ནས་ཞུས་པ། ཏཻ་ལོ་པ་ཞེས་བརྗོད་པར་བྱེད་པ་བདག །བདག་ནི་རྒྱལ་བ་ཀུན་ལས་སྔར་བྱུང་སྟེ། །ཀུན་གྱི་མཐར་གནས་ཀུན་གྱི་ངོ་བོ་ཉིད། །གང་ཡང་མཆོག་ཏུ་ཟབ་ཡངས་བདེ་བ་ཡི། །ལམ་གྱིས་ཉེར་འགྲོ་སྐལ་ཅན་བཟང་པོའི་བློ། །དེ་དག་རྡོ་རྗེ་རབ་ཟབ་རྡོ་རྗེ་འཆང་སྤྱོད་ལ། །ཞུགས་པའི་ཆོས་ཕྱིར་ཁོ་བོ་འདིར་ཕྱིན་ཏོ། །ཞེས་བརྗོད་ནས་རྟོགས་པ་མཐར་ཕྱིན་པར་
གྱུར་ཏོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནཱ་རོ་པ། རྒྱུད་བདེ་མཆོག་ལས་ལུང་བསྟན་པ་ནི། གནས་ལྔ་མཁས་ཤིང་དངོས་གྲུབ་མཆོག་བརྙེས་པའི། །བཅོམ་ལྡན་ཤཱཀྱ་ཐུབ་པའི་བསྟན་པ་ལ། །མྱ་ངན་མི་འདའ་སྤྲུལ་སྐུས་འགྲོ་དོན་མཛད། །འདི་ནི་རྒྱལ་བ་ཉིད་ཀྱི་རྣམ་པར་འཕྲུལ། །ཅེས་དང༌། ཁྱད་པར་དུ་ཏཻ་ལོ་པ་ཆེན་པོས་ལུང་བསྟན་པ་ནི། ཕུ་ལ་ཧ་རིའི་དགོན་པར་ནི། །རང་གྲོལ་ཡེ་ཤེས་ཉི་མ་ཡིས། །བྷུ་ཏི་མ་རིག་མུན་སེལ་ལ། །ཡེ་ཤེས་སྣང་བས་ཁྱབ་པར་གྱིས། །གང་ཡང་སྐྱེ་བ་མེད་པ་ཡིས། །རང་རིག་རང་གསལ་ནམ་མཁའ་ལ། །དམ་ཆོས་སྤྲིན་གྱི་ཆར་རྒྱུན་གྱིས། །གདུལ་བྱའི་ལོ་ཐོག་སྨིན་པར་མཛོད། །ཁ་བ་ཅན་གྱི་བྱང་ཕྱོགས་ནས། མར་པ་ཅེས་བྱ་བ་འོང་གི །དེའི་མ་རིག་རབ་རིབ་མིག་གི་ལིང་ཏོག་བསལ། ཅེས་གསུངས་ནས་ནཱ་རོ་པ་ལ་ལུང་བསྟན་མཛད་པ་ལ། ཕྱག་འཚལ་ཏེ་གསོལ་པ། བླ་མ་དམ་པའི་བཀའ་ལུང་དང༌། །རྡོ་རྗེ་སྤུན་གྱི་གསུང་བཞིན་དུ། །མདོ་རྒྱུད་སྙིང་པོ་དོན་གྱི་བཅུད། །
ངེས་མེད་ཡུལ་དུ་བསྒྲག་པར་བྱ། །ཞེས་གསོལ་ཏོ། །ཡང་ཏཻ་ལོ་པས། བཅུ་གཉིས་ལོ་ལ་ང་ཕྱིར་འབྲངས། །ངའི་རྟོགས་པ་ཁོ་ལ་ཡོད། །ཕྱི་རབས་སྐལ་ལྡན་དོན་གཉེར་ཀུན། །རྟོགས་པར་འདོད་ན་ཁོ་ལ་དྲིས། །ཅེས་གསུངས་ནས། ལུང་བསྟན་མཛད་དོ། །སློབ་དཔོན་པདྨས། མར་པ་ལོ་ཙཱ་ལུང་བསྟན་པ་ནི། རཏྣ་གླིང་པའི་གཏེར་ཁ་ནས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན་སྤྲུལ་པ་གཅིག །མར་པ་ལོ་ཙཱ་བསྟན་པའི་བདག་པོ་འབྱུང༌། །ཞེས་དང༌། རྣལ་འབྱོར་གྱི་དབང་ཕྱུག་ནཱ་རོ་ཆེན་པོས། མར་པ་ལོ་ཙཱ་ལུང་བསྟན་པའི་ཕྱིར་ཁྲིད་ནས་པུ་ལ་ཧ་རིར་བྱོན་པ་ལ། ལམ་དུ་ཌཱ་ཀི་མ་འཇིགས་པའི་ཆ་བྱད་ཅན་མང་པོས་བར་ཆོད་བྱེད་པར་བརྩམས་པས། ནཱ་རོ་པའི་ཞལ་སྔ་ནས། བླ་མས་ལུང་བསྟན་བདག་གི་བུ། །སྣོད་ལྡན་མར་པ་བློ་གྲོས་ལ། །བདུད་ཀྱི་བར་ཆད་བརྩམས་གྱུར་པས། །བྱིན་གྱིས་རློབས་ཅིག་རྗེ་བཙུན་མགོན། །ཞེས་གསུང་མ་ཐག་ཏུ། རྗེ་བཙུན་ཆེན་པོ་ཏཻ་ལོ་པ་ཆེན་པོ་དེ་ཉིད། ཁྲོ་
བོའི་རྒྱལ་པོ་ཤིན་ཏུ་འཇིགས་པའི་ཆ་བྱད་ཅན། མཚོན་ཆ་སྣ་ཚོགས་པ་ཕྱག་ན་བསྣམས་ནས་སྔགས་ཀྱི་སྒྲ་དབྱངས་འབྲུག་སྒྲ་ལྟར་སྒྲོག་ཅིང༌། བསྐལ་པའི་མེ་དཔུང་འབར་བ་དང་བཅས་པའི་དབུས་ན་བཞུགས་པ། ནམ་མཁའ་དང་ས་གཞི་གང་བར་བསྟན་པས། ཌཱ་ཀི་མ་རྣམས་བརྒྱལ་ཞིང་འགྱེལ་བར་གྱུར་ཏེ། བརྒྱལ་སངས་པ་དང་ཐལ་མོ་སྦྱར་ཏེ་གསོལ་པ། འཇིགས་པའི་སྐུ་ལ་འཇིགས་པའི་གསུང༌། །འཇིགས་པའི་མཚོན་ཆ་མང་བསྟན་པ། །འཇིགས་ཆེན་སྐུ་ལ་སྐྱབས་སུ་མཆི། །བདག་ཅག་གནོད་སྐྱེལ་མ་ལགས་ཏེ། །བསྟན་སྲུང་བྱ་ར་བྱེད་པ་དང༌། །རྣལ་འབྱོར་རྣམས་ཀྱི་དྲོད་ཚད་ཉུལ། །ལུང་བསྟན་མར་པ་ལོ་ཙཱ་འདི། །ཡང་དག་མཐར་ཕྱིན་རྣལ་འབྱོར་ཏེ། །ཤིང་རྟའི་འཁོར་ལོ་སྤྱོད་པ་བཞིན། །པུ་ལ་ཧ་རིར་སྤྱན་དྲངས་སོ། །ཞེས་ཞུས་པས། ནཱ་རོ་པས། མར་པ་ལ་ཡེ་ཤེས་ཀྱི་ཌཱ་ཀི་མས་བླ་མ་ཏཻ་ལོ་པ་ལ་ང་ལུང་བསྟན་པ་ཡིན། ང་ལ་ཡང་བླ་མ་ཏཻ་ལོ་པས་ཁྱོད་ལུང་བསྟན་པ་ཡིན། ཁྱོད་ཀྱིས་འགྲོ་བ་ལ་ཕན་
ཐོགས་པ་ཡང་ཡོང༌། རྒྱུད་ནས་རྒྱུད་དུ་བྱིན་རླབས་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། བསྟན་པ་རྒྱས་པར་འགྱུར་བས། ཁྱོད་རྟག་ཏུ་ལས་ཀྱི་ཕྱག་རྒྱ་བརྟེན་ཅིང་སྣོད་ལྡན་སྨིན་པར་གྱིས་ཤིག །ཅེས་གསུངས། ཡང་ཕྱག་མར་པའི་སྤྱི་བོར་བཞག་ནས། སྔོན་ཚུལ་བཞིན་སྦྱངས་པའི་ལས་འཕྲོ་ཅན། །བོད་ཀྱི་མར་པ་ལོ་ཙཱ་ཁྱོད། །འཁོར་ལོས་སྒྱུར་རྒྱལ་རིན་ཆེན་མཛོད། །ཞེན་པ་རྡོ་ལ་རི་མོ་བྲིས། །རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་བརྒྱུད་ཆུ་བོའི་གཞུང་ལས་རིང༌། །སེང་གེ་ཁྱུང་གི་ཕྲུ་གུ་བཞིན། །བུ་སློབ་མ་བས་ཀྱང་ཡང་སློབ་བཟང༌། །ཐེག་ཆེན་སྙིང་པོའི་དོན་བསྡུས་ནས། །ལས་ཅན་སྨིན་དང་གྲོལ་བྱེད་པ། །སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད། །ཆོས་ཀྱི་རྒྱལ་སྲིད་བསྐོས་པའི་ཕྱིར། །ད་ནི་བོད་ཡུལ་དབུས་སུ་སོང༌། །བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །སྤོས་ཀྱི་ཤིང་རྣམས་རྒྱས་པའི་ས། །སྨན་སྣ་ཚོགས་སྐྱེ་བའི་རི་མགུལ་ན། །སྐལ་ལྡན་གདུལ་བྱ་སྣོད་ལྡན་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་
སྒྲུབས། །བུ་ཁྱོད་ཀྱི་སྐུ་དོན་འགྲུབ་སྟེ་མཆི། །སྐྱེ་བ་འདི་ཉིད་འདས་གྱུར་ནས། །མཉམ་ཉིད་བདེ་བ་ཆེན་པོའི་གནས། །འོད་གསལ་གྱི་ངང་དུ་མཇལ་བར་གྱིས། །ཞེས་གསུངས་ནས་ལུང་བསྟན་ཏེ། སླར་བོད་དུ་འབྱོན་པའི་ལམ་དུ་བལ་པོར་ནུབ་གཅིག །བླ་མ་སེན་ཏ་པ་ལ་སོགས་པའི་ཆེད་ལྕམ་རྣམས་ཀྱིས་ཚོགས་མཆོད་བྱེད་པའི་སར་ཕེབས་ཙ་ན། དེ་རྣམས་ཀྱིས་ཚོགས་མྱུར་པོར་བྱེད་དགོས། ས་གཉན་པས་བར་ཆད་འོང་དོགས་ཡོད་ཟེར་བ་ལ། ཁོང་གི་བླ་མ་ནཱ་རོ་པ་དང༌། མཻ་ཏྲི་པ་རྣམ་གཉིས་ཀྱིས་ཚོགས་འཁོར་ཇི་ལྟར་གཉན་སར་མཛད་པ་ཡིན། འདི་རྣམས་བལ་པོའི་བླ་མ་དྲག་ཤོས་ཡིན་རུང་ཡང་གཉན་ས་འཛེམ་པར་འདུག །ད་རུང་ཡང་རྒྱ་གར་དུ་འགྲོ་དགོས་དགོངས་ནས་གཟིམ་པའི་ཚེ་ཐོ་རངས་ཁར། གོས་ཤིང་ལོ་གྱོན་པའི་བུད་མེད་གཅིག །ཕྱག་གཡས་རྐྱང་མཛད་སོར་མོ་རྣམས། །མི་བདག་གི་མགོ་ལ་རེག་མཛད་དེ། །ཁྱོད་རྒྱ་གར་ཡུལ་དུ་མ་འགྲོ་བར། །ཁྱོད་བོད་ཡུལ་དབུས་སུ་སོངས་ཤིག་
གསུངས། །ལྗོངས་ཁ་བ་ཅན་དུ་མ་ཕྱིན་བར། །རྐྱེན་ཕྱི་ནང་བར་ཆད་མི་འབྱུང་ཞིང༌། །གདུལ་བྱ་སྣོད་ལྡན་ཡོད་དོ་ཞེས། །ལུང་བསྟན་བྱིན་གྱིས་བརླབས་པར་མཛད། །དེ་ཞིང་སྐྱོང་གི་ཌཱ་ཀི་ཡིན་པར་ངེས། །ཅེས་གསུངས་པས། བླ་མ་དང་མཁའ་འགྲོས་ལུང་བསྟན་པའོ། །སློབ་དཔོན་པདྨས་མི་ལ་རས་པ་ལུང་བསྟན་པ་ནི། རཏྣ་གླིང་པའི་གཏེར་ཁ་ནས། བིརྱ་ནག་པོ་སྒྲུབ་རྒྱུད་བསྟན་པ་འཛིན། །མི་ལ་ཞེས་པ་ལ་སྟོད་གུང་ཐང་འབྱུང༌། །ཞེས་གསུངས། རྣལ་འབྱོར་གྱི་དབང་ཕྱུག་མར་པ་ལོ་ཙཱས། རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པ་ལ་གདམས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་རྫོགས་པར་གནང་ནས། ལུང་བསྟན་མཛད་པ་ནི། བུ་ཁྱོད་ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་བའི་སྐྱེས་བུ་གཅིག་ཡིན་པས། གནས་གསུམ་མཁའ་འགྲོའི་ཚོགས་རྣམས་ཀྱང་ཁྱོད་ཁོ་ན་ལ་དགའ་ནས་འཚོགས་པར་འདུག་པས། རྒྱུད་པ་བདུན་ཁྱོད་རང་དང་རྟོགས་པ་མཉམ་པ་འབྱུང་ཞིང༌། རྒྱུད་པ་གཉིས་ཀྱི་ནང་
དུ་སྤྱོད་པ་རྩིང་བ་འགའ་རེ་འབྱུང་སྟེ། བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ཉམས་རྟོགས་ཀྱི་བརྒྱུད་པ་རྒྱུན་མི་ཆད་པ་འོང་བ་ཡིན་གསུངས། ཡང་ཟངས་ལུང་བཞི་པ་གཅིག་ཕུལ་བའི་ཚེ། སྦ་བེར་གྱིས་ཟངས་ལ་བརྒྱབ་ཅིང༌། ཕྱི་ནང་མེད་པར་གཟིགས་ཏེ། འབུལ་བ་འདི་རང་བཟང༌། ཟངས་འདི་ཆེ་རྒྱུ་མེད་ཀྱང་རང་ལ་མནོག །ལུང་བཞི་ཡོད་པས་ཕྱོགས་བཞིར་ཁྱབ། སྐད་བཟང་བས་སྙན་པ་ཆེ། ཕྱི་ལ་དྲེག་པ་མེད་པས་དམ་ཚིག་གཙང༌། ནང་དམར་བས་མཁའ་འགྲོ་འདུ། རྒྱུ་བཟང་བས་བརྒྱུད་པ་ཇེ་བཟང་ལ་འགྲོ། ཞེས་གསུངས་སོ། །ཡང་མི་ལས་བླ་མ་རིན་པོ་ཆེ་ལགས། སྲས་འགྲན་ཟླ་མེད་པ་དེ་ནི། གདུལ་བྱ་རྣམས་ཀྱི་བསོད་ནམས་ལ་མ་ཤོང་ནས་འདས། ད་ཆོས་བརྒྱུད་གང་གིས་འཛིན། གང་དང་གང་དུ་ཇི་ལྟར་དར་གསུང་བར་ཞུ་ཞུས་པས། བུ་ཁྱོད་རང་རྨི་ལམ་བརྟག་དང་གསལ་བར་འོང་གསུངས། དེར་རྨི་ལམ་བརྟག་པས། ཕྱོགས་བཞིར་ཀ་ཆེན་བཞི་བཙུགས་ཏེ། ཤར་གྱི་ཀ་ཆེན་དེ་མཚུར་སྟོན་དབང་ངེར་ལུང་
བསྟན། ལྷོའི་ཀ་ཆེན་དེ་རྔོག་ཆོས་རྡོར་དུ་ལུང་བསྟན། ནུབ་ཀྱི་ཀ་ཆེན་དེ་མེས་སྟོན་ཚོན་པོར་ལུང་བསྟན། དེ་རྣམས་ཀྱི་སྟེང་ན་སེང་གེ་འཕྱོ་བ་དང༌། སྟག་མོ་ངར་བ་དང༌། ཁྱུང་ཆེན་འཕུར་བ་དང༌། རྒོད་པོ་ལྡིང་བ་རྣམས་བྱུང་བ་ཞུས་པས། བླ་མས་སོ་སོར་ངོ་སྤྲད་ཅིང་བརྡའ་དོན་བཀྲོལ་བ་ལས། ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་དེ། །ཁྱོད་གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་བ་ཡིན། །བཤོག་སྒྲོ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་པ་ཐེབ་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བ་ཡིན། །བྱ་བྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །རྒོད་དེ་ལ་བུ་གཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་གཅིག་འོང་བ་ཡིན། །བུ་རྨི་ལམ་མི་ངན་རྨི་ལམ་བཟང༌། །ཞེས་གསུངས་ནས་ལུང་བསྟན་མཛད་པའོ། །མཉམ་མེད་དྭགས་པོ་རིན་པོ་ཆེ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྙིང་རྗེ་
པདྨ་དཀར་པོ་ནས་ལུང་བསྟན་ཏེ། ཇི་སྐད་དུ། ཀུན་དགའ་བོ་ང་འདས་ནས་མ་འོངས་པའི་དུས་སུ། བྱང་ཕྱོགས་རྒྱུད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བ། སྔོན་གྱི་རྒྱལ་བ་ལ་ལྷག་པའི་བྱ་བ་བྱས་པ་སངས་རྒྱས་བརྒྱ་སྟོང་མང་པོ་ལ་བསྙེན་བཀུར་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། ལྷག་པའི་བསམ་པ་བསྐྱེད་པ། ཐེག་པ་ཆེན་པོའི་ལམ་ལ་ཡང་དག་པར་ཞུགས་པ། སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་ཕྱིར་ཞུགས་པ། མང་དུ་ཐོས་པ། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ། ཐེག་པ་ཆེན་པོའི་སྔགས་པ་བརྗོད་པ། ཐེག་པ་ཆེན་པོ་ཡང་དག་པར་རབ་ཏུ་སྟོན་པ་ཞིག་འབྱུང་བར་འགྱུར་རོ། །གཞན་ཡང༌། ཚོང་དཔོན་གྱི་བུ་དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། ང་ནི་མྱ་ངན་འདས་འོག་ན། །བསྐལ་པ་ཅུང་ཟད་དམའ་བའི་དུས། །ཟས་ལ་རོ་དྲུག་ཡོད་པ་ལས། །ཁ་བ་དང་ནི་མངར་བ་དང༌། །སྐྱུར་བ་དང་ནི་ལན་ཚྭ་དང༌། །ཅུང་ཟད་འདྲེས་དང་རྩུབ་པའོ། །དེ་རྣམས་ཅུང་ཟད་ནུབ་པའི་དུས། །ཝ་ར་ན་སི་དྲང་སྲོང་ལྷུང་བ་རི་
དྭགས་ཀྱི་ནགས་སུ་སྤྱོད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་འབྱུང་བར་འགྱུར་རོ། །དེ་དང་དུས་མཉམ་ལ་བྱང་ཕྱོགས་སུ་ཐེག་པ་ཆེན་པོ་ངེས་དོན་གྱི་ཆོས་དར་བར་བྱེད་པ། དགེ་སློང་འཚོ་བྱེད་ཅེས་བྱ་བ་ཞིག་འབྱུང༌། དེའི་འཕྲིན་ལས་སྐྱོང་བ་མང་དུ་འབྱུང་བ་སྟེ། དེའི་ཚེ་སྒོམ་ཞྭ་འདི་ལྟ་བུ་གྱོན་པར་འགྱུར་རོ། །ཞེས་འབྲས་ཟན་ལ་ཞྭའི་རྣམ་པ་མཛད་དེ། འཁོར་རྣམས་ལ་བསྟན་ནས། འདིས་ནི་རྡོ་རྗེ་ཐེག་པའི་བསྟན་པ་དར་བར་བྱེད་པ་ཡིན། ཞེས་གསུངས་སོ། །གཞན་ཡང་མདོ་མང་པོ་ནས་ལུང་བསྟན་ཅིང༌། རཏྣ་གླིང་པའི་གཏེར་ཁ་ནས་ཀྱང༌། མེ་ཏོག་ཟླ་མཛེས་བྱང་སེམས་སྤྲུལ་པ་ཞིག །གདུལ་བྱའི་མངའ་བདག་དྭགས་པོ་ལྷ་རྗེ་འབྱུང༌། །ཞེས་གསུངས། ཁྱད་པར་དུ་བཀའ་བརྒྱུད་འདིའི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་དར་རྒྱས་སུ་འགྱུར་བར། རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པས་ལུང་བསྟན་པ་ནི་འདི་ལྟ་སྟེ། རྗེ་མི་ལའི་མདུན་དུ། རས་པ་རྣམས་གསུང་གླེང་བྱུང་བ་ལ། རས་ཆུང་
པས། རྗེ་བཙུན་ལྷོ་བྲག་པས་རྒྱ་གར་ནས་བདུད་རྩི་ལྟ་བུའི་གདམས་པ་ཟབ་མོ་གདན་དྲངས། བླ་མ་སྐུ་དྲིན་ཅན་རྣམས་ཀྱིས་ཐུགས་ཉམས་སུ་བཞེས། བུ་སློབ་རྣམས་ཀྱི་མགོ་ཐོན། ངེད་རང་རྣམས་ཀྱིས་ཚོགས་པ་སྐྱོང་བ་རེ་འོང༌ཐང་བ་ལ་མ་བྱུང༌། ང་སྔ་ཤོས་ཡིན་ཀྱང་སློབ་མ་ཡང་མ་མཆིས། གཞན་དུ་འགྲོ་བ་ཡང་མ་གནང༌། རང་རེ་གཞན་མིན་པ་འདྲ་བ་ཞིག་འོང༌ངམ། ཞེས་ཐུགས་ཆད་པ་འདྲ་བ་ཞིག་སྨྲས་པས། རྗེ་བཙུན་ཅུང་ཟད་མ་དགྱེས་ཏེ་གསུངས་པ། རས་ཆུང་པ་དེ་སྐད་མ་ཟེར། ང་ཡི་ཚོད་ཁྱོད་ཀྱིས་མི་ཟིན། ང་བླ་མ་ཆེན་པོའི་སྤྱན་སྔར་ཡོད་པའི་ཚེ། སློབ་དཔོན་གཞུང་པ་དང༌། ཅན་མགོ་ཡག་ལ་སོགས་ཧེ་རུ་ཀ་དངོས་ཡིན་སྙམ་པ་མང་དུ་བཞུགས་ཀྱང༌། ང་ལ་ཉིན་གཅིག་འབངས་པོ་མཐུ་ཆེན་འདིར་ཤོག་གསུངས་བྱུང་བས། ཕྱག་མཛུབ་སྙིང་གར་གཏད་དེ། ངས་རྒྱ་གར་ནས་དཀའ་ལས་མང་པོ་བྱས་པའི་ཆོས་འདིའི་བདག་པོ་ཁྱོད་ཀྱིས་གྱིས། ལས་ཅན་གྱི་སློབ་མ་འགའ་འོང་པའི་དོན་གྱིས་ལ་
ལྷག་ལུས་མེད་པའི་གདམས་པ་བྱིན། ཟས་གོས་ཀྱི་ཕྱིར་ཟབ་མོའི་གདམས་པ་མ་བྱིན། ལྷག་པར་ནོར་བསོག་ཅིང་ཆོས་ཞོར་ལ་གཏོང་བའི་མི་ལ་དམར་ཁྲིད་མ་སྐྱོང༌། ངའི་རྒྱུད་པ་འདི་བུ་ཁྱོད་ཀྱིས་འཛིན་དགོས་པ་ཡིན། གསུངས་ཏེ། དེ་བས་ན་ཁོ་བོ་ལ་སེམས་ཅན་ལ་ཕན་འདོགས་ནུས་པའི་སློབ་མ་གཅིག་ད་གཟོད་འོང་བ་ཡིན། ཡུན་རིང་པོ་བརྟེན་དགོས་པ་ཡང་མ་ཡིན་གསུངས། ཡང་རས་ཆུང་པ་ཁྱོད་རང་གདམས་པ་ཕྱིན་ཅི་མ་ལོག་པ་ཐོབ་ཀྱང་འགྲོ་བ་ལ་ཕན་པ་ཅུང་ཟད་ཆུང༌། ད་གཟོད་དབུས་པ་སྟོན་པ་གཅིག་གིས་འགྲོ་བ་མང་པོ་ལ་ཕན་ཐོགས་པ་ཡིན་གསུངས། དེ་ནས་དྭགས་པོས་མཇལ་བའི་ཚེ། ཁྱོད་ཀྱི་མིང་ཅི་ཡིན་གསུངས། བསོད་ནམས་རིན་ཆེན་བྱ་བ་ལགས་ཞུས་པས། བསོད་ནམས་བསོད་ནམས། བསོད་ནམས་ཚོགས་ཆེན་བསགས་ལས་བྱུང་། །འགྲོ་བ་ཀུན་གྱི་རིན་པོ་ཆེ། །བྱ་བ་ལན་གསུམ་གསུངས། ཆང་ཀ་པ་ལ་གང་གསོལ་ཞིང་འདུག་པ་གནང་བ། འདི་འཐུང་གསུངས་ཏེ་རྟེན་དགེ་
སློང་ཡིན་པ་དང༌། འཁོར་མང་པོ་འདུག་པས་ཅུང་ཟད་ལེན་མ་ནུས་པ་ལ། བླ་མའི་ཞལ་ནས། རྣམ་རྟོག་མ་མང་བར་འདི་འཐུང་གསུངས། ལྷག་ལུས་མེད་པར་གསོལ་བས། བརྒྱུད་པ་ཟིན་ཅིང༌གདམས་ངག་གི་སྣོད་དུ་འགྱུར་བ་མཁྱེན་ཏོ། །དེ་ནས་རས་ཆུང་པ་དང༌སེ་བན་གཉིས་འདིར་ཤོག་གསུངས་ནས། འོ་སྐོལ་ཕ་ཕད་སྟོན་པ་ལ་གླུ་གཅིག་བྱའོ་གསུངས་ནས། མགུར་གཞེངས་པ་ལས། ང་མི་ལའི་ཉམས་མྱོང་ཚིག་གསུམ་པོ། །དོན་གནད་དུ་ཟབ་པར་ཆ་མཆིས་ཀྱང༌། །བུ་སྟོན་པ་བྱུང་བས་འཆད་པ་ཡིན། །ཅེས་སོགས་མགུར་རྒྱས་པར་གསུངས་སོ། །དེ་ནས་ཆོས་ཕྱི་ནང་གི་གདམས་པ་མ་ལུས་པ་གནང་ནས། ད་ཁོ་བོ་དང་འགྲོགས་མི་དགོས་ཏེ་དབུས་ཀྱི་ཕྱོགས་སུ་སོངས་ཤིག །སྤྲུལ་པ་དང་སྒྱུར་བ་ལ་སོགས་པའི་རྫུ་འཕྲུལ་དང་མཆོག་ཐུན་མོང་གི་དངོས་གྲུབ་གཉིས་ཀ་འགྲུབ་ནས་འོང་གི །འདི་ནས་ཤར་གྱི་ཕྱོགས་སུ་སྒམ་པོ་བརྡར་གྱི་རི་བོ། རི་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུ། རྩེ་མོ་རིན་པོ་ཆེའི་པྲོག་
ཞུ་ལྟར་ཡོད་པ། ངའི་ཞྭ་འདི་ལྟ་བུ། ཤིང་སྤངས་གསེར་གྱི་མཎྜལ་ལྟ་བུ། མདུན་རི་རིན་པོ་ཆེ་སྤུངས་པ་ལྟ་བུ། རྒྱབ་རི་དར་དཀར་ཕྱར་བ་ལྟ་བུ། རི་བདུན་བློན་པོ་ཕྱག་འཚལ་བ་ལྟ་བུ་ཡོད། རི་དེའི་འགུལ་ན་ཁྱོད་ཀྱི་གདུལ་བྱ་སྣོད་དང་ལྡན་པ་འོང་བས་དེར་སོངས་ལ་འགྲོ་བ་སེམས་ཅན་གྱི་དོན་གྱིས་ཞིག །ཅེས་གསུངས་ནས་མགུར་མཛད། དེ་ནས་སྐྱེལ་ཐུང་བྱས་ནས་རྗེ་བཙུན་ཡར་བྱོན་ཏེ། སློབ་མ་རས་པ་རྣམས་བསྡུས་ནས། ལྷ་རྗེ་སྟོན་པ་དེས་སེམས་ཅན་མང་པོ་ལ་ཕན་ཐོགས་པར་འདུག །མདང་ངའི་རྨི་ལམ་ན་ཁོ་བོའི་མདུན་ནས་བྱ་རྒོད་ཆེན་པོ་གཅིག་དབུས་སུ་འཕུར་ཏེ་སོང༌། དེ་རི་ཆེན་པོ་གཅིག་གི་རྩེར་བབས་པ་ལ། ཕྱོགས་ཕྱོགས་ནས་ངང་པའི་འཁོར་མང་པོ་འདུས། དར་གཅིག་ན་སོ་སོར་གྱེས་ཏེ། ངང་པ་རེ་རེ་ལ་ཡང་ངང་གཡོག་ལྔ་བརྒྱ་ལྔ་བརྒྱ་འདུས་ཏེ། ལུང་པའི་གཤིས་ཐམས་ཅད་ངང་པས་སེར་ཉོག་གིས་གང་ནས་ཐལ་བ་རྨིས། ཁོ་བོ་རྣལ་འབྱོར་པ་ཡིན་པ་ལ། ཁོ་བོའི་རྗེས་སུ་
རབ་ཏུ་བྱུང་བ་མང་པོ་ཡོང་བར་འདུག །ལྷ་རྗེ་སྟོན་པ་དེས། སེམས་ཅན་དཔག་ཏུ་མེད་པ་ལ་ཕན་ཐོགས་པར་འདུག །ཁོ་བོས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱས་པར་འདུག་གསུངས། ཡང་ལྷ་ལྕམ་བྱ་བའི་ཡོན་བདག་མོ་གཅིག་གིས། ཁྱེད་ལ་སློབ་མ་གྲུབ་ཐོབ་ཨེ་ཡོང་ཞུས་པ་ལ། བླ་མ་མཁའ་འགྲོའི་ཚོགས་ལ་གསོལ་བ་འདེབས། །འགྲོ་དོན་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །མཁའ་འགྲོས་ལུང་བསྟན་སྤྲུལ་པའི་སྐུ། །དྭགས་པོ་ཉི་མ་འགྲོ་ལ་འཆར། །རས་ཆུང་ཟླ་བ་སྤྲུལ་པའི་སྐུ། །སྒོམ་སྟག་ཇོ་དར་ཞི་བ་འོད། །འབྲི་སྒོམ་ལ་སོགས་ཉི་ཤུ་ལྔ། །མགོ་བྱས་དེ་རྣམས་མཁའ་འགྲོས་གསུངས། །གྲུབ་ཐོབ་ལྔ་དང་རྟོགས་ལྡན་བརྒྱད། །རང་བྱུང་ཉམས་ཤར་བརྒྱ་རྩ་བརྒྱད། །ཆོས་མཐུན་སློབ་མ་སྟོང་རྩ་འོང༌། །ཆོས་འབྲེལ་ཐོགས་པ་ཁྲི་འབུམ་སྟེ། །ལག་ལེན་སྐྱོང་བ་རེ་རེ་ཙམ། །ཁྱོད་དྲི་རྟོག་བྱེད་པ་བག་ཆགས་བཟང༌། །གསུངས་ནས་ལུང་བསྟན། ཡང་མགུར་མཛད་པ། ང་མི་རྒན་ཁ་ལ་
གཏད་ཡོད་ན། །ད་སྒྲུབ་བརྒྱུད་ཀྱི་བསྟན་པ་དར་ཏེ་མཆི། །གྲུབ་ཐོབ་ཀྱང་འགའ་རེ་འབྱོན་ཏེ་མཆི། །རྣལ་འབྱོར་མི་ལ་རས་པ་དེ། །རྒྱལ་ཁམས་ཡོངས་སུ་གྲགས་ཏེ་མཆི། །ཞེས་གསུངས་ནས། བུ་ཆེན་མང་པོའི་ནང་ནས། མཆོག་གི་བུ་ཆེན་ལ་དྭགས་པོ་རིན་པོ་ཆེ་ལུང་བསྟན་པའོ། །ཞེས་དང༌། རྗེ་དྭགས་པོ་རིན་པོ་ཆེས་དཔལ་ལྡན་དུས་གསུམ་མཁྱེན་པ་ལུང་བསྟན་པ་ནི་འདི་ལྟ་སྟེ། ཐོག་མར་མཇལ་དུས། ཁམས་པ་སེ་བོ་ལྕགས་ཀྱི་གདོང་པ་ཅན། །གཏུམ་མོ་བསྒོམས་ན་གཞན་གྱིས་འགྲན་དུ་མེད། །ཅེས་གསུངས་ནས། གཏུམ་མོ་ལ་སོགས་པའི་གདམས་པ་ཐམས་ཅད་རྫོགས་པར་གནང་ནས། མཚུར་ཕུའི་དགོན་པ་ལུང་བསྟན་པ་ནི། བཅོམ་ལྡན་ཐུབ་ཆེན་ཤཱཀྱ་སེང་གེ་ཡི། །ལུང་བསྟན་རྒྱལ་སྲས་ཟླ་འོད་གཞོན་ནུ་ནི། །མཛད་པའི་འཕྲིན་ལས་བོད་འདིར་མཛད་པའི་དུས། །རྒྱལ་སྲས་བྱིན་བརླབས་སེང་གེའི་སྒྲ་དེ་ལ། །ལུང་བསྟན་མཛད་ཅིང་གནང་བ་འདི་ལྟར་མཛད། །རི་བོ་ཆེན་པོ་མཆོག་འདྲའི་
ངོས་ལ་ནི། །རྒྱལ་བ་བཞུགས་པའི་རྒྱབ་ཡོལ་པད་འདབ་ལྟར། །ཤིན་ཏུ་མཛེས་ནས་བྱམས་པའི་སྐུ་ཡོད་པ། །དེར་སོང་དངོས་གྲུབ་དམ་པ་མཆོག་ཐོབ་ཅེས། །ལུང་བསྟན་མཛད་ཅིང་རྗེས་སུ་གནང་བ་ཐོབ། །ཡང་དྭགས་པོ་རིན་པོ་ཆེས། ཁོ་བོ་ཡང་ཀཾ་པོ་གནས་ནང་དུ་འགྲོ་འདོད་པ་ལ་མ་ཕྱིན། བུ་ཁྱོད་སྒྲུབ་པ་ཁམས་ཀྱི་ཀཾ་པོ་གངས་རར་གྱིས། འགྲོ་དོན་དབུས་རྩང་ཁམས་གསུམ་དུ་ཁྱབ་པར་ཡོང་ངོ༌། །ཞེས་གསུངས་ནས་ལུང་བསྟན་མཛད་དོ། །སློབ་དཔོན་པདྨས། འགྲོ་མགོན་རས་ཆེན་ལུང་བསྟན་པ་ནི། ལུང་བསྟན་བཀའ་རྒྱ་ལས། སྔགས་ཀྱི་ཡེ་ཤེས་རྣལ་འབྱོར་མཐུ་ཆེན་པས། །རྫུ་འཕྲུལ་སྟོབས་ལྡན་སྤྲུལ་དང་སྤྲུལ་སྒྱུར་སྟོན། །རྣལ་འབྱོར་སྔགས་སྤྱོད་གྲགས་པའི་མིང་འཛིན་ཅིང༌། །བསྟན་པའི་སྲོལ་འཛིན་སྟོབས་དང་ལྡན་པ་འབྱུང༌། །ཞེས་ལུང་བསྟན། དཔལ་དུས་གསུམ་མཁྱེན་པས། འགྲོ་མགོན་རས་ཆེན་ལུང་བསྟན་པ་ནི། ཀཾ་པོ་གནས་ནང་ན་རྗེ་དུས་གསུམ་མཁྱེན་པ་བཞུགས་པ་ལ། འགྲོ་མགོན་
རས་ཆེན་པས་གསན་ནས། ཆོས་ནི་ཞུ་རྒྱུ་མེད། ཕྱག་གཅིག་འཚལ་བ་དང༌། ཀཾ་པོ་གནས་ནང་ན་ལྟད་མོ་གཅིག་བལྟ་བ་ལ་འགྲོ་དགོས་དགོངས་ནས་བྱོན་པའི་ཚེ། གནས་ནང་དུ་ཆོས་རྗེ་དང་མཇལ་བས། ཁྱོད་སྔགས་ཆུང་ཤེས་རབ་ཅན་གཅིག་འདུག །ངའི་སློབ་མ་བྱས་ན་འོང་བར་འདུག་པ་ལ་གསུངས། ཁྱེད་ལ་སློབ་མ་ཅི་འདྲ་བདོག་ཞུས་པས། འབལ་ཚ་སྟག་དེལ་བ་དང༌། འདེལ་ཆུང་སངས་རྒྱས་ལ་སོགས་པ་ཡོད། ཁྱོད་རང་དེ་རྣམ་གཉིས་ཀྱི་རྩར་སོང་གསུངས་ཏེ་བྱོན་པས། འདེལ་ཆུང་སངས་རྒྱས་དང་འཕྲད། ཁོང་ན་རེ་ཁྱོད་སྔགས་ཆུང་ཤེས་རབ་ཅན་གཅིག་འདུག །ངའི་བླ་མའི་སློབ་མ་བྱས་ན་འོང་བར་འདུག་པ་ལ། ད་ཁྱོད་རང་ངའི་གྲོགས་པོ་འབལ་ཚ་སྟག་དེལ་བའི་སར་སོང་གསུངས་ཏེ་ཕྱིན་པས། ཕུག་པ་གཅིག་ན་སྟག་ཆེན་པོ་གཅིག་ཉལ་ནས་འདུག །ཤིན་ཏུ་སྐྲག་སྟེ་བྲོས་ནས་ཕྱིན་ཏེ། རྒྱུ་མཚན་བཤད་པས། ད་རུང་སོང་དང་གསུངས་ནས་བྱོན་པས། སྟག་མེད་པར་མཚོ་ཆུང་ངུ་
གཅིག་འདུག དེ་ལ་སྐོར་བ་བྱས་ཏེ་རྡེའུ་གཅིག་གཉིས་སྐྱུར། ལོག་སྟེ་བྱོན་པ་གྲོགས་པོ་ལ་རྒྱུ་མཚན་བཤད་པས། ད་རུང་ལན་གཅིག་སོང་གསུངས་ཏེ་བྱོན་པས། མཚོ་མེད་པར་སྒོམ་ཆེན་པ་གཅིག་འདུག་སྟེ། མགོ་དང་པང་ན་སྔར་སྐྱུར་བའི་རྡེའུ་རྣམས་ཀྱང་འདུག་སྟེ། དེས་ཀྱང་སྔ་མ་བཞིན། ཁྱོད་སྔགས་ཆུང་ཤེས་རབ་ཅན་ཅིག་འདུག །ངའི་བླ་མའི་སློབ་མ་བྱས་ན་འོང་བར་འདུག་པ་ལ། ཞེས་ཟེར་བས། སློབ་མ་ལ་ཡང་ཡོན་ཏན་འདི་ལྟ་བུ་སྣང་བ་ལ། བླ་མ་ནི་ལྟ་སྨོས་ཀྱང་ཅི་དགོས་བསམས་ནས་དད་པ་དཔག་ཏུ་མེད་པ་སྐྱེས་ནས། ཆོས་ཞུས་ཏེ། ལོ་བདུན་དབུ་ས་ལ་མི་ཕེབ་པར་དམ་བཅའ་མཛད་དེ། ཐུགས་དམ་ཕུ་ཐག་བཅད། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། དབུས་པ་རྙེད་པ་འཚོལ་བ་གཅིག་ལ་ཁྱོད་དང་བཀའ་གདམས་པ་གཉིས་རྙེད་པ་ཆེ་གསུངས། བླ་མ་རས་ཆེན་པ་ཁྱོད་ད་ལྟ་སྐྱིད་པ་ཡིན། གཡེང་བ་མེད་པར་གཅིག་པུར་བསྒོམ་པས་ཆོག་སྙམ་ཙ་ན། གཡེང་བས་སྡོད་དུ་མི་སྟེར་བའི་གྱོད་གཅིག་སྣང་ལ་
ད་གཟོད་ཁྱོད་ལ་འོང་གསུངས་ཏེ། ཇི་ལྟར་གསུང་པ་བཞིན་ཕྱིས་གདུལ་བྱ་རྒྱ་ཆེན་པོ་དང༌། སྐུ་བསོད་བསམ་གྱིས་མི་ཁྱབ་པ་གཅིག་པོར་བཞུགས་དབང་མེད་པ་འབྱུང་བ་ལུང་བསྟན་མཛད་པ་ལྟར་རོ། །སློབ་དཔོན་པདྨས་སྤོམ་བྲག་པ་བསོད་ནམས་རྡོ་རྗེ་ལུང་བསྟན་པ་ནི། ད་ལྟའི་རྣལ་འབྱོར་ལོ་ཀྱི་ཆུང་བ་ཁྱོད། །སྨོན་ལམ་ཤུགས་ཀྱིས་སྦྱངས་པའི་ལས་སད་དེ། །དེང་སང་མངའ་བདག་ཐུགས་སྲས་སླད་ཀྱི་ཚེ། །མི་འགྱུར་ལྷུན་པོའི་གནས་བརྟན་ཆོས་ཁྲིམས་བདག །སྐྱེ་རྒྱུད་བདུན་ཕྲག་གསུམ་དུ་བྱེད་པ་དེ། །བར་ཚིག་ཞིག་རལ་གསོ་བྲན་བརྩོན་བྱེད་པ། །བསོད་ནམས་མིང་འཛིན་ལོངས་སྤྱོད་ཕུན་སུམ་ཚོགས། །མངའ་རིས་ཆུ་སྲིད་ལེགས་པའི་དཔལ་དང་ལྡན། །བག་བྲོ་ལྷུན་ཆགས་གཟི་བརྗིད་ལྡན་པ་འབྱུང༌། །ཞེས་དང༌། རྗེ་འགྲོ་བའི་མགོན་པོ་རས་པ་ཆེན་པོའི་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་སྟེ། རིན་པོ་ཆེ་སྤོམ་བྲག་པ་ལོ་བཞི་ལོན་པའི་དུས་སུ། མཚན་ཐོས་པ་ཙམ་གྱིས་ཏིང་ངེ་འཛིན་
རྒྱུད་ལ་སྐྱེས། ནུབ་གཅིག་རྨི་ལམ་ན་བུད་མེད་དམར་མོ་བོང་གེ་རིང་བ་གཅིག་ལ་བུ་མོའི་ཚོགས་ཀྱིས་སྐོར་བ་གཅིག་གི་ཞལ་ནས། བུ་ཁྱོད་ཀྱི་བླ་མ་དྭགས་པོ་བྷཻ་ཆུང་གི་སྐྱེ་བ་བླ་མ་རས་ཆེན་པ་ཡིན་ཞེས་ལུང་བསྟན་པ་བྱུང༌། དེ་ནས་ཞལ་མཇལ་ནས་དབང་བསྐུར་གཅིག་ཞུས་པའི་ཚེ། བླ་མའི་ཞལ་ནས་བཙུན་ཆུང་འདིས་ངའི་དབང་བསྐུར་ཐོབ་པ་ཡིན་གསུངས་ཏེ། ཆོས་ཐམས་ཅད་རྫོགས་པར་གནང་། དེ་རྗེས་ཞི་བར་གཤེགས་ཁར་བཀའ་བརྒྱུད་ཀྱི་བསྟན་པ་གང་གིས་འཛིན་ཞུས་པས། ངའི་སློབ་མ་ཀུན་ལ་རང་མགོ་ཐོན་ཙམ་རེ་ཡོད། ཁྱད་པར་བློ་གྲོས་རིན་ཆེན་དང་ཁྱོད་གཉིས་ལ་བསྟན་པའི་བདག་པོ་རེ་བ་ཡིན། དེ་ཡང་ཁྱོད་ལ་འཕྲིན་ལས་རྒྱ་ཆེན་པོ་འབྱུང་བ་ཡིན། ཁྱོད་ཀྱི་བུ་སློབ་ཀྱི་རིང་ལ་ཡང་བསྟན་པ་ཕྱོགས་མེད་དུ་རྒྱས་པ་ཡིན་གསུངས། དེའི་རྗེས་སུ་འགྲོ་བའི་མགོན་པོ་རས་ཆེན་པ་སངས་རྒྱས་ཤཱཀྱ་ཐུབ་པར་གྱུར་པ་ལ། སངས་རྒྱས་དཔག་ཏུ་མེད་པས་སྐོར་བ་ཞལ་གཟིགས། བླ་མ་ལ་ཞུས་
པས། ཁྱོད་ལ་བསྟན་པའི་བདག་པོ་འབྱུང་འདོད་པའི་རྟགས་ཡིན་གསུངས་ནས་ལུང་བསྟན་མཛད། རིན་པོ་ཆེ་སྤོམ་བྲག་པ་ཞི་བར་གཤེགས་ཁར་ཀརྨ་པཀྵི་ལ་ལུང་བསྟན་མཛད་པ་ནི། ཁོ་བོས་དཔལ་ལྡན་དུས་གསུམ་མཁྱེན་པ་ཡབ་སྲས་ཀྱི་བསྟན་པ་ལ་ཞབས་ཏོག་བྱ་དགོས་སྙམ་ནའང༌། ཁོ་བོའི་རིང་ལ་རྒྱ་ཆེན་པོ་མ་གྲུབ། ད་ཁྱོད་ཀྱི་རིང་ལ་རྒྱ་ཆེན་པོ་འབྱུང་བར་འདུག་པས། མཚུར་ཕུ་མན་ཆད་དུ། རྗེ་དུས་གསུམ་མཁྱེན་པ་ཡབ་སྲས་ཀྱི་བསྟན་པ་དེ་ཁྱོད་ཀྱི་ཁུར་ཡིན། ཅེས་གསུངས། རིན་པོ་ཆེ་ཀརྨ་པས་ཞུས་པ། ཁོ་བོ་ལ་རྗེ་བཙུན་ཙམ་གྱི་འཕྲིན་ལས་འབྱུང་ན་རབ་ཡིན་ཏེ། དེ་བས་ཆེ་བ་ཨེ་ཡོང་ངམ་ཞུས་པས། བཀའ་བརྒྱུད་འདིའི་བྱིན་རླབས་ཀྱིས། སློབ་དཔོན་ལས་སློབ་མ་འཕྲིན་ལས་ཆེ་བར་འགྱུར་ཞིང༌། ཁོ་བོ་ཡན་ཆད་ཀྱི་བཀའ་བརྒྱུད་རིན་པོ་ཆེ་ཐམས་ཅད་ཀྱི་འཕྲིན་ལས་ཁྱོད་གཅིག་བུ་ལ་བརྟེན་ནས་འབྱུང་བར་འདུག །ཅེས་གསུངས་ནས་ལུང་བསྟན་ནོ། །སངས་རྒྱས་གླིང་པའི་གཏེར་
ཁ། ལུང་བསྟན་བཀའ་རྒྱ་ལས། གྲུབ་ཆེན་ཨུ་རྒྱན་པ་ལུང་བསྟན་པ་ནི། རྣལ་འབྱོར་དབང་ཕྱུག་འདན་མ་རྩེ་མང་ཁྱོད། །ཚེ་རབས་ལས་བཟང་འདིར་བཟང་ཕྱི་མའང་བཟང༌། །སྙིགས་དུས་ལ་སོགས་དུས་སྐབས་ནམ་དུ་ཡང༌། །དགོངས་པ་མི་གཡོ་ཟག་མེད་ཏིང་འཛིན་གནས། །ཐུགས་རྗེའི་ཟེར་ལྡན་སྨོན་འཇུག་འགྲོ་བ་སྐྱོང༌། །སྤྲུལ་པའི་ལུས་ཀྱིས་འཛམ་གླིང་བསྟན་པ་འཛིན། །རི་ཁྲོད་དབང་ཕྱུག་དཔལ་གྱི་མིང་འཛིན་པ། །རྫུ་འཕྲུལ་མངོན་སུམ་མཁའ་ལ་བྱ་ལྟར་ལྡིང༌། །མཐོང་ཐོས་རེག་གྲོལ་སྐྱབས་སྦྱིན་མཆོག་དང་ལྡན། །དེ་ནས་རིམ་བཞིན་བསྟན་པའི་མཐར་ཐུག་པར། །རྫུ་འཕྲུལ་སྟོབས་མངའ་འགྲོ་དོན་སྐྱོ་དུབ་མེད། །ཅེས་དང༌། རཏྣ་གླིང་པའི་གཏེར་ཁ་ནས། ནག་པོ་སྤྱོད་པ་གིས་གཏད་རྣལ་འབྱོར་སྤྲུལ། །ཨུ་རྒྱན་པ་ཞེས་བརྟུལ་ཞུགས་རླུང་ལྟར་འཕྱོ། །ཞེས་དང༌། ཆོས་ཀྱི་རྗེ་རིན་པོ་ཆེ་ཐམས་ཅད་མཁྱེན་པ་ཀརྨ་པས་རྒྱལ་བ་ཨོ་རྒྱན་པ་ལ། རྒྱལ་བ་རྒྱ་མཚོ། སྐུ་གསུམ་ངོ་སྤྲོད་ལ་སོགས་པའི་གདམས་
པ་མང་པོ་དང༌། དབུ་ཞྭ་ཞྭ་ནག་གཅིག་ཀྱང་གནང་སྟེ། མ་འོངས་པ་ན་བླ་མ་མཛད་དགོས་པའི་ལུང་བསྟན་དང་། ལུང་བསྟན་མང་དུ་མཛད་ཅིང༌། ཐུགས་སྲས་དམ་པར་གྱུར་ཏོ། །ཡང་སྐབས་ཅིག་ཏུ་མདུན་གྱི་ནམ་མཁར་བཅོམ་ལྡན་འདས་རྒྱལ་བ་ཤཱཀྱའི་རྒྱལ་པོ་སྐྱེས་མཆོག་བྱོན་པའི་ཐུགས་ཁ་ནས། འོད་དཔག་ཏུ་མེད་པ་བྱུང་སྟེ་རང་གི་སྙིང་ཁར་ཐིམ། གདུགས་དང་རྒྱལ་མཚན་ལ་སོགས་པའི་མཆོད་པ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་ཞིང་འདི་སྐད་དུ། ཁྱོད་ནི་པདྨ་གེ་སར་བཅས། །སྐྱེ་ཤི་ཆགས་མེད་དྲི་བྲལ་བས། །འཕྲིན་ལས་བཞི་ཡིས་སེམས་ཅན་ལ། །སྣ་ཚོགས་དཔག་མེད་འགྲོ་དོན་མཛོད། །ཅེས་གསུངས་ནས་ལུང་བསྟན་པའོ། །རྒྱལ་བ་ཨུ་རྒྱན་པ་ཆེན་པོའི་དྲུང་དུ་ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཇལ་བའི་ཚེ། ཡར་ཞུ་བ་དང་ལུང་བསྟན་མཛད་པ་ནི། སྔོན་གྱི་སྨོན་ལམ་སྟོབས་ཀྱིས་རབ་བསྐུལ་ནས། །དཔལ་ལྡན་ཨུ་རྒྱན་པའི་དྲུང་དུ་ཕྱིན། །སྐྱེས་མཆོག་དེའི་རྨི་ལམ་ཚན་
གཅིག་ཏུ། །ཀརྨ་པ་བྱོན་གསུང་རྣམས་བྱོན་པ་ལ། །ཕྱིར་ནང་བདག་འོང་མཁྱེན་ནས་བསུ་བ་གཏང༌། །འདུས་པའི་དབུས་སུ་བདག་ཉིད་ལྟོས་མེད་ཕྱིན། །སྔོན་གྱི་ཚིག་བརྗོད་ཁྱོད་ཀྱིས་བླ་མ་མཛོད། །བདག་ནི་བསོད་ནམས་ཚོགས་ཀྱི་དཔལ་རྫོགས་ཀྱང༌། །འབྱུང་བཞི་མ་རྫོགས་ཁྱོད་ཀྱིས་བསྐྱང་དུ་གསོལ། །བདག་ཉིད་ཆེ་དེས་བརྩེ་བས་བུ་བཞིན་བསྐྱངས། །ཅེས་ཞུ་ལན་ལུང་བསྟན་མཛད་པའོ། །ཀུན་མཁྱེན་གཡུང་སྟོན་པ་སློབ་དཔོན་པདྨས་ལུང་བསྟན་པ་ནི། འགྲོ་བའི་དོན་མཛད་སྐྱོ་ངལ་དུབ་མི་མངའ། །བཤེས་གཉེན་དམ་པ་ཆོས་ཀྱི་འཁོར་ལོ་བསྐོར། །བོད་ཁམས་ལྗོངས་སུ་ཡང་ཡང་འབྱུང་བར་འགྱུར། །ཁྱད་པར་ལྔ་བཅུ་ཁ་རལ་དུས་བབ་ཚེ། །དགེ་སློང་ཚུལ་ལ་སྔགས་ཀྱི་རྣལ་འབྱོར་པ། །རྡོ་རྗེ་དཔལ་ཞེས་རྫུ་འཕྲུལ་ཐོག་ལྟར་འཁྱུག །མ་རུང་སྟོབས་འདུལ་སངས་རྒྱས་བསྟན་པ་བསྲུང༌། །ནུས་པའི་ཤུགས་ཅན་སྡེ་བརྒྱད་བྲན་དུ་བཀོལ། །ལོག་འདྲེན་ཚར་གཅོད་མངོན་སུམ་སྙིང་ཁྲག་འཐུང༌། །དགོངས་
འདུས་བཀའ་ལ་ངེས་ལུང་ཉམས་སུ་ལེན། །རང་གཞན་སྨན་པའི་ས་ལ་འགོད་པར་བྱེད། །དེ་ནས་རིམ་བཞིན་འགྲོ་བའི་དོན་བྱེད་འབྱུང༌། །ཞེས་དང་། རཏྣ་གླིང་པའི་གཏེར་ཁ་ནས། རྡོ་རྗེ་དཔལ་ཞེས་གསང་སྔགས་བསྟན་པ་སྐྱོང༌། །འཕྲིན་ལས་སྤྲུལ་པ་དབུས་ཀྱི་ཕྱོགས་སུ་འབྱུང༌། །ཞེས་ལུང་བསྟན་ནོ། །ཆོས་རྗེ་རང་བྱུང་རྡོ་རྗེ་ལུང་བསྟན་པ་ནི། རྗེ་དུས་གསུམ་སངས་རྒྱས་བླ་མ་རྗེ། །འགྲོ་བའི་མགོན་པོ་རིན་པོ་ཆེ། །འགྲན་གྱི་དོ་མེད་གཙུག་གི་རྒྱན། །ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །སྔོན་ཚེ་རྒྱལ་བས་གསུང་པ་ཡི། །མདོ་རྒྱུད་ལུང་དང་བསྟན་བཅོས་ཀྱི། །དགོངས་པ་བསམ་གྱིས་མི་ཁྱབ་པ། །གདུལ་བྱ་རྣམས་ཀྱི་དོན་དུ་གསུངས། །གསལ་བར་སྟོན་མཛད་བཀའ་བརྒྱུད་རྣམས། །རིན་ཆེན་འོད་ཀྱི་དྲ་བ་ཅན། །ཕྲེང་བ་རྒྱུས་པ་ལྟ་བུར་སྣང༌། །བཀའ་བཞིའི་བརྒྱུད་པས་བྱིན་རླབས་ནས། །ཇི་བཞིན་རྟོགས་པའི་རྣལ་འབྱོར་པ། །ཏཻ་ལོ་ནཱ་རོའི་བརྒྱུད་འཛིན་པ། །ལྷོ་བྲག་མར་པ་ལོ་ཙཱ་དང་། །
རྣལ་འབྱོར་དབང་ཕྱུག་མི་ལ་མཆོག །དེའི་རྗེས་འཇུག་སྒམ་པོ་པ། །རྒྱལ་བའི་གདུང་འཚོབ་དུས་གསུམ་མཁྱེན། །བཀའ་མདོ་རྒྱུད་འཛིན་པའི་རས་ཆེན་པ། །དོན་བརྒྱུད་འཛིན་པའི་སྤོམ་བྲག་པ། །འགྲོ་བ་འདྲེན་མཛད་རིན་པོ་ཆེ། །བརྟུལ་ཞུགས་སྤྱོད་མཛད་ཨུ་རྒྱན་པ། །དེ་དག་སྲས་གྱུར་རྣལ་འབྱོར་བདག །བདག་གི་བརྒྱུད་འཛིན་གཡུང་སྟོན་ཁྱོད། །རྒྱལ་བས་གསུང་པའི་མདོ་རྒྱུད་རྣམས། །ཕྱིན་ཅི་མ་ལོག་རྟོགས་པ་དེ། །སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་ཕྱོར། །ཅེས་གསུངས་སོ། །བཀའ་བརྒྱུད་རིན་པོ་ཆེ་འདི་ལ་རྟོགས་ལྡན་ཞྭ་དམར་ནོར་བུས་སྤྲས་པ་ཐོད་དུ་འཛིན་པ་རྣམས་ཀྱིས། སྐྱེ་བ་སྔ་མ་བལ་པོར་གཞོན་ནུ་གསང་ཚོལ་དུ་གྱུར་པའི་ཚེ། རྗེ་བཙུན་གྱི་རྒྱལ་པོ་མི་ལ་རས་པའི་དྲུང་དུ་མཇལ་ཏེ། ཤིན་ཏུ་དད་པས་ཕྱག་འཚལ་མཆི་མ་ཕྱུང༌། ཞབས་ལ་བཏུགས་པའི་ཚེ་ལུང་བསྟན་མཛད་པ། ཁྱོད་ནི་ཁ་བ་ཅན་ལྗོངས་འདིར༌། །ཡང་ཡང་སྐྱེ་ཞིང་ཆོས་སྤྱོད་དེ། །དེ་མི་ལས་འདས་ཀྱང་མི་གཟུགས་ཀྱིས། །
འགྲོ་བ་འདྲེན་པ་རྣམས་དང་འཕྲད། །གང་ལ་ཡིད་ནི་རྩེ་གཅིག་པ། །སྔོན་གྱི་སྨོན་ལམ་མཐུ་སྐྱེད་དེ། །ངེས་པར་དེ་འབྲས་མྱུར་སྨིན་ཞིང༌། །འདོད་འགྲུབ་སླར་འགྲུབ་བྱེད་པ་ཉིད། །ཅེས་གསུངས། གཞོན་ནུ་མ་རྒྱན་མང་པོས་བརྒྱན་པ་སྤྲིན་གྱི་གསེབ་ནས་ཞལ་འཛུམ་པ་མཛད་དེ་ལུང་བསྟན་པ། བུ་ཁྱོད་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། །རྒྱལ་བས་ལུང་བསྟན་བོད་ཅེས་བགྱི་བའི་ཡུལ། །དེར་སོང་ཁྱོད་ཀྱི་འདོད་པ་འགྲུབ་བྱེད་དེ། །བདེ་གཤེགས་ཉིད་སྤྲུལ་ཁྱོད་ཀྱིས་མཐོང་བར་འགྱུར། །ཅེས་གསུངས་ནས། ལུང་བསྟན་མང་དུ་མཛད་དོ། །དེའི་སྐྱེ་བ་ཕྱི་མ་ལ་ཚུལ་ཁྲིམས་དཔལ་དུ་གྱུར་པའི་ཚེ། རྗེ་སྒམ་པོ་པ་ཁུ་དབོན་དང༌། དཔལ་དུས་གསུམ་མཁྱེན་པ་དཔོན་སློབ་གསུམ་དང་མཇལ་ནས། དད་པ་དཔག་ཏུ་མེད་པ་ཐོབ་སྟེ། ཆོས་མང་དུ་ཞུས་ནས། གདམས་པ་དང་ལུང་བསྟན་པ་མང་དུ་མཛད། དེ་ནས་ཡུན་རིང་པོ་མ་ལོན་པར་ཚེ་འཕོས་ཏེ། རུ་མཚམས་ཀྱི་ཕྱོགས་སུ་སྐྱེས་པའི་ཚེ། ལོ་བརྒྱད་དགུའི་
མཚམས་སུ་རྗེ་དུས་གསུམ་མཁྱེན་པ་དང་མཇལ་བས། དེ་ཉིད་ཀྱི་བཙུན་པ་བྱས། ནམ་མཁའ་འོད་བཏགས། བཀའ་ལུང་མན་ངག་དཔག་ཏུ་མེད་པ་གནང་ནས། ལྷ་ལུང་དུ་རྗེ་བསྒོམ་ཚུལ་ལ་ཆོས་རྗེས་མཇལ་བའི་ཕྱག་ཕྱིར་ཡོད་པས། ངེད་ཀྱི་བཙུན་ཆུང་འདི་སྟོན་པ་ཚུལ་ཁྲིམས་དཔལ་གྱི་སྐྱེ་བ་ཡིན་གསུངས་ནས། ལུང་བསྟན་མཛད་དོ། །སྐྱེ་བ་དེའི་ཕྱི་མར་སྟག་ལུང་དུ་ལོ་མང་པོར་སྒྲུབ་པ་རྩེ་གཅིག་ཏུ་བྱས་པའི་ཚེ། ཆོས་རྗེ་ཀརྨ་པ་ཆེན་པོ་དང་མཚམས་ཁོང་དུ་མཇལ། དད་པ་ཚད་མེད་པ་སྐྱེས་ཏེ་ལུང་བསྟན་རྗེས་སུ་གནང་བ་ནི། ཁྱོད་སྔོན་ཆོས་རྗེ་དུས་གསུམ་མཁྱེན་པའི་སློབ་མ་ཡིན་ཅིང༌། སྐྱེ་བ་ཕྱི་མ་ཁོ་བོའི་སློབ་མར་གྱུར་པ་ཡིན་པས། ད་ལྟ་ཉམས་ལེན་གྱི་དངོས་གཞི་འདི་ལྟར་གྱིས་ཤིག་གསུངས་ནས་གདམས་པ་ཐམས་ཅད་གནད་བཀྲོལ་ཏེ་གནང༌། ཉམས་སུ་བླངས་ནས་ལོ་དྲུག་ཅུ་རྩ་བདུན་ལ་ཚེ་འཕོས་ཏེ། ཡང་དཔལ་ལྡན་བླ་མའི་བཞུགས་གནས་དང་ཐག་མི་རིང་བར་སྐྱེས། ལོ་ལྔ་ནས་བླ་མ་
མཆོག་གིས་རྗེས་སུ་བཟུང་ནས། སློབ་མ་རྣམས་ཀྱི་ནང་ནས་རྟོགས་ལྡན་གྲགས་པ་སེང་གེ་ཞེས་བྱ་བར་གྱུར་ཏོ། །དེའི་སྐྱེ་བ་ཕྱི་མ་རྟོགས་ལྡན་མཁའ་སྤྱོད་དབང་པོར་གྱུར་པའི་དུས། ཆོས་ཀྱི་རྗེ་རོལ་པའི་རྡོ་རྗེས་གསང་སྔགས་ཀྱི་དབང་བསྐུར་ཞིང་ལུང་བསྟན་མཛད་ནས། རབ་རིབ་འཁྲུལ་པའི་གཉིད་ཀྱི་རྨི་ལམ་ན། །རིན་ཆེན་ལས་གྲུབ་གཞལ་ཡས་ཁང་གི་དབུས། །རྒྱལ་སྲས་བྱམས་པ་རོལ་པར་བཞུགས་པ་མཐོང༌། །དམ་ཆོས་པོ་ཏི་གྲངས་མེད་དཔག་མེད་པ། །སྣ་ཚོགས་སྣང་ཞིང་དེ་ཚེ་འདི་སྐད་དུ། །ཕོ་བྲང་འདི་དང་དམ་ཆོས་འདི་དག་རྣམས། །མི་བསྐྱོད་རྡོ་རྗེ་ཞེས་བྱ་ཁྱོད་ཀྱི་ཡིན། །མི་ཕམ་རྒྱལ་པོའི་སྐུ་གཟུགས་འདི་ཉིད་ཀྱང༌། །མ་འོངས་དུས་ན་ཁྱོད་ཀྱིས་འགྲུབ་པར་འགྱུར། །ཅེས་གསུངས་ནས་ལུང་བསྟན་མཛད་དོ། །དེ་བས་ན་དཔལ་ལྡན་བླ་མ་དམ་པས། བདག་ཡང་དང་ཡང་དུ་རྗེས་སུ་བཟུང་བར་མཛད་པ་ཡིན་ནོ། །སློབ་དཔོན་པདྨས་ལུང་བསྟན་པ་ནི། ཁྱད་པར་ཡང་དག་སྤྲུལ་པའི་
སྐྱེས་མཆོག་གཅིག །ཛྙཱ་ན་ཤྲི་ཞེས་མཁའ་ནས་བྱ་བབས་ཚུལ། །སྐྱེས་མཆོག་སྙིང་གི་དཀྱིལ་དུ་གཟེར་ཐེབས་བཞིན། །སྐད་ཅིག་རྟོགས་གྲོལ་བླ་མ་འབྱུང་བར་འགྱུར། །ཅེས་དང༌། བྱང་ཆུབ་སེམས་དཔའི་ཐུགས་ཀྱི་སྤྲུལ་པ་ཡིན། །བྱང་ཆུབ་སེམས་ལྡན་སྐྱེས་བུ་བརྒྱུད་འཛིན་པ། །ཞྭ་དམར་ཅན་དང་འབྱུང་བ་འདི་ལྟ་སྟེ། །འཇིག་རྟེན་འདི་ཡི་བྱ་བ་གང་ལ་ཡང༌། །ཡིད་མི་འཇུག་ཅིང་དུས་སྐབས་ཐམས་ཅད་དུ། །ཐེག་ཆེན་ཕྱི་ནང་སྡེ་སྣོད་ཆོས་རྣམས་ལ། །རྒྱུན་དུ་མངའ་སྤྱོད་འགྲོ་རྣམས་བདེ་ལ་བཀོད། །ཞི་དུལ་ལྷོད་ཆགས་གཟི་བརྗིད་རབ་ཏུ་འབར། །མངལ་གྱི་དྲི་མ་ལོ་ལྔའི་སྟེང་ནས་དག །ལྔ་བཅུའི་བར་དུ་གདུལ་བྱའི་ཕྲིན་ལས་སྐྱོང༌། །དེ་ནི་སྐྱེས་མཐའི་བྱང་ཆུབ་སེམས་དཔའོ། །གཞན་ཡང་འབྲེལ་ཐོབ་ཤིན་ཏུ་མང་འབྱུང་ཞིང་། །བྱང་ཆུབ་སེམས་དཔའ་གདུལ་བྱའི་ཕྲིན་ལས་སྐྱོང་། །དེ་ནས་འདས་ཚུལ་འབྱུང་བཞིའི་ལུས་བོར་ཅིང༌། །འོད་ལུས་ལོངས་སྐུའི་ཞིང་ཁམས་ཐམས་ཅད་ཉུལ། །སླར་ཡང་སེམས་སྐྱེད་
རྩལ་དང་ལྡན་པའི་ཕྱིར། །སྐྱོ་ངལ་མེད་པར་རྫུ་འཕྲུལ་ལུས་བླངས་ནས། །སྣ་ཚོགས་སྤྲུལ་པས་འཛམ་གླིང་འགྲོ་བ་སྐྱོང༌། །ཚེ་ཆུའི་བརྒྱད་ཆ་སེམས་དཔའ་དེ་ཡིས་སྤྱོད། །ས་འཛིན་རྒྱལ་པོའི་མཆོད་གནས་བྱེད་པ་འབྱུང༌། །ཞེས་གསུངས་སོ། །སློབ་དཔོན་པདྨས་ཀ་བཞི་འཛིན་པ་རཏྣ་བྷ་དྲ་ལུང་བསྟན་པ་ནི། ལན་གཅིག་བསྐལ་པ་དུས་ཀྱི་ཐ་མར་ཡང༌། །རྣལ་འབྱོར་དབང་ཕྱུག་རཏྣའི་མཚན་ཅན་གཅིག །གསང་སྔགས་བསྟན་འཛིན་འགྲོ་བ་དཔག་མེད་འདྲེན། །ཀུན་ཀྱང་ཡང་དག་ཆོས་ལ་འགོད་བྱེད་འབྱུང༌། །ཞེས་དང༌། ཆོས་རྗེ་རོལ་པའི་རྡོ་རྗེ་དང་། ཆོས་རྗེ་དེ་བཞིན་གཤེགས་པའི་དྲུང་ནས་མཉམ་མེད་རིན་ཆེན་བཟང་པོ་ལ་གདམས་པ་ཐམས་ཅད་རྫོགས་པར་གནང་ནས། ཁྱོད་ཀྱིས་བརྒྱུད་པ་ཟིན་ཅིང་བསྟན་པ་ལ་ཕན་པར་འགྱུར་རོ། །ཞེས་གསུངས་ནས། ལུང་བསྟན་མཛད་དོ། །སློབ་དཔོན་པདྨས་ཤྲཱི་བྷ་དྲ་དཔལ་འབྱོར་དོན་གྲུབ་པ་ལུང་བསྟན་པ་ནི། ལུང་བསྟན་བཀའ་རྒྱ་མ་ལས། མཁར་ཆེན་
དཔལ་གྱི་དབང་ཕྱུག་བྱ་བ་ཁྱོད། །ཐོག་མ་མེད་ནས་ལས་དང་སྐལ་ལྡན་མཆོག །དེང་སང་དུས་ཀྱང་རྗེ་དང་མཐུ་སྟོབས་མཉམ། །མ་འོངས་འཇུག་པ་དུས་ཀྱི་ཐ་མ་ལ། །ཁྱོད་ཀྱི་སྤྲུལ་པས་བོད་ཁམས་གཙུག་ལག་སྐྱོང་། །དཔལ་འབྱོར་མིང་ཅན་རྣལ་འབྱོར་བརྟུལ་ཞུགས་ཅན། །མོན་ཁ་ལྡིང་དུ་འགྲོ་བ་ཐབས་ཀྱིས་འདུལ། །ཟབ་གཏེར་མངའ་སྤྱོད་ཕྱོགས་རྣམས་ཀུན་ཏུ་མྱུལ། །མངོན་མཚན་མི་སྒྲོག་ཕལ་ཆེར་སྦས་ཚུལ་བཞུགས། །དགོངས་འདུས་ཟབ་སྐྱོང་བསྟན་པ་སྤེལ་བྱེད་འབྱུང་། །ཞེས་དང་། ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་དྲུང་དུ་བདག་ལ་བཀའ་སྩལ་ཞིང་ལུང་བསྟན་པ་གནང་བ་ནི། ན་མོ་གུ་རུ་བྷཻ། རྒྱལ་བའི་གཤེགས་ཤུལ་དྲི་མེད་ལམ་བཟང་མཆོག །མཐའ་བྲལ་གཉུག་མའི་ངང་དུ་ཀུན་ངེས་པའི། །དོན་གྱི་སྙིང་པོས་སྐལ་ལྡན་རྒྱུད་སྨིན་པའི། །བཀའ་བརྒྱུད་བསྟན་པའི་སྲོག་ཤིང་བརྟན་གྱུར་ཅིག །ཅེས་དང་། འདྲེན་པ་མཐའ་དག་གཅིག་གྱུར་བླ་མ་རྗེ། །ཡང་དག་རྫོགས་པའི་སངས་རྒྱས་དམ་པའི་
ཆོས། །བྱང་སེམས་ཉན་ཐོས་དགེ་འདུན་རྒྱ་མཚོ་ཡི། །བྱིན་རླབས་བདེན་པས་ཡུན་རིང་གནས་གྱུར་ཅིག །ཅེས་གསོལ་པའི་བཀའ་སྩལ་གནང་བ་རྣམས་དང་རྗེས་སུ་མཐུན་པར་དེ་ཉིད་དུ་ལུང་བསྟན་པར་མཛད་དོ། །དེ་བས་ན་ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ་ནས། བཀའ་བརྒྱུད་རིན་པོ་ཆེ་འདི་གོང་མ་གོང་མས་འོག་མ་རྣམས་རིམ་གྱིས་བྱིན་གྱིས་བརླབས་ཤིང༌། སྨིན་གྲོལ་གྱི་རྒྱལ་མཚན་མ་འགྱེལ་བ། བྱིན་རླབས་ཀྱི་ཟེར་ཁ་མ་ལོག་ཅིང༌། བྱང་ཆུབ་ཀྱི་མྱུ་གུ་མ་བསྐམ་པར། འགྲོ་དོན་ཕྱོགས་མེད་དུ་མཛད་ཅིང༌། བཀའ་བརྒྱུད་ཀྱི་རྒྱལ་ས་ཟིན་པ། བསྐལ་པ་བཟང་པོ་འདི་ལ་སངས་རྒྱས་སྟོང་བྱོན་པ་རྣམས་ཀྱི། བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་ཆད་མེད་པར་འབྱོན་པར་ལུང་བསྟན་པ་གོང་དུ་གསལ་བ་ཡིན་ཏེ། དེ་ཡང་ཆོས་ཐམས་ཅད་ཀྱི་སྤྱི་གཞི། དངོས་པོ་གཤིས་ཀྱི་གནས་ལུགས། སངས་རྒྱས་ཀྱི་དགོངས་པ། སེམས་ཅན་ཀྱི་སེམས་ཉིད། ཁ་དོག་དང་དབྱིབས་སུ་མ་གྲུབ་པ། དེ་ནི་གཞི་ཀུན་
ལ་ཁྱབ་པར་གནས་སོ། །དེ་བས་ན་ཆོས་ཐམས་ཅད་བཅོམ་ལྡན་འདས་བདེ་བ་ཆེན་པོ། ལྷན་ཅིག་སྐྱེས་པ། གསང་བ་ཆེན་པོ། རྡོ་རྗེ་འཆང་། དེ་ཁོ་ན་ཉིད། ཐེག་པ་ཆེན་པོ་ཞེས་བྱའོ། །བཅོམ་ལྡན་འདས་རྡོ་རྗེ་འཆང་དེ་ཉིད་རེ་ཞིག །ལོངས་སྤྱོད་རྫོགས་པའི་སྐུ་ཆེན་པོར་སྣང་བ་ནི། དཔལ་འཁོར་ལོ་སྡོམ་པ་དང༌། ཧེ་བཛྲ་དང༌། འདུས་པ་དང༌། སྒྱུ་འཕྲུལ་དྲ་བ་ལ་སོགས་བསྟན་པའོ། །དེ་ཉིད་དར་ཞིང་རྒྱས་པར་བྱ་བའི་དོན་དུ། ཤྲི་པྲ་ཛྙ་བྷ་དྲ་དང༌། ཛྙ་ན་སིདྷི། དྷརྨ་མ་ཏི་སོགས་ནས། དྷརྨ་སོ་མི། (རང་བྱུང་།) སྭ་ཡཾ། སརྦ་ཛྙ་ན་(ཀུན་མཁྱེན།) དྷརྨ་ར་ཛ(ཆོས་ཀྱི་རྒྱལ་པོ།)འི་བར་དུ། རིམ་ཅན་ནམ་གཅིག་ཆར་དུ། རྣམ་པ་སྣ་ཚོགས་བསྟན་མོད་ཀྱི། དེ་ཐམས་ཅད་ངོ་བོ་གཅིག་པ་སྣ་ཚོགས་སྤྲུལ་པར་འདོད་དེ། སེམས་ཅན་ཇི་སྙེད་པའི་བསམ་པ་དེ་སྙེད་དུ་སྤྲུལ་པ་གྲངས་མེད་པ་དུ་མས་འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པར་རབ་ཏུ་བསྐང་སྟེ་སྤྲུལ་པ་མཛད་པ་ནི། ཐོག་མ་ནས་ཐ་མའི་བར་དུ་རྒྱུན་མི་
ཆད་དེ། ང་ནི་དུས་གསུམ་སྔོན་ཡང་བྱུང༌། །ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང༌། །ཞེས་མ་མོ་སྲིད་པའི་རྒྱུད་ལུང་ནས་འབྱུང་བ་ལྟར་རོ། །མངྒ་ལཾ་བྷ་ཝནྟུ།། །རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀརྨ་པའི་རྣམ་ཐར་ཆེན་མོ་ལས། བཀའ་བརྒྱུད་རིན་པོ་ཆེ་རིམ་པར་བྱོན་པ་རྣམས་ལུང་བསྟན་པ། རྒྱལ་སྲས་དཔལ་འབྱོར་དོན་གྲུབ་ཀྱིས་ཕྱོགས་གཅིག་ཏུ་བསྒྲིགས་པའོ།། ། ༈ སངས་རྒྱས་གླིང་པའི་གཏེར་ཁ། སྐྱེས་བུ་བྱེ་བྲག་གི་ལུང་བསྟན་ལས། ཞྭ་ནག་འཛིན་པ་སྤྲུལ་པའི་སྐྱེས་མཆོག་གཅིག༔ རྣལ་འབྱོར་མཆོག་དབང་འཛམ་གླིང་བདེ་ལ་བཀོད༔ ཀརྨའི་མིང་ཅན་སྐྱེས་བུ་བཅུ་གཅིག་ཏུ༔ སྤྱན་རས་གཟིགས་ཀྱི་ཕྲིན་ལས་སྐྱོང་བྱེད་པའི༔ མཚུར་ཕུ་ཞེས་བྱར་དུས་གསུམ་མཁྱེན་པ་འབྱུང་༔ དེ་རྗེས་ཀརྨ་པ་ཡིས་མཐའ་དམག་ཟློག༔ རང་བྱུང་རྡོ་རྗེ་མཁྱེན་པའི་ཤེས་བྱ་རྒྱས༔ རོལ་པའི་རྡོ་རྗེས་དུས་གསུམ་གསལ་བར་གཟིགས༔ ཆོས་དཔལ་བཟང་པོ་ཟག་མེད་ཏིང་འཛིན་ལྡན༔ ཞྭ་
ནག་དྲུག་པ་འཛམ་གླིང་ཆོས་གྲགས་དཔལ༔ ཡི་དམ་ལྷ་ཡི་གསལ་སྣང་རྒྱུན་ཆད་མེད༔ ཞྭ་ནག་བདུན་པ་མཚོ་སྐྱེས་རྡོ་རྗེ་ལ༔ མ་རུང་གདུག་པ་འདུལ་བར་ལུང་བསྟན་ནོ༔ དེ་རྗེས་མི་བསྐྱོད་རྡོ་རྗེས་མཐའ་དམག་ཟློག༔ དབང་ཕྱུག་རྡོ་རྗེས་སྔགས་ཀྱི་བསྟན་པ་སྐྱོང་༔ ཆོས་དབྱིངས་རྡོ་རྗེས་ཉམས་ལེན་སྒྲུབ་སྡེ་བཙུགས༔ ཡེ་ཤེས་རྡོ་རྗེས་གདུལ་བྱའི་ལྷག་མ་སྐྱོང་༔ དེ་ནས་ཀརྨ་པ་ཡི་མིང་མེད་དེ༔ ཟངས་མདོག་དཔལ་རིར་ཨུ་རྒྱན་ང་ཉིད་དང་༔ བཀའ་གྲོས་བསྟུན་ནས་སྤྲུལ་པ་དཔག་མེད་ཀྱིས༔ འགྲོ་དོན་འཁོར་བ་མ་སྟོངས་བར་དུ་ནི༔ སྦས་པའི་ཚུལ་གྱིས་འགྲོ་བ་དཔག་མེད་འདྲེན༔ ཁྱད་པར་ཚེ་ལོ་གྲངས་མེད་འཕེལ་བའི་རྗེས༔ བརྒྱད་ཁྲིའི་བར་དུ་འཁོར་ལོ་བསྒྱུར་བ་ཡི༔ རྒྱལ་པོ་དུང་ཞེས་ཆོས་ཀྱིས་རྒྱལ་སྲིད་སྐྱོང་༔ བདེར་གཤེགས་བྱམས་པའི་སྦྱིན་བདག་ཆེན་པོར་གྱུར༔ དེ་ནས་བྱམས་པ་མྱ་ངན་འདས་པའི་ཚེ༔ སྐྱེ་དགུ་ཚེ་ལོ་དྲུག་ཁྲིའི་དུས་ཀྱི་ཚེ༔ གྲོང་ཁྱེར་མེ་ཏོག་ལྷ་ཞེས་བྱ་བ་རུ༔ མཛད་པ་མཐར་
ཕྱིན་རྫོགས་སངས་རྒྱས་ཚུལ་སྟོན༔ བདེར་གཤེགས་སངས་རྒྱས་སེང་གེ་ཞེས་བྱ་བ༔ རིགས་ནི་རྒྱལ་རིགས་འོད་ནི་དཔག་ཚད་གཅིག༔ ཡབ་ནི་རྒྱལ་པོ་སེང་གེ་སྟག་ཅེས་བྱ༔ ཡུམ་ནི་དགའ་བའི་ང་རོ་ཞེས་བྱ་སྟེ༔ སྲས་ནི་སྟོབས་ཆེན་རིམ་འགྲོ་པ་ནི་དེས་པའོ༔ ཤེས་རབ་ཅན་གྱི་མཆོག་ནི་ཡེ་ཤེས་བརྩེགས༔ རྫུ་འཕྲུལ་ཅན་གྱི་མཆོག་ནི་སྤྲིན་ལྡན་ནོ༔ འདུས་པ་དང་པོ་ཉན་ཐོས་ཐེར་འབུམ་འབྱུང་༔ འདུས་པ་གཉིས་པ་ཐེར་འབུམ་ཕྲག་དགུ་འབྱུང་༔ གསུམ་པར་ཉན་ཐོས་དུང་ཕྱུར་ཕྲག་དགུ་འབྱུང་༔ སྐུ་ཚེ་ལོ་ནི་བདུན་ཁྲིའི་བར་དུའོ༔ དམ་ཆོས་ལོ་ནི་བྱེ་བའི་བར་དུ་གནས༔ དེ་ལྟར་རྫོགས་སངས་རྒྱས་པའི་ཚུལ་བསྟན་ནས༔ སྤྲུལ་པས་འགྲོ་དོན་འཁོར་བ་མ་སྟོང་བར༔ མཁའ་མཉམ་སེམས་ཅན་དོན་མཛད་ཨེ་མ་ཧོ༔ ཞེས་གསུངས་སོ༔ དྲི་མེད་ལྷུན་པོའི་གཏེར་ཁ༔ བསྟན་པ་སྤྱི་ཡི་ལུང་བསྟན་ཆེན་མོ་ནས༔ ཇི་སྲིད་སངས་རྒྱས་བསྟན་པ་མ་རྫོགས་བར༔ ཀརྨ་པ་ཡི་སྐྱེ་བ་རྫོགས་བྱ་མེད༔ ཀླུ་སྒྲུབ་
འོག་ཏུ་བསྟན་པ་འཛིན་ནོ་ཞེས༔ དད་པ་ཅན་རྣམས་ལྷ་ཆོས་བྱེད་དེ་མཆིས༔ ཞེས་དང་༔ ཡང་གང་ཟག་སྒོས་ཀྱི་ལུང་བསྟན་ལས༔ རྒྱལ་བ་མཆོག་དབྱངས་སྐྱེ་བ་བཛྲ་མིང་ལྡན་པ༔ རྟ་ཡི་ལོ་པ་དབང་ཕྱུག་འགྲོ་བ་འདུལ༔ ཐུགས་རྗེ་ཆེན་པོ་སྔགས་ཀྱི་རིག་པ་འཛིན༔ བཛྲ་མིང་འཛིན་རྒྱ་ནག་འདུལ་བྱ་དང་༔ བོད་ཡུལ་འགྲོ་བ་བྱམས་པའི་སེམས་ཀྱིས་སྐྱོང་༔ ཞེས་གསུངས་སོ།། །
རང་འབྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ།
རང་འབྱུང་ཀུན་མཁྱེན་མཚོ་སྐྱེས་རྡོ་རྗེ་མི་ཕམ་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་བཞུགས་སོ།
ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་མཐུ་གཅིག་ཏུ་བསྡུས་པའི་བདག་ཉིད། དཔལ་ལྡན་ཀརྨ་པ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དུས་རྟག་ཏུ་འབྲལ་བ་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་གྲུབ་ཆེན་ཀརྨ་པཀྵིའི་ཞལ་སྔ་ནས། རྡོ་རྗེ་འཆང་གི་ཡེ་ཤེས་གསང་བ་སྐུ་རྒྱན་ལས། ཨིནྡྲ་བྷོ་དྷི་ལ་སོགས་གྲུབ་ཆེན་བརྒྱད་དུ་སྐད་ཅིག་ཙམ་གྱིས་སྤྲུལ་ཞིང༌། ལེགས་དགྱེས་དབང་མོས་ཞུ་སྣའི་ཚུལ་དུ་མཛད་ནས། ཨིནྡྲ་བྷོ་དྷི་ཕྱག་ན་རྡོ་རྗེ་ཐ་དད་མེད་པར། དགོངས་པ་ལུང་བསྟན་པ་སྟེ། བཀའ་བཞི་བརྒྱུད་པ་ནས་མར་རྒྱུད་ཚུལ་བསྟན་ནས། ཏེ་ལོ་པ། འཁོར་
ལོ་བདེ་མཆོག་གི་རྣམ་པར་འཕྲུལ་པ་ལ། བཀའ་བཞི་བབ་ཚུལ་དུ་བསྟན་པ་སྟེ། ནཱ་རོ་པ་རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པ་ཡིན་པ་ལ། རྗེ་ཏཻ་ལོ་པས་ལུང་བསྟན་རྗེས་སུ་གནང་བ་བྱིན་ནས་རྗེ་མར་པ་ལོ་ཙཱ་ཡན་ཆད་ལུང་བསྟན། རྗེ་མར་པ་ལོ་ཙཱ་ཡང༌། དཔལ་རྡོ་རྗེ་སེམས་དཔའི་རྣམ་པར་འཕྲུལ་པ་དཔའ་བོ་བློ་གྲོས་རིན་ཆེན་དགོངས་པ་ལུང་བསྟན་གྱི་བརྒྱུད་པ་འདི་ཡི་གནད། སྐུ་གསུམ་སྐུ་བཞི་ངོ་སྤྲོད་ཀྱིས་གདུལ་བྱ་ཐམས་ཅད་གདུལ་བར་དགོངས་ནས། བོད་ཀྱི་ཡུལ་དུ་སྐུ་འཁྲུངས་ཚུལ་བསྟན་ནས། སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བ་ལ་དགོངས་ཏེ། རྗེ་མི་ལ་རས་པ་ཡང༌།
འཇམ་དཔལ་བཤེས་གཉེན་ཨ་ཝ་དྷཱུ་ཏི་པ་བྷི་ཏའི་རྣམ་པར་འཕྲུལ་པ་སྟེ། ཡེ་ཤེས་གསང་བ་སྐུ་བརྒྱད་ཀྱི་རྒྱུད་ལུང་འདི་རྣམས་ཀྱི་དགོངས་པ་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ། གཞན་སྣང་དུ་བསྒྲུབ་པ་དང་དངོས་གྲུབ་ཐོབ་ཚུལ་བསྟན་པ་ལ་དགོངས་ཤིང༌། སྐལ་བ་དང་ལྡན་པ་རྣམས་སྨིན་ཅིང་གྲོལ་བའི་ཆེད་དུ་སྐུ་འཁྲུངས་པ་སྟེ། དྭགས་པོ་ལྷ་རྗེ་ཡང་སངས་རྒྱས་ཀྱིས་ལུང་བསྟན་པས། ཟླ་འོད་གཞོན་ནུའི་རྣམ་པར་འཕྲུལ་པ་བསམ་བཞིན་དུ་སྲིད་པ་ཉེ་བར་བླངས་པ། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་ཕྱག་རྒྱ་ཆེན་པོར་རྟོགས་ཚུལ་བསྟན་ཅིང༌། སྐད་ཅིག་ཙམ་ལ་སྨིན་ཅིང་གྲོལ་བར་དགོངས་ནས་སྐུ་འཁྲུངས་པ་སྟེ། རྗེ་དུས་གསུམ་མཁྱེན་པ་སངས་རྒྱས་སེང་གེ་སྒྲའི་རྣམ་པར་འཕྲུལ་པ་ཡིན། འཛམ་བུའི་གླིང་དུ་ཁྱབ་ཅིང་རྣམ་པར་འཕྲུལ་ནས། དུས་གསུམ་ཐམས་ཅད་དུ་རྒྱུན་འཆད་མེད་པར་སྨིན་ཅིང་གྲོལ་བར་དགོངས་པའི་ཕྱིར་ན། སྐུ་མི་ཡུལ་དུ་འཁྲུངས་ཚུལ་བསྟན་པ་ལས། རྗེ་དབུས་པ་
གྲུ་གུ་རས་ཆེན་པ་ཡང༌། དྭགས་པོ་བྷཻ་ཆུང་གི་རྣམ་པར་འཕྲུལ་པར་ལུང་བསྟན་པ་སྟེ། བཀའ་བརྒྱུད་ཀྱི་དགོངས་པ་རྫོགས་ཤིང་འགྲོ་བ་ཐམས་ཅད་སྨིན་པ་དང༌། གྲོལ་བའི་ཕྱིར་རྒྱུན་མི་འཆད་འབྱུང་བའི་དོན་དུ་བསམ་བཞིན་དུ་སྲིད་པ་ཉེ་བར་བླངས་ནས། ཐམས་ཅད་སྨིན་ཅིང་གྲོལ་བར་དགོངས་པ་ལུང་བསྟན་པ་སྟེ། རིན་པོ་ཆེ་སྤོམ་བྲག་པ་ཡང་བཀའ་བརྒྱུད་ཐམས་ཅད་ཀྱི་དགོངས་པ་ལུང་བསྟན་བཀའ་བརྒྱུད་རྒྱལ་ས་ཟིན་པའི་དོན་དུ་འགྲོ་བའི་འདྲེན་པར་མངའ་གསོལ་བ་སྟེ། སྔགས་འཆང་རང་འབྱུང་རྡོ་རྗེ་ཡན་ཆད་དུ་སྨིན་གྲོལ་དབང་གི་རྒྱལ་མཚན་འཕྱར་ཞིང༌། འཛམ་གླིང་ཁྱབ་པར་ལུང་བསྟན་ཅིང་རྗེས་སུ་གནང་བ་ཐོབ་པའི་བརྒྱུད་པ་བར་མ་ཆད་པ་ཡིན་ཏེ། ཡིན་མ་ཡིན་ཐེ་ཚོམ་ན། འཛམ་གླིང་གི་མི་ལ་དྲིས། ཞེས་གསུངས་ཤིང༌། བྱེ་བྲག་དུ་ཆོས་རྗེ་དུས་གསུམ་མཁྱེན་པ་རུས་ཆེན་ལྡོང་ལས་སྤོ་ཆུ་ལྷ་ལྡོང་དཀར་པོ། འཁྲུངས་ཡུལ་ཏྲེའི་རག་ཏག ཡབ་ནི་སྒོམ་པ་རྡོ་རྗེ་མགོན། ཡུམ་ལྷ
་ཐོག་བཟའ་སྒང་ལྕམ་མིང་འདྲེན། དགུང་སྙིང་ཕག་ལོ་སྟག་གི་ཟླ་བ། རྗེ་ཉིད་ཀྱི་མཚན་དགེ་འཕེལ། རབ་ཏུ་བྱུང་བའི་མཚན་ཆོས་ཀྱི་གྲགས་པ། དགུང་ལོ་བརྒྱད་བཅུ་རྩ་བཞི་བཞུགས་ནས། ཆུ་མོ་གླང་གི་ལོ་སྟག་གི་ཟླ་བ་རྟའི་ཟླ་བའི་ཚེས་གསུམ་ལ་གདན་ས་ཆེན་པོ་དཔལ་གྱི་མཚུར་ཕུར་ཆོས་ཀྱི་དབྱིངས་སུ་གཤེགས་ཚུལ་བསྟན་ཏོ། །མཚུར་ཕུར་ཞི་བར་གཤེགས་ཁར་ཉེ་གནས་དགེ་བཤེས་གཙང་སོ་བ་དང༌། དབོན་འདུལ་དང༌། དབོན་གྲགས་སེང་དང༌། གྲགས་རིན་དང༌། དཀོན་མཆོག་རྒྱལ་མཚན་དང༌། ན་འུན་པ་སོགས། དབོན་བསྒོམ་རྣམས་ལ་མ་འོངས་པའི་དུས་སུ་འབྲི་ཆུ་ངོས་མཐོང་ནས་གཅིག་གིས་ངེད་ཀྱི་དགོངས་པ་རྫོགས་པར་བྱེད་གསུངས་ནས་ལུང་བསྟན་པ་དང་མཐུན་པར་འབྲི་རྒྱུད་ཙག་ཏོ་ན་གྲུབ་ཆེན་ཀརྨ་པཀྵི་བྱོན། རུས་ཆེན་ལྡོང་ལ་ནང་ཚན་དགུ། ཡབ་ཚུར་ཚ་རྒྱ་དབང་སྤྲང་ཐར། ཡུམ་སེངྒེ་བཟའ་མ་སྐྱིད། དགུང་སྙིང་མེ་མོ་སྟག །རྗེ་ཉིད་ཀྱི་མཚན་ཆོས་འཛིན། རབ་ཏུ་བྱུང་བའི་
མཚན་དཔལ་ཆེན་པོ་ཆོས་ཀྱི་བླ་མ། དགུང་ལོ་བདུན་ཅུ་རྩ་བརྒྱད་བཞུགས་ཏེ། ཆུ་མོ་ལུག་གི་ལོ་ཟླ་བ་དགུ་པའི་ཚེས་གསུམ་གདན་ས་ཆེན་པོ་དཔལ་གྱི་མཚུར་ཕུར་ཞི་བར་གཤེགས་ཚུལ་བསྟན། དུས་གསུམ་མཁྱེན་པའི་སྐུ་སྐྱེ་ཡིན་པར་རིན་པོ་ཆེ་སྤོམ་བྲག་པ་བསོད་ནམས་རྡོ་རྗེས་ངོས་བཟུང༌། གྲུབ་ཆེན་ཀརྨ་པཀྵིས་མཚུར་ཕུར་རྒྱལ་བ་ཨོ་རྒྱན་པ་རིན་ཆེན་དཔལ་ལ། མ་འོངས་པ་ན་བླ་མ་མཛད་དགོས་པར་ལུང་བསྟན། བླ་མ་གཉེན་རས་སོགས་ཀྱིས་བརྟན་བཞུགས་ཀྱི་གསོལ་འདེབས་ཕུལ་བའི་དུས་སུ་སྔ་གཞིས་གངས་ཞུར་མོའི་མདུན་དུ་བཏང་ཚར། ཁྱོད་རང་རྣམས་དེར་འདུན་པ་གཏོད་གསུངས་པའི་ལུང་བསྟན་པ་དང་རྗེས་སུ་མཐུན་པར། ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེ་གཙང་གི་གངས་ཞུར་མོའི་འགྲམ་ཡུལ་རྩ་ཕུ་ཞེས་བྱ་བ་ན་སྐུ་འཁྲུངས། རུས་ཆེན་ལྡོང༌། ཡབ་སྟོན་པ་ཚེ་དཔལ། ཡུམ་ཇོ་མོ་གཡང་འདྲེན། ཤིང་ཕོ་སྤྲེའུ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་སྐུ་བལྟམས། མཚན་ཆོས་སྐྱབས་དཔལ་
བཟང་པོ། དགུང་ལོ་ལྔ་བཅུ་རྩ་དྲུག་བཞུགས་ནས། ས་མོ་ཡོས་ཀྱི་ལོ་ཟླ་བ་དྲུག་པའི་ཚེས་བཅུ་བཞིའི་ཉིན་ཕྱེད་ན། ཕོ་བྲང་ཆེན་པོ་ཤང་ཏོར་སྐུའི་དཀྱིལ་འཁོར་བསྡུ་བའི་ཚུལ་བསྟན། རིན་པོ་ཀརྨ་པཀྵིའི་སྐུ་སྐྱེ་ཡིན་པར། རྒྱལ་བ་ཨོ་རྒྱན་པ་དང༌། བླ་མ་གཉེན་རས་ཀྱིས་ངོས་བཟུང༌། ཧོར་ཡུལ་དུ་ཕོ་བྲང་ཆེན་པོ་ཤང་ཏོར་རིན་པོ་ཆེ་རང་བྱུང་རྡོ་རྗེས། ཏའི་དབེན་གུ་ཤྲི་པ་ལ། ཤར་ཕྱོགས་ཀོང་པོའི་ཡུལ་ཕྱོགས་སུ་འབྱོན་པར་ལུང་བསྟན་པ་དང་རྗེས་སུ་མཐུན་པར་དྲུང་རོལ་པའི་རྡོ་རྗེ་རྔོད་ཨ་ལ་གོ་ཆེན་སྤང་དཀར་ཀྱི་གནམ་རྫོང་དུ་སྐུ་འཁྲུངས། རུས་ཆེན་ལྡོང་མེ་ཉག །ཡབ་བསོད་ནམས་དོན་འགྲུབ། ཡུམ་འཛོབ་བཟའ་བརྩོན་འགྲུས་རྒྱལ་མཚན། ལྕགས་ཕོ་འབྲུག་གི་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་སྐུ་བལྟམས། རབ་ཏུ་བྱུང་བའི་མཚན་འཛམ་གླིང་ཆོས་ཀྱི་གྲགས་པ། དགུང་ལོ་བཞི་བཅུ་ཞེ་བཞི་བཞུགས། ཕག་ལོ་ཟླ་བ་གསུམ་པའི་ཚེས་བཅོ་ལྔའི་ཐོ་རངས་སྐྱ་རེངས་ཐ་མའི་དུས་བྱང་སྟོད་བྱ་ཉན་གོང་དུ་གཤེགས་
པའི་ཚུལ་བསྟན། རང་བྱུང་རྡོ་རྗེའི་སྐུ་སྐྱེ་ཡིན་པར་རྟོགས་ལྡན་མགོན་པོ་རྒྱལ་མཚན་གྱིས་ངོས་བཟུང༌། དྲུང་རོལ་པའི་རྡོ་རྗེས་བྲག་གསུམ་གྱི་ཐང་གི་འཕྲང་ཁར། ཉང་འདམ་གྱི་རི་གཟིགས་པར་ཆིབས་ཁ་འཐེན་ནས། སློབ་དཔོན་ཆེན་པོ་གུའི་གུང་པ་རིན་པོ་ཆེ་དཔལ་གྱིས་དབུས་མཛད་དྲུང་སྐོར་རྣམས་ལ་རི་ཕ་གིའི་ཞོལ་དུ། སང་ད་ཚོད་མི་གྲགས་པ་ཅན་གཅིག་ཡོང་བ་ཡིན་གསུང་ནས་ལུང་བསྟན་པ་དང་མཐུན་པར། ཆོས་ཀྱི་རྗེ་དེ་བཞིན་གཤེགས་པ་ཉང་འདམ་དུ་སྐུ་འཁྲུངས། རུས་ཆེན་ལྡོང་སྒོ་ལྷ་སྡེ་ཟེར་བ་ཡང་སྣང༌། ལས་གོ་འགྱོ་བྲག་པ། ཡབ་གུ་རུ་རིན་ཆེན། ཡུམ་བ་ར་བཟའ་ལྷ་མོ་སྐྱིད། ཤིང་ཕོ་བྱི་བའི་ལོ་ཟླ་བ་དྲུག་པའི་ཚེས་བཅོ་བརྒྱད་ཀྱི་ཉི་མ་ཤར་བ་ལ་སྐུ་བལྟམས། རབ་ཏུ་བྱུང་བའི་མཚན་ཆོས་དཔལ་བཟང་པོ། ཏའི་མིང་རྒྱལ་པོས་དེ་བཞིན་གཤེགས་པར་མཚན་གསོལ། དགུང་ལོ་སུམ་ཅུ་རྩ་གཉིས་བཞུགས་ཏེ། ཆུ་མོ་ལུག་གི་ལོ་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་པར་པོ་ཏ་རིར་སྐུའི་དཀྱིལ་
འཁོར་བསྡུས་པའི་ཚུལ་བསྟན། རོལ་པའི་རྡོ་རྗེའི་སྐུ་སྐྱེ་ཡིན་པར་ཀུན་ཏིང་ཏཱའི་གུའི་ཤྲི་མཁན་ཆེན་རིན་པོ་ཆེ་བློ་གྲོས་རྒྱལ་མཚན་པས་ངོས་བཟུང༌། པོ་ཏ་རིར་ཆོས་ཀྱི་རྗེ་དེ་བཞིན་གཤེགས་པས། ཏཱའི་གུའི་ཤྲི་མཁན་ཆེན་སློབ་དཔོན་རྒྱལ་མཚན་པ་ལ་མདོ་ཁམས་ཀརྨའི་ལྷོ་ཕྱོགས་སུ་སྤྲུལ་སྐུ་འབྱོན་པར་ལུང་བསྟན་པ་དང་མཐུན་པར། ངམ་སྟོད་ཤོ་གྱམ་དུ་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་སྐུ་འཁྲུངས། རུས་ཆེན་ལྡོང༌ངམ། འབྲུ་ཟེར་བའང་སྣང༌། ལས་ནང་ཚན་གོ་འགྱོ་བྲག་པ། ཡབ་བསམ་གྲུབ་རྡོ་རྗེ། ཡུམ་མགོ་བློན་བཟའ་པདྨ་མཚོ། མེ་ཕོ་སྤྲེའུའི་ལོ་ཟླ་བ་གསུམ་པའི་ཚེས་བརྒྱད་ལ་སྐུ་བལྟམས། རྗེ་ཉིད་ལ་མཁའ་སྤྱོད་པས་མི་ཕམ་མགོན་པོར་མཚན་གསོལ། མཁན་ཆེན་གུའི་ཤྲི་པས་བླ་མ་མཐོང་བ་དོན་ལྡན། རབ་ཏུ་བྱུང་བའི་མཚན་འཛམ་གླིང་ཆོས་ཀྱི་གྲགས་པ་དཔལ་བཟང་པོར་གསོལ། དགུང་ལོ་སུམ་ཅུ་རྩ་བརྒྱད་བཞེས་ནས། ཆུ་མོ་བྱའི་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ལ་དབེན་གནས་གསའ་ཕུར་སྐུའི་
དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ནོ། །དྲུང་དེ་བཞིན་གཤེགས་པའི་སྐུ་སྐྱེ་ཡིན་པར་གྲུབ་པ་ཐོབ་པའི་སྐུ་སྐྱེ་བླ་མ་གཅོད་པ་རྒྱལ་མཚན་དཔལ་བ་དང༌། ཏའི་གུའི་ཤྲི་མཁན་ཆེན་རིན་ཆེན་པས་ངོས་བཟུང༌། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྒྲུབ་གནས་གསའ་ཕུར། དྲིན་ཆེན་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་དྲུང་ནས་བདག་དཔལ་འབྱོར་དོན་གྲུབ་ལ་གནས་འདི་ཡི་བྱང་ཕྱོགས་སྤྱི་ལྷ་ཞེས་བྱ་བར་སྤྲུལ་སྐུ་བྱོན་པར་ལུང་བསྟན་པ་དང་མཐུན་པར། རྔོད་སྤྱི་ནང་དུ་སྤྲུལ་སྐུ་རིན་པོ་ཆེ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་སྐུ་འཁྲུངས། མཐོང་བ་དོན་ལྡན་གྱི་སྐུ་སྐྱེ་ཡིན་པར་མཁས་དང་གྲུབ་པའི་སྐྱེས་བུ་ཆེན་པོ་རིན་པོ་ཆེ་འཇམ་དབྱངས་གུའི་ཤྲི་དོན་གྲུབ་འོད་ཟེར་བའི་དྲུང་ནས་ངོས་བཟུང་བར་མཛད་དོ། །དེ་ལྟར་མཚན་ཡོངས་སུ་གྲགས་པ་ཀརྨ་པ་རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་ནའང་ཟུར་ཙམ་བརྗོད་པ་ནི། སྔོན་ཆོས་ཀྱི་རྗེ་མཐོང་
བ་དོན་ལྡན་གྱི་དྲུང་ནས། སྤྲེའུ་ལོ་ལ་རྩེ་བླ་སྒང་དུ་ཕེབས་ནས་བཞུགས་པའི་དུས་སུ། མོ་མ་དང་རྨིས་ལྟས་པ་རྣམས་ཀྱིས་ཤིན་ཏུ་རྩུབ་ཟེར་བ་ལ། སློབ་དཔོན་རིན་པོ་ཆེ་སངས་རྒྱས་སེང་གེ་བས། སྐུ་ཚེ་བརྟན་བཞུགས་ཀྱི་གསོལ་བ་བཏབ་པས། ད་ལོ་ངེད་ལ་སྐྱོན་མི་ཡོང༌། ཟླ་བ་དགུ་ལ་ངེད་རང་གིས་ཁག་ཁུར་བ་ཡིན་གསུངས། དེ་ནས་དབེན་གནས་གསའ་ཕུར་ཕེབས་ནས། སྐུ་མཚམས་ལ་བཞུགས་པའི་དུས་སུ། ཐུགས་དམ་ཀྱི་རྟེན་རྣམས་ལ་མཆོད་པ་དང་ན་བཟའ་ཕུལ་ཞིང༌། ཆོས་སྐྱོང་གི་སྐུ་འདྲ་ལ་གཏོར་མཆོད་བཀའ་བསྒོ་སོགས་མཛད་ནས། ཐ་དད་ཀྱི་རྟེན་སྒམ་དུ་བཞུགས་ཤིང་ཕྱག་དམ་མཛད་ནས། བདག་ངེད་རང་མ་བསླེབ་བར་དུ་ཕྱག་དམ་མ་ཉམས་པར་གྱིས་གསུངས་པའི་ཞལ་ད་གནང༌། རྒྱུ་མཚན་ཅི་ལགས་ཞུས་པས། ཤམྦྷ་ལ་དང༌། མ་ཁ་བ་གཉིས་རྩོད་པ་ཡོད་པས། རིགས་ལྡན་གྱི་རོགས་ལ་འགྲོ་དགོས་པ་ཡོད་གསུངས་པས། དེ་ལྟར་མི་གསུང་བར་ཞུ། བདག་སོགས་འགྲོ་བ་མ་ལུས་
པའི་དོན་ལ་ཡུན་རིང་དུ་བཞུགས་པ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། ད་ལན་ཆོས་དཔལ་འབྱོར་ལ་གདམས་པ་ཡིན་གསུངས་ཤིང༌། རྟེན་འབྲེལ་གྱི་གནད་ཀྱིས། ཀ་བཞི་སེང་ཆེན་མའི་ཉི་མ་བྱང་དུ་ཀ་ཆེན་གཅིག་བཙུག་པ་རྨིས། ཞེས་པའི་མགུར་གྱིས་གསུང་ཞིང༌། ཉིད་ཀྱིས་ཀྱང་མང་དུ་མཛད། དེ་ཡང་སྤྲེའུའི་ལོའི་དགུན་ཤོང་ཉི་མ་འོད་མེད་པ་དང༌། མཁའ་ལྡིང་བྱའི་རིགས་ཆེ་ཆུང་མེད་པ་ཐམས་ཅད་ཀྱིས་ཉིན་མཚན་མེད་པར་མི་བཟོད་པའི་ཀུ་ཅོ་འདོན་ཅིང་ཕར་ཚུར་དུ་གཏུག་པར་བྱེད་པ་དང༌། དུས་རྒྱུན་དུ་ས་གཡོ་བ། མེ་ཏོག་གི་ཆར་བབ་པ་སོགས་ཞི་བར་གཤེགས་པའི་ལྟས་དུ་མ་བྱུང་ཞིང་དྲུང་ཉིད་ཀྱི་ཞལ་ནས། ད་ཁོ་བོ་ཡང་བཀའ་བརྒྱུད་ཀྱི་གྲལ་ལ་འདུག་པ་ཡིན་གསུངས་ནས། སངས་རྒྱས་ཐམས་ཅད་འདུས་པའི་རིན་པོ་ཆེ། །ཐུགས་རྗེའི་བདག་ཉིད་མཐོང་བ་དོན་ལྡན་ལ། །གསོལ་བ་འདེབས་སོ་ཐུགས་རྗེའི་སྤྱན་གྱིས་གཟིགས། །གསོལ་བ་འདེབས་སོ་བྱིན་རློབ་ཆུ་རྒྱུན་དབབ་ཏུ་གསོལ། །
ཅེས་པའི་གསོལ་འདེབས་མཛད་ནས། ཁྱོད་རང་ཡང་འདི་བཞིན་དུ་གསོལ་བ་ཐོབ་གསུངས། དེའི་སྐབས་ཤིག་ཏུ་དྲུང་ཉིད་ཀྱི་སྐུ་ཆོས་དང་ཞྭ་ནག་དང༌། བསྲེ་འཕོའི་ཞལ་གདམས་སོགས་གནད་ཀྱི་གདམས་པའི་ཕྱག་དཔེ་རྣམས་བདག་ལ་གནང་ཞིང༌། ལུང་བསྟན་༼ཡབ་ཡུམ་དང་བཅས་པ་༽རྗེས་སུ་གནང་བ་བཀའ་རྒྱ་༼བཅུ་གསུམ་༽དང་བཅས་ཏེ་གདམས་པ་མཛད་པ་ནི། སྤྲེའུ་ལོའི་ཟླ་བ་བཅུ་གཉིས་པའི་ཡར་ཚེས་ལའོ། །དེ་ནས་ཆུ་མོ་བྱའི་ལོ་ཟླ་བ་དང་པོའི་ཚེས་བརྒྱད་ཀྱི་ཐོ་རངས་ཀྱི་ཐུན་ལ་བབ་པ་ན། བདག་ཉིད་ཆེན་པོའི་སྐུའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་ཏེ། སྔར་བརྟན་བཞུགས་ཕུལ་བའི་ཚེ། ངེད་རང་ཟླ་བ་དགུའི་བར་ཁག་ཁུ་བ་ཡིན་གསུང་པ་ནས། དག་པའི་ཞིང་དུ་གཤེགས་ཀྱི་བར། ཞག་ཏུ་བརྩིས་ཀྱང་ཟླ་བ་དགུ། ཟླ་བར་རྩིས་ཀྱང་ཟླ་བ་དགུ་ལ་ཞག་གཅིག་ཀྱང་ལྷག་ཆད་མེད་པར་མཁྱེན་པས་སྔོན་དུ་ལུང་བསྟན་པར་འདུག་གོ །སྐབས་འདིར་དག་པའི་ཞིང་དུ་བྱོན་ནས་
འགྲོ་དོན་ལ་བསྐུལ་ཞིང་བྱིན་བརླབས་མཛད་པ་ནི། དྲུང་ཉིད་ཀྱི་གསུང་ལས། ན་མོ་གུ་རུ། བཀའ་བརྒྱུད་རྣམས་དང་སངས་རྒྱས་བྱང་ཆུབ་སེམས། །རྒྱལ་བ་རྣམས་ཀྱི་སྤྲུལ་པ་ཆོས་ཀྱི་རྗེ། །འདས་ནས་བདག་ཅག་མ་སྐྱེའི་བར། །རྣམ་ཐར་བསྡུས་པ་བརྗོད་པར་བྱ། །བྱ་ལོ་ཟླ་བ་དང་པོའི་ཚེས་བརྒྱད་དུས། །གཟུགས་སྐུ་བདེ་བ་ཆེན་པོར་བསྡུས་པ་ཡིན། །འོད་གསལ་ངང་ལ་མཉམ་པར་བཞག །གདུང་གཞུས་མཉམ་དུ་འོག་མིན་དུ། །བྱོན་ནས་རྡོ་རྗེ་འཆང་ཆེན་དང༌། །ཐུབ་པ་ལོང་སྐུའི་ཆ་ལུགས་མཐོང༌། །གཞན་ཡང་ལོང་སྐུ་བསམ་མི་ཁྱབ། །ལྷག་པའི་ལྷ་ཡང་མང་པོ་སྣང༌། །དེ་རྣམས་ཐམས་ཅད་དང་ནི་མཇལ། །རྡོ་རྗེ་འཆང་གི་གསུང་ལས་ཀྱང༌། །ཁྱོད་ཀྱི་ཕ་ནི་གྲུབ་པ་ཞེས་བྱ་བ། །མ་ནི་སངས་རྒྱས་ཁོང་ནས་གྲུབ་པས་སྐྱིད། །སེམས་ཅན་ཀུན་ལ་ཕན་པ་འབྱུང་བ་ཡིན། །གསུངས་སོ། །དེ་ནས་སྐུ་གདུང་གཞུས་པ་དང་མཉམ་དུ་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཞུགས་
གནས་འོག་མིན་གྱི་གནས་སུ་ཕྱིན། རྡོ་རྗེ་འཆང༌། རིགས་ལྔ། ཐུབ་པ་ལོངས་སྐུའི་ཆ་ལུགས་སུ་འདུག་པ་ལ། གཞན་ཡང་ལོངས་སྐུ་བསམ་གྱིས་མི་ཁྱབ་པ་འདུག་པ་དང༌། ཡི་དམ་ཡང་མང་པོ་དང༌། བཀའ་བརྒྱུད་བླ་མ་རྣམས་བཞུགས་པ་དང་མཇལ། རྡོ་རྗེ་འཆང་གིས། ཁྱོད་ཀྱི་ཕ་གྲུབ་པ་ཞེས་པ་དང༌། མ་དོན་གྲུབ་པས་སྐྱིད་ཅེས་བྱ་བ་ལ་སྐྱེས་ནས་འགྲོ་དོན་འབྱུང་གསུངས། དེ་ནས་རིམ་གྱིས་དགའ་ལྡན་དུ་བྱམས་པ་དང་མཇལ། ཁྱོད་ཀྱིས་འགྲོ་དོན་དཔག་ཏུ་མེད་པ་གྱིས་ཤིག་གསུངས། ཤར་ཕྱོགས་སུ་མི་འཁྲུགས་པ་དང་མཇལ་ནས། ཁྱོད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས། དགེ་སློང་དང༌། དགེ་སྦྱོང་དང༌། དགེ་འདུན་ལ་སོགས་པ་གཞན་ལ་ཕན་པར་གྱིས། རྡོ་རྗེ་ཐེག་པའི་ཆོས་ཀྱིས་གཞན་ལ་ཕན་པར་གྱིས་གསུངས། ལྷོ་ཕྱོགས་སུ་རིན་ཆེན་འབྱུང་ལྡན་དང་མཇལ་ནས། ཁྱོད་ཀྱིས་སྔོན་ཆད་འགྲོ་དོན་དཔག་ཏུ་མེད་པ་བྱུང༌། ད་ཡང་འཛམ་བུའི་གླིང་གི་གདུལ་བྱ་ལ་སོམས་ལ་འགྲོ་དོན་གྱིས་
གསུངས། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སུ་འོད་དཔག་མེད་དང་མཇལ་ནས། ཁྱོད་ཀྱིས་དེ་སྔོན་སེམས་ཅན་ལ་ཕན་ཐོགས་སམ་གསུངས། ཐོགས་ཞུས་པས། ད་ཡང་སྦྱིན་པ་དང༌། ཚུལ་ཁྲིམས་དང༌། བཟོད་པ་དང༌། བརྩོན་འགྲུས་དང༌། བསམ་གཏན་དང༌། ཤེས་རབ་ལ་སོགས་པས་སེམས་ཅན་ལ་ཕན་ཐོགས་པར་གྱིས་གསུངས། ཨོ་རྒྱན་ན་ཚོགས་གྲལ་དུ་ཕྱིན་པས། ཁྱོད་སུ་ཡིན་གསུང༌། ང་ནི་སྔོན་ཆད་དུས་གསུམ་མཁྱེན་པ་དང༌། །ཀརྨ་པཀྵི་རང་བྱུང་རྡོ་རྗེ་དང༌། །རོལ་པའི་རྡོ་རྗེ་དེ་བཞིན་གཤེགས་པ་ཡི། །སྐྱེ་བ་རྣམ་དག་མཐོང་བ་དོན་ལྡན་ཡིན། །ཅེས་སྨྲས་པས། འོ་ན་ཁྱོད་ཀྱིས་ཚོགས་ཀྱི་དཔོན་པོ་གྱིས་གསུངས། བྱང་ཕྱོགས་ཀྱི་ཁམས་ན་རྒྱལ་བ་དོན་ཡོད་གྲུབ་པ་དང་མཇལ་ནས། ཁྱོད་འཛམ་བུའི་གླིང་དུ་ཕ་གྲགས་པ་དཔལ་གྲུབ། མ་ལྷ་མོ་སྐྱིད་ཅེས་བྱ་བ་ལ་སྐྱེ་བར་འགྱུར་བར་གསུང་པ་དང་མཐུན་པར་འགྲོ་བའི་དོན་དུ་བསམ་བཞིན་དུ་སྐྱེ་བ་བཞེས་པར་དགོངས་པ་ན། མཚུར་ཕུར་བྱ་
ལོ་ཟླ་བ་བདུན་པའི་ནང་དུ་རིན་པོ་ཆེ་མཚུར་ཕུ་པ་ཀོན་ཏིང་གུའི་ཤྲི་པའི་དྲུང་གི་ཞལ་སྔ་ནས། སྐུ་མདུན་དུ་བཞུགས་པ་རྣམས་ལ་ཇ་གྲལ་དུ། ངའི་རྨི་ལམ་ལྟར་ན། ད་རེས་སྤྲུལ་སྐུ་རིན་པོ་ཆེའི་ཡབ་ལ་དཔལ་གྲུབ་བྱ་བ་ཞིག་ཡོང་བར་འདུག་གསུང་པ་དང༌། བླ་མ་དབང་བརྒྱ་བ་འཇམ་དཔལ་བཟང་པོའི་རྨི་ལམ་དུ་མཚུར་ཕུའི་ཤར་ཕྱོགས་སུ་གྱུར་པའི་གནས་གཅིག་ན་སྐུ་སྐྱེ་འབྱོན་པར་ཡོད་གསུང་པ་སོགས་དང༌། གཞན་ཡང་དེ་སྐོར་གྱི་དགེ་འདུན་པ་རྣམས་ཀྱི་རྨི་ལམ་དུ་དར་ཅོག་དམར་པོ་བཙུག་པ་དང༌། ཞྭ་དམར་གོན་དང༌། ཤར་ཕྱོགས་ནས་བུ་མོ་སྐྲ་གསར་དང་རྒྱན་བཏགས་པ་མང་པོ་བྱུང་བ་སོགས་རྨི་ལྟས་ངོ་མཚར་ཅན་མང་དུ་བྱུང་བ་དང་མཐུན་པར། སེམས་དཔའ་ཆེན་པོ་འདི་ཉིད་ལྷུམས་སུ་ཞུགས་པའི་གནས་ནི་ཨོ་རྒྱན་རི་ཁྲོད། ཡབ་གྲུབ་པ་ཐོབ་པའི་སྐྱེས་བུ་ཆེན་པོ་རུས་ཆེན་ལྡོང་ལས་ནང་ཚན་པ་ཡ་སྟེ་གྲགས་པ་དཔལ་གྲུབ་བྱ་བ་དང༌། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྤྲུལ་པ་ཇོ་དར་བཟའ་ལྷ་མོ་སྐྱིད་ཅེས་
བྱ་བའི་གནས་མཁྱེན་པར་མཛད་ནས། སེམས་ཅན་གྱི་དོན་ལ་མངལ་ཉེ་བར་སྦྱངས་ཏེ་ལྷུམས་སུ་ཞུགས་པའི་ཚེ། ཡབ་ཡུམ་གཉིས་ལ་མཚན་ལྟས་འདི་རྣམས་བྱུང༌། ས་གཡོ་བ་དང༌། འཇའ་ཤར་བ་དང༌། ལུས་ལ་བདེ་དྲོད་འབར་བ་དང༌། འོད་གསལ་གྱི་ཏིང་ངེ་འཛིན་སྐྱེས་པ། ཁམས་བདེ་བ། དྲི་བཟང་པོ་བྲོ་བ་སོགས་ཡོན་ཏན་དུ་མ་བྱུང་ཞིང༌། ཡུམ་གྱི་ལྷུམས་སུ་ཤེལ་གྱི་མཆོད་རྟེན་ལྷའི་ཁང་བཟང་དུ་བསམ་གཏན་གྱི་ཏིང་ངེ་འཛིན་ལ་བཞུགས་སོ། །དེའི་ཚེ་ཡུམ་གྱི་རྨི་ལམ་དུ་ཀརྨ་པ་མཐོང་བ་དོན་ལྡན་དང་མཇལ་བ། རྒྱབ་རི་ལ་བྲག་ལྷ་མགོན་པོའི་རང་བྱོན་འདུག་པ་ཁོང་གི་དངོས་གྲུབ་ཡིན་ཟེར་བ་དང༌། ཉི་ཟླས་ལུས་ལ་བརྒྱན་པ། ལི་སྡེར་གཅིག་གི་ནང་དུ་རིང་བསྲེལ་ལས་གྲུབ་པའི་རྡོ་རྗེ་འཆང་གི་སྐུ་གཅིག་རྙེད་ནས་མཆན་ཁུང་དུ་བཅུག་པ། ཟླ་བ་ཤར་བ། ཉི་མ་ཤར་བ་ལུས་ལ་ཕོག་པས་བདེ་དྲོད་སྐྱེས་པ་དང༌། ལྷུམས་སུ་ཞུགས་ནས་ཟླ་ངོ་གསུམ་གྱི་ཚེས་བརྒྱད་ཀྱི་ཉིན་པར་ནམ་མཁར་
དངོས་སུ་རོལ་མོའི་སྒྲ་ལན་གསུམ་གྲགས་པ་དང༌། ལྷུམས་སུ་འཁྲུལ་འཁོར་ལན་གསུམ་མཛད་པ་དང༌། ཟླ་བ་དྲུག་གི་ཉི་ཤུ་བརྒྱད་ལ་ཡི་གེ་དྲུག་པ་གསུང་པ་ཡུམ་གྱིས་གསལ་པོར་ཐོས་པ་དང༌། དེ་ཕྱིན་ཆད་དུས་བཟང་ཐམས་ཅད་ལ་ཨཱ་ལི་ཀཱ་ལི་གསུང་པ། ཡུམ་ཤིང་ཐུ་བར་སོང་བས། བརྡབ་ཕོག་པས། ཨ་ན་ན་ཅི་བྱེད་པ་ཡིན་གསུང་པ་ཐོས། ཡང་ལྷུམས་སུ་འཁྲུལ་འཁོར་མཛད་པས་ཧུབ་ཕོར་གང་བོ་བ་དང༌། ཡུམ་གྱི་རྨི་ལམ་དུ་གསེར་གྱི་མཆོད་རྟེན་རྙེད་པ་དང༌། ཤེལ་གྱི་མཆོད་རྟེན་རྙེད་པ་ཁུར་བ་དང༌། དཔུང་ཕུག་ན་བཙུན་མ་བུ་མོ་གཅིག་གིས་ཞྭ་ནག་གསེར་མདོངས་ཅན་གཅིག་བྱིན་པ་དང༌། སྦྲའི་སྟེང་ན་ཞྭ་ནག་དང་མཆོད་ཆ་སྣ་ཚོགས་སྣང་བ་ཁོང་གིས་འཆང་རྒྱུ་ཡིན་པ་དང༌། རྒྱབ་རི་ལ་རྣལ་འབྱོར་མ་གཅིག་བྱུང་ནས་ཁྱོད་ཀྱི་ལུས་ལ་ཆོས་རྗེ་ཀརྨ་པའི་སྐུ་འཁྲུངས་རྒྱུ་ཡོད་ཟེར་བ། ཁོ་རང་གི་ཐུགས་ཁ་དེ་སྟོང་པར་འདུག་པ་ལ། སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་སྐུ་མདོག་དཀར་པོར་འདུག་
པ། ཁོ་རང་གི་ཕྱག་གཡས་པའི་གོང་མཛུབ་ཀྱི་ཚིགས་གསུམ་པོ་དེ་རིགས་གསུམ་མགོན་པོར་སྣང་བ་ལས། འཇམ་དབྱངས་ཕྱག་རྡོར་ཅུང་ཟད་མི་གསལ་ཞིང༌། སྤྱན་རས་གཟིགས་ཤིན་ཏུ་གསལ་བར་མཐོང་བ་དང༌། མི་དཀར་པོ་གཅིག་གིས་དུང་དཀར་གཅིག་འབུད་ཅིང་བྱུང་ནས། དུང་སྐད་འདི་ཕྱོགས་བཅུ་ཐམས་ཅད་དུ་བསྒྲགས་པ་ཡིན། ཁྱོད་འདིར་མ་འདུག་ལ་རྔོད་ཨ་ལ་ན་སོང་ཟེར་བ་དང༌། གཞན་ཡང་བན་དྷེ་དང༌། སྐྱ་བོ། བུད་མེད་ཀྱི་ཚོགས་མང་པོས་ཕྱག་དང་བསྐོར་བ་བྱེད་པ་དང༌། མེ་ཏོག་གི་ཚལ་ཆེན་པོར་ཕྱིན་པ་དང༌། མེ་ཏོག་རིགས་མང་པོ་སྦྱིན་མི་བྱུང་བ་གསོལ་བ། ལུས་ལ་བརྒྱན་པ་དང༌། རིན་པོ་ཆེའི་གཏེར་རྙེད་པ། མཆོད་ཆའི་གཏེར་རྙེད་པ། སྐུ་འཁྲུངས་པའི་ས་དེར་གསེར་སྦྲམ་རྙེད་པ་རྨི་བ་དང༌། དུས་རྟག་ཏུ་གུར་གུམ་དང་ཙནྡ་དང་སྤོས་བཟང་པོ་བསྲེག་པ་ལྟར་དྲི་བཟང་གི་ངད་བྲོ་བ་སྟེ། དེ་དག་ནི་ཡུམ་གྱི་རྨི་ལམ་དང་དངོས་རྟགས་སོ། །ཡབ་ལྷོ་སྨད་ན་བཞུགས་པའི་དུས་སུ། རྨི་
ལམ་ན་བླ་མས་ལུང་བསྟན་ནས། འདིར་མ་འདུག་ཨོ་རྒྱན་རི་ཁྲོད་དུ་སོང་དང་འགྲོ་དོན་རྒྱ་ཆེན་པོ་འབྱུང་གསུངས་ནས། དེར་བྱོན་ནས་སྒྲུབ་པ་མཛད་པའི་དུས་ན། སྔོན་གྱི་སྨོན་ལམ་གྱི་དབང་གིས་གདུལ་བྱ་དུས་ལ་བབ་ནས། རི་ཁྲོད་དེར་ཡབ་ཡུམ་ཐབས་གཅིག་པར་བཞུགས་ཏེ། དེའི་ཚེ་བདེ་སྟོང་གི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་པ་དང༌། གཞན་ཡང་ཁམས་བདེ་ཞིང་ལུང་བསྟན་པ་དང༌། རྟག་ཏུ་དྲི་བཟང་གི་ངད་བྲོ་ཞིང་ཕྱོགས་ཐམས་ཅད་དུ་ཁྱབ་པར་གྱུར་ལ། རྨི་ལམ་དུ་ཁོང་ལ་སྲས་ཤ་དཀར་བ་གཅིག་འདུག་པ་དེ་ཆོས་རྗེ་ཀརྨ་པའི་སྐུ་སྐྱེ་ཡིན་པས་འདིར་མ་འདུག་པར་རྔོད་སྤྱི་ནང་དུ་སོང་གསུང་ཞིང་ལུང་བསྟན་པ་དང༌། ཟླ་བ་ལྔ་ཤར་བ་དང༌། སྐུ་འཁྲུངས་ས་དེར་ཕྱིན་པས། ཉི་ཟླ་གཉིས་ས་ལ་བབ་འདུག་པ་དང༌། ལུས་ལ་མེ་ཏོག་གིས་བརྒྱན་པ་དང༌། ཕྲག་པར་ཁུར་བ་དང༌། གསེར་གྱི་རྡོ་རྗེ་རྙེད་པ་དང༌། ཟམ་ཆེན་བཙུགས་པ་དང༌། བདུད་རྩིའི་ཆུ་འཐུང་བ་དང༌། ནམ་མཁར་འཕུར་བ་དང༌། བ་དན་དཀར་
པོ་ཕྱར་བ། ཁྲོམ་ཚོགས་ལ་ཡིག་དྲུག་བསྐུལ་བ། ཁྱེའུ་ལེགས་པོ་དཔྲལ་བར་ཨ་དཀར་པོས་མཚན་པ་གཅིག་པང་དུ་བྱུང་ནས། ཀརྨ་པའི་སྐྱེ་བ་ཡིན་ཟེར་བ་དང༌། ཉམས་སྣང་ལའང་དུས་ཐམས་ཅད་དུ་ཀརྨ་པ་དང་མི་འབྲལ་བར་འབྱུང་ཞེས་སོ། །དེ་རྣམས་ནི་ཡབ་ཀྱི་རྨི་ལམ་དང་དངོས་རྟགས་སོ། །དེ་ནས་ཡབ་ཡུམ་གཉིས་ལུང་བསྟན་ལྟར་རྔོད་དུ་བྱོན་ནས། སྤྱི་མདའི་མཁར་དུ་བཞུགས་པའི་དུས་སུ། འབྲི་གུང་བའི་བན་དྷེ་གཅིག་གི་རྨི་ལམ་དུ། སྤྱི་མདའི་མཁར་ནང་གི་བྱ་བྲལ་ཕོ་མོ་གཉིས་ལ་ཆོས་རྗེའི་སྐུ་སྐྱེ་འཁྲུངས་རྒྱུ་ཡོད་ཟེར་བ་རྨིས་པ་དང༌། གཞན་ཡང་དེ་སྐོར་གྱི་རབ་བྱུང་དང་སྐྱ་བོ་བུད་མེད་སོགས་ཅི་རིགས་ཀྱི་རྨི་ལམ་དུ་ཉི་ཟླ་ཤར་བ་དང༌། ཆོས་རྗེ་སྒར་ལ་ཕེབས་པ་སོགས་རྨི་ལྟས་ཀྱི་ཁྱད་པར་མང་དུ་བྱུང་བས་དངོས་སུ་དྲི་བཟང་གི་ངད་དྲོ་བ་དང༌། རོལ་མོའི་སྒྲ་སྒྲགས་པ། འཇའི་གུར་ཕུབ་པ། མེ་ཏོག་གི་ཆར་བབ་པ། རྒྱབ་རི་ལ་འཇའི་སྐེ་རག་བཅིངས་པ་མཐོང་བ་སོགས་ངོ་མཚར་བའི་
ལྟས་དཔག་ཏུ་མེད་པ་བྱུང་བས། ཐམས་ཅད་ངོ་མཚར་བར་གྱུར་ཏོ། །དེ་ལ་གཞི་བདག་དང༌། གནས་འདིའི་ཡོན་ཏན་ཟུར་ཙམ་བརྗོད་ན། གཞི་བདག་ཐམས་ཅད་ཀྱི་སྤྱི་དཔོན། ཐམས་ཅད་ཀྱི་ལྷ། ཇོ་བོ་ལྟ་བུ་ཡིན་པས་ན། སྤྱི་ལྷ་ཇོ་བོ་ཞེས་པ་འདིས། སྔོན་ཆོས་རྗེ་རང་བྱུང་རྡོ་རྗེ་མཚུར་ཕུའི་དབེན་གནས་ཡང་དབེན་ན་བཞུགས་པའི་དུས་དགེ་བསྙེན་གྱི་སྡོམ་པ་ཞུས་ཞིང༌། ཕྱིན་ཆད་ཡོན་བདག་བྱེད་ཅིང་ཅི་གསུང་བསྒྲུབ་ཅེས་དམ་བཅས་པ་དང༌། ངེད་ཀྱི་རྔོད་ལུང་པ་འདི་མཁའ་འགྲོའི་སྦས་ལུང་ཡིན། དེར་ཕེབས་ནས་བཞུགས་པའི་ཞུ་བ་ཕུལ་བས། ཆོས་རྗེ་རིན་པོ་ཆེ་རིམ་པར་ཕེབས་ནས་ཞབས་ཀྱིས་བཅག་པའི་གནས་ཁྱད་པར་ཅན་འདི། ལུང་པ་ཁ་ཤར་ཕྱོགས་སུ་བསྟན་པ། རིན་པོ་ཆེའི་གཏེར་མཛོད་ཁ་ཕྱེ་བ་འདྲ་བ། རྒྱབ་རི་ལྷུན་པོ་བརྩིགས་པ་ལྟར་བརྗིད་ཅིང་མཐོ་བའི་རྩེ་མོ་གངས་རི་རྩེ་རྒྱལ་ཤེལ་གྱི་མཆོད་སྡོང་བརྩིགས་པ་ལྟར་དཀར་ལ་འཚེར་ཞིང་བཀྲ་ཤིས་ཀྱི་འོད་འབར་བ་རྒྱལ་པོ་གདན་ལ་བཞུགས་
པ་འདྲ་བའི་རྩ་བར། སྤང་རི་རིན་པོ་ཆེའི་ཁྲི་བརྩེགས་པ་ལྟ་བུའི་ལོགས་ལ་ཞྭ་ནག་རང་བྱོན་སྣ་ཚོགས་པ་བཞུགས་པའི་གཡས་སུ་རྫོང་ཡང་དགོན་བྱ་བ་གཏེར་བདག་ཆེན་པོ་ཁ་ཕྱེས་པ་འདྲ་བ་དང༌། པར་ཀ་དར་དཀར་གྱི་ཡོལ་བ་བརྐྱངས་པ་ལྟ་བུ་རབ་ཏུ་མཛེས་པ་དང༌། ཉིན་རྫོང་བྱ་བ་གླང་ཆེན་བྲེས་སུ་བཞུགས་པ་འདྲ་བ་ལ་བྱིན་ཆགས་པ་དང༌། རི་རིན་ཆེན་སྤུངས་པ་ལྟར་མཛེས་ཤིང་རྒྱལ་པོ་ལྟར་བརྗིད་པ་དང༌། སྟག་སྒང་རིང་མོ་བྱ་བ་གཡུ་འབྲུག་སྔོན་མོ་རླུང་ལ་མཆོང་བ་ལྟ་བུས་བརྒྱན་པ། གཡོན་དུ་སྤྱི་ལྷ་བྱ་བ་སེངྒེ་གནམ་དུ་མཆོང་བ་འདྲ་བས་བརྗིད་ཅིང་འགྱིང་བའི་གཡུ་རལ་རབ་ཏུ་རྒྱས་པ་ལྟར་ཤུག་པའི་ལྗོན་ཤིང་དག་གིས་རབ་ཏུ་བརྒྱན་པ། མདུན་དུ་དཔའ་བྱ་བ་སྤང་ལྗོངས་ཡིད་འོང་གཡུའི་མཎྜལ་བཀོད་པའི་སྟེང་ན། རིན་པོ་ཆེ་དུ་མའི་ཚོམ་བུ་འདྲ་བ་སྣ་ཚོགས་པའི་མེ་ཏོག་དག་གིས་སྤྲས་ཏེ། རིན་པོ་ཆེ་ཆ་གཅིག་པ་དང༌། གཉིས་པ་དང༌། གསུམ་པ་དང༌། ཟུར་བརྒྱད་པ་དང༌། རིན་
པོ་ཆེས་གང་བའི་ནེའུ་ལེའི་རྐྱལ་པ་ལྟ་བུའི་དོ་བོ་བརྒྱ་རྩ་བརྒྱད་དང༌། དེ་དག་གི་བར་བར་དུ་ཨ་རི་ཐང་ལ་སོགས་པ་ཐང་ཆེན་བརྒྱ་དང་རྩ་བརྒྱད་ཀྱི་སྐྱེད་མོས་ཚལ་དང༌། བསམ་མཚོ་ཁྲ་རིང་སོགས་ཟླུམ་པོ། གྲུ་བཞི། ཟླ་གམ། གྲུ་གསུམ་དུ་གནས་པའི་མཚོ་ཆེ་ཆུང་བརྒྱ་རྩ་བརྒྱད་དང༌། ལྡེང་ཀ་དང་ལུམ་པ་དང་ནགས་ཚལ་དང༌། འབབ་ཆུ་དང༌། རབ་ཏུ་དབྱིབས་ལེགས་པའི་བྲག་རི་ལ་སྣ་ཚོགས་པའི་ལྗོན་ཤིང་དག་གིས་མངོན་པར་བརྒྱན་པས་ཡིད་འཛིན་པ། རྩི་ཤིང་སྣ་ཚོགས་ནགས་ཚལ་རྣམས་ཀྱི་ཡལ་ག་འདུད་ཅིང༌། འབྲས་བུ་ཅན་གྱི་ཤིང་རྣམས་ཀྱིས་རོ་མཆོག་སྣ་ཚོགས་པའི་འབྲས་བུ་འཛིན་ཅིང་བསྟབ་པའི་ཚུལ་གྱིས་སྐྱེད་མོས་ཚལ་རྣམས་སུ་རི་དྭགས་སྣ་ཚོགས་ཡོངས་སུ་རྒྱུ་བ། ཁ་དོག་དང་རིགས་སྣ་ཚོགས་པའི་བྱ་རྣམས་ཀྱིས་རྒྱུད་མང་ལས་འདྲེན་ཞིང༌། སྙན་པའི་གླུ་དབྱངས་ལྟར་སྐད་སྣ་ཚོགས་སྒྲོགས་པས་ཕན་ཚུན་རྩེ་དགའ་བྱེད་པ། རི་དེ་དག་ཏུ་དུག་གསུམ་ནད་ཀྱིས་ཉེན་པར་རིགས་བརྒྱ་
ཕྲག་ལས་བརྒལ་བའི་སྨན་སྣ་ཚོགས་པའི་རྩ་བ་སྡོང་བུ་འདབ་མ་གེ་སར། འབྲས་བུས་རབ་ཏུ་བརྒྱན་པའི་ས་ཕྱོགས་རྣམས་སུ་ཉལ་འགྲོ་བ་དག་ཀྱང་སྙན་པའི་སྒྲ་སྒྲོགས་ཏེ། མྱུར་འབབ་ཅིང་གཡས་སུ་འཁྱིལ་བཞིན་པས་བསྐོར་བ། གཞན་ཡང་མདུན་རྒྱབ་གཡས་གཡོན་གྱི་རི་རྣམས་ཀྱང༌། རྒྱལ་པོ་ལ་དབང་གིས་བསྐོར་བ་ལྟར་གུས་པས་འདུས་བཞིན་དུ་བསྐོར་བ་དག་ལ་དགོས་འདོད་རྒྱ་མཚོ་རབ་ཏུ་གང་བ་ལྟར། ནགས་ཚལ་ཆེན་པོ་རྣམས་ཀྱིས་མཛེས་པར་བརྒྱན་ཅིང་ལྷུན་ཆགས་པ་སྟེ། དེའི་ཤར་ཕྱོགས་སུ་ཇོ་བོ་ཤ་ན་ར་མགོ་དང་། ལྷོར་རྐྱང་ལ་རྨོག་པ་དང་། ནུབ་ཏུ་སོ་བ་སྟག་རྩེ། བྱང་དུ་འཛམ་བུ་ལུག་རུས་ཏེ། བཞི་པོ་སྒོ་སྲུང་དུ་གནས་པས་འབྱུང་པོ་ལོག་འདྲེན་ཐམས་ཅད་ཚར་གཅོད་པའོ། །དེ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་སྤྱི་ནང་ཞེས་བྱ་བ་རྒྱ་གར་གྱི་གནས་ཆེན་རྣམས་ཀྱི་ཡ་གྱལ་མཁའ་འགྲོའི་སྦས་ལུང༌། གདུལ་བྱ་སྣོད་ལྡན་རྣམས་ཀྱི་ཆོ་འཕྲུལ་དུ་གྱུར་པར་གཟིགས་ནས། དེ་ལྟར་
ས་ཆེན་དེ་ནི་དྲུང་ཉིད་བདེ་བར་གཤེགས་པའི་གནས་གསའ་ཕུའི་བྱང་དྲང་པོར་ཡོད་ཅིང༌། ཀ་བཞི་སེང་ཆེན་གྱི་བྱང་ནས་མགོ་ཚུགས་གསུངས་པ་ཡང་སྤྲུལ་པའི་སྐུ་གནས་དེར་བྱོན་པ་ལ་དགོངས་པ་ལྟར་ཐུགས་རྗེས་གཟིགས་སོ། །ཡབ་ཡུམ་གྱི་སྔར་རྨི་ལམ་དུ་གསེར་སྦྲམ་རྙེད་པ་དང༌། ཉི་ཟླ་བབ་པ་རྨིས་པའི་ས་དེར་སྔོན་གྱི་ལུང་བསྟན་པ་བཞིན་བྱོན་ནས། བཞུགས་པར་གྱུར་པ་དེའི་ཚེ། འབྱུང་བ་ལྔ་ལྡན་ཤིང་ཕོ་ཁྱིའི་ལོ། ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ། འཇམ་དཔལ་རྩ་བའི་རྒྱུད་ལས། མཆུ་ལ་སྣང་བྱེད་ཞིང་དུ་གྱུར། །སེངྒེའི་ཁྱིམ་དུ་བྱ་བ་ཡིན། །དེ་ལ་སྐྱེས་པ་དཔའ་བོ་ཆེ། །རིའི་རྫོང་ལ་བརྟེན་ནས་ནི། །རྒྱལ་ཐབས་འབྱུང་འཇུག་བྱེད་པར་འགྱུར། །གལ་ཏེ་དེར་སྐྱེས་ཐོབ་གྱུར་ན། །ཞིང་ལ་གནས་ཤིང་དེ་སྡོམ་བརྟེན། །དེ་ནི་ཉི་མ་འཆར་བ་ན། །སྐྱེས་པ་དེ་ལ་བརྗོད་པ་ཡིན། །གསུངས་པ་དང་རྗེས་སུ་མཐུན་པར་སྐར་མ་རྟ་ཆེན་ལ་བབ་པའི་སྔ་དྲོ། ནམ་མཁའ་གཡའ་དག་པ། འཇའི་གུར་ཕུབ་པ། མེ་ཏོག་གི་
ཆར་བབ། ས་གཡོ་བ། འབྲུག་གི་སྒྲ་སྒྲོགས་པ་ལ་སོགས་པ་ལྟས་ཁྱད་པར་ཅན་དུ་མ་དང་བཅས་ཏེ། སྐུ་བལྟམས་པར་གྱུར་ཏོ། །འཁྲུངས་མ་ཐག་ཏུ་ཞལ་ནས་ཨ་ལ་ལ་ཞེས་གསུང་བྱོན་པ་དང༌། སྐུ་ལ་མེ་ཏོག་གིས་བརྒྱན་པ་དང༌། ལྟག་པར་རྡོ་རྗེ་འཆང་གི་སྐུ། ཐུགས་ཀར་རྩ་རིས་ཀྱི་ཨ་ཡིག །གསང་གནས་སུ་ཆོས་འབྱུང་དང་འཁོར་ལོ། ཞབས་ལའང་འཁོར་ལོ་སྟེ། སྐུ་ལུས་ལ་རང་བྱོན་དྲུག་པོས་བརྒྱན་པ་དང༌། གསང་ཆེན་འོ་མར་འབབ་ཅིང་དྲི་བཟང་གི་ངད་དང་ལྡན་པ་བྱུང་ངོ༌། །ཡབ་ཀྱིས་གསོལ་བ་འདེབས་པའི་སླད་དུ་མཚན་མི་ཕམ་མགོན་པོར་གསོལ། ཡུམ་གྱིས་སྐུ་ཚེ་བརྟན་པའི་ཕྱིར་མཚོ་སྐྱེས་རྡོ་རྗེ་མཚན་གསོལ་ཏེ། ཞག་བདུན་རེད་ནས་གསུང་བྱོན་པས། ཡབ་ཀྱིས་རྒྱ་སྐད་མང་དུ་གསུང་བ་གོ། ཡུམ་གྱིས་དབྱངས་ཡིག་ཏུ་གོ། ཉེ་འཁོར་དུ་གནས་པ་རྣམས་ཀྱིས། ཨོཾ་མ་ཎི་པདྨེ་ཧཱུྃ། གསུང་པ་རུ་གོ་བར་འདུག་ཅིང་ཡབ་ཡུམ་གྱིས་གསང་བར་དམ་བཅས་ཀྱང༌། ཉིད་ཀྱི་ཐུགས་རྗེའི་འོད་ཟེར་
ནམ་མཁའ་ལ་ཉི་ཟླ་ཤར་བ་ལྟར་བཤད་མཁན་མེད་ཀྱང་སྤྱི་ནང་དུ་བྱ་བྲལ་བ་ཕོ་མོ་གཉིས་ལ་ཆོས་རྗེའི་སྐུ་འཁྲུངས་འདུག་ཟེར་ནས་ཕྱོགས་ཐམས་ཅད་དུ་རྔ་བོ་ཆེའི་སྒྲ་ལྟར་སྙན་པའི་གྲགས་པས་ཁྱབ་པར་གྱུར་ནས། ཕྱོགས་ཕྱོགས་ཀྱི་བླ་དཔོན་མི་དཔོན་ཐམས་ཅད་དད་པས་ཡིད་གདུང་བར་གྱུར་ཏེ། ཐམས་ཅད་ཐེ་ཚོམ་མེད་པར་འདུས་ནས་གསང་དུ་མ་བཏུབ་བོ། །སྙེ་བོ་ད་ར་སྟེང་གི་གདན་ས་པ་ཆོས་དཔལ་འབྱོར་གྱིས་ཐོས་ནས། ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཨེ་ཡིན་མཇལ་བར་འགྲོ་བསམ་པའི་ཚེ། དེའི་ནུབ་མོ་རྨི་ལམ་དུ་དྲུང་ཉིད་བཞུགས་འདུག་པ་ལ། དབུ་ཞྭ་དང་ཆགས་བུ་ཕུལ་བ་རྨིས་པས། ཕྱི་ནང་བླ་མ་བགྲེས་པོའི་མདུན་དུ་སོང་ནས། རྔོད་ན་ཁ་སྐད་འདི་འདྲ་འདུག་པས་ཅི་འདྲ་འཐད་ཞུས་པ་ལ། ངའི་རྨི་ལམ་ན་སྤྱི་ལྷའི་ལ་ཁར་ཉི་ཟླ་ཤར་བ་མལ་གཅིག་དུ་བསྡད་པ་རྨིས་པས། དྲུང་གོང་མའི་དབུ་ཞྭ་ན་བཟའ་ཆགས་ལྷམ་རྣམས་ཁྱེར་ལ་མགྱོགས་པོར་སོང་གསུངས། སྐུ་འཁྲུངས་ནས་ཞག་བཅོ་ལྔ་
ལོན་པའི་ཐོག་ཏུ་གདན་ས་བ་ཆོས་དཔལ་འབྱོར་མཇལ་བས། ཁོ་གཟིགས་པས་བཞད་པ་སོགས་དགྱེས་པའི་རྣམ་འགྱུར་མང་དུ་མཛད། དྲུང་གོང་མའི་ན་བཟའ་དབུ་ཞྭ་རྣམས་ཕུལ་བ་ལས། རྟོགས་ལྡན་པའི་ན་བཟའ་རྣམས་ཕྱག་གིས་མ་བཞེས་པར། དྲུང་གོང་མའི་ན་བཟའ་རྣམས་རིམ་པར་ཕྱག་གིས་བཞེས་པས། ཁྱོད་ཐམས་ཅད་མཁྱེན་པའི་སྐུ་སྐྱེ་ཡིན་ན་ང་ལ་བྱིན་བརླབས་གཅིག་མཛད་དགོས་ཞུས་པས། ཕྱག་གཉིས་ཀས་བྱིན་བརླབས་མཛད་པས། ཐེ་ཚོམ་མེད་ནས་སྐུ་རིམ་སོགས་ཞབས་ཏོག་བརྩོན་པར་བསྒྲུབ་བོ། །དེ་ནས་ཟླ་ངོ་གཉིས་བཞེས་ཐོག་ཏུ། རྔོད་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱིས་ཨ་རི་ཐང་དུ་གདན་དྲངས་ནས། ཆོས་ཁྲི་ཁར་བཞུགས་ནས་ཁྲོམ་ལ་ཞལ་བསྟན་པའི་ཚེ། ཕྱག་རྟེན་རྣམས་རིམ་པར་བཞེས། བྱིན་བརླབས་གནང་ནས་ཁྲོམ་རྣམས་ལ་རིམ་གྱིས་དལ་བུས་གཟིགས་ཏེ། ཕྱག་གཡས་ཀྱིས་ཞལ་དལ་བུར་ལན་གསུམ་ཕྱིས་ནས། མཉམ་བཞག་གི་ཕྱག་རྒྱ་མཛད་དོ། །
ཤིན་ཏུ་རྒན་པོ་ལས་ཀྱང་རྒན་པོ་ལྟར་སྐུ་གཟི་བརྗིད་དང་ལྡན་པར་མཛད་དེ། དེར་འདུས་པ་ཐམས་ཅད་ཤིན་ཏུ་དད་པ་ཐོབ་ནས་མཐོ་རིས་དང་ཐར་པའི་ལམ་ལ་བཀོད་དོ། །དེ་ནས་གདན་ས་བས་དབུས་དང༌། ཀརྨ་སོགས་ཕྱོགས་ཕྱོགས་སུ་གཏམ་སྙན་བསྐྱེལ་མི་བཏང༌། དེའི་དུས་སུ་སྒར་པ་དབུས་སུ་གསེར་ཐོག་སོགས་ཐུགས་དགོངས་རྫོགས་བྱེད་ཀྱི་བྱ་བ་སྒྲུབ་པའི་དུས། གཏམ་སྙན་བསྐྱེལ་མིའི་བང་ཆེན་སླེབས་པ་དང༌། བྱ་གྲགས་པ་སོགས་ལྟས་ཁྱད་པར་ཅན་བྱུང་ཞིང༌། དྲུང་རིན་པོ་ཆེ་མཚུར་ཕུ་པ་ལ་རྒྱུ་མཚན་ཞུས་པས། ཡབ་ཀྱི་མིང་དང་སྐུ་འཁྲུངས་པའི་ས་ཆ་རྣམས་རྨི་ལམ་དུ་སྔར་གསལ་བར་བྱུང་བ་དང་མཐུན་པར་འདུག་གསུང་ནས་སྤྲུལ་སྐུ་རིན་པོ་ཆེ་ཡིན་པར་ཐུགས་ཐག་བཅད་ནས། གསོལ་ཇ་བ་དང༌། གཟིམ་དཔོན་ལ་སོགས་ཇ་འདྲེན་པ་རིམ་པར་བཏང༌། དེ་རྣམས་སྐུ་མདུན་དུ་སླེབས་པས་མཉེས་པའི་རྣམ་འགྱུར་མང་དུ་མཛད། ཀརྨར་བང་ཆེན་ཟླ་བ་གསུམ་པའི་ཡར་ཚེས་ལ་སླེབས། དེ་
དུས་མདོ་གསུམ་ན་ཐན་པ་ཆེན་པོ་བྱུང་འདུག་པ་ལ། གཏམ་སྙན་སླེབས་པའི་ནུབ་མོ་ཁ་བ་ཆེན་པོ་བབ། འབྲུག་གྲགས་པ་དང་བླ་མ་ཚོགས་ཆེན་པ་བསོད་ནམས་རྡོ་རྗེའི་རྨི་ལམ་དུ། མདུན་རིའི་ནགས་ཆེན་མགོ་ནས། བཀྲ་ཤིས་དར་མོ་ཆེ་འཐེན་ནས་བྱུང་བ་དང༌། རི་གླིང་གི་ཁང་ཐོག་ཐམས་ཅད་དུ་དར་འཕྱར་དུང་འབུད་པ་དང༌། གཞན་ཡང་དགེ་འདུན་པ་རྣམས་ལའང་ལྟས་བཟང་པོ་བྱུང་ཞེས་པ་དང༌། དེ་ནས་ཟླ་ངོ་གསུམ་བཞེས་པའི་ཚེ། རྔོད་ཀྱི་བེར་སྣོད་དུ། བཞེར་བླས་སྐུ་མདུན་དུ་ཅོ་ཚིག་ཞུས་པས། མི་རྣམས་ཀྱིས་ཁྱེད་ཀརྨ་པ་མིན་པ་འདྲ། ཆོས་རྗེ་གོང་མ་རྣམས་ཀྱིས་ཟླ་བ་འདི་དང་འདིའི་ནང་དུ། གསུང་འདི་དང་འདི་ལྟ་བུ་བྱོན་པ་དང༌། གཞན་ཡིད་ཆེས་པའི་རྟགས་མང་དུ་བསྟན་འདུག་པ། རང་རེད་མཐོང་བ་དོན་ལྡན་གྱི་སྐུ་སྐྱེ་ཡིན་ན། ཐེ་ཚོམ་མེད་པར་ཡིད་ཆེས་ཀྱི་རྟགས་དང་གསུང་གཅིག་འབྱོན་པར་ཞུ་ཞུས་པས། ཞལ་ནས། ང་ནི་ཀརྨའི་མིང་ཅན་ཏེ། །ང་འདྲའི་གང་ཟག་དཀོན་པ་
ཡིན། །ང་དང་འབྲེལ་བ་གང་ཡོད་པ། །ངས་ནི་མི་བསླུའི་སྨོན་ལམ་ཡོད། །བཅུ་གསུམ་ཟླ་བ་མ་རྫོགས་བར། །ཚིག་འདི་གསང་ཆེན་རྒྱ་དང་ལྡན། །དེ་ནས་ཁོ་བོ་རྩོད་བྲལ་བའི། །རྟགས་རྣམས་རིམ་གྱིས་གསལ་བར་འགྱུར། །ཞེས་གསུངས། དེ་ནས་སྙེ་བོས་གདན་དྲངས་ནས། ད་ར་སྟེང་དུ་བཞུགས་པའི་ཚེ། ཀརྨ་སིད་དྷུ་པའི་ཞུ་ཡིག་ལྕགས་མོ་དབོན་པོ། གསེར་བྱ་བྲལ་བ། བསོད་ཡེ་སོགས་ཀྱིས་ཕུལ་བས། ཞུ་ཡིག་ཕྱག་གིས་བཞེས་ནས། ཡིག་འཕྲེང་ལ་རིམ་པར་གཟིགས་ནས་གསུང་བའི་ཚུལ་མཛད། དཔལ་ལྡན་རྡོ་རྗེ་གསུང་ནས་ལྕགས་མོའི་དཔང་དུ་བྱོན། བྱ་བྲལ་གྱི་ལག་པ་ལ་འཇུས་ནས། མཉེས་པའི་རྣམ་འགྱུར་དཔག་ཏུ་མེད་པ་མཛད། ཡིད་ཐེ་ཚོམ་དང་བྲལ་ནས་སྔོན་གྱི་དུས་དྲན་པའི་གདུང་ཤུགས་དྲག་པོས་བ་སྤུ་གཡོ་ཞིང། མིག་མཆིལ་མས་གང་ནས་ཁོང་ཡུས་ཀྱིས་བརྒྱལ་བར་གྱུར་ཏོ། །དེ་ནས་བཟུང་སྟེ་ལུས་དང་གྲིབ་མ་ལྟར་ཆག་ཕྱི་སྒྲུབ་བོ། །གཞན་ཡང་བསོད་ཡེ་གསུང་ནས་སྔོན་གྱི་ཕྱག་
ཕྱི་བ་རྙིང་པ་རྣམས་ངོས་བཟུང་མཛད། ཟླ་ངོ་ལྔ་བཞེས་པའི་ཚེ། སྙེ་བོའི་ག་གོར་ཁར་བཞུགས་པའི་དུས་སྐུ་མདུན་དུ་ཁ་གཅིག་ཐོ་ཅོའི་སྤྱོད་པ་བྱས་པས། ཞལ་ནས། ཨ་ཧཾ་བདེ་སྟོང་སྒྱུ་མའི་རྩལ། །སྣ་ཚོགས་ཡེ་ཤེས་རོལ་པ་ལས། །བྱིས་པ་རྣམས་ཀྱིས་བདེན་པར་མཐོང༌། །ང་ནི་སྐྱེས་འགག་གནས་དང་བྲལ། །ཅེས་གསུངས། དེ་ནས་ཟླ་བ་དགུ་བཞེས་པ་ན་དགོན་གསར་གྱི་གཟིམ་ཁང་དུ། དབུས་ནས་བདག་མཇལ་ཕྱིན་པས། སྐུ་གཟི་བརྗིད་ཀྱི་དཔལ་འབར་ཞིང༌། དཔག་ཏུ་མེད་པའི་མཉེས་པས་དགའ་སྟོན་བསྩལ་ཞིང་བྱིན་བརླབས་གནང་བ་དང༌། ཕྱག་རྟེན་རྣམས་རིམ་པར་བཞེས། སྒར་དུང་ངོས་བཟུང་མཛད། དྲུང་གོང་མའི་དབུ་ཞྭ་ཕུལ་བས་མནབ་ཅིང༌། རྡོ་རྗེ་དྲིལ་བུ་ཕྱག་གིས་བསྣམས་ནས། པད་སྐོར་དྲིལ་སྟབས་མཛད། ཐུགས་དམ་མགོན་སྐུ་ངོས་བཟུང་མཛད་ཅིང་གུས་པ་མཛད། ངའི་ལག་ཏུ་དྲུང་གོང་མའི་ཕྱག་ཕྲེང་ཡོད་པ་ངོས་བཟུང་ནས་ཕྱག་ཏུ་བཞེས་པ་སོགས་སྔོན་གྱི་མཛད་སྤྱོད་
རྣམ་འགྱུར་དཔག་ཏུ་མེད་པའི་རོལ་པས་བདག་ཡིད་ཚིམ་ཞིང་རབ་ཏུ་སེམས་འགུ་བར་གྱུར་ནས། རང་བྱུང་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་མཚན་གསོལ་ནས་དུས་རྒྱུན་དུ་གསོལ་བ་འདེབས་པ་ལ་བརྩོན་ནོ། །དེ་ནས་སྙེ་བོའི་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད་ནས། ཟླ་ངོ་བཅུ་གཅིག་བཞེས་པའི་ཐོག་ཏུ་ནགས་ཕུ་བས་གདན་དྲངས་ཏེ་ནགས་མདར་ཁྲོམས་ཚོགས་ལ་ཨཱ་ལི་ཀཱ་ལི་གསུངས་པ་དང༌། བྲག་གསུམ་གྱི་ལྷ་སྡེ་མི་སྡེ་རྣམས་བདེ་བ་དང་ལྡན་པར་མཛད་ཅིང༌། ཕག་ལོའི་ལོ་གསར་མཛད་ནས། མདོ་ཆེན་དུ་བཞུགས་པའི་དུས་སུ། ང་རྡོ་རྗེ་འཆང་ཡིན་གསུང་བ་དང༌། ཆོས་འོད་ཟེར་གྱི་བསྔོ་བའི་ཡི་གེ་རྣམས་ཕུལ་བས་དགའ་ལྡན་དུ་སྐྱེ་བར་གྱུར་ཅིག་གསུང༌། དེ་ནས་གསོལ་དཔོན་གཟིམ་དཔོན་དང་རྣམ་པ་གཉིས་ཀྱིས་ཅོ་འདྲི་མང་དུ་གནང་བས། དྲུང་དུ་ཡུམ་གྱི་ཡིད་ཞུམ་པའི་ཞུ་བ་ཕུལ་བས། ཞལ་ནས། ཨ་རེ་ཐེ་ཚོམ་མི་དགོས། བཀའ་བརྒྱུད་བླ་རྣམས་ཀྱི་ཞལ་ལ་ལྟོས། མཁའ་འགྲོ་ཆོས་སྐྱོང་
གིས་ཕྲིན་ལས་སྒྲུབ་ཅིང་ཡོད། ས་ར་ཧ། བིརྦ་པ། ཀུ་ཀུ་རི་པ་གསུམ་ནམ་མཁར་བཞུགས་གསུང་ནས། ནམ་མཁར་ཕྱག་མཛུབ་གཏད་ནས། འདི་གསུམ་གྱི་རྣམ་ཐར་འཛིན་མི་ང་ཡིན་གསུངས། བཀའ་བརྒྱུད་རྣམས་ཀྱི་ཞལ་ཡུམ་གྱིས་ཀྱང་མཇལ། ཡང་མདོ་ཆེན་ཕུ་ན་གཅོད་ལ་བྱོན་པའི་དུས། གཅོད་ཅི་འདྲ་ཞིག་དགོས་ཞུས་པས། སེམས་ཉིད་རྩད་ནས་གཅོད་པ་ཡིན། སེམས་ཉིད་རྩད་ནས་ཅི་ལྟར་གཅོད་ཞུས་པས། བསྒོམ་གྱིས་གསུངས། བྷཻ་མི་ཤེས་ཞུས་པས། ནམ་མཁར་ཕྱག་མཛུབ་གཏད་ནས། མཐའ་དབུས་མེད་པ་གཅིག་ཡིན་གསུངས། ཡང་མདོ་ཆེན་གྱི་བླ་གཡེལ་ན་ཡུམ་སྲས་བཞུགས་དུས། མིད་ལ་རས་པ་མགུར་མ་འཐེན་ཞིང་ཡོད་ཨེ་མཐོང་གསུང༌། དེ་ནས་ལོང་པོའི་ལྷ་སྡེ་མི་སྡེ་རྣམས་ཀྱིས་གདན་དྲངས་ནས། ཞབས་ཏོག་དཔག་ཏུ་མེད་པས་མཆོད་ཅིང༌། ཐམས་ཅད་མི་ཕྱེད་པའི་དད་པ་ཐོབ་ཅིང་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་ནས་བྱི་བ་ལོ་ཡི་ལོ་གསར་མཛད་ནས། སྤུག་དོ་པོར་
བཞུགས་པའི་དུས། རྟ་མགྲིན་མཚོན་ཆ་འཁོར་ལོ་ཅན་གཟིགས་པས། ཡུམ་གྱིས་མཐོང་ནས་ཅི་ལགས་ཞུས་པས། སུ་ལ་མ་བཤད་གསུངས། ཚེས་བཅུའི་ནུབ་མོ་ང་ཀརྨ་པ་ནི་འགྲོ་བ་འདྲེན་པ་ལགས་གསུངས་ཤིང་གར་མཛད་པ་དང་། སྐུ་ལུས་མི་སྣང་བའི་སྤྲུལ་པ་མཛད་པ་དང་། ཡུམ་སྲས་བླ་གཡེལ་ན་བཞུགས་དུས་སུ། ཡུམ་ལ་ཕྱག་འཚོལ། རྡོ་རྗེ་འཆང་དང༌། མི་ལ་སེང་གེ་ལ་བཅིབས་པ་ནམ་མཁའ་ལ་ཡོད་གསུངས། དྲུང་ནས་ཀྱང་ཕྱག་དང༌། མགུར་གྱི་ལད་མོ་མཛད། ཁྱོད་ཀྱི་ལུས་ན་ང་ཡོད་པའི་དུས་ན། ངས་འདི་འདྲ་བྱས་པ་ཡིན་གསུང་ནས་འཕྲུལ་འཁོར་མཛད། ཡི་གེ་དྲུག་མ་དང༌། ཨཱ་ལི་ཀཱ་ལི་བཏོན་པ་ཡིན་གསུངས། དཔལ་ལྡན་རྡོ་རྗེ་དང༌། བྱ་བྲལ་གཉིས་ལ་འདི་བཞིན་གྱིས་གསུང་ནས་འཕྲུལ་འཁོར་གནང༌། བླ་མ་ཡབ་ལ་ལྟོས་དང༌། ཤར་ཕྱོགས་ན་སློབ་དཔོན་པདྨ་འབྱུང་གནས་ཀྱི་གཡས་སུ་མི་ལ་རས་པ། གཡོན་དུ་ཡེ་ཤེས་མཚོ་རྒྱལ་དང་གསུམ་བཞུགས་པ་ཨེ་མཐོང་གསུངས། ཡང་ཡུད་
ཙམ་ན་ཡར་བཞེངས་ནས་ལྷོ་ཕྱོགས་ན་ལྟོས་དང༌། ས་ར་ཧས་མདའ་བསྲང་བའི་ཚུལ་མཛད་འདུག་པས་ཨེ་མཐོང༌། དེ་ཁོ་བོ་ཡིན་གསུངས། ཡང་ནུབ་ཕྱོགས་ན་མི་ལ་རས་པས་མགུར་འཐེན་ཞིང་ཡོད། བྱང་ཕྱོགས་ན་ཕ་དམ་པས་བལ་ཐུལ་མནབས་ནས་བཞུགས་འདུག །དེ་རྣམས་ཁོ་བོ་ཡིན་ཕྱག་འཚོལ་གསུངས། ཡང་ཙཱ་རིའི་མཁའ་འགྲོ་མ་ཐམས་ཅད་ཚོགས་འཁོར་ཞུ་བ་ལ་བྱུང་གསུངས། ཙཱ་རིའི་རི་པ་རྣམས་མཇལ་བྱུང་བའི་ཚེ། ཙཱ་རི་ལ་འགྲོ་གསུངས། ཡུམ་གྱིས་ཙཱ་རི་ལ་འགྲོ་བའི་དགོས་བྱེད་ཅི་ཡོད་པར་ཞུས་པས། གང་ཟག་བྱིན་གྱིས་རློབས་ནུས་པའི་གནས་ཡིན། གནས་སྒོ་ཡང་ཕྱེ་རྒྱུ་ཡོད་གསུངས། ཙཱ་རིའི་གདུལ་བྱ་ཁོ་བོས་སྐྱོངས། ཁོ་བོའི་བར་ཆད་གནས་ཀྱིས་སེལ་གསུངས། སྒར་པས་གདན་འདྲེན་པའི་གོང་དུ་ཡུམ་སྲས་གསུམ་བླ་གཡེལ་ན་བཞུགས་པའི་ཚེ། བླ་མ་ཡབ་ལ་བཞུགས་ཁྲི་བཤམ། དབུ་ཞྭ་དང་ན་བཟའ་གསོལ། ཇ་སྐོལ་དང་ཞལ་ད་ཡོད་གསུངས། ཇ་ཞུས་གསོལ་
རས་ཡུམ་ལ་གནང་ནས། ཨ་ཇོ་ཕྱག་འཚོལ་གསོལ་བ་ཐོབ་ཞལ་ལ་ལྟོས་གསུངས། ཀུན་དགའ་རྒྱལ་མཚན་གྱིས་ཕྱག་བུ་ཕུལ་བའི་དུས། དེ་ཕྱིར་ཕུད་གསུང་ནས་མཁྱེན་པ་མཛད། དབོན་བཀྲས་མཇལ་བའི་དུས། མིང་ནས་གསུང་ཞིང་ངོས་བཟུང་མཛད་དོ། །བྱི་བའི་ལོ་ཟླ་བ་བདུན་པ་ལ། ས་སྟེང་ཕུག་ཏུ་ཨ་བླ་ངོས་བཟུང་མཛད། དྲུང་མཐོང་བ་དོན་ལྡན་གྱིས་གནང་བའི་མིང་གཅིག་ཡོད་ཞུས་པས། བཀྲ་ཤིས་ཟེར་བ་ཡིན་གསུངས། གསའ་ཕུ་གང་ན་ཡོད་ཞུས་པས། ཡ་ཀི་འདི་ཡིན་གསུངས་ནས་ཕྱག་མཛུབ་གཏད། ཕ་ཀི་འདི་ཤམ་པོའི་རི་ཡིན་གསུངས། དེར་སྤྲིན་གྱི་སྟེང་ན་བེར་ནག་ཅན་གཟིགས། གསའ་ཕུར་འབྱོན་པའི་ལམ་དུ་རྟ་རྒྱུགས་མགྱོགས་པར་འགྲོ། ཁོ་བོའི་མཆོད་རྟེན་ཡོད་གསུངས། གསའ་ཕུར་ཕེབས་ནས། དྲུང་གོང་མའི་གཟིམ་གུར་གཤམ་ཡོད་པའི་ནང་དུ་ཕེབས་ནས་ངའི་ཡིན་གསུངས། གསོལ་ཅོག་སྟེང་འོག་ཅན་རྒྱུས་མེད་ཀྱིས་མི་ཤེས་པ་གཅིག་ཡོད་པ་སྐུ་མདུན་དུ་བཞག་པས་
སྟེང་མ་དེ་ཡར་ཁྱོགས་གསུངས་ནས་མཁྱེན་པར་མཛད། དེར་དཔལ་འབྱོར་གསུང་ནས་གྲགས་ཕུག་ངོས་བཟུང༌། ཆོས་རྗེ་མཐོང་བ་དོན་ལྡན་གྱི་ཐང་སྐུ་གཅིག་ལ། སྤྱན་རས་གཟིགས། འོད་དཔག་མེད། སྒྲོལ་མ། ཕྱག་དྲུག་པ་རྣམས་ཀྱི་སྐུ་ཡོད་པ་ལ། མཐོང་བ་དོན་ལྡན་གྱི་སྐུ་འདྲ་ལ་ཕྱག་མཛུབ་གཏད་ནས་འདི་ང་ཡིན། འོད་དཔག་མེད་དང་སྤྱན་རས་གཟིགས་གཉིས་ང་ཡིན། འདི་སྒྲོལ་མ་ཡིན། འདི་ཕྱག་དྲུག་པ་ཡིན་གསུངས། དེའི་གོང་གཤམ་ལ་ཡིག་དྲུག་འདུག་པ་རེ་རེ་ཞིང་ཕྱག་མཛུབ་བཙུག་སྟེ་ཡི་གེ་དྲུག་མའི་དབྱངས་མཛད་དེ། ཐམས་ཅད་དད་ཅིང་དང་བ་འདྲེན་པར་མཛད་དོ། །དེ་ནས་རྟག་རྩེར་ཕེབས་ནས། ཤཱཀྱ་ཐུབ་པ་དང་རང་བྱུང་བའི་སྐུ་ངོས་བཟུང༌། དེར་དགེ་འདུན་པ་དང་སྐྱ་བོ་ཁྲི་ཕྲག་ཙམ་འདུས་པ་ལ་ཞལ་བསྟན། མ་ཎིའི་པད་དབྱངས་གསུང་པ་ཐམས་ཅད་མི་ཕྱེད་པའི་དད་པ་ཐོབ་ནས་འབུལ་ཞབས་དཔག་ཏུ་མེད་པས་མཆོད་དེ། དེར་འདུས་པ་ཐམས་ཅད་བདེ་བར་
བཀོད། དེར་ཇོ་བཟང་བསམ་གཏན་མཇལ་བའི་དུས། དྲུང་ནས་རྡོ་རྗེ་རྣལ་འབྱོར་མའི་ཞལ་མཐོང་ངོ༌། །སླར་ནགས་ཕུར་ཕེབས་ནས། དཔོན་མ་ཎི་བགྲོང༌། ཁོ་བོ་སྤྱན་རས་གཟིགས་ཡིན། འཁོར་བ་ནས་འདྲེན། ཨོཾ་མ་ཎི་པདྨེ་ཧཱུྃ། གསུངས་ནས་དབྱངས་མཛད། ཡང་བཞེངས་ནས་ཁོ་བོ་མར་པ་ལོ་ཙཱ་ཡིན་གསུངས། དེ་ཉིད་དུ་བཞུགས་ཁྲིའི་སྟེང་དུ་ནེའུ་ལེ་བཟུང་བའི་མི་འདི་སུ་ཡིན་གསུངས། ངེད་ཚོས་མི་ཤེས་ཞུས་པས། རྣམ་ཐོས་སྲས་ཡིན་གསུངས། རྒྱལ་པོ་ཨ་ཉག་ལ་མིང་ནས་བོས་ཏེ། ཡར་ཤོག་གསུངས་ནས། ཕྱག་ནས་མང་དུ་གནང་བས་ཤིན་ཏུ་དད་དོ། །དེ་ནས་རྣམ་ཐོས་ཀྱི་རི་བོར་ཕེབས་ནས། སྒོ་ཐམས་ཅད་ཕྱེས་གསུངས་ནས། མཛོད་ནག་སོགས་གཟིམ་ཁང་ཐམས་ཅད་དུ་གཟིགས་རྟོག་མཛད་པའི་ཚེ། འདི་ལྟར་ཡིན་གྱི་ཞལ་ད་མཛད་ཅིང༌། དྲུང་གོང་མའི་ཐུགས་དམ་ཐང་ཀ་རྟ་མགྲིན་ནག་པོ། གུ་རུ་ཞི་དྲག་སོགས་ངོས་བཟུང༌། ཡང་ཐང་ཀ་གཅིག་ལ་མི་ལ་རས་པ་དང༌། མར་པ་ལོ་ཙཱ་
གཉིས་ངོས་བཟུང་ཞིང༌། ཁོ་བོ་ཡིན་གསུངས། དེར་རྒན་མོ་བློ་བདེའི་བུ་རྒྱུད་རྣམས་ཇ་འདྲེན་ལ་བྱུང་བས། ཡོན་བདག་ལྷུན་གྲུབ་དང༌། རྒན་གོག་གཉིས་ལ་མིང་ནས་བོས་ཤིང་ངོས་བཟུང་མཛད། གསོལ་རས་གནང་བས་ཤིན་ཏུ་དད་དེ། ཕྱག་མང་དུ་འཚལ་ཏོ། །དེར་མར་མེའི་ནང་དུ་ཆུ་ཏིང་གང་བླུག་པས་སྔར་བས་ཆེར་གསལ་བར་གྱུར་པས། ཐམས་ཅད་ངོ་མཚར་བར་གྱུར་ཅིང༌། དེ་ནས་ཕྱིལ་མི་ངོས་ཀྱི་ལྷ་སྡེ་མི་སྡེ་རྣམས་སྨིན་གྲོལ་ལ་བཀོད་ནས། ཙཱ་རིར་བྱོན་པའི་ལམ་ཡོ་དམ་དུ་བེར་ནག་ཅན་གཟིགས་ཤིང༌། འདི་གནས་ལུགས་ཡིན་གསུངས། བ་ཡོར་བཞུགས་དུས་སྒར་པ་དབུས་ན་ཡོད་པ་རྣམས་ཉང་ཁ་ངོས་ནས་ཡོང་བ་ཡོད་ཟེར་བ། དེ་ཕྱོགས་ནས་མི་ཡོང་དྭགས་པོ་ངོས་ནས་ཡོང་གསུངས། དེ་ཇི་ལྟ་བ་བཞིན་དགེ་བཤེས་འཇམ་སེང་བས་དབུ་མཛད་དཔོན་རྣམ་པ་དང༌། གསོལ་གཟིམ་རྣམས་མཇལ་བའི་དུས་མཉེས་པའི་རྣམ་འགྱུར་དང་བཅས་ཏེ། རིམ་པར་མིང་ནས་གསུངས།
གསོལ་རས་གནང་བ་སོགས་ངོས་འཛིན་མང་དུ་མཛད། དེ་ནས་དགུང་ལོ་བཞི་བཞེས་ནས་བ་ཡོར་བཞུགས་དུས། རྟ་མགྲིན་ནག་པོ། མིད་ལ་རས་པ། སློབ་དཔོན་པདྨ། རྗེ་བཙུན་མ། ཕྱག་དྲུག་པ་རྣམས་ལན་དུ་མར་ཞལ་གཟིགས། ལན་ཅིག་ཆོ་འཕྲུལ་གཅིག་བྱུང་བ་ལ། སློབ་དཔོན་པདྨ། རྟ་མགྲིན་ནག་པོ། བེར་ནག་ཅན་རྣམས་ཀྱིས་བར་ཆད་བསལ་བ་ཡིན་གསུངས། ཡང་བེར་ནག་ཅན་གཟིགས་ནས་རྩེ་བླ་སྒང་དུ་ཐལ་གསུངས། ཡང་རྟ་མགྲིན་སྔོན་པོ་གཟིགས་ནས། འཁོར་རྣམས་ལ་ཕྱག་འཚོལ་ལྷ་ཚོགས་རྣམས་ཐུགས་དམ་ཐང་སྐུ་ལ་ཐིམ་ཡོད་གསུངས། ཡང་རྟ་མགྲིན་ལྷ་ལྔ་འཁོར་ཕུག་ཤུད་ཀྱི་མགོ་ཅན་དང་བཅས་པ་གཟིགས། ཙཱ་རིར་གནས་སྐོར་ལ་བྱོན་དུས་མི་ཚོས་ད་རུང་བློ་ཟོན་དགོས་པས་འབྱོན་མི་ཕོད་ཟེར་བ་ལ་སྐྱོན་མེད་གསུངས་ནས་ཕེབས་པས། གནས་ཆེན་བཀྲ་ཤིས་ལྗོངས་སུ་ཐོག་མར་གཟིམ་ཁང་དུ་ཕེབས་དགོས་ཞུས་པས། མ་གསན་ནས། དྲུང་གོང་མའི་བཞུགས་ཁྲིའི་ཁར་
ཕེབས། སུའི་བཞུགས་ཁྲི་ལགས་ཞུས་པས། ངའི་ཡིན་གསུངས་ནས་ཐུགས་མཉེས་མཉེས་མཛད། དེ་ནས་ཉིན་གཅིག་གི་ཚེ། ཆུ་རོང་གཞན་གྱིས་བགྲོད་བཀའ་བ་གཅིག་ན་མགྱོགས་པར་འབྱོན་པའི་རྗེས་སུ་ཡོང་བས་དེར་གནས་ཀྱི་སྒོ་ཕྱེ་བ་ནི། བྲག་ལོགས་སོགས་ལ་རྟ་མགྲིན་དམར་པོ་ཡབ་ཡུམ། བེར་ནག་ཅན། རྟ་མགོ་གསུམ་པ་དང་སེར་པོ་རྟ་མགོ་གཉིས་པ་སོགས་རྟ་མགྲིན་གཉིས་རྣམས་ཞལ་ཕྱེས། ཡང་དེར་ཞལ་གཟིགས་ལ། སྐུ་མདོག་དཀར་པོ་མ་གཏོགས་པ་སྔོ་ནག་སེར་དམར་ལྗང་ཁུ་ལ་སོགས་པ་རྟ་མགྲིན་རིགས་བསྡུས་ཀྱི་ལྷ་ཚོགས་རྣམས་ནམ་མཁའི་ཁམས་གང་བ་ཞལ་གཟིགས་ནས། རྟ་མགྲིན་གྱི་ཕོ་བྲང་ཡིན། ཐམས་ཅད་ཀྱིས་སྔགས་ཐོན་གསུང་ནས། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷྲྀ་ཝ་ཧཱུྃ་ཕཊ། ཅེས་ཞལ་ནས་མང་དུ་གསུངས། ཚོགས་འཁོར་གྱིས། དར་ལྕོག་ཆེན་པོ་བཙུག་དགོས་གསུངས་པས། ཚོགས་འཁོར་མཛད། ཅོད་པཎ་མང་དུ་བཙུགས། གཞན་ཡང་སྤྱན་རས་གཟིགས་སོགས་
གནས་སྒོ་འབྱེད་རྒྱུ་མང་དུ་ཡོད་གསུངས། བྱིན་ལེགས་ན་བཞུགས་དུས་རྒྱུན་ཏུ་རིགས་བཞི་མཁའ་འགྲོས་བདུད་རྩི་འདྲེན་ཅིང་གར་བྱེད་པ་དེ་རྟ་མགྲིན་སོགས་ཀྱི་གནས་སྒོ་མང་དུ་འབྱེད་རྒྱུ་ཡོད་གསུངས། རྩེ་བླར་བྱོན་པའི་དུས་སུ་འཕྲང་ངན་པས་འདྲེད་མཆིས་བྱས་པས། གཟིམ་སད་ནས་བྱ་བྲལ་ལ། སློབ་དཔོན་པདྨ་གར་ཡོད་གསུངས་པས། གར་ཡོད་མི་ཤེས་འཕྲང་ངན་འདི་འདྲ་ལ་ཐུགས་སྒྲིམ་ཞུས་པས། སློབ་དཔོན་པདྨ་ང་ཡིན་པ་ཆོག །ལམ་ངན་ཡང་སྐྱོན་མི་འོང་གསུངས། དེ་ནས་སུམ་མཁར་རྒྱལ་པོས་གདན་དྲངས། སུམ་འཕྲིག་ཏུ་ཞལ་སྔ་ནས། ནངས་རྟ་རྐྱང་བུ་གཅིག་ཡོང་བ་ཡོད། དེ་བྱ་བྲལ་བ་ལ་སྦྱིན་གསུངས། ཕྱིས་ཇི་ལྟར་བྱུང་བ་བཞིན་གསུང་བ་སོགས། མི་འདི་འདྲས་གོས་འདི་འདྲ་གོན། སེམས་ཅན་ནམ་འབུལ་བ་འདི་འདྲ་འོང་འདུག་གསུང་པ་རྣམས་ཟླ་ངོ་ལས་མི་འགྱང་བར་འདུག་པ་ནི་མང་སྟེ་ཞིབ་ཏུ་བྲིར་མ་ལངས་སོ། །སུམ་མཁར་རྒྱལ་པོས་རྟ་བརྒྱ་འབུལ་སོགས་བྱས། དེར་
འདུས་ཀྱི་དགེ་འདུན་དང་སྐྱེ་བོའི་ཚོགས་རྣམས་ཐར་ལམ་ལ་བཀོད། དགའ་མ་མོར་བཞུགས་པའི་དུས། དགེ་བཤེས་འཇམ་སེང་བ་དང༌། ཇོ་བཟང་བསམ་གཏན་གཉིས་ཀྱིས་ཏྲེ་ཁང་དམར་ན་བཞུགས་པའི་སྤྲུལ་སྐུ་དེ། དྲུང་རྟོགས་ལྡན་པའི་སྐུ་སྐྱེ་ཨེ་ཡིན། གདན་འདྲེན་བཏང་ན་གདན་ཨེ་འདྲོངས་ཞུས་པ་ལ། རྟོགས་ལྡན་པའི་སྐུ་སྐྱེ་ཡིན། ངེད་ཁམས་ན་མ་ཕེབས་བར་དུ་གདན་མི་འདྲོངས་གསུངས། དེ་ནས་རྐྱེན་པ་རྒྱལ་པོ་རྣམས་ཀྱིས་གདན་དྲངས་པའི་ལམ་དུ། ཉིན་གཅིག་བླ་མ་ཧོར་གར་ཡོད་གསུངས། ཀརྨ་ན་ཡོད་ཞུས་པས། ཀརྨ་ན་མེད་འདིར་ཕྱིན་ཡོད་གསུངས། བར་ཆད་མེད་པའི་སྨོན་ལམ་གནང་དགོས་ཞུས་པས། ཁོང་འདས་གསུང་ནས་གཤིན་བསྔོ་མཛད། རང་རེ་སྒར་ཕབ་ནས་ཇ་བཀོལ་དང་ཇ་མང་པོ་ཡོང་བ་ཡོད་གསུངས། གང་ངོས་ནས་འོང་ཞིང་ཡོད་ཞུས་པས། ལུང་པའི་ཕུ་ནས་འོང་བ་ཡོད་གསུངས། ཕྱི་ནང་སྒར་པ་ཕེབས་པ་དང་དུས་མཚུངས་པར། སྒར་དཔོན་བུ་སེར་དང༌། མེ་
ཉག་དགེ་བཤེས་བློ་གྲོས་བཟང་པོ་རྣམས་ཀྱིས་བ་སོའི་ཐམ་ཀ་དང༌། གསེར་གོས་དར་རྒྱ་ཇ་སིག་བཅུ་ཕྲག་སོགས་ཇ་འདྲེན་སྔ་མ་འབུལ་བའི་ཚེ། བློ་གྲོས་བཟང་པོ་བྱུང་མ་ཐག་ཞལ་ནས། བློ་གྲོས་བཟང་པོ་རྒས་འདུག་གསུང་ནས་ངོས་བཟུང༌། དགྱེས་པ་དང་བཅས་ཏེ་གསོལ་རས་གནང༌། དེ་ནས་ངལ་སྤྲོག་དགོན་གསུམ་གྱིས་གདན་དྲངས། འབུལ་ཞབས་དཔག་ཏུ་མེད་པས་བསོད་ནམས་རྫོགས་པར་བྱས། དེར་རྟ་མགྲིན་གཟིགས་ནས་ཕྱག་འཚལ་བྱིན་རླབས་ཞུས་གསུངས། དྲུང་ཉིད་ཀྱིས་བྱིན་རླབས་གནང༌། དེའི་གདུལ་བྱ་སྐྱ་སེར་ཐམས་ཅད་ཐར་པའི་ས་བོན་ཐེབ་པར་མཛད་ནས། དགོན་སར་ལྷུན་གྲུབ་སྟེང་དུ་ཕེབས། གཟིམ་ཁང་ལ་གཟིགས་ནས། དྲུང་རང་བྱུང་བའི་གཟིམ་ཁང་ཡིན་གསུངས་ནས་ངོས་བཟུང༌། ཙཱ་རི་རྙིང་མའི་ཕྱག་ཆེན་པ་གཅིག་མཇལ་ནས་སྐུ་མདུན་ན་ཡོད་པའི་དག་སྣང་ལ། དྲུང་གི་སྐུ་ལན་གཉིས་ལ་ཡལ་ནས་ཡང་ལམ་ལམ་བྱུང་བ་གཅིག་མཐོང༌། དེ་ཁོང་ལ་ལུས་ཀྱི་རྟག་
འཛིན་མ་ཆེ་གསུང་པ་རེད་བསམ་ནས་དད་པ་ཚད་མེད་པར་ཐོབ་པར་གྱུར་ཏོ། །རྟ་མགྲིན་གཟིགས་ནས་དྲུང་ཉིད་ལ་ཐིམ་ཡོད་གསུང་ནས། འཁོར་རྣམས་ལ་བྱིན་རླབས་མཛད། ཡང་དེར་ཐུབ་པ། སྤྱན་རས་གཟིགས། རྟ་མགྲིན་དམར་པོ་གཟིགས་པས་ཕྱག་འཚལ། ཚོགས་འཁོར་གྱིས་གསུངས། ཡང་ནུབ་གཅིག་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན། རྟ་མགྲིན་དཔའ་བོ་ལྷ་བཞི་གཟིགས་པ། དེར་སྐུ་མཚམས་ལ་བཞུགས་ཤིང་ཐུགས་དམ་མཛད་པའི་ཚེ། ཆོས་རྗེ་གོང་མ་རྣམས་ཀྱི་མཚན་ནས་བརྗོད་ནས་ཁོ་བོ་ཡིན་གསུངས། སྟག་ལོའི་ལོ་གསར་ལྷུན་གྲུབ་སྟེང་ནས་མཛད་པའི་དུས། ཞིང་སྐྱོང་སྣང་བ་བསམ་གཏན་ལ་བསྟན་པས། ཁོང་གིས་ཀྱང་མཐོང༌། ལན་གཅིག་མི་ནག་པོ་རྭ་ཅོ་ཅན་གཅིག་བྱུང་གསུང་ནས། དྲུང་ཉིད་རྟ་མགྲིན་གྱི་ཏིང་ངེ་འཛིན་ལ་བཞུགས་ནས་སྔགས་གསུངས། གཞན་ལ་དྲག་སྔགས་ཐོན་གསུངས་ནས། མི་མ་ཡིན་གྱི་བར་ཆད་རྩམ་པ་ལས་བཟློག །དེར་ཕྱག་དྲུག་
པ་གཟིགས་པ། དེར་མི་ཉག་བློ་གྲོས་བཟང་པོ་ལ་ངས་ཁྱོད་ལ་ཕྱག་རྒྱ་དང་གར་བསླབས་པ་རྣམས་ཨེ་རྗེད་གྱིས་དང་གསུངས། དྲུང་ནས་ཁོ་བོ་ལ་གནང་ས་གང་ན་ཡིན་ཞུས་པས། ཏྲེ་ཁང་དམར་དང་ཟུར་མང་རྣམས་སུ་བསླབ་པ་དེ་ཡིན་མོད་གསུངས། སྔོན་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་དྲུང་ནས་མདོ་ཁམས་ཀྱི་ས་ཆར་བཞུགས་པའི་དུས་སུ། བདག་ལ་བཀའ་བསྩལ་དང་ཤིས་པ་བརྗོད་པ་གནང་བ་ནི། ན་མོ་གུ་རུ་བྷེ། རྒྱལ་བའི་གཤེགས་ཤུལ་དྲི་མེད་ལམ་བཟང་མཆོག །མཐའ་བྲལ་སྙུག་མའི་ངང་དུ་ཀུན་ངེས་པའི། །དོན་གྱི་སྙིང་པོ་སྐལ་ལྡན་རྒྱུད་སྨིན་པའི། །བཀའ་བརྒྱུད་བསྟན་པའི་སྲོག་ཤིང་བརྟན་གྱུར་ཅིག །ཅེས་དང༌། འདྲེན་པ་མཐའ་དག་གཅིག་གྱུར་བླ་མ་རྗེ། །ཡང་དག་རྫོགས་པའི་སངས་རྒྱས་དམ་པའི་ཆོས། །བྱང་སེམས་ཉན་ཐོས་དགེ་འདུན་རྒྱ་མཚོ་ཡི། །བྱིན་བརླབས་བདེན་པས་ཡུན་རིང་བསྟན་རྒྱས་ཤོག །ཅེས་སོགས་པའི་བཀའ་བསྩལ་གནང་བ་རྣམས་དང་རྗེས་སུ་མཐུན་པར་དེ་ཉིད་དུ།
བདག་ལ་ཆོས་ལུང་འབུལ་དགོས་གསུང་པས། སྔོན་དུ་གང་འབུལ་ཞུས་པས། ཚེ་དཔག་མེད་དང༌། ཡི་གེ་དགོས་གསུང་པས། ས་ཕོ་སྟག་གི་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གཉིས་རྒྱལ་ཕུར་འཛོམས་པའི་སྔ་དྲོར། བཅོམ་ལྡན་མགོན་པོ་ཚེ་དཔག་ཕྱི་ནང་གསང་གསུམ་གྱི་དབང་དང༌། དེ་ཉིད་ཀྱི་བྱིན་བརླབས་གཏོར་མ་ལ་བརྟེན་པ། ཡི་གེའི་ཕྱི་མོ་དབྱངས་གསལ་གྱི་ཡི་གེ་དང༌། གསལ་བྱེད་སུམ་ཅུ་སོགས་ཕུལ་བས། རྡོ་རྗེ་དྲིལ་བུ་བུམ་པ་སོགས་འཛིན་ལུགས་དང་དབང་གི་རིམ་པ་དཔག་དཀའི་ཞལ་ད་མང་དུ་གནང༌། རི་མི་དགོན་བྱ་བ་དྭགས་པོ་རིན་པོ་ཆེས་ལུང་བསྟན་མཛད་པའི་སྐུ་འབུམ་རྗེ་དེ་ཉིད་ཀྱི་ཚེམས་རིང་བསྲེལ་གྱི་སྙིང་པོ་ཅན་བཞུགས་པའི་གནས་སུ་ཕེབས་ནས། ཟླ་བ་བཞི་པའི་ཚེས་གཅིག་ནས་བརྩམ་སྟེ། བདེ་མཆོག་ལྷ་བཅུ་གསུམ་མ་ཕུལ་བའི་ཚེ། དཀྱིལ་འཁོར་དང་དྲུང་ནས་བཞུགས་པའི་བར་ཐག་རིང་པོ་ཡོད་ཀྱང༌། རིན་པོ་ཆེའི་མེ་ཏོག་གི་ཕྲེང་བ་ཤིན་ཏུ་ལྗིད་པ་
གཅིག་ཕྱག་དུ་ཡོད་པ་དོར་བར། གཙོ་བོའི་ཚོམ་བུའི་སྟེང་དུ་དྲང་པོར་ཕོག་པས། ཚོམ་བུ་མ་ཉམས་པར་དལ་བུས་བཞག་པ་ལྟར་དུ་གྱུར་པས། བདག་ཅག་རྣམས་ལ་ངོ་མཚར་གྱི་དགའ་སྟོན་རྒྱས་པར་མཛད་དོ། །དེར་མ་ཧཱ་མཱ་ཡཱའི་དབང་ཕུལ་བའི་ཚེ། དེ་ཉིད་ཞལ་གཟིགས་ནས་དེའི་བཞུགས་སྟངས་མཛད་ནས་ཁྱོད་ཚོ་ལ་མི་བསྟན་གསུངས། དེ་དང་མཉམ་དུ་གཟིམ་མལ་དུ་རྟ་མགྲིན་ནག་པོ་ལྷ་བཞི་གཟིགས། རྗེས་གནང་གི་སྐབས་སུ་གར་གཅིག་མཛད་དགོས་ཞུས་པས། བཞེངས་ནས་པད་སྐོར་མཛད། སྔར་ངས་ཁང་དམར་ཟུར་མང་ཀརྨ་རྣམས་སུ་བྱས་པ་དེ་ཡིན་གསུངས། དེ་དུས་ངེད་ཆེན་པོ་ཡིན་ད་ངེད་ཆུང་ཆུང་རེད་ཟིན་པས་མི་ཤེས་དོ་གསུངས། དེར་ཡུལ་ཁམས་སུ་ཐན་པ་བྱུང་བས། ཚེས་བཅུ་གཉིས་ཀྱི་སྔ་དྲོ་བྱ་བྲལ་གྱིས་ཆར་འབེབས་གཅིག་མཛད་དགོས་ཞུས་པས། དེ་ཆོག་གསུང་སྟེ། བཞེངས་ནས་མཐོང་ཁར་བྱོན་ནས། བཀའ་བརྒྱུད་བླ་མ་རྣམས་ཀྱིས་ཆར་ཕོབ། ཡི་དམ་ལྷ་ཚོགས་རྣམས་
ཀྱིས་ཆར་ཕོབ། དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ཆར་ཕོབ། ཆོས་སྐྱོང་སྲུང་མ་རྣམས་ཀྱིས་ཆར་ཕོབ། ད་ལྟ་ཉིད་དུ་ཆར་ཕོབ་གསུངས། ད་འབབ་པར་ཡོད་གསུངས། དེ་དགོང་ནས་བཟུང་ཏེ། ཆར་དཔག་ཏུ་མེད་པ་བབ་པས། གདུལ་བྱ་ཐམས་ཅད་ཡིད་ཚིམ་ནས་ཀརྨ་པས་ངག་གི་བདེན་ཚིག་གྲུབ། ཐུགས་རྗེ་ཆེ་ཞེས་བརྗོད་ཅིང༌། དད་པའི་ཤུགས་དྲག་ཏུ་བསྐྱེད་པར་མཛད་དོ། །དེ་ནས་ཚེས་བཅུ་གསུམ་ལ་སྒར་བཀྱག་ནས་ཉིན་མཚན་མེད་པར་ཆར་བབ་པ་ལས། ཚེས་བཅོ་ལྔའི་ཉིན་པར་དེ་རིང་བ་ཡོར་མ་ཕེབས་ཀྱི་བར་དུ་ཆར་མི་འབབ་བྱེད་གསུང་ནས་རྟ་མགྲིན་གྱི་སྔགས་གསུང་ནམ་མཁར་སྡིགས་མཛུབ་གཏད་ནས་ཆར་མ་འབབ་གསུང་ནས། ཇི་ལྟར་གསུང་པ་བཞིན་བ་ཡོའི་གཟིམ་ཁང་དུ་མ་ཕེབས་བར་ལ་ཆར་མ་བབས་སོ། །ཀར་དབོན་བུ་སར་ཁམས་སུ་འགྲོ་ཁར། ཀརྨ་སི་ཏུ་པ་ལ་ཞལ་ད་གཅིག་བསྐུར་དགོས་ཞུས་པས། ཁོང་ལ་གོ་ཆོད་པར་གྱིས་བཟློས། ཞལ་ད་དེ་ཡིན་གསུངས། དེར་ཉིན་
གཅིག་ཇ་ལ་ཕྱག་མཆོད་མཛད་ནས་རྟ་མགྲིན་སྣང་གསུང༌། གར་ཡོད་ཞུས་པས། ཕྱག་མཛུབ་ཐུགས་ཀར་གཏད་ནས་འདིར་ཡོད་པར་བསྒོམ་པ་ཡིན་གསུངས། དེར་རྟ་མགྲིན་ནག་པོ་གཟིགས་ནས། རལ་གྲི་གཅིག་འབུལ་བའི་ཚུལ་མཛད། དེར་རྟ་མགྲིན་ཐུགས་དྲིལ། ཞྭ་ནག་ཅན། སྤྱན་རས་གཟིགས། ཡཀྵ་མེ་དབལ། གནོད་སྦྱིན་ལྕགས་ཀྱི་རལ་པ་ཅན། མོན་པ་བདུན་རྣམས་གཟིགས། ས་ར་ཧའི་མདའ་སྲང་བའི་ཚུལ་མཛད་ཅིང༌། དམ་པ་སངས་རྒྱས་དང་གཉིས་ང་ཡིན་གསུང༌། དེར་པདྨ། ཏཻ་ལོ་པ། ནཱ་རོ་པ། མར་པ་ལོ་ཙཱ་རྣམས་གཟིགས་ནས་དེ་དག་གི་བཞུགས་སྟངས་མཛད་ཅིང༌། མཐོང་བ་དོན་ལྡན་ང་ཡིན་གསུངས། དེར་ནུབ་གཅིག་བདེར་གཤེགས་ཐུགས་དྲིལ་དང༌། སྤྲིན་གྱི་གསེབ་ནས་བེར་ནག་ཅན་གྱི་དབུ་ཐོན་ནས་གཟིགས། དེར་རྟ་མགྲིན་ནག་པོས་སྡེ་བརྒྱད་རྣམས་ཞབས་ཀྱིས་མནན་ནས་དམ་ལ་བཏགས་པ་གཟིགས། དེར་རྟ་མགྲིན་འབྲུག་ལ་ཆིབས་པ་དང༌། ཡཀྵ་མེ་དབལ་སེངྒེ་ལ་
ཆིབས་པ་གཟིགས་སོ། །དེ་ནུབ་ཇོ་བཟང་ཚོགས་ཆང་ཞུས་པས། ཕྱག་གཡོན་གྱིས་ཐོད་ཆང་ཐུགས་ཀར་བསྣམ། གཡས་པ་རལ་གྲི་གདེངས་བའི་ཚུལ་མཛད་ནས། ང་རྟ་མགྲིན་ཡིན་གསུངས། དྲུང་གོང་མའི་ཕྱག་སྐྱོག་གཅིག་བྱ་བྲལ་ལ་ཡོད་པ་དེའི་ནང་ནས་བདུད་རྩི་གསོལ་གསུང༌། རྩོག་ལགས་ཞུས་པས། ངས་སྔར་དེའི་ནང་ནས་ཐུང་མྱོང་སྐྱོན་མེད་གསུང༌། དེར་མདའ་འཕེན་སྟངས་མཛད་ནས། འདི་ཐབས་ཤེས་ཀྱི་མདའ་གཞུ་ཡིན། ང་ནི་ས་ར་ཧ་ཡིན་གསུངས། གཞན་ཡང་རྒྱ་གར་གྱི་གྲུབ་ཐོབ་རྣམས་ཀྱིས་འདི་བཞིན་མཛད་པ་ཡིན་གསུང་ནས་བཞུགས་སྟངས་རྣམ་འགྱུར་དཔག་ཏུ་མེད་པ་མཛད་དོ། །དེར་བདག་ལ་དྲུང་གོང་མའི་སྐུ་འདྲ་དགོས་གསུངས། གསེར་སྐུ་ཕྱག་ཏུ་བཏད་པས། གཟིགས་རྟོག་མཛད། མཐོང་བ་དོན་ལྡན་ལ་ཞལ་ཙོམ་ཅུང་ཟད་ཡོད། འདི་ལ་མི་གདའ་སྐུ་གཞོན་དུས་ཀྱི་འདྲ་འབག་རེད་བྱིན་རླབས་ཅན་ཡིན་གསུངས། སྐུ་འདྲ་འདི་དང་དུས་གསུམ་མཁྱེན་པ་དང༌། དྲུང་
གོང་མ་རྣམས་ཀྱི་སྐུ་འདྲ་རྣམས་བསྒྲིགས་ནས། དུས་གསུམ་མཁྱེན་པ་ཀརྨ་པཀྵི་ལ་ཐིམ་གསུང་ནས་རིམ་པ་བཞིན་མཚན་གསུང་ཞིང་འདི་ལ་ཐིམ། དེ་བཞིན་གཤེགས་པ་མཐོང་བ་དོན་ལྡན་ལ་ཐིམ། མཐོང་བ་དོན་ལྡན་ང་རང་ཡིན་གསུང་ནས་ཉིད་ཀྱི་ཤངས་ལ་ཕྱག་མཛུབ་གཏད། དེར་རྟ་མགྲིན་དམར་པོ་རལ་གྲི་འཛིན་པ་དང༌། རྟ་མགྲིན་ནག་པོ་ན་བཟའ་ཁྲ་བོ་གསོལ་བ་གཟིགས། དགེ་བཤེས་གྲགས་གཞོན་གྱིས་ཚོགས་འཁོར་ཞུས་པའི་དུས། ང་ཡཀྵ་མེ་དབལ་དང་རྟ་མགྲིན་ཡིན་གསུངས། དེར་སློབ་དཔོན་པདྨ་རོའི་གདན་ལ་བཞུགས་པ་གཙོ་བོ་འཁོར་ལྔ་དང་རྟ་མགྲིན་ནག་པོ་སྡེ་བརྒྱད་དང་། དགྲ་བགེགས་བསྣོལ་བའི་གདན་ལ་བཞུགས་འདུག་གསུངས། ཡང་ང་ལ་འཁོར་ལོ་བདེ་མཆོག་ཡིན་གསུང་ནས་རྡོ་རྗེའི་གླུ་དང་གར་མང་དུ་མཛད། གཞན་རྣམས་ལ་ཡང་དེ་ལྟར་གྱིས་གསུངས། ངས་ཙཱ་རིར་རྟ་མགྲིན་གྱི་གནས་སྒོ་ཕྱེ་བའི་དངོས་གྲུབ་ཡིན་གསུང་ནས་དེར་ཡོད་པ་རྣམས་ལ་གསོལ་རས་གནང༌།
དེར་བླ་མ་འཇམ་སེང་བས་ཚོགས་འཁོར་ཞུས། འབྲོང་བུ་ཀ་བཞི་པའི་སྐུ་མཆེད་གཟིམ་དཔོན་གསོལ་དཔོན་པ་རྣམས་ཀྱི་བསྔོ་བ་ཞུས་པས། ཞལ་ནས་ཀ་བཞི་པ་སྔར་ངེད་ལ་ཞབས་དབང་ཞུ་མི་རྐང་པ་མི་བདེ་བ་ཁུར་དགོས་པ་དེ་ཨེ་ཡིན་གསུང་ནས་ཐམས་ཅད་ངོ་མཚར་བར་གྱུར་ཏོ། །ཨ་འཚོ་གསོལ་ཇ་བས་སྔར་ཀརྨ་ན་ནོར་ལྷ་ཟེར་བའི་ཆིབས་པ་གཅིག་ཕུལ་ཞུས་པས། ཞལ་ནས་ངེད་ཀྱིས་ཀྱང་ཁྱོད་ལ་རྟ་བྲ་བོ་གཅིག་བྱིན་གསུང་ནས། ངེས་ཤེས་ཐོབ་པར་མཛད་དོ། །ཤེས་རབ་བཟང་པོས་སྔར་མཆི་གུ་ཟེར་བ་གཅིག་ཡོད་པ་དེ་གར་ཡོད་ཞུས་པས། ཁྱོད་རང་ཡིན་མོད་གསུངས། དེར་སྟག་ལོ་ཟླ་བ་དྲུག་པའི་ནང་དུ། བྱ་བྲལ་ཟུར་མང་བ་ཞྭ་ཁྲ་ཅན་ཨག་ཙོམ་དམར་པོ་ཡོད་པ་དེས། ཀརྨ་པ་མཁྱེན་ཟེར་ནས་ཤི་བདོ་པ་སྨོན་ལམ་ཨེ་བྱེད་གསུང་ནས་བསྔོ་བ་མཛད། དེ་དང་དུས་མཚུངས་པར་བྱ་བྲལ་བ་དེ་ལྷོ་ལམ་ཁྲ་སྒོའི་ས་ཆར་ཤི་འདུག་པའི་བསྔོ་རྟེན་འབུལ་དུ་ཟླ་བ་བཅུ་ནང་དུ་མེ་ཉག་བློ་གྲོས་བཟང་
པོས་ཕུལ་བས། བསྔོ་བ་ཚར་གསུངས། ཡང་ཉིན་གཅིག་ཀརྨའི་སེ་ར་ལེན་མི་རྣམས་བདེ་བར་འོང་འདུག །ཕོར་པ་རི་མོ་འདི་འདྲ་ཡོད་པ་གཅིག་ཀྱང་ཡོང་འདུག་གསུང་ནས་རྟེན་སྒམ་ཚ་འགེང་བ་གཅིག་ལ་ཕྱག་མཛུབ་གཏད་དེ། ཕྱིས་ཟླ་བ་བཅུ་པའི་ནང་དུ་ཇི་ལྟར་གསུང་པ་བཞིན་སྐུ་མདུན་དུ་ཕོར་པ་ཚ་འགེང་མ་དང་བཅས་པའི་འབུལ་བ་རྣམས་མགོ་ཐོན་པར་བྱུང་ངོ༌། །དེ་ལྟར་ལྐོག་གྱུར་གྱི་ཆོས་རྣམས་མངོན་སུམ་དུ་མཁྱེན་ནས་གསལ་བར་མཛད་པ་ནི་དཔག་ཏུ་མེད་དོ། །ཡང་དེར་ཀློ་མང་པོས་དྲུང་གི་མཚན་ཐོས་ཏེ། དད་ནས་མཇལ་བྱུང་བ་ཀརྨ་ཀརྨ་པ་ཞེས་བརྗོད་ཅིང་སྒོ་གསུམ་ཤིན་ཏུ་གུས་པས། འབུལ་བ་རྒྱ་ཆེན་པོ་བྱས་པས་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ། བློ་དང་མཚམས་པའི་ཆོས་ཀྱི་སྦྱིན་པས་ཐར་པའི་ལམ་ལ་བཀོད། དེ་ནས་ཡོན་བདག་རྒན་མོ་བློ་བདེའི་བུ་རྒྱུད་རྣམས་ཀྱིས་གདན་དྲངས། སྟག་ལོ་ཟླ་བ་བཅུ་གཅིག་ལ་དྲུང་ནས་དགུང་ལོ་ལྔ་བཞེས་པའི་ཐོག་ཏུ་བ་ཡོ་ནས་སྒར་བཏེགས་ཏེ་
བྱོན། བ་ཚ་འཕྲང་བྱ་བར་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གཟིགས། སྟག་ལོ་ཟླ་བ་བཅུ་གཅིག་པའི་ནང་དུ་མེ་ཉག་བློ་གྲོས་བཟང་གིས་རབ་སྒང་ན་ངའི་མ་ཁམས་བདེ་མོར་ཨེ་འདུག་ཞུས་པས། ཁྱོད་ཀྱི་མ་ཤི་ནས་མེད་གསུངས། གར་སྐྱེས་ལགས་ཞུས་པས། བདེ་བ་ཅན་ན་སྐྱེས་ཡོད་གསུངས་ནས་ལུང་བསྟན་པ་ལྟར་གླང་ལོའི་ནང་དུ་ཤི་ནས་འདུག་གོ །འཕྲག་ན་བཞུགས་དུས་རྟ་མགྲིན་གསང་བ་འདུས་པའི་ཤོག་སེར་ལས། གསང་འདུས་སྐོར་གསུམ་ཆོས་འདི་ནི། །མཆོག་གི་ཆོས་བདག་གསུམ་གྱིས་འཛིན། །ས་ལ་གནས་པའི་བྱང་སེམས་ནི། །བྱང་སེམས་ཁྱི་ཡི་ལོ་པ་གཅིག །རང་བྱུང་མཚོ་སྐྱེས་རྡོ་རྗེ་ཞེས། །པདྨ་ངའི་བསྟན་འཛིན་འབྱུང༌། །ཅེས་སློབ་དཔོན་པདྨས་བྱིན་གྱིས་བརླབས་པ། གཏེར་སྟོན་རད་ན་གླིང་པ་ཞེས་བྱ་བས་ཞུ་ཡིག་དམ་རྫས་དང་བཅས་པ་འབུལ་བྱུང་ངོ༌། །ལམ་དུ་ཡོད་པའི་ལྷ་སྡེ་མི་སྡེ་ཐམས་ཅད་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་གྲོལ་ལ་བཀོད་དོ། །རྣམ་ཐོས་
ཀྱི་རི་བོར་ཕེབས་ནས། བླ་མ་ཧོར་སྟོན་དང༌། རབ་སྒང་གི་ཀ་བཞི་པ་དང༌། རྨ་སེ་དགོན་པས་ཐོག་དྲངས་ལྷ་སྡེ་མི་སྡེ་ཐམས་ཅད་དང་ཡོན་བདག་རྣམས་ཀྱིས་ཇ་འདྲེན་དུ་གསེར་གཡུ་གོས་དར་བླ་བྲེ། རྟེན་མཐོང༌། མཎྜལ་རྒྱན་ལ་སོགས་པ་ཟང་ཟིང་གི་དངོས་པོ་དུ་མ་དང་རྒྱ་ཇ་སིག་བརྒྱ་ཕྲག་སོགས་ཀྱི་འབུལ་བ། དགེ་བཤེས་བློ་གྲོས་བཟང་པོ་སོགས་ཀྱིས་སྐུ་མདུན་དུ་ཕུལ། དེ་དག་བཞེས་ནས་བསྔོ་བ་རིན་པོ་ཆེ་བླ་ན་མེད་པས་རྒྱས་བཏབས་པར་མཛད་དོ། །དེར་ཀོང་བཙུན་དེ་མོས་ཇ་འདྲེན་ཕུལ། གདན་འདྲེན་ཞུས་ནས་བྱོན་པའི་ལམ་དུ། སྐྱེ་བོ་མགོན་མེད་པ་རྣམས་ལ་སྐྱབས་ཀྱི་སྦྱིན་པ། འཕོངས་པ་རྣམས་ལ་ཟས་དང་གོས་ལ་སོགས་པ་ཟང་ཟིང་གི་སྦྱིན་པས་དེའི་སྐྱེ་འགྲོ་མ་ལུས་པ་གནས་སྐབས་དང་གཏན་གྱི་བདེ་བ་ལ་བཀོད། གུར་དཀར་དུ་ཡོན་བདག་པདྨ་རྒྱལ་མཚན་བྱ་བ་ནད་དྲག་པོས་ཐེབས་ནས་སྨན་པ་དང་ཉེ་འཁོར་རྣམས་ཀྱིས་བློས་བཏང་སྟེ། འཆི་བར་ཐག་བཅད་པ་ལ་བྱིན་བརླབས་མཛད་
པས། མྱུར་དུ་ནད་ལས་གྲོལ་ལོ། །ཡོས་ལོའི་ལོ་སར་ཀོང་བཙུན་དེ་མོའི་ཐང་དུ་མཛད། དེ་ནས་ཡོས་ལོ་ཟླ་བ་དང་པོའི་ནང་དུ་ལྟ་བ་རྒྱལ་འཛིན་དུ་ཕེབས། ཡར་ཆབ་གཙང་པོས་ཞིང་དཔག་མེད་ཁྱེར། སླར་རྒྱལ་འཛིན་པའི་གྲོང་ལ་གནོད་པ་སྐྱེལ་འདུག་པས། སྐུ་མདུན་དུ་རྒན་མོ་བློ་བདེའི་བུ་རྒྱུད་ལྷུན་གྲུབ་དང༌། རྒན་གོག་སོགས་ཡོན་བདག་རྣམས་ཀྱིས་ཆུ་བོ་ཟློག་པར་ཞུ་བ་ཕུལ་བས། ཞལ་ནས། གྲུ་ཁ་ཅུང་ཟད་འཆུག་འོང༌། ཆུ་ཟློག་པས་ཆོག་གསུངས། ཆུ་འགྲམ་དུ་ཕེབས། ཕྱག་ནས་གཏོར། བདེན་སྟོབས་བརྗོད་པས། དེའི་དབྱར་ནས་ལྟ་བར་སྟོད་རྒྱང་རིང་པོ་ནས་ཆུ་ཕར་འགྱུར་ཏེ། ཆུའི་འཇིགས་པ་ལས་ཐར་བར་མཛད། ཤིན་ཏུ་དད་པས་འབུལ་གསོལ་དཔག་ཏུ་མེད་པ་ཕུལ་ཞིང་ཐམས་ཅད་བདེ་བ་ལ་བཀོད་དེ། མཚལ་ཁོང་དུ་རྟ་མགྲིན་ནག་པོ། ཡཀྵ་མེ་དབལ། རྟ་མགྲིན་དམར་པོ། རྡོ་རྗེ་ཕག་མོ་རྣམས་ཞལ་གཟིགས། གཡང་ཀ་སྟེང་དུ་དྲུང་རོལ་པའི་རྡོ་རྗེའི་ཆིབས་པ་རྐྱང་ཆུང་རྟོག་མེད་ཀྱི་
གསོབ་ཡོད་པ་མཁྱེན་པ་མཛད་ནས་ཁྱེར་ཤོག་གསུངས། ཡོས་ལོ་ཟླ་བ་གཉིས་པ་ནས་སྟག་ཁྲོམ་གྱི་རི་ཁྲོད་དུ་དབེན་པ་མཛད་པའི་ཚེ། ཞལ་ནས་ང་ལ་སྤྲུལ་པ་དུ་མ་ཡོད་གསུངས། གང་ན་ཡོད་ལགས་ཞུས་པས། རྒྱ་གར་དང་བོད་ལ་སོགས་པ་ཐམས་ཅད་ན་ཡོད་དེ། བྱེ་བྲག་ཏུ་པུ་རང་དུ་ཤཱཀྱ་བྱ་བ་དང༌། ཤམྦྷ་ལར་རྒྱལ་པོ་དང༌། ཁ་ཆེ་ཀྲི་རྟེན་དུ་སྤྲུལ་པ་གཅིག་དང༌། ཉ་པའི་ཚུལ་དུ་སེམས་ཅན་གྱི་དོན་མང་དུ་མཛད་པ་གཅིག་ཡོད་གསུང༌། ཟུར་མང་བ་བཀྲ་ཤིས་རྡོ་རྗེས་ཇ་ཞལ་ཞུས། བཞུགས་གདན་ཕུལ་བའི་དུས་སུ། མིང་དང་རུས་ནས་གསུང་ཞིང༌། ཡིད་ལ་ཇི་ལྟར་བསམ་པ་བཞིན་དུ་བྱིན་བརླབས་དང་ལུང་བསྟན་མཛད་པས། ངེས་ཤེས་དཔག་ཏུ་མེད་པ་ཐོབ་པར་གྱུར་ཏོ། །དེར་རིགས་ལྡན་སེང་གེ་ཆོས་བསྟན་ནས་ལོ་སུམ་ཅུ་སོ་ལྔ་འདས་པའི་མྱོས་ལྡན་གྱི་ལོ་ཞེས་པ། ས་མོ་ཡོས་ཀྱི་ལོ་ཟླ་བ་གསུམ་པ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་ཡོངས་སུ་རྫོགས་པར་ཕུལ། ཚེས་ཉི་
ཤུའི་དགོང་ཀ་མཁའ་འགྲོ་རྒྱ་མཚོ་ཡི་དལ་གྱི་སྟེང་དུ། རྒྱ་ཤིང་དབྱུག་པ་རིང་པོ་སྦོམ་རགས་གཅིག་མཐོང་ཀ་ནས་འཕངས་པས་དཀྱིལ་འཁོར་གྱི་སྟེང་དུ་འཕྲེད་ཉལ་དུ་ཕོག་ཀྱང༌། རྡུལ་ཚོན་ལ་གནོད་པ་མེད་པས་ཐམས་ཅད་ངོ་མཚར་བར་མཛད་དོ། །དེར་སློབ་དཔོན་པདྨ། རྟ་མགྲིན་དམར་པོ་རྟ་མགོ་ལྔ་པ་གཟིགས། ཡང་དེར་རྒྱལ་བ་རྒྱ་མཚོ། པདྨ། རྟ་མགྲིན། ཡཀྵ་མེ་དབལ། གནོད་སྦྱིན་ལྕགས་རལ་རྣམས་གཟིགས་སོ། །རྒྱུན་དུ་མེ་ཏོག་གི་ཆར་འབབ་པ། ནམ་མཁར་འཇའ་འོད་འཁྱིལ་བ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་དོ། །དེར་ཐུགས་དམ་གྱི་རྟེན་རྣམ་བཞི་སྐུ་མདུན་དུ་གདན་དྲངས་པས། ཇོ་བོ་གནྡྷོ་ལའི་ཞལ་ཕྱེ་གསུངས། ཇོ་བོ་བཞུགས་པའི་སྒམ་གང་ལགས་ཞུས་པས། ཚམ་ཚོམ་མེད་པར་བཞེངས་ནས་ཇོ་བོ་བཞུགས་པའི་སྒམ་ལ་ཕྱག་བཞག་སྟེ། འདི་ཡིན་ཞལ་ཕྱེ་གསུང༌། དེའི་ནང་དུ་ཆོས་རྗེ་ཀརྨ་པཀྵི་ལ་བྱོན་པའི་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་སྐུ་གཟིགས་
ཕུལ་བས་སུ་ལ་བྱོན་ལགས་ཞུས་པས། ཀརྨ་པ་མིན་པ་འདི་འདྲ་སུ་ལ་འབྱོན་གསུངས། འདི་འདྲ་བའི་ཞལ་ད་མངོན་མཁྱེན་མཛད་པ་ནི་དཔག་ཏུ་མེད་ཀྱང་རེ་རེ་བཞིན་དུ་བྲིར་མ་ལང་ངོ༌། །རྣམ་ཐོས་ཀྱི་རི་བོར་སྙན་ཕུ་བ་བླ་མ་སངས་རྒྱས་པ་ལ་རྫོགས་ཆེན་དང་མཐུན་པར་ངོ་སྤྲད་དེ། ཕྱག་གཡོན་པས་སིལ་ཆལ་གྱི་ལུང་ལ་བསྣམ་ནས། གཡས་པས་སིལ་ཆལ་བསྐོར་ཏེ། ཞལ་ནས་ཟླུམ་པོར་འཁོར་བ་འདི་འཁོར་བའི་འཁོར་ལོ་ཟོ་ཆུན་ལྟར་འཁོར་བའི་དཔེ་ཡིན་གསུངས། དེའི་ཉི་འོད་ཐད་ནས་གཤའ་རྩེར་ཕོག་པ་མཛད་ནས། འདི་ཉམས་ཀྱི་དཔེ་ཡིན་གསུངས། འོད་དེ་མེད་པར་མཛད་ནས། འདི་ཟད་པ་ཡིན་ཉམས་ཡལ་བ་བྱ་བ་ཡིན་གསུང་ནས། ཤིན་ཏུ་སྤྲོས་པ་མེད་པའི་གཤིས་ཡིན་ལུགས་ཀྱི་སྟེང་དུ་ཉམས་སྣང་གོང་དུ་འཕེལ་བ་དང༌། ཆོས་ཉིད་ཟད་སར་སྐྱེལ་བའི་ཚུལ་གྱི་ངོ་སྤྲོད་པ་ངེས་ཤེས་རྒྱས་པར་མཛད་དོ། །སླར་ཡང་གཡང་ཁ་སྟེང་གི་གཟིམ་ཁང་ན་ཉི་ཟེར་ཕྲ་མོ་གཅིག་གི་སྟེང་དུ། བཅོམ་ལྡན་འདས་བདེ་
མཆོག་ཡབ་ཡུམ་དང༌། རྒྱལ་བ་རྒྱ་མཚོ། རྟ་མགྲིན་དམར་པོ་ཡབ་ཡུམ། རྟ་མགྲིན་ནག་པོ་རྣམས་གཟིགས་སོ། །མདོར་ན་ཀོང་ལུང་པ་རལ་གསུམ་གྱི་སྐྱེ་བོའི་ཚོགས་མཐའ་འཁོབ་ཀྱི་མི་ཀློ་མོན་ལ་སོགས་པ་ལག་ན་མཚོན་ཐོགས་ཏེ། གཅིག་གིས་གཅིག་གསོད་པ་དང༌། གཡུལ་འགྱེད་པ་ཉིད་ཀྱི་ལས་བྱེད་པ་རྣམས་ལ། དབང་པོ་དང་མཚམས་པའི་ཆོས་བསྟན། མ་ཎི་དུང་ཕྱུར་དང༌། གཟུངས་སྔགས་བརྗོད་པའི་དམ་བཅའ་བ་དང༌། རི་རྒྱ་ཀླུང་རྒྱ་ལམ་རྒྱ་དང༌། ཚེ་ཐར་དང་སྲོག་གཅོད་སྤང་བའི་དམ་བཅའ་བླངས་ཤིང༌། སྤོ་ཡུལ་གྱི་རྩོད་པ་ཆེན་པོ་རྣམས་བསྡུམས་དེ། ཕན་ཚུན་བཙོན་དུ་གནས་པའི་སྐྱེ་བོ་ཉམ་ཐག་པ་མང་པོ་ཡང་བཙོན་གྱི་སྡུག་བསྔལ་ལས་ཐར་བར་མཛད་དེ། ཐམས་ཅད་བདེ་འགྲོ་མཐོ་རིས་དང་སྨིན་གྲོལ་ལ་བཀོད་དོ། །འབྲུག་ལོའི་ལོ་གསར་གཡང་ཁར་སྟེང་དུ་མཛད་ནས། མདོ་ཁམས་ཀྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་ཕྱིར། ལྷོ་རོང་ནང་སོ་གུའི་ཤྲི་ཀུན་དགའ་
རྒྱལ་མཚན་པས་གདན་དྲངས་ནས། འབྲུག་ལོ་ཧོར་ཟླ་དང་པོའི་ཚེས་བཅོ་ལྔ་ལ་ཀོང་པོ་ནས་སྒར་བཏེགས་ནས་རིམ་གྱིས་ཐོན་ཏེ། སྤོ་འབོར་ཕེབས་པའི་ལམ་དུ་ནད་ཡམ་ཐོར་པས་འབྱམས་འདུག་པས། ཤིན་ཏུ་འཚེར་ཡང༌། དྲུང་གི་ཞལ་ནས། ངེས་རང་སྒར་པ་ལ་ཐོར་ནད་ཀྱི་སྐྱོན་མི་ཡོང་གསུངས། ཇི་ལྟར་གསུང་པ་བཞིན་སྒར་པ་ལ་ཐོར་པས་སྐྱོན་མ་བྱུང་ཞིང༌། ཡུལ་ཁམས་ཀྱི་ཐོར་ནད་ཡང་རིམ་གྱིས་ཞི་བར་གྱུར་ཏོ། །གྲུབ་ཐོབ་འགར་དམ་པའི་དགོན་པ་ཕུ་ལུང་དུ་གདན་དྲངས། རྒྱ་དགོན་ཡོན་མཆོད་ཀྱིས་ཐོག་དྲངས་ལྷ་སྡེ་མི་སྡེ་ཐམས་ཅད་འབུལ་ཞབས་དཔག་ཏུ་མེད་པས་མཆོད་པར་བྱས་ཏེ། དེ་རྣམས་གང་ལ་གང་འོས་ཀྱིས་ཚིམས་པར་མཛད་ཅིང་སྨིན་གྲོལ་ལ་བཀོད། དེ་དག་གི་སྐབས་སུ་ཉིན་མཚན་དུ་མར་ཆར་ཆེན་པོ་བབ་པས་ཁྱུང་ཐོའི་ལ་ཆོད་དོགས་ནས། ཁ་ཆར་གཅོད་པའི་ཞུ་བ་ཕུལ་བས། ཞལ་ནས་ད་ཞག་འདིར་བབ་པ་ལ་སྐྱོན་མེད། ལ་ཁར་བབ་ཅིང་མེད། ལམ་མི་ཆོད་པ་ངེད་ཀྱིས་ཁག་ཁུར་
གསུང་ནས། དཀར་ཕྱོགས་སྐྱོང་བའི་གཞི་བདག་རྣམས་ལ་གཏོར་མ་གནང་བཀའ་བསྒོ་མཛད། སྤོ་བོའི་ཡོན་བདག་རྣམས་ཀྱིས་ལ་མི་ཐོན་པར་ཐག་བཅད་ནས། སྒར་པ་ལ་མ་བྱེ་བར་དུ་དེར་བཞུགས་ཞུས་དང༌། ཁྲང་བ་ཕྱོགས་སུ་གདན་འདྲེན་གྱི་ཞུ་བ་ཕུལ། སྒར་པའི་ཕྱི་གཞི་བཞག་ནས་ཐེ་ཚོམ་མེད་པར་ཡར་བྱོན། ཞལ་ད་ཇི་ལྟར་གནང་བ་བཞིན་ཟླ་བ་གཉིས་པའི་ཉི་ཤུ་གསུམ་ནས་བཟུང་སྟེ། ལ་མ་བརྒལ་བར་དུ་དབྱར་ཉི་ལྟར་ཤིན་ཏུ་དྲོ་བའི་ཉི་མཚན་ཁ་བ་ཐམས་ཅད་ཞུ་ནས། ཟླ་བ་གཉིས་པའི་ཉེར་དྲུག་གི་དགོང་ཁ་ཁྱུང་ཐོ་ལ་ཐོག་ཏུ་བཞུགས་ནས་ནམ་མཁའ་གཡའ་དག་ཅིང་དྭང་ལ་ཤིན་ཏུ་དྲོ་བ་དང༌། ཞལ་ནས། ཁྱུང་ཐོ་དགེ་བསྙེན་གྱིས་གོས་ཆེན་སྣ་ཚོགས་ཀྱི་གོས་གྱོན། ན་བུན་གྱི་གུར་ནང་ནས་རྔ་རྡུང་ཞིང་བསུ་བར་བྱུང་གསུངས། ཉེར་བདུན་ལ་ལ་བརྒལ། ལམ་ཆེས་བདེ་བས་ཐམས་ཅད་ངོ་མཚར་དུ་བྱེད། ༼གྱོན། ནས། དུ་བྱེད། བར་མ་དཔེར་ཆད། ཞུ་མཆན།༽ ཉེར་བརྒྱད་ལ་ཁ་བས་
ལ་བཅད་ནས། སྒོ་འདན་པ་ལྟར་དུ་གྱུར་ཏེ། ཕར་སོང་གི་བྱ་བྲལ་བ་རྣམས་ལ་ལ་མ་ཐོན་པར་གྲག་གོ །ཧོར་ཟླ་གསུམ་པའི་ཚེས་ལྔ་དགུང་ལོ་བདུན་པ་ལ་རྫོང་གསར་དུ་ཕེབས་ནས། རོང་པོ་ནང་སོ་གུའི་ཤྲི་ཀུན་དགའ་རྒྱལ་མཚན་གྱིས། བློས་མི་འཁྱུད་པའི་འབུལ་ཞབས་མཆོད་སྤྲིན་རྒྱ་མཚོ་ལྟ་བུས་མཆོད་པར་བྱས་སོ། །དེའི་སྐབས་གཅིག་ན་ཐན་པ་བྱུང་ནས། སྐུ་མདུན་དུ་ཆར་འབེབས་དགོས་ཞུས་པས། ལན་རེ་ཆོད་ཆོད་ཟེར། ལན་རེ་ཕོབ་ཕོབ་ཟེར། མི་འོང་ཁྱུང་ཐོ་དགེ་བསྙེན་སོགས་ལ་མདང་ཞག་ཆར་མ་བཏང་བྱས་པས་འབབ་པ་མེད་གསུངས། སེམས་ཅན་ལ་མུ་གེ་འོང་བས་སླར་ཡང་བཀའ་བསྒོ་མཛད་ནས་ཆར་འབེབས་དགོས་ཞུས་པས། ཨའུ་ཙི་སྐྱོན་མི་འོང་གསུངས། ཕྱིས་གསུང་ཅི་ལྟ་བཞིན་དུ་གྱུར་ཏོ། །གཞན་ཡང་སྐུའི་ཉེ་འཁོར་དུ་མེ་ཏོག་གི་ཆར་རྒྱུན་དུ་འབབ་པ་དང༌། རྒྱལ་བ་སྲས་བཅས་ཀྱི་ཞལ་གཟིགས་པ་ནི་དཔག་ཏུ་མེད་དོ། །དེར་རྟོགས་ལྡན་བསམ་གཏན་པ་སྙུང་དྲག་པོས་ཐེབས་
ནས། ཐམས་ཅད་ཀྱིས་འདས་པར་ཐག་བཅད་དེ། ནང་སོ་གུའི་ཤྲི་པས་སྐུ་མདུན་དུ་སྨོན་ལམ་ཞུས་པས། བསྔོ་བ་མི་དགོས་ད་རེས་མི་འཆི་གསུང་ནས་ཕྱག་མདུད་གནང༌། ཐམས་ཅད་ཀྱང་ཐེ་ཚོམ་དུ་གྱུར་ཀྱང༌། ལུང་བསྟན་པ་ལྟར་མྱུར་དུ་བདེ་བར་གྱུར་ཏོ། །སྔོན་རྫོང་གསར་དུ་དྲུང་མཐོང་བ་དོན་ལྡན་ལ་རྒྱུ་ཤོད་བླ་མ་བློ་གྲོས་བཟང་པོས། རྒྱུ་ཤོད་རག་ཐག་དགོན་དུ་གདན་འདྲེན་ཞུས་པའི་ཚེ། རྟེན་འགའ་ཞིག་གནང་ནས་དེར་ལྷ་ཁང་གཅིག་བཞེངས་དང༌། ད་གཟོད་རབ་གནས་ལ་སླེབ་པར་བྱེད་གསུང་པའི་ཞལ་བཞེས་དང་མཐུན་པར། སྒར་པ་ལྷོ་རོང་དུ་བཞུགས་པའི་དུས། རག་ཐག་དགོན་པའི་གདན་འདྲེན་པ་བྱུང་བ་ལ། ས་ཐག་རིང་བ་དང་ལམ་ངན་པས་ཕེབས་ཐབས་མེད་བྱས་ཀྱང༌། དྲུང་ཉིད་ཀྱི་ཞལ་ནས། སྔོན་དུ་ཁས་ལེན་ཡོད་པས་འགྲོ་དགོས་གསུང་ནས་བྱོན་པས་ཤིན་ཏུ་དད་ཅིང་མོས་པར་གྱུར་ཏོ། །(སླར་ཡང་རྫོང་གསར་དུ་ཕེབས་པ་དང་།) དེ་ཉིད་དུ་སྦྲུལ་ལོའི་ལོ་སར་ནངས་པར་བཀའ་
བརྒྱུད་བླ་མ་རྣམས་གཟིགས། དེར་སྤྲིན་གྱི་གསེབ་ཏུ་སྐུ་སྟོད་ཐོན་པའི་རྟ་མགྲིན་ནག་པོ་གཟིགས་པ་དེ་ཉིད་ཡེ་ཤེས་ཀྱི་ཁྱུང་ཁ་དོག་སྣ་ཚོགས་པ་སྣང་བ། དེར་དབང་ལྷ་འོད་ཕྲོམ་སྦྲུལ་སྔོ་ཁྲ། དཀར་ཁྲ་སེར་ཁྲ་གསུམ་གྱི་ཆུན་པོ་བྱས་པའི་མགོ་ཐོག་ཏུ་ཞྭ་ནག་ཅན། མགོའི་གཡས་གཡོན་དུ་པདྨ་དང༌། རྟ་མགྲིན། མཇུག་མའི་གཡས་གཡོན་དུ་ཉི་མ་དང་ཟླ་བ་སྣང་བ། དེའི་གཡོན་ཟུར་དུ་ཁྱུང་ཐོ་དགེ་བསྙེན་སྔོན་གྱི་ཆ་ལུགས་སུ་སྣང་བ། དེར་དཔལ་དུས་གསུམ་མཁྱེན་པ་དང༌། ཐུབ་ཆེན་ཤཱཀྱའི་རྒྱལ་པོ་གཟིགས་པ། དེར་རྟ་མགྲིན་དང་ཡཀྵ་མེ་དབལ་སོགས་ཀྱིས་འབྱུང་པོ་མང་པོ་བསད་བཅད་བྱེད་པར་གཟིགས་པ། དེར་དཔལ་རྣལ་རྡོ་རྗེ་འབྱོར་མ་ཞལ་གཉིས་མ་གཟིགས་པ། དེར་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གཟིགས་སོ། །སྦྲུལ་ལོ་ཟླ་བ་གསུམ་པའི་ཚེས་བཅུ་བཞིའི་ཚ་གོང་དུ། ཞལ་ནས། རང་བྱུང་པདྨ་༼ང་རང་ཡིན།༽ ཆུ་ཟླ་བཞིན། །གངས་དཀར་རྩེ་ལ་༼ང་མིད་ལའི་སྤྲུལ་པ་ཡིན།༽ འགྲན་ཟླ་མེད། །རྣམ་
སྣང་༼ང་ཐམས་ཅད་ཀྱི་གཙོ་བོ་ཡིན།༽དྲི་མེད་ཀུན་དང་བྲལ། །ཆོས་རྣམས་འཇིག་རྟེན་གྲགས་བྱེད་དེ།༼འཇིག་རྟེན་གྱི་ཆོས་ཐམས་ཅད་གྲགས་བྱེད་ཡིན།༽ །རང་བྱུང་༼རྡོ་རྗེའི་སྐུ་ཡིན།༽དོན་དང་ལྡན་པར་ཤོག །༼སྨོན་ལམ་ཡིན།༽ཅེས་གསུང་སྟེ། གསུང་འདི་ཡི་དོན་གང་ལགས་ཞུས་པས་མཆན་བཏབ་པ་འདི་རྣམས་ཡིན་གསུངས། དེར་མིད་ལའི་གཡས་གཡོན་དུ་ལྗང་ཁུ་དང་དཀར་བའི་མདོག་ཅན་གྱི་མཚོ་སྐྱེས་རྡོ་རྗེ་གཉིས་གཡོན་ཀ་པཱ་ལ་དང༌། གཡས་རྡོ་རྗེ་དང་བཅས་པའི་ཐལ་མོ་བརྐྱངས་པ། མགྲིན་གཅིག་པར་ཤིན་ཏུ་སྙན་པའི་ངག་གིས་བསྟོད་དབྱངས་སྒྲོགས་པར་གཟིགས་པ། དེར་ཀྱཻའི་རྡོ་རྗེ་དང་སྒྲོལ་མ་གཟིགས་པ། དེར་ཌོཾ་བྷི་ཧེ་རུ་ཀ་དང༌། རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་གཟིགས། སྒྲོལ་མ་གཟིགས་ནས་བསྟོད་པ། ཁྱོད་ནི་བདུད་རྩི་དམ་པ་སྟེ། །དམ་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱི་ནང་གཞན་གསུམ་འཕགས་མ་ཁྱོད་ཡིན་ནོ། །གཞན་གྱི་དོན་ལ་སྒྲོལ་མ་ཁྱོད་ཡིན་ཏེ། །ནང་གི་དོན་ལ་
སྒྲོལ་མ་ཁྱོད་ཉིད་ཤོག །ཅེས་སྔགས་པ་དང་སྨོན་ལམ་མཛད་དོ། །དེར་རྡོ་རྗེའི་གུར་ཕྱི་ནང་སྒྲིབ་གཡོག་མེད་པ་གཅིག་གི་ནང་དུ་རྣལ་འབྱོར་གྱི་དབང་ཕྱུག་མིད་ལ་བཞེངས་འདུག་པའི་དབུ་ཐོག་ཏུ་གདུགས་རང་འཁོར་དུ་ཡོད་པ་དང༌། ཉི་ཟླ་སྣང་བའི་རྡོ་གུར་ལ་ལན་ཚའི་ཡི་གེ་དྲུག་མ་གསལ་བར་གཟིགས་ནས། བྱར་མེད་ཆོས་ཀྱི་སྐུ་ལ་ཕྱག་འཚལ་ལོ། །འགྲོ་བའི་སྐུ་དྲིན་རྡོ་རྗེ་འཆང༌། །མི་ལ་རྡོ་རྗེ་སེམས་དཔའི་རང་བཞིན་ཏེ། །འགྲོ་བའི་མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཅེས་པ་མཛད་དོ། །དེར་བཀའ་བཞི་པ་རིན་ཆེན་བཟང་པོ་ལ་རས་པ་བཅུས་བསྐོར་བ་གཟིགས་པ། དེར་བཀྲ་ཤིས་ཚེ་རིང་མ་འཁོར་དུ་མས་བསྐོར་བ་ལག་ན་རིན་པོ་ཆེའི་བུམ་པ་དང༌། ཀ་པཱ་ལ་བདུད་རྩིས་བཀང་བ་བཟུང་ནས་དྲུང་དུ་བསྟན་པར་སྣང་བ། དེར་གསེར་གྱི་མདོག་ཅན་གྱི་ཡི་གེ་ནམ་མཁའ་གང་བར་སྣང་བའི་དབུས་སུ་མི་ལ་བཞུགས་པ་གཟིགས་པ། དེར་བཀྲ་ཤིས་ཚེ་རིང་མ་སྣང་བ། དེར་རྡོ་རྗེ་འཆང་གཟིགས་པ། དེར་ཐུབ་པ་
དང༌། དེའི་གཡས་སུ་མི་ལ་དང༌། རས་ཆུང་པ། གཡོན་དུ་པདྨའི་གདན་ལ་དྭགས་པོ་རིན་པོ་ཆེ་རྣམས་ལ་མཁའ་འགྲོ་མ་རྒྱན་དྲུག་ཅན་འགས་མཆོད་པར་གཟིགས་པ། དེར་ལྷའི་བུ་དང༌། བུ་མོ་དཀར་སྔོན་གཉིས་ལག་ན་གཡུ་དཔག་ཏུ་མེད་པ་བཟུང་བ་སྣང་ངོ༌། །དེ་ལྟར་རྫོང་གསར་ནང་སོ་གུའི་ཤྲི་ཀུན་དགའ་རྒྱལ་མཚན་པས་ལོ་ཟླ་དུ་མར་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་མཆོད་ཅིང༌། དེར་བཞུགས་པའི་དུས་ཐུགས་དམ་དམར་ཞིང་ཆོས་འཕེལ་བ་དང༌། བདེ་ལེགས་ཕུན་སུམ་ཚོགས་པའི་དཀྱིལ་འཁོར་དུ་ཡོན་མཆོད་ཐམས་ཅད་བཀྲ་ཤིས་དང་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སྤྱོད་པར་མཛད་ཅིང༌། དེའི་ལྷ་སྡེ་མི་སྡེ་ཐམས་ཅད་ལའང་གང་ལ་གང་འོས་ཀྱི་ཆོས་དང་ཟང་ཟིང་གིས་ཚིམས་པར་མཛད་ནས། སྦྲུལ་ལོ་ཟླ་བ་དྲུག་པའི་ཚེས་བཅོ་བརྒྱད་ལ་སྒར་བཀྱག་སྟེ། དྷ་ཏི་བྱ་བ་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་རྗེ་བཙུན་སྒྲོལ་མ་གཟིགས། ལུང་རིང་ཁ་སྒོང་ན། པདྨ་འདབ་བརྒྱད་
གསེར་གྱི་མདོག་ཅན་གྱི་སྟེང་དུ། རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔ་དང༌། ཁྲག་མཚོ་ལས་སྐྱེས་པའི་པདྨ་དམར་པོའི་སྟེང་དུ། ལྷ་མོ་རང་བྱུང་གི་རྒྱལ་མོ་ལ། དམར་མོ་སོགས་འཁོར་བཞིས་བསྐོར་བ་གཟིགས། མོ་རྡོམ་དུ་ཚེ་བདག་དང༌། གཡུང་སྟོན་པ་གཟིགས་ནས་བསྟོད་པ་མཛད། སངས་རྒྱས་ཀུན་དངོས་བླ་མ་མཆོག །རང་བྱུང་དོན་རྟོགས་གྲུབ་པ་བརྙེས། །བདེ་ཆེན་དོན་རྟོགས་རྡོ་རྗེ་དཔལ། །བསྒྲུབ་པ་མཐར་ཕྱིན་བཀྲ་ཤིས་ཤོག །ཅེས་སོ། །དེར་ཕག་མོ་ཞལ་བཞི་མ་གཟིགས། དེར་སྤྱན་རས་གཟིགས། སྒྲོལ་མ། ཚེ་དཔག་མེད། ཐུབ་པ་རྣམས་ཞལ་གཟིགས། དེར་ཚེ་རིང་མ་མཆེད་ལྔ་སྣང་བ། འབྲོམ་ལར་བེར་ནག་ཅན་དང༌། སྐྱེས་བུ་ཆེན་པོ་སྣང་བ། རས་ན་མི་ལ་རས་པ་དང༌། ཀརྨ་པ་གཉིས་ལ་རས་པ་དུ་མ་དང་བཅས་ཏེ་འཁོར་མང་པོས་བསྐོར་བ་གཟིགས། དེར་སྐྱེས་བུ་ཆེན་པོས་ཕྲིན་ལས་བསྒྲུབ་པ། དེར་སྤྱན་རས་གཟིགས་སྣང་བ། ཤིལ་ཤོད་དུ། རྒྱལ་བའི་བཀའ་སྲུང་མགོན་པོ་ཡང་དག་མཆོག །
བརྒྱུད་པའི་བཀའ་ཉན་ཕྲིན་ལས་ཚུལ་བཞིན་བསྒྲུབ། །བདག་གི་བཀའ་སྲུང་ཡོན་ཏན་ཕྲིན་ལས་མཛད། །འགྲོ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །ཉི་ཤུ་དགུ་གཏོར་གྱི་དུས་དཔལ་མགོན་པོ་གཟིགས་ནས་བསྟོད་བསྐུལ་མཛད་པའོ། །དེར་པད་སྡོང་དམར་པོ་འདབ་མ་སྔོན་པོའི་སྟེང་དུ་ཟླ་བའི་གདན་ཅན་གཉིས་ཀྱི་སྟེང་དུ། སྒྲོལ་མ་དཀར་ལྗང་གཉིས་ཀྱི་གཡས་གཡོན་དུ་དུང་དཀར་གཡས་འཁྱིལ་གཉིས་དང་བཅས་པ་སྣང་བས་བསྟོད་པ་མཛད་པ། སྒྲོལ་མ་ཁྱོད་ཉིད་བདེ་ཆེན་རོལ་པའི་མཆོག །འགྲོ་ལ་ཐུགས་རྗེས་སྐལ་ལྡན་རྗེས་འཛིན་མ། །སྤྲུལ་པ་གྲངས་མེད་བདེ་ཆེན་དབྱིངས་ལ་སྤྱོད། །བདག་དང་འགྲོ་ཀུན་བདེ་ཆེན་དབྱིངས་ཉིད་ཤོག །ཅེས་པ་དང༌། སྒྲོལ་སྔོན་བདེ་ཆེན་རོལ་པའི་མཆོག །སྲིད་འདིར་རྒྱལ་བའི་ཡུམ་ཁྱོད་ཀྱི། །ཐུགས་རྗེའི་རོལ་པས་འགྲོ་ལ་ཁྱབ། །འགྲོ་རྣམས་སྐུ་ལྔ་ཡོངས་རྫོགས་ཤོག །ཅེས་སོ། །སྟག་ཡག་ལ་ཁར་མི་ལ་རས་པ་ཞལ་གཟིགས། རྫ་སྟོད་ན་བདེ་
མཆོག་ཞལ་གཟིགས། དེ་ནས་དཔལ་འབར་ནས། དཔལ་འབར་དགོན་དུ་གདན་དྲངས་ནས། གཙུག་ལག་ཁང་སྡེ་དགོན་དང་བཅས་པ་ཕུལ་ཞིང༌། མཆོད་སྤྲིན་དུ་མས་མཉེས་པ་བསྒྲུབ། དེར་བསྟན་པ་རིན་པོ་ཆེ་ཡུན་དུ་གནས་པ་དང༌། སེམས་ཅན་རྣམས་ལ་ཕན་བདེ་འབྱུང་བའི་སླད་དུ། གཙུག་ལག་ཁང་གི་ལོགས་རིས་བཀའ་བརྒྱུད་བླ་མ་འདྲ་འབག་གི་ཞལ་ཆོས་མཛད་དོ། །དེར་རྟ་མགྲིན་ཤིན་ཏུ་སྐུ་ཆེ་བ་གཟིགས་པ། དེར་དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་མགོན་པོ་སྐུ་དུ་མ་འཕྲོས་ནས་ནམ་མཁའ་གང་བ་དང༌། རྟ་མགྲིན་གྱིས་འབྱུང་པོ་དུ་མ་བསྒྲོལ་བར་གཟིགས་པ། ཚག་རག་ཐང་དུ་རྡོ་རྗེ་རྣལ་འབྱོར་མ་དང་རྟ་མགྲིན་ཞལ་གཟིགས། དེར་ལྷོ་སྟོད་ཀྱི་ལྷ་སྡེ་མི་སྡེ་ཐམས་ཅད་ལ་ཐར་པའི་ས་བོན་བཏབ་ཅིང༌། དགེ་ལེགས་ཕུན་སུམ་ཚོགས་པ་རྒྱུད་ལ་སྦྱོར་བར་མཛད་ནས། ད་ར་སྟེང་པས་རྔོད་དུ་གདན་དྲངས་པའི་ལམ། ཨ་རི་ཐང་དུ་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ཆེ་ཞིང་འཇིགས་པ་ལ་ཕྱོགས་
བཅུ་མགོན་པོ་གཙོ་བོའི་ཆ་ལུགས་ཅན་གྱིས་བསྐོར་བ་གཟིགས། དེར་གསེར་གྱི་མདོག་ཅན་གྱི་ལྷ་ཞིག་སེང་གེ་ལ་བཅིབས་ནས་རིན་པོ་ཆེ་དང་དར་གྱི་ཞགས་པ་ཅན་སྣང་བ། འདོང་བ་སྒང་དུ། རྟ་མགྲིན་ནག་པོ་ལ་རྟ་མགྲིན་མང་པོས་བསྐོར་བ་གཟིགས། སྤྱི་ནང་དུ་བྲག་རིའི་ལོགས་ལ། མིད་ལའི་གཡས་གཡོན་དུ་དྭགས་པོ་དང་རས་ཆུང་པ་གཉིས་བཞུགས་པ། སློབ་དཔོན་པདྨའི་གཡས་གཡོན་དུ་མཚོ་སྐྱེས་རྡོ་རྗེ་གཉིས་དང༌། མཁའ་འགྲོ་མཚོ་རྒྱལ་དང་གསུམ་བཞུགས་པར་གཟིགས། དེར་མར་པ་ལོ་ཙཱ་གཟིགས། དེར་སྟག་ལྤགས་ཀྱི་གདན་ལ་ས་ར་ཧ་བཞུགས་པ་གཟིགས། དེར་དཔའ་བོས་ནས་ཀྱི་མཆོད་པ་བཞེས་པ། སྟག་མ་ལ་ཁར་རྣམ་སྲས་ལ་གང་བ་བཟང་པོ་སོགས་གཏེར་བདག་བརྒྱད་ཀྱིས་བསྐོར་བ་གཟིགས། ཚག་རག་ཐང་དུ་ཀརྨ་དང་ལྷ་སྟེང་བ་སོགས་ཀྱིས་ཇ་འདྲེན་འབུལ་བའི་ཚེ། ཨ་ཀྲོ་བླ་མ་བཀྲ་ཤིས་དབང་ཕྱུག་གི་བསྒོམ་ཐག་གཟིགས་མ་ཐག་མཁྱེན་པར་མཛད།
བསྒོམ་ཐག་འདི་སྔར་ངེད་ཀྱིས་བྱིན་པ་དེ་རེད་གསུངས། རྟང་ལར་དཔལ་ས་ར་ཧ་གཟིག་ལྤགས་ཀྱི་གདན་ལ་བཞུགས་པ་གཟིགས་ཏེ། ཡེ་ཤེས་ལྷུན་གྲུབ་རོལ་པའི་དབྱིངས། །རྣམ་པར་སྣང་མཛད་ཡེ་ཤེས་སྒྱུ་མའི་དཔལ། །རྒྱལ་བའི་སྲས་བཟུང་ཐུབ་ཆེན་གསང་བ་འཛིན། །གྲུབ་པ་བརྙེས་པ་ཡེ་ཤེས་འཁྲུལ་སྣང་དག །ས་ར་ཧའི་བཀྲ་ཤིས་ཤོག །ཅེས་གསུངས། བརྒྱད་ཤོད་འཁོར་ཅན་བྱ་བའི་ས་ཆར། གྲུབ་ཆེན་ཀརྨ་པཀྵི་དང་ཀ་བཞི་པ་རིན་ཆེན་བཟང་པོ་གཟིགས། དེ་ཉིད་དུ་བདག་ལ་དྲུང་ཉིད་ཀྱི་རྣམ་ཐར་གསུང་པ། སྡུག་བསྔལ་ཆོས་ཀྱི་དབྱིངས་སུ་དག །སྟོང་ཉིད་སྙིང་རྗེ་དབྱེར་མེད་ལ། །མ་འགག་སྣ་ཚོགས་རོལ་པའི་རྩལ། །རང་བྱུང་ང་ཡི་རྣམ་ཐར་ཡིན། །ཅེས་སོ། །བརྒྱད་ཤོད་སྨོན་མཁར་སྒང་དུ། རྡོ་རྗེ་འཆང་དང་ཕྱག་དྲུག་པ་གཟིགས། ལྕམ་མདའི་ལྷ་ཁང་དུ་དཔལ་རྟ་མགྲིན་སྣང་བ། སྤང་གཅིག་དགོན་དུ་རྡོ་རྗེ་འཆང་དང༌། རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས། རེ་ཤོ་གཟུ་སྒང་དུ་རད་ན་བྷ་ཏྲ་
གཟིགས་པ། རེ་རྒྱབ་དགོན་དུ་དགུན་གྱི་དུས་སུ་དཔལ་ཡེ་ཤེས་ཀྱི་མགོན་པོ་བྱིན་བརླབས་ཀྱི་དཔལ་འབར་བ་སྣང་བ། དེར་གསོལ་དཔོན་ཚེའི་དུས་བྱས་པའི་ཚེ། ཞལ་ནས་སྙིང་རྗེ། སྣང་སྲིད་ཐམས་ཅད་བདེ་བའི་རང་བཞིན་ཏེ། །བདེ་སྡུག་ཐམས་ཅད་སེམས་ཀྱི་རོལ་པ་ཡིན། །དེ་ལ་སྐྱེ་འགག་བྱ་བ་ག་ལ་ཡོད། །མ་བཅོས་ངང་དུ་རང་སར་གནས་པར་གྱིས། །ཅེས་པའི་ངོ་སྤྲོད་མཛད་དོ། །གནས་དེ་ཉིད་དུ་བཞུགས་པའི་ཚེ། གཏེར་སྟོན་རད་ན་གླིང་པའི་གཏེར་ནས་གདན་དྲངས་པའི་ཚེ་རིལ་དང༌། ལུང་བསྟན་གྱི་ཡི་གེ་ཕུལ་བ་ནི། རྟ་མགྲིན་གྱི་ཤོག་སེར་ལས། ལས་ཅན་ཆོས་ཀྱི་བདག་པོ་ལྔ། །མཆོག་གི་བུ་ལྔ་བསྟན་པ་ཡིན། །རྒྱལ་སྲས་དྷརྨ་ཀིརྟི་ཡི། །ལུང་བསྟན་རྒྱས་པར་གཞན་དུ་བསྟན། །གལ་ཏེ་རྟེན་འབྲེལ་མ་འགྲིག་ན། །དེ་འོག་ཕྱི་མའི་དུས་ཀྱི་ཚེ། །ཁམས་ཀྱི་ཆར་གཏོགས་ནུབ་ཀྱི་ཕྱོགས། །རི་བོ་མཁའ་ལྡིང་འདྲ་བའི་ཞོལ། །པདྨ་ངའི་རྣམ་འཕྲུལ་ཏེ། །བྱང་སེམས་ཁྱིའི་ལོ་པ་གཅིག །རང་བྱུང་
མཚོ་སྐྱེས་རྡོ་རྗེ་ཞེས། །ས་ལ་གནས་པའི་བྱང་སེམས་འབྱུང༌། །ངན་ལམ་རྒྱལ་དབང་མཆོག་དབྱངས་ཉིད། །སྔོན་གྱི་བག་ཆགས་སད་དུ་འོང༌། །གསུང་གི་མཚན་མ་དག་དང་ལྡན། །སྙིང་ཐིག་གསང་འདུས་སྐོར་བཞི་དང༌། །ཁྱད་པར་རྟ་མགྲིན་གསང་འདུས་བདག །མ་འོངས་ཕྱི་མ་དུས་མཐའི་བར། །རྒྱ་མཚོ་མཐའ་ལ་ཐུགས་པ་ཡི། །དེའི་བསྟན་པ་དར་བར་བྱེད། །ཆོས་ཟབ་བདུད་ཀྱི་འཕྲང་དམ་པས། །འདི་ཡང་རྟེན་འབྲེལ་ཞིབ་ཏུ་འགྲིག །ཅེས་པ་འདི་རྟ་མགྲིན་ནག་པོའི་ཤོག་སེར་གཅིག་ན་སྣང་ངོ༌། །ཞེས་བྱ་བ་སྦྲུལ་ལོ་ཟླ་བ་དགུ་པའི་ཡར་ཚེས་ལ་སྐུ་མདུན་དུ་འབུལ་བྱུང་ངོ༌། །དཀར་ཤོད་ས་མདོར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གཟིགས་པ། གནས་དེར་དཔལ་དུས་གསུམ་མཁྱེན་པ་གཟིགས་པའི་སྐུ་འཁྲིས་སུ་དྲུང་ཉིད་བཞུགས་པའི་མདུན་དུ། ལྷོའི་དབང་ལྷ་འོད་ཕྲོམ་ཆ་ལུགས་སྲིན་པོ་ལྟར་བྱས་ཏེ་བྱུང་བས། གཏོར་མ་གནང་བར་ཞུས་པས། གཏོར་མ་བྱིན་པ། གོང་ཆེན་ཐང་དུ་རྟ་མགྲིན་ཤིན་ཏུ་
ཆེ་བར་གཟིགས་པ། ཁྲ་ཚང་གོང་དུ་དཔལ་དུས་གསུམ་མཁྱེན་པ། རྡོ་རྗེ་འཆང༌། རྟ་མགྲིན་གསུམ་གཟིགས་ཏེ། རྟ་མགྲིན་གྱི་ཞལ་ནས་བདག་གིས་ནད་ཡམ་དང་བར་ཆད་བཟློག་གོ །ཞེས་གསུང་ཞིང་སྐུའི་རྣམ་འགྱུར་རྔམ་རྔམ་གཙིག་གཙིག་མཛད་པའི་ཚེ། རྡོ་རྗེ་འཆང་དང་དུས་གསུམ་མཁྱེན་པ་གཉིས་ཤིན་ཏུ་མཉེས་པར་མཛད་འདུག་གསུངས། དེར་ཕྱག་དྲུག་མགོན་དཀར་གཟིགས་ནས་ཡེལ་ལུང་དུ་འབྱུང་པོས་སྦལ་སྦྲུལ་སྣ་རིང་ཅན་དུ་ཕར་རྒྱུག་ཚུར་རྒྱུག་བྱེད་པ་སོགས་ཀྱི་ཆོ་འཕྲུལ་བསྟན་པའི་ཚེ། སྐད་ཅིག་ཉིད་ལ་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་བྱོན་པ་དང༌། དཔལ་རྟ་མགྲིན་གྱིས་འབྱུང་པོ་དུ་མ་བསྒྲལ་བར་གཟིགས་པ། ལུང་བཟང་ཉི་མ་ཐང་དུ་དཔལ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཟིགས། དེར་གཡག་པ་ལྷ་རྗེ་མཇལ་མ་ཐག་ཏུ་མཁྱེན་པ་མཛད་ནས། སྨན་དཔྱད་ཕུལ་ཚུལ་སོགས་སྔོན་གྱི་ལོ་རྒྱུས་རྣམས་གསུང་པས། ངེས་ཤེས་ཚད་མེད་པ་ཐོབ་པར་གྱུར་ཏོ། །དེ་ཉིད་སྦྲུལ་ལོ་ཟླ་བ་དགུ་པའི་ཉི་
ཤུ་ལྔའི་དུས་མཆོད་ཀྱི་ཚེ། བཀའ་བརྒྱུད་བླ་མ་རྣམས་ཀྱིས་གདུལ་བྱ་རྣམས་བྱིན་གྱིས་རློབས་པར་གཟིགས་པས། ཐམས་ཅད་ལ་གསོལ་བ་ཐོབ་ཅེས་བཀའ་གནང་ཞིང༌། དེ་དང་སྙམ་དུ་ཡི་དམ་རྡོ་རྗེ་རྣལ་འབྱོར་མ་དང༌། ཆོས་སྐྱོང་བེར་ནག་ཅན་དང༌། དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོ་རྣམས་ཞལ་གཟིགས་པའི་དུས། མེ་ཉག་བློ་གྲོས་བཟང་པོས་ཞུས་པའི་ངོར། གསོལ་འདེབས་མཛད་པ་ནི། ན་མོ་གུ་རུ། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །རྡོ་རྗེ་འཆང་ལ་གསོལ་བ་འདེབས། །མཁའ་འགྲོའི་ཚོགས་ཀྱི་འཁོར་ལོ་ཅན། །ཏེ་ལོ་པ་ལ། ཅེས་སོགས། གསོལ་འདེབས་རྒྱས་པར་མཛད། ཡང་དེ་ཉིད་དུ་ཐུབ་པ་རིན་པོ་ཆེ་ཞལ་གཟིགས། སོག་པ་མདོར་ཟླ་བའི་དལ་ལ་བཞུགས་པའི་རྡོ་རྗེ་འཆང་གཟིགས་པ། དེར་ཡེ་ཤེས་མགོན་པོ་བེར་ནག་ཅན་དང༌། སྐྱེས་བུ་ཆེན་པོ་སྣང་བ། དེར་དཔལ་རང་བྱུང་གི་རྒྱལ་མོ་དང༌། ཞིང་སྐྱོང་སེངྒེའི་གདོང་པ་ཅན་སྣང་བ། དེ་ཉིད་དཔལ་རྡོ་རྗེ་རྣལ་འབྱོར་མ་དང་རྟ་མགྲིན་གཟིགས་
པ། ཁྲོ་ཕུ་རྡོར་དྲིལ་དུ་དཔལ་རྡོ་རྗེ་རྣལ་འབྱོར་མ་དང༌། དཔལ་ཡེ་ཤེས་ཀྱི་མགོན་པོ་ལ་ཀླུའི་བུ་མོ་མང་པོས་བསྐོར་བ་གཟིགས། དེར་ཐུབ་པ་རིན་པོ་ཆེ་དང༌། རྡོ་རྗེ་འཆང་དང༌། ཡེ་ཤེས་མགོན་པོས་བར་ཆད་བསལ་ཞིང་ཕྲིན་ལས་བསྒྲུབ་པར་གཟིགས་སོ། །ཡང་དེ་ཉིད་དུ་སྦྲུལ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ། དཔལ་ཡེ་ཤེས་ཀྱི་མགོན་པོ་ཞལ་གཟིགས་པའི་དུས། བསྟོད་བསྐུལ་མཛད་པ་ནི། འགྲོ་བའི་མགོན་པོ་རབ་གཏུམ་པ། །ཐབས་དང་ཤེས་རབ་ཕ་རོལ་ཕྱིན། །དགྲ་བགེགས་ཐམས་ཅད་རབ་བསལ་བ། །ཕྲིན་ལས་བཀའ་ཡི་ལས་མཛོད་ཅིག །ཅེས་སོ། །ཤོ་མང་འཚེར་དུ་རྗེ་བཙུན་མིད་ལ་ཞལ་གཟིགས། ཙནྡན་དགོན་དུ་ཡེ་ཤེས་ཀྱི་མགོན་པོ་གཟིགས་པ། དེར་གྲུབ་ཆེན་ཀརྨ་པ་ལ་མི་ལ་རས་པ་མང་པོས་བསྐོར་བ་ལ། ཀླུ་སྔོན་པོ། སེར་པོ། དམར་པོ། ལྗང་ཁུ། དཀར་པོ་མང་པོས་མཆོད་ཅིང་བསྐོར་བར་གཟིགས། སེར་མདར། དཔལ་མགོན་པོ་སྟག་ལ་བཅིབས་པ་གཟིགས།
དེར་བརྒྱད་སྟོང་པའི་གླེག་བམ་ལ་ཕྱག་ནས་ཟུག་པ། དེར་ལྷ་མོར་བསྟོད་བསྐུལ་མཛད་པ་ནི། ཡེ་ཤེས་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །འགྲོ་མགོན་སྐྱོབ་པ་རྣམས་ཀྱི་བཀའ་བཞིན་དུ། །ཕྲིན་ལས་ཚུལ་བཞིན་བསྒྲུབ་པའི་བཀའ་ཉན་མ། །རྫུ་འཕྲུལ་སྟོབས་དང་ལྡན་ཞིང་མ་ཐོགས་པར། །ཕྲིན་ལས་སྣ་ཚོགས་བསྒྲུབ་པའི་ལས་མཛོད་ཅིག །ཅེས་སོ། །ད་ར་སྟེང་ཆེན་དུ་ཕྱག་ན་རྡོ་རྗེ་དང༌། མར་པ་ལོ་ཙཱ་ཞལ་གཟིགས། དེར་ཡང་གསུང་རབ་ལ་ཕྱག་ནས་ཟུག་པ་དང༌། དེར་ཌོཾ་བྷི་ཧེ་རུ་ཀ་སྟག་ལ་ཞོན་པ་གཟིགས། ཡང་དེར་ཌོཾ་བྷི་ཧེ་རུ་ཀ་གཟིག་ལ་ཆིབས་པ་གཟིགས་སོ། །སོག་གི་ཀ་ཆེན་དུ་བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས་པའི་ཚེ། ཞལ་ནས། ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །ངོ་བོ་ཉིད་ཀྱིས་ཐམས་ཅད་མཁྱེན། །རྡོ་རྗེ་འཆང་ཆེན་རིན་པོ་ཆེ། །སྐྱེ་རྒ་ན་འཆི་བཟློག་ཏུ་གསོལ། །འགྲོ་དོན་ལྷུན་གྲུབ་ཕོ་བྲང་དུ། །ཡེ་ཤེས་སྐུ་འདི་ཐམས་ཅད་མཁྱེན། །ཏེ་ལོ་ཤེས་རབ་ཕ་རོལ་ཕྱིན། །བཀའ་
བརྒྱུད་བླ་མའི་བཀྲ་ཤིས་ཤོག །ཅེས་གསུངས་སོ། །དེར་དཔལ་ལྷ་མོ་གཟིགས་པ། དེ་ཉིད་དུ་རྒྱུད་འབུམ་རིན་པོ་ཆེའི་ལུང་ཕུལ་ཚར་བའི་དུས་སུ། བདག་ནི་སྐྱེ་བ་སྤྲུལ་པས་འགྲོ་དོན་གྲུབ། །ཐར་ལམ་བརྙེས་པས་ཕྲིན་ལས་ལྷུན་གྱིས་གྲུབ། །ཆོས་ཉིད་སྤྲོས་བྲལ་སེམས་ཅན་དོན་ལ་བརྩོན། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་གསུངས་སོ། །དེར་དགུ་གཏོར་དུས་དཔལ་ཡེ་ཤེས་ཀྱི་མགོན་པོ་དང༌། དཔལ་ལྷ་མོ་གཟིགས་པ། དེ་ཉིད་དུ་རྟ་མགྲིན་ཐུགས་དྲིལ་གཟིགས་པ། དེ་ཉིད་དུ་རྟ་ལོའི་ལོ་གསར་མཛད་ནས་ནགས་ཤོད་དུ་བྱོན་པའི་ལམ། གསེར་ཤོད་ཚ་ཐང་དུ་སྒྲོལ་མ་གཟིགས་པ། ནགས་ཤོད་ཀློང་བཟང་ཐང་དུའང་སྒྲོལ་མ་གཟིགས་པ། ནགས་ཤོད་དུ་བཀྲ་ཤིས་སྟེང་དུ་མཁའ་སྤྱོད་དབང་པོ་དང་རྡོ་རྗེ་འཆང་གཟིགས། དེར་བརྒྱུད་པའི་བླ་མ་བྱོན་པ་ཡིན་ནམ་གསུང༌། དར་གཅིག་ན་ཏེ་ལོ་པ་གཟིགས། ནགས་ཤོད་སིང་ཐང་དུ་མཉམ་མེད་དྭགས་པོ་གཟིགས་པ།
ནགས་ཤོད་གོ་རྫོང་དུ་ཞིང་སྐྱོང་སྣང་བ། དེར་རྡོ་རྗེ་འཆང་གཟིགས། དེར་སྤྱན་རས་གཟིགས་སྣང་བ། དེར་ཚེ་དཔག་མེད་གཟིགས། ཤག་གཞུང་གང་རུ་ཙུ་མའི་ཞོལ་དུ། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པ་དང༌། རྗེ་དྭགས་པོ་རིན་པོ་ཆེ། བསྒོམ་པ་ཚུལ་ཁྲིམས་སྙིང་པོ་གསུམ་གཟིགས་ནས། ཚིག་བཅད་མཛད་པ། སློབ་དཔོན་པདྨ་རང་བྱུང་ཀུན་མཁྱེན་ཡིན། །ཀུན་གྱི་བླ་མ་ཡེ་ཤེས་ངོ་བོ་ཉིད། །ཅེས་དང༌། ཐམས་ཅད་ཀུན་དངོས་བླ་མ་རིན་པོ་ཆེ། །ཐུགས་རྗེའི་འོད་ཟེར་ཕྱོགས་མེད་འོད་དུ་འཕྲོ། །ཡེ་ཤེས་དབྱིངས་ཀྱི་དཀྱིལ་འཁོར་དུ། །སློབ་དཔོན་པདྨའི་བཀྲ་ཤིས་ཤོག །ཅེས་དང༌། ངན་སོང་འགག་མེད་བདེ་བ་ཆེན་པོ་མཐོང༌། །དངོས་གྲུབ་མཆོག་ཐོབ་བདེ་བ་ཆེན་པོར་འགོད། །བཀའ་བརྒྱུད་བྱིན་བརླབས་རྡོ་རྗེ་འཆང་དང་མཇལ། །དངོས་གྲུབ་ཐམས་ཅད་འབྱུང་བའི་བདག་ཉིད་དེ། །བརྒྱུད་པའི་བྱིན་བརླབས་མཆོག་གི་དངོས་གྲུབ་ཐོབ། །དུས་གསུམ་སྐྱེ་འགག་བྲལ་བའི་དངོས་གྲུབ་བརྙེས། །རང་བྱུང་
མཆོག་གི་དོན་དང་ལྡན་པར་ཤོག །ཅེས་སོ། །དེ་ཉིད་དུ་རྟ་མགྲིན་དཔའ་བོ་ལྷ་བཞིའི་མངོན་རྟོགས་གཅིག་ཀྱང་མཛད། སོག་གི་བཀྲ་ཤིས་སྟེང་དུ་བཅུ་གཅིག་ཞལ་གྱི་ཐང་སྐུ་ལ་ཕྱག་ནས་ཟུག །དེ་ཉིད་དུ་བླ་མ་རིན་པོ་ཆེ་བན་སྒར་བས་མཇལ་ཞིང༌། ཚེ་དཔག་མེད་སོགས་ཀྱི་སྐུ་འགའ་ཕུལ་བ་ལ། སློབ་དཔོན་པའི་སྐུ་དེ་ཡང་འབུལ་དགོས་གསུང་ནས་མཁྱེན་པར་མཛད་པས་ཕུལ་ལོ། །དེ་ཡང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། སེམས་ཅན་ལ་བདེ་ལེགས་འབྱུང་བའི་ཐབས་རྒྱ་ཆེན་པོ་མཛད་ཅིང༌། སོག་ཏུ་ཟམ་པ་བཙུག་པ་དང༌། ལྕགས་ཟམ་གྱིས་གསུང་པའི་ཞལ་ད་གནང༌། དགེ་འདུན་གྱི་འཆད་ཉན་དང་བསྒྲུབ་མཆོད་འཛུགས་པ་སོགས་ཆོས་ཁྲིམས་ཚུལ་བཞིན་དུ་བཅས་ཏེ། མདོར་ན་སོ་སོའི་ཡུལ་ཁམས་རྣམས་སུ། རི་དྭགས་མི་གསོད་པ། ཚེ་ཐར་དང་མ་ཎི་དུང་ཕྱུར་བསྐུལ་བ་དང༌། ནགས་བརྒྱད་སོག་གསུམ་སོགས་གདུལ་བྱ་རྣམས་ལ་ཆོས་དང༌། ཟང་
ཟིང་གི་སྦྱིན་པས་ཚིམ་པར་མཛད་དེ། མཐོ་རིས་དང་ཐར་པའི་ལམ་ལ་བཀོད་ནས། རྟ་ལོ་ཟླ་བ་ལྔ་པའི་ཡར་ཚེས་ལ། དཔལ་ལྡན་ཀརྨའི་ཕྱོགས་སུ་ཆིབས་ཁ་བསྒྱུར་ནས། སྟག་ལ་རོང་ཆེན་གྱི་འབྲུག་ལེ་ཆོས་ཁྲི་ཐང་དུ། བླ་མ་ཟླ་བ་རྡོ་རྗེ་དང༌། ཞིང་གི་མི་ཆེན་ཟོན་ཝུ་ཟི་གྲགས་པ་རྒྱལ་མཚན་ཁུ་དབོན་གྱིས་མགོ་བྱས་མེ་ཉག་རབ་སྒང་བའི་ལྷ་སྡེ་མི་སྡེ་ཐམས་ཅད་ཀྱི་ཞུ་ཡིག་ཇ་འདྲེན་ལ་ཇ་གོས་དར་ལ་སོགས་པའི་ཡོ་བྱད་ཁྱད་པར་ཅན་དཔག་ཏུ་མེད་པ་དགེ་བཤེས་ཆོས་གྲགས་ཀྱིས་ཕུལ་ཞིང༌། ཞིང་དེར་མྱུར་དུ་ཕེབས་པའི་གསོལ་བ་འདེབས་པར་བྱས་སོ། །འབྲུག་ལྕང་སུམ་མདོར་རྣམ་སྲས་ཡབ་ཡུམ་གཟིགས། དེ་ཉིད་དུ་ཚེས་བཅུའི་ནུབ་མོ། སློབ་དཔོན་ཡབ་ཡུམ་དང༌། རྟ་མགྲིན་དམར་ནག་གཉིས་ཞལ་གཟིགས། ཅི་སྟོད་བཞི་གསུམ་མདོར་ཀརྨ་སི་ཏུ་པའི་དྲུང་ནས་སློབ་དཔོན་བརྒྱ་ཙམ་ཇ་འདྲེན་ལ་ཕེབས་ནས་མཇལ་བའི་དུས་སུ། བསྟན་པའི་གཙོ་བོ་ཞལ་གཟིགས། ལྕེའི་ཉི་ཟླ་ཐང་གི་ལྕགས་ཟམ་ཁར་
མེ་ཏོག་གི་ཆར་བབ། འཇའི་གུར་ཕུབ་པ་སོགས་ལྟས་ཁྱད་པར་ཅན་མང་དུ་བྱུང༌། པར་སྟོད་བྲི་གུ་སྟག་སྣ་རུ། བསྒོམ་སྡེ་ནང་ཡ་གཉིས་ཀྱིས་ཁྲི་ར་ཅན་གཉིས་ཀྱི་འབུལ་བ་སོགས་དང༌། མཆོད་སྤྲིན་རྒྱ་མཚོས་མཆོད་ནས་མཉེས་པར་བྱས། དེར་ཁྲོམ་སྐྱ་སེར་ཁྲི་ཕྲག་ཙམ་ཚོགས་པ་ལ་ཆོས་དང་ཟང་ཟིང་གི་སྦྱིན་པ་རྒྱ་ཆེན་པོས་ཚིམས་པར་མཛད་དོ། །པར་སྨད་སར་རྒྱལ་ངར་བ་རིན་ཆེན་དཔུང་པའི་མདུན་དུ། ཡེ་ཤེས་མགོན་པོ་ཕྱག་དྲུག་པ། རྡོ་རྗེ་མཁའ་འགྲོ། རིན་ཆེན་མཁའ་འགྲོ་རྣམས་ཞལ་གཟིགས། པར་རོང་གི་ནམ་མཁའ་ཁྱུང་རྫོང་དུ་སློབ་དཔོན་པདྨ་ཡབ་ཡུམ། རྟ་མགྲིན། རྡོ་རྗེ་ཕག་མོ་རྣམས་མང་དུ་གཟིགས། ཨ་ཀྲོ་རྫ་ཉིན་པས་རྡོ་ཏྲམ་རབ་ཁར་གདན་དྲངས་ནས། ཆོས་ཁྲི་ཁར་ཕེབས་ནས་ཁྲོམ་ཆོས་གསུང་དུས། བསྒོམ་ཆེན་རིན་ཆེན་བཟང་གིས། དྲུང་ཉིད་མགོན་པོ་འོད་དཔག་ཏུ་མེད་པ་ཞལ་མཇལ། མདོ་ཁམས་ཟབ་མོ་སྒང་དུ། བསྟན་པའི་གཙོ་བོ་དང༌། རྡོ་རྗེ་འཆང་བཀའ་བརྒྱུད་བླ་མ་
དང་བཅས་པ། ཡི་དམ་ལྷ་ཚོགས་གྲངས་མེད་པ་ཞལ་གཟིགས། དེ་ཡང་ས་ཕྱོགས་དེ་དག་དང་ཆམ་ལ་ཁའི་ལྷ་སྡེ་མི་སྡེ་ཐམས་ཅད་མ་ཎི་དུང་ཕྱུར། སྲོག་གཅོད་སྤང་བ་སོགས་དཀར་པོ་དགེ་བའི་བྱ་བ་དང་སྡེ་ཕན་ཚུན་གྱི་འཁྲུགས་རྩོད་ཆེན་པོ་རྣམས་ཀྱང་ཞི་བར་མཛད་ནས་བདེ་ལ་བཀོད་དོ། །དེ་ནས་ཀརྨར་ཕེབས་ཀ་ཞལ་སྔ་ནས། བོད་ཀྱི་གཞི་བདག །རྒྱ་དཀར་གྱི་གཞི་བདག །དཔལ་ཤེས་རྣམས་ཀྱིས། སང་ཉིན་ངེད་སྒར་པ་ཀརྨ་ན་འགྲོ་རྒྱུ་ཡིན་པས་བར་ཆད་མ་བཏང་གསུང་ནས་བཀའ་བསྒོ་མཛད། རྟའི་ལོ་ཧོར་ཟླ་དགུ་པའི་ཚེས་བརྒྱད་གཟའ་དང༌། སྐར་མ་ཤིས་པ་ལ། གདན་ས་ཆེན་པོ་དཔལ་གྱི་ཀརྨར་ཆགས་ཕེབས་པའི་དུས་སུ། རྟ་མགྲིན་ཞལ་གཟིགས། ཟླ་བ་དེའི་ཚེ་བཅུ་བཞི་ནམ་གྲུ་བླ་མེད་བྱང་ཆུབ་སྒྲུབ་པའི་གྲུབ་སྐར་ཏེ། བན་ཆོས་པ་ཡོངས་ཀྱི་བླ་སྐར་ཡིན། ཞེས་དང༌། དྲི་མེད་འོད་ལས། བྱ་བའི་ལས་ནི་ཅི་དང་ཅི་བྱེད་འགྲུབ། ཅེས་གཟའ་པ་ཝ་སང་སྐར་མ་ནམ་གྲུ་འགྲུབ་སྦྱོར་བཟང་པོ་ལ་ངུར་
སྨྲིག་འཛིན་པ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བསྟན་པའི་རྩ་བར་གྱུར་པ། ཉན་ཐོས་ཀྱི་ཐེག་པའི་སྒོར་འཇུག་པར་བཞེད་ནས། སྔོན་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད། ཆུ་བོ་ནཻ་རཉྫ་ནའི་འགྲམ། མཆོད་རྟེན་རྣམ་དག་གི་དྲུང་དུ་དབུ་སྐྲ་བསིལ་ནས་རབ་ཏུ་བྱུང་བ་ལྟར། འོག་མིན་ཀརྨའི་གདན་ས་ཆེན་པོ་དཔལ་གྱི་གཙུག་ལག་ཁང་དུ་མཁའ་འགྲོ་མས། ཀརྨ་པ་ཞེས་ཕྲིན་ལས་ལ་དབང་བསྐུར་བ། རྗེ་དུས་གསུམ་མཁྱེན་པ། དབུ་ལོ་བསིལ་རབ་ཏུ་བྱུང་བའི་དུས་སུ། བྲམ་ཟེ་ཆེན་པོ་ས་ར་ཧ་པ་ལ། མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པས་བསྐོར་བ་བྱོན་ནས། ཀརྨ་པ་ཞེས་ཕྲིན་ལས་བཞི་ལ་དབང་བསྐུར་ཞིང༌། ཞྭ་ནག་ཁྱུང་གཤོག་སེར་མདོངས་ཅན་འདི་དབུ་སྐྲའི་ཚབ་ཏུ་ཕུལ་ཞིང༌། འགྲོ་བ་སེམས་ཅན་གྱི་དོན་དུ་དབང་བསྐུར་བ། ཞྭ་ནག་གི་ཅོད་པན་འཛིན་པ། དྲུག་པ་སེངྒེ་སྒྲའི་རྣམ་པར་འཕྲུལ་པ་རིམ་པར་བྱོན་པ་རྣམས་ཀྱི་ཐུགས་དམ་རྟེན་མཆོག་ཁྱད་པར་
ཅན་དུ་འཕགས་པ། ཇོ་བོ་གྷནྡྷོ་ལ་ཞེས་པ། བདེར་གཤེགས་སྟོང་གི་སྐུ་རྟེན་བྱང་ཆུབ་ཤིང༌། །ངོ་མཚར་རྒྱུ་ལ་དྲིའི་གཙང་ཁང་མཆོག །རྨད་བྱུང་མཛད་པའི་བཀོད་པ་རབ་གསལ་བ། །རྟེན་མཆོག་འགྲན་དང་བྲལ་བ་དེའི་དྲུང་དུ། །བདག་ཅག་རྣམས་ཀྱི་འདྲེན་མཆོག་དམ་པར་གྱུར་པ། བདག་ཉིད་ཆེན་པོ་ཉིད་དབུ་ལོ་བསིལ་ཞིང༌། བསླབ་པ་གསུམ་གྱི་ཐོག་མ་གཞི་རྟེན་ལྟ་བུ། ཐེག་པ་ལ་རིམ་གྱིས་འཇུག་པའི་མཚོན་བྱེད་དུ་དགེ་བསྙེན་དང་སེམས་བསྐྱེད་ཀྱི་སྡོམ་པ་ཕུལ་བའི་དུས། ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཁ་དོག་སྣ་ཚོགས་པ་ཕབ། ནམ་མཁའ་ལ་འཇའ་ཁ་དོག་སྣ་ཚོགས་པ་བྱུང་ཞིང༌། བསྟན་པའི་གཙོ་བོ་ཞལ་གཟིགས་ནས་བསྟོད་པ། ཀུན་ཤེས་ལྡན་བག་ཐོབ་པ་ཡི། །བསྟན་པའི་བདག་པོ་བཅོམ་ལྡན་འདས། །ཤེས་རབ་འཕགས་པས་ཡིད་བཞིན་ལྡན། །ཐོས་བསམ་བྷཻ་ལ་རབ་བརྩོན་པས། །ཡིད་བཞིན་ནོར་བུ་རྙེད་པ་བཞིན། །ཀུན་ལས་རྒྱལ་བའི་མཆོག་ཡིན་ཏེ། །ཐམས་ཅད་འདུས་པའི་སྐུར་གྱུར་
པས། །ཡེ་ཤེས་དབྱིངས་ཀྱི་མ་ལུས་ཀུན། །ཐོས་བསམ་ཡིད་བཞིན་དོན་དུ་འགྲུབ། །ཅེས་དང༌། ཡང་དེའི་ཉིན་པར་མཁས་པའི་དབང་པོ་སྡེ་སྣོད་འཛིན་པ་འཇམ་དཔལ་བཟང་པོ་ལ་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་འཆི་མེད་རྔ་སྒྲའི་བཀའ་གསན། དེའི་ཚེ་འོད་དཔག་མེད་ལ་བསྟོད་པ། ཡེ་ཤེས་འགྲོ་བའི་མགོན་སྐྱོབ་པ། །འགྲོ་བའི་མགོན་པོར་རྣམ་སྤྲུལ་པའི། །དབང་པོ་རྣམ་པར་རྒྱལ་བའི་འོད། །རྣམ་པར་རྒྱལ་བའི་འོད་དཔག་མེད། །རིག་འཛིན་ཚེའི་དངོས་གྲུབ་སྩོལ། །ཤེས་རབ་གོ་འཕང་ཐོབ་པར་ཤོག །ཅེས་སོ། །ཡང་དེའི་ཉིན་པར་མཆོད་ཁང་རྙིང་མར་ཕེབས་ནས། ཕྱག་ནས་དང་གཏོར་གསོལ་མཛད་པའི་ཚེ། བསྟན་པའི་གཙོ་བོ། དུས་གསུམ་མཁྱེན་པ། རྟ་མགྲིན་དམར་ནག་གཉིས། ཡེ་ཤེས་མགོན་པོ་བེར་ནག་ཅན། མ་མོ་རྣམས་ཞལ་གཟིགས་ནས། བསྟོད་ཅིང་སྨོན་ལམ་མཛད་པ། སྐྱེ་འགྲོ་མཆོག་གིས་ལུང་བསྟན་པ། །མ་ལུས་འགྲོ་བ་རབ་སྐྱོབ་ཅིང༌། །ཀུན་མཁྱེན་
ཡེ་ཤེས་གོ་འཕང་ཐོབ། །སྐྱེ་བ་ལྷ་མིའི་དོན་ནི་རྫོགས་མཛད་ཅིང༌། །མ་ལུས་སྐྱེ་བའི་འགྲོ་བ་ཀུན། །ཤེས་རབ་འཕགས་པའི་དོན་བཞིན་དུ། །སྐྱེ་བ་ཀུན་གྱི་ལྷ་ཡིན་ཏེ། །ཀུན་དངོས་བླ་མ་རིན་པོ་ཆེ། །འགྲན་ཟླ་བྲལ་བའི་ལུས་འཕགས་པར། །འགྲོ་ཀུན་མཆོག་རྣམས་མ་ལུས་པ། །རང་བྱུང་མཚོ་སྐྱེས་དོན་དང་ལྡན་པར་ཤོག །བླ་མ་ཡི་དམ་མཁའ་འགྲོ་རྣམས་ཀྱིས་ནི། །སྐུ་ཚེ་ཕྲིན་ལས་མཆོག་ཏུ་རྒྱས་པ་དང༌། །ཟླ་བ་ཡར་གྱི་ངོ་བཞིན་འཕེལ་བར་མཛད་དུ་གསོལ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ཅེས་སོ། །ཡང་སྐབས་ན་རི་ལྟས་ལ་འགྲོ་གསུང་པ་ན། འབྱོན་པ་མི་འཐད་ཞུས་པས། བླ་ཆེན་ཀརྨ་པ་ལ་ཡང༌། སུས་ཀྱང་རྩིས་ཡོད་རྩིས་ནི་མི་བྱེད་པར། དེ་སྒར་པ་སུས་ཀྱང་རང་ལུགས་ཡིན་གསུངས། ཡང་དེ་ཉིད་བསྟན་པའི་གཙོ་བོ་ལ། རྗེ་བཙུན་མི་ལ་རས་ཆེན། རས་ཆུང་པ་གཉིས་ཀྱིས་གཏམ་བྱས་པ། དུས་གསུམ་མཁྱེན་པ་ལ་ཀུན་ཏུ་བཟང་མོས་གཏམ་བྱས་པ་རྣམས་ཞལ་གཟིགས། དེ་ཉིད་དུ་བླ་
མ་ཞང་རིན་པོ་ཆེ་ཞལ་གཟིགས། དེ་ཉིད་དུ་རྡོ་རྗེ་འཆང་ཆེན་དང༌། དུས་གསུམ་མཁྱེན་པ་ཞལ་གཟིགས། དེ་ཉིད་དུ་རྡོ་རྗེ་སེངྒེའི་བཀའ་ཤོག་ལ་ཕྱག་ནས་ཟུག་པ། ཀརྨའི་གཟིམ་ཁང་དུ་བླ་མ་རིན་པོ་ཆེ་བན་སྒར་བ་བཞུགས་པར་བདག་གིས་ཁང་དམར་གྱི་སྤྲུལ་སྐུ་དེ། དྲུང་རྟོགས་ལྡན་པའི་སྐུ་སྐྱེ་ཨེ་ཡིན། ང་སོང་ན་གདན་ཨེ་འདྲོང་ཞུས་པ་ལ། རྟོགས་ལྡན་པའི་སྐུ་སྐྱེ་ཡིན། གདན་འདྲོང་གསུངས། དེ་ཉིད་དུ་རྡོ་རྗེ་འཆང༌། སློབ་དཔོན་ཡབ་ཡུམ་གསུམ། ས་ར་ཧ། དམ་པ་སངས་རྒྱས། རྟ་མགྲིན་དཔའ་བོ་ལྷ་བཞི། བེར་ནག་ཅན་དང༌། མ་མགོན་རྣམས་གཟིགས། འོད་དཔག་མེད། ཕག་མོ། བེར་ནག་ཅན་གསུམ་ཐོ་རྩེགས་སུ་གཟིགས། བཀའ་བརྒྱུད་བླ་མ་ཐམས་ཅད་དང༌། བེར་ནག་ཅན་ལ་སེང་གདོང་ཅན་གྱིས་གཏོར་མ་འདྲེན་པར་གཟིགས། སློབ་དཔོན་པདྨས་གཅོད་ཀྱི་དབང་དང༌། ཕུར་པའི་དབང་བསྐུར་ཅིང༌། མ་གཅིག་ལབ་སྒྲོན་ཡང་གཟིགས། རྟ་མགྲིན་ཁ་དོག་སྣ་ལྔ་དང༌། བཀའ་སྲུང་
རྟ་མགྲིན་ཡབ་ཡུམ་སྲས་གསུམ་འཁོར་བཅས་གཟིགས། སྐྱེས་བུ་ཆེན་པོ་དང་སེང་གདོང་ཅན་ཡང་གཟིགས། བཅོ་ལྔ་ལ་གཟིམ་ཁང་ཀ་བཅུ་མའི་ཤར་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་དང༌། ཨུ་རྒྱན་ཡབ་ཡུམ། ལྷོར་ཤཱཀྱ་ཐུབ་པ། ནུབ་ཏུ་ཕ་དམ་པ་སངས་རྒྱས། བྱང་དུ་མི་ལ་རས་པ་རྣམས་ཞལ་གཟིགས། ཡང་མི་ལ་དབུས་སུ་བཞུགས། དྲུང་ཉིད་གཡོན་དུ་བཞུགས་ནས་ཉམས་མགུར་མཛད་པའི་སྣང་བ་བྱུང་གསུང་ནས། ཡུན་རིང་པོའི་བར་ལ་མགུར་མཛད་ཅིང་འདུག་སྟེ་ཚིག་ཡིད་ལ་མ་ཟིན། སངས་རྒྱས་ཀྱི་སྐྱེས་རབས་གསུང་པའི་ཚེ། མོས་གུས་ཆེན་པོ་མཛད་ནས། ང་ཡང་དེ་དུས་ཡོད་པ་ཡིན་ཏེ་མི་བཤད་གསུངས། དགེ་སློང་གིས་ཀེང་རུས་སུ་བསྒོམ་པ་དང༌། རྒན་མོས་སྟག་ཏུ་བསྒོམ་པའི་ལོ་རྒྱུས་བྱུང་བའི་ཚེ། སྣང་བ་བདེན་མེད་ཡིན་ཟེར་བའི་དོན་དེ་དེ་ལྟ་བུ་ཡིན་གསུངས་པ་དང༌། གཞན་ཡང་ཕྱག་ཆེན་གྱི་དོན་མང་པོ་ཐོལ་ཐོལ་གསུང་པ་བྱུང༌། ཡང་དེ་ཉིད་དུ་བླ་མ་འཇམ་དཔལ་བཟང་པོ་དང༌། གཅོད་ཀྱི་དབང་
དང་ཆོས་བསྐོར་རྣམས་གསན་པའི་ཚེ། མ་གཅིག་ལབ་སྒྲོན་མ་བུ་མོའི་ཆ་བྱེད་ཅན་དུ་ལན་གཉིས་གཟིགས། སློབ་དཔོན་གྱིས་གཅོད་དབང་མཛད་ནས་གཏེར་མ་རྣམས་གསུང་པའི་ཉམས་སྣང་དང༌། དྲུང་ཉིད་ཀེང་རུས་སུ་གྱུར་པའི་གསལ་སྣང་དང༌། ཆོ་འཕྲུལ་ཚར་ཚད་གོ་མ་ལོག་པ། གཞུང་ནས་གང་ཟག་རབ་ལ་ཇི་ལྟར་བཤད་པ་བཞིན་བྱུང༌། ཡང་ཀརྨར་བདེ་བ་ཅན་དང༌། འོག་མིན་གྱི་གནས་དང༌། རྡོ་རྗེ་འཆང་སོགས་གསལ་བར་གཟིགས་ནས་གསུང་པ། བདེ་བ་ཆེན་པོའི་གནས་མཆོག་དང༌། །འོག་མིན་ཟླ་བ་ལྟ་བུར་གསལ། །ཨུད་པལ་རབ་དཀར་དྲི་མ་མེད། །འཛམ་གླིང་རབ་མཛེས་ཉི་ཟླའི་གདན་སྟེང་ན། །པདྨ་ལ་གནས་རྡོ་རྗེ་འཆང༌། །དཔལ་ཆེན་ཏེ་ལོ་ནཱ་རོ་གསལ་བར་མཐོང༌། །ཞེས་སོ། །དེ་ཉིད་དུ་སློབ་དཔོན་པདྨས་གཅོད་དང༌། དཔལ་ཆེན་པོའི་དབང་བསྐུར་བའི་ཉམས་སྣང་བྱུང་བའི་དུས་སུ་གསུང་པ། ཀུན་མཁྱེན་ཐུགས་ལས་རྡོལ་བ་ཡི། །སློབ་དཔོན་པད་འབྱུང་དངོས་སུ་
གྲགས། །ཡེ་ཤེས་ཀུན་དགའི་སྙིང་པོ་ཅན། །འགྲོ་བའི་མགོན་པོ་དེ་ལ་བསྟོད། །རབ་དཀར་པདྨའི་ཟེའུ་འབྲུ་དང༌། །གཙུག་གི་ནོར་བུ་བཞིན་དུ་མཛེས། །འཛམ་བུའི་ཆུ་བོ་ལྟར་གསལ་བའི། །བླ་མ་ཡི་དམ་མཁའ་འགྲོ་བསྟོད། །ཅེས་སོ། །ཡང་ཉིད་ཀྱི་རྣམ་ཐར་གསུང་པ་ནི། ན་མོ་གུ་རུ་བྷེ། ལོངས་སྐུ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །འགྲོ་བ་མར་གྱུར་སྡུག་བསྔལ་ཐར་འདོད་ནས། །སྙིང་རྗེ་ཆེན་པོ་རབ་ཏུ་སྐྱེས་གྱུར་པའི། །མྱུར་དུ་སངས་རྒྱས་ཐོབ་པའི་དོན་སླད་དུ། །བདག་གིས་འགྲོ་བའི་དོན་སླད་དུ་ནི། །སྤྲུལ་མང་འགྲོ་དོན་ཕྱིར་ནི་སྤྲུལ་པ་ཡིན། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །ལུག་ལོའི་ལོ་གསར་ཀརྨར་མཛད་ཅིང༌། ཟུར་མང་དུ་ཕྱག་བཏེགས་ནས་བཞུགས་པའི་དུས་སུ། བེར་ནག་ཅན་ཞལ་གཟིགས། དེ་ཉིད་དུ་སྤྲུལ་སྐུ་ཞྭ་དམར་བ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོའི་ཁུ་བོ། དགེ་བཤེས་ཆོས་གྲགས་ཀྱིས། ངེད་ཀྱི་སྤྲུལ་
སྐུ་འདི་ཡིན་ལུགས་གསལ་པོ་གཅིག་གནང་བར་ཞུ་ཞུས་པ་ལ་བརྟེན་ནས། སྤྲུལ་སྐུ་ཉིད་ལ་ཞལ་དའི་ཚུལ་གསུངས་པ། རྒྱལ་བས་ལུང་བསྟན་དྲུག་པ་སེངྒེ་བདག །ཡི་དམ་མཁའ་འགྲོས་བཀའ་སྐུལ་ཀརྨ་པ། །བདག་གིས་ཡང་ཡང་སློབ་མའི་ཚུལ་བཟུང་ནས། །ཞྭ་དམར་ཅོད་པཎ་འཛིན་པ་ཁྱོད་ཉིད་ནི། །སྔོན་གྱི་དུས་ན་ཀུན་ཏུ་རྒྱུ་ཞེས་གྲགས། །ད་ལྟ་སྐལ་ལྡན་དོན་དུ་སྤྲུལ་པའི་སྐུ། །མ་འོངས་དུས་སུ་གདུལ་བྱའི་དོན་དུ་ནི། །བདག་གི་ཕྲིན་ལས་ཅི་སྲིད་དེ་སྲིད་དུ། །སྐྱེས་བུ་ཞྭ་དམར་ཅོད་པཎ་འཛིན་པ་ཁྱོད། །བདེ་ཆེན་རིགས་བསྡུས་ཙཱ་རིའི་ཞབས་ཏོག་དང༌། །གདུལ་བྱ་ལྷག་མའི་དོན་དུ་ཁྱོད་ཉིད་ནི། །ཤར་ཕྱོགས་ཀོང་པོའི་ཡུལ་དུ་འགྲོ་དོན་གྱིས། །ཞེས་སོ། །ཡང་དེ་ཉིད་དུ་རིན་ཆེན་རྒྱལ་མཚན་ངོས་བཟུང༌། དེ་ཉིད་རྡོ་རྗེ་འཆང་ཞལ་གཟིགས། དེ་ཉིད་དུ་འགུ་ཐོམ་ཆོས་གྲགས་ཀྱི་འཇའ་ས་ལ་ཕྱག་ནས་ཟུག་པ་དང༌། ཡང་ཉིད་ཀྱི་རྣམ་ཐར་གསུངས་པ། ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནི་ཧཱུྃ་ཕཊ། མདོར་
བསྡུས་སེམས་ཅན་ཀུན་ལ་ཕན་པའི་གུ་རུ་རྗེ་ལ་བསྟོད། །སྔོན་གྱི་སྨོན་ལམ་མཐུ་ཡིས་ནི། །ཁྱེའུ་ང་ནི་འཁྲུངས་གྱུར་པས། །སེམས་ཅན་རྣམས་ནི་སངས་རྒྱས་ཐོབ། །བདེ་སྐྱིད་བསམ་བཞིན་འགྲུབ་གྱུར་ཅིག །རྩར་བཤིས། བདེ་ཆེན་དཔལ་འབར་ལྷུན་གྲུབ་དགོན་དུ་མེ་ཏོག་གི་ཆར་བབ་པ་སོགས་ངོ་མཚར་བའི་རྣམ་པ་མང་དུ་བྱུང་ཞིང་དེར་ལུང་བསྟན་མཛད་པ་ནི། ཚང་སར་དབོན་ཆུང༌། ཚང་སར་ནང་སོ་བསོད་ནམས་བློ་གྲོས་ཡིན་པར་ལུང་བསྟན། བུ་ཆུང་དཀོན་མཆོག་དབང་ཕྱུག །མགྲོན་གཉེར་བ་བཀྲ་ཤིས་འབྱུང་གནས་ཡིན་པར་གསུང༌། དེར་རི་བོང་གཅིག་བྱུང་བ་ལ། གཟུངས་སྔགས་དང་སངས་རྒྱས་ཀྱི་མཚན་མང་པོ་གསུང་ཞིང༌། ཇ་མ་སུམ་རྒན་ཡིན་གསུང༌། དགའ་ལྡན་དུ་སྐྱེ་བར་ལུང་བསྟན། གཞན་ཡང་འདི་ལྟར་ཡིན་གྱི་ལུང་བསྟན་མང་དུ་མཛད་ཀྱང༌། རྟེན་བཟང་ངན་སྣ་ཚོགས་སུ་སྣང་ཞིང༌། ཡི་གེས་འཇིགས་པས་མ་བྲིས་སོ། །གཞན་ཡང་བདག་ཉིད་ཆེན་པོ་འདི་ཚེམས་བརྗེས་པའི་མཆེ་བ་གཡས་པ་
ལ། ཆོས་ཐམས་ཅད་སྐྱེ་བ་མེད་པར་མངོན་སུམ་དུ་གཟིགས་པའི་རྟགས་སུ་ཡི་གེ་ཨ་དཀར་པོ་དབུ་ཅན་དང༌། གཞན་དག་ལ་ཡང་རྗེ་མི་ལའི་སྐུ། དུང་དཀར་གཡས་འཁྱིལ། ཡི་གེ་ཧ་རྣམས་མེ་ལོང་དག་པའི་ངོས་ལ་རི་མོའི་གཟུགས་བརྙན་ཤར་བ་བཞིན་དུ་ཀུན་གྱིས་མངོན་སུམ་དུ་གྱུར་ཏོ། །མདོ་ཐང་དུ་འཇའ་ཁ་དོག་སྣ་ཚོགས་དང༌། མེ་ཏོག་གི་ཆར་བབ་པས། དེར་འདུས་པ་ཐམས་ཅད་དད་ཅིང་མོས་པ་མཛད། བདུད་རྩི་དིལ་དུ་ཆགས་ཕེབས་པའི་ཚེ། ཞལ་སྔ་ནས། ནང་སོའི་གཟིམ་ཁང་ན་བྱོན་ནས་ཞག་གཅིག་བཞུགས་དགོས། དྲུང་གོང་མ་ཡང་དེར་ཞག་གཅིག་གཟིམ་པ་ཡིན་གསུང༌། དེ་ལྟར་ཟུར་མང༌། པར་ཐང༌། རྩར་བཤིས་མཚོ་རྐེ་མདོ་རྣམས་སུ་ཞབས་ཀྱིས་བཅགས་ཤིང༌། སྡེ་ཕན་ཚུན་གྱི་རྩོད་པ་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་འཇགས་པར་བྱས་ཏེ། བན་བོན་སྐྱེ་བོའི་ཚོགས་རྣམས་ཆོས་དང་ཟང་ཟིང་གི་སྒོ་ནས་ཚིམས་པར་མཛད་ནས་ཐར་པའི་ལམ་ལ་བཀོད་དེ། སླར་ཡང་གདན་ས་
ཆེན་པོ་དཔལ་གྱི་ཀརྨར་ཕྱགས་ཕེབས་ཤིང་བཞུགས་པའི་ཚེ། དབུས་སུ་སློབ་དཔོན་པདྨ་འབྱུང་གནས་ཡབ་ཡུམ་པད་སྡོང་དང་བཅས་པ་ལ། གསང་སྔགས་རྙིང་མའི་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་ཐུབ་པ་ལ་པཎྜི་ཏ་དང༌། གསར་མའི་ལྷ་ཚོགས་ཀྱིས་བསྐོར་བ། གཡོན་དུ་རྡོ་རྗེ་འཆང་ལ་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་བ། འོག་ཏུ་ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ་ལ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བ་རྣམས་ཞལ་གཟིགས། དེ་ཉིད་དུ་མར་པ་ལོ་ཙཱ་གཟིགས། ཡང་དེ་ཉིད་དུ་སློབ་དཔོན་པདྨ་ཞལ་གཟིགས་ནས། འབྲས་མོ་གཤོང་གི་ལུང་བསྟན་མཛད། ལྷ་སྟེང་ན་བྱོན་པའི་ལམ་དུ་བསྟན་པའི་བདག་པོ་ཞལ་གཟིགས། ཀརྨ་ན་ཚེས་བཅུའི་ནུབ་མོ་སློབ་དཔོན་པདྨ་སྐུ་ཤིན་ཏུ་ཆེ་བ་ཞལ་གཟིགས། ཡང་དེར་སློབ་དཔོན་སྐུ་ཆུང་བ་ཞལ་གཟིགས། བེར་ནག་ཅན་སྐུ་ཤིན་ཏུ་ཆེ་བ་ལ་ཆུང་བས་བསྐོར་བ་གཟིགས་ནས། གཏོར་མ་གསོལ་བ། སྐྱེས་བུ་ཆེན་པོ་དགྱེས་པའི་རྣམ་འགྱུར་གྱིས་འཁྲབ་
པ། དེར་བདེ་བ་ཅན་གྱི་བཀོད་པ་གཟིགས་པ་དང༌། ལུང་བསྟན་མཛད་པ། གཟིམ་ཁང་དུ་དོན་ཡོན་གྲུབ་པ་གཟིགས་པ། དགེ་བསྙེན་ཆེན་པོ་དཔལ་ལྡན་ཤེས་རབ་ལ། འཁོར་མང་པོས་བསྐོར་བས་བསྙེན་བཀུར་འབུལ་བ། དེར་རྟ་མགྲིན་དང་ཡཀྴ་མེ་དབལ་གཟིགས། ཡང་དེ་ཉིད་དུ་ཇོ་བོ་སྔགས་ཀྱི་བདག་པོ་སྦྲུལ་མགོའི་ལྡིང་ཀ་བདུན་དང༌། སྦྲུལ་མཇུག་གཡོན་དུ་འཁྱིལ་བ་ཤིན་ཏུ་མཛེས་པ་གཟིགས། དེར་ནུབ་ཕྱོགས་སུ་འོད་དཔག་མེད། ཤར་ཕྱོགས་སུ་མི་བསྐྱོད་པ། ཡེ་ཤེས་མགོན་པོ་ལ་འཁོར་མང་པོས་བསྐོར་བ། སྐྱེས་བུ་ཆེན་པོ་དང་བཅས་པ་གཟིགས། ཡང་དེ་ཉིད་དུ་གདན་ས་ཆེན་པོ་དཔལ་གྱི་གནས་སྒོ་བ་དང༌། གནས་མཆོག་སྟོང་མགོ་རིན་ཆེན་པ་ཡི་ཇ་འདྲེན་ལ་ཇ་གོས་དར་གསེར་དངུལ་ལ་སོགས་འབུལ་བ་རྒྱ་ཆེན། ནམ་མཁའ་རྒྱལ་མཚན། སང་རིན། དཀོན་མཆོག་རྒྱལ་མཚན་རྣམས་ཀྱིས་ཕུལ་ཞིང་མྱུར་དུ་ཕེབས་པའི་གསོལ་བ་འདེབས་པར་བྱེད། སྒོམ་སྡེ་ཚང་གསར་བས་
རྩིའི་བྱ་རྔ་སེར་བོར་གདན་འདྲེན་བྱས་ནས་ཁྲི་ར་ཅན་གྱི་འབུལ་བས་མཉེས་པར་བྱས་ཞིང༌། དེའི་ལྷ་སྡེ་མི་སྡེ་ཐམས་ཅད་ཞལ་མཐོང་གསུང་ཐོས་ཀྱིས་སྨིན་གྲོལ་ལ་བཀོད་དོ། །སོ་རག་རྒྱབ་ཏུ་རྣམ་སྲས་འཁོར་བཅས་གཟིགས། མདོ་ཁམས་སུ་ཐང་ཀ་ལ་ཕྱག་ནས་ཟུག་པ། མཐའ་བཞི་བླ་མ་བསོད་ནམས་དཔལ་འབྱོར་བས་གདན་དྲངས་པའི་ལམ་དུ། བླ་མ་རྒྱལ་མཚན་བཟང་པོས་སྐྱོ་མདར་གདན་དྲངས་ནས་དགོན་པ་དང་བཅས་པ་ཕུལ། དེར་མགོན་པོ་བེར་ནག་ཅན་གཟིགས། གསའ་མདོར་ཕེབས་པའི་ཉིན་པར། ཡང་བེར་ནག་ཅན་གཟིགས། གསའ་མདོར་བླ་མ་བསོད་ནམས་དཔལ་འབྱོར་བས། དགོན་པ། ས་གདན། མི་སྡེ་སོགས་འབུལ་བ་ཞབས་ཏོག་རྒྱ་ཆེན་པོས་མཉེས་པར་བྱས་ཤིང༌། དེ་ཕྱོགས་ཀྱི་འགྲོ་བ་སེམས་ཅན་ཁྲི་ཕྲག་མང་པོ་སྨིན་པར་མཛད། ས་སྒང་དུ་མགོན་པོ་ཞལ་གཟིགས། དེ་ནས་གདན་ས་ཆེན་པོ་ཀརྨར་ཕེབས་ནས། མཁས་པའི་དབང་པོ་འཇམ་དཔལ་བཟང་པོ་ལ། ས་
སྐྱོང་གི་ལོ་ཤིང་མོ་བྱའི་ས་གའི་ཉ། དེ་བཞིན་གཤེགས་པ་སྐུ་བལྟམས་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། ཆོ་འཕྲུལ་ཆུང་བའི་དུས་ཞེས་དུས་ཁྱད་པར་ཅན་གྱི་ཚེས་བཅོ་ལྔ་ནམ་ལང་མ་ཐག་སྐར་མ་ས་ག་དང་གཟའ་ཉི་མ་སྦྱོར་བྱེད་བཟང་པོ་ལ། དཔལ་ཀརྨའི་གཟིམ་ཁང་ཀ་གཉིས་མར་གྲགས་པའི་གཙུག་ལག་ཁང་ཆེན་པོར། ཇོ་བོ་རིན་པོ་ཆེ་གྷནྡྷོ་ལ་དང༌། འཕགས་པ་ཀླུ་གྲུབ་ཀྱི་ཐུགས་དམ་ཆུ་ལོན་མར་གྲགས་པའི་ཐུབ་དབང་གི་སྐུ་ཉིད་ཀྱི་ཕྱག་ན་བཞུགས་པ་སོགས་རྟེན་གསུམ་བྱིན་རླབས་ཅན་དུ་མའི་མདུན་དུ། མཁས་པའི་དབང་པོ་བླ་མ་རིན་པོ་ཆེ་འཇམ་དཔལ་བཟང་པོས་མཁན་པོ་མཛད་དེ། མཁན་སློབ་ཆ་ཚང་བའི་དབུས་སུ། རབ་ཏུ་བྱུང་བ་དགེ་ཚུལ་གྱི་སྡོམ་པ་ནོད་པའི་མཚན་ནི། ཆོས་གྲགས་རྒྱ་མཚོ་དཔལ་བཟང་པོར་གསོལ་ནས་རྒྱལ་བ་གཉིས་པ་ལྟ་བུར་གྱུར་ཏོ། །ཐུན་མཚམས་སྤྲིན་གྱི་མདངས་འཕྲོག་པའི། །ཐུབ་པའི་གོས་ཀྱིས་སྐུ་གཡོགས་ཚེ། །གསེར་གྱི་མཆོད་རྟེན་ཇི་
བཞིན་དུ། །འཁོར་དབུས་ཉི་མ་བཞིན་དུ་བལྟམས། །དེ་ཚེ་ཕྱག་གི་པདྨོ་ན། །ལྷུང་བཟེད་བུང་བ་འབྲལ་མེད་གྱུར། །དེ་ནས་གདན་ས་ཆེན་པོ་དཔལ་གྱི་གནས་སྒོ་སོགས་པོ་འབོར་བ་རྣམས་དང༌། ཀྲེ་ཀཾ་ཁྱིམ་ཕྲིན་ལས་ཀྱི་གདན་ས་པ་དང༌། ལྕགས་མོ་ཏྲེ་བོ་སོགས་ཤར་དམར་རྫ་སྒང་པ་རྣམས་དང༌། ཀ་བཞི་པ། ཞིང་གི་མི་ཆེན། ཟོན་ཡུ་སིདྷི་གྲགས་པ་རྒྱལ་མཚན་སོགས་རབ་སྒང་གི་ལྷ་སྡེ་མི་སྡེ་རྣམས་ཀྱིས། སྔ་ཕྱི་ལན་གྲངས་དུ་མར་གསོལ་བ་འདེབས་པ་ལ་བརྟེན་ནས། དེ་ཕྱོགས་ཀྱི་གདུལ་བྱ་རྣམས་ལ་ཐུགས་བརྩེ་བར་དགོངས་ཏེ། བྱ་ལོ་ཟླ་བ་བཅུ་གཅིག་པའི་ཚེ་བཅུ་བཞི་པ་ལ། གདན་ས་ཆེན་པོ་དཔལ་གྱི་ཀརྨ་ནས་ཕྱག་བཏེགས་ཏེ། དེའི་ཉིན་པར་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་མཐོང་བ་དོན་ལྡན་ལ་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བསྐོར་ནས་ཐམས་ཅད་ཀྱིས་གར་མཛད་པའི་སྣང་བ་བྱུང་བ་དང༌། གཞན་ཡང་ས་གཡོ་བ་སོགས་བྱུང་ཞིང༌། དེ་ནས་ཟུར་མང་དུ་ཁྱི་ལོའི་ལོ་གསར་མཛད་ཅིང༌། འཛར་ཕུ་ན་
ཐུགས་དམ་གཏོར་མ་འབུལ་བའི་ཚེ། དཔལ་མགོན་པོ་གཟིགས་པ། དེ་ནས་སྡེ་དགུ་ན་ཕེབས་ནས་དེར་པདྨའི་སྡོང་པོ་ལ་སློབ་དཔོན་པདྨ་འབྱུང་གནས་དང༌། ཡང་འཇའ་འོད་ཀྱི་ནང་དུ་རྡོ་རྗེ་འཆང་གཟིགས་སོ། །དེའི་ལམ་དུ་སྡེ་ཕན་ཚུན་གྱི་རྩོད་པ་མཐའ་དག་བརྟུལ་ནས་ཐམས་ཅད་བདེ་བ་ལ་བཀོད་ནས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་དོ། །དེ་ནས་རྒ་ཟོར་དགོན། འདན་རྣམས་སུ་ཞབས་ཀྱིས་བཅགས་ཤིང༌། དེ་རྣམས་ཀྱི་སྐྱེ་འགྲོ་རྣམས་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་གྲོལ་ལ་བཀོད། དེ་ནས་གླིང་གི་ཆར་ཆགས་ཕེབས་ཏེ། ནང་རྨེ་དང་འཁྲུག་རྩོད་བསམ་གྱིས་མི་ཁྱབ་པ་བྱུང་འདུག་པ་རྣམས་ལ། ཞལ་ད་ཆོས་འཇིག་རྟེན་གྱི་སྒོ་ནས་ཆེ་བ་གནང་བ་ལ་བརྟེན་ནས། དཔོན་ཆེན་གསར་དུ་བསྐོས། མི་སྡེ་ཐམས་ཅད་ཀྱང་རང་རང་གི་སྔར་གྱི་ལུགས་ཇི་ལྟར་ཡོད་པའི་ལུགས་བཞིན། རྒྱལ་ཁྲིམས་ལ་གནས་ནས་ཇག་རྐུན་དམག་སོགས་འོས་མིན་གྱི་བྱ་བ་མི་བྱེད་པའི་ཆོས་ཁྲིམས་དང༌།
གནང་སྦྱིན་སོ་སོར་མཛད་དེ་བདེ་བ་ལ་བཀོད། རེའི་བཀྲ་ཤིས་བྲག་རྩར། གཉེར་ཆེན་གྲགས་པ་དབང་ཕྱུག་གིས། ང་ལ་དྲུང་གོང་མས་སྔོན་རྒྱ་གར་དུ་ང་ནི་སྤྲུལ་སྐུའི་ཆ་ལུགས་འཛིན་པ་གཅིག་གི་དུས་ནས་ཁྱོད་དང་འབྲེལ་ཆེ་བ་ཡིན་གསུང་བ་འདི། ཅི་འདྲ་ཡིན་གྱི་གསུང་སྒྲོས་གཅིག་ཐུགས་རྗེས་འཛིན་དགོས་ཞུས་པ་ལ། དུས་གསུམ་མཁྱེན་ནས་དྲུག་པ་སེངྒེ་སྒྲ། །རིམ་དྲུག་བྱོན་པ་ཁྱོད་ལ་ཕྱག་འཚལ་ལོ། །རྒྱ་གར་ཡུལ་གྱི་གནས་མཆོག་དམ་པ་ན། །ཀླུ་སྒྲུབ་དུས་ན་ང་ནི་རབ་བྱུང་ཚུལ། །དེ་ཚེ་ཁྱོད་དང་འབྲེལ་བ་ཡོད་པའི་མཐུས། །བདག་གིས་སྨོན་ལམ་བཏབས་པའི་མཐུས། །ཚེ་འདི་ཉིད་ལ་སངས་རྒྱས་མྱུར་འགྲུབ་ཤོག །ཅེས་པ་བཀའ་གནང་བ་ཡིན། རྫའི་རི་བཞི་གོང་དུ་རྨ་སེ་དགོན་པའི་ཇ་འདྲེན་ཇ་གོས་དར་ལ་སོགས་ཕུན་སུམ་ཚོགས་པ། བླ་མ་ཀ་ཐོག་པ་དཔོན་གཡོག་གིས་ཕུལ་ཞིང་མྱུར་དུ་ཕེབས་པའི་གསོལ་བ་བཏབ། དེ་ནས་ལྕགས་མོའི་གནད་བཞིན་མཛད་ནས། ཏྲེ་ཤོད་གངས་ཀྱི་ར་བར་
ཕེབས། དབེན་པ་ལྷ་ཁང་དུ་ཨ་གྲོ་གྲགས་པ་རྒྱལ་མཚན་ལ། ལུང་བསྟན་གནང་བ་ནི། བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་བརླབས་པར་མཛད་དུ་གསོལ། །གྲགས་པ་ཕྱོགས་བཅུར་ཁྱབ་པའི་ཀརྨ་པ་ཞེས་བདག །བདག་གིས་སྨོན་ལམ་བཏབ་པ་ཡིས། །སེམས་ཅན་བདེ་བ་ཅན་དུ་སྐྱེ། །ང་དང་འབྲེལ་པ་གང་ཡོད་པའི། །སེམས་ཅན་མཐོ་རིས་གནས་སུ་སྐྱེ། །གྲགས་པ་རྒྱལ་མཚན་བྱ་བ་ཁྱོད། །ང་ནི་གཟུགས་ཅན་སྙིང་པོར་སྐྱེས་པའི་དུས། །ཁྱོད་ནི་བདག་གི་བློན་པོ་འོད་ཟེར་བློ་གྲོས་ཡིན། །དེ་ཚེ་ཁྱོད་ཀྱིས་ཕན་པ་མང་པོ་བསྒྲུབ། །རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ན་ཡང༌། །ང་ཉིད་བློན་པོ་བློ་གྲོས་ཆེན་པོར་སྐྱེས། །ཁྱོད་ནི་ཀུན་དགའི་མིང་ཅན་བདག་གི་འཁོར་དུ་སྐྱེས། །དེ་ནས་རིམས་བཞིན་འབྲེལ་པ་དུ་མའི་མཐུས། །དེས་ན་གྲགས་པ་རྒྱལ་མཚན་འཛམ་གླིང་འདིར། །སྐྱེས་ནས་སེམས་ཅན་འགྲོ་དོན་བྱེད་པར་ཤོག །ཡང་དེར་མཁས་གྲུབ་ཆེན་པོ་འཇམ་
དབྱངས་གྲགས་པའི་བུ་ཆེན་རྣམས་དང༌། ཞིང་གི་མི་ཆེན་ཁུ་དབོན་ཡོན་མཆོད་རྣམས་ཀྱིས་ཇ་འདྲེན། ཇ་གོས་དར་ལ་སོགས་ཕུན་སུམ་ཚོགས་པ་བཤེས་གཉེན་ཆོས་གྲགས་ཀྱིས་ཕུལ་ཞིང་མྱུར་དུ་ཕེབས་པའི་གསོལ་བ་བཏབ། སླར་ཡང་དབེན་པར་རས་བུད་མཛད་པའི་དུས། རས་པ་རྣམས་ལ་འཇའ་འོད་དམར་པོའི་ནང་ནས་བཀའ་བརྒྱུད་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས་པར་ཞལ་གཟིགས། ཡང་དེར་དམིགས་པ་རྩ་མཁན་པོ་ཟེར་བའི་རྟོགས་ལྡན་པ་གཅིག་མཇལ་བའི་དུས། དྲུང་ནས་རྣལ་འབྱོར་པ་ན་བཟའ་དཀར་པོ་ཅན། དབུ་སྐྲ་སྔོན་པོ་རལ་པའི་ཐོར་གཙུག་བཅིངས་པ། ཞལ་ཙོམ་དཀར་པོ་ཡོད་པ་ཅན་དུ་ཡུན་རིང་པོའི་བར་དུ་མཇལ་འདུག །ཕག་ལོའི་ལོ་གསར་མཛད་ནས། གླིང་ཚང་ཙན་ཤས་དབེན་ཐར་པ་རྒྱལ་མཚན་གྱིས་སྲས་མཁར་དུ་གདན་དྲངས་ནས། འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པས་མཉེས་པར་བྱས། དེར་འབུམ་འཛམ་གླིང་རྒྱན་ལ་ཕྱག་ནས་མང་དུ་ཟུག་པ་དང༌། ཁོང་རྡོ་
དགུ་གཏོང་དུས། ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ཞལ་གཟིགས། དེ་ནས་ཤལ་ཁོག་སྟོད་སྨད་དུ་ཕེབས་ནས། བན་བོན་སོགས་སྡེ་ཕན་ཚུན་འཁྲུག་རྩོད་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་འཇགས་པར་མཛད་ཅིང༌། ཕར་ཚུར་གྱི་སྐྱེ་བོ་བཙོན་དོང་དུ་གནས་པ་རྣམས་ཀྱང་ཐར་བར་མཛད། ཡང་དེར་དགོན་པ་སར་བ། ཝག་ཤི་བ། ཨ་རི་དགོན་པ་སོགས་རབ་སྒང་གི་ལྷ་སྡེ་མི་སྡེ་རྣམས་ཀྱི་ཇ་འདྲེན་གསེར་ཇ་གོས་དར་སོགས་ཕུན་སུམ་ཚོགས་པ། ཀ་བཅུ་པ་སྒོ་གཅིག་པས་ཕུལ་ཞིང་མྱུར་དུ་ཕེབས་པར་གསོལ་བ་གདབ། དེར་སེ་རོས་ནས། ཀུན་དགའ་བླ་མ་ཟེར་བ་གཅིག་མཇལ་བྱུང་བས། དྲུང་ནས་བདེ་མཆོག་ལུས་ཀྱི་དལ་ལྷ་དྲུག་ཅུ་རྩ་བཞི་རྟེན་དང་བརྟེན་པར་བཅས་པ་ཡུན་རིང་དུ་མཇལ་ནས། ངེས་ཤེས་ཚད་མེད་པར་སྐྱེས། ཐམས་ཅད་ལ་ངོམས་པར་བྱས། དེ་ནས་འཛོ་ཀེ་བླ་མས། བ་ཐང་ཤིང་རྒྱལ་བའི་དབེན་གནས་སུ་གདན་དྲངས། དེར་སྐུ་གསུང་ཐུགས་ཀྱི་རྟེན་ལ་རབ་གནས་བྱིན་
བརླབས་དང་ལྡན་པར་མཛད། གནས་ནང་དུ། ནམ་མཁའ་འཇའ་དང་འོད་ཀྱིས་གང་ཞིང་བསྟན་པའི་གཙོ་བོ་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས་ནས། གསོལ་འདེབས་མཛད་པ་ནི། ན་མོ་གུ་རུ་བྷེ། འོག་མིན་ཆོས་དབྱིངས་ཕོ་བྲང་ན། །རྡོ་རྗེ་འཆང་ཆེན་སྤྲུལ་པའི་སྐུ། །བདག་སོགས་སེམས་ཅན་ཐམས་ཅད་ལ། །ཐུགས་རྗེའི་ལྕགས་ཀྱུས་རིང་ནས་བཟུངས། །འདི་ཕྱོགས་འགྲོ་བ་སེམས་ཅན་ལ། །འབྱུང་བའི་ནད་ཡམ་ཞི་གྱུར་ཅིག །ལོ་ཐོག་ཐམས་ཅད་རབ་སྨིན་ཅིང༌། །བཀྲེས་སྐོམས་སྡུག་བསྔལ་ཞི་བ་དང༌། །སེམས་ཅན་བདེ་ལེགས་བཀྲ་ཤིས་ཤོག །གནས་མཆོག་རྒྱ་གར་མཁའ་འགྲོའི་གནས། །སངས་རྒྱས་རྣམས་ནི་སྤྲིན་ལྟར་བྱོན། །ཤཱཀྱ་ཐུབ་ཁྱོད་ལ་གསོལ་བ་འདེབས། །ངུར་སྨྲིག་བསྟན་པ་དར་བར་ཤོག །ཅེས་སོགས་གསོལ་འདེབས་རྒྱས་པར་མཛད། སླར་ཡང་དབེན་པར་ཕེབས་པའི་དུས། བླ་མ་རིན་པོ་ཆེ་མཁས་པའི་དབང་པོ་འཇམ་དཔལ་བཟང་
པོ་པ། རྡོ་རྗེ་འཆང་དུ་གཟིགས་ནས་གསོལ་བ་བཏབ་པ་ནི། བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བདག་ཉིད་ཡི་དམ་གསོལ་བ་ཡི། །སྤྱི་བོ་པད་འདབ་སྟོང་གི་དཀྱིལ། །ཉི་མ་ཟླ་བའི་གདན་སྟེང་ན། །མཚན་བརྗོད་པར་དཀའ་བའི་བླ་མ་མཆོག །འཇམ་དཔལ་བཟང་པོ་བཀའ་དྲིན་ཅན། །བྱིན་རླབས་ཆོས་ཀྱི་ཆར་འབེབ་ཅིང༌། །གདུལ་བྱ་ཐར་པར་འདྲེན་པ་ཡི། །ལམ་སྟོན་བླ་མ་ཐུགས་རྗེ་ཅན། །བདག་ནི་གདུང་བས་གསོལ་འདེབས་ན། །རྟག་ཏུ་བྱིན་གྱིས་བརླབས་དུ་གསོལ། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང༌། །བཀའ་བརྒྱུད་བླ་མ་སྙན་བརྒྱུད་པས། །དམ་ཆོས་བདུད་རྩིའི་རྒྱལ་པོ་ཡིས། །བདག་ཅག་ཚིམ་པར་མཛད་དུ་གསོལ། །རྡོ་རྗེ་འཆང་ཆེན་རྩ་བའི་བླ་མའི་དྲུང༌། །བརྩོན་འགྲུས་བཟང་མོའི་ལྷ་མོ་ཡི། །རྟོགས་པའི་མྱུ་གུ་འབུས་ལགས་ཀྱི། །རྟག་ཏུ་བྱིན་གྱིས་བརླབ་ཏུ་གསོལ། །དེ་ནས་ཨཱརྱ་གླིང་པས་ཉག་རོང་དུ་གདན་དྲངས་པའི་ལམ་
དུ། རྫ་མདོ་ཆོས་ཁྲི་ཐང་དུ། རྗེ་བཙུན་བྱམས་པ་ཞལ་གཟིགས། ཨཱརྱ་གླིང་དུ་ཕེབས་ནས། ཆོས་གསུངས་པའི་དུས། འཇའི་གུར་ཕུབ་ཅིང༌། འཇམ་དབྱངས་དང༌། སྤྱན་རས་གཟིགས་གཉིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དང༌། མཚོ་ཁའི་དགེ་བསྙེན་གྱིས་གུས་མདུད་བྱེད་པར་གཟིགས། ཡང་དེ་ཉིད་དུ་ཚེས་བཅུའི་ནུབ་མོ་སློབ་དཔོན་པདྨ་གཟིགས་ནས་བསྟོད་པ་ནི། ན་མོ། གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ཧཱུྃ། མཚོ་ལས་སྐྱེས་པའི་ཡིད་འོང་པདྨའི་སྟེང༌། །འོད་དཔག་མེད་ཀྱི་ཞལ་གྱི་ཟླ་བ་ལས། །རྒྱལ་བ་ཀུན་གྱི་ཐུགས་རྗེ་བསྡུས་པ་ཡིས། །ལེགས་འཁྲུངས་རྒྱལ་བ་པདྨ་འབྱུང་གནས་སྐུ། །མི་བཟད་རྨོངས་པའི་གདུང་བ་ཀུན་སེལ་བ། །ཟླ་བ་དུང་ལྟར་ཤིན་ཏུ་དཀར་བའི་སྐུ། །མཚར་བའི་མདངས་ཆགས་ཀུན་དགའི་དཀྱིལ་འཁོར་རྒྱས། །རིན་ཆེན་བཻཌཱུརྱའི་ས་གཞི་ལ། །ལྷ་དབང་བརྒྱ་བྱིན་མཛེས་པའི་གཟུགས་འཆར་བཞིན། །བིམ་པ་ལྟ་བུར་ཤིན་ཏུ་དམར་བའི་མདངས། །དཀར་ནག་འབྱེད་ཅིང་སྤྱན་ནི་རབ་མཛེས་པའི། །
སྨིན་མ་རབ་མཛེས་བའི་རྫི་མ་འདྲ། །ཡིད་འོང་དབྱིབས་མཐོ་ཤིན་ཏུ་མཛེས་པའི་ཤངས། །བལྟ་བས་མི་བཟོད་མཚན་དང་ལྡན་པའི་སྐུ། །སྐྱེ་དགུའི་ཡིད་ཀྱི་མུན་སེལ་ཁྱོད་ཞབས་འདུད། །ཧཱུྃ། ལྷོ་ནུབ་སྲིན་པོའི་གྲོང་ཁྱེར་ནས། །སངས་རྒྱས་སྟོང་གི་སྤྲུལ་པ་ཨོ་རྒྱན་སྐུ། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །བདག་གིས་མཆོད་པ་མ་ལུས་འབུལ་ལགས་ཀྱིས། །མཆོག་དང་མཐུན་མོང་དངོས་གྲུབ་བསྩལ་དུ་གསོལ། །དེ་ནས་ཁྲོམ་སྤྱི་ཐོག་ཏུ་ཕེབས་ནས་ཀ་ཐོག་སོགས། སྡེ་ཕན་ཚུན་བན་བོན་གྱི་རྩོད་པ་མང་པོ་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་འཇགས་པར་མཛད། དེར་གདན་ས་ཆེན་པོ་དཔལ་གྱི་གནས་བསྒོ་བ་དཔོན་སློབ་རྣམས་གདན་འདྲེན་ཕེབས་པ་ལ། ཁད་ཀྱིས་ཕེབས་པའི་ཞལ་ད་གནང་ཞིང༌། དགེ་འདུན་པ་མང་དུ་ཚོགས་པ་རྣམས་ལ་ཆོས་ལུང་གནང་བའི་དུས་སུ་མེ་ཏོག་གི་ཆར་བབ་ཅིང་ཐམས་ཅད་དད་ཅིང་མོས་པར་མཛད་དེ། སླར་ཡང་ཏྲེ་ཤོད་དུ་ཕེབས་ནས་ཤུག་རི་ཐང་དུ་
བཞུགས་པའི་དུས། རྗེ་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ། །དཔལ་ལྡན་བླ་མའི་ཞབས་ལ་འདུད། །ཁ་རྩང་ཉི་མ་ཕྱི་མོའི་དུས། །འོད་སྟོང་ལ་ཁར་སོན་པ་དང༌། །དགོང་མོའི་དུས་ལ་བབ་པ་ན། །མིག་གི་རྫི་མའི་རྩེ་མོ་ན། །འཇའ་ཚོན་སྣ་ལྔ་མི་གསལ་ཙམ། །གྲངས་སུ་ལྔ་ཙམ་ཡལ་ནས་ཐལ། །དེ་དོན་ཅི་ཡིན་ཅང་མ་གསལ། །དེ་སྟེང་ཡི་དམ་རྒྱལ་པོ་ཡི། །ཕག་མོའི་བསྒྲུབ་མཆོད་བྱེད་ཙམ་ན། །ཉམས་སྣང་མཐོང་སྣང་འགའ་ཙམ་བྱུང༌། །འོད་ནི་དཀར་པོ་མདོག་ཅན་ལ། །བྱའི་སྒོང་ང་ཙམ་གཅིག་ལ། །སྐར་མདའ་ལྟ་བུར་ཐལ་ནས་ཡལ། །དེ་རྟིང་མིག་ཙུམ་བསྡད་པ་ན། །མི་ཆུང་སོར་ལྔ་པ་ཡི་ཚད། །ཤ་མདོག་དཀར་ལ་ཐེར་ཕྱམ་ཅན། །ཡིད་ལ་མེད་པར་གསལ་ནས་གདའ། །གཞན་ཡང་རྨ་བྱའི་མཇུག་མ་ལྟར། །འཇའི་ཐིག་ལེ་འཁྱིལ་བ་མཐོང༌། །སྐད་ཅིག་ཉིད་ལ་ཡལ་ནས་ཐལ། །ཅེས་གསུང་ཞིང་གཞན་སྣང་ལ་ཡང་ནམ་མཁའ་འཇའ་དང་འོད་ཀྱིས་གང་བ། མེ་ཏོག་གི་ཆར་བབས་པ་སོགས་དུས་རྒྱུན་དུ་བྱུང་
ངོ༌། །ཡང་དེར་རྨ་སེ་སྟེང་མགོ་འོག་བར་བ་མི་ཆེན་ཁུ་དབོན་སོགས་ཀྱི་ཇ་འདྲེན་བླ་མ་བརྩོན་འགྲུས་རྒྱལ་མཚན་པ་རྣམས་ཀྱིས་ཕུལ་ཞིང༌། མྱུར་དུ་ཕེབས་པའི་གསོལ་བ་བཏབ། དེ་ནས་ཤར་ཀའི་གདུལ་བྱ་ལ་དགོངས་ནས། སྒར་བཏེགས་ནས་དབུས་གནམ་མདོར། ཐོང་ཆེན་དང་ཚེ་བའི་རྩོད་པ་རྣམས་ཞི་ནས་ཞལ་ད་དང་གནང་སྦྱིན་གྱི་སྒོ་ནས་འཇགས་པར་མཛད། དེར་རག་ཕྲོམ་བཞིན་མཛད་ནས། གསེར་གྱི་བཀྲ་ཤིས་ལུང་དུ་རྒྱུན་བཞུགས་མཛད་པའི་དུས། དེའི་དགེ་འདུན་པ་རྣམས་ལ། ཟབ་ལམ་ནཱ་རོའི་ཆོས་དྲུག །ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་སོགས་ཟབ་ཆོས་རྣམས་དང༌། སྐྱེས་རབས་བརྒྱ་རྩ་སོགས་གནང་ཞིང༌། དེར་འདུས་པའི་ལྷ་སྡེ་མི་སྡེ་རྣམས། ཆོས་དང་ཟང་ཟིང་གིས་ཚིམས་པར་མཛད་ཅིང༌། རྡོ་གསེར་གྱི་འཁྲུག་རྩོད་ཆེན་པོ་རྣམས་ཀྱང་ཞལ་ད་དང་གནང་སྦྱིན་གྱིས་འཇགས་པར་མཛད། ཆོས་སྐྱོང་གི་བསྐང་བ་མཛད་པའི་དུས། དཔལ་མ་མགོན་འཁོར་དང་བཅས་པ། རྒྱལ་
པོ་ཆེན་པོ་རྣམ་ཐོས་སྲས་སོགས་ཞལ་གཟིགས། དེར་བྱི་བ་ལོའི་ལོ་གསར་མཛད་ནས་ཆོ་འཕྲུལ་ཆེན་པོའི་དུས་ཚེས་བཅུའི་ནུབ་མོ། བཅོམ་ལྡན་འདས་མ་རྣམ་འགྱུར་སྣ་ཚོགས་མཛད་པ་གཅིག་ཞལ་གཟིགས། དེར་བསྒོམ་ཆེན་ཡེ་ཤེས་དཔལ་མཇལ་ནས། སེམས་ཀྱི་འགྱུ་བ་ཕྲ་མོ་རྣམས་ཆད་ནས། མཚོ་ལ་དར་ཆགས་པ་བཞིན་དུ་སོང་བས་ངེས་ཤེས་ཚད་མེད་པ་གཅིག་སྐྱེས་སོ། །དེ་ནས་གསེར་སྟོང་དབྲག་ཆེན་དུ་ལྕགས་མོའི་སྐྱིད་མདུན་གྱི་ཞལ་ད་གནང་ནས། དེ་ནས་རྡོ་རྗེའི་ཐང་ཡག་དུ་ཧོར་སེར་བི་རི་སོགས་ཀྱི་གདན་འདྲེན་ལ་ཕུར་ཚ་ནང་སོ། བྱ་བྲལ་བསམ་འགྲུབ་དཔོན་སློབ་ཀྱིས་གོས་དར་ཕྱིབ་པ་དྲང་ཆེན། རྔ་མོང་སོགས་འབུལ་བ་ཕུལ་ཞིང༌། མྱུར་དུ་ཕེབས་པའི་ཞུ་བ་ཕུལ་ཞིང༌། དེ་ནས་འཛིང་ཁ་ལྷ་མོ་དར་ཐང་དུ་ཕེབས་ནས། ཆོས་རྗེ་གཞོན་ནུ་བས་དབུ་མཛད་ལྷ་སྡེ་མི་སྡེ་རྣམས་ཆོས་དང་ཟང་ཟིང་གིས་ཚིམས་པར་མཛད། དེའི་དུས་སུ་ཉིན་ཞག་མང་པོའི་རིང་ལ་ནམ་མཁའ་འཇའ་འོད་ཀྱིས་གང་
ནས་ཐམས་ཅད་ངེས་ཤེས་ཐོབ་པར་གྱུར། དེའི་ཕྱི་ནང་གི་འཁྲུག་རྩོད་ཆེན་པོ་རྣམས་དང་བཙོན་མང་པོ་བཙོན་གྱི་སྡུག་བསྔལ་ལས་ཐར་པའི་ཞལ་ད་དང་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། དེ་ནས་རྒྱུན་དུ་བླ་མ་བཀྲ་ཤིས་དཔལ་གྱིས་དཔག་རོགས་མཚོ་སྟེང་དུ་གདན་དྲངས་ནས། ཆོས་གསུང་པའི་དུས་ཉི་མ་མང་དུ་མེ་ཏོག་གི་ཆར་མང་དུ་བབ་པས་ཐམས་ཅད་དད་པར་གྱུར་ཏོ། །དེ་ནས་སྔོན་དུ་ཁྱི་ལོའི་ནང་ནས། འཕུར་ཚ་ནང་སོ། ཧོར་སེར་གྱི་རི་ཐང་གཉིས། བེ་རིའི་སེངྒེ་མི་ལོག་གི་ཡོན་མཆོད་རྣམས་ཀྱིས་གདན་འདྲེན་ལ་འཕུར་ཚ་ནང་སོ། བྱ་བྲལ་བསམ་འགྲུབ་དཔོན་སློབ་ཀྱིས་གོས་དར་ཕྱིབས་པ་དྲང་ཆེན། རྔ་མོང་ལ་སོགས་འབུལ་བ་ཕུལ་ཞིང༌། མྱུར་དུ་ཕེབས་པའི་ཞུ་བ་ཕུལ་ཞིང༌། ཡང་འདྲེན་པ་མི་མགོ་བྱ་བྲལ་དང༌། རྒྱལ་ཚོགས་དབོན་པོ་རྣམས་ཀྱིས་ཀྲེ་ན་ལན་གཉིས་གདན་འདྲེན་དང་ཇ་འདྲེན་ཕུལ། ཕག་ལོའི་ནང་ན་བྱ་བྲལ་བསམ་འགྲུབ་ཀྱིས་རག་ཕྲོམ་དང་གསེར་གྱི་བཀྲ་ཤིས་
ལུང་དུ་ལན་གཉིས་སུ་གདན་འདྲེན་དང་ཇ་འདྲེན་ཕུལ། དེ་ལྟར་ཧོར་སེར་དང་བེ་རིའི་གདན་འདྲེན་སྔ་ཕྱིར་ནན་ཆེ་བ་ལ་བརྟེན་ཏེ། རྡོ་དང་དར་བཞིན་མཛད་ནས། རྨ་སྟོད་ར་རྒོད་མཐོན་པོ་ཉི་མ་རང་ཤར་ཟེར་བ། སློབ་དཔོན་ཆེན་པོ་པདྨས་བྱིན་གྱིས་རླབས་པའི་གནས་སུ་ཆགས་ཕེབས། སེང་གེ་མི་ལོག་གི་ཡོན་མཆོད་རྣམས་ཀྱིས་འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པ་བྱས། གླིང་ཚང་རོང་ཐ་ལ་སོགས་པ་ཕྱི་ནང་གི་མི་ཤ་འཁྲུག་རྩོད་ཆེན་པོ་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་འཇགས་པར་མཛད། དེར་འཕུར་ཚ་ནང་སོ་ཤེས་རབ་འོད་ཟེར་གྱིས་དབུས་མཛད། ཧོར་སེར་གྱི་རི་པའི་དཔོན་ཨ་ནུ་རྒྱལ། རྟོགས་ལྡན་ཐར་པ། བས་དུར་བཀྲ་ཤིས་མགོན། དཔོན་གཡོག་བརྒྱ་ལྷག་གིས། ཇ་འདྲེན་ལ་གསེར་དངུལ་གྱི་སྐེ་རག །གསེར་དངུལ་གོས་དར་རྔ་མོ་དྲངས་ཆེན། ཆིབས་པ་བརྒྱ་ལྷག་ཙམ་གྱི་ཇ་འདྲེན་ཕུལ་ཞིང༌། ཧོར་ཡུལ་དུ་ཕེབས་པའི་ཞུ་བ་ནན་ཆེར་ཕུལ་ཀྱང༌། ཁད་ཀྱིས་ཕེབས་པའི་ཞལ་ད་གནང༌།
ཧོར་རྣམས་ཀྱིས་མ་ཎི་དུང་ཕྱུར་དང༌། ཚེ་ཐར། ནང་ཁམས་ཀྱི་འཁྲུག་རྩོད་རྣམས་དང༌། ལོ་གཅིག་ལ་ཕྱི་ནང་གར་ཡང་དམག་མི་བྱེད་པའི་དམ་བཅའ་ཕུལ་ཞིང༌། དེ་རྣམས་མཇལ་བའི་རིང་ལ་ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་གཟིམ་གུར་ལ་འཇའི་གུར་ཕུབ་ཅིང་མེ་ཏོག་གི་ཆར་བབ་པས། ཐམས་ཅད་མི་ཕྱེད་པའི་དད་པ་ཐོབ་ཅིང༌། མྱུར་དུ་མཇལ་བའི་སྨོན་ལམ་དང༌། མྱུར་དུ་ཕེབས་པའི་ཞུ་བ་ཕུལ་ཞིང༌། གོམ་ཕྱག་འཚལ་ཞིང་རང་རང་གི་གནས་སུ་སོང་ངོ༌། །དེ་ནས་བླ་མ་གངས་པས་གདན་དྲངས་ཞིང༌། དར་གྱི་སྙན་མོ་རིར་ཨ་ཡམ་རྟོགས་ལྡན་པའི་རྩོད་པ་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་འཇགས་པར་མཛད། དེ་ནས་དམར་དང་པོར་གངས་པ་དང་རོང་ཐ་ཡོན་མཆོད་རྣམས་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་པར་མཛད་ནས། རྡོ་དང་གསེར་ལ་ལམ་མཛད་ནས། རབ་སྒང་ངོས་སུ་ཆིབས་ཁ་བསྒྱུར་བའི་ལམ་རྩང་ཧོར་སྟའུ་རི་ཤོད་རྣམས་སུ་ཕྱི་ནང་གི་འཁྲུག་རྩོད་ཆེན་པོ་རྣམས། ཞལ་ད་
གནང་སྦྱིན་གྱི་སྒོ་ནས་འཇགས་པར་མཛད་ནས། པག་ཡུལ་གསེར་ཤེ་ཐང་དུ་ཕེབས། སྒོ་ལྡོང་གི་ཤག་ཤིག་ལོ་ཉི་ཤུ་རྩ་ལྔ། ཇག་ཕྲན་ལོ་གསུམ། རྐུན་མི་བྱེད་པ་སོགས་ཀྱི་དམ་བཅའ་ཕུལ་ཞིང༌། ངོ་བེར་ཕེབས་ནས་རས་བུད་དང༌། གླང་ལོའི་ལོ་གསར་མཛད། ལྷ་སྒང་དུ་ཕྱི་ལོགས་ཐག་རིང་ནས་ཕྱག་ནས་མཛད་པས། ལྷ་ཁང་གི་རྟེན་གཙོ་ལ་ཕྱག་ནས་བཅུ་ཕྲག་ཙམ་ཟུག །བཅུ་གཅིག་ཞལ་ལ་ཡང་མང་དུ་ཟུག་འདུག །ཀ་རི་དགོན་དུ་འཇའ་ཡི་ཀ་བ་དང་མེ་ཏོག་གི་ཆར་བབ། ཝག་ཤི་རུ་གཟིམ་གུར་དང་ལྷ་ཁང་ལ་འཇའི་ཀ་བ་ཟུག་ཅིང་མེ་ཏོག་གི་ཆར་བབ་པ། སེངྒེ་དགོན་དུ་ཡང་མེ་ཏོག་གི་ཆར་བབ། སློབ་དཔོན་ཕྱུག་མོར་བསོད་ནམས་རྩེ་མོ་བས། རྨི་ལམ་དུ་མཇལ་བ་སོགས་ངེས་ཤེས་དཔག་ཏུ་མེད་པ་ཐོབ། ནེ་བར་དུ་ང་ལི་ཟླ་བ་རྡོ་རྗེ་ཚང་གི་ལྷ་ཁང་སུམ་ཐོག་གི་ཕྱི་ལོགས་ནས་ཕྱག་ནས་མཛད་པས། རྟེན་གཙོ་བོའི་མཛོད་སྤུ་དང༌། མགྲིན་པ་དང༌། ཐུགས་ཁ་རྣམས་སུ་ཟུག་པ། མཛོད་སྤུའི་ནས་དེ་འགའ་
ཞིག་གིས་མཐོང༌། འགའ་ཞིག་གིས་མ་མཐོང་བ་བྱུང༌། ར་ཏི་དགའ་ལྡན་གླིང་དུ་མཁན་སློབ་དགེ་འདུན་རྣམས་ཀྱིས། སེར་འཕྲེང་མཛད་པའི་དུས། བཀའ་བརྒྱུད་བླ་མ་རྣམས་དང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་འཁོར་བཅས་གཟིགས། ཀརྨ་པ་རིམ་པ་གཉིས་ཀྱི་རྩ་བའི་སློབ་མ་གུས་ལྡན། མགོ་ཐོམ་ཆོས་གྲགས་ཀྱིས་དར་རྩེ་མདོར་གདན་འདྲེན་གྱི་སྐད་བྱས་ནས། མི་ཆེན་གྱི་གྲག་པ་རྒྱལ་མཚན་སོགས་དར་རྩེ་མདོ་པས་གདན་དྲངས་ནས་བྱོན་པའི་དུས། སློབ་དཔོན་བསོད་ནམས་རྩེ་མོ་སོགས་སྐྱ་སེར་འགའ་ཞིག་གི་ཉམས་སྣང་ལ། མདོ་ཕྱོགས་གཞི་བདག་རྣམས་རོང་མིའི་ཆས་སུ་བྱས་ནས་བསུ་བ་ལ་འགྲོ་བ་མཐོང་ཞིང༌། ནམ་མཁའ་ལ་ཡང་རོལ་མོ་སོགས་ཀྱི་སྒྲ་བསྒྲག་ཅིང༌། འཇའ་དང་འོད་ཀྱིས་གང་ཞིང༌། མེ་ཏོག་གི་ཆར་བབས་པ། གངས་ཆུའི་འགྲམ་དུ་སྒར་ཕེབས་པས་མི་ཆེན་ལ་སོགས་མདོ་པ་དང༌། མགོ་ཐོམ་གྱི་ལྷ་སྡེ་མི་སྡེ་རྣམས་ཀྱིས་མཆོད་སྤྲིན་རྒྱ་མཚོ་ལྟ་བུས་མཆོད། དེ་
དག་བསྔོ་བ་རིན་པོ་ཆེ་བླ་ན་མེད་པས་རྒྱས་གདབ། དེར་རིན་པོ་ཆེའི་ཁྲི་ཤིན་ཏུ་མཐོ་བའི་དབུས་སུ་དྲུང་ནས་ན་བཟའ་བཞུགས་གདན་སེར་པོ་འོད་ཟེར་འབར་བ་དང་བཅས་པའི་ཐུབ་པར་ཡུན་རིང་དུ་སློབ་དཔོན་བསོད་ནམས་རྩེ་བས་ཞལ་མཇལ། དེ་ཉིད་དུ་ཞག་གསུམ་གྱི་ཐོ་རངས་ཁར་སློབ་དཔོན་བསོད་ནམས་རྩེ་བས་བླ་མའི་རྣལ་འབྱོར་བསྒོམ་ནས་མཉམ་པར་བཞག་པའི་དུས། ཁོང་གི་སྤྱི་བོའི་དྲུང་ནས་འོད་སྔོན་པོ་འོད་ཟེར་དང་བཅས་པ་གཅིག་ཏུ་གྱུར་པ་དེ་ལ་སེམས་རྩེ་གཅིག་ཏུ་གཏད་ནས་གསོལ་བ་གདབ་པས། འོད་ཟེར་དེ་རྡོ་རྗེ་འཆང་དངོས་སུ་མཇལ། ཡང་དེར་རྒྱལ་རོང་བ་བླ་མ་ཚུལ་ཁྲིམས་ཀྱིས་དྲུང་ནས། རྡོ་རྗེ་རྣལ་འབྱོར་མའི་དབུ། བཙད་པོའི་རི་དང་མཉམ་པ་གཅིག་མཇལ། ཡང་དེར་བླ་མ་ཚུལ་ཁྲིམས་ཀྱིས་གསེར་གྱི་རྡོ་རྗེའི་ཁྲི་ཡི་སྟེང་དུ། དྲུང་ནས་ཐུབ་པ་ཆེན་པོའི་སྐུ་ཤིན་ཏུ་མཛེས་ཤིང་འོད་འབར་བ་གཅིག་དུ་ཞལ་མཇལ། ད་ཕྱིན་ཁོང་ལ་གཟུགས་སྒྲ་དྲི་རོ་སོགས་དབང་པོ་དྲུག་གི་
ལོངས་སྤྱོད་དྲན་པ་ཙམ་གྱིས་རེ་རེ་ལ་ཡང་ལོངས་སྤྱོད་དུ་རུང་བ་འབྱུང་ཞིང༌། ཉམས་སྣང་གོང་དུ་ཕེལ་ཞིང༌། བྱིན་རླབས་ཀྱིས་བོག་ཐོན་པར་བྱུང་ཞིང༌། ངེས་ཤེས་ཚད་མེད་པ་ཐོབ་བོ། །གངས་ཆུའི་འགྲམ་དུ་ཆོས་གསུང་བ། ལྕགས་ཟམ་པའི་མི་ཆེན་གྱི་ཁང་ཐོག་ཏུ་ཐོས་ཤིང༌། དྲུང་ནས་སྤྱན་རས་གཟིགས་ནམ་མཁའ་གང་བར་ཞལ་གཟིགས། དེར་གྲོང་གི་ཕྱི་ལོགས་རྒྱང་རིང་པོ་ནས་ཕྱག་ནས་འཐོར་བས། མི་ཆེན་གྱི་ཁང་པར་རྟེན་གཙོའི་ཐུགས་ཀར་ཕྱག་ནས་ཟུག །རི་ལུང་ཁང་དུ་ཕྱག་ནས་མང་དུ་འབྱུང༌། ལ་མོ་རྩེའི་བདེ་ཆེན་སྟེང་དུ་བླ་མ་གླིང་གི་ཐུབ་པའི་ཐང་སྐུ་ལ་ཕྱག་ནས་ཟུག་པ། གཉུང་གནས་པའི་མཆོད་རྟེན་ལ་ཕྱག་ནས་ཟུག་པ། ལ་མོ་རྩེའི་གཟིམ་ཁང་ཕྱི་ལོགས་ནས་ཕྱག་ནས་མཛད་པས་ནང་དུ་མང་བ་སླེབ། མདོར་བཅུ་གཉིས་བསྐོར་བས། འུ་ཏ་དགོན་དུ་ཕྱག་ནས་ཞུས་པས། ལྷ་ཁང་དང་དགོན་དུ་ཕྱག་ནས་མང་དུ་སླེབ་པས། དེ་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་རྣམས་ཀྱང༌། དད་པ་ཤིན་ཏུ་ཐོབ་པར་
གྱུར་ཏོ། །སླར་ཡང་ར་ཏི་དགའ་ལྡན་གླིང་དུ་ཕེབས་ནས། མཁན་སློབ་དགེ་འདུན་རྣམས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་མཆོད་ཅིང༌། མཁན་སློབ་དགེ་འདུན་རྣམས་ལ། ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་སྐོར་ཞིང༌། དེར་ཐུགས་དམ་ལ་བཞུགས་པའི་དུས། འོད་གསལ་ཕྱག་རྒྱ་ཆེན་པོའི་གསལ་ཆ། སྤྲོས་བྲལ་ནམ་མཁའ་ལྟ་བུ་དང༌། མེ་ཏོག་ལ་སོགས། ཡི་དམ་གྱི་བསྙེན་པའི་དུས་ཀྱི་ཚེ། དེ་དག་གི་ཞལ་མཐོང་བ་དང༌། ལྷ་ཚོགས་མང་དུ་ཞལ་གཟིགས་པའི་དུས། དེ་ཐམས་ཅད་ཀྱང་སྤྲོས་མེད་འོད་ཟེར་དུ་སྣང་བ་བྱུང་གསུངས། བཅོམ་ལྡན་འདས་མའི་སྐྱེད་རིམ་ལ་གནས་པའི་ཚེ། རང་ཡང་བཅོམ་ལྡན་འདས་མར་གྱུར་པ། རྒྱུན་དུ་བླ་མར་སངས་རྒྱས་ཀྱི་འདུ་ཤེས་དང༌། བླ་མའི་གསུང་གི་ཆོས་ཐམས་ཅད་གནད་ལ་ཕབ་པ། ཉོན་མོངས་པའི་གདུང་བ་ལས་གྲོལ་བའི་འདུ་ཤེས་འབྲལ་མེད་དུ་བྱུང་གསུང༌། མཆོད་རྟེན་མཐོང་གྲོལ་དུ་ཕྱག་ནས་ནམ་མཁའ་ལ་འདུག་པ། ནུབ་སྒོ་སྟེང་དུ་མེ་ཏོག་གི་ཆར་མང་དུ་
བབ། རྫ་ཀྲ་རིན་ཆེན་སྒང་དུ་ལྷ་ཁང་ནང་ན་ཕྱག་ནས་མང་དུ་ཟུག །འབོང་གྷའི་ལྷ་ཁང་ནང་དུ་ཕྱག་ནས་ནམ་མཁར་འདུག་ཅིང་ཟུག་པ། ར་སོ་ཁ་བཞིའི་ལྷ་ཁང་རྣམས་ཀྱི་ཕྱི་ལོགས་ནས་ཕྱག་ནས་མཛད་པས། ནང་དུ་མང་དུ་ཟུག་པ། བྱམ་སར་དུ་མེ་ཏོག་གི་ཆར་བབ་ཅིང་ལྷ་ཁང་དུ་ཕྱག་ནས་ཟུག །ཡུལ་ཀློང་དུ་མེ་ཏོག་གི་ཆར་བབ་ཅིང༌། ནམ་མཁའ་འཇའ་འོད་ཀྱིས་གང་བ། ལྷོ་མགོ་རིན་ཆེན་གླིང་དུ་རྒྱལ་བའི་དབང་པོ་ཐུབ་དབང་གཟིགས་པ། དེར་རྗེ་བཙུན་མི་ལ་གཟིགས་པ། དེར་མཉམ་མེད་དྭགས་པོ་གཟིགས་པ། དེར་དགུ་གཏོར་གྱི་དུས་སུ་བེར་ནག་ཅན་དང་རེ་མ་ཏི་གཟིགས་པ། དེར་བཀའ་བརྒྱུད་གསེར་ཕྲེང་གཟིགས་པའི་དུས་སུ། སྔོན་གྱི་གནས་ལུགས་མང་དུ་གསལ་བ། དེར་ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་ལན་མང་དུ་བབ་པ། དེ་སྟེ་བྱི་རིན་ཆེན་སྟེང་ནས། གོང་དུ་གསེར་ཡིག་པ་ལ་ཆིབ་ཀ་དཔོན་པོ་ཀུན་དགའ་རྒྱལ་མཚན། བླ་མ་བསོད་ནམས་རྒྱ་མཚོ་རྣམས་
ཀྱིས་མགོ་བྱས། གསེར་ཡིག་པ་སོང་བ་རྣམས། འཇང་ནག་ར་བར་སླེབ་པའི་དུས། རྒྱའི་རྟག་ཞིང་ཐམས་ཅད་དང་མི་སྡེ་ཐམས་ཅད་ཀྱིས། འཇའི་གུར་གྱི་ནང་དུ་འཇའ་ཁ་དོག་སྣ་ཚོགས་ཟླུམ་པོར་ཡོད་པ། སྤྲིན་ཁ་དོག་སྣ་ཚོགས་ཀྱི་སྟེང་དུ་སྣང་ཞིང༌། གཞན་ཡང་འབྲས་མཛོད་གཉེར་པ་སོགས། ཁྲི་དཔོན་ལྔ་དྲུག་གཅིག་ལ། ནུབ་གཅིག་ལ་དུས་མཚུངས་པར། དེ་ཀ་ཁྱད་པར་ཅན་བཟུང་བ། ལས་ཀ་སར་པ་ཚར་བའི་ལྟས་ཁྱད་པར་ཅན་རྨིས་ཟེར་ནས། ཁོང་དཔོན་གཡོག་ལ་དད་པ་དང་མོས་པ་མཆོད་པ་ཕུན་སུམ་ཚོགས་པར་བྱས་འདུག །དེ་ནས་མེ་ཉག་དང་འཇང་གི་ས་མཚམས་འགོ་རིས་ཡུལ་དུ་བྱོན་ནས། དེ་ཕྱོགས་ཀྱི་འཁྲུག་ཆེན་རྣམས་ལོ་ཉི་ཤུ་རྩ་ལྔ། ཇག་ཕྲན་དང་རྐུན་མི་བྱེད་པ་ལོ་གསུམ་ཕུལ། མ་ནི་དུང་ཕྱུར། ཚེ་ཐར་བཏང་བ། སྲོག་གཅོད་སྤང་བ་ལ་སོགས་མཛད་ཅིང༌། དེར་རས་བུད་ཀྱི་དུས། ནམ་མཁའ་འཇའ་དང་འོད་ཀྱིས་གང་ཞིང༌། མེ་ཏོག་གི་ཆར་ཉིན་ཞག་མང་དུ་བབ། དེ་ནས་ཤ་ཡུལ་དུ་
སྟག་ལོའི་ལོ་གསར་མཛད་པའི་དུས་སུ། མེ་ཏོག་གི་ཆར་ཞག་མང་དུ་བབ། དེ་ཕྱོགས་ཀྱི་ལྷ་སྡེ་མི་སྡེ་རྣམས་ཤིན་ཏུ་དད་པར་གྱུར། དེར་ལྷ་ཁང་གི་ཕྱི་ལོགས་ནས། ཕྱག་ནས་མཛད་པ་ནང་དུ་ཕྱིན། དེའི་གཞི་བདག་སྔོ་གཟི་མཛོ་ལ་དགེ་བསྙེན་གྱི་སྡོམ་པ་གནང་ཞིང༌། རྡོ་རྗེ་བོད་ཁམས་སྐྱོང་དུ་མིང་བཏག །དེ་ནས་སྐྱ་ཁེང་གཞི་མདོ་ནས། ཨཱརྱ་ཀུན་དགའ་རྒྱལ་མཚན་གྱི་ལྷ་ཁང་ལ་ཕྱག་ནས་འཐོར་བས། ནང་དུ་ཕྱིན་པ། དེ་ནས་མ་སེ། ལ་ལི་རྣམས་སུ་ཞབས་ཀྱིས་བཅགས་ཤིང༌། གནས་མཆོག་ཆེན་པོ་ཛཱ་ལན་དྷ་རར་མཁན་ཆེན་ཀ་བཞི་པ་དང༌། རྨ་སེས་ཐོག་དྲང༌། ལྷ་སྡེ་རྣམས་ལ་ཆོས་ཁྲིམས་འཆད་ཉན་དང༌། སྔ་སྲོལ་བཞིན་རྒྱུན་ལྡན་དུ་གྲྭ་སྐོར་འགྲན་པ་སོགས། ཞལ་ད་གནང་ཞིང༌། འདྲ་ཡིག་འཁྲུག་རྩོད་ཆེན་པོ་རྣམས་འཇགས་པའི་ཕྱིར་དུ་དེར་ཕྱགས་ཕེབས་ཤིང༌། ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། དེའི་རྫ་མ་ལ་ཁར། ཆོས་སྐྱོང་དཔལ་གྱིས། དྲུང་ནས་སྤྱན་རས་གཟིགས་སུ་
མཇལ། སླར་ཡང་ཀ་བཞི་གླིང་དུ་ཕྱགས་ཕེབས་ཤིང༌། མཁན་སློབ་དགེ་འདུན་དང་བཅས་པ། ཆོས་དང་ཟང་ཟིང་གིས་ཚིམས་པར་མཛད། དེ་ལྟར་རབ་སྒང་གི་གདུལ་བྱ་རྣམས་སྨིན་པར་མཛད་ནས། ཛཱ་ལནྡྷ་ར་ནས་སྟག་ལོ་བཟླ་བ་བཅུ་པའི་ཚེས་བཅུ་གསུམ་གྱི་ཉིན། གདན་ས་ཆེན་པོ་དཔལ་གྱི་གནས་སྒོ་བས་དྲངས། བུམ་འབོར་སྒང་དུ་སྒར་གྱོག་པའི་དུས། ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་སོགས་ཀྱི་ཕྱི་ནང་གི་རྟེན་འབྲེལ་ལེགས་པོ་བྱུང༌། ཉག་རོང་སོགས་ཀྱི་ལམ་ཁྲལ་རྣམས་ཕུལ་ཞིང་བདེ་བར་མཛད། བདེ་ཆེན་སྟེང་དུ་ཕྱགས་ཕེབས་ནས་འགོ་ལོག །སྨྲ་ཁྲོམ་སོགས་ཀྱི་ཕྱི་ནང་གི་འཁྲུག་རྩོད་ཆེན་པོ་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། དགོན་སར་གྱི་ལྷ་ཁང་གི་ཕྱི་ལོགས་ནས། ཕྱག་ནས་མཛད་པས་ནང་དུ་ཕྱིན་ཞིང༌། ཐང་ཀ་དྲིལ་བ་སོགས་རྣམས་ཀྱི་ནང་དུ་ཕྱག་ནས་ཕྱིན་པ་དང༌། ཉི་མ་ཉིས་འགྱུར་གྱིས་རིང་བས་ཐམས་ཅད་ངོ་མཚར་ཆེ་ཞེས་དད་པར་གྱུར། བདེ་ཆེན་སྟེང་དུ་རས་བུད་
མཛད་པའི་དུས། ནམ་མཁའ་འཇའ་དང་འོད་ཀྱིས་གང་བ་བྱུང༌། དེར་བདེ་ཆེན་སྟེང་དུ་ཀརྨ་བླ་མའི་དབུ་རྒྱན་དང༌། འབྲུག་གཟིགས། དགེ་བསྙེན་གྱི་ཐང་སྐུ་རྣམས་ལ་ཕྱག་ནས་མང་དུ་ཟུག །ཀརྨའི་བླ་མ་ཐུགས་རྗེ་འོད་ཟེར་གྱིས། རྗེའི་དྲུང་ནས། བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོ་བྱང་ཆུབ་སེམས་དཔའ་དུ་མས་སྐོར་བ་ལ། ལྷའི་བུ་སྐྲ་སྐེད་པར་སླེབས་པ་དང༌། མེ་ཏོག་དཀར་དམར་གྱིས་ཐོད་བཅིངས་པ་བཞིས། ཆོས་འཁོར་སྐོར་བའི་གླུའི་བབ་འབེབ་པ་དང༌། ལན་འགའ་ཡར་རྒྱལ་བ་རྒྱ་མཚོ་ལམ་ལམ་པ་མཐོང༌། ཉག་བྲེ་དབོན་པོས། འཇམ་དབྱངས་སུ། ཞིག་པོ་སངས་རྒྱས་གྲགས་ཀྱིས་རྟ་མགྲིན་དུ་མཐོང༌། གཞན་བན་སྐྱེ་མང་པོས་སྤྱན་རས་གཟིགས་སྐུ་མདོག་དཀར་པོར་མཐོང༌། ཁྲོམ་སྤྱིའི་མཐོང་སྣང་ལ། རེས་འགའ་སྐུ་མདོག་དཀར་པོ། རེ་འགར་དམར་བ་དང༌། གསེར་བཙོ་མ་ལྟར་མཐོང་ཞིང་མི་ཕྱེད་པའི་དད་པ་ཆེན་པོས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་བྱུང་ངོ༌། །དེར་ཧོར་སེ་ཆེན་གྱི་
གདུང་རྒྱུད་རྒྱལ་བུ་དབང་བས་དབུ་མཛད། ཧོར་ཀླུ་མོ་བུ་གསུམ་ལ། ཐང་པའི་དཔོན་ཁྲོ་བོ་རྒྱལ། ཁྲོ་བོ་དབང་ཕྱུག །ག་འུན་ཧོར། གྲི་པའི་དཔོན་ཨ་ནུ་རྒྱལ་རྣམས་ཀྱིས། འབོལ་རྒན་གྱི་ཀློག་པ། ཆིབས་པ་དྲང་ཅན། གོས་ཆེན་ཐོན་ཏི་གྲང་ཅན། བེ་རིའི་ཁྲི་དཔོན་ཁག་གསུམ། སེངྒེ་མི་ལོག་གི། ཕུར་པ་མཐར་སོགས་ཀྱིས་གསེར་རྔུལ། མུ་ཏིག་མང་དུ་བསྐུར་ནས། བྱ་བྲལ་བསམ་འགྲུབ། བྱ་བྲལ་མི་མགོ་རྣམ་གཉིས་གདན་འདྲེན་ལ་བཏང་ནས། ཞུ་བ་ལ། ཕེབས་པར་ཞུ་དང༌། ཧོར་སེར་གྱི་ཨ་རམ་འབུལ། བན་བོན་ངན་མི་བྱེད། ཞལ་ད་གང་གནང་གི་ལོ་གྲངས་ཅན་ལ་ཕྱི་ནང་བར་གསུམ་གྱི་འཁྲུག་པ་མི་བྱེད། ཟེར་བའི་ཞུ་བ་དང༌། གདན་འདྲེན་བྱུང་བ། དེ་ནས་ས་སེར་ཆོས་འཁོར་གླིང་བ། སྒོམ་ལུང་མགོ་པ་དང༌། ཨ་ཀ་ཡོན་མཆོད་ཀྱིས་གདན་དྲང༌། ལི་ཐང་དུ་ཆགས་ཕབ། ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། ཆོས་འཁོར་གླིང་པ། སྒོམ་ལུང་མགོ་པ། སྔ་
ཚང༌། ཚེ་མ་རྣམས་ཀྱི་ལྷ་ཁང་ནང་དུ་ཕྱག་ནས་མང་དུ་ཕྱིན། ལྷ་རྣམས་ལ་ཟུག །ནམ་མཁའ་འཇའ་དང་འོད་ཀྱིས་གང་ཞིང༌། མེ་ཏོག་གི་ཆར་བབ། ལྷ་སྡེ་མི་སྡེ་ཐམས་ཅད་ཐར་པའི་ས་བོན་ཐེབས་པར་མཛད། གདན་ས་ཆེན་པོ་དཔལ་གྱི་གནས་སྒོའི་མཁན་ནང་རྣམས་ཀྱིས་གདན་དྲངས་པའི་ལམ། འབྲའི་འགལ་སྟོད་དུ། ཡེ་ཤེས་རྒྱལ་མཚན་གྱི་ལྷ་ཁང་ནང་དུ། རྟེན་རྣམས་ལ་ཕྱག་ནས་མང་དུ་ཟུག་ཅིང༌། ནས་ནང་དུ་མང་དུ་བབ། དེ་ནས་ཡོས་ལོ་ཟླ་བ་གསུམ་པའི་ཚེས་བཅུ་གསུམ་གྱི་ཉིན། གདན་ས་ཆེན་པོ་དཔལ་གྱི་གནས་སྒོའི་གནས་ཆེན་ཀ་ཀ་རི་ཕུག་ཏུ་ཕྱགས་ཕེབས། མཁན་ནང་དགེ་འདུན་དང་བཅས་པས་བསུ་བ་མཛད་པའི་ཚེ། ནམ་མཁའ་འཇའ་དང་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་བབས། ཡི་དམ་ཆོས་སྐྱོང་མང་པོ་ཞལ་ཡང་གཟིགས་པར་སྣང༌། རིན་པོ་ཆེ་ཀརྨ་པཀྵིའི་སྒྲུབ་གནས་ནོར་བུ་གླིང༌། མཁའ་འགྲོ་གླིང༌། བྱ་རྒོད་གླིང༌། ཐར་པ་གླིང་རྣམས་སུ་ཕྱགས་ཕེབས་ཤིང༌། དེ་ནས་
ནང་སོ་བསོད་ནམས་རྒྱལ་མཚན། སྲི་དཀར་སངས་རྒྱས་བློ་གྲོས་ལ་སོགས། མཁན་ནང་རྣམས་ཀྱིས་ནང་ན་གདན་དྲངས་ནས། བྱང་ཆུབ་འབོས་སུ་ཕྱགས་ཕེབས། རིན་པོ་ཆེ་ཀརྨ་པཀྵིའི་སྐུ་འདྲ་གསུང་བྱོན་ལ་སོགས་རྟེན་གསུམ་རྣམས་ལ་གསེར་ཆབ་གསོལ་བ། ན་བཟའ། སྙན་དར་གསོལ་བ། དཀར་མེ་གསོལ་བ་སོགས། མཆོད་སྤྲིན་རྒྱ་མཚོ་ལྟ་བུས་མཆོད་པར་མཛད་ཅིང༌། རྟེན་གསུམ་རྣམས་ལ་ཕྱག་ནས་མང་དུ་ཟུག །མགོན་རྒྱལ་བའི་ལྷ་ཁང་དུ་ཕྱག་ནས་ཟུག །ཆོས་འབྱུང་སྟེང་གི་ཕ་ཝང་སྒོམ་གྱི་མདུན་ཆུ་འགྲམ་དུ་བྱོན་པའི་དུས། ཕ་བང་གཅིག་ལ། ཞབས་རྗེས་དྲུག་བཞག །རྒ་ལོ་ཕུག་ཏུ་ཞག་གཅིག་བཞུགས། ཆོས་ཁྲི་གསར་དུ་བརྩིགས་ནས་ཆོས་གསུང་པའི་དུས་སུ། ཞབས་གཉིས་ཀའི་རྗེས་ཀུན་གྱིས་མཐོང་བར་བཞག །དེ་རྣམས་སུ་བྱོན་པའི་དུས་སུ། ཞལ་གཟིགས་མང་དུ་བྱུང་བར་འདུག་ཅིང༌། རྟོགས་ལྡན་ཆོས་འབུམ་གྱིས་དེ་ནུབ་ཆོས་འབྱུང་སྟེང་དུ་ཉལ་བའི་རྨི་ལམ་དུ། མགྱོགས་པར་
ལོང་ལ་སོང་དང༌། རྒ་ལོ་ཕུག་གི་ལམ་དུ་ཆིབས་པ་ལྷུན་གྲུབ་ཀྱི་ཞབས་རྗེས་བཞག་ཡོད་པས་མཇོལ་བྱིན་རློབ་ཞུས་པར་ཐོས་ནས། གཉིད་སད་པ་དང་ནམ་ལང་བ་དུས་གཅིག་བྱུང་ནས། ཞབས་རྗེས་ལ་མཇལ་ནས་དད་པ་ཚད་མེད་པ་སྐྱེས་སོ། །དབྱར་གཞུག་ཀཾ་པོ་གངས་ཀྱི་ར་བ་གནས་ནང༌། བྱང་འབོས་སུ་མཛད་ཅིང༌། རྗེ་དུས་གསུམ་མཁྱེན་པ་དང༌། འགྲོ་བའི་མགོན་པོ་རས་པ་ཆེན་པོ་ཡབ་སྲས་ཀྱི་བུ་སློབ་ཏུ་གྱུར་པ་དང༌། རོང་ཁ་བཞི་དང༌། པོ་འབོར་སྒང་ཆེ་ཆུང་གི་ལྷ་སྡེ་མི་སྡེ་རྣམས་ལ། ཐུབ་པ་ཤཱཀྱའི་རྒྱལ་པོའི་སྐྱེ་རབས་བརྒྱ་རྩ་སོགས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། དེ་དག་གི་སྐབས་སུ་མེ་ཏོག་གི་ཆར་བབས། དེ་ནས་ཉག་རས་སེའོ་ཡི་རྣམ་པར་འཕྲུལ་པ། གྲུབ་པ་ཐོབ་པའི་སྐྱེས་བུ་ཆེན་པོ། གྲུབ་ཆེན་ཆུ་ཕུར་བ་ཤཱཀྱ་རིན་ཆེན་བ་དང་མཇལ་ཞིང༌། ཐར་པའི་ས་བོན་སྐྲུན་པའི་ཕྱིར་དུ། གྲུབ་ཆེན་ཆུ་ཕུར་བས་སྒྲུབ་དཔོན་མཛད་ནས། སྒྲུབ་པའི་རྒྱལ་མཚན་བཙུགས། དེ་ཡང་གྲུབ་པ་
ཐོབ་པའི་སྐྱེས་བུ་དེ་ཉིད་ལ་ཉམས་སྣང་བྱུང་ཚུལ་ནི་འབྲི་ཆུ་ཁར། རྗེ་དུས་གསུམ་མཁྱེན་པ། ཀརྨ་པ། རང་བྱུང་པ། འཛམ་གླིང་པ། དེ་བཞིན་གཤེགས་པ། མཐོང་བ་དོན་ལྡན་རྣམས་མཇལ་བ་རིམ་པར་གཅིག་ལ་གཅིག་ཐིམ་ནས། མཐར་འཇའ་འོད་ཀྱི་ནང་དུ། དང་པོ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་གཅིག་ཏུ་མཇལ། ཡང་དབྲ་ཐོག་ཏུ། ཇ་འདྲེན་བྱུང་བའི་དུས་སུ། དང་པོར་བཅུ་གཅིག་ཞལ་དུ་མཇལ། དེ་ནས་དྲུང་ཉིད་དུ་མཇལ། བསམ་གཏན་གླིང་དུ། ཆོས་ཁྲི་ཁར་འབུལ་ཆེན་གྱི་ཉིན་པར། རྒྱལ་བ་རྒྱ་མཚོ་མཇལ་ནས། ཉམས་སྣང་དཔག་ཏུ་མེད་པ་བྱུང༌། བསམ་གཏན་གླིང་གི་སྒྲུབ་ཁང་དུ། བཻཌཱུརྱའི་ས་གཞི། ཡང་པདྨ་དམར་པོ་འདམ་མ་སྟོང་ལྡན་གྱི་དབུས་སུ། དྲུང་ཉིད་འོད་དཔག་མེད་དུ་བཞུགས་པ་ལ། འཁོར་བཀའ་བརྒྱུད་བླ་མའི་ཚོགས་ཀྱིས་བསྐོར་ནས་ཚོགས་འཁོར་མཛད་པའི་ཉམས་སྣང་བྱུང་བར་འདུག །དེ་ནས་ཨ་འཇང་གིས་གདན་དྲངས། རྫོང་ནག་གི་གནས་སྐོར་མཛད། འབོམས་
ཉག་ཏུ་ཕྱགས་ཕེབས། ཁྲོམ་ཁྲི་དཔོན་ནམ་མཁའ་རྒྱལ་མཚན་ཁུ་དབོན་དང་མཇལ་ཞིང༌། འབུལ་ཞབས་དཔག་ཏུ་མེད་པ་བྱས། དེའི་ལྷ་སྡེ། མི་སྡེ་རྣམས་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་པར་མཛད༌། དེ་ནས་སྦུང་རི་བ་དང༌། ས་དམར་བས་གདན་དྲངས་པ་དང༌། བླ་མ་ཤི་ལོག་པ་ཡོན་མཆོད་ཀྱིས་འབུལ་ཞབས་དཔག་དུ་མེད་པ་བྱས་ཤིང༌། བླ་མ་ཤི་ལོག་པ་ལ་དག་སྣང་བྱུང་ཚུལ་ནི། ཀརྨ་པཀྵིའི་གཟིམ་ཁང་དུ་ཐུགས་རྗེ་ཆེན་པོ་འཁོར་བ་དོང་སྤྲུགས་དམར་པོ་ཞལ་མཇལ་བ། ཞག་བདུན་གྱི་བར་དུ་རྒྱུན་འཆད་མེད་པ་བྱུང༌། ཁྲོམ་སྤྱི་ཐོག་ཏུ་སྤྱན་རས་གཟིགས་སུ་མཇལ་བ། ཡང་ཀཾ་པོ་གནས་ནང་དུ་བསྟན་པའི་གཙོ་བོ་ཐུབ་པ་དང་སྤྱན་རས་གཟིགས་གཉིས་རེས་མོས་སུ་མཇལ། ས་དམར་དུ་ཐུགས་རྗེ་ཆེན་པོ་མངོན་སུམ་དུ་མཇལ་བ་མཛོད་སྤུ་ནས་འོད་ཟེར་ཉི་མ་ཤར་བ་ལྟ་བུ་སོགས། མཐོང་སྣང་མང་དུ་བྱུང། དད་པ་ཚད་མེད་པ་ཐོབ། སྦུང་རིར་ཕྱགས་ཕེབས་པའི་དུས་སུ། ནམ་མཁའ་ལ་
འཇའ་ཁ་དོག་སྣ་ཚོགས་དང༌། མེ་ཏོག་གི་ཆར་བབ་ཅིང༌། རྟེན་རྣམས་ལ་ཕྱག་ནས་མང་དུ་ཟུག་པ་དང༌། ཆུ་མིག་ཆུང་བ་ལ་ཕྱག་ནས་འཐོར་མ་ཐག་ཏུ་ཆེར་འཕེལ། ཡང་དགོན་དུ་སྒྲུབ་པ་བ་མང་དུ་བཞག །དེ་ནས་རིན་པོ་ཆེ་ཀརྨ་པཀྵིའི་དགེ་བསྙེན་འདམ་ཆེའི་གཙོ་རའི་ཞོལ་གཡུ་མཚོ་ཁར་ཕྱགས་ཕེབས་ཤིང༌། དེར་སྒྲུབ་པ་མང་དུ་བཞག །བར་སྒང་དུ་ཆུ་མིག་ཆུང་བ་ལ་ཕྱག་ནས་མཛད་པས་ཆེར་འཕེལ། བར་སྒང་འབའ་ཐང་རྣམས་སུ་ཕྱགས་ཕེབས་ཤིང༌། ལྷ་སྡེ་མི་སྡེ་རྣམས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། དེའི་ཕྱི་ནང་གི་འཁྲུག་རྩོད་ཆེན་པོ་རྣམས་ཀྱང་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། དེ་ནས་སྨོན་བཟང་ཀ་བཅུ་པ་དང༌། སྟག་ཚ་མཁན་པོ་རྣམས་ཀྱིས་གདན་དྲངས་ནས། བུམ་བདེ་ཆེན་གླིང་དུ་ཕྱགས་ཕེབས། སྒྲུབ་པ་མང་དུ་བཞག་ཅིང༌། རིན་ཆེན་སྟོང་དཔོན། སྤྱི་སུམ། འབྲེའི་འབུམ་སྟོད་སྨད་སོགས་ཀྱི་ལྷ་སྡེ་མི་སྡེ་རྣམས་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་པར་མཛད། དེ་ནས་
བླ་མ་དྭགས་ལ་བས་གདན་དྲངས། རྗེ་དུས་གསུམ་མཁྱེན་པས་བཏབ་པའི་དགོན་པ། བདེ་ཆུང་སངས་རྒྱས་དང༌། བྲ་བ་བཀའ་གདམས་པའི་སྒྲུབ་གནས། འབོ་སྟེ་དགོན་དུ་ཕྱགས་ཕེབས། དེ་ཡང་སྒྲུབ་པ་བ་མང་དུ་བཞག །དེ་ནས་མཆོག་རབ་པས་གདན་དྲངས། སྐུས་ཏི་ལྷ་ཁང་དུ་ཕྱགས་ཕེབས། མཆོག་རབ་ཏུ་ཕེབས་ནས། རས་བུད་མཛད་པའི་དུས། ནམ་མཁའ་འཇའ་དང་འོད་ཀྱིས་གང་ཞིང༌། མེ་ཏོག་གི་ཆར་བབ། ཕྱག་ནས་ཁང་པ་མང་པོའི་ནང་དུ་ཕྱིན། ཕྱི་ནང་གི་འཁྲུག་རྩོད་ཐམས་ཅད་ཞལ་ད་གནང་སྦྱིན་གྱི་སྒོ་ནས་སྨིན་པར་མཛད། དེ་ཡང་སྒྲུབ་པ་བ་མང་དུ་བཞག །རུ་གཡོན་པ་ངོ་ཁྲོ་དང༌། འབྲི་རྒྱུད་པའི་ལྷ་སྡེ་མི་སྡེ་རྣམས་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་པར་མཛད། དེ་ནས་རྩང་བར་བས་གདན་དྲངས། དེར་སྒྲུབ་པ་བ་མང་དུ་བཞག །སྦྱོར་སྒང་དུ་ཕྱགས་ཕེབས་ནས། འབྲུག་ལོའི་ལོ་སར་མཛད། དེར་ཉིད་ཀྱི་རྣམ་ཐར་གསུང་པ་ནི། ཚོགས་གཉིས་རྒྱ་མཚོའི་དབུས་ན་
མངོན་མཐོ་ཞིང༌། །རྨད་བྱུང་བདེ་ལེགས་དཔལ་གྱིས་བརྗིད་པའི་སྐུ། །ཐུབ་ཆེན་ལྷུན་པོ་དེ་ལ་ཕྱག་འཚལ་བསྟོད། །སྲིད་པའི་རྒྱ་མཚོ་དག་ལས་ཡོངས་སྒྲོལ་ཞིང༌། །རྣམ་དག་ལེགས་པའི་སྐམ་སར་བགྲོད་པའི་ལམ། །རྟག་ཏུ་ལེགས་པར་གྱུར་པའི་ཆོས་འདི་བརྗོད། །སྒོ་གསུམ་ཤིང་རྟ་ཚོགས་གཉིས་ལམ་དུ་དྲངས། །ཆོས་ཀྱི་འཁོར་ལོའི་ལེགས་སྤྱོད་སྲོལ་འཛིན་པ། །གདུལ་བྱའི་གླིང་དུ་མཛེས་པར་ཕྱིན་པ་ཡི། །ལྷག་བསམ་དང་ལྡན་གཞན་གྱི་སྐྱོན་མི་རྟོག །རང་གི་སྐྱོན་ལ་ལེགས་རྟོག་ཆོས་ལ་དགའ། །འགྲོ་ལ་བརྩེ་ལྡན་རྟག་ཏུ་ཕན་པར་སྤྱོད། །བློའི་ཁོག་ཡངས་རྟག་ཏུ་སྤྱོད་མཛད་སྤྱོད། །གཞན་གྱི་ཚེ་ལ་ཕན་འདོགས་འདུལ་བར་མཁས། །ཆེ་ལ་ལེན་མཁས་ཆུང་རྣམས་དོར་མཁས་ན། །དུས་རྣམས་ཀུན་ཏུ་ལེགས་པར་འགྱུར་བ་ཡིན། །ཟོ་ཐུབ་ལེགས་གནས་སྨྲ་བ་ཉུང་བ་གནས། །རྟག་ཏུ་ཐར་པར་བརྩོན་པའི་སྟོབས་སྐྱེད་ན། །རྨད་བྱུང་དགེ་ལེགས་དབུས་སུ་མཛེས་པ་ཡིན། །བླ་མའི་ཞལ་གཉེར་ཆོས་ལ་དད་
བརྩོན་ཞིང༌། །གྲོགས་ལ་ཕན་འདོད་སྐྱོ་བ་སྤང་བར་དགའ། །སྲིད་ལ་སྐྱོ་ལྡན་རྣམ་མཁྱེན་སྒྲུབ་པར་དད། །ཚེ་རབས་ཀུན་ཏུ་ལེགས་པར་འགྱུར་བ་ཡིན། །ལེགས་ཚོགས་དགེ་ལེགས་སྒྲུབ་པའི་སྨྲ་བ་འདི། །རང་བྱུང་ཀརྨའི་མིང་ཅན་སྨད་ཀྱི་ཆར། །སྦྱར་བ་འདི་ཡིས་དུས་ཀུན་བདེ་ལེགས་ཤོག །ཅེས་སོ། །དེ་ནས་འགྲོ་བའི་མགོན་པོ་སངས་རྒྱས་རས་པ་དང༌། རིན་པོ་ཆེ་ཀརྨ་པཀྵི་གཉིས་ཀྱིས་དམ་ལ་བཏག་པའི་དགེ་བསྙེན་རྒྱལ་འབར་གྱི་ཞོལ། རིན་པོ་ཆེ་ཀརྨ་པཀྵི་ཡི་ཆོས་ཁྲི་བྱིན་རླབས་ཅན་འགོ་ཆོས་ཁྲི་ཁར་དགེ་འདུན་རུ་གསུམ་གྱིས་གདན་དྲངས། དེའི་ཕྱི་ནང་གི་འཁྲུག་རྩོད་ཆེན་པོ་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། སྨད་ཆུ་རྒྱུད་ཀྱི་ལྷ་སྡེ་མི་སྡེ་རྣམས་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་པར་མཛད། དེ་ནས་འགྲོ་འགོན་རས་ཆེན་ཀྱི་བུ་རྒྱུད་བཅུ་གཉིས་སྐོར་པས་ཚེམ་ཙི་དགོན་དུ་གདན་དྲངས། དེའི་ལྷ་སྡེ་མི་སྡེ་རྣམས་ཆོས་དང་ཟང་ཟིང་གི་སྒོ་ནས་ཚིམ་པར་མཛད་ཅིང༌། ཡང་
དགོན་དུ་སྒྲུབ་པ་བ་མང་དུ་བཞག །དྲུང་ནས་ཕྱག་མཆོད་འཛིན་པའི་དུས། སྨོན་བཟང་བཀའ་བཅུ་པ་བརྩོན་འགྲུས་དཔལ་གྱིས། དྲུང་གི་ཕྱག་གི་མཐིལ་དུ་འོད་དམར་པོ་འོད་ཟེར་སྣ་ཚོགས་འཕྲོ་བ་བྱུང་བ་མཐོང་ནས་ངེས་ཤེས་ཚད་མེད་པ་ཐོབ་པར་གྱུར། དེ་ནས་གདན་ས་ཆེན་པོ་གནས་སྒོར་ཕྱགས་ཕེབས་པའི་དུས། གྲུབ་ཐོབ་ཆུ་ཕུར་བ་དང་རི་པ་རྣམས་ཀྱིས་བསུ་བ་བྱེད་པའི་དུས་མེ་ཏོག་གི་ཆར་བབ། དབྲ་འགྲུ་གཉིས་ཀྱི་འཁྲུག་ཆེན་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། གནས་ཆེན་ཀ་ཀ་རི་ཕུག་བསམ་འགྲུབ་གླིང་དུ། དབྱར་བཞུགས་བུག་སྒོ་མཛད་ནས། ཐུགས་དམ་ལ་རྩེ་གཅིག་ཏུ་བཞུགས་པའི་དུས་སུ། ཉིད་ཀྱིས་གསུང་པ་ནི། དབེན་པ་ལས་སྐྱེས་པའི་སྒྲུབ་པ་ནི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཡིན་ཏེ། སྒྲུབ་པའི་བརྟེན་ཡུལ་མཆོག་ཏུ་གྱུར་པ་ཀཾ་པོ་ཀ་ཀ་རི་ཁྲོད་དུ་བདག་ཀྱང་དཀོན་མཆོག་ལ་གུས་པ་བསྐྱེད་ཅིང༌། ཡང་དག་འཇོག་དང་ཁ་ཏོན་ལ་བརྩོན་པར་བགྱིས་པས། འཇིག་
རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཅུང་ཟད་ཐོབ་སྙམ་མོ། །བྱང་ཆུབ་ཀྱི་སེམས་ཀྱང་སྐྱེས་ཤིང༌། ཉོན་མོངས་པའི་མགོ་སྙིལ་ལོ། །བདག་མེད་པ་ཡང་མངོན་སུམ་དུ་གྱུར་ཏོ། །གཞན་ཡང་ཡོན་ཏན་མངོན་དུ་བགྱིས་ཏེ། དེ་ལྟར་ན་འདོད་པ་ཐམས་ཅད་དགེ་བས་འགྲུབ་པས། སེམས་ཅན་གང་འདོད་པས་ཕོངས་པ་རྣམས། དགེ་བའི་ཆོས་འབའ་ཞིག་ལ་འབད་པར་བྱའོ། །ཞེས་གསུངས་སོ། །དེ་ནས་འབྲུག་ལོ་ཟླ་བ་དགུ་པའི་གཟའ་སྐར་ཤིས་པའི་ཚེས་བདུན་ལ། ཕྱ་འབུ་ཁིང་གསུམ། རོང་ཁ་བཞིའི་གདུལ་བྱ་རྣམས་ཀྱིས་གསོལ་བ་བཏབ་པ་ལ་ཐུགས་རྗེས་གཟིགས་ནས། སྒར་ཐེག་པའི་ཉིན་ནམ་མཁའ་འཇའ་དང་འོད་ཀྱིས་གང་ཞིང༌། མེ་ཏོག་གི་ཆར་བབ། དེ་ནས་ཨ་བཟང་ནང་སོས་གདན་དྲངས། པི་ཝང་ཤིང་ཁར་ཕྱགས་ཕེབས། འབུ་ཡི་མི་སྡེ། སྟོང་མ་སྟོད་སྨད། རྒྱལ་སྡང་བ། ལ་ཡུལ་བ། ཁ་བ་དཀར་པོའི་ཨེ་ཝཾ་ནང་སོ། འདུ་ར་ནང་སོ། རྟོགས་ལྡན་ཆོས་བཟང་སོགས། ལྷ་སྡེ་མི་
སྡེ་རྣམས་ལ། ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་གྲོལ་ལ་བཀོད་དེ། ཁ་བ་དཀར་དུ་སྒྲུབ་པ་བ་མང་དུ་བཞག །དེ་ནས་ཤ་ཝིང་གི་མདོར་སྔགས་སྡེ་རྣམས་ཀྱིས་གདན་དྲངས། ཤ་ཁིང་དུ་ཕྱགས་ཕེབས། ཁྲིང་ལྕགས་རར་རས་བུད་དང༌། སྦྲུལ་ལོའི་ལོ་སར་མཛད། ཕྱི་ནང་གི་འཁྲུག་རྩོད་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། དེ་ནས་རྡོར་སེང་བས་བཀྲ་ཤིས་ཆོས་འཕེལ་སྒང་དུ་གདན་དྲངས། དེར་དབུས་པ་བླ་མའི་རྨི་ལམ་དུ། ཆོས་གསུང་པ་ནི། ཕྱག་རྒྱ་ཆེ་ལ་སྐྱེ་འགག་འགྲོ་འོང་མེད། །བཀྲ་ཤིས་བདེ་ལེག་ཕུན་སུམ་ཚོགས་པར་ཤོག །ཅེས་པ་གསུང་ནས། དེ་ཕྱིན་ཆད་ཉམས་སྣང་གོང་འཕེལ་དུ་སོང་ཞིང༌། ཉམས་ལེན་ལ་བརྩོན་པ་མི་དགོས་པ་བྱུང་བར་འདུག །འབུལ་ཆེན་གྱི་ཉིན་པར་མེ་ཏོག་གི་ཆར་བབ་པ་ལྷ་སྡེ་མི་སྡེ་ཐམས་ཅད་གསལ་བར་མཐོང་ཞིང༌། ཕྱག་ནས་འཐོར་བའི་ཚེ། ལྷ་ཁང་དུ་སྤྱན་རས་གཟིགས་ཀྱི་རྩ་ཕྱག་ཐལ་མོ་གཡས་པ་ལ་ཕྱག་ནས་ཟུག །ཆུ་མིག་ཆུང་བ་ལ་ཕྱག་ནས་
འཐོར་མ་ཐག་ཏུ་ཆེར་འཕེལ། དེ་ནས་ཡོན་པོ། ཡང་སྟེང༌། རྫ་ཁོལ་བ་རྣམས་ཀྱིས་འདོབ་ཏུ་གདན་དྲངས། འདོབ་ཏུ་ཕྱགས་ཕེབས། འདོབ་སྣར་གྱི་འཁྲུག་རྩོད་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་བདེ་བར་མཛད། སྣར་པོས་གདན་དྲངས་ནས་མཆོད་རྟེན་རབ་གནས་མཛད་པའི་དུས་སུ། ནམ་མཁའ་ལ་འཇའ་ཁ་དོག་སྣ་ཚོགས་དང༌། འཇའ་ལ་འབྲུག་དང་སེངྒེ་སོགས་གཟུགས་སྣ་ཚོགས་དོད་པ་བྱུང་ཞིང༌། མེ་ཏོག་གི་ཆར་བབས། གསུང་རབ་སོགས་རྟེན་གསུམ་རྣམས་ལ་ཕྱག་ནས་མང་དུ་ཟུག །དེའི་ལྷ་སྡེ་མི་སྡེ་རྣམས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད་ནས། རྗེ་དུས་སུམ་མཁྱེན་པའི་སྒྲུབ་གནས་སྤང་ཕུག་ཏུ་ཕེབས། དུས་གསུམ་མཁྱེན་པའི་སྐུ་འདྲ་གསུང་བྱོན་མ་ལ་ན་བཟའ་སྙན་དར་སོགས་མཆོད་སྤྲིན་རྒྱ་མཚོ་ལྟ་བུས་མཆོད་ཅིང༌། དེར་དབྱར་བཞུགས་མཛད་ནས་ཐུགས་དམ་བུག་སྒོ་ཟླ་བ་གསུམ་དུ་མཛད་པའི་དུས་སུ། ནམ་མཁའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་སྐབས་སུ་
བབ། དེར་འཇང་གི་ས་དམ་རྒྱལ་པོ་སོགས་ཀྱིས་འབུལ་བ་རྒྱ་ཆེན་པོ་ཕྱིན་ཅིང༌། བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་པར་མཛད། དེར་གོང་མ་ཆོས་ཀྱི་རྒྱལ་པོ་ཆིང་ཧྭ་ཆེན་པོའི་ལུང་དབུ་ཞྭ། ཞྭ་ནག་ཁྱད་པར་ཅན་དང༌། མུ་ཏིག་གི་སྣམ་སྦྱར་དང༌། ཡོལ་བ་བླ་བྲེ་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ་རྣམས་དང༌། གསེར་བྲེ་ཅན། གོས་དར་ཁྲི་ཕྲག །ཇ་སྟོང་ཕྲག་སོགས་ཀོན་ཏིང་གུའི་ཤྲི་བསོད་ནམས་རྒྱ་མཚོ་དང༌། དུ་གང་བཀྲ་ཤིས་བཟང་པོ། གསོལ་ཇ་བ་འོད་ཟེར་རྒྱ་མཚོ། ཉི་མ་འོད་ཟེར་རྣམས་ཀྱིས་ཕུལ་ཞིང༌། དེ་དག་རྣམས་བཞེས་ནས། གོང་མ་ཆོས་རྒྱལ་ཆེན་པོ་སྐུ་ཚེ་བརྟན་པའི་སྨོན་ལམ་རྒྱུན་པར་མཛད་ནས། སྒར་བཏེག་ནས། སྤོ་འབོར་སྒང་ཆེན་དུ་ཕྱགས་ཕེབས། ས་སྟོད་དུ་དགེ་འདུན་པ་རྣམས་ལ་ཆོས་གསུང་པའི་དུས། མེ་ཏོག་གི་ཆར་བབ། ཁང་དཀར་དུ་རྩང་དབུས་བླ་མ་གཉིས་ཀྱིས་ཐོག་དྲངས་ལྷ་སྡེ་མི་སྡེ་རྣམས་ལ་ཆོས་གསུང་པའི་དུས། མེ་ཏོག་གི་ཆར་བབ། དེའི་ལྷ་སྡེ་མི་སྡེ་
རྣམས་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། དགོན་སར་དུ་མེ་ཏོག་གི་ཆར་བབ། གསུང་རབ་གླེགས་བམ་བརྩིགས་པའི་ནང་དུ་ཕྱག་ནས་མང་དུ་ཕྱིན། དེ་ནས་ལི་ཐང་ཆོས་འཁོར་གླིང་དུ་ཕྱགས་ཕེབས་ནས། གོང་ན་གསེར་ཡིག་པ་བརྫངས་ནས། དེ་ལྟར་ཤར་ཀཾ་པོ་གངས་ཀྱི་ར་བ་གནས་ཆེན་པོ་དཔལ་གྱི་གནས་སྒོའི་གྲྭ་སློབ། ཡོན་བདག་སྤོ་འབོར་སྒང་ཆེ་ཆུང་ལས། སྒང་ཆུང་ལ་རོང་ཁ་བཞི་རུ་གྲགས་པའི་རུ་དྲང་ཡོན་གཉིས། རྨ་ཆུ་རྒྱུད། ཤེལ་ཆུ་རྒྱུད། འདོབ། རྫལ་རོང༌། འབའ་ཐང་བརྒྱད་རྣམས་སུ། རྗེ་དུས་གསུམ་མཁྱེན་པའི་སློབ་རྒྱུད། འདོབ་བྱང་ཆུབ་འོད་ཀྱི་དབོན་རྒྱུད། སྲེ་དཀར་བ། སྤོ་འབོར་སྒང་ཆེན་པ་རྣམས་དང༌། འཕེལ་སྐང་པ། རྫལ་སྒང་དཀར་བ་རྣམས་དང༌། རིན་པོ་ཆེ་ཀརྨ་པཀྵི་དང༌། ཁེང་ཆུང་གི་སློབ་མ། བདེ་ཆུང་སངས་རྒྱས་ཀྱི་སློབ་རྒྱུད། ཁེང་ཆུང༌། འབུ་ཆུང༌། བྱུར་ཆུང་གསུམ་ལས། ཁེང་ཆུང་དང༌། དྲུང་མཁའ་སྤྱོད་པའི་སློབ་རྒྱུད། བཀྲ་ཤིས་ཆོས་འཕེལ་སྒང་པ།
རྫལ་རོང༌། གངས་དཀར་བ་རྣམས་དང༌། རིན་པོ་ཆེ་ཀརྨ་པཀྵི་དང༌། ཁེང་ཆུང་གི་སློབ་མ། ཁེང་ཡེ་ཤེས་སེངྒེའི་དབོན་རྒྱུད། སློབ་རྒྱུད། ཡོན་སྤོ་བ་དང༌། ཁིང་ལྕགས་རི་བ་སོགས། ཤལ་ཆུང་རྒྱུད་པ་རྣམས་དང༌། དྲུང་དེ་བཞིན་གཤེགས་པ་དང༌། འབུ་ཆུང་གི་དབོན་རྒྱུད་དང༌། སློབ་རྒྱུད་དང༌། ཚལ་རོག་པ་དང༌། ཚང་སར་བ་སོགས། རུ་ཏྲང་བ་རྣམས་དང༌། དྲུང་མཐོང་བ་དོན་ལྡན་དང༌། བྱུར་ཆུང་གི་སློབ་རྒྱུད། མཆོག་རབ་པ་དང། རུ་གཡོན་པ་རྣམས། འགྲོ་མགོན་རས་ཆེན་གྱི་སློབ་རྒྱུད། བཅུ་གཉིས་སྐོར་བ་སྔགས་སྡེ་ཆེན་པོ་རྣམས། རྩང་བཞེར་གྱི་གྲ་ལེབ། བྲའི་རྒྱུད་ནས། ཁྲམ་བེན་གྱི་གསང་ཐུན། རུ་དྲང་ནས། དགེ་དགོས་ཀྱི་གྲ་ལེབ། མ་བཞིའི་ཙིཎྜ། ཤལ་ཆུ་རྒྱུད་ནས། ཤ་ལ། སྟ་གོས་ཀྱི་སྔགས་སྡེ། ཁིང་བན་གྱི་བཅུ་ཕུན། རག་སོའི་མདོག །གཏོ་མའི་རྒྱ་སྤུན། ནག་སྐེ་རིག་བཅུ་བཞི་སྤུན། མགོ་སྔོན་གྱི་གྲ་ཆུང༌། རྫལ་གངས་དཀར་གྱི་སྔགས་སྡེ། འདོབ་ས་ནག་གི་སུམ་བཅུ་སྤུན། གཞན་ཡང་གདན་ས་ཆེན་པོ་
དཔལ་གྱི་གནས་སྒོའི་ནང་སོ་བཅུ་གཉིས་དང༌། མཁན་པོ་བཞིའི་ ༼སྡེ་མོ་མཁན་པོ། སྟག་ཚ་མཁན་པོ། བདེ་ཚ་མཁན་པོ། ཤེས་པ་མཁན་པོ།༽ རྒྱུད་པ་རྣམས་དང༌། སྒྲུབ་གནས་ཆེན་པོ་སྤུངས་རི། འདམ་ཆེན་རྩེ་ར། དགེ་བསྙེན་ཆེན་པོ་བྱང་ཆུབ་ཀྱི་དགེ་བ། འབོ་སྟེ། སྤང་ཀྲ། རྫས་ཀྱི་གངས་དཀར་མཆེད་གསུམ། དཔལ་གྱི་སྤང་ཕུག་རྣམས་སུ་ཞབས་ཀྱིས་བཅགས་ཤིང་དེ་དག་གི་ལྷ་སྡེ་མི་སྡེ་རྣམས་ལ་ཆོས་དང་ཟང་ཟིང་གི་སྒོ་ནས་ཚིམས་པར་མཛད་ནས། ཀརྨ་སིདྷུ་པས་ཅི་ལྟར་ཞུས་པ་ལ་དགོངས་ནས། ཟླ་བ་བཅུའི་ཚེས་གྲངས་བཟང་པོ་ལ་ཀརྨ་ཕྱོགས་སུ་སྒར་བཏེག །དེ་ནས་ཨཱརྱ་གླིང་པ་བླ་མ་ཐར་པ་དཔལ་གྱིས་གདན་དྲངས་པའི་ལམ་བཞག་སར་ནས་མཛད་ནས། མཚོ་ཁར་ཕྱགས་ཕེབས། འབུལ་ཆེན་གྱི་ཉིན་དང༌། རས་ཕུད་ཀྱི་ཉིན་མེ་ཏོག་གི་ཆར་བབ། རྟ་ལོའི་ལོ་སར་མཛད། དེར་དཔོན་རྒན་ཡེ་ཤེས་ཀྱི་ཐང་སྐུ། གྲགས་རྒྱལ་གྱི་ཕྱག་དྲུག་པའི་ཐང་སྐུ། དཀོན་མཆོག་རྒྱ་མཚོའི་དྲུང་གི་ཐང་སྐུ།
དབོན་བཀྲ་ཤིས་ཀྱི་ཕག་མོའི་ཐང་སྐུ། ཡེ་རིམ་གྱི་མགོན་པོའི་ཐང་སྐུ་རྣམས་ལ་ཕྱག་ནས་མང་དུ་ཟུག །དེ་ནས་གཞག་གསར་རྙིང་གི་ཕྱི་ནང་གི་འཁྲུག་རྩོད་ཆེན་པོ་རྣམས་ཞལ་ད་གནང་སྦྱིན་གྱི་སྒོ་ནས་སྨིན་པར་མཛད། དེ་ནས་ཁྲོམ་སྤྱི་ཐོག་ཏུ་ཕེབས། ཁྲོམ་ཁྲི་དཔོན་ཁུ་དབོན་རྣམས་དང༌། ཀ་ཐོག་པ་ཡོན་མཆོད་ཀྱིས་མཆོད་སྤྲིན་རྒྱ་མཚོ་ལྟ་བུས་མཆོད། སྦྲུལ་ལྕེ་རྣམ་རྒྱལ་སྟེང་དུ། གཟིམ་དཔོན་པའི་ཨོ་རྒྱན་གྱི་ཐང་སྐུ་དང༌། བདེ་ལེགས་ཀྱི་བཀའ་བརྒྱུད་ཐང་སྐུ་རྣམས་ལ་ཕྱག་ནས་མང་དུ་ཟུག །དེ་ནས་རི་ཐོ་བཀྲ་ཤིས་རྣམ་རྒྱལ་བའི་ཆོས་རྫོང་དུ་གདན་དྲངས། དེར་དགེ་འདུན་པ་རྣམས་ལ་ཆོས་གསུང་པའི་དུས་མེ་ཏོག་གི་ཆར་བབས། དགེ་འདུན་པ་རྣམས་ལ་བཅའ་བ་ཆོས་ཁྲིམས་དང་ཟང་ཟིང་གིས་ཚིམ་པར་མཛད། སྟག་མགོ་བྱང་ཆུབ་གླིང་དུ་བསྒྲུབ་པ་མང་དུ་བཞག །དེ་ནས་གཏེར་ཕྱགས་ཕེབས་པའི་དུས། ཇོ་ལྷ་ནང་དུ་སྤྲུལ་པའི་སྐུ་མཆོག་ཞྭ་དམར་བ་དང༌། གླིང་ཙན་ཤན་དབང་མཇལ་བའི་དུས་སུ།
མེ་ཏོག་གི་ཆར་བབས། འཇའི་གུར་ཕུབ། དེ་ནས་ཤུག་ཤིང་ཐང་དུ་ཕྱགས་ཕེབས། གཟིམ་དཔོན་པའི་མཐོང་གྲོལ་དཔེའུ་རིས་ལ་ཕྱག་ནས་མང་དུ་ཟུག །ཆིབས་པ་ལྷུན་གྲུབ་འདས་པ་ལ། ནམ་མཁའ་འཇའ་དང་འོད་ཀྱིས་གང༌། སོ་ལ་དུང་བྱོན་པ། མཆིན་པ་དང་ཤ་རུས་ལ། ཨ་དང༌། རིང་བསྲེལ་མང་དུ་བྱོན། དེ་ནས་ཐོང་ཆེས་གྲའི་ཏིའོ་ཆེར་གདན་དྲངས། འབུལ་བ་ཞབས་ཏོག་ཕུན་སུམ་ཚོགས་པས་མཆོད་དེ། ཞལ་མཐོང་གསུང་ཐོས་ཀྱིས་ཚིམ་པར་མཛད། བྲག་རྒྱ་དགོན་དུ་ཕྱག་ནས་མཛད་པའི་དུས་སུ། ནམ་མཁའ་འཇའ་འོད་ཀྱིས་གང༌། སླར་ཡང་ཏྲེ་ཤོད་དུ་ཕྱགས་ཕེབས། རྗེ་དུས་གསུམ་མཁྱེན་པའི་སྒྲུབ་གནས་ལྷ་མོ་ཕུག་ཏུ་བྱོན་ནས། དེའི་དུས་སུ་མེ་ཏོག་གི་ཆར་བབ། ནམ་མཁའ་འཇའ་འོད་ཀྱིས་གང༌། ཐོད་པ་སྐམ་རློན་གྱི་གུར་དང་བཅས་པ་གཟིགས་ནས། བསྟོད་པ་མཛད་པ་ནི། ཐོག་མར་གྱུར་ནས་བྱང་ཆུབ་ཏུ་ནི་ཐུགས་བསྐྱེད་ནས། །ཕྱོགས་བཅུའི་ཞིང་རྣམས་མ་ལུས་པ་ནི་
སངས་རྒྱས་ཚུལ། །བྱང་ཆུབ་སེམས་དང་རང་རྒྱལ་ཉན་ཐོས་ཆེ་རྣམས་དང༌། །མཆོག་དང་མཆོག་མིན་སྐྱེ་དགུ་ཀུན་གྱི་གཉེན་གྱུར་གང༌། །དུས་གསུམ་བླ་མ་ཤེས་བྱ་ཀུན་མཁྱེན་དེ་ལ་འདུད། །ཐུབ་བསྟན་རིན་ཆེན་ཁུར་རྣམས་མ་ལུས་པ། །གཅིག་པུར་འཛིན་པ་རིང་ནས་གཤེགས་མཛད་གང༌། །ལྷུམས་སུ་རྫུ་ཕྲུལ་ཆེན་པོ་དང་བཅས་པར། །བལྟམས་ནས་དབུས་སྔས་རྡོ་ལ་ཕྱག་དཔུང་མཛེས། །ལྡེམ་བུའི་སྟོབས་ཀྱིས་ཕྱུགས་ཀྱི་རྫིའུ་མཛད། །དམ་པའི་ཆོས་ཀྱི་རྒྱལ་པོ་ཁྱོད་ཉིད་ལ། །དམ་ཅན་ཆོས་སྐྱོང་ཚོགས་རྣམས་དེར་འདུས་ཤིང༌། །བཀའ་བཞིན་སྒྲུབ་པས་བྲན་དུ་འཁོལ་བ་འགྱུར། །ཁྱད་པར་དཔལ་ལྡན་ལྷ་མོ་ཆེན་མོ་ནི། །ཕྲིན་ལས་སྒྲུབ་ཚེ་ཁྱོད་ཉིད་བཞུགས་པ་ཡི། །རྡོ་དཀར་ཐོད་སྐམ་བརྩིགས་པ་ལས་ཐོན་པ། །བྲག་རི་མཚོན་ཆའི་ཚོགས་རྣམས་གཤིབ་པ་ལྟའི། །རབ་ཏུ་རྣོ་བའི་རྩེ་མོ་གདེངས་པ་ཅན། །ཤིན་ཏུ་མཐོ་བར་མངོན་པར་གཟས་པ་བཞིན། །ཁ་གཅིག་འབར་བའི་ཕྲེང་བ་དཀྲིག་པ་ཡི། །དུ་
བའི་ཚོགས་རྣམས་གྱེན་དུ་ལྷག་པ་བཞིན། །རུས་པའི་ཕྲེང་འདྲ་རྡོ་བ་དང་འགྲོག་པའི། །ཆུ་སྒྲ་དྲག་པོ་སྔགས་ཀྱི་སྒྲ་འབྱིན་ཅིང༌། །འཇིགས་རུང་ཕོ་ཉའི་ཚོགས་ཀུན་རྒྱུ་བྱེད་པའི། །དཔལ་ལྡན་ཁྱོད་ཀྱི་བསྟན་པ་སྲུང་སླད་དུ། །ལྷ་མོ་དཔོན་གཡོག་གནས་འདིར་བརྟན་པར་བཞུགས། །གང་གིས་གནས་འདི་མཐོང་ཐོས་དྲན་གྱུར་ཀྱང༌། །དོན་དང་ལྡན་མོད་སྐལ་ལྡན་དྭང་བ་སྐྱེད། །གང་ཞིག་ཆོས་ཀྱི་ཚུལ་བཟང་མང་ཐོས་ཤིང༌། །ཆོས་རྗེའི་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་པའི། །དྭང་བའི་ཡིད་ཅན་ལྷག་བསམ་སྐྱེས་གང་དེས། །གནས་འདི་བསྟེན་ན་ཡོན་ཏན་ཀུན་འཕེལ་ཏེ། །མ་སྒྲུབ་པར་ཡང་དཔལ་ལྡན་ལྷ་མོ་ཡིས། །སྐྱོབ་པར་མཛད་ཅེས་རིང་མོར་ཚད་མ་ཡིས། །ཤིན་ཏུ་གྲགས་པའི་རྔ་སྒྲས་ཡིད་དྲངས་སོ། ། བྷྱོ། ཁྱོད་ཀྱི་རང་བཞིན་གདོད་ནས་རྣམ་དག་ཀྱང༌། །སྒྱུ་མའི་ཚུལ་གྱིས་སྙིང་རྗེའི་སྐུར་སྟོན་པ། །དུས་གསུམ་རྒྱལ་བའི་བསྟན་པ་སྲུང་མཛད་མ། །ཁམས་གསུམ་བདུད་འདུལ་ཁྱོད་ལ་ཕྱག་འཚལ་ལོ། །
ཁྱོད་ཀྱི་ཆོ་འཕྲུལ་མཐའ་ཡས་དུ་མ་ཡིས། །སྐུ་གསུང་ཐུགས་ལ་སྤྲུལ་པ་གྲངས་མེད་འགྱེད། །ཐོགས་མེད་རྫུ་འཕྲུལ་མྱུར་མགྱོགས་ལྡན་པ་ཡི། །ཕྱོགས་བཅུའི་བདེར་གཤེགས་བསྟན་ལ་བྱ་ར་མཛོད། །ཐུགས་རྗེའི་ཐབས་ཀྱིས་གདུག་པ་འདུལ་མཛད་མ། །ནག་མོ་སྤྲུལ་པ་འགྱེད་ལ་ཕྱག་འཚལ་ལོ། །སྤྱན་གསུམ་གཟིགས་པས་ལེགས་ཉེས་ཀུན་གཟིགས་ནས། །སྨོན་ལམ་དབང་གིས་གདུག་པའི་སྐུར་སྟོན་པ། །དུས་གསུམ་མཁྱེན་པའི་བཀའ་བཞིན་ཕྲིན་ལས་སྒྲུབས། །འཁོར་བའི་མཐའ་མར་མི་ནུབ་བསྟན་སྲུང་མཛད། །བསྟན་སྲུང་རྒྱལ་མོ་ཁྱོད་ལ་ཕྱག་འཚལ་ལོ། །དེ་ལྟར་ཁྱོད་ལ་ཕྱག་འཚལ་བསྟོད་པ་ཡིས། །དཔལ་ཆེན་རྣམས་ཀྱི་བཀའ་དང་དམ་ཚིག་ལྟར། །ས་གསུམ་རྒྱལ་མོས་བསྟན་པའི་དཔལ་རྒྱས་མཛོད། །དེ་ལྟར་བསྟོད་ཚིག་ལེགས་སྤྱད་མ་གྱུར་ཀྱང༌། །གུས་པས་བསྟོད་ལ་དགའ་བ་འཕེལ་ཕྱིར་བཀོད། །ཅེས་པ་སྲིད་པ་གསུམ་གྱི་མགོན་དུ་གྱུར་པ་ཆོས་ཀྱི་རྗེ། དཔལ་དུས་གསུམ་མཁྱེན་པའི་རྣམ་པར་
ཐར་པ། ཉིད་ཀྱི་ཕྲིན་ལས་ཀྱི་གདན་ས་ཆེན་པོ་ཀྲེ་ཤོད་ཀཾ་ཁྱིམ། ལྷ་མོ་རང་བྱུང་རྒྱལ་མོའི་ཕུག་པ་ལ་བསྟོད་པ། དེ་ཉིད་ཀྱི་རྒྱུད་འཛིན་སློབ་མར་མོས་པ། ཆོས་གྲགས་རྒྱ་མཚོས་ཀྲེ་ཤོད་ཀཾ་ཁྱིམ་སྒང་དུ་བྲིས་པའོ། །དེ་ནས་རིམ་གྱིས་ཀརྨ་ན་ཕེབས་ཏེ་ལྷ་ཆེན་བཞེངས་ནས་རབ་གནས་ཀྱི་ཉིན་མེ་ཏོག་གི་ཆར་བབས། འཇའི་ཀ་བ་ཟུག །ཕྱག་ནས་མཛད་པའི་དུས། བསྟན་པའི་གཙོ་བོ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཐིམ་པ་དང༌། ལྷ་སོགས་འཇིག་རྟེན་སྐྱོང་བ་རྣམས་ཀྱིས་མཆོད་པ་དང༌། རྒྱལ་པོ་ཆེན་པོ་དཔལ་ལྡན་ཤེས་རབ་ཀྱིས་སྦྱིན་བདག་བྱེད་པ་རྣམས་གཟིགས། དེ་ནས་དབུས་ཕྱོགས་སུ་བཀྱག་ནས་ཕེབས་པའི་ལམ་ལ། འདམ་དུ། རྒྱལ་ཆེན་བཅོ་བརྒྱད་མཇལ་བྱུང་བར་གཟིགས། དེ་ནས་འབའ་རོམ་ཆེན་པོའི་ཞབ་རྗེས་ཀྱི་གནས་སྒོ་ཕྱེས་པ། འདམ་གཞུང་དུ་ཡོར་བ་དགོན་བཏབ་པའི་རྨང་བཞག་ཉིན། དགུན་འབྲུག་གྲག་པ་དང༌། མེ་ཏོག་གི་ཆར་བབ་པ། དེར་སྐུ་
མཚམས་ལ་བཞུགས་པའི་དུས། རྗེ་བཙུན་བྱམས་པ་དང་འཇམ་དབྱངས་སྣང་བ་ཞལ་གཟིགས། ཆར་པ་བབས། ཆོས་གསུང་པའི་དུས་སུ་ཉིན་གཅིག་ནས་ཀྱི་ཆར་པ་མང་དུ་བབས། སྔོན་མེད་པར་ཆུ་མིག་གསར་དུ་རྡོལ། དེ་ནས་མཚུར་ཕུར་ཕེབས་ནས། ལྷ་ཆེན་འཛམ་གླིང་རྒྱན་གྱི་ཞིག་གསོ་དང་རབ་གནས་མཛད་པའི་དུས་སུ། མེ་ཏོག་གི་ཆར་པ་རྒྱུན་པར་བབས། ལྷ་ཆེན་འཛམ་གླིང་རྒྱན་ལ་བསྟན་པའི་གཙོ་བོ་སོགས་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ཐིམ་པའི་ཉམས་སྣང་བྱུང་གསུངས། དེར་སྐུ་མཚམས་ལ་བཞུགས་པའི་དུས་ཉིན་གཅིག་འཇམ་དབྱངས་དཀར་པོ་གཟིགས། དེ་ནས་ལྷ་སར་ཕེབས་པའི་ལམ་སྒྱེའོ་ན་ཁར་སྣེའུ་ནང་སོ་སྐུ་མཆེད་དཔོན་གཡོག་རྣམས་རྒྱལ་ཆས་དཔག་ཏུ་མེད་པ་དང་བཅས་ནས། བསུ་བ་ལ་བྱུང༌། དེ་ནས་ཡང་མཚུར་ཕུར་ཕེབས་པའི་དུས། གོང་མ་ཆེན་པོའི་གསེར་ཡིག་པ་ཆིང་སྲི་དུ་གང་སོགས་ཀྱིས་ལུང་གནང་སྦྱིན་དཔག་ཏུ་མེད་པ་ཕུལ། དེ་ནས་ལྷ་སར་ཕེབས་པའི་
ཉིན་པར། མི་རིགས་མི་གཅིག་པ་མང་པོ་སོགས་ཁྲོམ་དཔག་ཏུ་མེད་པས་བསུ་བ་དང་བཅས་ཏེ་ཕེབས། བཅོ་ལྔའི་ཉིན། ཇོ་བོ་རིན་པོ་ཆེ་ལ་མུ་ཏིག་གི་སྣམ་སྦྱར། མི་བསྐྱོད་རྡོ་རྗེ་ལ་སྣམ་སྦྱར་གསེར་མ་རྣམས་གསོལ་ནས། སྨོན་ལམ་བཏབ་པའི་ཉིན་པར་མེ་ཏོག་གི་ཆར་མང་དུ་བབ་ཅིང༌། ཇོ་ཤག་རྣམ་གཉིས་སོགས་ལ་སངས་རྒྱས་སོགས་ཀྱི་སྣང་བ་བྱུང་ཞིང༌། གཞན་ཡང་ངོ་མཚར་བའི་ལྟས་མང་དུ་བྱུང༌། གཉན་ཆེན་ཐང་ལའི་ཞོལ་དུ་བཞུགས་པའི་དུས། ཆོས་འཁོར་རིམ་པ་གསུམ་དང༌། མཐུན་པའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་སྣེབ་ལུང་དགོན་དུ་ཕེབས། དགོན་པ་ཕུལ་ཞིང་རབ་གནས་མཛད་པས་གནས་གཞི་སོགས་སུ་ཕེལ་བ་བྱུང་ཟེར། དེ་ནས་འདམ་ཅོག་རྩེ་ལ་ཁ་ནས་རྒྱ་བོད་ཀྱི་དོན་དུ་གསེར་ཡིག་པ་རྣམས་གོང་དུ་མངགས། དེ་ནས་གནམ་མཚོའི་དོ་སྐོར་ལ་བྱོན་པའི་དུས། བཀྲ་ཤིས་དོ་བོ་ཆེ་ན། རྡོ་རྗེ་འཆང༌། ཏཻ་ལོ་ནཱ་རོ་སོགས་བཀའ་བརྒྱུད་བླ་མ་རྣམས་གཟིགས། དེ་ནས་བྱང་
ར་སྒྲེང་དུ་ཕེབས། དེའི་དུས་སུ་ཇོའོ་རྗེ། འབྲོམ་སྟོན་པ་ཡབ་སྲས་རྣམས་གཟིགས། དེར་བྲག་སེངྒེའི་སྒང་དུ་སྒྲུབ་སྡེ་བཏབ། ཡང་དེར་ར་སྒྲེང་གི་བཀའ་སྲུང་ལང་ཀ་མགྲིན་བཅུ་གཟིགས། དེ་ནས་ཇོ་མོ་གངས་སུ་ཕེབས་པའི་ལམ་བསིལ་སྣར། ཇོ་མོ་གངས་དཀར་མས་བསུ་བ་དང་ཆུའི་མཆོད་པ་ཕུལ། དེ་ནས་འབྲོང་བུ་དགོན་རྙིང་དུ་སྔགས་པ་གཅིག་གི་ཐང་སྐུ་དང་གསུང་རབ་ལ་ཕྱག་ནས་མཛད་པས། ཕྱག་ནས་རྣམས་ལ་རིང་བསྲེལ་མང་དུ་བྱུང༌། དེ་ནས་ལྷ་ཕུ་གངས་ཀྱི་ར་བར་ཕེབས། གསེར་འབུམ་ཕུག་ཏུ་དབེན་པ་དང༌། ཆོས་འདོད་པ་རྣམས་ལ་ཆོས་ལུང་དམར་བ་བྱུང་ཞིང༌། ཕུ་ཆོས་འབྱུང་སྟེང་གི་གནས་སྒོ་ཕྱེས། སངས་རྒྱས་བྱང་སེམས་དང་བཀའ་བརྒྱུད་བླ་མ་རྣམས་རྒྱུན་དུ་ཞལ་གཟིགས། དེ་ནས་གྱད་གཉེར་གྱིས་གདན་དྲངས་པའི་དུས། ཡོ་ཆག་མཚོ་སྨན་སྦྲུལ་གྱི་རྒྱན་ཅན་བྱུང༌། དེ་ནས་རྒྱ་མཚོར་ཕེབས། རྒྱ་མཚོའི་ལྷ་ཁང་ལ་ཕྱག་ནས་མཛད་པས། ནས་མང་དུ་ཟུག །ནང་གི་བར་སྣང་རྟེན་མེད་
དུ་ནས་འབྲུ་ཟླ་བ་གཅིག་ཙམ་སྡོད་པ་བྱུང༌། དེ་ནས་རྩང་གི་སྟག་སྣར་རྒྱང་རིང་པོ་ནས་ཕྱག་ནས་མཛད་པ་སྟག་སྣ་རྫོང་ནང་དུ་བསླེབས། དེ་ནས་འུ་ཡུག་ཏུ་དྲུང་པ་ཞྭ་དམར་བས་མགོ་བྱས་སྐྱ་སེར་རྣམས་ལ་མདོ་སྡེ་ལས་བརྒྱ་བ་སོགས་ལུང་གནང་བའི་དུས་སུ། མེ་ཏོག་གི་ཆར་རྒྱུན་པར་བབ་པ། དེར་སྣེ་གདོང་རྩེ་ནས་སྤྱན་སྔ་རིན་པོ་ཆེ་པ་སོགས་ཀྱིས་གདན་འདྲེན་པ་རྒྱུན་པར་སླེབས། དེ་ནས་ཇོ་མོ་གངས་སུ་མཚམས་མཛད་པའི་དུས། གངས་དཀར་མས་ཀ་པཱ་ལ་བདུད་རྩིས་གང་བ་བཟུང་ནས་མཇལ་བ་དང༌། ཡང་དེར་རྡོ་རྗེ་འཆང་སོགས་བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས། དེ་ནས་རྩང་ཟབ་ཕུ་ལུང་གི་གཏེར་ལུང་དང་མཇལ་བའི་དུས་སུ། གཏེར་བདག་ཕལ་ཆེར་ངོས་ཟིན་པ་དང་ཁྱད་པར་དུ། རྡོ་རིལ་བུ་ཆུང་ཆུང་གི་སྟེང་དུ་ཕ་འོང་ཆེན་པོ་བརྩིགས་པ་གཅིག་རྙེད་པ་དང༌། བྲག་རི་ལ་སློབ་དཔོན་པདྨའི་སྐུ་རང་བྱོན་ཞལ་ཕྱེས། དེར་བཞུགས་རིང་ལ་སློན་དཔོན་པདྨ་རྒྱུན་པར་གཟིགས། དེར་
ཕ་འོང་གཡུ་ལེབ་མའི་སྟེང་དུ་གཟིམ་ཁང་དང་ཆོས་ཁང་སྒྲུབ་སྡེ་བཞི་བཙུག །དེ་ནས་གཞུ་གྲུ་བཞིར་ཕེབས། མཁའ་འགྲོ་ཕུག་ཏུ་ཕྱག་ནས་གནང་བ། རྗེ་དུས་གསུམ་མཁྱེན་པའི་སྐུའི་ཐུགས་ཀར་ནས་ཟུག་པ་ལ་ཟླ་བ་གཅིག་གཉིས་ལས་མ་བྲུལ་བ་བྱུང༌། དེ་ནས་ཡང་མཚུར་ཕུར་ཕེབས། དེའི་དུས་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན། དཔལ་ལྷ་མོ་ལྕགས་ཕུར་བདུན་མ་འཁོར་དང་བཅས་པ་ཞལ་གཟིགས། དེར་མདོ་སྔགས་ཀྱི་བཤད་ཉན་གྱི་གྲྭ་བ་གསར་དུ་བཙུགས། དེ་ནས་དབུ་སྟོད་ཁྲ་བ་ཁར་ཕེབས་དུས། འབྲི་གུང་ཆོས་རྗེ་སྐུ་མཆེད་མཇལ་བ་ལ་ཕེབས་ནས། འབུལ་བ་མཆོད་སྤྲིན་དཔག་ཏུ་མེད་པ་ཕུལ། བཀའ་བརྒྱུད་ཀྱི་ཆོས་སྐོར་རྣམས་མང་དུ་གནང༌། དེའི་ཚེ་མེ་ཏོག་གི་ཆར་རྒྱུན་དུ་བབས། ཁྲ་བ་ཁ་དགོན་ལག་དང་བཅས་པ་དཀར་ལེབ་བྲག་དམར་རྫོང་བྲམ་སོགས་ཀྱི་བདག་རྐྱེན་མཛད་ནས་སྒྲུབ་སྡེ་མང་དུ་བཙུགས། དེ་ནས་འདམ་ཅོག་རྩེ་ལ་ཁར་དྲུང་པ་ཞྭ་དམར་བ་དཔོན་སློབ་རྣམས་སྣེ་གདོང་རྩེའི་
གདན་འདྲེན་ལ་ཕེབས་པ་ལ། ཕེབས་པའི་ཞལ་བཞེས་གནང་ནས་ལྷ་ས་ནས་རྒྱུད་དེ། སྙེ་ཐང་འོར་དུ་ཇོའོ་རྗེའི་གསོལ་ལྷུང་ཞལ་གཟིགས། ཐང་སྐུ་སོགས་དང་མཇལ་བའི་ཚེ། ཇོ་བོ་རྗེ་དང༌། བྱམས་པ་འཇམ་དབྱངས་སེར་པོ་རྣམས་ཞལ་གཟིགས། འོན་འཇང་རྡོར་མངའ་བདག་ཁྲི་རལ་གྱི་དུས་དྲན་པའི་གསལ་སྣང་བྱུང༌། དེ་ནས་ཀྱིད་མོ་ཤོང་ནས་སྤྲེལ་ཞིང་གི་གནས་མཇལ་བའི་ཉིན་པར། རྗེ་མར་པ་ལོ་ཙཱ། རྗེ་མི་ལ་རས་པ། རྔོགས་ཆོས་ཀྱི་རྡོ་རྗེ་རྣམས་ཞལ་གཟིགས། དེ་ནས་དོལ་པས་གདན་དྲངས་ནས་ལྷའི་ལོངས་སྤྱོད་ལྟ་བུའི་མདུན་བསུ་དང༌། འབུལ་ཞབས་དཔག་ཏུ་མེད་པ་བྱས། དེར་སྣེ་གདོང་རྩེའི་ཇ་འདྲེན་ཐུང་བ་སླེབས། དེ་ནས་སྣེ་གདོང་རྩེར་བཀྱག་པའི་ལམ་སྐྱི་བདེ་ཕུག་ཏུ་སྤྱན་སྔ་རིན་པོ་ཆེ་དཔོན་སློབ་རྣམས་འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུའི་རྒྱལ་ཆས་དཔག་ཏུ་མེད་པའི་མདུན་བསུ་དང་ཐབ་འཛིན་ལ་ཕེབས་འབྱུང༌། དེ་ནས་སྣེ་གདོང་རྩེར་ཟླ་བ་གཅིག་ལྷག་ཙམ་དུ། སྣེ་གདོང་རྩེ་
ནས་འབུལ་ཞབས་དཔག་ཏུ་མེད་པ་བྱས་ཤིང༌། སྤྱན་མངའ་རིན་པོ་ཆེ་དཔོན་སློབ་ཀྱིས་ཀྱང་ཆོས་དྲུག་གི་ཁྲིད། མདོ་མང་གི་ལུང་གསན་ཅིང༌། ཆོས་གྲྭ་ཆེན་པོ་རྩེས་ཐང་གི་དགེ་འདུན་པ་རྣམས་ཀྱིས་ཀྱང་དེར་བཞུགས་རིང་མདོ་མང་གི་ལུང་ལ་སོགས་རྒྱུན་པར་ཞུས། དེའི་ཚེ་ལ་ཉིན་ཕལ་ཆེར་དུ་མེ་ཏོག་གི་ཆར་བབས། ཁྱད་པར་རྩིས་ཐང་དུ་གདན་དྲངས་ཉིན། སྤྱན་མངའ་རིན་པོ་ཆེ་དཔོན་སློབ་ཀྱིས་གཙོ་བྱས། དགེ་འདུན་པ་སྟོང་ཕྲག་བརྒྱད་དགུ་ཙམ་ལ་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་བཤད་པ་མཛད་པ་ལ་ནམ་མཁའ་དང་ཞིང༌། མེ་ཏོག་གི་ཆར་སོགས་ལྟས་ཡ་མཚན་ཅན་དཔག་ཏུ་མེད་པ་རྣམས་བྱུང༌། དེ་ནས་ཆོང་རྒྱལ་སྟག་རྩེ་བས་གདན་དྲངས། སྣེ་གདོང་ནས་བཏེག་པའི་ཉིན། སྤྱན་མངའ་རིན་པོ་ཆེའི་དྲུང་སྐོར་རྒྱལ་ཆས་དཔག་ཏུ་མེད་པ་དང་ཐེས་རྩེས་ཐང་གི་མཁན་སློབ་ཆོས་གསུམ་ཆེན་པོ་རྣམས་སོགས་སྟོང་ཕྲག་ལྷག་ཙམ་གྱིས་སྐྱེལ་ཐུང་མཛད། ཁྲ་འབྲུག་ཏུ་གུང་ཚིགས་ཞུས། རྟེན་གསུམ་རྣམས་དང་མཇལ་
ཞིང༌། ཁྱད་པར་དུ་རྒྱལ་བློན་རྣམས་ཀྱི་སྐུ་དང་མཇལ་བའི་དུས། སྔར་གྱི་རྒྱལ་བློན་རྣམས་ཀྱི་དུས་དྲན་པ་ལྟ་བུའི་གསལ་སྣང་བྱུང་གསུང༌། དེ་ནས་སྟག་རྩེར་ཞག་བདུན་གྱི་བར་འབུལ་ཞབས་དཔག་ཏུ་མེད་པ་བྱས་ཤིང༌། དགོན་རི་བོ་བདེ་ནས་ཕྱག་ནས་མཛད་པ། སྟག་རྩེའི་རྫོང་དུ་ཕེབས། དེ་ནས་བསམ་བདེ་བས་གདན་དྲངས། འབུལ་ཞབས་དཔག་ཏུ་མེད་པ་བྱས་ཤིང༌། དེ་ནས་ཤམས་པོ་གངས་སུ་དབེན་པ་མཛད་པའི་དུས་སུ། སངས་རྒྱས་བཅོམ་ལྡན་འདས་ཞལ་གཟིགས། གཞན་ཡང་བཀའ་བརྒྱུད་རིན་པོ་ཆེ་རྣམས་དུས་རྒྱུན་པར་ཞལ་གཟིགས། དེ་ནས་བྱར་པ་ཁྲི་དཔོན་པས་གཡེ་སྙལ་དུ་གདན་དྲངས། ཁྲི་དཔོན་པ་དཔོན་གཡོག་ཡ་རྩེར་ཇ་འདྲེན་ལ་སླེབས་བྱུང༌། བསམ་བདེ་བ་དང་བྱར་པ་གཉིས་ཀྱི་སྡེ་འཁྲུག་ཆེན་མོ་རྣམས་ཞག་གསུམ་གྱི་ནང་དུ་མདུན་ཆེན་རྟིང་གཙང་བར་མཛད། དེ་ནས་ཁྲི་དཔོན་པ་དཔོན་གཡོག་གིས་མདུན་བསུའི་རིགས་མི་གཅིག་པ་ལྷའི་དབང་པོ་རྒྱ་བྱིན་ལྟ་བུའི་ཁྲོམ་མི་
སྣ་རིགས་མི་གཅིག་པ་ཁྲི་ཕྲག་གཉིས་གསུམ་གྱིས་མདུན་བསུ་བྱས་ནས་ཆོས་རྒྱལ་ལྷུན་པོར་ཕེབས། དེར་ལོ་ངོ་གཅིག་གི་རིང་ལ་ཞབས་ཏོག་རྒྱུན་ལྡན་བྱས་ཤིང༌། འབུལ་བ་དང་པོ་ཆོས་འཁོར་ལྷུན་པོའི་དགོན་པ་ལྷ་ཆེན་གཙུག་ལག་ཁང༌། མཆོད་རྟེན་ཆེན་མོ་སོགས་ཕུལ་ཞིང༌། གཞན་ཡང་ཞག་ལྔ་དྲུག་རེའི་ནང་དུ་འབུལ་ཆེན་རེ་བྱས་ཤིང༌། ཁྲི་དཔོན་པའི་སྲས་བུ་གཙོ་བྱས་རྒྱལ་སྲིད་ཐམས་ཅད་ཕུལ། དེར་རྟེན་གྷནྡྷོ་ལའི་རྟེན་མཇལ་གྱི་ཉིན། མེ་ཏོག་གི་ཆར་ཆེ་བ་ལ་ཐིལ་ཙམ་སོགས་ཕུལ། དེ་ནས་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་ལ་ཞལ་གསེར། སྙན་དར། སངས་རྒྱས་ལ་བསྟོད་པ། སྨོན་ལམ། རྡོ་རྗེ་གདན་གྱི་སྒོ་ཡིག་སྦྱར་རྒྱུ་རྣམས་འཛོ་ཀི་ཆི་མེད་མགོན་པོ་ལ་སྐུར། དྭགས་པོ་རིན་པོ་ཆེའི་ངོ་མཐོང་ཕུག་ཏུ་དྭགས་པོ་རིན་པོ་ཆེའི་ཞལ་གཟིགས། རྗེ་དྭགས་པོ་རིན་པོ་ཆེ་འཁྲུངས་པའི་ཡུལ་བོད་སྙི་ན། གནས་མཇལ་མཛད་པའི་ཉིན་པར་ཡང་རྗེ་དྭགས་པོ་རིན་པོ་ཆེ་ཞལ་གཟིགས། ཡང་དེར་མོན་པ་རྒྱལ་
པོ་དོན་འགྲུབ་རྒྱལ་པོ་སོགས་མང་དུ་སླེབས་ཅིང༌། འབུལ་ཞབས་དཔག་ཏུ་མེད་པ་བྱས་ཤིང༌། ཇོ་བོ་དོན་གྲུབ་ཀྱི་སྲས་གྲྭ་པ་ལ་ཕུལ་ནས། མོན་དུ་གཙུག་ལག་ཁང་དང་དགོན་པ་བཏབས། གནས་ཆེན་དོམ་ཚང་རོང་གི་བདག་རྐྱེན་མཛད་ནས། སྒྲུབ་སྡེ་བཙུགས་པ་དང་བླ་མའི་བསྐོ་བཞག་མཛད་པས་གནས་ཀྱི་དར་རྒྱས་ཆེ་བ་བྱུང༌། དེ་ནས་ཡར་ལུང་ཕྱོགས་སུ་ཚུར་ལ་བཀྱག་པའི་དུས། ཁྲི་དཔོན་པ་དཔོན་གཡོག་གིས་སྐྱེལ་ཐུང་བྱས། དེ་ནས་ཡར་ཆབ་རྩང་པོ་བརྒལ་ཉིན། སྤྱན་མངའ་རིན་པོ་ཆེ་པ་དཔོན་སློབ་ཀྱིས་ཆུའོ་ཡི་ཕ་རི་ནས། སྒར་ཆེན་གཟིགས་ཙམ་ནས། ཕྱག་འབུལ་དང་བསུ་བ་མཛད། གཞི་བྱེས་ལྷན་དུ་ཟངས་རི་ཁང་དམར་གྱི་གནས་མཇལ་ལ་ཕེབས། དེར་མ་གཅིག་ལབ་སྒྲོན་དང་གཅོད་ཡུལ་བརྒྱུད་པའི་བླ་མ་རྣམས་ཞལ་གཟིགས། དེ་ནས་གདན་ས་ཐིལ་དུ་གདན་དྲངས་ནས། མདུན་བསུ་ལ་རྒྱལ་པོ་ཧུ་ལས་ཕུལ་བའི་ཕན་ཆེན་པོ་བཤམ་པ་སོགས་དཔག་ཏུ་མེད་པ་མཛད་
ཅིང༌། དེར་སྤྱན་མངའ་རིན་པོ་ཆེ་ལ་སོགས་དགེ་འདུན་པ་རྣམས་ལ་འདོད་ཆོས་མཛད་ཅིང༌། དེར་རྗེ་ཕག་མོ་གྲུབ་པ་ཞལ་གཟིགས། དེ་ནས་གཞི་བྱེས་ལྷན་གཅིག་ཏུ་བསམ་ཡས་སུ་ཕེབས། གཙུག་ལག་ཁང་རྣམས་ལ་མཇལ་བའི་ཚེ། སངས་རྒྱས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚོགས་བོདྷི་ས་ཏྭ་རྒྱལ་བློན་རྣམས་ཞལ་གཟིགས། དེའི་ཚེ་ནམ་མཁའ་དྭང་བ་མེ་ཏོག་གི་ཆར་བབ་པ་སོགས་ངོ་མཚར་བའི་ལྟས་ཁྱད་པར་ཅན་རྣམས་བྱུང༌། དེ་ནས་ཡང་ལྷན་གཅིག་ཏུ་མཆིམ་ཕུར་ཕེབས། སྒྲུབ་སྡེ་བཙུག །དེ་ཕྱིན་མཆིམ་ཕུའི་བཀའ་སྲུང་རིག་འཛིན་མ་སོགས་ཀྱིས། སྒྲུབ་སྡེ་ལ་བསམ་ངན་ཡོད་མི་ལ། ཟླ་བ་མི་འགོར་བ་ཆད་པ་བཏང་བ་དང༌། སྒྲུབ་པ་བ་གཞན་དུ་འགྲོ་བ་མི་འོང་བ་བྱུང༌། དེར་སློབ་དཔོན་པདྨ། བོདྷི་ས་ཏྭ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན། བློན་འབངས་ཉི་ཤུ་རྩ་ལྔ་ལ་སོགས་པ་རྣམས་ཞལ་གཟིགས། དེ་ནས་ཡར་བཏེག་འཕྲང་ཕུ་སེང་གེ་སྒང་པས་རྡོ་རྗེ་བྲག་རྩའི་དགོན་པ་ཕུལ། དེ་ནས་
ལྷ་སར་ཕེབས་པའི་དུས་སུ། རིན་དཔུང་ནང་སོ་དོན་ཡོད་རྡོ་རྗེས་ཆུ་ཤུལ་ལྷུན་པོ་རྩེར་ཕྱག་ནས་ཞུས་པ་ལྷ་ས་ནས་ལྷུན་པོ་རྩེའི་རྫོང་ནང་དུ་སླེབས། དོན་ཡོད་པས་ནས་ཐམས་ཅད་ཐུམ་པོ་བྱས་ནས་ཕྱོགས་སུ་བཀྱེས་ཟེར། དེ་ནས་སྟོད་ཕྱོགས་སུ་ཕེབས་པའི་དུས། མི་མ་ཡིན་གྱི་ཆོ་འཕྲུལ་རླུང་འཚུབ་ཆེན་པོ་སྒར་གྱི་ཕྱོགས་བཞི་ནས་རྒྱབ་པ་དང༌། དགུན་དཀྱིལ་ཡིན་ཀྱང༌། རླུང་འཚུབ་ཀྱི་ནང་དུ་ཐོག་སྒྲ་ཁོལ་བ་སོགས་འཇིགས་སུ་རུང་བ་བྱུང་ཞིང༌། བར་ཆད་ཐམས་ཅད་མྱུར་དུ་ཞི་བར་མཛད། དེ་ནས་འབྲི་ཁུང་བའི་སྡེ་པ་སྟག་རྩེ་བ་སྒོམ་པ་ལ་སོགས་ཀྱིས་འབུལ་ཞབས་དཔག་ཏུ་མེད་པ་བྱས་ཤིང༌། ཁྲོམས་ཀྱང་ཁྲི་ཕྲག་ལྔ་དྲུག་ཚོགས། སྒོམ་པས་ཀྱང་ཆོས་ལུང་མང་དུ་ཞུས་ནས་ཡིད་ཚིམ་པར་བྱས། དེ་ནས་ཁྲ་བ་ཁའི་ཆོས་ཁྲི་ཐང་དུ། དགེ་འདུན་པ་རྣམས་ལ་འདོད་ཆོས་གནང་ཞིང༌། སྐུ་མཚམས་མཛད་པའི་ཚེ། ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན། དཔལ་ལྷ་མོ་རྣམས་ཞལ་གཟིགས། དེ་ནས་འབྲི་ཁུང་ཐིལ་
དུ་བདག་པོ་དབང་བ་དང༌། དབོན་སྐུ་མཆེད་ཁུ་དབོན་རྣམས་ཀྱིས་གདན་དྲངས། ཐག་རིང་པོ་ནས་མདུན་བསུ་ཐབ་འཛིན་ལ་ཁུ་དབོན་རྣམས་ཕེབས། དེ་ནས་འབྲི་གུང་ཐིལ་དུ་དབང་གི་ལས་ཀའི་ཆོས་སྐོར་སྣམ་སྦྱར་གསེར་མ། གོས་ཏ་ཧུང་གི་ཤམ་ཐབ། ཙནྡན་གྱི་ཀ་བེ་ཤུབ་དང་བཅས་པ་སོགས་འབུལ་ཞབས་དཔག་ཏུ་མེད་པ་བྱས་ཞིང༌། ལྷ་ཆེན་གྱི་རབ་གནས་མཛད། དེར་ཆོས་རྗེ་དབང་ཁུ་དབོན་ལ་ཆོས་དྲུག་སོགས་ཀྱི་ཆོས་ལུང་དཔག་མེད་དང༌། ཁྱད་པར་དུ་དབང་ལ་ཕྱག་ཆེན་གྱི་ཉམས་ཁྲིད་སོགས་མཛད། དགེ་འདུན་སྤྱི་ལ་བསྟན་སྙིང་གི་བཤད་པ་གནང་བ་དང༌། མཁན་པོའི་བསྐོ་བཞག་བཅའ་བ་ཆོས་ཁྲིམས་སྡོམ་པ་སོགས་འབྲི་ཁུང་པའི་བསྟན་པ་གཞི་ནས་གསོ་བར་མཛད། དེར་མེ་ཏོག་གི་ཆར་བབ་པ་དང༌། བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས། དེ་ནས་སྟག་བཞེར་རུ་བས་གདན་དྲངས་ནས། སེར་མོ་བ་མི་བཅོམ་པའི་ཁས་ལེན་བྱས་ཞིང༌། དེ་ནས་རིམ་པར་བཏེག་སྟེ་ཤ་ཕོ་གསང་དུ་ཕེབས་པ་
དང༌། མེ་ཉག་གི་ཇ་པ་རྣམས་ཀྱིས་འབུལ་ཞབས་དཔག་མེད་བྱས། དེ་ནས་རིམ་གྱིས་འདམ་གཞུང་དུ་བླ་མ་རིན་པོ་ཆེའི་སྐུ་འབུམ་གྱི་གཙུག་ལག་ཁང་གི་སྟེང་དུ་གསེར་འཕྲུ་འཛུགས་པ། ཡོར་དགོན་ཕུན་ཚོགས་བཀྲ་ཤིས་ལྷུན་པོའི་གླིང་གི་བཅའ་ཁྲིམས་རྣམས་བསྡམས་ནས་ཡར་ལམ་བྲ་བོ་དགོན། བཀྲ་ཤིས་དར་རྒྱས་གླིང་དུ་ཕག་མོའི་སྒྲུབ་མཆོད་འཛུགས་པ་དང་དགོན་པའི་བདག་རྐྱེན་མཛད། དེ་ནས་སྟག་ལུང་ཕོད་མདོར་གདན་དྲངས། ཧོར་ཁང་བ་ཡབ་སྲས། སྟག་ལུང་མཁན་པོས་གཙོ་བྱས། དགེ་འདུན་པ་ཐམས་ཅད་མཇལ་བ་ལ་སླེབས། འབུལ་ཞབས་རྣམས་བྱས། དེར་ཐོར་ནད་པ་བསྡད་པའི་ཤུལ་དང་ནད་པའི་ནང་དུ་ཕེབས་ཀྱང༌། སྒར་ལ་ནད་ཀྱིས་སྐྱོན་མ་བྱུང་ཞིང༌། གཞི་བའི་ནད་ཀྱང་ཆད། དེ་ནས་ཀོང་པོའི་གདན་འདྲེན་པ་རྣམས་བྱུང་ནས་ཀླུང་ཤོད་ནས་རྒྱུད་དེ་ཉང་ཀ་ཕྱོགས་སུ་ཕེབས། རྒྱ་ནང་དུ་བྲ་ཀར་ལྷ་ཆུའི་གནས་བདག་མཛད། སྒྲུབ་སྡེ་བཙུག །དེར་ལྷ་ཆུ་ཁྱད་པར་ཅན་ཡོད་
པ་འབེབ་པ་དང༌། དེར་སློབ་དཔོན་པདྨ་འབྱུང་གནས་ཞལ་གཟིགས། དེ་ནས་ནགས་ཕུར་ཕེབས། དེར་ཚང་སར་བས་ཕུལ་བ་ཆིབས་པ་གྭ་པ་གཅིག་ཤི་བ་ལ་རིང་བསྲེལ་མང་དུ་བྱུང༌། ནགས་མདོའི་གསལ་བ་སྒང་དུ་བྲག་ཕུག་ལ་ཕྱག་ནས་མཛད་པས། ནས་མང་དུ་བྲག་ལ་ཟུག །རྗེ་རང་བྱུང་བའི་གསུང་འབུམ་གྱི་ལུང་མཛད། དེའི་དུས་ནམ་མཁའ་ཤིན་ཏུ་དྭང་བ། མེ་ཏོག་གི་ཆར་བབ་པ་སོགས་ལྟས་ངོ་མཚར་བ་རྣམས་བྱུང༌། དེ་ནས་བྲག་གསུམ་ཕྱོགས་སུ་བཀྱག་ནས། ཞོ་ཁར་ཕན་ཆེན་མོའི་ཕན་ཞལ་གྱི་གཟིགས་མོ་མཛད། དེའི་ཉིན་པར་མེ་ཏོག་གི་ཆར་བབ་པ། འཇའི་གུར་ཕུབ་པ། ངོ་མཚར་ལྟས་ཁྱད་པར་ཅན་རྣམས་བྱུང༌། དེ་ནས་མཚོ་ཆུའི་མདོ་ཆེན་དགོན་པར་ཕེབས། མཚོ་ཆུའི་མི་སྡེ་རྣམས་ཀྱིས་འབུལ་ཞབས་བྱས་ནས་ཞོར་ཁར་ཡང་ཕེབས། དེར་བྲག་གསུམ་པ་ཐམས་ཅད་ཀྱིས་བུ་ཁྲལ་ཕུལ་ནས། ཆོས་སྡེ་བཙུག །དེ་ནས་རིམ་གྱིས་ཀོང་པོ་ཕྱོགས་སུ་ཕེབས་པའི་བྲག་ཅི་ཡན་དུ་ཀོང་པོ་སྟོད་སྨད་ཐམས་
ཅད་ཀྱི་ཇ་འདྲེན་པ་སླེབ་ཅིང༌། བྲག་ཅི་ནས་གསའ་ཕུར་ཕེབས། དེར་རྡོ་རྗེ་འཆང་ས་ར་ཧ་སོགས་བཀའ་བརྒྱུད་བླ་མ་རྣམས་ཞལ་གཟིགས། དེ་ནས་སེ་མོ་ཉན་ཁྲི་རུ་དྲུང་པ་སྤྲུལ་སྐུ་བས་གཙོ་བྱས་གཞན་ཡང་ཀར་སྲིད་ཀྱི་བླ་མགོ་རྣམས། མདུན་བསུ་བ་སླེབས། དེ་ནས་བཀྱག་ཉིན་ཀྱང་ཐོ་སྐོར་གསུམ་གྱི་སེར་ཕྲེང་དར་དུ་བྱས་ཤིང༌། ཞག་པོ་གཉིས་གསུམ་གྱི་བར་འཆམ་བྲོ་སོགས་ཀྱིས་མདུན་བསུ་བྱས་ནས། ཀར་སྲིད་སྤྱི་དང་ཁྲོམ་ཆེན་མོ་སོགས་ནས་གཡུང་དྲུང་འཛིང་དུ། མདུན་བསུ་སེར་ཕྲེང་འཆམ་བྲོ་རྣམས་བྱས། དེ་ནས་རྒྱལ་འཛེང་ནས་རྒན་མོ་བློ་བདེའི་བུ་རྒྱུད་འབྲོས་ལ་ཧུ་རེས་རྟ་བརྒྱ་འབུལ་དང༌། གཞན་ཡང་རྟ་བཟང་ལ་མང་བ་ཕུལ། དེ་ནས་ཀོག་ཕྲང་དུ་ཕེབས་ནས་སྒྲུབ་སྡེ་བཙུག །དེར་སློབ་དཔོན་པདྨ་འབྱུང་གནས་ཞལ་གཟིགས། དེ་ནས་རྩེ་བླ་སྒང་དུ་ཕེབས། དེར་ཆིབས་པ་ཁྱུང་སྨུག་ཤི་བ་ལ་འཇའི་གུར་ཕུབ། མེ་ཏོག་གི་ཆར་བབ། རིང་བསྲེལ་མང་དུ་བྱུང་ཟེར། གཟིམ་ཁང་དང་མཛོད་
རྣམས་ལ་གཟིགས་མོ་མཛད། གཟིམ་ཁང་དང་མཛོད་ཀྱི་མཁར་ལན་གསར་དུ་རྒྱབ། དེར་རྒྱ་གར་རྡོ་རྗེ་གདན་གྱི་མཁན་ཆེན་སྒྲ་ཅན་འཛིན་གཞོན་ནུ་དང༌། པཎྜི་ཏ་ཆེན་པོ་ཡིད་ཀྱི་ཤིང་རྟ་གཉིས་ཀྱིས། བསྟོད་ཚིག་དང་གདན་འདྲེན་གྱི་ཞུ་བ་འདི་ལྟ་བུ་དང༌། བྱང་ཆུབ་ཀྱི་ཤིང་གི་ཡལ་ག་ལོ་མ་དང་བཅས་པ། རྡོ་རྗེ་གདན་གྱི་ས་དང་བྱ་རྒོད་ཕུང་པོ་རིའོ་ཡི་ས་རྣམས་ཁྱེར་ནས་འཆི་མེད་མགོན་པོ་སླེབས་བྱུང༌། ཕྲག་ཡུལ་ནས་དེའི་ཡིག་ལན་རྣམས་དང་དཔལ་གྱི་རིའོ་ཡི་གྲུབ་ཆེན་རྣམས་ལ་ཞུ་ཡིག་དང༌། སིང་གྷ་གླིང་པ་རྣམས་ལ་དགེ་བ་ལ་སྦྱར་བའི་སྒོ་ཡིག་བསྐུར་བ་བཏང༌། དེ་ནས་ཕྲག་མིར་གདན་དྲངས་ནས་ཕེབས། ཕྲག་གི་ཚལ་དུ་ཆོས་སྡེ་འདེབས་པར་མཛད། དེར་གཟིམ་ཁང་རྩིག་པའི་དུས། གཟིམ་ཁང་ལ་མཚན་མོ་འཇའ་དཀར་མོ་རྒྱུན་དུ་ཟུག་པ་བྱུང༌། ཕྲག་མིའི་འཁྲུག་པ་ཆེན་པོ་རྣམས་ཞི་བའི་ཆོས་རྒྱ་དཀར་པོ་མཛད། དེ་ནས་ཙཱ་ཀོང་གི་གནས་སུ་ཕེབས་ནས། གནས་མདར་སྒྲུབ་སྡེ་བཙུག་པ་མཛད།
བ་ཡོར་མཚུར་ཕུ་རིན་པོ་ཆེ་པ་གཤེགས་ནས། དེར་སྐྱ་སྐོར་ལ་ཕེབས། དེའི་ཚེ་ཞིང་སྐྱོང་གི་བསུ་བ་བྱེད་པ་ལ་བྱུང་བ་གཟིགས། བ་ཡོར་མེ་ཏོག་གི་ཆར་རྒྱུན་པར་བབ་པ་དང༌། བཀྲ་ཤིས་རྫོང་དུ་གཟིམ་ཁང་བརྩིག་པས། ཞིང་སྐྱོང་གི་སྔགས་རྒྱུན་འཛུགས་པ་དང༌། ཙཱ་རིའི་རི་པ་རྣམས་ལ་རི་སྲིད་མཛད་པ། བ་ཡོར་ཡང་ཞིང་སྐྱོང་གི་རྟེན་གཏོར་དང༌། སྐང་བ་རྣམས་འཇོག་པ་སོགས་མཛད། དེ་ནས་ཤིང་སྟག་བཅུས་ཀྱི་དཀར་མདང་ཡང་ལོན་པ་ཕུལ། ཡང་རྒྱ་ལ་རྩེ་རྡུམ་གྱི་རྩེ་མོའི་རྩ་བ་ནས་དགོན་པ་ཕུལ། དེ་ནས་དབུས་སྡུམ་པས་སྤ་བ་ཆུ་ལུང་དུ་དགོན་པ་ཕུལ། ཁུ་བྱག་པས་མེ་རག་གི་དགོན་པ་ཕུལ། བླ་མདོ་བས་རྒྱལ་གྲང་བའི་དགོན་པ་ཕུལ། དེ་རྣམས་སུ་དགོན་པ་མཛད། དེ་ནས་ལྟ་བ་ཆབ་ནག་གི་ཕུ་ནས་རྒྱ་གང་ཕུ་ནས་སྐུ་མཚམས་བུག་སྒོ་མཛད་པའི་དུས། ཆུ་སྒྲ་ལ་ཉེར་སྤྱོད་ཀྱི་དག་ཅིང་དྲི་མེད་མ་ལ་སོགས་ཀྱི་དག་ཅིང་བཅུ་དྲུག་གི་མཆོད་དབྱངས་རྒྱུན་པར་བསྒྲོག་པ་གསན། དེར་ཕན་ཆེན་མོ་
གསོ་བའི་དབུ་བཙུག་པ་དང༌། ཀོང་ལུང་པ་རལ་གསུམ་གྱི་ཀར་སྲིད་དང་སྔགས་སྲིད་ཀྱི་བཅའ་ཁྲིམས་ཆེན་མོ་ཐམས་ཅད་འདུས་ནས་མཛད། དེ་ནས་དྲང་སྲོང་སྲིན་པོ་རིར་ལུང་བསྟན་པ་སྒྲུབ་སྡེ་བཙུག །ཡང་དེར་རྒྱ་གར་ཤར་ཕྱོགས་ཀྱི་དགེ་སློང་ཤི་ལ་ས་ག་ར་ཟེར་བ་མཇལ་བ་ལ་སླེབས་བྱུང་ཅིང༌། དེ་ལ་རྒྱ་གར་ནས་པཎྜི་ཏ་ཡིད་ཀྱི་ཤིང་རྟ་སོགས་ཀྱི་པཎྜི་ཏ་དང༌། བོད་དུ་མ་འགྱུར་བའི་གསུང་རབ་གདན་འདྲེན་པ་དང༌། སྒྲ་ཅན་འཛིན་གཞོན་ནུ་སོགས་དགེ་སློང་དང་པཎྜི་ཏ་རྣམས་ལ། རྡོ་རྗེ་གདན་དུ་དགེ་འདུན་པའི་སྡེ་ཆེན་པོ་འཛུགས་པའི་ཡི་གེ་དང༌། མ་ག་དྷའི་རྒྱལ་པོ་ལ་ཡང༌། རྡོ་རྗེ་གདན་དུ་དགེ་འདུན་པའི་སྡེ་འཛུགས་དགོས་པའི་ཡི་གེ་རྣམས་བསྐུར། དེ་ནས་གླིང་པོ་ཆེའི་ཚལ་དུ་ཕེབས་ཉིན། གོང་གི་གསེར་ཡིག་པ་རྣམས་འོང་ཞིང་ཡོད་པའི་སྐད་ཆ་སླེབས། དེ་ནས་རིམ་གྱིས་བཏེགས་ནས། བདེ་ཡང་ནས་དབུས་རྩང་མངའ་རིས་ཕྱིན་དུ། དུས་ཟིང་མི་ཡོང་བའི་གསེར་ཡིག་པ་རྣམས་རྫང༌། དེ་ནས་དམ་ཅན་
གྱི་གནས། གྲི་ལྷ་རྩེ་རྣོན་གྱི་ཞོལ་དུ་ཕེབས། དེར་གྲི་པས་འབུལ་ཞབས་ཆེ་བར་བྱས་ཤིང༌། རི་ཁ་དགོན་དུ་སྒྲུབ་སྡེ་དང༌། དམ་ཅན་གྱི་རྟེན་གཏོར་དང་སྔགས་རྒྱུན་བཙུག །དེ་ནས་རིམ་གྱི་རྟ་བར་ཕུ་སེབ་ཏུ་དབེན་པ་མཛད། དེ་ནས་བྲེ་མོ་ཆུ་མདོར་ཕེབས་ནས་རྣམ་རྒྱལ་གླིང་གི་དགོན་པ་བཏབ། སྔོན་དུ་བྱ་བྲལ་བ་དང་རྒྱུ་འགྲུལ་བ་རྣམས་ལ་ཟམ་གླ་ཆེན་པོ་ཡོད་པ་ལ། ཟམ་གླ་མི་ལེན་པའི་དགེ་ཟམ་ཆེན་པོ་མཛད། དེར་སྤོའོ་ཡི་འཇལ་མི་མང་དུ་བྱུང་ནས། སྤོའོ་དང་ཀོང་པོའི་འཁྲུག་པ་རྣམས་ཞི་བར་མཛད། སྤོའོ་ཡེས་གོང་གི་མར་གུ་ཐང་དུ་དགོན་པ་བཏབ། དེ་ནས་རྒྱའི་གསེར་ཡིག་པ་རྣམས་འོང་བའི་གཞི་ལེན་ལ། གནམ་ཐོ་ཚལ་དུ་ཕེབས་པའི་ལམ་དུ། ཡང་སྤོའོ་ཡི་འཇལ་མི་རྣམས་རིམ་པར་སླེབ་ཅིང༌། ཁུང་ཐོ་ལ་རྩའི་ཤིང་བའི་ཤིང་ཚུལ་གྱིས་ཆ་རྐྱེན་ས་ཞིང་ཁང་པ་དང་བཅས་པ་ཕུལ། སྐྱོ་ཚུལ་བ་བླ་མ་གྲགས་རྒྱལ་གྱིས་ཆ་རྐྱེན་བེར་ཤོད་ཀྱི་དགོན་པ་ཕ་རི་ཚུ་རིའི་ས་རྒྱ་གནམ་རྒྱ་དང་བཅས་
པ་ཕུལ། གནམ་ཐོ་ཚལ་དུ་གོང་གི་གསེར་ཡིག་པ་ཀུན་ཏིང་ཏའི་གུའི་ཤྲི་བཀྲ་ཤིས་བཟང་པོ་རིན་ཆེན་ཀུན་ཏིང་གུའི་ཤྲི་བློ་གྲོས་བཟང་པོ་རྣམས་སླེབ་ཅིང༌། གོང་གི་ལུང་གནང་སྦྱིན་རྒྱ་ཇ་ཕྱེད་ཉིས་བརྒྱ་ཙམ། གོས་དར་ཡུག་བརྒྱ་ཙམ་དང༌། ཙནྡན་སྡོང་པོ་སུམ་ཅུ་རྩ་གྲངས་དང༌། དངུལ་རྐྱན་ཆེན་པོ་གཉིས་སོགས་རྒྱའི་ཟོག་བསམ་གྱིས་མི་ཁྱབ་པ་རྣམས་དང༌། ཡུམ་ཆེན་མོའི་གསེར་ཕན་ཆེན་མོ་དྲུག །རྟེན་ཁེབ་ཁྱད་པར་ཅན་རྣམས་དང༌། དོན་ཆོས་རྗེ། ཡང་ཆོས་རྗེ། སེ་ར་ཆོས་རྗེ་སོགས་ཕོ་བྲང་གི་ཆོས་རྗེ་རྣམས་དང༌། ཕོ་བྲང་གི་ཝང་ཡིག །ཐས་གྱན་སོགས་ཐས་གྱན་ཆེན་པོ་རྣམས་ཀྱི་ཞུ་ཡིག་རྟེན་བཅས། གཞན་ཡང་རྟ་དྲེལ་ནོར་སོགས་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེ་དང་དུས་མཚུངས་སུ། སྤོའོ་ནས་ཀ་ཐོག་ནང་སོ་དཔོན་གཡོག །ཀ་ནམ་རྫོང་པ་དཔོན་གཡོག །གཡའ་སྨན་པ་ལ་སོགས་སྤོའོ་ཡི་མཇལ་མི་མང་པོ་སླེབས་ནས། སྤོ་རྟ་སུམ་ཅུ་ཙམ་གྱི་འབུལ་བ་དང༌། དེར་ཁྲོམས་ཀྱང་ཁྲི་ཕྲག་
ལྷག་ཙམ་ཚོགས། དེ་ནས་གསའ་ཕུར་ཕེབས་ནས། བྲག་བྱི་བ་རྣམས་ཀྱིས་པོ་ཏེ་ཕྲང་ཕུལ་ནས། དགོན་པ་བཏབ། རྒྱལ་མཚན་སྟེང་དུ་ཡང་གཟིམ་ཁང་གི་རྨེང་བཞག །དེར་གུ་ཡི་ཤྲི་གཉིས་ལ་འདོད་ཆོས་རྣམས་གནང་ནས། དེ་ནས་རྩེ་བླ་སྒང་དུ་ཕེབས་ནས་རྟེན་ཞལ་བསྟན་པའི་དུས། མེ་ཏོག་གི་ཆར་དཔག་ཏུ་མེད་པ་བབ། དེར་ཀར་དབོན་བཀྲ་ཤིས་དཔལ་འབྱོར་བ་ལ་གདན་ས་ཆེན་པོ་ཀརྨའི་གདན་སའི་བསྐོ་བཞག་མཛད་ཅིང༌། གོང་དུ་ཡང་གོང་མ་རྒྱལ་པོ་ཁྲི་ཐོག་ཕེབས་པ་ལ། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཡ་མཚན་ཅན་དང༌། རྒྱ་ཡུལ་དུ་ཀརྨའི་དགོན། ལི་གུ་སིའི་སྡེ། རི་བོ་རྩེ་ལྔ་འཇམ་དབྱངས་སྤྲུལ་པའི་ལྷ་ཁང༌། ཏས་ཏུ་ཀར་སྡེ། ཤིང་ཀུན་ཀར་སྡེ་ལ་སོགས་རྣམས་ཀྱི་འཛིན་ལུགས་དང༌། རྒྱལ་ཁམས་བྱིངས་སུ་ཡང༌། དགེ་བ་བཅུའི་ཁྲིམས་དང་ཁྱད་པར་དུ་ཆོ་འཕྲུལ་ཆེན་པོའི་ཟླ་བ་ལ། སྲོག་བཅོད་སྤང་བ་དང༌། སྐྱབས་འགྲོ་སེམས་བསྐྱེད། ཡི་གེ་དྲུག་མ་འདོན་པ་དོང་སྤྲུགས་
སོགས་ཀྱི་དགེ་རྩ་དང༌། དགོན་པ་རྣམས་སུ་སྒྲུབ་མཆོད་འཛུགས་པའི་ཞུ་དོན་རྣམས་བསྐུར་ནས། གསེར་ཡིག་པ་རྣམས་གོང་དུ་བརྫངས། དེར་ཉིན་གཅིག་རིགས་ལྔའི་སངས་རྒྱས་ཞལ་གཟིགས། དེ་ནས་གསའ་ཕུར་ཕེབས། བཀའ་བརྒྱུད་ཀྱི་དུས་ཆེན་གྱི་མཆོད་པ། གསོལ་འདེབས། སྨོན་ལམ་བཀྲ་ཤིས་སོགས་ཁྱད་པར་ཅན་རྣམས། སྒར་དུ་བཙུག་པའི་ཉིན་མེ་ཏོག་གི་ཆར་བབ། སངས་རྒྱས་ཀྱི་དུས་ཆེན་བཞིའི་མཆོད་པ། ཡན་ལག་བདུན་པ། སྨོན་ལམ་བཀྲ་ཤིས་ཡ་མཚན་ཅན་ཟླ་བ་དགུ་པའི་བཅོ་ལྔ་ལ་བཙུགས། དེར་ཕན་ཆེན་མོ་གསོ་བ་དང༌། བསྐང་རྒྱུན་མཛད་པའི་ཚེ། གཏོར་སྣོད་ནས་གཏོར་མ་མངོན་སུམ་མི་སྣང་བ་ཆོས་སྐྱོང་གིས་ཁྱེར་བ་དང༌། གཏོར་མའི་སྟེང་དུ་མེ་འགྲོ་བ་སོགས་ཆོ་འཕྲུལ་དུ་མ་བྱུང༌། དེར་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་འཁོར་དང་བཅས་པ་རྣམས་ཞལ་གཟིགས། དེ་ནས་འོ་ཐང་ཟླ་བ་ཐང་དུ་ཕེབས་ནས། སངས་རྒྱས་ཀྱི་དུས་ཆེན་རྣམས་ལ། སངས་རྒྱས་བྱང་ཆུབ་
སེམས་དཔའ་ཐམས་ཅད་སྒར་དུ་སྤྱན་འདྲེན་ནས། ཡན་ལག་བདུན་པ། སྨོན་ལམ་བཀྲ་ཤིས་ཆེན་མོ་དང་བཅས་པ་དང༌། རྒྱ་བོད་ཀྱི་གྲུབ་ཆེན་རྣམས་དང༌། རྒྱ་བོད་ཧོར་གསུམ་སོགས་ཀྱི་རྒྱལ་པོ། འཁོར་ལོ་སྒྱུར་རྒྱལ། བརྒྱ་བྱིན། རྒྱལ་ཆེན་བཞིའི་ཚུལ་སོགས་རྩེ་མོ་རིགས་མི་གཅིག་པ་སྣ་ཚོགས་པ། ཡ་མཚན་ཆེ་བ་ལོ་སར་གྱི་ཚེས་གཅིག་ནས། བཅོ་ལྔའི་བར་འཛུགས་པར་མཛད། དེའི་ཚེ་སངས་རྒྱས་བྱང་སེམས་རྣམས་དངོས་སུ་བྱོན་པའི་གསལ་སྣང་བྱུང༌། མེ་ཏོག་གི་ཆར་རྒྱུན་པར་བབ་པ་དང༌། ཀོང་པོ་ན་རྒོད་མེད་པ་ལ་རྒོད་ཀྱིས་བསྐོར་བ་བྱེད་པ་སོགས་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བྱུང༌། འོ་ཐང་ནས་བུ་ཆུ་སྐོར་རྣམས་སོགས་ཆོས་རྒྱ་དཀར་པོའི་ཞིབ་ཆ་རྣམས་མཛད་ནས། རྩེ་བླ་སྒང་དུ་ཕེབས་ཏེ་རྒྱུན་རིང་པོ་བཞུགས་ནས་ཀུན་གྱི་དུས་མཆོད་དང༌། སངས་རྒྱས་ཀྱི་དུས་ཆེན་མཛད་པའི་དུས་སུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། བཀའ་བརྒྱུད་རྣམས་ཀྱི་
གཟིགས་སྣང་བྱུང་ཞིང༌། ཤམ་པོ་གནས་ཀྱི་དགོན་པ་བཏབ་ནས་བཙུག་ལག་ཁང་བཞེངས་ནས་རབ་གནས་ལ་གདན་དྲངས་ནས། དེར་ཚོགས་པའི་སྐྱེའོ་ཕོ་མོ་རྣམས་ཀྱིས་སྲོག་གཅོད་སྤང་བ་སོགས་དགེ་བའི་ལམ་ལ་བཀོད་ནས། ལྟར་ཟིང་པོའི་ཡོན་བདག་དབང་ཕྱུག་གིས་ནགས་སྟོན་གྱི་གྲལ་དབུར་གདན་དྲངས་ཏེ། ཕེབས་ནས་གྲལ་དབུ་མཛད་པའི་ཉིན་པ་དེར་ཚོགས་པ་རྣམས་ཀྱི་མཐུན་སྣང་དུ་གྲུབ་པ་ལ། ཉི་མ་སུམ་འགྱུར་གྱིས་རིང་བ་དང༌། སྦྲང་རྩི་ཡི་ཆར་བབ་པ་སོགས་ཡ་མཚན་པའི་ལྟས་མང་དུ་བྱུང་ཅིང༌། ལྟར་འོ་ཤོད་དུ་ཕེབས་ནས། རྐྱལ་ཀོག་བཟང་པོ་སྤུན་ནུའོ་དང་ཚའོ་སོགས། ཤ་བཙོན་ཁྲི་མུན་དུ་ཚུད་པ་སྡུག་བསྔལ་བ་གསུམ་འདོན་པའི་དོན་ལ་ཟླ་བ་གཉིས་ཙམ་བཞུགས་པའི་དུས་སུ། རི་ཤོད་དོའོ་ཕྲང་གི་འཇིགས་སྐྱོབས་ཀྱི་དགོན་པ་འདེབས་པ་དང༌། གཞན་ཡང་ལྷུན་གྲུབ་དགོན་སར་གྱི་དགོན་པའི་དར་རྒྱས་སོགས། དགོན་པ་སར་འདེབས་དང༌། རྙིང་པའི་དར་རྒྱས་དཔག་ཏུ་མེད་
པ་མཛད་ནས། ཟིང་པོ་འབུམ་པ་སྒང་དུ་ཕེབས་ཤིང༌། དེར་འབྲུག་ལོའི་ལོ་སར་དང༌། སྨོན་ལམ་ཆེན་མོ་མཛད་པའི་དུས། གོང་གི་གསེར་ཡིག་པ་རྣམས་ཀྱིས་གོང་གི་ཕོ་བྲང་དུ་ཕྱག་ནས་དགོས་ཞུས་པས། ཚེས་བཅོ་ལྔའི་དུས་ཕྱག་ནས་གནང་བ་ཕོ་བྲང་དུ་བསླེབས་ནས། གསེར་ཡིག་པ་རྣམས་ཀྱིས་འཇའ་མོའི་དུས་ཕྱག་ནས་བསྡུ་རྒྱུ་བྱུང་བ། ནས་ཀྱི་བརྟག་པ་བྱས་པས། ཀོང་པོའི་ནས་ཡིན་པར་འདུག་ཟེར། དེར་ཕྱག་ནས་ཐུམ་པོ་བྱས་ནས་འགྱེད་བྱུང་ཞིང༌། གོང་གི་གནས་དེ་ཉིད་དུ། བྱར་པ་གོང་མ་ཁྲི་དཔོན་བཀྲ་ཤིས་དར་རྒྱས་ཡབ་སྲས་དཔོན་གཡོག་འཁོར་བཞི་བརྒྱ་ལྷག་ཙམ། སྒར་པ་དབུས་རྩང་དུ་གདན་འདྲེན་པ་ལ་སླེབས། འབུལ་བའང་གསེར་ཞོ་སྟོང་ཕྲག་ཙམ་དང༌། བྱི་རུའི་རྒྱལ་མོ་ལག་པ། ཤེལ་སྐྱེན། དར་ཡུག་རས་ཡུག་ལྔ་བརྒྱ་ཙམ། གཟིམ་གུར་ཉི་མ་ལྷ་ཁང་གིས་ཐོག་དྲང་གུར་ཆེ་བ་གསུམ། ཆིབས་དྲེལ་ཉི་ཤུ་ཙམ་གྱི་འབུལ་བ་མཛད་ཅིང་དེའི་ཉིན་པར། བྱར་པ་ཁྲི་དཔོན་
ཐུགས་དད་ཀྱི་ངེས་འབྱུང་དྲག་པོས་རབ་བྱུང་མཛད་པ་ཡིན་གསུང་ནས། རྒྱལ་ཆས་རྣམས་འབུལ་བ་མཛད་ཀྱང༌། འཁོར་རྣམས་ཀྱིས་རབ་བྱུང་བྱེད་མི་ཆོག་པའི་ཞུ་བ་ཕུལ་བར་བརྟེན་ནས། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་ཞིང་སངས་རྒྱས་ཀྱི་བསྟན་པ་འཛིན་ཅིང་སྤེལ་བར་བྱས་ན། རབ་ཏུ་བྱུང་བ་ལས་ལྷག་ཅེས་པའི་བཀའ་ལུང་གནང་ནས། རིམ་གྱིས་དབུས་རྩང་དུ་ཕེབས་པའི་ཞལ་བཞེས་མཛད་ནས་བྱར་པ་ཁྲི་དཔོན་ལ་སྙུང་གཞི་དྲག་པོ་ཡོད་པ་ལ་ནད་ཡིན་པ་འདྲ་གསུང་པ་ལ་བརྟེན་ནས། བཤགས་པ་དང་མོས་གུས་སོགས་གསོལ་བ་འདེབ་པ་མཛད་པས། སྙུང་གཞི་སང་བ་བྱུང་ཞིང༌། བྱར་པ་དཔོན་གཡོག་བཏེག་པའི་རྗེས་སུ། སྒར་རིམ་པས་ཕྲག་དྲུམ་ཚལ་དུ་ཕེབས་ནས། འཕྲག་ཡུལ་གྱི་ཆོས་རྒྱ་དང༌། ཚོང་རྒྱ་སྒྲུབ་པ་དང༌། གྲུབ་ཚལ་གྱི་དགོན་པ་འདེབས་པར་མཛད་ཅིང༌། དེའི་དུས་སུ་ཀློ་ཡུལ་ནས། གྲ་དཀར་གྱི་རྒྱལ་པོ་མཇལ་བ་ལ་བྱུང་ཞིང༌། འབུལ་བ་བ་མེན་སོགས་ཕུལ་ནས། སྲོག་གཅོད་སྤང་བ་
སོགས་ཀྱི་དགེ་བ་ཁས་ལེན་བྱས། དེ་དུས་ཙཱ་རི་པད་ཕུག་ཏུ་གྲུབ་རྟགས་དང༌། སྔོན་མཁྱེན་ཡོད་པའི་སྒོམ་ཆེན་གཅིག་ཡོད་པས། ན་ནིང་སྒར་པ་ཕེབས་ཟེར་ཀྱང༌། དཔའ་བོ་མཁའ་འགྲོའི་བསུ་མ་མ་བྱུང་བས་མི་ཕེབས། ད་ལོ་དཔའ་བོ་མཁའ་འགྲོ་ཡི་བསུ་བ་སོང་ཡོད། སྒར་པ་ཕེབས་པར་ཡོད་ཟེར་བས་བ་ཡོ་རིག་མགོན་སོགས་མི་རྣམས་ཀྱི་གདན་འདྲེན་པ་སུ་མེད་པས་ཕེབས་པ་མི་བདེན་ཟེར་ཀྱང༌། གློ་ཀྱག་རང་དུ་ཕྲག་ཡུལ་ནས་རྒྱུད་དེ་བ་ཡོར་ཕེབས། རྨི་ལོ་ཐང་རམ་གྱིས་འབུལ་བ་ཞབས་ཏོག་ཀྱང་སྟོབས་ཆེ་བ་བྱུང་ཞིང༌། ཀློ་མང་པོ་བྱུང་བ་རྣམས་ཀྱིས་ཀློ་ཡུལ་རང་དུ་དར་བའི་རྩེད་སྣ་མང་དུ་བྱས་ཤིང༌། གདན་འདྲེན་དང༌། ཙཱ་རིའི་གནས་སྐོར་བ་རྣམས་ལ་གནོད་པ་མི་སྐྱེལ་བ་དང༌། ཀློ་ཡུལ་དུ་འཁྲུག་པ་མི་བྱེད་པ་སོགས་དགེ་ཕྱོགས་ཀྱི་ཁས་ལེན་ཕུལ། དེ་ནས་ཙཱ་རི་བཀྲ་ཤིས་ལྗོངས་སུ་ཕེབས་པའི་གནས་སྒོ་མ་ལོ་ནས་བཟུང་སྟེ། དཔའ་བོ་མཁའ་འགྲོའི་བསུ་བ་དང༌། རང་བྱོན་གཟིགས་
སྣང་བྱུང་བ་ནི་དེ་མོ་ལ་ནས་ཐུགས་རྗེ་ཆེན་པོ་སེམས་ཉིད་ངལ་གསོ་དང༌། མཁའ་སྤྱོད་མ་དཀར་མོ་ཞལ་གཟིགས། བྱི་ཟི་ལ་གོང་དུ། རྒྱལ་པོ་ཨིནྡྲ་བྷོ་དྷི་དང༌། ཇོ་མོ་ལེག་མིན་ཀ་ར་ཞལ་གཟིགས། སུ་ཕྲེང་ལའི་གོང་ཕྱོགས་སུ། སྣ་ཚོགས་ལྗོན་པ་རྩ་བ་གཅིག་ལ་ཤིང་རིགས་མི་གཅིག་པའི་ཡལ་ག་བདུན་ཡོད་པའི་དཔག་བསམ་ཤིང་གི་བསིལ་གྲིབ་ཞལ་གཟིགས། གནམ་ཟམ་གྱི་ཕར་ཁ་དེར། མགོན་པོ་བེར་ནག་ཅན་དང༌། ལྷ་མོ་རང་བྱུང་རྒྱལ་མོ་སོགས་གཙོ་འཁོར་རྣམས་ཞལ་གཟིགས། ཆང་ཚུལ་སྤང་མོ་ཅན་དུ། སྒོ་སྲུང་པུ་ཤུད་ཀྱི་མགོ་ཅན་ཞལ་གཟིགས། རག་ཁ་ཅན་དུ་ཞིང་སྐྱོང་སེངྒེའི་གདོང་པ་ཅན་ཡབ་ཡུམ་གཙོ་འཁོར་རྣམས་ཀྱིས་དགྱེས་པའི་རྣམ་འགྱུར་བྱེད་པ་ཞལ་གཟིགས། བཀྲ་ཤིས་ལྗོངས་ཀྱི་རྒྱབ་རི་ལ། ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་བཞི་པ་ཞལ་གཟིགས། མདུན་རི་ལ་འཇམ་དཔལ་སྨྲ་བའི་སེངྒེ་ཞལ་གཟིགས། རྒྱུག་ཤིང་གོང་དུ། དབུས་སུ་ཐུབ་པ་ཆེན་པོ། གཡས་སུ་རྗེ་བཙུན་
བྱམས་པ། གཡོན་དུ་རྗེ་བཙུན་སྤྱན་རས་གཟིགས། སྟེང་ཕྱོགས་སུ་གཙུག་ཏོར་གདུགས་དཀར་མོ་རྣམས་དང༌། རྒྱུག་ཤིང་གི་གཡོན་ཕྱོགས་དེར། རྗེ་བཙུན་མི་གཡོ་བ་དཀར་པོ། རྒྱུག་ཤིང་ཞབས་དེར་བམ་ཆེན་བརྩེགས་པའི་དུར་ཁྲོད། གོང་གི་ཆུ་དེ་དགའ་ཁྱིལ། ལུང་པ་དེ་ཉིད་ཆོས་འབྱུང་རྣམས་ཞལ་གཟིགས་པ་དང་གནས་སྒོ་ཕྱེ་བར་མཛད། ཡན་ལག་བརྒྱད་ལྡན་ཅན་དུ། ཁྲི་སྙན་ས་ལེའི་ལྤགས་པའི་སྟེང་དུ། དྲུང་ཉིད་བཞུགས་ནས་ཁྲུས་མཛད། མགོན་པོའི་སྒྲུབ་ཁང་ཅན་དུ། ཞིང་སྐྱོང་སེངྒེའི་གདོང་པ་ཅན་གྱིས་འཕྲིན་ལས་སྣ་ཚོགས་སྒྲུབ་པའི་ཞལ་བཞེས་མཛད་པ་ཞལ་གཟིགས། གཏུམ་དྲག་འབར་བའི་དུར་ཁྲོད་ཅན་དུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་འཁོར་མཁའ་འགྲོ་མ་དུ་མས་སྐོར་བ་ཞལ་གཟིགས། དེ་ནས་ཡར་གཟིགས་པའི་རི་ཟུར་དེ། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞལ་གཟིགས། འོག་ཕྱོགས་ཀྱི་རི་ཟུར་དེར། ཆོས་ཀྱི་རྗེ་རང་བྱུང་རྡོ་རྗེ་ཞལ་གཟིགས། གླང་ཆེན་སཱ་ལ་
རབ་བརྟན་ཅན་དུ། འཇིགས་བྱེད་བཞད་པའི་རྡོ་རྗེ་ཞལ་གཟིགས། པདྨ་འབར་བའི་དུར་ཁྲོད་ཀྱི་གོང་དེར། མཁའ་འགྲོ་མ་རྣམས་ཀྱིས་ཕུལ་ནས། དྲུང་ཉིད་ཀྱིས་ཆོས་གསུང་པའི་ཆོས་ཁྲི་དེ་ཉིད་དུ་བཞུགས་ཏེ། གཞི་ལམ་འབྲས་གསུམ་དང༌། ཙཱ་རིའི་བཀོད་པ་རྣམས་དང༌། ཕྱི་ནང་གི་སྦྱར་བཤད་རྣམས་གསུང༌། དེ་ནས་ནུབ་ཕྱོགས་སུ་བལྟས་པའི་རི་དེ་ན། རྡོ་རྗེ་འཆང་ལ་བཀའ་བརྒྱུད་ཀྱིས་སྐོར་བ་ཞལ་གཟིགས། ཕྱག་འཚལ་སྒང་དུ་དཔལ་ལྡན་དུས་སུམ་མཁྱེན་པའི་གཡས་དེར་རྒྱལ་པོ་ཨིནྡྲ་བྷོ་དྷི། བདེ་མཆོག །གཡོན་དེར་ནག་པོ་སྤྱོད་པ། འབིར་ཝ་པ། ཞབས་སུ་བདེ་མཆོག་ཡི་གེ་བདུན་མ་རྣམས་ཞལ་གཟིགས། རྟ་མགྲིན་རོང་དུ་བྱ་ཁྱུང་དང༌། མཆོད་རྟེན་བཀྲ་ཤིས་སྒོ་མང་ཞལ་གཟིགས། རྒྱབ་རི་ལ་ཕྱི་ལྟར་ན་རྒྱལ་ཆེན་སྡེ་བཞི་ནང་ལྟར་ན་རྒྱུད་སྡེ་བཞིའི་ལྷ་ཚོགས་ཞལ་གཟིགས། གནས་ཟམ་གོང་དེར། ལྗོན་ཤིང་ལ་གནས་པའི་མཁའ་འགྲོ་མ་ཞལ་གཟིགས། དོ་བོ་ཡག་ཡུག་ལ་ཞིང་སྐྱོང་ཕོ་བྲང་དུ་ཞལ་
གཟིགས། ཕར་ངོས་ཀྱི་རི་དེ་བདུད་རི་ནག་པོ་ལ་ཞལ་གཟིགས། དོའོ་གྱིག་ཆུ་འགྲམ་དེར་དཔལ་ཆེན་ཁྲོ་བོ་རྟ་མགྲིན་ཞལ་གཟིགས། སྒྱེད་པོ་ཁ་གསུམ་གྱི་གོང་དེར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༌། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞལ་གཟིགས། ཤིང་ཟུག་སྤང་སྒང་དུ། མཁའ་འགྲོས་ཕུལ་བའི་བཞུགས་ཁྲི་ཡོད། དེའི་སྟེང་ན་དྲུང་ཉིད་བཞུགས་ནས་དེར་ཚོགས་པའི་གཟུགས་ཅན་དང༌། གཟུགས་མེད་རྣམས་ལ། ཙཱ་རི་ཕྱི་ནང་གསང་གསུམ་གྱི་གནས་ཐམས་ཅད་བླ་མའི་སྐུ་ལ་ཚང་བའི་ཆོས་གསུངས། གླང་གོང་བདེ་ཆེན་ཐང་དུ་དགོན་པ་ཐོབ་གསུང་ནས་ཕྱག་ནས་གཏོར། ཆུ་བྲག་ཏུ་མཁའ་འགྲོ་མའི་ཞབས་རྗེས་ཀྱི་གནས་སྒོ་ཕྱེས། བསི་བྱིལ་རྫ་འགག་ནས་བལྟས་པས། སྒ་རྒོད་ཕྱོགས་ཀྱི་རི་དེ། འཇམ་དཔལ་དབྱངས། སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་གསུམ་དུ་ཞལ་གཟིགས། སྙུགས་སྔགས་ཟམ་གདོང་དེར་རུས་སྦལ་ཕོ་དང༌། བཀྲ་ཤིས་རྟགས་བརྒྱད་ཀྱི་ཉ་ཞལ་གཟིགས། མཁའ་འགྲོ་
འབུམ་འདུས་ཀྱི་མཐའ་སྐོར་ཐམས་ཅད། མཁའ་འགྲོ་མའི་ཚོགས་ཁང་ཆེན་མོར་ཞལ་གཟིགས། ཁང་པའི་ནང་གི་མཆོད་རྟེན་དེ། དཔའ་བོ་དང་རྣལ་འབྱོར་མ་རྒྱ་མཚོའི་ཚོགས་མཐའ་དག་གི་མཆོད་པའི་རང་བཞིན་ལྷུན་གྱིས་གྲུབ་པའི་མཆོད་རྟེན་དུ་ཞལ་གཟིགས། གཞན་ཡང་གནས་ཀྱི་ལུང་པ་གསར་དུ་ལུང་བསྟན་པ་རི་ཨ་མ་ར་དྷུ་ཏིའི་ངོས་སུ་བདེ་མཆོག་ལ་སོགས་པ་སྔགས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་གཟིགས་སྣང་བྱུང་ཞིང༌། དེ་ནས་སྐྱེན་དུ་ཕེབས་ནས་ཙཱ་རིའི་སྒྲུབ་པ་བ་རྣམས་བཙུགས་ནས། སྒྲུབ་རྒྱག་སོགས་སྐུར་བ་དང༌། སྐྱེན་དུ་འཁྲུག་པ་མེད་པའི་ཆོས་རྒྱ་དཀར་པོ་སོགས་མཛད། དེ་ནས་སྒ་མ་མོའི་གཙུག་ལག་ཁང་སར་དུ་བཞེངས་པའི་རབ་གནས་ལ་ཕེབས་དགོས་པའི་གདན་འདྲེན་རིམ་པར་བྱུང་བས། གླང་ལ་ནས་བ་ཡོར་བརྒྱུད་ཅིང༌། འཕྲག་ཡུལ་དུ་ཕེབས་ནས་བྱ་ནང་གི་དུས་གཟིང་སོགས་ཀྱང་ཞི་བར་མཛད་ནས་རིམ་གྱིས་སྒ་མ་མོར་ཕེབས། ལྷ་ཁང་སར་པའི་རབ་གནས་མཛད་པའི་དུས་
སུ་ཡང་གཟིགས་སྣང་དཔག་ཏུ་མེད་པ་བྱུང་ཞིང༌། དེར་དཔལ་ཆོས་ཀྱི་གྲགས་པ་ཡེ་ཤེས་དཔལ་བཟང་པོས་གཙོས་མཛད། སྐྱ་སེར་ཁྲི་ཕྲག་ལྷག་ཙམ་ཚོགས་པ་ལ། ཆོས་ཀྱི་དགའ་སྟོན་གྱིས་ཚིམ་པར་མཛད་པ་སོགས། ལུགས་གཉིས་ཀྱི་མཛད་པ་རྒྱ་ཆེན་པོ་(གནང་)ནས། གཞི་བྱེས་རྣམས་ཚིམ་པར་མཛད་ནས། རྩེ་བླ་སྒང་རྣམ་ཐོས་ཀྱི་རི་བོར་ཕེབས་ཏེ། དེར་འབྲུག་ལོའི་ལོ་སར་སྨོན་ལམ་མཛད་པའི་དུས་སུ། སངས་རྒྱས་བྱང་སེམས་ཀྱི་གཟིགས་སྣང་དཔག་ཏུ་མེད་པ་དང༌། ཉིན་རེ་བཞིན་དུ་མེ་ཏོག་གི་ཆར་བབ་པ་སོགས་ཡ་མཚན་པའི་ལྟས་དང༌། ཁྱད་པར་ཚེས་བཅོ་ལྔའི་ཉིན་ཉི་ཟླ་སྐར་གསུམ་ཤར་བ། འཇའ་ཡི་གུར་ཕུབ་པ། མེ་ཏོག་གི་ཆར་བབ་པ། རྒོད་ཀྱིས་སྐོར་བ་བྱེད་པ་ལ་སོགས་པ་རྣམས་བྱུང་ཞིང༌། དེའི་དུས་ཤིག་ཏུ། རྒྱལ་བའི་བསྟན་པ་སྲུང་ཞིང་འཕེལ་བ་དང༌། སྐུ་རིམ་དུ་དཔལ་ལྷ་མོ་རང་བྱུང་རྒྱལ་མོ་ཡི་སྒྲུབ་ཐབས། རྗེ་དུས་གསུམ་མཁྱེན་པ་ནས་མར་བརྒྱུད་པ་ལྟར། ཐོག་མར་ཀྱི་ལིང་
ཚལ་དུ་སྒྲུབ་པ་བཙུག་པའི་དུས་སུ་གཏོར་མ་དང༌། ཁྲག་ཐུན་གྱི་ནང་དུ་ཁྲག་སར་པ་དངོས་སུ་སླེབས་པ་དང༌། དཔལ་ལྡན་ལྷ་མོས་ཐུན་འདོན་པའི་སྔགས་པ་རྣམས་ཀྱི་རམ་འདེགས་ཀྱིས་ཐུན་འདོན་པ་དང༌། གྱེར་མོ་བྱེད་པ་སོགས་སྒྲུབ་པ་བ་རྣམས་ཀྱི་མཐུན་སྣང་དུ་གྲུབ་པ་བྱུང་བ་དང༌། ཉིན་མཚན་ཁོར་ཡུག་ཏུ་བཤུགས་གླུ་དང༌། ཐོག་ལྷུང་བའི་སྒྲ་ལྟ་བུ་དུས་རྒྱུན་པར་ཡོང་བ་དང༌། གཏོར་མ་དཀྱིལ་འཁོར་སྟེང་དུ་འཁུན་ཅིང་སྡིག་སྒྲ་དང་བཅས་པ་མི་ཡིས་ཁུར་པོ་འཕང་བ་ལྟར། དཀྱིལ་འཁོར་གྱི་སྟེང་དུ་འཕང་བ་སོགས་མངོན་སུམ་དང༌། རྨི་ལམ་གྱི་ལྟས་འཇིགས་སུ་རུང་བ་བྱུང་ཞིང༌། དེ་ཡི་རྗེས་སུ་གླང་གྲོད་ཚལ་དུ་སྒྲུབ་པ་ཁ་བསབ་མཛད་པའི་དུས་སུ། གཞན་སྔར་དང་འདྲ་བ་ལ་ཁྱད་པར་མེ་ཏོག་གི་ཆར་མེ་ཏོག་རེ་རེ་ལ་འོད་ཤིན་ཏུ་ཆེ་བ་ཁ་དོག་སྣ་ཚོགས་དུས་རྒྱུན་པར་བབ་པ་དང༌། འཇའ་དུས་རྒྱུན་པར་ཟུག་ཅིང་འཇའ་གུར་འཁོར་བ་དང༌། སྒྲུབ་ཁང་གི་ཕྱི་ནང་དུ་རྔའི་སྒྲ་དང༌། དྲིལ་བུ་གཡེར་ཁའི་སྒྲ་དང༌།
ནམ་མཁར་ཁྱི་སྐད་ཕྲ་མོ་རྒྱུན་རིང་བར་ཟུག་ནས་རྒྱུག་པ། གཏོར་ཁྲི་ཤིང་སྡོང་མཐོན་པོའི་སྟེང་དུ། གཏོར་མ་གཞག་པ། བྱ་སོགས་ཁྱེར་མཁན་མེད་པ་ལ་མི་སྣང་བ་དང༌། སྲོད་ཀྱི་ཐུན་གཏོར་འབུལ་དུ་ཕྱིན་པས། གཏོར་ལེན་གཅེར་བུ་གཅིག་གིས་གློ་བུར་བ་དེད་བྱུང་བ་དང༌། ཡང་མཚན་མོ་གཏོར་མ་སྐྱེལ་དུ་ཕྱིན་པས། ཟླ་བ་ཁ་གསལ་པོར་གཏོར་མའི་ལྟག་ཙམ་དུ་གནམ་ས་འགྲིག་པའི་མདོག་གནག་པ་ཤིན་ཏུ་འཇིགས་པ་གཅིག་ཏུ་མཐོང་ནས། གཏོར་སྐྱེལ་འགྲོ་མ་ནུས་པ་སོགས་དང༌། གཞན་རྨི་ལམ་གྱི་ལྟས་ཤིན་ཏུ་མང་བ་བྱུང་བ་རྣམས་ཡི་གེ་བྲིས་མ་ལང༌། མངོན་སུམ་རང་དུ་སྒྲུབ་པ་བ་འདན་ཚ་སྒང་པའི་དགེ་རྒན་གཅིག་གིས་ཐུན་འདོན་པའི་དུས་སུ། གཏོར་མའི་མདུན་དུ། ཁྱི་ནག་པོ་འདྲ་བ་གཅིག་འདུག་པས། གཏོར་མ་ཟོས་དོག་ནས་སྤྲད་པས། ཡར་ལངས་ནས་སོང་བ་ལ་ཁྱི་མིན་པར་སྤྱང་ཁུ་ནག་པོ་ལ་བུད་མེད་ནག་མོ་གཅིག་གིས་ཞོན་པ། གཏོར་ཆེན་གྱི་ཕྱོགས་སུ་སོང༌། མངོན་སུམ་
དུ་མཐོང་བ་ཡང་འདན་མ་དགེ་རྒན་དེས། མ་མོའི་མདོག་ཐམས་ཅད་འཇའ་ཚོན་གྱི་རྣམ་པས་གཏོར་མའི་སྟེང་དུ་བྲོ་འཁྲབ་པ་མཐོང༌། ཉག་རོང་ཆོས་དཔལ་རིན་ཆེན་གཉིས་ཀྱིས་ཐུན་འདོན་པའི་དུས། སྒྲུབ་ཁང་གི་སྒོ་ཕྱེ་བྱུང་བ་ཅི་ཡིན་བསམ་པས། ཀོང་པོ་ཉང་ཁ་བའི་བུད་མེད་རྒན་མོ་འདྲ་བ་མགོ་ན་སྐྲའི་པི་ཏིང་གཡོག་པ་རྒྱབ་ཏུ་ཁྲེས་པོ་ཁུར་བ་གཅིག་བྱུང་ནས། ཁོ་གཉིས་ཀྱི་མདུན་དུ་ལངས་ནས་སྡད་བྱུང་བ། ཁོང་གཉིས་ཀྱིས་གོས་ལ་རེག་བསམ་བལྟས་པས། གོས་གློ་སྐྱ་སོག་གིས་གོས་ཆེན་གྱི་གོས་རེད། དེ་ནས་གཏོར་ཆེན་ཕྱོགས་སུ་སོང་ནས། གར་སོང་ཆ་མེད་དུ་ཡལ་ནས་སོང༌། སྒོ་ཕྱི་ནང་གི་བར་དུ་ཆགས་ཆགས་པ་ལ་འདུག །ཡང་མཚན་མོ་གཅིག་ལ་ཉག་རོང་ཆོས་དཔལ་རིན་ཆེན་གྱིས་མངོན་སུམ་དུ་མ་མོ་མངོན་རྟོགས་ནས་བཤད་པ་ལྟ་བུར་ཤིན་ཏུ་གསལ་པོ་མཇལ། ནུབ་གཅིག་གཏོར་མ་བྲན་པའི་ཁྲག་ཐུན་གྱི་སྣོད་སྐམ་པོའི་ནང་དུ་ཁྲག་རློན་པ་མང་པོ་གཅིག་བྱུང༌། དེའི་ནང་དུ་ཁྲག་ལིང་འདྲ་
བ་ཆེན་པོ་གཅིག་འདུག་པས། གཏོར་མ་ལྷུང་བ་ཡིན་ནམ་སྙམ་ནས། ཕྱིར་བླང་ནས་སྒྲུབ་པ་བ་རྣམས་ཀྱིས་ཆུས་བཀྲུས་ཤིང་ཞིབ་མོར་བལྟས་པས། སྙིང་ཚང་མ་གཅིག་ཡིན་པར་འདུག་པས། ད་ལྟ་ཡང་བརྟེན་གཏོར་སྒམ་ནང་ན་ཡོད། ཡང་ཕོ་རོག་མང་པོའི་དཀྱིལ་དུ་ཕོ་རོག་ཆེ་བ་གཅིག་གི་མགོ་ལ་རྨ་བྱའི་མདོངས་ཡོད་པ་གཅིག་ཞག་མང་པོའི་བར་དུ་བྱུང༌། ཁྱར་པར་ཉིན་གཅིག་གི་ཚེ་སྔ་དྲོ་ནས་ཉང་ཁའི་ཕྱོགས་ནས། གཞི་རླུང་ནག་འཚུབ་པ་ཡིན་པ་ལ། ཁ་དོག་དམར་པོ་དང༌། སེར་པོ་དང༌། ཁམ་པ་སོགས་སྣ་ཚོགས་པ་མང་པོ་ཡོད་པ། འཚུབ་འཁྱིལ་ཀྱང༌། ལ་ལ་གཡས་སྐོར། ལ་ལ་གཡོན་སྐོར་ཡོད་པ་བྲེང་མ་ཆད་པ། གནམ་ས་འབྲེལ་བ་ཉང་ཁ་ནས་བྱུང་ནས། ཐང་ན་ཡོད་པའི་རྡོ་བ་ཐམས་ཅད་ཀྱང་ཁྱེར་ཐུབ་པ། རྩེ་བླ་སྒང་གི་ཆོས་ཁང་གི་ཉང་ཁ་ཕྱོགས་ཀྱི་རྡོ་བ་རྣམས་ལྷོ་ཕྱོགས་ཐག་རིང་པོ་འཕེན་ཐུབ་པ་བྱུང༌། ལ་ལ་རྩེ་ནས་རྩ་བའི་བར་དུ་ཕྱེད་མར་ཤག་པ་དང༌། རླུང་གི་དཀྱིལ་ནས་
ཐོག་འཕང་ནས་ཉང་གང་གི་ཀླུ་ཤིང་ཡིན་ཟེར་བའི་ཤིང་ཆེན་པོ་གཅིག་ལ་ཐོག་རྒྱབ་པ་དང༌། དུས་རྒྱུན་པར་ཐུན་པ་རྣམས་ཀྱིས་ཐུན་འདོན་པའི་དུས་སུ། མ་མོ་རང་གིས་ཐུན་བྱ་བ་དང༌། དབྱངས་གདངས་གྱེར་རྩལ་ཡག་པ་དག་པ་རྣམས་དུས་རྒྱུན་པར་སྒྲུབ་པ་བ་སྒྲུབ་གཡོག་དང་བཅས་པས་ཐོས་པ་སོགས་བྱུང༌། དེའི་དུས་ཡང་རླུང་ནག་འཚུབ་མའི་དཀྱིལ་དུ་མ་མོ་དཔོན་གཡོག་ཞལ་གཟིགས་ནས་བསྐལ་མང་མའི་བསྟོད་བསྐུལ་ཀྱང་མཛད། མ་མོ་དཔོན་གཡོག་རྣམས་ཀྱིས་ཕྲིན་ལས་སྒྲུབ་པའི་ཞལ་བཞེས་གཟིགས་སྣང་དཔག་ཏུ་མེད་པ་དང༌། སྒྲུབ་པ་གྲོལ་ནས་ཟླ་བ་གཅིག་ཙམ་སོང་བ་དང༌། གཟིམ་དཀྱིལ་ཅན་དུ་ཕོ་རོག་གྭ་པ་གཅིག་བབ་པ་སོགས། ཆོ་འཕྲུལ་དཔག་ཏུ་མེད་པ་བྱུང་ཞིང༌། དེའི་དུས་སུ་མ་མོ་དཔོན་གཡོག་འཁོར་དང་བཅས་པ་རྣམས་ཀྱིས་རྒྱལ་བའི་བསྟན་པ་སྲུང་བའི་ཕྲིན་ལས་ཅི་ལྟར་བཅོལ་བ་བཞིན་དུ་སྒྲུབ་པར་ཞལ་གྱིས་བཞེས་ཤིང༌། གཟིགས་སྣང་ཡང་དཔག་ཏུ་མེད་པ་བྱུང་བ་
རྣམས་ཡི་གེ་བྲི་མ་ལང༌། དེ་ལྟར་རྩེ་བླ་སྒང་རྣམ་ཐོས་ཀྱི་རི་བོར་དབུས་གཙང༌། མདོ་ཁམས་སྒང་ལ་སོགས་སྟོད་སྨད་ཀྱི་གདན་འདྲེན་དང་གྲྭ་རྒྱུན་ཀྱང་བསམ་གྱིས་མི་ཁྱབ་པ་འདུས། དེའི་དུས་སུ་སྤོ་འོ་བླ་མ་ཀ་ཐོག་པ་འོད་ཟེར་རྒྱལ་མཚན་ལ་སྤོ་གོང་དུ། སྔར་ངེད་རང་གི་ཆོས་ཁྲིའི་རྒྱབ་ཏུ་ཕྱག་ལྕགས་བཙུག་པའི་ཤིང༌། རྩ་བ་གཅིག་ལ་འབྲས་བུ་རིགས་མི་འདྲ་བ་གསུམ་སྨིན་པ་ཡོད་གསུང་པ། ཁོང་དཔོན་སློབ་རྣམས་ཀྱིས་བཙལ་བས་རྙེད་པ་ཡང་བྱུང༌། སྤོ་འོ་ཡི་ཡོན་བདག་རྣམས་ཀྱིས་སྤོ་འོར། སྒར་པ་གདན་འདྲེན་པའི་ཞུ་བ་ལ། ཀ་ཐོག་པ་བླ་མ་བཏང་ནས་བྱུང་བ་ལ། རྟིང་པོར་མྱུར་དུ་ཕེབས་པའི་ཞལ་བཞེས་མཛད་ནས། གསའ་ཕུ་བདེ་མཆོག་ཕོ་བྲང་དུ་ཕྱགས་ཕེབས། བྲག་བྱི་བའི་ནང་རྒྱ་ཞིབ་ཚགས་མཛད་པ་དང༌། སྒར་པ་རྣམས་ལ་ཡང་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད། དེའི་དུས་སུ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ལྷ་དྲུག་བཅུ་རྩ་བཞིའི་དཀྱིལ་འཁོར་ཀྱི་ལྷ་རྣམས་ཞལ་གཟིགས།
སྐྱེས་བུ་ཆེན་པོས་ཕྲིན་ལས་སྒྲུབ་པ་ཡང་བྱུང་ནས། གནས་དེ་ཉིད་དུ་ཟླ་བ་འགའ་ཡར་བཞུགས་ནས། སླར་ཡང་དཔལ་རྣམ་ཐོས་ཀྱི་རི་བོར་ཕེབས། དེར་འཇང་རྒྱལ་པོའི་འབུལ་བ་དང་གདན་འདྲེན་པ་སླེབས་ཀྱང༌། སྤོའོ་ཡི་གདན་འདྲེན་རྟིང་བས་རིམ་གྱིས་ནན་ཞུས་བྱས་པ་ལ་བརྟེན་ནས། ཀོང་པོ་ཀླུ་ནང་དུ་ཕེབས། དེར་ལྷོ་རོང་ནང་སོ་ཞང་སྐྱབས་དཔོན་གཡོག་རྣམས་གདན་འདྲེན་ལ་སླེབས་པས། ཆིབས་པ་མང་པོ་སོགས་འབུལ་བ་སྟོབས་ཆེ་བ་བྱུང་ཞིང༌། དེ་ནས་བྲེ་མོ་ཆུ་མདོར་ཕྱགས་ཕེབས། སྤོའོ་མ་ཆེ་ཆུང་རྣམས་ཀྱི་ཆིབས་པ་བརྒྱ་ཙམ་གྱི་འབུལ་བ་སྟོབས་ཆེན་དང༌། ཁྱད་པར་ཟར་བེ་བ་རྣམས་ཀྱིས་ཁོ་རང་རྣམས་ཀྱི་དབང་བའི་ཟ་རི་རྣམས་ཕུལ་ཅིང༌། གྲེ་ཁར་བསམ་འགྲུབ་རྣམ་རྒྱལ་གླིང་གི་དགོན་བཏབ། བླ་མ་ཀཿཐོག་པ་འོད་ཟེར་རྒྱལ་མཚན་བླ་མ་ལ་བསྐོས། དེ་ནས་སྤོའོ་ཕྱོགས་ཀྱི་ཡོན་བདག་མཇལ་མཁན་གྱི་སྐྱེ་བོ་ཕོ་མོ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། སླར་ཡང་ཀོང་པོའི་ཡུལ་ཕུ་སེབ་ཀྱི་
ལྗང་ཕྲུག་ཏུ་འཁོར་ཕེབས་ནས། རྒྱལ་འཛིན་པའི་ཡོན་བདག་རྒན་མོ་བློ་བདེའི་བུ་རྒྱུད་རྣམས་ཀྱིས་གཙོ་བྱས། ཕུ་རྒྱལ་འཛིན་པ་རྣམས་ཀྱི་འབུལ་ཞབས་རྒྱ་ཆེན་པོ་བྱས་ཤིང༌། དེའི་དུས་སུ་ཡེ་གོང་གི་དགོན་ཀརྨ་ཡང་རྩེ་དང༌། མར་ཁུ་ཐང་རྣམས་སུ་ཕྱག་ནས་ཞུས་པས། ཚེས་གྲངས་ངེས་པ་ཅན་མཛད་ནས་ཕྱག་ནས་གནང་བས། དེའི་དུས། དྲུང་ཀརྨ་སི་དྷུ་པ་དཔོན་སློབ་རྣམས་དེར་བཞུགས་པས་ཁྲོམས་རྣམས་ཕྱག་ནས་སྒུག་པ་ལ་བསགས་ནས་ཡོད་པས། དུས་དེ་ཉིད་ཕྱག་ནས་བབ་བྱུང་བ་དེར་ཚོགས་པ་རྣམས་ཀྱིས་རྩོད་མེད་མཐོང་བྱུང་བ་སོགས་ཡ་མཚན་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། ཡང་དེ་ཉིད་དུ་ལྷོ་རྒྱ་སྟོན་པའི་འབུལ་བ་དང༌། རྔོད་ཕྱོགས་ནས་དངུལ་མང་རབ་དང་མཛོ་སུམ་བརྒྱ་ཙམ་གྱི་འབུལ་བ་བྱུང་ཞིང། རྒྱ་སྟོན་པའི་སྡེ་སྟེང་དགོན་དུ། རྡོ་རྗེ་འཆང་གི་སྐུ་གསར་བཞེངས་དང༌། རྔོད་དུ་ཤཱཀྱ་རྡོ་རྗེ་བའི་དགོན་པ་དང་གཉིས་ལ་ཕྱག་ནས་ཞུས་པས་ངེས་ཅན་དུ་ཕེབས། དེ་ཡང་སྤོའོ་
ནས་ཐེག་ཁ་ནང་སོས་གཙོ་མཛད་སྤོའོ་མ་ཆེན་ཁྲང་བ་ཚུན་གྱི་རྟ་འབུལ་སྤོ་རྟ་བརྒྱ་ཙམ་གྱིས་མགོས་བྱས་འབུལ་བ་དང༌། དགོན་པ་ཡང་ཁྲང་གི་སྣ་འོད་ཆུ་མདོ། འབྲེ་ཟླའི་དགོན་པ་གང་ཡོད་རྣམས་དང༌། དགོན་པ་ཡང་བཀའ་བརྒྱུད་ཀྱི་དགོན་པ་སྤོའོ་ཕྱོགས་སུ་གང་ཡོད་རྣམས་ཕུལ་ཞིང༌། སྤོའོ་ལུང་པའི་དགེ་འདུན་པ་རྣམས་ཀྱི་སེར་འདུ་ལོ་རེ་བཞིན་མ་ཆག་པ་བྱེད་པའི་བཅའ་ཁྲིམས་ཀྱི་ཡི་གེ་དང༌། སྤོའོ་དང་ཀོང་པོའི་དགེ་འདུན་པ་རྣམས་བསྟན་ཆུས་ཤིང༌། གཅིག་ལ་གཅིག་ཕན་བྱེད་པའི་མ་ཡིག་དང་བཅའ་ཁྲིམས་རྣམས་མཛད། རྒྱལ་འཛིན་གྱི་སྤྱི་སྒོས་རྣམས་ཀྱིས་ཐད་དུ་འབུལ་བ་བྱས་ཤིང༌། གྲོང་གི་ཕྱི་ནས་ཕྱག་ནས་ཞུས་པས། རྒན་མོ་བློ་བདེའི་བུ་རྒྱུད་བཀྲ་ཤིས་ཀྱི་ཁང་པ་དང༌། འགྲོག་ལྷ་ཧུ་རེའི་ཁང་པའི་ནང་དུ་ཕྱག་ནས་བབ་ཅིང༌། ཕྱག་ནས་ཀ་བ་སོགས་ལ་ཟུག་པ་བྱུང༌། ཡང་དེར་ཤར་མོན་གྱི་དཔོན་གཡོག་རྣམས་སླེབ་ཅིང༌། ཤར་མོན་དུ་སྔར་བསྟན་པ་མེད་པ་ལ་བསྟན་པ་འཛུགས་པའི་ཁས་ལེན་
དང༌། དགོན་པ་འབུལ་བ་དང༌། དཔོན་ཁོ་རང་ཡང་རབ་བྱུང་བྱས། དཔོན་དེ་ལ་གནུར་རྗེ་རྒྱལ་པོ་ལ་ཡང་བཀའ་ཤོག་བསྐུར། ཡང་དེར་བཞུགས་པའི་དུས་སུ། རྗེ་རང་བྱུང་རྡོ་རྗེས་གནས་སྒོ་ཕྱེས་པའི་ཀོང་སྨད་རྣམ་པར་རྒྱལ་བའི་ཁང་བཟང་གི་གནས་སུ། གཎྜི་རྒྱུ་རུང་བའི་སེང་ལྡེང་ཡ་མཚན་ཅན་ཡོད་པའི་ལུང་བསྟན་ནས། རྒྱ་ལའི་བྱིས་པ་རྣམས་བཏང་བས་ལུང་ཇི་ལྟར་བསྟན་པ་བཞིན་དུ། སེང་ལྡེང་སྡོང་པོ་གཙོ་འཁོར་ལྔའི་ཚུལ་དུ་རྙེད་ནས། དབུས་མ་བཅད་དེ་ཁྱེར་བྱུང་བ་ལ། སྒར་གྱི་གསུང་ཆོས་དུས་ཀྱི་གཎྜི་དང༌། དེའི་ཚལ་དུམ་རྣམས་ལ་རྔ་ཡང་མང་དུ་འཆོས་པ་མཛད། གོང་གི་གནས་རྣམ་པར་རྒྱལ་བའི་ཁང་བཟང་དེ་ཉིད་དུ་སྒྲུབ་པ་བ་བཞག་པ་དང༌། སྒྲུབ་པའི་རྒྱུན་འཛུགས་པ་ཡང་མཛད་ཅིང༌། སླར་རྩེ་བླ་སྒང་རྣམ་ཐོས་ཀྱི་རི་བོར་ཕེབས་ནས། སྤྲེའུ་ལོའི་ལོ་སར་སྨོན་ལམ་ཆེན་མོ་མཛད་པའི་དུས་སུ། མདོ་ཁམས་སྒང་གི་ཀརྨ་ཟུར་མང་བ་སོགས་ཀྱིས་མགོ་བྱས་གདན་འདྲེན་དང༌།
འབུལ་བ་ཇ་སིག་བརྒྱ་ལྷག་དང༌། རྟ་མཛོ་གོས་དར། གསེར་དངུལ། གོ་ཁྲབ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། སྨོན་ལམ་གྱི་དུས་སུ་རྒོད་ཀྱིས་སྐོར་བ་བྱེད་པ་སོགས་སྔར་ཅི་ལྟར་ཡོང་བ་བཞིན་བྱུང་ཞིང༌། ཁྱད་པར་ཚེས་བརྒྱད་ཀྱི་དུས་རྒྱལ་བ་བྱམས་པ་མགོན་པོ་ཞལ་གཟིགས་དང༌། ཚེས་བཅོ་ལྔའི་དུས། བཅོམ་ལྡན་འདས་ལ་འཁོར་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱིས་སྐོར་བ་སོགས་སངས་རྒྱས་བྱང་སེམས་ཀྱི་གཟིགས་སྣང་བསམ་གྱིས་མི་ཁྱབ་པ་དུས་རྒྱུན་པར་བྱུང༌། དེར་སྔོན་གྱི་ལུང་བསྟན་རྣམས་དང་མཚུངས་པར་སྒྲུབ་གནས་བཀྲ་ཤིས་ཀོང་ཕྲང་ནས་འགྲོ་བ་མཐའ་དག་ལ་ཕན་པའི་ཕྱིར་དུ། ཚེ་བུམ་ཚེ་ཆུ་ཚེ་རིལ་སོགས་འདོན་པའི་བཀོད་པ་མཛད་ནས་བཏང་ཞིང༌། དེའི་དུས་སུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་མཁའ་འགྲོ་མ་བཞིས་བསྐོར་བ་ཞལ་གཟིགས་ནས་ལུང་བསྟན་པ་ཡང་མཛད་པ། དེ་ཇི་ལྟར་གསུང་པ་བཞིན་གཏེར་རྣམས་ཐོན་ནས། གཏེར་ཚབ་ཏུ་ཡང་བྱིན་བརླབས་ཀྱི་
རྟེན་རྫས་རིན་པོ་ཆེ་སྣ་ཚོགས་སོགས་བཞག་པར་མཛད་ནས། སྐུ་མཚམས་དང་སྦྲག་པའི་ཐུགས་དམ་མཛད་པའི་ཚེ། བཅོམ་ལྡན་འདས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན། ཞལ་གཟིགས་པ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེའི་དུས་སུ་གཙང་དུ་ཕེབས་དགོས་པའི་གདན་འདྲེན་པ་རིམ་པར་བྱས་ནས་ནང་སོ་ཆོས་མཛད་པ་སོགས་སླེབས་པ་ལ་བརྟེན་ནས། སྤྲེའུ་ལོ་ཟླ་བ་དགུ་པའི་ཚེས་ཉེར་གསུམ་ལ་རྩེ་བླ་སྒང་རྣམ་ཐོས་ཀྱི་རི་བོ་ནས་སྒར་པ་རྣམས་བཏེག་པ་མཛད་པའི་དུས་སུ། ཀོང་བཙུན་དེ་མོ་སོགས་ཀོང་པོའི་གཞི་བདག་རྣམས་ཀྱིས་སྐྱེལ་མ་བྱས་པའི་གཟིགས་སྣང་བྱུང་ཞིང༌། དེར་ཚོགས་པ་སྐྱེ་འགྲོ་རྣམས་ཀྱི་མཐུན་སྣང་དུ་ཡང༌། ནམ་མཁའ་དྭང་པ་དང༌། མེ་ཏོག་གི་ཆར་བབ་པ་དང༌། འཇའ་ཡི་གུར་ཕུབ་པ་དང༌། སྤྲིན་གྱི་གཟུགས་བརྙན་ལྟ་བུ་བསམ་གྱིས་མི་ཁྱབ་ཅིང་ཡ་མཚན་པ་རྣམས་བྱུང་ཞིང༌། རིམ་པས་བཏེག་ནས། ལམ་དུ་ཡོད་པའི་མི་སྡེ་
རྣམས་ཀྱི་འབུལ་ཞབས་རྒྱ་ཆེན་པོས་མཉེས་པར་བྱས་ནས་དེ་རྣམས་ཀྱང་སྨིན་གྲོལ་གྱི་ལམ་ལ་བཀོད་དེ། སྒར་བྱིན་རྣམས་ཟིང་པོ་ནས་གྲུ་ལ་བརྒལ་ཏེ། དྲུང་སྐོར་རྣམས་ཕྲག་ཡུལ་ནས་གདན་འདྲེན་ཞུས་ནས། དེར་ཡང་ཕྱི་ནང་གི་ཞལ་ད་གནང་དགོས་རྣམས་ལུགས་གཉིས་ཀྱི་སྒོ་ནས་ཚིམས་པར་མཛད་ཅིང༌། འབུལ་ཞབས་ཀྱང་རྒྱ་ཆེན་པོས་མཉེས་པར་བྱས། དེར་གྲུབ་ཚལ་གྱི་དགོན་པ་སྔར་ནས་ཕུལ་བཞིན། ཡོན་བདག་རྣམས་ཀྱིས་དགོན་པའི་ལས་ཁྲལ་ཕུལ་ནས་དགོན་པ་འདེབས་པར་མཛད་ཅིང༌། དྲི་མེད་སངས་རྒྱས་བླ་མ་ལ་བསྐོ་བ་མཛད་པ་སོགས་ཡུལ་གྲུ་དེ་རྣམས་ཀྱང་སྨིན་གྲོལ་གྱི་ལམ་ལ་བཀོད་པ་མཛད་ཅིང༌། རིམ་པས་བཏེག་ནས་བ་ཡོར་ཕེབས་པའི་ལམ་གླི་ལུང་དུ་ཞིང་སྐྱོང་གི་བསུ་བ་བྱུང་བ་གཟིགས་སྣང་ཡང་བསམ་གྱིས་མི་ཁྱབ་ཅིང་བ་ཡོར་ཕེབས་པའི་ཚེ། ཙཱ་རི་ཡི་རི་པ་རྣམས་ཀྱི་སེར་ཕྲེང་དང་མདུན་བསུ་ཡང་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེར་མོ་ལོ་བང་རམ་པ་སོགས་རྣམས་
དང༌། ཀློ་ཁ་ཀྲ་རྣམས་ཀྱིས་ཀྱང་འབུལ་བ་མང་དུ་བྱས་ཤིང༌། གནས་དེ་ཉིད་དུ་ཡི་དམ་ལྷ་ཚོགས་རྣམས་དང༌། ཞིང་སྐྱོང་ལ་སོགས་ཆོས་སྐྱོང་སྲུང་མ་ཡང་མང་དུ་ཞལ་གཟིགས་ཤིང་དེར་གནས་པའི་འགྲོ་བ་རྣམས་ལ་སྦྱིན་པ་རྣམ་བཞིས་ཚིམས་པར་མཛད་ནས་རིམ་གྱིས་ནས་པ་གླང་ལ་ནས་ཕེབས་པས། དེར་བྱར་པ་ནང་སོ་ཆོས་མཛད་པ་བཀྲ་ཤིས་རྣམ་རྒྱལ་ཇ་འདྲེན་སྔོན་མ་ལ་བྱུང་ཞིང་སྒར་པའི་ཕྱག་ཕྱི་བྱས་ནས་འབྲུག་ཏིང་དུ་ཕེབས་ནས་རིམ་པས་སྟོང་ཤང་དུ་སྐྱེན་པ་རྒྱལ་པོ་དཔལ་བཟང་གིས་གདན་དྲངས་ནས་ཕེབས་པས། དེ་ཡང་རྒྱལ་པོ་དཔལ་བཟང་རང་གིས་གཙོ་བྱས་སྐྱེན་པ་རྣམས་ཀྱིས་མཆོད་པ་རྒྱ་ཆེན་པོས་མཉེས་པར་བྱས་ཤིང༌། འགྲོ་བ་དེ་རྣམས་ཐེག་པ་ཆེན་པོའི་ལམ་ལ་འགོད་པའི་སླད་དུ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོས་དེ་དག་སྨིན་གྲོལ་ལ་འགོད་པར་མཛད་ཅིང༌། དུང་ལར་ཕེབས་པས། དེར་ཙཱ་རི་མཚོ་དཀར་བ་རྣམས་ཀྱི་གདན་འདྲེན་དང་ཇ་འདྲེན་པ་སླེབས་པ་ལ་བརྟེན་ནས།
འཇའ་ཚོན་ཕུག་ཏུ་ཕེབས་པ་མཛད། དེར་ཀྱང་མཚོ་དཀར་བ་སོགས་རྣམས་ཀྱི་འབུལ་ཞབས་རྒྱ་ཆེན་པོ་བྱུང་ཞིང༌། སངས་རྒྱས་བྱང་སེམས་སོགས་གཟིགས་སྣང་ཡང་དཔག་ཏུ་མེད་པ་ཡང་བྱུང༌། དེ་ནས་སྐྱེན་པ་རྒྱལ་པོ། ལྷོ་སྒོ་བས་གདན་དྲངས་ནས་འབུལ་ཞབས་རྒྱ་ཆེན་པོ་བྱས་ཤིང༌། སྒོ་གོང་འོག་གི་མདུན་མ་སྒྲུབ་དགོས་པའི་ཞལ་ད་གནང་བ་ལ་བརྟེན་ནས། ཅི་ལྟར་གསུང་པ་བཞིན་སྒྲུབ་པའི་ཁས་ལེན་ཕུལ་ཅིང་མདུན་མ་སྒྲུབ་པ་བྱས་ནས་དེར་གནས་པའི་སྐྱེ་འགྲོ་དེ་དག་རྣམས་ལ་ཡང་གང་ལ་གང་འདུལ་གྱིས་རང་རང་གི་བློ་ཚིམས་པར་མཛད་ནས༌། རིམ་པར་ཞུག་ཏུ་ཕེབས་དེར་ཡང་འོད་ཤོད་པ་སོགས་བྲ་བ་ཁོག་པའི་ལྷ་སྡེ་མི་སྡེ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟ་བུས་མཆོད་དེ། ཕྱོགས་དེའི་དད་པ་དང་ལྡན་པ་དེ་དག་རྣམས་ཀྱང་ཞལ་མཐོང་གསུང་ཐོས་ཀྱི་སྒོ་ནས་སྨིན་པར་མཛད། དེ་ནས་བཀྲ་ཤིས་སྒང་དུ་ཕེབས་དགོན་པ་ཤར་སོགས་ཀྱིས་འབུལ་ཞབས་བྱས་ཤིང༌། དེ་དག་རྣམས་སུ་ཡང་
ནམ་མཁའ་དྭང་ཞིང་མེ་ཏོག་གི་ཆར་རྒྱུན་ལྡན་དུ་བབ་པ་དང༌། བཀྲ་ཤིས་པའི་དགེ་མཚན་ཀྱང་མང་དུ་བྱུང་ཞིང༌། དེར་དྭགས་པོ་བང་རིམ་པས་ཇ་འདྲེན་པ་སླེབ་ཅིང་ཀོང་ང་ལ་ལ་ཕེབས་པའི་དུས་སུ་གཞི་བདག་གིས་ཇ་འདྲེན་འབུལ་བའི་གསལ་སྣང་བྱུང་ཞིང༌། དེའི་ལ་རྩེར་དྭགས་པོ་བང་རིམ་པའི་ཞལ་ངོ་རྣམས་སླེབས། ཇ་འདྲེན་དང་འབུལ་བ་ཡང་མང་དུ་བྱུང༌། དེར་དྭགས་པོ་སྐུ་རབ་པའི་གདན་འདྲེན་དང་ཇ་འདྲེན་པ་སླེབས་པས་རིམ་པར་ཟུང་མཁར་དུ་ཕེབས་ཤིང༌། དེ་དག་རྣམས་ཀྱི་དད་ལྡན་གྱི་འགྲོ་བ་དེ་དག་ཐམས་ཅད་བསྡུ་བ་བཞི་ཡི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་ནས། ཁྲ་འབག་ལྟར་བཏེག་ཅིང༌། དྭགས་པོ་དཔལ་གྱི་སྒམ་པོའི་གནས་ལ་རྒྱུན་མོར་གཟིགས་རྟོག་མཛད། དེའི་དུས་རྗེ་སྒམ་པོ་པ། སྒམ་པོ་ཚུལ་ཁྲིམས་སྙིང་པོ། དཔལ་ལྡན་དུས་གསུམ་མཁྱེན་པ་གསུམ་གྱིས་གཙོ་བོ་མཛད་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཞལ་གཟིགས་ཤིང༌། དྭགས་ལ་དཔལ་གྱི་སྒམ་པོའི་ཕྱི་ནང་གི་
བཀོད་པ་རྣམས་ཀྱང་གསལ་བ་བྱུང༌། དེར་དྭགས་པོ་སྐུ་རབ་པའི་ཞལ་ངོ་རྣམས་ཀྱི་ཇ་འདྲེན་སླེབས་ནས་འབྲུག་མདར་ཕེབས། དེ་ནས་དྲུང་སི་དྷུ་པ་དཔོན་སློབ་རྣམས་ལ་དཔལ་གྱི་སྒམ་པོར་སྐུ་འདྲ་རིན་པོ་ཆེའི་དྲུང་དུ་རྣམ་སྦྱར་གསེར་མ་གསོལ་རྒྱུ་སྨོན་ལམ་དང་བཅས་པ་དང༌། དགོན་རྣམས་ལ་འགྱེད་ཇ་བཀོལ་དང་བཅས་ཏེ་བསྐུར་ནས་བརྫངས། དེར་དྭགས་པོ་སྐུ་རབ་པའི་འབུལ་བ་མཛོ་རྟ་ལ་སོགས་པ་དཔག་ཏུ་མེད་པའི་འབུལ་ཞབས་རྒྱ་ཆེན་པོ་བྱས་ཏེ། རིམ་པས་དཔུང་དཀར་ན་རྒྱུད་དེ། མཁར་སེར་ཕེབས་ཤིང༌། ཡུལ་གྲུ་དེ་དག་རྣམས་ཀྱིས་ཀྱང༌། རང་རང་སོ་སོ་ཡི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པས་མཆོད་དེ་འགྲོ་བ་མ་ལུས་པ་དེ་དག་ཀྱང་ཞལ་མཐོང་གསུང་ཐོས་སོགས་གང་ལ་གང་འདུལ་གྱི་བདེ་བ་ལ་འགོད་པར་མཛད། དེར་ཡང་རྩང་པའི་གསེར་ཡིག་ཇ་འདྲེན་དང་བཅས་པ་སླེབས་ནས། སྒར་ཆེན་མྱུར་དུ་དབུས་རྩང་དུ་ཕེབས་པའི་ཞུ་བ་ཕུལ་ཞིང༌། བྱར་པ་ནང་སོ་སྒོ་གཅིག་པ་པདྨ་རྟ་མཆོག་
དབང་གི་རྒྱལ་པོ་སོགས་ཇ་འདྲེན་པ་ལ་སླེབས་པས། བྱར་དབུས་སུ་ཕེབས། དེ་ཉིད་དུ་བྱ་ལོའི་ལོ་སར་དང་སྐུ་རིམ་སྨོན་ལམ་ཆེན་མོ་སོགས་མཛད་པའི་དུས་སུ། སངས་རྒྱས་དང་བྱང་སེམས་དཔག་ཏུ་མེད་པའི་གཟིགས་སྣང་དང༌། ལུང་བསྟན་རྗེས་སུ་གནང་བ་སོགས་བྱུང་ཞིང༌། དེར་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལ་ཕྱོགས་བཅུའི་མགོན་པོས་བསྐོར་ནས་གར་བྱེད་པའི་རྣམ་པ་བྱུང་ཞིང༌། ཕྲིན་ལས་སྒྲུབ་པ་དང་བར་ཆད་བསལ་བའི་ཞལ་བཞེས་པ་ལྟ་བུ་ཡང་བྱུང་ངོ༌། །དེ་ནས་ཁྲོམ་སར་ཕེབས་ནས། མལ་བྱོ་ལོ་ཙཱ་བས་རྒྱ་གར་ནས་གདན་དྲངས་པའི་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་སྐུ་འབག་སུམ་བྷཱ་ནག་པོ་ཞེས་གྲགས་པ་དེ་ཉིད་མཇལ་དུ་ཕྱིན་པས། ཆོས་སྐྱོང་གིས་བསུ་བ་བྱེད་པའི་གསལ་སྣང་དང༌། སྐུ་འབག་དེ་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོ་དང་དབྱེར་མ་མཆིས་པར་གཟིགས་ཤིང་དེ་ཡང་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་བ་དང༌། རྒྱལ་ཁམས་བདེ་བའི་སྨོན་ལམ་
སོགས་ཀྱང་མཛད། དེ་ནས་དབྱལ་གསེར་གྱི་འབུམ་པར་ཕེབས། གྲུབ་ཆེན་ཀརྨ་པཀྵིའི་ལུང་བསྟན་ལྷ་ཁང་སོགས་ལ་ཕྱག་ནས་གནང་བ་ལ་སོགས་མཛད། དེའི་དུས་སུ་སྔོན་གྱི་རྣམ་ཐར་ཅུང་ཟད་གསལ་བ་བྱུང༌། དེར་གཞིས་ཁ་ཆོས་རྒྱལ་ལྷུན་པོར་ཕེབས་པའི་ཉིན། ནམ་མཁའ་དྭང་པ་དང༌། མེ་ཏོག་གི་ཆར་བབ་པ་སོགས་བྱུང་ཞིང༌། མདུན་བསུ་རྣམས་ཀྱང་དཔག་ཏུ་མེད་པ་བྱུང༌། དེར་དྲུང་མཚུར་ཕུ་བ་སོགས་ཇ་འདྲེན་ལ་སླེབ་ཅིང༌། ཟླ་བ་གསུམ་བཞི་ཙམ་དུ་འབུལ་ཞབས་རྒྱ་ཆེན་པོས་མཉེས་པར་བྱས། རིམ་པས་སྟག་ལ་དང་ཡ་ཚེ་རྣམས་སུ་ཕེབས། དེར་ནང་སོ་བསམ་བདེ་བ་ཇ་འདྲེན་ལ་སླེབས་ནས་རིམ་གྱིས་སྐོར་ར་ཆོས་རྫོང་དུ་ཕེབས། དེ་ནས་ར་མོར་ཕེབས་པའི་ཉིན། རྟེན་མཛོ་གཅིག་གི་ཞབས་རྗེས་བཞག་པ་ཡང་བྱུང་ཞིང༌། ལྷུན་པོ་སྒང་དུ་ཕེབས། དེར་བསམ་བདེ་བ་དཔོན་སློབ་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེན་པོས་མཉེས་པར་བྱས་ཤིང༌། མགོན་ནེར་ཕེབས་པས། དེ་ཉིད་དུ། ཡར་ལུང་བདག་
པོའི་ཇ་འདྲེན་སོགས་བྱུང་ཞིང༌། ནང་སོ་སྟག་རྩེ་བས་ཀྱང༌། ཇ་འདྲེན་དང་གདན་འདྲེན་བྱུང་བ་ལ་བརྟེན་ནས། རིམ་པས་སྲོང་བཙན་དུ་ཕེབས། དེར་ཡང་སྔོན་གྱི་གནས་ཚུལ་ཅུང་ཟད་གསལ་བར་བྱུང་ཞིང་འབུལ་ཞབས་ཀྱིས་མཉེས་པར་བྱས་ནས། ཡན་ཁར་དང༌། ཞང་མཁར་སོགས་སུ་རྒྱུད་དེ་ཡར་རྒྱབ་ལྷུན་གྲུབ་གླིང་དུ་གདན་དྲངས་ནས་མཆོད་སྤྲིན་བསམ་གྱིས་མི་ཁྱབ་པས་མཆོད་ཅིང༌། འགར་རྩ་ནས་རིམ་པར་བརྒྱུད་དེ་དོལ་ལྷུན་གྲུབ་ལྷ་རྩེར་ཕེབས་ཤིང༌། དེར་ཡང་འབུལ་ཞབས་རྒྱ་ཆེན་པོས་མཉེས་པར་བྱས་ཤིང༌། དོལ་སྣ་འོ་ལར་རྗེ་བཙུན་མར་པའི་བཞུགས་ཁྲི་གསོ་བ་དང༌། དེ་དང་ཞལ་སྤྲོད་དུ་དྲུང་ཉིད་བཞུགས་ཁྲི་མཛད་དེ། རྒྱལ་ཁམས་རྣམས་ལ་ཕན་པའི་རྟེན་འབྲེལ་ཀྱང་མཛད་ཅིང་དེར་རྗེ་བཙུན་མར་པ་ཡབ་སྲས་ཀྱིས་བཀྲ་ཤིས་བརྗོད་པའི་གཟིགས་སྣང་བྱུང༌། དེ་ནས་སྒར་པ་དཔོན་སློབ་རྣམས་བཀྲ་ཤིས་སྒང་དུ་ཕེབས་པས། སྡེ་པ་རིན་སྤུངས་པ་དཔོན་སློབ་རྣམས་རྒྱལ་ཆས་
སོགས་ཤིན་ཏུ་གཟབ་པ། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལ་འགྲན་དུ་རུང་བ་མཛད་ནས་བསུ་བ་བྱས། དེའི་ཚེ་ཡང་ནམ་མཁའ་ཤིན་ཏུ་དང་ཞིང༌། འཇའ་འོད་ཀྱི་གུར་ཕུབ་པ་དང༌། མེ་ཏོག་གི་ཆར་བབ་པ་སོགས་གཞིས་བྱེས་དཔོན་སློབ་རྣམས་ཀྱི་མཐུན་སྣང་དུ་གྲུབ་པའི་ཡ་མཚན་དཔག་ཏུ་མེད་པ་བྱུང་ཞིང༌། དེ་ནས་བོམ་བྲག་ཏུ་ཕེབས་ནས་སྒར་ཆེན་གྱི་གཟིམ་གུར་དུ་སྡེ་པ་རིན་དཔུང་པས་ཇ་འདྲེན་གྱི་གཞི་ལེན་དང་འབུལ་ཞབས་དཔག་ཏུ་མེད་པ་བྱས། དེ་ནས་རིམ་པས་གཞི་བྱེས་ཡོན་མཆོད་རྣམས། ཆུ་བོ་མ་ཧཱ་ལོ་ཧི་ཏ་བརྒལ་ནས་ལུམ་པ་ཤེལ་གྲོང་བཀྲ་ཤིས་དགེ་འཕེལ་སྣེའུ་རྫོང་ནག །བཟང་གྲོང་སོགས་སུ་རིམ་གྱིས་བཏེག་ཅིང༌། དེ་དག་རྣམས་ཀྱིས་ཀྱང་འབུལ་ཞབས་རྒྱ་ཆེན་པོ་བྱས་ཤིང༌། བཟང་གྲོང་དུ་སེར་འབྲས་ཀྱི་ཇ་འདྲེན་པ་སོགས་སླེབས། དེ་ནས་རིམ་པས་ཆོས་འཁོར་ཆེན་པོ་དཔལ་གྱི་ལྷ་སར་ཕེབས་པའི་ཉིན། དབུས་རྩང་གི་དགེ་འདུན་པ་བསམ་གྱིས་མི་ཁྱབ་པ་དང་ཁྱད་པར་གསང་ཕུ་ནེའུ་
ཐོག་པའི་ཆོས་རྗེས་གཙོ་བྱས། གསང་ཕུ་བའི་དགེ་འདུན་པ་རྣམས་དང༌། སེར་ར། འབྲས་དཔུང༌། ན་ལེནྡྲ་སོགས་དགོན་སྡེ། ཆེ་བར་གྱུར་པ་རྣམས་ཀྱི་ཆོས་རྗེ་རྣམ་པས་གཙོ་བྱས། ངུར་སྨྲིག་གི་རྒྱལ་མཚན་འཛིན་པ་ཁྲི་ཕྲག་གིས་བསུ་བ་བྱས་ཤིང༌། དེའི་དུས་སུ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་གཟིགས་སྣང་བྱུང་ཞིང༌། ཆོས་སྐྱོང་མ་མགོན་རྣམས་ཀྱིས་བསུ་བ་བྱས་པའི་གསལ་སྣང་བྱུང༌། གཞིས་བྱེས་དེར་འདུས་པ་རྣམས་ཀྱི་མཐུན་སྣང་དུ་གྲུབ་པ་ལ་ཡང་དྲུང་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འདུ་ཤེས་ཡིན་ལ་ཡིན་བཞིན་དུ་ཤར་བ་དང༌། ཕྱི་རོལ་དུ་ཡང་ནམ་མཁའ་དང་ཞིང༌། མེ་ཏོག་གི་ཆར་ཁ་དོག་ལྔ་དང་ལྡན་པ་བབ་པ་སོགས་ཡ་མཚན་ཆེ་བ་བསམ་གྱིས་མི་ཁྱབ་པ་བྱུང༌། དེ་ནས་ཆོས་འཁོར་ལྷ་སར་སྒར་བཞུགས་ཤིང༌། ཇོ་བོ་རིན་པོ་ཆེ་སྐུ་མཆེད་གཉིས་ཀྱི་དྲུང་དུ་གསེར་གསོལ་སོགས་མཛད་པའི་དུས་སུ། ཇོ་བོ་རིན་པོ་ཆེ་མཆེད་གཉིས་
ཀྱིས་སངས་རྒྱས་ཀྱི་བསྟན་པ་དར་རྒྱས་ཡོང་བའི་ལུང་བསྟན་རྟེན་འབྲེལ་འདི་བཞིན་དགོས་ཞེས་པའི་ལུང་བསྟན་པ་སོགས་ཀྱང་བྱུང་ཞིང༌། དེར་ཁྱི་ལོའི་ལོ་གསར་སྨོན་ལམ་ཆེན་མོ་སོགས་མཛད་པའི་དུས་སུ་ཡང༌། སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཞལ་གཟིགས་ཤིང༌། ལུང་བསྟན་གནང་བ་སོགས་བསམ་གྱིས་མི་ཁྱབ་པ། དེར་ཤར་ཁ་ལུང་པའི་གངས་པ་བླ་མ་སོགས་རྣམས་དང༌། འདན་མ་གྲུབ་ཐོབ་པ་སོགས་མདོ་ཁམས་སྒང་གི་གྲྭ་རྒྱུན་རྣམས་ཀྱི་ཇ་སིག་སུམ་བརྒྱ་ཙམ་དང༌། གོས་དར། གསེར་དངུལ། རྟ་མཛོ་ལ་སོགས་པའི་འབུལ་བ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། དེ་རྣམས་ཀྱི་དུས་སུ་ཡང༌། ནམ་མཁའ་དང་ཞིང༌། མེ་ཏོག་གི་ཆར་བབ་པ་སོགས་བྱུང༌། དེ་རྣམས་ཀྱི་རྗེས་སུ་ཤར་ཕྱོགས་ཀོང་པོའི་ཡུལ་ནས། དྲུང་པ་བཀྲ་ཤིས་དོན་འགྲུབ་པས་གཙོ་བྱས། ཀོང་ལུང་པའི་ཀར་སྲིད་ཀྱི་བླ་མ་དང༌། རྒྱ་བདག་གཉེར་པ་རྣམས་ཀྱིས་སླར་ཡང༌། སྒར་ཆེན་གདན་འདྲེན་དང༌། ཇོ་བོ་
རིན་པོ་ཆེ་མཆེད་གཉིས་ཀྱི་དྲུང་དུ། ཆོས་ཀྱི་རྔ་བོ་ཆེ་མཐའ་འདོམ་ཉི་ཤུ་རྩ་བཞི་ཡོད་པ། འཛམ་གླིང་འདིར་དཔེ་ཟླ་མ་མཆིས་པ་དང༌། ཇོ་བོ་རིན་པོ་ཆེའི་མདུན་དུ་ལྕགས་དྲྭ་ཆེན་མོ་དང༌། ལྕགས་ཀྱི་སྤོས་ཕོར་ཆེ་བ་བཞི། ར་མོ་ཆེར་ལྕགས་དྲྭ་དང༌། ལྕགས་ཀྱི་སྤོས་ཕོར་གཅིག་སོགས་མཆོད་རྫས་བསམ་གྱིས་མི་ཁྱབ་པ། དཀར་མེ་སྟོབས་ཆེན་དང་བཅས་པ་རྣམས་དང༌། སྒར་དུ་ཡང་ཆིབས་པ་སུམ་ཅུ་ཙམ་གྱིས་མགོས་ཆིབས་པ་མང་རབ་དང༌། མར་སོགས་བསམ་གྱིས་མི་ཁྱབ་པའི་འབུལ་བ་བྱུང་ཞིང༌། ཡོན་མཆོད་ཞལ་རྒྱས་སུ་འབུལ་བ་རྣམས་བྱས་ནས། གསུང་ཆོས་སོགས་གནང་བའི་དུས་འཇའ་ཡི་གུར་ཕུབ། མེ་ཏོག་གི་ཆར་བབས། སྤྲིན་གྱི་རྣམ་པའི་མཆོད་པའི་གཟུགས་བརྙན་མང་པོར་ཡ་མཚན་ཆེན་པོ་བྱུང་བ་སོགས་བདེ་ཆེན་དེ་ཉིད་དུའོ། །
རྗེ་དུས་གསུམ་མཁྱེན་པའི་གསུང་འབུམ་དཀར་ཆག
རྗེ་དུས་གསུམ་མཁྱེན་པའི་གསུང་འབུམ་དཀར་ཆག་ལགས་སོ། །
དུས་གསུམ་ཤེས་བྱ་ཀུན་གཟིགས་འཇའ་ཚོན་གཟུགས། །མཁྱེན་བཟང་གསེར་གྱི་ས་འཛིན་རྩེར་ཕྱོགས་ཏེ། །གྲུབ་པའི་དབང་ཕྱུག་ཀུན་གྱི་གཙུག་རྒྱན་དུ། །གསལ་ནས་ལྔ་ཕྲག་ཟུང་གི་རྒྱལ་བས་བསྔགས། །བདུན་ཅུ་རྩ་གཉིས་སྟོང་ཕྲག་རྒྱུད་མཆོག་དོན། །ཕྱི་ནང་གཞན་གསུམ་རྩ་རླུང་ཀུན་སྤྱོད་ཀྱི། །འོད་གསལ་བདེ་ཆེན་དབུ་མའི་ལམ་ཆེན་གཤེགས། །དུས་གསུམ་མཁྱེན་གྱུར་ཀརྨ་པ་ལ་འདུད། །རྗེ་དུས་གསུམ་མཁྱེན་པ་ཆོས་ཀྱི་གྲགས་པ་ཀརྨ་པ་ཆེན་པོ་བྲམ་ཟེ་ས་ར་ཧའི་རྣམ་འཕྲུལ་ཞྭ་ནག་གི་ཅོད་པན་འཛིན་པ་དེའི་གསུང་། པོ་ཏི་འདིར་བཞུགས་པའི་རྣམ་གྲངས་ནི། རྣམ་པར་ཐར་པ་བདེ་
ཆུང་གིས་གསུང་ཇི་ལྟ་བ་བཞིན་མཛད་པ། རྗེ་སྒང་ལོས་བསྒྲིགས་པ་གཉིས། སྒང་ལོས་བྱས་པའི་རྣམ་ཐར་བརྒྱ་རྩ་མ། ཚིགས་སུ་བཅད་པ་མི་འདྲ་ཙམ་གཉིས། རྗེ་ཉིད་ཀྱི་ཞལ་ཆེམས། མུ་ཏིག་ཕྲེང་བ། ཚོགས་ཆོས། མགུར་འབུམ། བདེ་མཆོག་གི་རྒྱ་གཞུང་། ལྔ་ཚན་ལྔའི་མངོན་རྟོགས། གཏོར་ཆོག །སྦྱིན་སྲེག །མཆོད་ཆོག །དབང་གི་ཆོ་ག །ནོར་བུའི་ཕྲེང་བ། རྗེ་བཙུན་མའི་རྒྱ་གཞུང་། དབང་མཆོག །དགྱེས་རྡོར་གྱི་རྒྱ་གཞུང་། མངོན་རྟོགས། གཏོར་ཆོག །དབང་ཆོག །སྒྲོལ་མའི་རྒྱ་གཞུང་། རྗེས་གནང་། རྟ་མགྲིན་གྱི་རྒྱ་གཞུང་། མངོན་རྟོགས། རྗེས་གནང་། ཞལ་བཞི་མའི་རྒྱ་གཞུང་། མངོན་
རྟོགས། ལས་ཁ་ཚར་དང་བཅས་པ། ཡང་ཞལ་བཞི་མའི་མངོན་རྟོགས། གཏོར་ཆོག །མཎྜལ་ཡེ་ཤེས་ཀྱི་མཆོད་པ། སིན་དྷུ་ར་སྔགས་ཀྱི་མཆོད་པ། རྒྱལ་པོ་དབང་དུ་བྱ་བའི་སྔོན་འགྲོ། དབང་ཆོག །རྒྱལ་པོ་དབང་དུ་བྱ་བ། སྒྲིབ་སྦྱོང་། གཞལ་ཡས་ཁང་གི་དག་པ། རྣམ་བཞི་རྒྱུད་གྲོལ་གྱི་རྒྱ་གཞུང་། ཁྲིད་ཡིག །རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་རྒྱ་གཞུང་། སྒྲུབ་ཐབས། བུམ་ཆོག །ཚེ་སྒྲུབ། བསམ་གཏན་ཉམས་སུ་ལེན་ལུགས། རྨི་ལམ་དུ་བྱེད་པའི་མན་ངག །འཕོ་བའི་གདམས་པ། རྣམ་ཤེས་གྲོང་འཇུག །གཏོར་མའི་རིམ་པ། ཉལ་བའི་རྣལ་འབྱོར། ལྡང་བའི་རྣལ་འབྱོར། ཚ་ཚ་བཏབ་པ། བསྐོར་བ་བྱེད་པ། གསང་བ་བླ་ན་མེད་པའི་གཏོར་མ། རྒྱུན་གྱི་བསྙེན་པ་བྱེད་པའི་མན་ངག །སྡིག་སྦྱོང་གི་ཆོ་ག །བསྟོད་པ་རོལ་པའི་ཕྲེང་བ། ཞལ་གཉིས་མའི་མངོན་རྟོགས་རྣམས། ལྷན་སྐྱེས་ཇོ་མོའི་ལོ་རྒྱུས། དེའི་རྒྱ་གཞུང་། སྒྲུབ་ཐབས་སོགས་ཞལ་གདམས་བཅུ་གཉིས། སློབ་མ་རྗེས་སུ་བཟུང་བ། དུས་
བཟང་གི་མཆོད་པ། འགྲོ་བ་མི་སོགས་དབང་དུ་བསྡུད་པ། བགེགས་ཀྱི་གནོད་པ་བསལ་བ། ཡང་མངོན་རྟོགས་གཅིག །གཏོར་ཆོག །མཆོད་པའི་ཆོ་ག་ལ་ཕྱིའི་མཆོད་པ། ལག་པའི་མཆོད་པ། རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར། མཁའ་འགྲོ་མའི་བྱིན་རླབས། བཀྲ་ཤིས། སྤྱན་འདྲེན། ཁྲུས་ཀྱི་ཆོ་ག །ཁ་ཟས་ཀྱི་རྣལ་འབྱོར། ཚོགས་གསོག །སྒྲིབ་སྦྱོང་། བྱད་བཟློག །ཉེ་བར་བསྒྲུབ་པའི་ཆོ་ག །རྒྱལ་པོ་དབང་དུ་བྱེད་པ། བརྡའི་སྒོ་ནས་ཆོས་སྟོན་པ། དྲག་པོའི་སྦྱིན་སྲེག །གཏོར་མ་བསྡུས་པ། གཞོན་ནུ་མའི་མཆོད་པ། ཟིན་བྲིས། སྒྲུབ་ཐབས་ཀྱི་མཆོད་འགྲིག །ཞལ་གཅིག་མའི་རྒྱ་གཞུང་། སྒྲུབ་ཐབས། དབང་ཆོག །དུས་བཟང་གི་མཆོད་པ། གཞན་དབང་དུ་བྱ་བ། རང་གཞན་གྱི་གདོན་བསལ་བ། སྒྲིབ་སྦྱོང་། ཞི་བའི་སྦྱིན་སྲེག །རྒྱས་པའི་སྦྱིན་སྲེག །དབང་གི་སྦྱིན་སྲེག །དྲག་པོའི་སྦྱིན་སྲེག །རྫོགས་རིམ་མན་ངག །ཞལ་ཉེ་བར་ལྟ་བའི་མཆོད་པ། སྒྲིབ་སྦྱོང་། དབང་ཆོག །སྐུ་གསུང་ཐུགས་ཀྱི་རྒྱུད་མཛད་
མའི་གསང་སྒྲུབ། བྱིན་རླབས་ཀྱི་ཆོ་ག །བསྟོད་པ། བཅུད་ཕུར་གསུམ་གྱི་གདམས་པ། རྣམ་དག་བུམ་པའི་སྒྲུབ་པ། གཟུངས་ཀྱི་ཆོ་གའི་མན་ངག །དབང་ཆོག །དམར་ཆུང་མའི་ཞལ་གདམས། ཡེ་ཤེས་བླ་མས་རྒྱ་རས་ཀྱི་དོན་དུ་བཀྲོལ་བ། ཀ་པཱ་ལའི་བཅའ་ཐབས། སྲུང་འཁོར་བྲི་ཐབས། སྲུང་འཁོར་སྒོམ་ཐབས། དབང་བསྡུད། སྤོགས་ཆོག །རྒྱལ་པོ་དབང་དུ་བྱེད་པ། ནོར་འཕེལ་ཐབས། ལོ་རྒྱུས། རྫོགས་རིམ། སྒྱུ་ལུས་སྒོམ་ཐབས། གཉིད་རྨི་ལམ་དང་བསྲེ་བ། གཉིད་འོད་གསལ་དང་བསྲེ་བའི་མན་ངག །འཕོ་བ་སྦྱོང་བའི་མན་ངག །རྣམ་ཤེས་གྲོང་འཇུག་གི་མན་ངག །སྲུང་འཁོར་བྲི་ཐབས། རྫོགས་རིམ་རླུང་སེམས་གཉིས་མེད། ཕག་མོའི་བཀའ་སྲུང་གི་སྒྲུབ་ཐབས། ཞུས་ལན་ཚན་པ་གཉིས། ཆོས་དྲུག་གི་ཞལ་གདམས་ཚན་གཉིས། གཏུམ་མོ་གངས་སེང་མ། ལ་བར་མ། མཆོག་གི་གཏུམ་མོ། བླ་མའི་གཏུམ་མོ། བསྲེ་བ་སྐོར་གསུམ། ཐིག་ལེའི་གེགས་སེལ། ཕྱག་ཆེན་ཐོག་བབས། རྨི་ལམ་འབྲེལ་པ་
གསུམ་ལྡན། བར་དོ་བཀའ་རྒྱ་མ། གེགས་སེལ་ཐོར་བུ་བ། གེགས་སེལ་ཞལ་གདམས་མ། ཡེ་ཤེས་མགོན་པོ་ཕྱག་བཞི་བའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་། བཟླས་པའི་མན་ངག །གཏོར་མའི་རིམ་པ། རྒྱུན་གཏོར་བསྡུས་པ། འདོད་དོན་གསོལ་གདབ། མགོན་པོ་བྱ་རོག་མའི་ཐོད་ནག་གི་སྒྲུབ་ཐབས། ཕྲིན་ལས་བཅོལ་བ། སྦྱིན་སྲེག །ལས་སྦྱོར། ཡང་ལས་སྦྱོར་དང་རྟགས་ཀྱི་མན་ངག །ཆོ་འཕྲུལ་བཏང་ཐབས། བཟླས་པའི་ཐབས། ས་བཅད་དང་གཞུང་བསྲེས་པ། རྟེན་གྱི་བཅའ་ཐབས། མནན་པ་བྱ་ཐབས། བསད་པའི་མན་ངག །བསྐྲད་འཁོར་གྱི་མན་ངག །འབྱེད་པའི་མན་ངག །རེངས་པའི་མན་ངག །དཔལ་ལྷ་མོའི་སྒྲུབ་ཐབས། ཆིངས་མདོར་བསྡུས་པ། བསྙེན་པའི་མན་ངག །སྤོགས་ཆོག །སྔགས་ཀྱི་དག་ཡིག །ཡང་བསྙེན་པའི་མན་ངག །བསྟབས་པའི་མན་ངག །སྨོད་པའི་མན་ངག །གནད་དབབ། སྦྱིན་སྲེག་དབང་བསྡུད་ཀྱི་མན་ངག །དམ་ཚིག་བསྲུང་ཐབས། རྟགས་དང་མཚན་
མ་མི་སྟོན་ཁ་མེད་པའི་དམ་རྫས། སྲོག་འཁོར་བྲི་ཐབས་དང་། རྟེན་གཏོར་གྱི་མན་ངག་བསྡུས་པ། ཡང་གནད་དབབ་བསྐྱར་ཐབས། ལྟས་ཀྱི་ལེའུ། ཁྲག་ཐུན་གྱི་མན་ངག །ལྷ་དང་ཕྲལ་བའི་ཆོ་ག །ཕུར་ཐུན་གྱི་མན་ངག །ཁྲག་ཟོར་དུ་འཕང་བའི་མན་ངག །ཟོར་ལམ་བསལ་བའི་མན་ངག །རྗེས་གནང་། ལྷ་འདྲེ་སྟོང་གི་སྒྲིབ་ཤིང་མི་འདྲ་བ་ཚན་པ་གཉིས་ལ། བསྲུང་བཟློག་བསད་གསུམ། སྐུ་གསུང་ཐུགས་མི་འགྱུར་བ་གནད་ཀྱི་འཁོར་ལོ། འཁོར་ལོ་གཏད་ཐབས་རྣམས་བཞུགས་སོ། །རྗེའི་གསུང་གི་དཀར་ཆག་འདི། དཔལ་འབྱོར་དོན་གྲུབ་བདག་གིས་བསྒྲིགས་པའོ། །དགེའོ།། །
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་མཆོད་ཕྲེང་དང་དབང་གི་ཟིན་བྲིས།
རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་མཆོད་ཕྲེང་དང་དབང་གི་ཟིན་བྲིས་བཞུགས་པའི་དབུ་ལགས་སོ། །
བླ་མ་དང་རྡོ་རྗེ་རྣལ་འབྱོར་མ་ལ་ཕྱག་འཚལ་ལོ། །རྡོ་རྗེ་རྣལ་འབྱོར་མའི་མཆོད་ཁྲིགས་ལ་དོན་ཚན་དུ་དབྱེ་ན་བཅུ་གཅིག སྔོན་འགྲོ། དངོས་གཞི། རྗེས་དང་རྣམ་པ་གསུམ། སྔོན་འགྲོ་ལ་དོན་ཚན་བཅུ་གཅིག དངོས་གཞི་ལ་དོན་ཚན་བཅུ། རྗེས་ལ་དོན་ཚན་བཅུ་བཞི། སྔོན་འགྲོའི་བཅུ་གཅིག་ལ། བདུད་རྩི་བྱིན་རླབས་དང་གཅིག སྔོན་འགྲོ་གཏོར་མ་གཉིས། གསུང་འཁོར་གསུམ། མཚམས་བཅད་དང་བཞི། ཏིང་ངེ་འཛིན་ལ་བསྐུལ་བ་དང་ལྔ། མཆོད་པ་བྱིན་གྱིས་རླབས་པ་དང་དྲུག སྐྱབས་འགྲོ་དང་བདུན། སེམས་བསྐྱེད་དང་བརྒྱད། ལུས་ངག་ཡིད་གསུམ་དག་པ་དང་དགུ། ཚོགས་ཞིང་དང་
བཅུ། ཚད་མེད་བཞི་བྷེ་པ་དང་བཅུ་གཅིག་གོ །དངོས་གཞིའི་དོན་ཚན་བཅུ་ལ། བདག་བསྐྱེད་གཅིག ལག་མཆོད་དང་གཉིས། བུམ་བསྐྱེད་དང་གསུམ། མདུན་བསྐྱེད་དང་བཞི། མཆོད་བཞི་བསྟོད་བཞི་ལྔ། བདག་འཇུག་དང་དྲུག །ཚོགས་བྱིན་གྱིས་རླབས་པ་དང་བདུན། གཏོར་མ་འབུལ་བ་དང་བརྒྱད། ཚོགས་ལ་རོལ་བ་དང་དགུ། ལྷག་མ་བཏང་བ་དང་བཅུའོ། །རྗེས་ཆོག་གི་དོན་ཚན་བཅུ་བཞི་ལ། མཆོད་པ་བྱིན་རླབས་གཅིག མཆོད་པ་འབུལ་བ་དང་གཉིས། བསྟོད་པ་དང་གསུམ། བཟོད་པར་གསོལ་བ་དང་བཞི། ཡིག་བརྒྱས་ལྷག་ཆད་ཁ་བསྐང་བ་དང་ལྔ། འདོད་དོན་ལ་
གསོལ་བ་བཏབ་པ་དྲུག སྨོན་ལམ་བཏབ་པ་དང་བདུན། བཀྲ་ཤིས་བརྗོད་པ་དང་བརྒྱད། ཡེ་ཤེས་པ་གཤེགས་པ་དང་དགུ། དམ་ཚིག་པ་བསྡུ་བ་དང་བཅུ། གཏོར་མགྲོན་པ་བཏང་བ་དང་བཅུ་གཅིག །རྫོགས་རིམ་བྷཻ་པ་དང་བཅུ་གཉིས། ཟུང་འཇུག་གི་སྐུར་ལྡང་བ་དང་བཅུ་གསུམ། བསྔོ་བས་རྒྱས་བཏབ་པ་དང་བཅུ་བཞིའོ། །དང་པོ་བདུད་རྩི་བྱིན་གྱིས་རླབས་པ་ནི། ཨོཾ་ཨཿབིགྷྣན་ནས། ཨོཾ་ཨཿཧཱུྃ་གིས་བར་གྱི་བདུད་རྩི་བྱིན་གྱིས་རླབས་པ་དང༌། སྔོན་འགྲོ་གཏོར་མ་ལ་དོན་ཚན་བདུན་ལ། གཏོར་མ་བྱིན་གྱིས་རླབས་པ། གཏོར་འགྲོན་སྤྱན་འདྲེན་པ། དཀྱིལ་འཁོར་ལ་འབུལ་བ། ཉེར་སྤྱོད་ཀྱི་མཆོད་པ། འཇིག་རྟེན་སྐྱོང་བ་རྣམས་ལ་འབུལ་བ། འཕྲིན་ལས་བཅོལ་བ། ནག་ཕྱོགས་བསྐྲད་པའོ། །དེ་ནས་འོག་རྡོ་རྗེའི་ས་གཞི་སོགས་ཀྱིས་བསྲུང་འཁོར་བྷེ་པ། འདི་ལྟར་ལྷ་མོ་ཡ་མཚན་ཅན་སོགས་ཀྱིས་འཚམས་གཅོད་བྱ་བའོ། །མཆོད་པ་བྱིན་གྱིས་རླབས་ནས། བདག་དང་ནམ་མཁའི་མཐའ་དང་མཉམ་པ་
ནས། སྤྱན་དང་ལྡན་པ་རྣམས་ལ་སྐྱབས་སུ་མཆིའོ་ཡི་བར་གྱི་སྐྱབས་སུ་འགྲོ་བའོ། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི་སོགས་ཀྱིས་སེམས་བསྐྱེད། རང་ཉིད་སྐད་ཅིག་གི་ལྷར་གསལ་བས་ལུས་ངག་ཡིད་གསུམ་དག་པ། ཚོགས་ཞིང་སྟེ་སྦྱོར་བ་ཚོགས་བསགས་པ་ལ་བཅོ་ལྔའི་དང་པོ་ཚོགས་བརྟེན་ཕུལ་བ། སླར་སྤྱན་འདྲེན་པ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས་སོགས་ཀྱིས་བཞུགས་སུ་གསོལ་བ། སྟོང་གསུམ་ཀུན་དང་སོགས་ཀྱི་གདན་འབུལ་བ། ནམ་མཁའི་དཀྱིལ་འཁོར་སོགས་ཀྱིས་གཉིས་མེད་དུ་བསྲེ་བ། ཨེ་མ་ཧོ་སོགས་ཀྱི་ཕྱག་འཚལ་བ། ལྟེ་བའི་ས་བོན་སོགས་ནས་མཆོད་པ་གསུམ་འབུལ་བ། སླར་ཡང་ཡན་ལག་བདུན་པ་འབུལ་བ། ཡི་གེ་བརྒྱ་པས་མཎྜལ་སྦྱང་བ། ཨོཾ་བཛྲ་བྷཱུ་མི་སོགས་ཀྱིས་མཎྜལ་བཤམས་པ། ཕྱོགས་བཅུ་དུས་གསུམ་སོགས་མཎྜལ་འབུལ་བ། མཉེས་བྱེད་མཎྜལ་སོགས་ཀྱི་འདོད་དོན་གསོལ་བ། བདག་གཞན་གྱི་ལུས་ལོངས་སྤྱོད་
དང་བཅས་པ་འབུལ་བ། ཐམས་ཅད་གཟིགས་ཀྱི་སྡོམ་པ་གསུམ་གྱི་གཤེགས་སྡོམ། དཀོན་མཆོག་རིན་ཆེན་སོགས་ཀྱིས་དགེ་བ་བྱང་ཆུབ་ཏུ་བསྔོ་བ། ན་མོ་གུ་རུ་ནས་རྒྱུད་པའི་བླ་མ་ལ་གསོལ་བ་གདབ་པ། ཨོཾ་ཨཿཧཱུྃ་གི་ཚོགས་ཞིང་རང་ལ་བསྡུ་བའོ། །སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་འདོད་པའི་བྱམས་པ་བྷཻ་པ། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་བྷཻ་པ། བདེ་བ་དང་ལྡན་ན་ཅི་མ་རུང་སྙམ་པའི་དགའ་བ་བྷཻ་པ། ཉེ་རིང་མེད་པའི་བཏང་སྙོམས་ཏེ། ཚད་མེད་བཞི་བྷཻ་པ་ཡན་ཆད་ནི། བསོད་ནམས་ཀྱི་ཚོགས་བསགས་པའོ། །ཨོཾ་སྭ་བྷཱ་ཝའི་སྔགས་ཀྱི་བཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པར་སྦྱང་བ་ནི་ཡེ་ཤེས་ཀྱི་ཚོགས་བསགས་པའོ། །དེ་རྣམས་ཀྱི་སྔོན་དུ་འགྲོ་བའི་ཆོས་བཅུ་གཅིག་སོང་ངོ་། །དེ་ནས་དངོས་གཞི་ལ་དོན་ཚན་བཅུའི་དང་པོ་བསྐྱེད་རིམ་ལ། ཐོག་མར་སྟོང་པའི་ངང་ལས། ཨེ་ལས་ཆོས་ཀྱི་འབྱུང་གནས་ཅེས་པ་ནས་རྒྱ་ཆེ་བའི་བར་གྱི་
བརྟེན་བསྐྱེད་པ། དེའི་དབུས་སུ་གདན་བསྐྱེད་པ། རང་གིས་ཅེས་པ་སོགས་ཀྱིས་གདན་ས་བོན་བཀོད་པ། དེ་ནས་གར་ཐབས་སུ་བཞུགས་པའོ། །ཅེས་པའི་བར་གྱིས་གཙོ་མོ་བསྐྱེད་པ། དེའི་སྤྱི་བོར་ཅེས་པ་ནས་དྲུག་བཅུ་རྩ་བཞིས་བསྐོར་བའོ་ཡི་བར་གྱིས་འཁོར་བསྐྱེད་པ་སྟེ། བརྟེན་པ་ལྷ་བསྐྱེད་པ་སྟེ་དམ་ཚིག་པ། གཙོ་བོའི་གསང་གནས་ཅེས་པ་ནས། ན་པའི་བར་གྱིས་ས་བོན་བཀོད་པ། ཡི་གེ་ལྔ་ལས་ཅེས་པ་ནས། ས་མ་ཛཿའི་བར་གྱིས་ཡེ་ཤེས་པ་སྤྱན་འདྲེན་པ། དེ་རྣམས་ཀྱི་སྐུ་ལས་ཅེས་པ་ནས། གཉིས་སུ་མེད་པར་གྱུར་གྱིས་བར་གྱིས་ཡི་དམ་གཉིས་མེད་དུ་བསྲེ་བ། སྔགས་འཁོར་བཀོད་ཅིང་བཟླས་པ་བྱ་བ། ཕྱི་རོལ་སྣོད་བཅུད་ནས་སྟོང་པ་ཉིད་ཀྱི་བར་གྱིས་རྫོགས་རིམས་བྷཻ་པ། སླར་ཡང་ཅེས་པ་ནས་གསལ་བར་གྱུར་གྱི་བར་ཟུང་འཇུག་གི་སྐུར་ལྡང་པའོ། །གཉིས་པ་ལག་མཆོད་ལ་བརྡ་རྣམ་པ་གསུམ། དཀྱིལ་འཁོར་རྣམ་པ་གསུམ། མཆོད་པ་རྣམ་པ་གསུམ། དགོས་པ་རྣམ་པ་གསུམ། བཞི་
གསུམ་བཅུ་གཉིས་ཀྱིས་བསྡུས་པ་ལ། ནང་ཚན་དུ་ཕྱེ་བ་ལ། ཀ་པ་ལར་གནས་པའི་མྱོས་བྱེད་ལ། བི་གྷྣཱན་ཏ་ཀྲིད་ཀྱི་བསངས་ཤིང༌། གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་དེ་ཉིད་ཀྱིས་བདུད་རྩི་དེ་ཉིད་དུ་གཏོར་ནས། བདུད་རྩི་ལ་མདུན་པ་གཡོན་དུ་ཟླུམ་པོར་བསྐོར་བ་ནི། བདེ་བའི་བརྡ་གསུམ་སྟེ། ངག་ཏུ་སྭ་བྷཱ་ཝ་བརྗོད། དེའི་ནང་དུ་ཆོས་འབྱུང་བྲི་བ་ནི་སྟོང་པའི་བརྡ་ཡིན་ལ། ངག་ཏུ་ཨོཾ་ཨཱཿཧཱུྃ་བརྗོད། དབུས་སུ་ཐིག་ལེ་བཀོད་པ་ནི་རང་རིག་པ། ཡེ་ཤེས་ཀྱི་བརྡ་སྟེ་བརྡ་རྣམ་པ་གསུམ་མོ། །ཕྱོགས་བཞིར་ཐིག་ལེ་རེ་བཀོད་ལ། ངག་ཏུ་ཧྲིཿཧ་རི་ནི་ས་བརྗོད། ཆོས་འབྱུང་གྲུ་གསུམ་ཅེས་པ་ནས། ལྷ་ལྔའི་རང་བཞིན་དུ་གྱུར་གྱི་བར་གྱིས་རྟེན་དང་བརྟེན་པར་བཅས་པ་བསྐྱེད་པ་ནི། བདུད་རྩིའི་དཀྱིལ་འཁོར་རོ། །དེ་ནས་ལག་པ་གཡོན་པས་གཡས་དང་གཡས་པས་གཡོན་ལ་བདུད་རྩི་གཏོར་ལ། བཻ་རོ་ཙ་ནཱིའི་སྔགས་བརྗོད། གཡས་པའི་མཐེབ་སྲིན་གྱི་གཡོན་པའི་མཐིལ་དུ་བཟླུམ་པོར་སྐོར་ནས། སྭ་བྷཱ་ཝ་
བརྗོད་པ་བདེ་བའི་བརྡའ། ཨོཾ་ཨཿཧཱུྃ་གིས་ཆོ་འབྱུང་བྲི་བ་སྟོང་པའི་བརྡའ། ཧྲིཿབརྗོད་ཅིང་དབུས་སུ་ཐིག་ལེ་བཀོད་པ་དང་རང་རིག་པ་ཡེ་ཤེས་ཀྱི་བརྡའ། ཕྱོགས་བཞིར་ཧ་རི་ནཱི་ས་བརྗོད་ལ་ཐིག་ལེ་བཀོད། ཆོས་འབྱུང་གྲུ་གསུམ་ནས་རྒྱན་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་པར་གྱུར་གྱིས་བར་བསྐྱེད་པ་ནི་ལག་པའི་དཀྱིལ་འཁོར་རོ། །གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་གཏོར་ཞིང༌། ཨོཾ་བཛྲ་བེ་རོ་ཙ་ནས། ཨརྒྷཾ་དང་ཤབྟའི་བར་གྱིས་མཆོད་པ་ནི་ཕྱིའི་མཆོད་པ། སྔགས་ལ་པཉྩ་ཨ་མྲྀ་ཏ་བཏགས་པ་ནང་གི་མཆོད་པ། སྔགས་ལ་མཱ་ཏངྒི་བཏགས་པ་གསང་བའི་མཆོད་པ་ཏེ། མཆོད་པ་རྣམ་པ་གསུམ་གྱི་མཆོད་དེ། དཔལ་ལྡན་རྡོ་རྗེ་སོགས་ཀྱིས་བསྟོད། མ་ལུས་སེམས་ཅན་སོགས་ཀྱིས་ཡེ་ཤེས་དཀྱིལ་འཁོར་སོགས་ཀྱི་སྤྱན་དྲངས་པ་ནི་ནམ་མཁའི་དཀྱིལ་འཁོར་རོ། །དེ་གོང་ལྟར་མཆོད་པ་གསུམ་གྱིས་མཆོད། བཅོམ་ལྡན་མགོན་པོ་སོགས་ཀྱིས་བསྟོད་ལ། ནམ་མཁའི་དཀྱིལ་འཁོར་ལག་པའི་དཀྱིལ་
འཁོར་ལ་བསྟིམ། དེ་བདུད་རྩི་དཀྱིལ་འཁོར་ལ་བསྟིམ། དེ་འོད་དུ་ཞུ་ནས་ཡེ་ཤེས་ཀྱི་བདུད་རྩིར་བསམ་ལ་འབྲུ་གསུམ་བརྗོད། མཐེབ་སྲིན་གྱིས་བདུད་རྩི་གཏོར་ལ་སྔགས་བརྗོད་ནས། ཕྱི་རོལ་གྱི་བགེགས་དང་སོགས་ཀྱི་གནས་བསྲུང༌། རང་གིས་བ་སྤུའི་སོགས་ཀྱི་བདག་དང་རྣལ་འབྱོར་བསྲུང༌། ཚོགས་མཆོད་ལ་གཏོར་ནས། མཆོད་པའི་སོགས་ཀྱིས་ཚོགས་དང་མཆོད་རྫས་ཐམས་ཅད་བྱིན་གྱིས་བརླབས་ནས། རྩ་བ་དང་རྒྱུད་པའི་བླ་མ། ཡིད་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། ཆོས་སྐྱོང་སོགས་མ་ལུས་ཤིང་ལུས་པ་མེད་པ་རྣམས་ཀྱི་མཚན་ལ་སྔགས་འབྲུ་གསུམ་བཏགས་ལ་འབུལ། རང་གི་ལྕེ་ཐོག་ཏུ་སྔགས་འབྲུ་གསུམ་བརྗོད་དེ་བཞག གཞི་བདག་སོགས་འགྲོ་བ་རིགས་དྲུག ལམ་རྒྱུད་ལྔ། སྐྱེ་གནས་བཞིས་བསྡུས་པའི་སེམས་ཅན་རྣམས་ལ་སྦྱིན་ནོ། །དེ་ལྟར་ལག་པ་མཆོད་པའི་ཆོ་ག་བྱས་ནས། རབ་མཆོག་གི་དངོས་གྲུབ་ཐོབ་པའི་དགོས་པ་དང༌། འབྲིང་གྲུབ་ཆེན་བརྒྱད་སོགས་ཐུན་མོང་
གི་དངོས་གྲུབ་ཐོབ་པའི་དགོས་པ་དང༌། ཐ་མ་དམ་ཚིགས་ཉམས་པ་སོར་ཆུད་དེ་ཉེས་ལྟུང་གི་དྲི་མས་མི་གོས་པའི་དགོས་པ་སྟེ་དགོས་པ་རྣམ་པ་གསུམ་མོ། །དེ་རྣམས་ཀྱིས་ལག་མཆོད་ཀྱི་ཆོས་ཚན་བཅུ་བཞིའམ་ཉི་ཤུ་སོང་། གསུམ་པ་བུམ་པ་བསྐྱེད་པ་ལ་དོན་ཚན་བདུན་ནམ་བཅུ་གཉིས་བསྡུས་པ་ལ་དང་པོ། རིན་པོ་ཆེའི་བུམ་པ་སོགས་བཀྲུས། གུ་གུལ་གྱིས་གདུག རྫས་རྣམས་བླུག་ཆུ་བཙང་གིས་བཀང༌། འགུལ་ཆིངས་ཁ་བརྒྱན་དང་ལྡན་པ་དཀྱིལ་འཁོར་གྱི་དབུས་སུ་མཉྫིའམ་ཁྲིའུའི་ཁར་བཞག་པའི་སྟེང་དུ། རབ་ཀ་པཱ་ལ་བདུད་རྩིས་བཀང་བ་བཞག །ཀ་པཱ་ལ་མེད་ན་དུང་ཆོས་སོགས་པ་བྱ། དེའི་སྟེང་དུ་མེ་ལོང་གི་དཀྱིལ་འཁོར་བཞག་ལ་དར་དམར་པོས་བཀབ་བོ། །དེ་ལ་བདུད་རྩི་གཏོར་ལ། ཨོཾ་ཨཿབི་གྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲ྄ུྃ་ལས་ཅེས་པ་ནས། ཆུས་གང་བའི་དབུས་ཀྱི་བར་བུམ་པ་བསྐྱེད་པ། ཨེ་ལས་ཅེས་པ་ནས། ཛཿཧཱུྃ་བྃ་ཧོ་ཅེས་པའི་བར་
གྱིས། རྟེན་དང་བརྟེན་པར་བཅས་པ༌བསྐྱེད་པ། ས་བོན་བཀོད་པ། ཡེ་ཤེས་པ་སྤྱན་དྲངས་པ། ཡིད་དམ་གཉིས་མེད་དུ་བསྲེ་བ། བུམ་པ་ལ་དམིགས་པའི་བཟླས་པ་བྱེད་པ། བུམ་ལྷ་ཞུ་བས་བདུད་རྩིར་བསྒྱུར་བའོ། །བཞི་པ་མདུན་བསྐྱེད་ལ་ཆོས་ཚན་བཅུ་ལ། རྡུལ་མཚོན་གྱི་དཀྱིལ་འཁོར་ལ་བདུད་རྩི་གཏོར། བིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ཅེས་པ་ནས། བཞུགས་པའོ་ཡི་བར་གྱི་གཞལ་ཡས་ཁང་གདན་དང་གཙོ་མོ་བསྐྱེད་པའོ། །དེའི་ཤར་དུ་ཅེས་པ་ནས། མཚུངས་པའོ་ཡི་བར་འཁོར་བསྐྱེད་པ། གཙོ་མོའི་ཅེས་པ་ནས། ཧ་རི་ནི་སའི་བར་ས་བོན་བཀོད་པ། ཡི་གེ་ལྔ་ལས་ཅེས་པ་ནས། ཕེཾ་གྱིས་བར་ཡེ་ཤེས་སྤྱན་འདྲེན་པ། བཅོམ་ལྡན་འདིར་ནི་བཞུགས་སུ་གསོལ། །སྟོང་གསུམ་ཀུན་ནས། ཀ་མ་ལ་ཡེ་སྟཾ་གྱི་གདན་དབུལ་བ། ཨོཾ་བཛྲ་ཝཱ་ར་ཧི་སོགས་ཀྱིས། མཆོད་པ་གསུམ་འབུལ་བ། དེ་རྣམས་ཀྱི་སྐུ་ལས། གཉིས་སུ་མེད་པར་གྱུར་གྱིས་བར་དམ་ཚིག་པ་ལ་བསྲེ་བ། མདུན་བསྐྱེད་ལ་
དམིགས་པའི་བཟླས་པ་བྱེད་པའོ། །ལྔ་པ་མཆོད་བཞི་བསྟོད་བཞིར་གྲགས་པ་ལ། དང་པོ་ཡོན་ཏན་བརྗོད་པ་ཅན་གྱི་བསྟོད་པ་རྣམས་དང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པས་མཆོད་པས། མཆོད་བསྟོད་རེ་རེའི་འཚམས་སུ་བདུད་རྩི་འབུལ་ཞིང་རོལ་མོ་བྱ་བ་ཡིན། མཐར་ལག་མཆོད་ཀྱི་སྐབས་ལྟར་བདུད་རྩི་ཡང་འབུལ། དྲུག་པ་བདག་འཇུག་དང་སློབ་མ་ཞུགས་པ་ལ། སྔོན་འགྲོ་དངོས་གཞི་རྗེས་གསུམ་ལས། དང་པོ་ལ་ཡང་གཉིས་ཀྱི་དང་པོ་ནི། ཁྲུས་བྱེད་པ་དང་གཅིག མཎྜལ་འབུལ་བ་དང་གཉིས། གསོལ་བ་གདབ་པ་དང་གསུམ། ཐུན་མོང་གི་སྡོམ་པ་བཟུང་བ་དང་བཞི། ལྷ་བསྐྱེད་པ་དང་ལྔ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་དྲུག དེ་ལ་མཆོད་པ་བྱིན་བརླབ་པ་དང་བདུན། གོ་ཆ་བསྐོན་པ་དང་བརྒྱད། དང་པོ་ལས་བུམ་གྱིས་ཁྲུས་བྱེད་པ་ནི། ཇི་ལྟར་བལྟམས་པ་སོགས་བརྗོད་ནས་བུམ་ཆུ་བཏུང༌། ཨོཾ་བཛྲ་ས་ཏཱ་སོགས་མནྜལ་རྒྱས་བསྡུས་གང་རུང་འབུལ། བདག་ནི་འཁོར་
བའི་ཆོས་ལ་སྐྱོ་བ་སྐྱེས་སོགས་ཚིག་བཅད་གཅིག་གམ་གཉིས་སམ། སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །ཅེས་པ་ནས་མགོན་པོས་བདག་ནི་གཞུག་ཏུ་གསོལ། །ཅེས་པའི་བར་གྱི་གསོལ་བ་གདབ། ཐུན་མོང་གི་སྡོམ་པ་བཟུང་བ་ནི། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཅེས་པ་ནས། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག་གི་བར་ལན་གསུམ་བྱའོ། །ལྷ་བསྐྱེད་པ་ནི། སློབ་མ་ལ་བདུད་རྩི་གཏོར་ཞིང༌། བིགྷྣཱན་གྱིས་བསངས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་སྐད་གཅིག་གིས་རྗེ་ཙུན་རྡོ་རྗེ་རྣལ་འབྱོར་མ་ཅེས་པ་ནི། རྫོགས་པའི་སྐུར་གྱུར་གྱི་བར་ལྷ་བསྐྱེད། གནས་གསུམ་དུ་རྡོ་རྗེ་དང་བཅས་དྲིའི་ཆུས་བྱུག་ལ། ཨོཾ་ཨཿཧཱུྃ་ཅེས་བརྗོད། དཔྲལ་བར་ཨོཾ་ལས་འཁོར་ལོ་དཀར་པོ་སོགས་ནས། སྒོམས་ཤིག་གི་བར་བཀྱེད་དེ། མཆོད་པ་ནི་པུཥྤེ་སོགས་ཀྱི་མཆོད། གོ་ཆ་ནི་གནས་རྣམས་སུ་རྡོ་རྗེའི་ཕྱག་རྒྱས་རེག་ལ། ལྟེ་བར་ཕག་མོ་ནས། བསྲུང་བའོ་ཅེས་པའི་བར་བཀོད་པའོ། །འདི་རྣམས་
དཀྱིལ་འཁོར་གཞན་གྱི་སྟ་གོན་བྱེད་པ་དང་པོ་ཡིན་ནོ། །གཉིས་པ་ལ་ཡང་མཎྜལ་འབུལ་བ་དང་གཅིག གསོལ་བ་གདབ་པ་དང་གཉིས། སྦྱིན་པར་ཁས་བླང་བ་དང་གསུམ། གདོང་གཡོགས་བཅིངས་པ་དང་བཞི། མེ་ཏོག་གི་ཕྲེང་བ་སྦྱིན་པ་དང་ལྔ། གཏོར་མ་བཏང་བ་དང་དྲུག འཚམས་བཅད་པ་དང་བདུན། སེམས་བསྐྱེད་པ་དང་བརྒྱད། དེ་ཉིད་བསྟན་པར་བྱེད་པ་དང་དགུ། ཐུན་མོང་མ་ཡིན་པ་རིགས་ལྔའི་སྡོམ་པ་བཟུང་བ་དང་བཅུ། དམ་བཞག་གི་རིམས་པ་དང་བཅུ་གཅིག དབང་སྟེགས་ལ་གནས་པ་དང་བཅུ་གཉིས། ཁྱད་པར་གྱི་སྐྱབས་འགྲོ་དང་བཅུ་གསུམ། ཡེ་ཤེས་དབབ་པར་གསོལ་བ་འདེབས་པ་དང་བཅུ་བཞི། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཞུགས་པ་དང་བཅོ་ལྔ། ཡེ་ཤེས་དེ་ངོ་སྤྲད་པ་དང་བཅུ་དྲུག དེ་ཉིད་བརྟན་པར་བྱེད་པ་དང་བཅུ་བདུན། དལ་ཁ་དོག་བརྟག་པ་དང་བཅོ་བརྒྱད། རིགས་བརྟག་པ་དང་བཅུ་དགུ། མེ་ཏོག་སྦྱིན་པ་དང་ཉི་ཤུ། སྤྱན་དབྱེ་བ་དང་ཉེར་གཅིག ལྷ་ངོ་
སྤྲད་པ་དང་ཉེར་གཉིས་སོ། །དེ་ལ་མཎྜལ་ནི། བཛྲ་བྷཱུ་མིའམ། ཕྱོགས་བཅུ་དུས་གསུམ་མམ། གསེར་གྱི་ས་གཞི་འཁོར་ཡུག་ཅེས་བཅས་པ་གང་རུང་ཕུལ། སློབ་མས་སངས་རྒྱས་ཀུན་གྱི་རང་བཞིན་སྐུ་སོགས་ཀྱི་གསོལ་བ་གདབ། སློབ་དཔོན་གྱིས། བླ་མ་དང་ནི་ཡི་དམ་ལྷ་སོགས་ཀྱི་སྦྱིན་པར་ཁས་བླངས། ཨོཾ་ཙཀྵུ་བྷནྡྷ་ཝཱ་ར་མཱ་ཎ་ཡེ་ཧཱུྃ་གིས་མིག་དར་བཅིང༌། མེ་ཏོག་གི་ཕྲེང་བ་ལ་ཨཱ་ཁཾ་བྷི་ར་ཧཱུྃ་གིས་བྱིན། དབང་བསྐུར་བ་ལ་བར་དུ་གཅོད་པ་གསལ་བའི་སླད་དུ། བིགྷྣཱན་ཏ་ཀྲིད་ནས། ཨོཾ་ཨཿཧཱུྃ་གིས་བར་གྱིས་གཏོར་མ་གཏང་སྟེ། ཞིང་སྐྱོང་ཆེན་པོ་སོགས་ཀྱིས་འཕྲིན་ལས་བཅོལ་བ་དང༌། གང་དག་ནག་པོ་སོགས་ཀྱི་ནག་ཕྱོགས་བསྐྲད། འོག་ཐམས་ཅད་སོགས་ཀྱིས་བསྲུང་འཁོར་དང༌། འདི་ལྟར་ལྷ་མོ་སོགས་ཀྱི་མཚམས་བཅད། སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ནས། ཨུ་པ་ཏ་ཡ་མེ་ཅེས་པའི་བར། ཀུན་རྫོབ་དོན་དམ་པའི་བདག་ཉིད་ཅན་ཐམས་ཅད་རྡོ་རྗེ་རྣལ་འབྱོར་དུ་བསྐྱེད། རྡོ་རྗེ་སྙིང་གར་
བཞག ཨོཾ་སུ་ར་ཏེ་སོགས་ཀྱི་དེ་ཉིད་བསྟན་པར་བྱེད། ཐུན་མོང་བའི་སྡོམ་པ་ནི། མགོན་པོ་སངས་རྒྱས་རྣམས་དང་ནི་ནས། མྱ་ངན་འདས་ལ་འགོད་ཀྱི་བར་ལན་གསུམ་བྱ། གསངས་ན་ཕན་ཡོན་དང་མ་གསངས་ན་ཉེས་དམིགས་གི་སྒོ་ནས་དམ་བཞག་ནི། མགོ་བོར་རྡོ་རྗེ་བཞག ཁྱོད་ནི་རྣལ་འབྱོར་མ་རིག་སྐྱེས་ནས་ཤེས་པར་བགྱི་ཅེས་པའི་བར་དང༌། སྙིང་གར་རྡོ་རྗེ་བཟུང་ལ། རྡོ་རྗེ་མཁའ་འགྲོ་མ་ནས། ཏེ་གཤེགས་ཀྱི་བར་དང༌། བདུད་རྩི་བླུད། འདི་ནི་ཁྱོད་ཀྱི་ནས། ཏོ་ད་ཀའི་བར་དམ་ཚིག་གིས་ཆུ་སྦྱིན་པ། མགོ་བོར་ཐལ་མོ་བཞག་ལ། དུས་འདི་ནས་ནི་བུ་ཁྱོད་ཀྱིས་ནས་གནས་པར་གྱིས་ཅེས་པའི་བར་གྱི་བླ་མའི་བཀའ་མཉན་པར་གདམས་པ། དབང་སྟེགས་མཎྜལ་ཆོས་འབྱུང་བྲིས་པའི་སྟེང་དུ་ཚོམ་བུ་བཀོད་པའི་གདན་ལ། ལྷར་མོས་ཤིང་གནས་པ། བདག་དུས་འདི་ནས་བཟུང་སྟེ་ཅེས་པ་ནས་ཐུགས་ལ་སྐྱབས་སུ་མཆིའོ་ཡི་བར་གྱི་ཁྱད་པར་གྱི་སྐྱབས་འགྲོ་དང༌། ཡེ་
ཤེས་དབབ་པའི་གསོལ་གདབ་ནི། བླ་མ་རྡོ་རྗེ་འཛིན་སོགས་ནས། མཛད་དུ་གསོལ་ཅེས་པའི་བར་རོ། །ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་བཞུགས་པ་ནི། སློབ་མ་དཀྱིལ་དཀྲུང་ཕྱེད་པ་སོགས་ནས། རོལ་མོའི་བྱེ་བྲག་དུ་མ་དང་བཅས་ཏེ། ཕེཾ་གྱི་བར་དང༌། ཡེ་ཤེས་ངོ་སྤྲད་པ་ལ། ལྟོས་ཤིག་ནས། སྤྱོད་ཡུལ་ཡིན་གྱིས་བར་དང༌། དེ་ཉིད་བསྟན་པར་བྱེད་པ་ནི། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག ཏིཥྛ་བཛྲ་ནས་སངས་རྒྱས་མ་ཐོབ་ཀྱིས་བར་བརྟེན་པར་བྱེད། དཀར་སེར་སོགས་ཀྱིས་དལ་ཁ་དོག་བརྟག་ལ་ཞི་རྒྱས་སོགས་ལུང་བསྟན། རིགས་བརྟག་པ་ནི། རྡོ་རྗེ་མཁའ་འགྲོ་སོགས་ནས། བཛྲ་ཧོའི་བར་གྱིས་མེ་ཏོག་དོར། གང་ལ་ཕོག་པའི་ལྷའི་རིགས་ངོས་བཟུང་ནས་དེ་ཉིད་ཡི་དམ་དུ་བཟུང་བ། སྔར་བཅོམ་ལྡན་འདས་མ་ནས་མཛོད་ཀྱི་བར་མེ་ཏོག་གི་ཕྲེང་བ་དེ་ཉིད་དངོས་གྲུབ་ཀྱི་ཚུལ་དུ་སྤྱི་བོར་བཅིང་ལ་ལྷ་ཡང་སྟིམ། གདོང་གཡོགས། སྤྱན་སོགས་ནས། ལམ་ཧྲཱིའི་བར་དུ་དབྱེ། དཀྱིལ་འཁོར་གཉན་པོ་འདི་ལ་ལྟོས་
སོགས་ལྷ་ངོ་བསྟན་པར་བྱའོ། །དེ་རྣམས་ཀྱིས་སྔོན་འགྲོའི་རིམ་པ་སོང་ནས། དངོས་གཞི་ལ་བུམ་པའི་དབང་དང༌གཅིག །གསང་དབང་དང་གཉིས། ཤེས་རབ་ཡེ་ཤེས་དང་གསུམ། ཚིག་དབང་དང་བཞི། རྡོ་རྗེ་སློབ་དཔོན་བདག་པོའི་དབང་དང་ལྔའོ། །དང་པོ་བུམ་པའི་དབང་ལ་མཎྜལ་དང་གཅིག གསོལ་བ་གདབ་པ་དང་གཉིས། ཆུ་དང་གསུམ། དབུ་རྒྱན་དང་བཞི། རྡོ་རྗེ་དང་ལྔ། དྲིལ་བུ་དང་དྲུག མིང་དང་བདུན། དག་པ་བྱིན་པ་དང་བརྒྱད་དོ། །དང་པོ་ནི་རྒྱས་བསྡུས་གང་རུང་གིས་མཎྜལ་ཕུལ་ནས། གཉིས་པ་ནི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་བདག་ལ་སྩོལ་ཅེས་པའི་བར་གསོལ་བ་གདབ། གསུམ་པ་དབང་ལྷ་སྤྱན་དྲངས་པ། སློབ་མས་དབང་བསྐུར་བར་གསོལ་བ་གདབ། དབང་བསྐུར་བ་དངོས། རྡོ་རྗེ་གཏད་ཅིང་རྗེས་སུ་གནང་བ། ནང་དབང་བསྐུར་ཞིང་རིགས་བདག་གི་རྒྱས་བཏབ་པ་དང་ལྔའོ། །དབང་ལྷ་སྤྱན་དྲངས་པ་ནི། སློབ་དཔོན་གྱི་ལྟེ་བའི་ས་བོན་སོགས།
ཛཿཅེས་པའི་བར་རོ། །གཉིས་པ་ནི། སློབ་མ་ལ་དབང་བསྐུར་དུ་གསོལ་ཞེས་གསོལ་བ་གདབ། དབང་བསྐུར་དངོས་ནི་བུམ་པ་སྤྱི་བོར་བཞག །སངས་རྒྱས་ཀུན་གྱི་བུམ་པའི་དབང་སོགས་བརྗོད། རྗེས་སུ་གནང་བ་ནི། རྡོ་རྗེ་གཏད་ནས། རྡོ་རྗེ་མཁའ་འགྲོ་ཞེས་སོགས་སྔགས་དང་བཅས་པ་བརྗོད་ལྷ་རྣམས་སློབ་མའི་ཁུང་བུར་སིབ་ཀྱི་ཐིམ་པར་བྷཻ། བུམ་ཆུ་སོགས་བརྗོད་པ་ནང་དབང་དང༌། རིགས་བདག་གི་ཆུ་ལྷག་མ་ཡར་ལུད་པ་ལས་དཔྲལ་བར་མི་སྐྱོད་པས་དབུ་བརྒྱན་པར་མོས་པའོ། །དབུ་རྒྱན་ལ་ཡང༌། སློབ་དཔོན་སོགས་ཀྱི་དབང་ལྷ་སྤྱན་དྲངས། སློབ་མ་ལ་དབང་བསྐུར་དུ་གསོལ། ཅེས་པས་གསོལ་བ་བཏབ། དབུ་རྒྱན་མགོར་བཀོན་ནས། སངས་རྒྱས་ཀུན་གྱིས་དབུ་རྒྱན་དབང་སོགས་ཀྱི་དབང་བསྐུར་བ་དངོས། རིན་ཆེན་བཏད་པ་མན་ནས་སྔགས་བརྗོད་པའི་བར་རྗེས་གནང་སྟེ་ཕྱི་དབང་ལྷ་སྟིམ་པ་ནས་དབང་རྣམས་ཐོབ་ཅེས་པའི་བར་ནང༌། རྣ་རྟག་གཡས་པར་རིན་འབྱུང་བྷཻ་པ་
རིགས་བདག་གོ །རྡོ་རྗེ་དྲིལ་བུ་མིང་དབང་གསུམ་འདིས་འདྲེའོ། །བརྒྱད་པ་དག་པ་སྤྱིན་པ་ནི། དེ་ལྟར་རྡུལ་མཚོན་གྱི་དཀྱིལ་འཁོར་ནས། ལྡན་པར་བྱོས་ཅེས་པའི་བར་རོ། །གཉིས་པ་གསང་དབང་ལ་ཡང༌། མཎྜལ་འབུལ་དང་གཅིག གསོལ་བ་གདབ་པ་དང་གཉིས། བླ་མས་གསང་དབང་བསྐུར་བ་དང་གསུམ། དབང་དོན་བྷཻ་པ་དང་བཞི། དག་པ་སྦྱིན་པ་དང་ལྔའོ། །དེ་ལ་དང་པོ་མཎྜལ་སྔར་བཞིན་ཕུལ། གཉིས་པ་ནི་ལྷ་མོ་དཔལ་སོགས་ཀྱི་གསོལ་བ་གདབ་པ་ལ། དེ་ལྟར་བླ་མ་ཡབ་ཡུམ་ནས། བྱོན་པའི་བར་སྤྱིན་པའོ། །གསུམ་པ་དབང་བསྐུར་བ་ལ་དབང་རྫས་བསྒྲུབ་པ་དང༌། དེ་སྦྱིན་ཅིང་དབང་བསྐུར་བ་དངོས་ལ་དང་པོ་ནི། བླ་མ་རྡོ་རྗེ་རྣལ་འབྱོར་མ་དང་ནས་ཐོད་པར་གནས་ཀྱི་བར་གྱི་བདུད་རྩི་བསྒྲུབ། དབང་བསྐུར་བ་དངོས། སྤྱི་བོར་དབང་བསྐུར་ཞིང༌། ཅེས་པ་ནས་སྔགས་བརྗོད་པའི་བར། བཞི་པ་དབང་དོན་བྷཻ་བ་ནི། བྱང་ཆུབ་སེམས་ཀྱི་བདག་ཉིད་དེ་ནས། བྷཻ་གཅིག་
གི་བར་དང༌། ལྔ་པ་དག་པ་ནི། དེ་ལྟར་བླ་མ་ཡབ་ཡུམ་ནས། བྱོན་པའི་བར་བྱིན་པའོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་དང་གཅིག །དེའི་དོན་བྷཻ་པ་དང་གཉིས། དག་པ་སྦྱིན་པ་དང་གསུམ་མོ། །དང་པོ་སིནྡྷཱུ་རའི་དལ་ལྟེ་བར་བཞག་ཅིང༌། སངས་རྒྱས་ཀུན་གྱི་མེ་ལོང་དབང་ནས། སྔགས་བརྗོད་པའི་བར་གྱི་བསྐུར། དབང་དོན་ནི་མེ་ལོང་གི་དལ་ལས་ཅེས་པའི་བར་མོས་པ་མཛོད་ཀྱི་བར་རོ། །དག་པ་ནི་དེ་ལྟར་སིནྡྷཱུ་རའི་སོགས་ནས་བྱས་སོའི་བར་རོ། །བཞི་པ་ཚིག་དབང་གི་ངོ་སྤྲད་པ་དང་གཅིག དག་པ་དང་གཉིས་སོ། །ངོ་སྤྲད་པ་ནི། ཕྱག་རྒྱ་ཆེན་པོའི་གནས་མཆོག་སོགས་ནས། གྱིས་ཤིག་གི་བར་ངོ་སྤྲོད། དག་པ་ནི། དེ་ལྟར་སྣང་སྲིད་ནས། ལྡན་པར་བྱས་སོའི་བར་གྱི་སྦྱིན། ལྔ་པ་རྡོ་རྗེ་སློབ་དཔོན་གྱི་དབང་ནི། མཎྜལ་དང་གཅིག །གསོལ་བ་གདབ་པ་དང་གཉིས། ལྷར་བསྐྱེད་པ་དང་གསུམ། དབང་བསྐུར་བ་དང་བཞི། ལྷ་བསྟིམ་པ་དང་ལྔ། རྒྱས་བཏབ་པ་དང་དྲུག རབ་གནས་
དང་བདུན། དམ་ཚིག་གསུམ་དང་བརྒྱད། དབང་དོན་ངོ་སྤྲད་པ་དང་དགུ། འཕྲིན་ལས་ཀྱི་རྗེས་གནང་དང་བཅུའོ། །དང་པོ་གོང་ལྟར་མཎྜལ་ཕུལ། གསོལ་གདབ་ནི། བླ་མ་ནས་བསྩལ་དུ་གསོལ་གྱིས་བར། ལྷ་བསྐྱེད་པ་ནི། སློབ་མ་རྣམས་པད་ཉི་ལ་ནས། འཛིན་པར་གྱུར་གྱི་བར་དང༌། དབང་བསྐུར་དངོས་ནི། བུམ་པ་སྤྱི་བོར་བཟུང་ནས། དབང་བསྐུར་རྡོ་རྗེ་ཆེན་མོ་ནི་ནས། ཤྲཱི་ཡེ་ཧཱུྃ་གི་བར་དང༌། ལྷ་བསྟིམ་པ་ནི། དབང་གི་ལྷ་རྣམས་ནས་བཞུགས་ཤིང་བར། རིགས་བདག་གི་རྒྱས་བཏབ་པ་ནི། སྤྱི་བོར་མི་སྐྱོད་པས་དབུ་རྒྱན་གྱིས་བར། རབ་ཏུ་གནས་པ་ནི། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཅེས་བརྗོད་ཅིང་མེ་ཏོག་གཏོར་བའོ། །དམ་ཚིག་གསུམ་ནི། ཧཱུྃ་ལས་སྐྱེས་པའི་ནས། ཟུངས་ཤིག་གི་བར་རྡོ་རྗེ་གཏད། ཨཱཿལས་ནས། གསུང་གི་དམ་ཚིག་ཟུངས་ཤིག་གི་བར་གྱི་རྡོ་རྗེ་དྲིལ་བུ་གཏད། རྡོ་རྗེ་དྲིལ་བུ་འཁྱུད་ཚུལ་དང་། འཁྱུད་པ་ནས་ཟུངས་ཤིག་གི་བར། དེ་ནས་དབང་དོན་ངོ་སྤྲད་པ་ནི། རྡོ་རྗེ་དང་
ནི་ནས། སློབ་དཔོན་གྱུར་བར། འཕྲིན་ལས་ཀྱི་རྗེས་གནང་ནི། འཇིག་རྟེན་དང་ནས། གྱིས་ཤིག་གི་བར་གྱི་དངོས་གཞིའི་རིམ་པ་སོང་ནས། རྗེས་ཀྱི་རིམ་པ་ལ། སིནྡྷཱུ་ར་སྤྱི་བོར་བྱུགས་ནས། བླ་མ་རྡོ་རྗེ་དང་ནས། བྷཻ་ཤིག་གི་བར་བླ་མ་རིགས་བདག་ཏུ་བྷཻ་པ་དང་གཅིག ལྟེ་བར་སིནྡྷཱུ་ར་བྱུགས་ནས། ཁྱོད་ཀྱིས་ལྷ་ནས་བྷཻ་གཅིག་བར། ལུས་ལྷ་བྷཻ་པ་དང༌། སེམས་དེ་ཉིད་ཀྱིས་ཏིང་ངེ་འཛིན་བྷཻ་པ་དང་གཉིས། མགྲིན་པར་བྱུགས་ནས་བཟླས་པ་གྱིས་ཤིག་གི་བར་དང་གསུམ། རིགས་ལྔ་མཁའ་འགྲོ་ཕྱི་ནང་གིས་སོགས་རྩ་བ་དང་ཡན་ལག་གི་དམ་ཚིག་སྦྱིན་པ་དང་བཞི། བཀའ་དྲིན་གྱི་ཡོན་དུ་མཎྜལ་སོགས་འབུལ་བ་དང་ལྔའོ། །དེ་དག་གི་སྨིན་བྱེད་དབང་གི་རིམ་པ་སོང་། བདུན་པ་ཚོགས་ཀྱི་འཁོར་ལོ་འམ། ཚོགས་ཀྱི་མཆོད་པའམ། དཔའ་བོའི་སྟོན་མོ་སོགས་ལ། ཅི་ལྟར་འབྱོར་བའི་ཚོགས་བཤམས་པ་དང་གཅིག བྱིན་རླབས་ཞུ་བ་དང་གཉིས། བྱིན་རླབས་དང་གསུམ། བརླབ་པ་དང་བཞིའོ། །
དང་པོ་ནི། ཀྲི་པི་ཏ་ནས་སོགས་བཟའ་བ་དང་བཅས་པའི་དངོས་པོ། ཆང་སྣ་བཞི་སོགས་བཏུང་བའི་བྱེ་བྲག་སྣ་ཚོགས་པ་གཤམས། གཉིས་པ་བྱིན་གྱིས་རླབས་པར་གསོལ་བ་བཏབ་པ་ནི། ལས་ཀྱི་རྡོ་རྗེས་ཕྱག་འཚལ་ཞིང་ཐལ་མོ་སྦྱར་ལ། ཚོགས་ཀྱི་ཡོ་བྱད་ལ་བྱིན་རླབས་མཛད་པར་ཞུ། ཞེས་བརྗོད། གསུམ་པ་བྱིན་རླབས་ནི། གཏོར་མ་ལྟར་བྱ། བཞི་པ་བརླབ་པ་ནི། ན་མོ་ཐབས་དང་ཤེས་རབ་སོགས་ནས། ག་ན་ཙཀྲ་ལ་ཁཱ་ཧིའི་བར་གསུམ་བརྗོད། རྒྱས་པར་ནི། བཞེངས་ཤིག་བླ་མ་ནས་ཆོས་སྐྱོང་ཡན་ག་ན་ཙཀྲ་སོགས་བརྗོད་པའོ། །བརྒྱད་པ་གཏོར་མ་ནི། གཤམ་ཤིང་ཚོགས་ཕུད་བླུག་པ་དང་གཅིག བྱིན་རླབས་དང་གཉིས། ཕེཾ་གྱིས་གཏོར་མགྲོན་སྤྱན་འདྲེན་པ་དང་གསུམ། རྡོ་རྗེ་ཐལ་མོ་ཁ་ཕྱེ་ནས། ཨོཾ་བཛྲ་ཨཱ་ར་ལི་སོགས་ཀྱི་འབུལ་བ་དང་བཞི། ཨརྒྷཾ་སོགས་མཆོད་པ་གསུམ་གྱིས་མཆོད་པ་དང་ལྔ། བསྟོད་པ་དང་དྲུག ཁ་ཁ་ཁཱ་ཧི་ཁཱ་ཧིས་ཆོས་སྐྱོང་སོགས་ལ་མཆོད་པ་
དང་བདུན། ཞིང་སྐྱོང་སོགས་འདོད་དོན་གསོལ་བ་གདབ་པ་དང་བརྒྱད་དོ། །དགུ་པ་ནི་ལས་ཀྱི་རྡོ་རྗེས་གཟིགས་ཤིག་སོགས་ཀྱིས་ཚོགས་འདྲེན་པ་དང༌། ལེན་པ་པོས་བདེ་བར་ནས། ལ་ཧོའི་བར་གྱི་ལེན་པ་དང་གཅིག །ཨཎྜ་པིནྚིས་ཚོགས་ཕུད་འབུལ་བ་དང་གཉིས། ནང་གི་སྦྱིན་སྲེག་ཚུལ་གྱི་ལོངས་སྤྱོད་པ་དང་གསུམ། ཕུད་ལྷག་བསྡུ་ཞིང་བྱིན་གྱིས་བརླབ་པར་ཞུ་བ་དང་བཞི། ཨ་ཀཱ་རོས་བྱིན་གྱིས་བརླབ་པ་དང་ལྔ། ཧཱུྃ་གཞན་ཡང་སོགས་སྔགས་དང་བཅས་པས་འབུལ་ཞིང་འཕྲིན་ལས་བཅོལ་བ་དང་དྲུག །བསྡུ་ན་སྔགས་ཀྱིས་འབུལ་བས་ཆོག དེ་རྣམས་ཀྱི་དངོས་གཞི་སོང་ནས། སྤྱི་དོན་གསུམ་པ་རྗེས་ཀྱི་བྱ་བ་ནི། གོང་ལྟར་མཆོད་པས་བསྐྱེད་ཅིང་བྱིན་གྱིས་བརླབ་པ་དང་གཅིག མཆོད་པ་གསུམ་འབུལ་བ་དང་གཉིས། ཧྲིཿཞལ་གཅིག་སོགས་ཀྱི་བསྟོད་པ་དང་གསུམ། མ་འབྱོར་སོགས་ཀྱིས་ནོངས་པ་བཟོད་པར་གསོལ་བ་དང་བཞི། ཡིག་བརྒྱ་ལན་གསུམ་གྱི་ལྷག་ཆད་ཁ་བཀང་བ་དང་
ལྔ། འདོད་དོན་གསོལ་བ་དང་དྲུག །ལྷ་མོ་ཚད་མ་སོགས་ཀྱིས་སྨོན་ལམ་འདེབས་པ་དང་བདུན། བཀའ་བརྒྱུད་སོགས་ཀྱིས་བཀྲ་ཤིས་བརྗོད་པ་དང་བརྒྱད། ཨོཾ་ཁྱེད་ཀྱི་སོགས་ཡེ་ཤེས་པ་གཤེགས་པ་དང་དགུ། དམ་ཚིག་པ་རྣམས་སོགས་ཀྱི་རང་ལ་བསྡུ་བ་དང་བཅུ། མཆོད་སྦྱིན་སོགས་ཀྱི་གཏོར་འགྲོན་བཏང་བ་དང་བཅུ་གཅིག ཕྱི་རོལ་སོགས་ཀྱི་རྫོགས་རིམས་བྷཻ་པ་དང་བཅུ་གཉིས། སླར་ཡང་སོགས་ཀྱི་གཟུགས་སྐུར་ལྡང་བ་དང་བཅུ་གསུམ། དཀོན་མཆོག་རིན་ཆེན་སོགས་དང༌། ཆོས་དབྱིངས་བྱང་ཆུབ་སོགས་ཀྱི་དགེ་བ་བསྔོ་བ་དང་བཅུ་བཞིའོ། །དེ་རྣམས་ཀྱི་རྗེས་ཀྱི་བྱ་བའོ། །སྒྲུབ་རྒྱུད་བསྟན་པའི་དཔལ་གྱུར་དཔུང་གཉེན་མཆོག །རྡོ་རྗེ་ཐེག་པའི་མངའ་བདག་སེམས་དཔའ་ཆེ། །ཉམས་རྟོགས་དབང་ཕྱུག་རྗེ་བཙུན་རིན་པོ་ཆེ། །དཔལ་འབྱོར་དོན་གྲུབ་ཞལ་གྱིས་བདུད་རྩི་ཡིན། །རྒྱལ་དབང་ཆོས་གྲགས་རྒྱ་མཚོས་སྦྱར་བའོ། །ཧོ་ཧོ།
མདོ་སྔགས་ཐམས་ཅད་ཀྱི་རྒྱལ་པོ་རྒྱུད་སྡེ་བཞིའི་རྩ་བ་མ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་རྫོགས་རིམ་རླུང་སེམས་གཉིས་མེད་གསལ་བར་སྟོན་པ་དཔལ་ནཱ་རོ་པ་ཆེན་པོའི་ཆོས་དྲུག་ཉམས་ལེན་གསལ་བའི་སྒྲོན་མེ།
མདོ་སྔགས་ཐམས་ཅད་ཀྱི་རྒྱལ་པོ་རྒྱུད་སྡེ་བཞིའི་རྩ་བ་མ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་རྫོགས་རིམ་རླུང་སེམས་གཉིས་མེད་གསལ་བར་སྟོན་པ་དཔལ་ནཱ་རོ་པ་ཆེན་པོའི་ཆོས་དྲུག་ཉམས་ལེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ། །ཐམས་ཅད་མཁྱེན་ཅིང་ཐམས་ཅད་གཟིགས། །ཕྱི་ནང་གཞན་གསུམ་དེ་ཉིད་སྟོན། །གནས་སྐབས་བཞི་ཡི་འཁྲུལ་པ་སེལ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །སྤྱིར་སངས་རྒྱས་ཀྱིས་གསུངས་པའི་ཐེག་པ་ཆེན་པོ་རྨད་དུ་བྱུང་བའི་ལམ་ལ་བརྟེན་པའི་གདམས་ངག་དཔག་ཏུ་མེད་ཀྱང་ཚེ་གཅིག་ལུས་གཅིག་གིས་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་དཔལ་ནཱ་རོ་པའི་ཆོས་དྲུག་འདི་ལ། གཞུང་ཇི་ལྟ་བ་ལམ་དུ་བྱེད་པ་དང་། གསུང་ཇི་ལྟ་བ་ལམ་དུ་བྱེད་པའོ། །དེ་ལ་དང་པོ་གཞུང་ཇི་ལྟ་བ་ལམ་དུ་བྱེད་པ་ནི་ཤེས་པར་བྱ་བ་ཡིན་ལ། ཉམས་སུ་བླངས་པ་ནི།
གསུང་ཇི་ལྟ་བ་ཉམས་སུ་ལེན་པའོ། །བླ་མ་བརྒྱུད་པའི་ཚུལ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོས་གསང་བའི་བདག་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་ལས་རིམ་པས། བཀའ་བཞི་བརྒྱུད་པའི་བླ་མ་རྣམས་ལས་བརྒྱུད་དེ། ཀླུ་སྒྲུབ། ཨ་རྱ་དེ་བ། ཟླ་བ་གྲགས་པ། མ་ཏཾ་གི་རྣམས་ནི་ལྷོའི་བརྒྱུད་པའོ། །བྷིར་ཝ་པ། བྷི་ན་པ། ལ་བ་པ། ཨིནྡྲ་བྷོ་དྷི་རྣམས་ནི་ནུབ་ཀྱི་བརྒྱུད་པའོ། །ལུ་ཧི་པ། དྷིང་ཀི་པ། དྷ་རི་ཀ་པ། སུ་ཀ་དྷ་རི་རྣམས་ནི་བྱང་གི་བརྒྱུད་པའོ། །སུ་ཀ་མ་སི་ཏི། ཐང་ལོ་པ། ཤིང་ལོ་པ། ཀར་ཎ་རི་པ། །རྡོ་རྗེ་དྲིལ་བུ་པ་ཡང་ཟེར་ཤར་གྱི་བརྒྱུད་པ་
སྟེ། དེ་རྣམས་ལ་དཔལ་ཏཻ་ལོ་པ་ཆེན་པོས་གཏུགས་པའི་ཚུལ་བསྟན། དངོས་སུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་བྱིན་གྱིས་བརླབས་ཤིང་ལྷན་ཅིག་སྐྱེས་པ་མཐར་ཕྱིན་པ་དེས་དཔལ་ནཱ་རོ་པ་ལ་གསུངས་ཏེ། དེས་མར་པ། མི་ལ་རས་པ། བླ་མ་ལྷ་རྗེ། དུས་གསུམ་མཁྱེན་པ། འགྲོ་མགོན་རས་ཆེན། སྤོམ་བྲག་པ། ཀརྨ་པ། སཾ་གྷ་ལཀྵ། དེས་རང་བྱུང་གི་མཚན་ཅན་ནོ། །བླ་མ་རྣམས་ཀྱི་རྣམ་པར་ཐར་པ་ནི། གཞན་དུ་ཡོད་པས་དེར་ཤེས་པར་བྱའོ། །དེ་ལ་གཞུང་དང་གསུང་གི་རྣམ་གྲངས་ནི། བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་མ་རྒྱུད་ཐམས་ཅད་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་དྲིལ་བ་ཆོས་དྲུག་གི་རྣམ་གཞག་ཕྱག་རྒྱ་ཆེན་པོའི་དོན་བསྟན་པ་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་དང་། བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མས་ཏཻ་ལོ་པ་ལ་གསུངས་པའི་བཀའ་དཔེ་རྩ་བའི་སྡོམ། ཐོག་མའི་ཡི་གེ་གསང་ཆེན་གཏུམ་མོ་བཀའ་དཔེ་གསང་ཆེན་གྱི་སྙིང་པོ། གནད་ཀྱི་ཡི་གེ་ཕྱི་མ། སློབ་དཔོན་ཆེན་པོ་ཏཻ་
ལོ་པས་སློབ་དཔོན་ཆེན་པོ་ནཱ་རོ་པ་ལ་གསུངས་པ་བཀའ་དཔེ་ཚིག་ལྷུག །ཏཻ་ལོའི་གསུང་གི་རྡོ་རྗེའི་མགུར། ཆོས་དྲུག་གི་ཆིངས་བསྟན་པ་ནཱ་རོ་པའི་ཆོས་དྲུག་རྡོ་རྗེའི་མགུར། ནཱ་རོའི་བཀའ་དཔེ་ཚིགས་བཅད་མ། ནཱ་རོ་ཆོས་དྲུག་མཁར་ཁང་མར་གྲགས་པའི་ཤོག་དྲིལ་བཅོ་ལྔ་པ་སྟེ་འདི་རྣམས་གཞུང་གི་རྣམ་གྲངས་སོ། །མངའ་བདག་མར་པ་ལོ་ཙཱའི་ཆོས་དྲུག་སྲས་དོན་མ། རྗེ་རྔོག་པའི་ཆོས་དྲུག་ཆེན་མོ། མཚུར་སྟོན་དང་། མེ་སྟོན་གཉིས་ཀྱིས་མཛད་པའི་ཆོས་དྲུག་རྣམས་དང་། རྗེ་མི་ལའི་ཆོས་དྲུག་གསལ་བ་སྐོར་གསུམ་དང་། སྙན་བརྒྱུད་ཆོས་དྲུག་དང་། མཉམ་མེད་དྭགས་པོའི་གསུང་གི་ཆོས་དྲུག་གི་ཁྲིད་ཡིག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟ་བུ། རྗེ་དུས་གསུམ་མཁྱེན་པའི་ཆོས་དྲུག་ཞལ་གདམས་མ་དང་། རིན་པོ་ཆེ་ཀརྨ་པཀྵིས་མཛད་པའི་ཟབ་ཆོས་རྒྱ་མཚོ་མཐའ་ཡས་གཏུམ་མོ་འཁོར་ལོ་ལྔ་མ་དང་། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེས་མཛད་པའི་ཆོས་དྲུག་གི་ཁྲིད་ཡིག་དང་། འདི་
རྣམས་ཐམས་ཅད་ཀྱི་དོན་ཕྱོགས་གཅིག་དྲིལ་ནས་འཛམ་གླིང་ཆོས་ཀྱི་གྲགས་པས་རྒྱས་བཤད་མཛད་པ་དེ་དྲུང་ཀུན་སྤངས་པའི་ཟིན་བྲིས་སུ་མཛད་པ་དང་། དྲུང་མཁའ་སྤྱོད་པའི་ཆོས་དྲུག་ཆེན་མོར་གྲགས་པ་རྣམས་ནི་གསུང་གི་རྣམ་གྲངས་སོ། །དེ་ལ་འདིར་ཐམས་ཅད་མཁྱེན་པ་རང་བྱུང་པའི་ཁྲིད་ཡིག་གི་ལྷན་ཐབས་སུ་བྱེད་པ་ལ། གཞུང་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པས། དེ་ལ་གཞི་ལམ་འབྲས་བུའི་རྣམ་གཞག་ལ་གསུམ་སྟེ། །རྗེ་དུས་གསུམ་མཁྱེན་པའི་གསུང་ལས། དངོས་པོའི་གནས་ཐབས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །དངོས་པོའི་གནས་ཐབས་ལ་གཉིས་ཏེ། སེམས་དངོས་པོའི་གནས་ཐབས་ཕྱག་རྒྱ་ཆེན་པོའི་མན་ངག་དང་། ལུས་དངོས་པོའི་གནས་ཐབས་གཏུམ་མོ་དྲོད་ཀྱི་མན་ངག །ལམ་རིམ་པ་ལ་སྨིན་པར་བྱེད་པ་དབང་བཞི། གྲོལ་
བར་བྱེད་པ་བསྐྱེད་རྫོགས་གཉིས་སོ། །དེ་ལ་ཡང་ཟབ་མོ་རྫོགས་པའི་རིམ་པ་ཕྱག་རྒྱ་ཆེན་པོའི་མན་ངག་གོ །མི་ཟབ་པ་ནི་རྩ་རླུང་ཐིག་ལེའོ། །ཟབ་པ་བསྐྱེད་པའི་རིམ་པ་རྩ་རླུང་ཐིག་ལེ་ཡིན་ལ། མི་ཟབ་པ་བསྐྱེད་པའི་རིམ་པ་ནི་ལྷ་སྐུ་སྒོམ་པའོ། །ཡང་འདི་རྣམས་ཐམས་ཅད་ལམ་གྱི་རིམ་པ་ཡིན་ལ། འབྲས་བུ་ནི། གནས་སྐབས་ཀྱི་འབྲས་བུ་དྲོད་དང་བདེ་བ་མི་རྟོག་པ་ཡིན་ལ། མཐར་ཐུག་རང་དོན་ཆོས་སྐུ་དང་གཞན་དོན་གཟུགས་སྐུ་རྣམ་པ་གཉིས་འབྱུང་བའོ། །གཞི་དངོས་པའི་གནས་ལུགས་དང་། ལམ་གྱི་རིམ་པ། འབྲས་བུ་སྐྱེ་བའི་ཚུལ་ལོ། །གཞི་དངོས་པོའི་གནས་ལུགས་ནི་ལུས་སེམས་གཉིས་སོ། །ལུས་དངོས་པོའི་གནས་ལུགས་ལ་ཡང་རྣམ་པར་དབྱེ་ན་གསུམ་དུ་འགྱུར་ཡང་། འདིར་ཕྱོགས་གཅིག་ཏུ་བསྟན་ཏེ། གསང་བ་འདུས་པ་ལས། ལུས་ནི་བྱང་ཆུབ་རྣམ་ལྔ་དང་། །མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། གཞི་སྟོང་ཉིད་ལ་མངོན་པར་བྱང་ཆུབ་པ། བྱང་སེམས་དཀར་དམར་གཉིས་གདན་པད་ཟླ་ལ། དེ་གཉིས་འདྲེས་པའི་ཐིག་ལེ་དེ་གསུང་ཡིག་འབྲུ་ལ།
སྤྲུལ་པའི་འཁོར་ལོ་རུ་རྡོ་རྗེ་ལྟ་བུ་ཞིག་ཆགས་ཏེ། དེ་ཐུགས་ཕྱག་མཚན་ལ། ད་ལྟ་འདི་ལྟའི་ལུས་འདི་ལྷའི་སྐུ། དེ་སྐུ་ཡོངས་རྫོགས་ལས་མངོན་པར་བྱང་ཆུབ་པའོ། །རྩ་དང་བྱང་སེམས་རླུང་དང་ནི། །མི་གཙང་རྫས་དང་རྣམ་དག་གིས། །ལུས་ཀྱི་ཆོས་ནི་གནས་པ་ཡིན། །ཅེས་གསུངས་པས། དྲི་མ་དང་བཅས་པའི་སེམས་ཀྱིས་སེམས་ཉིད་རང་འོད་ལ་ལུས་སུ་བརྟགས་ཤིང་། ཞེན་པ་ལ་བརྟེན་ནས་ལུས་སུ་སྣང་བ་ཡིན་ཡང་རེ་ཞིག་ལུས་སེམས་གཉིས་རྟེན་དང་བརྟེན་པའི་ཚུལ་གྱིས་རྣམ་པར་ཕྱེ་ན། འགྲོ་བ་རིགས་དྲུག་ཁམས་གསུམ་པ་རྣམས་ཀྱང་རྣམ་པར་ཤེས་པའི་གཟུང་འཛིན་ལས་བྱུང་བའི་ཕྱི་སྣོད་དང་། ནང་བཅུད་ལས་དབྱེར་མེད་པར་རྒྱུ་དང་འབྲས་བུ་རྣམ་པར་ཕྱེ་བ་དུས་ཀྱི་འཁོར་ལོ་ལ་སོགས་པ་རྒྱུད་འགྲེལ་རྣམས་ལས་གསུངས་པ། བདག་གི་བློ་ལ་གསལ་མོད་ཀྱི་ཡི་གེས་འཇིགས་པའི་ཕྱིར་མ་བཤད་དོ། །གདམས་ངག་གི་སྐབས་འདིར་ནི། ལུས་ནི་སེམས་ཀྱི་ཆ་ལས་སྣང་བ་སྟེ། དེའི་ཕྱིར་བརྟེན་པ་
སེམས་བཅངས་པ་ལས། རྟེན་ལུས་བཅངས་པ་གནད་ཆེ་བའི་ཕྱིར། འཛམ་བུའི་གླིང་དུ་སྐྱེས་པའི་ཁམས་དྲུག་དང་ལྡན་པའི་མི་ལུས་ལ་བརྟེན་པ་སྟོན་ཏེ། འདི་ལ་ཡང་གསུམ་སྟེ། ལུས་གྲུབ་པའི་རྒྱུ་རྐྱེན། ཇི་ལྟར་གྲུབ་པའི་ཚུལ། །རྩ་རླུང་ཐིག་ལེ་བཤད་པའི་དགོས་པའོ། །དང་པོ་ལུས་གྲུབ་པའི་རྒྱུ་རྐྱེན་ནི།སེམས་དྲི་མ་དང་བཅས་པས་འདུས་བྱས་ཤིང་། ལས་མངོན་པར་གྲུབ་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱི་རྐྱེན་བྱས་ཤིང་། གསུམ་འཚོགས་པ་ལས། ཕ་ཡི་ཁུ་བ་དང་། མའི་ཁྲག་ནད་མེད་པ་དང་། བར་མ་དོའི་རྣམ་པར་ཤེས་པ་དང་། གསུམ་པོ་དེ་ལ། ཟླ་བ། ཉི་མ། སྒྲ་གཅན་ཞེས་གཏགས་ཏེ་ལུས་ངག་ཡིད་གསུམ་བསྐྱེད་དེ། དང་པོའི་སངས་རྒྱས་ཀྱི་རྒྱུད་ལས། ཨེ་ཡིག་དབུས་སུ་ཝཾ་གིས་ནི། །སངས་རྒྱས་ཀུན་གྱི་བདེ་བ་ཆེ། །མཁའ་དབྱིངས་རྡོ་རྗེ་སེམས་དཔའ་ནི། །སྐུ་གསུང་ཐུགས་སུ་སྦྱོར་བ་ལས། །སྐུ་ནི་ཐིག་ལེ་ཟླ་བ་ཁུ། །གསུང་ནི་ཚེག་དྲག་ཉི་མ་ཁྲག །ཐུགས་ནི་ནཱ་ད་རྣམ་ཤེས་ཨ་སྒྲ་གཅན། །སྐུ་གསུང་
ཐུགས་ཀྱི་སྦྱོར་བ་ཉིད། །ནམ་མཁའི་དབྱིངས་སུ་རྣམ་པར་གནས། །ཞེས་སོ། །དཀར་ཆ་དང་། དམར་ཆ་དང་། རྣམ་ཤེས་གསུམ་པོ་འདི་ལ་བྱང་ཆུབ་ས་ལྔར་ཡང་བརྗོད་དེ། དཀར་ཆ་མེ་ལོང་ལྟ་བུའི་ཡེ་ཤེས། དམར་ཆ་མཉམ་པ་ཉིད་ཀྱི་ཡེ་ཤེས། བར་དོའི་རྣམ་ཤེས་ཨ་ཕྱེད་པ་ལྟ་བུ་སོ་སོར་རྟོག་པའི་ཡེ་ཤེས། ཐམས་ཅད་འདྲེས་པ་བྱ་བ་གྲུབ་པའི་ཡེ་ཤེས། ལུས་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ཏེ། ཧེ་བཛྲ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་ནི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོག་པ་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་གར་གསུངས་པ་ཡི། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་སྦྱང་གཞི་སྦྱོང་བྱེད་དུ་སྦྱར་ཏེ་གསུངས་སོ། །མངལ་གྱིས་ལུས་དེ་ཉིད་བསྐྱེད་པར་བྱེད་པ་ཡང་། ཕ་མ་གཉིས་ཀྱིས་ཉམས་སུ་མྱོང་བ་ན། བར་མ་དོའི་དྲི་ཟ་ཉེ་བར་འོང་བས། རེག་པའི་བག་ཆགས་སྲ་བ་ཉིད་མྱོང་བས་
སའི་ཁམས་སྐྱེ་བར་འགྱུར་ལ། དེ་ཡང་ས་གཏི་མུག་དག་པ་རྣམ་པར་སྣང་མཛད་ཡིན་པས། ལུས་རྣམ་པར་སྣང་མཛད་ལས་གྲུབ་པའོ། །ཡང་བྱང་ཆུབ་ཀྱི་སེམས་ཕ་མ་གཉིས་ཀྱི་ཁུ་ཁྲག་གི་རང་བཞིན་ལས་འདི་ནི་ངའི་འོ་སྙམ་དུ་འཛིན་པས་ཆུའི་ཁམས་འབྱུང་བའི་རྐྱེན་བྱེད་དོ། །དེ་ཡང་ཆུ་ཞེ་སྡང་དག་པ་མི་བསྐྱོད་པའི་རང་བཞིན་ཡིན་ནོ། །བསྐྱོད་པ་ལས་དྲོ་བ་མེ་ཡི་ཁམས་སྐྱེས་ཏེ། དེ་ཡང་མེ་འདོད་ཆགས་དག་པ་སྣང་བ་མཐའ་ཡས་སོ། །གཡོ་བ་དང་ཡང་བས་རླུང་གི་ཁམས་བསྐྱེད་དེ། དེ་ཡང་རླུང་ཕྲག་དོག་དག་པ་དོན་ཡོད་གྲུབ་པའོ། །བདེ་བ་ནི་ནམ་མཁའི་ཁམས་ཏེ། ནམ་མཁའ་སེར་སྣ་དག་པ་རིན་འབྱུང་སྟེ། དགྱེས་པ་རྡོ་རྗེ་ལས། བྷོ་ལ་ཀ་ཀོ་ལ་སྦྱོར་བས། །རེག་པ་སྲ་བ་ཆགས་པ་ཉིད། །སྲ་བ་གཏི་མུག་ཆོས་ཀྱི་ཕྱིར། །གཏི་མུག་རྣམ་པར་སྣང་མཛད་བརྗོད། །གང་ཕྱིར་བྱང་སེམས་གཤེར་བ་ཉིད། །གཤེར་བ་ཆུ་ཡི་ཁམས་སུ་འགྱུར། །ཆུ་ནི་མི་བསྐྱོད་གཟུགས་ཀྱི་ཕྱིར། ཞེ་སྡང་འདྲེན་པ་མི་
བསྐྱོད་པ། །གཉིས་ཀྱི་སྤྱོད་པའི་སྦྱོར་བ་ལས། །དྲོད་ནི་རྟག་ཏུ་སྐྱེ་བར་འགྱུར། །འདོད་ཆགས་དཔག་མེད་རྡོ་རྗེ་ཡིན། །འདོད་ཆགས་དྲོད་ལས་སྐྱེ་བར་འགྱུར། །ཀ་ཀོ་ལར་ནི་སེམས་རྒྱུ་བ། །དེ་ནི་རླུང་གི་རང་བཞིན་ཅན། །ཕྲག་དོག་དོན་ཡོད་གྲུབ་པ་ཡིན། །དོན་ཡོད་རླུང་ལས་བྱུང་བ་ཉིད། །བདེ་བ་འདོད་ཆགས་ཁྲག་ཏུ་གྱུར། །དགའ་བ་ནམ་མཁའི་མཚན་ཉིད་དོ། །ནམ་མཁའ་སེར་སྣ་རྡོ་རྗེར་འགྱུར། །སེར་སྣ་མཁའ་ལས་བྱུང་བ་ཉིད། །སེམས་ཉིད་ཆེན་པོ་གཅིག་ཉིད་ལ། །ལྔ་ཡི་གཟུགས་ཀྱིས་རྣམ་པར་བསྐོར། །ཅེས་སོ། །དེ་ལྟར་རྣམ་པར་ཤེས་པ་འབྱུང་བ་ལྔ། ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་འགྲུབ་པར་བྱེད་དོ། །གཉིས་པ་ལུས་ཇི་ལྟར་གྲུབ་ཚུལ་ལ་གསུམ།རྩ་དང་། རླུང་དང་། ཐིག་ལེ་གྲུབ་ཚུལ་ལོ། །དང་པོ་ལ་བཞི་ལས་རྩ་དབུ་མ་ནི།དེ་ལྟར་མངལ་དུ་ཞུགས་ཟིན་ནས། ཁམས་ལྔའི་དཀྱིལ་དུ་ཀུན་གཞི་ཉིད་མ་གཏོགས་པ་ཚོགས་བདུན་མི་གསལ་བར་གྱུར་ཏེ། ཆང་གི་ར་རོ་བ་བཞིན་ནོ། །དེ་ནས་ཀུན་
གཞི་ལ་ཉོན་མོངས་པ་ཅན་གྱི་ཡིད་ལངས་ནས། དེ་མ་ཐག་ཏུ་དཀར་དམར་གྱི་དྭངས་མ་ལས། སྲོག་གི་རླུང་བསྐྱེད་ནས་འདུ་བྱེད་པར་འགྱུར་ཏེ། ལས་ཀྱི་རླུང་སྐད་ཅིག་ལས་སྐྱེད་པར་བྱེད་པས། འོ་མ་ཉིད་ཞོ་རུ་གྱུར་པ་བཞིན་ནུར་ནུར་པོ། དེ་ཉིད་འདྲེས་པར་བྱེད། སྡུད་པར་བྱེད། བརྟན་པར་བྱེད། མི་འདུལ་བར་བྱེད་ཅིང་སྐྱེད་པར་བྱེད་དོ། །དེ་ནི་ཀུན་གཞི་རྣམ་ཤེས་ལས། ཡིད་འདུ་བྱེད་པ་ལངས་པ་ཡིན་ནོ། །དེ་ཡང་མངལ་གྱི་ཞག་བདུན་ཕྲག་དང་པོར་ནུར་ནུར་པོ་དང་། གཉིས་པར་མེར་མེར་པོ་དང་། གསུམ་པར་ལྟར་ལྟར་པོ་དང་། བཞི་པར་གོར་གོར་པོ་སྟེ། ཞག་ཉེར་བརྒྱད་དོ། །སྡོམ་འབྱུང་ལས། ནུར་ནུར་རང་བཞིན་མི་བསྐྱོད་པ། །མེར་མེར་པོ་ནི་རིན་ཆེན་འབྱུང་། །འོད་དཔག་མེད་པ་ལྟར་ལྟར་པོ། །གོར་གོར་པོ་ནི་དོན་ཡོད་གྲུབ། །མཁྲང་འགྱུར་རྣམ་པར་སྣང་མཛད་དེ། །རྣམ་པ་ལྔར་ནི་བསྟན་པ་ཡིན། ། ཞག་བདུན་ཕྲག་ལྔ་པར་ཕྱིན་ན་མཁྲང་འགྱུར་ཡིན་ལ། དེའི་ཞག་དང་པོ་ལ། སེམས་ཅན་དེ་
ཉིད་ཀྱི་རང་སོར་ཕྱེད་དང་བཅུ་གཉིས་ཀྱི་རྩ་དབུ་མའམ། སྲོག་རྩ་ཆགས་པར་འགྱུར་ཏེ། རྩེ་མོ་གཅིག་ནི་མའི་རྩ་དང་འབྲེལ་ཏེ། ཞག་གཉིས་པ་སྙིང་གི་དབུས་ཀྱི་རྩ་བཅུ་འབྱུང་སྟེ། རྩ་བ་དང་ཡན་ལག་གི་རླུང་བཅུ་འབྱུང་བའི་གནས་སོ། །དེ་མན་ཆད་ཟླ་བ་གཅིག་གོ །དེ་ནས་ཞག་རེ་རེ་ལ་རྩ་ཉིས་བརྒྱ་རེ་འབྱུང་སྟེ། ཟླ་བ་རེ་རེ་ལ་རྩ་དྲུག་སྟོང་འབྱུང་བས་མངལ་གྱི་ཟླ་བ་དགུ་ལས། རྩ་དྲུག་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང་། ཕྱི་རོལ་གྱི་གསུམ་ལ་ཡང་དྲུག་སྟོང་རེ་སྟེ་ཟླ་བ་བཅུ་གཉིས་ཀྱི་བར་དུ་རྩ་འཕེལ་བས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར་རོ། །རྩ་འདི་རྣམས་རགས་པ་ཙམ་བཤད་ན། ཟླ་བ་དང་པོ་ལ་སྙིང་ཁའི་འཁོར་ལོའི་རྩ་བརྒྱད་འབྱུང་བ་དང་། ལྟེ་བའི་རྩ་དྲུག་ཅུ་རྩ་བཞི་ཁྱིམ་བཅུ་གཉིས་ཀྱིས་དབྱེ་བས་འབྱུང་ངོ་། །དེའི་འོག་ཏུ་ཟླ་བ་གཉིས་པ་ལ། ཐུར་སེལ་གྱིས་སྨད་རྣམས་སྒྲུབ་པ་དང་། ཟླ་བ་གསུམ་པར་གྱེན་རྒྱུའི་རླུང་འཕྲོས་ནས། སྟོད་རྣམས་སྒྲུབ་པར་བྱེད་པ་སྟེ་མགྲིན་པའི་རྩ་བཅུ་དྲུག །སྤྱི་བོའི་རྩ་
སུམ་ཅུ་སོ་གཉིས། སྟེང་གཙུག་ཏོར་གྱི་རང་བཞིན་སྨིན་མའི་དབུས་ན་རླུང་རྣམ་པར་དག་པའི་རྩ་དྲུག །གཙུག་ཏོར་གྱི་མགྲིན་པ་མེ་ཁམས་འཛིན་པའི་རྩ་གསུམ་དང་དགུའོ། །དེ་རྣམས་སྙིང་ཁ་ནས་སྤྲོས་ཏེ་འབྱུང་ངོ་། །ཐུར་སེལ་གྱི་འོག་ཏུ་གསང་བའི་རྩ་སོ་གཉིས། སྟོང་པ་དྲུག་གི་རྩ་ལྟེ་བ་ནས་ཐུར་དུ་འབྱུང་ངོ་། །འདི་རྣམས་ནི་འཁོར་ལོའི་རྩ་རྣམས་སོ། །དེའི་ཕྱི་རོལ་ཏུ་སྤྱི་གཙུག་ན་རྩ་བཅུ་དྲུག་དཔྲལ་བ་ན་བཞི་སྟེ། ཉི་ཤུ་བད་ཀན་གྱི་རྩ་དང་། མགྲིན་པ་ན་སོ་གཉིས། སྙིང་ཁ་ན་བརྒྱད་དང་བཞི་བཅུ་མཁྲིས་པའི་རྩ་དང་། ལྟེ་བའི་དྲུག་ཅུ་རྩ་བཞི། གསང་བའི་ཕྱི་རོལ་ཏུ་བསྐོར་བའི་རྩ་བཅུ་དྲུག་སྟེ། བརྒྱད་ཅུ་ནི་རླུང་གི་རྩའོ། །གསང་བའི་ནང་རིམ་ནས་འདུས་པའི་རྩ་བཅུ་དྲུག་འབྱུང་ངོ་། །དེ་ལ་སོགས་པ་ནང་གི་རྩ་དྲུག་སྟོང་ཆགས་པས། ཐུར་སེལ་གྱེན་རྒྱུ་གཉིས་ཀྱི་ཉ་ལྟ་བུར་གྱུར་ཏེ་འཕེལ་བར་བྱེད་པ་ཡང་། མའི་རོ་མའི་རྩ་དང་ལྟེ་བར་འབྲེལ་པས་རླུང་ཁྲག་རྒྱས་པར་བྱེད་པ་ཡིན་ནོ། །ཟླ་
བ་བཞི་པ་ལ་ཁྱབ་བྱེད་ཀྱི་རླུང་གིས་རྐང་ལག་བསྐྱེད་དེ། དེའི་རྐང་ལག་དང་མགྲིན་པ་མཉམ་པས་རུས་སྦལ་ལྟ་བུའོ། །ཟླ་བ་ལྔ་པ་ན་མེ་མཉམ་གྱི་རླུང་འཕྲོས་པས་ལུས་འགུལ་བ་དང་འདར་བར་འགྱུར་ཞིང་། ཤ་དང་ཁྲག་དང་རུས་པའི་ཚིགས་སུམ་བརྒྱ་དྲུག་ཅུ་ཆགས་ཏེ་ཕག་རྒོད་ལྟ་བུའོ། །ཟླ་བ་དྲུག་པ་ལ་ཀླུའི་རླུང་གིས་སའི་ཁམས་མིག་གཉིས་བསྐྱེད་དེ། ཟླ་བ་བདུན་པ་ལ་རུས་སྦལ་གྱི་རླུང་གིས་ནམ་མཁའི་ཁམས་སྣ་བུག་བཏོད། ཟླ་བ་བརྒྱད་པར་རྩངས་པའི་རླུང་གིས་ཆུའི་ཁམས་སྣ་བུག་བཏོད། ཟླ་བ་དགུ་པར་ལྷ་སྦྱིན་གྱི་རླུང་གིས་མེའི་ཁམས་བསྐྱེད་པར་བྱེད། ཟླ་བ་བཅུ་པར་ནོར་ལྷ་རྒྱལ་གྱི་རླུང་གིས་རླུང་ཁམས་ལུས་ཀྱི་རེག་བྱ་བསྐྱེད་པར་བྱེད། ཟླ་བ་དྲུག་པ་ནས་ཚོར་བའི་སྡུག་བསྔལ་ཤེས་པར་གྱུར། བདུན་པ་ནས་སྐྲ་དང་བ་སྤུ་བྱེ་བ་ཕྲག་ཕྱེད་དང་བཞི་ཡང་འགྲུབ་བོ། །དེའི་དུས་སུ་མངོན་ཤེས་ཀྱང་འབྱུང་བར་བཤད། ཟླ་བ་བརྒྱད་ཀྱི་བར་ལྕེ་མ་སྐྱེས་པས་མའི་རྩས་བསྐྱེད་ཅིང་། དགུ་པ་ནས་
མ་དང་འབྲེལ་བའི་རྩ་ཆད་པས་མི་གཙང་བ་ཟ་སྟེ། བཀྲེས་སྐོམ་གྱི་ཚོར་བས་སྡུག་བསྔལ་ལོ། །དེའི་ཚེ་འབྱིན་པའི་རླུང་གིས་ནི་ལུས་བསྒྱུར་ནས་སྐྱེ་བར་བྱེད་དོ། །མིའི་སེང་གེའི་གནས་སྐབས་སོ། །དེ་ལྟར་མངལ་དུ་ལུས་ཇི་ལྟར་གྲུབ་ཚུལ་མདོར་བསྡུས་པ་སོང་ནས། ལུས་ལ་རྩ་ཇི་ལྟར་གནས་མ་ཤེས་ན། རླུང་དང་ཐིག་ལེའི་གནས་ཚུལ་མི་ཤེས་པས། རྩའི་གནས་ཚུལ་མདོར་བསྟན་པ་ནི་དྲུག་སྟེ། དབུ་མ་དང་། རོ་རྐྱང་གཉིས་དང་། འཁོར་ལོ་བཞི་དང་། དྲུག་དང་། བཅོ་བརྒྱད་དང་། སྟོང་ཕྲག་བདུན་བཅུ་རྩ་གཉིས་དང་། ཕྲ་མོའི་རྩ་བཤད་པའོ། །དང་པོ་ནི། རྩ་དབུ་མ་འདི་ལ་བསྒོམ་པའི་རྩ་དང་། གནས་པ་གཉིས་ཡོད་པ་ལས། གནས་པ་ནི་ཤི་བའི་ཚེ་ཡལ་ནས་འགྲོ་བར་འདོད་པ་དང་། གཞུང་པར་འདོད་པ་དང་། གཞུང་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་། དོན་ལ་མེད་པར་འདོད་པ་ཡོད་ཅིང་། གསང་བ་འདུས་པ་ལས། དྷུ་ཏི་རང་ལ་གསུམ་ཡིན་ཏེ། །ཐབས་ཀྱི་དྷུ་ཏི་གཞུང་པ་སྟེ། །དེ་
ན་བྱང་སེམས་དཀར་པོ་རྒྱུ། །ཤེས་རབ་དྷུ་ཏི་སྲོག་པའི་རྩ། །དེ་ན་བྱང་སེམས་དམར་པོ་རྒྱུ། །གསང་བ་ཨ་བ་དྷུ་ཏིའི་རྩ། །རྩ་གཉིས་བར་ན་དྲང་པོར་གནས། །དེ་ནི་དཔེར་ན་བ་ཐག་ལ། །ཉི་ཟེར་ཕོག་པ་ལྟ་བུ་ཡོད། །དེ་ནི་རྩ་བ་མཚན་མར་ཟུག །རྩེ་མོ་སྤྱི་གཙུག་འཁོར་ལོའི་དབུས། །ཚངས་པའི་བུ་ག་ནང་ན་གནས། །འཁོར་ལོ་ཀུན་གྱི་དབུས་སུ་ཟུག །དཔེར་ན་འཁོར་ལོའི་སྲོག་ཤིང་འདྲ། །ཞེས་སོ། །འདི་ནི་རྒྱུད་འགྲེལ་ཐམས་ཅད་དཔང་པོར་བྱས་ནས་བཤད་དེ། སྔར་ལུས་གྲུབ་པའི་སྐབས་ནས་བཤད་པའི་སྲོག་རླུང་གི་རྟེན་རྩ་དབུ་མ་དེ་འཁོར་ལོ་དྲུག་གི་བར་བར་དུ་རང་སོར་ཕྱེད་དང་བཅུ་གསུམ་རེ་གསང་བ་ནས་སྤྱི་གཙུག་བར་འབྲེལ་ལ། ཡར་སྣེ་ཧང་གི་རང་བཞིན་ནི་དཀར་ཆས་བཀག་ལ། མར་སྣེ་ལྟེ་འོག་ཏུ་དམར་ཆ་ཨ་ཐུང་གིས་བཀག་ལ། དེ་གཉིས་བར་དུ་ཀུན་གཞིའི་རྣམ་ཤེས་ཀྱི་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ། སྟོང་སང་ངེ་བ་ནམ་མཁའ་དང་འདྲ་བར་གནས་
སོ། །ལྟེ་འོག་མན་ཆད་ལ་དུང་ཆེན་མ་ཟེར་དེ་ལ་དཀར་ཆ་འབབ་པར་བཤད་དོ། །འདི་ལ་མིང་གི་རྣམ་གྲངས། ཨ་བ་དྷུ་ཏི། སུ་སུ་ལ། ཀུན་འདར་མ། ཕྲ་མོའི་གཟུགས། མར་སྣེ་ལ་དུང་ཆེན་མ། ཡར་སྣེ་ལ་སྒྲ་གཅན། སྲོག་རྩ། སྲོག་གི་སྐུད་པ། ནང་གི་ཤིང་གཅིག་ལམ་པོ་ཆེ། ཁ་ག་མུ་ག །བྱ་གདོང་མ། རྩ་དབུ་མ་ལ་སོགས་པའི་མིང་མང་སྟེ། མདོར་ན་ལུས་ཅན་ཀུན་གྱི་སྲོག་རྩ་དེ་དབུ་མ་ཡིན་པ་ཤེས་པར་མཛོད་ཅིག །གཉིས་པ་རོ་རྐྱང་ནི། ལྟེ་འོག་རྩ་གསུམ་འདུས་མདོ་ན་གྱེས་ཏེ་མཁལ་རྩ་ལ་འབྲེལ་ཏེ། སྙིང་ཁར་འདུས་ཤིང་དེ་ནས་མཆན་འོག་གི་རྩ་ཆེན་རྡུལ་འདུ་བྱ་བ་ཡིན་ལ། མགྲིན་པར་འདུས་ནས་རྩེལ་ཆུང་དུ་གྱུར་ཏེ། རྣ་འོག་ཕུག་ནས་ཀླད་པ་དང་ཚངས་བུག་དང་། དབང་པོའི་སྒོ་ཐམས་ཅད་ལ་འབྲེལ་ཞིང་། ཁྱད་པར་དུ་སྣ་བུག་གཉིས་ནས་མར་བྱུང་སྟེ། བྱེད་ལས་ནི་ལྟེ་སྟེང་ཡན་ཆད་འཕོ་བ་བཅུ་གཉིས་ཀྱི་རླུང་རྒྱུ་བའི་སྒོ་ཡིན་པས། རླུང་འབྱུང་བས་ཕྱི་རུ་ལུས་ཐམས་ཅད་གསོ་བསྐྱེད་
བྱེད་ཅིང་། ནང་དབུ་མ་ལ་སོགས་སྲོག་རླུང་གསོ་བསྐྱེད་བྱེད་ཅིང་ལྟེ་འོག་རྩ་གསུམ་འདུས་མདོ་མན་ཆད་དུ་གཡས་རོ་མས་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད། གཡོན་རྐྱང་མས་དྲི་ཆུ་འབྱིན་སྡོམ་བྱེད་དོ། །གསུམ་པ་འཁོར་ལོ་བཞི་དང་དྲུག་པ་ནི། སྔར་མངལ་གྱི་སྐབས་སུ་བཤད་ཟིན་ཅིང་། འཁོར་ལོ་བཅོ་བརྒྱད་ནི། རྐང་ལག་ཚིགས་ཆེན་བཅུ་གཉིས་ལ་རྩ་སུམ་ཅུ་རེ་ཡོད་པས། ཀུན་ལ་སུམ་བརྒྱ་དྲུག་ཅུ་ཡོད་དོ། །སོར་མོ་ཉི་ཤུའི་ཚིགས་གསུམ་ལ་རྩ་དྲུག་དྲུག་ཡོད་པས་གྲངས་གོང་དང་མཚུངས་སོ། །བཞི་པ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི། སྤྱི་བོ་ལ་སོགས་པའི་གནས་ཉི་ཤུ་རྩ་བཞིའི་རྩ་རེ་ལ་ཡང་ཐིམ་པ་དང་། ལོངས་སྤྱོད་པ་དང་། བདག་པོའི་དབྱེ་བས་རྩ་བདུན་ཅུ་རྩ་གཉིས། དེ་རེ་རེ་ལ་ཡང་སྟོང་སྟོང་གྱེས་པས་སྟོང་ཕྲག་བདུན་ཅུ་རྩ་གཉིས་སུ་འགྱུར། དེ་རྣམས་ལ་གྱེས་པས་རྩ་ཕྲ་མོ་བྱེ་བ་ཕྲག་ཕྱེད་དང་བཞིས་བ་སྤུ་བསྐྱེད་པར་བྱས་སོ། །དེ་ལྟར་དུ་རྩ་བའི་གནས་ལུགས་ཤེས་པས་ལུས་ནི་རིལ་པོ་གཅིག་
མ་ཡིན་པར་རྩ་ཁམས་ཐམས་ཅད་ཀྱི་རྣམ་པར་སྣང་བ་འདི་ཡང་། ཉོན་མོངས་པའི་དྲ་བ་ལས་གྲོལ་བའི་ཚེ་སངས་རྒྱས་གཟུགས་ཀྱི་སྐུར་འགྱུར་བ་ཤེས་པར་བྱའོ། །གཉིས་པ་རླུང་ཇི་ལྟར་གྲུབ་ཚུལ་ལ་བཞི་སྟེ།རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ། སྣར་རླུང་ཇི་ལྟར་རྒྱུ་ཚུལ། རླུང་འཆང་བའི་ཐབས་སོ། །རྩ་བའི་རླུང་ལྔ་ལས། དང་པོ་སྲོག་རླུང་ནི། རྩ་དབུ་མའི་ཨ་ཧཾ་བར་དུ་གནས་ནས་ཉོན་ཡིད་སྲོག་རླུང་དེ་དང་ཀུན་གཞིའི་རྣམ་ཤེས་ཕན་ཚུན་བརྟེན་ཅིང་ད་ལྟར་ཆ་ཤས་དུས་སྦྱོར་གྱི་རླུང་ལ་འབྱུང་ཞིང་། གཙོ་བོ་ནི་འཆི་བའི་དུས་ཞག་ཅིག་ལ་རྒྱུ་བའོ། །བྱེད་ལས་ནི། ད་ལྟར་ནི་བདག་འཛིན་དང་དྲན་རྟོག་བསྐྱེད་ཅིང་། གཞན་དུ་ལོག་ན་བརྒྱལ་བ་དང་། སྨྱོ་བ་དང་། འཆི་བར་བྱེད་དོ། །འདི་དང་ལྷན་ཅིག་ཏུ་ཡེ་ཤེས་ཀྱི་རླུང་གསལ་ལ་མི་རྟོག་པ་དང་འདྲེས་ནས་ཡོད་ཅིང་ཁ་དོག་མེད་པ་ནམ་མཁའ་ལྟ་བུའོ། །གཉིས་པ་ཐུར་སེལ་ནི། འོག་ཏུ་རྩ་གསུམ་འདུས་མདོ་མན་ཆད་ལ་གནས་ཏེ། བྱེད་ལས་ནི། དྲི་ཆེན། དྲི་ཆུ། ཁུ་བ་
འབྱིན་སྡོམ་བྱེད་ཅིང་། ལོག་ན་ནི། སྨད་ཀྱི་ནད་ཐམས་ཅད་བསྐྱེད་པར་བྱེད་དོ། །དེ་ས་རླུང་ངོ་། །དེ་ནས་རྩ་བའི་རླུང་གསུམ། ཡན་ལག་གི་རླུང་ལྔ་ནི། སྙིང་ཁའི་རྩ་འདབ་བརྒྱད་ལ་གནས་ཏེ་སའི་རླུང་ངོ་། །གསུམ་པ་གྱེན་རྒྱུ་ནི། ལུས་ཀྱི་མདུན་ཕྱོགས་ཀྱི་སྣར་མའི་རྩ་ལས་བྱུང་སྟེ། བྱེད་ལས་ནི། མགྲིན་པར་སྨྲ་བརྗོད་ཀྱི་ལས་རྣམས་བྱེད་དོ། །ལོག་ན་རོ་སྟོད་ཀྱི་ནད་ཕལ་ཆེར་བསྐྱེད་དོ། །རླུང་གི་རླུང་ངོ་། །བཞི་པ་མེ་མཉམ་ནི། ཤར་ལྷོ་མཚམས་ནས་གླང་ཆེན་ལྕེའི་རྩར་འབྱུང་ཞིང་། ཕོ་བར་ཟུག་སྟེ། བྱེད་ལས་ནི། ཁ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་། ལོག་ན་སྦོས་འཁྲོག་འཁྲུགས་དང་ཕོ་ནད་བསྐྱེད་དོ། །དེ་ནི་མེ་རླུང་ངོ་། །ལྔ་པ་ཁྱབ་བྱེད་ནི། ལྷོ་སྟེ་སེར་སྐྱའི་རྩ་ནས་གཡས་རོ་མ་དང་འབྲེལ་ནས་ལུས་ཐམས་ཅད་ལ་ཁྱབ་ཅིང་། བྱེད་ལས་ནི། ལུས་ཀྱི་སྟོབས་བསྐྱེད་ཅིང་། ལོག་ན་ཞ་རེངས་ལ་སོགས་པའི་ནད་རྣམས་བསྐྱེད་དོ། །དེ་ནི་ཆུ་རླུང་ངོ་། །གཉིས་པ་ཡན་ལག་གི་རླུང་ལྔ་ལས།དང་པོ་ཀླུའི་རླུང་ནི། ལྷོ་ནུབ་
རྒྱལ་གྱི་རྩ་ལས་བྱུང་སྟེ། བྱེད་ལས་ནི། གཟུགས་འཛིན་པ་དང་། ལུས་སྒེག་པ་ལ་སོགས་པ་བྱེད་དོ། །ནམ་མཁའི་རླུང་ངོ་། །གཉིས་པ་རུས་སྦལ་གྱི་རླུང་ནི། རྒྱབ་ཏུ་སྟེ། རྒྱལ་བའི་རྩ་ལས་བྱུང་སྟེ། བྱེད་ལས་ནི། སྒྲ་འཛིན་པ་དང་། རྐང་ལག་རྐྱོང་སྐུམ་ལ་སོགས་པ་བྱེད་དོ། །རླུང་གི་རླུང་ངོ་། །གསུམ་པ་རྩངས་པའི་རླུང་ནི། ནུབ་བྱང་སྟེ་ཀུན་ཏུ་འཕྱང་བའི་རྩ་ལས་གཡོན་པར་ཉེ་བར་བྱུང་སྟེ། བྱེད་ལས་ནི། དྲི་འཛིན་པ་དང་། འཁྲོག་འཁྲུགས་ལ་སོགས་པ་བྱེད་དོ། །མེ་རླུང་ངོ་། །བཞི་པ་ལྷ་སྦྱིན་གྱི་རླུང་ནི། གཡོན་པ་ཨི་ཌའི་རྩ་ལས་བྱུང་སྟེ། བྱེད་ལས་ནི། རོ་འཛིན་པ་དང་། རྐང་པ་ནས་འབྲེལ་ཅིང་གླལ་པ་ལ་སོགས་པ་བྱེད་དོ། །ཆུ་རླུང་ངོ་། །ལྔ་པ་ནོར་ལྷ་རྒྱལ་ནི། བྱང་ཤར་ཏེ། ཚུལ་ཆོས་པའི་རྩ་ལས་བྱུང་སྟེ། བྱེད་ལས་ནི། རེག་བྱ་འཛིན་པ་དང་། ཤི་ནས་ཞག་གཅིག་མི་གཏོང་བར་བྱེད་དོ། །ས་རླུང་ངོ་། །གསུམ་པ་སྣར་རྒྱུ་བའི་རླུང་ནི། རླུང་ནང་དུ་རྔུབ་པས་ལྟེ་བའི་འཁོར་ལོ་ནས་ལུས་ཀྱི་རྩ་གནས་ཐམས་ཅད་
ལ་ཁྱབ་པར་འཇུག་ཅིང་། ཕྱིར་འབྱུང་བ་ཡང་ལྟེ་བ་ནས་འབྱུང་སྟེ། དེ་ཡང་དང་པོ་རྩ་དབུ་མ་ལ་བཞི་གྱེས། བཞི་པོ་རེ་རེ་ལ་གསུམ་གསུམ་གྱེས་པས་བཅུ་གཉིས། དེ་རེ་རེ་ལ་ལྔ་གྱེས་པས་དྲུག་ཅུ་རྩ་བཞིར་གྱུར་པ་རོ་རྐྱང་དུ་འབྲེལ་ཅིང་། རྩ་གསུམ་འདུས་པར་དབུ་མ་དང་འབྲེལ་ནས་སྲོག་གི་ཆ་དང་བཅས་པ་སྣ་བུག་ནས་རྒྱུ་སྟེ། དེ་ཡང་རྩ་བ་དང་། ཡན་ལག་གི་རླུང་དང་བཅས་པས་ལུས་ཀྱི་རྩ་གནས་ཐམས་ཅད་བརྒྱུད་ནས། ལྟེ་བའི་ཁྱིམ་བཅུ་གཉིས་ཀྱི་གནས་བརྒྱུད་ཅིང་སྲོག་གི་ནུས་པ་བསྐྱེད་དེ་སྣར་རྒྱུ་བར་འགྱུར་རོ། ། །དེའི་ཕྱིར་གཡས་ན་གླང་། ཀར་ཀ་ཊ། བུ་མོ། སྡིག་པ། ཆུ་སྲིན། ཉའི་ཁྱིམ་སྟེ་མི་མཉམ་པ་དྲུག་དང་། གཡོན་པ་ལུག འཁྲིག་པ། སེང་གེ སྲང་། གཞུ། བུམ་པའི་ཁྱིམ་དང་མཉམ་པ་དྲུག་སྟེ། སྣ་བུག་གཡས་པ་ནས་ཉི་མ་དྲུག་གི་རླུང་འབྱུང་བ་ལ་འཕོ་ཆེན་གཅིག་ལ་ཐོག་མར་ས་རླུང་སུམ་བརྒྱ་དྲུག་ཅུ་འབྱུང་སྟེ། དེ་བཞིན་དུ་ཆུ་དང་། མེ་དང་། རླུང་གི་རླུང་དང་། ནམ་མཁའི་རླུང་གི་རང་བཞིན་
སྡུད་རིམ་གྱིས་འབྱུང་སྟེ། སུམ་བརྒྱ་དྲུག་ཅུ་རེ་འབྱུང་སྟེ། ཀུན་ལ་སྟོང་དང་བརྒྱད་བརྒྱའོ། །དེའི་འོག་ཏུ་གཡོན་པ་ཟླ་བའི་རླུང་ལ། ཐོག་མར་ནམ་མཁའི་རླུང་སུམ་བརྒྱ་དྲུག་ཅུ་རེ་འབྱུང་ལ། དེ་བཞིན་དུ་རླུང་། མེ། ཆུ། ས་ལ་ཡང་གྲངས་གོང་དང་མཐུན་པར་རྒྱུ་བས། ཞག་གཅིག་གི་འཕོ་བ་བཅུ་གཉིས་ལ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུའོ། ། དེ་ཡང་སྣའི་ཀ་བ་ནི་སྣ་བུག་གཉིས་ཀའི་བྱང་སྟེ། གཉིས་ཀའི་ཆུ་རླུང་ཡིན་ལ། ཕྱི་རོལ་གཉིས་ནི་མེ་རླུང་སྟེ། སྟེང་གཉིས་རླུང་གི་རླུང་། འོག་གཉིས་ས་རླུང་། དབུས་གཉིས་ནི་ནམ་མཁའ་དང་ཡེ་ཤེས་ཀྱི་རླུང་ངོ་། །མདོག་ནི་ས་རླུང་སེར། ཆུ་རླུང་དཀར། མེ་རླུང་དམར། རླུང་གི་རླུང་ནག །ནམ་མཁའ་སྔོ། ཕྱི་རོལ་ཏུ་ས་རླུང་ནས་རིམ་པ་བཞིན་སོར་བཅུ་གཉིས། བཅུ་བཞི། བཅོ་ལྔ། བཅུ་དྲུག་གི་བར་དུའོ། །དེ་ལ་ཡེ་ཤེས་ཀྱི་རླུང་ནི། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ནང་ནས་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔའོ། །འཕོ་བ་རེ་རེའི་ནང་དུ་ལྔ་བཅུ་ང་དྲུག་དང་བཞི་ཆ་
གཅིག་གོ །འཕོ་ཆུང་གཅིག་ལ། བཅུ་གཅིག་དང་བཞི་ཆ་གཅིག་གོ །ཁ་ཅིག་ཡེ་ཤེས་ཀྱི་རླུང་དེ་འཕོ་མཚམས་སུ་ཡོད་ཟེར་ཏེ། མདོར་ན་དབུགས་གཅིག་གིས་ཀྱང་སོ་གཉིས་ཀྱི་ཆ་ཡིན་ནོ། །དེ་ཡང་ཕྱེད་ནི་ཕྱིར་རྒྱུ་བས་འཆི་ལྟས་ལ་སོགས་པ་འཆར་བར་བྱེད་ལ། རྣལ་འབྱོར་གྱི་སྟོབས་ཀྱིས་ནང་དུ་ཟིན་པས་འཆི་མེད་རྡོ་རྗེའི་ལུས་འགྲུབ་བོ། །དེ་ཡང་ལོ་བརྒྱའི་ལས་རླུང་ཐམས་ཅད་སྡོམ་ན་བྱེ་བ་བདུན་ཅུ་རྩ་བདུན་དང་། ས་ཡ་ཕྲག་བདུན། འབུམ་ཕྲག་དྲུག་ཡོད་པའི་ནང་དུ་ཡེ་ཤེས་ཀྱི་རླུང་ས་ཡ་ཕྲག་ཉི་ཤུ་རྩ་བཞི་དང་། འབུམ་ཕྲག་གསུམ་ཡོད་པ་ལོ་གསུམ་དང་ཕྱོགས་གསུམ་འོང་བ་སྟེ། རྣལ་འབྱོར་སྟོབས་ཀྱིས་ལོ་བརྒྱའི་ལས་རླུང་ཐམས་ཅད་དག་ནས། ཡེ་ཤེས་ཀྱི་རླུང་དུ་གྱུར་ན་སངས་རྒྱས་ཐོབ་པ་ཡིན་ལ། དེ་ལ་དགོངས་ནས་ལོ་གསུམ་ཕྱོགས་གསུམ་གྱིས་རྡོ་རྗེ་འཆང་འགྲུབ། ཅེས་གསུངས་སོ། །མདོར་བསྡུས་ན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་པའི་ནང་དུ། ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་
ཅུ་རྩ་ལྔ་ཡོད་པ་ནི། ཕྱི་རོལ་ཏུ་ལོ་གཅིག་ལ་ཞག་སུམ་བརྒྱ་དྲུག་ཅུ། ཆུ་ཚོད་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོད་ཀྱང་། ཉི་ཟླ་རྒྱུ་སྐར་གྱི་དཀྱིལ་འཁོར་མི་འཁོར་བས། རྐང་པ་འཕེལ་བའི་ཞག་དྲུག་དང་། ཞག་གི་བརྒྱད་ཆ་གཅིག་གིས་ལྷག་པས་རྩིས་ཐམས་ཅད་མ་དག་པར་འགྲོ་སྟེ། འགྲིབ་པའི་ཆ་དང་བཅས་པས་འཇིག་རྟེན་པའི་སྣང་བ་ལ་ཞག་བཅུ་གཅིག་དང་བཞི་ཆ་གཅིག །ལོ་གཅིག་ལ་ལྷག་པར་སྣང་བ་ལ་ཟླ་བ་སུམ་ཅུ་པོ་ཕྱེད་དང་གསུམ་ན་ཟླ་བ་ལྷག་བྱུང་ཞེས་འདོགས་ཏེ། ནང་དུ་ཡེ་ཤེས་ཀྱི་རླུང་དང་། ཕྱི་རུ་ཟླ་བ་ལྷག་པ་ནི། ཕྱི་ནང་གཅིག་པའི་རྟེན་འབྲེལ་ཡིན་ནོ། །འདི་ལྟར་ཕྱི་ནང་སྦྱར་ན་གསལ་མོད་ཀྱི་སྤྲོས་པས་ཆོག་གོ །རྣལ་འབྱོར་ཅན་ལ་གནད་འཆང་བ་ནི་འོག་ཏུ་འཆད་དོ། །མདོར་བསྡུས་ན་འཁོར་འདས་ཐམས་ཅད་རླུང་གི་རང་བཞིན་ཡིན་པས། སྐྱོན་ཡོན་ཐམས་ཅད་རླུང་ལ་རྟེན་ནས་འབྱུང་སྟེ། རྡོ་རྗེ་ཕྲེང་བ་ལས། རླུང་སྦྱོར་ཤེས་པས་ཕ་རོལ་འགྲོ། །རླུང་གིས་འཁོར་བ་འཁོར་
བྱེད་ལ། །དེ་དག་གཅོད་པའང་འགྲུབ་པར་འགྱུར། །ཞེས་སོ། །དེ་ལ་བྲམ་ཟེ་ཆེན་པོ་ས་ར་ཧ་པས། རླུང་དང་རྣམ་ཤེས་གཉིས་ཐ་དད་མེད་དེ། རྣམ་ཤེས་བསྒོམ་ན་རླུང་ཤུགས་ལ་ཆོད་ནས་རྒྱལ་བའི་དགོངས་པ་འཆར་གསུངས་སོ། །སློབ་དཔོན་ཀླུ་སྒྲུབ་དང་མཚོ་སྐྱེས་རྡོ་རྗེ་ཐ་དད་མེད་དེ། སྤུ་གྲི་དང་ངར་ལྟ་བུའོ། །ཞེས་གསུངས་སོ། །རྒྱལ་སྲས་ཌོམ་བི་ཧེ་རུ་ཀས། ངོ་བོ་གཅིག་ལ་མཚན་ཉིད་ཐ་དད་དེ། རྣམ་ཤེས་རིག་པ་ཡིན། རླུང་དེ་སྐྱེད་བྱེད་བེམ་པོ་ཡིན་གསུངས་སོ། །སློབ་དཔོན་དེ་རྣམས་ཞལ་མཐུན་པར། མི་མིག་ཡོད་ཞ་བོས་རྟ་ལོང་བ་ཞོན་ནས་བསྐྱོད་པ་ལྟར། རླུང་གིས་རྣམ་ཤེས་བསྐྱོད་ནས་འཁྲུལ་བར་བྱེད་པ་ཡིན་པས། རླུང་ཟིན་ན་རྣམ་ཤེས་ཟིན། དེས་བདེ་གསལ་མི་རྟོག་པའི་ཡེ་ཤེས་སྐྱེ་བས། རླུང་གི་སྦྱོར་བ་ཤེས་པར་བྱའོ། །ཞེས་གསུངས་སོ། །གསང་འདུས་ལས་ཀྱང་། དེ་ལྟར་རླུང་དང་རིག་པ་གཉིས། །དོན་བྱེད་གཅིག་ལ་མཚན་ཉིད་གཉིས། །རང་རིག་མཚན་ཉིད་དྲན་ཅིང་གསལ། །རླུང་གི་
མཚན་ཉིད་བསྐྱོད་འཁྲུལ་བེམ། །དེ་གཉིས་སྟོང་པའི་དཔེར་བརྗོད་ནི། །རིག་པ་འཕྱེ་བོ་མིག་ཅན་འདྲ། །རླུང་ནི་མིག་མེད་རྟ་ཕོ་འདྲ། །དེ་གཉིས་བསྡོངས་བས་ཕྱོགས་བཞིར་འགྲོ། །དེ་བཞིན་རྣམ་ཤེས་རླུང་གིས་བསྐྱོད། །སྒོ་ལྔའི་ཡུལ་སོགས་ཀུན་ཏུ་རྒྱུ། །རིག་པའི་རྒྱུ་དང་རླུང་རྐྱེན་འཛོམས། །འཁོར་བའི་བྱ་བ་ཐམས་ཅད་བྱེད། །མི་རྟ་བྲལ་ན་འགྲོ་རྒྱུ་མེད། །དེ་བཞིན་ལམ་གྱི་སྦྱོར་བ་ཡི། །དྷུ་ཏིར་རླུང་བཟུང་བསྒོམ་པའི་ཚེ། །རྟ་མེད་འཕྱེ་བ་དང་འདྲ་བའི། །རིག་པ་རླུང་མེད་གཡོ་འགུལ་མེད། །རིག་པ་ལས་སུ་རུང་བ་ཡིན། །མིག་མེད་རྟ་ཕོ་དང་འདྲ་བའི། །སྐྱོད་བྱེད་རླུང་རྟ་རིག་མེད་པས། །འགྲོ་བར་མི་ནུས་རང་དབང་ཐོབ། །དེ་ཚེ་ཡང་དག་རང་ངོ་སྤྲད། །རླུང་རིག་རང་དྭངས་དེ་སངས་རྒྱས། །དེ་ཕྱིར་རླུང་འཛིན་ཉམས་ལེན་གཅེས། །ཞེས་སོ། །བཞི་པ་རླུང་འཆང་བའི་ཐབས་ལ་དྲུག་སྟེ། བགྲང་ཞིང་བརྩི་བ་ལ་བསླབ་པ་དང་། མི་རྟོག་རྒྱ་ཡན་འཆིང་བ་དང་། ཁ་དོག་ལ་བསླབ་པ་དང་། རླུང་རྡོ་རྗེའི་
བཟླས་པ་དང་། བཙན་ཐབས་ཀྱི་སྦྱོར་བ་དང་། བུམ་པ་ཅན་གྱི་སྦྱོར་བའོ། །མཉམ་མེད་དྭགས་པོ་རིན་པོ་ཆེའི་ཞལ་ནས། བཤད་ཚོད་ཀྱི་དྷུ་ཏིའི་ནང་དུ། གཉུག་མའི་དྷུ་ཏི་བྷཻ་པ་ནི། རླུང་དྷུ་ཏིར་གཟུད་པའོ། །རླུང་སེམས་སུ་བཟུང་བ་ནི་གསུམ། སྐུའི་སྒོ་དགུ། གསུང་གི་སྒོ་བཞི། ཐུགས་ཀྱི་སྒོ་གཉིས། དེ་ལ་གཟུགས་སྒྲ་སོགས་ཡུལ་དྲུག་གི་སྣང་བ་ཐམས་ཅད་ནུབ་ནས། གང་ཤར་བདེ་ཕྲིལ་ཕྲིལ་འབྱུང་བ་ནི་སྐུའི་སྒོ་དགུ་འགགས་པའོ། །འབྱུང་བཞིའི་རླུང་རྒྱུ་བ་འགག་སྟེ་དྷུ་ཏིར་རླུང་སེམས་གཉིས་འདྲེས་པ་ནི་གསུང་གི་སྒོ་བཞི་འགགས་པའོ། །སྣ་ཚོགས་སྤངས་པའི་རྟགས་སུ་སྙིང་ཁ་དང་། སྨིན་མཚམས་སུ་རྩ་ཁ་ཕྱེས་པ་དང་། རྩ་ཐམས་ཅད་དེར་འདུ་ཡིན་ཐུགས་ཀྱི་སྒོ་གཉིས་ཕྱེ་བའོ། །སྣང་བ་ཐམས་ཅད་གཉིས་མེད། བདེ་བར་འཆར་བ་ནི། རླུང་འོད་གསལ་དུ་གཟུད་པ་ཡིན། ཞེས་གསུངས་སོ། །དང་པོ་ནི། རྣམ་པར་རྟོག་པ་ཤས་ཆེ་བས། ལུས་གནད་དང་བཅས་པས། རླུང་འགྲོ་འོང་ལ་སེམས་
འཛིན་པ་སྟེ། ཆུ་ཚོད་ལ་སོགས་པའི་བར་དུའོ། །གཉིས་པ་ནི། རླུང་རྒྱ་ཡན་ཏུ་བཞག་ནས། སོ་སོར་སྡུད་པ་ལ་སོགས་པའི་མཉམ་བཞག་གི་རྣམ་པར་མི་རྟོག་པར་བཞག་པས་ཞི་གནས་སྐྱེས། དེས་བསམ་གཏན་གྱི་སེམས་འཐོབ་བོ། །དེས་སྤྱན་ལྔ་དང་མངོན་ཤེས་དྲུག་འབྱུང་སྟེ། རྩ་རྒྱུད་ལས། བསམ་གཏན་ཡན་ལག་ལྔ་ལྡན་པ། །མངོན་ཤེས་ལྔ་ཐོབ་མི་བདག་ཀྱིས། །ཞེས་སོ། །གསུམ་པ་ནི། རླུང་ལྔའི་ཁ་དོག་ལ་སེམས་བཞག་པ་བརྟན་པས་གསལ་བར་སྣང་བ་དེའི་ཚེ། དེ་ཉིད་ཀྱི་རྣམ་པར་གང་འགྲུབ་པར་འདོད་པ་དེ་ཕྱི་ནང་དུ་དམིགས་ནས་སེམས་བརྟན་པར་གྱུར་པས་ཟད་པ་འགྲུབ་སྟེ། མཐའ་དག་པ་དང་། ས་དང་། ཆུ་དང་། མེ་དང་། རླུང་། ནམ་མཁའ། སྔོན་པོ། སེར་པོ། དམར་པོ། དཀར་པོ། ལྗང་ཁུ་སྟེ་ཟད་པ་བཅུ་འགྲུབ་སྟེ། རྫུ་འཕྲུལ་གྱི་མངོན་ཤེས་སོ། །རང་གི་རིག་པ་དང་། གཞན་གྱི་སེམས་བསྲེས་ནས་བྷཻ་ན་གཞན་སེམས་ཤེས་པའི་མངོན་ཤེས་འབྱུང་ངོ་། །
དེ་བཞིན་དུ་འདས་མ་འོངས་ལ་དམིགས་ན་སྐྱེ་བ་དྲན་པ་དང་། གཞན་ཡང་སྟོང་གསུམ་གྱི་གཟུགས་མཐོང་བ་དང་། སྒྲ་ཐོས་པའི་མིག་དང་རྣ་བའི་མངོན་པར་ཤེས་པ་འབྱུང་ངོ་། །བཞི་པ་ནི། རླུང་འཇུག་པ་ༀ། གནས་པ་ཨཱཿ། དབྱུང་བ་ཧཱུྃ་གིས་རང་བཞིན་དུ་བྷཻ་པ་ནི་སྲོག་རྩོལ་བུམ་པ་ཅན་གྱི་སྔོན་འགྲོ་སྟེ། རྒྱུད་ལས། ཟླ་བ་ཉི་མ་ཨ། སྭོཊ་ཀ་སྭོ་རྣམ་གསུམ་འགྲོ་བ་རྟོགས་པའི་སྐུའི་རྡོ་རྗེ་སོགས་བཟླས་པ་ཞེས་དང་། གསང་འདུས་ལས་ཀྱང་། ངག་རླུང་འབྲུ་གསུམ་འཁོར་ལོ་ནི། །རྔུབ་སྐྱིལ་འཕངས་དང་བསྐོར་བ་སྟེ། །བདེ་གཤེགས་ཡོངས་ཀྱི་ཡང་སྙིང་མཆོག །རྔུབ་རླུང་ༀ་ལ་སྐྱིལ་རླུང་ཨཱཿ། །འཕངས་པ་ཧཱུྃ་ཡིག་རླུང་གསུམ་པའི། །གནས་པ་ཨ་མ་ཟིན་ནན་བསྐྱེད། །ཅེས་སོ། །ལྔ་པ་ནི། སྐབས་སྐབས་སུ་རླུང་དབུ་མ་ལ་འཇུག་པའི་དོན་དུ་རླུང་རང་སོར་བཞག །མིག་ཐད་ཀར་བལྟ། སེམས་མ་ཡེངས་པར་བྱས་ལ། རང་གི་ལག་པ་གཡས་གཡོན་གང་ཡང་རུང་
བའི་མཐེབ་སྲིན་གྱིས་མགྲིན་པའི་འཕར་རྩ་མི་དྲག་ཙམ་དུ་བཙིར། དེ་ལྟར་ཡང་ཡང་བྱས་པས། རླུང་དབུ་མར་འཇུག་ཅིང་མི་རྟོག་པ་སྐྱེ་བ་སྟེ། ཧེ་བཛྲ་ལས། ལོངས་སྤྱོད་ཀྱི་ནི་རླབས་གཉིས་ལས། །རང་གི་གཡས་དང་ལག་གཞན་གྱིས། །མཐེ་བོང་དང་ནི་སྲིན་ལག་གིས། །དེ་ནི་རྣལ་འབྱོར་པ་ཡིས་བཙིར། །དེ་ལ་ཡེ་ཤེས་སྐྱེ་བར་འགྱུར། །ཞེས་སོ། །དྲུག་པ་རླུང་བུམ་པ་ཅན་གྱི་སྦྱོར་བ་ལ་དགུ་སྟེ།དང་པོ་བུམ་པ་ཅན་དངོས་ལས། དང་པོ་རླུང་བཟུང་དུས་ནི། གསང་འདུས་ལས། སྣ་བུག་གཡས་ནས་རླུང་རྒྱུ་ཚེ། །ཐབས་རླུང་ཉོན་མོངས་རླུང་ཡིན་ཕྱིར། །མི་བཟུང་བཟུང་ན་རླུང་ལོག་འོང་། །སྣ་བུག་གཡོན་ནས་རྒྱུ་བ་ཡི། །ཤེས་རབ་ཡེ་ཤེས་རླུང་ཡིན་ཕྱིར། །བཟུང་ན་སྐྱོན་མེད་ཉམས་རྟོགས་འཕེལ། །སྣ་བུག་གཉིས་ནས་མཉམ་རྒྱུ་ཚེ། །ཐབས་ཤེས་གཉིས་སུ་མེད་པའི་རླུང་། །ཨ་བ་དྷུ་ཏིའི་སྒོར་ཚང་བས། །འདི་དུས་འབད་ན་ཡེ་ཤེས་འཆར། །ཞེས་སོ། །གཟུང་ཐབས་ནི། གསང་འདུས་ལས། སྔོན་དུ་འོག་རླུང་སྡོམ་སྟེ་
འཐེན། །ཧཱུྃ་རིང་གསུམ་གྱིས་རླུང་དྲག་དབྱུང་། །འོག་རླུང་རབ་བསྡོམ་སྟེང་རླུང་གིས། །རྔུབ་ཅིང་མནན་ཏེ་བསྐྱིལ་བར་བྱ། །ཚད་དུ་སླེབས་ཚེ་མདའ་ལྟར་དུ། །སྣ་ནས་མདའ་གང་ཙམ་དུ་འཕངས། །ཡང་རྔུབ་ཡང་བསྐྱིལ་ཡང་འཕངས་ཏེ། །གནས་པའི་རླུང་དེ་བསྐྱིལ་ཡུན་བསྲིང་། །ཞེས་གསུངས་པ་བཞིན་དུ། དང་པོ་ཧཱུྃ་རིང་པོ་གསུམ་གྱིས་རླུང་རོ་བསལ་ནས། དེ་ནས་ཁ་བཙུམས་ཏེ་སྣ་བུག་གཉིས་ནས་དལ་ལ་རིང་བར་རན་ཚོད་ཅིག་རྔུབ་པས་མཆིལ་མ་གཅིག་མིན་པ་དང་དུས་གཅིག་ཏུ་ལྟེ་འོག་ཏུ་མནན། འོག་རླུང་ཡར་ལ་འཐེན་ཅིང་། སྟེང་འོག་གི་རླུང་གཉིས་ཁ་སྦྱོར་ལ་ལྟོ་བ་ཐེར་གྱིས་དགང་ལ་བར་རླུང་བརྒྱངས་ཤིང་བུམ་པ་ཅན་བྱས་ལ། དབུ་མ་ལ་ཞུགས་པར་བསམ། མ་ཐུབ་ཙ་ན་རླུང་ཐམས་ཅད་བ་སྤུའི་རྩ་ནས་སིབ་སིབ་བྱུང་བར་བསམ་ལ་དལ་བུས་དབྱུང་བར་བྱ་སྟེ། རྒྱུད་ལས། ཁ་བཙུམས་ཏེ་ནི་སྣའི་བུ་ག་གཉིས་ནས་ཀྱང་ནི་ཕྱི་རོལ་རླུང་རྣམས་མ་ལུས་པ་དང་ནི། །སྲོག་གི་དབུས་ཀྱི་དུང་ནས་གློག་
གི་མེ་དང་འདྲ་བར་ཐུར་སེལ་ཀྱང་ནི་གཞུག་པར་བྱ། །དུས་ཀྱི་སྦྱོར་བ་གོམས་པར་བྱས་པ་ལས་ནི་ཉི་མ་ཟླ་བ་མེ་རྣམས་དབུ་མར་རོ་མཉམ་འགྱུར། །ཁ་ཟས་ལ་སོགས་བཀྲེས་དང་སྐོམ་པ་ལུས་ལ་འཇོམས་དང་མི་འཆི་བ་ཡང་སྟེར་བར་བྱེད། །ཅེས་སོ། །གཉིས་པ་མཚན་ཉིད་ནི། སྣ་བུག་གཉིས་ཀྱི་རླུང་དབུ་མར་ཞུགས་ནས་རྒྱུ་བ་མེད་པ་དེ་ཡིན་ཏེ། རྒྱུད་ལས། སྲོག་དང་རྩོལ་བའི་ལམ་ནི་གཉིས་པོ་ཡང་བར་གྱུར་ནས་ཡང་ནི་དབུ་མར་སྲོག་དག་ཞུགས་པའོ། །ཞེས་སོ། །གསུམ་པ་བུམ་པ་ཅན་ཇི་ཙམ་བྱ་བའི་ངེས་པ་ནི། ཇི་སྲིད་ལུས་འོད་ཟེར་གྱིས་འཁོར་བ་དང་། མགོ་ཚ་ཞིང་འབུར་བ་དང་མགོ་ན་བར་མ་གྱུར་གྱི་བར་དུ་བྱའོ། །དེ་བས་ལྷག་པ་བྱ་མི་རུང་། ཡང་ཕབ་ལ་དབྱུང་བ་བྱ་ལ་བསམ་གཏན་ལ་གནས་པར་བྱའོ། །དེ་བས་ལྷག་ན་འཆི་བའི་འཇིགས་པ་འོང་བས་མི་བྱའོ། །དེ་ཡང་རྒྱུད་ལས། སྲོག་དང་རྩོལ་བ་ཀུན་ནས་མཉམ་པས་བདེ་བ་སྟེར་བ་མགོ་བོའི་བར་དུ་ཤེས་པར་
འགྱུར་བ་ཡིན། །དེ་བས་ལྷག་ན་འཆི་བའི་འཇིགས་པ་བྱེད་པ་ཕུང་པོ་ངེས་པར་འཇིགས་པའི་རྒྱུ་དེ་མི་ཤིག་པར། །གཙུག་ཏོར་ཕུག་ནས་མཆོག་ཏུ་བདེ་བའི་གོ་འཕང་སྦྱར་བར་བྱ་བའི་གནས་སུ་ངེས་པར་འགྱུར། །རྣལ་འབྱོར་པས་ནི་ཕུང་པོ་བོར་ནས་བདེ་བར་འཇུག་པ་ལ། །འོན་ཀྱང་འཇིག་རྟེན་ན་ནི་གྲགས་པ་ངན། །ཞེས་སོ། །བཞི་པ་བུམ་པ་ཅན་བརྟན་པའི་ཚད་ནི། དུས་སྦྱོར་གཅིག་དང་། གསུམ་དང་། དྲུག་ཏུ་དགག་པར་ནུས་པའམ། ཡང་ན་ལག་པས་པུས་མོ་ལ་བསྐོར་བ་ལན་གསུམ་ལ་སེ་གོལ་གཏོགས་པ་གཅིག་སྟེ་དེ་ལྟ་བུ་སུམ་ཅུ་རྩ་དྲུག་དང་། བདུན་ཅུ་རྩ་གཉིས་དང་། བརྒྱ་རྩ་བརྒྱད་བར་དུ་དགག་པར་ནུས་ན། བུམ་པ་ཅན་ཐ་མ་འབྲིང་རབ་ཀྱི་ཚད་དོ། །ལྔ་པ་རླུང་འབྱོངས་པའི་རྟགས་ནི། གསང་འདུས་ལས། འབྱོངས་ཚེ་དྷུ་ཏིར་རླུང་ཚུད་ནས། །བསྐྱེད་བྱེད་རླུང་རྟ་གཡོ་འགུལ་བྲལ། །རིག་པ་གར་ཕྱིན་སྦྲང་འབྱར་འདྲ། །དེ་ཚེ་རླུང་ཉིད་ལས་རུང་བས། །ཐ་མལ་ཤེས་པ་སྙིང་དབུས་སད། །ཆོས་
རྣམས་ཀུན་གྱི་དེ་བཞིན་ཉིད། །མ་བཅོས་བྱང་ཆུབ་སེམས་རྟོགས་པས། །ཉོན་མོངས་རང་སངས་ཡེ་ཤེས་རྒྱས། །གསང་རླུང་ངོས་འཛིན་ཡེ་ཤེས་ངོ་མཚར་ཆེ། །དེ་ལྟར་རླུང་བྷཻ་འབྱོངས་རྟགས་གསུམ། །ཕྱི་དང་ནང་དང་གསང་བའི་ཚུལ། །ཕྱི་རྟགས་དྲོད་ཀྱི་ལུས་འདར་འཕར། །འགྲོ་མགྱོགས་གཡང་ལ་འཇིགས་པ་མེད། །ནང་རྟགས་སྣང་བ་སྒྱུ་མར་རྟོགས། །དབུགས་འགྱུ་མི་ཚོར་དབུགས་མི་འགྱུ། །ལྟོ་གོས་ཚད་མེད་ལ་སོགས་འབྱུང་། །གསང་རྟགས་བདེ་གསལ་འཛིན་པ་མེད། །མ་བཅོས་བདེ་ཆེན་འགྱུར་མེད་བརྟན། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནོ། །ཞེས་དང་། ཡང་གསང་འདུས་ལས། དེ་ལྟར་གེགས་བསལ་རླུང་བྷཻ་པས། །ཡོན་ཏན་མངོན་ཤེས་རྣམ་དྲུག་དང་། །སྤྱན་ལྔ་ཆགས་པ་མེད་པ་འབྱུང་། །སེམས་མི་ཟིན་པ་ཟིན་འགྱུར་ལ། །ཟིན་པ་བརྟན་གྱུར་རིག་རྩལ་འབྱུང་། །མཁའ་སྤྱོད་འཕོ་བ་གྲོང་འཇུག་དང་། །ཆུ་ལ་མི་བྱིང་བྲག་རྗེས་ཐོན། །རྐང་མགྱོགས་ལྷ་སྲིན་བྲན་དུ་འཁོལ། །རང་རིག་རྩལ་དབང་
ངེས་པར་འཐོབ། །ཚེ་དབང་རིག་འཛིན་ལ་སོགས་པ། །ཡོན་ཏན་བརྗོད་ཀྱིས་མི་ལང་ངོ་། །ཞེས་སོ། །དྲུག་པ་བུམ་པ་ཅན་བྷཻ་བའི་འབྲས་བུ་ནི། གཡས་གཡོན་གྱི་དུས་སྦྱོར་དག་པས་ཚ་གྲངས་ལ་སོགས་པའི་སྐྱོན་ཐམས་ཅད་ཀྱིས་མི་རྫི་ཞིང་ཉིན་མཚན་མེད་པར་གསལ་སྣང་ཆེན་པོས་མངོན་པར་ཤེས་པ་བརྟན་པ་དང་། འཇིག་རྟེན་གྱི་ཁམས་གཞན་ན་བཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད་པ་དང་། བསྔགས་པ་མཛད་པར་འགྱུར་ཏེ། རྒྱུད་ལས། སྲོག་དང་རྩོལ་བ་དག་པར་གྱུར་ཅིང་ཟླ་བ་ཉི་མ་རྣམ་པར་བྲལ་ལ་བྱང་ཆུབ་སེམས་དཔས་མཆོད། ཅེས་སོ། །ཡང་དུས་ཀྱི་ཟླ་བ་དྲུག་དགག་པ་ནུས་ནས་ཕྱག་རྒྱ་དང་སྦྱོར་བས་མཛེ་ནད་འཇོམས་པ་དང་། རྒ་བ་སེལ་བ་དང་། དེ་ལས་ལྷག་པར་འགོག་ནུས་ན་མཐོང་ལམ་དུ་འཇུག་ནུས་ཏེ། རྒྱུད་ལས། ཟླ་བ་དྲུག་གིས་མཆོག་གི་ལུས་ལ་མཛེ་ནད་དཀར་པོ་འཇོམས་ཏེ་བསྔགས་པས་དེ་ལས་གཞན་པ་ཅི། །ཤེས་རབ་མ་དང་འཕྲད་ནས་རང་གི་བྱང་
སེམས་བཟུང་ཞིང་རྟག་ཏུ་སྲོག་གི་རླུང་ནི་བཀག་པ་ལ། །རྒན་པ་ལས་ནི་བདུན་ཅུ་པ་དང་སྐྲ་དཀར་གཉེར་མ་དང་བཅས་ལོ་གཉིས་རྫོགས་པ་ངེས་པར་འཇོམས། །དེ་ལས་གོང་མ་ལམ་ལ་ཞུགས་པ་ནས་ནི་ཉི་མ་བཅུ་ད་ཙམ་གྱིས་ཕྱག་རྒྱ་འགྲུབ་པར་འགྱུར། །ཞེས་སོ། །བདུན་པ་རླུང་སྐྱོན་སེལ་ཐབས་ནི། གསང་འདུས་ལས། བླ་མའི་མན་ངག་མ་ཐོབ་པར། །རླུང་རོ་ལུས་ལ་གེགས་སུ་འགྱུར། །མདོར་ན་རྔུབ་དགང་འཕགས་ལ་སོགས། །དགང་དྲག་བཟུང་ཚད་མ་ཤེས་ཤིང་། །འཁོར་ལོའི་གོ་རིམ་ལོག་ཀྱང་གེགས། །གྱུར་ཚུལ་སྲོག་རྩར་རླུང་འགྲིམ་སྟེ། །ཤོར་བ་སྲིད་ན་སྨྱོས་ནས་འགྲོ། །ཤ་པགས་བར་དུ་རླུང་ཤོར་ན། །མཛེ་འབྲས་དམུ་ཆུ་ཤིག་ནད་འབྱུང་། །སྙིང་ལ་ཤོར་ན་སྙིང་རླུང་འབྱུང་། །ཐུར་རླུང་ལོག་ན་ཕྱི་ས་དང་། །བྱང་སེམས་དཀར་དམར་འཛག་པ་ཡིན། །གྱེན་དུ་ལོག་ན་མགོ་འཁོར་དང་། །འཁྲུགས་དང་སྟོད་གཟེར་སྣ་གཟེར་འོང་། །དེ་སོགས་རླུང་སྐྱོན་བསམ་ཡས་ཀྱང་། །མུན་ལ་ཉིན་
བཞིན་དུག་སེལ་ཐབས། །རླུང་བྷཻ་ཐུན་མཚམས་ཐམས་ཅད་དུ། །ཧཱུྃ་རིང་ཐེངས་གསུམ་བུད་རྗེས་སུ། །ཧ་དྲག་ཡང་ཡང་བཏུད་ཅིང་གདབ། །རོ་སྟོད་ཡང་སྙོམས་སེམས་ལ་བཞག །དེ་ཡིས་རླུང་སྐྱོན་ཡོང་མི་སྲིད། །གཅིག་ཆོད་ཐབས་ཀྱི་རྒྱལ་པོ་ཡིན། །ཞེས་སོ། །ཡང་རླུང་དུས་མ་ཡིན་པར་ཕྱིན་ཅི་ལོག་ཏུ་རྒྱུ་ན་འཆི་ལྟས་ཡིན་པས་དེ་བཟློག་པའི་རླུང་སྦྱོར་ནི། ཐོག་མར་ལུས་ཀྱི་ངལ་དུབ་བསལ། །རྩ་སྐྱོན་དག་པའི་སྦྱོར་བ་བསྒོམ། །རྐང་པ་དཀྱིལ་དཀྲུང་ལུས་བསྲངས་ནས། །ལག་གཉིས་མཆན་ཁུང་འཕར་རྩ་བསྡམས། །སྟེང་འོག་བར་གསུམ་མཉམ་བཅིངས་ནས། །ལུས་ཀུན་རླུང་གིས་དགང་བར་བྱ། །ཞག་བདུན་གྱིས་ནི་འཆི་བ་འཕྲོག །ཅེས་སོ། །ཡང་ཕྱོགས་གཅིག་ཏུ་ཡུན་རིང་རྒྱུ་བའི་རླུང་ཡོན་པོ་བསྲང་བ་ནི། རླུང་གང་ནས་རྒྱུ་ཕྱོགས་ཀྱི་ལག་པས་སྣ་བུག་བཀབ་ལ། ལག་གཞན་དེ་རླུང་རྒྱུ་ཕྱོགས་ཀྱི་མཆན་ཁུང་གི་འཕར་རྩ་དང་ནུ་མ་བསྡམས་ལ། རླུང་མི་རྒྱུ་ཕྱོགས་ཀྱི་སྣ་བུག་ནས་བུམ་པ་ཅན་བྱས་ལ། ཡང་
རྒྱུ་བ་ཡོ་ན། དེ་ཕྱོགས་སུ་དེ་ལྟར་བྱ་སྟེ། རྒྱུད་ལས། དབུགས་བསྡམས་ནས་ནི་གཡས་དང་གཡོན་གྱི་མཆན་ཁུང་དང་ནི་ནུ་མ་ཡང་ནི་སྟོབས་དང་བཅས་པས་བཙིར། །གཡས་ཏེ་གཡོན་གྱི་རྩ་ནི་རབ་ཏུ་རྒྱུ་བ་སྤོང་ཞིང་གཡོན་གྱི་མཆན་ཁུང་གིས་ནི་གཡས་པར་རོ། །ཟླ་བ་ཕྱེད་ཀྱི་འཆི་བ་སྟེར་བའི་འཆི་ལྟས་རྣལ་འབྱོར་དང་ལྡན་རྣལ་འབྱོར་པ་ཡིས་འཇོམས། །ཞེས་སོ། །བརྒྱད་པ་འཆི་མེད་བསྒྲུབ་པ་དང་དུག་སེལ་བའི་རླུང་སྦྱོར་ནི། སྤྱི་བོ་བདེ་བ་ཆེན་པོའི་ངོ་བོ་ཐིག་ལེ་དཀར་པོ་དབྱངས་ཀྱི་ཕྲེང་བས་བསྐོར་བ་ལ་བདུད་རྩིའི་རྒྱུན་ལྕེ་ཆུང་ལ་བབས་པར་བསམ་ལ། ཁ་ཕྱེ་ཞིང་སོ་རྣམས་མ་རེག་ཙམ་དུ་བྱས་ཏེ། ལྕེ་ཕུག་ཏུ་བསྐྱེད་པའི་སྦྱོར་བས་འཇིབས་ཏེ་མྱིད་པས་ལུས་ཀྱི་རྩ་གནད་ཐམས་ཅད་ཁེངས་པས་བདེ་བ་ཆེན་པོ་སྐྱེས་པར་བསམ་ལ་ལྟེ་བར་རླུང་གཟུང་ངོ་། །རྒྱུད་ལས། དཀྱིལ་དཀྲུང་བཅོས་ལ་སོ་རྣམས་ཕན་ཚུན་རེག་པ་མིན་པ་ཙམ་དུ་ཁ་ནི་གདངས་པར་གྱུར་པ་དང་། །ཕྱི་རོལ་རླུང་དག་
དྲངས་ཏེ་དེ་ནས་བདུད་རྩི་དང་ནི་ལྷན་ཅིག་ལྟེ་བའི་དབུས་སུ་གཞུག་པར་བྱ། །མཆོག་གི་ལུས་ལ་རབ་ཏུ་གདུང་དང་བཀྲེས་དང་སྐོམ་པ་འཇོམས་དང་ཡང་དག་བཀག་ན་དུག་ཀྱང་ངོ་། །དཔྲལ་བར་ཐིག་ལེ་དཀར་པོ་དབྱངས་ཡིག་།གིས་ནི་ཡོངས་སུ་བསྐོར་བའི་བདུད་རྩི་འཛག་བཞིན་།པ་དག}སོམས། །ཞེས་སོ། །དགུ་པ་རླུང་ཟིན་པའི་ཡོན་ཏན་ནི། རྗེ་ཀ་མ་ལའི་ཞལ་སྔ་ནས། ཀྱེ་མ་རྣམ་ཤེས་རླུང་གིས་དཀྲུགས། །རླུང་ནི་ལས་སུ་རུང་བ་དང་། །གཏུམ་མོ་རླུང་གིས་སྦར་བར་བྱེད། །འདུས་པའི་ནད་ཀྱང་རླུང་གིས་བཅོས། །འབྱུང་བའི་རོ་ནི་སྙོམས་བྱེད་ཅིང་། བརྟུལ་ཞུགས་སྤྱོད་པས་།ལྷའི་རླུང་གི་སྟོང་པ་ཉིད་ཀྱིས། བར་ཆད་སེལ། །འཚོ་བའི་བཅུད་ཀྱང་ལེན་བྱེད་ཅིང་། །ཨེ་།སྨད་ཁྲག་བདེ་བ་ཐོབ་པས་སོ། །ཝཾ་།ཁུ་བ་རྡོ་རྗེ་སྟོང་པ་ཤེས་རབ་བོ། ། བདེ་བ་རླུང་གིས་བསྐྱེད། །རླུང་གིས་རྟེན་འབྲེལ་ཤེས་པས་།སྟོང་གསལ་སྟོན་འཆར་བ་དང་། །ལྷག་པར་རྐང་མགྱོགས་ཀྱང་ནི་འགྲུབ་པར་འགྱུར། །དྷུ་ཏིར་ཚུད་
དེ་ཕྱག་རྒྱ་ཆེ། །རླུང་བརྟེན་པས་དངོས་གྲུབ་རྡོ་རྗེ་འཆང་ཆེན་ཐོབ། དེ་རྣམས་ཀྱིས་རླུང་བཤད་ཟིན་ཏོ། །གསུམ་པ་ཐིག་ལེ་ཇི་ལྟར་གྲུབ་ཚུལ་ལ་གསུམ་སྟེ། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། འཁྲུལ་པ་མ་རིག་པའི་ཐིག་ལེ། དེའི་གཉེན་པོའི་ཐིག་ལེའོ། །དང་པོ་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི།རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ལ། དེའི་གནས་ས་ནི། སྲོག་འཛིན་ཐིག་ལེ་ཡིན་ཏེ། གསང་འདུས་ལས། སྲོག་འཛིན་པ་ཡི་བྱང་སེམས་ནི། །སྙིང་དབུས་ཁྲག་གི་དྭངས་མ་སྟེ། །བྱིལ་བུ་ལན་ཚའི་སྒོང་ཚད་ཀྱི། །དཀྱིལ་ན་འོད་ཀྱི་གོང་བུ་ནི། །སྲན་མའི་གའུ་ཁ་སྦྱར་ཚད། །དེ་དབུས་དྲན་བྱེད་ཤེས་པ་གནས། །ཞེས་གསུངས་པའི་དྲན་བྱེད་ཤེས་པ་དེའི་རང་ངོ་དེ་ཡང་། ངོ་བོ་སྟོང་པ། རང་བཞིན་གསལ་བ། འགག་པ་མེད་པ། གསུམ་པོ་དེ་སྐུ་གསུམ་གྱི་རང་བཞིན་དུ་བཞུགས་པ་དེ་དང་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ཡིན་ཏེ། དེ་ཡང་སྟོང་པ་དང་། སྤྲོས་པ་དང་བྲལ་བ་ཆོས་སྐུ། གསལ་བ་ལོངས་སྐུ། འགག་མེད་ཀྱི་རྩལ་
སྤྲུལ་སྐུའི་རང་བཞིན་ཡིན་ཏེ། དེ་ལྟ་བུ་ཡོད་པའི་རྟགས་ད་ལྟར་སྣང་བ་ནི། དངོས་པོ་ཐམས་ཅད་རང་བཞིན་སྟོང་ཉིད་ལས་མ་འདས་པས། དེ་ལྟར་ཐམས་ཅད་སྟོང་པར་སྣང་བ་དང་། ལོངས་སྐུའི་རྟགས་མིག་གི་ཡུལ་དུ་དབྱིངས་རིག་གི་རྟགས་བཅུ་འཆར་བ་དང་། སྤྲུལ་སྐུའི་རྟགས་ཚོགས་དྲུག་ཡུལ་སྣང་གི་ནུས་པ་སོ་སོར་འབྱོན་པ་སྟེ། གསུམ་པོ་འདི་བསླུ་བ་མེད་པའི་རྟགས་ད་ལྟར་ཡུལ་ལ་སྣང་བ་སྟེ། ཡུལ་ཅན་གྱི་ཡེ་ཤེས་ནི་དེ་དང་འབྲེལ་བའི་རྣམ་པར་ཤེས་པའི་ངོ་བོ་མངོན་སུམ་རྟོག་བྲལ་མ་འཁྲུལ་བ་དེ་ཡིན་ཏེ། འདི་ཉིད་སྒོམ་པར་བྱེད་པ་ཡང་། རྩ་རླུང་བྱང་སྟེ་དྭངས་མའི་ཐིག་ལེ་འབྱོངས་ན། སྲོག་འཛིན་གྱི་ཐིག་ལེར་སེམས་བཟུང་ནས་སྤྲོས་བྲལ་ཐིག་ལེ་མངོན་སུམ་དུ་རྟོགས་པར་འགྱུར་ཏེ། གསང་འདུས་ལས། སྙིང་ཁར་སེམས་གཏད་དྲག་ཏུ་བཟུང་། །དེ་ལས་འཕྲོས་ན་འཕྲོས་སར་གཏད། །དར་ཅིག་ཀློད་ལ་རྗེས་དངོས་བཟུང་། །རང་རིག་སྤྲིན་མེད་བར་སྣང་བཞིན། །དལ་ལ་གསལ་བར་རང་
སོར་ཞོག །མེ་ལོང་ནང་གི་གཟུགས་བརྙན་ལྟར། །ས་ལེ་ཧྲིག་གེར་འཛིན་མེད་ཞོག །དེ་ཉིད་ངོ་སྤྲོད་བསྟན་པ་ན། །དེ་ལྟར་སྲོག་འཛིན་བྱང་ཆུབ་སེམས། །བདེ་སྟོང་ཙི་ཏའི་དབུས་སུ་སད། །ཐམས་ཅད་ཡེ་ཤེས་རྩལ་དུ་ཤེས། །ལྷན་སྐྱེས་ཡེ་ཤེས་ངོས་ཟིན་ཚེ། །ཤེས་པ་བདེ་གསལ་མི་རྟོག་གསུམ། །རང་བྱུང་ཤུགས་ལ་འཆར་བ་ཡིན། །དེ་ཡང་ཉོན་མོངས་མེད་པས་བདེ། །ས་འགག་མི་འཛིན་མི་རྟོག་པས། །དེ་ལྟར་ངོ་སྤྲོད་ངོ་བོར་རིག །རང་བཞིན་དྭངས་ལ་རིག་པ་གསལ། །སྔར་མ་མཐོང་བའི་དོན་མཐོང་རིག །ཆོས་ཉིད་མ་བསླད་རང་བཞིན་དྭངས། །གསལ་ལ་མ་འགག་འཛིན་མེད་བདེ། །དེ་ལྟར་ངེས་རྟོགས་ལྟ་བ་སྟེ། །དེ་ལ་མ་ཡེངས་བསྒོམ་པ་ཉིད། །དེ་ཉིད་མ་ཉམས་སྤྱོད་པ་ཡིན། །མཐའ་རུ་ཞེན་པ་བཟློག་པ་ཡང་། །ལྟ་བ་རྟོགས་པའི་དྭངས་ཤུགས་ལ། །ཆགས་པའི་བློ་མེད་འཁྲི་བ་གཅོད། །གཟུང་འཛིན་སེམས་བྲལ་མི་ཕོད་རྫི། །མངོན་ཞེན་ཀུན་བཟློག་ཡང་དག་དོན། །དེ་ལྟར་ཉམས་སུ་
ལེན་པའི་ཚེ། །འདའ་ཀར་འབྲས་བུ་དོན་སྤྱོད་ཚུལ། །གོང་བསྟན་སྲོག་འཛིན་བྱང་སེམས་གཉིས། །མ་རིག་ལས་སད་སྐྱེ་མེད་དང་། །རང་བྱུང་རང་ཤར་ཡེ་ཤེས་བསྟན། །སྤྲོས་བྲལ་འགག་མེད་འགྲོ་དོན་མཛད། །སྐུ་གསུམ་ལྷུན་གྲུབ་ངོ་མཚར་ཆེ། །ཞེས་སོ། །བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། ཡིད་གཙོར་གྱུར་པའི་ཆོས་རྣམས་ལ། །རྟོག་དང་བརྟག་པ་རྣམ་སྤངས་ནས། །ཆོས་རྣམས་རང་བཞིན་མེད་པར་ནི། །ཆོས་ཀྱི་དབྱིངས་སུ་བྷཻ་པར་བྱ། །ཞེས་སོ། །གཉིས་པ་འཁྲུལ་པ་མ་རིག་པའི་ཐིག་ལེ་ནི། སྤྲོས་བྲལ་གྱི་ཐིག་ལེ་དེ་རང་ངོ་རང་གིས་མ་ཤེས་པ་ལས་བྱུང་བའི་ཁམས་ལྔ་རྫས་ཀྱི་ཐིག་ལེ་གསུམ་སྟེ། དྭངས་མ་གཉིས་བསྟན་པ་དང་། སྙིགས་མ་བྱུང་ཚུལ་དང་། ཁམས་སོ་དྲུག་བྱུང་ཚུལ་ལོ། །དང་པོ་དཀར་ཆ་ནི། སྤྱི་བོ་དབུ་མའི་ཡར་སྣེ་ཧཾ་གི་རང་བཞིན་ལ་གནས་པ་དང་། དམར་ཆ་ནི་ལྟེ་འོག་རྩ་གསུམ་འདུས་མདོར་ཨ་ཐུང་གི་རང་བཞིན་དུ་གནས་ལ། དེ་གཉིས་ཀྱི་
བར་ན་ཀུན་གཞི་དང་སྲོག་རླུང་བརྟན་པར་བྱེད་ཅིང་། ལུས་ཅན་རྣམས་འཆི་བ་ན་དཀར་ཆ་འོག་ཏུ་འགྲོ། དམར་ཆ་གྱེན་དུ་འགྲོ་བས། སྲོག་རླུང་བརྡལ་ནས་རྣམ་པར་ཤེས་པ་གཞན་དུ་འགྲོ་བར་བྱེད་ཅིང་གནས་པའི་ཚེ་ན། དེ་གཉིས་ཀྱི་སྲོག་རླུང་དང་། རྣམ་པར་ཤེས་པའི་རྟེན་བྱེད་པ་སྟེ། དང་པོའི་སངས་རྒྱས་ལས། ལུས་ཅན་རྣམས་ནི་འཆི་བ་ནི། །བདུད་རྩི་ཟླ་བ་ཐུར་དུ་འགྲོ། །སྟེང་དུ་ཉི་རྡུལ་སྒྲ་གཅན་ཏེ། །རྣམ་ཤེས་སྲིད་པའི་མཚན་ཉིད་སྦྱོར། །ཞེས་སོ། །གཉིས་པ་དཀར་དམར་གཉིས་ཀྱི་དྭངས་སྙིགས་ཇི་ལྟར་འབྱུང་བ་ནི། མངལ་དུ་མའི་རྩ་དང་འབྲེལ་པས་ཁམས་རྣམས་བསྐྱེད་ཅིང་། བཙས་པ་ན་བཟའ་བཏུང་རྣམས་ཕོ་བར་རླུང་མེ་མཉམ། བད་ཀན་མྱགས་བྱེད། མཁྲིས་པ་མདོག་བསྒྱུར་གསུམ་གྱི་བསྲེགས། བཞུས། སྦྱངས་ནས་དྭངས་མ་མཆིན་པའི་རྩ་ཆེན་བཞི་ལ་བརྒྱུད་ནས་ཁྲག་ཏུ་གྱུར། ཁྲག་གི་དྭངས་མ་ཤ། ཤའི་དྭངས་མ་ཚིལ། ཚིལ་གྱི་དྭངས་མ་རུས་པ། རུས་པའི་
དྭངས་མ་རྐང་མར། རྐང་གི་དྭངས་མ་ཁུ་བ། ཁུ་བའི་དྭངས་མ་སྟོབས་དང་ལུས་སུ་འགྱུར། ལུས་ཟུངས་དྭངས་མ་བདུན་ཞེས་བྱ་བ་ཡིན་ལ། དེ་རྣམས་ཀྱི་སྙིགས་མ་ཡང་། ཕོ་བའི་སྙིགས་མ་ལ་སྐ་སླ་གཉིས་འོང་བའི་སྐ་བ་རྒྱུ་མར་བརྒྱུད་ནས་འགྲོ་ཞིང་། སླ་བ་ནི་རྒྱུ་གྲོག་རྩ་ནས་ལྒང་བུར་འགྲོའོ། །དྭངས་མའི་སྙིགས་མ་བདུན་ནི། ཁྲག་གི་སྙིགས་མ་མཁྲིས་པ། ཤའི་སྙིགས་མ་པགས་པ་དང་དྲི་མ། ཚིལ་གྱི་སྙིགས་རྨེན་བུ། རུས་སྙིགས་སོ་དང་སེན་མོ། རྐང་སྙིགས་སྦུབས་ཀྱི་མཆིལ་སྣབས། ཁུ་བའི་སྙིགས་མ་འོག་ཏུ་འབབ། དྭངས་མ་སྟོབས་དང་ཁ་དོག་བྱེད་དོ། །གསུམ་པ་ཁམས་སོ་དྲུག་བྱུང་ཚུལ་ནི། ཁམས་སོ་དྲུག་ནི་དྭངས་མ་གཉིས་ལས་འཕྲོས་པའི་སྙིགས་མའི་ཁམས་སོ་དྲུག་དབྱེ་བ་ལ། སཾ་བྷུ་ཏྲི་ལས། མི་ཕྱེད་སུ་མི་ར་མ་ནས། །སོ་དང་སེན་མོ་འབབ་པའི་གནས། །ཞེས་པ་ལ་སོགས་རྒྱས་པར་གསུངས་སོ། །དེ་བཞིན་དུ་སྡོམ་འབྱུང་ལས་ཀྱང་། མགོ་ནི་སུ་མི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་།རྩ་མི་སྤྱོད་མ་པའི་གནས། །སྤྱི་གཙུག་ཛཱ་ལན་དྷ་ར་ནི། །སྐྲ་
དང་སྤུ་ནི་།འཕྲ་གཟུགས་མ་འབབས་པའི་གནས། །ཨོ་རྒྱན་རྣ་བ་གཡས་པ་རྩ། །རྩེ་བ་མ། པགས་པ་དང་ནི་རྒྱུ་མ་འབབ། །ལྟག་པ་ཨ་ནུ་ཏ་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། །གཡོན་པ་མ། ཀོ་ཊ་ཝ་རི་རྣ་བ་གཡོན། །རུས་པ་ཡང་དག་འབབ་པའི་རྩ། །ཐུར་ཐུང་མ། སྨིན་དབུས་ར་མི་ཤྭ་ར་སྟེ། །རྟག་ཏུ་རུས་པ་འབབ་པའོ། །རུས་སྦལ་བསྐྱེད་མ། མིག་ནི་དྷི་ཝི་ཀོ་ཊ་སྟེ། །མཆིན་པ་འབབ་པའི་རྩ་ཡིན་ནོ། །སྒོམ་པ་མོ། མ་ལ་ཡ་ནི་དཔུང་པ་གཉིས། །རྟག་ཏུ་མཁྲིས་པ་འབབ་པའི་རྩ། །དབང་མ། མཆན་ཁུང་ཀ་མ་རུ་པ་སྟེ། །མིག་འབྲས་ཤ་རྣམས་འབབ་པའི་གནས། །བསྐྱོད་མ། ནུ་མ་ཨོ་ཏྲེ་ཡ་ཡིན་ཏེ། །རྟག་ཏུ་མཁྲིས་པ་འབབ་པའི་གནས། །འཇུག་མ། དྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བ་འབབ་པའི་གནས། །མ་མོ།སྣ་རྩེ་ཀོ་ཤ་ལ་ཡིན་ཏེ། །རྒྱུ་མའི་།མཚན་མོ། ཕྲེང་བ་འབབ་པའི་གནས། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །རྟག་ཏུ་སྙིགས་མ་འབབ་པའི་གནས། །བསིལ་སྦྱིན་མ། མགྲིན་པ་ལཾ་ས་ཀ་
ཡིན་ཏེ། །རྟག་ཏུ་ལྟེ་བ་འབབ་པའི་རྩ། །ཚ་བ་མ། དེ་རྣམས་རྐྱང་མ་ལས་གྱེས་སོ། །རོ་མ་ལས་བྱུང་བ་རྣམས་ནི། ཀན་ཙི་སྙིང་ཁའི་རྩ་ཡིན་ཏེ། །བཤང་བ་འབབ་པའི་རྩ་ཡིན་ནོ། །གཞོལ་མ། རྡོ་རྗེ་པར་ཧི་མངལ་ཡིན་ཏེ། །མཆོག་མའི་མཚམས་ན་འབབ་པའི་རྩ། །དྭངས་མ། པྲེ་ཏ་པུ་རི་མཚན་མ་སྟེ། །བད་ཀན་འབབ་པའི་རྩ་ཡིན་ནོ། །ཤིན་ཏུ་གཟུགས་ཅན་མ། གྷྲི་ཧཱ་དྷེ་ཝ་གཤང་ལམ་།ཕྱོང་མ་སྟེ། །རྟག་ཏུ་རྣག་ནི་འབབ་པའོ། །བརླ་གཉིས་སོ་བུ་ར་ཥྚ་ཏེ། །རྟག་ཏུ་ཁྲག་ནི་འབབ་པའོ། །རྒྱུ་སྦྱིན་མ། བྱིན་པ་གཉིས་ནི་གསེར་གླིང་གནས། །རྔུལ་འབབ་པ་ཡི་རྩ་ཡིན་ནོ། །སྦྱོར་བྲལ་མ། རྐང་པའི་སེན་མོ་ན་ག་རར། །རྟག་ཏུ་ཚིལ་འབབ་ཞེས་བྱའོ། །སྡུག་གུ་མ། རྐང་པའི་བོལ་ན་སི་དྷུ་སྟེ། །མཆི་མ་འབབ་པའི་གཟུགས་ཅན་མ། །གྲུབ་མ། མ་རུ་དྷི་ཝ་མཐེ་བོང་སྟེ། །རྟག་ཏུ་མཆིལ་མ་འབབ་པའི་གནས། །མཆོད་མ། ཀུ་མུ་ཏ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པའི་གནས། །ཡིད་བཟང་མ། ཞེས་ཕྱི་རོལ་ཏུ་གནས་
ཉི་ཤུ་རྩ་བཞི་དང་། །ནང་དུ་རྩ་ཉི་ཤུ་རྩ་བཞི་འབབ་པའོ། །དེ་ལས་གཞན་ཡང་ཁམས་ལྔ་དང་། །དེ་བཞིན་གསུམ་དང་བཞི་།དང་ནི། །འདིར་ནི་ལུས་ཀྱི་སྙིང་དབུས་སུ། །རྩ་ལྔ་པོ་ནི་ཡང་དག་གནས། །ཞེས་པ་ནི། ཡན་ལག་གི་རླུང་རྒྱུ་བའི་རྩ་ལྔའོ། །རོ་རྐྱང་དབུ་མ་གསུམ་གྱི་བྱེད་ལས་ཀྱང་། འབུམ་ལྔ་ལས། དེ་ནི་ཐུར་དུ་རྩེ་གསུམ་སྟེ། །དེ་ནི་གྱེན་དུ་ཡང་རྩེ་གསུམ། །སྒྲ་གཅན་རྩེ་མོ་དབུས་ན་གནས། །ཉི་མའི་རྩེ་མོ་གཡས་ནའོ། །ཟླ་བའི་རྩེ་མོ་གཡོན་ནའོ། །ཆུ་དང་མེ་དང་ནམ་མཁའ་རྒྱུ། །གཡས་གཡོན་དབུ་མའི་མར་སྣེ་ནས། །བཤང་བ་གཅི་བ་ཁུ་བ་རྒྱུ། །ཞེས་འབྱུང་བས། རྩ་གསུམ་འདུས་པར་གྱེན་དུ་རླུང་རྒྱུ་ལ། ཐུར་དུ་དྭངས་སྙིགས་རྒྱུ་བར་གསུངས་སོ། །དེ་ལྟར་རྩ་སུམ་ཅུ་རྩ་གཉིས་ཏེ། རྣལ་འབྱོར་མའི་རྒྱུད་ལས་གྲགས་སོ། །དེའི་སྟེང་དུ་རྩ་བའི་རླུང་ལྔ་རྒྱུ་བའི་སྲོག་ཆེན་པོ་མ་གཏོགས་པ་བཞི་བསྣན་ན་སུམ་ཅུ་སོ་དྲུག་གོ །ཐབས་ཀྱི་རྒྱུད་ལས་གསལ་བར་བསྟན་པས། རིགས་སོ་དྲུག་ཏུ་འགྱུར་རོ། །དེ་
ལྟར་རྩ་དེ་རྣམས་སུ་འབབ་པའི་ཁམས་ཀྱང་རླུང་དང་དཀར་དམར་གསུམ་གྱི་བདག་ཉིད་བྱེ་བ་ཕྲག་ཕྱེད་དང་བཞིའི་བ་སྤུས་མཐུག་པོར་ཁྱབ་ཅིང་བསྐྱོད་པར་བྱེད་དོ། །ཁྱད་པར་དུ་ཁམས་དེ་རྣམས་ཀྱི་དྭངས་མ་ཟླ་བ་ནི། སྤྱི་བོ་ནས་བཅུ་དྲུག་མགྲིན་པར་འབབ་བོ། །མགྲིན་པ་ནས་དེའི་ཕྱེད་བརྒྱད་སྙིང་ཁར་འབབ། སྙིང་ཁ་ནས་དེའི་ཕྱེད་བཞི་ལྟེ་བར་འབབ། ལྟེ་བ་ནས་རྩ་གསུམ་དུ་འདུས་པར་མེ་ལ་གཅིག་ཏུ་འབབ་པས་རྩ་དུང་ཆེན་མའི་ནང་དུ་བདེ་བ་བསྐྱེད་པས། ལུས་ཅན་ཀུན་གྱི་སྙིང་དགའ་ཞིང་། དང་པོར་འདོད་ཆགས་སྐྱེས། བར་མ་ལྷན་ཅིག་སྐྱེས་དགའ་མ་རྟོགས་པས་གཏི་མུག་རྗེས་ལ་བདེ་བ་དང་བྲལ་བས་ཞེ་སྡང་སྐྱེས་པས་འཁོར་བར་བསྐྱེད་པའི་རྒྱུར་གྱུར་ཏོ། །དེ་ནི་ཐིག་ལེ་འཛག་པ་དང་བཅས་པའི་བདེ་བ་ནི་སྡུག་བསྔལ་གྱི་རྒྱུ་ཡིན་ཏེ། དུས་ཀྱི་འཁོར་ལོའི་རྒྱུད་ལས། ཤེས་རབ་འདུས་པས་གང་གི་ཁུ་བ་འཛག །འདིར་ནི་དེ་ཡི་བདེ་བ་གང་གིས་འཕེལ། །གང་གིས་འཛག་པ་མེད་པ་མ་ཐོབ་པ། །
དེ་འཛག་བདེ་བ་འདོད་པ་སྡུག་བསྔལ་ཡིན། །ཞེས་དང་། རི་དྭགས་རྒྱལ་པོས་རི་དྭགས་ཟས་ཟ་ན། །ལོ་གཅིག་ནང་དུ་གལ་ཏེ་འཁྲིག་པ་སྤྱོད། །གསེག་མ་སྦྲང་བུ་ཟས་སུ་ཟ་བ་ཡི། །ཕུག་རོན་རྟག་ཏུ་འདོད་པ་སྤྱོད་པ་སྟེ། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །འདི་ག་རྟག་ཏུ་ཁུ་འཛག་གང་ཅི་བཞིན། །དེ་བཞིན་འདོད་ལྡན་པ་དང་དཀའ་ཐུབ་པ། །སད་དང་རྨི་ལམ་ན་ནི་འཛག་པའི་ཕྱིར། །གཉིས་ཀ་ལ་ཡང་མཆོག་གི་བདེ་བ་མེད། །ཅེས་དང་། བསྡུས་རྒྱུད་ལས། ཐིག་ལེ་ཤོར་ན་སུ་ཞིག་གྲོལ་ལ་རྣལ་འབྱོར་མཆོག་གིས་བདེ་བ་བྲལ་ལ་སྐྱེས་པ་ཡིས་ནི་ས་བོན་ནོ། །ཞེས་སོ། །དེས་ན་ཐབས་ཁྱད་པར་ཅན་གྱིས་ཐིག་ལེ་འཛག་མེད་དུ་འཆང་བར་བྱའོ། །གསུམ་པ་གཉེན་པོའི་ཐིག་ལེ་འཆང་བ་ནི། གཏུམ་མོ་འབར་འཛག་བྷཻ་ཞིང་ཟག་མེད་ཀྱི་བདེ་སྟོང་བསྐྱེད་པ་སྟེ། གསང་འདུས་ལས། ལྟེ་འོག་སོར་བཞི་ཆོས་འབྱུང་གནས། །དོན་དུ་གཏུམ་མོ་རྒྱ་ཁབ་ཙམ། །དམར་གསལ་གྱེན་དུ་འབར་བ་ཡིས། །
ཧཾ་མགོ་ཐུར་ལ་བསྟན་པ་དེ། །འོད་དུ་ལྟེམས་ཀྱིས་བཞུས་ནས་ཀྱང་། །བྱང་སེམས་ཐིག་ལེ་བཅུ་དྲུག་འཛག །དེ་ལ་བདེ་ཆེན་སྐྱེས་ཚུལ་ནི། །ཀླད་དཀྱིལ་བབས་པས་དགའ་བ་སྐྱེས། །དེ་ཕྱེད་མགྲིན་པར་བརྒྱད་འཛག་པས། །དེ་ཡིས་བདེ་བ་མཆོག་དགའ་སྐྱེས། །དེ་ཕྱེད་སྙིང་ཁར་བཞི་འཛག་པས། །དགའ་བྲལ་བདེ་སྟོང་དགའ་བ་སྐྱེས། །དེ་ཕྱེད་ལྟེ་བ་གཉིས་འཛག་པས། །ལུས་མེད་མཉམ་པའི་དགའ་བ་སྐྱེས། །བདེ་སྟོང་དབྱེར་མེད་བདེ་བའི་མཆོག །ལྷན་ཅིག་ཡེ་ཤེས་དགའ་བ་སྐྱེས། །དེ་ཉམས་འདི་འདྲ་སྨྲ་མི་ཤེས། །དེ་ཉིད་ངོས་བཟུང་གོམས་བྱས་ན། །བདེ་སྟོང་དབྱེར་མེད་རྒྱུན་འཐོབ་འགྱུར། །ཞེས་གསུངས་སོ། །དེ་ལྟར་རྒྱལ་བའི་བཀའ་དང་། བླ་མའི་མན་ངག་ལས་ཇི་ལྟར་འབྱུང་བ་ལྟར། ཕྱག་རྒྱ་གསུམ་གྱིས་མེས་ཐིག་ལེ་བཅངས་ནས་བདེ་སྟོང་གི་ཡེ་ཤེས་བསྐྱེད་ཅིང་། རླུང་བུམ་པ་ཅན་གྱི་སྟོབས་ཀྱིས་བྱང་ཆུབ་ཀྱི་སེམས་མི་འཛག་པར། རྩ་དུང་ཅན་མའི་མས་སྣར་འཆང་བར་ནུས་ཤིང་། རྣམ་རྟོག་གི་རླུང་
བརྒྱ་ཕྲག་བཅོ་བརྒྱད་དག་པར་ནུས་ན་མཐོང་ལམ་དུ་འགྱུར་ཞིང་། དེ་ནས་རིམ་པ་བཞིན་དུ་འཁོར་ལོ་དྲུག་ལ་ཐིག་ལེ་ཡར་ལ་བརྟེན་པར་ནུས་ན་སྤྱི་གཙུག་ཏུ་བརྟན་ན་ས་བཅུ་གཉིས་རིམ་གྱིས་བགྲོད་ནས་རྡོ་རྗེ་འཆང་ཉིད་དུ་འགྱུར་བར་གསུངས་ཏེ། རྒྱུད་ལས། ཤེས་རབ་ཡེ་ཤེས་དེ་ལས་བདེ་བ་སྟེར་བ་གལ་ཏེ་ཐིག་ལེ་ཕྲེང་བ་མི་འཕོ་བས། །དེ་ལས་འཛག་པ་མེད་པའི་ལྷན་སྐྱེས་སྐད་ཅིག་མས་འདིར་ནི་ཆོས་ཀྱི་དབྱིངས་ནི་སྟེར་བར་འགྱུར། །རོའི་འགྲོ་བས་སོན་པ་ཐམས་ཅད་སྲོག་གི་ཀུན་ནས་རང་ནས་ཉོན་མོངས་བདུད་ནི་ངེས་པར་འཇོམས། །རྫུ་འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་དང་སྲིད་གསུམ་རྣལ་འབྱོར་པ་ཡི་ཚེ་འདི་ལ། །ཞེས་སོ། །གསུམ་པ་རྩ་རླུང་ཐིག་ལེ་བཤད་པའི་དགོས་པ་ལ་ལྔ་སྟེ། འདིར་སྦྱང་གཞི་དང་སྦྱོང་བྱེད་གོ་བ་དང་། རྟེན་འཆང་བས་བརྟེན་པ་བཅངས་པ་དང་། ལུས་རྫོགས་པའི་སངས་རྒྱས་སུ་རྟོགས་པ་དང་། ལུས་ཐབས་ཤེས་ཀྱི་རང་བཞིན་དུ་རྟོགས་པ་དང་། འབྲས་
བུའི་དོན་རྟོགས་པའོ། །དང་པོ་ལུས་འཆང་བ་ཕྱི་ནང་གཞན་གསུམ་སྟེ། འདི་བཤད་པ་རྩ་ལྔ། རླུང་ལྔ། འབྱུང་བ་ལྔ། ཕུང་པོ་ལྔ་ནི། སངས་རྒྱས་ལྔའི་རྣམ་པའོ། །ཡན་ལག་གི་རླུང་ལྔ། རྩ་ལྔ་ཁམས་ལྔ་ནི་ཡུམ་ལྔའི་རྣམ་པ་སྟེ། དབང་པོ་ལྔ་དང་ཡུལ་ལྔ་དང་། །དབང་ཤེས་ལྔ་དང་བཅོ་ལྔ་སྟེ། །བྱང་ཆུབ་སེམས་དཔའི་ལྷ་མོར་གྲགས། །རྣམ་ཤེས་ཡེ་ཤེས་དྲུག་པའི་ཁམས། །རྡོ་རྗེ་འཆང་དུ་གསུང་པ་ཡིན། །བྱེ་བྲག་རྒྱས་བཤད་དཔག་མེད་ཀྱང་། །འདིར་ནི་རྒྱས་པར་མ་བསྟན་ཏོ། །གཉིས་པ་རྟེན་འཆང་བས་བརྟེན་པ་བཅངས་པ་ནི། དོན་དམ་པ་བྱང་ཆུབ་ཀྱི་སེམས་རིག་པ་སྟོང་གསལ་ཆོས་ཀྱི་སྐུའི་ངོ་བོ་དང་། ཀུན་རྫོབ་ཀྱི་སེམས་ལ་གནས། དེ་བེམ་པོའི་བྱང་སེམས་ལ་བརྟེན། དེ་རླུང་ལ་བརྟེན། དེ་རྩ་ལ་བརྟེན། དེ་ལུས་ལ་བརྟེན་པས། དེས་རྟེན་རྩ་འཆང་བས་རླུང་བཅངས། རླུང་འཆང་བས་ཐིག་ལེ་བཅངས། ཐིག་ལེ་འཆང་བས་རྣམ་རྟོག་འཆང་བར་བྱེད། དེས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་པར་བྱེད་པས་ཁམས་ཁྱད་པར་དུ་འཕགས་སོ། །
གསུམ་པ་ནི། དེ་ལྟར་ལུས་གནད་བསྟན་པས་ལུས་རྫོགས་པའི་སངས་རྒྱས་སུ་རྟོགས་ཏེ། དེ་ཡང་སྐྱེས་པ་ནི་སངས་རྒྱས་སྤྲུལ་པའི་སྐུ་དང་མཚུངས་པར་རྟོགས་ཏེ། ཟླ་བ་བཅུ་ནི་ས་བཅུ། མངལ་ནས་ཕྱིར་བྱུང་བ་ནི་རབ་ཏུ་བྱུང་བ། ཁྲུ་མ་ནི་ཆོས་གོས། མ་ནི་མཁན་པོ། མགོ་བོར་ཐལ་མོ་སྦྱར་བ་ནི་ཕྱག །བྱ་བ་ཤེས་པ་ནི་ཁྲིམས། སྔགས་ཀྱི་བཟླས་པ་ནི་ཨ་དང་ཧཾ། གཅེར་བུ་བྱུང་བ་ནི་སྐྲ་དང་ཁ་སྤུ་བྲེགས་པ་སྟེ། ཧེ་བཛྲ་ལས། མངལ་གྱི་ཁྲུ་མ་ཆོས་གོས་ཉིད། །དེ་བཞིན་མ་ནི་མཁན་པོ་ཉིད། །མགོ་བོར་ཐལ་མོ་སྦྱར་བ་ཕྱག །འགྲོ་བའི་བྱ་བ་ཁྲིམས་ཀྱི་གནས། །སྔགས་ཀྱི་བཟླས་པ་ཨ་དང་ཧཾ། །གཅེར་བུ་སྐྲ་དང་ཁ་སྤུ་བྲེགས། །སྔགས་དོན་སྐྱེས་པའི་དགེ་སློང་ཉིད། །འདི་དག་རྐྱེན་གྱིས་སེམས་ཅན་རྣམས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །ཟླ་བ་བཅུ་ཡང་ས་རྣམས་ཉིད། །སེམས་ཅན་ས་བཅུའི་དབང་ཕྱུག་གོ །ཞེས་སོ། །དེ་བཞིན་དུ་གནས་པའི་གནས་སྐབས་བཞི་ལོངས་སྐུའམ་སྐུ་བཞིར་
གསུངས་ཏེ། དྲི་མ་མེད་པའི་འོད་ལས། གཉིད་འཐུག་པོ་ལོག་པའི་སེམས་མེད་པའི་གནས་སྐབས་ནི་ཆོས་ཀྱི་སྐུ། རྨི་ལམ་གྱི་གནས་སྐབས་སྲོག་རླུང་གིས་བསྐྱེད་པ་ཡོད་དང་མེད་པ་ལྟ་བུ་ལོངས་སྐུ། སད་པའི་གནས་སྐབས་སྣང་བ་དང་བཅས་པ་ནི་སྤྲུལ་སྐུ། ཆགས་པའི་གནས་སྐབས་ཡེ་ཤེས་ཀྱི་སྐུ་སྟེ། སེམས་ཅན་རྣམས་ཀྱི་སྒྲིབ་པ་དང་བཅས་པའོ། །སངས་རྒྱས་རྣམས་ལ་སྒྲིབ་པ་མེད་པའོ། །ཞེས་སོ། །འཆི་བའི་དུས་ཆོས་ཀྱི་སྐུ་དང་མཚུངས་པར་རྟོགས་པ་ཡང་། འཆི་བའི་དུས་སུ་རྣམ་པར་ཤེས་པ་ཚོགས་དྲུག་ཀྱང་སྡུད་པས། གཟུགས། སྒྲ། དྲི། རོ། རེག་བྱ། ཆོས་རྣམས་ཐིམ་པ་ལ་སྣང་བ་ཐིམ་པ་ཞེས་བྱ་སྟེ། སྤྲུལ་སྐུ་བསྡུ་བའོ། །དེའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགག་གོ །ཡིད་རྣམ་དག་ཐིམ་པ་ནི། མཆེད་པ་ཐིམ་པ་ཞེས་བྱ་སྟེ། སྐྱེས་པའི་རྣམ་པར་ཤེས་པ་ཐིམ་པས་ལོངས་སྐུ་བསྡུས་པའོ། །དེའི་དུས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ །ཀུན་གཞིའི་རྣམ་པར་ཤེས་པ་
འོད་གསལ་བའི་རང་བཞིན་དུ་སྦྱོར་བ་ན། ཐོབ་པ་ཐིམ་པ་ཞེས་བྱ་སྟེ། ཀུན་གཞི་ཐིམ་ནས་འོད་གསལ་བའི་ཆོས་ཀྱི་སྐུ་མཐོང་བའོ། །དེའི་དུས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཅུ་འགག་གོ །དེ་ལྟར་ཡིན་པ་ཡང་། བཀའ་དཔེ་ལས། ལུས་ཅན་རྣམས་ནི་འཆི་བ་ན། །སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱི་ནི་འོད་གསལ་འཆར། །ཞེས་སོ། །བཞི་པ་ལུས་ཐབས་ཤེས་ཀྱི་རང་བཞིན་དུ་རྟོགས་པ་ནི། དེ་ལྟར་སྐྱེས་པ་དང་། གནས་པ་དང་། འཆི་བ་གསུམ་ག་ཡང་ཐབས་ཤེས་ཀྱི་རང་བཞིན་དུ་གནས་ཏེ། དེ་ཡང་ལུས་གྲུབ་ན་ཕ་མ་ཐབས་ཤེས། དཀར་དམར་ཐབས་ཤེས། ཁམས་ལྔ་དང་། བར་དོ་ཐབས་ཤེས། གནས་དུས་རུས་པ་དང་ཤ་ཐབས་ཤེས། འཆི་བ་ན་རླུང་སེམས་ཐིམ་པ་ཐབས་ཤེས། འོད་གསལ་ཤེས་རབ་ཀྱི་རང་བཞིན་གནས་ཏེ། ཧེ་བཛྲ་ལས། གང་ཕྱིར་ཐབས་ནི་འབྱུང་བ་ཉིད། །འཇིག་པ་ཤེས་རབ་སྲིད་མཐར་བྱེད། །ཅེས་སོ། །གཞན་ཡང་བྱེ་བྲག་རྒྱས་
བཤད་དུས་འཁོར་ན་གསལ་མོད་ཀྱི་འདིར་མ་སྤྲོས་སོ། །མཛོད་ལས། འདི་རྣམས་གཟུགས་ཀྱི་ཕུང་པོར་བཤད་ཀྱང་། འདིར་རྩ་ལུས་ཀྱི་རང་བཞིན་དུ་ཤེས་པར་བྱའོ། །རླུང་ངག་དང་དུས་ཀྱི་རྣམ་པ། ཡིད་དྭངས་པ་བྱང་ཆུབ་སེམས་དང་འགྲོ་ལྡོག་གཅིག་ཏུ་བཞེད་པས། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་སོགས་གསུངས་སོ། །འདི་རྣམས་འཇིག་ཅིང་སྡུད་པའི་ཚུལ། རྩ་ཆད་པ་དང་། རླུང་འགག་པ་དང་། ཁམས་འགྱུར་བའི་ཚུལ་དུས་འཁོར་ལས་མང་དུ་གསུངས་ཀྱང་འདིར་མ་སྤྲོས་སོ། །ལྔ་པ་འབྲས་བུའི་དོན་རྟོགས་པ་ནི། འབྲས་བུ་ནི་རྩ་རླུང་ཐིག་ལེ་གསུམ་ལས་སངས་རྒྱས་ཀྱི་སྐུ་གསུམ་མམ། སྐུ་གསུང་ཐུགས་སུ་གྱུར་ཚུལ་འོག་ཏུ་འཆད་དོ། །དེ་རྣམས་ཀྱིས་ལུས་དངོས་པོའི་གནས་ལུགས་བཤད་ཟིན་ཏོ། །གཉིས་པ་སེམས་དངོས་པོའི་གནས་ལུགས་བཤད་པ་ལ་གསུམ་སྟེ། སེམས་ཉིད་ངོ་བོ་དྲི་མ་དང་བཅས་པ་དང་། དྲི་མ་མེད་པའི་ངོ་བོ་དང་། ལོག་པར་རྟོག་པ་འཁྲུལ་བའི་ཚུལ་ལོ། །ཡིད་དང་བྲལ་བ་དང་། མི་མནོའོ་བློ་དང་བྲལ་བ་མི་བསམ། ཡུལ་དང་
བྲལ་བ་མི་དཔྱོད། དམིགས་པ་དང་བྲལ་བ་མི་བསྒོམ། སྨོན་པ་དང་བྲལ་བ་མི་སེམས་པ། འོད་གསལ་འབའ་ཞིག་ཏུ་གནས་པ་ནི་སེམས་རང་བཞིན་དུ་གནས་པའོ། །ཞེས་ཏེ་ལོ་པའི་ཆོས་དྲུག་གོ །དང་པོ་སེམས་ཉིད་ངོ་བོ་དྲི་མ་དང་བཅས་པ་ནི། མངོན་པ་ཀུན་བཏུས་ལས། སེམས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བག་ཆགས་ཀྱིས་བསྒོས་པའི་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་གསུངས་པ་གང་ཡིན་པ་དེ་ཡིན་ཏེ། ཡང་འབྱེད་འཕྲུལ་གྱི་ལྡེ་མིག་ལས། དཔེར་ན་ས་ལ་སྙོག་མི་ཟེར། །དེ་བཞིན་ཆུ་ལ་སྙོག་མི་ཟེར། །ས་ཆུ་འདྲེས་ལ་སྙོག་མར་བཏགས། །དེ་བཞིན་སེམས་ཅན་ཐམས་ཅད་ལ། །ཆོས་སྐུས་ཁྱབ་པར་གནས་པ་ལ། །དེ་ལ་ཀུན་གཞིའི་མིང་མི་འདོགས། །རྣམ་དག་མཚན་མར་གནས་པ་ལ། །དེ་ལ་ཀུན་གཞིའི་མིང་མི་འདོགས། །ཆོས་སྐུ་ཆུ་དང་འདྲ་བ་ལ། །བག་ཆགས་ས་འདྲེས་བསླད་པ་ལ། །ཀུན་གཞི་ཞེས་བྱ་མིང་དུ་བཏགས། །ཞེས་གསུངས་པ་དང་། བརྟག་གཉིས་ལས་ཀྱང་། སེམས་ཅན་
རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་སྒྲིབ། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་གསུངས་སོ། །གཉིས་པ་སེམས་ཉིད་དྲི་མ་མེད་པ་རང་གི་ངོ་བོ་ནི། ཀུན་གཞི་དག་པའི་ཆ། སེམས་ཀྱི་ཆོས་ཉིད་ངོ་བོ་རང་བཞིན་གྱིས་རྣམ་པར་དག་པ། སྟོང་པ། གསལ་བ། འགག་པ་མེད་པ། ཀུན་ལ་ཁྱབ་པ། མི་འགྱུར་བ། སྤྲོས་པ་ཐམས་ཅད་ཞི་བའི་ངོ་བོ་ཉིད་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ཏེ། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སེམས་ཅན་སྣོད་མིན་གཅིག་ཀྱང་མེད། །ཅེས་དང་། ཧེ་བཛྲ་ལས། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་དང་། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ན་བསྟན་དུ་མེད། །ཅེས་སོ། །དེ་ལྟ་བུའི་སེམས་ཉིད་དེའང་། སངས་རྒྱས་སྐུ་གསུམ་གྱི་རང་བཞིན་དུ་བཞུགས་པ་ཡིན་ཏེ།
དེ་ཡང་སེམས་ཉིད་ཀྱི་ངོ་བོ་སྟོང་པ་དེ་ཆོས་སྐུའོ། །རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུའོ། །ཐུགས་རྗེ་འགག་མེད་སྤྲུལ་སྐུའོ། །དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུའོ། །གསང་འདུས་ལས། སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །གསལ་ལ་མ་འགག་ལོངས་སྤྱོད་སྐུ། །སྣ་ཚོགས་དྲན་ཤར་སྤྲུལ་པའི་སྐུ། །ཞེས་དང་། བྱང་ཆུབ་ཀྱི་སེམས་སྤུངས་པའི་རྒྱུད་ལས་ཀྱང་། སེམས་ཉིད་ངོ་བོ་སྤྲོས་དང་བྲལ་བ་དེ། །ཀུན་ལ་ཁྱབ་ཅིང་ཀུན་གྱི་སྙིང་པོར་གནས། །དེ་ཉིད་སྟོང་ཞིང་སྤྲོས་དང་བྲལ་བ་དེ། །དེ་ཉིད་ཁོ་ན་སངས་རྒྱས་ཆོས་སྐུ་ཡིན། །སེམས་ཉིད་ངོ་བོ་གསལ་ལ་རྟོག་མེད་པས། །རིག་པ་འོད་གསལ་ཁ་མིག་རྣ་བ་ཅན། །ཀུན་ལ་ཁྱབ་ཅིང་ཀུན་གྱི་རྒྱུ་བྱེད་པ། །དེ་རང་སངས་རྒྱས་ལོངས་སྤྱོད་རྫོགས་སྐུ་ཡིན། །སེམས་ཉིད་རང་རྩལ་རིག་པ་སྣ་ཚོགས་དེ། །ཡུལ་དང་མཐུན་པའི་རིག་པ་སྣ་ཚོགས་འཆར། །དེ་ལ་དེར་སྟོན་སངས་རྒྱས་སྤྲུལ་པའི་སྐུ། །སྐུ་གསུམ་རང་ལ་བྱུང་ཞིང་རང་ལ་སྣང་། །
གསལ་ཞིང་ཤར་བ་སེམས་ཅན་དོན་དུ་བྱུང་། །ཞེས་སོ། །གསུམ་པ་སེམས་ལོག་པར་རྟོག་པ་འཁྲུལ་བའི་ཚུལ་ནི། དེ་ལྟ་བུའི་སེམས་ཉིད་ཀྱིས་རང་ངོ་མ་རིག་ནས་འཁྲུལ་པ་ཡིན་ཏེ། འདི་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། ཀུན་བཏགས་འཁྲུལ་པའི་མ་རིག་པའོ། །དང་པོ་ལྷན་ཅིག་སྐྱེས་པའི་མ་རིག་པ་ནི། གང་ལས་བྱུང་ཞེ་ན། གཞི་འཛིན་པའི་མ་རིག་པ་ལས་བྱུང་། གང་མ་རིག་ཅེ་ན། སེམས་ཉིད་མ་རིག །གང་གིས་གང་མ་རིག་ཅེ་ན། སེམས་ཉིད་རང་གིས་རང་མ་རིག །དུས་ཅི་ཙམ་ནས་མ་རིག་ཅེ་ན། སངས་རྒྱས་དང་སེམས་ཅན་མ་བྱེ་བའི་དུས་ཐོག་མ་མེད་པ་ནས་སོ། །སེམས་ཉིད་དང་མ་རིག་པ་གཉིས་གང་སྔ་ཞེ་ན། སྔ་ཕྱི་མེད་པར་ལྷན་ཅིག་སྐྱེས་ཏེ་སེམས་ཉིད་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཟེར། མ་རིག་པ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་ཟེར། གང་དུ་ལྷན་ཅིག་སྐྱེས་ན་ཆོས་ཉིད་ཀྱི་ཀློང་དུའོ། །དེ་གཅིག་གམ་ཐ་དད་ཅེ་ན། གཅིག་དང་ཐ་དད་གང་ཡང་མིན། སེམས་ཉིད་རང་ངོ་རིག་མ་
རིག་གཉིས་ཀྱི་ཁྱད་པར་ཡིན་ནོ། །ཚུལ་ཇི་ལྟར་མ་རིག་ཅེ་ན། ཀུན་བཏགས་འཁྲུལ་པའི་དབང་གིས་སོ། །གཉིས་པ་ཀུན་བཏགས་འཁྲུལ་པའི་མ་རིག་པ་ནི། དེ་ལྟ་བུའི་སེམས་ཉིད་དེ་རང་ངོ་རང་གིས་མ་ཤེས་ནས། དེ་ལ་ང་སྙམ། བདག་སྙམ། ངའོ་སྙམ་དུ་བརྟགས་པས་ཁ་ནང་དུ་བལྟས་ཏེ་འཛིན་པས་ཉོན་ཡིད་ཅེས་བྱ་སྟེ། དེ་ལ་ཡིད་གཡོ་བ་འདུ་བྱེད་པའི་སྐད་ཅིག་མ་ནི་ཆུའི་རླབས་བཞིན་དུ་གཡོས་པས་སེམས་ཉིད་ཀྱི་རང་འོད་ལ་ཡུལ་དུ་འཁྲུལ་ནས་གཟུང་འཛིན་གཉིས་སུ་ཤར་ཏེ་ཡིད་ཀྱི་རྣམ་པར་ཤེས་པ་ཁ་ཕྱིར་བལྟས་ཏེ། སྒོ་ལྔའི་རྣམ་པར་ཤེས་པའི་རྗེས་སུ་འབྲངས་ནས་རྟོག་པ་སྣ་ཚོགས་བསྐྱེད་དེ། བདག །གཞན། ཕྱི་ནང་། སྣོད་བཅུད། ཡུལ་ཁྱིམ། ཕ་མ། ཁྱོ་དང་ཆུང་མ། བུ་དང་བུ་མོ། ཟས་ནོར། དགྲ་གཉེན་ལ་སོགས་པའི་མིང་འདོགས་ལ་ཆགས་སྡང་དུ་བཟུང་ནས་ལས་སྣ་ཚོགས་བསགས་ཏེ། རྒྱུ་དེས་འབྲས་བུ་ཁམས་གསུམ་གྱི་རིགས་དྲུག་གི་ལུས་སུ་སྐྱེས་ནས། སོ་སོའི་སྡུག་
བསྔལ་ཉམས་སུ་མྱོང་བ་ཡིན་ཏེ། སྡུག་བསྔལ་དེ་རྣམས་ཀྱང་གཞན་གྱིས་བྱས་པ་མེད། རང་སེམས་འཁྲུལ་པས་ལས་ངན་བསགས་པའི་འཁྲུལ་སྣང་ཤར་བ་སྟེ། དཔེར་ན་སྲིན་བུའི་ཁ་ཆུ་རང་ལ་བྱུང་ནས་རང་བཏུམ་ཞིང་བསྟིམས་ནས་ཤི་བ་དང་འདྲ། རིགས་དྲུག་གི་སྡུག་བསྔལ་སྣ་ཚོགས་དེ་རང་རང་གི་སེམས་འཁྲུལ་པ་ལས་བྱུང་བ་ཡིན་གྱི། གཞན་གྱིས་སྡུག་བསྔལ་བྱེད་དུ་འཇུག་པའི་མཁན་པོ་གཅིག་ལོགས་ན་མེད་དེ། གསང་འདུས་ལས། ཐོག་མར་ཀུན་གཞི་བཅོས་བསླད་མེད། །ཅིར་ཡང་རྒྱ་ཅད་ཕྱོགས་ལྷུང་བྲལ། །སྟོང་ཁྱབ་ནམ་མཁའ་ལྟ་བུ་ལ། །རང་རྩལ་འདུ་བྱེད་རླུང་གིས་གཡོས། །མ་རིག་རྟོག་པའི་འདུ་བྱེད་ཀྱིས། །ནན་གྱིས་ནམ་མཁའ་མདུན་མ་བོར། །རྩལ་ལ་རང་དབང་མ་ཐོབ་པར། །འགྱུ་དྲན་འཛིན་དང་ཆགས་སྡང་གིས། །ཁམས་གསུམ་འཁོར་ཞིང་རང་རྒྱུད་སྲེག །ཅེས་སོ། །དེས་ནི་སེམས་དངོས་པོའི་གནས་ལུགས་བཤད་ཟིན་ཏོ། །གཉིས་པ་དྲི་མ་སྦྱང་བར་བྱེད་པའི་ལམ་གྱི་རིམ་པ་
ལ་བཞི་སྟེ། སྨིན་པར་བྱེད་པའི་དབང་དང་། གྲོལ་བར་བྱེད་པའི་ལམ་བསྐྱེད་རྫོགས་དང་། བརྟན་པར་བྱེད་པའི་དམ་ཚིག་དང་། མཐར་ཕྱིན་པར་བྱེད་པའི་སྤྱོད་པའོ། །དེའི་དང་པོ་ལ་སྨིན་པར་བྱེད་པའི་དབང་ནི། དཔེར་ན་ཞིང་ས་གཤིན་པོ་ལ། ཆུ་ལུད་དྲོད་གསུམ་འཛོམས་ཤིང་ས་བོན་དྲུང་པོར་བཏབ་པས། མྱུ་གུ་འབྱུང་རུང་དུ་བྱས་པ་དང་འདྲ་བ་ཡིན་པས། སྔགས་ཀྱི་དགོངས་པས་ཚོགས་ལམ་ནས་མཐར་ཐུག་གི་ལམ་གྱི་བར་དུ་དབང་གལ་ཆེ་བར་གསུངས་ཏེ། དེ་ཡང་སྦྱོང་གཞི་དང་བསྟུན་ནས་ལུས་གྲུབ་པའི་རིམ་པ། མངལ་གྱི་གནས་སྐབས་རྣམས་སྟ་གོན་ལ་སོགས་པ་ཡིན་ལ། སྐྱེས་ནས་བྱིས་པའི་ལུས་འཁྲུད་པ་ཆུའི་དབང་། གཙུག་ཕུད་འཇོག་པ་ཅོད་པཎ་གྱི་དབང་། རྣ་བ་འབིག་པ་དར་འཕྱང་གི་དབང་། ལུས་ཀྱི་བྱ་བ་སློབ་པ་རྡོ་རྗེ་དྲིལ་བུའི་དབང་། ངག་གི་སྨྲ་བ་སློབ་པ་བརྟུལ་ཞུགས་ཀྱི་དབང་། མིང་འདོགས་པ་མིང་གི་དབང་། རང་རིགས་སུ་ལུང་བསྟན་པ་རྗེས་གནང་གི་དབང་། ཆུང་མ་སྦྱིན་པ་
གསང་བའི་དབང་། བདེ་བ་མྱོང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་། སེམས་མེད་པའི་གནས་སྐབས་བཞི་དབང་བཞི་པ། འཁོར་གྱི་སློབ་དཔོན་དུ་བསྐོས་པ་འོད་ཟེར་ཆེན་པོའི་དབང་སྟེ། དེ་རྣམས་སྦྱང་གཞིའོ། །འདི་རྣམས་དང་མཐུན་པར་སྦྱོང་བར་བྱེད་ཀྱང་། འཇིག་རྟེན་པའི་དབང་བཅུ་དང་། འཇིག་རྟེན་ལས་འདས་པའི་ཕྱག་རྒྱ་ཆེན་པོའི་དབང་། རྡོ་རྗེ་སློབ་དཔོན་གྱི་དབང་རྣམས་ཡིན་ཏེ། འབུམ་ལྔ་ལས། བྱིས་པ་སྐྱེས་པར་མ་ཡིས་ནི། །ཆུ་ཡི་དབང་གི་སྐུར་བྱེད་ཅིང་། །དེ་ཡི་གཙུག་ཕུད་འཇོག་པ་དག །ཅོད་པཎ་ལ་ནི་རབ་ཏུ་བཏགས། །དེ་ཡི་རྣ་བ་འབིག་ལ་སོགས། །དར་དཔྱང་དབང་བསྐུར་ཡིན་ཞེས་བྱ། །བྱིས་པས་སྨྲ་དང་བརྡེག་པ་ནི། །རྡོ་རྗེ་དྲིལ་བུའི་དབང་བསྐུར་ཡིན། །དེ་བཞིན་མིང་གིས་དབང་བསྐུར་པའོ། །རྗེས་སུ་གནང་བ་མ་ཡིན་ནི། །རྟག་ཏུ་ཀློག་སོགས་སྦྱིན་པ་ནི། །དེ་ལྟར་དབང་ནི་བདུན་དུ་གྲགས། །དེ་ཡི་ཆུང་མ་ལེན་བྱེད་པ། །དབང་ནི་གོང་མ་ཡིན་པར་བརྗོད། །དེ་ཡི་ཤེས་རབ་བྱིན་པ་ནི། །ལག་
པ་ལས་ནི་འཛིན་པར་བྱེད། །ཐབས་དང་ཤེས་རབ་སྙོམ་ཞུགས་ནས། །ཕྱི་མཐའི་བདེ་བ་ཉམས་སུ་མྱོང་། །ཞེས་སོ། །འདི་རྣམས་ཀྱི་འབྲས་བུ་ནི། ཚོགས་སྦྱོར་དང་། ས་བཅུ་དང་། སངས་རྒྱས་ཀྱི་ས་དང་། འོད་ཟེར་ཆེན་པོའི་དབང་རྣམས་ཡིན་ཏེ། དུས་འཁོར་ལས། དབང་བདུན་རྣམས་ཀྱིས་དབང་བསྐུར་བས་ན་དགེ་བའི་དབང་གིས་ས་བདུན་དབང་ཕྱུག་ཏུ་འགྱུར་རོ། །སླར་ཡང་ཕྱིར་མི་ལྡོག་པ་ལ་སོགས་པར་ཡང་བུམ་པ་གསང་བའི་དབང་བསྐུར་པས་ན་ངེས་པར་འཇུག་པར་འགྱུར་རོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་པས་ན་སྲིད་པའི་འཇིགས་པ་འཇོམས་པ་འཇམ་པའི་དབང་ཉིད་དོ། །ཞེས་དང་། རྡོ་རྗེ་ཐོད་སྦྱོར་གྱི་རྒྱུད་ལས་ཀྱང་། དབང་བཅུ་ས་བཅུ་བགྲོད་ནས་ནི། །དེ་ཡི་བདེ་བས་སངས་རྒྱས་འགྱུར། །ཞེས་སོ། །འདི་ལྟར་བྱང་ཆུབ་སེམས་དཔའི་འགྲེལ་པ་གསུམ་དང་། རྒྱུད་རྣམས་ལས་མང་དུ་གསུངས་མོད་ཀྱི་དབང་ཆོག་ནས་རྒྱས་པར་བསྟན་པ་དང་། འདིར་ཡི་གེ་མང་དོགས་ནས་
མ་བྲིས་སོ། །ངོ་བོ་ནི་མ་སྨིན་པ་སྨིན་པར་བྱེད་པ་ཉིད་ལས། ཐོག་མར་དབང་བསྐུར་ཐོབ་པ་གལ་ཆེའོ། །དབང་ཐམས་ཅད་ལམ་གྱི་དག་གཞི་ཡིན་ཀྱང་། ལམ་ལ་འཇུག་པར་བརྩམས་པ་ན། ལུས་སེམས་ཀྱི་དོན་རྟོགས་པར་བྱེད་པའི་ཆ་ནས་ལམ་ཡང་ཡིན་ནོ། །གཉིས་པ་སྨིན་པ་གྲོལ་བར་བྱེད་པའི་ལམ་གྱི་རིམ་པ་ལ་གཉིས་ཏེ། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །དང་པོ་བསྐྱེད་རིམ་ནི། ལུས་མངོན་པར་བྱང་ཆུབ་པ་སངས་རྒྱས་སྐུའི་ངོ་བོར་གནས། གནས་པ་དང་མཐུན་པར་ལྷ་བྷཻ་པ་ལམ་གྱི་དུས་སུ་ལུས་ཐ་མལ་དུ་འཛིན་པ་སྤོང་ཞིང་སྐྱེ་གནས་བཞི་སྦྱོང་བ་དང་། ལས་དང་པོ་པ་རྣམས་ཀྱིས་སེམས་འཛིན་པ་དང་། ཕྱི་ནང་གཞན་གསུམ་གཅིག་ཏུ་སྦྱོར་ཤེས་པ་དང་། འབྲས་བུ་གྲུབ་པའི་གནས་སྐབས་ན། དབང་འབྱོར་གྱི་གཟུགས་སྐུ་དུ་མ་འཕྲོས་པས་འགྲོ་བའི་དོན་བྱེད་པའི་ཕྱིར། དཔའ་བོ་གཅིག་ནས་མཐའ་ཡས་པའི་བར་དུ་སྟེ། མདོར་བསྡུས་ན། རྣམ་རྟོག་གི་གྲངས་བཞིན་ལྷ་གྲངས་དང་
ཞལ་ཕྱག་ཀྱང་དེ་དང་མཚུངས་པར་བསྒོམ་སྟེ། །དྭགས་པོ་རིན་པོ་ཆེའི་གསུང་ལས། བསྐྱེད་རིམ་ཉམས་སུ་མྱོང་བས་རབ་ཀྱིས་བདེན་པ་མཐོང་། འབྲིང་གིས་འཁོར་ལོ་སྒྱུར་བའི་རྒྱལ་པོ་ཐོབ། ཐ་མས་ཀྱང་ལྷ་མའི་གོ་འཕང་ཐོབ་གསུངས་སོ། ། འདིར་ཡང་ཆོས་དྲུག་གི་རྩ་བ་ལས། གསང་བའི་དབང་གི་དུས་དག་ཏུ། །མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་ཏེ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་གསུངས་པ་ལྟར། སྣང་ལ་རང་བཞིན་མེད་པར་བསྒོམ་མོ། །གཉིས་པ་རྫོགས་པའི་རིམ་པ་བཤད་པ་ལ་གཉིས་ཏེ། མི་ཟབ་པའི་རྫོགས་རིམ་རྩ་རླུང་ཐིག་ལེ་ལ་བརྟེན་པ་དང་། ཟབ་པ་ཕྱག་རྒྱ་ཆེན་པོའོ། །འདིར་དང་པོ་གཙོ་ཆེ་སྟེ། དེ་ཡང་རྫོགས་པ་ནི། སེམས་ཉིད་ལ་རིམ་པ་ནི་ཉམས་སུ་ལེན་ཐབས་སོ། །དགྱེས་མཛད་ལས། སེམས་བསྒོམ་པས་ནི་སངས་རྒྱས་ཏེ། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་གསུངས་སོ། །
རྫོགས་ཚུལ་ནི། ལུས་རྩ་ཡི་ངོ་བོར་རྫོགས་པ། སྟོང་ཕྲག་བདུན་ཅུ་དོན་གཉིས་དབུ་མར་རྫོགས། རྩ་ཐིག་ལེའི་ངོ་བོར་རྫོགས། ཐིག་ལེ་ཐམས་ཅད་བདེ་སྟོང་གཉིས་མེད་ཀྱི་ཐིག་ལེ་ལ་རྫོགས། ཐིག་ལེ་ཐམས་ཅད་རླུང་གི་ངོ་བོར་རྫོགས། རླུང་ཐམས་ཅད་ཡེ་ཤེས་ཀྱི་རླུང་ལ་རྫོགས། ཡེ་ཤེས་ཀྱི་རླུང་དང་རང་བཞིན་བརྒྱད་ཅུའི་རྟོག་པ་ཐམས་ཅད་གཉིས་མེད་ཡེ་ཤེས་ལ་རྫོགས་པར་གནས་པ་ཡིན། དེ་ཉམས་སུ་ལེན་པ་རྫོགས་པའི་རིམ་པ་ཡང་གསུམ་གྱིས་དང་པོ་རྩ་ལས་བརྟེན་པ་ལ་ཡང་གསུམ་ལས། དང་པོ་འཁོར་ལོ་ལ་མ་བརྟེན་པ་ནི། ལུས་སྟོང་རའི་ནང་དུ་རྩ་གསུམ་མཚན་ཉིད་བཞི་ལྡན་དུ་བྷཻ་བའོ། །གཉིས་པ་འཁོར་ལོ་ལ་བརྟེན་པ་ལ། གཅིག་ལ་བརྟེན་པ་ནི་ལྟེ་བར་ཨ་ཐུང་བསྒོམ་མོ། །གཉིས་ལ་བརྟེན་པ་ནི་ལྟེ་བ་དང་སྤྱི་བོར་ཨ་ཐུང་དང་ཧཾ་འབར་འཛག་བསྒོམ་མོ། །བཞི་ལ་བརྟེན་པའི་འཁོར་ལོ་བཞི་ལ་ཨཱ་ལི་ཀཱ་ལི་རྣམས་རིགས་ལྔའི་ངོ་བོར་བཀོད་ལ་འབར་འཛག་བསྒོམ་མོ། །ཧེ་བཛྲ་ལས། ལྟེ་བར་
གཏུམ་མོ་སྦར་བ་ཡི། །དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། །སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཧཾ་ཅན་འཛག །ཅེས་དང་། ཧཾ་བསྲེགས་པ་ལ་ཟླ་རྒྱུན་འབབ། །ཅེས་སོ། །དེ་རྣམས་གང་ལ་ཡང་དྲོད་བདེ་གསལ་མི་རྟོག་པའི་ཉམས་འཆར་རོ། །གསུམ་པ་རང་བཞིན་གྱི་རྩ་རྣམ་པར་མི་རྟོག་པའི་གནད་འཆིང་བ་དུ་བ་ལ་སོགས་པའི་གནད་འཆར་རོ། །གཉིས་པ་རླུང་ལ་བརྟེན་པ་ནི། རླུང་ལ་བརྟེན་པ་ནི་རླུང་རྒྱ་ཡན་ལ་བསླབ་པ་དང་། ཁ་དོག་དང་དབྱིབས་ལ་བསླབ་པ་དང་། བགྲང་ཞིང་བརྩི་བ་དང་། རླུང་རྡོ་རྗེའི་བཟླས་པ་དང་། བུམ་པ་ཅན་དང་བཙན་ཐབས་ཀྱི་སྦྱོར་བ། རླུང་ཡོན་པོ་བསྲང་བ་དང་། ཕོ་མོ་མ་ནིང་གི་རླུང་སྦྱོར། རླུང་ལྔའི་གཟུང་ཐབས་ལ་བསླབ་པའོ། །གསུམ་པ་ཐིག་ལེ་ལ་བརྟེན་པ་ནི། རང་ལུས་ལ་བརྟེན་པ་བཅངས་པ་དང་། གཞན་ལུས་ལ་བརྟེན་ནས་བཅངས་པ་དང་། དེ་གཉིས་ཀ་ལ་དབབ་པ་དང་། གཟུང་བ་དང་། བཟློག་པ་དང་། ཁྱབ་པར་བྱ་བ་དང་བཞིའོ། །དེ་ལྟར་རྩ་
རླུང་ཐིག་ལེའི་གནད་བཅངས་པས། ཀུན་རྫོབ་ཏུ་དྲོད་བདེ་གསལ་མི་རྟོག་པའི་ཉམས་སྐྱེ་ཞིང་། དོན་དམ་པར་བཞི་པོ་དེ་སྟོང་ཞིང་བདག་མེད་པ་སྒྱུ་མ་ལྟ་བུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཉམས་དང་རྟོགས་པ་འཆར་ཏེ། ཧེ་བཛྲ་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་སོ། །གཉིས་པ་དེ་ལྟར་རྫོགས་རིམ་ཉམས་སུ་ལེན་པའི་གདམས་ངག་ལ་ཡང་། ཕ་རྒྱུད་ཀྱི་གདམས་པ་ཐམས་ཅད་རིམ་པ་ལྔ། མ་རྒྱུད་ཀྱི་གདམས་པ་ཐམས་ཅད་ཕྱག་རྒྱ་བཞི་ལས། དང་པོ་ལྔ་ནི། ངག་དབེན་རླུང་རྡོ་རྗེའི་བཟླས་པ། སེམས་དབེན་འབར་འཛག །སྒྱུ་ལུས། འོད་གསལ། ཟུང་འཇུག་སྟེ་རིམ་པ་ལྔའོ། །གཉིས་པ་མ་རྒྱུད་ཀྱི་གདམས་པ་ཐམས་ཅད་ཕྱག་རྒྱ་བཞི་ནི། དམ་ཚིག་གི་ཕྱག་རྒྱ། ལས་ཀྱི་ཕྱག་རྒྱ། ཆོས་ཀྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོའོ། །དེ་ཐམས་ཅད་དཔལ་ནཱ་རོ་པའི་ཆོས་དྲུག་གི་ནང་དུ་འདུས་ཏེ། ཆོས་དྲུག་གི་གཏུམ་མོ་བྷཻ་པ་ལ། རླུང་
གཟུང་བ་དང་། རིམ་ལྔའི་ངག་དབེན། གཏུམ་མོ་དངོས། སེམས་དབེན། ཕྱག་རྒྱ་བཞིའི་དམ་ཚིག་གི་རྒྱ་འབར་འཛག་བྷཻ་པ་ནང་གི་ལས་ཀྱི་ཕྱག་རྒྱའོ། །ཆོས་དྲུག་གི་སྒྱུ་ལུས་ཏེ། རིམ་ལྔའི་སྒྱུ་ལུས་ཕྱག་རྒྱ་བཞིའི་ཆོས་ཀྱི་ཕྱག་རྒྱ་ཆོས་དྲུག་གི་རྨི་ལམ་དེ། རིམ་ལྔའི་ཟུང་འཇུག་།ལམ་གྱི་དུས་སུ་མ་ཡེངས་པར་ཉམས་སུ་ལེན་པ་ནི་སློབ་པའི་ཟུང་འཇུག །རྟོག་པ་རྒྱུན་ཆད་ཙམ་ན་མི་སློབ་པའི་ཟུང་འཇུག་གོ ། ཕྱག་རྒྱ་བཞིའི་ཆོས་ཀྱི་ཕྱག་རྒྱ་ཡན་ལག་ཆོས་དྲུག་གི་འོད་གསལ་དེ། རིམ་ལྔའི་འོད་གསལ། ཕྱག་རྒྱ་བཞིའི་ཕྱག་རྒྱ་ཆེན་པོའོ། །འཕོ་བ་དང་བར་དོ་ཕྱི་མའི་མཚམས་སྦྱོར་ཏེ་འདིར་འདུས་སོ། །དེ་ལྟར་ལྔ་དང་བཞི་འདུས་པའི་ནཱ་རོ་པའི་ཆོས་དྲུག་པོ་དེ་གང་ཡིན་སྙམ་ན། རྡོ་རྗེའི་ཚིག་རྐང་ལས། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆགས་སྡང་རང་གྲོལ། རྨི་ལམ་གཉིད་འཁྲུལ་རང་དག །འོད་གསལ་གཏི་མུག་རང་སངས། འཕོ་བ་མ་བསྒོམ་སངས་རྒྱས། བར་དོ་རྒྱལ་བ་ལོངས་
སྐུའོ། །དྲུག་པོ་འདི་དག་རྗེ་རས་ཆུང་པས་ནི། འདོད་ཆགས་བདེ་ཆེན་དུ་བསྲེ་བ་གཏུམ་མོ། ཞེ་སྡང་འོད་གསལ་དང་བསྲེ་བ་སྒྱུ་ལུས། གཏི་མུག་མི་རྟོག་པ་དང་བསྲེ་བ་འོད་གསལ་ཏེ་བསྲེ་བ་གསུམ་མོ། །གཏུམ་མོ་དང་སྒྱུ་ལུས་བསྲེ་བ་ཉིན་པར་བསྒོམ། རྨི་ལམ་དང་འོད་གསལ་བསྲེ་བ་མཚན་མོར་བསྒོམ། བར་དོ་དང་འཕོ་བ་བསྲེ་བ་འཆི་ཁར་བསྒོམ་སྟེ་བསྲེ་བ་གསུམ། གང་ཟག་བརྩོན་འགྲུས་ཅན་ལ་གཏུམ་མོ་དང་བསྲེ། ལེ་ལོ་ཅན་ལ་རྨི་ལམ་དང་བསྲེ། ཚེ་ཐུང་བ་ལ་འཕོ་བ་དང་བསྲེས་ལ་བསྒོམས་པས་བསྲེ་བ་གསུམ། བསྲེ་འཕོ་དགུ་སྐོར་ཞེས་བཤད་དོ། །འདིར་བཀའ་དཔེ་ལས་གསུངས་པ་ནི། རྩ་བ་བཞི། ཡན་ལག་གཉིས་གསུངས་ཀྱང་། གནད་བཞིས་སྟོན་ཏེ། དེ་ལ་དམིགས་པའི་གནད་མ་གཏོགས་པ་གནད་གསུམ་སྤྱིར་བསྟན་པ་ནི། གཞུང་ལས། དེ་ལ་གནད་ནི་རྣམ་གསུམ་སྟེ། །ལུས་དང་ཡུལ་དང་དུས་དང་ངོ་། །ཞེས་པས། དང་པོ་ལུས་ཀྱི་གནད་ནི། སྤྱིར་ལུས་ལ་བསམ་གཏན་ཀྱི་ཆོས་དྲུག་དང་། སེང་གེ་ཉལ་
སྟབས་དང་གཉིས་གསུངས་ཀྱང་། དང་པོ་ནི་གཞུང་ལས། དེ་ནས་ལུས་ཀྱི་གནད་བཤད་པ། །རིན་ཆེན་སྟར་ལ་བརྒྱུས་པ་འདྲ། །ཤིན་ཏུ་བསྲང་།རྐེད་པ་ལ་དགུག་།མགྲིན་པ་པར་བྱ། །རྒྱ་མདུད་།འོག་སྒོ་ལྟ་བུའི་ཚུལ་གནས་བྱ། །དཔལ་ཀ་།དཔུང་པ་བཞིན་དུ་བསྐྱེད་པར་བྱ། །མཉམ་བཞག་།ལག་པ་ཕྱག་རྒྱ་བཙིར་བྱ་ཞིང་། །རེའུ་མིག་།རྐང་པ་ཚུལ་དུ་བསྣོལ་བར་བྱ། །ཞེས་པས། རྩ་འཆང་བ་དང་། རླུང་རང་སོར་གནས་པ་དང་། དྲོད་དང་བདེ་བ་སྐྱེས་པ་དང་། རྟོག་པ་འགོག་པ་དང་། རིག་པ་གསལ་བའི་དགོས་པ་ཡོད་པས་ལག་ལེན་བཞིན་བྱའོ། །དེ་ཡང་གསང་བར་ཐུར་སེལ་གྱི་རླུང་དབང་དུ་བྱ་བ་དང་། རྩ་འཆང་བར་བྱ་བའི་ཕྱིར་རྐང་པ་རེའུ་མིག་ལྟར་བསྣོལ། འོག་སྒོ་རྒྱ་མདུད་ལྟར་བསྡམ། ལྟེ་བར་མེ་མཉམ་གྱི་རླུང་དབང་དུ་བྱ་བའི་ཕྱིར་དང་། བདེ་དྲོད་སྐྱེ་བའི་ཕྱིར་ལྟོ་བ་མདུན་དུ་ཕུད་ཅིང་ལྟེ་འོག་ཏུ་མཉམ་བཞག་བྱ། སྙིང་ཁར་སྲོག་རླུང་དབང་དུ་བྱ་བའི་ཕྱིར་དང་། རླུང་རང་སོར་གནས་པའི་
ཕྱིར་སྒལ་ཚིག་དོང་ཙེ་བརྩེགས་པ་ལྟར་བསྲང་ལ་རོ་སྟོད་སེང་གེ་ལྟར་དགྱེས་ཤིང་། དཔུང་པ་རྒོད་གཤོག་ལྟར་བརྒྱང་། མགྲིན་པར་གྱེན་རྒྱུའི་རླུང་དབང་དུ་བྱ་བའི་ཕྱིར་དང་། རྟོག་པ་འགོག་པའི་ཕྱིར་མགྲིན་པ་རྨ་བྱ་ལྟར་དགུག་སྟེ། སྲོལ་མདུད་སོགས་སྐུའི་སྒོ་བཞིར། ཡན་ལག་གི་རླུང་ལྔ་དབང་དུ་བྱ་བའི་ཕྱིར་དང་། རིག་པ་གསལ་བར་བྱ་བའི་ཕྱིར་ལྕེ་ཡ་རྐན་ལ་སྦྱར་ཞིང་མིག་སྣ་རྩེར་ཕབ། ལུས་ཐམས་ཅད་ལ་ཁྱབ་བྱེད་ཀྱི་རླུང་དབང་དུ་འདུ་བའི་ཕྱིར་དང་། ལུས་སྤྱིའི་གནད་མ་འཆུགས་པར་བྱ་བའི་ཕྱིར། ལུས་བསམ་གཏན་གྱི་ཆོས་དྲུག་དང་ལྡན་པར་བྱས་ཏེ། གསང་འདུས་ལས། དབེན་པར་འབོལ་བའི་སྟན་ལ་འདུག །ལྷ་གསང་ང་རྒྱལ་མོས་པར་བྱ། །རྐང་པ་རྡོ་རྗེ་དཀྱིལ་དཀྲུང་བཅའ། །སྒལ་ཚིག་གསེར་གྱི་དོང་ཙེ་བསྲང་། །སེང་ལྟར་སྟོད་འགྱིང་ཡིད་དགྱེ་བྱ། །རྨ་བྱའི་མགྲིན་བཞིན་ཡིད་དགུག་བྱ། །ལག་གཉིས་མཉམ་བཞག་འདེར་སོ་འདྲ། །མིག་གཉིས་སྣ་ཡི་རྩེ་ལ་ཕབ། །ཅེས་སོ། །གཉིས་པ་
དུས་ཀྱི་གནད་ནི། གནས་སྐབས་བཞི་དང་སྦྱར་ཏེ། གཞུང་ལས། དེ་ལ་དུས་ཀྱི་གནད་བཤད་པ། །གཉིད་དང་རྨི་ལམ་སྙོམ་འཇུག་དང་། །ཐ་མལ་དུས་དང་རྣམ་པ་བཞི། །ཞེས་པས། སེམས་ཅན་ཐམས་ཅད་གནས་སྐབས་བཞིའི་རྟོག་པ་ལས་མ་འདས་པས། འདི་ཡང་གཞི་ལམ་འབྲས་གསུམ་དང་སྦྱར་ན། སྦྱང་གཞི་གནས་སྐབས་བཞི་ལ། སྦྱང་བྱ་འཁྲུལ་པ་བཞི། དེ་སྦྱོང་བར་བྱེད་པ་ལ་ལམ་རིམ་པ་བཞི་དང་། ཕྱག་རྒྱ་བཞི། སྦྱང་འབྲས་སྐུ་བཞི་དང་། ཡེ་ཤེས་བཞི་འགྲུབ་སྟེ། དེ་ཡང་དང་པོ་ཆགས་པའི་གནས་སྐབས་སུ་ཚོགས་བརྒྱད་མ་འགག་པར་སོ་སོར་གསལ་བ་དང་། བདེ་བ་དང་། མི་རྟོག་པ་དང་ལྡན་ཞིང་། ཉོན་མོངས་པ་ནི་མེད་པའི་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་དེ་ཆོས་དབྱིངས་ཡེ་ཤེས་ཡིན་པར་ངོ་མ་ཤེས་ནས་བདེ་ཉམས་ལ་དུག་གསུམ་སྐྱེས་པའི་འཁྲུལ་པ་དེ། ལམ་གཏུམ་མོས་སྦྱོང་ཞིང་ལས་ཀྱི་ཕྱག་རྒྱ་བཅངས་པས། འབྲས་བུ་ཆོས་དབྱིངས་ཡེ་ཤེས་དང་ཡེ་ཤེས་ཀྱི་སྐུ་འགྲུབ་བོ། །
ཐ་མལ་གྱི་སྐབས་སུ་ཚོགས་དྲུག་གི་ཤེས་པ་ལ་ཡུལ་སྣང་བ་སྣ་ཚོགས་སེམས་ཀྱི་རང་འོད་སྣང་སྟོང་དབྱེར་མེད་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་པ་ངོ་མ་ཤེས་ནས། བླང་དོར་བྱས་པས་འཁྲུལ་པ་དེ། ལམ་སྒྱུ་ལུས་ཀྱི་སྦྱོང་ཞིང་ཆོས་དྲུག་སྐུ་ཕྱག་རྒྱས་བཅངས་པས། འབྲས་བུ་བྱ་བ་གྲུབ་པའི་ཡེ་ཤེས་དང་སྤྲུལ་སྐུ་འགྲུབ་བོ། །རྨི་ལམ་གྱི་གནས་སྐབས་སུ་ཉོན་ཡིད་རྣམ་རྟོག་དང་བཅས་པ་ལངས་ནས། རྩ་གནས་བརྒྱུད་དེ་རྨི་ལམ་གྱི་སྣང་བ་རང་སེམས་ཡིན་ཏེ། མཉམ་ཉིད་ཀྱི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་ཡིན་པར་མ་ཤེས་ནས། གཞན་དུ་ཞེན་པའི་འཁྲུལ་པ་དེ་རྨི་ལམ་གྱི་གདམས་པས་སྦྱང་ཞིང་སྤྲུལ་བསྒྱུར་བྱེད་པའི་ཡེ་ཤེས་ཀྱི་ཕྱག་རྒྱས་བཅངས་པས། འབྲས་བུ་མཉམ་པ་ཉིད་སོ་སོར་རྟོག་པའི་ཡེ་ཤེས་དང་ལོངས་སྐུ་འགྲུབ་བོ། །གཉིད་འཐུག་པོའི་གནས་སྐབས་སུ། ཀུན་གཞིའི་སྟེང་དུ་ཚོགས་དྲུག་མི་གསལ་བ་གཅིག་ཏུ་བསྡུས་པ། འོད་གསལ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཡང་ལྷན་ཅིག་སྐྱེས་པའི་
མ་རིག་པས་སྒྲིབ་པའི་འཁྲུལ་པ་དེ་ལམ་འོད་གསལ་གྱིས་སྦྱང་ཞིང་། ཕྱག་རྒྱ་ཆེན་པོས་བཅངས་པས། འབྲས་བུ་མེ་ལོང་ལྟ་བུའི་ཡེ་ཤེས་དང་ཆོས་ཀྱི་སྐུ་འགྲུབ་པར་བྱེད་དོ། །གསུམ་པ་ཡུལ་གྱི་གནད་ནི། གཞུང་ལས། ཡུལ་གྱི་གནད་ལ་རྣམ་གཉིས་ཏེ། །ཕྱི་དང་ནང་དུ་ཤེས་པར་བྱ། །ཕྱི་ཡི་སྣང་བ་དཀར་དམར་དང་། །ནང་དུ་འཁོར་ལོ་རྣམ་པ་བཞི། །ཞེས་པས། ཕྱི་རོལ་གྱི་སྣང་བའི་ཡུལ་དྲུག་སྒྱུ་ལུས་ཀྱི་ཡུལ། ནང་དུ་གཏུམ་མོ་འཁོར་གཅིག་པ་ནི། ཐ་མལ་གྱི་སྣང་བ་བསྡུས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་མེས་བཅངས་སོ། །ཆགས་པའི་གནས་སྐབས་སུ་འབར་འཛག་སྟེ་སྤྱི་བོའི་འཁོར་ལོར་བཅངས་པས་ཡུལ་དུ་བཤད་དོ། །རྨི་ལམ་གྱི་དུས་སུ་མགྲིན་པར་བཅངས་པའོ། །གཉིད་འཐུག་པོའི་དུས་སུ་སྙིང་ཁར་བཅངས་ཏེ། དེས་ན་འཁོར་ལོ་བཞི་ལ་ཡུལ་དུ་བཤད་དོ། །བཞི་པ་དམིགས་པའི་གནད་ནི། བཞི་པོ་རེ་རེ་ལ་ཡང་། མ་ཟིན་པ་ཟིན་པར་བྱེད། ཟིན་པ་བརྟན་པར་བྱེད་པ། བརྟན་པ་
བོགས་དབྱུང་བར་བྱེད་པ། རང་བཞིན་གཉུག་མར་འཇོག་པ་སྟེ་བཞིར་བཤད་དོ། །དེ་དག་ལག་ལེན་དུ་འབྱུང་ངོ་། །བཞི་པོའི་ངོས་འཛིན་ནི། དང་པོ་གཏུམ་མོ་ལ་གསུམ་སྟེ། རྫས་ཀྱི་གཏུམ་མོ། ནང་ལྷའི་གཏུམ་མོ། གསང་བ་རླུང་འཛིན་གྱི་གཏུམ་མོའོ། །དང་པོ་གཉིས་གོ་སླ་བས་འདིར་མ་བཤད་དོ། །ཕྱི་མ་འདི་ལ་བཞི་སྟེ། ཐིག་ལེ་ལ་བརྟེན་པ་ཙཎ་ཏྲ་ལིའི་གཏུམ་མོ། གཞན་ལུས་ལ་བརྟེན་པ་འདོད་ཆགས་ཀྱི་གཏུམ་མོ། རང་ལུས་ལ་བརྟེན་པ་དམིགས་པའི་གཏུམ་མོ། དེ་ཁོ་ན་ཉིད་ལ་བརྟེན་པ་ཡེ་ཤེས་ཀྱི་གཏུམ་མོའོ། །འདི་བཞི་པོ་གཅིག་ཏུ་དྲིལ་ནས་ཉམས་སུ་བླངས་པས། བདེ་གསལ་སྟོང་པའི་ཡེ་ཤེས་ཉམས་སུ་མྱོང་སྟེ། རིམ་ལྔའི་སེམས་དབེན་དང་ཡང་གནད་གཅིག་པས། མ་རིག་པའི་སྣང་མཆེད་ཐོབ་གསུམ་ཐོབ་ནས་ཡེ་ཤེས་ཀྱི་སྣང་མཆེད་ཐོབ་པའོ། །འདི་ལ་ཡང་གཉིས་ལས། དང་པོ་སྤང་བྱ་མ་རིག་པའི་སྣང་མཆེད་ཐོབ་གསུམ་ནི། རྐྱེན་བཞི་ལས་སྐྱེས་པའི་དབང་ཤེས་ལྔ་ལ་ཡུལ་སྣང་བ་དང་། སྣང་
བ་ཞེས་བྱ། དེ་ནས་ཤེས་པ་ཡུལ་ལ་མཆེད་པ་ལ་སྣང་བ་མཆེད་པ་ཞེས་བྱ། ཤེས་པ་ཡུལ་ལ་སྡུད་ཁ་ན་ནི་སྣང་བ་ཐོབ་པའོ། །དེ་གསུམ་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་ཡིན་པ་ཞེས་བྱའོ། །རྟོག་མེད་ཀུན་ཏུ་སྣང་བ་གསུམ་པོ་དེ་ལ་བརྟེན་ནས་རྟོག་བཅས་རང་བཞིན་བརྒྱད་ཅུའི་སྣང་བ་འབྱུང་སྟེ་དེ་ནི་སྤང་བྱའོ། །གཉིས་པ་གཉེན་པོ་ཡེ་ཤེས་ཀྱི་སྣང་མཆེད་ཐོབ་གསུམ་ནི། སྲོག་རྩོལ་དང་འཛིན་པ་ཐོབ་ནས་ལས་ཀྱི་ཕྱག་རྒྱ་དང་། སྦྱོར་བས་ཐིག་ལེ་འཕོ་བའི་བདེ་སྟོང་གི་ཡེ་ཤེས་ཀྱི་ཉམས་ཆུང་འབྲིང་ཆེ་གསུམ་སྐྱེས་ཏེ། ཐོག་མར་གཟུང་འཛིན་གྱི་རྟོག་པས། སྟོང་པའི་བདེ་སྟོང་གི་ཉམས་ཆུང་ངུ་སྐྱེས་པ་ནི་སྣང་བའི་ཡེ་ཤེས་ཞེས་བྱའོ། །དེའི་དུས་ཞེ་སྡང་ལས་གྱུར་པའི་རྟོག་པ་གསུམ་འགག་གོ །གཉིས་པ་གཟུང་འཛིན་གྱིས་རྟོག་པ་ཤིན་ཏུ་སྟོང་པའི་བདེ་སྟོང་གི་ཉམས་འབྲིང་སྐྱེས། དེ་ལ་སྣང་བ་མཆེད་པའི་ཡེ་ཤེས་ཞེས་བྱ། དེའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཅུ་འགག་
གོ །གསུམ་པ་གཟུང་འཛིན་གྱི་རྟོག་པ་ཤིན་ཏུ་ཆེར་སྟོང་པ་ནི། བདེ་སྟོང་གིས་ཉམས་ཆེན་པོར་སྐྱེས་པ་ནི། སྣང་བ་ཐོབ་པའི་ཡེ་ཤེས་ཞེས་བྱའོ། །དེའི་དུས་སུ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་གོ །ཡེ་ཤེས་དེ་གསུམ་ལ་ཡང་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་རྟོགས་པ་ཞེས་བྱའོ། །དེ་ནི་གཟུང་འཛིན་གྱི་རྟོག་པ་བརྒྱད་ཅུའི་སེམས་ཀྱིས་དབེན་པ་ནི་སེམས་དབེན་ཞེས་བྱའོ། །དེ་ནི་དཔེའི་ཡེ་ཤེས་དེའི་རྗེས་སུ་ཐིག་ལེ་འཕོ་བ་མེད་པའི་བདེ་སྟོང་གི་ཉམས་སྤྲོས་བྲལ་རྒྱུད་ལ་སྐྱེ་བའི་དོན་གྱི་ཡེ་ཤེས་ཏེ། སེམས་ཉིད་འོད་གསལ་མཐོང་བའོ། །དེས་ནི་གཏུམ་མོ་བདེ་དྲོད་རང་འབར་བཤད་ཟིན་ཏོ། །གཉིས་པ་སྒྱུ་ལུས་ཆགས་སྡང་རང་གྲོལ་ལ་གནད་ཀྱི་མན་ངག་བཞི་སྟེ། དཔེའི་སྒྱུ་ལུས་མེ་ལོང་ནང་གི་གཟུགས་བརྙན། དོན་གྱི་སྒྱུ་ལུས་རང་གི་ཕུང་པོ་ལྔ། སྒྱུ་ལུས་རང་གི་ངོ་བོ་སྣང་ལ་རང་བཞིན་མེད་པ། སྒྱུ་ལུས་བསྒོམ་པའི་དགོས་པ། འདི་རྨི་ལམ་ཟིན་པ་དང་སྣང་སྟོང་ཟུང་འཇུག་
གི་རྟོགས་པའོ། །གསུམ་པ་རྨི་ལམ་གཉིད་འཁྲུལ་རང་དག་ལ་གནད་ཀྱི་མན་ངག་བཞི་སྟེ། དཔེའི་རྨི་ལམ་རྨི་ལམ་གྱི་སྣང་བ། དོན་གྱི་རྨི་ལམ་ཐ་མལ་གྱི་སྣང་བ་འདི། རྨི་ལམ་རང་གི་ངོ་བོ་མེད་བཞིན་དུ་སྣང་བ། རྨི་ལམ་བསྒོམ་པའི་དགོས་པ་ནི། བར་དོར་ལུས་མི་ལེན་པར་ཟུང་འཇུག་གི་སྐུར་ལོངས་ནུས་པའོ། །བཞི་པ་འོད་གསལ་གཏི་མུག་རང་སངས་ལ་བཞི་སྟེ། དཔེའི་འོད་གསལ་ཤེས་རབ་ལ་བརྟེན་པའི་ཡེ་ཤེས། དོན་གྱི་འོད་གསལ་རྟོགས་པ་འོད་གསལ་ལ་ཐིམ་པའི་དུས་སུ། འོད་གསལ་རང་གི་ངོ་བོ་གསལ་ལ་རྟོག་པ་མེད་པ། འོད་གསལ་བསྒོམ་པའི་དགོས་པ་ནི། བར་མ་དོར་འོད་གསལ་ངོས་ཟིན་པས་སྲིད་པ་ཉིང་མཚམས་སྦྱོར་བ་མེད་པས་སྐྱེ་བ་གཞན་མི་ལེན་པའོ། །ལྔ་པ་འཕོ་བ་མ་བྷཻ་སངས་རྒྱས་ལ་བཞི་སྟེ། དཔེའི་འཕོ་བ་ཉམས་ཡོད་པ། དོན་གྱི་འཕོ་བ་ངེས་པར་འཕོ་བ། འཕོ་བ་རང་གི་ངོ་བོ་ནི་སངས་རྒྱས་སུ་གནས་འགྱུར་པའོ། །འཕོ་བ་བྱས་པའི་དགོས་པ་ནི། ལུས་ངག་ཡིད་གསུམ་
གྱི་འཁྲུལ་པའི་འཁོར་ལོ་གཅོད་དོ། །དྲུག་པ་བར་དོ་རྒྱལ་བ་ལོངས་སྐུ་ནི། སྒྱུ་ལུས་དང་། འོད་གསལ་དབྱེར་མེད་པ་ཟུང་འཇུག་གི་སྐུར་ལོངས་ནས་འགྲོ་དོན་མཛད་པའོ། །དེ་ཡང་སྣང་བ་སྒྱུ་མར་ཤེས་ན། རྨི་ལམ་སྒྱུ་མར་ཤེས། དེ་ཤེས་ན་བར་དོ་སྒྱུ་མར་ཤེས། དེ་ཤེས་ན་འོད་གསལ་ངོས་ཟིན། དེ་ཟིན་ན་ཟུང་འཇུག་གི་སྐུར་འགྲོ་ནུས་པས། རྗེ་ནཱ་རོ་པའི་སྒྱུ་མ་གསུམ་རྒྱུད་ཀྱི་གདམས་པ་འདི་ཉམས་སུ་ལེན་པ་གལ་ཆེའོ། །དེ་ལྟར་ཆོས་དྲུག་ཡོད་པའི་རྩ་བའི་གདམས་ངག་བཞིས། གནས་སྐབས་བཞིའི་འཁྲུལ་པ་སེལ་ཞིང་སྐུ་བཞི་རང་ལ་རྟོགས་པར་བྱེད་ཅིང་། ཚེ་འདིར་འབྲས་བུ་མ་ཐོབ་ན་ཡང་འཆི་ཁར་འཕོ་བ་དང་། བར་དོའི་གདམས་པས་མཚམས་སྦྱར་ནས་འབྲས་བུ་མངོན་དུ་བྱེད་པ་ཡིན་ནོ། །དེས་ན་དྲུག་པོ་དེ་ཡང་གཏུམ་མོ་ལམ་གྱི་གཞུང་ཤིང་ཡིན། སྒྱུ་ལུས་ལམ་གྱི་རྒྱབ་བསྐྱོར། རྨི་ལམ་ལམ་གྱི་ཚོད་འཛིན། འོད་གསལ་ལམ་གྱི་ངོ་བོ། འཕོ་བ་དང་བར་དོ་ལམ་གྱི་མཚམས་སྦྱོར་ཡིན། དེས་
ན་ལམ་གྱི་གཞུང་ཤིང་གཏུམ་མོ་འདི་གལ་ཆེ་བས་ཅུང་ཟད་རྒྱས་པར་བཤད་དགོས་པས། འདི་ལ་གསུམ་ཏེ། གཏུམ་མོ་ལ་སེམས་འཛིན་པ་དང་། སེམས་མ་ཟིན་ན་གཅུན་པའི་ཐབས་དང་། རྟགས་དང་ཡོན་ཏན་འབྱུང་ཚུལ་ལོ། །དང་པོ་ལ་བཞི་ཏེ། མ་ཟིན་པ་ཟིན་པར་བྱེད་པ་དང་། ཟིན་པ་བརྟན་པར་བྱེད་པ་དང་། བརྟན་པ་བོགས་དབྱུང་བ་དང་། རང་བཞིན་གཉུག་མར་འཇོག་པའོ། །དང་པོ་སེམས་མ་ཟིན་པ་ཟིན་པར་བྱེད་པ་ནི། རྩ་རླུང་ཐིག་ལེ་གསུམ་སྦྱང་བ་སྟེ། དེའི་རྒྱུ་མཚན་ཡང་། ཁམས་དྲུག་ཚང་བའི་མི་ལུས་འདིའི་རྒྱུ། ས། ཆུ། མེ། རླུང་། ནམ་མཁའ་དང་ལྔ་ལ་བརྟེན་ཅིང་། རྐྱེན་མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པའི་བག་ཆགས་ཀྱིས་འབྲས་བུ་ཆེན་པོའི་ལུས་ཕུང་པོ་ཁམས་སྐྱེ་མཆེད་རྩ་རླུང་ཐིག་ལེའི་བདག་ཉིད། སོ་སེན་མོ་བ་སྤུའི་མཐར་ཐུག་པ་ཅན་དུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་ལུས་ནི་འབྱུང་བ་ལ་བརྟེན། འབྱུང་བ་ནི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ལ་
བརྟེན། རྩ་ཡང་སྲོག་གི་རླུང་ལ་བརྟེན། རླུང་ཡང་ཡིད་དང་ཐིག་ལེ་ལ་བརྟེན་པ་སྟེ། དེའི་ཕྱིར་རྩ་མ་དག་ན་རླུང་མི་དག །རླུང་མ་དག་ན་ཐིག་ལེ་མི་འཆང་། ཐིག་ལེ་འཛག་མེད་མ་བཅངས་ན། ཡེ་ཤེས་དག་པར་མི་འགྱུར་བའི་ཕྱིར་རོ། །ཡང་རྩ་དག་ན་རླུང་ཟིན། རླུང་ཟིན་ན་ཐིག་ལེ་འཛག་མེད་ནུས། དེ་ནུས་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པས། རྩ་རླུང་ཐིག་ལེའི་གནད་འཆང་བ་གལ་ཆེ་སྟེ། གསང་འདུས་ལས། ལུས་ལ་རྩ་གནས་རྩ་ནང་ན། །བྱང་སེམས་གནས་པ་དེ་ཞུ་ནས། །བདེ་སྟོང་ཡེ་ཤེས་འཁོར་ལོ་འབར། །དེ་ཕྱིར་བྱང་སེམས་འདུས་པ་ལ། །གཏུམ་མོ་ཉིད་ནི་གཅེས་པ་ཡིན། །ཞེས་སོ། །ད་ནི་རྩ་རླུང་ཐིག་ལེའི་གནད་འཆང་བ་ལ་རིམ་པ་བཞི་སྟེ། རྩ་རི་རབ་ཀྱི་ལོགས་ལ་སྦ་བ་དང་། རླུང་དཔག་བསམ་གྱི་ཤིང་ལ་སྦ་བ་དང་། ཐིག་ལེ་གསང་བའི་དཀྱིལ་འཁོར་དུ་སྦ་བ་དང་། སེམས་སྐྱེ་མེད་ཀྱི་ཀློང་དུ་སྦ་བའོ། །དང་པོ་ལ་གཉིས་ཏེ། གོ་བར་བྱ་བ་དང་། ཉམས་སུ་ལེན་པའོ། །དང་པོ་གོ་བར་བྱ་བ་ནི། གནས་
པའི་རྩ་ལུས་ལ་སྐྲ་ཤད་འཛིངས་པ་ལྟར་ཁྱབ་པར་གནས་སོ། །གྲངས་སུ་བརྗོད་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས། བསྒོམ་པར་བྱེད་པའི་རྩ་འཁོར་ལོ་བཞི་ལ་བརྒྱ་ཉི་ཤུ་དགུ། གཙོ་བོར་གྱུར་བའི་རྩ་རོ་མ་དང་། རྐྱང་མ་དང་། ཀུན་འདར་མའོ། །གཉིས་པ་ཉམས་ལེན་ནི། རྩ་རི་རབ་ཀྱི་ལོགས་ལ་སྦ་བ་དངོས་ནི། ལུས་བསམ་གཏན་གྱི་ཆོས་དྲུག་དང་ལྡན་པ། ལུས་ཀྱི་ནང་སྟོང་ངེ་བ་ཁྲུ་མ་ཕུས་བཏབ་པ་ལྟ་བུའི་སྟོང་ར་སྦྱངས་ནས། ལུས་ཀྱི་དབུས་དྲང་པོ་ན། རྩ་གསུམ་ཁང་སྟོང་གི་ཀ་བ་ལྟར་འདུག་པ། དེ་ཡང་དབུ་མ་སྤྱི་བོ་ཚངས་བུག་ནས་གསང་བའི་བར་དུའོ། །གཡས་རོ་མ། གཡོན་རྐྱང་མ་གཉིས། མར་སྣེ་སྤུ་ནི་གུའི་མཚམས། ལྟེ་འོག་སོར་བཞི་ཙམ་ནས་རྩ་གསུམ་འདུས་པ་དབུ་མ་དང་ནང་གཅིག་ཏུ་གྱུར་པ། ཕྲ་སྦོམ་ནི་གྲོ་སོག་ཙམ། སྨྱུག་མ་ཙམ་ཡིད་ལ་གང་གསལ། ཁ་དོག་ནི་བཤད་པ་ལ། གཡས་དམར། གཡོན་དཀར། དབུས་སྔོན་པོར་བསྒོམ་ཟེར་ཏེ། གང་རུང་ཞིག་ཏུ་བསྒོམ་སྟེ།
དཀར་བ། དྲང་བ། སྟོང་པ། གསལ་བ་སྟེ། མཚན་ཉིད་བཞི་ལྡན་ལ་སེམས་མ་ཟིན་གྱི་བར་དུ་སྦྱང་སྟེ། རོ་རྐྱང་གཉིས་གཟུང་འཛིན་གྱིས་རྩ་ཡིན་པས་འཁོར་བ་རྒྱས་པར་བྱེད། དབུ་མ་མྱང་འདས་ཀྱི་རྩ་ཡིན་པས་མི་རྟོག་ཡེ་ཤེས་རྒྱས་པར་བྱེད་པས། རྩ་རོ་རྐྱང་གཉིས་དབུ་མ་ལ་འཇུག་པའི་གནད་མིག་འབྲས་མི་འགུལ། རྫི་མ་མི་གཡོ་བར་ཐད་ཀར་ཅེ་རེར་བཞག་པ་གལ་ཆེ་སྟེ། གསང་འདུས་ལས། དེ་ལྟར་གཡས་གཡོན་མར་སྣེ་གཉིས། །དྷུ་ཏིའི་སྒོར་ཚུད་ཡོན་ཏན་ནི། །རྩ་རླུང་གསོ་བའི་དྷུ་ཏིའི་རླུང་། །ཚུད་པས་ཕྱག་རྒྱ་ཆེན་པོ་འཆར། །དེ་བཞིན་དྷུ་ཏིར་རླུང་ཚུད་ཚེ། །རྟོག་པ་རང་འགག་ཡེ་ཤེས་འཆར། །དེ་ཕྱིར་ཨ་ཝ་དྷུ་ཏི་ནི། །མི་རྟོག་ཆོས་དབྱིངས་ཡེ་ཤེས་རྩ། །ཞེས་གསུངས་སོ། །རླུང་དཔག་བསམ་གྱི་ཤིང་ལ་སྦ་བ་ལ་གཉིས་ཏེ། གོ་བར་བྱ་བ་དང་། ཉམས་སུ་ལེན་པའོ། །དང་པོ་ནི། རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་ལ་སོགས་པ་ཡོད་ཀྱང་། རླུང་འབྱུང་འཇུག་གནས་གསུམ་ཁུག་པ་གཅིག་ཏུ་བྱེད་པས།
ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དེའི་ཁ་ནས་ཡེ་ཤེས་ཀྱི་རླུང་དྲུག་བརྒྱ་བདུན་ཅུ་རྩ་ལྔ་ཡོད། དུས་སྦྱོར་བཅུ་གཉིས་ཀྱི་འཕོ་བ་རེ་རེ་ལ་རླུང་སྟོང་དང་བརྒྱད་བརྒྱ། དེའི་ནང་ནས་ཡེ་ཤེས་ཀྱི་རླུང་ལྔ་བཅུ་ང་དྲུག་དང་བཞི་ཆ་གཅིག་ཡོད། འཕོ་ཆུང་རེ་ལ་ལས་རླུང་སུམ་བརྒྱ་དྲུག་ཅུ་ཡོད། དེའི་ཁ་ནས་ཡེ་ཤེས་ཀྱི་རླུང་བཅུ་གཅིག་དང་། གཅིག་ཆ་གཅིག་ཡོད་པ་ལ་ལས་རླུང་ཐམས་ཅད་རྟོག་བཅས་ཀྱི་རླུང་ཡིན་པས། རླུང་བཟུང་ལ་དབུ་མར་བཙུད་ཅིང་རྒྱུ་བ་མེད་པ་ཡེ་ཤེས་ཀྱི་རླུང་དུ་བསྒྱུར་རོ། །རྒྱུན་པར་རླུང་དབུ་མར་ཚུད་ན། ལོ་གསུམ་དང་ཕྱོགས་(ཞག་)གསུམ་ན་སངས་རྒྱས་པར་སྤྱན་རས་གཟིགས་ཀྱི་དུས་འཁོར་དུ་གསུངས་པས་དགོས་པ་ཆེའོ། །གཉིས་པ་ཉམས་སུ་ལེན་པ་ནི། རླུང་དཔག་བསམ་གྱི་ཤིང་ལ་སྦ་བ་དངོས་ནི། རྔུབ་པ་དང་། དགང་བ་དང་། གཞིལ་བ་དང་། མདའ་ལྟར་འཕང་བ་སྟེ། མཚན་ཉིད་བཞི་ལྡན་ཞེས་པ། དང་པོ་ལན་མང་དུ་འབུད་པ་ནད་དང་སྡིག་སྒྲིབ་ཐམས་ཅད་དག་
པར་བསམ། དེ་ནས་ཁ་བཙུམས་ནས་སྣ་བུག་གཉིས་ནས་སྒྲ་ཆུང་ངུ་བ་དལ་ལ་རིང་བ་རན་ཚོད་ཅིག་བརྔུབས་ཏེ། སྟེང་རླུང་ཆ་གསུམ་གནོན་ཞེས་པ་སྟེ། ལྟེ་བར་ནོན་པར་བྱ། དགང་བ་ནི། འོག་རླུང་ཧྲིལ་གྱིས་འཐེན་ནས་སྟེང་འོག་ཁ་སྦྱར་ལ། ལྟེ་བ་ཐེར་གྱི་བྱ་ལ། རྒྱུ་བ་མེད་པར་དབུ་མ་ལ་བཞག །གཞིལ་བ། རང་ལུགས་ལ་ཀློད་ལ་བ་སྤུ་ནས་རླུང་རྣམས་སིབ་སིབ་སོང་བར་བསམ། དེ་ནི་རླུང་བུམ་པ་ཅན་གྱི་སྦྱོར་བའོ། །མདའ་ལྟར་འཕངས་པ་ནི། སྐབས་སུ་ཚངས་བུག་ཏུ་སྔོ་ཕྱུར་ཕྱུར་སོང་བར་བསམ་སྟེ། མང་ན་འཕོ་བ་དང་འདྲ་བས་མང་དུ་མི་བྱའོ། །བུམ་པ་ཅན་དེ་ཡང་ཇི་སྲིད་མགོ་མ་ན་བའི་བར་བྱའོ། །དེ་བས་ལྷག་པར་བྱས་ན་འཆི་བའི་འཇིགས་པ་འབྱུང་བས། ཡང་ཕབ་ལ་དབྱུང་བ་བྱས་ཏེ་བསམ་གཏན་ལ་གནས་པར་བྱའོ། །རླུང་བུམ་པ་ཅན་གྱི་ཚད་ནི། དུས་སྦྱོར་གཅིག་དང་། གསུམ་དང་། དྲུག་དང་། དགག་པར་ནུས་ན་ཆུང་འབྲིང་ཆེ་གསུམ་གྱི་ཚད་དོ། །གསུམ་པ་ཐིག་ལེ་གསང་བའི་དཀྱིལ་འཁོར་
དུ་སྦ་བ་ལ་གཉིས་ཏེ། གོ་བར་བྱ་བ་དང་། ཉམས་སུ་ལེན་པའོ། །དང་པོ། སྤྱིར་ཐིག་ལེ་གསུམ་ཡོད་པ་ལས། དང་པོ་འགྱུར་བ་མེད་པའི་ཁྱད་ཆོས་གཉིས་ཀྱི་ཐིག་ལེ་ནི་གཞིར་གནས་ཀྱི་རིག་པ་ཡེ་ཤེས་སུམ་ལྡན་ཡིན་ལ། དེ་ཡང་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་པ་མེད་པ་སྐུ་གསུམ་དུ་བཞུགས་ནས་ཡོད་པའོ། །གཉིས་པ་བདེ་ཆེན་སྤྲོས་བྲལ་གྱི་ཐིག་ལེའི་དོན་ནི། རྫས་ཀྱི་ཐིག་ལེ་སྦྱང་བ་ལ་བརྟེན་ནས། བདེ་སྟོང་གཉིས་སུ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བའོ། །གསུམ་པ་ཁམས་ལྔ་རྫས་ཀྱི་ཐིག་ལེ་འདི་ལ། དབབ་པའི་ཐིག་ལེ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་ཀྱང་། དེ་རྣམས་ཀྱི་དྭངས་མ་ཕ་ལས་ཐོབ་པའི་ཟླ་བ་བྱང་ཆུབ་ཀྱི་སེམས་སྤྱི་བོ་ན་ཡོད། མ་ལས་ཐོབ་པའི་ཉི་མ་བྱང་ཆུབ་ཀྱི་སེམས་ལྟེ་བ་ན་ཡོད་ཅིང་། དེ་གཉིས་ཀྱིས་གནད་འཆང་བས། བདེ་ཆེན་སྤྲོས་བྲལ་ཡེ་ཤེས་རྟོགས་པར་འགྱུར་བས་དེ་འཆང་བར་བྱེད་དོ། །གཉིས་པ་ཉམས་སུ་ལེན་པ་ནི། ཐིག་
ལེ་གསང་བའི་དཀྱིལ་འཁོར་དུ་སྦ་བ་ནི། སྨིན་ཕྲག་ནས་རྩ་གནས་གྲུ་གསུམ་པ་ཡར་ཚངས་བུག་དང་འབྲེལ་བ་གཅིག་བྷཻ་སྟེ། གྲུ་གསུམ་དེའི་ནང་དུ་རླུང་སེམས་ཀྱི་ངོ་བོ་ནི་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་སྲན་མ་འབྲིང་པོ་ཙམ་གཅིག་བྷཻ། དེ་གསལ་ནས་སེང་སྒྲ་དང་བཅས་པར་ཚངས་བུག་ཏུ་སོང་བར་བསམས་ལ་དེར་སེམས་བཟུང་། ཡང་དབུ་མ་བརྒྱུད་ན་མར་འདྲིལ་ནས་གསང་བའི་རྩ་བའམ་རྩེ་མོར་བསམས་ལ་སེམས་བཟུང་། རླུང་དང་བསྟུན་ལ་བྷཻ་བས། དམིགས་པ་གར་གཏད། ཟིན་པ་དང་བདེ་བར་མངོན་སུམ་དུ་སྣང་བའི་བར་བྷཻ། འཕྲོ་འཇོག་ཙ་ན་སྨིན་ཕྲག་ཏུ་བསྡུའོ། །དེ་རྣམས་ནི་སྦྱང་བ་གསུམ་ཞེས་བྱ་སྟེ། ངོ་བོ་རྣམ་རྟོག་ཟིན་པ་ཡིན། སེམས་མི་རྟོག་པ་ཟིན་ན་རླུང་ཟིན། དེས་ཁྲག་དྲོས་ནས་དྲོད་སྐྱེས། དེས་བདེ་བ་སྐྱེས། བདེ་བ་ལ་མི་རྟོག་པའི་བསམ་གཏན་སྐྱེ་བ་ཡིན་ནོ། །བཞི་པ་ཆོས་ཉིད་ཀྱི་ཀློང་དུ་སྦ་བ་ལ་གཉིས་ཏེ། གོ་བར་བྱ་བ་དང་། ཉམས་སུ་ལེན་པའོ། །དང་པོ་ནི། སེམས་ཀྱི་
གནད་སེམས་ལ་འབྱུང་བ་ལྔ་བཅུ་རྩ་གཅིག་གམ། རང་བཞིན་བརྒྱད་ཅུའི་སེམས་དང་། སེམས་ཀྱི་ངོ་བོ་རྣམ་པར་ཤེས་པ་ཚོགས་བརྒྱད། སེམས་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་སོ། །སེམས་ཀྱི་རང་བཞིན་ནི། ཚོགས་བརྒྱད་ཀྱི་རང་ངོ་ཡེ་ཤེས་བཞིར་ཞུགས་པའོ། །གཉིས་པ་ཉམས་སུ་ལེན་པ་སེམས་རྟོག་པ་ཆོས་ཉིད་ཀྱི་ཀློང་དུ་སྦ་བ་ནི། གཟུང་བའི་ཡུལ་ལ་རང་བཞིན་མེད། འཛིན་པའི་སེམས་རང་བཞིན་མེད་དེ། དཔྱོད་བྱེད་ཀྱི་ཤེས་པ་རང་སར་གྲོལ་བའི་ངང་ནས་བློ་མ་བཅོས་པར་རིག་པ་ཆོས་ཉིད་ཀྱི་ཀློང་དུ་བསྒྱུར་ནས་བློ་གཞན་དུ་མེད་པའི་ཚུལ་གྱིས་རིག་པ་གསལ་ས་ལེ་ཧྲིག་གེ་སེང་ངེར་མ་བཅོས་གཉུག་མའི་ངང་ལ་བཞག་གོ །དེ་ཡང་སོ་མ་ཤོར་ཙམ་གྱི་དྲན་པ་ཡུད་དེ་ཡོད་པའོ། །དེ་ལྟར་རྩ་རླུང་ཐིག་ལེ་སེམས་ཀྱི་གནད་འཆང་བས། ལམ་ལས་སུ་རུང་བའི་རྟགས་བཞི་དང་། དབང་ཐོབ་པའི་རྟགས་བཞི་འབྱུང་སྟེ། རྩ་ལས་སུ་རུང་བས་གང་དུ་བསྡད་ཀྱང་མི་དང་ཌ་ཀི་འདུ། རླུང་ལས་
སུ་རུང་བས་ལུས་ཤིང་བལ་བས་ཡང་། ཐང་ཤིང་གི་རྩེ་ལ་བསྡད་ཀྱང་ཆགས། ཐིག་ལེ་ལས་སུ་རུང་ན། ནང་དུ་ཐིག་ལེ་འཕོ་བ་མེད་པར་དབང་ཐོབ་པས་དངུལ་ཆུ་ཞུན་མ་ལྟ་བུའི་ཉམས་ཡོད་པས་ཕྱི་རོལ་ཏུ་རྡོ་ལ་སོགས་པ་ཟ་བར་ནུས། སེམས་ལས་སུ་རུང་བས་སྣང་བ་བདེ་སྟོང་གང་དུ་ཡང་བསྒྱུར་ནུས་སོ། །སེམས་ལ་དབང་ཐོབ་པས་རིག་པ་གར་གཏད་དུ་གནས། རླུང་ལ་དབང་ཐོབ་པས་མ་བྷཻ་ཡང་དྲོད་རང་ཤུགས་ཀྱི་སྐྱེ། རྣམ་ཤེས་ལ་དབང་ཐོབ་པས། རིངས་(རེངས་)པའི་ལྟ་སྟངས་ཀྱིས་རི་དྭགས་ལ་སོགས་པ་བལྟས་པ་ཙམ་གྱིས་རིངས་(རེངས་)པར་ནུས་སོ། །ཡེ་ཤེས་ལ་དབང་ཐོབ་པས། བསད་པ་གསོ་བར་ནུས་པ་དང་། ལྷའི་དཀྱིལ་འཁོར་གཞན་ལ་སྟོན་ནུས་པའོ། །དེ་ཡན་ཆད་ཀྱི་སྦྱང་བ་བཞི་པོ་ནི་སེམས་མ་ཟིན་པ་ཟིན་པར་བྱེད་པའི་ཐབས་སོ། །གཉིས་པ་ཟིན་པ་བརྟན་པར་བྱེད་པ་གཏུམ་མོ་བྷཻ་བར་བྱེད་པ་ལ་བཞི་སྟེ། ཐིག་ལེ་བརྟན་པ་ཙཎ་ཌ་ལིའི་གཏུམ་མོ་དང་། གཞན་ལུས་ལ་བརྟེན་པ་འདོད་
ཆགས་ཀྱི་གཏུམ་མོ་དང་། རང་ལུས་ལ་བརྟེན་པ་དམིགས་པའི་གཏུམ་མོ་དང་། དེ་ཁོ་ན་ཉིད་ལ་བརྟེན་པ་ཡེ་ཤེས་ཀྱི་གཏུམ་མོའོ། །(དང་)པོ་ཙཎ་ཌ་ལིའིགཏུམ་མོ་བྷཻ་བ་ནི། ལུས་གནད་སྔོན་འགྲོ་རྣམས་སོང་ནས། བྷཻ་བའི་གནས་ནི། ལྟེ་བའི་ལྐོག་གསང་བའི་སྟེང་། རྒྱུ་ཞབས་གཉེར་པོ་ཆེའི་ཐད། རྩ་གསུམ་འདུས་པའི་མདོར། གཏུམ་མོ་ཨ་ཐུང་གི་ངོ་བོ་ཐིག་ལེ་རྣམ་པ་མེ། ཁ་དོག་དམར་ཞིང་། རེག་བྱ་ཚ་བ། བདེ་བ་དང་ལྡན་པར་བསམ་ལ། དེ་ལ་སེམས་ཟིན་པ་དང་། མེ་ཁབ་ཙམ་འབར་བར་བསམ། དེ་ལ་གསལ་ན། མར་མེ་སོར་གཉིས་པ་དང་། སོར་བཞི་ཙམ་ལ་སེམས་བཟུང་། དེས་དྲོད་དང་བདེ་གསལ་མི་རྟོག་པའི་ཉམས་སྐྱེས། སྔར་སྐྱེས་པ་ཡང་བརྟན་པར་བྱེད་དོ། །གསུམ་པ་བརྟན་པ་བོགས་འབྱིན་པར་བྱེད་པ་ལ་གསུམ་སྟེ། དྲོད་ཀྱི་བོགས་འདོན་པ་དང་། བདེ་བའི་བོགས་དང་། མི་རྟོག་པའི་བོགས་འདོན་ནོ། །དང་པོ་དྲོད་ཀྱི་བོགས་འདོན་པ་ནི། གོང་ལྟར་བསྒོམས་ཀྱང་དྲོད་མ་སྐྱེས་
ན། མེ་ཆེར་བསྐྱེད་ལ་བྷཻ་སྟེ། ཨ་ཐུང་ལ་མེ་དྲག་ཏུ་བྱུང་བས། ལྟེ་བ་མན་ཆད་མེས་ཁྱབ་པར་བསྒོམ། དེ་བརྟན་ནས་སྙིང་ཁ་མན་ཆད། དེ་བརྟན་ནས་མགྲིན་པ་མན་ཆད། དེ་བརྟན་ནས་ལུས་ཐམས་ཅད་དུ་མེས་ཁྱབ་པར་བྷཻའོ། །དེ་ལྟར་དམིགས་པ་དང་། འཁྲུལ་འཁོར་དང་ཁ་ཟས་བཟང་དུ་བྱས་པས་དྲོད་སྐྱེའོ། །གཉིས་པ་བདེ་བའི་བོགས་འདོན་ལ། ལྟེ་བའི་ཨ་ཐུང་ལ་མེ་སོར་བརྒྱད་པ་འབར་ཏེ། སྤྱི་བོའི་ཚངས་བུག་ཏུ་ཐིག་ལེའི་རང་བཞིན་ཧཾ་དཀར་པོ་མགོ་ཐུར་དུ་བསྟན་པ་ལ། ཐིག་ལེ་ཡུངས་དཀར་ཙམ་གཅིག་ཟག་ནས་བྱུང་བས་མེ་ལ་ཕོག་པས་བདེ་དྲོད་འབར། དེ་ནས་ཧཾ་ལ་ཐིག་ལེའི་རྒྱུན་རྟ་རྔ་ཙམ་ཞིག་བབས་ཤིང་མེ་དང་འདྲེས་བས། བདེ་སྟོང་ལ་སེམས་བཟུང་། བདེ་བ་མི་ཐུབ་སྙམ་བྱེད་ན། བཟློག་ལ་གྲམ་པའི་སྦྱོར་བ་བྱའོ། །འདི་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དོན་ལ་ནང་དུ་ཐིག་ལེ་དཀར་དམར་འདྲེས་པའི་བདེ་བ་ནི། ཕྱི་ལུས་ཀྱི་ཕྱག་རྒྱའི་བག་ཆགས་སྦྱང་བའི་དོན་ནོ། །དེ་རྣམས་ཀྱིས་བདེ་དྲོད་
བསྐྱེད་ཀྱང་། རྣམ་པར་མི་རྟོག་པའི་ཡེ་ཤེས་མ་སྐྱེས་ན། དེ་བསྐྱེད་པར་བྱེད་པ་ལ་ཕྱག་རྒྱ་གསུམ་གྱིས་མེས་ཐིག་ལེ་འཆང་ཞིང་བསྐྱེད་དགོས་པའོ། །གསུམ་པ་མི་རྟོག་པའི་བོགས་འདོན་ཕྱག་རྒྱ་ལ་གསུམ་སྟེ། དང་པོ་གཞན་ལུས་ལ་བརྟེན་པ་འདོད་ཆགས་ཀྱི་གཏུམ་མོ་ནི། ལས་ཀྱི་ཕྱག་རྒྱ་སྟེ། རྡོ་རྗེ་འཆང་གི་གནང་བ་ཐོབ་པ། ཐ་མལ་གྱི་ཞེན་པ་དང་བྲལ་ཞིང་། འདུ་ཤེས་གསུམ་དང་ལྡན་པ། ཟབ་མོའི་དམིགས་པ་རླུང་སེམས་ལས་སུ་རུང་བ། བདེ་གསལ་མི་རྟོག་སྟོང་པའི་ཡེ་ཤེས་ངོས་ཟིན་ཅིང་སྟོང་ཉིད་ཀྱི་རྒྱས་ཐེབས་པའོ། །གཉིས་པ་རང་ལུས་ལ་བརྟེན་པ་དམིགས་པའི་གཏུམ་མོ་ནི། ཀུན་བཏགས་ཡེ་ཤེས་ཕྱག་རྒྱ་ཡིན་པས། དེ་ཡང་བློའི་ཡུལ་དུ་ཤེས་པ། རང་རིག་སེམས་སུ་ཤེས་པ། དེ་ཁོ་ན་ཉིད་ཉམས་སུ་མྱོང་བ། བདེ་གསལ་མི་རྟོག་སྟོང་པའི་ཡེ་ཤེས་ཀྱི་ཉམས་ལ་ཆོས་ཉིད་ཀྱི་རྩིས་ཟིན་པའོ། །གཞན་ལུས་དང་རང་ལུས་གང་ལ་བརྟེན་ན་ཡང་བསྐྱིལ་བཟློག་དགྲམ་པའི་སྦྱོར་བ་གལ་
ཆེའོ། །དེ་ལྟར་བྱས་པས་རྩ་འཁོར་ལོ་བཞི་ལ་མར་དབབ་པའི་དགའ་བ་བཞི་དང་། ཡར་ལ་གྱེན་དུ་ལོག་པའི་དགའ་བ་བཞིའི་ཉམས་སྐྱེས་ཏེ། བདེ་བ་ཉམས་སུ་མྱོང་བ་ནི་དགའ་བ་དང་། དེས་རྣམ་རྟོག་རགས་པ་བཅོམ་པ་མཆོག་དགའ། བདེ་སྟོང་དོན་ལ་རྟོག་བྲལ་མ་འཁྲུལ་བ་རྟོགས་པས་ན་ལྷན་ཅིག་སྐྱེས་པའི་དགའ་བ། བདེ་སྟོང་དབྱེར་མེད་དུ་གྱུར་ནས། བདེ་བ་འདོད་པའི་ཞེན་པ་འགག་པ་དགའ་བྲལ་ལོ། །འདི་ལ་སྐད་ཅིག་མ་བཞི་ཡང་ཟེར། དགའ་བ་བཞི་ནི། ཇི་སྲིད་བདེ་བ་འཚོལ་བའི་རྣམ་རྟོག་དང་ནི་མ་བྲལ། བདེ་བའི་ཉམས་མྱོང་ནི་ཡོད་པའོ། །དེ་ལ་རྣམ་པ་སྣ་ཚོགས་པའི་སྐད་ཅིག་ཅེས་ཀྱང་བྱའོ། །མཆོག་དགའ་ནི། བདེ་བ་ལ་ཞེན་པའི་རྣམ་རྟོག་ནི་ཡོད་ལ། དེའི་དུས་ཀྱི་ཁ་ནང་བལྟས་ཀྱིས་ཉམས་སུ་མྱོང་བའོ། །དེ་ལ་རྣམ་པར་སྨིན་པའི་སྐད་ཅིག་མ་ཞེས་ཀྱང་བྱའོ། །ལྷན་ཅིག་སྐྱེས་པའི་དགའ་བ་ནི། དགའ་བྲལ་གྱི་གོང་དུ་ཁ་ཕྱིར་བལྟས་ཀྱི་རྟོག་པ་ཐམས་ཅད་ནུབ་པའི་བདེ་བ་ཉམས་སུ་མྱོང་བའོ། །
འདི་ལ་མཚན་ཉིད་དང་བྲལ་བའི་སྐད་ཅིག་མ་ཞེས་ཀྱང་བྱའོ། །དགའ་བྲལ་ནི། སྔགས་ཀྱི་དོན་ལ་འཇལ་རྟོག་སྤྱོད་པའི་དུས་བདེ་བ་ཉམས་སུ་མྱོང་བའོ། །དེ་ལ་རྣམ་པ་མེད་པའི་སྐད་ཅིག་མ་ཞེས་ཀྱང་བྱའོ། །དེས་དུག་གསུམ་གྱི་རྟོག་པ་བརྒྱད་ཅུ་མི་རྟོག་པའི་ཡེ་ཤེས་ལ་ཐིམ། ཤེས་བྱ་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གཏན་ལ་ཕབ་པའོ། །གསུམ་པ་དོན་དམ་ལ་བརྟེན་པ་ཡེ་ཤེས་ཀྱི་གཏུམ་མོ་ནི་ཕྱག་རྒྱ་ཆེན་པོ་སྟེ། འདི་ལ་གཉིས། གོ་བར་བྱ་བ་དང་། ཉམས་སུ་ལེན་པའོ། །དང་པོ་ནི། དཔེའི་ཡེ་ཤེས་ལ་བརྟེན་ནས་དོན་གྱི་ཡེ་ཤེས་སྐྱེས་པ་དེ་ཡིན་ཏེ། དེ་ཡང་ཁ་དོག་དང་། དབྱིབས་དང་། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། བདེ་བ་ཉམས་སུ་མྱོང་ཡང་ངོ་བོ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པར་གཞོན་ནུའི་བདེ་བ་མྱོང་བ་ལྟ་བུ། ཐབས་སྣ་ཚོགས་དབྱིངས་སུ་ཡལ་བ་དུས་མཐའི་མེས་བསྲེག་པ་ལྟ་བུ། དངོས་པོ་གང་ཡང་མ་གྲུབ་པ། རང་བཞིན་བསམ་དུ་མེད་པ་མ་མཐོང་བའི་
དངོས་པོ་ལྟ་བུའོ། །གཉིས་པ་ཉམས་སུ་ལེན་པ་ནི། ལྟ་བ་དེ་ཡུལ་དུ་བྱས་ནས་བདེ་གསལ་སྟོང་པའི་ཡེ་ཤེས་དེ་བློ་མཚན་མ་མེད་པའི་ངང་ནས་ཡང་ཕྱ་ལེར་བཞག་པ་བསྒོམ་མོ། །དེ་གསུམ་ནི་མི་རྟོག་པའི་བོགས་འདོན་ནོ། །དེ་ཡན་ཆད་བརྟན་པ་བོགས་འདོན་པའོ། །བཞི་པ་རང་བཞིན་གཉུག་མར་འཇོག་པ་ནི། དོན་གྱི་ཡེ་ཤེས་ཡུལ་དུ་བྱས་ནས་བློ་གཟུང་འཛིན་གྱི་རྒྱུ་བ་བཅད། རིག་པ་ཆོས་ཉིད་ཀྱི་ཀློང་དུ་བསྒྱུར་ལ། རིག་པ་དགའ་ཡ་ལེ། བདེ་ལྟེམ་མེ། རྗེན་ཧྲིག་གེ དྭངས་སང་ངེར་བཞག་པར་བྱའོ། །རིག་པ་རྣོ་ངར་དང་ལྡན་པས། ཏོལ་སྐྱེས་རྩ་བ་བཅད་ནས་འགྱུ་དྲན་ཡེ་ཤེས་སུ་བསྒྱུར་ལ་བཞག་གོ །རྗེས་ཐོབ་ཀྱི་སྣང་བ་འདི་རྣམས་ནི། ཀུན་བཏགས་མེད་དགག་འབའ་ཞིག་ཡིན་པས་སྣང་སྟོང་ཟུང་འཇུག་ཡིན། གང་གི་གཞན་དབང་ཡིན་སེམས་ནི། དེ་རིག་སྟོང་ཟུང་འཇུག་ཡིན་ཀྱང་ཟུང་འཇུག་བྱ་བའི་མཐའ་ལ་ཡང་བློ་མི་གནས་ཏེ། སེམས་མཚན་མ་མེད་པའི་ངང་ནས་ཡང་ཕྱ་ལེར་བཞག་གོ །དེ་ལྟར་
ན་དབུ་མ་རབ་ཏུ་མི་གནས་པའི་ལྟ་བ་དང་མཐུན་ནོ། །ཞེ་ན། སྔགས་ནི་ལྟ་བ་དབུ་མ་པ་ལས་ཡར་མཐོར་འགྲོ་བ་མེད་ཀྱང་ཐབས་ཀྱིས་ཁྱད་དུ་འཕགས་པ་ཡིན་ནོ། །དེ་ལྟར་བྷཻ་བས། བདེ་གསལ་མི་རྟོག་སྟོང་པའི་ཉམས་བཞི་སྐྱེས་ཏེ། བདེ་བ་མྱོང་བ་ལ་སྨྲ་མི་ཤེས་པ་གཞོན་ནུ་མའི་བདེ་བ་ལྟ་བུའོ། །རིག་པ་གསལ་བ་ཏིལ་གྱི་མར་མེ་ལྟ་བུའོ། །རྟོག་པ་གཡོ་བ་མེད་པ་རྒྱ་མཚོའི་གཏིང་གི་ཆུ་ལྟ་བུ། རིག་པའི་ངོ་བོ་སྟོང་པ་ནམ་མཁའི་དཀྱིལ་ལྟ་བུའི་ཉམས་སྐྱེའོ། །དེ་ཡན་ཆད་ཀྱི་གཏུམ་མོའོ། །དངོས་གཞི་བཤད་ཟིན་ཏོ། །གཉིས་པ་སེམས་མ་ཟིན་པ་གཅུན་པའི་ཐབས་ལ་བཞི་སྟེ། ཕྱི། ནང་། གསང་བ། དེ་ཁོ་ན་ལྟར་གཅུན་པའོ། །དང་པོ་ཕྱི་ལྟར་གཅུན་པ་ནི། བསྒོམ་པའི་གནད་ལ་བཞི་སྟེ། ལེགས་པར་འདུག་པའི་རྣལ་འབྱོར་རུས་སྦལ་ལྟ་བུ། མིག་མི་བཙུབ་ཀྱི་རྣལ་འབྱོར་རི་བོང་ལྟ་བུ། སྲོག་རྩོལ་འགོག་པའི་རྣལ་འབྱོར་འཕྱི་བ་ལྟ་བུ། མ་བཅོས་གཉུག་མར་འཇོག་པའི་རྣལ་འབྱོར་བུ་ཆུང་ལྟ་
བུའོ། །དེ་བཞི་ལ་གནད་དེ་རྣམས་ཡོད་ཀྱང་། ལྟ་བ་ཆོས་ཉིད་ཀྱི་གདིང་མེད། ཐབས་བླ་མའི་མན་ངག་མེད་པས་སོ། ། གཉིས་པ་ནང་ལྟར་གཅུན་པ་ལ་བཞི་སྟེ། དྲན་ཤེས་བཞིན་།མ་ཡེངས་པ་འཇིགས་པའི་བྱ་ར་བ་ལྟ་བུ། སྐྱོན་ངོས་འཛིན་པ་ནི་།རྟོག་པ་ངོས་འཛིན་པ་མཚང་ཅན་གྱི་མི་བསྒུག་པ་ལྟ་བུ། སྐྱོན་མྱུར་དུ་སེལ་བ་དུག་སྦྲུལ་།མྱུར་དུ་སྤོང་བར་བྱ་བ་པང་དུ་འོང་བ་ལྟ་བུ། སྐྱོན་ཡོན་ཏན་དུ་།ཅི་སྐྱེས་ཀྱང་ཆོས་ཉིད་ཀྱི་རྩིས་ཟིན་པ་སློང་ཤེས་པ་དུག་ལ་སྔགས་།མི་གནོད་པའི་སྟེང་དུ་སྙིང་རྒྱུད་དྲང་བ་ཅན་ལ་ཕན་པ་ལྟ་བུ་བཏབ་པ་ལྟ་བུ། གསུམ་པ་གསང་བ་ལྟར་གཅུན་པ་ལ་བཞི་སྟེ། དཔེའི་ཡེ་ཤེས་རྐུན་མ་ངོས་འཛིན་པ་ལྟ་བུ། །ཏིང་འཛིན་ངོས་འཛིན་པ་ཐིག་ལེ་འཕོ་བའི་བདེ་སྟོང་ནི་ཡེ་ཤེས་ངོས་འཛིན་པའོ། ། དོན་གྱི་ཡེ་ཤེས་མེ་ལོང་ལ་བལྟས་ནས་བྱད་བཞིན་ཤེས་པ་ལྟ་བུ་།འཕོ་བ་མེད་པའི་བདེ་སྟོང་གི་ཡེ་ཤེས་ངོས་འཛིན་པའོ། །ཐམས་ཅད་།དཔེ་དོན་བདེ་བ་གཅིག་པ་རྒྱ་མཚོ་ལྟ་བུ། བདེ་བ་།དཔེ་དོན་གཉིས་ཀའོ། ། མ་སྟོང་པས་རྒྱས་
ཐེབས་པ་གསེར་འགྱུར་གྱི་རྩི་ལྟ་བུའོ། །བདེ་སྟོང་དབྱེར་མེད་བཞི་པ་དེ་ཁོ་ན་ཉིད་ལྟར་།སྣང་སྟོང་དབྱེར་མེད་གཅུན་པ་ལ་བཞི་སྟེ། འཁོར་འདས་དབྱེར་མེད་ཟངས་དང་ཟངས་རྡོ་ལྟ་བུ། སེམས་དང་སེམས་ཉིད་དབྱེར་མེད་པ་གཟུགས་དང་གཟུགས་བརྙན་ལྟ་བུ། བདེ་བ་དང་སྟོང་པ་དབྱེར་མེད་པ་གསེར་དང་སེར་པོ་ལྟ་བུ། མཉམ་བཞག་དང་རྗེས་ཐོབ་དབྱེར་མེད་པ་ཆུ་དང་རླབས་ལྟ་བུའོ། །གསུམ་པ་རྟགས་དང་ཡོན་ཏན་འབྱུང་བ་ནི། དེ་ལྟར་སེམས་ཉིད་རྟོགས་པའི་ཐབས་རྩ་རླུང་ཐིག་ལེའི་གནད་འཆང་བས། ཡོན་ཏན་དང་རྟགས་འཆར་ཚུལ་ནི། དང་པོ་རླུང་ལྔ་ཟིན་པའི་རྟགས་ལྔ་ནི། ནང་དུ་ས་རླུང་ཟིན་པའི་རྟགས་སུ་ཕྱི་རོལ་ན་དུ་བ་ལྟ་བུ་མཐོང་བ་དང་། ཆུ་རླུང་ཟིན་པས་སྨིག་རྒྱུ་ལྟ་བུ་དང་། མེ་རླུང་ཟིན་པས་སྲིན་བུ་མེ་ཁྱེར་ལྟ་བུ་དང་། རླུང་གི་རླུང་ཟིན་པས་མར་མེ་ལྟ་བུ་དང་། ནམ་མཁའི་རླུང་ཟིན་པའི་རྟགས་ནམ་མཁའ་ལྟར་ཐམས་ཅད་སྟོང་པར་མཐོང་བའོ། །གཉིས་པ་རླུང་ལྔ་ཟིན་པའི་
ཡོན་ཏན་ལྔ་ནི། ས་རླུང་ཟིན་པའི་ལུས་མཁྲང་ཆུས་སྦུམ། མེ་རླུང་གིས་མེ་དོག་གསལ། རླུང་གི་རླུང་ཡང་ཞིང་མགྱོགས། ནམ་མཁའི་རླུང་གིས་རིག་པ་གསལ་ཞིང་ཤེས་རབ་ཆེ་བ་རྣམས་འབྱུང་ངོ་། །གསུམ་པ་བརྟན་པའི་རྟགས་དྲུག་ནི། གཡོན་རྐྱང་མའི་མར་སྣེར་རླུང་བརྟན་པས། ཕྱི་རྟགས་ཉི་མ་ཤར་བ་ལྟ་བུ་དང་། ནང་རྟགས་ལུས་ལྗི་བ་དང་། དཔུང་པ་ལ་སོགས་སྐྲང་སྙམ་པ་དང་། རྨི་ལམ་དུ་འདྲེས་ནོན་པ་ལྟ་བུ་བྱུང་བའི་དུས་སུ། ས་རླུང་དབུ་མར་ཚུད་པས་མི་རྟོག་པ་སྐྱེས་ཏེ་རིན་འབྱུང་གི་ཡེ་ཤེས་ཟུར་ཙམ་མོ། །གཡས་རོ་མའི་མར་སྣ་ཆུ་རླུང་བརྟན་པས། ཕྱི་རྟགས་ཟླ་བ་དང་། སྐར་མ་ལྟ་བུ་དང་། ནང་དུ་ས་གཞི་འགྲོ་སྙམ་པ་དང་། རྨི་ལམ་དུ་ཆེན་པོ་མཐོང་བའི་དུས་སུ། དབུ་མར་ཆུ་རླུང་ཚུད་པས། མི་རྟོག་པ་སྐྱེ་བ་རྣམ་སྣང་གི་ཡེ་ཤེས་ཟུར་ཙམ་མོ། །གཡས་རོ་མའི་མར་རྩེ་མེ་རླུང་བརྟན་པས་ཕྱི་རུ་མེ་འབར་བ་ལྟ་བུ་དང་། ནང་དུ་མཁའ་ལ་འགྲོ་སྙམ་པ་དང་། ལུས་པོ་དང་། རྨི་ལམ་དུ་མེ་ཆེན་འབར་བ་བྱུང་
བའི་དུས་སུ། མེ་རླུང་དབུ་མར་ཚུད་ནས་མི་རྟོག་པ་སྐྱེས་ཏེ། སྣང་མཐའི་ཡེ་ཤེས་ཟུར་ཙམ་མོ། །གཡོན་རྐྱང་མའི་མར་སྣེར་རླུང་གི་རླུང་བརྟན་པས་ཕྱི་རུ་འཇའ་ཚོན་སྣ་ལྔ་དང་། ནང་དུ་ནམ་མཁའ་ལ་འཕུར་བ་འབྱུང་བ་དང་། རྨི་ལམ་དུ་འཕུར་བ་དང་། གཡང་སར་མཆོངས་པ་འབྱུང་། དེའི་དུས་སུ་རླུང་གི་རླུང་དབུ་མར་ཚུད་ནས། མི་རྟོག་པ་སྐྱེས་པ་དོན་གྲུབ་ཀྱི་ཡེ་ཤེས་ཟུར་ཙམ་མོ། །རྩ་གསུམ་འདུས་པ་ལྕེ་ཁྱིའི་འོག་ཏུ་ནམ་མཁའི་རླུང་དབུ་མར་ཚུད་པའི་རྟགས་སུ་ཕྱི་རོལ་སྒྲ་གཅན་མུན་ནག་དང་། ཐིག་ལེ་ནག་པོའི་ཕྲེང་བ་དང་། ནང་དུ་བྱད་སྐྲང་སྙམ་པ་དང་། སྣ་གཡས་གཡོན་དུ་ཡར་སྦྲུལ་དཀྱུས་སྙམ་པ་དང་། རྣ་བར་བུང་བའི་སྒྲ་ལྟར་སྙན་པ་བྱུང་ན། ལྕེ་ཁྱིའི་འོག་དང་ལུས་ཟག་བཅས་ཀྱི་བདེ་བ་ཆེན་པོ་སྐྱེ། རྨི་ལམ་དུ་ཡང་བདེ་བ་སྐྱེས། དེ་དུས་ནམ་མཁའི་རླུང་དབུ་མར་ཚུད་པས་མི་རྟོག་པ་སྐྱེས་པ་མི་བསྐྱོད་པའི་ཡེ་ཤེས་ཟུར་ཙམ་མོ། །ལྟེ་འོག་ཏུ་རྩ་དུང་ཅན་མའི་ནང་དུ་ཡེ་ཤེས་ཀྱི་རླུང་
བརྟན་པས། ཕྱི་རུ་མཁའ་ལ་རྩ་ཨ་ཝ་དྷུ་ཏི་སྦྲུལ་མགོའི་གདེངས་ཀ་ལྟ་བུ་མཐོང་བ་དང་། ཡི་དམ་ཀྱི་ལྷ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། སྤྲུལ་པའི་སྐུ་དང་། སངས་རྒྱས་ཀྱི་སྐུ་སྣང་ལ་རང་བཞིན་མེད་པ་ཆུ་ནང་དུ་ཉི་མ་ཤར་བ་ལྟ་བུ་མཐོང་བ་དང་། ནང་དུ་བདེ་གསལ་མི་རྟོག་པ་གསུམ་སྟོང་ཉིད་དང་དབྱེར་མི་ཕྱེད་པའི་ཉམས་འཆར། རྨི་ལམ་དུ་ཡང་དེ་ཉིད་འབྱུང་བའི་དུས་སུ་ཡེ་ཤེས་ཀྱི་རླུང་དབུ་མར་ཚུད་པས། དྲུག་པ་རྡོ་རྗེ་འཆང་གི་ཡེ་ཤེས་ཟུར་ཙམ་མོ། །དེ་རྣམས་གང་བྱུང་ཡང་སྐྱོན་དང་ཡོན་ཏན་གང་དུ་ཡང་མི་ལྟ་བར། སྣང་སྟོང་། གསལ་སྟོང་། རིག་སྟོང་། བདེ་སྟོང་། ཟུང་འཇུག །དབྱེར་མེད་དུ་ལྟ་ཞིང་། དབྱེར་མེད་བྱ་བའི་མཐའ་ལ་ཡང་བློ་མི་གནས་ཏེ། ཡུལ་དབྱེར་མེད་པ་ལ་བློ་སྦྱང་བར་བྱའོ། །དེ་རྣམས་ནི་ངེས་པ་ཅན་གསལ་སྣང་གི་རྟགས་སོ། །བཞི་པ་མ་ངེས་པ་འཁྲུལ་སྣང་གི་རྟགས་ནི། བསྒོམ་པའི་སྟོབས་ཀྱིས་སྔར་གྱི་བག་ཆགས་ངན་པ་རྣམས་བསླངས་ཤིང་། འདག་པར་བྱེད་པ་
སྟེ། དེ་ཡང་གསང་གནས་རླུང་གི་ཁམས་ཕྲག་དོག་གི་རྩར་རླུང་སེམས་འདུས་ན་ཕྲག་དོག་གཞན་ལས་ཆེ་བའི་ཉམས་འབྱུང་། ལྟེ་བའི་ཁམས་ང་རྒྱལ་གྱི་རྩར་འདུས་ན་རློམ་སེམས་དང་ང་རྒྱལ་ཚད་མེད་པ་སྐྱེ། སྙིང་ཁ་ཆུ་ཁམས་ཞེ་སྡང་གི་རྩར་འདུས་ན་སེམས་ཅན་ཐམས་ཅད་བསད་ཀྱང་སྙིང་མི་ཚིམ་པའི་སྣང་བ་འོང་། མགྲིན་པ་མེ་ཁམས་འདོད་ཆགས་ཀྱི་རྩར་འདུས་ན། ཟས་ནོར་དང་སེམས་ཅན་ལ་འདོད་ཆགས་མེ་ལྟར་འབར། སྤྱི་བོ་ནམ་མཁའི་ཁམས་དང་། གཏི་མུག་གི་རྩ་དང་། ས་བོན་དུ་རླུང་སེམས་འདུས་ན་གཏི་མུག་མུན་པ་ལྟར་འཐིབ་པ་འོང་། གང་ལྟར་བྱུང་ཡང་རླུང་སེམས་འདུས་པའི་རྟེན་འབྲེལ་ཡིན་པས་ཆགས་སྡང་གང་ཡང་མི་བྱ་བར་སྟོང་ཉིད་ཀྱིས་རྒྱས་གདབ་ཅིང་། རང་ངོ་སྟོང་གསལ་སྤྲོས་བྲལ་དུ་ལྟ་བར་བྱའོ། །ཡང་སྔར་དམྱལ་བར་སྐྱེས་པའི་བག་ཆགས་དང་། ས་བོན་སེམས་དང་རྐང་མཐིལ་དུ་ཡོད། དེར་རླུང་སེམས་འདུས་ན། དམྱལ་ཁམས་མཐོང་སྙམ་བྱེད། ཁ་དང་མགྲིན་
པ་ཡི་དྭགས་ཀྱི་རྩར་འདུས་ན། བཀྲེས་སྐོམ་འོང་བ་དང་ཡི་དྭགས་མཐོང་སྙམ་བྱེད། སྤྱི་བོ་དུད་འགྲོའི་རྩར་འདུས་ན། དུད་འགྲོའི་རིགས་སྣ་ཚོགས་མཐོང་སྙམ་བྱེད། སྒོ་གསུམ་མི་དགེ་བའི་རྩར་འདུས་ན། མི་དགེ་བ་བཅུ་སྔར་བས་བྱེད་སྙིང་འདོད་པ་འོང་། ཇི་ལྟར་བྱུང་ཡང་། རླུང་སེམས་འདུས་པའི་རྟེན་འབྲེལ་ཡིན་པས་ངན་སོང་གསུམ་གྱི་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞི་དང་སེམས་བསྐྱེད་བསྒོམ་ནས་རླུང་དང་དུས་གཅིག་ཏུ་རྔུབ་ནས། ལྟེ་བའི་མེ་ཁ་དོག་ལྔ་ལ་བསྟིམས་པས་སྡིག་སྒྲིབ་ཐམས་ཅད་དག་ནས་རིག་པ་སྟོང་གསལ་ཆོས་ཀྱི་སྐུར་འགྱུར་བར་བྷཻ་ལ་རླུང་དང་དུས་གཅིག་ཕྱིར་གཏང་བར་བྱའོ། །དེ་ལྟར་བྱས་པས་ངན་སོང་གསུམ་གྱི་སྐྱེ་གནས་སུ་མི་སྐྱེའོ། །བགེགས་རིགས་ཀྱི་རྩ་གནས་སུ་འདུས་ན། དངོས་སམ་ཉམས་སུ་ཆོ་འཕྲུལ་སྣ་ཚོགས་འོང་། སྔར་རང་གིས་གཞན་ལ་གནོད་པ་སྣ་ཚོགས་བྱས་པའི་བག་ཆགས་དང་རྩར་འདུས་ན་དགྲ་སྡང་དང་། དམག་ཚོགས་དང་། སྐྲག་སྔངས་སྣ་ཚོགས་
འབྱུང་བ་དང་། རྐྱེན་ངན་སྣ་ཚོགས་འབྱུང་། ཇི་ལྟར་བྱུང་ཡང་རང་སེམས་འཁྲུལ་པའི་རི་མོ་ཡིན་པས་བདེན་པར་མི་གཟུང་ཞིང་ཚད་མེད་བཞི་ལྡན་གྱི་བྱང་ཆུབ་སེམས་བསྒོམ་ལ། སྔར་བཞིན་རླུང་དང་བསྲེས་ལ་བསྒོམ་ཞིང་། རྗེས་ལ་སྤྲོས་བྲལ་གྱི་ངང་ལ་གནས་པར་བྱའོ། །ནད་འདུ་བ་རྣམ་བཞིའི་ས་བོན་དག་རྩར་འདུས་ན། ནད་རིགས་སྣ་ཚོགས་འབྱུང་སྟེ། དེའི་ཚེ་མོ་རྩིས་ལ་སོགས་མི་བྱེད་པར། སྔར་བཞིན་བསྲེ་བ་བསྒོམ་མོ། །དེ་ལྟར་ཉམས་སྣང་ཅི་བྱུང་ཡང་། བྷཻ་པའི་སྟོབས་ཀྱིས་ལས་ངན་ཐམས་ཅད་སློང་ཞིང་འདག་ཚད་པ་ཡིན་པས། སྔར་བས་ཀྱང་བརྩོན་འགྲུས་བསྐྱེད་ལ་བསྒོམ་མོ། །གནས་ཉི་ཤུ་རྩ་བཞིའི་རྩར་འདུས་ན། གནས་ཉི་ཤུ་རྩ་བཞིའིདཔའ་བོ་དང་རྣལ་འབྱོར་མ་རྣམས་མཐོང་བ་དང་། ཨོ་རྒྱན་ལ་སོགས་པར་ཚོགས་ཀྱི་འཁོར་ལོ་བསྐོར་བའི་ཉམས་འབྱུང་ངོ་། །བྱང་ཆུབ་སེམས་ཀྱི་རྩར་འདུས་ན། འཇམ་དབྱངས་དང་བྱམས་པ་ལ་སོགས་པ་བྱང་སེམས་རྣམས་བགྲོ་གླེང་བྱེད་པ་མཐོང་། རང་
རྒྱལ་གྱི་རྩར་འདུས་ན། རང་ཉིད་གཅིག་པུར་མྱ་ངན་ལས་འདས་པའི་ཉམས་འབྱུང་། ཆོས་ཉིད་ཀྱི་རྩར་འདུས་ན། དགྲ་བཅོམ་པ་མང་པོ་ཏིང་ངེ་འཛིན་ལ་སྙོམ་པར་བཞུགས་པ་མཐོང་། བ་སྤུའི་རྩར་འདུས་ན། སྤྲུལ་སྐུ་དང་དེའི་ཞིང་ཁམས་མཐོང་བའོ། །ཡན་ལག་དང་སྒལ་ཚིགས་རྩར་འདུས་ན། ཕ་རྒྱུད་མ་རྒྱུད་ཀྱི་ཆོས་སྐྱོང་རྣམས་ཆོ་འཕྲུལ་སྣ་ཚོགས་སྟོན་པའོ། །དེ་ཐམས་ཅད་ཉམས་རྨི་ལམ་ལ་འོང་བ་ཡིན་ནོ། །དེ་ལྟར་ཉམས་སྣང་མཐོང་སྣང་ཅི་བྱུང་ཡང་། ཡོན་ཏན་སྣ་ཚོགས་སྐྱེས་པའི་སྔ་ལྟས་ཡིན་པས་སྐྱོན་དང་ཡོན་ཏན་གང་དུ་ཡང་མི་ལྟ་བར། ཞི་གནས་དང་ལྷག་མཐོང་གི་རྩལ་སྦྱང་བར་བྱའོ། །རྟོགས་པའི་ཡོན་ཏན་བཤད་ཟིན་ཏོ། །རྒྱུད་ཐམས་ཅད་ལས་གསུངས་པ་མི་ཟབ་པའི་བསྐྱེད་རིམ་དང་། ཟབ་པའི་རྫོགས་རིམ་མདོར་བསྟན་བཤད་ཟིན་ཏོ། །གཉིས་པ་ཟབ་པ་ཕྱག་རྒྱ་ཆེན་པོ་ནི། གཞུང་ལས། ཕྱག་རྒྱ་ཆེན་པོའི་མན་ངག་ནི། །མན་ངག་ཚིག་སྡུད་དག་ལས་ཤེས། །ཞེས་གསུངས་པས།
ཟབ་པའི་རྫོགས་རིམ་ནི་ཕྱག་རྒྱ་ཆེན་པོ་ཡིན་པས། དེའི་མན་ངག་ཚིག་བསྡུས་དང་ལྷན་ཅིག་སྐྱེས་སྦྱོར་ལས་ཤེས་སོ། །ལམ་བསྐྱེད་རྫོགས་གཉིས་བསྟན་ཟིན་ཏོ། །གསུམ་པ་བརྟན་པར་བྱེད་པའི་དམ་ཚིག་བཤད་པ་ལ་བཞི་སྟེ། ངོ་བོ། དབྱེ་བ། བསྲུང་བའི་ཐབས། ཉམས་ན་བཅའ་བའི་ཐབས་སོ། །དང་པོ་དམ་ཚིག་གི་ངོ་བོ་ནི། ཐབས་ཤེས་རབ་གཉིས་ཀྱི་ངོ་བོ་ལས་མ་འདས་པའོ། །གཉིས་པ་དབྱེ་བ་ནི་བཞི་སྟེ། བུམ་དབང་དམ་ཚིག་གིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉི་ཤུ་རྩ་ལྔ་བསྲུང་། གསང་དབང་དམ་ཚིག་གིས་ཤ་ལྔ་བདུད་རྩི་ལྔ་བསྟེན། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དམ་ཚིག་གིས་ཐེག་ལེ་མི་སྤོང་། དབང་བཞིའི་དམ་ཚིག་གིས་ཁྱད་པར་གྱི་དམ་ཚིག་ལྔ་བསྲུང་བའོ། །གསུམ་པ་བསྲུང་ཚུལ་ལ་བཞི་སྟེ། མདོ་རྒྱུད་ནས་ཇི་སྐད་གསུངས་པ་བཞིན་བསྲུང་བ་དང་། ལ་ལར་གནང་། ལ་ལར་བཀག་པ་དང་བཅས་པ་བཞིན་དུ་བསྲུང་བ་དང་། ཆོས་ཐམས་ཅད་རང་བཞིན་མེད་པ་ཤེས་ནས་དེ་དང་མི་འགལ་ན།
བསྲུང་དུ་མེད་པའི་ཚུལ་གྱིས་བསྲུང་བ་དང་། སྟོང་ཉིད་སྙིང་རྗེ་མི་འགལ་བར་བསྲུང་ན་ཉམས་པའི་དོགས་པ་མེད་པར་བསྲུང་བའོ། །བཞི་པ་ཉམས་ན་བཅའ་བའི་ཐབས་ནི། རྩ་ལྟུང་བྱུང་ན་དབང་གིས་གསོ། ཡན་ལག་ཉམས་ན་ཚོགས་འཁོར་བསྐོར། སྦོམ་པོ་བྱུང་ན་བླ་མ་ལ་བཤགས། ཉེས་བྱས་བྱུང་ན་བླ་མ་གང་རུང་ལ་བཤགས་སོ། །བཞི་པ་མཐར་ཕྱིན་པ་སྤྱོད་པ་ལ་བཞི་སྟེ། གསང་སྤྱོད། རིག་སྤྱོད། ཚོགས་སྤྱོད། ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །དང་པོ་གསང་སྤྱོད་ནི། ཧེ་བཛྲ་ལས། ཅུང་ཟད་དྲོད་ནི་ཐོབ་པ་ན། །ཞེས་སོ། །དེ་གང་ཡིན་ན། སྐུའི་སྒོ་དགུ་།གཟུགས་སྒྲ་སོགས་ཡུལ་དྲུག་གི་སྣང་བ་ཐམས་ཅད་ནུབ་ནས་གང་ཤར་བདེ་ཕྲིལ་ལི་འབྱུང་བ་ནི་སྐུའི་སྒོ་དགུའོ། ། དགག་པས་གཟུང་འཛིན་རྟོག་པ་དག་གསུང་གི་སྒོ་བཞི་།འབྱུང་བཞིའི་རླུང་རྒྱུ་བ་འགག་སྟེ་དྷུ་ཏིར་རླུང་སེམས་གཉིས་རྟེན་འབྲེལ་པ་ནི་གསུང་གི་སྒོ་བཞིའོ། ། དགག་པས་།སྣ་བུག་གི་རླུང་སྙིང་ནང་རྒྱུ་བ་རྩ་བའི་རླུང་ལྔ་ལ་དབང་ཐོབ།
ཐུགས་ཀྱི་སྒོ་གཉིས་ཕྱེ་སྟེ་རླུང་དབུ་མར་ཚུད་ཅིང་རྣམ་རྟོག་སྤངས་པས་།སྙིང་མ་རིག་པའི་སྒོ་དང་། ཨ་ཝ་དྷུ་ཏི་ཡེ་ཤེས་ཀྱི་སྒོ། སྙིང་ཁ་དང་། སྨིན་མཚམས་གཉིས་སུ་རྩ་ཁ་ཕྱེ་བ་དང་རྩ་ཐམས་ཅད་དེར་འདུས་པ་ནི་ཐུགས་ཀྱི་སྒོ་གཉིས་སོ། ། ཐིག་ལེ་ལ་དབང་ཐོབ། དེའི་འོག་ཏུ་ལས་བཞི་དང་། གྲུབ་པ་བརྒྱད་གྲུབ་ནས་གསང་སྤྱོད་ཉམས་སུ་ལེན་པར་འདོད་པ་དེས། དུར་ཁྲོད་གམ་ཤིང་གཅིག་ལ་སོགས་པའི་གནས་སུ་གྲོགས་ཕྱག་རྒྱ་མ་མཚན་ལྡན་དང་ལྷན་ཅིག་བསྟེན་ནས། འདོད་ཆགས་བདེ་ཆེན་དང་བསྲེས་ནས་ཞེན་པ་མེད་པར་སྤྱད། ཞེ་སྡང་སྟོང་ཉིད་དང་བསྲེས་ནས་བདེན་པ་མེད་པར་སྤྱད། གཏི་མུག་འོད་གསལ་དང་བསྲེས་ནས་མི་རྟོག་པར་བཞག །རྟོག་པ་ཅིར་སྣང་ཡེ་ཤེས་དང་བསྲེས་ནས་བསྒོམ་མོ། །དེས་མངོན་ཤེས་དང་། རྫུ་འཕྲུལ་གཞན་ལ་སྟོན་པ་འབྱུང་ངོ་། །སྤྱོད་པ་བྱེད་པ་ནི། ཞི་ལྷག་གི་རྩལ་སྦྱང་བ་སྟེ། རྟ་འགྲོ་བ་འདྲ་ཡང་ལྕག་གིས་བྲབ་པ་དང་། བྱ་ལྡིང་བ་འདྲ་ཡང་གཤོག་པ་གཡོབ་པ་ལྟ་བུའོ། །གོང་མ་དེ་
ལ་རྩལ་སྦྱངས་པའི་ཕྱིར། གཉིས་པ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བ་ནི། ལུས་གཅེར་བུར་ཕྱུང་། རུས་པའི་རྒྱན་བཏགས་གྲོགས་ཕྱག་རྒྱ་མ་དང་ལྷན་ཅིག་ཏུ། གྲོང་ལ་སོགས་པ་ཐམས་ཅད་དུ་བརྒྱུགས་ལ་སྔར་གྱི་ཉམས་མྱོང་དང་མ་བྲལ་བའི་ངང་ནས་ལུས་རིག་པའི་བརྟུལ་ཞུགས། ལ་ལར་གར་ལ་སོགས་པའི་འདི་ལ་མི་བྱ་བ་ཅི་ཡང་མེད། ངག་རིག་པའི་བརྟུལ་ཞུགས། ལ་ལར་གླུ་ལེན་པ་ལ་སོགས་པ་འདི་མི་བྱ་སྙམ་པ་མི་སྨྲ་བ་ཅི་ཡང་མེད། སེམས་རིག་པའི་བརྟུལ་ཞུགས། འདི་ལ་མི་བསམ་པ་ཅི་ཡང་མེད། དབྱེར་མེད་ཆོས་ཉིད་རིག་པའི་བརྟུལ་ཞུགས། ཆོས་ཐམས་ཅད་ཆོས་ཉིད་དུ་ངེས་པར་བྱ་ཞིང་། ཉམས་ལེན་ལ་འཕེལ་འགྲིབ་འདུག་གམ་བལྟ། གཞན་གྱི་སྣང་བ་བསྒྱུར་ནུས་སམ་མི་ནུས་བལྟ། དེ་ལྟར་བྱུང་ནས་གྲུབ་ན། ད་རུང་རྐྱེན་གྱིས་གནོད་དམ་མི་གནོད་བལྟ་བའི་ཕྱིར། གསུམ་པ་ཚོགས་སྤྱོད་ནི། ཚོགས་ཀྱི་སྤྱོད་པ་བྱ་བའི་ཕྱིར། ཁྲོམ་ཆེན་པོའམ། ཚོང་འདུས་སམ། གདོལ་བའམ། རིགས་
ངན་གྱི་ཁྱིམ་དུ་ཕྱིན་ནས། གླུ་དང་གར་ལ་སོགས་པ་སེམས་གཟེངས་བསྟོད་ནས་མ་ཆགས་པའི་སྤྱོད་པ། མི་ཁྲོ་བའི་སྤྱོད་པ། མི་རྟོག་པའི་སྤྱོད་པ། མི་ཞུམ་པའི་སྤྱོད་པ་བཞི་སྤྱད་པ་ལས། རྒོལ་བ་དང་། གཤེ་བ་དང་། བརྡེག་པ་ལ་སོགས་པ་བྱུང་ཡང་། ནགས་ལ་མེ་མཆེད་པ་བཞིན། ཐམས་ཅད་ཏིང་ངེ་འཛིན་གྱི་གྲོགས་སུ་འགྲོ་ན་འབྱོངས་པ་ཡིན། བཞི་པ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པ་བྱ་བ་ནི། འདི་བྱ་འདི་མི་བྱ་མེད་དེ། ལས་བཞི་གྲུབ་སྟེ། རྣམ་ཤེས་ཀྱི་ལས། སྣང་བ་ལྷའི་དཀྱིལ་འཁོར་གཞན་ལ་སྟོན་ནུས། ཡེ་ཤེས་ཀྱི་ལས་བསད་པ་གསོ་བར་ནུས། ཏིང་ངེ་འཛིན་གྱི་ལས་གང་སྒོམ་སྒོམ་དུ་སྣང་བ། ཤེས་རབ་ཀྱི་ལས་གང་ཡང་སྟོང་ཉིད་རྟོགས་པའོ། །དེས་ཕྱོགས་ལས་རྣམ་པར་རྒྱལ་བ་གསུམ་འབྱུང་སྟེ། ལྟ་བ་ཐམས་ཅད་ཞིག་པས། ལྟ་བ་ལས་རྒྱལ། འཆི་བ་དང་། ཉོན་མོངས་པ་དང་། ཕུང་པོ་ལྔ་དང་། ཡོན་ཏན་ལ་མཆོག་འཛིན་མེད་པས། བདུད་བཞི་ལས་རྒྱལ། ཐེག་པ་ཐམས་ཅད་
གཅིག་ཏུ་རྟོགས་པས་ཐེག་པ་དམན་པ་ལས་རྒྱལ། དེ་ལྟར་ཞེན་པ་ཐམས་ཅད་བཅད་པའི་ཕྱིར། ཕྱོགས་ལས་རྣམ་པར་རྒྱལ་ཅེས་བྱའོ། །ཁ་ཅིག་ན་རེ། མ་རིག་པ་སངས་པས་གཉིད་ལས་རྒྱལ། དུག་ཟོས་ཀྱང་བདུད་རྩིར་འགྱུར་བས་ཟས་ལས་རྒྱལ། ཟག་བཅས་ཀྱི་རླུང་འགག་པས་རླུང་ལས་རྒྱལ། འཁོར་འདས་ཐམས་ཅད་ལ་ཕྱོགས་རིས་མེད་པས་ཕྱོགས་ལས་རྣམ་པར་རྒྱལ་བ་བཞི་འབྱུང་། ཞེས་སོ། །དེ་ལྟར་བྱུང་ན་སྤྱོད་པ་ལ་མཐར་ཕྱིན་པ་ཡིན་ནོ། །དེ་ཡན་ཆོད་ཀྱིས་ལམ་གྱི་རིམ་པ་བཤད་ཟིན་ཏོ། ། ༈ གསུམ་པ་འབྲས་བུ་སྐྱེ་བའི་རིམ་པ་བཤད་པ་ནི། གཞུང་ལས། དེ་ལ་འབྲས་བུ་འབྱུང་བ་ནི། །ལུང་དང་མན་ངག་ཉམས་དང་གསུམ། །རིམ་པས་བགྲང་ནི་འབྱུང་བར་འགྱུར། །ཞེས་གསུངས་པས། ལུང་ནི་ཐོག་མར་སངས་རྒྱས་ཀྱི་བཀའ་དང་མི་འགལ་བར་དོན་སྤྱི་ཤེས་པ་ནི། མཉན་པའི་འབྲས་བུའོ། །མན་ངག་ནི། ཞི་ལྷག་གི་དོན་མྱུར་དུ་རྟོགས་པའི་གོ་བ་ཐོབ་པ་སྟེ། བསམ་པའི་འབྲས་བུའོ། །ཉམས་ནི་ལྟ་
སྒོམ་གྱི་འབྲས་བུ་སྟེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་འབྲས་བུ་གཉིས་འབྱུང་སྟེ། དེ་ཡང་མདོ་སྡེ་རྒྱནལས། སོ་སོ་སྐྱེ་བོའི་ས་པ་ཡིས། །དེ་བཞིན་དུ་ནི་གཉིས་རྟོགས་ནས། །ཤེས་པ་དེ་ཡང་རྫོགས་བྱའི་ཕྱིར། །མཐུན་པའི་ཆོས་ནི་རབ་ཏུ་བསྒྲུབ། །ཅེས་སོ། །འཇིག་རྟེན་པའི་ལམ་ལ་གཉིས་ཏེ། ཚོགས་ལམ་དང་། སྦྱོར་ལམ་མོ། །ཚོགས་ལམ་ཆུང་ངུ་། འབྲིང་པོ། ཆེན་པོའི་རྟགས་མང་དུ་གསུངས་ཀྱང་། འདིར་མ་བརྗོད་དེ། སྔགས་ཀྱི་དགོངས་པ་ནི། སྐྱེས་བུ་ཤེས་རབ་དང་། བརྩོན་འགྲུས་དང་ལྡན་པས། བླ་མ་མཚན་ཉིད་དང་ལྡན་པ་ལ་ས་དོན་གོ་བས་དབང་གི་ཆོ་ག་ལེགས་པར་ཐོབ་ནས། ལམ་བསྐྱེད་རྫོགས་ཀྱི་གནད་ལེགས་པར་ཤེས། ཀུན་རྫོབ་དང་། དོན་དམ་དང་། རྟེན་དང་རྟེན་པའི་བྱང་ཆུབ་སེམས་བསྐྱེད་པར་བྱ་ཞིང་དམ་ཚིག་དང་ལྡན་ཞིང་། མོས་པ་ཚུལ་བཞིན་དུ་བསྒྲུབ་པ་ལ་ཞུགས་པ་ནི། ཚོགས་ལམ་གསུམ་གང་རུང་དུ་འདོད། ཀུན་སྤྱོད་ལས།
དད་པ་ཡང་དག་སྐྱེས་པ་དང་། །རྣལ་འབྱོར་བརྩོན་ལ་གནས་པ་ནི། །སྐྱེ་བ་བྱེ་བ་སྟོང་ཕྲག་ཏུ། །ང་ཡི་ཡེ་ཤེས་ཀྱིས་བསྐུལ་ཡིན། །ཞེས་སོ། །དེ་དག་གི་རྟགས་ནི། གང་གིས་བསྐྱེད་པའི་རིམ་པས་སྲིད་པའི་རྩེ་མོའི་བར་གྱི་དངོས་གྲུབ་ཐམས་ཅད་འགྲུབ་པས། དེ་ལ་བརྟེན་པའི་ལས་བཞི་དང་། གྲུབ་པ་རྣམས་ནི་ཚོགས་སྦྱོར་གྱི་རྟགས། འཇིག་རྟེན་པའི་དྲི་མ་མེད་པའི་འོད་དུ་གསུངས་སོ། །དེ་ལ་ལས་ཆེན་བཞི་ནི། ཞི་བ་དང་། །ནད་གདོན་སྣ་ཚོགས་རྒྱས་པ་དང་། །ཚེ་དང་བསོད་ནམས་དབང་དང་། །གང་འདོད་གསད་པ་དང་། །བསྟན་དགྲ་དགུག་པ་དང་། །མཚན་མོ་ལ་སོགས་བསྐྲད་པ་དང་། །གནོད་བྱེད་ཡུལ་ནས་ངན་སོང་སྦྱོར་བའོ། །རྨོངས་པ་དང་འགྲོགས་པ་དངོས་གྲུབ་བརྒྱད་ནི། །ཤེས་པ་གླེན་པར་བྱེད་པ་མི་སྣང་བ་དང་། །ཡོད་འཕྲོ་ལ་བཅུད་ལེན་དང་། །ན་རྒས་མེད་པ་མིག་སྨན་དང་། །གཅིག་ཏུ་འདུག་ཅིང་དུ་མར་སྟོན་པ་རྐང་མགྱོགས་དང་། །ཐོག་ན་ནམ་མཁའ་ལ་འགྲོ་བ་རལ་གྲི་དང་། ས་འོག་།ས་འོག་ཏུ་འགྲོ་བའི་དངོས་གྲུབ་
ས་འོག རིལ་བུ། །རིག་འཛིན་གྲུབ་པ་མཁའ་སྤྱོད། དེ་རྣམས་ནི་མུ་སྟེགས་པ་ལའང་ཡོད་རུང་བས་དམན་པའོ། །ལམ་འདི་ལྟ་བུའི་རྫོགས་རིམ་གྱི་རྟགས་ནི། གང་གིས་དང་པོ་བདེ་བ་དང་། གསལ་བ་དང་། མི་རྟོག་པ་གསུམ་དང་། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། མར་མེ་དང་། མཁའ་གསལ་ཏེ། མཚན་མོའི་རྟགས་ལྔ་དང་། ཉི་མ་དང་། ཟླ་བ་དང་། སྒྲ་གཅན་དང་། མུན་ནག་དང་། དུས་མེ་གློག་དང་། ནམ་མཁའ་སྟོང་པ་དང་། ཡང་འབར་བ་དང་བཅུ་ཡང་འོང་། ཡེ་ཤེས་ལྔའི་བྱེ་བྲག་གི་ཐིག་ལེ་ཁ་དོག་ལྔ་པ་སྟེ། ཉིན་མོའི་རྟགས་དྲུག་དང་བཅུ་གཅིག་།པོ་ཉམས་སུ་མྱོང་ན་སྟེ། འདི་རྣམས་དང་པོ་ཚོགས་ལམ་དུ་འགྱུར་རོ། །གཉིས་པ་སྦྱོར་ལམ་ནི། རྩ་རླུང་ཐིག་ལེའི་གནད་འཆང་བས། དུས་སྦྱོར་བཅུ་གཉིས་ཀྱི་གཅིག་ནས་དྲུག་གི་བར་དགག་པར་ནུས་ཤིང་། ཐིག་ལེ་བརྟན་ནས་སྔ་མའི་རྟགས་དེ་རྣམས་ཤེར་ཕྱིན་གྱི་དོན་དང་མཐུན་པར་བསམ་གཏན་དང་པོའི་སེམས་དང་། གཉིས་པ་དང་། གསུམ་པ་
རིམ་པས་ཐོབ་པ་ནི་སྦྱོར་བའི་ལམ་མོ། །འདི་ལ་ཡོན་ཏན་བརྒྱད་ཡོད་དེ། དེ་ཡང་གཟུགས། སྒྲ། དྲི། རོ། རེག་བྱ་དང་ལྔ་ནི་ཟླ་བའི་ཡོན་ཏན་ཞེས་བྱ། རྡུལ། མུན་པ། སྙིང་སྟོབས་ཏེ། འདོད་ཆགས། ཞེ་སྡང་། གཏི་མུག་ནི་ཉི་མའི་ཡོན་ཏན་ཏེ། བརྒྱད་པོ་།མ་ཕྱི་ལ་ཡིག་འབྲུ་གཅིག་ཆད་འདི་མ་དག་པས་འཁོར་བའི་སྡུག་བསྔལ་ཐམས་ཅད་འབྱུང་། འདིར་བསྒོམ་པའི་སྟོབས་ཀྱིས། གཟུགས་སྟོང་པ་ཉིད། སྟོང་པ་ཉིད་གཟུགས་སུ་མཐོང་བས། གཟུགས་བདེན་པ་དང་། རྟག་པ་དང་། སྐྱེ་བ་དང་། འགག་པ་དང་། རང་བཞིན་མེད་པར་ཉམས་སུ་མྱོང་བ་དང་རྟོགས་པའོ། །དེ་བཞིན་དུ་སྟོང་པའི་སྒྲ་དང་། དྲི་སྟོང་པ་དང་། རོ་སྟོང་པ་དང་། རེག་བྱ་སྟོང་པ་ཉིད་དུ་ཉམས་སུ་མྱོང་བ་དང་རྟོགས་པར་འགྱུར་རོ། །འདོད་ཆགས་ལ་སྟོང་པར་རྟོགས་པས། ཁམས་གསུམ་དུ་ཆགས་པའི་སེམས་བཟློག །ཞེ་སྡང་སྟོང་པ་ཉིད་དུ་རྟོགས་པས་ཁམས་གསུམ་སྤངས་ནས་ཞི་བ་ལ་དགེ་བའོ་སེམས་བཟློག་གོ །གཏི་མུག་སྟོང་པ་ཉིད་པས་རྟེན་འབྲེལ་གོ་བ་དང་། ཉམས་སུ་མྱོང་
བ་དང་། རྟོགས་པས་གཏི་མུག་བཟློག་སྟེ། རྒྱུ་མཚན་ནི་འདིར་རྩ་དྲུག་འགག་པས་མངོན་པར་ཤེས་པ་དྲུག་འབྱུང་སྟེ། གཡོན་རྐྱང་མ་ཟླ་བའི་རྩ་འགག་པས་ལྷའི་སྤྱན་གྱི་མངོན་པར་ཤེས་པ་དང་། གཡས་རོ་མ་ཉི་མ་འགག་པས་རྫུ་འཕྲུལ་གྱི་དང་། དབུས་སྒྲ་གཅན་གྱི་རྩ་དབུ་མ་འགག་པས་གཞན་སེམས་ཤེས་པའི་དང་། གཡོན་དྲི་ཆུ་རྩ་འགགས་པས་ལྷའི་རྣ་བའི་དང་། གཡས་དྲི་ཆེན་རྩ་འགག་པས་སྔོན་གྱི་སྐྱེ་བ་དྲན་པའི་དང་། དུང་ཅན་མའི་རྩ་འགག་པས་ཟག་པ་ཟད་པའི་མངོན་པར་ཤེས་པ་དང་དྲུག་འབྱུང་སྟེ། དེ་དྲུག་གི་ངོ་བོ་ནི། གསང་འདུས་ལས། གང་གཱའི་བྱེ་སྙེད་སངས་རྒྱས་རྣམས། །རྡོ་རྗེ་གསུམ་གྱི་གནས་བཞུགས་པས། །རང་ལག་སྐུ་རུ་རང་བཞག་བཞིན། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །གང་གཱའི་བྱེ་སྙེད་ཞིང་རྣམས་ན། །སྒྲ་གྲག་པ་ནི་ཇི་སྙེད་པ། །མངོན་ཤེས་རྣ་བས་འཐོབ་པ་ནི། །རྣ་བ་དྲུང་དུ་འཁོད་པ་བཞིན། །གང་གཱའི་བྱེ་སྙེད་ཞིང་དག་གི །སེམས་ཅན་ཀུན་གྱི་སེམས་རྣམས་ནི། །སྐུ་གསུང་ཐུགས་ཀྱིས་
མཚན་པ་ཡིས། །རོལ་མོ་ལས་བྱུང་སེམས་རིག་འགྱུར། །བསྐལ་པ་གང་གཱའི་བྱེ་སྙེད་དུ། །འཁོར་བ་དག་ན་གནས་པ་ཡིས། །སྔོན་གྱི་གནས་ཀྱི་གཏན་ཚིགས་རྣམས། །ཞག་གསུམ་ལོན་པ་བཞིན་དུ་དྲན། །གང་གཱའི་བྱེ་མ་སྙེད་ཀྱི་ལུས། །སངས་རྒྱས་སྤྲིན་ལས་སོགས་བརྒྱན་པས། །བསྐལ་པ་གང་གཱའི་བྱེ་སྙེད་དུ། །དེ་ཡི་རྫུའཕྲུལ་མཆོག་གིས་འགེངས། །ཞེས་སོ། །མངོན་ཤེས་དེ་རྣམས་ཀྱང་དང་པོ་གོ་བས་ནི་དོན་སྤྱི་རྣམ་པར་ཤེས་པ་ཉམས་སུ་མྱོང་བའི་ཆ་དང་། མཐུན་པར་ཉམས་དང་རྨི་ལམ་དུ་ཤེས། མཐོང་བ་དང་རྟོགས་པས་ནི། ཇི་ལྟ་བ་བཞིན་མངོན་དུ་འབྱུང་ངོ་། །འོན་ཀྱང་ཟག་མེད་མ་ཡིན་ཏེ། བསམ་གཏན་གྱི་ཆ་ཤས་ལས་འབྱུང་བའོ། །འདི་ལྟར་ན་མདོ་སྔགས་དང་ཁྱད་ཅི་ཡོད་ཅེ་ན། འོན་ཀྱང་བླ་མ་རྣམས་ཀྱིས་འདི་རྣམས་ལས་རླུང་གི་ཡོན་ཏན་དུ་མ་མཛད་པ་ནི། སྣ་གཡོན་ཟླ་བ། གཡས་ཉི་མར་བྱས་ནས་རླུང་ལྔ་དང་། ཁམས་གཅིག་ཏུ་བྱས་ནས་འཛིན་ཅིང་། ཉི་ཟླ་ནམ་མཁའ་གསུམ་ཐིག་ལེར་མཛད་
དེ། ས་རླུང་གི་ཡོན་ཏན་བྱ་བ་ལ་སོགས་པའི་མིང་དུ་བཏགས་པ་ནི་མདོ་དང་འགལ་བ་ཅི་ཞིག་ཡོད། དེ་ལྟར་ལོག་ལྟ་ཅན་རྣམས་ཀྱིས། མདོ་སྔགས་གཉིས་དགོངས་པ་གཅིག་པར་བཤད་པའི་ཡོན་ཏན་འདི་དག་ཤེས་པར་མི་འགྱུར་རོ། །མདོ་སྡེ་རྒྱན་ལས་ཀྱང་། བསམ་གཏན་ལས་ཐོབ་མངོན་པར་ཤེས། །ཞེས་བྱ་ལ་སོགས་པ་རྒྱ་ཆེར་གསུངས་ཏེ་སྤྲོས་པས་ཆོག་གོ །རྩ་རྒྱུད་ལས་ཀྱང་། བསམ་གཏན་ཡན་ལག་ལྔ་བརྟེན་པས། །མངོན་ཤེས་ལྔ་ཐོབ་མི་བདག་སྐྱེད། །ཅེས་པ་དང་ཡང་དོན་གཅིག་གོ །མདོར་བསྡུས་ན་རྩ་རླུང་ཐིག་ལེས་སེམས་རྣམས་གནད་བཅངས་ནས་བྷཻ་བས། ཚོགས་ལམ་ཆེན་པོས་སྦྱོར་བའི་ལམ་གྱི་འབྲས་བུ་འགྲུབ་ངེས་སོ། །གང་འཕྲིན་ལས་ཀྱི་ལྟ་སྟངས་རྫུ་འཕྲུལ་གྲུབ་ནས་ཀྱང་། མཁས་པས་སེམས་ཅན་འཇུག་པར་བྱས། །ཞེས་དང་། ཟླ་དྲུག་བསྒོམ་པའི་སྦྱོར་བ་ཡིས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །འབྱུང་ན་སུ་ཞིག་ཐེ་ཚོམ་འགྱུར། །ཞེས་སོ། །རླུང་བུམ་པ་ཅན་
ལ་སོགས་པ་གྲུབ་ནས། རྣལ་འབྱོར་རྟོགས་པའི་རླུང་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་། ཐིག་ལེ་དུང་ཅན་མར་བརྟན་ཅིང་གྱུར་ནས་གཉིད་རྨི་ལམ་ཉིན་མོ་བར་མཚམས་མེད་པར་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་ཤིང་། རྣམ་ཀུན་མཆོག་ལྡན་གྱི་ཡོན་ཏན་དང་ལྡན་པར་གྱུར་ནས། ཆོས་མཆོག་ཏུ་འགྱུར་བ་འདི་ལ་ཐེ་ཚོམ་མེད་དེ། རྒྱུད་འགྲེལ་ཐམས་ཅད་ལས་གསུངས་སོ། །འཇིག་རྟེན་པའི་འབྲས་བུ་མཐར་ཐུག་པའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་འབྲས་བུ་ལ་གསུམ་སྟེ། མཐོང་ལམ། སྒོམ་ལམ། མཐར་ཕྱིན་པའི་ལམ་མོ། །དང་པོ་མཐོང་ལམ་ནི། རླུང་བུམ་པ་ཅན་གྱི་སྦྱོར་བས། ཞག་གཅིག་གིས་དུས་སྦྱོར་བཅུ་གཉིས་དག་པར་ནུས་པ་དེའི་ཚེ། བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་སྙེད་དུ། དུང་ཅན་གྱི་མར་སྣར་འཆང་བར་ནུས་པས། རྣམ་པར་རྟོག་པའི་རླུང་བརྒྱ་ཕྲག་བཅོ་བརྒྱད་དག་ཅིང་། འཇིག་རྟེན་གྱི་ཁམས་བཅུའི་མཐར་ཐུག་པ་མངོན་པར་ཤེས་པ་དང་། རྫུའཕྲུལ་ལ་དབང་ཐོབ་པ་ངེས་པར་མཐོང་བའི་ལམ་མཐོང་བ་ཡིན་ཏེ།
རྩ་བའི་རྒྱུད་ལས། རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སེམས་དཔའ་ཡང་དག་འགྲུབ། །ཅེས་སོ། །གཉིས་པ་སྒོམ་ལམ་ནི། འཁོར་ལོ་དྲུག་ལ་སྦྱོར་བ་དང་། ཡང་དག་པར་འགྲུབ་པ་ཞེས་བྱ་བ་གཉིས་ཀྱིས་ཕྱེ་བས། དབུ་མའི་ཆ་བཅུ་གཉིས་དང་། དེར་རྣམ་རྟོག་གི་རླུང་བརྒྱ་ཕྲག་བཅོ་བརྒྱད་པ་ཚན་པ་བཅུ་གཉིས་འགག་ཅིང་། ཡེ་ཤེས་ཀྱི་ཐིག་ལེ་ཐབས་ཤེས་ཆ་ཤས་བཅུ་གཉིས་དག་པ་དང་། རྟེན་འབྲེལ་བཅུ་གཉིས་དག་པ་དང་། དེ་བཞིན་དུ་ཚེ་ལ་དབང་བ་དང་། ལས་ལ་མོས་པ་དང་། ཡོ་བྱད། སྨོན་ལམ། རྫུ་འཕྲུལ། ཆོས། སེམས། སྐྱེ་བ། ཡེ་ཤེས་ལ་དབང་བ་སྟེ་བཅུ་དང་། ས་བཅུ་དང་། ཕྱིན་བཅུ་ཐོབ་སྟེ་བྷཻ་ལམ་མོ། །ས་བཅུ་གཉིས་སུ་བྱེད་ན། དང་པོ་མོས་པས་སྤྱོད་པ་དང་། བཅུ་གཉིས་པ་དབང་བསྐུར་བའི་སའོ། །ཕར་ཕྱིན་བཅུ་གཉིས་ཀྱི་དང་པོ་རིན་ཆེན་པད་མའི་ཕར་ཕྱིན་དང་། བཅུ་གཉིས་པ་རྡོ་རྗེ་ལས་ཀྱི་ཕར་ཕྱིན་ནོ། །དབང་ཡང་དང་པོ་དེ་བཞིན་ཉིད་ལ་དབང་བ་
དང་། བཅུ་གཉིས་སངས་རྒྱས་ཀྱི་བྱང་ཆུབ་ལ་དབང་བའོ། །དེ་ཡང་རྒྱུད་ལས། ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་ལུགས་བཟློག་པས། །ས་ནི་བཅུ་གཉིས་ཐོབ་པར་འགྱུར། །ཞེས་སོགས་དང་། བརྒྱ་ཕྲག་བཅོ་བརྒྱད་ལས་རླུང་དག་པའི་རིམ་པ་བཞིན་དུ་ས་རེ་ཐོབ་པར་འགྱུར། ཞེས་སོགས་སོ། །གསུམ་པ་མཐར་ཕྱིན་པའི་འབྲས་བུ་ནི། གང་ཚེ་རླུང་གིས་མིང་གི་རྣམ་པར་རྟོག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག་ཅིང་དེའི་ཡན་ལག་ལོ་བརྒྱའི་ལས་རླུང་བྱེ་བ་བདུན་ཅུ་རྩ་བདུན་དང་། ས་ཡ་ཕྲག་བདུན་དང་། འབུམ་ཕྲག་དྲུག་གི་གྲངས་ཀྱིས་ཉོན་མོངས་པའི་རྟོག་པ་འགག་ཅིང་། རྩ་ཐམས་ཅད་གྲོལ་ནས་ཐིག་ལེ་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ། ནམ་མཁའ་དང་མཉམ་པ་ན་ལོ་བརྒྱའི་ལས་རླུང་གི་གྲངས་ཀྱི་ཡེ་ཤེས་ཐོབ་ཅིང་། རྣམ་རྟོག་བརྒྱད་ཁྲི་བཞི་སྟོང་ཡེ་ཤེས་ཟང་མར་འགྱུར་བ་དེ་ལ་སངས་རྒྱས་ཞེས་བྱའོ། །དེའི་ཚེ་སྐུ་གསུང་ཐུགས་ཡེ་ཤེས་བཞི་དང་དགའ་བ་བཞི་ལ་ཡེ་ཤེས་བརྟན་པའི་དགའ་
བ་བཅུ་དྲུག་དང་། སྟོང་ཉིད་བཅུ་དྲུག་དང་། སྙིང་རྗེ་བཅུ་དྲུག་མཐར་ཕྱིན་པ་སྟེ། འདི་རྣམས་ཡང་ན་སྟོང་ཉིད་ལ་སོགས་པ་ལྔ་ནི་ཕུང་པོ་ལྔའོ། །སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལྔ་དང་། དོན་དམ་པ་སྟོང་པ་ཉིད་ལ་སོགས་པ་ལྔ་དང་། ཁམས་ལྔ་དང་། ཆོས་ལ་དམིགས་པའི་སྙིང་རྗེ་ལྔ་དང་། དོར་བ་མེད་པ་ལ་སོགས་པ་རང་བཞིན་ཆོས་ཐམས་ཅད་རང་གི་མཚན་ཉིད་དངོས་པོ་མེད་པ་སྟོང་པ་ལྔ་དང་། དབང་པོ་ལྔ་དང་། དམིགས་པ་མེད་པའི་སྙིང་རྗེ་ལྔ་དང་། བཅོ་ལྔ་སྟེ། བཅུ་དྲུག་པ་རྣམ་པ་ཐམས་ཅད་ཀྱིས་སྟོང་པ་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དང་། སངས་རྒྱས་ཀྱི་སྙིང་རྗེ་ཆེན་པོ་དང་། འདི་རྣམས་མཐར་ཕྱིན་ཅིང་ལོ་བརྒྱའི་ཡེ་ཤེས་ཀྱི་རླུང་། ལོ་གསུམ་དང་ཟླ་བ་ཕྱེད་པ་གསུམ་དག་པ་མཐར་ཕྱིན་པའི་ཡེ་ཤེས་ཀྱི་སྐུ་འགྲུབ་པའོ། །དེ་ལྟར་ཡང་དང་པོའི་སངས་རྒྱས་ལས། མཆོག་ཏུ་མི་འགྱུར་ཉི་ཁྲི་དང་། །སྟོང་ཕྲག་གཅིག་དང་དྲུག་བརྒྱའི་ས། །སྐད་ཅིག་གིས་རྫོགས་རྒྱལ་པོ་ཀྱེ། །རང་ཉིད་
རྡོ་རྗེ་སེམས་དཔའ་གྱུར། །ཅེས་སོ། །དེའི་ཚེ་སད་པའི་ཐ་མལ་གྱི་སྣང་བ་ཚོགས་དྲུག་འཁོར་དང་བཅས་པ་དག་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་དང་། སོ་སོར་རྟོགས་པའི་ཡེ་ཤེས་སུ་གྱུར་པ་ནི་སྤྲུལ་པའི་སྐུའོ། །རྨི་ལམ་གྱིས་འཁྲུལ་པ་སྲོག་གི་རླུང་གིས་བསྐྱེད་པ་དག་ནས། མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྱུར་པ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །གཉིད་འཐུག་པོ་ལ་སོགས་སེམས་མེད་པའི་གནས་སྐབས་བཞི་དག་པ་ཆོས་དབྱིངས་ཡེ་ཤེས་ནི་ངོ་བོ་ཉིད་ཀྱི་སྐུའོ། །ཆགས་པའི་གནས་སྐབས་དག་ནས་བདེ་བ་ཆེན་པོ་མེ་ལོང་ལྟ་བུ་ཡེ་ཤེས་དང་། ཆོས་ཀྱི་སྐུ་ཞེས་ཀྱང་བྱའོ། །ཡང་ན་ཡེ་ཤེས་ཀྱི་སྐུ་ཞེས་བྱ་སྟེ་དོན་གཅིག་གོ །དེ་ཡང་ཡེ་ཤེས་ལྔའི་ངོ་བོ་མདོར་བསྟན་པ་ནི། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། དེ་ལ་མེ་ལོང་ཡེ་ཤེས་ནི། །དཔེར་ན་མེ་ལོང་གཡའ་དག་ལ། །གཟུགས་བརྙན་སྣང་བ་གསལ་བ་བཞིན། །དེ་བཞིན་སེམས་ཀྱི་མེ་ལོང་ལ། །ཉོན་མོངས་གཡའ་ནི་དག་བྱས་ནས། །ཆོས་རྣམས་རྨི་
ལམ་སྒྱུ་མར་མཐོང་། །སེམས་ཀྱི་མེ་ལོང་གང་ཡིན་ལ། །སྒྱུ་མ་ཙམ་དུ་སྣང་བ་དང་། །ཐ་དད་མི་ཕྱེད་མཉམ་ཡེ་ཤེས། །མཉམ་ཉིད་ཡེ་ཤེས་གང་ཡིན་པ། །ཀུན་རྫོབ་སྒྱུ་མ་ཙམ་དེ་ནི། །ལས་དང་མཚན་ཉིད་མ་འདྲེས་པ། །དེ་ཉིད་སོ་སོར་རྟོགས་ཡེ་ཤེས། །དེ་ཉིད་ནན་ཏན་སྒྲུབ་བྱེད་དེ། །དེ་ཉིད་དོན་སྒྲུབ་ཡེ་ཤེས་ཏེ། །ཐམས་ཅད་ཆོས་དབྱིངས་གཞན་མེད་དེ། །དེ་ཕྱིར་ཆོས་དབྱིངས་ཡེ་ཤེས་ཡིན། །ཡེ་ཤེས་སྐྱེས་གནས་གང་ཡིན་པ། །ཁ་སྦྱོར་དབུས་ཀྱི་རྩ་བརྒྱད་དེ། །ཞེས་གསུངས། ཡེ་ཤེས་དེ་རྣམས་ཀྱི་ཕྲིན་ལས་ནི། རྩ་རྒྱུད་ལས། དམིགས་པ་མེད་པའི་སྙིང་རྗེ་ཡི། །སྒྱུ་འཕྲུལ་དྲ་བ་ལས་བྱུང་བ། །ཡིད་བཞིན་ནོར་བུ་ལྟ་བུ་ཡི། །མཐའ་ཡས་སེམས་ཅན་རེ་བ་སྐོང་། །ཞེས་གསུངས་སོ། །ཡེ་ཤེས་འདི་རྣམས་ཀྱི་གནས་འགྱུར་ནི། མདོ་སྡེ་རྒྱན་དང་། འཕྲིན་ལས་ནི་རྒྱུད་བླ་མ་ནས་བཤད་པ་དང་། གཞན་ཡང་བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་དུ་གསུངས་པ་རྣམས་དང་སྦྱར་ན་མང་དུ་ཡོད་ཀྱང་། འདི་ནི་
སྤྱི་དོན་གོ་བར་བྱས་པ་ཙམ་ཡིན་ནོ། །གདམས་ངག་ཆོས་དྲུག་གོ་བར་བྱེད་པའི་ཆིངས་བསྟན་པའོ། །རྣལ་འབྱོར་པ་རང་བྱུང་རྡོ་རྗེས་བདེ་ཆེན་སྟེང་དུ་སྦྱར་བ་ལས་ཕྱིས་ཆོས་རྗེ་ཉིད་ཀྱི་གསུང་ཇི་ལྟ་བ་བཞིན་དུ་ཅུང་ཟད་ཙམ་ཞིག་སྤྲོས་པ་འདི་ནི། ཀརྨ་པའི་རི་ཁྲོད་སྒང་དགོན་དུ། ཉམས་དང་རྟོགས་པ་ཕུན་སུམ་ཚོགས་པ་ཤེས་རབ་རིན་ཆེན་གྱིས་མཛད་པ་འདི་རྣམས་ནི། དང་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་པས། གཞུང་ཇི་ལྟ་བ་ལམ་དུ་བྱེད་པ་སོང་ནས། ད་ནི་གསུང་ཇི་ལྟ་བ་བཞིན་ལམ་དུ་བྱེད་པ་ལ་སྔོན་འགྲོ་བཞི་སྦྱོར་གྱི་རིམ་པ་དང་། དངོས་གཞི་ཟབ་ལམ་ནཱ་རོ་ཆོས་དྲུག །རྗེས་ཉམས་སྐྱོང་ཞིང་བསྔོ་བ་སྨོན་ལམ་གྱིས་རྒྱས་གདབ་པ་སྟེ་གསུམ་ལས། དང་པོ་ལ་ཡང་ཅི་བྱས་ཐར་བའི་ལམ་དུ་འགྲོ་བ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་མན་ངག །སྡིག་སྒྲིབ་དག་པར་བྱེད་པ་རྡོ་རྗེ་སེམས་དཔའི་བྷཻ་བཟླས་ཀྱི་མན་ངག །ཚོགས་གཉིས་ཡོངས་སུ་རྫོགས་པར་བྱེད་པ་དཀྱིལ་འཁོར་གྱི་འཁོར་ལོའི་
མན་ངག །བྱིན་རླབས་མྱུར་དུ་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་ཏེ་བཞི་པོ་གཞན་དུ་ཤེས་པར་བྱའོ། ། ༈ དངོས་གཞི་ཆོས་དྲུག་ནི། གཏུམ་མོ་ལམ་གྱི་གཞུང་གི་མན་ངག །སྒྱུ་ལུས་ལམ་གྱི་བོགས་འདོན་གྱི་མན་ངག །རྨི་ལམ་ལམ་གྱི་ཚོད་འཛིན་གྱི་མན་ངག །འོད་གསལ་ལམ་གྱི་སྒྲོན་མེའི་མན་ངག་སྟེ་བཞི་ནི་རྩ་བའི་གདམས་པར་གསུངས་པ་ནི། །གཞུང་ལས། གཉིད་དང་རྨི་ལམ་སྙོམས་འཇུག་དང་། །ཐ་མལ་དུས་ཏེ་རྣམ་པ་བཞི། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལས་གནས་སྐབས་བཞིའི་རྟོག་པ་ལས་མ་འདས་པས། དེ་ཡང་གཏུམ་མོས་ཆགས་པ་དག་པར་བྱེད། སྒྱུ་ལུས་ཀྱིས་ཐ་མལ་གྱི་སྣང་བ་སྦྱངས། རྨི་ལམ་ནི་རྨི་ལམ་གྱི་གདམས་པས་དག་པར་བྱེད། གཉིད་འཐུག་པོ་ལ་སོགས་སེམས་མེད་ཀྱི་གནས་སྐབས་ནི། འོད་གསལ་གྱིས་དག་པར་བྱེད་དོ། ། བར་དོ་ལམ་གྱི་བློ་ཆོད་ཀྱི་མན་ངག །འཕོ་བ་ལམ་གྱི་སྐྱེལ་མའི་མན་ངག་སྟེ་གཉིས་ནི་ལམ་གྱི་ཡན་
ལག་ཏུ་གསུངས་སོ། །རྩ་བའི་གདམས་པ་བཞི་ལ་ཡང་། ལུས་ཀྱི་གནད། ཡུལ་གྱི་གནད། དུས་ཀྱི་གནད། དམིགས་པའི་གནད་དེ་བཞི་རེ་གསུངས་པ་ལས། ལུས་ཀྱི་གནད་བསམ་གཏན་གྱི་ཆོས་དྲུག་ཡུལ་གྱི་གནད་ཕྱི་ནང་གཉིས་ལས། ཕྱིའི་སྣང་བ་དཀར་དམར་རོ། །ནང་དུ་འཁོར་ལོ་རྣམ་པ་བཞི། ཞེས་གསུངས་པས། ཕྱི་རོལ་གྱི་སྣང་བ་གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་སུ་སྣང་བ་ནི། སྒྱུ་ལུས་ཀྱི་ཡུལ་ལོ། །ནང་དུ་གཏུམ་མོ་འཁོར་ལོ་གཅིག་པ་ནི། ཐ་མལ་གྱི་སྣང་བ་བསྡུས་ནས། ལྟེ་བ་སྤྲུལ་པའི་འཁོར་ལོར་སེམས་འཆང་བ་ནི། ཆགས་པའི་གནས་སྐབས་སུ་འབར་འཛག་སྟེ། སྤྱི་བོའི་འཁོར་ལོར་འཆང་བའི་ཡུལ་དུ་བཤད་དོ། །རྨི་ལམ་གྱི་དུས་སུ་མགྲིན་པར་འཆང་བའོ། །གཉིད་འཐུག་པོའི་དུས་སུ་སྙིང་ཁར་འཆང་སྟེ། དེས་ན་འཁོར་ལོ་བཞི་ལ་ཡུལ་དུ་བཤད་དོ། །གསུམ་པ་དུས་ཀྱི་གནད་ནི། ཉིན་སྣང་དང་། མཚན་སྣང་ངོ་། །བཞི་པ་དམིགས་པའི་གནད་ནི། རེ་རེ་ལ་ཡང་མ་ཟིན་པ་ཟིན་པར་བྱེད་པ། ཟིན་
པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ། རང་བཞིན་གཉུག་མར་འཇོག་པ་སྟེ་བཞིར་བཤད་པ་དེ་དག་ལག་ལེན་དུ་འབྱུང་ངོ་། །ཆོས་དྲུག་ཆེན་མོ་ལས། དེ་ལ་རེ་ཞིག་ཟབ་ལམ་ཙཎྜ་ལིའི་མན་ངག་གིས་ནི། བདེ་ཆེན་ཡེ་ཤེས་ཀྱི་ཁམས་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱི་མན་ངག་གིས་ནི། སའི་ཁམས་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་གྱི་མན་ངག་གིས་ནི། མེའི་ཁམས་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱི་མན་ངག་གིས་ནི་ཆུའི་ཁམས་རྣམ་པར་དག་པར་བྱེད་པའོ། །བར་དོའི་ལམ་གྱི་མན་ངག་གིས་ནི་རླུང་གི་ཁམས་རྣམ་པར་དག་པར་བྱེད་པའོ། །འཕོ་བའི་མན་ངག་གིས་ནི་ནམ་མཁའི་ཁམས་རྣམ་པར་དག་པར་བྱེད་པའོ། །དེ་བཞིན་ཙཎྜ་ལིའི་མན་ངག་གིས་ནི་སྙོམས་འཇུག་གི་དུས་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་སད་པའི་དུས་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་གྱིས་ནི་གཉིད་འཁྲུལ་གྱིས་དུས་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་གཉིད་འཐུག་གི་
དུས་རྣམ་པར་དག་པར་བྱེད་པའོ། །བར་དོ་ཡིས་ནི་སྐྱེ་བ་དང་འཆི་བའི་བར་ཏེ་དབུགས་གནས་ཀྱི་དུས་རྣམ་པར་དག་པར་བྱེད་པའོ། །འཕོ་བའི་མན་ངག་གིས་ནི་སྲིད་པ་འཕོ་བའི་འཆི་བའི་དུས་དུས་རྣམ་པར་དག་པར་བྱེད་པའོ། །དེ་བཞིན་དུ་ཙཎྜ་ལིས་ནི། བདེ་ཆེན་ཡེ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་གྱིས་ནི་ཚོར་བའི་ཕུང་པོ་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པར་བྱེད་པའོ། །བར་དོ་ཡིས་ནི་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པར་བྱེད་པའོ། །འཕོ་བའི་མན་ངག་གིས་ནི་སྲིད་པ་འཕོ་བའི་(འཆི་བའི་དུས་)དུས་རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པར་བྱེད་པའོ། །དེ་བཞིན་དུ་ཙཎྜ་ལིའི་མན་ངག་གིས་ནི་བདེ་ཆེན་ཡེ་ཤེས་ཀྱི་རྩ་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་བརྟན་པའི་རྩ་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་ཀྱིས་ནི་འབར་བའི་རྩ་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་བརླན་པའི་
རྩ་རྣམ་པར་དག་པར་བྱེད་པའོ། །བར་དོ་ཡིས་ནི་གཡོ་བའི་རྩ་རྣམ་པར་དག་པར་བྱེད་པའོ། །འཕོ་བ་ཡིས་ནི་གོ་འབྱེད་པའི་རྩ་རྣམ་པར་དག་པར་བྱེད་པའོ། །ནམ་མཁའི་རྩ་ལ་བརྗོད་དེ་གོ་སྐབས་ཕྱེ་བའི་འོད་གསལ་ལ་ཡང་བརྗོད་དོ། །དེ་བཞིན་དུ་ཙཎྜ་ལིའི་མན་ངག་གིས་ནི་བདེ་ཆེན་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་སའི་རླུང་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་གྱིས་ནི་མེའི་རླུང་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་ཆུའི་རླུང་རྣམ་པར་དག་པར་བྱེད་པའོ། །བར་དོ་ཡིས་ནི་རླུང་གི་རླུང་རྣམ་པར་དག་པར་བྱེད་པའོ། །འཕོ་བ་ཡིས་ནི་ནམ་མཁའི་རླུང་རྣམ་པར་དག་པར་བྱེད་པའོ། །དེ་བཞིན་དུ་ཙཎྜ་ལིའི་མན་ངག་གིས་ནི་བདེ་ཆེན་ཡེ་ཤེས་ཀྱི་ཐིག་ལེ་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་གཞི་འཛིན་གྱི་ཐིག་ལེ་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་གྱིས་ནི་དྲོད་ཀྱི་ཐིག་ལེ་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་འབབ་པའི་ཐིག་ལེ་རྣམ་པར་
དག་པར་བྱེད་པའོ། །བར་དོ་ཡིས་ནི་གཡོ་བའི་ཐིག་ལེ་རྣམ་པར་དག་པར་བྱེད་པའོ། །འཕོ་བ་ཡིས་ནི་འགེངས་པའི་ཐིག་ལེ་རྣམ་པར་དག་པར་བྱེད་པའོ། །དེ་བཞིན་དུ་ཙཎྜ་ལིའི་མན་ངག་གིས་ས་ཧ་ཛ་སྟེ་ལྷན་ཅིག་སྐྱེས་པའི་དགྱེས་པ་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་རབ་ཏུ་དགྱེས་པ་རྣམ་པར་དག་པར་བྱེད་པའོ། །རྨི་ལམ་གྱིས་ནི་མཆོག་གི་དགྱེས་པ་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་ཁྱད་པར་གྱི་དགྱེས་པ་རྣམ་པར་དག་པར་བྱེད་པའོ། །བར་དོ་ཡིས་ནི་མཉམ་པ་ཉིད་ཀྱི་དགྱེས་པ་རྣམ་པར་དག་པར་བྱེད་པའོ། །འཕོ་བ་ཡིས་ནི་དབྱེར་མེད་ཀྱི་དགྱེས་པ་རྣམ་པར་དག་པར་བྱེད་པའོ། །དེ་བཞིན་དུ་ཙཎྜ་ལིའི་མན་ངག་གིས་ནི་(ཡས་འབབ་པ་ལྟར་ན་གཙུག་ཏོར་ནས་གསང་བའི་བར། མས་བརྟན་པ་ལྟར་ན་གསང་གནས་ནས་གཙུག་ཏོར་གྱི་བར་རིམ་བཞིན་འཁོར་ལོ་དྲུག་སྦྱར་བའོ། །)བྱང་སེམས་མཆོག་ཤིན་ཏུ་རྣམ་པར་སྨིན་པའི་འགྱུར་བ་རྣམ་པར་དག་པར་བྱེད་པའོ། །སྒྱུ་ལུས་ཀྱིས་ནི་ཐོག་མའི་འགྱུར་བ་རྣམ་
པར་དག་པར་བྱེད་པའོ། །རྨི་ལམ་ཀྱིས་ནི་བར་གྱི་འགྱུར་བ་རྣམ་པར་དག་པར་བྱེད་པའོ། །འོད་གསལ་གྱིས་ནི་སྨིན་པའི་འགྱུར་བ་རྣམ་པར་དག་པར་བྱེད་པའོ། །བར་དོ་ཡིས་ནི་རབ་ཏུ་སྨིན་པའི་འགྱུར་བ་རྣམ་པར་དག་པར་བྱེད་པའོ། །འཕོ་བ་ཡིས་ནི་ཐ་མའི་འགྱུར་བ་རྣམ་པར་དག་པར་བྱེད་པའོ། །གཏུམ་མོའི་ངོ་བོ་ནི། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས། སྒྱུ་ལུས་ཀྱི་ངོ་བོ་ནི། སྣང་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས། རྨི་ལམ་གྱི་ངོ་བོ་ནི། རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འོད་གསལ་གྱི་ངོ་བོ་ནི། གསལ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས། བར་དོའི་ངོ་བོ་ནི། དུས་གསུམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། འཕོ་བའི་ངོ་བོ་ནི། དབྱེར་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །ངེས་ཚིག་ནི། མྱུར་དུ་དོན་ཀྱི་ཡེ་ཤེས་སྦྱིན་པའི་ཕྱིར་གཏུམ་མོ། སྣང་ཡང་རང་བཞིན་མེད་པའི་ཕྱིར་སྒྱུ་ལུས་སོ། །ཡུལ་གྱི་སྲོག་གཟུགས་འཛིན་པའི་ཕྱིར་རྨི་ལམ་མོ། །རང་བཞིན་མེད་ཀྱང་ལྷུན་གྲུབ་ཏུ་སྣང་བའི་ཕྱིར་འོད་གསལ་ལོ། །མདུན་རྗེས་
ཀྱི་དབུས་སུ་གནས་པའི་ཕྱིར་བར་དོའོ། །རང་བཞིན་མེད་ཀྱང་ཀུན་ཏུ་འཇུག་པའི་ཕྱིར་འཕོ་བའོ། །དབྱེ་བ་ནི། གཏུམ་མོའི་རྣམ་པར་དབྱེ་བ་ནི་གཞི་དང་ཐབས་ལ་སོགས་པའོ། །སྒྱུ་ལུས་ཀྱི་རྣམ་པར་དབྱེ་བ་ནི་མ་དག་པ་དང་དག་པ་ལ་སོགས་པའོ། །རྨི་ལམ་གྱི་རྣམ་པར་དབྱེ་བ་ནི། དྲན་པ་དང་ཤེས་པ་ལ་སོགས་པའོ། །འོད་གསལ་གྱི་རྣམ་པར་དབྱེ་བ་ནི། ཉིན་གྱི་འོད་གསལ་དང་མཚན་གྱི་འོད་གསལ་ལ་སོགས་པའོ། །བར་དོའི་རྣམ་པར་དབྱེ་བ་ནི། དང་པོ་དང་བར་པ་ལ་སོགས་པའོ། །འཕོ་བའི་རྣམ་པར་དབྱེ་བ་ནི། ཆོས་སྐུ་དང་ལོངས་སྐུ་ལ་སོགས་པའོ། །འབྲས་བུ་ལ། གཏུམ་མོ་ནི་རྡོ་རྗེ་སེམས་དཔའི་རིགས་རྣམ་པར་དག་པའོ། །སྒྱུ་ལུས་ནི་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པའོ། །རྨི་ལམ་ནི་སད་མའི་རིགས་རྣམ་པར་དག་པའོ། །འོད་གསལ་ནི་རྡོ་རྗེའི་རིགས་རྣམ་པར་དག་པའོ། །བར་དོ་ནི་ལས་ཀྱི་རིགས་རྣམ་པར་དག་པའོ། །འཕོ་བ་ནི་རིན་པོ་ཆེའི་རིགས་རྣམ་པར་དག་པའོ། །
སྐུ་དྲུག་ལས། གཏུམ་མོ་ནི་མཆོག་ཏུ་གྱུར་པའི་སྐུ་རྣམ་པར་དག་པའོ། །སྒྱུ་ལུས་ནི་སྤྲུལ་པའི་སྐུ་རྣམ་པར་དག་པའོ། །རྨི་ལམ་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པར་དག་པའོ། །འོད་གསལ་ནི་ངོ་བོ་ཉིད་ཀྱི་སྐུ་རྣམ་པར་དག་པའོ། །བར་དོ་ནི་ཆོས་ཀྱི་སྐུ་རྣམ་པར་དག་པའོ། །འཕོ་བ་ནི་བདེ་བ་ཆེན་པོའི་སྐུ་རྣམ་པར་དག་པའོ། །ཡེ་ཤེས་ལ། གཏུམ་མོ་ནི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སོ། །སྒྱུ་ལུས་ནི་ཆོས་དབྱིངས་ཀྱི་ཡེ་ཤེས་སོ། །རྨི་ལམ་ནི་སོ་སོར་རྟོག་པའི་ཡེ་ཤེས་སོ། །འོད་གསལ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །བར་དོ་ནི་བྱ་བ་གྲུབ་པའི་ཡེ་ཤེས་སོ། །འཕོ་བ་ནི་མཉམ་ཉིད་ཀྱི་ཡེ་ཤེས་སོ། །འཛམ་གླིང་པའི་གསུང་དྲུང་ཀུན་སྤངས་པའི་ཟིན་བྲིས་ལས། ཡང་གཞི་སེམས་ཅན་གྱི་རྒྱུད་ལ་ཆགས་པའི་གནས་སྐབས་ཀྱི་འཁྲུལ་པ་ཡོད་དེ། ལམ་གཏུམ་མོས་སྦྱོང་ཞིང་ལས་ཀྱི་ཕྱག་རྒྱས་བཅངས་པས། འབྲས་བུ་ཆོས་དབྱིངས་ཡེ་ཤེས་དང་། ཡེ་ཤེས་ཀྱི་སྐུ་ཐོབ་པར་བྱེད་པ་དང་། ཡང་གཞི་ཐ་མལ་
གྱི་གནས་སྐབས་ཀྱི་འཁྲུལ་པ་དེ། ལམ་སྒྱུ་ལུས་ཀྱིས་སྦྱོང་ཞིང་ཆོས་ཀྱི་ཕྱག་རྒྱས་བཅངས་པས། འབྲས་བུ་བྱ་གྲུབ་ཡེ་ཤེས་དང་སྤྲུལ་སྐུ་འཐོབ་བོ། །ཡང་ཉིན་པར་གྱི་སྣང་བ་དཀར་དམར་དང་བདེན་ཞེན་དུ་འཛིན་པ་དེ། རྨི་ལམ་གྱི་གནས་སྐབས་རྨི་ལམ་གྱིས་སྦྱོང་ཞིང་ཡེ་ཤེས་ཀྱི་ཕྱག་རྒྱས་བཅངས་པས། འབྲས་བུ་མཉམ་པ་ཉིད་དང་། སོ་སོར་རྟོགས་པའི་ཡེ་ཤེས་དང་ལོངས་སྐུའོ། །ཡང་སེམས་ཅན་གྱི་རྒྱུད་ལ་གཞི་མ་རིག་པས་སྒྲིབ་པའི་གཉིད་འཐུག་པོས་བསྒྲིབས་པ་དེ། ལམ་འོད་གསལ་གྱིས་སྦྱོང་ཞིང་ཕྱག་ཆེན་གྱིས་བཅངས་པས། འབྲས་བུ་མེ་ལོང་ཡེ་ཤེས་དང་ཆོས་སྐུ་འཐོབ་པར་བྱེད་དོ། །དྭགས་པོ་རིན་པོ་ཆེའི་གསུང་ལས། ལུས། རྩ། རླུང་། སེམས་ཀྱི་གནད་དེ་བཞི་ནི། རྣལ་འབྱོར་གྱི་གཏུམ་མོའོ། །སྟེང་རླུང་མནན། འོག་རླུང་བཏེག །ཤེས་པ་སྣ་རྩེར་རམ། ནམ་མཁར་གཏད་པ་ནི་ཡེ་ཤེས་ཀྱི་གཏུམ་མོའོ། །ལས་ཀྱི་ཕྱག་རྒྱ་དང་ལྟེ་བའི་ཨ་གཉིས་ཐ་མི་དད་པར་བསམ་ལ། ལྟེ་བའི་ཨ་ལ་
སེམས་གཏད་པ་ནི་ལས་ཀྱི་གཏུམ་མོའོ། །སྣང་བ་ཐམས་ཅད་གཉིས་མེད་དུ་ཤེས་པར་བྱས་ལ་ལྷུག་པར་བཞག་པ་ནི་ཕྱག་རྒྱ་ཆེན་པོའི་གཏུམ་མོའོ། །ལུས་ཡེ་ཤེས་ཀྱི་འཁོར་ལོ་ལ་སྦ་བ། རྩ་རི་རབ་ཀྱི་ལོགས་ལ་སྦ་བ། སེམས་གསང་བའི་གནས་སུ་སྦ་བ། རླུག་དཔག་བསམ་གྱི་ཤིང་ལ་སྦ་བ་སྟེ་སྦ་བ་བཞི། ལས་དང་བྱ་བ་དོར་བ་བདེ་བའི་རྐྱེན། དབང་པོའི་སྒོ་མི་དགག་པ་གསལ་བའི་རྐྱེན། ཆགས་སྡང་དང་བྲལ་བ་མི་རྟོག་པའི་རྐྱེན། མ་བཅོས་པའི་ངང་ལ་བཞག་པ་ཐ་མི་དད་པའི་རྐྱེན་ཏེ་རྐྱེན་བཞིའོ། །གང་དུ་བསྡད་ཀྱང་མཁའ་འགྲོ་དང་བུད་མེད་འདུ་བ་ནི་རྩ་ལས་སུ་རུང་བའོ། །ཆུ་དང་གསལ་ཤིང་གི་རྩེ་ལ་བསྡད་ཀྱང་ཆགས་པ་ནི་རླུང་ལས་སུ་རུང་བའོ། །ཁ་ཟས་འཇུ་བ་སེམས་ལས་སུ་རུང་བའོ། །བདེ་གསལ་ལ་ལོངས་སྤྱོད་པ་བྱང་སེམས་ལས་སུ་རུང་བའོ། །རུང་བ་བཞི་འཕྲིན་ལས་བཞི་འགྲུབ་པའི་འཕྲིན་ལས་ལ་དབང་བ། རླུང་ཨ་ཝ་དྷུ་ཏིར་ཚུད་པ་སེམས་ལ་དབང་བའོ། །
མཉམ་རྗེས་མེད་པ་ཡེ་ཤེས་ལ་དབང་བའོ། །རླུང་འབྱུང་འཇུག་དང་བྲལ་བ་རླུང་ལ་དབང་བ་སྟེ་གཏུམ་མོ་ཆེན་པོའི་ཆོས་བཅུ་དྲུག་གོ །དང་པོ་གཏུམ་མོ་ལམ་གྱི་གཞུང་ཤིང་གི་མན་ངག་བསྒོམ་པར་བྱེད་པ་ལ་བཞི་སྟེ། ལུས་ཀྱི་གནད། ཡུལ་གྱི་གནད། དུས་ཀྱི་གནད། དམིགས་པའི་གནད་དོ། །དང་པོ་བཅའ་བ་ལུས་ཀྱི་གནད་ནི། ལུས་རྣམ་སྣང་གི་ཆོས་བདུན་ལ། རྐང་པ་རེའུ་མིག་ལྟར་བསྣོལ། །དགོས་པ་ནི་ཐུར་སེལ་གྱི་རླུང་ཟིན་ཅིང་དྲོད་སྐྱེ་བ་ཡིན།སྒལ་ཚིགས་མདའ་ལྟར་བསྲང་། །དགོས་པ་ནི་སྲོག་འཛིན་གྱི་རླུང་ཟིན་ཅིང་རླུང་གནད་དུ་ཚུད་པ་ཡིན།ལག་པ་མཉམ་བཞག་རྒྱས་བཙིར། །དགོས་པ་ནི་མེ་མཉམ་གྱི་རླུང་ཟིན་ཅིང་རྩ་ཁ་འབྱེད། བདེ་བ་སྐྱེ་བ་ཡིན།དཔུང་པ་རྒོད་གཤོག་བཞིན་དུ་བརྒྱང་། །དགོས་པ་ནི་ཁྱབ་བྱེད་ཀྱི་རླུང་ཟིན་ཅིང་རླུང་ནད་ཆུང་བ་ཡིན། མགྲིན་པ་ཡུད་ཙམ་དགུག །དགོས་པ་ནི་གྱེན་རྒྱུའི་རླུང་ཟིན་ཅིང་མི་རྟོག་པ་སྐྱེ་བ་ཡིན།ལྕེ་ཡ་རྐན་ལ་སྦྱར། མཆུ་དང་སོ་བབ་ཀྱིས་བཞག །མིག་སྣ་
རྩེར་དབབ། །དགོས་པ་ནི་ཤེས་པ་གསལ་ཞིང་དམིགས་པ་ཟིན་པ་ཡིན།ལུས་སེམས་སྒྲིམ། །དགོས་པ་ནི་དྲོད་སྐྱེ་མྱུར་བ་ཡིན།།རྗེ་བཙུན་མི་ལས། མགོ་བོ་དགུག་ན་མིག་ཚག །ཚིག་པ་ཟ། མིག་མི་གསལ། གཉིད་ཆེ། ཤེས་པ་ཉོག་རོ་སྟོད་བཀྱེད་པས་ཤེས་པ་འཕྱོ། རྟོག་པ་འཕྲོ། རོ་སྟོད་གཟེར་ཞིང་ན། རོ་སྟོད་དགུག་པས་ཤུགས་རིང་འབྱིན། ཉམས་མི་དགའ། སྙིང་རླུང་འབྱུང་། རོ་སྟོད་བརྒྱངས་པས་ན། གཡས་སུ་ཡོ་ན། དམིགས་པ་མི་ཟིན། འགྲོ་འདོད། ནོར་ལ་གཟན། གཡོན་དུ་ཡོ་ན་འདོད་སྲེད་ཆེ། ཚེ་ཐུང་། འཁོར་མི་འདུ། དོན་མི་འགྲུབ། ཚང་ར་སྟན་དུ་བཏིང་ན་ཐིག་ལེ་འཛག མཁལ་ནད་འཇུག །ལེ་ལོ་ཆེ། ཉམ་ངན་ནོ། །དེས་ན་རྟག་ཏུ་ལུས་གནད་བསྲངས་སྟེ་འདུག་པར་བྱ་ལ་རྣམ་སྣང་གི་ཆོས་བདུན་ནོ། །ཡང་ན་ཙོག་པུར་རྐང་པ་རེའུ་མིག་ལྟར་བསྣོལ་ལ་ལྷམ་སྒྲོག་གམ། སྐེད་རགས་སམ། སྒོམ་ཐག་གིས་བཅིངས་པས་རླུང་ཟུག་ཆུང་། ལུས་གནད་དམ། དྲོད་སྐྱེ་མྱུར་བ་ཡིན།
གཞན་གོང་དང་འདྲའོ། །ཡང་ན་བོལ་གོང་འགལ་བུ་ལྟར་བརྩེགས། ལག་པ་སྒོམ་ཐག་ལྟར་བསྡམ། འདི་ཡང་དྲོད་སྐྱེ་མྱུར་རོ། །གཉིས་པ་ཡུལ་གནད་ནི། ལྟེ་འོག་སོར་བཞིའི་སར་རྩ་གསུམ་འདུས་པའི་མདོའོ། །གསུམ་པ་དུས་ཀྱི་གནད་ནི། ལས་རྒྱ་དང་ཉིན་མཚན་གྱི་དུས་སོ། །བཞི་པ་དམིགས་པའི་གནད་ལ་།བཞི་ནི། མ་ཟིན་པ་ཟིན་པར་བྱེད་པའི་མན་ངག །ཟིན་པ་བརྟན་བྱེད་བསྒྲུབ་པ་ཙཎྜ་ལིའི་མན་ངག །བརྟན་པ་བོགས་དབྱུང་བ་སྒྲུབ་པ་ཆེན་པོའི་མན་ངག །བདེ་བ་སྟོང་པས་བོགས་འདོན་ཅིང་རང་བཞིན་གཉུག་མར་འཇོག་པའི་མན་ངག་གོ །དང་པོ་མ་ཟིན་པ་ཟིན་པར་བྱེད་པའི་མན་ངག་ལ་ཡང་བཞི་སྟེ། སྣང་བརྙན་གྱི་སྐུ་བསྒྲུབ་པ་སྟོང་ར་སྦྱང་བ། རིགས་ལྡན་གྱི་གཞི་བཟུང་བ་རྩ་སྦྱང་བ། གསང་གསུམ་གྱི་འགྲོས་སྦྱང་བ་རླུང་སྦྱང་བ། ཆུ་ཟླའི་གར་བསྒྱུར་བ་ཐིག་ལེ་སྦྱང་བའོ། །དེ་ལས་དང་པོ་སྟོང་ར་ལ་ཡང་བཞི་སྟེ། མ་དག་ལུས་ཀྱི་སྟོང་ར། དག་པ་ལྷའི་སྟོང་ར། དབྱིབས་ལ་བསླབ་པ། ཁ་དོག་ལ་བསླབ་པའོ། །བསྒོམ་དོན་སེམས་ལ་དགོད་
པ། བསྒོམ་ཁྲིད་ལག་ཏུ་བླང་བ། བསྒོམ་འབྲས་ཚད་ལ་དབབ་པའོ། །བསྒོམ་དོན་སེམས་ལ་དགོད་པ་ནི། ནང་དང་ཕྱི་རོལ་གྱི་ལུས་སུ་སྣང་བ་ཇི་སྙེད་པ་འདི་དག་ཐམས་ཅད་གདོད་ནས་སྣང་སྟོང་དབྱེར་མེད་ཀྱི་ངོ་བོར་ལྷུན་གྱིས་གྲུབ་པ་ལ། གྲུབ་པ་ངེས་པར་རྟོགས་པའི་བློ་སྔོན་ལ་གསལ་བར་མ་སྐྱེས་པ་ལས། དེང་བླ་མ་དམ་པའི་མན་ངག་གིས་གསལ་གདབ་བྱའོ། །ཞེས་འདུན་པ་རྩེ་གཅིག་ཏུ་བྱའོ། ། དང་པོ་མ་དག་ལུས་ཀྱི་སྟོང་ར་ནི། དབེན་པར་སྒྲུབ་པ་པོས་ལུས་བསམ་གཏན་གྱི་ཆོས་དྲུག་དང་ལྡན་པར་བྱས་ཏེ། སྔོན་འགྲོའི་ཆོས་རྣམས་སོང་ནས། རང་གི་ལུས་ཀྱི་ནང་གཙང་ལ་དྭངས་པ། ཁྲུ་མ་ཕུས་བཏབ་པ་བཞིན་དུ་སྟོང་སང་ངེ་དམིགས་པར་བྱའོ། །འདི་རྣམས་ཀྱི་སྐབས་སུ་ཕྱི་རོལ་གྱི་རི་ལ་སོགས་ལ་རྩི་ཐུར་ཡན་ཆད་གཟུགས་སུ་གྲུབ་པ་ཅི་མཐོང་ཡང་ནང་སྟོང་པར་སྦྱང་།ཡང་སྤྱི་བོའི་གཙུག་ནས་རྐང་པའི་སོར་མོའི་རྩེ་མོ་ཡན་ཆད་ཕྱི་ལ་སྟོང་བར་ལྟ་བ་དང་།
ཡང་རྐང་པའི་སོར་མོ་ནས་བརྩམས་ཏེ་སྐྲའི་རྩེ་མོ་ཕྱིན་ཆད་སྟོང་སང་ངེ་བལྟ་བར་བྱའོ། །ཡང་ལུས་ཆུང་ཚད་ནི་ཡུངས་དཀར་གྱི་འབྲུ་གུའམ། སོར་བཞིའམ། ཚོན་གང་བ་གང་རུང་དུ་བསྐྱེད་ལ། ལུས་དང་ཡན་ལག་གསལ་བ་དམིགས་སོ། །ཡང་རང་གི་ལུས་ཤིན་ཏུ་ཆེ་བ་སོར་མོའི་ཁྱོན་གྱིས་ཀྱང་འཇིག་རྟེན་གྱི་ཁམས་ནོན་པར་ནུས་ཙམ་དུ་བསྐྱེད་ནས། སྟོང་པར་སྦྱོང་ཚུལ་ནི་གོང་དང་མཐུན་ནོ། །ཡང་རང་སོར་བཞག་པ་ནི་གོང་དང་མཚུངས་སོ། །དེ་མ་དག་ལུས་ཀྱི་སྟོང་ར་སྦྱོང་ཚུལ་ལོ། །ཐུན་གཅིག །གཉིས་པ་དག་པ་ལྷའི་སྟོང་ར་སྦྱོང་ཚུལ་ནི། །རིན་པོ་ཆེ་མཚུར་ཕུ་པ་འཇམ་དབྱངས་ཆེན་པོ་དོན་གྲུབ་འོད་ཟེར་གྱི་གསུང་ལས། དེ་ཡང་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱང་ཆོས་འབྱུང་གྲུ་གསུམ་པའི་རྣམ་པ། དེ་ཡང་བདེ་བ་ཆེན་པོའམ། མི་ཤིག་པའི་ཐིག་ལེའམ། ཐ་མལ་གྱི་ཤེས་པའམ། སེམས་སམ་ཐ་སྙད་གང་གིས་བཏགས་ཀྱང་དེ་ལ་ལུས་ངག་ཡིད་གསུམ་མམ། རྡུལ་མུན་སྙིང་སྟོབས་གསུམ་མམ། རླུང་མཁྲིས་
བད་ཀན་གསུམ་མམ། ཁམས་གསུམ་གྱི་རང་བཞིན་དུ་གནས་པ་ན་གྲུ་གསུམ་པའོ། །དེ་ཡང་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཅིག་ཡིན་པས་རྩ་བ་ཕྲ་བ་དང་། སངས་རྒྱས་ཀྱི་རྟོགས་པ་རྣམས་གོང་ནས་གོང་དུ་ཇེ་ཆེར་སངས་རྒྱས་པས་ན་ཁ་གཡེལ་བའོ། །དེ་ལ་ཉོན་མོངས་པའི་དབང་གིས་དྲི་མས་མ་གོས་པ་དབང་གི་པད་མ་དང་། བདག་མེད་པའི་འོད་ཟེར་དེའི་སྟེང་དུ་ཐབས་ཟླ་བ། ཤེས་རབ་ཉི་མའི་རང་བཞིན་ཅན་གྱི་གདན་ནོ། །དེའི་སྟེང་དུ་རྣམ་པར་ཤེས་པའི་ངོ་བོ་ཧྲི་དམར་པོ། ཤེས་པ་དེ་ཡང་ཕྱི་རོལ་ཏུ་འཕྲོ་བའི་རྣམ་པས་ཧྲི་ལས་འོད་ཟེར་འཕྲོས། དེའི་བདག་ཉིད་ཀྱི་སྣང་ཡུལ་ལ་སེམས་སྣ་ཚོགས་སུ་སྣང་བ་འོད་ཟེར་འཕྲོས་པས། དེ་ཡང་གཉིས་འཛིན་གྱི་སྒྲིབ་པ་སྦྱངས། གཉིས་མེད་དུ་ཤེས་པའི་སྡིག་སྒྲིབ་དག་པས། དེ་ཡང་མེད་བཞིན་དུ་སྣང་བའི་གཟུགས་སུ་ཆུ་ཟླའམ། མེད་བཞིན་དུ་སྣང་བ་སྣང་བཞིན་དུ་མ་གྲུབ་པ། སྐུ་ཞལ་ཕྱག་གི་རྣམ་པར་སྣང་བ་ནི་ཕྱི་ན་སྒྱུ་མ་ལྟ་བུའི་ལྷ་སྐུ་ཞེས་པས།
དེ་ནི་དག་པ་ལྷའི་སྟོང་རའི་གོ་དོན་ནོ། །སྔོན་འགྲོ་ལུས་གནད་གོང་དང་མཐུན་ལ། རང་ཉིད་སྐད་ཅིག་གིས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སྐུ་དོག་ཤིན་ཏུ་དམར་ཞིང་གསལ་བ། ཞལ་གཅིག་ཕྱག་གཉིས་གྲི་གུག་དང་ཐོད་པ་འཛིན་པ་ལང་ཚོ་དར་ལ་བབ་ཅིང་བཅུ་དྲུག་ལོན་པའི་ན་ཚོད་ལྟར། རུས་པའི་རྒྱན་ཆ་ལྔས་སྤྲས་ཤིང་དྭངས་ལ་ཐོགས་པ་མེད་པ། ནང་དར་དམར་པོས་གུར་ཕུབ་པ་ལྟ་བུའམ། མར་མེའི་འོད་ཁང་ལྟ་བུར་གསལ་བར་བསྒོམ་པར་བྱའོ། །དེ་ཉིད་ལ་དམིགས་པ་ཅུང་ཟད་བརྟན་པ་དང་། ཆེན་པོའི་རྣལ་འབྱོར་དང་། ཆུང་ངུའི་རྣལ་འབྱོར་བསྒོམ་པར་བྱ་སྟེ། ཆེན་པོའི་རྣལ་འབྱོར་ནི། རང་ཉིད་རྗེ་བཙུན་མའི་སྐུ་དེ་ཉིད་ཇེ་ཆེར་སོང་ནས་རི་རབ་ཙམ་དུ་བསྒོམ། དེ་ལས་ཀྱང་ཇེ་ཆེར་སོང་ནས་མཐར་དབུའི་གཙུག་ཏོར་ཚངས་པའི་འཇིག་རྟེན་དུ་སླེབས་པ། ཞབས་འོག་ཕྱོགས་ཀྱི་འཇིག་རྟེན་ན་ཡོད་པ་སྟེ། མདོར་ན་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་བསྒོམ། འདིའི་སྐབས་སུ་རིག་པ་བྱིང་ནས་གཉིད་
རྨུགས་སུ་འགྲོ་ན། རང་གི་རིག་པ་ཇེ་མཐོ་ཇེ་མཐོ་ལ་སོང་ནས། རྗེ་བཙུན་མའི་སྨིན་མཚམས་སུ་དམིགས་པ་མ་ཡེངས་པར་གཏོད་དོ། །རིག་པ་འཕྲོ་རྒོད་དུ་སོང་ནས་གཉིད་མི་འོང་བ་འདྲ་བ་བྱུང་ན། རིག་པ་ཇེ་དམའ་ཇེ་དམའ་ལ་སོང་ནས། ཞབས་ལ་ཐུག་པ་ལ་ཞབས་མཐེ་མོའི་རྩེ་མོ་ལ་སེམས་གཏད་དོ། །འདི་ནི་གེགས་སེལ་བའི་རིམ་པའོ། །ཕྲ་མོའི་རྣལ་འབྱོར་ནི། རྗེ་བཙུན་མ་དེ་ཉིད་ཇེ་ཆུང་ཇེ་ཆུང་ལ་སོང་ནས་ཚོན་གང་བ་དང་། ཉུངས་འབྲུ་ཙམ་དང་། མཐར་རྟ་རྔའི་རྩེ་མོ་ཙམ་གསལ་བ་ལ་སེམས་རྩེ་གཅིག་ཏུ་མ་ཡེངས་པར་གཏད་ལ་བསྒོམ་པར་བྱའོ། །འདི་ནི་ཤིན་ཏུ་ཟབ་པའི་རྣལ་འབྱོར་ཡིན་གསུངས། ཡང་རང་སོར་སྦྱོང་ཚུལ་ནི་གོང་དང་མཚུངས་སོ། །དག་པ་ལྷའི་སྟོང་ར་སྦྱོང་ཚུལ་སོང་ནས་ཐུན་གཅིག །གཉིས་པ་དབྱིབས་ལ་བསླབ་པ་ནི། རང་གི་ལུས་གྲུ་བཞི། ཟླུམ་པོ། ཟླ་གམ། ཟུར་གསུམ་སོགས་རིམ་པ་བཞིན་བསྒོམ་མོ། །རེ་རེ་ལ་ཡང་གྲངས་མེད་དང་། ཆེ་ཆུང་སྣ་ཚོགས་སུ་བྷཻ་བ་སྒོམ་པ་
གོང་དང་མཚུངས་སོ། །གསུམ་པ་ཁ་དོག་ལ་བསླབ་པ་ནི། གྲུ་བཞི་ལ་སེར་པོ། ཟླུམ་པོ་ལ་དཀར་པོ། ཟླ་གམ་ལ་དམར་པོ། གྲུ་གསུམ་ལ་ནག་པོ། སོག་ཁ་ལ་སྔོན་པོར་བསྒོམ་མོ། །རེ་རེ་ལ་ཡང་ཁ་དོག་ཚང་བ་བསྒྱུར་ཞིང་བསྒོམ་མོ། །དེ་རྣམས་ཀྱིས་སྣང་བརྙན་གྱི་སྐུ་བསྒྲུབ་པ་སྟོང་ར་སྦྱོར་བ་སོང་ངོ་། །ཐུན་གཅིག །བསྒོམ་འབྲས་ཚད་དུ་དབབ་པ་ནི། དེ་ལྟར་བྷཻ་བས་ཏིང་ངེ་འཛིན་མངོན་སུམ་དུ་གསལ་བར་སྣང་བ་དངོས་དང་། དེ་དང་རྗེས་སུ་མཐུན་པའི་ཉམས་ཤར་བ་རྣམས་དང་། ཉིན་བྷཻ་བ་ཇི་ལྟ་བ་མཚན་མོ་གཉིད་ཀྱི་ཚེ་ལ་འབྱུང་བ་རྨི་ལམ་སྟེ། དངོས། ཉམས། རྨི་ལམ་གསུམ་གྱིས་གཏན་ལ་དབབ་པའོ། །གཉིས་པ་རིགས་ལྡན་གྱིས་གཞི་བཟུང་བར་རྩ་སྦྱང་བ་།ནི།།ཞིབ་པ་གོང་དུ་དངོས་པོའི་གནས་ལུགས་ཀྱི་རྩའི་སྐབས་ལྟར་ཡིན་ལ། རྗེ་བཙུན་མི་ལས། ལུས་ཀྱི་རྩ་རྒྱས་པར་ཕྱེ་ན་བ་སྤུའི་གྲངས་དང་མཉམ། དེ་བསྡུས་ན་ཉི་ཁྲི་ཆིག་སྟོང་། དེ་བསྡུས་ན་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་བསྡུས་ན་རྩ་གསུམ་འཁོར་ལོ་བཞི། དེ་བསྡུས་
ན་དྷུ་ཏི། ལ་ལ། ར་ས་གསུམ། དེ་བསྡུས་ན་དྷུ་ཏི་གཅིག་པུ་ལ་འདུས་པའོ། །དེ་ཡང་དབུ་མ་རོ་རྐྱང་སྦྱོང་བ་དང་། དེ་བཞིན་དུ་འཁོར་ལོ་དྲུག་དང་། འཁོར་ལོ་བཅུ་གཉིས་དང་། བཅོ་བརྒྱད་དང་། ཡན་ལག་དང་ཉིང་ལག་གི་རྩ་རྣམས་སྦྱོང་བ་དང་། སྟོང་ཕྲག་བདུན་ཅུ་རྩ་གཉིས་དང་། བྱེ་བ་ཕྲག་ཕྱེད་བཞིའི་རྩ་སྦྱོང་བའོ། །དེ་ལ་ཡང་འདིར། ཇི་ལྟར་ཕྱི་རོལ་དེ་བཞིན་ནང་། །ཞེས་གསུངས་པ་ཕྱི་སྣོད་འཇིག་རྟེན་གྱི་ཁམས་ན་ཡང་། ལུང་པ་ཡང་དོག་ཕུ་ཐག་རིང་ཐུང་། འཇམ་རྩུབ་སོགས་ཡོད་པས། རང་གི་ལུས་ལ་ཡང་རྩ་ཁམས་ཐམས་ཅད་ཀྱང་རིགས་དེ་ལྟར་ཡོད་པས། རྩ་བ་དག་བརྐྱང་བ་ལྟ་བུ་དང་། སྐྲ་ཤད་འཛིངས་པ་བཞིན་དང་། ཐང་ཤིང་ལྟ་བུ་ལ་སོགས་པ་དང་། རིགས་དུ་མ་ཡོད་པར་གསུངས།རྗེ་བཙུན་ཆེན་པོ་ནཱ་རོ་པའི་ཞལ་ནས། ལུས་ཀྱི་གནས་ཐབས་བསྒོམ་པའི་གནད། །སེམས་ཀྱི་གནས་ཐབས་ལྟ་བའི་གདིང་། །ཕྱི་ན་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི། །སྟེང་ན་
ཨ་ཧཾ་ཐིག་ལེ་ཅན། །འོག་ན་ཨ་ཤད་ཙཎྜ་ལི། །བར་ན་བདེ་སྟོང་གསལ་བའི་ཉམས། །སྟེང་འོག་རླུང་གི་འཁོར་ལོའི་ཚུལ། །མིང་ཡང་གཏུམ་མོའི་གདམས་ངག་ཟེར། །སེམས་གནད་དུ་ཚུད་དམ་ལོ་ཙཱ་བ། །ཞེས་གསུངས་སོ། །རིགས་ལྡན་གྱི་གཞི་བཟུང་བ་ལ་གསུམ། བསྒོམ་དོན་སེམས་ལ་འགོད་པ། བསྒོམ་ཁྲིད་ལག་དུ་བླང་བ། བྷཻ་འབྲས་ཚད་ལ་དབབ་པའོ། །འགོད་པ་ནི་སྤྱིར་སྣང་དམིགས་མཐའ་དག་རྣལ་འབྱོར་མ་རྒྱ་མཚོའི་རྡུལ་སྙེད་དུ་གདོད་ནས་བཞུགས་པར་གསལ་གདབ་ཅིང་། བྱེ་བྲག་ཏུ་ཡང་རང་གི་ལུས་ལ་བཞུགས་པ་གསལ་གདབ་བོ་ཞེས་གསུངས་པའོ། ། བྷཻ་ཁྲིད་ལག་ཏུ་བླང་བ་དངོས་ནི། འདིར་རྗེ་བཙུན་ཆེན་པོ་ནཱ་རོ་པའི་ལུགས་ཀྱི་གདུགས་དང་གདུགས་འགྱོག་ལྟ་བུར་བཞེད་པས། སྒྲུབ་པ་པོས་སྔོན་འགྲོའི་རིམ་པ་རྣམས་ནི་གོང་དང་མཐུན་པར་བྱས་ལ། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་རྒྱན་ཆ་ལུགས་ལ་སོགས་པ་ཡང་སྔར་དང་འདྲ་བར་གསལ་ལ་དྭངས་པར་བྷཻ་བ་ནི་ཆོས་འདིའི་ལུགས་ལ་ཆེས་
ཆེར་ཟབ་པའི་མན་ངག་གོ །དེ་ནས་བདེ་བའི་སྟན་ལ་དཀྱིལ་ཀྲུང་ཙོག་པུ་སོགས་དང་ལག་པ་མཉམ་བཞག་བྱ་སྟེ། རང་ཡི་དམ་ལྷ་ཡི་ཁང་པའི་ནང་ཐམས་ཅད་གཙང་ལ་དྭངས་པ་ཁྲུ་མ་ཕུས་བཏབ་པ་ལྟར་བསམ་ལ། དེའི་དབུས་སུ་དབུ་མ་སྲོག་ཤིང་ལྟ་བུར་གནས་པ་ཕྲ་སྦོམ་གྲོ་སོག་ཙམ་དུ་བྷཻ་བའི་ཡར་སྣེ་སྤྱི་བོ་ཚངས་པའི་བུ་ག་ལ་རེག་པ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ། མར་སྣེ་ལྟེ་འོག་གཉེར་པོ་ཆེའི་ཐད་དུ་རག་དུང་གི་སོར་ཁ་ལྟར་ཡངས་པ། དེ་བཞིན་དུ་གཡས་རོ་མ་དང་། གཡོན་རྐྱང་མ་གཉིས་ཀྱང་དབུ་མའི་གཡས་གཡོན་གཉིས་ནས་བར་ཐག་སོར་རེ་ཙམ་ཡོད་པ་ལ། ཡར་སྣེ་སྣ་བུག་གཉིས་ལ་ཟུག་པ་དང་། མར་སྣེ་ལྟེ་འོག་སོར་བཞི་ཙམ་དུ་དབུ་མ་དང་ནང་གཅིག་ཏུ་གྱུར་པ་རྩ་གསུམ་མཚན་ཉིད་བཞི་ལྡན་ཅེས་པ་ནི། དཀར་ཞིང་གསལ་བ། དྲང་ཞིང་སྟོང་པ་སྟེ། དེ་ལྟ་བུར་སྦྱར་བར་བྱའོ། །འདིའི་སྐབས་སུ་རིག་པ་བྱིང་རྨུགས་དང་མི་གསལ་ན། རྩའི་སྟོད་ལ་ཤེས་པ་གཏད། ཤེས་པ་འཕྲོ་ཞིང་རྒོད་ནས་
མི་གནས་ན་སྨད་དུ་དེ་ལྟར་སེམས་གཏད། ཁམས་སྙོམས་པ་དག་གིས་རྩ་གསུམ་སྤྱི་ཙམ་དུ་དམིགས་པ་ལ་སེམས་མ་ཟིན་གྱི་བར་དུ་བྷཻ་བའམ། ཞག་ཁ་ཡར་སྦྱངས་ཏེ། ལྟ་སྟངས་དང་བཅས་ནས་བྱེད་པ་གལ་ཆེའོ། །ཐུན་གཅིག ལྟེ་བ་།སྤྲུལ་སྐུའི་གནས་སྤྲུལ་པའི་འཁོར་ལོ་རྩ་འདབ་།འདི་ལ་བརྟེན་པས་བདེ་དྲོད་སྐྱེས་དྲུག་ཅུ་རྩ་བཞི་ལ། དབུ་མ་ལས་སྐྱེས་པའི་ཚུལ་གྱིས་ཕྱོགས་བཞི་ན་རྩ་འདབ་བརྒྱད་བརྒྱད་རེ། མཚམས་བཞི་ན་རྩ་འདབ་བརྒྱད་བརྒྱད་རེ་སྟེ། རྩ་སྣེ་སྟོང་ར་ལ་རེག་ལ་མ་འབྱར་ཙམ་དུ་བྷཻའོ། །དེ་བཞིན་དུ་སྙིང་ཁ་། ཆོས་སྐུའི་གནས། }ཆོས་ཀྱི་འཁོར་ལོ་རྩ་བདབས་།འདི་ལ་བརྟེན་ནས་འོད་གསལ་ཟིན།།འཇམ་དབྱངས་ཆེན་པོའི་གསུང་ལས། གཡས་བཟུང་བ་ཡུལ་གྱི་བདག་ཉིད་རོ་མ་དམར་མོ། གཡོན་འཛིན་པ་སེམས་ཀྱི་བདག་ཉིད་རྐྱང་མ་དཀར་མོ། འཁོར་ལོ་བཞི་གསལ་བཏབ་པ་ནི། རྩ་གསུམ་སྔར་ལྟར་ལ། དེ་ཡང་ཕྱི་རོལ་ཁམས་བཞིའི་དབང་གིས་ལུས་ལ་རྩ་འཁོར་ལོ་བཞི། གཞན་དལ་དུ་ཨེ་ཝཾ་ས་
མ་ཡ། རྒྱུད་ཐམས་ཅད་ཀྱི་གླིང་བཞིའི་ཡི་གེ་བཞིའམ། གནས་སྐབས་བཞིའི་དབང་གི་འཁོར་ལོ་བཞི་ནི། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་མ་བརྒྱད་ཐག་ཕྲན་བརྒྱངས་པ་ལྟར་ཐད་ཀར་གནས་པ། རིང་ཐུང་ལུས་དང་མཉམ་པའི་དབུས་མ་ལས་ཕྱོགས་མཚམས་སུ་གྱེས་པ་ཕྱི་ནང་དུ་བུ་ག་ཧ་རེ་བ་རླུང་ཁམས་ཀྱི་རང་བཞིན་ཁ་དོག་ལྗང་གུ །ཕུང་པོ་ལྔའི་རང་བཞིན་དེ་བཞིན་གཤེགས་པ་ལྔའི་དོན་ནོ། །ཁམས་བཞིའི་བདག་ཉིད་ཡུམ་ལྔའི་ངོ་བོ་རྩ་འདབ་བརྒྱད་དོ། །ཡང་ན་ཐུན་བརྒྱད་ཀྱི་རང་བཞིན་གྱིས་བརྒྱད་དོ། །ཡང་ན་སྟེང་འོག་གཉིས་དང་བཅུའོ། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་མ་བཅུ་དྲུག་ཤེས་པ་འཕྲོ་བའི་དབང་གིས་འདབ་མ་ཁ་གྱེན་དུ་ཕྱོགས་པའི་གདུགས་རྐན་གྱི་རྣམ་པ་མེ་ཁམས་ཀྱི་རང་བཞིན་ནི་ཁ་དོག་དམར་པོ་རོ་དྲུག་གིས་ཕུང་པོ་དྲུག་གསོ་བ་ལ་སོགས་པའི་དབང་གིས་འདབ་མ་བཅུ་དྲུག་གམ། ཐུན་ཕྱེད་པ་བཅུ་དྲུག་གི་རང་བཞིན་ཁྱིམ་བཅུ་གཉིས་སམ། བཅུ་དྲུག་
གིས་ན་བཅུ་དྲུག་གོ །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་གདུགས་ཀྱི་རྣམ་པ་ཆུ་བབ་ཀྱིས་གཞོལ་བ་ཐོད་པའི་བོག་མཚམས་ན་བུ་ག་ཧ་རེ་བ་ཆུ་ཁམས་ཀྱི་རང་བཞིན་དཀར་པོ་ཕུང་པོ་ལྔ་ཁམས་ལྔ། དབང་པོ་དྲུག་ཡུལ་དྲུག །ལས་དབང་ལྔ་ཡུལ་ལྔ་རྣམས་ཀྱིས་མཚན་སོ་གཉིས་ཀྱི་ངོ་བོ་འདབ་མ་སོ་གཉིས་སམ། ཆུ་ཚོད་རེ་ལ་ཡུད་ཙམ་རེ་བྱས་པས། ཡུད་ཙམ་སོ་གཉིས་ཀྱི་རང་བཞིན་སོ་གཉིས་སོ། །ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་མ་དྲུག་ཅུ་རྩ་བཞི་ཐད་ཀར་གོས་ཕུ་དུང་བཏགས་པ་ལྟར་རིང་ཐུང་ལུས་ཀྱི་སྦོམ་དང་མཉམ་པ། ཁམས་ཀྱི་རང་བཞིན་སེར་པོ། ཁམས་ལ་རྡུལ་མུན་སྙིང་སྟོབས་གསུམ་མམ། ལུས་ངག་ཡིད་གསུམ་གྱིས་དབྱེ་བས་བཅུ་གཉིས་དེ་ལ་དུས་བཞི་ཕྱེ་བས་དྲུག་ཅུ་རྩ་བཞིའམ། བདུན་ཅུ་རྩ་གཉིས་སམ། ཆུ་ཚོད་དྲུག་ཅུ་རྩ་བཞིའི་རང་བཞིན་གྱིས་ན་དྲུག་ཅུ་རྩ་བཞིའོ། །དེ་རྣམས་ཀྱང་ཕྱི་ནང་དུ་བུ་ག་ཧ་རེ་བ་བསྒོམ་སྟེ། བརྒྱད་ནི། ཕྱོགས་བཞི་ན་རེ་རེ། མཚམས་བཞི་
ན་རེ་རེ། མགྲིན་པ་།ལོངས་སྐུའི་གནས་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་།འདི་ལ་བརྟེན་ནས་རྨི་ལམ་སྦྱང་འདབ་བཅུ་དྲུག་ནི། ཕྱོགས་བཞི་ན་གཉིས་གཉིས་སོ། །སྤྱི་བོ་།ངོ་བོ་ཉིད་ཀྱི་སྐུའི་གནས་བདེ་ཆེན་གྱི་འཁོར་ལོ་རྩ་།འདི་ལ་བརྟེན་ནས་ཟག་མེད་སྐྱེད་འདབ་སུམ་ཅུ་རྩ་གཉིས་ནི། ཕྱོགས་བཞི་ན་རྩ་འདབ་མ་བཞི་བཞི། མཚམས་བཞི་ན་བཞི་བཞིའོ། །ཐུན་གཅིག་སྟེ་ཁ་དོག་དཀར་ལ་དྲང་བ། གསལ་བ་སྟོང་པ་བསྒོམ་ལྟེ་བའི་གཡས་གཡོན་གྱི་རྩ་འདབ་ཀྱི་རྩེ་མོ་གཉིས་རྐང་པའི་སྟོང་ར་གཉིས་ཀྱི་རྒྱུད་ནས། ཚིགས་མང་བར་དུ། དེ་ནས་རྩ་སྣེ་ལྔར་གྱུར་པ། མཛུ་གུ་ལྔའི་སྟོང་རའི་ནང་དུ་ཟུག་པ། དེའི་གཡས་གཡོན་གྱི་སྤྱི་བོ་གཉིས། པུས་མགོ་གཉིས། ཚིགས་མང་གཉིས་རྣམས་སུ་རྩ་འདབ་སུམ་ཅུ་རེ། མཛུ་གུའི་ཚིགས་རྣམས་ལ་རྩ་འདབ་དྲུག་རེ། ཐུན་གཅིག །ཁ་དོག་མཚན་ཉིད་བཞི་ལྡན་སྙིང་ཁའི་རའི་གཡས་གཡོན་གྱི་རྩ་འདབ་ཀྱི་སྣེ་གཉིས། ལག་པ་གཉིས་ཀྱི་
སྟོང་རའི་རྒྱུད་ནས་ཚིགས་མང་བར་དུ། དེ་ནས་རྩ་སྣེ་ལྔར་གྱུར་པ་མཛུ་གུ་ལྔའི་སྟོང་རའི་ནང་དུ་ཟུག་པ། གཡས་གཡོན་གྱི་དཔུང་མགོ་གཉིས། གྲུ་ཚིགས་གཉིས། ཚིགས་མང་གཉིས་རྣམས་སུ་རྩ་འདབ་སུམ་ཅུ་རེ། མཛུ་གུའི་ཚིགས་རྣམས་ལ་རྩ་འདབ་དྲུག་རེ། ཐུན་གཅིག །ཁ་དོག་མཚན་ཉིད་བཞི་ལྡན། དེ་ནས་དྷུ་ཏིའི་མཚན་ཉིད་བཞི་ལྡན་ནི། པདྨའི་སྣལ་མ་ལྟར་ཕྲ་བ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། རྒྱ་སྐག་གི་མེ་ཏོག་ལྟར་དམར་བ། ཏིལ་གྱི་མར་མེ་ལྟར་གསལ་བའོ། །ཡང་ན་དབུ་མ་ཐུགས་མཚོན་པ་སྔོན་པོ། གཡས་ར་ས་ན་སྐུ་མཚོན་པས་དཀར་བ། གཡོན་ལ་ལ་ན་གསུང་མཚོན་པས་དམར་བའི་མདོག་ཅན་བསྒོམ། ལྟེ་བ་སའི་ཁམས་ཡིན་པས། རྩ་འདབ་ཡན་ལག་དང་བཅས་པ་སེར་པོ། སྙིང་ཁ་ཆུའི་ཁམས་ཡིན་པས་རྩ་འདབ་ཡན་ལག་དང་བཅས་པ་སྔོན་པོ། མགྲིན་པ་མེའི་ཁམས་ཡིན་པས་དམར་པོ། སྤྱི་བོ་རླུང་ཁམས་ཡིན་པས་ལྗང་གུ། ལག་པ་གཡས་པ་རླུང་གི་ཁམས་དང་། གཡོན་པ་མེའི་ཁམས་
དང་། རྐང་པ་གཡས་པ་ཆུའི་ཁམས་དང་། གཡོན་པ་སའི་ཁམས་དང་། ཞེས་པས་ཐ་དད་ཀྱི་ཁ་དོག་བསྒོམ་ཡང་རུང་ངོ་། །འདི་རྣམས་རེ་རེ་ལ་ཡང་དྲང་བ་དང་། གསལ་བ། སྟོང་པ། ཐ་དད་ཀྱི་ཁ་དོག་ཏུ་བྷཻ་བ་སྟེ་མཚན་ཉིད་བཞི་ལྡན་ནོ། །འདི་ཐུན་གཅིག ལྟེ་བ་སྤྲུལ་པའི་ས་བོན་རྩ་ཡིག་ཨཱཿ། སྙིང་ཁ་ཆོས་སྐུའི་ས་བོན་དེ་ཧཱུྃ། མགྲིན་པ་ལོངས་སྐུའི་ས་བོན་ༀ། སྤྱི་བོ་ངོ་བོ་ཉིད་ཀྱི་སྐུའི་ས་བོན་ཧཾ། དེ་རྣམས་ཡེ་ནས་གནས་སོ། །དེ་ཡང་ཕྱི་རོལ་སྣོད་ཀྱི་འཇིག་རྟེན་གྱི་སའི་ཕྱོགས་ཡངས་པ་དང་། དོག་པ་དང་། བར་མ་རྣམས་སུ་སྣང་བ་དང་། གཞན་ཡང་སའི་ཁམས་གཙོ་བོར་གྱུར་པའི་དངོས་པོ་ཇི་སྙེད་པ་རྡོ་རྗེའི་མྱུ་གུ་གསལ་སྟོང་དུ་ལྟ་བུའོ། །དེ་ལྟར་ན་ཕྱི་དང་ནང་གི་རྩ་ཇི་སྙེད་པ། དང་པོ་རང་གཟུགས་ཀྱིས་སྦྱང་བ་བྱས་ནས། གོམས་པར་གྱུར་པ་ན་ཧཱུྃ་ཡིག་གཅིག་པུ་དང་། ཨེ་ཝཾ་དང་། དེ་ཉིད་གསུམ་དང་། རྒྱལ་བ་ཡབ་ཡུམ་གྱི་ས་བོན་སོགས་ཡི་གེའི་རྣམ་པ་དུ་མ་དང་། དེ་བཞིན་དུ་ཕྱག་རྒྱ་དང་སྐུའི་
བར་ཏེ། དེ་ཐམས་ཅད་ལ་མདོག་དུ་མ་སོགས་དྲུག་གིས་བསྒྱུར་ཞིང་། རེ་རེ་ལ་ཡང་དྲན་རྫོགས་སོགས་གསུམ་དུ་ཕྱེ་སྟེ་བསྒོམ་པའོ། །བསྒོམ་འབྲས་ཚད་དུ་དབབ་པ་ནི། རྩ་མངོན་སུམ་དུ་གསལ་བ། ཉམས་རྨི་ལམ་གསུམ་གྱི་མཚན་མ་མཐོང་བའོ། །དེ་རྣམས་ཀྱིས་རིགས་ལྡན་གྱི་གཞི་བཟུང་བ་རྩ་སྦྱང་བ་སོང་ངོ་། །གསུམ་པ་གསང་གསུམ་གྱི་འགྲོས་སྦྱང་བར་རླུང་སྦྱང་བ་ནི། ཞིབ་པར་གོང་དུ་སོ་སོའི་གནས་ལུགས་སུ་བལྟའོ། །རླུང་ཞེས་བྱ་བས་ལས་ཀུན་བྱེད། །ནམ་མཁའ་གསལ་སོགས་ལས་ཀུན་འགྲུབ། །རླུང་གིས་བསྐྲད་དང་གསད་པ་སྟེ། །དབང་དང་དགུག་པ་མེ་ཡིས་བྱེད། །ཆུ་ནི་ཞི་དང་རྒྱས་པའོ། །རེངས་དང་རྨུགས་པ་ས་ཡི་ལས། །ཡེ་ཤེས་ལས་ནི་ཐམས་ཅད་ས། །སེམས་ཉིད་གསལ་ལ་མི་རྟོག་ས། །ངོ་བོ་ཡེ་ཤེས་རླུང་ཆེན་པོ། །རླུང་གིས་འཁོར་བར་འཁོར་བར་བྱེད། །རླུང་གིས་མྱ་ངན་འདས་པ་འཐོབ། །ཞེས་གསུངས་པས། དེ་ལ་རླུང་གི་གཟུང་ལུགས་མི་འདྲ་བ་དུ་མ་གསུངས་ཀྱང་། རླུང་སྦྱོར་ཡན་ལག་དྲུག་
ལྡན་དུ་གསུངས་པ་དང་། རླུང་གི་འཛིན་སྟངས་བརྒྱད་དུ་བཤད་པ་དང་། རླུང་གི་དེ་ཉིད་བདུན་ཅུ་དང་། ཕོ་རླུང་དང་། མོ་རླུང་དང་། མ་ནིང་། རླུང་གི་འཛིན་སྟངས་དང་། ཕྱི་རླུང་ནང་རླུང་བར་རླུང་གི་རླུང་སྦྱོར་དང་། རིན་པོ་ཆེ་ཀརྨ་པཀྵིས་མཛད་པའི་རླུང་སེམས་གནད་ཀྱི་ལྡེ་མིག་དང་། རྗེ་བཙུན་མི་ལས། མི་རྒན་པོ་དང་བྱིས་པ་མ་ཡིན་པ། དར་མ་ནད་མེད་པ་ལ་ཉིན་ཞག་གཅིག་ལ་རླུང་འབྱུང་འཇུག་གནས་གསུམ་གཅིག་ཏུ་དྲིལ་བ་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱའོ། །དེ་ཡང་འབྱུང་བ་ལྔའི་རླུང་གིས་ཕྱེ་ན། ལྔ་པོ་རེ་རེ་ལ་སྟོང་ཕྲག་བཞི་དང་། སུམ་བརྒྱ་ཉི་ཤུ་རྒྱུ། དེ་བསྡུས་ནས་རྩ་བའི་རླུང་ལྔ། ཡན་ལག་གི་རླུང་ལྔ་སྟེ། བཅུ་རུ་འདུས། དེ་སྲོག་རྩོལ་གཉིས་སུ་འདུས། ཕྱི་རུ་རྒྱུ་བས་རྣམ་རྟོག་བསྐྱེད་པས་རྩོལ་བ་ཞེས་བྱའོ། །ནང་དུ་འཇུག་པས་ཚེ་དཔལ་བསྐྱེད་པས་སྲོག་ཅེས་བྱའོ། །དེ་ལ་རླུང་ལྔའི་འཛིན་སྟངས་ལ་སོགས་པ་དུ་མ་གསུངས་ཀྱང་། རྗེ་བཙུན་ནཱ་རོ་པས་བཞེད་པའི་རླུང་མཚན་ཉིད་བཞི་
ལྡན་བུམ་པ་ཅན་ཞེས་པ་འདི་ལ་མ་འདུས་པ་མེད་པས། འདི་ཉིད་སྦྱང་བ་ནི། རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕངས་དང་རྣམ་པ་བཞི། །རླུང་གི་དེ་ཉིད་མ་ཤེས་ན། །ཡོན་ཏན་སྐྱོན་དུ་འགྱུར་བས་ཉེན། །ཞེས་གསུངས། རྡོ་རྗེ་མཁའ་འགྲོ་ལས། དགང་བ་ཡིས་ནི་ལུས་དག་ནས། །དུག་དང་རིམས་ཀྱི་ཚ་བ་འཕྲོག །བུམ་པ་ཅན་གྱི་རླུང་བཅངས་ན། །སྒོ་དགུའི་བུ་ག་འགག་པར་འགྱུར། །འཐོར་བ་སྣ་ཚོགས་སྡུད་པར་བྱེད། །བར་དུ་གཞིལ་བས་གཞིལ་པར་འགྱུར། །ཧེ་བཛྲ་ལས། རྔུབ་པ་ཡིས་ནི་དབང་དུ་བྱེད། །དགང་བ་ཡིས་ནི་རེངས་པར་བྱེད། །རབ་ཏུ་གཞིལ་བས་གཞིལ་བར་འགྱུར། །དེ་ལ་དང་པོ་དག་པ་ལྷའི་སྟོང་རའི་སྐབས་ལྟར་སྔོན་འགྲོ་དང་བཅས་པ་བྱས་ལ། རྩ་འཁོར་ལོ་ལ་སོགས་པ་གསལ་གདབ། དེ་ནས་རླུང་རོ་གསུམ་ལ་སོགས་པ་བུས་ལ། །ནད་གདོན་སྡིག་སྒྲིབ་ཐམས་ཅད་སྨད་ཀྱི་བུ་ག་ནས་སོང་བར་བསམ།རླུང་དལ་ལ་རིང་བ་ནང་དུ་རྔུབ་པ་ལས། །འཛམ་གླིང་
གི་བཀྲག་མདངས་ནུས་པ་ཐམས་ཅད་སྤོས་རིང་གི་དུད་པ་ལྟ་བུ།གཡས་གཡོན་རོ་རྐྱང་གཉིས་ཀྱི་ནང་ནས་མར་རྒྱུ་མ་ཕུས་བཏབ་པ་ལྟར་སོང་ནས། མ་ཀི་རྩ་གསུམ་འདུས་པ་ནས་དབུ་མའི་ནང་ནས་ཡར་སྔོ་བུན་གྱིས་བྱུང་བ་དང་། །སྙིང་ཁའི་འཁོར་ལོའི་ཐད་དུ་ཡལ་བས་ལུས་བཀྲག་མདངས་ནུས་པ་ཐམས་ཅད་རྒྱས་པར་བསམ་པ་ནི་ནང་དུ་གཞིལ་བའོ། །མཆིལ་མ་གཅིག་མྱིད་ནས་ལྟེ་འོག་ཏུ་ཆར་གྱིས་མནན་ནས། ནང་དུ་ཏིང་ངེ་འཛིན་ལ་སེམས་ལྷན་ཅིག་བཞག་པར་བྱའོ། །དེ་ནས་ཅུང་ཟད་མི་ཐུབ་སྙམ་བྱེད་པ་དང་། དྭངས་མའི་རླུང་གི་གནད་ཤེས་པར་བྱས་ནས། །གཞིལ་བའི་དུས་སུ་རྣམ་ཤེས་རྩ་གསུམ་འདུས་མདོར་གཏད་ཅིང་ཕྱི་རོལ་དུ་མི་གཏོང་།དལ་བུས་ན་ར་ར་དབྱུང་ལ་མཐར་སང་སང་འབུད་པར་བྱའོ། །དེ་ལྟར་ལན་འགའ་རེ་བྱེད་ལ། སྐབས་སུ་ངལ་ཅུང་ཟད་གསོའོ། །དེ་ལྟར་ཁམས་དང་བསྟུན་ལ་ཇེ་མང་ཇེ་མང་དུ་བྱ། དང་པོ་རླུང་སྦྱོར་དྲག་ན་གེགས་འབྱུང་ཞིང་བྷཻ་ཆེན་པ་སྣ་
སུན་ཁྱེར་དོགས་ཡོད་པས། ཐབས་མཁས་པ་དང་ལྡན་པར་བྱ་གསུངས། ཐུན་གཅིག །དགང་བ་ནི་འོག་རླུང་།ས་རླུང་ལྟ་བུ་ཁམས་སེར་བ་རིལ་གྱིས་འཐེན་ནས་ལྟོ་བ་ཐེར་གྱི་བྱས་ལ་དབུ་མ་ལ་བཞག །སྟེང་རླུང་སྤོས་ཀྱི་དུད་པ་ལྟ་བུ་དེ།གཞིལ་བ་རང་ལུགས་སུ་ཀློད་ལ། །འོག་རླུང་ས་གླང་ལྟ་བུ་འོག་སྒོ་རང་ལ་གཞིལ།བ་སྤུ་ནས་རླུང་རྣམས་སིབ་སིབ་སོང་བར་བསམ།།ཕྱིར་གཞིལ།མདའ་ལྟར་འཕངས་པ་ནི། སྐབས་སྐབས་སུ་ཚངས་བུག་ནས་ཡར་སྔོ་ཕྱུར་ཕྱུར་སོང་བར་བསམ་སྟེ། མང་ན་འཕོ་བ་དང་འདྲ་བས་མང་བར་མི་བྱའོ། །མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། རླུང་གི་གནད་ལ་སྦྱོར་བ་བཞིར་ཉམས་སུ་ལེན་པ་སྣ་བུག་ནས་རྔུབ། རྩ་གཉིས་ནས་མར་སོང་བ་བསམ་པ་དགང་བ། དབུ་མར་ཚུད་པར་བསམ་པ་གཞིལ་བ། རྩ་གསུམ་འདུས་པའི་ནང་ནས་རླུང་སེམས་འདུས་པའི་ཐིག་ལེར་དཀར་པོ་ཡུངས་དཀར་ཙམ་པ་ཞིག་སྤྱི་གཙུག་ནས་ཡར་རྒྱངས་ཀྱིས་འཕངས་ཤིང་རླུང་ཡང་སྔོ་ནག་ཕྱུར་གྱིས་སོང་
བར་བསམ་མོ། །དེ་ནས་སྟེང་རླུང་མནན། འོག་རླུང་འཐེན་ཏེ་ཁ་སྦྱོར་ལ་གསུས་པ་སྒལ་བ་ལ་སྐུམ་བྱས་ནས་དམིགས་པ་ལྟེ་བའི་ཨ་ཤད་ནི། རྒྱ་གར་གྱི་ཡི་གེའི་ཤད་ལྟ་བུ་མེ་ཡི་རང་བཞིན་ཁབ་ཙམ་པ་ཞིག་ལ་གཏད་རླུང་ཐུབ་ཚད་དུ་གནོན་ནོ། །དེ་ལྟར་སྦྱངས་པས་རླུང་ཡུན་རིང་དུ་བཀག་ཀྱང་ཐང་ཆད་པ་དང་མི་བདེ་བ་མེད་པར་སོང་ན་ཅུང་ཟད་བྱང་བ་ཡིན་ནོ། །ཐུན་གཅིག །གཞིལ་བ་ལ་སྟེང་དུ་གཞིལ་བ། ནང་དུ་གཞིལ་བ། ཕྱི་རུ་གཞིལ་བ། འོག་ཏུ་གཞིལ་བ་རྣམས་སོ། །དང་པོ་སྣའི་ཀ་བ་ནི་བྱང་སྟེ་གཉིས་ཀ་ཆུ་ཡིན་ལ་ཕྱི་རོལ་གཉིས་ནི་མེ་རུ་འདོད། སྟེང་གཉིས་རླུང་ཏེ། འོག་གཉིས་རླུང་ས། དབུས་ནི་ནམ་མཁའ་ཡེ་ཤེས་ཡིན། ཁ་དོག་ནི། ས་ཆུ་མེ་རླུང་མཁའ། སེར་དཀར་དམར་ནག་སྔོ་བར་འདོད། ཕྱིར་འགྲོ་བའི་རིང་ཐུང་ནི། སྣ་རྩེའི་ཕྱི་རོལ་ནས་ས་རླུང་ནི་སོར་བཅུ་གཉིས་སུ་རྒྱུའོ། །ཆུ་སོར་བཅུ་གསུམ། མེ་བཅུ་བཞི། རླུང་བཅོ་ལྔ། ནམ་མཁའ་བཅུ་དྲུག་གི་བར་དུ་འགྲོ་སྟེ། དེའི་རྒྱུ་
མཚན་ནི་འབྱུང་བའི་ལྕི་ཡང་གི་རིམ་པས་རིང་བ་དང་ཐུང་བ་ཡིན་པར་དུས་ཀྱི་འཁོར་ལོ་ལས་གསུངས་སོ། །གསང་འདུས་ཀྱི་གདམས་པ་ཁ་ཅིག་ལས། འཁོར་ལོ་།ནམ་མཁའ་ཡེ་ཤེས་ཀྱི་རླུང་གིས་ལས་ཐམས་ཅད་བྱེད་དོ། །བཞི་དང་། ལས་རླུང་བཞི་འབྱུང་བས། སྤྱི་བོ་ནས་།བསྐྲད་པ་དང་བསད་པའི་ལས་བྱེད་དོ། །རླུང་གི་རླུང་འབྱུང་བས་ཕྱིར་སོར་ཉི་ཤུ་དང་། མགྲིན་པ་ནས་མེ་རླུང་།དབང་དང་དགུག་པའི་ལས་བྱེད་དོ། ། འབྱུང་བས་ཕྱིར་སོར་བཅོ་བརྒྱད་དང་། སྙིང་ཁ་ནས་ཆུ་རླུང་།ཞི་བ་དང་རྒྱས་པ་འབྱུང་བས་ཕྱིར་སོར་བཅུ་དྲུག་དང་། ལྟེ་བ་ནས་ས་རླུང་།རེངས་པ་དང་རྨང་བའི་འབྱུང་བས་ཕྱིར་སོར་བཅུ་གཉིས་སུ་བཞེད་པ་ཡང་སྣང་ངོ་། །ལུས་ལ་གནས་ཚུལ་དང་བྱེད་ལས་བསྟན་པ་ནི། དེ་ནས་རླུང་གི་ངོ་བོ་དང་། གནས་དང་བྱེད་ལས་རྒྱུ་བའི་ཚུལ་ཐོག་མར་རྣམ་ཤེས་ལ་བརྟེན་ནས། སྲོག་རླུང་ཨ་ཡིག་རྣམ་པ་ཅན། །ནམ་མཁའི་ཁམས་ཀྱི་རང་བཞིན་ཡིན། །ཐུར་སེལ་ས་ཁམས་ལི་ཡིག་ཏེ། །གྱེན་རྒྱུ་མེ་ཁམས་རི་ཡིན་ནོ། །
མེ་མཉམ་རླུང་ཁམས་ཨི་ཞེས་བརྗོད། །ཁྱབ་བྱེད་ཆུ་སྟེ་ཨུ་རུ་འགྱུར། །དེ་ནས་ཡན་ལག་རླུང་ལྔ་ནི། །ཀླུ་ནི་སས་བསྐྱེད་ནམ་མཁའ་ཨཱཿ། །རུས་སྦལ་རླུང་སྟེ་ཨེ་རུ་བཤད། །རྩངས་པ་མེ་སྟེ་ཨ་ཉིད་ཡིན། །ལྷ་སྦྱིན་ཆུ་ཁམས་ཨོ་རུ་འགྱུར། །ཨ་ནི་ས་ཁམས་ནོར་ལྷ་རྒྱལ། །ཅེས་སོ། །སྲོག་གི་རླུང་ནི། སེམས་ཉིད་འོད་གསལ་ཡེ་ཤེས་རླུང་། །ཀུན་གཞི་མཁའ་སྟེ་ཉོན་ཡིད་བཅས། །འདུ་བྱེད་རླུང་སྟེ་ཚོར་བ་མེད། །འདུ་བྱེད་ཆུ་ལ་གཟུགས་ནི་ས། །རིམ་པར་བསྐྱེད་བྱ་སྐྱེད་བྱེད་གསུངས། །ད་ལྟར་ལུས་གནས་ལས་བྱེད་པ། །སྤྱིར་ནི་ལུས་རྣམས་ཀུན་ཁྱབ་ཀྱང་། །རྩ་བ་དབུ་མ་སྲོག་རླུང་ནི། །དབུས་གནས་ཀུན་གཞི་བརྟན་པར་བྱེད། །ནམ་མཁའི་མགོན་པོ་ཞེས་བྱ་བ། །འཆི་བའི་ཚེ་ན་ཡང་དག་རྒྱུ། །ད་ལྟར་བདག་འཛིན་དྲན་པ་བསྐྱེད། །ལོག་ན་བརྒྱལ་སྨྱོ་འཆི་བར་བྱེད། །ལས་དང་ཡེ་ཤེས་འདྲེས་པར་གནས། །མ་ལོག་ནམ་མཁའ་ལྟ་བུར་བཤད། །ཅེས་སོ། །ཐུར་སེལ་གྱི་རླུང་ནི། འོག་གི་རྩ་གསུམ་འདུས་
མདོ་མན་ཆད་དུ་གནས་ཏེ། དེའི་བྱེད་ལས་ནི་དྲི་ཆེན་དང་དྲི་ཆུ་དང་། ཁུ་བའི་ཁམས་འབྱིན་སྡོམ་བྱེད་པའི་ཕྱིར། ལོག་ན་ནི་སྨད་ཀྱི་ནད་ཐམས་ཅད་བསྐྱེད་པར་བྱེད་དོ། །གྱེན་རྒྱུ་ནི། ལུས་ཀྱི་མདུན་ཕྱོགས་ཀྱི་རྩ་གནས་མགྲིན་པའི་གནས་སུ་ངག་གི་ལས་རྣམས་བྱེད་དོ། །ལོག་ན་ནི་རོ་སྟོད་ཀྱི་ནད་རྣམས་བསྐྱེད་དོ། །མེ་མཉམ་ནི། ཕོ་བར་ཟུག་ནས་ཁ་ཟས་ཀྱི་དྭངས་སྙིགས་འབྱེད་ཅིང་། ལོག་ན་ཕོ་བའི་ནད་བསྐྱེད་དོ། །ཁྱབ་བྱེད་ནི། གཡས་རོ་མ་དང་འབྲེལ་ནས་ལུས་ཀྱི་ཚིགས་ཐམས་ཅད་དུ་ཁྱབ་པར་བྱེད་པས། ལོག་ན་ཞ་རེངས་ལ་སོགས་པའི་ནད་བསྐྱེད་དོ། །ཀླུ་སོགས་ཡན་ལག་རླུང་ལྔ་སྟེ། །ཀླུ་ཡིས་གཟུགས་འཛིན་ལུས་སྒེག་བྱེད། །རུས་སྦལ་སྒྲ་འཛིན་རྐང་ལག་བསྐྱེད། །རྩངས་པས་དྲི་འཛིན་འཁྲོག་འཁྲུགས་བྱེད། །ལྷ་སྦྱིན་རོ་འཛིན་གླལ་བར་བྱེད། །ནོར་རྒྱས་རེག་འཛིན་ལུས་འདི་ལ། །ཤི་ནས་མ་འཐོར་བར་དུ་གནས། །ཞེས་གསུངས། གཞན་ཡང་རླུང་གི་འཆང་ཐབས་དྲུག་གི་རླུང་སྦྱོར་བསྒོམ་པར་
འདོད་ན། གོང་གི་དངོས་པོའི་གནས་ལུགས་ཀྱི་རླུང་སྦྱོར་དྲུག་པོ་བསྒོམ་པར་བྱའོ། །ཡང་ན་རྗེ་བཙུན་གྱི་རྒྱལ་པོ་མི་ལས་རས་ཆེན་གྱི་གསུང་ལས། རང་བྱུང་ཡེ་ཤེས་སྦར་ནས་སྟེང་རླུང་གི་ལས་གཅིག་སྟོན་ཅེས་པ་ནི། ཐོག་མར་མན་ངག་དགུས་རླུང་སྐྱོན་སྦྱངས་ཏེ། གཡས་སུ་གསུམ། གཡོན་དུ་གསུམ། དབུས་སུ་གསུམ། དྲག་ལ་རིང་བར་འབུད། ནད་གདོན་ཉོན་མོངས་པ་ཐམས་ཅད་དུད་པ་ལྟར་ཐོན་པར་བསམ། རྔུབ་དུས་འཛམ་བུ་གླིང་གི་ཚེ་དཔལ་ཐམས་ཅད་འོད་ཟེར་གྱི་ཚུལ་དུ་འདུས་ནས་རང་ལ་ཐིམ་པས་བཀྲག་དང་མདངས་སུ་འགྱུར་བར་བསམ། དེ་ནས་དྲག་རླུང་སྦྱང་བ་ནི། རླུང་བྱེད་པ་གཅིག་ལ་བྱ་བ་ཁྲུ་གང་ཙམ་ནས་དྲག་པོར་རྔུབ་ནས་སྟེང་རླུང་ཅར་ཏེ་མནན་པས། ལ་ལ་དང་ར་ས་གཉིས་ནས་རྒྱུ་མར་ཕུས་བཏབ་པ་བཞིན་སོང་སྟེ། རླུང་སེམས་དྷུ་ཏིར་སོང་སོང་བར་དམིགས་ལ། རླུང་ཅི་ཐུབ་ཐུབ་བཟུང་། མི་ཐུབ་པ་དང་། གཡས་གཡོན་དབུས་གསུམ་དུ་བརྡིག །རྔུབ་ནས་ཡང་སྐྱར་ཞིང་
རྔུབ་ལ་བརྩེགས་པར་བྱ། ཡང་མགོ་དགུ །རོ་སྟོད་སེང་བྱ། རླུང་ཅར་ཏེ་གནོན་ནོ། །ད་མི་ཐུབ་པར་འདུག་སྙམ་པ་དང་ལྷག་པ་ཅུང་ཟད་དགྱེ་ཙམ་བྱས་ལ་སང་ངེ་བཏང་། རླུང་ཞབས་དྭངས་མ་བག་ཙམ་ཡོད་པ་ལ། རྔུབ་ནས་ཡང་སྔར་བཞིན་འཛིན་པའོ། །དྲག་རླུང་དེ་ལ་ཞག་ཅི་རིགས་སྦྱངས་པས། རྩ་རྒོད་རླུང་རྒོད་ཐུབ་ནས་དྲོད་ཅི་རིགས་པ་འབྱུང་ངོ་། །དེ་ནས་བརྟན་པར་བྱ་བའི་ཕྱིར། རླུང་སྦྱོར་བ་བཞི་ལྡན་སྦྱང་བ་ནི། རྔུབ། དགང་། གཞིལ། གཏང་བ་དང་བཞི་ལས། དང་པོ་རྔུབ་པ་ནི། རླུང་ཆུང་བ་ཞིག་རྔུབ་ནས་གནོན་ནོ། །དེའི་རྗེས་དགང་བ་ནི། རླུང་དྲག་པོ་རྔུབ་ནས་གནོན་ནོ། །དེ་ནས་གཞིལ་བ་ནི། མི་ཐུབ་པ་འདྲ་བ་དང་། རླུང་ཅུང་ཟད་སེ་གོལ་གཏོགས་ཙམ་ཞིག་ཕྱིར་བཏང་ནས། དེ་ལྷག་ཐུབ་ཐང་གནོན། གཏང་བ་ནི། དེ་ནས་མི་ཐུབ་པ་དང་། སང་ངེ་ལྷག་མ་མ་ལུས་པར་གཏང་ངོ་། །གཅིག་ནོར་ན་བཞི་ཆར་ནོར་བས་དྲན་པ་ཐུན་རན་པར་བྱ། གོམས་ནས་དམིགས་པ་ལ་རྩེ་གཅིག་ཏུ་བྱའོ། །དེ་
ནས་འཇམ་རླུང་ཁུག་པ་སུམ་ལྡན་ནི། རྔུབ་པ་སྒྲ་མི་གྲགས་པ་ཙམ་ཡུན་རིང་དུ་རྔུབ། དེའི་རྗེས་ཐུབ་ཐང་གནོན་མི་ཐུབ་པ་དང་། ལྟག་པ་དགྱེས་ཙམ་བྱས་ལ་སྒྲ་མི་གྲགས་པར་སང་ངེ་གཏང་། ཕྱི་རུ་གནས་ཚད་ཅིག་འཇོག །འདི་ལ་ཉིན་མཚན་དུ་སྦྱོང་། མི་སྔུན་དུ་ཡང་མི་ཚོར་བར་སྦྱོང་། རླུང་སྦྱོར་དེ་གསུམ་ལ་ཅི་རིགས་པར་སྦྱང་ངོ་། །གཉིས་པ་འོག་ཟག་མེད་བདེ་ཆེན་དུ་སྦར་ནས་འོག་སྒོའི་བཅུད་ཅིག་སྟོན་ཅེས་པ་ནི། སྟེང་རླུང་རྒྱང་དྲག་ན་རླུང་སེམས་གཤང་གཅིའི་གནས་སུ་ཤོར་ནས་འཁོར་བ་རྒྱལ། མྱ་ངན་ལས་འདས་པ་རྒྱུན་ཆད། རླུང་སེམས་དྷུ་ཏིར་ཚུད་ན་མྱ་ངན་ལས་འདས་པ་རྒྱལ། འཁོར་བ་རྒྱུན་ཆད། འཁོར་འདས་གཉིས་ཀྱི་འཁྲུག་པ་སྟེང་འོག་སོར་བཞི་བྱེད་པས། སྟེང་རླུང་མནན་པའི་རྗེས་ལ་སྲིན་པོ་སྐུམ། ཤེད་སྒྲིམ། ཐུར་སེལ་གྱེན་དུ་འཐེན་ལ་ལུས་ཅུང་ཟད་སྒུལ། རླུང་སྦྱོར་བུམ་པ་ཅན་བྱའོ། །བར་འཁོར་འདས་རྒྱུན་གཅོད་དུ་སྦར་ནས་རྩ་རླུང་གི་ཆིངས་གཅིག་སྟོན་ཅེས་པ་ནི་གསུམ་སྟེ། ལུས་
འཁྲུལ་འཁོར་གྱི་གནད་ཀྱིས་བྱ་ལ། ལས་འདུ་འབྲལ་རྒྱུན་གཅད། ངག་རླུང་སྦྱོར་གྱི་གནད་ཀྱི་ལོང་གཏམ་གྱི་འདུ་འབྲལ་རྒྱུན་བཅད། གསང་བ་ཡིད་དམིགས་པ་རྩེ་གཅིག་གི་གནད་ཀྱིས་རྣམ་རྟོག་གི་འདུ་འབྲལ་རྒྱུན་གཅད་པའོ། །ཞེས་གསུངས་སོ། །ཡང་ན་ཆོས་ཀྱི་རྗེ་ཐམས་ཅད་མཁྱེན་པ་འཛམ་གླིང་ཆོས་ཀྱི་གྲགས་པ་དཔལ་བཟང་པོའི་གསུང་ལས། གར་དབང་རྡོ་རྗེ་འཆང་ཆེན་པོ་མཁའ་སྤྱོད་པ་དྲི་མེད་ཡེ་ཤེས་དཔལ་བཟང་པོས་རིས་སུ་བྲིས་པ་ལྟར་ཉམས་སུ་ལེན་ན། བྷཻ་དོན་སེམས་ལ་འགོད་པ། བྷཻ་ཁྲིད་ལག་ཏུ་བླང་བ། བྷཻ་འབྲས་ཚད་ལ་དབབ་པ། དང་པོ་བྷཻ་དོན་སེམས་ལ་འགོད་པ་ལ་ནི། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཇི་སྙེད་པ། དག་པ་དང་མ་དག་པའི་སྲོག་གི་འགྱུར་བ་གཅིག་པུར་ཟབ་མོའི་རྒྱུད་སྡེ་ལས་གང་བསྟན་པ་དེ་བདག་གིས་དེ་དང་དེ་ཉིད་དུ་གཏན་ལ་དབབ་པར་བྱའོ། །ཞེས་བསམ་པའོ། །བྷཻ་ཁྲིད་ལག་ཏུ་བླང་བ་ལ་གསུམ། ཟབ་གནད་རྟེན་གཞིར་འགོད་པ། སྦྱོར་བཞིའི་
བདུད་རྩི་བཏུང་བ། ཞལ་བཞིའི་རྒྱན་གྱིས་བརྒྱན་པའོ། །ཟབ་གནད་རྟེན་གཞིར་འགོད་པ་ནི་བསམ་གཏན་གྱིས་ཆོས་དྲུག་སྟེ། བསམ་གཏན་གྱི་གདན་ལ་རྐང་པ་རེའུ་མིག་ལྟར་བསྣོལ་ལ། རྡོ་རྗེའི་གདན་ནམ། སེམས་དཔའི་གདན་གང་ཡང་རུང་བས་གསང་བའི་རྩ་དང་། ཐུར་སེལ་གྱི་རླུང་དང་། ཡེ་ཤེས་ཀྱི་ཤུ་དྲགས་རྣམས་མདུད་པ་གྲོལ་བ་དང་། འཕོ་བ་འགོག་པ་དང་། འཛག་པ་སེལ་བར་བྱེད་པའི་གནད་དང་ལྡན་པ་དང་། གཞན་ཡང་ལག་པ་མཉམ་བཞག་གི་ཕྱག་རྒྱ་ལྟེ་འོག་ཏུ་བཀོད་དེ། རྩ་མདུད་རིན་པོ་ཆེ་ལ་གནད་དུ་འགྲོ་བ་བཙིར་བས། ལྟེ་བའི་རྩ་དང་མཉམ་གནས་ཀྱི་རླུང་དང་། སའི་ཁམས་རྣམས་ཀྱི་ཐིག་ལེ་རྣམ་པར་དག་པར་བྱེད་པ་དང་། ཚངས་པའི་རྒྱུས་པ་དྲང་པོར་བསྲང་ཞིང་། ལུས་སྟོད་ཀྱི་ཆ་ཤུགས་དང་ལྡན་པར་བྱ་བ་དང་། དཔུང་པ་རྒོད་གཤོག་ལྟར་ཕན་ཚུན་དུ་གདེངས་པ་དང་ལྷན་ཅིག་པས་སྙིང་ཁའི་རྩ་དང་། སྲོག་འཛིན་གྱི་རླུང་དང་། ཆུ་ཁམས་ཀྱི་ཐིག་ལེ་རྣམས་རྣམ་
པར་དག་པར་བྱེད་པ་དང་། གྱི་ལིང་དང་། རྨ་བྱའི་ཚུལ་གྱིས་མགྲིན་པ་ཅུང་ཟད་དགུག་པ་དང་ལྷན་ཅིག་མཆུ་དང་ལྕེ་དང་སོ་རྣམས་རང་བབས་སུ་བཀོད་པས་མགྲིན་པའི་རྩ་དང་། གྱེན་དུ་རྒྱུ་བའི་རླུང་དང་། མེ་ཁམས་ཀྱི་ཐིག་ལེ་རྣམས་རྣམ་པར་དག་པར་བྱེད་པ་དང་། ལུས་ཡན་ལག་དང་ཉིང་ལག་དང་བཅས་པ་ཆ་ཆ་ནས་གྲིམ་པར་སྒྲིམ་ཞིང་། ཞར་ཐབས་སུ་ལྟ་སྟངས་གནད་ལ་ཕབ་པས། སྤྱི་བོའི་རྩ་དང་། ཁྱབ་བྱེད་ཀྱི་རླུང་དང་། རླུང་གི་ཁམས་ཀྱི་ཐིག་ལེ་རྣམས་རྣམ་པར་དག་པར་བྱེད་པ་དང་། ལུས་གནད་སྟེང་འོག་སྟོད་སྨད་རྒྱ་མདུད་ལྟར་བསྡམས་པས། ཡན་ལག་དང་ཉིང་ལག་གི་རྩ་སོགས་རྩ་མཐའ་དག་དང་། རྒྱུ་བ་དང་། རབ་ཏུ་རྒྱུ་བ་སོགས་ཡན་ལག་གི་རླུང་ལྔ་དང་། ནམ་མཁའི་ཁམས་ཀྱི་ཐིག་ལེ་རྣམ་པར་དག་པར་བྱེད་དེ། བསྣོལ། བཙིར། བསྲང་། དགུག བསྒྲིམ། བསྡམ། ཞེས་བསམ་གཏན་གྱི་ཆོས་དྲུག་ལ་མདུན་རྒྱབ་ཏུ་དགྱེ་དགུ་དང་། གཡས་གཡོན་དུ་ཡེ་འཆུས་དང་། སྟེང་འོག་ཏུ་ལྡེམ་
འགྲུས་ཀྱི་སྐྱོན་དྲུག་སྤངས་པ་གནད་ལ་དབབ་པའོ། །སྦྱོར་བཞིའི་བདུད་རྩིའི་བཏུང་བ་ལ་གཉིས། གོ་དོན་དང་། ཉམས་ལེན་ནོ། །གོ་དོན་ལ་གསུམ། ངོ་བོ་དང་། མ་དག་པ་དང་། རྣམ་པར་དག་པའི་ཚུལ་ལོ། །ངོ་བོ་ནི། གཡོ་བ་མེད་པའི་ཡེ་ཤེས་ཀྱི་རླུང་དུ་ཆོས་ཉིད་གདོད་ནས་དབྱེར་མེད་ཀྱང་། གཡོ་བ་དང་བཅས་པའི་སྲོག་གི་འགྱུར་བ་དུ་མར་སྣང་ལ་སྣང་ཡང་རང་བཞིན་མེད་པས་རོ་མཉམ་པའི་དོན་ནོ། །མ་དག་པ་ནི། སྲོག་གི་རླུང་ཆེན་པོ་བར་དོའི་རྣམ་པར་ཤེས་པ་དང་ལྷན་ཅིག །ཁམས་དྲུག་ལྡན་གྱི་ལུས་སུ་སྐྱེ་བ་ཉིང་མཚམས་སྦྱོར་བ་ན། ལུས་དེ་ཉིད་འཛིན་པའི་སྲོག་གི་རླུང་དང་། ཐུར་དུ་སེལ་བ་དང་། གྱེན་དུ་རྒྱུ་བ་དང་། མཉམ་པར་གནས་དང་། ཁྱབ་པར་བྱེད་པ་རྣམས་སྐྱེ་ཞིང་། རིམ་པ་ཇི་ལྟ་བ་བཞིན་རླུང་གི་རྣམ་གྲངས་མཐའ་ཡས་པ་དག་དང་། སྤྱིར་རྩ་དང་། རླུང་དང་། བྱང་ཆུབ་ཀྱི་སེམས་དང་། བྱེ་བྲག་ཏུ་ཤ་དང་། ཁྲག་དང་། རུས་པ་དང་། པགས་པ་དང་། སེན་མོ་དང་། བ་སྤུའི་མཐར་
ཐུག་པ་ལུས་ཀྱི་ཆ་ཤས་ཇི་སྙེད་པ་རྣམས་བསྐྱེད་པ་དང་། འཕེལ་བ་དང་། རྒྱས་པ་དང་། ཐིམ་པ་དང་། སྡུད་པ་དང་། ཉེ་བར་འགོག་པའི་རླུང་རྣམས་དང་། དེ་བཞིན་དུ་ཕྱི་རོལ་གྱི་འབྱུང་བ་ཆེན་པོ་རྣམས་དང་། དེ་ལས་གྲུབ་པའི་དངོས་པོ་སྣ་ཚོགས་པ་འཇིག་པ་དང་། ཆགས་པ་དང་། སྟོང་པ་དང་། གནས་པའི་རྣམ་པ་དུ་མ་མངོན་པར་སྒྲུབ་པའི་རླུང་རྣམས་ཏེ། མདོར་ན་ཁམས་གསུམ་གྱི་འཁོར་བ་ཇི་སྙེད་པ་ཐམས་ཅད་རླུང་གི་འདུ་བྱེད་ཁོ་ནར་གྲུབ་པའི་ཚུལ་གྱིས་མ་དག་པའི་རླུང་། རྣམ་པར་དག་པའི་ཚུལ་ནི། དེ་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་སྐུ་ཞལ་ཕྱག་གི་རྣམ་པ་དང་། ས་བོན་དང་། ཕྱག་རྒྱ་དང་། སྔགས་ཀྱི་སྒྲ་དབྱངས་དང་། ཐུགས་ཡེ་ཤེས་ཀྱི་འགྱུར་བ་དུ་མ་དང་། དེ་དག་གི་རྟེན་གཞལ་ཡས་ཀྱི་ཁང་པ་དང་བཅས་པ། བདེ་བར་གཤེགས་པ་གཙོ་འཁོར། ཆོས་ཀྱི་ཕུང་པོ་རབ་འབྱམས་ཇི་སྙེད་པ་ཡང་དག་པར་བསྒྲུབ་པ། དག་པ་ཡེ་ཤེས་ཀྱི་རླུང་གིས་འགྱུར་བ་བསམ་གྱིས་མི་ཁྱབ་པ་སྟེ།
གདོད་ནས་དག་པ་ཉིད་དུ་གནས་པ། མ་དག་པ་དང་ཆེས་རྣམ་པར་དག་པའི་ཚུལ་དུ་སྟོན་ཅིང་། སྟོན་པ་ཡང་དག་པ་ཆེན་པོ་ཡེ་ཤེས་དེ་ཁོ་ནའི་རླུང་ལས་ནམ་དུའང་གཡོ་བ་མེད་པ་ཟབ་མོའི་རྒྱུད་སྡེ་མཐའ་དག་གི་ངེས་པའོ། །ཉམས་ལེན་ལ་བཞི། མི་རྟོགས་པ་བསྒྲུབ་པའི་རླུང་སྦྱོར། གསལ་སྣང་བསྒྲུབ་པའི་རླུང་སྦྱོར། བདེ་བ་བསྒྲུབ་པའི་རླུང་སྦྱོར། གསུམ་ག་རྫོགས་པར་བསྒྲུབ་པའི་རླུང་སྦྱོར་རོ། །དང་པོ་ནི། རླུང་གི་གནས་ལུགས་ཡོངས་སུ་ཤེས་པའི་སྒྲུབ་པ་པོས། སྔར་བཤད་པའི་ལུས་གནད་ལ་གནས་པ་རླུང་དབྱུང་བ། རྔུབ་པ་ཇི་ལྟ་བུའི་རྒྱུན་ལ་སེམས་བཀོད་དེ། དེ་ལས་གཞན་དུ་གཡོ་བ་མེད་པར་བྱ་བ་དང་། སླར་དབྱུང་བ་ཁོ་ན་ལ་སེམས་གཏད་དེ། རྔུབ་པ་རྟོགས་པའི་ཟིལ་གྱིས་མནན་ནས་བསྒོམ་པ་དང་། རྔུབ་པ་ཉིད་ལས་དབྱུང་བ་མི་དམིགས་པར་བྱ་སྟེ་བསྒོམ་པ་དང་། མཐར་དབྱུང་རྔུབ་གཉིས་ཀ་མེད་པའི་གནས་པ་འབིག་ཏུ་དྲན་པ་བསྐྱེད་དེ་བསྒོམ་པ་འདི་དག་དང་། དབུགས་ཀྱི་འགྲོ་འོང་དྲུག་
ཚན་དུ་རྣམ་པར་བཤད་ཅིང་བཅད་དེ། ཆུ་རླུང་བགྲང་ཞིང་རྩི་བ་ལ་བསླབ་པ་དང་། སུམ་བརྒྱ་དྲུག་ཅུ་པ་ཚན་པར་བཅད་དེ། དབྱུ་གུ་བགྲང་བ་དང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་བ་རྣམ་པར་བཅད་དོ། །ཞག་གི་རླུང་བགྲང་བ་དང་། དེ་བཞིན་དུ་ཕྱོགས་ཀྱི་རླུང་དང་། ཟླ་བ་དང་པོའི་རླུང་གི་བར་བགྲང་ཞིང་བརྩི་བའི་ཏིང་ངེ་འཛིན་རབ་ཏུ་རྒྱ་ཆེ་བ་ལ་བསླབ་པ་དང་། དེ་བཞིན་དུ་འཇུག་པ་ནི་སྐྱེ་བ། དབྱུང་བ་ནི་འགག་པ། གནས་པ་ནི་གནས་པ་ཉིད་དེ། སྐྱེ་འགག་གནས་གསུམ་གྱི་ཆོས་ཐམས་ཅད་བསྡུས་ཤིང་། དེ་ཡང་རླུང་ཉིད་དུ་རྣམ་པར་དག་པའི་ཚུལ་ཉེ་བར་དྲན་པ་དང་། དེ་ཁོ་ན་ལྟར་འཇུག་པ་ནི་ལུས། དབྱུང་བ་ནི་ངག གནས་པ་ནི་ཡིད་ཅེས་པ་དང་། འཇུག་པ་ནི་འདོད་པ། དབྱུང་བ་ནི་གཟུགས། གནས་པ་ནི་གཟུགས་མེད་པ་ཞེས་དང་། འཇུག་པ་ནི་ཡུལ། དབྱུང་བ་ནི་ཡུལ་ཅན། གནས་པ་ནི་དབྱེར་མེད་པ་ཞེས་དང་། འཇུག་པ་ནི་བདེ་བ། དབྱུང་བ་ནི་གསལ་བ། གནས་པ་ནི་མི་རྟོགས་པ་ཞེས་དང་། འཇུག་པ་ནི་བསྐྱེད་པ།
དབྱུང་བ་རྫོགས་པ། གནས་པ་ནི་གཉིས་སུ་མེད་པ་ཞེས་དང་། འཇུག་པ་ནི་རྩ། དབྱུང་བ་ནི་རླུང་། གནས་པ་ནི་ཐིག་ལེ་ཞེས་དང་། འཇུག་པ་ནི་སྟོང་པ་ཉིད། དབྱུང་བ་ནི་མཚན་མ་མེད་པ། གནས་པ་ནི་སྨོན་པ་མེད་པ་ཞེས་དང་། འཇུག་པ་ནི་སྤྲུལ་པ། དབྱུང་བ་ནི་ལོངས་སྤྱོད་རྫོགས་པ། གནས་པ་ནི་ངོ་བོ་ཉིད་ཅེས་དང་། འཇུག་པ་ནི་སྐུ། དབྱུང་བ་ནི་གསུང་། གནས་པ་ནི་ཐུགས་ཞེས་དང་། ཆོས་ཐམས་ཅད་རླུང་ཉིད་དུ་རྣམ་པར་དག་པའི་ཏིང་ངེ་འཛིན་བྷཻ་བ་སྟེ། འདི་རྣམས་ཀྱིས་རྣམ་པར་མི་རྟོག་པ་དང་། ལྷག་མཐོང་དྲི་མ་མེད་པ་སྐྱེ་བར་འགྱུར་རོ། །གསལ་སྣང་སྒྲུབ་པའི་རླུང་སྦྱོར་ནི། སའི་རླུང་ཁ་དོག་སེར་པོ་དང་། ཆུའི་རླུང་ཁ་དོག་དཀར་པོ་དང་། མེའི་རླུང་ཁ་དོག་དམར་པོ་དང་། རླུང་གི་རླུང་ཁ་དོག་ལྗང་ཁུ་དང་། ནམ་མཁའི་རླུང་ཁ་དོག་སྔོན་པོ་རྣམས་འོད་ཀྱི་ཐིག་ལེ་ཙ་ན་ཀའི་འབྲས་བུའི་ཚད་ཙམ་མམ། རང་གི་ལུས་ཇི་སྙེད་པ་དང་འོད་སྣམ་བུ་དང་རེ་ལྡེའི་རྣམ་པ་ལྟ་བུ་རྒྱ་ཆེ་ཆུང་ཅི་རིགས་
པ་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པར་ཀུན་ཏུ་སོན་པའི་འོད་ཀྱི་དཀྱིལ་འཁོར་ལ་སེམས་གཏད་པའི་བར། བརྟན་པ་དང་། བརླན་པ་དང་། བསྲེག་པ་དང་། བསྐྱོད་པ་དང་། འབྱེད་པའི་མཚན་ཉིད་ཅན་དུ་ངེས་པར་བསྒོམ་པ་ནི། ཁ་དོག་ལ་བསླབ་པ་དང་། ས་རླུང་གྲུ་བཞི། ཆུ་རླུང་ཟླུམ་པོ། མེ་རླུང་གྲུ་གསུམ། རླུང་གི་རླུང་ཟླ་གམ། ནམ་མཁའི་རླུང་ཟླུམ་པོའམ་ཟུར་དྲུག །སྔར་བཤད་པ་རང་རང་གི་ཁ་དོག་ཅན། རྒྱ་ཆེ་ཆུང་ཇི་ལྟར་རིགས་པར་བྷཻ་བ་ནི། དབྱིབས་ལ་བསླབ་པ་སྟེ། འདི་དག་ལ་གོམས་པས་ཟད་པ་དང་ཟིལ་གྱིས་གནོན་པའི་སྐྱེ་མཆེད་དག་འགྲུབ་ཅིང་། འབྱུང་བ་གང་ཡང་རུང་བའི་ཁ་དོག་གམ་དབྱིབས་ཀྱི་ཏིང་ངེ་འཛིན་ལ་གནས་པས། མཐོང་བར་འདོད་པའི་གཟུགས་ཀྱི་རྣམ་པ་ལ་ཏིང་ངེ་འཛིན་ཉེ་བར་གཏོད་པ་དང་། སྒྲ་ལ་ཉེ་བར་གཏོད་པ་སོགས་གནས་རྣམས་ཡིད་ལ་བྱེད་པ་དང་ལྷན་ཅིག་པས་ལྷའི་མིག་གི་མངོན་པར་ཤེས་པ་དང་། ལྷའི་རྣ་བའི་མངོན་པར་ཤེས་པ་སོགས་མངོན་དུ་བྱེད་དེ་འདི་ནི་
གསལ་སྣང་ལམ་དུ་བྱེད་པའི་རླུང་སྦྱོར་རོ། །བདེ་བ་བསྒྲུབ་པའི་རླུང་སྦྱོར་ནི། འགྲོ་བ་དང་། འོང་བ་དང་། གནས་པ་དང་། ངེས་པ་ཅན་གྱི་རླུང་སྦྱོར་བ་དང་། དམིགས་པ་ཉེ་བར་སྤངས་ཏེ། ཇི་ལྟར་གནས་པ་ཉིད་ལ་རང་བབ་ཀྱི་ཏིང་ངེ་འཛིན་དུ་བྱས་པས་བདེ་བའི་ཉམས་རྣམ་པར་དག་པར་སྐྱེ་བར་འགྱུར་རོ། །བཞི་པ་ལ་སྔོན་དུ་འགྲོ་བ་དང་། དངོས་གཞི་གཉིས་ཏེ། དང་པོ་ནི། ཇི་ལྟར་དྲི་མ་ཅན་གྱི་སྣོད་བཀྲུ་ཞིང་དག་པར་བྱེད་པ་དང་རྗེས་སུ་མཐུན་པར། ལུས་ཀྱི་འདུག་སྟངས་ཕྱིན་ཅི་ལོག་ཏུ་གྱུར་པ་དང་། རླུང་ཚད་ལ་ཕབ་པ་རྒྱུ་བར་མ་ནུས་པའི་རྟགས་རོ་མ་རྩ་ནང་ནས་ཐོན་མ་ནུས་པ་དང་། ཡན་ལག་གི་སྙིགས་མ་ཉེར་བཞི་སོགས་དུས་དུས་སུ་ཕྱི་རོལ་ཏུ་འབྱིན་མ་ནུས་པས་ལུས་ལ་ནད་དང་། སེམས་ལ་སྡུག་བསྔལ་བསྐྱེད་པའི་རྩ་བར་གྱུར་པས། ནང་གི་དྲི་མ་ངན་པ་དེ་དག་བསལ་བར་བྱ་བའི་ཕྱིར་དབྱུང་བ་ལམ་དུ་བྱ་སྟེ། དེ་ཡང་སྔར་བཤད་པའི་ལུས་གནད་ལ་གནས་པས་སྣའི་བུ་ག་ནས་
རླུང་དལ་བུས་དྲངས་ནས་ཕྱི་རོལ་གྱི་རླུང་ནང་དུ་རྫོགས་པ་དང་། ཤུགས་ཤིན་ཏུ་དྲག་པོ་དང་ལྡན་པས་དབྱུང་བར་བྱའོ། །དེའི་ཚེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད། འཐོར་རླུང་གི་ཤུགས་ལྟ་བུས། བ་སྤུ་དང་། དབང་པོའི་སྒོ་རྣམས་དང་། སྤྱིར་ལུས་ཀྱི་གནས་ཐམས་ཅད་ལ་གྲོལ་ཚགས་ལྟ་བུའི་བུག་པ་སྣ་ཚོགས་བཀོད་པ་ལས་ཕྱིར་ཕྱུང་སྟེ། ཤིན་ཏུ་རྣམ་པར་དག་པའི་ལུས་མན་ཤེལ་དྲི་མ་མེད་པའི་སྦུབས་ལྟ་བུ་ལ་སེམས་འཇོག་གོ །ཁམས་རྣལ་དུ་གནས་པ་ཞིག་ན་དབྱུང་བ་གསུམ་བྱ་ཞིང་། སྙིང་རླུང་ཡིད་མི་བདེ་བ་སོགས་ཀྱི་སྐྱོན་དང་ལྡན་ན། དབྱུང་བ་དགུ་སོགས་ཅི་རིགས་སུ་བྱའོ། །འདི་ནི་སྔོན་འགྲོའོ། །གཉིས་པ་དངོས་གཞི་ནི། སྦྱོར་བ་བཞི་སྟེ། ལྕགས་ཀྱུ་ལྟར་དགུག་པ། རྒྱ་མཚོ་ལྟར་དགང་བ། ཡུར་བ་ལྟར་གཞིལ་བ། མདའ་ལྟར་འཕངས་པའོ། །དང་པོ་ནི། གཡོན་ཟླ་བ་དང་། གཡས་ཉི་མའི་ལམ་གཉིས་དག་ནས་དལ་བུས་སྒྲ་མེད་པར་དྲངས་ཏེ། རླུང་འོད་ཟེར་དཀར་སྔོ་སྤོས་རིང་གི་
དུད་པའི་རྣམ་པ་ལྟ་བུ་ཕྱི་རོལ་གྱི་ནམ་མཁའ་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་གང་ཡང་རུང་བ་ལམ་གཉིས་ནས་མངོན་པར་འཇུག་བཞིན་པར་ལྟ་བ་དང་ལྷན་ཅིག །སྲིན་པོའི་སྒོ་ནས་ཀྱང་ཅུང་ཟད་འཐེན་ཏེ་གཟུང་བར་བྱའོ། །གཉིས་པ་ནི། སྟེང་དང་འོག་གི་སྲོག་ཉེ་བར་བཀུག་པ་དང་། བར་ན་གནས་པ་དང་། ལྷན་ཅིག་གི་ལྟེ་བ་ཡང་དག་པར་བཅངས་ཏེ། སྟེང་དང་འོག་ཏུ་འཆུགས་པ་མེད་པར་དགང་བ་དང་། གསུམ་པ་ནི། དམིགས་པ་ཁོ་ནས་ཏེ། ལམ་གཉིས་ནས་ཞུགས་པ་དེ་དག་ཨ་ཝ་དྷུ་ཏིའི་ནང་དུ་བཙུད་དེ། ལྟེ་བ་དང་སྙིང་ཁའི་འཁོར་ལོའི་བར་གྱི་ཐད་ཙམ་དུ་སླེབས་པ་ལས་ཡལ་ཏེ། དྷུ་ཏིའི་ནང་སྟོང་ར་ཁོ་ན་ལ་སེམས་གཏད་པར་བྱའོ། །བཞི་པ་ནི། དབྱུང་བའི་དུས་ལ་བབ་ན། ནང་དུ་ཡལ་བའི་ཐད་དེ་ནས། རླུང་འོད་ཀྱི་རྣམ་པ་ཚངས་པའི་བུ་གར་ཐོན་པ་ལ་སེམས་གཏད་དེ་དབྱུང་བར་བྱའོ། །འདི་ནི་ཐུན་གྱི་མགོར་གསུམ་མམ། ལྔའམ་བདུན་གྱི་བར་ཙམ་དུ་བྱའོ། །མང་དུ་བྱས་ན་གེགས་
ཀྱིས་ཉེ་བར་འཚེ་བ་དང་ལྡན་པར་འགྱུར་རོ། །དེའི་ཕྱིར་དྷུ་ཏིའི་ནང་དུ་རླུང་མངོན་པར་དེངས་པའི་མལ་ཉིད་ནས། སླར་རླུང་འོད་ཀྱི་སྐུད་པའི་རྣམ་པ་ལྟ་བུ་ཕྱིར་དབྱུང་བ་སྟེ། ལམ་གཉིས་ནས་ཕྱི་རོལ་སོར་བཅུ་གཉིས་ནས་བཅུ་དྲུག་གི་ནམ་མཁའ་ལ་འགྲོ་ཞིང་དེར་ཡལ་ནས། སླར་ཡང་ནམ་མཁའ་ཉིད་ལ་མངོན་པར་འབྱུང་ཞིང་། ནང་དུ་ཞུགས་པ་དབུ་མའི་དབུས་སུ་ཐིམ་པ་སོགས་སྔ་མ་བཞིན་ཏེ། དེ་ལྟར་ན་མདའ་ལྟར་འཕངས་པའི་དམིགས་པ་ཕྱི་མ་འདི་ཉིད་གེགས་མི་བསྐྱེད་ཅིང་ཡོན་ཏན་བསྐྱེད་པའི་གཞིར་གྱུར་པའོ། །གཞིལ་བ་ལ་ཕྱི་གཞིལ། ནང་གཞིལ། སྟེང་གཞིལ། འོག་གཞིལ་སོགས་མང་དུ་གནས་པ་ལས། འདིར་སྐབས་སུ་བབ་པ་ནི། ནང་དུ་གཞིལ་ཞེས་བྱའོ། །དགུག་གཞིལ། དགང་། འཕེན་རྣམ་པ་བཞི་པོ་འདི་དག་ནི། རླུང་ལམ་དུ་བྱེད་པའི་མན་ངག་གི་སྙིང་པོ་སྟེ། རྡོ་རྗེ་ཐོད་སྦྱོར་དང་། གའུ་ཁ་སྦྱོར་དང་། བུམ་པ་ཅན་དང་། བྱ་གདོང་ཞོན་ལ་སོགས་པའི་མིང་གི་རྣམ་གྲངས་ནི་དུ་མའོ། །དང་པོ་འགྲོ་
འོང་གསུམ་གར་སྒྲ་མེད་པ་དང་། ཤིན་ཏུ་དལ་བ་ལ་བསླབས་པས་ཡུན་རིང་ནང་དུ་མི་གནས་པ་ལྟར་མཐོང་ཡང་ཅི་ཞིག་ལྟར་ན་ལྟེ་འོག་ཚ་གྲང་འདྲེས་པ་དང་། ཡུན་དུ་བསྡམས་ཀྱང་མི་བདེ་བའི་ཚོར་བ་མེད་པ་དང་། རྩ་བ་དང་། ཡན་ལག་དང་། ཕྱི་དང་ནང་གཅིག་ཏུ་བྱེད་པ་ལ་དབང་འབྱོར་བ་སོགས་ཡོན་ཏན་གྱི་ཆེ་བ་རྣམས་ཤུགས་ལ་འབྱུང་ངོ་། །འདིའི་གོ་ཆ་ལ་དང་པོར་འཇུག་པའི་ཚེ་ཧ་ཅང་འགྲངས་ལྟོགས་སུ་གྱུར་པ་དང་། སེམས་མྱ་ངན་གྱིས་གདུངས་པ་ལ་སོགས་པ་ཉེ་བར་སྤང་ཞིང་། དུས་གནད་བཞི་པ་ཁོ་ནའམ། འཕོ་དུས་ཡང་དག་པར་བཟུང་ནས་བསྒོམ་པ་ནི་དུས་ཀྱི་གནད་ཡིན་ལ། གྲིམ་ལྷོད་རན་པའི་བསམ་གཏན་གྱི་ཆོས་ནི་ལུས་གྱི་གནད་དང་། རླུང་གི་འཇུག་ནས་ལྡོང་བ་དེ་ཉིད་གསུམ་དུ་དྲན་པ་བརྟན་པ་ནི་ཡུལ་གྱི་གནད་དེ། གནད་གསུམ་པོ་འདི་དག་དང་རྣམ་པ་ཐམས་ཅད་དུ་མ་བྲལ་བར་བྱའོ། །ཞལ་བཞིའི་རྒྱན་གྱིས་བརྒྱན་པ་ནི། སྟེང་ཞལ་རྐྱང་པ་དང་། འོག་ཞལ་
རྐྱང་པ་དང་། ཞལ་སྦྱོར་དང་། ཞལ་གསང་ཞེས་རྣམ་པ་བཞི་ལས་དང་པོ་ནི། འོག་གི་རླུང་དང་མ་འདྲེས་པའི་སྟེང་རླུང་ཁོ་ན་འབྱུང་བ་གཙོར་བྱ་སྟེ་ལམ་དུ་བྱེད་པ་དང་། རྔུབ་པ་གཙོར་བྱ་སྟེ་ལམ་དུ་བྱེད་པ་ཞེས་རེ་རེ་ལའམ། ཞི་བ་དང་། དྲག་པོ་དང་། རིང་པོ་དང་། ཐུང་ངུ་དང་། སྒྲ་བཅས་དང་། སྒྲ་མེད་ཀྱི་རྣམ་པར་འགྱུར་བ་དག་ཡོད་དོ། །གཉིས་པ་ནི། ཐུར་དུ་སེལ་བའི་རླུང་ཁོ་ན་དབང་དུ་བྱེད་པའི་ཆོ་ག་སྟེ། འདྲེན་པ་དང་། གཞིལ་བ་དང་། དྲང་ཐད་གསུམ་ལས། དྲག་ཞན། རིང་ཐུང་། མདུན་རྒྱབ། གཡས་གཡོན་གྱི་དབྱེ་བ་སྣ་ཚོགས་འབྱུང་ངོ་། །གསུམ་པ་ནི། སྲོག་ཐུར་ཆ་མཉམ་པ་གཙོ་བོའི་གནད་བཞིའམ། གནད་ཕྲ་མོ་ཅི་རིགས་པ་འཛིན་པ་སྟེ། འདི་ནི་བུམ་པ་ཆེན་པོའི་རྣམ་པར་དབྱེ་བའོ། །བཞི་པ་ནི། སྲོག་ཐུར་གཉིས་ཀ་མངོན་པར་སྤང་སྟེ། འདོད་པའི་གདུགས་ཀྱི་རྩ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གང་བར་བྱེད་པའི་སྦྱོར་བ་སྟེ། གསང་བར་འོས་པའོ། །མདོ་ལས་དབབ་པ་ནི། རླུང་བྱང་བའི་རྟགས་
དངོས་ཉམས་རྨི་ལམ་གསུམ་གྱི་མཚན་མ་མཐོང་བྱུང་བའོ། །དེས་གསང་གསུམ་གྱིས་འགྲོས་རླུང་སྦྱོང་བ་སོང་ངོ་། ། ༈ བཞི་པ་ཆུ་ཟླའི་གར་བསྒྱུར་བའི་ཐིག་ལེ་སྦྱང་བ་ནི། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ། །རང་གི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་བརྗོད་དེ། ངོ་བོ་སྟོང་པ། རང་བཞིན་གསལ་བ། འགག་པ་མེད་པ་གསུམ་མོ། །སྤྲོས་བྲལ་གྱི་ཐིག་ལེ་དེ་རང་ངོ་རང་གིས་མ་ཤེས་པ་ལས། ཁམས་ལྔ་རྫས་ཀྱི་ཐིག་ལེ་ནི་ཁམས་དཀར་དམར་གཉིས། འཁྲུལ་པ་མ་རིག་པའི་ཐིག་ལེ། དེའི་གཉེན་པོ་།གཏུམ་མོ་འབར་འཛག་བསྒོམ་ཞིང་ཟག་མེད་ཀྱི་བདེ་སྟོང་བསྐྱེད་པའོ་ཐིག་ལེ་གསུམ་སོགས་རྣམ་པར་བཤད་པ་ཟབ་མོའི་རྒྱུད་སྡེ་རིན་པོ་ཆེ་ལས་གསུངས་པ། བདུད་རྩི་ཟླ་དབང་བྱང་ཆུབ་ཀྱི་སེམས། ཕ་ལས་ཐོབ་པ་ཟླ་བའི་ཁམས་ཀྱི་ཆ་ཡིན་པའི་ཕྱིར་དཀར་བ། ཤེས་རབ་ཀྱི་རང་བཞིན་ཙཎྜ་ལི་དང་རྗེས་སུ་འབྲེལ་བའི་ཕྱིར། མུ་ཏིག་གི་རྡོག་པོ་ལྟར་འཚེར་བ། བྱང་ཆུབ་ཀྱི་སེམས་བདུད་རྩིའི་བཅུད་དང་
ལྡན་པའི་ཕྱིར་སྣུམ་པ། རིགས་ལྡན་གྱི་གནས་གང་ཡང་རུང་བར་སྦྱང་བ་བདེ་བའི་ཕྱིར་ཀུན་ནས་ཀུན་ཏུ་བསྡམས་པས་འདྲིལ་བ་སྟེ། མཚན་ཉིད་བཞི་དང་ལྡན་པ་དེ་ཉམས་སུ་ལེན་པར་བྱེད་པ་ལ་གསུམ་སྟེ། བྷཻ་དོན་སེམས་ལ་འགོད་པ། བྷཻ་ཁྲིད་ལག་ཏུ་བླང་བ། བྷཻ་འབྲས་ཚད་ལ་དབབ་པའོ། །དང་པོ་ནི། ཆོས་ཐམས་ཅད་ཆོས་ཀྱི་སྐུ་ཐིག་ལེ་ཉག་ཅིག་ཏུ་མངོན་པར་གྲུབ་པ་ལས། མ་དག་པ་དང་། དག་པ་ལྟར་སྣང་བའི་ཐིག་ལེ། དག་བྱ་དང་། དག་བྱེད་ཀྱི་རྣམ་པར་སྣང་བ་དུ་མ་དག་རང་བཞིན་གྱིས་རྣམ་པར་དག་པ་ཆེན་པོར་རོ་གཅིག་པར་བྱའོ། །ཉེ་དྲན་པ་ཉེ་བར་བསྐྱེད་པར་བྱའོ། །བྷཻ་ཁྲིད་ལག་ཏུ་བླང་བ་ལ་གསུམ། བདེ་བའི་ཐིག་ལེ་དང་། གསལ་བའི་ཐིག་ལེ་དང་། སྟོབས་ཀྱི་ཐིག་ལེའོ། །བདེ་བའི་ཐིག་ལེ་ནི་།མཚན་ཉིད་བཞི་ལྡན་ཞེས་པ་རང་ཉིད་རྗེ་བཙུན་མར་གསལ་བའི་ནང་དུ། རྩ་གསུམ་འཁོར་ལོ་དང་བཅས་པ་གསལ་གདབ། དབུ་མའི་སྣེ་ཚུར་སྨིན་མཚམས་སུ་འཐེན་ལ་དེར། བདེ་བའི་ཐིག་ལེ་
།འཇམ་དབྱངས་ཆེན་པོའི་གསུང་ལས། དེ་ཡང་ངོ་བོའི་སྒོ་ནས་ཁ་དོག་དཀར་བ། རང་བཞིན་ཆུ་ཁམས་ཀྱི་སྒོ་ནས་རེག་བྱ་བསིལ་བ། བཅུད་ཐམས་ཅད་ཀྱི་དྭངས་མ་ཡིན་པས་སྣུམ་པ། དབབ་བཟློག་ལ་སོགས་པའི་དོན་གྱིས་འདྲིལ་བ་དང་ཡང་ཟོར་ཆེ་བ་ནམ་མཁའ་ལ་རྡོ་འཕངས་པ་ལྟར་འདུག་པར་བསམ་མོ་དངུལ་ཆུའི་རྣམ་པ་ལྟར་དཀར་ཞིང་དྲི་མ་མེད་པ། འདྲིལ་ལ་ཟླ་བ་སྣུམ་པའི་རང་བཞིན་འོད་དང་ལྡན་པ་ཡུངས་དཀར་།དཀར་ལ་འཚེར་བ་སྣུམ་འདྲིལ་བ་གྱི་རྡོག་པོ་ཙམ་མོ། །སྲན་མའི་རྡོག་པོ་ཙམ་ཡིད་ལ་གང་གསལ་བ་ཞིག་ལ་སེམས་མ་ཡེངས་པར་གཏད་པར་བྱའོ། །ཆུང་བ་ལ་སེམས་ཟིན་ན་དགའ་གསུངས། ཐུན་གཅིག །དེ་ནས་རླུང་ཚུར་རྔུབ་པ་དང་བསྟུན་ནས་ཐིག་ལེ་དེ་སེང་སྒྲ་དང་བཅས་ཏེ་བདེ་ཆེན་འཁོར་ལོའི་དབུས་སུ་དྲངས། རླུང་གཞིལ་བའི་དུས་སུ་དལ་བུས་སྨིན་མཚམས་སུ་བསྐྱལ། དེ་བཞིན་དུ་རླུང་དང་བསྟུན་ནས་སྦྱངས། ཐུན་གཅིག །དེ་ནས་སྤྱི་བོ་ནས་མགྲིན་པའི་
བར་དང་། མགྲིན་པ་ནས་སྙིང་ཁའི་བར། སྙིང་ཁ་ནས་ལྟེ་བའི་བར། གོང་བཞིན་དུ་རླུང་དང་བསྟུན་ནས་སྦྱང་། ཐུན་གཅིག འཕྲོ་འཇོག་ཙ་ན་སྨིན་མཚམས་སུ་སྐྱེལ། སླར་ཡང་རྔུབ་པ་དང་བདེ་ཆེན་འཁོར་ལོའི་དབུས་སུ་དྲངས། རླུང་གཞིལ་བའི་དུས་སུ་བདེ་ཆེན་འཁོར་ལོའི་རྩ་འདབ་ཤར་མའི་ནང་དུ་ཕར་ལ་གཞིལ། རྔུབ་པའི་དུས་སུ་འཁོར་ལོའི་དབུས་སུ་དྲངས། དེ་བཞིན་དུ་རྩ་འདབ་སུམ་ཅུ་རྩ་གཉིས་ལ་རིམ་པ་བཞིན་དུ་གཡས་སྐོར་དང་གཡོན་སྐོར་དུ་སྦྱང་། དེ་ལུགས་འབྱུང་ངོ་། །ལུགས་བཟློག་ནི། རླུང་ཚུར་རྔུབ་པའི་དུས་སུ་ཐིག་ལེ་ཕར་རྩ་འདབས་སུ་འགྲོ། གཞིལ་བའི་དུས་སུ་འཁོར་ལོའི་དབུས་སུ་ཚུར་སླེབས། དེ་ཡང་གཡས་སྐོར་དང་གཡོན་སྐོར་དུ་སྦྱང་། དེ་བཞིན་དུ་འཁོར་ལོ་བཞི་ག་ལ་རིམ་པས་སྦྱང་། འཕྲོ་འཇོག་ཙ་ན་སྨིན་མཚམས་སུ་བསྐྱལ། ཐུན་གཅིག །སླར་ཡང་རླུང་རྔུབ་པ་དང་བསྟུན་ནས་བདེ་ཆེན་འཁོར་ལོའི་རྩ་འདབ་རྣམས་སོག་སྦུབས་འོ་མས་བཀང་བ་ལྟར་བཀྲམ། རླུང་གཞིལ་བའི་
དུས་སུ་འཁོར་ལོའི་དབུས་སུ་ཧྲིལ་གྱིས་བསྡུ། འདི་ལ་ཡང་ལུགས་འབྱུང་དང་། ལུགས་བཟློགས་སུ་ཤེས་པར་བྱའོ། །དེ་བཞིན་དུ་འཁོར་ལོ་བཞི་ག་ལ་རླུང་དང་བསྟུན་ནས་སྦྱང་། སླར་སྨིན་མཚམས་སུ་བསྐྱལ། ཐུན་གཅིག ཡང་རླུང་རྔུབ་པ་དང་བསྟུན་ནས་འཁོར་ལོ་བཞི་དང་ཡན་ལག་གི་རྩ་འདབ་ཐམས་ཅད་ལ་ཐིག་ལེ་སོག་སྦུབས་འོ་མས་བཀང་བ་ལྟར་བཀྲམ། རླུང་གཞིལ་བའི་དུས་སུ་སྨིན་མཚམས་སུ་བསྐྱལ། ཐུན་གཅིག འདི་ལ་ཡང་ལུགས་འབྱུང་དང་ལུགས་བཟློག་ཏུ་བྱེད། དེས་བདེ་བའི་ཐིག་ལེ་སོང་ནས། གཉིས་པ་གསལ་བའི་ཐིག་ལེ་ནི། ཁམས་དཀར་ཆ་ཟླ་བ་ལྟར་དཀར་ཞིང་གསལ་བའི་རིང་བཞིན་ཅན་ལ་སེམས་གཟུང་ཞིང་གོང་ལྟར་སྦྱང་བ་བྱའོ། །ཐུན་གཅིག །གསུམ་པ་སྟོབས་ཀྱི་ཐིག་ལེ་དབུ་མའི་ཡར་སྣེ་ན་རྡོ་རྗེ་རྩེ་ལྔ་པ་ནས་འབྲུ་ཙམ་གོང་ལྟར་སྦྱང་ཞིང་། སྐབས་སུ་རང་ཉིད་རྡོ་རྗེར་སྟིམ། རྡོ་རྗེའི་ནང་སྟོང་ཉིད་དུ་གནས་པ་ལ་སེམས་གཟུང་བའམ། ཡང་ན་རྡོ་རྗེ་དེ་ཉིད་ནམ་
མཁའ་འཇའ་ཡལ་བ་ལྟར་གྱུར་པའི་མོད་ལ་དབྱིངས་རིག་བསྲེས་ལ་མཉམ་པར་བཞག་པའོ། ། དེ་བཞིན་དུ་རླུང་དང་བསྟུན་ནས་བསྒོམ་པས། དམིགས་པ་གར་གཏད་དུ་ཟིན་པ་དང་། བདེ་བ་མངོན་སུམ་དུ་སྣང་བའི་བར་དུ་བསྒོམ། འཕྲོ་འཇོག་ཙ་ན་སྨིན་མཚམས་སུ་བསྡུའོ། །དེ་རྣམས་ནི་སྦྱང་བ་གསུམ་ཞེས་བྱ་སྟེ། ངོ་བོ་སྣ་ཚོགས་ཟིན་པར་བྱེད་པ་ཡིན། སེམས་མི་རྟོག་པར་ཟིན་ན་རླུང་ཟིན། དེས་ཁྲག་དྲོས་པས་དྲོད་སྐྱེས། དེས་བདེ་བ་སྐྱེས། བདེ་བ་ལ་མི་རྟོག་པའི་བསམ་གཏན་སྐྱེ་བ་ཡིན་ནོ། །དམིགས་པ་ལ་ནི་སེམས་གཏད་ནས། །དེ་རྒྱུན་རྣམ་པར་གཡེང་མི་བྱ། །ཞེས་པ་ལ་སོགས་པ་མདོ་ལས་ཀྱང་གསུངས་ཏེ། རྟགས་སུ་དུ་བ་དང་། སྨིག་རྒྱུ་ལ་སོགས་པ་རྣམས་ནི་མི་འདོད་ཀྱང་འབྱུང་ངོ་། །ཞལ་གདམས་ཀྱི་རིམ་པ་ནི་བཀའ་དཔེ་བཞིན་ཡིན་པས་ལག་ལེན་འདིར་བྲིས་པའོ། །བྷཻ་འབྲས་ཚད་ལ་དབབ་པ་ནི། གང་དང་གང་དུ་བྷཻ་བ་དེ་དང་དེ། གསལ་བ་རབ་ཏུ་གྱུར་པས་གང་དང་གང་དུ་འདྲེན་པ་དང་། འཛིན་
པ་དང་སྤྲོས་པ་ལ་དབང་བྱེད་པར་འགྱུར་ཏེ། རྨི་ལམ་ཉམས་དག་ཀྱང་སྔ་མ་བཞིན་ནོ། །མཐར་བསྔོ་བ་སྨོན་ལམ་དང་འབྲེལ་བར་བྱའོ། །དེ་རྣམས་ཀྱིས་སེམས་མ་ཟིན་པ་ཟིན་པར་བྱེད་པའི་གདམས་པ་སོང་ངོ་། །གཉིས་པ་ཟིན་པ་བརྟན་པར་བྱེད་པ་བསྒྲུབ་པ་ཙཎྜ་ལིའི་མན་ངག་ལ། །རྗེ་བཙུན་ཆེན་པོ་མི་ལའི་གསུང་ལས། གཏུམ་མོའི་དབྱེ་བ་དང་། བྱེད་ལས་དང་། ཆོས་མཚུངས་དཔེ་དང་སྦྱར་བ་དང་། རྒྱུ་མཚན་དང་། སྦར་ཐབས་སོ། །དང་པོ་ལ་བཞི་སྟེ། ཕྱི་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་གཏུམ་མོའོ། །བྱེད་ལས་ནི། ཕྱིའི་གཏུམ་མོས་གདོན་སྟོང་ཕྲག་བརྒྱད་ཅུ་འཇོམས། ནང་གི་གཏུམ་མོས་ནད་བཞི་བརྒྱ་རྩ་བཞི་འཇོམས། གསང་བའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་རང་ལ་ཡོད་པའི་ཡེ་ཤེས་ངོ་སྤྲོད་པའོ། །ཆོས་མཚུངས་དཔེ་དང་སྦྱར་བ་ནི། ཕྱིའི་གཏུམ་མོ་མེ་དང་ཆོས་མཚུངས་ཏེ། མེའི་ནང་དུ་ཤིང་གཅིག་བསྐྱུར་ཀྱང་བསྲེག་ལ། བརྒྱ་
བསྐྱུར་ཀྱང་བསྲེག །དེ་བཞིན་དུ་གདོན་གཅིག་གདོན་ཀྱང་བསྲེག་ལ། བརྒྱད་ཅུས་གདོན་ཀྱང་བསྲེག །ནང་གི་གཏུམ་མོ་སྨན་དང་ཆོས་མཚུངས་ཏེ། སྨན་པ་མཁས་པས་སྨན་བཏང་བས་ནད་སེལ་བ་བཞིན་གཏུམ་མོ་བྷཻ་བས་ནད་སེལ་བའོ། །གསང་བའི་གཏུམ་མོ་སེང་གེ་དང་ཆོས་མཚུངས་ཏེ། སེང་གེས་རི་དྭགས་ཐམས་ཅད་ཟིལ་གྱིས་མནན་པ་བཞིན་དུ་གཏུམ་མོ་བསྒོམས་པས་ཉོན་མོངས་པ་ཐམས་ཅད་ཟིལ་གྱིས་གནོན་པའོ། །དེ་ཁོ་ན་ཉིད་ཀྱི་གཏུམ་མོ་མེ་ལོང་དང་མཚུངས་ཏེ། མེ་ལོང་གཡའ་དག་པ་ལ་བལྟས་ན་རང་གི་བཞིན་མཐོང་བ་བཞིན། གཏུམ་མོ་བསྒོམས་པས་རང་གི་སངས་རྒྱས་ཀྱི་ཡེ་ཤེས་གསལ་ལམ་མེ་དེ་མཐོང་ནས་ཨ་པ་དེ་རུ་འདུག་པ་ལ་སྔར་ངོ་མ་ཤེས་འདུག་སྙམ་པ་ཞིག་འབྱུང་བའོ། །རྒྱུ་མཚན་ནི་ངེས་ཚིག་ཡིན་ཏེ། གཏུམ་མོ་བྱ་བ་ནི་སྤང་བྱ་འཇོམས་པ་ལ་ཟེར་ཏེ། དཔེར་ན་གོ་མཚོན་ཐོགས་པའི་དཔའ་བོ་གཅིག་གིས། སྡར་མའི་དམག་དཔུང་འཇོམས་པ་བཞིན། ཉོན་མོངས་རྣམ་རྟོགས་
གདོན་བགེགས་འཇོམས་པ་ལ། དཔའ་ཞིང་གཏུམ་པས་ན་གཏུམ་ཞེས་བྱ། མོ་ཞེས་བྱ་བ་ནི། ཡོན་ཏན་བསྐྱེད་པ་ལ་ཟེར་ཏེ། དཔེར་ན་དཔལ་ཆེ་བའི་བུ་མོ་མཛེས་མ་གཅིག་ལ། བུ་ཁྱེའུ་ཕུན་སུམ་ཚོགས་པ་གཅིག་སྐྱེས་ན། འཇིག་རྟེན་གྱི་བདེ་འབྲས་བསྐྱེད་པ་བཞིན། མཆོག་ཐུན་མོང་ཐམས་ཅད་འདི་ལས་བསྐྱེད་པས་མོ་ཞེས་བྱའོ། །གྲངས་ངེས་ནི། བཞིར་ངེས་ཏེ། དེ་བས་ཉུང་ན་མི་འདུ་སྟེ། ཕྱིའི་མེ་མེད་ན་གདོན་མི་སེལ། ནང་གི་མེ་མེད་ན་ནད་མི་སེལ། གསང་བའི་མེ་མེད་ན་ཉོན་མོངས་པ་མི་ཆོམས། དེ་ཁོ་ན་ཉིད་ཀྱི་མེ་མེད་ན་ཡེ་ཤེས་མི་འཕྲོ། དེ་བས་མང་ན་དོན་མེད་དེ། གདོན་བཞི། ནད་བཞི། ཉོན་མོངས་པ་བཞི། ཡེ་ཤེས་ངོ་འཕྲོད་ནས། ཁུར་བོར་སངས་རྒྱས་པ་ཡིན་ཏེ། དཔེར་ན་ཆུ་ཆེན་པོ་ལས་ཐར་ན་གྲུ་མི་དགོས་པ་བཞིན། གཏུམ་མོ་རང་ཡང་མི་དགོས་སོ། །དེ་ཡང་ཉོན་མོངས་པ་མཐའ་དག་གཏུབ་ཅིང་གཅོད་པར་བྱེད་པས་ན་གཏུམ་མོ་ཞེས་བཤད་དོ། །དེ་ཡང་གནས་པ་རྩའི་གཏུམ་མོ།
གཡོ་བ་རླུང་གི་གཏུམ་མོ། འགྲོ་འོང་ཐིག་ལེའི་གཏུམ་མོ། བསྒོམ་པ་དུས་ཀྱི་གཏུམ་མོ། དོན་དམ་མཆོག་གི་གཏུམ་མོའོ། །དེ་ལ་རྩ་རླུང་ཐིག་ལེ་གསུམ་ནི་གསང་སྔགས་རྡོ་རྗེ་ཐེག་པ་ལ་སོགས་པ་རྒྱུད་སྡེ་བཞི་པོ་རྣམས་ཀྱི་མར་གྱི་ཡང་ཞུན་ལྟ་བུ་ཡིན་ལ། དོན་དམ་མཆོག་གི་གཏུམ་མོ་ནི་བཀའ་བར་པ་མཚན་ཉིད་མེད་པའི་དོན་ཡིན་ཞིང་། བྷཻ་བ་དུས་ཀྱི་གཏུམ་མོ་ནི་སྐྱོན་སྤང་ཞིང་ཡོན་ཏན་བསྒྲུབ་པས་འདུལ་བའི་བསླབ་བྱར་འོས་པས། བཀའ་དང་པོའི་དགོངས་དོན་དེ། མདོར་ན་མདོ་རྒྱུད་ཕྱི་ནང་ཐམས་ཅད་དེ་གསུང་རབ་རྒྱ་མཚོ་ལྟ་བུའི་དགོངས་པ་མི་འགལ་བར་གཅིག་ཏུ་དྲིལ་བ་ཡིན་ནོ། །དེ་ཡང་གནས་པ་རྩའི་གཏུམ་མོ་ནི། རྩ་གསུམ་འཁོར་ལོ་དྲུག་ལ་སོགས་པ་རྣམས་མཚན་ཉིད་བཞི་ལྡན་དུ་མོས་པར་བྱའོ། །གཡོ་བ་རླུང་གི་གཏུམ་མོ་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་ཇི་སྐད་བཤད་པ་ལྟ་བུའོ། །བསྒོམ་པ་ཏིང་ངེ་འཛིན་གྱི་གཏུམ་མོ་ནི། ཇི་ལྟར་གཏུམ་མོ་བསྒོམ་པའི་ཚུལ་རྣམས་སོ། །དོན་དམ་མཆོག་གི་
གཏུམ་མོ་ནི། གཉུག་མ་མཐའ་བྲལ་ངེས་པའི་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པར་བྱེད་པའོ། །གཏུམ་མོ་ཞེས་པ་ཡང་ཉོན་མོངས་པའི་འཆིང་བ་མཐའ་དག་གཅོད་དམ་འཇོམས་པས་གཏུམ་མོ་ཞེས་བརྗོད་པར་བྱའོ། །དེ་ཉམས་སུ་ལེན་པ་ལ།བྷཻ་དོན་སེམས་ལ་འགོད་པ། བྷཻ་ཁྲིད་ལག་ཏུ་བླང་བ། བྷཻ་འབྲས་ཚད་ལ་དབབ་པ་དང་གསུམ་སྟེ། བྷཻ་དོན་ནི། གང་བྱང་ཆུབ་ཀྱི་སེམས་ཟླ་བའི་དབང་པོ་དེ་ཉིད། སེམས་ཅན་རྣམས་ཀྱི་འཁྲུལ་བའི་བག་ཆགས་དང་རྗེས་སུ་འབྲེལ་བས་སྲིད་པ་ཀུན་ཏུ་སྦྱོར་བའི་འཆིང་བ་མི་ཟད་པར་འགྱུར་ཞིང་། གང་དེ་བླ་ན་མེད་པའི་ཐབས་ཀྱིས་ཡོངས་སུ་བཅིངས་པས། ཟག་པ་ཐམས་ཅད་དང་བྲལ་བ་རྡོ་རྗེ་ཡེ་ཤེས་ཀྱི་སྐུ། ཚེ་གཅིག་ལུས་གཅིག་གིས་མངོན་དུ་བྱེད་པ་ཞེས་བསམ་པའོ། །བྷཻ་ཁྲིད་ལག་ཏུ་བླང་བ་ནི། ཟིན་པ་བརྟན་བྱེད་ཞི་བ་།མཉམ་མེད་དྭགས་པོ་དང་མཁའ་སྤྱོད་པ་ཙཎྜ་ལི། མེ་།རང་བྱུང་ཆུང་བསྐྱེད། དེ་ཇི་ལྟར་བྷཻ་བའི་ཚུལ་ནི། ལུས་གནད་བཅའ། སེམས་བསྐྱེད།
བླ་མ་བསྒོམ། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་གསོལ་བ་གདབ། དེ་ནས་རང་ཉིད་བཅོམ་ལྡན་འདས་མའི་སྐུ་གཞུང་ལས་འབྱུང་བ་ལྟར་བསྒོམ་པའི་སྟོང་རའི་དབུས་སུ་སྔར་བཤད་པ་ལྟ་བུའི་རྩ་གསུམ་མཚན་ཉིད་བཞི་ལྡན་གསལ་གདབ་པའི། རྩ་གསུམ་འདུས་མདོར་མེ་ཡི་ཆོས་འབྱུང་གི་དབུས་སུ། གཏུམ་མོ་ཨ་ཐུང་མེ་ཡི་མཚན་ཉིད་ལྡན་ཞེས་པས་ཁམས་ཉི་མའི་ངོ་བོ་ཐིག་ལེ་རྣམ་པ་མེ། ཁ་དོག་དམར་ཞིང་། རེག་བྱ་ཚ་བ། །མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། སྤྱིར་གཏུམ་མོ་ཨ་ལ་ལྔ། ཨ་ལེབ། ཨ་ཐིག་ལེ། ཨ་ཟླ་ཚེས། ཨ་སྦ་བཀུག་པ། ཨ་ཤད་ལྟ་བུ་ལྔ་ལས་འདི་ལ་ཨ་ཐུང་ཤད་ལྟ་བུ་ལ་དམིགས་པ་ལྟེ་བའི་ཨ་ཤད་ནི་རྒྱ་གར་གྱི་ཡི་གེའི་ཤད་ལྟ་བུ་མེའི་རང་བཞིན་ཁབ་ཙམ་པ་གཅིག་ལ་གཏད་གསུངས། རྗེ་དུས་གསུམ་མཁྱེན་པའི་གསུང་ལས། སྤྱིར་ཀུན་རྫོབ་ཏུ་རྟགས་ཀྱི་རྣལ་འབྱོར་མ་དོན་དམ་དུ་ཆོས་ཉིད་རྣལ་འབྱོར་མ་ཡིན་གསུངས། དེ་ཡང་དང་པོ་ནི་རྣལ་འབྱོར་མའི་སྐུ་མདོག་ཞལ་
ཕྱག་རྒྱན་དང་གདན་ལ་སོགས་པ་ངེས་པ་ཅན་ལ་ཟེར་ཏེ་བསྒོམ་ཡོད་ཀྱང་དོན་དམ་གྱི་རྣལ་འབྱོར་མ་ནི་ཆོས་ཉིད་སྐྱེ་བ་མེད་པའོ། །དོན་དམ་པར་ཅིའི་ངོ་བོ། ཡང་གྲུབ་པ་མེད་པ་བྷཻ་མེད་བྱ་བ་ཡིན། དེ་ཉམས་སུ་ལེན་དགོས་གསུངས་སོ། །འཇམ་དབྱངས་ཆེན་པོའི་གསུང་ལས། བཅུད་ཐམས་ཅད་ཀྱི་དྭངས་མ་ཡིན་པས་སྣུམ་པ། ཁོ་རང་གི་ཆོས་ཉིད་ཁ་དོག་དམར་ཞིང་གྱེན་དུ་འབར་བ། བྱེད་ལས་སྲེག་པའི་མཚན་ཉིད་ཅན། དེ་ཡང་ཆོས་ཉིད་ཀྱི་རང་བཞིན་སྟོང་པ་ཉིད་སྐྱེ་བ་མེད་པ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ནམ། རྡོ་རྗེ་ཕག་མོའམ། བདག་མེད་མ་ལ་སོགས་པའོ། །ཕྱི་རོལ་ཏུ་རྟ་གདོང་གི་མེ། ནང་དུ་གཏུམ་མོ་ཨ་ཐུང་ཞེས་བཤད་པ་ཡིན་ནོ། །ཙ་ན་ཀའི་འབྲས་བུ་ཙམ་ཤིན་ཏུ་ཕྲ་ཞིང་ཕྲ་བ་ལ་སེམས་བཟུང་། རླུང་སྦྱོར་སྔ་མ་ལྟར་བྱེད་ཅིང་མེ་ཡིས་ཤེད་བསྐྱེད། བདེ་བ་དང་ལྡན་པར་བསམ། ཐུན་གཅིག །དེ་ལ་སེམས་ཟིན་པ་དང་། །ཆོས་དྲུག་
ཆེན་མོ་ལས། དེ་ཡང་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མ་ཐིག་ལེའི་རྣམ་པར་བཞུགས་པ་ཉི་མའི་ཆོས་ཉིད་ཀྱི་དམར་བ། རླུང་མེའི་དྲོད་ཅན་གྱི་ངོ་བོར་གྲུབ་པས་རེག་བྱ་ཚ་བ། ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ངོ་བོ་ཉིད་ཀྱི་ཕྱིར་ཆུའི་ཉི་མ་ལྟར་ངོ་བོ་མ་དམིགས་པ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་བདུད་རྩི་དམ་པའི་ཕྱིར་རྣམ་པ་བདེ་བ་སྟེ། མཚན་ཉིད་བཞི་དང་ལྡན་པའི་བྱང་ཆུབ་ཀྱི་སེམས། ཙ་ན་ཀའི་འབྲས་བུའི་ཚད་ལྟར་ཆེས་ཤིན་ཏུ་ཕྲ་བ་ལ་དམིགས་པ་ནི་གནད་རྣམས་ཀྱི་རྒྱལ་པོ་སྟེ། སེམས་རྩེ་གཅིག་ཏུ་འཛིན་པ་ནི་ཡིད་ཀྱི་ལྡེམ་དང་། དེ་རྣམ་པར་རྟོག་པ་ཐམས་ཅད་དང་རང་ཆིངས་སུ་འགྱུར་པ་ནི་ཡིད་ཀྱི་ཆིངས་དང་། དམིགས་པ་ལ་ཧ་ཅང་སེམས་གྲིམ་ཆེས་ན་རྣམ་པར་རྟོག་པ་འཕྲོ་བའི་རྐྱེན་དུ་འགྱུར་བས། ལྷོད་མེད་མ་ཡེངས་པར་བྱ་བ་ནི་སེམས་ཀྱི་ཤིགས་ཏེ། དེ་ལྟར་ན་ལྡེམ་ཆིངས་ཤིགས་གསུམ་ལ་ལུས་ངག་ཡིད་གསུམ་གྱིས་དབྱེ་བས་དགུར་འགྱུར་ཞིང་། ཡིད་དང་ཐིག་ལེ་དབྱེར་མེད་པ་
བདེ་གསལ་མི་རྟོག་པའི་འཁོར་ལོ་ཉིད་དུ་བྱེད་པའོ། །མེ་ཤེད་ཆེར་བསྐྱེད་ལ། སྲན་མའི་རྡོག་པོ་ཙམ་རྩེ་མོ་གཅན་གཟན་གྱི་སྤུ་ཙམ། །ཆོས་དྲུག་ཆེན་མོ་ལས། སྔ་མ་ལ་གོམས་པ་རྙེད་པ་ན། ཁམས་གཉིས་ཀྱི་རླུང་རབ་ཏུ་གཡོ་བའི་ཤུགས་ཀྱིས་བྱང་ཆུབ་སེམས་ཕྲ་མོ་དེ་ཉིད་མངོན་པར་སྤར་ཏེ། ཕྲ་ཞིང་ཕྲ་བ་རྟ་རྔ་ཙམ་ལ་སྐུ་གསུམ་མཆོག་གི་རྣམ་པར་གནས་པའི་སྐད་ཅིག་རེ་རེ་ཞིང་མི་སྡོད་པར་འཁྱུག་པ། རྩེ་མོ་ཤིན་ཏུ་རྣོ་ཞིང་ཚ་བའི་རེག་བྱ་ཚད་མེད་པ་དང་ལྡན་པ། ཡེ་ཤེས་ཀྱི་བདེ་བ་ཆེན་པོའི་གར་གྱིས་རྣམ་པར་རོལ་པ་ནས་ཕྱེད་དམ། སོར་ཕྱེད་དང་། སོར་གཅིག་དང་། སོར་གཉིས་ཀྱི་བར་ཅི་རིགས་སུ་སྦར་ཏེ། འཕགས་མའི་འགྱིང་སྦྱོར་དང་ལྡན་པས། ལུས་ངག་ཡིད་གསུམ་དང་མ་བྲལ་བ། བཅོམ་ལྡན་འདས་མ་ཕྲིན་ལས་ཀྱི་རོལ་མོ་བླ་ན་མེད་པ་ལ་བསྐུལ་བར་བྱའོ། །དེ་དག་གི་མན་ངག་འདིའི་སྙིང་པོ་སྟེ། ཙཎྜ་ལི་ཨ་ཐུང་ཞེས་ཡོན་ཏན་རིན་པོ་ཆེ་མཐའ་དག་བསྐྱེད་པའི་གཞི་རྟེན་དུ་གྱུར་པ་
སྟེ། སུམ་འཁྱོག་ཏུ་འབར་བར་བསམ། ཐུན་གཅིག} དེ་ལ་མ་གསལ་ན་མར་མེ་སོར་གཅིག་བསམ་མོ། །ཐུན་གཅིག །དེ་ནས་རྩ་གསུམ་འདུས་མདོ་དེ། མེ་ཁ་དོག་དམར་བ། ངོ་བོ་བདེ་བ། རྣམ་པ་གསལ་བ། རེག་བྱ་ཚ་བ་ལ་སེམས་གཟུང་ཞིང་འཕྲུལ་འཁོར་བྱའོ། །ཐུན་གཅིག །རྗེ་བཙུན་མི་ལས། མཚན་ཉིད་བཞི་ལྡན་ནི། རྣམ་པ་མེ། ངོ་བོ་རྡོ་རྗེ་རྣལ་འབྱོར་མ། རང་བཞིན་ཡེ་ཤེས། ཉོན་མོངས་པ་བདེ་དྲོད་ཉིད་དུ་བཞེད་དོ། །དེ་ལ་ཡང་བྱིང་རྨུགས་ཤས་ཆེ་ན། མེའི་རྩེ་མོ་རྣོ་ཞིང་འགུལ་བ་ལྟར་སྣང་བ་ལ་སེམས་གཟུང་། འཕྲོ་རྒོད་ཤས་ཆེ་ཞིང་མི་གནས་པ་བྱུང་ན་མེ་དལ་ཞིང་འཇམ་པའི་རྩ་བ་ལ་སེམས་གཟུང་ཞིང་གཡོ་འགུལ་མེད་པར་བྱའོ། །ལར་དམིགས་པ་ཅི་ཙམ་ཆུང་བ་ཙམ་སེམས་ཟིན་ན་དགའ་བ་ཡིན་ཞེས་བཀའ་ཡང་ཡང་ནན་ཏན་དུ་གསུངས་སོ། །དེས་བདེ་དྲོད་བདེ་གསལ་མི་རྟོགས་པ་སྐྱེ་ཞིང་སྔར་སྐྱེས་པ་བརྟན་པར་བྱེད་དོ། །རྗེ་དུས་གསུམ་མཁྱེན་པའི་གསུང་ལས། སྨིན་མཚམས་མཛོད་སྤུའི་རྩ་
སྦུགས་དམར་སང་ངེ་སྲན་མ་ཙམ་གཅིག་གི་ནང་དུ་ཐིག་ལེ་ཡུངས་དཀར་ཙམ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་རེག་བྱ་བདེ་བ་གཡོན་དུ་སྒ་ར་ར་འཁོར་བ་ལ་ཤེས་པ་གཏད་པས་དང་པོ་དེ་རང་དུ་བདེ་བ་སྐྱེས། དེ་ནས་ལུས་ཐམས་ཅད་ལ་ཁྱབ་པར་སྐྱེའོ། །བདེ་བ་ཅི་ཡི་ངོ་བོར་ཡང་གྲུབ་པ་མེད་པ་རང་བཞིན་གཉུག་མའི་ངང་དུ་ཀློད་ལ་བཞག ། བསྒོམ་འབྲས་ཚད་ལ་དབབ་པ་ནི། དྲོད་ཀྱི་ཡེ་ཤེས་ཀྱིས་གཞི་ཟིན་པར་གྱུར་ཅིང་། དམིགས་པ་རབ་ཏུ་གསལ་བས་ཏིང་ངེ་འཛིན་ཡུན་དུ་གནས་པ་དང་། བུམ་པ་ཅན་བརྟན་པར་གྱུར་ཅིང་རྨི་ལམ་ཉམས་ཀྱི་རྟགས་རྣམས་གསལ་བར་མཐོང་ངོ་། །དེས་ཟིན་པ་བརྟན་པར་བྱེད་པ་མེ་ཆུང་བསྐྱེད་ཀྱི་རིམ་པ་སོང་ངོ་། །གསུམ་པ་བརྟན་པ་བོགས་དབྱུང་བ་བསྒྲུབ་པ་ཆེན་པོའི་མན་ངག་ནི། དྲག་པོ་།མཁའ་སྤྱོད་པས་ཙཎྜ་ལི་མེ་ཆེན་།རང་བྱུང་བ་བསྐྱེད་པའམ་བྷཻ་བར་བྱེད་པ་སྟེ། ཆོས་དྲུག་ཆེན་མོ་ལས། དེ་ཡང་དྲོད་བོགས་འབྱིན་པ་དང་། བདེ་བ་བོགས་འབྱིན་པ་དང་། མི་རྟོག་པ་
བོགས་འབྱིན་པར་བྱེད་པའོ། །དང་པོ་མེའི་དྲོད་ལ་སོགས་པ། བོགས་འབྱིན་པར་བྱེད་པ་ཁ་ཚར་དང་བཅས་པ་ལ། རྩ་གསུམ་མེ་ཡི་ནུས་པས། གང་བར་བྱེད་པ་དང་། དེ་བཞིན་དུ་འཁོར་ལོ་བཞི་དང་། ཡན་ལག་དང་ཉིང་ལག་གི་འཁོར་ལོའི་བར་དུ་འབར་བ་བྱེད་པ་དང་། དེ་ལས་ཀྱང་རབ་ཏུ་འབར་བས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་རྣམས་དང་། བ་སྤུའི་མཐའི་བར་འབར་བར་བྱེད་པ་དང་། གང་དང་གང་དུ་དྲོད་མ་སྐྱེས་ན་དེ་དང་དེར་སྐྱེ་བར་བྱེད་པ་བརྟན་པར་བྱེད་པ་དང་། ཉི་མ་བདུན་པ་དང་། སྐུ་བསྲིང་བ་དང་། བགེགས་འཇོམས་པ་དང་། སྲུང་འཁོར་ལ་སོགས་པ་བྱེད་པའི་ཚུལ་མང་དུ་གསུངས་པ་ལས། དང་པོ་སྔོན་འགྲོའི་རིམ་པ་གོང་ལྟར་བྱས་ལ། རང་ཉིད་རྗེ་བཙུན་མ་གསལ་བའི་ནང་དུ་རྩ་གསུམ་གསལ་གདབ་པའི་མདོར་རྩ་བའི་མེ་དེ་རང་ལ་སེམས་གཟུང་ཞིང་རླུང་ཁུག་པ་འགའ་ཡར་རྒྱུ་བར་བྱའོ། །ཐུན་གཅིག །རླུང་སྦྱོར་དང་ལྡན་པས་ཨ་ཐུང་ལ་མེ་དྲག་ཏུ་འབར་བས་ལྟེ་བ་ཐམས་ཅད་
ཁྱབ་པར་བྷཻ། ཐུན་གཅིག །དེ་བརྟན་ནས་སྙིང་ཁ་མན་ཆད་མེས་ཁེངས་པ་ལ་དམིགས་ནས་བསྒོམ་མོ། །ཐུན་གཅིག །དེ་ནས་མགྲིན་པ་མན་ཆད་ལུས་ཐམས་ཅད་དུ་གཏུམ་མོ་ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་བདེ་བ། རྣམ་པ་གསལ་བ་ལ་དམིགས་པ་ལ། དེ་རྣམས་ཞག་ཁ་ཡར་ལ་སྤོ་བའམ། དུས་གཅིག་ཀྱང་རུང་སྟེ། ལུས་འཕྲུལ་འཁོར་དང་། ཁ་ཟས་བཟང་དུ་བྱས་ནས་བྷཻ་བས་དྲོད་སྐྱེའོ། །ཐུན་གཅིག །རྔུལ་འཛག་ན་ལུས་མི་བསྐྱོད་པས་བཀྲུའོ། །མེ་ཆུང་དུ་བྱའོ། །ཐུན་མཚམས་སུ་རྩ་བའི་མེ་དེ་ལ་བསྡུས་ལ་བསྔོ་བ་སྨོན་ལམ་དང་འབྲེལ་བར་བྱའོ། ། བར་བཅས་སུ་དགང་བ་ནི། དག་པ་ལྷའི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་ལྡན་གསལ་གདབ་ལ། རླུང་སྦྱོར་དང་ལྡན་པས། དེ་ནས་རྩ་བའི་མེའི་ནུས་པ་རབ་ཏུ་རྒྱས་པས། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་བཞི་པོ་རྣམས་ཀྱི་ནང་དུ་མེའི་ནུས་པ་ཆེར་རབ་ཏུ་འབར་ཞིང་བཟོད་པར་དཀའ་།འཇམ་དབྱངས་ཆེན་པོའི་གསུང་ལས། མེ་རི་དྭགས་ཀྱི་སྤུ་རྩེ་
ལས་རྡུལ་འཐུལ་བ་ལྟ་བུའི་མེའི་རྡུལ་གྱི་མགྲིན་པ། སྤྱི་བོ་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱི་གནས་རྣམས་ཀུན་ཏུ་ཁྱབ་ཅིང་། སྤྱན་དབུས་མ་ནས་མེའི་རྡུལ་རྣམས་ཕྱིར་ཐོན་ནས། གློག་གི་ཞགས་པ་ལྟར་འཁྱུག་ཅིང་རྣ་ལྟག་གཡོན་ནས་ལན་གསུམ་དཀྲིས་ཏེ་རྣ་ལྟག་གཡས་ནས་ཕྱོགས་བཅུའི་ཞིང་དུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཕོག་སྟེ། ཐམས་ཅད་སྐུ་མདོག་གི་བདུད་རྩིར་ཞུ། ཚུར་འདུས་རང་གི་སྤྱི་བོ་ནས་ཞུགས། རྩ་གནས་ཐམས་ཅད་དུ་ཁྱབ་པར་བསམ་པ་ནི་རྒྱུད་རྣམས་ལས་གསུངས་པའི་གཏུམ་མོའི་མེ་ཆེར་བསྐྱེད་ཀྱི་གདམས་པ་ལུགས་གཅིག་གོ ། བའི་གདུང་བྱེད་ཀྱིས་ཤུགས་ཆེན་པོ་དང་ལྡན་པར་བྱས་ནས་འབར་ཞིང་འཁོར་ལོའི་དབུས་སུ་རྩ་བའི་མེ་དེ་ཉིད་མར་མེའི་སྡོང་བུ་ལྟ་བུར་འབར་བས་སྙིང་ཁའི་འཁོར་ལོའི་དབུས་སུ་ཡང་ཡང་འབར་ཞིང་། མགྲིན་པའི་འཁོར་ལོའི་དབུས་དང་། རྩ་འདབས་རྣམས་སུ་རབ་ཏུ་འབར་བ་དང་། ཡང་མེ་དེ་ཉིད་དབུ་མའི་ནང་ནས་ཡར་འབར་བས་སྤྱི་བོའི་
འཁོར་ལོའི་དབུས་དང་རྩ་འདབ་རྣམས་སུ་རབ་ཏུ་འབར་བས་དཔེར་ན། སྦྲུལ་མགོའི་གདེངས་ཀ་ལྟ་བུ་མ་ཡིན་ཞིང་གདུགས་རྩིབས་ཀྱི་སྣེ་མོ་ལྟ་བུར་མེ་ཡི་རྩེ་མོ་ཡང་ཅུང་ཟད་ཀྱང་དགུག་པར་བྱ་སྟེ་གསུངས། ད་ནི་ཡན་ལག་དང་ཉིང་ལག་གི་འཁོར་ལོ་རྣམས་སུ་ཡང་མེའི་ནུས་པ་རབ་ཏུ་འཇུག་པར་བྱའོ། །དེ་ཡང་ལྟེ་བ་སྤྲུལ་པའི་འཁོར་ལོ་མེའི་ནུས་པ་ཆེར་རབ་ཏུ་འབར་བ་ལས། གཞི་དེ་ལས་སྤྱི་འོག་གཉིས་དང་། པུས་མགོ་གཡས་གཡོན་གཉིས་ཀྱི་ཚིགས་ཀྱི་འཁོར་ལོ་རྣམས་དང་། དེ་བཞིན་དུ་ལོང་བུ་དང་། སོར་མོའི་རྩེ་མོའི་ནང་དུ་འབར་བ་དང་། གཞན་ལག་པ་ལ་སོགས་པའི་འཁོར་ལོ་རྣམས་ལ་ཡང་ཚུལ་དེ་ལྟར་ཤེས་པར་བྱ་སྟེ། དེ་ཡང་སྙིང་ཁའི་མེའི་ནུས་པ་ཆེར་རྒྱས་པ་ལས་དཔུང་བའི་འཁོར་ལོ་དང་། ཉེ་བའི་དཔུང་པ་དང་། མཁྲིག་མ་གཉིས་དང་། མཛུབ་རྩེ་བར་དུ་འབར་ཞིང་ཁྱབ་པ་དང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྣམས་སུའོ། །འཁོར་ལོ་རེར་ཐུན་རེ་རེ་བྱེད་དོ། །བར་མེད་དུ་
དགང་བ་ནི། ལྟེ་བ་ཕྱིན་ཆད་སྟོང་རའི་ནང་ཐམས་ཅད་མེ་མཚན་ཉིད་བཞི་ལྡན་གྱིས་གང་བ་ལ་སེམས་གཟུང་། ཐུན་གཅིག །དེ་བཞིན་དུ་སྙིང་ཁ་ཕྱིན་དང་། མགྲིན་པ་ཕྱིན་དང་། སྤྱི་བོ་ཕྱིན་ཏུ་དམིགས་པ་བཟུང་། །འདིར་མེ་མི་གཏོང་བའི་ལུགས་ཀྱང་ཡོད།ཐུན་རེའོ། །རྩ་ཕྲན་བ་སྤུའི་མཐའི་བར་དུ་ཇི་ལྟར་འབར་བ་ནི་དཔེར་ན་རི་དྭགས་ཀྱི་སྤུ་ལྟ་བུ་མེའི་རྩེ་མོ་རྣོ་ལ་རེག་བྱ་ཚ་བ་དམར་ཤིབ་བེ་བ་ལ་སེམས་རབ་ཏུ་གཟུང་གསུངས། ཁམས་དང་དྲོད་སྐྱེས་ཚུལ་ཤེས་པར་བྱས་ལ། ཤེས་པ་བྱིང་རྨུགས་ཤས་ཆེ་བ་དག་གིས་ནི་འོག་མ་འོག་མའི་ནུས་པ་རབ་ཏུ་རྒྱས་ནས་བཟོད་དཀའ་བའི་གདུང་བྱེད་ཚ་རེག་དང་བཅས་པ་ལ་སེམས་གཟུང་བར་བྱའོ། །དེ་བཞིན་དུ་ནང་གི་མེའི་ནུས་པས་ཕྱིའི་མེའི་ནུས་པ་རབ་ཏུ་བསྐྱེད་པ་དང་། ཕྱིའི་མེའི་ནུས་པས་ནང་གི་མེའི་ནུས་པ་བསྐྱེད་པར་མོས་ལ་བྱའོ། །ཁམས་སྙོམས་པ་དག་གིས་རྩ་བའི་མེ་ལ་སེམས་གཟུང་ནས་མཉམ་པར་བཞག་པ་མཆོག་ཡིན་ནོ་གསུངས་པས། དྲོད་མ་སྐྱེས་
པ་ལ་དེ་ཉིད་དུ་མི་དམིགས་ནན་ཏན་དུ་བྷཻ་ཞིང་དབྱུག་པ་བྱ་བ་ཡིན། ཉི་མ་བདུན་བྱ་བ་ནི། འཁོར་ལོ་དྲུག་རྩ་བའི་མེ་དང་བདུན་ལ་བརྗོད་པར་བྱའོ། །ཡང་དྲོད་ཆུང་བ་དག་གིས་ཉི་མའི་གདན་དང་། ཡོལ་བ་དང་བླ་བྲེས་ལ་སོགས་པའི་བྱེད་ཚུལ་རྣམས་གསུངས་སོ། །ད་ནི་བགེགས་འཇོམས་པ་ནི་རླུང་ཕར་སྦུད་པ་དང་བསྟུན་ནས། མེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་ནས་རང་ལ་གནོད་བྱེད་གང་ཡིན་པ་དེའི་སྙིང་ཁ་ནས་བཟུང་སྟེ་རླུང་ཚུར་རྔུབ་པ་དང་བསྟུན་ནས། རབ་ཏུ་མྱུར་བར་བཅུག་པས་རྩ་བའི་མེ་ལ་བསྟིམས་ཤིང་། གདུང་བྱེད་ཀྱི་ཤུགས་ཆེན་པོས་བཟོད་པར་དཀའ་བ་དག་གིས་རབ་ཏུ་བསྲེགས་པས་ལྷག་མ་མེད་པར་བྱས་ནས་མི་རྟོག་པའི་ངང་ལ་མཉམ་པར་བཞག་ལ་བསྔོ་བ་སྨོན་ལམ་དང་བཅས་པར་བྱའོ། །སྐུ་བསྲིང་བ་ནི། ཡན་ལག་ཉིང་ལག་གི་འཁོར་ལོ་རྣམས་ལས་རྐང་པའི་སོར་མོའི་བར་རིམ་གྱིས་འོག་གི་འཇིག་རྟེན་དབང་ཆེན་གསེར་གྱི་ས་གཞིའི་བར་དུ་མེ་དམིགས་རབ་ཏུ་
འབར་བ་ལ་སེམས་གཟུང་བར་བྱའོ། །བསྲུང་འཁོར་ནི་རང་གཞན་གང་བསྲུང་བ་མེའི་འཁོར་ལོ་དང་། དྲ་བ་མེ་དམིགས་ཀྱི་ནང་དུ་ཇི་ལྟར་བྷཻ་བ་ཡང་ཤེས་པར་བྱའོ། །མཐར་མེ་ཐམས་ཅད་རྩ་བའི་མེ་ལ་བསྡུས་ཏེ་མཉམ་པར་བཞག་ལ། བསྔོ་བ་སྨོན་ལམ་ལ་སོགས་པ་གཞན་པ་ལྟར་བྱའོ། །དེས་དྲོད་བོགས་འབྱིན་པ་ལ་སོགས་པ་འབྲེལ་བ་དང་བཅས་པ་སོང་ནས། ད་ནི་བདེ་བའི་བོགས་འདོན་པ་ནི། དྲོད་སྐྱེས་ཀྱང་བདེ་བ་མ་སྐྱེས་ན། གཏུམ་མོ་འཁོར་ལོ་གཉིས་ལ་བརྟེན་པ་ནི། །མངའ་བདག་མར་པ་ལོ་ཙཱའི་ཞལ་ནས། བདེ་དྲོད་སྟོང་བའི་ཉམས་མྱོང་གིས། །སྡུག་བསྔལ་བཏང་སྙོམས་གཉིས་ལས་འདས། །གཏུམ་མོ་འབར་འཛག་གདམས་ངག་ཡོད། །ཅེས་དང་། རྒྱུད་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། །ཞེས་དང་འཇམ་དབྱངས་ཆེན་པོའི་གསུངས་ལས། རླུང་སྦྱོར་གྱི་མེ་སྦར་བས་ལྟེ་བར་ཕྱིན། རྩ་གསུམ་འཁོར་ལོ་རྣམས་བསྲེགས། དེ་བཞིན་གཤེགས་པ་ལྔ་བསྲེགས་ཏེ། ཞེས་པའི་སྙིང་ཁའི་ཕྱོགས་ཀྱི་
རྩ་འདབ་བཞི་དང་སྟེང་གི་བསྲེགས། སྤྱན་ལ་སོགས་པ་ཡང་བསྲེགས་ཏེ། ཞེས་པས་མཚམས་ཀྱི་བཞི་དང་འོག་གི་བསྲེགས། ཡང་གི་སྒྲས་མགྲིན་པའི་འཁོར་ལོ་ཡང་བསྲེགས་ཏེ། མེད་པར་བྱས་ལ། དགང་གཞིའི་རིམ་པ་ནི་སྤྱིར་ཁམས་ཟླ་བའི་དལ་ལ་ཐིགས་ལ་ཁད་པ་ལ་སེམས་འཛིན་པའི་བདེ་གསལ་དུ་གནས་པ། དཀར་ཆའི་དབང་གིས་བདེ་བ། དམར་ཆའི་དབང་གིས་གསལ་བ་རྣམས་སྣ་ཚོགས་སུ་དགའ་བ། དཀར་དམར་འདྲེས་པས་ཟུང་འཇུག་ཏུ་གནས་པ་མཆོག་དགའ། དེ་ཉིད་ལ་བདེན་ཞེན་བྲལ་བ་དགའ་བྲལ། ཆོས་སྟོང་པ་ཉིད་ཀྱི་རང་བཞིན་ངོས་བཟུང་དང་བྲལ་བ། ལྷན་ཅིག་སྐྱེས་པའི་དགའ་བའོ། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། སྤྱན་ལ་སོགས་པ་ཡང་བསྲེག་ནས། བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་པས། གཏུམ་མོ་འབར་འཛག་གི་གདམས་ངག་བྷཻ་བར་བྱེད་པ་ལ། བསྲེག །བཞུ། དབབ། བསྐྱིལ། བཟློག བཀྲམ། གནས་སུ་སྐྱེལ་ཞེས་པའོ། ། དག་པ་
ལྷའི་སྟོང་ར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ་ལ། རླུང་སྦྱོར་དང་ལྡན་པས། ལྟེ་བའི་འཁོར་ལོ་རྐང་པའི་འཁོར་ལོ་རྩ་ཕྲན་དང་བཅས་པ་གཞོབ་འཐུལ་གྱིས་བསྲེག །དེ་བཞིན་དུ་སྙིང་ཁའི་ཕྱོགས་།དེ་བཞིན་གཤེགས་པ་ལྔའི་དོན་རྩ་འདབ་བཞི་བསྲེག །དེ་ནས་མཚམས་ཀྱི་རྩ་འདབ་།ཡུམ་བཞིའི་དོན་བཞི་བསྲེག །དེ་བཞིན་དུ་ལག་པའི་རྩ་དང་། མགྲིན་པ་དང་། སྤྱི་བོའི་རྩ་འདབ་རྣམས་ཀྱང་བསྲེག་གོ །བཞུ་བ་ནི། རྩ་རྣམས་གསལ་གདབ་ལ། བདེ་ཆེན་འཁོར་ལོའི་དབུས་སུ་།འཇམ་དབྱངས་ཆེན་པོའི་གསུང་ལས། རླུང་གཞིལ་བ་དང་ལྷན་དུ་སྨིན་དབྲག་གི་དཀར་ཆ་ལས་ཐིགས་པ་མང་པོ་གྱེན་དུ་གཅིག་རྟིང་དུ་གཅིག་ཆར་པ་རླུང་གིས་བདས་པ་བཞིན་དུ་སོང་སྟེ། སྤྱི་བོར་ཟླ་བའི་དལ་ལྟར་སྐྱ་ཁྱིལ་ཁྱིལ་འདུག་པ་དེ་ལ་ཐིགས་ཕྲན་མང་པོས་བསྐོར་བ་ནམ་མཁའ་ལ་ཟླ་བའི་དཀྱིལ་འཁོར་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟར་བསམ་ལ། འོག་གི་མྱེ་ཚ་བའི་འོད་ཀྱིས་དཀར་ཆ་དེ་ཟིལ་པའི་རྣམ་པ་
མང་པོ་འཕྲོས་ནས། སྤྱི་བོའི་རྩ་འདབ་རྣམས་ཀྱི་ནང་དུ་ཟིལ་བ་ཆགས་པ་ལྟར་གྱུར་ནས་རྩ་འདབ་རྣམས་མཉེན་ལྕུག་རེ་(ཏུ་)སོང་བར་བསམ་མོ། ། སྟོན་དུས་ནམ་མཁའ་ཡོངས་སུ་དྭངས་པའི་དཀྱིལ་དུ། ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ། ཁམས་ཕ་ལས་ཐོབ་པའི་དཀར་ཆ་འོད་དང་བཅས་པ་ངང་ཆིལ་ཆིལ་གསལ་གདབ་ལ། རླུང་སྦྱོར་དང་བཅས་པ་ལྟེ་བའི་ཨ་ཐུང་ལས་མེ་སོར་བརྒྱད་ཙམ་སྦར་བས། ཁམས་དཀར་ཆ་ཞུ་བ་ལས་ཧཾ་ཡིག་མགོ་ཐུར་དུ་བསྟན་པ་ལྟར་བསམ། དབབ་པ་ནི། ཧཾ་ལས་ཐིག་ལེ་ཡུངས་དཀར་ཙམ་གཅིག་ཆད་པས་རྩ་གསུམ་འདུས་མདོའི་མེ་ལ་ཕོག་པས། བདེ་དྲོད་འབར་བར་བསམ། དེ་ནས་ཧཾ་ལས་ཐིག་ལེའི་རྒྱུན་རྟ་རྔ་ཙམ་བབས་པས་མགྲིན་པར་སླེབས་པས་དགའ་བའི་ཡེ་ཤེས་།རླུང་སྦྱོར་དང་བཅས་པ་བསྐྱིལ་བ་གནས་པ་ནི།དེ་སྙིང་ཁར་སླེབས་པས་མཆོག །དགའ་བའི་ཡེ་ཤེས་།དྲིན་ཆེན་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་གསུང་ལས། སྤྱི་བོ་ནས་དྭངས་མ་གཡོས་པས་
བདེ་མེར་བ་དེ་བདེ་བའི་ཡེ་ཤེས། དེ་རྣམ་རྟོག་རགས་རིམ་རྣམས་སྤངས། དྭངས་མ་སྙིང་ཁར་སླེབས་པ་མཆོག་དགའི་ཡེ་ཤེས། དེས་བདག་ཏུ་འཛིན་པའི་རྣམ་རྟོག་སྤང་། དྭངས་མ་ལྟེ་བར་སླེབས་པས་བདེ་བ་རྒྱས་པས་དགའ་བྲལ་གྱི་ཡེ་ཤེས། དེས་ཕྱག་རྒྱ་འཛིན་པའི་རྟོག་པ་སྤངས། དྭངས་མ་གསང་བར་སླེབས་པས་ལུས་ངག་ཡིད་གསུམ་བདེ་ལ་རྟོག་པ་མེད་པ་འབྱུང་བས། དེ་ལྷན་ཅིག་སྐྱེས་པ་དགའ་བའི་ཡེ་ཤེས། དེ་དགའ་བ་གསུམ་གྱིས་འཛིན་པའི་རྟོག་པ་ཐམས་ཅད་སྤངས་ཏེ། བདེ་བ། སྟོང་པ། གསལ་བ་ངོས་གཟུང་མེད་པའི་ཉམས་སྐྱེ་བས། དེ་ངོས་བཟུང་ལ་དུས་ཐམས་ཅད་དུ་ཉམས་སྐྱོང་བའི་བདེ་སྟོང་གི་རྟོགས་པ་མངོན་དུ་འགྱུར་རོ། ། ལྟེ་བར་སླེབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས། དེ་གསང་གནས་སུ་སླེབས་པས་དཀར་དམར་འདྲེས། དམར་ལ་དཀར་བའི་མདངས་ཆེན་པོ་ཆགས་པས། བདེ་སྟོང་དུ་སེམས་བཟུང་བ་དགའ་བྲལ་གྱི་ཡེ་ཤེས། བཟློག་པ་ནི། རླུང་སྦྱོར་དང་ལྡན་པས་དམར་ཆ་
པད་མ་ར་གའི་ཞུན་མ་ལྟར་དམར་བ་དེ། ལྟེ་བར་སླེབས་པས་དགའ་བ་སྙིང་ཁར་སླེབས་པས་མཆོག་དགའ། མགྲིན་པར་སླེབས་པས་ལྷན་ཅིག་སྐྱེས་དགའ། སྤྱི་བོར་སླེབས་པས་དགའ་བྲལ་ལོ། །བཀྲམ་པ་ནི། དཀར་དམར་འདྲེས་པ་དེ་རླུང་སྦྱོར་དང་ལྡན་ཞིང་། ལུས་ཐམས་ཅད་དུ་ཞོ་རྐྱལ་འོ་མས་གང་བ་ལྟར་དཀར་ལ་དམར་བའི་མདངས་ཆགས་པས་ལུས་ཐམས་ཅད་གང་བས་བདེ་སྟོང་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་བསམ། གནས་སུ་བསྐྱལ་བ་ནི། རླུང་གཞིལ་བ་དང་མཉམ་དུ། དཀར་ཆ་ཐམས་ཅད་ཧཾ་ལ་བསྡུ། དམར་ཆ་ཐམས་ཅད་ཨ་ཐུང་ལ་བསྡུ། ཐུན་གཅིག །ཡང་ན་རིན་པོ་ཆེ་ཀརྨ་པཀྵིའི་འཁོར་ལོ་ལྔ་མ་ལས། ལྟེ་བར་གཏུམ་མོ་སྦར་བ་ཡིས། བྱ་བའི་དོན་ནི་རང་སེམས་རྟོགས་པ་ཡེ་ཤེས་ཀྱི་གཏུམ་མོ་ཡིས་ཁམས་གསུམ་འཁོར་བའི་བུད་ཤིང་སྐད་ཅིག་ཙམ་གྱིས་སྲེག་པར་བྱེད་པ་ནི། ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་ཡེ་ཤེས་ཀྱི་གཏུམ་མོ་བྱ་བ་ཡིན། ཐབས་དམིགས་པ་མེད་པའི་
གཏུམ་མོ་ནི། གསང་གནས་རྩ་གསུམ་འདུས་པའི་སུམ་མདོར་རང་གི་སེམས་དང་། ཐབས་ཤེས་རབ་ཀྱི་ས་བོན་ཨ་དང་དབྱེར་མེད་པ་ལས། རང་བྱུང་ཡེ་ཤེས་ཀྱི་མེ་རྩ་བ་སྦོམ་ལ་རྩེ་མོ་ཕྲ་བ། རེག་བྱ་ཚ་བ། དབྱིབས་ཟུར་གསུམ་དུ་འདུག་པ། ཆེ་ཆུང་མར་མེ་ཙམ་གཅིག་རེ་དྲག་ཏུ་འབར་བས། འཁོར་ལོ་ལྔའི་ས་བོན་བསྲེགས་ནས། བསྒོམ་པ་ནི་གནད་ཀྱི་གཏུམ་མོའོ། །མ་རྒྱུད་ཐམས་ཅད་ཕྱག་རྒྱ་བཞི་ཞེས་གསུངས་པས། ཕྱི་ལས་ཀྱི་ཕྱག་རྒྱ། ནང་དམ་ཚིག་གི་ཕྱག་རྒྱ་གཏུམ་མོ། སྣང་བ་ཆོས་ཀྱི་ཕྱག་རྒྱ་སྒྱུ་ལུས། ཕྱག་རྒྱ་ཆེན་པོ་ནི་འོད་གསལ་དང་། ལྷན་ཅིག་སྐྱེས་སྦྱོར་རོ། །རྨི་ལམ་ནི་རྒྱུ་ལུས་ཀྱི་ཡན་ལག །འཕོ་བ་དང་བར་དོ་ནི་ཕྱི་མའི་མཚམས་སྦྱོར་ཏེ་འདིར་འདུས་སོ། །འདི་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། དོན་ཐིག་ལེ་དཀར་དམར་འདྲེས་པ་ལས་ཕྱག་རྒྱའི་བག་ཆགས་སྦྱོང་བའི་དོན་ཡིན་ནོ། །དེས་ཀྱང་དྲོད་དང་བདེ་བ་ལུས་ཐམས་ཅད་དུ་ཁྱབ་པ་མ་སྐྱེས་ན། གང་དྲོད་མ་སྐྱེས་པར་མེ་དམིགས་དྲག་ཏུ་བྱ།
ལག་མཐིལ་གྱིས་མཉེ། བདེ་བ་ལ་སྤྱི་བོའི་ཧཾ་ལས་ཧཱུྃ་དཀར་པོ་གཅིག་བྱུང་བ་ནོར་བུའི་རྩ་བའམ་རྩེ་མོར་བསྒོམས་ཏེ་འོག་རླུང་འཐེན་ཕུལ་བྱའོ། །དེས་བདེ་བ་མི་ཐུབ་སྙམ་བྱེད་ན། ཧཱུྃ་དེ་སྤྱི་གཙུག་ཏུ་སོང་བར་བསམ་ལ་དམིགས་པ་དྲག་ཏུ་བྱ། དེ་རྣམས་ཀྱིས་དྲོད་སྐྱེས་ཀྱང་མི་རྟོག་པ་མ་སྐྱེས་ན། རྣམ་པར་རྟོག་པ་གང་ཤར་བ་དེ་ལ་རིག་པ་ངོས་བཟུང་། དྲན་པ་ཡེངས་མེད་དུ་བཟུང་། དམིགས་པར་སྤོར་ཞིང་བྷཻ། དེ་བཞིན་གཤེགས་པའི་སྐུའམ། ཤིང་བུ་དང་རྡེའུ་ལ་སོགས་པ་ལ་ཡང་སེམས་གཟུང་ངོ་། །འཇམ་དབྱངས་ཆེན་པོའི་གསུང་ལས། བླ་མའི་གཏུམ་མོ་ཞེས་བྱ་བ་སྐབས་གཞན་དུའམ། འདི་ཉིད་དུ་སྤྱིར་རང་གང་ལ་དད་པའི་བླ་མའམ། རྗེ་བཙུན་མི་ལ་རས་པའམ། དུས་གསུམ་མཁྱེན་པ་གང་རུང་མེའི་རང་བཞིན་ཅན་ཤིན་ཏུ་ཚ་བ་མེའི་རས་གོས་སམ། ཆོས་གོས་གསོལ་བ། ཕྱག་ན་ཐོད་པ་རློན་པ། བདེ་བའི་རང་བཞིན་ཀླད་ཁྲག་གིས་གང་བ་གསོལ་བ། གར་སྟབས་མཛད་པ། སྔར་བཞིན་
བུམ་པ་ཅན་གྱི་སྦྱོར་བ་དང་ལྷན་ཅིག་ཏུ་སྤྱི་བོ་ནས་ཞུགས་ཏེ་རིམ་པ་ལྟར་བུམ་པ་ཅན་གསུམ་བཞིས་གསང་གནས་ནས་གཏུམ་མོའི་བར་བྱོན་པར་བསམ་ལ། ཐུན་འཇོག་ཁར། གཏུམ་མོའི་ནང་དུ་གར་སྟབས་ལིང་ལིང་བཅས་པར་བསམ་མོ། །སྙིང་རླུང་སོགས་བློ་མི་བདེ་ན་སྙིང་ཁར་བསྒོམ། གཞན་ཡང་གར་མི་བདེ་བའི་སར་བསྒོམ་སྟེ། བླ་མའི་གོ་ཆ་ཞེས་ཀྱང་བཤད་དོ། །རྩ་འཆུས། རླུང་ལོག་སོགས། རླུང་གིས་གེགས་བྱུང་ན། ནང་ན་བའི་ས་དེར་སྟོང་སང་ངེ་བ་བསྒོམ་མོ། །དེ་ནི་སྟོང་བའི་གོ་ཆ་ཞེས་བྱའོ། །ཡང་གང་ན་སར་གཏུམ་མོ་བསྒོམ་མོ། །དེ་ནི་བདེ་བའི་གོ་ཆའོ། །ཡང་ན་ནད་དེ་ངོ་བོས་གྲུབ་བམ་མ་གྲུབ། བརྟག་དཔྱད་བྱས་པས། གང་དུའང་ནད་ཀྱི་ངོ་བོ་མ་དམིགས་པ་ནི་གཉིས་མེད་ཀྱི་གོ་ཆའོ། །དེ་བསྒོམས་འབྲས་ཚད་ལ་དབབ་པར་བྱས་ནས། གཏུམ་མོ་རས་ཀྱི་ཆེ་བའི་དམིགས་པ་འོག་ནས་སྐབས་འདིར་བླངས་ཏེ་བྷཻ་བས་གཏུམ་མོའི་དམིགས་པ་རགས་རིམ་བཤད་ཟིན་ཏོ། །བདེ་སྟོང་བོགས་འདོན་
ཀྱི་དམིགས་པ་ཅུང་ཟད་རྒྱས་པར་སྤྲོ་ན། ཆོས་ཀྱི་རྗེ་འཛམ་གླིང་ཆོས་ཀྱི་གྲགས་པ་དཔལ་བཟང་པོའི་གསུང་ཇི་ལྟ་བ་བཞིན་དུ། རིགས་རུས་ཆོ་འབྲང་གསུམ་གྱིས་མངོན་པར་མཐོ་བ། རིན་པོ་ཆེ་མཚུར་ཕུ་པ་ཀུན་སྤངས་ཀུན་དགའ་བློ་གྲོས་ཀྱིས་ཟིན་བྲིས་སུ་མཛད་པ་ནི། བདེ་བ་བོགས་འབྱིན་ལ་གསུམ། འབར་འཛག །འབྲེལ་ཆགས། བྲོས་དེད་དོ། །དང་པོ་འབར་འཛག་ནི།སྔོན་འགྲོའི་ཆོས་རྣམས་གོང་ལྟར་བྱས་ལ། རྩ་བའི་མེའི་ནུས་པ་རབ་ཏུ་འབར་བས། ཧཾ་ཡིག་རབ་ཏུ་ཞུ་བ་དེ་ལས་ཐིག་ལེ་ཡུངས་དཀར་རམ། དྲེས་མའི་རྡོག་པོ་ཙམ་གཅིག་བྱུང་ནས་མེ་རྩེ་ལ་ཕོག་པས་སིར་སིར་ཟེར་ཞིང་བདེ་དྲོད་རྒྱས་པ་ཡིད་ལ་མོས་པར་བྱའོ། །དེ་ལ་དམིགས་པ་གཏད་ལ་སེམས་གཟུང་། མཐར་བསྔོ་བ་ལ་སོགས་པ་བྱའོ། །གཉིས་པ་འབྲེལ་ཆགས་ནི། སྔོན་འགྲོ་ལ་སོགས་པ་འདྲ་ལ། རྩ་བའི་མེ་རབ་ཏུ་འབར་བར་སོར་བརྒྱད་དམ། ཡང་ན་མགྲིན་པའི་བར་དུ་འབར་བས་སྤྱི་གཙུག་ཏུ་ཐིག་ལེའི་རང་བཞིན་
ཧཾ་ཡིག་དཀར་པོ་མགོ་ཐུར་དུ་ལྟ་བ་ལ་མེའི་ནུས་པ་རབ་ཏུ་འབར་བས་ཐིག་ལེའི་རྒྱུན་ཕྲ་ཞིང་ཕྲ་བ་པད་མའི་སྣལ་མ་ཙམ་མམ་རྟ་རྔའི་ཉག་མ་ཙམ་རྒྱུན་མ་ཆད་པ་ན་ར་ར་བབ་པས་གཏུམ་མོ་ལ་བསྣུན་པས་བདེ་སྟོང་དུ་ཕྲིལ་ཕྲིལ་བ་ལ་སེམས་མ་ཡེངས་པར་གཟུང་བར་བྱའོ། །ཐུན་ནམ་འཇོག་པ་ལ་དཀར་དམར་སོ་སོར་གནས་པར་བསམས་པས། བསྔོ་བ་ལ་སོགས་པ་བྱའོ། །གསུམ་པ་འབྲོས་དེད་ནི། གོང་གི་མེའི་ནུས་པ་རབ་ཏུ་འབར་བས་རིམ་གྱིས་སྤྱི་གཙུག་ཏུ་རྒྱངས་ཀྱིས་འབར་བས་རྩ་འདབ་དང་གཙུག་ཏོར་གྱི་འཁོར་ལོའི་བར་འབར་ཞིང་ཧཾ་ཡིག་ལ་རེག་པས་ཐིག་ལེའི་རང་བཞིན་དུ་འབབ་པའི་ཆུ་རྒྱུན་མེ་ལྕེ་ལ་རེག་པས་མེའི་ནུས་པ་ཇེ་དམའ་ཇེ་དམའ་ལ་སོང་ནས། རྩ་བའི་མེ་ཉིད་ལ་ལྷན་ཅིག་ཐིམ་པར་བསམ་པ་དང་། ཡང་མེ་ཡིས་སྟོབས་སྐྱེད་ནས་ཆེར་འབར་བའི་རྩེ་མོའི་ཚ་གདུང་གིས་ནུས་པ་རྒྱས་པས། ཐིག་ལེའི་ནུས་པ་དེ་ཇེ་མཐོ་ཇེ་མཐོ་ལ་སོང་ནས་རྩ་བའི་ཐིག་ལེ་ལ་ལྷན་ཅིག་ཐིམ་པར་
བྷཻ་ཞིང་རྩ་བའི་ས་བོན་གཉིས་པོ་ནི་ནམ་ཡང་གཞོབ་པར་མི་བྱའོ། །གསུངས་སོ། །ཐུན་ནམ་འཇོག་པ་ན། ཐིག་ལེ་གཉིས་པོ་དཀར་ཆ་སྨིན་མཚམས་དང་། ལྟེ་འོག་གི་ས་བོན་དམར་ཆ་ལ་བསྡུའོ། །བསྔོ་བ་ལ་སོགས་པ་གཞན་དང་འདྲ་བ་ཤེས་པར་བྱའོ། །ཐུན་གཅིག ད་ནི་རྗེས་ཆགས་ཀྱི་རིམ་པ་ཡང་བརྗོད་པར་བྱ་སྟེ། དེ་ཡང་སྔར་གོང་དུ་རྩ་གསུམ་འཁོར་ལོ་དྲུག་ཡན་ལག་ཉིང་ལག་བ་སྤུའི་མཐའ་བར་དུ་རྩ་ཇི་ལྟར་སྦྱངས་པ་རྣམས་ཀྱིས་ནང་དུ་ཁམས་དཀར་དམར་གྱི་ཐིག་ལེ་རབ་ཏུ་ཁྱབ་པར་བྱེད་པ་ནི། རྩ་བའི་མེ་དེ་ལས་རྩ་ཡི་ནང་དུ་མེའི་ནུས་པ་རབ་ཏུ་འབར་བས་ཡ་ཀི་སྤྱི་གཙུག་གི་ཁམས་དཀར་ཆ་ཧཾ་ཡིག་མགོ་ཐུར་དུ་བསྟན་པ། བའི་ནུ་མ་ལྟ་བུ་གསུམ་ཧྲབ་བེ་ཡོད་པ་དེ་ཉིད་རྩ་གསུམ་གྱི་ཡར་སྣེ་སྨྱུག་མ་ཁོང་སྟོང་གི་ཚིགས་པ་བཅད་པ་ལྟ་བུའི་ནང་དུ་ཧཾ་ཡིག་གི་རྩ་མོ་ཉུག་གེ་ཡོད་པ་དེ་ལ་མེའི་ནུས་པས་རྟ་རྔ་ཙམ་དུ་རྒྱུན་མ་ཆད་པར་འབབ་ཅིང་ཡར་མར་བྲོས་དེད་དུ་བྱས་པས་བདེ་བའི་
ཉམས་དང་ལྡན་པར་བསམ་མོ། །དེ་བཞིན་དུ་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་རྣམས་སུ་བྲོས་དེད་དུ་བྱས་པས་བདེ་བའི་ཉམས་དང་ལྡན་པར་བསམ་མོ། །དེ་བཞིན་དུ་འཁོར་ལོ་ལྔ་པོ་རྣམས་དང་། ཡན་ལག་གི་འཁོར་ལོ་རྣམས་དང་། ཉིང་ལག་གི་དང་། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྩ་ཕྲན་བ་སྤུའི་མཐའ་བར་དུ་བྲོས་དེད་བྱས་པས། ཐིག་ལེ་དཀར་དམར་གཉིས་ཀྱིས་ཀུན་ནས་ཁྱབ་པའི་བདེ་བ་ལ་མཉམ་པར་གཞག་གོ །ཐུན་གཅིག ཡང་ན་འདི་ལྟར་བྱ་སྟེ། སྙིང་ཁ་མན་ཆད་ཁམས་ཉི་མའི་ཆ་གཏུམ་མོ་མེའི་རང་བཞིན་གྱིས་གང་བ། སྙིང་ཁ་མན་ཆད་ཁམས་ཟླ་བའི་ཐིག་ལེ་དཀར་པོས་གང་བ་གའུ་ཁ་སྦྱོར་དུ་བྱས་ནས་དེའི་དབུས་སུ་སེམས་གཟུང་བ་དང་། གཏུམ་མོའི་སྐབས་སུ་བགེགས་གཞོམ་ཞེས་པས་འཕྲོས་ལ། འདི་འོད་ཟེར་གྱིས་སྤྲོ་བསྡུས་གདོན་བགེགས་གང་ཡིན་བཀུག་ལ་ཐིག་ལེ་དཀར་དམར་ཁ་སྦྱོར་གྱི་དབུས་སུ་གཞུག་པས་གདུག་པ་དང་གནོད་བྱེད་ཀྱི་སེམས་ཞི་ནས་བདེ་བའི་ཉམས་དང་ལྡན་
པར་བྱའོ། །དེ་རྣམས་ཀྱིས་བདེ་བའི་བོགས་འབྱིན་པ་སོང་ནས། ཐུན་གཅིག །ད་ནི་མི་རྟོག་པ་བོགས་དབྱུང་བར་བྱའོ། །དེ་ཡང་འབར་འཛག་གི་གཏུམ་མོ་བསྒོམ་པས་བདེ་བ་རྒྱས་པའི་དུས་སུ་བདེ་བའི་ངོ་བོ་ལ་བལྟས་པས། ཅི་བདེ། ལུས་སམ་འོན་ཏེ་སེམས་བདེའམ། ལུས་བདེ་ན་བདེ་བ་དེ་ལུས་ཕྱི་ནས་བྱུང་ངམ་ནང་ནས་བྱུང་། སྟེང་ནས་བྱུང་ངམ་འོག་ནས་བྱུང་སྙམ་པས་ནན་ཏན་གྱིས་འཚོལ་ཞིང་བརྟགས་ཏེ་གང་ནས་ཀྱང་བྱུང་བར་མ་མཐོང་ན། ད་ནི་སེམས་ལས་བྱུང་བ་གཅིག་གོ་སྙམ་ནམ་བརྟག །སེམས་འདས་པ་ལས་བྱུང་ངམ་མ་འོངས་པ་ལས་བྱུང་ངམ་ད་ལྟར་བ་ལས་བྱུང་ངམ་སྙམ་ནས་བལྟས་པས་འདས་པ་ལྡོག་པར་མི་འགྱུར། མ་འོངས་པ་མ་སྐྱེས་པའི་ཕྱིར། ད་ལྟ་བ་ནི་སྐད་ཅིག་མ་ངོ་བོ་ཉིད་ཀྱིས་སྟོང་པ་གནས་པ་མེད་པའོ། །དེ་ལྟར་བདེ་བའི་ངོ་བོ་ལ་བལྟས་པས་བདེ་བའི་ངོ་བོ་ཅི་ཡང་མ་གྲུབ་པས་གང་དུ་ཡང་མི་དམིགས་པའི་ངེས་པ་དང་། སྐྱེ་མེད་འགགས་མེད་གནས་མེད་རྟེན་ཅིང་
འབྲེལ་བར་འབྱུང་བ་ཟབ་མོའི་ཚུལ་ཤེས་པས་ཉམས་སུ་བླང་བར་བྱའོ། །ཡང་རྣམ་རྟོག་གང་ཤར་ངོ་བོ་ལ་བལྟས་པས་མཚན་མ་རང་གྲོལ་དུ་འགྲོ་བདེ་ལ་རྣམ་རྟོག་ཆོས་སྐུའམ་སྐུ་ལྔ་ཡེ་ཤེས་ལྔ་ཞེས་བརྗོད་པའོ། །མདོར་བསྡུས་ན་དེ་དག་གི་མི་རྟོག་པ་བོགས་འབྱིན་པ་སོང་ནས། ཐུན་གཅིག །ད་ནི་གཉུག་མའི་སེམས་ཀྱི་རྒྱུན་བསྲིང་བ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་སྤྲོས་པ་ཐམས་ཅད་ཀྱི་མཐའ་དང་བྲལ་བ་གཉུག་མ་གཤིས་ཀྱིས་གནས་ལུགས་སྤྲོས་བྲལ་འོད་གསལ་གྱི་ངང་ལ་མཉམ་པར་བཞག་སྟེ་རྒྱུན་བསྲིང་ཞིང་བསྐྱང་བར་བྱའོ། །དེ་རྣམས་ཀྱིས་གཏུམ་མོའི་གདམས་པ་རྣམས་བཤད་ཟིན་ཏོ། །ད་ནི་གཏུམ་མོ་རས་ཀྱི་ཆེ་བའི་མེ་དམིགས་ཀྱི་རིམ་པ་ཁ་ཡར་སྟོན་པ་ནི། རང་གི་ཉལ་ས་མེའི་ཆོས་འབྱུང་གྲུ་གསུམ་པའི་དབུས་སུ་རང་ཉིད་བཅོམ་ལྡན་འདས་མར་གནས་ཤིང་ཟུར་གསུམ་དུ་རཾ་ཡིག་ལས་མེའི་ཕུང་པོ་གསུམ་བྷཻ་བ་ནི། གཏུམ་མོ་ཆོས་འབྱུང་མ་དང་། ནང་གི་རྩ་དང་། ཡན་ལག་དང་། ཉིང་
ལག་གི་འཁོར་ལོ་ལ་རྩ་འདབ་ཀྱི་གྲངས་དང་མཉམ་པའི་མེའི་ས་བོན་བཀོད་དེ། རླུང་སྦྱོར་དང་། འཕྲུལ་འཁོར་གྱི་མཐུས་དང་། སོ་སོར་མེའི་ཕུང་པོ་གཡས་འཁྱིལ་དང་། གཡོན་འཁྱིལ་དུ་འཚུབ་ཅིང་འབར་བར་བྷཻ་བ་ནི་གཏུམ་མོ་རམ་ཕྲེང་མ་ཞེས་བྱའོ། །ཨ་ཝ་དྷུ་ཏིའི་བསྲུབ་ཤིང་ལ་རོ་མ་རྐྱང་མ་དག་གིས་མངོན་པར་བསྲུབས་པས་མེ་རབ་ཏུ་འབར་ཏེ། ལུས་ཀྱི་ཕྱི་ནང་ཐམས་ཅད་གང་བར་དམིགས་པ་ནི། གཏུམ་མོ་བསྲུབ་ཤིང་མ་ཞེས་བྱ་བ་དང་། ཁྲུ་གང་བའི་སྟེགས་ཀྱི་སྟེང་དུ་བརྡབ་པ་དང་དུས་གཅིག་སྟོད་ཀྱི་མེ་པད་མ་དང་། སྨད་ཀྱི་མེ་སྟོད་དུ་གདུངས་ཤིང་མངོན་པར་འཕྲོས་པ་དང་ལྷན་ཅིག་འགྲེངས་པ་དང་རྡེབ་པ་ནི། ཏིལ་བརྡུང་མ་ཞེས་དང་། ཉི་མའི་གདན་དང་། ཉི་མའི་རྒྱབ་ཡོལ་དང་། ཉི་མའི་གདུགས་ཉེ་བར་བཀོད་པའམ་གདན་དང་། ལྟེ་བ་དང་། མགྲིན་པ་གསུམ་དུ་བཀོད་པའམ། གཞན་ཡང་ཅི་རིགས་སུ་སྟེ། ཉི་མ་སུམ་བསྲེགས་ཀྱི་གཏུམ་མོ་ཞེས་དང་། སྣ་ཚོགས་པ་ལ་གོ་རིམ་རྣམ་པར་
བཅད་པ་ནི་མེད་དེ། འདི་ལྟར་རང་གི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་ཡེ་ཤེས་ཀྱི་མེའི་གོང་བུ་ཆེ་ཆུང་ཅི་རིགས་པ་རེ་རེ། ནང་གི་ཁོང་ཡངས་དོག་ཅི་ཙམ་འདོད་པའི་མཐར་བཀོད་ཅིང་། སྟེང་མཐོ་དམན་ཅི་ཙམ་རིགས་པར་མེའི་གོང་བུ་གཅིག་མངོན་པར་བལྟས་ལ་འོག་གི་ལས་སྟེང་དང་། སྟེང་གི་ལས་འོག་ཏུ་གློག་གི་དབྱུག་པ་ལྟ་བུའི་མེ་འོད་ཀྱི་གུར་གྱི་རྩིབས་མའི་ཚུལ་དུ་གྲུབ་པ། དྲ་བ་དྲ་ཕྱེད་དུ་རྣམ་པར་བཅིངས་ལ། ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་ལྕེ་མངོན་པར་འཁྱིལ་བས་འཐུག་ཅིང་བར་མཚམས་མེད་པར་གཡོག་པ་དང་། འོག་ཏུ་ཡང་མེ་ལྕེ་རབ་ཏུ་འབར་བའི་ས་གཞི་དང་། དཔལ་ལྡན་བླ་མའི་སྐུ་རབ་ཏུ་འབར་བ་མེའི་ཕུང་པོའི་རང་བཞིན་ཏོག་ཏུ་བཀོད་དེ། འཕྲུལ་འཁོར་དང་རླུང་གི་སྦྱོར་བ་གཞུང་ཇི་ལྟ་བ་བཞིན་བྷཻ་བ་ནི། གུར་ཐབས་མའི་གཏུམ་མོ་ཞེས་པ་དང་། གཏུམ་མོ་གངས་སེང་མ་བྷཻ་བ་ནི། རང་ཉིད་བཅོམ་ལྡན་འདས་མ་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་གདབ། ལྟེ་བར་ས་
ལྗང་ཁུ་ལ་ས་དྲུག་ཅུ་རྩ་བཞིས་བསྐོར་བར་བྷཻ་བ་དང་། སྙིང་ཁ་ནི་དམར་པོ་ལ་ནི་བརྒྱད་ཀྱིས་བསྐོར་བར་བྷཻ་བ་དང་། མགྲིན་པར་རི་སེར་པོ་ལ་རི་བཅུ་དྲུག་གིས་བསྐོར་བར་བྷཻ་བ་དང་། སྤྱི་བོར་ཧ་སྔོན་པོ་ལ་ཧ་སོ་གཉིས་ཀྱིས་བསྐོར་བར་བྷཻ་བ་རྣམས། ལས་ཀྱི་མཁའ་འགྲོ་དང་། པད་མ་མཁའ་འགྲོ་དང་། རིན་ཆེན་མཁའ་འགྲོ་དང་། རྡོ་རྗེ་མཁའ་འགྲོ་སྟེ། ལྷ་ཡང་ཡི་གེའི་རྣམ་པ་ལ། ཡི་གེ་ཡང་ལྷའི་ངོ་བོ་ཉིད་དུ་གྲུབ་པར་བྷཻ་བ་སྟེ། ལྟེ་བར་ཧྲིཿཡིག་དང་། གསང་བར་རཾ་ཡིག་བཀོད་ལ་རླུང་དང་སྦྱར་ཏེ། མེ་རབ་ཏུ་འབར་བར་བྷཻ་ནས་དེས་ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། སྤྱི་བོ་རྣམས་ཀྱི་ས་བོན་བསྲེག །རང་རང་གི་མདོག་ཅན་གྱི་མེ་སོ་སོར་འབར་ཞིང་། གཞན་ཡན་ལག་དང་ཉིང་ལག་ཐམས་ཅད་དུ་ཡི་གེ་བཞི་།ཧ་རི་ནི་ས་བཀོད་པའི་མེ་འབར་ཞིང་། འཁྱིལ་པས་ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེའི་རང་བཞིན་དུ་ལྟ་བ་ནི། གངས་སེང་མའོ། །དེ་བཞིན་དུ་རང་ཉིད་ཌཱ་ཀི་མ་གསེར་གྱི་
མདངས་ཅན་གྲི་ཐོད་འཛིན་པ་དེ་ལ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་རྣལ་འབྱོར་མའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་རང་ཉིད་ཀྱི་ལུས་ལ་བསྟིམས། དེའི་མཐུས་ལུས་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་རི་དང་མེ་དཔུང་དུ་གསལ་གདབ་ཅིང་། སླར་ཡང་སངས་རྒྱས་བྱང་ཆུབ་སེམས་དཔའ། དཔའ་བོ་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་རང་གི་ལུས་ལ་བསྡུས་ཏེ་ཐིམ་པས། མེ་ཆེར་འབར་བའི་རྐྱེན་དུ་འགྱུར་ཞིང་། སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་ཀྱི་བར་མེའི་ཕུང་པོ་ཆེན་པོར་གྲུབ་པས། ཟད་པ་མེའི་ཏིང་ངེ་འཛིན་ལ་སེམས་གཏད། རླུང་སྦྱོར་འཕྲུལ་འཁོར་ལ་འབད་པ་ནི། གཏུམ་མོ་ལ་བར་མ་ཞེས་བྱའོ། །རང་ཉིད་ཡི་དམ་གྱི་ལྟེ་བར་ཉི་མའི་གདན་ལ་གཞུགས་པའི་དཔལ་ལྡན་བླ་མའི་སྐུ་མགར་གྱི་སོལ་མེ་ན་གནས་པའི་ལྕགས་ཚོས་མ་ལྟ་བུ། འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བཞིན་པར་བསྒོམ་ལ། དེའི་འོད་ཀྱིས་ཕྱོགས་བཅུ་དུས་གསུམ་
གྱི་བདེ་བར་གཤེགས་པ་ཐམས་ཅད་སྤྱན་དྲངས་ཏེ། བླ་མའི་སྐུ་ལ་ཐིམ་པས་མེ་རབ་ཏུ་འབར་ཞིང་ལུས་ཕྱི་ནང་བརྟན་གཡོ་ཐམས་ཅད་བླ་མའི་ཐུགས་རྗེའི་ཡེ་ཤེས་མེ་འོད་ཀྱི་ཕུང་པོས་མངོན་པར་གང་བ་ལ་སེམས་གཏད་དེ། རླུང་དང་འཕྲུལ་འཁོར་སྔ་མ་བཞིན་བྱེད་པ་ནི། བླ་མའི་གཏུམ་མོ་ཞེས་བྱའོ། །གངས་སེང་མ། ལ་བར་མ། བླ་མའི་གཏུམ་མོ་སྟེ་གསུམ་ནི་རྗེ་དུས་གསུམ་མཁྱེན་པའི་མན་ངག་ཐུན་མོང་མ་ཡིན་པ་ཡིན་ནོ། ། ལུས་ཀྱི་ཆ་ཤས་ཐམས་ཅད་དུ་མེ་རབ་ཏུ་ཁྱབ་པར་ཡེ་ཤེས་ཀྱི་མེ་སྦར་བ་དང་། འཕྲོ་བ་དང་འདུ་བ་ལ་ཤེས་པ་གཏད་དེ། ལུས་མངོན་པར་གཡོ་བ་ནི། འཕར་མ་ཞེས་བྱའོ། །གཏུམ་མོ་ཕྱིར་སྦར་བའི་སྔ་མ་དེ་དག་གང་ཡང་རུང་བ་ལ། བ་སྤུའི་བུ་ག་རྣམས་ལ་མེ་ཤིན་ཏུ་ཕྲ་མོ་གཅན་གཟན་གྱི་སྤུ་ཚོགས་ལྟ་བུ། རྩེ་མོ་ཅུང་ཟད་གཡོན་དུ་འཁྱིལ་བས་རབ་ཏུ་འབར་བ་སོར་བཞི་པའི་ཚད་ཙམ་ལུས་ཐམས་ཅད་ལ་བར་མཚམས་མེད་པར་འབར་བཞིན་པ་དང་། ཁྱད་པར་དབང་པོའི་སྒོ་
རྣམས་ལས་མེའི་ཞགས་པ་དང་། སྣམ་བུ་དང་། རེ་ལྡེ་ལ་སོགས་པའི་རྣམ་པ་འཕྲོས་ཤིང་མདུན་རྒྱབ་གཡས་གཡོན་སྟེང་འོག་ཏུ་འཁྲིགས་པ། གུར་ཁང་དང་གཞལ་མེད་ཁང་གི་རྣམ་པར་གྱུར་ཏེ། དང་པོ་རང་གི་གནས་མལ་ཙམ་དང་། དེ་ནས་ཡུལ་གྲུ་ཙམ་དང་། དེ་ནས་རང་འདུག་པའི་ལུང་པ་ཙམ་དང་། དེ་ནས་རིམ་གྱིས་ཇེ་ཆེར་མཆེད་ནས་གླིང་བཞི་པའི་འཇིག་རྟེན་དང་། སྟོང་གཉིས་པ་བར་མ་དང་། སྟོང་གསུམ་པ་མི་མཇེད་ཀྱི་འཇིག་རྟེན་འདི་ཇི་སྙེད་པ་དེ་ཐམས་ཅད་ཡེ་ཤེས་ཀྱི་མེའི་ཕུང་པོ་གཅིག་ཏུ་འབར་ཀུན་ཏུ་འབར་བའི་དབུས་ན་རང་ཉིད་ཡི་དམ་གྱི་སྐུ་མེའི་རང་བཞིན་ཅན་གསལ་བར་བལྟ་སྟེ། ལུས་སྦྱོང་སོ་བདུན་མ་དང་། འཕྲུལ་འཁོར་དྲུག་པ་དག་གནད་དུ་འགྲོ་བར་བྱ་ཞིང་། མཐར་ཕྱིའི་མེ་རྣམས་བ་སྤུའི་མེ་ལ། དེ་ཡན་ལག་གི་མེ་ལ། དེ་རྩ་བའི་མེ་ལ། དེ་སྤྱི་བོ་ནས་རིམ་གྱིས་བསྡུས་ཏེ་ལྟེ་བའི་འོག་གི་ཡེ་ཤེས་ཀྱི་མེ་ཕྲ་མོ་ལ་བསྡུས་ཏེ་མཉམ་པར་བཞག་པའོ། །བསྒྱུར་སྦྱོར་ཡེ་ཤེས་ཀྱི་འཁོར་
ལོ་ནི་དེ་ལྟར་སྤྲོ་བ་དང་བསྡུས་པའི་ཏིང་ངེ་འཛིན་ལ་གོམས་པ་དེས། ཡེ་ཤེས་ཀྱི་མེ་བསྒྱུར་ཏེ་བསྒོམ་པའི་ཏིང་ངེ་འཛིན་ལམ་དུ་བྱ་བ་ནི། དང་པོ་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་དཀར་གསལ་དང་། མེ་ལོང་ཡེ་ཤེས་ཀྱི་མེ་མཐིང་གསལ་དང་། མཉམ་ཉིད་ཡེ་ཤེས་ཀྱི་མེ་སེར་གསལ་དང་། སོར་རྟོག་ཡེ་ཤེས་ཀྱི་མེ་དམར་གསལ་དང་། བྱ་གྲུབ་ཡེ་ཤེས་ཀྱི་མེ་ལྗང་གསལ་དང་། བསྡུས་པའི་བདུད་རྩི་ཁ་དོག་སྣ་ཚོགས་པ་རིམ་པས་བསྒྱུར་དེ་བསྒོམ་པ་དང་། དེ་བཞིན་དུ་མེའི་རྣམ་པ་ཁོ་ན་དང་། ཉི་མའི་རྣམ་པ་དང་། ཐིག་ལེའི་རྣམ་པ་ཞེས་དབྱིབས་ཀྱིས་འགྱུར་བས་ཏེ། དག་བྱ་ཨཱ་ཨཱེ་རཾ་དང་། བྷྲཱུཾ་ཨཾ་ཛིང་ཁཾ་ཧཱུྃ་དང་། ཨཱ་ལི་ཀཱ་ལི་དང་། ཨ་ཀ་ཙ་ཏྲ་ཏ་པ་ཡ་ཤ་སོགས་ཡི་གེའི་གཟུགས་དུ་མ་དང་། འཁོར་ལོ་དང་། རྡོ་རྗེ་དང་། རིན་པོ་ཆེ་དང་། པདྨ་དང་། རལ་གྲི་སོགས་ཕྱག་རྒྱའི་འགྱུར་བ་དུ་མ་དང་། བདེ་བར་གཤེགས་པ་ཡབ་དང་། ཡུམ་དང་། ཞི་བ་དང་། ཁྲོ་བོ་ལ་སོགས་སྐུའི་རྣམ་གྲངས་འགྱུར་བ་དུ་མ་སྟེ། དེ་ལྟར་
དག་བྱ་དང་རྣམ་པར་དག་པའི་བདག་ཉིད་ཀྱི་རྣམ་པར་འགྱུར་བ་དུ་མས་ཡང་དག་པར་ཕྱེས་ཏེ། ཕྲ་རགས་ཀྱི་འཇུག་པ་སྣ་ཚོགས་པ་ལ་ཏིང་ངེ་འཛིན་དུ་བྱའོ། །བཞི་པ་ད་ནི་མཆོག་གི་གཏུམ་མོ་བྷཻ་བ་རང་བཞིན་གཉུག་མར་འཇོག་པ་ནི། །རིན་པོ་ཆེ་ཀརྨ་པཀྵིའི་གསུང་ལས། དངོས་པོ་དང་མཚན་མར་འཛིན་པའི་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཉིད་དུ་གྲོལ་བའི་ཕྱིར་ལུས་ཡེ་ཤེས་ཀྱི་རྩོལ་བ་བསྒྲུབ་མེད། རྩ་ཡེ་ཤེས་ཀྱི་རྩ་བྷཻ་རྒྱུ་མེད། སེམས་ཡེ་ཤེས་ཀྱི་སེམས་དམིགས་པའི་བྱེ་བྲག་གང་ཡང་མེད། ངག་ཡེ་ཤེས་ཀྱི་ངག་སྨྲ་བརྗོད་མེད། ཚོགས་དྲུག་གི་སྣང་བ་ཡེ་ཤེས་ཀྱི་སྣང་བ་དགག་བསྒྲུབ་མེད། རླུང་ཡེ་ཤེས་ཀྱི་རླུང་འགྲོ་འོང་མེད་པའི་ཕྱིར་མཆོག་གི་གཏུམ་མོ་ཆོས་སྐུ་དྲི་མ་མེད་པ་ཉག་གཅིག་གི་ངང་དུ་རླུང་གཟུང་ཞིང་། གོམས་འདྲིས་བྱེད་པ་ནི་ཚེ་གཅིག་ལུས་གཅིག་གིས་ཆོས་སྐུར་སངས་རྒྱས་པ་ཡིན།རྩ་བ་ནས་ཡན་ལག་ཉིང་ལག་མཐའི་བར་ཕྱི་རོལ་དང་ཉེ་བར་གདུང་བྱེད་མངོན་པར་སྤྲོ་བ་ནི། མེ་དང་ཐིག་
ལེ་ཉི་མ་ལ་སོགས་པ་གཏུམ་མོའི་རྣམ་པར་འགྱུར་བ་གང་དང་གང་བསྒོམ་པ་དེ་དང་དེའི་ཚེ། དེའི་རྣམ་པ་རབ་ཏུ་གསལ་ཡང་། རང་བཞིན་གྱི་དམིགས་པ་མེད་པའི་དེ་ཁོ་ན་གསལ་སྟོང་དབྱེར་མེད་རོ་མཉམ་པའི་དོན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་སྟེ། དེ་ལྟར་ན་མཚན་མའི་དམིགས་པ་རྣམས་སྣ་ཚོགས་ཉེ་བར་སྣང་བ། མ་བཀག་བཞིན་དུ་གཉིས་མེད་ཡེ་ཤེས་ལྷན་ཅིག་སྐྱེས་པ་མངོན་དུ་བྱེད་དེ། མཆོག་གི་གཏུམ་མོ་ཞེས་བྱའོ། །འདི་ཉིད་ལ་གསང་དོན་ཉེ་སྦས་ནམ་མཁའི་ཙཎྜ་ལི་ཞེས་ཀྱང་བརྗོད་པ་ཡིན་ཏེ། ནམ་མཁའི་སྒྲ་ནི་ཆོས་ཐམས་ཅད་ཀྱི་དབྱིངས་གདོད་མའི་སྟོང་ཆེན། རང་བཞིན་གྱིས་རྣམ་པར་དག་པའི་དབྱིངས་ལ་ཉེ་བར་བརྗོད་ཅིང་། དེའི་ངོ་བོ་ཇི་ལྟ་བ་རྟོགས་པའི་ཤེས་རབ་རྣམ་པར་དག་པས་མཚན་མར་འཛིན་པའི་རྣམ་པར་རྟོགས་པ་ཐམས་ཅད་བསྲེག་པར་རབ་ཏུ་དཔའ་བའི་ཕྱིར་གཏུམ་མོ་སྟེ། དེ་ལྟ་ན་ནམ་མཁའི་ཙཎྜ་ལི་ཞེས་བྱ་བར་གྲུབ་བོ། །དེ་ཉིད་བྱིས་པའི་སྐྱེ་བོ་རྣམས་
ཀྱིས་སྤྱོད་ཡུལ་དུ་མ་གྱུར་པ། ཆོས་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར། ཉེ་བར་སྦས་པ་ཞེས་བྱ་བ་ཡིན་ལ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་སྙིང་པོ། གཞན་གསང་བ་ལས་ཆེས་ཤིན་ཏུ་གསང་བ་བླ་ན་མེད་པའི་དོན་དུ་གྲུབ་པས་མིང་གིས་བརྗོད་པ་དེ་དང་དེ་དག་གིས་ཉེ་བར་མཚོན་ཏེ། དེ་ལྟ་བུའི་དོན་ནི་མཆོག་གི་གཏུམ་མོ་གཞལ་དུ་མེད་པའི་ཡེ་ཤེས་ཀྱི་དེ་ཁོ་ན་ལྷན་ཅིག་སྐྱེས་པ་མི་ཟད་པ། ལྷུན་གྲུབ་དྲི་མེད་ནམ་མཁའ་མཛོད་ཀྱི་གཏེར། ཏིང་ངེ་འཛིན་རྒྱ་མཚོའི་དབང་ཕྱུག་ནི་འདི་ཁོ་ནའོ། །དེ་རྣམས་ཀྱིས་གཏུམ་མོའི་དྲོད་ཡེ་ཤེས་ཀྱི་དམིགས་པ་ཆ་ཙམ་སོང་ནས། གཞན་ཡང་གཏུམ་མོ་ཟས་ཟུ་ཟ་བ། གོས་སུ་གྱོན་པ། རྟར་ཞོན་པ། གེགས་འཇོམས་པ། མཚོན་དུ་འཁྱེར་བ། གནས་མལ་དུ་བཀོད་པ། བསྲུང་འཁོར་བསྒོམ་པ། གེགས་སེལ་བ། ཐམས་ཅད་ཕྱག་ཆེན་དུ་ངོ་སྤྲོད་པ། བསྒོམ་འབྲས་ཚད་ལ་དབབ་པའོ། ། དེ་ཡང་མགྲིན་པར་བླ་མ། སྙིང་ཁར་ཡི་དམ། ལྟེ་བར་ཆོས་སྐྱོང་ཡེ་ཤེས་ཀྱི་མེའི་རང་
བཞིན་དུ་བསྒོམ་པའི་ཞལ་དུ་རཾ་ཡིག་བཀོད་དེ། བཟའ་བཏུང་གི་དངོས་པོ་རྣམས་མེའི་རང་བཞིན་གྱི་བདུད་རྩི་ཉེས་སྐྱོན་མཐའ་དག་སྲེག་པར་བྱེད་པ་ཉམས་རྟོགས་ཡོན་ཏན་མཐའ་དག་རབ་ཏུ་འབར་བར་བྱེད་པར་དམིགས་ཏེ་ཕུལ་བས་རབ་ཏུ་དགྱེས་ཤིང་། གཞན་ཡང་བླ་མ་ཡི་དམ་གྱི་སྐུ་བསམ་གྱིས་མི་ཁྱབ་པ་རྡོ་རྗེའི་ལུས་ལ་གདོད་ནས་བཞུགས་པ་ཐམས་ཅད་ཀྱང་མཆོད་པས་མཉེས་པར་བསྒོམ་པ་ནི། གཏུམ་མོ་ཟས་སུ་ཟ་བ་ཞེས་བྱའོ། །དེ་བཞིན་དུ་སྤྱི་བོར་བླ་མ་མེའི་རང་བཞིན་གྱི་སྐུ་ལས་མེའི་འོད། སྟོད་གཡོག་དང་སྨད་གཡོག་གི་རྣམ་པ་ལྟ་བུ་དང་། རྒྱན་གྱི་ཁྱད་པར་གྱིས་རྣམ་པ་སྣ་ཚོགས་པ་དག་བྱུང་སྟེ། རང་ཉིད་ཀྱི་ལུས་ལ་གཡོགས་ཤིང་བརྒྱན་པས། ལུས་ཀྱི་ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེའི་དྲོད་རབ་ཏུ་ཚ་བས་ཁྱབ་སྟེ། གྲང་བའི་ཉེན་པའི་གདུང་བ་ཐམས་ཅད་དང་བྲལ་བར་བྷཻ་ཞིང་ཕྱི་ནང་གི་བདུད་རྩིའི་ཁྲུས་བྱ་བ་སྔོན་དུ་སོང་ནས་ལུས་ཡན་ལག་དང་ཉིང་ལག་དང་བཅས་པ་ལ་འཕུར་
བ་དང་། མཉེ་བ་དང་། བྱུགས་པ་སོགས་རླུང་དང་སྤྲད་ནས་བྱ་བ་ནི། གཏུམ་མོ་གོས་སུ་གྱོན་པ་ཞེས་བྱའོ། །འོག་ཏུ་ཡང་ཡེ་ཤེས་ཀྱི་མེ་མངོན་པར་འབར་བཞིན་དུ་རིན་པོ་ཆེའི་ཁྲི་ཉེ་བར་བཀོད་དེ། རྒྱབ་ཡོལ་གྱི་རྣམ་པ་དང་། ཕྱོགས་ཐམས་ཅད་དུ་ཁྱབ་པར་འཇུག་པ་ལས། ཁྱད་པར་འོག་གི་སངས་རྒྱས་ཞིང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བའི་རྩེ་རང་ཉིད་ཀྱི་གདན་དང་འབྲེལ་བ་ལ་སེམས་གཏད་པ་ནི། གཏུམ་མོ་གདན་དུ་བཏིང་བ་ཞེས་བྱའོ། །གང་དང་གང་དུ་འགྲོ་བའི་ཚེ་རྡོ་རྗེ་ཁུ་ཚུར་བསྣོལ་མར་མཆན་འོག་ཏུ་གཏམས་ལ། རླུང་གི་ལྷ་མོ་དཀར་ལྗང་གཤོག་པ་ཅན་གཉིས་ཀྱིས་མཆན་ཁུང་ནས་འདེགས་པར་ལྟ་བ་དང་། རྐང་པའི་འོག་ཏུ་ཡང་ལས་རླུང་གི་དཀྱིལ་འཁོར་སྔོ་ལྗང་མཆོག་མ་གཉིས་ལ་བ་དན་དང་བཅས་པའི་གཡས་གཡོན་དུ་རྐང་པས་གནོན་བཞིན་པ་དང་། བ་དན་དང་བཅས་པ་རླུང་གིས་བསྐྱོད་དེ་མངོན་པར་འགྲོ་བ་ལ་ཡིད་གཏད་ཅིང་། འཇམ་རླུང་གི་སྦྱོར་བ་དང་ལྡན་པས་
མིག་བར་སྣང་དུ་གཏད་དེ་བསྒྲོད་པ་ནི། གཏུམ་མོ་རྟར་ཞོན་པ་ཞེས་བྱའོ། །སློབ་དཔོན་པདྨའི་གསུང་ལས། རླུང་སེམས་ལ་བརྟན་པ་ཐོབ་པས་གཏུམ་མོ་གོས་སུ་གྱོན་པ་ནི། རྩ་རྣམས་གསལ་གདབ། རླུང་དྲག་ཏུ་གཅུན། དམིགས་པ་འོག་ཨ་ཐུང་གི་མེ་ལ་གཏད་དེ། མེ་ལྕེ་ལུས་ཀྱི་ཕྱི་ནང་གང་ཞིང་མེ་ལྕེ་རྩེ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མང་པོས་གར་བྱེད་པར་དམིགས་ཤིང་། ལུས་བརྟུལ་ཞུགས་ཀྱི་བྲོ་གར་དྲག་ཏུ་འཁྲབ་པས། ལུས་ལ་བདེ་དྲོད་རང་དབང་མེད་པར་འབར་ཞིང་གོས་ཀྱི་ཞེན་པ་ཆོད་པར་འགྱུར་རོ། །གཏུམ་མོ་ཟས་སུ་ཟ་བ་འདོད་པས། ཧ་སིབས་ཀྱི་སྒྲས་རླུང་ཕོ་བར་བསྐྱིལ་ཞིང་ལུས་ཙོག་པུ་པུས་འཁྱུད་ཅན་དུ་གནས་པས། ཡིད་ཀྱི་དམིགས་པ་ཁོང་པའི་ནང་གི་རྩ་ཐམས་ཅད་བྲེག་པའི་སྦུ་གུ་སོག་བྲེག་གི་སྦུ་གུ་ཁ་བཟེད་པ་ལྟར་ཧྲོག་གེར་ཡོད་པའི་ནང་དུ་རླུང་བདུད་རྩི་རེག་འབྱོར་གྱིས་ངང་མེར་མེར་གང་ཞིང་། མཐར་འོ་མ་འཕྱུར་བ་ལྟར་ལུད་ནས་ལུས་ཐམས་ཅད་རྐྱལ་གྲོད་ཞོས་གང་བ་
ལྟར་གྱུར་པའི་དམིགས་པ་ལ་འབད་པས། རབ་ཞག་གསུམ། འབྲིང་དྲུག །ཐ་མ་དགུ་ནས་ལུས་བདེ་སྟོང་ཡེ་ཤེས་ཀྱི་བཅུད་ཀྱིས་ཁེངས་ཏེ། ཟས་ཀྱི་སྲེད་པ་ཆོད་པར་འགྱུར་རོ། །གཏུམ་མོ་སྐོམ་དུ་འཐུང་བར་འདོད་པས། བདག་ཉིད་ལས་ཀྱི་མཁའ་འགྲོ་མར་དམིགས་པའི་རྩ་ནང་ཐམས་ཅད་ཆུ་ལས་གྲུབ་པའི་རྡོ་རྗེ་མཁའ་འགྲོ་གྲངས་མེད་པར་མེར་གྱིས་ཁེངས་པར་བསྒོམ་ཞིང་ཆུ་རླུང་བུམ་པ་ཅན་བསྐྱིལ། ལུས་གནད་དྲུག་ཆིངས་ལ་གནས་པས། ཞག་གསུམ་ནས་བརྟན་པ་ཐོབ་ཅིང་སྐོམ་པའི་གདུང་བ་སེལ་ཏེ། ཕྱིས་ནས་ནམ་སྐོམ་པའི་ཚེ་དྲན་ཙམ་གྱིས་ཆོག་པའོ། །བླ་མའི་སྐུ་རྡོ་རྗེ་ཁྲོ་བོ་གར་གྱི་འགྱུར་བ་ཅན་དུ་རང་གི་སྙིང་ཁར་བྷཻ་ལ། དེ་ལ་ཡེ་ཤེས་ཀྱི་མེ་རལ་གྲི་དང་། གྲི་གུག་དང་། དགྲ་སྟ་ལ་སོགས་པ་འཇིགས་སུ་རུང་བའི་མཚོན་ཆ་དུ་མས་སྤྲོས་ཏེ། མི་དང་མི་མ་ཡིན་པའི་གེགས་དང་གནོད་བྱེད་ཐམས་ཅད་ཀྱི་ལུས་ལ་བསྣུན་པ། དེ་དག་གི་ནུས་མཐུ་རབ་ཏུ་ཉམས་པར་བྱས་ཤིང་། ཐམས་ཅད་ཡེ་ཤེས་
ཀྱི་མེའི་ངོ་བོར་གྱུར་པ་རང་ལ་བསྡུས་པ་དང་། ཡང་སྔ་མ་ལྟར་སྤྲོས་ཤིང་སྡུས་ཏེ་བསྒོམ་པ་ནི། གཏུམ་མོ་མཚོན་དུ་འཁྱེར་བ་ཞེས་བྱ་སྟེ། བར་དུ་གཅོད་པའི་རྐྱེན་རྣམས་འཇོམས་པའི་མཆོག་ཏུ་འགྱུར་རོ། །རང་འདུག་པའི་ས་ཕྱོགས་དང་ཡུལ་གྲུ་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་ཆོས་འབྱུང་རྒྱ་ཁྱོན་ཚད་མེད་པར་མེའི་ས་གཞི་དང་། མེའི་དུར་ཁྲོད་དང་། མེའི་གཞལ་མེད་ཁང་གི་བཀོད་པ་རབ་ཏུ་འབར་བ་དག་དམིགས་ཏེ། ཕྱིར་འབྱིན་པའི་རླུང་སྦྱར་ཏེ་བསྒོམ་པ་ནི། གཏུམ་མོ་གནས་མལ་དུ་བཀོད་པ་ཞེས་བྱ་བའོ། །རང་གང་དང་གང་དུ་འདུག་པའི་མཐའ་རྒྱ་ཆེ་ཆུང་ཅི་ཙམ་རིག་པར། མེའི་འཁོར་ལོ་རྩིབས་བྱེ་བ་བརྒྱ་སྟོང་དུ་མ་དང་ལྡན་པ་ཕྱོགས་ཀུན་ཏུ་འཁོར་བས། བར་དུ་གཅོད་པ་མཐའ་དག་ཉེ་བར་བསྲུང་བ་དང་། མི་རི་རབ་ཏུ་འབར་བའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་། ཤར། ལྷོ། ནུབ། བྱང་། མཚམས་བཞི། སྟེང་འོག་ཐམས་ཅད་དུ་ཁྱབ་པས། བདུད་བགེགས་
ཕྱིན་ཅི་ལོག་མཐའ་དག་མེད་པར་མཛད་བཞིན་པ་ལ་སེམས་གཏད་པ་དང་རླུང་འབྱུང་བའི་སྦྱོར་བ་ཧཱུྃ་ཕཊ་ཀྱི་ཡི་གེའི་འདྲེན་འགུག་དང་སྤྲད་དེ་བྱ་བ་ནི། གཏུམ་མོ་བསྲུང་འཁོར་དུ་བྷཻ་བ་ཞེས་བྱའོ། །རྩ་གསུམ་འདུས་མདོར་རཾ་ཡིག་བཀོད་དེ། དེ་ལ་མེ་འབར་བ་དབྱུང་བའི་ཡན་ལག་གི་སྣ་བུག་གཡས་ལས་ཕྱིར་ཕྱུང་ལ། སླར་སྣ་བུག་གཡོན་པ་ལས་དྲངས་ཏེ་ཐོག་མ་ཁོ་ནར་མགོ་དང་། དེ་ནས་རིམ་གྱིས་མགྲིན་པ་དང་། སྙིང་ཁ་དང་། ལྟེ་བ་སོགས་ལུས་ཐམས་ཅད་ལ་ཁྱབ་པར་བསྒོམ་ཞིང་། རྔུབ་པ་དང་དགང་བའི་ཡན་ལག་བྱས་ནས། དབྱུང་བ་ནི་དམིགས་པ་མེད་པར་ངལ་གསོ་སྟེ། ཡང་སྔ་མ་བཞིན་དུ་བྷཻ་བ་ནི་འདུ་བ་མཐའ་དག་བསྲུང་བ་ལ་སོགས་ཡོན་ཏན་གྱི་རྣམ་པ་མང་པོ་དང་ལྡན་པས་མཚམས་འཛིན་གྱི་གཏུམ་མོ་ཞེས་བྱའོ། །སྙིང་ཁ་ལ་སོགས་པ་གང་དང་གང་དུ་མི་བདེ་བའི་ས་དེ་དང་དེར་རཾ་ཡིག་བཀོད་དེ། དེ་རླུང་གིས་སྦར་བས། ནད་ཀྱི་དངོས་པོ་དེ་དང་དེ་རབ་ཏུ་བསྲེགས་ཤིང་མེད་པར་བྱས་པའི་
མལ་དུ། བདུད་རྩིའི་གོང་བུའི་རང་བཞིན་གྱི་དཔལ་ལྡན་བླ་མའི་སྐུ་བདེ་བའི་རང་བཞིན་ཅན་བསྒོམ་ཞིང་གསོལ་བ་བཏབ་པས། ནད་ཀྱི་དངོས་པོ་མཐའ་དག་ལ་སྤྱི་ཁྱབ་ཏུ་འགྲོ་བའི་ནད་སེལ་གྱི་ཙཎྜ་ལི་ཀུན་འགྲོ་སྟེ། བཅོས་ཐབས་བགྲང་གིས་མི་ལང་གི །གཏུམ་མོའི་གོ་ཆ་གཙིགས་སུ་ཆེ། །ཞེས་བྱ་བའི་དོན་ནོ། །གཞན་ཡང་མགྲིན་པ་ན་དམར་པོ་རབ་ཏུ་གཡོ་བ་ལ་སེམས་རྩེ་གཅིག་ཏུ་གཏད་པས་སྒྱུ་འཕྲུལ་གཏུམ་མོའི་རྣལ་འབྱོར་དུ་འགྱུར་ཏེ། སྒྱུ་མའི་རྣམ་པར་ཐར་པ་ཟབ་ཅིང་རྒྱ་ཆེ་བ་ལ་དབང་འབྱོར་བར་འགྱུར་རོ། །དེ་ཉིད་སྙིང་ཁར་བྷཻ་བས་འོད་གསལ་གྱི་གཏུམ་མོར་འགྱུར་དེ། ཉིན་དང་། མཚན་དང་། འཕོ་དུས་ཀྱི་འོད་གསལ་མངོན་དུ་བྱེད་དེ། དེ་ལྟར་ན་ཟབ་མོ་ཙཎྜ་ལི་གཅིག་པུ་བསྒོམས་པས། སྒྱུ་ལུས་དང་། རྨི་ལམ་དང་། འོད་གསལ་དང་། བར་དོ་དང་། འཕོ་བ་ཐམས་ཅད་གེགས་མེད་པར་བདེ་བླག་ཏུ་འགྲུབ་བོ་ཞེས་བྱ་བའི་མན་ངག་གི་གནད་ནི་དེ་ལྟ་བུའོ། །ཕྱག་ཆེན་དུ་ངོ་སྤྲོད་པ་ནི། མན་
ངག་ཚིག་བསྡུས་དག་ལས་ཤེས། །ཞེས་གཞུང་ལས་འབྱུང་པས། གཏུམ་མོ་ནི་ཕྱག་རྒྱ་ཆེན་པོ་མིན་ནོ་སྙམ་ན། རླུང་མེའི་དྲོད་ཅན་དང་། དྲོད་བདེ་བ་བསྐྱེད་པར་བྱེད་པའི་ཏི་ལ་ཀ་དང་། རྩའི་རྣམ་པར་སེམས་ཤིང་འཛིན་པ་ནི་ཙཎྜ་ལིའི་ཆ་ཤས་ལ་དོན་ཡོངས་སུ་འཛིན་པའི་འཁྲུལ་པས་རྒྱུད་རབ་ཏུ་གཡེང་བ་བླ་མེད་རྡོ་རྗེ་ཐེག་པའི་ངེས་པ་ལས་ཕྱི་རོལ་དུ་གྱུར་པ་སྟེ། གདོད་མའི་ཡེ་ཤེས་ཆོས་ཀྱི་སྐུ་ལྷན་ཅིག་སྐྱེས་པའི་སྙིང་པོའི་དོན་ཆོས་ཐམས་ཅད་ཀྱི་ཁྱབ་བདག་དེ་ཉིད་ལ། དམ་པའི་དོན་གྱིས་ཙཎྜ་ལི་ཞེས་བྱ་བ་ཡིན་ལ། དེ་ལ་རེ་ཞིག་བདེ་བ་དང། གསལ་བ་དང་། མི་རྟོག་པའི་ཡེ་ཤེས་བསྐྱེད་པར་བྱེད་པའི་(རྨང་གཞི་)རྟེན། རྩ་དང་། རླུང་དང་། ཐིག་ལེའི་རྣམ་པར་སྣང་བའི་ཙཎྜ་ལི་དག་དང་། དེ་ལམ་དུ་བྱེད་པའི་ཐབས་ཀྱི་ཙཎྜ་ལི་སྣ་ཚོགས་པ་དག་ལ་ཡང་། སྤྱིའི་མིང་བྱེ་བྲག་ལ་ཞུགས་ཏེ། བརྗོད་པའི་སྐབས་ཉེ་བར་གནས་པའི་གསང་མ་མཐོང་བ་ལ་དམུས་ལོང་དུ་གྱུར་པ་དག་ཕྱོགས་རེ་ཙམ་ལ་མངོན་པར་འཆལ་ཏེ་སྨྲ་བ་ནི་རྣམ་
པར་དག་པ་མ་ཡིན་ནོ། །ཕྱག་རྒྱ་ཆེན་པོ་ལ་ཡང་སྤྱི་བྱེ་བྲག་གི་དབྱེ་བ་རྣམ་པ་སྣ་ཚོགས་རབ་ཏུ་གནས་པས། དེའི་བྱེ་བྲག་གི་ཆ་ཤས་རྣམ་པར་བཟུང་སྟེ། རིག་སྟོང་ཕྱག་རྒྱ་ཆེན་པོའི་འགྱུར་བ་ལོགས་ཤིག་ཏུ་བསྟན་ཏོ། །ཞེས་གཞུང་ལས་འབྱུང་བ་ལས། མན་ངག་གི་གསང་ལས་རྣམ་པར་གོལ་བ་དག་ཕྱིན་ཅི་ལོག་ཏུ་འཛིན་པས། དོན་གྱི་གནས་ལུགས་མཐོང་བར་མི་འགྱུར་རོ། །དེ་བས་ན་དོན་དམ་གཏུམ་མོའི་ཕྱག་རྒྱ་ཆེན་པོའི་རང་ཞལ་མངོན་སུམ་དུ་སྟོན་པའི་མན་ངག་འདི་ནི་ཤིན་ཏུ་རྙེད་པ་དཀའ་བ་སྟེ། རྒྱུད་སྡེ་རིན་པོ་ཆེ་མཆོག་ཏུ་ཟབ་པ་རྣམས་ཀྱི་སྙིང་པོའི་ཡང་སྙིང་དུ་གྱུར་པ་ཡིན་ནོ། །དེ་ལྟར་ན་རྩ་རླུང་ཐིག་ལེ་གསུམ་ཡིད་ལ་མི་བྱེད་པར་ཕྱག་རྒྱ་ཆེན་པོའི་ངང་ལ་བསྲེ་ཞིང་བསྒོམས་པས་གྲུབ་ཐོབ་འབྱུང་བ་ཡིན་ནོ། ། བསྒོམ་འབྲས་ཚད་ལ་དབབ་པ་ནི། གང་དང་གང་དམིགས་པའི་རིམ་པ་རྣམས་གོམས་པས་དེ་དང་དེའི་མཚན་མ་དག་སོ་སོར་དངོས་པོ་དང་། ཉམས་དང་། རྨི་ལམ་དུ་
འབྱུང་བར་འགྱུར་བ་རྣམས་སོ། །དེ་རྣམས་ཀྱིས་གཏུམ་མོའི་དམིགས་པ་ཆེ་རིམ་ཙམ་སོང་ནས། ད་ནི་འཕྲོས་བརྗོད་དེ། སྤྱིར་དང་པོ་རྩའི་སྐབས་སུ་སེམས་ཟིན་པ་དང་། ལྟ་སྟངས་གལ་ཆེ། དེ་ཟིན་ན་རླུང་ལ་ཚེགས་མེད། བདེ་དྲོད་རང་བཞིན་གྱིས་སྐྱེས། དེ་ལ་སེམས་ཙམ་ཟིན་ན་མེ་དམིགས་ཆུང་བ་གལ་ཆེའོ། །འབར་འཛག་སྔས་ན་ཐིག་ལེའི་གེགས་ཡོང་བས་ཐུན་ཆུང་ངུ་བྱའོ། །སྤྱིར་གསང་སྔགས་ཀྱི་གནད་ནི་དུག་གསུམ་ལམ་དུ་སློང་བ་ཡིན་པས། གཏུམ་མོ་ལ་བརྟེན་ནས་ཆགས་པའི་རྟོག་པ་སྦྱང་བ་ཡིན་པས། རྩ་རླུང་བསྒོམས་ན་ཆགས་པའི་བདེ་བ་ལྟ་བུ་སྐྱེས་བས། དེ་རང་བཞིན་བདེན་མེད་དུ་སྟོང་པའི་གནད་འཆང་བ་གལ་ཆེ། ཐིག་ལེའི་གེགས་སེལ་ཡང་དང་པོ་ལུས་འཁྲུགས་དུས་བྱས་ཀྱང་མི་ཕན། ཕྱིས་ཡུན་རིང་དུ་བསྒོམས་ཀྱང་མ་བྱུང་ན་བྱ་བ་གལ་ཆེའོ། །སྤྱིར་བསམ་གཏན་དང་པོ་ཡན་ལག་ལྔ་ལས། དམིགས་པ་རྣམས་རྟོག་དཔྱོད་དེ་གཉེན་པོ་ཡིན། རྩེ་གཅིག་བསམ་གཏན་གྱི་ངོ་བོ་ཡིན། དགའ་བདེ་གཉིས་
ཕན་ཡོན་ཡིན་ནོ། །དགའ་བ་སེམས་ཐོག་ཏུ་སྐྱེས། བདེ་བ་ལུས་ལ་སྐྱེ་བ་ཡིན། དེ་ལ་མ་ཆགས་པར་གོང་ནས་གོང་དུ་བོགས་དབྱུང་དགོས། དགའ་བ་སེམས་ཐོག་ཏུ་སྐྱེ་བ་སྒྱུ་ལུས་བརྟེན་ནས་ཡོང་བ་གལ་ཆེ། གསལ་བའི་བོགས་འདོན་ཀྱང་སྒྱུ་ལུས་ཁོ་ན་ཡིན། བདེ་བ་འདི་ངོ་མ་ཤེས་ན་སྐྱོན་ཆེ་སྟེ། འགའ་ཞིག་ལ་བྷཻ་བྱས་པས་ཆགས་སེམས་སྐྱེས་འདུག་སྙམ་པའི་རྟོག་པས་སྡུག་བསྔལ་སྐྱེས། ལ་ལ་གེགས་སུ་སོང་ནས་བུད་མེད་ལ་སོགས་པའི་རྟོག་པར་འགྲོ་བ་འོང་བས། ཡོན་ཏན་དུ་ཤེས་པ་ལ། དེ་ལ་མ་ཆགས་པར་སྟོང་བའི་རྒྱས་གདབ་བྱ་བ་གལ་ཆེའོ། །ལར་ཡང་ཉམས་རྟོགས་བཟང་ངན་གང་སྐྱེས་ཀྱང་རྟོག་པའི་ཆོ་འཕྲུལ་ཡིན་པས་མ་ཆགས་པར་ཆུ་བོའི་རྒྱུན་བཞིན་བསྒོམ་མོ། །གེགས་སེལ་རྣམས་ནི་གཞན་དུ་བཤད་པས་འདིར་མ་བྲིས་སོ། །རྒྱུད་རྣམས་ཀུན་ལས་རབ་གསུངས་པ། །གཏུམ་མོའི་ཁྲིད་ཀྱི་ལག་ལེན་རྣམས། །ཞལ་ནས་བརྒྱུད་པའི་རིམ་པ་འདི། །རང་བྱུང་རྡོ་རྗེས་བྲིས་པ་ཡིན། །
མན་ངག་གནད་ཀྱི་གཏུམ་མོ་ནི། །འཁོར་ལོ་ལྔ་མ་དེ་ཉིད་ཡིན། །འཕྲུལ་འཁོར་དྲུག་པ་ཞེས་བྱ་བ། །རྐེད་པ་གཡས་བསྐོར་གཡོན་བསྐོར་གྱིས། །ལྟེ་བའི་རྩ་མདུད་གྲོལ་བ་ཡིན། །རོ་སྟོད་གཡས་གཡོན་བཅུད་པ་ཡི། །སྙིང་ཁའི་རྩ་མདུད་གྲོལ་བ་ཡིན། །མགྲིན་པ་བསྐོར་ཞིང་དགྱེ་དགུ་ཡིས། །སྤྱི་བོ་མགྲིན་པའི་རྩ་མདུད་གྲོལ། །རྐང་ལག་རྐྱང་བསྐུམ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་གྲོལ་བ་ཡིན། །ལུས་སྤྲུགས་ཕུར་སུབ་བྱས་པ་ཡིས། །རྩ་རྣམས་ཐམས་ཅད་འདུལ་བའོ། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །རྗེ་དུས་གསུམ་མཁྱེན་པས་མཛད་པའི་གཏུམ་མོ་གངས་ཀྱི་སེང་ཆེན་མའི་ལུགས་ཀྱི་འཕྲུལ་འཁོར་ནི། ལུས་གནད་རྐང་པ་རེའུ་མིག་ལྟར་བསྣོལ། ལག་པ་སྒོམ་ཐག་ལྟར་བསྡམ། མགྲིན་པ་ལྕགས་ཀྱུ་ལྟར་དགུག །རླུང་ཐུབ་ཐེངས་གཅིག་བཟུང་ལ་གཡས་སུ་བསྐོར། ཡང་རླུང་ཁུག་པ་གཅིག་གཡོན་དུ་བསྐོར། གཟུགས་པོ་ལ་རྔུལ་བྱུང་ན། ལུས་སྦྱང་བཅུ་གཉིས་པ་བྱ་བ་ནི། ལག་པ་ས་གནོན་གྱི་
ཕྱག་རྒྱ་བཅས་ནས། རྐེད་པ་གཡས་སུ་ཐེངས་གསུམ་བསྐོར། གཡོན་དུ་ཐེངས་གསུམ་བསྐོར། པུས་མོ་གཡས་ལ་འཇུས་ནས་ཐེངས་གསུམ་བསྐོར། དེ་ནས་པུས་མོ་གཡོན་ལ་འཇུས་ནས་ཐེངས་གསུམ་བསྐོར། དེ་ནས་ལག་པའི་མཐེ་བོང་ནང་དུ་བསྐུམས་ནས་ཞགས་པ་འཕེན་པ་ལྟར་ཤད་ཤད་པ་གསུམ་སྤྲུག །དེ་ནས་རླུང་གཏོང་བ་དང་དུས་མཉམ་པོར་ལུས་ཀྱི་རོ་སྟོད་རྟ་འགྲེ་མོ་བྱེད་པ་ལྟར་སུ་ལི་ལི་སྤྲུག་པ་དེ་ནི་ལུས་སྦྱང་བཅུ་གཉིས་སོ། །རིན་པོ་ཆེ་ཀརྨ་པས་མཛད་པའི་ལུས་སྦྱང་སོ་བདུན་མ་ཞེས་པ་ནི། སྲོག་རྩོལ་རླུང་གི་གནད་རྫོགས་པར་བྱ་ཞིང་། དེའི་ངང་ལ་སྣ་བུག་གི་རླུང་ཐེངས་གསུམ་ཕྱིར་བུས་ཏེ། དེ་ནས་རླུང་བཟུང་སྟེ་ལག་པ་གཉིས་ས་གནོན་ཕྱག་རྒྱ་བྱས་ཤིང་། གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་དྲུག །དེ་ནས་པུས་མོ་གཡས་པ་ལ་འཇུས་ནས་གཡས་གཡོན་གཉིས་སུ་ཐེངས་གསུམ་གསུམ་བསྐོར་བས་བཅུ་གཉིས། ཡང་པུས་མོ་གཡོན་པ་ལ་འཇུས་ནས་
གཡས་གཡོན་དུ་ཐེངས་གསུམ་གསུམ་བསྐོར་བས་བཅོ་བརྒྱད། དེ་ནས་ལག་པའི་མཐེ་བོང་གིས་སྲིན་ལག་གི་རྩ་མནན་ཏེ། ཁུ་ཚུར་བཅངས་ནས་ཞགས་པ་འཕེན་པའི་སྟངས། གཡས་གཡོན་དུ་ལན་གསུམ་གསུམ་བྱས་པས་ཉི་ཤུ་རྩ་བཞི། དེ་ནས་རྩལ་པོ་ཆེས་མདའ་འགེངས་པ་ལྟར་གཡས་གཡོན་དུ་ལན་གསུམ་གསུམ་བྱས་པས་སུམ་ཅུ་ཐམ་པ། དེ་ནས་རྩ་མདུད་གྲོལ་བར་བྱེད་པའི་ཆེད་དུ་ལག་པའི་ནང་ཕྱོགས་སུ་ཡར་བྱུག་ཕྱིར་བྱུག་ལན་གསུམ་གསུམ་བྱས་པས་སུམ་ཅུ་སོ་དྲུག །དེ་ནས་རླུང་རོ་བསལ་བར་བྱ་བའི་ཆེད་དུ་རོ་སྟོད་རྟས་སྤྲུག་པ་ལྟར་སི་ལི་ལི་སྤྲུགས་པས་སུམ་ཅུ་སོ་བདུན་ནོ། །དེ་ནས་བརྒྱའམ་སྟོང་བར་ཅི་ནུས་བྱ། ཐང་ཆད་པའི་དུས་སུ་རིག་པ་གང་དུ་ཡང་མི་འཕྲོ་བར་ས་ལེར་སེང་ངེ་བའི་ངག་ལ་མཉམ་པར་གཞག་ཅིང་དེ་ལྟར་དབང་པོ་ཡང་རབ་ནི་ལུས་སྦྱོང་ཚར་གཅིག་གི་ནང་དུ་འཛིན་སེམས་སྤངས་ཤིང་། ཐམས་ཅད་ཆོས་སྐུར་ཤེས་པ་དང་། དབང་པོ་འབྲིང་ཟླ་དྲུག་གམ་ལོ་དྲུག་ལ་
སོགས་པས་ཆོས་ཀྱི་སྐུ་རྟོགས་པ་དང་། དབང་པོ་ཐ་མས་ཀྱང་མི་ཚེ་གཅིག་གིས་སངས་རྒྱ་བར་གསུངས་ཏེ། དེ་ཡང་ནཱ་རོ་པའི་ཞལ་ནས། ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། །གྲངས་མེད་གསུམ་གྱི་ས་ལམ་དེ། །སྐད་ཅིག་སུམ་ཅུ་རྩ་བདུན་ལ། །དེ་ཉིད་རྟོགས་པའི་ཡེ་ཤེས་རྙེད། །ཅེས་གསུངས་པས། མཚན་ཉིད་པས་བསྐལ་པ་གྲངས་མེད་པ་གསུམ་དུ་ཚོགས་བསགས་ནས་སངས་རྒྱ་བར་འདོད་པའི་ཐད་དུ། འདིར་སྐད་ཅིག་མ་སུམ་ཅུ་རྩ་བདུན་ལ་སངས་རྒྱ་བར་འདོད་པ་ཡིན་པས། ལུས་སྦྱང་བྱ་ཞིང་ཕྱག་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་བྷཻ་བར་བྱའོ། །དེ་ནི་རྩོལ་བ་ལུས་སྦྱོང་གི་གནད་དོ། །རྗེ་བཙུན་མི་ལའི་གསུངས་ལས། གཏུམ་མོ་སྦར་ཐབས་ཀྱི་སྦྱོར་བ་ལ་གནད་བཞི་སྟེ། གསོལ་འདེབས་བྱིན་རླབས་ཀྱི་གནད། གེགས་སེལ་བསྙེན་པའི་གནད། མཐུན་སྦྱོར་རྐྱེན་གྱི་གནད། གསང་བ་དམ་ཚིག་གི་གནད་དོ། །དང་པོ་ནི། བླ་མའི་རྣལ་འབྱོར་བསྒོམས་ལ་འདིར་སྙན་བརྒྱུད་བྱིན་རླབས་ཀྱི་ལམ་མོས་
གུས་གསོལ་འདེབས་ཀྱི་ལམ་ཡིན་པས། གསོལ་བ་སྙིང་གི་དཀྱིལ། རྐང་གི་ཁོང་། རུས་པའི་གཏིང་ནས་མཆི་མ་ཕྱུངས་ལ་བདེ་དྲོད་ཡེ་ཤེས་ཀྱི་མེ་སྦར་དུ་གསོལ། ཅེས་གསོལ་བ་དྲག་ཏུ་གདབ་བོ། །གེགས་སེལ་བསྙེན་པའི་གནད་ལ། གདོན་དང་། ནད་དང་། ཉོན་མོངས་པ་གསུམ་གྱིས་གེགས་བྱས་ནས་གཏུམ་མོ་ངོ་སྤྲོད་དུ་མི་སྟེར་བ་བཅོམ་ལྡན་འདས་མའི་བསྙེན་པ་འབུམ་གཏེར་གསུམ་དང་ཁྲི་ཚོ་བཞི་བཏང་། དེས་གེགས་ལས་གྲོལ། བྱིན་རླབས་ཀྱི་བདེ་དྲོད་འབྱུང་ངོ་། །མཐུན་སྦྱོར་རྐྱེན་གྱི་གནད་ལ་བརྒྱད་དེ། འདུག་ས་གནས་ཀྱི་གནད་ནི། ཉིན་མོ་སྐྱེ་བོའི་འདུ་འཛིས་དབེན། མཚན་མོ་དགྲ་རྐུན་གྱི་དབེན། འཚོ་བ་དང་ཆུ་ཤིང་བསྒྲུབ་སླ་བའོ། །མཐུན་པ་གྲོགས་ཀྱི་གནད་ནི། དམ་ཚིག་དང་སྡོམ་པ་བསྲུང་བ། ལྟ་སྤྱོད་བླ་མ་དང་གཅིག་པའོ། །བཟའ་བ་ཟས་ཀྱི་རྣལ་འབྱོར་ནི། ཚད་པ་ཤས་ཆེ་ན་བསིལ་བ་བསྟེན། གྲང་བ་ཤས་ཆེ་ན་དྲོད་བཅུད་ཅན་བསྟེན། བགོ་བ་གོས་ཀྱི་གནད་ནི། དྲོ་ཡང་གཅེར་བུ་མི་
བྱ། གྲང་ཡང་ཁྱི་ལྤགས་མི་གྱོན། མཁའ་འགྲོ་མཉེས་བྱེད་རས་གོས་དང་མི་འབྲལ་བ་བརྩོན་འགྲུས་ཀྱི་ལྕགས་ཡིན་པས་བསྒྲུབ་པར་བྱ། བདེ་བ་མལ་གྱི་གནད་ནི། མལ་སྒོམ་ཐག་དང་མཉམ་པ། མགོ་སྔས་ལ་མི་འཇོག་པའོ། །མི་འབྲལ་པུས་འཁྱུད་ཀྱི་གནད་ནི། སྒོམ་ཐག་གི་ཚད་ལ། ཉིས་བལྟེབས་ལ་ཁྲུ་གང་དང་སོར་བཞི་པ། སྐྱེས་པས་རྣལ་འབྱོར་མར་བྷཻ་ལ་བསྟིམ། བུད་མེད་ཀྱིས་ཧེ་རུ་ཀ་བསྒོམ། འཇུག་དུས་སུ་ཡབ་ཡུམ་ཁྲིལ་གྱིས་འཁྲིལ་བར་བསམ། འགོམ་ཡུག་མི་གཏང་། སྐྱོ་དུབ་མེད་པར་སྤྱོད་ལམ་ནི། འགྲོ་འདུག །ལས་ཁུར། མཆོང་རྒྱུག་གི་ལས་ངལ་དུབ་དང་རྔུལ་ཐོན་པར་མི་བྱ། ཀུ་ཅོ་སྨྲ་དང་གད་མོ་བཟླ་མི་བྱ། གསང་བ་དམ་ཚིག་གི་གནད་ནི། སྤྱིར་སྙན་བརྒྱུད་ཀྱི་གདམས་པ། སྒོས་སྙན་བརྒྱུད་ཀྱི་དམིགས་པ། འཕྲུལ་འཁོར་རླུང་གི་གནད། ཉམས་མྱོང་དུ་བ་ལ་སོགས་པའི་རྟགས་རྣམས་གསང་བ་གནད་ཡིན་ནོ། །དེ་ལྟར་སྦྱངས་པས་དྲོད་ཁོལ་བུར་སྐྱེས་ན་བརྟན། དུས་
གཅིག་ལ་སྐྱེས་ན་མི་བརྟན། བྱིན་རླབས་ཀྱི་དྲོད་སྐབས་སུ་མ་བསྒོམ་ན་མི་འཆར། གོས་གཅིག་བསྐྱུར་གཉིས་བསྐྱུར་བྱ། དེའི་རྗེས་ཐེར་མའམ། རས་གོས་ལ་སྦྱང་། དྲོད་ཆེས་ན་གྲང་བ་བསྒོམ་མོ། །རྔུལ་བྱུང་ན་སྐུ་མཉེ་བྱ། དེའི་རྗེས་སྲན་ཕྱེས་དྲི་ཕྱིས་བྱ། མཐར་གང་ལའང་རས་གོས་ཀྱིས་ཆོག་པ་འབྱུང་། དེ་ཙམ་ན་གོས་ཀྱི་འདུན་པ་དང་བྲལ། འབྱུང་བ་ཁྱད་དུ་གསོད་པའི་གྲུབ་ཐོབ་ཅེས་བྱ་བ་ཟས་སུ་ཡང་རླུང་ཟོས་པས་ཆོག་པ་འབྱུང་ངོ་། །དེ་ཡང་བསྒོམ་པ་དུས་ཀྱི་གནད་ནི། འགྲངས་ཆེས་པ་དང་ལྟོགས་ཆེས་པའི་དུས་སུ་བྷཻ་ན་རྩ་ཆད་པ་དང་། རླུང་བྱེར་བའི་སྐྱོན་ཡོད་པས་མི་བསྒོམ། ནམ་ཕྱེད་ན་རླུང་འདྲེས་རྩར་ཤོར་ཏེ་འདྲེ་སྣང་བྱུང་བས་མི་བསྒོམ། རྟོག་པ་སྣ་ཚོགས་འཕྲོ་བའི་དུས་སུ་སེམས་ཀྱི་རྒྱལ་པོ་སྤྲུལ་པར་གནས་པས་དེ་དུས་བསྒོམ། ནམ་ཕྱེད་འདས་ནས་ནམ་ལང་གི་བར་བད་ཀན་ཆུའི་དུས་ཡིན་པས། གཏུམ་མོའི་མེ་བྷཻ་བས་འབྱུང་བ་སྙོམས། རྩ་སྦུབས་ཐམས་ཅད་སྟོང་པར་ཡོད་པས་རླུང་གི་
ཐིག་ལེ་རྩ་ནང་དུ་ཕུད། ལུས་ལ་བཀྲམ་པ་རྩ་རླུང་བྱང་ཆུབ་སེམས་ཀྱི་སེམས་སུ་གྱུར་བས་བོགས་ཆེར་འབྱུང་ངོ་། །སྤྱོད་ལམ་ནི་རྟ་མི་ཞོན། དུང་མི་འབུད། མེ་དང་ཉི་མ་སྤང་། ཐིག་ལེ་བསྲུང་། ཚ་ཆེས་པ་དང་། སྒ་དང་། སྒོག་སྔོན་དང་། ཟྭ་དང་། ཉ་ཤ་དང་། ཤ་རུལ། ཆང་སྐྱུར། གྲོ་ཕྱེ་སྤང་། ཆུ་འཁྱགས་མི་བཏུང་། ཉིན་གཉིད་མི་ལྡོག གཞན་ཡང་ལུས་ལྷ་སྐུ་སྒྱུ་མ་ལྟ་བུ་དང་། ངག་རླུང་རྡོ་རྗེའི་བཟླས་པ་གྲགས་སྟོང་། སེམས་སྟོང་ཉིད་སྙིང་རྗེའི་ཏིང་ངེ་འཛིན་དང་མི་འབྲལ་བར་བྱའོ། །དེ་རྣམས་ཀྱིས་གཏུམ་མོ་ལམ་གྱི་གཞུང་ཤིང་གི་མན་ངག་རྣམས་བཤད་ཟིན་ཏོ། ། ༈ གཉིས་པ་སྒྱུ་ལུས་ལམ་གྱི་མན་ངག་བསྒོམ་པར་བྱེད་པ་ལ། དཔལ་ཆེན་པོ་ནཱ་རོ་པས། མགྲིན་པ་ༀ་གྱི་ས་བོན་ཅན། །ཕྱི་ན་སྣང་བ་སྒྱུ་མ་ཙམ། །ནང་ན་ཉམས་མྱོང་སྨྲར་མ་བཏུབ། །ཉིན་མཚན་སྣང་བ་སྒྱུ་མ་ཙམ། །མིང་ཡང་སྒྱུ་ལུས་གདམས་ངག་ཟེར། །སེམས་ཞེན་པ་བཟློགས་སམ་ལོ་ཙཱ་བ། །ཞེས་དང་། མར་པའི་
ཞལ་ནས། སྐྱེས་པ་ལྷན་སྐྱེས་སྒྱུ་མའི་ལུས། །གནས་པ་སྣང་གྲགས་སྒྱུ་མའི་ལུས། །འཆི་བ་འོད་གསལ་སྒྱུ་མའི་ལུས། །སྣང་སྲིད་སྒྱུ་མར་ཤེས་པ་དེས། །གཟུང་དང་འཛིན་པའི་འཆིང་བ་ཞིག །བར་དོ་གསུམ་ལ་རང་གྲོལ་བྱེད། །སྒྱུ་ལུས་གསུམ་གྱི་གདམས་པ་ཡོད། །འབྲས་བུ་སྤྲུལ་སྐུ་ཐོབ་སྟེ་མཆིས། །ཞེས་གསུངས་པས་སོ། །རྗེ་དུས་གསུམ་མཁྱེན་པའི་གསུང་ལས། སྣང་བ་སྒྱུ་མ་མ་ཤེས་ན། རྨི་ལམ་སྒྱུ་མར་མི་ཤེས། རྨི་ལམ་སྒྱུ་མར་མ་ཤེས་ན། བར་དོ་སྒྱུ་མར་མི་ཤེས། དེ་མ་ཤེས་ན་འཁོར་བར་འཁྱམས་པ་ཡིན་པས་སྒྱུ་ལུས་ཀྱི་གདམས་པ་ཤིན་ཏུ་གལ་ཆེ་གསུངས།དེ་ལ་གནད་བཞི་སྟེ། ལུས་གནད་གཏུམ་མོ་དང་མཐུན། ཡུལ་གནད་ཕྱི་རོལ་གྱི་སྣང་བ་དཀར་དམར། དུས་ཀྱི་གནད་ཉིན་པར་ཤས་ཆེ། དམིགས་པའི་གནད་ལ་བཞི་སྟེ། མ་ཟིན་ཟིན་བྱེད་སྒྱུ་མ་དང་པོ་སྤྱིར་སྦྱང་བ། ཟིན་པ་བརྟན་བྱེད་མ་དག་ལུས་ཀྱི་སྒྱུ་མ། བརྟན་པ་བོགས་དབྱུང་བ་དག་པ་ལྷའི་སྒྱུ་ལུས། རང་བཞིན་གཉུག་མར་འཇོག་པའོ། །
།དྲུང་ཀུན་སྤངས་པའི་གསུང་ལས། དེ་ལ་དང་པོ་སྔོན་འགྲོ་སྒྱུ་མའི་གྲོགས་གསུམ་བསྒོམ་པ་ནི། འཁོར་བ་ལ་ཞེན་པ་བཟློག་པ་དང་། འཆི་བ་མི་རྟག་པ་བསྒོམ་པས་ཡིད་རབ་སྐྱོ་བ་དང་། དཀོན་མཆོག་གི་ཡོན་ཏན་ལ་ཡིད་ཆེས་པའི་དད་པས་སྐྱབས་སུ་འགྲོ་བའོ། །དང་པོ་ནི་ཡུལ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། སྨོན་འཇུག་བྱང་ཆུབ་སེམས་ཀྱིས་མཆོག་ཏུ་སེམས་བསྐྱེད་སྔོན་དུ་སོང་ནས། འདུན་པ་འདི་ལྟ་བུ་ཡིད་ལ་བྱ་སྟེ། རིགས་དྲུག་གི་གནས་གང་དུ་ཡང་སྡུག་བསྔལ་གྱི་ལས་བསམ་གྱིས་མི་ཁྱབ་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དར་དྲགས་ལ་ཡུན་རིང་བས་བཟོད་གླགས་མེད་པ་དང་། དེ་བཞིན་དུ་གཞན་གྱི་སྡུག་བསྔལ་མཐའ་དག་བསམས་ནས་འཁོར་བ་ལ་ཞེན་པ་བཟློག་པ་དང་། གཉིས་པ་འཆི་བ་མི་རྟག་པ་བསྒོམས་ནས་ཡིད་རབ་ཏུ་སྐྱོ་བ་ནི། དུར་ཁྲོད་ལ་སོགས་པ་རྣམས་སུ་ཕྱིན་ནས་ནན་གྱིས་དེའི་དོན་བསྒོམ་པར་བྱའོ། །ཡང་ན་རང་གི་ཡུལ་མི་ཉེ་འབྲེལ་
མཛའ་བཤེས། གཉེན་འདུན་ལ་སོགས་པ་གང་དག་ཤི་བའི་རུས་དུམ་ལག་ཏུ་ཐོགས་ནས་འདི་ལྟར་བསམས་པར་བྱ། འདི་དག་གསོན་པའི་ཚེ་ན་འདི་དག་ནི་རིགས་ནི་དེ། རུས་ནི་དེའོ། །རྣམ་འགྱུར་ནི་དེ་འདྲ་ཞིག་གོ་སྙམ་དུ་ཡིད་ལ་དྲན་པར་བྱས་ནས། དུས་དེ་ཙམ་ན་དེ་ལྟ་བུ་ཞིག་ཡིན་ན། ད་ནི་འདི་ལྟར་དུ་གྱུར་ཏོ་སྙམ་དུ་ཉམ་ཐག་པ་མ་བྱུང་གི་བར་དུ་བྱའོ། །འགྲོ་བའི་ཚེ་ནི་ནམ་མཁའི་གློག་དང་འདྲ་སྟེ། རི་གཟར་གྱི་རྦབ་བས་ཀྱང་མྱུར་མགྱོགས་སུ་འགྲོ། ཞེས་པས། འདི་རྣམས་འདི་ལྟ་བུ་ཞིག་སྙམ་དུ་ཡིད་ལ་རབ་ཏུ་སྐྱོ་བ་དང་། བདག་ཀྱང་འདི་ལྟ་བུར་འཆི་བར་འགྱུར་བ་ཞིག་སྟེ་དེ་རིང་ཙམ་མི་འཆི་བའི་གདེང་ཡང་མེད། སྔར་སྐྱེས་པ་རྣམས་ཀྱང་འཆི། ད་ལྟའི་སྟེང་དུ་ཡོད་པ་རྣམས་ཀྱང་ལོ་བརྒྱ་ཕན་ཆད་དུ་གཅིག་ཀྱང་མི་སྡོད་པར་འཆི་བར་འགྱུར་བས། འཆི་བདག་གི་ཁ་ནས་སུ་ཡང་ཐར་བ་མེད། འཁོར་ལོ་སྒྱུར་བའི་རྒྱལ་པོའི་བུ་དཔའ་བརྟུལ་ཕོད་པ་སྟོང་ཚང་ཞིང་། རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཡོད་པ།
གླིང་བཞི་ལ་དབང་བསྒྱུར་བ་རྣམས་ཀྱང་མཐར་གཅིག་པུ་འཆི། དེ་བས་ཀྱང་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་ལྷའི་དབང་པོ་རྣམས་ཀྱང་འཆི་བར་འགྱུར་བ་ལྟ་ཞིག་ན། བདག་ལྟ་བུ་དམན་པ་ཆུ་བུར་ལྟ་བུའི་ལུས་འདི་འཇིག་པ་སྨོས་ཅི་དགོས། དེར་མ་ཟད་འཕགས་པ་དགྲ་བཅོམ་པ་རྫུ་འཕྲུལ་དང་མངོན་པར་ཤེས་པ་ལྔ་ལ་ཐོགས་པ་མེད་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དབང་འབྱོར་བ་རྣམས་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མྱ་ངན་འདས་པའི་ཚུལ་སྟོན་ན། གཞན་ལྟ་སྨོས་ཅི་དགོས། དེ་ཡང་འདི་སྐད་གསུངས་ཏེ། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ནི་ཉོན་མོངས་དང་། །སྒྱུ་ལུས་འདི་ཉིད་སྤངས་མཛད་ན། །སྐྱེ་བོ་ཕལ་ལ་སྨོས་ཅི་དགོས། །ཞེས་གསུངས་པས། ཐམས་ཅད་འཆི་བ་ལས་མ་འདས་པས། དེ་ཡང་ཚེ་ནི། སྐད་ཅིག་མར་མི་རྟག་པ་དང་། གནས་དུས་ཚེ་ལ་ངེས་པ་མེད་པས་འཆི་བ་དང་། རྒན་གཞོན་ལ་ངེས་པ་མེད་པས་འཆི་བ་དང་། རང་ཉིད་ཀྱི་
དྲན་ཚུལ་ལ་ཡང་ཅི་ཙམ་ཞིག་ཤི་བ་རྣམས་གྲངས་བརྩི་བ་དང་། དེ་ལྟར་རྣམས་གྲངས་མང་པོས་ནན་ཏན་དུ་བྱས་པས། འཆི་བ་མི་རྟག་པར་གོ་ནས་ཡིད་རབ་ཏུ་སྐྱོ་ནས་སུན་པར་འགྱུར་རོ། །དེ་ལྟར་དུ་གྱུར་པ་དང་འདི་སྙམ་དུ་སེམས་ཏེ། སྲིད་པའི་སྡུག་བསྔལ་འདི་ཉིད་ལས་སྐྱོབ་ནུས་པ་སུ་ཞིག་ཡོད་སྙམ་དུ་ངེས་པ་ལ་དཀོན་མཆོག་གསུམ་མ་གཏོགས་གང་གིས་ཀྱང་སྐྱོབས་མི་ནུས་པས། དེའི་ཕྱིར་ན་དཀོན་མཆོག་གསུམ་གྱི་ཡོན་ཏན་ལ་ཡིད་ཆེས་པའི་དད་པས་སྐྱབས་སུ་འགྲོ་བར་བྱའོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། འཆི་བ་མི་རྟག་པ་བསྒོམ་པ་དང་། འཁོར་བའི་ཉེས་དམིགས་བསྒོམ་པ་དང་། གསུམ་པོ་དེ་སྔོན་དུ་འགྲོ་བ་སྒྱུ་ལུས་ཀྱི་གྲོགས་གསུམ་གྱི་གདམས་པ་སོང་ནས། ཆོས་དྲུག་ཆེན་མོ་ལས། གཞན་ཡང་ཇི་སྐད་དུ། རྐྱེན་ལས་སྐྱེས་པ་གང་ཡིན་དེ་མ་སྐྱེས། །ཆོས་ཀྱི་ལུས་ནི་རྒྱལ་བ་རྣམས་ཀྱི་སྐུ། །ཞེས་འབྱུང་བའི་དོན་ནོ། །འདི་ལྟར་ཕྱི་དང་ནང་གི་ཆོས། རྒྱུ་དང་འབྲས་བུའི་རྟེན་ཅིང་
འབྲེལ་བར་འབྱུང་བ། གང་འདི་ཐམས་ཅད་ངོ་བོ་ཉིད་ཀྱིས་སྐྱེ་བ་དང་། འགག་པ་དང་། གནས་པའི་མཐའ་ཐམས་ཅད་དང་བྲལ་བ། རང་བཞིན་གྱིས་རྣམ་པར་དག་པ། བདེ་བར་གཤེགས་པའི་ཆོས་ཀྱི་སྐུ། ཡང་དག་པ་ཕྱིན་ཅི་མ་ལོག་པ་སྟེ། བྱིས་པ་རྣམས་ཀྱིས་རྣམ་པར་བསླད་པའི་འཛིན་སྟངས་ཀྱིས་མཐུ་རྣམ་པ་དུ་མར་འགྱུར་ཡང་། རང་གི་ངོ་བོ་ཅི་ཡང་བསྒྱུར་དུ་མེད་པ་སྟེ། འདི་ནི་སྒྱུ་འཕྲུལ་བླ་ན་མེད་པའི་འཇུག་པ་ཉིད་དུ་ཉེ་བར་གྲུབ་ཅིང་། ཇི་སྐད་དུ། བསྙེན་དང་བྲལ་བ་མང་དུ་གསོལ་ཞིང་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། །ཁྱོད་ཀྱི་ཐུགས་ལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་འབྱུང་བ་ལྟར། སྔར་བཤད་པ་རྣམས་ཀྱིས་རྒྱུད་རབ་ཏུ་དུལ་བར་གྱུར་ཏེ་དབེན་པའི་གནས་སུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་བསྒྲུབ་པའི་ཚེ། བསམ་གཏན་གྱི་གདན་ལ་རྗེ་བཙུན་རྣམ་པར་སྣང་མཛད་ཀྱིས་དཀྱིལ་མོ་ཀྲུང་གིས་འདུག །དག་
པ་དང་འཕེལ་བ་ལ་སོགས་པ་སྔོན་དུ་བྱ་བའི་རིམ་པ་རྣམས་རྣམ་པ་གསལ་བར་བསྒྲུབ། ཨེ་མ་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ། རྣམ་པར་སྣང་བའི་རྒྱུན་དགག་ཏུ་མེད་པ་སྒྱུ་མ་ལྟ་བུ་སྟེ། དོན་འདི་ཉིད་ལ་ཁོ་བོ་ཅག་གིས་ཏིང་ངེ་འཛིན་དུ་བྱའོ། །ཞེས་ངེས་པར་བྱས་ནས། འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟ་བ་ཡིད་ལ་མི་བྱ་བར། སེམས་རང་བབས་སུ་བཀོད་དེ། རྣམ་པར་མི་རྟོག་པ་ལྷུན་གྱིས་གྲུབ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་གནས་པར་བྱའོ། ། དང་པོ་མ་ཟིན་པ་ཟིན་པར་བྱེད་པ་སྒྱུ་མ་སྤྱིར་སྦྱང་བ་ལ་གཉིས། སྒྱུ་མའི་དཔེ་བརྒྱད་དང་བཅུ་གཉིས་ཀྱི་སྒོ་ནས་གཏན་ལ་དབབ་པའོ། །དང་པོ་ལ་བརྒྱད་ཀྱི་དང་པོ་རྨི་ལམ་ལྟ་བུ་ཉམས་སུ་ལེན་པ་ནི། སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་གྱི་བར་དུ་བྱས་ཏེ་སྒྱུ་ལུས་འབྱོངས་བར་གསོལ་བ་གདབ་ལ། དེ་ནས་དང་པོ་ཕྱི་རོལ་གྱི་སྣང་བ་རྣམས་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་བལྟ་སྟེ།
གཟུགས་ལ་སོགས་པ་འདི་རྣམས་སེམས་འཁྲུལ་པ་ལ་སྣང་བ་ཕྱི་རོལ་ན་མེད་པ་རྨི་ལམ་དང་སྒྱུ་མ་ལྟ་བུ། རྐྱེན་ལས་བྱུང་བ་བྲག་ཅའམ། གཟུགས་བརྙན་ལྟ་བུ། མི་རྟག་པ་ཟིལ་པའམ། ཆུ་བུར་ལྟ་བུ། སྣང་ལ་རང་བཞིན་མེད་པ་སྨིག་རྒྱུ་ལྟ་བུའམ། འཇའ་ཚོན་ལྟ་བུ་སྟེ། དེ་ལྟར་སྦྱངས་ཤིང་བསྒོམས་པས་སྣང་བ་ལ་བརྟན་པའི་རྟོག་པ་སྤང་ངོ་། །ཆོས་དྲུག་ཆེན་མོའི་གསུང་རྒྱས་པར་སྤྲོ་ན། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་རང་བཞིན་མེད་པ་ཁོ་ན་ལས་སྣང་བ་ཙམ་སྟེ། དཔེར་ཇི་ལྟར་རྨི་ལམ་བཞིན་བྱའོ། །དེ་ཡང་གང་ལ་ལ་དག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། ཡུལ་ཁང་ཁྱིམ་སྐྱེས་པ་བུད་མེད། རྟ་གླང་ལ་སོགས་རྣམ་པ་སྣ་ཚོགས་པ་ཉེ་བར་སྣང་བའི་ཚེ། དེ་ནི་ཕྱི་རོལ་གྱི་ཡུལ་གང་ཡང་རུང་བ་ཞིག་ནས་འོང་ངམ་ཞེས་བརྟག་ན། ཤར། ལྷོ། ནུབ། བྱང་། མཚམས་དང་། སྟེང་འོག་གང་ནས་ཀྱང་འོང་བ་མི་མཐོང་སྟེ། རྨི་ལམ་གྱི་ཡུལ་དེ་དག་ཕྱི་རོལ་གང་དང་
གང་ལས་བྱུང་བ་མི་འགྲུབ་བོ། །རྣམ་པ་སྣ་ཚོགས་པའི་སྣང་བ་དེ་དག་རང་གི་ལུས་ཀྱི་ནང་ན་ཉེ་བར་གནས་པ་གཉིད་ལོག་པའི་ཚེ་ཕྱི་རོལ་ཏུ་ཐོན་ཏེ། སྣང་བ་ཞིག་གམ་ཞེས་བརྟག་ན་དེ་ཡང་མ་ཡིན་དེ། རྨི་ལམ་གྱི་རྟ་གླང་ལ་སོགས་པ་ངོ་མཚར་བའི་བཀོད་པ་དེ་དག་སྙིང་དང་གློ་བ་ལ་སོགས་པ་ལུས་ཀྱི་ཆ་ཤས་གང་ན་གནས་པ་མིག་ལ་སོགས་པ་དབང་པོའི་སྒོ་གང་ལས་ཐོན་ཏེ་བྱུང་ཞེས་བཙལ་བ་ན། རྣམ་པ་ཐམས་ཅད་དུ་ཡང་མི་རྙེད་དེ། དེ་ལྟར་ཕྱི་དང་ནང་གང་ལས་ཀྱང་མ་བྱུང་བ་དེ། ཡུལ་སྣ་ཚོགས་སུ་སྣང་བ་ཉིད་ཀྱི་ཚེ། དེ་ནི་ཕྱི་ནང་བར་གང་ན་ཡང་གནས་པ་མ་དམིགས་ལ། རྨི་ལམ་གྱི་སྣང་བ་དེ་དག་མེད་པར་གྱུར་པ་ན། སྔར་བྱུང་བ་ལ་ཉེ་བར་བརྟག་པ་བཞིན་བརྟགས་པས། ཕྱོགས་བཅུའི་གང་དུ་ཡང་སོང་བ་མ་མཐོང་ལ་ནང་གི་ཡུལ་གྱི་ཆ་ཤས་གང་དང་གང་དུ་ཐིམ་པ་མ་དམིགས་ཏེ། དེ་ལྟར་ན་རྨི་ལམ་གྱི་སྣང་བ་སྣ་ཚོགས་པ་དེ་དག་དང་པོ་གང་ནས་ཀྱང་མ་བྱུང་ཞིང་། བར་དུ་གང་དང་གང་དུ་ཡང་མི་
གནས་ལ། མཐར་གང་དུ་འགྲོ་བའང་མེད་པའི་ཕྱིར། སྐྱེ་བ་དང་། གནས་པ་དང་། འགག་པ་རབ་ཏུ་དབེན་པའོ། །དེ་ལྟར་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར་འདུས་མ་བྱས་པའོ། །འདུས་མ་བྱས་པའི་ཕྱིར། ངོ་བོ་ཉིད་ཀྱིས་དམིགས་སུ་མེད་པའི་སྟོང་པ་ཆེན་པོ། དེ་ལྟར་ན་མེད་བཞིན་དུ་སྣང་བ་རྨི་ལམ་ཞེས་བྱའོ། །ཇི་ལྟར་རྨི་ལམ་གྱི་སྣང་བ་མེད་བཞིན་དུ་རྣམ་པ་སྣ་ཚོགས་པའི་འཇུག་པ་ཉེ་བར་སྟོན་པ་དེ་ཁོ་ན་བཞིན། འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྨི་ལམ་ཁོ་ན་ལྟ་བུ་སྟེ། དེ་བས་ན་ཀྱེ་མ་བདག་གིས་དེ་སྔ་ཕན་ཆད་རྣམ་པར་སྣང་བའི་དངོས་པོ་འདི་དག་ལ་བདེན་དངོས་སུ་བཟུང་སྟེ། འཛིན་པ་དམ་པོས་ཉེ་བར་བཅངས་པ་དེ་མ་ལེགས། ད་ནི་བླ་མ་དམ་པའི་མན་ངག་ལས་ཇི་སྐད་འབྱུང་བ་ལྟར། ཇི་སྲིད་རྣམ་པར་སྣང་བའི་ཆོས་ཐམས་ཅད་རྨི་ལམ་གྱི་ཡུལ་སྣང་བཞིན། ངེས་པའི་ཤེས་པ་རྣམ་པར་དག་པ་བསྐྱེད་པར་བྱའོ། །འདི་ལྟ་སྟེ། ད་ལྟའི་ས་འདི་དང་རྨི་ལམ་
གྱིས་ས་ནི་གཉིས་སུ་མེད་པའོ། །ཞེས་ཆུ་ལ་སོགས་པ་ལ་སྦྱར་ཏེ་ཞིབ་རྒྱས་སུ་བྷཻ་བར་བྱའོ། ། གཉིས་པ་སྒྱུ་མ་ལྟ་བུར་བསྒོམ་པ་ནི། ཇི་ལྟར་རྨི་ལམ་ལ་བརྟག་པ་བྱས་པ་དེ་བཞིན་དུ། སྒྱུ་མ་ལ་ཡང་བརྟག་པར་བྱ་སྟེ། ཆོས་ཐམས་ཅད་རང་བཞིན་མེད་བཞིན་དུ་རྣམ་པར་སྣང་བ་སྒྱུ་མ་བཞིན་ཞེས་བྱའོ། །དེ་ཡང་ཆོས་དྲུག་ཆེན་མོ་ལས། སྒྱུ་མའི་མཁན་པོ་དག་གིས་ཤིང་བུ་དང་རྡེའུ་ལ་སོགས་པ་རྫས་གང་ཡང་རུང་བ་ལ་སྒྱུ་མའི་སྔགས་ཀྱིས་བཏབ་པས། རྣམ་པ་སྣ་ཚོགས་པ་སྒྱུ་མའི་སྤྲུལ་པ་དག་སྣང་བར་བྱས་ཏེ། སྒྱུ་མས་བསླད་པའི་སྐྱེ་བོ་རྣམས་དགའ་གདུང་གི་ཚོར་བ་དུ་མ་བསྐྱེད་པར་བྱེད། དེ་ལྟ་བུ་ཉིད་ཀྱི་ཚེ། སྒྱུ་མའི་རྟ་གླང་ལ་སོགས་པ་དེ་དག་རྡེའུ་ཤིང་བུ་ལ་སོགས་པའི་ཁོང་ནས་འོངས་པ་མ་ཡིན་ཞིང་། ཕྱི་རོལ་གྱི་ཕྱོགས་གང་ནས་ཀྱང་འོངས་པ་མེད་དེ། དེ་བཞིན་དུ་གནས་པ་དང་། འགག་པ་ཡང་ཀུན་ཏུ་མ་དམིགས་ལ་དེ་ལྟ་ན་ཡང་སྒྱུ་མའི་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པར་བཀྲ་བ་ཉེ་བར་སྣང་སྟེ། དེ་
ཁོ་ན་བཞིན་མ་རིག་པ་ལ་སོགས་ལ་རྟེན་ཅིང་འབྲེལ་བར་འབྱུང་བའི་འཁོར་ལོ་ལུགས་ལས་འབྱུང་བ་དང་། ལུགས་ལས་བཟློག་པའི་ཚུལ་གྱིས་འཁོར་བ་དང་མྱ་ངན་ལས་འདས་པའི་ཚུལ་རྣམ་པར་སྣང་བ་གང་དེ་ཡང་ངོ་བོ་ཉིད་ཀྱིས་མ་སྐྱེས་ཤིང་མི་གནས་ལ། མི་འགག་སྟེ། འདུས་མ་བྱས་པ་སྟོང་པ་ཆེན་པོ་ཉིད་འཁོར་འདས་སྣང་དམིགས་སྒྱུ་མའི་ཆོ་འཕྲུལ་དུ་མར་སྣང་བ་ཙམ་དུ་ཟད་དོ། །དེ་བས་ན་བདག་གིས་ཆོས་ཐམས་ཅད་གདོད་ནས་སྒྱུ་མ་ལ་སྒྱུ་མ་ཉིད་དུ་མ་རྟོགས་པས་འཁོར་བའི་འཁོར་ལོ་རྒྱུན་ལྡན་དུ་གྱུར་པ་དེ་མ་ལེགས། ད་ནི་བདག་གིས་གསུང་རབ་ཀྱི་ངེས་པ་ཕྱིན་ཅི་མ་ལོག་པ་འདི་ངེས་པའི་ཤེས་པ་རྣམ་པར་དག་པས་གཏན་ལ་ཕབ་སྟེ། ཉམས་སུ་བླང་བར་བྱའོ། ། གསུམ་པ་རྐྱེན་ལས་སྐྱེས་པ་སྒྲ་སྙན་ལྟ་བུར་བསྒོམ་པ་ནི། འདི་ལྟར་སྣང་དམིགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྐྱེན་དུ་མ་འཚོགས་པ་ལ་བརྟེན་ནས་བྱུང་བ་སྟེ། དཔེ་ཇི་ལྟར་ན་སྒྲ་སྙན་བཞིན་ཞེས་བྱའོ། །དེ་ཡང་ཆོས་
དྲུག་ཆེན་མོ་ལས། དུང་ལ་ཕུས་བཏབ་པ་དང་། རྔ་ལ་དབྱུ་གུས་བསྣུན་པ་དང་། པི་ཝང་ལ་སོགས་རོལ་མོའི་འདུ་བྱེད་ལ་སོགས་པས་སྒྲ་སྙན་གྱི་རྣམ་པ་མི་འདྲ་བ་སྣ་ཚོགས་པ་དག་འབྱུང་མོད་ཀྱི། འབྱུང་བ་དེ་ཉིད་ཀྱི་ཚེ་ན། དེ་ནི་རང་བཞིན་མེད་པ་སྟེ། འདི་ལྟར་རྔའི་སྒྲ་དེ་ནི། ཤིང་ཁོ་ན་ལས་སམ། པགས་པ་ཁོ་ན་ལས་སམ། སྐྱེས་བུའི་ལག་པའི་རྩོལ་བ་ཁོ་ན་ལས་བྱུང་ཞེས་ཉེ་བར་བརྟགས་ན། གང་ཡང་འཐད་པ་མ་ཡིན་ཏེ། དེ་དག་རེ་རེ་ཁོ་ན་ལས་རྔའི་སྒྲ་འུར་འུར་པོ་འབྱུང་བ་མེད་དོ། །རྐྱེན་དེ་དག་འཚོགས་པ་ལས་འབྱུང་བ་ལྟར་སྣང་མོད་ཀྱི། འབྱུང་བ་དེ་ཉིད་ཀྱི་ཚེ་སོ་སོར་ཞིབ་ཏུ་བརྟགས་པས་མི་རྙེད་དོ། །དེ་བཞིན་དུ་གནས་པ་དང་། འགག་པ་ཡང་དམིགས་སུ་མེད་པའི་ཕྱིར། སྐྱེ་གནས་འགག་གསུམ་དང་བྲལ་བ་འདུས་མ་བྱས་པ་ཉིད་ཡིན་ལ། ཡིན་བཞིན་དུ་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གི་མཚན་ཉིད་སྒྱུ་མ་ལྟ་བུ་མི་འདོར་བ་གྲག་སྟོང་དབྱེར་མེད་ཀྱི་དོན་དུ་འགྱུར་རོ། །དཔེ་དེ་བཞིན་དུ་མ་
ལུས་པའི་ཆོས་ཐམས་ཅད་ཀྱང་རྐྱེན་ལས་འབྱུང་བ་ཁོ་ན་སྟེ། འདི་ལྟར། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་རྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་འདི་དག་བརྟེན། །ཞེས་གང་བྱུང་བ་ལྟར། ཕྱི་རོལ་ཏུ་རྣམ་པར་སྣང་བའི་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ནས་མ་བསྡུས་པ་མེད་ལ། ནང་གི་འབྱུང་བ་ཆེན་པོའི་རྟེན་ཅིང་འབྲེལ་བར་འབྱུང་བས་ལུས་མངོན་པར་བསྐྱེད་པ་དང་། གནས་པ་དང་། འགག་པའི་ཚུལ་དུ་ཉེ་བར་སྣང་སྟེ། དེ་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་ཙམ་མ་གཏོགས་པ། བདེན་དངོས་སུ་གྲུབ་པ་ཅུང་ཟད་ཙམ་ཡང་མེད་དེ། ཐམས་ཅད་རང་བཞིན་མེད་ལ་རྣམ་པར་སྣང་བའི་རྒྱུན་འགག་པ་མེད་པ་ཙམ་གྱིས་རབ་ཏུ་བྱེ་བ་ཉིད་དོ། །ཞེས་རབ་ཏུ་ངེས་པར་བྱས་ནས། ཨེ་མ་ཆོས་འདི་ཐམས་ཅད་རྐྱེན་དུ་མ་འཚོགས་པའི་བདག་ཉིད་ཅན། རང་གི་ངོ་བོས་སྐྱེ་བ་དང་། འགག་པའི་མཚན་མ་ཅུང་ཟད་ཙམ་ཡང་མེད་པའོ། །ཞེས་ཡང་དང་ཡང་དུ་བསྒོམ་པར་
བྱའོ། །བཞི་པ་བྲག་ཅ་ལྟ་བུར་བསྒོམ་པ་ནི། ཆོས་དྲུག་ཆེན་མོ་ལས། བྲག་ཅའི་སྒྲ་ཉེ་བར་སྣང་བ་ཙམ་ཡང་། ཕན་ཚུན་རྐྱེན་ཉེ་བར་འཚོགས་པ་ལས་འབྱུང་ཞིང་སོ་སོར་བརྟགས་ན་ནི་ནམ་དུ་ཡང་མི་རྙེད་དེ། དེ་ལྟར་རང་བཞིན་མེད་བཞིན་དུ་རྣམ་པར་སྣང་བ་ཙམ་ཞེས་རྟོགས་པར་བྱས་ནས། ཆོས་ཐམས་ཅད་ཀྱང་དེ་དང་མཚུངས་པ་ཉིད་དུ་གཏན་ལ་ཕབ་ཅིང་བྷཻ་བའོ། ། ལྔ་པ་མི་རྟག་པ་ཟིལ་བ་ལྟ་བུར་བསྒོམ་པ་ནི། ཆོས་འདི་སྐད་ཅིག་རེ་རེ་བཞིན་དུ་མི་རྟག་པ་སྟེ། རྩྭ་རྩེའི་ཟིལ་བ་བཞིན་དུ་ཞེས་བྱའོ། །ཆོས་དྲུག་ཆེན་མོ་ལས། ཟིལ་བ་རྟག་པའི་གོ་སྐབས་མེད་པ་དེ་བཞིན་དུ་ཆོས་ཐམས་ཅད་ཀྱང་མི་འགྱུར་ཞིང་རྟག་པའི་གོ་སྐབས་གཏན་ནས་ཡོད་པ་མ་ཡིན་ཏེ། སྔར་མི་རྟག་པ་བསྒོམ་པའི་སྐབས་སུ་ཞིབ་རྒྱས་སུ་འབྱུང་བ་ལྟ་བུའོ་ཞེས་བསྒོམ་པའོ། ། དྲུག་པ་ཆུ་བུར་ལྟ་བུར་བསྒོམ་པ་ནི། ཆོས་ཐམས་ཅད་སྐད་རེ་རེ་བཞིན་རྣམ་པར་གཡོ་བ་སྟེ། དཔེར་ན་ཆུའི་ལྦུ་བ་བཞིན་ཞེས་བྱའོ། །དེ་ལ་ཡང་ཆོས་དྲུག་ཆེན་མོ་
ལས། སྔ་མ་ཇི་ལྟ་བའི་ཚུལ་གྱིས་བརྟག་ཅིང་དཔྱད་དེ། ཆོས་ཐམས་ཅད་སྐད་ཅིག་རེ་རེ་བཞིན་དུ་མི་རྟག་པའི་ཚུལ་ལ་ངེས་པའི་ཤེས་པ་རྣམ་པར་དག་པ་བསྐྱེད་པར་བྱའོ། ། བདུན་པ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམ་པ་ནི། ཆོས་ཐམས་ཅད་སྣང་ཡང་རང་བཞིན་མི་དམིགས་པ། དཔེ་ཇི་ལྟར་ན་མེ་ལོང་ནང་གི་གཟུགས་བརྙན་བཞིན་ཞེས་བྱའོ། །དེ་ཡང་ཆོས་དྲུག་ཆེན་མོ་ལས། ཤིན་ཏུ་གཡའ་དག་པའི་མེ་ལོང་ལ་འཆར་རུང་གི་གཟུགས་ཇི་སྙེད་པ་དང་ཁ་དོག་དང་། རྟགས་དང་དབྱིབས་དང་། མཚན་མར་བཅས་པ་རབ་ཏུ་གསལ་བར་སྣང་ཡང་དེ་ཉིད་དེ་ན་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་པ་ཞིག་ན་མེ་ལོང་གི་ཕྱིའམ། ནང་ངམ། བར་གང་ན་ཡོད་པ་བརྟག་པར་བྱོས་ཤིག །མེ་ལོང་གི་གཟུགས་བརྙན་དེ་གང་ལས་བྱུང་བ་དང་། གང་དུ་སོང་བ་དང་། གང་དུ་གནས་པ་ཡང་དཔྱོད་པར་བྱོས་ཤིག །དཔྱད་ཅིང་གཞིགས་ན་དེ་དག་རྙེད་པར་མི་འགྱུར་ཏེ། དེའི་ཕྱིར་འདི་ནི་སྐྱེ་
བ་དང་གནས་པ་དང་། འགག་པ་རབ་ཏུ་དབེན་པ། ཕྱི་ནང་བར་གང་ནའང་མ་དམིགས་པ། རང་བཞིན་གྱིས་ཉེ་བར་ཞི་བ་ཡིན་ལ། ཞི་ཡང་རྣམ་པར་སྣང་བ་མི་འགག་མོད་ཀྱི། མི་འགག་པ་ཉིད་ཀྱི་ཚེ་ནའང་། རང་གི་ངོ་བོ་གཞི་མ་གྲུབ་པས་བརྗོད་པ་མཐའ་དག་དང་བྲལ་བ་སྟེ། དེ་ཁོ་ན་བཞིན་ཆོས་འདི་ཐམས་ཅད་བལྟ་བར་བྱའོ། ། བརྒྱད་པ་ཆུ་ཟླ་ལྟ་བུར་བསྒོམ་པ་ནི། །ཆོས་ཐམས་ཅད་སྣང་ཡང་རང་བཞིན་མེད་པ་དཔེ་ཇི་ལྟར་ན་ཆུའི་ཟླ་བ་བཞིན་ཞེས་བྱའོ། །དེ་ཡང་ཆོས་དྲུག་ཆེན་མོ་ལས། རབ་ཏུ་དྭངས་པའི་ཆུའི་ནང་དུ་ཟླ་བའི་གཟུགས་བརྙན་རབ་ཏུ་གསལ་བ་རྣམ་པར་སྣང་བའི་ཚེ། ནམ་མཁའི་ཟླ་བ་ཆུའི་ནང་དུ་འོངས་པ་མེད་ཅིང་། ནམ་མཁའི་ཟླ་བ་ལས་གཞན་ཞིག་དེར་བྱུང་བ་ཡང་མེད་དེ། དེ་ལྟར་ན་ཆུའི་ཟླ་བ་དེ་ནི་གང་ཞིག་ཅེས་རྣམ་པར་དཔྱད་ན་གང་ཡང་མ་དམིགས་ཏེ། ཆུའི་ནང་གི་ཟླ་བ་ནི་གཏན་ནས་མེད་པ་ཞེས་བྱའོ། །མེད་ཀྱང་ཉེ་བར་སྣང་བ་ཙམ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་གཟུགས་
ཏེ། དེ་ཡང་གདོད་ནས་སྟོང་པ་ཉིད་ཆེན་པོ་སྨྲ་བསམ་བརྗོད་པའི་མཐའ་ཐམས་ཅད་ལས་གྲོལ་བ་ཉིད་དེ། དེ་ཁོ་ན་བཞིན་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྣམ་པར་སྣང་ཡང་རང་བཞིན་གྱི་མཚན་མ་མེད་ཅིང་དམིགས་སུ་མེད་པའི་བསམ་པ་དང་བརྗོད་པའི་ཡུལ་ལས་ཤིན་ཏུ་འདས་པ། སྤྲོས་པའི་མཐའ་ཐམས་ཅད་ཀྱིས་མ་གོས་པའོ། །ཞེས་ཐག་བཅད་དེ། གཏན་ལ་དབབ་པར་བྱའོ། །དེ་ལྟར་ན་ཆོས་འདི་ཐམས་ཅད་མེད་བཞིན་དུ་ནི་སྣང་། དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ནའི་རང་གཟུགས་སུ་ནི་གྲུབ། དེ་རྟག་པ་ལ་སོགས་ཕྱིན་ཅི་ལོག་ལས་ནི་འདས། ཇི་ལྟར་སྣང་བ་ཉིད་ཀྱི་ཚེ། རང་བཞིན་མེད་པ་ཉིད་དུ་ནི་རང་གྲོལ་བས་ཏེ། དོན་དེ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཐབས། སྒྱུ་མའི་དཔེ་ཟུང་བཞི་ཡ་བརྒྱད་ཀྱིས་བརྟག་པ་བསྟན་པར་མཛད་པ་ཡིན་ནོ། །རྣམ་པ་གཅིག་ཏུ་ན་དཔེ་མཐའ་མ་གཉིས་སྨིག་རྒྱུ་དང་འཇའ་ཚོན་ལྟ་བུ་ཞེས་གསུངས་ཏེ། དེ་དག་ཀྱང་སྣང་
བཞིན་དུ་བདེན་པར་མ་གྲུབ་ལ། ཆོས་ཐམས་ཅད་ཀྱང་དེ་ལྟ་བུའོ་ཞེས་སྟོན་པར་དོན་གཅིག་པ་ཉིད་དོ། །འདི་ནི་དཔེའི་གཙོ་བོ་ཆུའི་ཟླ་བ་ཁོ་ནས་ཏེ། ཇི་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། གང་དག་བསྟེན་ནས་དངོས་པོ་རྣམས། །ཆུ་ཡི་ཟླ་བ་ལྟ་བུར་ནི། །ཡང་དག་མ་ཡིན་ལོག་མིན་པར། །འདོད་པ་དེ་དག་ལྟས་མི་འཕྲོག །ཅེས་དང་། གང་དག་བརྟེན་ནས་དངོས་པོ་རྣམས། །བདེན་པ་ཉིད་དུ་གྲུབ་འདོད་པ། །དེ་དག་ལ་ཡང་ཇི་ལྟ་བུར། །རྟག་སོགས་སྐྱོན་དེ་འགྱུར་བ་ཡིན། །ཞེས་གསུངས་ཤིང་། རྒྱུད་ལས་ཀྱང་། རང་བཞིན་གདོད་ནས་མ་སྐྱེས་པ། །བདེན་མིན་རྫུན་མིན་དེ་བཞིན་དུ། །ཐམས་ཅད་ཆུ་ཡི་ཟླ་བ་ལྟར། །འདོད་པས་རྣལ་མར་ཤེས་པར་བྱོས། །ཞེས་པ་ལྟ་བུ་སྟེ། ཕྱི་དང་ནང་གི་ཆོས་ཐམས་ཅད་ཆུའི་ཟླ་བ་ལྟ་བུར་ངེས་པའི་ཤེས་པ་རྣམ་པར་དག་པ་སྐྱེས་ན། མདོ་སྔགས་དབྱེར་མེད་ཀྱི་ལྟ་བའི་དོན་ཕྱིན་ཅི་མ་ལོག་པར་འགྱུར་རོ། །དེ་ལྟར་སྒྱུ་མའི་དཔེ་རྣམ་པ་བརྒྱད་པོ་འདི་དག་དང་། གཞན་
ཡང་། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་སྤྲིན་དང་གློག་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཞེས་འབྱུང་བ་ལྟ་བུའམ། གཞན་ཡང་སྒྱུ་མའི་དཔེ་རྣམ་པར་བཀོད་པ། མདོ་སྡེ་རིན་པོ་ཆེ་ལས་འབྱུང་བ་ཅི་རིགས་སུ་ཁོང་དུ་ཆུད་པར་བྱས་ཏེ་བསྒོམ་པའམ། དཔེ་ཅུང་ཟད་ཙམ་ཁོ་ནས་དོན་ལ་ཡང་དག་པར་གཞུག་ཅིང་ནན་ཏན་དུ་བྷཻ་བ་ཇི་ལྟར་རིགས་སུ་བྱའོ། །ཇི་ལྟར་ན་ཡང་། དངོས་གཞི་རྣམ་པར་མི་རྟོག་པ་སྒྱུ་མ་ཆེན་པོའི་ཏིང་ངེ་འཛིན་ལ་ཅི་ཙམ་གནས་གནས་སུ་མཉམ་པར་བཞག་ནས། གལ་ཏེ་གནས་པར་མི་ནུས་ན་སྒྱུ་མའི་དཔེ་རྣམས་ལ་ཞིབ་ཏུ་བསམ་ནས། ཐམས་ཅད་སྒྱུ་མ་ཉིད་དུ་ཐག་བཅད་ནས་སླར་ཡང་སྔ་མ་བཞིན་བྷཻ་བར་བྱའོ། །ཐུན་གཅིག་གི་ནང་དུ་ཡང་དེ་ལྟ་བུ་ཙམ་ནུས་ནུས་སུ་བྱས་ནས་འཕྲོ་འཇོག་པར་འདོད་པ་ན་བསྔོ་བ་སྨོན་ལམ་བྱ་སྟེ། ཐུན་མཚམས་ཐམས་ཅད་དུའང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངང་མ་ཤོར་བ་ལ་བསླབ་པར་བྱ་སྟེ།
རིམ་པ་དེ་ལྟ་བུ་ཐུན་བཞིའམ། ཐུན་དྲུག་ཏུ་བཅད་དེ་བསྒོམས་པས་སྒྱུ་མའི་ཉམས་སུ་མྱོང་བ་རྣམ་པར་དག་པ་མྱུར་དུ་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་སྤྱིར་སྦྱང་བ་ཞེས་བྱ་ཞེ་ན། འཁོར་བ་དང་མྱ་ངན་ལས་འདས་པ་ཇི་སྙེད་པ་སྒྱུ་མ་ཉིད་དུ་གཏན་ལ་ཕབ་སྟེ་བྷཻ་བའི་ཕྱིར། དེ་སྐད་དུ་བརྗོད་པ་ཡིན་ཏེ། ཇི་སྐད་དུ། ཁམས་གསུམ་སེམས་ཅན་ཐམས་ཅད་ནི། །ལས་ཀྱིས་སྤྲུལ་པའི་སྒྱུ་མ་ཡིན། །ཞེས་འབྱུང་བ་དང་། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་ཀུན་རྟོག་བརྗོད། །སྒྱུ་མའི་རྣམ་པ་ཇི་ལྟ་བར། །དེ་བཞིན་གཉིས་སུ་འཁྲུལ་བར་བརྗོད། །ཅེས་དང་། ཇི་ལྟར་དེ་ནི་དམིགས་པ་ལྟར། །དེ་བཞིན་དུ་ནི་ཀུན་རྫོབ་འདོད། །ཇི་ལྟར་དེ་ལ་དེ་མེད་པ། །དེ་བཞིན་དུ་ནི་དོན་དམ་འདོད། །ཅེས་སོགས་ཀྱིས་བདེན་པ་རྣམ་པ་གཉིས་ལ་སོགས་པའི་ཆོས་རྣམས་ཀྱི་རྣམ་པར་འགྱུར་བ་ཐམས་ཅད་སྒྱུ་མ་ཉིད་དུ་བསྟན་པར་མཛད་དེ། དེའི་དོན་རང་གི་རྒྱུད་ལ་སྦྱར་ནས་ཉེ་བར་བསྒོམ་པ་ལ་སྒྱུ་མ་སྤྱིར་སྦྱང་བ་ཞེས་བྱ་བ་ཡིན་ནོ། ། གཉིས་པ་སྒྱུ་མའི་དཔེ་
བཅུ་གཉིས་ཀྱི་སྒོ་ནས་གཏན་ལ་དབབ་པ་ནི། །རྗེ་བཙུན་མི་ལས། རྒྱུ་རྐྱེན་ལས་གྲུབ་པས་སྒྱུ་མ། གཡོ་བ་དང་བཅས་པས་སྨིག་རྒྱུ། གནས་དང་ལོངས་སྤྱོད་མེད་བཞིན་དུ་སྣང་བས་དྲི་ཟའི་གྲོང་ཁྱེར། སྣང་ལ་རང་བཞིན་མེད་པས་འཇའ་ཚོན་ནོ། །གསལ་ལ་རྫོགས་པས་མེ་ལོང་གི་གཟུགས། ཀུན་ལ་ཁྱབ་པས་ཆུ་ཟླ། རང་ཡིན་ཡང་གཞན་དུ་སྣང་བས་བྲག་ཅ། སེམས་དང་བཅས་པས་རྨི་ལམ། མི་རྟག་ཅིང་མྱུར་བས་གློག །མེད་བཞིན་སྣང་བས་མིག་ཡོར། གཅིག་ཀྱང་དུ་མར་འབྱུང་བས་སྤྲིན། གཟུགས་སྣ་ཚོགས་པས་སྤྲུལ་པའོ། །ཞེས་གསུངས།དེ་རྣམས་ཀྱི་དོན་ལ་རེས་ཕར་བལྟ། རེས་ཚུར་བལྟ། དེ་རང་ལ་བསྟིམ་ལ་སྔ་མ་ལྟར་བྷཻ་བར་བྱའོ། །དེ་ལྟར་སྦྱངས་ཤིང་བསྒོམས་པས་སྣང་བ་ལ་བརྟེན་པའི་རྟོག་པ་སྤང་ངོ་། །ཐུན་གཅིག །གཉིས་པ་ཟིན་པ་བརྟན་པར་བྱེད་པ་མ་དག་ལུས་ཀྱི་སྒྱུ་མ་སྦྱང་བ་ནི། མདུན་དུ་མེ་ལོང་གཅིག ཤིང་ཁྲུ་གང་ཙམ་དཔྱང་ལ། ལུས་ཀྱི་གཟུགས་བརྙན་གསལ་བར་བྱས་
ལ། དེ་ལ་བརྡེག་བཙོག་དང་། རྒྱན་འདོགས་པ་དང་། བསྟོད་སྨད་བྱས་ཀྱང་ཁྱད་མེད་པས། །དྲིན་ཆེན་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱིས། འདི་ལ་བརྟག་པ་གཉིས་ཡོད། རང་ལ་བསྟོད་པ་རྒྱུ་ཡོད་ན། གཞན་གྱིས་བསྟོད་པ་བདག་ལ་དགའ་རྒྱུ་ཅི་ཡོད། རང་ལ་བསྟོད་པ་རྒྱུ་མེད་ན། གཞན་གྱིས་བསྟོད་པ་ལ་ཡོན་ཏན་མེད་པས། ཡང་གཞན་གྱིས་མཚང་འབྲུ་ཞིང་སྨད་ར་བྱས་པ་ལ། འདི་ལ་ཡང་། རང་ལ་སྨད་ར་དང་མཚང་འབྲུ་རྒྱུ་ཡོད་ན། གཞན་གྱིས་སྨད་ར་དང་མཚང་བྲུས་པས་ཅི་གནོད། རང་ལ་སྨད་ར་དང་མཚང་འབྲུ་རྒྱུ་མེད་ན། གཞན་གྱིས་སྨད་ར་དང་མཚང་བྲུས་པས་དེ་བས་ཀྱང་ཅི་གནོད། དེས་ན་བསྟོད་སྨད་ལ་དགའ་སྡུག་སྤྲོས་བྲལ་གྱི་ངང་ལ་ཞོག ། རང་གི་ལུས་ཀྱང་དེ་དང་འདྲ་བར་བལྟ། ངག་བྲག་ཅ་དང་འདྲ་བར་བལྟ། ཡིད་གཡོ་བ་སྨིག་རྒྱུ་ཙམ་དུ་བལྟས་ཏེ་བྷཻ། དེ་བརྟན་ནས་ངེས་ཤེས་སྐྱེས་ན་དྲན་རྟོག་རང་བཞིན་མེད་པར་མཐོང་། བསྟོད་སྨད་ལ་ཁྱད་པར་མེད་པ་འབྱུང་ངོ་། །ཐུན་གཅིག །དྲུང་ཀུན་སྤངས་
པའི་ཟིན་བྲིས་ལས། དེ་ལས་རྒྱས་པར་འདོད་ན་གསུམ་ལས། དང་པོ་ལུས་སྒྱུ་མ་སྣང་སྟོང་གཟུགས་བརྙན་ལྟར་གཏན་ལ་དབབ་པ་ནི། དབེན་པའི་གནས་སུ་ལུས་གནད་དང་ལྡན་པས། སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་སྔོན་འགྲོའི་རིམ་པ་རྣམས་གོང་ལྟར་བྱས་ལ། རང་གི་མདུན་དུ་མེ་ལོང་ཞིག་ཤིང་ཁྲུ་གང་ཙམ་ཞིག་ལ་བཏགས། རང་ཉིད་ཁྲུས་དང་རྒྱན་ཆས་ལེགས་པོར་བྱས་ལ། རང་གི་གཟུགས་བརྙན་མེ་ལོང་ལ་ཤར་དུ་བཅུག་ནས། དེ་ལ་བསྟོད་ར་དུ་མ་བྱས་ཏེ། དེ་ལྟར་བྱས་པས་དགའ་གདུང་ཨེ་སྐྱེ་བལྟ། དེ་ལ་ཁེངས་པ་དང་། དགའ་སེམས་མ་སྐྱེས་ན་ལེགས། སྐྱེས་ན་ཅི་གཟུགས་བརྙན་དང་འདྲ་བའི་ལུས་འདི་ལ། ཁྱོད་དགའ་བ་དང་ཁེངས་སེམས་སྐྱེས་ན། ཅི་ཞིག་བྱ་སྟེ་སྙམ་དུ་བསམ་ཞིང་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྦྱང་བར་བྱའོ། །ཡང་རང་གི་ལུས་སྔར་གཟེངས་བསྟོད་པ་དེ་ཕབ་ནས། ངོ་དང་ལུས་ལ་ཐལ་བ་སོགས་པ་མི་གཙང་བས་བྱུགས་ནས་གོས་ཧྲུལ་པོ་གྱོན།
བཞིན་གནག་ནས་མེ་ལོང་ལ་འཆར་དུ་བཅུག་ནས་འདི་སྐད་བྱ་སྟེ། ཁྱོད་འདྲ་བའི་མི་བསོད་ནམས་ཆུང་བ་གཅིག་ཇི་ལྟར་འོངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་གྱིས་བསྐོར་ནས་སེམས་ཅན་ཅི་ཙམ་ཞིག་གྲོལ་བར་བྱས་པ་ལ་ཡང་མ་སླེབས། དེའི་རྗེས་ལ་འཕགས་པ་འོད་སྲུང་ལ་སོགས་པ་དེ་སྙེད་ཞིག་གིས་རྒྱལ་བའི་བསྟན་པ་འཛིན་པའི་སྐབས་སུ་ཡང་མ་སླེབས། དེར་མ་ཟད་བཀའ་བརྒྱུད་གོང་མ་མཆོག་གི་གྲུབ་པ་བརྙེས་པའི་བླ་མ་རིམ་པར་བྱོན་པ་རྣམས་དང་ཡང་མ་མཚུངས། སྙིགས་མ་ལྔ་ལས་ཀྱང་ཆེར་སྙིགས་མར་གྱུར་པ་ཉོན་མོངས་པ་དུག་གསུམ་གྱིས་རྒྱས་པའི་སྐབས་འདི་ལྟ་བུ་ཞིག་གི་དུས་སུ་སྐྱེས་ནས་ཤེས་རབ་ཆུང་ལ་རྨོངས་པ་དད་པ་མེད་པ། དགོས་པའི་ཡོན་ཏན་གཅིག་ཀྱང་མེད་པའི་བསམ་བརླག་པ་ཁྱོད་འདྲ་བ་གཅིག་ཡོང་དགོས་ཟིན་ཟེར་ནས། སྨད་ར་དུ་མ་བྱས་པས་དེ་ལ་མི་དགའ་བ་ཅི་འདུག་བལྟ། མི་འདུག་ན་ལེགས། འདུག་ན་ཡང་མེ་ལོང་གི་གཟུགས་བརྙན་
ལྟར་སྦྱང་བ་དང་། དགའ་སྡུག་ཅི་བྱུང་ཡང་མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་བ་སྦྱང་བར་བྱའོ། །ཐུན་གཅིག ། གཉིས་པ་ངག་སྒྱུ་མ་གྲག་སྟོང་བྲག་ཅ་ལྟར་གཏན་ལ་དབབ་པ་ནི། བྲག་གམ་ཤིང་ལ་སོགས་པའི་གནས་སུ་ཕྱིན་ཏེ། ལེགས་ཉེས་བཟང་ངན་མཐོ་དམན་ལ་འོ་དོད་བོས་ལ་ཇི་སྐད་བོས་པ་བཞིན་ཚུར་ལའང་ཟེར་ནས་འོང་། མཐོ་དམན་ལེགས་ཉེས་བསྟོད་སྨད་ཀྱི་འཛིན་རྟོག་རང་བཞིན་མེད་པའོ། །ཐུན་གཅིག །དེ་ལས་རྒྱས་པར་འདོད་ན། ཆོས་དྲུག་ཆེན་མོར་གསུངས་པ་ལས། ངག་གི་བརྗོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པར་བྱ་བའི་ཕྱིར། མཚོན་ཐབས་ཀྱི་སྦྱོར་བ་བསྟན་ཏེ། དེ་ཡང་བྲག་ཅ་འབྱུང་དུ་རུང་བའི་ས་ཕྱོགས་སུ་སོང་ལ། ཧ་ཧ་ཧཱུྃ་ཧཱུྃ། ཕཊ་ཕཊ་ལ་སོགས་པ་སྔགས་ཀྱི་སྒྲ་དབྱངས་དུ་མ་དང་། ཁ་ཏོན་བསྟོད་དབྱངས་སྣ་ཚོགས་པ་དང་། འཇིག་རྟེན་གྱི་གཏམ་ཚིག་བརྗོད་པ་ཡིད་དུ་འོང་བ་དང་། མི་འོང་བ་དག་བརྗོད་དེ། བྲག་ཅ་ལས་ཀྱང་དེ་ལྟ་བུའི་བརྗོད་པ་གསལ་
བར་སྣང་བ་ལ་ཉེ་བར་བརྟགས་ནས་དེ་རང་བཞིན་མེད་པ་ཉིད་དུ་ཐག་བཅད་དེ། དེ་ཁོ་ན་བཞིན་ཁོ་བོ་ཅག་གི་ངག་ཏུ་བརྗོད་པ་ཡང་རང་བཞིན་མེད་པ་སྟེ། སྤྱི་བོ་དང་། རྐན་དང་། མཆུ་དང་། ལྕེ་ལ་སོགས་པ་སྒྲའི་གནས་རྣམས་ལས་སྣ་ཚོགས་སུ་བརྗོད་པ་དག་ཉེ་བར་སྣང་མོད་ཀྱི། སྣང་ཡང་དེ་ནི་ངོ་བོ་ཉིད་ཀྱིས་བརྗོད་དུ་མེད་པ། བརྗོད་པ་ལས་འདས་པ། ངག་དང་། ཚིག་དང་། ཡི་གེའི་ལམ་མ་ཡིན་པ་ཉིད་དོ། །ཞེས་རྟོགས་པར་བྱས་ནས། ཀྱེ་མའོ་བདག་ཅག་གི་སྒྲ་ཚིག་བརྗོད་པ་ལ་མངོན་པར་ཞེན་པའི་དབང་གིས། ད་སྔར་འཁྲུལ་བ་བྱེ་བ་དུ་མར་སྐྱེས་ཟིན་ཀྱང་། ད་ནི་དེ་ལྟར་མི་བྱ་སྟེ། བརྗོད་པའི་ལམ་ལས་རབ་ཏུ་འདས་པའི་རང་བཞིན་གྱ་ནོམ་པ་བསྒྲུབ་པར་བྱའོ། །ཞེས་རྩེ་གཅིག་ཏུ་བཞག་པར་བྱའོ། །གལ་ཏེ་དེ་ལ་མི་གནས་ན། སྔ་མ་བཞིན་མཚོན་ཐབས་ཀྱི་སྦྱོར་བ་ཡང་དང་ཡང་དུ་བསྒོམས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་རབ་ཏུ་བརྟན་པར་བྱའོ། །རང་གི་ངག་ལ་བསྒོམ་པ་ཉེ་བར་བྷཻ་བས། ཕྱི་དང་ནང་
གི་སྒྲ་སྐད་ཇི་སྙེད་པ་ཐམས་ཅད་སྒྲ་བརྙན་དུ་ཡང་དག་པར་མཐོང་བའི་ཏིང་ངེ་འཛིན་རྒྱ་འབྱམས་སུ་སྐྱེ་བར་འགྱུར་རོ། ། གསུམ་པ་ཡིད་གཡོ་བ་སྨིག་རྒྱུ་ལྟར་གཏན་ལ་དབབ་པ་ནི། དབེན་པ་ལུས་ངག་ཡིད་གསུམ་སྒྱུ་མར་སྦྱངས་པས་ཉམས་བརྟན་ནས་འདི་ལྟར་སྦྱང་བར་བྱའོ། །གཞན་གྱིས་བསྟོད་སྨད་བྱས་པའམ། བྱེད་དུ་བཅུག་པ་ལ་ཆགས་སྡང་སྐྱེའམ་མི་སྐྱེ་བལྟ། ཆགས་སྡང་མི་སྐྱེ་ན་ཅུང་ཟད་འབྱོངས་པས་ལེགས། ད་དུང་སྐྱེས་ན་གོང་ལྟར་བྱང་བར་བྱ། མི་སྐྱེ་བར་འདུག་ན་ཁྲོམ་མང་པོའམ། ཚོང་འདུས་ལ་སོགས་པར་ཕྱིན་ལ་དེ་རྣམས་ཀྱི་རྐྱེན་གྱིས་གནོད་དམ་མི་གནོད་བལྟ། དེས་མི་གནོད་ན་སྒྱུ་ལུས་འབྱོངས་པ་ཡིན་པས་ལེགས། རོ་སྙོམས་ལ་སོགས་པའི་གནད་ཀྱང་འདི་ཡིན་ནོ། །ད་རུང་ཆགས་སྡང་སྐྱེ་བར་འདུག་ན། དབེན་པར་ཕྱིན་ལ་བླ་མ་ལ་གསོལ་བ་དྲག་ཏུ་གདབ། སྐྱོ་ཤས་བསྐྱེད། འཁྲི་བ་བཙན་ཐབས་སུ་གཅད། བརྩོན་འགྲུས་བསྐྱེད་ལ་གོང་ལྟར་བསྒོམ་པར་བྱའོ། །དེ་ལྟར་བྱས་
པས་ལུས་ངག་ཡིད་གསུམ་ལ་ཞེན་པ་མེད་པ་དང་། ཆགས་སྡང་ཅུང་ཟད་སྐྱེ་བ་ལ་ཡང་དྲན་པས་བཟློག་ནུས་པ་དང་། མཐར་རོ་སྙོམས་པར་འགྱུར་རོ། །ཐུན་གཅིག །དེ་ལས་རྒྱས་པར་འདོད་ན། ཆོས་དྲུག་ཆེན་མོ་ལས། ལུས་ངག་གི་རྣམ་པ་སྒྱུ་མ་ལྟར་མཐོང་དུ་ཟིན་ཀྱང་། སེམས་ཀྱི་ངོ་བོ་སྒྱུ་མ་རྨི་ལམ་ལྟ་བུར་མ་རྟོགས་ན་མཚོན་ཐབས་ཀྱི་སྦྱོར་བས་གཏན་ལ་དབབ་པར་བྱ་སྟེ། དེ་ཡང་འདི་ལྟར་སྨིག་རྒྱུ་ནི་རི་དྭགས་བསླུ་བར་བྱེད་པ་སྟེ། ཤིན་ཏུ་རྨོངས་པའི་རི་དྭགས་རྣམས་ནི་ཆུ་མེད་པ་ལ་ཆུར་འདུ་ཤེས་ཏེ། མངོན་པར་རྒྱུག་མོད་ཀྱི་ནམ་ཡང་དེ་ལས་ཆུ་རྙེད་པར་མི་འགྱུར་ཞིང་། རང་ཉིད་ཉམ་ཉེས་པར་འགྱུར་རོ། །དེ་ལ་མཁས་པའི་སྐྱེ་བོ་དག་གིས་དེ་ནི་ཆུ་མ་ཡིན་ཏེ་སྨིག་རྒྱུའོ་ཞེས་ཉེ་བར་རྟོག་པས་ནམ་དུ་ཡང་དེ་ལ་བརྟེན་པའི་ཉོན་མོངས་པ་དང་། ཉམ་ཉེས་པར་མི་འགྱུར་ཏེ། དེ་ནི་དེ་ལ་འཁྲུལ་བ་སྐྱེ་བར་མི་འགྱུར་ཏེ། དེ་བཞིན་དུ་སེམས་རྣམ་པར་གཡོ་བའི་རྒྱུན་སྨིག་རྒྱུ་ལྟ་བུར་ཉེ་བར་སྣང་བ་ལ། བྱིས་པའི་སྐྱེ་བོ་
རྨོངས་པ་དག་གིས་དག་པ་དང་། མ་དག་པ་དང་། བདེ་བ་དང་། སྡུག་བསྔལ་དང་། འཁོར་བ་དང་མྱ་ངན་ལ་སོགས་པ་རྣམ་པ་སྣ་ཚོགས་པ་དག་ཉེ་བར་དམིགས་ཏེ་འདི་ནི་སྤང་བར་བྱའོ། །ཞེས་མཚན་མ་ལ་ཉེ་བར་སྤྱོད་པས། ངལ་བ་བརྒྱ་ཕྲག་དུ་མ་འཐོབ་པར་འགྱུར་ལ། གང་དག་བླ་མ་དམ་པའི་མན་ངག་ཉིན་མོར་བྱེད་པའི་འོད་ཀྱིས་བློའི་མིག་རབ་ཏུ་གསལ་བར་གྱུར་བ་དེ་དག །རྨི་ལམ་གྱི་ཤ་ཟའི་གཟུགས་ལྟ་བུར་འཁྲུལ་གྲོལ་གྱི་མཚན་མ་རྣམས། རྣམ་པ་ནས་རྣམ་པ་ཐམས་ཅད་དུ་མ་དམིགས་པར་མཐོང་སྟེ། རྒྱུ་དེས་དེ་གང་ལ་ཡང་འབད་པ་དང་། རྩོལ་བ་ཅུང་ཟད་ཀྱང་མི་བྱེད་དེ། མཉམ་པ་ཆེན་པོའི་དབྱིངས་ཀུན་ནས་མཐའ་དང་དབུས་མེད་པ་ལ་ངང་གིས་གནས་པར་འགྱུར་རོ། །ཞེས་ཤེས་པར་བྱས་ནས། ཨེ་མ་ཧོ། ཁོ་བོ་ཅག་གི་སེམས་སྨིག་རྒྱུ་ལྟ་བུར་སྣང་བ་གང་ཡིན་པ་འདི་ནི་ངེས་པར་རང་བཞིན་མེད་པ་སྟེ། མེད་པ་ཉིད་ལ་མེད་པ་ཉིད་དུ་མ་རྟོགས་པས། དེ་ལྟར་ཡུན་རིང་དུ་སྡུག་
བསྔལ་བར་ཟད་ལ། དེ་ནི་བདག་གི་ངེས་པ་ཁོ་ནར་མེད་པ་ལ་མེད་པ་ཉིད་དུ་ཡང་དག་པར་རྟོགས་ཤིང་རྣམ་པར་སྣང་བའི་རྒྱུན་དྲི་ཟའི་གྲོང་ཁྱེར་གྱི་བཀོད་པ་ལྟ་བུ་ལ། ཡིན་མིན་ཡོད་མེད་ལ་སོགས་ཀྱི་མཚན་མས་གཡོ་བ་མེད་པ་ཇི་ལྟར་སྣང་བ་འདི་ཉིད་ཀྱི་ངོ་བོ་ལ་རང་ངང་གིས་གནས་པར་བྱའོ། །ཞེས་དྲན་པ་རྒྱུན་ཆགས་སུ་བཀོད་དེ་བསྒོམ་པར་བྱའོ། །དེ་གོམས་པ་རབ་ཏུ་གྱུར་པ་ལ། བདག་དང་། གཞན་དང་། ཕྱི་དང་། ནང་དང་། སེམས་དང་། སྣང་བ་ཞེས་ཐ་དད་ཀྱི་དབྱེ་བས་རང་གྲོལ་ཏེ། བྱང་ཆུབ་ཀྱི་སེམས་ཤིན་ཏུ་རྣམ་པར་དག་ཅིང་འོད་གསལ་བའི་དེ་ཁོ་ན་ཉིད་དུ་ཐམས་ཅད་རོ་མཉམ་པ་བླ་ན་མེད་པའི་རྟོགས་པ་གྱ་ནོམས་ཤིང་ཕུལ་དུ་ཕྱིན་པ་མངོན་དུ་བྱེད་དེ། དེ་ལྟར་མཚོན་ཐབས་ཀྱིས་སྦྱོར་བ་རྣམ་པ་གསུམ་གྱིས་ལུས་ངག་ཡིད་གསུམ་སྒྱུ་མ་དེ་ལྟ་བུའི་དེ་ཁོ་ན་ཉིད་དུ་རྣམ་པར་དག་པར་བྱེད་པས་བྱེ་བྲག་ཏུ་སྦྱང་བ་ཞེས་བྱའོ། །ཐུན་གཅིག །གསུམ་པ་བརྟན་པ་བོགས་དབྱུང་བ་དག་
པ་ལྷའི་སྒྱུ་ལུས་ལ་གཉིས། དེ་ཉིད་བོགས་དབྱུང་བ་དང་། ལྷ་སྐུ་ལ་སྦྱང་བའོ། །དང་པོ་དེ་ཉིད་བོགས་དབྱུང་བ་ནི། ཉམས་བརྟན་ནས་གཞན་གྱིས་བསྟོད་པ་བྱས་པའམ། བྱེད་དུ་གཅུག་པའང་རུང་སྟེ། ཆགས་སྡང་སྐྱེའམ་བལྟ། མི་སྐྱེ་ན་མང་པོ་འདུས་པའི་ཚོང་འདུས་ལ་སོགས་པར་ཕྱིན་ལ་དེ་རྣམས་ཀྱི་རྐྱེན་གྱིས་གནོད་དམ་མི་གནོད་བལྟ། ཡུལ་ལ་ཆགས་པ་དང་། དགའ་མི་དགའ་འདུག་ན་དབེན་པར་ཕྱིན་ལ། སླར་བླ་མ་ལ་གསོལ་བ་དྲག་ཏུ་གདབ། སྐྱོ་ཤས་བསྐྱེད། ཆགས་འཛིན་གྱི་ལོངས་སྤྱོད་སྤང་། བརྩོན་འགྲུས་བསྐྱེད་ལ་སྔར་ལྟར་བསྒོམ། དེས་ལུས་ངག་ལ་ཞེན་པ་མེད་པ་དང་། སྣང་བ་ལ་ཆགས་སྡང་འབྱུང་བ་དང་པོ་དྲན་པས་བཟློག་ནུས་པ། མཐར་རོ་མཉམ་པར་འགྱུར་རོ། །འདི་རྣམས་མགྱོགས་ཁྲིད་བྱེད་ན་གོང་དང་མཐུན།གཉིས་པ་དག་པ་ལྷ་སྐུ་སྒྱུ་མར་སྦྱང་བ་ནི། སྔར་གྱི་ཐབས་མཁས་པས་ཕྲིན་ལས་ལ་བཞུགས་པའི་དོན་དུ་ལྷ་སྐུ་ལ་བརྟེན་པ་ནི། མེ་ལོང་དུ་རྡོ་རྗེ་སེམས་
དཔའ། ཡི་དམ་གང་རུང་གི་གཟུགས་འཆར་བ་དཔེར་བྱས་ལ། ལུས་གཟུགས་བརྙན་ལྷ་སྐུ་སྒྱུ་མ་ལྟ་བུར་བསྒོམ། ངག་བྲག་ཅ་ལྟ་བུ་སྔགས་སམ་ཐེག་པ་ཆེན་པོའི་རང་སྒྲ་བྲག་ཅ་ལྟར་མོས། ཡིད་གཡོ་བ་སྨིག་རྒྱུ་ལྟ་བུ་འདི་བདེ་བ་ཆེན་པོར་རང་གྲོལ་དུ་སྦྱངས་ཏེ། མདོར་ན་ད་ལྟ་ཐ་མལ་གྱི་སྣང་བ་ལ། ཡུལ་ཕྱི་རོལ་དུ་བདེན་རྟོག་བྱུང་བ་གཟུང་བས་བཅངས། ནང་དུ་དེ་འཛིན་མཁན་འཁྲུལ་པ་མ་ཤེས་པས་འཛིན་རྟོག་ལ་བདེན་ཞེན་བྱུང་བས་འཁོར་བར་འཁྱམས་པ་ཡིན། དེ་རྣམས་བདེན་མེད་དུ་སྦྱངས་པས། མདོ་ལས་གསུངས་པ་ལྟར། གཟུང་འཛིན་སྤངས་པ་ཡིན་ལ། གསང་སྔགས་ཀྱི་ལུགས་ལྟར་དེ་ཐབས་མཁས་པས་སྣང་ལ་རང་བཞིན་མེད་པར་ལྷ་དང་སྔགས་བདེ་བ་ཆེན་པོར་སྣང་བ་རྣམས་བསྒྱུར་ལ། དེ་ཡང་བདེན་རྟོག་གིས་མ་བཅངས་པར་སྦྱངས་པའོ། །ཐུན་གཅིག །དེ་ལས་རྒྱས་པར་བྷཻ་འདོད་ན། ཆོས་དྲུག་ཆེན་མོ་ལས། གལ་ཏེ་དེ་ལ་ངེས་པའི་ཤེས་པ་རྣམ་པར་དག་པ་སྐྱེ་མ་ནུས་ན།
མཚོན་ཐབས་ཀྱིས་སྦྱོར་བ་མངོན་པར་རྟོགས་པའི་རིམ་པ་བྷཻ་བར་བྱ་སྟེ། མེ་ལོང་དྲི་མ་མེད་པ་ལ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །དེ་ཡི་གཟུགས་བརྙན་སྣང་དང་མཚུངས། །ཞེས་འབྱུང་བའི་དོན་ནི།ལུས་གཟུགས་བརྙན་དེ་བཞིན་གཤེགས་པའི་སྐུ་དང་མཚུངས་པར་གཏན་ལ་དབབ། ངག་བྲག་ཅ་དེ་བཞིན་གཤེགས་པའི་གསུང་དང་མཚུངས་པར་གཏན་ལ་དབབ། སེམས་སྨིག་རྒྱུ་དེ་བཞིན་གཤེགས་པའི་ཐུགས་དང་མཚུངས་པར་གཏན་ལ་དབབ་པ་རྣམས་བསྒོམ་པར་བྱ་བ་ལས། དང་པོ་ལུས་གཟུགས་བརྙན་དེ་བཞིན་གཤེགས་པའི་སྐུ་དང་མཚུངས་པར་གཏན་ལ་དབབ་པ་ནི། །ཆོས་དྲུག་ཆེན་མོ་ལས། གཡའ་དང་བྲལ་བའི་མེ་ལོང་མདུན་དུ་བདེ་བར་བཀོད་ལ། དེར་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་སྐུའམ། སྐུ་གཟུགས་གང་ཡང་རུང་བའི་གཟུགས་བརྙན་འཆར་དུ་བཅུག་སྟེ། རབ་ཏུ་གསལ་བར་གྱུར་པ་ན་འདི་ལྟར་བསམ་པར་བྱ་སྟེ། མེ་ལོང་ནང་གི་དེ་བཞིན་གཤེགས་པའི་སྐུ་འདི་
ནི་གང་དུ་འཁྲུངས་པ་ཞིག །ཡབ་ནི་གང་། ཡུམ་ནི་གང་། གང་ནས་ཉེ་བར་བྱོན། འདི་ལྟར་བཞུགས་པ་ཉིད་ཀྱི་ཚེ་མེ་ལོང་གི་མདུན་ཉིད་ནའམ། རྒྱབ་ནའམ། འོན་ཏེ་མེ་ལོང་གི་རྡུལ་ཕྲ་རབ་དང་འདྲེས་པ་ཉིད་དུ་གནས་པ་ཞིག །མེ་ལོང་ནང་དུ་མི་སྣང་བར་གྱུར་པའི་ཚེ་དེ་གང་དུ་བཞུད། ཅེས་ཞིབ་ཏུ་བརྟགས་ན་བྱོན་པ་དང་བཞུགས་པ་དང་། བཞུད་པ་མི་དམིགས་སོ། །མི་དམིགས་བཞིན་དུ་ཡང་བདེ་བར་གཤེགས་པའི་སྐུའི་གཟུགས་བརྙན་གསལ་བར་སྣང་སྟེ། དེ་ལྟར་ན་མེད་པ་ཉིད་སྣང་ལ། སྣང་བ་ཉིད་རང་བཞིན་མེད་པའོ། །ཞེས་ཡོངས་སུ་ངེས་པར་བྱས་ནས་སླར་རང་གི་ལུས་ཀྱང་དེ་དང་འདྲ་བའི་གཤིས་སུ་བལྟས་ཏེ་རང་གི་ལུས་རྒྱལ་བ་རྡོ་རྗེ་འཆང་ངམ་ལྷག་པའི་ལྷ་གང་ཡང་རུང་བར་གསལ་བ་ན། མེ་ལོང་གི་གཟུགས་བརྙན་ལ་ཇི་ལྟར་བརྟགས་པ་བཞིན་དུ་བརྟག་ལ། སྟོང་བཞིན་དུ་ཉེ་བར་སྣང་བའི་སྐུ་བདེ་བར་གཤེགས་པའི་མཚན་གྱི་ཁྱད་པར་དུ་མ་ཅན་ཤིན་ཏུ་འོད་གསལ་བ་ལ་སེམས་གཞག་པར་བྱའོ། །
གཉིས་པ་ངག་བྲག་ཅ་དེ་བཞིན་གཤེགས་པའི་གསུང་དང་མཚུངས་པ་གཏན་ལ་དབབ་པ་ནི། །ཆོས་དྲུག་ཆེན་མོ་ལས། སྔོན་བྱེ་བྲག་ཏུ་སྦྱངས་པའི་སྐབས་སུ་བཤད་པ་ལྟར་བདེ་བར་གཤེགས་པའི་གསུངས་རབ་ཡན་ལག་བཅུ་གཉིས་སོགས་ཀྱི་ཚིགས་སུ་བཅད་པའམ། ཞི་བ་དང་ཁྲོ་བོ་ལ་སོགས་པའི་རིགས་སྔགས་ཀྱི་ང་རོའི་སྒྲ་བརྙན་འབྱུང་དུ་རུང་བའི་ཕྱོགས་སུ་མངོན་པར་བསྒྲགས་པ་ལས་འབྱུང་བ་དག་ལ་གཞིག་པ་དང་། དཔྱད་པའི་རིམ་པ་དག་གིས་མེད་སྣང་རོ་མཉམ་པར་གཏན་ལ་ཕབ་སྟེ་རྩེ་གཅིག་ཏུ་གནས་པར་བྱའོ། །གསུམ་པ་སེམས་སྨིག་རྒྱུ་དེ་བཞིན་གཤེགས་པའི་ཐུགས་དང་མཚུངས་པར་གཏན་ལ་དབབ་པ་ནི། །ཆོས་དྲུག་ཆེན་མོ་ལས། སྨིག་རྒྱུའི་དཔེས་རང་གི་སེམས་སྒྱུ་མ་ཉིད་དུ་ངེས་པར་བྱས་པ་དེ་བཞིན་དུ་འདིར་ཡང་ངེས་པར་བྱས་ནས། དེ་ཡང་བདེ་བར་གཤེགས་པའི་ཐུགས་མཆོག་ཏུ་རྣམ་པར་དག་པའི་ཡེ་ཤེས་གཞོམ་དུ་མེད་ཅིང་དྲི་མ་ཐམས་ཅད་དང་བྲལ་བ་ཉིད་དུ་ཐག་
བཅད་དེ་བསྒོམས་པས། དེའི་ཏིང་ངེ་འཛིན་རབ་ཏུ་བརྟན་པར་འགྱུར་རོ། །དེ་ལྟར་འདི་དག་ཀྱང་སྔ་མ་དག་དང་པོར་རང་གིས་གོམས་པར་བྱས་ནས། སླར་ཆོས་ཐམས་ཅད་ལ་དེ་ཁོ་ན་ལྟར་བསྒོམ་པར་བྱའོ། ། བཞི་པ་རང་བཞིན་གཉུག་མར་འཇོག་པ་ནི། ཐུན་གྱི་གནས་སྐབས་ཐམས་ཅད་དུ་གོང་ལྟར་བསྒོམ་པར་བྱའོ། །ད་ནི་འཕྲོས་བཤད་དེ། ཇི་ལྟར་སྒྱུ་མ་དེ་བཞིན་དུ། །ཡང་དག་མ་ཡིན་།དེ་དང་འདྲ་བར་ཀུན་རྟོག་བརྗོད། །སྒྱུ་མའི་རྣམ་པ་།སྣང་བ་ཇི་བཞིན་དུ། །དེ་བཞིན་།དུ་སྣང་བ་འདི་གཉིས་སུ་འཁྲུལ་པར་བརྗོད། །སྒྱུ་མ་དེ་ལྟར་།རྟ་གླང་དེ་ལ་དེ་མེད་པ། །བདེ་ཆེན་གྱི་རང་བཞིན་དེ་བཞིན་དུ་ནི་དོན་དམ་ཉིད། །ཇི་ལྟར་དེ་ནི་མ་འགགས་ལྟར། །དེ་བཞིན་དུ་ནི་ཀུན་རྫོབ་ཉིད། །ཅེས་དང་། ཕུང་པོ་ལྔ་ལ་སོགས་པ་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུ་སྟེ། ཤེས་པ་ལ་སྣང་གི་བདེན་པར་མེད་པས་བརྫུན་པ་སྟེ་དེས་ན་ཀུན་རྫོབ་ཅེས་བྱའོ། །ཇི་ལྟར་སྒྱུ་མ་དང་རྨི་ལམ་འཁྲུལ་པ་དེ་མེད་ཀྱང་མི་
བདེན་པའི་དོན་མཐོང་བས་ན་མ་འཁྲུལ་བ་སྟེ། དེ་ནི་དོན་དམ་པ་ཞེས་བྱའོ། །སྒྱུ་མ་དེ་མེད་ན་ནི་དེ་ཡི་རྒྱུ། །གང་ཡིན་དེ་གསལ་བར་དམིགས་པ་ཇི་ལྟ་བུ། །དེ་བཞིན་གནས་ནི་གཞན་གྱུར་ན། །ཡང་དག་མ་ཡིན་རྟོག་པས་དམིགས། །ཞེས་པ། སྒྱུ་མ་ཞིག་ཙམ་ན། ཤིང་བུ་ལ་སོགས་པ་འཁྲུལ་གཞི་དེ་མཐོང་བ་བཞིན་རང་གི་སེམས་ལ་གཟུང་འཛིན་གཉིས་སུ་སྣང་བ་དེ་མཐོང་བས་སྣང་བ་དེ་ལ་བདེན་ཞེན་ལོག་ཙམ་ན། མ་འཁྲུལ་བའི་རང་རིག་དང་གསལ་བ་དེ་མཐོང་ངོ་། །སྣང་བ་དེ་ལྟ་བུ་ནི་།སྒྱུ་མ་དེ་ལ་ཡོད། ། །སྒྱུ་མ་དེ་ཡི་དངོས་པོ་།བདེན་པར་ཡོད་མ་ཡིན། །དེ་ལྟར་སྒྱུ་མ་ལ་སོགས་ལ། ། །ཐ་སྙད་གཉི་ག་གང་རུང་སྟེ་ཡོད་དང་མེད་པ་ཉིད་དུ་བརྗོད། །ཅེས་པས། དེས་ན་སྒྱུ་མ་རྟ་གླང་འཁྲུལ་པ་ལ་སྣང་བས་མེད་ཅེས་བྱ་ཡང་མི་རུང་ལ། རྟ་གླང་དེར་བདེན་པ་མེད་པས་ཡོད་པ་ཡང་མི་རུང་ངོ་། །འོན་ཀྱང་སྣང་བ་ཡོད་དེ་བདེན་པར་མེད་ཅེས་མཁས་པ་
རྣམས་ཀྱིས་གསུངས་སོ། །དེ་བཞིན་གཉིས་སྣང་འདི་ལ་ཡོད། །འདི་ཡི་དངོས་པོ་།བདེན་པར་ཡོད་མ་ཡིན། །དེ་བཞིན་གཟུགས་ལ་སོགས་པ་ཡང་། །ཐ་སྙད་ལ་ཡོད་དང་མེད་པ་ཉིད་དུ་བརྗོད། །ཅེས་སྣང་བ་ཐམས་ཅད་དེ་དང་འདྲ་བར་གསུངས་ཏེ། ཚུལ་འདིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཆོས་ཐམས་ཅད་ཀྱང་སྒྱུ་མ་ལྟ་བུ། རྨི་ལམ་ལྟ་བུ་ཞེས་འཁྲུལ་པ་ལ་གཉིས་སུ་བརྗོད་ཀྱི་ཡང་དག་པར་གཉིས་སུ་མེད་དེ་ཟུང་འཇུག་གཅིག་གོ །སྒྲོ་འདོགས་པ་དང་བསྐུར་པ་ཡིས། །མཐའ་རྣམས་དགག་པ་བྱ་ཕྱིར་དང་། །ཐེག་པ་དམན་པས་འགྲོ་བ་དག །ཞི་བ་ཕྱོགས་གཅིག དག་པར་བྱ་ཕྱིར་།ཟུང་འཇུག་བསྟན་པའི་དོན་ལ་འདོད་པ་ཡིན། །རྒྱུ་མཚན་འདིས་སྒྱུ་ལུས་ཀྱི་གདམས་པ་གལ་ཆེ་བར་ཤེས་སོ། །ལུང་ལས། སྒྱུ་མ་ལྟ་བུའི་སེམས་འདི་ཡི། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམ་བྱས་ན། །སྒྱུ་མ་ལྟ་བུར་སངས་རྒྱས་སོ། །ཞེས་གསུངས་པའི་དོན་ནོ། །སྒྱུ་མ་དང་པོ་སྣང་བ་སྒྱུ་མར་
བསླབ་པའི་ཐབས་རྫོགས་སོ། །དེ་རྣམས་ཀྱིས་སྒྱུ་ལུས་ལམ་གྱི་བོགས་འདོན་གྱི་མན་ངག་རྣམས་བཤད་ཟིན་ཏོ། ། ༈ གསུམ་པ་རྨི་ལམ་ལམ་གྱི་ཚོད་འཛིན་གྱི་མན་ངག་ནི། དཔལ་ཆེན་པོ་ནཱ་རོ་པས། རྨི་ལམ་གཉིད་ཀྱི་བར་དོ་ནི། །བར་དོའི་ཤེས་པ་བསྲེ་འཕོ་སྟེ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །རྨི་ལམ་བར་དོ་བསྲེ་འཕོའི་གནད། །མིང་ཡང་བར་དོའི་གདམས་པ་ཟེར། །དུས་རྨི་ལམ་འབྱོངས་སམ་ལོ་ཙཱ་བ། །ཞེས་གསུངས་པས། དེ་ཡང་དཔེའི་རྨི་ལམ། དོན་གྱི་རྨི་ལམ། དུས་མཐའི་རྨི་ལམ་མོ། །དེ་ལ་ཐོག་མར་རྨི་ལམ་གྱི་རྒྱུ་རྐྱེན་བསྟན་པ་ནི། བག་ཆགས་ཉོན་མོངས་ཅན་གྱི་ཡིད། །སྲོག་རླུང་འདུ་བྱེད་བཅས་ཏེ་ལངས། །རྩ་གནས་བརྒྱུད་དེ་གཟུང་དང་འཛིན། །གཉིས་སྣང་འཁྲུལ་པ་ཤར་བ་ཡིན། །ཞེས་སྨོས་སོ། །འདི་ནི་ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་དུ། དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་ནས། ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གིས་བསྐྱེད་ནས་ཡིད་ཀྱི་འདུ་བྱེད་
ལངས་པ་ནི། རྨི་ལམ་གྱི་ངོ་བོ་ཡིན་ལ། རྩ་གནས་བརྒྱུད་ནས་གཟུང་འཛིན་གྱི་ངོ་བོ་བསྐྱེད་པ་ནི་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་རྩ་རྒྱུད་ནས་རྒྱས་པར་གསུངས་པའི་ཚུལ་བསྡུས་པ་ཡིན་པས། རྨི་ལམ་དེར་མ་དག་པ་དང་། འཁྲུལ་སྣང་ཇི་ལྟར་འབྱུང་བར་འགྱུར་ཞེ་ན། ཐོག་མར་སྙིང་ཁར་ཀུན་གཞིའི་སྟེང་དུ་ཆོས་དྲུག་པོ་ཐམས་ཅད་བསྡུད་དོ། །དེ་ནས་ཡིད་སྲོག་རླུང་དང་ལྷན་ཅིག་ལངས་ནས་ལུས་ཀྱི་སྟེང་གི་ཕྱོགས་སྤྱི་བོར་སོང་ནས་ལྷ་ཡུལ་རྣམས་ཀྱི་སྣང་བ་དང་། ནམ་མཁའ་ལ་འབྱིན་པ་དང་། རི་མཐོན་པོ་ལ་སོགས་པར་གྱེན་དུ་འགྲོ་བ་དང་། མིག་གི་རྩ་ལ་སོང་བས་གཟུགས་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་ལ་སོགས་པ་འདྲེས་པར་འཆར་རོ། །གང་གི་ཚེ། ཡིད་སྲོག་གི་རླུང་དང་ལྷན་གཅིག་སྙིང་ཁའི་འོག་གི་ཕྱོགས་གསང་བ་ལ་སོགས་པར་འགྲོ་བས། དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་སྣང་བ་དང་། ཐུར་དུ་བྲག་རོང་དང་། ནགས་འཐིབ་པོ་ལ་
སོགས་པར་འགྲོ་བ་དང་། མུན་ཁུང་དང་དངོས་པོ་ཐམས་ཅད་མི་གསལ་བའི་རྣམ་པ་འཆར་རོ། །ལུས་བར་གྱི་རྩ་རྣམས་སུ་ཡིད་སྲོག་གི་རླུང་དང་ལྷན་ཅིག་འགྲོ་བས། དེའི་ཚེ་གླིང་བཞིའི་ལ་སོགས་པ་སྟེང་གི་སྣང་བ་འཆར་རོ། །དེའང་མདུན་གྱི་རྩ་གནས་ལ་སོང་བའི་ཚེ་ཤར་ཕྱོགས་ཀྱི་སྣང་བ་འབྱུང་ངོ་། །རྒྱབ་ཀྱི་རྩ་ལས་ནུབ་བོ། །གཡོན་གྱི་རྩ་ལས་བྱང་གི་སྣང་བ་འབྱུང་། རྩ་གནས་ཡངས་པ་ལ་ཡུལ་ཡངས་པ་དང་། དོག་པ་ལ་ཤིན་ཏུ་དོག་པའི་སྣང་བ་འཆར་རོ། །དེའི་ཚེ་སྲོག་གཡས་པར་རྒྱུ་བས་འཆི་ལྟས་འབྱུང་བའི་ཚེ། རྨི་ལམ་དུའང་ལྷོ་ཕྱོགས་སུ་ཡང་ཡང་ཕྱིན་པར་རྨིས་པ། ལྷོར་འགྲོ་བ་འཆི་ལྟས་སུ་བཤད་པའི་དོན་དེ་ཡིན་པར་གོའོ། །རྨི་ལམ་དེར་དངོས་པོ་ཇི་ལྟ་བུར་སྣང་བའི་རྐྱེན་ཡང་། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རངས་རླུང་གི་དུས་ཉིད་དོ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས། །རྨི་ལམ་ཡུལ་དུ་སྣང་བར་འགྱུར། །ཞེས་སོགས་རྒྱུད་ནས་གསུངས་
པའི་ཕྱིར་རོ། །ཁམས་ཀྱི་རྐྱེན་གྱིས་ཡུལ་དེར་ཡང་། ཞེས་འདིར་སྨོས་ནས། རླུང་གི་རྨི་ལམ་གྱི་སྡེ་ཚན་ནི་འདི་ཡིན་ནོ། །ས་ཕྱོགས་ནེའུ་གསིང་ལ་སོགས་རྫས་སྔོན་པོ་དང་། གོས་སྔོན་པོ་དང་། ནག་པོ་དང་། བྱ་ནག་དང་། ནམ་མཁར་འཕུར་བ་དང་། རྟ་ཞོན་པ་དང་། ནོར་བུ་སྔོན་པོ་དང་། རིག་པ་དྭངས་པ་དང་། རྨི་ལམ་གྱི་དངོས་པོ་རྣམས་མི་བརྟན་ཞིང་འགྱུར་བ་ཡད་ཡུད་དུ་སྣང་བ་ལ་སོགས་པ་ཡིན་ནོ། །མཁྲིས་པའི་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། མེ་སྦར་བ་དང་། གོས་དམར་པོ་དང་། སེར་པོ་དང་། ས་གཞི་དམར་པོ་དང་། གསེར་དང་། གོས་སེར་ཅན་སྣང་བ་དང་། སེམས་ཅན་དང་རྫས་ལ་སོགས་གང་སྣང་བ་ཐམས་ཅད་སེར་པོ་ཤས་ཆེ་བ་དང་། དལ་ཞིང་བརྟན་པ་དང་། རིག་པ་ཡང་བ་དང་། སྐྲག་པ་ལ་སོགས་དང་འབྲེལ་བ་སྣང་བ་ཡིན་ནོ། །བད་ཀན་ཁམས་ཀྱི་རྨི་ལམ་སྡེ་ཚན་ནི། ཆུ་དང་། ཁ་བ་དང་། ས་ཕྱོགས་དཀར་པོ་དང་། གོས་དཀར་པོ་དང་། བུད་མེད་དང་། གླང་པོ་ཆེ་དང་། དངུལ་
དང་། མུ་ཏིག་ལ་སོགས་ནོར་བུ་དཀར་པོ་དང་། རིག་པ་བདེ་བ་དང་། བརྟན་པ་ལ་སོགས་དུ་མར་སྣང་སྟེ། ཇི་ལྟར་ཁམས་ཀྱི་རིམ་པ་བཞིན་དུ་རྨི་ལམ་གྱི་སྣང་བ་ཡང་དཔག་ཏུ་མེད་པ་འབྱུང་བར་བཤད་པས། ཇི་ལྟར་རྩ་རླུང་ཁམས་ཀྱི་རིམ། །བག་ཆགས་ལ་བརྟེན་སྣང་བ་ནི། །རྒྱལ་བས་འཇམ་དཔལ་རྩ་རྒྱུད་གསུངས། །ཞེས་དང་། རྗེ་བཙུན་མི་ལའི་ཞལ་ནས། རྨི་ལམ་མི་ཟིན་པའི་རྒྱུ་བཞི། རྐྱེན་བཞིའོ། །རྒྱུ་བཞི་ནི། དམ་ཚིག་ཉམས་པ། མོས་གུས་ཞན་པ། མངོན་ཞེན་ཆེ་བ། གྲིབ་ཀྱིས་ཕོག་པའོ། །སེལ་ཐབས་ནི། དང་པོ་དབང་བསྐུར། བཤགས་པ་བྱ། དམ་ཚིག་དང་སྡོམ་པ་གསོ་བའོ། །གཉིས་པ་ལ་མོས་གུས་དྲག་པོ་བྱའོ། །གསོལ་བ་གདབ། མཎྜལ་ཕུལ། བླ་མ་ཅི་མཉེས་ལ་འབད་དོ། །གསུམ་པ་ཡོ་བྱད་སྤང་དག་བྱ། གང་ལ་ཡང་ཆགས་ཞེན་སྤང་། མི་རྟག་པ་བསྒོམ། བཞི་པ་ནི། གཅིག་པུར་སྡོད། སྡིག་ཆེན་དང་། སྡོམ་མེད་དང་མི་འགྲོགས། རོ་གོས་དང་མི་གཙང་བ་ལ་འཛེམས།
ཡི་གེ་བརྒྱ་བ་བཟླའོ། །རྐྱེན་བཞི་ནི། སད་འབྱམས། འཁྲུལ་འབྱམས། བརྗེད་འབྱམས། རྒྱུན་འབྱམས་སོ། །དང་པོ་སད་འབྱམས་ནི། འཛིན་འཕྲོ་ལ་གཉིད་དུ་མ་སོང་སྙམ་པ་དང་། གཉིད་སད་ཡིན་སྙམ་ནས་འཛིན་འཕྲོ་བཅད་པ་དང་། རྨི་ལམ་མ་ཟིན་པ་ལོང་མེད་དུ་སད་པའོ། །དེ་ལ་འཛིན་འཕྲོ་མི་གཅོད་པར་ཡང་ནས་ཡང་དུ་འཛིན། གཉིད་ལོང་མེད་པར་སད་པ་ན། གང་གིས་ལན་བརྟགས་ཏེ། སྒྲའི་གླེང་སྦྱོར་གྱིས་སད་ན་མི་མེད་སར་ཉལ། ཟིན་ན་དགའ་ཆེས་པས་སད་ན་སེམས་ཀློད། ལུས་གྲང་བས་སད་ན་གཏུམ་མོ་བསྒོམ་པའམ། གོས་འཐུག་ཏུ་གཏང་། གཉིས་པ་འཁྲུལ་འབྱམས་ནི། རྨི་ལམ་ལ་རྨི་ལམ་དུ་མ་ཤེས་པར་འཁྲུལ་པ་འབིག་པའོ། །དེ་ལ་མོས་གུས་བསྐྱེད་ལ་གསོལ་བ་གདབ། སྣང་བ་ཐམས་ཅད་རྨི་ལམ་ཡིན་སྒྱུ་མ་ཡིན་སྙམ་པའི་དྲན་འདུན་དྲག་པོ་ཡང་བྱ། གསུམ་པ་འཛིན་པ་ལ་སོགས་པ་མ་བྱུང་ན་བརྗེད་པའོ། །དེ་ལ་འཛིན་སྦྱང་དང་གསལ་པོ་རྨི་བའི་དྲན་འདུན་དྲག་པོ་བྱའོ། །བཞི་པ་རྒྱུན་
འབྱམས་ནི། རྨི་ལམ་མ་བྱུང་བའམ། བྱུང་ཡང་ངོས་མ་ཟིན་པའོ། །རྨི་ལམ་གྱི་དེ་ཁོ་ན་ཉིད་བསྒོམ་པ་ནི། ཆོས་དྲུག་ཆེན་མོ་ལས། རྨི་ལམ་གྱི་སྣང་བ་ཐམས་ཅད་སེམས་ཀྱི་རྣམ་འཕྲུལ་བཟང་ངན་ཐམས་ཅད་སྒྱུ་མའི་རྣམ་པ་རྩལ་ཀ གཟུགས་ཐམས་ཅད་སྣང་སྟོང་། སྒྲ་གྲག་སྟོང་། སེམས་གདོད་མ་ནས་སྐྱེ་གནས་འགག་གསུམ་དང་བྲལ་བ། རྨི་ལམ་དང་ཉིན་པར་གྱི་སྣང་བ་ལ་ཁྱད་པར་མེད་པ། བདེན་མེད་རང་ཤར་རང་གྲོལ་ཡིན་པས་སྒྱུ་མ་སྒྱུ་མ་ཡིན་པས་སྟོང་པ་ལ་སོགས་པའི་ངང་དུ་གཞག་པར་བྱའོ། །དེ་ལྟར་དྲན་འདུན་མ་ཡེངས་པར་བྱེད་པའོ། ། ཉམས་སུ་ལེན་པ་དངོས་ལ་བཞི་སྟེ། ལུས་གནད། དུས་གནད། ཡུལ་གནད། དམིགས་པའི་གནད་དོ། །དེ་ལ་ལུས་གནད་ནི། སེང་གེའི་ཉལ་ཐབས་བྱ་སྟེ། མགོ་བྱང་དུ་བསྟན། ངོས་གཡས་པ་འོག་ཏུ་བཞག །ཁ་ནུབ་ཏུ་བསྟན། རྒྱབ་ཤར་དུ་བསྟན། སྔས་ཅུང་ཟད་མཐོ་བར་བྱ། དུས་ཀྱི་གནད་ནི། ཉིན་སྣང་དང་། མཚན་སྣང་དང་། གཉིད་ཀྱི་དུས།
ཡུལ་གནད་མགྲིན་པ། དམིགས་པའི་གནད་ལ་བཞི་སྟེ། བཟུང་བ། སྦྱང་བ། ཡ་ང་བ་སྤང་བ། སྒྱུ་མར་བསླབ་པ་སྟེ་བཞིའོ། །དེ་ལ་ཐམས་ཅད་ཀྱི་སྔོན་དུ་ཉིན་པར་གཏུམ་མོ་དང་། སྒྱུ་ལུས་བསྒོམ་པའི་རྗེས་ལ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། །ཆོས་དྲུག་ཆེན་མོ་ལས། སྐྱེ་བོའི་འདུ་ལོང་མེད་སར། ཤིན་ཏུ་དབེན་པའི་གནས་སུ་མཐུན་པའི་ཟས་དང་། སྤྱོད་ལམ་རྣམ་པར་དག་པ་དང་ལྡན་པས། འདི་ལྟར་བསམ་པར་བྱ་སྟེ། བདག་གི་རྨི་ལམ་གྱི་སྣང་བ་རང་བཞིན་མེད་ངེས་པ་ལ། ཡོད་པ་ཉིད་དུ་བརྟགས་ཤིང་བདེན་པར་ཞེན་པས་ཆེས་ཤིན་ཏུ་འཁྲུལ་ཅིང་དེའི་མཐུས་ཉིན་གྱི་སྣང་བ་དང་། སྲིད་པ་བར་དོའི་གནས་སྐབས་དག་ཏུ་ཡང་། འཁྲུལ་པ་ལུ་གུ་རྒྱུད་དུ་གྱུར་པ་རེ་མ་ལེགས། ད་ནི་བདག་གིས་རྨི་ལམ་ན་ཡང་རྨི་ལམ་ཉིད་དུ་ངེས་པའི་བློ་དྲི་མ་མེད་པ་བསྐྱེད། སྒྱུ་མའི་རྣམ་པར་ཐར་པ་རྩལ་སྦྱངས་ལ་སྒྱུ་མའི་ཏིང་ངེ་འཛིན་མཐར་འབྱུང་བར་བྱའོ། །ཞེས་བསམས་ནས། ཨེ་མ་བདག་གིས་དེ་སྔ་ཕན་ཆད་གཉིད་ལོག་
པ་ཐམས་ཅད་དོན་མེད་འབའ་ཞིག་ཏུ་གྱུར། ད་ནི་བདག་གིས་རྨི་ལམ་གཟུང་བར་བྱ། རྨི་ལམ་ཆོས་ཉིད་ཀྱི་རོལ་བ་ལ་བསྒྱུར་བར་བྱ། དེ་ཡང་ད་ལྟའི་སྣང་བ་འདི་ཉིད་རྨི་ལམ་སྟེ། བདག་མ་གཉིད་པའོ་སྙམ་དུ་རྟོག་པ་ནི། འཁྲུལ་པ་ལས་ཆེས་ཤིན་ཏུ་འཁྲུལ་པ། མ་རིག་པའི་འཇུག་པ་མི་བཟད་པ་ཉིད་པས། འདི་དྲན་པས་གཟུང་བར་བྱའོ། །ཞེས་བྱ་བ་ཅི་དང་ཅི་བྱེད་པ་ཐམས་ཅད་རྨི་ལམ་གྱི་སྣང་བའོ་སྙམ་པའི་དྲན་འདུན་དང་མ་བྲལ་བ་ལ་བསླབ་པར་བྱ་སྟེ། ཉིན་དུ་དྲན་པ་རྒྱུན་ཆགས་ཀྱིས་བཟུང་བ་ཞེས་བྱའོ། །ནམ་ཉལ་བའི་དུས་ལ་བབ་པ་ན། མལ་བདེ་བར་བཅོས་ཏེ། མགྲིན་པར་བླ་མའི་རྣལ་འབྱོར་བྷཻ་བ་ལ། བདག་གིས་རྨི་ལམ་ཟིན་པར་མཛད་དུ་གསོལ། རྨི་ལམ་ལ་རྨི་ལམ་ཉིད་དུ་ངོ་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་ཆོས་ཉིད་ཀྱི་རོལ་བར་བསྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་མོས་གུས་ཚད་མེད་པས་གསོལ་བ་དྲག་ཏུ་གདབ། བླ་མ་རང་ལ་བསྟིམ་ནས། དང་པོ་
བཟུང་བའི་མན་ངག་ལ་གསུམ་སྟེ། འདུན་པས་བཟུང་བ། ཐིག་ལེ་དཀར་དམར་འཛིན་པ། ཡི་གེ་ལས་འཛིན་པའོ། །དང་པོ་འདུན་པས་བཟུང་བ་ནི། སེང་གེ་ཉལ་ཐབས་ཀྱིས་འཁྲུལ་འཁོར་རམ། གལ་ཏེ་གཉིད་ཆེ་བ་དག་ཅིག་ཡིན་ན། ཙོག་པུར་ལུས་གནད་ལ་གནས་པར་བྱས་ལ། མགྲིན་པར་པད་འདབ་བཞི་བྲིས་པའི་དབུས་སུ་ཤེས་པ་གཏད་དོ། །དེའི་མོད་ལ་རྨི་ལམ་རྨི་བར་བྱའོ། །ངོ་ཤེས་པར་བྱའོ་སྙམ་པ་ཡང་ཡང་བྱ། དེས་རྨི་ལམ་དུ་ངོ་ཤེས་ན་ཆོག་གོ །མཉམ་མེད་དྭགས་པོས་མཛད་པའི། རྩ་པད་འདབ་བཞི་དམར་པོ། ཡིག་འབྲུ་བཞི་དཀར་པོ། རྩ་འདབ་བཞི་དམར་པོ་མ་ལས་ཐོབ་པའི་བྱང་སེམས། ཡིག་འབྲུ་བཞི་དཀར་པོ་ཕ་ལས་ཐོབ་པའི་ངོ་བོ་ཡིན་གསུངས། དེ་ལས་དབུས་སུ་ༀ། མདུན་དུ་ཨཱཿ གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་ཏུ་ར། དང་པོ་མདུན་གྱི་ཨཱཿལ་གཟུང་། དེ་ནས་གཉིད་ཆེར་བྲོ་བ་དང་། ཨཱཿདེ་ཁྱེར་ལ་ནུ་ལ་བཞག །དེ་བཞིན་དུ་ནུ་དེ་རྒྱབ་ཀྱི་ཏ་ལ། ཏ་དེ་གཡོན་གྱི་ར་ལ། ར་དེ་དབུས་ཀྱི་
ༀ་ལ་བཅུག་ནས་གཉིད་ལོག་པས། རྨི་ལམ་རྨིས་ཀྱང་རྨི་ལམ་ལ་རྨི་ལམ་དུ་མ་ཤེས་ན་མ་ཟིན་པ་ཡིན། གལ་ཏེ་མ་ཟིན་ན་བདག་གིས་རྨི་ལམ་གཟུང་བར་བྱའོ་སྙམ་པའི་འདུན་པ་མ་བརྗེད་པར་ཡང་ཡང་བསྐྱེད་ལ་ཐུན་དུ་བཅད་དེ། ནམ་སད་པར་གྱུར་ཚེ། རྨི་ལམ་ཟིན་ནམ་མ་ཟིན་ཅེས་བརྟག་པར་བྱའོ། །ཟིན་ན་སྤྲོ་བ་བསྐྱེད་ཅིང་། མ་ཟིན་ན་ཤེས་པ་ཚར་བཅད་དེ། སླར་ཡང་སྔ་མ་ལྟར་བསྒོམས་པས་ངེས་པ་ཉིད་དུ་ཟིན་པར་འགྱུར་རོ། །ཇི་སྐད་དུ། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་འགྲུབ་པར་འགྱུར། །ཞེས་པ་ལྟར་། དྲན་འདུན་རྣམ་པར་དག་པ་ཁོ་ནས་ལམ་དུ་བྱས་པས་འདོད་པའི་དོན་འགྲུབ་པར་འགྱུར་ཏེ། དེ་བས་ན་ཉིན་མཚན་མེད་པར་འདུན་པ་དྲག་ཏུ་བྱས་ཏེ་བསྒོམ་པར་བྱའོ། །གལ་ཏེ་མ་ཟིན་ན། མགྲིན་པ་པདྨའི་དབུས་དེར་ཐིག་ལེ་དཀར་པོའམ། །མཉམ་མེད་དྭགས་པོས་པད་འདབ་དམར་པོ་
ཐིག་ལེ་ནག་པོར་བཞེད།དམར་པོ་རིལ་མ་ཙམ་མེ་ལོང་ངམ། ཤེལ་ལྟར་གསལ་བར་བསྒོམ་ལ། སྣང་བ་འདི་ཐམས་ཅད་རྨི་ལམ་དུ་ཤེས་པར་བྱ་སྙམ་དུ་ཡང་ཡང་འདུན་པ་བྱ། དེས་རྨི་ལམ་དུ་སྐྲག་སྔངས་འབྱུང་སྟེ། དེས་ཟིན་པའི་རྐྱེན་བྱེད་པ་ཡིན་ནོ། །མཁར་ཁ་མ་ལས། མགྲིན་པ་འཁོར་ལོའི་དབུས་ནས་ནི། །པདྨ་དཀར་པོ་འདབ་བཞི་ལ། །སྣང་བ་མཐའ་ཡས་མཐེ་བོང་ཙམ། །དེ་ཡི་མགྲིན་པའི་དབུས་ཉིད་དུ། །ཐིག་ལེ་དམར་པོ་ཡུངས་དཀར་ཙམ། །དེ་ལ་དམིགས་པ་གསལ་བ་གཅིག །ཉིན་མོའི་དུས་སུ་བསྒོམ་པ་གཅེས། །ངག་ཏུ་ཨ་ནུ་ཏ་ར་ༀ། །ཅི་ནུས་བསྙེན་པར་བྱ་བ་དང་། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྣང་བ་མཐའ་ཡས་ཞིང་ཁམས་སུ། །དྲན་འདུན་དྲག་པོ་ཡང་དང་ཡང་། །འདུན་པ་བཅུག་སྟེ་སྐྱེ་བར་བྱ། །རང་ཉིད་ཡི་དམ་ལྷར་བསྒོམ་པའི། །སྤྱི་བོའི་གཙུག་ཏུ་བླ་མ་རྣམས། །བསྒོམ་ལ་གསོལ་བ་དྲག་ཏུ་གདབ། །ཉིན་པར་བསྒོམ་གསུངས།དེས་ཀྱང་མ་ཟིན་ན། མགྲིན་པའི་ཐིག་ལེའི་ས་དེར། ༀ་
དཀར་པོ་བསམ་ལ་སྔར་ལྟར་བསྒོམ། དེ་བཞིན་དུ་མདུན་གྱི་འདབ་མ་ལ་ཨཱཿསྔོན་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། །མཁར་ཁ་མ་ལས། ཡི་གེ་ཏ་ཡི་བརྟེན་འབྲེལ་གྱིས། །ལུས་ནི་མེ་ཡིས་ཚིག་པ་འབྱུང་། །ཡི་གེ་ཨ་ལས་ཆུ་འབྱུང་ཞིང་། །ལྷོ་བྱང་ཡི་གེ་གཉིས་པོ་།ནུ་ར་གཉིས་ལ་གཏད་པ་ལས། །རྦ་དང་རླུང་ནི་འབྱུང་བ་ཡིན། །དེ་ལ་ངན་པར་མི་བལྟ་སྟེ། །མགོན་པོ་བཞི་ཡི་བྱིན་རླབས་ཡིན། །ཁྱི་ཡིས་བཟུང་དང་དགྲ་ཡིས་དེད། །ཆོ་འཕྲུལ་མང་པོ་འབྱུང་བ་ན། །དེ་ནི་ཟིན་དུ་འགྲོ་བའི་རྟགས། །དེ་ལྟར་ཞག་གྲངས་བདུན་བདུན་བསྒོམ། །གཡོན་ར་ལྗང་ཁུ་ལ་རིམ་པས་བྷཻ་བའམ། དུས་གཅིག་ཏུ་བསྒོམས་ཀྱང་རུང་སྟེ། འདུན་པ་བྱ་བ་དང་། བླ་མ་ལ་གསོལ་བ་གདབ་པ་དང་། རྣམ་རྟོག་གཞན་གྱིས་བར་མ་ཆོད་པ་གལ་ཆེའོ། །དེས་ཟིན་པར་འགྱུར། །རྗེ་དུས་གསུམ་མཁྱེན་པའི་གསུང་ལས། རང་ཉིད་རྣལ་འབྱོར་མར་གསལ་བའི་མགྲིན་པར་པདྨ་དམར་པོ་འདབ་མ་བཞི་བའི་ལྟེ་བར་བཾ་
དམར་གསལ་ལེ་བ་གཅིག་བསམ། སྤྱི་གཙུག་ཏུ་བླ་མ་ཉིད་རྣལ་འབྱོར་མའི་རྣམ་པར་སྤྱན་དྲངས་ཏེ། མོས་གུས་སོང་ངེས་ཀྱིས་བྱས་ལ། དོ་ནུབ་རྨི་ལམ་ཟིན་པར་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཞེས་ལན་གསུམ་མམ་བདུན་དུ་གསོལ་བ་བཏབ་པས། དེ་འོད་ཀྱི་རྣམ་པར་ཚངས་བུག་ཏུ་མར་ཞུགས་ཏེ། མགྲིན་པའི་བཾ་ལ་ཐིམ་ཞིང་། བཾ་དེ་བླ་མ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཔའ་བོ་དང་། མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཡིན་སྙམ་དུ་བཾ་ལ་ཤེས་པ་ཧྲིལ་གྱིས་བཅུག །དང་པོ་རྨི་ལམ་རང་དུ་བཾ་དེ་གསལ་བར་འོང་། དེའི་རྗེས་ལ་རང་རྣལ་འབྱོར་མར་གནས་པའི་ངང་ལས་མི་དམིགས་པར་བྱས་ཏེ། བཾ་རང་ཡང་སྟོང་བའི་ངང་དུ་ཤེས་པ་བཅུག་ནས་གཉིད་ལོག་ན་ཐམས་ཅད་རྨི་ལམ་དུ་ཤེས་པའམ་སྒྱུ་མ་ལྟ་བུར་ཤེས་པ་འབྱུང་སྟེ་དེ་ཡང་གཉིད་འཐུག་པོས་ཟིན་ན་གསང་གནས་སུ། སྲབ་པ་ལ་ཟིན་ན་མགྲིན་པའམ་སྨིན་
མ་ཁོ་ནར་གཟུང་ངོ་། །ཐུན་གཉིས་སམ་མང་ཡང་རུང་། དེ་ཡང་དང་པོར་རིམ་པ་ཇི་ལྟ་བས་ༀ་ཡིག་ནས་ར་ཡིག་གི་བར། ཡི་གེ་རེ་རེ་བཞིན་སེམས་ཞིབ་ཏུ་གཏད་ལ་བསྒོམ་པ་རིམ་ཅན་དང་། སླར་ཡང་ར་ཡིག་ནས་ༀ་ཡིག་ལ་ཐུག་པའི་བར་རིམ་བཞིན་དུ་བསྒོམ་ཞིང་། དེ་ནས་ར་ཡིག་ཁོ་ན་ལ་སེམས་བསྡུས་ཏེ། གཉིད་ཀྱིས་ལོག་པས་ཟིན་པར་འགྱུར་རོ། །དེ་ལྟར་འདུན་པ་རྣམ་པར་དག་པ་ནི་ཐམས་ཅད་ཀྱི་གཞི་རྟེན་ཡིན་ལ། ཐིག་ལེ་དམར་པོ་བསྒོམ་པས་མེ་རླུང་གནད་དུ་ཚུད་པའི་མཐུས་རྨི་ལམ་དུ་མེ་དཔུང་ཆེན་པོ་མངོན་པར་འབར་བ་ལ་སོགས་ཆོ་འཕྲུལ་མི་མཚམས་པ་རྣམ་པ་སྣ་ཚོགས་པ་སྣང་བར་འགྱུར། དེས་རྨི་ལམ་སྲབ་པོར་གྱུར་ནས་འཛིན་པ་སླ་བར་འགྱུར་ལ། ཡི་གེ་རྣམ་པ་ལྔ་བསྒོམས་པས་ཀྱང་ལོངས་སྤྱོད་ཀྱི་རླུང་ལྔ་གནད་དུ་ཚུད་དེ། དེས་འཁྲུལ་བའི་བག་ཆགས་རང་གྲོལ་བྱེད་པའི་རྟེན་འབྲེལ་དུ་འགྱུར་རོ། །གོ་བཟློག་ནི་གལ་ཏེ་དེ་དག་ལ་ཡུན་རིང་དུ་བྷཻ་ཡང་། བདེ་བླག་ཏུ་ཟིན་པར་མ་
ནུས་ན་ཡི་གེ་རྣམ་པ་ལྔ་པོ་དེ་དག་སྙིང་ཁའི་འཁོར་ལོར་གནས་སྤོས་ཏེ། སྔར་བཤད་པ་ལྟར་རིམ་པ་དང་། རིམ་པ་མ་ཡིན་པའི་ཚུལ་གྱི་སེམས་རྩེ་གཅིག་ཏུ་གཏད་ལ་བྷཻ་བས་གཉིད་འཐུག་པོ་ཉིད་ལ་གསལ་བའི་ཏིང་ངེ་འཛིན་སྐྱེས་ནས། རྨི་ལམ་ཟིན་པར་འགྱུར་རོ། །དེ་ལྟར་ན་རྨི་ལམ་གྱི་འཛིན་སྟངས་འདི་དག་དང་། ཕྱིས་འཆད་པར་འགྱུར་བའི་འོད་གསལ་གྱི་འཛིན་སྟངས་དག་གོ་བརྗེ་ཞིང་། སྤྱོད་ལམ་གྱི་རྣལ་འབྱོར་ཡང་བསྒྱུར་ཏེ་བསྒྲུབས་པས་གོ་བཟློག་ཏུ་འགྱུར་ཏེ། ཅིའི་ཕྱིར་གོ་བཟློག་ཅེ་ན། གཉིད་སྲབ་པར་འགྱུར་བའི་ཐབས་དང་སྤྱོད་ལམ་ཁོ་ན་དགོས་པ་ལ། ཤིན་ཏུ་མཐུན་པར་འགྱུར་བའི་ཐབས་དང་སྤྱོད་ལམ་གྱིས་འཛིན་པ་དང་གོ་བཟློག་པས་གོ་བཟློག་པའི་བསྒོམ་པ་ཞེས་བྱ་བ་ཡིན་ནོ། །གནད་ལ་དབབ་པ་ནི། སྔར་མགྲིན་པར་བཀོད་པའི་ཡི་གེ་དེ་དག་དཀྱིལ་མ་མི་འགྱུར་བ་ལ། གཞན་ཡི་གེ་བཞི་པོ་གཡས་གཡོན་གང་རུང་དུ་དང་པོ་དལ་གྱིས་བསྐོར་ཞིང་། རྗེས་སུ་ཤིན་ཏུ་མྱུར་བར་འཁོར་བ་
ལ་སེམས་གཏད་པ་དང་། ཉིན་མཚན་མེད་པར་གཞན་སྨྲ་བའི་རྒྱུན་བཅད་དེ། ཡི་གེ་ལྔ་པོ་དག་བཟླ་བར་བྱ་བ་དང་། མཐའི་ཡི་གེ་བཞི་དབུས་ཀྱི་ཡི་གེ་ལ་བསྡུས་ནས། དབུས་མ་དེ་ཉིད་ཨཱཿདམར་པོར་བསྒྱུར་ལ། དེ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན། མཐེ་བོང་གི་ཚད་ཙམ་མམ། སོར་བཞི་པ་ཅི་རིགས་སུ་བྷཻ་སྟེ། དེའི་མགྲིན་པར་ཨཱཿཡིག་གམ། ཏ་ཡིག་དམར་པོ་ལ་སེམས་རྩེ་གཅིག་ཏུ་གཏད་པ་རྣམས། ཡི་གེ་འཁོར་ལོ་ལྟར་བསྐོར་བའི་ཚུལ་གྱིས་གནད་ལ་དབབ་པ། གསང་སྔགས་བཟླས་པའི་ཚུལ་གྱིས་གནད་ལ་དབབ་པས་ལྷ་སྐུ་བསྐྱེད་པའི་སྒོ་ནས་གནད་ལ་དབབ་བོ། །ཞེས་བྱ་བ་ཡིན་ནོ། །མགྲིན་པར་རྡོ་རྗེ་གྲི་གུག་འོད་གསལ་ལ་བྷཻ་སྟེ། རང་གི་ལུས་རྣམ་པར་སྨིན་པའི་ཕུང་པོ་འདི་ཉིད་དུམ་བུར་བརྒྱ་ཕྲག་དུ་མར་བསིལ་ནས། སེམས་གཏད་མེད་དུ་བཞག་པ་རྡོ་རྗེ་གྲི་གུག་གི་སྒོ་ནས་གནད་ལ་དབབ་པ་ཞེས་བྱ་བ་དང་།
རང་གི་ལུས་ཕྱི་ནང་བཟློག་སྟེ། དོན་སྣོད་ནང་ཁྲོལ་ཐམས་ཅད་ཕྱི་རོལ་ཏུ་འཕྱང་འཕྲུལ་གྱི་རྣམ་པ་ལྟ་བུ་ཡོད་པ། མགྲིན་པའི་ཐད་ཁོ་ནར་སེམས་གཏད་དེ། དོམ་ཕྲུག་མ་དང་བྲལ་བ་ལྟ་བུའམ། མགྲོན་པོ་བྱང་ཐང་དུ་ལམ་སྟོར་བ་ལྟ་བུ་སྐྱོ་ཤས་དྲག་ཏུ་བསྐྱེད། སྐབས་སུ་སྨྱོན་པའི་བརྟུལ་ཞུགས་བྱ་བ་ཕུང་པོ་ཕྱིར་མི་ལྡོག་གི་སྒོ་ནས་གནད་ལ་དབབ་པ་ཞེས་བྱ་བ་སྟེ། འདི་རྣམས་དང་གཞན་ཡང་། འཛིན་ཐབས་རང་གནད་ལ་དབབ་ཐབས་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱི། ཕལ་ཆེར་འདི་ཙམ་གྱིས་དོན་འགྲུབ་པ་ཡིན་ནོ། །གཉིས་པ་རྨི་ལམ་སྦྱང་བ་ནི། བསྒྱུར་བ་དང་། སྤེལ་བ་གཉིས་ལས། དང་པོ་ནི་རྨི་ལམ་བཟུང་བའི་འདུན་པའི་སྟེང་དུ། དེའི་མོད་ལ་རྨི་ལམ་དུ་ཤེས་པས་མི་ཕན་རང་ཡི་དམ་དུ་བསྒྱུར་དགོས་བསམ་པར་བྱ། དེས་བསྒྱུར་ནུས་ན་རབ་ཡིན། གལ་ཏེ་མ་ནུས་ན་ཉིན་པར་དེ་ལྟར་དུ་བསྒྱུར་ལ་བསྒོམ། ཡང་ཉལ་ཁར་རྨི་ལམ་བསྒྱུར་བ་དང་ཉིན་པར་བྷཻ་བ་ལ་ཁྱད་མེད་དེ། དེ་མོད་ཅིས་ཀྱང་བསྒྱུར་བར་བྱ་
སྙམ་དུ་བྱས་པས་འགྲུབ་པ་ཡིན་ནོ། །འདི་ལ་ཐུན་ངེས་པ་མེད། མང་ཡང་རུང་། སྤེལ་སྦྱང་དང་། བསྒྱུར་སྦྱང་གཉིས་བྱས་ཀྱང་ཉན།དེ་བཞིན་དུ་གྲུབ་ཙམ་ན། རྡོ་རྗེ་གདན་དུ་འགྲོ་བ་དང་། ཨོ་རྒྱན་དང་། ལྷ་ཡུལ་དང་། སངས་རྒྱས་ཀྱི་ཞིང་དུ་འགྲོ་བ་ལ་སྔར་དང་ཁྱད་མེད་པར་འདུན་པས་ཆོག་གོ །གང་དུ་བསྒྱུར་ཡང་ཉིན་གྱི་འདུན་པ་དང་། བརྩོན་འགྲུས་གལ་ཆེ་བས་དེ་ལྟར་སྦྱང་ངོ་། །རྨི་ལམ་ཟིན་པ་ན། དེ་ཡང་ཉིན་གྱི་ཚེ་ལ་སྔར་དག་པ་སྒྱུ་ལུས་སུ་བཤད་པ་ལྟར། ཡི་དམ་གྱི་ལྷ་སྐུ་གང་ཡང་རུང་བར་བསྒྱུར་ཏེ། འདི་ནི་རྨི་ལམ་མོ་ཞེས་བསམ་པར་བྱའོ། །དེ་ཡང་ཡང་རྒྱུན་མ་ཆད་པར་བྱས་ནས། ནུབ་ཉལ་བའི་དུས་སུ་བབ་པ་ན། སྔར་བཞིན་བླ་མ་ལ་གསོལ་བ་བཏབ་ནས། མལ་བདེ་བར་ལུས་ཀྱི་གནད་བཅོས་ཏེ། སྔར་བཤད་པའི་འཛིན་ཐབས་གང་ཡང་རུང་བ་ཟིན་པར་སླ་བ་ཞིག་དམིགས་ཡུལ་དུ་བྱས་ནས། ད་ནི་བདག་གིས་རྨི་ལམ་ཟིན་པར་གྱུར་པ་ཙམ་གྱིས་མི་ཆོག །རྨི་ལམ་དུ་སྒྱུ་མའི་རྣམ་
པར་ཐར་པ་རྩལ་སྦྱང་བར་བྱའོ། །དེ་ཡང་བདག་གིས་ཉིན་དེ་བཞིན་གཤེགས་པའི་སྐུར་བསྒྱུར་བ་དང་། མཚན་བསྒྱུར་བ་ལ་ཁྱད་པར་མེད་དེ། དོ་ནུབ་བདག་གིས་རྨི་ལམ་ཟིན་པའི་མོད་ལ་ཡི་དམ་གྱི་སྐུར་བསྒྱུར་བར་བྱའོ། །ཞེས་དྲན་པ་མ་ཡེངས་པར་རྩེ་གཅིག་ཏུ་བསམས་ནས་གཉིད་ལོག་པས་བསྒྱུར་ནུས་པར་འགྱུར་རོ། །དེ་ལ་ཡི་དམ་གྱི་ལྷ་གང་ཡང་རུང་བ་རེ་རེ་བསྒྱུར་ནུས་པ་ན། ཡི་དམ་དེ་ཉིད་གཅིག་པུ་ལ་ཕྱོགས་གཅིག་ཏུ་ཞེན་པ་མེད་པར། ཡི་དམ་གྱི་སྐུ་སྣ་ཚོགས་པ་ལ་བསླབ་པར་བྱ་སྟེ། དེ་ཡང་ཡི་དམ་སྤྱན་རས་གཟིགས་ལྟ་བུ་ཞིག་ཡིན་ན། དེ་དཀར་པོ་རྐྱང་པར་བསྒོམ་པའི་བློ་བསྒྱུར་ནས་སེར་པོ་དང་། ལྗང་ཁུ་དང་། སྔོན་པོ་སོགས་ཁ་དོག་དུ་མར་བསྒྱུར་ཏེ་བྷཻ་བར་བྱའོ། །དེ་བཞིན་དུ་ཞལ་གཅིག་ཕྱག་གཉིས་པ་ནས་བཞི་པ་དང་། ཞལ་ཕྱག་བྱེ་བ་མཐའ་ཡས་པའི་བར། སྐུ་དབྱིབས་ཀྱི་འགྱུར་བ་དུ་མ་དང་། འཁོར་ཚོགས་མང་ཉུང་ཅི་རིགས་པའི་འགྱུར་བ་སྣ་ཚོགས་དང་། ཞི་བ་དང་དྲག་པོའི་ཚུལ་གྱི་
རྣམ་འགྱུར། ཕྱི་དང་ནང་གི་རྒྱུད་སྡེའི་རྣམ་པར་དབྱེ་བ་ཅན། རབ་འབྱམས་མཐའ་ཡས་མུ་མེད་པ་དག་བསྒྱུར་ཏེ་བྷཻ་བར་བྱའོ། །ཇི་ལྟར་བཅོམ་ལྡན་འདས་སྤྱན་རས་གཟིགས་ལ་བྷཻ་བ་དེ་ཁོ་ན་བཞིན། ཡི་དམ་གྱི་ལྷ་ཐམས་ཅད་ལ་སྦྱར་ཏེ་བསྒོམ་པར་བྱའོ། །གལ་ཏེ་རྨི་ལམ་དུ་ལྷར་བསྒྱུར་བ་དྲན་དུ་ཟིན་ཀྱང་བསྒྱུར་བར་མ་ནུས་ན། ཐོག་མ་མེད་པའི་བག་ཆགས་ངན་པའི་མཐུས་བརྟས་པའི་གོམས་ཤུགས་བཟློག་པར་མ་ནུས་པ་ཉིད་ཀྱིས་ལན་པས། ཉིན་གྱི་ཚེ་དག་པ་སྒྱུ་ལུས་སུ་བཤད་པའི་མན་ངག་ལ་རྩོལ་བ་དྲག་ཏུ་བསྐྱེད་དེ་བསྒོམས་པས། དེ་གོམས་པ་ན་མཚན་མོ་ཡང་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །དེ་ལྟར་རང་ཉིད་བསྒྱུར་པ་གྲུབ་ནས། གཞན་རྨི་ལམ་གྱི་ཡུལ་སྣང་སྣོད་བཅུད་ཀྱི་རྣམ་པ་ཅི་མཐོང་ཡང་རུང་། དེ་ཐམས་ཅད་ཀྱང་སྔ་མ་ལྟར་བསྒྱུར་ཏེ་བསྒོམ་པ་ལ་བསླབ་པར་བྱའོ། །མདོར་ན་རྒྱལ་བ་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་དང་། རྒྱལ་བ་སྤྲུལ་པའི་སྐུ་སངས་རྒྱས་སྟོང་ལ་སོགས་པ་རྣམས་
དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ་སོགས་པ་རྣམས་དང་། འཕགས་པ་ཉན་ཐོས་རྣམས་དང་། རང་རྒྱལ་བ་ཆེན་པོ་རྣམས་ཏེ། སྐུའི་འགྱུར་བ་ཚད་མེད་པ་རྣམས་བློས་ཇི་ལྟར་ལྕོགས་ལྕོགས་སུ་བསྒོམ་པར་བྱ་བ་ནི་དག་པའི་སྦྱང་བའོ། །མ་དག་པ་ནི། ཉིན་གྱི་ཚེ་རྨི་ལམ་དྲན་འདུན་དྲག་པོ་གཞིར་བྱས་ནས། སྣང་བ་འདི་རྣམས་ལས་རླུང་དུ་བསྒྱུར་བ་དང་། མེ་ཆུར་བསྒྱུར་བ་དང་། དེ་ཐམས་ཅད་གོ་བཟློག་ཏུ་བསྒྱུར་བ་དང་། ཤིན་ཏུ་སྟོང་པའི་ནམ་མཁའ་ཡང་རབ་ཏུ་བརྟན་པའི་ས་གཞིར་བསྒྱུར་བ་སོགས། འབྱུང་ཆེན་གྱི་འགྱུར་བ་དུ་མར་བརྩམས་ཏེ། དེ་ཡང་དང་པོར་རང་གི་ལུས་དག་པར་བསྒྱུར་བ་དང་། དེ་ཡང་ཆུར་བསྒྱུར་བ་སོགས་སྣ་ཚོགས་སུ་བསྒྱུར་ཏེ་བསྒོམ་པར་བྱའོ། །རང་གིས་ལུས་ལ་བསྒོམ་པར་གོམས་པ་བརྟན་པོར་གྱུར་པ་ན། ཕྱི་རོལ་གྱི་སྣང་བ་ཇི་སྙེད་པ་ལ་སྔ་མ་ལྟར་གོམས་པར་བྱའོ། །དེ་བཞིན་དུ་རང་གི་ལུས་སེམས་ཅན་དམྱལ་བའི་ལུས་ཀྱི་རྣམ་པར་འགྱུར་བའི་ཇི་སྙེད་པར་བསྒྱུར་
ཏེ་བྷཻ་བ་དང་། དེ་བཞིན་དུ་ཡིད་ཀྱི་གཟུགས་ཚད་མེད་པ་རྣམས་དང་། ནམ་མཁའ་ལྡིང་དང་། རི་དྭགས་ཀྱི་རྒྱལ་པོ་སེང་གེ་དང་། ཉིས་འཐུང་ལ་སོགས་པ་དུད་འགྲོའི་རིགས་ཆེ་བ་དང་། འབྲིང་དུ་གྱུར་པ་དང་། འབུ་སྲིན་སོགས་ཤིན་ཏུ་ཕྲ་མོའི་བར་མཐའ་ཡས་པ་རྣམས་སུ་བསྒྱུར་བ་དང་། གདོང་ཅན་གྱི་རིགས་དུ་མ་དང་། དྲི་ཟ་དང་། མིའམ་ཅི་དང་། ལྷ་མིན་གྱི་རིགས་རྣམས་ན་འཁོད་པའི་སེམས་ཅན་ཚད་མེད་བརྗོད་དུ་མེད་པ་རྣམས་ཀྱི་གཟུགས་དང་ཆ་ལུགས་དང་རྣམ་པར་འགྱུར་བ་མདོ་སྡེ་རིན་པོ་ཆེ་རྣམས་ལས་ཇི་སྐད་གསུངས་པ་དེ་ལྟ་བུ་རྣམས་སུ་བསྒྱུར་ཞིང་བསྒོམ་པ་དང་། མིའི་འཇིག་རྟེན་གྱི་ཡང་གཟུགས་ཆེ་ཕྲ་ཡིད་དུ་འོང་མི་འོང་། རྣམ་འགྱུར་མི་འདྲ་བ་ཚད་མེད་པ་དག་ཕན་ཚུན་བསྒྱུར་ཏེ་བྷཻ་བ་དང་། རྒྱལ་པོ་ཆེན་པོ་རིགས་བཞིའི་ལྷ་རྣམས་དང་། བརྒྱ་བྱིན་ལྷའི་དབང་པོ་སོགས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། མཐའ་བྲལ་ནས་འོག་མིན་བར་གྱི་ལྷའི་གཟུགས་ཇི་སྙེད་པ་རྣམས་སུ་
བསྒྱུར་ཞིང་བསྒོམ་པར་བྱའོ། །སྔ་མ་བཞིན་རང་གི་ལུས་ལ་གོམས་པ་ན། སྣང་བ་སྣ་ཚོགས་ཇི་སྙེད་པ་ཐམས་ཅད་ཡང་དེ་ཁོ་ན་ལྟར་བསྒོམ་པར་བྱའོ། །དེ་ལྟར་རང་དང་གཞན་གྱི་དངོས་པོ་ཇི་སྙེད་པ་ཇི་ལྟར་སྣང་བ་དང་། ཇི་ལྟར་ཤར་པ་དེ་དག་ཕན་ཚུན་རྣམ་པར་འགྱུར་བའི་ཚུལ་བསྒྱུར་ཏེ་བྷཻ་བས། ཏིང་ངེ་འཛིན་ལས་སུ་རུང་བར་འགྱུར་ཞིང་། ཆོས་ཐམས་ཅད་ལ་དབང་འབྱོར་བ་འཐོབ་པར་འགྱུར་རོ། །འདི་ནི་རྣམ་པར་མ་དག་པའོ། །ཞེས་ཉེ་བར་རྟོག་པ་ནི་བྱིས་པའི་བློ་ཕྱོགས་སུ་འཛིན་པའི་དྲི་མས་སྤགས་པ། ཡང་དག་པའི་དོན་གྱི་གནས་ལུགས་ལས་གོལ་བ་སྟེ། དོན་དུ་ན་འདི་ཉིད་དག་པ་ཆེན་པོའོ། །བཟང་མཛེས་ལེགས་པ་རྣམས་ལ་མཆོག་ཏུ་འཛིན་པ་དང་། དེ་ལས་ལྡོག་པ་རྣམས་དམན་པ་མ་དག་པར་འཛིན་པ་ནི་འཁྲུལ་པ་ལས་ཆེར་འཁྲུལ་པའོ། །ཞེས་ངེས་པར་བྱས་ནས་དག་མ་དག་རོ་མཉམ་པའི་དབྱིངས་སུ་བདེ་བར་གཤེགས་པའི་སྐུ་སྒྱུ་མ་ལྟ་བུའི་རྣམ་པར་འཕྲུལ་པ་མཐའ་ཡས་པ་དག་འགོད་ཅིང་
བསྒྱུར་བའི་ཏིང་ངེ་འཛིན་ཡངས་ཤིང་ཚད་མེད་པ་ལ་རྩལ་སྦྱང་བར་བྱའོ། ། སྤེལ་བ་ནི། རྨི་ལམ་དུ་རང་ལྷར་བསྒྱུར་ནུས་ཙམ་ན། དེ་ལས་གཉིས་དང་། གསུམ་དང་། མང་པོར་སྤེལ་ལ་བསྒོམ། དེ་བཞིན་དུ་རྨི་ལམ་དུ་སྣང་བའི་མི་ལ་སོགས་པ་གང་མཐོང་བ་དེ་ལྟར་བསྒྱུར་བར་བྱའོ། །དེ་ལྟར་བསྒྱུར་སྦྱང་གྲུབ་ནས། ད་ནི་བདག་གིས་སྤེལ་བར་བྱའོ་སྙམ་དུ་བསམ་ཏེ། ཡི་དམ་གྱི་ལྷ་རིགས་མཐུན་པ་གཅིག་ལ་བཅུ་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ཐེར་འབུམ་ནས་གྲངས་མེད་ཀྱི་བར་ཚད་མེད་པར་བསྒྱུར་ཏེ་བསྒོམས་པས། གང་ཡང་རུང་བ་རེ་རེ་ལ་ཕྱོགས་གཅིག་ཏུ་འཛིན་པའི་དྲི་མ་མེད་པར་འགྱུར་རོ། །འདི་ནི་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་སྒྱུ་མའི་རྣམ་པར་ཐར་པ་སྟེ་མན་ངག་དམ་པའོ། ། དེ་གོམས་ནས་སངས་རྒྱས་ཀྱི་ཞིང་ལ་སློབ་ན་དང་པོ་ཞིང་འདི་ཉིན་པར་རྣམ་པར་སྣང་མཛད་ཀྱི་ཞིང་སྟུག་པོ་བཀོད་པའི་རྒྱན་དང་བཅས་པ། རང་གཞན་ཐམས་ཅད་དེ་བཞིན་གཤེགས་པ་རྣམ་པར་སྣང་
མཛད་བྱང་ཆུབ་སེམས་དཔའ་དང་བཅས་པར་བསྒོམ། ཉལ་ཁར་མགྲིན་པའི་དབུས་ཀྱི་ༀ་ལ་སེམས་གཏད་ཅིང་། དེའི་མོད་ལ་རྣམ་པར་སྣང་མཛད་ཀྱི་ཞིང་བལྟ་བར་བྱའོ་སྙམ་པར་བྱ། དེས་མ་ཟིན་པར་རྨི་ལམ་རང་མཚན་པ་བྱུང་ནས་ངོ་ཤེས་ན་རྨི་ལམ་རང་དུ་བསྒྱུར་ཆོག །མ་ཤེས་ན་ཆོས་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཡིན་པ་ལ། དེ་ལྟར་མ་ཤེས་པ་མ་ལེགས་སྙམ་སྟེ་དྲག་ཏུ་བསྒོམ། དེ་བཞིན་དུ་འདྲ་སྟེ། མངོན་དགའ་སྦྱོང་ན་ཨཱཿསྔོན་པོ་ལ་དམིགས་པ་སྔར་ལྟར་བསྒོམ། ནུ་སེར་པོས་ལྷོ་རིན་པོ་ཆེ་བཀོད་པ་དང་། ཏ་དམར་པོས་བདེ་བ་ཅན་དང་། ར་ལྗང་ཁུ་ནི་ལས་རབ་གྲུབ་པའི་ཞིང་ཁམས་སྦྱང་ལུགས་ཁྱད་མེད་དེ་ཉིན་གྱི་དམིགས་པའང་བསྒྱུར་བས་ཆོག་གོ །དེ་ནི་སྦྱངས་པའོ། །ད་ནི་ཞིང་ཁམས་གཏན་ལ་དབབ་པ་ནི། རྨི་ལམ་བསྒྱུར་སྤེལ་གྲུབ་པས་མི་ཆོག་གོ །ཞིང་ཁམས་གཏན་ལ་དབབ་པར་བྱའོ་ཞེས་བསམས་ནས་རི་རབ་གླིང་བཞི་མཛེས་པར་བལྟ་བ་དང་། ཉི་མ་དང་ཟླ་བའི་སྟེང་ན་འདུག་པ་དང་།
རྒྱ་གར་རྡོ་རྗེ་གདན་དང་། ཤམ་བྷ་ལ་ལས་སོགས་པ་གནས་ཁྱད་པར་ཅན་རྣམས་དང་། གླིང་གི་མཛེས་པ་མི་འདྲ་བ་དུ་མ་དག་ལ། ཉིན་གྱི་ཚེ་ལ་ཡིད་ཡོངས་སུ་གཏད་དེ་འདི་ནི་རྨི་ལམ་མོ་སྙམ་པའི་འདུན་པ་དང་མ་བྲལ་བར་བྱས་ནས། བསྒོམ་ལ། ཉལ་བའི་དུས་སུ་བབ་པ་ན། དེ་རིང་བསྒོམ་པ་ཇི་ལྟ་བར་དོ་ནུབ་རྨི་ལམ་དུ་གཏན་ལ་དབབ་པར་བྱའོ་ཞེས་འདུན་པ་ཤིན་ཏུ་དྲག་པོར་བསྐྱེད་དེ་རྨི་ལམ་བཟུང་བས་དེ་དང་དེ་གཏན་ལ་དབབ་པར་འགྱུར་རོ། །གལ་ཏེ་དེ་དག་ཇི་ལྟ་བ་གཏན་ལ་འབེབས་པར་མ་ནུས་ན། ཆོས་མངོན་པ་ཐེག་པ་ཆེན་པོའི་མདོ་ལ་ཇི་སྐད་བཤད་པ་ལྟ་བུའི་རྣམ་པར་འགྱུར་བ་རྣམས་ཉིན་མོར་ཤིན་ཏུ་གསལ་བར་བསྒོམ་སྟེ། མཚན་ཡང་དེ་ལྟར་མཐོང་ཞིང་རྟོགས་པར་འགྱུར་རོ། །བྱེ་བྲག་ཏུ། ཉི་ཟླ་གཉིས་ཀྱི་འོད་ཟེར་ལ། །འཇུ་བར་མ་ནུས་རང་ཉིད་ཀྱི། །ལག་པ་གཉིས་ཀྱི་མཐིལ་དག་ཏུ། །གཡས་པ་ཟླ་བ་གཡོན་ཉི་མ། །གསལ་བར་བསྒོམས་པས་ཟིན་པར་འགྱུར། །ཞེས་སོགས་མན་ངག་གི་
གནད་ཕྲ་མོ་རྣམས་དང་ལྡན་པར་བྱས་ནས་བསྒོམས་པས། གང་དང་གང་བསམས་པའི་དོན་བདེ་བླག་ཏུ་འགྲུབ་པར་འགྱུར་རོ། །ཞེས་སྤྲུལ་པ་དང་། ལོངས་སྤྱོད་རྫོགས་པ་ནི། རྣམ་གྲངས་མང་ཡང་མདོར་བསྡུས་ན་རིགས་ལྔའི་ཞིང་སྦྱང་བ་སྟེ། དེ་ཡང་ཉིན་གྱི་ཚེ། དང་པོ་ལུས་སེམས་བྲལ་བའི་དམིགས་པ་བསྒོམས་པས། རང་ཡི་དམ་གྱི་སྐུར་གསལ་བའི་སྙིང་ཁར་ཡེ་ཤེས་སེམས་དཔའ་སོར་བཞི་པའི་ཚད་ཙམ་གསལ་བཏབ་སྟེ། ད་ནི་བདག་གི་ལུས་འདི་ལས་ཐོན་ཏེ། སངས་རྒྱས་ཀྱི་ཞིང་གཞན་དག་ཏུ་འགྲོ་བར་བྱའོ་ཞེས་བསམས་ནས་ཕྱི་དབྱིབས་ཡི་དམ་གྱི་སྐུ་དེའི་སྤྱི་བོ་ཚངས་པའི་བུ་ག་ལས་ཐོན་ཏེ། སངས་རྒྱས་ཀྱི་ཞིང་གང་འདོད་དུ་འགྲོ་བར་བྱའོ། །དེ་ཡང་རྣམ་པར་སྣང་མཛད་ཀྱི་ཞིང་སྦྱོང་བར་འདོད་ན། རང་གི་སེམས་ཉིད་ཀྱི་ངོ་བོ་ཡི་དམ་གྱི་ལྷ་ཏེ། སྟེང་གི་ཕྱོགས་མཐོན་པོའི་མཐོན་པོར་ཕྱིན་པ་ལས་། འོག་མིན་གྱི་གནས་སྟུག་པོ་བཀོད་པ་ཞེས་བྱ་བའི་སངས་རྒྱས་ཀྱི་ཞིང་། རིན་པོ་ཆེ་ག་ག་
དཀར་པོ་ལས་གྲུབ་པའི་ས་གཞི་དང་། ཡིད་ཀྱི་རི་བོ་དང་། གཞལ་མེད་ཁང་གི་བཀོད་པ་ངོ་མཚར་རྨད་དུ་བྱུང་བ་རྣམས་དང་། དཔག་བསམ་གྱི་ཤིང་དང་། སྐྱེད་མོ་ཚལ་དང་། བདུད་རྩིའི་ཆུ་ཀླུང་དང་། རྫིང་བུ་ལ་སོགས་པ་ཞིང་གི་བཀོད་པ་ཚད་མེད་པའི་དབུས་ན་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲི། ཉི་ཟླ་པདྨོ་ལ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། འཁོར་རྒྱ་མཚོའི་ཚོགས་དང་བཅས་པ་བཞུགས་པའི་སྤྱན་སྔར་སེམས་ཀྱི་པདྨོའི་སྡོང་པོ་མངོན་པར་སྤྲུལ་ཏེ། དེར་རང་ཉིད་གནས་པས། ཕྱག་བྱ་བ་སོགས་བསོད་ནམས་མངོན་པར་འདུ་བྱ་བ་དག་བསྒྲུབ། བདེ་བར་གཤེགས་པས་བདག་ཉིད་བྱང་ཆུབ་ཏུ་ལུང་བསྟན། དེའི་མཐུས་སེམས་ཅན་ཚད་མེད་པ་དག་སྨིན་གྲོལ་བཀོད་པར་དམིགས་ལ། ད་ནི་བདག་ལ་དགོས་པའི་དོན་གྲུབ་ཟིན་གྱི། རང་གི་ལུས་ལ་འཇུག་པར་བྱའོ། །ཞེས་བསམས་ནས། རང་གནས་སུ་འོང་སྟེ་རང་གི་ལུས་ལྷ་དམ་ཚིག་དག་པར་
གནས་པའི་སྤྱི་བོ་ནས་སྙིང་ཁར་ཞུགས་ལ། སྔར་གྱི་བྷཻ་བའི་འཕྲོ་གསལ་བར་བྱའོ། །ཉིན་དེ་ལྟ་བུ་ཡང་ཡང་བྷཻ་བས་ནུབ་ཉལ་བའི་དུས་སུ་མགྲིན་པའི་དབུས་ཀྱི་ༀ་ཡིག་དཀར་པོ་ལ་སེམས་རྩེ་གཅིག་ཏུ་བཏད་ཅིང་། རྣམ་པར་སྣང་མཛད་ཀྱི་ཞིང་བལྟའོ་སྙམ་པའི་འདུན་པ་དང་མ་བྲལ་བར་བྱས་པས། ཇི་ལྟར་བསམས་པ་བཞིན་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཉིན་བཅོམ་ལྡན་འདས་མི་བསྐྱོད་པ་མངོན་པར་དགའ་བའི་ཞིང་ཁམས་ཆོས་ཀྱི་བཀོད་པ་ཚད་མེད་པ་དང་བཅས་པ་མངོན་པར་བལྟ་བའི་སྦྱོར་བ་གྲུབ་ནས། མཚན་ཉལ་བའི་ཚེ་ན་དེ་རིང་བྷཻ་བ་ཇི་ལྟ་བ་དོ་ནུབ་གཏན་ལ་དབབ་པར་བྱའོ། །ཞེས་མགྲིན་པའི་མདུན་ཕྱོགས་ཀྱི་འདབ་མ་ལ་གནས་པའི་ཨ་ཡིག་སྔོན་པོ་ལ་ཤེས་པ་གཏད་རྩལ་སྦྱངས་པས་ཇི་ལྟ་བ་འགྲུབ་པར་འགྱུར་རོ། །དེ་བཞིན་དུ་ཉིན་བཅོམ་ལྡན་འདས་རིན་ཆེན་མཆོག་ལྡན་བཀོད་པའི་ཞིང་། བཅོམ་ལྡན་འདས་རིན་ཆེན་འབྱུང་ལྡན་འཁོར་རྒྱ་མཚོ་དང་བཅས་པ་གསལ་བར་བལྟ་ཞིང་།
མཚན་ནུ་ཡིག་སེར་པོ་ལ་སེམས་གཏད་དེ་རྩལ་སྦྱང་བ་དང་། དེ་བཞིན་དུ་ཉིན་མགོན་པོ་འོད་དཔག་ཏུ་མེད་པ་འཁོར་དུ་མ་དང་། བདེ་བ་ཅན་གྱི་ཞིང་རྣམ་པར་བཀོད་པའི་ཚུལ་རབ་ཏུ་གསལ་བར་དམིགས་ཤིང་། མཚན་ཏ་ཡིག་དམར་པོ་ལ་ཡིད་གཏད་པ་དང་། ཉིན་ལས་རབ་གྲུབ་པའི་སངས་རྒྱས་ཀྱི་ཞིང་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་འཁོར་ཚད་མེད་པ་དང་བཅས་པ་གསལ་བར་བྷཻ་ཞིང་། མཚན་ར་ཡིག་ལྗང་ཁུ་ལ་སེམས་གཏད་དེ་རྩལ་སྦྱངས་པ་རྣམས་ཀྱིས་བདེ་བར་གཤེགས་པ་རིགས་ལྔའི་སངས་རྒྱས་ཀྱི་ཞིང་སྦྱང་བ། གཞན་ཚུལ་རྣམ་པར་སྣང་བའི་སྒྱུ་མའི་རྣམ་པར་ཐར་པ་ཕུལ་དུ་ཕྱིན་པ་ཡིན་ལ། དེ་ལས་མཆོག་ཏུ་གྱུར་པ་བསྒོམ་པའི་སྐལ་པ་ཅན་དག་གིས། ཉིན་གྱི་ཚེ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཞིང་འཁོར་ཚོགས་ཀྱི་ཚུལ་རྒྱ་མཚོ་དང་བཅས་པ་ཇི་རྙེད་པ་རྣམས་ནི། རང་གི་སེམས་ལས་ཕྱི་རོལ་དུ་དོན་གཞན་གྲུབ་པ་མེད་དེ། དེ་བས་བདག་
གིས་ཤར། ལྷོ། ནུབ། བྱང་སོགས་སུ་སངས་རྒྱས་ཀྱི་ཞིང་འཚོལ་བའི་འདུན་པ་བཞག་སྟེ། ཕྱོགས་འདི་ཉིད་དུ་ཏིང་ངེ་འཛིན་གྱི་རྣམ་པར་འཕྲུལ་བ་ཚད་མེད་པ་གསལ་གདབ་པར་བྱའོ། །ཞེས་གང་དུ་འདུག་པའི་གནས་དེ་ཉིད་སངས་རྒྱས་ཀྱི་ཞིང་དང་། རང་ཉིད་སངས་རྒྱས་བཅོམ་ལྡན་འདས་གཙོ་བོ་དང་། རང་གི་གནས་མལ་ནི་གཞལ་ཡས་ཁང་དང་། དེར་འཁོད་པའི་སྐྱེ་བོ་རྣམས་ནི། འཁོར་རྒྱ་མཚོ་ཉིད་དུ་གདོད་ནས་གྲུབ་པ་ལ། གྲུབ་ཉིད་དུ་ངེས་ཤེས་བསྐྱེད་ཅིང་། འདི་ནི་རྨི་ལམ་སྦྱང་བའི་རྣམ་པར་འཕྲུལ་པའོ། །འདི་ལ་ནི་ཇི་ལྟར་བྱས་ཀྱང་འགྲུབ་པ་སྟེ། ཐོགས་ཤིང་རྡུགས་པར་གྱུར་པ་ནི་འགའ་ཡང་མེད་དོ། །ཞེས་འཁོར་རྒྱ་མཚོ་བསྡུ་བ་དང་། རང་གི་སྐུའི་འོད་ཀྱིས་སངས་རྒྱས་ཀྱི་ཞིང་ཐམས་ཅད་གསལ་བར་སྣང་བ་དང་། སེམས་ཅན་གྱི་ཁམས་རྒྱ་མཚོ་ཚད་མེད་པ་ཡོངས་སུ་སྨིན་ཅིང་གྲོལ་བར་བྱས་པས་ཡུན་རིང་དུ་བྷཻ་ནས། མཚན་མོ་ཡང་དེ་ལྟར་གཏན་ལ་དབབ་པས་འགྲུབ་སྟེ། རྒྱལ་བ་
རིགས་ལྔ་པོ་དག་ལ་སྔ་མ་ལྟར་རིམ་གྱིས་བསྒོམ་པར་བྱའོ། །ཏིང་ངེ་འཛིན་གྱི་འཁོབ་ཆེ་བ་དག་གིས་སངས་རྒྱས་ཕལ་པོ་ཆེ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལས་འབྱུང་བ་ལྟ་བུ། རྣམ་པར་འཕྲུལ་པའི་སྒོ་རྒྱ་མཚོའི་རྒྱན་བཀོད་པའི་འོད་ཟེར་གྱིས་སྤྲིན་ཆོས་ཀྱི་དབྱིངས་རབ་འབྱམས་མཐའ་ཡས་པ་མངོན་པར་འགེངས་པ་རིན་པོ་ཆེའི་ཕྱག་རྒྱ་ཟ་མ་ཏོག མཆོག་ཏུ་ཡངས་ཤིང་ཚད་མེད་པ་ཉིན་དང་མཚན་ཐམས་ཅད་དུ་གྲུབ་པ་ལ། ངལ་བ་མེད་པ་ཀུན་ཏུ་གནས་པར་བྱའོ། །བདེ་བ་ཆེན་པོའི་ཞིང་སྦྱང་བ་ནི། གནས་ཉི་ཤུ་རྩ་བཞི་དང་། ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པ་རྒྱུད་སྡེ་རིན་པོ་ཆེ་ལས་ཇི་ལྟར་འབྱུང་བ་གཏན་ལ་དབབ་པར་བྱ་སྟེ། དེ་ཡང་ཉིན་གྱི་ཚེ། ལུས་སེམས་བྲལ་བའི་སྦྱོར་བས་གནས་དེ་དང་དེ་དག་ཏུ་མངོན་པར་བགྲོད་དེ་རྩལ་སྦྱང་བའམ། རང་གར་འདུག་པའི་གནས་དེ་ཉིད་གང་སྦྱོང་བར་འདོད་པའི་གནས་དེ་དང་དེ་ཡིན་པར་མོས་པ་རྩལ་སྦྱོང་ངོ་། །རེ་ཞིག་ཨོ་རྒྱན་གྱི་གནས་སྦྱོང་བར་འདོད་ན།
ཌཱ་ཀི་རྣམ་པར་བཀོད་པའི་བདེ་བའི་ཡོ་བྱད་ཚད་མེད་པ་དང་ལྡན་པའི་དབུས། དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ་མཐོང་བ་ཙམ་གྱིས་ཀྱང་སྐྱི་གཡའ་བ། མེ་དང་། ཆུ་དང་། རི་དང་། ཤིང་དང་། སྤྲིན་དང་། མཆོད་རྟེན་དང་། གྲུབ་པའི་སློབ་དཔོན་ཆེན་པོ་རྣམས་དང་། ཕྱོགས་སྐྱོང་དང་། ཀླུ་དང་། ཤ་ཟའི་རིགས་བསམ་གྱིས་མི་ཁྱབ་པས་གང་བར། རིན་པོ་ཆེ་པདྨ་རཱ་ག་ལས་གྲུབ་གཞལ་མེད་ཁང་མཚན་ཉིད་མཐའ་དག་ཡོངས་སུ་རྫོགས་པར། དཔའ་བོ་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པ་འཁོར་མངོན་པར་འདུ་བའི་བཀོད་པས་བརྩོན་པ། གཙོ་མོ་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མ་མངོན་པར་རྟོགས་པ་ལས་ཇི་སྐད་འབྱུང་བ་ལྷའི་ཆ་ལུགས་དང་། མངོན་པར་འགྱུར་བ་ཅན་རྡོ་རྗེའི་གླུ་དང་། གར་གྱི་རོལ་པ་མཆོག་ཏུ་བླ་ན་མེད་པས་སྐལ་པ་དང་ལྡན་པ་རྣམས་ཟག་པ་མེད་པའི་བདེ་བ་དམ་པ་ལ་སྐད་ཅིག་གིས་སྦྱོར་བར་མཛད་པ། དེ་ལྟ་བུར་གཞན་ཚུལ་ཉེ་བར་སྣང་བའམ། རང་ཉིད་དེ་
ལྟ་བུར་གསལ་བ་གང་ཡང་རུང་སྟེ། སྔ་མ་ལྟར་བཅོམ་ལྡན་འདས་དང་ཌཱ་ཀིའི་ཚོགས་ཐམས་ཅད་དད་པ་དྲི་མ་མེད་པ་བསྐྱེད་དེ་ཏིང་ངེ་འཛིན་གྱིས་མཆོད་པས་མཆོད་ཅིང་གསོལ་བ་བཏབ་པ་ལས་དབང་དང་རྗེས་སུ་བསྟན་པ་ཇི་སྙེད་པ་ཐོབ་པར་བསྒོམ་ཞིང་། ཕྱི་མ་ལྟར་ན་དཔལ་འཁོར་ལོ་སྡོམ་པ་སོགས་དཔའ་བོའི་དབང་ཕྱུག་རྣམས་དང་ཐབས་གཅིག་བརྡ་དང་བརྡའི་ལན་གྱིས་ཆོ་གས། ཞིང་རབ་འབྱམས་མཐའ་ཡས་པའི་དཔའ་བོ་དང་། རྣལ་འབྱོར་མ་ཐམས་ཅད་ཟུང་འཇུག་ཡེ་ཤེས་ཀྱི་བདེ་བའི་རོལ་མོ་རྒྱ་ཆེར་མངོན་པར་བསྒྲུབ་པ་ལས་བྱུང་བའི་ཉམས་སུ་མྱོང་བ་གྱ་ནོམ་པ་ཐོབ་པར་བསྒོམ་སྟེ། ཉིན་གྱི་ཚེ་དེ་ལྟར་རིམ་པ་གཉིས་པོ་འདི་གང་ཡང་རུང་བ་ལ་ཏིང་ངེ་འཛིན་གྱིས་རྩལ་སྦྱངས་ནས་ཉལ་བ་ན། དེ་རིང་ལྟར་དོ་ནུབ་བསྒོམ་པར་བྱའོ། །ཞེས་འདུན་པ་དྲག་པོ་དང་། རྣ་བ་གཡས་པ་ཨོ་རྒྱན་གྱི་རྩ་ཟུར་དྲུག་པའི་ཆོས་ཀྱི་འབྱུང་གནས་ཀྱི་རྣམ་པར་གསལ་བ་ལ། ༀ་ཡིག་ལས་བསྐྱེད་དེ། དེར་
པད་ཉི་ལ་ཧྲཱི་ཡིག་གམ། བཾ་ཡིག་གང་ཡང་རུང་བ་བྱི་རུའི་ཁ་དོག་ཅན་ནམ། ཡང་ན་ཐུགས་ཀྱི་འཁོར་ལོའི་ངེས་པས་སྔོ་སངས་སུ་གསལ་བར་བལྟས་ལ། རྨི་ལམ་འཛིན་པའི་ཆོ་ག་དང་སྦྱར་བས་ངེས་པར་འགྲུབ་བོ། །ཇི་ལྟར་ཐོས་འཛིན་གྱི་ཡུལ་ལ་ཞིབ་ཏུ་བཤད་པའི་རིམ་པ་འདིས། ཛ་ལན་དྷ་ར་ནས་བརྩམས་ཏེ་ཀུ་ལུ་ཏའི་པུས་མོའི་བར་གནས་ཉི་ཤུ་རྩ་བཞི་དང་། གཞན་ཡུལ་སུམ་ཅུ་སོ་གཉིས་དང་སོ་དྲུག་སོགས་ཟབ་མོའི་རྒྱུད་ཀྱིས་ངེས་པ་རྣམ་པར་བཤད་པ་དེ་ཐམས་ཅད་གོ་རིམ་དང་། གོ་རིམ་མེད་པར་རྩལ་སྦྱང་བར་བྱ་སྟེ། དེ་ལྟར་ན་དཔའ་བོ་དང་རྣལ་འབྱོར་མ་རྒྱ་མཚོའི་ཚོགས་ཀྱི་དབུས་སུ་གསང་ཆེན་གྱི་གདམས་ངག་རྨད་དུ་བྱུང་བ་རྣམས་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །དེ་ལྟར་སྐུ་གསུམ་གྱི་ཞིང་ཡོངས་སུ་སྦྱོང་བའི་ཚུལ་འདི་ལ། རྣམ་པར་འགྱུར་བ་དུ་མའི་ཚུལ་གྱིས་བསྒྱུར་ཅིང་སྤེལ་ཏེ་བསྒོམས་པས། སྒྱུ་མའི་ཏིང་ངེ་འཛིན་གྱིས་རྣམ་པར་ཐར་པ་ཚད་མེད་བསམ་གྱིས་མི་ཁྱབ་པ་ལ་འཇུག་ཅིང་གནས་
པས་དབང་འབྱོར་བའི་ཡེ་ཤེས་མངོན་དུ་བྱེད་དོ། ། གསུམ་པ་རྨི་ལམ་ཡ་ང་བ་སྤང་བ་ནི། རྨི་ལམ་དུ་མེ་དང་། ཆུ་ཆེན་པོ་དང་། ངམ་གྲོག་དང་། རླུང་འཚུབ་དང་། ཤ་ཟ་དང་། སྲིན་པོ་དང་། ཁྱི་དང་དགྲ་ལ་སོགས་པ་བྱུང་ན། །མཁར་ཁ་མ་ལས། ཆུ་བོ་ཆེན་པོ་མཐོང་བ་ནི། །འདི་ནི་མི་བསྐྱོད་རྡོ་རྗེ་ཡིན། །སུ་ཞིག་དེ་ལ་འཇིགས་པར་བྱེད། །སྙམ་དུ་བསམས་ལ་མཆོང་བ་ཡིན། །མེ་ནི་པདྨའི་མགོན་པོ་ལ། །རླུང་ནི་ལས་ཀྱི་མགོན་པོ་ལ། །ངམ་གྲོག་གཡང་ས་རིན་འབྱུང་གི །སྤྲུལ་པ་ཉིད་དུ་འདོད་པས་ན། །དེ་ལ་འཇིགས་པ་ག་ལ་སྐྱེ། །ཁྱི་དང་དགྲ་ཡི་འཇིགས་པ་ཡང་། །བྱང་ཆུབ་སེམས་དཔའ་ལ་སོགས་ཀྱི། །རྣམ་འཕྲུལ་དེ་ལྟར་ཤར་བ་ཡིན། །དེ་ལ་བདག་ཉིད་འཇིགས་པ་ནི། །སངས་རྒྱས་བྱང་སེམས་ལ་སོགས་པར། །བདག་ཉིད་འཇིགས་པ་ཅི་ཞིག་ཨང་། །མ་གཉིད་དུས་སུ་ཆུ་བོ་ནི། །པུས་མོ་ནུབ་ཙམ་བརྒལ་བ་ལ། །ཡང་ཡང་དུ་ནི་བསམ་པར་བྱ། །མེ་རླུང་ས་ཡང་དེ་དང་མཚུངས། །སྐྲག་ཅིང་སྦྱོང་
བའི་གེགས་བྱེད་ན། དང་པོ་རྨི་ལམ་གྱི་མེས་སུ་ཚིག །ཆུས་སུ་ཁྱེར་སྙམ་དུ་བྱས་ལ་བསྲེའོ། །གཞན་ཡང་རང་གི་མགྲིན་པར་ཡི་གེ་རྣམས་བསྒོམ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོ་འཕྲུལ་ཡིན་ན། དེ་ལ་སུ་འཇིགས་སྙམ་དུ་བྱའོ། །དེས་ཀྱང་མི་སེལ་ན་གཉིད་པའི་དུས་སུ་རང་ལུས་མེས་བསྲེགས་ལ་མེར་བསྒོམ་པ་དང་། ཆུར་བྷཻ་བ་དང་། རླུང་ནང་དུ་རྔུབ་པས་ཕྱིའི་འཚུབ་མ་ཞི་བ་དང་། རྣམ་ཤེས་ཧཱུྃ་དུ་བྱས་ལ། དྷུ་ཏི་དང་། ནམ་མཁའ་ལ་འཕང་བར་བྱས་ཤིང་བསྒོམས་པས་ཡ་ང་བ་སེལ་ལོ། །ཟིན་ཁར་སད་པ་དང་། འཁྲུལ་བ་དང་། བརྗེད་པ་རྣམས་ལ། དང་པོ་ནས་འདུན་པས་མ་སད་པར་བྱ་སྙམ་པ་དང་། མ་འཁྲུལ་བར་བྱ་སྙམ་པ་དང་། མ་བརྗེད་པར་བྱ་སྙམ་པ་ཡང་བྱ། དེས་ཆོག་གོ །དེ་ཡང་ཡ་ང་བ་བསལ་ཐབས་ལ་གསུམ་ལས། ཆོ་འཕྲུལ་གྱི་ཡ་ང་བ་བསལ་བ་ནི། རྨི་ལམ་འཛིན་པ་དང་། སྦྱོང་བའི་ཚེ་མེ་ཆེན་པོ་མངོན་པར་འབར་བའམ། ཆུ་ཆེན་པོ་འབྲུབ་པའམ། རླུང་ནག་
འཚུབ་མ་འཇིགས་སུ་རུང་བའམ། ངམ་གྲོག་གཡང་ས་ཚད་མེད་པའམ། དེ་བཞིན་དུ་འདྲེ་དང་། ཤ་ཟ་སྲིན་པོ་དང་། སྟག་དང་། གཟིག་དང་། སེང་གེ་ལ་སོགས་པའི་གཅན་གཟན་གྱི་རིགས་དུ་མ་དང་། སྦྲུལ་གདུག་པ་དང་། ནམ་མཁའ་ལྡིང་ལ་སོགས་པའི་གཟུགས་ཅན་གྱིས་ཉེ་བར་འཚེ་ཞིང་། རྨི་ལམ་སྦྱང་བའི་གེགས་བྱེད་ན། ཉིན་གྱི་ཚེ། ཀྱེ་མ་རྨི་ལམ་གྱི་ཡུལ་སྣང་ནི་རང་བཞིན་མེད་པ་སྟེ། རང་བཞིན་མེད་པ་དེ་ལ་དེར་རྟོག་པས་དེ་སྔ་ཕན་ཆད་འཁྲུལ་བ་དུ་མས་གཡེང་ཞིང་ཉམ་ཉེས་པར་གྱུར། རྨི་ལམ་གྱི་མེ་ཡིས་སུ་ཞིག་ཚིག །རྨི་ལམ་གྱི་ཆུས་ནི་སུ་ཞིག་ཁྱེར། རྨི་ལམ་གྱི་རླུང་གིས་སུ་ཞིག་གཡེང་ཞིང་འཁོར། རྨི་ལམ་གྱི་གཡང་ལ་ལྷུང་བས་སུ་ཞིག་གི་ཡན་ལག་ཆག་གྲུམ་དུ་གྱུར་པ་ཡོད། རྨི་ལམ་གྱི་འདྲེ་སྲིན་གདུག་པ་ཅན་རྣམས་ཀྱིས་སུ་ཞིག་ཟོས་ཤིང་བཅོམ་སྟེ། དེ་ལྟ་བུ་སྔོན་ཡང་མ་ཐོས་ཤིང་། ཕྱིས་ཀྱང་མི་འབྱུང་ལ། ད་ལྟ་ཁོ་བོ་ཅག་ལ་མངོན་སུམ་དུ་གྱུར་ཏེ་རང་གི་སེམས་འཁྲུལ་པའི་
རང་གཟུགས་བདེན་པར་བཟུང་ནས། ཡང་དག་པའི་དོན་ལ་མི་འཇུག་པ། བདག་ལྟ་བུ་ཆེས་ཤིན་ཏུ་སྨད་པའི་གནས་སུ་གྱུར་པའོ། །ཞེས་རང་གིས་རང་གི་ཤེས་པ་ཚར་བཅད་ནས་སྐྱོ་བ་དྲག་ཏུ་བསྐྱེད། བླ་མ་ལ་མཎྜལ་ཕུལ་ཞིང་གསོལ་བ་སྙིང་ཐག་པ་ནས་གདབ། བདག་གིས་རྨི་ལམ་རྩལ་སྦྱང་བ་ལ་གེགས་དང་བར་ཆད་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ཏིང་ངེ་འཛིན་ཆོས་ཉིད་ཀྱི་རོལ་པར་རོ་སྙོམས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཉིན་གྱི་རིང་ལ་འདུན་པ་རྩེ་གཅིག་ཏུ་གཏད་དེ། མཚན་ཡང་ཉལ་བའི་དུས་ལ་བབ་པ་ན། ད་ནི་བདག་གི་རྨི་ལམ་གྱི་ཚེ། མེ་དང་ཆུ་ལ་སོགས་པ་ལ་འཇིགས་པར་མི་བྱའོ། །སྐྲག་པར་མི་བྱ། ཞུམ་པར་མི་བྱ། ཉམས་པར་མི་བྱ། དེ་ཉིད་ལ་བརྟུལ་ཞུགས་སུ་བྱའོ། །ཞེས་རིག་པ་ལ་ངར་དང་གདེང་བསྐྱེད་དེ། རྨི་ལམ་འཛིན་པའི་དམིགས་པ་གང་རུང་གིས་མཚམས་སྦྱར་ཏེ་གཉིད་ལོག་པས། རྨི་ལམ་ཟིན་པ་ན་ཆོ་འཕྲུལ་གང་དང་གང་ཤར་ཡང་དེ་ཉིད་ལ་བདེན་འཛིན་
མེད་པར་བརྟུལ་ཞུགས་སུ་བྱས་པས་རང་གྲོལ་དུ་འགྱུར་རོ། །འདི་ནི་སྒྱུ་མའི་ཏིང་ངེ་འཛིན་གྱི་སྒོ་ནས་ལམ་དུ་བྱ་ཐབས་སོ། །རྣམ་པ་གཅིག་ཏུ་ན་རྨི་ལམ་དུ་མེས་གནོད་པ་བྱུང་བའི་ཚེ། ཉིན་གྱི་གནས་སྐབས་སུ་སྤྱི་བོ་ཧཾ་ཡིག་བྱང་ཆུབ་ཀྱི་སེམས་ལ་བདུད་རྩིའི་རྒྱུན་ཤིན་ཏུ་བསིལ་བའི་གདངས་དང་ལྡན་པ་ཕབ་སྟེ། ཨ་ཝ་དྷུ་ཏིའི་ནང་གང་བར་དམིགས་ལ། ནུབ་ཉལ་བ་ན་རྨི་ལམ་གྱི་སྣང་བ་ནི་རྩ་རླུང་བྱང་ཆུབ་སེམས་ཀྱི་རང་གཟུགས་ཏེ། དེའི་ཕྱིར་བདག་གིས་མེའི་ཁམས་དམར་ཆ་སྟོབས་སུ་གྱུར་པའི་ཆོ་འཕྲུལ་སྣང་བ་ལ་བདུད་རྩི་ཟླ་བ་བྱང་ཆུབ་ཀྱི་སེམས་ཆུ་བོའི་རྒྱུན་གྱིས་རབ་ཏུ་ཞི་བའི་ཏིང་ངེ་འཛིན་བསྒོམ་པར་བྱའོ། །ཞེས་བསམས་ནས་རྨི་ལམ་ཟིན་པ་ན་དེ་ཉིད་བསྒོམས་པས་དག་པར་འགྱུར་རོ། །དེ་བཞིན་དུ་ཆུའི་གནོད་པ་ལ་གཏུམ་མོའི་མེ་སྦར། བག་ཆགས་ངན་པའི་རྩ་གནས་ཐམས་ཅད་བསྲེགས་ཤིང་མེ་ཁོ་ནའི་ལུས་སུ་བསྒོམ་པ་དང་། རླུང་གིས་མངོན་པར་གཡེངས་པ་ལ་འཁོར་ལོའི་རྩ་
འདབ་རྣམས་རྡོ་རྗེ་དང་། འཁོར་ལོ་ལ་སོགས་པ་ཕྱག་མཚན་གྱི་རྣམ་པ་རབ་ཏུ་བཀྲ་ཞིང་བརྟན་ལ་བརྗིད་པའི་བདག་ཉིད་དུ་བསྒོམ་པ་དང་། གཡང་སའི་འཇིགས་པ་ལ་ནི་འཐོར་རླུང་ཆེན་པོའི་ཤུགས་ཀྱིས་སྣོད་བཅུད་ཕྱི་ནང་གི་དངོས་པོ་ཐམས་ཅད་རྣམ་པར་གཏོར་ཏེ། ཅི་ཡང་མི་དམིགས་པ་ཉིད་དུ་བསྒོམ་པ་རྣམས་ལ་སྔ་མ་ལྟར་ཉིན་མཚན་མཚམས་སྦྱོར་གྱི་འདུན་པས་བརྒྱན་ལ་བྷཻ་བས། ཆོ་འཕྲུལ་དེ་དག་རང་ཞི་བར་གྱུར་ཏེ་འདྲེ་སྲིན་གཅན་གཟན་གདུག་པ་ལ་སོགས་པ་རྣམས་ལ་ཡང་ཁ་དོག་གང་ཤས་ཆེ་བ་ལ་སོགས་ཀྱིས་འགྱུར་བས་འབྱུང་བ་སོ་སོའི་རང་གཟུགས་སུ་ངོས་བཟུང་ལ་བསྒོམས་པས་འགྲུབ་སྟེ། དེ་ནི་གཉེན་པོའི་རྟེན་འབྲེལ་གྱི་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །ཡང་རྣམ་པ་གཅིག་ཏུ་ན་མེའི་ཉེ་བར་འཚེ་བ་ལ། དེ་བས་ལྷག་པར་ཆེ་བའི་རང་གི་ལུས་མེའི་ཕུང་པོ་བྱས་ཏེ་སྔར་གྱི་དེ་ཟིལ་གྱིས་གནན་པ་དང་། དེ་བཞིན་དུ་ཆུ་དང་། རླུང་དང་། གཡང་ས་དང་། འདྲེ་སྲིན་ལ་སོགས་པ་ཐམས་ཅད་ལ་སྦྱར་
ཏེ། འདི་ནི་གོ་བཟློག་རྟེན་འབྲེལ་གྱི་སྦྱོར་བ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་རྣམ་པ་གསུམ་པོ་འདི་དག་གིས་ཡ་ང་བ་སྤང་བ་བདེ་བླག་ཏུ་འགྲུབ་པར་འགྱུར་ཏེ། མན་ངག་གི་གནད་དམ་པའོ། །འབྱམས་བཟློག་ནི། རྨི་ལམ་ཟིན་མ་ཐག་སྦྱང་བའི་ལོང་མེད་པར་སད་ན། སད་འབྱམས་ཞེས་བྱ་སྟེ་མ་སད་པར་བྱའོ། །ཞེས་འདུན་པ་དྲག་ཏུ་བཏང་སྟེ། རྨི་ལམ་ཟིན་མ་ཐག་འོག་གི་རླུང་དེ་འཐེན་ལ་ཤེས་པ་ཁ་སྦུབ་པ་དང་། མུན་པའི་སྐྱེ་མཆེད་དྲན་པར་བྱས་པས་ཏིང་ངེ་འཛིན་བརྟན་པར་འགྱུར་རོ། །སད་པའི་རྟོག་པ་མེད་དུ་ཟིན་ཀྱང་རྨི་ལམ་ཟིན་པའི་མོད་ལ་རྨི་ལམ་འཁྲུལ་པ་ལ་བདེན་འཛིན་སྐྱེ་ཞིང་དྲན་པས་ཟིན་བཞིན་དུ་བཟློག་པར་མི་ནུས་ན་འཁྲུལ་འབྱམས་ཞེས་བྱ་སྟེ། མ་འཁྲུལ་བར་བྱའོ་སྙམ་པའི་འདུན་པ་དྲག་པོ་དང་། སྙིང་ཁར་མི་ཤིག་པའི་ཐིག་ལེ་སྔོ་བའི་གདངས་ཅན་ཤིན་ཏུ་འོད་གསལ་བ་ལ་སེམས་གཏད་དེ། འདི་ནི་རྨི་ལམ་མོ། །རྨི་ལམ་གྱི་སྣང་བ་ནི་རང་བཞིན་མེད་པའི་ཕྱིར་ཇི་ལྟར་བསྒྱུར་
ཡང་རུང་ངོ་། །ཞེས་བསྒྱུར་བའི་ཡན་ལག་དུ་མ་ལ་རྩལ་སྦྱངས་པས། རང་གྲོལ་བར་འགྱུར་རོ། །ཧ་ཅང་འཁྲུལ་བའི་ཡུལ་ལ་རྐྱེན་མེད་དུ་ཟིན་ཀྱང་དྲན་པ་མ་ཡེངས་ལ། གཅིག་རྗེས་སུ་གཅིག་རྒྱུན་ལྡན་དུ་འབྱུང་བ་ཉམས་ནས་འདྲེན་པར་མི་ནུས་ན། དྲན་པ་བརྗེད་པའི་ཕྱིར་བརྗེད་འབྱམས་ཞེས་བྱ་སྟེ། དྲན་པ་མ་བརྗེད་པར་བྱའོ། །སྙམ་པའི་འདུན་པ་དྲག་པོ་དང་། ནམ་བདག་གིས་རྨི་ལམ་ཟིན་པའི་ཚེ་དྲན་པ་མི་འཆོལ་བའི་ཕྱིར་གནས་དང་། གྲོགས་དང་། སྤྱོད་ལམ་གྱི་རྣམ་པ་འགྱུར་བ་ལ་ཚད་བཟུང་སྟེ་ཞིབ་ཏུ་བརྟགས་ལ་འགྱུར་མེད་དུ་བྱའོ། །ཞེས་བསམས་ནས། རྨི་ལམ་ཟིན་པ་ན་བདག་འདུག་པའི་གནས་ནི་འདིའོ། །མལ་གྱི་རྣམ་པར་འགྱུར་བ་ནི་འདི་ལྟ་བུའོ། །ཉལ་སྟངས་ཀྱི་ཚུལ་དང་། ཉེ་ལོགས་སུ་འཁོད་པའི་གྲོགས་དང་། ཡོ་བྱད་འདི་དང་འདི་ལྟ་བུའོ། །དེ་དག་ཇི་ལྟ་བུ་ཞེས་བརྟགས་པས་ཇི་ལྟ་བུ་མ་མཐོང་ཞིང་རྣམ་འགྱུར་གཞན་དག་འཆར་ན། ཀྱེ་མ་འདི་ནི་ཁོ་བོ་ཅག་དྲན་པ་གསལ་བར་མ་གྱུར་
པའི་མཐུ་ལས་ཡིན་གྱི། དོན་ཕྱིན་ཅི་ལོག་པ་འདི་ལྟ་བུ་ནི་མེད་དོ། །དེ་བས་ན་སྔོན་ཇི་ལྟར་གནས་པའི་ཚུལ་རྗེས་སུ་དྲན་པར་བྱའོ། །ཞེས་ཞིབ་ཏུ་བསམ་ཞིང་བརྟགས་པས་ཅི་ཞིག་ན་ཇི་ལྟ་བ་མཐོང་བར་འགྱུར་རོ། །མཐོང་བ་ན་ད་ནི་བདག་གི་རྣམ་པར་སྨིན་པའི་ལུས་ནི་མལ་དུ་གནས། ཡིད་ཀྱི་ལུས་གང་དུ་ཡང་ཐོགས་པ་མེད་པ་འདི་གང་དུ་ཕྱིན་ཀྱང་རུང་ལ། ཇི་ལྟར་བསྒྱུར་ཀྱང་རུང་ཞིང་ཇི་ལྟར་བསམ་པ་འགྲུབ་པའི་ཕྱིར། རྩལ་སྦྱང་བའི་ཆོ་འཕྲུལ་རྣམ་པ་སྣ་ཚོགས་ལམ་དུ་བྱའོ། །ཞེས་སྔར་བཤད་པའི་བསྒྱུར་སྤེལ་བཞིན་སྦྱོང་ཚུལ་རྣམས་གཏན་ལ་དབབ་པར་བྱའོ། །དེ་ལྟ་བུར་འབྱམས་པ་རྣམ་པ་གསུམ་བསལ་བས་མི་མཐུན་པའི་ཕྱོགས་མེད་པར་འགྱུར་ཏེ། རྨི་ལམ་སྒྱུ་ལུས་ཏིང་ངེ་འཛིན་གྱི་བོགས་འཐོན་པར་འགྱུར་རོ། ། བོགས་དབྱུང་ཞིང་རྨི་ལམ་ཁོ་ན་དང་བསྲེ་བ་ནི། ཅི་བྱས་ཀྱང་མ་ཟིན་ན། སྔོན་དུ་ཚོགས་བསག །འཇིག་རྟེན་གྱི་ཞེན་པ་སྤང་། བླ་མ་ལ་གསོལ་བ་དྲག་ཏུ་གདབ། ཉིན་པར་གྱི་སྣང་བ་
ཐམས་ཅད་རྨི་ལམ་མངོན་སུམ་དུ་བལྟ། དེས་མི་ཟིན་ཁ་མེད་པ་ཡིན་ནོ། །སྦྱང་བ་ཡང་དེ་དང་འདྲ་སྟེ། གཏུམ་མོ་དང་སྒྱུ་ལུས་ལྷ་སྐུ་དང་སྦྱར་བ་དེ་ལ་བརྩོན་པ་གལ་ཆེའོ། །དེ་ཟིན་ནས་དེ་ཁོ་ན་ཉིད་ནི་རྨི་ལམ་ན་ཆོས་འཆད་དོ། །རང་དང་གཞན་དང་སྒྲ་ཚིག་ཀྱང་མེད་དེ་འཁྲུལ་པ་སྣང་བར་ཟད། ཅེས་བདེན་མེད་ཕྱག་རྒྱ་ཆེན་པོ་ཟུང་འཇུག་ཏུ་ཁྱེར་ལ་ཉིན་གྱི་སྒྱུ་ལུས་དང་འདྲའམ་བལྟས་ལ་བསྒོམ་པར་བྱའོ། །འདི་འོད་གསལ་གྱི་སྔོན་འགྲོ་ཡང་ཡིན་ནོ། །རྨི་ལམ་གྱི་ངོ་བོ་ནི། མཚན་མ་དང་བཅས་པའི་ཏིང་ངེ་འཛིན་གྱི་འགྱུར་བ་དུ་མ་ལ་རྩལ་སྦྱང་བར་ནུས་པའམ། མི་ནུས་པས་ཀྱང་རུང་། རྨི་ལམ་ངོས་འཛིན་པའི་ཚེ། ད་ནི་བདག་གིས་རྨི་ལམ་གྱི་དུས་འདི་ཉིད་དུ་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བྷཻ་བར་བྱའོ། །ཞེས་བསམས་ནས་ཡུལ་ཡུལ་ཅན་གྱི་གཟུང་བ་དང་འཛིན་པའི་འཁྲུལ་པ་རང་སར་རང་ཡལ་བའི་རང་སེམས་ཀྱི་ངོ་བོ་ཉིད་གསལ་སྟོང་འཛིན་མེད་པའི་ངེས་པ་ལ་ཡུན་རིང་དུ་མཉམ་པར་གཞག་པར་བྱའོ། །
འདི་རབ་ཏུ་གོམས་པར་བྱས་ན་རྨི་ལམ་འོད་གསལ་དུ་འཇུག་ནུས་པར་འགྱུར་ཏེ། འོག་ནས་སྟོན་པའི་འོད་གསལ་གྱི་མན་ངག་ལ་ལྟོས་མི་དགོས་པར་འདི་ཁོ་ནས་ཉམས་དང་རྟོགས་པ་དྲི་མ་མེད་པར་འགྱུར་རོ། །འདི་ནི་རྨི་ལམ་དེ་ཉིད་དང་བསྲེ་བའི་མན་ངག་སྟེ། དབང་པོ་མཆོག་གི་རྣལ་འབྱོར་རོ། ། བཞི་པ་རྨི་ལམ་སྒྱུ་མར་བསླབ་པ་སྟེ། དོན་གྱི་རྨི་ལམ་ནི། དེ་ལྟར་མཚན་མོའི་རྨི་ལམ་གྱི་སྣང་བ་སྒྱུ་མར་གཏན་ལ་ཕབ་ནས། སླར་དེ་ཉིད་ཀྱི་སྣང་བ་ལ་བསྲེས་ཏེ་བྷཻ་བར་བྱའོ། །ཆོས་དྲུག་ཆེན་མོ་ལས། དེ་ཡང་རྨི་ལམ་ཆེན་མོ་ནི། ད་ལྟའི་གནས་སྐབས་འདི་ཉིད་དེ། ཁོ་བོ་ཅག་འཁོར་བའི་རྨི་ལམ་ཆེན་པོར་ནི་ཉལ། མ་རིག་པའི་གཉིད་ཀྱིས་ནི་ནོན། སྔོན་ཐོག་མ་མེད་པའི་བག་ཆགས་ཀྱིས་འཇུག་པའི་མཐུ་བརྟས་པས་རྨི་ལམ་དུ་མ་ནི་རྨི་བདོ་བ་སྟེ། དེ་བས་ན་བདག་གིས་འདི་ཉིད་ཀྱི་ཚེ་རྨི་ལམ་ཉིད་དུ་ཤེས་པའི་དྲན་པ་རྣམ་པ་ནས་རྣམ་པ་ཐམས་ཅད་དུ་མི་བརྗེད་པར་བྱ་ཞིང་། བསྒྱུར་བ་ལ་སོགས་པའི་མན་ངག་གིས་ཐབས་ཇི་སྙེད་པ་འདི་
ཉིད་དུ་བསྒྲུབས་པས་ལམ་གྱི་ཡེ་ཤེས་མཐར་དབྱུང་ངོ་། །ཞེས་བསམས་ནས། བསྒྱུར་བ་དང་། སྤེལ་བ་དང་། སྤྲུལ་བ། ཞིང་ཁམས་གཏན་ལ་དབབ་པ་རྣམས་ཇི་ལྟར་ཅི་རིགས་སུ་རྩལ་སྦྱང་བར་བྱའོ། །གལ་ཏེ་རྨི་ལམ་དུ་བསྒྱུར་བ་ལྟར་འདིར་བསྒྱུར་བར་ནུས་པ་དང་། འདི་ནི་རྨི་ལམ་མ་ཡིན་ཏེ། ཁོ་བོ་ཅག་གཉིད་དུ་མ་སོང་བའོ། །སྣང་བ་འདི་དག་ཀྱང་ཐོགས་པ་དང་བཅས་པ་བདེན་པ་ཉིད་དུ་ཉེ་བར་སྣང་སྟེ། འདི་ལ་བདག་གིས་ད་ལྟར་རྩལ་སྦྱངས་ཀྱང་འགྲུབ་པར་མི་འགྱུར་རོ། །ཞེས་རྟོག་པའི་བློ་སྐྱེས་ནས་བསྒྱུར་བར་ནུས་མི་ནུས་ནས་བག་ཆགས་ངན་པའི་གོམས་ཤུགས་བརྟན་མི་བརྟན་གྱི་ཁྱད་ཀྱིས་ཉེ་བར་སྣང་བ་སྟེ། དེ་ལ་ཁོ་བོ་ཅག་གི་མན་ངག་ཟབ་མོ་བསྒོམ་པའི་ཏིང་ངེ་འཛིན་མཐུ་ཆེ་ཆུང་གི་ཁྱད་ཀྱིས་བསྒྱུར་བ་དཀའ་སླ་རུ་གྱུར་ཏེ། དེའི་ཕྱིར་བདག་གིས་མན་ངག་གོམས་པ་ལ་འབད་པ་དང་ནན་ཏན་དྲག་ཏུ་བྱ། ལེ་ལོ་དང་སྙོམས་ལས་ཀྱི་དྲི་མས་མ་གོས་པར་བྱ། ཞེས་ཡང་དང་ཡང་དུ་སེམས་པ་
དང་། བདག་ད་ལྟ་མ་གཉིད་པའོ་སྙམ་པ་ནི་ལོག་པར་རྟོག་པ་ཆེན་པོ་སྟེ། འདི་ན་སྨྱོ་བས་དབང་པོ་རྣམ་པར་བསླད་པ་དེ་དག་ཀྱང་བདག་མ་སྨྱོས་སོ་ཞེས་ཉེ་བར་རྟོག་གོ །བྱིས་པ་གཉིད་ཀྱིས་སྨྱོས་པ་དེ་དག་ཀྱང་བདག་གཉིད་དུ་མ་སོང་བའོ། །ཞེས་ཉེ་བར་འཛིན་ནོ། །སྒྱུ་མའི་སྔགས་ཀྱིས་བསླད་པའི་ལྟད་མོ་རྣམས་ཀྱང་སྔགས་ཀྱིས་རྣམ་པར་བསླད་པའོ། །སྙམ་དུ་མི་ཤེས་ཏེ། དེ་བཞིན་དུ་ཁོ་བོ་ཅག་གཉིད་ཆེར་ལོག །རྨི་ལམ་ཆེན་པོ་ལ་ལོངས་སྤྱོད་པའི་ཚེ་དེ་ལྟ་བུ་ཉིད་དུ་མཐོང་ཞིང་མ་ཤེས་པ་བདག་ནི་སྨྱོན་པ་ལས་ཀྱང་ཆེས་ཤིན་ཏུ་སྨྱོན་པ། འཁྲུལ་བ་ལས་ཆེས་ཤིན་ཏུ་འཁྲུལ་པ། རྨོངས་པ་ལས་ཆེས་ཤིན་ཏུ་རྨོངས་པ་བདག་ལྟ་བུ་ཞེས་རང་གིས་རང་སྐྱོན་ལ་རབ་ཏུ་བརྟགས་ནས། ཕྱིན་ཅི་ལོག་གི་བློ་བསལ་བ་ལ་ཀུན་ཏུ་འབད་པར་བྱ་བ་དང་བདེན་བདེན་ལྟར་སྣང་བའི་དངོས་པོ་འདི་དག་ལ་ད་ལྟར་རྩལ་སྦྱངས་པས་མི་འགྲུབ་ན། ནམ་ཞིག་འགྲུབ་པའི་དུས་འབྱུང་བར་འགྱུར། དེས་ན་སྐྱོན་མེད་པའི་
དལ་འབྱོར་རིན་པོ་ཆེ་ནི་ཐོབ། མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་གྱིས་ནི་ཟིན། གདམས་པ་དང་རྗེས་སུ་བསྟན་པ་ཕྱིན་ཅི་མ་ལོག་པ་ནི་ཁོང་དུ་ཆུད། རང་ཉིད་ཀྱིས་ཉམས་སུ་ལེན་པའི་སྐལ་པ་དང་ནི་ལྡན། འདི་ལྟ་བུའི་སྐབས་སུ་འཁོར་བ་རྒྱ་མཚོ་ཆེན་པོ་ལས་ཉེ་བར་བསྒྲལ་ཞིང་ཡང་དག་པའི་དོན་མངོན་དུ་བྱེད་པའི་དུས་ལ་ཤིན་ཏུ་བབ་སྟེ། དེ་བས་ན་མན་ངག་ཟབ་མོ་བསྒོམ་པ་ལས་སྐད་ཅིག་ཀྱང་གཡེལ་བ་མེད་པར་བྱའོ། །ཞེས་བསམས་ནས། མཚན་གྱི་ཉམས་ལེན་ཐམས་ཅད་ཉིན་དུས་སུ་བསྒྲུབ་པས། ཅི་ཞིག་ན་ཉིན་མཚན་དབྱེར་མེད་ཀྱི་རྟོགས་པ་འཆར་བར་འགྱུར་ཏེ། སྒྱུ་མའི་ཏིང་ངེ་འཛིན་ཁོ་ར་ཁོར་ཡུག་ཏུ་འགྱུར་རོ། །དེ་ལྟར་ན་དོན་གྱི་རྨི་ལམ། རྨི་ལམ་ཆེན་པོ་འདི་ཉིད་ལ་སྒྱུ་མའི་ཏིང་ངེ་འཛིན་གཞིར་བྱས་ཏེ། བསྐྱེད་པ་དང་རྫོགས་པའི་རིམ་པ་མཐར་ཕྱུང་བས་བདེ་བར་གཤེགས་པའི་སྐུ་ཡེ་ཤེས་སྒྱུ་འཕྲུལ་གྱི་འཇུག་པ་ལྷུན་གྱིས་གྲུབ་པ་མངོན་དུ་བྱེད་དེ། འདི་ནི་མན་ངག་གི་གནད་
མཆོག་ཏུ་གྱུར་པའོ། །གང་ལ་ལ་དག་མཚན་གྱི་རྨི་ལམ་ཅུང་ཟད་ཟིན་ཅིང་རྩལ་སྦྱང་བར་ནུས་པ་ལ་མངོན་པར་ཞེན་ནས། འདི་ཙམ་གྱིས་བར་དོའི་འཇིགས་པ་སེལ་བར་ནུས་སོ་ཞེས་གདེང་འཆའ་ཞིང་། དོན་གྱི་རྨི་ལམ་ལ་རྩལ་སྦྱང་བར་མི་བྱེད་ན་རྣམ་པར་དག་པ་རུ་མཐར་ཕྱིན་པར་མི་འགྱུར་ཏེ། དེས་ན་དཔེའི་རྨི་ལམ་ལ་ལམ་དུ་བྱེད་པ་ནི། དོན་གྱི་རྨི་ལམ་མ་རྟོགས་རྟོགས་བྱེད་ཀྱི་ཐབས། ལས་དང་པོ་བ་རྣམས་ཉེ་བར་ཁྲིད་པའི་ཚུལ་མཚོན་ཐབས་ཀྱིས་ཡན་ལག་ཡིན་ནོ། །ཞེས་ཤེས་པར་བྱའོ། །གསུམ་པ་དུས་མཐའི་རྨི་ལམ་ནི། ལ་ལ་དག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། བདག་ཉིད་ཤི་བ་ཡང་མཐོང་ཞིང་ཕུང་པོ་བྱ་དང་གཅན་གཟན་གྱིས་ཟོས་པ་སོགས་ཤི་བའི་རྗེས་སུ་བྱ་བ་སྣ་ཚོགས་དག་བྱེད་པར་རྨིས་ན། དེའི་ཚེ་བདག་ཉིད་ཤི་བར་གྱུར་པ་ཞིག་གམ། ཞེས་བརྟགས་པར་བྱའོ། །ཤི་བར་མ་གྱུར་བཞིན་དུ་དེ་ལྟ་བུའི་སྣང་བ་འཆར་བ་ནི་བཀག་པ་མེད་དེ། འཁྲུལ་བའི་སྣང་བ་ལ་ཅིར་ཡང་སྣང་བར་
རུང་བའོ། །དེ་ལ་ཤི་བར་སྣང་ཡང་ཤི་བ་མེད་པ་བཞིན་ཁོ་བོ་ཅག་ད་ལྟར་དངོས་སུ་ནད་དྲག་པོས་ཉེ་བར་ཟིན་ཏེ་འཆི་བའི་སྡུག་བསྔལ་གྱིས་གཟིར་བར་སྣང་བ་དང་། ཕུང་པོ་རྙིང་པ་འདོར་བའི་ཚུལ་གྱིས་བཀོད་པ་དུ་མ་ཉེ་བར་སྣང་བ་ཡང་ངེས་པར་རྨི་ལམ་གྱི་སྣང་བ་བཞིན་རང་བཞིན་མེད་པ་ཁོ་ནའོ། །འཆི་བ་མེད་ངེས་ཀྱང་འཆི་བར་སྣང་བ་ལ་རྨི་ལམ་གྱི་སྣང་བ་ཤིན་ཏུ་འཁྲུལ་པའི་བློས་ཉེ་བར་བཟོས་པ་ཙམ་མ་གཏོགས་པ་མེད་ངེས་པ་ཉིད་དུ་མ་ཤེས་ཏེ། བདག་ནི་འཆི་བར་འགྱུར་བའོ། །གཞན་དག་ཚོམ་དང་ཚོམ་ཡང་ཤི་བར་གྱུར་པའོ། །ཤི་ནས་ཀྱང་བདག་གི་ལུས་ནི་འདི་དང་འདི་ལྟ་བུར་གྱུར་པའོ། །ཞེས་བདེན་པའི་རྟོག་པ་རབ་ཏུ་མཐའ་ཡས་འཛིན་པ་དམ་པོ་བསྐྱེད་པར་བྱེད་པ་ནི། བྱིས་པ་ཤིན་ཏུ་བླུན་པར་གྱུར་པའི་ཕྱིན་ཅི་ལོག་གི་སྣང་བ་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་རྣམ་པར་བཀབ་པ། ཡང་དག་པའི་དོན་མཐོང་བ་ལ་དམུས་ལོང་དུ་གྱུར་པ་སྟེ། དེ་བས་ན་
བདག་གིས་རྨི་ལམ་གྱི་ཤི་བའི་སྣང་བ་ཇི་ལྟ་བར་མངོན་སུམ་རྨི་ལམ་ཆེན་པོ་འདི་ཉིད་ཀྱིས་ཤི་སྣང་རང་བཞིན་མེད་པར་ཉིད་དུ་གཏན་ལ་ཕབ་སྟེ། ངེས་པའི་ཤེས་པ་མཐུ་བརྟས་པར་བྱའོ། །ཞེས་དེ་དང་དོན་གྱི་རྨི་ལམ་ལ་ཞིབ་ཏུ་གཞིག་འགྲེལ་བྱས་ཏེ་ཡང་དག་པར་བསྒོམ་མོ། །དེ་ལྟར་གོམས་པ་བསྐྱེད་པས་འཆི་བ་ལ་བདེན་པར་འཛིན་པ་མི་འབྱུང་ཞིང་། དེ་བཞིན་དུ་སྐྱེ་བ་དང་གནས་པ་ལ་ཡང་མི་འབྱུང་སྟེ། སྤྲོས་པ་མཐའ་དག་དང་བྲལ་བའི་དེ་ཁོ་ན་ཟབ་མོ་དབུ་མའི་ལམ་ལ་འཇུག་པར་འགྱུར་རོ། །དེ་བས་ན་དུས་མཐའི་རྨི་ལམ་ལམ་དུ་བྱེད་པ་འདི་ཡང་མཆོག་ཏུ་ཟབ་མོའི་མན་ངག་སྟེ། འདི་ལས་ཉེ་བར་འཕྲོས་ནས་བར་དོ་དང་རྨི་ལམ་བསྲེས་ཏེ་བྷཻ་བའི་མན་ངག་རྒྱ་ཆེར་འབྱུང་བ་རྣམས་ཀྱང་འདི་ཉིད་ཀྱིས་མཚོན་ཏེ་ཤེས་པར་བྱའོ། །མདོར་བསྡུས་པའི་རྨི་ལམ་གྱི་མན་ངག་རྣམ་པར་དབྱེ་བ་གསུམ་པོ་འདིར་ཉམས་སུ་བླང་བྱ་ཕལ་ཆེར་རབ་ཏུ་འདུས་ཤིང་། རྒྱས་པར་ནི་རྨི་ལམ་འབྲེལ་པ་སུམ་ལྡན་
སོགས་ལས་རྟོགས་པར་བྱའོ། །ཉིན་སྒྱུ་ལུས་ཀྱི་ཏིང་ངེ་འཛིན་ལ་གོམས་ན་མཚན་མོ་རྨི་ལམ་གྱི་འཁྲུལ་པ་རང་དག་པར་འགྱུར་ཞིང་མཚན་མོ་རྨི་ལམ་གྱིས་འཛིན་སྦྱང་སོགས་ལ་གོམས་པས་ཀྱང་། ཉིན་གྱི་སྒྱུ་མ་གཏན་ལ་འབེབས་པ་ཡིན་ཏེ། དེ་ལྟར་ན་འདི་ནི་ལམ་གྱི་རིམ་པ་གཅིག་ཁོ་ནར་ངེས་པ་ཡིན་ནོ། །འདི་ནི་གསུང་ཇི་ལྟ་བའི་ཕྱག་བཞེས་ཀྱི་སྲོལ་རྨི་ལམ་སྒྱུ་ལུས་སོ་སོར་བགྲངས་པ་ལྟར་བསྟན་པ་ཡིན་ནོ། །དེ་ཡང་གནས་སྐབས་རྣམ་པ་བཞིའི་འཁྲུལ་པ་སེལ་བ་ལ་ལྟོས་ནས་འཁྲུལ་པ་སེལ་བྱེད་རྩ་བའི་མན་ངག་བཞི་སོ་སོར་ཉམས་ལེན་གྱི་རིམ་པ་བདེ་བའི་ཕྱིར་དེ་ལྟ་བུར་བསྟན་ཏོ་ཞེས་ཤེས་པར་བྱའོ། །ད་ནི་འཕྲོས་དོན་འཆད་དེ། རྨི་ལམ་བསྒོམ་པ་ནི་བར་དོའི་སྔོན་དུ་འགྲོ་བའི་བར་གསུངས་པས་རྨི་ལམ་གྱི་ངོ་བོ་ཀུན་གཞིའི་སྟེང་ནས་ཡིད་གཅིག་པུ་ལ་སྟེ་སྲོག་གི་རླུང་དང་ལྷན་ཅིག་ལུས་ཀྱི་ནང་དུ་དེ་ལྟར་སྣ་ཚོགས་སུ་སྣང་བ་སྟེ། ལུས་ལས་ཤེས་པ་ཕྱིར་བུད་པ་ཡང་མེད། ཡུལ་བདེན་པ་ནང་དུ་འོང་བ་ཡང་མེད་
མོད་ཀྱི། སྒྱུ་ལུས་ཀྱང་དེ་ཁོ་ན་དང་འདྲ་བར་བལྟའོ། །འོ་ན་ཡུལ་སྣང་བའི་རྒྱུ་གང་ཞེ་ན། ལས་སྣ་ཚོགས་ཀྱི་བག་ཆགས་ཀུན་གཞི་ལ་གནས་པ་དེའི་གཟུགས་བརྙན་དེ་ལ། དེར་འཛིན་ཉེ་བར་རྟོག་པ་ན། ད་ལྟར་ཡིད་ལ་ཨུཏ་པ་ལ་བྱེད་པ་ན་སྔོན་པོ་དང་ལོ་མ་ལ་སོགས་པ་འཆར་ཏེ། འདི་ནི་ཨུཏ་པ་ལའོ་ཞེས་ཞེན་པར་བྱེད་ཀྱི་ཤེས་པ་ལས་གཞན་དེར་མི་དམིགས་པ་དེ་དང་འདྲ་བ་ཉིད་དོ། །དེས་ན་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བ་ཉིད་པས་ཀུན་རྫོབ་དེ་ལྟར་ཤེས་ནས་སྤེལ་སྦྱང་གོམས་པས་བར་དོ་དང་། ད་ལྟར་ཡང་རྫུ་འཕྲུལ་ལ་སོགས་འགྲུབ་པར་བྱེད་པའི་ཕྱིར་ཡིན་གྱི། རྨི་ལམ་དུ་སྤྲུལ་བསྒྱུར་ནུས་པ་ཙམ་གྱིས་ང་རྒྱལ་མི་བྱའོ། །ཕ་རོལ་ཏུ་ཕྱིན་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིན་པར་བསྒོམས་པས་རྣམ་པར་འཕེལ་ན་རྨི་ལམ་དུ་བསྒོམས་པས་ཀྱང་རྣམ་པར་འཕེལ་བར་འགྱུར་རོ། །ཞེས་གསུངས་སོ། །ཆོས་ཀུན་རྨི་ལམ་ལྟ་བུ་སྟེ། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་
ལ་ཀུན་ཏུ་འབྱུང་། །ཉོན་མོངས་རྒྱུ་དང་ལས་རྣམས་ཀུན། །ཚུལ་བཞིན་མ་ཡིན་ཡིད་ལ་བྱེད། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །དག་པ་གང་ལའང་གནས་མིན་པ། །རྟོགས་པར་བྱ་ཕྱིར་རྒྱལ་བ་རྣམས། །ཆོས་ཀུན་རྨི་ལམ་སྒྱུ་འདྲར་སྟོན། །དེ་ལྟར་རྟོགས་ཤིང་དབང་བསྒྱུར་བ། །གཉིད་དང་རྨི་ལམ་ཆགས་པ་དང་། །ཐ་མལ་འཁྲུལ་པ་སད་ལས་འབྱུང་། །དེས་ན་སྐྱེས་བུ་དམ་པ་རྣམས། །ཞེན་མེད་རྨི་ལམ་སྒྱུ་མ་སྦྱོང་། །ཟུང་འཇུག་མངོན་དུ་གྱུར་པར་མཛོད། །དེ་རྣམས་ཀྱིས་རྨི་ལམ་ལམ་གྱི་ཚོད་འཛིན་གྱི་གདམས་པ་བཤད་ཟིན་ཏོ། ། ༈ བཞི་པ་འོད་གསལ་ལམ་གྱི་སྒྲོན་མེའི་མན་ངག་ནི། དཔལ་ནཱ་རོ་པས། གཉིད་དང་རྨི་ལམ་མཚམས་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་འདེབས། །མིང་ཡང་འོད་གསལ་གདམས་པ་ཟེར། །སེམས་སྐྱེ་མེད་དུ་གོའམ་ལོ་ཙཱ་བ། །ཞེས་གསུངས་པས། །དེ་ཡང་
གཞིའི་འོད་གསལ་དང་། ལམ་གྱི་འོད་གསལ་དང་། འབྲས་བུའི་འོད་གསལ་དང་། ཉམས་གྱི་འོད་གསལ་དང་། རྟོགས་པའི་འོད་གསལ་དང་། ཞེས་མང་དུ་གསུངས་པ་ལས། རྗེ་བཙུན་མི་ལའི་གསུང་ལས། ལུས་གནད་ལ་བརྟེན་ནས་སེམས་མལ་དུ་ཞུགས་པ་དང་། ཡུལ་གནད་ལ་བརྟེན་ནས་བསྒོམ་ངོས་བཟུང་བ་དང་། ཡེ་ཤེས་པ་སྤྱན་དྲངས་པས་མ་རིག་པའི་གླང་པོ་བཟུང་བ་དང་། ཏིང་ངེ་འཛིན་གྱི་ཡེ་ཤེས་ངོ་སྤྲད་པ་དང་། རྗེས་སྤྱོད་འོད་གསལ་གྱི་བོགས་འདོན་པའོ། །གནས་དབེན་པར་ཆུ་དྲོད་མོས་ལུས་བཀྲུ། དེ་ནས་དྲི་ཆུས། དེ་ནས་ཆང་གིས། དེ་ནས་ཞུན་ཆེན་ནམ་མེད་ན་མར་གྱིས་བྱུག དེ་ནས་དྲི་བཟང་གིས་བྱུག ལུས་ཀྱི་བྱ་བ་སྤངས་ཏེ། དལ་བར་བསྡད། ཐབས་ཤེས་རབ་ཀྱི་ཟས་བསྟེན། ཞག་གསུམ་གཉིད་བསྲུང་བར་བྱའོ། །ཡུལ་གནད་ལ་བརྟེན་ནས་བསྒོམ་པ་ངོས་བཟུང་བ་ནི་བཞི་སྟེ། དུས་གནད། ཡུལ་གནད། ལུས་གནད། དམིགས་པའི་གནད་དོ། །དུས་གནད་ནི།
ནམ་སྨད་ནས་ཉི་མ་དྲོས་ཀྱི་བར་དང་། གཉིད་གནད་དུ་སོང་ནས་རྨི་ལམ་མ་བྱུང་གི་བར་རླུང་དབུ་མར་འཇུག་པའི་དུས་སོ། །ཡུལ་གནད་ནི། འཁོར་ལོས་བསྒྱུར་བའི་རྒྱལ་པོ་གླིང་བཞི་ལས་མི་འདའ་བཞིན། རང་གི་རིག་པ་འདི་འཁོར་ལོ་བཞི་ལས་མི་འདའ་སྟེ། ཐ་མལ་དུས་ན་ལྟེ་བར་གནས། གཉིད་དུས་ན་སྙིང་ཁ། རྨི་ལམ་དུས་ན་མགྲིན་པ། སྙོམས་འཇུག་དུས་ན་སྤྱི་བོ་ན་གནས་སོ། །དེས་ཡུལ་སྙིང་ཁ་ཆོས་ཀྱི་འཁོར་ལོ་རུ་གནད་དུ་བསྣུན་པའོ། །ལུས་གནད་ནི། གཡས་འོག་ཏུ་ཕབ། གཡོན་སྟོད་ལ་སེང་གེའི་ཉལ་ཐབས་སམ། ཙོག་གཉིད་བྱའོ། །ཤར་མངོན་དགའི་ཕྱོགས་སུ་མགོ་བསྟན། དམིགས་པའི་གནད་ནི། སྙིང་གི་རྩེ་མོ་གྱེན་ལ་བསྟན་པའི་ནང་དུ། པད་མ་སྔོན་པོ་འདབ་མ་བརྒྱད་པའི་ལྟེ་བ་ལ་ཧཱུྃ་སྔོན་པོ། ཕྱོགས་བཞི་འདབ་མ་ལ་མདུན་དུ་ཨ་དཀར་པོ། གཡས་སུ་ནུ་སེར་པོ། རྒྱབ་ཏུ་ཏ་དམར་པོ། གཡོན་དུ་ར་ལྗང་ཁུ་རྣམས་གསལ་བ་དམིགས་པར་བྱའོ། །ཡེ་ཤེས་ཀྱི་སྤྱན་གྱིས་མ་རིག་པའི་གླང་པོ་བཟུང་བ་
ནི། བླ་མ་ཡེ་ཤེས་པའི་སྤྱན་པ། སློབ་མ་མ་རིག་པའི་གླང་པོ། འདི་གཉིས་ལ། བ་ཐག་གསེར་ཕུར་ལ་གླང་པོ་བཏགས་པ་དང་། རིན་པོ་ཆེའི་ཐོ་བས་མ་རིག་པའི་གཉིད་བསླངས་པའོ། །རས་བལ་གྱི་སྐུད་པ་འདོམ་གང་བ་གཅིག་སློབ་མའི་སྐྲ་ལ་བཏགས། དེའི་སྐྲ་བླ་མའི་སྲིན་ལག་ལ་གཏགས་སོ། །རིན་པོ་ཆེའི་ཐོ་བ་ནི་ཤིང་ཕྲ་མོ་འདོམ་གང་བ་གཅིག་གི་རྩེ་མོ་ལ་རས་ཀྱི་ལྡེ་བསྐོན་པ་གཅིག་བྱས། དེ་ནས་སྔོན་དུ་བླ་མ་ལ་ཚོགས་འཁོར་འབུལ། བཀའ་བརྒྱུད་བླ་མ་ལ་གསོལ་བ་དྲག་ཏུ་གདབ། བདག་གི་སློབ་མ་ལ་འོད་གསལ་ཟིན་པར་བྱིན་གྱིས་རློབས་བྱ། ཞུན་ཆེན་གྱི་མར་མེ་མཚན་ཐུབ་བཏང་། ཤ་ཆེན་གྱིས་བརྒྱན་པའི་གཏོར་མ་རྟ་རུ་བཟུང་། མཁའ་འགྲོ་ཟས་ཀྱི་ཕུད་ཀྱིས་མཆོད། བླ་མས་མཚམས་བཅད། ཐིག་ལེ་བསྲུངས། བླ་མའི་རྣལ་འབྱོར་བྱས་ལ་གསོལ་བ་གདབ་བོ། །དེ་ཡང་གཉིད་དུ་འགྲོ་བ་དང་། འཆི་བ་ཚུལ་མཐུན་པ་ཡིན་པས། འབྱུང་བ་བཞི་ཐིམ་པའི་འགྲོས་ནི། དང་
པོ་གཉིད་དུ་འགྲོ་དུས་ས་ཆུ་ལ་ཐིམ་པས་ལུས་པོ་ལྕི་ཡོར་ལྡུས། ཤེས་པ་ནག་ཐིམ། ཁ་ཆུ་ནལ་ཙེ་འོང་། ཆུ་མེ་ལ་ཐིམ་པས་དཔྲལ་བ་ཚ་འུབས་མིག་ཙུམ་ཆེར་འགྲོ། མེ་རླུང་ལ་ཐིམ་པས་སྣར་སུ་རུ་སུ་རུ་ངུར་པ་ངར་ངར་ཡོང་། རླུང་རྣམ་ཤེས་ལ་ཐིམ་པས་ཉིན་མོའི་རྣམ་རྟོག་འགག །མཚན་མོའི་རྨི་ལམ་མ་བྱུང་བའི་བར་དེར་གཉིད་ཀྱི་འོད་གསལ་གསལ་སྟོང་མཐའ་དབུས་མེད་པ་ནམ་མཁའ་ལྟར་ངོས་བཟུང་མེད་པ་ས་ལེ་སོང་བ་གཅིག་ཡོང་བ་དེ་ངོས་འཛིན་པའོ། །དེ་ནས་བླ་མས་ངེས་དེ་ལྟར་སྐུད་པ་འཐེན་དབྱུ་གུས་བརྡུང་བྱའི་འོད་གསལ་ཟིན་ན་ཟིན་འཕྲོ་ལ་བྷཻ། མ་ཟིན་ན་ཡང་སྐྱར་དུ་བསྒོམ་ལ། ང་ལ་ལན་མ་སྟེར་བྱའོ། །དེ་ཡང་ཟིན་ན་ཕྱི་ལྟས་དབང་པོའི་མདངས་ས་ལེ་འོང་། ངུར་པ་མི་འོང་། མ་ཟིན་ན་བ་ཐག་གསེར་ཕུར་འཐེན་བྱ། རིན་པོ་ཆེའི་ཐོ་བ་གཏུགས་བྱའོ། །དེས་གཉིད་མི་སད་གདམས་པ་གསལ་གདབ་པའོ། །ཏིང་ངེ་འཛིན་གྱི་ཡེ་ཤེས་ངོ་སྤྲོད་པ་ནི། ཅིག་ཅར་བ་གང་ཟིན་དུ་ངོ་སྤྲོད་
པ་དང་། རིམ་སྐྱེས་པ་ཆོ་ག་ལ་བརྟེན་ནས་ཉམས་དང་སྦྱར་ནས་ངོ་སྤྲོད་པའོ། །དང་པོ་ནི། ཅིག་ཅར་བ་ལ་ངེས་མེད་དུ་འོད་གསལ་ཟིན་པ་འབྱུང་བས། དེ་ལ་ཡིད་ཆེས་པར་བྱའོ། །རིམ་སྐྱེས་པ་སེམས་ངོ་སྤྲོད་པ་ནི། དང་པོ་གཉིད་ལོག་ཁར་ཐ་མལ་གྱི་དུས་སུ་ཨ་ལ་ཤེས་པ་གཏད་པས། ཡུལ་རགས་པའི་རྟོག་པ་ཐིམ་ཞིང་སྣང་བ་དང་སྟོང་པ་ངོས་ཟིན། གཉིད་ཧྲིབ་པ་དང་། ནུ་ལ་གཏད་ཨ་ཡུལ་ཕྲ་བའི་རྟོག་པ་ཐམས་ཅད་ཐིམ། མཆེད་པ་དང་ཤིན་ཏུ་སྟོང་པ་དེ་བས་ཀྱང་ཆེར་ཧྲིབ་པ་དང་། ཏ་ལ་གཏད་པས་ཆེས་ཕྲ་བའི་རྟོག་པ་ཐིམ་པས་ཐོབ་པ་དང་སྟོང་པ་ཆེན་པོ། ཤིན་ཏུ་ཧྲིབ་པའི་དུས་སུ་ར་ལ་གཏད་པས་རྟོག་པ་ཐམས་ཅད་ཐིམ་པས་ཉེ་བར་ཐོབ་པ་དང་། ཐམས་ཅད་སྟོང་བའོ། །ཧྲིབ་ཀྱིས་ཡོང་བའི་དུས་སུ་ཧཱུྃ་ལ་གཏད་པས་ར་ནི་བརྒྱད་ཅུའི་རྟོག་པ་ཐམས་ཅད་ཐིམ་པས་འོད་གསལ་ཆེན་པོ་ངོས་གཟུང་བར་བྱའོ། །ཡང་ན་གཉིད་ཧྲིབ་པའི་དུས་སུ་འདོད་ཆགས་ཀྱི་རྟོག་པ་བཞི་བཅུ་
འགག །ཆེར་ཧྲིབ་པའི་དུས་སུ་ཞེ་སྡང་གི་རྟོག་པ་སུམ་ཅུ་རྩ་གསུམ་འགག །ཤིན་ཏུ་ཧྲིབ་པའི་དུས་སུ་གཏི་མུག་གི་རྟོག་པ་བདུན་འགག་ནས་འོད་གསལ་ཆོས་སྐུའི་དོན་འཆར་རོ། །དེ་ནས་གཉིད་སད་པ་དང་། ཉིན་མཚན་གཅིག་ཏུ་བསྲེས་ནས་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །འོད་གསལ་གྱི་གེགས་སེལ་ཞལ་ལས་ཤེས། རྗེས་སྤྱོད་འོད་གསལ་གྱི་བོགས་འདོན་པ་ནི། སྤྲོས་བཅས་སྤྲོས་མེད་གཉིས་སོ། །སྤྲོས་བཅས་མདུན་གྱི་བར་སྣང་ལ་ཧཱུྃ་སྔོན་པོ་བཻཌཱུཪྱའི་མདོག་ཅན་ཤིན་ཏུ་གསལ་བར་རྟོག་པས་བར་མ་ཆོད་པར་བསྒོམ། དེ་ནས་སྐྱོ་ན་ཧཱུྃ་རིགས་ལྔའི་རང་བཞིན་དུ་ཞབས་ཀྱུ་ཧ་ལ་ཐིམ། ཧ་མགོ་བོ་ལ། མགོ་བོ་ཟླ་ཚེས་ལ། ཟླ་ཚེས་ཐིག་ལེ་ལ། ཐིག་ལེ་ན་ད་ལ། དེ་འོད་དུ་གསལ་བས་སྟོང་ཉིད་མི་རྟོག་པའི་ངང་དུ་བཞག །དེ་ལ་སྐྱོ་ན་ལྷ་སྐུ་སྟོང་རའི་ཐུགས་ཁར་ཧཱུྃ་སྔོན་པོ་བསྒོམ། དེ་འོད་དུ་ཞུ། སྟོང་ར་ཡང་འོད་སྔོན་པོས་གང་། དེའི་རྗེས་ཆེ་ལ་མཁའ་དང་མཉམ་པའི་ངང་དུ་བཞག་གོ །སྤྲོས་མེད་
ནི། ད་ལྟར་གྱི་སྣང་བ་སྣ་ཚོགས་འདི་མེ་ལོང་གི་གཟུགས་བརྙན་ནམ། ཆུ་ནང་གི་ཟླ་བ་ལྟར་སྣང་ཙམ་གྱིས་ཟད་ཀྱི། ངོ་བོ་ལ་གྲུབ་པ་མེད་པར་ཤེས་པར་བྱས་ལ། རྗེས་ཐོབ་ལ་སྔར་གྱི་སྒྱུ་ལུས་སུ་ལང་ལ་བྱ་བ་ཅི་བྱེད་ཐམས་ཅད་ལ་འཇུག་པར་བྱའོ། །དེ་ལྟར་བརྩོན་འགྲུས་དང་ལྡན་པས་དུས་ལ་མི་ལྟོས་པར་ཚེ་འདི་ཉིད་དམ་འཆི་ཁར་ས་བཅུའི་རྟོགས་པ་སྐྱེ་བར་འགྱུར་རོ། །དེ་ཡང་ཆོས་དྲུག་ཆེན་མོ་ལས། དེ་ལ་འདིར་བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱི་ཆོས་འོད་གསལ་གྱི་རྒྱ་མཚོ་ཉིད་དུ་གསུང་མོད་ཀྱི། བརྒྱད་སྟོང་པ་ལས། སེམས་ནི་སེམས་མ་མཆིས་པ་སྟེ། །གང་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་གསུངས་པས། སེམས་ཅན་ཐམས་ཅད་ཀྱི་གདོད་མའི་སེམས་རང་བཞིན་གྱི་འོད་གསལ་བ་རྣམ་པར་དག་པ་ཆོས་ཐམས་ཅད་ཀྱི་ཁྱབ་བདག་གཞོམ་དུ་མེད་པ་གཅིག་པུ་སྟེ། ཇི་སྐད་དུ། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་
འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་ཐམས་ཅད་ཀྱི་བདག་ཉིད་དུ་ཤེས་པ་དང་། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མི་རྟོགས་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གདོད་ནས་རྣམ་པར་དག་པར་བཤད་པ་དང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་ཇི་ལྟར་གནས་པའི་དོན་ལམ་དུ་བྱས་པ་ལས་རྣམ་པར་གྲོལ་བའི་ཚུལ་སྟེ། འདི་ལྟར་གནས་ལུགས་ཀྱི་གཤིས་རང་བཞིན་གྱིས་འོད་གསལ་བ་ཆོས་ཐམས་ཅད་ཀྱི་ཆོས་ཉིད། རང་གི་སེམས་ཉིད་ངོ་བོ་རྣམ་པར་དག་པ་ཉིད་དུ། གདོད་ནས་ལྷུན་གྱིས་གྲུབ་ཅིང་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཚུལ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་དང་། ཡོད་མིན་མེད་མིན་དེ་བཞིན་
མིན་ཞེས་མིན། །སྐྱེ་དང་འཇིག་མེད་བྲི་བར་མི་འགྱུར་ཏེ། །འཕེལ་བ་མེད་ཅིང་རྣམ་པར་དག་པའང་མེད། །རྣམ་པར་དག་འགྱུར་འདི་ནི་དོན་དམ་མཚོན། །ཞེས་བསྟན་པ་ལྟར་གནས་ལུགས་ཀྱི་དོན་དེ་ལྟ་བུ་ཡིན་དུ་ཟིན་ཀྱང་། མ་རྟོགས་ན་ཡང་དག་པའི་དོན་མངོན་དུ་མི་བྱེད་པས། ལྟ་བ་རྟོགས་པ་དང་འབྲེལ་བ་གལ་ཆེ། དེ་ཡང་བླ་མ་དམ་པའི་མན་ངག་ལས་བྱུང་བ་ལྟར་ཕྱི་དང་ནང་གི་ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པ་མཚན་མའི་དྲི་མ་མཐའ་དག་གིས་དབེན་པའི་དེ་ཁོ་ན་མངོན་སུམ་དུ་རྟོགས་པར་བྱ་ཞིང་། ངེས་པ་དེ་ལས་ནམ་དུ་ཡང་གཡོ་བ་མེད་པར་བྱའོ། །དེ་ལྟར་ན་འདི་ནི་གཞིའི་འོད་གསལ་ངོ་སྤྲོད་པ་ཞེས་བྱ་སྟེ། རྒྱས་པར་ནི་ཕྱག་རྒྱ་ཆེན་པོའི་མན་ངག་ལས་རྒྱ་ཆེར་འབྱུང་བ་ལྟར་རྟོགས་པར་བྱའོ། །དེ་ཉམས་སུ་ལེན་པ་ལ་བཞི་སྟེ། ལུས་ཀྱི་གནད། དུས་ཀྱི་གནད། ཡུལ་གྱི་གནད། དམིགས་པའི་གནད་དོ། །ལུས་ཀྱི་གནད་རྨི་ལམ་དང་མཐུན། དུས་ཀྱི་གནད་ནི་གཉིད་དང་
ཉིན་པར་འདྲའོ། །ཐོ་རངས་ནམ་ལངས་ཉི་ཤར་གསུམ་དུ་ཟིན་པའི་དུས་ཡིན།ཡུལ་གྱི་གནད་སྙིང་ཁ་ཆོས་ཀྱི་འཁོར་ལོ། །དམིགས་པའི་གནད་ལ་བཞི། མ་ཟིན་པ་ཟིན་པ། ཟིན་པ་བརྟན་པ། བརྟན་པ་བོགས་དབྱུང་བ། རང་བཞིན་གཉུག་མར་འཇོག་པའོ། །དང་པོ་མ་ཟིན་པ་ཟིན་པར་བྱེད་པ་ནི། གཏུམ་མོ་དང་སྒྱུ་ལུས་ཏེ། རྨི་ལམ་ཟིན་པའི་སྐྱེས་བུས་གནས་དབེན་པར་བླ་མ་ལ་གསོལ་བ་གདབ་ཅིང་མཁའ་འགྲོ་ལ་གཏོར་མ་གཏང་ལ། འོད་གསལ་ཟིན་པར་བྱའོ། །སྙམ་དུ་འདུན་པ་གཏད། རང་གི་སྙིང་པད་མ་།སློབ་དཔོན་པདྨའི་གསུང་ལས། འོད་གསལ་ལ་ཐུན་མོང་གི་འོད་གསལ་དང་། མཆོག་གི་འོད་གསལ་ལོ། །ཐུན་མོང་གི་འོད་གསལ་ཡུལ་ཐམས་ཅད་མི་སྣང་ཞིང་ཉི་མ་ཤར་བ་ལྟར་འཆར། མཆོག་གི་འོད་གསལ་སྣང་བ་ཐམས་ཅད་མཚོན་དུ་ཉི་ཟླ་གཟའ་སྐར་བཀྲམ་པ་ལྟར་སྣང་ལ་རང་བཞིན་མ་གྲུབ་པ། ཡུལ་ཐམས་ཅད་མ་བསྒྲིབས་པས་ཀྱང་གསལ་ལ་ངོས་བཟུང་མེད་པར་འཆར་ཏེ། དེ་ལྟར་མཆོག་དང་ཐུན་མོང་གི་ཅིར་ཤར་
ཡང་མ་ཞེན་པར། གསལ་སྟོང་གི་ངང་ལ་བཞག་གོ །རང་གི་སྙིང་པདྨ་དཀར་པོ་འདབ་མ་བཞི་པར་བསྒོམ་པའི་དབུས་སུ་འོད་གྱི་ཐིག་ལེ་རྒྱ་སྲན་ཙམ། དབུས་དཀར། མདུན་སྔོ། གཡས་སེར། རྒྱབ་དམར། གཡོན་ལྗང་ཁུ་ལ་བསམ་ཞིང་། ལྟ་སྟངས་མཛོད་སྤུའི་ཐད་ཀྱི་ནམ་མཁའ་ལ་གཏད་དེ། རྣམ་པར་མི་རྟོགས་པའི་ངང་ལ་བཞག་གོ །དེ་ནས་ལྟ་སྟངས་གཟུར་བའི་འབེན་དུ་ཧཱུྃ་དཀར་པོ་གཅིག་བསམ་པ་ལས་འོད་ཟེར་འཕྲོས། སྣང་སྲིད་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཕོག །དེ་དག་ཐམས་ཅད་ཀྱང་འོད་ཟེར་གྱིས་ཕུང་པོར་གྱུར་ནས་ཚུར་འདུས་ཧཱུྃ་ལ་ཐིམ། མཐར་ཧཱུྃ་དང་རང་ལུས་སྙིང་ཁའི་འོད་ཀྱི་ཐིག་ལེ་ལྔ་ཚོམ་ལ་ཐིམ་པར་བསམ་ལ། འདི་སྙམ་དུ། འདི་ལྟར་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ་འདུག་སེམས་ཀྱི་མཚན་ཉིད་ནི་སྣང་ལ་རང་བཞིན་མ་གྲུབ་པར་འདུག་སེམས་པའི་ངང་ནས་འོད་ལྔ་པོ་གཅིག་ཏུ་འདྲེས་ཏེ། ནམ་མཁའ་གང་དུ་ཁྱབ་པར་ཉི་མ་ཤར་བ་ལྟར་གསལ་ལམ་གྱིས་
ཁྱབ་པར་བསམ་ལ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག །འདབ་མ་བཞི་པར་བསྒོམས་པའི་དབུས་སུ་ཧཱུྃ་སྔོན་པོ། མདུན་དུ་ཨཱཿ། གཡས་སུ་ནུ། རྒྱབ་ཏུ་ཏ། གཡོན་དུ་ར་བསམ་ལ། འདི་ལྟར་སྣང་བ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་ཏུ་སྣང་ལ་རང་བཞིན་མེད་པར་འདུག་སྙམ་པ་ཡང་བསྒོམ། དེས་ཟིན་ཀྱང་སྲིད། ཐུན་གཅིག །དེ་ནས་ནུབ་མོའི་གཉིད་འོད་གསལ་དུ་གཞུག་པ་ནི། ཉལ་ཁར་སྙིང་ཁའི་།སློབ་དཔོན་པདྨའི་གསུང་ལས། རང་གི་སྙིང་ཁར་ཧཱུྃ་དཀར་པོ་གཅིག་གསལ་བ་ལས་འོད་འཕྲོས་པས་སྣང་སྲིད་འཁོར་འདས་སྣོད་བཅུད་ཐམས་ཅད་ལ་ཕོག་པ་དེ་དག་ཐམས་ཅད་འོད་ཀྱི་གོང་བུར་གྱུར་ནས་བསྡུས་ཏེ་རང་གི་ལུས་ལ་ཐིམ། ལུས་ཉིད་ཀྱང་སྙིང་ཁའི་ཧཱུྃ་ལ་ཐིམ། ཧཱུྃ་དེ་འོད་དུ་ཞུས་ནས། འོད་ཀྱི་ཐིག་ལེ་རྒྱ་སྲིན་ཙམ་དུ་གྱུར་པར་བསམ་ལ། གཉིད་དུ་འགྲོ་ལ་ཁྱད་པར་འོད་རྒྱ་སྲན་ཙམ་དེ་ཆེར་འཕེལ་ཏེ་ནམ་མཁའི་ཁམས་ཐམས་ཅད་ཁེངས་པར་བསམ།ཧཱུྃ་ལས་འོད་འཕྲོས། བརྟན་གཡོ་སྣོད་
བཅུད་ཐམས་ཅད་ལུས་ལ་བསྡུས། དེ་ཡང་ཧཱུྃ་ལ་བསྡུ། དེ་ཡང་འོད་ཀྱི་ཐིག་ལེ་སྲན་མ་ཙམ་དུ་བསམ་ལ། གཉིད་ལོག་པས་ད་ལྟའི་སྣང་བ་ནུབ། རྨི་ལམ་གྱི་སྣང་བ་མ་ཤར་གྱི་བར་དེར་གསལ་ལ་རྟོག་མེད་གཉིད་འཐུག་པོ་རང་ཡང་མ་ཡིན་པ་བུམ་པའི་ནང་གི་མར་མེ་ལྟ་བུ་འབྱུང་། དེ་ངོ་ཤེས་པར་བྱ། གྲོགས་ལ་སོགས་པས་བསླང་ལ་ཟིན་ནམ་བལྟ། ཟིན་ན་བདེ་སྟོང་དང་གསལ་སྟོང་འདྲེས་པ་འབྱུང་བ་ཡིན་ནོ། །གཉིས་པ་ཟིན་པ་བརྟན་བྱེད་ཉིན་པར་བསྒོམ་པ་ནི། ལུས་གནད་གཏུམ་མོ་ལྟ་བུ་གང་བདེ་བྱ། ལྟ་སྟངས་སྨིན་མཚམས་ཀྱི་མཛོད་སྤུའམ། ནམ་མཁར་གཏད་ལ། རྣམ་པར་མི་རྟོག་པར་བསྒོམ། དེ་ལ་མི་གནས་ན། ནམ་མཁར་ཧཱུྃ་བསྒོམ། དེ་ལས་འོད་འཕྲོས་པ་ཐམས་ཅད་བསྡུས་ལ་གསལ་སྟོང་དུ་བཞག །རྟོག་པ་ཐམས་ཅད་ངོ་ཤེས་པར་བྱས་ལ། གསལ་སྟོང་དུ་སྡུད་ཀྱིན་སྒོམ། དེས་ཉིན་པར་མཚན་མོ་ཐམས་ཅད་གསལ་སྟོང་དུ་འདྲེས་ནས་བརྟན་པ་ཡིན་ནོ། །འདི་ལ་ཐུན་གཅིག་གམ་ཡང་ན་ལོགས་སུ་བྱ།
བརྟན་པ་བོགས་དབྱུང་བ་ནི། །སློབ་དཔོན་པདྨའི་གསུང་ལས། སྙིང་ཁར་འོད་ཀྱི་བུམ་པ་ཁ་དོག་ལྔ་ལྡན་ལ་འདུན་པ་གཏད་དེ་ཉལ་བ་གཏི་མུག་དག་པའི་འོད་གསལ། སྨིན་མཚམས་སུ་རུས་པ་གྲུ་གསུམ་པའི་ནང་དུ་ཐིག་ལེ་སྔོན་པོ་སྣང་ལ་རང་བཞིན་མེད་པ་ལ་སེམས་བཟུང་བ་ཞེ་སྡང་དག་པའི་འོད་གསལ། གསང་གནས་སུ་ཐིག་ལེ་དམར་པོ་མེ་སྟག་ལྟ་བུ་ལ་རིག་པ་གཏད་པ་གཞིའི་འོད་གསལ། གཏན་ལ་འབེབས་པ་འདོད་ཆགས་དག་པའི་འོད་གསལ། འདི་ལ་ཐུན་གཅིག་གམ་ཡང་ན་ལོགས་སུ་བྱ། རླུང་གི་འགྱུ་རྔུབ་བཅིངས་གྲོལ་མེད་པར་བཞག་པ་ལམ་གྱི་འོད་གསལ་གཏན་ལ་འབེབས། ངོ་བོ་སྟོང་པ་རིས་མེད། རང་བཞིན་གསལ་ལ་འགག་མེད། ཐུགས་རྗེ་ཀུན་ཁྱབ་སྤྲོས་མེད་འབྲས་བུའི་འོད་གསལ་དུ་གཏན་ལ་འབེབས་པའོ། །ཞེས་འབྱུང་།རྨི་ལམ་གྱི་སྣང་བ་སྐྱེས་ན་སྔར་རྨི་ལམ་ཟིན་པས་རྨི་ལམ་དུ་ཤེས་པའི་ཚེ། རྨི་ལམ་དེ་ཉིད་དུ་སྔར་ལྟར་བསྒོམས་པས། གསལ་ལ་རྟོག་མེད་དུ་ཟིན་པར་འགྱུར། དེས་ཀྱང་མ་ཟིན་ན། སྨིན་མཚམས་སུ་རུས་པ་གྲུ་གསུམ་གྱི་ནང་དུ་
ཐིག་ལེ་སྔོན་པོ་སྣང་ལ་རང་བཞིན་མེད་པར་སེམས་གཟུང་བའམ། ཡང་ན་སྙིང་ཁར་འོད་ཀྱི་གའུ་ལྔ་དང་ལྡན་པར་བསམ་ལ་གཉིད་ཅེས་ཀྱང་གསུངས་སོ། །དེས་རྣམ་རྟོག་ཐམས་ཅད་གསལ་ཡང་སྟོང་པར་འཆར་བའམ། བདེ་སྟོང་འདྲེས་པ་འབྱུང་ངོ་། །རྗེ་དུས་གསུམ་མཁྱེན་པའི་གསུང་ལས། རང་གི་སྤྱི་བོ་བླ་མ་དམ་པ་འོད་གསལ་རྟོགས་པའི་གསོལ་བ་བཏབ་པས་འོད་དུ་ཞུ་བས་སྙིང་ཁ་འོད་ཀྱི་པདྨ་དཀར་པོའི་ལྟེ་བ་ལ་རྣལ་འབྱོར་མའི་རྣམ་པར་བཞུགས་པའི་ལྟེ་བར་ཆོས་འབྱུང་དམར་པོ་གྲུ་གསུམ་པའི་ནང་དུ་རླུང་སེམས་འདྲེས་པའི་ཐིག་ལེ་དཀར་ལ་དམར་བའི་མདངས་ཆགས་པ་གཅིག་བསམ། དེ་ནས་གཉིད་བྱུང་བའི་དུས་སུ་སྙིང་ཁའི་རྣལ་འབྱོར་མ་ལས་འོད་ཟེར་འཕྲོས་པས་སྣང་སྲིད་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྒོམ། ཞེས་འབྱུང་ལ། དྲུང་ཀུན་སྤངས་པའི་ཟིན་བྲིས་ལས། ཡང་ན་རྩ་རླུང་ཐིག་ལེ་གསུམ་གྱིས་དྭངས་མ་འཛིན་པར་འདོད་ན། རང་ཡི་དམ་དུ་གསལ་བའི་
ལུས་ཀྱི་ནང་གི་དབུས་ནས་ཡར་ལ་རྩ་དབུ་མ་ཕྲ་སྦོམ་གྲོ་སོག་ཙམ་ལ་མཚན་ཉིད་བཞི་ལྡན་དུ་གསལ་གདབ། དེ་ཡང་དཔེར་ན་ཤེལ་གྱི་ཀ་བ་གྱེན་ལ་བསླངས་པ་ལྟ་བུ་བསྒོམ་པའི་སྙིང་ཁར་ཤེས་པ་བཟུང་ལ། དེའི་འོད་ཟེར་གྱིས་ཁོང་ནང་ཐམས་ཅད་མར་མེའི་འོད་ཁང་ལྟར་གསལ་སེང་ངེར་སོང་བར་བསམ། འོད་གསལ་འཛིན་པའི་འདུན་པས་ཉལ་བས་ཟིན་པ་ཡིན་ནོ། །དེ་ནི་རྩ་དྭངས་མ་ལ་འཛིན་པའོ། །དེ་ནས་རླུང་དྭངས་མ་ལ་འཛིན་པ་ནི། སྔོན་འགྲོའི་རིམ་པ་རྣམས་སོང་ནས། ཕྱིའི་ཡུལ་སྣང་འདི་རྣམས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་དུ་བསྐྱེད་ནས་དེ་དག་རིན་པོ་ཆེའི་གཞལ་ཡས་ཁང་འོད་དང་ལྡན་པ་རྣམས་སུ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་གང་བར་དམིགས་ནས། རླུང་ཕར་ལ་དབྱུང་བར་བྱས་ལ་དེ་ཐམས་ཅད་ལ་ཕོག་སྟེ། རླུང་ཚུར་ལ་རྔུབ་པས་དེ་རྣམས་ཀྱིས་འོད་ཟེར་དཔག་ཏུ་མེད་པ་བསྡུས་ནས་སྣ་བུག་ཏུ་ཞུགས་ཏེ། རང་གི་ལུས་ནང་ཐམས་
ཅད་མེར་གྱིས་ཁེངས་པར་དམིགས་ནས། འདུན་པ་གོང་ལྟར་ཉལ་བས་ཟིན་པ་ཡིན་ནོ། །ད་ནི་ཐིག་ལེ་དྭངས་མ་ལ་འཛིན་པ་ནི། སྔོན་འགྲོའི་རིམ་པ་རྣམས་སོང་ནས། རང་ཡི་དམ་དུ་བསྒོམས་པའི་སྤྱི་བོར་གསལ་བའི་ཐིག་ལེ་ཟླ་བའི་དཀྱིལ་འཁོར་ལྟ་བུར་བསྒོམས་ནས་དེ་ལས་འོད་ཟེར་ཚད་མེད་གྲངས་མེད་འཕྲོས་ཏེ། རང་གི་ལུས་ཀྱི་ནང་ཐམས་ཅད་འོད་ཀྱིས་ཁེངས་པར་དམིགས། དེ་ནས་འོད་ཟེར་བ་སྤུའི་བུ་ག་ལས་ཕྱིར་འཕྲོས་ནས། འོད་ཟེར་གྱི་རང་ཉིད་ཀྱི་གནས་ནས་བརྩམས་ཏེ། ཡུལ་ཁམས་ཐམས་ཅད་རབ་ཏུ་གསལ་བའི་བར་དམིགས་པའི་འདུན་པ་དྲག་པོར་བྱས་ལ་ཉལ་བས་ཟིན་ནོ། །ཞེས་འབྱུང་། དེ་ལས་རྒྱས་པར་འདོད་ན། ཆོས་དྲུག་ཆེན་མོ་ལས། མ་ཟིན་ཟིན་བྱེད་ཀྱི་མན་ངག་ནི། རང་གི་སྙིང་ཁར་དཔལ་ལྡན་བླ་མ་དམ་པ་ཉི་མ་འབུམ་གྱི་གཟི་བརྗིད་ཅན་གསལ་བར་བྷཻ་སྟེ། མོས་གུས་དྲག་པོས་གསོལ་བ་གདབ་ལ། དེ་རང་ལ་བསྟིམས་ནས། བདག་གིས་འོད་གསལ་གཟུང་བར་བྱའོ་སྙམ་པའི་
འདུན་པ་བྱའོ། །ཡང་རང་གི་སྙིང་ཁར་ཧཱུྃ་ཡིག་ཡོངས་སུ་གྱུར་པ་ལས། རྒྱལ་བ་མི་བསྐྱོད་པ་སྤྲུལ་པའམ། ལོངས་སྤྱོད་རྫོགས་སྐུ་གང་རུང་དམིགས་ལ། དེའི་ཐུགས་ཀར་ཧཱུྃ་སྔོན་པོ་སྤུས་བྲིས་པ་ལྟ་བུ་ཤིན་ཏུ་ཕྲ་བ་ལ་སེམས་གཏད་དེ་འོད་གསལ་འཛིན་འདོད་ཀྱི་དྲན་པ་མ་ཡེངས་པར་བྱས་པས་ཟིན་པར་འགྱུར་རོ། །ཡང་ན་རྗེ་མར་པ་ལོ་ཙཱའི་ཞལ་ནས་རང་ཉིད་ཡི་དམ་སྟོང་རའི་དབུས་ཨ་ཝ་དྷུ་ཏི་སེང་མདའ་སྨྱུག་འབྲིང་པོའི་ཚད་ཙམ་བྷཻ་སྟེ། དེའི་དབུས་སྙིང་ཁའམ། སྨིན་མཚམས་ཀྱི་ཐད་དུ་ཤེས་པ་རྩེ་གཅིག་ཏུ་གཏད་ལ་འོད་གསལ་འཛིན་འདོད་ཀྱིས་དྲན་པ་རྒྱུན་མ་ཆད་པ་དང་སྦྱར་ཏེ་བསྒོམ་པས་ངེས་པར་ཟིན་ནོ་གསུངས། དེ་ལྟར་ནམ་མཁའ་སུམ་བརྩེགས་ཀྱི་འཛིན་ཐབས་འདི་དང་། གཞན་ཡང་འཛིན་ཐབས་ཀྱི་རིགས་ནི་སྔར་བཤད་པ་དེ་དག་གིས་ནན་ཏན་དུ་བཟུང་བས་ངེས་པར་ཟིན་ཏེ། འདི་དག་ནི་མ་ཟིན་ཟིན་བྱེད་ཞེས་བྱ་བ་ཡིན་ནོ། །དེ་ལྟར་བཟུང་བ་ལས་གཉིད་འཐུག་པོར་ལོག་ཏུ་ཟིན་ཀྱང་།
དེའི་ངོ་བོ་དྲན་པས་ཟིན་པར་འགྱུར་ཏེ། འདི་ནི་འདིའོ་སྙམ་དུ་ངེས་པའི་ཤེས་པ་སྐྱེས་པ་ནི་འོད་གསལ་ཟིན་པ་ཞེས་བྱ་སྟེ། དེ་ཡང་རྩུབ་ཟིན་དང་འཇམ་ཟིན་ཞེས་བྱ་བ་འཛིན་པའི་ཚུལ་མི་འདྲ་བ་གཉིས་ཡོད་པ་ལས། དང་པོ་རྩུབ་ཟིན་ནི། ཨ་ཝ་དྷུ་ཏིའི་རླུང་རྩུབ་པོ་བཙན་ཐབས་སུ་ཞུགས་པའི་བྱེད་པས་འུར་ཆོམ་གྱི་སྒྲ་ཚད་མེད་པ་དང་། ལུས་འཁོར་ལོ་ལྟར་དབང་མེད་དུ་འཁོར་བས་ཉམ་ཉེས་ཏེ། ཤིན་ཏུ་སྡུག་བསྔལ་བའི་ཚོར་བ་དག་འབྱུང་ངོ་། །དེ་ལ་སྔོན་གོམས་པ་ཡོད་པའི་སྐྱེ་བོས་མ་ཟིན་ན། འདྲེ་གདོན་ལ་སོགས་པ་ཕྱིན་ཅི་ལོག་ཏུ་བཟུང་བས་གེགས་སུ་འགྱུར་ཞིང་། འདི་ནི་འོད་གསལ་ལོ་ཞེས་ངོ་ཤེས་ཤིང་མཉམ་པར་བཞག་པས་དེའི་དོན་ལ་གནས་པར་གྱུར་ཏེ། རྩ་རླུང་ཅུང་ཟད་མ་དུལ་པའམ། སྟོབས་དང་ལྡན་པ་རགས་པ་དག་ལ་དེ་ལྟ་བུ་འབྱུང་བར་འགྱུར་རོ། །གཉིས་པ་འཇམ་ཟིན་ནི། དེ་ལྟ་བུའི་འཇིགས་སྐྲག་བསྐྱེད་པའི་སྣང་བ་མི་འཆར་བར། བདེ་བླག་ཏུ་འོད་གསལ་ལ་འཇུག་པ་ཉིད་དེ།
ཇི་ལྟར་ན་ཡང་ལུས་སེམས་དགའ་བདེའི་རོས་ཁྱབ་པར་གྱུར་པ་ལ། སྒོམ་གྱི་དྲན་འཛིན་རྣམ་པར་དག་པ་དང་ལྡན་པ་བདེ་བ་དང་བཅས་པའི་འོད་གསལ་དང་གསལ་བ་ཆུང་ངུ་ཁང་སྟོང་དུ་ཟླ་བ་ཤར་བ་ལྟ་བུ་དང་། གསལ་བ་འབྲིང་པོ་རི་བོའི་རྩེར་ཕྱིན་ཏེ་ཕྱོགས་ཐམས་ཅད་མཐོང་བ་ལྟ་བུ། གསལ་བ་ཆེན་པོ་རྟོགས་པ་རྣམས་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་ཀྱི་གཟུང་འཛིན་རྣམ་པར་དག་པ་སྣ་ཚོགས་རབ་ཏུ་བཀྲ་བ་མཐོང་བ་སྟེ། གསལ་བ་དང་བཅས་པའི་འོད་གསལ་དང་། བདག་དང་གཞན་བཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་དམིགས་སུ་མེད་པ་ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ། སྟོང་པ་ཉིད་ཀྱི་དོན་ལ་གནས་པ་མི་རྟོག་པ་དང་བཅས་པའི་འོད་གསལ་ཞེས་རྣམ་པ་གསུམ་པོ་འདི་དག་གང་ཡང་རུང་བའམ། ཉིས་ལྡན་ནམ། གསུམ་ཀ་རྫོགས་པ་ཤར་ཞིང་འདི་ནི་འོད་གསལ་ལོ། །བདག་གིས་མཉམ་པར་གཞག་པར་བྱའོ། །ཞེས་དྲན་པ་རྣམ་པར་དག་པ་སྐྱེས་ན། འོད་གསལ་ཟིན་
པ་ཞེས་བྱ་བ་ཡིན་ཏེ། དེ་ལ་ཡང་དང་ཡང་དུ་གོམས་པར་བྱས་པས་རྟོག་པའི་འོད་གསལ་མཚན་ཉིད་མཐའ་དག་ལ་ཞེན་པར་མི་བྱེད་པའོ། །མཚན་གྱི་འོད་གསལ་ཟིན་པར་གྱུར་ན། དེ་ཉིད་ཀྱི་གནས་སྐབས་སུ་དྲན་པར་བྱས་ནས་བསྒོམས་པས་དེ་ལྟ་བུ་ཁོ་ནར་འཆར་ལ། གལ་ཏེ་འཆར་བར་མ་ནུས་ན། མདུན་གྱི་ནམ་མཁར་གཟབ་ཀྱི་ཧཱུྃ་སྔོན་པོ་ཁྲུ་གང་བ་གསལ་བར་བསྒོམ་ལ། དེ་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་ཏེ་ཕྱི་སྣོད་ནང་བཅུད་དང་བཅས་པ་ཐམས་ཅད་འོད་སྔོན་པོའི་རྣམ་པར་བྱས། རང་གི་ལུས་ལ་བསྡུ། རང་གི་ལུས་ཀྱང་འོད་དུ་གྱུར་པ་མདུན་གྱི་ཧཱུྃ་ལ་བསྡུ། ཧཱུྃ་གི་ཞབས་ཀྱུ་ཧ་ལ་བསྡུ། ཧ་མགོ་བོ་ལ། མགོ་བོ་རྣམ་པར་བཅད་པ་ལ། དེ་ཟླ་ཚེས་ལ། དེ་ཐིག་ལེ་ལ། དེ་རང་བཞིན་གྱི་དམིགས་སུ་མེད་པའི་ནམ་མཁའ་ལྟར་བྱས་ཏེ་རྣམ་པར་མི་རྟོག་པའི་ངང་དུ་མཉམ་པར་བཞག་པར་བྱའོ། །དེས་ཉིན་གྱི་འོད་གསལ་ཕྱག་རྒྱ་ཆེན་པོ་གསལ་སྟོང་རོ་མཉམ་པའི་ཏིང་ངེ་
འཛིན་རྒྱུད་ལ་སྐྱེ་བར་འགྱུར་ཏེ། ཉིན་གྱི་དུས་དེ་ཁོ་ནར་འབད་དེ་བསྒོམས་པས་མཚན་གྱི་ཉམས་མྱོང་རབ་ཏུ་བརྟན་པར་འགྱུར་བའི་ཕྱིར། ཟིན་པ་བརྟེན་བྱེད་ཀྱི་མན་ངག་ཅེས་བྱའོ། །བོགས་འདོན་ལ་གསུམ། བདེ་བ་དང་། གསལ་བ་དང་། མི་རྟོག་པའི་བོགས་འདོན་ཏེ་གསུམ་མོ། །དང་པོ་ནི། ཉིན་གྱི་ཚེ་སྔར་ཇི་ལྟ་བུར་བཤད་པའི་ཟབ་མོ་ཙཎྜ་ལི་གསལ་བ་ཡུན་རིང་བསྒོམ་ལ། ནུབ་ཉལ་བའི་དུས་ལ་བབ་པ་ན་རྩ་གསུམ་འདུས་པའི་མདོར། བླ་མ་རྡོ་རྗེ་འཆང་གི་སྐུའམ། བཅོམ་ལྡན་འདས་མའི་སྐུ་རྣམ་པ་མཆོག་དང་ལྡན་པ་བཀོད་དེ། ཐུར་སེལ་གྱི་རླུང་དབང་དུ་བྱ་བའི་སྦྱོར་བས་ཉམས་སུ་མྱོང་བ་མཐུ་ལྡན་དུ་བསྐྱེད་ལ། དེའི་ངང་ལ་མ་ཤོར་བར་དལ་བུས་གཉིད་ལོག་པར་བྱའོ། །འདི་ནི་བདེ་བ་དང་བཅས་པའི་འོད་གསལ་གྱི་བོགས་འདོན་པའོ། །གཉིས་པ་ནི། ཉིན་དུས་དག་པ་སྒྱུ་ལུས་ཀྱི་སྐབས་སུ་བཤད་པའི་ཕྱི་ནང་སྣང་སྲིད་ལྷ་དང་ལྷ་མོ། བདེ་བར་གཤེགས་པའི་དཀྱིལ་འཁོར་བླ་ན་མེད་པ་གཏན་ལ་
ཕབ་སྟེ། ཡེངས་མེད་དུ་རྩལ་སྦྱངས་ནས་གཉིད་ལོག་པ་ན། སྙིང་ཁར་ཟླ་བ་དྲི་མ་མེད་པའི་གདུགས། གདན། རྒྱབ་ཡོལ་ཅན་གྱི་དཔལ་ལྡན་བླ་མ་དམ་པའི་སྐུ་མན་ཤེལ་དྲི་མ་མེད་པ་ལྟ་བུའམ། གཡའ་དང་བྲལ་བའི་མེ་ལོང་ལྟར་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་། འཁོར། སྟོན་པ། མཛད་པ་ཕྲིན་ལས་ཚུལ་བསམ་གྱིས་མི་ཁྱབ་པ་མ་ལུས་ཤིང་ལུས་པ་མེད་པར་དུས་ཅིག་ཅར། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱི་རྒྱུན་ལ་སེམས་རྩེ་གཅིག་ཏུ་གཞག་པའམ། བློ་གྲོས་དམན་པ་དག་གིས་དཔལ་ལྡན་བླ་མའི་སྐུ་ཤིན་ཏུ་འོད་གསལ་བ་ཁོ་ན་ལ་སེམས་བཅངས་ཤིང་། རླུང་བུམ་པ་ཅན་གྱི་སྦྱོར་བ་ཤིན་ཏུ་འཇམ་པོ་དང་བསྲེས་ནས་གཉིད་དུ་གཏང་བར་བྱའོ། །འདི་ནི་གསལ་བའི་འོད་གསལ་གྱི་བོགས་འདོན་པའོ། །གསུམ་པ་ནི། ཉིན་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཏིང་ངེ་འཛིན་ཟབ་ཅིང་དམིགས་སུ་མེད་པ་ལ་གདིང་བརྟན་པོ་བསྐྱེད་དེ། ཉལ་བའི་དུས་ལ་བབ་པ་ན། སྨིན་མཚམས་སུ་ཆོས་ཀྱི་འབྱུང་གནས་
སྔོན་པོའམ། དམར་པོ་གང་ཡང་རུང་བའི་དབུས་སུ་ཐིག་ལེའམ། ཧཱུྃ་ཡིག་གམ། རྡོ་རྗེའམ། གྲི་གུག་གམ། བླ་མའམ། ཡི་དམ་ཀྱི་སྐུ་འོད་ཀྱི་རང་བཞིན་ཅན་བསྒོམ་སྟེ། ཕྱག་རྒྱ་ཆེན་པོའི་ངེས་པ་དང་མ་བྲལ་བར་གཉིད་པར་བྱའོ། །དེ་ལྟར་རྣམ་པ་གསུམ་པོ་འདི་ཉམས་སུ་མྱོང་བའི་ཁྱད་པར་དང་སྦྱར་ཏེ། གང་ཤས་ཆེ་བ་དང་། ཆུང་བ་དག་སྨོན་འབྲིད་ཀྱི་སྦྱོར་བ་དག་ལ་མཁས་པས། གང་དང་གང་ཁྱད་པར་དུ་འཐོབ་པར་འདོད་པའི་དོན་བདེ་བླག་ཏུ་འཐོབ་པར་འགྱུར་རོ། །རང་བཞིན་གཉུག་མར་འཇོག་པ་ནི། ཉམས་སུ་མྱོང་བ་ལ་གོམས་པ་རྙེད་པའི་རྣལ་འབྱོར་པས་ལུས་ངག་གི་རྩོལ་བ་སྣ་ཚོགས་དང་། སེམས་ཀྱི་སྤྲོ་བསྡུའི་བྱ་བ་མཐའ་དག་རྣམ་པར་སྤངས་ཏེ། ཇི་ལྟར་ཤར་བར་གྱུར་པ་དེ་ཉིད་ཀྱིས་རང་གི་ངོ་བོ་ལ་བསྒོམ་བྱ་བྷཻ་བྱེད་ཀྱི་རྩིས་གདབ་དང་བྲལ་བ་ལ་མཉམ་པར་བཞག་སྟེ། འདིས་ནི་མི་རྟོག་པའི་ཏིང་ངེ་འཛིན་འོད་གསལ་མཐུག་པོར་མངོན་དུ་བྱེད་དོ། །གཞིའི་འོད་གསལ་ཆོས་ཀྱི་སྐུའི་གནས་ལུགས་
ཇི་ལྟར་གནས་པ་དཔལ་ལྡན་བླ་མས་ངོ་སྤྲད་དེ། ཉིན་དང་མཚན་མོའི་འོད་གསལ་གྱི་ལམ་དུ་བྱས་པས། འབྲས་བུ་གནས་ལུགས་དོན་གྱི་རྟོགས་པ་མཐར་ཕྱིན་པ་སྐུ་བཞི་ཡེ་ཤེས་ལྔ་རྡོ་རྗེ་བདེ་བ་ཆེན་པོའི་འོད་གསལ་གྱི་སྐུ་མངོན་དུ་གྱུར་པ་འབྲས་བུ་མཐར་ཕྱིན་པ་སྟེ། དེ་ལྟར་གཞིའི་འོད་གསལ་གཏན་ལ་ཕབ། ལམ་གྱི་འོད་གསལ་ཉམས་སུ་ལེན། འབྲས་བུའི་འོད་གསལ་མངོན་དུ་བྱ་ཞེས་རྣམ་པ་གསུམ་དུ་བསྡུ་རུང་བའང་ཡིན་ནོ། །ད་ནི་འཕྲོས་བརྗོད་དེ། སློབ་དཔོན་ཆེན་པོ་ལ་ཝ་པས། ལོ་ནི་བཅུ་གཉིས་བར་དག་ཏུ། །འོད་གསལ་བ་ལ་གཉིད་ལོག་པས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། །ཅེས་འབྱུང་བ་དང་། ཀྱེ་རྡོ་རྗེ་ལས། གཉིད་ནི་སྤང་བར་མི་བྱ་སྟེ། །དབང་པོ་རྣམས་ནི་མི་དག་གོ །ཞེས་པས། སྤྱིར་འོད་གསལ་གྱི་གོ་བ་ནི། གཉིད་མཐུག་པོ་ལ་སོགས་པ་རྟོག་པ་ཀུན་གཞིའི་སྟེང་དུ་སོང་བ་དེ་རང་དང་འདྲ་ཡང་དེ་ནི་མ་རིག་པ་དང་ལྷན་ཅིག་ཡིན་པས་གོལ་བར་འགྱུར་ལ། འདིར་
དྲན་པས་དབང་བསྒྱུར་ནས་གཟུགས་སྒྲ་ལ་སོགས་ཀྱི་རྣམ་པ་ལམ་མེར་འདུག་ཀྱང་། རྟོག་སྤྱོད་ཀྱིས་མ་བསླད་པ། རྟོག་པ་མི་འགྱུར་ཡང་རྣམ་པ་ཐམས་ཅད་ཤེལ་གོང་ལག་མཐིལ་དུ་བཞག་པ་ལྟ་བུ་གཅིག་འབྱུང་སྟེ། དེ་ལམ་དུ་འགྲོ་བ་ཡིན་ཏེ། གཉིད་དང་རྨི་ལམ་མཚམས་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །ཞེས་པ་དང་། གཞིའི་འོད་གསལ་བར་དོར་འབྱུང་བ་ལ་ཁྱད་མེད། ངོ་ཤེས་ཀྱི་དྲན་པས་ཟིན་ན་ལམ་གྱི་འོད་གསལ་ཡིན། མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྱུར་པ་འབྲས་བུའི་འོད་གསལ་དུ་ངེས་སོ། །རྟོགས་པའི་ཤེས་རབ་ཀྱིས་ཟིན་ཅིང་བསམ་གཏན་བཞི་པ་དང་འབྲེལ་བ། དེ་ཚོ་མེ་ལོང་དག་པའི་དཔེར། རྣམ་པ་ཀུན་སྣང་རྟོག་པ་མེད། །ལམ་གྱི་འོད་གསལ་ཞེས་ཀྱང་བྱ། །མཉམ་རྗེས་མེད་ཅིང་དེར་འཛིན་བྲལ། །ཇི་ལྟ་ཇི་སྙེད་མཉམ་པ་ཉིད། །ནམ་མཁའ་ལྟ་བུའི་བདེར་གཤེགས་ཐུགས། །འབྲས་བུའི་འོད་གསལ་རྟོགས་པར་མཛོད། །ཅེས་འབྱུང་ངོ་། །དེ་རྣམས་ཀྱིས་འོད་གསལ་ལམ་གྱི་སྒྲོན་མེའི་མན་ངག་བཤད་ཟིན་
ཏོ། ། ༈ ལྔ་པ་བར་དོ་ལམ་གྱི་བློ་ཆོད་ཀྱི་མན་ངག་ནི། རྗེ་བཙུན་ནཱ་རོ་པ་ཆེན་པོའི་ཞལ་ནས། རྨི་ལམ་གཉིད་ཀྱི་བར་དོ་འདི། །བར་དོའི་ཤེས་པ་བསྲེ་འཕོ་སྟེ། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །རྨི་ལམ་བར་དོ་བསྲེ་འཕོའི་གནད། །མིང་ཡང་བར་དོའི་གདམས་པ་ཟེར། །དུས་རྨི་ལམ་འབྱོངས་སམ་ལོ་ཙཱ་བ། །ཞེས་གསུངས་པས། །ཆོས་དྲུག་ཆེན་མོ་ལས། དེ་ཡང་བར་དོའི་མན་ངག་ལ་བཞི་སྟེ། ཟུང་འཇུག་སྐུ་བཞིའི་བར་དོ། རང་རིག་ཡེ་ཤེས་ཀྱི་བར་དོ། དུས་མཚམས་རང་བཞིན་གྱི་བར་དོ། འཆུགས་མེད་རྟེན་འབྲེལ་གྱི་བར་དོའོ། །འོན་ཀྱང་རེ་ཞིག ཆོས་ཀྱི་རྗེ་མི་ལ་རས་ཆེན་གྱི་ཞལ་ནས། འབྱུང་བ་བར་དོ་རྣམ་པ་དྲུག་གི་ཚུལ་གསལ་བར་ཤེས་ན། དོན་བདེ་བླག་ཏུ་རྟོགས་པར་འགྱུར་བའི་ཕྱིར། ཅེས་གསུངས་ཏེ། དེ་ཡང་དོན་དམ་ཆོས་ཉིད་ཀྱི་བར་དོ། རང་བཞིན་རྨི་ལམ་གྱི་བར་དོ། སྣང་བ་སྐྱེ་ཤིའི་བར་དོ། རྨི་ལམ་གཉིད་ཀྱི་བར་དོ། ཐ་མ་སྲིད་པའི་བར་དོ། སྐྱེ་གནས་བརྒྱུད་པའི་བར་དོ། ཞེས་རྣམ་པ་
དྲུག་ཏུ་མཛད་དེ། དང་པོ་ནི། ཆོས་རྣམས་ཐམས་ཅད་ཀྱི་གནས་ལུགས། རང་བཞིན་གྱིས་རྣམ་པར་དག་པའི་དེ་ཁོ་ན། བདེ་ཆེན་རྡོ་རྗེའི་སེམས་གཞོམ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ། མཐའ་དག་གདོད་ནས་རྣམ་པར་དག་པ་སྟེ། འདི་ནི་ཡིན་མིན་ཡོད་མེད། རྟག་ཆད་སོགས་མཐའ་གང་དུ་ཡང་མ་ལྷུང་ཞིང་། མཐའ་ཐམས་ཅད་དང་བྲལ་བའི་ཕྱིར་བར་དོའི་ཐ་སྙད་དུ་མཛད་དོ། །འདི་ཇི་ལྟ་བར་ངོ་སྤྲོད་པའི་ཐབས་ཀྱི་ཡན་ལག་ཏུ་ཐབས་དང་ཤེས་རབ་ཀྱི་རྒྱུད་སྡེ་རིན་པོ་ཆེ་དག་གི་དགོངས་པའི་སྙིང་པོ་དག་གིས་རིག་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱ་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པ་དག་ཏུ་འགྱུར་རོ། །ལྟ་བའི་བར་དོའམ། གཞི་གནས་ལུགས་ཀྱི་བར་དོ་ཞེས་ཀྱང་མཛད་དོ། །གཉིས་པ་ནི། དེ་ལྟ་བུའི་དོན་གྱི་གནས་ལུགས་ལས་ཐམས་ཅད་མ་འདས་སུ་ཟིན་ཀྱང་། རང་བཞིན་མེད་བཞིན་དུ་རྣམ་པར་སྣང་བའི་འཁྲུལ་པ་བཟློག་ཏུ་མེད་པ་ཉིད།
བཟློག་པར་བྱ་བའི་ཐབས། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཁྱད་པར་བླ་ན་མེད་པའི་ལམ་སྒྲུབ་བྱེད་ཐབས་ཀྱིས་དམིགས་པ། གྲུབ་པ་ཉམས་རྟོགས་ཡོན་ཏན་གྱི་ཁྱད་པར་དང་བཅས་པ་རྣམས་ཏེ། འདིར་ནི་རེ་ཞིག་ཐུན་མོང་མ་ཡིན་པ་དང་། ཁྱད་པར་བ་གང་དང་གང་ལ་གཙོ་བོར་བཟུང་ནས། དབང་གིས་ཡོངས་སུ་སྨིན་པར་བྱས་པའི་སྒྲུབ་པ་པོ་ལམ་བསྐྱེད་པ་དང་། རྫོགས་པའི་རིམ་པ་ཟུང་འབྲེལ་ཕྱིན་ཅི་མ་ལོག་པ། བླ་མ་དམ་པའི་ཞལ་གྱི་བདུད་རྩི། ངེས་པའི་གནད་འཆུགས་གོལ་ཅུང་ཟད་ཀྱང་མེད་པ་ལམ་དུ་བྱ་བ་ཉིད་དེ། འདི་ནི་སྣང་ཕྱོགས་སམ། སྟོང་ཕྱོགས་སམ། ཐབས་ཤེས་ཡ་བྲལ་གྱི་མཐའི་ཕྱོགས་སུ་མ་ལྷུང་བའི་ཕྱིར། བར་དོའི་ཐ་སྙད་དུ་མཛད་དེ། ལམ་རིམ་མ་ལུས་ཤིང་ལུས་པ་མེད་པའི་དོན་ནོ། །གསུམ་པ་ནི། དེ་དག་ལས་བྱེ་བྲག་ཏུ་ལུས་ངག་ཡིད་ཀྱི་སྣང་བ། རྒྱུན། སྲོག །ལུས། དབང་པོ་བཅས་པ་དེ་ཉིད་རྣམ་པར་སྣང་བའི་འགོ་བརྩམས་ནས། ཇི་སྲིད་ནུབ་པར་མ་གྱུར་
པ། སྒྱུ་མ་དང་རྨི་ལམ་ཙམ་དུ་མངོན་པར་སྣང་བ་སྟེ། འདི་ནི་སྐྱེ་བ་དང་འཆི་བའི་དབུས་ན་གནས་ཤིང་སྣང་བའི་ཕྱིར། བར་དོའི་ཐ་སྙད་དུ་མཛད་དོ། །བཞི་པ་ནི། དེ་ལ་བྱེ་བྲག་ཏུ། ཤིན་ཏུ་ལོག་པར་ཉལ་བ་སེམས་མེད་པའི་གནས་སྐབས་སུ་བཤད་པ་དང་། ཡིད་སྲོག་གི་འཇུག་པ་ཀུན་ཏུ་གཡོ་བ་མེད་པ་ཉིད་ལ་ཀུན་ཏུ་སྣང་བའི་རྒྱུ་ཉེ་བར་སྣང་བ་དག་སྟེ། འདི་ཞུགས་པ་དང་། སད་པ་དག་གི་དབུས་ན་ཉེ་བར་སྣང་བའི་ཕྱིར། བར་དོའི་ཐ་སྙད་དུ་མཛད་པའོ། །ལྔ་པ་ནི། སྔ་མ་དག་ལ་རང་བཞིན་གྱིས་སྣང་བ་ཉེ་བར་སྡུད་པ་དང་། སླར་ཡང་མིང་བཞི་འདུས་པའི་རྣམ་པས་རྣམ་པ་སྣ་ཚོགས་པའི་འཇུག་པ་རབ་ཏུ་སྟོན་པ་སྟེ། འཆི་བ་དང་སྐྱེ་བ་དག་གི་དབུས་ན་གནས་པའི་ཕྱིར་བར་དོའི་ཐ་སྙད་དུ་མཛད་དོ། །སྲིད་པའི་བར་དོ་ཞེས་བྱ་བ་ནི། སྲིད་པ་འཕོ་བའི་དུས་ཉེ་བར་བཟུང་ནས་བརྗོད་པར་མཛད་ཀྱི་བྱེ་བྲག་སྲིད་པའི་བར་དོ་ལ་ནི་མ་ཡིན་ནོ། །ཐ་མ་ཞེས་བྱ་བ་ནི། སྐྱེ་བ་དང་གནས་པ་དག་གི་ཐ་མར་བརྗོད་པ་
ལས་གཞན་དུ་མི་གཟུང་ངོ་། །ཞེས་གསུངས་ཤིང་། རྗེ་བཙུན་ཆེན་པོ་ནཱ་རོ་པས་བཞེད་པ་ནི་གསུམ་དུ་འདུས་ཏེ། ཉིན་པར་སྣང་བ་འཁྲུལ། མཚན་མོ་རྨི་ལམ་འཁྲུལ། བར་དོ་ལས་ཀྱི་འཁྲུལ་ཅེས་གསུངས་པས། སྐྱེ་ཤི་བར་དོ། རྨི་ལམ་བར་དོ། སྲིད་པ་བར་དོ་དང་གསུམ་དུ་འདུས་པས་ཉིན་སྣང་འདི་ཀ་མ་འཁྲུལ་བར་བྱ། མཚན་མོ་རྨི་ལམ་ཟིན་པར་བྱ། བར་དོར་འོད་གསལ་ཟིན་པའམ་སྒྱུ་མར་སྦྱོང་བར་བྱའོ། །དེ་ཡང་ཉིན་པར་སྣང་བ་འཁྲུལ། བག་ཆགས་ཀྱིས་འཁྲུལ། ལས་ཀྱིས་འཁྲུལ་ཡང་། སྣང་བ་གཙོར་བྱས་པ་ཡིན་ནོ། །དེ་བཞིན་དུ་མཚན་མོ་ཡང་སྣང་བ་འཁྲུལ། བག་ཆགས་ཀྱིས་འཁྲུལ། ཡང་ལས་ཀྱིས་འཁྲུལ། ཡང་བག་ཆགས་གཙོ་བོར་བྱས་པ་ཡིན་ནོ། །དེ་བཞིན་དུ་བར་དོ་ཡང་སྣང་བ་འཁྲུལ། བག་ཆགས་ཀྱིས་འཁྲུལ། ཡང་ལས་ཀྱིས་འཁྲུལ། ཡང་ལས་ཀྱིས་གཙོ་བོར་བྱས་པ་ཡིན་ཏེ། འདིར་ཡོངས་སུ་གྲགས་པའི་སྲིད་པ་བར་དོ་ཞེས་པ་དེ་བསྟན་པར་བྱའོ། །དེ་ཡང་སྔོན་འབྱུང་སྲིད་པའི་
ཤ་གཟུགས་ཅན་ཞེས་པ་དང་། འབྱུང་བ་སྲིད་པའི་ཤ་གཟུགས་ཅན་ཞེས་པ་ལ་སོགས་པ་མང་དུ་གསུངས་ཀྱང་། འབྱུང་བ་ཞེས་འཐད་པ་ཡིན་ཏེ། དེའི་རྒྱུ་མཚན་ཡང་བར་དོའི་གནས་སུ་ལྷ་ཡུལ་དུ་སྐྱེ་ན་ལྷ་ཡུལ་གྱི་སྣང་བ་འབྱུང་བས་ན་འབྱུང་ཞེས་བྱ། ལྷ་ཡུལ་གྱི་སྣང་བ་འབྱུང་ན་གཞན་དུ་མི་སྐྱེ་བར་ལྷ་ཡུལ་གྱི་གནས་སུ་འགྱུར་པས་ན་འགྱུར་ཞེས་བྱ། དེ་བཞིན་དུ་ལྷ་མིན་དང་། ཡི་དྭགས། དུད་འགྲོ་ལ་སོགས་པ་རིགས་དྲུག་གང་དང་གང་དུ་དེའི་སྣང་བ་འབྱུང་ཞིང་གང་སྣང་བར་འབྱུང་བ་དེར་སྐྱེ་བར་འགྱུར་རོ། །ཐོགས་མེད་ལྡན་ཞེས་པ་ནི། རི་རབ་ཁང་ཁྱིམ་ལ་སོགས་པ་རྣམས་ལ་ཡང་ཐོགས་པ་མེད་དེ། དཔེར་ན་དུ་བའི་ནང་དུ་ཆུ་གཏོར་བ་དང་འདྲ་སྟེ། གང་ལ་ཡང་ཐགས་ཐོགས་མེད་པར་ཕར་ཐལ་ཚུར་ཐལ་དུ་འགྲོ་བའོ། །འོན་ཀྱང་མའི་མངལ་དང་། རྒྱ་གར་རྡོ་རྗེའི་གདན་ན་རྡོ་རྗེའི་གདན་རྡོ་རྗེ་རྒྱ་གྲམ་ཡོད་པ་ལ་ཐོགས་པ་ཡིན་ནོ། །དེ་མིན་པ་གང་ལ་ཡང་ཐོགས་མེད་དུ་འགྲོའོ། །ལས་ཀྱི་རྫུ་འཕྲུལ་ཐོགས་པ་
མེད་ཅེས་པ་ཡོན་ཏན་གྱི་རྫུ་འཕྲུལ་མ་ཡིན་པར། ལས་ཀྱི་རྫུ་འཕྲུལ་སྐད་ཅིག་ཙམ་ལ་གླིང་བཞི་རི་རབ་དང་བཅས་པ་འཁོར་བས་དཔེར་ན་སྐྱེས་བུས་ལག་པ་བརྐྱངས་བསྐུམས་ཙམ་ལས་གང་དང་གང་ཡིད་ལ་དྲན་པ་དེར་ཡུད་ཙམ་གྱིས་ཕྱིན་པར་འགྱུར་ཞིང་གང་ལ་ཡང་ཐགས་ཐོགས་མེད་དེ། རིགས་མཐུན་ལྷ་མིག་དག་པས་མཐོང་། ཞེས་པ་ནི། ལྷ་ལ་སོགས་པ་བསོད་ནམས་ཀྱི་མཐུ་ལས་མངོན་པར་གྲུབ་པ་ཡིན་ནོ། །བསམ་གཏན་ཡང་དག་པ་བྷཻ་བར་ལྷའི་མིག་རྣམ་པར་དག་པས་མཐོང་བ་ཡིན་ནོ། །འོ་ན་བསམ་གཏན་ཡང་དག་པར་སྒོམ་པའི་མིག་རྣམ་པར་དག་པས་དུས་ཐམས་ཅད་དུ་མཐོང་ངམ། ཞེ་ན་མ་ཡིན་ཏེ། ལྟ་བའི་འདུན་པ་བཏང་ན་མཐོང་བ་ཡིན་གྱི། རྣམ་པ་ཐམས་ཅད་དུ་མ་ཡིན་ཏེ། བསམ་གཏན་གྱི་གཡེང་བས་འགྲོ་བས་སོ། །རིགས་མཐུན་ཅེས་པ་ནི། བར་དོར་སྐྱེ་བ་རིགས་མཐུན་པ་ནི་གཅིག་གིས་གཅིག་མཐོང་བ་ཡིན་ཏེ། དཔེར་ན་ལྷ་རུ་སྐྱེ་བ་རིགས་མཐུན་པ་ཡོད་ན་གཅིག་
གིས་གཅིག་མཐོང་། དེ་བཞིན་དུ་ཡི་དྭགས་ཀྱི་གནས་སུ་སྐྱེ་བའི་རིགས་མཐུན་པ་ཡོད་ན་གཅིག་གིས་གཅིག་མཐོང་བ་ཡིན་ནོ། །ཡང་ན་ལྷ་མིག་དག་པས་མཐོང་ཞེས་པས། གཟུགས་ཁམས་སྐྱེས་པའི་བར་དོ་བས་ལྷ་མིན་མན་ཆད་དུ་སྐྱེས་པ་མཐོང་བ་དང་། དེ་བཞིན་དུ་ལྷ་མིན་དུ་སྐྱེ་བའི་བར་དོ་བས་མི་དང་དུད་འགྲོ་མན་ཆད་དུ་སྐྱེ་བའི་བར་དོ་བ་རྣམས་རིམ་པ་བཞིན་ཞེས་འཆད་པ་ཡོད་དེ། འདི་ནི་ངེས་པ་མེད་ཅེས་གསུངས་སོ། །མི་ལྡོག་དེ་ཡིས་དྲི་ཟའོ་ཞེས་པ་ནི། ཉན་ཐོས་ལ་སོགས་པ་ཐེག་པ་འོག་མ་རྣམས་ཀྱིས་བར་དོ་ལྷ་མི་སོགས་གང་དུ་སྐྱེ་བའི་སྣང་བ་ཤར་བ་དེར་འགྱུར་ཞིང་། གཞན་ལ་མཐོ་དམན་གང་དུ་ཡང་མི་ལྡོག་པར་འདོད་དེ། དཔེར་ན་ལྷ་ཡུལ་དུ་སྐྱེ་བའི་མི་གཅིག་ལ་ལྷ་ཡུལ་གྱི་སྣང་བ་ཤས་ཆེ། མན་ཆད་པས་ངན་པ་ཡོད་ཀྱང་དམྱལ་བ་ལ་སོགས་གང་དུའང་མི་ལྡོག་གོ །དེ་བཞིན་དུ་དམྱལ་བར་སྐྱེ་བའི་སྣང་བ་ཤར་ནས་ལས་བཟང་པོ་བསྒྲུབ་པ་ཡིན་ཀྱང་མཐོ་རིས་སུ་མི་ལྡོག་པར་འདོད་དེ། དེ་
བཞིན་དུ་དབུ་མ་པ་དང་ཐེག་ཆེན་འབའ་ཞིག་པས་ཀྱང་འདི་ལྟར་འདོད་པ་ཡོད་དེ། འདི་ནི་མི་འཐད་པ་ཡིན་ནོ། །དཔེར་ན་མཐོ་རིས་སུ་སྐྱེ་བའི་བར་དོ་བ་གཅིག་མཐོ་རིས་སུ་སྐྱེ་བའི་སྣང་བ་ཤར་ཡང་ཤུལ་ན་འབྲེལ་པ་གསོན་པ་རྣམས་ཀྱིས་གཤིན་པོ་འདིའི་དོན་དུ་སེམས་ཅན་མང་པོའི་སྲོག་བཅད་ནས་མཆོད་སྦྱིན་བྱས་པའི་ཤི་ཡུལ་དུ་སྣང་བ་མ་དག་པའི་སར་འཁོར་ནས། དེ་ལ་ཞེ་སྡང་དྲག་པོ་སྐྱེས་ཏེ། ལས་དེས་མཚམས་སྦྱོར་བྱས་ནས་ངན་སོང་དུ་ལྡོག་གོ །དེ་བཞིན་དུ་བར་དོའི་ཤུལ་གྱི་ནོར་རྫས་ལ་ཆགས་པའམ་ནོར་གཞན་གྱིས་དབང་བྱས་ན་ཡང་དེ་ཁོས་ཤེས་ཏེ། དེ་ལ་མི་དགའ་བ་དང་། ཞེ་སྡང་སྐྱེས་ན་ངན་སོང་དུ་ལྡོག་གོ །དེ་བཞིན་དུ་ཁོ་རང་གཤིན་པོའི་དོན་དུ་ཆོ་ག་བྱེད་པའམ། བཀའ་འདོན་པ་ལ་སོགས་བྱེད་པ་རྣམས་ཀྱང་མ་དག་པ་གཉིད་དང་། གཡེང་བ་དང་། ལེ་ལོ་ལ་སོགས་པ་བྱས་པ་དང་། དམ་ཚིག་མི་གཙང་བ་དེ་ཁོས་ངོ་བོ་ཤེས་ནས་དེ་ལ་འཇིགས་ཤིང་སྐྲག་པས་ལས་ནག་པོ་
དང་། ཆོ་ག་མ་དག་པ་ལ་སོགས་པ་བྱེད་པ་རྣམས་མང་ཡང་། བླ་མ་འདི་རྣམས་ཀྱིས་བདག་ངེས་པར་བསླུས་སྙམ་ནས་ཤིན་ཏུ་ཡི་མུག་ནས་མི་དགའ་བ་ཆེན་པོ་དང་བཅས་ཏེ། དེ་ཡིས་ངན་སོང་དུ་ལྡོག་གོ །དེ་བཞིན་དུ་ངན་སོང་དུ་སྐྱེ་བའི་སྣང་བ་ཤར་ནས་ཀྱང་། ཤུལ་དུ་ཡོད་པའི་ཉེ་དུ་རྣམས་ཀྱིས་སྡིག་པ་དང་མ་འདྲེས་པར་དཀར་པོའི་ཆོས། བླ་མ་སློབ་དཔོན་རྣམས་ཀྱིས་ཀྱང་ལུས་ངག་ཡིད་གསུམ་གུས་པས་ཆོ་ག་རྣམ་པར་དག་པར་བྱས་ན་ལས་དཀར་པོ་དེ་རྣམས་ཀྱིས་མཚམས་སྦྱོར་བྱས་ནས་མཐོ་རིས་སུ་ངེས་པར་ལྡོག་གོ །འོན་ཀྱང་མི་ལྡོག་པ་འདི་རྣམས་ནི་ལས་བར་དོ་བ་གཅིག་གི་དབང་དུ་བྱས་པ་ཡིན་གྱི། ཡང་ཡར་འགྲོ་བའི་ལམ་དཀར་པོ་ཆེན་པོ་བསགས་པ་གཅིག་ཡིན་ན་ལས་ངན་པས་མི་ལྡོག་སྟེ། དེ་བཞིན་མར་འགྲོ་བའི་ལས་ཆེན་པོ་བསགས་པ་གཅིག་ཡིན་ན་དགེ་བ་བྱས་ཀྱང་ཡར་ལ་རེ་ཞིག་མི་ལྡོག་གོ །ཟས་དྲི་ཟའོ། །ཞེས་པས་ལོངས་སྤྱོད་དུ་དྲི་ཟ་བའོ། །ཡང་འགའ་ཞིག་གིས་བར་དོ་ལ་གཉིད་
ཅུང་ཟད་ཡོད་ཟེར་ཏེ། གཉིད་ཡོང་བ་ལ་བརྟེན་དགོས་ཏེ། འདིར་གཉིད་ཡོད་པ་ལ་ལུས་ཡོད་དགོས་པ་དེ་ཡིན་ནོ་གསུངས། མདོར་ན་བར་དོའི་རིག་པ་ལ་གཏན་མེད་པས་ཡང་ཞིང་གཡོ་བ་དེ་དག་མི་དགེ་བའི་སྣང་བ་གང་ཤར་ཡང་སྟོབས་ཆེ་བ་ཡིན་པས། ད་ལྟ་ནས་བར་དོ་སྦྱོང་བར་བྱའོ། །དེའི་ཚུལ་ནི་ཉིན་པར་ཚོགས་དྲུག་གི་སྣང་བ་གང་ཤར་ཡང་འདི་ནི་བར་དོའི་སྣང་བ་ཡིན་པས་དོན་ལ་གྲུབ་པ་སྐད་ཅིག་ཡང་མེད་སྙམ་དུ་བསམ་ལ་ཞེན་པ་བཟློག །ཡང་མིག་གི་ཡུལ་དུ་གཟུགས་སྡུག་པ་དང་། རྣ་བའི་ཡུལ་དུ་སྒྲ་སྙན་པ་དང་། བཟང་པོའི་རྣམ་པ་གང་ཤར་ཡང་འདི་ཉིད་བར་དོའི་སྐབས་སུ་ངན་པའི་གནས་སུ་སྐྱེ། བདེ་བའི་ཉམས་བཟང་པོ་རྣམ་པར་སྣང་བས་ཡིན་ཏེ་འདི་ལ་ཡང་བདེན་པར་གྲུབ་པ་མེད་སྙམ་དུ་མཚན་མར་འཛིན་པ་ཉེ་བར་ཞི་བྱ་ཞིང་། མེ་སྒྲ་ལ་སོགས་པ་སྒྲ་གང་བྱུང་ཡང་འདི་ཉིད་བར་དོའི་སྒྲ་ཡིན་བརྗེད་ཀྱིས་དོགས་པས་བརྗེད་རྡོ་ཡིན་སྙམ་དུ་དྲན་པ་རྒྱུན་ཆད་མེད་པར་བྱ་གསུངས་སོ། །
དེ་བཞིན་དུ་སྦྱངས་པས་མཚན་མོ་རྨི་ལམ་དུ་འགྲོངས་ན་མཚན་མོ་རྨི་ལམ་ཟིན་འོང་བ་ཡིན། རྨི་ལམ་ཟིན་ན་དོ་ནུབ་རྨི་ལམ་བྱུང་བ་དང་། བར་དོའི་སྣང་བ་སྦྱང་བར་བྱའོ། །སྙམ་དུ་འདུན་པ་གཏད། རྨི་ལམ་བྱུང་བ་དང་། འདི་ངོས་བཟུང་ནས་བར་དོའི་སྣང་བ་ཡིན་སྙམ་དུ་སྦྱང་བར་བྱ་སྟེ། དེ་ལྟར་ཉིན་པར་གྱི་སྣང་བ་གང་ཤར་བ་དང་། མཚན་མོའི་རྨི་ལམ་གང་བྱུང་བ་བར་དོའི་སྣང་བ་ཡིན་སྙམ་དུ་བསམ། དེ་སྦྱངས་པས་དབང་པོ་རབ་ཀྱིས་རྨི་ལམ་རྩོལ་མེད་དུ་འབྱོངས་པ་ཡིན། ཡང་གང་ཟག་ལ་ལ་ཞིག་ལ་ཉིན་པར་ཉམས་ལེན་དགའ་རབ་ཡོད་ཀྱང་མཚན་མོ་རྨི་ལམ་དུ་མི་འོང་བ་ཡོད་མོད། དེ་གདམས་པ་གནད་དུ་མ་སོང་བ་དང་། འདུན་པའི་སྟོབས་ཆུང་བ་ཡིན་པས་མོས་གུས་ཀྱི་གདུང་བ་ཆེན་པོ་དང་ལྡན་པས་དཀོན་མཆོག་གསུམ་ལ་གསོལ་བ་གདབ། ཉིན་པར་འདུན་པ་དྲག་པོ་བསྐྱེད་དེ། ཤུགས་ཕྱུང་ལ་བསྒོམ་པར་བྱའོ། །ཡང་འགའ་ཞིག་ལ་ཉིན་པར་ཉམས་ལེན་མེད་ཀྱང་མཚན་མོ་རྨི་ལམ་དུ་ཉམས་ལེན་དགའ་
རབ་འབྱུང་བ་ཡོད་དེ། དེ་ཐོད་བརྒལ་བའི་གང་ཟག་ཡིན་ཏེ། ཚེ་སྔ་མར་བསྒོམ་པའི་སྟོབས་ཡིན་ནོ། །དེ་ལྟར་སྣང་བ་ཐམས་ཅད་རྨི་ལམ་བར་དོར་འབྱམས་ཤིང་བར་དོ་ཞེས་བྱ་སྟེ་དེ་ག་རང་ཡིན་ནོ། །འཁོར་བ་ཞེས་བྱ་བ་དང་མྱ་ངན་ལས་འདས་པ་གཉིས་ཐ་དད་དུ་གྲུབ་པ་ཡིན་ནམ། ཐ་མི་དད་དུ་ཡིན་སྙམ་ནས་བརྟགས་པས་འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ཐ་དད་མེད་པར་ཐག་བཅད་ལ། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ། མི་ཕམ་ཆོས་ཀྱི་རྒྱལ་པོ་བཞུགས་པ་ལ་འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བར་བསྒོམ། བདག་ཉིད་ཀྱང་སེམས་ཅན་གྱིས་མཐོང་ན་རབ་ཏུ་དགའ་བ། བྱང་ཆུབ་སེམས་དཔའ་མཚན་བཟང་པོ་ལྟར་བསྒོམ་ལ། ཕ་ལ་ཕར་མི་འཛིན། མ་ལ་མར་མི་འཛིན། དེ་བཞིན་དུ་ཟས་ནོར་ལ་སོགས་པ་གང་ལ་ཡང་ཞེན་ཆགས་མེད་པར་བྱས་ནས། བདག་ཉིད་འཁོར་བའི་བཙོན་ར་དུག་སྦྲུལ་གདུག་པ་ཅན་གྱི་ཚང་ལྟ་བུ་ནས་ཐོན་ཏེ།
མི་ཕམ་ཆོས་ཀྱི་རྒྱལ་པོའི་ཞབས་དྲུང་དུ་སྐྱེས་པ་འདི་ཨེ་མ་ཧོ། སྐལ་བ་རེ་ལྡན་སྙམ་དུ་བསྒོམ་པར་བྱའོ། །དེས་འཆི་ཁར་སོང་བ་དང་། དབང་པོ་རབ་ཀྱི་འོད་གསལ་ངོས་ཟིན། འབྲིང་གི་བར་དོ་སྒྱུ་མར་ཟིན། ཐ་མས་ཀྱང་མངལ་བདམ་པར་བྱ་གསུངས། དེ་ལ་འོད་གསལ་ངོས་གཟུང་བ་ནི། འཆི་རྟགས་རྣམས་ལེགས་པར་ཚང་བ་དང་། ད་ནི་འཆི་བར་འདུག་པས་འོད་གསལ་ངོས་གཟུང་བར་བྱའོ་སྙམ་དུ་བསམ་ཞིང་གང་ལ་ཡང་ཞེན་ཆགས་མེད་པར་བྱས་ནས། དབུགས་རིང་ཐུང་ལ་སོགས་ཀྱི་སོང་ནས་སྣང་མཆེད་ཐོབ་གསུམ་ཐིམ་པ་དང་། སྤྱི་བོ་ནས་ཐིག་ལེ་དཀར་པོ་དེ་ཆུའི་ཁམས་ཡིན་པས་ཐུར་དུ་འགྲོ། ལྟེ་འོག་སོར་བཞིར་ཐིག་ལེ་དམར་པོ་གཅིག་ཡོད་པ་དེ་མེའི་ཁམས་ཡིན་པས་གྱེན་དུ་འགྲོ། དེ་གཉིས་སྙིང་ཁར་འཛོམས་པ་དང་། གཞི་རྟེན་འབྲེལ་རྟགས་ཀྱི་འོད་གསལ་དེ་ངེས་པར་འཆར་བས་དེ་ངེས་པར་གཟུང་བ་ལ་གནས་པར་བྱ་སྟེ། ཉིན་པར་འོད་གསལ་ངོ་ཤེས་པས། དེ་དུས་འོད་གསལ་
ངོས་ཟིན། ཉིན་པར་འོད་གསལ་བསྒོམ་པས་དེ་དུས་བརྟན་པ་ཡིན། ཉིན་པར་འོད་གསལ་བརྟན་པས་དེ་དུས་འོད་གསལ་ལ་བརྟན་པ་ཐོབ་ནས་དོན་ཆེན་འགྲུབ་པ་ཡིན། གཞི་རྟེན་འབྲེལ་རྟགས་ཀྱི་འོད་གསལ་དེ་ངེས་པར་འཆར་ན་འདི་ཁམས་དྲུག་དང་ལྡན་པའི་སྐྱེས་བུ་གཅིག་རིམ་གྱིས་འཆི་བ་ལ་འཆར་བ་ཡིན་གྱི། ཅིག་ཅར་བ་ནི་མ་ངེས་ཏེ་ཐེ་ཚོམ་ཟ་བ་ཞེས་གསུངས། དེ་ལྟར་འོད་གསལ་ཟིན་པ་དང་། སྦྱངས་པ་ཆུང་ན་གནས་པ་དཀའ་བ་ཡིན་པས། འོད་གསལ་གྱི་ངང་དུ་གནས་མ་ནུས་པ་རིག་པ་ཕྱིར་བུད་དེ། སྐྱེས་བུའི་ལག་པ་བརྐྱངས་བསྐུམས་ཙམ་ལ་བརྒྱལ་ཏེ། དེ་ནས་བརྒྱལ་སངས་ནས་བར་དོའི་སྣང་བ་ཟིང་ལིང་གིས་འཆར་བ་ཡིན་པས། དེའི་དུས་དབང་པོ་འབྲིང་གིས་བར་དོ་གཉིས་པ་སྒྱུ་མ་ལྟ་བུར་སྦྱང་བར་བྱ་སྟེ། བར་དོའི་སྣང་བ་ཟིལ་གྱིས་ཤར་བ་དང་། དེར་བླ་མའི་གདམས་ངག་དང་། རང་སེམས་ལ་ངེས་ཤེས་ཀྱི་མཐུ་བརྟས་ནས་འདིར་ངོས་འཛིན་པ་ཡིན་པར་འདུག་
པས་གོང་ལྟར་ཤར་བའམ་ཇི་ལྟར་ཤར་ཡང་བདེན་མེད་སྒྱུ་མ་ལྟ་བུ་ཡིན་སྙམ་དུ་བློ་ཐག་བཅད་པས། བར་དོ་བར་དོ་རུ་ངོ་ཤེས་པར་བྱ་སྟེ། ད་ནི་བར་དོ་ན་ཡོད་པ་ཡིན་པར་འདུག་པས་མི་ཕམ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་འགྲོ་བའི་དུས་ལ་བབ་འདུག་པས་འགྲོ་བར་བྱའོ་སྙམ་པའི་འདུན་པ་གཏད་པས། དེའི་མོད་ལ་མི་ཕམ་ཆོས་ཀྱི་རྒྱལ་པོའི་དྲུང་དུ་པདྨའི་སྙིང་པོ་ལ་བརྫུས་ཏེ་སྐྱེ་བར་འགྱུར་རོ། །དབང་པོ་ཐ་མས་བར་དོ་གསུམ་པར་མངལ་སྒོ་བདམ་པར་བྱའོ། །དེ་ཡང་བདེར་གཤེགས་ཕག་མོ་གྲུབ་པའི་ཞལ་ནས། བཞི་པ་མངལ་སྒོ་བདམ་པ་ནི། །སྐྱེ་ཤི་རྨི་ལམ་བར་དོ་རུ། །སྦྱངས་པ་ཤིན་ཏུ་ཞན་པ་ཡིས། །བར་དོར་བྱང་ཆུབ་མ་ཐོབ་ན། །མངལ་བདམ་པ་ཡི་གདམས་ངག་བྱ། །དེ་ཡང་འཕེན་པ་འདི་ལྟར་གཏང་། །བདེ་བ་ཅན་གྱི་ཞིང་ཁམས་སམ། །པདྨོ་ཅན་གྱི་ཞིང་ཁམས་སམ། །བརྫུས་ཏེ་སྐྱེ་བར་བྱ་བསམ་པའི། །འདུན་པ་དྲག་པོ་གཏང་བར་བྱ། །མ་ཡི་མངལ་དུ་འཇུག་ན་ཡང་། །འཁོར་ལོའི་སྒྱུར་རྒྱལ་བྲམ་ཟེ་
དང་། །སེམས་ཅན་དོན་བྱེད་ནུས་པ་ཡི། །བསོད་ནམས་ཅན་གྱི་ལུས་པོ་གཅིག །བླང་ངོ་སྙམ་པའི་འདུན་པ་གཏང་། །དེ་ཡི་གང་དུ་བསམ་པ་ཡིས། །སྒྱོགས་དང་འཕྲུལ་འཁོར་ཇི་བཞིན་དུ། །ཐེ་ཚོམ་མེད་པར་འགྲོ་བ་ཡིན། །ཞེས་པས། མངལ་སྐྱེས་དང་། རྫུས་སྐྱེས་དང་། སྒོང་སྐྱེས་དང་། དྲོད་གཤེར་སྐྱེས་ཏེ་སྐྱེ་བར་འགྱུར་རོ། །སྐྱེ་གནས་བཞི་ལས་གང་དུ་སྐྱེས་ཀྱང་ཕོ་མོས་སྦྱོར་བ་བྱེད་པའི་དུས་སུ་ཕོར་སྐྱེས་ན་ཕ་ལ་ཞེ་སྡང་སྐྱེ། རྫུས་སྐྱེས་ལ་སོགས་པ་རྣམས་ཀྱིས་གནས་གང་དུ་སྐྱེ་བ་དེ་དང་དེར་གཞལ་ཡས་ཁང་གི་རྣམ་པ་བཞིའམ། སྐྱབས་སམ། གནས་མལ་ལམ། ལོངས་སྤྱོད་དུ་མཐོང་ནས། དེ་ལ་ཆགས་ཏེ། གང་ལ་ཆགས་པ་དེ་དང་དེར་སྐྱེས་སོ། །དཔེར་ན་མི་གཙང་བའི་ལྗན་ལྗིན་ལ་བརྫུས་ཏེ་སྐྱེས་ན། མི་གཙང་བའི་གོང་བུ་དེ་ལ་དྲི་ཞིམ་པའི་འདུ་ཤེས་སྐྱེས་ནས། དེ་ལ་ཆགས་ཏེ་དེར་སྐྱེའོ། །དེ་རྣམས་གང་གི་སྣང་བར་ཤར་བ་དེ་དང་དེར་འཛིན་པ་མི་བྱེད་པར་ཆགས་སྡང་གི་མཚན་མ་མེད་པར་
བྱས་ནས་མངལ་བཟང་པོ་གདམ་པར་བྱའོ། །དེ་ཡང་བྲམ་ཟེ་ཤིང་སཱ་ལ་ལྟ་བུའམ། འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུའམ། ཆོས་རྒྱུད་དྲི་མ་མེད་པ་ལ་སོགས་པ་མངལ་ཁྱད་པར་ཅན་དུ་འཇུག་པར་བྱའོ། །གང་དུ་འཇུག་པའི་མངལ་དེ་ལྷའི་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་དབང་བསྐུར་ཞུས་ནས་འཇུག་པར་བྱའོ། །མངལ་གདམ་པ་ལ་འདི་ནི་ནོར་སའི་ཉེན་ཡོད་དེ་ལས་ཀྱི་དབང་གིས་མངལ་བཟང་པོ་ངན་པར་སྣང་བ་དང་། ངན་པ་བཟང་པོར་སྣང་བ་ཡིན་པས་བཟང་པོ་ལ་མི་ཞེན། ངན་པ་ལ་མི་སྡང་བར་བླང་དོར་མེད་པར་ཉམས་སུ་ལེན་པ་འདི་ནང་གི་ཟབ་པ་ཡིན་ནོ། །ད་ཉམས་སུ་ལེན་པ་ལ་གཉིས་ཏེ། ཉམས་སུ་ལེན་པ་དང་། གོ་བར་བྱ་བའོ། །དང་པོ་ནི་གཞུང་ལས་བྱུང་བ་ལྟར་འཆི་བའི་རྟགས་རྫོགས་ནས་ཉམས་སུ་བླང་བ་ལ་གསུམ། དབང་པོ་རབ་བར་དོ་དང་པོ་འོད་གསལ་ངོས་བཟུང་། །མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། དབང་པོ་རབ་
རང་ལ་འོད་གསལ་གྱི་ཉམས་ལེན་ཡོད་པ་གཅིག་ཐིམ་སྡུད་བྱུང་དུས་ནས་འོད་གསལ་ལ་མ་ཡེངས་པར་བྱས་པས། གཉུག་མའི་འོད་གསལ་དང་དབྱེར་མེད་དུ་འདྲེས་ནས་སངས་རྒྱའོ། །འདི་ལ་འཕོ་བ་མེད་ཀྱང་འཕོ་བའི་མིང་བཏགས། ཡང་ན་ལུས་གནད་ལེགས་པར་བཅོས་ཏེ་བྱང་ཆུབ་ཏུ་སེམས་བསྐྱེད། སྙིང་ཁར་ཉི་མ་ལ་ཧཱུྃ་བསྒོམ། དེ་ལས་འོད་འཕྲོས་པས། ཕྱི་སྣོད་ཐམས་ཅད་གཞལ་ཡས་ཁང་གི་ནང་བཅུད་སེམས་ཅན་ཐམས་ཅད་ལ་ཕོག་པས་ཡི་དམ་ལྷ་རུ་གྱུར། དེ་ནས་ཕྱི་སྣོད་ནང་བཅུད་ལ་བསྡུ། ནང་བཅུད་ལྷ་རྣམས་རང་ལ་བསྡུ། རང་ཉིད་ཉི་མ་ཧཱུྃ་དང་བཅས་པ་ལ་བསྡུ། ཧཱུྃ་ཞབས་ཀྱུ་ལ་བསྡུ། ཞབས་ཀྱུ་འ་ལ། འ་ཧ་ལ། ཧ་མགོ་གདན་ལ། དེ་ཟླ་ཚེས། དེ་ཐིག་ལེ། དེ་ན་ད། ན་ད་སྟོང་པར་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པ་ལ་གོམས་པར་བྱའོ། །འཆི་དུས་ན་ད་སྟོང་པ་འོད་གསལ་གྱི་ཕྱག་རྒྱ་ཆེན་པོའི་ངང་ལ་མ་གཡེང་པར་བཞག་ནས་བསྒོམ་པ་ལམ་གྱི་འོད་གསལ་ལམ། བསྒོམ་པའི་འོད་གསལ་
ཞེས་བྱ། དབུགས་ཆད་ནས་རང་བཞིན་གཉུག་མའི་འོད་གསལ་ངང་གིས་འཆར་བ་དང་འདྲེས་ནས་སངས་རྒྱའོ། །བསྒོམ་མེད་པ་རྣམས་ལ་ཡང་དེ་བཞིན་བསྒོམ་པས་སེམས་ཟིན་ནས་ཡོང་བ་ཡིན་གསུངས།དབང་པོ་འབྲིང་སྒྱུ་ལུས་བར་དོ་གཉིས་ལ་རྩལ་སྦྱང་བ། དབང་པོ་ཐ་མ་བར་དོ་གསུམ་པར་མངལ་སྒོ་དགག་ཅིང་གདམ་པའོ། །དང་པོ་ནི་འོག་ནས་བཤད་པ་ལྟར་འདིར་ཤི་ཁར་།མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། འབྲིང་སྒྱུ་ལུས་སུ་འཕོ་བ་ལ་སྦྱང་བ་དང་། འཕོ་བ་གཉིས་ལས། དང་པོ་ནི། གསོན་དུས་གཉིད་ལྡོག་ཁར་སུམ་ཅུ་རྩ་གསུམ་ན་ཨར་མོ་ལིང་གྷའི་རྡོ་ལེབ་བཏེག་ན་འཕར་མནན་ན་ནེམ་ལ་འབོལ་བ་རྡོ་རྗེ་འཆང་གི་བཞུགས་གདན་དེར་ཕྱིན་ལ་ཟུང་འཇུག་ལོངས་སྐུར་ལངས་ཏེ་ཕྱག་ཆེན་བསྒོམས་ནས་སངས་རྒྱ་བར་བྱ་སྙམ་དུ་ཡང་ཡང་འདུན་པ་བཏང་ལ་བསྒོམ། གཉིས་པ་འཕོ་བ་དངོས་ནི། ཐིམ་སྡུད་འཆི་རྟགས་རྣམས་བྱུང་བའི་ཚེ་རིག་པ་ཨར་མོ་ལིང་གྷའི་རྡོ་ལེབ་སྟེང་དུ་འཕོ་ཞིང་
དེར་ཟུང་འཇུག་ཡི་དམ་གྱི་སྐུ་སྣང་ལ་རང་བཞིན་མེད་པ་གཟུགས་བརྙན་ལྟ་བུའི་སྐུར་ལངས་ནས་འོད་གསལ་སྒོམ་པའི་ངང་ནས་སངས་རྒྱ་བའོ། །བར་དོ་འཕོ་བ་མེད་ཅེས་པ་ཡང་འདི་ཉིད་དུ། དེར་བར་དོ་དང་པོ་ལ་མ་ནུས་ན་བར་དོ་གཉིས་པ་གསུམ་པ་སོགས་ཀྱི་དུས་སུ་ཡང་སྔར་བཞིན་སྦྱངས་པས་ངེས་པར་ཟིན་པ་ཡིན་ནོ། །དེ་ཡང་ཉིན་པར་སྦྱང་བ་གལ་ཆེའོ། །འདི་ལ་མངོན་དགའི་འཕོ་བ་ཞེས་ཀྱང་བྱ་བ་ཡིན་ནོ། །སྔར་འོད་གསལ་ཉིན་མཚན་འབྲེལ་བ་ཡོད་ན། དེ་ཉིད་ལ་དྲན་པ་གཏད་ནས་གཞིའི་འོད་གསལ་ཤེས་པར་བྱའོ་སྙམ་པའི་དྲན་པས་ཟིན་པར་བྱ། རྟགས་རྣམས་རྫོགས་པའི་རྗེས་ལ་འདིའི་སྣང་བ་ནུབ། བར་དོའི་སྣང་བ་མ་ཤར་གྱི་བར་དེར་འོད་གསལ་འཆར་ཏེ། དེ་ལ་ཅི་ཙམ་སྡོད་པའི་དབང་ཡོད་པས། འོད་གསལ་བ་ལ་རྒྱུན་པར་གནས། བར་དོའི་གྲོང་ཁྱེར་དེ་ལ་མེད་ཅེས་བཤད་པ་ཡིན། དེའི་ངང་ནས་ཟུང་འཇུག་གི་ལུས་སུ་ལངས་ནས་སེམས་ཅན་གྱི་དོན་མཛད་པ་ནི། ཐེག་ཆེན་གྱི་
ཁྱད་པར་ཡིན་ལ། ཁམས་གསུམ་སྤང་བྱའི་རྟོག་པ་ཐམས་ཅད་བཅད་ནས། དེ་ཉིད་དུ་ཞི་བ་ནི་བར་དོར་དགྲ་བཅོམ་པ་དང་དགོངས་པ་གཅིག་པར་འདུག །སྙིང་རྗེས་ཟུང་འཇུག་གི་སྐུར་ལངས་ནས་འགྲོ་དོན་བྱ་བ་ནི། ཁྱད་པར་གྱི་གདམས་པ་ཡིན། དེ་ལྟར་འོད་གསལ་ལ་བརྟན་ན་བར་དོ་དང་པོའི་སྣང་བ་ཤར་ཀྱང་། དེ་ཉིད་དུ་སྔར་འོད་གསལ་བསྒོམས་པ་ལྟར་སྦྱངས་ནས། དག་པའི་བར་དོ་མངོན་སུམ་དུ་འགྱུར་བ་ཡིན་ནོ། །བར་དོ་གཉིས་པ་སྒྱུ་ལུས་རྩལ་སྦྱང་བ་ནི། ད་ལྟར་རྨི་ལམ་སྒྱུ་ལུས་འབྱོངས་པ་གཅིག་གིས་ཟིན་ཏེ། འཆི་ཁར་བར་དོ་ལ་བར་དོ་རུ་ངོ་ཤེས་པར་བྱས་ལ་སྒྱུ་མ་ལྟ་བུར་སྦྱངས་ཏེ་བསྒོམ་དགོས་སྙམ་པར་བྱ་བ་གལ་ཆེ། དེ་ནས་བར་དོའི་སྣང་བ་ཤར་བའི་ཚེ་བར་དོ་ངོ་ཤེས་པ་དང་། ཆོས་ཐམས་ཅད་སྒྱུ་མ་ལྟ་བུའི་ངེས་ཤེས་བསྐྱེད་དེ་རྨི་ལམ་གིས་བསྒྱུར་སྦྱངས་སྤེལ་སྦྱངས་ལྟར་བསྒོམས་པས་སངས་རྒྱས་ཀྱི་ཞིང་དང་། དགའ་ལྡན་ལ་སོགས་པར་འགྲོ་བ་ལ་ཚེགས་མེད་པ་ཡིན་ནོ། །བར་དོ་གསུམ་པ་མངལ་སྒོ་
དགག་ཅིང་གདམ་པ་ནི། །མར་པའི་གསུང་སྲས་དོན་མ་ལས། དང་པོ་ཆགས་སྡང་བཟློག་པས་མངལ་གྱི་སྒོ་ཁོགས། ལས་རྒྱུ་འབྲས་ཤེས་པས་སྒོང་སྐྱེས་ཁོགས། སྣང་སྟོང་འཇའ་ཚོན་ཙམ་ཏུ་ཤེས་པས་རྫུས་སྐྱེས་ཁོགས། དྲན་པ་དང་འདུན་པ་ཡེ་ཤེས་ཀྱིས་མཚམས་སྦྱར་བས་དྲོད་གཤེར་ལས་སྐྱེས་ཁོགས་སོ། ། དེ་ལྟར་གོང་གི་ཡོན་ཏན་དེ་རྣམས་མེད་ཀྱང་ཚུལ་ཁྲིམས་རྣམ་པར་དག་པའམ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་ཐོབ་པའམ། གཏུམ་མོའི་དྲོད་གསལ་ཙམ་ཐོབ་པའམ། བསྐྱེད་རིམ་ཅུང་ཟང་བརྟན་པ་གཅིག་གིས་འགྲུབ་པས། འཆི་ཁའི་མཚམས་སྦྱོར་ནི་འཕོ་བ་ལ་སོགས་པ་གལ་ཆེ་ཞིང་། བར་དོ་དང་པོ་སྲིད་པ་དེར་འབྱུང་བས་སོ། །དངོས་གཞི་ནི། བར་དོ་ཞག་ཕྱེད་དང་བཞི་ཕན་ཆད་སྔར་གྱི་རྟོག་པ་དང་འདྲེས་ལ། དེ་ཕྱིན་ཆད་ཕྱི་མ་ཁོ་ནའི་སྣང་བ་འབྱུང་ཞེས་པས། གོང་ལྟར་ཡང་བར་དོ་དེས་གང་དུ་སྐྱེ་བ་ཤེས་ཤིང་། ཁྱད་པར་དུ་ཕོ་རུ་སྐྱེས་ན་མོ་ལ་ཆགས་པ་དང་། མོ་རུ་སྐྱེས་ན་ཕོ་ལ་
ཆགས་པ་འབྱུང་བས། སྐབས་འདིར་གོང་གི་ཉམས་མྱོང་དྲན་ནས། སྔོན་ཡང་འདི་འདྲས་འཁོར་བར་འཁྱམས་ཏེ་ད་ནི་འདིའི་དབང་དུ་མ་སོང་བར་བྱ་སྙམ་པས། ཆགས་སྡང་གིས་རྟོག་པ་བཟློག་ནུས་ཙམ་ན། མངལ་དགག །དེ་ནས་བར་དོ་དེ་ཉིད་དུ་སྔར་གྱི་ཉམས་ལེན་སྦྱོང་ཞེས་གསུངས་ཏེ། འདི་ལ་གཞུང་ནས། ཕྱི་མའི་ཕ་མ་བར་དོར་མཐོང་ཙམ་ན། བླ་མ་ལ་སྔར་མོས་པ་ཐོབ་ན། བླ་མ་ཡབ་ཡུམ་གྱིས་བདག་ལ་དབང་བསྐུར་བ་ཡིན་བསམ་པར་བྱ། ལུས་ངག་ཡིད་གསུམ་བླ་མ་ལ་འབུལ། ཆགས་སྡང་གི་སེམས་དགག་གོ་གསུངས། བསྐྱེད་རིམ་བརྟན་པ་དང་། ཕ་མ་དེ་ཡི་དམ་ཡབ་ཡུམ་དུ་བསྒོམ་གསུངས་སོ། །དེ་ནི་འཇུག་ཡུལ་དགག་པ་ཡིན་ནོ། །འཇུག་མཁན་དགག་པ་ནི། རང་སེམས་ཧཱུྃ་དུ་བསྒོམ་པ་དང་། ལྷར་བསྒོམ་པ་དང་། གཏུམ་མོ་ལྟ་བུའི་ཉམས་མྱོང་ལ་གཏད་པ་དང་། ཚུལ་ཁྲིམས་ཀྱི་གཉེན་པོ་བསྐྱེད་པ་ཁོ་ནའོ། །འདི་རྣམས་ནི་གནད་གསུམ་དང་ལྡན་དགོས་ཏེ། འཆི་ཁར་སྔར་གྱི་ཉམས་མྱོང་གསལ་བ།
བར་དོར་ངོ་ཤེས་དུས་སུ་འདུན་པ་དྲག་པ། གདམས་པ་ད་ལྟར་ལེ་ལོར་མ་བཞག་པར་ཤིན་ཏུ་བྱང་བ་ཞིག་དགོས་པ་ཡིན་ནོ། །འདི་དང་ལྡན་ན་འཆི་བ་ཉིད་ལམ་གྱི་གྲོགས་སུ་འགྲོ་བས། མཚམས་སྦྱོར་རྣམ་པར་དག་པའོ། །ཡན་ལག་ཕྱི་མ་དང་མཚམས་སྦྱོར་བའོ། །རྗེ་དུས་གསུམ་མཁྱེན་པའི་གསུང་ལས། དེས་ཀྱང་མ་ཁེགས་ན་ད་ལས་ཀྱི་སྟོབས་ཀྱིས་ལུས་མི་ལེན་འཕེན་པའི་སྟོབས་ཀྱིས་ལུས་ལེན་པས། དེ་ལ་ལེན་པ་དང་མི་ལེན་པ་གཉིས་གདམ་ཁ་ཡོད་པ་ལས། ལུས་ལེན་ན་འཁོར་ལོས་སྒྱུར་བའི་རྒྱལ་པོའམ། དགེ་བའི་བཤེས་གཉེན་གྱི་སྲས་སུ་ལུས་བླང་། ཕལ་བ་ཙམ་དུ་བླངས་པས་སེམས་ཅན་གྱི་དོན་མི་འོང་ངོ་། །ལུས་མི་ལེན་པར་འདོད་ན། མའི་མངལ་དེ་ཁང་བཟང་ངམ། ཆོས་འབྱུང་ཁ་དོག་ཚང་བ་གཅིག་ཏུ་བལ་གྱིས་བསྒོམ། དེའི་ནང་དུ་རང་དཔལ་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་གཅིག་ཏུ་བལ་གྱིས་བསྒོམ། དེའི་སྙིང་ཁར་ཐིག་ལེ་དཀར་པོ་གཅིག་བསམ། ཐིག་ལེ་
འོད་དུ་ཞུ་བས་རང་ཡང་འོད་དུ་ཞུ་བ། ཆོས་འབྱུང་ཀྱང་འོད་དུ་ཞུ་བས། ཡེ་ཤེས་ཀྱི་ལུས་སྣང་ལ་རང་བཞིན་མེད་པར་སོང་བ་སྙམ་ཙ་ན་ཡི་དམ་ལྷའི་ཞལ་མཐོང་ནས་བར་དོ་དེ་ཉིད་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པ་ནི། རྗེ་ནཱ་རོ་པཎ་ཆེན་གྱིས་བཞེད་པའོ། །རྒྱས་པར་འདོད་ན། ཆོས་དྲུག་ཆེན་མོ་ལས། བར་དོའི་མན་ངག་གསུམ། རབ་བར་དོ་འོད་གསལ་ངོས་བཟུང་བ། འབྲིང་སྒྱུ་ལུས་ཀྱི་རྩལ་སྦྱང་བ། ཐ་མས་མངལ་སྒོ་གདམ་པའོ། །དང་པོ་ལ་གཉིས། བར་དོ་ཇི་ལྟར་འབྱུང་བའི་ཚུལ་དང་། དེ་ལམ་དུ་བྱེད་པ་བར་དོའི་མན་ངག་གོ །དང་པོ་ནི། བཀའ་དཔེ་ལས། སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འཆར། །ཞེས་པའི་དོན་སྣང་བ་ཐིམ་ཞེས་པ་དང་། སྣང་མཆེད་ཐོབ་གསུམ་རིམ་གྱིས་སྡུད་པའི་ཚུལ་དང་། རྟོག་པ་ཐིམ་ཞེས་པ་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་ནུས་པའི་རིམ་པ་དང་། ཕྲ་རགས་
ཞི་ཞེས་པ་དང་། འབྱུང་ཆུང་དང་། འབྱུང་ཆེན་རྣམས་སྡུད་པའི་ཚུལ་ཡིན་ཏེ། སྔ་ཕྱིའི་གོ་རིམ་ངེས་པ་ཅན་མེད་མོད་ཀྱི་ལ་ལ་ཞིག་ལ་འབྱུང་བ་གཙོ་བོར་བཟུང་ནས། དང་པོ་ཁོ་ནར་ཕྲ་རགས་སྡུད་པའི་ཚུལ་ནི། གང་དག་འཆི་བའི་ནད་ཀྱིས་བཏབ་པ། སྲིད་པ་ཕ་རོལ་ཏུ་འཇུག་པར་བརྩམས་པ་དེ་དག་ས་ཆུ་ལ་ཐིམ་པས་ལུས་ཀྱི་ཟུངས་མི་ཐུབ། ས་འོག་ཏུ་བྱིང་བར་གྱུར་རོ་སྙམ་པར་འབྱུང་། ཆུ་མེ་ལ་ཐིམ་པས་ཁ་སྣའི་ཆུ་ཕྱིར་འབྱུང་སྟེ་སྐམ་པར་འགྱུར། མེ་རླུང་ལ་ཐིམ་པས། ལུས་ཀྱི་དྲོད་མཐའ་ནས་བསྡུས་ཏེ། ཡལ་བ་ལ་ཉེ་བར་འགྱུར། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད། ནང་དབུགས་ཅུང་ཟད་མི་ཆད། འདིའི་ཚེ་སྔ་ཕྱི་ཅི་རིགས་སུ་སྣང་སོགས་ཐིམ་པ་དང་། རྟོག་པ་ཐིམ་པ་ལྷན་ཅིག་འབྱུང་སྟེ། སྣང་བ་ཐིམ་པའི་རྟགས་སུ་ཕྱི་རུ་ཟླ་བ་ཤར་བ་ལྟ་བུ་དཀར་ལམ་པ་འབྱུང་། ནང་ལ་དུ་བ་ལྟ་བུ་བན་བུན་ལང་ལོང་བ་འབྱུང་། འདིའི་དུས་སུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་
པོ་འགག །དེ་སོ་གསུམ་ནི་འདོད་ཆགས་དང་བྲལ་བ་དང་། འདོད་ཆགས་དང་བྲལ་བ་བར་མ་དང་། ཤིན་ཏུ་འདོད་ཆགས་དང་། ཡིད་ཀྱིས་འགྲོ་བ་དང་། འོང་བ་དང་། མྱ་ངན་དང་། མྱ་ངན་བར་མ་དང་། ཤིན་ཏུ་མྱ་ངན་དང་། ཞི་བ་དང་། རྣམ་རྟོག་དང་། འཇིགས་པ་དང་། འཇིགས་པ་བར་མ་དང་། ཤིན་ཏུ་འཇིགས་པ་དང་། སྲེད་པ་དང་། སྲེད་པ་བར་མ་དང་། ཤིན་ཏུ་སྲེད་པ་དང་། ཉེ་བར་ལེན་པ་དང་། མི་དགེ་བ་དང་། བཀྲེས་པ་དང་། སྐོམ་པ་དང་། ཚོར་བ་དང་། ཚོར་བ་བར་མ་དང་། ཤིན་ཏུ་ཚོར་བ་དང་། རིག་པ་དང་། རིག་པ་པོ་དང་། རིག་གཞི་དང་། སོ་སོར་རྟོག་པ་དང་། ངོ་ཚ་ཤེས་པ་དང་། བརྩེ་བ་དང་། བརྩེ་བ་བར་མ་དང་། ཤིན་ཏུ་བརྩེ་བ་དང་། དགོས་པ་དང་བཅས་པ་དང་། བསགས་པ་ཉིད་དང་། ཕྲག་དོག་སྟེ་རང་བཞིན་གྱིས་རྟོག་པ་སུམ་ཅུ་རྩ་གསུམ་མོ། །ཞེས་ཨཪྱ་དེ་བའི་སྤྱོད་བསྡུས་ལས་གསུངས་སོ། །མཆེད་པ་ཐིམ་པའི་དུས་སུ་ཕྱི་རྟགས་ཉི་མ་ཤར་བ་ལྟ་བུའམ། ཁྲག་གི་ཆག་ཆག་བཏབ་པ་ལྟ་བུ་དམར་ལེ་བ་འབྱུང་།
ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་ལན་རེར་གསལ་ལན་རེར་མི་གསལ་བ་འབྱུང་། འདིའི་དུས་སུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག །དེ་བཞི་བཅུ་ནི། ཆགས་པ་དང་། ཀུན་ཏུ་ཆགས་པ་དང་། དགའ་བ་དང་། དགའ་བ་བར་མ་དང་། ཤིན་ཏུ་དགའ་བ་དང་། རངས་པ་དང་། རབ་ཏུ་མགུ་བ་དང་། ངོ་མཚར་བ་དང་། རྒོད་པ་དང་། ཚིམ་པ་དང་། འཁྱུད་པ་དང་། འོ་བྱེད་པ་དང་། འཇིབ་པ་དང་། བརྟེན་པ་དང་། བརྩོན་པ་དང་། ང་རྒྱལ་དང་། བྱ་བ་དང་། འཕྲོག་པ་དང་། སྟོབས་དང་། སྤྲོ་བ་དང་། ལྷན་ཅིག་སྐྱེས་པའི་དགའ་བ་ལ་སྦྱོར་བ་དང་། དགའ་བ་བར་མ་ལ་སྦྱོར་བ་དང་། ཤིན་ཏུ་དགའ་བ་ལ་སྦྱོར་བ་དང་། སྒེག་པ་དང་། རྣམ་པར་སྒེག་པ་དང་། ཞེས་གྲགས་པ་དང་། དགེ་བ་དང་། ཚིག་གསལ་བ་དང་། བདེན་པ་དང་། མི་བདེན་པ་དང་། ངེས་པ་དང་། ཉེ་བར་ལེན་པ་དང་། སྦྱིན་པ་པོ་དང་། གཞན་ལ་བསྐུལ་བ་དང་། དཔའ་བ་དང་། ངོ་ཚ་བ་མེད་པ་དང་། གཡོ་སྒྱུ་དང་། གདུག་པ་དང་། མི་བསྲུན་
པ་དང་། གྱ་གྱུ་ཆེ་བ་སྟེ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུའོ། །ཞེས་སྤྱོད་བསྡུས་ལས་གསུངས་སོ། །ཐོབ་པ་འོད་གསལ་ལ་ཐིམ་པའི་དུས་སུ་ཕྱི་རྟགས་མུན་ནག་ལ་གཡང་དུ་ལྷུང་བ་ལྟ་བུ་ནག་འུབ་པ་འབྱུང་། ནང་རྟགས་ཤེས་པ་མར་མེ་ལྟ་བུ་གསལ་བ་འབྱུང་། དེའི་ཚེ་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག །དེ་བདུན་ནི། ཆགས་པ་བར་མ་དང་། བརྗེད་ངེས་པ་དང་། འཁྲུལ་པ་དང་། མི་སྨྲ་བ་དང་། སྐྱོ་བ་དང་། ལེ་ལོ་དང་། ཐེ་ཚོམ་སྟེ། གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ནོ། །ཞེས་སྤྱོད་བསྡུས་ལས་གསུངས་སོ། །གཞན་ཡང་དེ་དག་གི་སྐབས་སུ་གཟུགས་སྒྲ་ལ་ཐིམ་པས་མིག་གིས་གཟུགས་མི་མཐོང་། ཞེས་བྱ་བ་སོགས་སྒྲ། དྲི། རོ། རེག་བྱ། ཆོས་རྣམས་ཐིམ་པ་དང་། དུས་གཅིག་ཏུ་ནང་གི་སྐྱེ་མཆེད་རྣམས་ཀྱང་ཐིམ་པར་འགྱུར་ཏེ། མདོར་ན་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་དོན་དམ་པའི་དཀྱིལ་འཁོར་དུ་འཇུག་པའི་ཚུལ། ཆོས་དྲུག་མཁར་ཁ་མ་སོགས་སུ་གསལ་ལོ། །དེ་ལྟར་ཐིམ་པ་
རྣམས་ཡོངས་སུ་རྫོགས་པ་དང་མཐུན་པ་ཉིད་དུ། སྤྱི་བའི་དཀར་ཆ་ཧཾ་ཡིག་ཆུའི་རང་བཞིན་ཐུར་དུ་གཤེགས། ལྟེ་བའི་དམར་ཆ་མེའི་རང་བཞིན་གྱེན་དུ་གཤེགས། སྙིང་ཁར་རྩ་རླུང་སེམས་གསུམ་གྱི་དྭངས་མ་དུས་གཅིག་ཏུ་འཛོམས་པས། སྤྲིན་མེད་པའི་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུ་གཞིའི་འོད་གསལ་མཚན་ཉིད་པ་འཆར། དེ་ཡང་འདིར་གོམས་པའི་བྱེ་བྲག་གི་བདེ་བ་དང་། གསལ་བ་དང་མི་རྟོག་པ་སྔོན་ཤས་གང་ཆེ་བ་དང་། གང་ལ་གཙོ་བོར་གོམས་པ་དེ་ཉིད་དེའི་ཚེ་སྟོབས་སུ་གྱུར་པ། སྐུ་གསུམ་གྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མཐོང་བར་འགྱུར་རོ། །གཉིས་པ་དེ་ལམ་དུ་བྱེད་པ་བར་དོའི་མན་ངག་ནི། འཆི་བའི་གནས་སྐབས་སུ་ཐིམ་སྡུད་ཀྱི་རྟགས་མཐོང་བ་ན། འཇིགས་སྐྲག་དང་། ཡ་ང་བ་མེད་པར་བྱས་ལ། ད་ནི་བདག་གིས་རིང་པོ་མི་ཐོགས་པར་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་དོ་ཞེས། དགའ་སྤྲོ་ཚད་མེད་པ་དང་བཅས་ཏེ། ཇི་ལྟར་སྔར་འོད་གསལ་འཛིན་དུས་ཀྱི་མངོན་པར་
རྟོགས་པ་བཞིན་བྱས་པས་འོད་གསལ་གྱི་དཀྱིལ་འཁོར་དུ་འཇུག་པར་འགྱུར་རོ། །རང་ཉམས་ལེན་གྱི་རྩལ་ཞན་པ་དག་ཅིག་ཡིན་ན། གྲོགས་ཀྱིས་བསྐུལ་བ་ལ་སོགས་པའི་གནད་དང་ལྡན་པར་བྱ་ཞིང་། ཏིང་ངེ་འཛིན་ལ་གནོད་པའི་རྐྱེན་ངན་པ་རྣམས་སྤངས་ཏེ་གནས་པར་བྱའོ། །དེ་ལྟར་བསྒྲུབས་པ་ལས་བར་དོའི་འོད་གསལ་མཚན་ཉིད་པ་ཤར་བར་གྱུར་པའི་ཚེ། སྔར་གོམས་པའི་གནད་ཀྱི་གནས་ལུགས་ཇི་ལྟ་བ་ངོ་ཤེས་པ་སྟེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའམ། མགྲོན་པོ་རང་ཡུལ་དུ་ཕྱིན་པ་ལྟ་བུ་འབྱུང་། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བཞིན་གྱི་འོད་གསལ་ཆེན་པོར་བཞུགས་པ་འོད་གསལ་མ་ཞེས་བྱ། དྭངས་མ་ལྔ་འདུས་ཀྱི་རྟེན་འབྲེལ་ལས་ཏིང་ངེ་འཛིན་གསལ་བར་ཤར་བ་འོད་གསལ་བུ་ཞེས་བྱ། དེ་གཉིས་དབྱེར་མེད་དུ་གྱུར་པར་འོད་གསལ་མ་བུ་འདྲེས་པའི་བསམ་གཏན་ཞེས་བྱ། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་ཆེན། ཆོས་དབྱིངས་འགྱུར་མེད་ཀྱི་འོད་
གསལ་ཞེས་བྱ། བདེ་གསལ་མི་རྟོག་པ་རོ་མཉམ། དུས་མཚམས་རྟེན་འབྲེལ་གྱིས་དབང་གིས་གསལ་བར་སྣང་བ་ལྷུན་གྲུབ་རང་བྱུང་གི་རིག་པ་ཡེ་ཤེས་འོད་གསལ་ཞེས་བྱ། དེ་དག་དབྱེར་མེད་རོ་མཉམ་དུ་གྱུར་པ་དབྱིངས་རིག་འདྲེས་པའམ། དབྱིངས་ཡེ་ཤེས་རོ་མཉམ་དུ་གྱུར་པ་ཞེས་ཐ་སྙད་དུ་མཛད་དོ། །དེ་ཉིད་ཁོ་ན་དོན་གྱི་འོག་མིན་ཏེ། ཇི་ལྟར་བྱིས་པ་རྣམས་ཀུན་ཏུ་རྟོག་པས་རྣམ་པར་བཞག་པ་ལྟར་གནས་དང་སྟོན་པ་ཐ་དད་དུ་གྲུབ་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན། འོག་མིན་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པའི་ཕོ་བྲང་ན། སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཡན་ལག་བདུན་ལྡན་གྱི་དབྱིངས་ཡེ་ཤེས་རོ་མཉམ་པའི་བདག་ཉིད་ཅེས་ཟབ་མོའི་རྒྱུད་སྡེ་ལས་བྱུང་བ་ནི་དེ་ཉིད་དོ། །དེ་བས་ན་སྒྲུབ་པ་པོ་ཤིན་ཏུ་སྐལ་བ་རབ་ཏུ་གྱུར་པ་དག་གི་ཚེ། འདིའི་རྣམ་པར་གཡེང་བ་མཐའ་དག་རྒྱབ་ཏུ་བོར་ཏེ། ཙཎྜ་ལི་བདེ་བ་ཆེན་པོའི་རྣལ་འབྱོར། འོད་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གང་ཡང་
རུང་བ་ལ་འབད་དེ་བསྒོམས་པས། སྐྱེ་འཆི་གཉིས་ཀྱི་མཚམས་སུ་འོད་གསལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་བ་ནི། སྔགས་ཀྱི་ངེས་པའི་སྙིང་པོ་ཕྱིན་ཅི་མ་ལོག་པ་སྟེ། ཚེ་གཅིག་ལུས་གཅིག་གིས་བླ་ན་མེད་པའི་བྱང་ཆུབ་ཅེས་བཤད་པ་ལ་ཡང་། དུས་ལ་ལྟོས་པའི་རབ་འབྲིང་གསུམ་གྱི་འདི་ནི་ཕྱི་མའོ། །ཞེས་གསུངས། དེ་ལྟར་ངེས་པ་རྙེད་པར་འགྱུར། ཟུང་འཇུག་ལོངས་སྤྱོད་རྫོགས་སྐུའི་འཕོ་བ་བསམ་ཡས་བསམ་པའི་སྤྲིན་གྱི་རྒྱ་མཚོའི་འབྱུང་གནས་ཀྱི་དམིགས་སྦྱོར་རྣམ་པར་དག་པ་དང་ལྡན་པས་མཆོག་ཏུ་འགྲོ་བའི་ཡན་ལག་ཏུ་འགྱུར་རོ། །རྗེ་བཙུན་ལོ་ཙཱ་བ་ཆེན་པོས་མངོན་སུམ་དུ་རྗེས་སུ་བཟུང་བ་མཚུར་གྱི་ཞལ་ནས། འདི་ནི་བར་དོ་མ་ཡིན་ཏེ། འཆི་སྲིད་དངོས་ཡིན་ནོ་ཞེས་འབྱུང་བ་ནི། རྗེ་མི་ལ་ཡབ་སྲས་ཀྱིས་མན་ངག་གི་བཞེད་པའི་སྐབས་འདི་དང་མི་མཐུན་ཏེ། དེ་ལྟ་ན་རྨི་ལམ་དང་སྣང་བ་ཡང་། བར་དོ་མ་ཡིན་པར་འགྱུར་ཞིང་། ཆོས་ཐམས་ཅད་བར་དོར་བསྡུས་པའི་དོན་
གྱི་གནད་ལས་ཀྱང་གོལ་བར་འགྱུར་རོ། །འོ་ན་ཅི་ལྟ་བུ་ཞེ་ན། འདི་ནི་སྣང་སྲིད་འཁོར་འདས་ཐམས་ཅད་བར་དོ་ཉིད་དུ་འདུས་ཤིང་། བྱེ་བྲག་ཏུ་སྲིད་པ་འཕོ་བའི་དངོས་ཀྱི་ཡན་ལག་དང་བཅས་པ་བར་དོ་ཐ་མ་དང་། དེ་ལ་རེ་ཞིག་དཀར་དམར་སེམས་གསུམ་ཚོགས་པ་གཅིག་ཏུ་གྱུར་པའི་དོན་གྱི་ཡེ་ཤེས་ལ་བར་དོ་དང་པོ་ཆོས་ཀྱི་སྐུའི་འོད་གསལ་ཞེས་སྟོན་པར་མཛད་དེ། རྒྱུད་སྡེ་རིན་པོ་ཆེའི་དགོངས་པ་རྨད་དུ་བྱུང་བ་ཡིན་ནོ། །གཉིས་པ་འབྲིང་སྒྱུ་ལུས་ཀྱི་རྩལ་སྦྱོང་བ་ལ་ཡང་གཉིས་ཀྱི་དང་པོ་ནི། གང་དེ་ལྟར་ཚེ་གཅིག་ལུས་གཅིག་གིས་མངོན་པར་བྱང་ཆུབ་པ་འོད་གསལ་ཆོས་ཀྱི་སྐུ་མངོན་དུ་བྱེད་པ་ལ་སྔོན་གྱི་སྦྱོང་བ་རྣམ་པར་དག་པ་དང་ལྡན་པ་རྡོ་རྗེ་སློབ་དཔོན་མཆོག་གི་ཞལ་ལས་བྱུང་བའི་མན་ངག་རིན་པོ་ཆེ་བརྩོན་པས་བསྒྲུབ་པ་ལ་ནམ་དུ་ཡང་སྐྱོ་དུབ་མེད་པ། ཉམས་དང་རྟོགས་པའི་ཡེ་ཤེས་ལ་གདེང་ཐོབ་དགོས་མོད་ཀྱི། ཡོངས་སུ་མ་སྨིན་པ་དག་བརྩོན་པའི་དབང་གིས་དེ་ལྟ་བུའི་ཡོན་
ཏན་མེད་ན་སླར་བར་དོ་གཉིས་པ་འབྱུང་སྟེ། དེ་ཡང་སྔར་བཤད་པ་བར་དོ་དང་པོའི་འོད་གསལ་དེ་ཉིད་ལུས་ཅན་ཐམས་ཅད་སྲིད་པར་འཕོ་བ་ན་འབྱུང་མོད་ཀྱི། མན་ངག་གི་གནད་དང་བྲལ་བས་ངེས་པ་རྙེད་པར་མི་འགྱུར་ལ། ཇི་ལྟར་བུ་ཙ་ཆུང་ངུས་ལྷ་ཁང་མཐོང་བ་བཞིན་སྣང་ཡང་ངོ་མ་ཤེས་པའི་ངང་ལ་གནས་པར་མི་ནུས་སོ། །དེ་ཤུགས་དང་རྐྱེན་ཀྱིས་ཚོགས་པ་སོ་སོར་འགྱུར་ཏེ། ཉི་ཟླ་དག་སྟེང་འོག་ཏུ་གཤེགས་ཤིང་། སྲོག་གི་རླུང་ཆེན་པོ་དང་ལྷན་ཅིག་རྣམ་པར་ཤེས་པ་སྒོ་དགུ་པོ་གང་ཡང་རུང་བ་ནས་ཐོན་པར་འགྱུར་ཏེ། རྒྱུད་ལས། ལྟེ་བས་འདོད་ཁམས་བདེར་འགྲོ་སྟེ། །ཐིག་ལེ་ལས་ནི་གཟུགས་ཅན་ལུས། །སྟེང་ནས་གཟུགས་མེད་རྣམ་གསུམ་སྟེ། །དེ་ནི་བདེ་འགྲོའི་དབྱེ་བའོ། །སྣ་ལས་གནོད་སྦྱིན་གནས་སུ་འབྱུང་། །རྣ་བ་ལས་ནི་མི་འམ་ཅི། །ལྷ་མོ་གལ་ཏེ་མིག་ལས་ནི། །མི་རྣམས་ཀྱི་ནི་རྒྱལ་པོར་འགྱུར། །ཁ་ཡི་སྒོ་ལས་ཡི་དྭགས་རྣམས། །ལྕེ་ལ་དེ་བཞིན་དུད་འགྲོ་དང་། །བཤང་བ་ལས་ནི་དམྱལ་བར་
འགྲོ། །ཞེས་འབྱུང་བའི་ཚུལ་གྱིས་གང་དང་གང་དུ་སྐྱེ་བར་འགྱུར་བའི་ལས་ཀྱི་རྒྱུ་ཅན་སྒོ་དེ་དང་དེ་དག་ལས་ཐོན་ཏེ་བར་དོའི་སྲིད་པའི་ལུས་སུ་འགྱུར་ཏེ། དེ་ཡང་གཞུང་ལས། སྔོན་འབྱུང་སྲིད་པའི་ཤ་ཚུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་རྒྱུ། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་སྔོན་ཆད་འདོད་ཆགས་དང་། ཞེ་སྡང་གིས་རྣམ་པར་རྟོགས་པ་ཐིམ་པའི་དུས་མཚམས་སུ་ཁོ་བོ་ཅག་སྐྱེ་བ་ཕྱི་མ་ཕྱོགས་འདི་ཞེས་བྱ་བར་སྐྱེ་བར་འགྱུར་རོ། །ཡུལ་ནི་འདི། ཕ་ནི་འདི། མ་ནི་འདི། འདི་ལྟ་བུའི་ཚུལ་ཅན་ནོ། །ཞེས་ཤིན་ཏུ་གསལ་བར་མཐོང་སྟེ། སྔོན་འབྱུང་ཞེས་བྱ་བ་ནི་དེའོ། །དེ་ནས་བརྩམས་ཏེ། ལུས་སྐྱེ་བ་ཕྱི་མ་སྲིད་པ་གང་དུ་སྐྱེ་བ་དེའི་ཤ་གཟུགས་སུ་འགྲུབ་བོ་ཞེས་བྱ་བ་ཡིན་ནོ། །འདི་ལྟར་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ལ་སོགས་གདོས་བཅས་ཀྱི་དབང་པོ་རྣམས་མེད་བཞིན་དུ་ཟིན་ཀྱང་རྨི་ལམ་གྱི་སྐྱེས་བུའི་གཟུགས་སྒྲ་མཐོང་ཐོས་སོགས་
ཀྱི་དབང་པོ་ཇི་ལྟ་བ། ཡོངས་སུ་རྫོགས་པར་གནས་པའི་ཕྱིར་དབང་པོ་ཀུན་ཚང་ཞེས་བྱ་བ་ཡིན་ནོ། །ཤིན་ཏུ་སྲ་ཤིང་མཁྲེགས་པ་རྡོ་རྗེའི་བྲག་ལ་ཡང་སྦྲང་བུས་ཉི་ཟེར་ལ་བྱ་བ་བཞིན་ཅུང་ཟད་ཀྱང་མི་ཐོགས་པའི་ཕྱིར་ཐོགས་མེད་ཅེས་བྱ་བ་ཡིན་ནོ། །གང་དང་གང་དུ་འགྲོ་བར་འདོད་པ་དེ་དང་དེར་སྐད་ཅིག་ཡུད་ཙམ་གྱིས་བགྲོད་པའི་ཕྱིར་རྒྱུ་ཞེས་བྱའོ། །སྲིད་པ་བར་དོའི་སྔོན་གྱི་ལས་མཐུས་བརྟས་པའི་ཆོ་འཕྲུལ་ཤིན་ཏུ་དྲག་ཅིང་མང་བ་དང་ལྡན་པའི་ཕྱིར། ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན་ཞེས་བྱའོ། །བར་དོའི་ནང་ཚན་ཕན་ཚུན་གཅིག་གིས་གཅིག་དང་། བསམ་གཏན་ལས་བྱུང་བའི་ལྷའི་མིག་རྣམ་པར་དག་པ་དང་ལྡན་པའི་ཡུལ་དུ་གྱུར་པའི་ཕྱིར། རིགས་མཐུན་ལྷ་མིག་དག་པས་མཐོང་ཞེས་བྱ་སྟེ། དེས་ན་སྲིད་པ་བར་དོའི་སེམས་ཅན་གྱི་རྣམ་པར་འགྱུར་བ་ནི་དེ་ལྟ་བུའོ། །དེ་ཡང་གང་དུ་སྐྱེ་བར་འགྱུར་བའི་སེམས་ཅན་གྱི་གཟུགས་ཅན་རྣམ་བྱང་འོད་ཀྱི་ལམ་རྣམ་པ་ལྔ་འགྲོ་བ་རྒྱུད་ལྔའི་ཁ་དོག་དང་མཐུན་པ་ལ་
མངོན་པར་འཆེལ་ཞིང་ཀུན་ཏུ་འཇུག་པ་སྟེ། དཀར་པོ་ལ་འཆེལ་ན་ལྷ་ཞེས་བྱ་བའོ། །ཟས་སུ་དྲི་ཟ་བ། འཇིགས་པ་དང་སྐྲག་པས་གཟིར་བའི་ཡིད་ཅན། རླུང་སྟོབས་སུ་གྱུར་པ་སྐད་ཅིག་ཀྱང་སྡོད་པའི་རང་དབང་མེད་པའི་ཉོན་མོངས་པ་མངོན་འགྱུར་ཤིན་ཏུ་རགས་པ་ཟིང་ཟིང་པོས་རབ་ཏུ་དཀྲུགས་པའི་བློ་ཅན། མྱ་ངན་དང་སྡུག་བསྔལ་མི་བཟད་པའི་མུན་ནག་གིས་ཐབས་ཀྱིས་ནོན་པ་རང་ལ་ཅི་བྱའི་གཏོལ་མེད་དེ། ལས་རླུང་དྲག་པོས་ཕྱོགས་ཐམས་ཅད་དུ་འདྲེན་ཞིང་འཕེན་པ་དེ་ལྟ་བུས་ལུས་ཤིན་ཏུ་ཉམ་ང་བ་དག་སྣང་བར་འགྱུར་རོ། །དེ་ལྟ་བུའི་འཇིགས་པ་སེལ་བར་བྱེད་པ་ལ་ཚེ་འདིར་རྨི་ལམ་སྒྱུ་ལུས་ཀྱི་མན་ངག་སྔར་བཤད་པ་ཇི་ལྟ་བ་ནན་ཏན་དུ་བསྒོམས་པས་ངེས་པའི་ཤེས་པ་འཐོབ་སྟེ། རྨི་ལམ་དང་མངོན་སུམ་དག་ཏུ་ཕྱིན་ཅི་མ་ལོག་པའི་རྟགས་དང་ཉམས་ཡོད་ན། དུས་གནད་ཀྱི་ངེས་པ་སྐབས་འདི་ཉིད་དུ་ལོངས་སྤྱོད་རྫོགས་སྐུའི་མན་ངག་རྩལ་སྦྱོང་བར་ནུས་སོ། །ཕྱིན་ཅི་མ་ལོག་པའི་
རྟགས་གང་ཡོད་ཅེ་ན། ཉིན་གྱི་ཚེ་སྣང་བ་འདི་དག་ལ་སྒྱུ་མའོ། །རྨི་ལམ་མོ། །རང་བཞིན་རྣམ་པར་དག་པའི། །ཞེས་ངེས་པའི་ཤེས་པ་ཝལ་ཝལ་ལམ་ལམ་སྐྱེས་ནས་ཡེ་ཤེས་སློབ་པའི་ཚད་ཅེས་བྱའོ། །སྒྱུ་མ་སོགས་ཡིན་ནམ་མིན་ནམ་ཞེས་ཐེ་ཚོམ་སྐྱེས་ན་འཁོར་བར་ལྡོག་པའི་དུས་བྱའོ། །ཡུལ་རྐྱེན་གྱི་རྗེས་སུ་བདེན་འཛིན་གྱི་ཤེས་པ་དབང་མེད་དུ་འཇུག་ན་བག་ཆགས་སྡང་བའི་རོ་ཞེས་བྱའོ། །ངེས་ཤེས་ཀྱི་དྲན་པས་མ་ཡིན་པར་འཇིག་རྟེན་གྱི་ཕྱོགས་སུ་འཇུག་ན་བྱམས་པ་གོལ་བའི་ས་ཞེས་བྱའོ། །གལ་ཏེ་ཡེ་ཤེས་སླེབས་པའི་ཚད་དེ་ཉིད་ལ་ཡིན་ནམ་མིན་ནམ་གྱི་ཐེ་ཚོམ་ཅུང་ཟད་ཀྱང་མེད་པ་དང་། ཡུལ་རྐྱེན་དྲག་པོས་ཀྱང་ཤེས་པ་མི་འཕྲོག་པ་དང་། ངེས་ཤེས་དེ་ཉིད་ལ་ཡུན་ཅི་སྲིད་གནས་འདོད་ཀྱི་བར་གནས་པར་ནུས་ན་འཁོར་བར་ལྡོག་པའི་དུས་ལོག་པ་གསུམ་ལས་བརྒལ་ཏེ། ཕྱིན་ཅི་མ་ལོག་པར་འགྱུར་ཞེས་ཤེས་པར་བྱ་ཞིང་། དེ་ཁོ་ན་ལྟར་རྨི་ལམ་ལ་ཡང་བརྟག་གཞིག་བྱས་ལ་ཕྱིན་ཅི་མ་ལོག་པའི་
རྟགས་དང་ལྡན་པར་བྱ་བ་ལྟ་བུར་བླང་ངོ་། །རྣལ་འབྱོར་པ་རང་གི་མོས་པའི་བྱེད་པས་སྲོག་ཐིག་རྡོ་རྗེའི་རྣལ་འབྱོར། རིག་སྟོང་འོད་གསལ་ཀྱི་ངེས་ཤེས་སམ། ཟབ་མོ་བླ་མའི་ངེས་གསང་ངམ། དག་པ་ལྷ་སྐུའི་རྣལ་འབྱོར་རམ། མ་དག་སྒྱུ་མའི་ཏིང་ངེ་་འཛིན་གང་དང་གང་ལ་ལམ་སྦྱངས་པ་དེ་དང་དེ་བར་དོའི་སྲིད་པ་ཡང་ལམ་དུ་བྱ་དགོས་པས། སྔར་བཤད་པའི་ཐིམ་སྡུད་ཀྱི་རྟགས་རྣམས་ཉེ་བར་སྣང་བའི་ཚེ། འདི་ལྟར་བསམ་པར་བྱ་སྟེ་ཀྱེ་མའོ། །བར་དོ་དང་པོའི་ཡེ་ཤེས་ཕྱག་རྒྱ་ཆེན་པོ་མཆོག་གི་ཡེ་ཤེས་ནི། དེ་དང་བདག་གིས་སྐལ་བའི་ཤུགས་ཀྱི་བསྒྲུབ་པར་མི་ནུས་མོད་ཀྱི། འོན་ཀྱང་ཆོས་ཐམས་ཅད་སྒྱུ་མ་ཉིད་དུ་ངེས་པར་རྟོགས་པའི་བློ་དྲི་མ་མེད་པ་དཔལ་ལྡན་བླ་མའི་དྲིན་གྱིས་ཅུང་ཟད་ཐོབ་པ་ལ་ནན་ཏན་འབད་པ་ཆེན་པོས་བསྒྲུབ་པའི་གདེང་ཅུང་ཟད་བདག་ལ་ཡོད་དེ། བར་དོ་དང་པོ་ངོ་མ་ཤེས་སུ་ཟིན་ཀྱང་བར་དོ་གཉིས་པ་ལ་ཏིང་ངེ་འཛིན་གྱིས་རྩལ་སྦྱང་བར་བྱའོ། །ཞེས་འདུན་པ་
མཐུ་ལྡན་བསྐྱེད། བླ་མ་ལ་གསོལ་བ་དྲག་ཏུ་གདབ། སེམས་གཡེང་བར་འགྱུར་བའི་རྐྱེན་ངན་པ་རྣམས་སྤངས། མཚམས་སྦྱོར་བཟང་པོ་དང་ལྡན་པས་གནས་པར་བྱའོ། །སེམས་ལ་དབང་མ་ཐོབ་པའི་དབང་གིས་དྲན་མེད་བརྒྱལ་བ་ལྟ་བུར་གྱུར་ཏེ། འོད་གསལ་ཆོས་ཀྱི་སྐུ་ངོས་མ་ཟིན་ནས་བར་དོའི་ལུས་ཉེ་བར་སྣང་བ་ན། ཞག་ཕྱེད་དང་བཞི་ཚུན་ཆད་དྲན་པ་རེས་གསལ། རེས་མི་གསལ་བར་གྱུར་པས། ཤི་བར་གྱུར་པ་ཞིག་གམ། གསོན་པ་ཞེས་ཐག་ཆོད་པར་མི་ཤེས་ཤིང་། ཟང་ཟིང་ལང་ལོང་སྣང་བས་རྒྱུད་དཀྲུགས་ཏེ་སྣ་ཚོགས་པས་གཡེང་བ་དང་ལྡན་པར་འགྱུར་རོ། །ཅི་ཞིག་ན་ཤི་བ་ཉིད་དུ་ངེས་པའི་བློ་གསལ་བར་འཆར་རོ། །ཕུང་པོ་རྙིང་པ་དང་། ཉེ་དུ་རྣམས་ཀྱིས་མྱ་ངན་གྱི་བཀོད་པ་དང་། རང་གིས་བདག་ཏུ་བཟུང་བའི་དངོས་པོ་གཞན་གྱིས་ལོངས་སྤྱོད་པ་སོགས་ཆེས་གསལ་རབ་ཏུ་མཐོང་བར་འགྱུར་ཏེ། སྔོན་མན་ངག་གི་ངེས་པ་མེད་པ་རྣམས་ལ། དེ་ལྟ་བུ་མཐོང་དུ་ཟིན་ཀྱང་བསྒོམ་གྱི་དྲན་པས་ཟིན་
པར་མི་འགྱུར་ཏེ། ཇི་ལྟར་སྐྱེ་བོ་ལ་ལ་དག་གཉིད་ཀྱི་ལོག་པའི་རྨི་ལམ་ན་རང་ཉིད་ཤི་བ་དང་། ཕུང་པོ་མེར་བསྲེགས་པ་དང་། ཆུ་ལ་དོར་བ་སོགས་འཁྲུལ་པའི་བཀོད་པ་མང་དུ་མཐོང་ཡང་། བསྒོམ་གྱི་དྲན་པ་རྣམ་དག་སྐྱེ་བར་མི་འགྱུར་བ་བཞིན། དེ་བས་ན་ངེས་པ་དང་མ་ངེས་པའི་སྣང་བ་དེ་ལྟ་བུ་དག་ཤར་བའི་ཚེ། ཀྱེ་མ་བདག་ནི་ཤི་བར་ངེས་པ་ཁོ་ན་སྟེ། སྤྱིར་འགྲོ་བ་ཐམས་ཅད་མི་རྟག་པའི་གདོན་གྱིས་དབང་བྱས་པའི་ཕྱིར་དང་། བྱེ་བྲག་ཏུ་བདག་གི་ཕུང་པོ་སྐད་ཅིག་རེ་རེ་བཞིན་འགྱུར་བ་ཆོས་ཉིད་ཡིན་པའི་ཕྱིར་ཤི་བར་ངེས་པའོ། །གཞན་ཡང་བླ་མ་དམ་པའི་ཞལ་གྱི་མན་ངག་ལས་བྱུང་བ་ཉི་མ་དང་། ཟླ་བ་མེད་པ་དང་། རྣམ་བྱང་འོད་ཀྱི་ལམ་རྣམ་པ་ལྔ་དང་ལྡན་པ་དང་། ལུས་ལ་དྲི་མ་མེད་པ་དང་། གཟུགས་དང་སྒྲ་སྔོན་མ་མཐོང་བ་དང་མ་ཐོས་པ་དག་ཉེ་བར་སྣང་བའི་རྟགས་ཀྱི་སྒོ་ནས་བར་དོ་ངོས་གཟུང་བར་བྱའོ། །ཞེས་ཇི་སྐད་འབྱུང་བ་ནི་ད་དུས་ལ་བབ་སྟེ། འདི་ལྟར་འདི་ནི་བར་དོ་ཁོ་ནའོ། །
ཁོ་བོ་ཅག་གི་ལུས་སྔ་མ་ནི་བོར་བར་གྱུར་པའོ། །སྲིད་པ་བར་མ་དོའི་འཇིགས་པ་ནི་ད་ལྟར་མངོན་སུམ་དུ་སྣང་བ་འདི་ཁོ་ན་སྟེ། ད་ནི་བདག་གིས་མན་ངག་ཟབ་མོ་བསྒོམ་པའི་དུས་ལ་བབ་བོ། །ཞེས་འདུན་པ་བརྟན་པོར་བསྐྱེད་ནས་དབང་པོ་རབ་དག་གཅིག་ཡིན་ན་ཙཎྜ་ལི་མཆོག་ཏུ་ཟབ་མོའི་བསྒོམ་རིམ་དྲན་པར་བྱས་ཏེ། ལྷན་སྐྱེས་བདེ་ཆེན་ཡེ་ཤེས་ཀྱི་རྩལ་སྦྱང་བར་བྱའོ། །དེ་ལྟ་བུའི་ནུས་པ་དང་མི་ལྡན་པ་ཞིག་ན། རང་བཞིན་གྱིས་དམིགས་སུ་མེད་པའི་སྟོང་པ་ཉིད་ཆེན་པོ་ལ་བློ་བཞག་པ་ངོ་བོ་ཉིད་སྐུ་མཆོག་ཏུ་ཟབ་མོའི་རྩལ་སྦྱོང་བ་དང་། བར་དོའི་གཟུགས་སུ་སྣང་བ་ཇི་སྙེད་པ་ཐམས་ཅད་ནི་བདེ་བར་གཤེགས་པའི་སྐུ། སྒྲར་བརྗོད་པ་ཐམས་ཅད་ནི་གསུང་། དྲན་རིག་ཐམས་ཅད་ནི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་སུ་གསལ་གདབ་པ་ལོངས་སྤྱོད་རྫོགས་སྐུའི་རྩལ་སྦྱོང་སྟེ། དག་པ་སྒྱུ་ལུས་ཀྱི་དོན་དང་། གལ་ཏེ་དེ་ཙམ་བསྒོམ་པའི་ནུས་པ་མེད་པ་དག་གིས། ཨེ་མ་སྔོན་ཁོ་བོ་ཅག་གིས་རྨི་ལམ་ལ་རྨི་
ལམ་དུ་ངེས་པའི་ལམ་སྦྱོང་བ་དང་། སྒྱུ་མ་ལ་སྒྱུ་མ་ཉིད་དུ་རྟོགས་པའི་བློ་ཡང་དང་ཡང་དུ་ལམ་སྦྱོང་བ་ལ་རབ་ཏུ་གོམས་པར་བྱས་པ་དེ། ད་མངོན་སུམ་དུ་གཏན་ལ་དབབ་པར་བྱ་སྟེ། འདི་ལྟར་བར་དོའི་སྣང་བ་འདི་ཁོ་ན་རྨི་ལམ་མོ། །སྒྱུ་མའོ། །རང་བཞིན་མེད་པའོ། །མེད་བཞིན་དུ་ཀུན་ཏུ་སྣང་བའོ། །སྣང་ཡང་བདེན་པར་མ་གྲུབ་པ་སྟེ། འདི་ལ་སྤང་བར་བྱ་བ་དང་། བསྒྲུབ་པར་བྱ་བ་འགའ་ཡང་མེད་པས། བདག་གི་ཆགས་སྡང་རྨོངས་པའི་རྒྱུན་རབ་ཏུ་བཟློག་པར་བྱའོ། །གཞན་ཡང་འགྲོ་བའི་འཇིག་རྟེན་འདི་ཐམས་ཅད་ནི། སྒྱུ་མ་ལྟ་བུ་ལ་སྒྱུ་མ་ལྟ་བུར་མ་རྟོགས་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་ཡང་དང་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་ཉམ་ཐག་པར་གྱུར་པ་འདི་དག་ཤིན་ཏུ་སྙིང་རྗེ་ཞིང་། ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཕྱོགས་ལ་འགོད་པའི་ཕྱིར། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་ལམ་སྦྱོང་ཞིང་ཞེས་ཡང་དག་པར་བསམས་ནས། བསྒོམས་བསྒོམས་པའི་ཉམས་ཀྱིས་ཡེ་ཤེས་
གསལ་བཏབ་སྟེ། དེ་ཉིད་ཀྱི་ངང་མ་ཤོར་བར་བྱ་བ་དག་སྒྱུ་ལུས་སྤྲུལ་པའི་སྐུའི་རྩལ་སྦྱོང་གནད་དུ་གཏང་བར་བྱའོ། །དེ་ལྟར་དབང་པོའི་རིམ་པ་དང་མཐུན་པར་བྷཻ་བས། རབ་ཏུ་ན་བདེ་ཆེན་རིག་པ་འཛིན་པའི་དངོས་གྲུབ་མཁའ་ལ་སྤྱོད་པ་མངོན་དུ་བྱེད་པར་ནུས་ཤིང་། དེ་ལྟར་མ་ཡིན་ནའང་སྟོང་གསལ་འགག་པ་མེད་པའི་ཡེ་ཤེས་ལ་བོགས་ཐོན་པས་བསྐལ་བ་མང་པོར་བགྲོད་དགོས་པའི་ལམ་ལ་ཡང་སྐད་ཅིག་རེ་རེས་མངོན་པར་བཅད་དེ་མྱུར་དུ་ལམ་ཕྱིན་པར་འགྱུར་རོ། །འདི་ནི་ཚེ་འདིར་རྨི་ལམ་རྩལ་སྦྱང་ལ་ཤིན་ཏུ་གོམས་པར་བྱས་ན། བདེ་བླག་ཏུ་འགྲུབ་པར་འགྱུར་ཏེ། དེ་བས་ན་སྐལ་པ་དང་ལྡན་པ་དག་གིས་རྨི་ལམ་གྱི་མན་ངག་མཆོག་ཏུ་ཟབ་མོ་འབྲེལ་བ་སུམ་ལྡན་སོགས་ལ་གཡེལ་མེད་དུ་བྷཻ་བར་རིགས་སོ། །གསུམ་པ་ལའང་གཉིས་ཀྱི་དང་པོ་ནི། རྒྱུད་ལས། སྲིད་པ་བར་དོའི་སེམས་ཅན་ནི། །མགྲོན་པོ་བགྲོད་པ་ཇི་བཞིན་དུ། །ཇི་ལྟར་ལས་ཀྱི་ཞགས་པ་ཡིས། །འགྲོ་བ་དྲུག་ལ་རབ་ཏུ་བཟུང་། །ཞེས་
བཤད་པའི་དོན་འདིར་ཉིན་འཁྲུལ་ངོས་འཛིན་པའི་དྲན་པ་བརྟན་པོ་དང་མི་ལྡན་ན། བར་དོར་ངོས་འཛིན་པར་མི་འགྱུར་ཏེ། སྔོན་གྱི་ལུས་ལེན་པ་དང་། བསྲུང་བར་ཤིན་ཏུ་དཀའ་བ་དང་། མཐར་ཞིག་པས་སྡུག་བསྔལ་བརྒྱ་ཕྲག་དུ་མ་སྦྱིན་པར་བྱེད་པ་དེ་ལྟ་བུས་ཀྱང་། ད་དུང་སུན་པ་མ་སྐྱེས་པར་ལུས་སྔ་མ་མེད་པས་སྡུག་བསྔལ་ཞིང་ཕྱིས་བདག་ལ་ལུས་ནམ་ཞིག་ཡོད་པར་འགྱུར་ཞེས་ལུས་ལེན་པ་ཁོ་ན་ལ་འདུན་པ་རྩེ་གཅིག་ཏུ་འགྱུར་རོ། །ཤི་ངེས་པར་ཤེས་ཤིང་ཆོས་ཀྱི་སྣང་བ་ཅུང་ཟད་ཤར་ཡང་འདིར་གོམས་པ་མེད་པའི་དབང་གིས་བརྟན་པར་མ་ནུས་ཏེ། ཆགས་སྡང་རྨོངས་གསུམ་གྱི་རྒྱུན་ལ་སྤྱོད་པས་གཞན་དག་ཀྱང་བཟློག་པར་མ་ནུས་པས་ཡིད་ཆད་དེ། རང་ཉིད་ཀྱང་ངུ་ཞིང་བརྒྱལ་བ་ལ་ཐུག་པར་འགྱུར་རོ། །ལ་ལ་དག་དགའ་བས་དགོད་པ་ལ་སོགས་པའི་རྣམ་འགྱུར་བྱེད་པ་མཐོང་ན། ཀྱེ་མ་བདག་འདི་ལྟ་བུའི་ཉམ་ཐག་པའི་གནས་སྐབས་སུ་འདི་དག་ཤིན་ཏུ་དགའ་བར་འགྱུར་ཏེ། འདི་རྣམས་ནི་
བདག་གི་དགྲ་བོ་ལས་ཀྱང་དགྲ་བོར་གྱུར་པའོ། །ཞེས་ཞེ་སྡང་ཤིན་ཏུ་དྲག་པོ་ཚད་མེད་པ་སྐྱེ་བར་འགྱུར་རོ། །རང་གིས་བསགས་པའི་ནོར་རྫས་དངོས་པོ་རྣམས་གཞན་གྱིས་ལོངས་སྤྱོད་པར་མཐོང་བའི་ཚེ་ཤིན་ཏུ་རྗེས་སུ་ཆགས་པའི་དབང་གིས། དེ་གང་དང་གང་དུ་ཁྱེར་བ་དེ་དང་དེར་འགྲོ་བས་སྡུག་བསྔལ་ཞིང་བདག་གི་ཕངས་པའི་དངོས་པོ་འདི་དག་འདི་རྣམས་ཀྱིས་འདི་ལྟར་མེད་པར་བྱས་སོ། །ཞེས་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་ཞེ་སྡང་དྲག་པོ་ཤིན་ཏུ་བསྲན་མི་ཚུགས་པར་སྐྱེ་བར་འགྱུར་རོ། །ཕུང་པོ་རྙིང་པ་ལ་ཡང་དང་པོ་དགའ་ཞིང་ཆགས་པའི་བློ་དྲག་ཏུ་སྐྱེ་ཞིང་། ཕྱི་ནས་མེད་པར་དགའ་བའི་འདུན་པ་འབྱུང་སྟེ། ལུས་དེ་ལ་བརྙས་པ་བྱེད་པ་སོགས་ལ་ཡང་ཆགས་སྡང་སྐྱེ་བར་འགྱུར་རོ། །གཞན་ཡང་མཐོང་ཐོས་ཀྱི་རྐྱེན་ངན་པ་སྣ་ཚོགས་པ་དག་ལ་བརྟེན་ནས་ཉོན་མོངས་པའི་ཚོགས་མེ་ལྟར་དུ་འབར། རླུང་ལྟར་འཚུབ་པར་འགྱུར་ཏེ། དེ་ལྟ་བུའི་སྐལ་པ་ངན་པ་ཅན་དེ་བདག་གང་དུ་སྐྱེ་བར་འགྱུར་བ་
ཞིག་ཅེས་བལྟས་པས། གལ་ཏེ་ལྷར་སྐྱེ་བའི་ལས་ཅན་གཅིག་ཡིན་ན། གང་དུ་སྐྱེ་བར་འགྱུར་བའི་ལྷའི་གནས་དང་ལོངས་སྤྱོད། ལྷའི་བུ་དང་བུ་མོ་ཤིན་ཏུ་མཛེས་མཛེས་ལྟར་འདུག་པ་རྣམས་མཐོང་ཚེ་དགའ་བ་དང་། སྤྲོ་བའི་སེམས་སྐྱེ་བར་འགྱུར་ཏེ། རྒྱུ་དེས་འདིར་ཡང་ཕུང་པོ་མདངས་དང་ལྡན་པ་དང་། དྲི་ཞིམ་པའི་ངད་འབྱུང་བ་དང་། མཉེན་པ་དང་། མཛེས་པ་དང་། མིག་ཟིམ་བུར་གནས་པ་སོགས་དང་། ལྷ་རྣམས་ཀྱི་མཐུས་བར་སྣང་ལ་འཇའ་ཚོན་རྣམ་པར་བཀྲ་བ་ལ་སོགས་འབྱུང་བར་འགྱུར་རོ། །དེ་ཉིད་དུ་སྲིད་པ་ཉིང་མཚམས་སྦྱོར་བའི་ཚུལ་ཡང་ཧ་ཅང་ཡིད་དུ་འོང་བའི་ལྷའི་བུ་དང་བུ་མོ་རྣམས། གླུ་གར་རྩེ་འཇོ་བཞད་གད་སྣ་ཚོགས་བྱེད་པ་མཐོང་བས། ཤིན་ཏུ་ཆགས་པའི་སེམས་ཀྱིས་བདག་ཀྱང་འདིར་འགྲོ་བར་བྱའོ། །ཞེས་སོང་བ་ལས་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ལྷ་མིན་གྱི་རིགས་སུ་སྐྱེ་བ་ཞིག་ན་ལྷ་མ་ཡིན་དཔའ་བོ་གོ་ཆ་ཤིན་ཏུ་སྲ་བ་དག་གྱོན་པས་འབར་འབར་ལྟར་འདུག་པས།
མཚོན་རྣོན་པོ་དག་མངོན་པར་འདེབས་པ་གློག་ཕྲན་བར་མེད་དུ་རྒྱུ་བ་བཞིན་འཇིགས་སུ་རུང་བའི་འཁྲུག་པའི་བཀོད་པ་དག་མཐོང་ནས་བདག་ཀྱང་དེར་འགྲོ་ཞིང་འཐབ་པ་དང་། འཛིངས་པའི་ལས་ལ་བརྩོན་པར་བྱའོ། །ཞེས་ཕྱིན་པ་ལ་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །མིར་སྐྱེ་བའི་ལས་ཅན་ཞིག་ཡིན་ན། མི་རྣམས་ཀྱིས་བདེ་བ་དང་འབྱོར་བ་གང་ཡང་རུང་བ་ལ་ལོངས་སྤྱོད་པ་མཐོང་ནས། བདག་ཀྱང་འདིར་གནས་པར་བྱའོ། །ཞེས་བསམས་ནས་ཕ་དང་མ་འདུ་འཕྲད་ལ་ཆགས་སྡང་མིག་སེར་གྱི་དབང་གིས་མིའི་ལུས་སུ་སྐྱེ་བར་འགྱུར་རོ། །དུད་འགྲོ་ལ་ཡང་སྐྱེ་བའི་ཚུལ་གང་ཡང་རུང་བ་ལ་ཆགས་སྡང་གིས་མཚམས་སྦྱར་ནས་འཇུག་ཅིང་། དུད་འགྲོ་ཁ་ཅིག་དང་། ཡི་དྭགས་རྣམས་ལ་རང་གི་གནས་མཐོང་བ་ལ་དགའ་བས་རྗེས་སུ་ཆགས་པའི་བློ་མེད་དུ་ཟིན་ཀྱང་། རྒྱ་མཚོ་འཆོལ་བའི་སྒྲ། ནགས་ཚལ་འབར་བའི་སྒྲ། རི་བོ་ཉིལ་བའི་སྒྲ་སོགས་ཀྱིས་ཤིན་ཏུ་སྐྲག་པར་གྱུར་ནས་རིངས་པར་བྲོས་ཏེ་ཕུག་
ནག་པོ་ལ་སོགས་པར་དབང་མེད་དུ་ཞུགས་པའི་སྣང་བ་འབྱུང་ཞིང་མཚམས་སྦྱོར་རོ། །དམྱལ་བར་སྐྱེ་བའི་ལས་ཅན་དག་ནི། རི་ཤང་ཤོང་དང་། ནགས་ཚལ་ལ་སོགས་ན་རི་དྭགས་གསོད་པའི་ལས་བྱེད་པ་མཐོང་སྟེ། བག་ཆགས་ངན་པའི་དབང་གིས་ཨ་ལ་ལ་བདག་དེ་རུ་འགྲོ་བར་བྱའོ། །ཞེས་སོང་བ་ལ་སྔར་གྱི་དེ་དག་གཤིན་རྗེའི་སྐྱེས་བུར་གྱུར་ཏེ། དམྱལ་བའི་གནས་སུ་ཁྲིད་པར་བྱེད་དོ། །རྣམ་པ་གཅིག་ཏུ་ན་འཆི་ཁར་གཤིན་རྗེའི་ཕོ་ཉ་དག་མཐོང་བས་ཤིན་ཏུ་སྐྲག་ཅིང་འཆི་བ་དངོས་ཀྱི་ཚེ་བརྒྱལ་ཐབས་སུ་གྱུར་པ་ལས་སད་པ་ན། བདག་གི་ལུས་གང་ན་ཞེས་འཚོལ་བའི་འདུ་ཤེས་འབྱུང་སྟེ། བར་དོའི་ལུས་ཀོང་ཀོང་པོ་སྤྱི་བོ་ན་མིག་ཡོད་སྙམ་བྱེད་པ་དེ་རླུང་ཤིན་ཏུ་དྲག་པོས་ཆེས་ཤིན་ཏུ་མཐོ་བའི་ནམ་མཁའ་ལ་བཏེག་ནས་ལྕགས་སྲེག་གི་ས་གཞི་ལ་བརྡབས་ཏེ་ཞུ་བར་གྱུར་པ་ལ། སྐད་ཅིག་གིས་སེམས་ཅན་དམྱལ་བའི་ལུས་འཇིགས་སུ་རུང་བར་གྱུར་ཅིང་། དམྱལ་བའི་སྲུང་མ་རྣམས་ཀྱིས་
གསོད་པའི་རིགས་མི་འདྲ་བ་དུ་མས་ཉམ་ཉེས་པར་བྱེད་དོ། །དེ་ལྟར་འགྲོ་བའི་རྒྱུད་རྣམས་སུ་མངལ་དང་། སྒོ་ང་དང་། དྲོད་གཤེར་དང་། བརྫུས་ཏེ་སྐྱེས་པ་རྣམས་ལ་འཇུག་པའི་ཚུལ་མི་འདྲ་བ་རྣམ་པ་སྣ་ཚོགས་པ་དག་གནས་ཏེ་འདིར་ནི་ཕྱོགས་རེ་ཙམ་གྱིས་མཚོན་པར་འགྱུར་བ་དག་ཡིན་ནོ། །གཉིས་པ་བསྒོམ་པའི་རིམ་པ་ནི། འཆི་བའི་སྐབས་སུ་འདི་ལྟར་བསྒོམ་པར་བྱ་སྟེ། ཀྱེ་མ་བདག་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལྟ་ལ་ཐུག་གི་བར་དུ་ལུས་གྲངས་མེད་པར་བླངས་ཤིང་། དེ་བསྲུང་བའི་ཆེད་དུ་བདེ་སྡུག་གཏམ་ངན་དུ་མས་སེམས་ཀོས་ཐག་ཏུ་གྱུར་ལ། མྱ་ངན་སྡུག་བསྔལ་གྱི་འཁོར་ལོ་ཆེན་པོ་ལས་ནམ་ཡང་གྲོལ་བར་མ་ནུས་པ་རེ་མ་ལེགས། ད་ནི་བདག་གིས་སྲིད་པ་བར་དོར་ངེས་ཤེས་ཀྱི་དྲན་པ་རྣམ་དག་བསྐྱེད་དེ། སྡུག་བསྔལ་མང་པོའི་འབྱུང་ཁུངས་ལུས་ཕྱི་མ་བླང་བར་མི་བྱའོ། །ཞེས་འདུན་པ་དྲག་ཏུ་བསྐྱེད། ཤིན་ཏུ་གདུང་བ་དྲག་པོ་དང་ལྡན་པས་བླ་མ་ལ་གསོལ་བ་གདབ། མཚམས་སྦྱོར་
ངན་པ་རྣམས་སྤངས་ཏེ་གནས་པར་བྱས་པ་ལས་བར་དོ་དང་པོ་དང་། གཉིས་པ་དག་ལ་ངེས་ཤེས་མ་སྐྱེས་ཀྱང་བར་དོ་ཐ་མའི་སྣང་བ་ཤད་པའི་ཚེ། སྔར་གྱི་དྲན་པ་སད་པར་བྱས་ལ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད། །འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་པའི་དོན་དྲན་པས་ཤིན་ཏུ་སྨད་པའི་གནས། ཉོན་མོངས་པ་དུ་མའི་གཞི་རྟེན། མི་གཙང་བའི་འདམ་རྫབ་ཀྱི་ཕུང་པོ་ལྟ་བུ་ཁམས་གསུམ་དུ་གཏོགས་པའི་ལུས་ནི་ནམ་དུ་ཡང་བླང་བར་མི་བྱའོ། །དེ་ཡང་སྐྱེ་གནས་རྣམ་པ་བཞི་པོས་བསྡུས་ཏེ་སྐྱེ་བ་གང་ཡང་རུང་བའི་ཡུལ་ཡིད་དུ་འོང་བ་ལ་རྗེས་སུ་ཆགས་པའི་མཚམས་སྦྱར་བའི་ཕྱིར། དངོས་པོ་གང་ལ་ཡང་ཡིད་འཇུག་པར་མི་བྱའོ། །འདི་ལྟར་བདེ་བར་གཤེགས་པའི་ཆོས་ཐམས་ཅད་རང་བཞིན་མེད་པར་གསུངས་ཏེ། རང་བཞིན་མེད་པའི་ཆོས་རྣམས་ལ་བདག་ཇི་ལྟར་ཆགས། དེ་བས་ན་ཆགས་པའི་རྒྱུན་དེ་མ་ཐག་ཏུ་བཟློག་གོ །ཞེས་སེམས་རྩེ་གཅིག་ཏུ་བྱ་བ་དང་། བྱེ་བྲག་ཏུ་དྲོ་བ་དང་
རླན་པ་ལ་སྲེད་པའི་མཚམས་སྦྱར་ཏེ། དྲོད་གཤེར་ལས་སྐྱེ་བ་མངོན་པར་འགྲུབ་པའི་ཕྱིར། དེ་ལའང་བདག་ཆགས་པར་མི་བྱའོ། །མངལ་དང་སྒོ་ང་ལས་སྐྱེ་བ་དག་ཚུལ་མཐུན་པ་ཕལ་ཆེར་ཕོ་མོ་འདོད་པ་བརྟེན་པ་དག་མཐོང་ཞིང་དེར་ཆགས་སྡང་མིག་སེར་གྱི་དབང་གིས་འཇུག་པའི་ཕྱིར། ནམ་དུ་ཡང་བདག་ཉོན་མོངས་པའི་སེམས་ཀྱི་རྗེས་སུ་འབྲང་བར་མི་བྱའོ། །གཞན་ཡང་སྐྲག་པའི་གནས་མེད་པ་ལ་སྐྲག་པར་འགྱུར་ཏེ། ས་ཕུག་དང་། བྲག་ཕུག་དང་། སྡོང་དུམ་གྱི་རྩ་བ་སོགས་མུན་ཁུང་དུ་ཡིབ་པར་འདོད་པའི་བློ་སྐྱེ་སྲིད་ན། དེ་ཡང་ལུས་ངན་པ་འཛིན་པའི་རྟགས་ཡིན་ཞེས་སྔོན་ཐོས་ཀྱིས། བདག་གང་ལ་ཡང་སྐྲག་པར་མི་བྱ། བྲོས་ཏེ་ཡིབ་པའི་རྣམ་པར་རྟོག་པ་ཡང་མི་བྱའོ། །མདོར་ན་སྐྱེ་བ་འཛིན་པའི་སྒོ་དང་ཐབས་ཚུལ་བསམ་གྱིས་མི་ཁྱབ་སྟེ། ཇི་ལྟར་སྣང་ཡང་ཞེན་པ་དང་ཆགས་པ་མེད་ཅིང་། སྐྲག་པ་དང་སྡང་བ་མེད་པར་སེམས་རང་བབ་ལ་བཞག་སྟེ། སྔར་ཐོས་པའི་ཆོས་ཀྱི་དོན་ལ་བློ་སྦྱོང་བར་
བྱའོ། །ཞེས་ནམ་དུ་ཡང་མ་བརྗེད་པར་བྱ། ཆོས་ཀྱི་སྣང་བ་སྔོན་གང་ལ་འདྲིས་ཆེ་བ་དེ་ཉིད་འདིར་གསལ་གདབ་ཅིང་བྷཻ་སྟེ། དམན་པར་གྱུར་པ་བདག་གིས་འཇིག་རྟེན་གྱི་ཆོས་ཐམས་ཅད་མི་རྟག་པའི་དོན་དྲན་པར་བྱས་ལ་སྐྱེ་ཞིང་ཡིད་འབྱུང་བས་བློ་དྲི་མ་མེད་པ་དུས་ཐམས་ཅད་དུ་བསྐྱེད་པས་སྐྱེ་བའི་སྒོ་ཁེགས་པར་འགྱུར་རོ། །གལ་ཏེ་ཐེག་པ་ཐུན་མོང་གི་ཚུལ་ཁྲིམས་དང་ལྡན་པ་དག་ཅིག་ཡིན་ན། ཁོ་བོ་ཅག་ནི་དགེ་བསྙེན་ནོ། །དགེ་ཚུལ་ལོ། །དགེ་སློང་ངོ་། །བདག་གིས་བཅས་པ་དང་། རང་བཞིན་གྱི་ཁ་ན་མ་མཐོ་བ་མཐའ་དག་རབ་ཏུ་བསྡམ་པར་བྱའོ། །ཚུལ་དང་མི་མཐུན་པའི་ལུས་ངག་ཡིད་ཀྱི་བྱ་བ་རྣམས་ཡོངས་སུ་སྤང་བར་བྱའོ། །ཞེས་གཉེན་པོ་མཐུ་ལྡན་བསྐྱེད་པས། མངལ་གྱི་སྒོ་ངེས་པར་ཁེགས་ཤིང་སྐྱེ་བ་གཞན་དག་ཏུ་བརྒྱུད་ནས་ཁེགས་པར་འགྱུར་རོ། །ཐེག་པ་ཆེན་པོའི་ལམ་ལ་ཞུགས་པ་དག་ཅིག་ཡིན་ན། ཁོ་བོ་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བསྒོམ་པ་དང་ལྡན་པ་སྟེ།
སེམས་ཅན་ཐམས་ཅད་ལ་སྐྱོ་ཤས་མི་བཟོད་པའི་སྙིིང་རྗེ་ཆེན་པོ་བསྐྱེད་དགོས་ཤིང་། སྲིད་པ་བར་དོའི་རིགས་སུ་གཏོགས་པའི་སེམས་ཅན་འདི་དག་ལྷག་པར་ལས་དང་ཉོན་མོངས་པའི་སྡུག་བསྔལ་དུ་མ་འབར་བས་རབ་ཏུ་གཟིར་བ་འདི་དག་སྡུག་བསྔལ་ཐམས་ཅད་དང་བྲལ་ཞིང་བདེ་བ་མཆོག་བླ་ན་མེད་པའི་བྱང་ཆུབ་ཉིད་དུ་འཐོབ་པར་གྱུར་ན་ཅི་མ་རུང་། ཞེས་ལྷག་བསམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་དུས་ཐམས་ཅད་དུ་མ་བྲལ་བར་བྱ་སྟེ། འདི་ནི་ལམ་མཆོག་དམ་པའོ། །གལ་ཏེ་བསྐྱེད་པའི་རིམ་པ་ལྷའི་སྐུ་ལམ་དུ་བྱེད་པ་དག་ཅིག་ཡིན་ན། གལ་ཏེ་ཆགས་པ་དང་སྡང་བ་སྐྱེ་བར་འགྱུར་བའི་ཡུལ་དེ་དག་ཐམས་ཅད་ཡི་དམ་ལྷའི་སྐུ་ཞལ་ཕྱག་དང་བཅས་པ་བསྒོམ་པའམ། ཕྱག་རྒྱ་དང་ས་བོན་སོགས་སུ་བསྒོམ་སྟེ་དེའི་ཏིང་ངེ་འཛིན་རབ་ཏུ་བརྟན་པས་ཐ་མལ་གྱི་འཁྲུལ་པ་ལོག་སྟེ། སྐྱེ་བའི་སྒོ་ཁེགས་པར་འགྱུར་རོ། །རྫོགས་རིམ་དམིགས་སུ་མེད་པའི་འོད་གསལ་ཟབ་མོ་ལ་ལམ་དུ་བྱེད་པ་དག་གིས། དེ་
ཉིད་ཁོ་ན་བསྒོམས་པས་སྐྱེ་སྒོ་ཁེགས་ཤིང་། རྩ་རླུང་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྣལ་འབྱོར་ལ་རྣལ་འབྱོར་དུ་བྱེད་པས་ཀྱང་ཆེས་ཤིན་ཏུ་འགྲུབ་པ་འདི་ཉིད་དོ། །ཟབ་མོ་བླ་མའི་ལམ་རྫོགས་མན་ངག་གི་སྙིང་པོ་ལ་གདེང་བཅས་པས་ཀྱང་ངེས་པར་འགྲུབ་སྟེ། དེ་ལྟར་ན་སྐྱེ་མེད་རང་གྲོལ་དུ་བྱ་བའི་ཐབས་མན་ངག་གི་མཐུན་སྦྱོར་ནི་དེ་ལྟ་བུའོ། །གལ་ཏེ་ཆོས་དང་ལྡན་པའི་ལུས་སུ་སྐྱེ་ཞིང་བྱང་ཆུབ་ཀྱི་ལམ་སྦྱང་བར་འདོད་ན། ཡུལ་རིགས་ཕ་མ་ཉེ་དུ་གཉེན་འབྲེལ་སོགས་སྒོ་གང་ནས་ཀྱང་ཆོས་དང་མཐུན་པའི་ལམ་སྦྱང་བའི་གེགས་སུ་མ་འགྱུར་བ་བཙལ་ཞིང་བདམས་ནས་དེར་ཐེག་པ་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང་། མཆོག་བླ་ན་མེད་པའི་ལམ་གང་ལ་གནས་པ་དེ་དང་དེའི་འཕེན་འདུན་མན་ངག་གི་གནད་ཤིན་ཏུ་ཟབ་མོ་དང་ལྡན་པས་སྐྱེ་བ་མང་པོ་བརྒྱུད་མི་དགོས་པར་འདོད་པའི་དོན་མཐར་ཕྱིན་པར་འགྱུར་ཏེ། སྐྱེ་གནས་བརྒྱུད་པའི་བར་དོ་ལེགས་ཚོགས་རྟེན་འབྲེལ་གྱི་ལམ་རྣམ་པར་དག་
པའང་འདི་ཁོ་ནའོ། །བར་དོ་ཐ་མ་མངལ་གྱི་སྒོ་དགག་ཅིང་གདམ་པ་ཞེས་བྱ་བ་ནི། གཙོ་ཆེ་བ་ལ་མི་མཛད་དེ། དོན་དུ་ན་སྐྱེ་གནས་བཞི་གའི་སྒོ་དགག་པ་དང་གདམ་པ་འགྲུབ་བོ། །འདི་ལ་འཆུགས་མེད་རྟེན་འབྲེལ་གྱི་བར་དོ་ཞེས་བྱ་བར་ཡང་བརྗོད་དོ། ། ད་ནི་འཕྲོས་དོན་བརྗོད་དེ། བཀའ་དཔེ་ལས། ལུས་ཅན་རྣམས་ནི་འཆི་བ་ན། །སྣང་བ་ཐིམ་དང་རྟོག་པ་ཐིམ། །ཕྲ་བ་ཐིམ་དང་རགས་པ་ཐིམ། །ཐིམ་པའི་རྗེས་ལ་གོམས་པ་ཡིས། །རང་བཞིན་གྱིས་ནི་འོད་གསལ་འཆར། །ཞེས་འབྱུང་བ་ནི། ད་ལྟར་མིའི་འགྲོ་བ་ཕལ་གྱི་འབྱུང་ལུགས་ཏེ། སྣང་བ་ཐིམ་པ་ནི། གཟུགས་ཐིམ་པས་མིག་མི་གསལ། སྒྲ་ཐིམ་པས་རྣ་བས་གཞན་གྱི་སྒྲ་མི་ཐོས། དྲི་ཐིམ་པས་སྣ་བལ་གྱིས་བཀབ་པ་བཞིན་འགྲོ། རོ་ཐིམ་པས་ལྕེ་ཡིས་ཟས་ཀྱི་རོ་མི་མྱོང་། རེག་བྱ་ཐིམ་པས་ལུས་ཀྱི་རེག་པ་རྡུལ་དུ་འགྲོ། ཆོས་ཐིམ་པས་འཁོར་བའི་ཆོས་མི་གསལ་བར་འགྲོའོ། །རགས་པ་ཐིམ་པ་ནི། ས་ཆུ་ལ་ཐིམ་པས་ལུས་ཀྱི་ཟུངས་མི་ཐུབ། ཆུ་
མེ་ལ་ཐིམ་པས་ཁ་སྣའི་ཆུ་ཕྱིར་བྱུང་ནས་སྐམ། མེ་རླུང་ལ་ཐིམ་པས་དྲོད་མཐའ་ནས་ཡལ་ཏེ་ངན་སོང་དུ་འགྲོ་ན་དྲོད་མར་ཆད། མཐོ་རིས་སུ་འགྲོ་ན་དྲོད་ཡར་ཆད་གསུངས་ཏེ། ཅི་རིགས་སུ་འགྱུར་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་དབུགས་ཆད་ནས་ནང་དབུགས་ཅུང་ཟད་མི་ཆད་དོ། །ཕྲ་བ་དང་རྟོག་པ་ཐིམ་ལུགས་ནི། སྣང་བ་ཐིམ་པའི་ཚེ་ཐོག་མར་ཕྱི་རྟགས་སྣང་བ་སྔར་དང་མི་འདྲ་བ་མཐོང་བ་དང་། ནང་རྟགས་ཤེས་པ་དུ་བ་ལྟར་བན་བུན་ལང་ལོང་དུ་འཆར་ཞིང་། །མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། སྣང་བ་ཅེས་པའི་གོ་དོན་ནི་རྩ་བྲན་རགས་པས་རླུང་རྣམས་རོ་རྐྱང་དུ་ཚུད། རྩ་དེ་གཉིས་ཀྱི་རླུང་དེ་དྷུ་ཏིར་བག་ཙམ་ཞིག་ཚུད་པས། །རྣམ་རྟོག་རླུང་རྣམས་རིམ་པར་འགག་པ་ལས། ཐོག་མར་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགག་པས། སེམས་ཀྱི་ངོ་བོ་ཐོག་མར་ཅུང་ཟད་གསལ་བར་སྣང་བས་སྣང་བ་ཞེས་བྱ།དེ་ནས་ཕྱི་རྟགས་ཟླ་བ་ཤར་བ་ལྟར་དཀར་ལམ་པ་འབྱུང་།
ནང་རྟགས་ཤེས་པ་སྨིག་རྒྱུ་ལྟར་གཡོ་བ་འབྱུང་སྟེ། འདིའི་དུས་ཕལ་གྱི་རང་གི་འཆི་བ་ངེས་པར་འབྱུང་ཞིང་། དེའི་འོག་ཏུ་ཞེ་སྡང་ལས་གྱུར་པའི་རྟོག་པ་སོ་གསུམ་འགག་གོ །མཆེད་པ་ཐིམ་།མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། མཆེད་པ་ཅེས་པའི་གོ་དོན་ནི། རྣམ་རྟོག་གི་རླུང་རྣམས་དྷུ་ཏིར་སུམ་གཉིས་ཙམ་ཚུད་པས་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་པས་སེམས་ཀྱི་ངོ་བོ་སྔར་བས་ཆེས་གསལ་ཡེ་རེ་བ་འོང་བས་མཆེད་པ་ཞེས་བྱ།པས་ཕྱི་རྟགས་ཉི་མ་ཤར་བ་ལྟར་དམར་ལམ་གྱིས་འགྲོ། ནང་རྟགས་ཤེས་པ་སྲིན་བུ་མེ་ཁྱེར་ལྟར་རེས་གསལ། རེས་མི་གསལ། འདིའི་དུས་ན་མདོ་རྣམས་ལས་ཕྱི་མའི་སྲེད་པའི་ས་བོན་འཇོག་པར་གསུངས་ཏེ། སེམས་ཀྱིས་སྔར་ཀྱི་ལས་གང་བྱས་པ་དེའི་ཤུགས་ཀྱིས་རིགས་དྲུག་སོ་སོའི་སྣང་བའི་བྱེ་བྲག་ཡུད་ཙམ་འབྱུང་སྟེ། འདི་ས་བོན་བཏབ་པ་དང་འདྲ་བས་འདིར་མཚམས་སྦྱོར་གལ་ཆེ་བར་ཤེས་སོ། །རྒྱུད་ལས་ཀྱང་། རྣལ་འབྱོར་པ་རྣམས་འཕོ་
ཚེ་དཔལ། །ཁྲག་འཐུང་ལ་སོགས་རྣལ་འབྱོར་མ། །མེ་ཏོག་སྣ་ཚོགས་ལག་ན་ཐོགས། །རྒྱལ་མཚན་བ་དན་སྣ་ཚོགས་དང་། །རོལ་མོའི་སྒྲ་ནི་སྣ་ཚོགས་ཀྱིས། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད། །ཅེས་འབྱུང་ངོ་། །སྡིག་ཅན་རྣམས་ལ་གཤིན་རྗེའི་ཕོ་ཉ་འབྱུང་སྟེ། དེའི་འོག་ཏུ་འདོད་ཆགས་ལས་གྱུར་པའི་རྟོག་པ་བཞི་བཅུ་འགག་གོ །ཐོབ་པའི་འོད་གསལ་ལ་ཐིམ་པས། ཕྱི་རྟགས་སྒྲ་གཅན་མུན་ནག་ལྟ་བུ་ནག་འུབ་པའི་སྣང་བ་འབྱུང་། ནང་རྟགས་མར་མེ་ལྟར་གསལ་སེང་ངེ་བ་འབྱུང་། །རྗེ་དྭགས་པོ་རིན་པོ་ཆེའི་གསུང་ལས། ཐོབ་པ་ཞེས་པའི་གོ་དོན་ནི། རླུང་ཐམས་ཅད་དྷུ་ཏིར་ཚུད་པས་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་འགག་པས། སེམས་ཀྱི་ངོ་བོ་གསལ་ལ་རྫོགས་པ་དང་ལྷག་གེར་འཆར་བས་ཐོབ་པ་ཞེས་བྱ། འདི་སྒོམ་གྱི་དབང་དུ་བྱེད་ན་ཞི་གནས་ཡིན། འོད་གསལ་གྱི་དབང་དུ་བྱས་ན་བསམ་གཏན་གྱི་འོད་གསལ་ཡིན། ཐོབ་པ་འོད་གསལ་ལ་ཐིམ་པས། ཕྱི་རྟགས་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་སྤྲིན་མེད་པའི་ནམ་མཁའ་དྭངས་པའི་དཀྱིལ་ལྟ་བུའི་སྣང་བ་འབྱུང་། སྔར་གྱི་བསམ་གཏན་གྱི་འོད་གསལ་དང་། འདིར་རང་བཞིན་གྱི་
འོད་གསལ་གཉིས་ངོ་བོ་གཅིག་ཏུ་འདྲེས་པ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་། རྣམ་པར་མི་རྟོག་པའི་འོད་གསལ་ཞེས་ཀྱང་བྱའོ། །དེ་ལ་སྒོམ་གྱི་དབང་དུ་བྱས་ན་ལྷག་མཐོང་། འོད་གསལ་གྱི་དབང་དུ་བྱས་ན་རང་བཞིན་གྱི་འོད་གསལ་དང་། གཞིའི་འོད་གསལ་ཞེས་ཀྱང་བྱའོ། །འདི་ལ་གནས་པས་བར་དོ་མེད་པར་ཆོས་ཀྱི་སྐུ་འཐོབ་པར་རྒྱུད་ལས་གསུངས་སོ། ། དེའི་དུས་ན་གཏི་མུག་ལས་གྱུར་པའི་རྟོག་པ་བདུན་ཐིམ་པར་འགྱུར་ཏེ། དེ་ལྟར་རྟོག་པ་ཀུན་གཞིའི་སྟེང་དུ་བསྡུས་ཤིང་ནམ་མཁའ་ལྟར་གྱུར་ནས། ཡུལ་དྲུག །དབང་པོ་དྲུག །རྣམ་ཤེས་དྲུག །འབྱུང་བ་ལྔ་བསྡུས་པའི་སྐད་ཅིག་ལ། དབུ་མའི་ཡར་སྣེ་ཐིག་ལེ་དཀར་བ་དང་། མར་སྣེའི་དམར་བ་གཉིས་སྲོག་གི་རླུང་ཆེན་པོ་དང་། རྣམ་པར་ཤེས་པ་ཡུད་ཙམ་འདུས་པའི་ཚེ། འོད་གསལ་བ་གཞིའི་ཆོས་སྐུ་
སྐད་ཅིག་གཅིག་འབྱུང་ངོ་། མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། དེར་ནང་དུ་དབུགས་ཙམ་ལ་གནས་པའི་དུས་སུ་སྤྱི་བོའི་ཕ་ལས་ཐོབ་པའི་ཧཾ་རྡིབ། ལྟེ་བའི་མ་ལས་ཐོབ་པའི་གཏུམ་མོའི་རང་བཞིན་ཐབས་ཤེས་གཉིས་ཀྱི་ཡི་གེ་དང་དེ་གཉིས་སྙིང་ཁར་འཕྲོད་པས་རོ་མདངས་ཡ་ལེ་ཞག་གཅིག་གམ། གཉིས་སམ། གསུམ་མམ། བཞིའམ། ལྔའམ། དྲུག་དུའང་། དེའི་རྗེས་ལ་འབྲས་བུའི་འོད་གསལ་ཕྱི་སྐྱ་རེངས་ཤར་བ་ལྟ་བུ། ནང་རྟགས་ནམ་མཁའ་ཡི་སྤྲིན་དྭངས་པ་ལྟ་བུ་འབྱུང་། དེར་ལམ་གྱི་འོད་གསལ་དང་། འབྲས་བུའི་འོད་གསལ་འདྲེས་པས་འོད་གསལ་དེ་ཡང་རང་བཞིན་གྱིས་གསལ་བ། རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ། ཟག་པ་མེད་པའི་བདེ་བས་གང་བ་སྟེ། སྣང་བ་ཡང་བདེ་བའི་རང་བཞིན་དུ་འཆར་བ་ཡིན་ནོ། །དེའི་དུས་སུ་གདམས་ངག་ཅན་ལ་གསལ་བ་སྤྲུལ་སྐུ། བདེ་བ་ལོངས་སྐུ། མི་རྟོག་པ་ཆོས་སྐུ། དེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་དང་བཞིར་ཚང་
བས་ཡོན་ཏན་ཐམས་ཅད་རྫོགས་པའི་བར་དོ་བྱ་བ་ཡིན།པའི་ཚེ། འོད་གསལ་བ་གཞིའི་ཆོས་སྐུ་སྐད་ཅིག་གཅིག་འབྱུང་ངོ་། །དེ་ཡང་མ་རིག་པའི་དབང་གིས་ངོ་མི་ཤེས་ཏེ་རྣམ་པར་ཤེས་པ་འཕོས་ནས་བར་དོ་འབྱུང་ངོ་། །སྔར་གྱི་སྲེད་པ་འཇོག་ལུགས་ནི། འདིར་དམྱལ་བར་འགྲོ་བའི་སེམས་ཅན་རྣམ་ནི་སྔར་མི་དགེ་བཅུ་གོམས་དྲགས་པས། དེར་ཡང་དེ་ཉིད་ཀྱི་སྣང་བ་འཆར་ཏེ་། རང་གི་སྣང་བའི་སྟོང་གཟུགས་སྡུད་པ་དང་། སྣང་བ་ལ་འཆར་ལུགས་གཉིས་འབྱུང་སྟེ། སྡིག་ཤས་ཆེ་བས་མནར་མེད་ལ་སོགས་པར་འགྲོ་བ་ནི། གཤིན་རྗེའི་སྐྱེས་བུ་ལ་སོགས་པར་སྣང་ཞིང་། རང་གི་ཁྲག་དང་མཁྲིས་པ་ལུས་ལ་རླུང་གིས་གཏོར་ནས་མིག་ཁྲག་ལྟ་བུའམ་སེར་པོར་འགྱུར་། ལུས་ཚ་བས་གདུང་བར་འགྱུར། སྲོག་ལ་ཆགས་བཞིན་འཆི་བས་མནར་གཅོད་དྲག་པོར་འབྱུང་། དེས་སྣང་བ་ཡང་མེ་རུ་འབར་བ་དང་། མཚོན་ཆ་ལ་སོགས་པ་དང་། རྣ་བའི་རླུང་སྒྲ་ཡང་ལོག་པར་འགྱུར་བས་དེ་ཉིད་དང་འགྲོགས་ཏེ་ཤི་ནས་རྣམ་ཤེས་འཕོས་པའི་སྐད་ཅིག་མ་ཅུང་ཟད་ཅིག་ལ་བདེ་བར་འགྱུར་ཏེ། བལྟས་པའི་
སྣང་བ་ལ། ནགས་དང་། མེ་དང་། ཆུ་ལ་སོགས་པ་མཐོང་སྟེ། དེར་འདོད་དེ་ཕྱིན་པ་ན་སླར་ཡང་ལས་ཀྱི་སྣང་བ་ལ་སྔར་གྱི་གཤིན་རྗེ་དག་འོངས་ནས་ལོག་པར་བྱེད་པའི་སྣང་བ་འཆར་བར་བཤད་དོ། །དེ་བས་ལས་ཆུང་བ་ནི་འཆི་ཁར་སྣང་བ་ལ་དམྱལ་བའི་གནས། མཚོན་གྱི་ནགས་ཚལ། སྔོན་པོ་དང་། རི་སྤང་གཤོང་དང་། སེམས་ཅན་གཅིག་གིས་གཅིག་བསད་ནས་ཤ་ཟ་བ་དང་། ས་ཕྱོགས་ཁྲག་གིས་གཏོར་བ་དག་སྣང་བས་སྔར་སྲོག་གཅོད་ལ་གོམས་པའི་དབང་གིས། ཀྱེ་མ་བདག་ཀྱང་དེར་འགྲོ་བར་བྱའོ་སྙམ་པ་འབྱུང་སྟེ། འདི་ནི་སྣང་བ་སྟོབས་ཆེ་བ་ཡིན་ལ། སྔ་མ་ནི་ལས་སྨིན་པ་སྟོབས་ཆེ་བ་ཡིན་ནོ། །རྒྱ་ཆེ་བར་ནི་དྲན་པ་ཉེར་བཞག་ཏུ་ཡོད་དོ། །ཡི་དྭགས་སུ་འགྲོ་བ་ཡང་། སེར་སྣ་ཤས་ཆེ་བའི་སྲིད་པ་ཉིད་དུ་སྐྱེའོ། །དུད་འགྲོ་རུ་འགྲོ་བ་ཡང་། དུད་འགྲོ་དེ་དང་དེ་ལ་དགའ་བ་དང་། ཆགས་པའི་སེམས་སམ། ཡང་ན་ཅི་ཡང་མ་དྲན་པར་རྨུགས་ཏེ་འཆི་བ་ཉིད་དོ། །མིར་སྐྱེ་བ་རྣམས་ནི། མི་ཉིད་ལ་ཤིན་ཏུ་ཆགས་པ་དང་
བཅས་པའི་སྣང་བ་དང་། ངེས་པ་ཕལ་ཆེར་འཇུག་པར་བཤད་དོ། །ལྷ་མ་ཡིན་ཡང་ལྷ་དང་ཕྱོགས་མཐུན་ཏེ། ཅུང་ཟད་ང་རྒྱལ་དང་བཅས་པར་འགྱུར་བ་དང་། ནག་ཕྱོགས་ལ་འཆི་བར་བཤད་དོ། །ལྷར་འགྲོ་བ་དང་། བདེ་འགྲོ་འདི་རྣམས་ཀྱི་སྲེད་པ་ཡང་འདི་ལྟར་བཤད་དོ། །གང་དུ་སྐྱེ་བའི་གནས་ན་ཕུན་སུམ་ཚོགས་པའི་ཡོ་བྱད་དང་། ལྷ་དང་ལྷ་མོ་རྣམས་ཁྲི་ལ་འདུག་པར་མཐོང་བས་དེར་དགའ་བའི་སེམས་སྐྱེས་ཏེ། སྔར་གྱི་ལེགས་པར་བྱས་པ་རྣམས་དྲན་ཅིང་འགྱོད་པ་མེད་པར་འཆི་བ་དང་། ལྷ་དང་བླ་མ་ལ་སོགས་པའི་རྐྱེན་བཟང་པོ་འཚོགས་ཤིང་དེ་ཉིད་ཀྱིས་སྲིད་པའི་ས་བོན་འཇོག་སྟེ། དུས་ཀྱང་ཕལ་ཆེར་དཀར་ཕྱོགས་དང་། ཉི་མ་གསལ་བ་ལ་འཆི་བར་བཤད་དོ། །དེ་ལྟར་སྣང་བའི་རྒྱུ་ནི་སེམས་ལ་དགེ་བ་དང་། མི་དགེ་བ་སྔར་བྱས་པའི་བག་ཆགས་ཀྱི་ས་བོན་ཡོད་པ་དེ། ལུས་ལ་རྩ་བ་དང་ཡན་ལག་གི་རླུང་གནས་པ་གཡོ་བས། དུ་བ་དང་སྨིག་རྒྱུ་ལ་སོགས་པའི་རྟགས་འབྱུང་བ་དེས་རྐྱེན་བྱས་པས་ལྡང་ཞིང་
སྣང་བ་དང་། རླུང་གིས་སྟོང་པའི་སྒྲ་རྣམས་ཐ་དད་དུ་སྣང་བ་ཉིད་དོ། །དེ་ནས་རེ་ཞིག་འོད་གསལ་ལ་ཞུགས་ནས་བར་དོ་འཆར་ཏེ། འོད་གསལ་ད་ལྟར་གོམས་ཤས་མེད་པ་རྣམས་ནི་དཔེར་ན་སྲང་ཁའི་མཐོ་དམའ་བཞིན། འདི་ནུབ་མ་ཐག་ཏུ་བར་དོ་འབྱུང་བར་བཤད་དོ། །གཟུགས་ཁམས་སུ་འགྲོ་བ་དག་གིས། འདིར་བསམ་གཏན་གོམས་པའི་མཐུས་དེ་ཉིད་ལ་གནས་པ་ན་བསམ་གཏན་གྱི་ཉེར་བསྡོགས་ལས། གཟུགས་ཀྱི་ཁམས་དེར་སྣང་བ་ཉིད་དེ། འདི་རྣམས་ལ་བར་དོ་ཡུན་རིང་པོ་མེད་དོ། །གཟུགས་མེད་ནི་གང་ཤི་བ་དེ་ཉིད་དུ་སྔར་ནམ་མཁའ་མཐའ་ཡས་ལ་སོགས་བཞི་པོ་གང་གོམས་པ་དེ་ཉིད་ཀྱི་སྟེང་དུ་འགྲོ་བས། ས་བོན་ཐམས་ཅད་པ་མ་ཡིན་པ་རྟོག་པ་གཞན་འགག་པ་སྟེ། བར་དོ་གཞན་ནི་མེད་དོ། །རྒྱུད་ལས། སྟེང་ནས་གཟུགས་མེད་རྣམས་སུ་སྟེ། །ཞེས་འབྱུང་བ་ནི། ལུས་ཀྱི་གནད་ལ་སྲིད་གསུམ་སྦྱར་བའི་དབང་དུ་བྱས་ཀྱི། དེར་འཕོས་ཏེ་འགྲོ་བ་མ་ཡིན་པར་སེམས་སོ། །ད་ནི་
བར་དོ་ཉིད་བཤད་དེ། འདོད་པའི་ཁམས་ཀྱི་ལྷ་དྲུག་དང་། མི་དང་། ལྷ་མ་ཡིན་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་རྣམས་ལ་ཕལ་ཆེར་ཞག་བདུན་ཏེ། འགའ་ཞིག་ལ་དེ་བས་ཡུན་རིང་བའང་བཤད་དེ། བདུན་ཕྲག་བདུན་ལ་སོགས་པ་བཤད་ཀྱང་། དེ་བས་ཉུང་ངོ་། །བར་དོ་དེ་ཉིད་ནི། སྔོན་འབྱུང་སྲིད་པའི་ཤ་གཟུགས་ཅན། །དབང་པོ་ཀུན་ཚང་ཐོགས་མེད་ལྡན། །ལས་ཀྱི་རྫུ་འཕྲུལ་ཤུགས་དང་ལྡན། །རིགས་མཐུན་ལྷ་མིག་དག་པས་མཐོང་། །ཞེས་འབྱུང་བ་ཉིད་དེ། མདོ་ལས། དཔེར་ན་སྐྱེས་བུ་ལུས་སྟོབས་དང་ལྡན་པ་གཡུལ་ངོར་རྟ་ལས་ལྷུང་ན་མྱུར་བར་རྟ་དེ་འཛིན་པ་ལྟར་སྐྱེ་བའི་འདུན་པ་ལ་ཕྱོགས་པས་མྱུར་དུ་ལེན་པ་དང་སྲིད་པ་ལ་སྦྱོར་བར་བཤད་དོ། །དེས་ན་ཞག་བདུན་ཅིའི་ཕྱིར་འགོར་ཞེ་ན། བར་དོ་དང་པོ་ཤར་བ་ན་རྨི་ལམ་ལྟར་སྣང་སྟེ། ཡིད་ཀྱི་ལུས་དེ་ནི། དཔེར་ན་ཆུའི་ནང་གི་གཟུགས་བརྙན་ལྟ་བུ། དབང་པོ་དང་ལྡན་པ། ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་
ཤེས་པས་བསྡུས་ཀྱི་འབྱུང་བ་བཞི་ནི་མེད་དོ། །དེའི་ཚེ་ཤི་བའི་རོ་དག་མཐོང་ལ། ཤི་བར་ཡང་ཤེས་ཏེ། རང་ལ་ཡང་ལུས་གཅིག་ཡོད་པར་སེམས་ལ་འབྱུང་ཞིང་། ཀྱེ་མ་གར་སྐྱེ་བ་ཞིག་སྙམ་པ་ན། སྔར་ལྟར་སྲེད་པ་བཞག་པ་ནི། ལྷ་ཕོ་མོ་མཐོང་ཞིང་ལྷ་གནས་ཀྱང་མཐོང་། དེར་སྐྱེ་བ་ཡང་ཤེས་པས་ཡིད་དགའ་བར་འགྱུར་ཏེ། རྒྱུ་དེས་རོ་ཡང་མིག་ཟིམ་བུར་ལྟ་བ་འདྲ་བ་དང་། མཉེན་པ་དང་ཁ་དོག་གསལ་བ་དང་། དྲི་ཞིམ་པར་འགྱུར་རོ། །འདི་རྣམས་ཕལ་ཆེར་བརྫུས་སྐྱེས་ཡིན་པས། ཞག་བདུན་ལ་སྐྱེ་བ་འགྲུབ་པར་གསུངས་སོ། །ལྷ་མ་ཡིན་ཀྱང་ཕྱོགས་མཐུན་པའོ། །དེ་བཞིན་དུ་ལྷ་དང་། ལྷ་མིན་མངལ་སྐྱེས། མི་རྣམས་ནི་ཕ་མ་འདུ་བའི་རྐྱེན་མཐོང་ནས་དེ་ལ་ཆགས་པ་དང་བཅས་པས་མངལ་དུ་འཇུག་སྟེ། འཇུག་ཁ་དེར་སྣང་བ་ནི་ཐ་དད་པ་དུ་མ་འབྱུང་སྟེ། ལས་དག་པ་རྣམས་ལ་ནི་ཁང་བཟང་ལ་སོགས་པའི་སྣང་བ་དང་། འགའ་ཞིག་ལ་འཁྲིག་པའི་འདུ་ཤེས་དང་། ཁ་ཅིག་ལ་སྐྱབས་སུ་རེ་ནས་དེའི་ཐུ་
བར་འཛུལ་བ་དང་། དུད་འགྲོ་ལ་སོགས་པ་ཁ་ཅིག་ལ་ཁ་བ་དང་། རླུང་དང་། ཆར་གྱིས་བདས་པ་དང་། དེ་རྣམས་ལ་ཡིབ་པའི་གནས་བཙལ་བ་ལ་སོགས་པའི་སྣང་བ་འབྱུང་ངོ་། །དམྱལ་བ་དང་། ཡི་དྭགས་ཕལ་ཆེར་ནི། བར་དོ་དེའི་སྣང་བ་ལ་གཤིན་རྗེའི་སྐྱེས་བུས་ཁྲིད་དེ། ལས་སོ་སོར་གཤིན་རྗེའི་སྐྱེས་བུས་ལུང་བསྟན་ནས་ཉམ་ཐག་པར་འགྱུར་ཞིང་ཉིང་མཚམས་སྦྱོར་བར་བྱེད་དོ། །འདི་རྣམས་ཕལ་ཆེ་བའང་ཞག་བདུན་ནས་བརྫུས་ཏེ་སྐྱེའོ། །དེ་བཞིན་དུ་གནས་གཞན་དག་ཀྱང་ཡོད་མོད་ཀྱི་འདིར་མ་སྨོས་ཏེ། མངལ་སྐྱེས་རྣམས་ཀྱི་མངལ་དུ་ཞུགས་འཛིན་པ་ནས་བར་དོ་མ་ཡིན་མོད་ཀྱི། ལྷ་ཕྲེང་ཐོགས་རྣམས་ནི་མངལ་དང་བཅས་པའི་ཞག་བདུན་དུའང་གསུངས་སོ། །བར་དོ་དེའི་གཟུགས་ནི་ཐམས་ཅད་མཁྱེན་པས་གཟིགས་པ་ནི། གང་དུ་སྐྱེ་བ་དེའི་རྣམ་པ་ཅན་མཐོ་རིས་སུ་འགྲོ་བ་ནི་མགོ་གྱེན་ལ་བསྟན་པ་དང་། ངན་འགྲོ་ཐུར་དུ་བསྟན་པ་དང་། ཁ་དོག་ཐ་དད་པ་ཡིན་ནོ། །གཟུགས་ཁམས་དང་
གཟུགས་མེད་དང་། མནར་མེད་ནི་སྔར་བཤད་པ་ཉིད་དོ། །འདི་རྣམས་ནི་རྒྱུད་དང་མདོ་དུ་མ་ནས་ཐམས་ཅད་མཁྱེན་པས་གསུངས་པ་ངེས་པ་རྙེད་དེ་རགས་པའི་རིམ་པ་བཀོད་པ་སྟེ། དེས་ན་ཐེ་ཚོམ་མི་བྱའོ། །ལུང་དུ་མ་ཡོད་ཀྱང་ཡི་གེས་འཇིགས་པས་མ་བཀོད་དོ། །བར་དོ་སྲིད་པའི་ཉིང་མཚམས་ནི། གང་ལ་སྲེད་པ་དེ་ལེན་ཞིང་། །སྲིད་པ་གསུམ་པོར་འགྲུབ་བྱེད་པའི། །དང་པོ་ལས་ཅན་སྐྱེ་བོ་རྣམས། །ད་ལྟར་བརྩོན་པའི་སྟོབས་བསྐྱེད་ནས། །སྣང་བ་སྦྱང་བ་ཤིན་ཏུ་གཅེས། །བར་དོ་གཉིས་པའི་དུས་འདི་རུ། །རྩལ་སྦྱང་རྨི་ལམ་བར་དོ་ལ། །སྣང་བ་འགྱུར་ཞིང་ཟིན་པ་ན། །སྲིད་པའི་བར་དོ་བྱ་བ་འགྲུབ། །ད་ལྟ་འཁྲུལ་བའི་རྗེས་འབྲངས་ནས། །ཉོན་མོངས་རྟོག་པ་རང་དགར་བཞག །བར་དོ་ཡོན་ཏན་འཐོབ་འདོད་པ། །གཏི་མུག་འཁྲུལ་པས་བཅིངས་པ་ལགས། །དེ་ཕྱིར་གཡེང་མེད་བརྩོན་བསྐྱེད་ལ། །ལུས་ངག་ཡིད་གསུམ་དགེ་བ་རྣམས། །འཕགས་པ་མཆོད་ཅིང་སེམས་ཅན་སྦྱིན། །རྟག་ཏུ་ཐེག་
མཆོག་ཚུལ་ཁྲིམས་སྲུང་། །ཁོང་ཁྲོ་ང་རྒྱལ་བཅོམ་ནས་ཀྱང་། །བརྩོན་པས་བསམ་གཏན་བསྒོམ་བྱ་ཞིང་། །ཆོས་རྣམས་རྟག་ཏུ་འདྲིས་པར་མཛད། །དེ་ལྟར་སྦྱོང་ཞིང་རང་སེམས་ལ། །དབང་ཐོབ་རྒྱལ་བའི་ཞིང་སྦྱངས་ནས། །སངས་རྒྱས་ཞིང་དུ་འགྲོ་བ་དང་། །མྱུར་དུ་བྱང་ཆུབ་འཐོབ་འདོད་འགྱུར། །དེ་རྣམས་ཀྱིས་བར་དོའི་དམར་ཁྲིད་ཅུང་ཟད་རྒྱས་པར་བཤད་ཟིན་ཏོ། ། ༈ དྲུག་པ་འཕོ་བ་ལམ་གྱི་སྐྱེལ་མའི་མན་ངག་ནི། དཔལ་ནཱ་རོ་པ་ཆེན་པོས། ལུས་སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཀག་ནས་སྒོ་གཅིག་དབྱེ། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིཀ་གི་རྒྱུད་ཀྱི་རབ་བསྐུལ་ནས། །རྣམ་པར་ཤེས་པ་ཆོས་ཉིད་འདས། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཞེས་གསུངས་སོ། །རྗེ་བཙུན་མི་ལའི་གསུང་ལས། འཕོ་བ་གསེར་འགྱུར་གྱི་རྩིའི་གདམས་ངག་ནི། སྔར་གྱི་
ལམ་དེ་ལྟ་བུས་ལམ་དེར་བསྒྲོད་པ་ཡིན་པ་ལ། གལ་ཏེ་དུས་ཀྱི་གཏུགས་ན་འཕོ་བ་བྱ་སྟེ། དེ་ལ་གཉིས་ཏེ། ཐུན་མོང་དང་ཁྱད་པར་རོ། །ཐུན་མོང་ནི། སེར་སྣ་སྦྱིན་པར་འཕོ། འདོད་ཆགས་ཚུལ་ཁྲིམས་ལ། ཞེ་སྡང་བཟོད་པ་ལ། ལེ་ལོ་བརྩོན་འགྲུས་སུ། རྣམ་གཡེང་བསམ་གཏན་དུ། གཏི་མུག་ཤེས་རབ་ཏུ། རང་འདོད་གཞན་དོན་དུ། རྣམ་རྟོག་བསྐྱེད་རིམ་དུ་འཕོ་བའོ། །ཁྱད་པར་གྱི་འཕོ་བ་ལ་གཉིས། འཕོ་བ་གང་དུ་འཕོ་བ་དང་། འཕོ་ཐབས་གང་གིས་འཕོ་བའོ། །འཕོ་བ་ལ་གསུམ། སྤྲོས་མེད་ཆོས་སྐུའི་འཕོ་བ། སྤྲོས་བཅས་གཟུགས་སྐུའི་འཕོ་བ། ཡིད་འོང་མཁའ་འགྲོའི་གྲོང་དུ་འཕོ་བའོ། །འཕོ་ཐབས་ལ་གསུམ་སྟེ། རབ་འོད་གསལ་དུ་འཕོ་བ། འབྲིང་སྒྱུ་ལུས་སུ་འཕོ་བ། ཐ་མ་བསྐྱེད་རིམ་ལ་འཕོ་བའོ། །དང་པོ་ལ་གཉིས། རང་བཞིན་གྱི་འོད་གསལ་དང་། བསམ་གཏན་གྱི་འོད་གསལ་ལོ། །རང་བཞིན་གྱི་འོད་གསལ་དུ་འཕོ་བ་ནི། སེམས་ཅན་ཐམས་ཅད་ལ་འཆི་དུས་སུ་ཕྱི་དབུགས་ཆད་
ནས་ནང་དབུགས་མ་ཆད་པའི་བར་འོད་གསལ་འཆར་བས། དེ་ངོས་བཟུང་ལ་དེའི་ངང་དུ་མ་ཡེངས་པར་བཞག་པས་ལམ་གྱི་འོད་གསལ་དང་གཅིག་ཏུ་འདྲེས་ནས་ཆོས་སྐུར་སངས་རྒྱ་བའོ། །དེ་ལ་ད་ལྟར་གཉིད་ཀྱི་འོད་གསལ་ཟིན་པ་གཅིག་དགོས་སོ། །དེ་ལ་གོམས་པ་ཆུང་ན་བསམ་གཏན་གྱི་འོད་གསལ་དུ་འཕོ་བ་ནི། འཆི་ཁར་ལུས་གནད་གང་བདེ་བྱ། སྐྱེ་མེད་འོད་གསལ་ངོས་བཟུང་ལ། དེ་ལ་སྐད་ཅིག་ཀྱང་མ་ཡེངས་པར་བྱ། དབུགས་རིང་ཐུང་གི་དུས་སུ་ཧ་བྱས་པས་ཤེས་པ་དང་ནམ་མཁའ་བསྲེ་ལ་བཏང་བ་ཆོས་སྐུར་སངས་རྒྱའོ། །གཉིས་པ་སྒྱུ་ལུས་སུ་འཕོ་བ་ལ་གཉིས་ཏེ། རང་བཞིན་གྱི་སྒྱུ་ལུས་དང་། བསམ་གཏན་གྱི་སྒྱུ་ལུས་སོ། །དང་པོ་ནི། སྔར་སྒྱུ་ལུས་ལ་གོམས་ཤིང་སྦྱངས་པ་དེ་ལ། ཇི་ལྟར་སྦྱངས་པའི་དངོས་པོ་ཐམས་ཅད་སྒྱུ་མར་ཤེས་པའི་ངང་ནས་ཞེན་པ་དང་ཆགས་པ་སྤུ་ཙམ་ཡང་མེད་པར་འཕོས་པས་ལོངས་སྐུར་སངས་རྒྱའོ། །དེ་ལ་གོམས་པ་ཆུང་ན་བསམ་གཏན་གྱི་སྒྱུ་ལུས་སུ་འཕོ་བ་ནི།
ལུས་ཐ་མལ་དུ་ཞེན་པའི་གཉེན་པོར་ལྷ་སྐུ་སྣང་ལ་རང་བཞིན་མེད་པར་བསྒོམ། ངག་ཐ་མལ་དུ་ཞེན་པའི་གཉེན་པོར་ཨཱ་ལི་ཀཱ་ལི་བརྗོད། སེམས་ཐ་མལ་དུ་ཞེན་པའི་གཉེན་པོར་ཆོས་ཐམས་ཅད་རང་བཞིན་མེད་པར་ཤེས་པར་བྱ། གཟུགས་སྣང་སྟོང་། སྒྲ་གྲག་སྟོང་། རྟོག་པ་གསལ་སྟོང་། ཆོས་ཐམས་ཅད་སྒྱུ་མ། སྒྱུ་མའི་ངང་ནས་འདུན་པ་དྲག་པོ་ཡང་ཡང་བྱ་ཞིང་རླུང་དང་བསྟུན་ནས་འཕོས་པས། ལོངས་སྐུ་སྒྱུ་མ་ལྟར་སངས་རྒྱའོ། །གསུམ་པ་བསྐྱེད་རིམ་ལ་འཕོ་བ་ལ་གཉིས་ཏེ། སྦྱངས་ཏེ་འཕོ་བ་དང་། བཙན་ཐབས་སུ་འཕོ་བའོ། །དང་པོ་ལ་གཉིས། སྦྱངས་པ་དང་། འཕོ་བའོ། །སྦྱངས་པ་ལ་གཉིས་ཏེ། དྲན་པའི་སྤྲིན་གྱིས་ཉེས་པའི་སྐྱོན་བསལ་བ་དང་ཧཱུྃ་གིས་སེང་ཕྲུག་གངས་ལ་འཕྱོ་བའོ། །བདག་རིང་པོར་མི་ཐོགས་པར་འཆི་དུས་འདི་ག་ལྟར་དུ་འཆི། དེས་ན་སེམས་ཅན་གྱི་དོན་དུ་འཕོ་བ་སྦྱང་སྙམ་དུ་བསམ། དེ་མ་བྱས་ན་དུས་མིན་ལྷ་བསད་པའི་ཉེས་པ་འབྱུང་ངོ་། །
རང་རྗེ་བཙུན་མར་བསྐྱེད། རྩ་དབུ་མ་མདའ་སྨྱུག་ཙམ་བསྒོམ། སྤྱི་བོའི་ཚངས་བུག་ཀྵ་དམར་ནག་གིས་བཀག་པར་བསྒོམ། སྙིང་ཁར་རླུང་སེམས་འདུས་པའི་ངོ་བོ་ཧཱུྃ་སྔོན་པོ་བ་ཐག་གིས་བརྒྱངས་པར་བསམ། ཧཱུྃ་གིས་སེང་ཕྲུག་གངས་ལ་འཕྱོ་བ་ནི། སྟེང་གི་ནམ་མཁའ་ལ་བླ་མ་ཡི་དམ་ཐ་མི་དད་པ་ཐུགས་པདྨ་ཁ་ཕྱེས་པའི་ཚུལ་དུ་བསྒོམ། འཕོ་བ་འབྱོངས་པར་བྱིན་གྱིས་རློབས་ཞེས་གསོལ་བ་འདེབས། རླུང་རོ་བུས་ནས་རླུང་ནང་དུ་དྲག་ཏུ་རིང་བར་རྔུབ། སྟེང་རླུང་ཆེར་གྱིས་མནན་པས་སྙིང་ཁའི་རླུང་དེ་མར་སོང་སྟེ། ལྟེ་འོག་གི་ཨ་དང་འདྲེས་པར་བསམ། ཐུར་སེལ་བཅུད། སྲིན་པོ་བསྐུམ། རྒྱུ་ཞབས་ཉང་ངེ་བྱས་ལ། ངག་ཏུ་ཧིཀ་ཀ་ཧིཀ་བྱས་དྲངས་པས་ཧཱུྃ་ཨ་ཝ་དྷུ་ཏིའི་ནང་ནས་ཡར་སོང་བས་སྤྱི་གཙུག་གི་ཀཱ་ལ་ཐུག །ཐོད་པ་སེར་ཀ་ཤིག་ཤིག །རུས་པ་ཐེབ་གང་ཤ་ཁྲག་དང་བཅས་པ་རྒྱང་ངེ་ཐོན་ནས་བླ་མའི་ཐུགས་ཀར་སོང་། ཡང་རླུང་རྔུབ། ཧཱུྃ་མར་བྱུང་། སྲོག་གི་རྒྱུན་བ་ཐག་ལྟ་བུ་ལ་
ཞོན་ནས་སྙིང་ཁར་ཐུག །དེར་བབས་པར་བསམ། དེ་བཞིན་དུ་རླུང་རྩོལ་ཉེར་གཅིག་གམ། ལྔ་བཅུ་རྩ་ལྔ་ཙམ་རེ་སྦྱངས། ཐུན་བཤོལ་ཁར་བླ་མ་རང་ལ་སྟིམ་ལ། སེང་ཕྲུག་བྱས་རྗེས་གནས་ལུགས་ཀྱི་དོན་ལ་ཅི་སྲིད་གནས་པར་བཞག་གོ །ཚོད་མ་ཟིན་ན་འཕོ་བས་ཚོད་ཟིན་པར་བྱ། འབྱོངས་པའི་ཚད་ནི་སྤྱི་གཙུག་རྩེ་བ་དང་། གཡོ་བ་དང་། དྲོ་བ་དང་། འཕྲིག་པ་དང་། སྐྲང་བ་དང་། ཁྲག་ཆུ་སེར་ཐོན་པ། ཤེས་པ་ཕྱོད་ཕྱོད་པ། དབུགས་སྟོད་དུ་འཚང་། སྙིང་ན་སྙམ་པ་འབྱུང་ངོ་། །དེ་ལྟར་བྱུང་བ་དང་སྦྱང་འཕྲོ་བཅད། འཆི་དུས་སུ་བློ་གཏད་ཐུབ་པས་ཡིད་ཆེས་པར་བྱའོ། །འཕོ་བ་ནི། འཆི་ལྟས་ཚང་བ་དང་། འཆི་ལྟས་བརྟག་པ་ཞལ་ལས་ཤེས། ནམ་མཁའ་ལ་བླ་མ་ཡི་དམ་གཉིས་མེད་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་བདེ་བ་ཆེན་པོ་དང་ལྡན་པའི་ཐུགས་པདྨ་འདབ་མ་བརྒྱད་པ་ཁ་འབྱེད་པའི་ཚུལ་དུ་བསམ་ལ། སྔ་མ་ལྟར་ཧཱུྃ་ལ་རྣམ་ཤེས་བསྡུས་ལ། སྤྱི་བོའི་ཀྵ་གསལ་ལ་འོག་རླུང་བཅུད་
ལ་ཐུགས་ཀར་འཕོས་པས་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། བདག་གི་ཤེས་པ་དབྱེར་མེད་དུ་འདྲེས་པ་དང་། ཕྱིར་ཀྱེད་བྱས་པས་སྲོག་གི་རྒྱུན་བ་ཐག་ལྟ་བུ་སད་ཆད་པར་བསམ་ལ། རླུང་བཅུད་པས་ལས་གཅིག་གིས་ངེས་པར་འཕོའོ། །དེ་དུས་བླ་མའམ། གྲོགས་ལ་སོགས་པས་བདེ་སྟོང་ལ་གནས་པར་གྱིས་ཞེས་བསྒྲག་པར་བྱའོ། །རླུང་ལས་མི་ནུས་ན། སེང་གེའི་ཉལ་སྟབས་བྱས་ལ་གཞན་སྔ་མ་དང་འདྲའོ། །གཉིས་པ་བཙན་ཐབས་སུ་འཕོ་བ་ལ་གསུམ། ལུས་གནད་ལ་བརྟེན་ནས་འཁོར་བའི་འགྲུལ་གཅད་པ་དང་། ཤེལ་གྱི་འབེན་གཟུགས་པ་དང་། ཀ་ཧིག་གིས་མདས་གང་འདོད་ཀྱི་གནས་སུ་འཕོའོ། །སེམས་བསྐྱེད། གསོལ་འདེབས། སྒོ་དགུ་གང་རུང་ནས་རྣམ་ཤེས་ཐོན་ནས། དེ་དང་དེར་སྐྱེ་བ་སངས་རྒྱས་ཀྱིས་མི་ཁོགས་པས་འཕྲུལ་འཁོར་སེང་གེ་རྣམ་གྲོལ་འདི་ཤིན་ཏུ་ཟབ་པའོ། །སྲིན་ཞལ་དམྱལ་བའི་སྒོ་ཡིན་པས་རྟིང་པས་བཀག །འོག་རླུང་བསྡམ། བྱ་རྐང་ཞེས་པ་གསང་བ་རྡོ་རྗེ་དུད་
འགྲོའི་སྒོ་ལོང་མོ་གཉིས་ཀྱི་བར་དུ་བཙིར། སྐྱེས་དམན་ལ་རྟིང་པས་དགག །འབྲུབ་ཁུང་ཡི་དྭགས་ཀྱི་སྒོ་ཡིན་པས་མཐེབ་ཆུང་གིས་དགག །སྣ་གནོད་སྦྱིན་གྱི་སྒོ་སྲིན་ལག་གིས་དགག །མ་ཐུབ་ན་གཡོན་ནས་གཏང་། ལྟ་བྱེད་མིའི་སྒོ་གུང་མོས་དགག །ཉན་བྱེད་ལྷའི་སྒོ་མཐེ་བོང་གིས་དགག་གོ །ཤེས་རབ་ཀྱི་འབེན་བཙུགས་པ་ནི། བླ་མའམ་ཡི་དམ་གང་གསལ་ཞིག་སྤྱི་བོ་རུ་འདོམ་གང་ཙམ་དུ་བཞུགས་པའི་ཐུགས་ཀར་པདྨ་ཁ་ཕྱེས་པའི་ཚུལ་དུ་བསྒོམ། ཀ་ཧིག་གི་མདས་གང་འདོད་དུ་འཕངས་པ་ནི། ཐག་པའམ་དབྱུག་པ་ལ་རྒྱབ་བཀལ་ཁོང་དུ་ཧིག་བརྗོད། ཤེས་པ་ཤེལ་གྱི་འབེན་ལ་འཕངས། སྦྱོར་བ་གཅིག་གིས་ངེས་པར་འཕོའོ། །གཉིས་དང་གསུམ་གྱིས་མི་འཕོ་མི་སྲིད་དོ། །ཡང་ན་རྗེ་དྭགས་པོ་རིན་པོ་ཆེའི་གསུང་ལས། ཚངས་པའི་བུ་གར་ཀྵ་སེར་པོས་དགག །མིག་གཉིས་སུ་ཧཱུྃ་སྔོན་པོ་རེ། རྣ་བ་གཉིས་སུ་ཡུཾ་སྔོན་པོརེ། སྣ་གཉིས་སུ་མུ་སྔོན་པོ་རེ། ལྕེ་ལ་སུཾ་དཀར་པོ། སྨིན་དབྲག་
དང་། སྙིང་ཁ་གཉིས་སུ་ཧཱུྃ་སྔོན་པོ་རེ། དྲི་ཆེན་དང་དྲི་ཆུའི་ལམ་དུ་ཀྵུ་སེར་པོ་རེ། ལྟེ་བ་ཧཱུྃ་སྔོན་པོས་དགག་གོ །ཞེས་གསུངས་སོ། །དངོས་གཞི་ཉམས་སུ་ལེན་པ་ལ་གཉིས་ཏེ། རྟེན་དུ་འཕོ་བ་འཕོ་བ་དངོས། རྟེན་ཅན་ཏུ་འཕོ་བ་གྲོང་དུ་འཇུག་པའོ། །དང་པོ་ལ་གསུམ། རབ་འོད་གསལ་ལ་འཕོ་བ། དྭགས་པོ་རིན་པོ་ཆེའི་གསུང་ལས། རང་ལ་འོད་གསལ་གྱི་རྟོགས་པ་ཡོད་པ་ཞིག །འཆི་བའི་དུས་རང་གིས་བྷཻ་བའི་འོད་གསལ་མ་ཡེངས་པར་བྱས་ནས་འཆི་བ་ཡིན། དེ་ལ་འཕོ་རྒྱུ་མེད་ཀྱང་འཕོ་བར་མིང་བཏགས་པ་ཡིན། ཆོས་དྲུག་ཆེན་མོ་ལས། འདིར་སེམས་དོན་ཏིང་ངེ་འཛིན་གྱི་གནད་ལ་གོམས་པར་བྱས་ནས་ནམ་ཐིམ་སྡུད་ཀྱི་རྟགས་ཤར་བ་ན་གང་དུ་འཕོ་བ་དང་། གང་ལ་འཕོ་བ་དང་། གང་འཕོ་བ་དང་ཇི་ལྟར་འཕོ་བ་དམིགས་སུ་མེད་པས། འཕོ་བ་འཕོ་བྱེད་རྟེན་འབྲེལ་གྱི་ཇི་བཞིན་པའི་སྟེང་དུ་གཞག་བྱ་འཇོག་བྱེད་མེད་པར་རང་གནས་པས་མཉམ་པ་ཉིད་ཀྱི་དོན་ལ་འཇུག་སྟེ། །མཚམས་འདིར་མ་དཔེ་
ལྡེབ་གཅིག་ཆད་འདུག གྱི་ནམ་མཁའ་ལ་ཁྲི་གདན་བཞི་བརྩེགས་སམ་སུམ་བརྩེགས་ཀྱི་སྟེང་དུ་བླ་མའི་རྣལ་འབྱོར་དུ་བཤད་པ་ལྟ་བུའི་བླ་མ་བསྒོམ། ངེས་ཤེས་བསྐྱེད་ལ། ལོངས་སྤྱོད་འབྱོར་བ་ཐམས་ཅད་ལྟོས་མེད་དུ་འབུལ། ཤིན་ཏུ་གདུང་བ་དྲག་པོས་གསོལ་བ་བཏབ་སྟེ། བདག་གིས་འཆི་བ་འོད་གསལ་ཆོས་སྐུ་མངོན་དུ་བྱེད་པར་བྱིན་གྱིས་བརླབ་ཏུ་གསོལ། སྲིད་པ་བར་དོའི་འཇིགས་པ་སྐད་ཅིག་ཙམ་ཡང་མ་མཐོང་བར་བྱིན་གྱིས་བརླབ་ཏུ་གསོལ། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་འགྲོ་བར་འདོད་པ་དེ་དང་དེར་སྐད་ཅིག་ཡུད་ཙམ་ལ་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། མན་ངག་ཟབ་མོ་ལམ་དུ་བྱེད་པ་ལ་བར་དུ་གཅོད་པའི་རྐྱེན་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་བཏབ་སྟེ། བྱིན་རླབས་བསྡུ་བའི་དམིགས་པ་ཡང་བྱས་ནས། བླ་མ་ཉིད་སྔོན་དམིགས་པ་ལ་ཇི་ལྟར་བཞུགས་པ་ལ་སེམས་གཟུང་ངོ་། །སླར་ཨ་ཝ་དྷུ་ཏིའི་ནང་མགྲིན་པའི་ཐད་དུ་ཨཾ་ཡིག་དཀར་པོ་ཨ་ནུ་ར་ཏས་བསྐོར་
བའམ། རླུང་གི་ས་བོན་ཡཾ་ཡིག་ལྗང་གུ་བཞིས་བཏེགས་པར་བསྒོམ་ཞིང་། བུམ་རླུང་གི་སྦྱོར་བ་དང་སྤྲད་ནས་རླུང་ནང་དུ་འཇུག་པ་དང་ལྷན་ཅིག །ༀ་ཡིག་ལས་ཧཱུྃ་ཡིག་སྔོན་པོ་བྱུང་། སྙིང་ཁའི་ཐད་ཀྱི་དབུ་མའི་ནང་དུ་གནས། དེ་ལས་ཀྱང་ཨ་ཡིག་དམར་པོ་བྱུང་བ་ལྟེ་བར་གནས་པ་ལ་སེམས་བཞག རླུང་ཇི་སྲིད་གནས་ཀྱི་བར་དུ་དེ་ཉིད་དུ་སེམས་གཏད་དེ། རླུང་ཕྱིར་དབྱུང་བ་དང་ལྷན་ཅིག་ལྟེ་བའི་ཨ། སྙིང་ཁའི་ཧཱུྃ་ལ། སྙིང་ཁའི་ཧཱུྃ་མགྲིན་པའི་ༀ་ལ། ༀ་ཡུཾ་བཞིས་བཏེག་པའམ། ས་བོན་བཞིས་བསྐོར་བ་ཚངས་པའི་བུ་ག་ལས་ཐོན། དཔལ་ལྡན་བླ་མའི་ཐུགས་ཀར་ཐིམ་པས་རོ་མཉམ་དུ་བལྟས་ལ། སླར་ཡང་བླ་མའི་ཐུགས་ཀ་དང་། སྐུ་ལས་ཨཱཾ་ཡིག་དཀར་པོ་འཁོར་དང་བཅས་པ་སྤྱི་བོ་ནས་ཞུགས། མགྲིན་པར་གནས། ཧཱུྃ་དང་ཨ་དག་ཀྱང་སྔ་མ་ལྟར་རིམ་གྱིས་བཀོད་དེ། རླུང་རྔུབ་པ་དང་སྤྲད་དོ། །ཡང་སྔར་བཞིན་གནས་པ་དང་འགྲོ་བའི་ཚེ་ཡང་དམིགས་པ་ལ་སེམས་བཅངས་ཏེ་རྣམ་པར་མི་རྟོག་པ་གཞན་དུ་མ་
ཡེངས་པར་བྱའོ། །ནམ་ཐུན་མཚམས་ལ་བབ་པའི་ཚེ། ཡི་གེ་གསུམ་གནས་གསུམ་དུ་བཞག་དཔལ་ལྡན་བླ་མ་སྤྱི་བོ་ནས་སྙིང་ཁའི་བར་སྤྱན་དྲངས་ཡི་གེ་གསུམ་མི་དམིགས་པར་འགྱུར། ཚངས་པའི་བུ་ག་ཤེལ་གྱི་རྡོ་རྗེ་རྒྱ་གྲམ་གྱིས་ཁ་བཅད། བླ་མའི་སྐུ་གསལ་སྟོང་ཆུའི་ཟླ་བ་ལྟ་བུ་ལ་སེམས་བཟུང་སྟེ། འདི་ནི་དམིགས་པ་རྣོན་པོ་དང་ལྡན་པ་རྣམས་ལ་འཕྲལ་དུ་གེགས་མི་བྱེད་ཅིང་། ཡོན་ཏན་རིན་པོ་ཆེ་བསྐྱེད་པའི་དམིགས་པར་འགྱུར་རོ། །ཚེ་བསྲིང་བའི་དམིགས་པ་ནི། སློབ་དཔོན་པདྨའི་གསུང་ལས། དེ་ཡང་ལུས་སྟོང་ར་དར་དམར་གྱི་གུར་ཕུབ་པ་ལྟ་བུའི་དབུས་སུ། རྩ་རོ་རྐྱང་ཀུན་འདར་མ་གསུམ་ཀ་བ་བཙུགས་པ་ལྟར་སྤྱི་བོ་ནས་གསང་བའི་བར་དུ་དྲང་ཐར་རེ་འདུག་པའི་དབུས་སུ་ཀུན་འདར་མའི་ནང་དུ་ཨཿདམར་པོ། གཡས་རོ་མའི་ནང་དུ་ༀ་དཀར་པོ། གཡོན་རྐྱང་མའི་ནང་དུ་ཧཱུྃ་སྔོན་པོ་གསུམ་གསལ་ཞིང་། ངག་ནས་འབྲུ་གསུམ་བརྗོད་པའམ། འབྲུ་གསུམ་པོ་ལ་སོ་སོའི་ཡི་གེ་
འོད་ཟེར་གྱི་ཚུལ་དུ་སྒྲ་དང་བཅས་པ་འཕྲོས་པས་ལུས་སྟོང་ར་དམར་པོའི་ནང་ཐམས་ཅད་ཡི་གེ་འབྲུ་གསུམ་གྱིས་ཁྲ་ལམ་མེར་ཁེངས་པར་བསམ། སྤྲོ་བསྡུ་མེད་པར་དེ་གའི་ངང་ལ་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག །དེའི་ངང་ལས་རྟོག་པ་འཕྲོ་བའམ། ཐུན་བཞག་པར་འདོད་ན། ཡི་གེ་ཐམས་ཅད་རྩ་བའི་ཡིག་འབྲུ་གསུམ་ལ་བསྡུ། གཡས་གཡོན་གྱི་ཡི་གེ་གཉིས་རྩ་གསུམ་ལུས་དང་བཅས་པ་ཨ་ལ་བསྡུ། ཨ་ཐིག་ལེ་དམར་པོ་གཅིག་ཏུ་གྱུར་པ་ལ་དར་ཅིག་རིག་པ་གཏད། དེ་ལས་གཡོན་ཐིག་ལེ་དམར་པོ་ཆོས་ཀྱི་དབྱིངས་སུ་བསྟིམ་ཞིང་། ཅི་ཡང་མི་དམིགས་པའི་ངང་དུ་མཉམ་པར་བཞག་པར་བྱའོ། །བླ་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཆི་མེད་ཡེ་ཤེས་ཀྱི་བདུད་རྩི། ཨ་དཀར་པོའི་རྣམ་པ་ཅན་གྲངས་མེད་པ་བཀུག་སྟེ་འོངས་ནས། རང་གི་སྙིང་ཁའི་དཔལ་ལྡན་བླ་མའི་སྐུ་ལ་བསྟིམ། དེ་ལས་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བྱུང་སྟེ་
ལུས་ཀྱི་ནང་ཐམས་ཅད་ཟག་མེད་ཡེ་ཤེས་བདུད་རྩིས་གང་བར་གྱུར་ཏོ། །ཞེས་འཇམ་རླུང་ཅུང་ཟད་བཟུང་སྟེ། མཐར་དམིགས་མེད་དུ་བཞག་གོ །དགེ་བ་བསྔོ། ཐུན་མཚམས་ཆོས་དང་མཐུན་པའི་སྤྱོད་པ་དང་ལྡན་པར་བྱའོ། །དེ་ལྟར་ཐུན་བཞིའམ་དྲུག་ཏུ་བཅད་དེ་བསྒོམས་པས་རྩ་རླུང་བྱང་བར་སླ་བ་དབང་པོ་རབ་དག་ཅིག་ཡིན་ན། ཞག་ལྔའམ་བདུན་ཙམ་གྱིས་ངེས་པ་རྙེད་པར་འགྱུར་རོ། །འབྲིང་དང་ཐ་མ་དག་གིས་ཀྱང་བཅུ་གཅིག་གམ། ཉེར་གཅིག་ཚུན་ལ་འགྲུབ་བོ། །བྱང་བའི་ཚད་ནི། མགོ་དང་རོ་སྟོད་མི་བདེ་བ་དང་། སྤྱི་བོ་ཚ་ཞིང་འཕྲིག་པ་དང་། དངོས་སུ་ཚངས་པའི་བུ་ག་ལས་ཁྲག་དང་ཆུ་སེར་ཐོན་པ་སོགས་བྱུང་ན། ལས་སྦྱོར་ནུས་པའི་ཚད་ནི། ལག་མཐིལ་པུས་མོ་ལ་ལན་གསུམ་བསྐོར། དེ་ནས་སེ་གོལ་ལན་གཅིག་གཏོགས། སུམ་ཅུ་བདུན་ཅུ་བརྒྱ་རྩ་བརྒྱད། ཐ་མ་འབྲིང་དང་རབ་ཀྱི་ཚད། དེ་ལྟར་ཚད་ལ་ཕབ་ནས། མན་ངག་མ་བརྗེད་པ་ལས་གནས་པར་རུང་བ་ཉིད་དོ། །ནམ་
ཞིག་འཆི་བའི་དུས་ལ་བབ་པའི་ཚེ། ནད་དྲག་པོས་ནི་ཟིན། སྨན་དང་རིམ་གྲོས་ནི་བོར། ཐིམ་སྡུད་ཀྱི་རྟགས་རྣམས་གསལ་པོར་མཐོང་བ་ན། འདི་ལྟར་བསམ་པར་བྱ་སྟེ། ཨེ་མ་བདག་གིས་ཐོག་མ་མེད་པ་ནས་ལུས་གྲངས་མེད་པ་བླངས་ཤིང་། བོར་དུ་ཟིན་ཀྱང་དོན་མེད་འབའ་ཞིག་ཏུ་གྱུར། ད་ནི་དངོས་ཀྱི་ལུས་འདི་བོར་བའི་དུས་ལ་བབ་སྟེ་སྔོན་བླ་མ་དམ་པས་ཉེ་བར་གནང་། མན་ངག་ཟབ་མོ་བདག་གིས་བསྒོམས་བསྒོམས་པ་ཚགས་སུ་ཚུད་པ་ཡོད་དེ། འདིས་བདག་གི་འཆི་བ་དོན་དང་ལྡན་པར་བྱའོ། །རབ་ཏུ་ན་འཆི་བ་འོད་གསལ་ཆོས་ཀྱི་སྐུར་རྟོགས་པའམ། གཞན་དུ་ན་ཡང་། རང་ཉིད་གར་འདོད་པའི་གནས་སུ་སྐད་ཅིག་སྐད་ཅིག་གིས་འཇུག་པར་ནུས་ཏེ། དེ་བས་ན་དགའ་བ་དང་སྤྲོ་བ་ཚད་མེད་པ་དང་ལྡན་པར་བྱས་ལ་སེམས་ཀྱི་གཟེངས་བསྟོད་དོ། །ཚེ་འདིའི་བྱ་བ་བཟང་ངན་འབྲིང་གསུམ་གང་ལ་ཡང་མི་ཆགས་པར་བྱས་ལ། དངོས་པོ་གང་ཡོད་སྤོང་དག་བྱེད་པ་མན་ངག་གོ །དེ་ནས་རྩ་བའི་བླ་མ་
དངོས་སུ་བཞུགས་ན་ལེགས། སྤྱན་དྲངས་ཏེ་མན་ངག་གི་གསལ་འདེབས་ཞུ། གལ་ཏེ་མི་བཞུགས་ན། ཞབས་རྗེས་སོགས་ཀྱི་དྲུང་དུ་མཆོད་པ་བཤམས་ལ། བླ་མ་དམ་པ་རྗེས་སུ་དྲན་པའི་སྒོ་ནས་ཉེས་ལྟུང་བཤགས་སྡོམ་བྱ། སྡོམ་པ་དམ་ཚིག་པའོ། །དེ་ནས་དུས་ལ་བབ་ན་འཕོ་བར་བྱ་སྟེ། དུས་མིན་ལྷ་རྣམས་གསོད་པར་བྱེད། །ཅེས་བཤད་པས། ངེས་པར་འཆི་རྟགས་རྫོགས་ནས། སྔར་བཤད་པའི་བུམ་རླུང་གིས་སྦྱོར་བ་ཁམས་ཀྱིས་མ་ནུས་ན། མོས་པ་གསལ་གདབ་ཅིང་དེ་དང་ལྷན་ཅིག་སྔར་སྦྱངས་པའི་དུས་ཀྱི་དམིགས་པ་ཡང་དྲན་པར་བྱའོ། །འཕོ་བ་ཉིད་ཀྱི་ཚེ། ལུས་དཀྱིལ་ཀྲུང་ངམ། ཙོག་པུའམ། སེང་གེའི་ཉལ་ཐབས་གང་ཡང་རུང་བ་དང་ལྡན་པས། རང་ལུས་ཡི་དམ་སྟོང་ར་དབུ་མ་དེ་ཉིད་གསུམ་དང་ལྡན་པ། སྤྱི་བོར་བླ་མ་རྣམས་གསལ་བར་ཡིད་ལ་བཀོད་དེ། ལུས་ཀྱི་ཁམས་དམར་ཆའི་རིགས་ཅི་སྙེད་པ་ལྟེ་བའི་ཨ་ལ་བསྡུ། དེ་བཞིན་དུ་ཁམས་དཀར་ཆའི་རིགས་ཅི་སྙེད་པ་མགྲིན་པའི་ༀ་
ལ་བསྡུ། རླུང་དང་རྣམ་པར་ཤེས་པའི་རིགས་ཇི་སྙེད་པ་ཐམས་ཅད་སྙིང་ཁའི་ཧཱུྃ་ལ་བསྡུ་སྟེ། གསུམ་པོ་གཅིག་ཏུ་གྱུར་པའི་བླ་མའི་ཐུགས་ཀར་བསྲེ་སྟེ་འཕོ་བར་བྱའོ། །བླ་མའི་སྐུ་དམིགས་མེད་དུ་བཞག་པའམ། སངས་རྒྱས་ཀྱི་ཞིང་གང་འདོད་དུ་གཤེགས་པའི་བཀོད་པ་རྒྱ་ཆེན་པོ་ཡིད་ལ་བྱ་བའམ། བླ་མའི་ཐུགས་ཀ་འབའ་ཞིག་ལ་ཡིད་ཡོངས་སུ་གཏད་དེ། འདི་དག་ནི་རང་གི་མོས་སྐལ་དང་སྦྱར་ལ་ཅི་རིགས་སུ་བྱའོ། །དེ་ལྟར་འདི་ནི་འཕོ་བ་རྣམས་ཀྱི་མཆོག་སྟེ། རྗེ་དུས་གསུམ་མཁྱེན་པའི་གསུང་ལས། ཡི་གེ་ལ་འཕོ་བ་སྤྲུལ་སྐུར་འཕོ་བ། བླ་མ་ཡི་དམ་དབྱེར་མེད་པ་ལ་འཕོ་བ་ལོངས་སྐུ། ནམ་མཁའ་ལ་ཡལ་བ་ཆོས་སྐུ་ལ་འཕོ་བའོ། །ཞེས་པ་ལྟར། ཡི་གེ་གསུམ་དུ་ཆོས་ཐམས་ཅད་བསྡུས་པ་དེ་ཉིད་ལམ་དུ་བྱེད་པ་དང་། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དེ་ཉིད་གསུམ་དང་། སྐུ་གསུམ་དུ་ཡང་གྲུབ་པའི་ཕྱིར་འཕོ་བའི་དམིགས་པ་རྣམས་ཀྱི་རབ་ཕུལ་དམ་པར་གྱུར་པའོ། །བར་དུ་གཅོད་པའི་རྐྱེན་མཚམས་
སྦྱོར་ངན་པ་རྣམས་ཅུང་ཟད་ཀྱང་མེད་པ་ལ་བསླབ་པ་ནི། སྤྱིར་ཡང་ཟབ་མོ་སྔགས་ལ་ལམ་དུ་བྱེད་པའི་རྣལ་འབྱོར་པ་རྣམས་རབ་འཆི་བ་མེད་པ་དང་། འབྲིང་རི་དྭགས་ཀྱི་རྒྱལ་པོ་ལྟར་གང་དུ་ཤི་བ་གཞན་གྱི་མི་ཤེས་པ་དང་། ཐ་མ་གྲོགས་ཆོས་ལྡན་དང་བཅས་ཏེ་འགྲོགས་པ་འཆི་ཚུལ་རྣམ་པ་གསུམ་གྱི་འདིར་ནི་སྙིགས་མའི་དབང་གིས་ཐ་མར་གྱུར་པ་ཤས་ཆེ་བས་དེ་གཙོར་བཟུང་སྟེ། དེ་ལ་ཡང་མཚམས་སྦྱོར་ངན་པ་གྱུར་པའམ་རྐྱེན་གང་ཡང་རུང་། ཞིབ་ཏུ་བརྟགས་ནས་རབ་ཏུ་སྤང་བ་ཤིན་ཏུ་གལ་ཆེ་བར་གསུངས་ཏེ། གང་ཕྱི་མ་སྐྱེ་གནས་མཆོག་ཏུ་བཟང་པོ་འཐོབ་པར་འགྱུར་བ་དག་ཅིག་ཡིན་ནའང་། མཚམས་སྦྱོར་ངན་པ་ཅུང་ཟད་ཅིག་གིས་ངན་སོང་གི་གནས་སུ་ཤིན་ཏུ་དམའ་བ་རྣམས་སུ་འཕེན་པ་དང་། གང་མི་དགེ་བའི་ལས་ཤིན་ཏུ་རྩུབ་མོ་དང་ལྡན་པ་དག་ཀྱང་སྲིད་པ་འཕོ་བའི་ཚེ། མཚམས་སྦྱོར་ཅུང་ཟད་དང་ལྡན་པས་སྐྱེ་བ་མཆོག་ཏུ་གྱུར་པ་ལ་དབང་བྱེད་པར་གསུངས་པའི་ཕྱིར། འཆི་
ཁའི་མཚམས་སྦྱོར་བཟང་ངན་ཤིན་ཏུ་གལ་ཆེ་བར་གནས་པས་ཆེས་ཤིན་ཏུ་སྒྲིམ་པར་བྱའོ། །ཞེས་འཛམ་གླིང་ཆོས་ཀྱི་གྲགས་པའི་གསུང་ལས་བྱུང་ངོ། །ཀྱེ་མ་ད་ལྟར་གྱི་རྒྱལ་སྲས་རྣམས། །ཐུགས་རྗེའི་རྣམ་ཐར་རྒྱ་མཚོ་ཡིས། །སྣ་ཚོགས་ཐབས་ཀྱིས་གདུལ་བྱ་འདྲེན། །ཟབ་མོ་གནད་ཀྱི་ཆོས་དྲུག་འདི། །རྒྱུད་སྡེ་རྒྱ་མཚོའི་སྙིང་པོ་ཡིན། །སྔོན་བྱོན་གྲུབ་ཐོབ་དུ་མ་ཡིས། །གནད་དུ་བསྣུན་ཅིང་ཐུགས་ཉམས་བཞེས། །གསེར་ཞུན་ལྟ་བུའི་གདམས་པ་ཡིན། །སླད་ཀྱི་སྐལ་ལྡན་བསྒྲུབ་མཛད་ཀུན། །ཐོག་མར་བྱང་ཆུབ་སེམས་བསྐྱེད་དང་། །དབང་གིས་རང་རྒྱུད་སྨིན་བྱས་ནས། །འཇིག་རྟེན་འཁྲི་བ་རྩད་བཅད་དེ། །བརྩོན་འགྲུས་ལྡན་པས་ཉམས་སུ་ལོངས། །ཐབས་ཀྱི་རིམ་པ་དཔག་མེད་ཀྱང་། །འདི་ལས་ལྷག་པ་གཞན་ན་མེད། །རྩ་བའི་གདམས་ངག་རྣམ་བཞི་ཡིས། །གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། གནས་སྐབས་བཞི་ཡི་འཁྲུལ་པ་སེལ། །སྐུ་བཞི་རང་ལ་རྟོགས་པར་ངེས། །ཕྱག་ཆེན་ལྷན་ཅིག་སྐྱེས་
སྦྱོར་གྱིས། །ཐབས་དང་ལམ་གྱི་ཞེན་པ་ཐོངས། །ད་ལྟར་འབྲས་བུ་མ་ཐོབ་ན། །ཡན་ལག་གཉིས་ཀྱིས་ཉིང་མཚམས་སྦྱོར། །བར་དོ། འཕོ་བ། ལུས་ངག་ཡིད་གསུམ་གཞན་དོན་དུ། །སྔོས་ལ་སྨོན་ལམ་དག་པ་ཐོབས། །ཚེ་འདིར་ཡོན་ཏན་ཐོབ་པར་ངེས། །འདི་བྱས་དགེ་བས་སེམས་ཅན་ཀུན། །འཁྲུལ་པའི་དྲི་མ་དག་གྱུར་ཅིག །གདམས་ངག་ཆོས་དྲུག་ཉམས་སུ་བླངས་བྱ་འདི། རྒྱུད་པ་གཞན་གྱི་མི་ཤེས་པར་འདུག་པས། རྗེས་འཇུག་འགའ་ལ་ཕན་སྙམ་ནས། སྒོམ་ཆེན་རང་བྱུང་རྡོ་རྗེས་བྲིས་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །།མཉམ་མེད་དྭགས་པོ་རིན་པོ་ཆེའི་གསུང་ལས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལ་ལོངས་སྤྱོད་པས། ངན་སོང་གསུམ་དུ་གོལ་བར་འགྱུར་བས་དེའི་གཉེན་པོར་ནཱ་རོ་པ་ཆེན་པོའི་ཆོས་དྲུག་ཉམས་སུ་མྱོང་བས། འདོད་ཆགས་བདེ་བར་བསྒྱུར། ཞེ་སྡང་འོད་གསལ་དུ་བསྒྱུར། གཏི་མུག་མི་རྟོག་པར་བསྒྱུར། དེ་གསུམ་ལ་ཆགས་ན་
ཁམས་གསུམ་དུ་སྐྱེ་བར་བཤད་པས་མ་ཆགས་པར་ཡང་དང་ཡང་དུ་ཉམས་སུ་ལེན་པ་ལ་བརྟེན་ན་འབྲས་བུ་སྐུ་གསུམ་འཐོབ། དེས་ན་བདེ་བས་ལོངས་སྐུ། གསལ་བས་སྤྲུལ་སྐུ། མི་རྟོག་པས་ཆོས་ཀྱི་སྐུ་འཐོབ་བོ། །ཞེས་གསུངས། རིན་པོ་ཆེ་ཀརྨ་པཀྵིའི་གསུང་ལས། བདེ་གསལ་མི་རྟོག་པའི་རོ་ལ་ཆགས་ན་མཐར་ཐུག་འབྲས་བུ་མ་ཡིན་ནོ། །དེའི་ཕྱིར་ན་ལྷན་ཅིག་སྐྱེས་པའི་སེམས་མ་རྟོགས་ཀྱི་བར་དུ་རྣལ་འབྱོར་ཆེན་པོ་བླ་ན་མེད་པའི་ཕ་རྒྱུད་མ་རྒྱུད་རྣམས་འཆད་པ་དང་། བསྒོམ་པ་རྣམས་སྲིད་པ་བར་དོའི་གནས་སུ་ལྷུང་དོགས་ཡོད་པར་གདའ་འོ། །དེའི་ཕྱིར་ན་བདེ་སྟོང་དབྱེར་མེད། གསལ་སྟོང་དབྱེར་མེད། རིག་སྟོང་དབྱེར་མེད། སྣང་སྟོང་དབྱེར་མེད། གྲག་སྟོང་དབྱེར་མེད། དབྱེར་མེད་ལྔ་ལ་མ་ཆགས་མ་ཞེན་ཅིང་། རྒྱུ་ལམ་གཉིས་ལ་འབྲས་བུར་མི་འཛིན་པས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་རྟོགས་ཤིང་། གོམས་རྩལ་རྫོགས་ན་རྡོ་རྗེ་འཆང་རང་ཡིན་པའི་ཕྱིར། ཆོས་
དྲུག་ཆེན་མོ་ལས། དེ་ལྟར་ཆོས་རྣམ་པ་དྲུག་པོ་རེ་རེར་བཞིན་བསྒོམས་པས། ཉམས་ཀྱི་ཡོན་ཏན་རྫོགས་པར་འགྱུར་བ་དང་། རིམ་གྱིས་བསྒོམ་པས་སྐལ་བ་དང་ལྡན་ན་རྣམ་པ་གཅིག་སྟེ། དེ་ཡང་སྔ་མ་སྔ་མ་གྲུབ་པ་ན་ཕྱི་མ་ཕྱི་མ་བསྒོམ་པའམ། གོ་རིམ་མེད་པར་གང་ལ་མོས་པ་ཐོད་བརྒལ་དུ་བསྒོམ་པ་ཡང་རུང་བ་ཡིན་ནོ། །འོན་ཏེ་རེ་རེ་ནས་ཚང་བ་བསྒོམ་པའི་སྐལ་བ་དང་མི་ལྡན་པ་དག་གིས་ཀྱང་ཆོས་གང་ཡང་རུང་བ་གཉིས་སམ། གསུམ་སོགས་ཅི་རིགས་སུ་བསྒོམས་པས་འགྲུབ་བོ། །འདི་ནི་རྒྱལ་པོའི་བང་མཛོད་ཁ་ཕྱེ་སྟེ། སྦྱིན་པའི་ཁང་པ་མངོན་པར་བཀོད་པ་བཞིན། གང་དང་གང་འདོད་པ་དེ་དང་དེས་རེ་བ་རབ་ཏུ་སྐོང་བར་བྱེད་པའོ། །ཡང་དག་ཟབ་མོའི་ངེས་ཤེས་དང་ལྡན་པས་བསྡུས་ཏེ་ལམ་དུ་བྱ་བར་འདོད་ན། དག་པ་སྣང་བརྙན་གྱི་དབུས་རྩ་གསུམ་འཁོར་ལོ་བཞི། ཨ་ཧཾ་དང་བཅས་པ་གསལ་བས་སྦྱོར་གཞིའི་རླུང་དང་འཕྲུལ་འཁོར་བསྒྲུབ་སྟེ། ཉམས་སུ་མྱོང་བ་བསྐྱེད་ནས། དེ་ཡང་སྒྱུ་མ་
དངོས་སུ་བལྟ་བ་དང་། འདི་ནི་རྨི་ལམ་ཉིད་དོ་ཞེས་དྲན་ཞིང་གསལ་བ་བདེ་སྟོང་དབྱེར་མེད་པའི་དོན་འོད་གསལ་དུ་ངེས་པས་བར་དོའི་ཡེ་ཤེས་ངོས་བཟུང་ལ། རིག་པ་འོག་མིན་དུ་འཕངས་པའི་དམིགས་སྦྱོར་ཡུད་ཙམ་བསྒོམ་མོ། །དགེ་བ་བསྔོ། ཐུན་མཚམས་ཉམས་སུ་བླང་བའི་གནད་ཀྱི་ལམ་སྦྱོང་སྟེ། དེ་ལྟར་ན་ཐུན་གཅིག་གི་ནང་དུ་ཡང་ཆོས་དྲུག་པོ་མཐའ་དག་བསྒོམ་དུ་རུང་བ་ཡིན་ནོ། །འདི་ནི་ཙཎྜ་ལི་གཞིར་བྱེད་པའི་བསྒོམ་ཚུལ་ཡིན་ལ། སྒྱུ་ལུས་གཞིར་བྱས་ཏེ་བསྒོམ་པ་ཡང་ཚུལ་དེ་ལྟ་བུར་ཤེས་པར་བྱའོ། །དེ་ལྟར་གཞི་དང་ལམ་དང་འབྲས་བུ་ཇི་སྙེད་པ་ཆོས་རྣམ་པ་དྲུག་ཏུ་ཉེ་བར་བསྡུས་པ་འདི་ནི་རྩ་བ་བཞི་དང་། ཡན་ལག་གཉིས་སུ་བཀོད་པ་གདུལ་བྱ་འདྲེན་པའི་ཐབས་སུ་རྗེ་བཙུན་གོང་མའི་གསུང་སྒྲོས་ཞལ་བརྙན་ཐུགས་སུ་བརྒྱུད་པ་ཟམ་མ་ཆད་པའོ། ། ད་ནི་རྗེས་ཉམས་སྐྱོང་བ་ཞེས་པ་ནི། དཔལ་ནཱ་རོ་པའི་ཞལ་ནས། རྨི་ལམ་དུས་ཀྱི་སྣང་ཚུལ་དེ། །སྐྱེས་པ་རྨིས་ན་ཕོ་འདྲེར་གཟུང་། །བུད་
མེད་རྨིས་ན་མོ་འདྲེར་གཟུང་། །དགའ་བ་རྨིས་ན་སེམས་འཕང་མཐོ། །ངན་པ་རྨིས་ན་སྙིང་མི་དགའ། །འདྲེ་རང་སེམས་རྩ་བར་མ་ཤེས་ན། །རྣམ་རྟོག་གི་འདྲེ་ལ་ཟད་པ་མེད། །སྤྱིར་ཕྱི་ནང་གི་ཆོས་ལ་ཐོས་པ་དགོས། །གོ་བས་མཐའ་གཉིས་སྤངས་པ་ཡིན། །ཡིན་མིན་གྱི་སྒྲོ་འདོགས་ཆོད་ཙམ་ན། །གོལ་བས་མི་འཇིགས་གདེང་ཞིག་ཡོད། །གོལ་ས་མེད་པ་དབུ་མའི་ལམ། །ལམ་དེ་སྐྱེ་འགག་ག་ལ་ཡོད། །ཅེས་གསུངས་པས། །དགའ་གདུང་ཆགས་སྡང་ཅི་བྱུང་ཡང་བདེ་བ་ལ་མི་ཞེན། གསལ་བ་ལ་མཚན་མར་མི་འཛིན། མི་རྟོག་པ་ཆེད་དུ་མི་བསྒྲུབ། ཉམས་ངན་པ་བྱུང་ཡང་མི་སྤང་། བཟང་པོ་བྱུང་ཡང་མི་ཞེན། མདོར་ན་ཉམས་སྣང་བཟང་ངན་གང་བྱུང་ཡང་། བླང་དོར་མི་བྱེད་པར་ཐུག་འཕྲད་ཀྱི་སྣང་བ་ལམ་དུ་ཁྱེར་བ་ཡིན་ནོ། ། དེ་ལྟར་ནཱ་རོ་པ་ཆེན་པོའི་ཆོས་དྲུག་གི་མན་ངག་འདི་ནི་དབུ་སེ་དྲུང་པ་སོགས་བཀའ་བརྒྱུད་ལ་གུས་པ་འགའ་ཞིག་གིས་བསྐུལ་བ་དང་། བདག་ལྟ་བུའི་གང་ཟག་བློ་གྲོས་
དམན་པ་འགའ་ཙམ་ལའང་ཕན་པར་འགྱུར་སྙམ་ནས། ཐམས་ཅད་མཁྱེན་པ་རང་བྱུང་རྡོ་རྗེའི་ཁྲིད་གཞུང་ལས་ཅུང་ཟད་མི་གསལ་བ་རྣམས་དྲིན་ཆེན་ཆོས་ཀྱི་རྗེ་མཐོང་བ་དོན་ལྡན་གྱི་གསུང་གི་བདུད་རྩེ་ཆ་ཙམ་མྱོང་བ་ལ་བརྟེན་ནས། བཀའ་བརྒྱུད་གོང་མ་རྣམས་ཀྱིས་གསུང་སྒྲོས་གསལ་ཞིང་གོ་བདེ་བ་ལྷན་ཐབས་སུ་བསྒྲིགས་པ་འདི། བདག་དཔལ་འབྱོར་དོན་འགྲུབ་ལ་སོགས་པའི་སེམས་ཅན་ཐམས་ཅད་རྡོ་རྗེ་ཐེག་པའི་ལམ་མཆོག་རྙེད་ནས་ཞུགས་ཏེ། ཉམས་པར་གྱུར་པའི་ཉོན་མོངས་པའི་འཆིང་བ་མཐའ་དག་ལས་གྲོལ་ནས་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུ་རུ་གྱུར་ཅིག །འདི་ནི་མན་ངག་ཐམས་ཅད་ཀྱི་རྒྱལ་པོ། རྒྱུད་སྡེ་བཞིའི་རྩ་བ། མ་རྒྱུད་ཀྱི་སྙིང་པོ། བསྐྱེད་རིམ་ལྷན་ཅིག་སྐྱེས་མ། རྫོགས་རིམ་རླུང་སེམས་གཉིས་མེད་གསལ་བར་སྟོན་པ། དཔལ་ནཱ་རོ་པའི་ཆོས་དྲུག་གི་ཉམས་ལེན་གསལ་བའི་སྒྲོན་མེ་ཞེས་བྱ་བ་འདི་ནི། ཉམས་དགའ་ཞིང་ཡིད་དུ་འོང་བ། བཀའ་བརྒྱུད་བླ་མ་ཡི་
དམ་མཁའ་འགྲོས་བྱིན་གྱིས་བརླབས་ཤིང་བཞུགས་པའི་གནས་དེར་བྲིས་པའོ། །
མགོན་པོ་བེར་ནག་ཅན་གྱི་བསྙེན་པའི་ཟིན་བྲིས།
མགོན་པོ་བེར་ནག་ཅན་གྱི་བསྙེན་པའི་ཟིན་བྲིས་བཞུགས་སོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །
རྡོ་རྗེ་འཆང་སོགས་རྒྱུད་པ་ཡི། །བླ་མ་རྣམས་ལ་གུས་པས་འདུད། །སངས་རྒྱས་བཀའ་སྲུང་ཐུགས་དམ་ཅན། །བེར་ནག་ཅན་སོགས་རྣམས་ལ་བསྟོད། །བསྟན་དང་དེ་འཛིན་བཤེས་གཉེན་རྣམས། །འདུ་འབྲལ་མེད་པར་སྐྱོང་བར་མཛོད། །དེ་ལྟར་མཛད་ལ་སྒྲུབ་ཅེས་པས། །དེ་མཐོང་མདོར་བསྡུས་ཙམ་དུ་བྲི། །དེ་ལ་བཀའ་བསྲུང་མི་བཀྱོན་ཞིང༌། །དགྱེས་པ་ཆེན་པོར་གནང་བ་མཛོད། །དེ་ལའང་སློབ་དཔོན་ཆེན་པོ་ཌོཾ་བྷི་པ་ནས་རིམ་པར་རྒྱུད་པའི། ཆོས་སྐྱོང་བེར་ནག་ཅན་འདི་ལ་དོན་གསུམ་སྟེ། རྟེན། བསྙེན་པ། ལས་སྦྱོར་རོ། །དང་པོ་ནི་ཀརྨ་པཀྵིས་མཛད་པའི་ལོ་རྒྱུས་དང༌།
རང་བྱུང་རྡོ་རྗེའི་ཕྱི་ནང་གསང་གསུམ་གྱི་རྟེན། རྟེན་གཏོར། གཏའ་གཏོར་ལ་སོགས་པ་རྣམས་ཤོག་དྲིལ་དང་ལག་ལེན་དུ་གསལ། བསྙེན་པ་ལ་བཞི་སྟེ། གྲངས། དུས། རྟགས། མན་ངག་གོ། །གྲངས་འབུམ་ཕྲག་གཅིག །དུས་ཟླ་བ་གཅིག །རྟགས་ཕོ་རོག་ཅན་གྱི་བརྒྱན་ཅན་ལ་སོགས་པ་རྣམས་རྟགས་ཀྱི་ཤོག་དྲིལ་དུ་གསལ། མན་ངག་ལ་གཉིས་སྟེ། དངོས་གཞི་དང༌། ཆ་ལག་གོ །དང་པོ་ལ་དགུ་སྟེ། སྐུ་སྐྱེད་པའི་བཟླས་པ། སྤྱན་འདྲེན། དམ་བཞག ས་བོན། ཕྱག་མཚན། འཁོར་ལོ། ཡེ་ཤེས། ལྷ་སྐུ། རླུང་སྒྲུབ་བོ། །དང་པོ་ནི། རང་ཡི་དམ་གང་རུང་དུ་གསལ་བའི་མདུན་དུ། བྲག་སྟེང་གྲུ་གསུམ་
མཐིང་ནག་རྡོ་རྗེ་ཕ་ལམ་ལས་གྲུབ་པ་རྒྱ་ཆེ་བར་སྒོམས། དེ་བཞི་རིམ་པ་ལྟར་གྲུ་གསུམ་མཐིང་ནག་གི་གཞལ་ཡས་ཁང༌། ལོགས་གསུམ་དུ་སྒོ། ནང་དུ་ལྷ་ཆེན་བརྒྱད་ཀྱི་ཀ་བ། ཀླུ་ཆེན་བརྒྱད་ཀྱི་གདུང་མ། གཟའ་ཆེན་བརྒྱད་ཀྱི་གདུང་ཕྲན་བྱས་པ། མིའི་རྐང་པ་དང་རྩིག་མས་གྲལ་གྲབ་བྱས་པ། མི་ཤ་དང་མི་ཁྲག་ནག་ལེབ་ཕུབ་པ། དེའི་རྒྱབ་ཏུ་ཕྱེད་ཕྱིན་ལ་རལ་གྲི་དང༌། མདུང་ལ་སོགས་པའི་སྤུ་སྐྱེས་པ། ཕྱེད་ཡན་ལ་ཐོད་པ་དཀར་པོའི་དྲ་བས་གཡོགས་པ། ཟུར་གསུམ་དུ་སྦྲུལ་ནག་ཐུར་དུ་རྒྱུག་པ་གསུམ་ཡོད་པ། གཅན་གཟན་གདུག་པས་ང་རོ་སྒྲོག་པ། མི་དང་མི་མ་ཡིན་པས་མཐོང་ན་སྙིང་འགས་པ། བསྐལ་པའི་མེ་དཔུང་སྨུག་ནག་འུར་སྒྲ་ཚག་སྒྲ་དང་བཅས་པས་ཕྱོགས་མེད་དུ་འབར་བ། ནང་དམར་ལ་འོད་དང་བཅས་པ། ཕྱི་ནག་ལ་རྩུབ་པ་དེའི་དབུས་སུ་པདྨ་ནག་པོ་འདབ་མ་བཅུ་པའི་གདན་ཟེའུ་འབྲུའི་སྟེང་དུ། ཉི་མ་རོའི་སྟེང་དུ་ཧཱུྃ་སྤྲོ་བསྡུ་ལས་གྲི་གུག་གི་ཆོས་སྐྱོང་ཞལ་གཅིག་ཕྱག་གཉིས་སྤྱན་
གསུམ་པ་ཁ་དོག་ནག་པོ་ཚེམས་དང་མཆེ་བ་ལ་ཁྲག་གིས་གོས་པ། རུས་རྒྱན། སྟག་ལྤགས། དེའི་སྟེང་དུ་ཤ་འགག་དཀར་པོ། དེའི་སྟེང་དུ་འཇོལ་བེར་ལྗང་ནག་བཞི་བརྩེགས་གསོལ་བ། དེའི་སྟེང་དུ་བེར་མཐིང་ནག་གསེར་གྱི་གཡུང་དྲུང་འཁྱིལ་བས་བརྒྱན་པ་ལྔ་བརྩེགས་གསོལ་བ། སུལ་བར་རྣམས་སུ་གཡུང་དྲུང་དང༌། ནོར་བུ། དགའ་འཁྱིལ། མཚོན་ཆའི་ཆར། དེ་བཞིན་དུ་འཁོར་རྣམས་ཀྱང་རིམ་པ་བཞིན་མ་གསལ་གྱི་བར་དུ་བསྒོམ་ཞིང༌། ཆོས་སྐྱོང་གི་ཐུགས་ཀ་ཉི་མ་ལ་ཧཱུྃ་འོད་ཟེར་འཕྲོ་བ་སྒོམ་ཞིང་སྔགས་མང་དུ་འདོན། གཉིས་པ་སྤྱན་འདྲེན་ནི། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་གྱེན་དུ་སྤྲོས་པས། ཆོས་ཀྱི་དབྱིངས་དང༌། ནམ་མཁའི་དབྱིངས་དང༌། རི་རབ་དང༌། བྱང་དང་། བྱང་ཤར་ནས་ཡེ་ཤེས་ཀྱི་མགོན་པོ་སྐུའི་མགོན་པོ་དཀར་པོ། གསུང་གི་མགོན་པོ་དམར་པོ། ཐུགས་ཀྱི་མགོན་པོ་སྔོན་པོ་རྣམས་མཚོ་ལ་ཁ་བ་བབས་པ་བཞིན་དུ་དཔག་ཏུ་མེད་པ་མདུན་སྐྱེད་ལ་
སིབ་སིབ་ཐིམ་པར་བསམ། བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་སྩོལ་བར་བསམ། རང་ཁྲོ་བོ་རྡོ་རྗེ་ལྟ་བུའམ་ཕྱག་ན་རྡོ་རྗེ་ལྟ་བུའམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལྟ་བུ་ཡིན་ཡིན་ན་ཐུགས་ཀ་ནས། འོད་ཟེར་ཞགས་སྡང་ལྟ་བུ་འཕྲོས་ནས་མགོན་པོའི་ཐུགས་ཀར་ཧཱུྃ་ལས་བྱུང་བར་བསམ་ལ། སྤྱི་བོར་ཐོད་རློན་ཕྱག་རྒྱ་བཞག་པར་བསྒོམ། མགོན་པོའི་ཞལ་ནས་བཅོམ་ལྡན་འདས་མ་ཁྱོད་ཀྱི་ལས་ཅི་བགྱིས་པ་བདག་ལ་སྩལ་དུ་གསོལ། ཞེས་གསུངས་པ་དང་ཡེ་ཤེས་པ་དང༌། འཇིག་རྟེན་དང༌། ལས་ཀྱི་མགོན་པོ་རྣམས་ཆེ་བ་རི་རབ་ཙམ། ཆུང་བ་ཡུང་འབྲུ་ཙམ་ཆར་བཞིན་དུ་བབས་ནས་མདུན་གྱི་དམ་ཚིག་སེམས་དཔའ་ལ་ཐིམ་པར་སྒོམ་ཞིང༌། ཚིགས་བཅད་དང་སྤྱན་འདྲེན་གྱི་སྔགས་མང་དུ་འདོན་ནོ། །གསུམ་པ་དམ་བཞག་གི་དམིགས་པ་ནི། ཁ་བྱང་ལས། ད་ནི་བསྙེན་པ་བྱེད་པའི་དུས། བཀའ་བསྒོའི་ཤོག་དྲིལ་བདོག་ལགས། ཅེས་གསུངས་པས། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་
བོན་ལས། འོད་ཟེར་སྔོ་དམར་ཞགས་པ་ལྟ་བུ་སྤྲོས། མགོན་པོའི་ཐུགས་ཀའི་ཧཱུྃ་ལས་འཁྱུད་པས་ཧཱུྃ་དང་མགོན་པོ་འཁོར་བཅས་འདར་ནས་སྔོན་གྱི་དམ་བཅའ་ཐམས་ཅད་དྲན་ནས། ཕྲིན་ལས་གང་བཅོལ་སྒྲུབ་སྟེ་བདག་ཅག་དཔོན་སློབ་གྱི་འགལ་རྐྱེན་ཟློགས། མཐུན་རྐྱེན་སྒྲུབས། ཚེ་དང་བསོད་ནམས་རྒྱས་པར་གྱིས། ཁམས་གསུམ་དབང་དུ་བསྡུས། སངས་རྒྱས་ཀྱི་བསྟན་པ་སྲུངས། དགྲ་བགེགས་ཐུལ་ཅེས་བཀའ་སྒོ་བས། མགོན་པོ་འཁོར་བཅས་ཀྱིས་བཅོལ་བའི་ལས་ཐམས་ཅད་སྒྲུབ་ཅེས་གསུང་ལྷང་ལྷང་ཁས་བླང་བར་སྒོམ་ལ། དམ་བཞག་གི་ཚིགས་བཅད་དང་སྔགས་མང་དུ་འདོན། བཞི་པ་ས་བོན་ལ་དམིགས་པ་ནི། མགོན་པོའི་ཐུགས་ཀར་ཉི་དཀྱིལ་གྱི་ཧཱུྃ་ལང་ཐབས་སུ་གནས་པའི་མཐར། གཡས་བསྐོར་དུ་སྔགས་ཐུང་སོགས་བཞི་སྦྲེལ་གྱི་སྒོ་རེ་རེ་འཁོར་བས། སྔགས་ཀྱི་རང་སྒྲ་ལས་སྲིན་གཟུགས་ལ་སོགས་ཀྱི་བསྟོད་པའི་ཚུལ་དུ་བྱུང་ནས། མགོན་པོ་འཁོར་བཅས་དགྱེས་པར་
སྒོམས། ལྔ་པ་བྱོན་ལ་དམིགསས་པ་ནི། མགོན་པོའི་ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ། གྲི་གུག་སོ་གྱེན་དུ་བསྟན་པའི་ལྟེ་བར་ཧཱུྃ་གིས་མཐའ་བསྐོར་སྔགས་ཕྲེང་འཁོར་བ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས། ཡེ་ཤེས་དང༌། ལས་དང༌། འཇིག་རྟེན་གྱི་མགོན་པོ་སོགས་ཀྱི་མཐུ་ནུས་ཧཱུྃ་དང་གྲི་གུག་གི་རྣམ་པར་བསྡུས་ནས། མགོན་པོའི་ཐུགས་ཀར་བསྟིམ་པས་མཐུ་ནུས་ཤིན་ཏུ་རྒྱས་པར་སྒོམས། རང་གི་ཐུགས་ཀ་ནས་ཨརྣ་བའི་མགོན་པོའི་སྤྱི་སྒྲུབ་ཞེས་པའི་དོན་ཡང་འདི་ཡིན་ནོ། །དྲུག་པ་འཁོར་ལོ་ནི། མགོན་པོའི་སྙིང་དེ་གསེར་གྱི་དོང་ཚེ་སྟོང་པ་ལྟ་བུ་སྒོམས། རང་གི་ཐུགས་ཀ་ནས་སྔགས་འཕྲེང་དང་འོད་ཟེར་འཕྲོས་པས། དོང་ཚེ་སྟོང་པ་ལྟ་བུ་དེ་གང་བས་ཤིན་ཏུ་དགྱེས་པར་སྒོམས། བདུན་པ་ཡེ་ཤེས་ལ་དམིགས་པ་ནི། མགོན་པོའི་ཐུགས་ཀར་འཁོར་ལོ་རྩིབས་བཞི་པ་ཞི་བ་ལ་དཀར་པོ། རྒྱས་པ་ལ་སེར་པོ། དབང་ལ་དམར་པོ། མངོན་སྤྱོད་ལ་ནག་པོ་སྒོམ། འཁོར་ལོའི་སྟེང་དུ་དབུས་སུ་ཧཱུྃ། མདུན་དུ་ཧཱུྃ། གཡས་སུ་ཡ།
རྒྱབ་དུ་དུ། གཡོན་དུ་མ། ཡི་གེ་ལྔ་ལས་འོད་ཟེར་སྤྲོས་པས། འཇིག་རྟེན་གྱི་ཁམས་ཀྱི་ཚེ་དང་བསོད་ནམས་བཀུག་ནས་འཁོར་ལོ་གཡས་སུ་འཁོར་དབལ་ཁ་ལ་བསྟིམ་མོ། །ཡང་སྐབས་སུ་དབང་བསྡུད་གཙོར་བྱེད་ན། འོད་ཟེར་དམར་པོས་གང་དབང་དུ་བྱ་བའི་ཕོ་ཡི་སྙིང་ཀ །མོ་ཡི་གསང་གནས་ནས་བཀུག་ནས་འཁོར་ལོ་དམར་པོ་གཡོན་དུ་འཁོར་བའི་དབལ་དུ་ཁ་ལ་ཆགས་པའི་རྣམ་པས་བསྟིམ་མོ། །བརྒྱད་པ་ལྷ་སྐུ་ལ་དམིགས་པ་ནི། རང་བྱུང་བས་མཛད་པའི་བདག་སྒོམ་དུ། མདུན་བསྐྱེད་ལ་ཡང་དེ་བཞིན་དུ་སྒོམ་ལ། ཆར་བཞིན་དུ་བབས་པར་སྒོམ་པ་ཅེས་གསུངས་པ་ལྟར་བྱའོ། །མདུན་བསྐྱེད་ཀྱི་རྩ་དབུ་མར་སྲས་མཆོག །རོ་དམར་ལེགས་ལྡན། རྐྱང་དམར་ལྷ་མོ་ཞལ་གཅིག་ཕྱག་གཉིས་པ། གྲི་ཐོད་འཛིན་པ་རྒྱན་ཅན་སྒོམ། སྲས་མཆོག་ཐུགས་ཀར་གོང་གི་ཕྱག་ཚན་གྱི་སྐབས་ལྟར་འོད་ཟེར་གྱི་མགོན་པོ་དཔག་ཏུ་མེད་པ་བསྟིམ་སྤྱན་འདྲེན་གྱི་དམིགས་པ་ལྟར་བྱའོ། །དགུ་པ་རླུང་
སྒྲུབ་ནི། ཁ་བྱང་ལས། ཤིན་ཏུ་སྙིང་ཐག་ཉེ་བའི་ཐབས། །རྩ་རླུང་གདམས་པ་ཇི་ལྟར་བྱེད། །ཅེས་གསུངས་པས། རླུང་སྒྲུབ་ལ་ཡིག་སྣ་མང་ན་ཡང༌། གསང་བ་ལྷའི་བཀའ་སྡོད་ཡིན་པའི་ཕྱིར་ན་ཤོག་དྲིལ་ན་གསལ་ཞིང༌། གནད་ཆེ་བ་ནི། བདག་རྗེ་བཙུན་མར་སྒོམ་པའི་ལྟེ་བར་ཆོས་འབྱུང་དམར་པོའི་ནང་དུ། མགོན་པོ་སྲོག་གི་ངོ་བོ་ཧཱུྃ་མཐིང་ག་གཅིག་སྒོམ། མདུན་དུ་མགོན་པོ་འཁོར་བཅས་ཆོག་འགྲིག་ལྟར་རྒྱས་པར་སྒོམ། དེ་ནས་རླུང་བུས་པས། ཧཱུྃ་ཡིག་གྲངས་མེད་སྤྲོས་པས་མགོན་པོར་གྱུར་པ་དང༌། མདུན་བསྐྱེད་ཀྱི་སྤྲུལ་པ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཁེངས་པས་ཧ་ཧ་དང་ཧཱུྃ་གི་སྒྲ་སྒྲོག་ཅིང༌། གྲི་གུག་ལ་སོགས་པའི་མཚོན་ཆས། བསྟན་དགྲ་དང་གནོད་བྱེད་ཐམས་ཅད་བརྟུལ་ཞིང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱི་བྱིན་རླབས་བཀུག་ནས་རླུང་ནང་དུ་རྔུབ་པ་དང་བསྡོམས་ནས། ལྟེ་བའི་ཆོས་འབྱུང་ནང་གི་ཧཱུྃ་ཡིག་ལ་ཐིམ་པས། མགོན་པོ་ལུས་དང་གྲིབ་མ་ལྟར་མི་འབྲལ་
བར་བསྒོམ་སྟེ། དེ་ལྟ་བུའི་སྤྲོ་བསྡུ་ཡུན་རིང་དུ་སྒོམས། མཐར་ཐུན་བསྡུད་པ་གཞན་དང་འདྲའོ། །ཡང་རང་མགོན་པོ་བསྐྱེད། སྙིང་ཀར་ཧཱུྃ་ཡིག་སྒོམས། རླུང་གཞིལ་པ་དང༌། རླུང་རྔུབ་པའི་དམིགས་པ་གོང་དང་འདྲའོ། །དྲིན་ཅན་ཆོས་རྗེ་མཐོང་བ་དོན་ལྡན་གྱི་དྲུང་དུ། བདག་དཔལ་འབྱོར་དོན་འགྲུབ་ཀྱིས་ཞུས་པའི་ངོར། རྩ་རླུང་གི་གདམས་པ་སྙན་དུ་རྒྱུད་པ་ན། བདག་ཉིད་མགོན་པོ་སྒོམ་པ་གོང་དང་འདྲ། ཕྱི་སྣོད་འཇིག་རྟེན་གྱི་ཆོས་འབྱུང་ནི། །ཕྱི་དཀར་ནང་དམར་གཞལ་ཡས་ཁང༌། །བཅུད་ཀྱི་སེམས་ཅན་ནག་པོ་ཆེ། །ས་འོག་གནས་རྣམས་སྐུ་དང་ཨོཾ། །ས་སྟེང་གནས་རྣམས་གསུང་དང་ཨཱཿ། །ས་བླར་གྱུར་རྣམས་ཐུགས་དང་ཧཱུྃ། །དེ་ནས་རླུང་རྩོལ་བ་ནི། འབྱུང་རྔུབ་གནས་པ་ཧཱུྃ་ཨོཾ་ཨཱཿ། །ཡང་ན་ཧོར་ཤ་གྱུར་པར་མོས། །ཅེས་གསུངས་པ་ལྟར། མངོན་དུ་མ་གྱུར་གྱི་བར་དུ་ཉམས་སུ་བླང་ངོ་། །དེ་ནི་གཙོ་བོར་བསྟན་གྱིས། ཞོར་ལ་ཞི་བ་ལ་མགོན་པོ་དཀར་པོ། རྣམ་སྣང་གི་དབུ་བརྒྱན་
ཅན། རླུང་རྩོལ་སོགས་གོང་དང་འདྲ་ལ། རང་གཞན་གྱི་ནད་གདོན་ཞི་བར་སྒོམ་པ་དང༌། དེ་བཞིན་སེར་པོ་རིན་འབྱུང་གི་དབུ་བརྒྱན་ཅན། ཚེ་དང་བསོད་ནམས་རྒྱས་པར་སྒོམ་པ་དང༌། དམར་པོ་འོད་དཔག་མེད་ཀྱི་དབུ་བརྒྱན་ཅན། འགྲོ་བ་དབང་དུ་བསྡུད་པར་སྒོམ་པ་དང༌། ལྗང་གུ་དོན་འགྲུབ་གྱི་དབུ་བརྒྱན་ཅན། སེམས་ཅན་ཕྲག་དོག་ཞི་བ་དང༌། མཐིང་ཀ་མི་བསྐྱོད་པའི་དབུ་བརྒྱན་ཅན། བདག་དང་སེམས་ཅན་གྱི་ཞེ་སྡང་ཞི་བར་སྒོམ་པ་དང༌། སྣོད་བཅུད་དང་ས་འོག་སོགས་དང༌། རླུང་རྩོལ་སོགས་ཀྱི་དམིགས་པ་གོང་དང་འདྲའོ། །དེ་ནི་རྩ་རླུང་གིས་གདམས་པའི་ཟིན་བྲིས་ཐོ་ཙམ་མོ། ། ༈ བསྙེན་པའི་དམིགས་པ་འདི་རྣམས་དུས་གཅིག་ལ་དགོས་པ་མ་ཡིན་གྱི། རང་ཡི་དམ་གྱི་བསྙེན་རྒྱབ་ཆེ་ཆུང་དང༌། རྨི་རྟགས་སོགས་བསྟུན་ཞིང༌། གཙོ་བོ་གཡོ་མས་ཁམས་མཆུ་སྨྲ་བ་བཞིན་ཚོད་བླང་ཡིན་བྱ་སྟེ། སྤྱན་འདྲེན་དམ་བཞག་གཉིས་དམིགས་པ་ཐུན་འགོ་ཐམས་ཅད་ལ་བྱའོ། །དེ་བསྙེན་པའི་དམིགས་མཐོ་
ཙམ་ཡིན་ཞིང༌། སྔགས་ནི་ཁ་བྱང་ལས། བསྙེན་པའི་དུས་ཀྱི་བཞི་སྦྲེལ་དང་། །ཅེས་གསུངས་པས། སྔགས་ཐུང༌། སྤྱན་འདྲེན། ཧེར་ནི། གྷུ་ནྚ་ཧྲྀ་ཏ་ཧེར་ནི་དང་བཞིའོ། །གྲངས་ལ་སོགས་པ་གོང་དུ་གསལ་ལོ། །དེ་ཙམ་གྱི་སྟོད་ལས་བྱང་ཆུབ་བསྒྲུབ་པ་ཡང་ཟེར། རང་བཞིན་དབྱིངས་ཀྱི་བསྙེན་པ་ལ་ཡང་ཟེར། ལྷ་འཛབ་ཅེས་ཀྱང་ཟེར་བས། དེ་ཙམ་མིང་གི་རྣམ་གྲངས་ཡིན་ནོ། །ཁ་བྱང་ལས། ཕྱི་བསྙེན་ནང་བསྙེན་གསང་བསྙེན་གསུམ། །ཅེས་སོགས་གསུངས་པས། དམིགས་པ་རྣམས་གོང་དང་འདྲ་སྟེ། རང་ཡི་དམ་དང་མགོན་པོ་མཉམ་དུ་སྐྱེད་ཅིང༌། རང་གི་ལྟེ་བའི་ཐད་ཙམ་དུ་མགོན་པོའི་དབུ་སྐྲས་སླེབ་པ་ཙམ་གྱི་ཐོད་དམན་དུ་སྒོམས། ཤ་ས་ན་གཙོ་བོར་འདོན་པ་ཕྱིའི་བསྙེན་ནོ། །བདག་བསྐྱེད་ཚར་ནས་མདུན་བསྐྱེད་བྱེད་པ་མགོན་པོའི་དབུ་སྐྲ་ཡི་དམ་གྱི་སྙིང་ཀར་སླེབ་པར་སྒོམས། སྔགས་ཧེར་ནི་ལ་གཙོ་བོར་འདོན་པ་ནང་བསྙེན་ནོ། །བདག་མདུན་སྐྱེད་ཚུལ་ནང་བསྙེན་ལྟར་བྱའོ། །མགོན་
པོའི་དབུ་སྐྲས་ཡི་དམ་གྱི་སྨིན་མཚམས་སུ་སླེབ་པ། སྔགས་ཧུ་ར་གཙོ་བོར་འདོན་པ་གསང་བསྙེན་སྟེ། སྔར་ལྟར་བྱས་ནས་གཅིག་དྲིལ་དུ་འགྱུར་བས་དགའ་གསུང་ངོ༌། །གཉིས་པ་ཡན་ལག་ནི། གོང་གི་བསྙེན་པ་ལ་རྟགས་མ་བྱུང་ན། སྲོག་ཟིལ་གྱི་གནོད་པ་སོགས་བཤད་པ་ནི། རང་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་གྱི་འོག་ཏུ་ཆོས་སྐྱོང་གི་སྲོག་གི་ངོ་བོ་ཧཱུྃ་མཐིང་ནག་གཅིག་སྒོམས། དེ་ལ་ཧེར་ནི་སོགས་ཀྱི་བསྐོར་བར་སྒོམ་ལ་མང་དུ་འདོན། དེ་ཟིལ་གྱི་གནོན། དེས་མ་ཆུན་ན་སྔགས་འཕྲེང་དེའི་མཐའ་སྐོར་དུ་ཨ་ལི་ཀ་ལི། མདུན་སྐྱེད་ཀྱི་སྔགས་འཕྲེང་གི་མཐའ་བསྐོར་དུ་ཨ་ལི་ཀ་ལི། སྤྱི་བོར་ཡབ་ལེགས་ལྡན་གྱི་ཙན་དན་གྱི་བེང་གིས་ཐུག་ཐུག་སྒོམ། ཡི་དམ་གྱི་སྙིང་པོ། ཧེར་ནི་ཨ་ལི་ཀ་ལི་བཞི་སྦྲེལ་ལ་ཉི་ཤུ་རྩ་གཅིག་ལས་མི་མང་བ་འདོན། དེ་ནི་སྲོག་གཏའ་མར་འཛིན་པའོ། །ཡང་མགོན་པོའི་ཐུགས་ཀའི་ཧཱུྃ་སྔགས་ཕྲེང་དང་བཅས་པ་འོད་ཟེར་གྱི་བླང་ལ། རང་གི་ཐུགས་ཀའི་ཧཱུྃ་ལས་
སྔགས་ཕྲེང་དང་བཅས་པ་ལ་བསྟིམ། དེ་ནི་སྲོག་གི་བཅུད་འཕྲོག་པའོ། །ཟིལ་གནོན་སོགས་གསུམ་པོ་འདི་མིང་མོད་པ་གསུམ་པོས་ཤོག་དྲིལ་དུ་བྱས་པ་མ་མཐོང་བས་སྦ་བར་མཛོད། ཡང་སྐབས་སུ་མགོན་པོའི་སྤྱི་བོར་ཡི་དམ་གྱིས་ལྷ་གར་ཁྱུག་ཁྱུག་བྱས་པས། ཕྲིན་ལས་སྒྲུབ་པར་སྒོམས། ཡང་མགོན་པོའི་སྤྱི་བོར་ཆོས་སྐྱོང་འདིའི་བཀའ་བརྒྱུད་པའི་བླ་མ་རྣམས་སྒོམ་ཞིང་ཟིལ་གནོན་བྱེད་པ་ཡང་ལུགས་གཅིག་ཡིན། དེ་ལྟར་བྱས་པས་ཚིག་པ་ཟ་བ་སོགས་བྱུང་ན། དེ་བསལ་བ་ནི། ཁ་བྱང་ལས། ཕྱི་ནང་གསང་བའི་བཅུན་ཐབས་རྣམས། །བཤད་ཚོད་བཞིན་དུ་བྱར་རུང་ངམ། །ཞི་བྱེད་མན་ངག་ཅི་ལྟར་བྱེད། །ཅེས་གསུངས་པས། བདག་དང་མགོན་པོའི་སྤྱི་བོར་རྡོ་རྗེ་སེམས་དཔའ་སྒོམ་ཞིང༌། དེ་བཞིན་གཤེགས་པའི་ཡིག་བརྒྱ་དང༌། ཡོངས་གྲགས་ཀྱི་ཡིག་བརྒྱ་གཉིས་གང་རུང་འདོན། རྡོར་སེམས་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས། བདག་གིས་དམ་ཚིག་ཉམས་ཆགས་དག །མགོན་པོ་
ཐུགས་མི་དགྱེས་པ་སོར་ཆུད་ནས་ཤིན་ཏུ་དགྱེས་པར་སྒོམ་མོ། །ཡང་སྒྲུབ་པའི་དུས་སུ། རྨི་ལམ་དུ་ཕྲ་མེན་གྱི་བར་ཆད་ཀྱི་རྟགས་བྱུང་ན་དེ་འཇོམས་པ་ནི། ཁ་བྱང་ལས། མགོན་པོ་བདག་སྒོམ་བྱེད་པའི་དུས། །ཁོ་ཡི་དབང་དུ་མི་འགྲོ་ཞིང༌། །བར་ཆད་མེད་ཐབས་ཇི་ལྟར་བྱ། །ཅེས་གསུངས་པ། བདག་མདུན་དོན་འདྲ་བས། མགོན་པོའི་འཕྲག་གོང་གཉིས་སུ་བྱ་རོག་ཤིན་ཏུ་ཆེ་བ་རེ་སྒོམ་དེ་གཉིས་ལ་དེ་འདྲ་བ་གྲངས་མེད་པ་འཕྲོས་པས། འཇིག་རྟེན་གྱི་ཁམས་ཁེངས། རྨི་ལམ་དུ་བར་ཆད་བྱེད་པ་རྣམས་བྱིལ་ཀྱི་འབུ་བཏུས་པ་བཞིན་དུ་ཟོས་པར་སྒོམས། ཕོ་རོག་རྣམས་རྩ་བའི་ཕོ་རོག་ལ་བསྡུས། ཡང་མགོན་པོའི་ཐུགས་ཀ་ནས་སྤྲུལ་པའི་བྱ་རོག་སྔར་ལྟར་སྤྲོས། གནོད་བྱེད་བཏུས་སླར་ཐུགས་ཀར་བསྡུས། ཡང་ཕྲག་གོང་ནས་སྤྲོ་བ་དང་རེ་མོས་བྱེད། སྔགས་ཛ་རྡུངས་ཀྱི་གཞི་སྦྲེལ་འདོན། ཐུན་སྡུད་དུས་མགོན་པོ་རང་ལ་བསྟིམ་པས། རང་ཤ་ལ་རང་མི་ཟ་ཅེས་སོགས་བཤད་པས་གནད་ཤིན་ཏུ་ཆེའོ། །དེས་
མ་ཆུན་ན་རླུང་སྒྲུབ་ཀྱི་སྐབས་ལྟར་རང་མགོན་པོར་སྐྱེད། རང་གི་ལྟེ་བར་མེའི་དཀྱིལ་འཁོར་ཀྱི་ནང་དུ་མགོན་པོ་ཞལ་གདངས་པ་བསྐྱེད། རང་གི་སྙིང་ཁའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་རླུང་གཞིལ་བ་དང་མཉམ་དུ་སྣ་བུག་གཡོན་ནས་སྤྲོས། བར་ཆད་ཀྱི་འདྲེ་གང་ཡིན་འོད་ཟེར་ལྕགས་ཀྱུ་ལྟ་བུས་སྙིང་ནས་བཟུང༌། རླུང་གི་བཏེགས། རླུང་རྔུབ་པ་དང་མཉམ་དུ་སྣ་བུག་གཡོན་ནས་དྲངས། མགོ་རྟིང་ལོག་སྟེ་ལྟེ་བའི་མགོན་པོའི་ཞལ་དུ་རྟིང་པ་སྐྱ་སྐོར་སོང་བར་བསམ་ལ་རླུང་བཟུང་ངོ༌། །དེ་ལྟ་བུ་ལན་མང་དུ་བྱས་པས་འདྲེ་ཅི་ལྟ་བུ་ཡང་ཆུན་ནོ། །དགྲ་ལ་ཡང་དེ་ལྟར་བྱས་པས། ཆོག་གསུངས་སོ། །ཡང་བོན་པོ་དང་སྔགས་པ་ལྟ་བུའི་རིགས་སྔགས་ཀྱི་བར་ཆད་བྱས་ན། དེ་ཟློག་པ་ནི། ཁ་བྱང་ལས། རིགས་སྔགས་མཁན་དང་འདྲས་གྱུར་ན། །ནག་པོ་སྲོག་གི་འཁོར་ལོ་ཡིས། །རང་གཤེད་རང་ལ་ཇི་ལྟར་དབབ། །ཅེས་གསུངས་པས། སྲོག་འཁོར་དུ་བཤད་པ་ལྟར། ཕྱི་ནང་གི་གུར་ཁང་
དང༌། ལྷ་ལ་སོགས་པ་རྫོགས་པ་དང༌། ཡེ་ཤེས་པ་བསྟིམ་པ། འོག་དུ་སྒྲུབ་བྱ་འཁོར་ལོའི་རྩིབས་ཀྱི་གཅོད་པ། ལྷོ་ནུབ་འཚམས་སུ་བསད་བཅས་བྱེད་པ་རྣམས་གཞུང་དུ་གསལ། ཁྱད་པར་དུ་རང་གི་ལྕེ་རལ་གྲི་ཨོཾ་ཨཱཿཧཱུྃ་གིས་མཚན་པར་སྒོམས། ཨོཾ་ཨཱཿཧཱུྃ་བདག་གི་ངག་རཀྵ་རཀྵ་ཀུ་རུ་ཡེ་སྭ་ཧཱ། མང་དུ་བཟླས། དེ་ནས་ཟློག་བསད་ཀྱི་སྔགས་གང་རུང་བཟླས་པས། སྔགས་ཀྱི་འོད་ཟེར་ལས་གྲུབ་པའི་ལྕགས་སྲེག་གི་འབོང་བ་མང་དུ་སྤྲོས་སྒྲུབ་བྱའི་བུ་བདག་དགུར་ཞུགས་ནས་སྙིང་ཁྲག་དང་ནུས་མཐུ་འཇིབས། ཁོ་སྐྱལ་སྟོང་བཞིན་དུ་གྱུར་ནས་ཚུར་བྱུང་བ་མོའི་གུར་གྱི་ཕྱི་རོལ་དུ་དགྲ་སྟ་དང༌། གྲི་གུག་རལ་གྲི་ལ་སོགས་པ་མཚོན་ཆའི་གུར་དུ་གྱུར་པར་བསམ་མོ། །དེ་ནི་ཡན་ལག་གི་དམིགས་པ་མཐོ་ཙམ་མོ། །གཉིས་པ་སྒྲུབ་པ་ནི། སར་བུ་ལ་སོགས་པ་རྣམས་ཡིན་ནོ། །གསུམ་པ་ལ་ལས་སྦྱོར་དང་ལས་ཕྲན་གཉིས་སྟེ། དང་པོ་ནི་གཞུང་བེར་མ་ལ་སོགས་སུ། ལྷ་ལས་ལ་སྦྱར་བ། རྫས་ལས་ལ་སྦྱར་བ་ཅེས་
དང༌། གསང་སྒྲུབ་དུ་ཕུར་བུ་དང་ཐུན་ལས་ལ་སྦྱར་བ་དང༌། ཛཿརྡུངས་སྤུ་གྲི་ལྟར་ལས་ལ་སྦྱར་བའོ། །གཉིས་པ་ལས་ཕྲན་ལ་སྦྱིན་སྲེག་དང༌། གིང་དམར་ནག་དང༌། ནོར་སྒྲུབ་དང༌། ཚེ་སྒྲུབ། ཐ་ན་རྐུན་བཟུང་ཡན་ཆོད་ཀྱི་ཡིག་སྣ་རྣམས་སུ་གསལ་བས་འདིར་མ་བྲིས་སོ། །སྐྱོན་བྲལ་གསུང་དབྱངས་རྒྱ་མཚོ་ཆེན་པོར་གསལ། །དེ་གསུང་རླབས་ཕྲེང་ཆལ་ཆིལ་གཡོ་བ་ཡི། །བཅུད་འདུས་ནོར་འདྲ་ཚོགས་འགྱུར་བེར་ནག་ཅན། །དེས་བླངས་གཟིངས་ལྡན་གྲུབ་ཆེན་ཌོཾ་བྷི་རྒྱལ། །མང་པོའི་དོན་འཁྲུངས་རྒྱུད་པ་རིན་ཆེན་ཕྲེང༌། །མལ་ཞོ་ལ་སོགས་སྤྲུལ་སྐུ་མཆོག་རྣམས་ཀྱི། །བསྙེན་པ་སྙན་དུ་རྒྱུད་པའི་གདམས་པ་ལ། །སྦས་གཏེར་བསྡུས་ཤིང་བཀོད་པ་བཟོད་པར་གནོང༌། །འདི་ལྟར་བགྱིས་པའི་དགེ་བ་གང་ཐོབ་དེས། །མཐའ་ཡས་འགྲོ་དོན་བླ་མེད་ཐོབ་པ་དང༌། །དམ་ཚིག་ཅན་གྱི་འདུ་བྲལ་མེད་པ་རུ། །དགྱེས་པ་ཆེན་པོས་རྟག་ཏུ་བསྲུང་བར་མཛོད། །བཀྲ་ཤིས་དཔལ་འབར་འཛམ་གླིང་
རྒྱན་དུ་ཤོག །གནད་ལ་དབབ་པ་ནི། རྡོ་རྗེ་རྩེ་གསུམ་པའི་ཕྱག་རྒྱ་སྤྱི་བོར་བཞག་པར་བསམ། དམིགས་པ་ནི་དམ་ལ་མི་འདའ་བའི་སྐབས་དང་འདྲ། དམག་དཔོན་གསུམ་གྱི་མན་ངག་ནི། ཆོས་སྐྱོང་གི་རྟེན། རྒྱུན་གཤམ་ལ། རྒྱ་ས་གསུམ་གྱི་གཏོར་མ། བདག་མདུན་བེར་ཅན་དུ་བྱས་ལ། འཁོར་དུ་སྐྱ་མི་སྐྱོང་ལ། བདག་གི་མདུན་དུ། མདུན་གྱི་འཁོར་བསྐུལ། སྤྲོས། དགུག དབྱེ། ཡཾ་ཡཾ། བཟླས་འཇུག་པའི་ཡས་ཀྱི་བཅའ་གཞི་བྱས་ལ། བདག་མདུན་བསྐུལ་སོགས། ཐུན་ལ་ཕུལ་བའི་བར། ལིངྒ་མེ་ལའོ། །དཔལ་འབྱོར་དོན་འགྲུབ་གྱི་གསུང་རྒྱུན་ལགས།