མཚུར་ཕུ་དྲུང་པ་གོ་ཤྲི་རྒྱལ་ཚབ་ན་རིམ་གྱི་གསུང་འབུམ།
བསྟན་སྲུང་རྒྱ་མཚོའི་གཏོར་བསྔོས་ཀྱི་རིམ་པ་མཆོད་སྤྲིན་རྣམ་པར་རྒྱལ་བའི་བཟློས་གར།
བསྟན་སྲུང་རྒྱ་མཚོའི་གཏོར་བསྔོས་ཀྱི་རིམ་པ་མཆོད་སྤྲིན་རྣམ་པར་རྒྱལ་བའི་བཟློས་གར་ཞེས་བྱ་བ་བཞུགས་སོ། །
བླ་མ་དང་བསྟན་སྲུང་རྒྱ་མཚོའི་ཚོགས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས། བླ་མ་ཡི་དམ་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ་བར་འདོད་པས། དབེན་པའི་གནས་སུ་མཆོད་གཏོར་ལེགས་པར་བཤམས་ལ་ཆང་ཆུ་བདུད་རྩིས་སྦྲན་ཏེ། བདག་བསྐྱེད་ནི། ཨོཾ་ཨཱཿབིགྷྣཱནྟ་སོགས་ཀྱིས་བགེགས་བསྐྲད། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཨེ་ལས་གྲུབ་པ་ཡི། །ཆོས་འབྱུང་དབུས་སུ་པདྨ་རོ་ཉིའི་སྟེང༌། །རང་སེམས་ཧྲཱིཿཡིག་དམར་ལས་འོད་འཕྲོས་པས། །དོན་གཉིས་བྱས་ནས་ཚུར་འདུས་ཡོངས་གྱུར་ལས། རང་ཉིད་རྣལ་འབྱོར་མ་དཔལ་སྐུ་མདོག་དམར། །ཞལ་གཅིག་
ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི། །ཅུང་ཟད་གཙིགས་པའི་ཁྲོ་གཉེར་འཛུམ་ཕྲེང་ཅན། །རྡོ་རྗེས་མཚན་པའི་གྲི་གུག་འཕྱར་བ་དང༌། །བདུད་རྩིས་གང་བའི་ཐོད་པས་ཕྱག་གཉིས་སྤྲས། །ཁ་ཊཱཾ་གར་ལྡན་ཞབས་གཉིས་བརྐྱང་བསྐུམ་གར། །ཡེ་ཤེས་མེ་དཔུང་འབར་བའི་དབུས་ན་གནས། །རྒྱལ་བའི་སྐུ་གསུང་ཐུགས་དངོས་འབྲུ་གསུམ་གྱིས། །གནས་གསུམ་བྱིན་གྱིས་བརླབས་པའི་ངོ་བོར་གྱུར། ། ༈ ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །ཡཾ་ལས་རླུང་དང་རཾ་ལས་མེ་དཔུང་སྟེང༌། །ཀཾ་ལས་ཐོད་སྒྱེད་ཨ་ལས་ཐོད་པའི་སྣོད། །རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་
དབུས། །གོ་ཀུ་ད་ཧ་ན་ལས་ཤ་ལྔ་དང༌། །བི་མུ་མ་ར་ཤུ་ལས་བདུད་རྩི་ལྔ། །རང་རང་ས་བོན་དག་གིས་མཚན་པར་གྱུར། །རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས། །འོད་འཕྲོས་རླུང་གཡོས་མེ་སྦར་ཐོད་པ་དྲོས། །རྫས་རྣམས་ཞུ་ཞིང་ཁོལ་བས་ཉེས་སྐྱོན་སྦྱངས། །དེ་སྟེང་ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས། །ཕྱོགས་བཅུའི་བདེ་གཤེགས་རྣམས་ཀྱི་ཐུགས་ཀ་ནས། །ཡེ་ཤེས་བདུད་རྩི་སྤྱན་དྲངས་དམ་ཚིག་གི །བདུད་རྩི་བྱང་ཆུབ་སེམས་དང་དབྱེར་མེད་གྱུར། །ཨོཾ་ཨཱཿཧཱུྃ། ཞེས་པས་གཏོར་མ་བྱིན་གྱིས་བརླབས། ༈ མདུན་དུ་ཁཾ་ལས་བྲག་སྟེང་གྲུ་གསུམ་པ། །མཐིང་ནག་སྟོང་གསུམ་མཉམ་པའི་དབུས་སུ་ནི། །དུར་ཁྲོད་བཀོད་པ་འབར་བའི་གཞལ་ཡས་ཁང༌། །ཟུར་གསུམ་སྒོ་གསུམ་རྟ་བབས་གསུམ་དང་ལྡན། །ཤ་ཁྲག་རུས་པ་ནང་ཁྲོལ་དུ་མས་བརྒྱན། །སྣ་ཚོགས་མཚོན་ཆ་འབར་ཞིང་འཁྲུག་པའི་དབུས། །པདྨ་ཉི་ཟླ་དགྲ་བགེགས་གདན་སྟེང་དུ། །ཏི་ལས་རྫུ་འཕྲུལ་དྲེལ་རྟ་ནག་པོའི་སྟེང༌། །མ་ལས་དཔལ་
ལྡན་ལྷ་མོ་ནག་མོ་ནི། །ཞལ་གཅིག་ཕྱག་བཞི་ཁྲོས་ཤིང་རྔམ་པའི་ཚུལ། །ཁ་ཊཱཾ་ཕུར་པ་མེ་ལོང་སྤྲུལ་ཞགས་བསྣམས། །ཐོད་པ་སྦྲུལ་དང་ཉི་ཟླ་འབར་བས་བརྒྱན། །ཙནྡན་འཁྱིལ་བའི་སྟབས་ཀྱིས་བཞུགས་པའི་པང༌། །ཧཱུྃ་ལས་ནག་པོ་ཆེན་པོ་འཇིགས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བཞི་གཙིགས། །དབུ་སྐྲ་གྱེན་འབར་ཐོད་སྐམ་དབུ་རྒྱན་དང༌། །ཐོད་རློན་དོ་ཤལ་སྤྲུལ་ནག་ག་ཤ་ཅན། །གཡས་པས་གྲི་གུག་གཡོན་པས་ཐོད་ཁྲག་བསྣམས། །རུས་པའི་རྒྱན་དྲུག་སྟག་ལྤགས་ཤམ་ཐབས་དང༌། །དར་ནག་འཇོལ་བེར་གསེར་སྐ་འབར་བས་བཅིངས། །ཞབས་གཉིས་གཡས་བརྐྱང་གཡོན་པས་ཡུམ་ལ་འཁྲིལ། །ཡབ་ཡུམ་ཞལ་ནས་སྔགས་ཀྱི་རང་སྒྲ་སྒྲོག །ལེགས་ལྡན་བེང་དམར་ཕྱག་བཞི་ཕྱག་དྲུག་དང་། །གུར་དང་མ་ནིང་རྒྱལ་པོ་རྣམ་ཐོས་སྲས། །སྔགས་ཀྱི་བདག་པོ་སྐྱེས་བུ་ཆེན་པོ་དང༌། །རཀྴ་ཐོད་ཕྲེང་ཀུན་དགའ་གཞོན་ནུ་དང་། །ཚེ་རིང་མཆེད་ལྔ་ཐང་ལྷ་བཙན་མགོན་སོགས། །འཇིག་རྟེན་འདས་དང་མ་
འདས་བསྟན་སྲུང་རྣམས། །རང་རང་འཁོར་གྱི་ཚོགས་བཅས་ཐམས་ཅད་ཀྱི། །གནས་གསུམ་ཡི་གེ་གསུམ་ལས་འོད་འཕྲོས་པས། །རིག་འཛིན་རྩ་བརྒྱུད་ཡི་དམ་ལྷ་ཚོགས་དང༌། །བསྟན་སྲུང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས། །རང་བཞིན་གནས་ནས་མ་ལུས་གཤེགས་པར་གྱུར། ༈ ཧཱུྃ། གསོན་ཅིག་དགོངས་ཤིག་བསྟན་སྲུང་རྒྱ་མཚོའི་ཚོགས། །ད་ལྟ་སྙིགས་མ་ལྔ་ཡི་དུས་འདི་རུ། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བའི་ཕྱིར། །རྣལ་འབྱོར་བདག་གིས་སྤྱན་འདྲེན་གཤེགས་སུ་གསོལ། །དད་དང་དམ་ཚིག་ལྡན་པའི་རྣལ་འབྱོར་པས། །རྩེ་གཅིག་གདུང་བའི་སེམས་ཀྱིས་ཁྱོད་བསྒྲུབ་ན། །ཁྱོད་ཐུགས་བྱམས་པ་ཆེན་པོའི་རང་བཞིན་གྱིས། །རིངས་པར་རིངས་པར་གནས་འདིར་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་བཛྲ་ས་མཱ་ཛཿ ༈ ཧཱུྃ། དུར་ཁྲོད་འབར་བའི་གནས་མཆོག་དམ་པ་འདིར། །མཚོན་ཆའི་ཚལ་དང་རིན་ཆེན་བརྩེགས་པའི་ཁྲིར། །དྲེགས་པའི་གཙོ་བོ་བསྣོལ་བའི་གདན་
མཆོག་ལ། །བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་བཞུགས་སུ་གསོལ། ། ༈ ཧཱུྃ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཅི་ལྟར་ཁྱོད་ཀྱིས་ཁས་བླངས་དམ་བཅས་ལྟར། །བྱིན་གྱིས་བརླབས་པའི་གནས་མཆོག་དམ་པ་འདིར། །བསྟན་སྲུང་རྒྱ་མཚོའི་ཚོགས་རྣམས་དམ་ལ་འདུས། ། ༈ ཧཱུྃ། ཐུགས་ནི་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང༌། །གདུག་པ་འདུལ་ཕྱིར་འཇིགས་པའི་སྐུར་སྟོན་པ། །བསྟན་པ་གཉན་པོ་སྲུང་བའི་བྱ་ར་མཁན། །བསྟན་བསྲུང་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་ལོ། ། ༈ ཧཱུྃ། བདུད་རྩི་མཆོག་དང་ཁྲག་གི་མཆོད་ཡོན་འཁྱིལ། །ཨུཏྤལ་དང་དབང་པོའི་མེ་ཏོག་བཀྲ། །དྲི་བཟང་སྦྱར་དང་ཚིལ་ཆེན་དུད་པས་འཁྲིགས། །སྣང་གསལ་འོད་དང་ཞུན་ཆེན་སྒྲོན་མེ་གསལ། །སྦྱར་བའི་དྲི་ཆབ་མཁྲིས་པའི་བྱུག་པ་དང༌། །སྣ་ཚོགས་ཟས་དང་ཤ་ཆེན་ནང་ཁྲོལ་བཅས། །རོལ་མོ་དུ་མ་རྐང་གླིང་དུར་ཁྲོད་སྒྲ། །དངོས་འབྱོར་སྤྲུལ་པའི་རྫས་ཀྱི་མཆོད་པ་འབུལ། །ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། ༈ ཨོཾ་
དམ་རྫས་གཏོར་མ་བདུད་རྩི་འབར་བ་འདི། །རྡོ་རྗེ་འཛིན་རྒྱལ་རྩ་བའི་བླ་མ་དང༌། །བརྒྱུད་པའི་རིག་འཛིན་སངས་རྒྱས་བྱང་སེམས་ལ། །འབུལ་གྱི་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། །ཨཱཿ དམ་རྫས་གཏོར་མ་བདུད་རྩི་འབར་བ་འདི། །གསར་རྙིང་ཞི་ཁྲོ་རབ་འབྱམས་རྒྱལ་བའི་ཚོགས། །བརྒྱུད་སྡེ་བཞི་ཡི་དཀྱིལ་འཁོར་ལྷ་ཚོགས་ལ། །འབུལ་གྱི་༴ ཧཱུྃ་དམ་རྫས་གཏོར་མ་༴ དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་དང༌། །རྡོ་རྗེ་བེར་ཅན་གདུག་པ་འདུལ་མཛད་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ དཔལ་ལྡན་ལྷ་མོ་འདོད་ཁམས་དབང་ཕྱུག་མ། །ཟ་བྱེད་རོ་ལངས་རང་བྱུང་རྒྱལ་མོ་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །མགོན་པོ་མ་མོ་འཁོར་དང་བཅས་པ་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ སྐུ་ལྔ་ཡོན་ཏན་ཕྲིན་ལས་མགོན་པོ་དང༌། །ཕྱི་ནང་གསང་བའི་མ་མོ་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴
ཡབ་གཅིག་ལེགས་ལྡན་ནག་པོ་ཆེན་པོ་དང༌། །ནག་པོ་བེང་དམར་འཁོར་དང་བཅས་པ་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ ཡེ་ཤེས་མགོན་པོ་ཕྱག་བཞི་ལྡན་པ་དང༌། །ལས་མགོན་བྱ་རོག་སེང་གདོང་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ མྱུར་མཛད་ཕྱག་དྲུག་ཡེ་ཤེས་མགོན་པོ་དང༌། །གནོད་སྦྱིན་སྲིན་པོ་གཤིན་བདུད་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ དཔལ་ཆེན་རྡོ་རྗེ་གུར་གྱི་མགོན་པོ་དང༌། །གནོད་སྦྱིན་ཡབ་ཡུམ་པུ་ཏྲའི་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ ལྷ་ཆེན་དཔལ་འབར་མ་ནིང་ནག་པོ་དང༌། །སྤྲུལ་པའི་ལས་མཁན་དྲེགས་པ་སྡེ་བརྒྱད་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ རྒྱལ་ཆེན་རྣམ་སྲས་ཞི་དྲག་བཙུན་མོ་སྲས། །རྟ་བདག་བརྒྱད་སོགས་འཁོར་དང་བཅས་པ་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ སྔགས་ཀྱི་བདག་པོ་ཀླུ་རྒྱལ་སོག་མ་མེད། །ཀླུ་ཆེན་བརྒྱད་དང་ཀླུ་རིགས་འཁོར་བཅས་ལ། །འབུལ་གྱི་༴ དམ་
རྫས་གཏོར་མ་༴ དམ་ཅན་སྐྱེས་བུ་ཆེན་པོ་གིང་གི་ཚོགས། །སུམ་བརྒྱ་དྲུག་ཅུའི་མཆེད་ཟླ་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ སྲིན་པོ་ནག་པོ་རཀྴ་ཐོད་ཕྲེང་ཅན། །སྲིན་མོ་འཇིགས་བྱེད་འབར་མ་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ ལྷ་ཆེན་སྟོབས་འཕྲོག་ཀུན་དགའ་གཞོན་ནུ་དང༌། །ཌཱ་ཀི་སི་ན་ར་མ་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ ལྷ་སྨན་བཀྲ་ཤིས་ཚེ་ཡི་དབང་ཕྱུག་མ། །མཁའ་འགྲོ་མཆེད་བཞི་འཁོར་དང་བཅས་པ་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ དྲི་ཟའི་རྒྱལ་པོ་རྡོ་རྗེ་འབར་བ་རྩལ། །མཚོ་སྨན་ཕྱུག་མོ་བློན་འཁོར་བཅས་པ་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ སྐྱེ་བུ་ཆེན་པོ་རྡོ་རྗེ་རྫིང་བཙན་དང་། །ལྷ་ཀླུ་བདུད་བཙན་འབུམ་སྡེ་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ གཞན་ཡང་ཡེ་ཤེས་ལས་ལས་གྲུབ་པ་ཡི། །བསྟན་བསྲུང་དམ་ཅན་རྒྱ་མཚོའི་འཁོར་བཅས་ལ། །འབུལ་གྱི་༴ དམ་རྫས་གཏོར་མ་༴ སྟོང་གསུམ་འཇིག་རྟེན་ཁམས་ན་གནས་པ་ཡི། །དཀར་ཕྱོགས་ལྷ་ཀླུ་གཉན་པོ་ཐམས་ཅད་ལ། །འབུལ་གྱི་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ། །དམ་རྫས་བདུད་རྩིའི་མཆོད་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང༌། །བསྟན་འཛིན་སྐྱེས་བུ་སྐུ་ཁམས་བཟང་བ་དང༌། །རྣལ་འབྱོར་བདག་གི་ཆོས་བཞིན་སྒྲུབ་པ་ཡི། །
བར་ཆད་ཞི་ཞིང་གནོད་བྱེད་འདུལ་བར་མཛོད། །ཅེས་གཏོར་མ་ཕུལ་ལ། ༈ དྲན་པ་ཙམ་གྱིས་འཁོར་བའི་འཇིགས་འཕྲོག་ཅིང༌། །སྐད་ཅིག་བདེ་ཆེན་ཡེ་ཤེས་བསྐྱེད་མཛད་པ། །རྡོ་རྗེ་འཆང་དབང་རྡོ་རྗེ་འཛིན་པའི་ཞབས། །བརྒྱུད་པར་བཅས་ལ་གུས་པས་བསྟོད་པར་བྱ། །བདེ་སྟོང་དབྱེར་མེད་ཡེ་ཤེས་དཀྱིལ་འཁོར་མཆོག །དངོས་གྲུབ་འབྱུང་གནས་རྒྱལ་བ་ཞི་ཁྲོའི་ལྷ། །གསར་རྙིང་རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། །རང་གི་སེམས་དང་དབྱེ་བ་མེད་པར་བསྟོད། །ཕྲིན་ལས་ཡོངས་རྫོགས་རྡོ་རྗེ་ནག་པོ་ཆེ། །བདེ་གཤེགས་རྒྱལ་བ་མ་ལུས་གཅིག་བསྡུས་པ། །བླ་མ་ཡི་དམ་དབྱེར་མེད་མགོན་པོའི་སྐུ། །ཁྱོད་ལ་བདག་ནི་རྟག་ཏུ་དད་པས་བསྟོད། །མ་གཅིག་ཁྱོད་ཀྱི་ཆོ་འཕྲུལ་ཕ་མཐའ་ཡས། །སྲིད་ཞི་མ་ལུས་ཁྱོད་ཀྱི་རོལ་པ་ལས། །ཁྱོད་ཉིད་ས་བརྒྱད་གཞོན་ནུའི་ཚུལ་སྟོན་མ། །མ་གཅིག་ལྷ་མོ་རྣམ་པར་རྒྱལ་ལ་བསྟོད། །ལེགས་ལྡན་བེང་དམར་ཕྱག་བཞི་ཕྱག་དྲུག་དང༌། །གུར་གྱི་མགོན་པོ་ལྷ་ཆེན་མ་ནིང་བཅས། །རྣམ་སྲས་
སྔགས་བདག་དམ་ཅན་སྲིན་མགོན་དང༌། །ཞིང་སྐྱོང་ཚེ་རིང་མཆེད་ལྔ་དྲི་ཟའི་རྒྱལ། །བཙན་མགོན་འཁོར་བཅས་གཞན་ཡང་སངས་རྒྱས་ཀྱི། །བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་ཚོགས། །བསྟོད་པར་གྱུར་པ་རྣམས་ལ་བདག་ཅག་གིས། །ཞིང་རྡུལ་གྲངས་དང་མཉམ་པའི་ལུས་སྤྲུལ་ཏེ། །སྒོ་གསུམ་གུས་པས་རྟག་ཏུ་བསྟོད་པར་བྱ། །ཞེས་བསྟོད། རྒྱུན་གཏོར་གྱི་རིམ་པ་སྟེ་འོག་ནས་འབྱུང་བའི་དངོས་གྲུབ་ལེན་པ་སོགས་བྱའོ། ། ༈ ཐུན་གཏོར་གྱི་བསྒྲལ་ལས་འདོད་པས་ཐུན་གྱི་གཏོར་མ་བཤམས་ལ་དང་པོ་དགུག་པ་ནི། ༈ སངས་རྒྱས་ཆོས་དང་དགེ་འདུན་བདེན་པའི་མཐུས། །རྒྱུ་དང་འབྲས་བུ་བསླུ་བ་མེད་པའི་རྟགས། །ཆོས་ཉིད་སྐྱེ་མེད་བདེན་པའི་མཐུ་སྟོབས་དང༌། །རྟེན་འབྲེལ་བསླུ་བ་མེད་པའི་ཏིང་འཛིན་གྱིས། །བདག་གིས་ཆོས་བཞིན་སྒྲུབ་ལ་གནོད་བྱེད་དགྲ། །བདག་འཛིན་མ་རིག་ཉོན་མོངས་འཁོར་བཅས་རྣམས། །སྟེང་འོག་ཕྱོགས་མཚམས་གར་གནས་གར་འདུག་ཀྱང༌། །རང་དབང་མེད་པར་ད་ལྟ་འདིར་ཁུག་ཅིག །བཛྲ་ཨངྐུ་ཤ་
ཛཿ པཱ་ཤ་ཧཱུྃ། སྥོ་ཊ་བཾ། གཎྜ་ཧོཿ གཏོར་མ་དགྲ་བགེགས་སུ་དམིགས་པ་ནི། ༈ ཁྱབ་གདལ་ཆེན་པོའི་ཧོམ་ཁུང་རབ་འབར་བར། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མུན་པས་གཏིབས། །ཆགས་མེད་ཁྲག་གི་རྒྱ་མཚོ་རབ་ཏུ་འཁྱིལ། །བྱ་བ་སྒྲུབ་པའི་རླུང་དམར་འཚུབ་མར་ལྡན། །སོ་སོར་རྟོགས་པའི་འཇའ་ཚོན་རབ་འཁྲུག་ཅིང༌། །མཉམ་པ་ཉིད་ཀྱི་སྤྲིན་ནག་ཆེན་པོས་གཏིབས། །འཇིགས་མེད་དམ་པའི་ཆོས་སྒྲ་འབྲུག་ལྟར་སྒྲོག །མ་རིག་སྲེག་བྱེད་ཡེ་ཤེས་གློག་འོད་འཁྱུག །གཉེན་པོ་དྲག་པོའི་རྡོ་རྗེ་སེར་ཆེན་ནི། །བར་མེད་འབབ་ཅིང་ཡེ་ཤེས་བསྐལ་པའི་མེ། །རབ་ཏུ་འབར་བའི་ཧོཾ་ཁུང་ཆེན་པོ་འདིར། །བདག་འཛིན་རྒྱལ་པོ་ཉོན་མོངས་འཁོར་དང་བཅས། །ཐམས་ཅད་མ་ལུས་འདུས་པ་དགྲ་བོའི་ཚུལ། །བདག་འཛིན་སེམས་ལྡན་མ་རིག་མགོ་བོ་ཅན། །གཏི་མུག་ཤ་དང་འདོད་ཆགས་ཁྲག་ལྡན་ཞིང༌། །ཞེ་སྡང་རུས་བཅས་ང་རྒྱལ་ཚིལ་བུ་ཅན། །ཕྲག་དོག་ཡན་ལག་རྣམ་རྟོག་ནང་ཁྲོལ་
ལྡན། །འདོད་ཡོན་སྲེད་པའི་དབང་པོ་མ་ཉམས་པ། །བསྒྲལ་བར་འོས་པའི་ལུས་སུ་གསལ་བར་གྱུར། །བསྟན་སྲུང་རྣམས་བསྐུལ་བ་ནི། ༈ ཧཱུྃ་བྷྱོཿ གསོན་ཅིག་དགོངས་ཤིག་བསྟན་སྲུང་རྒྱ་མཚོའི་ཚོགས། །མ་གཡེལ་མ་གཡེལ་དྲག་པོའི་ཕྲིན་ལས་མཛོད། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །གཤེགས་ཤིག་གཤེགས་ཤིག་སྒྲུབ་པའི་གནས་འདིར་གཤེགས། །མཛོད་ཅིག་མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད། །སངས་རྒྱས་བསྟན་དང་སེམས་ཅན་ཡོངས་ལ་གནོད། །རྡོ་རྗེ་འཛིན་དང་རྣལ་འབྱོར་བདག་ལ་དགྲ། །བྱང་ཆུབ་སྒྲུབ་ལ་གནོད་བྱེད་དགྲ་བོ་འདི། །མྱུར་དུ་སྒྲོལ་ཞིང་འདུལ་བའི་དུས་ལ་བབ། །འཇིག་རྟེན་ལས་ཀྱི་ཕོ་ཉ་དྲག་པོ་ཡིས། །དགྲ་བོ་འདི་ཡི་བླ་སྲོག་མྱུར་ཁུག་ལ། །ཡེ་ཤེས་འབར་བའི་ཧོཾ་ཁུང་ནང་དུ་ཆུག །བདེ་ཆེན་ཕུར་པའི་དབལ་གྱིས་གནས་བཅུར་གདབ། །ཉོན་མོངས་གདུག་པའི་དགྲ་བོ་
རྡུལ་དུ་རློག །ཡེ་ཤེས་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས། །རྣམ་ཤེས་འོག་མིན་ཆོས་ཀྱི་དབྱིངས་སུ་སྒྲོལ། །འདི་ནི་སྙིང་རྗེ་ཆེན་པོའི་དམ་ཚིག་སྟེ། །སྒྲལ་དང་བསྒྲལ་བྱ་དབྱིངས་སུ་མངོན་པར་ཞི། །ཞེས་པས་ཐུན་གྱི་གཏོར་མ་འབུལ། ༈ ཐུགས་རྗེའི་བདག་ཉིད་བསྟན་སྲུང་རྒྱ་མཚོའི་ཚོགས། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཡིད་བཞིན་ནོར། །མཆོག་དང་ཐུན་མོངས་ལས་བཞི་ཕྲིན་ལས་སོགས། །འདོད་པའི་དངོས་གྲུབ་མ་ལུས་སྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་རེ་མ་ཏི་སརྦ་སིདྡྷི་ཕ་ལ་སིདྡྷི་ས་མ་ཡ་ཧཱུྃ། ༈ ཧཱུྃ། བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་ལ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོས་མཆོད། །དབྱངས་ཀྱི་ཡན་ལག་རྒྱ་མཚོས་ལེགས་པར་བསྟོད། །ཉེས་པར་གྱུར་པ་ཐམས་ཅད་བཟོད་པར་གསོལ། །དུས་རྣམས་ཀུན་ཏུ་འབྲལ་མེད་ཁྱོད་བསྟེན་ཞིང༌། །ཁྱོད་སངས་རྒྱས་པའི་བདུད་རྩི་ཐོབ་པར་ཤོག །བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས། །
དུས་རྣམས་ཀུན་ཏུ་དམ་པའི་ཆོས་སྤྱོད་ཅིང༌། །དེ་ཡི་འགལ་རྐྱེན་བར་ཆད་ཀུན་ཞི་བས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །གཏོར་མགྲོན་ཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་རང་གི་སྙིང་གར་ཐིམ། །རང་ཉིད་སྤྱི་བོ་ཞབས་མཐིལ་ནས་འདུས་ཏེ། །ཐིག་ལེ་ནཱ་དའི་རང་བཞིན་སྟོང་པ་ཉིད། །སླར་ཡང་སྒྱུ་མ་ལྟ་བུའི་ལྷ་རུ་གྱུར། །དགེ་བ་འདི་ཡིས་བདག་དང་སེམས་ཅན་རྣམས། །བསྟན་སྲུང་རྒྱ་མཚོས་ཡུན་དུ་བསྲུང་བ་དང༌། རྣམ་པར་སྣང་མཛད་གོ་འཕང་མྱུར་ཐོབ་ནས། །འགྲོ་རྣམས་དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་བ་དང་སྨོན་ལམ་བྱའོ། །རྒྱལ་ཚབ་སྤྲུལ་པའི་སྐུ་གྲགས་པ་དཔལ་འབྱོར་གྱིས་བགྱིས་པའོ། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག། །། ཐུན་གཏོར་གྱི་བསྒྲལ་ལས་འདོད་ན་རི་མོའི་ལྕགས་ཀྱི་ཧོཾ་ཁུང་དུ་གཏོར་མ་དང་ཉ་བོ་བཤམས་ཆང་ཆུ་བདུད་རྩིས་བྲན་ལ་དགྲ་བགེགས་སུ་དམིགས་པ་ནི། ཧཱུྃ། མཐིང་ནག་གྲུ་གསུམ་འབར་བའི་ཧོཾ་ཁུང་དུ། །གནོད་བྱེ་དགྲ་བགེགས་འཁོར་དང་བཅས་པ་
རྣམས། །བདག་འཛིན་སེམས་ལྡན་མ་རིག་མགོ་བོ་ཅན། །གཏི་མུག་ཤ་དང་འདོད་ཆགས་ཁྲག་ལྡན་ཞིང་། །ཞེ་སྡང་རུས་བཅས་ང་རྒྱལ་ཚིལ་བུ་ཅན། །ཕྲག་དོག་ཡན་ལག་རྣམ་རྟོག་ནང་ཁྲོལ་ལྡན། །འདོད་ཡོན་སྲེད་པའི་དབང་པོ་མ་ཉམས་པ། །བསྒྲལ་བར་འོས་པའི་ལུས་སུ་གསལ་བར་གྱུར། །དགྲ་བོའི་རྣམ་ཤེས་དགུག་པ་ནི། ཧཱུྃ། བླ་མ་ཡི་དམ་མཁའ་འགྲོའི་བདེན་སྟོབས་དང་། །ཆོས་སྐྱོང་བསྲུང་མའི་བདེན་པའི་ནུས་མཐུ་དང་། །ཆོས་ཉིད་སྐྱེ་མེད་བདེན་པའི་མཐུ་སྟོབས་དང་། །ཏིང་འཛིན་སྔགས་དང་ཕྱག་རྒྱའི་བདེན་པ་འདིས། །སངས་རྒྱས་བསྟན་དང་སེམས་ཅན་ཡོངས་ལ་གནོད། །བྱང་ཆུབ་བསྒྲུབ་ལ་བར་དུ་གཅོད་པ་དང་། །རྡོ་རྗེ་འཛིན་དང་བདག་ཅག་ཡོན་མཆོད་ལ། །གནོད་བྱེད་དགྲ་བགེགས་འབྱུང་པོ་ལས་ངན་གྱི། །རྣམ་ཤེས་ཚོགས་བརྒྱད་མིང་གཟུགས་ཕུང་པོ་ལྔ་། །སྟེང་འོག་ཕྱོགས་མཚམས་གར་གནས་གར་འདུག་ཀྱང་། །རང་དབང་མེད་པར་ད་ལྟ་འདིར་ཁུག་ཅིག །ཨོཾ་བཛྲ་
ཨངྐུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བཾ། ཨོཾ་བཛྲ་གཎྜ་ཧོཿ དགྲ་བགེགས་བསྒྲལ་བ་ནི། ཧཱུྃ། ཁྱབ་གདལ་ཆེན་པོའི་ཧོཾ་ཁུང་རབ་འབར་བ། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མུན་པས་གཏིབས། །ཆགས་མེད་ཁྲག་གི་རྒྱ་མཚོས་རབ་ཏུ་འཁྱིལ། །བྱ་བ་གྲུབ་པའི་རླུང་དམར་འཚུབ་མར་ལྡན། །སོ་སོར་རྟོགས་པའི་འཇའ་ཚོན་རབ་འཁྲུག་ཅིང་། །མཉམ་པ་ཉིད་ཀྱི་སྤྲིན་ནག་ཆེན་པོས་གཏིབས། །འཇིགས་མེད་དམ་པའི་ཆོས་ཀྱི་འབྲུག་སྒྲ་སྒྲོགས། །མ་རིག་སྲེག་བྱེད་ཡེ་ཤེས་གློག་འོད་འཁྱུག །གཉེན་པོ་དྲག་པོའི་རྡོ་རྗེའི་མཚོན་ཆའི་ཆར། །་་་་་་་་་་ཉོན་མོངས་དུག་ལྔའི་དགྲ་བོ་རྡུལ་དུ་རློགས། །བསྟན་བསྲུང་ལས་ལ་བསྐུལ་ཏེ་བསྒྲལ་བ་ནི། ཧཱུྃ་བྷྱོཿ གསོན་ཅིག་དགོངས་ཤིག་བསྟན་སྲུང་རྒྱ་མཚོའི་ཚོགས། །མ་གཡེལ་མ་གཡེལ་དྲག་པོའི་ཕྲིན་ལས་མཛོད། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས། །གཤེགས་ཤིག་གཤེགས་ཤིག་སྒྲུབ་པའི་གནས་
འདིར་གཤེགས། །མཛོད་ཅིག་མཛོད་ཅིག་མངོན་སྤྱོད་ཕྲིན་ལས་མཛོད། །སངས་རྒྱས་བསྟན་དང་སེམས་ཅན་ཡོངས་ལ་གནོད། །རྡོ་རྗེ་འཛིན་དང་རྣལ་འབྱོར་བདག་ལ་དགྲ། །བྱང་ཆུབ་སྒྲུབ་ལ་གནོད་བྱེད་དགྲ་བོ་འདི། །མྱུར་དུ་སྒྲོལ་ཞིང་འདུལ་བའི་དུས་ལ་བབ། །འཇིག་རྟེན་ལས་ཀྱི་ཕོ་ཉ་དྲག་པོ་ཡིས། །དགྲོ་བོ་འདི་ཡི་བླ་སྲོག་མྱུར་ཁུག་ལ། །ཡེ་ཤེས་འབར་བའི་ཧོཾ་ཁུང་ནང་དུ་ཆུག །བདེ་ཆེན་ཕུར་པའི་དབལ་གྱི་གནས་བཅུར་གདབ། །ཉོན་མོངས་གདུག་པའི་དགྲ་བོ་རྡུལ་དུ་རློག །ཨོཾ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་འགུག་གཞུག་གང་རུང་འདོན། མནན་པ་ནི། ཧཱུྃ། ཡེ་ཤེས་སྤྲུལ་པའི་ཁྲོ་བོ་ཐམས་ཅད་ཀྱིས། །རྣམ་ཤེས་འོག་མིན་ཆོས་ཀྱི་དབྱིངས་སུ་སྒྲོལ། །འདི་ནི་སྙིང་རྗེ་ཆེན་པོའི་དམ་ཚིག་སྟེ། །སྒྲལ་དང་བསྒྲལ་བྱའི་དབྱིངས་སུ་མངོན་པར་ཞི། །ཞེས་དང་། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་རྣམས་ཀྱི་ཞལ་དུ་དགྲ་བོའི་མ་ཧཱ་མཾ་ས་ལ་ཁཱ་ཧི། མ་ཧཱ་རཀྟ་ལ་ཁཱ་ཧི། མ་ཧཱ་བ་སུ་ཏ་ལ་ཁཱ་ཧི། མ་ཧཱ་བ་ལིཾ་
ཏ་ལ་ཁཱ་ཧི། ཞེས་ལན་གསུམ་སོགས་བརྗོད། ཧཱུྃ། ཐུགས་རྗེའི་བདག་ཉིད་ཞེས་དངོས་གྲུབ་ལེན་པ་སོགས་བྱའོ། །
མགོན་པོའི་རྗེས་གནང་།
མགོན་པོའི་རྗེས་གནང་བཞུགས་སོ། །
བླ་མ་དང་དཔལ་ནག་པོ་ཆེན་པོ་དབྱེར་མ་མཆིས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་རླབས་ཏུ་གསོལ། དེ་ལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་གྱི་རྗེས་སུ་གནང་བ་བསྒྲུབ་པར་འདོད་པས། སློབ་དཔོན་གྱིས་ཆོས་སྐྱོང་ལ་གསོལ་བ་བཏབ་སྟེ། རྨི་ལམ་ལ་སོགས་པར་གནང་བའམ་མ་བཀག་པར་ངེས་པའི་མཚན་མ་མཐོང་བས། དབེན་ཞིང་ཡིད་དང་མཐུན་པའི་གནས་མཛེས་པར་བརྒྱན་ཅིང་། ཆོས་སྐྱོང་གི་བྲིས་སྐུ་ལ་སོགས་པའི་མདུན་དུ་མཆོད་གཏོར་རྒྱ་ཆེན་པོ་དང་། སྨན་རཀ་གཏོར་གསུམ། ༼འདི་འབུལ་གཏོར་གྱི་དོན།༽ ཚོགས་ཀྱི་ཡོ་བྱད་རྣམས་ལེགས་པར་བཤམས་ཤིང་། ཁྱད་པར་རྗེས་གནང་གི་གཏོར་མ་༼ཟུར་གསུམ་ཕྲག་པ་ཅན་བསྐང་གཏོར་ལྟ་བུ་ཐེབ་ཀྱུས་
སྐོར་བ་༽ལ་སྐུ་ཙ་ཀ་ལི་དང་། ཤ་ཁྲག་དང་དམར་ལ་སོགས་པའི་གཏོར་མ་ཁ་ཟས་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་ནག་གི་རྒྱལ་མཚན་བཙུགས་པ་ཁྲིའུའི་ཁར་བཤམས། ལས་བུམ་གང་བདེར་བཞག །སློབ་དཔོན་སྟན་བདེ་བ་ལ་འདུག་པས། ལག་མཆོད་དང་རོལ་མོའི་བྱེ་བྲག་རྣམས་བཀོད་ལ། ༼བདེ་དགྱེས་ཕག་མོ་ལྟ་བུ་༽རང་ཡི་དམ་གང་བྱེད་ཀྱི་བདག་བསྐྱེད་བསྙེན་པ་མཆོད་བསྟོད་སོགས་གཞུང་བཞིན་བྱས་ལ། མདུན་གྱི་རྟེན་གཏོར་མ་ལ་དམིགས་པའི་ཆོས་སྐྱོང་གི་མདུན་བསྐྱེད་ཡབ་རྐྱང་དུ་བསྒྲུབ་༼ན་མངོན་རྟོགས་འདི་ཀའི་སྐུའི་རྗེས་གནང་གི་སྐབས་བཞིན་གནང་སྟེ་སྤྱན་འདྲེན་ནས་བཟླས་པ་དངོས་གྲུབ་ལེན་པའི་བར་མཚལ་མའི་མཆོག་བསྒྲིགས་བཞིན་ལ་ལྷ་མོའི་སྐོར་རྣམས་དོར་ནས་མགོན་པོ་རང་གི་གང་ཡིན་
རྣམས་གསུང་ངག་ཏུ་ལེན་པ་གནང་བས་ཆོག་༽པའམ། དོན་ཀུན་སྒྲུབ་བྱེད་༼མངོན་རྟོགས་ཞལ་སྦྱོར་སོགས་མཚལ་མ་སོར་བཞག་༽ལྟར་སྒྲུབས་ཀྱང་རུང་སྟེ་བསྙེན་པའི་བར་རྒྱས་བསྡུས་སྐབས་དང་སྦྱར་ལ་བྱ། བཟླས་པའི་མན་ངག་དང་མཐུན་པར་སྙིང་པོ་དང་། སྤྱན་འདྲེན། ཧེར་ནི། ཤ་ས་ན། ཧུ་ར་རྣམས་བཟླས་ཏེ་ནས་ལ་བསྔགས། ༼འོག་ནས་བཞི་སྦྲེལ་ཟེར་བ་རྣམས་ཀྱང་འདི་བཞི་ལགས།༽ སླར་མཆོད་བསྟོད་རྒྱས་བསྡུས་ཅི་རིགས་པ་བྱས་ལ། རང་གཞན་གྱི་དོན་སྒྲུབ་པའི་འདོད་དོན་གསོལ། དངོས་གྲུབ་ལེན་པའི་༼ཆོས་ཀྱི་དབྱིངས་ལ་༽མན་ངག་དང་མཐུན་པར་དམིགས་པས་དངོས་གྲུབ་བླངས་ལ། ༼དོན་ཀུན་སྒྲུབ་བྱེད་ལྟར་༽ཡབ་ཡུམ་ཞལ་སྦྱོར་དུ་སྒྲུབ་ན་གཏོར་མ་ཡབ་རྐྱང་དུ་ཞལ་བསྒྱུར་ལ། ༼སྔར་ཞལ་སྦྱོར་དུ་བསྐྱེད་པ་དེ་མགོན་པོ་ཡབ་རྐྱང་དུ་གྱུར་པར་ཐུགས་ཀྱིས་མོས་པ་གནང་བ་ལས་འདོན་པ་ཟུར་པ་མེད་ལགས་ཤིང་། དང་པོ་ནས་ཡབ་རྐྱང་རང་དུ་སྒྲུབ་པ་ཡིན་ན་ཞལ་བསྒྱུར་འདི་མི་དགོས་ལགས།༽ སློབ་མ་རྣམས་ཁྲུས་༼འདི་ལ་ལས་བུམ་མི་དགོས་པར་དུང་ཆོས་ཀྱི་ཆུ་ལ་དཾཥྚ་རོ་བཟླས་པས་ཁྲུས་བྱེད་པ་ཡིན།༽ ཕྱག་སྔོན་དུ་འགྲོ་བས། མཎྜལ་འགྲེམ་སྡུད་བྱས་ནས། སློབ་དཔོན་གྱིས་འདི་
སྐད་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་གནས་སྐབས་ཀྱི་འགལ་རྐྱེན་བར་ཆད་སེལ་ཞིང་མཐར་ཐུག་ཡེ་ཤེས་ཀྱི་མགོན་པོའི་གོ་འཕང་ཐོབ་པར་བྱེད་པའི་ཕྱིར་དུ། དེ་ཉིད་ཀྱི་རྗེས་སུ་གནང་བ་ཀརྨ་པ་ན་རིམ་གྱི་ཕྱག་བཞེས་ཇི་ལྟ་བ་བཞིན་ཞུ་སྙམ་པས་མཎྜལ་ཕུལ། ཅེས་ལས་ཀྱི་རྡོ་རྗེས་མཎྜལ་ཕུལ་ལ། སློབ་དཔོན་གྱིས། དེ་ལྟར་སྒྲུབ་པར་བྱེད་པ་ལ་ཡེ་ཤེས་ཀྱི་མགོན་པོ་འདི་ཉིད་ཞལ་གཟིགས་ལ་བརྟེན་པ་དང་། རྒྱུད་ལ་བརྟེན་པ་གཉིས་ཆར་ཡིན་ཅིང་། དེ་ཡང་ཧ་ཧ་སྒྲོགས་པའི་དུར་ཁྲོད་དུ། སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀ་དེ་ཉིད་བཞུགས་པའི་ཚེ། སྲོད་ཀྱི་དུས་འཇིག་རྟེན་གྱི་ཁམས་ཐམས་ཅད་གཡོ་ཞིང་འགུལ་བ་ཙམ་གྱི་ཆོ་འཕྲུལ་དཔག་ཏུ་མེད་པ་བྱུང་བ་ཏིང་ངེ་འཛིན་ལ་རྩེ་གཅིག་ཏུ་བཞུགས་པ་ན། ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་དང་། ལས་ཀྱི་མགོན་པོ་བེར་ནག་པོ་ཅན་དང་། འཇིག་རྟེན་གྱི་མགོན་པོའི་ཚོགས་དང་ཕྱོགས་བཅུ་མགོན་པོའི་ཚོགས་ལ་
ལྷ་སྲིན་སྡེ་བརྒྱད་དཔག་ཏུ་མེད་པས་བསྐོར་བ་དངོས་སུ་བྱོན་ནས་སློབ་དཔོན་ལ་ཕྱག་འཚལ་ཞིང་སྲོག་གི་སྙིང་པོ་ཕུལ་ནས། བསྟན་པ་བསྲུང་བར་ཁས་བླངས་ཤིང་། སློབ་དཔོན་གྱིས་ཀྱང་བཀའ་བསྒོས་ནས་ཕྱི་རབས་པ་རྣམས་ཀྱི་དོན་དུ་རྒྱུད་དང་སྒྲུབ་ཐབས་རྣམས་དྲིས་པས། བེང་ཆེན་བརྩེགས་པའི་རྒྱུད་དང་། གྲི་གུག་བརྩེགས་པའི་རྒྱུད་དང་། གིང་ཀ་རའི་རྒྱུད་དང་། ཨེ་ག་ཛ་ཊིའི་རྒྱུད་ལ་སོགས་པ་རྣམས་ཡོད་པས་མཆོད་རྟེན་གྱི་བང་རིམ་ལ་ཡོད་ཅེས་གསུངས་པས། སློབ་དཔོན་གྱིས་མཆོད་རྟེན་གྱི་བང་རིམ་ནས་རྒྱུད་རྣམས་གདན་དྲངས་ཏེ། རྒྱུད་དེ་དག་ལ་བརྟེན་ནས་སོ་སོའི་སྒྲུབ་ཐབས་རྣམས་ཀྱང་མཛད་དོ། །དེ་ནས་སློབ་དཔོན་མཁའ་སྤྱོད་དུ་གཤེགས་ནས་ལོ་སུམ་བརྒྱ་ཙམ་ལོན་པའི་དུས་སུ། མལ་གྱོ་ལོ་ཙཱ་ཡང་ཟེར་ཟངས་དཀར་ལོ་ཙཱར་གྲགས་པ་དེ་ཉིད་རྒྱ་གར་དུ་བྱོན་ནས། སོ་ས་གླིང་གི་དུར་ཁྲོད་དུ་སྒོམ་པའི་དུས་སུ། སློབ་དཔོན་ཌོམྦི་པ་དངོས་སུ་བྱོན་ནས་འདི་ཉིད་ཀྱི་རྒྱུད་སྒྲུབ་ཐབས་
དང་བཅས་པ་མ་ལུས་པར་གནང་ཞིང་བྱིན་རླབས་མཛད་པ་ཙམ་གྱིས་ཆོས་སྐྱོང་འཁོར་བཅས་ཞལ་གཟིགས། སྒྲུབ་ཐབས་ལ་སོགས་པའི་དཔེ་རྒྱུད་རྣམས་སློབ་དཔོན་གྱི་ཞལ་ལྟར་དུ་བྲིས་པར་གདའ། དེ་ནས་ལོ་ཙཱ་བ་བོད་དུ་བྱོན་པས་ཆོས་སྐྱོང་གིས་ཕྲིན་ལས་མཐའ་དག་ཐོགས་མེད་དུ་བསྒྲུབས་པས་བསྟན་པ་དར་རྒྱས་སུ་མཛད་པ་དེ་ལ། གཉན་སྟོན་ཉི་མ་འབར་ཞེས་པས་རྟ་ནག་པོ་བདུན། གསེར་སྲང་བཞི་བཅུས་གཙོས་པའི་འབུལ་བ་དཔག་མེད་ཕུལ་ནས། ཞག་གསུམ་ལུང་ནོད་ཅིང་མན་ངག་འདི་ཞུས་པས་ཆོས་སྐྱོང་འཁོར་བཅས་དངོས་སུ་ཞལ་གཟིགས། ཕྲིན་ལས་ལོ་ཙཱ་བ་དང་མཉམ་པར་བྱུང། དེ་ལ་གཉལ་པ་ཇོ་སྲས་ཀྱིས་ཞུས་པས་ཀྱང་བསྟན་པ་དང་ཕྲིན་ལས་བསམ་གྱིས་མི་ཁྱབ། དེ་ལ་འགྲོ་བའི་མགོན་པོ་གྲུ་གུ་རས་ཆེན་གྱིས་གཡུ་ཁལ་བདུན་སྟོང་རི་བ་གཅིག་དང་གསེར་སྲང་གསུམ་ཕུལ་ནས་ཞུས་པས། ཇོ་སྲས་ཀྱིས་གཏོར་དབང་གནང་ཞིང་ཞག་ཉི་ཤུ་རྩ་གཅིག་བསྒྲུབས་པས་
ཆོས་སྐྱོང་འཁོར་བཅས་ཀྱི་ཞལ་མཐོང་ཞིང་། དབུས་གཙང་ཁམས་གསུམ་དུ་བསྟན་པ་ཉི་མ་ཤར་བ་ལྟར་མཛད། དངོས་སུ་བོན་པོ་བཏུལ་བ་ལ་སོགས་པའི་ལོ་རྒྱུས་མང་དུ་ཡོད་ཅིང་། དེ་ཉིད་ལ་སློབ་མ་དཔག་ཏུ་མེད་པ་ཡོད་ཀྱང་། བརྒྱུད་འཛིན་གྱི་སློབ་མ་རིན་པོ་ཆེ་སྤོམ་བྲག་པས་ཞུས་པ་ལ་ལུང་ནོད་མཛད་པ་ཙམ་གྱིས་མ་མགོན་གཉིས་ཆར་གྱི་ཞལ་གཟིགས། འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་། དེ་ཉིད་ལ་གྲུབ་ཆེན་རིན་པོ་ཆེ་ཀརྨ་པས་གསན་ནས་བསྒྲུབ་པས་རིང་པོ་མ་ལོན་པར་དངོས་སུ་མཇལ་ཞིང་སྲོག་སྙིང་ཕུལ། བསྟན་པ་དང་འཕྲིན་ལས་ནམ་མཁའ་དང་མཉམ་པར་མཛད་ཅིང་དངོས་སུ་འཕྲིན་ལས་བསྒྲུབས་པའི་ལོ་རྒྱུས་བསམ་གྱིས་མི་ཁྱབ་པར་ཡོད། དེ་ནས་རིམ་པ་ལྟར་གཉན་རས་དགེ་འདུན་འབུམ། རིན་པོ་ཆེ་རང་བྱུང་རྡོ་རྗེ་ལ་སོགས་པ་ནས་རྩ་བའི་བླ་མའི་བར་དུ་བྱོན་པ་རྣམས་ཀྱི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་ཅིང་བཀྲ་ཤིས་ལ་བྱིན་ཆགས་པ། གནས་སྐབས་ཀྱི་བར་ཆད་སེལ་
ཞིང་། ནོར་ལྷ་ལྟར་བསྒྲུབས་པས་ལོངས་སྤྱོད་འཕེལ། ལས་མཁན་ལྟར་བསྒྲུབ་པས་དགྲ་བགེགས་སྒྲོལ། བླ་མ་དང་ཡི་དམ་ལྟར་བསྒྲུབས་པས་མཆོག་གི་དངོས་གྲུབ་སྟེར་བར་བྱེད་ཅིང་། མགོན་པོ་འདིའི་མཚན་གྱི་རྣམ་གྲངས་དཔལ་གྱི་མགོན་པོ་བེར་ནག་ཅན་སྐོར་གསུམ་ཞེས་བྱ་སྟེ། ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་བེར་ནག་ཅན་དང་། ལས་ཀྱི་མགོན་པོ་སྲས་མཆོག་བེར་ནག་ཅན་དང་། འཇིག་རྟེན་གྱི་མགོན་པོ་དྲེགས་བྱེད་བེར་ནག་ཅན་ཏེ་གསུམ་དང་། གཞན་ཡང་ལྷོ་བྲག་གི་མགོན་པོ་གཅིག་མགྱོགས་ཞེས་ཀྱང་བྱ། དེ་བཞིན་དུ་ཟངས་དཀར་ལོ་ཙཱ་བའི་ཤ་བ་རྒྱུག་འགྱེལ། གཉལ་པ་ཉི་མ་འབར་གྱི་ཕོ་རོག་ལྡིང་སྐྱུར། ཇོ་སྲས་ཀྱི་མྱུར་བ་ཁྲག་སྐྱུག་སོགས་གཞན་ཡང་མགོན་པོ་མེའི་སྤུ་གྲི་ཞེས་དང་། མགོན་པོ་ཕུང་བྱེད་ནག་པོ་ཞེས་དང་། རྗེ་རས་ཆེན་གྱི་མགོན་པོ་ལྕགས་སྤར་མ་ཞེས་སོགས་མང་ནའང་། སློབ་དཔོན་ཨརྞ་པའི་མགོན་པོ་སྤྱི་སྒྲུབ་ཏུ་གྲགས་པ་དེ་ཡིན། འདི་སྒྲུབ་པའི་གང་ཟག་
ཀྱང་བླ་མ་ཀརྨ་པའི་རྗེས་སུ་འཇུག་ཅིང་ཕྱི་ནང་གི་དམ་ཚིག་བསྲུང་ལ་བསྙེན་སྒྲུབ་ཚད་དུ་སྐྱེལ་ནས་མཆོད་གཏོར་རྒྱུན་མི་འཆད་དུ་བྱེད་ཅིང་བསྟན་པ་དང་སེམས་ཅན་གྱི་དོན་ལ་བརྩོན་པ་ཞིག་ཤིན་ཏུ་གལ་ཆེའོ། །དེ་ལྟར་བྱས་ན་མ་བསྒྲུབས་ཀྱང་ཕྲིན་ལས་ཐོགས་མེད་སྒྲུབ་པ་ཡིན། དེ་ལྟ་བུའི་ཆོས་སྐྱོང་གི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་གྱིས། འགྲོ་བ་འདྲེན་མཛད་ཐུགས་རྗེ་ཅན། །རྗེ་བཙུན་བླ་མའི་བཀའ་དྲིན་གྱིས། །དཔལ་ལྡན་མགོན་པོ་ཆེན་པོ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ཞེས་ལན་གསུམ་བརྗོད། ཁྱེད་རང་རྣམས་ཀྱི་རྒྱུད་མ་དག་པ་དག་པར་བྱེད་པའི་ཕྱིར་བདུན་རྣམ་དག་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །བར་གསུམ་བརྗོད། དེ་ལྟར་སྔོན་འགྲོ་རྣམས་སོང་ནས་དངོས་གཞི་ལ་ལུང་ནོད་པ་ནི། མན་ངག་ལ་བརྟེན་ནས་ཡེ་ཤེས་པ་འབེབས་པ། གཏོར་མ་
ལ་བརྟེན་ནས་སྐུའི་རྗེས་སུ་གནང་བ། སྔགགས་ཕྲེང་ལ་བརྟེན་ནས་གསུང་གི་རྗེས་སུ་གནང་བ། ཏིང་ངེ་འཛིན་ལ་བརྟེན་ནས་ཐུགས་ཀྱི་རྗེས་སུ་གནང་བ་དང་བཞི་ལས་དང་པོ་ཡེ་ཤེས་པ་འབེབས་པ་ནི། སྤྲོ་ན་སློབ་མ་རྣམས་ཕྱག་གསུམ་ཕུལ་ལ། ལངས་ནས་སྤྱི་བོར་༼རྡོ་རྗེ་ཕྱི་སྡོམས་ལས་མཛུབ་མོ་དང་མཐེའུ་ཆུང་རྐྱང་བ་སོ་སོར་ལྟོ་སྦྱར་ཞིང་མཐེ་བོང་དག་ཐད་སོར་རྩེ་སྤྲད་པ་༽ཆོས་འབྱུང་གི་ཕྱག་རྒྱའམ། སྨིན་མཚམས་སུ་༼མཛུབ་མོ་མདུད་ཅིང་མཐེ་བོང་དག་ལྟོ་སྦྱར་ཞིང་སོར་མོ་ལྷག་མ་རྣམས་བཀྲམས་ཏེ་བསྐྱང་པས་གྱེན་དུ་སློང་ནས་གཡོན་དུ་བསྐོར་བ་༽འབར་བའི་ཕྱག་རྒྱ་བྱེད་དུ་བཅུག །དམིགས་པ་འདི་བཞིན་དུ་མཛོད་ཅིག།།སྭ་བྷཱ་ཝས་སོགས། ཆོས་ཐམས་ཅད་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་རྐང་པའི་ཞབས་སུ་མེ་རླུང་དམར་ནག་རབ་ཏུ་འབར་ཞིང་འཁྲུགས་པས་བཏེག་པའི་པད་ཉི་རོ་གདན་གྱི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཁྲོ་
གཉེར་རབ་ཏུ་བསྡུས་ཤིང་། སྤྱན་གསུམ་དྲག་ཏུ་གཡོ་བ། ཞལ་གདངས་ཤིང་ཁྲག་གིས་གོས་པའི་མཆེ་བ་བཞི་གཙིགས་པ། ལྗགས་འདྲིལ་ཞིང་རྐན་སྒྲ་རྡེབ་པ། ཞལ་ནས་ཁྲག་གི་རྒྱུན་འཛགས་པ། དབུ་སྐྲ་དང་སྨ་ར་དང་སྨིན་མ་དམར་སེར་མེ་ལྟར་དུ་འབར་བ། རིན་པོ་ཆེའི་རྩེ་བྲན་ཅན་གྱི་ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང ་། རློན་པ་ཁྲག་འཛགས་པ་ལྔ་ཅུའི་དོ་ཤལ་དང་། དུག་སྦྲུལ་གྱི་ག་ཤ་འཕྱང་བ། རུས་པ་དང་རིན་པོ་ཆེ་དང་། སྦྲུལ་སྣ་ཚོགས་ཀྱིས་ཡན་ལག་བརྒྱན་ཅིང་། ཕྱག་གཡས་པས་ཡེ་ཤེས་ཀྱི་མེ་འབར་བའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། དར་ནག་གི་འཇོལ་བེར་དགུ་བརྩེགས་གསོལ་བ་ལ་བཞི་མན་ཆད་གསེར་སྐེད་རིན་ཆེན་འབར་བས་བཅིངས་པ། ལྔ་ཡན་ཆད་ལྷུག་གྱོན་དུ་གསོལ་བ། བེར་གྱི་སུལ་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ། ཞབས་གཡས་ཅུང་ཟད་བཏེག་ཅིང་། གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་
མེ་འབར་བའི་དབུས་ན་བཞེངས་པ་གཅིག་ཏུ་གྱུར་པའི་སྙིང་གར་ཡེ་ཤེས་སེམས་དཔའ་བེར་ནག་པོ་ཅན་མཚོན་གང་པ་གཅིག་གསལ་བར་གྱུར་པས། ཞབས་གར་སྟབས་སུ་བསྒྱུར་ཅིང་སྤྱན་ནམ་མཁའ་ལ་ཧྲིག་ཧྲིག་དྲག་ཏུ་གཟིགས་ཤིང་ཞལ་ནས་ཧཱུྃ་ཧཱུྃ་ཞེས་པའི་སྒྲ་དྲག་ཏུ་བརྗོད་པས། སྟེང་གི་ཕྱོགས་ནས་ཡེ་ཤེས་གྱི་མགོན་པོ་ཆར་བཞིན་དུ་བབ། དེ་བཞིན་དུ་རང་བཞིན་གྱི་གནས་དང་འོག་མིན་དང་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་དང་བསིལ་བ་ཚལ་ལ་སོགས་པའི་དུར་ཁྲོད་རྣམས་དང་སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ནམ་མཁའ་ལ་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་བྱོན་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་མཚོ་ལ་ཁ་བ་བབ་པ་ལྟར་ཐིམ་པས། དཔལ་མགོན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་སྙམ་པས་རྩེ་གཅིག་ཏུ་
མཉམ་པར་ཞོག་ཅིག །ཅེས་རོལ་མོ་དང་བཅས་པས་སྔགས་ནས་འཐོར། བཞི་སྦྲེལ་རྣམས་ལ་ཨ་བེ་ཤ་ཡ་བཏགས་ལ་འདོན། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ འདིར་ཤོག་འདིར་ཤོག ཨཱ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཿཧཱུྃ་ཡ་ཛཿ ཨ་བེ་ཤ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤོག་ཧེར་ནི་ཤོག །ཧེར་མ་དུམ་རིལ་ཤོག།།འདིར་ཤོག་འདིར་ཤོག །འདིར་དུཾ་འདིར་དུཾ། གནོད་བྱེད་དགྲ་བོའི་ཙིཏྟ་བཾ་ཙིཏྟ་རྦད་ཨ་བེ་ཤ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀ་རི་ཎཱཾ། ཨེ་ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྛཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲིཧྞ། བྷནྷ་བྷནྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་མ་ར་ཡ་ཧཱུྃ་ཕཊ་ཨ་བེ་ཤ་ཡ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏྲི་ལཾ་ཤཾ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད། ཨོཾ་སྟྭཾ་བནྡྷ་སྟྭཾ་བནྡྷ་ཧཱུྃ་ཧཱུྃ་ཕཊ་ཨ་བེ་ཤ་ཡ། མགོན་སྤོས་དང་གུ་གུལ་སོགས་བསྲེགས། དེ་ནས་སྡོད་དུ་
བཅུག་ལ། སྤྱི་བོར་རྡོ་རྗེ་བསྣོལ་བར་བཞག་ཅིང་། ཏིཥྛ་བཛྲ། དེ་ལྟར་ཡེ་ཤེས་པ་ཕེབས་པ་དེ་བརྟན་པར་བྱས་ནས། ད་ནི་གཏོར་མ་ལ་བརྟེན་ཏེ་སྐུའི་རྗེས་སུ་གནང་བ་སྒྲུབ་པ་ལ། ཁྱེད་རང་རྣམ་པའི་མ་དག་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་འདི་དག་རྣམ་པར་དག་པའི་བདག་ཉིད་དཔལ་ཡེ་ཤེས་ཀྱི་མགོན་པོར་གསལ་བར་བསྒོམ་པའི་མདུན་དུ་གཏོར་མ་འདི་དང་ཐ་མི་དད་པའི་ཁཾ་ཡོངས་སུ་གྱུར་པ་ལས། རྡོ་རྗེའི་བྲག་སྟེངས་གྲུ་གསུམ་མཐིང་ནག་འབར་བ་ཡངས་ཤིང་རྒྱ་ཆེ་བ་སྟོང་གསུམ་དང་མཉམ་པ། དེའི་དབུས་སུ་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ། ཀེང་རུས་དང་རོ་གསར་རྙིང་གིས་གང་བ། རོ་ལངས་ཁྲག་སྐྱུག་པ་དང་ལྕེ་མནར་བ་དང་རང་གི་མགོ་བཅད་དེ་ལག་ཏུ་ཐོགས་པ་དང་ཧ་ཧའི་སྒྲ་སྒྲོགས་པ་རྣམས་ཕྱོགས་ཀུན་ཏུ་རྒྱུག་ཅིང་། ཀེང་རུས་བཤུགས་པ་འདེབས་པ་དང་། ཁ་ནས་མེ་འབར་བ་མང་པོ་འཁྲབ་ཅིང་རྒྱུག་པ་དང་། མི་རོ་དང་རྟ་རོ་མང་པོ་བཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་
པ་ལ་འདྲེ་དང་སྲིན་པོ་དང་ཤ་ཟ་མང་པོ་ལང་ལོང་དུ་འདུ་ཞིང་ཟ་བ། གཅན་གཟན་གཏུམ་པོ་རྣམས་བག་ཡངས་སུ་རྒྱུ་ཞིང་དུར་ཁྲོད་ཀྱི་བྱ་རྣམས་འཕུར་ཞིང་ལྡིང་བ། དེ་ལྟ་བུའི་དུར་ཁྲོད་ཆེན་པོ་འཇིགས་སུ་རུང་བའི་དབུས་སུ། བྷྲཱུྃ་ཡིག་མཐིང་ནག་ལས་བྱུང་བའི་གཞལ་ཡས་ཀྱི་ཁང་པ་གྲུ་གསུམ་འབར་བ་ལོགས་གསུམ་དུ་སྒོ་དང་ལྡན་པ། རྒྱུ་གནམ་ལྕགས་ལས་གྲུབ་ཅིང་རྡོ་རྗེ་ཕ་ལམ་གྱི་རྨེང་གཞི་ཅན། ཀླུ་ཆེན་པོ་བརྒྱད་ཀྱིས་ཀ་གདན་དང་ལྷ་ཆེན་པོ་བརྒྱད་ཀྱིས་ཀ་བ་བྱས་པ། གཟའ་ཆེན་པོ་བརྒྱད་གདུང་དུ་བྲེས་ཤིང་རྒྱུ་སྐར་ཉེར་བརྒྱད་རྐང་དང་རྩིབས་མས་གྲལ་གྲབ་བྱས་པ། ལྷ་སྲིན་སྡེ་བརྒྱད་ཀྱི་ཐོག་ལེབ་དང་། ཤ་ཁྲག་གི་འཇིམས་པས་ལྗིལ་མོར་བྱུགས་པའི་ཕྱི་རོལ་གྱི་སྟོད་དུ་ཟླ་བ་ལྟར་དཀར་བའི་ཐོད་སྐམ་གྱི་དྲྭ་བ་དང་ཐོད་རློན་གྱི་དྲྭ་ཕྱེད་འཆང་བ། སྨད་དུ་མཚོན་ཆའི་ཚོགས་སྣ་ཚོགས་པ་གཟིང་གཟིང་པོར་བྱས་པས་རབ་ཏུ་འཇིགས་པ། ཟུར་གསུམ་ལ་དུག་སྦྲུལ་ནག་པོ་འཐུར་ལ་རྒྱུག་པ། ནང་
དུ་གཡང་གཞིའི་བླ་རེ་དང་། རྒྱུ་རློན་གྱི་ལྡ་ལྡི་བྲེས་པ། ཐོག་གི་དབུས་ཕྱུར་པོར་གྱུར་པའི་རྩེ་མོར་ཙིཏྟའི་ཏོག་གིས་སྤྲས་པ། ལོགས་རྣམས་སུ་གཡང་གཞི་དང་རོ་རས་ཀྱི་བ་དན་དང་རྒྱལ་མཚན་བསྒྲེངས་པའི་རྩེ་མོར་མགོ་བོ་རློན་པ་རལ་པ་ནག་པོ་འཕྱང་བ་དང་། རྐང་ངར་གྱི་ཡུ་བ་ལ་རོ་སྐྲའི་རྔ་ཡབ་བཏགས་པ་ལ་སོགས་གཤིན་རྗེའི་གྲོང་ཁྱེར་བྱེ་བ་ཕྲག་བརྒྱ་གཅིག་ཏུ་བསྡུས་པ་ལྟ་བུ། དེའི་ནང་དུ་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཚུབས་པའི་དབུས་སུ་པདྨ་མཐིང་ནག་འབར་བའི་གདན་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་འཇིག་རྟེན་གྱི་ཁམས་གྱི་སྲེག་བྱེད་གདུག་པ་ཅན་མ་ལུས་པ་ཁ་སྦུབ་ཏུ་སྒྱེལ་བའི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་འོད་དུ་འབར་བ་དེ་ལས་འོད་ཟེར་འཕྲོས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཐམས་ཅད་ལ་ཕྱི་ནང་གསང་བའི་མཆོད་པས་མཉེས་པར་བྱས། དེ་དག་གི་སྐུ་གསུང་
ཐུགས་ཡོན་ཏན་ཕྲིན་ལས་མཐུ་སྟོབས་ནུས་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་ཧཱུྃ་ལ་ཐིམ། སླར་འོད་ཟེར་འཕྲོས་དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད་དྲེགས་བྱེད་ནུས་པ་ཅན་རྣམས་ཀྱི་སྲོག་གི་སྙིང་པོ་བསྡུས། ཧཱུྃ་ལ་ཐིམ་ཞིང་ཡོངས་སུ་གྱུར་པ་ལས། སྐད་ཅིག་གིས་རྡོ་རྗེ་ནག་པོ་ཆེན་པོ་ཆེར་འབར་བ། སྐུ་མདོག་མཐིང་ནག་མུན་ཆེན་གྱི་མདོག་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། ཞལ་གྱི་དཀྱིལ་འཁོར་དབྱར་དུས་ཀྱི་སྤྲིན་ནག་འཁྲུགས་པ་ལྟ་བུའི་གསེབ་ནས་ཉི་ཟླ་ལྟར་འོད་དུ་འབར་བའི་སྤྱན་གསུམ་ཁྲག་ལྟར་དམར་བ་ཟླ་ཚེས་ལྟར་སྡང་མིག་ཏུ་གཟིགས་པ། ཁྲོ་གཉེར་རབ་ཏུ་བསྡུས་ཤིང་ཤངས་ཀྱི་རླུང་ལས་བསྐལ་པའི་འཐོར་རླུང་དྲག་ཏུ་འཚུབས་པ། གནམ་ས་ལྟ་བུའི་ཞལ་གདངས་ཤིང་ཟླ་བ་ལྟར་དཀར་བའི་མཆེ་བ་བཞི་ཁྲག་གིས་གོས་པ་གཙིགས་པ། ལྗགས་འདྲིལ་ཞིང་དྲག་པོའི་རྐན་སྒྲ་སྒྲོགས་པ་ཞལ་ནས་ཁྲག་གི་རྒྱ་མཚོ་ཁོལ་ཞིང་ཁྲག་གི་རྒྱུན་བར་མ་ཆད་དུ་འབབ་
པ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་དུ་འབར་བ། སྦྲུལ་ནག་པོས་བཅིངས་པའི་དབུ་སྐྲ་ཁམ་ནག་སྲིད་རྩེར་འབར་བ་ལ་མེ་ལྕེའི་ཕྲེང་བ་འཕྲོ་བ། རྡོ་རྗེ་ནག་པོའི་ཕྲེང་བས་བརྒྱུས་པའི་ཐོད་པ་སྐམ་པོ་རྡོ་རྗེ་ཕྱེད་པས་མཚན་པ་བསྐལ་པའི་མེ་དཔུང་འབར་བ་ལྔས་དབུ་ལ་བརྒྱན་པ། རུས་པ་དང་རིན་པོ་ཆེ་དང་སྦྲུལ་སྣ་ཚོགས་ཀྱིས་ཡན་ལག་བརྒྱན་ཅིང་། ཕྱག་གཡས་པས་ཁྲག་གིས་གོས་ཤིང་མེ་འབར་བའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ལྷ་མ་ཡིན་གྱི་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་ཅིང་ཧྲིཾ་གི་གླུས་དྲངས་ནས་ཞལ་དུ་གསོལ་བ། ཁྲག་གི་ཐིག་ལེ་དང་ཞག་གི་ཟོ་རིས་དང་ཐལ་ཆེན་གྱི་ཚོམ་བུས་སྤྲས་པ། ནང་དུ་སྟག་གི་པགས་པའི་ཤམ་ཐབས་དཀྲིས་ཤིང་། དར་དཀར་པོའི་ཤ་གོས་ཀྱི་སྟེང་དུ་དར་ལྗང་ནག་གི་བེར་བཞི་བརྩེགས་གསོལ་བ་ལ་གསེར་སྐེད་རིན་ཆེན་འབར་བ་རེ་རེས་བཅིངས་པ། སུལ་གྱི་པྲག་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབས་པ། དེའི་སྟེང་དུ་དར་ནག་
གི་འཇོལ་བེར་ལྔ་ལྷུག་གྱོན་དུ་གསོལ་བ་ལ་གསེར་གྱི་འབྲུག་རིས་དང་། གཡུང་དྲུང་ལ་སོགས་པས་མཛེས་པ། སུལ་རྣམས་ནས་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ། གདུག་པ་ཅན་མཐའ་དག་གི་མགོ་བོ་དྲག་པོར་བཅད་པ་ལས་ཁྲག་འཛགས་པའི་ཐོད་རློན་ལྔ་བཅུའི་དོ་ཤལ་དང་། དུག་སྦྲུལ་ནག་པོའི་ག་ཤ་འཕྱང་བ། ཞབས་གཡས་ཅུང་ཟད་བསྐུམས་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་གདུག་པ་ཅན་རྣམས་དྲག་པོར་བརྫི་ཞིང་གཟིར་བ། ཤིན་ཏུ་འཇིགས་སུ་རུང་ཞིང་བཟོད་པར་དཀའ་བའི་གཟི་བརྗིད་ཅན། ཡེ་ཤེས་ཀྱི་མེ་རི་མེ་དཔུང་འབར་བའི་དབུས་ན་ཧ་ཧ་ཧཱུྃ་ཧཱུྃ་ཕཊ་ཕཊ་ལ་སོགས་པ་དྲག་པོའི་ང་རོ་འབྲུག་ལྟར་དུ་སྒྲོགས་པ། དེའི་འཁོར་དུ་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་བའི་སྲུང་མ་དཔག་ཏུ་མེད་པས་བསྐོར་བ། དེ་དག་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ལ་སོགས་པ་ནས་ཡེ་ཤེས་ཀྱི་མགོན་
པོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས་ཤིང་། མདུན་བསྐྱེད་ཀྱི་ལྷ་ཚོགས་དང་བཅས་པ་ནམ་མཁའ་ནས་ཁ་བ་བབས་པ་ལྟ་བུ། བར་སྣང་ནས་སྦྲང་ཆར་བབས་པ་ལྟ་བུ། ས་གཞི་ནས་རླུ་དམར་འཚུབས་པ་ལྟ་བུར་བྱོན་ནས། ཁྱེད་རང་རྣམ་པའི་ལུས་ངག་ཡིད་གསུམ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པ་དང་། ཁྱེད་རང་རྣམས་མགོན་པོར་གསལ་བའི་དབུ་ཐོག་ཏུ་སློབ་དཔོན་གྱིས་གཏོར་མ་དང་ཐ་མི་དད་པའི་མགོན་པོ་དེ་ཉིད་སྤྱན་དྲངས། གཟུངས་སྔགས་བརྗོད། བླ་མ་བརྒྱུད་པའི་མཚན་སྨོས། དམ་ཚིག་བསྒྲགས་ཏེ་བཀའ་བསྒོས་པས། སློབ་དཔོན་གྱིས་ཇི་ལྟར་གསོལ་བ་བཞིན་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པ་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །ཅེས་བརྗོད། སློབ་དཔོན་གྱིས་གཏོར་མ་ཐོགས་ལ། ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། ཞེས་པ་ནས། བཀའ་སྩལ་དངོས་གྲུབ་སྩལ་དུ་གསོལ། །ཅེས་པའི་བར་གྱེར་ལ། གཏོར་མ་སློབ་མའི་མགོར་བཞག་སྟེ་སྔགས་༼བཞི་སྦྲེལ་༽རྣམས་བརྗོད་པའི་རྗེས་སུ།
དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་ལྕམ་དྲལ་བྲན་གཡོག་བཀའ་སྡོད་འཁོར་དང་བཅས་པ་ཁྱེད་རྣམས་ཀྱིས་སྔོན་གྱི་དམ་ཚིག་གཉེན་པོ་རྗེས་སུ་དྲན་པར་མཛོད་ཅིག །ཆོས་སྐུ་རྡོ་རྗེ་འཆང་ཆེན་པོ། སློབ་དཔོན་ཨཪྞ་པ། མལ་གྱོ་ལོ་ཙཱ་བ། གཉལ་པ་ཉི་མ་འབར། གཉལ་པ་ཇོ་སྲས། འགྲོ་མགོན་རས་ཆེན། སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། གཉན་རས་སཾ་གྷ་ལཀྵ། རིན་པོ་ཆེ་རང་བྱུང་རྡོ་རྗེ། རྟོགས་ལྡན་མགོན་པོ་རྒྱལ་མཚན། རོལ་པའི་རྡོ་རྗེ། མཁའ་སྤྱོད་དབང་པོ། དེ་བཞིན་གཤེགས་པ་ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་ཡན་ལག །དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །ཀརྨ་ཆགས་མེད། དུལ་མོ་ཀརྨ་དར་རྒྱས། དཔལ་ཆེན་ཆོས་ཀྱི་དོན་གྲུབ། འཇམ་མགོན་བསྟན་པའི་ཉིན་བྱེད། རྗེ་བཙུན་བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད་དབང་པོ། རྒྱལ་དབང་ཐེག་མཆོག་རྡོ་རྗེ། རྒྱལ་
སྲས་བློ་གྲོས་མཐའ་ཡས། ༼འདི་མན་ཆད་ཀྱི་བླ་བརྒྱུད་ཀྱང་གང་ལས་གསན་པའི་བར་ཁ་བསྐང་སྟེ་གསུངས།༽ རྩ་བའི་བླ་མ་ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་དམ་ཚིག་དྲན་པར་མཛོད་ལ། དེ་རྣམས་ཀྱི་བཀའ་དང་དམ་ལ་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་བདག་ཅག་གི་ཡང་བཀའ་དང་དམ་ལས་མ་འདའ་བར། སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕངས་བསྟོད། དགེ་འདུན་གྱི་སྡེ་སྐྱོངས། ཁྱད་པར་དུ་ཡང་རྡོ་རྗེའི་སློབ་མ་འདི་དག་གི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་ནད་དང་གདོན་དང་དགྲ་དང་བགེགས་དང་ལོག་པར་འདྲེན་པ། རྐྱེན་ངན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་སྲུངས་ཤིག །སློབ་མ་འདི་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་མཐའ་དག་སོལ། མཐུན་རྐྱེན་མཐའ་དག་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་ཆོས། སྡོད་ན་རྟེན་ས་གྱིས། ཉིན་
གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛོད། སྔུན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་རྡོ་རྗེའི་བཀའ་སྡོད་མཛོད་ཅིག །དཔལ་མགོན་པོ་འཁོར་དང་བཅས་པ་ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ལ་གཏད་པ་ཡིན་པས། ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་ལ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་འདི་རྣམས་ཀྱི་ཆོས་སྐྱོང་བའི་སྲུངས་མ་མཛོད་ཅིག །བྱིན་པའི་ཕུད་བཞེས། བསྒོ་བའི་ངག་ཉོན། བཅོལ་པའི་ལས་སྒྲུབས། སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། ཆོས་མི་ནུབ་པའི་རྒྱལ་མཚན་འཛིན་པའི་ཕྲིན་ལས་མཛོད་ཅིག །ཤྲཱི་མ་ཧཱ་ཀཱ་ལ་ཡ་། ས་མ་ཡ་སྟྭཾ། ཞེས་བརྗོད། ༼ཡང་མི་མང་པོ་ལ་གནང་ན་གཏོར་མ་ཕྱག་ཏུ་བསྣམས་ནས་ཆོས་ཀྱི་དབྱིངས་མ་གསུངས་པའི་མུ་དེ་ཀར་སྔགས་དང་བཀའ་བསྒོ་ལན་གཅིག་གསུངས་ནས་སྔགས་འདི་ཁོ་ན་གསུང་བཞིན་གཏོར་མ་མགོར་རེག་ཙམ་རེ་གནང་བས་ཆོག་ལགས།༽ དེ་ལྟར་བྱས་པས་མགོན་པོ་འཁོར་བཅས་ཀྱིས་ཞལ་
གྱིས་བཞེས་ནས་འོད་དུ་ཞུ་བ་ཁྱེད་རང་རྣམས་ལ་ཐིམ་པས་མགོན་པོའི་སྐུ་གསུང་ཐུགས་དང་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དབྱེར་མི་ཕྱེད་པར་གྱུར་སྙམ་པས་རྩེ་གཅིག་ཏུ་མཉམ་པར་བཞག་པ་ནི་སྐུའི་རྗེས་སུ་གནང་བའོ། །ད་ནི་སྔགས་ཕྲེང་ལ་བརྟེན་ནས་གསུང་གི་རྗེས་སུ་གནང་བ་ནི། ཁྱེད་རང་རྣམས་མགོན་པོར་གསལ་བའི་མགྲིན་པར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཨཱཿདམར་པོ། དེའི་མཐའ་བསྐོར་དུ་ཤ་ས་ནའི་སྔགས་ཀྱི་ཕྲེང་བ་འཁོར་བ་དང་། སློབ་དཔོན་ཡེ་ཤེས་ཀྱི་མགོན་པོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་མཐིང་ནག་ལ་སྔགས་ཕྲེང་བཻཌཱུརྱ་ཞུན་མས་བྲིས་པ་ལྟ་བུ་གཡས་སྐོར་དུ་འཁོར་བར་བསྒོམས། ཁྱེད་རང་རྣམས་ཀྱི་མགྲིན་པའི་ཨཱཿལས་འོད་ཟེར་འཕྲོས་པས། མདུན་གྱི་ནམ་མཁའ་ནས་དཔལ་མགོན་པོ་སྔགས་ཀྱི་རྣམ་པ་ཡིག་འབྲུའི་ཚུལ་དུ་ཆར་བཞིན་དུ་བབ་ནས། མགྲིན་པའི་ཨཱཿལ་ཐིམ་པས་ངག་ནུས་མཐུ་དང་ལྡན་
པར་གྱུར་སྙམ་པའི་མོས་པ་དང་། ཡང་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་མར་མེ་གཅིག་ལ་གཉིས་མཆེད་ཀྱི་ཚུལ་དུ་བྱོན། སློབ་དཔོན་གྱི་ཞལ་ནས་ཐོན། དེ་ལས་འོད་ཟེར་འཕྲོས། རིགས་སྔགས་ཀྱི་མཐུ་ནུས་ཐམས་ཅད་བསྡུས་ནས་སྔགས་ཕྲེང་ལ་ཐིམ་ཞིང་། སླར་ཁྱེད་རང་རྣམས་མགོན་པོར་གསལ་བའི་ཞལ་ནས་ཞུགས། ཐུགས་ཀར་ཉི་དཀྱིལ་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོར་བར་མོས་ལ་རྗེས་ཟློས་མཛོད། ཅེས་དཔོན་སློབ་ཕྲེང་བ་སྦྲེལ། ༼མང་པོ་ལ་གནང་ན་ཕྱག་ཕྲེང་ཕྱར་བ་ཙམ་གནང་ནས་དེ་ལ་སློབ་མས་གཟུང་བར་མོས་ཏེ་རྗེས་ཟློས་བྱེད་པ་ཟོར་ཡང་ལགས། བཞི་སྦྲེལ་སྔགས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་ཛཿཧཱུྃ་བྃ་ཧོཿ འདིར་ཤོག་འདིར་ཤོག ཨཱ་གཙྪ་ཡ་ཨ་གཙྪ་ཡ། ཧཱུྃ་ཡ་ཛཿ ཧཱུྃ་ཡ་ཛཿ ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤོག་ཧེར་ནི་ཤོག །ཧེར་མ་དུམ་རིལ་ཤོག།།འདིར་ཤོག་འདིར་ཤོག །འདིར་དུཾ་འདིར་དུཾ། གནོད་བྱེད་དགྲ་བོའི་ཙིཏྟ་བཾ་ཙིཏྟ་རྦད། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ཤཱ་ས་ནཾ། ཨུ་པ་ཀ་རི་ཎཱཾ། ཨེ་
ཥཱ་པཤྩི་མ་ཀཱ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ཎཱཾ། ཡ་ཏི་པྲ་ཏི་ཛྙ། སྨ་ར་སི་ཏ་དཱ། ཨི་དཾ་དུཥྛཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲིཧྞ། བྷནྷ་བྷནྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀེ་ན་མ་ར་ཡ་ཧཱུྃ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། དེ་ཝ་རཀྵ་དགྲ་བོའི་ཙིཏྟ་ལ་ཧུ་ར་ཧུ་ར། བེ་ར་བེ་ར། དུ་ན་དུ་ན། ཏྲི་ལཾ་ཤཾ་ཀ་རུ་ཏྲི་ཏ་ཏྲག་རཀྵ་རྦད་། ཨོཾ་སྟྭཾ་བནྡྷ་སྟྭཾ་བནྡྷ་ཧཱུྃ་ཧཱུྃ་ཕཊ།༽ བདུན་ནམ་གསུམ་གྱི་རྗེས་ཟློས་བྱེད་དུ་གཞུག་ཅིང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དེ་དག་མེ་ཏོག་གི་ཕྲེང་བར་བྱས་ནས་དབུ་ལ་བཅིངས་པའི་མོས་པ་མཛོད། སྔགས་ནས་འཐོར། རོལ་མོ་དང་བཅས་པས། བཅོམ་ལྡན་འདས་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །རྡོ་རྗེའི་སློབ་མ་
འདི་རྣམས་ཀྱི་རྒྱུད་ལ་དཔལ་མགོན་པོ་འཁོར་དང་བཅས་པའི་ཐུགས་རྗེ་དང་ནུས་པ་དང་རིགས་སྔགས་ཀྱི་མཐུ་ནུས་བྱིན་རླབས་ཐམས་ཅད་འཇུག་པར་མཛོད་ཅིག །དཔལ་མགོན་པོ་འཁོར་དང་བཅས་པ་སློབ་མ་འདི་རྣམས་ལ་གཏད་པ་ཡིན་པས་འདི་རྣམས་ཀྱི་བསྟན་པ་སྲུངས། དངོས་གྲུབ་སྩོལ། ཕྲིན་ལས་སྒྲུབས། ཆོས་མི་ནུབ་པའི་རྒྱལ་མཚན་ཕྱོར་ཅིག །ཅེས་པས་གསུང་གི་རྗེས་སུ་གནང་བ་དང་། ད་ནི་ཏིང་ངེ་འཛིན་ལ་བརྟེན་ནས་ཐུགས་ཀྱི་རྗེས་སུ་གནང་བ་སྒྲུབ་པ་ནི། ཁྱེད་རང་རྣམས་མགོན་པོར་གསལ་བའི་མདུན་གྱི་ནམ་མཁར་མགོན་པོར་གསལ་བར་སྒོམ་སྟེ། བདག་མདུན་གཉིས་ཀའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་གི་མཐའ་མར་སྔགས་ཀྱི་ཕྲེང་བས་འཁོར་བ། དེ་ལ་མདུན་བསྐྱེད་ཀྱི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པར་གྱུར་པ་དང་། སླར་མདུན་གྱི་མགོན་པོ་ཡང་འོད་དུ་ཞུ་ནས་ཁྱེད་རང་རྣམ་པའི་སྙིང་
ཀར་ཐིམ་པས་དབྱེར་མེད་དུ་གྱུར་པའི་མོས་པ་མཛོད། སྙིང་ཀར་རྡོ་རྗེ་བཞག །མ་ཧཱ་ཀཱ་ལ་ཀཱ་ལ་ཡ། ས་མ་ཡ་སྟྭཾ། དེ་ལྟར་བྱས་པས་ཐུགས་ཀྱི་རྗེས་སུ་གནང་བ་གྲུབ་པ་ཡིན་ཅིང་། དེ་ལ་དཔལ་མགོན་པོའི་རྗེས་སུ་གནང་བ་ལེགས་པར་གྲུབ་པས། དེའི་དམ་ཚིག་ཏུ་སྤྱིར་གསང་སྔགས་ཀྱི་དམ་ཚིག་མཐའ་དག་སྲུང་ཞིང་། ཁྱད་པར་ཆོས་སྐྱོང་འདི་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ་དང་བསྙེན་སྒྲུབ་ལ་བརྩོན་པ་དང་། སྣོད་མིན་ལ་གསང་བ་དང་། མཆོད་གཏོར་བསྐང་བ་དུས་གཏོར་རྣམས་མ་ཆགས་པར་བྱེད་ཅིང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་ཆོས་སྐྱོང་དུ་འཛིན་སྙམ་པས། གཙོ་བོས་ཇི་ལྟར་སོགས། ལུས་ལོངས་སྤྱོད་སོགས། དེང་ནས་བརྩམས་ཏེ་སོགས། དེ་ལྟར་དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་པོ་ཅན་གྱི་རྗེས་སུ་གནང་བ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་སྒྲུབ་པར་མཛོད་ཅིག །ཅེས་བརྗོད། ཚོགས་ལ་ལོངས་སྤྱོད། ལྷག་མ་དབུལ།
སློབ་མ་རྣམས་རང་གནས་སུ་བཏང་། མཆོད་བསྟོད། བཟོད་གསོལ། སྨོན་ལམ། གཤེགས་གསོལ། བཀྲ་ཤིས་སོགས་རྗེས་ཀྱི་ཆོ་ག་རྣམས་གཞུང་བཞིན་བྱའོ། །༼རྗེས་ཆོག་གི་མཆོད་པ། ཨ་ལས་ཐོད་པར་ཧཱུྃ་ཡིག་ནག་པོ་ལས། །སོགས་ཀྱིས་བྱིན་གྱིས་རླབས་ཏེ། ཨོཾ། ཁྲག་གི་རྒྱ་མཚོ་མེ་ཏོག་ཨུ་པཀྵ་ནས། ཉིན་མཚན་རྟག་ཏུ་བཀྲ་ཤིས་བདེ་ལེགས་ཤོག་བར། མཚལ་མའི་རྗེས་ཆོག་བཞིན་ནོ། །༽ཞེས་པ་འདི་ལག་ལེན་གྱི་རིམ་པ་ཇི་ལྟ་བ་བཞིན་དུ་འཇུག་པ་བདེ་བར་བཀོད་པ་འདི་ནི་གྲགས་པ་དཔལ་འབྱོར་རྒྱས་པའི་སྙིང་པོས་བགྱིས་པ་འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པའི་རྒྱུར་གྱུར་ཅིག། །།
ལྷ་མོའི་རྗེས་གནང་།
ལྷ་མོའི་རྗེས་གནང་བཞུགས།
བླ་མ་དང་མཁའ་འགྲོའི་ཚོགས་ལ་གུས་པར་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོའི་རྗེས་སུ་གནང་བ་བསྒྲུབ་པར་བྱེད་པ་ལ། སློབ་དཔོན་བླ་མེད་ཀྱི་དཀྱིལ་འཁོར་དུ་ཞུགས་ཤིང་བསྙེན་པ་སྔོན་དུ་སོང་བས། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་མཛེས་པར་བརྒྱན་ཅིང༌། དཀོན་མཆོག་གི་རྟེན་དང་འདི་ཉིད་ཀྱི་བྲིས་སྐུ་སོགས་བཀྲམས་པའི་མདུན་དུ་མཆོད་གཏོར་རྒྱ་ཆེན་པོ་དང་སྨན་རག་གཏོར་ ༼གཏོར་འབུལ་ཡིན།༽ གསུམ་ཚོགས་ཀྱི་ཡོ་བྱད་རྣམས་བཤམས། ཁྱད་པར་སྟེགས་བུའི་ཁར་རྗེས་གནང་གི་གཏོར་མ་ཁྲུ་གང་བ། ཟུར་གསུམ་ ༼ཐུན་གཏོར་འདྲ།༽ ཤ་དམར་ལ་སོགས་ཟས་སྣ་ཚོགས་ཀྱིས་བརྒྱན་པ། དར་སྔོན་པོའི་ཅོད་པན་དང༌། རྨ་བྱའི་
མདོངས་དང༌། སྐུའི་ཙཀླིས་བརྒྱན་པ་བཤམས། དེའི་མདུན་དུ་ཁྲག་དང་ཆང་གི་ཡོན་ཆབ་ལ་སོགས་པ་དྲག་པོའི་མཆོད་རྫས་ཀྱང་བཤམས། སློབ་དཔོན་སྟན་བདེ་བ་ལ་འདུག་ནས། རང་ཡི་དམ་ ༼ལྷ་མོ་རང་རྐྱང་པའི་རྗེས་གནང་ལོགས་སུ་གནང་བའི་ཚེའང་སྔོན་དུ་གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་དང་བཟླས་པ་ངེས་པར་དགོས་པས། ཡི་དམ་གཞན་གྱི་བདག་བསྐྱེད་མེད་ཀྱང་རུང༌། ཆོས་སྐྱོང་མང་པོའི་རྗེས་གནང་སྟབས་གཅིག་ཏུ་གནང་བའི་ཚེ། ཐོག་མར་བདེ་དགྱེས་ལྟ་བུའི་བདག་བསྐྱེད་དང༌། མགོན་པོའི་མདུན་བསྐྱེད་གྲུབ་རྗེས། སྐད་ཅིག་གིས་རང་གཤིན་རྗེའི་གཤེད་དུ་བསྐྱེད་ཅིང་བཟླས་པ་ཅུང་ཟད་གནང་ནས། མདུན་དུ་ལྷ་མོ་བསྐྱེད་པ་ལེགས། ཡང་ཟོར་ཡང་དགོས་པ་བྱུང་ན་ལྷ་མོ་ལ་ངེས་པར་དགོས་པ་གཙོ་ཆེ་བས་
སྐྱབས་སེམས་ཚད་མེད་བཞིའི་རྗེས་སུ་གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་གནང་ནས་བདག་བསྐྱེད་གཞན་མི་དགོས་པར། མགོན་པོ་སོགས་ཀྱི་མདུན་བསྐྱེད་རྣམས་རིམ་པས་གནང༌།༽ གང་བྱེད་ཀྱི་བདག་བསྐྱེད་མཆོད་བསྟོད་བསྙེན་པ་དང་བཅས་པ་སྔོན་དུ་སོང་ནས་ཁྱད་པར་འདི་ཉིད་ཀྱི་གོང་བསྣོན་ལ་བསྔགས་པ་ཡིན་པས། རང་ཉིད་ ༼འགོའི་ཡབ་ཀྱི་རྗེས་གནང་གི་སྐབས་ནས་འབྱུང་བ་ལྟར།༽ གཤིན་རྗེའི་གཤེད་ཀྱི་བསྐྱེད་རིམ་གསལ་བས་བསྙེན་པ་ ༼ཨོཾ་ཨ་ཀྲོ་དྷི་ཀ་སོགས་ལགས།༽ ཅུང་ཟད་བྱས་ནས་མདུན་དུ་མ་མོ་བསྐྱེད་པ། དྲུང་རང་བྱུང་བའི་ལས་བྱང་ལྟར་རམ། ༼འདི་ཡུམ་རྐྱང་དུ་སྒྲུབ་པ་པོས་རང་བྱུང་བའི་ལས་བྱང་གི་དཔེ་མ་རྙེད་ན་མངོན་རྟོགས་འདི་ཀའི་སྐུའི་རྗེས་གནང་གི་སྐབས་བཞིན་དང་སྤྱན་འདྲེན་ནས་བཟླས་པ་དངོས་གྲུབ་ལེན་པའི་མཚལ་མའི་ཆོག་བསྒྲིགས་བཞིན་ལ་མགོན་པོ་རྣམས་དོར་ནས་ལྷ་མོ་རང་གི་གང་ཡིན་རྣམས་ལྗགས་ཐོག་ཏུ་ལེན་པ་གནང་བས་ཆོག་ལགས།༽ ཡབ་ཡུམ་ཞལ་སྦྱོར་དུ་བསྐྱེད་པ་༼སོགས་དོན་ཀུན་གྲུབ་བྱེད།༽ དྲུང་མཛད་ལྟར་ཀྱང་རུང་སྟེ། བསྙེན་པ་བར་སྐབས་དང་བསྟུན་ལ་ཅི་ལྟར་འཚམས་པའི་བསྙེན་པ་བྱས་ནས། ༼མ་གཅིག་སྨིན་མཚམས་མས་༽དངོས་
གྲུབ་བླངས་ཏེ་རང་གཞན་གྱི་དོན་ལ་འདོད་དོན་གསོལ། ༼ཞལ་སྦྱོར་དུ་བསྐྱེད་པ་ཡིན་ན་ཡུམ་རྐྱང་དུ་ཞལ་བསྒྱུར། དང་པོ་ནས་ཡུམ་རྐྱང་རང་དུ་བསྐྱེད་པ་ཡིན་ན་མི་དགོས།༽ སློབ་མ་རྣམས་ཁྲུས་ཕྱག་སྔོན་དུ་འགྲོ་བས་མཎྜལ་ཕུལ་ལ། གྲལ་དུ་འཁོད་པ་ལ་འདི་སྐད་དོ། །སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་སྲུང་བ་དང༌། ཁྱེད་རང་རྣམས་ཀྱི་བྱང་ཆུབ་སྒྲུབ་པའི་བར་ཆད་བསལ་བ་དང༌། ཆོས་སྐྱོང་དཔལ་ལྡན་མ་དང་མི་འབྲལ་བར་བྱ་བའི་ཕྱིར། གཏོར་མ་ལ་བརྟེན་པའི་རྗེས་སུ་གནང་བ་ཞུ་སྙམས་པས། སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ནས་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། གང་གི་དྲིན་གྱི༴ སྐད་ཅིག༴ བླ་མ་རིན་ཆེན༴ རྡོ་རྗེ་ཅན་ཞབས༴ སངས་རྒྱས་ཀུན་གྱི༴ སློབ་དཔོན་ལ་ནི༴ དང་པོར་མེ་ཏོག་ཕོག་པའི་ལྷ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འདུད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །རྗེས་སུ་གནང་བ་སྩལ་དུ་གསོལ། །
ཞེས་གསུམ་བརྗོད། བདུན་རྣམ་དག་ཀྱང་ལན་གསུམ་བྱས་ལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས། ཤོག །དེ་ལྟར་སྔོན་འགྲོ་རྣམས་སོང་ནས་དངོས་གཞི་ལ། ཡབ་ལ་བརྟེན་ནས་ཕྱིའི་རྗེས་སུ་གནང་བ་ཡུམ་ལ་བརྟེན་ནས་ནང་གི་རྗེས་སུ་གནང་བ། གསང་བ་ངོ་སྤྲོད་གཏོར་མ་ལ་བརྟེན་ནས་ཕྲིན་ལས་བཞིའི་རྗེས་སུ་གནང་བ་དང་གསུམ་ལས། དང་པོ་ནི། དཔལ་ལྷ་མོ་དང་སྦྱོར་ཡུམ་རོ་ལངས་བེ་ཏ་ལི་གཉིས་ཐ་དད་མེད་པས། དེས་ན་གོང་གནོན་ལ་ཡབ་ཀྱི་རྗེས་གནང་འདི་ཤིན་ཏུ་གལ་ཆེ། དེ་ཡང་ཐ་མལ་དུ་སྣང་བའི་སྣོད་བཅུད་འདི་དག་རྣམ་པར་དག་པ་ལྷ་ཡི་གཞལ་ཡས་ཁང་དང་ལྷ་དང་ལྷ་མོར་གསལ་བཏབ་དགོས་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག །སྭ་བྷཱ་ཝས་སོགས། སྟོང་པའི་ངང་ལས་སློབ་དཔོན་གྱི་ཐུགས་ཀ་ནས་བྷྲུཾ་སྨུག་ནག་མང་པོ་འཕྲོས། ༢༢༢༢༢༥༢༢༢༢༢གནས་ཁང་འདི་ཉིད་དུར་ཁྲོད་ཀྱི་ས་གཞི་འཇིགས་སུ་རུང་བ། མི་རོ་དང་རྟ་རོ་དུ་མས་གང་བ། རོ་ལངས་དང་སྲིན་པོ་དང་ཤ་ཟ་དང་གཤིན་
རྗེ་དུ་མ་ཕན་ཚུན་དུ་འཐབ་ཅིང་རྒྱུག་པ། ཀེང་རུས་དུ་མ་འཁྲབ་པ་དང་བཤུགས་གླུ་ལེན་པ་དང་མེ་འབར་བ་ལ་སོགས་པ་ཤིན་ཏུ་འཇིགས་སུ་རུང༌བ། དུར་ཁྲོད་ཆེན་པོའི་དབུས་སུ་གཤིན་རྗེ་ཕོ་མོ་བསྣོལ་བའི་སྟེང་དུ་མ་ཧེ་གཏུམ་པོ་རབ་ཏུ་ཁྲོས་པའི་ཁྲི་ལ་པདྨ་དང་ཉི་མའི་སྟེང་དུ། ཁྱེད་རང་རྣམས་སྐད་ཅིག་གིས་ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་ཞལ་ཁྲོ་གཉེར་དང་མཆེ་བ་འཇིགས་པར་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་སྡང་མིག་གློག་ལྟར་འཁྱུག་ཅིང་མེ་སྟག་འཕྲོ་བ། ཕྱག་གཡས་པས་བེ་ཅོན་ནམ་མཁར་ཕྱར་ཞིང་གཡོན་པས་ཐུག་ཀར་སྡིག་མཛུབ་མཛད་པ། སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་གཟེངས་པ། མི་མགོ་སྐམ་པོ་ལྔས་དབུ་བརྒྱན་ཅིང་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། ཁྲག་གི་ཐིག་ལེ། ཞག་གི་ཟོ་རིས། ཐལ་ཆེན་གྱི་ཚོམ་བུ། གླང་ཆེན་གྱི་ཀོ་རློན། མི་ལྤགས་ཀྱི་གཡང་གཞི། སྟག་ལྤགས་ཀྱི་ཤམ་ཐབས་ཏེ་དུར་
ཁྲོད་ཀྱི་ཆས་བརྒྱད་དང་རུས་པའི་རྒྱན་དྲུག་གིས་བརྒྱན་པ། སྐུ་སྦོམ་ཞིང་ཐུང་ལ་ཡན་ལག་རག་པ། གསུས་ཁྱིམ་ཆེ་ཞིང་ལྟོ་བ་འཕྱང་བ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་མེ་རི་མེ་དཔུང་འབར་བའི་དབུས་ན་བཞེངས་པ་གསལ་བར་གྱུར་པའི་མདུན་དུ། སློབ་དཔོན་ཀྱང་རང་དང་འདྲ་བའི་བཅོམ་ལྡན་འདས་གཤིན་རྗེ་གཤེད་དུ་གསལ་བའི་དཔོན་སློབ་གཉིས་ཀའི་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿ དམར་པོ། ཐུགས་ཀར་ཉི་མ་ལ་ཧཱུྃ་སྔོན་པོས་མཚན་པའོ། །དེ་རྣམས་ཀྱི་མཐའ་སྐོར་དུ་ཨོཾ་ཨཱཿ ཀྲོ་དྷི་ཀ་ཡ་མནྟ་ཀ་ཧཱུྃ་ཕཊ༔ ཅེས་པས་གཡས་སྐོར་དུ་འཁོར་བ། དེ་ལ་སློབ་དཔོན་གྱི་སྤྱི་བོའི་ཨོཾ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོའི་ཨོཾ་ལ་ཐིམ་པས་ལུས་ཀྱི་སྒྲིབ་པ་དག །སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་ཐོབ། དེ་བཞིན་དུ་སློབ་དཔོན་གྱི་མགྲིན་པའི་ཨཱཿ ལས་འོད་ཟེར་འཕྲོས། ཁྱེད་རང་རྣམ་པའི་མགྲིན་པའི་ཨཱཿ ལ་ཐིམ། ངག་གི་སྒྲིབ་པ་དག །
སངས་རྒྱས་རྣམས་ཀྱི་གསུང་གི་དངོས་གྲུབ་ཐོབ། ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམ་པའི་ཐུགས་ཀའི་ཧཱུྃ་ལ་ཐིམ། སེམས་ཀྱི་སྒྲིབ་པ་དག །སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་བྱིན་རླབས་ཐོབ་སྙམ་པས་འདིའི་རྗེས་ཟློས་གྱིས། ཞེས་དཔོན་སློབ་ཕྲེང་བ་སྦྲེལ་ལ་ ༼གོང་གི་ཨཱཿ ཀྲོ་དྷི་ཀ་སོགས།༽ ཡི་གེ་བཅུ་པ་ཅི་རིགས་པ་རྗེས་ཟློས་བྱེད་དུ་བཅུག །ཁྱེད་རང་རྣམས་ཀྱི་ལུས་ཀྱི་ནང་ཐམས་ཅད་སྔགས་ཡིག་འབྲུའི་རྣམ་པས་གང་བའི་མོས་པ་མཛོད། ༢དེ་ལྟར་ཡབ་ཀྱི་རྗེས་སུ་གནང་བ་བྱས་པས། དཔལ་ལྡན་ལྷ་མོ་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་པ་དང༌། སྙིང་ཉེ་ཞིང་ཕྲིན་ལས་སྒྲུབ་པ་དང༌། བར་ཆད་འཁུ་ལྡོག་གིས་མི་ཚུགས་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན། ད་ནི་ཡུམ་ལ་བརྟེན་ནས་ནང་གི་རྗེས་སུ་གནང་བ་ནི། གསོལ་བ་བཏབ་པ་འདིའི་རྗེས་ཟློས་གྱིས། ཤཱཀྱ་སེང་གེའི་བསྟན་པ་ལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །སངས་རྒྱས་བསྟན་པ་
བསྲུང་བའི་ཕྱིར། །དཔལ་ལྡན་ལྷ་མོ་ནག་མོ་ཡི། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དང༌། །དབང་དང་ཕྲིན་ལས་སྩལ་དུ་གསོལ། །ཞེས་གསུམ་བརྗོད། དེ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་ཐ་མལ་དུ་གནས་པས། སློབ་དཔོན་གཤིན་རྗེའི་གཤེད་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་སྔོན་པོའི་ཚོགས་ཡུངས་འབྲུ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པ་ལས་གྱུར་པའི་གཏོར་མ་འདི་དང་ཐ་མི་དད་པར་ཉི་མ་བྱང་ཤར་གྱི་མཚམས་ཤིང་ཡོངས་འདུའི་རྩ་བར་མཐིང་ཤུན་སྔོན་པོའི་བྲག་ཕུག །སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་མཚོ་མུ་ལེ་མཐིང་གཏིང་མེད་པ་མཐའ་ཡས་པ་རྦ་རླབས་རབ་ཏུ་འཁྲུགས་པའི་དབུས་སུ་ཡཾ་ནག་པོ་ལས་རླུང་ནག་འཚུབ་མ་འབུམ་འཁྱིལ་པའི་ནང་དུ་རྃ་ལས་མེ་རླུང་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས་ན། དཔལ་ལྷ་མོའི་སྐུ་མཁར་ནང་གནམ་ལྕགས་འབར་བ་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་རབ་ཏུ་འཇིགས་ཤིང༌། སྐྱི་གཡའ་བ།
ཡངས་ཤིང་རྒྱ་ཆེ་བ་རྔམ་པ། ཕྱི་ཐོད་པ་སྣ་ཚོགས་པ་སྐམ་པོ་དང་རློན་པ་དང་། ཤ་ར་རི་ཅན་ལ་སོགས་པ་བརྩིགས་ཤིང༌། གཡུ་འོད་སྔོན་པོ་འབར་བའི་ཁ་བད་ལ་མི་མགོ་དང་ལག་པའི་འཕྱང་འཕྲུལ་བཏགས་ཤིང༌། སྐྲའི་རྔ་ཡབ་དང༌། རྒྱུ་རློན་གྱི་དྲྭ་ཕྱེད་འཕྱང་བ་ཟུར་རྣམས་སུ་ཞིང་གི་རྒྱལ་མཚན་ཙིཏྟའི་ཏོག་ཅན་དང༌། ལོགས་རྣམས་སུ་མི་ལྤགས་ཀྱི་བ་དན་མི་མགོ་སྐྲ་གཟིངས་པའི་རྔ་ཐུག་གིས་བརྒྱན་པ། ནང་དུ་མི་ལྤགས་ཀྱི་བླ་བྲེ་དང༌། རྒྱུ་ལོན་གྱི་ལྡ་ལྡི་གློ་སྙིང་སྣ་ཚོགས་ཀྱི་འཕྱང་འཕྲུལ་བཏགས་པས། འཇིགས་ཤིང་ཡ་ང་བར་བྱས་པའི་གཞལ་ཡས་ཁང་དེའི་དབུས་སུ་མི་རོ་དང་རྟ་རོ་བཅལ་དུ་བཀྲམ་ཞིང་ཁྲག་གི་རྒྱ་མཚོའི་རྦ་ཀློང་འཁྲུགས་པས་གང་བར་གྱུར་པ་དེའི་དབུས་སུ་སློབ་དཔོན་གྱི་ཐུགས་ཀ་ནས་ཡི་གེ་ཏི་སྔོན་པོ་འོད་ཟེར་ནག་པོ་འབར་བའི་ཚོགས་འཕྲོས་ཤིང་གཅིག་ཏུ་འདུས་ནས་ཡོངས་སུ་གྱུར་པ་ལས། ལྕགས་ཀྱི་དྲེལ་རྟ་སྔོ་ནག །དེ་ཡང་རྫུ་འཕྲུལ་གྱི་རྐང་པ། རླུང་གི་གཤོག་
པ། མྱུར་མགྱོགས་ཀྱི་རྩལ་དང་ལྡན་པ་སྟེ་རྐང་པ་གསུམ་དང་ལྡན་པ། དེ་ལ་སྟག་དང་ཞིང་ལྤགས་ཀྱི་གདན་གྱི་སྟེང་དུ་བསེ་སྒ་དམར་པོ་སྔ་རུ་ལ་སྲིན་པོའི་ཡ་འགལ་དང༌། ཕྱི་རུ་ལ་མ་འགལ་གྱིས་བརྒྱན་པ་གཏད་པ་ལ། སྦྲུལ་ནག་གི་གོང་སྨེད་དང་མཆོང་གི་གློ་ནན་དངུལ་གྱི་ཡོབ་ཆེན། ཞིང་ཆུང་གི་སྨད་བྱིལ་བྱས་པ། གཡུ་མཐུར་སྔོན་པོ་དང༌། གསེར་སྲབ་སེར་པོ་ལ་བྱེ་རུ་དམར་པོའི་ཆུན་འཕྱང་ཅན། མི་མགོ་དང་སྙིང་གི་དོམ་དོམ་ལ་དྲིལ་བུ་གཡེར་ཁས་བརྒྱན་པ། ཕྱི་ཤ་ལ་ལྕགས་ཀྱི་དྲྭ་བ་དང་ནད་ཀྱི་རྐྱལ་པ་སྦྲུལ་གྱི་ཁ་ཆིངས་ཅན་བཏགས་པ། སྔ་ཤ་ལ་མཚོན་གྱི་གྲུ་གུ་བཅིངས་པ། དེའི་སྒ་གོང་དུ་པདྨ་སྔོན་པོ་འདབ་མ་འབུམ་དང་ལྡན་པའི་ལྟེ་བར་ཉི་མའི་དཀྱིལ་འཁོར་རབ་ཏུ་འབར་བའི་དབུས་སུ་ཡི་གེ་མ་སྔོ་སྐྱ་ཆེར་འཇིགས་ཤིང༌། འོད་ཟེར་མཐིང་ནག་རབ་ཏུ་འཕྲོས་པ། དེ་ལས་འོད་ཟེར་སྔགས་ཀྱི་སྒྲ་དྭངས་པ་ཕྱོགས་བཅུར་འཕྲོས་པས། མཆོད་པའི་སྤྲིན་གྱི་ཕུང་པོ་མཐའ་ཡས་པ་བྱུང༌། སངས་རྒྱས་དང་
བྱང་ཆུབ་སེམས་དཔའ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། འཕགས་པ་རྣམས་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་བྱིན་རླབས་སླར་འདུས་པ་དང༌། དུར་ཁྲོད་ཀྱི་མ་མོ་དང་སྲིད་པའི་མཁའ་འགྲོ་མ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཆོས་སྐྱོང་རྣམས་ཀྱི་སྲོག་གི་སྙིང་པོ་དང་ནུས་མཐུ་ཐམས་ཅད་བསྡུས་ཏེ། མ་ཡིག་ལ་ཐིམ་པ་ལས་རྡོ་རྗེ་ཁ་ཊྭཱཾ་ག་བུམ་པའི་ནང་དུ་ཉི་མ་དང་ཟླ་བ་ལ་གནས་པའི་མ་ཡིག་འོད་འཕྲོས་པས་མཚན་པ་ཞིག་ཏུ་གྱུར། དེ་ལས་འོད་ཟེར་དཔག་མེད་འཕྲོས། དོན་གཉིས་བྱས་ཚུར་འདུས། མ་ལ་ཐིམ་ཞིང་མ་ཡིག་ཁ་ཊྭཱཾ་ག་དང་བཅས་པ་འོད་དུ་ཞུ། ཡོངས་སུ་གྱུར་པ་ལས། མ་ཅིག་དཔལ་ལྡན་ལྷ་མོ་སྐུ་མདོག་ནག་ལ་འོད་ཟེར་འབར་ཞིང་འཚེར་བ། ཆེར་འཇིགས་ཤིང་རབ་ཏུ་རྔམ་པ་ཞལ་གཅིག་ཕྱག་བཞི་མ། གཡས་ཀྱི་དང་པོ་ན་ཁ་ཊྭཱཾ་ག་༢༢༢༢༢༡༣༢༢༢༢༢འབར་བ་བསྣམས་ནས་གསོར་ཞིང་བསྡིགས་པ་གདུག་པ་ཅན་མཐའ་དག་དངངས་པར་བྱེད་པ། འོག་མ་ནས་གནམ་
ལྕགས་ཀྱི་ཕུར་པ་རབ་ཏུ་འདྲིལ་ཞིང་དྲག་ཏུ་འདེབས་པས། ཉམས་པའི་ཚོགས་དང་གནོད་བྱེད་ཐམས་ཅད་ཀྱི་སྙིང་ལ་འབིགས་པ། གཡོན་གྱི་དང་པོ་ན་དངུལ་དཀར་གྱི་མེ་ལོང་ལ་ཕྱིས་ཤིང་བལྟ་བས་ཁམས་གསུམ་དང་སྲིད་པ་གསུམ་པོ་ས་ལེར་གཟིགས་པ། འོག་མ་ན་སྦྲུལ་ནག་གི་ཞགས་པ་འདོམ་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་པ་བསྡོག་ཅིང་འཕེན་པས་དགྲ་བོ་རྣམས་འཆིངས་ཞིང་བསྡོམ་པར་བྱེད་པ། རྣོ་ཞིང་དཀར་བའི་མཆེ་བ་བཞི་གཙིགས་པའི་རྩ་བར་ཁྲག་གི་ཆང་གིས་མྱོས་པའི་དམར་མདངས་ཆགས་པ། དུས་མཐའི་སྤྲིན་གྱི་ཕུང་པོ་འཁྲིགས་པ་ལྟ་བུའི་ཁྲོ་གཉེར་རབ་ཏུ་བསྡུས་པ། དབུ་སྐྲ་ཁམ་ནག་གྱེན་དུ་གཟིངས་ཤིང་མེ་འབར་བ་ཕྱེད་འཐུར་དུ་གྲོལ་བ་ལ་གསེར་གཡུ་དང་བྱི་རུ་མུ་ཏིག་གི་ཆུན་འཕྱང་དཔག་ཏུ་མེད་པས་བརྒྱན་ཅིང་འོད་ཟེར་འཕྲོ་བ། རལ་པའི་གསེབ་ནས་དུས་བཞིའི་ལྷ་མོ་བཞི་ཡང་སྒྲུབ་པ་པོས་ལས་ཇི་ལྟར་བཅོལ་བ་བཞིན་ཕྲིན་ལས་སྒྲུབ་པ། སྤྱན་གསུམ་ཉི་མའི་དཀྱིལ་
འཁོར་ལྟར་འབར་བ་ལས་ཁྲག་གི་མདོག་ཅན་གྱི་འོད་ཟེར་འཕྲོ་བ། སྐུ་ལ་དར་ནག་གི་གོས་དཔུང་ལྡུམ་གྱོན་ཞིང་ཞིང་པགས་ཀྱི་གཡང་གཞིས་སྐུ་སྟོད་གཡོགས་པ། དར་ནག་འབར་བའི་གོས་ཟུང་ལ་འཇའ་ཚོན་སྣ་ལྔའི་ཆ་གས་བརྒྱན་པ། སྦྲུལ་ནག་འཁྱུག་པས་སྒྲོག་བཟུང་བྱས་པ་ལ། སྒྲོག་གདན་གཡུའི་རྡོ་རྗེའི་རྒྱ་གྲམ་ཡོད་པ། སྐུ་སྨད་སྟག་ལྤགས་ཀྱི་ཤམ་ཐབས་ཅན། ཡན་ལག་ཐམས་ཅད་སྦྲུལ་དང་རིན་པོ་ཆེས་བརྒྱན་པ། དར་གྱི་ཅོད་པཎ་བར་སྣང་དུ་འཕུར་བ། སྙན་ཆ་གཡས་ན་སེང་ཕྲུག་འགྱིང་ཞིང་གཡོན་ན་སྦྲུལ་ནག་འཕུར་བ། དུར་ཁྲོད་ཀྱི་ཆས་ཀྱིས་མཛེས་པར་བརྒྱན་པ། སྤྱི་བོར་ཟླ་ཚེས་དང་རྨ་བྱའི་མདོངས་ཀྱིས་སྤྲས་པ། ལྟེ་བ་ནས་ཉི་མ་ཤར་བ། ནུ་མ་དང་བྷ་ག་རྒྱས་པ། དབུ་ལ་ཐོད་སྐམ་ལྔས་བརྒྱན་ཅིང་ཐོད་རློན་ལྔ་བཅུས་དོ་ཤལ་བྱས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་ཅིང༌། སྒ་གོང་དུ་བཙན་འཁྱིལ་གྱིས་འགྱིང་ཐབས་སུ་བཞུགས་པ། དེའི་འཁོར་དུ་མ་མོའི་ཚོགས་དང་
གནོད་སྦྱིན་མོ་དང༌། ལྷ་མོ་ཀླུ་མོ་བདུད་མོ་སྲིན་མོ་གྲུལ་བུམ་མོ་དྲི་ཟ་མོའི་ཚོགས་ཀྱིས་བསྐོར་བ། ཡེ་ཤེས་ཀྱི་མ་མོའི་ཚོགས་སྤྲིན་ལྟར་དུ་འདུ་བ། ལས་ཀྱི་མ་མོའི་ཚོགས་རླུང་ལྟར་དུ་འཚུབ་པ། འཇིག་རྟེན་གྱི་མ་མོའི་ཚོགས་དཔག་ཏུ་མེད་པའི་དབུས་སུ་མ་བྷྱོ་ཧཱུྃ་གི་སྒྲ་སྒྲོགས་པ། ལྷ་ཚོགས་དེ་དག་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་བྷྱོ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཉི་མ་བྱང་ཤར་གྱི་མཚམས་ནས་དཔལ་ལྡན་ལྷ་མོའི་ཚོགས་དཔག་ཏུ་མེད་པ་ནམ་མཁའ་ལ་ཁ་བ་འབབ་པ་ལྟར་དུ་བྱོན་ནས་ཁྱེད་རང་རྣམ་པ་ལ་ཐིམ་པར་མོས་ལ་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །ཅེས་སློབ་དཔོན་གྱིས་གཏོར་མ་བཟུང་ལ། བྷྱོ། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །ནག་མོ་རལ་པ་འབེབས་པ་སྲིན་མོའི་ཚོགས། །ས་གསུམ་འདུལ་བ་ཟ་བྱེད་ཆེན་མོ་སྟེ། །རྡོ་རྗེ་དྲ་བ་མ་དང་གློག་འགྱུ་མ། །སྲིན་མོའི་ཚོགས་རྣམས་གདུང་ཞིང་འབོད་པའི་ཚེ། །རུ་ལུ་རུ་ལུའི་སྒྲ་སྐད་དྲག་པོ་དང༌། །རཀ་མོ་ཀྲོ་དྷ་ཀྵ་ཡིས་
བོས་པའི་ཚེ། །སྒྲོལ་བྱེད་ཆེན་མོ་ཁྱོད་ཀྱི་དུས་ལ་བབ། །ཡུན་གྱི་དཔལ་དང་མགོན་དུ་ཁྱོད་བསྟེན་ན། །བཏང་སྙོམ་ཡལ་བར་མ་འདོར་གཡར་དམ་ཅན། །མ་གཡེལ་མ་གཡེལ་དམ་ཅན་སྲུང་མའི་ཚོགས། །དངོས་གྲུབ་མཐའ་དག་རྫོགས་པར་མཛད་དུ་༢༢༢༢༢༡༨༢༢༢༢༢གསོལ། །ཅེས་སོགས་ཤློ་ཀ་གསུམ་གྱེར་ཞིང༌། རོལ་མོའི་སྒྲ་དང་བཅས་པས་སྤོས་བསྲེགས་ལ། གཏོར་མ་སློབ་མའི་མགོར་བཞག །ཨོཾ་མ་མ་ཏྲཀ་རཀྵ། མ་ཧི་དུན་བྷྱོཿ མ་ཧཱ་ཡཀྵ། མ་ཧཱ་ཏཱིཀྵ་ཎ་ནག་མོ་དུན་ཏིཾ་མ་བྷྱོཿ ཨ་བེ་ཤ་ཡ། ཨོཾ་ཏྲཀ་རཀྵ། མ་ཧི་དུཾ་བྷྱོཿ མ་ཧཱ་ཡཀྵ། ཏཱིཀྵ་ཎ་ཀཱ་ལི་དུཾ་བྷྱོཿ ཨ་བེ་ཤ་ཡ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུཾ་མ་བྷྱོ་ཛཿ ཛཿ ཨ་བེ་ཤ་ཡ། མ་མ་སྙིང་ཁྲག་ཚལ་པ་དུན་ཏིཾ་ཧ་ལ་དུཾ་བྷྱོ་ཨ་བེ་ཤ་ཡ། སྔགས་རྣམས་ཀྱི་མཐར་ཨ་བེ་ཤ་ཡ་བཏགས་ལ་ཡེ་ཤེས་པ་བསྟིམས། དེ་ལྟར་བྱས་པས་སྐུའི་དངོས་གྲུབ་ཐོབ་པ་ཡིན། ཡང་གཏོར་མ་འདི་དང་ཐ་དད་མེད་པར་དཔལ་ལྡན་ལྷ་མོ་དཔག་ཏུ་མེད་པ་སྔགས་ཀྱི་རང་སྒྲ་དང་བཅས་པས་བྱོན་ནས་ཁྱེད་
རང་རྣམས་ཀྱི་མགྲིན་པར་ཐིམ། ངག་སྔགས་ཀྱི་སྒྲར་བྱིན་གྱིས་རླབས་པའི་མོས་པ་མཛོད། བྷྱོ། ཁྱོད་ཀྱི་སྤྱི་བོའི་གཙུག་རུམ་ནས། །ཉི་མ་ཟླ་བའི་འོད་ཟེར་འཕྲོས། །ནག་མོ་མི་བཟད་ཆོ་འཕྲུལ་ཅན། །དུས་ལ་བབ་ཀྱི་ད་ཚུར་བྱོན། །ཁྱོད་ཀྱི་ཐུགས་ཀྱི་དཀྱིལ་འཁོར་ནས། །འདོད་ཁམས་ལྷ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་གསང་བའི་བྷ་ག་ནས། །ལས་ཀྱི་ལྷ་མོ་སྟོང་སྟོང་འགྱེད། །ཁྱོད་ཀྱི་ཞབས་བརྡབས་གཡས་གཡོན་ནས། །ཕོ་ཉ་སྟོང་ཕྲག་དྲུག་ཅུ་འགྱེད། །བདུད་དགྲ་ལྷ་འདྲེ་ཀུན་འདུལ་མ། །དཔལ་ལྡན་ལྷ་མོ་གཤེགས་སུ་གསོལ། །ཞེས་སོགས་གྱེར། སྤོས་རོལ་དང་བཅས་པས་གཏོར་མ་མགྲིན་པར་བཞག་ལ་སྔགས་༼བཞི་པོ་རྣམས་༽ཀྱི་ཤམ་བུ་ཨ་བེའི་ཤ་ཡ་བཏགས་ལ་བཟླས། དེས་གསུང་གི་དངོས་གྲུབ་ཐོབ་པ་ཡིན། ཡང་གཏོར་མ་དང་ཐ་མི་དད་པའི་དཔལ་ལྡན་ལྷ་མོ་དེའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་ཡི་གེ་མ་སྔོ་སྐྱ་འོད་འཕྲོ་བ་དེ་ལས་འོད་ཟེར་གྱི་ཚོགས་དང་ལྷ་མོའི་ཚོགས་དང་ཕྱག་མཚན་གྱི་རྣམ་པ་དཔག་ཏུ་
མེད་པ་འཕྲོས། ཁྱེད་རང་རྣམ་པའི་སྙིང་གར་ཐིམ་ཞིང་ལྷ་མོ་དེ་ཉིད་ཀྱང་འོད་དུ་ཞུ་ནས་ཐུགས་ཀའི་མ་ལ་ཐིམ། མ་འོད་དུ་འབར་བ་དེ་ཉིད་རྡོ་ཁབ་ལེན་གྱིས་ལྕགས་བླངས་པ་བཞིན་དུ་ཁྱེད་རང་རྣམ་པའི་སྙིང་གར་ཐིམ་པས་སེམས་ཆོས་ཉིད་དུ་བྱིན་གྱིས་བརླབས་སྙམ་པའི་མོས་པ་གྱིས། བྷྱོ། བྱང་ཤར་ཆོས་དབྱིངས་ཕོ་བྲང་ནས། །བསྟན་པ་སྲུང་ཕྱིར་སྐུར་སྤྲུལ་པ། །ཚུར་གཤེགས་ཚུར་གཤེགས་མ་ཚུར་གཤེགས། །དམ་ཚིག་དབང་གིས་མྱུར་དུ་བྱོན། །ཡོངས་འདུས་ཤིང་ལ་བརྟེན་བཅས་ཤིང༌། །རྫུའཕྲུལ་མྱུར་མགྱོགས་དྲེལ་ལ་ཞོན། །དུར་ཁྲོད་ཉུལ་ཞིང་ཛམ་གླིང་བསྐོར། །མགྱོགས་བྱེད་ཆེན་མོ༴ ཁྲག་འཐུང་མ་མོའི༴ སྐྱེ་འགྲོ༴ ཤ་ལ༴ ཟ་བྱེད༴ ནག་མོ༴ སྐུ་གསུང༴ སྤྲུལ་པའི༴ རྫུ་འཕྲུལ༴ གྲངས་མེད༴ ས་བརྒྱད༴ མི་སྡུག༴ འཇིགས་བྱེད་ཆེན་མོ་གཤེགས་སུ་གསོལ། །ཞེས་སོགས་གྱེར་ལ། སྤོས་རོལ་དང་བཅས་གཏོར་མ་སྙིང་གར་བཞག །སྔགས་༼བཞི་པོ་རྣམས་༽ལ་ཨ་བེ་ཤ་ཡ་བཏགས་ལ་བཟླས། དེས་
ཐུགས་ཀྱི་དངོས་གྲུབ་ཐོབ་པ་ཡིན། ད་ནི་སྔགས་ཀྱི་བཟླས་ལུང་སྦྱིན་པར་བྱ་སྟེ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་གྱིས། དཔལ་ལྷ་མོའི་རིག་སྔགས་བདག་གིས་བཟུང་ལགས་ཀྱི། །དཔལ་ལྡན་ལྷ་མོས་བདག་ལ་བྱིན་གྱིས་རླབས་པར་མཛད་དུ་གསོལ། །ཞེས་ལན་གསུམ་བརྗོད། གཏོར་མ་སྐད་ཅིག་གིས་དཔལ་ལྡན་ལྷ་མོར་གསལ་བའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། མ་སྔོ་སྐྱའི་མཐའ་སྐོར་དུ་སྔགས་ཀྱི་ཕྲེང་བ་སྔོ་དྭངས་སུ་འཁོར་བ། དེ་ལས་མར་མེ་གཅིག་ལས་གཉིས་འཆད་ཀྱི་ཚུལ་དུ་འཕྲོས་ནས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་མ་མ་ཏྲག་རཀྵ་མ་ཧཱ་དུན་བྷྱོ། མ་ཧཱ་ཡཀྵ། མ་ཧཱ་ཏཱིཀྵྞ། ནག་མོ་དུན་ཏིང་མ་བྷྱོ། ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཿ ཛཿ ༼སྔགས་བཞི་ཀ་གནང་ཀྱང་ཆོག །༽ ཞེས་གསུམ་མམ་བདུན་བཟླས་ནས། སློབ་མའི་སྤྱི་བོར་མེ་ཏོག་དོར་ལ། དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ་འཁོར་དང་བཅས་པ་སློབ་མ་འདི་རྣམས་ལ་གཏད་པ་
ཡིན་པས། འདི་ལ་འགོ་བར་མཛོད་ལ་ཕྲིན་ལས་མཐའ་དག་རྫོགས་པར་མཛོད་ཅིག །དཔལ་ལྡན་ལྷ་མོའི་རིགས་སྔགས་ཀྱི་མཐུ་ནུས་དང་བྱིན་རླབས་ཐམས་ཅད་ད་ལྟ་ཉིད་དུ་འཇུག་པར་མཛོད་ཅིག །ཅེས་བརྗོད། ད་ནི་གསང་བ་ངོ་སྤྲོད་གཏོར་མ་ལ་བརྟེན་ནས་ཕྲིན་ལས་བཞིའི་རྗེས་སུ་གནང་བ་ནི། གཏོར་མ་དང་ཐ་མི་དད་པའི་ལྷ་མོ་དེ་ཉིད་ཀྱི་སྐུའི་ཆ་ཐམས་ཅད་ནས་དངོས་གྲུབ་ཀྱི་རང་བཞིན་འོད་ཟེར་དང་བདུད་རྩིའི་རྣམ་པ་དཔག་ཏུ་མེད་པ་འཕྲོས་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཚེ་དང་བསོད་ནམས་ཁ་རྗེ་ལོངས་སྤྱོད་དབང་ཐང་ལ་སོགས་པ་ཐམས་ཅད་རྒྱས། ནད་དང་གདོན་དང་བགེགས་དང་བར་དུ་གཅོད་པ་མི་མཐུན་པ་ཐམས་ཅད་ཉེ་བར་ཞི། ལྷ་དང་མི་དང་མི་མ་ཡིན་པ་རྒྱལ་པོ་ལ་སོགས་པ་ཐམས་ཅད་དབང་དུ་འདུས། སྡང་བ་དང་གདུག་པ་གནོད་བྱེད་ཐམས་ཅད་ཚར་བཅད། སླར་སློབ་དཔོན་གཤིན་རྗེའི་གཤེད་དུ་གསལ་བས་ལྷ་མོ་དེ་ཉིད་ཁྱེད་རང་རྣམས་ལ་བཀའ་སྡོད་ཀྱི་ཚུལ་དུ་གཏད་
ཅིང་དམ་ཚིག་བསྒྲགས། ཕྲིན་ལས་བསྒོས་ཤིང་གཉེར་དུ་གཏད་པས། སློབ་དཔོན་གྱིས་ཇི་ལྟར་བསྒོས་པ་བཞིན་ཕྲིན་ལས་མ་ལུས་པ་སྒྲུབ་པ་ཡོད་སྙམས་པས་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །བྷྱོ། མ་ཅིག་སྨིན་མཚམས་མཛོད་སྤུ་ཡི། །ཞེས་པ་ནས། ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །གྱི་བར་གྱེར། འདིར་གཏོར་མ་༼མགོར་མི་འཇོག་པར་༽ལག་ཏུ་གཏད་ལ། ཕྲིན་ལས་འདི་སྐད་བཅོལ་ལོ། །རྡོ་རྗེའི་སློབ་མ་འདི་ ༼མིང་ནས་བརྗོད་པའམ་རྡོ་རྗེའི་སློབ་མ་ཁྱོད་ཀྱི་ཞེས་པའམ་མང་པོ་ཡོད་ན་ཁྱོད་རྣམས་ཀྱི་གསུངས་ཀྱང་ཆོག༽ ཞེས་བྱ་བ་ཁྱོད་ཀྱིས་ད་ཕྱིན་ཆད་ཡི་དམ་གཤིད་རྗེའི་གཤེད་དང༌། ཆོས་སྐྱོང་དཔལ་ལྡན་ལྷ་མོ་ལྕམ་དྲལ་དང་མི་འབྲལ་བར་སྒོམས་ཤིག །སྒྲུབས་ཤིག །དངོས་གྲུབ་ཐོབ་པར་གྱིས་ཤིག །གཞན་ཡང་དཔལ་ལྡན་ལྷ་མོ་རང་བྱུང་གི་རྒྱལ་མོ་འཁོར་མ་མོ་འབུམ་སྡེ་དང་བཅས་པ་རྣམས་ཀྱིས་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཁས་བླངས་ཤིང་དམ་བཅས་པ་དང༌། སློབ་དཔོན་པདྨ་འབྱུང་གནས། པུ་རངས་པ་ཞང་བཙུན་དར་མ་
རིན་ཆེན། གཙང་ལ་སྟོད་ཀྱི་ཁྱུང་པོ་སྟག་ཤམ་ཅན། ཀྱུ་ར་རྒྱལ་བ་ཡེ་ཤེས། ཕྱག་བླ་ཆེན་མགོན་པོ། སྟོང་དཔོན་ཤེས་རབ་མགོན་པོ། དཔལ་ལྡན་དུས་གསུམ་མཁྱེན་པ། འགྲོ་མགོན་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། ཆོས་རྗེ་ཀརྨ་པ། བླ་མ་གཉན་རས། རིན་པོ་ཆེ་རང་བྱུང་རྡོ་རྗེ། རྟོགས་ལྡན་མགོན་པོ་རྒྱལ་མཚན། ཆོས་རྗེ་རོལ་པའི་རྡོ་རྗེ། དར་མ་རྒྱལ་མཚན། མཁའ་སྤྱོད་དབང་པོ། ཀུན་དགའ་བློ་གྲོས། རཏྣ་བྷ་དྲ། ཆོས་ཀྱི་བཟང་པོ། ཆོས་དཔལ་ཡེ་ཤེས། མཐོང་བ་དོན་ལྡན། དཔལ་འབྱོར་དོན་གྲུབ། ཆོས་གྲགས་རྒྱ་མཚོ། སངས་རྒྱས་གཉན་པ། མི་བསྐྱོད་རྡོ་རྗེ། དཀོན་མཆོག་འབངས། དབང་ཕྱུག་རྡོ་རྗེ། ཆོས་ཀྱི་དབང་ཕྱུག །གྲགས་པ་མཆོག་དབྱངས། བདེ་ལེགས་སྙིང་པོ། ཀརྨ་ཆགས་མེད། དུལ་མོ་ཆོས་རྗེ། ཆོས་ཀྱི་དོན་གྲུབ། ཆོས་ཀྱི་འབྱུང་གནས། བདུད་འདུལ་རྡོ་རྗེ། པདྨ་ཉིན་བྱེད། ཐེག་མཆོག་རྡོ་རྗེ། རྗེ་བཙུན་བློ་གྲོས་མཐའ་ཡས། ཀུན་བཟང་མཁའ་ཁྱབ་རྡོ་རྗེ། པདྨ་དབང་
མཆོག་རྒྱལ་པོ། རང་བྱུང་རིག་པའི་རྡོ་རྗེ། ༼བརྒྱུད་པ་ལྷག་མ་རྣམས་ཀྱི་མཚན་ཁ་འགེངས།༽ ལ་སོགས་པ་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་དམ་ཚིག་དྲན་པར་གྱིས་ཤིག །ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ལ་གཏད་པ་ཡིན་པས་འདིའི་ལུས་དང་གྲིབ་མ་བཞིན་དུ་མི་བྲལ་བར་འགྲོགས་ལ་བྱིན་པའི་ཟས་ཟོ། བཅོལ་བའི་ལས་གྱིས། བསྒོ་བའི་ངག་ཉོན། དུས་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྟན་པ་སྲུངས་ཤིག །ཕྲིན་ལས་སྒྲུབས་ཤིག །ཅེས་བརྗོད། སྒྲུབ་ཡིག་ ༼ལྷ་མོའི་སྒྲུབ་སྐོར་གྱི་དཔེ་ཆ།༽ ལག་ཏུ་བཞག་ལ། ༼མ་འཛོམ་ན་རྗེས་གནང་གི་དཔེ་འདི་ཀ་ལག་ཏུ་བཞག་ཀྱང་ཆོག་ལགས།༽ སྣོད་དང་ལྡན་པ་ལ་བྱིན་ཅིག །སྣོད་མེད་རྣམས་ལ་མ་བྱིན་ཅིག །གསང་བའི་བཀའ་ཐུབ་པར་སྲུངས་ཤིག །ཅེས་བཀའ་བསྒོས། ༼མང་པོ་ལ་གནང་ན་སྨིན་མཚམས་མའི་རྗེས་སུ་བཀའ་ལན་གཅིག་གནང་བའི་མཐར་གཏོར་མ་སོ་སོའི་ལག་ཏུ་བཞག་ཙམ་རེ་གནང་བས་ཆོག །༽ ཇི་ལྟར་འཚམ་པའི་
དམ་ཚིག་གི་ཆོས་༼དཔལ་ལྡན་ལྷ་མོའི་སྐུ་གསུང་ཐུགས་ཀྱི་རྟེན་བཅིངས་པ་དང༌། རྒྱུན་གཏོར་ཆགས་མེད་དུས་གཏོར་བཟང་པོ་བྱེད་ཅིང་བསྙེན་སྒྲུབ་ལ་བརྩོན་པར་བྱེད་དགོས་པ་སོགས།༽ བཤད་ལ། དཔལ་ལྡན་ལྷ་མོ་ཆོས་སྐྱོང་དུ་འཛིན་སྙམ་པས། གཙོ་བོས་ཇི་ལྟར་སོགས། དེང་ནས་སོགས། དེ་ལྟར་ཁྱེད་རང་རྣམ་པས་དཔལ་ལྡན་ལྷ་མོའི་རྗེས་སུ་གནང་བ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །ཅེས་བརྗོད། ཚོགས་ལ་ལོངས་སྤྱོད། ལྷག་མ་ཕུལ། སློབ་མ་རང་གནས་སུ་བཏང༌། རྗེས་ཀྱི་ཆོ་ག་རྣམས་བྱའོ། །༼རྗེས་ཆོག་གི་མཆོད་པ་བྱིན་གྱིས་བརླབ་ཅིང་འབུལ་བ་མགོན་པོ་ལྟར་ལ། རླུང་འཚུབ་མས་བསྟོད་ཅིང་བཤགས་པ་མ་མོ་རང་གི་རླུང་ནག་དགུ་ཀློང་མ་མཛད། དེ་ནས་སྨོན་ལམ། གཤེགས་གསོལ། བཀྲ་ཤིས་རྣམས་མགོན་པོ་དང་འདྲ་ལགས།༽ བསྐལ་མང་གོང་ནས་ཐུགས་བསྐྱེད་རྒྱ་ཆེན་མ། །གདུལ་བྱའི་སྣང་ངོར་ཁྲོ་མོའི་ཚུལ་སྟོན་མ། །བསྟན་པ་བསྲུང་ཞིང་རྣལ་འབྱོར་སྐྱོང་མཛད་མ། །མ་ཅིག་བདག་ལ་བུ་བཞིན་བརྩེ་བའི་མ། །ཁྱོད་ཀྱི་ཕྲིན་ལས་རྒྱ་མཚོ་མཐའ་ཡས་ཀྱི། །ཆ་ཤས་དཔོག་
པར་སུ་ཡི་ནུས་མོད་ཀྱང༌། །སྐལ་ལྡན་རྗེས་སུ་འཛིན་པའི་རིམ་པ་འདི། །ཀརྨ་པ་ཡི་ཕྱག་ལེན་ཇི་ལྟ་བར། །གྲགས་པ་དཔལ་འབྱོར་རྒྱས་པའི་སྙིང་པོ་ཡིས། །འགལ་འཁྲུལ་མེད་པར་གོ་བདེ་འཇུག་སླ་བར། །ལྷག་པའི་བསམ་པས་བཀོད་པའི་དགེ་བ་འདིས། །འགྲོ་ཀུན་བདེ་གཤེགས་གོ་འཕང་ཐོབ་པར་ཤོག །།སརྦ་མངྒ་ལཾ།། །།
རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང་།
རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་གནང་བཞུགས་སོ། །
བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་སུ་གནང་བ་ནི། དད་པ་དམ་ཚིག་དང་ལྡན་པའི་སློབ་མས་མཚན་ཉིད་དང་ལྡན་པའི་བླ་མ་ལ་ཐུན་མོང་མ་ཡིན་པར་གསོལ་བ་བཏབ་ན། བླ་མས་ཀྱང་གསོལ་མཆོད་ལེགས་པར་བྱས་ནས་གསོལ་བ་བཏབ་པས། ངེས་པར་གནང་བའམ་མ་བཀག་པའི་མཚན་མ་ངེས་པར་མཐོང་བས། དབེན་ཞིང་ཉམས་དགའ་བའི་གནས་ལེགས་པར་བརྒྱན་པའི་དབུས་སུ་དྲི་བཟང་གིས་སེར་པོ་བསྒྱུར་བའི་འབྲས་ཀྱི་ཚོམ་བུའི་ཁར་མཉྫའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་གཏོར་མ་ ༼རིལ་བུ་གསུམ་གྱི་ཁར་ཛམྦྷ་ལའི་གཏོར་མ་འདྲ་བ་བཞག་པ།༽ རིན་ཆེན་འབར་བ་ལྟ་བུ་ལ་མར་དང་དར་མཚོན་སྣ་ཚོགས་
ཀྱིས་བརྒྱན་པ་བཤམས། མཐའ་མཆོད་པས་བསྐོར། ༼འབུལ་གཏོར་གཅིག་དགོས།༽ རྡོ་རྗེ་དང་རལ་གྲི། ༼དྲག་པོའི་རྗེས་གནང་མི་གནང་ན། དབང་རྫས་འདི་རྣམས་མི་དགོས། གནང་ན་ཙཀླི་ཡིན་ལགས།༽ ཕྱག་རྡོར་གྱི་སྐུ། མེ་དཔུང༌སྦྲུལ་རྒྱན་རྣམས་བཞག །ཁྱད་པར་རྒྱལ་པོའི་ལས་བྱང་བསྙེན་པ་བསྐང་བ་རྣམས་ལེགས་པར་བྱས་ལ་སློབ་མ་ཁྲུས་ཕྱག་མཎྜལ་ཡོན་འབུལ་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ་འདི་སྐད་དུ། ཡི་དམ་དང་ཆོས་སྐྱོང་རྣམ་སྲས་རང་གི་རྗེས་གནང་ལོགས་སུ་གནང་བའི་ཚེ་ཆོས་སྐྱོང་གཞན་གྱི་ཆོ་ག་མི་དགོས་ཀྱང་ཐོག་མར་ཡི་དམ་ཕྱག་རྡོར་གྱི་རིགས་གང་རུང་གི་བདག་བསྐྱེད་དང་དེ་ནས་མདུན་གྱི་གཏོར་མ་རྣམ་སྲས་སུ་བསྐྱེད་པ་སོགས་བཟླས་པའི་བར། བསྐང་གསོའི་གཞུང་བཞིན་གནང་ཞིང་མ་མགོན་འཁོར་ལྔ་ཐམས་ཅད་ཕྱོགས་གཅིག་ཏུ་གནང་ན་བདག་བསྐྱེད་གཅིག་གིས་
ཆོག་པས་མདུན་བསྐྱེད་རྣམས་རྗེས་གནང་གི་དཔེ་ཆའི་གོ་རིམ་བཞིན་ལགས། འོ་ན་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དབུལ་ཞིང་ཕོངས་པའི་སྡུག་བསྔལ་ལས་བསྒྲལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་དེ་བཞིན་གཤེགས་པ་རིན་ཆེན་མང་གི་རྨད་དུ་བྱུང་བའི་འཕྲིན་ལས་བྱང་ཕྱོགས་སྐྱོང་བའི་རྒྱལ་པོར་སྤྲུལ་ནས་དབུལ་ཞིང་ཕོངས་པའི་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་ཞིང༌། རྒྱལ་བའི་བསྟན་པ་སྲུང་བ་དང་གཙུག་ལག་ཆེན་པོ་སྐྱོང་བའི་ཆོས་ཀྱི་རྒྱལ་པོ་རྣམ་མང་ཐོས་ཀྱི་སྲས་ཀྱི་རྗེས་སུ་གནང་བ་ཟབ་མོ་ཞུ་བར་བྱེད་པ་ལ་ཐོག་མར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་དུ། །གཙོ་ཆེན་ཁྱོད་ལ་གསོལ་འདེབས་ཀྱིས། །དངོས་གྲུབ་ཆེན་པོའི་རྗེས་གནང་གསོལ། །དེ་ལྟར་
གསོལ་བ་བཏབ་ནས་རྒྱལ་པོ་ཆེན་པོ་འདི་ཉིད་ངོ་བོ་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཀྱང་རྣམ་པ་འཇིག་རྟེན་པ་ལྟར་སྟོན་ལ་འཁོར་གནོད་སྦྱིན་དང་སྲིན་པོ་སོགས་མི་བསྲུན་པ་མང་བས་དེ་རྣམས་ཟིལ་གྱིས་གནོན་པའི་ཕྱིར་དུ། ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཡི་གེ་ཧཱུྃ་ཡིག་སྔོན་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་བཅོམ་ལྡན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་དང་ལྡན་པ། ཞལ་གདངས་ཤིང་མཆེ་བ་གཙིགས་པ་ལྗགས་འདྲིལ་བ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་འབར་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་ཤིང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། ཕྱག་གཡས་པས་ཡེ་ཤེས་ཀྱི་རྡོ་རྗེ་
རྩེ་ལྔ་པ་ནམ་མཁར་འཕྱར་བ། གཡོན་སྡིགས་མཛུབ་དང་བཅས་པའི་ཞགས་པ་ཅན། དར་གྱི་ཅོད་པན་དང་སྦྲུལ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་དང་ལྡན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པ་གསལ་བར་གྱུར་པའི། དཔྲལ་བར་ལུས་རྣམ་དག་གི་ངོ་བོ་ཨོཾ་དཀར་པོ། མགྲིན་པར་ངག་རྣམ་པར་དག་གི་ངོ་བོ་ཨཱཿདམར་པོ། ཐུགས་ཀར་ཡིད་རྣམ་དག་གི་ངོ་བོ་ཧཱུྃ་མཐིང་གས་མཚན་པར་སྒོམས་ཤིག །དེ་ལྟར་ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བས་ཆོས་སྐྱོང་གི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་ ༼དྲག་པོའི་རྗེས་གནང་མི་མཛད་ན་འདི་ནས། འདིའི་བར་གྱི་ས་བཅད་གཉིས་པོ་འདི་མི་གསུང་བར་ཆོས་སྐྱོང་གི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ། སྐུ་བསྐྱེད་པའི་རྗེས་གནང་ཅེས་སོགས་ནས། ཀཾཾཾ༽ དངོས་གྲུབ་སྒྲུབ་པའི་དོན་དུ་ཞི་བའི་རྗེས་སུ་གནང་བ། བར་ཆད་
བསལ་བའི་དོན་དུ་དྲག་པོའི་རྗེས་སུ་གནང་བའོ། །དང་པོ་ལ་སྐུ་བསྐྱེད་པའི་རྗེས་གནང༌། སྔགས་བཟླས་པའི་རྗེས་གནང་བཀའ་སྲུང་དུ་གཏད་པའི་རྗེས་གནང་ངོ༌། །དེ་ལ་སྐུ་བསྐྱེད་པའི་༼ཁཾ་དཀྱུས་བཞིན་གནང༌། དྲག་པོའི་རྗེས་གནང་ཡང་གནང་ན་དཀྱུས་ཉིད་ནས་འདེད་ལགས།༽ རྗེས་སུ་གནང་བ་ལ་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་མདུན་དུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པདྨ་ཉི་མའི་གདན་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་སྐུ་མདོག་སེར་བ་གསེར་བཙོ་མའི་མདོག་འདྲ་བ་སྐུ་ཤ་ཤིན་ཏུ་རྒྱས་པ། ཞལ་གཅིག་ཕྱག་གཉིས་ཕྱག་གཡས་ན་ཟ་འོག་དང་རིན་པོ་ཆེ་སྣ་ཚོགས་ལས་བྱས་པའི་རྒྱལ་མཚན་ཕྱར་བ། གཡོན་ན་ནེའུ་ལེའི་རྐྱལ་པ་རིན་པོ་ཆེ་སྣ་ཚོགས་ཀྱིས་གང་བ་འཛིན་ཅིང་སེང་གེའི་སྟེང་དུ་བརྐྱང་བསྐུམ་གྱིས་བཞུགས་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ། ལོངས་སྤྱོད་རྫོགས་པའི་རྒྱན་དང་ལྡན་པ། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་རིན་པོ་ཆེ་སྣ་ཚོགས་ཆར་བཞིན་དུ་འབེབས་ཤིང་གནོད་སྦྱིན་བྱེ་བ་འབུམ་གྱིས་
གང་བའི་གཞལ་ཡས་ཁང་ཆེན་པོའི་ནང་དུ་བཞུགས་པའི་ཐུགས་ཀར་མེ་ལོང་ལ་གཟུགས་བརྙན་ཤར་བ་བཞིན་དུ་པདྨ་ཉི་མའི་སྟེང་ན་བཻ་སེར་པོའི་འོད་ཟེར་བྱང་ཕྱོགས་སུ་འཕྲོས། རྣམ་ཐོས་སྲས་གནོད་སྦྱིན་བྱེ་བ་འབུམ་དང་བཅས་པ་སྤྱན་དྲངས། ཀྱི་བར་མངོན་རྟོགས་ལྟར་སྤྱོད། མདུན་བསྐྱེད་ལ་ཐིམ་ཞིང་གཉིས་མེད་དུ་གྱུར་པ་ལ་མཆོད་པ་འབུལ་བའི་མོས་པ་མཛོད། མེ་ཏོག་གཏོར་ཞིང༌། ཨརྒྷཾ་སོགས་དང༌། བཻ་ཤྲ་མ་ཎ་ཡ་ཨི་དམ་བ་ལིང་གྲྀཧྞ་ས་མ་ཡ་རཀྵནྟུ་མ་མ་སརྦ་སིདྡྷི་ཨཱ་མོ་གྷ་སྭཱ་ཧཱ། ༼གཏོར་མ་འབུལ།༽ མི་འཇིགས་སེང་གེའི་ཁྲི་སྟེང་ནས། །བཻ་ལས་བྱུང་བའི་མགོན་པོ་ནི། །ངལ་བསོ་དགེ་བ་སྟོབས་པོ་ཆེ། །ས་བརྒྱད་དབང་ཕྱུག་ཁྱོད་ལ་འདུད། །བཙུན་མོ་བཞི་དང་སྲས་བཞི་དང༌། །ཁྱད་པར་ལས་སྒྲུབ་གནོད་སྦྱིན་བརྒྱད། །ནོར་སྟེར་བ་ཡི་ཀླུ་ཆེན་བརྒྱད། །ལྷ་སྲིན་སྡེ་བརྒྱད་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །དགྲ་བགེགས་མ་ལུས་གཞོམ་པ་དང༌། །འབྱོར་པའི་ལོངས་སྤྱོད་ཕུན་ཚོགས་ཤོག །
འདོད་དགུ་ཡིད་བཞིན་སྒྲུབ་པ་དང༌། །གཞན་དོན་ལྷུན་གྱིས་གྲུབ་མཛད་གསོལ། །སོགས་ཀྱིས་བསྟོད་ལ། དེས་སྐུ་བསྐྱེད་པའི་རྗེས་སུ་གནང་བ་ཐོབ་པ་ཡིན། སྔགས་བཟླས་པའི་རྗེས་སུ་གནང་བ་ལ་སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ་བྱུང༌། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཐམས་ཅད་མཆོད། སེམས་ཅན་གྱི་དབུལ་འཕོངས་བསལ། འཇིག་རྟེན་གྱི་དངོས་གྲུབ་མ་ལུས་པ་བསྡུས་ནས་སྔགས་ཕྲེང་ལ་ཐིམ་པས་སྔགས་ཕྲེང་ནུས་ལྡན་དུ་གྱུར་པ་ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། སྙིང་གར་ཐིམ་པར་མོས་ལ་རྗེས་ཟློས་མཛོད་ཅིག །ཨོཾ་བཻ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་མ་ཎཱ་སྭཱ་ཧཱ། ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་
མ་ཎི་བྷ་དྲ། ཨོཾ་ཨེ་ཧྱེ་ཧི། ཏིཥྛ་ཏིཥྛ་སརྦ་ཨརྠ་མེ་སཱ་དྷ་ཡ། ཏདྱ་ཐཱ། སུ་དྷ་ནི། སུ་ར་སེ། སུ་མ་ཏི། སུ་པུ་ཥེ། ཧི་ལི་མི་ལི་སྭཱ་ཧཱ། ཨོཾ་ཛམྦྷ་ལཱ་ཡ་སྭཱ་ཧཱ། ཨོཾ་པུརྞ་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་མ་ཎི་བྷ་དྲཱ་ཡ་སྭཱ་ཧཱ། ཨོཾ་ཀུ་བཻ་རཱ་ཡ་སྭཱ་ཧཱ། ཨོཾ་སཾ་པྲ་ཛ་ནཱ་ཡ་སྭཱ་ཧཱ། ཨོཾ་གུ་ཧསྠཱ་ནཱ་ཡ་སྭཱ་ཧཱ། ཨོཾ་པཉྩི་ཀཱ་ཡ་སྭཱ་ཧཱ། ཨོཾ་ཙི་བི་ཀུཎྜ་ལི་ནེ་སྭཱ་ཧཱ། ཞེས་ ༼སྔགས་རེ་རེ་ཡང་ལན་གསུམ།༽ རྗེས་ཟློས་བྱས་ལ་སློབ་མ་ལ་ཕྲེང་བ་སྦྱིན་པའམ། སྤྱི་བོར་མེ་ཏོག་བཀོད་ལ། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །ལན་གསུམ་བརྗོད། དངོས་གྲུབ་ཀྱི་དོན་དུ་ལྷ་ལ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ་བརྗོད། དེས་སྔགས་བཟླ་བའི་རྗེས་སུ་གནང་བ་ཐོབ་པ་ཡིན། བཀའ་སྲུང་དུ་གཏད་པའི་རྗེས་སུ་གནང་བ་ནི། སློབ་དཔོན་གསང་བདག་ཏུ་གསལ་བས་ཐུགས་ཀ་ནས་འོད་ཟེར་འཕྲོས། རྒྱལ་པོའི་ཐུགས་རྒྱུད་བསྐུལ། རྒྱལ་པོ་ཡེ་ཤེས་
སེམས་དཔའི་ངོ་བོ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དངོས་གྲུབ་སྩོལ་ཞིང་སློབ་དཔོན་གྱི་ཇི་ལྟར་བཀའ་བསྒོས་པ་བཞིན་འཕྲིན་ལས་སྒྲུབ་པ་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །ཅེས་གཏོར་མ་སྤྱི་བོར་བཞག་རོལ་མོ་དང་བཅས་པས་ ༼ཨོཾ་བཻ་སྭཱ་ཧཱ་ནས། ཨོཾ་ཙི་བི་ཀུཎྜ་ལིའི་བར་གྱི།༽ སྔགས་རྣམས་བརྗོད་ལ། བཅོམ་ལྡན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ། ཌོམྦི་ཧེ་རུ་ཀ ཟངས་ཀར་ལོ་ཙཱ་བ། འགྲོ་བའི་མགོན་པོ་རས་པ་ཆེན་པོ། རྒྱལ་སྲས་སྤོམ་བྲག་པ། དཔལ་ཀརྨ་པ་ཆེན་པོ་ནས་བཟུང༌། དྲིན་ཅན་རྩ་བའི་བླ་མའི་བར་བྱོན་པ་རྣམས་ཀྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྟ་བདག་བརྒྱད། སྡེ་དཔོན་ཉི་ཤུ་རྩ་བརྒྱད། སྟོབས་ཆེན་སུམ་ཅུ་རྩ་གཉིས། གནོད་སྦྱིན་བྱེ་བ་འབུམ་སྡེ་དང་བཅས་པ་རྣམས་ཀྱིས་བདག་གི་རྡོ་རྗེའི་སློབ་མ་འདི་རྣམས་དུས་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ཆོས་སྐྱོང་བའི་སྲུང་མ་མཛོད། བར་དུ་གཅོད་པ་ཐམས་
ཅད་སྲུང་བ་དང་འཕྲིན་ལས་རྣམ་པ་བཞི་ཐོགས་མེད་དུ་སྒྲུབ་པར་མཛོད་ཅིག །དེ་ལྟར་བྱས་པས་སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་དུ། རྒྱལ་པོ་འཁོར་བཅས་ཀྱིས་ཁྱེད་རང་རྣམས་ཀྱི་འཕྲིན་ལས་སྒྲུབ་པར་ཡོད་སྙམ་པ་མཛོད་ཅིག །དྲག་པོའི་རྗེས་གནང་འདི་གཙོ་བོར་རྣམ་སྲས་ནག་པོ་ཡིན་པས་སེར་ཆེན་ཁོ་ན་ལ་བུ་རིན་ཆེན་སོགས་ཀྱི་ཡིག་ཆར་འདི་ཡན་ལས་མེད་ཅིང་དྲག་པོའི་རྗེས་གནང་འདི་གཉན་པས་གོས་སྔོན་ཅན་གྱི་གྲངས་བསྙེན་མ་སོང་བར་མི་གནང་བ་ཚོགས་པའི་ཕྱག་ལེན་ལ་ཡང་འདུག་པས་སྐབས་འདིར་སློབ་མས་ཕྱག་ན་རྡོ་རྗེ་ཡི་དམ་དང་རྣམ་སྲས་ཆོས་སྐྱོང་དུ་འཛིན་སྙམ་པས། གཙོ་བོ་ཇི་ལྟར་སོགས་དང༌། རྗེས་མཎྜལ་ཕུལ་ནས། དེང་ནས་བརྩམས་ཏེ་སོགས། བརྗོད་ནས་ཆོས་བསྔོ་གནང་སྟེ་སློབ་མ་རང་གནས་སུ་བཏང་ནས་རྗེས་ཆོག་གནང༌། དྲག་པོའི་རྗེས་གནང་གི་སྐོར་འཇོག་པ་གནང་ན་ཡང་རྣམ་སྲས་སེར་ཆེན་གྱི་རྗེས་གནང་ལ་ལྷག་ཆད་དུ་མི་འགྱུར་ཞིང་ཡང་ཞི་དྲག་སྦྲེལ་ནས་གནང་ན་དཀྱུས་ཉིད་ནས་འདེད་ལགས། ད་ནི་བར་ཆད་བསལ་བའི་དོན་དུ་དྲག་པོའི་
རྗེས་སུ་གནང་བ་ནི། རྒྱལ་པོ་ཆེན་པོ་འདིའི་འཁོར་དུ་གནོད་སྦྱིན་དང་སྲིན་པོ་སོགས་འབྱུང་པོ་མི་བསྲུན་པ་མང་བས་དེ་རྣམས་ཀྱི་བར་ཆད་ཚར་བཅད་པར་བྱ་སྙམས་པས། སློབ་དཔོན་ལ་གསང་བདག་གི་མོས་འདུན་དྲག་པོས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། མཐུ་སྟོབས་དབང་ཕྱུག་རྡོ་རྗེ་འཛིན། །གསང་བའི་བདག་པོ་ཁྲོ་བོའི་རྒྱལ། །བདག་ལ་གནོད་བྱེད་གདོན་བགེགས་རྣམས། །ཚར་གཅོད་རྗེས་འཛིན་དངོས་གྲུབ་སྩོལ། །གསུམ་བརྗོད། ཁྱེད་རང་རྣམས་གསང་བའི་བདག་པོ་དངོས་ཡིན་སྙམ་པའི་ང་རྒྱལ་བརྟན་པར་བྱས་ལ་ཞབས་གཡོན་བརྐྱང་བས་གདུག་པ་ཅན་གྱི་གཙོ་བོ་མ་རུངས་པར་གྱུར་པ་རྣམས་ཀྱི་སྙིང་གར་མནན་ཅིང་གཟིར་བར་བསྒོམས་ཤིག །ལག་པ་གཡས་སུ་རྡོ་རྗེ་དང་རལ་གྲི་གཏད་ཅིང་གཡོན་སྙིང་ཁར་སྡིག་མཛུབ་བྱེད་དུ་བཅུག་ལ། ཧཱུྃ་ཧཱུྃ་མི་ཤིག་རྡོ་རྗེ་འབར་བ་དང༌། །ཡེ་ཤེས་རལ་གྲི་རྣོ་བའི་མཚོན། །འབར་བའི་སྡིག་མཛུབ་གདུག་པ་འདུལ། །འབྱུང་པོའི་ཚོགས་རྣམས་བསྐུད་པར་
གྱིས། །ཅེས་བརྗོད། ད་ནི་བཅོམ་ལྡན་འདས་ཀྱི་སྤྲོ་བ་ལྔ་བྱ་སྟེ། ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་ཕྱག་གཡས་ཀྱི་རྡོ་རྗེ་ལས་རྡོ་རྗེའི་ཐོག་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་གདུག་པ་ཅན་གྱི་གནོད་བྱེད་ཐམས་ཅད་རྒྱ་མཚོའི་མཐར་བསྐྲད་ཅིང་ཚར་བཅད་པར་མོས་ཤིག །ལག་པ་གཡས་སུ་རྡོ་རྗེ་གཏད་ལ་གསོར་ཞིང༌། ཁྱོད་ནི་གསང་བདག་ཁྲོ་བོའི་རྒྱལ། །ཡེ་ཤེས་རྡོ་རྗེ་འབར་བའི་འོད། །དྲག་པོ་རྡོ་རྗེའི་ཐོག་ཆར་གྱིས། །བགེགས་ཀྱི་བར་ཆད་ཚར་ཆོད་ཅིག །ཅེས་བརྗོད། ཡང་ཁྱེད་རང་རྣམས་ཀྱི་ཐུགས་ཀ་ནས་རང་འདྲ་བའི་ཁྲོ་ཆུང་དཔག་ཏུ་མེད་པ་འཕྲོས། དུས་མཐའི་རླུང་གིས་གཏོར་བ་བཞིན་དུ་གནོད་བྱེད་ཐམས་ཅད་གཏོར་བར་སྒོམས་ཤིག །སྐུ་ཙཀླི་སྙིང་གར་བཞག་ལ། གསང་བའི་བདག་པོ་རྡོ་རྗེ་འཛིན། །ཐུགས་ཀྱི་ཁྲོ་བོ་མེ་ལྟར་འབར། །དུས་མཐའི་རླུང་ལྟར་དྲག་ཤུལ་གྱིས། །འབྱུང་པོ་མ་ལུས་རྣམ་པར་གཏོར། །ཞེས་བརྗོད། ཡང་ཁྱེད་རང་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་དཔུང་བསྐལ་
པའི་མེ་ལྟ་བུ་འཕྲོས། འཇིག་རྟེན་ཐམས་ཅད་མེའི་ཕུང་པོར་གྱུར་པས་གནོད་བྱེད་ཐམས་ཅད་བྱ་སྒྲོ་མེ་ལ་བསྲེགས་པ་ལྟ་བུར་གྱུར་སྙམ་པ་མཛོད་ཅིག །མེ་དཔུང་སྙིང་གར་བཞག་ལ། ཁྲོ་རྒྱལ་འབར་བའི་ཡེ་ཤེས་མེ། །བསྐལ་པ་དུས་མཐའི་མེ་ལྟར་འབར། །གནོད་བྱེད་བར་ཆད་འབྱུང་པོ་རྣམས། །སྐད་ཅིག་ཉིད་ལ་གཞོབ་ཏུ་བསྲེགས། །ཞེས་བརྗོད། ཡང་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་སྐུ་ལ་བརྒྱན་པའི་སྦྲུལ་རྣམས་ལས་གདུག་པའི་ཁ་རླངས་འཕྲོས་པས་གནོད་བྱེད་ཐམས་ཅད་མྱོས་ཤིང་བརྒྱལ་བར་མོས་ཤིག །སྦྲུལ་བརྒྱན་ལྟེ་བར་བཞག་ལ། ཀླུ་དབང་ཁྲོས་པའི་ཁ་རླངས་ལས། །གདུག་པ་ནད་ཀྱི་ན་བུན་འཐུལ། །ལོག་འདྲེན་གནོད་སྦྱིན་སྲིན་པོ་རྣམས། །བརྒྱལ་ཞིང་རྨོངས་ཤིང་རྣམ་པར་མྱོས། །ཞེས་བརྗོད། ཡང་ཁྱེད་རང་གི་ཞལ་ནས་སྔགས་ཀྱི་རང་སྒྲ་འབྲུག་སྟོང་ལྡིར་བ་ལྟ་བུ་དྲག་པོའི་ང་རོས་འཇིག་རྟེན་གྱི་ཁམས་གང་བར་བྱས་པས་གནོད་བྱེད་ཐམས་ཅད་ཐལ་བ་རྡུལ་ཕྲན་བཞིན་དུ་བརླག་
པར་མོས་ལ་འདིའི་རྗེས་ཟློས་གྱིས་ཤིག །ཧཱུྃ་བཛྲ་ཕཊཿ ཅི་རིགས་བརྗོད། དེས་ནི་བཅོམ་ལྡན་འདས་ཀྱི་སྤྲོ་བ་སོང་ནས། ད་ནི་རྒྱལ་པོའི་སྤྲོ་བ་གསུམ་བྱ་སྟེ། མདུན་དུ་བཞུགས་པའི་རྒྱལ་པོ་ཆེན་པོའི་སྐུ་སྟོད་ནས་སྤྲུལ་པའི་མཁའ་ལྡིང་དཔག་ཏུ་མེད་པ་འཕྲོས་པས་ནམ་མཁའ་དང་བར་སྣང་གི་གནོད་བྱེད་མ་ལུས་པ་ཚར་བཅད། སྐུ་རྐེད་ནས་སྤྲུལ་པའི་ལས་མཁན་དཔག་མེད་འཕྲོས་ནས་ས་སྟེང་གི་གནོད་བྱེད་ཐམས་ཅད་ཚར་བཅད། སྐུ་སྨད་ནས་གཅན་ཟན་དང་སྦྲུལ་ལ་སོགས་པ་དཔག་མེད་འཕྲོས་ས་འོག་གི་གནོད་བྱེད་ཐམས་ཅད་ཚར་བཅད་པར་མོས་ལ་འདིའི་རྗེས་ཟློས་མཛོད། ཨོཾ་བཻ་ཤྲ་ཝ་ཎ་ཡ་ཨ་ནུ་ཙ་ར་ཀུ་རུ་ཧཱུྃ། ཅི་རིགས་བརྗོད། རོལ་མོ་བྱ། གུ་གུལ་གྱིས་བདུག་གོ །དེ་ལྟར་གནོད་བྱེད་མ་རུངས་པ་ཐམས་ཅད་ཚར་བཅད། སླར་གདོན་བགེགས་རྣམས་ཀྱང་དཔའ་བཀོང་ཞིང་ཞི་བའི་སེམས་དང་ལྡན་པར་གྱུར་པས་ཁྱེད་རང་རྣམས་ཀྱི་ཞལ་ནས་བཏོན། པད་མའི་གདན་ལ་གནས་པ་ལ། དཔོན་སློབ་
གཉིས་ཆར་གསང་བདག་ཏུ་གསལ་བའི་གནས་གསུམ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་བྱུང༌། གདོན་བགེགས་རྣམས་ལ་ཁྲུས་བྱས་པས་སྒོ་གསུམ་གྱི་མི་གཙང་བ་དང་སྡིག་སྒྲིབ་ཐམས་ཅད་དག་ནས་ཤེལ་སྒོང་ལྟ་བུར་གྱུར་ཅིང་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ལ་མཆོད་པའི་མོས་པ་མཛོད། ཨརྒྷཾ་སོགས་བརྗོད། དེ་ལྟར་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་ཀྱི་རྗེས་སུ་གནང་བ་ལེགས་པར་གྲུབ་པས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྒྱལ་པོ་ཆེན་པོ་ཆོས་སྐྱོང་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་སོགས། ཁྱེད་རང་རྣམས་ཀྱི་ལུས་ལོངས་སྤྱོད་འབུལ་སྙམས་པས་སོགས། དེང་ནས་སོགས་བརྗོད། སློབ་མ་ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་བཏང༌། སློབ་མའི་དཔྲལ་བ་མགྲིན་པ་སྙིང་ག་རྣམས་སུ་ཨོཾ་ཨཱཿཧཱུྃ་ཅེས་གསུང་བཞིན་པས་རིམ་པ་བཞིན་ཡི་གེ་རེ་དང་བསྟུན་ནས་རྡོ་རྗེའི་རྩེས་དྲིའི་ཐིག་ལེ་མཛད་ནས་ཁྱེད་རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གི་ཡི་གེ་དཀར་དམར་སྔོན་པོ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་
གྱིས་མཚན་པས་ལུས་ངག་ཡིད་གསུམ་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྲུང་བར་གྱུར་པའི་མོས་པ་གྱིས། ཞེས་གོ་བར་མཛད་པ་སྟེ་འོག་མ་རྣམས་ལའང་རིགས་འགྲེ་ལགས། རྗེས་ཀྱི་ཆོ་ག་ ༼ཨོཾ་མཆོད་ཡོན་ཞབས་བསིལ་སོགས་ཀྱི་ཚིག་བཅད་སྔོན་དུ་འགྲོ་བས། ཨོཾ་སརྦ་ཏ་ཐཱ་ག་ཏ་བཻ་ཤྲ་མ་ཎ་ས་པཱ་རི་ཝ་ར་ཨརྒྷཾ་པདྱཾ་ནས། ཤབྡའི་བར་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། ཧཱུྃ༑ མི་འཇིགས་སེང་གེའི་ཁྲི་སྟེང༌སོགས་ཀྱིས་བསྟོད། མ་འབྱོར་པ་དང་སོགས་ཀྱིས་མཐར་ཡིག་བརྒྱ་བརྗོད་པས་ནོངས་པ་བཤགས། ཁྱེད་ཀྱི་སེམས་ཅན་སོགས་དང༌། བཛྲ་མུཿཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུས་ཏེ་བསྔོ་བ་སྨོན་ལམ་བཀྲ་ཤིས་མཛད་པ་ལགས།༽ བྱའོ། །ཞེས་པ་འདི་སྤོང་བ་པ་གྲགས་པ་དཔལ་འབྱོར་གྱིས་ཉེར་མཁོས་སྦྱར་བའོ། །
ཇོ་བོ་སྔགས་ཀྱི་བདག་པོའི་རྗེས་གནང་།
ཇོ་བོ་སྔགས་ཀྱི་བདག་པོའི་རྗེས་གནང་བཞུགས་སོ། །
བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། ཇོ་བོ་སྔགས་ཀྱི་བདག་པོའི་རྗེས་སུ་གནང་བ་བྱེད་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་བྱི་དོར་བྱས་ལ་མཛེས་པར་བརྒྱན་པའི་དབུས་སུ་སྟེགས་ཀྱི་ཁར། སྣ་ཚོགས་པདྨ་འདབ་བརྒྱད་ཀྱི་ལྟེ་བར་རིན་པོ་ཆེ་ཕུ་ཡིག་གིས་མཚན་པ་དང༌། འདབ་མ་བརྒྱད་ལའང་དེ་དང་མཚུངས་པར་བཀོད། ཡང་ན་ཚོམ་བུ་བྱས་པའི་སྟེང་དུ་རིན་པོ་ཆེའི་སྣོད་དུ་གཏོར་མ་ ༼བླ་མའི་གཏོར་མ་འདྲ་བའི་གཡས་གཡོན་གྱི་སྟོད་ཆ་ཟུར་གཉིས་ཡོད་པ་༽ རིན་པོ་ཆེ་ལྟ་བུ་མཛེས་པ་ལ་ཆུང་བ་དེ་འདྲ་བ་བརྒྱད་ཀྱིས་བསྐོར། ཇོ་བོའི་སྐུ་དང༌། རིན་པོ་ཆེ་དང་དར་ཚོན་གྱིས་བརྒྱན་པ་བཤམས། མཐར་ཉེར་སྤྱོད་ལྔ་དང་འདོད་ཡོན་ལྔ་དང༌། དཀར་གསུམ་
མངར་གསུམ་ཀླུ་སྨན་སོགས་བཟང་ཞིང་རྒྱ་ཆེ་བ་བཤམས། དེ་ནས་ཡི་དམ་ཆོས་སྐྱོང་ ༼སྔགས་བདག་རང་ཟུར་དུ་གནང་བ་ལ་ཆོས་སྐྱོང་གཞན་གྱི་ལས་བྱང་མི་དགོས།༽ གི་ལས་བྱང་རྣམས་དང༌། ཁྱད་པར་ ༼བསྐང་གསོའི་སྐབས་བཞིན།༽ ཇོ་བོའི་མདུན་བསྐྱེད་བཟླས་པ་གཏོར་འབུལ་བསྐང་བ་སོགས་རྒྱས་པར་བྱས་ལ་འདོད་དོན་གསོལ། སློབ་མ་རྣམས་ཁྲུས་ཕྱག་མཎྜལ་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ་འདི་སྐད་དུ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཕྱིར་དུ་ཇོ་བོ་སྔགས་ཀྱི་བདག་པོའི་གཏོར་མ་ལ་བརྟེན་པའི་རྗེས་གནང་བཀའ་གཏད་ཀྱི་ཚུལ་དུ་ཞུ་
སྙམ་པས་ལེགས་པར་གསན་འཚལ། དེ་ཡང་ཇོ་བོ་སྔགས་ཀྱི་བདག་པོ་འདི་ཉིད་ངོ་བོ་དེ་བཞིན་གཤེགས་པ་ཀླུ་དབང་གི་རྒྱལ་པོའི་ཕྲིན་ལས་སྤྲུལ་པ་ཡིན་ཅིང༌། གདུལ་བྱའི་ངོར་ཀླུའི་རྒྱལ་པོའི་གཟུགས་ཀྱིས་བསྟན་པ་སྲུང་བ་དང་སེམས་ཅན་གྱི་དོན་བྱེད་ཅིང༌། སྔོན་བཅོམ་ལྡན་འདས་ཀྱི་དུས་ཞིང་འདིའི་མ་རུངས་པ་རྣམས་གདུལ་བའི་ཕྱིར། ལོ་བཅུ་གཉིས་ཀྱི་བར་འཛམ་བུའི་གླིང་དུ་མ་རུངས་པའི་ཆོ་འཕྲུལ་བསྟན་པས། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདུལ་བར་བཀའ་བསྒོས་ནས་དམ་ལ་བཏགས་ཤིང༌། སླར་བཅོམ་ལྡན་འདས་ཉིད་ཀྱི་རྫུ་འཕྲུལ་གྱིས་བཀུག་ནས་བསྟན་པ་བསྲུང་བར་བྱིན་གྱིས་རླབས་པ་ཡིན་ཅིང་། ཁྱད་པར་གྲུབ་མཆོག་ཀརྨ་པཀྵི་ལ་དངོས་སུ་མཇལ་བ་ནས་བཟུང༌། ཀཾ་ཚང་གི་བསྟན་པ་སྲུང་ཞིང་ངེད་རང་རྣམས་ལའང་མཆོག་ཏུ་བརྩེ་ཞིང་འགོ་བའི་ཆོས་སྐྱོང་ཡིན་པས། དེའི་རྗེས་སུ་གནང་བ་ཞུ་བའི་དོན་དུ་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་རྒྱལ་
བ་མ་ལུས་པའི། །སྐུ་གསུང་ཐུགས་ཀྱི་ངོ་བོ་ཉིད། །མཚུངས་མེད་དཔལ་ལྡན་བླ་མ་ཡི། །བདག་ལ་བརྩེ་བས་ཉེར་དགོངས་ནས། །ཇོ་བོ་སྔགས་ཀྱི་བདག་པོ་ཡི། །རྗེས་གནང་དམ་པ་བརྩལ་དུ་གསོལ། །གསུམ། དེ་ལྟར་གསོལ་བ་བཏབ་ནས། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དངོས་ཡིན་སྙམ་པའི་མོས་འདུན་དྲག་པོ་དང་ལྡན་པས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་མདུན་གྱི་གཏོར་མ་འདི་དང་ཐ་མི་དད་པར་ཕྱི་མཐའི་རྒྱ་མཚོ་ཆེན་པོ་ལ་ནང་རིན་པོ་ཆེས་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཀྱི་ཁང་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་པདྨ་འདབ་བརྒྱད་ཀྱི་གདན་གྱི་སྟེང་དུ་ཡི་གེ་ཕུ་སེར་པོ་དེ་འོད་དུ་ཞུ་བ་ལས་ཇོ་བོ་སྔགས་ཀྱི་བདག་པོ་སྐུ་སྟོད་མི་རུ་འདུག་པ། སྐུ་སྨད་སྦྲུལ་དུ་འདུག་པ། སྐུ་མདོག་སེར་ཞིང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཞོན་ནུ་མཛེས་པའི་ཆ་བྱད་ཅན། དབུ་ལ་སྦྲུལ་མགོ་
བདུན་གྱི་གདེངས་ཀ་དང་ལྡན་པ་སྐུའི་སྲིད་པ་གསུམ་ལ་ཁྱབ་པ། ༼ཞེས་པའི་བར་མངོན་རྟོགས་བཞིན་ལས་འདིར་ཁྱད་པར།༽ ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་དབུས་སུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་འཛིན་པ། ཕྱོགས་ཀྱི་པད་འདབས་བརྒྱད་ལ་ཕུ་བརྒྱད་ཡོངས་སུ་གྱུར་པ་ལ་ཀླུ་ཆེན་པོ་བརྒྱད་ཀྱང་གཙོ་བོ་ལྟ་བུ་གཙོ་བོ་ལ་གུས་པས་འདུད་པ། དེའི་འཁོར་དུ་ཀླུ་རྒྱལ་རིགས་དང༌། རྗེའུ་རིགས་དང༌། བྲམ་ཟེའི་རིགས་དང༌། རྨང་རིགས་སོགས་ཀླུ་རིགས་གྲངས་ལས་འདས་པས་བསྐོར་བ། རིན་པོ་ཆེ་སྣ་ཚོགས་དང༌། འདོད་པའི་ལོངས་སྤྱོད་ཆར་བཞིན་དུ་འབབ་པ། སྒྲུབ་པ་པོའི་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་གནས་པར་སྒོམས་ཤིག །སློབ་དཔོན་ཡི་དམ་དུ་གསལ་བས་མདུན་བསྐྱེད་ཀྱི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས། བླ་མ་བརྒྱུད་པའི་མཚན་སྨོས་ཤིང་དམ་ཚིག་བསྒྲགས། བཀའ་བསྒོས་ཤིང་གཉེར་དུ་གཏད་པས། ཁྱེད་རང་རྣམས་ཀྱི་འཕྲིན་ལས་སྒྲུབ་ཅིང་དངོས་གྲུབ་རྩོལ་བ་ཡོད་
སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །གཏོར་མ་ཐོགས་ལ། ཧཱུྃ༑ ཕྱག་ན་རྡོ་རྗེའི་བཀའ་ཉན་གསུང་སྡོད་པ། །ཐུགས་རྗེས་རྣམ་དག་པད་ཉིའི་གདན་སྟེང་དུ། །སྐུ་མདོག་དམར་སེར་ཕྱག་གཉིས་ཐུགས་ཀར་སྦྱར། །སྐུ་ལ་རིན་ཆེན་སྣ་ཚོགས་མཛེས་པས་བརྒྱན། །དབུ་ལ་སྦྲུལ་མགོ་བདུན་གྱི་གདེང་ཀ་ཅན། །བརླ་གཉིས་ལྟོ་འགྲོའི་མཇུག་མས་རྒྱན་དུ་དཀྲིས། །རྣལ་འབྱོར་དབང་ཕྱུག་སྐྱོང་བའི་གང་ཟག་གི །བར་ཆད་སྲུང་ཞིང་ཅི་འདོད་སྒྲུབ་པོ་ཞེས། །རྡོ་རྗེ་འཛིན་པའི་སྤྱན་སྔར་ཞལ་བཞེས་པའི། །དམ་བཅའ་ཉེར་དགོངས་རྡོ་རྗེའི་སློབ་མ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རླབས་པ་དང༌། །འཕྲིན་ལས་རྣམ་བཞི་གྲུབ་ཆེན་བརྒྱད་ལ་སོགས། །འདོད་པའི་དོན་རྣམས་མ་ལུས་སྩལ་དུ་གསོལ། །ཞེས་གཏོར་མ་གནས་གསུམ་དུ་རེག་ཅིང༌། ཨོཾ་ཕུ་ཏ་ཕུ་ཏ་མ་ཧཱ་ཀྲོ་དྷ་ཧཱུྃ། སྤྱི་བོ། ཀ་ཡ་སིདྡྷི་སིདྡྷི་སྥོ་ཊ་ཡ་ཨོཾ། མགྲིན་པར། ཝཱཀྐ་སིདྡྷི་སིདྡྷི་སྥོ་ཊ་ཡ་ཨཱཿ སྙིང་གར་བཞག ཙིཏྟ་སིདྡྷི་སིདྡྷི་སྥོ་ཊ་ཡ་ཧཱུྃ། ཞེས་
དང༌། གཏོར་མ་ཕྱག་ཏུ་བཟུང་བཞིན་པས། ཀྱེ། སྔགས་ཀྱི་བདག་པོ་འཇིག་རྟེན་མཐུ་བོ་ཆེ། །སྲིད་གསུམ་ཚར་གཅོད་འགྲོ་དྲུག་དབང་དུ་སྡུད། །ཁམས་གསུམ་བདག་པོ་གསོད་བྱེད་ཆེན་པོ་སྟེ། །སྦྲུལ་མགོ་བདུན་པ་ཟུར་ཕུད་ལྔ་ཡིས་བརྒྱན། །གཞོན་ནུ་མཛེས་པ་ཁྱེའུ་ཆུང་གཞོན་ནུའི་ཚུལ། །གཞོན་ནུ་གཏུམ་པོ་ནག་པོ་ཆེན་པོ་སྟེ། །བདུད་པོ་ཆེན་པོ་ཀླུ་རྒྱལ་སོགས་མ་མེད། །བྲན་པོ་ཆེན་པོ་ལས་མཁན་ཆེན་པོ་སྟེ། །ཁོལ་པོ་ཆེན་པོ་ཐུགས་རྗེས་གཡོག་པོའི་ཚུལ། །ཁྱེད་ཀྱི་མཆོད་པའི་ཚོགས་རྣམས་ཉེར་བཞེས་ལ། །རྡོ་རྗེ་སློབ་མའི་བྲན་དང་གཡོག་པོ་མཛོད། །ལས་མཁན་ཁོལ་པོའི་ཚུལ་དུ་ལས་རྣམས་སྒྲུབས། །འདོད་པའི་དོན་རྣམས་ཐམས་ཅད་གྲུབ་པར་མཛོད། །ཇོ་བོ་སྔགས་ཀྱི་བདག་པོ་ཀླུ་ཆེན་བརྒྱད། ཀླུ་རིགས་གྲངས་ལས་འདས་པའི་ཚོགས་དང་བཅས་པ་རྣམས་ཀྱིས་སྔོན་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་བཞེས་པ་བཞིན་དུ་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་འདོད་པའི་
དོན། ལས་བཞི་དང༌། གྲུབ་པ་ཆེན་པོ་བརྒྱད། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩོལ་བར་མཛོད་ཅིག །བྲན་གཡོག་ལས་མཁན་གྱི་ཚུལ་དུ་ཅི་ལྟར་བསྒོས་བཞིན་ནཱ་ག་རཱ་ཛ་དགའ་བ་དང་དགྱེས་པར་མཛོད་ཅིག །བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབས་ཤིག །ཨོཾ་ཨཱཿཧཱུྃ། དེ་ལྟར་བྱས་པས་སྔགས་ཀྱི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པ་ཡོད་སྙམ་པ་མཛོད། དེ་ཇོ་བོ་སྔགས་ཀྱི་བདག་པོ་བཀའ་སྲུང་དུ་གཏད་པ་ལེགས་པར་གྲུབ་པས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྔགས་ཀྱི་བདག་པོ་ཆོས་སྐྱོང་དུ་འཛིན་སྙམ་པས་སོགས། གཙོ་བོས་སོགས། ལུས་ལོངས་སྤྱོད་སོགས། དེང་ནས་སོགས། བརྗོད་ལ་སློབ་མ། ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་བཏང༌། རྗེས་ཀྱི་ཆོ་ག་སོགས་གཞུང་བཞིན་ ༼རྗེས་ཀྱི་མཆོད་གཏོར་སྟོང་གསུམ་མས་འབུལ། ཀླུའི་རྒྱལ་པོ་སོགས་མ་མེད་ཀྱིས་བསྟོད། བཟོད་གསོལ་མན་རྣམ་སྲས་དང་འདྲ་ལགས།༽ བྱའོ། །ཞེས་པ་འདི་སྤོང་
བ་པ་གྲགས་པ་དཔལ་འབྱོར་གྱིས་ཉེར་མཁོས་སྦྱར་བའོ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷ་རྫས་དགེ་བའི་མཆོད་གཏོར་འདི། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བཞེས་ནས་དངོས་གྲུབ་སྩལ་དུ་གསོལ། །དག་གསལ་དྲི་ཞིམ་ལེགས་ལྡན་པའི། །དྲི་ཆབ་བདུག་སྤོས་མེ་ཏོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་གི་ལས་རྣམས་གྲུབ་པར་མཛོད། །ཡིད་འོང་ལེགས་སྦྱར་རོ་ལྡན་པའི། །སྦྲང་རྩི་དང་ནི་ཤིང་ཐོག་སོགས། །ཀླུ་རྒྱལ་ཁྱོད་ལ་འབུལ་ལགས་ན། །བདག་ཅག་འཁོར་བཅས་བཀྲ་ཤིས་མཛོད། །ཡིད་འཛིན་སྒྲ་སྙན་རོལ་མོ་དང༌། །དྲི་ཞིམ་ཡིད་འོང་ཕུན་སུམ་ཚོགས། །འབྲས་ཆན་ལ་སོགས་ཞལ་ཟས་དང༌། །འཇམ་མཉེན་མཛེས་པའི་ན་བཟའ་སོགས། །ཀླུ་རྒྱལ་འཁོར་དང་བཅས་ལ་འབུལ། །བདག་གི་བསམ་པ་འགྲུབ་པ་དང༌། །སངས་རྒྱས་བསྟན་པ་དར་བར་མཛོད། །
དམ་ཅན་སྐྱེས་བུ་ཆེན་པོའི་རྗེས་གནང་།
དམ་ཅན་སྐྱེས་བུ་ཆེན་པོའི་རྗེས་གནང་བཞུགས་སོ། །
བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། དམ་ཅན་སྐྱེས་བུ་ཆེན་པོའི་རྗེས་སུ་གནང་བ་བྱེད་པར་འདོད་པས་གནས་དབེན་པར་བྱི་དོར་བྱས་ལ་མཛེས་པར་བརྒྱན། གོང་དུ་འདས་པའི་མཆོད་གཏོར་རྣམས་བཤམས་པའི་མདུན་དུ་སྟེགས་ཀྱི་ཁར་གཏོར་མ་མཁར་ཐབས་སམ། ཟུར་གསུམ་ ༼ཐུན་གཏོར་འདྲ་བ་ལ་དབལ་སྐྱོང་མོ་མེད་ཅིང་ཟུར་གསུམ་རྩེའི་བར་ཤད་ཀྱི་བཏོད་པ་ཡིན།༽ རྩེ་རྒྱལ་ཤ་ཁྲག་གིས་བརྒྱན་པ་ལ། མདའ་དར་དམར་པོ་སྐུ་དང་བཅས་པ་གཟུགས། འདབས་སུ་ཐོད་པ་སྐམ་རློན་གྱིས་བསྐོར་བ་བཤམས། མཐའ་མཆོད་པས་བསྐོར། དཔལ་འབར་ཞིག་ཀྱང་སྟ་གོན་བྱ། དེ་ནས་ཡི་དམ་ཆོས་སྐྱོང་གི་ལས་བྱང་ ༼དམ་ཅན་རང་ཟུར་དུ་གནང་
བ་ལ་ཆོས་སྐྱོང་གཞན་གྱི་ལས་བྱང་མི་དགོས། ༽ རྣམས་དང་། ཁྱད་པར་སྐྱེས་བུ་ཆེན་པོའི་མདུན་བསྐྱེད་ཆོ་ག་བསྐང་བ་དང་བཅས་པ་༼བསྐང་གསོའི་སྐབས་བཞིན།༽བྱས་ལ་འདོད་དོན་གསོལ། སློབ་མ་རྣམས་ཁྲུས་ཕྱག་མཎྜལ་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ་འདི་ལྟར། ཐོག་མར་གསོལ་བ་བཏབ་པ་འདིའི་རྗེས་ཟློས་མཛོད། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །དམ་ཅན་སྐྱེས་བུ་ཆེན་པོ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །ལན་གསུམ་བརྗོད། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེ་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་དང་། རང་ཉིད་ཀྱི་བར་ཆད་ཞི་བར་བྱེད་
པའི་དོན་དུ། དམ་ཅན་སྐྱེས་བུ་ཆེན་པོའི་རྗེས་སུ་གནང་བ་ཞུ་སྙམ་པས་ལེགས་པར་གསན་འཚལ། སྐྱེས་བུ་ཆེན་པོ་འདི་ཉིད་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ་སྟེ། འོག་མིན་གྱི་གནས་སུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་སྤྱན་སྔར་སྐུ་རྡོ་རྗེའི་རང་བཞིན་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་མ་ལ་ཡ་གནམ་ལྕགས་འབར་བའི་རྩེར་གསང་བའི་བདག་པོའི་སྤྱན་སྔར་ཐུགས་རྡོ་རྗེའི་རང་བཞིན་དམ་ཚིག་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་བོང་ལོང་བུའི་སྐུ་མཁར་ནས་དཔལ་ལྡན་དྲེགས་པ་རྟ་མགྲིན་གྱི་སྤྲུལ་པ་གསུང་རྡོ་རྗེའི་རང་བཞིན་ལས་ཀྱི་རྡོ་རྗེ་ལེགས་པའི་ཚུལ་དུ་བཞུགས་པར་གསུངས་ལ། གནས་སྐབས་སུ་དཔལ་ཕྱག་ན་རྡོ་རྗེས་དབང་བསྐུར་ཞིང་བསྟན་པ་སྲུང་བར་བཀའ་བསྒོས་ཤིང་གཉེར་དུ་གཏད། རང་ཉིད་ཀྱིས་ཀྱང་ཁས་བླངས་ཤིང་དམ་ལ་ཞུགས། དེ་ནས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཀྱང་བྱིན་གྱིས་བརླབས་ཏེ་ཆོས་སྐྱོང་བའི་སྲུང་
མར་མངའ་གསོལ་ནས་གཙུག་ལག་ཁང་དུ་མ་སྐྱོང་ཞིང་། ཁྱད་པར་གྲུབ་མཆོག་ཀརྨ་པཀྵིས་དམ་ལ་བཏགས་ནས་འཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་པས་ན། བཀྲ་ཤིས་ལ་བྱིན་ཆགས། རྒྱུད་འཇམ་ལ་སྙིང་ཉེ། དཔའ་ཞིང་བརྟུལ་ཕོད་ལ་མཐུ་རྩལ་ཆེ། དམ་ཚིག་ལ་གནས་ཤིང་འཕྲིན་ལས་མྱུར་བའི་ཆོས་སྐྱོང་ཁྱད་པར་ཅན་ཡིན། འདི་ཉིད་ཀྱི་རྗེས་གནང་རིན་པོ་ཆེ་ཀརྨ་པ་ན་རིམ་གྱི་ཕྱག་བཞེས་ཇི་ལྟ་བ་བསྒྲུབ་པར་བྱེད་པ་ལ་ངོ་བོ་ཡེ་ཤེས་པ་ཡིན་ཀྱང་གནས་སྐབས་སུ་འཇིག་རྟེན་པ་ལྟར་བསྒྲུབ་ན་བསྐུལ་བར་སླ་ཞིང་དྲག་ལས་ལ་མྱུར་བས། ཁྱེད་རང་རྣམས་ཡི་དམ་དུ་བསྒོམས་ནས། ཆོས་སྐྱོང་བཀའ་སྡོད་ཀྱི་ཚུལ་དུ་གཏད་པ་ཡིན་པས། དེ་ལ་ཐོག་མར་ཁྱེད་རང་རྣམས་ཀྱི་རྒྱུད་མ་དག་པ་དག་པར་བྱ་བའི་ཕྱིར་སོགས། དཀོན་མཆོག་གསུམ་ལ་སོགས་ནས། སངས་རྒྱས་ཤོག །བར་གསུམ་བརྗོད། ད་རྗེས་གནང་གི་གཞི་བཀོད་པའི་དོན་དུ་སློབ་དཔོན་ལ་ཕྱག་ན་རྡོ་རྗེ་དངོས་ཀྱི་མོས་འདུན་དྲག་
པོ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་བསྲེགས། རྣམ་སྨིན་གྱི་ཕུང་པོ་ཤ་ཁྲག་རུས་པ་དང་བཅས་པ་འོད་དུ་ཞུ་བར་མོས་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་སྣ་ཚོགས་པདྨ་འདབ་མ་འབུམ་ལྡན་གྱི་ལྟེ་བར། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ཁྱེད་རང་རྣམས་ཀྱི་རྣམ་ཤེས་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་དེ་ལས་འོད་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་ཞིང་གཡོན་ཐུགས་ཀར་སྡིག་མཛུབ་མཛད་པ། ཁྲོ་གཉེར་རབ་ཏུ་བསྡུས་ཤིང་སྤྱན་གསུམ་དུས་མཐའི་མེ་ལྟར་འབར་བ། ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་གཡོ་བའི་
ལྗགས་འདྲིལ་ཞིང་ཧཱུྃ་སྒྲ་སྒྲོག་པ། དབུ་སྐྲ་དང་སྨ་ར་དང་སྨིན་མ་དམར་སེར་གྱེན་དུ་འབར་ཞིང་། སྐུ་ལ་སྦྲུལ་ཆེན་བརྒྱད་ཀྱིས་བརྒྱན་པ། ཐོད་པ་སྐམ་པོ་ལྔས་དབུ་བརྒྱན་ཅིང་སྤྱི་བོར་མི་བསྐྱོད་པས་རྒྱས་གདབ་པ། རུས་པ་དང་རིན་པོ་ཆེ་དང་དར་སྣ་ཚོགས་ཀྱིས་བརྒྱན་པ་སྟག་ལྤགས་རློན་པའི་ཤམ་ཐབས་ཅན། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་དོར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞེངས་པའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་སྒོམས་ཤིག །དེ་ལྟར་ཁྱེད་རང་རྣམས་གསང་བདག་ཏུ་གསལ་བ་ལས་སྐྱེས་བུ་ཆེན་པོ་བཀའ་སྡོད་དུ་གཏད་པ་ཡིན་པས། དེ་ལ་སྐུ་བསྐྱེད་པའི་རྗེས་གནང་། སྔགས་བཟླས་པའི་རྗེས་གནང་། སྲོག་སྙིང་བླང་བའི་རྗེས་གནང་། སྲུང་མར་གཏད་པའི་རྗེས་གནང་དང་བཞི། དང་པོ་སྐུ་བསྐྱེད་པའི་རྗེས་གནང་ནི། དམིགས་པ་འདི་བཞིན་དུ་མཛོད་ཅིག །ཁྱེད་རང་རྣམས་གསང་བདག་ཏུ་གསལ་བའི་མདུན་
དུ་གཏོར་མ་འདི་དང་ཐ་དད་མེད་པར་ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་ཆེན་འཁྲིགས་པ་ལས་འབྲུག་གི་སྒྲ་ཆེན་པོ་སྒྲོག་ཅིང་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་རོལ་དུ་ཁྲག་གི་རྒྱ་མཚོ་ཁོལ་ཞིང་། རླུང་ནག་འཚུབ་མ་འཁྱིལ་པ་མཐའ་མ་ལྕགས་རི་ནག་པོས་བསྐོར་བའོ། །དེའི་ནང་དུ་པཾ་ལས་པདྨ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ། ར་སྐྱེས་ཁམ་པ་ར་ལ་དཀར་ཁུང་སུམ་བརྩེགས་དང་ལྡན་པ། དེའི་སྟེང་དུ་ཡི་གེ་ཏྲི་ནག་པོ། དེ་ལས་འོད་ཟེར་འཕྲོས། འདུས་པ་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཏུ་འདུག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཞལ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། དབུ་སྐྲ་དམར་སེར་གྱེན་དུ་འབར་བ། ཞལ་ནས་དུག་གི་ཁ་རླངས་འཐུལ་བ། གཡས་ན་ཁྲོ་ཆུའི་ཐོ་བ་ཐོགས་པ། གཡོན་ན་སྦུད་པ་ནག་པོ་ཐོགས་པ། རྡོ་རྗེ་འཛིན་པ་བདག་གིས་ལས་ཅི་བགྱི་ཞེས་ཟེར་ཞིང་།
ཞལ་ནས་སོད་ཅིག་དང་རྒྱོབ་ཅིག་ལ་སོགས་པའི་སྒྲ་སྒྲོགས་པ། སྐུ་ལ་དར་ནག་གི་འཇོལ་བེར་གསེར་གྱི་རྡོ་རྗེའི་རི་མོ་ཅན་དགུ་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐེད་རིན་ཆེན་སྐེ་རགས་སུ་བཅིངས་པ། དེའི་འཁོར་དུ་ལྷ་དང་། གཤིན་རྗེ་དང་། བདུད་དང་། བཙན་གྱི་གིང་ཆེན་སྡེ་བཞི། ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ་དང་། རྡོ་རྗེ་དཔལ་དང་ལྡན་པ་སོགས་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་ཞིང་། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོང་ལག་དཀར་ཐལ་མོ་རྡེབ་ཅིང་། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་༢༢༢༢༢༡༠༢༢༢༢༢མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ །གཤིན་རྗེའི་འཁོར་ཚོགས་འབུམ་
ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པས་བསྐོར་ཞིང་། བདག་གི་བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པའི་ཐུགས་ཀར་ཏྲི་ནག་པོ། བདག་ཉིད་ཡི་དམ་ལྷའི་ས་བོན་དང་ཏྲི་ལས་འོད་ཟེར་འཕྲོས་པས་འོག་མིན་གྱི་གནས་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་འཁོར་དུ་གནས་པ་རྡོ་རྗེའི་རིགས་ཀྱི་སེམས་པར་བཞུགས་པ་ཡེ་ཤེས་ཀྱི་རྡོ་རྗེ་ལེགས་པ་དང་། རི་བོ་མ་ལ་ཡའི་རྩེ་མོ་ཐོད་པའི་གཞལ་མེད་ཁང་ན། དཔལ་ཕྱག་ན་རྡོ་རྗེའི་འཁོར་དུ་གནས་པ་དམ་ཚིག་གི་རྡོ་རྗེ་ལེགས་པ་དང་། ཉི་མ་ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་ན་སྐྱེས་བུ་ཆེན་པོའི་ཚུལ་དུ་གནས་པ་ལས་ཀྱིི་རྡོ་རྗེ་ལེགས་པ་སྟེ། དམ་ཅན་སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་རྣམས་སྤྱན་དྲངས། ཞེས་པའི་བར་དང་། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་མོས་ཤིག །རོལ་མོ་དང་
བཅས་པས། ཏྲི་བཛྲ་སཱ་དྷུ་ས་པཱ་རི་ཝཱ་ར་བཛྲ་སཱ་མ་ཛཿ ཛཿཧཱུྃ་བཾ་ཧོཿ གཉིས་སུ་མེད་པར་གྱུར། ཅེས་བརྗོད། དེ་ནི་སྐུ་བསྐྱེད་པའི་རྗེས་སུ་གནང་བ་ཡིན། ད་སྔགས་བཟླས་པའི་རྗེས་སུ་གནང་བ་ནི། སློབ་དཔོན་གསང་བདག་ཏུ་གསལ་བའི་ཞལ་ནས་སྔགས་ཀྱི་རང་སྒྲ་འགོག་པ་མེད་པར་སྒྲོག་པ་ལ་སེམས་གཏོད། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏྲི་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྐྱེས་བུ་ཆེན་པོའི་གསུང་གི་དངོས་གྲུབ་ཐོབ་སྙམ་པས་འདིའི་རྗེས་ཟློས་མཛོད། ཅེས་པས། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་ཝཱ་ཀ་ཏྲཾ་ཏྲཾ་ཤི་ནི་ཏྲ་མ་ནི་ས་མ་ཡ་སཱ་དྷཱུ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོཿ ཅི་རིགས་བརྗོད། དེ་ལྟར་བྱས་པས་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་འཕྲོས། དེ་རྣམས་ལ་ཁྱེད་རང་རྣམས་ཀྱི་ཅི་ལྟར་བཀའ་བསྒོས་པ་བཞིན་འཕྲིན་ལས་མཐའ་དག་ཐོག་མེད་དུ་སྒྲུབ་པ་ཡོད་སྙམ་པ་མཛོད། དེ་ནི་སྔགས་བཟླས་པའི་
རྗེས་སུ་གནང་བ་ཡིན། ད་སྲོག་སྙིང་བླང་བའི་རྗེས་སུ་གནང་བ་ནི། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་ཕྱག་རྡོར་གྱི་མོས་འདུན་དྲག་ཏུ་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སླར་ཁྱེད་རང་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀའི་ཏྲི་ལ་ཕོག་པས་སྐྱེས་བུ་ཆེན་པོའི་ཐུགས་རྒྱུད་བསྐུལ། ཐུགས་ཀའི་ཏྲི་ལས་ཏྲི་གཉིས་པ་ཞིག་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་སྐྱེས་བུ་ཆེན་པོའི་ཐུགས་ཀྱི་དངོས་གྲུབ་ཐོབ་ཅིང་། སླར་དམ་ཅན་འཁོར་དང་བཅས་པས་ཁྱེད་རང་རྣམས་ལ་གུས་ཤིང་འདུད་པའི་ཚུལ་གྱིས་ཇི་ལྟར་བཅོལ་བའི་ཕྲིན་ལས་མཐའ་དག་སྒྲུབ་པར་ཁས་བླངས་ཤིང་དམ་བཅས་ནས་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས་པ་ཡོད་སྙམ་དུ་མཉམ་པར་འཇོག་པ་སྲོག་སྙིང་བླང་བའི་རྗེས་སུ་གནང་བ་ཡིན། ད་སྲུང་མར་གཏད་པའི་རྗེས་སུ་གནང་བ་ནི།
གཏོར་མ་ལ་དཔལ་འབར་བཙུག་ལ་ཐོགས་ཏེ། བླ་མ་ཕྱག་རྡོར་དུ་གསལ་བས་མདུན་གྱི་དམ་ཅན་འཁོར་དང་བཅས་པ། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བ་ལ་བཀའ་སྡོད་ཀྱི་ལས་མཁན་དུ་གཏད་ནས་བཀའ་བསྒོས། བླ་མ་བརྒྱུད་པའི་མཚན་ནས་སྨོས་ཏེ། དམ་ཚིག་བསྒྲགས་པས་སློབ་དཔོན་གྱིས་ཅི་ལྟར་བཀའ་བསྒོས་པ་བཞིན། ཁྱེད་རང་རྣམས་ཀྱིས་ཕྲིན་ལས་བསྒྲུབ་པར་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །གཏོར་མ་སློབ་མའི་ལག་ཏུ་བཞག་ལ། མགོར་མི་འཇོག །རོལ་མོ་དང་བཅས་པས། དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། དགེ་བསྙེན་ཆེན་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནས་པོ་ཆེན་པོ། བྱེས་ལྷ་ཆེན་པོ། ཇག་དཔོན་ཆེན་པོ། དགྲ་བླ་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་ཙེ་དམར་པོ། བདུད་ཀྱི་གིང་ཆེན་
ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། རྡོ་རྗེ་དཔལ་དང་ལྡན་པ་སོགས་གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་ཐལ་མོ་སྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷ་ཡི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུ་ཡི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་ཁྱེད་རྣམས་ཀྱིས་སྔོན་གྱི་དམ་ཚིག་གཉན་
པོ་རྗེས་སུ་དྲན་པར་མཛོད་ཅིག །སྔོན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་བཀའ་བསྒོས་ཤིང་དམ་ལ་བཞག་པ་དང་། ཁྱད་པར་དུ་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། གྲུབ་མཆོག་ཀརྨ་པཀྵི་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །སྐྱེས་བུ་ཆེན་པོ་འཁོར་དང་བཅས་པ་ཁྱེད་རྣམས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་སྲུང་མར་གཏད་པ་ཡིན་པས། བརྒྱུད་པའི་བླ་མ་དེ་རྣམས་ཀྱི་བཀའ་དང་དམ་ལ་མི་འདའ་བ་བཞིན་དུ། རྣལ་འབྱོར་པ་བདག་ཅག་གི་ཡང་བཀའ་ལས་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་ཏུ་མི་འབྲལ་བར་འགྲོགས་ལ། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོ་ན་ལམ་ཆོས། སྡོད་ན་བརྟེན་པ་གྱིས། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཙེ་
མཛོད། སྔོན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་། རྡོ་རྗེའི་བཀའ་སྡོད་མཛོད། འདི་རྣམས་ཀྱིས་བྱིན་པའི་ཕུད་བཞེས། བཅོལ་བའི་ལས་མཛོད། གདམས་པའི་ངག་ཉོན། དགོས་པའི་དོན་སྒྲུབས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་གྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་རྒྱུད་ཀྱི་བུ་ཚ་སྐྱོངས། མདོར་ན་ཚེ་འདིའི་འགལ་རྐྱེན་སེལ་ལ་མཐུན་རྐྱེན་སྦྱོར། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྲིན་ལས་མཛོད་ཅིག །༼མང་པོ་ལ་གནང་ན་གཏོར་མ་ཕྱག་ཏུ་བཟུང་རུང་ལ་བཀའ་བསྒོ་ལན་གཅིག་གནང་ནས་སྔགས་འདི་གསུང་བཞིན་གཏོར་མ་ལག་ཏུ་བཞག །༽ བཛྲ་སཱ་དྷུ་སཱ་པ་རི་ཝཱ་ར་བཛྲ་ས་མ་ཡ་སྟྭཾ། དེ་ལྟར་བྱས་པས་སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་ཁས་བླངས་ནས་ཁྱེད་རང་རྣམས་ཀྱི་རྗེས་སུ་འབྲང་ནས། ཕྲིན་ལས་མཐའ་དག་བསྒྲུབ་པར་
ཡོད་སྙམ་པ་མཛོད། དེས་སྐྱེས་བུ་ཆེན་པོའི་རྗེས་སུ་གནང་བ་ལེགས་པར་གྲུབ། དམ་ཅན་འཁོར་དང་བཅས་པ་ཆོས་སྐྱོང་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་སོགས། ལུས་ལོངས་སྤྱོད་དྲུག་ཆ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་བརྗོད། སློབ་མ་རྣམས་ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་བཏང་། རྗེས་ཀྱི་ཆོ་ག་ ༼རྗེས་ཀྱི་མཆོད་པ། ཨ་ལས་པདྨའི་སྣོད་སོགས་ཀྱི་བྱིན་གྱིས་བརླབས་ཏེ། དྲེགས་བྱེད་མས་འབུལ། དམ་ཅན་མགར་བའི་མཚན་ཅན་སོགས་ཀྱིས་བསྟོད། དམ་ཅན་ཁྱེད་ཀྱི་ཐུགས་དང་ཅི་འགལ་བ་སོགས་ཀྱི་བཟོད་པར་གསོལ། བཛྲ་སཱ་དྷུ་ས་པཱ་རི་ཝ་ར་བཛྲ་མུས་རང་གནས་སུ་གཤེགས་ནས་བཀྲ་ཤིས་སྨོན་ལམ་གནང་བ་ལགས།༽ གཞུང་བཞིན་བྱའོ། །ཞེས་པ་གྲགས་པ་དཔལ་འབྱོར་གྱིས་ཉེ་མཁོར་སྦྱར་བའོ། །མངྒ་ལཾ།། །།
སྲིན་མགོན་ཡབ་ཡུམ་གྱི་རྗེས་གནང་།
སྲིན་མགོན་ཡབ་ཡུམ་གྱི་རྗེས་གནང་བཞུགས་སོ། །
བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། སྲིན་མགོན་ཡབ་ཡུམ་གྱི་རྗེས་སུ་གནང་བ་བྱེད་པར་འདོད་པས་གནས་དབེན་པར་ལེགས་པར་བརྒྱན་པའི་དབུས་སུ་སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་དམ་ཚོམ་བུའི་ཁར་ཁྲིའུའི་སྟེང་དུ་ཐོད་པ་ལ་སོགས་པར་ནས་ནག་གི་བཤོས་བུ་ཟུར་གསུམ་རྩེ་རྒྱལ་༼གཡོན་ངོས་སུ་དེ་འདྲ་བ་དེ་ལས་ཆུང་བ་གཅིག་དང་བཞི་༽ ལ་མདའ་དར་ནག་པོ་དང་ཤ་ཁྲག་གིས་བརྒྱན་པ་བཤམས། མཐའ་མཆོད་པས་བསྐོར། ༼འབུལ་གཏོར་གཅིག་ཀྱང་དགོས།༽ དེ་ནས་ཡི་དམ་ཆོས་སྐྱོང་ ༼སྲིན་མགོན་རང་ལོགས་སུ་གནང་ན་ཆོས་སྐྱོང་གཞན་གྱི་ལས་བྱང་མི་དགོས།༽ གི་ལས་བྱང་རྣམས་དང༌། ཁྱད་པར་སྲིན་མགོན་གྱི་མདུན་བསྐྱེད་གཏོར་འབུལ་
བསྙེན་པ་དང་བཅས་ ༼བསྐང་གསོའི་སྐབས་བཞིན་གྲལ་དུ་འཁོད་པ་ལ་འདི་སྐད་དུ།༽ པ་བྱས་ལ། འདོད་དོན་གསོལ། སློབ་མ་ཁྲུས་ཕྱག་མཎྜལ་སྔོན་དུ་འགྲོ་བས། ཁྱེད་རྣམས་སྲིན་མགོན་ནག་པོ་ཐོད་པའི་ཕྲེང་བ་ཅན་གྱི་རྗེས་སུ་གནང་བ་ཞུ་བར་འདོད་པ་དེ་སྐལ་བ་བཟང༌། སྲིན་མགོན་འདི་ཉིད་དོན་དུ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དང་ཐ་དད་མེད་པས། ཚེ་གཅིག་ལ་མཆོག་གི་དངོས་གྲུབ་དང་ཡང་སྦྱོར་བར་ནུས་ལ། གནས་སྐབས་སུ་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབ་པ་ལ་མཐུ་མྱུར་ཞིང་རྫུ་འཕྲུལ་ཆེ། སྙིང་ཉེ་ཞིང་བརྩེ་གདུང་ཆེ། བཀྲ་ཤིས་ཤིང་བྱིན་ཆགས་པའི་ཆོས་སྐྱོང་ཡིན་ཅིང༌། དཔལ་འཁོར་
ལོ་སྡོམ་པས་བཀའ་བསྒོས་ཤིང་དམ་ལ་བཞག་སྟེ། ལྷོ་ནུབ་ལང་ཀ་པུ་རིའི་གྲོང་ཁྱེར་དུ་བཞུགས་ནས་བསྟན་པའི་བྱ་ར་མཛད་ཅིང༌། སློབ་དཔོན་ཆེན་པོ་ཌོམྦྷི་ཧེ་རུ་ཀས་ཆོས་སྐྱོང་དུ་མངའ་གསོལ་ཏེ། དེ་ནས་ཟངས་དཀར་ལོ་ཙྭ་བ་དང༌། དེས་རྗེ་རས་པ་ཆེན་པོ། དེས་སྤོམ་བྲག་པ། དེས་དཔལ་ཀརྨ་པ་ཆེན་པོ་ལ་བརྒྱུད་ཅིང་གྲུབ་ཆེན་ཀརྨ་པཀྵི་ལ་ཞལ་དངོས་སུ་བསྟན་ཅིང་སྲོག་སྙིང་ཕུལ་ནས་བསྟན་པ་སྲུང་བར་ཁས་བླངས་ཤིང་རྒྱུད་འཛིན་གྱི་སྡོང་གྲོགས་བྱེད་པར་དམ་བཅས། རང་ཅག་རྣམས་ལ་ཡང་མཆོག་ཏུ་འགོ་བའི་ཆོས་སྐྱོང་ཡིན། དེའི་རྗེས་སུ་གནང་བ་རིན་པོ་ཆེ་ཀརྨ་པ་ན་རིམ་གྱི་ཕྱག་ལེན་ཇི་ལྟ་བ་བཞིན་སྒྲུབ་པར་བྱེད་པ་ལ་ཐོག་མར་མདུན་གྱི་ནམ་མཁར་བླ་མ་དང་འཁོར་ལོ་སྡོམ་པ་དབྱེར་མ་མཆིས་པར་བཞུགས་པ་ལ་གསོལ་བ་བཏབ་པ་འདིའི༴ འགྲོ་བའི་ལམ་སྟོན་བླ་མ་མཆོག །བདག་ལ་རྡོ་རྗེ་སྲིན་པོ་ཡི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་དང་། །དབང་དང་བྱིན་རླབས་སྩལ་དུ་གསོལ། །
ལན་གསུམ་བརྗོད། ཁྱེད་རང་རྣམས་ཀྱི་རྒྱུད་མ་དག་པ་དག་པར་བྱ་བའི་ཕྱིར་བདུན་རྣམ་དག་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་སོགས་ལན་གསུམ་བརྗོད། འགྲོ་ལ་ཕན་ཕྱིར་སངས་རྒྱས་ཤོག །བར་ལན་གསུམ་བརྗོད། དེ་ལྟར་སྔོན་འགྲོ་རྣམས་སོང་ནས། དངོས་གཞི་སྐུའི་རྗེས་སུ་གནང་བ་སྒྲུབ་པར་བྱེད་པ་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་ཁྱེད་རང་རྣམས་ཀྱི་མདུན་གྱི་ནམ་མཁར་གཏོར་མ་འདི་དང་ཐ་མི་དད་པར་སྐད་ཅིག་གིས་དུར་ཁྲོད་ཆེན་པོའི་དབུས་སུ། གྲུ་གསུམ་མཐིང་ནག་འབར་བའི་གཞལ་ཡས་ཁང་མེ་རླུང་དམར་ནག་འཚུབས་པ་ཁྲག་གི་རྒྱ་མཚོ་འཁྱིལ་བ་མི་རོ་རྟ་རོ་བཅལ་དུ་བཀྲམ་པའི་གདན་ལ་སྲིན་མགོན་ཐོད་པའི་ཕྲེང་བ་ཅན་སྐུ་མདོག་མཐིང་ནག་གཡས་ཐོད་དབྱུག་འཕྱར་ཞིང་གཡོན་ཐོད་ཁྲག་བསྣམས་པ། མིའི་གཡང་གཞི་གོས་སུ་གྱོན་པའི་རྒྱབ་ན་དར་ནག་གི་འཇོལ་བེར་གསོལ་བ། དེའི་གཡོན་ཏུ་སྲིན་མོ་འཇིགས་བྱེད་འབར་
མ་དམར་མོ་གཅེར་བུ་མི་ལྤགས་ཀྱི་གཡང་གཞི་གྱོན་ཞིང༌། གཡས་པས་རལ་གྲི་ཤང་ལང་དང༌། གཡོན་ཐོད་ཁྲག་འཛིན་པ། ཡབ་ཡུམ་གཉིས་ཀའང་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་བཞི་གཙིགས་པ། དབུ་སྐྲ་ཁམ་ནག་ས་ལ་འདྲུད་ཅིང་ཐོད་པ་སྐམ་རློན་གྱི་ཕྲེང་བས་བརྒྱན་པ། ཤ་ལ་དགའ་ཞིང་ཁྲག་ལ་རྔམས་པ། འཁོར་དུ་སྲིན་པོ་སྲིན་མོ་ཟ་བྱེད་རྔམས་པའི་ཆ་བྱད་ཅན་བྱེ་བ་འབུམ་གྱིས་བསྐོར་ནས་ཁམས་སུམ་ཁྱབ་པར་རྒྱུག་ཅིང་གང་ལ་དམིགས་པ་སྐད་ཅིག་ཙམ་གྱིས་རླག་པར་བྱེད་པ། བཀའ་ཉན་དང་གསུང་སྡོད་ཀྱི་ཚུལ་དུ་གནས་པ། ཞེས་པའི་བར་མངོན་རྟོགས་བཞིན་ལས། དེའི་འཁོར་དུ་སྣང་སྲིད་དྲེགས་པ་སྡེ་བརྒྱད། ལས་བྱེད་སྲིན་པོ་ཕོ་མོ། སྲིན་དམག་བྱེ་བ་དུང་ཕྱུར་གྱིས་བསྐོར་བའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་སྒོམས་ཤིག །དེ་ལྟར་གསལ་བའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་བྱུང༌། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་པས་
ལུས་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཀྱིས་གང་བའི་མོས་པ་མཛོད་ཅིག །གཏོར་མ་སྤྱི་བོར་བཞག་ལ། ༼མང་པོ་ལ་གནང་ན་གཏོར་མ་ཕྱག་ཏུ་བཟུང་ནས་ཚིག་བཅད་གསུངས། སྔགས་གསུང་བ་བསྟུན་ནས་གཏོར་མ་མགོར་འཇོག །དེ་བཞིན་དུ་གསུང་ཐུགས་གཉིས་ལའང་མགྲིན་པ་དང་སྙིང་གར་འཇོག་པའི་ཁྱད་པར་མ་གཏོགས་འདྲ།༽ ཧཱུྃ༑ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །སྐུ་སྤྲུལ་སྲིན་མགོན་ཐོད་ཕྲེང་རྩལ། །ད་ལྟ་ཉིད་དུ་འདིར་སྤྱོན་ལ། །སྐུ་མཆོག་ཉིད་དུ་བྱིན་གྱིས་རློབས། །རོལ་མོ་དང་བཅས་པས། ཨོཾ་བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཿཛཿ ཀཱ་ཡ་སིདྡྷི་ཨོཾ། ཞེས་བརྗོད། ད་གསུང་གི་རྗེས་སུ་གནང་བ་ལ་སློབ་དཔོན་བདེ་མཆོག་ཏུ་གསལ་བའི་ཞལ་ནས་སྔགས་ཀྱི་རང་སྒྲ་འགོག་པ་མེད་པར་སྒྲོག་པ་ལ་སེམས་གཏོད། སྲིན་མགོན་གྱི་མགྲིན་པའི་ཨཱཿདམར་པོ་ལས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ངག་ནུས་པ་དང་ལྡན་པར་གྱུར་སྙམ་པས་རྗེས་ཟློས་མཛོད། ཨོཾ་བྷ་ག་ཝ་ཏི་ནས། ཛཿཛཿའི་བར་
ཅི་རིགས་བརྗོད། གཏོར་མ་མགྲིན་པར་བཞག་ལ། ཧཱུྃ༑ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །གསུང་སྤྲུལ་སྲིན་མགོན་ཐོད་ཕྲེང་རྩལ། །ད་ལྟ་ཉིད་དུ་འདིར་སྤྱོན་ལ། །གསུང་མཆོག་ཉིད་དུ་བྱིན་གྱིས་རློབས། །རོལ་མོ་དང་བཅས་པས། ཨོཾ་བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཿཛཿ ཝཀྐ་སིདྡྷཱི་ཨཱཿ ཞེས་བརྗོད། ད་ཐུགས་ཀྱི་རྗེས་སུ་གནང་བ་ལ་སྲིན་མགོན་གྱི་ཐུགས་ཀའི་ཧཱུྃ་སྔོན་པོ་ལས་འོད་ཟེར་མཐིང་ག་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་ཕྲིན་ལས་མཐའ་དག་ཐོགས་མེད་དུ་གྲུབ་པའི་ནུས་པ་དང་ལྡན་པར་གྱུར་སྙམ་པ་མཛོད་ཅིག །གཏོར་མ་སྙིང་གར་བཞག་ལ། ཧཱུྃ༑ ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་སྤྲུལ་སྲིན་མགོན་ཐོད་ཕྲེང་རྩལ། །ད་ལྟ་ཉིད་དུ་འདིར་སྤྱོན་ལ། །ཐུགས་མཆོག་ཉིད་དུ་བྱིན་གྱིས་རློབས། །རོལ་མོ་དང་བཅས་པས། ཨོཾ་བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཿཛཿ ཙིཏྟ་སིདྡྷི་ཧཱུྃ། ཞེས་བརྗོད། དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་སྲིན་མགོན་ལྕམ་དྲལ་གྱི་སྐུ་གསུང་ཐུགས་
དང་དབྱེར་མེད་དུ་གྱུར་པ་ལ། སློབ་དཔོན་དང་བདེ་མཆོག་ཐ་མི་དད་པས་མདུན་བསྐྱེད་ཀྱི་ལྷ་ཚོགས་དེ་རྣམས་ཡེ་ཤེས་པའི་ཚུལ་དུ་སྤྱན་དྲངས། དབྱེར་མེད་དུ་བསྟིམ་ཞིང་བཀའ་བསྒོས། བླ་མ་བརྒྱུད་པའི་མཚན་ནས་སྨོས་ཏེ་གཉེར་དུ་གཏད་པས་བྱིན་གྱིས་བརླབ་པ་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །ཅེས་རོལ་མོ་དང་བཅས་པས་གཏོར་མ་སྤྱི་བོར་བཀོད་ལ། ཡབ་སྲིན་མགོན་ནག་པོ་ཐོད་པའི་འཕྲེང་བ་ཅན། ཡབ་ཡུམ་སྲིན་མོ་འཇིགས་བྱེད་འབར་མ། འཁོར་ཟ་བྱེད་ཀྱི་སྲིན་པོ་ཕོ་མོ། ལས་བྱེད་ཕོ་ཉ་སྡེ་བརྒྱད། གདུག་པ་ཅན་གྱི་དམག་ཚོགས་འབུམ་ཕྲག་དུ་མ་དང་བཅས་པ་རྣམས་ཀྱིས་སྔོན་བཅོམ་ལྡན་འདས་འཁོར་ལོ་སྡོམ་པས་དབང་བསྐུར་ཞིང་གཉེར་དུ་གཏད་པ་དང༌། སློབ་དཔོན་ཆེན་པོ་ཌོམྦི་ཧེ་རུ་ཀ་ནས་རེན་པོ་ཆེ་ཀརྨ་པཀྵིའི་བར་དང༌། རྩ་བའི་བླ་མའི་བར་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་དམ་པ་དེ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པ་དང༌། རང་ཉིད་ཀྱིས་ཀྱང་
ཁས་བླངས་ཤིང་དམ་ལ་ཞུགས་པའི་དམ་ཚིག་དྲན་པར་མཛོད་ཅིག །དེ་རྣམས་ཀྱི་བཀའ་དང་དམ་ལ་མི་འདའ་བ་བཞིན་དུ། སྒྲུབ་པ་པོ་བདག་གི་ཡང་བཀའ་དང་དམ་ལ་མ་འདའ་བར། རྡོ་རྗེའི་སློབ་མ་འདི་དག་གི་བྱིན་པའི་ཕུད་བཞེས། བསྒོས་པའི་ངག་ཉོན། བཅོལ་བའི་ལས་གྱིས། དགོས་པའི་དོན་སྒྲུབས། གནས་སྐབས་དང་མཐར་ཐུག་གི་འགལ་རྐྱེན་བར་ཆད་སོལ། མཐུན་རྐྱེན་བསམ་པ་སྒྲུབས། རེ་བ་སྐོངས། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། རྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་རྒྱུད་ཀྱི་བུ་ཚ་སྲུངས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། མྱུར་དུ་སངས་རྒྱས་ཀྱི་སར་འགོད་པའི་འཕྲིན་ལས་མཛོད་ཅིག །མང་པོ་ལ་གནང་ན་གཏོར་མ་ཕྱག་ཏུ་བཟུང་ནས་བཀའ་བསྒོས་གནང༌། སྔགས་འདི་གསུང་བཞིན་མགོར་འཇོག་པ་གནང་བས་ཆོག་ལགས། ཨོཾ་བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀྨོ་ས་མ་ཡ་ཧཱུྃ་ཛཿཛཿ བཛྲ་ས་མ་ཡ་སྟྭཾ། ཞེས་བརྗོད། དེ་ལྟར་བྱས་པས་
མགོན་པོ་འཁོར་བཅས་འོད་དུ་ཞུ། ཁྱེད་རང་རྣམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་མཉམ་པར་ཞོག་ཅིག །དེས་སྲིན་མགོན་ལྕམ་དྲལ་གྱི་རྗེས་སུ་གནང་བ་ལེགས་པར་གྲུབ་པས། སྐྱེ་བ་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྲིན་མགོན་ལྕམ་དྲལ་ཆོས་སྐྱོང་དུ་འཛིན་སྙམ་པས་སོགས། གཙོ་བོས་སོགས། ལུས་ལོངས་སྤྱོད་སོགས། དེང་ནས་བསྩམས་ཏེ་སོགས་བརྗོད། སློབ་མ་རྣམས། ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་བཏང༌། རྗེས་ཀྱི་ཆོ་ག་གཞུང་བཞིན་ ༼རྗེས་ཀྱི་མཆོད་གཏོར་དཔལ་ཆེན་འཁོར་ལོ་སྡོམ་པའི་སོགས་ཀྱིས་འབུལ། ལྷོ་ནུབ་ལང་ཀ་མས་བསྟོད། བཟོད་གསོལ་མན་རྣམ་སྲས་ལྟར༌ལགས།༽ བྱའོ། །ཞེས་པ་འདི་གྲགས་པ་དཔལ་འབྱོར་གྱིས་ཉེར་མཁོར་སྦྱར་བའོ། །དཔལ་ཆེན་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་འདིར། །ལེགས་པར་བརྒྱན་ཅིང་བཤམས་པའི་མཆོད་གཏོར་རྣམས། །མཐུན་རྫས་འདོད་པའི་ལོངས་སྤྱོད་བསམ་མི་ཁྱབ། །དབང་པོ་ལྔ་ཡི་ཚིམ་བྱེད་བདུད་རྩིའི་གཏེར། །རྒྱ་ཆེན་ཟད་མེད་ཤེས་པ་ནམ་མཁའི་
མཛོད། །ཟག་མེད་བདེ་བ་བསྐྱེད་པའི་མཆོད་སྤྲིན་དུ། །ཏིང་འཛིན་ཕྱག་རྒྱ་སྔགས་ཀྱིས་བྱིན་རླབས་ནས། །རྣལ་འབྱོར་གུས་པའི་ཡིད་ཀྱིས་འབུལ་ལགས་ན། །ཐོད་ཕྲེང་ཡབ་ཡུམ་འཁོར་བཅས་སྤྱན་ལམ་དུ། །ཅི་འདོད་མཁོ་དགུའི་ལོངས་སྤྱོད་སྣ་ཚོགས་པ། །ཆོས་ཉིད་རྣམ་དག་ལྷག་བསམ་བདེན་པའི་མཐུས། །རྒྱུན་དུ་ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་པས་མཆོད་ཅིང་གཏོར་མ། ཨོཾ་བྷ་ག་ཝ་ཏི་ཏིཥྛ་རཀྵ་རཀ་མོ་ས་མ་ཡ་ཧཱུྃ་ཛཿཛཿ ཨོཾ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧིས་ཕུལ།
དཔལ་ལྡན་ཞིང་སྐྱོང་དབང་པོའི་རྗེས་སུ་གནང་བ།
དཔལ་ལྡན་ཞིང་སྐྱོང་དབང་པོའི་རྗེས་སུ་གནང་བ་བཞུགས་སོ།
བླ་མ་དང་ལྷག་པའི་ལྷ་ལ་གུས་པས་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་ཞིང་སྐྱོང་དབང་པོའི་རྗེས་སུ་གནང་བ་བྱེད་པར་འདོད་པས། གནས་དབེན་པར་བྱི་དོར་བྱས་ལ་ལེགས་པར་བརྒྱན་པའི་དབུས་སུ་སྟེགས་ཀྱི་ཁར༌། པདྨ་འདབ་མ་བཅུ་གཅིག་པའམ་ཚོམ་བུའི་སྟེང་དུ་འཁར་གཞོང་ལ་སོགས་པའི་སྣོད་དུ་དམར་གཏོར་ཟུར་གསུམ་རྩེ་རྒྱལ་ལ། གཡོན་དུ་དེ་ལས་དམའ་བ་གཅིག མདུན་གཡས་གཡོན་དུ་དེ་ལས་ཀྱང་དམའ་བ་གཉིས་ཀྱི་མཐར། བཤོས་ཕྲན་བརྒྱད་ ༼ཕྱོགས་བཞི་མཚམས་བརྒྱད་༽ ཀྱིས་བསྐོར་བ་ལ་ ༼ཐམས་ཅད་ཟུར་གསུམ་པ་༽ ཤ་ཁྲག་གིས་བརྒྱན་པ་བཤམས། མདའ་དར་ནག་པོ་གཟུག །མཐའ་མཆོད་པས་
བསྐོར། འབུལ་གཏོར་གཅིག་ཀྱང་དགོས། དེ་ནས་ཡི་དམ་ཆོས་སྐྱོང་གི་ལས་བྱང་ ༼ཞིང་སྐྱོང་རང་ལོགས་སུ་གནང་བ་ལ་ཆོས་སྐྱོང་གཞན་གྱི་ལས་བྱང་མི་དགོས།༽ རྣམས་དང༌། ཁྱད་པར་ཞིང་སྐྱོང་གི་མདུན་བསྐྱེད་གཏོར་འབུལ་བསྐང་བ་དང་བཅས་པ་ ༼བསྐང་གསོའི་སྐབས་བཞིན།༽ ལ་འདོད་དོན་གསོལ། སློབ་མ་རྣམས་ཁྲུས་ཕྱག་མཎྜལ་སྔོན་དུ་འགྲོ་བས་གྲལ་དུ་འཁོད་པ་ལ་འདི་སྐད་དུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་གྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་དུ་དཔལ་ལྡན་ཞིང་སྐྱོང་དབང་པོ་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་གྱི་རྗེས་སུ་གནང་བ་ཞུ་སྙམ་པས་ལེགས་པར་གསན་འཚལ། དེ་ཡང་ཆོས་ཐམས་ཅད་ཀྱི་འབྱུང་གནས་ཡང་དག་པར་རྫོགས་པའི་སངས་རྒྱས། དེའི་
བསྟན་པ་དམ་པའི་ཆོས་དང༌། དེ་འཛིན་ཅིང་སྤེལ་བར་མཛད་པའི་བླ་མ་རྣམས་དང༌། དམ་པའི་ཆོས་ཀྱི་བསྟན་པ་བསྟན་འཛིན་དང་བཅས་པ་དེ་སྲུང་བར་མཛད་པའི་ཆོས་སྐྱོང་རྣམས་ཐ་དད་མེད་པར་གཅིག་པ་ཁོ་ན་ཡིན་ཏེ། ལས་བྱང་སྡང་བ་རྣམས་སྲེག་ལས། བླ་མ་རྒྱལ་བ་མ་ལུས་པ། །འཇིགས་བྱེད་ཆེན་པོ་ཁྱོད་གཅིག་པུས། །སྤྲུལ་པ་ཀུན་ཏུ་སྤྲུལ་པ་སྟེ། །དེ་སླད་རྟག་ཏུ་ཁྱོད་བསྟེན་ནོ། །ཞེས་གསུངས་ཤིང༌། དོན་དུ་རྩ་བའི་བླ་མ་དེ་ཉིད་རང་གི་བར་ཆད་བསལ་ཞིང་འདོད་དོན་གྱི་དངོས་གྲུབ་སྟེར་བའི་སླད་དུ་ཆོས་སྐྱོང་དུ་སྤྲུལ་པ་སྟེ། དེ་ཉིད་ལས། སངས་རྒྱས་ཀུན་དངོས་བླ་མ་ཉིད། །ཁྱོད་ཉིད་ནག་པོ་ཆེ་གཟུགས་ཀྱི། །བདག་ནི་སྲུང་ཞིང་ཀུན་སྲུང་བར། །ཐེ་ཚོམ་མེད་པར་བདག་འདོད་དོ། །ཞེས་ཀྱང་གསུངས་ལ། དེ་ལྟར་སྤྱིར་ཆོས་སྐྱོང་ཐམས་ཅད་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ཅིང༌། ཁྱད་པར་ཞིང་སྐྱོང་དབང་པོ་འདི་ཉིད་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་དང་དབྱེར་མེད་པ་སྟེ། ཡེ་ཤེས་ཀྱི་མགོན་
པོ་ཕྱག་བཞི་པ་ནི་དཔལ་འཁོར་ལོ་སྡོམ་པ་དང༌། ཞལ་ཕྱག་གི་རྣམ་འགྱུར་དང་ཁྲོ་ཆགས་ཀྱི་ཉམས་མི་འདྲ་བ་ཙམ་ལས། དོན་དུ་ཐ་དད་མེད་པར་བདེ་མཆོག་གི་རྒྱུད་འགྲེལ་དུ་མ་ནས་གསུངས་ཤིང༌། ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཐུགས་སྤྲུལ་ལས་མགོན་བྱ་རོག་གི་གདོང་པ་ཅན་དང་སེང་གེའི་གདོང་པ་ཅན་གཉིས་ལས། སེང་གེའི་གདོང་ཅན་ནི་འདི་ཉིད་ཡིན་ཅིང༌། ཡུལ་ཉི་ཤུ་རྩ་བཞི་དང༌། ཁྱད་པར་ཉེ་བའི་འཐུང་གཅོད་ཀྱི་གནས་མཆོག་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ལྷག་པར་སྐྱོང་ཞིང༌། རིག་པ་འཛིན་པ་རྣམས་ཀྱི་བཀའ་སྡོད་དམ་ལྡན་སྲུང་མ། དམ་ཉམས་ཀྱི་སྲོག་གཅོད། སྟོན་པ་དང་བསྟན་པ་མཐའ་དག་གི་སྲུང་མ་ཡིན་ཅིང༌། ཨོ་རྒྱན་ཆེན་པོས་བྱིན་གྱིས་རླབས་ཤིང་གཏེར་གྱི་སྲུང་མར་བསྐོས། ཁྱད་པར་གྲུབ་མཆོག་ཀརྨ་པཀྵི་དེ་ཉིད་དཔལ་ལྡན་མཚུར་ཕུའི་དགོན་པར་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་དུས་ཤིག་ཏུ། འདི་ཉིད་ཀྱི་སྐུ་དངོས་སུ་བསྟན་ཅིང་
སྲོག་གི་སྙིང་པོ་ཕུལ། བསྟན་པ་སྲུང་ཞིང་ཕྲིན་ལས་བསྒྲུབ་པར་ཁས་བླངས་ཤིང་དམ་ལ་ཞུགས། དེ་ནས་བཟུང་སྟེ་ཀརྨ་པ་རིམ་པར་བྱོན་པ་རྣམས་ཀྱིས་ཀྱང་ཙཱ་རིའི་གནས་སྒོ་དུ་མ་འབྱེད་པར་མཛད་ཅིང༌། འདི་ཉིད་ཀྱི་ཡང་དངོས་སུ་མཇལ་ནས་སྲོག་སྙིང་འབུལ་བ་དང༌། བཀའ་སྲུངས་སུ་ཁས་བླངས་ཤིང་རྒྱུད་འཛིན་གྱི་ཕྲིན་ལས་སྒྲུབ་པར་དམ་བཅས་ནས། ཀརྨ་པའི་བསྟན་སྲུང་ཐུན་མོང་མ་ཡིན་པ་ཡིན་ཅིང༌། འདིའི་རྗེས་གནང་གི་རིམ་པ་རིན་པོ་ཆེ་ཀརྨ་པ་ན་རིམ་གྱི་ཕྱག་བཞེས་ཇི་ལྟ་བར་སྒྲུབ་པ་ལ་ཐོག་མར་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། སངས་རྒྱས་བསྟན་པ་སྲུང་བ་དང༌། །དགྲ་བགེགས་དཔུང་ཚོགས་གཞོམ་དོན་དུ། །སེང་གེའི་གདོང་ཅན་རྗེས་གནང་ནི། །དཔལ་ཆེན་ཁྱོད་ཀྱིས་སྩལ་དུ་གསོལ། །གསུམ་བརྗོད། ཁྱེད་རང་རྣམས་ཀྱི་རྒྱུད་མ་དག་པ་དག་པར་བྱ་བའི་ཕྱིར་བདུན་རྣམ་དག་འདིའི་རྗེས་ཟློས་གྱིས། དཀོན་མཆོག་གསུམ་ལ་སོགས་ནས། སངས་རྒྱས་ཤོག །གི་བར་གསུམ་བརྗོད་
ལ། དེ་ལྟར་སྔོན་འགྲོ་རྣམས་སོང་ནས་རྗེས་གནང་གི་གཞི་བཀོད་པ་ལ་ཁྱེད་རང་རྣམས་དམིགས་པ་འདི་བཞིན་དུ་མཛོད་ཅིག །ཨོཾ་སྭ་བྷཱ་ཝ་སོགས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱོད་རང་རྣམས་ཀྱི་རྣམ་པར་ཤེས་པ་ཧཱུྃ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱོད་རང་རྣམས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ་སྤྱན་གསུམ་པ། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་འབར་བ། ཞལ་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁར་འཕྱར་བ། གཡོན་ཐུགས་ཀར་སྡིག་མཛུབ་མཛད་པ། སྟག་ལྤགས་རློན་པའི་ཤམ་ཐབས་ཅན། སྦྲུལ་བརྒྱད་ཀྱིས་བརྒྱན་པ། ཞབས་གཡོན་བརྐྱང་བའི་སྟབས་ཀྱིས་མེ་འབར་བའི་དབུས་ན་བཞུགས་པར་སྒོམས། དེ་ལྟར་ཁྱེད་རང་རྣམས་གསང་བདག་ཏུ་གསལ་
བའི་མདུན་དུ་གཏོར་མ་འདི་དང་ཐ་དད་མེད་པར་མེ་རླུང་དམར་ནག་འཚུབས་པའི་དབུས་སུ་པདྨ་ཉི་མའི་གདན་ལ་དགྲ་བོ་ཕོ་མོ་བསྣོལ་བའི་སྟེང་དུ་ཧཱུྃ་ནག་པོ་ལས་འོད་འཕྲོས་དགྲ་བགེགས་ཐམས་ཅད་ཚར་བཅད། ལས་མགོན་རྣམས་ཀྱི་མཐུ་སྟོབས་བསྡུས། ཡོངས་སུ་གྱུར་པ་ལས་བདུད་མགོན་ཤ་ཟ་ནག་པོ་སེང་གེའི་གདོང་པ་ཅན་སྐུ་མདོག་མཐིང་ནག་རབ་ཏུ་ཁྲོས་ཤིང་ཞལ་གདངས་པ། མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྤྱན་གསུམ་དམར་ལ་འཁྲུགས་པ་གཡུ་རལ་གྱེན་དུ་འབར་བའི་གསེབ་ནས་སེང་ཆུང་མང་པོ་འཕྲོ་བ། དར་ནག་གི་འཇོལ་བེར་གསོལ་བའི་སྟེང་ན་སྟག་དོང་གཟིག་ཤུབས་རྐེད་ལ་བཏགས་ཤིང༌། གཡས་ན་མདུང་དར་ནག་པོ་འཕྱར་བ། གཡོན་ན་དམར་གཏོར་བསྣམས་པ། བདུད་རྟ་ནག་པོ་རླུང་གི་གཤོག་པ་ཅན་ལ་ཆིབས་པ། སྤྲུལ་པ་མང་པོ་འགྱེད་པ། ཤིན་ཏུ་མི་སྲུན་ཞིང་གུང་གཉིས་ལ་གླིང་བཞི་ཁྱབ་པ་རྒྱུག་པ། དེའི་གཡོན་དུ་ཏྲི་དམར་ནག་ལས་ཡུམ་བདུད་མོ་སྲོག་
གཅོད་མ་སྐུ་མདོག་དམར་ནག་སེང་གེའི་གདོང་པ་ཅན་ཞལ་བགྲད་ཅིང་མཆེ་བ་གཙིགས་པ། སྤྱན་གསུམ་པ། ཁྲག་གི་རལ་པ་འཁྱིལ་པའི་གསེབ་ནས་ཁྲོ་ཆུང་མང་པོ་འགྱེད་པ། དར་དམར་གྱི་འཇོལ་བེར་གསོལ་ཞིང་གཡས་ན་ཁ་ཊྭཾ་ག་རྩེ་གསུམ་གཡོན་ན་དགྲ་བོའི་སྙིང་ཁྲག་བསྣམས་པ། བདུད་རྟ་དམར་ནག་རླུང་གི་གཤོག་པ་ཅན་ལ་ཆིབས་པ། མདུན་དུ་ལས་མཁན་བཾ་རོ་མདོག་སེར་སྤྲེའུའི་མགོ་ཅན། དུས་མཚན་མོ་ལྕགས་མགོ་ནག་མོ་སྐྲ་མེད་པ། གཉིས་ཀའང་མི་སྡུག་པའི་གཟུགས་ཅན་གཅེར་བུ་གསེར་མིག་འཁྱིལ་པ། ལག་གཉིས་ས་ལ་བཙུགས་ནས་རྒྱུག་ཅིང་ལྕགས་ཀྱི་སྡེར་མོ་རྣོན་པོས་དགྲ་སྙིང་འདྲེན་པ་རྐང་པས་དམར་གཏོར་དགྲ་ལ་འཕེན་པ། མི་མགོའི་དོ་ཤལ་དང༌། མི་ལྤགས་རྐེད་ལ་དཀྲིས་པ། ཞེས་པའི་བར་མངོན་རྟོགས་བཞིན་ལ། དེ་དག་གི་འཁོར་དུ་ལས་བྱེད་དྲེགས་པ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་བྱེ་བ། བཀའ་སྡོད་ཤ་ཟ་དུང་ཕྱུར། སྤྲུལ་དང་ཡང་སྤྲུལ་དཔག་ཏུ་
མེད་པས་བསྐོར་བ་གཙོ་བོ་ཡབ་ཡུམ་གྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པར་བསྒོམས། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བ་དང་མདུན་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། གངས་དཀར་གྱི་རྒྱལ་པོ་ཏི་སེ། འབྲོག་ཆེན་པོ་ལ་ཕྱིའི་གངས་ར། དུར་ཁྲོད་ཆེན་པོ་རྔམ་པ་སྒྲ་སྒྲོགས། ཁྱད་པར་ཙཱ་རི་ཏྲ་ཡེ་ཤེས་ཀྱི་འཁོར་ལོ་ནས་དཔལ་ལྡན་ཞིང་སྐྱོང་དབང་པོ་འཁོར་དང་བཅས་པ་སྤྱན་དྲངས། མདུན་བསྐྱེད་ལ་ཐིམ་པས་དབྱེར་མེད་དུ་གྱུར། སླར་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཡབ་ཡུམ་ལས་མཁན་སྡེ་བརྒྱད་བཅས་པ་ལས། རང་འདྲ་བའི་སྤྲུལ་པ་གྲངས་མེད་པ་འཕྲོས། གནོད་བྱེད་གདུག་པ་ཅན་ཐམས་ཅད་ཚར་བཅད། ཕྲིན་ལས་མཐའ་དག་ཐོགས་མེད་དུ་སྒྲུབ་སྙམ་པས་རྩེ་གཅིག་ཏུ་མཉམ་པར་ཞོག་ཅིག །སྤོས་རོལ་བྱ་ཞིང༌། སྔགས་ནས་འཐོར། ཨོཾ་མ་ཧཱ་ཀཱ་ལ་སིང་ཧ་མུ་ཁ་ཧཱུྃ་ཕཊ། ཏྲི་ཧྲིཾ་
ཛཿ ཌཱ་ཀི་ནི་སི་ན་ར་མ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿཡ་མ་ར་ཙཱ་དུ་ཏྲི་ཕུ་ཏྲི་ཧཱུྃ་ཕཊ། དེ་ལྟར་བྱས་པས་སྐུའི་རྗེས་སུ་གནང་བ་ཡིན། ད་སློབ་དཔོན་ལ་གསང་བདག་གི་མོས་འདུན་དྲག་ཏུ་མཛོད། དཔོན་སློབ་གཉིས་ཆར་ཕྱག་རྡོར་དུ་གསལ་བས་སློབ་དཔོན་གྱི་ཞལ་ནས་སྔགས་ཕྲེང་བར་མ་ཆད་དུ་བྱོན། དེ་ལས་འོད་ཟེར་དམར་ནག་གློག་གི་ཕྲེང་བ་ལྟ་བུ་འཕྲོས། གནོད་བྱེད་ཐམས་ཅད་ཚར་བཅད་དྲེགས་བྱེད་གདུག་པ་ཅན་རྣམས་ཀྱི་སྲོག་སྔགས་ཀྱི་ནུས་པ་ཐམས་ཅད་བསྡུས། སྔགས་ཕྲེང་ལ་ཐིམ། སྔགས་ཕྲེང་ཁྱེད་རང་རྣམས་ཀྱི་ཞལ་ནས་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ་པའི་མོས་པ་མཛོད་ལ་འདིའི་རྗེས་ཟློས་གྱིས། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ། སིང་ཧ་མུ་ཁ་ན་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿ ཌཱ་ཀི་ནི་སི་ན་ར་མ་ཡ་ཧཱུྃ་ཕཊ། ཏྲི་ཧྲིཾ་ཛཿཡ་མ་ར་ཙཱ་དུ་ཏྲི་ཕུ་ཏྲི་ཛ་ཛཿ ཅི་རིགས་བརྗོད། ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བའི་མོས་པས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་བཟུང་
ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ་བརྗོད། དེ་ལྟར་གསོལ་བ་བཏབ་པས་སློབ་དཔོན་གྱི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་དེ་མེ་ཏོག་གི་ཕྲེང་བར་བྱས་ནས། ཁྱེད་རང་རྣམས་ཀྱི་དབུ་ལ་བཅིངས་པར་མོས་ཤིག །རོལ་མོ་དང་བཅས་པ་ནས་འཐོར་ཞིང༌། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །གསུམ་བརྗོད། དེ་ནི་གསུང་གི་རྗེས་སུ་གནང་བ་ཡིན། ད་ཁྱེད་རང་རྣམས་གསང་བདག་གི་ང་རྒྱལ་དང་ལྡན་པས། སློབ་དཔོན་ལ་ཕྱག་རྡོར་གྱི་མོས་འདུན་དྲག་ཏུ་བྱས་པས་སློབ་དཔོན་གྱིས་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཕོག་པས་ཐུགས་རྒྱུད་བསྐུལ། ཁྱེད་རང་ཕྱག་རྡོར་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས། ཞིང་སྐྱོང་གི་ཐུགས་ཀར་ཕོག །ཐུགས་ཀའི་ཧཱུྃ་ལས་ཧཱུྃ་གཉིས་པ་འཕྲོས། ཁྱེད་རང་རྣམས་ཀྱི་ཐུགས་ཀའི་ཧཱུྃ་ལ་ཐིམ་པས་ཞིང་སྐྱོང་ཆེན་པོའི་ཐུགས་ཀྱི་དངོས་གྲུབ་ཐོབ་སྙམ་པས་རྩེ་གཅིག་ཏུ་མཉམ་པར་
ཞོག་ཅིག །དེ་ལྟར་བྱས་པས་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། དེ་ལྟར་ཁྱེད་རང་རྣམས་ཀྱིས་དཔལ་ལྡན་ཞིང་སྐྱོང་ཆེན་པོའི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ལེགས་པར་ཐོབ་ནས། ད་ནི་བཀའ་སྡོད་དུ་གཏད་པར་བྱ་སྟེ། སློབ་དཔོན་གསང་བའི་བདག་པོས་གཏོར་མ་དང་ཐ་དད་མེད་པའི་ཞིང་སྐྱོང་འཁོར་དང་བཅས་པ་དེ་སྤྱན་དྲངས། ཁྱེད་རང་རྣམས་ཕྱག་རྡོར་དུ་གསལ་བ་ལ་བཀའ་སྡོད་དུ་གཏད་ཅིང་འཕྲིན་ལས་བཅོལ། བླ་མ་བརྒྱུད་པའི་མཚན་ནས་སྨོས་ཤིང་དམ་ཚིག་བསྒྲགས་པས། སློབ་དཔོན་གྱིས་ཇི་ལྟར་བཀའ་བསྒོས་པ་བཞིན་དུ་ཁྱེད་རང་རྣམས་ཀྱི་སྲུང་མ་མཛད་པ་ཡོད་སྙམ་པས་སེམས་མ་ཡེངས་པར་གྱིས་ཤིག །ཅེས་གཏོར་མ་སློབ་མའི་མགོར་མི་འཇོག་པར་ལག་ཏུ་བཞག་ལ། རོལ་མོ་དང་བཅས་པས། དཔལ་ལྡན་ཞིང་སྐྱོང་དབང་པོ། ལྷ་ཆེན་ཀུན་དགའ་གཞོན་ནུ། བདུད་མགོན་ག་ཡ་དྷ་ར། ཤ་ཟ་སེང་གེའི་གདོང་ཅན། དགེ་བསྙེན་རྡོ་རྗེ་གྲགས་པ། ཡུམ་ཆེན་བདུད་མོ་ཁྲག་རལ། དམར་མོ་
སི་ན་ར་མ། བདུད་མོ་སྲོག་གཅོད་དམར་ནག །ལས་བྱེད་དུས་མཚན་ཕོ་མོ། སྟོབས་ལྡན་ཕོ་ཉ་སྡེ་བརྒྱད། སྲོག་འཕྲོག་བདུད་དམག་སྟོང་སྡེའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་སྔོན་གྱི་དམ་ཚིག་གཉན་པོ་རྗེས་སུ་དྲན་པར་མཛོད་ཅིག །བཅོམ་ལྡན་འདས་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་དང༌། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས། གྲུབ་ཆེན་ཀརྨ་པཀྵི་ནས་རྩ་བའི་བླ་མའི་བར་དུ་བྱོན་པའི་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱིས་བཀའ་བསྒོས་ཤིང་གཉེར་དུ་གཏད་པའི་དམ་ཚིག་དྲན་པར་མཛོད་ཅིག །དེ་རྣམས་ཀྱི་བཀའ་དང་དམ་ལ་མི་འདའ་བ་བཞིན་དུ་རྣལ་འབྱོར་པ་བདག་གི་ཡང་བཀའ་དང་དམ་ལ་མ་འདའ་བར་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་ནད་གདོན་བར་ཆད་ཐམས་ཅད་སྲུངས། ཚེ་དང་བསོད་ནམས་སྤེལ། དཔལ་དང་གྲགས་པ་སྒྲུབས། ཕྲིན་ལས་མཐའ་དག་ཐོགས་མེད་དུ་འགྲུབ་པ་དང༌། རྟིང་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་སྡོང་གྲོགས་མཛོད་
ཅིག །ཅེས་བརྗོད་དེ་མང་པོ་ལ་གནང་ན་བཀའ་གནས་རིན་ཆེན་གཏོར་མ་ཕྱག་ཏུ་བཟུང༌། མཛོད་ཅིག་ཅེས་པའི་ཚིག་རྫོགས་པ་དང་སོ་སོའི་ལག་དུ་བཞག་ཙམ་རེ་གནང་བས་ཆོག་ལགས། དེ་ལྟར་འཕྲིན་ལས་བཅོལ་བས་ཇི་ལྟར་བསྒོས་པ་བཞིན་ཁྱེད་རང་རྣམས་ཀྱི་འཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་ནས་འཁོར་དང་བཅས་པ་འོད་དུ་ཞུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་མོས་ཤིག །དེས་དཔལ་ལྡན་ཞིང་སྐྱོང་དབང་པོའི་རྗེས་སུ་གནང་བ་ལེགས་པར་གྲུབ། དེའི་དམ་ཚིག་ཏུ་བླ་མའི་གསུང་མི་བཅག །ཆོས་སྐྱོང་ལ་ཐེ་ཚོམ་མི་བྱ། རྟེན་རྫས་མི་འབྲལ་བར་བཅིང་བ་ནི་མི་སྤང་བའི་དམ་ཚིག་གསུམ། བྱ་ནག་ལ་མི་འཚེ། རང་དོན་དུ་མི་རྦད། ཉེས་པ་ཆུང་ངུ་ལ་མི་བསྐུལ། ཆོས་ཚུལ་བཞིན་བྱེད་པ་ལ་མི་རྦད་པ་ནི་སྲུང་བའི་དམ་ཚིག་བཞི་དང༌། རྒྱུན་གཏོར་ཆག་མེད། དུས་གཏོར་བཟང་བ་གཙང་སྦྲ་ལ་འབད་པ་སྟེ་རྒྱུན་དུ་སྤྱད་པའི་དམ་ཚིག་རྣམས་སྲུང་ཞིང༌། ཞིང་སྐྱོང་ཆེན་པོ་སོགས། ཆོས་སྐྱོང་དུ་འཛིན་
སྙམ་པས་སོགས། གཙོ་བོ་སོགས། ཁྱེད་རྣམས་ཀྱི་ལུས་སོགས། དེང་ནས་སོགས་བརྗོད། སློབ་མ་རྣམས། ཨོཾ་ཨཱཿཧཱུྃ་གིས་བསྲུངས་ལ་རང་གནས་སུ་བཏང༌། རྗེས་ཀྱི་རིམ་པ་གཞུང་བཞིན་ ༼རྗེས་ཀྱི་མཆོད་གཏོར། བདུད་ཀྱི་དམག་དཔོན་སོགས་ཀྱིས་འབུལ། ཉི་ཤུ་རྩ་བཞི་མས་བསྟོད། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། བཛྲ་མུས་རང་གནས་སུ་གཤེགས་ཤིང༌། བསྔོ་བ་དང་བཀྲ་ཤིས་གནང་བ་ལགས།༽ བྱའོ། །ཞེས་པ་འདི་གྲགས་པ་དཔལ་འབྱོར་གྱིས་ཉེར་མཁོར་སྦྱར་བའོ། །སྐྱེ་མ་དུས་ངན་སྙིགས་མའི་བླ་མ་མཐོང་ཙ་ན། །རང་ལ་རང་ཡིད་ཆེས་པའང་ཅུང་ཟད་ཙམ། །ཞེན་པ་གཏིང་ལོག་སྤྲང་པོ་མཐོང་ཙམ་ན། །རང་ལ་རང་ཡིད་ཆད་པའང་མང་དུ་གདའ། །བསྟན་སྲུང་རྒྱ་མཚོའི་ངོ་མཚར་ཕྲིན་ལས་ལས། །སྐལ་ལྡན་འདོད་པ་སྐོང་བའི་རིམ་པ་ནི། །སྤྲོས་པ་སྐྱུང་བ་ཀུ་སུ་ལུ་པའི་ལུགས། །འགྲོ་དོན་བྱེད་པའི་བླ་མའི་ལག་ཆ་ཡིན། །གྲགས་པ་དཔལ་འབྱོར་རྒྱས་པའི་སྙིང་པོ་ནི། །ཟླ་མེད་མངོན་པར་མཐོ་བ་བྱིས་པའི་ཚུལ། །རྩེད་མོ་ཁོ་ནས་ཉིན་མཚན་དུས་འདའ་ཡང༌། །བསྟན་སྲུང་བཟང་པོའི་ཐུགས་རྗེའི་ག་ལ་ཡོལ། །གཟི་བརྗིད་ཅན་གྱི་འགྲོ་དོན་མ་མཆིས་
ཀྱང༌། །སྐལ་ལྡན་གདུལ་བྱའི་རུམ་རྡོ་རེ་རེ་སྤྲད། །ད་ནི་རྟེན་འབྲེལ་བཟང་པོའི་མཚམས་སྦྱར་ནས། །འདི་འདྲ་རེ་རེ་འབྱོན་ནོ་ཨེ་མ་ཧོ། །ལན་གཅིག་ཞུས་སོ། །༈ འཁོར་ལྔའི་རྗེས་གནང་རྣམས་ལ་སློབ་དཔོན་གསང་བདག་ཏུ་གསལ་བའི་ཞེས་དང༌། སློབ་དཔོན་ལ་གསང་བདག་གི་མོས་འདུན་དྲག་པོ་མཛོད། ཞེས་པའི་སྐབས་སུ་སྔར་བདག་བསྐྱེད་ཡི་དམ་གཞན་ལ་གནང་ཡང་དེའི་ཚེ་ཐུགས་ཀྱི་དམིགས་པ་ཙམ་གྱིས་བསྐྱེད་རིམ་གྱི་ཏིང་ངེ་འཛིན་འཕོ་བ་ལགས་ཤིང༌། སློབ་མ་རྣམས་ནི་ངེས་པར་ཕྱག་རྡོར་རང་དུ་བསྐྱེད་དགོས་ལགས། མ་མགོན་ལྔ་དང་བཅས་པའི་རྗེས་གནང་དུས་གཅིག་ལ་སྦྲེལ་ནས་གནང་ན་འབུལ་གཏོར་གཅིག་ལ་མ་མགོན་གཉིས་དང་དྲག་པོ་གསུམ་ལས་མཐེབ་སྐྱུ་ཤ་ཆང་བཅས་དང་ཞི་བ་གཉིས་ལ་དམར་གྱི་བརྒྱན་པའི་མཐེབ་སྐྱུ་སོ་སོའི་གཏོར་འབུལ་གྱི་སྐབས་སུ་གསོས་ཆོག་པ་གནང་ན་བདེ་ཞིང༌། མགོན་པོ། ལྷ་མོ། དམ་ཅན་གསུམ་ལ་བསྐང་བའི་གཏོར་གསོས་ཀྱང་དགོས་ལགས། སྤྱིར་བདག་བསྐྱེད་ཡི་དམ་གང་ལ་གནང་ཡང་འདྲ་བས་རྗེས་གནང་རྣམས་སྦྲེལ་ནས་གནང་བའི་ཚེ་ཐོག་མར་ཡི་དམ་གང་རུང་གི་བདག་བསྐྱེད་གཅིག་
གནང་བ་ལས་སོ་སོའི་མགོར་བདག་བསྐྱེད་ཀྱི་ཆོ་ག་རེ་མི་དགོས་ཀྱང་རྗེས་གནང་རེ་རེ་ནས་ཟུར་དུ་གནང་བ་ན་མགོན་པོ་ལ་བདེ་དགྱེས་དང་ཕག་མོ་གང་རུང་ལྷ་མོ་ལ་གཤིན་རྗེའི་གཤེད། རྣམ་སྲས། སྔགས་བདག དམ་ཅན་ཞིང་སྐྱོང་རྣམས་ལ་ཕྱག་རྡོར་གྱི་རིགས། སྲིན་མགོན་ལ་བདེ་མཆོག་གི་བདག་བསྐྱེད་གནང་བ་སོ་སོའི་གོང་བསྙེན་གྱི་ཡི་དམ་གཙོ་ཆེ་བས་ལགས་ཤིང༌། ཆོས་སྐྱོང་བདུན་ཀའི་རྗེས་གནང་སྦྲེལ་ནས་གནང་བའི་ཚེའང༌། ཐོག་མར་བདག་བསྐྱེད་ཀྱི་ཆོ་ག གང་ལ་གནང་ཡང་སྐབས་བབ་ཏུ་ངེས་པར་དགོས་པ་ནི། ལྷ་མོ་དང་རྣམ་སྲས་ཀྱི་མདུན་བསྐྱེད་ལ་འཇུག་པའི་ཚེ། རང་ཉིད་སྐད་ཅིག་གིས་གཤིན་རྗེའི་གཤེད་དང་ཕྱག་རྡོར་དུ་གསལ་གདབ་དགོས་ལགས། ཐམས་ཅད་ལ་ལས་བུམ་མི་དགོས་པར་ཁྲུས་ཀྱི་ཆུ་དེ་དུང་ཆོས་དྲིའི་ཆུས་བསྐང་བ་ལ་མགོན་པོ་དང་འབྲེལ་བ་ན། དཾཥྚོཏྐ་ཌ་དང་མ་འབྲེལ་ན། བི་གྷྣཱནྟ་ཀྲྀ་ཏ་བཟླས་པ་དེས་བྱེད་ལགས། མགོན་པོ་ཡབ་ཡུམ་འཁོར་དང་བཅས་རྗེས་གནང་རྣམས་གསལ་བྱེད་ཀྱི་མཆན་བུ་ཅུང་ཟད་དང་བཅས་སི་ཏུ་པདྨ་ཉིན་བྱེད་དབང་པོས་ཞུས་པ་དགེ།། །།
དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་དགྲ་ཆོས་ཀྱི་མན་ངག་ལག་ལེན་དུ་དྲིལ་བ
དཔལ་ཡེ་ཤེས་ཀྱི་མགོན་པོ་བེར་ནག་ཅན་གྱི་དགྲ་ཆོས་ཀྱི་མན་ངག་ལག་ལེན་དུ་དྲིལ་བ་བཞུགས་སོ། །
ན་མོ་མ་ཧཱ་ཀཱ་ལ་ཡ། ཡེ་ཤེས་དང་ལས་དང་འཇིག་རྟེན་ལས་གྲུབ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ལ་གུས་པས་ཕྱག་འཚལ་ལོ། །འདིར་རྣལ་འབྱོར་པ་གང་ཞིག་གློ་བུར་གྱི་བར་ཆད་ལྡངས་པར་གྱུར་བ་དེའི་ཚེ་ཆོས་སྐྱོང་རྣམས་དྲག་པོའི་ལས་ལ་བསྐུལ་བར་བྱ་བ་ནི་ཆོས་ཀྱི་རྗེ་རང་བྱུང་བའི་ཞལ་སྔ་ནས་རིམ་པར་རིན་པོ་ཆེ་མཚུར་ཕུ་པ་ལ་བརྒྱུད་པའི་ཇག་པ་རྟ་ཐོག་གི་དགྲ་ཆོས་ཞེས་བྱ་བའི་ལག་ལེན་གྱི་རིམ་པ་འདི་ལྟར་བྱ་སྟེ། གནམ་ས་གྲུ་གསུམ་ལ་སོགས་པ་དྲག་པོའི་གནས་སུ་སྟེགས་ཀྱི་ཁར་ཇི་ལྟར་འོས་པའི་བང་རིམ་སུམ་བརྩེགས། དེའི་སྟེང་དུ་གཏོར་ཞལ་རྔམས་ཤིང་བརྗིད་པ་བཤམ། མཐར་དམར་གཏོར་ཟུར་གསུམ་བཅུས་བསྐོར། དེའི་མཐར་ཟན་ནག་གི་གཡག་ལུག་ར་གསུམ། སྟག
གཟིག གུང༌། དོམ། དྲེད། ལྕེ་སྤྱང༌། ཤ་བ། རྟ། རྔ་མོ། དྲེའུ། སེང་གེ གླང་ཆེན། བྱ་ནག ཁྱི་ནག ནམ་མཁའ་ལྡིང་སོགས་བར་སྣང་དུ་རྒྱུ་བ་དང༌། ས་ལ་གནས་པའི་གཟུགས་བརྙན་གང་འབྱོར་བཙུགས། དེའི་མཐར་རྩང་ཕུར་དམར་ནག་དྲག་པོའི་ཤིང་ལ་བཅོས་པ། ཕྱག་ལེན་ལྟར་སྲིན་མོ་འབྲོས་སུ་བཙུགས། གཏོར་ཞལ་ལ་ལེགས་ལྡན་གྱི་སྐུ་དང་དར་ནག་གི་གདུགས། ཙིཏྟ་ཐུགས་ཀྱི་ནམ་མཁའ་འམ་ཀུན་ཁྱབ་ཀྱི་ནམ་མཁའ་ནག་པོས་མཛེས་པར་བརྒྱན། གཏོར་མ་བཅུ་ལ་སྲས་མཆོག་བཅུའི་སྐུ་དང༌། ནམ་མཁའ་ནག་པོ་གཟུག །སྤྲོ་ན་འཁོར་རྣམས་ཀྱི་ཙཀ་ལི་ཡང་ཕོ་བྲང་བཞིན་མཐོང་བ་བརྒྱུད་པ་ལྟར་བཤམ། རིན་པོ་ཆེ་དང་དར་ཟབ་སྟག་རས་སོགས་ཀྱིས་བརྒྱན། མཚོན་ཆ་སྣ་ཚོགས་དང་མདའ་བཀྲ་འཕང་བཀྲ་
སོགས་སྤྱི་དང་མཐུན་པར་བཙུགས། རྩང་ཕུར་གྱི་འདབས་སུ་སྣལ་མ་འབྱུང་བ་གོ་ཟློག་ཏུ་དགོད་དེ། ཞབས་ནས་རིམ་བཞིན་སེར་པོ་དཀར་པོ་དམར་པོ་ནག་པོ་ལྗང་གུ་རྣམས་རིམ་པས་བརྩེགས་པ་བྲི། དེའི་མཐར་ཤ་ཁྲག་དང་ལིངྒ་ལ་སོགས་པ་དུར་ཁྲོད་ཀྱི་བཀོད་པ་ཇི་ལྟ་བས་འཇིགས་འཇིགས་ལྟར་བརྒྱན། གོང་དུ་བླ་མ་ཡི་དམ་གྱི་མཆོད་གཏོར་དང༌། མདུན་དུ་ལས་གཏོར་རྣམས་ཆོ་ག་རྒྱས་བསྡུས་དང་བསྟུན་ནས་གཞུང་བཞིན་བཤམ། དེ་ནི་བཅའ་ཐབས་སོ། །དེ་ལྟར་གྲུབ་ནས་ཡི་དམ་གྱི་བདག་སྐྱེད་དང༌། གཏོར་མ་ལ་དམིགས་པའི་ཆོས་སྐྱོང་གི་མདུན་སྐྱེད་སྤྱན་འདྲེན་བཞུགས་གསོལ་དམ་བཞག་ཕྱག་འཚལ་མཆོད་འབུལ་གཏོར་བསྔོ་བསྟོད་པ་བསྐང་བ་རྣམས་སྔོན་དུ་སོང་བས། བསྙེན་པ་ལེགས་པར་བྱས་ནས། ཞི་བའི་མདོས་འབུལ་བར་འདོད་ན། བྱིན་གྱིས་བརླབ་པ་ནི། བསངས་སྦྱངས། སྟོང་པའི་ངང་ལས་རླུང་གི་དཀྱིལ་འཁོར་རྡོ་རྗེ་རྒྱ་གྲམ། མེ་ཡི་དཀྱིལ་འཁོར་གྲུ་གསུམ་འབར་བ། མཐའ་དབུས་མེད་པ་ཁྲག་གི་རྒྱ་མཚོ། ཀུན་ལ་ཁྱབ་པ་ཞིང་གི་ས་གཞི། དེའི་སྟེང་དུ་མདོས་གཞི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ། དེའི་དབུས་སུ་རིའི་
རྒྱལ་པོ་རི་རབ། ཤར་ཤེལ། ལྷོ་བཻཌཱུརྱ༌། ནུབ་པདྨ་རཱ་ག བྱང་གསེར་ལས་གྲུབ་པ། དེའི་མཐར་གསེར་གྱི་རི་བདུན། རོལ་པའི་མཚོ་བདུན། གླིང་ཆེན་པོ་བདུན། དེའི་ཕྱི་རོལ་དུ་གླིང་བཞི་གླིང་ཕྲན་བརྒྱད། གླིང་གཡོག་བསམ་གྱིས་མི་ཁྱབ་པས་བསྐོར་བ། རི་རབ་ཀྱི་རྩེ་མོར་སུམ་ཅུ་རྩ་གསུམ་གྱི་ལྷའི་ལོངས་སྤྱོད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་ལྡན་ཞིང་ཕྱོགས་བཞིར་དྲི་ཟ་དང་གཤིན་རྗེ་དང་ལྟོ་འཕྱེ་དང་གནོད་སྦྱིན་རྣམས་ཀྱང་རང་རང་གི་གཟུགས་དང་ལོངས་སྤྱོད་འབྱོར་པ་ཕུན་སུམ་ཚོགས་པ་རང་རང་གིས་བསྟེན་དུ་འོས་པར་གྱུར། དེ་ལྟ་བུའི་རི་རབ་ཀྱི་བྱང་ཕྱོགས་འོག་མིན་གྱི་བྱང་ཤར་དབང་ཕྱུག་ཆེན་པོའི་གནས་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་སུ། དཔལ་ཆེན་ཡབ་ཡུམ་གྱི་ཕོ་བྲང་རྒྱུ་རིན་པོ་ཆེ་བྱེ་བ་འབུམ་ལས་གྲུབ་པ། རྨང་རྡོ་རྗེ་ཕ་ལམ་ལས་བྱས་པ། དེའི་ཕྱི་རོལ་དུ་ཐོད་པ་སྣ་ཚོགས་བརྩེགས་པའི་སྐུ་མཁར་གྲུ་བཞི་སྒོ་བཞི་རྟ་བབས་བཞི་དང་ལྡན་པ། དུར་ཁྲོད་ཀྱི་རྒྱན་སྣ་
ཚོགས་ཀྱིས་བརྒྱན་པ། དེའི་མཐར་མཐིང་ནག་ལྕགས་རི་ནག་པོས་གྲུ་གསུམ་དུ་བསྐོར་བ་ལ་མཚོན་ཆ་སྣ་ཚོགས་པས་རབ་ཏུ་གཟིངས་པ། རོ་དང་རོ་ལངས་ཀེང་རུས་འབར་བ་ལ་སོགས་དུར་ཁྲོད་ཀྱི་བཀོད་པ་བསམ་གྱིས་མི་ཁྱབ་པ། སྟེང་དུ་མཐིང་ནག་དར་གྱི་གདུགས་ཕུབ་ཅིང༌། ཀུན་ཁྱབ་ཀྱི་ནམ་མཁའ་འོད་དུ་འབར་བ། དེའི་ཕྱོགས་མཚམས་ཐམས་ཅད་དུ་ཕྱི་ནང་གསང་བའི་མཆོད་རྫས། བསྒྲུབ་རྫས། བརྟེན་རྫས། བསྐང་རྫས། སྤྱན་གཟིགས་དཀོར་ཆ་བསམ་གྱིས་མི་ཁྱབ་པ་སྤྲིན་གྱི་ཕུང་པོ་གཏིབས་པ་ལྟ་བུར་གྱུར། ཨོཾ་ཨཱཿཧཱུྃ། ཞེས་བྱིན་གྱིས་བརླབ་བོ། །དེ་ནས་འབུལ་བ་ནི། ཧཱུྃ༑ དཔལ་ཆེན་མ་ཧཱ་ཀཱ་ལ་དང༌། །ཡུམ་གཅིག་ལྷ་མོ་མི་ཕམ་མ། །འཁོར་ནི་དམ་ཅན་རྒྱ་མཚོའི་ཚོགས། །དེ་རིང་སྲིད་པའི་མདོས་ལ་བྱོན། །ཞེས་པ་ནས། བླ་མེད་བདེ་ཆེན་ཐོབ་པར་མཛོད། །ཅེས་པའི་བར་དང༌། ཨོཾ་མ་ཧཱ་ཀཱ་ལ་རུ་རུ་སོགས་ནས། ཀིཾ་ནི་རི་ཨཱཿཧཱུྃ། ཞེས་པའི་བར་གྱིས་འབུལ། རོལ་མོ་དང་བཅས་པས་ཞི་བའི་ཕྲིན་ལས་གཞོལ་བར་བྱའོ། །དེ་
ནས་དྲག་པོའི་མདོས་ལ་མཆོད་རྫས་རྣམས་དྲག་པོའི་རྫས་སུ་བྱིན་གྱིས་བརླབ་པ་ནི། བསངས་སྦྱངས་སྔོན་དུ་འགྲོ་བས། སྟོང་པའི་ངང་ལས་མཆོད་པའི་རྫས། བརྟེན་པའི་རྫས། བསྒྲུབ་པའི་རྫས། བསྐང་བའི་རྫས། བཀྲ་ཤིས་རིན་པོ་ཆེ་རྟགས་བརྒྱད། རྒྱལ་སྲིད་སྣ་བདུན། འདོད་ཡོན་རྣམ་པ་ལྔ། གཞན་ཡང་སྤྱན་གཟིགས་འདོད་པའི་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་རྣམས་དང༌། ཁྱད་པར་བདག་ཅག་ལ་གནོད་ཅིང་འཚེ་བར་བྱེད་པའི་དགྲ་བོ་མ་ལུས་པ་བསྒྲལ་བ་ལས་བྱུང་བའི་བཟའ་བ་ཤའི་རི་བོ། བཏུང་བ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། མི་ལྤགས་ཀྱི་གཡང་གཞི། ཀེང་རུས་ཀྱི་དྲྭ་ཕྱེད། རྒྱུ་རློན་གྱི་ལྡ་ལྡི། ཞུན་ཆེན་གྱི་སྣང་གསལ། ཚིལ་ཆེན་གྱི་དུད་པ། མདོར་ན་དྲག་པོའི་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པར་གྱུར། ཅེས་བྱིན་གྱིས་བརླབས། དེ་ནས་ལྷ་རྣམས་དྲག་པོའི་ལས་ལ་བསྐུལ་བ་ནི། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷ་ཚོགས་ལ་
ཕོག །ལྷ་རྣམས་དྲག་པོའི་ཕྲིན་ལས་ལ་བསྐུལ་བས་གཙོ་འཁོར་ཐམས་ཅད་ཤིན་ཏུ་ཁྲོས་ཤིང་རྔམས་པའི་ཆ་ལུགས་དང་ལྡན་པ། མཐའ་བསྐོར་དུ་བདུད་ཀྱི་རྒྱལ་པོ་བདུད་དམག་འབུམ་དང་བཅས་པ། བཙན་གྱི་རྒྱལ་པོ་བཙན་དམག་འབུམ་དང་བཅས་པ། གཤིན་རྗེའི་རྒྱལ་པོ་གཤིན་རྗེ་འབུམ་དང་བཅས་པ། མ་མོའི་རྒྱལ་པོ་མ་མོ་འབུམ་དང་བཅས་པ། དྲི་ཟའི་རྒྱལ་པོ་དྲི་ཟ་འབུམ་དང་བཅས་པ། སྲིན་པོའི་རྒྱལ་པོ་སྲིན་པོ་འབུམ་དང་བཅས་པ། ས་བདག་གི་རྒྱལ་པོ་ས་བདག་འབུམ་དང་བཅས་པ། ཡམ་ཤུད་དམར་པོ་འགོང་པོ་འབུམ་དང་བཅས་པ། དགེ་བསྙེན་ཆེན་པོ་གནོད་སྦྱིན་འབུམ་དང་བཅས་པ། གཞན་ཡང་སྣང་སྲིད་ཀྱི་ལྷ་འདྲེ་ལྷ་སྲིན་སྡེ་བརྒྱད་མ་ལུས་པ་ཐམས་ཅད་ཀྱང་དྲག་པོའི་རྫུ་འཕྲུལ་དང་ལྡན་པ། མགྱོགས་པའི་འོག་རྟ་ཞོན། རྣོ་བའི་མཚོན་ཆ་ཐོགས། འཇིགས་པའི་བ་དན་ཕྱར། གདུག་པའི་ངར་སྐད་སྒྲོགས་པས་དགྲ་བོ་གནོད་བྱེད་བྱད་མ་རྦད་འདྲེ་ལྷ་སྲུང་དང་བཅས་པ་ཐམས་
ཅད་རྡུལ་དུ་རློག་ཅིང་དགྲ་བོའི་ཤ་ཁྲག་རུས་གསུམ་མ་ལུས་པ་ཟ་བཞིན་པར་གྱུར། ལས་བགྲིག་དང་སྦྲེལ་ན་ཉེས་པ་བསྒོ་བ་ནས་དགུག་གཞུག་གི་བར་སྐབས་འདིར་བྱ། བསྐྱེད་རིམ་གསལ་བས་དགུག་གཞུག་བྱ་བ་ནི། ཡ་དུ་ཧཱུྃ་གསུམ་གྱི་མན་ངག་སྟེ། བདག་མདུན་གྱི་ཐུགས་ཀ་ནས་ཡ་ལས་གཤིན་རྗེ། ཧཱུྃ་དང་མ་ལས་མགོན་པོ་དང་མ་མོ། དུ་ལས་བདུད་ཀྱི་དམག་ཚོགས་དཔག་ཏུ་མེད་པ་འཕྲོས་ཏེ་དགྲ་བོ་ཐམས་ཅད་གར་གནས་གང་དུ་འདུག་ཀྱང་རང་དབང་མེད་པར་བཀུག་པར་གྱུར། དེ་ནས་བདེན་པའི་སྟོབས་བརྗོད་པ་ནི་འདི་སྐད་དུ། ན་མོ་རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན་གྱི༴ གསང་སྔགས་དང་རིགས་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་རྣམས་ཀྱི༴ གཟུངས་སྔགས་དང་རིགས་སྔགས་ཀྱི་རྒྱལ་མོ་ཁྲོ་མོ་རྣམས་ཀྱི༴ ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་གསང་སྔགས་ཞི་ཁྲོ་རབ་འབྱམས་རྣམས་ཀྱི༴ དམ་པ་ཆོས་སྐྱོང་བའི་
སྲུང་མ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུས་ཡིད་ལ་བརྣག་པའི་དགྲ་བོ་མིང་དང་རུས་སུ་བྲིས་པ། རུས་དང་མཚན་མར་བཅུག་པ། དམིགས་པའི་དགྲ་བོ་འདི་ཉིད། མཐོ་བ་ནམ་མཁའི་དབྱིངས་དང༌། དམའ་བ་རྒྱ་མཚོའི་གཏིང་ཁུང༌། གསལ་བ་ཉི་ཟླའི་ཐེམ་པར། འཐིབས་པ་སྤྲིན་གྱི་གོ་བར། རི་རབ་ཆེན་པོའི་ངོས། བྲག་གི་གཅོང་རོང་ཟབ་མོ། རྒྱ་མཚོ་ཆེན་པོའི་གླིང་རུམ། ཆུ་བོ་ཆེན་པོའི་འགྲམ་ཤེད། ས་འོག་ས་སྟེང་ས་བླ། འཛམ་གླིང་ས་ཆ་ཡུལ་གྲུ། ཁྱིམ་གྱི་སྟེང་ཤོད་བར་གསུམ། སྒོའི་ཕྱི་ནང་མཚམས་གསུམ། གར་གནས་གང་དུ་འདུག་ཀྱང་རང་དབང་མེད་པར་ལིངྒ་དང་འབྲེལ་ན། གཟུགས་བརྙན་ལིངྒ་འདི་ལ་ཅེས་དང༌། མ་འབྲེལ་ན། དམར་གྱི་གཏོར་མ་འདི་ལ་ཅེས་བརྗོད་དེ། ཁུག་ཅིག དགུག་གཞུག་བཅིང་མཉེས་བྱ། དེ་རྗེས། ཆོས་སྐྱོང་ལས་མཁན་སྣང་སྲིད་ལྷ་འདྲེའི་ཚོགས། །ཅེས་པའམ་རིན་པོ་ཆེ་དོན་ལྡན་ཞབས་ཀྱི་ལས་འགྲིག་གི་མན་ངག་ནས་ཇི་ལྟར་འབྱུང་བ་ལྟར་ཉེས་པ་བསྒོ་བ་དང༌། ཉེས་པ་བསྒྲགས་པ་
དང༌། ཞུ་བ་དང༌། བདེན་དཔང་གསོལ་བ་རྣམས་བྱ། དེ་ནས་སྤྲོ་ན་ལིངྒ་དང་འབྲེལ་ན་ཕུར་པའི་ཆོ་གའང་བྱ། མ་གྲུབ་ན། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ནས། །སོགས་རྟགས་ཀྱི་བསྟོད་པ་གཉིས་དང༌། རྒྱ་མཚོ་གླིང་གི་སོགས་འཁོར་གྱི་བསྟོད་བསྐུལ་རྣམས་དང༌། ལས་བྱང་ཆེན་མོ་ནས་དྲག་པོ་ཐུན་གྱི་སྐུལ་ལ་སོགས་པ་བྱས་ཏེ། དེ་ནས་དྲག་པོའི་མདོས་འབུལ་བ་ནི། ཧཱུྃ༑ རིན་ཆེན་ལྔ་ལྡན་མདོས་གཞི་ལ། །འདོད་ཡོན་སྣ་ཚོགས་གཅལ་དུ་བཀྲམ། །ཤ་ཁྲག་དམར་གྱི་གཏོར་ཆེན་བཤམས། །ཞབས་སུ་དགྲ་བགེགས་ལིངྒ་བཅུག །མཐའ་མར་ལྕགས་རི་ནག་པོས་བསྐོར། །གདུག་པ་དྲག་པོའི་རྩང་རྣམས་བཙུགས། །མཐིང་ནག་ནམ་མཁའི་གུར་གདུགས་ཕུབ། །དཔལ་ལྡན་མགོན་པོ་བེར་ནག་ཅན། །འཁོར་བཅས་ཀུན་གྱི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །ཧཱུྃ༑ ཕོ་བྲང་མཛེས་པའི་གཞལ་ཡས་ཁང༌། །དུར་ཁྲོད་ཆེན་པོའི་གནས་མཆོག་འདིར། །ཁྲག་གི་རྒྱ་མཚོ་མེ་རེ་རེ། །རུས་
པའི་ཕུང་པོ་རྫ་ལྟར་ལྷགས། །ཤ་ཡི་ཚོགས་ནི་རི་ལྟར་སྤུངས། །མི་རོ་རྟ་རོ་གཅལ་དུ་བཀྲམ། །དུར་བྱ་ཀང་ཀ་བཞད་དང་ཁྲ། །རྒོད་གླག་བྱ་རོག་འུག་པའི་ཚོགས། །སེང་གེ་སྟག་གཟིག་དོམ་དང་དྲེད། །ཅེ་སྤྱང་ཁྱི་དང་ཝ་ལ་སོགས། །ཤ་ཟ་རོ་ལངས་སྲིན་པོ་དང༌། །ཤ་ཟན་ཁྲག་འཐུང་ཚོགས་དང་བཅས། །དུར་ཁྲོད་ཆེན་པོར་བྱིན་བརླབས་ནས། །དཔལ་ལྡན་མགོན་པོ་བེར་ནག་ཅན། །འཁོར་བཅས་རྣམས་ཀྱི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །ཧཱུྃ༑ དཔལ་ལྡན་མགོན་པོ་ནག་པོ་ལ། །ཕྱི་ནང་གསང་བའི་མཆོད་པ་ནི། །ཡོན་ཆབ་མེ་ཏོག་བདུག་སྤོས་དང༌། །མར་མེ་དྲི་ཆབ་ལྷ་བཤོས་དང༌། །མཁར་རྔ་རྫ་རྔ་རྔ་ཆེན་དང༌། །དུང་ཆེན་སྒྲ་སྙན་རོལ་མོའི་ཚོགས། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །འདོད་ཡོན་ཕྱི་ཡི་མཆོད་པ་འབུལ། །ཧཱུྃ༑ བྷནྡྷ་རློན་པའི་སྣོད་ཆེན་དུ། །དམར་ཆེན་ཁྲག་གི་ཨརྒྷཾ་དང༌། །གསུར་ཆེན་དུད་པའི་བདུག་སྤོས་དང༌། །གདུག་པ་དུག་
གི་མེ་ཏོག་དང༌། །ཚིལ་ཆེན་ཞུན་གྱི་མར་མེ་དང༌། །ཁྲག་དང་དུག་གི་དྲི་ཆབ་དང༌། །འབྲུ་ནག་དྲག་པོའི་ལྷ་བཤོས་དང༌། །བྷནྡྷ་ཆ་ལང་སྒྲ་སྙན་རྣམས། །དྲག་པོ་ནང་གི་མཆོད་པ་འདིས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །བསྟན་པ་སྲུང་ཕྱིར་བཞེས་སུ་གསོལ། །ཧཱུྃ༑ ཤ་སྣ་ཁྲག་སྣ་སྙིང་སྣ་དང༌། །བདུད་རྩི་སྨན་དང་རཀྟ་དང༌། །ཤ་ཆེན་གཏོར་མ་ཚིལ་ཆེན་གསུར། །ཛ་གད་ཕུད་སྣ་མང་པོ་དང༌། །སོ་སོའི་མཐུན་རྫས་སྣ་ཚོགས་དང༌། །ཤིང་ཐོག་མེ་ཏོག་སྣ་ཚོགས་དང༌། །སྣ་ཚོགས་འབྲུ་སྣ་མང་པོ་དང༌། །གསང་བ་བླ་མེད་མཆོད་པ་འདིས། །དཔལ་ལྡན་མགོན་པོ་བེར་ནག་ཅན། །ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་ལ་སོགས་པ། །འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །ཧཱུྃ༑ དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ནམ་མཁའ་ནག་པོའི་གུར་གདུགས་ཀྱིས། །ཐུགས་དམ་བསྐང་ངོ་མཆོད་པ་
འབུལ། །བླ་གབ་མཐིང་ནག་དར་གྱི་གདུགས། །སྟེང་དུ་འཁོར་ཞིང་ཀྱི་ལི་ལི། །ཙིཏྟ་ཐུགས་ཀྱི་ནམ་མཁའ་དང༌། །ཉི་ཟླ་རིན་ཆེན་འོད་དུ་འབར། །དར་སྣ་བལ་ཚོན་ཚོགས་ཀྱིས་བརྒྱན། །འཕན་གདུགས་རྒྱལ་མཚན་ཐིབས་སེ་ཐིབས། །དྲག་པོའི་བཟློག་བྱང་བརྒྱ་རྩ་བརྒྱད། །ཐུགས་དམ་བསྐང་ངོ་མཆོད་པ་འབུལ། །དགྲ་བགེགས་མ་ལུས་བཞེས་སུ་གསོལ། །དགྲ་ལ་བྷྱོ་ཞིང་བགེགས་ལ་བྷྱོ། །ཕུར་ཁ་ཟོར་ཁ་རྣམས་ལ་བྷྱོ། །རྨི་ལྟས་མཚན་ལྟས་ངན་པ་ཟློག །ཧཱུྃ༑ དཔལ་ལྡན་མགོན་པོ་འཁོར་བཅས་ལ། །རྩིས་ཀྱི་ཁྲམ་ཤིང་སྣ་ཚོགས་ཀྱིས། །ཐུགས་དམ་བསྐང་ངོ་མཆོད་པ་འབུལ། །དགྲ་བགེགས་སྒྲོལ་ཕྱིར་བཞེས་སུ་གསོལ། །ཁྲམ་ཁ་ཕྱེས་ལ་བདུད་ཁ་བསྒྱུར། །ཤོ་ཁ་གཏོར་ལ་བཙན་ཁ་ཟློག །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །ཧཱུྃ༑ ནམ་མཁའ་རིན་ཆེན་གཞལ་ཡས་ཁང༌། །བཞུགས་པའི་ཚེ་ན་ཡུལ་དུ་འབུལ། །གཤེགས་པའི་ཚེ་ན་རྫོངས་སུ་འབུལ། །
ལོངས་སྤྱོད་ཟད་མེད་གཏེར་དུ་འབུལ། །རྩིབས་བརྒྱད་ལྟེ་བ་དཀྱིལ་འཁོར་རིས། །ཙིཏྟ་ཐུགས་ཀྱི་ནམ་མཁའ་ལ། །ཉི་ཟླ་རིན་ཆེན་འོད་དང་ལྡན། །ཁོང་པ་སྟོང་པར་བཞག་པ་ནི། །ཆོས་ཉིད་སྐྱེ་འགག་མེད་པའི་ངང༌། །ཚངས་པ་ལྷ་ཡི་བྱ་སྤུ་དང༌། །རིན་ཆེན་དར་ཟབ་མཛེས་པས་བརྒྱན། །སྔགས་དང་ཕྱག་རྒྱས་བྱིན་བརླབས་ནས། །ཆོས་ཉིད་ནམ་མཁའ་སྐྱེ་འགག་བྲལ། །དབྱིངས་ཉིད་ནམ་མཁའ་བསམ་ལས་འདས། །ཡངས་པའི་ནམ་མཁར་ཀུན་ཀྱང་ཤོང༌། །དོན་དམ་ནམ་མཁའ་བརྗོད་དང་བྲལ། །ཀུན་རྫོབ་ནམ་མཁའ་གསལ་ལ་དྭངས། །ནམ་ནི་ཕྱི་ཡི་ཡུལ་ཡིན་ཏེ། །མཁའ་ནི་ནང་གི་སེམས་ཡིན་ནོ། །ཡུལ་སེམས་གཉིས་སུ་མེད་པ་ནི། །དོན་གྱི་ནམ་མཁའ་ཡིན་པར་བཤད། །ནམ་ནི་གཟུང་དང་འཛིན་པ་སྟེ། །མཁའ་ནི་གཉིས་སུ་མེད་པ་ཡིན། །གཟུང་འཛིན་གཉིས་མེད་དག་པ་ཡི། །རྟོགས་པ་དོན་གྱི་ནམ་མཁའ་འདིས། །དཔལ་ལྡན་མགོན་པོ་བེར་ནག་ཅན། །ནག་པོ་སྟོང་དང་ཤ་ཟ་འབུམ། །
མ་མོ་བྱེ་བ་ལ་སོགས་པ། །འཁོར་དང་བཅས་པའི་ཐུགས་དམ་བསྐང༌། །སྐུ་ཡི་རྒྱན་དུ་ནམ་མཁའ་འབུལ། །གསུང་གི་རྒྱན་དུ་ནམ་མཁའ་འབུལ། །ཐུགས་ཀྱི་རྒྱན་དུ་ནམ་མཁའ་འབུལ། །འཁོར་བཅས་ཀུན་གྱི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །ཧཱུྃ༑ དཔལ་ལྡན་མགོན་པོ་ནག་པོ་ཡི། །དྲག་པོ་དཔལ་གྱི་གཏོར་ཆེན་ལ། །ཚེ་དང་ཡུངས་ཀར་ཡུངས་ནག་དང༌། །བཤོས་བུ་ཁྲག་གིས་བྱུགས་པ་དང༌། །ཤ་ཁྲག་ཚིལ་ཆེན་མར་མེ་དང༌། །ཁྲག་གི་ཞལ་བུ་ཟུར་གསུམ་དང༌། །སྟག་རས་གཟིག་རས་དར་ཚོན་རྣམས། །གཏོར་མའི་རྒྱན་དུ་བཙུགས་པ་ཡི། །འདོད་ཡོན་ལྔ་ལྡན་གཏོར་ཆེན་འདི། །བལྟས་ན་གཟུགས་སྡུག་གཟི་བརྗིད་ཆེ། །སྙན་པ་ཡན་ལག་དྲུག་ཅུའི་སྒྲ། །བསྣམས་པས་དྲི་ཞིམ་སངས་སེ་སངས། །མྱངས་པས་རོ་བརྒྱ་ལྡན་པའི་བཅུད། །རེག་པས་ནད་ཀུན་སེལ་བའི་གོས། །རྒྱལ་སྲིད་བདུན་དང་བཀྲ་ཤིས་བརྒྱད། །གཏེར་གྱི་བུམ་པ་
འདོད་ཡོན་ལྔས། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །ཧཱུྃ༑ སྤྲུལ་པའི་ལས་མཁན་ནག་པོ་ལ། །མཐུན་པའི་རྫས་སྣ་མང་པོ་དང༌། །ཤིང་ཐོག་མེ་ཏོག་སྣ་ཚོགས་དང༌། །གསེར་དངུལ་རིན་ཆེན་སྣ་ཚོགས་དང༌། །ཤ་ཁྲག་གཏོར་མའི་མཆོད་པ་འབུལ། །དར་སྣ་མང་པོའི་མཆོད་པ་འབུལ། །ཤ་སྣ་ཁྲག་སྣ་སྙིང་སྣ་དང༌། །རིན་ཆེན་འབྲུ་སྣ་སྨན་སྣ་དང༌། །རྐང་མར་ཚིལ་སྣའི་མཆོད་པ་འབུལ། །ཕྱི་ནང་མཆོད་པས་ཐུགས་དམ་བསྐང༌། །མགོན་པོ་འཁོར་བཅས་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་འཚེར་རྩུབ་བཟློག་ཏུ་གསོལ། །དགྲ་བགེགས་བྱད་མ་རྡུལ་དུ་རློག །བན་བྱད་བོན་བྱད་ཐམས་ཅད་ཟློག །རིགས་སྔགས་བྱད་སྟེམས་ཐམས་ཅད་ཟློག །ཟློག་ཅིག་རྦོད་གཏོང་ཐམས་ཅད་ཟློག །ས་མ་ཡ་བྷྱོ་ཟློག །ཅེས་འབུལ། དེ་ནས་དྲག་ཏུ་བསྐུལ་བ་ནི། ཧཱུྃ༑ མ་གཡེལ་མ་གཡེལ་སྲུང་མའི་ཚོགས། །
མ་དལ་མ་དལ་མྱུར་དུ་ཆོས། །མ་དལ་དྲག་པོ་མྱུར་དུ་རྒྱུགས། །བསྟན་པ་གཉན་ལ་དགྲ་བྱུང་བས། །ལྷ་དང་སྲུང་མའི་དམག་ཚོགས་འདུས། །དཀོན་མཆོག་གསུམ་ལ་སྡང་བྱེད་དང༌། །སངས་རྒྱས་ཆོས་ཀྱི་སྐུ་དགྲ་ལ། །དཔལ་ལྡན་མགོན་པོ་ནག་པོ་དང༌། །དཔལ་ལྡན་ལྷ་མོ་ནག་མོ་གཉིས། །འཁོར་དང་བཅས་པ་ཐམས་ཅད་དང༌། །དྲག་ཤུལ་ཅན་གྱི་དམག་ཚོགས་ཆོས། །ཞེ་སྡང་ཅན་གྱི་སྐུ་ཤུགས་ཕྱུང༌། །ཆོས་སྐྱོང་སྲུང་མ་ཐམས་ཅད་ཆོས། །མཐུ་ཅན་སྲུང་མ་ཆས་ཙམ་ན། །ལྷ་དམག་མང་པོ་སྤུངས་སེ་སྤུང༌། །ལྷ་སྲིན་མང་པོ་སྐར་ལྟར་འཁྲུགས། །བདུད་བཙན་སྡང་བའི་དགྲ་ལ་རྔམས། །རྒྱུགས་ཤིག་སྡང་བའི་དགྲ་ཤ་ཟོ། །རིངས་པར་ཆོས་ལ་དགྲ་ཁྲག་འཐུངས། །མ་གཡེལ་སྲུང་མ་ཐུགས་དམ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་རིངས་པར་ཁུག །མགྱོགས་པ་སྟོད་ལ་བཙན་པོ་གྱོན། །རྣོན་པོ་ཐོགས་ལ་མཐུ་རྩལ་ཕྱུང༌། །མྱུར་བར་མྱུར་བར་རིངས་སོ་རིངས། །སྡང་བའི་དགྲ་ལ་
དམག་སྣ་དྲོངས། །མཐུ་ཆེན་སྲུང་མ་གཉན་པོ་རྣམས། །མྱུར་བར་སྡང་བའི་དགྲ་ལ་རྒྱུགས། །མཐུ་ཆེན་དགྲ་ལྷ་གཉན་པོ་རྣམས། །དགྲ་ཁམས་མ་ལུས་ཆམ་ལ་ཕོབ། །སྡང་བའི་དགྲ་བོ་ལས་ངན་གྱི། །སོ་པ་སོད་ལ་རྒྱུས་པ་ཆིངས། །དཔའ་བོ་སོད་ལ་མགྱོགས་པ་ཁྱིགས། །གོ་ཕྲབ་ཤུས་ལ་རྣོན་མཚོན་ཕྲོགས། །རེངས་པར་ཁུག་ལ་མྱུར་བར་སོད། །སྡང་བའི་དགྲ་ཡི་ལས་སྒོ་ཕྱེས། །ཚང་གསུམ་ནོར་གྱི་ནང་དབྱེན་གྱིས། །མི་ཕྱུགས་ནང་ནོར་གནངས་སུ་ཆོད། །དགྲ་ལ་ཆོད་ལ་བདག་ལ་བྱིན། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །འགྲོན་པོ་བྱེས་སུ་འགྲོ་བའི་ཚེ། །སྐྱེས་བུ་དོན་འདོད་འགའ་ཞིག་གིས། །སྲུང་མ་གཉན་པོ་མཆོད་པའི་ཚེ། །སྔུན་ནས་སུས་ལ་རྒྱབ་ནས་སྐྱོར། །རྒྱ་ཡི་དཀོར་ནོར་གྲངས་སུ་བསྡོས། །བོད་ཀྱི་ཟས་ནོར་གཡང་དུ་བྱིན། །སྐྱེས་བུ་དོན་གྲུབ་ཡུལ་དུ་སྐྱོལ། །ཡུལ་བྱེས་གཉིས་ཀྱི་དགྲ་སྣ་ཟློག །དངོས་གྲུབ་བར་དུ་གཅོད་པ་ཡི། །གནོད་པར་བྱེད་པའི་འབྱུང་པོ་ཐུལ། །མ་གཡེལ་
སྲུང་མ་གཉེན་པོ་རྣམས། །རྡོ་རྗེ་འཆང་གི་བཀའ་བྱུང་གི །མ་དལ་རིངས་པར་རྟ་ཕོ་སྟོད། །རང་བྱུང་ཡེ་ཤེས་མཚོན་ཆ་ཕྱོར། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །དཔལ་ལྡན་མགོན་པོ་རྣམ་ཐོས་སྲས། །སེང་གེ་རྩལ་ཆེན་མྱུར་བར་ཆིབས། །ཕྱག་མཚན་མཆོད་རྟེན་དཀར་པོ་བསྣམས། །བ་དན་དཀར་པོ་གནམ་ལ་གཡུགས། །ལྷོ་ཕྱོགས་ལྷ་དམག་མྱུར་བར་སྐུལ། །མཐུ་ཆེན་མགོན་པོའི་དམག་ཚོགས་རྣམས། །ཧཱུྃ་དང་ཕཊ་སྒྲ་ཏི་རི་རི། །བ་དན་རུ་མཚོན་ཐིབས་སེ་ཐིབས། །གོ་གྱོན་མཚོན་ཐོགས་སི་ལི་ལི། །མགྱོགས་པའི་རྟ་རྒྱུགས་སྤྲེངས་སེ་སྤྲེངས། །མཐུ་ཆེན་ལྷ་དམག་གཉན་པོ་རྣམས། །སྡང་བྱེད་དགྲ་ཡི་ཤ་ཁྲག་ཟོ། །དགྲ་ལ་ཉེས་པའི་གཡུལ་ཉེས་ཕྱུང༌། །མྱུར་བར་མྱུར་བར་རིངས་སོ་རིངས། །མ་གཡེལ་ཆོས་སྐྱོང་སྲུང་མ་རྣམས། །དམ་ཚིག་གཉན་པོའི་ལྕག་རྒྱོབས་ཤིག །སྡང་བའི་དགྲ་ཡི་རྒྱུས་པ་ཆིངས། །དཔལ་རབ་འཆང་བའི་མགོན་པོ་སྟེ། །ངང་སེར་ཉི་མའི་མདོག་འདྲ་ཆིབས། །ཕྱག་ན་ཉི་མའི་ཞགས་པ་
བསྣམས། །དར་དཀར་བ་དན་གནམ་ལ་གཡུགས། །ཤར་ཕྱོགས་རྣལ་འབྱོར་ཕོ་ལྷ་རྣམས། །རིངས་པར་བསྐུལ་ལོ་མྱུར་བར་ཆོས། །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །གཏོར་མ་འདི་དང་དགྲ་བོ་གཉིས། །མྱུར་བར་བཞེས་ལ་རིངས་པར་ཁུག །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མཐུ་ཆེན་མགོན་པོ་ལེགས་ལྡན་གྱིས། །མཚལ་བུ་རྟིང་དཀར་ལེགས་པར་བསྟོད། །ཙནྡན་བེང་ཆེན་ལེགས་པར་ཕྱོར། །དར་དཀར་བ་དན་གནམ་དུ་གཡུགས། །ལྷོ་ཕྱོགས་རྣལ་འབྱོར་ཕོ་ལྷ་རྣམས། །རིངས་པར་བསྐུལ་ལོ་མྱུར་བར་ཆོས། །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །གཏོར་མ་འདི་དང་དགྲ་བོ་གཉིས། །མྱུར་བར་བཞེས་ལ་རིངས་པར་ཁུག །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །མྱུར་བར་མྱུར་བར་རིངས་སོ་རིངས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མཐུ་ཆེན་བྲག་ལྷ་མགོན་པོ་ནི། །མཚལ་བུ་རྟིང་དཀར་
ལེགས་པར་སྟོད། །ཙནྡན་གྲུ་ཚལ་ཕྱག་མཚན་ཕྱོར། །དར་དཀར་བ་དན་གནམ་ལ་གཡུགས། །ནུབ་ཀྱི་ཕྱོགས་ནས་ལྷ་དམག་བསྐུལ། །མྱུར་བར་བཞེངས་ལ་རིངས་པར་རྒྱུགས། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མྱུར་དུ་ཁུག །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །དཔལ་ལྡན་མགོན་པོ་རྣམ་ཐོས་སྲས། །སེང་གེ་རྩལ་ཆེན་མྱུར་བར་སྟོད། །ཕྱག་མཚན་ཤེས་རབ་རལ་གྲི་ཕྱོར། །བ་དན་དཀར་པོ་གནམ་དུ་གཡུགས། །བྱང་ནས་ལྷ་དམག་མྱུར་བར་བསྐུལ། །མཐུ་ཆེན་མགོན་པོའི་དམག་ཚོགས་ཀྱི། །ཀུ་བསྭོ་ཆ་སྒྲ་དི་རི་རི། །བ་དན་རུ་མཚོན་ཐིབས་སེ་ཐིབས། །གོ་གྱོན་མཚོན་ཐོགས་སི་ལི་ལི། །མགྱོགས་པའི་རྟ་རྒྱུགས་སྤྲེངས་སེ་སྤྲེངས། །མྱུར་བར་མྱུར་བར་རིངས་སོ་རིངས། །མ་གཡེལ་ཆོས་ཀྱི་དགྲ་ལྷ་རྣམས། །རྒྱུགས་ཤིག་ཆོས་ཀྱི་ཕོ་ལྷ་རྣམས། །སངས་རྒྱས་ཆོས་ལ་དགྲ་བྱུང་གི །ལྷ་གྲོང་བྱང་ཆུབ་གླིང་རྣམས་
བཤིག །སངས་རྒྱས་བསྟན་པ་ནུབ་པར་བྱས། །དཀོན་མཆོག་གསུམ་གྱི་དཀོར་ནོར་ཕྲོགས། །སངས་རྒྱས་བསྟན་ལ་དགོངས་སུ་གསོལ། །བསྟན་པ་གཉན་པོ་མྱུར་བར་སྐྱོངས། །སངས་རྒྱས་བསྟན་པ་ནུབ་ལ་ཁད། །ཀུན་ཏུ་བཟང་པོའི་ཆོ་འཕྲུལ་ཤར། །འཕགས་པ་འཇམ་དབྱངས་ང་རྒྱལ་བསྐྱེད། །ཐུགས་རྗེ་ཆེན་པོ་ཞེ་སྡང་ཁྲོས། །ཕྱག་ན་རྡོ་རྗེའི་ཁྲོ་གཏུམ་ལས། །ཁྱོད་ནི་དགྲ་གསོད་སྲུང་མར་བསྐོས། །མྱུར་བར་རྒྱུགས་ཤིག་མཐུ་རྩལ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མྱུར་བར་བཞེས་ལ་རིངས་པར་ཁུག །མྱུར་བར་མྱུར་བར་རིངས་སོ་རིངས། །མྱུར་བར་བཞེངས་ལ་རིངས་པར་ཆོས། །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །དཔུང་བ་ཆོག་ལ་རྒྱུས་པ་ཆིངས། །རིངས་པར་ཁུག་ལ་མྱུར་བར་སོད། །མ་གཡེལ་སྲུང་མ་མྱུར་བར་རྒྱུགས། །ལྷ་ཆེན་ཚངས་པ་ཆེན་པོ་ཡིས། །ནམ་མཁའ་འོད་ཀྱི་རྟ་ཕོ་སྟོད། །རྫུ་འཕྲུལ་མཆོག་གི་རྟ་ལ་ཞོན། །སྨིག་གི་རྟ་ཕོ་རོལ་དུ་ཁྲིད། །རྫི་ཡི་རྟ་ཕོ་རོལ་དུ་
ཁྲིད། །མུ་ཁ་མཐའ་འབྱམས་དམག་བསྡུས་ལ། །སྡང་བའི་དགྲ་ལ་རིངས་པར་རྒྱུགས། །སྡང་བའི་དགྲ་ཡི་དཔུང་པ་ཆོག །དགྲ་མཁར་སྒྱེལ་ལ་དགྲ་དཔུང་ཤིག །ཉེས་བྱས་དགྲ་བོ་ཆམ་ལ་ཕོབ། །སྡང་བྱེད་དགྲ་བོའི་དོན་སྙིང་ཕྱུང༌། །མ་གཡེལ་སྲུང་མ་མྱུར་བར་རྒྱུགས། །མཐུ་ཆེན་ལྷ་ཡི་དབང་པོ་ཡིས། །གླང་པོ་མགོ་ལྔ་མྱུར་བར་སྟོད། །མཐུ་ཆེན་གྱད་ཀྱི་རྒྱལ་པོ་ཞོན། །འདོད་ཁམས་ལྷ་ལ་ར་མདར་སློག །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུངས། །དགྲ་ཡི་བླ་རི་རྩེ་ནས་སྒྱེལ། །རྩལ་མཁན་ཚོགས་བདག་མགོན་པོ་ཆོས། །མདའ་སྐྱེན་སྤུ་ར་སྨུག་པོ་ཆོས། །འཐབ་སྐྱེན་མ་ཧཱ་ཀཱ་ལ་ཆོས། །ལམ་མཁན་ཨརྱ་རེ་མན་ཆོས། །སོ་བ་དཔལ་རབ་མགོན་པོ་ཆོས། །འཇིག་མཁན་བྲག་ལྷ་མགོན་པོ་ཆོས། །ཡང་ཟོར་ཧ་ནུ་མནྠ་ཆོས། །སྒྱོགས་མཁན་ཁྱབ་འཇུག་ནག་པོ་ཆོས། །རྐྱལ་མཁན་པ་ལི་སྨུག་པོ་ཆོས། །མདའ་ར་ཉེ་དབང་སུམ་ཅུ་ཆོས། །གཅོད་མཁན་ལྷ་སྲིན་སྡེ་བརྒྱད་ཆོས། །བརྟུལ་ཞུགས་ཀླང་ཆེན་སྨྱོན་པ་ཆོས། །
དྲང་སྲོང་སྟག་གཡག་རྔམ་པ་ཆོས། །རེ་འབྱམས་བྱ་རྒྱལ་ཁྱུང་ཆེན་ཆོས། །ཁྲོ་གཏུམ་གཡུ་འབྲུག་སྔོན་པོ་ཆོས། །མཁའ་ལྡིང་མཐུ་རྩལ་མྱུར་མགྱོགས་ཆོས། །དཔའ་རྩལ་སེང་གེ་རྔམ་པ་ཆོས། །ཉིན་གྱི་དྲོ་གསལ་ཉི་མ་ཆོས། །མཚན་གྱི་སྒྲོན་གསལ་ཟླ་བ་ཆོས། །ཕྱི་དཔུང་ལྷ་ཀླུ་གཉན་དམག་ཆོས། །སྣ་ཁྲིད་རྡོ་རྗེ་ལེགས་པ་ཆོས། །གསོད་མཁན་སྲོག་བདག་སྐྱེས་བུ་ཆོས། །བཤའ་མཁན་དྲང་སྲོང་ཤེ་ལེ་ཆོས། །ཤ་ཟན་ཕྲ་མིན་ཁྲ་སྤྱང་ཆོས། །ཁྲག་འཐུང་འབར་བ་དྲེད་མགོ་ཆོས། །མཐུ་ཆེན་འཇིག་རྟེན་སྲུང་མ་ཆོས། །གོ་གྲི་གཟུར་ལ་རྣོ་མཚོན་རྡོར། །མགྱོགས་པ་སྟོད་ལ་རིངས་པར་རྒྱུགས། །ཞེ་སྡང་སྐྱེད་ལ་ང་རྒྱལ་ཕྱུང༌། །མྱུར་བར་ཆོས་ལ་རིངས་པར་རྒྱུགས། །སངས་རྒྱས་ཆོས་ལ་དགྲ་བྱུང་གིས། །དཀོན་མཆོག་གསུམ་གྱི་དཀོན་ནོར་ཁྱེར། །དམ་ཚིག་ཅན་གྱི་ཐུགས་ཡིད་དཀྲུགས། །བསྟན་པ་གཉན་པོར་དགོངས་སུ་གསོལ། །མྱུར་བར་མྱུར་བར་རིངས་སོ་རིངས། །དགྲ་བོ་མི་དཔའ་རྟ་མགྱོགས་
ཀྱི། །དཔུང་པ་ཆིངས་ལ་རྒྱུས་པ་ཆོད། །དགྲ་བོ་ཕ་དཔའ་བུ་དཔའ་ཡི། །དོན་སྙིང་ཕྱུང་ལ་མགོ་བོ་ཆོད། །དགྲ་བོ་གོ་གྱོན་མཚོན་ཐོགས་ཀྱི། །གོ་ཁྲབ་ཤུས་ལ་རྣོ་མཚོན་ཕྲོགས། །དགྲ་བོ་ཕོ་འཕྱོར་མོ་སྒེག་གི །རྩ་དཀར་ཕྲོགས་ལ་སྐྱེ་རྒྱུད་ཆོད། །དགྲ་བོ་ཇག་བྱེད་རྐུན་ཤོམ་གྱི། །བསམ་ངན་སྒྲུབ་བྱེད་དགྲ་བོ་ཡི། །དགྲ་ལ་གཡུལ་ཉེས་གྲི་རྒོད་ཕོབ། །སྒྲོལ་ཕྱེད་ལས་ཀྱི་གཤིན་རྗེ་ཡིས། །སྡིག་ཅན་དགྲ་བོ་ཉེས་བྱེད་འདི། །ཞག་དང་ཟ་མར་མ་འགོར་བར། །ད་ལྟ་ཉིད་དུ་མྱུར་དུ་སོད། །རེམས་ཤིག་མ་གཡེལ་སྲུང་མ་རྣམས། །གཏོར་མ་འདི་དང་དགྲ་བོ་གཉིས། །མྱུར་བར་སོད་ལ་མཉམ་པོར་བཞེས། །རེངས་པར་ཁུག་ལ་མྱུར་དུ་སོང༌། །མ་གཡེལ་འཇིག་རྟེན་མྱུར་མགྱོགས་ལྷ། །སྡིག་ཅན་སྡང་བའི་དགྲ་བོ་འདིས། །སྲུང་མ་གཉན་པོ་མ་བརྩིས་པས། །ཁྱོད་ཀྱིས་ཀོ་ལོང་དྲག་པོ་མཛོད། །མ་གཡེལ་སྲུང་མ་མྱུར་བར་ཆོས། །དགྲ་བོ་ཕ་རྩ་བུ་རྒྱུད་རྣམས། །ཚེ་སྟུངས་སྲོག་ཆོད་སྙིང་ཁྲག་འཇོངས། །བདུན་རྒྱུད་རིགས་
ནས་ཐལ་བར་རློག །སྲོག་ཆོད་སྙིང་ཕྱུང་ཤ་རུས་གཏུབས། །མཐུ་ཆེན་སྲུང་མ་ཡུལ་འཁོར་སྲུང༌། །མགྱོགས་པའི་དུང་རྟ་དཀར་པོ་སྟོད། །དུང་ཁྲབ་གྱོན་ལ་རྣ་མཚོན་རྡོར། །འཁོར་ནི་དྲི་ཟའི་དམག་ཚོགས་སྐུལ། །སྡང་བའི་དགྲ་ལ་མྱུར་དུ་རྒྱུགས། །དགྲ་སྙིང་ཕྱུང་ལ་དགྲ་སྲོག་ཆོད། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུངས། །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །རྒྱུས་པ་ཆིངས་ལ་དཔུང་པ་ཆོག །རིངས་པར་ཁུག་ལ་མྱུར་བར་སྒྲོལ། །ཆོས་ཀྱི་སྐྱོང་སྲུང་མ་འཕགས་སྐྱེས་པོ། །མགྱོགས་པ་ངང་དཀར་ཡང་ཞུར་སྟོད། །གོ་གྱོན་མཚོན་ཐོགས་མྱུར་བར་ཞོན། །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །དགྲ་བོ་དཔའ་བོའི་དོན་སྙིང་ཕྱུང༌། །དགྲ་བོ་མགྱོགས་པའི་རྒྱུས་པ་ཆིངས། །མ་གཡེལ་སྲུང་མ་མཐུ་ཆེན་རྣམས། །ཆོས་སྐྱོང་སྲུང་མ་སྤྱན་མི་བཟང༌། །མགྱོགས་ཀྱི་དམར་ཞུར་མྱུར་བར་སྟོད། །གོ་མཚོན་ཐོགས་ལ་རིངས་པར་ཞོན། །སྡང་བའི་དགྲ་ལ་མྱུར་དུ་རྒྱུགས། །མ་གཡེལ་སྲུང་མ་མྱུར་དུ་ཆོས། །མཐུ་ཆེན་རྒྱལ་པོ་
རྣམ་ཐོས་སྲས། །མགྱོགས་པའི་རྟ་ཕོ་སྔོ་ཁྲ་སྟོད། །བཙན་པོ་གྱོན་ལ་རྣོན་པོ་ཐོགས། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །མྱུར་བར་མྱུར་བར་རིངས་སོ་རིངས། །སྡང་བའི་དགྲ་ལ་མྱུར་དུ་རྒྱུགས། །ཕྱོགས་བཞིའི་དམག་དཔོན་རྒྱལ་ཆེན་བཞིས། །འཁོར་ནི་སྲུང་མའི་དམག་ཚོགས་སྐུལ། །དྲི་ཟ་རྣམས་ཀྱིས་རྟ་ཡར་སྟོད། །གྲུལ་བུམ་རྣམས་ཀྱིས་རྟ་ཡར་སྟོད། །ཀླུ་རྣམས་ཀུན་གྱིས་རྟ་ཡར་སྟོད། །གནོད་སྦྱིན་རྣམས་ཀྱིས་རྟ་ཡར་སྟོད། །བཙན་པོ་གྱོན་ལ་རྣོན་པོ་ཐོགས། །མྱུར་བར་ཞོན་ལ་རིངས་པར་རྒྱུགས། །སྡང་བྱེད་དགྲ་བོའི་ཚེ་སྲོག་ཆོད། །རྣམ་ཤེས་ལོངས་ལ་ཤ་ཁྲག་ཟོ། །སྙིང་ཁྲག་འཐུངས་ལ་ཁོང་ཁྲག་འཇིབས། །སེམས་ཉིད་བླ་མེད་གནས་སུ་སྤོར། །མ་གཡེལ་མ་གཡེལ་དགྲ་ལ་རྒྱུགས། །བདག་ལ་སྡང་བའི་དགྲ་བྱུང་ན། །བསྟན་པ་གཉན་ལ་སྲུང་མ་རེམས། །མྱུར་བར་མྱུར་བར་རིངས་སོ་རིངས། །མ་གཡེལ་སྲུང་མ་ཐུགས་དམ་ཅན། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་
རིངས་པར་ཁུག །མཐུ་རྩལ་ཅན་གྱི་སྲུང་མ་རྣམས། །མགྱོགས་པ་སྟོད་ལ་རྣོན་པོ་ཐོགས། །མྱུར་བར་ཞོན་ལ་རིངས་པར་རྒྱུགས། །སྡང་བའི་དགྲ་བོའི་ཚེ་སྲོག་ཆོད། །དཔའ་རྩལ་ཅན་གྱིས་རྟ་རྣམས་སྟོད། །ཡང་ཟོར་ཅན་གྱིས་རྟ་ཡར་སྟོད། །མྱུར་མགྱོགས་ཅན་གྱི་རྟ་ཡར་སྟོད། །རེམས་ཤིག་མ་གཡེལ་སྲུང་མ་རྣམས། །མགྱོགས་པ་ཞོན་ལ་རིངས་པར་རྒྱུགས། །བཙན་པོ་གྱོན་ལ་རྣོན་པོ་ཐོགས། །སྡང་བའི་དགྲ་ལ་མྱུར་དུ་རྒྱུགས། །གྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །རྒྱུས་པ་ཆོད་ལ་དོན་སྙིང་ཕྱུང༌། །དགྲ་མཁར་ཤིག་ལ་དགྲ་དཔུང་ཟློག །སྡང་བའི་དགྲ་བོ་ཆམ་ལ་ཕོབ། །མ་གཡེལ་སྲུང་མ་མྱུར་དུ་ཆོས། །ཁྲོ་གཏུམ་སྨྲ་བའི་སྲུང་མ་ཆོས། །རྣོན་པོས་གསོད་པའི་སྲུང་མ་ཆོས། །འོག་རྟ་མགྱོགས་པའི་སྲུང་མ་ཆོས། །འཐབ་ན་དཔའ་བའི་སྲུང་མ་ཆོས། །མ་གཡེལ་སྲུང་མ་གཉན་པོ་རྣམས། །ཐུབ་པའི་དཔུང་དང་དགྲ་ལ་ཆོས། །ཆོས་པའི་ངར་དང་དགྲ་ལ་ཆོས། །རྒྱུགས་ཤིག་སྡང་བའི་དགྲ་ལ་
རྒྱུགས། །དགྲ་ལ་གཡུལ་ཉེས་གྲི་ལིངས་ཕྱུང། །དགྲ་ལ་གློ་བུར་ཡེ་འདྲོག་ཐོང༌། །དགྲ་ལ་མི་ཤི་རྟ་འགྱེལ་ཐོང༌། །དགྲ་ཡི་མི་ནོར་རྡུལ་དུ་རློག །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །རྒྱུས་པ་ཆོད་ལ་དོན་སྙིང་ཕྱུང༌། །དགྲ་མཁར་ཤིག་ལ་དགྲ་དཔུང་ཟློག །དགྲ་སྡང་མ་ལུས་ཆམ་ལ་ཕོབ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་གཡེལ་འཇིག་རྟེན་མྱུར་མགྱོགས་ལྷ། །མ་གཡེལ་ལྷ་ཡི་རྒྱལ་པོ་ཡིས། །གླང་པོ་ཞོན་ལ་རྡོ་རྗེ་ཕྱོར། །འཁོར་ནི་དྲི་ཟའི་དམག་རྣམས་སྡུས། །མགྱོགས་པ་ཞོན་ལ་རྣོ་མཚོན་རྡོར། །སྡང་བའི་དགྲ་ལ་མྱུར་དུ་ཆོས། །དགྲ་སྲོག་ཆོད་ལ་དོན་སྙིང་ཕྱུང༌། །མེ་ལྷའི་རྒྱལ་པོ་ར་ལ་ཞོན། །འཁོར་ནི་མེ་ལྷའི་དམག་རྣམས་བསྡུས། །མགྱོགས་པ་ཞོན་ལ་རྣོ་མཚོན་རྡོར། །དགྲ་ལ་ཚ་བའི་ནད་ཡམས་ཐོང༌། །མགྱོགས་པ་ཞོན་ལ་དགྲ་ལ་རྒྱུགས། །སྡང་བའི་དགྲ་བོའི་ཚེ་སྲོག་ཆོད། །གཤིན་རྗེའི་རྒྱལ་པོ་མ་ཧེ་ཆིབས། །འཁོར་ནི་གཤིན་རྗེའི་རྟ་རྣམས་སྟོད། །མ་གཡེལ་སྲུང་མ་དགྲ་ལ་
རྒྱུགས། །སྡང་བའི་དགྲ་ཡི་ཡུལ་འཁོར་དཀྲུགས། །ཚེ་སྲོག་ཆོད་ལ་དུས་མཐའ་སྡུས། །ལས་ཀྱི་གཤིན་རྗེ་འཁོར་བཅས་ཀྱིས། །སྡང་བྱེད་དགྲ་བོའི་ཚེ་སྲོག་ཆོད། །སྙིང་ཁྲག་དམར་པོ་འཐུངས་ལ་སོད། །དགྲ་བོ་མ་ལུས་ཁྲམ་ལ་ཐོབས། །ལྷོ་ནུབ་སྲིན་པོའི་རྒྱལ་པོ་ཡིས། །ཀུན་ཏུ་རྒྱལ་བའི་མི་ལ་ཞོན། །སྲིན་པོའི་འཁོར་རྣམས་རྟ་ཡར་སྟོད། །མྱུར་བར་ཞོན་ལ་རིངས་པར་རྒྱུགས། །སྡང་བའི་དགྲ་ཡི་ཚེ་སྲོག་ཆོད། །མ་གཡེལ་འཇིག་རྟེན་སྲུང་མ་རྣམས། །རྡོ་རྗེ་འཆང་གི་བཀའ་བྱུང་གི །དམ་ཚིག་གཉན་ལ་མ་འདའ་བར། །རྣལ་འབྱོར་པ་ལ་དགྲ་བྱུང་གི །ཕྲིན་ལས་མཛད་པའི་སྲུང་མར་བསྐོས། །མ་གཡེལ་འཇིག་རྟེན་སྲུང་མ་རྣམས། །དགྲ་སྲོག་ཆོད་ལ་དོན་སྙིང་ཕྱུང༌། །དགྲ་མཁར་སྒྱེལ་ལ་དགྲ་དཔུང་ཟློགས། །སྡང་བྱེད་དགྲ་བོ་ཆམ་ལ་ཕོབས། །ཆུ་ལྷའི་རྒྱལ་པོ་ཆུ་སྲིན་ཆིབས། །འཁོར་ནི་ཆུ་ལྷའི་རྟ་ཡར་སྟོད། །མྱུར་བར་ཞོན་ལ་དགྲ་ལ་རྒྱུགས། །སྡང་བའི་དགྲ་ལ་མཛེ་ནད་ཐོངས། །དགྲ་ཡི་ཡུལ་
ཁམས་ཆུ་ཡིས་ཤིག །རླུང་ལྷའི་རྒྱལ་པོ་ཤ་བ་ཞོན། །འཁོར་ནི་རླུང་ལྷའི་རྟ་རྣམས་སྟོད། །སྡང་བའི་དགྲ་ལ་མྱུར་དུ་རྒྱུགས། །དགྲ་བོའི་སེམས་ཀྱི་མར་མེ་སོད། །གནོད་སྦྱིན་རྒྱལ་པོ་སེང་གེ་ཆིབས། །འཁོར་ནི་གནོན་སྦྱིན་རྟ་ཡར་སྟོད། །སྡང་བའི་དགྲ་བོའི་ཐོག་ཏུ་རྒྱུགས། །དགྲ་བོའི་མིག་གིས་གསལ་བྱེད་སྣུབས། །དབང་ལྡན་རྒྱལ་པོ་གླང་པོ་ཆིབས། །འཁོར་ནི་དབང་ལྡན་རྟ་རྣམས་སྟོད། །སྡང་བའི་དགྲ་བོའི་ཚེ་སྲོག་ཆོད། །ཚངས་པའི་རྒྱལ་པོ་རྟ་ལ་ཞོན། །འཁོར་ནི་ཚངས་པའི་རྟ་རྣམས་སྟོད། །དགྲ་ལ་རྒྱུགས་ལ་རྟེན་ཕུར་ཕུད། །ས་བདག་རྒྱལ་པོ་ཕག་ལ་ཞོན། །འཁོར་ནི་ས་བདག་ཚངས་པ་རྣམས། །མགྱོགས་པ་ཞོན་ལ་གོམ་པ་སྐྱེད། །བཙན་པོ་གྱོན་ལ་རྣོན་པོ་རྡོར། །སོད་ཅིག་རྒྱོབ་ཅིག་དགྲ་དང་བགེགས། །སྡང་བའི་དགྲ་ཡི་ཡུལ་དུ་རྒྱུགས། །དགྲ་བོ་མི་ནོར་འཁོར་དང་བཅས། །ས་གཞི་རྡུལ་དང་བཅས་པ་རྣམས། །རླུང་ལ་ཕྱོར་ལ་ཆུ་ལ་ཐོབ། །མིང་ཡང་མེད་པར་རྡུལ་དུ་རློགས། །འཇིག་རྟེན་ཕྱོགས་
རྣམས་སྐྱོང་བར་བྱེད། །ལྷ་མིན་གཡུལ་ལས་རྒྱལ་བར་བྱེད། །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །སྡང་བའི་དགྲ་བོ་ལས་ངན་གྱི། །རྒྱུས་པ་ཆིངས་ལ་ཁོང་པ་དཀྲུགས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ཐུབ་པའི་བསྟན་སྲུང་གཉན་པོ་རྣམས། །མ་གཡེལ་དགྲ་བོའི་ཐོག་ཏུ་ཆོས། །རྒྱ་གར་ཡུལ་གྱི་སྲུང་མ་རྣམས། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མྱུར་དུ་སྒྲོལ། །སྡང་བའི་དགྲ་ཡི་རྒྱུས་པ་ཆོད། །གནོད་པའི་བགེགས་རྣམས་རྡུལ་དུ་རློགས། །མ་གཡེལ་སྲུང་མ་མྱུར་བར་སྐུལ། །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །སྡང་བྱེད་དགྲ་བོའི་རྒྱུས་པ་ཆིངས། །དགྲ་མཁར་སྒྱེལ་ལ་དགྲ་དཔུང་ཟློག །སྡང་བྱེད་དགྲ་བོ་ཆམ་ལ་ཕོབས། །གནོད་བྱེད་བགེགས་ཀྱི་དོན་སྙིང་ཕྱུང༌། །མ་གཡེལ་སྲུང་མ་མྱུར་དུ་ཆོས། །རྒྱ་གར་ཡུལ་གྱི་མཁའ་འགྲོ་མ། །བོད་ཀྱི་ཡུལ་གྱི་བསྟན་སྲུང་མ། །རྒྱལ་མོ་རྗེ་ཡི་མགུར་ལྷ་མོ། །འཇིག་རྟེན་ཁམས་ཀྱི་ལག་ལེན་མཁན། །སྟོང་གསུམ་དམོད་མོ་བྱེད་
མཁན་མོ། །བོད་ཀྱི་ཡུལ་གྱི་དུག་ལྷ་མོ། །དྲེལ་རྟ་རྒྱ་བོད་མགོ་དགུ་ཆིབས། །རིངས་པར་ཆོས་ལ་མྱུར་དུ་རྒྱུགས། །གཏོར་མ་འདི་དང་དགྲ་བོ་གཉིས། །མཉམ་པོར་བཞེས་ལ་མྱུར་དུ་སྒྲོལ། །བདག་ལ་སྡང་བའི་དགྲ་བོ་འདི། །ཞག་དང་ཟ་མར་མ་འགོར་བར། །ད་ལྟ་ཉིད་དུ་མྱུར་དུ་སོད། །མྱུར་བར་མྱུར་བར་རིངས་སོ་རིངས། །རེམས་ཤིག་མ་གཡེལ་སྲུང་མ་རྣམས། །འཇིག་རྟེན་ཁམས་ཀྱི་སྲུང་མ་རྣམས། །འོག་རྟ་སྟོད་ལ་དམག་མི་སྐུལ། །བཙན་པོ་གྱོན་ལ་རྣོན་པོ་ཐོགས། །སངས་རྒྱས་ཆོས་ལ་ཕྱོགས་པའི་ལྷ། །མཆོད་ན་མགྲོན་ལ་བྱམས་པའི་ལྷ། །མངག་ན་ཇག་ལ་མྱུར་མཛད་ལྷ། །བོད་ཀྱི་ཐང་ལྷ་ཡར་ཞུད་ཀྱིས། །རྟ་ནི་དམར་ཞུར་ཟག་དམར་སྟོད། །སྐུ་ལ་གསེར་ཁྲབ་སེར་པོ་མནབས། །ཤེལ་གྱི་རྡོ་རྗེའི་ཆ་ག་བཏབ། །གཉན་པོ་ཁྱེད་ཀྱི་དཔུང་གནས་སུ། །༢༢༢༢༢༦་བཀྲ་ཤིས་གསེར་ཉ་དང་པོ་ལ། །ཤེས་རབ་ལྷ་མདའ་སྐར་ལྟར་འཁྲུགས། །གཡོན་གྱི་དཔའ་བོ་ཆས་པ་ལ། །ཐབས་ཀྱི་ལྷ་གཞུ་གློག་ལྟར་འཁྱུག །དབུ་ཡི་
དུང་རྨོག་གཙུག་ཏོར་ལ། །ཤེས་རབ་བྱང་ཕོད་ཉི་ལྟར་འབར། །རྒྱབ་ཏུ་འབྲུག་དང་སེང་གེ་འགྲོལ། །སྔོན་དུ་ཁྱུང་དང་སེང་གེ་འཕུར། །འཁོར་དུ་གཉན་ཕྲན་བསམ་མི་ཁྱབ། །ཀུན་ཀྱང་མི་དཀར་རྟ་དཀར་ཅན། །བ་དན་དཀར་པོ་གནམ་ལ་གཡུགས། །ཀུ་བསྭོ་ཆ་སྒྲ་དི་རི་རི། །མྱུར་བར་མྱུར་བར་རིངས་སོ་རིངས། །མ་གཡེལ་སྡང་བའི་དགྲ་ལ་རྒྱུགས། །དགྲ་བོ་མི་དཔའ་རྟ་མགྱོགས་ཀྱི། །དཔུང་པ་ཆོག་ལ་རྒྱུས་པ་ཆིངས། །དགྲ་མཁར་སྒྱེལ་ལ་དགྲ་དཔུང་ཟློག །སྡང་བྱེད་དགྲ་བོ་ཆམ་ལ་ཕོབས། །མ་གཡེལ་སྲུང་མ་བོད་ཀྱི་ལྷ། །གཉན་པོ་རྨ་གཉན་སྤོམ་ར་ཡིས། །མགྱོགས་པ་ངང་དཀར་ཡང་ཞུར་ལ། །དར་སྟན་བསེ་སྒ་ཁྲ་བོ་སྟོད། །སྐུ་ལ་གསེར་ཁྲབ་སེར་པོ་མནབས། །དཔའ་རྟགས་སྟག་གི་ཤམ་ཐབས་ཅན། །དབུ་ལ་དུང་རྨོག་ཟུར་གསུམ་ལ། །སྟག་འཕྲུ་ཁྱུང་གི་ལྡེམ་འཕྲུ་བཙུགས། །གཡས་ཀྱི་སྟག་དོང་ཁྲ་བོ་ལ། །ལྷ་མདའ་མེ་འབར་སྐར་ལྟར་འཁྲུགས། །གཡོན་གྱི་གཟིག་ཤུབ་ཐིག་
ལེ་ལ། །ལྷ་གཞུ་གློག་འོད་ཁྱུགས་སེ་ཁྱུགས། །རྐེད་ཀྱི་དངུལ་ཤུབ་ཟལ་དཀར་ལ། །ཤེས་རབ་རལ་གྲི་གློག་ལྟར་འཁྱུགས། །དབུ་ཡི་བསེ་རྨོག་ཟུར་གསུམ་ལ། །རྒོད་འཕྲུ་ལྡེམ་དར་ཉི་ལྟར་ཤར། །སྔོན་དུ་ཁྱུང་དང་རྒོད་གཉིས་ཀྱིས། །ལ་ཉེ་རྩེད་མོ་སྤྲུལ་པ་མང༌། །རྒྱབ་ཏུ་སྟག་གཡག་སེང་གེ་རོལ། །གཡས་ན་ལྷ་དམག་སྤུངས་སེ་སྤུངས། །གཡོན་ན་གཉན་དམག་ཤ་ར་ར། །བོད་ཡུལ་གཉན་དང་ས་བདག་དང༌། །དེ་རིང་འདུས་པའི་ས་བདག་དང༌། །འདི་ན་གནས་པའི་མཐུ་རྩལ་ཅན། །ཁྱད་པར་དགོངས་པའི་སྲུང་མ་རྣམས། །མ་གཡེལ་མགྱོགས་པའི་རྟ་རྣམས་སྟོད། །སྡང་བའི་དགྲ་ལ་ཞེ་སྡང་སྐྱེད། །མགྱོགས་པ་ཞོན་ལ་རྣོ་མཚོན་ཐོགས། །རྡོ་རྗེ་འཆང་གི་བཀའ་བྱུང་གི །བསྟན་པ་གཉན་པོ་བསྲུང་དུ་གསོལ། །ཁྱུང་དང་སེང་གེ་གཡུ་འབྲུག་དང༌། །གྱི་ལིང་ཤང་ཤང་རྨ་བྱ་དང༌། །སྟག་གཟིག་ཝ་དབྱི་དཀར་པོ་དང༌། །གཡག་ལུག་བྱ་ཡི་གཟུགས་འགྲོས་འདི། །སྔགས་དང་ཕྱག་རྒྱའི་བྱིན་རླབས་ཀྱིས། །འདོད་པའི་
ཡོན་ཏན་ལྔ་དང་ལྡན། །བསམ་གཏན་ལྷ་ཡི་དཀོར་བས་ལྷག །སྲུང་མ་གཉན་པོའི་སྐུ་ལ་འབུལ། །སྡང་བའི་དགྲ་ཡི་རྒྱུས་པ་ཆིངས། །སྡང་བའི་དགྲ་ཡི་ཟས་ནོར་ཆོད། །ཟུན་ལ་དབང་ཐང་མངོན་དུ་ཆོས། །སྡང་བའི་དགྲ་ཡི་སྒོ་མོ་ཕྱེས། །ཚང་གསུམ་ནོར་གྱི་ནང་དབྱེན་གྱིས། །དགྲ་ནོར་ཟུན་ལ་གནངས་སུ་བྱིན། །མགོན་པོ་ལྷ་དམག་འཁོར་བཅས་ཀྱི། །བདག་དང་རྒྱུ་སྦྱོར་ཡོན་བདག་གིས། །སྡང་བའི་དགྲ་ལ་དམག་འདྲེན་ན། །དམག་མི་རྣམས་ཀྱིས་དམག་དཔུང་མཛོད། །ནམ་མཁའི་ཁམས་ནས་ལྷ་དམག་དྲོངས། །བར་སྣང་ཁམས་ནས་གཉན་དམག་དྲོངས། །ས་གཞིའི་ཁམས་ནས་ཀླུ་དམག་དྲོངས། །སྡང་བའི་དགྲ་ལ་གཏོར་ཟོར་རྒྱོབས། །དཀོན་མཆོག་གསུམ་གྱི་སྤྱི་དགྲ་དང༌། །རྣལ་འབྱོར་བདག་གི་སྒོས་དགྲ་རྣམས། །སོད་ཅིག་རྒྱོབས་ཤིག་ས་མ་ཡ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །རྒྱུ་སྦྱོར་ཡོན་གྱི་བདག་པོ་འདི། །འགྲོན་ལ་འགྲོ་ན་འགྲོན་
དཔོན་མཛོད། །ཕྱོགས་བཞི་བྱེས་ལ་གར་འགྲོ་ཡང༌། །སྔོན་ནས་སུས་ལ་རྒྱབ་ནས་སྐྱོལ། །མགྲོན་པོ་ཤུལ་དུ་བཞུགས་པའི་ཚེ། །འཇིགས་པ་བརྒྱད་ལས་སྐྱོབ་པར་མཛོད། །མཐོ་ལ་བབས་ན་ལམ་སྒྲོལ་ཅིག །དམའ་ལ་བབས་ན་ལམ་སོལ་ཅིག །ཆུ་ལ་འགྲོ་ན་གྲུ་སྒྲོལ་ཅིག །ཉམས་པའི་ཡུལ་དུ་མཛོ་རྟ་རྟེན། །མཐོ་སར་སྐྱོངས་ལ་བྱ་ར་གྱིས། །དམའ་སར་མ་མཐོང་འཚོ་རྫི་མཛོད། །མགྲོན་པོ་སྔོན་གྱི་ལམ་སྣ་དྲོངས། །མགྲོན་པོ་རྒྱབ་ཀྱི་ཤུལ་མ་གྱིས། །ཁལ་མ་རྣམས་ནི་བདེ་བར་སྐྱོངས། །མགྲོན་པོ་མི་རྟ་ཁལ་མཛོ་རྣམས། །བཤུལ་རིང་ལམ་དུ་ཞུགས་པའི་ཚེ། །ཆད་ཅིང་ངལ་བ་མ་གཏོང་ཞིག །ན་ཞིང་ཚ་བ་མ་གཏོང་ཞིག །མགྲོན་པོ་གཞི་བྱེས་ལམ་གསུམ་དུ། །ཉིན་ལ་བབས་ན་འཚོ་རྫི་གྱིས། །ནུབ་ལ་བབས་ན་མེལ་ཚེ་གྱིས། །ཕྱི་རྐུན་ནང་དུ་མ་ཤོར་ཅིག །ནང་རྐུན་བྲང་ལ་མ་འགྱེད་ཅིག །མགྲོན་པོ་ཐུགས་ཡིད་མ་དཀྲུགས་ཤིག །བྲང་ཁ་ནང་འཁོན་མ་ཕྱུང་ཞིག །གྲོ་ལ་རྐུ་སྣོག་མ་བྱེད་ཅིག །ནོར་དང་
ཐུགས་ལ་མ་འགལ་ཅིག །ཡེ་འདྲོག་ཞོག་འུར་མ་གཏོང་ཞིག །ཚོང་དུས་གནས་སུ་ཕྱིན་པའི་ཚེ། །ཁ་ནི་ཟས་འདོད་ཟས་དང་སྤྲོད། །ལག་པ་ནོར་འདོད་ནོར་དང་སྤྲོད། །བྱེས་པ་རྣམས་ཀྱི་ཆངས་པ་ཕྲོལ། །གནས་པོ་རྣམས་ཀྱི་སེམས་ཁ་སྲོངས། །ཅི་འདོད་ནོར་གྱི་དངོས་གྲུབ་བྱིན། །རྒྱ་ཡི་ཟས་ནོར་བོད་ལ་བྱིན། །བོད་ཀྱི་ཟས་ནོར་གཡང་དུ་ཁུག །མགྲོན་པོ་རྣམས་ཀྱིས་དོན་གཉེར་ན། །དཀོན་མཆོག་གསུམ་གྱི་བདེན་པ་ཡིས། །ཕྲེང་བ་མགོ་ལ་བླུགས་པ་ལྟར། །ལག་པ་གཡས་ན་དཔལ་ཡོད་ཤོག །གཡོན་ན་དཔལ་ནི་གནས་གྱུར་ཅིག །མགྲོན་པོ་དག་ནི་དོན་གཉེར་ན། །རྙེད་པ་དག་ནི་རྙེད་གྱུར་ཅིག །མགྲོན་པོ་ནོར་རྣམས་གྲུབ་པ་ཡིས། །སྲུང་མ་གཉན་ལ་གཏང་རག་གཏོང་། །ཕྱིས་ཀྱང་བྱེད་པའི་ཞུ་དོན་འབུལ། །བཀའ་ཡི་གཏོར་མ་རྒྱ་ཆེན་འདི། །ཉིད་ཀྱི་མཐུན་རྫས་གཡག་ལུག་དང༌། །རིན་ཆེན་གསེར་གཡུའི་ཕྱེ་མ་དང༌། །ཇ་ཆང་ཟས་སྐོམ་ཕུད་ཀྱིས་མཆོད། །ལེགས་ལྡན་མགོན་པོས་
བྱེས་དཔོན་མཛོད། །དཔལ་རབ་འཆང་གིས་ལམ་ལྷ་གྱིས། །ཉི་མའི་སྲས་པོས་སོ་པ་གྱིས། །ཤ་ཝ་རི་ཡིས་དཀོར་ནོར་སྐྱོངས། །རེ་མནྟ་ཡིས་རྟ་རྣམས་འཚོས། །བྲག་ལྷ་མགོན་པོས་མགྲོན་ལམ་ཕྱེས། །ཛམྦྷ་ལ་ཡིས་ནོར་ལྷ་མཛོད། །རྣམ་ཐོས་སྲས་ཀྱིས་གསེར་དངུལ་སྡུས། །སྲུང་མ་རྣམས་ཀྱིས་དགྲ་སྡང་ཐུལ། །འཇིགས་པ་བརྒྱད་ལ་ཐུགས་རྗེས་སྐྱོབས། །ཡུལ་ལྷ་གཉན་གྱིས་མཐུ་རོགས་མཛོད། །ལྷ་ཀླུ་གཉན་གྱིས་རྒྱབ་རྟེན་མཛོད། །རྡོ་རྗེ་ལེགས་པས་དམག་སྣ་དྲོངས། །མི་ལ་ཆོད་ལ་བདག་ལ་བྱིན། །མ་གཡེལ་སྲུང་མ་བོད་ཀྱི་ལྷ། །རེམས་ཤིག་བདག་གི་དོན་རྣམས་སྒྲུབས། །ལམ་དགྲ་བྱེས་ཀྱི་འགོང་པོ་ཡི། །རྒྱུས་པ་ཆིངས་ལ་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༑ མ་གཡེལ་སྲུང་མ་མཐུ་རྩལ་ཅན། །མ་གཡེལ་བགེགས་དང་འབྱུང་པོ་ཐུལ། །བཀའ་ཡི་གཏོར་མ་རྒྱ་ཆེན་དང༌། །མཐུན་པའི་དམ་རྫས་འདི་བཞེས་ལ། །ནད་པ་ཡོད་ན་སོས་པར་མཛོད། །རིམས་དང་ཡམས་ཀྱི་ཁ་
ལོ་སྒྱུར། །གློ་བུར་ནད་ཀྱི་གདུག་པ་ཟློག །དམ་ཉམས་དགྲ་བོ་ལས་ངན་གྱིས། །དམག་དང་ཇག་རྐུན་ཤོམ་པའི་ཚེ། །སྲུང་མ་རྣམས་ཀྱིས་དམག་སྣ་སྒྱུར། །ཕོ་ཉ་རྣམས་ཀྱིས་དགྲ་དཔུང་ཟློག །དྲེགས་བྱེད་རྣམས་ཀྱིས་དགྲ་ཁྲག་འཐུངས། །མྱུར་བར་མྱུར་བར་རིངས་སོ་རིངས། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༑ མ་གཡེལ་མགོན་པོ་མཐུ་རྩལ་ཅན། །བཀའ་ཡི་གཏོར་མ་རྒྱ་ཆེན་དང༌། །མཐུན་པའི་དམ་རྫས་འདི་བཞེས་ལ། །བྱད་ཁ་སྒྱུར་ལ་དལ་ཁ་ཟློགས། །ཕོ་ཉ་ཟློག་ལ་བྱད་མ་སོད། །ཕུར་ཁ་བསྒྱུར་བའི་དུས་ལ་བབ། །དལ་ཁ་བཟློག་པའི་དུས་ལ་བབ། །ཡམས་ཁ་བསྒྱུར་བའི་དུས་ལ་བབ། །དུས་ལ་བབ་པོ་ཕྲིན་ལས་མཛོད། །ཧཱུྃ༑ མ་གཡེལ་སྲུང་མ་མཐུ་རྩལ་ཅན། །བཀའ་ཡི་གཏོར་མ་རྒྱ་ཆེན་འདི། །སྡང་བའི་དགྲ་དང་མཉམ་དུ་བཞེས། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཀོན་མཆོག་གསུམ་གྱི་དབུ་འཕང་སྟོད། །རྒྱུ་སྦྱོར་ཡོན་
གྱི་བདག་པོ་ཡི། །བྱེས་སུ་འགྲོ་བའི་དགྲ་ལྷ་མཛོད། །ཡུལ་དུ་འདུག་ན་ཡུལ་དཔོན་མཛོད། །དམག་ལ་འགྲོ་ན་དམག་དཔོན་མཛོད། །ཇག་ལ་འགྲོ་ན་ཇག་དཔོན་མཛོད། །ཚོང་ལ་འགྲོ་ན་ཚོང་དཔོན་མཛོད། །ཉེས་བྱེད་དགྲ་བོ་ཆམ་ལ་ཕོབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཕྱོགས་བཅུའི་རྡོ་རྗེ་སློབ་དཔོན་དང༌། །བདག་ཅག་མཆེད་དང་ལྕམ་དྲལ་དང༌། །འཁོར་དང་བཅས་པའི་ཡོན་བདག་ལ། །སྡང་བའི་དགྲ་བོ་ལས་ངན་འདི། །རིངས་པར་ཁུག་ལ་མྱུར་དུ་སྒྲོལ། །བཀའ་ཡི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་བསྐུལ་ལོ། ། ༈ དཔལ་མགོན་པོའི་དགྲ་ཆོས་རྩང་གྱེར་གྱི་ཟློག་པ་བྱ་བ་ནི། ཧཱུྃ༑ དཔལ་ལྡན་མགོན་པོ་ནག་པོ་ཆེན་པོ་ཡི། །དྲག་པོ་དཔལ་གྱི་གཏོར་ཆེན་ལྕགས་རི་ལ། །སྤྲུལ་པའི་ལས་མཁན་ཕོ་ཉ་འགྱེད་པའི་རྟེན། །དམར་ནག་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །ཉོན་མོངས་གདུག་པ་མ་ལུས་བསྒྲལ་བའི་ཕྱིར། །སྤྲུལ་པའི་ཕྱག་བརྙན་རྟགས་
ཀྱི་ཕྱག་རྒྱར་གསལ། །རྩང་ཕུར་ཟུར་གསུམ་རྩེ་མོ་གཉིས་དང་ལྡན། །ཡར་གྱི་རྩེ་མོ་ཆོས་ཉིད་དབྱིངས་སུ་སླེབས། །མར་གྱི་རྩེ་མོས་རྒྱུད་དྲུག་སྙིང་པོ་གཟེར། །སྐེད་པ་རྒྱ་མདུད་མཚོན་ཆའི་གུར་གདུགས་ཕུབ། །ཡར་གྱི་རྩེ་ལ་རམ་གྱི་ཐོག་སེར་འབེབས། །མར་གྱི་རྩེ་མོར་མཚོན་ཆའི་བུ་ཡུག་འཚུབ། །སྐེད་པ་རྒྱ་མདུད་ལྷ་ཡི་ཕོ་བྲང་གནས། །དམར་ནག་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིགས། །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །བསྐང་ངོ་ཕོ་ཉའི་ཐུགས་དམ་བསྐང༌། །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །ཟློག་ཅིག་དགྲ་བགེགས་དམག་དཔུང་ཟློག །ཟློག་ཅིག་དགྲ་བགེགས་བྱད་སྟེམས་ཟློག །ཤར། ཧཱུྃ༑ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །སྐད་ཅིག་ཉིད་ལ་ཞི་མཛད་དེ། །ཐུགས་རྗེ་ཞི་བའི་ཕྲིན་ལས་ཀྱིས། །གནོད་བྱེད་དགྲ་བགེགས་བྱད་མ་
ཡི། །རིག་སྔགས་རྦོད་གཏོང་ཞི་བར་མཛོད། །ཞི་བར་མ་གྱུར་གང་ཡང་མེད། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །ཞི་བའི་རྩང་ཕུར་རྩེ་མོ་གཉིས། །རྐེད་པ་རྒྱ་མདུད་ཟླུམ་པོ་ལ། །ཆོས་སྐྱོང་ཞི་བའི་གཞལ་ཡས་ཁང༌། །མགོན་པོའི་ཚོགས་ཀྱི་སྐུར་བསྒོམས་ནས། །དགྲ་བགེགས་བྱད་མའི་ཤ་ཟ་བ། །ཤར་ཕྱོགས་གཏོར་ཆེན་ལྕགས་རི་ལ། །བཙུགས་པས་ཐམས་ཅད་ཞི་བར་གྱུར། །ཞི་བར་མ་གྱུར་གང་ཡང་མེད། །གནོད་བྱེད་དགྲ་བགེགས་བར་ཆད་དང༌། །རིགས་སྔགས་རྦོད་གཏོང་བྱད་སྟེམས་རྣམས། །ཞི་མཛད་མགོན་པོས་ཞི་བར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། བར་ཆད་ཐམས་ཅད་ཤཱིནྟིཾ་ཀུ་རུ་སྭཱ་ཧཱ། ཞི་མཛད་རྣོ་དབལ་རྩང་ཕུར་ཟླུམ་པོ་ཡི། །ཡར་གྱི་རྩེ་ལ་དུང་གི་སེང་གེ་འགྱིང༌། །སྤྲུལ་པའི་སེང་གེ་ཁྲོས་པས་ནམ་མཁའ་གང༌། །གཡུ་ཡི་རལ་པ་སྔོན་པོ་སྤྲིན་ལྟར་གཏིབས། །དྲག་པོ་སེང་གེའི་ངར་སྐད་ལྷངས་སེ་ལྷང། །མར་གྱི་རྩེ་ལ་ཆུ་སྲིན་མཆེ་བ་གཙིགས། །སྤྲུལ་པའི་ཆུ་སྲིན་གདུག་པ་བསམ་མི་
ཁྱབ། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །སྐེད་པ་རྒྱ་མདུད་མེ་འབྲུག་རླུང་འབྲུག་འཁྱུག །སྤྲུལ་པའི་འབྲུག་ཆེན་བར་སྣང་ཁྱབ་པར་གང༌། །འབྲུག་སྐད་ཆེམ་ཆེམ་གློག་འོད་འཁྱུགས་སེ་ཁྱུག །ཞི་བྱེད་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུང་རྔམ་སྟབས་ཁྲབས་སེ་ཁྲབ། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །བསྐང་ངོ་ཕོ་ཉའི་ཐུགས་དམ་བསྐང༌། །བར་ཆད་སོལ་ལ་རྐྱེན་རྣམས་ཟློགས། །དགྲ་བགེགས་བྱད་མ་རྡུལ་དུ་རློགས། །ཟློག་ཅིག་དགྲ་བགེགས་དམག་དཔུང་ཟློགས། །སོད་ཅིག་དགྲ་བགེགས་བྱད་མ་སོད། །ཟློག་ཅིག་རིག་སྔགས་བྱད་སྟེམས་ཟློག །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །ལྷོ། ཧཱུྃ༑ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །སྐད་ཅིག་ཉིད་ལ་རྒྱས་པར་མཛད། །ཚེ་དབང་རྒྱས་པའི་ཕྲིན་ལས་ཀྱིས། །བདག་དང་རྒྱུ་སྦྱོར་
ཡོན་བདག་གི །ཚེ་དང་བསོད་ནམས་རྒྱས་པར་མཛོད། །རྒྱས་པར་མ་གྱུར་གང་ཡང་མེད། །གསེར་རམ་སེར་པོའི་ཤིང་རྣམས་ལ། །རྒྱས་པའི་རྩང་ཕུར་རྩེ་མོ་གཉིས། །སྐེད་པ་རྒྱ་མདུད་གྲུ་བཞི་ལ། །ཆོས་སྐྱོང་རྒྱས་པའི་གཞལ་ཡས་ཁང༌། །མགོན་པོའི་ཚོགས་ཀྱི་སྐུར་བསྒོམས་ནས། །དགྲ་བགེགས་བྱད་མའི་ཤ་ཟ་བ། །ལྷོ་ཕྱོགས་གཏོར་ཆེན་ལྕགས་རི་ལ། །བཙུགས་པས་ཐམས་ཅད་རྒྱས་པར་གྱུར། །རྒྱས་པར་མ་གྱུར་གང་ཡང་མེད། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །ཚེ་དང་བསོད་ནམས་ལོངས་སྤྱོད་རྣམས། །རྒྱས་མཛད་མགོན་པོས་རྒྱས་པར་མཛོད། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཚེ་དང་བསོད་ནམས་ཐམས་ཅད་པུཥྚིཾ་ཀུ་རུ་སྭཱ་ཧཱ། རྒྱས་མཛད་རྣོ་དབལ་རྩང་ཕུར་གྲུ་བཞི་ཡི། །ཡར་གྱི་རྩེ་ལ་མཚལ་སྟག་དམར་པོ་མཆོངས། །རྒྱ་སྟག་བཀྲ་བའི་འཛུམ་དྲུག་ཤིགས་སེ་ཤིག །མར་གྱི་རྩེ་ལ་ཕག་རྒོད་མཆེ་བ་གཙིགས། །གདུག་པའི་ཕག་རྒོད་མཆེ་གཙིགས་ཐམས་སེ་ཐམ། །སྐེད་པ་རྒྱ་མདུད་དྲེད་མོ་
རལ་པ་གསིགས། །དྲེད་མོ་མི་ཟན་རལ་གསིགས་གཡེངས་སེ་གཡེངས། །རྒྱས་མཛད་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་རྔམ་སྟབས་ཁྲབས་སེ་ཁྲབ། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །བསྐང་ངོ་ཕོ་ཉའི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་སེལ་ལ་རྐྱེན་རྣམས་ཟློག །དགྲ་བགེགས་བྱད་མ་རྡུལ་དུ་རློགས། །ཟློག་ཅིག་དགྲ་བགེགས་དམག་དཔུང་ཟློག །སོད་ཅིག་དགྲ་བགེགས་བྱད་མ་སོད། །ཟློག་ཅིག་རིག་སྔགས་བྱད་སྟེམས་ཟློག །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །ནུབ། ཧཱུྃ༑ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །སྐད་ཅིག་ཉིད་ལ་དབང་དུ་སྡུད། །དབང་སྡུད་ཆེན་པོའི་ཕྲིན་ལས་ཀྱིས། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །འཁོར་དང་ལོངས་སྤྱོད་དབང་དུ་སྡུས། །དབང་དུ་མ་འདུས་གང་ཡང་མེད། །
ཟངས་སམ་དམར་པོའི་ཤིང་རྣམས་ལ། །དབང་གི་རྩང་ཕུར་རྩེ་མོ་གཉིས། །སྐེད་པ་རྒྱ་མདུད་ཟླ་གམ་ལ། །ཆོས་སྐྱོང་དབང་གི་གཞལ་ཡས་ཁང༌། །མགོན་པོའི་ཚོགས་ཀྱི་སྐུར་བསྒོམས་ནས། །དགྲ་བགེགས་བྱད་མའི་ཤ་ཟ་བ། །ནུབ་ཕྱོགས་གཏོར་ཆེན་ལྕགས་རི་ལ། །བཙུགས་པས་ཐམས་ཅད་དབང་དུ་འདུས། །དབང་དུ་མ་གྱུར་གང་ཡང་མེད། །རྒྱལ་བློན་རྗེ་འབངས་འབྲུ་བཅུད་དང༌། །ཚེ་དབང་ལོངས་སྤྱོད་བསོད་ནམས་རྣམས། །དབང་མཛད་མགོན་པོས་དབང་དུ་སྡུས། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། ཁམས་གསུམ་ཐམས་ཅད་བ་ཤངྐུ་རུ་སྭཱ་ཧཱ། དབང་མཛད་རྣོ་དབལ་རྩང་ཕུར་ཟླ་གམ་གྱི། །ཡར་གྱི་རྩེ་ལ་གསེར་གྱི་གཟིག་མོ་འགྱིང༌། །གཟིག་མོ་ངར་བའི་སྒྲ་སྐད་འུ་རུ་རུ། །མར་གྱི་རྩེ་ལ་དོམ་ནག་མཆེ་བ་གཙིགས། །དོམ་ནག་སྙིང་དཀར་མཆེ་གཙིགས་ཐམས་སེ་ཐམ། །སྐེད་པ་རྒྱ་མདུད་གཡུ་ཡི་སྤྱང་མོ་ངུ། །གཡུ་ཡི་སྤྱང་ཀིའི་ངུ་འབོད་ལྷངས་སེ་ལྷང། །དབང་གི་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །རྩང་ཕུར་
རྔམ་སྟབས་ཁྲབས་སེ་ཁྲབ། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །བསྐང་ངོ་ཕོ་ཉའི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །དགྲ་བགེགས་བྱད་མའི་དམག་དཔུང་ཟློགས། །ཟློག་ཅིག་དགྲ་བགེགས་བྱད་མ་ཟློགས། །སོད་ཅིག་དགྲ་བགེགས་བྱད་མ་སོད། །ཟློག་ཅིག་རིག་སྔགས་བྱད་སྟེམས་ཟློག །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག བྱང་། ཧཱུྃ༑ དཔལ་ལྡན་མགོན་པོ་འཁོར་བཅས་ཀྱིས། །འཇིག་རྟེན་ཁམས་ནི་ཐམས་ཅད་ཀུན། །སྐད་ཅིག་ཉིད་ལ་བརླག་པར་མཛད། །སྡིག་ཅན་དགྲ་བགེགས་བྱད་མ་རྣམས། །མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས། །ཐམས་ཅད་མ་ལུས་རླག་པར་བྱེད། །བརླག་པར་མ་གྱུར་གང་ཡང་མེད། །ལྕགས་སམ་དྲག་པོའི་ཤིང་རྣམས་ལ། །དྲག་པོའི་རྩང་ཕུར་རྩེ་མོ་གཉིས། །སྐེད་པ་རྒྱ་མདུད་ཟུར་གསུམ་ལ། །ཆོས་སྐྱོང་དྲག་
པོའི་གཞལ་ཡས་ཁང༌། །མགོན་པོའི་ཚོགས་ཀྱི་སྐུར་བསྒོམས་ནས། །དགྲ་བགེགས་ཐམས་ཅད་རྡུལ་དུ་རློག །བྱང་ཕྱོགས་གཏོར་ཆེན་ལྕགས་རི་ལ། །བཙུགས་པས་དགྲ་བགེགས་རླག་པར་བྱེད། །བརླག་པར་མ་གྱུར་གང་ཡང་མེད། །རླག་མཛད་མགོན་པོས་དགྲ་བགེགས་ཐུལ། །ཨོཾ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། དགྲ་བགེགས་ཐམས་ཅད་མཱ་ར་ཡ་ཧཱུྃ་ཕཊ། དྲག་པོ་རྣོ་དབལ་རྩང་ཕུར་ཟུར་གསུམ་གྱི། །ཡར་གྱི་རྩེ་ལ་བྱ་གླག་མང་པོ་ལྡིང༌། །སྤྲུལ་པའི་བྱ་གླག་གཤོག་འཇུམ་ཆུམས་སེ་ཆུམ། །མར་གྱི་རྩེ་ལ་ལྕགས་ཀྱི་ཕོ་རོག་འགྱེད། །ཕོ་རོག་ནག་པོའི་འགྱེད་སྒྲ་ཁྲོངས་སེ་ཁྲོང། །སྐེད་པ་རྒྱ་མདུད་གསེར་གྱི་འུག་པ་འཁུན། །འུག་པ་འཁུན་པའི་ཧཱུྃ་སྒྲ་ཏི་རི་རི། །གསེར་མིག་འཁྱིལ་བ་འོད་འབར་ཀྱི་ལི་ལི། །གདུག་པ་དྲག་པོའི་རྩང་ཕུར་འདི། །དམར་ནག་སྲིན་མོ་འགྲོས་སུ་བཙུགས། །གསོད་བྱེད་རྔམ་སྟབས་ཁྲབས་སེ་ཁྲབ། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་ལྗིབ། །རྩང་ཕུར་ཁྲག་
འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །རྩང་ཕུར་རྣོ་དབལ་ཟངས་སེ་ཟང་། །ལས་མཁན་ཕོ་ཉའི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །དགྲ་བགེགས་བྱད་མ་རྡུལ་དུ་རློག །ཟློག་ཅིག་དགྲ་བགེགས་དམག་དཔུང་ཟློག །སོད་ཅིག་དགྲ་བགེགས་བྱད་མ་སོད། །ཟློག་ཅིག་རིག་སྔགས་བྱད་སྟེམས་ཟློག །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །ཧཱུྃ༑ སྔོན་གྱི་བསྐལ་པ་དང་པོ་ལ། །བཛྲ་མུ་ནིའི་ཕུག་ནང་དུ། །རྒྱ་གར་ཤེས་རབ་གྲགས་པ་ཡིས། །གདུག་རྩུབ་དྲག་པོའི་རྩང་ཕུར་བརྡུངས། །ལྕགས་སྣ་གསུམ་ལ་མགར་ཞིག་བགྱིས། །རབས་ཆད་ནག་མོའི་གྲི་ལིང་དང༌། །གནམ་ལྕགས་འབར་བའི་ཐོག་ལྕགས་དང༌། །གྲི་རྒོད་བསད་པའི་གྲི་ལྕགས་གསུམ། །སྲིན་པོ་མགར་བའི་སོལ་མལ་དུ། །དུར་ཁྲོད་སོལ་བ་རི་ལྟར་སྤུངས། །ཞིང་ཆེན་ཁོལ་མོ་མཚོ་ལྟར་བརླབས། །ཁོལ་མོའི་འབྲུག་སྐད་འུ་རུ་རུ། །སོལ་བའི་མཚོ་འཁྱིལ་མེ་རེ་རེ། །གཡུ་ཡི་
དུད་འཐུལ་ཕྱུ་རུ་རུ། །ཟངས་ཀྱི་མེ་འབར་ཡ་ལ་ལ། །ལྕགས་ཀྱི་ཚ་ཚ་སྐར་ལྟར་འཁྲུགས། །ཚ་ཚ་སྐར་འཁྲུགས་ཀྱི་ལི་ལི། །ཟངས་ཀྱི་ཚ་ཚ་མེ་ལྟར་འབར། །མེ་འོད་གློག་འགྱུ་ལམས་སེ་ལམ། །མཆོང་གི་ཚ་ཚ་གློག་ལྟར་འཁྱུག །ཡེ་ཤེས་ཐོ་བ་ཐོག་ལྟར་འབེབས། །ཤེས་རབ་སྐམ་པ་ཁྲ་ལྟར་འཇུམ། །ཁྲོ་རྒྱལ་སག་དར་སྐར་ལྟར་འཁྲུགས། །མགར་སྒྲ་ཆེམ་ཆེམ་འབྲུག་ལྟར་ལྡིར། །ལྕགས་ཀྱི་ཚ་ཚ་སྤྲུལ་པ་འགྱེད། །གདུག་རྩུབ་དྲག་པོའི་རྩང་ཕུར་བརྡུངས། །ཡར་གྱི་རྩེ་མོ་གདུག་ལ་རྩུབ། །མར་གྱི་རྩེ་མོ་དཔལ་དང་ལྡན། །སྐེད་པ་རྒྱ་མདུད་བྷྲཱུྃ་ལས་གྲུབ། །ཟུར་གསུམ་སྐུ་གསུང་ཐུགས་སུ་བརྡུངས། །ངོས་གསུམ་རིགས་གསུམ་ངོ་བོར་བརྡུངས། །རྒྱ་མདུད་གཞལ་ཡས་ཁང་དུ་བརྡུངས། །ཡར་གྱི་རྩེ་མོ་ངར་དང་ལྡན། །མར་གྱི་རྩེ་མོ་དཔལ་དང་ལྡན། །གདུག་རྩུབ་དྲག་པོའི་རྩང་ཕུར་འདི། །དགྲ་བགེགས་གསོད་པའི་མཚོན་ཆར་བརྡུངས། །བྱད་མ་བཟློག་པའི་མཚོན་ཆར་བརྡུངས། །དབང་
དྲག་རྩང་ཕུར་ཡར་རྩེ་ལ། །ལྕགས་ཀྱི་སེར་བ་ཁྲ་ལ་ལ། །དབང་དྲག་རྩང་ཕུར་མར་རྩེ་ལ། །མཚལ་གྱི་ཆུ་འབབ་ཤ་ར་ར། །སྐེད་པ་རྒྱ་མདུད་ཟུར་གསུམ་ལ། །ཁྲག་གི་ཆར་པ་སི་ལི་ལི། །རྣོ་དབལ་ཟུར་གསུམ་ཡར་རྩེ་ལ། །གཡུ་ཡི་དུད་འཐུལ་ཕྱུ་རུ་རུ། །རྣོ་དབལ་ཟུར་གསུམ་མར་རྩེ་ལ། །སོལ་མཚོ་འཁྱིལ་བ་མེ་རེ་རེ། །སྐེད་པ་རྒྱ་མདུད་ཟུར་གསུམ་ལ། །ཟངས་ཀྱི་མེ་འབར་ཟ་ལ་ལ། །དབང་དྲག་ལས་ཀྱི་རྩང་ཕུར་འདི། །དགྲ་བགེགས་བྱད་མའི་སྙིང་ལ་གདབ། །ཆོས་སྐྱོང་ཕོ་ཉའི་རྟེན་དུ་བཙུགས། །རྩང་ཕུར་ཡར་གྱི་རྩེ་མོ་ན། །མ་ཧཱ་ཀཱ་ལ་སྤྲིན་ལྟར་གཏིབས། །རྩང་ཕུར་མར་གྱི་རྩེ་མོ་ན། །ཕོ་ཉ་སྤྲུལ་པས་ས་གཞི་གང༌། །རྩང་ཕུར་རྒྱ་མདུད་ཟུར་གསུམ་ལ། །ཧཱུྃ་ཕཊ་འབྲུག་སྒྲས་བར་སྣང་གང༌། །དམར་ནག་འཇིགས་པའི་རྩང་ཕུར་འདི། །གདུག་པ་སྲིན་མོའི་འགྲོས་སུ་བཙུགས། །རྩང་ཕུར་རྔམ་སྟབས་ཁྲབས་སེ་ཁྲབ། །རྩང་ཕུར་གར་སྟབས་ཁྲིགས་སེ་ཁྲིག །རྩང་ཕུར་ཤ་ཟ་ལྗིབས་སེ་
ལྗིབ། །རྩང་ཕུར་ཁྲག་འཐུང་ཀྱུ་རུ་རུ། །རྩང་ཕུར་རུས་འཆའ་ཆེམས་སེ་ཆེམ། །རྩང་ཕུར་རྣོ་དབལ་ཟངས་སེ་ཟང། །ལས་མཁན་ཕོ་ཉའི་ཐུགས་དམ་བསྐང༌། །བདག་དང་རྒྱུ་སྦྱོར་ཡོན་བདག་གི །བར་ཆད་སོལ་ལ་རྐྱེན་རྣམས་ཟློག །དགྲ་བགེགས་བྱད་མ་རྡུལ་དུ་རློག །ཟློག་ཅིག་དགྲ་བགེགས་དམག་དཔུང་ཟློག །སོད་ཅིག་དགྲ་བགེགས་བྱད་མ་སོད། །ཟློག་ཅིག་རིག་སྔགས་བྱད་སྟེམས་ཟློག །ཟློག་ཅིག་སྒྱུར་ཅིག་ས་མ་ཡ། །ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་རྩང་གྱེར་རྫོགས་སོ།། །། ༈ དེ་ནས་དཔལ་མགོན་པོ་ལེགས་ལྡན་གྱི་ཟློག་པ་ནི། ཧཱུྃ༑ མགོན་པོ་མ་ཧཱ་ཀཱ་ལ་མཐུ་ཆེན་ནག་པོ་ནི། །དྲག་པོར་མཚན་གསོལ་ལེགས་ལྡན་ནག་པོ་སྟེ། །ལྷ་མིན་གྲོང་ཁྱེར་སུམ་བརྩེགས་འཇིག་པར་བྱེད། །སྲིན་པོའི་གྲོང་ཁྱེར་བདུན་འབུམ་གཏན་ནས་བརླག །ལྷ་ཡི་དམག་དཔོན་གཡུལ་ལས་རྣམ་པར་རྒྱལ། །ཁྱོད་ཀྱི་ཐུགས་དམ་གཉན་པོ་སྐུལ་བའི་ཚེ། །དཀར་པོ་ལྷ་དམག་བྱེ་བ་དུང་ཕྱུར་བཅས། །ཉོན་མོངས་ལྷ་མིན་དམག་ཚོགས་
ཟློག་པར་བྱེད། །ཕྱོགས་ལས་རྣམ་རྒྱལ་ལྷ་ཡི་སྡེ་དཔོན་ཁྱོད། །ནག་པོའི་རྩ་ལག་འཇོམས་པའི་སྟོབས་དང་ལྡན། །བདུད་དང་འཆི་བདག་ཟློག་པའི་མཐུ་བོ་ཆེ། །ལྷ་མིན་དམག་སྣ་ཟློག་པའི་རྫུ་འཕྲུལ་ཅན། །དོ་ནུབ་ཟློག་སྒྱུར་བྱེད་པའི་དུས་ལ་བབ། །དོ་ནུབ་སྲིད་པའི་ཁྲམ་ཁ་དགྲ་ལ་སྒྱུར། །དོ་ནུབ་ལྷ་ཡི་དམག་སྣ་དགྲ་ལ་སྒྱུར། །དོ་ནུབ་རྦོད་གཏོང་བཟློག་པའི་དུས་ལ་བབ། །ཡེ་ཤེས་ལྷ་ཡི་བཀའ་ཆད་ཉི་ལྟར་ཤར། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །དྲང་སྲོང་དམོད་པ་ཐོག་ལྟར་འཕེན། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །གཤིན་རྗེའི་འཁྲུལ་འཁོར་བྲག་ལྟར་རློམ། །དེ་ཡང་བཟློག་པའི༴ །སྲིན་པོའི་གདུག་རྩུབ་མུན་ལྟར་འཐིབས། །དེ་ཡང་བཟློག་པའི༴ །ཀླུ་ཡི་དུག་རླངས་སྤྲིན་ལྟར་གཡོ། །དེ་ཡང་བཟློག་པའི༴ །རླུང་ལྷའི་སྦྱོར་བ་འཚུབ་མ་འཁྲུགས། །དེ་ཡང་བཟློག་པའི༴ །གནོད་སྦྱིན་གདུག་པ་རླུང་ལྟར་འཕྱོ། །དེ་ཡང་བཟློག་པའི༴ །འབྱུང་པོའི་དལ་ཁ་ཆུ་ལྟར་ཁོལ། །དེ་
ཡང་བཟློག་པའི༴ །གཟའ་ཡི་ཀིཾ་ཀང་མེ་ལྟར་འབར། །དེ་ཡང་བཟློག་པའི༴ །མ་མོའི་དལ་ཡམས་མཚོ་ལྟར་རླབས། །དེ་ཡང་བཟློག་པའི༴ །མཁའ་འགྲོའི་ཆོ་འཕྲུལ་གློག་ལྟར་འཁྱུག །དེ་ཡང་བཟློག་པའི༴ །གནོད་སྦྱིན་མ་མོས་སྡང་མིག་བྱེད། །དེ་ཡང་བཟློག་པའི༴ །བདུད་མོས་ཁྲག་གི་ཁ་ཕྲུ་གཏོར། །དེ་ཡང་བཟློག་པའི༴ །གཤིན་རྗེ་མ་མོས་ལྕེ་དམར་རྐྱོང༌། །དེ་ཡང་བཟློག་པའི༴ །སྲིན་མོ་ཁྲོས་པས་མཆེ་བ་གཙིགས། །དེ་ཡང་བཟློག་པའི༴ །མོན་མོས་བརྡ་གར་བརྡ་འབོད་བྱེད། །དེ་ཡང་བཟློག་པའི༴ །མ་མོའི་ངན་སྔགས་སྒྱོགས་ལྟར་འཕེན། །དེ་ཡང་བཟློག་པའི༴ །ཀླུ་མོའི་ཁ་རླངས་ཟེར་ལྟར་འཕྲོ། །དེ་ཡང་བཟློག་པའི༴ །འདྲེ་མོས་འཇབ་ཅིང་ལག་པ་རྐྱོང༌། །དེ་ཡང་བཟློག་པའི༴ །ལྷ་མིན་གནོད་པ་སྐར་ལྟར་འཁྲུགས། །དེ་ཡང་བཟློག་པའི༴ །ཞང་བློན་ཚོན་གྱི་གྲུ་གུ་རྐྱོང༌། །དེ་ཡང་བཟློག་པའི༴ །མོན་པ་ནག་པོས་སྤུ་གྲི་རྡོར། །དེ་ཡང་བཟློག་པའི༴ །དམུ་ཡི་རྡོ་ཟོར་ཆར་ལྟར་འབེབས། །དེ་ཡང་བཟློག་
པའི༴ །མཁའ་ལྡིང་གནོད་པ་གློག་ལྟར་འགྱུ། །དེ་ཡང་བཟློག་པའི༴ །གྲུལ་བུམ་གནོད་པ་གངས་ལྟར་ཞིག །དེ་ཡང་བཟློག་པའི༴ །དྲི་ཟའི་སྤྲུལ་པ་འཇའ་ལྟར་འཁྱིལ། །དེ་ཡང་བཟློག་པའི༴ །མིའམ་གནོད་པ་ཟླ་ལྟར་ཤར། །དེ་ཡང་བཟློག་པའི༴ །ལྟོ་འཕྱེའི་ཆོ་འཕྲུལ་ས་ལྟར་གཡོ། །དེ་ཡང་བཟློག་པའི༴ །བདུད་ཀྱི་ཁྲམ་ཁ་རི་ལྟར་སྙིལ། །དེ་ཡང་བཟློག་པའི༴ །ལྟས་ངན་སྤྲུལ་པ་མགོན་བརྙན་རྒྱུ། །དེ་ཡང་བཟློག་པའི༴ །རྒྱལ་པོའི་ཆོ་འཕྲུལ་འོད་ལྟར་ཤར། །དེ་ཡང་བཟློག་པའི༴ །ས་བདག་གདུག་པ་བྱི་ལྟར་འཛུལ། །དེ་ཡང་བཟློག་པའི་ཕྲིན་ལས་མཛོད། །ཐམས་ཅད་དགྲ་བགེགས་སྟེང་དུ་ཟློག །བན་དེ་བྱད་མའི་སྙིང་ལ་བྷྱོ། །བོན་པོ་བྱད་མའི་སྙིང་ལ་བྷྱོ། །བྱད་མ་བཟློག་པའི་ཕྲིན་ལས་མཛོད། །དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཅེས་ཐན་དང་འཕྲད་པའམ། བྱད་ཀ་བཟློག་པའམ། དམག་སྣ་ཆེན་པོ་བཟློག་པའམ། མ་མོ་འཁྲུགས་པའམ། ལྟས་ངན་མི་བཟད་
པ་དྲག་པོ་བྱུང་བ་ཐམས་ཅད་ལ་བཟློག་པ་འདི་བསྒྲག་སྟེ། ལན་བདུན་ནམ་ལྔའམ་གསུམ་ལ་སོགས་པ་དྲག་ཏུ་གྱེར་བར་བྱའོ། །གནམ་ལྕགས་ཀྱི་ཐོག་ཡིན་ཟེར་ཡང་འདིས་བཟློག་པར་ཐེ་ཚོམ་མི་འཚལ། སློབ་དཔོན་པདྨས་མཛད་པའོ། །བྷྱོཿ ཟློག་བྱེད་མ་མོ་ཆེན་མོ་ནི། །བ་ལ་བྷ་དྲའི་སྲིང་མོ་མཆོག །རྡོ་རྗེ་མ་སྨན་ཆེན་མོ་ནི། །ནག་མོ་ཕག་གི་གདོང་པ་ཅན། །ཡ་རྐན་གནམ་ལ་མ་རྐན་ས། །ལྗགས་ནི་བར་སྣང་གློག་ལྟར་འཁྱུག །དམར་གྱི་ཨརྒྷཾ་འདི་བཞེས་ལ། །སྔོན་གྱི་དམ་ཚིག་རྗེས་དྲན་ནས། །བདག་ཅག་འཁོར་དང་བཅས་པ་ལ། །རིག་སྔགས་རྦོད་གཏོང་བྱེད་པ་རྣམས། །ཟློག་ཅིག་བསྒྱུར་བའི་ཕྲིན་ལས་མཛོད། །བྷྱོཿ གསོད་བྱེད་མ་མོ་བཅུ་གཉིས་དང༌། །ཕྱི་ནང་དཔལ་གྱི་སྲུང་མ་རྣམས། །བཀའ་ཡི་གཏོར་མ་དམ་པ་དང༌། །བརྒྱན་གྱི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི། །ནད་དང་རྦོད་གཏོང་བཟློག་པར་མཛོད། །ཤ་བ་རྭ་འཛིངས་དྲི་ཟའི་ཐན། །དྲི་ཟའི་བརྡ་ཐན་གཏོར་མས་ཟློག །ཐོ་རངས་ཁྱི་ངུ་གཤིན་རྗེའི་
ཐན། །གཤིན་རྗེའི་བརྡ་ཐན་གཏོར་མས་ཟློག །སྦྲུལ་ནག་བྱི་ཟན་ཀླུ་ཡི་ཐན། །ཀླུ་ཡི་བརྡ་ཐན་གཏོར་མས་ཟློག །ནམ་ཕྱེད་མཛོ་ངུར་གནོད་སྦྱིན་ཐན། །གནོད་སྦྱིན་བརྡ་ཐན༴ །ནག་བེའུ་གློ་དཀར་བདུད་ཀྱི་ཐན། །བདུད་ཀྱི་བརྡ་ཐན༴ །སྲོད་འཁོར་བྱ་གྲགས་དམུ་ཡི་ཐན། །དམུ་ཡི་བརྡ་ཐན༴ །རྟ་ཕོ་རྟིང་རྡབ་གྲུལ་བུམ་ཐན། །གྲུལ་བུམ་བརྡ་ཐན༴ །གླ་ནག་མཆུ་དཀར་བཙན་གྱི་ཐན། །བཙན་གྱི་བརྡ་ཐན༴ །ཉིན་པར་ཝ་བརྒྱལ་གཉན་གྱི་ཐན། །གཉན་གྱི་བརྡ་ཐན༴ །བྱི་བ་འཁུན་པ་ས་བདག་ཐན། །ས་བདག་བརྡ་ཐན༴ །ཁང་པ་ཚག་པ་འགོང་པོའི་ཐན། །འགོང་པོའི་བརྡ་ཐན༴ །འུག་པ་ཉིན་གྲགས་སྲིན་པོའི་ཐན། །སྲིན་པོའི་བརྡ་ཐན༴ །ཡས་ཀྱི་བདུད་གཡོས་གཏོར་མས་ཟློག །མས་ཀྱི་སྲི་ལངས་གཏོར་མས་ཟློག །ཐད་ཀྱི་བཙན་ཁྲོས༴ །ཕ་ཚན་རྒྱབ་འདྲེ༴ །ཕུ་ནུའི་སྟོང་འདྲེ༴ །བྱོལ་སོང་ལོ་ཀག༴ །ལོ་ཀག་ཟླ་ཀག༴ །ཞག་ཀག་ཟ་ཀག༴ །རྨི་ལྟས་ངན་པ༴ །ལྟས་ངན་སྡིགས་པ༴ །བན་དེའི་
ཆོས་ཟོར༴ །བོན་གྱི་བོན་ཟོར༴ །རྒྱ་གར་ངན་སྔགས༴ །མུ་སྟེགས་ངན་ངག༴ །དམར་གྱི་ཕྲ་མེན༴ །སུམ་པའི་གླང་ཟོར༴ །ཞང་ཞུང་ཛོ་ཟོར༴ །གིང་གི་མངའ་ཟོར༴ །གཤིན་རྗེའི་ཁྲམ་ཁ༴ །བདུད་ཀྱི་བྱོལ་ཀ༴ །ཕུར་པའི་དབལ་ཟོར༴ །འབངས་ཀྱི་རྨི་ངན༴ །རྒྱལ་པོའི་བཀའ་ཆད༴ །མོ་སོགས་ངན་པ་གཏོར་མས་ཟློག །ཕ་རོལ་དམ་ཉམས་གང་ཞིག་གིས། །གཏོར་ཟོར་འཕེན་པ་གཏོར་མས་ཟློག །དམར་ཟོར་འཕེན་པ༴ །དམོད་ཟོར་འཕེན་པ༴ །ཐོད་ཟོར་འཕེན་པ༴ །མདའ་ཟོར་འཕེན་པ༴ །དུག་ཟོར་འཕེན་པ༴ །རྡོ་ཟོར་འཕེན་པ༴ །ཁྲག་ཟོར་འཕེན་པ༴ །ཚེ་ཟོར་འཕེན་པ༴ །ཡུངས་ཟོར་འཕེན་པ༴ །ཕུར་ཟོར་འཕེན་པ༴ །ཡས་ཀྱི་ལྷ་ཁ་ངན་པ༴ །ཉེ་བའི་ཡོལ་ཁ་ངན་པ་ཟློག །ལྷ་འདྲེས་རྦོད་གཏོང་བྱེད་པ་ཟློག །ཐམས་ཅད་སྡང་བའི་དགྲ་ལ་སྒྱུར། །ཐམས་ཅད་གནོད་པའི་བགེགས་ལ་སྒྱུར། །བྷྱོ་བྷྱོ། བསྟན་དགྲ་སྡིག་ཅན་སྟེང་དུ་བྷྱོ། །བན་དེ་བྱད་མའི་སྟེང་དུ་བྷྱོ། །བོན་པོ་བྱད་མའི་སྟེང་དུ་བྷྱོ། །བྷྱོ་བྷྱོ། ཧཱུྃ་ཧཱུྃ།
བནྡྷ་ཤ་ཡ། ལོ་ཀ་བྷ་ཤ་ཡ། ཧཱུྃ་ཧཱུྃ་སརྦ་ཟློག ཨེ་ཀ་དུ་ན་བྷྱོ་ཟློག མ་ཧཱ་དུ་ན་བྷྱོ་ཟློག ས་ག་དུ་ན་བྷྱོ་ཟློག ཙ་ཏུ་ར་སྙིང་ལ་བྷྱོ་ཟློག ནཱ་ག་དུ་ན་བྷྱོ་ཟློག རཱ་ཛ་དུ་ན་བྷྱོ་ཟློག ཏ་ཀོར་དུ་ན་བྷྱོ་ཟློག །སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་མཛད་པ་རྫོགས་སོ།། །།དེ་ནས་གཏོར་རྫོང་གི་རྟིང་ལ་བྱ་བའི་བཟློག་པའི་རིམ་པ་ནི། །བྷྱོ༑ རྡོ་རྗེ་གར་གྱི་དབང་ཕྱུག་མ། །མིང་པོ་དྲི་ཟའི་བཀའ་སྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དྲི་ཟའི་ཡེ་འགྲོགས་ཤོར་ལ་རེ། །བཟློག་གོ་དམར་ཆེན་གཏོར་མས་ཟློག །བསྒྱུར་རོ་ལྟས་ངན་ཐམས་ཅད་སྒྱུར། །རཏྣ་གར་གྱི་དབང་ཕྱུག་མ། །མིང་པོ་གཤིན་རྗེའི་བཀའ་སྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་རྣམས། །གཤིན་རྗེའི་ཁྲམ་ལ་བཏབ་ལ་རེ། །བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །པདྨ་གར་གྱི་དབང་ཕྱུག་མ། །མིང་པོ་ཀླུ་ཡི་བཀའ་སྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ཀླུ་ཡི་དལ་ཁ་བབས་ལ་རེ། །བཟློག་གོ་དམར་ཆེན༴ །བསྒྱུར་རོ་
ལྟས་ངན༴ །ལས་རབ་གར་གྱི་དབང་ཕྱུག་མ། །མིང་པོ་གནོད་སྦྱིན་བཀའ་བསྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །གནོད་སྦྱིན་དལ་ཁ་བབས་ལ་རེ། །བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །བར་སྣང་ཁམས་ཀྱི་དབང་ཕྱུག་མ། །རེ་ཏེ་མགོ་ཉག་བཀའ་སྒྱུར་མ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བདུད་ཀྱི་ཁྲམ་ལ་བཏབ་ལ་རེ། །བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །ནམ་མཁའི་དབྱིངས་ཀྱི་གློག་མ་སྤྲིན། །གནམ་ཐེའུ་དཀར་པོའི་བཀའ་སྒྱུར་མ། །རྣལ་འབྱོར་བདག་ཅག༴ །རྒྱལ་པོའི་དབང་དུ་བཅད་ལ་རེ། །བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །བཙན་ལ་ད་རེ་སྨན་གཅིག་མ། །མིང་པོ་བཙན་སྲིན་བཀའ་སྒྱུར་མ། །རྣལ་འབྱོར་བདག་ཅག༴ །བཙན་གྱི་ཁ་ཡོན་བྱུང་ལ་རེ། །བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །དཔལ་ལྡན་ནག་མོ་རེ་མ་ཏི། །ནམ་གྲུའི་ཆོ་འཕྲུལ་བཀའ་བསྒྱུར་མ། །རྣལ་འབྱོར་བདག་ཅག༴ །སྔོ་དམར་བྱད་དུ་བཅུག་ལ་རེ། །
བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །བདག་ཅག་རྣལ་འབྱོར་འཁོར་བཅས་ལ། །ཡས་ཀྱི་བདུད་གཡོས་གཏོར་མས་ཟློག །མས་ཀྱི་སྲི་ལངས་གཏོར་མས་ཟློག །ལོ་ཀག་ཟླ་ཀག་གཏོར་མས༴ །བདུན་ཟུར་ཐུག་པ༴ །སྐྱ་མདའ་ཐུག་པ༴ །བྱང་བུ་ལྷ་རྒྱབ༴ །ཤོ་རྡེལ་དཀར་ནག༴ །མོ་ངན་རྨི་ངན༴ །༢༢༢༢༤༨་བཟློག་གོ་དམར་ཆེན༴ །བསྒྱུར་རོ་ལྟས་ངན༴ །ནད་རིགས་བཞི་བརྒྱ་རྩ་བཞི་ཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག །ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ༴ །གློ་བུར་དགུ་བཅུ་རྩ་གཅི་༴ །བྱིས་པའི་གདོན་ཆེན་བཅོ་ལྔ༴ །ལྷ་འདྲེའི་རྦོད་གཏོང་ཕུར་ཁ༴ །རྨི་ལམ་མཚན་མ་ངན་པ༴ །ཟ་ཁ་སྲི་ཁ་ཟུག་པ༴ །ཕ་མེས་བྱུར་འདྲེ་ལངས་པ༴ །ཁྱིམ་ན་ཁྱིམ་ཆག་ཆེ་བ༴ །སྒོ་ན་སྒོ་ཆག་ཆེ་བར༴ །གྲོང་ན་གྲོང་ཆག་ཆེ་བ༴ །ཡུལ་ན་ཡུལ་ཆག་ཆེ་བ༴ །མོ་ངན་དཔྱད་ངན་ཐམས་ཅད༴ །སྲིན་བྱ་སྒོ་ལ་འགྲིམ་པ༴ །འུག་པས་ཧ་ཧ་ཟེར་བ༴ །དུར་སར་ཝ་མོ་བརྒྱལ་བ༴ །དུར་ཁྲོད་སྤྱང་ཀི་ངུ་བ༴ །ཕུ་ཡི་ཤ་ཕོ་རུ་
འཛིངས༴ །མདའ་ཡི་ཉ་མོ་རྔ་འཛིངས༴ །བར་དུ་ཕོ་རོག་གཤོག་འཛིངས༴ །གྲོང་དུ་ནག་མོ་སྦར་འཛིངས༴ །སྲོད་ལ་བྱ་ཕོ་འཚེར་བ༴ །ནམ་ཕྱེད་འོག་རྟ་འཚེར་བ༴ །ཐོ་རངས་སྒོ་ཁྱི་ངུ་བ༴ །གནམ་ལ་བྱ་རྒོད་གཤོག་འཛིངས༴ །ལོ་ནི་རྒྱལ་པོའི་ཀག་ཀྱང༌༴ །ཟླ་བ་བློན་པོའི་ཀག་ཀྱང་༴ །ཞག་ནི་དམག་མིའི་ཀག་ཀྱང་༴ །དུས་ཚོད་མཚོན་ཆའི་ཀག་ཀྱང་༴ །ཕོ་བརྒྱས་མདའ་ལྟར་གསོར་བ༴ །མོ་བརྒྱས་བལ་ལྟར་གཡེང་བ༴ །གདོན་བགེགས་ཉི་ཤུ་རྩ་གཅིག༴ །རྒྱལ་ཁམས་མི་ཁ་གླིང་བ༴ །མི་ཁ་བྲ་མཆུ་ཐམས་ཅད༴ །བདག་ལ་བསམ་ངན་བྱེད་པ༴ །སྦྱོར་བ་རྩུབ་པ་ཐམས་ཅད༴ །ཆགས་ཆེ་ཉམས་ང་ཐམས་ཅད༴ །རྐྱེན་ངན་བར་ཆད་ཐམས་ཅད༴ །བསྒྱུར་རོ་ལྟས་ངན་དགྲ་ལ་བསྒྱུར། །བསྒྱུར་རོ་གནོད་པའི་བགེགས་ལ་སྒྱུར། །ཞེས་ཚར་བརྒྱད་ཀྱི་རྗེས་ལ་གཏོར་ཞལ་དགྲ་ཕྱོགས་སུ་བསྒྱུར། ཙཀ་ལི་རྣམས་ཞལ་ཕྱིར་བསྒྱུར། དྲག་པོའི་གཏོར་མ་རྣམས་དང་དཀར་གཏོར་རྣམས་རིམ་པར་བཤམ། ཏིང་ངེ་འཛིན་དང་ལྡན་པས་སླར་ཚར་གཅིག་གྱེར་བར་
བྱའོ། །འདི་ཤིན་ཏུ་གཉན་པས་ཚར་དགུ་ལས་མང་དུ་མི་རུང་ངོ་། ། ༈ དེ་ནས་གསེར་སྐྱེམས་འབུལ་བ་ནི། རིན་པོ་ཆེའི་སྣོད་དུ་བརྔན་ཆ་དང་ཆང་ཕུད་སྤྲེངས་ལ་རིམ་པས་འབུལ་ཞིང༌། འདི་སྐད་དུ། ཧཱུྃ༑ རི་རབ་རི་ཡི་རྩེ་མོ་ནས། །ཡེ་ཤེས་མགོན་པོ་མཐུ་རྩལ་ཅན། །སྐུ་ལ་དབང་ཆེན་བེར་ནག་གསོལ། །ཕྱག་ན་ཙནྡན་བེང་ཆེན་བསྣམས། །ལྷ་དམག་འབུམ་བཅས་གཤེགས་སུ་གསོལ། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །ཕུར་ཁ་བསྒྱུར་བའི་དུས་ལ་བབ། །བྱད་ཁ་བཟློག་པའི་དུས་ལ་བབ། །དགྲ་དང་ཇག་པ་ཆོམ་རྐུན་གྱི། །ཡན་ལག་ཆིངས་ལ་དོན་སྙིང་ཕྱུང༌། །མ་གཡེལ་སྲུང་མ་མཐུ་རྩལ་ཅན། །ཧཱུྃ༑ མེ་རླུང་འཚུབ་མའི་ཕོ་བྲང་ནས། །ལེགས་ལྡན་མགོན་པོ་ལས་ལ་བཞེངས། །བདུད་རྟ་ནག་པོ་ཆིབས་སུ་ཆིབས། །ཙནྡན་བེང་ཆེན་ཀླད་ལ་སྐོར། །ལྷ་དམག་འབུམ་དང་བཅས་པ་བྱོན། །བདུད་རྩི་གསེར་སྐྱེམས་འདི་བཞེས་ལ། །དགྲ་བགེགས་འདུལ་བའི་དུས་ལ་བབ། །
ཕུར་ཁ་བསྒྱུར་བའི་དུས་ལ་བབ། །བྱད་ཁ་བཟློག་པའི་དུས་ལ་བབ། །དགྲ་དང་ཇག་པ་ཆོམ་རྐུན་གྱི། །ཡན་ལག་ཆིངས་ལ་དོན་སྙིང་ཕྱུང༌། །ཧཱུྃ༑ རྡོ་རྗེ་བྲག་གི་གདན་སྟེང་ནས། །བྲག་ལྷ་མགོན་པོ་ལས་ལ་བཞེངས། །ཆིབས་སུ་རྒྱ་སྟག་དམར་པོ་ཆིབས། །སྐུ་ལ་ཟངས་ཁྲབ་འོད་འབར་གསོལ། །གསེར་གྱི་རལ་གྲི་ཀླད་ལ་སྐོར། །འཁོར་ནི་ལྷ་དམག་འབུམ་གྱིས་བསྐོར། །འདིར་གཤེགས་གསེར་སྐྱེམས་དམ་པ་བཞེས། །དགྲ་བགེགས་འདུལ་བའི་དུས་ལ་བབ། །ཕུར་ཁ་བསྒྱུར་བའི་དུས་ལ་བབ། །བྱད་ཁ་བཟློག་པའི་དུས་ལ་བབ། །དགྲ་དང་ཇག་པ་ཆོམ་རྐུན་གྱི། །ཡན་ལག་ཆིངས་ལ་དོན་སྙིང་ཕྱུང༌། །ཧཱུྃ༑ རི་རབ་བང་རིམ་གཡས་ཟུར་ནས། །དགྲ་ལྷ་མཐུ་ཆེན་ལས་ལ་བཞེངས། །དགྲ་ལྷའི་དམག་དཔུང་བཅས་པ་རྣམས། །འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས། །དགྲ་བགེགས་འདུལ་བའི་དུས་ལ་བབ། །ཕུར་ཁ་བསྒྱུར་བའི་དུས་ལ་བབ། །བྱད་ཀ་བཟློག་པའི་དུས་ལ་བབ། །དགྲ་དང་ཇག་པ་
ཆོམ་རྐུན་གྱི། །ཡན་ལག་ཆིངས་ལ་དོན་སྙིང་ཕྱུང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༑ རི་རབ་ཆེན་པོའི་ཕྱོགས་བཞི་ན། །འཛམ་གླིང་འཇིག་རྟེན་གཞལ་ཡས་ནས། །རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ། །འཛམ་གླིང་བརྟན་པའི་བརྟན་མ་དང༌། །བོད་ཁམས་སྐྱོང་བའི་སྐྱོང་མ་རྣམས། །འདིར་གཤེགས་གསེར་སྐྱེམས་མཆོད་པ་བཞེས། །དགྲ་བགེགས་འདུལ་བའི་དུས་ལ་བབ། །ཕུར་ཁ་བསྒྱུར་བའི་དུས་ལ་བབ། །བྱད་ཁ་བཟློག་པའི་དུས་ལ་བབ། །དགྲ་དང་ཇག་པ་ཆོམ་རྐུན་གྱི། །ཡན་ལག་ཕྱུང་ལ་དོན་སྙིང་ཕྱུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༑ གཞན་ཡང་ཡུལ་ཕྱོགས་འདིར་གནས་པའི། །རི་དབང་རྒྱལ་པོ་འཁོར་དང་བཅས། །གཞི་བདག་ལྷ་ཀླུ་སྡེ་བརྒྱད་དང༌། །བཙན་བདུད་དགེ་བསྙེན་འཁོར་དང་བཅས། །གསེར་སྐྱེམས་མཆོད་པ་དམ་པ་བཞེས། །ཡས་ལམ་ཕྱེས་ལ་ཟོར་ལམ་སོལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༑ ཕྱོགས་བཅུའི་འཇིག་
རྟེན་གཞལ་ཡས་ནས། །མགོན་པོ་ལྷ་ཚོགས་འཁོར་དང་བཅས། །འཇིག་རྟེན་དྲེགས་བྱེད་མཐུ་རྩལ་ཅན། །སྲས་དང་བཙུན་མོ་ཕོ་ཉར་བཅས། །ཐམས་ཅད་མ་ལུས་འདིར་བྱོན་ལ། །བཀའ་ཡི་གཏོར་མ་འདི་ཉིད་དང༌། །གསེར་སྐྱེམས་མཆོད་པ་འདི་བཞེས་ལ། །དགྲ་སྡང་ཐུལ་ལ་གདོན་བགེགས་སོད། །ཕུར་ཁ་སྒྱུར་ལ་དལ་ཁ་ཟློག །ཕོ་ཉ་ཟློག་ལ་བྱད་མ་སོད། །ཆོས་ཤིག་དགྲ་ཡི་ཡུལ་དུ་ཆོས། །ཆོས་ཤིག་ལྷ་དམག་དགྲ་ལ་ཆོས། །དམ་ཉམས་དགྲ་ཡུལ་དམག་གིས་ཁོང༌། །དགྲ་ཡི་ཡུལ་མཁར་རྨེང་ནས་སྒྱེལ། །དགྲ་ཡི་སྐྱེ་རྒྱུད་རྩད་ནས་ཆོད། །དགྲ་ལ་གྲི་ཤི་གྲི་ལིངས་ཐོང༌། །བྷྱོཿ ཆོས་ཤིག་དགྲ་བོའི་སྟེང་དུ་ཆོས། །ཞེས་རོལ་མོ་དང་བཅས་པས་འབུལ། དེ་ནས་གཏོར་མ་ཕྱི་རོལ་དུ་བཏེག་ལ། ཟོར་འཕེན་པ་དང་དྲག་པོའི་སྐུལ་རྣམས་གཞུང་བཞིན་བྱ། གཏོར་མ་མེར་བསྲེག་པའམ། ཕྱོགས་དང་བསྟུན་པའམ། དགྲ་ཕྱོགས་སུ་འཕངས། དགེ་འདུན་གྱི་མདོ་ཟློག སྔགས་པའི་ཕུར་ཟོར། སྐྱེས་པའི་གྲི་ཟོར་མདའ་ཟོར། བུད་མེད་ཀྱིས་གཡབ་མོ་དང༌། དམོད་པ་རྣམས་
ཀྱིས་གཏོར་རྒྱབ་མནན། དྲག་པོའི་ཕྲིན་ལས་བཅོལ། གཏོར་བྲོ་བརྡུངས། སླར་ནང་དུ་ལོག་ནས་རྒྱལ་དབྱངས་དང་ཚོགས་ཀྱི་འཁོར་ལོ། བཀྲ་ཤིས། བསྔོ་བ་སྨོན་ལམ་གཞུང་བཞིན་བྱ། ༈ འདི་ནི་ཇག་པ་རྟ་ཐོག་གི་དགྲ་ཆོས་ཞེས་བྱ་བ་ཤིན་ཏུ་གཉན་པས་གར་ཐོད་ཐོད་དུ་མི་བྱ། བླ་མ་དང་བསྟན་པའི་དོན་དུ་བྱའོ། །འདིའི་ཡིག་ཆ་རྙིང་པ་རྣམས་ཞལ་མི་གསལ་ཞིང་འཐོར་བུར་འདུག་པས། ལག་ལེན་འཇུག་པ་བདེ་བའི་ཕྱིར་བསྐང་བ་དང༌། བཟློག་པ་གཉིས་ཅར་དང་སྦྲེལ་ཏེ། རྗེ་དོན་ལྡན་ཞབས་ཀྱི་ལས་འགྲིག་གི་མན་ངག་དང་སྦྱར། མཚུར་ཕུ་པའི་ལུགས་ཀྱིས་ཀྱང་ཁ་བརྒྱན་ཏེ་ལེགས་པར་བསྒྲིགས་པ་འདིས་བསྟན་པ་ལ་ཕན་ཐོགས་ཤིང༌། བསྟན་དགྲ་ཐམས་ཅད་ཚར་ཆོད་པ་དང༌། ཡེ་ཤེས་ཀྱི་མགོན་པོས་རྗེས་སུ་འཛིན་ཅིང་སེམས་ཅན་ཐམས་ཅད་ཀྱང་དེའི་གོ་འཕང་ལ་འགོད་ནུས་པར་གྱུར་ཅིག །ཅེས་རིགས་སྔགས་འཆང་བའི་རྣལ་འབྱོར་པ་གྲགས་པ་དཔལ་འབྱོར་རྒྱས་པའི་སྙིང་པོ་ཞེས་བགྱི་བས་བསྒྲིགས་པའོ། །བཀྲ་ཤིས་དཔལ་འབར་མི་མཐུན་བདུད་དགྲའི་གཡུལ་ལས་རྒྱལ་ཞིང་བདེ་ལེགས་ཕུན་སུམ་ཚོགས་པ་བསྟན་འགྲོའི་དཔལ་དུ་འབར་བར་ཤོག །།
དགྲ་ལྷ་ཆེན་པོ་མཆོད་པའི་རིམ་པ་སྲེག་བྱེད་མེའི་འཁོར་ལོ།
དགྲ་ལྷ་ཆེན་པོ་མཆོད་པའི་རིམ་པ་སྲེག་བྱེད་མེའི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །
སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་ལོ། །ལས་མཁན་ཆེན་པོ་མཆོད་པའི་རིམ་པ་ནི། གཏོར་མཆོད་ལེགས་པར་བཤམས་ཏེ། ཡི་དམ་དང་ཡེ་ཤེས་ཀྱི་ཆོས་སྐྱོང་རྣམས་ལ་གཏོར་མ་འབུལ་བ་སོགས་སྔོན་དུ་སོང་ལ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྷོ྅་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་སྐད་ཅིག་གིས་རང་ཉིད་དྲག་པོ་ཆེན་པོར་གསལ་བའི་མདུན་དུ་ཐོད་པ་སྐམ་རློན་ལས་བརྩེགས་པའི་སྐུ་མཁར་བརྩེགས་གསུམ་པ་མཐོ་ཞིང་རབ་ཏུ་ཡངས་པ། ནོར་བུ་རིན་པོ་ཆེའི་ཏོག་གིས་སྤྲས་པའི་སྟེང་དུ་དུག་གི་སྤྲིན་ཆེན་འཁྲིགས་པ་ལས་གློག་གི་ཕྲེང་བ་འཁྲུགས་པ། འབྲུག་གི་སྒྲ་སྒྲོགས་ཤིང་གནམ་ལྕགས་ཀྱི་
ཐོག་རྒོད་དྲག་པོར་འབེབས་པ། ལྕགས་ཀྱི་བྱ་ཁྲས་དགྲ་བོའི་བླ་ཚེ་འགུགས་ཤིང་ཕྱོགས་བཅུར་འཇུམས་པ། ཟུར་བཞིར་ཤ་རུས་དམར་པོ་ལ་དར་དམར་གྱི་ཅོད་པན་བཏགས་པས་མཛེས་པར་བརྒྱན་པ། ལོགས་རྣམས་སུ་འུག་པ་དང་སྲིན་བྱ་ལ་སོགས་པ་བྱ་རིགས་དུ་མས་ཧཱུྃ་ཕཊ་ཀྱི་སྒྲ་སྒྲོག་པ། རྐེད་པར་གླ་བ་དང་སྲེ་མོང་ལ་སོགས་པས་བྲོ་རྡུང་ཞིང་གར་བྱེད་པ། རྩ་བར་དུར་ཁྲོད་ཀྱི་ས་གཞིར་འཇིགས་སུ་རུང་བ་ལ་ཝ་དང་སྤྱང་ཀི་ལ་སོགས་པ་གཅན་གཟན་དུ་མ་རྒྱུག་ཅིང་འདུར་བ་དང༌། ངུ་ཞིང་ཟུག་པས་དགྲ་བོའི་ཤ་ཁྲག་ལ་རོལ་པ། དེའི་མཐའ་བསྐོར་དུ་ཁྲག་གི་རྒྱ་མཚོ་འཁྱིལ་བ་ལ། མི་
རོ་དང་རྟ་རོ་ལྦུ་བའི་ཚོགས་གཡོ་ཞིང་འཕྱོ་བའི་ཕྱི་རོལ་དུ་བསྐལ་པའི་མེ་ཆེན་ཕྱོགས་བཅུར་འབར་བ། འོག་ཁང་དུ་མི་ཁྲག་དང་རྟ་ཁྲག་མཚོ་ལྟར་འཁྱིལ་བ། བར་ཁང་དུ་མི་རོ་དང་རྟ་རོ་བཅལ་དུ་བཀྲམ་པ། དེའི་ཡང་སྟེང་གི་ནང་དུ་འོད་ཟེར་དམར་པོའི་ཚོགས་རབ་ཏུ་འཁྲུགས་པའི་དབུས་སུ། བཾ་རོ་གསར་རྙིང་བསྣོལ་བའི་ཁྲི་ལ་ལེ་བརྒན་འབར་བའི་གདན་གྱི་སྟེང་དུ། ཏྲི་དམར་ནག་ཡོངས་སུ་གྱུར་པ་ལས་སྐྱེས་བུ་ལས་ཀྱི་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་འཇིགས་སུ་རུང་བ་རབ་ཏུ་གདངས་པའི་ཞལ་ནས་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ་ལས་ཁྲག་འཛག་པ་མེ་དང་དུག་གི་ཁ་རླངས་འཕྲོ་བ། དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ་ལ་དར་དམར་གྱིས་བཅིངས་པ། ཁྲག་ལྟར་དམར་ཞིང་གདུག་པའི་འོད་ཟེར་འཕྲོ་བའི་སྤྱན་མིག་གློག་ལྟར་འཁྱུག་པས་འཛམ་གླིང་གི་བསྟན་པ་བསྲུང་བ། ཤངས་ནས་ནད་ཀྱི་ན་བུན་འཚུབས་པས་དགྲ་བོ་མྱོས་པར་བྱེད་པ། སྨིན་མ་དང་སྨ་ར་དམར་སེར་མེ་ལྟར་འབར་བ།
སྐུ་ལ་དར་དམར་གྱི་བེར་ཆེན་ལྷབ་ལྷུབ་ཏུ་གསོལ་བ་ལ་གསེར་སྐེད་རིན་ཆེན་འབར་བས་བཅིངས་པ། གདུག་པའི་སེན་མོ་དང་བཅས་པའི་ཕྱག་གཡས་པས་བཙན་ཞགས་དམར་པོ་འདེབས་པས་དགྲ་བོ་ཐམས་ཅད་དབང་དུ་བསྡུད་པ། གཡོན་པས་མདུང་དར་དམར་པོ་འཕྱར་བས་བཙན་དམག་ཐམས་ཅད་དབྱིངས་ནས་བསྐྱོད་པ། དགྲ་སྙིང་དྲོན་མོ་ཞལ་དུ་གསོལ་བ། བདུད་ཞགས་ནག་པོས་དགྲ་བོའི་མགུལ་ནས་ཁྲིད་པ། འཇའ་རིས་ཀྱི་ཕུབ་ཆུང་རྒྱབ་ཏུ་ཁུར་བ། སྟག་དོང་དང་དུག་མདའ་གཡས་སུ་བཏགས་ཅིང་གཟིག་ཤུབས་མཆོག་དཀར་དང་རལ་གྲི་གཡོན་དུ་མཛེས་པ། ཆིབས་སུ་བྲ་ནག་རྟིང་དཀར་རབ་ཏུ་མགྱོགས་པའི་ཤུགས་ཅན་རྣ་བ་གཡས་པར་ཐང་དཀར་གྱི་རྒོད་སྒྲོ་དང་གཡོན་པར་ཐང་སྨུག་གི་སྒྲོ་སྤུར་བཙུགས་པ། རྔ་རྔོག་དམར་པོ་མེ་ལྟར་འབར་བ་དེ་ལ་རིན་པོ་ཆེའི་སྒ་སྲབ་དང་དར་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པ། སོག་པར་སྟག་གཟིག་གི་ལན་ཚར་འཕྱང་བ། ཕྱི་ཤར་
དགྲ་བོའི་བླ་ཚེ་བཀལ་བ། དེའི་སྟེང་དུ་འགྱིང་བག་དང་བཅས་ཏེ་ཞབས་གཉིས་སག་ཏིའི་ལྷམ་ཆེན་གསོལ་བས་དྲག་ཤུལ་ཆེན་པོའི་སྟོབས་དང་ལྡན་པ། དེའི་གཡས་ཀྱི་རུ་འདྲེན་ལ་ལྷ་བཙན་འབུམ་སྡེ། གཡོན་གྱི་རུ་འདྲེན་ལ་ཀླུ་བཙན་འབུམ་སྡེ། མདུན་གྱི་སྣ་ཁྲིད་ལ་བདུད་བཙན་འབུམ་སྡེས་བསྐོར་ཞིང༌། བཙན་ཁྱི་དམར་པོ་རབ་ཏུ་གཏུམ་པ། གདངས་པའི་ཁ་ནས་དུང་ལྟར་དཀར་བའི་མཆེ་བ་གཙིགས་ཤིང་ཁྲག་འཛག་པའི་ལྕེ་གློག་ལྟར་འཁྱུག་པས་དྲག་པོའི་ངར་སྐད་སྒྲོག་པ། ཁྲག་གིས་གོས་པའི་སྡེར་མོ་རྣོ་བའི་ངར་དང་ལྡན་པའི་ཡན་ལག་གིས་ཕྱོགས་བཅུར་མཆོང་པས་ཉམས་པའི་བླ་ཚེ་སྐད་ཅིག་གིས་འགུགས་པར་བྱེད་པ་དུ་མ་ཕྱི་ནས་འབྲང་བ། གཞན་ཡང་བཙན་རིགས་དང་ཀླུ་སྨན་དུ་མའི་ཚོགས་རླུང་ལྟར་འཚུབ་པ། ཧ་སྒྲ་དང་བསོ་སྒྲ་འབྲུག་སྒྲ་ལྟར་ལྡིར་བ། དམག་ཚོགས་དེ་དག་ཐམས་ཅད་ཀྱང་གཏུམ་ཞིང་འཇིགས་སུ་རུང་བ། ཤ་ལ་དགའ་བ། ཁྲག་ལ་རྔམ་པ། སྙིང་རྗེ་མེད་པ། མིག་རྩ་དམར་
བ། ལག་ན་མདུང་དར་དང་མཚོན་ཆ་ཐོགས་པ། སྲ་བའི་གོ་ཆ་དང་ལྡན་པ། དམིགས་བྱ་སྐད་ཅིག་གིས་བརླགས་པ། གཙོ་འཁོར་དེ་དག་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་དཀར་ཧཱུྃ་དང་ཏྲི་ལས་འོད་ཟེར་འཕྲོས་པས། སྐྱེས་བུ་ཆེན་པོ་རྡོ་རྗེ་རྫིང་བཙན་ལ་སྟེང་ནམ་མཁའ་ལ་བྱ་ཤ་ཟན། འོག་ས་གཞི་ལ་གཅན་ཟན་ཁྲག་འཐུང༌། བར་དུ་སྤྲུལ་པའི་དམག་ཚོགས་དུ་མས་བསྐོར་བ་དང་བཅས་པ་སྤྱན་དྲངས། ཅེས་གསལ་བར་བསྒོམ། དེ་ནས་སྤྱན་དྲངས་པ་ནི། འདི་སྐད་དོ། །ཧཱུྃ། མ་གཡེལ་མ་གཡེལ་དྲག་པོའི་བཙན། །མ་གཡེལ་མ་གཡེལ་མཐུ་རྩལ་ཅན། །ཕྱོགས་ཕྱོགས་དེ་ནི་ཕ་ཀི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གནམ་ས་གྲུ་གསུམ་དྲག་པོའི་གནས་མཆོག་ན། །སྒྲུབ་གནས་ཆེན་པོའི་གཡས་ཟུར་ན། །ཤིང་ནགས་སྤྲིན་ལྟར་གཏིབས་པའི་གཡས་ཟུར་ན། །ཁྱད་པར་དྲག་ཤིང་བྲ་མའི་ཀློང་དཀྱིལ་ན། །རྫིང་ཆེན་མེར་བའི་ནང་ཤེད་ན། །ཁྱད་པར་ཆུ་གཉེན་མེར་བའི་ནང་ཤེད་ན། །བཙན་མཁར་
དམར་པོ་ལྡེམས་སེ་ལྡེམ། །གཙན་མཁར་དེ་ཡི་རྩེ་མོ་ན། །སྤྲིན་དང་ན་བུན་ཐིབས་སེ་ཐིབ། །སྤྲུལ་པའི་བྱ་ཁྲ་ལིངས་སེ་ལིང༌། །བཙན་མཁར་དེ་ཡི་ཟུར་བཞི་ལ། །ཤ་རུས་དམར་པོ་ཟངས་སེ་ཟང༌། །དར་དམར་ཅོད་པན་པུ་རུ་རུ། །བཙན་མཁར་དེ་ཡི་ལོགས་བཞི་ལ། །འུག་པའི་ཧཱུྃ་སྒྲ་དི་རི་རི། །སྲིན་བྱ་ཧབ་གད་སྐྱགས་སེ་སྐྱག །བཙན་མཁར་དེ་ཡི་བསྐེད་པ་ན། །གླ་བས་བྲོ་རྡུང་ཁྲིགས་སེ་ཁྲིག །སྲེ་མོང་གར་བྱེད་ཁྱུགས་སེ་ཁྱུག །བཙན་མཁར་དེ་ཡི་རྩ་བ་ན། །སྤྱང་མོའི་འཁང་ཟུག་ལྷངས་སེ་ལྷང༌། །དུར་ཁྲོད་ཝ་བརྒྱལ་རྩེ་རེ་རེ། །བཙན་མཁར་དེ་ཡི་འོག་ཁང་ན། །མི་ཁྲག་རྟ་ཁྲག་མཚོ་ལྟར་འཁྱིལ། །བཙན་ཁར་དེ་ཡི་བར་ཁང་དུ། །མི་རོ་རྟ་རོ་གཅལ་དུ་བཀྲམ། །བཙན་མཁར་དེ་ཡི་ཡང་སྟེང་ན། །དར་ཟབ་འབར་བའི་གདན་སྟེང་ན། །སྐྱེས་བུ་རྡོ་རྗེ་རྫིང་བཙན་བཞུགས། །སེར་ཆགས་སྲུང་མ་མཛད་ཙམ་ན། །དགེ་བསྙེན་དར་མ་ཆོས་གོས་ཅན། །སྔགས་པའི་སྲུང་མ་མཛད་ཙམ་ན། །དྲག་སྔགས་རཀྴའི་ཕྲེང་བ་
ཅན། །སྐྱེས་པའི་སྲུང་མ་མཛད་ཙམ་ན། །དྲག་པོ་བཙན་གྱི་ཆ་ལུགས་ཅན། །མོ་བཙུན་སྲུང་མ་མཛད་ཙམ་ན། །ཀླུ་བཙན་གླང་གི་ཆིབས་པ་ཅན། །ཁྱོད་ཀྱི་འཁོར་ནི་མི་བསྲུན་པའི། །ཀླུ་སྨན་དར་གྱི་ལེའུ་ཅན། །གཡུ་ཡི་ལན་ཚར་ཤ་ར་ར། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སྤྱན་འདྲེན་འབོད་ཀྱིས་ད་ཚུར་བྱོན། །ཁས་བླང་དམ་བཅའ་དྲན་གྱིས་ལ། །དམ་བཅས་བཞིན་དུ་ད་ཚུར་བྱོན། །བཙན་ཕྲན་མང་པོའི་འཁོར་དང་བཅས། །དར་ཟབ་འབར་བའི་གདན་སྟེང་དུ། །གཟི་བརྗིད་ལྡན་པར་བཞུགས་སུ་གསོལ། །ཞེས་དང༌། ཧཱུྃ། དམ་ཚིག་གཉེན་པོས་ཐ་ཚིག་གནད་ནས་བསྐུལ། །སངས་རྒྱས་བསྟན་པ་རིན་ཆེན་སྲུང་བ་དང༌། །རྣལ་འབྱོར་བདག་གི་བར་ཆད་བསལ་བའི་ཕྱིར། །སྐྱེས་བུ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་དང༌། །གྲུབ་པའི་རྣལ་འབྱོར་རྒྱལ་བ་རྨོག་ལྕོག་པ། །མཐུ་སྟོབས་དབང་ཕྱུག་དཔལ་ལྡན་གངས་པ་སོགས། །བརྒྱུད་པའི་བླ་མ་རྣམས་
ཀྱི་བྱིན་རླབས་ཤིང༌། །བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་བ་ཡི། །ཞལ་བཞེས་དམ་ཚིག་གཉེན་པོ་དྲན་མཛོད་ལ། །རྫུ་འཕྲུལ་མངའ་བདག་གནས་འདིར་གཤེགས་སུ་གསོལ། །རིག་འཛིན་སྲུང་མ་གནས་འདིར་གཤེགས་སུ་གསོལ། །རྣལ་འབྱོར་དགྲ་ལྷ་གནས་འདིར་གཤེག་སུ་གསོལ། །བཙན་གྱི་མགོན་པོ་གནས་འདིར་གཤེགས་སུ་གསོལ། །ཡམ་ཤུད་དམར་པོ་གནས་འདིར་གཤེགས་སུ་གསོལ། །མཐུ་སྟོབས་དབང་ཕྱུག་གནས་འདིར་གཤེགས་སུ་གསོལ། །དགྲ་ལྷ་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །བསྟན་སྲུང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །སྔགས་སྲུང་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །ཀླུ་བཙན་ཆེན་པོ་གནས་འདིར་གཤེགས་སུ་གསོལ། །བྲག་དམར་རྫོང་བཙན་གནས་འདིར་གཤེགས་སུ་གསོལ། །རྫོང་བཙན་སྨུག་པོ་གནས་འདིར་གཤེགས་སུ་གསོལ། །བར་སྣང་སྐྱེས་མཆོག་གནས་འདིར་གཤེགས་སུ་གསོལ། །བདུད་ནག་སྐྱེས་གཅིག་ཉག་རལ་གནས་འདིར་
གཤེགས་སུ་གསོལ། །ལྷ་བཙན་འབུམ་སྡེ་གནས་འདིར་གཤེགས་སུ་གསོལ། །ཀླུ་བཙན་འབུམ་སྡེ་གནས་འདིར་གཤེགས་སུ་གསོལ། །བདུད་བཙན་འབུམ་སྡེ་གནས་འདིར་གཤེགས་སུ་གསོལ། །སྤྲུལ་པའི་དམག་ཚོགས་མ་ལུས་འཁོར་དང་བཅས། །གདུག་པ་འདུལ་ཕྱིར་གནས་འདིར་གཤེགས་སུ་གསོལ། །སྔོན་ཚེ་བརྒྱུད་པའི་བླ་མའི་སྤྱན་སྔ་རུ། །སྐྱེས་བུ་ཁྱོད་ཀྱིས་ཇི་ལྟར་ཁས་བླངས་པའི། །དམ་ཚིག་གཉེན་པོ་དགོངས་ལ་འདིར་བྱོན་ཅིག །བདག་ནི་རིག་འཛིན་སྒྲུབ་པའི་རྣལ་འབྱོར་པ། །ཆོས་བཞིན་སྤྱོད་ནས་སྒྲུབ་པ་དང་དུ་བླངས། །དམ་ཚིག་སྲོག་ལ་བསྡོས་ནས་སྒྲུབ་བགྱིད་དེ། །ལས་མཁན་ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །སྒྲུབ་པའི་ཁང་པ་གནས་མཆོག་ཉམས་དགའ་དེར། །སྐྱེས་བུ་ཆེན་པོ་གཟི་བརྗིད་འོད་དང་བཅས། །བཙན་དམག་འབུམ་སྡེ་ལས་མཁན་འཁོར་དང་བཅས། །སྤྲུལ་པའི་བྱ་ཁྲ་གཅན་ཟན་འབུམ་དང་བཅས། །ཀླུ་སྨན་མང་པོས་གླུ་དབྱངས་བྲོ་གར་བཅས། །ཀི་
ཀི་བསོ་བསོ་དྲག་པོའི་སྒྲ་དང་བཅས། །རྫུ་འཕྲུལ་སྟོབས་ཀྱིས་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཏྲི་ཤཾ་བྷ་ནི་བཛྲ་སཱ་དྷུ་ས་མ་ཡ་བྷེ་ཏྲི་ཛཿཛཿ ཛཿཧཱུྃ་བཾ་ཧོ། གཉིས་སུ་མེད་པར་གྱུར་པར་བསམ་ལ། དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ། དུར་ཁྲོད་གནས་མཆོག་གཟི་བརྗིད་འོད་དུ་འབར། །མདའ་དར་སྟག་གཟིག་གཡང་གཞིས་ལེགས་པར་བརྒྱན། །བཾཾ་རོ་གསར་རྙིང་ཀེང་རུས་ཁྲི་ཆེན་བརྩེགས། །མཆོད་པའི་ཡོ་བྱད་སྣ་ཚོགས་གཅལ་དུ་བཀྲམ། །དམ་རྫས་དམར་ཆེན་འབར་བའི་གཏོར་མ་བཤམས། །ཡིད་འོང་མཛེས་པའི་གནས་མཆོག་དམ་པ་འདིར། །བཙན་མགོན་འཁོར་བཅས་གནས་འདིར་བཞུགས་སུ་གསོལ། །དེ་ནས་མཆོད་པ་ནི། ཧཱུྃ། རབ་བསིལ་ལྷ་ཡི་བདུད་རྩིའི་ཡོན་ཆབ་དང༌། །ཐང་སྐྱེས་ཆུ་སྐྱེས་མེ་ཏོག་སྣ་ཚོགས་བཀྲམ། །དྲི་ཞིམ་སྤོས་མཆོག་དུད་པ་སྤྲིན་ལྟར་གཏིབས། །མུན་སེལ་མར་མེའི་ཚོགས་ནི་འོད་དུ་འབར། །དྲི་བཟང་སྤོས་མཆོག་སྦྱར་བའི་དྲི་ཆབ་གཏམས། །ཞལ་ཟས་འདོད་ཡོན་སྣ་ཚོགས་ཕུང་པོ་
སྤུངས། །སྒྲ་དབྱངས་སྙན་པའི་རོལ་མོ་བསམ་མི་ཁྱབ། །མཆོད་པའི་བྱེ་བྲག་དཔག་མེད་སྤྲིན་ལྟར་གཏིབས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་པ་འདི། །སྐྱེས་བུ་ཆེན་པོ་འཁོར་དང་བཅས་ལ་འབུལ། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་སྭཱ་ཧཱ། ཨོཾ་བཛྲ་པདྱཾ་སོགས་ནས་ཤབྡ་ཨཱཿཧཱུྃ་སྭཱ་ཧཱ། བར་གྱིས་མཆོད། དེ་ནས་ཕྱག་འཚལ་བ་ནི། ཧཱུྃ། སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །བསྟེན་པའི་དུས་ན་གདུང་སེམས་ཅན། །རྦད་པའི་དུས་ན་མཐུ་རྩལ་ཅན། །མཆོད་ན་མཐུན་རྐྱེན་སྒྲུབ་ལ་ཕྱག་འཚལ་ལོ། །ཞེས་དང༌། ཧཱུྃ། བཅོམ་ལྡན་དཔལ་ཆེན་པདྨ་ཐོད་ཕྲེང་གིས། །དབང་བསྐུར་དབང་རྟགས་ལྡན་པའི་དམ་ཚིག་ཅན། །དེང་འདིར་གདུག་པ་འདུལ་ཕྱིར་དབང་ཕྱུག་གཙོ། །མ་འོངས་སངས་རྒྱས་བསྟན་ལ་བྱང་ཆུབ་པའི། །དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །དེ་ནས་དམ་ལ་བཞག་པ་ནི། བདག་ཉིད་ཡི་དམ་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་དམར་ནག་ལྕགས་ཀྱུ་ལྟ་བུ་འཕྲོས་པས། མདུན་བསྐྱེད་ཀྱི་སྐྱེས་བུ་
འཁོར་བཅས་ཀྱི་ས་བོན་ལ་ཕོག་པས། ཐུགས་དམ་གྱི་རྒྱུད་བསྐུལ་བས་དམ་ལ་བཏགས་ཏེ་བཀའ་བཞིན་བསྒྲུབ་པར་གྱུར། སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སྔོན་གྱི་ཁས་བླངས་དམ་བཅས་བཞིན། །བརྒྱུད་པའི་བླ་མ་ཐམས་ཅད་ཀྱིས། །དམ་ལ་བཞག་པ་དྲན་པར་མཛོད། །ཨོཾ་ཏྲི་ཤཾ་བྷ་ནི་བཛྲ་སཱ་དྷུ་ས་མ་ཡ་བྷེ་ཏྲི་ས་མ་ཡ་མ་ཏི་ཀྲ་མ་ཏི་ས་མ་ཡ་རཀྵནྟུ། ཞེས་མང་དུ་བཟླས། དེ་ནས་གཏོར་མ་འབུལ་བ་ནི། སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས། ཡཾ་ལས་རླུང་གི་དཀྱིལ་འཁོར། དེའི་སྟེང་དུ་རཾ་ལས་མེའི་དཀྱིལ་འཁོར༌། དེའི་སྟེང་དུ་ཀཾ་ལས་ཐོད་སྐྱེད་གསུམ་གྱི་ཁར། ཐོད་པ་ཕྱི་དཀར་ལ་ནང་དམར་བ་སྟོང་གསུམ་ཁྱབ་པ། དེའི་སྟེང་དུ་དམར་ཆེན་གྱི་གཏོར་མ་དགྲ་བོའི་ཤ་ཁྲག་ལས་གྲུབ་པ་དང༌། གཞན་ཡང་ཤའི་རི་བོ་ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད། ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་འདོད་ཡོན་གྱི་རང་བཞིན་བསམ་གྱིས་མི་ཁྱབ་པར་གྱུར། རླུང་གཡོས་མེ་འབར། ཐོད་པ་དྲོས།
རྫས་རྣམས་ཁོལ་བས་རླངས་པ་འཕྲོས། སྐྱེས་བུ་འཁོར་བཅས་ལ་ཕོག་པས་བཙན་དམག་འཁོར་དང་བཅས་པ་དགྱེས་བཞིན་གསོལ་བར་གྱུར། ཨོཾ་ཨཱཿཧཱུྃ། གསུམ་གྱིས་བྱིན་བརླབས། ཧཱུྃ། ཁྱོད་ལ་མཆོད་པ་འབུལ་བ་ནི། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །བྱིན་གྱིས་བརླབས་པའི་གཏོར་མ་འདིས། །དགེ་བསྙེན་ཆེན་པོའི་ཐུགས་དམ་བསྐང༌། །སྨན་རག་སྦྱར་བའི་གསེར་སྐྱེམས་འདིས། །དྲག་པོ་བཙན་གྱི་ཐུགས་དམ་བསྐང༌། །དམར་ཆེན་སྦྱར་བའི་གཏོར་མ་ལ། །མདའ་དར་ལེབ་རྒན་འབར་བས་བརྒྱན། །དམར་པོ་བཙན་གྱི་ཐུགས་དམ་བསྐང༌། །མངར་གསུམ་སྦྱར་བའི་གཏོར་མ་ལ། །ཡིད་འོང་མཛེས་པའི་བརྒྱན་པ་འདིས། །ཀླུ་སྨན་དཀར་མོའི་ཐུགས་དམ་བསྐང༌། །དཀར་གསུམ་སྦྱར་བའི་གཏོར་མ་ལ། །འཇམ་འབྲས་མར་གྱིས་བརྒྱན་པ་འདིས། །ལྷ་བཙན་དཀར་པོའི་ཐུགས་དམ་བསྐང༌། །བཤོས་བུ་ཟུར་གསུམ་ལྡན་པ་ལ། །ཤ་སྣ་སྙིང་སྣས་བརྒྱན་པ་འདིས། །བཙན་བྲན་ཡོངས་ཀྱི་
ཐུགས་དམ་བསྐང༌། །ཁྱོད་རྣམས་བདག་གིས་ཐུགས་དམ་བསྐང༌། །བདག་གི་ཐུགས་དམ་ཁྱོད་ཀྱིས་སྐོངས། །རྒྱན་གྱི་གཏོར་མ་འདི་བཞེས་ལ། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །རྡོ་རྗེ་སློབ་དཔོན་སྐུ་ཚེ་བསྲིངས། །རྣལ་འབྱོར་བསམ་པའི་དོན་རྣམས་བསྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཞེས་དང༌། དེ་ནས། ཧཱུྃ། སྐྱེས་བུ་ཆེན་པོ་བཙན་མགོན་འཁོར་བཅས་ལ། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༌། །ཁྲག་དང་དབང་པོ་ཚིལ་ཆེན་དུད་པ་དང༌། །ཞུན་ཆེན་གསལ་བྱེད་མཁྲིས་པའི་བྱུག་པ་དང༌། །ནང་ཁྲོལ་རྐང་གླིང་རོལ་མོ་སྣ་ཚོགས་དང༌། །བཟའ་བཅའ་ལྡག་ཞིབ་བཏུང་བ་སྣ་ཚོགས་དང༌། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་དཔག་མེད་འདི། །སྐྱེས་བུ་ཆེན་པོ་འཁོར་དང་བཅས་ལ་འབུལ། །འཁོར་བཅས་དམ་ཚིག་དགོངས་ལ་བཞེས་སུ་གསོལ། །ཧཱུྃ། རིན་ཆེན་འབར་བའི་སྣོད་མཆོག་དམ་པ་འདི། །རྩ་བརྒྱད་སྟོང་སྦྱར་ཛ་གད་
དཔའ་བོས་གཏམས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་ཞི་བྱེད་པའི། །སྨན་མཆོག་དམ་པས་སྐྱེས་བུ་འཁོར་བཅས་མཆོད། །དགྲ་བགེགས་གདུག་པ་མ་ལུས་བསྒྲལ་བ་ཡི། །དམར་ཆེན་རཀྟ་ཁྲག་གི་རྒྱ་མཚོར་འཁྱིལ། །ལྦུ་བའི་རླབས་འཕྲེང་ཕྱོགས་བཅུར་གཡོ་བར་བྱེད། །ཙིཏྟ་ལས་བྱུང་སྐྱེས་བུ་འཁོར་བཅས་མཆོད། །ཚེ་གལ་ཐུན་རྡེབ་གཏོར་མ་རི་ལྟར་བརྗིད། །དཀར་གྱི་ཐིག་གདབ་དམར་གྱི་གུར་ཆེན་ཕུབ། །འདོད་པའི་ཡོན་ཏན་དཔག་མེད་སྤྲིན་ལྟར་གཏིབས། །དམར་ཆེན་གཏོར་མས་སྐྱེས་བུ་འཁོར་བཅས་མཆོད། །དམ་རྫས་རྒྱན་གྱི་མཆོད་པ་འདི་དག་ཀུན། །སྐྱེས་བུ་ཆེན་པོའི་ཞལ་དུ་ཁ་རཾ་ཁཱ་ཧི། །ལྷ་བཙན་དཀར་པོའི་ཞལ་དུ་ཁ་རཾ་ཁཱ་ཧི། །ཀླུ་སྨན་དཀར་མོའི་ཞལ་དུ་ཁ་རཾ་ཁཱ་ཧི། །ལྷ་བཙན་འབུམ་གྱི་ཞལ་དུ་ཁ་རཾ་ཁཱ་ཧི། །ཀླུ་བཙན་འབུམ་སྡེའི་ཞལ་དུ་ཁ་རཾ་ཁཱ་ཧི། །བདུད་བཙན་འབུམ་སྡེའི་ཞལ་དུ་ཁ་རཾ་ཁཱ་ཧི། །བཙན་དམག་འབུམ་སྡེའི་ཞལ་དུ་ཁ་རཾ་ཁཱ་ཧི། །དམ་རྫས་རྒྱན་གྱི་གཏོར་མ་
འདི་བཞེས་ལ། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །བསྐང་བ་སོགས་མི་བྱེད་ན་ཐུན་མཚམས་མ་འདིར་འདོན། བསྐང་བ་སོགས་བྱེད་ན་དཔེ་ཚན་འོག་མ་ན་ཡོད་པའི་ཐུགས་དམ་བསྐུལ་བའི་བཤམ་དུ་ཏོན་ཀྱང་ཆོག མཆན། ཕྲིན་ལས་བསྐུལ་བ་ནི། གསེར་སྐྱེམས་དང་བཅས་པའི་འབྲུ་བླུགས་ལ། ཨོཾ་བདེ་ལེགས་སུ་གྱུར་ཅིག །ཐུན་མཚམས་སྤྲིན་ལྟར་དམར་བའི་འོད་ཟེར་ནི། །རྣམ་པར་འཁྲིགས་པའི་ཕྲེང་བ་འཕྲོ་བ་ཅན། །བཙན་རྒོད་དྲག་པོ་མ་རུངས་མཐུ་བོ་ཆེ། །དགྲ་ལྷ་ཆེན་པོ་གང་དེ་རྣམ་པར་རྒྱལ། །ཕྱི་ནང་གསང་བའི་མཆོད་པ་བླ་ན་མེད། །བསྟེན་དང་མཆོད་དང་བསྐང་དང་སྒྲུབ་པའི་རྫས། །དངོས་འབྱོར་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རྣམས། །སྐྱེས་བུ་ཆེན་པོ་འཁོར་དང་བཅས་ལ་འབུལ། །བདག་ནི་རིག་འཛིན་སྒྲུབ་པའི་རྣལ་འབྱོར་པ། །སངས་རྒྱས་བསྟན་ལ་ཞུགས་ཤིང་དེར་རྗེས་ཕྱོགས། །དགེ་བཅུ་དང་དུ་ལེན་པ་བདག་ཅག་གིས། །བདེན་པར་སྨྲས་པའི་ཚིག་འདི་ཁྱོད་ཀྱིས་གསོན། །ཁྱོད་ནི་ལྷ་མཆོག་དྲག་པོ་མཐུ་བོ་
ཆེ། །ཁྱོད་ནི་ཀླུ་བཙན་རྒྱལ་པོ་མཐུ་བོ་ཆེ། །ཁྱོད་ནི་དགྲ་ལྷ་བར་སྣང་སྐྱེས་ཀྱི་མཆོག །བདུད་ནག་སྐྱེས་གཅིག་ཉག་རལ་དགྲ་བོའི་གཤེད། །བཙན་རྒོད་ཡམ་ཤུད་དམར་པོ་མཐུ་བོ་ཆེ། །ཁྱོད་ལ་གསོལ་བའི་ཚིག་ནི་འདི་ལྟར་ཏེ། །བདག་ནི་དམ་ཚིག་ལྡན་པའི་རྣལ་འབྱོར་པ། །དགྲ་ལྷ་མཆོག་ཁྱོད་བསྟེན་པར་འདོད་པ་ལ། །སྙན་པའི་ངག་དང་གདུང་བའི་ཚིག་གིས་ཀྱང༌། །ཡང་ཡང་བོས་སོ་དགྲ་ལྷ་སྙན་མ་སྲ། །བསྟན་གྱི་བར་ཆད་མ་ལུས་སེལ་བ་དང༌། །འཕྲལ་དུ་རྐྱེན་ངན་བཟློག་ཕྱིར་ལྷ་མཆོག་ཁྱོད། །རིག་འཛིན་བདག་གིས་བསྟེན་པར་འདོད་པ་ལ། །ལུས་དང་གྲིབ་བཞིན་འགྲོགས་ཤིག་ལྷ་མཆོག་ཁྱོད། །དཀའ་བ་དང་བླངས་ལྕི་བ་ཁུར་ཁྱེར་ཏེ། །ཁྱོད་དང་མཐུན་པའི་དམ་རྫས་ཅི་མཆིས་པ། །བྱིན་གྱིས་བརླབས་ནས་འབུལ་བའི་དུས་འདི་རུ། །ཡོངས་སུ་རྫོགས་པར་བཞེས་ཤིག་ཁ་རཾ་ཁཱ་ཧི། །ཁྱོད་ནི་བསྟན་སྲུང་དྲག་པོ་མཐུ་རྩལ་ཅན། །བདག་ནི་རིག་འཛིན་སྒྲུབ་པའི་རྣལ་འབྱོར་པ། །དམ་ཚིག་
གཉེན་པོ་དགོངས་ལ་ཚིག་འདི་གསོན། །ལྷ་མཆོག་ཁྱོད་ཉིད་བདག་གིས་བོས་པའི་ཚེ། །ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར། །གློག་སྟོང་འགྱུ་བའི་ཚུལ་དུ་སྐུ་གཤེགས་ལ། །འཇིགས་པའི་ཞལ་རས་སྟོན་ཅིག་དགྲ་ལྷ་ཆེ། །བཟང་ངན་ལེགས་ཉེས་ཐེ་ཚོམ་དང་ལྡན་པའི། །བྱ་བ་མཐོ་དམན་སེམས་ལ་ཤར་བའི་ཚེ། དངོས་སམ་ཉམས་དང་རྨི་ལམ་ཚུལ་དག་ཏུ། །ལུང་བསྟན་གསལ་བར་སྟོན་ཅིག་དགྲ་ལྷ་ཆེ། །ཕྱོགས་བཅུ་གང་དུ་འགྲོ་ཞིང་སྡོད་པ་དང༌། །སྤྱོད་ལམ་རྣམ་བཞི་གང་གིས་གནས་ན་ཡང༌། །འགལ་རྐྱེན་ཀུན་ལས་སྲུངས་ཤིག་དགྲ་ལྷ་ཆེ། །ཇག་རྐུན་གཅན་ཟན་ལ་སོགས་ཕྱི་ཡི་བདུད། །ན་ཚ་ཟུག་གཟེར་ལ་སོགས་ནང་གི་བདུད། །མདོར་ན་མི་དང་མི་མིན་གནོད་པ་དང༌། །ཐམས་ཅད་ཀུན་ལས་སྲུངས་ཤིག་དགྲ་ལྷ་ཆེ། །བདག་ལ་གནོད་པར་བྱེད་པ་གདུག་པའི་དགྲ །གང་ལ་དམིགས་པའི་དགྲ་བོ་མ་ལུས་པ། །བཙན་རྒོད་དྲག་པོ་མ་རུང་མཐུ་བོ་ཆེ། །ཁྱོད་ལ་གཏད་དོ་གཉེར་རོ་ས་མ་ཡཱ། །
བདག་གིས་སྨྲས་པའི་ཚིག་རྣམས་མ་ལུས་པ། །རྒྱལ་བའི་བཀའ་དང་རིག་འཛིན་རྣམས་ཀྱི་གསུང༌། །འདི་ལས་འདས་ན་དམ་ཚིག་གཉེན་ལས་འགལ། །དེ་ཕྱིར་བདག་གི་གདོང་དང་གྲོགས་ལ་བསྐུལ། །ཞེས་བརྗོད། དེ་ནས་བསྐང་བ་སོགས་ལ་གདངས་དབྱངས་སྙན་པོས་བསྐང་གསོལ་དང་བཤགས་པ་བསྟོད་པ་ཐུགས་དམ་བསྐུལ་བ་སོགས་བྱས་ལ། དེ་ནས་གཏོར་མ་ཟུར་གསུམ་གཅིག་བཤམས་ཏེ་དམིགས་པ་དྲག་པོས་དགུག་གཞུག་ལན་གསུམ་བྱས་ནས། ཧཱུྃ། སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །རྡོ་རྗེ་སློབ་དཔོན་བཀའ་ཉན་པ། །དཔེ་ཚན་འོག་མའི་མགོའི་བསྐང་བ་བྱིན་བརླབས་ནས་བཟུང་སྟེ། ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་སྒྲུབས། །ཞེས་པའི་བར་འདིར་བླངས་ཏེ་འདོན། མཆན། སྔགས་འཆང་བདག་གིས་བསྐུལ་བའི་ཚེ། །ཉི་མའི་གུང་ལ་རྒྱུག་ཙ་ན། །ལྷ་བཙན་དྲག་པོའི་ཆས་སུ་བཞུགས། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །བྲ་ནག་རྣ་
བ་གཡས་པ་ལ། །ཐང་དཀར་རྒོད་སྒྲོ་ལྡེམས་སེ་ལྡེམ། །བྲ་ནག་རྣ་བ་གཡོན་པ་ལ། །ཐང་སྨུག་སྒྲོ་ཐིལ་པུ་རུ་རུ། །བྲ་ནག་དཔུང་པ་གཡས་གཡོན་ན། །སྟག་གཟིག་ལན་ཚར་ཤ་ར་ར། །བྲ་ནག་ཕྱི་ཤ་གཡས་གཡོན་ལ། །དམ་ཉམས་དགྲ་བོའི་བླ་ཚེ་བཀལ། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སྐུ་ལ་དར་དམར་བེར་ཆེན་གསོལ། །དབུ་ལ་ལེ་བརྒན་དར་ཐོད་བཅིངས། །སྡང་མིག་དམར་པོ་ཀྱི་ལི་ལི། །སྡང་མིག་དམར་པོ་དཀྱིལ་ཙ་ན། །དགྲ་བོ་མ་ལུས་ཟིལ་གྱིས་གནོན། །ཞལ་ནས་མེ་ལྕེ་དམར་པོ་ལྷབས་སེ་ལྷབ། །དགྲ་བོའི་བླ་ཚེ་སྐེམ་པར་བྱེད། །གཡས་ན་བསྣམས་པའི་ཕྱག་མཚན་ནི། །རྔ་ཞགས་དམར་པོ་མདའ་ལྟར་འཕེན། །དགྲ་བོའི་སྲོག་ལ་ཏ་ལ་ལ། །དགྲ་སྙིང་དམར་པོ་ཞལ་དུ་གསོལ། །ཕྱི་ཞགས་ནག་པོ་གྲུག་ལྟར་འདྲིལ། །དགྲ་བོ་མ་ལུས་དབང་དུ་བསྡུས། །གཡོན་ན་བསྣམས་པའི་ཕྱག་མཚན་ནི། །དར་མདུང་དམར་པོ་ཆེམས་སེ་ཆེམ། །དར་མདུང་དམར་པོ་ཆེམས་ཙམ་ན། །བཙན་དམག་ཐམས་ཅད་དབྱིངས་ནས་སྐྱོད། །བཙན་དམག་དབྱིངས་ནས་སྐྱོད་ཙ་
ན། །དགྲ་བོ་མ་ལུས་དམྱལ་ཐག་གཅོད། །རྒྱབ་ན་འཇའ་རིས་ཕུབ་ཆུང་ཀྱི་ལི་ལི། །གཡས་ན་སྟག་དོང་མདའ་སྐད་ཤ་ར་ར། །གཡོན་ན་གཟིག་ཤུབ་མཆོག་དཀར་པྲེངས་སེ་པྲེང༌། །གཡས་ཀྱི་སྟག་དོང་ཁྲ་བོ་ནས། །དུག་མདའ་ལྟོང་དམར་ཤ་ར་ར། །གཡོན་གྱི་གཟིག་ཤུབ་ཐིག་ལེ་ནས། །བསེ་ཡི་གཞུ་མོ་ཝངས་སེ་ཝང༌། །གཞུ་འགེངས་མདའ་འགེངས་ཀྱི་ལི་ལི། །དགྲ་བོ་དཀར་ནག་མཚམས་སུ་རྒྱོབ་ལ་ཤོག །དོན་སྙིང་མཚམས་སུ་རྒྱོབ་ལ་ཤོག །ཁྱོད་ཀྱི་གདོང་གི་སྣ་འདྲེན་པ། །སྤྲུལ་པའི་ཆོ་འཕྲུལ་སྣ་ཚོགས་འགྱེད། །དགྲ་བོའི་ཡུལ་དུ་ལྟས་ངན་ཐོངས། །ཁྱོད་ཀྱི་གཡས་ཀྱི་རུ་འདྲེན་པ། །ལྷ་བཙན་དམར་པོ་ཤ་ར་ར། །དགྲ་བོའི་ཡུལ་དུ་ཁྲམ་ཁ་བསྒྱུར། །ཁྱོད་ཀྱི་གཡོན་གྱི་རུ་འདྲེན་པ། །ཀླུ་སྨན་མང་པོ་ཀྱི་ལི་ལི། །ཀླུ་ནད་བྱིངས་རྨུགས་དགྲ་ལ་བསྒྱུར། །ཁྱོད་ཀྱི་སླད་ཀྱི་རྗེས་ཉུལ་བ། །བཙན་ཁྱི་དམར་པོ་ཤ་ར་ར། །དགྲ་བོའི་བླ་ཚེ་ཁུག་ལ་ཤོག །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །བསྟེན་པའི་
དུས་ན་དུང་སེམས་ཅན། །རྦད་པའི་དུས་ན་མཐུ་མ་ཆུང༌། །བཏང་བའི་དུས་ན་རྩལ་མ་ཞན། །སྟོབས་དང་དྲག་རྩལ་བསྟན་པར་གྱིས། །དགྲ་ཡུལ་ཐལ་བའི་བརྡུལ་དུ་རློགས། །དམ་རྫས་མཆོད་པ་ཆུད་མ་གསན། །དེ་ནས་དྲག་ཏུ་བསྐུལ་ཞིང་གཏོར་མ་འབུལ་བ་ནི། ཧཱུྃ་བྷྱོ། མ་རུངས་བཙན་རྒོད་མཐུ་རྩལ་ཅན། །སྔོན་གྱི་དམ་ཚིག་གཉན་པོ་དགོངས། །འཇིགས་པའི་གནས་ནས་ད་སྐྱོད་ཅིག །མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད། །ཧཱུྃ༑ ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ནུབ་ཕྱོགས་ཕ་ཀི་ན། །གྲུ་གསུམ་གཉེན་པོའི་ཕོ་བྲང་ན། །བཙན་མཁར་དམར་པོ་ལྡེམས་སེ་ལྡེམ། །དུག་གི་སྤྲིན་ཆེན་ཐིབས་སེ་ཐིབ། །ལྕགས་ཀྱི་བྱ་ཁྲ་ཅུམས་སེ་ཅུམ། །འབྲུག་སྒྲ་ཆེམ་ཆེམ་འུ་རུ་རུ། །གནམ་ལྕགས་ཐོག་རྒོད་ཤ་ར་ར། །དུང་གི་ཁུ་འཕང་ཁྲོ་ལོ་ལོ། །མེ་ཡི་གློག་དམར་ཁྱུགས་སེ་ཁྱུག །སྐུ་མཁར་དེ་ཡི་ཟུར་བཞི་ལ། །ཤ་རུས་དམར་པོ་ཟངས་སེ་ཟང༌། །དར་དམར་ཅོད་པན་པུ་རུ་རུ། །རུ་དར་དམར་པོ་ལྷབས་སེ་ལྷབ། །སྐུ་མཁར་དེ་ཡི་
ཕྱོགས་འཚམས་དང༌། །རྩ་བ་སྟེང་འོག་ཐམས་ཅད་དུ། །འུག་པས་ཧཱུྃ་སྒྲོག་སྲིན་བྱ་དགོད། །གླ་བས་བྲོ་རྡུང་སྲེ་མོང་གར། །ཝ་རྒྱལ་སྤྱང་མོས་འཁང་ཟུག་བྱེད། །གདུག་པའི་གཅན་གཟན་དུ་མ་རྒྱུག །དམར་ཆེན་ཁྲག་གི་རྒྱ་མཚོ་འཁྱིལ། །ནང་རོལ་ཤ་རུས་ཕུང་པོ་སྤུངས། །རབ་འཇིགས་གཤིན་རྗེའི་གྲོང་ཁྱེར་འདྲ། །ཧཱུྃ༑ སྐུ་མཁར་དེ་ཡི་ནང་ཤེད་ན། །རྡོ་རྗེ་འཛིན་པའི་དམ་ཚིག་ཅན། །སྔགས་འཆང་བདག་གི་དགྲ་ལྷ་དེ། །སྐྱེས་བུ་ལས་ཀྱི་ཤན་པ་ཆེ། །དམར་ནག་ཁྲག་གི་མདོག །འོད་འབར་རྩེ་རེ་རེ། །སྤྱན་གཉིས་སྡང་མིག་ཏུ། ཁྲག་ལྟར་ཅིལ་ལི་ལི། །སྐྲ་སེར་གྱེན་དུ་བརྫེས། །དར་དམར་པུ་རུ་རུ། །སྣ་ནས་ནད་ཡམས་ཀྱི། རླུང་ནག་ཚུབས་སེ་ཚུབ། །ཁ་གདངས་ལྗགས་འདྲིལ་ཞིང༌། མེ་འབར་ལྷབས་སེ་ལྷབ། །མཆེ་གཙིགས་ཁྲག་འཛག་པའི། ཧབ་དགད་དི་རི་རི། །ཕྱག་གཡས་སྔ་ཞགས་ནི། ཐོག་ལྟར་ཤ་ར་ར། །གཡོན་པས་དར་དམར་གྱི། མདུང་དམར་ཆེམས་སེ་ཆེམ། །དགྲ་སྙིང་
དྲོན་མོ་ནི། ཞལ་དུ་ཁྲུགས་སེ་ཁྲུག །ཕྱི་ཞགས་ནག་པོ་ནི། གྲུག་ལྟར་ཧྲིལ་ལི་ལི། །དར་དམར་བེར་ཆེན་ཡང༌། སྤྲིན་ལྟར་ལྷུབས་སེ་ལྷུབ། །གཡས་སུ་སྟག་དོང་ནི། མདའ་སྐད་ཤ་ར་ར། །གཡོན་དུ་གཟིག་ཤུབས་ནི། མཆོག་དཀར་ཝངས་སེ་ཝང༌། ཞབས་གཉིས་དྲག་པོ་ཡིས། རྡོག་རྡེབ་ཁྲིགས་སེ་ཁྲིག །བྲ་ནག་རྟིང་དཀར་ནི། རླུང་ལྟར་འུ་རུ་རུ། །རྣ་བ་གཡས་པ་རུ། རྒོད་སྒྲོ་ལྡེམས་སེ་ལྡེམ། །རྣ་བ་གཡོན་པ་རུ། རྒོད་ཐིལ་པུ་རུ་རུ། །དཔུང་པ་གཡས་གཡོན་དུ། སྟག་གཟིག་དར་མཚོན་གྱི། ལན་ཚར་ཤ་ར་ར། །ཕྱི་ཤ་གཡས་གཡོན་དུ། །དགྲ་བོའི་བླ་ཚེ་བཀལ། ལས་མཁན་ཆེན་པོ་ཁྱོད། །གཏོར་མ་འདི་བཞེས་ལ། །བཅོལ་བའི་འཕྲིན་ལས་མཛོད། །སྡང་བའི་དགྲ་བོ་ཡི། བླ་སྲོག་ཁུག་ལ་ཤོག །ལུས་སེམས་སོ་སོར་ཕྲོལ། ཤ་ཁྲག་ཞལ་དུ་བཞེས། དགྲ་ཡི་ཡུལ་མཁར་དུ། ལྟས་ངན་སྣ་ཚོགས་ཐོངས། །ལས་འདི་མ་བྱས་ན། །སློབ་དཔོན་བཀའ་ཡང་བཅག །བདག་གི་དམ་ལས་འགལ། །མཆོད་གཏོར་
ཆུད་མ་གསན། །དེ་ཕྱིར་ལས་ལ་ཡ། དགྲ་བགེགས་འབྱུང་པོའི་སྲོག་ལ་མ་ར་ཡ། ཅེས་ལས་ལ་བསྐུལ་ཏེ་གཏོར་མ་འབུལ། རོལ་མོ་བྱ། ཐལ་མོ་བརྡེབ། དར་ནག་དང་མདའ་དར་གཡབ། དྲག་སྔགས་བརྗོད། འཕྲིན་ལས་བཅོལ། དམོད་བཅོལ་བྱའོ། །སྐྱེས་བུ་ཆེན་པོའི་བསྐང་གསོལ་གྱི་རིམ་པ་འདི་ནི་དམ་ཚིག་དང་ལྡན་ཞིང༌། རིག་འཛིན་ཆེན་པོས་རྒྱུད་བྱིན་གྱིས་བརླབས་པ། རྗེ་ཀརྨ་པ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་ཀྱིས་རྗེས་སུ་བཟུང་ཞིང་ཡེ་ཤེས་ལས་གྲུབ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བསྙེན་སྒྲུབ་ལ་བརྩོན་ཞིང༌། ཞི་བས་མི་འདུལ་བའི་སེམས་ཅན་གདུག་པ་ཅན་རྣམས་ལ། དྲག་པོས་འདུལ་བའི་ཆེད་དུ། བཀའ་སྲུང་ཆེན་པོ་རྡོ་རྗེ་རྫིང་བཙན་ཞེས་བྱ་བ་བཙན་རྒོད་ཡམ་ཤུད་དམར་པོ་ཡིན་པར་ཡང་གྲགས། སློབ་དཔོན་ཆེན་པོ་པདྨས་དམ་ལ་བཏགས་ཤིང༌། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་དང༌། རྒྱལ་བ་རྨོག་ལྕོག་པའི་བཀའ་སྲུང༌། རྗེ་གངས་པ་ནས་འབྲོང་ངུར་བ་ན་རིམ་ལ་བརྒྱུད་པ་འདི་སྙིང་ཉེ་ཞིང་དྲག་རྩལ་ཆེ་བ་འགབ་དྲོ་ཞིང་མྱུར་མགྱོགས་ཆེ་བར་རིག་སྟེ། སྒྲུབ་ཅིང་མཆོད་པར་འདོད་པས། སྔགས་འཆང་གྲགས་པ་རབ་འཇིགས་རྡོ་རྗེ་དཔལ་འབྱོར་
གྱིས་བྲིས་པའོ། །དེ་ལྟར་སྐྱེས་བུ་ཆེན་པོ་མཆོད་པའི་ཐབས། སྲེག་བྱེད་མེ་ཡི་འཁོར་ལོ་ཞེས་བྱ་བ་འདི། བསྟན་པ་སྲུང་དང་རྣལ་འབྱོར་སྐྱོང་བ་དང༌། །ཉམས་ཆགས་གསོ་ཞིང་དགྲ་བགེགས་འདུལ་བའི་ཕྱིར། །རིག་འཛིན་གསང་བ་སྔགས་ཀྱི་རྣལ་འབྱོར་པ། །མཐུ་སྟོབས་དབང་ཕྱུག་གྲགས་པའི་འབྲུག་སྒྲ་ཅན། །རབ་འཇིགས་རྡོ་རྗེ་དགྲ་བགེགས་མ་ལུས་པ། །བཅོམ་ནས་བཀྲ་ཤིས་དཔལ་གྱི་འབྱོར་པ་ཅན། །གང་དེས་བགྱིས་པའི་བསོད་ནམས་ཅི་ཡོད་པ། །བྱང་ཆུབ་ཐོབ་ཕྱིར་བསྔོ་བས་འགྲུབ་གྱུར་ཅིག །།རྩ་གསུམ་རབ་འབྱམས་ཐུགས་རྗེའི་ཆར་ཆེན་པོས། །འགྲོ་བའི་གདུང་བ་མཐའ་དག་རབ་ཞི་ཞིང༌། །བདེ་སྐྱིད་རྫོགས་ལྡན་གཞོན་ནུའི་ལང་འཚོ་དར། །ཀཾ་ཚང་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཞེས་པ་འདི་རྗེ་བཙུན་༧བདུད་འདུལ་རྡོ་རྗེས་གནང་བའོ།། །།
རྡོ་རྗེ་རྫིང་བཙན་འབར་བའི་གསོལ་མཆོད་འདོད་རྒུ་མྱུར་སྩོལ།
རྡོ་རྗེ་རྫིང་བཙན་འབར་བའི་གསོལ་མཆོད་འདོད་རྒུ་མྱུར་སྩོལ་ཞེས་བྱ་བ་ནི། རྫིང་བཙན་མཆོད་པར་འདོད་ན་གཏོར་མ་གསེར་སྐྱེམས་གང་འབྱོར་བཤམས་ཤིང་། རང་ཉིད་ཡིད་དམ་གང་ཡིན་གྱི་གསལ་སྣང་ལ་གནས་པས། མཆོད་རྫས་རྣམས་རཾ་ཡཾ་ཁཾ་གྱིས་བསངས། ཨོཾ་ཨཱཿཧཱུྃ། ཧཱ་ཧོ་ཧྲཱིཿ ཞེས་པས་བྱིན་གྱིས་བརླབས་ལ་རོལ་མོ་དང་བཅས། དབྱངས་སྙན་པོས་རྩེ་གཅིག་ཡིད་ཀྱིས་འདི་ལྟར་བསྐུལ། ཧྲཱི། དབང་ཆེན་རྟ་མཆོག་དཔལ་ལ་ཕྱག་འཚལ་ལོ། །འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་ཆེན་པོ་ནས། །དྲེགས་པ་བཙན་གྱི་སྡེ་དཔོན་ཡམ་ཤུད་དམར། །རང་འཁོར་འབུམ་སྡེའི་ཚོགས་བཅས་ད་ཚུར་བྱོན། །ཨོ་རྒྱན་པདྨའི་གཏེར་བསྲུང་མཛད་
པའི་ཚེ། །ཀླུ་བཙན་འབར་བ་སྤུན་བདུན་ཞེས་སུ་གྲགས། །ཤེལ་གིང་དཀར་པོའི་བཀའ་སྡོད་མཛད་པའི་ཚེ། །གནོད་སྦྱིན་དབང་པོ་གཏུམ་བྱེད་མཐུ་བོ་ཆེ། །གཅོད་ཡུལ་བཀའ་ཡི་སྲུང་མ་མཛད་པའི་ཚེ། །བཙན་རྒོད་ཟངས་རི་འབར་བ་མཐུ་རྩལ་ཅན། །དབུས་གཙང་རུ་བཞིའི་ཡུལ་ལྷ་མཛད་པའི་ཚེ། །རྡོ་རྗེ་རྫིང་བཙན་དབང་དྲག་འབར་བ་རྩལ། །རྡོ་རྗེ་ཕུར་པའི་བཀའ་བསྲུང་མཛད་པའི་ཚེ། །བསེ་ཡི་སྐྱེས་བུ་གཏུམ་དྲག་མེ་ལྟར་འབར། །མཐོ་བ་ནམ་མཁའི་དབྱིངས་ལ་རྒྱུ་བའི་ཚེ། །གཟའ་རྒོད་མིག་དམར་མེ་ཡི་འཁོར་ལོ་ཅན། །དམའ་བ་རྒྱ་མཚོའི་གཏིང་ལ་གནས་པའི་ཚེ། །ཀླུ་བདུད་མགོ་དགུ་མིག་དམར་སྦྲུལ་འཇུག་གཡོ། །ཕྱག་བརྙན་གཅན་གཟན་སྣ་ཚོགས་རླུང་ལྟར་ཚུབས། །བཀའ་སྡོད་ཕོ་ཉ་སྣ་ཚོགས་ཆུ་ལྟར་འཁོལ། །ལས་བྱེད་དྲེགས་པའི་དམག་ཚོག་ཐོག་ལྟར་འབེབས། །སྲོག་གཅོད་ཤན་པའི་ཚོགས་རྣམས་གློག་ལྟར་འཁྱུག །དམ་ཉམས་བསྟན་དགྲ་འདུལ་བའི་མྱུར་མགྱོགས་ཅན། །སྐུ་
མདོག་དམར་པོ་འཇིག་དུས་མེ་ལྟར་འབར། །གཡས་པས་རུ་མཚོན་ཉམས་པའི་སྙིང་ལ་ཟེར། །གཡོན་པས་དགྲ་བགེགས་གློ་སྙིང་ཞལ་དུ་གསོལ། །གྲུ་མོར་སྲོག་དབུགས་བདུད་པའི་རྐྱལ་པ་ཅན། །དམར་ནག་བཙན་བདུད་ཞགས་པ་སྐར་ལྟར་འཁྲུགས། །བྲ་བོ་གཡུ་རྔོག་རླུང་གི་རྩལ་ལྡན་ཆིབས། །ཡབ་ཡུམ་སྲས་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །གསོལ་ལོ་མཆོད་དོ་མཐུན་པའི་དམ་རྫས་འབུལ། །བསྟེན་ནོ་སྒྲུབ་བོ་དམིགས་པའི་འཁྲུལ་འཁོར་བསྐོར། །རྦད་དོ་བསྐུལ་ལོ་བསྟན་དགྲ་དགོས་དགྲ་སོགས། །བསྐང་ངོ་བཤགས་སོ་ཐུགས་འགལ་ཉེས་ཚོགས་དག །སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་དང་། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་པ། །རྨོག་ལྕོག་པ་དང་རྒྱལ་ཚབ་རིམ་བྱོན་གྱིས། །བཀའ་བསྒོས་དམ་ཚིག་གཉེན་པོ་རྗེས་དགོངས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད། །བསྟན་འཛིན་སྐྱེས་བུ་སྐུ་ཚེ་བརྟན་པར་མཛོད། །དགེ་འདུན་སྡེ་རྣམས་འདུལ་ཁྲིམས་
གཙང་བར་མཛོད། །ཀླ་ཀློ་གདུགས་པའི་མཐའ་དམག་ཟློག་པར་མཛོད། །བསྟན་ལ་རབ་གུས་སྦྱིན་པའི་བདག་པོ་སོགས། །སྐྱབས་འོག་སྲུང་བའི་འཁོར་ལོར་བཞུགས་པ་ཀུན། །དགྲ་ལྷ་གཉེན་པོས་བུ་བཞིན་སྐྱོངས་བར་མཛོད། །
སྔགས་འཆང་གི་དགྲ་ལྷ་སྐྱེས་བུ་ཆེན་པོ་རྡོ་རྗེ་རྫིང་བཙན་གྱི་བསྐང་བ་རིན་པོ་ཆེའི་ཕྲེང་བ་དང་དྲག་བསྐུལ་ཐོག་གི་ཕྲེང་བ།
སྔགས་འཆང་གི་དགྲ་ལྷ་སྐྱེས་བུ་ཆེན་པོ་རྡོ་རྗེ་རྫིང་བཙན་གྱི་བསྐང་བ་རིན་པོ་ཆེའི་ཕྲེང་བ་དང་དྲག་བསྐུལ་ཐོག་གི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཧ་ཡ་གྷྲི་ཝ་ཡེ། རབ་དགྱེས་ཆགས་པའི་མདངས་ལྡན་དཔའ་བོའི་སྐུ། །མ་རུངས་འཇོམས་པའི་རྔམ་ཞལ་དགྲ་སྡེའི་གཤེད། །མཐར་བྱེད་རྟ་མཆོག་རྒྱལ་པོས་བྱིན་རླབས་ལས། །དྲེགས་ལྡན་བསྟན་སྲུང་ལས་ལ་དགྱེས་གྱུར་ཅིག །འདིར་སྐྱེས་བུ་ཆེན་པོའི་བསྐང་བ་བྱེད་པར་འདོད་པས། གནས་དབེན་པར་དར་མཚོན་ལ་སོགས་ཀྱིས་མཛེས་པར་བརྒྱན། སྐུ་གསུང་ཐུགས་ཀྱི་རྟེན་དང༌། ཁྱད་པར་དུ་སྐྱེས་བུ་ཆེན་པོའི་སྐུ་བཤམ་པའི་མདུན་དུ་གཏོར་མ་མཁར་ཐབས་སམ། ཡང་ན་བཤོས་བུ་ཟུར་གསུམ་ཁྲུ་གང་བ་ལ་མར་དང་ཤ་ཁྲག་གིས་བརྒྱན། དར་དམར་པོའི་མདའ་དར་བཙུགས་པ་ལ་བཤོས་བུ་ཟུར་གསུམ་གྱིས་བསྐོར་བ་དང༌། དཀར་གཏོར་དཀར་
གསུམ་མངར་གསུམ་དར་སྣ་ཚོགས་པས་རྒྱན་པ་དང༌། བཤོས་བུ་ཟུར་གསུམ་ཁྲག་གིས་བརྒྱན་པ་དང༌། གཞན་ཡང་རྟ་ནག་གཡག་ལུག་ར་གསུམ་མདའ་དར་སྟག་གཟིག་ལ་སོགས་མཆོད་པ་བྱིན་རླབས་ལྟར་བཤམས། རང་ཉིད་ཡི་དམ་དུ་གསལ་བའི་མདུན་དུ་སྐྱེས་བུ་འཁོར་བཅས་བསྐྱེད། སྤྱན་འདྲེན་བཞུགས་གསོལ། མཆོད་བསྟོད་གཞུང་བཞིན་བྱས་ལ། བསྐང་རྫས་བྱིན་གྱིས་བརླབས་པ་ནི། དྲག་པོའི་སྔགས་ཀྱིས་བགེགས་བསྐྲད་ལ། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས། སྐད་ཅིག་གིས་མཆོད་པའི་བྱེ་བྲག་རྣམ་པ་སྣ་ཚོགས་པར་ཕྱི་ནང་གསང་བའི་དམ་རྫས། བསྐང་རྫས་སྨན་རག་གཏོར་གསུམ། བརྗིད་པའི་མདའ་དར་སྟག་གཟིག །གོ་མཚོན། འཕན་
གདུགས། བ་དན། རྒྱལ་མཚན། ཞིང་ཆེ་ཆུང༌། བམ་གསར་རྙིང༌། ཐོད་མཁར། རྟ་ནག བྱ་ནག གཡག་ལུག་ར་གསུམ། བེར་དམར། ཞགས་པ་དམར་ནག མདུང་དམར། རལ་གྲི། སྟག་དོང་གཟིག་ཤུབས། ཙིཏྟ་ལིང་དམར་ལ་སོགས་པ་མཆོད་པའི་བྱེ་བྲག་རྣམ་པ་སྣ་ཚོགས་པ། ནམ་མཁར་སྤྲིན་ཕུང་ལྟ་བུར་གཏིབས་པ། ས་གཞི་རྩི་ཐོག་ལྟ་བུར་བཀྲ་བ། སྐྱེས་བུ་ཆེན་པོ་རྡོ་རྗེ་རྫིང་བཙན་འཁོར་དང་བཅས་པ་མཉེས་ཤིང་ཚིམས་པར་བསྐྱེད་པའི་རྒྱུར་གྱུར། བཛྲ་ཨརྒྷཾ་སོགས། ཧཱུྃ༑ གསོན་ཅིག་དྲག་པོ་མཐུ་རྩལ་ཅན། །དགོངས་ཤིག་སྐྱེས་བུ་ཆེན་པོ་དགོངས། །བདག་ནི་རིག་འཛིན་སྒྲུབ་པ་པོ། །བདག་ནི་སྔགས་འཆང་དམ་ཚིག་ཅན། །སངས་རྒྱས་བསྟན་པ་བསྲུང་བ་དང༌། །རྣལ་འབྱོར་བར་ཆད་བསལ་བ་དང༌། །གདུག་པའི་དགྲ་བགེགས་འདུལ་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །དམ་ཚིག་དབང་གིས་གཤེགས་ནས་ཀྱང༌། །བམ་དང་དར་ཟབ་གདན་ལ་
བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་བཞེས། །དམ་ཚིག་ཉམས་ཆགས་ཐམས་ཅད་བཤགས། །འདོད་པའི་དངོས་གྲུབ་སྩོལ་བ་དང༌། །བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཧཱུྃ༑ བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐུ་མདོག་དམར་ནག་ཁྲག་གི་མདོག །ཞལ་གཅིག་ཕྱག་གཉིས་ཁྲོ་ཞིང་གཏུམ། །སྤྱན་གསུམ་གདངས་མིག་གློག་ལྟར་འཁྱུགས། །ཞལ་གདངས་ལྗགས་འགྲིལ་མཆེ་བ་གཙིགས། །ནད་ཀྱི་ཁ་རླངས་སྤྲིན་ལྟར་གཏིབས། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཞལ་ནས་མེ་འབར་ཧ་ཧ་སྒྲོག །སྨིན་མ་སྨ་ར་མེ་ལྟར་འབར། །རལ་པ་དམར་སེར་སྤྲིན་ལྟར་གཏིབས། །ལེ་བརྒན་དམར་བའི་འཛུམ་ཐོད་ཅན། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཕྱག་གཡས་བཙན་ཞགས་དམར་པོ་འདེབས། །གཡོན་པས་མདུང་དམར་སྲིད་རྩེར་འཕྱར། །དགྲ་སྙིང་དྲོན་མོ་ཞལ་དུ་གསོལ། །སྐུ་
ལས་མེ་ཡི་ཚ་ཚ་འཕྲོ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །དར་དམར་འཇོལ་བེར་སྐུ་ལ་གསོལ། །གསེར་སྐེད་རིན་ཆེན་འབར་བས་བཅིངས། །རལ་གྲི་སྟག་དོང་གཟིག་ཤུབས་བཏགས། །འཇའ་རིས་ཕུབ་ཆུང་རྒྱབ་ཏུ་འཁུར། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཆིབས་སུ་བྲ་ནག་རྟིང་དཀར་ཆིབས། །རྣ་བར་རྒོད་ཀྱི་སྒྲོ་སྤུར་བཙུག །སོག་པར་སྟག་གཟིག་ལན་ཚར་བཏགས། །ཕྱི་ཤར་དགྲ་བོའི་བླ་ཚེ་བཀལ། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །ཁྲག་ཆེན་ཨརྒྷཾ་མཚོ་ལྟར་འཁྱིལ། །དབང་པོ་རྣམ་ལྔ་ཨུཏྤལ་ལ། །དྲི་བཟང་མེ་ཏོག་མཛེས་པར་བཀྲམ། །ཤ་ཆེན་གསུར་གྱི་དུད་པ་དང༌། །བདུག་སྤོས་སྣ་ཚོགས་སྤྲིན་ལྟར་གཏིབས། །ཞུན་ཆེན་ཞག་གི་མར་མེ་ནི། །མཐའ་ཡི་མེ་ལྟར་རབ་ཏུ་གསལ། །ཁྲག་ཞག་མཁྲིས་པའི་བདུད་རྩི་དང༌། །དྲི་ཆབ་དམ་པ་མཚོ་ལྟར་འཁྱིལ། མ་ཧཱ་མཾ་སའི་ལྷ་བཤོས་ནི། །རི་རབ་ལྟ་བུར་རབ་ཏུ་བརྗིད། །ཐོད་ལྔ་
རྐང་གླིང་རོལ་མོའི་སྒྲ། །འབྲུག་སྟོང་སྒྲ་ལས་ལྷག་པ་འདིས། །སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང༌། །མཛེས་ཤིང་ཡིད་དུ་འོང་བའི་གཟུགས། །སྙན་པའི་སྒྲ་དབྱངས་རོལ་མོའི་ཚོགས། །དྲི་ཞིམ་སྦྱར་བའི་བྱུག་པ་དང༌། །རོ་བརྒྱ་ལྡན་པའི་ཞལ་ཟས་སོགས། །ལེ་བརྒན་འབར་བའི་ན་བཟའ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །མཛེས་པའི་ལྷ་མོ་ཡིད་འོང་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན། །བདེ་བ་ཆེན་པོའི་རང་བཞིན་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སེར་ཆགས་སྲུང་མ་མཛད་ཙམ་ན། །དགེ་བསྙེན་དར་མའི་ཆས་སུ་བཞུགས། །སྐུ་ལ་ཆོས་གོས་ངུར་སྨྲིག་གསོལ། །སེར་ཆགས་ཡོངས་ཀྱི་སྲུང་མ་མཛད། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སྔགས་པའི་སྲུང་མ་མཛད་པའི་ཚེ། །ཞྭ་ནག་གོས་ནག་སྐུ་ལ་
གསོལ། །ཕྱག་ན་རཀྴའི་ཕྲེང་བ་འདྲེན། །སྔགས་འཆང་ཡོངས་ཀྱི་སྲུང་མ་མཛད། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །མོ་བཙན་སྲུང་མ་མཛད་པའི་ཚེ། །ཀླུ་བཙན་རྒྱལ་པོའི་ཆས་སུ་བཞུགས། །ཆིབས་སུ་ཆུ་གླང་སྔོན་པོ་ཆིབས། །སྨན་ཤར་ཡོངས་ཀྱི་སྲུང་མ་མཛད། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །སྐྱེས་པའི་སྲུང་མ་མཛད་པའི་ཚེ། །དྲག་པོ་བཙན་གྱི་ཆས་སུ་བཞུགས། །བྲ་ནག་རྟིང་དཀར་ཆིབས་སུ་ཆིབས། །སྐྱེས་པ་ཡོངས་ཀྱི་སྲུང་མ་མཛད། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །རྩ་བརྒྱད་སྟོང་སྦྱར་ཨམྲྀ་ཏ། །འཆི་མེད་བདུད་རྩིའི་སྨན་མཆོག་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །དམ་ཉམས་དགྲ་བགེགས་བསྒྲལ་བ་ཡིས། །རཀྟའི་རྒྱ་མཚོ་ཆེན་
པོ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ཤ་ཁྲག་དམར་གྱི་གཏོར་མ་ལ། །མཐུན་རྫས་དུ་མས་བརྒྱན་པ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །སྙུག་རྒོད་ཚིག་གསུམ་ལྡན་པ་ལ། །མ་ཉམས་རྒོད་ཀྱི་སྒྲོ་ཆེན་སྐྱོན། །གྲི་ལྕགས་ངར་མའི་མདེའུ་ལ། །དུག་དང་ཁྲག་གི་ངར་ཆུ་བླུད། །མགུལ་དུ་དར་དམར་ཅོད་པཎ་བཏགས། །བརྗིད་པའི་མདའ་དར་དམ་པ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །མེ་རླུང་འཚུབ་པའི་ཀློང་དཀྱིལ་ནས། །ཁྲག་གི་རྒྱ་མཚོ་འཁྱིལ་བའི་དབུས། །ཐོད་པ་རྩིག་པའི་སྐུ་མཁར་ཏེ། །རྩེ་ན་སྤྲིན་དང་ན་བུན་འཐིབས། །བྱ་ཁྲ་ལྡིང་ཞིང་འབྲུག་སྒྲ་སྒྲོག །ཟུར་ལ་ཤ་རུ་དར་དམར་བརྒྱན། །འུག་པ་སྲིན་བྱས་ཧཱུྃ་ཕཊ་འབྱིན། །སྲེ་མོང་གླ་བ་བྲོ་བརྡུང་ཞིང༌། །ཝ་དང་སྤྱང་མོ་འདུར་ཞིང་རྒྱུག །མི་ཁྲག་རྟ་ཁྲག་མཚོ་ལྟར་འཁྱིལ། །མི་རོ་རྟ་རོ་བཅལ་དུ་བཀྲམ། །ཀེང་རུས་བམ་གྱི་ཁྲི་ཆེན་བཤམས། །མཛེས་པའི་ཕོ་བྲང་དམ་པ་འདིས། །དགྲ་
བླ་ཆེན་པོའི་ཐུགས་དམ་བསྐང༌། །རྟ་མཆོག་བྲ་ནག་རྟིང་དཀར་ལ། །རྣ་བར་རྒོད་ཀྱི་སྒྲོ་སྤུར་བཙུགས། །དཔུང་པར་སྟག་གཟིག་ལན་ཚར་བཏགས། །རིན་ཆེན་ཕྲེང་བའི་སྒ་སྲབ་ལ། །ལེ་བརྒན་དར་གྱིས་མཛེས་པར་བརྒྱན། །ཕྱི་ཤར་དགྲ་བོའི་བླ་ཚེ་བཀལ། །རྫུ་འཕྲུལ་ལྡན་པའི་རྟ་མཆོག་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །གཡག་ནག་ཞོལ་ཆེན་བརྗིད་པ་ལ། །དྲི་ཞིམ་སྤོས་ཀྱི་ཁ་རླངས་འཐུལ། །གནམ་ལྕགས་འབར་བའི་ར་རྨིག་ཅན། །སྤུ་ལ་འདོད་དགུ་སྣ་ཚོགས་འབྱུང༌། །དགྲ་བགེགས་འབྱུང་པོ་ཟིལ་གྱིས་གནོན། །གཡག་ནག་སྤྲིན་ལྟར་གཏིབས་པ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ལྕགས་ཀྱི་བྱ་ཁྲ་ཆེན་པོ་ནི། །གནམ་ལྕགས་འབར་བའི་ཆུ་སྡེར་ཅན། །སྤུ་གྲི་གནོན་པོའི་ཐལ་བྲན་ལ། །རལ་གྲིའི་གཤོག་པ་ལྡིང་ཞིང་འཛུམ། །དགྲ་བགེགས་བླ་ཚེ་འགུག་བྱེད་པའི། །བྱ་ནག་བརྒྱན་གྱིས་བརྒྱན་པ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ལུག་ནག་
སྤྱི་དཀར་ཁྲོ་ཆུའི་མིག །དབང་པོ་མ་ཉམས་རྭ་གཉིས་ལྡན། །དར་སྣ་ལྔ་ཡི་ཅོད་པཎ་བཏགས། །མཛེས་པའི་སྤུ་སྡུག་ཤེལ་སྒོང་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང། །ར་སྐྱེས་རོག་པོ་རྒྱན་གྱིས་བརྒྱན། རྭ་དང་རྨིག་བཞི་ཁྲག་གིས་གོས། །ཕྲག་པར་དགྲ་བགེགས་ལིང་ག་བཀལ། །ཙ་ར་རོག་པོ་བརྗིད་པ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང། །ལྷུན་ཆགས་བརྗིད་པའི་བེར་དམར་དང༌། །གསེར་སྐེད་རིན་ཆེན་དུ་མས་སྤྲས། །སྟག་དོང་གཟིག་ཤུབས་རལ་གྲི་ལ། །མེ་ཡི་ཚ་ཚ་རབ་ཏུ་འཕྲོ། །འཇའ་རིས་བཀྲ་བའི་ཕུབ་ཆུང་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ཞགས་པ་དམར་ནག་གློག་ལྟར་འཁྱུགས། །བསེ་མདུང་དམར་པོ་སྤྲིན་ལྟར་གཏིབས། །ཙིཏྟ་དྲོན་མོ་འཕར་བ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །དམ་ཉམས་དགྲ་བོའི་གཟུགས་བྱད་ལ། །དམར་ཆེན་ཁྲག་གིས་རབ་ཏུ་བྱུག །རྣམ་པར་ཤེས་པ་བཀུག་ཅིང་བསྟིམས། །དགྲ་
བགེགས་གདུག་པའི་ལིང་དམར་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །གཞན་ཡང་དམ་རྫས་སྣ་ཚོགས་པར། །སྟག་གཟིག་གོ་མཚོན་གཡང་གཞི་དང༌། །འཕན་གདུགས་བ་དན་རྒྱལ་མཚན་བསྒྲེང༌། །འདོད་ཡོན་དུ་མའི་མཆོད་སྤྲིན་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །བཤོས་བུ་ཟུར་གསུམ་ཁྲག་གིས་བྱུག །དཀར་གྱི་ཐིག་གདབས་དམར་གྱི་གུར། །མདའ་དར་ལེབ་རྒན་འབར་བས་བརྒྱན། །བརྗིད་པའི་གཏོར་ཆེན་དམ་པ་འདིས། །དགྲ་བླ་ཆེན་པོའི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །རེས་འགའ་ལྷ་བཙན་དཀར་པོའི་ཆས། །དགྲ་ལ་རྣོ་མྱུར་ཐོག་ལྟར་རྒྱུག །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །དཀར་གསུམ་སྦྱར་བའི་གཏོར་མ་ལ། །འཇམ་འབྲས་སྣུམ་ཆེན་མར་གྱིས་བརྒྱན། །མཛེས་པའི་གཏོར་མ་དམ་པ་འདིས། །ལྷ་བཙན་དཀར་པོའི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་
བསྐང་བ་ནི། །སྐྱེས་བུ་ཐུགས་ཀྱི་དགྱེས་སྡེ་མོ། །ཀླུ་སྨན་དཀར་མོ་སྨན་ཅིག་མ། །དར་གྱི་ལེན་བུ་ལྡེམས་སེ་ལྡེམ། །གཡུ་ཡི་ལན་ཚར་ཤར་ར། །མཛེས་པའི་སྟངས་སྟབས་ཁྱུགས་སེ་ཁྱུག །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །མངར་གསུམ་སྦྱར་བའི་གཏོར་མ་ལ། །དར་སྣ་རིན་ཆེན་དུ་མས་བརྒྱན། །ཀླུ་སྨན་དཀར་གསུམ་སྦྱར་བ་འདིས། །ཀླུ་སྨན་དཀར་མོའི་ཐུགས་དམ་བསྐང༌། །ཡང་ཅིག་ཐུགས་དམ་བསྐང་བ་ནི། །སྐྱེས་བུ་ཁྱོད་ཀྱི་འཁོར་ཚོགས་སུ། །བཙན་དམག་བྱེ་བ་འབུམ་སྡེ་འགྱེད། །གཡས་ཀྱི་རུ་འདྲེན་ལྷ་བཙན་འབུམ། །གཡོན་གྱི་རུ་འདྲེན་ཀླུ་བཙན་འབུམ། །མདུན་དུ་རོལ་པའི་བདུད་བཙན་འབུམ། །བཙན་ཁྱི་དམར་པོ་རོལ་དུ་ཁྲིད། །བསྐང་ངོ་ཁྱོད་ཀྱི་ཐུགས་དམ་བསྐང༌། །ཐུགས་དམ་བསྐང་བའི་དམ་རྫས་ནི། །བཤོས་བུ་ཟུར་གསུམ་ལྡན་པ་ལ། །ཤ་སྣ་སྙིང་སྣ་དུ་མས་བརྒྱན། །བཙན་དམག་འཁོར་བཅས་ཐུགས་དམ་བསྐང༌། །
བསྐང་ངོ་བསྐལ་པར་ཐུགས་དམ་བསྐང༌། ཧཱུྃ༑ སྐྱེས་བུ་ཆེན་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །རྡོ་རྗེ་རྫིང་བཙན་གྱི། །ཐུགས་དམ་གཉན་པོ་བསྐང༌། །དགྲ་ལྷ་ཆེན་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །རྫོང་བཙན་སྨུག་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །གནས་པོ་ཆེན་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །ལྷ་བཙན་མདུང་དམར་ཅན། །ཐུགས་དམ་གཉན་པོ་བསྐང༌། །བདུད་ནག་སྐྱེས་གཅིག་ནི། །ཉག་རལ་ཐུགས་དམ་བསྐང༌། །བྲག་བཙན་དམར་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །བར་སྣང་སྐྱེས་མཆོག་གི། །ཐུགས་དམ་གཉན་པོ་བསྐང༌། །དགེ་བསྙེན་ཆེན་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །ཀླུ་བཙན་རྒྱལ་པོ་ཡི། །ཐུགས་དམ་གཉན་པོ་བསྐང༌། །བཙན་དམག་དུང་ཕྱུར་གྱི། །ཐུགས་དམ་གཉན་པོ་བསྐང༌། །ཧཱུྃ༑ དགྲ་བླ་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་བསྐང་བའི་བྱིན་རླབས་ཀྱིས། །སྔགས་འཆང་བདག་ཅག་འཁོར་བཅས་ལ། །གནོད་ཅིང་འཚེ་བ་ཐམས་
ཅད་ཟློག །ཆགས་ཆེ་ཉམ་ང་བཟློག་ཏུ་གསོལ། །ཕྱི་ནང་བར་ཆད་ཐམས་ཅད་བཟློག །མི་ལ་ན་ཚ་མ་བཏང་ཅིག །ཕྱུག་ལ་གོད་ཁ་མ་བཏང་ཅིག །ཞིང་ལ་རྩ་སད་མ་བཏང་ཅིག །མི་མཐུན་བར་ཆད་རྐྱེན་རྣམས་བཟློག །སྡང་བའི་དགྲ་ལ་རྟགས་ཕྱུང་ཅིག །གནོད་པའི་བགེགས་ལ་ལས་མཛོད་ཅིག །འདོད་པའི་དངོས་གྲུབ་སྩོལ་བ་དང༌། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ་བཟློག་དགྲ་ལ་བཟློག །བྷྱོ་བཟློག་བགེགས་ལ་བཟློག །བསྒྱུར་རོ་མཱ་ར་ཡ། །དགྲ་བླ་ཆེན་པོ་ཡི། །ཐུགས་དམ་གཉན་པོ་རྣམས། །བསྐང་བའི་བྱིན་རླབས་ཀྱིས། །བྱད་ཁ་ཕུར་ཁ་བཟློག །རྦད་འདྲེ་རྦོད་གཏོང་བཟློག །ལུས་ཀྱི་ན་ཚ་བཟློག །སེམས་ཀྱི་ཟུག་རྔུ་བཟློག །མི་སྡུག་ལྟས་ངན་བཟློག །མི་སྙན་གཏམ་ངན་བཟློག །བཙན་གྱི་རྒྱུ་སྲང་བཟློག །གཟུགས་ཅན་མི་དང་ནི། །གཟུགས་མེད་ལྷ་འདྲེ་ཡི། །གནོད་པ་ཐམས་ཅད་བཟློག །བཟློག་གོ་དགྲ་ལ་བཟློག །བསྒྱུར་རོ་བགེགས་ལ་བསྒྱུར། །
ས་མ་ཡ་བྷྱོ་བྷྱོ། དེ་ནས་བཤགས་པ་བྱ་བ་ནི། ཧཱུྃ༑ བླ་མ་རིག་འཛིན་ཡི་དམ་ལྷ། །ཆོས་སྐྱོང་སྲུང་མའི་ཚོགས་རྣམས་དང༌། །ཁྱད་པར་དགྲ་བླ་ཆེན་པོ་དགོངས། །བདག་ཅག་མ་རིག་དབང་གྱུར་པས། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས། །མ་མཉེས་མཆོད་གཏོར་ཆག་པ་དང༌། །དམ་ཚིག་ཉམས་དང་རྫས་མ་ཚང༌། །ཉེས་པར་བགྱིས་པ་ཐམས་ཅད་དང༌། །ཁྱད་པར་སྐྱེས་བུ་ཆེན་པོ་ཡི། །ཐུགས་དམ་འགལ་བར་གྱུར་པ་རྣམས། །རབ་ཏུ་འགྱོད་པའི་མཐོ་ལོ་བཤགས། །བཟོད་པ་དམ་པར་བཞེས་སུ་གསོལ། །དམ་རྫས་རྒྱན་གྱི་མཆོད་གཏོར་བཞེས། །ཐུགས་དམ་གཉན་པོ་བསྐང་གྱུར་ཅིག །དམ་ཚིག་ཉམས་ཆགས་ཐམས་ཅད་བཤགས། །བཅོལ་བའི་འཕྲིལ་ལས་འགྲུབ་པར་མཛོད། །དེ་ནས་བསྟོད་པ་བྱ་བ་ནི། ཧཱུྃ༑ བསྟོད་དོ་སངས་རྒྱས་བསྟན་པ་གཉན་བསྲུང་ཞིང༌། །སྒྲུབ་པ་པོ་ཡི་བཀའ་སྲུང་མཛོད། །རྣལ་འབྱོར་ཀུན་གྱི་དྲོད་ཚད་ཉུལ། །བཀའ་སྲུང་ཆེན་པོ་ཁྱོད་ལ་བསྟོད། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །
དམ་ཚིག་ལྡན་པའི་རྣལ་འབྱོར་གྱིས། །བསྟན་པའི་ཚེ་ན་གདུང་སེམས་ཅན། །བསྐུལ་བའི་ཚེ་ན་མཐུ་རྩལ་ཅན། །གནས་པོ་ཆེན་པོ་ཁྱོད་ལ་བསྟོད། །བཙན་མགོན་དགྲ་ལ་ཆས་ཙ་ན། །དྲག་པོ་བཙན་གྱི་ཆས་སུ་ཞུགས། །དགྲ་བོ་མ་ལུས་རྡུལ་དུ་རློག །དགྲ་བླ་ཆེན་པོ་ཁྱོད་ལ་བསྟོད། །སྐྱེས་བུ་རྡོ་རྗེ་རྫིང་བཙན་ཁྱོད། །འཕྲིན་ལས་ཀུན་གྱི་བདག་པོ་སྟེ། །དགྲ་བོའི་གཤེད་པོ་མཐུ་རྩལ་ཅན། །ལས་མཁན་ཆེན་པོ་ཁྱོད་ལ་བསྟོད། །དེ་ནས་ཐུགས་དམ་བསྐུལ་བར་འདོད་པས། ཧཱུྃ༑ དྲག་པོ་ཆེན་པོ་བཙན་མགོན་དམ་ལ་ཤོག །སྔོན་གྱི་དམ་ཚིག་གཉན་པོ་དྲན་མཛོད་ལ། །དོ་ནུབ་བདག་གི་གདོང་དང་གྲོགས་ལ་བྱོན། །དམ་ཉམས་དགྲ་བགེགས་འདུལ་ཕྱིར་ཁྱོད་སྒྲུབས་ན། །ལེབ་རྒན་དམར་པོས་གཡབ་བོ་སྤྱན་མ་རྟུལ། །གདུང་བའི་དབྱངས་ཀྱིས་འབོད་དོ་སྙན་མ་སྲ། །རྩེ་གཅིག་སེམས་ཀྱིས་སྒྲུབ་བོ་སྙིང་མ་རིང༌། །དམ་རྫས་མཆོད་པས་བསྟེན་གྱི་རྒྱང་མ་རིང༌། །སྔོན་ཚེ་བརྒྱུད་པའི་བླ་མའི་
སྤྱན་སྔ་རུ། །ཞལ་བཞེས་ཐུགས་དམ་དགོངས་ལ་འདིར་བྱོན་ཅིག །ཕ་ལྟར་མཆོད་ན་ཁྱོད་ཀྱང་དབང་མ་ཆེ། །སྤུན་ལྟར་བྱས་ན་ཁྱོད་ཀྱི་ཚུལ་མ་ཞན། །གྲོགས་པོར་བྱས་ན་ཁྱོད་ཀྱང་ཕྲག་མ་དོག །བྲན་དུ་བྱས་ན་ཁྱོད་ཀྱང་བཀོལ་མ་དཀའ། །བདག་ལ་དམ་ཚིག་ཆག་ཉམས་མི་མངའ་ན། །དམ་ཚིག་གཉན་ལ་དགོངས་ཏེ་འདིར་བྱོན་ཅིག །མ་གཡེལ་མ་གཡེལ་དགྲ་བླ་ཆེན་པོ་ཁྱོད། །ཡང་ཡང་འབོད་དོ་མ་ཐོགས་མྱུར་དུ་བྱོན། །ཞགས་གང་ཙམ་ལས་དམ་ཅན་འཕང་མ་མཐོ། །འབེན་གང་ཙམ་ལས་ལས་མཁན་རྒྱང་མ་རིང༌། །ལུས་དང་གྲིབ་མ་བཞིན་དུ་མ་འབྲལ་ལ། །ཤ་དང་རུས་པའི་ཚུལ་གྱི་འགྲོགས་ནས་ཀྱང༌། །ཁྲག་དང་ཆུ་སེར་བཞིན་དུ་དབྱེར་མེད་མཛོད། །བདག་ནི་རིག་འཛིན་རྣལ་འབྱོར་སྒྲུབ་པ་པོ། །ཏིང་འཛིན་བསྒྲུབ་ཏུ་མི་སྟེར་སྡང་བའི་དགྲ །དངོས་གྲུབ་འཕྲོག་ཅིང་འཚེ་བའི་བར་ཆད་བགེགས། །བདག་གིས་མ་ཉེས་ན་ཡང་འདི་ལྟར་དུ། །ཡིད་ལ་གནག་པའི་འཚེ་བའི་ལས་བྱེད་ན། །སྐྱེས་
བུ་བདག་གི་ལས་ལ་ཅི་ཕྱིར་གཡེལ། །དོ་ནུབ་བདག་གི་གདོང་དང་གྲོགས་ལ་བྱོན། །གཟུ་དང་དཔང་དུ་དཀོན་མཆོག་གསུམ་བཞུགས་ལ། །མ་ཉེས་ཞལ་ལྕེ་སྲུང་མ་ཡོངས་ཀྱིས་ཆོད། །བདག་ལ་ཉེས་མེད་དགྲ་བགེགས་འདི་ཡིས་ཉེས། །མ་བཅོས་བདེ་ཆེན་དབྱིངས་ཀྱི་དཀྱིལ་འཁོར་དུ། །དུས་གསུམ་རྒྱལ་བའི་ཐུགས་དམ་བསྐང་བགྱིད་ན། །གནོད་བྱེད་འདི་ཡིས་ཐོ་མཚམས་གླགས་ཀྱང་བལྟ། །མཉམ་ཉིད་ཡེ་ཤེས་ཆེན་པོའི་ཞིང་ཁམས་སུ། །རྒྱལ་བའི་མཛད་པ་མཆོག་འཇུག་མོས་ན་ཡང༌། །དགྲ་བགེགས་འབྱུང་པོས་སྙད་འཚོལ་བར་ཆད་རྩོམ། །རབ་འཇིགས་བཙན་གྱི་སྐུ་མཁར་མཐོན་པོ་དེར། །སྐྱེས་བུ་ཆེན་པོའི་ཐུགས་དམ་བསྐང་འདོད་ན། །གནོད་བྱེད་འདི་ཡིས་རྐྱེན་ངན་འཚེ་བ་གཏོང༌། བཀའ་སྲུང་དགྲ་བླ་ཆེན་པོ་ར་མདར་གཤེགས། །མཐུ་སྟོབས་རྫུ་འཕྲུལ་ཅི་འདུག་ལྟ་ལགས་ན། །གནས་པོ་དྲག་ཤུལ་བསྐྱེད་ལ་མཐུ་མ་ཆུང༌། །ཐུགས་དམ་གནས་ནས་བསྐུལ་ལོ་
རྩལ་མ་ཞན། །དམ་རྫས་མཆོད་པ་བཞེས་ཤིག་ཐུགས་དམ་ཅན། །དགྲ་བགེགས་མ་རུངས་སྒྲོལ་ཅིག་ཤན་པ་ཆེ། །ཐུགས་དམ་བརྒྱུད་བསྐུལ་བཅོལ་བའི་འཕྲིན་ལས་སྒྲུབས། །ཅེས་པ་འདིའི་གཞུག་ལ་དྲག་བསྐུལ་མ་རུངས་བཙན་མགོན་མ་བྱ། ཅེས་ལས་ལ་བསྐུལ་ཏེ་གཏོར་མ་འབུལ། རོལ་མོ་བྱ། ཐལ་མོ་རྡེབ། དར་ནག་མདའ་དར་གཡབ། དྲག་སྔགས་བརྗོད། འཕྲིན་ལས་བཅོལ། དམོད་བཅོལ་བྱའོ། །སྐྱེས་བུ་ཆེན་པོའི་བསྐང་གསོལ་ཀྱི་རིམ་པ་འདི་ནི། དམ་ཚིག་དང་ལྡན་ཞིང་རིག་འཛིན་ཆེན་པོའི་བརྒྱུད་བྱིན་གྱིས་བརླབས་པ། རྗེ་ཀརྨ་པ་ལ་སོགས་པའི་བརྒྱུད་པའི་བླ་མ་རྣམས་ཀྱིས་རྗེས་སུ་བཟུང་ཞིང་ཡེ་ཤེས་དང་ལས་ལས་གྲུབ་པའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་བསྙེན་སྒྲུབ་ལ་བརྩོན་ཞིང་ཞི་བས་མ་ཐུལ་བའི་སེམས་ཅན་རྣམས་ལ་དྲག་པོས་འདུལ་བའི་ཆེད་དུ། བཀའ་སྲུང་ཆེན་པོ་རྡོ་རྗེ་རྫིང་བཙན་ཞེས་བྱ་བ། བཙན་མགོན་ཡམ་ཤུད་དམར་པོ་ཡིན་པར་ཡང་གྲགས། སློབ་དཔོན་ཆེན་པོ་པདྨས་དམ་ལ་བཏགས་པའི་གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་དང་རྒྱལ་བ་རྨོག་ལྕོག་པའི་བཀའ་སྲུང༌། རྗེ་གངས་པ་ནས་འབྲོང་ངུར་བ་གོ་རིམ་ལ་བརྒྱུད་པ་འདི།
སྙིང་ཉེ་ཞིང་དྲག་རྩལ་ཆེ་བ། སྒབ་གྲོ་ཞིང་མྱུར་མགྱོགས་ཆེ་བར་རིགས་ཏེ། སྒྲུབ་ཅིང་མཆོད་པར་འདོད་པའི་སྔགས་འཆང་གྲགས་པ་རབ་འཇིགས་རྡོ་རྗེ་དཔལ་འབྱོར་གྱིས་བྲིས་པའོ། །ཞེས་གསུངས་པ་བཞིན་བཅོས་བསླད་མེད་པར་བསྟན་པའི་བཙས་སུ་༧རྒྱལ་ཚབ་རིན་པོ་ཆེ་གྲགས་པ་རྒྱ་མཚོའི་ཐུགས་བཞེད་བཞིན་ཀརྨ་འཇམ་དབྱངས་འཁྱེན་བརྩེའི་འོད་ཟེར་གྱིས་ཀླགས་ལུང་དང་ཆབ་གཅིག་སྤེལ་བ་དགེ་ལེགས་སུ་གྱུར་ཅིག །།
མངའ་བདག་མར་པ་ལོ་ཙ་བ་ཆེན་པོ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་དཔལ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་སྤྱོད་ཡུལ་རྒྱ་མཚོའི་ཚུལ་ལ་འཇུག་པ་ལེགས་པར་བཤད་པ་རིན་པོ་ཆེའི་གྲུ་གཟིངས།
མངའ་བདག་མར་པ་ལོ་ཙ་བ་ཆེན་པོ་ཆོས་ཀྱི་བློ་གྲོས་ཀྱི་རྣམ་པར་ཐར་པ་དཔལ་ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་པའི་སྤྱོད་ཡུལ་རྒྱ་མཚོའི་ཚུལ་ལ་འཇུག་པ་ལེགས་པར་བཤད་པ་རིན་པོ་ཆེའི་གྲུ་གཟིངས་ཞེས་བྱ་བ་བཞུགས་སོ། །
སྭ་སྟི། འཆི་མེད་བདུད་རྩི་རྙོག་པ་མེད་པ་བསིལ་བའི་བདག་ཉིད་དག་པ་ཆེན་པོའི་སྐུ། །བདེ་བླག་རྟོགས་པས་ནམ་མཁའི་རང་བཞིན་ཆུ་ཟླར་མཚུངས་པ་གང་ཡིན་གསུང་དེ་མཆོག །ཀུན་ཁྱབ་སྒྱུ་མ་འཇའ་ཚོན་སྤྲུལ་འདྲ་གཉིས་མེད་རྟོགས་པ་ལྷན་ཅིག་སྐྱེས་པའི་ཐུགས། །སྐྱེ་འཆི་དང་བྲལ་འཆི་བདག་འཇོམས་པའི་དཔའ་བོ་བཅོམ་ལྡན་སྟོན་པ་དེ་ལ་འདུད། །གང་ཞིག་ཐབས་མཆོག་འགྱུར་མེད་བདེ་བའི་ཡེ་ཤེས་དང་། །ཤེས་རབ་ཕ་རོལ་ཕྱིན་ཚུལ་སྟོང་ཆེན་མ་མའི་དྲིན། །མཉམ་པར་སྤྱད་ལས་སྒྲིབ་བྲལ་ཟུང་འཇུག་མཆོག་གི་སྐུར། །མངོན་པར་བྱང་ཆུབ་ལོ་ཙ་ཆེ་དེར་ཕྱག་བགྱིའོ། །རྒྱལ་བ་རྣམས་ཀྱི་
ཆོས་སྐུའི་ཡོན་ཏན་གྱི། །འཕྲིན་ལས་རྨད་བྱུང་འགྲོ་བའི་ཕན་བདེའི་རྒྱུ། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་རྣམ་རོལ་འབུམ། །སྣ་ཚོགས་སྐྱེ་དགུའི་མོས་པའི་གཞན་དབང་ཅན། །ཅིར་ཡང་འཆར་ལས་ཞིང་འདིར་གྲུབ་པའི་གཙོ། །ཨ་ཧོ་ཆོས་ཀྱི་བློ་གྲོས ་འཇིག་རྟེན་གྱི། །རིན་ཐང་མེད་པའི་རིན་ཆེན་གཅིག་པུ་པའི། །ཉི་མ་ཐུབ་བསྟན་ལྷུན་པོར་ཤར་བ་གང་། །མཐོང་ཐོས་དྲན་དང་གཏམ་དུ་བགྱིས་པས་ཀྱང་། །ངན་འགྲོའི་འཇིགས་དང་རྒུད་པ་ཀུན་སེལ་ཞིང་། །སྲིད་ཞིའི་ཕུན་ཚོགས་མ་ཚང་མེད་སྩོལ་བར། །ངེས་པ་རྙེད་ནས་དེ་ཡི་བྱུང་བའི་མཐའ། །ངོ་མཚར་ལས་ཀྱང་ངོ་མཚར་བརྗོད་པ་ཡི། །གཏམ་བཟང་
སྤྲིན་རྔའི་གདངས་སྙན་ཆེར་སྒྲོག་པ། །ཕྱོགས་འདིའི་སྐལ་བཟང་ཡོངས་ལ་རྣ་བའི་རྒྱན། །ལེགས་པར་སྦྱིན་གྱིས་ཀུན་ནས་མཉན་པར་གྱིས། །དེ་ཡང་སྐྱེས་བུ་ཆེན་པོ་བླ་མ་ལས་ཆེས་ཡོན་ཏན་གྱིས་བླ་མར་གྱུར་པ་དག་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཞི་དང་རོ་མཉམ་པར་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱིས་གཞོམ་དུ་མེད་པའི་སྒྲ་སྐད་ཀྱི་དབྱངས་རྒྱ་མཚོར་སྟོན་ཅིང་། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སོན་པའི་ཐུགས་སྒྲིབ་པ་ཐམས་ཅད་དང་བྲལ་བའི་སྒྱུ་འཕྲུལ་གྱི་རྣམ་པར་རོལ་པའི་འཕྲིན་ལས་གདུལ་བར་བྱ་བ་རྣམས་ཀྱི་སྐལ་བ་ཇི་ལྟ་བར་དུས་ལས་ཡོལ་བ་མེད་པར་རྗེས་སུ་འཇུག་པ་ལས། གངས་རིའི་ཁྲོད་པ་རྣམས་ཀྱི་བསོད་ནམས་ཀྱི་ཞིང་དང་ཡེ་ཤེས་ཀྱི་རྐྱེན་བླ་ན་མེད་པར་རིགས་དང་། དཀྱིལ་འཁོར་དང་། གསང་སྔགས་དང་། རིག་སྔགས་མ་ལུས་པའི་འཁོར་ལོས་བསྒྱུར་བ་ཆེན་པོ། མཐའ་ཀླས་པའི་རྒྱལ་བ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་དབང་ཕྱུག་དམ་
པ་མངའ་བདག་ལོ་ཙ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ཞིག་འཇིག་རྟེན་འདིར་བྱུང་སྟེ། དེ་ནི་ཡང་ཐོག་གི་བསྐལ་པ་བགྲང་བ་ལས་འདས་པ་དུ་མའི་སྔ་རོལ་ཉིད་ནས་ཐོས་པ་དང་། བསམ་པ་དང་། ནན་ཏན་དུ་སྤྱོད་པ་རྒྱ་མཚོའི་ཕ་རོལ་དུ་བྱོན་པས། འཁོར་ལོའི་བདག་པོ་ཐམས་ཅད་ཀྱི་ངོ་བོ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་ཤིང་། དེ་དག་གི་སྤྲུལ་པ་དང་བརྙན་པོའི་བར་གྱི་སྣང་བ་མཐའ་དག་སྒྱུ་འཕྲུལ་རྡོ་རྗེའི་སྐུ་ཡོངས་སུ་རྫོགས་པའི་བ་སྤུའི་ཁུང་བུ་རེ་རེར་ཡང་འཆར་བ་དང་ནུབ་པ་མེད་པར་སྣང་བ་ཇི་ལྟ་བར་གཟིགས་པ་ཉིད་ལས་གཡོ་བ་མེད་པའི་ངོ་བོར་གྲུབ་ཏུ་ཟིན་ཀྱང་ཞིང་འདིའི་གདུལ་བར་བྱ་བ་ཐུན་མོང་བ་དག་གི་སྣང་ངོར། དམིགས་པ་དང་བྲལ་བའི་ཐུགས་རྗེ་ཆེན་པོས་འདི་ལྟར་མིར་གྱུར་པ་དང་། སངས་རྒྱས་འཇིག་རྟེན་དུ་འབྱུང་བ་དང་། དེས་ཆོས་བསྟན་པ་ཡང་རྙེད་པར་དཀའ་ལ། དེ་བས་ཀྱང་སངས་རྒྱས་རྣམས་ཀྱིས་རྡོ་རྗེའི་ཐེག་པ་གསང་སྔགས་ཀྱི་ཆོས་
སྟོན་པ་ནི་ཆེས་རྙེད་པར་དཀའ་ན། དེང་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཤྲཱི་ཧེ་རུ་ཀ་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱིས་བསྟན་པ་ཕྱི་ནང་གསང་བའི་ཐེག་པ་མཐའ་དག་གི་ལམ་ཡོངས་སུ་རྫོགས་ཤིང་། ལམ་དེ་དག་རྗེས་སུ་འདོམས་པར་མཛད་པའི་དགེ་བའི་བཤེས་གཉེན་ཉེ་བར་བསྙེན་དུ་ཡོད་པ་ལ་སོགས་པའི་ཐབས་བདེ་བླག་ཏུ་འཐོབ་པར་རུང་བའི་དུས་འདི་ལྟ་བུར་ནི། ལུས་དང་སྲོག་ལ་ལྟོས་པ་མེད་པར་དགེ་བའི་བཤེས་གཉེན་དང་དམ་པའི་ཆོས་ཚོལ་ཞིང་ཕུལ་དུ་དབྱུང་དུ་མེད་པའི་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་གོ་འཕང་སྒྲུབ་དགོས་ལ། དེ་ཡང་བརྩོན་པ་དང་འབད་པས་བསྒྲུབས་ན་བདེ་བར་སྐྱོབ་པ་དང་མྱུར་དུ་སྐྱོབ་པའི་ལམ་སྔགས་ཀྱི་ཐེག་པའི་ཟབ་གསང་གི་མཐུ་ལས། མིའི་སྐྱེ་བ་འདི་ཉིད་ལ་མཆོག་གི་འབྲས་བུ་ཐོབ་པར་འགྱུར་བའི་ཚུལ་ནི་འདི་ལྟ་བུའོ་ཞེས་ཉིད་ཀྱི་རྣམ་པར་ཐར་པ་གཞན་ལ་འདོམས་པའི་ཆེད་དུ་སླར་ཡང་ཕྱི་མའི་མཐའི་སྲིད་པ་ཇི་སྲིད་པ་དག་ཏུ་དགེ་བའི་བཤེས་
གཉེན་བསྟེན་ཅིང་མང་དུ་ཐོས་པ་ཚོལ་བས་མི་ངོམས་པ་དང་། ཚུལ་བཞིན་དུ་སེམས་པ་དང་། སྒྲུབ་པ་སྙིང་པོར་མཛད་པ་ལ་སོགས་པ་ཐབས་ལ་མཁས་པའི་སྒྱུ་འཕྲུལ་གྱི་རྣམ་པར་ཐར་པ་བསྟན་པ་དང་འགྲོ་བ་མཐའ་དག་གི་ཕན་བདེའི་ཉེར་འཚོ་བླ་ན་མེད་པའི་མཛད་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་འཕྲིན་ལས་དང་མཉམ་པར་འཇུག་པའི་བཀོད་པ་རྒྱ་མཚོ་ལྟར་སྟོན་པའི་ཚུལ་མ་ལུས་པར་བརྗོད་པ་ནི་དེ་བཞིན་གཤེགས་པ་རྣམས་ཁོ་ནའི་སྤྱོད་ཡུལ་ཉིད་དུ་ཟད་པ་ལས། བདག་ཅག་ལྟ་བུ་བྱིས་པ་ལས་ཀྱང་བྱིས་པ་ཙ་ཏ་ཀའི་སྲིན་བུ་ཕྲ་མོའི་ཤེས་པ་ཅན་དག་གི་བསམ་པ་དང་བརྗོད་པས་རྟོགས་ཤིང་བགྲང་བར་སླ་བ་མ་ཡིན་མོད། འོན་ཀྱང་ཆོས་ཐམས་ཅད་ལ་མངའ་དབང་བསྒྱུར་བའི་རང་བྱུང་ཆེན་པོ་དེ་ཉིད་ཀྱི་རྣམ་པར་ཐར་པ་བསྔགས་པར་འོས་ཤིང་བླ་ན་མ་མཆིས་པ་ཉིད་ལ་མི་ཕྱེད་པའི་མོས་པ་བརྟན་པོས་སྨོན་གནས་སུ་བགྱིས་ཏེ། སྐབས་དེའི་གདུལ་བྱ་མཆོག་དམན་བར་
མ་དག་གི་སྐལ་བ་དང་འཚམ་པར་བསྟན་པའི་རྣམ་པར་ཐར་པ་ངོ་མཚར་དུ་བྱ་བ་ཆེ་ལོང་ཙམ་ཞིག་བདག་ཅག་གི་བླ་མ་དམ་པ་ཆོས་ཀྱི་སྤྱན་ཆེན་པོ་ལྷག་པར་གསལ་བ་དག་གི་ཞལ་སྔ་ནས་ཇི་ལྟར་ཐོས་པ་བཞིན་དུ་བརྗོད་ན། སྔོན་ཡུལ་ཡར་མོ་ཀླུ་ས་ནས་མར་པ་ཤ་ཏུ་རྩེ་བྱ་བ་ལྷོ་བྲག་ཏུ་ཕྱིན་ནས། ཆུ་སྐྱེར་རུ་དགུའི་ཡ་གྱལ། སྦུས་ཡུལ་སྤེའུ་སར་དཀོན་མཆོག་སྟོད་ཀྱི་བཀྲ་ཤིས་ལིང་ང་བྱ་བར་ཡུལ་བཟུང་། དེའི་རྒྱུད་ལས་མར་པ་དཀོན་མཆོག །དེའི་རྒྱུད་ལས་ཡབ་རང་བཞིན་གྱི་རྣལ་འབྱོར་པ་ཆེན་པོ་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་ཌཱ་ཀི་ནཱི་རྒྱལ་མོ་བློ་གྲོས་ལྕམ་གཉིས་ཀྱི་སྲས་སུ་གཞལ་དུ་མེད་པའི་སྙིང་རྗེ་ཆེན་པོས་བསྐུལ་ཏེ་དྲན་པ་དང་ཤེས་བཞིན་དུ་བཅས་པས་རྣམ་པར་དག་པའི་སྨོན་ལམ་གྱི་དབང་གིས་སྲིད་པ་ཉེ་བར་འཛིན་པར་མཛད་དོ། །དེའི་ཚེ་ཡབ་དང་ཡུམ་དག་གི་རྨི་ལྟས་སུ་བདག་ཉིད་ཀྱིས་མར་མེ་གཅིག་བཟུང་བའི་འོད་ཀྱིས་འཛམ་བུའི་གླིང་ཀུན་ཏུ་མུན་པ་མེད་པར་བྱས་པ་དང་། དུང་
བུས་པའི་སྒྲ་སྟོང་གསུམ་ཁྱབ་པར་གྲགས་པ་དང་། ཉི་མ་དང་ཟླ་བ་འོད་ཟེར་འབར་བ་དག་ཤར་ནས་རང་གི་ནུ་མའི་ཐད་དུ་འཁོར་ཞིང་གནས་པ་ལ་སོགས་པ་དགེ་བའི་མཚན་མ་དཔག་ཏུ་མེད་པ་དང་བཅས་ཏེ་ལྕགས་ཕོ་བྱི་བའི་ལོ་ལ་བལྟམས་པའི་མཛད་པས་སྤྲུལ་པའི་སྐུ་མངོན་སུམ་དུ་སྣང་བར་མཛད་དེ། མཚན་ཆོས་ཀྱི་བློ་གྲོས་སུ་བཏགས་སོ། །དམ་པ་རྣམས་ནི་དགེ་བ་ལ་གོམས་པ་ཉིད་ཀྱིས་ན་གཞོན་ནུའི་དུས་ཀྱི་རྩེད་མོ་རྣམས་ཀྱང་དགེ་བའི་ཕྱོགས་སུ་གཞོལ་ཞིང་འབབ་པ་ཤ་སྟག་ཏུ་སྟོན་ཅིང་། ཟླ་གྲོགས་ཀྱི་བྱིས་པ་སོགས་ལ་རྒྱ་གར་དང་བལ་པོའི་གཏམ་ཉི་ཚེ་གསུང་བ་ཞིག་བྱུང་སྟེ། དེ་ལྟ་བུའི་ཚུལ་གྱི་དགུང་ལོ་བཅུ་གཉིས་བཞེས་པ་ན། སློབ་དཔོན་རྙིང་མ་བ་ཞིག་ལ་ཡི་གེ་བསླབས་པས་བྲི་ཀློག་གཉིས་ཀ་ཚེགས་མེད་དུ་མཁྱེན། དུས་དེར་བདག་ཉིད་དམ་པའི་ཆོས་སྒྲུབ་པ་ལ་ཁྱིམ་གྱི་ལས་དང་ཉེ་འབྲེལ་གྱི་འཆིང་བ་ལ་སོགས་པའི་གེགས་དང་བྲལ་བར་བྱ་བའི་སླད་དུ་ཐབས་ལ་མཁས་
པའི་མཛད་པ་བདག་ཉིད་གཏུམ་ཞིང་དྲག་ཤུལ་དུ་སྤྱོད་པ། ཆང་དང་འཐབ་རྩོད་ལ་དགའ་བ་མི་བསྲུན་པའི་ངང་ཚུལ་ཅན་འདྲ་བར་བསྟན་པས། ཡུལ་མི་ཀུན་ཀྱང་མ་རངས། སྐབས་དེར་ཡབ་ཀྱིས་ཕ་སྤུན་ཞིག་གི་རྩར་སློབ་གཉེར་ལ་བཏང་བས་དེས་ཀྱང་ཆོས་མི་སློབ་པར་སྡང་བར་བྱུང་། དེའི་ཚེ་རྗེ་བཙུན་ཉིད་ཀྱང་དགེ་བའི་བཤེས་གཉེན་ཚོལ་ཞིང་དམ་པའི་ཆོས་ལ་ནན་ཏན་སྙིང་པོར་མཛད་པའི་ཕྱིར་ཡུལ་གཞན་དང་གཞན་དུ་གཤེགས་པའི་དུས་ཡིན་པར་དགོངས་ཤིང་། ཡབ་ཀྱི་དགོངས་པ་ལ་ཡང་བདག་གི་བུ་འདི་ནི་ཆེས་གཏུམ་པ་ཞིག་པས་ཡུལ་དུ་བསྡད་ན་གྲོང་མི་རྣམས་དང་འཐབ་ཀྲོལ་བྱེད་དུ་འོང་གི་ཡུལ་གཞན་དག་ཏུ་སློབ་གཉེར་ལ་གཏོང་བ་ཉིད་འདི་དང་བདག་ཅག་ལ་ཡང་སྨན་ཡོན་དུ་འགྱུར་རོ་སྙམ་དུ་དགོངས་པས་དགུང་ལོ་བཅུ་གསུམ་པ་ལ་ཡབ་ཀྱི་བཀའ་བཀྲོལ་ཏེ་ལ་སྟོད་མང་ཀར་མྱུ་གུ་ལུང་དུ་བླ་མ་འབྲོག་མི་ལོ་ཙ་བའི་དྲུང་དུ་ཕེབས་ནས་སྒྲ་དང་ཡིག་ཚངས་མང་དུ་བསླབས་ཤིང་ཆོས་ཀྱང་
ཞུས། དུས་དེར་སྒྲུབ་ཐབས་མཚོ་སྐྱེས་རེ་ཞུ་བ་ལ་ཚོགས་འཁོར་རེ་དང་འབུལ་བ་འབྲི་རེ་དགོས་པས་ཆོས་ཀྱི་བཀའ་དོག་ཅིང་བླ་མ་ཡང་ཞལ་ཚ་བར་འདུག་པས་དེར་བཞུགས་པ་ལ་སྤྲོ་བ་མེད་པར་གྱུར་ཏེ་དགོངས་པ། འདིར་འདི་ཙམ་གྱི་དཀའ་ལས་བྱེད་པ་བས་ང་རང་ལྷོ་བལ་དུ་འགྲོ་བ་དྲག་པར་འདུག་སྙམ་པའི་ཐུགས་འདུན་བྱུང་སྟེ། དེའི་ཆ་རྐྱེན་དུ་རྟ་ནག་པོ་སེང་གེ་སྲབ་མེད་དང་། ཟབ་ཆེན་ཡུག་གཅིག་སེང་ལྡེང་གི་སྒ་གཅིག་རྣམས་ཁྱེར་ནས་སྟག་རིས་ཚོང་དུས་སུ་བྱོན་ཏེ་དེ་ཀུན་གསེར་དུ་བསྒྱུར་བས། གསེར་སྲང་བཅོ་བརྒྱད་རྙེད་པ་བསྣམས་ནས་ཚུར་འབྱོན་པར་བཞེད་པ་ལ་ལམ་གྲོགས་མེད་ནས་རེ་ཞིག་བསྒུགས་པས། ལ་སྟོད་དགྱེར་ཕུའི་དགེ་བཤེས་ཀློག་སྐྱ་སྟོན་པ་དེ་སྟག་སྡེ་མིག་མངས་སུ་སློབ་མ་ཞིག་གིས་ཆོས་གྲ་ལ་གདན་དྲངས་ཏེ་འབུལ་བ་མང་པོ་ཡང་བྱུང་ནས། སླར་ཚུར་གཤེགས་པ་དང་དུས་འགྲིག་ནས་ལམ་གྲོགས་ཞུས་པས། དགེ་བཤེས་དེས་ཐུགས་གཉེར་ཆེར་མཛད་
ནས་ལམ་གྱི་རྒྱགས་དང་བྱ་ན་རྣམས་གནང་སྐབས་སུ་དྲེའུ་གཅིག་ལ་ཞབས་གསོ་ཡང་མཛད་ནས་དགྱེར་ཕུའི་བར་དུ་འགྲོགས་ནས་བྱོན། དེར་བླ་མ་མར་པས་ཇོ་བོ་དེ་དམ་ཚིག་ཐུབ་པར་གཟིགས་ནས། ང་ལྷོ་བལ་དུ་ལོ་ཙ་ལ་འགྲོ་བ་ཡིན་པས་ད་རེས་ཁྱེད་ཀྱིས་ཐུགས་ལ་བཏགས། ཚེའི་བར་ཆད་མ་བྱུང་ན་ཕྱིས་ཀྱང་ཁོ་བོའི་སྣ་ལེན་དང་བབ་ས་དགྱིད་པར་ཞུ་གསུངས་པས། དགེ་བཤེས་ན་རེ། ང་ན་སོ་རྒས་པས་ཕྲད་དེ་མི་འོང་། ངའི་ཇོ་སྲས་འདི་ཀུན་སྣ་ལེན་དང་བསུ་སྐྱེལ་བྱེད་དུ་འཇུག་པས་ཅི་ནས་ཀྱང་འདིར་འབྱོན་པར་ཞུ་དགོས་གསུངས་ནས། གསེར་སྲང་ཕྱེད་དང་རེའུ་སྣམ་གཅིག་རྫོངས་སུ་བཏབ། དེ་ནས་གཉོས་འབྱུང་པོ་རྒྱ་གར་དུ་འགྲོ་བ་དང་དཔོན་གཡོག་བྱས་ནས་དགུང་ལོ་བཅོ་ལྔ་པ་ལ་བལ་པོར་འབྱོན་པའི་ལམ་སྐྱི་རོང་ནས་བཏོད་དེ། དེར་ཇོ་བོ་ཐུགས་རྗེ་ཆེན་པོའི་སྐུ་ཙནྡན་ལས་རང་བྱུང་དུ་གྲུབ་པ་འཕགས་པ་ཝ་ཏིར་གྲགས་པ་ལ་མཆོད་པ་མཛད་ནས་གསོལ་བ་འདེབས་ཀྱིན་ཞག་འགའ་
བཞུགས། དེ་ནས་གཅོང་རོང་དང་རི་བྲག་གི་ལམ་ཆུ་དང་དཔྱ་འཕྲང་དང་ནགས་ཐིབས་པོའི་རང་བཞིན་བགྲོད་དཀའ་བ་རྣམས་རིམ་གྱིས་བརྒལ་ནས་བལ་པོར་བྱོན་ཏེ། ཡུལ་དེ་ནི་གནས་ཉེར་བཞིའི་ཡ་གྱལ་ཧཱི་མ་ལ་ཡ་ཡིན་པར་བཤད་ལ། ཡོངས་སུ་གྲགས་པའི་མིང་ནེ་པཱ་ལ་ཞེས་གྲོང་ཁྱེར་ཆེན་པོ་གསུམ་སོགས་ལ་མི་དུད་འབུམ་སྡེའི་བདག་ཉིད་འབྱོར་ཞིང་རྒྱས་ལ་ལོངས་སྤྱོད་ཆེ་བ། བཟའ་ཤིང་གི་ར་བ་དང་མེ་ཏོག་གིས་བརྒྱན་པའི་སྐྱེད་མོས་ཚལ་དང་། རྫིང་བུ་དང་། འབབ་ཆུ་དང་བ་དག་གིས་ཀུན་ནས་མཛེས་པ། ཕྱུག་ཅིང་ནོར་མང་ལ་གཟུགས་བཟང་ཞིང་ལྟ་ན་སྡུག་པའི་སྐྱེ་བོ་མང་པོས་གང་བ། སངས་རྒྱས་ཀྱི་བསྟན་པ་དར་ཞིང་བསྐལ་པ་བཟང་པོ་འདི་ཉིད་ཀྱི་དེ་བཞིན་གཤེགས་པ་བཞིས་བྱིན་གྱིས་བརླབས་པའི་གནས་ཤྲཱི་སྭ་ཡཾ་བྷཱུ་མ་ཧཱ་ཙཻ་ཏྱ་དཔལ་རང་བྱུང་གི་མཆོད་རྟེན་ཆེན་པོ་ཡོད་པ་དེར། བླ་མ་བལ་པོ་ཕམ་ཐིང་པ་ཆེན་པོ་དང་མཇལ། ཉིན་གཅིག་བླ་མ་དགྱེས་མཛད་གསུང་གི་
འདུག་པ་ལ་ཉན་པས་དད་པར་བྱུང་ནས། གཉོས་ལ་རང་ཅག་འདིར་ཆོས་ཉན་ཞིང་རེ་ཞིག་སྡོད་དགོས་པ་མིན་ནམ་བྱས་པས། གཉོས་ན་རེ་འདི་འདྲར་བལ་པོ་རྒན་པོ་ཅིག་ལ་ཆོས་ཉན་པ་བས་རྒྱ་གར་དུ་འགྲོ་བ་དྲག་ཟེར་བས། སྔར་མདུན་མ་གཅིག་བྱེད་པར་བྱས་པ་ཡིན་ཀྱང་ཐུགས་འགྱུར་ནས་འོ་ན་ང་ནི་རེ་ཞིག་མི་འགྲོ་བྱས་པས། གཉོས་མ་དགའ་བར་སྔོན་ལ་རྒྱ་གར་དུ་སོང་། བླ་མ་མར་པས་ཚད་པ་ལ་གོམས་སུ་འཇུག་པ་དང་། སྒྲ་རིག་པ་ལ་དོགས་གཅོད་ནན་ཏན་མཛད་པ་སོགས་ཀྱི་ཆེད་དུ་ལོ་གསུམ་བལ་པོར་བཞུགས་ཏེ་སྒྲ་རིག་པ་མ་ལུས་པ་དཔྱིས་ཕྱིན་པར་མཁྱེན་ནས་བླ་མ་བལ་པོ་ལ་གསེར་ཤས་ཞིག་ཕུལ་ཏེ་གདན་བཞི་གསུང་བར་ཞུས་པས། སློབ་དཔོན་རྣམ་རྒྱལ་དབང་པོའི་ལུགས་ཀྱི་བདག་གདན་གྱི་བཤད་པ་ལེགས་མོ་ཞིག་དང་། འཕོ་བ་གྲོང་འཇུག་གི་གདམས་པ་དུད་སོལ་ལྷ་མོའི་བཀའ་སྲུངས་དང་བཅས་པ་གནང་། གཞན་ཡང་དགྱེས་རྡོར་གྱི་དབང་དང་སྒྲུབ་ཐབས་སོགས་ཆོས་མང་དུ་
གསན། དེར་བླ་མ་ཕམ་ཐིང་པ་ལ་ཆོས་ཀྱང་ཡིད་ཚིམ་པར་ཐོབ། བལ་པོའི་པཎྜི་ཏ་ཀུན་ཀྱང་བལ་པོ་རང་དུ་ཆོས་མཁས་པར་ལོབས་ཀྱང་རྒྱ་གར་དུ་ཕྱིན་ན་ཁུངས་བཙུན་པར་བྱེད་འདུག་པས་རྐྱེན་བྱས་ཏེ། ད་སྟེ་ང་རང་ཡང་རྒྱ་གར་དུ་འགྲོ་དགོས་སྙམ་པའི་ཐུགས་དགོངས་ཤར་ནས་བླ་མ་ལ་ཞུས་ཏེ་ཚོང་པ་དང་འགྲོགས་ནས་འབྲོག་དགོན་པའི་ལམ་བགྲོད་པར་དཀའ་བ་དག་དང་། སྦྲུལ་གདུག་པ་དང་། གཅན་གཟན་དང་། ཆོམས་རྐུན་དང་། ཤོ་གམ་སོགས་ཀྱི་འཇིགས་པ་ཉམས་ང་བ་རྣམས་དང་བསྡོས་ཏེ་དཀའ་བ་དཔག་ཏུ་མེད་པས་དགུང་ལོ་བཅོ་བརྒྱད་པ་ལ་དམ་པའི་ཆོས་ཀྱི་འབྱུང་གནས་རྒྱ་གར་གྱི་ཡུལ་དུ་བྱོན་ཏེ། དེ་ཡང་ཡུལ་ཆེན་པོ་འདི་ནི་སྟོང་གསུམ་མི་མཇེད་ཀྱི་ཞིང་གི་ལྟེ་བ་རྡོ་རྗེའི་གདན་བྱང་ཆུབ་ཀྱི་སྙིང་པོ་ཡོད་པའི་ས་བསྐལ་པ་བཟང་པོའི་དེ་བཞིན་གཤེགས་པ་བྱོན་པ་དང་འབྱོན་པར་འགྱུར་བ་ཇི་སྙེད་པ་ཐམས་ཅད་ཡུལ་འདིར་འབྱོན་པས་འཕགས་པའི་ཡུལ་ཞེས་སྙན་པར་གྲགས་
པ་མ་ག་དྷ་ལ་སོགས་པའི་ཡུལ་གྲུ་ཆེན་པོ་ཡངས་ཤིང་ལག་མཐིལ་ལྟར་མཉམ་པ། འཆི་མེད་ཀྱི་གནས་ལ་འགྲན་དུ་རུང་བ་རྣམས་ན་སྐྱེ་བོ་བསོད་ནམས་བྱས་པ་དག་གི་གནས་སུ་གྱུར་པ་རྒྱལ་པོའི་ཁབ་དང་། མཉན་ཡོད་དང་། གནས་བཅས་དང་། ཡངས་པ་ཅན་དང་། སེར་སྐྱའི་གཞི་ལ་སོགས་པའི་གྲོང་ཁྱེར་ཆེན་པོ་གསེར་གྱི་ཁང་པ་བརྩེགས་པ་དང་། དངུལ་གྱི་ཁང་པ་བརྩེགས་པ་རྣམ་པར་བཀྲ་བ་ནོར་བུ་རིན་པོ་ཆེའི་བ་གམ་དང་རྒྱན་ཅན། སྐར་ཁུང་དང་ལན་ཀན་དང་པུ་ཤུ་གསེར་དང་མུ་ཏིག་གི་དྲ་བ་དཔྱངས་པས་བརྒྱན་པ་འབུམ་ཕྲག་དུ་མ་ཡོད་པ། གྲོང་ཁྱེར་རེ་རེར་ཡང་བྱའི་ཚོགས་སྐད་སྙན་པར་སྒྲོག་པས་གང་བའི་མེ་ཏོག་གི་ཤིང་དང་འབྲས་བུའི་ཤིང་གི་ར་བ་དགའ་དགའ་ལྟར་འདུག་པ་དང་། པད་མ་དང་ཀུ་མུ་ད་ལ་སོགས་པ་ཆུ་ལས་སྐྱེས་པའི་མེ་ཏོག་གིས་བརྒྱན་པའི་ཆུའི་འོབས་དང་། རིན་པོ་ཆེའི་སྟེགས་བུ་དང་མདའ་ཡབ་ཀྱིས་སྤྲས་པའི་ལྕགས་རི་རིམ་པ་བདུན་བདུན་གྱིས་བསྐོར་བའི་ལམ་སྲང་རིན་པོ་
ཆེའི་རྟ་བབས་ཅན་དག་གི་སྒོར་ཚོང་ཁང་དང་སྦྱིན་གཏོང་གི་སྐད་པ་དག་ཡོད་པ། གྲོང་ཁྱེར་གྱི་ཕྱོགས་ཕྱོགས་རྣམས་སུ་སྐྱེད་མོས་ཚལ་ཉམས་སུ་བདེ་བ་རྣམ་པ་སྣ་ཚོགས་པའི་མེ་ཏོག་དང་ལྗོན་ཤིང་དང་རྫིང་བུ་ལ་སོགས་པས་མཛེས་པའི་གྲོང་ཁྱེར་དང་། གྲོང་རྡལ་དང་། གྲོང་ཕྲན་དག་ན་རིགས་བཞིའི་སྐྱེ་བོ་ཕལ་པོ་ཆེ་དཀོན་མཆོག་གསུམ་ལ་དད་པ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། གཟུགས་བཟང་ཞིང་ལྟ་ན་སྡུག་པ། རིག་པ་དང་སྒྱུ་རྩལ་གྱི་གནས་མང་པོ་ལ་མཁས་པ་ལྷ་དང་མཚུངས་པའི་དཔལ་འབྱོར་གྱི་དབང་ཕྱུག་ལ་རྩེ་ཞིང་དགའ་བ་རྣམས་ཀྱིས་བརྟེན་པའི་གྲོང་འདབས་ཀུན་ཏུ་འབྲས་སཱ་ལུ་ལ་སོགས་པ་འབྲུ་བཟང་པོའི་ཞིང་དང་། སྨིག་མ་དང་འདམ་བུ་དང་བུ་རམ་ཤིང་གི་ཚལ་དག་ཡོད་པས་གྲོང་གི་སླས་ཀུན་ནས་མཛེས་པ་དུ་མ་དང་ལྡན་པ། འོག་གི་ས་གཞི་དག་ལ་རྩྭ་སྔོན་པོ་འཇམ་པ་དག་སྐྱེས་ཤིང་། དེར་གླང་པོ་ཆེ་ལ་སོགས་པ་གྲོང་ཁྱེར་པའི་ཕྱུགས་རྣམས་བདེ་བར་སྤྱོད་པའི་
ལྗོངས་ཀྱི་བར་བར་དག་ནགས་ཚལ་དང་མེ་ཏོག་གི་ཚལ་གྱིས་གང་བ། གངྒཱ་ལ་སོགས་པའི་ཆུ་ཀླུང་ཆེན་པོ་རྣམས་ཀྱིས་བརྒྱན་པའི་ཡུལ་དེར་རྡོ་རྗེའི་གདན་དང་། ཝ་ར་ཎ་སི་དང་། བྱ་རྒོད་ཕུང་པོའི་རི་དང་། འོད་མའི་ཚལ་དང་། ཛེ་ཏ་བ་ནི་ཀ་ལ་སོགས་པ་སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་ཆོས་གསུངས་ཤིང་བྱིན་གྱིས་བརླབས་པའི་གནས་དུ་མ་དང་། ཤྲཱི་ནཱ་ལནྡ་དང་། བི་ཀྲ་མ་ལ་ཤཱི་ལ་དང་། ཨོ་ཏནྟ་པཱུ་རི་སོགས་འཕགས་སྐྱེའི་དགེ་འདུན་མཁས་པ་དང་གྲུབ་པ་བརྒྱ་ཕྲག་དུ་མ་བཞུགས་པའི་གཙུག་ལག་ཁང་རྣམས་དང་། གཞན་ཡང་བས་མཐའ་དང་དགོན་པའི་གནས་མལ་དགེ་སློང་དང་རྣལ་འབྱོར་སྤྱོད་པ་དབེན་པ་ལ་གཞོལ་བ་དག་གི་སྤྱོད་ཡུལ་དུ་རུང་བ་དུ་མ་ཡོད་པ་ལས། ཐོག་མར་ཡུལ་དབུས་འགྱུར་འཆང་གི་ནུབ་ཕྱོགས་ཀྱི་རྒྱུད་དུ་ཕེབས་ཏེ། དེར་རི་བྲག་གི་གྲོང་ཞིག་དང་ཉེ་བ་ན་ཆུ་བོ་གདུག་པ་ཅན་རེག་པ་ཙམ་གྱིས་ཤ་པགས་ཟུལ་གྱིས་འགྲོ་བ་འདུག་པ་ལ། གྲོང་དེའི་མིས་ཤིང་ལོ་ཞིག་བསྟན་
བྱུང་བ་དེས་སྐུ་ལ་བྱུགས་ཏེ་བརྒལ་བས། སྐུ་ལུས་ཀྱི་པགས་པ་ཡམ་པ་ཅིག་བརྗེས། དེ་ནས་རིམ་གྱིས་བྱོན་པས་ཡུལ་དེ་ཉིད་ཀྱི་རྒྱུད་ན་དུ་ལ་ཀྵེ་ཏྲ་བྱ་བའི་དགོན་པ་ཡོད་པར་ཕེབས་ཏེ། དེར་གཙུག་ལག་ཁང་ཟླ་བ་རྒྱས་པ་ན་ཡོངས་སུ་རྫོགས་པའི་པཎྜི་ཏ་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་སྙིང་པོ་བཞུགས་པ་དང་མཇལ་བ་ལ་གསེར་གྱི་ཕྱག་རྟེན་ཕུལ་ནས་རྗེས་སུ་འཛིན་པར་གསོལ་བ་བཏབ་པས། དཔལ་གསང་བ་འདུས་པ་མི་བསྐྱོད་པ་གཙོ་བོར་གྱུར་པའི་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས། རྩ་རྒྱུད་ལེའུ་བཅུ་བདུན་རྒྱུད་ཕྱི་མ་ལེའུ་གཅིག་དང་བཅས་པ། བཤད་པའི་རྒྱུད་བཞི། གཉིས་སུ་མེད་པ་རྣམ་པར་རྒྱལ་བའི་རྒྱུད་རྣམས་ལ་སློབ་དཔོན་ཆེན་པོ་འཕགས་པ་ནཱ་གརྫུ་ནའི་ལུགས་ཀྱི་བཤད་པ་དང་རིམ་ལྔའི་སྨར་ཁྲིད། རྒྱུད་རྐྱང་པ་མན་ངག་གི་ལུགས་དང་བཅས་པ་རྣམས་དགྱེས་བཞིན་དུ་གནང་བ་དཔྱིས་ཕྱིན་པར་གསན་ནས། ལམ་རིམ་པ་ལྔའི་མཐར་ཕྱིན་པར་སྐུ་ཉམས་སུ་
བསྟར་ཞིང་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཆེན་པོའི་འགྱུར་ཡང་མཛད། ལན་ཅིག་བླ་མ་ཚོགས་ཀྱི་འཁོར་ལོ་ཞིག་མཛད་ཀྱི་འདུག་པའི་ཚེ་རྣལ་འབྱོར་པ་རྫུ་འཕྲུལ་ཅན་བཞི་སྐད་ཅིག་གིས་ནམ་མཁའ་ལས་རྫུ་འཕྲུལ་གྱིས་ཚོགས་གྲལ་དེར་བྱོན་བྱུང་བ་དང་རྗེ་མར་པས་བླ་མ་ལ་འདི་རྣམས་སུ་ལགས་ཞུས་པས། སློབ་དཔོན་གྱི་གསུང་ནས་འདི་གཉིས་ཀུ་ས་ལི་ཆེ་ཆུང་བྱ་བ་ཡིན་ཏེ། ཆེ་བས་ཚར་གཅོད་རྗེས་འཛིན་གྱི་ལྟ་སྟངས་གྲུབ། ཆུང་བས་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ་པ་ཡིན། ཅེ་སྤྱང་ལ་ཞོན་པ་འདི་ཀརྞ་པ་ནག་པོ་པ་བྱ་བ་གྲོང་ཁྱེར་ནས་ཚོགས་རྫས་རྫུ་འཕྲུལ་གྱིས་འགུགས་ནུས་པ་ཞིག་ཡིན། བྱི་ལ་ལ་ཞོན་པ་འདི་བལ་པོ་པཎྜི་པ་བྱ་བ་སྦྱིན་སྲེག་གི་ཐབ་ཁུང་དུ་ཡི་དམ་གྱི་ཞལ་མཐོང་བ་ཞིག་སྟེ་བཞི་ཀའང་སློབ་དཔོན་ཆེན་པོ་ནཱ་རོ་པ་བྱ་བའི་སློབ་མ་བརྟུལ་ཞུགས་ཀྱི་སྤྱོད་པ་ནུས་པ་ཡིན་གསུང་བས། བླ་མ་མར་པས་ནཱ་རོ་པ་ཞེས་པའི་མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ་ཞིང་སྐྱེ་བ་དཔག་ཏུ་མེད་པ་ནས་རྗེས་
སུ་བཟུང་སྟེ་བྱིན་གྱིས་བརླབས་པའི་དགེ་བའི་བཤེས་གཉེན་དུ་ངེས་པས་ཟློག་ཏུ་མེད་པའི་མོས་པ་བརྟན་པོ་ཐོབ་ནས་བླ་མ་ནཱ་རོ་པ་དེ་དང་མཇལ་ཞིང་གདམས་ངག་ཐོབ་པ་ཞིག་ཅིས་ཀྱང་བྱེད་དགོས་དགོངས་པ་ཐུགས་ལ་ཤར། རྣལ་འབྱོར་པ་དེ་རྣམས་ལ་ཡང་དད་པར་བྱུང་ནས་གསེར་ཅུང་ཟད་རེ་ཕུལ་ཏེ་ཆོས་ཀྱང་ཞུས། ཁྱད་པར་དུ་དཔལ་ཀུ་ས་ལི་པ་དང་རྗེ་པཎྜི་པ་ལ་སྤྱོད་རྒྱུད་དང་ཀྲྀ་ཡའི་སྐོར་མང་དུ་གསན་ཅིང་མ་རྒྱུད་ཀྱི་སྒྲུབ་ཡིག་དང་གདམས་པ་འགའ་རེ་ཡང་ཞུས། དེར་ལོ་ལྔ་སོང་བ་ན་རྒྱགས་ཆད་དེ་ཨ་ཙ་ར་གཅིག་ཕྱགས་ཕྱིར་ཁྲིད་ནས་ཚུར་བྱོན་པས་བལ་པོར་བོད་ནས་གསེར་སྐྱེལ་མཁན་སླེབས་པ་དང་ཕྲད་ནས། སླར་རྒྱ་གར་དུ་ལོག་སྟེ་བླ་མ་རྣམས་ལ་གསེར་སྲང་དང་ཞོ་ཤས་ཀྱི་མཎྜལ་ཕུལ་བས། རྗེ་པཎྜི་པའི་ཞལ་ནས་ཁྱོད་ལ་དམ་ཚིག་ཡོད་པར་འདུག་པས་ངའི་བླ་མ་ལ་མ་རྒྱུད་ཉོན་ཅིག་གསུངས་ནས་དགེ་ཚུལ་ཤེས་རབ་འབྱུང་གནས་ལ་ཡི་གེའང་མཛད་ནས། ཇོ་བོ་ནཱ་རོ་པའི་དྲུང་དུ་
བསྟད་དེ་བཏང་། དེར་བླ་མ་མར་པས་ལམ་དུ་ཞུགས་ནས་གངྒཱ་བརྒལ་ཏེ་བི་ཀྲ་མ་ལ་ཤཱི་ལར་བྱོན་ནས་རྟེན་རྣམས་ལ་ཕྱག་དང་མཆོད་པ་མཛད་དེ། བླ་མ་ནཱ་རོ་པའི་གཙུག་ལག་ཁང་གང་ཡིན་བྱས་ནས་དྲིས་པས་ཁོང་རྣམས་ན་རེ། འོ་ནི་ཡིན་ཏེ་ད་ལྟ་བླ་མ་ཁ་ཆེར་བཞུད་ནས་མི་བཞུགས་ཟེར། དེ་ནུབ་གནས་བརྟན་བསོད་སྙོམས་པ་ཆེན་པོ་བྱ་བའི་རྩར་བབས་ས་བྱས་ནས། འདིར་དིང་སང་པཎ་གྲུབ་ཆེ་བ་ཅི་ལྟ་བུ་ཡོད་དྲིས་པས་གནས་བརྟན་ན་རེ། སྤྱིར་པཎ་གྲུབ་ཡོན་ཏན་གྱིས་ཆེ་བ་མང་དུ་བཞུགས་ཀྱང་གནས་འདིའི་ཕྱོགས་བཞིའི་སྒོ་སྲུང་གི་པཎྜི་ཏ་བཞི་པོ་ཆེ་བར་གྲགས་པ་ཡིན་ཏེ། དེ་ཡང་ཤར་ཕྱོགས་ཀྱི་རཏྣ་ཨཱ་ཀཱ་ར་ཤཱནྟི་བྱ་བ་འདི་ཆོས་ཐམས་ཅད་སེམས་ཙམ་དུ་གཏན་ལ་འབེབས་པའི་པཎྜི་ཏ་མཁས་པ་ཆེན་པོ་ཡིན། ལྷོའི་ངག་གི་དབང་ཕྱུག་གྲགས་པ་བྱ་བ་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་པའི་མཁས་པ་ཆེན་པོ་ཡིན། ནུབ་ཀྱི་ཤེས་རབ་འབྱུང་གནས་སྦས་པའི་དཔལ་བྱ་བ་འདི་ཁྱད་པར་དུ་སྒྲ་དང་ཚད་
མ་ལ་མཁས་པར་བྱེད། བྱང་ཕྱོགས་ཀྱི་ཇོ་བོ་ནཱ་རོ་པ་ཞེས་བྱ་བ་འདི་ཁོ་རང་གི་མི་ཆོས་ཀྱི་ཡུལ་རྒྱ་གར་ནུབ་ཕྱོགས་ཁ་ཆེ་བ་ཡིན། གཞོན་ནུ་ནས་བསྟན་པ་ལ་ཞུགས་ཏེ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་ཆེན་པོར་གྱུར་ནས་སྒྲུབ་པ་སྙིང་པོར་བྱ་བར་བཞེད་དེ། ཁ་ཆེའི་ནགས་ཁྲོད་ཅིག་ཏུ་བདེ་མཆོག་གི་ཡི་གེ་བདུན་པ་ལ་བཟླས་བརྗོད་མཛད་ཅིང་བཞུགས་པས། འབུམ་ཚོ་གཅིག་སོང་བའི་ཐོ་རངས་ཁར་ས་གཞི་ཐམས་ཅད་གཡོས་ཤིང་ནམ་མཁའ་ལས། རྒྱ་གར་ཤར་ཕྱོགས་ན་ཇོ་བོ་ཏཻ་ལོ་པ་བྱ་བ་ད་ལྟ་བཞུགས་ཀྱི། དེ་ཁྱོད་ཀྱི་སྐྱེ་བ་བདུན་གྱི་བླ་མ་ཡིན་པས་དེའི་དྲུང་དུ་སོང་ཞིག་བྱ་བའི་ལུང་བསྟན་བྱུང་ནས། དེར་ནཱ་རོ་པས་ཤར་ཕྱོགས་སུ་བྱོན་ནས་ཇོ་བོ་ཏཻ་ལོ་པའི་ཞབས་དྲུང་དུ་ལོ་རིལ་པོ་བཅུ་གཉིས་བཞུགས། དཀའ་བའི་ཁྱད་པར་མི་འདྲ་བ་ཤི་ལ་ཐུག་པ་བཅུ་གཉིས་སྤྱད་པའི་མཐར་ལྷོ་ཕྱོགས་ཀྱི་རྒྱུད་ཤྲཱི་པཪྤ་ཏ་ཨ་ཀཱ་ར་བྱ་བའི་ཡུལ་རི་བོ་བྱ་རྐང་ཅན་གྱི་དྲུང་དུ་དཔལ་འདུས་པ་ལྷ་
སོ་གཉིས་ཀྱི་སྤྲུལ་པའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ་གདམས་ངག་བསྟན་པས། ཐེག་པ་མཐའ་དག་གི་ཆོས་ཐམས་ཅད་བླ་མའི་བྱིན་རླབས་ལ་བརྟེན་ནས་ཐུགས་སུ་ཆུད་དེ་ད་ལྟ་སངས་རྒྱས་གཉིས་པ་ལྟ་བུར་བཞུགས་པ་དེ་དིང་སང་ཁོང་རང་གི་ཡུལ་ན་ཕུལླ་ཧ་རི་བྱ་བའི་དགོན་པ་ཡོད་པ་དེར་བྱོན་པས། ཁྱོད་རང་ཡང་ཆོས་ཞུ་ན་ཁོང་གི་དྲུང་དུ་འགྲོ་བ་འཐད་ཟེར་བ་དང་། སྔར་བླ་མ་པཎྜི་པས་གསུངས་པ་ཐུགས་ལ་གཅགས་པས་སླར་གངྒཱ་ཚུར་བརྒལ་ནས་ནུབ་ཕྱོགས་ཀྱི་ལམ་ནས་ཁ་ཆེའི་ཡུལ་དུ་བྱོན། དེ་ཡང་ཡུལ་འདི་ནི་སྟོན་པ་དེ་བཞིན་གཤེགས་པས་ལུང་བསྟན་པ་བཞིན་དུ་སྔོན་འཕགས་པ་ཉི་མ་གུང་པས་རྫུ་འཕྲུལ་གྱིས་ཀླུའི་རྒྱལ་པོ་ཧུ་ལུཎྚ་ལས་ས་སླངས་ཏེ་ཡུལ་བཟུང་ནས། གྲོང་ཁྱེར་དང་དགེ་འདུན་གྱི་གནས་ཕུན་སུམ་ཚོགས་པ་དག་ཀྱང་མཛད། རབ་བྱུང་རྣམས་ཀྱི་ཆོས་གོས་ཁ་བསྒྱུར་བའི་ཚོན་དུ་འཕགས་པས་རི་སྤོས་ངད་ལྡན་ནས་རྫུ་འཕྲུལ་གྱིས་གུར་ཀུམ་གྱི་ས་བོན་བླངས་ནས་བསྐྲུན་
པས། ཡུལ་གཞན་ན་མེད་པའི་གུར་ཀུམ་གྱི་ཚལ་ཆེན་པོ་དང་། ཡུལ་འདི་རྒྱ་མཚོ་དང་ཉེ་བས་མུ་ཏིག་སོགས་རིན་པོ་ཆེའི་རིགས་ཀྱང་ཆེས་མང་སྟེ། འཛམ་བུའི་གླིང་གི་ཡུལ་གཅིག་ལ་ཁ་ཆེ་བས་སྐྱིད་ཅིང་འབྱོར་བ་མེད་པ་ཙམ་དུ་གྲགས། སངས་རྒྱས་ཀྱི་བསྟན་པ་ཡང་ཤིན་ཏུ་དར། ཡུལ་དེའི་གྲོང་ཁྱེར་གྱི་གཙོ་བོ་ཤྲཱི་ན་ག་ར་མི་དུད་འབུམ་ཚོ་སོ་དྲུག་གི་བདག་ཉིད། རྒྱལ་རིགས་དང་། བྲམ་ཟེ་དང་། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུ་དག་གིས་བསྟེན་པ་དེའི་བྱང་ངོས་རྒྱང་གྲགས་ཙམ་གྱི་ས་གུར་ཀུམ་གྱི་ཚལ་དང་ཉེ་བ་ན། མཚེའུ་དང་། ལྟེང་ཀ་དང་། ནགས་ཚལ་དང་། མེ་ཏོག་ཕུན་སུམ་ཚོགས་པ་དག་གིས་བརྒྱན་པའི་རི་བོའི་སྤོ་ལ་ཕུལླ་ཧ་རི་ཞེས་པ་མེ་ཏོག་མདངས་འཕྲོག་གམ་མེ་ཏོག་གི་སྣམ་བུ་ཅན་བྱ་བའི་དགོན་པ་ཡོད་པར་ཕེབས། དེར་དཔལ་ནཱ་རོ་པ་ཆེན་པོ་དེ་གཙུག་ལག་ཁང་གི་ཕྱི་རོལ་ན་ཤིང་ལྗོན་པ་ཡལ་ག་དང་ལོ་འདབ་ཕུན་སུམ་ཚོགས་པ་ཞིག་གི་དྲུང་ན་དགེ་འདུན་མང་པོ་
ལ་སྒྲ་ཚད་ལ་འཇུག་པ་ཅེས་བྱ་བའི་ཆོས་སྟོན་ཅིང་བཞུགས་འདུག་པ་དང་མཇལ་ཏེ། མཇལ་མ་ཐག་པར་རྗེ་བཙུན་ནཱ་རོ་པའི་ཕྱག་བླ་མ་མར་པའི་དབུ་ཐོག་ཏུ་བཞག་ནས། བླ་མས་ལུང་བསྟན་བདག་གི་བུ། །སྣོད་ལྡན་མར་པ་བློ་གྲོས་ཀྱིས། །ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས། །རྒྱལ་ཚབ་འཛིན་ཕྱིར་སླེབ་པ་ལེགས། །ཞེས་ཤིས་པ་བརྗོད་ཅིང་དགྱེས་པ་ཆེན་པོས་བྱིན་གྱིས་བརླབས། དེར་རྗེ་ལོ་ཙ་བས་བླ་མ་ནཱ་རོ་པ་དེ་སྟོན་པ་རྡོ་རྗེ་འཆང་ཆེན་པོ་ཉིད་དང་མི་གཉིས་པར་གཟིགས་པའི་མོས་གུས་ཀྱི་ཕུལ་ཆེན་པོས་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་པའི་བར་གྱི་དགེ་བའི་བཤེས་གཉེན་དུ་གསོལ་བ་གདབ་པའི་ཕྱིར་རིན་པོ་ཆེ་གསེར་གྱི་མཎྜལ་ཕུལ་ནས་ཞབས་སྤྱི་བོར་བླངས་ཏེ། བདག་གུ་རུ་པཎྜི་པས་བླ་མ་ཆེན་པོའི་དྲུང་དུ་བསྟད་དེ་བཏང་བ་ལགས་པས་རྗེས་སུ་འཛིན་པར་ཞུ་ཞེས་གསོལ་བ་བཏབ་པས། སྐབས་དེར་དམ་པའི་ཆོས་ཀྱི་གསུང་གླེང་མང་དུ་མཛད། དེའི་ནུབ་མོ་བླ་མ་གཙུག་ལག་ཁང་
དུ་གཤེགས་པ་དང་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་རྒྱུད་མན་ངག་དང་བཅས་པ་གསུང་བར་གསོལ་བ་བཏབ་པས། ཁྱོད་ཀྱིས་དབང་ཐོབ་བམ་གསུང་བ་ལ། བལ་པོར་བླ་མ་ཕམ་ཐིང་པ་ལ་དགྱེས་རྡོར་གྱི་དབང་ཐོབ་པའི་རྒྱུ་མཚན་ཞུས་པས། འོ་ན་རྒྱུད་ཉན་དུ་རུང་བར་འདུག །ཕམ་ཐིང་པ་ཡང་ཁོ་བོས་སྨིན་པར་བྱས་པ་ཡིན་ཅེས་དགྱེས་པ་དང་བཅས་ཏེ་རྩ་བའི་རྒྱུད་འབུམ་ལྔའི་སྟོད་ནས་ཕྱུང་བ་བརྟག་པ་གཉིས་ཀྱི་བདག་ཉིད་ཅན་བཤད་པའི་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་ལེའུ་བཅོ་ལྔ་པ་དང་བཅས་པའི་ཚོགས་བཤད། སློབ་བཤད། རྒྱུད་ཕན་ཚུན་འཁྲུགས་བསྡེབས་ཏེ་ལམ་རིམ་པ་གཉིས་ཀྱི་མངོན་རྟོགས་སུ་སློང་བའི་མན་ངག །ལྷ་མོ་བཅོ་ལྔའི་དབང་བྱིན་རླབས་དང་བཅས་པ་རྫོགས་པར་གནང་ཞིང་། གཞན་ཡང་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་དབང་དང་རྩ་བཤད་ཀྱི་རྒྱུད་འགྲེལ་པ་དང་བཅས་པ། རྣལ་འབྱོར་མའི་དབང་དང་བྱིན་རླབས་སྒྲུབ་ཐབས་སོགས་རྒྱས་པར་གནང་སྟེ། གལ་
ཉམས་ལེན་ཆེ་བ་ཡིན་གསུང་ནས། དེར་ཇོ་བོ་ནཱ་རོ་པ་ཆེན་པོ་ཉིད་ཀྱི་ཐུགས་ཀ་ནས་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ཞལ་བརྒྱད་ཕྱག་བཅུ་དྲུག་པ་ལྷ་དགུ་པ་ཞིག་སྤྲུལ་པའི་གཙོ་བོའི་ཞལ་ནས་འཁོར་ལོ་བདེ་མཆོག་ཞལ་བཞི་ཕྱག་བཅུ་གཉིས་པ་ཞིག་སྤྲུལ་བ་དེས་བཀའ་བབས་བཞིའི་གདམས་པ་བསྲེ་འཕོ་མཚམས་སྦྱོར་གྱི་མན་ངག་གཏུམ་མོ་ཨ་ཐུང་མ་ཧཱ་མུ་དྲ་ཐུགས་ཀྱི་ཉིང་ཁུ་གཙོ་བོར་བྱས་པའི་ལམ་གྱི་ཆ་ལག །སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། གྲོང་འཇུག །བར་དོ་དང་བཅས་པ་ལེགས་པར་གདམས་པས། དེའི་ཚེ་ནམ་མཁའ་ནས་ལྷས་མེ་ཏོག་གི་ཆར་ཕབ། ཙནྡ་དང་ཨ་ག་རུའི་དྲི་བཟང་པོས་ས་གཞི་ཁྱབ་པར་བདུགས། ས་ཆེན་པོ་ཡང་གཡོ་བར་གྱུར་པ་ལ་སོགས་པའི་ཆོ་འཕྲུལ་གྱི་མཚན་ལྟས་ཁྱད་པར་ཅན་དང་བཅས་ཏེ་གསུངས་པ་རྣམས་སྐུ་ཉམས་སུ་བསྟར་ཏེ་སྒོམ་པ་ལ་ནན་ཏན་སྙིང་པོར་མཛད་ཅིང་། ཐུན་མཚམས་སུ་སློབ་གཉེར་གྱི་གཙོ་བོ་མ་རྒྱུད་ལ་མཛད་པས་རྒྱུད་འགྲེལ་པ་དང་བཅས་
པའི་ཚིག་དོན་མ་ལུས་པ་སྣོད་གཅིག་ནས་གཅིག་ཏུ་བྱོ་བ་བཞིན་དུ་ལེགས་པར་ཐུགས་སུ་ཆུད། བསྒོམས་པའི་སྟོབས་ཀྱིས་སྤྱིར་གསང་སྔགས་བླ་ན་མེད་པའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་མང་པོ་ཐུགས་རྒྱུད་ལ་འཁྲུངས་ཤིང་། ཁྱད་པར་དུ་གཏུམ་མོ་བསྒོམས་པས་བདེ་གསལ་མི་རྟོག་པ་ཟུང་འཇུག་མངོན་དུ་གྱུར་ཏེ་སྒོ་གསུམ་གཡོ་འགུལ་མེད་པའི་ངང་ལ་ཞག་བདུན་གྱི་བར་བརྟན་པ་ཐོབ་པ་དང་རྟགས་བཅུ་རྣམས་རྫོགས་པར་བྱུང་བས། ད་ནི་འདི་དང་གཏན་གྱི་དོན་ཆེན་པོ་གྲུབ་པར་གྱུར་ཏོ་སྙམ་དུ་ཐུགས་སྤྲོ་བའི་ངང་ནས་ཉིན་མཚན་འདའ་བ་བྱུང་ངོ་། །དེའི་ཚེ་བླ་མ་ནཱ་རོ་པ་ཆེན་པོའི་གསུང་ནས། ད་ལྟ་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་དུག་མཚོའི་གླིང་ཧ་རི་པཪྤ་ཏ་བྱ་བའི་ངོས་ཤིང་པླཀྵའི་ཚལ་ན་རྣལ་འབྱོར་མའི་རྒྱུད་ལ་ཤིན་ཏུ་མཁས་པའི་སློབ་དཔོན་དཔལ་ཞི་བ་བཟང་པོ་ཞེས་བྱ་བ་ཀུ་ཀུ་རི་པ་གཉིས་པར་གྲགས་པ་དེ་བཞུགས་པས། ཁྱོད་རང་ཡང་ཁོང་གི་དྲུང་དུ་མ་ཧཱ་མ་ཡ་ཞུས་ལ་ཤོག །
འོན་ཀྱང་གནས་དེར་འགྲོ་བའི་ལམ་ན་རྩི་དུག་གི་གནོད་པ་སོགས་འཇིགས་པ་དུ་མ་དང་། གལ་ཏེ་ལམ་གོལ་ན་སྲིན་མོའི་གནས་སུ་ཆུད་དོགས་ཀྱང་ཡོད་པས་བར་ཆད་མི་འབྱུང་བའི་ཕྱིར་བྱིན་རླབས་བྱའོ་ཞེས་ཚོགས་ཀྱི་མཆོད་པ་ཞིག་བཤམས་ཏེ། བླ་མ་ནཱ་རོ་པས་ཕྱོགས་བཞིར་དགུག་པའི་ལྟ་སྟངས་དང་སྡིགས་མཛུབ་གཏད་པས། དུར་ཁྲོད་ཀྱི་གནས་སུ་རྒྱུ་བའི་རྣལ་འབྱོར་པ་རྫུ་འཕྲུལ་ཅན་གསུམ་ནམ་མཁའ་ལས་སྐད་ཅིག་གིས་བླ་མའི་དྲུང་དུ་བྱོན་བྱུང་བ་ལ། བླ་མ་ནཱ་རོ་པའི་གསུང་ནས། ཁྱེད་གསུམ་གྱིས་ལོ་ཙ་བ་འདི་ཧ་རི་པཪྤ་ཏར་འགྲོ་བ་ལ་བར་ཆད་མེད་པར་གྱིས་ཤིག་ཅེས་བཀའ་ནོད་པས། གཅིག་ན་རེ། བདག་གིས་དུག་སྦྲུལ་གྱི་འཇིགས་པ་ལས་སྐྱོབ་ཟེར། གཅིག་ན་རེ། བདག་གིས་གཅན་གཟན་གྱི་གནོད་པ་ལས་སྐྱོབ་ཟེར། གཅིག་ན་རེ། བདག་གིས་མི་མ་ཡིན་པས་འཚེ་བ་ལས་སྐྱོབ་ཟེར་ནས་རྣལ་འབྱོར་པ་དེ་རྣམས་མི་སྣང་བར་གྱུར་པ་ན། ནཱ་རོའི་ཞལ་ནས། འདི་ནས་དུག་མཚོའི་འགྲམ་
དུ་ཕྱིན་པ་ལ་ཟླ་བ་ཕྱེད་ཀྱི་ལམ་ཡོད། དེ་ནས་དུག་གི་ཆུ་ལ་དང་པོར་བོལ་ནུབ་ཙམ་ནས་རིམ་པར་རྒོལ་ལ་མཐར་རྐྱལ་ཏེ་སོང་། མཚོ་ལས་བརྒལ་བ་ན་དུག་གི་རང་བཞིན་གྱི་ནགས་ཚང་ཚིང་ཅན་གྱི་ལམ་ཡོད་པས་དེར་ཤིང་གཉིས་གཉིས་འདུག་པའི་བར་དང་། རེ་རེ་འདུག་པའི་རྩ་བ་ལ་འཁྲིས་ཏེ་སོང་། ས་སྐྱ་ཐལ་ལེར་འདུག་པའི་ཕྱོགས་སུ་རྒོངས་མལ་གྱིས། ནགས་ཚང་ཚིང་དེ་ལས་ཐོན་པ་ན་ཧ་རི་པཪྤ་ཏ་བྱ་བའི་རི་བོ་ལྷུན་སྟུག་པ་ཞིག་ཡོད། དེར་ཤིང་པླཀྵའི་ནགས་ཁྲོད་ན་དཔལ་ཞི་བ་བཟང་པོ་དེ་མཁའ་འགྲོ་མ་རྣམས་ཀྱིས་གྲོང་ཁྱེར་ནས་རྫུ་འཕྲུལ་གྱིས་བླངས་པའི་བསོད་སྙོམས་དང་། དུག་གི་ཆུ་གདུག་པའི་བཅུད་ཀྱིས་འཚོ་ཞིང་ཌཱ་ཀི་མ་རྣམས་ཁྱི་མོའི་གཟུགས་སུ་བསྒྱུར་བ་ལ་ཕོ་ཉའི་ལམ་སྒོམ་པའི་རྟེན་མཛད་ཅིང་བཞུགས་པས། སྤྱིར་གསང་སྔགས་ཀྱི་རྣལ་འབྱོར་པ་བྱ་བ་གཟུགས་སྣ་ཚོགས་པར་སྤྲུལ་ཞིང་བསྒྱུར་བའི་ཆོ་འཕྲུལ་ལ་ཐོགས་པ་མེད་པ་ཡིན་ལ། ཁྱད་པར་ཞི་བ་བཟང་པོ་ཀུ་
ཀུ་རི་པ་གཉིས་པར་གྲགས་པ་དེ་མི་སྡུག་པའི་རྣམ་པ་ཅིར་ཡང་རྫུ་བ་ཞིག་ཡོད་པས་ཆ་བྱད་དང་རྣམ་འགྱུར་ཅི་འདྲ་ཡང་ཐེ་ཚོམ་མ་བྱེད་པར། བདག་ཕུལླ་ཧ་རི་ནས་ཇོ་བོ་ནཱ་རོ་པས་ཁྱེད་ཀྱི་དྲུང་དུ་བཏང་བ་ལགས་པས་མ་ཧཱ་མཱ་ཡ་ཐུགས་ལ་འདོགས་པར་ཞུ་གྱིས་ལ་ཆོས་ཞུས་ཅིག །བར་ཆད་མེད་ཅིང་དོན་གྲུབ་པར་འོང་ངོ་ཞེས་ལམ་གྱི་བསླབ་བྱ་ལུང་བསྟན་ཕྱག་རྟགས་དང་བཅས་པ་གནང་སྟེ་བྲམ་ཟེའི་ཁྱེའུ་གསེར་འཕྲེང་ཅན་ལམ་གྲོགས་སུ་བརྫངས། དེར་རྗེ་མར་པས་བླ་མའི་བཀའ་བཞིན་འཚལ་ཏེ་ཞབས་ལ་ཕྱག་བྱས་ནས་ལམ་དུ་ཞུགས་ཏེ་ལྷོ་ཕྱོགས་ནས་ལྷོ་ཕྱོགས་སུ་ཟླ་བ་ཕྱེད་ཀྱི་བགྲོད་པས་དུག་མཚོའི་འགྲམ་དུ་ཕྱིན། དེར་དུག་གི་མཚོ་ལ་རིམ་གྱིས་བརྒལ་ནས་ནགས་ཚང་ཚིང་གི་ལམ་དུ་ཞུགས་ཏེ་བྱོན་པ་ན་གློ་བུར་དུ་སྤྲིན་ནག་པོ་དུག་སྦྲུལ་གྱི་གདེངས་ཀ་འདྲ་བ་དག་འདུས་པས་ནམ་མཁའ་ཁྱབ་པ་ལས་སེར་བ་དང་གནམ་ལྕགས་དག་འབབ་ཅིང་འབྲུག་གི་སྒྲ་ཆེན་པོ་ནི་གནམ་ས་གྲུམ་པ་ཙམ་དུ་
གྲག གློག་འབར་ཞིང་འཁྱུག་པ་མེ་ལྕེའི་ཞགས་པ་ལྟ་བུ་ཕྱོགས་མཚམས་ནས་ཕྱོགས་མཚམས་སུ་ཐལ་བྱུང་དུ་འགྲོ་བས་སྐྱི་གཡའ་བར་བྱེད་ཅིང་། གདུགས་ཉི་མའི་གུང་ལ་སྨག་དུ་སྲོས་ཏེ་ལམ་ད་ལྟ་ཡོད་པ་ད་ལྟ་སྟོར་བས། དེའི་ཚེ་བླ་མ་ནཱ་རོ་པ་ཆེན་པོ་དང་སྔར་བར་ཆད་ལས་སྐྱོབ་པར་ཞལ་གྱིས་བཞེས་པའི་རྣལ་འབྱོར་པ་རྣམས་ལ་གསོལ་བ་བཏབ་པས། སྐད་གཅིག་གིས་སྤྲིན་ནག་པོ་ལ་སོགས་པའི་འཇིགས་པ་རྣམས་ཀྱང་ཞི། ནགས་ཐིབ་པོ་དེ་ལས་ཀྱང་ཐོན་ཏེ་ཧ་རི་པཪྤ་ཏའི་ངོས་ན་ཡར་གཤེགས་པའི་ཚེ་བྱ་གཉིས་ཚུར་འཕུར་ནས་ཡོང་འཕྲོ་ལ་ཕར་ལོག་ནས་སོང་། དེར་བླ་མ་མར་པ་ཤིང་པླཀྵའི་ཚལ་དུ་ཞུགས་ཏེ་དཔལ་ཞི་བ་བཟང་པོ་དེ་གང་ན་བཞུགས་ཤིག་གུ་སྙམ་དུ་ཚོལ་བ་ན། པླཀྵའི་སྡོང་པོ་ནངས་ཀྱི་མཐོ་བ་ཞིག་འདུག་པའི་རྩེར་བྱ་སེང་གེའི་མགོ་ཅན་ཞིག་བབས་ནས་རྫུ་འཕྲུལ་སྣ་ཚོགས་སྟོན་ཅིང་འདུག་པའི་མོད་ལ་མི་བྱད་བཞིན་སྤྲེའུ་འདྲ་བ་ལུས་དང་གདོང་ཐམས་ཅད་སྤུས་གང་བ་ཅིག་ཏུ་
གྱུར་ནས་ཤིང་གི་རྩ་བར་བབས་ཏེ་གདོང་པ་མཆན་དུ་བཅུག་ནས་བསྡད་སོང་བ་ཞིག་གཟིགས། དེར་ཐེ་ཚོམ་མེད་པར་དེ་ལ་ཕྱག་བྱས་ནས་གསེར་གྱི་ཕྱག་རྟེན་དང་ནཱ་རོའི་ཕྱག་རྟགས་ཕུལ་ཏེ་བདག་ཕུལླ་ཧ་རི་ནས་ཇོ་བོ་ནཱ་རོ་པས་བཏང་བ་ལགས་པས། མ་ཧཱ་མཱ་ཡའི་དབང་རྒྱུད་གདམས་ངག་དང་བཅས་པ་ཐུགས་ལ་འདོགས་པར་ཞུ་ཞུས་པས་དབུ་བཏེག་གི་མཛད་ནས་ཡི་གེ་ལ་གཟིགས་ཏེ། ཧ་ཧཱ་ནཱ་རོ་པ་ཟེར་བ་དེ་མ་ཧཱ་མཱ་ཡ་ཤེས་ནི་ཤེས། ཁོ་རང་གིས་བཤད་པས་ཆོག་མོད། ང་སོས་དལ་དུ་མི་འཇུག་པ་གསུང་ཞིང་བཞད། ཨ་ཀྱང་ཇོ་བོ་ནཱ་རོ་པ་འདྲ་བ་ད་ལྟ་འཛམ་བུའི་གླིང་ཙམ་ན་ཡང་དཀོན། མ་ཧཱ་མཱ་ཡ་ཁོ་རང་གིས་མཁས་པར་མཁྱེན་རུང་རྒྱུད་ཀྱི་བཀའ་བབས་ང་ལ་ཡོད་པས་ཁྱོད་འདིར་བཏང་བར་འདུག །རི་འདིའི་འདབས་སུ་ཁྱོད་དང་མི་གཉིས་ཕྲད་དམ་གསུང་བ་ལ། མི་དང་མ་ཕྲད་བྱ་གཉིས་ཚུར་འོང་འཕྲོ་ལ་ཕར་ལོག་ནས་སོང་བ་ཞིག་བྱུང་ཞུས་པས་ངས་སྲུངས་མ་མིར་སྤྲུལ་ནས་ཁྱོད་བསུར་བཏང་བ་
ཡིན་ཏེ། ཁྱོད་ཀྱིས་མིར་མ་མཐོང་བྱར་མཐོང་བར་འདུག་གསུང་ནས་དེར་མི་སྡུག་པའི་རྣམ་འགྱུར་གྱི་རྫུ་འཕྲུལ་དེ་བརྟུལ་ནས། བླ་མ་ཉིད་ཀྱི་སྐུར་མཛད་དེ། ད་ལོ་ཙ་བ་ཁྱོད་ལ་མ་ཧཱ་མཱ་ཡ་མཐིལ་ཕྱིན་པ་ཞིག་སྟོན་པ་ཡིན་ཅེས་གསུང་ནས་དགྱེས་བཞིན་དུ་སྒྱུ་མ་ཆེན་མོ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གསང་མཚན་སུ་ཁ་བཛྲ་དུ་བཏགས། དེར་སློབ་དཔོན་གྱི་ཞལ་ནས་བདེ་བར་གཤེགས་པའི་བསྟན་རིམ་མཐར་ཐུག་རྣལ་འབྱོར་མའི་རྒྱུད་ཆེན་པོ་བཅུ་བཞི་ཡོད་པ་ལས། གསང་བ་ཡིད་བདེ་ཞེས་བྱ་བ་སྒྱུ་འཕྲུལ་ཆེན་མོའི་རྒྱུད་འདི། སྔོན་སྟོན་པ་བཅོམ་ལྡན་འདས་ལ་སངས་རྒྱས་མཁའ་འགྲོ་མས་ཞུས་པའི་ངོར་རྩ་རྒྱུད་སྟོང་ཕྲག་བཅུ་དྲུག་པ་གསུངས་པའི་རྗེས་དེ་ནས་བར་མ་ཆོད་པར་གང་དག་བསག་སྦྱངས་ཕུལ་དུ་ཕྱིན་པ་དབང་པོ་རྣོན་པོ་བསྡུས་ཏེ་བསྟན་པ་ཁོ་ནས་གོ་བ་དག་གི་དོན་དུ་རྒྱུད་བསྡུས་པ་ལེའུ་གསུམ། ལྷ་བསྡུས་པ་ལྷ་ལྔ། མངོན་རྟོགས་བསྡུས་པ་བསྐྱེད་རྫོགས་གཉིས་སུ་བསྒྲིགས་
པའི་བསྡུས་རྒྱུད་ལེའུ་གསུམ་པ་ལྷ་ལྔ་སྟོན་བྱེད་འདི་གསུངས་པ་ཡིན། ཅེས་སོགས་རྒྱུད་ཀྱི་བཤད་པ་ལག་ལེན་དང་བཅས་པ་སློབ་དཔོན་ཀུ་ཀུ་རི་པ་ཆེ་བས་མཛད་པའི་སྨིན་བྱེད་ཀྱི་ཆོ་ག་དང་བསྐྱེད་རིམ་གྱི་སྐོར་ལ། སྤྲུལ་པ་དབྱིབས་ཀྱི་རྣལ་འབྱོར་རྒྱས་བསྡུས་གཉིས། རང་བཞིན་དབྱིབས་ཀྱི་རྣལ་འབྱོར་རྡོར་སེམས་རང་རྐྱང་བའི་སྒྲུབ་ཐབས་ཞིག་དང་གསུམ། རྫོགས་རིམ་སྟོན་བྱེད་ཀྱི་གཞུང་དེ་ཁོ་ན་ཉིད་ཀྱི་མན་ངག་རྩ་འགྲེལ་གཉིས་གཏོར་མའི་ཆོ་ག་དང་བཅས་པ་མ་ཚང་བ་མེད་པར་གནང་བ་རྣམས་དཔྱིས་ཕྱིན་པར་མནོས་ཏེ་ལམ་རྣལ་འབྱོར་གསུམ་གྱི་མཐར་ཕྱིན་པར་བསླབས་ནས། ཆོས་ཐོན་པའི་གཏང་རག་གི་མཆོད་པ་བཟང་པོའང་མཛད། དུས་དེར་རྗེ་མཻ་ཏྲི་པ་ལྷོ་ཕྱོགས་དཔལ་གྱི་རི་ལས་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་རི་ཁྲོད་པ་ཆེན་པོའི་དྲུང་ནས་ཚུར་ཕེབས་ཏེ་མངའ་བདག་ཆེན་པོར་གྱུར་པའི་སྙན་གྲགས་ཆེ་བས། སྔོན་ནས་ཀྱང་རྗེ་མར་པ་ལ་མཻ་ཏྲི་པ་དེ་ཅིས་ཀྱང་མཇལ་དགོས་དགོངས་
པའི་ཐུགས་འདུན་ཆེར་ཡོད་ཅིང་། ལྷག་པར་གནས་དེ་ཉིད་དུ་ནུབ་གཅིག་ཐུགས་ཉམས་ལ་རྗེ་མཻ་ཏྲི་པ་དེ་མངོན་སུམ་ལྟ་བུར་ཡང་ཡང་སྣང་བ་ཞིག་བྱུང་བས་ཡིད་ཀྱིས་མཎྜལ་དང་ཡན་ལག་ བདུན་པ་ཕུལ་ཏེ་གསོལ་བ་བཏབ་པས། མནལ་ལམ་དུ་མཻ་ཏྲི་པའི་ཕོ་ཉ་ཡིན་ཟེར་བའི་བུད་མེད་མཛེས་མ་ཞིག་བྱུང་ནས་བུམ་པ་སྤྱི་བོར་བཞག་པ་རྨིས་ཏེ། སད་ཙམ་ན་ཉམས་རྟོགས་ཁྱད་པར་ཅན་མང་པོ་སྐྱེས་པ་ཞིག་བྱུང་། དེའི་ཕྱི་ནུབ་ཞག་གཉིས་ན་བླ་མ་ཞི་བ་བཟང་པོས་རྫོངས་ཀྱི་ཚོགས་མཆོད་ཅིག་མཛད་པའི་གྲལ་དུ་རྗེ་ལོ་ཙ་བས། འདི་ན་བཞུགས་པའི་རྗེ་བཙུན་རྣམས། །སྙིང་གྲོགས་སྤུན་རྣམས་སྙན་གསན་འཚལ། །མགོ་རྒོད་མར་པ་ལོ་ཙ་ངས། །ལས་འབྲེལ་སད་པས་ལྷོ་བལ་ཕྱིན། །དངོས་གྲུབ་ཅན་གྱི་བལ་པོ་དང་། །ཡེ་ཤེས་སྙིང་པོ་ཞི་བཟང་ལ། །གདན་བཞི་གསང་འདུས་བདེ་མཆོག་སྐོར། །རྒྱུད་དང་མན་ངག་གཏེར་ཁ་ཕྱེད། །ད་ལྟ་སློབ་དཔོན་ཞལ་སྔ་ནས། །ཞུས་པ་གནང་བའི་དམ་ཆོས་
ཚར། །ལུང་བསྟན་བཀྲ་ཤིས་དུས་གཅིག་ཐོབ། །མདང་སུམ་ཐལ་བའི་ཁར་ནུབ་ཏུ། །མཎྜལ་ཡིད་ཀྱིས་བཤམས་ནས་ཀྱང་། །མཻ་ཏྲི་པ་ལ་གསོལ་གདབ་སྙམ། །འཁྲུལ་པའི་བག་ཆགས་རྨི་ལམ་དུ། །མངའ་བདག་མཻ་ཏྲིའི་ཕོ་ཉ་མོ། །བུད་མེད་ལུས་ལ་བཞིན་རྒྱས་མ། །ལག་ན་བུམ་པ་ཐོགས་པ་ཡིས། །མི་ཁོ་བོའི་མགོ་ལ་རེག་པ་རྨིས། །ཐུགས་རྗེས་བྱིན་གྱིས་རློབ་པ་འདྲ། །སྔོན་སྨོན་ལམ་ལས་ཀྱིས་འབྲེལ་ལམ་བསམ། །དེ་ཕྱིར་དད་འདུན་དྲག་པོ་ཡིས། །ཕ་རྒན་དེ་ཡི་སྤྱན་སྔར་མཆི། །འདི་ན་བཞུགས་པའི་རྗེ་བཙུན་ལ། །མོས་གུས་ལྟེམ་རྐྱང་མེད་པར་བྱུང་། །སྐྱབས་སུ་འདུ་འབྲལ་མེད་པར་མཆི། །ངན་སོང་མེད་པར་བྱིན་གྱིས་རློབས། །ཚེ་འདི་དང་ཕྱི་མར་འགྲོགས་པ་ཡི། །རྡོ་རྗེའི་སྤུན་གྱི་གྲོགས་པོ་ཀུན། །འཁོར་བའི་སླུ་བྲིད་རྒྱབ་ཏུ་སྐྱུར། །དམ་པའི་གདམས་ངག་ཉམས་སུ་ལོང་། །དམ་ཚིག་ངོ་ལྐོག་མེད་པར་སྲུངས། །རྟག་ཏུ་བླ་མ་སྤྱི་བོར་སྒོམས། །དགེ་བ་བཅུ་ལ་ལོངས་སྤྱོད་མཛོད། །མི་དགེ་བཅུ་པོ་དུག་
བཞིན་སྤོངས། །སྒྲུབ་པ་རྒྱུན་ཆད་མེད་པར་མཛོད། །ཞེས་པའི་གླུ་བོད་སྐད་དུ་བླངས་པས་གྲོགས་རྣམས་ཀྱིས་མ་གོ་བར་སླར་རྒྱ་སྐད་དུ་བསྒྱུར་བས་ཀུན་ངོ་མཚར་དུ་གྱུར་ཏོ། །དེ་ནས་དཔལ་ཞི་བ་བཟང་པོའི་ཕྱག་ལོ་ཙ་བ་ཆེན་པོའི་དབུར་བཞག་ནས། ངེད་ཀྱི་འདུག་ས་འདི་ལམ་བགྲོད་པར་དཀའ་བ་ཡིན་པ་ལ་ལོ་ཙ་བ་ཁྱོད་ཀྱིས་འདིར་སླེབ་པས་དོན་ཆེན་པོ་གྲུབ། ད་དུང་ནཱ་རོ་པ་ལ་ཡང་མ་ཧཱ་མཱ་ཡ་ལན་ཅིག་ཉོན་ལ་ཁྱད་པར་ཅི་འདུག་ལྟོས། ཇོ་བོ་ནཱ་རོ་པ་དེས་ཁྱོད་སྐལ་ལྡན་དུ་གཟིགས་ནས་འདིར་ཡང་བརྫངས། མཻ་ཏྲི་པའི་སར་ཡང་རྫོང་བར་འདུག །བོད་དུའང་ཁྱོད་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པ་འབྱུང་བར་བྱིན་གྱིས་རློབ་ཅིང་ལུང་སྟོན་པར་འདུག་པ་བཞིན་དུ་ངས་ཀྱང་གདམས་པ་ཡོངས་སུ་རྫོགས་པ་བྱིན་ནས་བྱིན་གྱིས་བརླབས་པ་ཡིན་ནོ་ཞེས་རྒྱ་དཔེ་རྣམས་གནང་ངོ་། །དེའི་ཚེ་རྗེ་མར་པས་བླ་མ་ལ་སངས་རྒྱས་དངོས་སུ་ཐག་ཆོད་པའི་མོས་གུས་ཀྱིས་ཞབས་
ལ་ཕྱག་འཚལ་ཏེ་སླར་ཡང་སྐུ་དྲུང་དུ་མཆི་བར་འཚལ་ཞེས་གསོལ་ནས་ཚུར་བྱོན་པས། དུས་དེར་ནང་གི་རླུང་སེམས་ཀྱི་བྱེད་པ་ལས་སུ་རུང་བའི་སྟོབས་ཀྱིས་ཕྱི་འབྱུང་བའི་སྐྱེ་མཆེད་རག་པ་ལ་དབང་ཐོབ་པས་དུག་མཚོའི་གླིང་ནས་ཞག་གསུམ་གྱིས་ཕུལླ་ཧ་རིར་ཕེབས་ཏེ། དེར་ཇོ་བོ་ནཱ་རོ་པ་དེ་དགེ་ཚུལ་ཤེས་རབ་འབྱུང་གནས་གཅིག་པུ་ལ་ཆོས་ཤིག་གསུང་གི་འདུག་པ་གྲོལ་བ་དང་དྲུང་དུ་བྱོན་ནས་ཕྱག་འཚལ་ཏེ་སྤྱན་སྔར་འཁོད་པ་ལ། ལོ་ཙ་བས་ཆོས་རྣམས་ཡིད་ཚིམ་པར་ཐོབ་བམ། སློབ་དཔོན་ཅི་སྐད་གསུང་གི་འདུག་གསུང་བས། བདག་གིས་དཔལ་ཞི་བ་བཟང་པོའི་དྲུང་དུ་ཆོས་རྣམས་ཡིད་ཚིམ་པར་ཐོབ། ད་དུང་ཇོ་བོ་ནཱ་རོ་པ་ལ་ཡང་མ་ཧཱ་མཱ་ཡ་ལན་ཅིག་ཉོན་ལ་ཁྱད་པར་ཅི་འདུག་ལྟོས་གསུང་གི་གདའ་ལགས་ཞུས་པས། ངེད་གཉིས་ཀ་སློབ་དཔོན་ཀུ་ཀུ་རི་པ་ཆེན་པོའི་ལུགས་སུ་གཅིག་པས་མི་འདྲ་བ་རང་ཡོད་དེ་མི་འོང་། འོན་ཀྱང་བྱ་ཡི་གསུང་ནས་མ་ཧཱ་མཱ་ཡའི་རྒྱུད་ཀྱི་བཤད་པ་ལག་ལེན་དང་
བཅས་པ་རྣམས་ཞིབ་པར་གནང་བྱུང་བས་བླ་མ་རྣམ་གཉིས་ཀྱི་གསུང་དོན་ལ་ཁྱད་པར་མི་འདུག་ཀྱང་། བླ་མ་ནཱ་རོ་པས་གསུངས་པ་དེ་བཤད་པའི་སྒྲོས་དོད་ཅིང་ཚིག་གི་ཟུར་ཕྱིན་པ་ཞིག་བྱུང་། དེར་རྗེ་མར་པས་མངའ་བདག་མཻ་ཏྲི་པ་དེ་སྐུ་སྙན་པ་ཆེ་བར་གདའ་བ་ལ་བདག་དད་པར་བྱུང་བས་ཁོང་གི་དྲུང་དུ་ཆོས་ཤིག་ཉན་པའི་ཕྱིར་འགྲོ་བར་འཚལ་ན། བླ་མ་ཆེན་པོའི་བཀས་གནང་བར་ཞུ། ཅེས་ཞུས་པས། ཇོ་བོ་ནཱ་རོ་པ་ཆེན་པོས་དགྱེས་བཞིན་དུ་བཀས་གནང་ནས་བླ་མ་མར་པ་མངའ་བདག་མཻ་ཏྲི་པ་ཆེན་པོའི་དྲུང་དུ་ཆས་ཏེ་ཁ་ཆེའི་ཡུལ་ནས་ཚུར་ཤར་ངོས་སུ་འཕགས་ཏེ་བྱོན་པ་ན། བདེ་མཆོག་གི་གནས་ཆེན་མ་རུ་ཞེས་པའི་ཡུལ་འབྲོག་དགོན་པ་སྨིག་སྒྱུ་ཤིག་གེ་བ་ཀུ་ཤ་དང་རེ་ལྡེའི་ཁང་ཁྱིམ་ཅན་གྱི་མི་འབྲོག་པ་ལྟ་བུ་ཤ་སྟག་གིས་བཟུང་བ། ཡུལ་དེའི་ཉེ་འཁོར་ན་ཆུ་མེད་པས་ཐག་རིང་པོ་ནས་རྟ་དང་ཤིང་རྟ་སོགས་ཀྱིས་ཆུ་ལེན་ཅིང་། མ་ཧེ་དང་བ་ལང་མང་བས་ཕལ་ཆེར་ཞོ་དང་དར་བ་ལ་
ལོངས་སྤྱོད་པ་ཞིག་ཡོད། དེ་ནས་ཀྱང་ཤར་ཕྱོགས་སུ་ལྡེབ་ ༡༤ ཆད། མ་དཔེའི་ལྡེབ་མ་གཅིག་ཆད་པ་ལས། མགུར་གྱི་སྟོད་དཔའ་བོ་གཙུག་ལག་ཕྲེང་བའི་མར་པའི་རྣམ་ཐར་ནས་ཁ་སྐོང་ཞུས་པ་ཡིན་་་ཁྱེད་འགྲོ་བའི་དོན་དུ་འཛམ་གླིང་འདིར། །རྒྱལ་བའི་རིགས་སུ་སྐྱེ་བ་བཞེས། །ཕྱི་ནང་གྲུབ་མཐའ་སྣ་ཚོགས་མཁྱེན། །མཻ་ཏྲི་པ་ལ་ཕྱག་འཚལ་ལོ། །རྗེ་བཙུན་སྒྲོལ་མས་ལུང་བསྟན་ནས། །བར་ཆད་མེད་པར་བྱིན་གྱིས་བརླབས། །རི་ཁྲོད་དབང་ཕྱུག་ཞབས་རྡུལ་རེག །ཨ་ཝ་དྷཱུ་ཏི་ཁྱོད་ལ་བསྟོད། །སྐུ་ནི་རིན་ཆེན་གསེར་གྱི་རི། །ཡེ་ཤེས་སྨོན་སོགས་རྣམ་དག་པ། །ཉོན་མོངས་ནད་རྣམས་འཇོམས་མཛད་པའི། །ཆོས་ཀྱི་ཉི་མ་ཁྱེད་ལ་བསྟོད། །ཐུགས་ནི་སྟོང་ཉིད་རྡོ་རྗེ་ཡིས། །བདག་ལྟའི་རི་བོ་ཆེན་པོ་འཇོམས། །ཆོས་རྣམས་མཉམ་པ་ཉིད་གཟིགས་པའི། །མཉམ་མེད་བླ་མ་རྗེ་ལ་བསྟོད། །སྤྲུལ་སྐུ་འཛམ་གླིང་ཀུན་གྱི་རྒྱན། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །ཐུགས་རྗེའི་གཏེར་ལྡན་འགྲོ་བའི་མགོན། །
གཙུག་གི་རྒྱན་གྱུར་ཁྱོད་ལ་བསྟོད། །མི་དང་མི་མིན་འབྱུང་པོའི་ཚོགས། །གང་ཞིག་དྲེགས་ཅན་མ་ལུས་པ། །བརྟུལ་ཞུགས་ནུས་པས་བཀའ་ཉན་བྱེད། །རྡོ་རྗེ་འཛིན་པ་ཁྱེད་ལ་བསྟོད། །བདེ་གཤེགས་བླ་མ་ཐུགས་རྗེ་ཅན། །བདག་ཕ་ཡུལ་བོར་ནས་དམ་ཆོས་བྱས། །པཎ་ཆེན་ནཱ་རོ་ལ་སོགས་པའི། །བླ་མ་ཀུན་ལ་གདམས་ངག་ཞུས། །རྒྱུད་སྡེའི་སློབ་གཉེར་འགའ་རེ་ཚར། །ལྷོ་དུག་མཚོ་ཁོལ་མའི་དོ་རི་ལ། །དཔལ་ཞི་བ་བཟང་པོའི་ཞབས་དྲུང་དུ། །དམ་པ་ཁྱེད་ཀྱིས་ཐུགས་རྗེས་བཟུང་། །སྲོག་འཕངས་པ་མེད་པར་དྲུང་དུ་འོང་། །རི་བོ་མེ་འབར་གྱི་དགོན་པ་ན། །ཤིང་ནྱ་གྲོ་དྷའི་བསིལ་གྲིབ་ལ། །མངའ་བདག་རྒྱལ་སྲས་མཻ་ཏྲི་པ། །ཕ་སངས་རྒྱས་ཁྱེད་དང་ད་ལྟ་མཇལ། །ཉི་མ་ཤར་འདྲའི་དང་བ་སྐྱེས། །ཤི་ཡང་ཕོད་པའི་དད་པ་གཡོས། །ཁ་གཏིང་མེད་པར་གསོལ་བ་བཏབ། །རྒྱུན་ཆད་མེད་པར་བྱིན་གྱིས་རློབས། །བྲམ་ཟེ་ཆེན་པོའི་སྲོལ་འཛིན་ཅིང་། །སྤྲུལ་པ་རི་ཁྲོད་དབང་ཕྱུག་ལས། །ལེགས་པར་
འོངས་པ་དམ་པའི་ཆོས། །ཐེག་པའི་ཡང་རྩེ་སྙིང་པོའི་དོན། །མཐའ་བྲལ་ཕྱག་རྒྱ་ཆེན་པོ་དེ། །ནམ་མཁའ་ལྟ་བུ་གནང་བར་ཞུ། །ཞེས་གསོལ་བ་བཏབ་ཅིང་གསེར་གྱི་མཎྜལ་ཕུལ་བས་ཤིན་ཏུ་མཉེས་པའི་སྤྱན་རས་ཀྱིས་བཙའ་བར་མཛད་ནས། རྒྱུད་བསྟོད་པ་གླུར་བླངས་སུ་གྲགས་པ་འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པའི་རྒྱ་ཆེར་བཤད་པ་ཉམས་ལེན་གྱི་མན་ངག་དང་བཅས་པ་གནང་ཞིང་། ལྷག་པར་གསང་སྔགས་བླ་ན་མེད་པའི་ལྟ་བ་གཙོ་བོར་སྟོན་པའི་གཞུང་བྲམ་ཟེ་ས་ར་ཧ་ཆེན་པོའི་རྡོ་རྗེའི་གླུ་དོ་ཧ་ཀོ་ཥའི་བཤད་པ་དང་། དེའི་མན་ངག་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སེམས་སུ་ངོ་སྤྲད་པ་ཨ་མ་ན་སི་ཀ་ར་སྙིང་པོའི་དོན་ཕྱག་རྒྱ་ཆེན་པོའི་གདམས་པ་ཆ་ལག་དང་བཅས་པ་རྫོགས་པར་གནང་ཞིང་། གཞན་ཡང་བཅོམ་ལྡན་འདས་ཀྱེའི་རྡོ་རྗེའི་དབང་དང་སྒྲུབ་ཐབས་སོགས་སྩལ་བ་རྣམས་ལ་ཐོས་བསམ་སྒོམ་གསུམ་གཅིག་གོ་གཅིག་གིས་མི་འགག་པར་ཐུགས་ཉམས་
སུ་བཞེས་ཤིང་། གཙོ་ཆེར་སྒོམ་པ་ལ་ནན་ཏན་ལྷུར་མཛད་པས་མཐའ་བྲལ་གྱི་ལྟ་བ་ནམ་མཁའ་ལྟ་བུ་ཐུགས་ལ་འཁྲུངས་སོ། །དེར་རྗེ་མངའ་བདག་ཆེན་པོ་ལ་གཏང་རག་གི་ཚོགས་མཆོད་ཞིག་ཕུལ་ཏེ་དེའི་ཚོགས་གྲལ་དུ་བླ་མ་ལོ་ཙ་བ་ཉིད་ཀྱི་ཐུགས་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅན་ཇི་ལྟར་འཁྲུངས་པ་རྣམས་རྗེ་མཻ་ཏྲི་པའི་སྙན་དུ་གསོལ་བའི་ཕྱིར་མགུར་བཞེངས་པ། སྤྱི་བོ་བདེ་ཆེན་གཞལ་ཡས་ན། །དྲི་མེད་པདྨ་ཉི་ཟླ་ལ། །བླ་མ་མངའ་བདག་བྱམས་མགོན་བཞུགས། །བདག་གི་སེམས་རྒྱུད་བྱིན་གྱིས་རློབས། །དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ཡི་དམ་ལྷ་ཚོགས་ཇི་སྙེད་པ། །དབྱེར་མེད་དཔལ་ལྡན་དྷཱུ་ཏི་པ། །སྙིང་གི་པདྨར་བཞུགས་ནས་ཀྱང་། །ངག་གི་བདེན་པ་སྒྲུབ་ཏུ་གསོལ། །རྒྱ་གར་ཞིང་ཁམས་རྣམ་དག་ཏུ། །པཎ་ཆེན་ནཱ་རོ་ལ་སོ གས་པའི། །གྲུབ་ཐོབ་རྣམས་ཀྱི་ཞབས་རྡུལ་དེ། །མི་བདག་གི་སྤྱི་བོའི་གཙུག་ཏུ་བླངས། །རྒྱུད་སྡེའི་ཚིག་དོན་མང་པོ་ཉན། །བདག་དེས་
ཀྱང་ཆོག་ཤེས་མ་བྱུང་བས། །མངའ་བདག་རྗེ་བཙུན་དྲུང་དུ་འོངས། །བྱིན་རླབས་དམ་ཆོས་ཚུལ་བཞིན་ཞུས། །ཁྱད་པར་ཕྱག་རྒྱ་ཆེན་པོ་ཞུས། །ཆོས་ཤེས་པ་རྣམས་ཀྱི་སྒྲོ་འདོགས་བཅད། །མི་ཤེས་པ་རྣམས་སློབ་གཉེར་བྱས། །རྗེ་ས་ར་ཧ་ཡི་བཀའ་སྲོལ་གྱིས། །བྱིན་རླབས་རྟོགས་པ་དུས་གཅིག་བྱུང་། །རྗེ་ལ་རྟོགས་འབུལ་གྱི་དབྱངས་ཅིག་ལེན། །ཕྱི་ནང་གྲུབ་མཐའ་སྣ་ཚོགས་ཀུན། །རྟོགས་ཤིང་ཕྱག་རྒྱ་ཆེན་པོར་འདུས། །སྣང་བ་བདེན་མེད་མཐའ་ཡས་ཀུན། །ཟུང་འཇུག་མཉམ་ཉིད་རོལ་པར་ཤར། །རྒྱུན་ཆད་མེད་པའི་ཆོས་ཉིད་འདི། །རང་གསལ་རིག་པ་འགག་པ་མེད། །ཟུང་འཇུག་རིག་པ་གཉུག་མའི་ངང་། །ཡེ་ཤེས་ལྷུན་གྲུབ་ལྟ་བ་ལགས། །སྤྱོད་ལམ་བཞི་ཡི་མཉམ་རྗེས་སུ། །དུས་གསུམ་འབྲལ་མེད་ཆུ་བོའི་རྒྱུན། །རྣལ་འབྱོར་མངོན་གསལ་འགྲིབ་ཏུ་མེད། །ཡེངས་སུ་མེད་པ་སྒོམ་པ་ལགས། །དུས་གསུམ་ལུས་ངག་ཡིད་ཀྱི་ཆོས། །སྣ་ཚོགས་ངེས་མེད་རྒྱུན་གཅིག་ཏུ། །མ་འགགས་འབད་མེད་ངོ་
བོར་མཉམ། །སྤྲུལ་པ་ལྟ་བུའི་སྤྱོད་པ་ལགས། །རྟོགས་པའི་ངོ་བོ་སྐད་ཅིག་མ། །ཅིག་ཅར་བ་ལ་ཕྲི་བསྣན་མེད། །རང་གྲོལ་གཉུག་མ་བདེ་བ་ཆེ། །རེ་དོགས་བྲལ་བ་འབྲས་བུ་ལགས། །ཚིག་ཚོགས་མ་ཉན་དགུ་ཉན་ཀྱང་། །གཞི་སེམས་ཉིད་ཆོས་སྐུར་ད་གཟོད་གོ །མི་ཁོ་བོའི་ཐེ་ཚོམ་ད་གཟོད་ཞིག །འཁྲུལ་པའི་གཞི་རྩ་ད་གཟོད་ཞིག །ཐ་སྙད་ལ་སངས་རྒྱས་མི་རེ་བས། །རྗེ་མངའ་བདག་ཆེན་པོའི་ཞབས་དྲུང་དུ། །དོན་ཉམས་སུ་བླངས་པའི་འབྲས་བུ་དང་། །བརྒྱུད་པ་རྣམས་ཀྱི་བྱིན་རླབས་ཀྱིས། །གོ་བ་ཉམས་མྱོང་རྟོགས་པ་འདི། །ཕུལ་བས་བླ་མ་རྗེ་བཙུན་དང་། །མཆེད་གྲོགས་འདིར་བཞུགས་དགྱེས་པར་མཛོད། །ཅེས་པའི་མགུར་ཕུལ་བས་རྗེ་མངའ་བདག་ཆེན་པོ་ཐུགས་དགྱེས་མགུ་རངས་པར་གྱུར་ཏེ་ཕྱག་དབུ་ཐོག་ཏུ་བཞག་ནས་བྱིན་གྱིས་བརླབས་ཏེ་ཞལ་གདམས་ཀྱི་མགུར་གསུངས་པ། བུ་དད་པའི་རྩ་བ་མི་བརྟན་ན། །གཉིས་མེད་ཀྱི་རྩ་བ་བརྟན་མི་འགྱུར། །ཕྱོགས་མེད་ཀྱི་སྙིང་རྗེ་མ་སྐྱེས་
ན། །གཟུགས་སྐུ་རྣམ་གཉིས་ཐོབ་མི་སྲིད། །ཤེས་རབ་རྣམ་གསུམ་མ་སྦྱངས་ན། །རྟོགས་པ་རྒྱུད་ལ་སྐྱེ་མི་འགྱུར། །བླ་མ་རྗེ་བཙུན་མ་བསྟེན་ན། །དངོས་གྲུབ་རྣམ་གཉིས་ཐོབ་མི་སྲིད། །སེམས་ཀྱི་རྩ་བ་མ་ཆོད་ན། །ཤེས་པ་གང་དགར་བཏང་མི་བྱ། །སྣང་བ་རྒྱ་ཡིས་མ་ཐེབས་ན། །བདེ་བ་ཆེན་པོར་དབེན་མི་གནས། །ཞེན་ཆགས་ཤེས་པ་སྐྱེས་གྱུར་ན། །གླང་ཆེན་རབ་དགའི་སྤྱོད་པ་བྱ། །སྐབས་སུ་ཉོན་མོངས་སྐྱེས་གྱུར་ན། །སེམས་ལ་ལྟོས་ལ་མ་ཡེངས་སྒོམས། །རྐྱེན་གྱིས་སེམས་ལ་གནོད་གྱུར་ན། །དབང་བཞིའི་ཉམས་ལེན་རྒྱུན་དུ་གྱིས། །ཉོན་མོངས་རང་རྒྱུད་ཤོར་གྱུར་ན། །བླ་མའི་གདམས་པ་དྲན་པར་གྱིས། །རྩེ་གཅིག་གསོལ་བ་མ་བཏབ་ན། །ད མ་པའི་ཐུགས་དགོངས་ག་ལ་ལོངས། །ལྷ་བསྐྱེད་རྫོགས་ཟུང་འཇུག་མ་བསྒོམས་ན། །འཁོར་འདས་དབྱེར་མེད་ག་ལ་རྟོགས། །བཅུ་གཉིས་རྡོ་རྗེའི་མགུར་ལྡན་པ། །དྲན་པ་དང་བཅས་བཅུ་གསུམ་འདི། །རྣལ་འབྱོར་ཉམས་སུ་བླངས་པ་ན། །བཅུ་གསུམ་ས་
ལ་གནས་པར་འགྱུར། །ཞེས་དང་། གཞན་ཡང་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་མཛད་དོ། །དེའི་ཚེ་རྗེ་མར་པས་སླར་ཡང་སྐུ་དྲུང་དུ་འོང་བར་ཞུས་ཏེ་ཞབས་ལ་ཕྱག་འཚལ་ནས། མ་ག་དྷ་དང་ཀ་ཤིའི་ལྗོངས་རྒྱུ་ཞིང་ཤར་ཕྱོགས་སུ་བྱོན་ཏེ་མ་བྷངྒ་ལའི་ཡུལ་གྱི་བྱེ་བྲག་ལི་ཁ་ར་ཤིང་འཕེལ་ན་འཕགས་པ་སྤྱན་རས་གཟིགས་ཁ་སཪྤ་ཎ་རང་བྱུང་གི་ལྷ་ཁང་འདུག་པ་མཇལ་ནས་མཆོད་པ་དང་སྨོན་ལམ་རྒྱ་ཆེན་པོ་མཛད། འོ་མ་ཅན་གྱི་ཆུ་ནད་སེལ་བར་བྱེད་པ་འདུག་པའང་གསོལ། དེར་ཉིན་གཅིག་རྗེ་མར་པ་ར་ལྔའི་ཚོང་དུས་སུ་བྱོན་པས་གྲོང་ཁྱེར་གྱི་སྲང་ན་ཚུར་ལ་གཞོན་ནུ་མ་དཀར་མོ་མཛེས་ཤིང་ཡིད་དུ་འོང་བ་མིག་གསུམ་ཡོད་པ་རྒྱན་སྤང་པ་ཞིག་གི་གཡས་གཡོན་ན་གཞོན་ནུ་མ་དམར་གསལ་དང་སྔོ་སངས་ལང་ཙོ་རྒྱས་ཤིང་རིན་པོ་ཆེའི་རྒྱན་དང་མེ་ཏོག་གི་ཕྲེང་བས་སྤྲས་པ་གཉིས་རྣམས་ཀྱིས་བཞིན་གྱི་རྣམ་འགྱུར་དུ་མ་སྟོན་ཅིང་རོལ་མོའི་སྒྲ་རྣམ་པར་སྙན་པ་དང་བཅས་ཏེ་གར་མང་
པོ་བྱེད་ཅིང་འོང་བ་གཟིགས་པས་དེའི་རྐྱེན་གྱིས་རྗེ་ལོ་ཙ་བའི་ཐུགས་རྒྱུད་ལ་ཏིང་ངེ་འཛིན་ཁྱད་པར་ཅན་མང་པོ་འཁྲུངས་ཏེ། དེར་གཞོན་ནུ་མ་དེ་གསུམ་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་པར་དགོངས་ནས་དེ་དག་ལ་འབྲས་སྙིམ་པ་གསུམ་གཏོར་ཏེ། ཡིད་ཀྱིས་ཕྱག་དང་མོས་གུས་བྱས་ནས། ཁྱེད་རྣམས་ཡེ་ཤེས་ཀྱི་མཁའ་འགྲོ་ཡིན་ན་བདག་རྗེས་སུ་ཟུང་ཞིག །ཅེས་ཡིད་ཀྱིས་གསོལ་བ་བཏབ་པས་ཌཱ་ཀི་མ་དེ་གསུམ་གྱིས་རིམ་པ་བཞིན་དུ་སྐུ་གསུང་ཐུགས་ཀྱི་སྤྲོས་པ་གཅོད་པའི་ཆོས་གསུམ་སྙན་ཅིང་ཡིད་དུ་འཐད་པའི་གདངས་ཀྱིས་གླུར་བླངས་པས། དེ་དག་གི་དོན་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་པ་ན། ཡང་ཌཱ་ཀི་མ་དེ་གསུམ་གྱིས་མགྲིན་གཅིག་ཏུ་བསྡེབས་ནས་གསང་བ་བླ་ན་མེད་པའི་ཆོས་ལ་ངེས་པ་བརྟན་པ་རྣལ་འབྱོར་པ་རྣམས་ཀྱི་དྲི་མ་སེལ་བའི་ལམ་རྩོལ་སྒྲུབ་དང་བྲལ་བ་རྡོ་རྗེའི་གླུར་གསུངས་ཏེ། དུས་དེར་བླ་མ་མར་པས་གསང་བའི་རྡོ་རྗེ་སྒྲོན་མ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་གྱུར་ནས་ཟག་མེད་ཀྱི་བདེ་
བ་བླ་ན་མེད་པས་རྒྱུད་གང་བར་གྱུར་པའི་མོད་ལ་གཞོན་ནུ་མ་གསུམ་པོ་དེ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་མི་སྣང་བར་གྱུར་ཏོ། །དེ་ལྟ་བུའི་ཚུལ་གྱིས་སྲང་མདོ་དེ་ཉིད་དུ་ཉིན་ཞག་གསུམ་སོང་ནས་འདུག་སྟེ། དེ་ནས་གྲོང་ཁྱེར་དུ་བྱོན་ནས་ཌཱ་ཀི་མས་གསུངས་པའི་གླུ་རྣམས་བརྗེད་ཀྱིས་དོགས་པས་ཏ་ལའི་ལོ་མ་ལ་བྲིས་ཏེ་གྲོང་ཁྱེར་དེའི་དབུས་ན་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་སྐུ་སློབ་དཔོན་ལ་ཝ་པའི་སྐུ་ལུས་ཀྱི་པགས་པ་ལ་རྩ་རིས་ཀྱིས་རྣམ་པར་བྱོན་པ་དེ་བཞུགས་པའི་ལྷ་ཁང་བི་མ་ལ་ཨཱ་ནནྡ་བྱ་བ་ན། ཚེས་བཅུའི་དུས་སུ་དཔའ་བོ་དང་རྣལ་འབྱོར་མ་མང་པོ་འདུས་ནས་ཚོགས་ཀྱི་འཁོར་ལོ་བྱེད་དེ། ལྷ་ཁང་དེའི་མཐའ་ཀོར་དུ་ནུབ་རེ་བཞིན་ཅེ་སྤྱང་ལ་སོགས་པའི་གཅན་གཟན་དུ་མ་ཚོགས་ཏེ་ང་རོ་འབྱིན་པས་འཇིགས་པར་བྱེད་ཅིང་། རྣལ་འབྱོར་པ་སེམས་ལ་དབང་ཐོབ་པ་མ་རྟོགས་པ་གཞན་གྱིས་ནང་དུ་བགྲོད་མི་ནུས་པ་ཞིག་ཡོད་པ་དེར་བྱོན་ནས་དེའི་ནུབ་མོ་རྣལ་འབྱོར་པ་བརྟུལ་
ཞུགས་སྤྱོད་པ་ནག་པོ་པ་དང་། སློབ་དཔོན་ཨ་ཝ་དྷཱུ་ཏི་པ་དང་། གུ་རུ་ཤཱནྟི་པ་ལ་སོགས་པ་རྣལ་འབྱོར་པ་ཉི་ཤུ་རྩ་ལྔ་དང་། ཙུནྡན་དང་། ཨ་མི་ལ་བྷ་དྲ་དང་། གངྒ་ལ་སོགས་པ་རྣལ་འབྱོར་མ་སུམ་ཅུ་སོ་བདུན་དང་ལྷན་ཅིག་ཏུ་དཔལ་འཁོར་ལོ་སྡོམ་པའི་ལུགས་ཀྱི་ཚོགས་འཁོར་ཞིག་མཛད་དེ། དེའི་ཚེ་རྣལ་འབྱོར་མ་བདེ་མ་ཞེས་པས་བླ་མ་མར་པ་ཉིད ་ལའང་ཟག་མེད་ཀྱི་བདེ་བ་སྐུ་ཉམས་སུ་བསྟར་ཏེ་ཡེ་ཤེས་ཀྱི་ཉམས་ཁྱད་པར་ཅན་བསྐྱེད་དོ། །དེ་ནས་ནམ་ལངས་སུ་ཉེ་བ་ན་མར་མེ་རྣམས་ཀྱང་སླར་ཞིང་གསལ་བ་དང་། ལྷ་ཁང་ཐོག་ཐོག་འོད་ཀྱིས་གང་ཞིང་ག་བུར་དང་ཙནྡན་ལ་སོགས་པ་དྲི་བཟང་པོའི་ངད་ལྡང་ལ། ས་ཆེན་པོ་ཡང་ཅུང་ཟད་གཡོ་བ་སྙམ་བྱེད་པའི་ཚེ་ཡུལ་ཉེར་བཞིའི་དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པ་ནམ་མཁའ་གང་བར་བྱོན་ཏེ། དེ་རྣམས་མགྲིན་གཅིག་ཏུ། ཐོག་མཐའ་དབུས་ཀྱི་སྤྲོས་པ་ལས་འདས་པ། །དུག་གསུམ་སྒྱུ་མ་ནམ་མཁའི་ངང་དུ་ཐིམ། །གླང་པོ་སེང་གེ་རིན་ཆེན་
ནོར་བུ་རྣམས། །མི་ཕྱེད་རྡོ་རྗེ་གསང་བའི་གནས་སུ་སྦོས། །ཅེས་གསུང་བ་གསན་པས་དེར་འདུས་པ་རྣམས་ལ་ཏིང་ངེ་འཛིན་བཟང་པོ་སྐྱེས་ནས། ནམ་ལངས་པ་དང་རྫུ་འཕྲུལ་གྱིས་རང་རང་གི་གནས་སུ་གྱེས་སོ། །དེ་ནས་རྗེ་ལོ་ཙ་བ་ཆེན་པོ་དེ་སླར་ཡང་ཇོ་བོ་ནཱ་རོ་པའི་དྲུང་དུ་འབྱོན་པར་དགོངས་ཏེ། ཡུལ་དབུས་འགྱུར་འཆང་གི་རྒྱུད་དུ་ཚུར་གཤེགས་པའི་ལམ་དུ་ནགས་བལྡབས་ཞིག་ན་ལྷ་ཁང་ཧ་ཅང་མི་ཆེ་ཙམ་ཞིག་འདུག་པའི་རྩར་གྱང་སྣ་བྲེང་ངེ་བ་ཅིག་ལ་བརྟེན་ནས་ཆར་ཡིབ་མཛད་ཅིང་བཞུགས་པས། ལྷ་ཁང་དེའི་བྱ་འདབས་ཀྱི་ཁ་ན་བུད་མེད་མདོག་དམར་ལ་སྐྲ་སེར་བ་མཛེས་ཤིང་ཡིད་དུ་འོང་བ་མིག་རྩ་དམར་ཤིག་གེ་བ་ཞིག་བྱ་བྲུན་འཕྱག་ཅིང་འདུག་པས། རེ་ཞིག་དེའི་ཕྱག་མ་ཤོད་དུ་ལྷུང་བྱུང་བས། བུད་མེད་དེ་བྱ་འདབས་ཀྱི་ཁ་དེ་ཀ་ན་འདུག་བཞིན་དུ་མིག་ཕར་ཅེར་ཚུར་ཅེར་བྱེད་ཅིང་། ལག་པ་ནར་གྱིས་བརྐྱང་ནས་ཕྱགས་མ་དེ་བླངས་སོང་། དེར་རྗེ་མར་པའི་ཐུགས་ལ་འདི་རྣལ་འབྱོར་
མ་ནུས་པ་རྙེད་པ་ཞིག་ཡིན་ཏེ་འོང་དགོངས་ནས་དེ་ཉིད་དུ་གསེར་དུམ་ཅིག་ཕུལ་ཏེ་བདག་རྗེས་སུ་བཟུང་འཚལ་ཞུས་པས། བུད་མེད་དེ་མངའ་བདག་མཻ་ཏྲི་པའི་མུ་དྲ་མོ་ཌཱ་ཀི་མ་ཆུ་ཤིང་གི་སྙེ་མ་ཅན་བྱ་བ་གདན་བཞིའི་རྣལ་འབྱོར་མ་ཆེན་མོ་ཞིག་ཡིན་པས་ཁོ་མོས་བཤད་ཀྱི་གསུང་ནས། རྒྱུད་ཀྱི་གསང་གདན་ལེའུ་དང་པོ་བཞིན་དུ་དབང་བསྐུར་ཏེ། བསྐྱེད་རིམ་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་མ་ལ་བརྟེན་ནས་རྫོགས་རིམ་སྙིང་ཆུ་ཤིང་གི་མེ་ཏོག་ཁ་དབྱེ་ཞིང་སེམས་བཟུང་བའི་མན་ངག་ཁྱད་པར་ཅན་རྣམས་གནང་ངོ་། །དེ་ནས་ནཱ་ལེནྡར་ཕེབས་པ་ན་ཇོ་བོ་ནཱ་རོ་པས་བསྡུས་པའི་མཆེད་གྲོགས་ཁ་ཆེའི་པཎྜི་ཏ་ཤྲཱི་བྷ་དྲས་སྣ་ལེན་གྱི་ཚོགས་མཆོད་ཞིག་བྱས་ནས། རྗེ་ནཱ་རོ་དང་མཻ་ཏྲིའི་བཞེད་དགོངས་གང་ཟབ་འདྲིར་བྱུང་བ་ལ། རྗེ་མཻ་ཏྲི་པའི་བཞེད་གཞུང་མགུར་དུ་གསུངས་པ། གསན་དང་སྙིང་གྲོགས་དཔལ་བཟང་པོ། །ང་མར་པ་བྱ་བའི་བནྡེ་ལ། །ནཱ་རོ་མཻ་ཏྲིའི་དགོངས་པ་གཉིས། །གང་ཟབ་གསུང་བས་དབྱངས་
འདི་ལེན། །སེང་གེ་ལྟ་བུའི་ནཱ་རོ་པ། །ཀུན་གྱི་ནང་ནས་རིན་པོ་ཆེ། །དགོས་འདོད་ཐམས་ཅད་སྐོང་མཛད་པའི། །དགོངས་པ་ཉིད་ཀྱི་ཐུགས་ལ་མངའ། །རྗེ་དྷརྨ་དྷ་རས་ཐུགས་རྗེས་བཟུང་། །པཎ་ཆེན་དེ་ཡི་ཞབས་པད་ནི། །དིང་སང་བདག་གི་གཙུག་གི་རྒྱན། །ཁོང་གི་དགོངས་པ་འདི་ལྟར་གདའ། །སྙན་ལྷན་ནེ་གསན་ལ་ཐུགས་གཏད་འཚལ། །ཆོས་སྐུའི་མཁའ་ལ་ཡེ་ཤེས་སྤྲིན་ཕུང་འཁྲིགས། །ཆར་རྒྱུན་སྤྲུལ་པས་འགྲོ་བ་ཡོངས་ལ་ཁྱབ། །རྒྱུད་ལམ་མ་ཆད་སྐྱེས་བུ་བླ་མ་མཆོག །དེ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཆོས་སྐུ་ནམ་མཁའ་ལྟ་བུ་དེ། །སངས་རྒྱས་རྡོ་རྗེ་འཆང་ཆེན་ཡིན། །ཡེ་ཤེས་སྤྲིན་ཕུང་འཁྲིགས་པ་དེ། །བྱང་ཆུབ་སེམས་དཔའ་རྣམ་གཉིས་ཡིན། །འཕྲིན་ལས་བདུད་རྩིའི་ཆར་འབབ་པ། །རྗེ་བཙུན་བྲམ་ཟེ་ས་ར་ཧ། །སྤྲུལ་པས་འགྲོ་དོན་མཛད་པ་དེ། །རི་ཁྲོད་དབང་ཕྱུག་ཤ་ཝ་ར། །དེ་ཡི་རྒྱུད་པ་མ་ཆད་པ། །མངའ་བདག་རྒྱལ་སྲས་མཻ་ཏྲི་ལགས། །དམ་པ་དེ་ལས་དྲིན་ཐོབ་པ། །གོ་ལུགས་
དགོངས་པ་འདི་ལྟར་གདའ། །འགྱུར་མེད་རིག་པ་རང་གསལ་འདི། །ཆོས་སྐུ་སྐྱེ་བ་མེད་པར་བཞེད། །རང་བྱུང་ཡེ་ཤེས་འགག་མེད་ནི། །སྣ་ཚོགས་སྤྲུལ་པའི་སྐུ་རུ་བཞེད། །དེ་གཉིས་ཟུང་འཇུག་ལྷན་སྐྱེས་དེ། །ལོངས་སྤྱོད་རྫོགས་པའི་སྐུ་རུ་བཞེད། །དེ་གསུམ་གཞི་རྩ་མ་གྲུབ་པ། །ངོ་བོ་ཉིད་ཀྱི་སྐུ་རུ་བཞེད། །དེ་དག་ཟག་པ་མེད་པ་དེ། །བདེ་བ་ཆེན་པོའི་སྐུ་རུ་བཞེད། །དོན་གྱི་སྐུ་ལྔ་དེ་ལྟར་ལགས། །དེ་ཐུགས་ལ་བདེའམ་སྙིང་གི་གྲོགས། །ཅེས་གསུངས་པས། ཡང་ཁོང་ན་རེ་ཁྱེད་ཀྱི་བླ་མ་མཻ་ཏྲི་པ་དེ། ལྟ་སྒོམ་སྤྱོད་འབྲས་ཇི་ལྟར་བཞེད་ཞེས་སླར་འདྲིར་བྱུང་བའི་ལན་དུ་གསུངས་པ། ཐུགས་གཞན་དུ་མ་གོལ་གསན་པར་ཞུ། །ཚིག་གི་སྡེབ་སྦྱོར་མི་མཁས་ཀྱང་། །དོན་གྱི་གདམས་ངག་གོ་ལུགས་འདི། །སྙན་ཆུང་བགྱིད་པས་འཇལ་བར་མཛོད། །སྲིད་གསུམ་ཡེ་ནས་རྣམ་པར་དག །དོན་དམ་ཡེ་ནས་གོ་རྒྱུ་མེད། །མེད་པ་མ་ཡིན་རྒྱུན་ཆད་མེད། །འཕོ་འགྱུར་མེད་པ་ལྟ་བར་བཞེད། །གཉུག་མའི་ངོ་བོ་ངང་གིས་གསལ། །
ཟག་མེད་བསམ་གཏན་རྒྱུན་ཆད་མེད། །མེད་པ་མ་ཡིན་འདུ་འབྲལ་མེད། །ཞེན་ཆགས་མེད་པ་སྒོམ་པར་བཞེད། །སྣ་ཚོགས་རྟེན་འབྲེལ་ཤུགས་འབྱུང་ལ། །སྒྱུ་མའི་རོལ་པ་འགག་པ་མེད། །མེད་པ་མ་ཡིན་དངོས་པོ་ལ། །གློ་བུར་ངེས་མེད་སྤྱོད་པར་བཞེད། །སེམས་རྒྱུད་བྱང་ཆུབ་སྙིང་པོར་གསལ། །སྐུ་གསུམ་སངས་རྒྱས་ཐོབ་བྱར་མེད། །མེད་པ་མ་ཡིན་རེ་དོགས་བྲལ། །གཞི་མེད་རྩ་བྲལ་འབྲས་བུར་བཞེད། །ཅེས་གསུངས་པས། འོ་ན་བླ་མ་མཻ་ཏྲི་པ་དེ་གདམས་ངག་ཅིག་ཅར་དུ་འདེབས་སམ་རིམ་གྱིས་པར་འདེབས་ཞེས་ཟེར་བའི་ལན་དུ། ཁྱེད་ཅག་མཆེད་གྲོགས་གོང་མ་རྣམས། །ངེད་ཀྱི་རྗེ་བཙུན་མཻ་ཏྲི་པ། །སྤྱན་རས་གཟིགས་ཀྱིས་ལུང་བསྟན་པའི། །འགྲོ་མགོན་ཀླུ་གྲུབ་ཐུགས་ཀྱི་སྲས། །ཤ་ཝ་ར་པའི་ཞབས་ལ་གཏུགས། །སུམ་ལྡན་ཚང་བར་རྗེས་གནང་མཛད། །གསང་མཚན་གཉིས་མེད་རྡོ་རྗེར་བཏགས། །ཁོང་རྒྱུད་སྡེ་ཀུན་གྱི་ལྡེ་མིག་འཛིན། །གསང་སྔགས་ཐབས་ལམ་མངོན་དུ་གྱུར། །ཆོས་
ཀྱི་རྒྱལ་མཚན་ཆོས་ཀྱི་མཛོད། །ཆོས་ཀྱི་སེང་གེ་ཆོས་ཀྱི་རྒྱལ། །སྒྲ་དང་དབུ་ཚད་མཐའ་དག་མཁྱེན། །པཎྜི་ཏ་ཡི་དངོས་གྲུབ་བརྙེས། །དངོས་པོའི་གནས་ལུགས་དྲི་མེད་མཁྱེན། །རྒྱལ་སྲིད་རྩྭ་བཞིན་དོར་བྱས་ནས། །ཚེ་གཅིག་མཆོག་གི་གོ་འཕང་ཐོབ། །རྗེ་བཙུན་མཁའ་འགྲོས་ཞལ་བསྟན་ཞིང་། །ཐུན་མོང་གྲུབ་པ་ཐམས་ཅད་ཐོབ། །དེ་ལྟར་ཡོན་ཏན་དཔག་མེད་བརྙེས། །ཕ་ཁོང་གི་དགོངས་པ་འདི་ལྟར་གདའ། །རིམ་གྱིས་པ་ཡི་གང་ཟག་ལ། །སྲོག་རྩོལ་གཏུམ་མོའི་གདམས་ངག་དང་། །ཞེན་མེད་སྒྱུ་ལུས་ཀྱི་གདམས་ངག་དང་། །མུན་སེལ་འོད་གསལ་གྱི་ངོ་སྤྲོད་དང་། །སྲིད་པ་ལོངས་སྐུའི་ངོ་སྤྲོད་དང་། །སྐྱེ་བ་སྤྲུལ་སྐུའི་ངོ་སྤྲོད་སོགས། །ཐབས་མཆོག་གཞི་ལམ་འབྲས་བུས་འཁྲིད། །ཅིག་ཅར་བ་ཡི་གང་ཟག་ལ། །ཕྱག་ཆེན་གཅེར་མཐོང་ངོ་སྤྲོད་མཛད། །ཕ་ཁོང་མཐོང་སྒོ་གསུམ་དད་པ་སྐྱེས། །ཐོས་ན་ལས་ཀྱི་སྒྲིབ་པ་འདག །མཇལ་ན་ངན་སོང་འཇིགས་ལས་གྲོལ། །ཞུས་ན་སངས་རྒྱས་ལག་བཅངས་
གནང་། །དཔལ་རི་ཁྲོད་དབང་ཕྱུག་གི་བརྒྱུད་པ་འཛིན། །པཎ་ཆེན་ནཱ་རོའི་ཐུགས་ཀྱི་སྲས། །སངས་རྒྱས་གཉིས་པ་རིན་པོ་ཆེ། །རྗེ་མཻ་ཏྲི་པ་ཡི་ཡོན་ཏན་ལགས། །དིང་སང་སྐྱེ་བོ་ཕྲག་དོག་ཆེ། །སྤུན་ཁྱེད་ཉིད་མ་གཏོགས་བཟླས་པ་ན། །ཡོན་ཏན་མི་འཕེལ་ཟག་པ་འཕེལ། །དེ་ཕྱིར་ཕལ་ལ་གསང་བ་ལགས། །བླ་མའི་མཛད་སྤྱོད་དེ་ལྟར་གདའ། །ལེགས་སམ་སྐལ་ལྡན་རྡོ་རྗེའི་སྤུན། །ཞེས་གསུངས་པས་ཁོང་དགྱེས་ཏེ་ལོ་ཙ་བའི་འདུན་མ་གྲུབ་ནས་གདའ་གསུང་ངོ་། །དེ་ནས་ཚུར་ལམ་དུ་ལ་ཀྵེ་ཏྲའི་དགོན་པར་དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་ཕྱག་འཚལ་ནས་རིམ་གྱིས་གཤེགས་ཏེ་ཕུལླ་ཧ་རིའི་དགོན་པར་ཇོ་བོ་ནཱ་རོ་པ་ཆེན་པོའི་དྲུང་དུ་ཕེབས་ཏེ། ཧེ་བཛྲའི་རྫོགས་རིམ་ལམ་གསུམ་གྱི་མན་ངག །བདེ་མཆོག་ཨིནྡྲ་བོ་དྷིའི་ལུགས། སངས་རྒྱས་ཐོད་པ་ས་ར་ཧའི་ལུགས། གསང་འདུས་འཕགས་ལུགས་དང་ཡེ་ཤེས་ཞབས་ལུགས་གཉིས་རྣམས་ཀྱི་དབང་རྒྱུད་འགྲེལ་མན་ངག་དང་བཅས་པ་གསན་ཅིང་།
ལྷག་པར་དུས་དེ་ཙ་ན་གསེར་གྱི་ཆར་པ་ལྟ་བུའི་རྒྱུད་རྡོ་རྗེ་གདན་བཞིའི་རྩ་བཤད་ཀྱི་རྒྱུད་མ་ལུས་པའི་བཤད་པ་ལག་ལེན་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པར་མཁྱེན་པ་རྒྱ་གར་ཙམ་ན་ཡང་ཇོ་བོ་ནཱ་རོ་པ་མིན་པ་མེད་དེ། དེའི་དོན་གྱིས་བླ་མ་མར་པས་ཀྱང་སྔར་པཎྜི་ཏ་རྒྱུད་ཀྱི་གདན་རེ་ཙམ་དང་ལེའུ་རེ་ཙམ་མཁྱེན་པ་འགའ་ལ་གསན་ཀྱང་ཐུགས་ཀྱི་སྤྲོས་པ་མ་ཆོད་ནས། དེར་ཇོ་བོ་ནཱ་རོ་པ་ཆེན་པོ་ལ་གསེར་གྱི་མཎྜལ་ཡང་ནས་ཡང་དུ་ཕུལ་ཏེ་གདན་བཞིའི་དབང་རྒྱུད་མན་ངག་དང་བཅས་པ་ཡོངས་སུ་རྫོགས་པ་ཞིག་གསུང་བར་ཞུས་པས། བླ་མ་ནཱ་རོ་པ་ཆེན་པོའི་གསུང་ནས། སྔོན་ཀླུ་གྲུབ་ཐུགས་རྗེ་ཅན་དེས་མཁའ་འགྲོ་མ་རྣམས་ཀྱི་ཕྱག་ནས་རྒྱུད་ཀྱི་གླེགས་བམ་མི་ཡུལ་དུ་སྤྱན་དྲངས་པ་ཡིན་ཀྱང་། རྒྱུད་འདི་ཤིན་ཏུ་བཀའ་གཉན་པའི་སྟོབས་ཀྱིས་དིང་སང་པཎྜི་ཏ་ཀུན་ལ་ཚོགས་ཀྱི་ལག་ལེན་རེ་ཙམ་དང་། གདན་དང་ལེའུ་ཅི་རིགས་ཀྱི་བཤད་པ་བག་རེ་ལས་མེད་དེ། རྒྱུད་འདིའི་ཚིག་དོན་མ་ལུས་པ་
ཆེས་རྙེད་དཀའ་བར་འདུག་པས་ཁོ་བོས་ཀྱང་རྒྱ་གར་ཤར་ཕྱོགས་སུ་རྗེ་བཙུན་ཏཻ་ལོ་པ་ཆེན་པོའི་དྲུང་དུ་དཀའ་བ་མང་པོ་སྤྱད་ནས་ཡང་དང་ཡང་དུ་གསོལ་བ་བཏབ་ཅིང་ཞུས་པ་ལས། ངའི་བླ་མ་ཆེན་པོ་དེ་སངས་རྒྱས་ཀྱི་ཆོས་ལ་མི་མཁྱེན་པ་མི་མངའ་བའི་སྟོབས་ཀྱིས་འཕགས་པ་ཀླུ་གྲུབ་ཀྱི་སློབ་མ་ཨཱཪྻ་དེ་བ། དེའི་སློབ་མ་ཀ་མ་ལ་རཀྵ། དེ་ལ་རྗེ་བཙུན་ཏཻ་ལོ་པ་ཉིད་ཀྱིས་ཇི་ལྟར་གསན་པ་བཞིན་དུ་གདན་བཞིའི་ཆོས་སྐོར་མ་ཚང་བ་མེད་པ་ཞིག་བཀའ་དྲིན་དུ་བསྩལ་བ་རྣམས་བླ་མའི་བྱིན་རླབས་ཀྱི་མཐུ་ལས་ཁོ་བོས་ཀྱང་ཅུང་ཟད་ཤེས་ཤིང་གོ་བ་སྙམ་བྱེད་པ་ཅིག་བྱུང་བ་ཡིན། འོན་ཀྱང་རྒྱུད་འདིའི་གླེགས་བམ་གང་དུ་བཞུགས་པ་དང་གང་གིས་སུ་ལ་འཆད་ཅིང་སྟོན་པ་དེར་དུད་པའི་སོལ་བ་མ་ལ་སོ གས་པ་ཡེ་ཤེས་དང་འཇིག་རྟེན་གྱི་མཁའ་འགྲོ་མ་ཐམས་ཅད་ཐིབས་སེར་བྱོན་ནས་མེལ་ཚེ་མཛད་པས་ཤིན་ཏུ་བཀའ་གཉན་པ་ཡིན་ནའང་། ལོ་ཙ་བ་ཁྱོད་ཆོས་འདིའི་སྣོད་དུ་རུང་བར་འདུག་
པས་མཁའ་འགྲོའི་བཀའ་བཀྲོལ་ཏེ་དཔྱིས་ཕྱིན་པ་ཞིག་འཆད་ཀྱིས། ཁྱོད་ཀྱིས་ཀྱང་རྒྱུད་འདི་གང་དགར་བཤད་དུ་མི་རུང་བས་ཉན་པར་འདོད་པ་རྣམས་ཀྱི་སྣོད་ལེགས་པར་རྟོགས་ལ། ཆོས་ཤིན་ཏུ་བཀའ་དམ་པར་གྱིས་ཤིག་ཅེས་གཙིགས་ལ་ཕོག་ནས་བཅོམ་ལྡན་འདས་རྣལ་འབྱོར་ནམ་མཁའ་ལྷ་ང་བདུན་དང་ཡེ་ཤེས་མཁའ་འགྲོ་ལྷ་བཅུ་གསུམ་གྱི་དཀྱིལ་འཁོར་དུ་དབང་བསྐུར་ཏེ། གདན་བཞི་རྩ་བའི་རྒྱུད་ལེའུ་བཅུ་དྲུག་པ། བཤད་རྒྱུད་དཀྱིལ་འཁོར་ཆོ་ག་ལེའུ་གསུམ། མནྟྲ་ཨངྶ་ལེའུ་བདུན། བཤད་རྒྱུད་ཆེན་པོ་རྣམས་དང་། ཨཱཪྱ་དེ་བའི་སྙིང་པོ་མདོར་བསགས་སོགས་གཞུང་འགྲེལ་རྣམས་ཀྱི་བཤད་པ། ལག་ལེན། བསྐྱེད་རྫོགས་ཀྱི་མན་ངག་ཆ་ལག་དང་བཅས་པ་རྣམས་དང་། བཀའ་སྲུངས་དུད་སོལ་ལྷ་མོའི་རྒྱུད་དང་སྒྲུབ་ཐབས་ལས་ཚོགས་སོགས་མ་ཚང་བ་མེད་པར་སྩལ་བ་རྣམས་ལ་ཐོས་བསམ་སྒོམ་པ་མི་འགལ་བར་ཉམས་སུ་བཞེས་ཀྱིན་འགྱུར་ཡང་མཛད་ནས་རྒྱ་དཔེ་རེ་དང་བོད་དཔེ་རེ་བྲིས་ཏེ་
རྒྱུད་ཀྱི་ཚིག་དོན་མན་ངག་ལག་ལེན་དང་བཅས་པ་མཁས་པའི་ཚད་དུ་མཁྱེན་ཅིང་། ཐུགས་དམ་གྱི་རྟོགས་པ་ཁྱད་པར་ཅན་མང་པོའང་འཁྲུངས་སོ། །གཞན་ཡང་དུས་དེར་དཔལ་དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་མངོན་པར་རྟོགས་པ་གསང་བ་རིན་ཆེན་གྱི་རིམ་པ། དཔལ་གདན་བཞིའི་ཡེ་ཤེས་མཁའ་འགྲོའི་སྒྲུབ་ཐབས། འཁོར་ལོ་སྡོམ་པ་དཔའ་བོ་གཅིག་པ་ཧེ་རུ་ཀའི་སྒྲུབ་ཐབས། དེ་ཉིད་ཀྱི་ཞི་བའི་སྦྱིན་སྲེག །དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་མདོར་བསྡུས་པ་རྡོ་རྗེ་ཕག་མོའི་སྒྲུབ་ཐབས། ཞལ་གཉིས་མའི་སྒྲུབ་ཐབས་ཨ་བྷི་དྷ་ན་ལས་བྱུང་བ། རྒྱུད་སྡོམ་པ་རྒྱ་མཚོ་ལ་བརྟེན་པའི་ཞལ་གཅིག་མའི་སྒྲུབ་ཐབས། དེ་ཉིད་ལ་བརྟེན་པའི་སྒྲིབ་སྦྱོང་གི་ཆོ་ག །རྡོ་རྗེ་ཕག་མོའི་གསང་སྒྲུབ། གསང་འདུས་ཀྱི་རྫོགས་རིམ་རིམ་ལྔ་བསྡུས་གསལ། དུད་སོལ་མ་གཙོ་རྐྱང་གི་སྒྲུབ་ཐབས་དང་དེ་ཉིད་ཀྱི་གསང་སྒྲུབ་ཀྱི་གཞུང་སོགས་བླ་མ་ཉིད་ཀྱིས་མཛད་པའི་བསྟན་བཅོས་མང་པོ་དང་། ཡེ་ཤེས་ཀྱི་མཁའ་
འགྲོས་རྗེ་བཙུན་ཏཻ་ལོ་པ་ལ་གསུངས་པ་བཀའ་དཔེ་རྩ་བའི་སྡོམས་ཐོག་མའི་ཡི་གེ་གསང་ཆེན། ཏཻ་ལོ་པས་མཛད་པའི་ཆོས་དྲུག་གི་མན་ངག །ཏཻ་ལོས་ནཱ་རོ་པ་ཉིད་ལ་གདམས་པ་དཀའ་བ་སྤྱད་པའི་གནད་ཀྱི་ཡི་གེ་ཕྱི་མ་དང་ཕྱག་རྒྱ་ཆེན་པོ་གངྒཱ་མ། རྣལ་འབྱོར་མ་ལྷ་ལྔའི་སྒྲུབ་ཐབས་དཱ་རི་ཀ་པས་མཛད་པ། མགོན་པོ་ཕྱག་གཉིས་པ་རིགས་བསྡུས་ཀྱི་སྒྲུབ་ཐབས་སོགས་ཟབ་མོའི་ཆོས་མང་པོ་བླ་མ་ནཱ་རོ་པ་ཆེན་པོའི་ཞལ་སྔ་ནས་མཉན་ཏེ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་བོ། །དེ་ནས་ལན་ཅིག་རྗེ་མར་པ་ཕུལླ་ཧ་རིའི་ནགས་གསེབ་ན་ཕར་སྐྱོ་བསངས་ལ་བྱོན་པའི་སར་ཐུགས་དགོངས་གཅིག་བཏང་བས། ཡང་ངོས་བོད་ནས་རྒྱ་གར་དུ་འོངས་པའི་དོན་ལ་སྒྲ་སྐད་ལོ་ཙ་ནི་མཁས་པའི་ཚད་དུ་ཤེས། བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་མང་པོ་དང་མཇལ་ནས་དབང་དང་གདམས་ངག་མང་པོ་ཡང་ཐོབ་པ་ཙམ་དུ་མ་ཟད། ཚིག་དོན་གཉིས་ལ་སློབ་གཉེར་དང་ཉམས་ལེན་རང་མ་འགྱོད་པ་བྱས་པས་སྨྲ་
རྒྱུ་དང་བསྒོམ་རྒྱུ་ཡང་གཞན་ལ་སྨོན་མ་དགོས་པ་བྱུང་། དེ་སྔ་རྒྱ་གར་དང་བལ་པོར་ལོ་ཡང་བཅུ་གཉིས་ཙམ་སོང་འདུག་པས། དྭ་རེ་ཞིག་བོད་དུ་ཕྱིན་ལ་གསེར་ཅི་མང་རང་ཞིག་བསྒྲུབས་ཏེ་སླར་རྒྱ་གར་དུ་འོངས་ནས་རྡོ་རྗེ་གདན་ལ་སོགས་པ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དངོས་ཀྱི་ཞབས་ཀྱིས་བཅགས་པའི་གནས་ཁྱད་པར་ཅན་རྣམས་དང་། པཎ་ཆེན་ནཱ་རོ་པ་ལ་སོགས་པའི་བླ་མ་བཀའ་དྲིན་ཅན་རྣམས་ལ་མཆོད་པ་དང་འབུལ་ནོད་གྱ་ནོམ་པ་ཞིག་བྱས་ཏེ། བླ་མ་རྣམས་ཀྱི་དྲུང་དུ་ཆོས་སྔར་ཐོབ་པ་རྣམས་ལ་དོགས་གཅོད་ནན་ཏན་དང་། མ་ཐོབ་པ་རྣམས་ཅི་ཐོབ་བྱས་ཏེ་བོད་དུ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེན་པོ་ཞིག་ཅིས་ཀྱང་བྱེད་དགོས་སྙམ་པ་ཐུགས་ལ་ཤར་ནས་གསེར་ལྷག་གང་ཡོད་ཀྱིས་ལམ་ཆས་ཙམ་ཞིག་མ་གཏོགས་ཀུན་གྱིས་ཡོ་བྱད་བསྒྲུབས་ཏེ། བྲམ་ཟེ་ས་མནྟ་ཀཱིརྟི་དང་རྣལ་འབྱོར་མ་སུ་ཁ་དྷ་རི་ལ་སོགས་པ་གྲོགས་སུ་བཀུག་ནས་ཇོ་བོ་ནཱ་རོ་པ་ཆེན་པོ་ལ་
གཏང་རག་གི་ཚོགས་མཆོད་ཞིག་ཕུལ་བའི་གྲལ་དུ་བླ་མ་མར་པའི་ཐུགས་ལ། ང་བླ་མ་གྲུབ་ཐོབ་འདི་ལྟ་བུ་དང་མཇལ་ནས་བཀའ་རྒྱུད་སྡེ་ཟབ་མོ་རྣམས་ཀྱི་སློབ་གཉེར་ནི་མཐར་ཕྱིན། བསྐྱེད་རྫོགས་ལས་ཕྲན་དང་བཅས་པའི་གདམས་པ་ངོ་མཚར་ཅན་དུ་མ་ཡང་ཡིད་ཚིམ་པར་ཐོབ་ཅིང་། ཉམས་དང་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ། དྭ་བར་ཆད་མེད་པར་བོད་ལ་ལོག་འགྲོ་བ་ཡིན་པས་དུས་དེ་རིང་ལས་དགའ་བ་མི་ཡོང་སྙམ་ནས། བླ་མ་ལ་རྟོགས་པ་འབུལ་བའི་མགུར། དབྱངས་རིང་ཏམྦུ་རའི་ཁོང་འགྱུར་གྱི་སྐད་ལ་རྟ་དྲངས་ཏེ་གསུངས་པ། རྗེ་མཚན་ལྡན་གྱི་བླ་མ་རིན་པོ་ཆེ། །ཁྱོད་སྔོན་སྦྱངས་བསོད་ནམས་བསགས་པའི་ཕྱིར། །ཕ་སྤྲུལ་སྐུ་ཏཻ་ལོ་དངོས་དང་མཇལ། །སྤང་དཀའ་སྲིད་པའི་སྡུག་བསྔལ་ལ། །ཁྱད་དུ་གསོད་པ་བཅུ་གཉིས་མཛད། །དཀའ་བ་སྤྱད་པའི་ཐུགས་དམ་དེས། །སྐད་ཅིག་ཉིད་ལ་བདེན་པ་གཟིགས། །ཤྲཱི་ཛྙཱ་ན་སིདྡྷིའི་ཞབས་ལ་འདུད། །ང་སྒྲ་བསྒྱུར་བོད་ཀྱི་བན་ཆུང་འདི། །སྦྱངས་པ་སྔ་མའི་
ལས་འབྲེལ་གྱིས། །རྗེ་ནཱ་རོ་པཎ་ཆེན་ཁྱེད་དང་མཇལ། །རྒྱུད་ཟབ་མོར་གྲགས་པའི་དགྱེས་རྡོར་བསླབས། །སྙིང་པོ་མ་ཧཱ་མཱ་ཡ་གནང་། །ཡང་སྙིང་བདེ་མཆོག་སྙན་རྒྱུད་ཞུས། །ལར་རྒྱུད་སྡེ་བཞི་ཡི་ཁོང་སྙིང་ཕྱུང་། །མ་སྐལ་བ་བཟང་མོས་རྗེས་གནང་བ། །བྱིན་རླབས་ཀྱི་ཆུ་རྒྱུན་མ་ཆད་པའི། །དབང་བཞིའི་དོན་ལ་ངོ་སྤྲོད་མཛད། །ཟག་པ་མེད་པའི་ཏིང་འཛིན་སྐྱེས། །ཞག་བདུན་བར་དུ་བརྟན་པ་ཐོབ། །སྲོག་རྩོལ་འཕོ་བ་ཉི་ཟླ་གཉིས། །གཡོ་མེད་ནམ་མཁའི་ཁྱིམ་དུ་ཚུད། །རང་བྱུང་ལྷན་ཅིག་སྐྱེས་པའི་ཉམས། །བདེ་གསལ་མི་རྟོག་ཁོང་ནས་ཤར། །བག་ཆགས་གཉིད་ཀྱི་འཁྲུལ་པ་དེ། །འོད་གསལ་ལམ་གྱི་ངོ་བོར་རྟོགས། །ཡིད་ཀྱི་རྒྱུ་བ་གཟུང་འཛིན་གཉིས། །སྤྲོས་བྲལ་ཆོས་ཀྱི་དབྱིངས་སུ་ཐིམ། །ཕྱི་སྣང་བ་སྒྱུ་མའི་འཁྲུལ་པ་འདི། །སྐྱེ་མེད་བདེ་བ་ཆེན་པོར་རྟོགས། །ནང་འཛིན་པ་སེམས་ཀྱི་ངོ་བོ་འདི། །སྔོན་ཆད་མཛའ་བོ་ཕྲད་པ་བཞིན། །སེམས་ཉིད་རང་ངོ་རང་གིས་ཤེས། །ལྐུག་པ་ཡི་ནི་རྨི་ལམ་
བཞིན། །བརྗོད་དུ་མེད་པའི་དོན་ཅིག་རྟོགས། །གཞོན་ནུས་བདེ་བ་མྱོང་བ་བཞིན། །སྨྲ་རུ་མེད་པའི་ཉམས་ཅིག་ཤར། །ཕ་སྐུ་དྲིན་ཆེའོ་ནཱ་རོ་པ། །སྔར་ཡང་དབང་བསྐུར་བྱིན་གྱིས་བརླབས། །ད་ཡང་སྐུ་དྲིན་སྐྱབ་ཏུ་གསོལ། །ཅེས་ཕུལ་བས་ཇོ་བོ་ནཱ་རོ་པ་ཤིན་ཏུ་དགྱེས་པའི་ཐུགས་ཀྱིས་ལོ་ཙ་བ་ཆེན་པོའི་དབུ་ཐོག་ཏུ་ཕྱག་བཞག་ནས་ཞལ་གདམས་ཀྱི་མགུར་གསུངས་པ། བོད་ཡུལ་གྱི་མར་པ་ལོ་ཙ་ཁྱོད། །ཆོས་བརྒྱད་ཚེ་འདིའི་དོན་མ་སྒྲུབ། །གཟུང་འཛིན་ང་ཁྱོད་རིས་མ་གཅོད། །ཉེ་དུ་དགྲ་ལ་སྐུར་མ་འདེབས། །གཞན་གྱི་ཆོས་ལ་སྒྲོ་མ་འདོགས། །ཐོས་པ་མུན་སེལ་སྒྲོན་མེ་ཡིན། །ཐར་པའི་ལམ་མཆོག་འཕྲང་མ་གཅོད། །སྔར་ཡང་བླ་རྗེ་ཡིན་པའི་ཕྱོགས། །ཕྱིས་ཀྱང་འཁུར་ཞིང་བློས་མ་སྤང་། །རང་སེམས་ནོར་བུ་རིན་ཆེན་འདི། །དྲེད་པོའི་ཆུ་ལ་མ་སྐུར་བར། །བག་ཟོན་ཡེངས་མེད་སྲུངས་ཤིག་དང་། །དགོས་འདོད་བསམ་པ་ཐམས་ཅད་འགྲུབ། །ཅེས་དང་། གཞན་ཡང་ཐུགས་བརྩེ་བའི་བཀའ་སྩལ་
མང་དུ་གནང་བའི་མཐར། ལོ་ཙ་བ་ཁྱོད་རང་ཟླ་བ་འདི་ཉིད་ཀྱི་ནག་པོའི་དུས་ཀྱི་ཚེས་བཅུ་ལ་ཡུལ་འདིའི་ནུབ་ཕྱོགས་ན་དུར་ཁྲོད་ཅིག་ཡོད་པ་དེར་སོང་དང་། མཁའ་འགྲོ་མ་ལྷན་ཅིག་སྐྱེས་མ་དང་མཇལ་བར་འགྱུར་བས། དེས་ལུང་བསྟན་པ་བཞིན་དུ་གྱིས་ལ་བོད་དུ་སོང་ཞིག །ད་དུང་ལན་ཅིག་ཁོ་བོའི་དྲུང་དུ་མི་འོང་བའི་ཐབས་མེད་པ་ཡིན་ནོ། །ཅེས་བཀའ་སྩལ་ཏོ། །དེ་ལྟར་རྗེ་མར་པས་ཇོ་བོ་ནཱ་རོ་པ་ཆེན་པོ་ལོ་དྲུག་ཏུ་བསྟེན་ནས་ཟླ་བ་དེ་ཉིད་ཀྱི་ཉེར་ལྔའི་ཉིན་མོ་བླ་མ་ནཱ་རོ་པ་ཆེན་པོའི་ཞབས་ལ་ཕྱག་མཛད་ནས། དགེ་བའི་བཤེས་གཉེན་ལ་རྙེད་པར་དཀའ་བ་དང་ཕངས་པར་འཛིན་པའི་འདུ་ཤེས་ཀྱིས་ཞལ་དུ་རིང་ཞིག་བལྟས་ཏེ། སླར་ཡང་སྐུ་དྲུང་དུ་འོང་བའི་དམ་བཅའ་ཕུལ་ནས་བླ་མ་ལ་གུས་པ་དང་ཕུད་དུད་དུ་བྱ་བའི་ཕྱིར་གཡས་ཕྱོགས་ནས་ལན་གསུམ་བསྐོར་ཏེ་ནུབ་ཕྱོགས་ཀྱི་དུར་ཁྲོད་ག་ལ་བར་བྱོན་ནོ། །དེར་ཚོགས་ཀྱི་པཱུ་ཛ་ཞིག་བཤམས་ནས་གསོལ་བ་བཏབ་པས་མཁའ་འགྲོ་མ་ལྷན་
ཅིག་སྐྱེས་མ་དང་མཇལ་ཏེ་ཤེལ་གྱི་གྲི་གུག་གིས་ཇོ་མོ་ཉིད་ཀྱི་ཐུགས་ཀ་ཁ་ཕྱེ་བའི་ནང་ནས་རྗེ་བཙུན་རྡོ་རྗེ་ཕག་མོ་ལྷ་ལྔའི་དཀྱིལ་འཁོར་དངོས་སུ་བསྟན་ཏེ་དབང་བཞི་ངོ་སྤྲོད་ཀྱི་ཚུལ་དུ་བསྐུར་ནས། བསྐྱེད་རིམ་ལྷན་ཅིག་སྐྱེས་མ་དང་། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གདམས་ངག་ལས་ཚོགས་དང་བཅས་པ་གནང་སྟེ། དྭ་ཁྱོད་རང་རྡོ་རྗེ་གདན་དུ་སོང་ལ་བཅོམ་ལྡན་འདས་ཀྱི་ཞབས་རྗེས་དང་ཚེམས་མཆེ་བ་བཞུགས་པ་རྣམས་མཇོལ་ལ་བོད་དུ་སོང་ཤིག །ཅེས་ལུང་བསྟན་ནས་མི་སྣང་བར་གྱུར་ཏོ། །དེ་ནས་རྗེ་མར་པ་ཁ་ཆེའི་ཡུལ་ནས་ཤར་ངོས་ཀྱི་ལམ་དུ་ཕྱོགས་ཏེ་རྒྱ་གར་མཐའ་འཁོབ་ཀྱི་སའི་ཆ་དགོན་པ་དང་མྱ་ངམ་གྱི་བཤུལ་རད་རོད་ཅན་རྣམས་ལས་ནི་བརྒལ། ཆུ་བོ་དང་ཆུ་ཕྲན་དག་གྱ་གྱུར་འབབ་ཅིང་ནགས་ཚལ་དང་གྲོང་ཁྱེར་གྱིས་མཛེས་པའི་ཡུལ་གྲུ་ཆེན་པོ་ཡིད་དུ་འོང་བ་རྣམས་ནས་རིམ་གྱིས་གཤེགས་པ་ལས། ཡུལ་མ་ག་དྷའི་ལྗོངས་གྲོང་ཁྱེར་ཆེན་པོ་ག་ཡ་དང་མི་རིང་བ་ན་སྟོན་
པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མི་མཉམ་པ་དང་མཉམ་པའི་ཐུགས་རྗེ་ཆེན་པོ་ཅན་གང་གིས་སྙིགས་མར་སྤྱོད་པའི་སེམས་ཅན་མགོན་སྐྱབས་དང་བྲལ་བ་རྣམས་ཀྱི་དོན་དུ་སྔོན་བླ་ན་མེད་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པ་དང་སྨོན་ལམ་གྱི་སྟོབས་བྱང་ཆུབ་སེམས་དཔའ་གཞན་དག་ལས་ཆེས་ཆེར་ཁྱད་པར་དུ་འཕགས་པ་པདྨ་དཀར་པོ་ལྟ་བུས་བསྐལ་པ་གྲངས་མེད་པ་གསུམ་དུ་བྱ་དཀའ་བའི་སྤྱོད་པ་སྣ་ཚོགས་ཀྱིས་ཡང་དག་པར་བསྒྲུབས་པའི་འབྲས་བུ་བླ་ན་མེད་པའི་ཡེ་ཤེས་ཆེན་པོ་གང་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་གནས་རྡོ་རྗེའི་གདན་བྱང་ཆུབ་ཀྱི་སྙིང་པོ་ཆོས་ཀྱི་དབྱེའི་དགོན་པ་ཡོད་པར་ཕེབས་ཏེ། དེ་ཡང་སའི་ཕྱོགས་མཉམ་ཞིང་ཡངས་ལ། ལྗོན་ཤིང་དང་མེ་ཏོག་གི་ཚལ་རྣམ་པ་སྣ་ཚོགས་ཀྱིས་མཛེས་པ། ལྟེང་ཀ་དང་མཚེའུ་པདྨ་དང་། ཨུཏྤ་ལ་དང་ཀུ་མུ་དའི་ཚོགས་ཀྱིས་ཁེབས་པས་ཀུན་ཏུ་རྒྱན་པའི་ལྗོངས་ན། སྔོན་བྲམ་ཟེའི་བུ་ཐ་ཆུང་གིས་བཞེངས་པའི་དྲི་གཙང་ཁང་མཐོ་ཁྱད་དང་
ལྡན་ཞིང་ཕྱི་རོལ་ན་འཁོར་པའི་ར་བ་རྒྱ་ཆེན་པོ་རིམ་པ་གསུམ་ཡོད་པ། རྩེ་མོ་རིན་པོ་ཆེའི་མདའ་ཡབ་དང་པུ་ཤུས་བསྐོར་བའི་ཐོག་གི་དབུས་དྲང་པོ་ན་རྒྱལ་པོ་མྱ་ངན་མེད་ཀྱིས་བཞེངས་པའི་གཙང་ཁང་དེ་ཉིད་ཀྱི་སྤེལ་གྱི་རྣམ་པའི་ཁང་པ་གྲུ་བཞི་གློ་འབུར་ལྔ་པ་གྱེན་དུ་བྱིན་གྱིས་ཕྲ་བའི་རྩེགས་བཅོ་ལྔ་པ་རྩེ་མོ་མཆོད་རྟེན་གྱི་དབྱིབས་ཅན། གདུགས་ཀྱི་ནང་ན་སངས་རྒྱས་ཀྱི་རིང་བསྲེལ་མ་ག་དྷའི་བྲེའུ་ཆུང་གང་བཞུགས་པ། དེའི་རྒྱབ་ན་འཛམ་བུའི་གླིང་གི་དབུས་རྡོ་རྗེའི་གདན་གྱི་ལྟེ་བ་ལས་དེ་བཞིན་གཤེགས་པ་ཉིད་ཀྱི་སྔོན་གྱི་སྨོན་ལམ་དང་བསོད་ནམས་ཀྱི་སྟོབས་ལས་སྐྱེས་པའི་བྱང་ཆུབ་ཀྱི་ཤིང་ལྗོན་པ་ཨ་ཤྭཏྠའི་སྡོང་པོ་གཙང་ཁང་འོག་མའི་རྒྱ་མཐོངས་ལས་ཐོན་ཏེ། ཡལ་ག་དང་ལོ་འདབ་སྣུམ་ཞིང་མཆོག་ཏུ་རྒྱས་པ་སྔོ་ཕུང་ངེར་འདུག་པ་རྒྱང་མ་ནས་མཐོང་བ། ཕྱི་རོལ་གྱི་རྩིག་པའི་ངོས་རྣམས་སེང་དཀར་ནོར་བུའི་དྲ་བ་ཅན་དང་། སྒོ་ཁྱིམ་གྱི་ནང་ན་སངས་རྒྱས་ཀྱི་སྐུ་གཟུགས་བཞུགས་པ་དང་།
རིན་པོ་ཆེའི་ཕ་གུའི་ངོས་ལ་བྱ་དང་ཆུ་སྲིན་པ་ཏྲ་ཅན་གྱི་ཁ་ནས་འཕྱང་བའི་དྲ་བ་དང་དྲ་བ་ཕྱེད་པས་སྤྲས་པ། གཙང་ཁང་འོག་མའི་སྒོ་ཁྱམས་ཕྲག་པ་ཅན་འཕགས་པ་ཀླུ་གྲུབ་ཀྱིས་མཛད་པ་རྡོའི་ཀ་བ་ཉི་ཤུས་བཏེག་པའི་སྟེང་གི་ཟུར་བཞི་དང་གཙང་ཁང་མ་མོའི་ཐོག་གི་གྲུ་བཞི་ན་མཆོད་རྟེན་དབྱིབས་ལེགས་པ་རེ་རེ་ཡོད་པ། དེ་ལྟ་བུའི་དྲི་གཙང་ཁང་དམ་པ་དེའི་ནང་གི་རྟེན་གྱི་གཙོ་བོ་ནི་ཙནྡན་གོ་ཤཱིཪྵའི་ལྡེ་གུ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྱེ་མ་དང་བསྲེས་པ་ལས་བྲམ་ཟེ་ཐ་ཆུང་གིས་བཞེངས་པར་བརྩམས་པ་ན། རང་བྱུང་དུ་བྱོན་པའི་མ་ཧཱ་བོ་དྷི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགུང་ལོ་སོ་ལྔ་པའི་སྐུ་ཚད་ཞལ་ཤར་དུ་གཟིགས་ཏེ་བྱང་ཆུབ་ཀྱི་ཤིང་ལ་སྐུ་རྒྱབ་བརྟེན་པའི་ཚུལ་གྱིས་གཙང་ཁང་འོག་མའི་ནང་ན་བཞུགས་ཏེ། དེ་ཡང་ལྟ་བས་མི་ངོམས་བཙོ་མ་གསེར་གྱི་མདོག །གཙུག་ཏོར་མཐོན་ཀ་གྱེན་དུ་འཕགས་པའི་དབུ། །རབ་རྒྱས་གདུགས་འདྲ་དཔྲལ་བའི་དབྱེས་ཆེ་བ། །པད་རྩ་ལྟ་
དཀར་མཛོད་སྤུའི་རྣམ་པས་སྤྲས། །སྨིན་མ་དཀྱུས་རིང་མཐོན་མཐིང་ཡངས་པའི་སྤྱན། །འདོད་པའི་དྲི་སྤངས་ཤངས་དབྱིབས་ལེགས་ཤིང་མཐོ། །རྒྱན་མེད་སྙན་གྱི་ཞགས་པ་རིང་དུ་འཕྱངས། །བིལྦ་ལྟར་དམར་མཆུ་སྒྲོས་འཛུམ་པའི་ཞལ། །ཡིད་འོང་དུང་མཆོག་གཡས་སུ་འཁྱིལ་འདྲའི་མགུལ། །ཐལ་གོང་རྒྱས་ཤིང་ཕྲག་མཛེས་གཡས་པའི་ཕྱག །སྒེག་བཅས་ས་གནོན་བདུད་ལས་རྒྱལ་བའི་ཉམས། །བསམ་གཏན་ལ་ཆགས་གཡོན་པ་ཕང་པར་བཞག །བཀྲ་ཤིས་མཚན་མར་ལྡན་པའི་ཞབས་ཟུང་ནི། །རྡོ་རྗེའི་སྐྱིལ་ཀྲུང་བརྟན་པས་རིན་ཆེན་ཁྲིར། །ཟླ་གཟུགས་ཡངས་པའི་གདན་ལ་ཆོས་གོས་གསུམ། །འཆར་ཀའི་མདངས་ཅན་ཚོན་གྱིས་མཛེས་པར་བཞུགས། །མི་མཆོག་དབང་པོ་སྲིད་གསུམ་གྱིས་མཆོད་ཅིང་། །སྐྱེ་དང་རྒ་དང་འཆི་བའི་ནད་སྤངས་པ། །རྒྱལ་བ་དགྲ་རྒྱལ་ཉིད་དང་མཚུངས་པའི་སྐུ། །སྲིད་པ་སྟོང་དུ་མཐོང་བར་དཀའ་བ་ཡི། །ཐུབ་པའི་སྣང་བརྙན་པདྨ་རྒྱས་འདྲའི་ཞལ། །མངོན་སུམ་གཟིགས་
ལས་དུས་དེར་ལོ་ཙ་ཆེའི། །རབ་དང་ཡིད་དང་སྒྲིབ་པ་སྤངས་པའི་མིག །རྣམ་དག་སྦྲང་རྩི་སྤྱོད་པས་ངོ་མཚར་རོ། །རིང་ཞིག་མྱངས་ནས་བདག་གིས་དེང་ཉིད་དུ། །ཤཱཀྱའི་སྐྱེས་མཆོག་བསོད་ནམས་བརྒྱ་པའི་མཚན། །རབ་རྫོགས་དེ་འདྲར་མཚུངས་པའི་བྱང་ཆུབ་ཆེ། །མཐོང་བས་སྡུག་བསྔལ་རྒྱ་མཚོའི་ཕ་རོལ་བརྒལ། །དྲི་མེད་ཡེ་ཤེས་ཡངས་པའི་སྣང་བ་ཐོབ། །དཔའ་བོ་འཇིག་རྟེན་གསུམ་པོ་ཐམས་ཅད་ལས། །ཁྱད་འཕགས་སངས་རྒྱས་ལ་ནི་ཕྱག་འཚལ་ལོ། །ཅེས་བརྗོད་རབ་དང་གུས་པས་ཐལ་མོ་དག །སྦྱར་བ་བཏུད་དེ་ཡང་ཡང་ཕྱག་འཚལ་ནས། །ཨརྒྷའི་རྒྱུན་སྦྲེངས་མེ་ཏོག་ཚོགས་ཀྱིས་གཏོར། །བདུག་པ་མར་མེ་དྲི་དང་རོ་བཟང་པོ། །རོལ་མོའི་སྒྲ་སོགས་མཆོད་པའི་སྤྲིན་རྒྱ་མཚོ། །སྤྲོས་ཏེ་སྟོན་པའི་ཆོས་གཟུགས་སྐུ་མཆོད་ནས། །དགེ་ཀུན་བྱང་ཆུབ་མཆོག་ཏུ་བསྔོ་བ་བྱས། །དེ་ནས་གཙང་ཁང་དེ་ཉིད་ཀྱི་སྒོ་འགྲམ་གཡས་གཡོན་ན་རྗེ་བཙུན་བྱམས་པ་དང་སྤྱན་རས་གཟིགས་ཀྱི་སྐུ་གཉིས་
བཞུགས་པ་དང་། མདུན་གྱི་ཁྱམས་ཕྲག་པ་ཅན་གྱི་ནང་གི་འོག་གཞིར་སྔོན་བརྒྱ་བྱིན་གྱིས་ཕུལ་བའི་བཻཌུཪྻའི་རང་བཞིན་གྱི་རྡོའི་ངོས་ལ་དེ་བཞིན་གཤེགས་པ་སངས་རྒྱས་ནས་གོམ་པ་དང་པོར་བོར་བའི་ཞབས་གཉིས་ཀའི་རྗེས་ཤིན་ཏུ་གསལ་བ་མཐའ་པད་འདབ་ཀྱི་རྣམ་པས་བསྐོར་བ་དང་། ཁྱམས་དེ་ཉིད་ཀྱི་མཐའ་ཀོར་ན་སངས་རྒྱས་བྱང་སེམས་ཀྱི་སྐུ་རྡོ་ལས་གྲུབ་པ་མང་དུ་བཞུགས་པ་རྣམས་དང་། གཙང་ཁང་སྟེང་མའི་ནང་དུ་སངས་རྒྱས་ཀྱི་སྐུ་ཙན་དན་སྦྲུལ་གྱི་སྙིང་པོ་ལས་བི་ཤྭ་ཀརྨས་བསྒྲུབས་པ་རྣམས་མཇལ་ནས་ཕྱི་རོལ་གྱི་འཁོར་ས་ནང་མ་ར་བ་དྲ་མིག་ཅན་ངོས་གསུམ་པ་རྡོའི་ཀ་བ་བརྒྱ་རྩ་གཅིག་གིས་བསྟེན་པའི་ནང་ན་ཕར་གཤེགས་ཏེ། ཁྱམས་ཀྱི་སྒོ་འཁྱོག་ལྷོ་མའི་ཕྱི་ཁུགས་ན་རྒྱལ་པོ་མྱ་ངན་མེད་ལུང་བསྟན་པའི་བཀོད་པ་དང་། གཙང་ཁང་ནུབ་མའི་ནང་ན་བདུད་འདུལ་བྱང་ཆུབ་ཆེན་པོ་བཞུགས་པ་དག་གཟིགས། དེ་ནས་འཁོར་སའི་བྱང་ངོས་ན་ཚུར་འབྱོན་པའི་ལམ་དུ་བཅོམ་ལྡན་འདས་
བྱང་ཆུབ་བརྙེས་ནས་ཞག་བདུན་ཕྲག་གཉིས་པ་ལ་འཛམ་བུའི་གླིང་དུ་འཆག་པའི་ཚེ་དང་པོར་ཞབས་ཀྱི་གོམ་པ་བཅུ་གཉིས་བོར་བའི་སར་པདྨ་ཆེན་པོ་བཅུ་གཉིས་བྱུང་བའི་བཀོད་པ་རྡོའི་པདྨ་བཅུ་གཉིས་མཐའ་ཕན་ཚུན་མཆོད་རྟེན་གྱིས་བསྟེན་པ་དང་། སྒོ་འཁྱོག་བྱང་མའི་ཕྱི་ཁུགས་ན་བཅོམ་ལྡན་འདས་སྐུ་བལྟམས་པའི་བཀོད་པ་ཡོད་པ་དག་ཀྱང་གཟིགས། དེ་ནས་འཁོར་ས་བར་མ་ན་ཇོ་མོ་སྒྲོལ་མ་དང་ཐུགས་རྗེ་ཆེན་པོའི་ལྷ་ཁང་སོགས་ལྷ་ཁང་དང་མ ཆོད་རྟེན་ངོ་མཚར་ཅན་མང་དུ་བཞུགས་པ་རྣམས་དང་། འཁོར་ས་ཕྱི་མ་ན་རྩ་བའི་སྡེ་པ་བཞིའི་དགེ་འདུན་དུ་མ་བཞུགས་པའི་ཀུན་དགའ་ར་བ་དང་གཙུག་ལག་ཁང་མང་དུ་ཡོད་པ་རྣམས་ཟིགས་ནས། སླར་དཀོན་གཉེར་བ་ལ་སངས་རྒྱས་ཀྱི་ཚེམས་མཆེ་བ་མཇལ་བར་ཞུས་པས། དཔེའི་སྒྲོམ་བུ་ཞིག་གི་ནང་ནས་དངུལ་གྱི་གའུ་ཅིག་བཏོན། དེའི་ནང་ན་བཅོམ་ལྡན་འདས་ཀྱི་ཚེམས་མཆེ་བ་གཡས་པ་དང་ཏ་ལའི་འདབ་མ་ལ་ལི་གྲིས་བྲིས་
པའི་ཡི་གེ་དར་དམར་གྱིས་དྲིལ་བ་ཞིག་འདུག་པ་མཇལ་ཏེ་མཆོད་པ་རྒྱ་ཆེན་པོ་མཛད་ནས། སྔོན་བླ་མ་དང་མཁའ་འགྲོས་ཚུར་ལམ་རྡོ་རྗེ་གདན་དུ་འགྲོ་བར་བསྐུལ་བ་དེ་ཡི་གེ་འདི་གདན་དྲོངས་གསུང་བའི་བརྡར་འདུག་སྙམ་དུ་དགོངས་ཏེ། དཀོན་གཉེར་ལ་ཡོན་ཕུལ་ནས་ཡི་གེ་དར་དམར་གྱིས་དྲིལ་བ་དེ་གདན་དྲངས་ཏེ་གནས་དེའི་པཎྜི་ཏ་ཀུན་ལ་བསྟན་པས་ཕལ་ཆེར་གྱིས་མ་ཤེས་པ་ལས། དེར་ཁ་ཆེའི་པཎྜི་ཏ་ཅིག་འདུག་པ་དེ་ན་རེ། འདི་སིངྒྷ་ལའི་སྒྲ་ཡིག་བྱ་བ་ཡིན་པས་འདི་ཤེས་པ་ལ་སིངྒྷ་ལའི་གླིང་དུ་འགྲོ་དགོས་ཟེར་བས་རྗེ་མར་པའི་ཐུགས་ལ་ཡི་གེ་འདིའི་དོན་ཁྲོལ་ན་ངེས་པར་ཆོས་ཟབ་མོ་ཞིག་ཡོད་དེ་འོང་དགོངས་ནས། ཡུལ་མ་ག་དྷ་ནས་གཤེགས་ཏེ་ཀོ་ས་ལའི་ལྗོངས་རྒྱུ་ཞིང་ལྷོ་ཕྱོགས་ཀྱི་རྒྱུད་ཀུ་རུ་ཀུལླེ་རང་བྱུང་གི་རི་དང་ཉེ་བར་བྱོན་ནས་སྔོན་ཚོང་དཔོན་གྱི་བུ་ནོར་བཟང་དང་འཕགས་པ་ཀླུ་གྲུབ་ཀྱི་ཡུལ་རིག་པའི་གྲོང་ཁྱེར་གྱི་ཚོང་པ་དང་འགྲོགས་ཏེ་གྲུ་བོ་ཆེ་བཅས་ནས་རྒྱ་མཚོ་ཆེན་པོ་ཁོ་
ར་ཁོར་ཡུག་ཏུ་གནམ་དང་ཆུར་འདྲེས་པ་འདྲ་བ་རི་ལ་སོགས་པའི་མཚན་མ་མི་མངོན་ཞིང་གཏིང་དཔག་དཀའ་བ་ལས་བརྒལ་ཏེ་སིངྒྷ་ལའི་གླིང་དུ་ཕེབས། ཡུལ་དེ་ནི་སྔོན་དེད་དཔོན་སེང་གེས་བཟུང་བས་སིངྒྷ་ལའི་གླིང་ངམ་མིང་གཞན་ལངྐའི་གླིང་དུའང་གྲགས་པ། སྟོན་པས་ཞབས་ཀྱིས་བཅགས་ཤིང་ཆོས་གསུངས་པའི་ཡུལ་ཏེ། ས་གཞི་རྣམས་རིན་པོ་ཆེ་དུ་མས་གང་ཞིང་། ཆུ་རྣམས་མུ་ཏིག་གིས་གང་བ། རི་རྣམས་ལ་ལི་ཤིའི་ནགས་དང་གླང་པོ་ཆེའི་ཁྱུ་མང་པོ་གནས་ཤིང་ཁྱིམ་གྱི་བུད་མེད་ཐམས་ཅད་པདྨ་ཅན་འབའ་ཞིག་ཏུ་ཡོད་པ་སོགས་གླིང་འདིའི་ཁྱིམ་བདག་གཅིག་གི་འབྱོར་པ་ཡང་འཛམ་བུ་གླིང་གི་ཡུལ་ཕྲན་རེའི་ཕུན་ཚོགས་དང་མཉམ་པར་གྲགས་ཤིང་། སངས་རྒྱས་ཀྱི་བསྟན་པ་དར་ལ། སྐུ་གདུང་གི་མཆོད་རྟེན་དང་རི་བོ་སུ་མ་ན་ཀུ་ཊ་སོགས་སངས་རྒྱས་ཀྱིས་བཞུགས་པའི་གནས་མང་དུ་ཡོད་པའི་གླིང་དེར་བྱོན་པ་ཙམ་གྱིས་སྒྲ་ཡིག་རང་ཤུགས་ཀྱིས་མཁྱེན་པར་གྱུར་ནས། སྔར་གྱི་ཡི་གེ་
ལ་གཟིགས་པས་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་རྡོ་རྗེ་ཕག་མོ་བཀོལ་བ་དུམ་བུ་མའི་རྒྱུད་ནས་ཕྱུང་བ་སྒྲུབ་ཐབས་ལས་ཚོགས་དང་བཅས་པ་དང་། རྫོགས་རིམ་རླུང་སེམས་གཉིས་མེད་ཀྱི་གདམས་ངག་གི་དཔེ་ཡིན་པར་འདུག་པས་དགྱེས་ཤིང་དོན་གྲུབ་ནས་དཔེ་དེ་ཡང་མཁའ་འགྲོ་མའི་སྤྲུལ་པ་ཡིན་པར་མཁྱེན་ཏེ། སླར་ཚོང་པ་གྲུ་བོ་ཆེར་འཇུག་པ་དང་བསྡེབས་ནས་རྒྱ་མཚོའི་འཇིགས་པ་རླུང་ནག་པོ་དང་དབའ་རླབས་འཁྱིལ་པ་དང་། ཆུ་སྲིན་དང་། རི་ཆུའི་མདོག་ཅན་རྣམས་ཀྱི་ཉེ་ཞོ་མེད་པར་མཐུན་པའི་རླུང་གིས་དྲངས་ཏེ་འཛམ་བུའི་གླིང་དུ་ཕེབས་སོ། །དེ་རྣམས་དཔལ་ནཱ་རོ་པའི་བཀའ་དྲིན་དུ་གོ་ནས་ཞབས་ཏོག་བྱ་བར་དགོངས་ཏེ་གསེར་འཚོལ་བའི་ཕྱིར་བོད་ལ་ཚུར་བྱོན་པའི་ལམ་དུ་ནཱ་ལནྡར་གཉོས་དང་མཇལ། དེར་གླེང་བླང་བྱ་འདོད་པས་ཅ་པོ་རིའི་ཁང་པ་ཞིག་ཏུ་ཆ་རྐྱེན་བག་ཙམ་གྱིས་ཟས་སྣ་མང་པོ་ཉོས་ནས་བསྙེན་བཀུར་བྱས། ལོ་རྒྱུས་དྲིས་པས་གཤིན་རྗེའི་གཤེད་ལ་བག་དྲག་པར་འདུག་པ།
རྒྱུད་སྡེ་གཞན་གྱི་མན་ངག་གི་རྒྱུས་དེ་ཙམ་མི་འདུག དེར་ཁོང་ན་རེ། ཁྱོད་ལ་གདམས་ངག་ཅི་ལྟ་བུ་ཡོད་ཟེར་བ་ལ། འདི་འདྲ་ཡོད་ཀྱི་ལོ་རྒྱུས་ཡམ་མེ་བ་ཞིག་བཤད་པས། དེ་རྣམས་ཁྱེད་ཀྱིས་སུ་ལ་ཞུས་ཟེར། དེར་རྗེ་མར་པས་ང་ལ་བླ་མ་ཐར་པའི་ལམ་སྟོན་བྱ་བ་ཅིག་ཡོད་པ་ད ེ་ཕྱིའི་རྒྱ་མཚོའི་གླིང་ན་བཞུགས། བླ་མ་བདེ་ཆེན་རོལ་པ་བྱ་བ་ཞིག་ཡོད་པ་དེ་དུར་ཁྲོད་བརྒྱད་དུ་རེ་མོས་སུ་རྒྱུ་བ་ཡིན་པས། སྔོན་གྱི་ལས་འཕྲོ་མེད་ན་བླ་མ་དེ་དག་བཙལ་བས་རྙེད་པར་ཡང་མི་གདའ་གསུངས། དེ་ནས་ཚུར་ལམ་ཡང་གཉོས་དང་འགྲོགས་ནས་བྱོན་པས་གངྒཱ་བརྒལ་བའི་ཚེ། གཉོས་ཀྱིས་ཕྲག་དོག་བྱས་ནས་ཟླ་བོ་ཨ་ཙ་ར་ཞིག་འདུག་པ་ལ་ངན་བསླབས་ཏེ། དེས་རྗེ་མར་པའི་ཕྱག་དཔེའི་ཁྲོད་ནས་ཕ་རྒྱུད་ཀྱི་ཆོས་སྐོར་གཅེས་པ་འགའ་ཞིག་ཆུ་ལ་ཤོར་བ་ལྟར་བྱས་ནས་གངྒཱ་ལ་བསྐྱུར་བས་གྲུ་ཐོན་འཕྲལ་ཨ་ཙ་ར་བཟུང་སྟེ་ཁྱོད་ཀྱི་བྱེད་པ་འདི་རྒྱལ་པོ་ལ་ཞུ་བ་མིན་པ་མེད་གསུངས་པས། དེ་ལྟར་མི་བྱེད་ཀ་མེད་
གཉོས་ཀྱིས་བསླབས་བྱུང་བ་ཡིན་ཟེར་བས་རྗེ་མར་པས་གཉོས་ལ་འོ་ན་ཁྱེད་ལྟ་བུ་གྲོགས་གོང་མར་གྱུར་པ་ཡིན་པ་ལ་ལམ་གྱི་འཇིགས་སྐྱོབ་དང་ཕན་འདོགས་ཀྱི་གྲོགས་དན་མི་བྱེད་ཀྱང་དགོས་མེད་ཀྱི་གནོད་པ་འདི་འདྲ་བ་བྱེད་པ་ཁྲེལ་རེ་ཆུང་། དྭ་དེ་ལ་བརྟེན་ནས་བདག་གིས་ཁྱེད་ལ་གནོད་ལན་དང་ཀླན་ཀ་བཙལ་བས་ག་ལ་རུང་སྟེ། འོན་ཀྱང་ངོས་ཡིན་ལུགས་ཀྱི་གླུ་ཞིག་བླང་གིས་འདི་ལ་དར་ཅིག་གསོན་དང་གསུངས་ནས་གཉོས་ལ་ཁྲེལ་འདེབས་ཀྱི་མགུར་གསུངས་པ། གསན་དང་ལས་ཀྱིས་བསྡེབས་པའི་གྲོགས། །མཐུན་ནས་མཉམ་དུ་འགྲོགས་པའི་མི། །སྤྱིར་གྱིས་ཆོས་སྒོར་ཞུགས་པ་དང་། །ཁྱད་པར་ལོ་པཎ་བླ་མར་གྲགས། །བསམ་སོགས་གཅིག་ཏུ་གྲུར་ཞུགས་ལ། །ཕན་ཐོགས་ནུས་པ་མ་ཐོན་རུང་། །སྤྱིར་གྱིས་གནོད་བྱེད་མི་རིགས་ཤིང་། །ཁྱད་པར་སངས་རྒྱས་བསྟན་པ་དང་། །བདག་དང་སེམས་ཅན་ཐམས་ཅད་ལ། །གནོད་པ་འདི་འདྲ་ག་ལ་རིགས། །ཉོན་མོངས་དུག་ལྔའི་བསམ་སྦྱོར་
གྱིས། །མི་བདག་གི་དཔེ་དང་ལྷན་ཅིག་ཏུ། །མི་ཁྱོད་ཀྱིས་བསྒྲུབས་པའི་སྙན་གྲགས་དང་། །གསེར་དང་དམ་ཆོས་ཆུ་ལ་ཕོ། །ང་རང་མཐོང་ཆེ་བ་མ་ཡིན་ཏེ། །གཞན་ལ་དཀོན་པའི་ཁྱད་ཆོས་འགའ། །གཞན་ཕན་མེད་པས་བློ་མ་བདེ། །འོན་ཀྱང་ནན་ཏན་ཞུས་ཏིག་བགྱིས། །ཆོས་དང་རང་གི་སེམས་རྒྱུད་འདྲེས། །ཚིག་དོན་མ་རྗེད་ཝལ་ལེ་བདོག །སླར་ཡང་རྒྱ་གར་ཡུལ་དུ་ཡོངས། །པཎ་ཆེན་ནཱ་རོ་ལ་སོགས་པའི། །གྲུབ་ཐོབ་རྣམས་ལ་ཞུས་པས་ཆོག །མི་ཁྱེད་རང་དེང་ནས་བླ་མ་དང་། །ཆོས་བཤད་ལོ་ཙའི་ཁུར་བོར་ལ། །གནོང་འགྱོད་དང་བཅས་ཡུལ་ལ་བྱོན། །སྡིག་ལ་མཐོལ་བཤགས་དྲག་པོ་གྱིས། །བསམ་སྦྱོར་འདི་འདྲ་བྱེད་བཞིན་དུ། །བླ་མའི་རློམ་སེམས་བྱས་ལགས་ཀྱང་། །བླུན་པོ་འགའ་ཡི་མགོ་སྐོར་ལས། །སྐལ་ལྡན་སྨིན་གྲོལ་ག་ལ་འབྱུང་། །མི་ལུས་རིན་ཆེན་རྙེད་དཀའ་འདིས། །ངན་སོང་གསུམ་པོ་མི་སྒྲུབ་འཚལ། །ཞེས་གསུངས་ཏེ་དེར་བླ་མ་མར་པའི་ཐུགས་ལ། དྭ་གཉོས་ལ་ལམ་
གྲོགས་བཅོལ་ཀྱང་སྡིག་བསོག་པ་ལས་མི་ཡོང་བར་འདུག་དགོངས་ནས། ཏི་ར་ཧུ་ཏིར་ཕེབས་པ་དང་གཉོས་ལ་ཁྱེད་མི་ཆེན་པོ་ཁོ་བོ་སྒུག་པའང་འོ་བརྒྱལ་བས་ཉིད་རང་སྔོན་ལ་འབྱོན་པ་མིན་ནམ། ང་ནི་འདིར་ཞག་འགའ་འགོར་བར་འདུག་གསུངས་པས་ཁོང་ན་རེ། འོ་ན་དཔེ་ཆ་ཆུ་ལ་ཤོར་སྐད་སུ་ལ་ཡང་མ་ཟེར་བར་ངའི་སར་ཕྱི་མོ་གཡོར་དུ་ཤོག་ཅེས་ཟེར་ནས་གཉོས་པཎྜི་ཏ་གཉིས་དང་འགྲོགས་རྨ་བྱ་དང་ནེ་ཙོ་ཁྱེར་ནས་སྔོན་ལ་སོང་བ་བལ་བོད་མཚམས་སུ་བསུ་མིས་ཀྱང་སླེབ་ནས་ཁོང་རང་གི་ཡུལ་དུ་ཕྱིན་ནོ། །དེ་ནས་རྗེ་མར་པ་ཡང་རིམ་གྱིས་བལ་པོར་ཕེབས་ཏེ། དེར་བླ་མ་ཕམ་ཐིང་པ་ཆེན་པོ་དང་ཧ་དུ་དཀར་པོ་ལ་སོགས་པའི་མཆེད་གྲོགས་རྣམས་ཀྱིས་སྣ་ལེན་གྱི་ཚོགས་མཆོད་ཞིག་མཛད་པའི་གྲལ་དུ་བླ་མ་ཕམ་ཐིང་པ་སོགས་ཀྱི་གསུང་ནས། ད་རེས་གཉོས་ཀྱི་བྱེད་པ་དེ་འདྲ་ལ་རྒྱལ་པོའི་མཆད་པ་སོགས་མ་བསྐུལ་བར་བཟོད་པ་མཛད་པའི་གཏམ་ཐོས་པས་ངོ་མཚར་ཆེ། དེ་འདྲ་བ་ཐུགས་དམ་ཕྱིན་
ཅི་མ་ལོག་པ་འཁྲུངས་པའི་རྟགས་ཡིན་པས། ལོ་ཙ་བ་ཁྱེད་རང་གི་རྟོགས་པ་བརྗོད་པའི་གླུ་ཞིག་མཛོད་དང་གསུང་བའི་ལན་དུ། རྗེ་མར་པས་ཁྱེད་འདྲེན་པའི་བླ་མ་དམ་པ་དང་། །ཧ་དུ་དཀར་པོས་དབུ་མཛད་པའི། །མདོ་སྔགས་ཀྱི་སློབ་གཉེར་ཚར་བ་རྣམས། །ཡུད་ཙམ་ཞིག་བོད་ཀྱི་གླུ་ལ་གསོན། །མཐར་ཐུག་གི་ལྟ་བ་ཁྱད་པར་ཅན། །ཟུང་འཇུག་རབ་ཏུ་མི་གནས་པ། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །ཐབས་ཤེས་ཡ་བྲལ་འདོད་པ་གང་། །མཐའ་རུ་ལྷུང་བ་དགག་བྱའི་ཕྱིར། །ཁྱེད་མཁྱེན་པའི་དྲུང་དུ་བརྗོད་དཀའ་ཡང་། །དབྱངས་སྔན་ཆད་མ་བླངས་རྡུགས་པར་འགྲོ། །བསྟན་བཅོས་དབྱངས་སུ་བླང་གི་གསོན། །དངོས་པོར་འཛིན་པ་དགག་བྱའི་ཕྱིར། །བདུད་སྡེ་བཅོམ་པས་མེད་ཅེས་གསུངས། །དོན་དེ་སྒྲ་བཞིན་བཟུང་བས་བསྒྲིབས། །འཁོར་འདས་ཡོན་ཏན་འབྱུང་བའི་དཔལ། །ཁྱད་པར་ཐབས་སུ་གྱུར་པ་སྤངས། །རྨོངས་པ་སྟོང་པ་ཆད་པར་འདོད། །དགེ་ཚོགས་སུན་འབྱིན་ཆད་པའི་མཐའ། །
ནམ་མཁའི་མེ་ཏོག་ཞེན་པ་རྣམས། །དཀར་པོའི་ལོ་ཏོག་འཇོམས་པ་ཡི། །སེར་བ་ལོག་པའི་ལྟ་བ་ཡིན། །ནམ་མཁའི་མཚན་ཉིད་ཤེས་པར་གྱིས། །སྟོང་པ་མི་ཤེས་སྐྱེས་བུ་ཀུན། །མེད་ལ་ཡོད་པར་སྒྲོ་ཡིས་བཏགས། །ལོག་པའི་སྨིག་རྒྱུ་ཆུར་འཛིན་ཅིང་། །དོན་ལ་རྨོངས་པ་འཁོར་བའི་རྒྱུ། །སེམས་ཙམ་མུ་སྟེགས་གྲངས་ཅན་སོགས། །ཐབས་དང་ཤེས་རབ་ཡ་བྲལ་འདོད། །སོ་སོ་རང་རང་གྲུབ་མཐའ་ཡང་། །ཤིང་སྐམ་མེ་ཏོག་འདོད་དང་མཚུངས། །ཁས་ལེན་ཐམས་ཅད་བྲལ་བ་ཡི། །དོན་དེ་རབ་ཏུ་མི་གནས་པའི། །རབ་ཏུ་ཤེས་པ་ཤེས་ཕྱིན་ཏེ། །མི་གནས་སྲིད་དང་ཞི་བའི་མཐའ། །སྙིང་རྗེ་སྟོང་པའི་སྙིང་པོ་ཅན། །ཐབས་དང་ཤེས་རབ་ཟུང་དུ་འཇུག །དེ་ནི་རང་བྱུང་ལྷན་ཅིག་སྐྱེས། །དེ་ལྟར་བདེ་དང་སྟོང་པ་དང་། །རིག་པ་དང་ནི་སྟོང་པ་ཉིད། །ཐ་དད་མེད་པར་བདག་གིས་གོ། །དམིགས་པ་མེད་པའི་སྙིང་རྗེ་དང་། །གདོད་ནས་རང་བཞིན་སྟོང་པ་ཉིད། །དབྱེར་མེད་རང་བཞིན་སྤྲོས་བྲལ་དུ། །ཆོས་རྣམས་དེ་ལྟར་གོ་
བར་མཛོད། །ལྟ་བ་མཚོན་པའི་ཚིག་ཙམ་དུ། །ཞེན་པའི་ཡུལ་དུ་བདག་གིར་མཛོད། །འཇིག་རྟེན་པ་ཡི་ལྟ་བ་དེ། །རྒྱུ་འབྲས་ལས་ལ་ཡིད་ཆེས་བྱས། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །མཁྱེན་པ་མཆོག་གིས་དེ་སྐད་གསུངས། །མི་གང་སྙིང་རྗེ་མེད་པ་རྣམས། །ཏིལ་འབྲས་མེ་ཡིས་ཚིག་པ་ལ། །དེ་ལ་འབྲས་བུ་ག་ལ་འབྱུང་། །གཞི་མེད་ཁྱད་པར་ག་ལ་ཡོད། །དེ་ལ་ཐེག་ཆེན་ཡོད་མ་ཡིན། །མཁྱེན་རབ་ནཱ་གརྗུ་ན་གསུང་། །དམིགས་ཡུལ་ལྟ་བ་མ་མཆིས་ན། །དམ་ཆོས་གནང་བ་དོན་མེད་ཡིན། །སྦུན་པ་འབྲས་བུ་མེད་དང་མཚུངས། །དེ་སྐད་མར་པ་ལོ་ཙ་ཟེར། །ཁྱེད་མཁྱེན་པའི་དོན་ལ་ཐུགས་རྒྱས་རྣམས། །དོན་གོལ་པར་གདའ་ན་བཟོད་པར་བཞེས། །ཅེས་གསུངས་པས་བླ་མ་དང་མཆེད་གྲོགས་རྣམས་ལྷག་པར་གཉེས་སོ། །དེ་ནས་རྗེ་མར་པས་བླ་མ་ཕམ་ཐིང་པ་ཆེན་པོའི་ཞབས་ལ་ཕྱག་མཛད་དེ། བདག་གིས་བོད་ནས་གསེར་ཅི་མང་ཞིག་བསྒྲུབས་ནས་སླར་ཡང་བལ་པོ་དང་རྒྱ་གར་དུ་བླ་མ་རྣམས་ལ་བཀའ་
དྲིན་གཏང་རག་གི་མཆོད་པ་ཞིག་དགྱིད་པ་དང་། གདམས་པའི་ལྷག་རྣམས་ཀྱང་རྫོགས་པར་ཞུ་བའི་ཕྱིར་ད་དུང་ལན་ཅིག་ཅིས་ཀྱང་སྐུ་དྲུང་དུ་འོང་བར་ཞུ་ཅེས་གསོལ་ནས། བོད་ཀྱི་ཚོང་པ་འགའ་དང་འགྲོགས་ཏེ་ཚུར་བྱོན་པས་བལ་བོད་ཀྱི་མཚམས་ན་ལྀ་ཤོ་ཀ་ར་ཞེས་པའི་གྲོང་ཁྱེར་ཆུང་ངུ་ཞིག་ཡོད་པར་རྒྱལ་པོའི་ཤོ་གམ་པས་ཚོང་པ་རྣམས་བསྐྱིལ་བའི་རྐྱེན་གྱིས་ཞག་འགའ་བཞུགས་དགོས་བྱུང་བའི་ཚེ་ནུབ་ཐ་མའི་མནལ་ལམ་དུ། ཞིང་སྐྱོང་གི་ཌཱ་ཀིས་ལྷོ་དཔལ་གྱི་རི་ལ་སྤྱན་དྲངས་ཏེ། དེར་དཔལ་ས་ར་ཧ་ཆེན་པོ་དང་མཇལ་ནས་སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡིད་ལ་མི་བྱེད་པ་སྙིང་པོའི་དོན་གྱི་ཆོས་གསུངས་པ་ཞིག་བྱུང་བས་ཐུགས་དམ་གྱི་རྟོགས་པ་ཁྱད་པར་ཅན་མང་དུ་འཁྲུངས་ཏེ་ཐུགས་དགྱེས་སྤྲོ་དང་བཅས་པས་རིམ་གྱིས་ཡུལ་ལ་སྟོད་ཚོ་བཞིར་ཕེབས་པ་ན། ལ་སྟོད་གྱེར་ཕུའི་དགེ་བཤེས་ཀློག་སྐྱ་ཆེན་པོ་དེ་སྐུ་འདས་འདུག་ཀྱང་། ཇོ་སྲས་ཆེ་ཤོས་ཀྱིས་དཔལ་མོ་རྡོ་འཕྲང་གི་བར་དུ་
བསུ་བ་མཛད་ནས་དགྱེར་ཕུར་སྤྱན་དྲངས་ཏེ་སྣ་ལེན་བཟང་པོ་བྱས། དེར་ཀློག་སྐྱ་ཇོ་སྲས་ཀྱིས་ཞུས་ཏེ་ཟླ་བ་ཕྱེད་ཀྱི་བར་དུ་ཆོས་གྲ་ཆེན་པོ་བཙུགས་པ་ལས། ཟླ་བ་ཡར་ངོའི་ཚེས་བཅུ་ཞིག་གི་ཉིན་མཆོད་པ་ཅིག་མཛད་པའི་ཚོགས་གྲལ་དུ་བླ་མ་མར་པ་ལ་ཇོ་སྲས་ཀྱིས་ཞུ་བ་ཕུལ་བ། ངེད་ཕ་སྤད་ཀྱིས་སྔན་ཆད་ཀྱང་བླ་མ་ལ་བསྙེན་བཀུར་མི་ཆུང་བར་བྱས། དྭ་ཡང་བགྱིད་པ་ལགས་པས་སྔན་ཆད་བཞེངས་མ་མྱོང་བའི་མགུར་ཞིག་བཞེངས་འཚལ་ཅེས་ཞུས་པའི་ལན་དུ། རྗེ་ལོ་ཙ་བ་ཆེན་པོའི་གསུང་ནས། ཁོ་བོས་ཁ་ནིང་དཔྱིད་ཀ་བལ་པོའི་མཐིལ་ནས་ཡར་འོངས་པའི་ལམ་ཁ་ན་ལྀ་ཤོ་ཀ་ར་ཞེས་བྱ་བ་མཐའ་འཁོབ་ཀྱི་གྲོང་ཁྱེར་ཆུང་ངུ་ཤོ་གམ་ལེན་པ་ཞིག་འདུག་པ་དེར་ཞག་འགའ་བསྡད་པས་ནུབ་ཅིག་གི་རྨི་ལམ་ན། ཞིང་སྐྱོང་གི་ཌཱ་ཀི་བྲམ་ཟེའི་བུ་མོའི་ཆ་བྱད་དུ་སྤྲུལ་ནས་ཁོ་བོ་སྤྱན་འདྲེན་དུ་འོངས། དེར་ཁོ་བོས་ལྷོ་ཕྱོགས་དཔལ་གྱི་རི་ལ་ཕྱིན་པས་རྗེ་བྲམ་ཟེ་ཆེན་པོ་དང་ཞལ་མངོན་སུམ་མཇལ་ཏེ། དེའི་དུས་སུ་
ཡིད་ལ་མི་བྱེད་པ་སྙིང་པོའི་དོན་བྲམ་ཟེ་ཆེན་པོའི་ཞལ་ནས་ཁོ་བོས་འདི་ལྟར་དུ་ཐོས་སོ་ཞེས་སེམས་གནད་དུ་བསྣུན་པ་དོ་ཧ་རྡོ་རྗེའི་མགུར་ཁྱུང་ཆེན་གཤོག་བརྒྱངས་ལྡིང་བའི་སྐད་ལ་རྟ་དྲངས་ཏེ་གསུངས་པ། དཔལ་དེ་རིང་བཀྲ་ཤིས་ཡར་གྱི་ངོ། །དུས་ཁྱད་པར་ཅན་གྱི་ཚེས་བཅུ་ལ། །དཔའ་བོ་དགའ་སྟོན་གྱི་ཚོགས་གྲལ་དུ། །བུ་འགྱུར་བ་མེད་པའི་དམ་ཚིག་ཅན། །ཁྱོད་ཀློག་སྐྱ་སྟོན་པས་ཞུ་འབུལ་བ། །རྗེ་སྔར་མ་ཐོས་པའི་གླུ་ལོང་སྐད། །ང་བཤུལ་རིང་ལམ་ནས་བཤར་བ་དེས། །ལུས་ངལ་དུབ་དབང་དུ་ཐལ་བའི་ཕྱིར། །གླུ་ཡིད་འཕྲོག་སྙན་པ་ཅུང་མ་མཆི། །ཚིག་སྡེབ་སྦྱོར་མཁས་པ་མི་མཚལ་ཡང་། །བུ་ཁྱོད་ལས་ངོ་ཆེ་མེད་པའི་ཕྱིར། །ཞུ་ཆེན་གྱི་དཔྲལ་བ་མི་ལྡོག་པས། །དོན་སྔར་མ་ཐོས་པའི་ངོ་མཚར་ཅན། །བྲམ་ཟེའི་བཞེད་དགོངས་གླུར་ལེན་གྱི། །ཁྱོད་གདན་གང་བཞུགས་ཀྱི་མདོ་སྔགས་རྣམས། །སྙན་ལྷན་ནེ་གསོན་ལ་ཐུགས་དགོངས་འཚལ། །དུས་ཁ་ནིང་དཔྱིད་ཟླ་ཐ་ཆུང་ལ། །གཞི་བལ་པོའི་མཐིལ་
ནས་ཡར་འདས་པ། །གདུགས་དྲོ་ལམ་མཆིས་པའི་བཤུལ་ཁ་ན། །བལ་པོ་གླིང་གི་ཤོ་ཀ་རི། །མཐའ་གདོལ་པ་ཅན་གྱི་གྲོང་ཁྱེར་དུ། །མི་བརྡ་མི་མཇལ་གྱི་ཤོ་གམ་པས། །འགྲོན་ཁ་ཉེན་པོ་ཡི་བོད་རྣམས་བསྐྱིལ། །མི་ངས་ཀྱང་དབང་མེད་ཞག་ལྔ་བསྡད། །དགུང་ནུབ་ཅིག་ཐམ་ཐུམ་རྨི་ལམ་ན། །རིགས་ཀྱི་མཚན་ལྡན་ཚངས་སྐུད་ཅན། །བྲམ་ཟེའི་བུ་མོ་མཛེས་མ་གཉིས། །ཅུང་ཟད་འཛུམ་ཞིང་ཟུར་མིག་ལྟ། །མི་ཁོ་བོའི་དྲུང་དུ་འོངས་ནས་ཀྱང་། །ལྷོ་དཔལ་གྱི་རི་ལ་འགྲོ་དགོས་སྐད། །ཁོ་བོ་སྔན་ཆད་ཕྱིན་མ་མྱོང་། །རྒྱུས་མེད་ལམ་ཡང་མི་ཤེས་སྨྲས། །བུ་མོ་གཉིས་ཀྱི་ཞལ་ན་རེ། །མི་ངས་དཀའ་བ་སྤྱད་མི་དགོས། །ངེད་ཀྱི་ཕྲག་ལ་བཀུར་རོ་ཟེར། །ལྡོ་ལ་དར་གྱི་ལྡིང་ཁྲི་དེ། །གདུགས་བཞིན་མཁའ་ལ་བཏེག་ནས་ཀྱང་། །གློག་འགྱུ་སྐད་ཅིག་ཡུད་ཙམ་གྱིས། །ལྷོ་དཔལ་གྱི་རི་ལ་ཕྱིན་པ་རྨིས། །ཤིང་པླཀྵ་ལྗོན་པའི་བསིལ་གྲིབ་ལ། །ཏི་ར་རོ་ཡི་གདན་སྟེང་ན། །རྗེ་བྲམ་ཟེ་ཆེན་པོ་ས་ར་ཧ། །ཞལ་སྔར་
མ་མཐོང་བའི་གཟི་མདངས་ཅན། །བཙུན་མོ་གཉིས་ཀྱིས་སྐུ་བསྟེན་ཅིང་། །སྐུ་ལ་དུར་ཁྲོད་ཆས་ཀྱིས་བརྒྱན། །དགྱེས་པའི་ཞལ་རས་འཛུམ་དང་བཅས། །བུ་བདེ་བར་འོངས་སམ་ཞེས་ཀྱང་གསུང་། །དེ་མཐོང་ནས་དགའ་བས་མ་བཟོད་དེ། །ལུས་ཀྱང་བ་སྤུ་གཡོ་འམ་སྙམ། །ལན་བདུན་བསྐོར་ཏེ་བརྐྱང་ཕྱག་བཙལ། །ཞབས་མཐིལ་གཙུག་ཏུ་བླངས་ནས་ཀྱང་། །ཕ་ཐུགས་རྗེས་བཟུང་འཚལ་ཞུས་པ་ལས། །ལུས་ལ་སྐུ་ཡིས་བྱིན་བརླབས་པ། །ཕྱག་དབང་སྤྱི་བོར་བཞག་ཙམ་གྱིས། །ཟག་མེད་བདེ་བས་ར་རོ་བ། །གླང་ཆེན་ཆང་གིས་མྱོས་པ་ལྟར། །ལུས་འགུལ་མི་ཤེས་པའི་ཉམས་ཅིག་སྐྱེས། །ངག་ལ་གསུང་གིས་བྱིན་བརླབས་པ། །སྟོང་ཉིད་སེང་གེའི་ང་རོ་ཡིས། །ཡི་གེ་བཞི་ཡི་དོན་གསུངས་པས། །ལྐུག་པས་རྨི་ལམ་རྨིས་པ་ལྟར། །ངག་སྨྲར་མི་བཏུབ་པའི་ཉམས་ཅིག་ཤར། །ཡིད་ལ་ཐུགས་ཀྱིས་བྱིན་བརླབས་པ། །ལྷན་ཅིག་སྐྱེས་པ་ཆོས་ཉིད་སྐུ། །འགྲོ་འོང་མེད་པའི་དོན་རྟོགས་པས། །དུར་ཁྲོད་བོར་བའི་
མི་རོ་བཞིན། །བསམ་དུ་མེད་པའི་ཉམས་ཅིག་སྐྱེས། །དེ་རྗེས་བདེ་ཆེན་དག་པའི་གསུངས། །རིན་ཆེན་མགུར་གྱི་བུམ་པ་ནས། །ཚངས་པའི་དབྱངས་ཀྱི་གདངས་སྐད་ཀྱིས། །དཔེ་བྲལ་ནམ་མཁའ་སྟོངས་པའི་དོན། །གནས་ལུགས་མཚོན་པ་རྡོ་རྗེའི་གླུ། །སྐྱེ་མེད་རང་སྒྲ་འདི་ལྟར་ཐོས། །ན་མོ་སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། །རྒྱུན་མི་འཆད་པ་གཉུག་མའི་སེམས། །གདོད་ནས་དག་པའི་རང་བཞིན་ཉིད། །ནམ་མཁའ་ནམ་མཁའ་སྦྱོར་བ་མཐོང་། །རྩ་བ་ཁྱིམ་ལ་གནས་པའི་ཕྱིར། །ཡིད་ཀྱི་རྣམ་ཤེས་བཙོན་དུ་བཟུང་། །སྒོམ་པ་ཤེས་པ་ཕྱི་མ་ཡིས། །སེམས་ལ་ལྷན་པ་གདབ་དུ་མེད། །སྣང་སྲིད་སེམས་ཀྱི་རང་བཞིན་ལ། །གཉེན་པོ་གསར་པ་བསྒོམ་དུ་མེད། །སེམས་ཀྱི་གནས་ལུགས་དྲན་དུ་མེད། །དེར་སྣང་བ་མ་བཅོས་ངང་ལ་གཞག །དེ་དོན་མཐོང་ན་གྲོལ་བའི་ཕྱིར། །བུ་ཆུང་གདོལ་པའི་སྤྱོད་པ་ལྟོས། །ཤ་ཟ་སྨྱོན་པ་གང་དགར་ཐོང་། །བསྙེམས་དང་བྲལ་བའི་སེང་གེ་ལྟར། །བུང་བ་མེ་ཏོག་རྒྱུ་
བ་ལྟོས། །སེམས་ཀྱི་གླང་པོ་ཡན་དུ་ཆུག །འཁོར་བ་སྐྱོན་དུ་མི་ལྟ་ཞིང་། །མྱ་ངན་འདས་པ་མི་རེ་བ། །ཐ་མལ་ཤེས་པ་རང་ལུགས་དེ། །མ་བཅོས་སོ་མ་ཉིད་དུ་ཞོག །བྱ་བ་རྣམས་ལ་ཁྱོད་མ་རྟོག །ཕྱོགས་དང་ཆ་ལ་མི་གནས་པ། །སྤྲིན་བྲལ་ནམ་མཁའི་དཀྱིལ་དུ་རྟོགས། །ཆོས་ཟད་སར་སྐྱོལ་བ་སྙིང་པོའི་དོན། །ལྟ་བའི་མཐར་ཐུག་ཕྱག་རྒྱ་ཆེ། །སེམས་གནད་དུ་བསྣུན་པའི་བརྡ་དོན་ཅིག །རྗེ་བྲམ་ཟེ་ཆེན་པོའི་ཞལ་ནས་ཐོས། །སྐད་ཅིག་དེ་ལ་གཉིད་ཀྱང་སད། །མ་རྗེད་དྲན་པའི་ལྕགས་ཀྱུས་ཟིན། །མ་རིག་གཉིད་ཀྱི་མུན་ཁང་དུ། །རིག་པའི་ཡེ་ཤེས་འཐོམས་པ་དེ། །སྤྲིན་མེད་མཁའ་ལ་ཉི་ཤར་ལྟར། །འཁྲུལ་པའི་མུན་ནག་སངས་ནས་ཐལ། །དུས་གསུམ་སངས་རྒྱས་ཞལ་མཐོང་ཡང་། །ཕྱིན་ཆད་དྲི་རྒྱུ་མེད་དམ་སྙམ། །སེམས་ཕུ་ཐག་ཆོད་པའི་ཉམས་ཅིག་སྐྱེས། །ཡིད་འགྱུ་བ་ཟད་པ་ངོ་མཚར་ཆེ། །ལར་ཡི་དམ་མཁའ་འགྲོའི་ལུང་སྟོན་དང་། །རྗེ་བླ་མས་བསྟན་པ་ཟབ་མོའི་དོན། །སྨྲ་རུ་མི་བཏུབ་གསུང་ན་ཡང་། །
དགུང་དོ་མོད་མི་བླང་སྟབས་མ་བྱུང་། །དུས་ད་རེས་ཙམ་ལས་མ་གཏོགས་པ། །སྔན་ཆད་ངག་ཏུ་བརྗོད་མ་མྱོང་། །ཕྱིས་ཀྱང་ཟློས་སམ་རྣ་བས་ཉོན། །ང་སྔོན་ཆད་ཤུལ་རིང་རྒྱང་གི་མི། །མཛའ་བཤེས་གཉེན་མེད་གྲོགས་ཀྱང་མེད། །ངལ་དུབ་བཀྲེས་པར་གྱུར་པའི་ཚེ། །བུ་ཁྱོད་ཀྱིས་ཅི་བྱས་སེམས་ལ་ཡོད། །དེ་བརྗེད་དུ་མ་བཏུབ་ཡིད་ལ་གཅགས། །དྲིན་འཁོར་བར་ཐལ་ལོ་སྙིང་གི་བུ། །གླུ་འདི་ལ་མཁའ་འགྲོའི་བྱིན་རླབས་ཆགས། །རྗེ་གོང་ན་བཞུགས་པའི་བླ་མ་དང་། །བར་ཆད་བསྲུང་བའིི་ཞིང་སྐྱོང་རྣམས། །མི་སྤུན་ལ་བཀའ་བཀྱོན་མི་གསུང་འཚལ། །ཅེས་བླ་མ་མར་པ་ཉིད་ཀྱིས་རྨང་ལམ་དུ་ལྷོ་ཕྱོགས་དཔལ་གྱི་རི་ལ་བྱོན་ནས་བྲམ་ཟེ་ཆེན་པོ་ས་ར་ཧ་དང་ཞལ་མཇལ་ཏེ་སེམས་གནད་དུ་བསྣུན་པ་སྙིང་པོ་དོན་གྱི་གདམས་ངག་དོ་ཧ་རྡོ་རྗེའི་མགུར་ཇི་ལྟར་གསན་པ་བཞིན་གསུངས་པས། ཀློག་སྐྱ་ཇོ་སྲས་ཀྱིས་རྗེ་མར་པ་ལ་མི་ཕྱེད་པའི་དད་པ་ཐོབ་སྟེ་མོས་གུས་ཅན་གྱི་སློབ་མར་གྱུར་ཏོ། །དེ་ནས་
རྗེ་མར་པས་ལྷོ་བྲག་ངོས་ལ་མ་བྱོན་པར་ལ་སྟོད་བྱང་ངོས་ལ་འགྲིམས་ནས་དབུ་རུ་འཕན་ཡུལ་དུ་བྱོན། སྤྲས་སུ་ཟླ་ཤས་བཞུགས་ཏེ་སྲིའུ་མང་དུ་གསོས་པས་ཡུལ་མི་རྣམས་དད་པར་བྱུང་ནས་ཆོས་ཞུས་པས་རྩང་པ་དར་ཡེས་དང་ཉ་མ་དཔལ་མོ་སོགས་ལམ་སྣ་ཟིན་པ་མང་དུ་བྱུང་ཞིང་དེ་ན་ཆོས་ཁྲི་དང་ཕྱག་མཁར་གྱི་མཆོད་རྟེན་ཀྱང་ཡོད། དར་ཡུལ་དུ་ཡོན་བདག་གཅིག་གིས་ཟླ་བ་གསུམ་བཏེག་ནས་ཕྱག་གི་རྡོ་རྗེ་རྭ་སྐྱོག་མ་བཞུགས་པའི་མཆོད་རྟེན་བཞེངས། དེ་ནས་འཕན་ཡུལ་སུམ་འཕྲང་གི་ཚོང་དུས་སུ་འདམ་ཙམ་ལུང་གི་མར་པ་མགོ་ཡགས་བྱ་བ་བླ་མ་ཉིད་དང་གདུང་རུས་གཅིག་པ་ཞིག་ཚོང་ལ་འོངས་པ་དང་མཇལ་བས་དད་པར་གྱུར་ནས། ཁོང་གིས་བྱང་དུ་གདན་དྲངས་པའི་ལམ་ཕྱག་ལ་ནས་བཏོད་དེ་སྤྲགས་སུ་ཕེབས་པའི་ཚེ་སྟག་ལུང་ཕུའི་ཕུག་པ་ཞིག་ཏུ་ཅུང་ཟད་བཞུགས་ནས། བྲག་ངོས་ལ་གཙུག་ལག་ཁང་བད་དཀར་དམར་ཅན་གྱི་རྣམ་པའི་རི་མོ་མཛད་ཅིང་རི་མོ་རྣམས་ཆར་ཆུ་སོགས་ཀྱིས་
མི་འཇིགས་པར་བྱིན་གྱིས་བརླབས་ཏེ། མ་འོངས་པ་ན་འདིར་གཙུག་ལག་ཁང་འདི་འདྲ་བ་ཡོད་པའི་དགེ་འདུན་གྱི་སྡེ་ཞིག་ཡོང་ཅེས་སྟག་ལུང་གི་དགོན་སྡེ་འབྱུང་བར་ལུང་བསྟན་ཅིང་བྱིན་གྱིས་བརླབས་པས་ཕྱིས་ཕུག་པ་དེ་ལ་བྱིན་བརླབས་ཕུག་པར་གྲགས། དེ་ནས་རིམ་གྱིས་བྱང་དུ་ཕེབས་ནས་མར་པ་མགོ་ཡགས་ཀྱི་ཡུལ་ཙམ་གྱི་ལྷ་སྒོ་མདུང་རྩེ་བྱ་བར་གདན་ཕབ་ནས་ཆོས་མང་དུ་གསུངས། ལུང་པ་དེའི་ཕུ་ན་ཡི་དྭགས་མོ་ཞིག་ཡོད་པ་འདུལ་བའི་དུས་ལ་བབ་པར་མཁྱེན་ཏེ་ཏིང་ངེ་འཛིན་གྱིས་གཟིར་བས། ཡི་དྭགས་མོས་ལུས་ཕ་བོང་ལ་ཐིམ་པའི་རྫུ་འཕྲུལ་བྱས་པ་བསྡིགས་པའི་ཆེད་དུ་ཕ་བོང་ཞབས་ཐོས་བརྡུངས་ཤིང་། ཌ་མ་རུ་དང་དྲིལ་བུ་བསྣམས་ཏེ་བསྣུན་པའི་ཚུལ་མཛད་པས། ཕ་བོང་ལ་ཌ་དྲིལ་དང་ཞབས་ཀྱི་རྗེས་གསལ་པོར་བྱོན། ཡི་དྭགས་མོ་དེ་ཡང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལ་བཀོད། དེར་མགོ་ཡགས་ཀྱིས་གསེར་སྲང་བཅུ་གཉིས་ཀྱིས་ཐོག་དྲངས། ཤ་མར་གོས་
སྣམ་ཚུན་ཆད་རྩིས་སུ་བཅུག་པས་གསེར་སྲང་བཞི་བཅུའི་ཞབས་ཏོག་བྱས་ཏེ་ཆོས་སྒོར་ཞུགས་པ། སྐལ་ལྡན་དུ་གཟིགས་ནས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་པ་བསྟན་པས། རྡོ་རྗེ་ཐེག་པའི་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ་ཐུགས་སྲས་ཀྱི་སློབ་མར་གྱུར་ཏོ། །དེའི་དུས་སུ་བྱང་ནམ་རའི་གསེར་ཁ་རྡོལ་བ་དང་དུས་མཚུངས་ ནས། དུད་སོལ་མ་དང་ཀངྐ་ལའི་མཐུ་སོགས་སྒྲུབ་ཡིག་ཁ་ཡར་གྱིས་གསེར་མང་དུ་རྙེད་དེ་ཡོངས་སུ་དྲིལ་བས་གསེར་སྲང་སུམ་བརྒྱ་ཙམ་ཕྱག་ཏུ་བྱུང་། དེ་རེས་བོད་དུ་ལོ་གསུམ་བཞུགས་ནས་སླར་རྒྱ་གར་དུ་འབྱོན་པར་ཆས་པ་ན་མར་པ་མགོ་ཡགས་ཀྱི་ཡུམ་འདས་ནས། བླ་མ་ལོ་ཙ་བ་ཆེན་པོས་བདུན་ཚིགས་ཀྱི་ཆོ་ག་མཛད་པའི་ཚེ། ནུབ་ཐ་མའི་རྗེས་ཆོག་གི་དུས་བླ་མ་ལོ་ཙ་བ་དར་ཅིག་ཐུགས་ཡེངས་པ་ལྟར་འདུག་པའི་མོད་ལ། དེར་ཚོགས་པ་ཀུན་མཐོང་སྣང་མཐུན་པར་རྒྱ་གར་བའི་བུད་མེད་ཤིང་ལོའི་གོས་ཅན་ཞིག་གིས་ཏཱ་ལའི་ལོ་
མ་ལ་བྲིས་པའི་ཡི་གེ་ཞིག་བླ་མ་ལ་ཕུལ་ནས་ཡུད་ཀྱིས་མི་སྣང་བར་གྱུར་པ་ན། བླ་མ་ཐུགས་ཧུར་མཛད་ནས། ཨ་ཨཱ་ཇོ་བོ་ནཱ་རོ་པ་ཆེན་པོ་དེ་སྤྱོད་པ་ལ་གཤེགས་ཡོད་པ་འདྲ། ཁོ་བོ་མྱུར་དུ་རྒྱ་གར་ལ་འགྲོ་དགོས་པར་འདུག་གསུང་བས། དེར་མགོ་ཡགས་ཀྱིས་བླ་མ་མར་པ་ལ། བླ་མ་ལགས། བླ་མ་ཉིད་སྔར་ཡུལ་རྒྱ་གར་དང་བལ་པོར་ལན་གཉིས་ཙམ་བྱོན་ནས་རྗེ་ནཱ་རོ་དང་མཻ་ཏྲིས་ཐོག་དྲངས་པའི་གྲུབ་ཐོབ་ཀྱི་བླ་མ་མང་པོ་ལ་གསང་སྔགས་ཀྱི་གདམས་པ་དང་རྗེས་སུ་བསྟན་པ་དུ་མ་མཐའ་ཆོད་པར་གསན་ནས་སྐུ་ཉམས་སུ་བཞེས་གདའ་བས་དེས་ཆོག་པ་མ་ལགས་སམ། དྭ་སླར་ཡང་རྒྱ་གར་དུ་གཤེགས་པ་ལ་ལམ་གྱི་འཇིགས་པ་དང་དཀའ་ལས་བླ་མ་རང་གི་ཞལ་ལས་ཐོས་པ་དེ་ལྟ་བུ་རྣམས་དང་སྐུ་བདོ་བར་མི་ཕོད་པས། རབ་ཏུ་རྒྱ་གར་ལ་མི་གཤེགས་པར་བོད་རང་དུ་བཞུགས་དགོས། ཅིས་ཀྱང་ལན་ཅིག་རྒྱ་གར་ལ་མི་འབྱོན་དུ་མི་རུང་ན་ཡང་། བདག་མའི་དོན་དུ་བདག་མེད་ལྷ་མོ་བཅོ་ལྔའི་
མཆོད་རྟེན་ཞིག་བགྱིད་པར་འཚལ་བས། དེའི་རབ་གནས་མ་གྲུབ་བར་བླ་མ་བཞུགས་དགོས་ཞུས་པས། བླ་མའི་ཞལ་ནས། དྭ་སྟེ་ང་རྒྱ་གར་དུ་འགྲོ་བ་ལ་རིངས་པས་འདིར་འདུག་ཏུ་མི་ཁོམ། ཁྱོད་རང་མཆོད་རྟེན་ནམ་ཚར་བ་ན་མཆོད་པ་བཤོམས་ལ་གསོལ་བ་ཐོབ་ཅིག །ཁོ་བོས་རྒྱ་གར་ནས་རབ་ཏུ་གནས་པ་བྱེད་པས། དེའི་ཚེ་ཁྱོད་རང་གི་སར་བྱིན་རླབས་ཀྱི་མཚན་མ་བརྟན་པོ་ཡང་འབྱུང་བ་ཡིན་ནོ། །ལར་ངས་སྔ་རེས་བླ་མ་རྣམས་ཀྱི་སྤྱན་སྔར། ད་དུང་ལན་ཅིག་སྐུ་དྲུང་དུ་འོང་བའི་དམ་བཅའ་ཕུལ་བ་ཡིན་པས་ད་ལན་རྒྱ་བལ་དུ་འགྲོ་བ་གཤོལ་དུའང་བཏུབ་པ་མེད། ལམ་བར་གྱི་དཀའ་ལས་དང་འཇིགས་པ་དེ་རྣམས་ཀྱིས་མི་བརྫི་བའི་གདེང་ང་རང་ལ་ཡོད་ཅེས་རྒྱ་གར་ཕར་འབྱོན་གྱི་མགུར་གསུངས་པ། དཔལ་ནཱ་རོ་དང་མཻ་ཏྲིའི་ཞབས་ལ་འདུད། །ངས་ནཱ་རོའི་དྲུང་དུ་དམ་བཅས་པ། །དགོས་པ་མཆོག་ཅིག་ཡོད་པའི་ཕྱིར། །གསུང་མཁའ་འགྲོས་བརྡ་བཀྲོལ་བསྐུལ་མཛད་པས། །བླ་མ་དྲན་ཏེ་བཟོད་ཀླགས་
མེད། །ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །དཔལ་མོ་དཔལ་ཐང་ཐང་དུ་ཆེ་ལགས་ཀྱང་། །ང་ལ་རྣམ་ཤེས་རླུང་ཞོན་གྱི་གདམས་པ་ཡོད། །འདི་མདོ་ཕྲུག་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུགས་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ལ་ཁ་ལ་བྱ་ལ་ཤིན་ཏུ་གྲང་ལགས་ཀྱང་། །ང་ལ་གཏུམ་མོ་མེ་འབར་གྱི་གདམས་ངག་ཡོད། །འདི་སྣལ་གོས་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །བལ་པོ་ཤིན་ཏུ་ཚད་པ་ཆེ་ལགས་ཀྱང་། །ང་ལ་འབྱུང་བ་རོ་སྙོམས་ཀྱི་གདམས་ངག་ཡོད། །འདི་བཟང་དྲུག་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ཆུ་བོ་གངྒཱ་ཆུ་རུ་ཆེ་ལགས་ཀྱང་། །ང་ལ་རྣམ་ཤེས་མཁའ་ལྡིང་གི་གདམས་ངག་ཡོད། །འདི་གྲུ་གཟིངས་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་
བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །རྒྱ་གར་མཐའ་འཁོབ་མུ་གེ་ཆེ་ལགས་ཀྱང་། །ང་ལ་བཀའ་ཐུབ་ཆུ་འཐུང་གི་གདམས་ངག་ཡོད། །འདི་བཟའ་བཏུང་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ལམ་བར་དང་ཡུལ་ཕྲན་འཇིགས་པ་ཆེ་ལགས་ཀྱང་། །ང་ལ་མ་མོ་ཇག་ཆིངས་ཀྱི་གདམས་ངག་ཡོད། །འདི་ཟླ་སྐྱེལ་ཕལ་གྱི་དོ་ཟླ་མིན། །ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱ་རྒྱ་གར་ལ་འགྲོ། །བླ་མ་ནཱ་རོ་དང་མཻ་ཏྲི་ཡང་རྒྱ་གར་ན་བཞུགས། །དཔལ་ཞི་བ་བཟང་པོ་ཡང་རྒྱ་གར་ན་བཞུགས། །རྟེན་མ་ཧཱ་བོ་དྷི་ཡང་རྒྱ་གར་ན་བཞུགས། །ང་ལས་ཅི་ལ་ཐུག་ཀྱང་རྒྱ་གར་ལ་འགྲོ། །འཆི་བ་སྲོག་ལ་བབ་ཀྱང་རྒྱ་གར་ལ་འགྲོ། །ཅེས་གསུངས་ནས་རྒྱ་གར་ལ་གཤེགས་པའི་ལམ་དུ་ཞུགས་ཏེ་མགོ་ཡགས་དཔོན་གཡོག་སུམ་ཅུས་སྐྱི་རོང་བར་ཆིབས་ཀྱིས་བསྐྱལ་ཞིང་ལམ་གྱི་མཐུན་རྐྱེན་ཀྱང་སྦྱར། ཡར་ལམ་ཉང་སྟོད་གཞེངས་ཀྱི་གླང་པོ་སྣར་
ཇོ་བོ་རྗེ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་བོད་དུ་ཕེབས་པ་དང་མཇལ་བས། སྔོན་བླ་མ་ནཱ་རོ་པའི་དྲུང་དུ་ཆོས་གསན་པ་ལ་ཡང་ཡང་འབྱོན་པའི་རྒྱལ་རིགས་ཀྱི་པཎྜི་ཏ་བྱང་ཆུབ་སེམས་དཔའ་ཆེན་པོའི་སྤྱོད་པ་ལ་གནས་པ་ཞིག་འདུག་པ་དེ་ཡིན་པར་མཁྱེན་ནས་གུས་པ་དང་བཀུར་སྟི་ཆེར་མཛད་དེ། སློབ་མ་འགའ་ལ་ཀྲྀ་ཡའི་རིགས་གཏད་འགའ་གནང་གི་འདུག་པ་ཡང་གསན། དེ་ནས་སྐྱི་རོང་དུ་ཕེབས་པ་དང་། མགོ་ཡགས་དཔོན་གཡོག་རྣམས་ཀྱིས་ཡོ་བྱད་ཀྱི་ལྷག་གང་ཡོད་གསེར་དུ་བསྒྱུར་ནས་བླ་མ་མར་པའི་ཕྱག་ཏུ་ཕུལ་ཏེ། ཞབས་ལ་ཕྱག་འཚལ་ནས་རང་ཡུལ་དུ་ལོག་སྟེ་ཙམ་ལུང་གི་ལུང་ངུ་རིང་མོ་བྱ་བར་ཁོང་རང་གི་མའི་དོན་དུ་བདག་མེད་ལྷ་མོ་བཅོ་ལྔའི་མཆོད་རྟེན་ལེགས་པར་བཞེངས་ནས་གྲུབ་པ་དང་། མཆོད་རྟེན་གྱི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ནས། ཐལ་མོ་སྦྱར་བ་རྒྱ་གར་གྱི་ལོགས་སུ་བཏུད་དེ། བླ་མ་མར་པ་ལོ་ཙ་བ་ཆེན་པོ་ལ་གསོལ་བ་དྲག་ཏུ་བཏབ་པས། ཅི་ཞིག་ན་ལྷོ་ཕྱོགས་
ཀྱི་ནམ་མཁའི་ངོས་ན་མར་བསིར་བུ་བསིལ་བའི་ངད་ལྡང་བས་དྲངས་པའི་སྤོས་ཆུའི་ཆར་གྱི་རྒྱུན་ཟིམ་བུ་དང་ལྷན་ཅིག་པར་འཇའ་འོད་ཁ་དོག་སྣ་ཚོགས་པ་མང་པོ་མཆོད་རྟེན་རྣམས་ལ་ཟུག་པའི་ངོས་ནས། མེ་ཏོག་གི་རིགས་བོད་དུ་མི་སྐྱེ་བ་མང་པོ་དང་འབྲས་སཱ་ལུ་འདྲེས་པའི་ཆར་ཉེ་ཁོར་གྱི་ས་གཞི་ཁེབས་པ་ཙམ་དུ་བབ་སྟེ། དེ་ནི་རྗེ་མར་པས་རྒྱ་གར་ནས་མགོ་ཡགས་ཀྱི་མོས་པ་མཁྱེན་ཏེ་རབ་ཏུ་གནས་པ་མཛད་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡིན་ནོ། །སྐྱི་རོང་ནས་རྗེ་ལོ་ཙ་བ་ཆེན་པོ་ཉིད་གཅིག་པུར་གཤེགས་ཏེ་རིམ་གྱིས་བལ་པོར་ཕེབས་ནས་བླ་མ་ཕམ་ཐིང་པ་དང་རྗེ་པཎྜི་པ་སྐུ་མཆེད་ལ་གསེར་གྱི་ཕྱག་རྟེན་བཟང་པོ་ཕུལ་ཏེ་སྔར་གནང་བའི་ཆོས་རྣམས་ལ་དོགས་གཅོད་དང་སྔོན་མ་གསན་པའི་གདམས་པ་དང་རྗེས་སུ་བསྟན་པའང་མང་དུ་གསན་ནས་རྒྱ་གར་དུ་གཤེགས་ཁར་བླ་མ་སྐུ་མཆེད་ཀྱི་གསུང་ནས། རང་རེའི་བླ་མ་ཇོ་བོ་ནཱ་རོ་པ་ཆེན་པོ་དེ་ལོ་སྔ་མའི་ནང་དུ་སྤྱོད་པ་ལ་གཤེགས་པས། དིང་སང་མི་
ཕལ་གྱིས་མཇལ་དུ་མེད་ཀྱང་ལོ་ཙ་བ་ཁྱེད་རྡོ་རྗེའི་སློབ་མ་དམ་ཚིག་ཅན་ཡིན་པ་དང་། རྗེ་བཙུན་ཡེ་ཤེས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ཚོགས་ཀྱི་པཱུ་ཛ་མང་དུ་ཕུལ་ལ་གསོལ་བ་ཐོབ་ཅིག །ངེས་པར་མཇལ་ཏེ་འོང་བ་ཡིན་ནོ་ཞེས་ལུང་བསྟན། དེ་ནས་རྒྱ་གར་དུ་གཤེགས་པའི་ལམ་ན་མྱ་ངམ་གྱི་ཐང་ཆེན་པོ་ཞག་གསུམ་གྱི་ཆུ་དང་ཤིང་ཚུན་ཆད་ཁུར་ནས་འགྲོ་དགོས་པ་ཞིག་ཡོད་པའི་རྩར་ཕེབས་ཏེ། དེར་ལམ་གྱི་དཀའ་ཚེགས་ལ་ཐུགས་ཀྱང་འཚེར། ཆར་ཟིམ་བུ་ཞིག་ཀྱང་བབ་ནས་སྐུ་ངལ་མཛད་པའི་ཚེ་ཅུང་ཟད་མནལ་དུ་སོང་འདུག་པའི་མོད་ལ། བུད་མེད་ཤིང་ལོའི་གོས་གྱོན་པ་ཅིག་གིས་ཤིང་སྡོང་སྔོ་ཁྱུག་གེ་བ་ཞིག་མདུན་དུ་བསྐྱུར་བྱུང་བ་ལ་ཆིབས་པ་སྙམ་བྱེད་པ་ལས་མནལ་སད་ཙ་ན་ཐང་ཆེན་པོ་དེའི་ཕར་ཁ་ན་ཕྱིན་ནས་འདུག །བུད་མེད་དེ་ཡང་ཞལ་འཛུམ་མེར་རྗེ་མར་པ་ལ་བསྐོར་བ་བྱེད་ཅིང་། བོད་ན་ངའི་མིང་པོ་ཌོམྦྷི་པ་བྱ་བ་ཞིག་ཡོད་པ་དེ་བདེ་བར་འཚོའམ ་ཟེར་བ་ལ། བོད་ན་དེ་ལྟ་བུ་ཨེ་
ཡོད་ངེད་ལ་རྒྱུས་མེད་གསུངས་པས་བུད་མེད་དེ་ན་རེ། ཧེ་ཧེ་ད་ལྟ་མར་པ་ལོ་ཙ་བྱ་བར་བཏགས་ནས་འདུག་པ། དྭ་ཁྱོད་རང་རྒྱ་གར་ལ་སོང་ཞིག་བར་ཆད་མི་འབྱུང་བར་བྱའོ་ཟེར་ནས་མི་སྣང་བར་གྱུར། དེ་ནས་རིམ་གྱིས་ཡུལ་དབུས་འགྱུར་འཆང་གི་ལྗོངས་སུ་ཕེབས་ཏེ་དཔལ་རྡོ་རྗེ་གདན་ལ་སོགས་པའི་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་པ་རྒྱ་ཆེན་པོ་མཛད་ནས། བདག་གིས་དཀའ་བ་སྤྱད་པའི་གདམས་པ་འདི་རྣམས་ཀྱིས་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཐོགས་རྒྱ་ཆེན་པོ་ནམ་མཁའ་དང་མཉམ་པ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་དྲག་ཏུ་བཏབ་ནས། རྒྱ་གར་ནུབ་ཕྱོགས་ཀྱི་རྒྱུད་ནས་ལམ་བཏོད་དེ་ཁ་ཆེའི་གནས་ཕུལླ་ཧ་རིར་ཕེབས་པས། བླ་མ་ཆེན་པོ་ནཱ་རོ་པ་དེ་ནི་སྤྱོད་པ་ལ་གཤེགས་ནས་མི་བཞུགས་པར་འདུག །དགེ་ཚུལ་ཤེས་རབ་འབྱུང་གནས་བླ་མའི་གཙུག་ལག་ཁང་ན་བཞུགས་འདུག་པ་དང་མཇལ་ཏེ་གསེར་གྱི་ཕྱག་རྟེན་ཕུལ་བས། དགེ་ཚུལ་བའི་གསུང་ནས། བུ་འོངས་ཙ་ན་ཕ་སྤྱོད་པ་ལ་
གཤེགས་ནས་མི་བཞུགས་གསུང་པ་ལ་རྗེ་མར་པས། དྭ་བདག་བླ་མ་ཆེན་པོ་དེ་དང་མཇལ་ལམ། བླ་མ་སྤྱོད་པ་ལ་གཤེགས་ཀར་ངའི་གསུང་འཕྲོས་རེ་ཙམ་འདུག་གམ་གསུངས་པས། དགེ་ཚུལ་བ་ན་རེ། འོ་སྐོལ་གྱི་བླ་མ་ཆེན་པོ་དེ་སྔོན་ཡིན་ན་ལོ་ཙ་བ་ཁྱོད་རང་གིས་ཤེས་པ་ལྟར་ཐུན་བཞིར་སྒོམ། ཐུན་མཚམས་སུ་ཆོས་གསུང་བ་ཡིན་པ་ལ། ན་ནིང་རྟའི་ཟླ་བ་ནས་གདུལ་བྱ་ཕལ་རྣམས་ལ་ཆོས་གསུང་བ་དང་མི་མཛད་པར་ཕྱག་རྫས་ཀྱི་དངོས་པོ་ཐམས་ཅད་སློབ་མ་རྙིང་པ་རྣམས་ལ་སྤོང་དག་ལ་བཀྱེ་ནས། ཟླ་བ་དེ་ཉིད་ཀྱི་ཚེས་བཅོ་ལྔ་ལ་བླ་མ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལ་གཤེགས། དེ་ནས་བཟུང་སྟེ་མི་ཀུན་གྱིས་བཙལ་བས་ནི་མི་རྙེད། ས་གཅིག་ཏུ་བསྡད་ནས་གསོལ་བ་དྲག་པོར་བཏབ་ན། དམ་ཚིག་གཅིག་པའི་ཚོགས་ཀྱི་འཁོར་ལོའི་དབུས་དང་། ཆོས་ཀྱི་མ་བདེ་བ་དྲི་བ་ལ་གསོལ་བ་བཏབ་པའི་སར་བྱོན་ནས་ལན་རེ་ཙམ་མཇལ་དུ་སྲིད། དེ་མིན་རྒྱུད་བྱིན་གྱིས་རློབ་པ་ཙམ་མ་
གཏོགས་མཇལ་བའི་སྐབས་མེད། ཁྱོད་ལ་ཡང་སང་ཕོད་ལོ་ཙ་བ་དེ་འདིར་འོང་བས་དེའི་དུས་སུ་གཏོད་གསུང་ནས་འདི་དག་ང་ལ་བཞག་པ་ཡིན་པས་དད་རྟེན་དུ་བཟུང་། བླ་མ་དངོས་སུ་མཇལ་བ་དང་ཁྱད་པར་མེད་གསུང་ནས་ལྷ་མོ་བཅོ་ལྔའི་ཐང་སྐུ་གཅིག་དང་གདུགས་ཀྱི་ཡུ་བ་ལ་ཚིགས་བཅད་བྲིས་པ་ཅིག་གནང་བྱུང་བས། དེར་རྗེ་མར་པས་གདུགས་ཡུའི་ཡི་གེ་ལ་གཟིགས་པས། སྣང་བའི་མཚན་ཉིད་སྐྱེ་བ་མེད། །འཁོར་བའི་མཚན་ཉིད་གཞི་རྩ་བྲལ། །བླ་མའི་མཚན་ཉིད་རྒྱུད་པར་ལྡན། །སེམས་ཀྱི་མཚན་ཉིད་ཟུང་དུ་འཇུག །ཟེར་བའི་ཚིགས་སུ་བཅད་པ་ཅིག་བྲིས་ནས་འདུག །དེར་ལྷག་པར་ཡང་བླ་མ་དྲན་དུ་སོང་བས་གདུང་བའི་བློ་བཙན་ཐབས་སུ་ལངས་ཏེ་ཉིན་མཚན་ཁོར་ཡུག་ཏུ་བཤུམ་ཞིང་གསོལ་བ་བཏབ་ནས་དགེ་ཚུལ་ཤེས་རབ་འབྱུང་གནས་ལ། བདག་བླ་མ་ནཱ་རོ་པ་ཆེན་པོ་དེ་དང་མྱུར་དུ་མཇལ་བའི་ཐབས་ཅི་ལྟ་བུ་ཡོད་ཞུས་པས་ཁོང་ན་རེ། ཁྱེད་རང་གི་བླ་མ་རྗེ་བཙུན་ནཱ་རོ་པ་ཉིད་ཀྱི་མཆེད་གྲོགས་
དང་སློབ་མར་གྱུར་པ་རྣམས་ཀྱི་དྲུང་དུ་ཚོགས་ཀྱི་པཱུ་ཛ་ཟླ་བ་རེ་ཕུལ་ལ། བླ་མ་དང་མྱུར་དུ་མཇལ་བར་གསོལ་བ་འདེབས་གྲོགས་ཞུ་བ་ལས་ལྷག་པའི་ཐབས་མེད་པས་དེ་ལྟར་གྱིས་ཤིག་གསུང་བས། ཐོག་མར་ཕུལླ་ཧ་རི་རང་དུ་དགེ་ཚུལ་བ་ཉིད་ཀྱི་སྤྱན་སྔར་ཟླ་བ་གཅིག་ཏུ་ཚོགས་མཆོད་ཕུལ་ནས་གསོལ་བ་བཏབ་པས་ཟླ་བ་གཅིག་རྫོགས་པ་དང་དགེ་ཚུལ་བའི་ཞལ་ནས། ངས་ནི་མྱ་ངམ་ཐང་ཆེན་ལ། །དམུས་ལོང་ཁྲིད་ནས་གཅིག་ལ་གཏད། །དེས་ཀྱང་རབ་རིབ་སྐྱོན་བསལ་ནས། །སེམས་ཀྱི་མེ་ལོང་བསྟན་པ་རྨིས། །དཔལ་ནཱ་རོ་པ་དང་མཇལ་བར་ངེས། །དྭ་ལོ་ཙ་བ་ཁྱོད་རང་སློབ་དཔོན་ཞི་བ་བཟང་པོའི་དྲུང་དུ་སོང་ལ་དེར་ཚོགས་མཆོད་འབུལ་ཞིང་གསོལ་བ་ཐོབ་ཅིག་ཅེས་ལུང་བསྟན། དེར་རྗེ་མར་པ་ལྷོ་ཕྱོགས་ཀྱི་རྒྱུད་ཧ་རི་པཪྤ་ཏར་གཤེགས་ཏེ་དཔལ་ཞི་བ་བཟང་པོ་ལ་གསེར་གྱི་ཕྱག་རྟེན་མང་དུ་ཕུལ་ཞིང་ཟླ་བ་གཅིག་ཏུ་ཚོགས་མཆོད་བཤམས་ནས་གསོལ་བ་བཏབ་པའི་མཐར། བླ་མ་ཞི་བ་
བཟང་པོས་ཇོ་བོ་ནཱ་རོ་པ་ཆེན་པོ་དང་མཇལ་བར་ལུང་བསྟན་པ། རྗེ་བཙུན་དཔལ་ལྡན་ནཱ་རོ་པ། །གླང་པོ་ཆེ་ཡི་གཟིགས་སྟངས་ཀྱི། །སྤྱན་མིག་གཉིས་ལ་ཉི་ཟླ་གཉིས། །འོད་ཟེར་བོད་དུ་བཀྱེ་བ་རྨིས། །ནཱ་རོ་པ་དང་མཇལ་ཏེ་མཆི། །དྭ་སྟེ་ལོ་ཙ་བ་ཁྱོད་རང་གི་བླ་མ་ཌཱ་ཀི་ནཱི་ཆུ་ཤིང་གི་སྙེ་མ་ཅན་དིང་སང་སོ་ས་གླིང་གི་དུར་ཁྲོད་ན་བཞུགས་པས་དེར་སོང་ལ་གསོལ་བ་འདེབས་གྲོགས་ཞུས་ཤིག་གསུང་བ་ལྟར་རྗེ་མར་པས་དུར་ཁྲོད་དུ་བྱོན་ནས། ཌཱ་ཀི་ནཱི་ཆུ་ཤིང་གི་སྙེ་མ་ཅན་ལ་གསེར་གྱི་ཕྱག་རྟེན་དང་ཟླ་བ་གཅིག་ཏུ་ཚོགས་མཆོད་ཕུལ་ནས་གསོལ་བ་བཏབ་པའི་དུས་སུ་ཇོ་མོའི་ཞལ་ནས། རི་གསུམ་རྩེ་ནས་དུང་འབུད་ཅིང་། །ལུང ་གསུམ་མདོ་ནས་ལམ་སྣ་འདྲེན། །བུམ་ནང་མར་མེ་འབར་བ་ཡིས། །འཛམ་གླིང་ཡོངས་ལ་གསལ་བ་རྨིས། །ནཱ་རོ་པ་དང་མཇལ་ཏེ་མཆི། །ཅེས་ལུང་བསྟན་ཏེ། དྭ་རང་ཅག་གི་བླ་མ་མངའ་བདག་མཻ་ཏྲི་པ་ཆེན་པོ་དེ་མེ་ཏོག་མདངས་ཅན་གྱི་དགོན་པ་བྱ་བ་ས་ཕྱོགས་མེ་ཏོག་དམར་
པོས་ཁྱབ་པའི་འོད་ཀྱིས་སྐྱེ་འགྲོ་དམར་པོར་བྱེད་པའི་ལྗོངས་ན་བཞུགས་ཀྱི་ལོ་ཙ་བ་ཁྱོད་རང་ཡང་དེར་སོང་ལ་གསོལ་བ་འདེབས་གྲོགས་ཞུས་ཤིག །ཅེས་མཻ་ཏྲི་པའི་སར་མངགས་པ་བཞིན་དུ་རྗེ་མར་པས་ཀྱང་མངའ་བདག་མཻ་ཏྲི་པའི་དྲུང་དུ་བྱོན་ནས་གསེར་གྱི་མཎྜལ་རྒྱ་ཆེན་པོ་དང་ཟླ་བ་གཅིག་ཏུ་ཚོགས་མཆོད་ཕུལ་ནས་གསོལ་བ་བཏབ་པའི་ནུབ་ཐ་མ་ལ་ཇོ་བོ་མཻ་ཏྲི་པའི་གསུང་ནས། ནོར་བུ་རྒྱལ་མཚན་རྩེ་ལ་འཕྱར། །དེད་དཔོན་ཆེན་པོ་གྲུ་གཟིངས་གཏོང་། །སྒེག་མོ་མེ་ལོང་ཟུར་མིག་ལྟ། །བྱ་ཞོན་མཁའ་ལ་རྒྱལ་མཚན་འཕྱར། །བྱ་མགོ་བོད་དུ་བསྟན་པ་རྨིས། །ནཱ་རོ་པ་དང་མཇལ་ཏེ་མཆི། །ཅེས་ལུང་བསྟན་པ་མཛད་ནས་ད་ལོ་ཙ་བ་ཁྱོད་རང་ཇོ་བོ་ནཱ་རོ་པ་ཉིད་ཀྱི་མཆོད་གྲོགས་བླ་མ་རི་རི་པ་དང་ཀ་སོ་རི་པ་གཉིས་ཀྱི་དྲུང་དུ་སོང་ལ་གསོལ་བ་འདེབས་གྲོགས་ཞུས་ཤིག་གསུང་། དེར་རྗེ་མར་པས་ལྗོངས་རྒྱུ་ཞིང་བཙལ་བས་རྣལ་འབྱོར་པ་མཆེད་གཉིས་ལྷན་ཅིག་པར་དུར་ཁྲོད་ནགས་ཚལ་
གྱིས་བརྒྱན་པ་ཞིག་ན་བཞུགས་འདུག་པ་ལ་གསེར་གྱི་མཎྜལ་དང་ཚོགས་ཀྱི་མཆོད་པ་ཟླ་བ་གཅིག་ཏུ་ཕུལ་བས་རྣལ་འབྱོར་གྱི་དབང་ཕྱུག་རི་རི་པས་ལུང་བསྟན་པ། སྔོན་ཚེ་བྲམ་ཟེ་བཟང་ལྡན་གྱིས། །རིགས་ངན་ཆོས་ཀྱི་རྒྱལ་པོ་ལ། །དགེ་བཟང་དཔང་བཙུགས་གསོལ་བཏབ་པའི། །འབྲས་བུ་འདིར་འབྱུང་མི་མཇལ་མེད། །ལོ་ཙ་བ་ཁྱོད་སྔོན་བཟང་ལྡན་ཟེར་བའི་བྲམ་ཟེ་དད་པ་ཅན་དུ་གྱུར་པའི་ཚེ། ནཱ་རོ་པ་རིགས་ངན་ཆོས་ཀྱི་རྒྱལ་པོ་བྱ་བའི་པཎྜི་ཏར་གྱུར་པ་ལ། ང་དང་ཀ་སོ་རི་པ་གཉིས་ཀུ་ས་ལི་དགེ་བ་དང་བཟང་པོ་བྱ་བར་གྱུར་པ་དཔང་དུ་བཙུགས་ཏེ་སྐྱེ་བ་ཕྱི་མར་མཇལ་བའི་སྨོན་ལམ་བཏབ་པའི་ཚེ། རིགས་ངན་ཆོས་ཀྱི་རྒྱལ་པོས་ཞལ་གྱིས་བཞེས་པ་ཡིན་པས་ད་རེས་ངེས་པར་མཇལ་ཏེ་འོང་གསུང་། དེར་བླ་མ་ཀ་སོ་རི་པའི་ཞལ་ནས། སྔོན་གྱི་བྱུང་བ་གུ་རུ་རི་རི་པས་གསུངས་པ་དེ་ཁོ་ན་ལྟར་ཡིན་པ་ཁོ་བོས་ཀྱང་དྲན་ཏེ། དེའི་ཕྱིར། གང་ཡང་སྐྱེ་བ་མེད་པ་ཡི། །སེམས་ཉིད་ཆོས་སྐུའི་མེ་ལོང་དེ། །རི་
མུན་པ་ཅན་གྱི་ནགས་འདབས་སུ། །ཟླ་བརྒྱད་ནས་ནི་སྟོན་པར་འགྱུར། །ཅེས་ཟླ་བ་བརྒྱད་ན་མཇལ་བར་ལུང་བསྟན་ཏེ། དེ་ལྟར་བླ་མ་ཐམས་ཅད་མཚན་ལྟས་མཐུན་པར་བཟང་བས་ཇོ་བོ་ནཱ་རོ་པ་ཆེན་པོ་དང་མཇལ་བར་འགྱུར་བའི་ལུང་བསྟན་ཐོབ་སྟེ་དེ་ནས་རྗེ་ལོ་ཙ་བ་ཆེན་པོ་དེ་ཉིད་བི་ཀྲ་མ་ལ་ཤྲཱི་ལར་བྱོན་ནས་ཤར་སྒོ་བརྩེགས་པའི་གཙུག་ལག་ཁང་དུ་ཧེ་བཛྲའི་རྩ་བཤད་ཀྱི་རྒྱུད་རྣམས་ལ་གཟིགས་རྟོག་མཛད་ཅིང་བཞུགས་པའི་ཚེ། རྗེ་བཙུན་ནཱ་རོ་པ་ཆེན་པོ་དེ་དྲན་ཆེས་པས་ཡིད་མི་བདེ་ཞིང་སེམས་འཕྱོ་ནས་གདུང་བའི་སེམས་ལ་བསྲན་ཐབས་མ་རྙེད་པར་ལྷོ་ཕྱོགས་ཀྱི་རྒྱུད་ན་སེང་ལྡེང་གི་ནགས་སྟུག་པོ་ཡོད་པའི་གསེབ་ན་ཕར་རྗེ་བཙུན་ཚོལ་དུ་བྱོན་པས་མ་རྙེད། དེ་ནས་ཡང་ཡུལ་ཀཽ་ཤཾ་བྷིར་ཚོལ་དུ་བྱོན་པའི་ཚེ། ལམ་རྒྱུས་མེད་པས་ས་འཁོར་ཏེ་རིགས་ངན་གྱི་གྲོང་ཞིག་ཏུ་ཆུད། དེར་ཕོ་བྲང་མེ་ཏོག་གི་སོ་བྱ་བར་རྒྱལ་པོ་དྲེགས་པས་བཙོན་དུ་བཟུང་བའི་ཚེ། བླ་མ་མར་པས་སྦྱིན་སྲེག་གི་ཐབ་ཁུང་
ནས་བཟའ་བཏུང་སྣ་ཚོགས་པ་འབྱུང་བའི་རྫུ་འཕྲུལ་མཛད་པས་རྒྱལ་པོ་དད་དེ་འབྲས་དཀར་མོ་བྲེ་གསུམ་དང་ཉ་ཤ་ཁོག་པ་གཅིག་རྒྱགས་སུ་བསྐུར་བ་བསྣམས་ཏེ། ང་མི་སྡོད་བླ་མ་ཚོལ་དུ་འགྲོ་གསུང་ནས། ཡང་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ན་ཕར་གཤེགས་པ་དང་རྗེ་པཎྜི་པ་བལ་པོ་ནས་བྱོན་པ་མཇལ་ཏེ། ཁོང་གིས་ལམ་སྣ་མཛད་ཅིང་ཕྱོགས་བཞིའི་དུར་ཁྲོད་དང་ནགས་ཚལ་ཀུན་ཏུ་བཙལ་བས། ཟླ་བ་གཅིག་སོང་བ་ན་བླ་མ་མར་པའི་མནལ་ལམ་དུ། ཇོ་བོ་ནཱ་རོ་པ་དེ་བཙུན་མོ་གཉིས་དང་ཐབས་གཅིག་ཏུ་སེང་གེ་ལ་ཆིབས་ཏེ་ཉི་ཟླའི་སྟེང་ན་གར་མཛད་པ་ཞིག་གཟིགས་པས་བླ་མ་དང་མཇལ་སྙམ་དུ་ཐུགས་སྤྲོ་བ་ཞིག་བྱུང་བའི་མོད་ལ་ནམ་མཁའ་ལས། བུད་མེད་གཉིས་ཀྱིས་མཐའ་བསྟེན་ཅིང་། །སེང་གེ་ཞོན་ནས་ཉི་ཟླ་ཡི། །སྟེང་ནས་གར་བསྒྱུར་གླུ་ལེན་པ། །རྨི་ལམ་འཁྲུལ་པས་མི་བསླུ་འམ། །ཞེས་གྲག་སྟེ་མི་སྣང་བར་གྱུར། ཟླ་བ་གཉིས་པ་ལ་ད་སྟེ་བླ་མ་དང་མཇལ་ལམ་མི་མཇལ་སྙམ་དུ་ཐེ་ཚོམ་མེ་བ་
ཞིག་ལ་བཙལ་བས་ཡང་ནམ་མཁའ་ལས། དད་གུས་རྒྱུན་ཆད་མེད་པའི་རྟ། །བརྩོན་འགྲུས་ལྕག་གིས་མ་བསྐུལ་ན། །ལེ་ལོའི་སྒྲོག་ཏུ་ཆུད་པར་མཆིའོ། །ཞེས་གྲག །ཟླ་བ་གསུམ་པ་ལ་བླ་མ་པཎྜི་པ་དང་གཉིས་ཀྱིས་མ་ཧེ་རྫི་མོ་ཞིག་ལ་རྔན་པ་བྱིན་ཏེ་ལམ་སྣ་བཅོལ་ནས་བཙལ་བས། ཅི་ཞིག་ན་ས་ལ་རྐང་པའི་རྗེས་གསལ་ཞིང་མཛེས་པ་ཅིག་འདུག་པ་གཟིགས་པས། རྗེ་པཎྜི་པའི་གསུང་ནས། འདི་བླ་མའི་ཞབས་རྗེས་ཡིན་པར་འདུག་གསུང་བས་གཉིས་ཀར་གྱིས་ཞབས་རྗེས་ཀྱི་ས་རྣམས་སྤྱི་བོར་བཀོད་དེ་གསོལ་བ་བཏབ་པའི་ཚེ་ནམ་མཁའ་ལས། རྗེས་ནི་བྱ་ལམ་ཇི་བཞིན་དུ། །ངོས་བཟུང་མེད་པར་མ་ཤེས་ན། །ཁྱི་ཡིས་བྱ་འཕུར་རྗེས་བསྙགས་བཞིན། །དོན་མེད་ཆལ་པར་ཤོར་ཉན་མཆིའོ། །ཞེས་གྲག །དེ་ནས་བླ་མ་པཎྜི་པ་ཕྱིར་གཤེགས་ཏེ། ཟླ་བ་བཞི་པ་ལ་བྲམ་ཟེའི་ཁྱེའུ་གསེར་འཕྲེང་ཅན་གྱིས་ལམ་སྣ་བྱས་ཤིང་བཙལ་བས་རྣལ་འབྱོར་པ་དུད་ཁྲོད་ཀྱི་རྒྱན་ཅན་ཞིག་ནགས་གསེབ་ན་ཕར་
རིབ་བེར་སོང་བས་ཁྱེའུ་ན་རེ། བླ་མ་དེ་ན་དེ་ན་ཟེར་བས་རྗེ་མར་པའི་ཐུགས་དགོངས་ལ། ངའི་བླ་མ་དེ་རབ་ཏུ་བྱུང་བ་ཡིན་པ་ལ་ཆ་ལུགས་འདི་འདྲ་བ་ཡོང་དོན་མེད་དམ་སྙམ་ཙ་ན། ནམ་མཁའ་ལས། གང་ཡང་སྐྱེ་བ་མེད་པ་ཡི། །རང་སེམས་ཆོས་ཉིད་ཆོས་སྐུ་རུ། །ཐེ་ཚོམ་སྦྲུལ་མདུད་མ་གློད་ན། །རྩེ་གཉིས་ཁབ་ཀྱིས་དོན་མི་འགྲུབ། །ཅེས་གྲག་སྟེ་མི་སྣང་བར་གྱུར། དེ་ནས་ཁྱེའུ་གསེར་འཕྲེང་ཅན་ཡང་དུབ་པས་ཕྱིར་ལོག་སྟེ། རྗེ་ལོ་ཙ་བ་ཆེན་པོ་ཉིད་གཅིག་པུར་དུར་ཁྲོད་དང་ནགས་ཚལ་ཐམས་ཅད་དུ་རྒྱུ་ཞིང་བཙལ་བས་ཟླ་བ་ལྔ་པ་ལ་ནགས་གསེབ་གཅིག་ཏུ་ཕེབས་ཙ་ན། གང་ནས་བྱོན་ཆ་མེད་པར་བླ་མ་ནཱ་རོ་པ་ཆེན་པོ་དང་ཏུག་གིས་མཇལ་བ་སྙམ་བྱེད་པ་ན། དགའ་ཆེས་པས་ཕྱག་ཀྱང་འཚལ་མ་ཁོམ་པར་མེ་ལོང་གི་མཎྜལ་ལ་གསེར་གྱི་ཚོམ་བུ་མང་དུ་བཀོད་ནས་ཕུལ་བས། སྣང་སྲིད་གདོད་ནས་དག་པ་ཡི། །ཞེན་མེད་མཎྜལ་མི་འབུལ་བར། །ཞེན་བཅས་རིན་ཆེན་མཎྜལ་གྱིས། །ཆོས་བརྒྱད་སྒྲོག་
ཏུ་ཆུད་པར་མཆིའོ། །ཅེས་གསུང་ཞིང་མཎྜལ་ལ་ཞབས་ཐོ་ཅིག་བརྒྱབ་ནས་ཡུད་ཀྱིས་ཐེགས་སོང་བའི་ཕྱིར་ཅུང་ཟད་བརྒྱུགས་ནས་བྱོན་པས་བླ་མ་ནགས་སྟུག་པོའི་གསེབ་ན་གར་བྱོན་ཆ་མེད་དེ་ཕྱགས་ཕྱི་ནི་མ་ཟིན། དེར་ཁོ་ཐག་ཀྱང་མ་ཆོད། སླར་བླ་མ་དང་མཇལ་བ་འདྲ་སྲིད་ན་གསེར་འབུལ་རྒྱུ་ཕལ་ཆེར་ཡང་འཐོར་སྙམ་དུ་ཐུགས་མ་བདེ་བ་ཞིག་བྱུང་ནས་ད་གིའི་ཤུལ་དུ་བྱོན་པས། གསེར་ཐམས་ཅད་མ་གོད་པར་མེ་ལོང་གི་སྟེང་ན་ཕུང་ངེར་འདུག་པ་ཚུར་བསྡུས་པས་ཅུང་ཟད་ཀྱང་ཉུང་དུ་མ་སོང་བར་འདུག །དེ་ནས་ཡང་ཚོལ་དུ་བྱོན་པས་ཟླ་བ་དྲུག་པ་ལ་ངམ་གྲོགས་ཞིག་གི་སུལ་ན་རྗེ་ནཱ་རོ་པ་དེ་མི་རོ་ཞིག་གི་ལྟོ་བ་གྲི་གུག་གིས་བཤགས་ཏེ་ཁྲག་ཞག་དང་དྲི་ཆེན་དྲི་ཆུ་སོགས་ཉག་ཉོག་མང་པོ་བཏོན་ནས། རོ་དེ་ཉིད་ཀྱི་ཐོད་པ་བྲེག་པའི་ནང་དུ་བླུག་སྟེ་མི་རྩིབ་ཀྱི་ཐུར་མས་གསོལ་ཞིང་བཞུགས་པ་དང་མཇལ་ཏེ། དེར་གསོལ་འཕྲོ་ཐུར་མ་གང་རྗེ་མར་པ་ལ་གནང་བྱུང་བ་ཅུང་ཞིག་གསོལ་མ་ནུས་
པ་ན། ཐུར་མ་ཀླད་ཁྲག་དང་བཅས་པ་དེ་དྲག་ཏུ་སྤྲུགས་ཏེ། བདེ་བ་ཆེན་པོའི་སྣོད་ཆེན་དུ། །བདེ་ཆེན་ལོངས་སྤྱོད་རོ་མཉམ་དག །བདེ་བ་ཆེན་པོར་མ་སྤྱད་ན། །བདེ་ཆེན་ལོངས་སྤྱོད་འབྱུང་མི་འགྱུར། །ཅེས་གསུངས་ཏེ་བླ་མ་མི་རོ་དང་བཅས་པ་སྐད་ཅིག་ལ་མི་སྣང་བར་གྱུར། དེར་གད་པའི་ངོས་ལ་ཀླད་ཁྲག་སྤྲུགས་པའི་ཟེར་མ་ཅིག་འཐོར་ནས་འདུག་པ་གསོལ་བས་དྲི་རོ་བཟང་པོ་དཔེ་མེད་པ་ཞིག་འདུག་སྟེ། བཟའ་བ་དེའི་མཐུས་བླ་མ་མར་པ་ཏིང་ངེ་འཛིན་གཅིག་གིས་ས་ཕྱོགས་དེ་ཉིད་དུ་ཞག་བདུན་འདས་པར་གྱུར་ཏོ། །སླར་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བརྩོན་པ་ཆེན་པོས་རྗེ་བཙུན་ཚོལ་དུ་གཤེགས་པས་ཟླ་བ་བདུན་པ་ལ་ནགས་གསེབ་ཞིག་ན་བྱེ་མའི་ངོས་ལ་ཞབས་ཀྱི་རྗེས་ལམ་མེར་བརྒྱབ་པའི་དཀྱིལ་ནས་པདྨ་དམར་པོ་ཁྲུ་གང་པ་ཅིག་སྐྱེས་ནས་འདུག་པ་དང་། ཡང་དེ་ནས་ཕ་ཚད་དུ་གཤེགས་པ་ན་རྡོ་སྔོན་པོ་གྲུ་བཞི་པའི་ངོས་ལ་ཕྱག་གི་རྗེས་གསལ་པོ་ཞིག་འདུག་པའི་དཀྱིལ་ན་ཙནྡན་དཀར་པོའི་
རྡོ་རྗེ་རྩེ་ལྔ་འགྲེང་ཐབས་སུ་བཙུགས་ནས་འདུག་པ་གཟིགས་ཏེ་དེ་གཉིས་ལ་ཕྱག་དང་བསྐོར་བ་ལན་མང་དུ་མཛད་ཅིང་གསོལ་བ་བཏབ། དེ་ནས་ཟླ་བ་བརྒྱད་པ་ལ་རྗེ་ལོ་ཙ་བ་ཆེན་པོ་དེ་ཉིད་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རི་བོ་མུན་པ་ཅན་གྱི་ངོས་སུ་ཙནྡན་གྱི་ནགས་སྟུག་པོའི་གསེབ་ན་ཕར་བླ་མ་ཚོལ་དུ་བྱོན་པས། ཙནྡན་གྱི་སྡོང་པོ་མཐོ་ལ་ཡངས་པ་ཡལ་ག་དང་ལོ་འདབ་ཕུན་སུམ་ཚོགས་པའི་ངོས་ལ་ཅུང་ཟད་མ་རེག་ཅིང་རེག་ལ་ཁད་པའི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་འཇའ་འོད་ཀྱི་གུར་ཕུབ་པ་ལྟ་བུ་ཤིན་ཏུ་གསལ་བ་དང་། ཡུམ་ལྷན་ཅིག་སྐྱེས་མ་རྣལ་འབྱོར་མའི་ཆ་བྱད་ཀྱིས་ཏིང་ངེ་འཛིན་ལ་བཞུགས་པའི་སྐུ་ཤེལ་ལྟར་དངས་པའི་སྙིང་རྩེ་མོ་གྱེན་དུ་བསྟན་པ་མེ་ཏོག་ལྟར་བྱེ་བའི་ནང་ན། ཨཥྚའི་སྔགས་ཀྱི་འཁོར་ལོ་མེ་ལོང་གི་གཟུག་བརྙན་ལྟར་སྐུས་མི་སྒྲིབ་པར་གསལ་བ་དང་། ཁར་གོང་གི་ཕ་བོང་ཤེལ་འདྲ་བའི་ངོས་ལ་རྗེ་ནཱ་རོ་པ་གཤེགས་པའི་ཞབས་གཉིས་ཀྱི་
རྗེས་སྤུ་བཤད་ཀྱི་རི་མོ་ཚུན་ཆད་རྫོགས་པ། དྲོད་མ་ཡལ་བའི་ངོས་ལ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ཤར་བ་རྣམས་གཟིགས་པས་དེ་རྣམས་ལ་ཕྱག་དང་བསྐོར་བ་མཛད་ཅིང་། བླ་མ་དང་མྱུར་དུ་མཇལ་བའི་གསོལ་བ་བཏབ། ལྷག་པར་ཞབས་རྗེས་ཀྱི་དྲུང་དུ་མཎྜལ་འབུལ་ཞིང་ཞག་བདུན་གྱི་བར་དུ་གདུང་བའི་སྨྲེ་སྔགས་ཀྱི་གསོལ་བ་དྲག་ཏུ་འདེབས་ཤིང་བཞུགས་པ་ན། དེར་རྗེ་བཙུན་ནཱ་རོ་པ་ཆེན་པོ་ཡེ་ཤེས་ཀྱི་སྐུ་ཅན་དེ་དངོས་སུ་བྱོན་ཏེ། དེ་ཡང་སྐུ་མདོག་དམར་ཆེན་བྱུ་རུ་བཟང་པོ་དྲུང་དུ་བཞག་པའང་སྐྱ་བོར་འགྲོ་བ་ཙམ་དུ་ཆེས་དམར་བ་ལ་བདག་ཉིད་རིགས་དྲུག་པ་རྡོ་རྗེ་སེམས་པའི་ངོ་བོ་ཤེས་རབ་སྟོང་པའི་རྒྱ་དང་མ་བྲལ་བའི་བརྡར་ཐལ་ཆེན་གྱིས་ཡམ་མེར་བྱུགས་པ། རང་གི་བླ་མ་དང་འདོད་ལྷ་ལ་ནང་ནུབ་ཏུ་འདུད་ཅིང་ཕྱག་འཚལ་བ་མི་བརྗེད་པའི་དོན་དུ་སྤྱི་བོར་དེ་བཞིན་གཤེགས་པ་མི་བསྐྱོད་པའི་བདག་ཉིད་ཀྱི་རུས་པའི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་
བ་ནས་དྲངས་པའི་དབུ་སྐྲ་རལ་པའི་ཐོར་ཚུགས་བཅིངས་པ་ལ་རྡོ་རྗེའི་རིགས་མཚོན་པའི་བརྡར་མི་བསྐྱོད་པའི་ཅོད་པན་ཅན། སྐྲ་མཚམས་སུ་སངས་རྒྱས་ལྔ་དག་པའི་ཐོད་པ་སྐམ་པོ་སོར་ལྔ་པའི་ཚད་ཀྱི་འཕྲེང་བ་རིན་པོ་ཆེའི་རྩེ་བྲན་དང་ལྡན་པས་མཛེས་པར་བརྒྱན་པ། བླ་མ་དང་ཡི་དམ་གྱི་ལྷ་ལ་སྨོད་པའི་ཚིག་མི་ཉན་པའི་ཕྱིར་དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱི་ངོ་བོ་མི་རུས་ཀྱི་ཝང་མིག་ལ་རུས་པའི་དྲིལ་ཆུང་བཏགས་པའི་བར་ན་ཁྲོ་ཞལ་གྱི་རི་མོ་གསུམ་ཡོད་པའི་རྣ་རྒྱན་དང་། རྟག་ཏུ་ཡི་དམ་གྱི་ལྷའི་སྙིང་པོ་དང་ཉེ་བའི་སྙིང་པོ་ལ་སོགས་པ་བཟླས་བརྗོད་བྱེད་པ་དང་མི་འབྲལ་བའི་བརྡར་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་བདག་ཉིད་རྐང་གི་ཚལ་བུ་མི་རུས་ཀྱི་ཕྲེང་བས་སྦྲེལ་བ་ལས་འཕྱང་བའི་རུས་འཕྲེང་གི་དྲ་བ་དང་དྲ་ཕྱེད་ཅན་གྱི་མགུལ་རྒྱན་དང་། ཕྱག་རྒྱ་བཞི་དང་ཡ་གར་སྦྱོར་བའི་བདེ་ཆེན་གྱི་ཡེ་ཤེས་ལས་ནམ་ཡང་མི་གཡོ་བའི་ཕྱིར་དེ་བཞིན་གཤེགས་པ་དོན་ཡོད་
གྲུབ་པའི་ངོ་བོ་ཉིད་རྐང་གི་ཚལ་བུ་གྲུ་བཞི་མཚལ་དང་རམས་ཀྱིས་ཁྲ་ཤིག་གེར་བྱས་པ་དག་མི་རུས་ཀྱི་འཕྲེང་བ་སུམ་རིམ་གྱིས་སྦྲེལ་བའི་སྐེ་རགས་ཀྱི་ནང་དུ་རོ་སྐྲའི་སྐུད་པས་ཉིས་རིམ་དུ་བརྒྱུས་པ་ལས་མི་རུས་ཀྱི་འཕྲེང་བའི་བར་བར་ན་རྐང་གི་ཚལ་བུ་ལ་ཁྲོ་ཞལ་གྱི་རི་མོ་ཡོད་པའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བའི་སྣེ་ལ་དྲིལ་བུ་དང་གཡེར་ག་འཁྲོལ་བས་སྐུའི་སྨད་བརྒྱན་ཅིང་། དཔའ་བོ་ཆེན་པོ་བདུད་བཞི་ལས་རྒྱལ་བའི་རྟགས་སུ་སྟག་གི་ལྤགས་པ་མགོ་མཇུག་དང་སྡེར་བཞི་མ་ཉམས་པ་གསར་པའི་སྨད་གཡོགས་གསོལ་བ། བདག་ཉིད་འཇིག་རྟེན་གསུམ་པོ་མཐའ་དག་གི་མཆོད་པའི་གནས་ཡིན་ནོ་བའི་བརྡར་རོ་སྐྲའི་སྐུད་པ་ལ་མི་རུས་ཀྱི་འཕྲེང་བ་མང་པོ་བརྒྱུས་ནས་དེ་ལ་མཚལ་དང་རམས་ལ་སོགས་པས་མིག་མང་རིས་སུ་ཁྲ་ཤིག་གེར་བྱས་པའི་མཆོད་ཕྱིར་ཐོགས་སེ་རལ་ཁར་མཛད་ཅིང་རྟག་ཏུ་སྲོག་ཆགས་གསོད་པ་སྤངས་པའི་བརྡར་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་རང་བཞིན་རྐང་
གི་ཚལ་བུ་གྲུ་བཞི་པ་དག་རུས་པའི་འཕྲེང་བ་སུམ་རིམ་གྱིས་སྦྲེལ་བའི་དཔུང་རྒྱན་དང་ཕྱག་ཞབས་ཀྱི་གདུ་བུས་མཛེས་པར་སྤྲས་པ། རྣམ་པར་ཐར་པའི་སྒོ་གསུམ་གྱི་རྡོ་རྗེ་རྩེ་གསུམ་པས་མཚན་པའི་ཁ་ཊྭཾ་ག་གྲུ་མོར་བསྟེན་པའི་ཕྱག་གཡོན་པས་ཐབས་བདེ་བའི་རང་བཞིན་གྱི་ཀ་པཱ་ལ་འཛིན་ཅིང་། གཡས་པའི་ཕྱག་གིས་སྔགས་ཀྱི་བཟླས་བརྗོད་ཀྱི་དག་པའི་ཅང་ཏེའུ་མི་རྒྱུས་ཀྱི་དྲ་བ་ཅན་བསྣམས་པའི་སྒྲ་ཁྲོལ་ལེར་སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པའི་གཟི་བྱིན་ཅན་ལང་ཙོ་རྒྱས་ཤིང་འོད་ཟེར་འབར་བ་ཞིག་རྗེ་ལོ་ཙ་བ་ཆེན་པོའི་མདུན་དུ་ཁྲོང་གིས་བྱོན། དེའི་ཚེ་བླ་མ་མར་པའི་ཐུགས་ལ། མཐོང་ལམ་ལྟ་བུའི་དགའ་བ་སྐྱེས། །རབ་ཏུ་དགའ་ཆེས་ངུ་འབོད་བཏབ། །གདུང་བའི་འཆི་མ་ཁྲག་ལྟར་ཟགས། །ཞབས་མཐིལ་སྤྱི་བོར་བླངས་ནས་ཀྱང་། །ཐུགས་རྗེ་ཆུང་ཞེས་སྨྲེ་སྔགས་བཏོན། །ལུས་བཙུན་མོ་ལྟ་བུར་སྐུ་ལ་འཁྱུད། །སྙིང་ལ་སྙིང་བཏད་དཔྲལ་བ་གཏུགས། །དུས་དེར་དབང་རྫོགས་སེམས་
ལ་བསྐུར། །དེ་ནས་གསེར་སྲང་དགུ་བཅུ་རྩ་ལྔ་ཐུམས་སྐོགས་བཀྲོལ་ཏེ་ཇོ་བོ་ནཱ་རོ་པ་ཆེན་པོའི་ཕྱག་ཏུ་ཕུལ་བས་བཞེས་སུ་མ་གནང་། དེར་རྗེ་མར་པས་བླ་མ་ལ་གསེར་གྱི་དགོས་པ་མི་མངའ་ཡང་། བདག་དང་བོད་ཀྱི་ཡོན་སྦྱོར་བ་རྣམས་ཚོགས་རྫོགས་པའི་སླད་དུ་ཅིས་ཀྱང་བཞེས་པར་ཞུ་འཚལ། ཅེས་ཡང་ཡང་བསྐྱར་ཏེ་ནན་གྱིས་ཞུས་པས། བླ་མ་ནཱ་རོ་པ་ཆེན་པོ་དེ་གསེར་དེ་སྙེད་ཅིག་ལ་ལྟོས་པ་སྤུ་རྩེ་ཙམ་ཡང་མེད་པར། བླ་མ་དང་དཀོན་མཆོག་མཆོད་ཅིག་གསུང་ནས་གསེར་ཐམས་ཅད་ནགས་གསེབ་ཏུ་གཏོར། དེའི་ཚེ་རྗེ་མར་པའི་ཐུགས་ལ་ཕངས་སེམས་ཅུང་ཟད་ཞིག་འཁྲུངས་པ་བླ་མས་མཁྱེན་ཏེ། ཕྱག་གཉིས་སྙིམ་པ་སྦུག་གིས་སྦྱར་བའི་ནང་དུ་གསེར་རྣམས་རྫུ་འཕྲུལ་གྱིས་བསྡུས་ཏེ། ལོ་ཙ་བ་ཁྱོད་རང་གི་གསེར་རྣམས་འདོད་ན་འདིར་ཡོད་དོ་གསུང་ནས་སྙིམ་པ་ཕྱེ་སྟེ་གནང་བྱུང་བས། གསེར་ཅུང་ཟད་ཀྱང་མ་གོད་པར་འདུག །དེར་རྗེ་མར་པས་དད་པའི་གདུང་ཤུགས་དྲག་པོས་གསེར་དེ་རྣམས་ཐམས་
ཅད་སླར་ཡང་བླ་མ་ནཱ་རོ་པ་ཆེན་པོ་ཉིད་ཀྱི་སྐུ་ལ་གཏོར་བས་གསེར་ཚན་ཅིག་དབུ་སྐྲའི་གསེབ་ཏུ་ཆགས། ཕལ་ཆེར་ཕྱག་གི་ཐོད་པའི་ནང་དུ་སོང་བ་རྣམས་བདུད་རྩིར་ལྟེམ་གྱིས་ཞུ་བ་ཞལ་དུ་གསོལ་ཏེ། ཁོ་བོ་ལ་གསེར་དགོས་པ་ཡོད་ན་འདི་ཐམས་ཅད་གསེར་གླིང་ཡིན་ནོ་གསུང་ནས་ཞབས་གཡས་པ་ས་ལ་དྲག་པོར་བརྡབས་པས་ས་གཞི་ཐམས་ཅད་གསེར་དུ་སྣང་བའི་རྫུ་འཕྲུལ་མཛད། དེ་ནས་རི་བོ་དེ་ཉིད་ཀྱི་ངོས་ན་ཙནྡན་གྱི་ནགས་མ་ལྗོངས་ནེའུ་གསིང་སྔོན་པོ་ཆུ་བྲན་དང་མེ་ཏོག་གིས་བརྒྱན་པ་དགའ་དགའ་ལྟར་འདུག་པ་ཞིག་ཏུ་ཕེབས་ཏེ། འདིར་ལོ་ཙ་བ་ལ་སྣ་ལེན་གྱི་ཚོགས་འཁོར་ཞིག་བྱེད་པ་ཡིན་གསུང་ནས་ཇོ་བོ་ནཱ་རོ་པ་དེ་ཤིང་ལྗོན་པ་ལོ་འདབ་རྒྱས་པ་ཞིག་གི་བསིལ་གྲིབ་ལ་རྒྱལ་པོ་ཆེན་པོ་རོལ་པའི་སྟབས་ཀྱིས་བཞུགས་ཏེ་དགུག་པའི་ལྟ་སྟངས་མཛད་པས། སྐད་ཅིག་གིས་ཉའི་རོ་གསར་པ་མ་ཉམས་པ་ཆེ་ལ་ཚོ་བ་ཅིག་ནམ་མཁའ་ནས་ལྷུང་བྱུང་བས། དེར་ཇོ་བོ་ནཱ་རོ་པ་ཆེན་
པོས་རྗེ་མར་པ་ལ་གྲི་གུག་ཅིག་གཏད་ནས་འདི་གཤོས་ཤིག་གསུང་སྟེ་བཤས་པས། ཉ་རོའི་ཁོག་པ་ནས་ཁ་ཟས་རོ་བརྒྱ་པ་ལ་སོགས་པ་འཁོར་ལོས་བསྒྱུར་བའི་ཁ་ཟས་སུ་འོས་པའི་བཟའ་བཏུང་གི་བྱེ་བྲག་གཙང་ཞིང་བསོད་པ་སྣ་ཚོགས་པ་དག་བྱུང་བ་ན། དུར་ཁྲོད་དང་གནས་ཆེན་པོ་རྣམས་ནས་དཔའ་བོ་དང་རྣལ་འབྱོར་མ་མང་པོ་ཏིང་ངེ་འཛིན་གྱིས་བཀུག་སྟེ། ཐམས་ཅད་ཀྱང་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་པར་བཞེངས་ནས་རྫུ་འཕྲུལ་གྱི་རྣལ་འབྱོར་རོལ་པ་མཐའ་ཡས་པས་མི་འགྱུར་བའི་བདེ་བ་ཆེན་པོ་བསྐྱེད་པའི་ཚོགས་ཀྱི་མཆོད་པ་བཟང་པོ་དཔེ་མེད་པ་ཅིག་མཛད་པའི་ཕྱི་དེ་ཉིན་མོ་རྗེ་མར་པ་ཆུ་ཡན་ལག་བརྒྱད་ལྡན་གྱི་རྫིང་བུ་ཞིག་འདུག་པ་ལ་ཁྲུས་མཛད་ཅིང་བཞུགས་པའི་ཚེ། མགུལ་དུ་ཨཥྚའི་བསྲུང་འཁོར་ཞིག་ཡོད་པ་ཕུད་ནས་རྫིང་བུའི་འགྲམ་དུ་བཞག་པ་ཁྭ་ཏས་ཁྱེར་བ་ལ། རྗེ་བཙུན་ནཱ་རོ་པ་ཆེན་པོས་རེངས་པའི་རླུང་སྦྱོར་དང་ལྟ་སྟངས་ཀྱིས་གཟིར་ཞིང་སྡིགས་མཛུབ་གཏད་ནས་ཧཱུྃ་
ཞེས་གསུངས་པས། ཁྭ་ཏ་དེ་ཡར་འཕུར་ཡང་མ་ཐུབ། ཕྱིར་འབབ་ཀྱང་མ་ཐུབ་པར་བར་སྣང་དེ་ཉིད་དུ་ཁྲེས་སེར་རེངས་པའི་ཁ་ནས་བསྲུང་འཁོར་རྗེ་མར་པའི་སྤྱན་སྔར་ལྷུང་བྱུང་བའི་ཚེ། ལོ་ཙ་བ་ཁྱོད་བོད་དུ་གཅོད་པ་ཐམས་ཅད་ལས་རྒྱལ་བ་ཡིན་ནོ། །ཞེས་གསུངས་ཏེ་རླུང་དང་ལྟ་སྟངས་བཀྲོལ་བས་ཁྭ་ཏ་ཡང་ནགས་གསེབ་ན་ཕར་རྒྱང་གིས་འཕུར་ནས་སོང་། དེར་བླ་མ་ནཱ་རོ་པ་ཆེན་པོས་ལས་རྒྱུ་འབྲས་ཀྱི་ཆོས་ཟབ་ལ་རྒྱ་ཆེ་བ་མང་དུ་གསུངས་ཤིང་། ཆོས་ཐམས་ཅད་རྟེན་འབྲེལ་དུ་སྟོན་པའི་ལམ་ཟུང་འཇུག་རབ་ཏུ་མི་གནས་པར་བསྟན། དེ་ནས་རྗེ་ལོ་ཙ་བ་ཆེན་པོས་བླ་མ་ལ་ཧེ་བཛྲ་ཕུགས་བསྡེབས་པའི་མན་ངག་ཅིག་ཞུ། ཞེས་གསོལ་བ་བཏབ་པས་རྗེ་བཙུན་ནཱ་རོ་པ་ཆེན་པོ་དེས་ཙནྡན་གྱི་སྡོང་པོ་གཅིག་གི་རྩེ་ལ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཞིག་སྤྲུལ་ནས་དབང་བསྐུར་བའི་ཚེ། བླ་མའི་ཐུགས་ཀ་ནས་ཡུམ་ལྷན་ཅིག་སྐྱེས་མ་
རྡོ་རྗེ་བདག་མེད་མ་དངོས་སུ་ཕྱུང་སྟེ། དེས་བུམ་དབང་འཁོར་བཅས་བསྐུར་ནས་གསང་མཚན་དྭེ་ཥ་བཛྲ་དུ་བཏགས། ཡང་བླ་མའི་ཐུགས་ཀ་ནས་ཨཥྚའི་སྔགས་འཕྲེང་མེ་ལོང་གི་གཟུགས་བརྙན་ལྟར་སྣང་བ་ཞལ་ནས་བྱུང་སྟེ་རྗེ་ལོ་ཙ་བའི་ཐུགས་ཀར་ཐིམ་པའི་མོད་ལ། རྗེ་མར་པས་སྣང་སྲིད་ཐམས་ཅད་དག་པའི་རྟེན་དང་བརྟེན་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་སུ་གཟིགས་ཤིང་། ཕུང་ཁམས་སྐྱེ་མཆེད་སྒྲིབ་བྲལ་དུ་དག་པའི་ཉམས་དང་རྟོགས་པ་ཐུགས་རྒྱུད་ལ་འཁྲུངས། དེ་ནས་གསང་བའི་དབང་བསྐུར་བའི་དོན་དུ་བླ་མ་མི་བསྐྱོད་ཧེ་རུ་ཀ་ཕྱག་བཅུ་དྲུག་པ་ཡབ་ཡུམ་དུ་བཞེངས་པའི་སྦྱོར་མཚམས་ནས་བདུད་རྩི་བྱང་སེམས་ཀྱི་རྒྱུན་བྱུང་བ་རྗེ་ལོ་ཙ་བའི་ཞལ་དུ་ཞུགས་པ་ན། སྐུ་ལུས་ཀྱི་རྩ་མདུད་ཐམས་ཅད་གྲོལ་ཏེ་རླུང་བཅུ་ཨ་ཝ་དྷུ་ཏཱིར་ཡེ་ཤེས་ཀྱི་རླུང་གི་ངོ་བོ་ཉིད་དུ་ཡོངས་སུ་དག །བླ་མ་ཉིད་ཧེ་རུ་ཀར་བཞེངས་པའི་ཡུམ་ལས་སྤྲུལ་པའི་རྣལ་འབྱོར་མ་ཕྱུང་སྟེ། རྗེ་ལོ་ཙ་བའི་ཕྱག་ཏུ་གཏད་པ་
ལ་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པའི་སྦྱོར་བས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ན། དཀར་དམར་སྒྲིབ་བྲལ་དུ་དག་པའི་རྐྱེན་གྱིས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་མངོན་དུ་གྱུར་ཏེ་ཟག་མེད་ཀྱི་བདེ་བས་ལུས་སེམས་གང་བས་ཞག་བདུན་གྱི་བར་དུ་བདེ་སྟོང་གི་ཏིང་ངེ་འཛིན་གཅིག་གིས་འདས་པའི་མཐར་བླ་མའི་གསུང་ནས། དུས་གསུམ་གྱི་དེ་བཞིན་གཤེགས་པ་མ་ལུས་པའི་གསུང་རབ་ཐམས་ཅད་ཀྱི་མཐར་ཐུག་གི་བརྗོད་བྱའི་དོན་ནོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་བླ་མའི་བྱིན་བརླབས་ཀྱི་སྟོབས་དང་གསང་སྔགས་བླ་ན་མེད་པའི་ལམ་གྱི་མཐུ་ལས། ད་ལྟ་ལོ་ཙ་བ་ཁྱོད་ཀྱི་རྒྱུད་ལ་མ་རིིག་པའི་སྒྲིབ་གཡོགས་མཐའ་དག་དང་བྲལ་བར་མངོན་སུམ་དུ་སྐྱེས་པ་འདི་ཡིན་པས། དེ་ལྟར་ཆོས་གཅིག་གི་དེ་ཁོ་ན་ཉིད་ཤེས་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཤེས་པར་འགྱུར་བའི་ཕྱིར་དཔེར་ན་ནམ་མཁའ་ལ་སྤྲིན་དེངས་པའམ། མཚོ་
ལ་འཁྱག་པ་ཞུ་བའམ། ཆུ་ལྟོངས་སུ་ཁ་བ་བབ་པ་ལྟ་བུར་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ཤེས་པས་ཉམས་དང་རྟོགས་པའི་རྩལ་སྦྱོངས་ཤིག་ཅེས་དབང་བཞི་པའི་དོན་ཚིག་གིས་བརྡ་སྤྲད་པའི་མཐར། རྒྱུད་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་ཕུགས་བསྡེབས་པ་གསང་བ་ཡེ་ཤེས་ངོ་སྤྲོད་སྟོང་པ་སྦར་ཟིན་གྱི་གདམས་པ་བསྟན་པས། རྗེ་ལོ་ཙ་བ་ཆེན་པོ་ཐུགས་དགྱེས་ཤིང་ཚིམ་སྟེ་གསང་སྔགས་ཀྱི་དོན་གོ་བ་ཅིག་བྱུང་ནས། ཇོ་བོ་ནཱ་རོ་པའི་ཞབས་ལ་ཕྱག་འཚལ་ཏེ་རང་གིས་རང་ལ་སྨོན་ལམ་བཏབ་པ། ལས་དང་སྐལ་བར་ལྡན་པའི་མར་པ་བན་ཆུང་བདག །བླ་མའི་བརྒྱུད་པ་མ་ཉམས་བཅུད་ཐོབ་པས། །ཚེ་འདི་ཉིད་ལ་མངོན་པར་སངས་རྒྱས་ཤོག །ཅེས་གསུངས་ཤིང་བྲོ་བརྡུངས་པས་དགྱེས་ཆེས་ཏེ་ཞབས་ལ་ཤིང་གི་འཛེལ་པ་ཟུག་པ་ཡང་མ་གསན། ཕྱིས་སྐྲངས་ནས་རྣག་ཞུགས་པ་ལས་མ་གསན་ནོ། །གཞན་ཡང་དུས་དེར་དཔལ་སྒྱུ་འཕྲུལ་ཆེན་
མོའི་རྒྱུད་ཀྱི་དོན་བསྡུས་པ། དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཀྱི་དགོངས་པ་གསང་བ་ཐུན་མོང་མ་ཡིན་པ། དགྱེས་གསང་སྒྱུ་གདན་བཞིའི་རྒྱུད་ཀྱི་དོན་བསྡུས་རྡོ་རྗེའི་ཚིག་དོན་ཁོལ་དུ་ཕྱུང་བ། དཔལ་གདན་བཞིའི་རྒྱུད་ཀྱི་ཁོང་སྙིང་ཕྱུང་བའི་མན་ངག །དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་གདམས་པ་གཏུམ་མོ་ཐུགས་ཀྱི་ཉིང་ཁུ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་བསྐྱེད་རྫོགས་རིམ་ལྔ་རྒྱུད་གསུམ་དུ་བསྡུས་པ། བདེ་མཆོག་རྩ་རྒྱུད་ཀྱི་བསྐྱེད་རྫོགས་རླུང་སེམས་ཁ་སྦྱོར། རྩ་རླུང་དྲ་མིག་འཁོར་ལོ་དང་ཕྱག་རྒྱ་ཆེན་པོ་ཚིག་བསྡུས་སོགས་མན་ངག་གི་ཤོག་དྲིལ་ཚན་བཞི། རྒྱལ་པོ་ཆོས་ཉིད་སྐྱེ་མེད། བློན་པོ་རིགས་གསུམ་ལས་བྱེད། དམངས་འཕྲིན་ལས་མཐུན་སྦྱོར་རྣམས་སློབ་བཤད་དུ་སྟོན་པ། ཐུགས་རྒྱུད་གདམས་སྐོར་བཅོ་ལྔ། རྡོ་རྗེ་རྣལ་འབྱོར་མའི་རྫོགས་རིམ་རླུང་སེམས་གཉིས་མེད་སྔ་རེས་རྡོ་རྗེ་གདན་ནས་སྤྱན་དྲངས་པའི་བཀའ་དཔེ་དང་མཐུན་པ་རྣམས་དགྱེས་བཞིན་དུ་གནང་
བ་གུས་པས་ནོད་དེ། བརྗོད་བྱ་དང་རྗོད་བྱེད་མ་ལུས་པ་ཐུགས་སུ་བྱོན་པར་མཛད་ཅིང་། དེ་དག་གི་གཞུང་རྣམས་ཀྱང་བླ་མ་ནཱ་རོ་པ་ཆེན་པོ་ཉིད་ཀྱི་ཞལ་སྔ་ནས་བྲིས་ཏེ་བོད་སྐད་དུ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། སྔ་རེས་ཕུལླ་ཧ་རིར་གསན་པའི་བསྲེ་འཕོ་མཚམས་སྦྱོར་གྱི་གདམས་པ་ཐབས་ལམ་ནཱ་རོའི་ཆོས་དྲུག་ཏུ་གྲགས་པ་དང་། བརྒྱུད་པ་ཡིད་བཞིན་ནོར་བུ། སྨིན་ལམ་ཡིད་བཞིན་ནོར་བུ། གྲོལ་ལམ་ཡིད་བཞིན་ནོར་བུ་ཏེ་ནོར་བུ་སྐོར་གསུམ་གྱི་མན་ངག་བདེ་མཆོག་མཁའ་འགྲོ་སྙན་རྒྱུད། ཁ་ཆེའི་དུར་ཁྲོད་དུ་མཁའ་འགྲོས་ལུང་བསྟན་པ་བཞིན་རྡོ་རྗེ་གདན་གྱི་དཔེ་སྒྲོམ་ནས་སྤྱན་དྲངས་པའི་བསྐྱེད་རིམ་ལྷན་ཅིག་སྐྱེས་མའི་སྐོར་རྣམས་ལ་ཡང་དོགས་གཅོད་དང་ནན་ཏན་དཔྱིས་ཕྱིན་པར་མཛད་དོ། །དེའི་ཚེ་རྗེ་ལོ་ཙ་བ་ཆེན་པོ་དེ་རྒྱ་ཚད་ཀྱི་བསྙུན་དྲག་པོས་བྲོ་འཚལ་ཏེ་དབུགས་དེའུ་ཆད་དེའུ་ཤི་ཡང་ལན་བཅུ་གསུམ་ཙམ་བྱུང་བ་ལ་བླ་མ་ནཱ་རོ་པས་ན་ཚ་བོགས་སུ་དབྱུང་བའི་གཟེར་སོགས་གེགས་སེལ་
གཟེར་ལྔ་དང་འབྱུང་བཞི་རོ་སྙོམས་ཀྱི་གདམས་པ་གནང་བས་བསྙུན་རྣམས་གཞི་མེད་དུ་ལེགས་པར་དེངས་ཏེ། དེ་ལྟར་རྗེ་མར་པ་བླ་མ་ཆེན་པོ་ནཱ་རོ་པ་དང་མཇལ་ནས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་བཞིན་དུ་སྐད་ཅིག་ཀྱང་མ་བྲལ་བར་ཟླ་བ་བདུན་སོང་བ་ན། ཉིན་གཅིག་རྗེ་བཙུན་ནཱ་རོ་པའི་ཞལ་ནས། ད་སྟེ་ཞག་བདུན་ན་ཉི་མ་ཟློག །དེ་ནས་ཞག་བདུན་ན་དུར་ཁྲོད་དུ་སོང་དང་དེར་ཕ་རོལ་ཏུ་ཕྱིན་མ་ཆུ་ཤིང་གི་སྙེ་མ་ཅན་དང་མཇལ་ཏེ་འོང་། དེས་འཕོ་བའི་རྟགས་དང་ལག་ལེན་དངོས་སུ་སྟོན་པར་འགྱུར་བས་ཞུས་ལ་ཤོག་ཅིག་གསུང་ནས་ཤིང་ཚལ་གྱི་གསེབ་ན་ཕར་བཞུད། དེར་རྗེ་མར་པས་ཞག་གྲངས་རྩིས་ནས་བླ་མས་ལུང་བསྟན་པའི་དུར་ཁྲོད་དུ་བྱོན་ཏེ་མཎྜལ་དང་མཆོད་པ་བཤམས་ནས་བཞུགས་པས། དེའི་ནུབ་མོ་མ་བྱོན། ཕྱི་དེ་ཉིན་མོ་བྱོན་ཏེ་ཕ་རོལ་ཏུ་ཕྱིན་མ་དེས་བྲང་ཁ་ཕྱེ་ཞིང་ལྟོ་བ་གཤགས་ནས་ཀླུ་དབང་འཁྱིལ་པ་འཕོ་བའི་ལག་ལེན་དངོས་སུ་
བསྟན་ཅིང་། གདན་བཞི་ལ་བརྟེན་པའི་འཕོ་བའི་གདམས་པ་བླ་མ་བརྒྱུད་པའི་སྔགས་ཀྱི་མན་ངག་ཅེས་པ་གནང་བས། རྗེ་ལོ་ཙ་བ་ཆེན་པོའི་སྐུ་གསུང་ཐུགས་ལ་བླ་མའི་བྱིན་རླབས་དངོས་སུ་ཞུགས་པས་ངེས་ཤེས་སྐྱེས་ཏེ། གསང་སྔགས་ཀྱི་ལམ་ལ་ངོ་མཚར་སྐྱེས་ནས། སླར་བླ་མ་ནཱ་རོ་པ་ཆེན་པོའི་སྤྱན་སྔར་བྱོན་པས་རི་མུན་པ་ཅན་གྱི་འདབས་སུ་ཕེབས་པ་ཙམ་ནས་སྔོན་མ་ཚོར་བའི་དྲི་ཞིམ་པོའི་ངད་ཕྱོགས་ཐམས་ཅད་དུ་ཁྱབ་པར་འཐུལ་ཞིང་འདུག །དེ་ནས་རི་བོའི་ངོས་བསེར་བུ་བསིལ་བ་ཙནྡན་གྱི་དྲི་བསུང་ཅན་དག་གིས་འདབ་མ་བསྐྱོད་པའི་ནགས་ཚལ་དང་ལྡན་པ་ག་ལ་བར་འཛེགས་ཏེ་གཤེགས་པ་ན། རྗེ་བཙུན་ནཱ་རོ་པ་ཆེན་པོ་དེ་སྔར་གྱི་གནས་དེ་ཉིད་ན་ནོར་བུ་མཐོན་ཀ་ཆེན་པོའི་ཁྲིའི་སྟེང་ན་པདྨ་དམར་པོ་ཤིང་རྟའི་འཕང་ལོ་ཙམ་བརྩེགས་པའི་གདན་ལ་སྐུ་ཉི་མ་བརྒྱའི་འོད་པས་ལྷག་པའི་འོད་ཟེར་འབར་བས་བཞུགས་པ་ལ་ལང་ཙོ་དང་རྒྱན་གྱིས་མཛེས་པ་བརྗོད་དུ་མི་བྲ་བའི་གཞོན་ནུ་མ་མང་པོས་
གླུ་གར་དང་རོལ་མོའི་སྒྲ་དག་བྱེད་ཅིང་། ཁམས་གསུམ་གྱི་འདོད་ཡོན་ལ་འདིར་མ་ཚང་བ་མེད་དམ་སྙམས་པའི་འདོད་ཡོན་གྱི་ལོངས་སྤྱོད་ཟག་པ་དང་བྲལ་བ་མཛད་དུ་མེད་པས་བཀུར་སྟི་འབུལ་ཞིང་། དཔའ་བོ་དང་རྣལ་འབྱོར་མ་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་བསྟོད་དེ་ཕྱག་དང་སྐོར་བ་བྱེད་ཅིང་འདུག་པ་དང་མཇལ་ཏེ་ཕྱག་མཛད་པའི་ཚེ། རྗེ་ལོ་ཙ་བའི་ཐུགས་དགོངས་ལ་སྔར་བླ་མ་ཚོལ་བའི་དཀའ་ལས་ལ། ད་སྟེ་བོད་དུ་ལོག་ཁ་ན་མེད་མ་ཤིའི་བར་དུ་བླ་མ་དང་འབྲལ་མེད་ཅིག་བྱེད་དགོས་དགོངས་པ་ཤར་བ་དེ་བླ་མ་ནཱ་རོ་པ་ཆེན་པོས་མཁྱེན་ནས། རྗེ་མར་པ་ལ་པདྨ་དམར་པོའི་འཕྲེང་བ་བརྒྱ་རྩ་བརྒྱད་པ་ཞིག་གནང་སྟེ་ཡེ་ཤེས་ཀྱི་མཁའ་འགྲོས་རྗེ་བཙུན་ཏཻ་ལོ་པ་ལ་ང་ལུང་བསྟན། རྗེ་བཙུན་ཏཻ་ལོ་པས་ཀྱང་ང་ལ་ལོ་ཙ་བ་ཁྱོད་ལུང་བསྟན་པ་ཡིན་ཏེ། དེའི་ཕྱིར་ཁོ་བོས་ཁྱོད་ཉིད་བོད་ཡུལ་གྱི་སེམས་ཅན་བསམ་གྱིས་མི་ཁྱབ་པ་སྲིད་པའི་ཆུ་ཀླུང་ལས་གདོན་པའི་དེད་དཔོན་དུ་མངའ་གསོལ་
ཞིང་བྱིན་གྱིས་བརླབས་པ་ཡིན་པས་ཅིས་ཀྱང་བོད་དུ་སོང་ལ། ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ས་ལམ་གྱི་རྟོགས་པ་སྤེལ། བསྟན་པའི་མཐར་ཐུག་གསང་སྔགས་ཀྱི་ཐེག་པའི་ལམ་བསྐྱེད་རྫོགས་གཉིས་ཀྱི་སྒོ་ནས་སྐལ་བ་དང་ལྡན་པ་རྣམས་སྨིན་གྲོལ་དུ་གྱིས་ཤིག །ཁྱོད་ལ་སློབ་མ་བས་ཀྱང་ཡང་སློབ་བཟང་བའི་བརྒྱུད་པ་དཔག་ཏུ་མེད་པ་འབྱུང་སྟེ་བསྟན་པ་རྒྱས་པར་འགྱུར། ཁྱོད་ཀྱི་སློབ་མ་དང་ཡང་སློབ་ནས་བཟུང་སྟེ་མི་རབས་བཅུ་གསུམ་གྱི་བར་དུ་མཁའ་སྤྱོད་ལ་འགྲོ་ཞིང་། ཁྱོད་ཀྱི་རྗེས་འཇུག་ཕལ་ཆེར་གསང་སྔགས་ཀྱི་དོན་རྟོགས་པའི་སར་གནས་ཀྱི་སེམས་དཔའ་ཆེན་པོ་ཕྱི་ལྟར་ཉན་ཐོས་ཀྱི་བརྟུལ་ཞུགས་ལ་གནས་པ་ཤས་ཆེར་འབྱུང་ལ། གཞན་ཡང་ཆ་ལུགས་ངེས་མེད་ཀྱི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་འཛིན་ཅིང་རང་གཞན་གྱི་དོན་གྲུབ་པ་མང་དུ་འབྱུང་བར་འགྱུར་རོ། །ཞེས་གསུངས་ཏེ་ཕྱག་མར་པའི་དབུ་ཐོག་ཏུ་བཞག་ནས། སླར་ཡང་ཚིགས་སུ་བཅད་པས་གསུང་པ། སྔོན་ཚུལ་
བཞིན་སྦྱངས་པའི་ལས་འཕྲོ་ཅན། །བོད་ཡུལ་གྱི་མར་པ་ལོ་ཙ་ཁྱོད། །འཁོར་ལོས་བསྒྱུར་རྒྱལ་རིན་ཆེན་འཛིན། །ཞེན་པ་རྡོ་ལ་ཡི་གེ་བྲིས། །རིགས་བརྒྱུད་ནམ་མཁའི་མེ་ཏོག་ཡལ། །ཆོས་བརྒྱུད་ཆུ་བོའི་བཞུང་ལས་རིང་། །སེང་གེ་ཁྱུང་གི་ཕྲུག་གུ་བཞིན། །བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །ཐེག་ཆེན་སྙིང་པོའི་དོན་བསྡུས་ནས། །ལས་ཅན་སྨིན་དང་གྲོལ་བྱེད་པ། །སྐལ་ལྡན་གདུལ་བྱའི་རྒྱལ་པོ་ཁྱོད། །ཆོས་ཀྱི་རྒྱལ་སྲིད་ལ་བསྐོས་ཕྱིར། །ད་ནི་བོད་ཡུལ་དབུས་སུ་སོང་། །བྱང་ཕྱོགས་ཁ་བ་ཅན་ལྗོངས་ན། །སྤོས་ཀྱི་ཤིང་རྣམས་སྐྱེ་བའི་ས། །སྨན་སྣ་ཚོགས་སྐྱེ་བའི་རི་མགུལ་ན། །སྐལ་ལྡན་གདུལ་བྱ་སྣོད་ལྡན་ཡོད། །ཁྱོད་དེ་རུ་སོང་ལ་འགྲོ་དོན་གྱིས། །བུ་ཁྱོད་ཀྱི་འགྲོ་དོན་འགྲུབ་སྟེ་མཆི། །སྐྱེ་བ་འདི་ཡི་འོག་རོལ་ཏུ། །མཉམ་ཉིད་བདེ་བ་ཆེན་པོའི་གནས། །འོད་གསལ་གྱི་ངང་དུ་མཇལ་བར་བགྱི། །བུ་ཁྱོད་དང་ང་ལ་འདུ་འབྲལ་མེད་དེ་ཡོན་ཏན་དང་འཕྲིན་ལས་གཉིས་སུ་མེད་ཅིང་ངོ་བོ་དབྱེར་མེད་
པའི་གོ་འཕང་དུ་གྲུབ་པས། བུ་ཁྱོད་རྣམ་སྨིན་གྱི་ཕུང་པོ་འཇིགས་པའི་ཚེ་ཡང་ཁོ་བོ་བསུར་འོང་གིས་དགའ་བར་གྱིས་ལ་གསོལ་བ་ཐོབ་ཅིག །ཁྱོད་སྐྱེ་བ་འདིའི་འོག་ཏུ་རྒྱ་གར་ཤར་ཕྱོགས་ཀྱི་རྒྱུད་ཧ་རི་ཀ་པའི་གླིང་དུ་པདྨ་ལས་བརྫུས་ཏེ་སྐྱེས་པ་མི་ཕྱེད་སྦས་པའི་རྡོ་རྗེ་ཞེས་བྱ་བར་གྱུར་ནས་ལྷོ་ཕྱོགས་དཔལ་གྱི་རི་ལ་ང་དང་ཕྲད་དེ་སྤྱོད་པ་མཐར་ཕྱིན་ནས་སྐྱེ་བ་དེ་ཉིད་ལ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་གནས་སྐབས་དང་མཐར་ཐུག་གི་ཞལ་ལྟ་དང་ལུང་བསྟན་རྒྱ་ཆེར་མཛད་དོ། །དེའི་ཚེ་རྗེ་མར་པའི་ཐུགས་ལ། བླ་མའི་བཀས ་བདག་བོད་དུ་ཅི་ནས་ཀྱང་མི་འགྲོར་མི་རུང་ན་སྔར་གསུང་སྒྲོས་ཅིག་ལ་འདུས་པ་འཕགས་ལུགས་འདི་ལ་ཁྱད་ཆོས་རིམ་ལྔ་གདན་གཅིག་ལ་རྫོགས་པར་བསྒོམ་པ་བྱ་བ་ཞིག་ཡོད་གསུང་བ་དེ། དེ་སྔ་ཞུས་སུ་མ་ཚོར་བས་དེ་ཅིས་ཀྱང་ཐོབ་པ་ཅིག་བྱེད་དགོས་དགོངས་ཏེ། གསེར་གྱི་མཎྜལ་བཤམས་ནས་ཞུ་བ་ཡང་ཡང་ཕུལ་ནས་ཞུས་པས། དཔལ་ནཱ་རོ་པ་ཆེན་པོ་
དེ་ཤིང་ཏཱ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ཏེ་དེར་ཏ་མ་ལའི་ཕྱེ་མ་དང་ལྷའི་མེ་ཏོག་གི་ཆར་ཁྲ་ཆོལ་ལེར་འབབ་ཅིང་། ཀཪྤཱུ་ར་དང་དུས་ཀྱི་རྗེས་སུ་འབྲང་བའི་ཙནྡན་གྱི་དྲི་བཟང་པོ་ཕྱོགས་ཀུན་ཏུ་འཐུལ་ལ། གནས་ཆེན་པོ་སོ་གཉིས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་བུན་ལོང་དུ་བྱེད་པའི་དབུས་ནས་རྗེ་བཙུན་ནཱ་རོ་པ་ཆེན་པོ་དེས་ཚངས་པའི་དབྱངས་ཀྱིས་དྲུག་འགྱུར་གྱི་གླུའི་གདངས་སུ། རྡོ་རྗེ་འཆང་དང་ཤེས་རབ་བཟང་། །ས་དང་དུས་མཐར་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་གྲགས་ཆེན་རྣམས། །ཐུགས་རྗེས་དགོངས་ནས་བྱིན་གྱིས་རློབས། །ཞེས་སོགས་དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་ཁྱད་ཆོས་རིམ་ལྔ་གདན་གཅིག་ལ་རྫོགས་པར་སྒོམ་པ་སྟོང་ཉིད་སྤར་ཟིན་རྩ་བའི་ཟབ་དོན་ཞལ་གདམས་སུ་བཅས་པ་གསུངས་པའི་མཐར། པཉྩ་ཀྲ་མ་རིམ་པ་ལྔའི། །དོན་བསྡུས་ནཱ་རོའི་གདམས་པ་འདི། །རྟོག་གེ་པ་ཡི་ཡུལ་མིན་ཞིང་། །འགྲེལ་པ་མཁན་གྱིས་ཤེས་མི་
འགྱུར། །ཡེ་ཤེས་མེ་འབར་ནཱ་རོ་བདག །བླ་མའི་བཀའ་བརྒྱུད་མ་ཉམས་པའི། །རིམ་ལྔ་གདན་གཅིག་བསྒོམ་པ་འདི། །ཞེ་ལ་ཞོག་ཅིག་ལོ་ཙ་བ། །འགྲོ་བ་གཞན་ལ་སྨྲས་ན་ན་ར་སྐན། །ཅེས་གསུང་ནས་བླ་མ་ནཱ་རོ་པ་ཆེན་པོ་དེ་དཔའ་བོ་དང་རྣལ་འབྱོར་མའི་འཁོར་དང་བཅས་ཏེ་སྐད་ཅིག་གིས་མི་སྣང་བར་གྱུར་ཏོ། །དེ་ལྟར་རྗེ་ལོ་ཙ་བ་སྤྱན་ཡེངས་པའི་བར་ལ་མི་སྣང་བར་གྱུར་ཏེ། ཇོ་བོ་ནཱ་རོ་པ་དེ་སྤྱོད་པ་ལ་གཤེགས་པའི་རྗེས་ནས་ཀྱང་བླ་མ་མར་པ་དང ་མཇལ་ཏེ་རྫུ་འཕྲུལ་ཡ་མ་ཟུང་བསྟན་པའི་ཚུལ་རགས་པ་ཙམ་ནི་དེ་སྙེད་ཅིག་གོ །ཡང་དེའི་ཚེ་སྐལ་བ་དང་ལྡན་པ་གཞན་དག་གིི་ངོར་དཔལ་ནཱ་རོ་པ་ཆེན་པོས་ཡེ་ཤེས་ཀྱི་སྐུའི་རྣམ་པར་རོལ་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཛད་པ་རྗེ་མར་པས་ཡང་ནས་ཡང་དུ་གཟིགས་པ་ལས། ངོ་མཚར་བ་ཆེ་ལོང་ཞིག་སྨྲོས་པ་ནི། རེ་ཞིག་དུར་ཁྲོད་ཆེན་པོ་སོ་སའི་གླིང་དུ་ཟླ་བ་ཡར་ངོའི་ཚེས་བཅུ་ུབཞི་ཞིག་ལ་དཔལ་ནཱ་རོ་པས་དབུ་མཛད་པའི་དཔའ་བོ་དང་རྣལ་འབྱོར་མ་
འདས་ལམ་གྱི་རྫུ་འཕྲུལ་གྲུབ་པ་མང་དུ་འདུས་ནས་ཚོགས་ཀྱི་འཁོར་ལོ་མཛད་ཅིང་འདུག་པའི་སར་རྗེ་ལོ་ཙ་བ་ཆེན་པོས་ཀྱང་ཕེབས་ཏེ། དེའི་དུས་སུ། ཡེ་ཤེས་སྐུ་ཅན་རྗེ་བཙུན་ནཱ་རོ་པ། །བཅོམ་ལྡན་བདེ་མཆོག་འཁོར་ལོ་ཡབ་ཡུམ་གྱི། །རྣམ་པར་བཞེངས་པའི་སྐུ་ཡི་གནས་རྣམས་ལས། །རབ་འབྱམས་རྒྱུད་སྡེའི་དཀྱིལ་འཁོར་སྤྲོ་བ་གཟིགས། །རལ་པའི་ཅོད་པན་རྩེ་མོའི་ནོར་བུ་ནས། །མི་བསྐྱོད་རིགས་ཀྱི་བདག་པོ་ཡན་ཆད་དུ། །དུས་གསུམ་གཤེགས་པའི་སངས་རྒྱས་མ་ལུས་གཟིགས། །གཡོན་ཕྱོགས་ཟུར་ཕུད་བརྒྱན་པའི་ཟླ་ཕྱེད་ཀྱི། །ངོས་ལ་རབ་དཀར་འཁོར་ལོ་སྡོམ་པའི་སྐུ། །ཕག་མོ་དམར་མོས་ཀུན་ནས་འཁྱུད་པ་གཟིགས། །ཧེ་རུ་ཀར་བཞེངས་བླ་མའི་སྙན་གཉིས་ལ། །གནས་མཆོག་ཉེར་བཞིའི་དཔའ་བོ་དཔའ་མོ་གཟིགས། །སྐུ་སྨད་སྟག་གི་ལྤགས་པའི་ཤམ་ཐབས་ལ། །རྗེ་བཙུན་ནག་པོ་ཆེན་པོ་ཕྱག་བཞི་པ། །འགྱིང་བག་རབ་ཏུ་འཇིགས་པའི་ཚུལ་མཛད་ཅིང་། །དགྱེས་པའི་གད་
རྒྱངས་ཧ་ཧཱར་སྒྲོག་པ་གཟིགས། །ཡང་ལན་ཅིག་གི་ཚེ་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ནས་དེད་དཔོན་ཙཀྲ་དང་། ཆང་འཚོང་གི་བུ་མོ་ཀུཎྜ་ལི་གཉིས་ཀྱིས་དཔལ་ནཱ་རོ་པ་ཆེན་པོ་ལ་ལོ་གཅིག་གི་གོང་ནས་འཁར་བའི་མཎྜལ་ཀཪྵ་པ་ནའི་མེ་ཏོག་གིས་བརྒྱན་པ་ཕུལ་ནས། དཔལ་སྡོམ་པའི་ལུགས་ཀྱི་ཚོགས་ཀྱི་འཁོར་ལོ་མཛད་པར་གསོལ་བ་བཏབ་པས་རྗེ་ནཱ་རོ་པ་ཆེན་པོས་ཀྱང་ཞལ་གྱིས་བཞེས་ཏེ། དེར་དེད་དཔོན་ཙཀྲ་དང་བུ་མོ་ཀུནྜ་ལི་གཉིས་ཀྱིས་སེང་ལྡེང་གི་ནགས་ཀྱི་དུར་ཁྲོད་དུ་ཚོགས་ཀྱི་ཁང་པ་རིམ་པ་གསུམ་པ་ཞིག་བྱས་ཏེ། ལོངས་སྤྱོད་ཀྱི་འབྱོར་པ་དཔག་ཏུ་མེད་པས་ཚོགས་དང་གཏོར་མ་རྒྱ་ཆེན་པོ་བཤམས་ནས་དད་པའི་ཡིད་རྩེ་གཅིག་པས་རིན་པོ་ཆེའི་སྤོག་ཕོར་དུ་བདུག་སྤོས་བཟང་པོ་ནི་བསྲེགས། འོ་མ་ཅན་གྱི་ཨརྒྷའི་རྒྱུན་ནི་སྦྲེང་ཞིང་སྙིམ་པ་མེ་ཏོག་དང་བཅས་པས་སྤྱན་དྲང་བའི་སླད་དུ་གསོལ་བ་བཏབ་པ་ན། རྗེ་བཙུན་ནཱ་རོ་པ་ཆེན་པོ་དེ་ཐོགས་པ་མེད་པའི་རྫུ་འཕྲུལ་གྱིས་ནམ་མཁའི་ལམ་
ནས་སྐད་ཅིག་གིས་ཚོགས་ཀྱི་ཁང་པ་དེར་གཤེགས་ནས། ཕྱོགས་ཐམས་ཅད་དུ་སྒོར་རེར་གཟིགས་ཏེ་འབར་བའི་ཕྱག་རྒྱ་སྨིན་མཚམས་སུ་བསྐོར་ཞིང་ཕེཾ་ཞེས་གསུངས་པའི་མོད་ལ། ཕྱོགས་དང་ཕྱོགས་མཚམས་ངེས་པ་མེད་པ་ནས་སྐད་ཅིག་མ་གཅིག་ལ་རྣལ་འབྱོར་ཕོ་མོ་དྲུག་ཅུ་རྩ་གཅིག་ཚོགས་ཀྱི་ཁང་པ་དེའི་སྒོར་རྫུ་འཕྲུལ་གྱིས་བྱོན་པ་རྣམས་དཔལ་ནཱ་རོ་པ་ཆེན་པོའི་བཀས། བརྡ་དང་བརྡའི་ལན་གྱིས་ནང་དུ་ཞུགས་ཏེ་ཚོགས་ཀྱི་འཁོར་ལོ་མཛད་པ་ཡང་རྗེ་ལོ་ཙ་བ་ཆེན་པོས་གཟིགས་ཏེ། དེའི་དུས་སུ་རྗེ་བཙུན་ནཱ་རོ་པས་རྫུ་འཕྲུལ་ཇི་ལྟར་མཛད་པ་ནི། དེ་ཚེ་རྗེ་བཙུན་ནཱ་རོའི་ཐུགས་ཀ་ནས། །བཅོམ་ལྡན་འཁོར་ལོ་སྡོམ་པའི་ལྷ་ཚོགས་རྣམས། །རིམ་པར་ཐོན་ཏེ་མདུན་བསྐྱེད་མཎྜལ་གྱི། །སྟེང་དུ་རིམ་པ་ཇི་བཞིན་བཞུགས་པ་ལ། །མཆོད་བསྟོད་ལ་སོགས་ཆོ་གའི་རིམ་པ་ནི། །རྒྱས་པར་མཛད་ཚེ་ནཱ་རོ་ཆེན་པོ་དེ། །རུས་པའི་རྒྱན་དྲུག་སྐུ་ལ་གསོལ་ནས་ནི། །རྡོ་རྗེ་དྲིལ་བུ་ཕྱག་ཏུ་བསྣམས་ནས་
ཀྱང་། །ཁྲུ་གང་ཚད་ཀྱི་མཁའ་ལ་རབ་འཕགས་ཏེ། །གཡས་བརྐྱང་གར་གྱི་རོལ་པས་བཞུགས་པ་གཟིགས། །དུས་དེར་རྣལ་འབྱོར་ཕོ་མོ་གཞན་རྣམས་ཀྱང་། །གཡས་པས་ཅང་ཏེའུ་སྙན་པའི་སྒྲ་འཁྲོལ་ཞིང་། །གཡོན་པའི་ཕྱག་གིས་ཏིང་ཏིང་ཤག་བསྣམས་ནས། །སྣ་ཚོགས་གར་གྱི་རོལ་པས་རྩེ་བ་གཟིགས། །མཐོང་བ་དག་པའི་གཟིགས་ཚུལ་དེ་ལྟའི་མཐུས། །ལོ་ཙ་ཆེ་དེས་ལྷན་སྐྱེས་ཆོས་ཀྱི་སྐུ། །ཟབ་མོ་དབང་བཞིའི་ངོ་བོ་མངོན་དུ་གྱུར། །ཚུལ་དེ་ལྟ་བུས་ཚོགས་ཀྱི་པཱུ་ཛ་མཛད་པ་དེ་གྲུབ་ནས་དཔལ་ནཱ་རོ་པ་ཆེན་པོ་ལ་སོགས་པའི་དཔའ་བོ་དང་རྣལ་འབྱོར་མ་དག་ཀྱང་དུར་ཁྲོད་དང་གནས་ཆེན་པོ་རྣམས་སུ་གཤེགས། མཆོད་གཏོར་ཀུན་ནི་འཇིག་རྟེན་གྱི་ཌཱ་ཀི་སོགས་མི་མ་ཡིན་པའི་ཚོགས་ཀྱིས་ཁྱེར་ཏེ། དེར་དུར་ཁྲོད་ནགས་ཚལ་དང་བཅས་པར་སྒྲའི་ཀླག་ཅོར་སོགས་ཅི་ཡང་མེད་དེ་ཁུ་སིམ་མེར་འདུག་པའི་རྐྱེན་གྱིས་རྗེ་མར་པའི་ཐུགས་ལ་བླ་མ་དྲན་པ་ཅིག་བྱུང་ནས། སེང་སྡེང་གི་ནགས་སྟུག་པོའི་གསེབ་
ན་ཕར་སྐྱོ་བསངས་ལ་བྱོན་ཏེ། ནགས་ལྗོངས་ཞིག་ན་ནྱ་གྲོ་དྷའི་སྡོང་པོ་གཅིག་པུ་ཞིག་འདུག་པའི་བསིལ་གྲིབ་ལ་གསོལ་བ་འདེབས་ཀྱིན་བཞུགས་པས། རེ་ཞིག་ཅིག་ན་ནམ་མཁའ་ལས་ཌ་མ་རུའི་སྒྲ་ཁྲོལ་གྱིས་གྲག །ཡར་ལ་གཟིགས་པས་ཤིང་ནྱ་གྲོ་དྷའི་སྡོང་པོ་དེའི་རྩེ་ན་རྗེ་བཙུན་ནཱ་རོ་པ་ཆེན་པོ་དེ་དངོས་སུ་བྱོན་ནས་བཞུགས་འདུག་པ་ལ་ཕྱག་འཚལ་ཞིང་བསྐོར་བ་མཛད་པའི་ཚེ། བླ་མ་ནཱ་རོ་པའི་ཞལ་ནས། ལོ་ཙ་བ་སྐྱོ་བ་བསང་བའི་དོན་དུ་ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་གསུངས་པ། དལ་འབྱོར་གཟུགས་ཀྱི་ཕུང་པོ་འདི། །གཡར་སྐྱོ་ཙམ་ན་འདི་སྐད་ལོ། །ལུས་ཀྱི་གནས་ཐབས་སྒོམ་པའི་གནད། །སེམས་ཀྱི་བཞག་ཐབས་ལྟ་བའི་གདེངས། །ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ནི་རྩ་གསུམ་འཁོར་ལོ་བཞི། །འོག་ན་ཨ་ཤད་ཙཎྜ་ལི། །སྟེང་ན་ཧཾ་ཡིག་རྣམ་པ་ཅན་། །བར་ན་བདེ་སྟོང་གསལ་བའི་ཉམས། །སྟེང་འོག་རླུང་གི་འཁོར་ལོའི་དབྱིབས། །མིང་ཡང་གཏུམ་མོའི་གདམས་ངག་ཟེར། །སེམས་
གནད་དུ་ཚུད་དམ་ལོ་ཙ་བ། །དུས་རྨི་ལམ་ཙམ་གྱི་འཁྲུལ་པ་ལ། །གནད་མགྲིན་པ་ཨོཾ་གྱི་ས་བོན་ཅན། །ཕྱི་ནི་སྣང་བ་སྒྱུ་མ་ཙམ། །ནང་ན་ཉམས་མྱོང་སྨྲར་མ་བཏུབ། །ཉིན་མཚན་སྣང་བ་སྤྲུལ་པའི་སྐུ། །མིང་ཡང་སྒྱུ་ལུས་ཀྱི་གདམས་ངག་ཟེར། །ཞེན་པ་ལོག་གམ་ལོ་ཙ་བ། །གཉིད་དང་རྨི་ལམ་བར་ཤེད་ན། །གཏི་མུག་ཆོས་སྐུའི་ངོ་བོ་ཅན། །བརྗོད་མེད་འོད་གསལ་བདེ་བའི་ཉམས། །རྗེས་ལ་འོད་གསལ་རྒྱ་ཡིས་གདབ། །མིང་ཡང་འོད་གས ལ་གྱི་གདམས་ངག་ཟེར། །སེམས་སྐྱེ་མེད་དུ་རྟོགས་སམ་ལོ་ཙ་བ། །སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཀག་ནས་སྒོ་གཅིག་འབྱེད། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིག་ཀའི་རྒྱུད་ཀྱིས་རབ་བསྐུལ་ཏེ། །རྣམ་ཤེས་ཚངས་པའི་ལམ་ནས་འདོན། །རྣམ་པར་ཤེས་པའི་ཆོས་ཉིད་འདས། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙ་བ། །རྨི་ལམ་དུས་ཀྱི་ཤེས་པ་དེ། །བར་དོའི་ཤེས་པར་བསྲེ་
དགོས་པས། །ལོངས་སྤྱོད་རྫོགས་སྐུའི་ངོ་བོ་ཅན། །རྨི་ལམ་བར་དོ་བསྲེ་འཕོའི་གནད། །མིང་ཡང་བར་དོའི་གདམས་ངག་ཟེར། །རྨི་ལམ་འབྱོངས་སམ་ལོ་ཙ་བ། །རང་ལུས་དུས་ཀྱི་ཚད་ལ་ཕེབས། །གཞན་ལུས་མཚན་ལྡན་རྟེན་གྱི་འཕྲུལ། །བར་ན་ཡིག་འབྲུ་རླུང་གི་རྟ། །རང་ལུས་ཁང་སྟོང་བཞིན་དུ་བོར། །གཞན་ལུས་སྤྲུལ་སྐུའི་ངོ་བོ་ཅན། །མིང་ཡང་གྲོང་འཇུག་གི་གདམས་ངག་ཟེར། །རླུང་ལས་སུ་རུང་ངམ་ལོ་ཙ་བ། །རྨི་ལམ་ཡུལ་གྱི་སྣང་ཚུལ་དེ། །སྐྱེས་པ་རྨིས་ན་ཕོ་འདྲེར་བཟུང་། །བུད་མེད་རྨིས་ན་མོ་འདྲེར་བཟུང་། །བྱོལ་སོང་རྨིས་ན་ཀླུ་རུ་བཟུང་། །དགའ་བ་རྨིས་ན་སེམས་འཕང་མཐོ། །ངན་པ་རྨིས་ན་སྙིང་མི་དགའ། །འདྲེ་རང་སེམས་ཀྱི་རྩ་བར་མ་ཤེས་ན། །བགེགས་ལ་ཟད་པ་མེད་པར་འགྱུར། །ལར་ཕྱི་ནང་གི་ཆོས་ལ་ཐོས་པ་དགོས། །གོ་བས་མཐའ་གཉིས་སྤོང་བ་ཡིན། །ཡིན་མིན་སྒྲོ་འདོགས་ཆོད་པ་ཡིན། །གོལ་སས་མི་འཇིགས་གདེངས་ཐོབ་ཡིན། །ལམ་དེ་ལས་སྐྱེལ་ས་ག་ན་ཡོད། །ཅེས་
གསུངས་པས་རྗེ་ལོ་ཙ་བའི་ཐུགས་ཀྱི་སྐྱོ་བ་སངས་ཏེ་བླ་མ་དང་འབྲལ་བ་མེད་པའི་གདེངས་ཐོབ་བོ། །དེར་བླ་མ་ནཱ་རོ་པ་དེ་འཇའ་ཡལ་བ་བཞིན་དུ་སོང་སྟེ། དེའི་མོད་ལ་ས་དང་བར་སྣང་གི་ལྷ་དང་ཞིང་སྐྱོང་གི་ཌཱ་ཀི་མ་རྣམས་ཀྱིས་རྗེ་བཙུན་ནཱ་རོ་པ་ཆེན་པོ་སྤྱོད་པ་ལ་གཤེགས་པའི་ཕྱི་ནས་ཀྱང་། བོད་ཀྱི་མར་པ་ལོ་ཙ་དང་མཇལ་ཏེ་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་མཛད་པའི་སྟོབས་ཀྱིས་ལོ་ཙ་བས་གྲུབ་པ་བརྙེས་པར་གྱུར་ཏོ། །ཞེས་པའི་སྙན་པ་འཛམ་བུའི་གླིང་ཀུན་ཏུ་སྐད་ཅིག་མ་གཅིག་ལ་སྤེལ་བས་དེ་ཕྱིན་རྗེ་མར་པ་རྒྱ་གར་གྱི་གྲོང་ཁྱེར་གང་དང་གང་དུ་བྱོན་པ་དེ་དང་དེར་གྲོང་ཁྱེར་པའི་སྐྱེ་བོ་ཐམས་ཅད་ཀྱིས་མེ་ཏོག་འཐོར་བ་ལ་སོགས་པའི་མཆོད་པ་དང་བཀུར་བསྟི་འབུལ་བ་མང་དུ་བྱུང་བ་རྣམས་ལ་དགྱེས་དགུར་རོལ་བཞིན་པས་སླར་ཡང་ཡུལ་དབུས་འགྱུར་འཆང་གི་རྒྱུད་ཆུ་ཀླུང་ཆེན་པོ་གངྒཱའི་ཆུ་ངོགས་རི་བོ་མེ་འབར་གྱི་དགོན་པ་ན་མངའ་བདག་མཻ་ཏྲི་པ་ཆེན་པོ་བཞུགས་པའི་དྲུང་དུ་ཕེབས་ཏེ།
དེར་བླ་མ་མཻ་ཏྲི་པ་ཆེན་པོ་དེ་ཉིན་མོའི་སྤྱོད་ཡུལ་གྱི་གནས་ཤིང་ནྱ་གྲོ་དྷའི་སྡོང་པོ་མཆོག་ཏུ་རྒྱས་པ་ཞིག་ཡོད་པ་དེའི་བསིལ་གྲིབ་ལ་བཞུགས་ནས་འདུག་པ་དང་མཇལ་བས། ཐུགས་ལ་དགྱེས་པ་དཔག་ཏུ་མེད་པ་འཁྲུངས་ཏེ་གུས་པའི་ཐལ་མོ་སྤྱི་བོར་བཀོད་པའི་ཕྱག་མང་དུ་ཕུལ་ནས། བདག་བླ་མ་ཉིད་ཀྱིས་ལུང་བསྟན་པ་བཞིན་དུ་ཇོ་བོ་ནཱོ་པ་ཆེན་པོ་དེ་དང་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་རི་བོ་མུན་པ་ཅན་གྱི་ནགས་སུ་མཇལ་ཏེ་གདམས་པ་དང་རྗེས་སུ་བསྟན་པ་ཡང་རྫོགས་པར་ཐོབ་པས་ཡིད་ཚིམ་པར་བྱུང་ལགས་ཞུས་པས། མངའ་བདག་མཻ་ཏྲི་པའི་ཞལ་ནས། བླ་མ་སྤྱོད་པ་ལ་གཤེགས་ནས་ཀྱང་མཇལ་བ་དེ་ལོ་ཙ་བ་ཁྱོད་སྐལ་བ་མཆོག་ཏུ་གྱུར་པ་ཡིན། དྭ་ཁྱོད་རང་རེ་ཞིག་འདིར་སྡོད་ལ། ཆོས་སྔར་ཐོབ་པ་ཀུན་གྱི་དོགས་གཅོད་དང་། མ་ཐོབ་པ་རྣམས་ལ་ཡང་སློབ་གཉེར་དང་ཞུ་གཏུགས་དཔྱིས་ཕྱིན་པར་གྱིས་ཤིག །ཁོ་བོ་རང་དང་གཉིས་སུ་མེད་པར་བྱིན་གྱིས་རློབ་པ་ཡིན་ནོ་གསུང་། དེར་རྗེ་ལོ་ཙ་བས་
གསེར་གྱི་མཎྜལ་བཤམས་ཏེ་གསོལ་བ་བཏབས་པས། བཅུ་གསུམ་གྱི་བདག་ཉིད་ཅན་གྱི་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་དབང་སྐུར་ཟབ་མོ་སྩལ་ཏེ། དེའི་ཚེ་ཙནྡན་དང་ཀསྟུ་རི་ལ་སོགས་པའི་དྲི་བཟང་པོ་རི་བོའི་ངོས་ཀུན་ཏུ་ཁྱབ་པར་འཐུལ་ཞིང་། ཤིང་ལྗོན་པ་རྣམས་ནི་རྗེ་མངའ་བདག་ཆེན་པོ་གང་ན་བར་འདུད་པའི་ཚུལ་གྱིས་མི་བཟོད་པ་ཙམ་དུ་གཡོ་ཞིང་འགུལ། སྒྲོན་ཤིང་གི་མར་མེ་མཛུབ་གང་པ་ཞིག་ཌཱ་ཀི་མའི་ལག་གིས་འཛིན་པའི་རྟགས་སུ་དཀྱིལ་འཁོར་གྱི་མཐའི་ནམ་མཁའ་ན་ཕར་རང་འགྲོ་ཞིང་འོད་ཉི་མ་ལྟར་གསལ་བ་ཞག་བདུན་གྱི་བར་དུ་ཐུབ་པ་དང་། མཁའ་འགྲོ་དང་ཕྱོགས་སྐྱོང་ལ་སོགས་པ་རྣམས་ཅེ་སྤྱང་གི་གཟུགས་སུ་སྤྲུལ་ཏེ་གཏོར་སྟེགས་ཀྱི་ཁ་ནས་གཏོར་མ་དངོས་སུ་ལེན་ཅིང་ས་བླ་ས་འོག་ས་སྟེང་གི་མཁའ་འགྲོ་མ་ཐམས་ཅད་དཀྱིལ་འཁོར་གྱི་ཁང་པ་དེ་ཉིད་དུ་འདུས་ནས་གཟུགས་མི་སྣང་བར་སྔགས་ཀྱི་སྒྲ་སྒྲོགས་པ་དང་། ཞིང་སྐྱོང་གི་ཚོགས་བར་སྣང་གང་བ་རྣམས་ནི་པི་
ཝང་དང་། གླིང་བུ་དང་། སིལ་སྙན་དང་། རྔ་པ་ཊ་ཧ་དང་། རྫ་རྔ་དང་། རྔ་ཟླུམ་དང་། མ་ཧཱ་དུནྡུ་བྷི་དང་། མཁར་བའི་སིལ་ཁྲོལ་དང་། དགུ་བོ་རྒྱུད་མང་དང་། ཏིང་ཏིང་ཤག་དང་། ཅང་ཏེའུ་ལ་སོགས་པ་རོལ་མོའི་བྱེ་བྲག་རྣམ་པ་སྣ་ཚོགས་སྙན་པར་སྒྲོག་པ་སོགས་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དབང་བསྐུར་བ་ལས། བུམ་དབང་གི་མཐའ་རྟེན་ལུང་བསྟན་གྱི་སྐབས་སུ་ལོ་ཙ་བ་ཁྱོད་སྐྱེ་བ་བདུན་གྱི་འོག་ཏུ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་བླ་མ་མངའ་བདག་ཆེན་པོའི་ཞལ་སྔ་ནས་ལུང་བསྟན་ཅིང་དབུགས་དབྱུང་བ་དང་གཟེངས་སྟོད་པ་མཛད་པས། རྗེ་ལོ་ཙ་བ་ཉིད་ཀྱིས་རི་བོ་མེ་འབར་གྱི་གནས་འོག་མིན་དང་། བླ་མ་མངའ་བདག་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་དངོས་སུ་གཟིགས་སོ། །གཞན་ཡང་དུས་དེར་མངའ་བདག་མཻ་ཏྲི་པ་ཆེན་པོའི་དྲུང་དུ་བདེ་མཆོག་བཅུ་གསུམ་མའི་བསྐྱེད་རྫོགས་ཀྱི་མན་ངག་ཚང་ཞིང་རྫོགས་པ་དང་། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་རིགས་
བསྡུས་ཀྱི་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ཚོགས་བཤད། སློབ་བཤད། སྒྲུབ་ཐབས། དཀྱིལ་ཆོག་ལས་ཕྲན་དང་བཅས་པའི་ལག་ལེན་སོགས་རྒྱུད་སྡེ་གོང་འོག་གི་བཤད་པ་དང་ལག་ལེན་མང་དུ་མཁྱེན་པར་མཛད་ཅིང་། ལམ་ཟབ་མོ་དགུ་ཕྲུགས་ལ་ཉམས་ཁྲིད་དུ་མཛད་པས་གསང་སྔགས་ཀྱི་ཡོན་ཏན་ཁྱད་པར་ཅན་དུ་མ་ཐུགས་རྒྱུད་ལ་འཁྲུངས། དེའི་ཚེ་ཇོ་བོ་མཻ་ཏྲི་པ་ཉིད་ཀྱིས་གྲུབ་པའི་སྐྱེས་བུ་མང་པོའི་གསུང་ཕྱོགས་གཅིག་ཏུ་བསྒྲིགས་པ་ཕྱག་རྒྱ་ཆེན་པོའི་མན་ངག་གསེར་འཕྲེང་ཞེས་བྱ་བ་དང་། ས་ར་ཧ་ཆེན་པོ་དང་བླ་མ་ཉིད་ཀྱི་མདོ་ཧ་རྡོ་རྗེའི་གླུ་གཉིས་ལ་སོགས་པའི་བསྟན་བཅོས་མང་པོ་ཡང་རྗེ་མངའ་བདག་ཆེན་པོའི་ཞལ་ལས་གསན་ཏེ་བསྒྱུར་ཅིང་ཞུས་ནས་གཏན་ལ་ཕབ་བོ། །དེ་ལྟར་ཇོ་བོ་མཻ་ཏྲི་པ་ཆེན་པོའི་སྤྱན་སྔར་རིང་ཞིག་བཞུགས་ནས་ནུབ་དུ་ལ་ཀྵེ་ཏྲའི་དགོན་པར་དཔལ་ཡེ་ཤེས་སྙིང་པོའི་དྲུང་དུ་བོད་ལ་འབྱོན་པའི་ཕྱག་སྐྱེལ་དུ་འགྲོ་བར་ཞུས་པས། བླ་མ་མངའ་བདག་ཆེན་པོའི་ཕྱག་རྗེ་མར་
པའི་དབུ་ཐོག་ཏུ་བཞག་སྟེ་བུ་ཁྱོད་སྐྱེ་བ་བདུན་གྱི་འོག་ཏུ་འཚང་རྒྱ་བར་འགྱུར་བས་དགའ་བར་གྱིས་ལ། ཚེ་འདིར་བོད་ཡུལ་གྱི་འགྲོ་བ་རྣམས་ཀྱི་དོན་རྒྱ་ཆེན་པོ་གྱིས་ཤིག །གཞན་ཡང་དུས་ཀུན་ཏུ་དཔའ་བོ་དང་རྣལ་འབྱོར་མ་རྣམས་ལ་ཚོགས་ཀྱི་མཆོད་པ་མ་གཅད། གཉིས་སུ་མེད་པའི་དོན་རྟོགས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་སྤྱི་བོར་ཁུར། སེམས་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་གནས་ལུགས་ཀྱི་དོན་ཡིད་བཞིན་གྱི་ནོར་བུ་ཟུང་ལ། རང་གཞན་གྱི་དགོས་འདོད་གྲུབ་པར་གྱིས། སྔར་དབང་བསྐུར་བའི་ཚེ་བྱུང་བའི་ལྟས་དེ་རྣམས་རེ་ཞིག་རྒྱ་གར་དུ་འདུག་པའི་ཚེ་སུ་ལ་ཡང་མ་སྨྲ་ཞིག །ཅེས་སོགས་རྗེས་སུ་བསྟན་པ་རྒྱ་ཆེར་མཛད་ཅིང་། རྡོ་རྗེས་མཚན་པའི་ཕྱག་སོར་གྱི་གདུ་བུ་ཟུང་ཅིག་མོས་པའི་རྟེན་དུ་གནང་ངོ་། །དེར་རྗེ་ལོ་ཙ་བས་བླ་མའི་ཞབས་ལ་ཕྱག་འཚལ་ཞིང་སྐོར་བ་མཛད་ནས་དགེ་བའི་བཤེས་གཉེན་རྙེད་ཅིང་བསྙེན་པ་ནི་ཨུ་དུམྺ་རའི་མེ་ཏོག་བཞིན་དུ་
ཆེས་དཀོན་ནོ་སྙམ་དུ་དགོངས་པས། ཐལ་མོ་སྦྱར་བ་བཏུད་དེ་རྗེ་མངའ་བདག་ཆེན་པོའི་ཞལ་དུ་སྤྱན་མི་འཛུམས་པར་རིང་ཞིག་གཟིགས་ནས། དུས་ཐམས་ཅད་དུ་འབྲལ་བ་མེད་པར་བྱིན་གྱིས་རློབ་ཅིང་རྗེས་སུ་འཛིན་པར་གསོལ་བ་ཡང་ནས་ཡང་དུ་བཏབ་སྟེ། བླ་མ་ཆེན་པོ་དེའི་ཞབས་དྲུང་ནས་འདོང་དུ་དེའུ་མ་ཕོད་པ་ལས་ཐུགས་འཕྲེང་བཞིན་པས་ཆུ་ཀླུང་ཆེན་པོ་གངྒཱ་བརྒལ་ནས་ཡུལ་ནུབ་ཕྱོགས་ཀྱི་རྒྱུད་ན་ཡར་གཤེགས་ཏེ། གྲོང་ཁྱེར་པ་རྣམས་ལ་ད་ལྟ་སློབ་དཔོན་ཡེ་ཤེས་སྙིང་པོའི་ཞབས་གང་ན་བཞུགས་དྲིས་པས། ད་ལྟ་སློབ་དཔོན་ཁོང་རང་གི་དགོན་པ་དུ་ལ་ཀྵེ་ཏྲའི་ཕུ་ཡ་ཚད་ན། ནགས་ཚལ་ཆེན་པོ་ཞིག་ཡོད་པའི་ནང་ན་རིགས་ངན་གྱི་རྣལ་འབྱོར་མ་ཅིག་གིས་ཞམ་རིང་བྱེད་ཅིང་བཞུགས། ནགས་དེའི་གསེབ་ཏུ་གར་དགར་འགྲོ་ས་མེད་ཅིང་ལམ་ཀྱང་མི་རྙེད་པས་ནགས་འདབས་ཀྱི་ཆུ་མིག་གི་རྩར་རིགས་ངན་མ་དེ་ཆུ་ལེན་དུ་འོང་བས་དེ་སྒུགས་ལ་ལམ་སྣ་ཞུས་ཤིག་ཟེར་བ་ལྟར་ནགས་ཚལ་ཆེན་པོ་
དེའི་འགྲམ་དུ་ཕེབས་ཏེ། ཆུ་མིག་ཅིག་འདུག་པའི་སར་སྒུག་ཀྱིན་བཞུགས་པས། ཅི་ཞིག་ན་རྣལ་འབྱོར་མ་དེ་བྱུང་ནས་བུམ་པ་ཅིག་གི་ནང་དུ་ཆུ་འཆུ་ཞིང་འདུག་པས། ཆུའི་རྒྱུན་བུམ་པར་སོང་རིམ་ནས་བྱང་སེམ་དཀར་པོའི་རང་བཞིན་དུ་སྐྱ་མེར་མེར་སོང་བ་ན། རྣལ་འབྱོར་མ་དེ་བུམ་པའི་སྟེང་དུ་བྱ་བབས་པ་བཞིན་དུ་འདུག་སྟེ་འཁྲུལ་འཁོར་ཞིག་བཅས་པའི་མོད་ལ་གསང་གནས་ནས་རཀྟའི་རྒྱུན་བབ་པ་བུམ་ནང་གི་དཀར་ཆ་དང་འདྲེས་པས་བུམ་པ་བྱང་ཆུབ་ཀྱི་སེམས་དཀར་དམར་ཁྲུག་གེ་བས་གང་བ་དེ་རྗེ་ལོ་ཙ་བའི་ཕྱག་ཏུ་གཏད་ནས་རིགས་ངན་མོ་དེ་ན་རེ། ཁྱོད་ལ་སློབ་དཔོན་གྱི་བཀས་ཆུ་འདིའི་སུམ་གཉིས་ཀྱིས་ཁྲུས་གྱིས། སུམ་ཆ་དེ་འཐུང་ཞིག་གསུང་བ་ཡིན་ཟེར་བ་ན། རྗེ་མར་པས་ཀྱང་ཐུགས་ཐེ་ཚོམ་མེད་པར་བུམ་ཆུ་བྱང་སེམས་དཀར་དམར་འདྲེས་པའི་ངོ་བོར་འདུག་པ་དེ་གསོལ་ཞིང་ཁྲུས་མཛད་དེ་བུམ་པའི་ནང་དུ་ཕར་གཟིགས་པས། བུམ་ནང་ན་མི་བསྐྱོད་པ་གཙོ་བོར་གྱུར་པའི་དཔལ་
གསང་བ་འདུས་པ་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བཀྲ་ལམ་མེར་འདུག་པ་གཟིགས་ཤིང་། གསལ་སྟོང་སྒྱུ་མ་ལྟ་བུའི་ཉམས་བཟང་པོའང་ཐུགས་རྒྱུད་ལ་འཁྲུངས་སོ། །དེ་ནས་རིགས་ངན་གྱི་རྣལ་འབྱོར་མ་དེས་ལམ་གྱི་མཚོན་པ་མཛད་ནས་སློབ་དཔོན་ཆེན་པོ་དཔལ་ཡེ་ཤེས་སྙིང་པོའི་ཞབས་དྲུང་དུ་ཕེབས་ཏེ་གསེར་གྱི་ཕྱག་རྟེན་བཟང་པོ་དང་བཅས་པས་ཞབས་ལ་ཕྱག་མཛད་པའི་ཚེ། སློབ་དཔོན་གྱི་ཞལ་ནས་ལོ་ཙ་བ་ཁྱོད་ཀྱི་རྒྱུད་ཡོངས་སུ་སྦྱངས་སམ། སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་ལམ། དེ་ཁོ་ན་ཉིད་ཀྱི་དོན་ཁོང་དུ་ཆུད་དམ། ཅེས་གསུང་བ་ལ། བདག་བོད་ནས་སླར་རྒྱ་གར་དུ་མཆིས་ཏེ་ཕུལླ་ཧ་རིར་ཕྱིན་པ་ན། ཇོ་བོ་ནཱ་རོ་པ་ཆེན་པོ་དེ་སྤྱོད་པ་ལ་གཤེགས་ནས་འདུག་པས་གདུང་བའི་སེམས་ལ་བཟོད་ཐབས་མེད་པ་བྱུང་སྟེ། བླ་མ་རྣམས་གཡར་ངོར་གསོལ་ནས་གསོལ་བ་བཏབ་ཅིང་། ལྷོ་ཕྱོགས་ནས་ལྷོ་ཕྱོགས་ཀྱི་རྒྱུད་དུ་ནགས་ཚལ་དང་དུར་ཁྲོད་ཀུན་ཏུ་བཙལ་བས་
བླ་མ་རྣམས་ཀྱི་ཐུགས་རྗེས་བསྐུལ་བ་དང་། བདག་རང་གི་མོས་པའི་སྟོབས་བསྐྱེད་པ་གཟིགས་པ་ལས་རི་མུན་པ་ཅན་གྱི་ནགས་སུ་བདག་ལ་ཡེ་ཤེས་ཀྱི་སྐུ་མངོན་སུམ་དུ་སྣང་བར་མཛད་དེ། ཟླ་བ་བདུན་ཙམ་གྱི་བར་དུ་རྫུ་འཕྲུལ་གྱི་བཀོད་པ་དཔག་ཏུ་མེད་པས་རྒྱུད་ཆེན་གྱི་ཁོང་སྤྲུགས། དཀའ་ཆེན་གྱི་གནས་དགྲོལ་བ་ལ་སོགས་པ་ཐེག་པ་ཆེན་པོ་མདོ་སྔགས་ཀྱི་སྙིང་པོའི་དོན་མ་ལུས་པ་ཐུགས་ལ་བཏགས་པས་ཡིད་ཚིམ་པར་གྱུར་ཏེ། སླར་རྗེ་མངའ་བདག་ཆེན་པོའི་དྲུང་དུ་མཆིས་ནས་ད་ལོའི་བར་དུ་རི་བོ་མེ་འབར་གྱི་དགོན་པར་བསྡད། དམ་པའི་ཆོས་དང་རང་གི་སེམས་སུ་འདྲེས་པར་བསླབས་ཏེ། ད་ལྟ་བླ་མ་ཆེན་པོའི་སྤྱན་སྔར་མཆིས་པ་འདི་ལགས་པས་བླ་མ་ཉིད་ཀྱི་སྐུ་གསུང་ཐུགས་དང་སྐལ་བ་མཉམ་པའི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས་པས། དཔལ་གསང་བ་འདུས་པའི་ལུགས་ཀྱི་དབང་བཞིའི་དོན་ལ་ངོ་སྤྲོད་མཛད་ཅིང་། མན་ངག་དང་ཞལ་གདམ་ལྷག་ལུས་མེད་པར་
གནང་སྟེ་དགྱེས་པ་ཆེན་པོས་བྱིན་གྱིས་བརླབས་སོ། །དེར་རྗེ་མར་པས་གཏང་རག་གི་ཚོགས་མཆོད་ཞིག་བཤམས་པའི་གྲལ་དུ་བླ་མ་ལ་རྡོ་རྗེ་གླུའི་མཎྜལ་ཕུལ་བ། རྗེ་སངས་རྒྱས་ཀུན་དང་མཉམ་པའི་སྐུ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞིང་དག་པ་ནཱ་རོ་པཎ་ཆེན་དང་། །དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་འདུད། །ང་ལྷོ་བྲག་བོད་དུ་ལས་དབང་གིས། །ཕ་མ་གཉིས་ཀྱིས་ལུས་བསྐྱེད་པའི། །མར་པ་བློ་གྲོས་དགྱི་བ་འདི། །ཆོས་ལ་བཀོད་པའི་བཀའ་དྲིན་ཅན། །ཡབ་ཡུམ་གཉིས་ལ་གུས་ཕྱག་འཚལ། །དྲིན་ཆོས་ཀྱིས་འཁོར་བར་བྱིན་གྱིས་རློབས། །རང་བཞིན་སྐྱེ་མེད་ཀྱི་མཎྜལ་ལ། །སྣང་བ་སྣ་ཚོགས་ཀྱི་མེ་ཏོག་བཀོད། །བླ་མའི་སྐུ་ལ་མཆོད་པར་འབུལ། །བདག་གི་ལུས་ལ་བྱིན་གྱིས་རློབས། །ནམ་མཁའ་རྣམ་དག་གི་མཎྜལ་ལ། །འགག་མེད་རྟེན་འབྲེལ་གྱི་མེ་ཏོག་བཀོད། །བླ་མའི་གསུང་ལ་མཆོད་པར་འབུལ། །བདག་གི་ངག་ལ་བྱིན་གྱིས་རློབས། །རང་སེམས་བདེ་ཆེན་གྱི་མཎྜལ་ལ། །རྣམ་རྟོག་
འཕྲལ་འཇོམས་ཀྱི་མེ་ཏོག་བཀོད། །བླ་མའི་ཐུགས་ལ་མཆོད་པར་འབུལ། །བདག་གི་ཡིད་ལ་བྱིན་གྱིས་རློབས། །རིན་ཆེན་ས་གཞིའི་མཎྜལ་ལ། །རི་རབ་གླིང་བཞིའི་མེ་ཏོག་བཀོད། །བླ་མའི་སྐུ་གསུང་ཐུགས་ལ་མཆོད་པ་འབུལ། །བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་རློབས། །ཞིང་ཁམས་ས་གཞི་རབ་འབྱམས་ལ། །འབྱུང་བ་ལྔ་ལས་སྐྱེས་པ་ཡི། །མཆོད་ཡོན་མེ་ཏོག་བདུག་སྤོས་དང་། །སྣང་གསལ་དྲི་ཆབ་ཞལ་ཟས་དང་། །རོལ་མོ་ལ་སོགས་མཆོད་རྫས་རྣམས། །ལེགས་པར་གྲུབ་པ་ཇི་སྙེད་པ། །བླ་མ་རྗེ་ལ་མཆོད་པར་འབུལ། །བར་ཆད་མེད་པར་བྱིན་གྱིས་རློབས། །ནམ་མཁའི་མཐའ་དང་མཉམ་པ་ཡི། །གདུགས་དང་རྒྱལ་མཚན་རོལ་མོ་དང་། །བླ་བྲེས་ཡོལ་བ་ལ་སོགས་པ། །བློ་ཡིས་སྤྲུལ་ནས་མཆོད་པར་འབུལ། །རྟོགས་པ་འཕེལ་བར་བྱིན་གྱིས་རློབས། །སངས་རྒྱས་ཡེ་ཤེས་སྙིང་པོ་ལ། །རྒྱུད་ཆེན་གསང་བ་འདུས་པ་ཉན། །ཐབས་ཤེས་ཟུང་དུ་འཇུག་པར་གོ །ཆོས་ཀྱི་ལྡེ་
མིག་ཡིན་པར་གོ །རྒྱུད་ཀྱི་རྒྱ་མཚོ་ཡིན་པར་གོ །ཆོས་དང་ཟང་ཟིང་སྦྱིན་པ་བྱུང་། །སྙིང་གི་ལྗོན་ཤིང་རྒྱས་བྱེད་ཅིང་། །ཚིག་ཚོགས་དྲི་མེད་ལོ་འདབ་རྒྱས། །ཡེ་ཤེས་ལྔ་ཡི་བདག་ཉིད་ཅན། །འགྲོ་བའི་དོན་རྣམས་མཐའ་དག་འབྱུང་། །རིམ་ལྔའི་ལམ་མཆོག་བསྒྲོད་པས་བདེ། །འོད་གསལ་སྒྱུ་ལུས་རྨི་ལམ་གྱི། །གདམས་ངག་རིན་ཆེན་ཐུགས་ལ་བཏགས། །སྐུ་དྲིན་ཆེ་བོ་ཛྙཱ་ན་པ། །འདི་ནས་བཟུང་སྟེ་མཐར་ཐུག་གི །བླ་མེད་བྱང་ཆུབ་མ་ཐོབ་བར། །སྤྱི་གཙུག་བདེ་ཆེན་རྒྱན་དུ་བཞུགས། །སྙིང་གི་དཀྱིལ་དུ་འབྲལ་ཐབས་མེད། །སྐྱེ་འཇིགས་མེད་པར་སྐྱབས་སུ་མཆི། །ཐུགས་རྗེའི་ལྕགས་ཀྱུ་འོད་ཟེར་ཅན། །མ་རིག་མུན་པ་བསལ་ནས་ཀྱང་། །ལུས་ངག་ཡིད་གསུམ་བཟུང་དུ་གསོལ། །ཞེས་ཕུལ་ཏེ་དེར་དཔེ་བྲི་དགོས་པ་རྣམས་ཀྱང་བྲིས་ནས་བླ་མའི་ཞབས་ལ་ཕྱག་མཛད་དེ་དུས་དང་གནས་སྐབས་ཐམས་ཅད་དུ་བྱིན་གྱིས་རློབ་པར་གསོལ་བ་བཏབ་ནས། ཧ་རི་པཪྤ་ཏ་ལྷོ་དུག་མཚོ་ཁོལ་མའི་རི་ལ་དཔལ་ཞི་བ་
བཟང་པོ་བཞུགས་པའི་དྲུང་དུ་བོད་ལ་འབྱོན་པའི་ཕྱི་ཕྱག་སྐྱེལ་བ་ལ་བྱོན་པས། བླ་མ་ཞི་བ་བཟང་པོའི་གསུང་ནས། ལོ་ཙ་བ་ཁྱོད་ཇོ་བོ་ནཱ་རོ་པ་དང་མཇལ་ལམ། གདམས་པའི་ལྷག་ལུས་རྣམས་ཡིད་ཚིམ་པར་ཐོབ་བམ་གསུང་བ་ལ། བླ་མ་ནཱ་རོ་པ་དང་མཇལ་ཚུལ་སོགས་རྒྱུ་ུམཚན་ཞིབ་བཏགས་སུ་ཞུས་པས་དགྱེས་པར་གྱུར་ཏེ། བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྒོ་ནས་ཡེ་ཤེས་བཙན་ཐབས་སུ་དབབ་པའི་ཆོ་ག་དང་། སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་པ་ལ་སོགས་པ་ཟབ་མོའི་ཆོས་མང་དུ་གནང་ངོ་། །དེའི་དུས་སུ་དཔལ་ཞི་བ་བཟང་པོ་དེས་རྣལ་འབྱོར་ཕོ་མོ་རྫུ་འཕྲུལ་ཅན་འགའ་ཟུང་དང་སྟབས་གཅིག་ཏུ་རྗེ་ལོ་ཙ་བ་བོད་ལ་འབྱོན་པའི་རྫོངས་ཀྱི་ཚོགས་མཆོད་ཞིག་མཛད་པའི་ཚེ། ནམ་མཁའ་ལས་བུད་མེད་མེ་ཏོག་གི་རྒྱན་ཅན་ལང་ཚོ་དང་ལྡན་པ་ཞིག་གིས་མི་རོ་སོལ་པ་གཅིག་ཁྱེར་ནས་བྱུང་སྟེ། ཚོགས་གྲལ་དེར་ཕྱིན་པ་དང་རོ་དེའི་ཐོད་པ་བྲེགས་པའི་ནང་དུ་སློབ་དཔོན་ཞི་བ་བཟང་པོའི་
གསང་ཆབ་བླུག་སྟེ། རོ་དེ་ཉིད་ཀྱི་ཀླད་པ་དང་བསྲེས་ནས་དམ་ཚིག་གི་རྫས་སུ་འགྲེམ་གྱི་འདུག་པ་ལས། རྗེ་མར་པའི་ཐད་དུ་སླེབ་པ་ན་དམ་ཚིག་གི་རྫས་དེ་ཐོད་པའི་ནང་ནས་ཆིལ་ལི་ལི་ཁོལ་ཞིང་ལུད་པ་ལ་གཟིགས་པས། བཅོམ་ལྡན་འདས་མ་ཧཱ་མཱ་ཡའི་སྙིང་པོ་དང་། གོ་ཆའི་སྔགས་ཀྱི་ཡིག་འབྲུ་རྣམས་བདུད་རྩིའི་ནང་ན་བཀྲ་ལམ་མེར་ཤར་ནས་འདུག་པ་གཟིགས་ཤིང་བདུད་རྩི་ལྗགས་ཐོག་ཏུ་ཕྱིན་པ་ན་རོའི་མཆོག་བརྗོད་དུ་མི་བཏུབ་པ་ཞིག་བྲོ་ཞིང་འདུག་པའི་རྐྱེན་གྱིས། དུས་དེར་ལམ་རྣལ་འབྱོར་གསུམ་གྱི་རྟོགས་པ་རྒྱ་མཚོ་ལྟར་ཟབ་ཅིང་རྒྱ་ཆེ་བ་ཐུགས་རྒྱུད་ལ་འཁྲུངས་ཏེ་དེའི་ཚེ་ཉམས་མྱོང་དབྱངས་སུ་བླངས་པ། རྗེ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་སྲས། །འགྲོ་བ་ཀུན་གྱི་རྡོ་རྗེ་འཆང་། །རྒྱུད་གཉན་པོ་རྣམས་ཀྱི་གཏེར་བདག་པོ། །དཔལ་ཞི་བ་བཟང་པོའི་ཞབས་ལ་འདུད། །སྐུ་མཐོང་བས་ང་རྒྱལ་རི་བོ་བསྙིལ། །གསུང་ཐོས་པས་ཐ་མལ་སེམས་རྒྱུད་གྲོལ། །ཐུགས་དྲན་པས་ཕྱི་ནང་མུན་པ་
བསལ། །དིང་སང་དུས་ཀྱི་སྐལ་ལྡན་བདག །བོད་ནས་རྒྱ་གར་ཡུལ་དུ་མཆིས། །བཤུལ་ཐག་རིང་པའི་མི་ཞིག་ཡིན། །དམ་ཆོས་པཎྜི་ཏ་ལ་ཞུས། །བརྒྱུད་པ་ཉེ་བའི་དམ་ཆོས་ཐོབ། །རྗེ་དངོས་གྲུབ་ཅན་གྱི་ཞབས་ལ་བཏུགས། །མི་དང་མི་མིན་བར་ཆད་ཞི། །གསང་སྔགས་ཕ་རྒྱུད་མ་རྒྱུད་ཐོབ། །གདམས་ངག་ཆེ་བའི་སྟོན་པ་ཡིན། །དཔལ་ཞི་བ་བཟང་པོས་ཐུགས་ལ་བཏགས། །བླ་མ་བཟང་པོའི་བུ་གཅིག་ཡིན། །བར་ཆད་མེད་པར་ལྷོ་བལ་འགྲོད། །ལས་འཕྲོ་ཅན་གྱི་བནྡེ་ཡིན། །བདེ་མཆོག་རྒྱུད་རྒྱལ་བདེ་བླག་ཁུམས། །སྒྲུབ་ཐག་ཉེ་བའི་དམ་ཆོས་ཡིན། །བཀྲ་ཤིས་ལུང་བསྟན་ཞལ་ནས་ཐོས། །མི་ལུས་ཐོབ་པའི་དོན་གོ་ཡིན། །ལྷོ་བྲག་བོད་དུ་ལྟེ་བ་བཅད། །དཀར་པོའི་རྒྱ་ལ་ལས་འཕྲོ་སད། །གྲུབ་ཐོབ་མཁས་པ་རྣམས་དང་མཇལ། །དབང་བསྐུར་རྒྱུད་བཤད་མན་ངག་ཐོབ། །ལུས་ངག་ཡིད་གསུམ་བྱིན་གྱིས་བརླབས། །མཁའ་འགྲོའི་དབང་ཕྱུག་ཞབས་དྲུང་དུ། །རྣལ་འབྱོར་གསུམ་གྱི་དོན་ལ་
བསླབས། །སྒྱུ་མ་ཆེན་མོའི་མ་དང་མཇལ། །ཀུན་ཏུ་བཟང་པོའི་ཕ་རྒན་བསྟེན། །ཆགས་ལམ་ཏིང་འཛིན་ཉམས་སུ་བདར། །ཤེས་རབ་གསུམ་གྱི་སྒྲོན་མེ་རྒྱས། །གཏི་མུག་གསུམ་གྱི་མུན་པ་བསལ། །སྒྲིབ་པ་གསུམ་གྱི་བུད་ཤིང་བསྲེགས། །ངན་སོང་གསུམ་གྱི་དུར་ས་སྟོངས། །བཀའ་དྲིན་ཆེ་བོ་བླ་མ་རྗེ། །སྐྱིད་དོ་ཆོས་ཀྱི་བློ་གྲོས་བདག །དགའ་བོ་འདིར་བཞུགས་མཆེད་ལྕམ་ཀུན། །ཞེས་ཕུལ་བས་བླ་མ་ཞི་བ་བཟང་པོས་ཀྱང་བཀྲ་ཤིས་ཀྱི་ཆེད་དུ་བརྗོད་པ་མང་དུ་མཛད་ཅིང་བྱིན་གྱིས་བརླབས་སོ། །དེ་ནས་བྲམ་ཟེ་ས་མནྟ་ཀཱིརྟི་ལ་སོགས་པའི་མཆོད་གྲོགས་རྣམས་ཀྱིས་སྐྱེལ་ཐུང་མཛད་ནས། ཚུར་གཤེགས་ཏེ་དེའི་ནུབ་མོ་ཤིང་ཨ་མྲའི་ཚལ་དུ་གཟིམས་ནས་ཐུགས་བསམ་ཅུང་ཞིག་བཏང་བས། ཡོང་། ཚེ་འདི་ལ་ལས་འཕྲོ་ཆོས་ལ་སད་པས་རྒྱ་གར་གྱི་ཡུལ་དུ་སླེབ། བླ་མ་གྲུབ་པ་བརྙེས་པ་རྣམས་ཀྱི་གདམས་པས་རང་རྒྱུད་ལ་སྨིན་གྲོལ་གྱི་བྱ་བ་བྱས་ནས་དྭ་བར་ཆད་མེད་པར་བོད་དུ་ལོག་ནས་འགྲོ་བ་འདི་ཡང་
བྲོད་དེ། །འོན་ཀྱང་བླ་མ་སྐུ་དྲིན་ཅན་རྣམས་དང་མཆེད་གྲོགས་སྙིང་དང་འདྲ་བ་དག་ཤུལ་དུ་ལུས་པ་འདི་ཡང་སེམས་ལ་འཕྲེང་། ལམ་ན་གཅའ་འཕྲང་དང་ཟམ་པ་མང་དུ་ཡོད་པ་སོགས་ལའང་ཐུགས་འཚེར་བ་ཞིག་བྱུང་ནས། དེའི་ཚེ་བུང་བ་རྒྱང་རིང་དུ་འཕུར་བའི་སྐད་ལ་རྟ་དྲངས་ཏེ་ལམ་གླུ་རིང་མོ་འདི་མགུར་དུ་བཞེངས་པ། རྗེ་འགྲོ་བ་འདྲེན་མཛད་སྐུ་དྲིན་ཅན། །གྲུབ་ཐོབ་བརྒྱུད་པའི་བླ་མ་རྣམས། །མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས། །རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །ང་བོད་ཡུལ་གྱི་མར་པ་ལོ་ཙ་གཉིས། །དང་པོ་ཞལ་མཐོང་མཇལ་ནས་ཀྱང་། །ལོ་དྲུག་དང་ནི་ཟླ་བདུན་དུ། །སྐད་ཅིག་མ་བྲལ་འགྲོགས་པའི་ཕྱིར། །ཐུགས་ལ་མི་འདོགས་ཀྱི་དོགས་མ་མཆིས། །དཔལ་མེ་ཏོག་སྤུངས་པའི་དགོན་པ་དེར། །དབང་བཞིའི་ཆུ་བོ་རྫོགས་པར་བསྐུར། །སྙན་བརྒྱུད་ཀྱི་གདམས་ངག་རྫོགས་པར་གནང་། །བླ་མེད་ཐེག་པ་མཆོག་གི་དོན། །གཉིས་མེད་རྩེ་གཅིག་གཞིར་བཞག་ནས། །སེམས་སྟོང་པ་
ཉིད་ལ་སྦར་འཛིན་བྱས། །ཁ་བ་ཅན་འདབས་བྱང་ཕྱོགས་སུ། །ལུང་བསྟན་རྒྱལ་ཚབ་བསྐོས་པའི་ཕྱིར། །ད་ནི་བན་ཆུང་བོད་དུ་འགྲོ། །བན་ཆུང་བོད་དུ་འགྲོ་བ་ལ། །ཤུལ་ན་འཕྲེང་བ་རྣམ་གསུམ་ཡོད། །ཡིད་ལ་གཅགས་པ་རྣམ་གསུམ་ཡོད། །ལམ་ན་འཇིགས་པ་རྣམ་གསུམ་ཡོད། །བར་ན་མཚེར་བ་རྣམ་གསུམ་ཡོད། །གདོང་ན་བྲོད་པ་རྣམ་གསུམ་ཡོད། །ངོ་མཚར་ཆེ་བ་རྣམ་གསུམ་ཡོད། །གླུ་དེ་ཡི་ཕྱིར་རྗེས་མ་བཤད་ན། །ཚིག་དེས་དོན་གྱི་བརྡ་མི་འཇལ། །རྗེ་ནཱ་རོ་དང་མཻ་ཏྲིས་དབུ་མཛད་པའི། །བཀའ་བརྒྱུད་ཀྱི་བླ་མ་བརྒྱ་རྩ་བརྒྱད། །འདི་ཤུལ་དུ་ལུས་ཏེ་མ་བས་འཕྲེང་། །དཔལ་འཇིགས་མེད་གྲགས་པས་སྣ་དྲངས་པའི། །མཆེད་དང་ལྕམ་དྲལ་བརྒྱ་རྩ་བརྒྱད། །འདི་ཤུལ་དུ་ལུས་ཏེ་མ་བས་འཕྲེང་། །གནས་ཕུལླ་ཧ་རིས་སྣ་དྲངས་ནས། །གྲུབ་ཐོབ་ཀྱི་གནས་ཆེན་བརྒྱ་རྩ་བརྒྱད། །འདི་ཤུལ་དུ་ལུས་ཏེ་མ་བས་འཕྲེང་། །ལྷ་དྷརྨ་བོ་དྷི་ཨ་ཤོ་ཀ། །དྲིན་ཆེན་གྱི་གནས་པོ་ཕོ་མོ་རྣམས། །ད་འབྲལ་མི་ཕོད་དེ་ཡིད་ལ་
གཅགས། །བྲམ་ཟེའི་ཁྱེའུ་གསེར་འཕྲེང་ཅན། །ཤི་སྲོག་གི་མདུད་པའི་གྲོགས་པོ་བྱས། །ད་འབྲལ་མི་ཕོད་དེ་ཡིད་ལ་གཅགས། །དེད་དཔོན་གྱི་བུ་མོ་སྔོ་བསངས་མ། །མཚན་ལྡན་གྱི་ཕྱག་རྒྱར་བསྟེན་བསྟེན་ནས། །ད་འབྲལ་མི་ཕོད་དེ་ཡིད་ལ་བཅགས། །མཚོ་དུག་མཚོ་ཁོལ་མས་སྣ་དྲངས་ནས། །ཤར་ཆུ་བོ་གངྒཱ་ད་གཟོད་བརྒལ། །འདི་མ་མཐོང་གོང་ནས་ང་རེ་འཇིགས། །རི་ཨུ་ཤི་རི་ཡི་ནགས་འདབས་ན། །མི་རྐུན་གྱི་ཇག་པ་ལམ་ན་སྒུག །འདི་མ་མཐོང་གོང་ནས་ང་རེ་འཇིགས། །གྲོང་ཁྱེར་ཏི་ར་ཧུ་ཏི་ན། །ཁྲེལ་མེད་ཀྱི་ཤོ་གམ་བཅུ་གཅིག་འབེབས། །འདི་མ་མཐོང་གོང་ནས་ང་རེ་འཇིགས། །འཕྲང་པ་ལ་ཧ་ཏི་མ་གཏོགས་པ། །གཅའ་འཕྲང་ཟམ་པ་བརྒྱད་ཅུ་ཅིག །ཨེ་མ་དངུལ་ཆུ་བས་ཀྱང་མཚེར། །ཁ་ལ་དང་བྱ་ལ་མ་གཏོགས་པ། །ལ་ཆེན་དང་ལ་ཆུང་བརྒྱད་ཅུ་ཅིག །ཨེ་མ་དངུལ་ཆུ་བས་ཀྱང་མཚེར། །ཐང་དཔལ་མོ་དཔལ་ཐང་མ་གཏོགས་པ། །ཐང་ཆེན་དང་ཐང་ཆུང་བརྒྱད་ཅུ་ཅིག །ཨེ་མ་དངུལ་ཆུ་
བས་ཀྱང་མཚེར། །སྒྲ་ཀ་ལཱ་ཙནྜས་སྣ་དྲངས་པའི། །སྐད་སྣ་བརྒྱ་དང་བཅུ་གཅིག་ཤེས། །གྲོགས་ལོ་ཙཱ་ཚོགས་ན་ང་རེ་བྲོད། །དཔལ་དགྱེས་རྡོར་དང་གདན་བཞིས་སྣ་དྲངས་ནས། །རྒྱུད་འགྲེལ་བརྒྱ་དང་རྩ་བརྒྱད་ཤེས། །གྲོགས་སྟོན་ཆེན་ཚོགས་ན་ང་རེ་བྲོད། །བཀའ་བཞིའི་གདམས་པས་སྣ་དྲངས་ནས། །སྙན་རྒྱུད་བརྒྱ་དང་རྩ་བརྒྱད་ཤེས། །གྲོགས་སྒོམ་ཆེན་ཚོགས་ན་ང་རེ་བྲོད། །བསྲེ་བ་དང་འཕོ་བ་མ་གཏོགས་པ། །ཁྱད་ཆོས་བརྒྱ་དང་རྩ་བརྒྱད་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །དུད་སོལ་གྱི་ལྷ་མོ་མ་གཏོགས་པ། །བསྟན་སྲུངས་བརྒྱ་དང་རྩ་བརྒྱད་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །རིམ་ལྔའི་སྨར་ཁྲིད་མ་གཏོགས་པ། །རྫོགས་རིམ་བརྒྱ་དང་རྩ་བརྒྱད་ཤེས། །ཆེ་ན་ངོ་མཚར་དེ་ཆེ་མོད། །དེ་ཐམས་ཅད་བླ་མ་རྗེ་ཡི་དྲིན། །འབངས་དྲིན་ལན་གཞལ་གྱིས་མི་འཁོར་བས། །རྗེ་མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས། །དེ་འོག་མཆེད་དང་ལྕམ་དྲལ་རྣམས། །ང་བན་ཆུང་བོད་དུ་འགྲོ་བ་ལ། །རྐྱེན་བར་ཆད་མེད་
པའི་བྱིན་བརླབས་ཞུ། །དུས་འདི་ལས་མཇལ་ཏེ་ཡོང་མི་མཆི། །དཔལ་ཨཽ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ། །ཚེ་ཕྱི་མ་ཅིས་ཀྱང་མཇལ་བར་ཞུ། །ཞེས་བླ་མ་ལོ་ཙ་བ་ཆེན་པོས་མགུར་དེ་སྐད་དུ་གསུང་པ་ལས། མཆེད་གྲོགས་གོང་མར་གྱུར་པ་བྲམ་ཟེ་ས་མནྟ་ཀཱིརྟི་དང་། རྣལ་འབྱོར་མ་སུ་ཁ་དྷ་རི་ལ་སོགས་པ་ཕོ་མོ་བརྒྱད་ཀྱིས་སྤྱན་ཆབ་མཛད་དོ། །དེར་མཆེད་གྲོགས་དེ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་རྗེས་སུ་གནང་བ་མཛད་དེ། དེ་ནས་རྗེ་མར་པ་ཡུལ་མ་ག་དྷར་རིམ་གྱིས་གཤེགས་ཏེ། རྡོ་རྗེ་གདན་དུ་ཕེབས་པ་དང་། སྲིན་པོ་རྣམས་མ་ཧཱ་བོ་དྷི་ལ་མཆོད་པ་བྱེད་དུ་འོངས་པ་དུས་འཛོམ་པས། ནུབ་ཅིག་མི་མ་ཡིན་པའི་ཀུ་ཅོའི་སྒྲ་ཆེན་པོ་གྲག །སང་ཉིན་གནྡྷོ་ལའི་མདུན་ངོས་ནས་ཕར་བྱོན་པས། དེ་ན་སྲིན་པོ་གདོང་ལ་ཁྲུ་གསུམ་ཙམ་ཡོད་པ་ཞིག་ཤི་ནས་འདུག་པའི་རོའི་དྲུང་ན་མི་མང་པོ་ཚོགས་ནས་ལྟ་ཞིང་། གང་གིས་ཀྱང་རེག་མ་ནུས་པར་འདུག་པ་ལ། རྗེ་མར་པས་ཁྱེད་རྣམས་འདི་ན་ཅི་
བྱེད་ཤི་བ་འདི་ཁྱོད་ཀྱི་ཅིར་འོང་གསུངས་པས། ཁོང་རྣམས་ན་རེ། ཤི་བ་འདི་སྲིན་པོ་མ་ཧཱ་བོ་དྷི་ལ་མཆོད་པ་བྱེད་དུ་འོངས་པར་འདུག་པས་ངེད་ཀྱི་ཅིར་ཡང་མི་འོང་། འོན་ཀྱང་ལྷ་ཁང་གི་ཉེ་ཁོར་དུ་རོ་འདི་ལུས་ན་དྲི་མི་གཙང་བ་མནམ་པས་དོར་བར་འདོད་ཀྱང་རེག་མ་ཕོད་པ་ཡིན་ཟེར་བས། འོ་ན་ཐབས་ཡོད་ཀྱིས། ཁྱེད་རང་རྣམས་ཕ་ཚད་དུ་རོ་འདི་ཤོང་བའི་དུར་བྲུས་ཤིིག་གསུངས་ནས། རྗེ་མར་པས་རང་གི་ལུས་བསྲུང་བའི་གྲོགས་བཞག་སྟེ། སྲིན་པོའི་རོ་ལ་གྲོང་འཇུག་མཛད་པས། རོ་དེ་ཁྱོར་གྱིས་ལངས་ནས་འོད་འོད་འོད་སོང་སྟེ། མི་རྣམས་ཀྱིས་བྲུས་པའི་དུར་གང་ན་ཡོད་པར་ཕྱིན་པ་དང་ཧྲུལ་གྱིས་འགྱེལ། དེ་ཙ་ན་བླ་མ་མར་པའི་སྐུ་ལུས་ལ་དབུགས་ནར་གྱིས་བྱུང་སྟེ་བཞེངས་ནས་ད་རོ་དེ་ས་དང་བྱེ་མས་ལེགས་པར་ཁོབ་ཅིག་གསུངས་པས། ཀུན་གྱིས་གྲུབ་ཐོབ་དུ་ཤེས་སོ། །དེ་ནས་རྗེ་མར་པ་བི་ཀྲ་མ་ལ་ཤཱི་ལར་ཕེབས་ཏེ་བོད་ལ་འབྱོན་པའི་བསྡོགས་མཛད་པ་སོགས་ཀྱི་ཕྱིར་ཐོགས་ཤིག་བཞུགས་པའི་ཚེ་
དཔལ་དགྱེས་པ་རྡོ་རྗེའི་རྩ་བའི་རྒྱུད་ཀྱི་བརྟག་པ་དང་པོའི་ལེའུ་ལྔ་པ་ཡན་ཆད་ཀྱི་འགྲེལ་པ་བཀའ་ཡང་དག་པའི་ཚད་མ་དང་། བཤད་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་བརྗེད་བྱང་དོན་གྱི་སྲོག་ཤིང་གཉིས་ཀྱི་རྩོམ་པ་མཛད། དེའི་ནུབ་གཅིག་བླ་མ་དང་མཆེད་གྲོགས་རྣམས་ཀྱིས་ལོ་ཙ་བ་བོད་དུ་འབྱོན་པའི་རྫོངས་སུ་གནང་བའི་བྱིན་རླབས་ཀྱི་རྟེན་རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་སོགས་གནས་དང་དུར་ཁྲོད་ཆེན་པོ་རྣམས་ཀྱི་ཤིང་སྣ་དུ་མ་དང་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་དང་། གཞན་ཡང་ཉན་ཐོས་ཆེན་པོ་རྣམས་དང་གྲུབ་ཐོབ་གོང་མ་རྣམས་ཀྱི་སྐུ་གདུང་དང་། སྐུ་བལ་གྱི་རིང་སྲེལ་མང་པོ་རང་རང་གི་ཡི་དམ་གྱི་སྙིང་པོ་བྲིས་པའི་ཤོག་དྲིལ་སོགས་མང་དུ་ཡོད་པ་རྣམས་དབུ་སྔས་ཀྱི་མགོར་བཤམས་ཏེ་མཆོད་པ་བཟང་པོ་ཞིག་མཛད་དེ། དྭ་འདི་རྣམས་གཅིག་ཏུ་བསྡོམས་པའི་མཆོད་རྟེན་ཞིག་བྱེད་དགོས་དགོངས་པ་ཤར་བའི་ནུབ་མོ་མནལ་ལམ་དུ། བུད་
མེད་ཤིང་ལོའི་གོས་ཅན་ཞིག་གིས་ཁ་ཆེའི་ལྷ་གཟོ་མ་ཡིན་ཟེར་བའི་བུད་མེད་དཀར་མོ་ཞིག་ཁྲིད་ནས་དབུ་སྔས་ཀྱི་དད་རྟེན་རྣམས་ལ་གཟོ་བྱེད་ཅིང་འདུག་པ་ཅིག་བྱུང་སྟེ། ནང་པར་མནལ་སད་ཙ་ན། ཤིང་སྣ་རྣམས་ཕྱིའི་རྩིག་པ་དང་། བྱིན་རླབས་ཀྱི་རྟེན་གཞན་དག་ནང་བཞུགས་ཀྱི་རྣམ་པར་གྱུར་པའི་མཆོད་རྟེན་སྒོ་མང་གཟོ་ཁྱད་ཕུན་སུམ་ཚོགས་པ་ཞིག་རང་བྱུང་དུ་གྲུབ་ནས་འདུག །མཆོད་རྟེན་དེ་དང་། རྒྱུ་གླང་པོ་ཆེའི་ཀོ་བ་ལས་གྲུབ་ཅིང་པཎ་གྲུབ་མང་པོས་རབ་ཏུ་གནས་པ་མཛད་པའི་དཔལ་ལྡན་ལྷ་མོ་དུད་སོལ་གྱི་སྐུ་འབག་བྱིན་རླབས་ཅན་དུ་གྲགས་པ། གཉིས་པོ་རྗེ་ལོ་ཙ་བ་ཚུར་ཕེབས་པ་དང་སྟབས་གཅིག་ཏུ་མཁའ་འགྲོས་ནམ་མཁའི་ལམ་ནས་གདན་དྲངས་ཏེ་ད་ལྟ་ལྷོ་བྲག་ན་བཞུགས་སོ། །དེ་ལྟར་བླ་མ་མར་པ་ལོ་ཙ་བ་ཆེན་པོ་དེས་གཅེས་པའི་ལུས་དང་སྲོག་ལའང་ཕངས་པ་མེད་པར་མཛད་དེ་དམ་པའི་ཆོས་ཚོལ་བའི་ཕྱིར་དཀའ་བ་དཔག་ཏུ་མེད་པས་རྒྱ་གར་གྱི་ཡུལ་དུ་ལན་གསུམ་བྱོན་ཏེ། དེ་ཡང་
སྔ་རེས་ལོ་ལྔ། བར་རེས་དང་ཕྱི་རེས་གཉིས་པོ་བདུན་བདུན་ཏེ་ཡོངས་སུ་དྲིལ་བས་ལོ་བཅུ་དགུ་རྒྱ་གར་དུ་བཞུགས་པ་ལས། བླ་མའི་གཙོ་བོ་བྱང་ཕུལླ་ཧ་རིའི་ཇོ་བོ་ནཱ་རོ་པ་ཆེན་པོ་དེ་སྔ་ཕྱིར་ལོ་དྲུག་དང་ཟླ་བ་བདུན་དུ་བསྟེན་ནས། དགྱེས་རྡོར། བདེ་མཆོག །མ་ཧཱ་མཱ་ཡ། རྡོ་རྗེ་གདན་བཞི་སོགས་རྣལ་འབྱོར་མའི་རྒྱུད་དང་། དཔལ་གསང་བ་འདུས་པ་སོགས་ཕ་རྒྱུད་དེ་མདོར་ན་གསང་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོ་འདྲ་བའི་དབང་། རྒྱུད། མན་ངག །ཚོགས་བཤད། སློབ་བཤད། སྒྲུབ་ཐབས། དཀྱིལ་ཆོག །རྒྱུད་རྐྱང་ལ་བསྟེན་པའི་ཉམས་ལེན་སོགས་རྒྱུད་དང་གདམས་པའི་མཐའ་ཆོད་པར་བསླབས་ཤིང་། ཁྱད་པར་དུ་སྐལ་བ་བཟང་མོ་ལ་སོགས་པ་བཀའ་བབས་ཉམས་ཀྱི་བརྒྱུད་པ། དབང་བཞིའི་ཆུ་བོ་མ་ནུབ་པ། བྱིན་རླབས་ཀྱི་འཕོ་བ་མ་ཆད་པ། བསྲེ་འཕོ་མཚམས་སྦྱོར་གྱི་མན་ངག་དང་། ཁྱད་ཆོས་རིམ་ལྔའི་སྨར་ཁྲིད་སོགས་སྙན་རྒྱུད་དུ་གསུངས་པས་སྲོག་རྩོལ་གནད་དུ་ཚུད་ཅིང་དབང་གི་ཡེ་ཤེས་
ངོ་འཕྲོད་པར་མཛད། གཞན་ཡང་ཤར་ཆུ་བོ་གངྒཱའི་འགྲམ་རི་བོ་མེ་འབར་གྱི་དགོན་པར་མངའ་བདག་མཻ་ཏྲི་པ་ཆེན་པོ་ལ་དགྱེས་པ་རྡོ་རྗེ་དང་བསྟོད་པ་གླུར་བླངས་པ་སོགས་རྒྱུད། ཕྱག་རྒྱ་ཆེན་པོའི་གདམས་པ་སོགས་ཟབ་མོའི་ཆོས་མང་དུ་གསན། ལྷོ་དུག་མཚོའི་གླིང་ལས་བརྒལ་བའི་ས་ཧ་རི་པཪྤ་ཏ་ཤིང་པླཀྵའི་ཚལ་ན་བཞུགས་པ་དཔལ་ཞི་བ་བཟང་པོའམ་ཀུ་ཀུ་རི་པ་གཉིས་པར་གྲགས་པ་ལ་མ་ཧཱ་མཱ་ཡའི་དབང་དང་རྒྱུད་ཀྱི་གདམས་བཤད། དབྱིབས་རྣལ་འབྱོར་གསུམ་གྱི་མན་ངག་དང་སྒྱུ་མ་གསུམ་བརྒྱུད་ལ་སོགས་པ་གསན། ནུབ་དུ་ལ་ཀྵེ་ཏྲའི་དགོན་པར་དཔལ་ཡེ་ཤེས་སྙིང་པོ་ལ་གསང་བ་འདུས་པའི་དབང་། རྒྱུད་རིམ་པ་ལྔ་ལྡན་གྱི་གདམས་པ་སོགས་འཕགས་སྐོར་རྣམས་གསན། ཡུལ་མ་ག་དྷའི་ནགས་འདབས་ཀྱི་གཙུག་ལག་ཁང་དུ་ཌཱ་ཀི་ནཱི་ཆུ་ཤིང་གི་སྙེ་མ་ཅན་ལ་གདན་བཞིའི་མན་ངག་གསན་ཏེ། མཆོག་གི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་ཞལ་ལྔ་པོ་དེ་རྣམས་ཀྱིས་ཁྱད་པར་དུ་ཡང་ཐུགས་ལ་
བཏགས་ནས་དབང་བསྐུར་ཞིང་། གདམས་ངག་དང་རྗེས་སུ་བསྟན་པ་ཐམས་ཅད་རྫོགས་པར་གནང་ངོ་། །དེ་དག་གི་བར་སྐབས་སུ་སྐལ་བ་དང་ལྡན་པའི་སྟོབས་ཀྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བརྙེས་པའི་རྣལ་འབྱོར་ཕོ་མོ་རང་སྣང་རྣམ་པར་དག་ནས་གཞན་སྣང་བསྒྱུར་བར་ནུས་པ་བཅུ་གསུམ་ལས་དམ་པའི་ཆོས་ཇི་ལྟར་གསན་པ་ནི། དཔལ་སིངྒྷ་གླིང་པ་རོལ་པའི་རྡོ་རྗེ་ལ་འཇམ་པའི་རྡོ་རྗེ། ཀ་སོ་རི་པ་དང་རི་རི་པ་གཉིས་ལ་བདེ་མཆོག །ཨོ་དེ་བི་ཤའི་ནག་པོ་དམ་ཚིག་རྡོ་རྗེ་ལ་གཤིན་རྗེའི་གཤེད། ཁ་ཆེ་ཛྙཱ་ན་ཨ་ཀ་ར་ལ་རྡོ་རྗེ་བདུད་རྩི། དེ་བ་ཨ་ཀ་ར་སིདྡྷི་ལ་སངས་རྒྱས་མཉམ་སྦྱོར། ཨ་བྷི་ཛུ་ག་ཏ་མངོན་ཤེས་ཅན་ལ་སངས་རྒྱས་ཐོད་པ། ཕམ་ཐིང་པ་ལ་གདན་བཞིའི་ཕྲན་འགའ། པཎྜི་པ་ལ་རལ་གཅིག་མའི་རྟོག་པ། དཔལ་མ་ན་ཀ་ཤྲི་ལ་ངེས་བརྗོད་བླ་མ། ཀ་ན་ཀ་ཤྲཱི་ལ་རྡོ་རྗེ་མཁའ་འགྲོ །ཌཱ་ཀི་མ་མངོན་པར་དགའ་བའི་ཡིད་ཅན་དང་བདེ་བའི་མྱུ་གུ་ཅན་གཉིས་ལ་རྡོ་རྗེ་རྣལ་འབྱོར་
མའི་སྐོར་རྣམས་གསན། གཞན་ཡང་རྒྱ་གར་ཤར་ནུབ་ལྷོ་བྱང་ཁ་ཆེ་བལ་པོའི་ཡུལ་རྣམས་ན་ཡོངས་སུ་གྲགས་པ་དང་མ་གྲགས་པའི་པཎྜི་ཏ་དང་། ཀུ་སུ་ལུ་དང་། རྣལ་འབྱོར་པ་བརྒྱ་རྩ་ཙམ་གྱིས་རྗེས་སུ་བཟུང་ནས་རྒྱུད་བྱིན་གྱིས་བརླབས་ཤིང་གདམས་ངག་རིན་པོ་ཆེའི་མཛོད་ལ་མངའ་བརྙེས་པའི་བླ་མ་ལོ་ཙ་བ་ཆེན་པོ་མཚན་བརྗོད་པར་དཀའ་བའི་མར་པ་ཆོས་ཀྱི་བློ་གྲོས་དེ་ཉིད། རྗེ་འགྲན་གྱི་དོ་མེད་ནཱ་རོ་མཻ་ཏྲི་གཉིས་ཀྱིས་རྒྱལ་ཚབ་ཏུ་དབང་བསྐུར་ཏེ། ནངས་ཀྱི་ཐ་མ་བོད་དུ་གཤེགས་པར་དགོངས་ནས་དཔལ་རྡོ་རྗེ་གདན་ལ་སོགས་པའི་རྟེན་ཁྱད་པར་ཅན་རྣམས་ལ་མཆོད་པ་རྒྱས་པར་མཛད། སྐུ་དྲིན་ཆེ་ཆུང་གི་བྱེ་བྲག་གི་བླ་མ་ཐམས་ཅད་ལ་ཐུགས་མཉེས་པའི་བསྙེན་བཀུར་དང་ཕྱི་ཕྱག་མཛད་ནས། རྗེ་ལོ་ཙ་བ་ཉིད་དགུང་ལོ་ཞེ་གཉིས་པ་སྦྲུལ་གྱི་ལོ་རྟའི་ཟླ་བ་ལ་བི་ཀྲ་མ་ལ་ཤྲཱི་ལ་ནས་གདན་བཏེག་སྟེ་ཆུ་ཀླུང་ཆེན་པོ་གངྒཱ་བརྒལ་བའི་ཚེ། ཤི་སྐྱིད་ཀྱི་ཇག་པས་ལོ་ཙ་བ་བོད་དུ་ཆས་པ་ཐོས་ནས་ནོར་
ཡོད་དུ་རེ་བས་རིགས་ངན་གྱི་སྐྱེས་བུ་དཔའ་རྩལ་དང་ལྡན་པ་གཉིས་ཀ་ར་ཝི་རའི་མེ་ཏོག་གི་འཕྲེང་བ་ཐོད་དུ་བཅིངས་ཏེ་གངྒཱའི་ཆུ་ལ་བྱིའུ་འཛུལ་བྱེད་ཅིང་། རྒྱང་རིང་མོ་ནས་ཤཀྟིའི་སོ་སྔོ་ལྷག་ ལྷག་བྱུང་བས། གྲུར་ཡོད་པའི་གྲོགས་རྣམས་ལ་ཕ་གི་ཅི་ཡིན་གསུངས་པས། ཁོང་རྣམས་ན་རེ། ཕ་གི་རིགས་ངན་ཤི་སྐྱིད་བྱ་བའི་ཇག་པ་ཡིན། ཕལ་ཆེར་ངེད་རང་རྣམས་ཀྱི་སྟེང་དུ་འོངས་པ་ཡིན་ཏེ་འོང་། ཟེར་བས་དེར་རྗེ་མར་པའི་ཐུགས་ལ། ཆུའི་ནང་འདི་ནས་གཞན་དུ་བྲོས་ས་ནི་མེད་ད་རེས་ཤི་ནས་འདུག་སྙམ་དུ་དགོངས་པའི་འཇིགས་དངངས་ཆེན་པོ་ཞིག་བྱུང་བའི་མོད་ལ། རྗེ་མངའ་བདག་མཻ་ཏྲི་པ་ཆེན་པོ་དེ་དབུ་གཙུག་ཏུ་བསྒོམས་ནས་ད་རེས་མངའ་བདག་མཁྱེན་ཞེས་གསོལ་བ་བཏབ་པས། རིགས་ངན་གྱི་ཇག་པ་གཉིས་པོ་དེ་གྲུའི་ཁར་འོངས་ནས་དར་ཅིག་བལྟས་ནས་ཅི་ཡང་མ་མཐོང་སྟེ་ཕར་ལོག་སྟེ་སོང། ཡང་སླར་ལོག་ནས་བྱུང་སྟེ་བལྟས་པས་ཀྱང་མ་མཐོང་ནས་ཕྱི་མིག་ཀྱང་མི་ལྟ་བར་
རྒྱང་གིས་སོང་ངོ་། །དེ་ནས་ཉེ་ཞོ་མེད་པ་སྔོན་རྒྱལ་པོ་མྱ་ངན་མེད་ཀྱི་ཡུལ་གྲོང་ཁྱེར་ཆེན་པོ་པ་ཏྲ་ལི་པཱུ་ཏྲར་ཕེབས་ཏེ། དེ་ན་ཨ་མྲ་ལ་སོགས་པའི་བཟའ་ཤིང་གི་ར་བ་ཡལ་ག་དང་ལོ་མ་རྒྱས་ཤིང་ཡོངས་སུ་སྨིན་པའི་འབྲས་བུ་གུར་གུམ་གྱིས་བྱུགས་པའི་མདོག་འདྲ་ལ་དྲི་བཟང་པོ་བདའ་བ་དག་གཡུར་ཟ་ཞིང་། འོག་གི་ས་གཞི་ནེའུ་གསིང་སྔོན་པོ་ཅན་ན་མེ་ཏོག་སྣ་ཚོགས་པས་བརྒྱན་པའི་རྫིང་བུ་དང་ཞིང་བསིལ་བ་དག་ཡོད་པ། ངང་ངུར་དང་ཁྲུང་ཁྲུང་དང་། ཀ་རཎྜ་དང་། ཀོ་ཀི་ལ་དང་ས་ར་ས་སྒྲ་འབྱིན་པ་ནི་གློ་བུར་དུ་འོངས་པ་རྣམས་ལ་བདེ་བར་ཕྱིན་ཏེ་ཞེས་འདྲི་བ་བཞིན་དུ་སྙན་པར་སྒྲོག་པ། ཕྱི་ར་དཀར་པོ་རིན་པོ་ཆེའི་པུ་ཤུ་དང་རྟ་བབས་ཅན་དག་གིས་བསྐོར་བའི་སྒོ་ན་ཤིང་ཐོག་བསྲུང་བའི་བུད་མེད་རྒན་གཞོན་གཉིས་འདུག་པའི་གཞོན་པ་དེ་ལ། རྗེ་ལོ་ཙ་བས་ཤིང་ཐོག་བསླངས་པས་མོ་ན་རེ། ཨ་མ་ལ་སློངས་ཟེར། དེར་རྒན་པ་དེ་ལ་བསླངས་པས། བུད་མེད་དེས་བཟའ་ཤིང་གི་སྡོང་པོ་ཞིག་ལ་
བལྟས་ནས་ལྟུང་བར་བྱེད་པའི་རླུང་ཅིག་བཟུང་། ལྟུང་བར་བྱེད་པའི་ལྟ་སྟངས་ཅིག་བྱས་པས་སྡོང་པོ་དེའི་ཤིང་ཐོག་རྣམས་ས་ལ་ཆིལ་གྱི་ལྷུང་བ་བསྡུས་ཏེ་རྗེ་མར་པའི་སྐུ་མདུན་དུ་སྤུངས་བྱུང་བ་ན་གསོལ་བར་དགོངས་ཏེ་ཤིང་ཐོག་ཅིག་ཁ་ཕྱེ་བས་དེའི་ནང་ན་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་སློབ་དཔོན་ཌོམྦྷི་པས་མཛད་པའི་སྒྲུབ་ཐབས་བདུད་རྩི་འོད་དང་མཐུན་པ་བཀྲ་ལམ་མེར་འདུག་པ་གཟིགས། དེ་ནས་གྲོང་ཁྱེར་ཏི་ར་ཧུ་ཏི་དང་རི་ཨུ་ཤི་རིའི་འདབས་ནས་ལམ་བཏོད་དེ་རིམ་གྱིས་བལ་པོའི་མཐིལ་དུ་བྱོན་ནས་གདན་ཕེབས་པའི་ཕྱི་དེ་ཞག་གཉིས་ན། བླ་མ་ཕམ་ཐིང་པ་ཚེས་བཅུའི་མཆོད་པ་ཞིག་མཛད་ཅིང་འདུག་པའི་སར་མཇལ་ཏེ། དེའི་ཚོགས་གྲལ་དུ་དགེ་སློང་འཇིགས་མེད་གྲགས་པས་དབུ་མཛད་པའི་རྣལ་འབྱོར་ཕོ་མོ་ཉི་ཤུ་ཙམ་ཚོགས་ནས་འདུག་པ་ལས། བླ་མ་ཕམ་ཐིང་པའི་ཞལ་ནས། སྤྱིར་ཁྱེད་བོད་བྱ་བ་གླུ་མཁས་པ་ཡིན། ཁྱད་པར་དུ་ལོ་ཙ་བ་ཁྱེད་རྒྱ་གར་གྱི་ཡུལ་དུ་
ཡུན་རིང་པོར་བཞུགས་པ་ལ་ལུས་སྲོག་ལ་བར་ཆད་མེད་པར་སློབ་གཉེར་མཐར་ཕྱིན་ནས་འདུག་པས་བཀྲ་ཤིས་པའི་གླུ་ཞིག་བླང་དགོས། ཁྱེད་ཀྱི་བླ་མ་མཻ་ཏྲི་པ་དེ་ལྟ་བ་གཙོ་བོར་སྨྲ་བ་ཡིན་ཟེར་བས་ཁོང་གི་དགོངས་པ་ཇི་ལྟར་བཞེད་ཀྱིན་འདུག་འདྲིར་བྱུང་བ་ལ། དེའི་དུས་སུ་རྗེ་བཙུན་མཻ་ཏྲི་པའི་བཞེད་གཞུང་ལས་བརྩམས་ཏེ་རྟོགས་པ་འབུལ་བའི་མགུར་མཉམ་གཞག་འཕྲོ་རྒོད་སྡུད་པ་རིག་པ་སེམས་ཀྱི་ལྕགས་ཀྱུ། མཁའ་འགྲོ་མའི་སྨྲེ་སྔགས་ཀྱི་སྐད་ལ་རྟ་དྲངས་ཏེ་གསུངས་པ། ཕ་རི་ཁྲོད་ཞབས་ཀྱིས་བྱིན་བརླབས་ཤིང་། །དགོངས་པའི་མཐར་ཐུག་སྙིང་པོའི་དོན། །ཆོས་ཕྱག་རྒྱ་ཆེ་ལ་མངའ་བརྙེས་པ། །རྗེ་མངའ་བདག་ཆེན་པོའི་ཞབས་ལ་འདུད། །གྲོགས་སྙིང་དང་འདྲ་བའི་རྡོ་རྗེ་སྤུན། །འབྲལ་ཐབས་མེད་དོ་རང་ཅག་རྣམས། །ཐ་དད་ལུས་ལ་སེམས་རྒྱུད་གཅིག །དཔལ་འཇིགས་མེད་གྲགས་པ་མ་ལགས་སམ། །ང་རྒྱ་གར་ཡུལ་ནས་འོངས་པ་དང་། །ཁྱེད་བལ་ཡུལ་མཐིལ་དུ་བཞུགས་པ་གཉིས། །ཚེ་འདུ་བྱེད་
དབང་དུ་མ་ཐལ་བར། །དེ་རིང་ཁྱད་པར་དུས་བཟང་ལ། །མཁའ་འགྲོ་མཆོད་པའི་ཚོགས་གྲལ་དུ། །དུས་མཚུངས་ཞལ་ཡང་འཛོམ་པ་དེ། །དམ་ཚིག་ལ་ངོ་ལྐོག་མེད་པར་ངེས། །མི་ཁོ་བོ་ཤིན་ཏུ་སྤྲོ་བ་སྐྱེས། །ཁྱེད་དགའ་རུ་ཚོར་རམ་འདིར་བཞུགས་རྣམས། །ང་མགོ་རྨོངས་བོད་ཀྱི་བན་ཆུང་ལ། །མི་ཁྱེད་ཀྱིས་མཚན་སྙན་ལོ་ཙར་བཏགས། །ཁྱོད་སྒྲ་བསྒྱུར་བོད་ཀྱི་གླུ་ལོང་གསུང་། །ངག་འདྲེན་པའི་གྲེ་འགྱུར་མི་བདེ་ཡང་། །ཁྱེད་ཕུ་བོ་གོང་མའི་གནད་མ་ཐེག །རྗེ་ནཱ་རོ་དང་མཻ་ཏྲི་རྣམ་གཉིས་ལ། །སྐུ་དྲིན་རྗེས་སུ་དྲན་པའི་གླུ། །ངོ་མཚར་ཅན་གྱི་མཐོང་ལུགས་ཡོད། །སྙན་ཅེ་རེ་གསོན་ཅིག་ལྕམ་དྲལ་རྣམས། །རྗེ་རྟོགས་ཚད་ཅན་གྱི་མཻ་ཏྲི་པ། །མི་ཁོང་གི་སྙན་པ་རྒྱང་ནས་འཁུམས། །སྤྲུལ་སྐུའི་བཞུགས་གནས་རྒྱ་གར་ཡུལ། །ལྗོངས་ཡངས་པ་ཅན་གྱི་དབུས་འགྱུར་དུ། །ས་སྐྱོང་རྒྱལ་པོའི་ཅོད་པན་གྱིས། །ཞབས་རྡུལ་ཟེའུ་འབྲུ་ལེན་གྱུར་ཅིང་། །གནས་ལྔ་རིག་པའི་མཁས་པ་རྣམས། །མངའ་བདག་གཙུག་གི་
རྒྱན་ཡིན་ཞེས། །སྙན་པའི་བ་དན་ཕྱོགས་སུ་སྒྲོག །ཆོ་འཕྲུལ་བྱ་ཡི་ལོ་པ་ལ། །བདེ་གཤེགས་མཆོད་པའི་མངའ་མཛད་ཕྱིར། །མཚན་མངའ་བདག་ཞེས་བྱར་ཡོངས་སུ་གྲགས། །ཕ་སངས་རྒྱས་དེ་ཡི་ཞལ་སྔ་ནས། །ཐེག་པའི་མཐར་ཐུག་སྙིང་པོའི་དོན། །མཐའ་བྲལ་ཡིད་ལ་མི་བྱེད་པ། །ཆོས་ཕྱག་རྒྱ་ཆེ་ལ་ངོ་སྤྲོད་བགྱིས། །ཕྱི་གཟུང་བ་ཡུལ་གྱི་སྣང་བ་འདི། །གདལ་བ་ཆེན་པོར་རྒྱུན་ཆད་མེད། །སྐྱེ་མེད་ཆོས་ཀྱི་སྐུ་རུ་རྟོགས། །ནང་འཛིན་པ་སེམས་ཀྱི་རྣམ་ཤེས་འདི། །འགྱུ་བ་ངོས་བཟུང་མེད་པའི་ཕྱིར། །རིག་པ་རྟེན་མེད་གཅེར་བུར་མཐོང་། །སྤྱིར་སྣང་ཞིང་སྲིད་པའི་ཆོས་རྣམས་ཀུན། །གདོད་ནས་མ་གྲུབ་སྐྱེ་བ་མེད། །ངོ་བོ་སྤྲོས་དང་བྲལ་བར་རྟོགས། །མར་འཁོར་བ་སྤང་བྱར་མི་འདོད་ཅིང་། །ཡར་མྱ་ངན་འདས་པ་བསྒྲུབ་བྱར་མེད། །འཁོར་འདས་རང་གྲོལ་གཉུག་མའི་ངང་། །ཟུང་འཇུག་བདེ་བ་ཆེན་པོར་རྟོགས། །དུས་གསུམ་སངས་རྒྱས་ཀྱི་ཐུགས་ཕྱུང་ཡང་། །མཐར་ཐུག་དེ་ལས་མེད་དོ་གསུང་། །མི་ཁོ་
བོའི་སྒྲོ་འདོགས་དེ་ནས་ཆོད། །རྗེ་མཻ་ཏྲི་པ་ཡི་བཞེད་གཞུང་ལགས། །ཁྱེད་ལྟ་བ་བཞེད་ན་དེ་སྣོམས་མཛོད། །དབྱངས་མཆོད་པར་བཞེས་ཅིག་དཀོན་མཆོག་གསུམ། །ཐུགས་དགྱེས་པར་དགོངས་ཅིག་གདན་གང་རྣམས། །ཞེས་མགུར་དུ་ཕུལ་བས། ཡང་རྗེ་ཕམ་ཐིང་པའི་ཞལ་ནས། མཻ་ཏྲི་པའི་དགོངས་པ་དེ་ངོ་མཚར་ཤིན་ཏུ་ཆེ། འོ་སྐོལ་རང་གི་བླ་མ་དང་ཁྱེད་གང་དུ་མཇལ། སྐུ་ཆེ་བའི་ཡོན་ཏན་ནམ་ངོ་མཚར་ཆེ་བའི་ལྟས་ཅི་མཐོང་ཞེས་འདྲིར་བྱུང་བ་ལ། རྗེ་ནཱ་རོ་པའི་སྐུ་དྲིན་རྗེས་སུ་དྲན་པའི་གླུ་ཡིད་གདུང་བའི་སྐྱོ་བ་སངས་པར་བྱེད་པ་ཆོས་སྐྱོང་གི་བཤུགས་གླུའི་སྐད་ལ་རྟ་དྲངས་ཏེ། བླ་མ་དང་མཇལ་ལུགས་ངོ་མཚར་ལྟས་བརྒྱད་ཀྱི་མཐོང་ཚུལ་གྱི་མགུར་འདི་གསུངས་པ། མཚན་བརྗོད་པར་དཀའ་བའི་ནཱ་རོ་པ། །ཕ་རྗེ་བཙུན་དེ་ལས་དྲིན་ཐོབ་པ། །དཔལ་ཀ་ན་ཀ་ཤྲིས་དབུ་མཛད་ནས། །འདིར་བཞུགས་གསོན་ཅིག་མཆེད་གྲོགས་རྣམས། །མི་ང་རང་གང་ཡིན་ཟེར་ཙ་ན། །མཚན་སྙན་མར་པ་ལོ་ཙ་
ཡིན། །ལྟེ་བ་བོད་ཡུལ་དབུས་སུ་བཅད། །སྦྱངས་པ་ལྷོ་བལ་ཕྱོགས་སུ་བགྱིས། །ལར་རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །དུས་ད་རེས་ནན་ཏན་ཞུས་གཏུག་བྱས། །ཞབས་པདྨ་སྤྱི་བོར་རེག་མཛད་ཅིང་། །གསུང་དོན་བདུད་རྩི་རྗེས་གནང་བ། །ཆོས་འབྲེལ་པ་ཙམ་གྱི་བླ་མ་ལ། །དཔལ་སིངྒྷ་གླིང་པས་སྣ་དྲངས་པའི། །མངོན་ཤེས་རིག་པ་མངའ་བརྙེས་ཤིང་། །སྣང་བ་འགྱུར་ངེས་བཅུ་གསུམ་བཞུགས། །ཀུན་གྱི་ནང་ནས་མཆོད་སྡོང་བཞིན། །རྗེ་འགྲན་ཟླ་མེད་པའི་ནཱ་རོ་པ། །རྡོ་རྗེ་འཆང་ཆེན་མི་གཟུགས་ཅན། །རྗེ་ཁོང་གི་སྐུ་དྲིན་འཁོར་ཐབས་མེད། །ཕ་ཡིད་ལ་གཅགས་སོ་སྤྲུལ་པའི་སྐུ། །མི་ཁོ་བོས་མ་བཙལ་ས་ཕྱོགས་མེད། །ཞལ་ཡང་དེའུ་མཇལ་དེའུ་མ་མཇལ། །རི་མུན་པ་ཅན་གྱི་ནགས་འདབས་ཏུ། །ངོ་མཚར་ཤེལ་གྱི་ཕ་བོང་ལ། །རྒྱ་ལ་འབུར་དུ་བརྐོས་པ་བཞིན། །ཕ་རྗེ་བཙུན་གཤེགས་པའི་ཞབས་རྗེས་མཐོང་། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །ཤིང་ཙནྡན་སྨན་གྱི་སྡོང་པོ་ལ། །ནཱ་རོའི་ཐུགས་ཀྱི་རྣམ་འཕྲུལ་
གྱི། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་། །ཡུམ་ལྷན་ཅིག་སྐྱེས་མའི་ཐུགས་ཀ་ན། །ཨཥྚ་སྔགས་ཀྱི་འཁོར་ལོ་དེ། །སྤུ་ཤད་རྩེ་མོས་བྲིས་འདྲ་ལས། །འོད་ཟེར་སྣ་ཚོགས་འཕྲོ་བ་ཡིས། །བདག་ལ་རྗེས་སུ་གནང་བ་མཛད། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །ང་རང་དབང་མེད་པའི་མཆི་མ་ཤོར། །ངུ་སྙིང་འདོད་པའི་གདུང་བ་སྐྱེས། །རབ་ཏུ་མ་བཟོད་སྨྲེ་སྔགས་བཏོན། །རྩེ་གཅིག་ཡིད་ཀྱིས་གསོལ་བ་བཏབ། །རྗེ་ཐུགས་རྗེས་གཟིགས་ནས་མདུན་དུ་བྱོན། །ཡོང་མཐོང་ལམ་ལྟ་བུའི་དགའ་བ་སྐྱེས། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །དཀོན་པའི་རིན་ཆེན་གསེར་ཕྱེ་ཕུལ། །ང་ནི་དེ་ཀུན་མི་འདོད་གསུང་། །ཡང་ཡང་བསྐྱར་ཏེ་བཞེས་པར་ཞུས། །ལྟོས་མེད་ནགས་ཀྱི་གསེབ་ཏུ་གཏོར། །བླ་མ་དཀོན་མཆོག་བཞེས་ཅིག་གསུང་། །ཁོ་བོ་ཕང་སེམས་སྐྱེས་པ་ལས། །ཁྱོད་འདོད་ན་སླར་ཡང་ཡོད་དོ་གསུང་། །ཐལ་སྦྱར་སྙིམ་པ་ཁ་ཕྱེ་བས། །མ་གོད་མ་ཉམས་སྔ་མ་བཞིན། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །ཞབས་མཐེ་
བོང་ས་ལ་བརྡབས་པ་ལས། །རྡོ་དང་གསེག་མ་གསེར་དུ་གྱུར། །ཐམས་ཅད་གསེར་གླིང་ཡིན་ནོ་གསུངས། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །སྤྱན་ལྟ་སྟངས་མཁའ་ལ་གཟིགས་པ་ཡིས། །ལྟང་དཀར་ཉ་ཡི་ཁོག་པ་ལས། །ཚོགས་ཀྱི་འཁོར་ལོའི་ཡོ་བྱད་བཤམས། །རོ་བརྒྱ་ལྡན་པའི་ཁ་ཟས་བྱུང་། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །ཡན་ལག་བརྒྱད་ལྡན་རྫིང་བུ་རུ། །ཁྲུས་བྱས་བསྲུང་འཁོར་ཁྭ་ཏས་ཁྱེར། །ལྟ་སྟངས་སྡིགས་མཛུབ་མཛད་མ་ཐག །ཁྭ་ཏ་རེངས་ནས་ས་ལ་ལྷུང་། །བར་ཆད་བདུད་ལས་རྒྱལ་ལོ་གསུངས། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །ཁྱོད་འདི་རུ་མ་འདུག་བོད་དུ་སོངས། །ལྗོངས་ཁ་བ་ཅན་རྒྱུད་བྱང་ཕྱོགས་ན། །གདུལ་བྱ་སྣོད་ལྡན་ཡོད་དོ་གསུང་། །ལུང་བསྟན་རྗེས་སུ་གནང་བ་ཐོབ། །ལར་ཆེ་ན་ངོ་མཚར་དེ་ཆེ་མོད། །སྤྲུལ་སྐུ་ནཱ་རོ་པཎ་ཆེན་ལ། །ངོ་མཚར་ཅན་གྱི་མཐོང་ལུགས་བརྒྱད། །ཁྱོད་རྡོ་རྗེའི་སྤུན་ལས་མ་གཏོགས་པ། །ཁོང་གཞན་ལ་བཟླས་ན་ཡིད་མི་ཆེས། །ལར་ད་དུས་སྙིགས་མའི་བསྟན་པ་
ལ། །ལོག་རྟོག་སྐྱེ་བོ་ཕྲག་དོག་ཆེ། །ཡོན་ཏན་བརྗོད་ན་སྒྲོ་བསྐུར་འདེབས། །སྤུན་ཁྱོད་ཉིད་མ་གཏོགས་གསང་བ་ཡིན། །གླུ་མཆོད་པར་བཞེས་ཅིག་སྐུ་དྲིན་ཅན། །ཐུགས་དགྱེས་པར་དགོངས་ཅིག་སྙིང་གྲོགས་རྣམས། །ཞེས་རྗེ་ནཱ་རོ་མཻ་ཏྲི་གཉིས་ཀྱི་སྐུ་དྲིན་རྗེས་སུ་དྲན་པའི་མགུར་ཕུ་བོ་གཉིས་ཀྱིས་དབུ་མཛད་པའི་མཆེད་གྲོགས་གོང་མ་རྣམས་ལ་བྱོན་སྐྱེས་སུ་ཕུལ་བས་ཀུན་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཞག་འགའ་ཙམ་ལོན་པ་དང་རྗེ་མར་པས་མེ་ས་གླིང་ན་བླ་མ་མི་མཉམ་རྡོ་རྗེ་ཞེས་བྱ་བ་མངའ་བདག་མཻ་ཏྲི་པས་བསྡུས་པའི་མཆེད་གྲོགས་ཅིག་བཞུགས་པ་ལ་ཕྱག་བསྐྱེལ་དུ་བྱོན་པས། ཁོང་གི་གྲོགས་པོ་ཁ་ཆེའི་ལྷ་གཟོ་པ་ཞིག་གི་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཅིག་ལ་རབ་གནས་མཛད་ཀྱིན་གདའ་བ་ལས། དེའི་ཚོགས་གྲལ་དུ་ཁོང་རྣམས་ན་རེ། བླ་མ་ལོ་ཙ་བ་ཁྱོད་རྒྱ་གར་དུ་ཡུན་རིང་པོར་བསྡད་ན་ཁྱོད་ཀྱི་ཇོ་བོ་ནཱ་རོ་པ་དེ་སྐུ་སྙན་པ་ཆེ་བར་གདའ་བས། ཁོང་གི་ཞབས་དྲུང་
དུ་ཇི་ཙམ་བསྡད། ཆོས་ནི་གང་དང་གང་ཉན། ཉིད་རང་ལ་ཁོང་དུ་ཆུད་པའི་གདེང་ཅི་ཡོད། ཁྱོད་རྒྱ་གར་ནས་ཚུར་བྱོན་པས་བྱོན་སྐྱེས་ཀྱི་གླུ་ཅིག་ལོང་དང་ཟེར་བ་ལ། རྗེ་ནཱ་རོ་པ་དང་མཇལ་ལུགས་ཀྱི་གླུ་སེང་གེ་ང་རོ་སྒྲོག་པའི་སྐད་ལ་རྟ་དྲངས་ཏེ། ཕུ་བོ་རྣམས་ལ་བྱོན་སྐྱེས་སུ་ཕུལ་བ། རྗེ་གྲུབ་ཐོབ་རྣམས་ལ་ཕྱག་འཚལ་ལོ། །སྐལ་ལྡན་བདག་ལ་བྱིན་གྱིས་རློབས། །ང་མོས་པའི་བུ་འདིའི་ལམ་སྣ་དྲོངས། །མི་ང་ལ་གླུ་ལོང་མི་རིགས་ཏེ། །མཆེད་གྲོགས་གོང་མའི་ཞལ་མ་ཆོགས། །ད་ནི་འཆི་བྲོད་ཀྱི་དབྱངས་ཅིག་ལེན། །ཁྱེད་གདན་གང་གི་ཐུགས་ལ་འདི་བཞེས་ལ། །ཆོས་ཚུལ་བཞིན་ཉམས་སུ་བཞེས་པར་ཞུ། །ང་བོད་ཡུལ་གྱི་མར་པ་ལོ་ཙ་དང་། །རྒྱ་གར་གྱི་ནཱ་རོ་པཎ་ཆེན་གཉིས། །ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་དང་། །རི་བོ་གསེར་གྱི་དགོན་པར་མཇལ། །ཚེ་རབས་ཀྱི་སྨོན་ལམ་དག་པ་འདྲ། །གནས་བྱིན་རླབས་ཅན་དུ་གྲགས་པ་དེར། །སྐུ་སྙན་པ་ཅན་གྱི་རྗེ་བཙུན་ལ། །ལོ་དྲུག་ཟླ་བ་བདུན་
དུ་བརྟེན། །དབང་ཡོངས་སུ་རྫོགས་པ་ལན་བདུན་ཞུས། །དཔལ་བདེ་མཆོག་འཁོར་ལོའི་བྱིན་རླབས་མཛད། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་གསུངས། །ཡི་དམ་ལྷན་སྐྱེས་ཀྱི་ཇོ་མོ་གནང་། །གདམས་ངག་སྐོར་ཙེ་སྐོར་ཙེ་ཞུས། །ལམ་རྩ་དང་རླུང་ལ་སྤར་འཛིན་བྱས། །སངས་རྒྱས་ལག་པའི་མཐིལ་ན་གདའ། །དུས་ལན་ཅིག་འཆི་བའི་ཚུལ་སྟོན་ཏེ། །རྣམ་སྨིན་གྱི་ལུས་རྒྱ་གྲོལ་བའི་ཚེ། །འདའ་ཀ་ཟབ་མོའི་གདེང་ཡོད་དེ། །བསྲེ་འཕོ་གནད་ཀྱི་མཚམས་སྦྱར་ནས། །དཔའ་བོ་དང་དཔའ་མོའི་བསུན་མ་འོངས། །རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །བདེ་ཆེན་མཁའ་སྤྱོད་ཀྱི་ས་ལ་གནས། །དཔལ་ནཱ་རོ་པ་དང་མཇལ་བར་ངེས། །ད་ནི་འཆི་ཡང་ང་རེ་བྲོད། །ཁྱེད་འདིར་བཞུགས་ཀྱི་ཇོ་བོ་སྔགས་པ་རྣམས། །དོན་སྙན་བརྒྱུད་ཀྱི་ངོ་སྤྲོད་མི་མངའ་བར། །བཤད་རྒྱུད་ཚིག་གི་ཐ་སྙད་ལ། །ཚེ་གཅིག་གི་སངས་རྒྱས་མ་རེ་མཛོད། །ལར་སྙིང་ནས་དམ་ཆོས་མཛད་དགོངས་ན། །རྗེ་ནཱ་རོ་དང་མཻ་ཏྲིའི་བརྒྱུད་པ་ཟུང་། །
བུ་སློབ་མ་བས་ཀྱང་ཡང་སློབ་བཟང་། །བདེ་བ་ནས་བདེ་བར་འགྲོ་སྟེ་མཆི། །དབྱངས་སྙན་དུ་བྱོན་ནམ་འདིར་བཞུགས་རྣམས། །དོན་འཁྲུལ་པར་གདའ་ན་བཟོད་པར་གསོལ། །ཅེས་གསུངས་པས་ཡང་དེ་ན་བཞུགས་པ་རྣམས་ན་རེ། སྤྱིར་ལོ་ཙ་བ་ཁྱེད་ལ་བལ་པོ་ཕན་ཆད་ན་བླ་མ་དུ་བཞུགས། བླ་མའི་གཙོ་བོ་ནི་གང་ལ་བགྱིད། མངའ་བདག་གི་ཞབས་དྲུང་དུ་བསྡད་པ་ལ་སྐུ་ཆེ་བའི་ཡོན་ཏན་ཇི་ལྟ་བུ་མཐོང་། གདམས་པའི་གཙོ་བོར་ཅི་ཁོ་ན་ཞུས་ཞེས་འདྲིར་བྱུང་བ་ལ། རྗེ་མཻ་ཏྲི་པའི་སྐུ་དྲིན་རྗེས་སུ་དྲན་པའི་གླུ་སྒྲོལ་མ་འོད་ཟེར་ཅན་གྱི་སྐད་ལ་རྟ ་དྲངས་ཏེ་གསུངས་པ། རྗེ་བྲམ་ཟེ་བརྒྱུད་པའི་གདུང་གསོབ་ཅིང་། །མཐའ་བྲལ་གཉུག་མའི་དོན་རྟོགས་ཕྱིར། །དཔེ་མེད་ནམ་མཁའི་རྣལ་འབྱོར་པ། །མཚན་མཻ་ཏྲི་ཞེས་བྱར་ཡོངས་སུ་གྲགས། །ཕ་རྗེ་བཙུན་དེ་ཡི་བཀའ་སྲོལ་གྱི། །ལམ་འབྲལ་མེད་སྒོམ་གྱི་རྣལ་འབྱོར་པ། །མི་ང་རང་མར་པ་ལོ་ཙ་འདི། །སྐྱེ་ས་ཕམ་ཏེ་འགྲོ་ས་རྒྱལ། །ཡུལ་རྒྱ་དང་བལ་པོ་ལན་ལྔ་
ཕྱིན། །ལུས་སྲོག་ལ་མ་ལྟས་དམ་ཆོས་བཙལ། །རྗེ་སྤྲུལ་སྐུ་སངས་རྒྱས་རྣམས་དང་མཇལ། །དབང་གདམས་ངག་བཅས་པར་ཐུགས་ལ་བཏགས། །དུས་ད་རེས་དྲིན་ལན་སྐྱེལ་དུ་མཆིས། །ལར་ཁྱོད་ལ་བླ་མ་དུ་ཡོད་གསུང་། །ཆོས་སྨོན་ལམ་གྱི་འབྲེལ་པ་བཅུ་གསུམ་བཞུགས། །ཁྱད་པར་གྲུབ་ཐོབ་ཞལ་ལྔ་བཞུགས། །རྗེ་འགྲན་གྱི་དོ་མེད་རྣམ་གཉིས་བཞུགས། །གཙོ་བོ་པཎ་ཆེན་ནཱ་རོ་པ། །དེ་འོག་རྒྱལ་སྲས་མཻ་ཏྲི་པ། །ཁོང་ལྷག་པར་མ་བས་བརྩེ་བའི་ཕྱིར། །ཕ་ཡང་ཡང་སེམས་ལ་འཕྲེང་ནས་ཀྱང་། །ཤར་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན། །རི་མེ་ལྟར་འབར་བའི་དུར་ཁྲོད་དུ། །ཤིང་ནྱ་གྲོ་དྷ་ཡི་བསིལ་གྲིབ་ལ། །རྗེ་མངའ་བདག་ཆེན་པོ་བཞུགས་པ་མཐོང་། །ས་དང་པོ་ལྟ་བུའི་དགའ་བ་སྐྱེས། །མཁའ་འགྲོ་མཉེས་པའི་མཆོད་པ་འབུལ། །བླ་མ་མཉེས་པའི་མཎྜལ་ཕུལ། །གུ་ལང་གསེར་གྱི་མེ་ཏོག་བཀོད། །ལུས་ཀྱི་ཐལ་སྦྱར་བརྐྱང་ཕྱག་བཙལ། །སེམས་རྩེ་གཅིག་གདུང་བས་གསོལ་བ་བཏབ། །
རྒྱུད་ཟབ་མོ་བསྟོད་པ་གླུར་བླངས་ཞུས། །ཡི་དམ་དགྱེས་པ་རྡོ་རྗེ་ཞུས། །དོན་མཐར་ཐུག་ཕྱག་རྒྱ་ཆེན་པོ་ཞུས། །དཔལ་གཉིས་མེད་ཨ་ཝ་དྷཱུ་ཏི་པ། །ཕ་རྗེ་བཙུན་དེས་ཀྱང་ཐུགས་རྗེས་གཟིགས། །ནང་ཟབ་མོ་བརྡ་ཡི་དབང་བཞི་བསྐུར། །རྒྱུད་ཡོངས་སུ་དག་པར་བྱིན་གྱིས་བརླབས། །གཞི་འདུན་པའི་ས་བོན་གཏིང་ནས་གཡོས། །ནང་རིག་པ་སེམས་ཀྱི་འདུག་ཚུལ་དེ། །འོད་གསལ་སྐྱེས་འགག་མེད་པའི་ཕྱིར། །གཞི་མ་བཅོས་གཉུག་མའི་ངོ་བོ་བསྟན། །གློ་བུར་གྱི་རྣམ་རྟོག་དབྱིངས་སུ་ཐིམ། །ཟག་མེད་ཀྱི་བདེ་བ་ནང་ནས་ཤར། །གདོད་ནས་དག་པ་ཀུན་གཞིའི་རྒྱུད། །གཞི་ལ་སྐུ་གསུམ་གཏན་ལ་ཕབ། །སེམས་ཆོས་ཉིད་མ་དང་ཞལ་ཡང་མཇལ། །དུས་ད་རེས་ངོ་མཚར་ཆེ་བའི་ལྟས། །སྒྲོན་ཤིང་མར་མེ་མཛུབ་གང་ལ། །ཞག་བདུན་བར་དུ་སྣང་བ་བྱུང་། །བེམས་པོར་གྱུར་པའི་ལྗོན་ཤིང་གིས། །རབ་ཏུ་མ་བཟོད་གཡོ་འགུལ་བྱས། །སྤྲུལ་པའི་ཅེ་སྤྱང་དམར་མོ་བདུན། །དངོས་སུ་གཏོར་མ་ལེན་པ་མཐོང་། །ས་གསུམ་
གནས་པའི་ཌཱ་ཀི་རྣམས། །གཟུགས་མེད་སྔགས་ཀྱི་རང་སྒྲ་སྒྲོག །བར་སྣང་གང་བའི་ཞིང་སྐྱོང་རྣམས། །སྣ་ཚོགས་རོལ་མོ་སྒྲོགས་པ་ཐོས། །ཁྱོད་སྐྱེ་བ་བདུན་གྱི་འོག་རོལ་ཏུ། །མཆོག་གི་དངོས་གྲུབ་ཐོབ་འགྱུར་ཞེས། །རྗེ་མངའ་བདག་ཞལ་ནས་ལུང་བསྟན་ཐོབ། །ལར་མི་ང་རང་ངན་ཏེ་བླ་མ་བཟང་། །ཆོས་ལྟ་བའི་ཡང་རྩེ་ཕུ་ཐག་ཆོད། །ལམ་གྲུབ་མཐའ་དམན་གྱི་དོགས་མ་མཆིས། །རྗེ་མཻ་ཏྲི་པ་དང་མཇལ་ལུགས་ཡིན། །དམ་པའི་ཐུགས་དགྱེས་དེ་ལ་མཛོད། །ཅེས་པའི་མགུར་མཆེད་གྲོགས་བླ་མ་མི་མཉམ་རྡོ་རྗེས་དབུ་མཛད་པའི་རྣལ་འབྱོར་པ་རྣམས་ལ་བཀྲ་ཤིས་བྱོན་སྐྱེས་སུ་ཕུལ་ནས། རྗེ་མར་པ་སླར་བླ་མ་ཕམ་ཐིང་པ་སྐུ་མཆེད་ཀྱི་དྲུང་དུ་ཚུར་གཤེགས་པའི་ལམ་དུ་དུར་ཁྲོད་ར་མ་དོ་ལི་ན་བླ་མ་ཡེ་རང་པ་ཚེས་བཅུའི་པཱུ་ཛ་མཛད་པའི་སར་སྤྱན་དྲངས་ཏེ། དེར་མུན་རུབ་མཚམས་ན་དུར་ཁྲོད་ཀྱི་མཐའ་ནས་ཅེ་སྤྱང་མང་པོ་འདུས་ཏེ་སྐད་དྲག་པོ་འབྱིན་ཅིང་འདུག་པས། ཁོང་ཅག་རྣམས་ན་རེ། དུར་
ཁྲོད་འདི་གཉན་པས་བར་ཆད་འོང་ཉེན་ཡོད། ད་ལྟ་སྲོད་ལ་པཱུ་ཛ་ཟིན་པར་བྱ་དགོས་ཟེར་བས། རྗེ་ལོ་ཙ་བའི་ཐུགས་དགོངས་ལ། ངའི་བླ་མ་ནཱ་རོ་དང་མཻ་ཏྲི་རྣམས་གཉིས་ལྟ་བུ་ཡིན་ན་ཚོགས་འཁོར་གྱི་གནས་སུ་དུར་ཁྲོད་གཉན་པ་རྣམས་ཆེད་ཀར་ཚོལ། དེར་ཡང་ཏིང་ངེ་འཛིན་གྱིས་རོ་གཡས་ནས་དགུག་ཅིང་ཡིད་ཀྱིས་སྤྲུལ་པའི་ཁ་ཟས་ལ་ལོངས་སྤྱོད། ཞིང་སྐྱོང་གི་ཌཱ་ཀི་མ་རྣམས་དངོས་སུ་མི་བཞིན་དུ་གྲལ་ལ་བཀོད་ནས། གདོད་གཏོར་མ་སྟེར་བ་ཡིན་པ་ལ། དེ་རིང་གི་རྣལ་འབྱོར་པ་འདི་ཀུན་ནི་མུནྟའི་ངུ་འབོད་ལའང་འཇིགས་པར་འདུག །འདི་འདྲ་བའི་ཚོགས་དཔོན་འོང་བ། བདག་བླ་མ་དེ་འདྲ་བ་རྣམས་དང་མཇལ་ནས་འདུག་པ་ལ་ཞབས་དྲུང་དུ་མ་བསྡད་པར་འོངས་པ་སྙམ་དུ་ཚུར་བྱོན་པ་ལ་ཐུགས་འགྱོད་དེ་མང་པོ་བཤུམས་ནས། སླར་བླ་མ་རྣམ་གཉིས་ཀྱི་ཞབས་དྲུང་དུ་ཕར་ལོག་ལ་འགྲོ་དགོས་དགོངས་པ་ཤར་བའི་ནུབ་མོ་མནལ་ལམ་དུ། ཌཱ་ཀི་མ་གོས་སུ་ཤིང་ལོ་གྱོན་ཅིང་ཐོད་པའི་དོ་ཤལ་སེ་རལ་ཁར་
བྱས་པ་ཞིག་བྱུང་ནས། ཕྱག་གཡས་པ་རྗེ་ལོ་ཙ་བའི་དབུ་ཐོག་ཏུ་བཞག་སྟེ། ལོ་ཙ་བ་ཁྱོད་ཀྱི་རྟོག་པ་དེ་བླ་མ་རྣམ་གཉིས་ཀྱིས་མཁྱེན་ནས། ཁོ་མོ་ཕོ་ཉ་ལ་མངགས་པ་ཡིན་པས་ཁྱོད་ལ་བླ་མ་རྣམ་གཉིས་ཀྱི་བཀས། གདམས་ངག་རྣམས་ནི་རྫོགས་པར་བྱས་ཟིན་གྱི། ད་རྒྱ་གར་དུ་མ་ལྡོག་པར་བོད་དུ་སོང་ཞིག །བྱང་ཕྱོགས་ཝརྔྷ་ནི་ཁ་བ་ཅན་གྱི་ལྗོངས་ན་གདུལ་བྱ་སྐལ་བ་དང་ལྡན་པ་མང་དུ་ཡོད་པས་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ ་ཆེན་པོ་འབྱུང་བར་འགྱུར་རོ། །ཅེས་གསུང་བ་དང་། ཁྱད་པར་དུ་ཇོ་བོ་ནཱ་རོ་པའི་ཞལ་ནས། ད་ལྟ་རྒྱ་གར་ན་ངེད་ཅག་གདུལ་བྱ་བྱིན་གྱིས་རློབས་པའི་བླ་མ་བཞི་ཡོད་དེ། དེ་ཡང་ཨཱ་ཙཪྱ་ནག་པོ་ཞབས་ཀྱིས་ཤར་ཕྱོགས་བྷངྒ་ལ་བྱིན་གྱིས་རློབ། གུ་རུ་ནཱ་གརྫུ་ནས་ལྷོ་ཕྱོགས་སིངྒྷ་ལའི་རྒྱུད་བྱིན་གྱིས་རློབ། རཱ་ཛ་ཨིནྡྲ་བོ་དྷིས་ནུབ་ཕྱོགས་ཨཽ་རྒྱན་གྱི་ཡུལ་བྱིན་གྱིས་རློབ། ཁོ་བོ་ནཱ་རོ་པས་བྱང་ཕྱོགས་ཝརྔྷ་ནི་བྱིན་གྱིས་རློབ་པ་ཡིན་པས། ལོ་ཙ་བ་ཁྱོད་ཅི་ནས་ཀྱང་བོད་དུ་
སོང་ཞིག །ཅེས་ལུང་བསྟན་ཅིང་བཀའ་ནོད་པ་ཡིན་པས་དྭ་རྒྱ་གར་དུ་མ་ལྡོག་པར་བོད་དུ་སོང་ཞིག །ལམ་གྱི་བར་ཆད་ཐམས་ཅད་ཁོ་མོས་བསྲུང་བ་ཡིན་ནོ་ཟེར་ནས་མི་སྣང་བར་གྱུར་པ་ཞིག་བྱུང་སྟེ། ནང་པར་མནལ་སད་ཙ་ན་སླར་རྒྱ་གར་དུ་ཟློག་དགོས་དགོངས་པའི་ཐུགས་འདུན་ཀྱང་སངས་ནས་འདུག་པས། བལ་ཡུལ་རིན་ཆེན་ཚུལ་གྱི་གཙུག་ལག་ཁང་དུ་ཚུར་ཕེབས་ནས་དེའི་བྲང་ཁང་སྔོན་རྒྱལ་པོ་ཨིནྡྲ་བོ་དྷི་བཞུགས་མྱོང་བར་གྲགས་པ་ཞིག་ན་བླ་མ་པཎྜི་པ་ལ་རལ་གཅིག་མའི་བརྟོག་པ་དང་། བདུད་རྩི་འོད་ཀྱི་སྒྲུབ་ཐབས་དང་རྫོགས་རིམ་ཁ་འཐོར་བ་འགའ་གསན་ཀྱིན་བཞུགས་པ་ལས། ནུབ་གཅིག་གི་མཚན་ལམ་ན་རྗེ་མངའ་བདག་མཻ་ཏྲི་པ་དེ་སྐུ་གཅེར་བུ་མཛད་པ་ལ་རུས་པའི་རྒྱན་དྲུག་གསོལ། ཕྱག་གཡས་ན་ཌ་མ་རུ་དང་གཡོན་ན་ཏིང་ཏིང་ཤག་བསྣམས་ཏེ་སེང་གེ་ལ་ཆིབས་ནས་འཁོར་བུ་མེད་མང་པོས་བསྐོར་ཞིང་ནམ་མཁའ་ལ་གཤེགས་པ་རྨིས། དེར་ཕ་རྗེ་བཙུན་ཐུགས་རྗེས་བཟུང་དུ་
གསོལ་ཞེས་འོ་དོད་བོས་པས། མདུན་གྱི་ནམ་མཁའ་ལ་བྱོན་ཏེ་ནམ་མཁའ་མཚན་པའི་བརྡ་བསྟན། དཔེ་དང་བྲལ་བའི་ཆོས་གསུངས། མཐའ་ལས་འདས་པའི་དོན་རྟོགས། སྔར་མ་ཤར་བའི་ཉམས་ཤར་ནས་མནལ་སད་ཙ་ན་ནམ་ཀྱང་ལངས་ནས་འདུག་སྟེ། དེར་བླ་མ་དྲན་ནས་མང་པོ་ཡང་དག་པ་བཤུམས། དེའི་ཕྱི་དེ་ནུབ་མོ་བླ་མ་ལ་གསོལ་བ་འདེབས་པའི་མཆོད་པ་ཆུང་ངུ་ཞིག་བཤམས་ནས་དེའི་ཚོགས་གྲལ་དུ་བླ་མ་མར་པས་མཚན་ལྟས་བཟློས་པའི་མགུར་ཡིད་བྱིང་བ་བསེང་བ་ཆུ་ལྕག་ཟིལ་པ་ཅན་གྱི་སྐད་ལ་རྟ་དྲངས་ཏེ་གསུངས་པ། རྗེ་སྙིང་པོའི་དོན་རྫོགས་ཆོས་ཀྱི་སྐུ། །མཚན་ཡོངས་སུ་གྲགས་པའི་མཻ་ཏྲི་པ། །ཁོང་བསམ་ཀྱིན་སྐུ་དྲིན་ཆེ་བའི་ཕྱིར། །མི་ཁོ་བོའི་ཡིད་ལ་ཤིན་ཏུ་གཅགས། །ང་རྩེ་གཅིག་གདུང་བ་རྒྱུན་མི་གཅོད། །ཕ་བྱིན་གྱིས་རློབས་ཅིག་སྤྲུལ་པའི་སྐུ། །ཁྱེད་འདྲེན་པའི་བླ་མ་སྐུ་དྲིན་ཅན། །དཔལ་པཎྜི་པ་ཡི་དབུ་མཛད་ནས། །ཁྱོད་འདིར་བཞུགས་ཀྱི་རྣལ་འབྱོར་ཕོ་མོ་རྣམས། །
གླུ་འདི་ལ་དར་ཅིག་སྙན་གསན་འཚལ། །ང་མར་སྟོན་ཆོས་ཀྱི་བློ་གྲོས་འདི། །ཚེ་སུམ་གཉིས་རྒྱ་གར་ཡུལ་དུ་བསྐྱལ། །ལོ་བཞི་བཅུའི་བར་དུ་ཐོས་བསམ་བགྱིས། །དུས་ན་ནིང་གདུག་པ་སྦྲུལ་གྱི་ལོ། །ཆོ་འཕྲུལ་རྟ་ཡི་ཟླ་བ་ལ། །མི་ཁོ་བོས་ལམ་དུ་ཞུགས་ནས་མཆིས། །ཆུ་འཇིགས་སུ་རུང་བའི་གངྒ་བརྒལ། །རིགས་ངན་ཤི་སྐྱིད་ཀྱི་ཇག་པ་གཉིས། །ཆུ་ལ་བྱི་ལྟར་འཛུལ་ཀྱིན་བྱུང་། །ཚེ་སྔ་ཕྱི་དྲན་པའི་སྐྲག་པ་མྱོང་། །ཕ་རྗེ་བཙུན་སྤྱི་བོར་བསྒོམས་པ་ལས། །ཁོང་ཡང་ཡང་ལྟས་ཤིང་ལོག་ནས་སོང་། །སྲོག་ཆུ་ནས་བཏོན་ནོ་སྐུ་དྲིན་ཅན། །ལར་ཁྱེད་ཀྱི་དྲིན་ལ་འཁོར་ཐབས་མེད། །དུས་ཁ་སང་ཟླ་བ་སྔ་མ་ཡི། །ཁྱད་པར་ཡར་ངོའི་ཚེས་བཅུ་ལ། །དཔལ་དུར་ཁྲོད་ར་མ་དོ་ལི་དེར། །མཁའ་འགྲོ་མཉེས་པའི་ཚོགས་གྲལ་བགྱིས། །ཁོང་དེར་ཚོགས་ཀྱི་རྣལ་འབྱོར་མཐོང་ཙ་ན། །རྗེ་ནཱ་རོ་དང་མཻ་ཏྲི་ཏུར་གྱིས་དྲན། །ཐུགས་བརྩེ་བས་བུ་བཞིན་བསྐྱངས་པའི་ཕྱིར། །ཕ་མཛད་སྤྱོད་བསམ་ཀྱིན་ཡིད་ལ་འཕྲེང་། །སེམས་གདུང་
བས་མ་བཟོད་མཆི་མ་ཤོར། །སླར་རྒྱ་གར་ཡུལ་དུ་ཟློག་གམ་སྙམ། །ནམ་ཐོ་རངས་ཐམ་ཐུམ་རྨི་ལམ་ན། །གོས་ཤིང་ལོ་གོན་པའི་བུད་མེད་གཅིག །ལག་པ་གཡས་རྐྱང་སོར་མོ་རྣམས། །མི་ཁོ་བོའི་མགོ་ལ་རེག་མཛད་དེ། །ཁྱོད་རྒྱ་གར་ཡུལ་དུ་མ་ལྡོག་པར། །བོད་ཡུལ་དབུས་སུ་སོང་ཅིག་གསུངས། །ལྗོངས་ཁ་བ་ཅན་དུ་མ་ཕྱིན་བར། །ཕྱི་ནང་བར་ཆད་མི་འབྱུང་ཞིང་། །གདུལ་བྱ་སྣོད་ལྡན་ཡོད་དོ་གསུང་། །ལུང་བསྟན་བྱིན་གྱིས་བརླབ་པར་མཛད། །དེ་ཞིང་སྐྱོང་གི་མཁའ་འགྲོ་ཡིན་པར་ངེས། །དེ་ཡང་རྗེ་བཙུན་ཁྱེད་ཀྱི་དྲིན། །མདང་བག་ཆགས་གཉིད་ཀྱི་རྨི་ལམ་ན། །རྗེ་མངའ་བདག་རྒྱལ་སྲས་མཻ་ཏྲི་པ། །ཁོང་སེང་གེ་ཞོན་ནས་མཁའ་ལ་གཤེགས། །མི་ཁོ་བོའི་མདུན་དུ་བྱོན་པ་རྨིས། །སྐྱེ་མེད་མཚོན་པའི་བརྡ་གསུམ་བསྟན། །ཡི་གེ་མེད་པའི་ཆོས་ཅིག་གསུང་། །བརྗོད་དུ་མེད་པའི་དོན་ཅིག་རྟོགས། །སྔན་ཆད་མེད་པའི་ཉམས་ཅིག་ཤར། །ནམ་ད་ནང་གཉིད་དེ་སད་ཙ་ན། །རྗེ་ཡང་ཡང་དྲན་ནོ་མཻ་ཏྲི་པ། །
མི་ཁོ་བོའི་མིག་སྔར་འབྲལ་མ་ཕོད། །གདོང་མཆི་མས་དག་པའི་ངུ་འབོད་ཤོར། །དབུགས་ཁ་ནས་མ་ཐོན་བྱང་ཁོག་བརྒྱངས། །ཕ་སྙིང་ལ་འདོད་དོ་ཆུ་བས་སྐོམ། །མི་ཁོ་བོའི་གདུང་སེམས་མཁྱེན་ལགས་སམ། །ཕ་ལམ་སྣ་དྲོངས་ཅིག་སྤྲུལ་པའི་སྐུ། །ལར་རྨི་ལམ་བག་ཆགས་ཡིན་མོད་ཀྱང་། །མདང་རྗེ་བཙུན་བྱོན་པ་ངོ་མཚར་ཆེ། །སེམས་དགའ་ལ་མི་དགའ་མཐོ་དམན་རྒྱུ། །ཁྱེད་འདིར་བཞུགས་སྙན་དུ་ཞུས་པ་ལགས། །ཅེས་པའི་མགུར་བཞེངས་པས། དེའི་ལན་དུ་བླ་མ་པཎྜི་པས་རྗེ་ལོ་ཙ་བའི་ཐུགས་བྲོད་པ་བསྐྱེད་ཅིང་བླ་མའི་ངོ་བོ་གཅིག་ལ་རང་གི་མཐོང་ཚུལ་ལས་ཡོན་ཏན་ཐ་དད་པ་འབྱུང་བ་དང་། རྗེ་ལོ་ཙ་བའི་མནལ་ལམ་དེ་དག་གི་དོན་ཇི་ལྟར་ཡིན་དྲི་བའི་ཕྱིར་ལན་གསུངས་པ། གྲོགས་སྙིང་དང་འདྲ་བའི་ལོ་ཙ་བ། །བུ་ཁྱེད་ལ་དད་པ་གཏིང་ནས་ཡོད། །གཞི་རང་དབང་ཐོབ་པའི་འདུན་པ་ཡོད། །ཡིད་ལྷག་པར་བརྩེ་བའི་སྙིང་རྗེ་ཡོད། །རྒྱུད་ཡོངས་སུ་དག་པའི་སེམས་བསྐྱེད་ཡོད། །རིགས་ཁྱད་པར་
ཅན་གྱི་སྐྱེས་བུ་ཁྱོད། །སྔོན་ཆད་བླ་མ་མ་བརྙེས་པས། །ད་ལྟ་གྲུབ་ཐོབ་དངོས་དང་མཇལ། །དེ་ཡང་གྲོགས་པོ་ང་ཡི་དྲིན། །བྱས་པ་དྲིན་གཟོ་ཡོད་པའི་ཕྱིར། །མི་ང་ལ་གཙུག་གི་ནོར་བུར་མཐོང་། །བུ་བྱས་པ་ཤེས་པ་ངོ་མཚར་ཆེ། །གསང་སྔགས་རྒྱལ་པོ་མཆོག་གི་ལམ། །བགྲོད་པ་ཀུན་གྱི་གཞིར་གྱུར་པ། །ལྷག་པའི་དམ་ཚིག་ཁྱོད་ལ་ཡོད། །ད་ལྟ་ཌཱ་ཀིས་རྗེས་གནང་ཞིང་། །བླ་མའི་མན་ངག་སྙིང་ལ་ཞུགས། །དུས་འདིར་བདེ་བ་ཐོབ་པར་རིགས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དངོས་གྲུབ་རྩ་བ་བླ་མ་རྗེ། །སྤྲུལ་སྐུ་མཆོག་གི་རྗེ་བཙུན་ལ། །ནམ་མཁའ་ལྟ་བུར་ངོ་ཤེས་ན། །སྐྱེ་མེད་སྟོང་པའི་དོན་རྟོགས་འགྱུར། །ཉི་མ་ལྟ་བུར་ངོ་ཤེས་ན། །གདལ་བའི་སྙིང་རྗེ་ཆེན་པོ་འབྱུང་། །ཟླ་བ་ལྟ་བུར་ངོ་ཤེས་ན། །ཉོན་མོངས་གདུང་བ་བསིལ་བར་བྱེད། །རྒྱ་མཚོ་ལྟ་བུར་ངོ་ཤེས་ན། །མི་གཡོ་མཆོག་གི་ཏིང་འཛིན་བརྙེས། །ནོར་བུ་ལྟ་བུར་ངོ་ཤེས་ན། །དགོས་འདོད་རེ་བ་ལྷུན་གྱིས་གྲུབ། །དེད་དཔོན་ལྟ་བུར་ངོ་
ཤེས་ན། །ཐར་པའི་རིན་ཆེན་གླིང་དུ་སྒྲོལ། །དམག་དཔོན་ལྟ་བུར་ངོ་ཤེས་ན། །ལོག་རྟོག་དགྲ་ཡི་གཡུལ་ངོ་འཇོམས། །རལ་གྲི་ལྟ་བུར་ངོ་ཤེས་ན། །དངོས་འཛིན་འཆིང་བ་གཅོད་པར་བྱེད། །འཁོར་ལོ་ལྟ་བུར་ངོ་ཤེས་ན། །མཐའ་ལ་མི་གནས་དོན་རྟོགས་འགྱུར། །སེང་གེ་ལྟ་བུར་ངོ་ཤེས་ན། །གཟུང་འཛིན་རི་དྭགས་ཟིལ་གྱིས་གནོན། །གླང་པོ་ལྟ་བུར་ངོ་ཤེས་ན། །ཉམས་པའི་བདུད་ལས་ཐར་བར་འགྱུར། །རྟ་མཆོག་ལྟ་བུར་ངོ་ཤེས་ན། །མྱ་ངན་འདས་པའི་དབྱིངས་སུ་སྐྱེལ། །རྒྱལ་པོ་ལྟ་བུར་ངོ་ཤེས་ན། །ཀུན་གྱིས་མཆོད་ཅིང་བཀུར་བར་འགྱུར། །རིགས་ལྡན་ཁྱོད་ཀྱིས་གང་མཐོང་བ། །དྲིན་ཅན་ཕ་ལྟར་ངོ་ཤེས་པས། །ཆོས་ཀྱི་རྒྱལ་སྲིད་རྒྱུན་མི་འཆད། །བུ་ཁྱོད་ཀྱི་བག་ཆགས་རྨི་ལམ་ན། །རྗེ་མངའ་བདག་ཆེན་པོ་བྱོན་ནས་ཀྱང་། །སྐྱེ་མེད་མཚོན་པའི་བརྡ་བསྟན་ཅིང་། །ཡི་གེ་མེད་པའི་ཆོས་གསུངས་ཏེ། །མཐའ་ལས་འདས་པའི་དོན་རྟོགས་ནས། །སྔར་མ་སྐྱེས་པའི་ཉམས་ཤར་བ། །དེ་དོན་གང་ལགས་སྨྲ་བར་
རིགས། །རྗེ་པཎྜི་པས་དེ་སྐད་གསུང་པ་ལས། ཡང་ལོ་ཙ་བ་ཆེན་པོས་མདང་རྨི་ལམ་དུ་གསན་ཅིང་ཐུགས་ཉམས་སུ་བྱོན་པ་རྣམས་བླ་མ་པཎྜི་པས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་རྟོགས་པ་ཕུལ་བ། རྗེ་བརྟུལ་ཞུགས་སྤྱོད་པའི་པཎྜི་པ། །མཚན་ལྷ་ཡིས་ལུང་བསྟན་ངོ་མཚར་ཅན། །དཔལ་གཉིས་མེད་རོལ་པའི་ཕྱག་འོག་ནས། །སེམས་ཐ་དད་མེད་པ་རྡོ་རྗེའི་སྤུན། །ཤྲི་གུ་ན་མ་ཏིས་དབུ་མཛད་ནས། །གདན་གང་གི་དཔའ་བོ་སྙན་གསན་མཛོད། །དེ་འོག་སྦས་པའི་རྣལ་འབྱོར་མ། །ལྕམ་སུ་ཁ་བཛྲས་དབུ་མཛད་ནས། །གྲལ་གཡོན་ན་བཞུགས་པའི་དཔའ་མོ་གསོན། །སྤྱིར་ཆོས་རྣམས་ཐམས་ཅད་སྒྱུ་མ་སྟེ། །རྨི་ལམ་སྒྱུ་མ་ཁྱད་པར་འཕགས། །ནམ་སྲོད་ལ་བག་ཆགས་ཀྱི་རྨི་ལམ་འབྱུང་། །དེ་ལ་གཟའ་གཏད་ཅི་ཡང་མེད། །ནམ་གུང་བདུད་ཀྱི་སྤྲུལ་པས་སྟོན། །དེ་ལ་ཡིད་བརྟན་བྱར་མི་རུང་། །ནམ་ཐོ་རངས་ལྷ་ཡི་ལུང་བསྟན་པ། །ཆེ་ན་ངོ་མཚར་དེ་ཆེ་མོད། །དགུང་ད་ནང་སྐྱ་རེངས་ཤར་བ་ལ། །རྗེ་
མངའ་བདག་ཆེན་པོ་བྱོན་ནས་ཀྱང་། །མཐར་ཐུག་སྟོན་པའི་ཆོས་གསུངས་པ། །དེ་མ་རྗེད་དྲན་པ་འདི་ལྟར་གདའ། །ཆོས་རྣམས་ཐམས་ཅད་སེམས་ཉིད་དེ། །རང་སེམས་ཉིད་ལས་བླ་མ་བྱུང་། །སེམས་ལས་གུད་ན་གཞན་མེད་པས། །ཅིར་སྣང་ཐམས་ཅད་སེམས་ཀྱི་ངང་། །དེ་ཡང་གདོད་ནས་མ་གྲུབ་པས། །མ་སྐྱེས་གཉུག་མའི་གནས་ལུགས་ལས། །རྣམ་རྟོག་རྩོལ་བས་སྤོང་དུ་མེད། །མི་བཅིང་རང་སོ་ལྷུག་པར་བཞག །དེ་ཉིད་བརྡ་ཡིས་མཚོན་པའི་ཕྱིར། །མི་རོ་གདོལ་པ་ཁྱི་དང་ཕག །བུ་ཆུང་སྨྱོན་པ་གླང་ཆེན་དང་། །ནོར་བུ་རིན་ཆེན་ཨུཏྤ་ལ། །དངུལ་ཆུ་རི་དྭགས་སེངྒེ་དང་། །བྲམ་ཟེ་ཁྲི་སྙན་མཐོང་ངམ་གསུངས། །བརྡ་ཡིས་མཚོན་པའི་དོན་རྟོགས་པས། །འཁོར་འདས་གཉིས་སུ་མི་འཛིན་ཅིང་། །སྤང་བླང་རྒྱུད་ལ་མི་སྦྱོར་བ། །གཞན་ནས་འབྲས་བུ་མི་རེ་ཞིང་། །ཡིད་ལ་བྱར་མེད་སྤྲོས་དང་བྲལ། །མཐའ་བཞི་དག་ཏུ་ལྟུང་བ་མེད། །བསྒོམ་དུ་མེད་ཅིང་ཡེངས་སུ་མེད། །དྲན་དུ་མེད་ཅིང་བརྗོད་དུ་མེད། །གང་གིས་ཀྱང་
ནི་མཚོན་དུ་མེད། །བླ་མའི་དྲིན་གྱིས་དེ་ལྟར་རྟོགས། །དེ་དོན་རྟོགས་པའི་ཉམས་ཤར་བ། །སེམས་དང་སེམས་བྱུང་འགགས་པ་ཡིན། །དབྱིངས་དང་རིག་པ་དབྱེར་མེད་དེ། །སྐྱོན་དང་ཡོན་ཏན་སྐྱེ་འབྲི་མེད། །བདེ་སྟོང་གསལ་ལ་མ་འགགས་པ། །འོད་གསལ་འགྲོ་འོང་མེད་པར་ཤར། །གཉུག་མ་ངོ་སྤྲོད་ལྟ་བའི་གནད། །སྐྱེ་མེད་མཚོན་པའི་བརྡ་དོན་རྣམས། །རྗེ་མངའ་བདག་ཆེན་པོའི་ཞལ་ནས་ཐོས། །ངག་བརྗོད་པ་གླུ་རུ་མི་བླང་དུ། །རྗེ་གོང་ནས་བཀའ་ནན་ཆེ་བ་དང་། །གདན་གང་མཆེད་གྲོགས་ཀྱི་ཞལ་མ་ཆོགས། །ཌཱ་ཀི་ཀོ་ལོང་མི་མཛད་ཞུ། །ཅེས་མངའ་བདག་མཻ་ཏྲི་པ་རྨི་ལམ་དུ་བྱོན་ནས་ཕྱག་རྒྱ་ཆེན་པོའི་བརྡ་དོན་བསྟན་ཚུལ་གྱི་མགུར་རྗེ་པཎྜི་པས་དབུ་མཛད་པའི་མཆེད་གྲོགས་རྣམས་ལ་ཕུལ་བས། དེར་འཚོགས་པ་ཀུན་མཉེས་ཤིང་། ལོ་ཙ་བ་ཁྱེད་ཀྱི་རྨི་ལམ་གྱི་མཐོང་བ་ནི་རྣམ་པར་དག་གོ །ཞེས་ཐམས་ཅད་ཡ་མཚན་དུ་འཛིན་པར་གྱུར་ཏོ། །དེར་མར་པ་དོ་པ་ཆོས་ཀྱི་དབང་ཕྱུག་རྒྱ་གར་དུ་ཐོག་
མ་བྱོན་པ་དང་མཇལ་ཏེ། ཁོང་གིས་རྗེ་མར་པ་ལ་གསེར་ཞོ་གང་གི་ཕྱག་རྟེན་བྱས་ནས། བདག་བླ་མ་ནཱ་རོ་པ་ལ་བདེ་མཆོག་མཉན་དུ་འོངས་པ་ཡིན་པས། དེང་སང་ཇོ་བོ་ནཱ་རོ་པ་གང་ན་བཞུགས་ཅེས་སོགས་རྒྱ་གར་གྱི་དྲི་སྨེད་ཞུར་བྱུང་བ་ལ། ང་བོད་དུ་གསེར་འཕྱག་པ་ལ་འགྲོ་བ་ཡིན་པས་མི་དགོས། རྒྱ་གར་ན་གསེར་པོ་བ་རེས་ཀྱང་ཁྱད་ཡོང་བས་ཁྱོད་རང་ཁྱེར། བླ་མ་ནཱ་རོ་པ་ཆེན་པོ་སྤྱོད་པ་ལ་གཤེགས་ནས་མེད་པས། ནཱ་རོའི་སློབ་མ་མ་ན་ཀ་ཤྲཱི། པྲཛྙཱ་རཀྵི་ཏ། ཁ་ཆེ་བྱང་ཆུབ་བཟང་པོ། པྲ་མོ་ད་བཛྲ་རྣམས་ལ་ཆོས་ཉོན། ཅེས་བླ་མ་ལུང་བསྟན་ཅིང་ལམ་གྱི་ཞལ་བཀོས་སོགས་བསླབ་བྱ་དཔྱིས་ཕྱིན་པར་མཛད། དེ་རེས་རྗེ་མར་པས་བལ་པོར་ལོ་གཅིག་བཞུགས་ནས་ནངས་ཀྱི་ཐ་མ་བོད་དུ་ཚུར་བྱོན་པ་དང་། མར་པ་མགོ་ཡགས་ཀྱིས་བླ་མ་ལ་སྐུ་ཚེའི་བར་ཆད་བྱུང་ངམ་མ་བྱུང་དང་། བོད་དུ་བྱོན་ནམ་མ་བྱོན་གྱི་གཏམ་འདྲི་བ་ལ་བལ་པོར་ཐུག་པར་འགྲོ་དགོས་སྙམ་ནས་འོངས་པ་གཉིས་མང་ཡུལ་ཀྱི་
གྲོང་གི་མ་ཚད་དུ་མཇལ་ཏེ། དེར་མགོ་ཡགས་ཀྱིས་བླ་མའི་ཞབས་ཏོག་མཛད་ཅིང་བྱོན་པས། མྱང་སྟོད་གཞེངས་ཀྱི་མཁར་སྐོང་དཀར་པོ་བྱ་བ་ན། མར་པ་མགོ་ལེགས་ཀྱི་མེས་པོ་ཕྱུག་པོ་ཅིག་ཡོད་པས་སྣ་ལེན་བྱས་ནས་ཟླ་བ་གཅིག་ཏུ་ཆོས་གསུང་ཀྱིན་བཞུགས། དེ་ནས་དབུས་སུ་ཟངས་ཀྱིས་གཤེགས་ཀར་མགོ་ཡགས་ཀྱིས་བླ་མ་རྒྱ་གར་ནས་སྐུ་མ་ནོངས་པར་བྱོན་པའི་གཏང་རག་ཏུ་ཚོགས་ཀྱི་མཆོད་པ་ཞིག་བཏང་སྟེ་དེའི་དུས་སུ་ཞུས་པ། བླ་མ་ལགས། བླ་མའི་བླ་མ་རྗེ་ཆེན་པོ་ནཱ་རོ་པ་དེ་དང་ད་རེས་ཞལ་ལེགས་པར་མཇལ་ལམ། ཐུགས་མཉེས་པར་ཐལ་ལམ། སྔར་དང་ད་རེས་གཉིས་ལ་གདམས་ངག་གི་ལྷག་ལུས་སམ་ཁྱད་པར་ཅི་གདའ། ཞེས་ཞུས་པའི་ལན་དུ་བླ་མ་ལོ་ཙ་བས་རྗེ་ནཱ་རོ་པ་ཆེན་པོ་དང་མཇལ་ལུགས་དང་། གདམས་ངག་ལྷག་ལུས་མེད་པར་ཇི་ལྟར་གནང་བའི་ཚུལ་གྱི། མགུར་སྣང་བ་ཟིལ་གྱིས་གནོན་པ་དཔའ་བོ་སྣང་གླུ་བསྒྱུར་བའི་སྐད་ལ་རྟ་དྲངས་ཏེ་གསུངས་པ། རྗེ་སྤྲུལ་
སྐུའི་བཞུགས་གནས་རྒྱ་གར་ཡུལ། །ལྗོངས་ཡངས་པ་ཅན་གྱི་མ་ག་དྷར། །མུ་སྟེགས་རྒོལ་བ་ཚར་བཅད་དེ། །སྒོ་བསྲུངས་ཆེན་པོར་མངའ་གསོལ་བའི། །དཔལ་ནཱ་རོ་ཞེས་བྱར་གྲགས་པ་ཡི། །རྗེ་སྤྲུལ་སྐུ་དེ་ཡི་ཞབས་ལ་འདུད། །ཤར་སྒོ་བརྩེགས་པའི་ཕོ་བྲང་ན། །མི་ང་རང་ལྟ་རྟོག་བྱེད་པའི་ཚེ། །སེམས་ཅིག་མ་བདེ་ཡིད་ཅིག་འཕྱོས། །དཔལ་ཆེན་ནཱ་རོ་ཏུར་གྱིས་དྲན། །གདུང་བའི་སེམས་ལ་བཟོད་ཐབས་མེད། །བས་མཐའི་ནགས་ལ་ཚོལ་དུ་ཕྱིན། །རྒྱུས་མེད་རིགས་ངན་གྲོང་དུ་ཞུགས། །རྒྱལ་པོ་དྲེགས་པས་བཙོན་དུ་བཟུང་། །དཔལ་མེ་ཏོག་སོ་ཡི་ཕོ་བྲང་དུ། །ཞག་གསུམ་རྒྱལ་པོའི་མཆོད་གནས་བྱས། །འབར་བའི་སྦྱིན་བསྲེག་ཐབ་ཁུང་ནས། །ཅི་འདོད་བཟའ་བཏུང་འབྱུང་བ་མཐོང་། །ཆེ་ན་ངོ་མཚར་དེ་ཆེ་མོད། །ཡང་ཅིག་བསྐྱར་ནས་ཚོལ་དུ་ཕྱིན། །འབྲས་དཀར་མོ་བྲེ་གསུམ་རྒྱགས་སུ་ཁྱེར། །ལྟང་དཀར་ཉ་ལ་བྱ་ན་བྱས། །རྗེ་བརྟུལ་ཞུགས་སྤྱོད་པའི་པཎྜི་པ། །ས་མཁན་ལམ་གྱི་གྲོགས་སུ་ཁྲིད། །ཟླ་
ཕྱེད་བར་དུ་ཕྱོགས་བཞིར་བསྐོར། །དུར་ཁྲོད་ནགས་ཚལ་ཁྱབ་པར་བྱུགས། །དེར་ཡང་རྗེ་བཙུན་ཅང་མ་རྙེད། །དཔལ་ཆེན་ནཱ་རོ་མ་རྙེད་ཀྱང་། །ངོ་མཚར་ཆེ་བའི་ལྟས་རྣམས་མཐོང་། །ཤིང་ཙནྡན་སྨན་གྱི་སྡོང་པོ་ལ། །དགྱེས་རྡོར་སྤྲུལ་པའི་ལྷ་དགུ་རྣམས། །ཅུང་ཟད་མ་རེག་རེག་ལ་ཁད། །འཇའ་ཡི་གུར་ཕུབ་ལྟ་བུར་མཐོང་། །ཆེ་ན་ངོ་མཚར་དེ་ཆེ་མོད། །མ་ལྷན་ཅིག་སྐྱེས་མའི་ཐུགས་ཀ་ན། །ཨཥྚ་སྔགས་ཀྱི་འཁོར་ལོ་དེ། །མེ་ལོང་ནང་གི་གཟུགས་བརྙན་བཞིན། །ཕྱི་ལུས་ཀྱིས་མ་བསྒྲིབས་གསལ་བར་མཐོང་། །ཆེ་ན་ངོ་མཚར་དེ་ཆེ་མོད། །ཤིན་ཏུ་སྲ་མཁྲེགས་རྡོ་རྗེའི་བྲག །འཁར་སྒོང་ཤེལ་གྱི་ཕ་བོང་ལ། །རྗེ་ནཱ་རོ་གཤེགས་པའི་ཞབས་རྗེས་དེ། །སྤུ་ཤད་རི་མོ་རྫོགས་པར་མཐོང་། །ཆེ་ན་ངོ་མཚར་དེ་ཆེ་མོད། །ད་ནི་རིང་པོར་མི་ཐོགས་སྙམ། །ཞག་བདུན་བར་དུ་གསོལ་བ་བཏབ། །གཞན་རིག་མངོན་ཤེས་མངའ་བའི་ཕྱིར། །དེ་ནས་རྗེ་བཙུན་དངོས་སུ་བྱོན། །ཆེ་ན་ངོ་མཚར་དེ་ཆེ་མོད། །རབ་ཏུ་དགའ་
ཆེས་ངུ་འབོད་བཏབ། །དམན་པས་ཞབས་མཐིལ་སྤྱི་བོར་བླངས། །ཐུགས་རྗེ་ཆུང་ཞེས་སྨྲེ་སྔགས་བཏོན། །གདུང་བའི་མཆི་མ་ཁྲག་ལྟར་འཛག །ཆེ་ན་ངོ་མཚར་དེ་ཆེ་མོད། །ལུས་བཙུན་མོ་ལྟ་བུར་སྐུ་ལ་འཁྱུད། །སྙིང་ལ་སྙིང་སྤྲད་དཔྲལ་དུ་གཏུགས། །དུས་དེར་དབང་རྫོགས་སེམས་ལ་བསྐུར། །ཆོས་རྫོགས་ཐུགས་ཀྱི་ཉིང་ཁུ་བྱུང་། །ཆེ་ན་ངོ་མཚར་དེ་ཆེ་མོད། །རྟོགས་པ་ནང་གི་ཉམས་ཤར་བ། །ཉོན་མོངས་ཡེ་ཤེས་གཅིག་ཏུ་འདྲེས། །རྣམ་རྟོག་རྦ་ཀློང་དབྱིངས་སུ་ནུབ། །ཡིད་འགྱུ་བ་སེམས་ཀྱི་ཕུ་ཐག་ཆོད། །ཆེ་ན་ངོ་མཚར་དེ་ཆེ་མོད། །ལར་རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །ང་བོད་ཀྱི་མར་སྟོན་བློ་གྲོས་གཉིས། །སངས་རྒྱས་དང་སེམས་ཅན་གཉིས་སུ་མཇལ། །གྲུབ་ཐོབ་མི་འབྱུང་གི་སྟབས་མ་མཆིས། །ཆེན་ན་ངོ་མཚར་དེ་ཆེ་མོད། །བུ་སྙིང་དང་འདྲ་བའི་དམ་ཚིག་ཅན། །བཞི་ནིང་རྒྱ་གར་དུ་འགྲོ་ཙ་ན། །ལོངས་སྤྱོད་འབྱོར་པས་འཕོངས་དུས་དེར། །རིན་ཆེན་གསེར་གྱིས་ཡོལ་མོ་བཀང་། །གཏམ་གྲགས་སུ་རུང་བ་ངོ་
མཚར་ཆེ། །ཁྱོད་གཏོང་བ་འཕངས་སེམས་མེད་པའི་ཕྱིར། །ལུས་གོས་དང་ལྷམ་གྱིས་བཞུག་བརྟུལ་ནས། །ཅི་འདོད་ཐམས་ཅད་རྫོངས་སུ་བཏབ། །ཕྱི་མའི་རྒྱགས་ཕྱེ་གཏེར་དུ་སྦས། །དེ་ཕྱིར་བསམ་ཀྱིན་ངོ་མཚར་ཆེ། །བུ་ཕ་བས་ལྷག་པའི་གདུང་སེམས་ཅན། །ཁྱེད་མར་པ་མགོ་ལེགས་མ་ཡིན་ནམ། །ནོར་སྒྱུ་མ་གཏོང་བ་སྨོས་ཅི་དགོས། །སྲོག་འཕངས་པ་མེད་པ་ཁྱེད་ཀྱི་ལུགས། །ཡོངས་ངོ་མཚར་འདི་ལས་ཆེ་བ་མེད། །དུས་ད་རེས་གདོང་ནས་བསུ་བ་དེ། །ལམ་བཤུལ་ཐག་རིང་བ་ནམས་ཀྱང་བདེན། །ལྷོ་ཁ་ནག་བལ་བོད་གཉིས་ཀྱི་མཚམས། །དགུན་ལོ་གསར་སྒང་ལ་མེ་ཏོག་སྐྱེ། །འབྲས་དཀར་ས་ལུ་འདེབས་པའི་ས། །མོན་སྐད་རིགས་མི་གཅིག་གི་ཡུལ་ཁམས་སུ། །ནད་བརྡ་མི་མཇལ་གྱི་ཚད་པ་ལ། །ཤི་ཚད་ཀྱི་འཇིགས་སྲོག་གདོས་བྱས་པ། །བུ་དཀའ་བས་དམ་ཚིག་བསྲུངས་པའི་ཕྱིར། །ཕ་ངས་ཀྱང་མི་བརྗེད་སེམས་ལ་བཞག །དུས་འདི་ལ་མི་འབྲལ་ཨ་ཅང་ཆེ། །ཚེ་ཕྱི་མ་མི་འཛོམ་ཐབས་
མེད་པས། །ཡི་དམ་མཁའ་འགྲོའི་སྤྱན་ལམ་དུ། །འོ་ཀོལ་ཕ་སྤད་གཉིས་སྨོན་ལམ་གདབ། །ང་བྱས་པ་དྲིན་དུ་གཟོ་བའི་ཕྱིར། །གླུ་འདི་ཀུན་ཁྱོད་ཀྱི་ངོ་རུ་བླངས། །ཁོང་གཞན་ལ་མ་སྒྲག་གསང་བར་ཞུ། །དྲིན་ལན་གྱི་ཆོས་སྐྱེས་ད་གཟོད་སྟེར། །སྙིང་གཏམ་ཅིག་ཡོད་དེ་ཁད་ནས་བཟློ། །འོ་སྐོལ་སྔོན་ལ་ཕྲད་པ་གྲོགས་ཀྱི་མཆོག །ད་མ་ཤི་བར་དུ་འགྲོགས་པར་བྱ། །ཞེས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྣམ་པ་ལྔའི་མཐོང་རྟགས་ངོ་མཚར་ཅན་རྣམས་སྲས་ཀྱི་ཐུ་བོར་གྱུར་པ་མར་པ་མགོ་ལེགས་ལ་བྱས་པ་དྲིན་ལན་བསབ་པའི་མགུར་དུ་བཞེངས་ནས། དཔལ་ནཱ་རོ་ཆེན་པོའི་ཐུགས་དམ་པདྨ་དམར་པོའི་འཕྲེང་བ་བརྒྱ་རྩ་ཅིག་དང་། མངའ་བདག་མཻ་ཏྲི་པའི་ཕྱག་སོར་ཀྱི་རྡོ་རྗེའི་འགུ་ཡ་ཟུང་ཅིག་གནང་སྟེ། བུ་ཁྱོད་ང་ལ་བྱས་པ་ཆེ་བ་ཡིན་པས་ང་མ་ཤིའི་བར་དུ་ལྷན་ཅིག་ཏུ་སྡོད་དགོས། ཚེ་ཕྱི་མ་མི་འཛོམ་ཐབས་མེད་དུ་སྨོན་ལམ་གདབ། དམ་ཚིག་གི་གནད་ཀྱིས་བསྡུས་པའི་ཕྱིར་འོ་སྐོལ་ཕ་སྤད་སྐྱེ་
གནས་མཚུངས་ཏེ་མཆི། དེར་ཡང་རྟེན་འབྲེལ་དག་པའི་སྟོབས་ཀྱིས་སྦྱངས་པ་སྔ་མའི་ལས་འཕྲོ་སད་ནས་འོང་བས་དེའི་དུས་སུ་ལམ་བསྐྱེད་རྫོགས་ཀྱི་བསྟན་པ་མཐར་བྱུང་ལ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཅི་ཐོབ་བྱ་གསུང་། དེར་མར་པ་མགོ་ཡགས་ཀྱིས་བླ་མའི་ཕྱི་བཞིན་དུ་འབྲེངས་ཏེ་ལྷོ་བྲག་ཏུ་ཡང་བྱོན་ནས་བླ་མ་སྐུ་མ་འདས་ཀྱི་བར་དུ་ཉིན་ཅིག་ཀྱང་མ་བྲལ་བར་བསྟེན་པ་ཡིན་ནོ། །དེ་ནས་རྗེ་ལོ་ཙ་བ་ཆེན་པོ་དཔོན་སློབ་རྩང་རོང་དུ་ཕེབས་ཏེ་དེར་མེས་ཚོན་པོ་དང་མཇལ་བས་ཁོང་གིས་བ་ཐོའི་གནས་གཞིར་སྤྱན་དྲངས་ནས་སྣ་ལེན་བཟང་པོ་ཅིག་ཞུས་པའི་སར་ཆོས་ཀྱི་གླེང་བླང་མཛད་པས་མེས་ཚོན་པོ་རྗེ་ལོ་ཙ་བ་ལ་དད་པ་ཐོབ་སྟེ། རྟ་དང་བུར་ཚོས་དང་རས་སྣམ་ལ་སོགས་པ་ཞིང་ས་ཞོ་གཅིག་ཙམ་ཁེངས་པ་ཞིག་ཕུལ་ནས། དགྱེས་རྡོར་དང་མ་ཧཱ་མཱ་ཡའི་སྐོར་སོགས་ཆོས་ཀྱང་མང་དུ་ཞུས། སྐབས་ཞིག་ཏུ་བ་ཐོའི་ལྕགས་རི་མཆོད་རྟེན་རྩ་བརྒྱད་ཀྱི་རྣམ་པར་ཡོད་པའི་མཆོད་རྟེན་རེ་
ལ་ཁྲབ་རེ་དང་རྨོག་རེ་བསྐོན། མགུལ་པར་གཡུ་རེ་བཏགས། བར་དུ་རལ་གྲི་རེ་བཞག་པའི་ནང་ཐམས་ཅད་གྲོ་ནས་དང་ཕྱུགས་ལུག་སོགས་ཀྱིས་བཀང་སྟེ་ཕུལ། ཡང་ལན་ཅིག་མཆོད་རྟེན་རེ་ལ་ན་ཇུས་ཀྱི་བེར་མཐོང་བ་འཇུམ་ཤོར་སོགས་གོས་བེར་བཟང་པོ་རེ་བསྐོན་པའི་ནང་གོས་དར་དང་གསེར་དངུལ་དཀར་སྤྱད་སོགས་ནོར་སྣ་དུ་མས་བཀང་སྟེ་ཕུལ་བ་རྣམས་བསྣམས་ནས། རྗེ་ལོ་ཙ་བ་ཆེན་པོ་དཔོན་སློབ་ལྷོ་བྲག་ཏུ་ཕེབས། དེར་བླ་མ་ནཱ་རོ་པས་ལུང་བསྟན་པའི་གནས་དྲོ་བོ་ལུང་གི་ཟངས་ཕུབ་ཡིན་པ་དགོངས་ཏེ། ལྷོ་བྲག་ཇོ་བོ་ལ་ས་སླངས་པས། ཁོང་གིས་དྲོ་བོ་ལུང་ཕུ་མདའི་འབྲོག་ས་ཞིང་དང་བཅས་པ་ཕྱག་ཏུ་ཕུལ་བ་བཞེས་ནས། ལྷོ་པ་རྣམས་མཁར་ལ་རྩིས་ཆེ་བས་དྲོ་བོ་ལུང་དུ་མཁར་ལེགས་པོ་ཅིག་བརྩིགས་ཏེ་མར་པ་མཁར་རུར་གྲགས། བླ་མ་ནཱ་རོ་པ་ཆེན་པོས་ཁྱོད་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ས་ལམ་གྱི་རྟོགས་པ་སྤེལ་ཅེས་ལུང་བསྟན་པ་ལྟར་ཡུམ་ལྷན་ཅིག་སྐྱེས་མ་ནཻ་རཏྨ་ཉིད་མིའི་བུ་
མོའི་རྣམ་པར་བཞུགས་པ་ཇོ་མོ་གཉོས་མོ་ཁབ་ཏུ་བཞེས་ཏེ། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་གཙོ་བོ་ལ་ཕོག་པས་གསང་མཚན་བདག་མེད་མར་བཏགས། གཞན་ཡང་སྤྲོས་མེད་ཀྱི་སྤྱོད་པའི་ཕྱག་རྒྱའི་གྲངས་དང་མཐུན་པར་གཽ་རི་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་ཀྱི་ངོ་བོ་ཕྱག་ཐུང་མ་ལ་སོགས་པའི་བཙུན་མོ་བརྒྱད་ཀྱང་རིམ་གྱིས་ཁབ་ཏུ་བཞེས་ནས། སྔར་མེས་སྟོན་གྱིས་ཕུལ་བའི་ནོར་དངོས་རྣམས་ལ་གཞི་མ་མཛད་དེ། ལྷ་ཁང་དབུ་རྩེ་དམར་པོ་དང་མདོ་མང་པུསྟི་སུམ་ཅུ་དུམ་ཅིག་བཞེངས་པ་རྣམས་གྲུབ་ཏུ་ཉེ་བ་ན། ཇོ་མོ་བདག་མེད་མ་ལ་སྲས་སྐྱེས་བུ་ཆེན་པོའི་མཚན་དང་ལྡན་པ་ཞིག་བཙས་ཏེ། དེའི་རྒྱུ་ཚན་བླ་མའི་སྙན་དུ་གསོལ་བས། འོ་སྐོལ་གྱི་མདོ་སྡེའི་གླེག་བམ་རྣམས་བཞེངས་གྲུབ་པ་དང་བདག་མེད་མ་ལ་བུ་མཚན་བཟང་པོ་དང་ལྡན་པ་བཙས་པས། བུའི་མིང་དར་མ་མདོ་སྡེར་གདགས་དགོས་གསུང་ནས་སྲས་ཀྱི་མཚན་དར་མ་མདོ་
སྡེར་བཏགས་ནས་ནམ་ཟླ་དུས་བཞི་གནས་དང་ལོངས་སྤྱོད་ཀྱི་སྤྱོད་ལམ་ཚུལ་དང་མཐུན་པར་བསྐྱེད་བསྲིང་པས། མཚོའི་ནང་གི་པདྨ་བཞིན་དུ་སྐྱེ་དྲག་ལ་རིང་པོ་མ་ཐོགས་པར་ཕྱི་ནང་གི་རིག་པའི་གནས་མཐའ་དག་ལ་བྱང་བར་གྱུར་ཏོ། །དེ་ལྟར་རྗེ་ལོ་ཙ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་དེ་ལྷོ་བྲག་དྲོ་བོ་ལུང་གི་དགོན་པ་ན་གདུལ་བར་འོས་པ་སྐལ་བ་དང་ལྡན་པ་དུ་མ་ལ་རྡོ་རྗེ་ཐེག་པའི་ལམ་གྱི་སྨིན་གྲོལ་གྱི་བྱ་བ་རྒྱ་ཆེན་པོ་མཛད་ཅིང་བཞུགས་པའི་ཚེ། བླ་མ་རྔོག་གཞུངས་པ་ཆོས་ཀྱི་རྡོ་རྗེ་དེ་ཡབ་མེས་གོང་མ་ཐམས་ཅད་སྔགས་རྙིང་མ་པ་ཡིན་པས། སེ་ལུང་ན་དགེ་བཤེས་དགྱེར་ཆུང་པ་བྱ་བ་ལ་རྙིང་མ་གསན་ཅིང་བཞུགས་པའི་དུས་སུ་དགོངས་ཆོས་ཞིག་གི་ཚེ། དགེ་བཤེས་དགྱེར་ཆུང་པའི་ཞལ་ནས། ད་ལྟ་ལྷོ་བྲག་དྲོ་བོ་ལུང་བྱ་བ་ན་མར་པ་ལོ་ཙ་བྱ་བ་རྒྱ་དཀར་པོ་ལ་དཀའ་བ་དཔག་ཏུ་མེད་པ་སྤྱད་དེ་གསང་སྔགས་གསར་མའི་གདམས་ངག་ཕྱིན་ཅི་མ་ལོག་པ་བསྣམས་ནས་བྱོན་པ་ཞིག་ཡོད་པར་
འདུག་པས། འོ་སྐོལ་རྔོག་སྟོན་དང་གཉིས་དེ་ན་ཕར་འདོང་ངམ་གསུངས་བས། བླ་མ་ཆོས་རྡོར་དེ་ལས་འཕྲོ་སད་པ་ཡིན་ནམ་ཟེར། རྗེ་བཙུན་མར་པའི་མཚན་ཐོས་པ་ཙམ་གྱིས་དད་གུས་ཐུན་མོང་མ་ཡིན་པ་སྐྱེས་ནས། དེ་རང་གི་རྒོང་མོ་ཚུར་ལ་རི་བོར་བྱོན་ནས་རྒྱགས་ཕྱེ་ལ་སོགས་པའི་གྲབས་བྱས། སང་ནང་པར་རྟ་ཅིག་ལ་ཁལ་བཀལ། དཔོན་གཡོག་གཉིས་མི་རྟ་གསུམ་བྱས་ཏེ་ཡར་འབྲོག་སྒང་ལ་ལམ་བཏོད་ནས་ལྷོ་བྲག་གི་དྲོ་བོ་ལུང་དུ་བྱོན་ཏེ། རྟ་དེ་ལ་ཞུ་རྟེན་བྱས་ནས་ཆོས་ཞུས་པས། རྗེ་བཙུན་མར་པའི་ཞལ་ནས། རྔོག་སྟོན་གྱི་འདི་འབུལ་བ་ཡིན་ན་ཆུང་ཡང་ཆུང་། ཞུ་རྟེན་ཡིན་ན་ཆེ་ཡང་ཆེ་བྱ་བའི་ཀུ་རེ་ཡང་གསུངས། དེར་བླ་མ་རྔོག་པས་གསང་སྔགས་གསར་མ་འདི་གདམས་པ་ཤིན་ཏུ་ཆེ་བར་གོ་ནས་ཡོད་པའི་དུས་སུ། རྩང་རོང་ནས་མེས་ཚོན་པོས་རྗེ་བཙུན་གདན་འདྲེན་པ་ལ་བཙུན་པ་གཉིས་བང་ཆེན་ལ་བཏང་བྱུང་བས། རྗེ་བཙུན་མར་པ་ཡང་རྩང་རོང་དུ་འབྱོན་པའི་དགོངས་པ་འདུག་པ་ན།
བླ་མ་ཆོས་རྡོར་གྱི་ཐུགས་ལ། ང་ལ་ཡུལ་ན་ཕ་མ་རྒན་རྒོན་དང་བྱིས་པ་ཆུང་ཆུང་ཀྱང་ཡོད་པས་ད་རེས་རྗེ་བཙུན་གྱི་ཕྱགས་ཕྱི་ལ་རྩང་རོང་དུ་ནི་མི་ཐོན་པར་འདུག །དུས་ཕྱིས་ཆོས་ཟབ་མོ་འདི་ལྟ་བུ་དང་འཛོལ་བའི་ཉེན་ཡོད་པས། ད་རེས་བླ་མ་གཞུང་དུ་གདན་དྲངས་ན་ཅང་འབྱོན་ནམ་སྙམ་དུ་དགོངས་ནས། བླ་མ་ད་རེ་གཞུང་དུ་འབྱོན་པར་ཞུ་འཚལ་ཞུས་པས། རུང་གསུང་ནས། བཙུན་པ་གཉིས་པོ་དེ་ལ་མེས་སྟོན་ལ་ངའི་མཆིད་ནས། ཁྱོད་ཀྱི་ཆོས་རྣམས་ན་ནིང་སྔ་གོང་ནས་ཚར་བར་བྱས་པ་ཡིན་པས། ད་རེས་ང་རྔོག་སྟོན་གྱི་ཕྱི་ལ་གཞུང་དུ་འགྲོ་བ་ཡིན་གྱིས་ཤིག་གསུང་ནས་ཞལ་གྱིས་བཞེས། དེར་བླ་མ་ཆོས་རྡོར་གྱིས་སྔོན་ལ་བྱོན་ནས་ཞིང་བཟང་པོ་ཅིག་བཙོངས་ཏེ་བསུ་བ་དང་སྣ་ལེན་གྱི་གྲབས་བྱས། རྗེ་ལོ་ཙ་བ་དཔོན་སློབ་རྣམས་ཕྱི་ན་ཚུར་བྱོན། དབེན་ཚ་མཐིལ་ལ་ཕྱགས་ཕབ་ནས་སྦྲ་དཀར་ནག་ལྔ་ཙམ་ཕུབ་སྟེ་དབྱར་དགུན་ལྔ་བཞུགས། དེའི་དུས་སུ་གསུང་རབ་དཀོན་མཆོག་བརྩེགས་པ་ཅིག་གིས་
ཐོག་དྲངས་པའི་ཕྱག་རྫས་ཀྱི་དངོས་པོ་ཐམས་ཅད་རྫོགས་པར་ཕུལ་ནས་བླ་མ་མདོ་སྡེ་གྲགས་བྱིས་པ་ཆུང་ངུ་ཞིག་ཡོད་པ་དང་ཡབ་སྲས་གཉིས་ཀྱིས་རྗེ་བཙུན་མར་པའི་དྲུང་དུ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་རྩ་རྒྱུད་བརྟག་པ་གཉིས་པ་དང་བཤད་པའི་རྒྱུད་མཁའ་འགྲོ་མ་རྡོ་རྗེ་གུར་གཉིས་ཀྱི་དབང་དང་བྱིན་རླབས་ཚོགས་བཤད། སློབ་བཤད། སྒྲུབ་ཐབས། ལས་ཚོགས། དཀྱིལ་ཆོག །རྫོགས་རིམ་བསྲེ་འཕོ་མཚམས་སྦྱོར་གྱི་གདམས་པ་ལ་སོགས་པ་ཐམས་ཅད་ཚར་བར་ཞུས་པ་ལས། ཐོག་མའི་དབང་བསྐུར་གནང་བའི་ཚེ་བླ་མ་མདོ་སྡེའི་མེ་ཏོག་གཽ་རཱི་ལ་ཕོག་པས་གསང་མཚན་ཞེ་སྡང་རྡོ་རྗེར་བཏགས། ཡང་ཉིན་ཅིག་དབེན་ཚའི་རི་ངོས་ཀྱི་ཆོས་ཁྲི་ཁ་ན་རྒྱུད་ཀྱི་བཤད་པ་གནང་བའི་ཆོས་རར་བླ་མ་མདོ་སྡེ་དྲག་ཏུ་བཤུམས་པས་སང་དེ་བླ་མ་ཆོས་རྡོར་གྱིས་སྲས་པོ་མ་ཁྲིད་པར་ཆོས་ར་ལ་བྱོན་པས། རྗེ་བཙུན་གྱི་གསུང་ནས་བྱིས་པ་གར་སོང་གསུང་བས། བུ་ཚ་ངུ་བ་དེ་ཆོས་ཉན་པ་ཀུན་ལ་
བཟན་གྱི་དོགས་ནས་མ་ཁྲིད་པ་ཡིན་ཞུས་པས། ད་ལྟར་རང་ཁྲིད་ལ་ཤོག །ཁྱོད་ཀྱི་བུ་དེ་དིང་སང་སྔགས་རྒན་ཁ་སྤུ་ཅན་ཅིག་བྱས་ནས། ངས་རྗེ་ལོ་ཙ་བ་ཆེན་པོ་དངོས་ལ་རྒྱུད་ཀྱི་བཤད་པ་རྣམས་ཐོས་པ་ཡིན་ཟེར་ནས་ཚོགས་པ་ཁྲི་ཕྲག་ཙམ་ལ་ཆོས་སྟོན་པ་ཞིག་འོང་བ་ཡིན་གསུང་ནས་དགྱེས་པ་དཔག་ཏུ་མེད་པ་མཛད། གཞན་ཡང་གཞུང་གི་མེས་ཚོན་ཆུང་དང་དོལ་པ་གག་སྟོན་སོགས་ཀྱང་རྗེས་སུ་བཟུང་སྟེ་རྡོ་རྗེ་ཐེག་པའི་ལམ་ལ་གནས་པར་མཛད་དོ། །དེའི་སྟོན་ཀ་དེ་རྗེ་ལོ་ཙ་བ་ཆེན་པོ་དཔོན་སློབ་དོལ་གྱི་སྣོན་མདར་མཚུར་སྟོན་དབང་ངེས་སྤྱན་དྲངས་ཏེ་དགྱེས་རྡོར་རྩ་རྒྱུད་ཚར་གཅིག་གསུངས། དེའི་རྒྱུད་བཤད་ཐོན་པའི་ཚོགས་གྲལ་དུ་བུ་སློབ་རྣམས་གསང་སྔགས་ཀྱི་ལམ་ལ་སྤྲོ་བ་བསྐྱེད་པའི་ཕྱིར་བླ་མ་ལོ་ཙ་བ་ཆེན་པོ་ཉིད་ཀྱིས་དམ་པའི་ཆོས་ཀྱི་ཕྱིར་དུ་དཀའ་བ་ཇི་ལྟར་སྤྱད་པའི་ཚུལ་རྣམས་མགུར་དུ་བཞེངས་པ། རྗེ་མི་བསྐྱོད་ཀྱི་ངོ་བོ་ཐུགས་རྗེ་ཅན། །མི་ཁོ་བོའི་སྤྱི་གཙུག་རྒྱན་དུ་བཞུགས། །མི་བདག་གི་
དཀའ་ལས་ཀྱི་དཔེ་བཤད་ན། །ཁྱེད་འདིར་བཞུགས་ཀྱི་ཇོ་བོ་བོད་སྟོན་རྣམས། །ཆོས་སླ་བར་མ་དགོངས་ཚུལ་བཞིན་ཞུས། །ཁོ་བོ་མར་པ་ལོ་ཙ་འདི། །སྐྱེས་པ་ལྷོ་བྲག་གི་མཐིལ་དུ་སྐྱེས། །ལས་འཕྲོ་རྒྱ་གར་གྱི་ཕྱོགས་སུ་སད། །དཔལ་མྱུ་གུ་ལུང་གི་དགོན་པ་རུ། །སྒྲ་བསྒྱུར་འབྲོག་མི་ལོ་ཙ་ལ། །སྒྲ་ཐང་ཀློག་སྐད་ཀྱི་ཡིག་ཚངས་བསླབས། །ཁོང་སྐུ་དྲིང་མི་ཆུང་ཆེ་བར་འཁུམས། །སློབ་གཉེར་ལྷོ་བལ་གྱི་ཕྱོགས་སུ་བགྱིས། །བདག་བལ་ཡུལ་གྱི་ལམ་ལ་ཞུགས་ཙ་ན། །གཅའ་འཕྲང་དང་ཆུ་ལ་ཐར་དུས་མེད། །ནགས་འཐུག་པོ་ཞིག་ལ་ཐོན་དུས་མེད། །ལམ་རིང་པོ་ཅིག་ལ་བགྲོད་དུས་མེད། །ཤིང་སྡོང་པོ་མི་རོ་རེངས་པ་འདྲ། །ལམ་དེ་ཀུན་གྱི་བདེ་དོག་མཐོང་ཙ་ན། །བྱ་དགུང་ལ་འཕུར་ཡང་གཤོག་པ་འདར། །འོན་ཀྱང་ངལ་དུབ་སྤྱད་རིན་ཆོག །ཡུལ་ལྷ་ལས་བབས་པའི་བལ་པོ་མཐོང་། །ཕྱི་འདོད་ཡོན་ལྟ་བས་ཆོག་མི་ཤེས། །མི་འདོད་ཁམས་ཀྱི་ལྷ་བྲན་ཡིན་ནམ་སྙམ། །དུས་བསྐལ་པ་བཟང་པོར་
འདུག་གོ་སྙམ། །ལམ་བགྲོད་པར་དཀའ་ཡང་ཕྱིན་ཏེ་ལེགས། །ཁོ་བོ་དེ་ནས་རྒྱ་གར་དུ་འགྲོ་ཙ་ན། །མཐའ་འཁོབ་ཀྱི་ཇག་པ་ཤི་སྐྱིད་ལ། །སྲོག་གར་དགར་ཐོན་པར་ཅུང་མི་བསམ། །གཅན་གཟན་གྱི་ངར་སྐད་ཐོས་ཙ་ན། །ཡིད་བརྟན་པོར་ཕྱིན་ཀྱང་གོམ་ཚུགས་འཁྱོར། །སྦྲུལ་བྲམ་ཆེན་གྱི་ཁ་རླངས་མཐོང་བའི་ཚེ། །ལུས་གཙང་མར་ཐོན་པར་ཅུང་མ་བསམ། །ལམ་དེ་ཀུན་གྱི་བདེ་དོག་བཤད་ཙ་ན། །དུས་ད་ལྟ་དྲན་ཡང་གློ་སྙིང་འདར། །ཆུ་གྲགས་པ་ཅན་གྱི་གངྒཱ་བརྒལ། །འོན་ཀྱང་དཀའ་བ་སྤྱད་རིན་ཆོག །ཡུལ་དབུས་འགྱུར་འཆང་གི་བཀོད་པ་མཐོང་། །དཔལ་རྡོ་རྗེ་གདན་གྱིས་སྣ་དྲངས་ནས། །རྟེན་ཁྱད་པར་ཅན་ལ་མཆོད་པ་བྱས། །ཁོ་བོ་ཕྱིན་པ་མཆིས་སོ་སྙམ། །ཆོས་སྙིང་ནས་ཚོལ་བའི་གདུང་སེམས་ཀྱིས། །ཡུལ་རྒྱ་གར་ཤར་ནུབ་ཆུ་བཞིན་བྱུགས། །ཐང་ཆེན་པོ་ཅིག་ལ་ཕ་མཐའ་མེད། །མྱ་ངམ་གྱི་ཐང་ལ་ཕྱིན་ནོ་སྙམ། །ཡིད་ཆོས་ལ་བསམས་ཀྱང་སྙིང་རླུང་འཕྱོ། །ནད་འཚོ་བར་དཀའ་བའི་ཚད་པས་
ཐེབས། །ལར་དེ་ཤི་དེ་ཆད་བཅུ་གསུམ་བྱས། །ཁ་ཆེམས་ཚིག་གསུམ་བཞག་ས་མེད། །དབུགས་འགྱུ་བ་ཆད་པ་ལན་གསུམ་བྱས། །དུས་དེ་ཡི་སྐྱིད་སྡུག་མཐོང་ཙ་ན། །སྡང་དགྲ་ཡི་མིག་ནས་མཆི་མ་འཆོར། །འོན་ཀྱང་སྲོག་ཕོད་བྱ་རིན་ཆོག །རྗེ་ནཱ་རོ་ཆེན་པོས་སྣ་དྲང་ནས། །གྲུབ་ཐོབ་བླ་མ་ལྔ་དང་མཇལ། །སྤྱིར་རྒྱུད་སྡེ་བཞི་ལ་ཉན་བཤད་བྱས། །ཁྱད་པར་མ་རྒྱུད་མཐར་ཐུག་བསླབས། །ཕ་རྒྱུད་གསང་བ་འདུས་པ་ཐོབ། །ཤར་ཆུ་བོ་གངྒཱའི་འགྲམ་དུ་ཕྱིན། །རྗེ་མཻ་ཏྲི་ཆེན་པོའི་བཀའ་དྲིན་གྱིས། །གཞི་ཆོས་ཉིད་སྐྱེ་བ་མེད་པར་རྟོགས། །སེམས་སྟོང་པ་ཉིད་ལ་སྤར་འཛིན་བྱས། །དོན་སྤྲོས་བྲལ་གཉུག་མའི་ངོ་བོ་མཐོང་། །སྐུ་གསུམ་མ་དང་མངོན་དུ་མཇལ། །མི་ཁོ་བོའི་སྤྲོས་པ་དེ་ནས་ཆོད། །སླར་བོད་ཡུལ་དབུས་སུ་ལོག་ཙ་ན། །གདམས་ངག་ཀྱང་ང་རང་ཆེའམ་སྙམ། །གྲུབ་ཐོབ་ཀྱང་འགའ་རེ་འབྱུང་ངོ་སྙམ། །འགྲོ་དོན་ཡང་མང་དུ་འགྲུབ་བོ་སྙམ། །དེ་མི་ངན་ཁོ་བོའི་བཞེད་གདེང་ལགས། །དཀའ་བ་སྤྱད་པའི་
སྤྱད་ལུགས་ལགས། །ཆོས་དེ་ཙམ་དུ་དཀའ་བར་ཐུགས་དགོངས་ལ། །ཁྱོད་ལེ་ལོ་མ་མཛད་སྒྲུབ་པར་ཞུ། །ཞེས་གསུངས་ཤིང་། སྣོན་མདའི་གནས་བཞིའི་ཤུལ་ན་དེའི་དུས་སུ་རྗེ་མར་པས་དབང་བསྐུར་མཛད་པའི་དཀྱིལ་འཁོར་གྱི་སྟེགས་བུ་ཤྭ་འོད་ཀྱིས་གཞིག་པར་མ་ནུས་པ་དང་། རྒྱབ་རིའི་རྩེ་ན་བླ་མ་མར་པའི་བཞུགས་ཁྲི་དང་ཞབས་རྗེས་རྣམས་ད་ལྟའི་བར་དུའང་ཡོད་དོ། །དེ་ནས་མཚུར་སྟོན་ཀྱང་ཕྱགས་ཕྱིར་འབྲེངས་ཏེ་ལྷོ་བྲག་ངོས་ལ་གདན་བཏེག་པའི་ལམ་ཁར་བླ་མ་ཆེན་པོ་དཔོན་སློབ་རྣམས་བ་རང་ལྦ་བ་ཅན་གྱིས་ལྷོ་ལ་ཡག་ཏུ་སྤྱན་དྲངས་ནས་ཆོས་གྲྭ་ཆེན་པོ་བཙུགས་པའི་དུས་སུ་མཚུར་སྟོན་ཆོས་འབྱུང་དང་མར་པ་མགོ་ལེགས་གཉིས་ཀྱིས་དཔལ་གསང་བ་འདུས་པ་རྒྱུད་རྐྱང་གི་ལུགས་དང་རིམ་ལྔའི་ཁྲིད་བསྐྱངས། དེའི་དུས་སུ་ཁོང་ཞལ་གཉིས་ཀྱིས་ཞུས་པ། བླ་མ་ལགས། སྤྱིར་དམ་པ་རིན་པོ་ཆེ་ལ་ལྷོ་བལ་ན་བླ་མ་དུ་བཞུགས། དེའི་ནང་ནས་ཀྱང་གྲུབ་པ་ཐོབ་ངེས་པའམ་སྐུ་དྲིན་ཆེ་
བའི་བླ་མ་དུ་བཞུགས། དེ་རྣམས་ལ་ཆོས་ནི་ཅི་དང་ཅི་ཁོ་ན་གསན་ཞེས་ཞུས་པའི་ལན་དུ། བླ་མ་མར་པས་ཆོས་ཇི་ལྟར་གསན་པ་དང་དཀའ་བ་ཇི་ལྟར་སྤྱད་ལུགས་ཀྱི་མགུར་བཞེངས་པ། རྗེ་རྩོད་ལྡན་དུས་ཀྱི་རྡོ་རྗེ་འཆང་། །དཀའ་བ་སྤྱད་པའི་སྐྱེས་བུ་མཆོག །ཀུན་གྱི་སྤྱི་གནས་ཐོད་བཞིན་བཀུར། །དཔལ་ནཱ་རོའི་ཞབས་ལ་སྤྱི་བོས་འདུད། །ང་ལྷོ་བྲག་མར་པ་བློ་གྲོས་འདི། །ལོ་བཅུ་གསུམ་ལོན་ནས་ཆོས་དང་ཕྲད། །དེ་སྔོན་སྦྱངས་ཀྱི་བག་ཆགས་སད་པ་འདྲ། །དང་པོ་ཡིག་ཚངས་ཀ་ཁ་བསླབས། །བར་དུ་སྒྲ་བསྒྱུར་ལོ་ཙ་སྦྱངས། །ཐ་མར་ལྷོ་བལ་རྒྱ་ལ་ཕྱིན། །ལོ་གསུམ་བལ་པོའི་མཐིལ་དུ་བསྡད། །རྗེ་བྱིན་རླབས་ཅན་གྱི་བལ་པོ་ལ། །རྒྱུད་གཉན་པོར་གྲགས་པའི་གདན་བཞི་ཉན། །འཕོ་བ་གྲོང་འཇུག་གི་གདམས་ངག་ཐོབ། །ཆོས་སྐྱོང་དུད་སོལ་གྱི་ལྷ་མོ་ཞུས། །ཁོ་བོ་དེས་ཀྱང་འདོད་པ་ཅུང་མ་ཚིམ། །ཡུལ་རྒྱ་གར་དབུས་སུ་ཆོས་ལ་ཕྱིན། །ཆུ་མི་ཟན་དུག་གི་མཚོ་ལ་བརྒལ། །ལུས་
དུག་སྦྲུལ་བཞིན་དུ་ལྤགས་པ་བརྗེས། །སྲོག་འདོར་བར་ཕོད་དོ་ཆོས་ལ་བསམས། །ནུབ་དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་དུ། །དཔལ་ཡེ་ཤེས་སྙིང་པོའི་ཞབས་ལ་གཏུགས། །ཕ་རྒྱུད་གསང་བ་འདུས་པ་ཉན། །སྒྱུ་ལུས་འོད་གསལ་གྱི་གདམས་ངག་ཐོབ། །ལམ་རིམ་པ་ལྔ་ཡི་དོན་ལ་བསླབས། །ལྷོ་དུག་མཚོ་ཁོལ་མའི་གླིང་དུ་ཕྱིན། །དུས་ཉི་མའི་གུང་ལ་སྨག་ཏུ་བསྲོས། །ལམ་ད་ཅི་གསལ་བ་ད་ལྟ་སྟོར། །སྲོག་ཡལ་བར་དོར་ནས་རྗེ་བཙུན་བཙལ། །དཔལ་ཞི་བ་བཟང་པོ་དངོས་དང་མཇལ། །མ་རྒྱུད་མ་ཧཱ་མཱ་ཡ་ཐོས། །དབྱིབས་རྣལ་འབྱོར་གསུམ་གྱི་དོན་ལ་བསླབས། །སྒྱུ་མ་གསུམ་བརྒྱུད་ཀྱི་གདམས་ངག་ཐོབ། །ཤར་དངོས་གྲུབ་ཀྱི་ཆུ་བོ་གངྒཱ་བརྒལ། །རིམས་རབ་ཏུ་འཁྲུག་པའི་དུར་ཁྲོད་དང་། །མེ་ཏོག་མདངས་འཕྲོག་གི་དགོན་པ་རུ། །རྗེ་མངའ་བདག་མཻ་ཏྲིའི་ཞབས་ལ་གཏུགས། །རྒྱུད་ཟབ་མོ་བསྟོད་པ་གླུར་བླངས་ཐོས། །ཆོས་ཕྱག་རྒྱ་ཆེ་ལ་རྟོགས་པ་བསྐྱངས། །སེམས་དངོས་པོའི་བཞུགས་ཚུལ་གཏན་ལ་ཕབ། །
གཞི་མ་བཅོས་དོན་གྱི་ངོ་བོ་མཐོང་། །གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །བྱང་ཕྱོགས་ཕུལ་ལ་ཧ་རིར་ཕྱིན། །དཔལ་དངོས་གྲུབ་ཅན་གྱི་དགོན་པ་རུ། །སྒོ་བསྲུངས་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པ་རྡོ་རྗེ་ཐོས། །བསྲེ་འཕོ་མཚམས་སྦྱོར་གྱི་གདམས་ངག་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །སྙན་བརྒྱུད་ཀྱི་གནད་ལ་ངོ་སྤྲད་བྱས། །དེ་ཡན་ཆད་འཛམ་གླིང་ཡོངས་སུ་གྲགས། །ཕྱོགས་བཞི་བརྒྱུད་པའི་ཆུ་བོ་ཡིན། །ལར་དུར་ཁྲོད་མྱུལ་བའི་རྣལ་འབྱོར་པ། །ཤིང་དྲུང་གནས་པའི་སྐུ་ས་ལི། །ཡོངས་སུ་མ་གྲགས་འགའ་ཡོད་དེ། །རྫོགས་རིམ་ཁ་འཐོར་མང་དུ་ཞུས། །ངོ་མཚར་ཅན་གྱི་སྒྲུབ་ཐབས་དང་། །ཕྲན་ཚེགས་ཀྱི་གདམས་ངག་རྩིས་ལས་འདས། །ལམ་བལ་པོའི་མཐིལ་དུ་ཕྱིན་ཙ་ན། །ང་ལྷོ་བྲག་གི་མར་པ་ལོ་ཙ་དང་། །ཁ་རག་གཉོས་ཀྱི་ལོ་ཙ་གཉིས། །ལོ་ཙ་གང་མཁས་གང་མཁས་ཟེར། །གདམས་ངག་གང་ཆེ་གང་ཆེ་ཟེར། །ཡར་བལ་བོད་མཚམས་སུ་ཐོན་ཙ་ན། །ནོར་
ཟང་ཟིང་གི་སྐུ་བསོད་ཁོང་ལ་སྐྱེས། །ཡུལ་ལ་སྟོད་ཚོ་བཞིར་ཕྱིན་ཙ་ན། །སྒྲ་བསྒྱུར་གྱི་གྲགས་པ་མཉམ་པོར་ཐོབ། །བོད་དབུས་རྩང་གི་མཐིལ་དུ་ཕེབས་ཙ་ན། །གདམས་ངག་གི་སྙན་པ་ཁོ་བོས་ཐོབ། །བླ་མ་གྲུབ་ཐོབ་དང་མཇལ་ལགས་པས། །གདམས་ངག་ལ་མི་ཆེའི་དོགས་མ་མཆིས། །བདག་ཐ་སྙད་ལ་བྱང་ཆུབ་མི་རེ་བས། །གཞུང་བཤད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ཅེས་གསུངས་པས་དེར་འདུས་པ་ཐམས་ཅད་རྗེ་བཙུན་ལོ་ཙ་བ་ཆེན་པོ་ལ་དད་མོས་བླ་ལྷག་ཏུ་འཕེལ་ལོ། །དེ་ནས་དྲོ་བོ་ལུང་དུ་ཕྱགས་ཕབ་སྟེ་སྲས་ཀྱི་མཐུ་བོ་མར་པ་མགོ་ཡགས་ལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཞལ་གདམས་བཅུ་གཉིས་དང་བཅས་པ། ཐུགས་རྒྱུད་གདམས་སྐོར་བཅོ་ལྔ། སྔོན་རྒྱ་གར་ཤར་ཕྱོགས་ར་ལྔའི་ཚོང་དུས་སུ་མཁའ་འགྲོ་མའི་ཞལ་ལས་གསན་ཅིང་དཔལ་ནཱ་ལནྜར་བོད་སྐད་དུ་བསྒྱུར་བ་ཌཱ་ཀི་མ་གསུམ་གྱིས་སྤྲོས་པ་གཅོད་པའི་གདམས་པ་ལ་སོགས་པ་ཟབ་མོའི་ཆོས་མང་དུ་གནང་། ཇོ་སྲས་
མདོ་སྡེའི་དོན་དུ་བཀའ་དཔེ་རྩ་བའི་སྡོམས་ཀྱི་འགྲེལ་པ་གསང་བ་བདུད་རྩིའི་ཆུ་རྒྱུན་ནམ་རིམ་ལྔ་སྲས་དོན་མར་གྲགས་པ་མཛད། གཞན་ཡང་དུས་དེ་ཙ་ན་པདྨའི་མཚོ་ལ་ངང་པ་འདུ་བ་བཞིན་དུ་མངའ་བདག་ལོ་ཙ་བ་ཆེན་པོ་དེ་ཉིད་ཀྱི་ཞབས་ཀྱི་པདྨའི་ཟེའུ་འབྲུ་སྤྱི་བོའི་རྒྱན་དུ་བསྟེན་པ་ལ་མོས་པ་འཕེལ་བའི་ལས་ཅན་གྱི་སློབ་མ། རྩང་རོང་གི་ཞང་རྒྱ་མཁར་བ། གཏམ་ཤུལ་གྱི་ཤུད་གོང་དཔལ་ལེ། ལྷོ་སྨད་པ་དམ་པ་ལྷ་རས། ཡར་ཀླུང་པ་སྤུག་སྨེ་རྩེགས། རྒྱ་འཕྱིང་རུ་བ་ལ་སོགས་པ་དཔག་ཏུ་མེད་པ་འདུས་པ་རྣམས་ལ་སོ་སོའི་སྐལ་བ་དང་འཚམ་པར་དམ་པའི་ཆོས་ཟབ་མོའི་བཅུད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་རོ་བདའ་བས་ཚིམ་པར་མཛད་ཅིང་བཞུགས་པའི་སྐབས་ཤིག་ཏུ། ཡང་བླ་མ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ་དེ་གཞུང་རི་བོའི་དགོན་པ་ནས་དྲོ་བོ་ལུང་དུ་ཕེབས་ཏེ། རྗེ་བཙུན་མར་པའི་སྤྱར་སྔར་ཁོང་རང་གི་འབྲོག་གནག་མད་བདུན་ཅུ་རྩ་ལྔ་སྦྲ་དང་འཇོ་ཟོ་ཁྱི་ཅག་གེ་བ་ཅིག་གིས་
ཐོག་དྲངས་པའི་ཕྱག་རྫས་ཀྱི་དངོས་པོ་ཐམས་ཅད་རྫོགས་པར་ཕུལ་ནས། བཅོམ་ལྡན་འདས་མ་ཧཱ་མཱ་ཡའི་རྒྱུད་ལེའུ་གསུམ་ལྷ་ལྔ་དང་བཅས་པ་ལ་སྒྲུབ་ཐབས་དྲུག །གདམས་ངག་དབྱིབས་རྣལ་འབྱོར་གསུམ་གྱི་ཁྲིད་དང་བཅས་པ་ཚང་བར་གསན། དེའི་ཚེ་བླ་མ་རྔོག་གཞུང་པས་རྗེ་བཙུན་མར་པ་ཉིད་ཀྱི་ཡི་གེ་དུམ་བུ་འཐོར་བ་རྣམས་བསྡུས་ཏེ། དགྱེས་རྡོར་རྩ་རྒྱུད་ཀྱི་འགྲེལ་པ་བཀའ་ཡང་དག་པའི་ཚད་མའི་ཁ་སྐོང་བརྟག་པ་དང་པོའི་ལེའུ་དྲུག་པ་མན་གྱི་འགྲེལ་པ་དང་། བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་ལྷ་དགུའི་དཀྱིལ་འཁོར་གྱི་ཆོ་ག་མདོ་དང་སྦྱར་བ་གཉིས་བླ་མ་མར་པའི་བཞེད་པ་ཇི་ལྟ་བ་བཞིན་དུ་ཟིན་བྲིས་སུ་མཛད། དེའི་ཚེ་ཡུལ་མངའ་རིས་གུང་ཐང་གི་རྩྭ་ཞེས་བྱ་བར་ཡབ་མི་ལ་ཐོས་སེ་བྱ་བ་དང་ཡུམ་ཉང་བཟའ་དཀར་ལེགས་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པའི་རྗེ་མི་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཐོས་པ་དགའ་དེ་སྐུ་གཞོན་ནུའི་དུས་སུ་ཡབ་འདས་ནས་ནོར་རྫས་མང་པོ་ཨ་ཁུ་
དང་ཨ་ནེས་ཕྲོགས་པས། ཡུམ་ན་རེ། བུ་ཁྱོད་དབུས་རྩང་གི་མཐིལ་དུ་སོང་ལ་མཐུ་སེར་སློབས་ལ་ཡུལ་གྱི་ཕ་ཚན་འདི་རྣམས་རླག་ཏུ་ཆུག་ཅིག་གསུང་ནས་ཆ་རྐྱེན་མང་པོ་བསྐུར་བ་རྣམས་བསྣམས་ཏེ། དབུས་རྩང་དུ་བྱོན་ནས་རོང་དུ་ལྷ་རྗེ་སྣུབས་ཆུང་ལ་མཐུ་ཞུས་ནས་ཕ་སྤུན་ཐམས་ཅད་ཁ་བཏགས། ཡར་ཀླུང་གི་གཉགས་སྟོན་ཁྲོ་རྒྱལ་ལ་སེར་བ་ཞུས་ཏེ་ལོ་གསུམ་གྱི་བར་དུ་སེར་བ་གྱང་རིམ་གསུམ་ཡོད་ཟེར་བ་རེ་ཕབ་ནས། ཕ་ཚན་རྣམས་ཀྱི་ལོ་ཐོག་རྨེག་མེད་པར་བཅོམ། སྤྱིར་རྗེ་མི་ལ་དེ་བྱིས་པའི་དུས་ནས་དམ་པའི་ཆོས་ཁོ་ན་བྱ་བར་དགོངས་པ་ཞིག་ཡོད་ཀྱང་། ཡུལ་གྱི་ཉེ་འབྲེལ་ཀུན་གྱི་བྱེད་པའི་རྐྱེན་ལས་ཡུམ་གྱི་བཀས་བཅིངས་ཏེ་དམ་པའི་ཆོས་རྣལ་མ་སྒྲུབ་པའི་སྐབས་མ་བྱུང་ཞིང་། ཡུམ་གྱི་ཐུགས་ཁ་རྫོགས་ནས་ཀྱང་སློབ་དཔོན་གྱི་གཡོག་ཏུ་བཞུགས་དགོས་པ་བྱུང་བས་བློ་བུར་དུ་ཆོས་ལ་འགྲོ་བའི་ཞུ་བ་བྱེད་ཀྱང་མ་ནུས་པར་ཡོད་པ་ལ། ལན་ཅིག་སློབ་དཔོན་གཉགས་སྟོན་གྱི་
ཡོན་བདག་ཞིག་ཤི་བས་རྐྱེན་བྱས་ཏེ། སློབ་དཔོན་གྱི་ཞལ་ནས། འདུས་བྱས་སྤྱིའི་མཚན་ཉིད་མི་རྟག་པ་ཡིན་པའི་སྟོབས་ཀྱིས་ཁོ་བོའི་ཡོན་བདག་དེ་ཡང་ཤི། ལར་མི་རྒན་ངས་ཀྱང་མཐུ་སེར་མང་དུ་བཏང་བས་དེའི་རྣམ་སྨིན་ཀྱང་རང་གི་སྟེང་དུ་འོང་། ད་ང་ཆོས་ཞིག་བྱ་བར་འདོད་པས་བུ་ཁྱོད་ཀྱིས་སློབ་མ་འདི་རྣམས་སྐྱོངས། ཡང་ན་ངས་རྒྱགས་བྱིན་གྱིས་ཁྱོད་རང་ཆོས་གྱིས་ལ་ང་ཡང་ཐར་པའི་ལམ་སྣ་ཟིན་པ་ཞིག་གྱིས་གསུང་བས། དེར་རྗེ་བཙུན་ཐོས་པ་དགའི་ཐུགས་དགོངས་གྲུབ་སྟེ། དེ་ན་བདག་གིས་ཆོས་བགྱིད་པར་ཞུ་ཞུས་པས། སློབ་དཔོན་གྱིས་རོང་སྟོན་ལྷ་དགའི་དྲུང་དུ་མངགས་ཏེ། ཁོང་ལ་རྫོགས་ཆེན་གསན་ཀྱིན་བཞུགས་པའི་ཚེ་ལན་ཅིག་བླ་མ་ན་རེ། ང་ཡི་ཆོས་རྫོགས་པ་ཆེན་པོ་འདི་ཁ་པོ་དང་ཆེ་སྟེ་ཉམས་ལེན་གྱི་འཁྱེར་སོ་ཞན་ནེ་བ་ཅིག་ལས་མེད། ང་རང་ཡང་ཅི་ནུས་ཀྱིས་ཇོ་མོ་ཁྲོ་གཉེར་ཅན་གྱི་བཟླས་པ་བྱེད་པ་ལ་རེ་བ་ཡིན། ཆོས་གཤའ་མ་ཞིག་བྱེད་ན། དེང་སང་ཉི་མ་ལྷོ་བྲག་གི་ཕྱོགས་ན་
རྒྱ་གར་གྱི་བླ་མ་ནཱ་རོ་དང་མཻ་ཏྲིའི་སློབ་མ་རྗེ་བཙུན་མར་པ་ལོ་ཙ་བ་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་རྩ་རླུང་ཐིག་ལེའི་མན་ངག་གིས་སངས་རྒྱས་ལག་བཅངས་སུ་ངོ་སྤྲོད་པའི་ཐབས་ཀྱིས་རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་གདམས་པ་མངའ་བ་ཞིག་བཞུགས་པར་འདུག་པས། ངེད་རང་ཕ་སྤད་ཀྱང་དེར་འགྲོ་འམ་གསུང་བས། རྗེ་མི་ལའི་ཐུགས་དགོངས་ལ་ཁོང་རང་ཡིད་མ་ཆེས་པའི་ཆོས་ཅིག་ང་ལ་བསླབས་པས་ཕན་ཅི་ཡོད་དགོངས་པ་ཡང་ཤར་རྗེ་བཙུན་ལོ་ཙ་བ་ཆེན་པོའི་མཚན་གསན་པ་ཙམ་གྱིས་མོས་གུས་ཐུན་མོང་མིན་པ་ཞིག་ཀྱང་སྐྱེས་ཏེ། བདག་བླ་མ་མར་པ་དེའི་དྲུང་དུ་ནམ་སླེབ་བམ་དགོངས་པའི་གདུངས་ཤུགས་བཟོད་མེད་དུ་འཁྲུངས་ནས་བླ་མ་རོང་སྟོན་ལ་མྱུར་དུ་འབྱོན་པར་བསྐུལ་ཏེ། དཔོན་སློབ་འགའ་ཟུང་གིས་ལྷོ་བྲག་ངོས་ལ་བཏེག་ནས་བྱོན་པའི་ལམ་དུ་སློབ་དཔོན་སྙུང་བས་ཁོང་ན་རེ། ང་ནི་ལས་འཕྲོ་མེད་པ་ཤེད་ཡིན་ནམ་འགྲོ་མི་ཐོན་པར་འདུག །
བུ་ཁྱོད་རང་སོང་ལ་ཆོས་ཞུས་ཤིག །ཚེ་ཕྱི་མར་མཇལ་བའི་སྨོན་ལམ་གདབ་བོ་ཟེར་ནས་སླར་ལོག །རྗེ་མི་ལས་ལྷོ་བྲག་ཏུ་བསྙེགས་ནས་བྱོན་པ་ལས། སང་དྲོ་བོ་ལུང་དུ་ཕེབས་རྒྱུའི་ནུབ་མོ་དེ་བླ་མ་ལོ་ཙ་བ་ཆེན་པོའི་མནལ་ལམ་དུ། རྒྱ་གར་གྱི་གཞོན་ནུ་མ་མང་པོས་ཤེལ་གྱི་རྡོ་རྗེ་དྲི་མས་ཅུང་ཟད་གོས་པ་ཞིག་ཁྱེར་ནས། ཁྱོད་ལ་ཇོ་བོ་ནཱ་རོ་པ་ཆེན་པོའི་བཀས། རྡོ་རྗེ་འདི་ཁྲུས་ལ་རྒྱལ་མཚན་རྩེ་ལ་ཐོགས་གསུང་བ་ཡིན་ཟེར་བ་བཞིན་མཛད་པས། རྡོ་རྗེ་དེའི་འོད་ཀྱིས་འཛམ་བུའི་གླིང་ཐམས་ཅད་ཁྱབ་པ་ཞིག་རྨིས་ཏེ། ནང་པར་མནལ་སད་པ་དང་མདང་གི་རྨི་ལམ་གྱི་མཚན་མ་ལྟར་ན་དེ་རིང་སློབ་མ་སྐལ་བ་དང་ལྡན་པ་ཞིག་ངེས་པར་འོང་བ་ཡིན་སྙམ་དུ་དགོངས་ནས། ཆང་བུམ་པ་གང་བསྣམས་ཏེ་བསུ་བ་ལ་དྲོ་བོ་ལུང་གི་མ་ཚད་དུ་བྱོན་ནས་བུམ་པ་ས་འོག་ཏུ་སྦས་ཏེ། ཞིང་གི་ཕྲུ་རློག་པ་ལྟར་མཛད་ཅིང་བཞུགས་པ་དང་། རྗེ་མི་ལ་དྲོ་བོ་ལུང་གི་རི་ངོས་ན་ཡར་བྱོན་པ་གཉིས་མཇལ་བ་ན། མི་རྒན་ཕྲུ་རློག་པ་ཞིག་
ལ་མི་ཀུན་ཕྱག་བྱེད་ཀྱིན་འདུག་པ་ལའང་རྟོག་པ་མ་ཞུགས་ནས། རྗེ་མི་ལས་བླ་མ་ངོ་མ་འཚལ་ཏེ། མི་རྒན་དེ་ལ་བླ་མ་མར་པ་ལོ་ཙ་བ་ཆེན་པོ་གང་ན་བཞུགས་ཁྱེད་ཀྱིས་མཇལ་སྣ་བྱས་ན་ཡོང་ངམ་ཞེས་དྲིས་པས། ས་ལ་རི་མོ་ཞིག་བྱས་ནས་འདིའི་བར་བརྐོ་གྲོགས་གྱིས་དང་། འདི་ཟིན་པ་དང་ངས་འཕྲིན་བྱ་ཡི་ཟེར། ཁོང་རང་ཡང་ཕྲུ་བྱེད་ཅིང་ཆང་འཐུང་ཞིང་འདུག །དེར་རི་མོ་དེ་ལའུར་བརྐོས་པས། ཡང་རི་མོ་ཞིག་བྱས་ནས་ཁྱོད་ལས་རེམ་ཞིག་འདུག་པས། ང་འཕྲིན་ལ་འགྲོ་བའི་རིང་ལ། ཁྱོད་རང་ཆང་འདི་འཐུང་ལ་ཕྲུའི་འཕྲོ་མ་འདི་རློག་ཅིག །ངས་མཇལ་སྣ་བྱ་ཡིས་ཟེར་ནས་ཆང་བུམ་བསྟན། ཏོག་ཙེ་གཏད་དེ་ཁོང་རང་ནང་དུ་བཞུད། དེར་རྗེ་མི་ལས་ཆང་དེ་ལྷག་མ་མ་ལུས་པར་གསོལ་ནས་ཕྲུ་རྫོགས་པར་རློག་པས་གདམས་ངག་ཚང་བར་ཐོབ་ཅིང་སྒྲུབ་པ་མཐར་ཕྱིན་པའི་རྟེན་འབྲེལ་འགྲིག །ཆང་བུམ་བཏོན་པའི་ཤུལ་དུ་ཆུ་མིག་བྱུང་ཞིང་། ཕྱིས་ཞིང་དེ་ལ་མཐུན་རྐྱེན་དུ་གྲགས་སོ། །དེ་ནས་
རྒོངས་ཀ་ཙ་ན་གཡོག་མོ་ཞིག་འབོད་དུ་བཏང་བྱུང་བའི་ཕྱི་ན་ཡར་བྱོན་པས། ད་ཅིའི་ཕྲུ་བྱེད་མཁན་དེ་ཀ་བླ་མ་ལོ་ཙ་བ་ཆེན་པོ་ཡིན་པར་འདུག་པས། སྐྱེངས་པ་ཞིག་བྱུང་ནས། ཅི་གཙུག་བྱའམ་སྙམ་དུ་ཚོམ་མེར་ལུས་པ་ལ། བླ་མའི་ཞལ་ནས་ངས་བྱ་བ་མ་ཐེངས་པས་འདི་ཀ་བཞིན་ཡོ་ལ་བྱུང་བ་ཡིན། བྲེད་མི་དགོས། ཕྱག་ཚོལ་གསུང་བས། དེར་རེའུ་དཀར་ཅིག་དང་བུར་ལྟང་ཅིག་ཕྱག་རྟེན་དུ་ཕུལ་ནས་ཕྱག་བཙལ་ཞབས་ལ་གཏུགས་ཏེ། བདག་ཡུལ་མངའ་རིས་ཀྱི་གུང་ཐང་བགྱི་བ་ནས་འོངས་པའི་མི་སྡིག་པོ་ཆེ་ཞིག་ལགས་པས་ཆོས་དང་རྒྱགས་གཉིས་ཀ་ཐུགས་རྗེས་འཛིན་པར་ཞུ་ཞུས་པས། བླ་མའི་གསུང་ནས་སྡིག་པོ་ཆེ་ཟེར་ནས་སྡིག་པ་བསོག་ཏུ་ངས་བཏང་བ་ནི་མིན། ཆོས་དང་རྒྱགས་གཉིས་ཀ་མི་འོང་། གང་རུང་ཞིག་བྱ་ལ་ཁྱོད་རང་འདོམས་གསུངས་བས་འོ་ན་ཆོས་ཞུ་བྱས་ནས་རྗེ་མི་ལས་ལྷོ་བྲག་ཕུ་མདའ་ལ་བསོད་སྙོམས་མཛད་པས་ནས་ཁལ་ཉི་ཤུ་རྙེད་པའི་ཁལ་བདུན་གྱིས་ཟངས་ལུང་བཞི་
བ་ཅིག་ཉོས་ཏེ་བླ་མ་ལ་ཕུལ་ནས་ཆོས་གསུང་བར་ཞུས་པས། བླ་མའི་ཞལ་ནས། ཁྱོད་གྱི་འབུལ་བ་འདི་ཆོས་ཟབ་མོའི་སྣོད་དུ་རུང་བའི་བརྡར་འདུག་པས་རྟེན་འབྲེལ་ཤིན་ཏུ་བཟང་། ཁྱོད་ལ་མཐུ་ཆེན་པོ་ཡོད་ཟེར་བ། དེས་ན་ལ་ཡག་སྟོད་པའི་མི་ངན་འདི་ཚོས་ངའི་གྲ་སློབ་རྒྱུ་འགྲུལ་བྱེད་པ་འགའ་རེ་བཅོམ་པས། ཁྱོད་དེར་སོང་ལ་སེར་བ་ཆེན་པོ་ཅིག་ཕོབ་དེ་ནས་ཆོས་བྱ་ཡི་གསུང་བས། རྗེ་མི་ལས་ལ་ཡག་ཏུ་བྱོན་ཏེ་སེར་བ་ཆེན་པོ་ཅིག་ཕབ་ནས་ཚུར་ལོག་སྟེ། དྭ་བདག་ལ་ཆོས་ཐུགས་ལ་འདོགས་པར་ཞུ་ཞུས་པས། ཁྱོད་ཀྱིས་སེར་རྡོག་གསུམ་ཕབ་པ་ལ་ངས་རྒྱ་གར་ནས་དཀའ་བ་དཔག་ཏུ་མེད་པས་བཙལ་བའི་ཆོས་རང་ཨེ་ཡོང་ངམ། མཐུ་ཆེན་ཁྱོད་ལས་ཀ་རེམ་པོ་ཅིག་འདུག་པས་ངའི་ཇོ་སྲས་མདོ་སྡེ་འབོགས་པའི་མཁར་ཞིག་བརྩིག་དགོས་གསུང་ནས། རྗེ་མི་ལའི་སྒྲིབ་པ་སྦྱོང་བ་དང་འཕྲིན་ལས་བཞི་འགྲུབ་པའི་རྟེན་འབྲེལ་དུ་ཕྱོགས་ཀྱི་རི་སྣ་བཞིར་མཁར་གྲུ་གསུམ། ཟླུམ་པོ། ཟླ་གམ། སོག་ཁ་
རྣམས་རྗེ་མི་ལ་གཅིག་པུ་ལ་རྩིག་ཏུ་བཅུག་ཅིང་། རེ་རེའང་གྲུབ་ཏུ་ཉེ་བ་ན་ཡང་བཤིག་ཏུ་བཅུག་པའི་མཐར། སའི་འགག་ཅིག་ཏུ་མཁར་གྲུ་བཞི་དགུ་ཐོག་པ་མདོ་ཁྱམས་དང་བཅས་པ་ཞིག་བརྩིག་པའི་འགོ་བརྩམ་པ་ན། བླ་མའི་ཡབ་ཚན་འགའ་ན་རེ། འདིར་མཁར་རྩིག་ཏུ་བཅུག་པས་མི་ཡོང་། བསྲུང་དགོས་ཟེར་བ་ལ། ལ་ལ་ན་རེ། མར་པ་སྨྱོ་ནས་བན་ཆུང་ལས་རེམ་པོ་འདི་གསོད་མ་ཐུབ་པར་འདུག་པས་ད་ལྟ་རྩིག་པ་ལྟར་བྱེད་ཀྱང་ཁོང་རང་གིས་བཤིག་ནས་འོང་བས་ཨའུ་ཙི་ཟེར། དེར་རྗེ་མི་ལས་ཆོས་ཀྱི་ཕྱིར་དུ་དཀའ་བ་དང་ལེན་གྱི་བཟོད་པའི་གོ་ཆ་ཆེན་པོ་མཛད་དེ། བླ་མའི་བཀའ་སྒྲུབ་པ་ལ་ངལ་དུབ་ཀྱི་བློ་སྤངས་ནས་ས་རྡོ་བསྐྱས་ཤིང་། བླ་མ་ཆེན་པོས་ཀྱང་ཐེག་པ་ཐུན་མོང་གི་ཆོས་ཐུན་རེ་གནང་སྟེ་མཁར་ལས་མཛད་པས། རྗེ་མི་ལའི་སྐུ་རྒྱབ་ཀྱི་སྟོད་སྨད་བར་གསུམ་དུ་སྒལ་མིག་ཆེན་པོ་གསུམ་བྱུང་བའི་རྨ་ལས་རྣག་ཁྲག་འཛག་པ་ན། རྗེ་མི་ལའི་ཐུགས་ལ་བདག་རང་གིས་ཚེ་རབས་དུ་མ་ནས་
བསགས་པའི་སྡིག་པ་ཐམས་ཅད་འདིས་འདག་པར་འགྱུར་རོ་སྙམ་དུ་སྐུ་ལུས་ཀྱི་རྨ་རྣམས་ཀྱང་མེ་ཏོག་གི་རྒྱན་ལྟ་བུར་དགོངས་ཏེ། སྐུའི་སྟོབས་གཞན་དང་མི་འདྲ་བས་མི་མང་པོས་ཀྱང་མི་ཐེག་པའི་ས་རྡོ་ཁུར་ཞིང་བརྩིགས་པས། མདོ་ཁྱམས་རྫོགས་པར་ཁེལ་ནས་མཁར་གྱིའང་ཐོག་བདུན་ཙམ་ཁེལ་བའི་ཚེ། བླ་མའི་ཡབ་ཚན་ཀུན་ན་རེ། དྭ་ལོ་ཙ་བས་མཁར་མི་ཤིག་པར་འདུག་པས་ངེད་རང་རྣམས་དམག་བྱས་པ་དྲག་ཟེར་ནས་རྗེ་བཙུན་ལོ་ཙ་བ་ཆེན་པོའི་སྟེང་དུ་དམག་དྲངས་པས། དེར་བླ་མ་ཆེན་པོས་སྤྲུལ་པའི་སྐྱེས་བུ་དཔའ་ཞིང་རྟུལ་ཕོད་ལ་བཙན་པོའི་གོ་བགོས་པ་མང་པོ་ལྷོ་ཕྱོགས་ནས་ཕ་ཐོན་ཕྱིར་དམག་རྣམས་དེད་ཅིང་ཀུན་ཏུ་དེད་པས་སྐྲག་པར་གྱུར་ཏེ། རང་རང་གི་ཁྱིམ་དུ་བྲོས་ནས་མར་པ་ལོ་ཙ་བས་དམག་འདི་ཙམ་གང་ནས་ཕབ་ཡོངས་པ་ཡིན་ནམ་ཟེར་བ་བྱུང་། དེ་ཙ་ན་རྗེ་མི་ལའི་ཐུགས་དགོངས་ལ། ངས་མཁར་ལས་འདི་ཙམ་ཞིག་བྱས་པ་ལ་རྡོ་ལག་མགོ་ཙམ་ཞིག་གམ། ལྡམ་
པ་ཁེམ་གང་ཙམ་མམ། ཤིང་ལག་ངར་ཙམ་ཞིག་འཇོག་པའི་གྲོགས་ནི་མེད། དྭ་རང་ཆོས་ཟབ་མོ་རྣམས་གནང་སྟེ་འོང་སྙམ་པ་བྱུང་ནས་བླ་མའི་སྤྱན་སྔར་བྱོན། དྭ་བདག་ལ་གསང་སྔགས་ཀྱི་ཆོས་ཟབ་མོ་རྣམས་གནང་བར་ཞུ་ཞུས་པས། མཐུ་ཆེན་ཁྱོད་ཀྱི་སྤེའུ་ལག་ངར་ཙམ་ཞིག་རྩིགས་པ་དེས་ཡུས་ཏེ། ངས་དཀའ་བ་མང་པོས་རྒྱ་གར་གྱི་ཡུལ་ནས་གདན་དྲངས་པའི་ཆོས་ཟབ་མོ་རྣམས་ཐོབ་ཏུ་རེ་བར་འདུག་སྟེ། དེ་ཙམ་གྱིས་འཐོབ་པ་མིན། ངའི་བླ་མ་ནཱ་རོ་པ་ཆེན་པོ་དེས་ཆོས་འདི་རྣམས་ཀྱི་ཆེད་དུ་ཇོ་བོ་ཏཻ་ལོ་པའི་སྤྱན་སྔར་དཀའ་བ་མི་འདྲ་བ་ཤི་ལ་ཐུགས་པ་བཅུ་གཉིས་སྤྱད་པ་ཡིན། ཁྱོད་དེ་སྔ་ཤི་ལ་ཐུག་པ་ལན་གཅིག་ཀྱང་མ་བྱུང་། ཡུས་མ་ཆེ་གསུང་ནས་མ་གནང་། གཞན་ཡང་བུ་ཆེན་འགའ་རེ་ལ་དབང་བསྐུར་གནང་བའི་ཞོར་ལ་ཡུམ་གྱི་ཞུ་སྣ་མཛད་པས་ཀྱང་མ་ཚུད་པར་དབང་གྲལ་ནས་ལན་མང་དུ་ཕྱུང་ཞིང་། རྐྱེན་བག་རེ་ལ་བསྙད་ནས་ཡང་ཡང་དུ་བཀའ་བཀྱོན་དང་ཕྱག་འཇུག་དྲག་པོས་ཚར་
བཅད་པས། མི་ལའི་ཐུགས་ལ་བླ་མ་ཆེན་པོས་སེམས་ཅན་ཐུགས་ཀྱིས་འདོར་བ་ག་ན་སྲིད་ཀྱང་ང་རང་ལས་ངན་གྱིས་སྒྲིབ་པ་ཆེ་བའི་དབང་གིས་ཆོས་ཟབ་མོ་ཐོབ་པའི་སྐལ་བ་རང་མེད་པ་ཡིན་ནམ་སྙམ་དུ་ཐུགས་ནན་ལྟར་ཕམ་པ་ཞིག་བྱུང་ནས་ཡུམ་གྱི་དྲུང་བྱོན་ཏེ་བཤུམས་པས། ཡུམ་གྱི་ཞལ་ནས། དེང་སང་ཁྱོད་ལ་བུ་སློབ་གཞན་དང་མི་འདྲ་བར་ཐུགས་ལ་མི་འདོགས་པ་ལྟར་སྣང་ཡང་ལོག་ལྟ་མ་བྱེད། ད་རུང་ངས་བླ་མ་ལ་ཆོས་ཀྱི་ཞུ་སྣ་བྱ་ཡི། སྤྱིར་དུ་ཁོ་མོའི་བླ་མ་ཆེན་པོ་འདི་ངས་རྒྱ་གར་ནས་བླངས་པའི་ཆོས་འདི་རྣམས་སེམས་ཅན་ལ་ཕན་ཐོགས་སུ་རེ་བ་ཡིན་པས། དོན་དུ་གཉེར་བ་ཁྱི་ཞིག་བྱུང་ནའང་སྟེར་བ་ཡིན་གསུང་ཞིང་། སུས་ཞུས་ལ་རང་རང་གི་སྐལ་བ་དང་འཚམ་པའི་གདམས་པ་ཅི་རིགས་སུ་གནང་བ་ཅིག་ཡིན་ཀྱང་། ཁྱོད་ལ་མི་གནང་བ་འདི་ཅི་ཡིན་ནམ། འོན་ཀྱང་མཐུ་ཆེན་རང་སེམས་ལས་མ་ཆེ། རྗེས་སུ་རིམ་པས་ཐོབ་ནས་འོང་གིས་གསུང་ནས་རྗེ་མི་ལའི་ཐུགས་གསོ་
བའི་ཕྱིར་དུ་ཕག་མོའི་མངོན་རྟོགས་ཞིག་དང་། གཞི་ལམ་འབྲས་བུའི་རྣམ་བཞག་ཞིག་གནང་བས་སེམས་ལ་ཕན་པར་བྱུང་། གཞན་ཡང་ཡུམ་གྱིས་འཕྲལ་གྱི་ཟས་གོས་སོགས་མཐུན་རྐྱེན་དུ་མའི་སྒོ་ནས་ཐུགས་འདོགས་ཆེར་མཛད་ཅིང་། དེའི་ཚེ་རྗེ་མི་ལ་མཁར་ལས་ཀྱིས་དུབ་ཆེས་པས་སྐུ་རྒྱབ་རིམ་པོ་རྨར་སོང་བ་དང་། བླ་མས་ཆོས་མ་གནང་བས་ཐུགས་ཀྱང་ཕམ་པར་འདུག་པ་ཡུམ་གྱི་ཐུགས་རྗེས་མ་བཟོད་ནས། བླ་མའི་བཀའ་མ་ཞུས་པར་ཏཻ་ལོ་དང་ནཱ་རོའི་དབུ་སྐྲ་དང་ན་བཟའི་དུམ་བུ་ཨེན་རེ་དང་བླ་མ་མར་པ་ཉིད་ཀྱི་དབུ་སྐྲ་དང་ཕྱག་འཁར་རྣམས་བསྐུར་ཏེ། ད་མཐུ་ཆེན་ཁྱོད་རང་འདི་རྣམས་བླ་མས་བསྐུར་བ་ལྟར་གྱིས་ལ་རྔོག་སྟོན་གྱི་དྲུང་དུ་ཆོས་གང་ཐོབ་གྱིས་ཤིག །ནམ་ཞིག་བླ་མ་ཆེན་པོས་ཆོས་གནང་བར་འདུག་ན་ངས་ལན་བྱ་ཡི་གསུང་ནས། རྗེ་མི་ལ་དུབ་པ་བསེང་བའི་ཕྱིར་ལྐོག་ཏུ་གཞུང་གི་རི་བོར་བརྫངས། དེའི་སང་དེ་བླ་མ་ཆེན་པོས་མཐུ་ཆེན་གར་སོང་གསུང་བ་ལ། ཡུམ་གྱིས་མཐུ་ཆེན་ཡི་
ཆད་ནས་བདག་གིས་བཤོལ་ཅི་བཏབ་ཀྱང་མ་ཉན་པར། དྭ་ག་ཤེད་དུ་འགྲོ་བ་ཡིན་ཟེར་ནས་སོང་ལགས་ཞུས་པས། བླ་མ་ཞལ་ནག་ཏིང་གིས་མཛད་ནས་དར་ཅིག་ཏིང་ངེ་འཛིན་ལ་བཞུགས་ཏེ། ངའི་བུ་དེ་ཐག་རིང་ཞིག་ཏུ་རང་མ་སོང་བར་འདུག་གསུང་། རྗེ་མི་ལས་གཞུང་དུ་བྱོན་པས་བླ་མ་རྔོག་པ་གྲ་པ་མང་པོ་ལ་ཆོས་གསུང་གི་འདུག་པ་དང་མཇལ་ཏེ་ཕ་ཚད་ནས་ཕྱག་མཛད་པས། བླ་མ་རྔོག་པའི་གསུང་ནས། ཕྱག་འཚལ་བ་ཕ་གི་རང་རེའི་བླ་མ་ཆེན་པོའི་གྲ་པ་ཞིག་འདྲ་བས་འཕྲད་དགོས་གསུང་སྟེ་ཆོས་ར་བཀྲོལ་ནས་སྐུ་མདུན་དུ་བོས། དེར་རྗེ་མི་ལས། ཉིད་ལ་བླ་མ་ལོ་ཙ་བ་ཆེན་པོས་མཆོད་གནས་འདི་རྣམས་བསྐུར་ཏེ་བདག་ལ་དབང་དང་གདམས་པ་ཟབ་མོ་རྣམས་སྟོན་ཅིག་པའི་བཀའ་མཆིད་བསྩལ་ནས་བརྫངས་པ་ལགས་ཞུས་པས། རྗེ་བཙུན་གྱིས་མཆོད་གནས་བསྐུར་བ་དེ་ཤིན་ཏུ་བཟང་གསུང་སྟེ་བྱིན་རླབས་ཀྱི་རྟེན་རྣམས་ལ་རོལ་མོ་དང་བཅས་པའི་བསུ་བ་མཛད་ནས་གཟིམས་
ཁང་དུ་གདན་དྲངས་ཏེ་མཆོད་པ་བཟང་པོ་བཤམས་དེར་བླ་མ་རྔོག་པའི་ཞལ་ནས། མཐུ་ཆེན་ཁྱོད་ན་ནིང་ནས་འབོད་དུ་གཏོང་སྙམ་པ་ཡིན་ཀྱང་བླ་མ་རྗེ་བཙུན་ཆེན་པོའི་སྐུ་མཁར་དེ་མ་གྲུབ་པས་གཏོང་མ་ནུས། ད་ལེན་འདིར་བྱོན་པ་ཅིས་ཀྱང་ལེགས། དོལ་གྱི་ཡས་ཕོ་ཡས་མོ་བ་འདི་རྣམས་ཀྱིས་ངེད་ལ་འབུལ་བ་སྐྱེལ་མཁན་མང་པོ་བཅོམ་པས། སྔོན་ལ་ཁོང་རྣམས་ཀྱི་སར་སེར་བ་ཞིག་འབེབས་དགོས། དེ་ནས་ཆོས་གང་བཞེད་པ་བྱ་ཡི་གསུང་བ་ན། རྗེ་མི་ལས་བླ་མའི་བཀའ་མི་སྒྲུབ་ཏུ་མི་རུང་དགོངས་ནས་དོལ་གྱི་ཕུར་སེར་བ་ཕབ་སྟེ། ཡས་ཕོ་ཡས་མོ་བའི་ཞིང་ཐམས་ཅད་བརླག །ལུང་པ་རྣམས་ཤྭ་འོད་ཀྱིས་གང་བར་མཛད་པས་ཁོང་རྣམས་བྲེད་དེ་འབུལ་བ་ཆེན་པོ་ཁྱེར་ནས་གཞུང་གི་རི་བོར་བཤགས་པ་བྱེད་དུ་བྱུང་། རྗེ་མི་ལས་ཀྱང་ཚུར་ལམ་སེར་བས་བྱ་དང་བྱེའུ་མང་དུ་བསད་འདུག་པའི་རོ་རྣམས་འཐུ་ཞིང་བྱོན་པས། བྱ་དང་བྱེའུ་རོ་ཕད་བུ་གང་དང་ཐུ་བ་གང་རྙེད་པ་བསྣམས་ཏེ་བླ་མ་རྔོག་པའི་སྤྱན་སྔར་
སྤུངས་ནས་བླ་མ་ལགས། བདག་འོངས་པ་ཆོས་བྱེད་དུ་འོངས་པ་ཡིན་ཀྱང་། ལས་སུ་སྡིག་པའི་ཡོ་ལང་ཉི་ཚེ་བྱེད་དགོས་པ་ཅིག་བྱུང་། ང་འདྲའི་སྐལ་བ་ངན་པ་བྱ་བྱིའི་རོ་འདི་སྙེད་ཅིག་ལ་གཟིགས་དང་གསུང་ནས་མང་པོ་བཤུམས་པས་བླ་མ་རྔོག་པའི་ཞལ་ནས། མཐུ་ཆེན་རང་དེ་ཙམ་དུ་བཤུམ་མི་འཚལ། ང་ལ་རྗེ་བཙུན་ལོ་ཙ་བ་ཆེན་པོའི་བཀའ་དྲིན་གྱིས་གསང་སྔགས་བྱིན་རླབས་ཀྱི་ལམ་ཞེས་བྱ་བ་རྩྭ་ཁུར་ལ་ཟོར་བ་མི་ལྗི་བའི་མན་ངག་ཡོད་དེ། སྔར་མཚམས་མེད་པ་ལྔ་བྱས་པ་ཞིག་ཀྱང་གསང་སྔགས་ཀྱི་ཐེག་པའི་སྒོར་ཞུགས་ཏེ་སྡིག་པའི་ལས་ཀྱི་འཕྲོ་བརྟུལ་ནས་རྟེན་འབྲེལ་ཟབ་མོའི་ཐབས་རྣམས་ཉམས་སུ་བླངས་ན་ཚེ་གཅིག་གིས་སངས་རྒྱས་ཀྱི་འབྲས་བུ་ངེས་པར་འཐོབ་པ་སྔགས་ལམ་གྱི་ཆེ་བ་ཡིན་པས་ཁྱེད་རང་དེ་ཙམ་དུ་འཇིགས་མི་དགོས་ཤིང་། ད་རེས་ཤི་བའི་སེམས་ཅན་འདི་རྣམས་ཀྱང་ཕྱི་མའི་ཚེ་ན་འགྲོ་བ་དཔག་ཏུ་མེད་པའི་དོན་ནུས་པ་དག་འོང་བ་ཡིན་ཀྱང་། ཁྱོད་དེ་ཙམ་
དུ་མི་དགའ་ན་ཁོང་རང་རྣམས་སླར་བསླང་བས་ཆོག་གི་གསུང་ནས་སེ་གོལ་ཅིག་མཛད་པའི་མོད་ལ་བྱ་བྱིའི་རོ་རྣམས་སླར་སོས་ཏེ་ནམ་མཁའ་ལ་འུར་གྱིས་འཕུར་ནས་སོང་བས། རྗེ་མི་ལ་བླ་མ་ཡབ་སྲས་གཉིས་ཀ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེས་སོ། །དེའི་ནུབ་མོ་བདག་མེད་མའི་བྱིན་བརླབས་མཛད་ནས་གཏུམ་མོའི་གདམས་ངག་གནང་། ནང་པར་ནས་བླ་མ་ཉིད་ཀྱི་གཟིམས་ཁང་དང་ཧ་ཅང་མི་རིང་བའི་གད་ཕུག་ཅིག་ཏུ་རྗེ་མི་ལས་ལྡག་སྦྱར་དམ་པོ་མཛད་པའི་བུག་སྒོ་ནས་ཇོ་མོས་འཚོ་བ་བསྐྱལ་བླ་མ་རྔོག་པས་ཉིན་རེ་བཞིན་ཆོས་ཐུན་རེ་གནང་ཞིང་བསྒོམས་པས་ཆོས་ལ་ཡིད་ཆེས་ཤིང་སེམས་ལ་ཕན་པར་བྱུང་ཀྱང་རྗེ་བཙུན་ལོ་ཙ་བ་ཆེན་པོའི་བཀའ་མ་ཁྲོལ་བའི་སྟོབས་ཀྱིས་ཉམས་རྟོགས་ནི་ཆེར་མ་སྐྱེས། འོན་ཀྱང་སྒྲུབ་པ་ལ་འགྲུས་སུ་མཛད་ཅིང་བཞུགས་པའི་ཚེ། བླ་མ་རྔོག་ལ་རྗེ་ལོ་ཙ་བ་ཆེན་པོས་བཀའ་ཡིག་ཕེབས་ཏེ། ཁོ་བོའི་མཁར་གྱི་སྤེན་བད་རྒྱུའི་སྤེན་མ་ཅི་ལྕོགས་ཞིག་ཁྱེར། ངེད་ཀྱི་མི་
གཅིག་དེར་ཡོད་འདུག་པའང་ཁྲིད་ལ་ཤོག་གསུང་བའི་ཡི་གེ་བླ་མ་རྔོག་པས་རྗེ་མི་ལའི་བུག་སྒོར་གདན་དྲངས་ཏེ་བཀླགས་ནས། ད་ཁྱེད་ང་དང་མཉམ་པོར་འགྲོ་འམ་མི་འགྲོ་གསུང་བ་ལ། བདག་ད་རེས་ཅིས་ཀྱང་འགྲོ་ཞུས་པས། འོ་ན་ནམ་འགྲོ་རན་ཙ་ན་ལན་བྱེད་པས་དེའི་བར་ལ་དགེ་སྦྱོར་མཛོད་ཅིག་གསུང་ནས་གཟིམས་ཁང་དུ་བཞུད། དེར་ལྷོ་བྲག་ནས་འོངས་པའི་བང་ཆེན་དེ་རྗེ་མི་ལའི་བུག་སྒོར་བྱུང་ནས། ཁྱེད་ལ་ཇོ་མོའི་བཀས། མཐུ་ཆེན་དེ་སྔར་ཆོ་ལོ་རྩེ་བ་ལ་དགའ་བ་ཞིག་ཡིན་པས་དིང་སང་མ་ཟུག་ནས་ཡོད་ཀྱང་སྲིད་པས་ཁོ་ལ་འདི་གཏོད་གསུང་ཡིན་གདའ་ཟེར་ནས་འཇིམ་པའི་ཆོ་ལོ་གཅིག་བུག་སྒོ་ན་ཚུར་གཏད་བྱུང་བས། རྗེ་མི་ལའི་ཐུགས་དགོངས་ལ། ཅི་ཟེར་ངས་ཡུམ་གྱི་དྲུང་དུ་ཆོ་ལོ་རྩེས་པ་མི་དྲན་ན་ཅི་གསུང་བ་ཡིན་དགོངས་ཏེ་ཆོ་ལོ་དེ་བཅག་པས། ཆོ་ལོའི་ནང་ན་ཤོག་དྲིལ་ཆུང་ངུ་ཅིག་ལ་འདིར་བླ་མས་ཆོས་གནང་བ་ཡོད་པས། ཁྱེད་རང་ཡང་བླ་མ་རྔོག་པའི་ཕྱི་ལ་ཤོག་ཟེར་བ་
འདུག་པས་དགའ་ཆེས་ཏེ་མཚམས་བཀྲོལ་ནས་བླ་མའི་རྩར་བྱོན་པས། བླ་མ་རྔོག་གིས་རྗེ་མི་ལ་ལ་ཕྱག་རྟེན་རྒྱུ་དར་ཡུག་ཅིག་དང་ཐུད་རྐྱལ་ཅིག་གནང་། ཁོང་རང་གིས་ཀྱང་གསུང་རབ་ཕལ་ཆེན་ཅིག་དང་ལུག་བརྒྱ་ཐམ་པས་སྣ་དྲངས་ཏེ་མཛོ་རྟ་དང་གོ་ཁྲབ་སོགས་ཕྱག་རྫས་ཀྱི་དངོས་པོ་གཏོས་ཆེ་བ་ཞིག་དང་སྤེན་ཁུར་བརྒྱ་ཐམ་པ་རྣམས་བླ་མ་ཆེན་པོའི་དྲུང་དུ་འབུལ་རྒྱུ་བསྣམས་ནས་བྱོན་ཏེ། ལྷོ་བྲག་གི་མདར་ཕེབས་པ་དང་། བླ་མ་རྔོག་པའི་ཞལ་ནས་མཐུ་ཆེན་རང་སྔུན་ནས་བྱོན་ལ་བླ་མ་ཡབ་ཡུམ་གྱི་དྲུང་དུ་ངེད་ཡོང་གི་ཡོད་བྱ་བ་ཞུས་གསུང་བ་ལྟར། རྗེ་མི་ལས་སྔོན་ལ་བྱོན་ནས་ཐོག་མར་ཇོ་མོ་དང་མཇལ་ཏེ་ཐུད་རྐྱལ་ཕུལ་ནས་བླ་མ་རྔོག་པ་འབྱོན་ཀྱིན་ཡོད་ཞུས་པས། དེ་ཅིས་ཀྱང་ལེགས་གཟིམས་ཁང་དུ་བླ་མ་ལ་ཞུས་ཤིག་གསུང་། བླ་མའི་དྲུང་དུ་བྱོན་ནས་ཕྱག་བཙལ་དར་ཡུག་ཕུལ་བས་སྐུ་རྒྱབ་བསྟན་ཏེ་བཞེས་སུ་མ་གནང་། དེར་རྗེ་མི་ལས་བདག་ལ་བཀའ་བཀྱོན་རྗེས་ནས་གནང་བས་མཆི་
ལགས། བླ་མ་རྔོག་པ་ཁོང་གསུང་རབ་དང་མཛོ་རྟ་ལ་སོགས་པའི་འབུལ་བ་མང་པོ་བསྣམས་ནས་འབྱོན་ཀྱི་ཡོད་པས་བསུ་བ་ཞིག་མཛད་ན་ཇི་ལྟར་ལགས་ཞུས་པས། དེ་ཀ་རང་ངས་རྒྱ་གར་ནས་བཀའ་མདོ་རྒྱུད་ཀྱི་གདམས་པ་ཟབ་ལ་རྒྱ་ཆེ་བ་དག་གདན་དྲངས་ནས་འོངས་པ་ལ་བསུ་བ་བྱེད་མཁན་མི་གཅིག་ཀྱང་མ་བྱུང་ན། ད་ལྟ་རྔོག་སྟོན་གྱི་དུད་འགྲོ་ཁ་ཅིག་ལ་བསུ་བ་བྱེད་པ་ག་ན་འོང་། ཁོ་ར་ལོག་ནས་འགྲོ་ན་ཡང་སོང་གྱིས་གསུང་། ཡུམ་གྱིས་བསུ་བ་དང་སྣ་ལེན་བཟང་པོ་མཛད། བླ་མ་རྔོག་པས་ཀྱང་རྗེ་བཙུན་ལོ་ཙ་བ་ཆེན་པོའི་སྤྱན་སྔར་འབུལ་བ་དང་ཞབས་ཏོག་རྒྱ་ཆེན་པོ་མཛད་དེ་གདན་བཞིའི་དབང་རྒྱུད་མན་ངག་རྣམས་གནང་བར་གསོལ་བ་བཏབ། དེའི་དུས་ཉིན་ཅིག་རྗེ་ལོ་ཙ་བའི་ཞལ་ནས། རྔོག་སྟོན་ཁྱོད་ངའི་ངག་མེད་པར་མཐུ་ཆེན་ལ་དབང་བསྐུར་ཞིང་ཆོས་བཤོད་པ་ཅི་ཡིན་གསུང་བ་ན། ཡུམ་གྱིས་དེ་བདག་གིས་ཆོས་སྟོན་པར་ཞུས་པ་ལགས་ཞུས་པས། བླ་མ་ཆེན་པོས་སེང་ལྡེང་
གི་བེར་ཀ་གདེངས་ཏེ། ཁྱོད་ལ་དེའི་བཅོལ་དོགས་ཅི་ཡོད་གསུང་ཞིང་བསྐྱོན་པས་ཇོ་མོ་སྐྲག་ནས་གཟིམས་ཁང་གི་སྒོར་བྲོས། དེ་ནས་དར་ཅིག་སོང་བ་དང་། བདག་མེད་མ་ལ་ཡར་ཤོག་གྱིས་གསུང་ནས་ཡུམ་ནང་མཆོད་ཀྱི་ཀ་པ་ལ་འདེགས་སུ་བཅུག་སྟེ་མཐུ་ཆེན་རང་ཆང་ཐོད་པ་གང་པོ་འདི་འཐུང་གསུང་། རྗེ་མི་ལས་ཆང་ཐོད་ཕོར་གང་པོ་དེ་རྫོགས་པར་གསོལ་བ་དང་། བླ་མའི་ཞལ་ནས། སྔོན་ཡེ་ཤེས་ཀྱི་ཌཱ་ཀིས་རྗེ་བཙུན་ཏཻ་ལོ་པ་ཆེན་པོ་ལ་ཇོ་བོ་ནཱ་རོ་པ་ལུང་བསྟན། རྗེ་བཙུན་ཏཻ་ལོ་པས་ཀྱང་ཇོ་བོ་ནཱ་རོ་པ་ལ་ཁོ་བོ་ལུང་བསྟན། ཁོ་བོ་ལའང་བླ་མ་ནཱ་རོ་པ་ཆེན་པོས་ཁྱོད་ལུང་བསྟན་ཏེ་བུ་ཁྱོད་ཀྱང་ཚེ་འདི་ལ་མཆོག་གི་དངོས་གྲུབ་འཐོབ་པར་འགྱུར་བའི་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་ཡིན། ས་བླ་ས་འོག་ས་སྟེང་གི་དཔའ་བོ་དང་རྣལ་འབྱོར་ཀུན་ཀྱང་ཁྱོད་ཁོ་ན་ལ་དགའ་ཞིང་འདུ་བར་འདུག །འོན་ཀྱང་མ་འོངས་པའི་དུས་ན་སློབ་མ་ངན་པ་དག་གིས་ཡར་བླ་མ་གནད་ལ་འབེབས་པ་དག་འབྱུང་བས་
དེ་ལྟ་བུ་མི་འབྱུང་བར་བྱ་བའི་ཕྱིར་དུ་ཁོ་བོས་ཁྱོད་ལ་འབར་ཞིང་ལས་བཅོལ་རྡུང་གཏག་བྱས་པ་ལ་ལོག་ལྟ་མ་སྐྱེས་པ་དེ་ཡང་ཁྱོད་རང་སྣང་བ་དག་པ་ཡིན། སེམས་ཅན་ལས་མ་དག་པ་རྣམས་ཀྱི་སྣང་བ་ལ་ཁོ་བོ་མཁར་ལས་བྱེད་པ་དང་། ཕྲུ་རློག་པ་དང་། གནག་ལུག་སྐྱོང་བ་ལྟ་བུར་སྣང་ཡང་། ཁོ་བོ་རང་ལ་དེ་རྣམས་དང་བླ་མ་ནཱ་རོ་པ་ཆེན་པོ་ལ་གཉིས་སུ་མེད། ང་དྲོ་བོ་ལུང་གཅིག་པུ་ན་འདུག་པ་ཡང་མ་ཡིན། ད་ལྟ་དྲོ་བོ་ལུང་ན་འདུག་པར་སྣང་བ་འདི་ལྷོ་བྲག་པ་རྣམས་ཀྱི་སྣང་བ་ཙམ་ཡིན་མོད། བུ་ཁྱོད་ལ་ངས་ཡིད་ཆད་ཆེན་པོ་དགུ་ཐེངས་ཤིང་མཁར་འདི་དགུ་ཐོག་ཏུ་ཐོན་ན་བརྒྱུད་པ་དགུའི་བར་དུ་ཁྱོད་རང་དང་སྤངས་རྟོགས་མཉམ་པ་མང་དུ་འབྱུང་ཞིང་། གཞན་ཡང་བོད་འདིར་འཇའ་ལུས་གྲུབ་པ་མང་པོ་འབྱུང་ལ། ཁྱོད་རང་ཡང་ཕུང་པོ་ལྷག་མེད་དུ་འཚང་རྒྱ་བ་ཡིན་པ་ལ། བདག་མེད་མ་བློ་ཆུངས་པས་ཅུང་ཞིག་ཉེས། འོན་ཀྱང་བརྒྱུད་པ་བདུན་གྱི་བར་དུ་ཁྱོད་རང་དང་སྤངས་རྟོགས་
མཉམ་པ་མང་དུ་འབྱུང་ཞིང་ཇི་སྲིད་སངས་རྒྱས་ཀྱི་བསྟན་པ་གནས་ཀྱི་བར་དུ་ཉམས་རྟོགས་ཀྱི་བརྒྱུད་པ་རྒྱུན་མི་འཆད་པར་འོང་བས་དགའ་བར་གྱིས་ཤིག །དྭ་དོ་ནུབ་ནས་ཁྱོད་ལ་དབང་བསྐུར་ཡང་བྱ་ཡི་གསུང་སྟེ། དེའི་ནུབ་མོ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་དུ་དབང་བཞི་བསྐུར་བར་མཛད་པའི་དུས་ན་རྗེ་མི་ལས་བླ་མ་མར་པ་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཡབ་ཡུམ་གྱི་སྐུར་དངོས་སུ་གཟིགས་ཤིང་། གཞན་ཡང་མདུན་བསྐྱེད་ཀྱི་དཀྱིལ་འཁོར་དང་ཐ་མི་དད་པའི་ཚུལ་གྱིས་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ནང་གི་ལྷ་ཚོགས་དང་ཕྱི་ཞིང་སྐྱོང་གི་ཌཱ་ཀི་མ་སུམ་ཅུ་རྩ་གཉིས། རིག་མ་བཅུ་དྲུག་པཱུ་ཛའི་ལྷ་མོ་དང་བཅས་པ་རྣམས་མདུན་གྱི་ནམ་མཁའ་ལ་བཞུགས་པར་སྐད་ཅིག་ཡུད་ཙམ་དུ་ཞལ་གཟིགས་ཤིང་། དེ་ཉིད་ཀྱི་དུས་ན་བླ་མ་དང་ཌཱ་ཀིས་རྗེས་སུ་གནང་བའི་མཚན་དཔལ་བཞད་པ་རྡོ་རྗེ་ཞེས་བྱ་བར་བཏགས་སོ། །ཕྱི་
དེ་ནང་མོ་རྗེ་མི་ལ་ལ་ཇོ་མོ་བདག་མེད་མས་ལུག་ཤ་བསྲེགས་པ་སོག་པ་ཕྱེད་དང་ཆང་བུམ་པ་གང་གནང་བྱུང་བས། འདི་ང་རང་གིས་ལོངས་སྤྱོད་པ་བས་བླ་མ་ལ་ཕུལ་ན་ཚོགས་རྫོགས་པར་འདུག་དགོངས་ཏེ་གཟིམས་ཁང་དུ་ཁྱེར་ནས་བླ་མ་ཆེན་པོའི་སྤྱན་སྔར་ཕུལ་བས། ཁྱོད་ལ་འདི་སུས་བྱིན་པ་ཡིན་གསུངས། ཇོ་མོས་བསྩལ་བ་ལགས་ཞུས་པས། དེ་ཀ་ཡིན་ཏེ་འོང་། མཐུ་ཆེན་རང་ཡང་ཟོ་ཞིང་འཐུང་དང་འདི་དག་མིའི་ཁ་ཟས་སུ་མི་གདའ་ཡེ་ཤེས་ཀྱི་ཌཱ་ཀིའི་དངོས་གྲུབ་ཏུ་འདུག་གསུང་ནས་ཕྱེད་བསྒོས་མཛད་དེ་གནང་བྱུང་བ་གསོལ་བས། མིའི་བཟའ་བཏུང་ལས་འདས་པའི་དྲི་རོ་བཟང་པོ་དཔེ་མེད་པ་ཞིག་བྲོ་ཞིང་འདུག །དེ་ཕྱིན་ཆད་རྗེ་མི་ལས་ཡུམ་གྱིས་ཟས་སྐོམ་གནང་བ་ཐམས་ཅད་རེ་རེའང་རོ་མཆོག་བརྒྱ་དང་ལྡན་པ་ཤ་སྟག་ཏུ་མྱོང་ངོ་། །དེ་དུས་མར་པ་བྱ་ཟེ་བྱ་བ་བླ་མ་རང་གི་ཡབ་ཚན་དུ་གྱུར་པ་ཞིག་ཡོད་པ་དེ་བླ་མ་ལོ་ཙ་བ་ལ་ཤིན་ཏུ་མི་དད་པས་ལན་ཅིག་ཁོ་ན་རེ། མར་པ་ལོ་ཙ་བྱ་བ་
འཇིག་རྟེན་པ་ཟང་མ་ཡིན་མོད། ཤ་ཆང་དང་བུད་མེད་ནི་བསྟེན། ཕྲུ་བརྐོ་དང་སོ་ནམས་ནི་བྱེད། རང་རེ་ཀུན་དང་ཁྱད་ཅི་ཡོད་ཟེར་བ་གྲྭ་པ་འགའ་རེས་བླ་མའི་སྙན་དུ་བཟླས་པས། བླ་མའི་ཞལ་ནས། བྱ་ཟེ་དེ་སྐད་ཟེར་བ་ཁོ་རང་གིས་མ་གོ་བ་ཡིན། ང་དེ་ལྟར་བྱེད་པ་ལ་རྒྱུ་མཚན་འདི་ལྟར་ཡོད་དེ་བཞོན་ལྔ་མེད་པར་འབྲོག་མི་འཛིན་པའི་དཔེ་དང་འདྲ་གསུང་ནས་མགུར་བཞེངས་པ། ཁོ་བོ་མར་པ་ལོ་ཙཱ་ངས། །རྒྱུད་ཀྱི་རྒྱལ་པོ་དགྱེས་རྡོར་ཤེས། །ནཱ་རོ་པཎ་ཆེན་གྱི་གདམས་ངག་ཡོད། །དགོན་པར་མི་སྡོད་རང་ལ་སྡིག །རྒྱུད་ཀྱི་རྒྱལ་པོ་གདན་བཞི་ཤེས། །འཕོ་བ་གྲོང་འཇུག་གི་གདམས་ངག་ཡོད། །ཐ་མལ་དུ་ཤི་ན་རང་ལ་སྡིག །བསམ་གཏན་གཉིད་དང་བསྲེ་བ་ཤེས། །རྨི་ལམ་འོད་གསལ་གྱི་གདམས་ངག་ཡོད། །ཐ་མལ་དུ་ཉལ་ན་རང་ལ་སྡིག །སེམས་འཛིན་གྱི་རྒྱལ་པོ་གཏུམ་མོ་ཤེས། །སེམས་གནད་དུ་བསྣུན་པའི་གདམས་ངག་ཡོད། །དོན་ཉམས་སུ་མི་ལེན་རང་ལ་སྡིག །རླུང་གི་དེ་ཉིད་བདུན་ཅུ་ཤེས། །ན་ཚ་བོགས་
འདོན་གྱི་གདམས་ངག་ཡོད། །སྨན་པ་འགུགས་ན་རང་ལ་སྡིག །རང་ལུས་རྒྱལ་བའི་དཀྱིལ་འཁོར་ཤེས། །རྩ་རླུང་ཐིག་ལེ་རྒྱས་བྱའི་ཕྱིར། །ཤ་ཆང་མི་བསྟེན་རང་ལ་སྡིག །གཞན་ལུས་ལམ་དུ་སློང་ཙ་ན། །ལས་ཀྱི་ཕྱག་རྒྱའི་གདམས་ངག་ཡོད། །ཕྱག་རྒྱ་མི་བསྟེན་རང་ལ་སྡིག །ཞེས་གསུངས་པ་བྱ་ཟེས་ཚོར་བས་སླར་ཡང་བླ་མ་ལ་མི་འཚམ་པའི་བསྐུར་པ་མང་དུ་བཏབ་པ་བླ་མས་གསན་པས། སྔོན་དེ་བཞིན་གཤེགས་པ་ལའང་སྐུར་པ་འདེབས་པ་བྱུང་ན་ང་འདྲ་བ་ལ་ཁ་ཟེར་བ་ལོས་ཡོང་། ལར་སྐྱེ་བོ་ངན་པའི་ཁ་ལ་ཚད་མེད། སྙིང་རྗེའི་ཡུལ་དང་སྒྱུ་ལུས་ཀྱི་ངང་དུ་བོར་ལ་ཞོག །ནམ་ཞིག་ཙ་ན་རྒྱུད་ལས་སུ་རུང་བའི་དུས་ཤིག་འོང་བ་ཡང་སྲིད། དེ་བས་ཁྱེད་རང་རྣམས་ངའི་གླུ་འདི་ལ་ཉོན་དང་གསུང་ནས་སྐུ་འཁོར་རྣམས་ལ་མགུར་གསུངས་པ། བཅོམ་ལྡན་རྡོ་རྗེ་འཆང་ཆེན་དེ། །ལྔ་བརྒྱ་ཕྲག་བཅུའི་སྙིགས་མ་ལ། །ལས་ཅན་སྨིན་གྲོལ་མཛད་པའི་ཕྱིར། །རྗེ་ནཱ་རོ་ཆེན་པོར་སྐུ་སྤྲུལ་པས། །འཁོས་ཆུང་
མར་པ་ལོ་ཙ་འདི། །གསན་ནམ་གཟིགས་སམ་ཐུགས་ཀྱིས་མཁྱེན། །ཕ་ཐུགས་རྗེས་ཟུང་དང་སྤྲུལ་པའི་སྐུ། །དྷཱུ་ཏི་བྱང་ཆུབ་གཞུང་ལམ་དུ། །རླུང་སེམས་བདེ་འོད་ཟུང་དུ་ཚུད། །ཟག་མེད་བདེ་བ་ཆེན་པོར་འགྲོ། །སྒྲིབ་བྲལ་རིག་པའི་ཡེ་ཤེས་ཤར། །བླ་ན་མེད་དོ་བླ་མའི་གསུངས། །མ་རིག་མུན་པའི་དབྱིངས་སུ་དག །གཟུང་དང་འཛིན་པའི་སྒྲིབ་གཉིས་བྲལ། །བདེ་གསལ་སྤྲོས་དང་བྲལ་བར་ཤར། །རྟེན་འབྲེལ་ཚོགས་པའི་སྣང་བ་འདི། །རང་བཞིན་མེད་པའི་གཟུགས་བརྙན་ཏེ། །དེ་ལྟར་རྟོགས་པའི་སྣང་བ་རྣམས། །རྨི་ལམ་སྣང་བ་ཇི་བཞིན་དུ། །ཆོས་རྣམས་སྒྱུ་མ་ལྟ་བུར་ཤར། །ལྷ་དང་ལྷ་མིན་མི་རྣམས་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་དང་། །སྣ་ཚོགས་འཛིན་པའི་སྣང་བ་འདི། །སྒྱུ་མ་ལྟ་བུར་མེད་པར་རྟོགས། །ཡུལ་དང་ཡུལ་ཅན་དམིགས་པ་དང་། །འབྱུང་བའི་སྒོ་དང་རླུང་གནད་ཀྱིས། །གང་འདོད་དོན་དུ་འགྱུར་འགྱུར་འདྲ། །བསྲེ་འཕོ་དྲི་མ་མེད་པར་ཤར། །ཐ་མལ་དུས་སུ་མ་བཅོས་བཞག །རྨི་ལམ་
དུས་སུ་མ་སླད་དྲན། །བར་དོའི་དུས་སུ་མ་བཅིངས་རིག །འབྲས་བུའི་དུས་སུ་མ་སྒྲིབས་ཤར། །ནཱ་རོའི་རྗེས་འབྲང་སྐྱེས་བུ་རྣམས། །གདམས་ངག་ཟབ་པ་ཉམས་སུ་ལོང་། །རིག་པ་ཡོད་ཀྱི་ངེས་ཤེས་སྐྱེད། །བློ་ཆུང་ལོག་པར་རྟོག་པ་རྣམས། །སངས་རྒྱས་ལ་ཡང་སྐུར་འདེབས་ཤིང་། །རང་གྲིབ་ལ་ཡང་གཤེ་བྱེད་པའི། །སྐྱེ་བོ་གཡོམ་ལ་སྒྱུག་པ་ལ། །དོན་ལ་འདི་ཡིན་འདི་མིན་མེད། །བླུན་པོ་བོང་རྒྱུག་བྱེད་པ་ལ། །མཁས་རྣམས་དེ་ཡི་རྗེས་མི་འབྲང་། །ཐ་སྙད་ཚིག་གིས་ཆོས་རྣམས་སྟོང་། །ང་སྐུ་ནི་ལྷ་ཡི་འཁོར་ལོ་ཡིན། །གསུང་ནི་ཆོས་ཀྱི་རང་བཞིན་ཡིན། །ཐུགས་ནི་ཡེ་ཤེས་ངོ་བོ་ཡིན། །བུ་སུན་པ་མེད་པར་ཉམས་སུ་ལོང་། །ཐེ་ཚོམས་མེད་པར་བྱང་ཆུབ་འགྲུབ། །ཞེས་གསུངས་སོ། །དེ་ནས་སྤེན་བད་སོགས་མཁར་ལས་ཀྱི་འཕྲོ་རྣམས་གྲུབ་པར་མཛད་ནས། སྲས་མཁར་དགྱེས་པ་རྡོ་རྗེའི་ཕོ་བྲང་དུ་བཏགས་ཏེ་སྐུ་མཁར་གྱི་རབ་གནས་དང་ཇོ་སྲས་མདོ་སྡེའི་ཆེ་འདོན་སྟབས་གཅིག་ཏུ་མཛད་
པའི་ཚེ། རྗེ་བཙུན་ལོ་ཙ་བ་ཆེན་པོས་བཀྲ་ཤིས་མངའ་གསོལ་གྱི་མགུར་འདི་གསུངས་པ། བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །ང་ཡི་བརྒྱུད་པ་རིན་ཆེན་འདི་ཉིད་ལ། །ཉེས་ལྟུང་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །གདམས་ངག་ཟབ་མོའི་ཉེ་ལམ་ལ། །ནོར་འཁྲུལ་མེད་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ང་རང་མར་པ་ལོ་ཙ་ལ། །ཟབ་མོ་གནད་ཀྱི་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །བླ་མ་ཡི་དམ་འཁའ་འགྲོ་ལ། །བྱིན་རླབ་དངོས་གྲུབ་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །བུ་ཆེན་སློབ་མའི་འཁོར་ཚོགས་ལ། །དད་པ་དམ་ཚིག་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ཡོན་བདག་ཡུལ་མི་ཉེ་རིང་ལ། །མཐུན་རྐྱེན་ཚོགས་སོག་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ལས་དང་བྱ་བ་ཐམས་ཅད་ལ། །མདོ་དོན་བྱང་ཆུབ་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །སྣང་ཞིང་སྲིད་པའི་ལྷ་འདྲེ་ལ། །ཆད་
མདོ་བཙན་པའི་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །འདིར་ཚོགས་ཁྲོམ་གྱི་ལྷ་མི་ལ། །བདེ་སྐྱིད་སྨོན་ལམ་བཀྲ་ཤིས་ཡོད། །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ཅེས་གསུངས་ཤིང་། བླ་མ་རྔོག་པ་ལ་བཅོམ་ལྡན་འདས་རྡོ་རྗེ་གདན་བཞི་ཡབ་བཀའ་ལྷ་ང་བདུན་དང་ཡུམ་བཀའ་ལྷ་བཅུ་གསུམ་གྱི་དབང་དང་རྩ་རྒྱུད་ལེའུ་བཅུ་དྲུག་པ་བཤད་པའི་རྒྱུད་གསུམ་རྣམས་ཀྱི་ལུང་དང་བཤད་པ། སྒྲུབ་ཐབས་དཀྱིལ་ཆོག །ལས་ཚོགས། རྫོགས་རིམ་རླུང་སེམས་ཁ་སྦྱོར་གྱི་མན་ངག་འཕོ་བ་གྲོང་འཇུག་དང་བཅས་པ་དང་། བཀའ་བསྲུངས་དུད་སོལ་ལྷ་མོའི་སྐོར་རྣམས་ཚང་བར་གནང་ཞིང་། གཞན་ཡང་ཐེག་པ་ཐུན་མོང་གི་བསླབ་བྱ། བསྐྱེད་རིམ་གྱི་བསླབ་ཚུལ། ལུས་དངོས་པོའི་གནས་ཐབས། ཞལ་གདམས་བཀའ་བཞི་ལོ་རྒྱུས་དང་བཅས་པ། ཐུན་མོང་མ་ཡིན་པའི་ཞལ་གདམས། རྣལ་འབྱོར་སྒོམ་པའི་མན་ངག །འབྱུང་བཞི་རོ་སྙོམས། སྟེང་སྒོ་རྣམ་གྲོལ་དང་འོག་སྒོ་བདེ་ཆེན་གྱི་མན་ངག །
གཏུམ་མོ་ཨ་ཐུང་། ཞལ་གྱི་ལས་རྒྱ། ཨཥྚའི་སྲུང་ཟློག་གི་མན་ངག །ཀླུ་རྣམས་སྡིགས་པ། ཁ་སྦྱོར་དབྱེ་བ། བདག་མེད་མའི་བྱིན་རླབས་ཀྱི་ཆོ་ག །གེགས་སེལ་གཟེར་ལྔ་སོགས་རྒྱུད་དགྱེས་པ་རྡོ་རྗེའི་བསྐྱེད་རྫོགས་ཀྱི་མན་ངག་མང་པོ་དང་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོའི་སྒོ་ནས་ཡེ་ཤེས་བཙན་ཐབས་སུ་དབབ་པའི་ཆོ་ག་མ་ཧཱ་མཱ་ཡའི་རྣལ་འབྱོར་གསུམ་གྱི་ཁྲིད་ཡིག་དང་བཀའ་འགྲོལ་དོན་དྲུག །ཚིག་བཅད་བརྒྱད་མ། ལྷ་རྗེ་ལྷོ་པའི་བརྗེད་བྱང་། རིམ་ལྔའི་ཁྲིད། བཀའ་བ་བཅུ་གཉིས་ཀྱི་ལོ་རྒྱུས། མཻ་ཏྲི་པའི་ལམ་དགུ་ཕྲུགས། འཕོ་བ་དང་གྲོང་འཇུག་གིས་ཐོག་དྲངས་པའི་གདན་བཞིའི་མན་ངག་ཁ་འཐོར་བ་མང་པོ་སོགས་ཟབ་མོའི་གདམས་པ་དུ་མ་བཀའ་རྒྱ་དང་བཅས་ཏེ་གནང་ནས་རྔོག་སྟོན་ཁྱོད་འགྲོ་བ་མང་པོ་ལ་ཆོས་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱ་དགོས་པ་ཡིན་པས། ད་ཁྱོད་རང་གི་དགོན་པར་སོང་ལ་གདུལ་བར་འོས་པ་སྐལ་བ་དང་ལྡན་པ་རྣམས་ལ་སོ་སོའི་དབང་པོ་དང་
མཚམ་པའི་ཆོས་སྟོན་ཅིག །སྔར་བདག་མེད་མས་མཐུ་ཆེན་ལ་བསྐུར་བའི་མཆོད་གནས་རྣམས་ཀྱང་ཁྱོད་རང་གི་མོས་པའི་རྟེན་དུ་ཟུང་། ཁོ་བོ་དང་དུས་ཐམས་ཅད་དུ་འབྲལ་བ་མེད་པ་ཡིན་ནོ། །ཅེས་བཀའ་བསྩལ་ཏེ། དེར་བླ་མ་རྔོག་པ་ཡང་རྗེ་བཙུན་ལོ་ཙ་བ་ཆེན་པོའི་ཞབས་ལ་ཕྱག་མཛད་ནས་གཞུང་གི་རི་བོར་བྱོན་ནོ། །དེ་ནས་མི་ལ་མཐུ་ཆེན་ལ་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་དབང་དང་ཡེ་ཤེས་ཀྱི་ཌཱ་ཀི་མ་རྣམས་ཀྱི་ཐུགས་ལ་གབ་པའི་གདམས་པ་བསྲེ་འཕོ་མཚམས་སྦྱོར་གྱི་མན་ངག་ཞིབ་རྒྱས་སུ་གནང་ཞིང་། གཞན་ཡང་བདེ་དགྱེས་གཉིས་ཀྱི་རྒྱུད་དང་འགྲེལ་པ་གདམས་ངག་ཏུ་བཅས་པ་རྣམས་ཚང་བར་གནང་ནས་གཉའ་གཉའི་བྲག་ལ་སོགས་པར་སྒོམ་དུ་བཅུག །བླ་མས་མཐུ་ཆེན་གྱི་དོན་དུ་ཧེ་བཛྲའི་རྫོགས་རིམ་ལམ་གསུམ་གྱི་མན་ངག་གཞི་ལམ་འབྲས་བུའི་རྣམ་བཞག་དང་བཅས་པ། དགྱེས་པ་རྡོ་རྗེའི་ཏིང་ངེ་འཛིན་གྱི་དབང་བསྐུར་བའི་ལག་ལེན། ཆོས་དྲུག་གི་བཀའ་དཔེ་ཚིག་
ལྷུག་མ་རྣམས་ཡི་གེར་བཀོད། དེའི་ཚེ་ཉིན་ཅིག་ཇོ་མོ་བདག་མེད་མས་བླ་མ་ལ་ཞུས་པ། ཁོ་མོ་ཅག་རྣམས་བླ་མ་རྗེ་བཙུན་ཆེན་པོ་དང་མཇལ་ཕྱིན་ཆད་འཇིག་རྟེན་འདིའི་རྣམ་པར་རྟོག་པ་ཤིན་ཏུ་ཤས་ཆུང་ཞིང་རང་བྱུང་གི་ཡེ་ཤེས་རྒྱུད་ལ་ལྷུག་པར་འཆར་བ་ཞིག་བྱུང་སྟེ། དེ་བླ་མ་རྗེ་བཙུན་པ་ཉིད་ཀྱི་ཐུག་རྗེ་ལགས་མཆི། ཞུས་པས་བླ་མའི་ཞལ་ནས། ཁྱེད་ཅག་རྣམས་དད་པ་དང་ཤེས་རབ་ཆེ་བ། སྙིང་རྗེ་དང་ལྡན་ཞིང་བླ་མ་ལ་གུས་པ། གསང་སྔགས་ཀྱི་ལམ་ལ་མོས་ཤིང་རྣམ་རྟོག་དང་བྲལ་བ་ལང་ཙོ་རབ་ཏུ་རྒྱས་ཤིང་རྩ་དང་ལྡན་པ། གསང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་སྲོག་བསྡོས་ཀྱིས་བསྲུང་བར་ནུས་པ་སོགས་རྒྱུད་སྡེ་ནས་བཤད་པའི་བུད་མེད་ཀྱི་མཚན་ཉིད་ཚང་བ་ཤ་སྟག་ཏུ་འདུག་པས་དེ་ལྟ་བུ་འོང་བར་རིགས་པ་ཡིན། དོ་ནུབ་རང་རེ་ཀུན་ཚོགས་ཀྱི་པཱུ་ཛ་ཞིག་བྱ་ཡི། ཁྱོད་རང་ཡོ་བྱད་སྟ་གོན་གྱིས་ཤིག །ཅེས་གསུངས་པ་ལ་སླར་ཇོ་མོས་ཞུས་པ། ད་ལྟ་ཁྱིམ་ན་བླ་མ་རང་གི་དྲུང་དུ་ཞུ་རྒྱུའི་ཕུད་ཀ་པ་
ལ་གང་ཙམ་དང་ཉ་ཤ་སྐམ་པོ་ཅུང་ཟད་ཞིག་ལས་མ་མཆིས། གཞན་ནས་ཚོལ་བ་ལ་ཡང་ཉི་མ་འཕྱིས་ནས་འདུག་པས་སང་ནུབ་མཛད་ན་ཇི་ལྟར་ལགས་ཞུས་པས། ཡོ་བྱད་དེ་ཀ་ཚོས་ཆོག །ཚོགས་འཁོར་དོ་ནུབ་རང་བྱ་ཡིས་ད་ལྟ་མཆོད་གཏོར་བཤོམས་གསུང་། དེར་མཆོད་པ་དང་གཏོར་མ་བཤམས་པའི་ཚེ་ནམ་མཁའ་ལས་རོ་མཆོག་བརྒྱ་དང་ལྡན་པའི་ཆང་གི་རྒྱུན་བབ་པས་སྣོད་རྣམས་གང་ཞིང་། མཆོད་རྫས་དང་བཟའ་བཏུང་གི་བྱེ་བྲག་ངོ་མཚར་བ་སྔོན་མིའི་ཡུལ་དུ་མ་མཐོང་ཞིང་མ་ཐོས་ལ་ མིང་གདགས་སུའང་མི་བཏུབ་པ་དུ་མས་མཆོད་ཁང་གི་ནང་ཐམས་ཅད་ནི་ཀུན་ཏུ་གང་། སྤོས་ཀྱི་དྲི་བཟང་པོ་དང་རོལ་མོའི་སྒྲ་དང་། ལྷ་མིའི་གླུ་དབྱངས་ཀྱི་བྱེ་བྲག་ཤིན་ཏུ་སྙན་ཞིང་ཡིད་དུ་འོང་བ་དག་དང་མེ་ཏོག་དང་མར་མེའི་འཕྲེང་བ་མང་པོས་ནི་བར་སྣང་ཐམས་ཅད་ཁྱབ་པར་གྱུར་པའི་མོད་ལ་བླ་མ་ལོ་ཙ་བ་ཆེན་པོ་ཉིད་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྐུར་བཞེངས་པའི་འོད་ཟེར་གྱིས་ཇོ་མོ་རྣམས་ལ་
རེག་པས། ཇོ་མོ་གཉོས་མོ་ནི་གསང་བའི་ཡུམ་བདག་མེད་མ་དངོས་སུ་གྱུར་པས་བླ་མ་ཧེ་རུ་ཀར་བཞེངས་པ་ལ་བདེ་ཆེན་གྱི་མཆོད་པས་མཆོད་པར་མཛད་ཅིང་། ཇོ་མོ་གཞན་རྣམས་ཀྱང་གཽ་རི་ལ་སོགས་པའི་རྣལ་འབྱོར་མ་བརྒྱད་དུ་བྱིན་གྱིས་བརླབས་ཏེ་ཕྱོགས་མཚམས་སུ་འཁོད། ཕྱོགས་བཅུའི་དཔའ་བོ་དང་རྣལ་འབྱོར་མ་མང་པོ་ཡང་འོད་ཟེར་གྱིས་བསྡུས་ནས་ཚོགས་ཀྱི་འཁོར་ལོ་མཛད་པས་དེར་འདུས་པ་ཀུན་ལ་དེ་ལྟ་བུའི་ཚུལ་གྱིས་ལོ་དང་ཟླ་བ་མང་དུ་འདས་པའི་ཉམས་བྱུང་ངོ་། །དེ་ནས་ནམ་ཐོ་རངས་ཁར་ཕྱིན་པ་ན་རྫུ་འཕྲུལ་གྱི་བཀོད་པ་དེ་རྣམས་བརྟུལ་ཏེ་བླ་མ་རང་གི་སྐུར་མཛད་ནས། ཇོ་མོ་ཁྱོད་རྣམས་གཡོ་སྒྱུ་ཆུང་ཞིང་རྒྱུད་དྲང་བའི་སྟོབས་ཀྱིས་ཁོ་བོའི་རྫུ་འཕྲུལ་དེ་འདྲ་བ་དག་མཐོང་དུ་རུང་བ་ཡིན། ང་ལ་གསང་སྔགས་རྒྱུད་སྡེའི་སྙིང་པོ་དཔལ་ནཱ་རོ་པ་ཆེན་པོས་རྗེས་སུ་གདམས་པའི་མན་ངག་གཞན་ལུས་ལས་རྒྱའི་རྣལ་འབྱོར་དཀྱིལ་འཁོར་འཁོར་ལོ་པའི་ཐབས་ཞེས་བྱ་བ་ཡོད་དེ། དེ་ཡང་
ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་འདི་ཟབ་ལ་རྒྱ་ཆེ་ཞིང་མན་ངག་གི་གནད་ཕུལ་དུ་ཕྱིན་པ་ཞིག་ཡིན་ཏེ། དེའི་དོན་གྱིས་ཁམས་བྱང་ཆུབ་ཀྱི་སེམས་འཁོར་འདས་ཐམས་ཅད་ཀྱི་བདེ་སྐྱིད་ཀྱི་རྩ་བ། ཡོན་ཏན་གྱི་འབྱུང་གནས་ཡིན་པ་ལ་འཇིག་རྟེན་པ་ཀུན་ཉོན་མོངས་པའི་དབང་དུ་སོང་ནས་ཉམས་ཤིང་ཟགས་པས་འཁོར་བ་ལས་མ་ཐར། ཉན་ཐོས་པས་སྤོང་བ་དང་འགོག་པ་ཁོ་ན་ལམ་དུ་བྱས་པས་བྱང་ཆེན་གྱི་འབྲས་བུ་འབྱིན་པར་མ་ནུས། རྒྱུའི་ཐེག་ཆེན་པས་ཆེད་དུ་མི་སྤོང་ཡང་མན་ངག་གི་གནད་དང་བྲལ་བས་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ལ་བསྐལ་པ་གྲངས་མེད་གསུམ་ཙམ་དུ་འགོར། གསང་སྔགས་པས་བདེ་བ་ལམ་དུ་བྱེད་པའི་ཐབས་ཁྱད་པར་ཅན་གྱིས་ཁམས་དེ་ཉིད་འཆིང་བ་དང་། བརྟན་པ་དང་། དག་པར་བསྒྱུར་བས་སངས་རྒྱས་ཀྱི་བྱང་ཆུབ་མི་ཚེ་གཅིག་གིས་འཐོབ་པར་ནུས་པ་ཡིན། དེ་ལ་ཡང་བླ་མ་མཚན་ཉིད་དང་ལྡན་པ་དང་གདམས་ངག་གི་གནད་ཟབ་མོས་ཟིན་པ་ཞིག་ཅི་ནས་
ཀྱང་གལ་ཆེ། དེ་ལྟ་བུ་ཞིག་དང་མི་ལྡན་ན། ཕོ་ཉ་རལ་གྲིའི་སོ་དང་འདྲ། ཅེས་ལས་རྒྱའི་རྣལ་འབྱོར་འདི་ཤིན་ཏུ་ཉན་ཆེ་བར་ཡང་བཤད། ཁོ་བོ་རང་ལ་འདོད་ཆགས་ཀྱི་རྣམ་པར་རྟོག་པ་མེད་ཀྱང་བླ་མ་དང་ལྷག་པའི་ལྷས་ལུང་བསྟན་པ་ལྟར་གཞན་རྗེས་སུ་བཟུང་བའི་ཕྱིར་ཐ་མལ་གྱི་སྤྱོད་པ་བྱེད་པ་ལྟ་བུར་སྟོན་ཅིང་། འཇིག་རྟེན་པ་རྣམས་དྲང་བའི་དོན་དུ་རེ་ཞིག་རིགས་རྒྱུད་ཀྱང་བཞག་པ་ཡིན་ཏེ། འོན་ཀྱང་རྗེ་བཙུན་ནཱ་རོ་པ་ཆེན་པོ་དེས། རིགས་རྒྱུད་ནམ་མཁའི་མེ་ཏོག་ཡལ། །ཅེས་ལུང་བསྟན་པར་མཛད་པས་བུ་ཀུན་བརྒྱུད་པ་འཛིན་པ་ལ་ཕན་རིགས་སུ་མི་གདའ། ཅེས་སོ། །དེ་ལྟ་བུ་ལ་སོགས་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་མཐའ་ཡས་པ་རྣམ་པར་འཕྲུལ་བར་མཛད་པའི་བླ་མ་རྗེ་བཙུན་མར་པ་ལོ་ཙ་བ་ཆེན་པོ་དེ་སྤྱིར་གསང་སྔགས་རྒྱུད་སྡེའི་དོན་གྱི་སྙིང་པོ་མཐའ་དག་ཐུགས་སུ་ཆུད་པས། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ལ་མངའ་དབང་འབྱོར་ཞིང་། འཕྲིན་ལས་རབ་འབྱམས་བསམ་
གྱིས་མི་ཁྱབ་པ་དག་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པས་འགྲོ་བ་མ་ལུས་པ་སྨིན་ཅིང་གྲོལ་བར་མཛད་པ་ལས། ཁྱད་པར་དུ་ཇོ་བོ་ནཱ་རོ་པ་ཆེན་པོའི་མན་ངག་གི་གནད་ཀྱིས་རླུང་སེམས་ལ་དབང་ཐོབ་པའི་རྩལ་གྱི་རྟེན་ཅན་དུ་འཕོ་བ་གཞན་གྱིས་ལུས་རྟེན་ལ་གྲོང་འཇུག་ཉམས་སད་པའི་ཚུལ་མང་དུ་མཛད་དེ། དེ་ཡང་ཉིན་ཅིག་དཔོན་སློབ་རྣམས་དྲོ་བོ་ལུང་གི་ཕུ་ན་ཡར་མེ་ཏོག་འཐུ་བ་ལ་ཕེབས་ཏེ། ནེའུ་གསིང་ཞིག་གི་ཁ་ན་བཞུགས་ནས་ཡོད་ཙ་ན། ཤ་བ་ཁྱི་ར་བས་དེད་པས་ཤིན་ཏུ་ཆད་པ་ཞིག་བྱུང་སྟེ། དེར་ཕྱིན་པ་དང་གམ་ནས་ཤི་བས་བླ་མའི་ཞལ་ནས། ངས་ཤ་བའི་རོ་འདི་ཁྱིམ་དུ་བསྐྱལ་གྱིས། ཁྱེད་རང་ཀུན་འདིར་སྒུགས་ཤིག་གསུང་ནས་བླ་མ་མནལ་དུ་སོང་བ་འདྲ་ཞིག་གི་མོད་ལ། ཤ་བའི་རོ་དེ་ཧར་གྱིས་ལངས་ཏེ་དྲོ་བོ་ལུང་དུ་སོང་། དེ་ནས་དར་ཅིག་ལོན་པ་ན་བླ་མ་ཁྲོང་གི་བཞེངས་ནས། རྗེ་ཡི་བཀའ་བཞིན་བདག་གི་ནི། །གདམས་ངག་ཟབ་མོ་ཉམས་བླངས་པས། །འདོད་དགུ་
མ་ལུས་འབྱུང་བ་ཡི། །ཤ་བ་ཡིད་བཞིན་ནོར་འདྲ་རྙེད། །ཅེས་ཀུ་རེ་གསུང་ཞིང་བཞད། དེར་རྔོན་པ་མི་གཉིས་བྱུང་ནས་ངེད་ཀྱི་ཤ་བ་གར་སོང་ཟེར་བ་ལ་སྐུ་འཁོར་རྣམས་ཀྱིས་གྲོང་འཇུག་མཛད་པའི་གཏམ་བཤད་པས་ཁོང་གཉིས་ན་རེ། འོ་ན་ངེད་གཉིས་ཀྱང་དྲོ་བོ་ལུང་དུ་འགྲོ། ད་དུང་ཤ་བའི་རོ་ལ་གྲོང་འཇུག་མཛད་དགོས་ཟེར་བས། དཔོན་སློབ་རྣམས་དྲོ་བོ་ལུང་དུ་ཕྱིར་ཕེབས་ནས་སླར་ཡང་བླ་མ་ཆེན་པོས་ཤ་བའི་རོ་དེ་ལ་གྲོང་འཇུག་མཛད་པས། རྔོན་པ་གཉིས་པོ་དད་པ་ཐོབ་ནས་ཆོས་སྒོར་ཞུགས་པ་ལ་གདམས་པ་བཏབ་པས་སྒོམ་ཆེན་ལམ་སྣ་ཟིན་པ་གཉིས་བྱུང་སྐད། ཡང་སློབ་དཔོན་རྙིང་མ་བས་ཕུལ་བའི་འབྲི་རྒན་མོ་ཞིག་ཡོད་པ་ཆུ་མིག་གཉེན་པོ་ཞིག་གི་མགོར་ཆུ་མཐུང་བར་བརྩམས་པ་ན་འགྱེལ་ནས་ལང་མ་ནུས་པར་ཤི་བ་ལ་གྲོང་འཇུག་མཛད་པ་མར་པ་བྱ་ཟེས་མཐོང་བས། ཁོ་དང་པོ་རྗེ་བཙུན་མར་པ་ལ་ཤིན་ཏུ་མི་དད་པ་ཡིན་པ་ལ་དེ་ནས་དད་པར་གྱུར་ཏེ་ཆོས་ཞུས་ཤིང་བསྒོམས་པས་ཉམས་
རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་ཏེ་ཕྱིས་གྲུབ་ཐོབ་བྱ་ཟེ་ཞེས་གྲགས་སོ། །ཡང་ལན་ཅིག་གདན་བཞི་གསུང་བའི་ཆོས་རར་བྱེའུའི་རོ་ལ་གྲོང་འཇུག་མཛད་དེ་འཕུར་ནས་བྱོན་པ་ལས། ཡུལ་གྱི་བྱིས་པ་འགས་དེད་དེ་དེའུ་ཟིན་པ་ལས་མ་ཟིན་པའི་མོད་ལ། བླ་མ་བཞེངས་ནས་དུད་འགྲོ་འདི་རྟེན་དམན། ད་རེས་ཀྱང་སྲོག་གི་བར་ཆད་དུ་དེའུ་གྱུར་བྱས། སྤྱིར་གྱིའང་དུད་འགྲོའི་རྟེན་ལ་ཞུགས་ནས་ཞག་འགའ་རེ་བློ་མི་གསལ་བ་ཡོང་གི་འདུག་གསུང་། དེའི་ཚེ་མགོ་ལེགས་ལ་སོགས་པའི་བུ་སློབ་རྣམས་ཀྱིས། ད་ལྟ་བླ་མ་ཆེན་པོ་ཉིད་ལ་དབུས་རྩང་ཁམས་གསུམ་ཐམས་ཅད་ན་རྒྱ་གར་གྱི་གྲུབ་ཐོབ་ནཱ་རོ་དང་མཻ་ཏྲིའི་སློབ་མ་ལྷོ་བྲག་གི་མར་པ་ལོ་ཙ་བྱ་བ་སངས་རྒྱས་དངོས་ཀྱི་བླ་མ་གསང་སྔགས་རྒྱུད་སྡེའི་ཆོས་ལ་མངའ་བརྙེད་པ། ལམ་རྩ་རླུང་ཐིག་ལེའི་གནད་ཀྱིས་ཚེ་གཅིག་ལ་འཚང་རྒྱ་བའི་ཐབས་ཟབ་མོ་དང་ལྡན་པ་ཞིག་ལྷོ་དྲོ་བོ་ལུང་གི་དགོན་པ་ན་བཞུགས་སོ་ཞེས་སྙན་པའི་གྲགས་པས་ཕྱོགས་
ཀུན་ཏུ་ཁྱབ་ནས་གདའ་བ། དེའི་རྒྱུ་མཚན་བླ་མ་ཉིད་ཀྱི་ཆེ་བའི་ཡོན་ཏན་འགའ་ཞིག་བདག་ཅག་ལ་གསུང་དུ་རུང་ན་བཀའ་སྩོལ་བར་ཅི་གནང་སྙམ་དུ་སེམས་ཤིང་མཆིས་ལགས་ཅེས་ཞུས་པས་བླ་མའི་ཞལ་ནས། ཁོ་བོ་ལ་བོད་ཙམ་དུ་མ་ཟད་བལ་པོ་དང་རྒྱ་གར་ན་ཡང་སྙན་གྲགས་ཆེ་བ་ཡིན་ཏེ། དེའི་རྒྱུ་མཚན་བཤད་ཀྱིས་ཉོན་ཅིག་ཅེས་མགུར་འདི་གསུངས་པ། བརྒྱུད་པ་སྙན་པར་མི་གྲགས་སུ། །བརྒྱུད་པ་རྡོ་རྗེ་འཆང་ཆེན་ཡིན། །བཀའ་བབས་སྙན་པར་མི་གྲགས་སུ། །ཌཱ་ཀི་ཆོས་ཀྱི་སྐུ་ཅན་ཡིན། །མེས་པོ་སྙན་པར་མི་གྲགས་སུ། །ཏཻ་ལོ་སངས་རྒྱས་ཉག་ཅིག་ཡིན། །བླ་མ་སྙན་པར་མི་གྲགས་སུ། །ནཱ་རོ་ཆོས་ཀྱི་སྤྱན་ལྡན་ཡིན། །མི་ང་རང་སྙན་པར་མི་གྲགས་སུ། །ནཱ་རོའི་ཐུགས་ཀྱི་སྲས་གཅིག་ཡིན། །གདམས་ངག་སྙན་པར་མི་གྲགས་སུ། །ཀུན་ལ་མེད་པའི་ཁྱད་ཆོས་ཡིན། །ཅེས་གསུངས་པས་དེར་ཚོགས་པ་ཀུན་བླ་མ་ཆེན་པོའི་རྣམ་པར་ཐར་པ་ལ་ཡིད་ཆེས་ཀྱི་དད་པ་རྒྱ་ཆེར་འཕེལ་ལོ། །དེའི་ཕྱི་དེ་ལོ་རྗེ་མི་
ལ་མཐུ་ཆེན་དང་ཇོ་སྲས་མདོ་སྡེ་གཉིས་ལ་གདན་བཞི་དང་མ་ཧཱ་མཱ་ཡའི་དབང་རྒྱུད་མན་ངག་ལས་ཕྲན་དང་བཅས་པ་ལ་སོགས་པའི་ཆོས་མང་དུ་གནང་ཞིང་སྲས་མཁར་ན་བཞུགས་པའི་དུས་ཞིག །སྲས་ཆེན་པོ་དར་མ་མདོ་སྡེ་ཞེས་བྱ་བ་དགུང་ལོ་བཅུ་གསུམ་ནས་སཾསྐྲྀ་ཏའི་སྐད་ལ་སོགས་པ་སྒྲ་རིག་པ་མི་འདྲ་བ་དུ་མ་མཁྱེན་ཅིང་ཆོས་སྤྱི་དང་བྱེ་བྲག་ལ་མཁས་པ། ཡིད་གཞུངས་ཤིང་དམ་པའི་ཆོས་དོན་དུ་གཉེར་བ། བླ་མའི་བཀའ་མི་གཅོག་ཅིང་གསུང་སྒྲུབ་པ། ཐོགས་པ་མེད་པའི་ཤེས་རབ་ཀྱིས་ཡབ་ཀྱི་གདམས་པ་ཐམས་ཅད་ཐུགས་ཉམས་སུ་བཞེས་པས་རླུང་སེམས་ལ་དབང་ཐོབ་སྟེ་གྲོང་འཇུག་གི་རྣལ་འབྱོར་མཐར་ཕྱིན་པ་སོགས་ཡབ་ཀྱི་ཡོན་ཏན་མ་ལུས་པར་མངའ་བ་དེ། ཡུལ་རྔ་མོང་ཆུ་ཤུལ་གྱི་རྗེའུའི་ལྟད་མོ་ལ་བྱོན་ནས་རྟ་རྒྱུག་པས། རྟ་འགྲོགས་ཏེ་ཆིབས་བརྡབ་གསོལ་བའི་ཡོབ་བྱ་འདས་ནས་དབུ་ཚལ་པར་ཆག །དེར་མཐུ་ཆེན་གྱིས་བརྒྱུགས་པས་རྟ་འཁྱིལ་བའི་ཚེ་ཟིན་ཏེ་སྐུ་རགས་ཀྱི་
ཚལ་བུས་དབུ་དཀྲིས། མཐུ་ཆེན་རང་གིས་ཆིབས་ཁ་བྱས་ནས་ཡར་བྱོན་པའི་ལམ་དུ་སྲས་ཀྱི་ཐུགས་དགོངས་ལ། བདག་གི་ཡབ་འདིས་རྗེ་ནཱ་རོ་དང་མཻ་ཏྲི་ལ་སོགས་པ་བསྟེན། དཀའ་བ་ཕྱོགས་མེད་དུ་སྤྱད་པའི་གྲུབ་ཐོབ་དངོས་ཡིན་ཅིང་། ཡུམ་འདི་ཡང་ཤིན་ཏུ་དྲིན་ཆེ་བས་ཁོང་གཉིས་ཀྱི་ཐུགས་ཁྲལ་དུ་སོང་ན་མི་ལེགས་སྙམ་པ་བྱུང་ནས་དབུ་ཕྱག་གཉིས་ཀྱིས་བསྡམས་ཏེ་སྐུ་མཁར་གྱི་ནང་ན་ཡར་ཡབ་ཡུམ་གྱི་སྤྱན་སྔར་བྱོན་ནས་ཕ་ཇོ་ལགས། བདག་དེ་རིང་རྟས་བརྡབས་ཏེ་མགོ་ཅུང་ཞིག་སྣད་ཀྱང་ཀླད་པ་མ་ལུག་པར་ཡོད་ཞུས་པས། བླ་མ་ཆེན་པོ་རིང་སྟབས་སུ་བཞེངས་ནས་སྲས་ཀྱི་དབུ་སྣད་ཚབས་ཆེ་བ་ལ་གཟིགས་པས་མི་འཚོ་བར་མཁྱེན་ནས་དེའི་ཚེ་མགུར་འདི་གསུངས་པ། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བྱིན་གྱིས་རླབ་པར་མཛད་དུ་གསོལ། །ཁོ་བོ་མར་པ་ལོ་ཙ་འདིས། །རྒྱ་གར་ཡུལ་དུ་ལན་གསུམ་ཕྱིན། །མཚན་ལྡན་བླ་མ་གུས་པར་བརྟེན། །ནཱ་རོ་མཻ་ཏྲི་རྣམ་གཉིས་ལ། །རྒྱུད་འགྲེལ་
གདམས་པ་མང་དུ་ཞུས། །དབང་བཞིའི་གནད་ལ་ཕྱག་མཛུབ་བཙུགས། །མཐར་ཐུག་ནཱ་རོའི་ཆོས་དྲུག་ཞུས། །ཁྱད་ཆོས་བསྲེ་འཕོའི་གདམས་ངག་ལ། །རྗེ་ནཱ་རོ་པཎ་ཆེན་གྱི་བཀའ་སྲོལ་བདོག །མ་སྒོམས་སངས་རྒྱས་འཕོ་བའི་གནད། །མ་གསངས་བུ་ལ་གོང་དུ་བཤད། །ཐུགས་ལ་དྲན་ནམ་མདོ་སྡེ་བ། །འདུས་བྱས་སྤྱི་ཡི་མཚན་ཉིད་ནི། །མི་རྟག་འཇིགས་པར་འགྱུར་ན་ཡང་། །སྒྱུ་མའི་རང་བཞིན་རྟག་མ་ཐུབ། །ཀླད་པ་དུང་ཁང་འཁོར་ལོ་ཆག །བུ་འདི་ནས་ཕ་རོལ་བཞུད་པ་ལ། །གདམས་པ་དྲན་ནམ་རིགས་ཀྱི་བུ། །ཁོ་བོ་མར་པ་ལོ་ཙ་འདི། །སེམས་སྐྱེ་མེད་སྤྲོས་བྲལ་ཕྱག་རྒྱ་ཆེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་རྣམ་དག་གསལ། །ཕ་ཇོ་ལྷ་དགུའི་དཀྱིལ་འཁོར་ཡིན། །བུ་སྐུ་ལུས་འཇིགས་པ་བདེན་ན་ཡང་། །ད་རེས་ཕ་ཇོའི་ཐུགས་ཀར་འཕོས། །ཡབ་ཀྱིས་དེ་སྐད་གསུངས་པ་ལས་ཡུམ་གྱི་ཐུགས་དགོངས་ལ། བླ་མ་ཆེན་པོའི་གསུང་ཚོད་ཀྱིས་སྲས་འགྲན་ཟླ་མེད་པ་འདི་
འགྲོངས་པར་འདུག་པས། ཡབ་གྲུབ་ཐོབ་དངོས་ཡིན་ཀྱང་ང་གསོ་བའི་མ་ཡིན་པས་ང་ལ་འཕོས་ན་སླའམ་སྙམ་ནས་དེའི་དུས་སུ་ཡུམ་གྱིས་མགུར་འདི་བཞེངས་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །མཆོག་གི་སྤྲུལ་པ་རིན་པོ་ཆེ། །སྐྱེས་མཆོག་མར་པ་ལོ་ཙ་བའི། །ཞབས་ལ་སྒོ་གསུམ་གུས་པས་འདུད། །བུ་གསོན་ཅིག་དར་མ་མདོ་སྡེ་བ། །གོང་དུ་ཡབ་ཀྱི་བཀའ་རྩལ་ཡང་། །འདི་ནས་ཕ་རོལ་བཞུད་དོ་སྐད། །ཕ་རོལ་བཞུད་པའི་དུས་འདི་རུ། །ཕ་ཇོས་བསྟན་པའི་རྒྱུད་འགྲེལ་རྣམས། །དུས་ད་རེས་ཐུགས་ལ་དྲན་མི་དྲན། །ཁྱད་ཆོས་ནཱ་རོའི་ཆོས་དྲུག་ལ། །དུས་ད་ལྟ་གདེང་དང་ལྡན་མི་ལྡན། །མ་བསྒོམས་སངས་རྒྱས་འཕོ་བ་ལ། །དུས་ད་ལྟ་ངེས་ཤེས་སྐྱེས་མ་སྐྱེས། །གཞི་སྐྱེ་མེད་ཕྱག་རྒྱ་ཆེན་པོ་ལ། །དུས་ད་ལྟ་མཉམ་གཞག་བརྟན་མི་བརྟན། །མར་པ་ལོ་ཙའི་བཀའ་དྲིན་གྱིས། །ཡུམ་ང་རང་ཇོ་མོ་བདག་མེད་མ། །དུས་གསུམ་སངས་རྒྱས་བསྐྱེད་པའི་ཡུམ། །སྙིང་པདྨ་འདབ་བཞི་སེང་གེའི་ཁྲི། །ཉི་ཟླ་
པདྨའི་གདན་སྟེང་ན། །སངས་རྒྱས་མར་པ་ལོ་ཙ་བཞུགས། །བུ་རྣམས་ཤེས་ཚངས་པའི་མཐོངས་ནས་ཐོན། །ད་རེས་ཨ་མའི་ཐུགས་ཀར་འཕོས། །ཡུམ་གྱི་མགུར་དེ་སྐད་དུ་བཞེངས་པ་ལས་ཇོ་སྲས་ཀྱི་ཐུགས་དགོངས་ལ། ཡོང་། མི་གཙང་བའི་རྫས་སུམ་ཅུ་རྩ་གཉིས་ལས་གྲུབ་པའི་ཕུང་པོ་འདི་འཇོག་པ་ལ་ང་རང་ཉམས་ང་བའམ་བག་ཚ་བ་སྤུ་ཙམ་ཡང་མི་འདུག་པ། དེས་ན་ཡབ་ཡུམ་གཉིས་ཀྱི་ཐུགས་ཁྲལ་དུ་མི་འགྲོ་བར་འདུག་པས་དེ་ཁོ་ནས་ཆོག་སྙམ་དུ་དགོངས་ཏེ། དེའི་ཚེ་མགུར་འདི་གསུངས་པ། རྗེ་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ། །དཔལ་རྡོ་རྗེ་འཆང་དང་ཞལ་ངོ་མཉམ། །མཚན་ལྡན་མར་པ་ལོ་ཙ་དང་། །ཡུམ་བདག་མེད་མ་ལ་སྐྱབས་སུ་མཆི། །བདག་འདི་ནས་ཕ་རོལ་འགྲོ་བ་ལ། །ཉམས་ང་བག་ཚ་མ་མཆིས་ཏེ། །ཡབ་དགྱེས་རྡོར་སྤྲུལ་པའི་ལྷ་དགུ་དང་། །ཡུམ་སངས་རྒྱས་བསྐྱེད་བྱེད་བདག་མེད་མའི། །བཀའ་དྲིན་མ་འཁོར་འཆི་བ་འདི། །ཅུང་ཟད་སེམས་ལ་འཕྲེང་བ་སྐྱེས། །འོན་
ཀྱང་མི་ཕན་འཆི་ན་ཡང་། །རྒྱུད་འགྲེལ་དགོངས་པ་སེམས་ལ་བཀྲ། །ལྷ་དང་ལྷ་མོའི་རྣམ་དག་གསལ། །རིག་པ་སྤྲོས་བྲལ་ནམ་མཁའི་ཀློང་། །འཕོ་བྱ་འཕོ་བྱེད་རྟེན་དང་བྲལ། །རྣམ་ཤེས་གྱེན་ལ་འཕང་མི་དགོས། །ཐུགས་ཀར་གཏོད་པའི་རིག་པ་ལ། །རྩེ་གཅིག་གི་དམིགས་པ་གཏད་མི་དགོས། །ཡབ་ཡུམ་ཐུགས་ཁྲལ་བྱ་མི་འཚལ། །ནཱ་རོ་མཻ་ཏྲིའི་རྒྱུད་འགྲེལ་དང་། །གདམས་པ་མ་ལུས་འདི་རྣམས་ཀུན། །མེས་རྔོག་མཐུ་ཆེན་ལ་སོགས་ལ། །བྱིན་ལ་བསྟན་པ་དར་བར་མཛོད། །ཁོ་བོ་གསོན་ཡང་དེ་ལས་མེད། །ཨོ་རྒྱན་ཡུལ་ལམ་མཁའ་སྤྱོད་དུ། །ཁྱད་འཕགས་གནས་སུ་ཡབ་ཡུམ་རྣམས། །རྟག་ཏུ་འཚོགས་པའི་སྨོན་ལམ་འཚལ། །ཅེས་གསུངས་ནས་སྐུ་ཁམས་ཀྱི་ཟོ་ཆེས་ངན་པར་གྱུར་པ་དེའི་ཚེ་ཡབ་ཀྱིས་འཁོར་རྣམས་ལ་རོ་གསར་པ་རྨ་མེད་པ་ཞིག་ད་ལྟ་ཚོལ་ལས་ཤོག་ཅེས་གསུངས་པས། ཁོང་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་བཙལ་བ་ལས། གཅིག་གིས་ཕུག་རོན་ཤི་མ་ཐག་པའི་རོ་ཞིག་རྙེད་ནས་ཁྱེར་བྱུང་བ་
དང་ཡབ་ཀྱིས་སྲས་ལ་གདམས་པ་བཏབ་པས་བསྙུང་ཟུག་ཆེ་ཡང་དམིགས་པ་གསལ་བར་བྱུང་སྟེ་གྲོང་དུ་འཇུག་པ་ཕུག་རོན་ལ་བྱུང་ངོ་། །དེར་བླ་མ་ཡབ་ཡུམ་དང་འཁོར་ཐམས་ཅད་ཀྱིས་བཤུམས་ཏེ་འདི་སྐད་དོ། །སྤྱིར་སྒྱུ་མས་སྒྱུ་མ་བསླུ་བ་ལ། །སྒྱུ་མ་ནམ་མཁའི་མེ་ཏོག་བཞིན། །སྒྱུ་མ་ནམ་མཁའི་ངང་ལ་ཐིམ། །སྒྱུ་མ་མི་རྟག་འདུས་བྱས་ཆོས། །ཅེས་པ་ལ་སོགས་པའི་མགུར་གསུངས། དེ་ནས་ཕུག་རོན་ཟུངས་ལ་རྟོད་པ་ལ་ཡབ་ཀྱི་ཞལ་ལྟ་མཛད་དེ། རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱུད་རི་མུན་པ་ཅན་གྱི་རྩེ་ལ་རྗེ་ནཱ་རོ་ཆེན་པོ་བཞུགས་ནས་ཡོད་ཀྱིས། བུ་ཁྱོད་དེའི་སྤྱན་སྔར་སོང་ཞིག་གསུངས་ནས་གདམས་པ་མཛད་དེ། ཕུག་རོན་གྱི་ཐག་པ་བཀྲོལ་བས་ཕུག་རོན་དེ་ཡབ་ལ་སྐོར་བ་བྱས་ནས་འཕུར་སོང་བ་དང་དར་ཅིག་ལོན་ནས་ཡང་ལོག་བྱུང་བས། ཡབ་ཀྱི་ཞལ་ནས་གང་ལའང་མ་ཆགས་པར་སོང་ཅིག་གསུངས་པས། སླར་འཕུར་ནས་སོང་སྟེ་དེ་ནས་ཞག་བདུན་ལོན་ཙ་ན་རྗེ་བཙུན་གྱི་ཞལ་ནས། བུ་
དེ་རྗེ་ནཱ་རོ་པའི་ཞབས་དྲུང་དུ་སླེབ་འདུག་གསུང་ནས་དགེ་རྩ་ལ་དཔེ་རྟེན་མང་པོ་སྤོང་དག་མཛད་ནས་སྲས་ཀྱི་གདུང་སྦྱངས་པའི་ཚེ་འཇའ་འོད་དང་མེ་ཏོག་གི་ཆར་གྱིས་ལྷོ་བྲག་གི་ལུང་པ་ཐམས་ཅད་ཁེངས་པ་སྙམ་བྱེད་ཅིང་། ས་ཆེན་པོ་ཡང་རྣམ་པ་དྲུག་ཏུ་གཡོས་པར་གྱུར་ཏོ། །དེའི་དུས་སྲས་ཕུག་རོན་དུ་གྱུར་པ་དེ་རི་མུན་པ་ཅན་གྱི་རྩེ་མོ་ན་རྗེ་ནཱ་རོ་པ་བཞུགས་པའི་དྲུང་དུ་ཕྱིན་པ་ལ་དཔལ་ནཱ་རོ་པ་ཆེན་པོས་མངོན་ཤེས་ཀྱིས་གཟིགས་པས་མར་པའི་སྲས་ཡིན་པར་མཁྱེན་ཏེ། གྲོང་འཇུག་གི་ཡུལ་སྤོ་ས་བཙལ་བས་རྗེ་ག་ཡ་དྷ་རའི་སྲས་ཨ་བྷ་ཡ་བཛྲ་བྱ་བ་ལོ་ཉི་ཤུ་རྩ་བདུན་སོན་པ་ཅིག་ཤི་བའི་རོ་དུར་ཁྲོད་དུ་བསྐྱལ་བ་དང་ཕྲད་ནས། དེར་བླ་མ་ནཱ་རོ་པས་རོ་དེ་ལ་མདོ་སྡེའི་ལུས་ཕུག་རོན་དུ་ཡོད་པའི་གྲོང་འཇུག་ཡུལ་སྤོ་བའི་ཕྱིར་ཕུག་རོན་ལ་གདམས་པ་བཏབ་པས་ཐེབས་ཏེ། རྣམ་པར་ཤེས་པ་ཨ་བྷ་ཡ་བཛྲ་གྱི་ལུས་ལ་གྲོང་འཇུག་ཏུ་བྱུང་ངོ་། །དེ་ནས་རྗེ་བཙུན་ནཱ་རོ་པ་ཆེན་པོས་ཕུག་རོན་གྱི་རོ་ལ་
བསྲེག་ཆོག་མཛད་ནས་ཨ་བྷ་ཡ་བཛྲ་རྗེས་སུ་བཟུང་སྟེ་བྱིན་གྱིས་བརླབས་སོ། །དེའི་ཚེ་བླ་མ་མར་པས་ཡུམ་དང་མཐུ་ཆེན་གཉིས་ལ་ཞབས་རྗེས་གསང་སྤྱོད་ཀྱི་གདམས་པ་གནང་སྟེ། དེར་བླ་མའི་ཞལ་ནས། ཁྱེད་གཉིས་ཀྱིས་ཤེས་སམ། མདོ་སྡེ་འདས་པའི་རྐྱེན་གྱིས་རང་ཅག་ཀུན་སྐྱོ་ཤས་དང་ངེས་འབྱུང་གི་བོགས་ཐོན། སྣང་བ་སྒྱུ་མའི་རང་བཞིན་དུ་ངེས་པ་རྙེད། མདོ་སྡེ་ལ་དམིགས་ནས་ཐམས་ཅད་ཀྱིས་དགེ་བ་བསྒྲུབས་པས་རང་རང་གི་རྒྱུད་ཀྱི་སྒྲིབ་པ་བྱང་ཞིང་ཚོགས་རྣམ་པ་གཉིས་རྫོགས་པ་འདི་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཡིན། ད་ཁོ་བོ་རེ་ཞིག་དབེན་པར་སྡོད་པ་ཡིན་པས་དེའི་བར་ལ་ཁྱོད་གཉིས་ཀྱིས་སྐབས་སུ་འཚོ་བ་བསྐྱེལ་བ་ལས་གཞན་སུ་ཡང་མ་གཏོང་ཅིག །ཅེས་གསུངས་ཏེ་གཟིམས་ཆུང་གི་སྒོ་ལ་བཞེས་པ་འདྲེན་པའི་གློ་སྐར་ཆུང་ངུ་ཞིག་མ་གཏོགས་འདག་སྦྱར་མཛད། ཇོ་མོ་དང་མཐུ་ཆེན་གཉིས་ཀྱིས་མཚམས་
གཡོག་མཛད་ནས་སྐུ་མཚམས་ལ་བཞུགས་ཏེ། སྒྲུབ་ཁོངས་དེ་ཉིད་དུ་རྗེ་མི་ལ་མཐུ་ཆེན་ལ་བུག་སྒོ་ནས་གསང་བ་འདུས་པ་འཕགས་ལུགས་དང་སངས་རྒྱས་ཐོད་པ་ས་ར་ཧའི་ལུགས་སོགས་ཆོས་མང་དུ་གསུངས་ཤིང་། ཁྱད་པར་དུ་ཡུམ་གྱིས་ཞུ་སྣ་མཛད་ནས་བསྐྱེད་རིམ་ལྷན་ཅིག་སྐྱེས་མ་རྡོ་རྗེ་རྣལ་འབྱོར་མའི་གསང་སྒྲུབ་ཀྱི་གཞུང་དང་ཞལ་གདམས་བཅུ་གཉིས་རྫོགས་རིམ་རླུང་སེམས་གཉིས་མེད་དང་བཅས་པ། སྒྱུ་མ་སུམ་བརྒྱུད་ཀྱི་མན་ངག །མངའ་བདག་མཻ་ཏྲི་པ་ཆེན་པོའི་ཐུགས་བཅུད་ཡིད་ལ་མི་བྱེད་པ་སྙིང་པོའི་དོན་ཕྱག་རྒྱ་ཆེན་པོའི་སྐོར་རྣམས་ཉམས་ཁྲིད་དུ་གནང་བའི་ཚེ་ན་ཉིན་ཅིག་རྗེ་མི་ལ་ཤུད་གོང་དཔལ་ལེ་མཚམས་ལ་ཡོད་པའི་རྩར་བྱོན་ནས་སྒྲུབ་པ་ཇི་ལྟར་བྱེད་ཀྱི་དྲི་སྨེད་མཛད་པས། ཁོང་ན་རེ། ང་རིམ་ལྔའི་ཁྲིད་ཞུ་བའི་ཉི་ཚོད་དུ་ཕྱིན་ནས་འདུག་པས་ད་ལྟ་དྲི་སྨེད་བྱ་མི་ཁོམ་ཟེར། ཁྱོད་རིམ་ལྔའི་ཁྲིད་སུ་ལ་ཞུ་བ་ཡིན་དྲིས་པས། མཐུ་ཆེན་པས་མི་མཁྱེན་ནམ། དིང་སང་བླ་མ་རྗེ་བཙུན་ཆེན་པོ་ཁོ་
བོའི་སྤྱིལ་པོར་བཞུགས་ནས་རིམ་ལྔའི་སྨར་ཁྲིད་ཆ་ལག་དང་བཅས་པ་གསུང་ཞིང་ཡོད་ཟེར་ནས་ནང་དུ་སོང་། དེར་རྗེ་མི་ལའི་ཐུགས་དགོངས་ལ། འདི་ཅི་ཟེར་བ་ཡིན། བླ་མ་ནི་སྐུ་མཁར་གྱི་གཟིམས་ཆུང་འོག་མ་ན་སྐུ་མཚམས་ལ་བཞུགས། འོན་ཀྱང་ཁོང་རང་གི་དད་པའི་སྣང་བ་ཡིན་མཆི། ངོ་མཚར་རེ་ཆེ་སྙམ་ནས་ཁོང་གི་སྒྲུབ་ཁང་ལ་སྐོར་བ་མཛད་ཅིང་གསན་པས། ནང་ན་བླ་མ་ཆེན་པོ་ཆོས་གསུང་བའི་སྒྲ་ལྷང་འདུག་པས། ཨ་ལེ་ངེས་པར་འདི་ཅི་ཡིན་སྙམ་ནས་ཚུར་ལ་ལོག་ནས་བྱོན་པའི་ལམ་ཁར་གྲའི་མིའུ་ཆུང་རི་ཁྲོད་དུ་འགྲོ་བ་དང་འཕྲད་དེ། དེ་ལ་ཁྱོད་གར་འགྲོ་དྲིས་པས། ང་བླ་མ་ཆེན་པོ་རི་ཁྲོད་ན་བཞུགས་པའི་དྲུང་དུ་འགྲོ་ཟེར་ཏེ་སོང་། དེ་ནས་ཚུར་བྱོན་པ་དང་དོལ་པ་གག་སྟོན་ཡུལ་ནས་འོངས་པ་དང་འཛོམ་སྟེ་དྲི་སྨེད་བྱས་པས་ཁོང་ན་རེ། ད་ནང་བླ་མ་རྗེ་བཙུན་ལུང་པའི་མདའ་མ་གི་ན་ཡུལ་མི་མང་པོ་ལ་ཆོས་གསུང་གི་འདུག་པས་ངས་ཀྱང་ཡར་ལམ་དེར་ཆོས་ཉན་ནས་འོངས་པ་ཡིན་ཟེར། དེ་
ནས་རྗེ་མི་ལས་ཇོ་མོའི་དྲུང་དུ་བྱོན་ཏེ་ལོ་རྒྱུས་དེ་རྣམས་ཞུས་པས་ཇོ་མོའི་ཞལ་ནས། དེ་ཀུན་ཁོང་རང་རྣམས་ཀྱི་མོས་པའི་སྣང་བ་ཡིན་མོད། བླ་མ་ཆེན་པོ་ནི་གཟིམས་ཆུང་ནས་གར་ཡང་གཤེགས་པ་མེད་གསུང་། ཡང་དེ་ནས་ཞག་འགའ་ན་མི་ལས་ཇོ་མོ་གསལ་སྐྱིད་ཀྱི་དྲུང་དུ་བྱོན་ནས། རྗེ་བཙུན་ཆེན་པོས་ཁྱེད་ལ་གདམས་ངག་ཁྱད་པར་ཅན་ཅི་ལྟ་བུ་གནང་། ལོ་རྒྱུས་ཞིག་གསུང་བར་ཞུ་དང་བདག་ཀྱང་དེ་ཞུ་བར་འདོད་པ་ལགས་བྱས་པས། ཇོ་མོ་གསལ་སྐྱིད་ན་རེ་རྗེ་བཙུན་ཆེན་པོ་བདག་ཁོ་ན་ལ་ཐུགས་རྗེས་འཛིན་ཏེ། དང་པོ་དབང་དང་བྱིན་རླབས་མཛད་པ་ནས་བཟུང་སྟེ་ད་ལྟའི་བར་དུ་ཞག་གཅིག་ཀྱང་མ་བྲལ་བར་བཞུགས་ནས་གདམས་ངག་ཁྱད་པར་དུ་འཕགས་པ་རླུང་སེམས་གཉིས་མེད་ཀྱི་ཕྱག་ཁྲིད་གནང་བ་ཡིན། ཁྱོད་རང་ཡང་བླ་མ་ཆེན་པོ་ལ་གདམས་ངག་དེ་ཞུས་ཅིག་གསུངས། དེ་བཞིན་དུ་རྗེ་མི་ལས་ཇོ་མོ་སྙེ་མོ་བཟང་ངེ་ལ་སོགས་པ་བདུན་གྱི་རྩར་རིམ་པ་ལྟར་བྱོན་ནས་སྔ་མ་བཞིན་དུ་དྲིས་
པས། ལ་ལས་ནི་རིམ་ལྔའི་ཁྲིད། ལ་ལས་ནི་ཕྱག་རྒྱ་བཞི་ཁྲིད། ལ་ལས་ནི་བསྲེ་བའི་ཁྲིད་ལ་སོགས་པ་གདམས་པ་ཁྱད་པར་ཅན་མང་པོ་ཞུས་ཅིག་པར་ལུང་བསྟན་ནས་ཇོ་མོ་ཐམས་ཅད་ཀྱང་གསུང་མཐུན་པར་ཇོ་མོ་གཞན་དང་མི་འདྲ་བར་བླ་མ་ཆེན་པོ་ཁོ་མོ་ཁོ་ན་ལ་ཐུགས་རྗེས་གཟིགས། ཁོ་མོ་ཉིད་དང་འབྲལ་མེད་དུ་བཞུགས་པ་ཡིན་གསུང་བ་ཤ་སྟག་བྱུང་། དེར་ལན་ཅིག་མི་ལས་ཇོ་མོ་བདག་མེད་མ་ལ་ཇོ་མོ་གཞན་དག་གི་གསུང་ཚུལ་རྣམས་ཞུས་ཏེ་དེ་ལྟ་བུ་འབྱུང་བའི་རྒྱུན་མཚན་ཅི་ལགས་དྲིས་པས། ཇོ་མོའི་ཞལ་ནས། མཐུ་ཆེན་གྱིས་ཟེར་བ་དེ་ཀུན་བླ་མ་ཆེན་པོ་རྫུ་འཕྲུལ་གྱི་ཆོ་འཕྲུལ་ལ་དབང་འབྱོར་བའི་མཛད་པ་ལགས་ཏེ་མཆི། དེ་ལྟ་བུའི་རྫུ་འཕྲུལ་ཁོ་མོས་ཀྱང་མང་དུ་མཐོང་ཞིང་ཐོས་ཏེ་བླ་མ་རྗེ་བཙུན་ཉིད་གཟིམས་ཁང་ཉིད་ན་བཞུགས་པའི་ཚེ་ཡང་གཙོ་ཆེར་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེའི་སྐུར་སྣང་བ་དང་། གཞན་ཡང་རེས་འགའ་བདེ་མཆོག །རེས་འགའ་གསང་འདུས། རེས་འགའ་
གདན་བཞི། རེས་འགའ་མ་ཧཱ་མཱ་ཡ་སོགས་ཡི་དམ་གྱི་ལྷ་སྣ་ཚོགས་པའི་སྐུར་སྟོན་ཅིང་། སྐབས་སྐབས་སུ་ས་གསུམ་གྱི་དཔའ་བོ་དང་མཁའ་འགྲོ་མ་སྤྲིན་ལྟ་བུར་གཏིབས་པའི་དབུས་ན་རྒྱ་གར་གྱི་རྣལ་འབྱོར་པ་དུར་ཁྲོད་ཀྱི་རྒྱན་ཅན་ཞིག་བཙུན་མོ་གཉིས་ཀྱིས་མཐའ་བརྟེན་ནས་བཞུགས་པར་སྣང་བ་དང་། ནང་དུ་དེ་ལྟ་བུ་སྟོན་པ་ཉིད་ཀྱི་ཚེ་ཁོ་ནར་ཕྱི་རོལ་ན་ཞིང་གི་ཕྲུ་མཛད་པ་དང་། དེ་ཉིད་དང་དུས་གཅིག་པར་གྲ་སློབ་མང་པོ་ལ་རྒྱུད་ཀྱི་བཤད་པ་མཛད་པ་དང་། དེ་དག་དང་མི་འགལ་བར་སློབ་མ་འགའ་ཞིག་ལ་གདམས་ངག་གི་ལྐོག་ཁྲིད་གནང་བ་དང་། མཁར་ལས་ཀྱི་སར་ཞལ་ལྟ་མཛད་པ་དང་། གྲོང་གི་བྱིས་པ་རྣམས་ཀྱི་གསེབ་ཏུ་རྩེད་མོ་མཛད་པ་དང་། བུ་མོ་མང་པོ་དང་ལྷན་ཅིག་ཏུ་གླུ་གར་མཛད་པ་དང་། རི་ཁྲོད་དུ་སྐྱོ་བསངས་ལ་གཤེགས་པ་སོགས་དུས་ཅིག་ཅར་དུ་རྫུ་འཕྲུལ་སྣ་ཚོགས་སྟོན་པའི་མཐོང་སྣང་མང་པོ་ང་རང་གིས་ཀྱང་མཐོང་ཞིང་གཞན་ལས་ཀྱང་ཐོས། དེ་དག་གི་ཚེ་ནའང་ཁོ་མོ་རང་གི་
སྣང་བ་ལ། བླ་མ་རྗེ་བཙུན་ཆེན་པོ་དུས་ཐམས་ཅད་དུ་ང་རང་དང་འབྲལ་བ་མེད་པར་བཞུགས་ནས་ཆོས་སྟོན་པར་གནང་བ་ཡིན་ཏེ། དེ་ཐམས་ཅད་ཀྱང་སྒྱུ་མའི་སྣང་བ་ལགས་མཆི། འོན་ཀྱང་ངེད་རང་གཉིས་ལན་ཅིག་བླ་མ་ལ་རྒྱུ་མཚན་ཞུའོ་གསུང་། དེ་ནས་ཅི་ཞིག་ན་བླ་མ་ཡང་སྐུ་མཚམས་གྲོལ། ཕྱོགས་ཕྱོགས་ནས་གྲ་སློབ་མང་པོ་ཡང་འདུས་ཏེ་དེ་རྣམས་ལ་རྒྱུད་སྡེའི་བཤད་པ། ཆོ་གའི་འགྲིག་ཆགས། མན་ངག་གི་ཕྱག་ཁྲིད་སོགས་དམ་པའི་ཆོས་ཀྱི་བྱ་བ་རྒྱ་ཆེན་པོ་མཛད་པའི་ཚེ། ལན་ཅིག་ཡུམ་དང་མཐུ་ཆེན་གྱིས། བླ་མ་ཆེན་པོ་ཉིད་དུས་གཅིག་ཁོ་ན་ལ་ཕྱོགས་དུ་མར་བྱོན་ནས་སྐུའི་བཀོད་པ་སྣ་ཚོགས་སུ་སྟོན་པར་གདའ་བ་དེའི་དོན་ཇི་ལྟར་ལགས་ཞུས་པས། དེ་ལ་རྒྱུ་མཚན་ཞིག་ཡོད་ཀྱིས་སློབ་མ་རྣམས་བསོགས་ལ་ཚོགས་ཀྱི་ཡོ་བྱད་བཤོམས་ཅིག་གསུང་བ་ལ། ཡུམ་གྱིས་ད་ལྟ་ནང་ན་ཕུད་ཉུང་ངུ་ཅིག་ལས་མེད་པས་ཡོ་བྱད་གཞན་ཚོལ་དགོས་པར་ཡོད་ཞུས་པས། ཚོལ་མི་དགོས་དེ་ཀས་
འོང་གསུང་བའི་མོད་ལ་ནང་མཆོད་ཀྱི་བུམ་པ་གཅིག་པུ་དེ་ཀ་ནས་རོ་མཆོག་དང་ལྡན་པའི་ཚོགས་ཀྱི་ཡོ་བྱད་སྣ་ཚོགས་པ་བྱུང་སྟེ། དེར་བུ་སློབ་རྣམས་བསྡུས་ནས་བརྡས་འདུ་བ་ལ་སོགས་པ་རྒྱུད་སྡེ་ནས་བཤད་པའི་ལག་ལེན་ཇི་ལྟ་བ་བཞིན་གྱི་ཚོགས་འཁོར་རྒྱས་པ་ཅིག་མཛད། དེའི་ཚེ་ཚོགས་གྲལ་དེར་འཁོད་པ་རྣམས་ཀྱིས་བླ་མ་ལ་མཐོང་སྣང་སྣ་ཚོགས་པ་བྱུང་སྟེ། ལ་ལས་དགྱེས་རྡོར། ལ་ལས་བདེ་མཆོག །ལ་ལས་གདན་བཞི། ལ་ལས་གསང་འདུས། ལ་ལས་མ་ཧཱ་མཱ་ཡ་སོགས་རྒྱུད་སྡེའི་ལྷ་བསམ་གྱིས་མི་ཁྱབ་པའི་སྐུར་མཐོང་བས། དེར་འདུས་པ་ཀུན་ཅིག་གིས་ཅིག་ལ་སྟོན་ཅིང་དད་པ་དང་མོས་པ་ཆེས་ཆེར་འཕེལ་བའི་ཚེ། ཤུད་བུ་ལྦ་བ་སྟན་ལས་ལངས་ཏེ་ཕྱག་འཚལ་ནས། བླ་མ་ལགས། དོ་ནུབ་འདིར་འཚོགས་པ་རྣམས་ཀྱིས་བླ་མ་ལ་མཐོང་སྣང་མི་འདྲ་བ་དུ་མ་བྱུང་བ་འདིའི་རྒྱུ་མཚན་བདག་ཅག་རྣམས་ལ་གསུང་དུ་རུང་ན། སྟོན་པར་ཞུ་འཚལ་ལགས་ཞུས་པའི་ལན་དུ་རྗེ་བཙུན་གྱི་ཞལ་ནས།
གནས་པ་རྩ་ལ་གཡོ་བ་རླུང་། །བཀོད་པ་བྱང་ཆུབ་སེམས་ཀྱི་རྟ། །རོ་སྙོམས་ལྕག་གིས་ཡོངས་བསྐུལ་བས། །འོད་གསལ་འགྲོ་འོང་མེད་པར་རྒྱུག །ཁོ་བོ་དཀྱིལ་འཁོར་གྱི་ལྷ་དེ་ཐམས་ཅད་ཀྱི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་དབང་ཐོབ་པ་ཡིན་པས་ཆོ་འཕྲུལ་སྣ་ཚོགས་པ་དེ་ལྟ་བུའང་འོང་བར་རིགས་པ་ཡིན་གསུངས། དེའི་དུས་རྗེ་མི་ལ་མཐུ་ཆེན་བླ་མའི་གཟིམས་ཆུང་དང་ཉེ་བའི་སྒྲུབ་ཁང་ཞིག་ཏུ་སྒོམ་གྱིན་བཞུགས་པ་ལས། ནུབ་ཅིག་རྨང་ལམ་དུ་ཌཱ་ཀི་མ་བོད་མོའི་ཆ་བྱད་བྱས་པ་ཞིག་གིས་ཁྱོད་རང་ལྷོ་བལ་གྱི་མཚམས་སུ་སྒོམ་པ་ལ་སོང་ཞིག་དང་དངོས་གྲུབ་མྱུར་དུ་འཐོབ་པར་འགྱུར་རོ། །ཞེས་ཟེར་ནས་རས་དཀར་པོ་ཡུག་གཅིག་ནམ་མཁའ་ལ་བརྐྱང་བ་རྨིས། ཡང་དེའི་རྗེས་ལ་མནལ་ཐུན་གཅིག་གི་རྨང་ལམ་ན་འཁྲུངས་ཡུལ་དུ་ཕེབས་པས་ཡུམ་ནི་འདས། ཁང་པ་ནི་ཞིག །སྲིང་མོ་ཡང་ཡུལ་གཞན་དུ་འཁྱར་ནས་འདུག་པ་ཅིག་རྨིས་པས་ཡུན་རིང་དུ་མ་འཕྲད་པའི་སྟོབས་ཀྱིས་མང་པོ་བཤུམས་
པས་མནལ་སད་ཙ་ན་དབུ་སྔས་སྤྱན་ཆབ་ཀྱིས་བངས་ནས་འདུག་སྟེ། དེར་ཐུགས་སྐྱོ་བ་ལ་བཟོད་གླགས་མེད་པ་ཞིག་བྱུང་ནས་དེའི་ནང་མོ་མཚམས་སྒོ་ཕྱེ་སྟེ་བླ་མའི་དྲུང་དུ་བྱོན་ཙ་ན། བླ་མ་མནལ་དུ་བྱོན་གདའ་བའི་ཞབས་ལ་ཕྱག་འཚལ་ནས་ཞུ་དོན་གླུར་བླངས་ཏེ་ཕུལ་བ། རྗེ་མི་བསྐྱོད་པའི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། །ཡུལ་ངན་ཙ་ཡི་ཀོ་རོན་ན། །ཉེ་དུ་དགྲར་ལངས་ཀྱི་མ་བུ་གསུམ། །སོ་སོར་གྱེས་ནས་ལོ་འགའ་སོང་། །སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། །ཅེས་ཞུ་བ་ཕུལ་བས་བླ་མ་མནལ་སད་པ་དང་། གཟིམས་ཁང་ལ་ཉི་མ་ཤར་བ། ཡུམ་གྱིས་བཞེས་པ་འདྲེན་དུ་བྱོན་པ་རྣམས་འཛོམ་སྟེ། དེའི་ཚེ་བླ་མའི་ཞལ་ནས། མཐུ་ཆེན་ཁྱོད་མཚམས་ལ་ཧུར་འདོན་བྱས་ནས་འོང་བ་ཅི་ཡིན། སྒོ་ང་མའི་དྲོད་ལ་བརྟེན་ནས་སྐྱེ་བ་ཡིན་པས་འདི་ཀར་སྡོད་ལ་སྒྲུབ་པ་གྱིས། ཕྱིས་ཡུལ་དུ་འགྲོ་ལོང་ཡོང་། ལར་ཁྱོད་ལ་ཡུལ་ན་འཕྲེང་དགོས་པ་རང་མེད་དམ་གསུང་བ་ལ། སླར་ཡང་ནན་
གྱིས་ཞུ་དོན་གླུ་རུ་བླངས་ཏེ་ཕུལ། རྗེ་མི་བསྐྱོད་པའི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། །ཡུལ་ངན་ཙ་ཡི་ཀོ་རོན་ན། །ནོར་ལུས་པ་བྱ་བ་མི་བདོག་སྟེ། །སེམས་ལ་འཕྲེང་བ་འདི་རྣམས་ཡོད། །ཡི་དམ་དཀོན་བརྩེགས་ཀྱི་བརྒྱད་དུམ་དེ། །དུས་ད་ལྟ་བཞུགས་སམ་མི་བཞུགས་ལྟ། །ཨ་མ་ལུས་ཀྱི་སྒྲོམ་བུ་དེ། །དུས་ད་ལྟ་གུམ་མམ་མ་གུམ་ལྟ། །ཁང་པ་ཀ་བཞི་གདུང་བརྒྱད་དེ། །དུས་ད་ལྟ་འགྱེལ་ལམ་མ་འགྱེལ་ལྟ། །སྲིང་མོ་སྤེ་ཏ་མགོན་སྐྱིད་དེ། །དུས་ད་ལྟ་འདུག་གམ་མི་འདུག་ལྟ། །ལས་ཀྱིས་བསྐོས་པའི་ལེགས་སེ་དེ། །ཁྱིམ་སོ་ཟིན་ནམ་མ་ཟིན་ལྟ། །ཁྱིམ་མཚེས་ཨ་ཁུ་གཡུང་དཔལ་དེ། །ད་ལྟ་ཤི་འམ་མ་ཤི་ལྟ། །གཤོང་ཞིང་འོར་མོ་གྲུ་གསུམ་དེ། །འཇག་སྐྱ་འཕྱུར་རམ་མ་འཕྱུར་ལྟ། །རྗེ་མི་བསྐྱོད་པའི་ངོ་བོ་ཐུགས་རྗེ་ཅན། །སྤྲང་ལན་ཅིག་ཡུལ་དུ་གཏོང་བར་ཞུ། །ཅེས་ནན་གྱིས་ཞུ་བ་ཕུལ་བས་བླ་མ་མར་པའི་ཞལ་ནས། མཐུ་ཆེན་ཁྱོད་དབུས་རྩང་གི་ཕྱོགས་འདིར་ལོ་མང་
ཞིག་སོང་ནས་འདུག་པས་ད་འགྲོ་ན་དང་བཏང་བས་ཆོག་སྟེ། བུ་ཁྱོད་ཡུལ་དུ་ཕྱིན་ཀྱང་ཨ་མ་དང་ནི་མི་འཕྲད་པར་གདའ། ལར་ཁྱོད་ནང་དུ་འོངས་པ་དང་ང་གཉིད་དུ་སོང་བ་འགྲིག་པས་ངེད་རང་ཕ་བུ་གཉིས་ཀྱང་ཕྱི་ནས་འཕྲད་དེ་མི་འོང་། འོན་ཀྱང་མཁར་ལ་ཉི་མ་ཤར་བ་དེའི་རྟེན་འབྲེལ་གྱིས་འཛམ་བུའི་གླིང་འདིར་ཁྱོད་ཀྱི་རྒྱུད་པས་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་བྱེད་ཅིང་བདག་མེད་མ་ཚ་བ་སྐྱེལ་དུ་འོངས་པ་དང་འཛོམ་པས་བུ་ཁྱོད་བསམ་ཏན་གྱི་ཟས་ཀྱིས་འཚོ་བ་ཞིག་འོང་བར་འདུག །ལར་ཁོ་བོས་རྒྱ་གར་ནས་དཀའ་ལས་བྱས་པའི་ཆོས་མ་ལུས་པ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་མཐུ་ཆེན་ཁྱོད་ལ་ལྷག་ལུས་མེད་པར་བྱིན་ཟིན་པ་ཡིན་གྱིས། རྩ་རླུང་ཐབས་ལམ་གྱི་གདམས་པ་རྣམས་ཟས་ནོར་དང་ཚེ་འདིའི་ངོ་དགའི་ཆེད་དུ་མ་སྟོན། སྣོད་ལྡན་བྱུང་ན་ཟང་ཟིང་གི་འབུལ་བ་མེད་ཀྱང་རྗེས་སུ་ཟུངས། ཏཻ་ལོས་ནཱ་རོ་ཚར་བཅད་པ་དང་ངས་ཁྱོད་རང་ཚར་བཅད་པ་ལྟ་བུ་ཁོ་ན་བྱས་ན་སྙིགས་
དུས་ཀྱི་སྐྱེ་བོ་མི་ཐུབ་པས་ཐབས་མཁས་སུ་གྱིས། ངས་ཆོས་ཐམས་ཅད་རྨི་ལམ་དང་སྒྱུ་མ་ཙམ་དུ་ངོ་སྤྲད་ནས་ཡོད་པ་བཞིན་དུ་ཤེས་པར་གྱིས་ལ་ཡུལ་དུ་ཞག་བདུན་ལས་མང་བ་མ་སྡོད། སྒྲུབ་པ་མ་ནུས་པའི་ཚེ་ངན་རིང་ལ་དགོས་པ་མེད་པས་གནས་ནགས་ཁྲོད་དང་གཡའ་གངས་ཀྱི་ཁྲོད་ཁོ་ན་འགྲིམས་ལ་སྒོམ་པ་ལ་ནན་ཏན་སྙིང་པོར་གྱིས། ལན་ཅིག་ཁྱོད་ལ་རྩ་རླུང་གི་གེགས་ཅུང་ཟད་ཞིག་འོང་བར་འདུག་པས་དེ་ཙ་ན་འདི་ལྟོས་ཤིག་ཅེས་རླུང་སེམས་གཉིས་མེད་ཀྱི་ཆ་ལག་གེགས་སེལ་སོགས་གདམས་ཕྲན་འགའི་ཕྱག་དཔེ་རྒྱས་བཏབ་པ་ཅིག་གནང་ནས། བདག་མེད་མ་མཐུ་ཆེན་འགྲོ་བར་འདུག་པས་རྫོངས་ཀྱི་མཆོད་པ་བཟང་པོ་བཤོམས་ཅིག་གསུང་། ཡུམ་གྱིས་མཆོད་པ་བཤམས་པའི་ཚེ། བླ་མ་ཆེན་པོས་མཐུ་ཆེན་བརྒྱུད་པ་དང་བཅས་པ་བྱིན་གྱིས་རློབ་པའི་ཕྱིར་བཀོད་པ་ལུས་ཀྱི་རྫུ་འཕྲུལ་ཡ་མ་ཟུང་མང་དུ་སྟོན་པར་མཛད་ནས། མཐུ་ཆེན་ལ་ཞལ་གདམས་སྨོན་ལམ་གྱི་མགུར་གསུངས་
པ། ན་མཿ བླ་མ་བཀའ་དྲིན་ཅན་ལ་གསོལ་བ་འདེབས། །བཀའ་དྲིན་ཅན་གོང་མའི་རྣམ་ཐར་ལ། །བསམ་ན་གདམས་ངག་དེ་ཀ་ཡིན། །མང་པོ་ཐོབ་འདོད་གཡེང་བའི་རྒྱུ། །གནད་ཀྱི་གསུང་ངག་སྙིང་ལ་ཆོངས། །དེ་དེ་མང་ཡང་དེ་ཉིད་མེད། །སྡོང་པོ་མང་ཡང་འབྲས་བུ་མེད། །ཡོན་ཏན་ཡིན་ཀྱང་དོན་ལྡན་མིན། །དེ་སྔ་བསླབས་ཀྱང་འདི་མཐོང་མེད། །བཤད་རྒྱུ་མང་ཡང་ཕན་པ་མེད། །ཕན་སྙིང་ལ་ཐོགས་པ་དམ་པའི་ནོར། །ནོར་ཕྱུག་པོ་འདོད་ན་འདི་ལ་དྲིལ། །ཆོས་ཉོན་མོངས་འདུལ་བ་ཐབས་ཀྱི་ལམ། །ལམ་བཙན་ས་འདོད་ན་འདི་ལ་དྲིལ། །སེམས་ཁོ་ཐག་ཆོད་པ་ཆོག་ཤེས་དཔོན། །དཔོན་བཟང་པོ་འདོད་ན་འདི་ལ་དྲིལ། །འཁོར་བ་ངུ་བྲོ་སྒྱིད་ལུག་སྐྱུར། །མི་མེད་ཀྱི་རྫ་བྲག་ཕ་ཡི་མཁར། །གྲོགས་མེད་གཅིག་པུ་ལྷ་ཡི་ཡུལ། །སེམས་ལ་སེམས་ཞོན་ཆད་མེད་རྟ། །རང་ལུས་དགོན་པ་ལྷ་ཡི་ཁང་། །ཡེངས་མེད་དགེ་སྦྱོར་སྨན་གྱི་མཆོག །དོན་དང་ལྡན་པའི་སྐྱེས་བུ་ལ། །དོན་ལ་ཐོགས་མེད་གདམས་ངག་བྱིན། །ང་
དང་གདམས་ངག་ཁྱོད་དང་གསུམ། །མ་རུལ་མ་སད་མ་སྐམས་པར། །བུ་ཡི་ལག་ཏུ་བཞག་པ་འདིས། །འབྲས་བུ་ལོ་འདབ་རྒྱས་པར་ཤོག །ཞེས་གསུངས་སོ། །དེའི་ཕྱི་དེ་ནང་མོ་བླ་མ་ལོ་ཙ་བ་ཆེན་པོའི་ཞལ་ནས་འོ་མཐུ་ཆེན། དྭ་འགྲོ་ན་ངས་ཀྱང་ཡར་སྐྱེལ་གསུངས་ནས་ཇོ་མོས་ཕུད་བཟང་པོ་དང་ཚོགས་འཁོར་བཤམས། ལམ་ཆས་གང་འདོད་པའི་གྲོ་རྒྱགས་སྤྲད་དེ། ཇོ་མོ་ཡང་ཉམས་འཕར་བ་དང་སྤྱན་ཆབ་མང་པོ་མཛད་ཅིང་། བླ་མ་ཡབ་ཡུམ་སྐུ་འཁོར་བཅུ་ཙམ་གྱིས་སྔ་དྲོ་ཅིག་གི་བར་དུ་སྐྱེལ་ཐུང་ལ་བྱོན་ནས། དེར་ཡིད་འཕྲེང་བའི་སྐྱོ་ཤས། ངག་འཕྲེང་བའི་སྙིང་གཏམ། ལུས་འཕྲེང་བའི་ཕྱག་རྒྱ་མང་དུ་མཛད་དེ། ཤར་ནུབ་གསལ་བའི་ལ་ཁར་མཐུ་ཆེན་གྱི་རྫོངས་སུ་ཚོགས་ཀྱི་པཱུ་ཛ་བཟང་པོ་ཞིག་མཛད་པའི་མཐར་བླ་མ་མར་པའི་ཕྱག་མི་ལའི་དབུ་ཐོག་ཏུ་བཞག་ནས། ངའི་བརྒྱུད་པ་འདི་ཁྱོད་ཀྱིས་འཛིན་པའི་རྨི་ལམ་འདི་ལྟ་བུ་ཡོད་གསུང་ནས། ཀ་ཆེན་བཞིའི་མགུར་འདི་གསུངས་པ། རྗེ་བླ་
མ་རྣམས་ལ་ཕྱག་འཚལ་ལོ། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སེང་གེ་འགྱིང་བ་རྨིས། །སེང་གཡུ་རལ་གྲ་རུ་རྒྱས་པ་རྨིས། །སེང་གངས་དཀར་གྱི་སྟོངས་སུ་འཕྱོ་བ་རྨིས། །ཤར་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་སྟག་མོ་ངར་བ་རྨིས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་རྨིས། །ཁོང་འཛུམ་ལན་གསུམ་བྱས་པ་རྨིས། །སྟག་ནགས་མའི་གསེབ་ཏུ་འཕྱོ་བ་རྨིས། །ཐང་ཤིང་རྒྱུད་དུ་འབྲེལ་བ་རྨིས། །ལྷོ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་རྨིས། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་སྤུ་གནམ་དུ་གཟིངས་པ་རྨིས། །བྱ་མིག་གྱེན་དུ་ལྟ་བ་རྨིས། །ནུབ་རྨི་ལམ་མི་ངན་རྨི་ལམ་བཟང་། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་རྨིས། །ཀ་ཐོག་ཏུ་རྒོད་པོ་བབས་པ་རྨིས། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་རྨིས། །བྱ་ཚང་བྲག་ལ་བཅས་པ་རྨིས། །བྱ་དེ་ལ་བུ་ཅིག་སྐྱེས་པ་རྨིས། །
བྱ་ཕྲན་གྱིས་ནམ་མཁའ་གང་བ་རྨིས། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང་། །ངས་སྔན་ཆད་དབྱངས་ལ་སྐྱོར་མ་མྱོང་། །ད་རེས་ཚིག་ལ་གསལ་ཅིག་འདེབས། །ཉི་མ་ཤར་དུ་ཀ་ཆེན་བཙུགས་པ་དེ། །དོལ་གྱི་མཚུར་སྟོན་དབང་ངེ་ཡིན། །ཀ་ཐོག་ཏུ་སེང་གེ་འགྱིང་བ་དེ། །ཁོང་མི་གཞི་སེང་དང་འདྲ་བའི་རྟགས། །སེང་གཡུ་རལ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །སེང་གངས་དཀར་གྱི་ལྟོངས་སུ་འཕྱོ་བ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །ཤར་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ལྷོ་རུ་ཀ་ཆེན་བཙུགས་པ་དེ། །གཞུང་གི་རྔོག་སྟོན་ཆོས་རྡོར་ཡིན། །ཀ་ཐོག་ཏུ་སྟག་མོ་ངར་བ་དེ། །ཁོང་མི་གཞི་སྟག་དང་འདྲ་བའི་རྟགས། །སྟག་གྲ་འཛུམ་མཐའ་ནས་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །ཁོང་འཛུམ་ལན་གསུམ་བྱས་པ་དེ། །བཤད་རྒྱུད་ཀྱི་བསྟན་པ་དར་བའི་རྟགས། །སྟག་ནགས་མའི་གསེབ ་ཏུ་འཕྱོ་བ་དེ། །ཚེ་གཅིག་གིས་གྲུབ་པ་བརྙེས་པའི་རྟགས། །ཐང་ཤིང་རྒྱུད་དུ་འབྲེལ་བ་དེ། །བུ་ཚ་བོས་བརྒྱུད་
པ་ཟིན་པའི་རྟགས། །ལྷོ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་ནུབ་ཏུ་ཀ་ཆེན་བཙུགས་པ་དེ། །རྩང་རོང་གི་མེས་སྟོན་ཚོམ་པོ་ཡིན། །ཀ་ཐོག་ཏུ་ཁྱུང་ཆེན་བབས་པ་དེ། །ཁོང་མི་གཞི་ཁྱུང་དང་འདྲ་བའི་རྟགས། །ཁྱུང་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་སྤུ་གནམ་དུ་གཟིངས་པ་དེ། །གདམས་ངག་གི་བརྒྱུད་པ་ཟིན་པའི་རྟགས། །བྱ་མིག་གྱེན་ལ་ལྟ་བ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བའི་རྟགས། །ནུབ་རྨི་ལམ་བཟང་བ་དེ་ལྟར་ལགས། །ཉི་མ་བྱང་དུ་ཀ་ཆེན་བཙུགས་པ་དེ། །ཁྱོད་གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་བབས་པ་དེ། །ཁྱོད་མི་གཞི་རྒོད་དང་འདྲ་བའི་རྟགས། །རྒོད་རྩེ་སྒྲོ་གྲ་རུ་རྒྱས་པ་དེ། །བླ་མའི་གདམས་ངག་གོ་བ་ལགས། །བྱ་ཚང་བྲག་ལ་བཅས་པ་དེ། །ཚེ་སྲོག་བྲག་ལས་སྲ་བའི་རྟགས། །བྱ་དེ་ལ་བུ་ཅིག་སྐྱེས་པ་དེ། །འགྲན་གྱི་དོ་མེད་གཅིག་འབྱོན་པའི་རྟགས། །བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །བྱང་རྨི་
ལམ་བཟང་བ་དེ་ལྟར་ལགས། །ང་མི་རྒན་གྱི་ཁ་ལ་གཏད་ཡོད་ན། །ཕྱིས་སྒྲུབ་རྒྱུད་ཀྱི་བསྟན་པ་དར་ཏེ་མཆི། །ཞེས་གསུངས་པས། མི་ལའི་ཐུགས་དགོངས་ལ། ངས་སྙིང་རུས་ཀྱིས་ནུས་ན་དངོས་གྲུབ་ཐོབ་པ་ལ་དོགས་པ་མེད་པར་འདུག་སྙམ་ནས་སེམས་དཔའ་ལིང་ངེར་སོང་བའི་ཚེ་ཡུམ་གྱིས་ཀྱང་ཐུགས་སྐྱོ་སྐྱོ་ལྟར་མཛད་ཅིང་། ཀ་པཱ་ལ་གསེར་མདོག་བཅུད་ཀྱིས་བཀང་བ་གནང་ནས་མཐུ་ཆེན་ལ་མགུར་འདི་གསུངས་པ། ཁྱོད་སྙིང་རུས་ཅན་གྱི་སྡུག་སྲན་ཅན། །ཕྱི་ཐག་རིང་ཞིང་ངང་རིང་པོ། །སྐལ་བ་ཅན་གྱི་བུ་ཁྱོད་ཀྱིས། །བླ་མའི་བདུད་རྩི་ཡེ་ཤེས་ཆང་། །ངོམས་པར་འཐུང་ལ་བཞུད་པར་ཞུ། །ཕ་དང་མ་གཉིས་མ་བརྗེད་པར། །གསོལ་བ་ཡང་ཡང་འོ་དོད་བོས། །སྙིང་ལ་ཕན་པའི་གདམས་ངག་ལ། །འགྲངས་པར་ཟ་ཡིན་བཞུད་པར་ཞུ། །དྲིན་དང་ཕན་པ་མ་བརྗེད་པར། །བཀའ་དྲིན་བསམས་ཀྱིན་སྙིང་རུས་མཛོད། །མཁའ་འགྲོའི་ཁ་རླངས་ཟབ་མོའི་གོས། །དྲོ་བ་གོན་གྱིན་བཞུད་པར་ཞུ། །མ་ནུས་
སེམས་ཅན་མ་བརྗེད་པར། །རང་སེམས་བྱང་ཆུབ་ལམ་ལ་ཆུག །སྐལ་བ་བཟང་མོའི་བདག་མེད་མས། །བུ་ལ་སྙིང་གཏམ་བསྐུལ་བསྐུལ་བ། །བུས་ཀྱང་མ་བརྗེད་སྙིང་ལ་ཆོངས། །མས་ཀྱང་ཡི་དམ་མགོན་དུ་བཟུང་། །སེམས་ཡིད་མཐུན་པའི་མ་བུ་གཉིས། །ཨཽ་རྒྱན་ཡུལ་དུ་མཇལ་བར་ཤོག །དྲིན་ལན་ཆོས་ཀྱིས་འཁོར་བར་ཤོག །ཅེས་གསུངས་པ་དང་རྗེ་མི་ལ་མཐུ་ཆེན་བླ་མ་ཡབ་ཡུམ་གཉིས་ལ་སངས་རྒྱས་དངོས་སུ་འདུ་ཤེས་པའི་དད་པ་བརྟན་པོ་ཐོབ་ནས་བླ་མ་ཡབ་ཡུམ་གྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་སྨོན་ལམ་བཟང་པོ་ཡང་དང་ཡང་དུ་བཏབ། བླ་མ་ཆེན་པོས་ཀྱང་ཕྱག་མཛུབ་མཐུ་ཆེན་གྱི་སྙིང་གར་གཏད་ནས་མཐུ་ཆེན་ཐེ་ཚོམ་དང་སོམ་ཉི་མི་དགོས། འོ་སྐོལ་ཕ་བུ་གཉིས་ནམ་ཡང་འབྲལ་བ་མེད་དོ། །ཁྱོད་ཀྱིས་ཀྱང་སྒྲུབ་པ་ལ་རེམ་ཞིག་རེམ་ཞིག་གསུང་ནས། སླར་ཡང་ཚིགས་སུ་བཅད་པའི་དབྱངས་ཀྱིས་སྨོན་ལམ་དང་རྗེས་སུ་བསྟན་པ་མཛད་པ། རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །ལས་བྱས་པ་
ཆོས་དང་མཐུན་པའི་བུ། །ལུས་སྤྲུལ་སྐུ་སངས་རྒྱས་འགྲུབ་པར་ཤོག །ངག་རྡོ་རྗེའི་བཟླས་པ་བདུད་རྩིའི་རོ། །རྟེན་འབྲེལ་ལོངས་སྐུར་འཆར་བར་ཤོག །སེམས་རྩ་བ་བྱང་ཆུབ་ཀྱི་སྡོང་པོ་ལ། །ཆོས་སྐུའི་ལོ་འདབ་རྒྱས་པར་ཤོག །བླ་མའི་བཀའ་ཚིག་རྡོ་རྗེའི་གསུངས། །སྙིང་ལ་བརྗེད་མེད་གནས་པར་ཤོག །ཡི་དམ་མཁའ་འགྲོའི་བྱིན་རླབས་དེ། །སྲོག་གི་རྩ་བར་གནས་པར་ཤོག །ཆོས་སྐྱོང་བསྲུང་མའི་རྒྱབ་བརྟེན་དེ། །འབྲལ་བ་མེད་པར་སྐྱོང་བར་ཤོག །རྟེན་འབྲེལ་ཟབ་མོའི་སྨོན་ལམ་དེ། །མྱུར་བ་ཉིད་དུ་འགྲུབ་པར་ཤོག །ཆོས་མཛད་ཡོངས་ཀྱི་ཐུགས་རྗེ་དེས། །དུས་གསུམ་ཀུན་ཏུ་འཛིན་པར་ཤོག །རྩང་སིལ་མ་ལ་ཡི་ལ་ཐོག་ཏུ། །བསྟན་མ་བཅུ་གཉིས་ཀྱི་བསུན་མ་ཡོད། །སང་ཉིན་འགྲོ་བའི་ལམ་ཁ་ན། །དཔའ་བོ་མཁའ་འགྲོའི་སྐྱེལ་མ་ཡོད། །ཕ་ཡུལ་ཞེན་པའི་མཁར་ཞིང་ན། །མི་རྟག་སྒྱུ་མའི་སློབ་དཔོན་ཡོད། །ཨ་ནེ་སྲིང་མོའི་ཉེ་འཁོར་ལ། །སྒྱུ་མ་བཤིག་པའི་གདམས་ངག་ཡོད། །མི་མེད་ལུང་
པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་དུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ན། །ལྷ་བདེ་གཤེགས་འདུ་བའི་མཆོད་ཁང་ཡོད། །ནད་མེ་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །འཁྲུལ་འཁོར་གནད་ཀྱི་ཁ་བསྒྱུར་ལ། །འབྲས་རིན་ཆེན་སྐྱེ་བའི་སོ་ནམ་ཡོད། །ཡུལ་མི་རྩིས་ཆུང་བའི་རང་ཡུལ་དེར། །འཕྲལ་གཡེང་བ་མེད་པའི་དགེ་སྦྱོར་ཡོད། །མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟགས་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕམ་ཕབས་ཡོད། །གྲིབ་དངས་པ་ལྷ་ཡི་གཞལ་ཡས་ན། །རང་དོན་ཆེན་འགྲུབ་པའི་ལྟད་མོ་ཡོད། །ངོ་ལྐོག་མེད་པའི་ལྷ་ཆོས་ལ། །དམ་ཚིག་གཙང་མའི་འཕྲིན་ལས་ཡོད། །བཀའ་བཞིན་སྒྲུབ་པའི་སོ་ནམ་ལ། །དངོས་གྲུབ་ཀུན་གྱི་གཏེར་ཁ་ཡོད། །དམ་ཆོས་མཁའ་འགྲོའི་སྲོག་སྙིང་ལ། །འཁོར་འདས་གཉིས་ཀྱི་གྱེས་སོ་ཡོད། །མར་པ་ལོ་ཙའི་བུ་བརྒྱུད་ལ། །གཏམ་སྙན་མང་པོའི་ཡོང་སྒོ་ཡོད། །མི་ལ་རས་
པའི་སྙིང་རུས་ལ། །སངས་རྒྱས་བསྟན་པའི་སྲོག་ཤིང་ཡོད། །ཅེས་གསུངས་ཏེ་དཔོན་སློབ་གཉིས་འབྲལ་མི་ཕོད་པའི་གདུང་དབྱངས་མང་པོ་མཛད་པའི་རྗེས་སུ་མཐུ་ཆེན་གྱིས་བླ་མའི་ཞབས་ལ་ཕྱག་འཚལ་ནས་ལམ་དུ་ཞུགས་པ་ལས། ལའི་ཕག་ཏུ་མ་ཕྱིན་གྱི་བར་ཤིན་ཏུ་འཕྲེང་བའི་ཡིད་ཀྱིས་ཕྱི་མིག་མང་པོ་བལྟས་པས། བླ་མ་དཔོན་སློབ་རྣམས་ལྷོ་བྲག་གོས་དཀར་གྱི་ལ་ཁ་དེ་ན་ད་དུང་སྨུག་ཕུང་ངེར་བཞུགས་ནས་འདུག་པས། དེར་ཡིད་ལ་བཅད་སྡོ་ཆེན་པོ་ཞིག་ཡོད་པ་མིན་ན་དེའུ་ལོག་ཅིག་བྱས་ཏེ། ཡང་བླ་མ་ངོས་སུ་ཕྱི་མིག་ཡང་ཡང་བལྟས་པ་བླ་མ་ཆེན་པོས་ཀྱང་གཟིགས་ཏེ། མཐུ་ཆེན་ཁོ་ཕྱི་མིག་མང་པོ་ལྟ་བ་དེ་ང་ལ་འཕྲེང་བས་ལོག་ཚད་དེ། འོན་ཀྱང་ཁོའི་སྙིང་དེ་ལ་རུས་པ་ཞིག་ཡོད་གསུངས། དེ་ལྟར་མི་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེ་བླ་མ་མར་པའི་དྲུང་དུ་ལོ་དྲུག་དང་ཟླ་ངོ་བརྒྱད་ཀྱི་བར་དུ་བཞུགས་ནས། ཤིན་ཏུ་གཅེས་པའི་ལུས་དང་སྲོག་ལ་ཕངས་པ་མེད་པར་མཉེས་པ་དུ་
མའི་སྒོ་ནས་བླ་མ་དམ་པ་ཚུལ་བཞིན་དུ་བསྟེན། བླ་མ་དང་ཇོ་མོས་ཀྱང་ཤིན་ཏུ་ཐུགས་ལ་བཏགས་ཏེ་དབང་རྒྱུད་མན་ངག་དང་བཅས་པ་ཐམས་ཅད་ནི་རྫོགས་པར་གནང་། སྔོན་སྦྱངས་ཀྱི་ལས་འཕྲོ་སད་པས་ཉམས་མྱོང་དང་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཏེ་དེ་ཐམས་ཅད་བླ་མའི་བཀའ་དྲིན་དུ་གོ་བས་ངའི་བླ་མ་བཀའ་དྲིན་ཅན་ཡབ་ཡུམ་ལ་ནོར་རྫས་ལོངས་སྤྱོད་ཀྱི་ཞབས་ཏོག་མ་མཆིས་ཀྱང་སྒྲུབ་པའི་ཞབས་ཏོག་གི་སྒོ་ནས་བླ་མ་མཉེས་པ་ཞིག་ཅིས་ཀྱང་བྱ་དགོས་པས། ང་ལས་ཅི་ལ་ཐུག་ཀྱང་དམ་པའི་ཆོས་གཤའ་མ་གཅིག་མི་བྱེད་རི་སྙམ་པའི་ངེས་ཤེས་དང་མ་བྲལ་བར་བླ་མ་ཐུགས་ལ་འཕྲེང་བས་ཡིད་སྐྱོ་ཏིང་ངེ་བ་ཞིག་ལ་ཚུར་བྱོན་པས་དེ་ནུབ་གཞུང་གི་རི་བོར་བླ་མ་རྔོག་པའི་དྲུང་དུ་ཕེབས་ཏེ། དེར་བླ་མའི་ཞལ་ནས། མཐུ་ཆེན་ཡུལ་དུ་འགྲོ་བ་ཡིན་ན་ངས་ཀྱང་རྫོངས་ཀྱི་ཆོས་ཞིག་བྱ་ཡི་གསུང་ནས་དེའི་ནུབ་མོ་ཚོགས་ཀྱི་པཱུ་ཛ་བཟང་པོ་དང་བཅས་ཏེ་བཅོམ་ལྡན་འདས་དུས་
ཀྱི་འཁོར་ལོའི་སྒོ་ནས་ཡེ་ཤེས་བཙན་ཐབས་སུ་དབབ་པའི་ཆོ་ག་མཛད། ཕྱི་དེ་ནང་མོ་རྗེ་མི་ལས་བླ་མ་རྔོག་པ་ལ་ཕྱི་ཕྱག་མཛད་ནས་ཡར་བྱོན་པས་རླུང་འབྱོངས་པའི་ཡོན་ཏན་གྱིས་ལྷོ་བྲག་ནས་ཞག་གསུམ་གྱིས་མངའ་རིས་གུང་ཐང་དུ་ཕེབས་སོ། །དེ་ནས་བླ་མ་མར་པ་དཔོན་སློབ་ཀྱང་སྐུ་མཁར་དུ་ཕེབས་ཏེ། དེར་བླ་མའི་ཞལ་ནས། ངའི་བུ་མཐུ་ཆེན་དེས་ཆོས་གཤའ་མ་གཅིག་ནུས་པར་འདུག་གསུངས། དེའི་ཚེ་དོལ་གྱི་མཚུར་སྟོན་དབང་ངེ་དེ་རྗེ་མར་པའི་དྲུང་དུ་ཆོས་བག་རེ་ཐོབ་ཀྱང་དཀའ་ལས་ཤིན་ཏུ་ཆེ་བར་བྱུང་ནས། ང་རང་ཡང་ལྷོ་བལ་དུ་ཕྱིན་ལ་གདམས་ངག་བཙལ་བས་ཆོག་སྙམ་སྟེ་གསེར་སྲང་ཁ་ཅིག་ཁྱེར་ནས་མངའ་རིས་ན་ཡར་བྱོན་པ་དང་ཇོ་སྲས་མདོ་སྡེ་རྒྱ་གར་དུ་ཕུག་རོན་ལས་གྲོང་འཇུག་ཡུལ་སྤོས་ཏེ་ཨ་བྷ་ཡ་བཛྲ་ཞེས་བྱ་བར་གྱུར་པ་ལ། རྗེ་བཙུན་ནཱ་རོ་པ་ཆེན་པོས་ཁྱོད་རང་གི་ཕ་མར་པ་ལོ་ཙ་བ་བོད་ན་ཡོད་པས་ཁོང་གི་རྩར་སོང་ལ་གདམས་པ་དང་རྗེས་སུ་བསྟན་པ་ཞུས་
ཤིག་གསུངས་ནས་ལུང་བསྟན་ཏེ། དེར་ཨ་བྷ་ཡ་བཛྲ་ཞེས་བྱ་བ་དེས་གཡོག་པོ་ཨ་ཙ་ར་ཅིག་དང་བལ་པོ་སྐད་ཤེས་པ་ཅིག་དང་གསུམ་འགྲོགས་ནས་བོད་དུ་བྱོན་པ་གཉིས་མང་ཡུལ་སྐྱི་རོང་གི་ཚོང་དུས་སུ་འཛོམ་སྟེ་གླེང་མོ་བྱས་པས་ཁོང་ན་རེ། བོད་གར་འགྲོ་ཟེར་བ་ལ་མཚུར་སྟོན་གྱིས་ང་རྒྱ་གར་དང་བལ་པོ་ན་ཕར་ཆོས་ཚོལ་དུ་འགྲོ་བྱས་པས། ཆོས་ཅི་འདོད་ཟེར། རྗེ་ནཱ་རོ་པའི་གདམས་པ་འདོད་བྱས་པས། འོ་ན་རྗེ་ནཱ་རོ་པའི་གདམས་པ་ཐམས་ཅད་བོད་རང་ན་མར་པ་ལོ་ཙ་བ་ལ་ཡོད་པ་ཟེར་བ་ལ། མཚུར་སྟོན་གྱིས། མར་པ་བས་གདམས་ངག་ཆེ་བ་རྒྱ་གར་ནའང་མེད་དམ་བྱས་པས། ཁོང་ན་རེ། མེད་དེ་མར་པས་རྗེ་ནཱ་རོ་པ་ལོ་དྲུག་དང་ཟླ་བ་བདུན་གྱི་བར་འབྲལ་མེད་དུ་བསྟེན་པས་ཁོང་ལ་གདམས་ངག་བུམ་པ་གང་བྱོ་ཡོད་པ་ཡིན་པས་ངེད་ཀྱང་ཁོང་ཅན་དུ་འགྲོ་བ་ཡིན་ཟེར། ཁྱེད་མར་པ་ལོ་ཙའི་རྩར་ཕྱིན་ནས་ཅི་བྱེད་བྱས་པས་གདམས་ངག་ཞུ་ཟེར། དེར་མཚུར་སྟོན་གྱི་ཐུགས་ལ་འོ་ན་རྒྱ་གར་ནས་ཀྱང་ངའི་
བླ་མ་ལ་ཆོས་ཞུར་འོང་ན། ང་ཅིའི་ཕྱིར་ལོག་སྟེ་མི་འགྲོ་སྙམ་ནས་ཁོང་རྣམས་དང་འགྲོགས་ཏེ་སླར་ལོག་ནས་འོངས་པའི་ལམ་ཁ་ན་མར་གླེང་བླང་བྱས་པས། ངའི་ལུས་འདི་རྗེ་ག་ཡ་དྷ་རའི་སྲས་ཡིན་ཏེ་དེ་ལ་མདོ་སྡེའི་གྲོང་འཇུག་ཡུལ་སྤོས་པའི་ལོ་རྒྱུས་ཟེར་བྱུང་བས། མཚུར་སྟོན་ཀྱང་ཡིད་ཆེས་ནས་ཁོང་རྣམས་ལྷོ་བྲག་ཏུ་ཕྱིན་པ་ན། བླ་མ་མར་པ་ཡང་སྲས་དང་མཇལ་བས་ཤིན་ཏུ་དགྱེས་པར་གྱུར་ཏེ། དེར་རྗེ་མར་པས་ཨ་ཙ་ར་དཔོན་གཡོག་གསུམ་པོ་ལ་ཟླ་བ་དགུའི་བར་དུ་གདམས་པ་རྣམས་རྒྱ་གར་གྱི་སྐད་དུ་བཤད་ནས་ཆོས་རྫོགས་པ་དང་གསེར་གྱི་རྫོང་བ་བཟང་པོ་ཡང་མཛད་དེ་ཁོང་རྣམས་ཆོས་ཀྱི་དགའ་བ་ཉམས་སུ་མྱོང་ནས། སླར་རྒྱ་གར་དུ་ལོག་པས་ཨ་བྷ་ཡ་བཛྲ་དེ་སྔོན་ཕུག་རོན་གྱི་ལུས་ལས་གྲོང་འཇུག་སྤོས་པའི་རྒྱུ་མཚན་ལས་རྒྱ་གར་ཏི་ཕུ་པ་ཞེས་གྲགས་ཏེ། ཇོ་བོ་ནཱ་རོ་པ་དང་བླ་མ་མར་པ་དཔོན་སློབ་ཀྱི་ཆོས་ལ་ཤིན་ཏུ་མཁས་ཤིང་ལུས་རྟེན་དེ་ཉིད་ལ་མཆོག་གི་དངོས་གྲུབ་
བརྙེས་པར་གྱུར་ཏོ། །དེ་ནས་མཚུར་སྟོན་གྱིས་བླ་མ་མར་པའི་དྲུང་དུ་མདོ་མང་ལ་སོགས་པ་པུསྟི་བརྒྱ་རྩ་བརྒྱད་ཀྱིས་སྣ་དྲངས་པའི་ཡོ་བྱད་མཆིས་སོ་ཅོག་སྤོང་དག་ལན་བཞི་བྱས། བླ་མའི་སྐུ་དགྲ་མར་པ་ནག་པོ་བྱ་བ་མཐུས་བསྒྲལ་བས་བླ་མ་མཉེས་ཏེ་བདེ་དགྱེས་གསང་གསུམ། གདན་བཞི། མ་ཧཱ་མཱ་ཡ། སངས་རྒྱས་ཐོད་པ་རྣམས་ཀྱི་དབང་རྒྱུད་འགྲེལ་སྒྲུབ་དཀྱིལ་མན་ངག་དང་བཅས་པ་ཚང་བར་གནང་ཞིང་། ཁྱད་པར་དུ་སྲས་འབྲིང་པོ་དང་གཉིས་ལ་སྐུ་མཁར་གྱི་རྩེ་མོར་བླ་མ་ལོ་ཙ་བ་ཉིད་ཀྱི་ཕྱག་གཡོན་པའི་དཔུང་པ་ན་བསྲུང་འཁོར་ཡིན་ནམ་སྙམ་པའི་ཐང་ཆུའི་རིལ་བུ་ཞིག་ཡོད་པའི་ནང་ནས་སྔོན་རི་མུན་པ་ཅན་གྱི་ངོས་སུ་བླ་མ་ནཱ་རོ་པ་ཆེན་པོ་ལས་གསན་པའི་དགྱེས་གསང་སྒྱུ་གདན་བཞིའི་རྫོགས་རིམ་གྱི་ཤོག་དྲིལ་བཞི། དགྱེས་གསང་གདན་གསུམ་གྱི་རྒྱུད་ཀྱི་ཁོང་སྙིང་ཕྱུང་བའི་ཤོག་དྲིལ་གསུམ། འཁོར་ལོ་སྡོམ་པའི་རླུང་སེམས་ཁ་སྦྱོར་གྱི་མན་ངག་རྒྱུད་སྡེ་བཞིའི་དོན་བསྡུས་རྡོ་རྗེའི་ཚིག་དོན་ཁོལ་དུ་ཕྱུང་
བ། ཌཱ་ཀི་ནཱི་པཱ་ར་མི་ཏ་ལས་གསན་པའི་བླ་མ་བརྒྱུད་པའི་སྔགས་ཀྱི་མན་ངག་གླུ་དབང་འཁྱིལ་པ་འཕོ་བའི་ལག་ལེན་དང་བཅས་པ་རྣམས་བཏོན་ནས་ལྐོག་ཁྲིད་དུ་གནང་སྟེ། དེར་བླ་མ་ལོ་ཙ་བའི་ཞལ་ནས། མཚུར་སྟོན་དབང་ངེ་། ངས་རྒྱ་གར་ཤར་ནུབ་གཉིས་བལ་པོ་དང་གསུམ་གྱི་ཆོས་ཀྱི་སྦར་ཚོད་ལོན་གྱིས་གསང་སྔགས་ཀྱི་གདམས་པ་འདི་རྣམས་མི་ལ་མ་སྟོན་པར་ཉམས་སུ་ལོང་ཤིག །ལར་ངས་དང་པོར་བླ་མ་ནཱ་རོ་པ་ཆེན་པོའི་དྲུང་དུ་ཐབས་ཤེས་རབ་ཀྱི་རྒྱུད་འགྲེལ་པ་དང་བཅས་པའི་བཤད་པ་དང་མན་ངག་ལ་སོགས་པ་དཀྱིལ་ཆོག་དང་སྒྲུབ་ཐབས་ཀྱི་རིགས་དང་ཡོ་ལ་གོ་བ་ལོངས་པར་བྱས། ཕྱིས་བླ་མ་སྤྱོད་པ་ལ་གཤེགས་ནས་ང་ལ་ཡང་ཞལ་མཇལ་དུ་མ་གནང་སྟེ། དེར་ངས་དད་པ་དང་བརྩོན་འགྲུས་ཀྱི་སྒོ་ནས་བླ་མ་ལ་གསོལ་བ་འདེབས་ཀྱིན་ནགས་ཀྱི་རི་ལ་བསྡད་པས་ཕྱིས་ཞལ་མཇལ་ཏེ། ལས་རྒྱུ་འབྲས་ཀྱི་ཆོས་ཟབ་ལ་རྒྱ་ཆེ་བ་མང་དུ་གནང་། ཆོས་ཐམས་ཅད་རྟེན་འབྲེལ་དུ་སྟོན་
པའི་ལམ་ཟུང་འཇུག་རབ་ཏུ་མི་གནས་པར་བསྟན་པ་ལས། ཐེག་པ་ཆུང་ངུའི་ཆོས་ཀྱིས་ལས་རྒྱུ་འབྲས་ཀྱི་ཆོས་གང་དང་གང་གིས་འཇིག་རྟེན་པའི་སྐྱེ་གནས་ཁྱད་འདོན་པ་ཙམ་ལས་དབྱེར་མེད་གཉིས་སུ་མེད་པར་གོ་བ་དང་། ཐུན་མོང་བ་གོང་དུ་ཤེས་ཟིན་པས་ཞེ་ལ་མ་བཟུང་། ཞུ་བ་ཡང་དང་ཡང་དུ་ཕུལ་ནས་ཞུས་པས་འཕོ་བ་དང་རིམ་ལྔ་གདན་གཅིག་ལ་རྫོགས་པར་སྒོམ་པ་སོགས་སྟོང་ཉིད་སྤར་ཟིན་རྩ་བའི་ཟབ་དོན་ཞལ་གདམས་སུ་བཅས་པ་འདི་རྣམས་གནང་བ་ཡིན་པས། ཁྱོད་ཀྱིས་ཀྱང་བརྩོན་པ་ཆེན་པོས་ཉམས་སུ་ལོང་ཞིག །ཅེས་བཀའ་སྩལ་ནས་སླར་ཡང་དེ་རྣམས་ཀྱི་མདོ་དོན་དྲིལ་ཏེ་མགུར་དུ་གསུངས་པ། རྒྱ་གར་གྱི་ནཱ་རོ་པཎ་ཆེན་དང་། །ལྷོ་བྲག་གི་མར་སྟོན་བློ་གྲོས་གཉིས། །སངས་རྒྱས་དང་སེམས་ཅན་ཞལ་མཇལ་ནས། །ལོ་དྲུག་ཟླ་བ་བདུན་དུ་འགྲོགས། །ཟབ་མོའི་ཆོས་ལ་སྦར་ཚོད་བཟུང་། །དབང་གི་ཆུ་ལ་ཁྲོག་ཅིག་འཐུངས། །གདམས་ངག་སྐོར་ཙེ་སྐོར་ཙེ་ཞུས། །ལམ་རྩ་དང་རླུང་ལ་
རག་ལས་པས། །རྗེ་ནཱ་རོ་ཆེན་པོའི་གསུང་བརྒྱུད་བཟུང་། །སེམས་སྟོང་པ་ཉིད་ལ་སྦར་ཟིན་བྱས། །སངས་རྒྱས་ལག་པའི་མཐིལ་ན་གདའ། །ལྷོ་བྲག་གི་མར་སྟོན་བློ་གྲོས་ལ། །རྗེ་ནཱ་རོ་ཆེན་པོའི་སྐུ་དྲིན་གྱིས། །རྒྱུད་ཆེན་གསང་བ་འདུས་པ་དང་། །དགྱེས་རྡོར་སྒྱུ་འཕྲུལ་ཆེན་མོ་དང་། །ཀུན་ལ་མེད་པའི་གདན་བཞི་དང་། །མན་ངག་གི་གདམས་པ་ཚན་བཞི་བྱུང་། །ཡི་གེར་བཀོད་ནས་ཤོག་དྲིལ་བྱས། །ཀུན་ལ་མ་སྤེལ་ལུས་ལ་བཅངས། །དམ་ཚིག་བསྲུང་བའི་མཚུར་ལ་བྱིན། །གསུང་ནས་མཚུར་སྟོན་གྱི་ངོར་ཤོག་དྲིལ་རྣམས་ཀྱི་འགྲེལ་པ་བསྡུས་དོན་དང་བཅས་པའང་མཛད་དོ། །དེ་ནས་ལན་ཅིག་བླ་མ་ཆེན་པོ་དཔོན་སློབ་འགའ་ཤས་ལྷོ་བྲག་མདར་ཡོན་བདག་མོ་ཞིག་གིས་ཆོས་སྟོན་ལ་གདན་དྲངས་པའི་སར་ལུག་གུ་ཤི་བའི་རོ་ལ་གྲོང་འཇུག་མཛད་པས་ལུག་གུ་ལངས་ཏེ་འཁྲབ་ཅིང་ཡོན་བདག་མོའི་རྩར་ཕྱིན་ནས་སྐད་བཏོན་པས། མོ་ན་རེ། ཨ་པ་འདི་མདང་ཤི་བ་ཡིན་པ་ལ། ཡང་ད་ནང་ལང་ནས་འོང་
བ་ལྟས་ངན་མིན་ནམ་ཟེར་ཏེ་དབྱུག་པ་བརྡེག་པར་བརྩམས་པ་ལ། གྲ་པ་རྣམས་ཀྱིས་ཡོན་བདག་མོ་ལུག་གུ་དེ་ལ་མ་བརྡེག་ཅིག །དེ་ནི་རང་ཅག་གི་བླ་མ་ཆེན་པོ་ལགས་སོ་བྱས་པས། ཡོན་བདག་མོ་དགའ་ནས་བདག་ལ་འདི་འདྲ་བའི་བླ་མ་ཡོད་ཟེར་ཞིང་བྲོ་འཁྲབས་སོ། །དེར་བླ་མ་ཁྲོང་གིས་བཞེངས་ཏེ་གསང་སྔགས་ཀྱི་ལམ་ལ་ངོ་མཚར་དུ་བྱ་བ་འདི་ལྟ་བུ་ཡོད་གསུངས། དེ་ནས་ཡར་དྲོ་བོ་ལུང་དུ་ཕེབས་པ་ན་རྒྱང་རོ་ཞང་སྟོན་གྱིས་ཕ་ཞིང་ལྟང་ཙེར་བསྒྱུར་ཏེ་བུར་ལྟང་དང་ཚོས་ལྟང་བཞི་བཅུ་ཞེ་དྲུག་བླ་མ་ལོ་ཙ་བ་ཆེན་པོ་ལ་ཕུལ་ནས་གདམས་པ་ཞུས་པ་ལས། ཉིན་ཅིག་ཕྱི་རོལ་གྱི་ཆོས་ཁྲི་ཁ་ན་བརྟག་གཉིས་གསུང་གི་ཡོད་པའི་ཚེ་ཕུག་རོན་ཅིག་ཁྲས་དེད་ནས་བྱུང་བ་ཆོས་རའི་ནང་དུ་སླེབ་པ་དང་སྙིང་གས་ཏེ་ཤི་བས། བླ་མའི་ཞལ་ནས། ཞང་སྟོན་ལྕགས་ཕུར་ཅིག་དང་གཟུངས་ཐག་ཅིག་ལོང་ལ་ཤོག་དང་། ངས་ཁྱེད་རྣམས་ལ་ལྟད་མོ་ཞིག་བསྟན་གྱི་གསུང་། དེར་ཞང་སྟོན་གྱིས་ཕུར་པ་དང་གཟུངས་ཐག་
བླངས་པ་ན། ད་ཁྱོད་རང་ཐག་པ་ཕུག་རོན་གྱི་རོ་དེའི་རྐང་པ་ཐོགས་ཏེ་རྟོད་ལ་ཞོག་ཅིག་གསུང་། དེ་ལྟར་བྱས་པ་དང་། བླ་མ་རྗེ་བཙུན་ཏིང་ངེ་འཛིན་ལ་བཞུགས་ནས་རླུང་སྦྱོར་མཛད་པས། ཅུང་ཟད་ཞིག་ན་བླ་མ་པུར་གྱི་རྣམ་པར་གྱུར་ནས་ཕུག་རོན་གྱི་རོ་དེ་འགུལ། དེ་ནས་འདབ་གཤོག་སྤྲུག་ཅིང་ཐག་པས་ཇི་ཙམ་སྙོགས་པའི་ནམ་མཁའ་ལ་ཕར་ལྡིང་ཚུར་ལྡིང་བྱས་པ་དང་། ཕུག་རོན་གྱི་ཕྲུ་གུ་ཞིག་ཀྱང་རྩར་བྱུང་ནས་སྙིང་རྗེ་རྗེ་ལྟར་བྱེད་ཅིང་འདུག་པ་ན། ཞང་སྟོན་གྱིས་བླ་མ་རིན་པོ་ཆེ། དྭ་དེ་ལྟར་མི་མཛད་པ་ཞུ་ཞེས་བླ་མའི་དྲུང་དུ་ཞུས་པས་ཕན་གནོད་མ་བྱུང་། དེར་ཞང་སྟོན་རྟབ་རྟབ་པོར་གྱུར་ནས་ཕུག་རོན་གྱི་རྩར་ཕྱིན་ནས་དེ་ལྟར་མི་མཛད་པར་ཞུ་ཞུས་པས། ཕུག་རོན་ལྷེམ་གྱིས་ཉལ་བ་དང་བླ་མ་ཁྲོང་གིས་བཞེངས་ནས། རང་ལུས་ཁང་སྟོང་བཞིན་བོར་ནས། །ཕུག་རོན་གཞན་ལུས་གྲོང་དུ་ཞུགས། །གཤོག་རྐྱང་མཁའ་ལ་དེའུ་འཕུར་བྱས། །བྱ་སྨད་མ་དང་བུ་རུ་མཇལ། །ཅེས་དང་། ཕུག་
རོན་ནམ་མཁའ་ལ་ལྡིང་བའི་དུས་ཤིན་ཏུ་བདེ་བར་བྱུང་གསུང་ནས་བཞད། དེ་དུས་ལོ་ཙ་བ་མཆིམས་ཡོན་ཏན་འབར་དེ་རྒྱ་གར་དུ་བྱོན་པ་ལས་ལམ་དུ་ཆོམ་རྐུན་གྱིས་བཟུང་སྟེ་གསོད་པར་བརྩམས་པ་ན། བུད་མེད་ཤིང་ལོའི་གོས་ཅན་ཞིག་བྱུང་ནས་དེས་སྡིགས་མཛུབ་གཏད་པས་ཆོམས་རྐུན་རྣམས་རེངས། དེར་བུད་མེད་དེ་ན་རེ། ད་ཁྱོད་རང་རྒྱ་གར་དུ་མ་འགྲོ་བར་བོད་དུ་ལོག་ཤིག་དང་བོད་ན་ངའི་མིང་པོ་ཌོཾ་བྷི་ཧེ་རུ་ཀ་དེ་ད་ལྟ་མར་པ་ལོ་ཙ་བྱ་བར་བཏགས་ནས་ཡོད་ཀྱིས། དེས་ཁྱོད་རྗེས་སུ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན་ནོ། །དེར་ཁོང་གིས་ཀྱང་སླར་བོད་དུ་ལོག་ནས་ལྷོ་བྲག་ཏུ་བྱོན་ཏེ་བླ་མ་མར་པ་དང་མཇལ་བས་དད་པ་ཐོབ་ནས་གདམས་པ་དང་རྗེས་སུ་བསྟན་པ་རྒྱ་ཆེར་ཞུས་ཏེ་རྒྱུད་སྨིན་ཅིང་གྲོལ་བར་བྱས། ཡང་བླ་མ་ཉིད་ཀྱི་ཆིབས་ཁ་བ་ལྷོ་པ་རྟ་སྒོམ་བྱ་བས་རྟག་གཉའི་བྲག་ལ་བླ་མའི་ཆིབས་པ་འཇོག་པའི་ནེའུ་སིང་ཁོང་རང་གི་མལ་ནས་མཐོང་བའི་ཕུག་པ་ཞིག་ཏུ་ཆིབས་འཚོ་བ་དང་
སྒོམ་པ་སྟབས་གཅིག་ཏུ་མཛད་པས་གྲུབ་པ་བརྙེས་ཏེ་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་གྲུབ། ཆིབས་ལ་རྟེའུ་སྐྱེས་པར་ཆུ་མིག་བྱུང་ཞིང་ཆིབས་དེའི་ཞབས་རྗེས་ཀྱང་དབུ་རྩེ་དམར་པོའི་བསྐོར་ལམ་ན་བཞུགས། དེའི་རྗེས་སུ་ལྷོ་པ་རྟ་སྒོམ་གཉིས་པ་ཞིག་ཀྱང་བྱུང་སྟེ་དེས་བླ་མའི་སྐུ་ཚེའི་སྨད་ཀྱི་ཆིབས་ཁ་བ་མཛད་དེ་ཕྱིས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་འགྲུབ་པ་ཞིག་བྱུང་ངོ་། །དེ་ལྟར་བླ་མ་ལོ་ཙ་བ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་དེས་གཅེས་པའི་ལུས་དང་སྲོག་ལ་འཕངས་པ་མེད་པར་སེམས་ཅན་གྱི་དོན་དུ་དམ་པའི་ཆོས་ཚོལ་བའི་ཕྱིར་ཡུལ་རྒྱ་གར་དང་བལ་པོར་ལན་མང་དུ་བྱོན་ཏེ། དེར་ཡེ་ཤེས་ཀྱི་ཌཱ་ཀི་དང་གྲུབ་པའི་སློབ་དཔོན་དམ་པ་རྣམས་ལས་གསང་སྔགས་རྗེས་སུ་བསྟན་པའི་གནང་བ་ཐོབ། ཆུའི་བུམ་པ་དང་ཤིང་ཐོག་ཁ་ཕྱེ་བའི་ནང་དུ་ཐུགས་དམ་གྱི་དཀྱིལ་འཁོར་ཞལ་གཟིགས། ནང་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་རྩལ་འབྱོངས་ཤིང་རྣམ་ཤེས་གྲོང་དུ་འཇུག་པ་དང་འཕོ་བ་ལ་
སོགས་པ་མཐར་ཕྱིན་པའི་ཡོན་ཏན་ཐུན་མོང་མ་ཡིན་པ་ཚད་མེད་དུ་མངའ་ཡང་སྦས་པའི་རྣལ་འབྱོར་དུ་བཞུགས་ནས། ཕྱི་ཚུལ་སྐྱེ་བོ་གཞན་དང་བསྟུན་ཏེ་འདོད་པའི་ཡོན་ཏན་ལྔ་ལ་རོལ་བའི་ཚུལ་གྱིས་སྣོད་ལྡན་གྱི་གང་ཟག་ལས་འཕྲོ་དང་སྐལ་བར་ལྡན་པ་མང་པོའི་དོན་མཛད་པ་ལས་ཕྱིས་དགུང་ལོའང་བརྒྱད་ཅུ་རྩ་བགྲངས་སུ་ཕེབས། སྐུའི་རྣམ་འགྱུར་ཀྱང་བགྲེས་པ་ལྟར་སྟོན་ཅིང་། ཆོས་འཁོར་ཆེན་པོ་ལ་སོགས་པར་སྤྱན་དྲངས་པའི་ཚེའང་གཞུང་གི་ཆིངས་ཙམ་རེ་གསུངས་ནས་ཉམས་ལེན་དུ་འདི་ལྟར་དགོས་པ་ཡིན་ཅེས་གནད་དུ་དྲིལ་ནས་གསུང་བ་མ་གཏོགས། སྔར་བཞིན་རྒྱུད་དང་གཞུང་འགྲེལ་ཚན་ཅན་མི་གསུང་། སྐབས་སྐབས་སུ་གྲོང་པ་དང་ཕ་སྤུན་གོ་འདྲིས་ཁྱེར་བ་ཚོའི་སར་ཡུག་རེ་བྱོན་ཏེ། བུ་ཚོ་ལུས་དྲང་པོར་སྲོངས་ལ་དར་ཅིག་སེམས་ལྷོད་དེར་ཞོག་ཅིག་ཨང་གསུང་བ་དང་། ཡང་ཉིན་ཅིག་ཇོ་མོ་ལ། བདག་མེད་མ་དྭ་འོ་སྐོལ་གཉིས་ཀྱང་ཡུན་རིང་པོར་མི་སྡོད། མིའི་སྣང་བ་བརྟུལ་ཟིན་
ཅེས་དང་། ངས་གྲོང་འཇུག་ཅིག་ནས་གཅིག་ཏུ་བརྒྱུད་ན་ཤི་བའི་མིང་ཡོད་ལ་མེད་ཅིག་འོང་བར་འདུག་ཀྱང་ལུས་འདི་བོར་ནས་རྒྱ་གར་ཤར་ཕྱོགས་སུ་སྐྱེ་བ་བླངས་ན། སླར་ཡང་བླ་མ་ནཱ་རོ་པ་ཆེན་པོ་དང་མཇལ་བར་ཞལ་གྱིས་བཞེས་པ་ཡིན་པས་དེ་ཁོ་ན་དོན་ཆེ་བར་འདུག །ཅེས་སོགས་ཡུན་རིང་དུ་མི་བཞུགས་པའི་བཀའ་སྩལ་མང་དུ་གནང་། སྔར་གདན་བཞིའི་བཤད་རྒྱུད་མནྟྲ་ཨཾ་སའི་ཕྱི་མོ་རེ་གཡར་པོ་ཞུ་བ་ལའང་ཡོན་དུ་འབྲི་རེ་བཞེས་པ་སོགས་གསེར་བྲེ་བཅལ་དུ་ཕུལ་ནའང་ཆོས་ལ་འཕངས་པ་བྱེད་གསུང་ནས་གདམས་པ་གནང་དཀའ་བ་ཡིན་པ་ལ། ཕྱིས་བགྲེས་སུ་སྣང་བ་ནས་བཟུང་མི་སུ་གཟིགས་ལ་གྲོགས་པོ་ཚུར་ཤོག །ཁོ་བོས་གདམས་པ་བྱིན་གྱིས་མི་ཚེ་སྟོང་ཟད་བྱེད་པའང་འཕངས། གདམས་ངག་ཁ་རོག་སྡོད་པའང་འཕངས། ཁོ་བོ་མར་པ་ལོ་ཙ་འདི་ཡང་མིང་ལས་མེད་པ་ཞིག་འོང་གི་ཚུར་ཤོག །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དང་། ནཱ་རོ་ཆེན་པོའི་གདམས་པ་སྦྱིན་གསུང་
ཞིང་དུས་འདི་ཙ་ན་སེམས་ལ་འདི་འདྲ་བའི་འཆར་སྒོ་འོང་། དེའི་ཚེ་རིག་པ་འདིར་གཏོད། ལུས་གནད་འདི་ལྟར་བསྒྱུར་དང་བོགས་འདི་ལྟར་འོང་ཞེས་ཉམས་ལེན་གྱི་གནད་ཁོ་ན་གསུང་། དུད་འགྲོ་འཆི་ཀ་མ་རྣམས་ཀྱི་རྩར་བྱོན་ནས་འཕོ་བ་དང་ཆོས་གསུང་། སངས་རྒྱས་མཚན་དང་གཟུངས་སྔགས་ཟབ་མོ་སྒྲག་པར་མཛད་ནས། ཁྱོད་ནི་ཐོས་པས་ཤིན་ཏུ་འཚེངས། བྱ་བ་ལ་སོགས་པ་གསུང་། ཡང་ཤི་བའི་རོ་ལ་རྣལ་འབྱོར་པས་གྲོང་འཇུག་བྱས་ན་ལུས་རྟེན་དེའི་རྣམ་ཤེས་སྔ་མ་གནས་སྤར་འགྲོ་བ་ཡིན་པས། དེ་ལ་དགོངས་ཏེ་སྒང་བུ་མཐོ་ས་ནས་ཤི་བའི་རོ་ཁོ་ན་བྱ་ར་མཛད་དེ་རེའུ་ལུག་གུ་སོགས་སེམས་ཅན་ཆེ་ཕྲའི་རོ་གཟིགས་སོ་ཅོག་ལ་གྲོང་འཇུག་མཛད་ཅིང་། སླར་བཞེངས་ནས་རོ་དེ་སྣུམ་ཞུ་ལེར་སོང་བ་དང་། དེ་ལ་སྤྱན་ཅེ་རེ་གཟིགས་ཏེ། རང་རང་ལས་ཀྱིས་ཉེས་པ་ཡི། །ཉམས་ཐག་སེམས་ཅན་མཐོང་ཙ་ན། །གྲོང་འཇུག་ཡལ་བར་འཇོག་ཏུ་འཕངས། །ཀུན་ཀྱང་སྲོག་ལ་གཅེས་འཛིན་ན། །མཁས་པ་ང་ཡི་
གན་དུ་ཤོག །ཅེས་གསུངས། དེ་དག་གི་ཚེ་མཚན་མོའང་སྐུ་ལ་འོད་དཀར་སྒོར་རེ་བ་རེ་རྒྱུན་དུ་འཁོར་བས་གཟིམས་ཆུང་གི་ནང་དུ་གསལ་མེ་མི་དགོས་པ་དང་། གླུ་གར་གྱི་རྣམ་པ་སྔར་མཐོང་ཐོས་མེད་པ་དུ་མ་མཛད། ཁྱད་པར་དུ་ལྟ་བ་རྒྱ་མཚོའི་གླུ་དང་སྤྱོད་པ་རྒྱ་མཚོའི་གླུ་སོགས་རྡོ་རྗེའི་གླུ་མང་དུ་གསུངས་ཤིང་། སྐུ་འཁོར་དང་བུ་སློབ་རྣམས་ལ་སོ་སོར་ལུང་བསྟན་པ་དང་རྗེས་སུ་གདམས་པ་རྣམས་རྫོགས་པར་མཛད་ནས་རྣམ་སྨིན་སྐུའི་ཕྱག་རྒྱ་བརྟུལ་བའི་ཚུལ་བསྟན་པ་ཡང་། བླ་མ་ཆེན་པོ་ཉིད་དགུང་ལོ་བརྒྱད་ཅུ་རྩ་དགུ་པ་ས་ཕོ་འབྲུག་གི་ལོ་རྟའི་ཟླ་བའི་ཚེས་བཅུ་བཞིའི་སྔ་དྲོ་ཉི་མ་རི་རྩེ་ལ་ཤར་བ་ཙམ་ན། བླ་མ་ཆེན་པོ་དེ་སྐུ་དྲང་པོར་བསྲངས། དྲན་པ་མངོན་དུ་བཞག་ནས། འཇིག་རྟེན་རྨི་ལམ་སྒྱུ་མ་ཡིན། །མཁས་པ་ཆེན་པོ་ནཱ་རོ་པ། །དུས་ལ་བབ་ན་འབྱོན་པར་སྤྲོ། །བདེ་བའི་ལམ་ཆེན་ཤིང་རྟའི་སྲོལ། །མ་འོངས་བུ་རྣམས་དད་ཕྱིར་འདོང་། །ངའི་བླ་མ་ནཱ་རོ་པ་ཆེན་པོ་དེ་དཔའ་བོ་དང་
རྣལ་འབྱོར་མ་དུ་མའི་ཚོགས་ཀྱིས་བསྐོར་ནས་ཁོ་བོ་བསུ་བ་ལ་བྱོན་ཀྱི། མཆོད་པ་བཟང་པོ་མྱུར་དུ་བཤོམས་ཤིག་གསུང་། དེར་སྐུ་འཁོར་རྣམས་ཀྱིས་མཆོད་པ་བཟང་ཞིང་རྒྱ་ཆེ་བ་བཤམས་ཏེ། དེའི་ཚེ་བླ་མ་ཆེན་པོ་ཏིང་ངེ་འཛིན་ལ་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཞིག་རྒྱང་གིས་བྱུང་ནས་ཇོ་མོ་བདག་མེད་མའི་སྐུ་ལ་རེག་པས། ཇོ་མོའི་སྐུ་འོད་ཕུང་དུ་གྱུར་ཏེ་བླ་མའི་ཐུགས་ཀར་ཐིམ། དེའི་མོད་ལ་བླ་མ་ཆེན་པོའི་དབུའི་ཚངས་བུག་གི་ཐད་ཀྱི་རུས་པ་ཟུར་གསུམ་པ་དབུ་སྐྲ་དང་བཅས་པ་ཞིག་ཚེག་སྒྲ་ལིང་ངེར་འདོམ་གང་པ་རྩམ་དུ་འཕར་བ་དང་དུས་མཚུངས་སུ་དབུའི་གཙུག་ནས་འོད་ཀྱི་གོང་བུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་ལྟ་བུ་ཞིག་ནམ་མཁའ་ལ་མདའ་འཕངས་པ་བཞིན་དུ་སོང་སྟེ། དེ་ལྟར་འོད་གསལ་དེ་ཁོ་ན་ཉིད་ཀྱི་ངང་དུ་འཕོ་བ་མཛད་ནས། རོལ་མོའི་སྒྲ་དང་མེ་ཏོག་གི་ཆར་དང་འཇའ་འོད་དང་ས་གཡོ་བ་དང་། ཕྱོགས་ཀུན་ནས་དྲི་བཟང་པོའི་ངད་ལྡང་བ་ལ་སོགས་པ་ངོ་མཚར་བའི་
ལྟས་ལྷོ་བྲག་གི་ལུང་པ་ཐམས་ཅད་དུ་ཁྱབ་པ་ཞག་སོ་བདུན་གྱི་བར་དུ་རྒྱུན་མ་ཆད་པ་དང་བཅས་ཏེ་མཁའ་ལ་སྤྱོད་པ་འོག་མིན་གྱི་གནས་སུ་བཤེགས་སོ། །དེ་ནས་ཐུགས་སྲས་དམ་པ་མཚུར་སྟོན་དབང་ངེས་མཁའ་འགྲོ་མ་རྡོ་རྗེ་གུར་གྱི་ཆོ་གའི་སྒོ་ནས་སྐུ་གདུང་ཞུགས་ལ་གཞེན་པས། དབུ་ཐོད་ཀྱི་ངོས་ལ་རིང་བསྲེལ་ལས་གྲུབ་པའི་བཅོམ་ལྡན་འདས་དགྱེས་པ་རྡོ་རྗེ་རིགས་ལྔའི་སྐུ་རང་བྱུང་དུ་གསལ་བ་སོགས་སྐུ་གཟུགས་དང་། ཡིག་འབྲུ་དང་། རིང་བསྲེལ་མང་དུ་བྱོན་ཏེ་གདུང་རུས་ཕལ་མོ་ཆེ་སེང་ལྡེང་གི་ཟ་མ་ཏོག་ཏུ་བཞུགས་སུ་གསོལ་བ་ཕྱིས་སྲས་བྱ་རིད་ཀྱི་ཕྱག་ནས་བླ་མ་རྔོག་ཞེ་སྡང་རྡོ་རྗེས་གཞུང་གི་རི་བོར་སྤྱན་དྲངས་ནས། དངུལ་གྱི་གདུང་ཁང་མདའ་གང་པ་ཞིག་བཞེངས་ཏེ་དེར་གདུང་རྣམས་བཞུགས་སུ་གསོལ་བ་ལས། རྗེས་སུ་བླ་མ་ཀུན་དགའི་རིང་ལ་དངུལ་གྱི་གདུང་རྟེན་དེ་ཉིད་ནང་བཞུགས་སུ་བྱས་ནས་གདུང་ཁང་ཆེན་མོ་བཞེངས། མེས་དང་མཚུར་ལ་སོགས་པ་བུ་
ཆེན་གཞན་རྣམས་ཀྱིས་ཀྱང་གདུང་གི་སྐལ་བ་ཤས་རེ་རང་ རང་གི་དགོན་གནས་སུ་སྤྱན་དྲངས་ཏེ་སྐུ་གདུང་གི་མཆོད་རྟེན་རེ་བཞེངས། མར་པ་མགོ་ལེགས་ཀྱིས་གདུང་ཁང་གི་ས་ཕག་དང་གདུང་ཐལ། ན་བཟའ་བཞུགས་གདན་སོགས་བཞུགས་པའི་སྐུ་འབུམ་ལྷ་ཁང་དང་བཅས་པ་སྔར་གྱི་མཆོད་ཁང་དབུ་རྩེ་དམར་པོ་དང་སྦྲེལ་ནས་བཞེངས་ཏེ། སྔར་དབུ་རྩེ་དམར་པོའི་སྒོ་ནུབ་ཏུ་ལྟ་བའང་བསྒྱུར་ནས་སྐུ་འབུམ་ངོས་སུ་ལྟ་བར་མཛད་དེ་སྐུ་གདུང་གི་མཆོད་རྟེན་དེ་དག་ཀྱང་སེམས་ཅན་གང་གིས་མཐོང་བ་དང་། ཐོས་པ་དང་། དྲན་པ་དང་། རེག་པ་ཐམས་ཅད་ལས་ཀྱི་སྒྲིབ་པ་མ་ལུས་པ་བྱང་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་ནུས་པའི་བྱིན་རླབས་དང་འཕྲིན་ལས་མངའ་བ། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་མཆོད་པའི་གནས་དམ་པར་གྱུར་ཏོ། །དེ་ལྟ་བུའི་བླ་མ་རྗེ་བཙུན་ཆེན་པོ་རུས་ལས་མཚན་དུ་གསོལ་བ་མར་པ་ལོ་ཙ་བ་དེ་ལ་རིགས་དང་ཆོས་ཀྱི་སྲས་ཇི་ལྟ་
བུ་བྱོན་པའི་ཚུལ་ལ་གཉིས་ལས། དང་པོ་རིགས་ཀྱི་སྲས་ཇི་ལྟ་བུ་བྱོན་པ་ནི། ཇོ་མོ་བདག་མེད་ལ་འཁྲུངས་པའི་སྲས་དར་མ་མདོ་སྡེ་དང་དར་མ་དཔལ། ཕྱག་ཐུང་མ་ལ་འཁྲུངས་པ་དར་མ་བསམ་ཏན་ལ་སོགས་པ་རིགས་ཀྱི་སྲས་བདུན་བྱུང་སྟེ་ཐམས་ཅད་ཀྱང་རྡོ་རྗེ་ཐེག་པའི་ས་ལམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བ་ཤ་སྟག་བྱོན་ཀྱང་། སྔོན་གྱི་སྨོན་ལམ་གྱི་དབང་ལས་རིགས་དང་ཆོས་ཀྱི་གདུང་ཟིན་པ་ནི་འགའ་ཡང་མ་བྱུང་ངོ་། །གཉིས་པ་ཆོས་ཀྱི་གདུང་འཛིན་པའི་ཐུགས་སྲས་བུ་ཆེན་ཇི་ལྟ་བུ་བྱོན་པའི་ཚུལ་ནི། དམ་ཚིག་ལ་མཉེས་པ་མར་པ་མགོ་ཡགས། ཞབས་ཏོག་ལ་མཉེས་པ་མེས་སྟོན་ཚོན་པོ། ཤེས་རབ་ལ་མཉེས་པ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེ། སྐུ་མཐུ་ལ་མཉེས་པ་མཚུར་དབང་ངེ་སྟེ་དེ་རྣམས་ལ་མཉེས་པའི་སྲས་བཞི་ཟེར། མི་ལ་རྣལ་འབྱོར་གི་དབང་ཕྱུག་ཆེན་པོ་ལ་འགྲན་གྱི་དོ་མེད་ཀྱི་སྲས་ཐོད་རྒལ་བ་གཅིག་ཅེས་ལོགས་སུ་བགྲང་། རྩང་དགྱེར་ཕུའི་ཀློག་སྐྱ་སྟོན་
པ། ལ་ཡག་གི་བ་རང་ལྦ་བ་ཅན། རྩང་རོང་གི་ཞང་རྒྱ་མཁར་བ། གཏམ་ཤུལ་བ་ཤུད་གོང་དཔལ་ལེ་སྟེ་དེ་རྣམས་ལ་མོས་གུས་ཅན་གྱི་སློབ་མ་བཞི་ཟེར། རྩང་པ་དར་ཡེས། ར་སངས་སྒོམ་པ། མར་པ་བྱ་ཟེ་བ། དམ་པ་ལྷ་རས། སྤུག་སྨེ་བརྩེགས། རྒྱ་འཕྱིང་རུ་བ། མེས་ཚོན་ཆུང་སྟེ་དེ་རྣམས་ལ་ཞར་བྱུང་དུ་བསྐྱངས་པ་བདུན་ཟེར། གཞན་ཡང་ལོ་ཙ་བ་མཆིམས་ཡོན་ཏན་འབར། དོལ་པ་གག་སྟོན། གྲའི་མིའུ་ཆུང་། དགེ་བཤེས་ཁེར་གད། རྒྱང་རོ་ཞང་སྟོན། འཕན་ཡུལ་གྱི་ཉ་མ་དཔལ་མོ། ལྷོ་པ་རྟ་སྒོམ་སྔ་ཕྱི་གཉིས་ལ་སོགས་པ་སྐལ་ལྡན་གྱི་སློབ་མ་ཡོན་ཏན་ཅན་བརྗོད་ཀྱིས་མི་ལང་བ་བྱུང་སྟེ་དེ་རྣམས་ལས་ཕལ་ཆེར་ནི་བླ་མ་ལོ་ཙ་བ་ཆེན་པོའི་བཀའ་དྲིན་ལས་སྐྱེ་བ་དེ་ཉིད་ལ་མཆོག་གི་དངོས་གྲུབ་བརྙེས་པར་གྱུར་ལ། དེ་ལྟར་མིན་པ་རྣམས་ཀྱང་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་ཏེ་སྐྱེ་བ་བདུན་ཚུན་ཆད་དུ་མཆོག་གི་དངོས་གྲུབ་འཐོབ་ངེས་པ་ཤ་སྟག་བྱུང་ངོ་། །ཐུགས་ཀྱི་སྲས་དམ་
པ་དེ་རྣམས་ལས་དམ་པའི་ཆོས་ཀྱི་བཀའ་སྲོལ་དང་བརྒྱུད་པ་ཇི་ལྟར་དུ་འཕེལ་བ་ནི། བླ་མ་རྔོག་གཞུང་པ་ཆོས་ཀྱི་རྡོ་རྗེས་གཞུང་གི་རི་བོར་ཚོགས་པ་བསྐྱངས་པ་ལས། རམ་རྡོ་རྗེ་གྲགས་དང་། རྔོག་ལྦ་བ་ཅན་ལ་སོགས་པ་སློབ་མ་མཁས་ཤིང་གྲུབ་པ་མང་དུ་ཐོན། བརྟག་གཉིས་ཀྱི་སྨད་འགྲེལ་སོགས་བླ་མ་མར་པའི་གསུང་ཟིན་བྲིས་སུ་བསྡེབས་པའི་ཡིག་ཆ་དུ་མའང་མཛད་ནས། མཐར་མན་ངག་གི་བེའུ་བུམ་དང་ཀ་པཱ་ལ་མཚན་ལྡན་ཞིག་སྲས་ལ་གཏད་དེ། དབེན་ཚ་ནས་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས། དེའི་སྲས་བླ་མ་མདོ་སྡེ་གྲགས་སམ་མཚན་གཞན་ཞེ་སྡང་རྡོ་རྗེར་གྲགས་པ་དེ་བླ་མ་མར་པ་ཉིད་ཀྱི་ཞབས་ལ་ལེགས་པར་ཐུག་མོད་ཀྱི། འོན་ཀྱང་གདམས་པའི་ལྷག་ལུས་རྣམས་ཡབ་ལ་རྫོགས་པར་གསན་ཅིང་། བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་ཞལ་ཡང་དང་ཡང་དུ་གཟིགས། དེ་དུས་ཀྱི་སྔགས་པ་ཅིག་ལ་ཡུལ་དབུས་རྩང་ཙམ་ན་སྐུ་བསོད་ཆེ་བར་གྲགས་པས་གདུལ་བྱ་
དང་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་བྱུང་སྟེ། སློབ་མའང་འགར་དང་རྩགས་ལ་སོགས་པ་སེམས་ཅན་གྱི་དོན་ནུས་པ་མང་དུ་བྱུང་། དགྱེས་རྡོར། གུར། གདན་བཞི། མ་ཧཱ་མཱ་ཡ་རྣམས་ཀྱི་རྒྱུད་ལ་འགྲེལ་པ་སོགས་མ་རྒྱུད་སྐོར་གྱི་གཞུང་འགྲེལ། སྒྲུབ་དཀྱིལ། རྫོགས་རིམ། ལས་ཕྲན་དང་བཅས་པའི་བསྟན་བཅོས་ཀྱང་མང་དུ་མཛད་དེ་འགྲོ་བ་དཔག་ཏུ་མེད་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ཅིང་སངས་རྒྱས་ཀྱི་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་དོ། །དེ་ལ་བླ་མ་རྔོག་ཀུན་དགའ་རྡོ་རྗེས་རྒྱུད་གདམས་ངག་དབང་བྱིན་རླབས་ལ་སོགས་པའི་ཆོས་ལུང་རྣམས་རྫོགས་པར་ནོད་པ་ནས་བཟུང་རྔོག་སྟོན་བྱང་ཆུབ་དཔལ་བ་ཡན་ཆད་ཀྱི་གདན་རབས་ཐམས་ཅད་མཁས་ཤིང་གྲུབ་པ་བརྙེས་པ་འབའ་ཞིག་བྱོན་པས་དེ་རྣམས་ཀྱི་སློབ་མ་དང་ཡང་སློབ་རིམ་པར་འཕེལ་བ་ལས། བོད་དང་བོད་ཆེན་པོ་ཐམས་ཅད་དུ་རྔོག་ལུགས་ཅེས་གསང་སྔགས་རྡོ་རྗེ་ཐེག་པའི་སྨིན་གྲོལ་གྱི་ལམ་ཚང་ལ་མ་ནོར་བ་འཁྲུལ་པའི་དྲི་མ་
ཐམས་ཅད་བྲལ་བའི་བཤད་སྒྲུབ་ཀྱི་བསྟན་པ་སྔགས་སུ་སྨྲ་བ་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་མཐོ་བ་འདི་ལྟ་བུ་དར་ཞིང་རྒྱས་ཏེ་དིང་སང་གི་བར་དུའང་མར་ལུགས་ཀྱི་དགྱེས་རྡོར། གདན་བཞི། གུར་རིགས་བསྡུས། མ་ཧཱ་མཱ་ཡ་རྣམས་ཀྱི་ཆོས་ཚུལ་གང་ན་དར་བ་ཐམས་ཅད་བླ་མ་རྔོག་བཞུང་པ་ཡབ་སྲས་ལས་མ་བརྒྱུད་པ་འགའ་ཡང་མེད་དོ། །མཚུར་སྟོན་དབང་ངེ་ལ་སྤྱིར་གྱི་སློབ་མ་མཁས་ཤིང་གྲུབ་པ་མང་དུ་བྱུང་ནའང་། གཙོ་བོར་གྱུར་ཅིང་བརྒྱུད་པ་ཟིན་པ་ནི། ཁམས་པ་བསམ་ཡས་པ་བྱ་བ་མཆིམ་ཕུ་དགེ་གོང་དུ་ལོ་དགུ་སྟན་ལས་མ་འགུལ་བར་སྒྲུབ་པ་བྱས་པས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་གྲུབ་པ་ཞིག་བྱུང་། ཡང་སྟོད་ལུང་པ་མཁས་པ་གླིང་སྒོམ་བྱ་བ་ཅིག་བྱུང་སྟེ་ཁོང་གིས་རྒྱ་གར་དུའང་བྱོན་ནས་ཕྱིས་སྟོད་ལུང་ར་ཙག་གི་དགོན་པར་སྐུ་འདས། ཡང་དོལ་གྱི་མདར་ཆེ་སྟོན་བསོད་ནམས་རྒྱལ་མཚན་བྱ་བའི་གྲུབ་ཐོབ་ཅིག་ཀྱང་བྱུང་། ཡང་འཁོན་གད་པ་ཀིརྟི་ཞེས་བྱ་
བ་དེས་བླ་མ་མཚུར་གྱི་དྲུང་དུ་དཔལ་གསང་བ་འདུས་པ་འཕགས་ལུགས་ཀྱི་དབང་། འགྲེལ་པ། རིམ་ལྔའི་ཁྲིད། རྒྱུད་རྐྱང་པ་མན་ངག་གི་ལུགས་དང་བཅས་པ་སོགས་མ་ལུས་པར་གསན་ནས་རྩང་གི་རྒྱང་རོ་གད་ན་བཞུགས་པའི་ཚེ་བྱང་ཆུབ་སེམས་དཔའ་ཞང་ཞུང་པ་ཆེན་པོ་བྱོན་ནས་ཕ་རྒྱུད་ཀྱི་སྐོར་རྣམས་རྫོགས་པར་ཞུས། དེའི་སློབ་མ་སློབ་དཔོན་རིན་ཆེན་གླིང་པ། དེའི་སློབ་མ་རྒྱ་རྣལ་འབྱོར་པ་ཆེན་པོ། དེའི་སློབ་མ་བླ་མ་སྙེ་མདོ་བ། དེའི་སློབ་མ་སྙེ་མདོ་བ་ཀུན་དགའ་དོན་གྲུབ། དེའི་སློབ་མ་ཆོས་རྗེ་ཀརྨ་པ་རང་བྱུང་རྡོ་རྗེའོ། །ཡང་འཁོན་གད་པ་ཀིརྟི་ནས་རིམ་པར་བརྒྱུད་དེ་བླ་མ་ཀུན་མཁྱེན་འཕགས་འོད་པ་དང་ཐམས་ཅད་མཁྱེན་པ་བུ་སྟོན་རིན་ཆེན་གྲུབ་དཔོན་སློབ་ནས་ཀྱང་དཔལ་གསང་བ་འདུས་པའི་དབང་རྒྱུད་མན་ངག་གི་བཀའ་སྲོལ་རྒྱ་ཆེར་འཕེལ་ཏེ་དིང་སང་གི་བར་དུ་གསང་འདུས་དང་སངས་རྒྱས་ཐོད་པ་མར་ལུགས་བགྱིད་དོ་འཚལ་ཐམས་ཅད་མཚུར་སྟོན་དབང་ངེ་ལས་བརྒྱུད་དོ། །མེས་སྟོན་
ཚོན་པོའི་སློབ་མ་བདེ་གཤེགས་ཡེ་ཤེས་སྙིང་པོ། དེའི་སློབ་མ་ཞང་བསོད་ནམས་མཁར། དེའི་སློབ་མ་ཞང་རྒྱ་མཚོ་གྲགས་སོགས་ལས་བརྒྱུད་དེ་རྗེ་རང་བྱུང་པ་ཡན་ཆད་ཙམ་དུ་དགྱེས་རྡོར་དང་མ་ཧཱ་མཱ་ཡའི་སྨིན་གྲོལ་གྱི་བཀའ་སྲོལ་མ་ཆད་པར་ཡོད་ཀྱང་ཕྱིས་ནས་ཅུང་ཟད་ནུབ། དེ་བཞིན་དུ་མར་པ་མགོ་ཡགས་ཀྱིས་ཀྱང་རྗེ་མི་ལའི་སློབ་མ་ངམ་རྫོངས་སྟོན་པ་སོགས་སྐལ་བ་དང་ལྡན་པ་འགའ་དང་འགའི་དོན་མཛད་ཀྱང་ཆོས་བརྒྱུད་ཆེར་མ་འཕེལ། སྲས་ཀྱི་ཐུ་བོ་མི་ལ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དེས་དགུང་ལོ་བརྒྱད་བཅུ་རྩ་བཞིའི་བར་དུ་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་པ་ལས། རྗེ་བཙུན་རས་ཆུང་པ་དང་རས་པ་ཞི་བ་འོད་སོགས་སྣོད་ལྡན་གྱི་སློབ་མ་སྙན་བརྒྱུད་ཀྱི་གདམས་པ་འཛིན་ཅིང་རྫུ་འཕྲུལ་ཐོགས་མེད་དུ་སྟོན་པ་སྐུ་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་གྲུབ་པ་མང་དུ་བྱུང་བ་ལས། ཁྱད་པར་དུ་རྗེ་བཙུན་ལོ་ཙ་བ་ཉིད་ཀྱིས། བྱ་དེ་ལ་བུ་གཅིག་སྐྱེས་པ་དེ། །འགྲན་གྱི་དོ་
མེད་གཅིག་འབྱོན་པའི་རྟགས། །བྱ་ཕྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བའི་རྟགས། །ཅེས་ལུང་བསྟན་པའི་སློབ་མ་ནི་ས་བཅུ་ལ་གནས་ཤིང་དབང་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཟླ་འོད་གཞོན་ནུར་གྱུར་པ་དེ་སྔོན་བྱ་རྒོད་ཕུང་པོའི་རི་དང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ལ་སོགས་པར་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྤྱན་སྔར་ཇི་ལྟར་ཞལ་གྱིས་འཆེས་པ་བཞིན་དུ། སླར་ཡང་བྱང་ཕྱོགས་ཀྱི་རྒྱུད་འདིར་ཏིང་ངེ་འཛིན་ཀྱི་རྒྱལ་པོ་བཟུང་བ་དང་སྤེལ་བའི་སླད་དུ་དགེ་སློང་འཚོ་བྱེད་ཅེས་བྱ་བར་བྱོན་པ་རྗེ་བཙུན་སྒམ་པོ་པ་ཆེན་པོ་དེ་ཉིད་ཡིན་ཏེ། རྗེ་དེ་ལ་སློབ་མ་ཆེ་བཞི་ཆུང་བརྒྱད་ལ་སོགས་པ་ཐེག་པ་ཆེན་པོའི་ས་དང་ལམ་ལ་གནས་ཤིང་སེམས་ཅན་གྱི་དོན་རླབས་པོ་ཆེ་མཛད་པ་མང་དག་ཞིག་བྱོན་པ་ལས་མཆོག་ཏུ་གྱུར་པ་བརྒྱུད་འཛིན་གྱི་སྲས་བཞི་ནི། རྗེ་ཉིད་ཀྱི་དབོན་པོ་སློབ་དཔོན་རིན་ཆེན་སྒོམ་པ་ཚུལ་ཁྲིམས་སྙིང་
པོ། བསྐལ་བཟང་གི་སངས་རྒྱས་དྲུག་པ་སེང་གེའི་ངོ་བོ་བླ་མ་དབུ་སེ་འམ་མཚན་གཞན་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པར་གྲགས་པ། དཔལ་འབབ་རོམ་པ་ཆེན་པོ་དར་མ་དབང་ཕྱུག །དགེ་བཤེས་ཁམས་པའམ་མཚན་གཞན་བདེ་བར་གཤེགས་པ་ཕག་མོ་གྲུ་པ་རྣམས་ཏེ། དེ་ཡང་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པ་ནས་ཀརྨ་བཀའ་བརྒྱུད། སློབ་དཔོན་རིན་ཆེན་སྒོམ་པའི་སློབ་མ་ཞང་གཡུ་བྲག་པ་ཆེན་པོ་ནས་མཚལ་པ་བཀའ་བརྒྱུད། དཔལ་འབབ་རོམ་པ་ཆེན་པོའི་སློབ་མ་འགྲོ་མགོན་ཏི་ཤྲི་རས་པ་ནས་འབབ་རོམ་བཀའ་བརྒྱུད། བདེ་བར་གཤེགས་པ་ཕག་མོ་གྲུ་པའི་སློབ་མ་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པ། དེའི་སློབ་མ་སྤྱན་སྔ་གྲགས་འབྱུང་བ་ནས་ཐེལ་པ་བཀའ་བརྒྱུད། དབོན་ཤེར་འབྱུང་ནས་འབྲི་ཁུང་བཀའ་བརྒྱུད། ཡང་བདེ་བར་གཤེགས་པ་ཕག་མོ་གྲུ་པའི་སློབ་མ་ཉེ་གནས་ཐང་པ་ཆེན་པོ་ནས་སྟག་ལུང་བཀའ་བརྒྱུད། གྲུབ་ཐོབ་གླིང་རྗེ་རས་པ་ནས་འབྲུག་པ་བཀའ་
བརྒྱུད། རྒྱལ་ཚ་ཁུ་དབོན་ནས་ཁྲོ་ཕུ་བཀའ་བརྒྱུད། ཟ་ར་བ་སྐལ་ལྡན་ཡེ་ཤེས་ནས་གཡའ་བཟང་བཀའ་བརྒྱུད་རྣམས་དང་། གཞན་ཡང་སྨར་པ་དང་ཡེལ་པ་དང་ཤུག་གསེབ་པ་སོགས་བརྒྱུད་པ་འཛིན་པ་མང་དུ་བྱུང་བ་དེ་དག་རེ་རེ་ལས་ཀྱང་སྒྲུབ་རྒྱུད་ཀྱི་ཡན་ལག་དུ་མར་འཕེལ་སྟེ། དེ་ཡང་སེམས་ཅན་གང་དག་ཐར་པ་དང་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པར་འདོད་པ་རྣམས་ཀྱི་ལམ་པོ་ཆེ་སྲིད་པའི་ཆུ་གཏེར་གྱི་འཇིང་ཆེན་པོ་ལས་བརྒལ་བར་སྤྲོ་བ་དག་གི་རིན་པོ་ཆེའི་གྲུ་གཟིངས། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་རྒྱ་མཚོའི་སྣང་བ་གསལ་བར་བྱེད་པའི་ཉི་མ་ཆེན་པོ། དམན་པའི་ལམ་གྱི་འབྲོག་དགོན་པས་གདུངས་པ་རྣམས་ལ་གྲིབ་བསིལ་གྱི་ཤིང་ལྗོན་པ། བླ་ན་མེད་པའི་སངས་རྒྱས་ཀྱི་ཡེ་ཤེས་ལ་དབང་འབྱོར་བའི་ཆོས་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོའི་རྒྱལ་སྲིད་ཀྱི་གནས། སྲིད་པ་དང་ཞི་བ་ཐམས་ཅད་ཀྱི་བདེ་ལེགས་སུ་གྱུར་པ་སྲིད་དོ་འཚལ་གྱི་རྩ་ལག་དམ་པར་གྱུར་པ་ནི། གསོལ་བ་
བཏབ་ན་དངོས་གྲུབ་རྣམ་གཉིས་རྩོལ། །སྒྲུབ་རྒྱུད་བསྟན་པའི་རྒྱལ་མཚན་ཡོངས་ཀྱི་ཏོག །ཡིད་བཞིན་ནོར་བུ་དགས་པོའི་བཀའ་བརྒྱུད་ཅེས། །ལྷ་དང་བཅས་པའི་འཇིག་རྟེན་ཀུན་ཏུ་སྙན་པར་གྲགས་ཤིང་སངས་རྒྱས་ཀྱི་བསྟན་པ་མཐའ་དག་གི་སྲོག་དང་མིག་ཏུ་གྱུར་པ། ཐེག་པ་ཐམས་ཅད་ཀྱི་ལམ་ཡོངས་སུ་རྫོགས་པའི་སྒྲུབ་རྒྱུད་ཀྱི་བསྟན་པ་རིན་པོ་ཆེ་ས་ཆེན་པོ་རྒྱ་མཚོའི་མཐས་གཏུགས་པའི་བར་དུ་དར་ཞིང་རྒྱས་ལ་རྒྱས་པར་འགྱུར་བ་འདི་ཉིད་མངའ་བདག་མར་པ་ལོ་ཙ་བ་ཆེན་པོ་ཆོས་ཀྱི་བློ་གྲོས་དེ་ཉིད་ཀྱི་དམ་པའི་ཆོས་ཀྱི་འཕྲིན་ལས་ཟབ་པ་དང་རྒྱ་ཆེ་བའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པ་ལས་བྱུང་བ་ཡིན་ནོ། །འདིར་སྨྲས་པ། རྒྱུད་ཀུན་གྱི་ནི་སྟོན་པ་པོ། །ས་ལ་རྡོ་རྗེ་ཅན་རང་ཉིད། །སླར་ཡང་ཆོས་ཀྱི་བློ་གྲོས་ཞེས། །ལོ་ཙ་ཆེན་པོའི་མཚན་མངའ་བ། །དེ་ཡི་གངས་རིའི་ཁྲོད་འདིར་རྡོ་རྗེ་ཡི། །ཐེག་པས་འགྲོ་མངས་སྨིན་དང་གྲོལ་མཛད་པའི། །རྣམ་པར་ཐར་པ་རྨད་བྱུང་ཆུ་གཏེར་
ལས། །ཆུ་ཐིགས་ཙམ་ཞིག་དད་པས་བརྗོད་པའི་དགེས། །ཐུབ་བསྟན་ཐེག་གསུམ་ཐེག་པ་མཆོག་གི་ལམ། །སྡེ་སྣོད་གསུམ་དང་རྒྱུད་སྡེ་ཆེན་པོ་བཞིའི། །ཆོས་ཚུལ་མི་ནུབ་དར་ཞིང་རྒྱས་པ་དང་། །འགྲོ་ཀུན་རྗེ་བཙུན་ལོ་ཙའི་རྗེས་ཞུགས་ཏེ། །རིམ་གཉིས་གསང་བ་ཟབ་མོའི་རྣལ་འབྱོར་གྱིས། །སྲིད་ཞིའི་མཐའ་ཡི་རྒུད་པ་ཀུན་བསལ་ནས། །བླ་མེད་རྫོགས་སངས་རྒྱས་པའི་ཡེ་ཤེས་ཀྱི། །འབྲས་བུ་དམ་པ་མྱུར་དུ་ཐོབ་གྱུར་ཅིག །ཅེས་བྱ་བ་འདི་ནི་བརྒྱུད་པ་རིན་པོ་ཆེ་འདི་ཉིད་ཀྱི་དབང་རྒྱུད་མན་ངག་གི་ངེས་པ་ལས་མཐར་ཐུག་གི་ངེས་པ་གཞན་དུ་མི་སྟོན་པའི་ཆོས་ཀྱི་བཀའ་རྟགས་ཀྱི་ཕྱག་རྒྱ་འཆང་བའི་འཁོར་ལོ་བསྒྱུར་བ་ཆེན་པོ་ཞྭ་ནག་ཅོད་པན་འཛིན་པ་བརྒྱད་པ་ཀུན་མཁྱེན་རྒྱལ་བའི་དབང་པོ་མི་བསྐྱོད་རྡོ་རྗེའི་ཞལ་སྔ་ནས་ཀྱི་གསུང་ལས་སྐྱེས་པའི་སྲས་དམ་པ་གླན་སྒོམ་རས་ཆེན་ཀརྨ་སྲིད་བྲལ་བས་ཕྱོགས་འདིའི་བསྟན་པ་ལ་གཅེས་སུ་བྱ་བ་ཁོ་ནའི་ལྷག་བསམ་རྣམ་པར་དག་པས་ཡང་དང་ཡང་དུ་བསྐུལ་
བའི་ངོར། བླ་མ་མར་པ་ཉིད་ཀྱི་མགུར་ཆེན་རྣམས་དང་འཇིག་རྟེན་གསུམ་གྱི་མགོན་པོ་འབྲི་ཁུང་པ་ཆེན་པོའི་གསུང་བགྲོས་ལས་བྱུང་བའི་རྣམ་པར་ཐར་པ་ཉུང་ངུ་དག་ཅིང་ཁུངས་བཙུན་པ་ཞིག་འདུག་པ་ལ་གཞི་བྱས། གཞན་ཡང་མཚལ་པས་བསྒྲིགས་པའི་རྣམ་ཐར་དང་། རྔོག་ལུགས་ཀྱི་དགྱེས་རྡོར་དང་གདན་བཞིའི་རྒྱུད་འགྲེལ་ཆེན་པོ་རྣམས་ཀྱི་ཀླད་དོན་ལོ་རྒྱུས་ཀྱི་སྐབས་ལས་འབྱུང་བ་དང་། རྔོག་དང་མཚུར་གྱི་མན་ངག་གི་བེའུ་བུམ་གཉིས་དང་། རྗེ་དུས་གསུམ་མཁྱེན་པའི་བཀའ་འབུམ་ལས་འབྱུང་བའི་མན་ངག་གི་བྱུང་བ་བརྗོད་ པའི་ལོ་རྒྱུས་ངོ་མཚར་ཅན་རྣམས་ལ་སོགས་པ་ཁ་བཀང་བར་འོས་པ་དག་ཕན་ཚུན་གུང་བསྒྲིགས་ཏེ་སྐབས་བབ་དུ་སྦྱར་བས་བརྒྱན། མི་ལ་དང་མཇལ་ཚུལ་སོགས་རྗེ་མི་ལ་ཉིད་ཀྱི་རྣམ་མགུར་ཁུངས་མ་དག་ལས་བཏུས་ཤིང་། མགུར་རྣམས་ཀྱང་རྗེ་མི་ལ་དང་བླ་མ་མགོ་ཡགས་ཀྱི་ཞལ་སྔ་ནས་ཇི་ལྟར་གསན་པ་བཞིན་དུ་ངམ་རྫོང་སྟོན་པས་ཟིན་བྲིས་སུ་མཛད་པའི་
ཕྱི་མོ་རྙིང་པ་དག་པ་ཞིག་ལ་ལེགས་པར་གཏུགས་ཏེ། མངའ་བདག་ལོ་ཙ་བ་ཆེན་པོ་ཉིད་ཀྱི་གདམས་པ་དང་རྗེས་སུ་བསྟན་པའི་ཆོས་ཟབ་མོ་ཟབ་པ་དག་ལ་མི་ཕྱེད་པའི་མོས་པ་བརྟན་པོ་བྱང་ཆུབ་ཀྱི་བར་དུ་སྙིང་གི་ཐིག་ལེར་འཛིན་པ། ཤཱཀྱའི་དགེ་སློང་གྲགས་པ་དོན་གྲུབ་ངག་གི་དབང་ཕྱུག་རྡོ་རྗེ་སྙིང་པོ་དགའ་བའི་འཕྲེང་བ་ཞེས་བགྱི་བས་རང་ལོ་སོ་བཞི་པ་ལ་མཚུར་མདོ་བོ་ལུང་གི་དགོན་པའི་ལྷོ་ཕྱོགས་ཀྱི་རི་བོ་ནགས་ཚལ་མེ་ཏོག་ཅན་གྱི་འདབས་དབེན་པ་ཞིག་ཏུ་འདུག་པའི་ཚེ་ས་ག་ཟླ་བའི་དཀར་ཕྱོགས་ཀྱི་དགའ་བ་དང་པོ་ནས་འགོ་བརྩམས་ཏེ་ནམ་མཁའི་ངོས་ལ་སྦྲང་བུའི་གོམ་པ་བཞིན་དུ་རང་གི་བློ་གྲོས་ཀྱི་མཐུས་ཇི་ལྟར་དཔོགས་པ་ཙམ་ཞིག་ཡི་གེར་བགྱིས་པ་འདི་ལེགས་པར་གྲུབ་བོ། །སླར་ཡང་རང་ལོ་སོ་དྲུག་པ་ལ་ལྷོ་ཕྱོགས་ཀྱི་རྒྱུད་འབྲོག་ལྕགས་རྩེ་གྲི་གུའི་ལྗོངས་སུ་འདུག་པའི་ཚེ་ཞུས་དག་ལེགས་པར་བགྱིས་ཤིང་། རྒྱ་གར་ཕར་འབྱོན་མ་སོགས་མགུར་ཆེན་གཅེས་པ་འགའ་ཞིག་
ཀྱང་སྔོན་གྱི་ཕྱི་མོ་ཁུངས་ཐུབ་དག་ལ་གཏུགས་ནས་བཅུག་སྟེ་ཚང་བར་བྱས་པ་ཨ་ཡཾ་བུདྡྷ་ཤཱ་ས་ནོ་ད་ཡཱ་ཡ་ཧི་ཏ་བྷ་ཝ་ཏུ་ཧེ་ཏུཾ། མངྒ་ལཾ།། །།གཅིག་ཞུས་དག །
རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་ཕན་བདེའི་གཏེར་ཆེན།
རྒྱལ་བའི་དབང་པོ་དབང་ཕྱུག་རྡོ་རྗེའི་རྣམ་པར་ཐར་པ་ཕན་བདེའི་གཏེར་ཆེན་ཞེས་བྱ་བ་བཞུགས་སོ། །
མཐུན་པའི་སྨོན་ལམ་དགེ་ཚོགས་རྨད་བྱུང་བའི། །བསྐལ་བཟང་མི་མཇེད་ཞིང་འདིར་དུས་གསུམ་གྱི། །འགྲོ་ལ་ཡང་དག་ལམ་སྟོན་རྫོགས་སངས་རྒྱས། །སྟོང་ལས་དྲུག་པ་སེངྒེ་ཞེས་བྱ་ཉིད། །སྲིད་ལས་གྲོལ་ཡང་སྲིད་པར་སྐྱེ་བ་ཡི། །རྣམ་པར་འཕྲུལ་པས་སྟོན་པ་བཅོམ་ལྡན་འདས། །ཤཱཀྱའི་བསྟན་འདིར་ཀརྨ་པར་གྲགས་པའི། །མཚན་མངའ་རྒྱལ་སྲས་ཚུལ་འཛིན་དེར་ཕྱག་འཚལ། །གང་དེའི་སྐྱེ་བའི་ཕྲེང་བ་བཅུ་གཅིག་གིས། །རྒྱ་བོད་ཡུལ་སོགས་རྒྱ་མཚོའི་མཐར་ཐུག་པའི། །སྐྱེ་དགུ་བྱང་ཆུབ་མཆོག་གི་ལམ་ཆེན་པོར། །འཇུག་པའི་ཕྲིན་ལས་ཡིད་བཞིན་རིན་ཆེན་ལྟར། །འབད་མེད་
ལྷུན་གྱིས་གྲུབ་པར་མཛད་པ་ལས། །དགུ་པ་རྗེ་བཙུན་དབང་ཕྱུག་རྡོ་རྗེ་ཞེས། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་དེའི། །རྣམ་པར་ཐར་པ་བསྟན་དང་འགྲོ་བ་ཡི། །ཕན་བདེའི་གསོས་གྱུར་ཕ་མཐའ་ཡས་པ་ལས། །ཐུན་མོང་གདུལ་བྱའི་སྣང་ངོ་དག་པའི་མཁར། །མཛད་པའི་ཉི་འོད་ཇི་ལྟར་ཤར་བའི་རབས། །དམ་པའི་གསུང་གིས་བསྐུལ་བཞིན་ཅུང་ཟད་བརྗོད། །དེ་ཡང་རྒྱལ་བའི་དབང་པོ་ཆོས་གྲགས་རྒྱ་མཚོའི་ཞལ་སྔ་ལས། །འདས་པའི་སངས་རྒྱས་གཞན་ཕན་རྣམ་རོལ་སོགས། །ད་ལྟར་མཁས་གྲུབ་ཀུན་གྱི་གཙུག་གི་རྒྱན། །མ་འོངས་སངས་རྒྱས་དྲུག་པ་སེང་གེའི་མཚན། །ཞིང་
རྣམས་ཀུན་ཏུ་རྣམ་འཕྲུལ་སྣ་ཚོགས་འགྱེད། །དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་པ། །ཀརྨ་པ་ཞེས་ཉི་ཟླ་ལྟར་གསལ་བ། །ཞེས་ཞལ་གྱིས་འཆེས་པར་མཛད་པ་བཞིན་དུ་འདས་པའི་དུས་གྱི་བསྐལ་པ་གྲངས་མེད་པ་ནས་བྱང་ཆུབ་མཆོག་གི་སྤངས་པ་དང་ཡེ་ཤེས་ཡོངས་སུ་རྫོགས་ཤིང་ཕ་མཐར་ཕྱིན་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྣམ་པར་རོལ་པས་དུས་གསུམ་གྱི་ཞིང་ཁམས་རྒྱ་མཚོར་རྒྱལ་བ་དང་རྒྱལ་བའི་སྲས་ཀྱི་རྣམ་པར་འཕྲུལ་པ་གང་ལ་གང་འདུལ་དེ་ལ་དེར་སྟོན་པའི་ཚུལ་གྱིས། དེ་བཞིན་གཤེགས་པ་རྣམས་ཀྱི་ཕྲིན་ལས་དང་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པ་ལས། འཛམ་གླིང་བྱང་ངོས་བོད་ཡུལ་གྱི་ལྗོངས་འདིར་སྟོན་པ་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་ཀྱི་སྒྲོན་མེ་གསལ་ཞིང་འབར་བ་དང་སྐྱེ་དགུ་མཐའ་དག་མངོན་མཐོ་ངེས་ལེགས་ཀྱི་ལམ་དང་འབྲས་བུར་ཇི་ལྟ་བ་བཞིན་སྦྱོར་བར་མཛད་པ་ལ་ཆོས་ཀྱི་རྗེ་དུས་གསུམ་གྱི་ཤེས་
བྱ་མ་ལུས་པ་ས་ལེར་མཁྱེན་པ་ལ་སོགས་པ་སྤྲུལ་པའི་སྐུ་རྒྱལ་བ་མ་ལུས་པའི་ཕྲིན་ལས་ཀྱི་སྤྱི་གཟུགས་རིམ་པར་བྱོན་པ་ལས། ཀརྨ་པའི་མཚན་དང་ཞྭ་ནག་གི་ཅོད་པན་འཛིན་པ་བརྒྱད་པ་བདག་ཅག་གི་རིགས་ཀྱི་བདག་པོ་དཔལ་ཆོས་གྲུབ་གྲགས་པ་ཕྱོགས་ཐམས་ཅད་ལས་དུས་ཀུན་ཏུ་སྣ་ཚོགས་པ་རྣམ་པར་རྒྱལ་བ་མི་བསྐྱོད་བཟང་པོ་རྡོ་རྗེ་དགའ་བའི་དབྱངས་ཞེས་བྱ་བ་དེ་ཉིད་ཀྱིས་བསྟན་པ་དང་འགྲོ་བའི་དོན་ལ་སྟོན་པ་གཉིས་པ་ལྟ་བུའི་མཛད་པ་རྒྱ་ཆེན་པོ་རྒྱུན་མི་འཆད་པ་མཛད་ནས། གདུལ་བྱ་རྟག་འཛིན་ཅན་རྣམས་ཀྱི་ལེ་ལོ་སེལ་ཞིང་ཆོས་ལ་བསྐུལ་བ་དང༌། དགེ་བའི་བཤེས་གཉེན་ལ་དཀོན་པའི་འདུ་ཤེས་བསྐྱེད་པའི་སླད་དུ། དགུང་ལོ་བཞི་བཅུ་རྩ་བརྒྱད་པ་སྟག་གི་ལོར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏེ་ཆོས་ཀྱི་སྐུ་ཞི་བ་ཆེན་པོ་ལས་མ་གཡོས་བཞིན་དུ་བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པ་ལས། གདུལ་བྱའི་དོན་དུས་ལས་མི་ཡོལ་ཞིང་བསྙེལ་བ་མི་
མངའ་བའི་ཐུགས་རྗེ་ཆེན་པོས་སླར་ཡང་སྤྲུལ་པའི་སྐུ་ཕྱི་མའི་མཛད་པ་ཇི་ལྟར་བསྟན་པ་ནི། སྔོན་རྗེ་ཉིད་དགུང་ལོ་ཉེར་བརྒྱད་པའི་དུས་ཀོང་པོར་བཞུགས་པའི་ཚེ། ང་སྐྱེ་བ་འདི་ཡི་འོག་རོལ་ཏུ། །ཏྲེ་ཤོད་གངས་ཀྱི་རྭ་བའི་སྟོད། །དཔལ་འཇིག་རྟེན་དབང་ཕྱུག་རང་བྱོན་དྲུང༌། །ཆུ་སྒྲ་བཅས་དམ་ཆོས་ཉན་པ་ཡོད། །ས་དེ་དང་ཧ་ཅང་མི་རིང་བར། །སྐྱེ་བ་ལེན་པའི་མཚན་མ་མཐོང༌། །ཞེས་གསུང་མགུར་དུ་མཛད་པ་ལྟར་རྒྱལ་བ་དགུ་པ་རྗེ་བཙུན་དབང་ཕྱུག་རྡོ་རྗེའི་ཞལ་སྔ་ནས་འདི་ཉིད་སྐུ་བལྟམས་པའི་ཡུལ་ནི་མདོ་ཁམས་ཏྲེ་བོའི་ཡུལ་གྱི་ས་སྟོད་ཇོ་བོ་ཐུགས་རྗེ་ཆེན་པོ་རང་བྱོན་དང་ཧ་ཅང་མི་རིང་བ་ཏྲེ་སྨད་ཁ་བ་གླང་རིའི་ཞོལ་སྟག་བཟང་ཞེས་བྱ་བར་ཡབ་རུས་ཆེན་འབྲུ་ལས་རོང་པོ་ཆེ་འཁོར་གྱི་བརྒྱུད་ཨ་རྡོར་ཞེས་བྱ་བ་དང༌། ཡུམ་གླིང་བཟའ་ཨ་ལོད་ཀྱི་སྲས་སུ་སྤྲུལ་པའི་སྐུ་འཛིན་པར་མཛད་པ་ན། ཡུམ་གྱི་རྨི་ལམ་དུ་པང་པར་གསེར་གྱི་མཎྜལ་ཞིག་བྱུང་བ་ལས་འོད་ཟེར་མཐའ་ཡས་པ་འཕྲོ་བ་དང༌། དུང་
དཀར་བུས་པའི་སྐད་ཀྱིས་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང༌། ནམ་མཁར་འཕུར་ནས་ཁྲོམ་ཆེན་པོ་ལ་ཡིག་ ༦ དྲུག་བསྐུལ་བ་སོགས་དགེ་བའི་མཚན་ལྟས་དུ་མ་དང༌། ཡབ་ཀྱི་རྨི་ལམ་དུའང་སེང་གེའི་ཕྲུག་གུ་སྔོན་པོ་པང་དུ་བླངས་པ་སོགས་བྱུང་ཞིང༌། ལྷུམས་སུ་ཞུགས་པ་ནས་གྲོང་གི་ནང་དུ་འཇའ་འོད་ཟུག་ཅིང་མེ་ཏོག་གི་ཆར་འབབ་པ་དང་དྲི་བཟང་གི་ངད་ལྡང་བ། ཁང་པའི་ཕྱི་ནང་ཀུན་ཏུ་ཡིག་དྲུག་གི་སྒྲ་རང་གྲག་པ་དང་སྐབས་སྐབས་སུ་རོལ་མོ་སྣ་ཚོགས་ཀྱི་སྒྲ་གྲག་པ་ཉེ་འཁོར་བ་རྣམས་ཀྱིས་མངོན་སུམ་དུ་མཐོང་ཞིང་ཐོས་ལ། ཡུམ་གྱི་ལུས་སེམས་བདེ་ཞིང་ཁ་ཟས་མ་ཟོས་ཀྱང་བཀྲེས་པའི་སྣང་བ་མེད་ཅིང་ཟོས་ཀྱང་ལུས་རས་བལ་གྱི་འདབ་མ་ལྟར་ཡང་བ་བྱུང་ཞིང༌། ལྷུམས་སུ་ཞུགས་པ་ནས་རྒྱལ་བ་ཀརྨ་པའི་སྤྲུལ་སྐུ་ཏྲེ་ཤོད་དུ་བལྟམས་སོ་ཞེས་དང༌། བལྟམ་པར་འགྱུར་རོ་ཞེས་ས་བླའི་ལྷ་རྣམས་ཀྱིས་ཕྱོགས་ཐམས་ཅད་དུ་བསྒྲགས་པ་ལྟར་མེ་ཕོ་འབྲུག་གི་ལོ་གྲོ་བཞིན་གྱི་ཟླ་བའི་ཚེས་
བདུན་གྱི་ཉི་ཤར་ལྷག་པ་ལྷ་མཚམས་ཀྱི་འགྲུབ་སྦྱོར་དང་ལྡན་པའི་ཚེ་མངལ་གྱི་དྲི་མས་མ་གོས་པར་བལྟམས་ཏེ། བལྟམས་མ་ཐག་ཕྱག་གཉིས་ཀྱིས་ཞལ་རས་ལན་གསུམ་ཕྱིས་ནས་སྤྱན་མི་འཛུམ་པར་གཟིགས་ཏེ་ང་ནི་ཀརྨ་པ་ཡིན་ནོ་ཞེས་གསུངས་ཤིང༌། ཞག་གསུམ་གྱི་བར་དུ་སྐྱིལ་༧མོ་ཀྲུང་གཅིག་གིས་བཞུགས། དེར་ཡབ་ཀྱིས་མཇལ་བས་བཞད་མོ་མཛད་ཅིང་བཞེངས་ནས་ཨོཾ་ཨཱཿཧཱུྃ༔དང་ཨཱ་ལི་ཀཱ་ལི་སོགས་ཀྱང་གསུངས། སྐབས་ཤིག་ཡུམ་གྱིས་པང་ཁེབས་སྐུ་ལ་གསོལ་བས་ཨ་མ་ཨ་ཁ་གསུངས་ནས་རྒྱང་དུ་འཕངས། དགེ་མ་སྤུན་གཉིས་ཀྱིས་ན་བཟའ་ཚ་རུ་གསར་པ་ཞིག་ཕུལ་བས་དགྱེས་པའི་ཚུལ་གྱིས་བཞེས་ནས་སྐུ་དྲང་པོར་བསྲངས་ཏེ་བཞུགས་པ་དང༌། སྐབས་འགར་གར་དང་ཕྱག་རྒྱའི་རིགས་མི་འདྲ་བ་དུ་མའང་མཛད། དེའི་ཚེ་ཀརྨ་པའི་སྤྲུལ་སྐུ་འཁྲུངས་སོ་ཞེས་ཉེ་འཁོར་གྱི་སྐྱེ་བོ་ཕོ་མོ་དུ་མས་གླེང་བརྗོད་བྱས་པར་བརྟེན་ཡབ་ཐེ་ཚོམ་དུ་གྱུར་ནས་སྤྲུལ་སྐུའི་དྲུང་དུ་ཕྱིན་པ་ན་ཞབས་
སྐྱིལ་ཀྲུང་དང་ཕྱག་མཉམ་གཞག་མཛད། སྤྱན་ནམ་མཁར་གཟིགས་ནས་བཞུགས་པའི་དབུ་ཐོག་ཏུ་འོད་དཀར་པོ་ཕུབ་ཙམ་ཞིག་འཁོར་བ་མཐོང༌། འཁྲུངས་ནས་ཞག་བཅུ་ལྷག་ལོན་པ་ན་ཡུམ་གྱིས་ནམ་མཁའ་རྒྱལ་པོ་ཞེས་པའི་མཚན་གསོལ། ཞག་བཅོ་བརྒྱད་ཙམ་ནས་གཞན་ལ་མ་བརྟེན་པར་འབྱོན་བཞུད་མཛད་ཐུབ་པ་བྱུང༌། སྔོན་རྗེ་གོང་མ་ཀོང་པོར་བཞུགས་སྐབས་ནས་ལྕགས་མོ་ནང་སོ་ཆོས་སྐྱོང་བཀྲ་ཤིས་པར་ཀྭན་ཏིང་གུ་ཤྲིའི་ལས་ཀ་འཇའ་ས་ཤེལ་ཐམ་སོགས་གཞན་༨དང་མི་འདྲ་བ་གནང་ཞིང༌། ཕྱིས་དབུས་སུ་མཇལ་བར་བྱོན་པ་ན་སྤྲུལ་པའི་སྐུ་ཕྱི་མའི་ཞབས་ཏོག་ལ་དགོངས་ནས་ཕྱིར་མྱུར་སྟབས་སུ་རྫོང་བར་མཛད་པའི་དགོངས་པ་དང་རྗེས་སུ་མཐུན་པར་བལྟམས་ནས་ཞག་ཉི་ཤུ་ཙམ་སོང་ཐོག་ནང་སོ་ལྕགས་མོས་ཇ་ཞུས་དང་བཀྲ་ཤིས་ཁ་ཐགས། རྟེན་བཏུས་རིལ་བུ་རྣམས་འབུལ་བར་དགེ་འདུན་འགའ་ཤས་བརྫངས་པས་སྐུའི་དཀྱིལ་འཁོར་མཇལ་བ་ཙམ་གྱིས་དད་པ་
ཐོབ་ཅིང༌། ཇ་ཞུས་དང་མཇལ་རྟེན་རྣམས་ལ་དགྱེས་པའི་ཚུལ་གྱིས་བཞད་མོ་མཛད། དེ་ནས་རེ་ཞིག་གྲོང་ལྟག་བླ་མ་གྲགས་པའི་དགོན་པར་སྤྱན་དྲངས་ཏེ་བཞུགས་པ་ལས་ཟླ་ངོ་གསུམ་བཞེས་པའི་ཐོག་ལྕགས་མོའི་དགོན་ལྷུན་པོ་རྩེར་གདན་འདྲེན་ཞུས་པའི་ཚེ་ཡུལ་ལྷ་གཞི་བདག་རྣམས་ཀྱིས་ཡུལ་ཁམས་གང་བའི་བསུ་བ་དང་རོལ་མོ་ལ་སོགས་པའི་མཆོད་པ་འབུལ་བར་སྐྱེ་བོ་འགའ་ཞིག་གིས་མཐོང་ཞིང༌། ནང་སོས་མཇལ་དར་བཀྲ་ཤིས་ཁ་ཐགས་ཕུལ་བ་ཕྱག་ཏུ་བཞེས་པ་དང་ཕྱག་དབང་མཛད་པས་དད་པ་ཐོབ་སྟེ་ཞབས་ལ་གཏུགས། དབོན་པོ་བསོད་ནམས་བཀྲ་ཤིས་ཀྱིས་ང་སུ་རེད་ཐུགས་ཀྱིས་ཨེ་མཁྱེན་ཞུས་པ་ན་ལྷ་མགོན་ཡིན་གསུངས། ཟླ་བ་ངོ་ལྔའི་བར་སྐུ་མཚམས་མུས་སུ་བཞུགས་ཤིང༌། དེ་ནས་དགོན་པ་སྤྱི་སོས་འབུལ་བ་དང་ཞལ་མཇལ་ཞུས། ཏྲེ་སྟོད་སྨད་ཀྱི་སྐྱེ་བོ་༩ ཕལ་གྱིས་ཀྱང་མཇལ། དེའི་ཚེ་གདན་ས་བར་ནས་སི་ཏུ་རིན་པོ་ཆེས་སྤྲུལ་པའི་སྐུ་གར་འཁྲུངས་ཀྱི་ཉེར་ལེན་པ་དགེ་
སློང་ཉིས་སྦྲེལ་གནང་བ་དང༌། སྒར་ཆེན་ནས་རྗེ་བླ་མ་ཐམས་ཅད་མཁྱེན་པ་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་དགེ་སློང་བླ་མ་རྒྱལ་མཚན་སོགས་གནང་བ་རྣམས་ཀྱིས་ཀྱང་མཇལ་ཏེ་སྒར་ནས་ཕུལ་བའི་བཀྲ་ཤིས་ཁ་ཐགས་དང༌། རྗེ་གོང་མའི་གསོལ་ཁྱེམ་དངུལ་ཐུར་ཕྱག་ཏུ་བཏང་བ་དགྱེས་པའི་ཚུལ་གྱིས་བཞེས། དེ་ནས་རིམ་གྱིས་འཛམ་ཐང་ཆོས་རྗེ། བཞག་བླ་མ། ར་ཏི་ནས་ཀརྨ་རབ་འབྱམས་པ་རྣམས་ཀྱིས་ཇ་འདྲེན་དང༌། གཞན་ཡང་ཡུལ་རིགས་སོ་སོའི་དད་འདུན་ཅན་དུ་མས་མཇལ་ཞིང༌། དབུས་གཙང་མདོ་ཁམས་ཐམས་ཅད་དུ་རྗེ་ཀརྨ་པ་ཡི་སྤྲུལ་སྐུ་འཁྲུངས་ནས་ངོ་མཚར་གྱི་སྣང་བ་སྟོན་ཏོ་ཞེས་གྲགས་པས་ཁྱབ། གདན་ས་བར་ནས་དབུས་གཙང་དུ་གཏམ་སྙན་བསྲིང་བར་མཛད་པ་འབྱོར་མ་ཐག་སྒར་ཆེན་ནས་རྗེ་གོང་མའི་བླ་སྨན་དང་སྐུའི་རིམ་གྲོ་བ་དྲུང་ནས་ཤང་ཀར་བ་འཇིགས་མེད་ངག་གི་རྒྱ་མཚོ་དང་སྒོམ་ཆེན་ཆུང་རྒྱུད་ཀུན་དགས་གཙོས་པའི་དགེ་སློང་བཅུ་ཕྲག་ཙམ་ཞིག་འཕྲལ་
གྱི་ན་བཟའ་དང་དབུ་ཞྭ་ཞྭ་ནག་རྒྱུན་བཞེས། གསོལ་སྤྱད་ཕྱག་ཐམ་སོགས་ཉེར་མཁོ་འབུལ་བ་དང་ཞབས་འབྲིང་དུ་སྦྲུལ་ལོ་ཟླ་བ་དྲུག་པར་རྫོངས་སྟ་གནང་བ་རྣམས་སླེབ་ཏུ་ཉེ་བ་ན། གཞན་གྱིས་གླེང་བརྗོད་མེད་པར་ཤང་ཀར་བ་གསུངས་ནས་ཕྱག་༡༠མཛུབ་ལ་ཞག་གྲངས་བརྩི་བའི་ཚུལ་མཛད་པ་དང༌། ཡང་ཉིན་ཅིག་ཧ་ཅང་གསལ་པོ་མིན་ཙམ་དུ་ཞྭ་དམར་པ་གསུངས་པ་སོགས་བང་ཆེན་རྫོང་མཁན་དང་བང་ཆེན་དུས་ཚེས་སོགས་མངོན་པར་མཁྱེན་པའི་སྟོབས་ཀྱིས་གསུངས་པ་ལྟར་རྟ་ལོ་ཟླ་བ་གཉིས་པའི་ནང་ཞབས་དྲུང་དུ་འབྱོར་བས། སྒར་ཆེན་ནས་རྗེ་བླ་མ་མཆོག་གི་ཞུ་འཕྲིན་སྐུའི་ཉེར་སྤྱད་དང་བཅས་པ་རྣམས་དང༌། དབུས་གཙང་གི་སྡེ་དཔོན་དང་དགོན་སྡེ་ཁ་ཤས་ཀྱི་ཞུ་ཡིག་རྟེན་བཅས་རྣམས་ཕུལ་ཞིང༌། མདོ་དབུས་ཀྱི་ཚོང་པ་དང་ཁམས་འགྲུལ་བ་རྣམས་ཀྱིས་ཀྱང་རང་རང་གི་མངའ་ཐང་ལོངས་སྤྱོད་དང་འཚམ་པའི་འབུལ་ནོད་བགྱིས་ཏེ། རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་ལེགས་པར་
བརྟགས་པའི་དད་མོས་ཆེས་ཆེར་འཕེལ་བ་དང༌། ཐ་མལ་བ་ཀུན་གྱིས་ཀྱང་ཞལ་མཐོང་བ་ཙམ་གྱིས་དད་པ་ཐོབ་ཅིང་གསོལ་བ་རྩེ་གཅིག་ཏུ་འདེབས། ཟླ་ངོ་བཞི་བཞེས་པ་ནས་བྲིས་སྐུ་སོགས་ལ་ཕྱག་ནས་ཞུས་པའི་ཚེ་ཨོཾ་ཨཱཿཧཱུྃ། ཞེས་དང༌། བསྔོ་བ་ཞུས་པའི་ཚེ་སངས་རྒྱས་ཐོབ་པར་གྱུར་ཅིག་གསུངས་པས་ཐམས་ཅད་ངོ་མཚར་དུ་གྱུར་ཅིང༌། ཟླ་བ་དྲུག་ནས་ཚེམས་ཀྱང་གསལ་བོར་འཁྲུངས། ཉིན་ཅིག་ཡུམ་ལ་ཨ་ལོད་ཀྱི་ཐོག་ན་ཇོ་བོ་མཻ་ཏྲི་པ་འདུག་གསུངས་ཤིང༌། དགོང་ཁ་ཞིག་དབོན་པོ་ལྷ་མགོན་ལ་ཉི་མའི་སྟེང་ན་ཨཽ་ཌྱཱན་བཞུགས་འདུག་ཁྱོད་ཀྱིས་ཨེ་མཐོང་གསུངས་ནས་ཕྱག་མཛུབ་ཀྱིས་བསྟན། ཡང་ཉིན་ཅིག་ཐམས་ཅད་ཀྱིས་ཕྱག་ཕུལ། སྤྲུལ་སྐུ་ཞྭ་དམར་པ་བྱོན་བྱུང་གསུང་བ་སོགས་ཀྱི་གཟིགས་སྣང་དང༌། སྐུ་འཁོར་འགའ་ལ་དྲུང་ན་རིམ་བརྒྱད་ཀའི་མཚན་གསལ་པོར་གསུངས་ཤིང༌། ཉིན་ཅིག་༡༡མཛོ་མོ་མཛོ་མོ་མཛོ་མོ་ཞར་མ་ཞེས་གསུངས་པའི་སང་དེ་རྒན་རྒོན་གཉིས་ཀྱིས་
མཛོ་མོ་ཞར་མ་གཅིག་ཕུལ་བྱུང་བ་སོགས་ཆེད་དུ་མ་ཞུས་པར་ཐོལ་རྒྱག་ཏུ་གསུངས་པ་དང༌། གལ་ཆེ་བའི་རིགས་ལ་ལུང་བསྟན་ཞུས་པ་རྣམས་ལ་ཇི་ལྟར་གསུངས་པ་བཞིན་ཐོག་ཏུ་བབ་པས་གསུང་ལ་ངེས་ཤེས་འདྲོངས། ཡང་ཉིན་ཅིག་སི་ཏུ་པ་གསུང་བ་ན་དེ་འཕྲལ་དུ་སྔ་མགྱོགས་ཀྱི་བང་ཆེན་འབྱོར་ཞིང་དེ་རྗེས་དྲུང་པ་ཉིད་ཀྱང་ཕེབས་ཏེ་འབུལ་བ་མཛད་ཅིང༌། དབུ་ཞྭ་ཞྭ་ནག་གསོལ་ནས་ཁྲོམ་ལ་མཇལ་ཁ་གནང་བའི་ཚེ་ནམ་མཁར་འཇའ་ཚོན་གྱི་གུར་ཕུབ་པ་ལ་སོགས་པའི་ལྟས་བཟང་པོའང་བྱུང༌། དེ་ནས་དྲུང་པ་སི་ཏུ་པས་ཚེ་དབང་གྲུབ་རྒྱལ་མ་ཕུལ་བའི་ཚེ་སྤྲུལ་པའི་སྐུ་ཚེ་དཔག་མེད་དཀར་པོ་ཞིག་ཏུ་ཞལ་གཟིགས་ཤིང་ཚེ་རིལ་གསོལ་འཕྲོ་ཚུར་གནང་བ་ལ་སྔར་མེད་ཀྱི་རོ་མཆོག་བརྒྱ་དང་ལྡན་པར་བྱུང་གསུངས། གཞན་ཡང་རྡོ་རྗེ་ཕྲེང་བ་དང་རང་བྱུང་བཀའ་འབུམ་གྱི་སྟེང་ནས་ཕྱག་ཆེན་ཆོས་དྲུག་སོགས་དབང་ལུང་འགའ་ཤས་ཀྱང་ཆོས་ཀྱི་སྐྱེས་སུ་ཕུལ། སྐབས་ཤིག་སི་ཏུ་རིན་པོ་ཆེས་རྗེ་ཆོས་
གྲགས་རྒྱ་མཚོའི་ཕྱག་དྲིལ་གཟིགས་ཕུལ་ནས་འདི་རྗེ་མི་བསྐྱོད་རྡོ་རྗེ་དང་ཆོས་གྲགས་རྒྱ་མཚོ་སུའི་ཕྱག་དྲིལ་རེད་ཞུས་པས་ཆོས་གྲགས་རྒྱ་མཚོའི་རེད་གསུངས་པ་དང༌། ཕྱག་ཕྲེང་གི་སྤོས་ཤེལ་རྗེ་གོང་མའི་ཡིན་པ་དང་རི་བོ་ཆེ་ཆོས་རྗེའི་ཡིན་པ་གཉིས་ལ་ཉིད་ཀྱི་ཕྱག་ཕྲེང་གང་རེད་ཞུས་པ་ལ་ཡང་ངོས་འཛིན་གནང་བས་ཐུགས་ཡིད་ལྷག་པར་ཆེས། དེ་ནས་ལུག་ལོའི་ནང་དུ་ཆ་གར་གྱི་དམག་ལྷགས་པས་འདི་ཕྱོགས་སུ་གནོད་པ་ཡོང་ངམ་མི་ཡོང་༡༢ཞུས་པར་མི་ཡོང་གསུངས་ཤིང༌། རེས་འགའ་ཆ་གར་བཟློག་བསྒྱུར་གསུངས་ནས་ཕྱག་གི་ཐལ་མོ་དང་ན་བཟའ་རྡེབ་པ་ཡང་མཛད་པ་བཞིན་ཉེ་སྐོར་ཀུན་ལ་གནོད་པ་མེད་ཅིང་ཆ་གར་གྱི་དམག་ཀྱང་རང་ཞིར་སོང་བས་ཇི་ལྟར་གསུང་བ་ཐོག་ཏུ་བབ། དབུས་ནས་དགེ་འདུན་ཡང་རི་བ་རྣམས་རྗེ་བླ་མའི་བཀའ་བཞིན་ཕྱིར་བཏེག་པ་ལ་འགའ་ཞིག་གིས་འདི་ན་ཡོང་རྒྱུ་མ་རེད་ཟེར་བའི་སྒྲོས་བྱུང་བ་ན། ཡང་རི་བ་ཡོང་ཡོད་ངས་མཁྱེན་པ་ཡིན་གསུངས། དེ་ནས་
ལུག་ལོ་ཟླ་བ་དྲུག་པའི་ནང་དུ་ཡང་རི་བ་དཔོན་སློབ་ཞབས་དྲུང་དུ་འབྱོར་བའི་སྒར་ལ་གཟིགས་པར་རི་ངོས་སུ་ཕེབས་པའི་ཚེ་རྡོ་ལ་ཞབས་རྗེས་བྱོན། ཁོང་རྣམས་ཀྱིས་འབུལ་བ་དང་ཞུ་ཡིག་རྟེན་བཅས་རྣམས་ཕུལ་བ་ན། རིན་པོ་ཆེ་དཔའ་བོའི་ཞུ་ཡིག་ཕྱག་ཏུ་བཞེས་ནས་སྐུ་འཕྲག་ཏུ་བཅུག །བླ་མ་དང་དགེ་འདུན་འགའ་རེ་ལ་མིང་ནས་འབོད་པ་དང་ངོས་འཛིན་མཛད། ལྕགས་མོ་དང་ཡང་རི་བ་གཞིས་བྱེས་ཀྱིས་དབུས་སུ་སྒར་པ་གདན་འདྲེན་གྱི་བང་ཆེན་བརྫངས་པ་ལ་ཞལ་ཏ་གནང་རྒྱུ་ཨེ་ཡོད་ཞུས་པ་ལ། ཞྭ་དམར་པ་ལ་མགྱོགས་པོ་བྱོན། ཁྱེད་ང་ལ་རྩིས་མེད་པ་ཨེ་ཡིན་ཞུས་གསུངས། སྐུ་འཁོར་འགའ་ཞིག་ལ་སྐུ་རྩེད་ཀྱི་ཚུལ་དུ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་རྒྱས་པར་གནང༌། ཉིན་ཅིག་དེ་རིང་རྟེན་འབྲེལ་བཟང་པོ་ཡོད། རོལ་མོ་དང་བསངས་མཆོད་བྱེད་དགོས་གསུངས་པ་ཕྱིས་དུས་ཚེས་བསྒྲིགས་པས་ཡངས་པ་ཅན་དུ་བདག་གིས་གཙུག་ཕུད་ཕུལ་བ་དང་བཞུགས་སྒར་ཡང་མི་འགྱང་བར་ཁམས་
ཕྱོགས་སུ་འདེགས་གྲབས་མཛད་པ་དང་འགྲིག་འདུག་ཟེར། ཡང་ཉིན་གཅིག་དེ་རིང་གཏམ་སྙན་པོ་ཡོང་བ་ཡོད་གསུངས་པ་ན། སྔ་སོར་གྱི་བང་ཆེན་གཉིས་འཁོར་ནས་བཞུགས་སྒར་འབྲི་ཆུ་ཁར་ཕེབས་ཡོད་ཚུལ་ཞུས་པས་ཤིན་ཏུ་དགྱེས་ ༡༣ པར་གྱུར། དེ་སྐབས་འཇང་རྒྱལ་པོའི་ཏི་ཤྲི་བྱང་ཆུབ་བཤེས་གཉེན་གྱིས་གཙོས་པའི་སྤོ་འབོར་དང༌། སྤུང་རི་ནང་སོ་ཡབ་སྲས་སོགས་འབའ་ལ་བཞི་བར་གྱི་ལྷ་སྡེ་མེ་སྡེ་རྣམས་ཀྱི་ཞུ་ཡིག་དང་ཇ་འདྲེན་གྱི་འབུལ་བ་གཏོས་ཆེ་སླེབས། སླར་སྒར་ཆེན་དུ་ཕེབས་བཞུད་ཉེར་ལེན་བཏང་བར། ད་ཆ་གར་གྱི་གནོད་པ་མེད་པས་ག་ལེར་འབྱོན་གྱིས་གསུངས། དེ་ནས་བྱ་ལོ་ཟླ་བ་གཉིས་པའི་ཚེས་གཉིས་ཀྱི་ཉིན་སྒར་ཆེན་ལྷུན་པོ་རྩེར་ཕེབས་པའི་ཆིབས་རགས་ལ་གཟིམ་ཁང་གི་སྟེང་ནས་གཟིགས་མོ་མཛད། ཚེས་གསུམ་གྱི་ཞོགས་པ་དགེ་སློང་དབུ་མ་རིག་པ་གནང་སྟེ་ང་སྒར་དུ་ནམ་གདན་འདྲེན་རྒྱུ་ཡིན་གྱི་བཀའ་ཕེབས། ཉི་མ་དེ་ཉིད་ཀྱི་སྔ་དྲོའི་ཆར་རྗེ་བླ་མ་
མཆོག་བདག་ཅག་སྐུ་འཁོར་ཉུང་བསྡུས་དང་བཅས་པས་ཕྱག་འབུལ་ལ་ཕེབས་ཏེ། རྗེ་བླ་མ་ཉིད་ཀྱི་གསུང་ལས། ཕལ་པ་རྣམས་ལ་བྱ་བ་ལྟ་བུའི་བརྟག་པ་ལ་སོགས་པ་ནི་ཕལ་ཆེར་གཞན་དབང་གི་མཐུ་དང་འགའ་ཞིག་མི་མ་ཡིན་པ་ལ་སོགས་པས་རྒྱུད་སྐུལ་བ་དང༌། འགའ་ཞིག་ལས་དབང་གིས་སྐྱེ་བ་དྲན་པའི་གང་ཟག་རྣམས་ལ་ཡིན་གྱི། ཚུར་མཐོང་གི་བློའི་ར་བ་ལས་བརྒལ་བ་བསམ་གྱིས་མི་ཁྱབ་པའི་གནས་འདི་ལྟ་བུ་ལ་རྟོག་དཔྱོད་ཕྲ་མོས་རྒྱས་འགེབས་པ་ནི་དམུས་ལོང་གིས་གཟུགས་མཇལ་བ་ལྟར་ཚད་མར་མི་འགྱུར་ཞིང༌། རྗེ་ཐམས་ཅད་མཁྱེན་པའི་གསུང་གི་ཟུར་ལས་ཀྱང་འགོག་པར་མཛད་པས་བདག་ཅག་རྣམས་ཀྱིས་ཀྱང་མི་བགྱིས་མོད། འོན་ཀྱང་དངོས་ཤུགས་དུ་མའི་སྒོ་ནས་སྐུ་གསུང་ཐུགས་ཀྱི་ཀུན་སྤྱོད་མཛད་པ་རྣམ་ཐར་རྣམས་རྗེ་གོང་མ་ཇི་འདྲ་བ་ཁོ་ནར་སྟོན་བཞིན་པ་ཉིད་དུ་འདུག་པས་རྟོག་པ་པོ་རྣམས་ཀྱང་ཉིན་ལས་ཉིན་བཞིན་ཡིད་ཆེས་ཐོབ་པར་འགྱུར་བ་འདི་ནི་མངོན་སུམ་དུ་
གྲུབ་བོ། །ཞེས་འབྱུང་བ་བཞིན་ཐུགས་ལ་ཐེ་ཚོམ་དང་སོམ་ཉི་མེད་པར་རྗེ་གོང་མ་ལ་ཇི་ལྟར་མཛད་པ་བཞིན་གྱི་ཕྱག་དང་བཀུར་སྟི་མཛད། ནང་སོ་ཕྱག་མཛོད་པ་སྐུ་མཆེད་སོགས་སྐུ་འཁོར་རྙིང་པ་རྣམས་ཀྱང་ཞལ་མཇལ་བ་ཙམ་གྱིས་དད་པ་ཐོབ་ཅིང་ཡིད་ཆེས་སྐྱེས། དེ་ནས་ཚེས་བཅུ་གཉིས་རྒྱལ་ཕུར་གྱི་འགྲུབ་སྦྱོར་དང་ལྡན་པའི་ཉིན་སྒར་ཆེན་འཛམ་གླིང་རྒྱན་དུ་སྤྱན་འདྲེན་མཛད་ནས་སྔོན་གྱི་སེང་གེའི་ཁྲི་ཆེན་པོར་མངའ་གསོལ་ཏེ་སྒར་ཆོས་སྡེ་དང་བཅས་པ་ཐམས་ཅད་ཀྱིས་འབུལ་བ་དང་ཞལ་མཇལ་ཕྱག་འབུལ་བགྱིས། སང་ཉིན་ཕྱག་མཛོད་ཀྱི་གུར་དུ་ཕེབས་པ་ན་གནྡྷོ་ལའི་ལྡེ་མིག་རྣམས་སྐུ་རྐེད་དུ་བཞེས། དེ་ནས་རྟེན་སྒམ་སོགས་ཕྱག་རྫས་རྣམས་རིམ་པར་རྩིས་འབུལ་གནང་བའི་ཚེ་སྐུ་ཆོས་དང་སྣམ་སྦྱར་སོགས་ལ་གཞན་ལས་ཐུགས་དགྱེས་པའི་ཚུལ་གྱིས་སྐུ་ལ་བཞེས་ཤིང༌། ཕྱག་ཤུབས་ཡོད་པ་སོགས་ཕུལ་ཀྱང་མི་བཞེས་པ་དང༌། ཕྱའུ་འགག་བཅད་ཞིག་དགོས་གསུང་
བར་རྗེ་དེ་བཞིན་གཤེགས་པའི་ཕྱའུ་འགག་བཅད་ལ་དར་གྱི་ཡུ་བ་བྱས་པ་གཅིག་ཕུལ་བ་དང༌། ཤྭ་བ་ཡུ་མོའི་རྭ་གཟིགས་སུ་ཕུལ་བའི་ཚེ་འགག་བཅད་ཡུ་བ་ཅན་དང་ཡུ་མོའི་རྭ་ཅོ་གསུང་ནས་བཞེས། དེ་ནས་རྗེ་བླ་མའི་དྲུང་དུ་བཀའ་ཆོས་ཀྱི་ཐོག་མ་གྲུབ་རྒྱལ་མ་དང་ལྷ་དགུ་སོགས་ཚེ་དབང་གི་རིགས་མང་དག་གསན་ཅིང༌། དབུ་སྐྲ་བསིལ་བ་ལ་ཐུགས་རིངས་པའི་ཞལ་ཏ་རིམ་པས་ཕེབས་པར་བརྟེན། ལྷུམས་དང་ཤོལ་ཟླ་རྩིས་པའི་དགུང་ལོ་ངོ་བདུན་བཞེས་པ་བྱ་ལོ་ཟླ་བ་བཞི་པའི་ཚེས་བདུན་གྱི་ཉིན་ཇོ་བོ་གནྡྷོ་ལའི་དྲུང་དུ་རྗེ་བླ་མ་མཆོག་གིས་གཙུག་ཕུད་བཞེས་ཤིང་དབུ་སྐྲ་བསིལ་ནས། དཔལ་ལྡན་མི་ཕམ་ཆོས་ཀྱི་༡༥དབང་ཕྱུག་ཏུ་མཚན་གསོལ། ཡོངས་རྫོགས་དགེ་བསྙེན་དང་སྨོན་འཇུག་སེམས་བསྐྱེད་ཀྱི་སྡོམ་པ་བཞེས། ཚེས་བཅོ་ལྔ་ལ་ཏྲེ་ཤོད་ཤུགས་རིའི་ཐང་དུ་ཡབ་སྲས་ལྷན་རྒྱས་བཞུགས་སྒར་བསྒྲིགས་ནས་བཞུགས་པའི་སྐབས་ཤིག་ནང་སོ་མདོ་རྒྱུད་པས་རྗེ་གོང་མའི་ཞལ་ཐང་སོགས་
བྲིས་སྐུ་འགའ་ཞིག་ལ་ཕྱག་ནས་ཞུས་པར་ཕྱག་ནས་མང་དུ་ཟུག །དེ་ནས་བཞག་བླ་བསོད་ནམས་ལྷུན་གྲུབ་པས་འདྲ་ཚེར་ལུང་མདོར་སྤྱན་དྲངས་པའི་ཕེབས་ལམ་ཤེལ་ཁོག་ར་མ་སྒང་དུ་དར་རྩེ་མདོ་ཡི་མི་ཆེན་སྟག་འདུ་དང་བཅས་པ་དང་རབ་སྒང་མཁས་པ་མི་ལྔའི་དགོན་རྣམས་ཀྱི་ཇ་འདྲེན་སླེབས། ལམ་དུ་གཟིགས་སྣང་གི་ལོ་རྒྱུས་འགའ་ཤས་གསུངས་ཤིང༌། ཟླ་བ་བདུན་པའི་ཚེས་བཅུ་བཞི་ལ་འདྲ་ཚེར་ལུང་དགོན་དུ་ཕེབས། མཆོད་ཡོན་ཐམས་ཅད་ཀྱིས་འབུལ་ཞབས་རྒྱ་ཆེན་བགྱིས་ཏེ་ཟླ་བ་ཕྱེད་གཉིས་ལྷག་ཙམ་བཞུགས་པའི་རིང་དུས་མཁྱེན་བཀའ་འབུམ་ན་བཞུགས་པའི་དབང་རྗེས་གནང་རྣམས་རྫོགས་པར་གསན། སླར་ཏྲེ་ཤོད་དུ་ཕེབས་ཐོག་ཀརྨར་སི་ཏུ་རིན་པོ་ཆེ་གཤེགས་པའི་དགོངས་རྫོགས་འབུལ་བར་དྲང་པ་སྤང་རི་པ་བྱོན་ཞིང༌། དགུན་ལྷུན་པོ་རྩེའི་གཟིམ་ཁང་དང་བཞུགས་སྒར་དུ་རེ་མོས་ཀྱིས་བཞུགས། དེར་ལོ་གསར་དང་སྨོན་ལམ་ཆེན་མོ་མཛད་པའི་ཚེ་སྨོན་ལམ་གྱི་
མང་ཇ་རིང་ཐམས་ཅད་དུ་ཚོགས་ལ་བཞུགས་ཤིང་བཅོ་ལྔའི་ཉིན་ཐོག་ཐག་བཞུགས་ཁྲི་ཁར་བཞུགས། དབུ་ལ་ཞྭ་ཁྲ་བཞེས་ཕྱག་ཏུ་མེ་ཏོག་བསྣམས་ནས་འཐོར་བ་སོགས་དགྱེས་པའི་ཚུལ་དཔག་མེད་མཛད། ཁྱི་ལོའི་སོས་འཛམ་ཐང་ཆོས་རྗེའི་སྤྱན་འདྲེན་ཞུ་ཡིག་རིམ་པར་འབྱོར་བ་བཞིན་ཟླ་བ་ལྔ་པའི་ཚེས་བཅུ་དགུ་ལ་འཛམ་ཐང་ཕྱོགས་སུ་ཆིབས་བསྒྱུར་ཏེ་ཤེལ་ཁོག་༡༦སྐུ་ཟོ་ཐོག་ནས་ལམ་བཏོད་ཅིང་དེའི་གནས་མཇལ་མཛད་ནས་སྙེ་རོལ་དུ་ཕེབས་པ་ན་སྐུ་འཁོར་རྣམས་ཀྱིས་ཡུན་རིང་མི་བཞུགས་པའི་རྩིས་ཀྱིས་གཟིམ་གུར་ཀ་གཉིས་མ་ལས་མ་ཕུབ་པར་གཟིམ་གུར་ཆེ་བ་ཕུབ་དགོས་གསུངས་ནས་ནན་ཏན་མཛད་དེ། དེ་མ་ཐག་རི་བོ་དགེ་ལྡན་པའི་གྲྭ་རྒྱུན་ཨ་མདོ་བ་མི་མགོ་སུམ་བརྒྱ་ཙམ་དང་འཇང་རྒྱལ་བློན་བླ་མ་དང་བཅས་པ་རྣམས་ཀྱི་འབུལ་སྐྱེལ་བ་མི་མགོ་ཉིས་བརྒྱ་ཙམ་ཕྱིན་པ་དང༌། དེར་བཞུགས་ཡུན་རིང་དུ་འགོར་བ་མཁྱེན་པར་འདུག དེ་ནས་རྡོ་རོལ་བརྒྱུད་འཛི་ཀ་ཐང་དུ་ཟླ་བ་ལྷག་
ཙམ་བཞུགས་པའི་ཚེ་རྗེ་མཐོང་བ་དོན་ལྡན་དང་རྗེ་མི་བསྐྱོད་རྡོ་རྗེའི་བཀའ་འབུམ་ནང་གི་དབང་རྗེས་གནང་རྣམས་ཡོངས་སུ་རྫོགས་པ་གསན། ཟླ་བ་དགུ་པའི་ཚེས་བཅུ་གསུམ་ལ་འཛམ་ཐང་དགོན་དུ་ཕེབས་པར་བསུ་བ་སེར་སྦྲེངས་སོགས་ཀྱི་སྤྱན་འདྲེན་བགྱིས་ཤིང་བཅོ་ལྔའི་ཉིན་ཆོས་རྗེ་དང་མཇལ། དཔོན་སློབ་སྡེ་དགོན་ཐམས་ཅད་ཀྱིས་འབུལ་བ་དང་བསྙེན་བཀུར་རྒྱ་ཆེན་པོ་བསྒྲུབས། དེ་ནས་ལ་གཅིག་བརྒལ་པའི་ས་བཞག་ཤོད་ཅེས་པར་སྤྱན་དྲངས་ནས་ཀྱང་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས། སླར་འཛམ་ཐང་དུ་ཕེབས་ཐོག་ནས་མགོ་ལོག་དཔོན་པོ་རྣམས་ཀྱིས་དམར་སྟོད་དུ་གདན་འདྲེན་ཞུས་ནས་ཆེན་མོ་ཐང་དུ་བཞུགས་པའི་ཚེ་སྐུ་འཁྲིས་པ་རྣམས་ལ་དགོང་ཞོགས་གསུང་གླེང་མཛད་པར། ང་ལ་བླ་མ་བཞི་ཡོད་གསུངས་པ་དང༌། དབུས་སུ་དགོན་པ་བདུན་ཡོད། དབུས་གཙང་དུ་ལོ་བཅུ་བདུན་སོང༌། སྔོན་ཞིང་བརྗེ་བའི་སྐབས་ཀྱི་སྙུང་གཞི་དེ་དུག་ཡིན་ཟེར་ཏེ་དུག་མིན་
ཞབས་ནད་ཡིན་གསུངས། དེར་མགོ་ལོག་དང་བེ་རི་རྣམས་ཀྱིས་རྟ་ཁྲབ་དང་གོས་དར་ལ་སོགས་པའི་བརྒྱ་འབུལ་དུ་མ་བགྱིས། དེ་ནས་ཚུར་ཤེལ་ཁོག་ཏུ་ཕེབས་ཐོག་རིན་པོ་ཆེ་དཔའ་བོས་དབུ་མཛད་དབུས་གཙང་དྭགས་ཀོང་གི་ཀར་སྡེ་དང་སྦྱིན་བདག་རྣམས་ཀྱིས་དབུས་གཙང་དང་དྭགས་ཀོང་དུ་ཆིབས་ཁ་མྱུར་དུ་བསྒྱུར་དགོས་པའི་ཞུ་བ་ནན་ཆགས་འབུལ་སྐྱེས་དང་བཅས་པ་འབྱོར་ཞིང༌། མི་ཆེན་སོགས་དར་རྩེ་མདོ་པ་དང་རབ་སྒང་པ་ཡོན་མཆོད་རྣམས་ཀྱིས་སྤྱན་འདྲེན་དུ་དཔོན་མདོ་མང་བཀྲ་ཤིས་དང་ཀ་འཇུ་རྟོགས་ལྡན་སྐྱ་སེར་རྣམས་བརྫངས་པའང་འབྱོར་བས་ཤེལ་ཁོག་ནས་རྟའུ་བརྒྱུད་དེ་གདན་དྲངས་པའི་ཕེབས་ལམ་དུ་ནང་སོ་མདོ་རྒྱུད་པ་ལ་རྣམ་རྟོག་ཆོས་སྐུ་ཡིན་པའི་གསུང་འཕྲོས་དང་བགྲོ་གླེང་མཛད་པ་ལ། ནང་སོའི་དྲུང་གིས་ཀྱང་སྐུ་རྩེད་ཉམས་ཉུལ་གྱི་རྣམ་པར་བགྲོ་གླེང་ཕུལ་བས། དེ་འདྲའི་བགྲོ་གླེང་སུའི་ལུགས་ཡིན་གསུངས་པས་སྐྲག་ཅིང་ཟིལ་གྱིས་ནོན་པ་བྱུང་གསུངས།
རྟའུ་མི་ཚོར་ལོ་གསར་མཛད་ནས་ཕག་ལོ་ཟླ་བ་དང་པོའི་ཉེར་བདུན་ལ་དར་རྩེ་མདོར་ཕེབས་པའི་ཚེ་མི་ཆེན་གྱིས་རྒྱལ་པོའི་ལུང་གི་ཆེ་བའི་རྒྱན་དང་རོལ་མོ་ལ་སོགས་པའི་བསུ་བའི་བཀོད་པ་རྒྱ་ཆེན་པོས་སྤྱན་དྲངས་ཤིང༌། རྒྱ་བོད་ཐམས་ཅད་ཀྱིས་སེམས་རྩེ་གཅིག་པའི་དད་པའི་གདུང་ཤུགས་ཀྱིས་ཇ་གོས་དར་གསེར་དངུལ་རྒྱ་ཟོག་ཁྱད་མཚར་གྱི་རིགས་ལ་སོགས་པའི་ལོངས་སྤྱོད་དང་དངོས་པོ་སའི་སྟེང་ཁྱབ་པ་ལྟ་བུ་ཕུལ། ལིང་ཙེ་དཔོན་ཅུ་ཧུད་ཀྱིས་གདན་འདྲེན་ནན་གྱིས་ཞུས་པར་ཕེབས་པ་མ་གྲུབ་པས་ཇ་གོས་དར་གསེར་དངུལ་ན་བཟའ་གསོལ་སྤྱད་གཟིམ་དྲེལ་ལ་སོགས་པའི་བརྒྱ་འབུལ་གཏོས་ཆེ་བ་ཚུར་ལ་བརྫངས་ཤིང༌། ཤ་པིང་དཔོན་གྱིས་ཀྱང་རྒྱའི་ཟས་སྣ་ཤིང་ཐོག་སོགས་ཀྱི་བཞེས་སྤྲོ་དང་ཇ་འདྲེན་གྱི་འབུལ་བ་བརྫངས། དེར་རྗེ་བླ་མ་མཆོག་གི་ཕྱག་ན་དྲུང་གོང་མའི་དུས་མ་ཕྱི་ལ་དགོངས་ཏེ་བཞེངས་པའི་རྗེ་དུས་མཁྱེན་དང་པཀྵིའི་རྣམ་ཐར་ཞིང་བཀོད་ཀྱི་ཞལ་ཐང་གཉིས་ཡོད་པ་
གཟིགས་པས་འདི་མ་དཔེ་ལ་མེད་ཁ་མེད་ཡིན་གསུངས་ནས་ངོས་འཛིན་མཛད། ཡབ་སྲས་༡༨བཀའ་བགྲོས་ཀྱི་ཐོག་ནས་ལ་མོ་རྩེའི་སྒྲུབ་སྡེ་གསོ་བའི་ཐེབས་དང་མདོ་པ་ཤོག་གསུམ་ནས་བུ་ཁྲལ་སུམ་ཅུ་ཙམ་འཇོག་པ་མཛད་ཅིང་ཞབས་ཀྱིས་བཅགས། མདོ་ཁམས་སྟོད་པ་དང་ཀོང་པོ་དབུས་གཙང་པའི་ཚོང་པ་ཀུན་གྱིས་ཀྱང་རང་རང་གི་ཚོང་ཕུད་ནས་ཅི་འབྱོར་བའི་བརྒྱ་འབུལ་བྱས་ཏེ། གཞི་བྱེས་ཀྱི་སྐྱེ་བོ་མང་དག་ལ་ཞལ་མཇལ་ཆོས་འབྲེལ་སྨོན་ལམ་བཀྲ་ཤིས་གནང༌། དེ་ནས་ཡང་རབ་སྒང་གི་ར་ཏི་ཁོས་མོ་ཁྲི་བྱམས་གསར་སྟོད་མགོ་བཀའ་བཞི་ལ་སོགས་པར་ཕེབས་ནས་སོ་སོའི་མཁན་སློབ་གྲྭ་འབངས་སྦྱིན་བདག་དང་བཅས་པའི་མོས་པ་གང་བར་མཛད་ཅིང་ཡབ་སྲས་བཀའ་བགྲོས་ཀྱི་ཐོག་ནས་ཀར་སྡེར་གཏོགས་པའི་བླ་མ་སློབ་དཔོན་དགོས་པ་རྣམས་ཀྱང་བསྐོ་བཞག་མཛད། དེ་ནས་དྲུང་པ་བྱང་ཆུབ་བཤེས་གཉེན་དང་རྒྱ་བྱ་བླ་མ་ཀརྨ་དཀོན་མཆོག་ལ་སོགས་པའི་སྤོ་འབོར་བ་རྣམས་ཀྱིས་མ་ཁྲོམ་
དགོན་གྱི་བླ་མ་ཆོས་བཀྲ་ཤིས་སྤྱན་འདྲེན་དུ་མངགས་ནས་གསོལ་བ་བཏབ་པ་བཞིན་ཀཾ་པོ་གནས་ནང་དུ་ཕེབས་པའི་ལམ་མགོ་ལོག་ནས་བརྒྱུད། ངོམ་སྒང་དུ་བཞག་བླ་དཔོན་སློབ་ཀྱིས་འབུལ་བ་དང་ཞབས་ཏོག་རྒྱུན་རིང་དུ་ཞུས་ཤིང༌། འཇའ་མོ་ལར་སྨན་འཇི་གདན་ས་པ་དང་འཇང་ཤར་ཕྱོགས་ཇ་ཀྭས་ཀྱང་མཇལ། ཟླ་བ་བཅུ་པའི་ཚེས་བཅོ་བརྒྱད་ལ་གནས་སྒོར་ཕེབས་ཏེ་ནང་སོ་སྤུངས་རི་བ་སོགས་གནས་སྒོ་དང་གནས་ནང་པའི་ཕེབས་བསུ་དང་ཡུལ་ལྷ་རྣམས་དགའ་ཞིང་གུས་པའི་མཚན་མ་ནམ་མཁའ་འཇའ་ཚོན་གྱི་དཀྲིགས་པ་སོགས་བྱུང༌། གནས་སྒོའི་གཙུག་ལག་ཁང་རྣམས་མཇལ་བར་ཕེབས་པའི་ཚེ་བཞག་བླ་དཔོན་སློབ་ཀྱིས་ལྡེ་མིག་འཛིན་པའི་ལྷ་ཁང་བཀྲ་ཤིས་གསར་མ་ཟེར་བ་ཞིག་ན་དྲུང་ན་རིམ་གྱི་སྐུ་བཞུགས་པའི་ན་རིམ་སྔ་མ་སྔ་མའི་སྐུས་ཕྱི་མ་ཕྱི་མ་ཐོག་མར་ཕེབས་པ་ལ་ཞྭ་ཕུད་མཛད་ཟེར་བའི་ངག་སྒྲོས་ཡོད་པར་བརྟེན་༼བླ་མ་དཔོན་སློབ་ཀྱིས་མ་ཕེབས་པའི་ཞག་གསུམ་
གྱི་གོང་ནས་མཆོད་པ་བཟང་དུ་བཤམས། སྒོ་ལ་དཀོན་གཉེར་སོགས་ཀྱི་འགྲིམ་འགྲུལ་མེད་པར་རྒྱས་བཏབ་པ་ཕེབས་པ་དང་མཉམ་དུ་ཕྱེ་བས་དྲུང་གོང་མའི་སྐུ་མི་བཞུགས་པ་འདུག་ཀྱང་རྗེ་ཆོས་གྲགས་རྒྱ་མཚོའི་སྐུ་དེའི་དབུ་ཞྭ་ཐུགས་ཀའི་ཐད་དུ་ཕྱག་ཆོས་འཁོར་གྱིས་བརྟེན་པ་ལྟར་མཛད་ནས་འདུག་པས་ཀུན་ཡ་མཚན་དུ་གྱུར་ཞིང༌། སྐུ་དེས་སྔོན་རྗེ་མི་བསྐྱོད་རྡོ་རྗེ་ཕེབས་ཀྱང་དེ་ལྟར་མཛད་པ་ཡིན་ཟེར། དེ་ནས་གནས་ནང་རྣམས་སུ་ཕེབས་ཚེ་སྐུ་འཁོར་རྣམས་ལ་གྲུབ་ཆེན་པཀྵི་ལ་སོགས་པའི་གཟིགས་སྣང་དང་ངོས་འཛིན་མང་དུ་གསུངས། དེར་དྲུང་བྱང་བཤེས་པ་སོགས་སྤོ་འབོར་བའི་བླ་གྲྭ་ཕལ་མོ་ཆེས་མཇལ་ཞིང་འབུལ་ཞབས་བགྱིས། འཇང་ལ་གསེར་ཡིག་པ་གནང༌། བྱི་བ་ལོའི་ལོ་གསར་སྨོན་ལམ་མཛད་པའི་ཚེས་བཅུ་བཞིའི་སྔ་དྲོ་དགེ་འདུན་རྣམས་ལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་སོགས་གནང༌། དགོང་མོ་མཚུར་ཕུ་ལ་སོགས་པའི་དབུས་ཕྱོགས་སུ་ཕྱག་ནས་གནང་ཞིང་གཟིགས་སྣང་
དང་སྤྲུལ་པ་བསྟན་ཚུལ་སོགས་ཀྱི་ལོ་རྒྱུས་མང་དུ་གསུངས། བཀྲ་ཤིས་དང་བྱིན་གྱིས་བརླབས་པའི་རྟེན་འབྲེལ་མཛད། སྨོན་ལམ་གྲོལ་རྗེས་རྗེ་ཞྭ་དམར་པའི་དྲུང་དུ་བདེ་བར་གཤེགས་པའི་བཀའ་འགྱུར་རོ་འཚལ་གྱི་ལྗགས་ལུང་གསན་པའི་དབུ་ཐོག་མར་རྒྱུད་འབུམ་ནས་བརྩམས་ཏེ་ཚུགས། དབུ་མཛད་བཀྲས་རྒྱམ་པས་སྨོན་ལམ་ཞུས་པར་ཨོཾ་ཨཱཿ་ཧཱུྃ༔བཀྲ་ཤིས་རྒྱ་མཚོའི་བསམ་དོན་ཆོས་བཞིན་འགྲུབ་ནས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་གྱུར་ཅིག །གནས་སྒོའི་བླ་མར་ཁྱོད་རང་དགེ་སྦྱོང་བྱེད་པར་དགའ་ཞེས་གསུངས། དེར་སྤུངས་རི་ནས་ནང་སོ་སོགས་དང་འབའ་ལ་བཞི་བར་གྱི་གྲྭ་རིགས་རྣམས་དང་ཀོང་པོའི་ཚོང་དཔོན་རྒོད་ཚང་པ་རྣམས་ཀྱིས་འབའ་ཕྱོགས་སུ་སྤྱན་འདྲེན་སྔ་ཕྱི་རིམ་འབྱོར་བཞིན་འབའ་ཐང་ཕྱོགས་སུ་ཆིབས་བསྒྱུར་ནས་སྟག་ཤོད་དུ་ཕེབས་ཐོག་བླ་མ་ཡབ་གཤེགས་པ་ལ་གཤེགས་ཁར་ཕྱག་དབང་ཞབས་དབང་དང་གཤེགས་ནས་རྗེ་ཞྭ་དམར་པའི་དྲུང་དུ་བསྔོ་རྟེན་
འབུལ་བ་དང༌། སྒར་ཆོས་སྡེ་རྣམས་ལ་མང་ཇ་རྣམ་གཞག་བསྔོ་སྨོན་སོགས་མཛད། གདུང་ཞུགས་ཀྱིས་སྦྱངས་ཚེ་མེ་རང་འབར་བྱུང་བ་དེར་ཡོད་ཀུན་གྱིས་མཐུན་གྲུབ་ཏུ་མཐོང་ཟེར་ཞིང་སྐུ་གདུང་གི་མཆོད་རྟེན་ཡང་བརྩིགས། འབའ་རྒྱ་སྤང་སྟེང་ནས་ཤར་ཕྱོགས་སྤུང་རི་གནས་མཇལ་དུ་ཕེབས་པ་ན་འཁོར་ལོ་བདེ་མཆོག་ཞལ་གཟིགས་གསུངས། འདམ་ཆེན་རྩེར་སོགས་མང་པོར་ཞབས་ཀྱིས་བཅགས། འབའ་ཡི་གྲྭ་ཡོན་རྣམས་ཀྱིས་བསྙེན་བཀུར་དང་འབུལ་ཞབས་རྒྱ་ཆེར་བགྱིས་ཤིང༌། དེར་བཀའ་འགྱུར་ལས་བསྐལ་བཟང་སོགས་ཀྱི་ལུང་གསན། ཡབ་སྲས་བཀའ་བགྲོས་ཏེ་འཇང་ཀོང་བར་གྱི་འདུན་འཇགས་ཀྱི་བཀའ་ཁྱབ་མཛད། ཁང་གསར་མགོ་བདེ་པའི་གཙོས་འཇང་རྒྱལ་བློན་གྱི་འབུལ་སྐྱེལ་གཏོས་ཆེ་བའང་སླེབས། སླར་གནས་སྒོར་ཕེབས་ནས་རྒྱུད་འབུམ་གྱི་འཕྲོ་མུས་རྣམས་གསན་སྐབས་སྐུ་རྩེད་ཀྱི་ཞར་ལ་ནང་སོ་མདོ་རྒྱུད་པར། རྒྱལ་མཆོག་རིན་པོ་ཆེ་བཞི། རྒྱལ་བ་མཆོག་གི་སྤྲུལ་སྐུ་
མཆོག །ལོངས་སྐུ་རྡོ་རྗེ་མཆོག་གི་མཆོག །དེ་བཞིན་གཤེགས་པ་ཆེན་པོ་པ། །དེ་བཞིན་དབང་ཕྱུག་རྡོ་རྗེ་ང༌། །མི་བསྐྱོད་རྡོ་རྗེ་ང་རང་ཡིན། །ཞེས་པའི་ཚིགས་བཅད་གནང༌། སྐབས་ཤིག་དབྱར་གཟིགས་ལ་གནས་ནང་དུ་ཡར་ཕེབས་ཏེ་ཆོས་འབྱུང་སྟེང་དུ་ཚོགས་མཆོད་མཛད་ཚེ་རྡོ་རྗེ་རྣལ་འབྱོར་མ་སྐུ་༽༡༩མདོག་ལྗང་གུ་རྒྱན་མང་པོ་ཡོད་པ་འཁོར་མཁའ་འགྲོ་མ་བརྒྱད་ཅུ་རྩ་བརྒྱད་ཀྱིས་བསྐོར་བ་ཞལ་གཟིགས་གསུངས། ནང་སོ་མདོ་རྒྱུད་པ་རེ་ཞིག་གནས་ཕྱི་ནང་དུ་བཞུགས་ནས་རྟིང་སོར་དབུས་ཕྱོགས་ལ་ཕྱག་ཕྱིར་སྙེག་པའི་འདུན་པ་མཛད་པ་ལ་བདེ་གནས་འདི་ཀ་ནས་སྒར་དུ་འབྱོན་དགོས་པའི་བཀའ་ལུང་ནན་གྱིས་མཛད་པའི་དགོངས་པ་དང་བསྟུན་ཏེ་ཞབས་ཕྱིར་ཕེབས། ཡབ་སྲས་ཞལ་རྒྱས་ཀྱིས་སྤུང་རི་ནང་སོ་དང་བླ་མ་ཀརྨ་དཀོན་མཆོག་ལ་གནས་སྒོའི་ཞིག་གསོ་སོགས་ཀྱི་བཀའ་ཁྱབ་མཛད། དེ་ནས་ལི་ཐང་པ་རྣམས་ཀྱིས་སྤྱན་དྲངས་ཤིང༌། ཁྲོ་ཚ་བླ་མ་དང་ཁྲོམ་གཞུང་གི་སོག་
པོ་རྣམས་ཀྱིས་ཀྱང་སྤྱན་འདྲེན་ཞུས་ཏེ་ཁྲོམ་གཞུང་དང་འབོམ་ཉག་བརྒྱུད་ཏྲེ་ཀ་བྲག་དང་སྟོབས་མོ་གྲུ་སོ་ནས་སླར་ལྷུན་པོ་རྩེར་ཕེབས་ཏེ་རྒྱང་ཙམ་བཞུགས་པའི་བར་བཀའ་འགྱུར་ལས་འབུམ་དང་ཏིང་འཛིན་རྒྱལ་པོའི་ལུང་རྣམས་གསན་ཅིང་ཚིགས་སུ་བཅད་པའི་གསོལ་འདེབས་འགའ་རེ་ཡང་མཛད། དེ་ནས་མདོ་ཁམས་སྟོད་དང་དབུས་གཙང་དྭགས་ཀོང་སོགས་སུ་རིམ་པས་ཆིབས་ཁ་བསྒྱུར་བའི་དགོངས་པས་བྱི་བ་ལོ་ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་བཏེག །རྫ་བརྒྱུད་ནས་ལམ་ཕྱུང་སྟེ་གླིང་བར་ཚང་གིས་འགུ་ཟི་རི་ཕུག་ཏུ་སྤྱན་དྲངས་ནས་ཞབས་ཏོག་ཞུས། དེར་ཤིང་གླང་གི་ལོ་སར་དང་སྨོན་ལམ་མཛད་ནས་དྲན་ཐང་བརྒྱུད་གྲུབ་ཆེན་སངས་རྒྱས་མཉན་པའི་དགོན་གནས་འདན་བྱང་ཆུབ་གླིང་དུ་ཕེབས་ཏེ་འབྲི་བརྒྱུད་ཀྱི་བླ་མ་གྲྭ་རིགས་ཡོན་བདག་རྣམས་ཀྱིས་མཇལ་ཞིང་མཉན་པ་སྤྲུལ་སྐུ་དཔོན་སློབ་ཀྱིས་བསྙེན་བཀུར་དང་འབུལ་བ་མཛད། དེ་ནས་ཀརྨ་གདན་ས་པ་དྲུང་པ་འཇམ་དབྱངས་རྣམ་
པར་རྒྱལ་བས་སྤྱན་འདྲེན་ཞུས་ཏེ་ལྷ་ཐོག་གི་ནང་ནས་བརྒྱུད་ཟླ་བ་གསུམ་པའི་ཉེར་དྲུག་ལ་ཀརྨར་ཕེབས་ནས་གཙུག་ལག་ཁང་ཕན་ཚུན་གྱི་༢༠རྟེན་མཇལ་རྣམས་མཛད། གཟིམ་ཁང་བཀྲ་ཤིས་གསར་མར་བཞུགས་པའི་སྐབས་ཤིག་རྗེ་བླ་མ་མཆོག་གི་ཞལ་སྔ་ནས་རིན་པོ་ཆེ་དཔའ་བོའི་དྲུང་དབུས་སུ་བཞུགས་པ་ལ་བརྟན་བཞུགས་ཀྱི་སྨོན་ལམ་ཞིག་ཞུ་བ་མཛད་པས། སྐུ་ཚེ་རྒྱལ་མཚན་ལྟ་བུར་བཞུགས་པ་དང༌། །སེམས་ཅན་སྨིན་པར་མཛད་པ་ཡི། །སྐུ་ཚེའི་རྒྱལ་མཚན་བརྟན་ཐག་ཆོད། །ང་ནི་མགྱོགས་པར་ཕེབས་པ་ཡིན། །དགུང་ལོ་བརྒྱད་ཅུ་ཐུབ་པར་ཤོག །ཅེས་པ་གནང༌། ཉིན་ཅིག་ཟུར་རིའི་ཚོགས་གུར་དུ་སྤྱན་དྲངས་ནས་སྣམ་སྦྱར་འགའ་ལ་ཕྱག་ནས་ཞུས་པའི་ཚེ་སྐུ་རྩེད་ཀྱི་ཚུལ་དུ་རྗེ་གོང་མའི་ཞལ་ཐང་ཆེན་མོ་ལ་ཡང་འཐོར་བར་མཛད་པས་དབུའི་འོད་ཀོར་ལ་ཕྱག་ནས་གཅིག་གཉིས་ཟུག་པ་དང༌། ཡང་ཆབ་མདོ་བའི་གནས་པོ་གཅིག་གིས་ཞྭ་དམར་ནག་གི་ཞལ་ཐང་ལ་ཕྱག་ནས་
ཞུས་པ་ན་རྗེ་ཞྭ་དམར་པའི་སྐུའི་དབུ་ཞྭ་ལ་ཕྱག་ནས་ཟུག་པ་སྒྲིལ་བ་དང་ཕྱོགས་སུ་ཁྱེར་ནའང་མི་འབྲུལ་བ་ཀུན་གྱིས་མཐོང་བས་ཡ་མཚན་པར་གྱུར། ལྷ་སྟེང་དུ་ཕེབས་ནས་འགྲོ་མགོན་རས་པའི་གཟིམ་ཕུག་ལ་སོགས་པའང་མཇལ་བ་མཛད། དེ་ནས་ཟུར་མང་དུ་སྤྱན་དྲངས་ཏེ་རྨ་སེའི་དབོན་ཆོས་རྗེ་ལེགས་བཤད་སྒྲ་དབྱངས་པ་དཔོན་སློབ་ཀྱིས་བསུ་བ་དང་འབུལ་ཞབས་རྒྱ་ཆེར་བགྱིས་ཏེ་ཟླ་བ་ཕྱེད་ཙམ་བཞུགས་ནས། ཚང་གསར་གུ་ཤྲི་ཞལ་ངོ་རྣམས་ཀྱིས་སྙིང་ཐང་དུ་སྤྱན་དྲངས། རི་ཁག་བཅོ་བརྒྱད་དང་འབྲོང་པ་ལ་སོགས་པའི་ལྷ་སྡེ་མི་སྡེ་རྣམས་ཀྱིས་མཇལ་ཞིང་རྟ་ཁྲབ་སོགས་ཀྱི་འབུལ་བ་དཔག་མེད་བགྱིས། སློབ་དཔོན་པདྨའི་སྒྲུབ་གནས་སྤྱི་ཡམ་བྲག་གི་གནས་མཇལ་མཛད་ཅིང་སྐུ་འབུམ་མདུན་དུ་ནང་ཆེན་པས་ཀྱང་མཇལ་ཏེ་འབུལ་བ་དང་བསྙེན་བཀུར་ཞུས། སླར་རྫ་ཆུ་བརྒལ་ནས་མདོ་ཁམས་བརྒྱུད་སྤྱི་སྟོད་གསལ་སྟོང་གི་སྒྲུབ་ཕུག་དང་རྗེ་དུས་མཁྱེན་གྱི་གནས་རེ་ནེ་དགོན་རྣམས་སུ་
ཕེབས་པ་ན་ཕྱག་ཞབས་ཀྱི་རྗེས་མང་དུ་བྱོན་ཅིང་མེ་ཏོག་གི་ཆར་བབ་པས་སྐྱེ་བོ་ཐམས་ཅད་ངེས་པ་འདྲོངས་པར་བྱུང༌། དེ་ནས་རི་བོ་ཆེ་ཆོས་རྗེ་མཚོ་སྐྱེས་རྡོ་རྗེ་ཁུ་དབོན་དང་མི་དཔོན་པ་སྡེ་དགོན་རྣམས་ཀྱིས་གུས་པ་ཆེན་པོས་སྤྱན་དྲངས་པ་བཞིན་ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་དཔལ་རི་བོ་ཆེར་ཕེབས་ཏེ་ལྷ་ཁང་ཆེན་མོ་ལ་སོགས་པའི་རྟེན་མཇལ་མཛད་ཅིང༌། བཀྲ་ཤིས་སྒོ་མང་དུ་ཆོས་རྗེ་དང་མཇལ་འཛོམ་མཛད་པས་བཅོས་མིན་གྱི་དད་པ་ཐོབ་སྟེ་རིམ་པར་ཕྱག་ཆེན་ལྔ་ལྡན་དང་ཟབ་མོ་ནང་དོན་སོགས་ཀྱི་ཆོས་འབྲེལ་གསན། ཟླ་བ་ཕྱི་མའི་ཚེས་བཅུའི་ཚོགས་མཆོད་ལ་ཡང་དགོན་དུ་གདན་དྲངས་པ་ན་ཞལ་གཟིགས་སོགས་བྱུང་ཚུལ་ཆོས་རྗེ་ལ་ལྐོག་གྱུར་དུ་གསུངས་པ་ཡོད་ཟེར། ལྷོ་རོང་ནས་སྡེ་བ་ཆེ་ཚང་གི་ནང་སོ་གུ་ཤྲི་པ་ཡང་འབུལ་ཞབས་རྒྱ་ཆེན་པོ་དང་བཅས་ཏེ་མཇལ་དུ་བྱོན་ཅིང་གཞན་ཡང་བར་ལམ་ལྷོ་ངོས་ཀྱི་སྐྱེ་བོའི་ཚོགས་དུ་མས་ཀྱང་མཇལ། གླིང་འགུ་ཟི་ནས་རི་བོ་
ཆེར་ཕེབས་པའི་བར་དེ་དག་ཏུ་བཀའ་འགྱུར་ལས་ཤེར་ཕྱོགས་ཀྱི་འཕྲོ་མུས་རྣམས་དང་མདོ་སྡེ་རྒྱ་ཆེར་རོལ་པའི་ལུང་གསན། སོག་ཟམ་ཁ་ནས་འབྲོང་བུ་ཏའི་གུ་ཤྲི་བསྟན་འཛིན་གྲགས་པ་སྐུ་མཆེད་ཀྱི་སྤྱན་འདྲེན་དུ་གུ་ཤྲི་པ་ཉིད་བྱོན་པ་དང༌། ཧོར་ཀརྨ་དཔལ་དང་ནང་ཆེན་སྟོད་པའི་ཇ་འདྲེན་ཡང་འབྱོར་བ་བཞིན། དེར་ཟླ་བ་གཅིག་ལྷག་ཙམ་བཞུགས་ནས་རིམ་གྱིས་བཏེག་པའི་ལམ་དུ་རྒྱ་སྟོན་ཆོས་རྗེ་སྐུ་མཆེད་ཀྱིས་མཇལ་ཞིང་བསྙེན་བཀུར་དང་འབུལ་ཆེན་མཛད། དེ་ནས་སོག་ཟམ་བཀྲ་ཤིས་ལྷུན་གྲུབ་རབ་བརྟན་གླིང་དུ་ཕེབས་པའི་ཚེ་དགེ་འདུན་སྟོང་ཕྲག་ཙམ་གྱི་སེར་སྦྲེངས་ལ་སོགས་པའི་༢༢བསུ་བ་དང༌། སྡེ་དགོན་ཐམས་ཅད་ཀྱིས་འབུལ་ཞབས་བླ་ལྷག་ཏུ་བགྱིས། དེར་རིན་པོ་ཆེ་དཔའ་བོའི་དྲུང་ནས་ཇ་འདྲེན་དུ་དགེ་སློང་དོན་གྲུབ་སོགས་གནང་བའང་སླེབས་ཤིང༌། སོག་ལའི་རྒྱབ་ཏུ་སྤོ་བོ་སྟོད་པའི་ཀར་སྲིད་རྣམས་ཀྱི་རྟ་འབུལ་སླེབས། དེ་ནས་རིམ་གྱིས་བྱང་ལམ་ནས་ཕེབས་པའི་ལམ་རྣམས་སུ་
ཕྱག་ཆེན་རྒྱ་གཞུང་གི་ལུང་གསན་ཅིང༌། བྱང་རིས་ཀྱི་སྐྱེ་བོ་དུ་མ་ཐར་པའི་ལམ་དུ་བཟུད་པའི་བཀའ་དྲིན་སྩལ། སྟག་ལུང་ཆོས་རྗེ་བྱང་དུ་ཕེབས་པས་ཇ་འདྲེན་ཕུལ། འབབ་རོམ་བྲག་གི་གནས་མཇལ་དུ་ཕེབས་པར་ཆོས་རྗེ་ཁག་གཉིས་ཀྱིས་སྣེ་ལེན་བཟང་པོ་ཞུས། དེ་བཞིན་དུ་དབུ་མ་པ་དང་ཀོང་པ་རྣམས་ཀྱིས་ཀྱང་སོ་སོའི་དགོན་པར་སྤྱན་དྲངས་ཤིང་བསྙེན་བཀུར་བགྱིས། བན་སྒར་བ་དང་རོང་པོ་ཆེན་པོ་མཆོད་ཡོན་དཔོན་གཡོག་རྣམས་ཀྱིས་འབུལ་ཞབས་བགྱིས་ཏེ་དེར་བཞུགས་པའི་ཚེ། སྣང་བ་སྣ་ཚོགས་ཀྱི་ཐང་ཡངས་ལ། །ང་རིག་པའི་ཁྱེའུ་ཆུང་རྩེད་མོ་རྩེ། །ཞེས་སོགས་ཀྱི་མགུར་མཛད། དེ་ནས་དགུང་ལོ་བཅུ་པ་གླང་ལོ་ཟླ་བ་བཅུ་གཅིག་པའི་ཉེར་བདུན་ལ་ཡངས་པ་ཅན་དུ་ཕེབས་ཏེ་ཟླ་ངོ་མ་དཀར་བར་རྩེ་ལྡེང་དུ་བཞུགས་སྒར་མཛད། ཚེས་གསུམ་ལ་གཙུག་ལག་ཁང་དུ་སྤྱན་དྲངས་ཤིང་དྲུང་ནས་དཔལ་འབྱོར་རྣམ་རྒྱལ་བ་དང་དབོན་གུ་ཤྲི་ཀརྨ་བསྟན་འཛིན་ཁུ་དབོན་གྱིས་སྣ་
ལེན་གྱི་འབུལ་ཞབས་བཟང་པོ་བགྱིས། དེར་ཐོགས་ཤིག་བཞུགས་ནས་མཚུར་ཕུར་ཕེབས་པ་ལ་ནང་སོ་དང་དགེ་འདུན་རྣམས་ཀྱིས་བསུ་བ་དང་འབུལ་ཞབས་བགྱིས་ཤིང༌། དབུས་གཙང་གི་ཀར་སྡེ་སོ་སོའི་བླ་སློབ་དཔོན་དང་བཅས་པ་ཀུན་གྱིས་ཞལ་མཇལ་ཕྱག་འབུལ་ཞུས། སྡེ་དཔོན་ཆེ་ཕྲ་རྣམས་ཀྱི་ཇ་ཞུས་ཀྱང་འབྱོར། སྟག་ལོའི་ལོ་སར་དང་བདེ་ཆེན་ནས་དྲུང་ནས་ཁུ་དབོན་གྱིས་ཞབས་༢༣ཏོག་མཛད་དེ་གཞིས་བྱེས་ཀྱི་དགེ་འདུན་སྟོང་བརྒྱད་བརྒྱ་ཙམ་གྱིས་སྨོན་ལམ་མཛད། ཚེས་བཅུ་གསུམ་གྱི་ཉིན་རྗེ་བླ་མ་མཆོག་གི་ཞལ་སྔ་ནས་རྒྱལ་དབང་སྤྲུལ་པའི་སྐུ་གདན་སར་ཕེབས་པའི་དགའ་སྟོན་གྱི་བརྒྱ་འབུལ་ཞིག་གནང་བར་དབུ་ཞྭ་འཛམ་གླིང་གཡས་བཞག་བཞེས་ནས་ཚོགས་པ་ལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་གནང་ཞིང་བཅོ་ལྔའི་ཉིན་དྭགས་པོའི་ཆོས་བཞིའི་ཆོས་འབྲེལ་ཀྱང་གནང་བས་ཐམས་ཅད་ཡིད་ཚིམ་པར་གྱུར། ཟླ་བ་གཉིས་པ་ལ་འབྲི་ཁུང་ཕག་མོར་ཕྱག་ནས་དགོས་ཚུལ་ཞུས་པ་བཞིན་
གནང་བས། དེ་ཀའི་ཉིན་མོ་ནས་ཚེས་བཞིའི་བར་ཉིན་རེ་ལས་ཉིན་རེ་ཕྱག་ནས་མང་བར་ཕེབས་པས་ཐུགས་ཀ་རྫོགས་པ་བྱུང་ཟེར། དེ་དག་གི་ཚེ་ལྷོ་བྲག་ནས་སྤྱན་འདྲེན་ཞབས་བསྐུལ་ཡང་འབྱོར་བ་བཞིན་ཚེས་བཅུ་བདུན་ལ་བཏེག་ནས་རྒྱལ་ལ་བརྒྱུད་ཕེབས་པར་བནྡྷེ་ལྷ་ཡུལ་ཆུ་ཤུལ་པ་རྣམས་ཀྱིས་སྤྱན་འདྲེན་འབུལ་ཞབས་བགྱིས་ཤིང༌། སྙུག་ལ་བ་དཔོན་བློན་གྱིས་ཞབས་ཏོག་ཞུས་ཏེ་ལེགས་བཤད་གླིང་དུ་རྗེ་ཀརྨ་ཕྲིན་ལས་པའི་དངུལ་གདུང་ལ་ཕྱག་འབུལ་དུ་ཕེབས། ཉེར་ལྔའི་ཉིན་གམ་པ་ལ་རྩར་གཞིས་ཀ་གོང་དཀར་ནས་གོང་མ་ཆེན་པོའི་གདུང་བརྒྱུད་ངག་དབང་གྲགས་པ་རྣམ་རྒྱལ་དཔལ་བཟང་པོ་ལས་ཚན་གཟབ་གཤོམ་གྱིས་ཕྱག་འབུལ་དུ་ཕེབས་པ་དང་མཇལ་འཛོམ་མཛད་ནས་ཕྱག་ཆེན་ལྔ་ལྡན་གྱི་ཆོས་འབྲེལ་གནང༌། དེ་ནས་དཔལ་དེ། སྣང་དཀར་རྩེ། སྟག་ལུང་ལྷོ་སྟོད་པ་རྣམས་ཀྱིས་སྤྱན་འདྲེན་འབུལ་ནོད་རིམ་པར་བགྱིས་ཏེ། ཟླ་བ་གསུམ་པའི་ཚེས་བཅུ་བཞི་ལ་སྲས་མཁར་
དགྱེས་པ་རྡོ་རྗེའི་ཕོ་བྲང་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་ཕེབས་པའི་ཚེ་ནམ་མཁའ་ཤིན་ཏུ་ལེགས་ཤིང་འབྱུང་པ་གཞན་ཡང་མི་འཁྲུགས་པར་ལྷམ་པ་ལ། བསུ་བའི་སེར་སྦྲེངས་འཕན་གདུགས་རྒྱལ་མཚན་སྐུ་མཁར་གྱི་རྩེ་ནས་བཀྲ་ཤིས་ཁྲ་རིང་བྲོ་བ་གར་འཆམས་ལ་སོགས་པའི་བཀོད་པ་བསམ་གྱིས་མི་ཁྱབ་པ་མཛད། སྔོན་རྗེ་གོང་མའི་བཀས་གནང་བ་ལྟར་གཙུག་ལག་ཁང་རྟེན་མཆོད་དང་བཅས་པ་ཕུན་ཚོགས་རྗེ་དཔའ་བོ་གཙུག་ལག་ཕྲེང་བའི་དགོངས་པ་བཞིན་ཉེ་གནས་དགེ་སློང་འཇམ་དབྱངས་པས་ཕྱག་ལེན་དུ་བསྟར་བ་དང༌། གྲྭ་ཚང་རིག་འཛིན་གྲུབ་མཆོག་གླིང་གི་དགེ་འདུན་རྣམས་ལྟ་སྤྱོད་རྣམ་པར་དག་པ་སོགས་ཡོན་གནས་དམ་པར་གྱུར་པ་ལ་ཐུགས་དགྱེས་ཤིང་རངས་པར་གྱུར། ཕེབས་པའི་ཉིན་དེ་མ་ཐག་དཔོན་སློབ་མཇལ་འཕྲད་གནང་ཞིང༌། དེ་ནས་ཉིན་རེ་བཞིན་མཇལ་འཛོམས་དང་གཙུག་ལག་ཁང་སྟེང་འོག་བར་གསུམ་ཐ་གྲུ་ཁྱབ་པར་ཕེབས་ཏེ་ཕྱག་ནས་
གནང༌། རིན་པོ་ཆེ་དཔོན་སློབ་ནས་འཆི་མེད་ཀྱི་དཔལ་འབྱོར་ལྟ་བུའི་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུ་བ་མཛད། ཚེས་བཅུ་དགུ་གཟའ་སྐར་ལེགས་པ་ལ་བསྟན་པའི་གཙོ་བོའི་སྐུ་ལི་མ་ཁྱད་འཕགས་དུ་མ་བཞུགས་པའི་དྲུང་དུ་རྗེ་བླ་མ་མཆོག་གི་ཞལ་སྔ་ནས་མཁན་པོ་དང༌། རིན་པོ་ཆེ་དཔའ་བོས་སློབ་དཔོན་གྱི་བྱ་བ་མཛད་ཅིང༌། དུས་བསྒོ་བ་ཤཀྱཱའི་དགེ་སློང་ཀརྨ་དཔལ་སོགས་དགེ་འདུན་གྲངས་ཚང་མཚན་ཉིད་དང་ལྡན་པའི་དབུས་སུ་དགུང་ལོ་བཅུ་གཅིག་པ་ལ་རབ་ཏུ་བྱུང་བ་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ཏེ། རབ་བྱུང་གི་མཚན་དུ་དཔལ་ལྡན་མི་ཕམ་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་གར་དབང་ཕྱོགས་ལས་རྣམ་པར་རྒྱལ་བའི་སྙིང་པོ་ཁྱབ་བདག་བསྟན་པའི་ཉི་མ། ཞེས་གསོལ། དེའི་ཚེ་ཆེད་དུ་མ་སྒྲིགས་པར་རབ་བྱུང་དུ་གསོལ་བ་དང་གྲྭ་ཚང་གི་ཚོགས་དུང་བུས་པ་༢༥འགྲིགས་པས་རྟེན་འབྲེལ་ལེགས་པར་གོ །ཞེས་རྗེ་བླ་མ་མཆོག་གསུངས། ཚེས་ཉེར་གཅིག་གཟའ་སྐར་འགྲུབ་སྦྱོར་དང་
ལྡན་པའི་ཉིན་རྗེ་དཔའ་བོའི་དྲུང་དུ་རྗེ་བཙུན་མ་སྒྲོལ་དཀར་གྱི་རྗེས་གནང་གསན་ཅིང༌། དེ་ནས་རིམ་པར་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་དབང་དང༌། ནཱ་རོ་ཆོས་དྲུག །ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར། ཨཽ་ཌྱཱན་བསྙེན་སྒྲུབ། སྦྱོར་བ་ཡན་ལག་དྲུག་གི་ཁྲིད་རྣམས་ཀྱི་དམིགས་རིམ། ལྷ་མོ་དུད་སོལ་མའི་རྗེས་གནང༌། བྱང་སའི་ལུགས་ཀྱི་སྨོན་འཇུག་གི་སེམས་བསྐྱེད་རྣམས་དང༌། རྗེ་བླ་མའི་དྲུང་དུ་དུས་འཁོར་འགྲེལ་ཆེན་གྱི་ལུང་དང་རྔོག་དཀྱིལ་བདུན་པའི་དབང་ཡང་གསན། ཡབ་སྲས་བཀའ་བགྲོས་ནས་ཟུར་རིའི་བླ་མ་དོན་རིན་གཤེགས་པའི་གདན་སར་དབུ་མཛད་བསམ་མི་ཁྱབ་བསྐོ་བཞག་གནང༌། སྤྱན་སྔ་ཐམས་ཅད་མཁྱེན་པའི་ཞལ་སློབ་མོན་ལྷུན་གྲུབ་ཆོས་སྡིངས་དང་བཀྲ་ཤིས་དགེ་འཕེལ་སོགས་ཀྱི་བླ་མ་དྷི་ཚས་འབུལ་ནོད་བགྱིས། དེ་ལ་སོགས་པ་ཕྱོགས་དེའི་སྐྱེ་བོ་དུ་མས་འབུལ་ཞབས་རྒྱ་ཆེན་པོ་རྒྱུན་མར་བགྱིས་ཤིང་ཀུན་ཀྱང་ཐར་པའི་ལམ་དུ་དཀྲི་བར་མཛད། ཟླ་བ་བཞི་པའི་ཚེས་བཅུ་
དགུ་ལ་བཏེག །གནས་ལྷ་ལུང་དུ་ལྷོ་སྟོད་པས་ཞབས་འདེགས་ཞུས་ཤིང༌། སྟག་ལུང་དང་སྣ་དཀར་རྩེར་ཁྲི་དཔོན་མཆེད་ཀྱིས་ཀྱང་བསྙེན་བཀུར་དང་འབུལ་ཆེན་མཛད། སླར་དཔལ་དེ་བརྒྱུད་སྙུག་ལའི་ན་ཁ་སྦུག་ཏུ་སྙུག་ལ་བ་དཔོན་བློན་གྱིས་བཏེག་སྟེ་ཐོགས་ཤིག་བཞུགས་སྐབས་བཟད་པ་དང་དགའ་ཚལ་བ་སྡེ་དགོན་གྱིས་ཀྱང་སོ་སོར་སྤྱན་དྲངས་ཤིང་འབུལ་ཞབས་བགྱིས། དེ་ནས་རྫ་དཀར་གྱི་ལ་ནས་གནམ་ཁོག་གི་བསིལ་སྣར་ཕེབས་པ་ལ་ཧོར་སྟོད་པའི་དཔོན་ཚང་ཁག་སྡེ་མངས་དང་བཅས་པས་མཇལ་ཏེ་འབུལ་བ་དང་བསྙེན་བཀུར་བཟང་པོ་བགྱིས། སྟོད་ལུང་བདེ་༢༦ཆེན་ནས་ཞབས་འདེགས་ཞུས་ཏེ་འབྲི་རྫིའི་གངས་འདབ་ལྷ་ཞོལ་དུ་ཟླ་ཤས་བཞུགས་ཤིང་བཀའ་འགྱུར་ལས་མདོ་སྡེ་དཀོན་བརྩེགས་དང་ཕལ་ཆེན་གྱི་ལུང་རྣམས་གསན་ནས། ཡངས་པ་ཅན་དང་བདེ་ཆེན་དུའང་ཕེབས། དེ་དག་གི་སྐབས་སུ་ནང་སོ་སྒོ་པས་མཚུར་ཕུའི་དཀོན་གཉེར་དགོངས་ཁྲོལ་ནན་གྱིས་ཞུས་པ་
ལ་ཡབ་སྲས་ཆིབས་རགས་མཚུར་ཕུར་ཕེབས་ཏེ་དཀོན་གཉེར་རྗེ་གོང་མའི་སྐབས་ལྟར་ཡང་ཟུར་ནས་བཞི་སྡེ་བསྐོ་བཞག་གནང༌། སླར་ཡངས་པ་ཅན་དུ་ཕེབས་ནས་ཟླ་བ་བཅུ་པའི་ནང་དུ་སྦྱིན་བདག་ཆེན་པོ་ལྷ་ཕུ་བས་གཙང་ཕྱོགས་སུ་སྤྱན་དྲངས་པའི་ལམ་ཞོར་ཇོ་མོ་གངས་ཀྱི་གནས་མཇལ་མཛད། ལྷ་ཕུར་ཕེབས་ཐོག་ནས་ཟབ་བུ་ལུང་གི་གནས་གཟིགས་ཀྱང་གནང་སྟེ། རིན་ཆེན་གླིང་དུ་གདན་ཕེབས་པ་ན་ལྷོར་རིན་པོ་ཆེ་དཔའ་བོ་ཞི་བར་གཤེགས་པའི་དགོངས་རྫོགས་འབུལ་མི་སླེབས། དེར་ཟླ་བ་ཁ་ཡར་གྱི་བར་འབུལ་ཞབས་རྒྱ་ཆེན་པོ་བསྒྲུབས་ནས་ཤངས་རྣམ་རྒྱལ་གླིང་དུ་ཕེབས་ཏེ། སྐུ་མདུན་ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབུལ་བ་དང་བསྙེན་བཀུར་ཡང་དག་པ་བགྱིས་ཤིང༌། གསུང་རབ་གླིང་དགོན་དུ་ཡོས་ལོའི་ལོ་གསར་དང་སྨོན་ལམ་གནང་ཞིང༌། ཏྲེ་བོ་སྤྲུལ་སྐུ་དང་བསམ་གྲུབ་རྩེ་ནས་རིན་སྤུངས་པའི་སྡེ་པ་རྒྱལ་བུས་ཀྱང་བྱོན་ཏེ་མཇལ། དེ་ནས་དཔལ་མིའི་དབང་པོ་ངག་དབང་འཇིག་རྟེན་
དབང་ཕྱུག་རྒྱལ་བ་གོང་མས་རྒྱལ་སྲིད་དུ་ལུང་བསྟན་ཅིང་དབང་བསྐུར་བས་སྤྱན་དྲངས་པ་བཞིན་ཟླ་བ་གཉིས་པའི་ཚེས་གསུམ་ལ་རིན་སྤུངས་སུ་བཏེག་སྟེ་མཐོང་སྨོན་དུ་ཕེབས་ཐོག་ཐུབ་བསྟན་གསེར་མདོག་ཅན་ནས་མཁས་པའི་དབང་པོ་དཔལ་མཆོག་བཟང་པོ་སོགས་མཁན་སློབ་རྣམས་ཀྱིས་མཇལ་ཞིང༌། འདུལ་གྲྭ་གླིང་དུ་ཐོབ་རྒྱལ་བ་མཆོད་ཡོན་གྱིས་ཀྱང་འབུལ་ཞབས་བགྱིས། ཚེས་བཅུ་ལ་ཤ་༢༧རའི་གྲུ་ཁ་ནས་མིའི་དབང་པོ་དཔོན་བློན་འཁོར་འབངས་སྡེ་དགོན་དང་བཅས་པས་བསུ་བའི་བཀོད་པ་རྒྱ་ཆེན་པོས་སྤྱན་དྲངས་ཏེ་ཁ་རུ་སྟེང་ཀླུ་སྡིངས་སུ་གདན་ཕབས། ཚེས་བཅུ་བཞི་ལ་ཕོ་བྲང་གི་ཚོམས་ཆེན་དུ་རིགས་ལྡན་ཞིང་ཁམས་རྒྱ་མཚོའི་གོས་ཡོལ་བྲེ་བ་ལ་སོགས་པ་རྒྱལ་པོའི་དཔལ་འབྱོར་གྱི་བཀོད་པ་ངོ་མཚར་བ་བཤམས་ཏེ་སྤྱན་འདྲེན་ཞུས་ནས་ལི་དམར་ལས་རྒྱ་གར་ཡུལ་དབུས་ཀྱི་བཟོ་བོས་བསྒྲུབས་པའི་ཐུབ་པ་ཁྱད་ཆོས་གསུམ་ལྡན་དང་བཀྲ་ཤིས་ཀྱི་རྫས་དུང་དཀར་པོ་གཡས་སུ་
འཁྱིལ་བས་ཐོག་དྲངས་པའི་འབུལ་བ་དང་བསྙེན་བཀུར་བཟང་པོ་མཛད། ཟླ་ངོ་གསུམ་ཙམ་གྱི་བར་དུ་གུས་པ་དང་བཀུར་སྟི་མཐའ་ཡས་པས་མཆོད་ཅིང༌། སྒར་ཆེན་དཔོན་སློབ་ནས་ཀྱང་དབོན་ཞང་བར་སོགས་བདེ་འཇགས་ཀྱི་བཀའ་ཁྱབ་གནང༌། དེ་དག་གི་ཚེ་འབྲས་ཡུལ་སྐྱེད་མོས་ཚལ་ནས་ཆོས་རྗེ་གུང་པ་དང་སློབ་དཔོན་རབ་བརྟན་པ་མཁན་སློབ་དགེ་འདུན་རགས་རིམ་དང་བཅས་པས་མཇལ་ཞིང༌། བྱམས་ཆེན་པ་རྣམས་ཀྱིས་ཀྱང་སྤྱི་སྒོས་སོ་སོ་ནས་འབུལ་བ་དང་བསྙེན་བཀུར་ཡང་དག་པ་བསྒྲུབས། དེ་ནས་འོད་ཡུག་བརྒྱུད་འཛོམ་ཐང་དུ་ཐོགས་ཤིག་བཞུགས་ཏེ་སྙེ་མོ་གྲ་སྐོར་དུ་ཕེབས་པར་ཅི་འབྱོར་བའི་འབུལ་བ་དང་ཞབས་ཏོག་ཞུས་ཤིང༌། ཡབ་སྲས་བཀའ་བགྲོས་པས་འབྲོང་བུ་དགོན་རྙིང་དུ་ཞིག་གསོས་དང་བུ་ཁྲལ་གྱི་བཀའ་བཀོད་གནང་ནས་སློབ་དཔོན་བསྐོ་བཞག་ཀྱང་མཛད། དེར་ཆོས་སྡེ་བྱ་མཁར་ནས་རྗེ་དབོན་པཎ་ཆེན་དཔོན་སློབ་རྣམས་ཀྱིས་ཀྱང་མཇལ། ལོ་ཆེན་རཏྣ་བྷ་དྲའི་སྐུ་སྐྱེ་
གྲྭ་རིགས་རྣམས་ཀྱིས་གདན་དྲངས་ནས་གཙུག་ཕུད་ཕུལ། སླར་ཡངས་པ་ཅན་དུ་ཕེབས་ཏེ་དེ་དག་གི་བར་རྣམས་སུ་བཀའ་འགྱུར་ལས་མདོ་མང་གི་འཕྲོ་མུས་རྣམས་རྗེ་བླ་མའི་གསན་ཡིག་བཞིན་རྫོགས་པར་གསན། ཧོར་སྟོད་སྨད་ཀྱི་དཔོན་ཚང་༢༨རྣམས་ཀྱིས་གཙོས་པའི་བྱང་རིས་ཀྱི་སྐྱ་སེར་ཕལ་གྱིས་མཇལ་ཞིང་འབུལ་ཞབས་བགྱིས། དེར་ཡང་རི་བླ་མ་གཡུང་ཀུན་སྤངས་མཛད་པའི་གདན་སར་ཡབ་སྲས་བཀའ་བགྲོས་པས་དགེ་སློང་བསོད་ནམས་བཟང་པོ་བསྐོ་བཞག་གནང༌། དེ་ནས་དུས་ཟིང་ཕྲན་བུ་ལ་བརྟེན་དབུས་ཕྱོགས་སུ་ཕེབས་དགོས་ཤར་བས་བཟས་སྙུག་བརྒྱུད་གཞིས་ཀ་གོང་དཀར་དུ་ཞབས་དྲུང་དང་མཇལ་འཛོམས་གནང་ནས་སྐྱིད་གཤོངས་སུ་ཕེབས། ཡར་སྐུར་ལ་སོགས་པའི་དམག་ཐོག་གི་སྡེ་དཔོན་མི་དམངས་དང་བཅས་པས་མཇལ། ཡབ་སྲས་བཀའ་བགྲོས་ཀྱི་སྟེང་ནས་དབུས་གཞུང་བདེ་འཇགས་ཀྱི་བཀའ་ཁྱབ་གནང་བ་ཀུན་གྱིས་སྤྱི་བོས་ནོད་དེ་ཆིངས་དན་ལ་འཁོད་
འབྲུག་ལོའི་ལོ་སར་དང་སྨོན་ལམ་མཛད། དེ་ནས་ཡར་རྒྱབ་དཔོན་ཆེན་ཡུམ་སྲས་ཀྱིས་ཚལ་མིན་དུ་སྤྱན་དྲངས་ཏེ་ཟླ་བ་ལྷག་ཙམ་གྱི་བར་བཞུགས་ཤིང༌། རིམ་པས་དོལ་མདའ་བརྒྱུད་བྱམས་པ་གླིང་གི་གནས་མཇལ་ཡང་མཛད་ནས་ཡར་ཀླུངས་སུ་ཕེབས་ཏེ་ཁྲ་འབྲུག་ཏུ་བཞུགས་པའི་ཚེ་མཁར་ཐོག་ནས་དཔོན་ས་ཡུམ་སྲས་ཀྱི་དགོངས་རྫོགས་སུ་ནར་མའི་ཞབས་ཏོག་དང་ཁྱད་ནོར་སྣ་གྲངས་སུ་བཀོད་པའི་འབུལ་བ་བགྱིས་ཤིང༌། དགེ་བ་རྒྱུན་ཆགས་ཀྱི་མཆོད་གཞིས་ཀྱང་ཕུལ། དེར་ཡར་སྟོད་ནས་སྡེ་པ་ཕུན་ཚོགས་པ་དང་ལྕམ་ཆོས་མཛད་མ་སོགས་སྡེ་དཔོན་རིགས་དང་བླ་མ་སློབ་དཔོན་དུ་མས་མཇལ་ཞིང་འབུལ་ཞབས་བགྱིས། ཉིན་རེ་བཞིན་ཞལ་མཇལ་དང་དགེ་བསྐུལ་ལ་སོགས་པ་མཐོང་ཐོས་དོན་ལྡན་གྱི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འགྲོ་དོན་དང༌། དུས་བཟང་ཀུན་ལ་གཙུག་ལག་ཁང་དུ་རྟེན་མཇལ་དང་ཕྱག་མཆོད་ལ་ཕེབས་ཤིང༌། ཕོ་བྲང་ཡུམ་བུ་བླ་མཁར་དང་སྣེའུ་གདོང༌། ཆོས་གྲྭ་
རྩེས་ཐང༌། རས་ཆུང་ཕུག །ཤེལ་བྲག་རྣམས་སུ་ཡང་ཞབས་༢༩ཀྱི་པདྨོ་བཀོད་པར་སོ་སོ་ནས་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས། དེ་དག་གི་ཚེ་རྗེ་བླ་མའི་དྲུང་དུ་བདག་གིས་གསོལ་བ་བཏབ་པ་དང་ལྷན་ཅིག་མདོ་སྡེ་རྒྱན་དང་སྤྱོད་འཇུག་གི་བཤད་ལུང་གསན། རྗེ་གོང་མ་ལ་མི་ཕྱེད་པའི་དད་ཐོབ་སྡེ་པ་འཕྱོངས་རྒྱས་པ་ཧོར་བསོད་ནམས་དར་རྒྱས་ཀྱིས་ཐང་པོ་ཆེར་སྤྱན་དྲངས་ནས་གུས་པ་དང་འབུལ་ཞབས་བླ་ལྷག་ཏུ་མཛད། དེ་ནས་གདན་ས་ཐེལ་དུ་ཕེབས་པར་སྤྱན་སྔ་རིན་པོ་ཆེས་རྗེ་གོང་མ་དང་ཁྱད་པར་མ་མཆིས་པའི་མོས་གུས་ཀྱི་གདུང་ཤུགས་ཆེན་པོས་བཀའ་ཆོས་ཀྱི་འབྲེལ་བ་གསན་ཅིང༌། ཕྱི་ནང་གི་རྟེན་གསུམ་མ་ལུས་པ་སྤྱན་ལམ་དུ་བསྟར་བའི་རྟེན་མཇལ་དང༌། ཞག་ཁ་ཡར་གྱི་བར་དུ་ཞབས་འདེགས་དང་འབུལ་བ་རྒྱ་ཆེར་བསྟབས་ནས། བྲག་ཀ་བརྒྱུད་བསམ་ཡས་དང་མཆིམས་ཕུའི་གནས་རྟེན་རྣམས་ཞིབ་ཏུ་མཇལ་བ་དང་ཕྱག་མཆོད་མཛད། སྔགས་གྲྭ་རིག་
འཛིན་མཁའ་སྤྱོད་གླིང་དུའང་ཞབས་པད་བཀོད་ཅིང༌། དད་ནོར་ལྡན་པ་འཕྲེང་པོ་ཐུབ་དབང་རྒྱལ་མཚན་གྱིས་སྤྱན་དྲངས་ནས་ལོངས་སྤྱོད་ཀྱི་དངོས་པོ་དུ་མས་མཆོད་ཅིང་ཡུན་རིང་བར་བཞུགས་སྐབས་རྗེ་བཙུན་ངལ་གསོ་ལས་བཏུས་པའི་ཕར་ཕྱིན་གྱི་ཟིན་ཐུན་གསན། དེར་འབྲི་ཁུང་ཁང་གསར་ཐོག་གི་སྤྱན་འདྲེན་ནན་ཞུས་བྱུང་བ་བཞིན་བསམ་ཡས་ཕུ་བརྒྱུད་ཟླ་བ་དྲུག་པའི་ཚེས་བཅུ་གཉིས་གཟའ་སྐར་དང་དུས་སྦྱོར་བཟང་པོ་ལ་མལ་གྲོར་ཕེབས་ཏེ་འབྲི་ཁུང་རིན་པོ་ཆེ་ཀུན་སྤངས་རིན་ཆེན་རྣམ་རྒྱལ་དང་ཁྲི་ཐོག་པ་ཆོས་རྗེ་པཎ་ཆེན། ཟུར་པའི་དབོན་ཆོས་རྒྱལ་ཕུན་ཚོགས་རྣམས་ཀྱིས་ཐོག་མར་མཇལ་ཞིང་བསུ་བ་སེར་སྦྲེངས་ལ་སོགས་པས་སྤྱན་དྲངས་ནས་བཀྲ་ཤིས་ཚལ་དུ་གདན་ཕེབས། ཕག་མོ་ནས་དཔོན་ས་ཡུམ་སྲས་རྣམས་ཀྱང་ཕེབས་ཏེ་ཐམས་ཅད་ཀྱིས་ཐུགས་མི་འཕྲོག་པའི་དད་པ་དང་གུས་པ་ཆེན་པོས་བསྟེན་ཅིང་ཟབ་མོ་ནང་དོན་གྱི་ལྗགས་ལུང་ལ་སོགས་པའི་བཀའ་ཆོས་གསན། ཁང་
ཐོག་རྩེ་སྒྲིལ་གྱིས་ཟླ་བ་གསུམ་ཙམ་གྱི་ཞབས་ཏོག་མཛད་ཅིང༌། ཐེལ་གྱི་གནས་མཇལ་དུ་ཡང་ཕེབས་པར་མཁན་སློབ་ཆོས་སྒོ་བ་སོགས་དགེ་འདུན་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེར་བསྒྲུབས། དེ་ནས་རིམ་པར་བཏེག་སྟེ་སྟག་ལུང་དུ་ཕེབས་ནས་ཆོས་རྗེ་རྩེ་པ་དང་གྲོག་ཁ་བ་སྐུ་མཆེད་ཀྱིས་མཇལ་ཞིང་རིམ་པས་བཀའ་ཆོས་ཀྱང་གསན། གྲྭ་མང་ཁམས་བོད་ཀུན་གྱིས་ཀྱང་དད་འདུན་ཆེན་པོས་མཇལ་ནས་འབུལ་ཞབས་གྱ་ནོམ་པ་བགྱིས། མཆོད་ཁང་གི་རྟེན་རྣམས་ཞིབ་མཇལ་གནང་ཞིང་འཇག་སྤྱིལ་དང་རྗེ་མར་པའི་གཟིམ་ཕུག་སོགས་སུ་ཡང་ཕེབས། དེ་ནས་པུ་ཏོའི་གནས་མཇལ་དང་བསྟུན་འཕན་ཡུལ་དང་སྟོད་ལུང་བརྒྱུད་ཡངས་པ་ཅན་དུ་ཕེབས་ཐོག་རྩེ་ལྷ་སྒང་པས་གཙོས་པའི་ཉང་ལོང་ཀོང་གསུམ་སྤོ་བོ་སྟོད་སྨད་དང་བཅས་པའི་རྟ་འབུལ་དང་སྤྱན་འདྲེན་པ་ཡང་འབྱོར་ཞིང༌། སྟག་ལུང་ནས་ཆོས་རྗེ་རྩེ་པ་ཡང་ཕེབས། སྦྲུལ་ལོའི་ལོ་སར་དང་སྨོན་ལམ་ཐོག་གནྡྟོ་ལའི་རྟེན་གཤོམ་
དང་རྟེན་མཇལ་རྒྱས་པར་གནང༌། ཚེས་བཅོ་ལྔའི་ཉིན་སྨོན་ལམ་གྲོལ་བའི་སེར་སྦྲེངས་ཤིས་བརྗོད་ཀྱི་ཚེ་འབྲུག་གྲགས་པས་ཀུན་གྱིས་ལྟས་བཟང་བར་གླེང༌། ཧོར་དང་ཏྲེ་དོལ་བྲག་རོང་སོགས་འབྲོག་སྡེ་དུ་མས་ཉི་མ་མང་པོའི་བར་བརྒྱ་འབུལ་བགྱིས་པར་ཞལ་མཇལ་བྱིན་རླབས་ཆོས་འབྲེལ་དགེ་བསྐུལ་སོགས་ཀྱིས་རེ་བ་རྫོགས་པར་མཛད་ཅིང་ཟླ་བ་བདུན་ཙམ་གྱི་བར་བཞུགས་སྐབས་རྗེ་དུས་གསུམ་མཁྱེན་པའི་བཀའ་འབུམ་དང་བཀའ་བརྒྱུད་གསེར་ཕྲེང་གི་ལྗགས་ལུང་གསན། དེ་ནས་མཚུར་ཕུར་ཕེབས་ཏེ་རྗེ་བླ་མ་མཆོག་གི་བཀའ་བཞིན་བདག་གིས་གཙུག་ལག་ཁང་ཆེན་མོའི་རྒྱ་ཕིབས་ཀྱི་ཞིག་གསོས་བགྱིས་པ་ཕལ་ཆེར་གྲུབ་པ་སྤྱན་ལམ་དུ་བསྟར་བར་དགྱེས་པའི་གཟིགས་རྟོག་དང་ཕྱག་ནས་གནང་ཞིང་གསེར་ཞོ་ཉིས་བརྒྱ་ལ་སོགས་པའི་ཆ་རྐྱེན་ཡང་སྩལ། འདི་སྐབས་ཡབ་སྲས་བཀའ་བགྲོས་ཏེ་མཚུར་ཕུའི་དཀོན་གཉེར་ཡང་ཟུར་རེ་མོས་ཀྱིས་འཛིན་པ་དང་དེའི་རྒྱབ་གཉེར་དང་གྲོགས་དན་
དབོན་ཀརྨ་བསྟན་འཛིན་པར་བཀའ་བཀོད་གནང་བས་ཀོང་པོ་ནས་ཡར་ཕེབས་དུས་འདུ་ཁང་ཆེན་མོའི་བཤུ་འབིགས་ཤིང་རྩེ་དང་བཅས་པ་ལེགས་པར་གྲུབ་པ་བྱུང༌། དེ་ནས་རྒྱལ་ལ་བརྒྱུད་བནྡྷེར་ཕེབས་ཤིང་རྗེ་དཔའ་བོའི་སྤྲུལ་སྐུ་ཞལ་བདག་གནང་སྟེ་ཆུ་ཤུལ་དུ་བཞུགས་ཐོག་ནས་གཞིས་ཀ་གོང་དཀར་དུ་སྤྱན་དྲངས་ཏེ་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་མིའི་དབང་པོས་གཙུག་ཕུད་ཕུལ་ཞིང་ཞལ་ངོ་ཐམས་ཅད་ཀྱིས་བཀའ་ཆོས་ཀྱི་འབྲེལ་བ་གསན་པ་སོགས་གུས་པ་དང་འབུལ་ཞབས་རྒྱ་ཆེར་མཛད། དེ་ནས་སྙུག་ལ་བས་ཟླ་བ་ཕྱེད་གཉིས་ཙམ་གྱི་ཞབས་ཏོག་ཞུས་ནས། ཡར་འབྲོག་དཔལ་དེར་ཕེབས་ཏེ་བཞུགས་སྐབས་འབྲས་སྤུངས་སྤྲུལ་སྐུ་བསོད་ནམས་རྒྱ་མཚོ་དཔོན་སློབ་ཕྱག་འབུལ་དུ་ཕེབས་པ་དང་མཇལ་འཛོམས་རྟེན་འབྲེལ་ལེགས་ཚོགས་ཀྱིས་ཕན་ཚུན་དགྱེས་སྤྲོ་ལྡན་པར་གྱུར་ཅིང༌། ཁ་རེག་ཤར་གྱི་གནས་གཟིགས་སུའང་ཕེབས། དེ་ནས་སྣ་དཀར་རྩེར་ཁྲི་དཔོན་བསྟན་འཛིན་པ་སྐུ་
མཆེད་ཀྱིས་ཟླ་བ་ལྷག་ཙམ་གྱི་ཞབས་ཏོག་ཞུས་ཤིང་མཁའ་རོ་གངས་ཀྱི་གནས་མཇལ་ཡང་མཛད། རྗེ་བཙུན་མ་ཨཽ་ཌྱཱན་མཚོ་མོ་དཔོན་སློབ་ཀྱིས་དགོན་སར་འཛམ་གླིང་ཆོས་འཁོར་དུ་ཕྱག་ནས་ལ་སྤྱན་དྲངས་ཏེ་བཀའ་ཆོས་ཀྱི་འབྲེལ་བ་གསན་ཅིང་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས། དེ་དག་གི་སྐབས་སུ་ཆོས་དྲུག་གི་བཀའ་དཔེ་གོང་འོག་སོགས་དང་རྔོག་པའི་མན་ངག་ཕྱག་དྲེག་མ་པུསྟི། གྲུབ་ཆེན་ཀརྨ་པའི་བཀའ་འབུམ་ཡོངས་སུ་རྫོགས་པ་རྣམས་ཀྱི་ལྗགས་ལུང་གསན། རིམ་པས་ལྷོ་སྟོད་བརྒྱུད་སྲས་སུ་ཕེབས་ནས་རྗེ་དཔའ་བོའི་དངུལ་གདུང་རིན་པོ་༣༢ཆེར་ཕྱག་ནས་དང་སྤྲུལ་པའི་སྐུ་ཁྲི་འདོན་གནང༌། དེར་རྒྱང་ཙམ་བཞུགས་པའི་རིང་སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་རྣམས་གསན་ཞིང༌། དབུ་མ་བྲག་དཀར་བའི་སྐུ་སྐྱེ་གུ་རུ་ལྷ་ཁང་དུ་བྱུང་བ་གྲྭ་རིགས་རྣམས་ཀྱིས་བདག་རྐྱེན་བྱས་འདུག་པ་བཞིན་བྱང་དུ་རྫོང་བ་གནང༌། སླར་ལྷོ་སྟོད་གངས་མདོར་ཕེབས་ཐོག་ཚོགས་ཆོས་ལུང་
པའི་མཁན་ཆེན་ལུང་རིགས་པ་ཕྱག་འབུལ་དུ་ཕེབས་པ་དང་ལྷོ་སྟོད་པའི་སྡེ་པ་མཆེད་སོགས་དད་འདུས་རྣམས་ཞལ་མཇལ་ཆོས་འབྲེལ་ལ་སོགས་པས་ཚིམ་པར་མཛད། དེ་ནས་འབྲོག་སྨད་སྒ་འདྲར་ཕེབས་ཏེ་ཁྲི་དཔོན་བསྟན་འཛིན་པས་ལྷུན་པོ་རྫོང་ནས་ཞབས་འདེགས་དང་འབྲོག་སྟོད་སྨད་ཀྱི་སྐྱ་སེར་ཕལ་གྱིས་མཇལ་ཞིང་འབུལ་ཞབས་བསྒྲུབས། རིམ་པས་གྲྭའི་ཕུ་ནས་རྒྱལ་ཆེན་གླིང་དུ་ཕེབས་པ་ན་དཔོན་ཆེན་པ་ཡུམ་སྲས་སྐུ་མཆེད་རྣམས་ཀྱིས་ཞབས་ཏོག་ཞུས་ཏེ་ལྕགས་ཕོ་རྟ་ལོའི་ལོ་སར་སྨོན་ལམ་རྟེན་མཇལ་དང༌། བཀའ་ཆོས་ཀྱི་འབྲེལ་པའང་ཅི་རིགས་པ་གནང༌། དཔྱིད་སྟོད་འཕྱོངས་རྒྱས་སུ་སྡེ་པ་ཧོར་བསོད་པ་ཞལ་ངོ་རྣམས་ཀྱིས་སྤྱན་དྲངས་ནས་འབུལ་བ་དང་བསྙེན་བཀུར་གྱ་ནོམ་པས་མཆོད་ཅིང་གཞིས་ཀར་ཕྱག་ནས་དང་བཀའ་ཆོས་ཀྱི་འབྲེལ་བ་ཡང་མང་དུ་ཞུས། དེར་བཞུགས་རིང་རྗེ་བླ་མ་ཉིད་ཀྱི་བཀའ་འབུམ་པུསྟི་དང་པོ་གཉིས་ཀྱི་ལུང་གསན། དེ་ནས་ཡར་སྟོད་དུ་ཕེབས་
ཐོག་ནས་གདན་ས་ཐེལ་དུ་སྤྱན་སྔ་རིན་པོ་ཆེའི་དགོངས་རྫོགས་སུ་སྤྱན་དྲངས། སྐྱོར་མོ་ལུང་ནས་གདུང་བརྒྱུད་སྐུ་མཆེད་དང་དགེ་འདུན་ཚོགས་ཆེན་པ་དཔོན་སློབ་མཆོད་ཡོན་རྣམས་དང་ཡང་རིམ་པར་མཇལ་ཞིང་གུས་པ་ཆེན་པོས་བསྟེན། སླར་ཡར་སྟོད་དུ་ཕེབས་ཏེ་སྡེ་པ་ཕུན་ཚོགས་པ་དང་ལྕམ་ཆོས་མཛད་མ་ཞལ་ངོས་ཟླ་བ་བདུན་ཙམ་གྱི་བར་དུ་ནར་མའི་ཞབས་ཏོག་དང་འབུལ་ནོད་རྒྱ་ཆེན་པོས་མཆོད་ཅིང༌།༣༣དད་འདུས་ཀྱི་སྐྱེ་བོ་དུ་མ་ཞལ་མཇལ་གསུང་ཐོས་སོགས་ཀྱི་འབྲེལ་པས་ཡང་དག་པའི་ལམ་དུ་འདྲེན་པར་མཛད། ཟླ་བ་དགུ་པའི་ཚེས་བཅུ་དགུ་ལ་བཏེག་ནས་ཨེ་ཆུ་ཚན་ཁར་སྡེ་པ་རྒྱ་རི་བས་མཇལ་ནས་འབུལ་བ་དང་བསྙེན་བཀུར་ཞུས། ལྷ་གོང་བརྒྱུད་སྦུང་དཀར་གྱི་ལ་ཐོག་ཏུ་སྒོ་ལྕང་གིས་ཞབས་ཏོག་བགྱིས་ཤིང༌། ལ་རྩར་སྐུ་རབ་ནས་སྡེ་པ་གཡུལ་རྒྱལ་བ་དང་སྲོང་བཙན་པ་ཁུ་དབོན་ཐབ་བསུར་བྱོན། ཉེར་དྲུག་ལ་ཙར་སྒམ་གྱི་རི་པས་གཙོས་པའི་དགོན་སྡེ་ཆེ་ཕྲ་རྣམས་ཀྱི་སེར་སྦྲེངས་
སོགས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་སྐུ་རབ་བཀྲ་ཤིས་སྒང་དུ་ཕེབས། ཟླ་དཀར་ཀྱི་ཚེས་ལྔ་ལ་གནས་གཞིར་སྤྱན་དྲངས་ནས་ཐོག་མའི་སྒར་སྟོན་ཞུས། དེ་ནས་ཀྱང་སྒར་སྟོན་གཟབ་གཤོམ་ལན་དུ་མ་དང༌། ཟླ་བ་ཙམ་གྱི་བར་དུ་ལུང་ཚན་སོ་སོས་བརྒྱ་འབུལ་དཔངས་བསྟོད་པ་ཉིན་རེ་བཞིན་ལྟ་བུར་ཕུལ་ཞིང༌། ཟླ་བ་བཅུ་གཉིས་པའི་ཚེས་བདུན་ལ་སྡེ་པ་རང་གི་འབུལ་ཆེན་ཡང་རྒྱ་དཔངས་ཆེ་བ་ཕུལ། ཞལ་ངོ་དང་དགོན་གསར་པ་སོགས་ལ་བཀའ་ཆོས་ཀྱི་འབྲེལ་བ་དང༌། གནས་གཞིར་གནྡྷོ་ལའི་རྟེན་གཤོམ་དགེ་འདུན་རྣམས་ཀྱིས་སྨོན་ལམ་དང་བཅས་པའང་མཛད། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་གཅིག་ལ་བཏེག་སྟེ། རབ་ཐང་གི་གྲུ་ནས་སྒམ་པོའི་གནས་མཇལ་དུ་ཕེབས་ཏེ། སྐུ་འདྲ་རིན་པོ་ཆེ་ལ་སོགས་པའི་རྟེན་རྣམས་ཞིབ་མཇལ་དང༌། རིའི་གནས་རྣམས་སུའང་ཕེབས། སྒོམ་སྡེར་གཞི་ལེན་གྱི་འབུལ་བ་དང་བསྙེན་བཀུར་ཞུས་ཤིང་ཚོགས་པ་རྣམས་ལ་བཀའ་ཆོས་ཀྱི་
འབྲེལ་པའང་སྩལ། ཡོམ་དགོན་དུ་རིན་པོ་ཆེ་རྣམ་རྒྱལ་གྲགས་པ་དཔོན་སློབ་ཀྱིས་འབུལ་བ་བསྙེན་བཀུར་དང༌། དོ་བོ་ཆོས་རྫོང་དུ་ནང་སོ་སྒོ་པས་ཀྱང་འབུལ་ཞབས་བགྱིས་ཏེ་ཚེས་བཅུ་དགུ་ལ་བཤད་སྒྲུབ་གླིང་དུ་ཕེབས་པར་དྭགས་པོ་སྟོད་པའི་སྐྱ་སེར་ཀུན་གྱིས་མཇལ་ཞིང་འབུལ་ནོད་༣༤བགྱིས། ལྕགས་མོ་ལུག་ལོའི་ལོ་སར་དང་སྒོ་པས་ཞབས་ཏོག་ཞུས་ནས་གཞིས་བྱེས་ཀྱི་དགེ་འདུན་རྣམས་ཀྱིས་སྨོན་ལམ་གནྡྟོ་ལའི་རྟེན་གཤོམ་དང་བཅས་པ་གནང༌། དགུང་ལོ་བཅུ་དྲུག་བཞེས་པ་ལོ་སར་གྱི་ཚེས་གཅིག་ནས་སློབ་དཔོན་མཁས་པའི་དབང་པོ་རྣམ་རྒྱལ་གྲགས་པ་ལས་ཕར་ཚད་མངོན་པ་སོགས་མདོ་ཕྱོགས་ཀྱི་གསན་པའི་དབུ་བརྩམས་ནས། ཟླ་བ་གསུམ་ཙམ་གྱི་བར་དུ་སྒོ་སྐུར་གཉིས་ཀ་ནས་ཞབས་ཏོག་དང་འབུལ་ནོད་རིམ་པར་སྒྲུབ་སྐབས་ཀོང་སྟོད་སྨད་ཀྱི་ཇ་ཞུས་དང་སྤྱན་འདྲེན་དུ་རྩེ་ལྷ་སྒང་ནས་དྲུང་པ་སྐུ་མཆེད་ཕེབས་ཤིང༌། མདོ་ཁམས་ནས་མཉན་པ་སྤྲུལ་སྐུ་ཡང་ཇ་སོགས་ཀྱི་
འབུལ་བ་དཔག་མེད་དང་བཅས་ཏེ་ཕེབས། དེ་ནས་ཕྲ་མོ་བྲག་གི་གནས་གཟིགས་དང་རབ་བརྟན་གླིང་གི་དགོན་ས་ཞབས་ཀྱིས་བཅགས་པ་དང་བསྟུན་སྒོ་ལ་ནས་སླར་སྐུ་རབ་ཏུ་ཕེབས་པའི་ཚེ་སྡེ་པས་ཡང་ཟུར་ཅོག་གྲྭ་རྣམས་ལ་གནས་གཞིའི་ཚོམས་ཆེན་དུ་རས་བྲིས་ཀྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་དུ་བཙུགས་པར་ཉིན་རེ་བཞིན་ཚོགས་དབུར་ཕེབས་ཤིང༌། གཟིམ་གུར་གྱི་ཡོལ་བའི་ནང་དུ་གཟིམ་ཁང་ཆུང་ངུ་ཞིག་མཛད་པའི་རྡོ་གཅལ་གྱི་རྡོ་ལ་ཞབས་རྗེས་གསལ་བར་བྱོན། དེར་ཟླ་བ་ཙམ་བཞུགས་ནས། ལ་བར་དུ་ཕེབས་ཏེ་ཞག་ཤས་བཞུགས་སྐབས། རང་བྱུང་བཀའ་འབུམ་ལས་དཀྱིལ་ཆོག་སྐོར་གྱི་ལུང་དང་དབང་འགའ་ཤས་ཀྱང་གསན། ལ་ཐོག་ཟུར་མཁར་དུ་ནང་སོ་བློ་གྲོས་རྒྱལ་པོ་ཁུ་ཚ་རྣམས་ཀྱིས་འབུལ་བ་དང་བསྙེན་བཀུར་ཞུས། ཟླ་བ་ལྔ་པའི་ཚེས་ལྔ་ལ་ཀོང་པོ་ང་ལ་བརྒལ་ནས་དུང་དཀར་བྲག་ཏུ་ཕེབས་ཤིང༌། བཀྲ་ཤིས་སྒང་དུ་ཟླ་བ་ལྷག་ཙམ་
བཞུགས་ནས་ལྡིང་ཚོ་བ་རྣམས་ཀྱི་འབུལ་ཞབས་བཞེས། དེར་སྐྱེན་གནས་རང་དུ་རྒྱལ་པོ་རིན་ཆེན་དང་ཨ་བོ་སངས་རྒྱས་སོགས་སྐྱེན་པ་སྒོ་གོང་འོག་རྣམས་ཀྱིས་མཇལ་ཞིང་བསྙེན་༣༥བཀུར་དང་ཞབས་ཏོག་ཞུས། དེར་མཆིམས་བློན་གྱི་ལ་ཁར་རི་གཟིགས་སུ་ཕེབས་ས་ནས་ཕྱག་ནས་གནང་བ་ཞོལ་མོ་ཆེའི་གཟིམ་ཁང་སོགས་གྲོང་ཀུན་ཏུ་ཕེབས་པ་བྱུང༌། དེ་ནས་ཙཱ་རི་རིན་ཕུག་གི་གནས་མཇལ་མཛད་དེ་ཁོང་ལུང་གི་ལ་བརྒྱུད་ཧོར་ཟླ་དྲུག་པའི་ཉེར་དགུ་ལ་མཚོ་དཀར་དུ་ཕེབས་ཏེ་མཆོད་རྟེན་བཀྲ་ཤིས་འོད་འབར་གྱི་རྩར་ཕེབས་པ་ན་ནམ་མཁའ་དྭངས་ཤིང་ཉི་མ་གསལ་བའི་ཁོར་ཡུག་ཏུ་འཇའ་ཚོན་ལས་གྲུབ་པའི་བྱ་ཚེ་རིང་དང་འབྲུག་གི་གཟུགས་སོགས་དུ་མས་བསྐོར་བ་དང་མེ་ཏོག་གི་ཆར་བབས་པ་ཀུན་གྱིས་མཐོང་བ་བྱུང༌། ཞག་བདུན་ཙམ་བཞུགས་ནས་སླར་སྐྱེན་བརྒྱུད་བ་ཡོར་ཕེབས་ཐོག་ནས་བཀྲ་ཤིས་ལྗོངས་དང་བྱིན་ལེགས་ཀྱི་གནས་མཇལ་ལ་ཕེབས་ཤིང༌། ཙཱ་རི་གསར་མའི་གནས་རྣམས་སུ་
མཆོད་གཡག་ཚོགས་ཁྲོ་ལ་སོགས་པའི་གནང་སྦྱིན་དང་བླ་མ་བསྐོ་བཞག་དགོས་པ་ལ་ཡབ་སྲས་བཀའ་བགྲོས་པའི་བསྐོ་བཞག་ཀྱང་གནང༌། སོག་སྟེང་དུ་དགོན་པ་ཡོན་བདག་དང་བཅས་པས་འབུལ་བ་བསྙེན་བཀུར་ཞུས། དེ་ནས་སླེ་ལུང་དུ་དཔོན་གཡུ་འབྲུག་སྤུན་གྱིས་འབུལ་ཞབས་དང་ཟུར་རུ་གདོང་གྲྭ་ཚང་བ་རྣམས་ཀྱང་བྱོན་ནས་ཞལ་མཇལ་ཕྱག་འབུལ་ཞུས་ཤིང༌། དེ་དག་གི་ཚེ་རང་བྱུང་བཀའ་འབུམ་ལས་ཁྲིད་སྐོར་གྱི་པུསྟི་སོགས་འགའ་ཞིག་གི་ལུང་གསན། འོར་ཤོད་བའི་སྡེ་པ་ཁག་གསུམ་གྱིས་སྤྱན་དྲངས་ནས་ཟླ་བ་ལྷག་ཙམ་བཞུགས་ཤིང༌། བྱང་ཆུབ་སེམས་དཔའི་རྟོགས་པ་བརྗོད་པ་དཔག་བསམ་འཁྲི་ཤིང་དང༌། རྗེ་བླ་མ་ཉིད་ཀྱི་བཀའ་འབུམ་ལས་སྒྲུབ་སྐོར་གྱི་པུསྟིའི་ལུང་གསན། ཚལ་བར་གྱི་གྲུ་ནས་ཆབ་དཀར་བརྒྱུད་ཟིང་པོ་འབུམ་པ་སྒང་དུ་ཟླ་བ་ལྷག་ཙམ་བཞུགས་པར་ཇོ་སྒམ་པོ་དར་རྒྱས་དང་དགོངས་འདུས་སོགས་ཀྱིས་འབུལ་ཞབས་རྒྱ་ཆེར་ཞུས། དེར་རྗེ་མི་བསྐྱོད་
ཞབས་ཀྱི་བཀའ་འབུམ་གྱི་ལྗགས་ལུང་གསན་པའི་དབུ་ཚུགས་ཤིང༌། རྗེ་བླ་མ་མཆོག་གི་སྙན་དུའང་གསོལ་བ་མཛད་ནས་སྒར་ཆོས་སྡེའི་དྲུང་སྐོར་དང་གྲྭ་པ་གཞོན་ནུ་བློ་གསལ་ཁ་ཡར་བསྡུས་ཏེ་གསན་སྦྱོང་གི་ཕྱག་ཕྱིར་སྐུ་གཞོགས་འོག་མིན་གླིང་གི་གྲྭ་ཚང་འཛུགས་པ་གནང༌། ཟླ་སྟེང་དཔལ་རི་དགོན་སོགས་ཀྱང་ཞབས་ཀྱིས་བཅགས་ནས། ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུ་དྲུག་ལ་དགའ་ལྡན་མ་མོར་ཕེབས་ཏེ་གསེར་འབུམ་རིན་པོ་ཆེ་རྣམ་པ་གཉིས་སོགས་ལ་ཕྱག་མཆོད་དང༌། རིམ་པས་ཆུ་ཕོ་སྤྲེའུ་ལོའི་ལོ་སར་སྨོན་ལམ་རྟེན་གཤོམ་དང་བཅས་པ་གནང༌། སྤྱིར་ཀོང་པོའི་ཡུལ་དུ་བྱ་རྒོད་མི་ཡོང་བ་ལ་རྗེ་ཀརྨ་པའི་སྤྲུལ་སྐུ་ཕེབས་པའི་ལོ་སར་ཐོག་མའི་དུས་ཐམས་ཅད་ཀྱིས་མཐོང་བར་ནམ་མཁའ་ལ་བྱ་རྒོད་ལྡིང་བ་ཡོང་ཞེས་ཡུལ་གྱི་རྒན་པོའི་ངག་རྒྱུན་ལ་གླེང་བ་བཞིན་སྨོན་ལམ་གྲོལ་བའི་སེར་སྦྲེངས་ཤིས་བརྗོད་ཀྱི་ཚེ་ནམ་མཁར་རྒོད་ཐང་དཀར་གཉིས་འཁོར་ཞིང་ལྡིང་བ་ཀུན་གྱིས་མཐོང༌། འཇང་
རྒྱལ་བློན་དང་ཞོ་ནགས་སོགས་ཀྱི་འབུལ་སྐྱེལ་གཏོས་ཆེ་བ་འབྱོར་ཞིང༌། གཞན་ཡང་ཀོང་ཡུལ་རལ་གསུམ་གྱི་སྐྱ་སེར་ཁྲོམ་ཚོགས་ཆེ་བ་འདུས་པར་ཉིན་རེ་བཞིན་ཞལ་མཇལ་དང་ཆོས་འབྲེལ་སྨོན་ལམ་སོགས་གནང་བས་ཐམས་ཅད་དགའ་སྤྲོས་དུས་འདའ་བ་གྱུར། དེར་ཡབ་སྲས་བཀའ་བགྲོས་པས་ཟུར་ཐོ་བ་རྣམས་ཐབ་སྒྲིལ་ཏེ་སྒོམ་གྲྭ་ཆེན་མོར་འདོགས་པ་དང་བཅའ་ཡིག་གནང་ཞིང༌། སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱིས། །སྐྱེ་བའི་ཕྲེང་བ་བཅུ་གཅིག་བྱིན་བརླབས་ནས། །རྒྱལ་བའི་བསྟན་པ་འཛིན་པར་ལུང་བསྟན་པ། །དཔལ་ལྡན་ཀརྨ་པ་ལ་གསོལ་བ་འདེབས། །ཞེས་པའི་གསོལ་འདེབས་ལ་སོགས་པ་ཐུགས་རྩོམ་འགའ་ཞིག་ཀྱང་མཛད། དཔོན་ཚང་གོང་འོག་སོགས་ཀྱི་བཀུར་སྟི་ཞབས་ཏོག་དང་བཅས་ཟླ་བ་གསུམ་ཙམ་བཞུགས་ནས། ཧོར་ཟླ་གཉིས་པའི་ཚེས་བཅོ་༣༧ལྔ་ལ་བཏེག་སྟེ་རིམ་གྱིས་རྩེ་ལྷ་སྒང་དུ་ཕེབས། ཞོལ་ཐང་དུ་ཟླ་བ་གཉིས་ཙམ་བཞུགས་པ་ལ་ཀརྨ་ནང་
སོས་གཙོས་ཀར་སྲིད་རྒྱ་འོག་དང་བཅས་པས་འབུལ་ཞབས་གྱ་ནོམ་པ་བསྒྲུབས་ཤིང༌། ཚལ་འབྲུག་རྙིང་མ་ས་དགེ་ལ་སོགས་པའི་བླ་མ་གྲྭ་རིགས་དང་བཅས་པ་ཀུན་གྱིས་མཇལ་ཏེ་དམ་པའི་ཆོས་ཀྱི་འབྲེལ་པས་ཚིམ་པར་མཛད། སླར་སུམ་མཁར་བརྒྱུད་རྫ་རའི་སྒྲུབ་སྡེ་ལ་ཡང་ཞབས་ཀྱིས་བཅགས་པར་ཕ་བོང་གི་ངོས་ལ་ཞབས་རྗེས་བྱོན། དེ་ནས་ཕྲག་ཡུལ་དུ་ཟུར་རུ་གདོང་གྲྭ་ཚང་རྒྱ་འོག་དང་བཅས་པས་སྤྱན་དྲངས་ཏེ་ནགས་ཡུལ་སྤང་དུ་ཟླ་བ་བཞི་ལྔ་ཙམ་བཞུགས་ནས་དགེ་འདུན་རྣམས་ཀྱིས་དབྱར་ཞལ་བཞེས་མཛད། ཡབ་སྲས་བཀའ་བགྲོས་པའི་སྒོ་ནས་ཆོས་རྒྱ་གསོ་བ་སོགས་སྤྱི་སྒོས་སུ་ཞལ་ཏས་ཁྱབ་པར་མཛད་ཅིང༌། སྐྱེར་པ་བས་པས་རྩ་གོང་དུའང་སྤྱན་དྲངས། ཆབ་ནག་བརྒྱུད་རྩ་ནང་གི་གནས་མཇལ་དང་བདེ་ཡངས་ནས་རྒྱ་ལའི་གནས་གཟིགས་ལའང་ཕེབས་ནས། སླར་དཔལ་རྣམ་ཐོས་ཀྱི་རི་བོར་ཆུ་མོ་བྱ་ལོའི་ལོ་སར་དང་སྨོན་ལམ་བཀྲ་ཤིས་དགའ་སྟོན་དགེ་འདུན་སྣམ་སྦྱར་ཅན་བཞི་
བརྒྱ་ཙམ་གྱི་སེར་སྦྲེངས་རྒྱལ་སྲིད་སྣ་བདུན་གྱི་བཀོད་པ་དང་བཅས་པ་མཛད་ཅིང༌། དེའི་ཚེ་འབྲུག་གྲགས་པ་དང་ཆར་བབས་པའི་ལྟས་བཟང་པོ་ཡང་བྱུང༌། སྐུ་རིམ་ཆེན་མོའི་ཐོག་ནས་མཛོད་ནག་ཞལ་འབྱེད་གནང་སྟེ་སྨོན་ལམ་གྱི་རིང་མཛོད་ནག་དང་བྱེས་ཀྱི་རྟེན་གསུམ་མཆོད་རྫས་རགས་རིམ་གྱི་མཇལ་ཁ་གནང༌། དེར་ཀརྨ་ནས་དྲུང་པ་གདུང་བརྒྱུད་པ་དཔོན་སློབ་དང་ཁོ་བ་བླ་མ། འཇང་རྒྱལ་བློན་གྱིས་མངགས་པའི་སྤོ་འབོར་བའི་འགྲོན་ཚན་ལ་སོགས་པ་མདོ་ཁམས་སྟོད་སྨད་ཀྱི་འབུལ་སྐྱེལ་བ་དུ་མ་དང༌། དབུས་གཙང་གི་སྡེ་དཔོན་སོ་སོའི་སྤྱན་འདྲེན་གྱི་སྙན་གསན་འབུལ་མིའང་རིམ་པར་འབྱོར། ཟླ་བ་གཉིས་པའི་ནང་དུ་བཏེག་ནས་ལྟ་བ་རྒྱལ་འཛིན་དུ་ཟླ་སྦྲེལ་ཙམ་བཞུགས་པར་རྒྱ་བདག་རྣམས་ཀྱིས་འབུལ་བ་ ༣༨ དང་བསྙེན་བཀུར་གྱ་ནོམ་པ་བགྱིས་ཤིང་འབྲོག་ལམ་སོགས་དགོན་ཡན་ཕྱིན་རྣམས་ཀྱང་ཞབས་ཀྱིས་བཅགས། གཡུ་རི་དགོན་པ་སོགས་སྤོ་བོ་ཀར་སྲིད་སྟོད་པའི་རྟ་འབུལ་
གཏོས་ཆེ་བ་འབྱོར། དེ་ནས་སྤང་སྣ་ཆུ་སྐོང་བར་ཡབ་སྲས་ལྷན་རྒྱས་སུ་ཕེབས་པ་ལས། རྗེ་བླ་མ་མཆོག་རེ་ཞིང་གདན་ས་དགའ་ལྡན་མ་མོར་བཞུགས་ཤིང༌། རྒྱལ་བ་ཉིད་ཉང་ཁ་ཕྱོགས་སུ་ཕེབས་ནས་ཞོ་ཁ་དང༌། ནགས་ཕུའི་དགོན་གནས་རྣམས་ཞབས་ཀྱིས་བཅགས་པར་དེ་དག་གི་བླ་སློབ་དཔོན་གྲྭ་མང་ཡོན་བདག་དང་བཅས་པ་ཀུན་གྱིས་བསྙེན་བཀུར་དང་འབུལ་ཞབས་རྒྱ་ཆེར་བགྱིས། སོ་སོར་ལུགས་གཉིས་ཀྱི་བཀའ་ཁྱབ་བཟང་པོས་ཀྱང་ཁྱབ་པར་མཛད་དེ། རིམ་གྱིས་རྩེ་ལྷ་སྒང་བརྒྱུད་དགའ་ལྡན་མ་མོར་ཕེབས་ཏེ་རྗེ་བླ་མའི་དྲུང་དུ་མཇལ་སྐྱེས་ཀྱི་འབུལ་ནོད་བཟང་པོ་གནང་ཞིང༌། རྗེ་བླ་མའི་ཞལ་སྔ་ནས་ཀྱང་དེའི་མཛོད་ནག་ཞལ་འབྱེད་གནང་བའི་རྟེན་མཇལ་དང་གཞི་ལེན་གྱི་སྟོན་མོ་སོགས་གཟབས་པར་གནང༌། དེར་བཞུགས་སྐབས་ནས་དབུས་སུ་སྔགས་གྲྭའི་ལྷ་ཆེན་ལ་ཕྱག་ནས་གནང་བར་ཕེབས། དེ་ནས་ཡབ་སྲས་ལྷན་རྒྱས་ཕྲག་ཡུལ་དུ་སྤྱན་དྲངས་ཏེ་ཕྲག་ཐང་སྤང་དུ་ཤིང་ཕོ་ཁྱི་
ལོའི་ལོ་སར་སྨོན་ལམ་རྟེན་མཇལ་སོགས་མཛད་ཅིང་འཇང་གི་འབུལ་སྐྱེལ་དང༌། ཆ་ཕྲེང་རྒྱལ་ཐང་པ་སོགས་ཀྱི་གྲྭ་རྒྱུན་གཏོས་ཆེ་བའང་འབྱོར། སླར་ཀོང་སྨད་དུ་ཆིབས་ཁ་བསྒྱུར་ཏེ་རིམ་པས་གསང་དང་ལྟ་བ་རྒྱལ་འཛིན་དུ་ཕེབས་ནས་ཡབ་སྲས་བཀའ་བགྲོས་པས་སྤོ་བོ་ཆུ་རུབ་རྡོ་རྗེའི་གུར་ཁང་ཟར་པེ་བའི་མི་རྒྱུད་ཀྱིས་འཛིན་བཀོད་བྱེད་པ་དང༌། དེའི་རྒྱབ་གཉེར་རྒྱ་བདག་རྣམས་ཀྱིས་བྱེད་པའི་བཀའ་ཁྱབ་མཛད། འབྲོག་ལམ་དང་ལྐོག་འཕྲང་སོགས་དགོན་ཆེ་ཕྲ་མང་དག་གིས་བླ་མ་བསྐོ་བཞག་གནང་ཞིང་གྲྭ་རྒྱུན་བུ་ཁྲལ་སོགས་སྦྱོར་བ་གནང༌། རྩེ་ལྷ་སྒང་དུ་ཕེབས་ནས་ཀརྨ་སྟོད་སྨད་ཀྱི་ཡོན་བདག་རྣམས་ལ་བཀའ་ཁྱབ་དང་སྒྲུབ་སྡེ་གོང་དུ་རབ་རྒྱས་ཀུན་དགའ་གླིང་གི་གྲྭ་ཚང་འཇོག་པ་གནང༌། དེ་དག་གི་སྐབས་སུ་རྗེ་གོང་མའི་བཀའ་འབུམ་ལས་འདུལ་ཊཱིཀ་མ་གཏོགས་པའི་ལུང་རྣམས་རྫོགས་པར་གསན་ཅིང༌། ཚད་མའི་བསྟན་བཅོས་རིགས་གཞུང་སྙིང་པོ་སོགས་ཀྱི་ཐུགས་རྩོམ་
ཡང་མང་དུ་མཛད། དེར་བཀའ་བགྲོས་ཀྱི་ཐོག་ནས་དྭགས་ཀོང་སོགས་དན་འཇགས་ཀྱི་མཇུག་སྡོམ་གྱི་དོན་ལ་ཡབ་སྲས་ལྷན་རྟིང་དུ་ཕེབས་པ་ཟིང་པོ་སླེ་ལུང་གི་བར་ཀླུང་སྐྱིད་ཕུག་ཏུ་ཞལ་རྒྱས་ཐོག་ནས་རྗེ་བླ་མ་མཆོག་དང་བདག་ཅག་དཔོན་སློབ་སྒར་མང་དང་བཅས་པ་རྗེས་སུ་བཞུགས་ནས། རྒྱལ་བ་ཉིད་དཔོན་སློབ་ཉུང་བསྡུས་ཀྱིས་ཟླ་བ་བརྒྱད་པའི་ཚེས་བཅོ་ལྔ་ལ་ཙཱ་རི་མ་ཆེན་གྱི་གནས་མཇལ་དུ་སྔུན་ལ་ཕེབས་པ་ཉེར་དྲུག་གི་ཉིན་གཅིག་ཅར་དུ་ཕེབས་རྒྱུའི་སྔ་ཉིན་གཟིམ་གུར་འབུབས་སར་བུ་མོ་རྒྱན་ལྡན་མང་པོས་བྲོ་བྱེད་པ་དང༌། ཕེབས་ཉིན་ཆིབས་རགས་ཀྱི་སྡུན་ལ་མི་ནག་རྟ་ནག་དར་ནག་བཟུང་བ་གཉིས་བྱུང་བ་གཅིག་ཅར་བ་རྣམས་ཀྱིས་མཐོང་ཟེར། གཅིག་ཅར་བར་དང་སྐྱེན་པ་སྐུ་རབ་པ་སོགས་ཀྱིས་ཚོགས་འཁོར་དང་འབུལ་བ་བགྱིས་ཤིང༌། ཕར་ལའང་གནང་ཆ་བཟང་པོ་མཛད། དེ་ནས་ལ་བ་ཕུག་ཏུ་ཕེབས་པའི་ཚེ་ནམ་མཁར་འོད་ཀྱི་གུར་ཁང་ངོ་མཚར་བྱུང་ཞིང༌། སྒྲོལ་མ་ལ་
ནས་དག་པ་ཤེལ་རིའི་གཟིགས་སྣང་རྒྱས་པར་གནང༌། དམར་ནག་རཀྟར་ཕེབས་པའི་ཚེ་སྔོན་མེད་པའི་དྲི་བཟང་གི་ངད་བཟང་པོ་ཡང་བྱུང༌། ཟླ་བ་དགུ་པའི་ཚེས་གཉིས་ལ་ཕོ་བྲང་ཆེན་མོ་གཡུ་མཚོ་ཁར་ཕེབས་ཏེ་དེར་འདུས་པ་རྣམས་ལ་སྐུ་གསུམ་ངོ་སྤྲོད་ཀྱི་བཀའ་ཆོས་གནང་ཞིང་ཞབས་རྗེས་ཀྱང་བྱོན། རིམ་གྱིས་ཡུལ་སྨད་དུ་ཕེབས་པར་མ་ཆེན་གྱི་རྡོར་འཛིན་འབྲོན་མགོན་ལས་ཚན་རྣམས་ཀྱིས་འབུལ་ཞབས་བཟང་དུ་བགྱིས་ཤིང༌། ཕར་ཡང་འགྱེད་སོགས་ཀྱི་གནང་ཆ་རྒྱ་ཆེར་མཛད། ཨར་གྱི་རོང་དང་ཟིལ་ཆེན་སོགས་གནས་ཕྲན་རྣམས་ཀྱང་ཞབས་ཀྱིས་བཅགས། དེ་དག་གི་ཚེ་སྒྲུབ་གནས་དང་མཚོ་ཞལ་ཕལ་ཆེ་བར་ཚོགས་འཁོར་དང་ཕེབས་རིང་གི་གསོལ་ཕོགས་སྐུ་རབ་ནས་ཕུལ་ཞིང༌། ཡུལ་སྟོད་དུ་སྒོ་པས་ཀྱང་ཚོགས་འཁོར་བཏེག དེ་ནས་ཆོས་ཟམ་གདོང་དུ་ཚུར་ཕེབས་པའི་ཚེ་ལ་ཐོག་ཟུར་མཁར་བས་ཚོགས་མཆོད་དང་བརྒྱ་འབུལ་བགྱིས་ནས། ཚེས་བཅུ་བཞི་ལ་སྡེ་པ་ཞལ་ངོའི་
ཐབ་འཛིན་དང་དགོན་ཆེ་ཕྲའི་སེར་སྦྲེངས་སོགས་ཀྱི་སྤྱན་འདྲེན་དང་བཅས་སྐུ་རབ་བཀྲ་ཤིས་སྒང་དུ་ཕེབས། ཟླ་བ་བཅུ་པའི་ཚེས་གསུམ་ལ་རྗེ་བླ་མ་མཆོག་དང་བདག་ཅག་དཔོན་སློབ་སྒར་མང་དང་བཅས་པ་ཡང་ཡར་ཕེབས་ཏེ་རིམ་པས་བཀྲ་ཤིས་སྒང་དུ་ཞལ་རྒྱས་པར་ས་སྐྱོང་སྐུ་རབ་པ་ཁུ་དབོན་གྱིས་གསེར་ཁ་གསར་རྡོལ་གྱི་གསེར་ཕུད་ཞོ་སྟོང་དང་བཞི་བརྒྱས་གཙོས་པའི་འབུལ་ཆེན་དང་ཞལ་ངོ་སྐྱེ་རྒྱལ་དམན་སོ་སོ་དང་མངའ་ཞབས་རྣམས་ཀྱིས་བསྙེན་བཀུར་དང་འབུལ་བ་ཡང་ཟད་པ་མེད་པ་ལྟ་བུ་བགྱིས་ཏེ། དེར་བཞུགས་པའི་རིང་སྙན་ངག་མེ་ལོང་གི་བཤད་པ་དཔང་ལོའི་ཊཱཀིའི་སྟེང་ནས་གསན་ཅིང་རྩོམ་རྒྱུགས་ཀྱང་གནང༌། ཁ་བ་དཀར་ནང་སོའི་མི་ངོས་གཙོས་པའི་གྲྭ་རྒྱུན་དང་འབུལ་བ་གཏོས་ཆེ་བའང་འབྱོར། ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་དྭགས་པོ་སྟོད་དུ་བཏེག་སྟེ་ལམ་བར་གྱི་དཔོན་རིགས་སོ་སོའི་ཞབས་ཏོག་དང་བཅས་ཚེས་བཅུ་དགུ་ལ་བཤད་སྒྲུབ་གླིང་དུ་གདན་ཕེབས་ནས་
ལོ་མཇུག་སྐུ་རིམ་དང་ཤིང་མོ་ཕག་ལོའི་ལོ་སར་སྨོན་ལམ་བཅོ་ལྔའི་ཉིན་སྟོན་པ་གྲོང་ཁྱེར་མའི་སྐུ་བརྙན་ལ་འཕགས་པ་གནས་བརྟན་བཅུ་དྲུག་དྷརྨ་ཏ་ཧྭ་ཤང་རྒྱལ་ཆེན་བཞིས་བསྐོར་བའི་ཟློས་གར་དགེ་འདུན་གཞིས་བྱེས་ཀྱི་སེར་སྦྲེངས་དང་བཅས་པའི་ཤིས་བརྗོད་རྒྱས་པར་མཛད། ཚེས་བདུན་ལ་སྒོ་ཀརྨ་རབ་བརྟན་གླིང་དུ་སྤྱན་དྲངས་པའི་ཕེབས་ལམ་དུ་ལྕང་ར་བས་ཀྱང་ཆོས་སྟོན་དང་འབུལ་ཆེན་བགྱིས། རབ་བརྟན་གླིང་གི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གསར་བཞེངས་ལ་རབ་གནས་དང་དགེ་འདུན་རྣམས་ཀྱིས་སྨོན་ལམ་ཡང་ཞག་སྦྲེལ་དུ་མཛད་པར་བསྙེན་བཀུར་དང་དགའ་སྟོན་གྱི་འབུལ་བ་སོགས་རྒྱ་ཆེར་བསྒྲུབས། དེ་སྐབས་ཆོས་གྲྭ་ཆེན་པོ་རྩེས་ཐང་གི་ཕྱི་རྒྱའི་ཞལ་འཛིན་སྒར་ཆེན་ནས་གནང་དགོས་པའི་ཞུ་འབུལ་བྱུང་བ་བཞིན་ཡབ་སྲས་བཀའ་བགྲོས་ཏེ་མགྲོན་གཉེར་རྣམས་མི་སྣར་གནང༌། ཚེས་བཅུ་བདུན་ལ་སླར་བཤད་སྒྲུབ་གླིང་དུ་ཕེབས་ནས་ཡུན་རིང་དུ་
བཞུགས་པའི་གསོལ་ཕོགས་སྒོ་སྐུར་གཉིས་ཀ་ནས་ཕུལ་ཞིང༌། སྡེ་པ་དཔོན་བློན་དཔོན་རིགས་མི་སེར་དང་བཅས་པ་རྣམས་ཀྱིས་སོ་སོ་ནས་འབུལ་ཞབས་བགྱིས། མདོ་ཁམས་ནས་ལྕགས་མོ་གུ་ཤྲི་ཆོས་སྐྱོང་བཀྲ་ཤིས་པ་དང་མཉན་པ་སྤྲུལ་སྐུའི་གཤེགས་རྫོངས་ཀྱི་འབུལ་བའང་འབྱོར། ཟིང་པོ་སླེ་ལུང་དང་དྭགས་ཀོང་ཆིངས་མཚམས་ཀྱི་བཀའ་བཀོད་ཞིབ་ཚགས་རྣམས་ཀྱང་གནང་ནས། ཟླ་བ་བདུན་པའི་ཚེས་བཅུ་གསུམ་ལ་བཏེག །ཚར་གུའི་ཕུ་བརྒྱུད་ལྷ་ཁོངས་སུ་ཕེབས་ཐོག་བྱ་ཡུལ་ནས་དཔོན་ས་ཆོས་རྒྱལ་གླིང་པ་བགྲེས་པས་མཇལ་བར་བྱོན་ཏེ་འབུལ་བ་དང་ཞབས་ཏོག་ཞུས། རིམ་པས་གོར་ཆོས་རྫོང་ནས་ཀརྨ་ལྷ་ཁང་དུ་ལྷ་བྲོ་བ་ཀརྨ་གུ་རུས་འབུལ་ཞབས་བསྒྲུབས། རྗེ་དཔའ་བོའི་སྤྲུལ་སྐུ་དཔོན་སློབ་རྣམས་ལྷོ་བྲག་ནས་སྔུན་ལ་ཕེབས་པས་གྲྭ་ཚང་བ་རྣམས་ཀྱིས་ཕེབས་བསུའི་སེར་སྦྲེངས་དང་བཅས་བསམ་སྡེར་མཇལ། དེ་ནས་སྡེ་པ་དཔོན་གཡོག་གི་ཆིབས་བསུ་དང་དགོན་ཆེ་ཕྲ་རྣམས་ཀྱི་སེར་
སྦྲེངས་སོགས་བསུ་བའི་བཀོད་པ་རྒྱ་ཆེན་པོས་སྤྱན་དྲངས་ཏེ་ཚེས་བཅུ་དགུ་ལ་ཡར་སྟོད་ཁྲོམ་སར་ཕེབས། ཟླ་བ་བརྒྱད་པའི་ཚེས་ལྔ་ལ་དཔོན་ས་ཆོས་མཛད་མ་རྡོ་རྗེ་སྒྲོལ་མས་རྣམ་རྒྱལ་སྒང་དུ་སྤྱན་དྲངས་ཏེ་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས། སླར་ཁྲོམ་སར་ཕེབས་ནས་ཚེས་བརྒྱད་ལ་སྡེ་པ་གཞུང་གིས་ལྷུན་པོ་སྒང་དུ་ཆོས་༤༢སྟོན་ལ་སྤྱན་དྲངས་ཤིང༌། གཞན་ཡང་ཡར་སྟོད་བོད་འབྲོག་སྡེ་དགོན་སོ་སོའི་འབུལ་ཞབས་ཀྱང་རིམ་པས་བསྒྲུབས། དེར་དོམ་ཚང་རྡོར་འཛིན་དང་ནང་སོ་འབོག་ཀོང་པ་མཆོད་ཡོན་གྱི་སྤྱན་འདྲེན་དང་བསྟུན། རྗེ་བླ་མ་མཆོག་དང་བདག་ཅག་དཔོན་སློབ་གཞིར་བཞུགས་ཤིང༌། རྒྱལ་བ་ཉིད་དགེ་འདུན་སྡེ་རྣམས་ཀྱི་ཞམ་རིང་དང་བཅས་ཚེས་ཉི་ཤུ་ལ་ལྷོ་རྒྱུད་དུ་ཆིབས་ཁ་བསྐྱོད་པར་ཕེབས་ལམ་གྱི་ཡུལ་འབྲོག་དགོན་སྡེ་སོ་སོས་ཀྱང་འབུལ་ཞབས་བགྱིས་ཏེ་རྣམ་དཀར་གྱི་འབྲེལ་པ་བསྒྲུབས། ཉེར་བདུན་ལ་འབོག་ཀོང་པའི་ཞལ་ངོ་རྣམས་མཇལ་བར་སླེབས་ཤིང༌།
མཚོ་སྣར་བསྙེན་བཀུར་དང་ནར་མའི་ཞབས་ཏོག་ཞུས། རྟ་རབ་བཀྲ་ཤིས་སྒང་དུ་ཆོས་སྡེ་གསར་འདིངས་གནང་རྒྱུའི་ཕྱག་ནས་དང་བྱིན་རླབས་མཛད་ནས། ཟླ་བ་དགུ་པའི་ཚེས་གསུམ་ལ་དོམ་ཚང་དུ་ཕེབས་ཏེ་གནས་གཟིགས་རྣམས་མཛད་ཅིང༌། རྡོར་འཛིན་གྲྭ་རིགས་མོན་བོད་ཀྱི་ཡོན་བདག་དང་བཅས་པ་རྣམས་ཀྱིས་བསྙེན་བཀུར་དང་འབུལ་བ་གྱ་ནོམ་པ་བགྱིས། ལྷག་པར་ནང་སོ་འབོག་ཀོང་པས་མི་ཕྱེད་པའི་མོས་པ་ཆེན་པོས་བཏེག་ཅིང༌། མི་ངོས་གཙོས་པའི་གྲྭ་བརྒྱ་དང་བརྒྱད་མཆོད་གཞིས་དང་བཅས་པ་འབུལ་བར་ཞུས། ལོངས་སྤྱོད་ཀྱི་འབུལ་བ་བསྙེན་བཀུར་ཡང་དཔག་མེད་བསྒྲུབས། ཆོས་ཀྱི་རྗེ་བོ་ར་ཏི་བརྟ་པ་ཚེ་རིང་དང་གྲོ་ཤུལ་ནས་ནང་སོ་སྐུ་རྒྱལ་བ་དཔོན་གཡོག་གིས་ཀྱང་འབུལ་ཞབས་བགྱིས། དེ་ནས་ཡར་སྟོད་དུ་ཚུར་ཕེབས་པའི་ལམ་སེ་ཞུན་མདར་བྱ་ཡུལ་ནས་དཔོན་ས་སྐུ་གཞོན་པས་མཇལ་ཞིང་འབུལ་ནོད་བཟང་པོས་མཆོད། ཟླ་བ་བཅུ་པའི་ཚེས་གཉིས་ལ་སླར་ཁྲོམ་སར་
ཕེབས་ཏེ་བཞུགས་སྐབས་མངོན་པ་མཛོད་ཀྱི་ཊཱིཀའི་ཐུགས་རྩོམ་ཀྱི་དབུ་ཚུགས། དེར་འབྲས་སྤུངས་སྤྲུལ་པའི་སྐུ་དང་སྡེ་པ་ལྷ་སྐུར་མཆོད་ཡོན་གྱི་རྩེ་འཕྱོངས་རྒྱས་བར་སོགས་ཀྱི་ཆིངས་འཇགས་ལ་ཡར་ཀླུངས་སུ་སྤྱན་འདྲེན་བྱུང་བ་དང་བསྟུན་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཅིག་ལ་བཙན་ཐང་དུ་ཕེབས་ནས་འབྲས་སྤུངས་པ་མཆོད་ཡོན་དང་སྒར་ཆེན་ཡབ་སྲས་བཀའ་བགྲོས་ཏེ་རྩེ་འཕྱོངས་རྒྱས་བར་གྱི་ཆིངས་དང༌། དེ་ཞོར་དབུས་ཕྱོགས་ཚང་མར་ལོ་གསུམ་གྱི་ཆིངས་ལུགས་བསྡམ་པའི་བཀའ་ཁྲ་གནང༌། འབྲས་སྤུངས་ནས་དཔོན་སློབ་རྣམས་ཀྱིས་བསྙེན་བཀུར་དང་འབུལ་བ་རྒྱ་ཆེར་མཛད་ཅིང་ཕར་ཡང་གནང་སྐྱེས་བཟང་པོ་སྩལ། རས་ཆུང་ཕུག་པ་སོགས་ཡར་ཀླུངས་ཀྱི་དགོན་དང་དཔོན་རིགས་རྣམས་ཀྱིས་ཀྱང་སོ་སོ་ནས་འབུལ་བ་དང་བསྙེན་བཀུར་ཞུས། དེ་ནས་སླར་ཡར་སྟོད་དུ་ཕེབས་པའི་ལམ་ཞོར་ཐར་པ་གླིང་གྲྭ་ཚང་གི་གཙུག་ལག་ཁང་དང་རྟེན་གཙོ་གསར་བཞེངས་ལ་རབ་
གནས་གནང་སྟེ་རིམ་པས་ཁྲོམ་སར་གདན་ཕབ་ནས་མེ་ཕོ་བྱི་བའི་ལོ་སར་དང༌། ལྷུན་པོ་སྒང་གི་ཚོམས་ཆེན་དུ་སྨོན་ལམ་ཆེན་མོ་རྟེན་གཤོམ་དང་བཅས་པ་གནང་བའི་ཤིས་བརྗོད་ཀྱི་ཉིན་གཞིས་ཀའི་དབུས་དང་ཕྱོགས་བཞིར་བུམ་གཏེར་འགོད་པ་སོགས་གནང་ཞིང་སྡེ་པའི་འབུལ་ཞབས་རྒྱ་ཆེར་བསྒྲུབས། བླ་མ་འཇའ་མོ་དགེ་སློང་གི་འབུལ་སྐྱེལ་དང་ལྗོངས་འགྲུལ་བ་ཆ་ཕྲེང་གི་འགྲོན་ཚན་གཏོས་ཆེ་བའང་འབྱོར་བས་བརྒྱ་འབུལ་བྱས། ཟླ་བ་གསུམ་པའི་ཚེས་ལྔ་ལ་བཏེག་སྟེ་རིམ་པས་ཕོ་བྲང་སྣེའུ་གདོང་རྩེར་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་དང་ཐུགས་རྗེ་གླིང་པ་དཔོན་བློན་གྱིས་སྤྱན་དྲངས་ནས་བསྙེན་བཀུར་དང་འབུལ་ཞབས་བླ་ལྷག་ཏུ་མཛད། དེ་ནས་དོ་སྔོན་གྱི་མདུན་དུ་བཞུགས་སྒར་གྱིས་བཞུགས་སྐབས་ཡར་ཀླུངས་རོང་རིག་གཡེ་༼ཨེ་༽སོགས་ཀྱི་མཇལ་མི་སྐྱ་སེར་དྲག་ཞན་མང་དུ་འདུས་ཤིང༌། ཨ་གྲགས་ནས་འབྲོང་བུ་བ་མཆེད་ཀྱང་མཇལ་དུ་བྱོན། རྩེ་ཐང་གི་ཆོས་ཁྲི་ཆེན་མོར་དོ་སྔོན་
པ་དང་རྩེ་ཐང་ཚོགས་པའི་འབུལ་ཆེན་བྱས་ཤིང༌། འདུ་ཁང་དུ་ཡར་སྟོད་ནས་དཔོན་ཆོས་མཛད་མས་གདུགས་ཚོད་གསོལ། གཙང་ཁང་དབུ་རྩེ་སོགས་ཀྱི་རྟེན་མཇལ་དང་ཕྱག་ནས་གནང༌། སླར་འདུ་ཁང་དུ་ལེགས་བཤད་གླིང་པ་དང་སྒར་གྱི་ཆོས་སྡེ་རྣམས་ཚོགས་པའི་མང་ཇ་སྨོན་ལམ་དང༌། རྩྭེད་ཐང་གཞི་བར་ཡང་ཕྱག་མཛོད་ཁག་ནས་གསེར་འགྱེད་དང་ཇ་འགྱེད་བཟང་པོ་གནང་སྟེ། ཟླ་བ་བཞི་པའི་ཚེས་གཅིག་ལ་ཉང་པོའི་གྲུ་ནས་བྲག་ཁ་དང་ཚེས་གཉིས་ལ་གདན་ས་དཔལ་གྱི་ཕག་མོ་གྲུར་ཕེབས་ནས་ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ཉམས་ཁྲིད་ཀྱི་ཚུལ་དུ་གསན་ཅིང༌། རྒྱལ་བ་ཉིད་ནས་ཀྱང་རྗེ་དཔའ་བོའི་སྤྲུལ་སྐུ་དཔོན་སློབ་དང་དགེ་འདུན་སྔགས་གྲྭ་བ་རྣམས་ལ་དགོངས་གཅིག་སྔགས་ཚོམས་ཀྱི་རྣམ་བཤད་ཆེན་མོའི་ལྗགས་ལུང་གནང༌། ཚེས་བཅུ་གསུམ་གྱི་ཉིན་རྗེ་བླ་མ་མཆོག་བདེ་བར་གཤེགས་པ་ཕག་མོ་གྲུ་པའི་སེངྒེའི་ཁྲི་ཆེན་པོར་ཞབས་པད་བཀོད་པ་ལ་མངའ་གསོལ་གྱི་འབུལ་སྐྱེས་
བཟང་པོ་དང་ཀ་ཕིབས་ཆེན་མོའི་སྟེང་ནས་དགེ་འདུན་ཕྱག་བརྒྱུད་ཀྱི་བཀྲ་ཤིས་རྟགས་རྫས་འབུལ་བ་ལ་སོགས་པའི་ཤིས་བརྗོད་རྒྱས་པར་གནང་ཞིང༌། ཐེལ་གཞི་བའི་ཚོགས་པ་ལའང་མང་ཇ་དར་པོ་ཆེ་འགྱེད་སོགས་ཀྱི་དགའ་སྟོན་སྩལ། གོས་འཕན་ཆེན་མོ་བཤམ་པ་སོགས་ཕྱི་ནང་གི་རྟེན་མཇལ་རྣམས་ཞིབ་པར་གནང༌། གཙུག་ལག་ཁང་ཆེན་མོར་གནྡྷོ་ལའི་རྟེན་གཤོམ་དང་བཅས་ཐར་མ་ནས་ཞབས་ཏོག་ཞུས་ཏེ་དགེ་འདུན་རྣམས་ཀྱིས་སྨོན་ལམ་ཞལ་སྦྲེལ་ཡང་མཛད་ཅིང༌། རྗེ་བླ་མའི་དྲུང་དུ་ཞལ་བཀོད་དང་ཕྱག་བཟོ་ཡང་ཅི་རིགས་ཞུ་བ་མཛད་ནས་འོག་མིན་གླིང་གྲྭ་ཚང་དུ་དགོངས་པ་གཏད་པའི་མགོན་སྐུ་བཞེངས་པ་གནང༌། མདོ་ཁམས་ཟུར་མང་ནས་པདྨ་གར་དབང་གི་སྐུ་སྐྱེ་དཔོན་སློབ་ཀྱིས་གོས་དར་སོགས་ཀྱི་བརྒྱ་འབུལ་སྟོབས་ཆེན་བསྒྲུབས། དེར་གཙང་ཕྱོགས་སུ་དུས་ཟིང་ལ་བརྟེན་པའི་རོང་གཙང་གཉིས་ཀ་ནས་སྤྱན་འདྲེན་བསྟུད་མར་བྱུང་བའི་དབང་གིས་རྗེ་བླ་མ་མཆོག་གདན་སར་གྲྭ་
ཚང་གསར་འཛུགས་ལ་སོགས་པའི་དགོངས་གཏད་ཀྱིས་རེ་ཞིག་རྗེས་སུ་བཞུགས་པ་གནང་ནས། རྒྱལ་བ་ཉིད་འདུས་སྡེ་རྣམས་དང་བཅས་པ་ཟླ་བ་ལྔ་པའི་ཚེས་བཅུ་བདུན་ལ་སྔ་འགྲོས་སུ་འདེགས་པ་ཤར་བས། བྲག་ཁར་སྡེ་པ་རྡོ་རྗེ་རྣམ་རྒྱལ་གྱིས་བསྙེན་བཀུར་དང་འབུལ་ཞབས་བླ་ལྷག་ཏུ་བགྱིས་ཤིང༌། དེ་ནས་བྱང་ཁ་བརྒྱུད་བསམ་ཡས་དང་མཆིམས་ཕུའི་གནས་མཇལ་དང༌། སྔགས་གྲྭར་ལྷ་ཆེན་ལ་ཕྱག་ནས་སོགས་གནང་ཞིང༌། འཕྲེང་པོ་བས་ཀྱང་བསྙེན་བཀུར་དང་འབུལ་ཞབས་ཡང་དག་པ་བགྱིས་ཏེ་འདྲིའུ་སྣའི་གྲུ་ནས་དོལ་དུ་ཕེབས། ཡར་རྒྱབ་པ་ཡུམ་སྲས་ཀྱིས་འབུལ་བ་དང་ཞབས་ཏོག་བཟང་པོ་མཛད་ཅིང༌། ཚོགས་དགེ་འདུན་སྒང་གི་མཁན་ཆེན་ཀུན་སྤངས་རིན་པོ་ཆེ་དཔོན་སློབ་ཀྱང་ཕྱག་འབུལ་དུ་ཕེབས། ཆོས་རྫོང་འཕགས་པ་རྣམས་ཀྱིས་ཀྱང་མཇལ་ཞིང་བཀའ་འབྲེལ་ཞུས། དེ་ནས་གཞིས་ཀ་གོང་དཀར་དུ་ཞབས་དྲུང་ཞལ་ངོ་རྣམས་ཀྱིས་གུས་པ་ཆེན་པོས་མཆོད་
ཅིང་བཀུར་བར་ཕྱག་ཆེན་ཆོས་དྲུག་ལ་སོགས་པའི་ཟབ་ཁྲིད་ཀྱི་བཀའ་འབྲེལ་སྩལ། ཆུ་བོ་རིའི་གྲུ་ནས་སྙུག་ལམ་ཁ་སྦུག་ཏུ་ཕེབས་ཐོག་ཀོང་པོ་ནས་སི་ཏུ་སྐུ་སྐྱེ་བྱོན་པའི་གཙུག་ཕུད་བཞེས་ནས། ཀརྨ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོའི་མཚན་གནང་ཞིང༌། སྒྲ་མི་སྙན་པའི་ཚེ་སྒྲུབ་དང་ཕྱག་ཆེན་ཆོས་དྲུག་གི་ཁྲིད་ལུང་སྩལ། ཆེ་འདོན་དང་ཤིས་བརྗོད་ཀྱང་མཛད། དེར་ཞག་བར་སྐུ་མཚམས་ཀྱི་ཚུལ་ནས་ཟླ་བ་བདུན་པའི་ཚེས་གཅིག་ལ་སྐུ་འཁོར་ཉུང་ཤས་དང་བཅས་ལྷ་སར་ཇོ་མཇལ་དུ་ཕེབས་ནས་ཚེས་གཉིས་ཀྱི་སྔ་ཆ་ལ་རྟེན་མཇལ་གནང་བའི་ཚེ་སྔར་མེད་ཀྱི་འོད་དང་དྲི་བཟང་བྲོ་བ་བྱུང་ཟེར། དེར་གཙུག་ལག་ཁང་རྣམས་ཞིབ་མཇལ་དང་ཕྱག་མཆོད་སྨོན་ལམ་ཐུགས་ཚིམ་པར་མཛད་ནས་ན་ཁ་སྦུག་ཏུ་བཞུགས་སྒར་དུ་ཕེབས་ཏེ། རྫ་དཀར་གྱི་ལ་བརྒྱུད་བསིལ་སྣར་དྲུང་ནས་ཁུ་དབོན་དང་ཧོར་སྟོད་པས་གཞི་ལེན་དང་འབུལ་ཞབས་རྒྱ་ཆེ་བ་བསྒྲུབས་ཤིང༌། གཙང་ནས་སྐུ་མདུན་ཞིང་
ཤག་པའི་ཇ་འདྲེན་འབུལ་བར་གཡང་ཀུན་སྤངས་པ་འབྱོར། དེ་ནས་ཤུ་གུའི་ལ་ནས་ཇོ་མོ་གངས་སུ་ཕེབས་པར་བླ་སྐོར་ནས་ཚོགས་མཆོད་བཏེག་ཅིང༌། འབྲོང་བུ་དགོན་རྙིང་དུའང་ཅི་འབྱོར་བའི་འབུལ་བ་དང་བསྙེན་བཀུར་ཞུས། འོད་ཡུག་ཏུ་དམ་ཅན་ལ་སྤྱན་གཟིགས་དང་གཏོར་གསོས་གནང་ཞིང་འཕྲིན་ལས་གཞོལ་བར་མཛད། སྡེ་པ་ལྷ་ཕུ་བ་དཔོན་བློན་གྱིས་བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པས་བཏེག་ཅིང༌། ཟླ་བ་བརྒྱད་པའི་ཚེས་དྲུག་ལ་སྐུ་མདུན་ཞིང་ཤག་པའི་མི་ངོ་དཔོན་གཡོག་རྣམས་ཀྱི་རྟ་བསུ་ཐབ་འཛིན་དང༌། དགེ་འདུན་གསུང་རབ་གླིང་པས་གཙོས་པའི་དགོན་ཆེ་ཕྲ་རྣམས་ཀྱི་སེར་སྦྲེངས་སོགས་བསུ་བའི་བཀོད་པ་དུ་མ་དང་བཅས་ཏེ་ཤངས་རྣམ་རྒྱལ་གླིང་དུ་ཕེབས་པར་འབུལ་ཞབས་བླ་ལྷག་ཏུ་བསྒྲུབས་ཤིང༌། བཀའ་བཀོད་དང་བསྟུན་ནས་གཙང་གི་དཔུང་གྲྭ་རྣམས་ཀྱང་རེ་ཞིག་གྱེས་སུ་བཅུག་སྟེ་བར་ཆིངས་ཟླ་གྲངས་ལ་འབྱོན་པ་ཞུས། དེའི་ཚེ་སྙིགས་དུས་ཀྱི་གདུལ་བྱ་སྤྱི་
དང་ལྷག་པར་སྒར་གྱི་ཀུན་སྤྱོད་མ་དག་པ་མང་དག་ལ་ཐུགས་འབྱུང་བའི་ཚུལ་དང་ཕྱིན་ཆད་སྡོམ་པའི་ཆོས་ཀྱི་སྒོ་དབྱེ་བའི་ཕྱིར་ཇོ་མོ་གངས་ལ་སོགས་པར་དབེན་པ་བསྟེན་པར་དགོངས་པའི་བཀའ་སྩལ་ཕེབས་པ་ལ། བདག་ཅག་དང༌། རིན་པོ་ཆེ་རྣམ་རྒྱལ་གྲགས་པ། ནང་སོ་མདོ་རྒྱུད་པ། ཆོས་སྡེ་གཞི་བྱེས་རྣམས་དང་བཅས་པས་གསོལ་བ་བཏབ་ཅིང༌། སྦྱིན་པའི་བདག་པོ་སྡེ་པ་ཞིང་ཞལ་ངོ་རྣམས་ཀྱིས་ཀྱང་རྒྱུ་མཚན་ནན་གྱིས་ཕུལ་བར་བརྟེན་རྒྱང་རིང་དུ་མི་ཕེབས་པའི་དགོངས་པ་རྗེས་སུ་གནང་ནས། ཟླ་བ་བརྒྱད་པའི་ཚེས་བཅུ་གསུམ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅུའི་བར་དེ་ཉིད་ཀྱི་ཡང་དབེན་དཀར་པོ་བྲག་ཏུ་སྐུ་མཚམས་ལ་བཞུགས་པའི་ཁོག་ནས་སྒར་ཕྱི་ནང་དགེ་འདུན་སྡེ་རྣམས་དང་བཅས་པར་བཅའ་ཡིག་གནང་བ་བཞིན་༤༧སོ་སོ་ནས་བཀའ་སྤྱི་བོས་ནོད་པར་ཞུས་ཏེ། ཚེས་བཅུ་གསུམ་སྐུ་མཚམས་གྲོལ་ནས་གསུང་རབ་གླིང་དུ་ཕེབས་ཤིང༌། ངམ་རིང་ཆོས་སྡེར་ནང་བསྐོལ་དང་
རྗེ་བླ་མའི་དྲུང་དུའང་སྤྱན་འདྲེན་དང་ལོ་སར་འབུལ་མི་སོགས་རིམ་པར་གནང༌། ཤངས་ཕུ་མདའ་སྡེ་དགོན་ཡུལ་འབྲོག་རྣམས་ཀྱིས་ཞལ་མཇལ་དང་འབུལ་ཞབས་བགྱིས། རིམ་གྱིས་ལོ་གཞུག་གི་སྐུ་རིམ་ཆེན་མོ་དང་མེ་མོ་གླང་ལོའི་ལོ་སར་སྨོན་ལམ་རྟེན་གཤོམ་དང་བཅས་པ་རྒྱས་པར་གནང༌། དེར་མདོ་སྨད་ནས་རྗེ་དབོན་བཞག་བླའི་སྐུ་སྐྱེ་དཔོན་སློབ་རྣམས་འབུལ་བ་གྱ་ནོམ་པ་དང་བཅས་ཏེ་མཇལ་དུ་བྱོན་ཞིང༌། ལྷོ་རོང་གུ་ཤྲི་པའི་བསྔོ་རྟེན་གྱི་འབུལ་ཆེན་དང༌། བྱང་རིས་ནས་ཀྱང་བླ་མགོ་མང་པོའི་འབུལ་སྐྱེལ་བ་སླེབས། མངོན་པ་མཛོད་ཀྱི་འགྲེལ་པ་ཐུགས་རྩོམ་གྲུབ་པ་དང་གསེར་མདོག་ཅན་ནས་མཁན་སློབ་རྣམས་ཕྱག་འབུལ་དུ་བྱོན་པ་འགྲིག་པས་དམ་པའི་ཆོས་མངོན་པ་ལ་སོགས་པའི་འབེལ་གཏམ་རྒྱ་ཆེར་གནང༌། ཟླ་བ་གཉིས་པའི་ཚེས་བཅུ་དགུ་ལ་ཅོག་རོ་མཁར་བཞུགས་སྒར་གནང་ནས་བཞུགས་སྐབས་རྗེ་བླ་མ་མཆོག་ཀྱང་ཐེལ་ནས་རིམ་གྱིས་ཆིབས་ཁ་བསྐྱོད་
པ་ལས། ཉེར་བཞིའི་ཉིན་བདག་ཅག་དང་ནང་སོ་མདོ་རྒྱུད་པས་གཙོས་པའི་སྒར་པ་དང་སྡེ་པ་ཞིང་དཔོན་གཡོག་གི་ཆིབས་བསུ་ཐབ་འཛིན། དགེ་འདུན་གཞིས་བྱེས་རྣམས་ཀྱི་སེར་སྦྲེང༌། རྒྱལ་བ་ཉིད་ཀྱང་བཞུགས་སྒར་གྱི་མཐར་ཞབས་བསུར་ཕེབས་པ་ལ་སོགས་པའི་བཀུར་སྟི་དང་བསུ་བའི་བཀོད་པ་མཐའ་ཡས་པ་མཛད་དེ་ཡབ་སྲས་ཞལ་རྒྱས་ཏེ། གསུང་རབ་གླིང་གི་ལྷ་ཆེན་གྱི་གཟུངས་བཞུགས་ལ་བར་སྐབས་བྱི་བའི་གནོད་པ་བཞུགས་པར་གཟུངས་འབུལ་དང་རབ་གནས་བསྐྱར་མ་གནང་ཞིང༌། དེ་ཞོར་དུ་འོག་མིན་གླིང་གྲྭ་ཚང་བར་དགོངས་པ་གཏད་པའི་མགོན་སྐུའི་རབ་གནས་ཀྱང་མཛད། དེར་སྟོད་ནས་ལོ་ཆེན་སྐུ་སྐྱེ་དཔོན་སློབ་དང་མདོ་ཁམས་ནས་གླིང་དུ་སི་ཏིང་འཛིན་ནམ་མཁའ་དཔོན་གཡོག །འཇང་ ༤༨ རྒྱལ་བློན་གྱི་འབུལ་སྐྱེལ་འགྲོན་ཚན་གཏོས་ཆེ་བ་རྣམས་རིམ་བར་འབྱོར་བའི་འབུལ་ཆེན་གྲངས་མང་དང༌། སྡེ་པ་ཞིང་གིས་རྣམ་གླིང་རྩེར་སྤྱན་དྲངས་ནས་དཀར་དྲོའི་སྒར་སྟོན་གཟབ་
གཤོམ་གྱི་ཐོག་སོག་གར་ལ་སོགས་པའི་གཟིགས་མོའི་རྣམ་གྲངས་ཀྱང་ཕུལ་ཞིང༌། ཟླ་བ་གསུམ་པའི་ཚེས་བཅུ་བཞི་ལ་འབུལ་ཆེན་བགྱིས། དེ་ནས་སྔ་སོར་གྱི་ཆིངས་མཚམས་ཐེམ་པ་ལས་རོང་ཕྱོགས་སུ་དུས་ཟིང་གི་ཉེས་དམིགས་ཤར་བས་སྒར་མང་ཆོས་སྡེ་དང་བཅས་པ་རྣམ་གླིང་ཉིད་དུ་བཞུགས་ཤིང༌། ཡབ་སྲས་ཆིབས་རགས་ཉུང་བསྡུས་ཀྱིས་རིན་སྤུངས་སུ་ཕེབས་པར་དིང་ཕོན་གསང་འདུས་རྒྱབ་ཡོལ་གྱིས་གཙོས་པའི་འབུལ་བ་དང་བསྙེན་བཀུར་མཐའ་ཡས་པ་མཛད། སྟག་གྲུ་ཁ་ནས་རོང་གཙང་དན་འཇགས་ཀྱི་ཁྲ་མ་གནང་སྟེ་དཔུང་གྲྭ་རྣམས་ཀྱང་སོ་སོར་གྱེས། རེ་ཞིག་དུས་ཀྱི་འཁྲུག་ལོང་ཞི་བར་མཛད་ཅིང༌། དཔལ་འཁོར་ཆོས་སྡེ་ནས་མཁན་ཆེན་ལུང་རིགས་ཕྱག་འབུལ་དུ་ཕེབས་པར་ཟབ་མོ་ནང་དོན་གྱི་ལྗགས་ལུང་སྩལ་ཞིང༌། སོག་པོ་དའི་ཇིང་གི་མཆོད་གནས་སྟོང་ནག་ཆུ་འཕུར་འབྱོར་བས་ཀྱང་འབུལ་ཆེན་བགྱིས། བྱམས་ཆེན་པ་རྣམས་ཀྱིས་དགོན་མ་ལག་དང་བཅས་
པའི་ཞལ་འཛིན་གནང་དགོས་པར་ཞུས་པ་བཞིན་སླར་རིན་སྤུངས་དང་བྱམས་ཆེན་དུ་སྐོར་ཙམ་ཕེབས་སྐབས་ཆོས་མཛད་མ་ཀརྨ་རྣམ་གྲོལ་གྱིས་སྤྱན་དྲངས་ནས་ལྷ་ཕུ་དར་རྒྱས་མཆོད་གཞིས་སུ་ཕུལ་བ་འོག་མིན་གླིང་པར་སྦྱོར་བ་གནང༌། དེ་ནས་སྦྱིན་བདག་ཆེན་པོ་ལྷ་ཕུ་བས་སྤྱན་དྲངས་པ་བཞིན་སླར་ཤངས་སུ་ཕེབས་པ་ན་དེ་གོང་ནས་སྡེ་པ་ཞིང་གིས་པ་སྣམ་དགའ་བ་གདོང་དུ་ཀར་ལུགས་ཀྱི་གྲྭ་ཚང་འཛུགས་པར་ཞུས་པ་ལས་ལྷ་ཕུ་ནས་ཆོས་མཛད་པ་མཁན་པོར་བསྐོ་བཞག་གནང་བའི་གྲྭ་རྒྱུན་རྣམས་ཞབས་དྲུང་དུ་འབྱོར། ལྷ་ཕུ་རིན་ཆེན་གླིང་དུ་ཕེབས་ཐོག་ནས་འབྲས་སྤུངས་ཆོས་རྗེ་སོག་ཡུལ་དུ་འབྱོན་པའི་རྫོངས་ཀྱི་གནང་ཆའི་གསེར་ཡིག་པ་གནང་ཞིང༌། རིམ་པར་ཟབ་བུ་ལུང་དང་སོག་པོ་འཛུལ་ཁུང་གི་གནས་མཇལ་ཡང་མཛད་ནས། ས་ཕོ་སྟག་ལོའི་ལོ་སར་སྨོན་ལམ་རྟེན་གཤོམ་དང་བཅས་པ་མཛད། སོས་མགོ་སྣེ་སྐོར་ཐང་དུ་སྒར་སྤོས་གནང་སྟེ་བཞུགས་སྐབས་སོག་པོ་པོ་ཤན་པཀྴི་སོགས་འབྱོར་ཏེ་
གསེར་དངུལ་གོས་དར་རྔ་མོང་སོགས་ཀྱི་འབུལ་ཆེན་བགྱིས་ཤིང་ཡིག་དྲུག་གི་བཟླས་ལུང་ཞུ་བ་དང་དགེ་བའི་ཁས་ལེན་ཅི་རིགས་པའང་བགྱིས། དེ་ནས་སྡེ་པ་ཞིང་གིས་བསམ་གྲུབ་རྩེར་སྤྱན་དྲངས་ནས་རྙེད་པ་དང་བཀུར་སྟི་མཐའ་ཡས་པས་བཏེག་སྟེ་བཞུགས་སྐབས་ཧོར་སྨད་པའི་གདན་འདྲེན་ནན་ཆགས་སྔ་ཕྱིར་སླེབས་པས་བྱང་ངོས་སུ་ཆིབས་ཁ་བསྒྱུར་བའི་ཕེབས་ལམ་ལྷ་ཕུར་བཞུགས་སྐབས་སོགས་སུ་དྭགས་པོ་བཀའ་འབུམ་གྱི་ལྗགས་ལུང་གསན། དེ་ནས་གྱ་པ་དང་གནམ་ཁོག་བརྒྱུད་འདམ་ཀོ་ཁྱིམ་དུ་ཕེབས་པར་ཧོར་ཀརྨ་དཔལ་དཔོན་ཚང་སྡེ་དམངས་དང་བཅས་པས་འབུལ་ཞབས་རྒྱ་ཆེན་པོ་རྒྱུན་མ་ཆད་པ་བླ་ལྷག་ཏུ་བགྱིས་ཤིང་ཞལ་མཇལ་གསུང་ཐོས་ལ་སོགས་པས་སྐྱེ་བོ་དུ་མ་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་འབྲས་ལ་སྦྱོར་བར་མཛད་ནས། ཟླ་བ་བརྒྱད་པའི་ཚེས་བཅུ་དགུ་ལ་ཡབ་སྲས་ཆིབས་རགས་རྭ་སྒྲེང་རྒྱལ་བའི་གནས་སུ་ཕེབས་ཏེ་ཇོ་བོ་འཇམ་དཔལ་རྡོ་རྗེས་གཙོས་
པའི་རྟེན་གསུམ་རྣམས་ཀྱི་དྲུང་དུ་ཕྱག་མཆོད་སྨོན་ལམ་དང་དགེ་འདུན་རྣམས་ལ་ཡང་མང་ཇ་འགྱེད་བཅས་གནང༌། སླར་ཀོ་ཁྱིམ་དུ་ཕེབས་པ་ལས་རིམ་པས་བཏེག་སྟེ་གནམ་ཁོག་བྱེ་ལུང་གི་དགེ་བཤེས་སྟོན་པ་དང་དཔལ་མཁའ་སྤྱོད་པ་བལྟམས་ས་སོགས་ཀྱི་གནས་མཇལ་གནང་ཞིང༌། སྟོད་ཀླུངས་བདེ་ཆེན་དུ་ཐོགས་ཤིག་བཞུགས་ནས་དགུན་སྨད་མཚུར་ཕུར་ཕེབས་ཏེ་ས་མོ་ཡོས་ལོའི་ལོ་སར་དང༌། དབོན་གུ་ཤྲི་ཀརྨ་བསྟན་འཛིན་པས་བདེ་ཆེན་ནས་ཐབ་ཆེན་བཏེག་ནས་ཞབས་ཏོག་བགྱིས་ཏེ་འདུ་ཁང་ཆེན་མོར་གཞིས་བྱེས་ཀྱི་དགེ་འདུན་ཚོགས་ཆེ་བར་སྨོན་ལམ་འཛུགས་པ་གནང་བའི་ཆོ་འཕྲུལ་གྱི་དུས་ཆེན་ཚེས་བཅུའི་སྔ་ཆར་སངས་རྒྱས་མངོན་གྱུར་དྲུང་ན་རིམ་གྱི་ཐུགས་དམ་རྟེན་གཙོ་ཇོ་བོ་གནྡྷོ་ལ་དང་གཞན་ཡང་སྟོན་པའི་སྐུ་ལི་མ་ཁྱད་མཚར་བྱིན་རླབས་ཅན་དུ་མའི་རྟེན་གཤོམ་རྒྱས་པར་གནང་བའི་དྲུང་དུ། དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་རྗེ་བླ་མ་ཐམས་ཅད་མཁྱེན་པ་དཔལ་དཀོན་མཆོག་
ཤཱཀྱ་མཆོག་གི་གཙོ་བོའི་འབངས་རབ་ཏུ་ཚེས་པའི་ཞལ་སྔ་ནས་ཉིད་ལ་མཁན་པོར་གསོལ་ཞིང༌། བདག་གིས་ལས་ཀྱི་ཆོ་ག་བརྗོད་པའི་སློབ་དཔོན་དང༌། མཁས་པའི་དབང་པོ་རྣམ་རྒྱལ་གྲགས་པས་གསངས་ཏེ་སྟོན་པའི་སློབ་དཔོན་མཛད། གྲིབ་ཚོད་པ་དང་ལས་ཀྱི་ཁ་སྐོང་ཚོགས་དགེ་འདུན་སྒང་པའི་མཁན་ཆེན་སྟོན་པ་བ་སོགས་དད་པའི་དགེ་འདུན་གྲངས་ཚང་མཚན་ཉིད་དང་ལྡན་པ་ལས་རྒྱལ་བ་ཉིད་དགུང་ལོ་ཉེར་བཞི་བཞེས་པས་བསྙེན་པར་རྫོགས་པ་མཛད་དེ། མཁན་པོའི་དྲུང་དུ་བཀའ་དྲིན་གྱི་ཡོན་ཤེལ་དང་གསེར་དངུལ་གྱི་སྤྱད་པ། ཇ་གོས་དར་ན་བཟའ་སྐོར་སོགས་སྣ་གྲངས་དངོས་གཙང་བ་སུམ་བརྒྱའི་འབུལ་ནོད་དང༌། ལས་གྲལ་པ་སོགས་དགེ་འདུན་སྤྱི་ལའང་མང་ཇ་དང་རྣམ་གཞག་གྱ་ནོམ་པ་སྩལ་ཞིང༌། རྗེ་བླ་མ་མཆོག་གི་ཕྱག་ནས་ཀྱང་རྒྱལ་བ་ཉིད་སངས་རྒྱས་ཀྱི་བསྟན་པའི་གཞི་དང་སྙིང་པོ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་ཡོངས་སུ་རྫོགས་པར་བཞེས་པའི་
དགའ་སྟོན་གཏང་རག་ཏུ་རྒྱལ་བ་རིགས་ལྔ་སྟོན་པ་དང་བཅས་པའི་གོས་སྐུ་ཐོག་ཚད་མ་དྲུག་གིས་གཙོས་པའི་འབུལ་ཆས་དངོས་གཙང་གྲངས་མང་སོགས་སྒར་ཕྱི་ནང་དང་ཕྱོགས་ཀྱི་དགའ་སྟོན་ལེགས་ཇ་འབུལ་མི་ཡང་མང་དུ་བྱུང༌། འཇང་རྒྱལ་བློན་གྱི་འབུལ་སྐྱེལ་འགྲོན་ཚན་གཏོས་ཆེ་བ་དང༌། བྱང་ནས་ཧོར་དབོན་ཀརྨ་དཔལ་ཡང་མཇལ་དུ་སླེབས། བཅོ་ལྔའི་ཉིན་གསོ་སྦྱོང་དང་སེར་སྦྲེངས་ཤིས་བརྗོད་རྒྱལ་སྲིད་སྣ་བདུན་གྱི་ཟློས་གར་དང་བཅས་པ་རྒྱས་པར་མཛད། ཟླ་བ་གཉིས་པའི་ནང་དུ་འདུལ་བ་ལུང་སྡེ་བཞིའི་ལྗགས་ལུང་གསན་པའི་དབུ་ཚུགས་ཤིང༌། ཤུན་ཞབས་དྲུང་ཡང་ཞལ་མཇལ་ཕྱག་འབུལ་དུ་ཕེབས། ཟླ་བ་དེ་ཉིད་ཀྱི་ཉེར་ལྔ་ལ་རྗེ་བླ་མ་ཡངས་པ་ཅན་དུ་སྒྲུབ་མཆོད་ཀྱི་ཚོགས་དབུར་སྐོར་ཙམ་ཕེབས་པ་ལ་རྒྱལ་བ་ཉིད་ཆིབས་རགས་གཟབ་རྒྱས་ཀྱིས་གསེར་བྱ་སུམ་མདོར་ཆིབས་སྐྱེལ་གནང་ཞིང༌། སླར་མཚུར་ཕུར་ཕེབས་པ་ན་ཡང་བདག་དང་རྗེ་དཔའ་བོའི་སྤྲུལ་སྐུ། མཚུར་ཕུ་རིན་པོ་ཆེ།
ནང་སོ་མདོ་རྒྱུད་པ་རྣམས་ཀྱིས་གཙོས་པའི་ཆིབས་བསུ་དང༌། དགེ་འདུན་གཞིས་བྱེས་རྣམས་ཀྱི་སེར་སྦྲེངས། གཙུག་ལག་ཁང་གི་སྟེང་ནས་བཀྲ་ཤིས་ཁྲ་རིང་རྐྱོང་བ། རྒྱལ་བ་ཉིད་སེང་གེ་སྒོ་མདུན་དུ་ཞབས་བསུར་ཕེབས་པ་སོགས་ཀྱི་བཀུར་སྟི་ཆེན་པོས་སྤྱན་དྲངས་ཏེ་བླ་མ་ལྷ་ཁང་དུ་གཞི་ལེན་གྱི་བུར་སྟོན་ཞུ་བ་གནང༌། ཟླ་བ་བཞི་པར་ཡབ་སྲས་ཞལ་རྒྱས་ཀྱིས་དགེ་འདུན་འོག་མིན་གླིང་པས་རྒྱལ་བའི་དབང་པོ་ཉིད་ཀྱི་དངུལ་སྐུ་གསར་བཞེངས་ལ་རབ་གནས་གནང་ཞིང༌། བླ་གཡེལ་ལྷོ་མའི་ས་ཁུལ་ཞབས་ཀྱིས་བཅགས་པའི་ཞལ་བཀོད་ཕྱག་ནས་དང༌། དབོན་གུ་ཤྲི་ཀརྨ་བསྟན་འཛིན་པ་ལ་མཆོད་ཁང་གོང་ཞིག་གསོས་ཕྱག་གཡོག་གི་ཞལ་ཏའང་གནང༌། དེ་དག་གི་བར་དུ་འདུལ་བ་ལུང་གི་ལྗགས་ལུང་ཡོངས་སུ་རྫོགས་ནས། རྗེ་གོང་མའི་འདུལ་ཊཱིཀ་ཆེན་མོ་དང༌། རང་བྱུང་བཀའ་འབུམ་གྱི་འཕྲོ་མུས་དང༌། དྲུང་རོལ་པའི་རྡོ་རྗེའི་བཀའ་འབུམ་གྱི་ལུང་ཡང་རིམ་པར་གསན་ཅིང༌།
ཁམས་ནས་ཟུར་མང་སྐུ་སྐྱེ་ཆེ་ཚང་ལ་སོགས་པའི་བླ་མགོ་ཁ་ཤས་འབུལ་བ་གཏོས་ཆེ་བ་དང་བཅས་ཏེ་འབྱོར། ཟླ་བ་དྲུག་པའི་ནང་དུ་ཧོར་སྟོད་པས་སྤྱན་དྲངས་ཏེ་མཚོ་སྲིབ་གོར་ཆེན་སྣ་མ་གདོང་དུ་དཔོན་ཚང་ཁག་སྡེ་ཚན་སོ་སོ་དང་བཅས་པས་འབུལ་བ་དང་བསྙེན་བཀུར་བཟང་པོ་རྒྱུན་རིང་དུ་ཞུས་ཤིང་སྐྱེ་བོ་དུ་མའི་རྒྱུད་ལ་ཞལ་མཇལ་གསུང་ཐོས་ལ་སོགས་པའི་ཕྲིན་ལས་མཐའ་ཡས་༥༢པས་དགེ་བའི་ས་བོན་འཇོག་པར་མཛད་ནས། ཟླ་བ་བརྒྱད་པ་ལ་སླར་གདན་ས་མཚུར་ཕུ་ཉིད་དུ་ཕེབས་ནས་རྗེ་བླ་མའི་དྲུང་དུ་འདུ་ཁང་ཆེན་མོའི་ལོགས་བྲིས་རྣམས་ལེགས་པར་གྲུབ་པའི་ཞལ་བྱང་འཁྲུངས་རབས་དོན་བསྡུས་ཀྱི་ཐུགས་རྩོམ་ཞུ་བ་དང༌། ཟླ་བ་བཅུ་པར་སྟོན་པ་གཙོ་འཁོར་གྱི་སྐུ་འབག་དང་མ་མགོན་མགར་གསུམ་གྱི་འཆམ་སྐུ། ཐུགས་རྗེ་ལྷ་ཁང་དུ་བཞུགས་རྒྱུའི་རྒྱལ་བ་རྒྱ་མཚོའི་སྐུ་གསར་བཞེངས། འདུ་ཁང་གི་ལོགས་བྲིས་དང་བཅས་པ་རབ་གནས་ཞུ་བ་གནང་བར། རྗེ་བླ་མའི་ཞལ་སྔ་ནས་ཚེས་ལྔ་
ནས་བརྒྱད་ཀྱི་བར་དཔལ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་ལ་བརྟེན་པའི་རབ་གནས་སྦྱིན་སྲེག་བཅས་པ་རྒྱས་པར་གནང་ཞིང༌། ཚེས་དགུའི་ཉིན་སྐུ་འབག་གསར་བཞེངས་རྣམས་སྐོར་ལམ་དུ་སྤྱན་དྲངས་ནས་ཡབ་སྲས་ཀྱང་ཞབས་བསྐྱོད་པའི་དགེ་འདུན་རྣམས་ཀྱི་སེར་སྦྲེངས་དང་ཤིས་བརྗོད་གནང་ནས། རིམ་པས་གཟིམ་ཆུང་པོ་ཏཱ་ལའི་ལོགས་བྲིས་ཀྱི་རབ་གནས་ཀྱང་གནང༌། དེ་དག་གི་སྐབས་སུ་ནཱ་རོའི་ཆོས་དྲུག་ཉམས་ཁྲིད་ཀྱི་ཚུལ་དུ་གསན་ཅིང༌། དྲུང་དེ་བཞིན་གཤེགས་པ། མཐོང་བ་དོན་ལྡན། ཆོས་གྲགས་རྒྱ་མཚོ། དཔལ་མཁའ་སྤྱོད་པ་རྣམས་ཀྱི་བཀའ་འབུམ་དང༌། བཀའ་གདམས་གླེགས་བམ། འབྲི་ཁུང་ཟབ་ཆོས་རྣམས་ཀྱི་ལུང་ཡང་རིམ་པས་གསན། དེ་སྐབས་ཀོང་སྟོད་སྨད་ཀྱི་རྟ་འབུལ་གཏོས་ཆེ་བ་དང་བཅས་རྩེ་ལྷ་སྒང་ནས་བྱུང་བས་མཇལ་དུ་ཕེབས་ཤིང༌། སོག་ཡུལ་ནས་འབྲས་སྤུངས་ཆོས་རྗེའི་ཞུ་འཕྲིན་དང་ཇ་ཞུས་ཀྱང་སླེབས། དེ་ནས་ལྕགས་ཕོ་འབྲུག་ལོའི་ལོ་སར་
གནང་ནས་སྨོན་ལམ་གྱི་ཐོག་སྐྱིད་ཤོད་ནས་སྟག་ལུང་དཔོན་ས་བྱོན་པས་བརྒྱ་འབུལ་མཛད་ཅིང༌། རྒྱལ་རིགས་ཟོལ་སྲས་ཀྱིས་གཙོས་པའི་འཇང་གི་འབུལ་སྐྱེལ་གཏོས་ཆེ་བའང་སླེབས། ཟླ་བ་གཉིས་པ་ནས་ཨཽཌྱཱན་བསྙེན་སྒྲུབ་སྐོར་གྱི་ལྗགས་ལུང་གསན་པའི་དབུ་ཚུགས་ཤིང༌། བར་སྐབས་རྗེ་བླ་མ་མཆོག་མཉེལ་བབས་ལྕི་བ་ཞིག་བྱུང་བར་སྐུ་རིམ་དང་བརྟན་བཞུགས་ཀྱི་གསོལ་འདེབས་༥༣རྩེ་གཅིག་ཏུ་གནང་བས་བསྙུན་གཞི་མེད་དུ་དེངས་པའི་བསྙུན་དྭངས་དགྱེས་སྤྲོའི་འབུལ་ནོད་རྒྱ་ཆེར་མཛད། ཟླ་བ་བཞི་པ་ནས་མཆོད་ཁང་ཆེན་མོའི་སྒོ་ཁང་གཟབས་བཅོས་ཀྱི་མགོ་བཙུགས་ཏེ་སྒོ་བསྲུང་དཔལ་ལྡན་ལྷ་མོ་དང་རྒྱལ་ཆེན་བཞིའི་སྐུ་རྣམས་ཀྱང་རིམ་པས་བཞེངས་པ་གནང༌། ཟླ་བ་དྲུག་པར་ཡར་རྒྱབ་ནས་སྡེ་པ་དཔོན་ཆེན་པ་མཆེད་བཅས་མཇལ་དུ་བྱོན་པས་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས། དེ་ནས་ཧོར་སྨད་པས་ཡབ་སྲས་བྱང་དུ་སྤྱན་འདྲེན་གྱི་ཕོ་ཉ་རིམ་པར་འབྱོར་བ་བཞིན་ཟླ་བ་
དེ་ཉིད་ཀྱི་ནང་དུ་ཆིབས་ཁ་བསྒྱུར་ཏེ་འདམ་ཀོ་ཁྱིམ་དང་སྦྲིད་ཀྱི་དཀར་པོ་སྒོ་ལ་སོགས་པར་རིམ་པས་ཕེབས་པ་ལ་དཔོན་ཚང་ཀརྨ་དཔལ་སྡེ་མང་དང་བཅས་པ་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེར་བགྱིས་ཤིང༌། ཀུན་ལ་མཐོང་ཐོས་དྲན་རེག་དོན་ལྡན་གྱི་འབྲེལ་པས་ཐར་པའི་ས་བོན་འཇོག་པར་མཛད་དེ་སླར་ཡངས་པ་ཅན་དུ་ཕེབས་པ་ན་གཙང་རོང་དུས་ཟིང་བྱུང་བའི་འདུམ་ལ་སྤྱན་འདྲེན་པ་འབྱོར་བར་ཡབ་སྲས་ཕེབས་པ་མ་གྲུབ་པས་བཀའ་བགྲོས་ཐོག་ནས་བདག་ཅག་རྫོང་བ་གནང་སྟེ་རྗེ་བླ་མ་མཆོག་གནས་ནང་དང་རྒྱལ་བ་ཉིད་མཚུར་ཕུར་ཕེབས་པ་ལས། ཟླ་བ་བཅུ་པ་རྟིང་མའི་ཚེས་དགུ་ལ་རྗེ་བླ་མ་ཉིད་ཀྱང་སྣ་དཀར་ཀླུ་སྡིངས་སུ་ཆིབས་བསུར་ཕེབས་ཤིང༌། གནས་ནང་བ་ལ་སོགས་པའི་དགེ་འདུན་གཞི་བྱེས་རྣམས་ཀྱི་སེར་སྦྲེངས་དང་དར་ཆ་རོལ་མོ་སོགས་བསུ་བའི་བཀོད་པ་རྒྱ་ཆེན་པོས་གནས་ནང་དུ་སྤྱན་འདྲེན་མཛད་ནས་ཡབ་སྲས་ཞལ་རྒྱས་ཀྱིས་བྱམས་ཁང་གི་སྒོ་ཁང་ལོགས་
བྲིས་ཀྱི་རབ་གནས་གནང་ཞིང་རྗེ་བླ་མའི་ཞལ་སྔ་ནས་གཞི་ལེན་གྱི་བསྙེན་བཀུར་འབུལ་ནོད་དཔངས་བསྟོད་པ་དང༌། རྒྱལ་བ་ཉིད་ཀྱིས་ཀྱང་ལེགས་ཇའི་འབུལ་ནོད་གཟབས་པ་གནང༌། དེ་ནས་རེ་ཞིག་རྒྱལ་བ་ཉིད་མཚུར་ཕུར་ཕེབས་པ་ལས། སླར་ཞལ་རྒྱས་ཀྱིས་སྣང་རྩེ་དགའ་བ་གྲོང་དུ་ཕེབས་ནས་ཆོས་གཞིས་པ་དང་ཤུན་ཞབས་དྲུང་ཡན་ཕྱིན་ལུགས་ལེགས་ཀྱི་བཀའ་གནང་སྩལ། དེ་དག་གི་སྐབས་ཡབ་སྲས་བཀའ་བགྲོས་པས་རྗེ་བླ་མ་ཐེལ་པ་དང་འབྲི་སྟག་ལ་སོགས་པའི་སྤྱན་འདྲེན་གྱི་ཞུ་ནན་བཞིན་སྟོད་ལུང་ནས་འབྲི་སྟག་བརྒྱུད་ཐེལ་སོགས་དབུས་ཕྱོགས་སུ་ཕེབས་པ་ཤར་ཞིང༌། རྒྱལ་བ་ཉིད་མཚུར་ཕུར་གདན་ཆགས་པའི་སྐབས་བདག་ཅག་གིས་གཙང་ཕྱོགས་སུ་རྒྱལ་བཟུང་གི་བཀའ་སྩལ་སོ་སོར་བསྙད་པའི་ཆིངས་ལུགས་གྲུབ་པས་གནས་དུས་བདེ་བ་དང་བསྟུན་སྡེ་པ་ལྷ་དབང་རྡོ་རྗེ་དང་མཐུ་སྟོབས་རྣམ་རྒྱལ་མཆེད་རྣམས་ཀྱིས་རང་གི་ཕ་ལ་དྲིན་དུ་གཟོ་བའི་ཚོགས་བསགས་
སྒྲིབ་སྦྱོང་གི་སླད་དུ་ནན་གྱིས་སྤྱན་འདྲེན་ཞུས་ངོར་ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལ་མཚུར་ཕུ་ནས་བཏེག་པའི་ལམ་བར་དུ་ལྷ་ཕུ་བ་དཔོན་བློན་གྱིས་ཀྱང་ཞབས་ཏོག་དང་བསྙེན་བཀུར་བཟང་པོ་ཞུས་ཤིང༌། ཚེས་བཅུ་དགུ་ལ་གསུང་རབ་གླིང་དུ་ཕེབས་ནས་ལོ་མཇུག་གི་སྐུ་རིམ་དང་ལྕགས་མོ་སྦྲུལ་ལོའི་ལོ་སར་གནང༌། ཚེས་ལྔ་ལ་བསམ་རྩེར་བཏེག་པར་ཐབ་བསུ་སེར་སྦྲེངས་སོགས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང་བཅས་ཏེ་ཚེས་བརྒྱད་ལ་བསམ་རྩེ་ཀླུ་སྡིངས་སུ་གདན་ཕེབས། ཚེས་བཅུ་ནས་སྨོན་ལམ་ཚུགས་པའི་བཅོ་ལྔའི་ཉིན་བདག་ལ་མདོ་འདོན་པ་ལ་སོགས་པའི་གནས་བརྟན་དུ་བཀས་སྩལ་ཅིང་རྒྱལ་བ་ཉིད་ཀྱང་ཚོགས་སུ་ཕེབས་པའི་གསོ་སྦྱོང་གནང༌། དེ་ནས་རིམ་པས་ཚོམས་ཆེན་དུ་དཀར་དྲོ་གཟབ་གཤོམ་དང་འགྲོ་བའི་མགོན་པོ་འཕགས་པའི་ཐུགས་དམ་རྟེན་བདེ་མཆོག་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་ཐང་ཧོར་དུས་ཀྱི་སྤྲས་ཐགས་འདོམ་འཁོར་གྱིས་གཙོས་པའི་འབུལ་ཆེན་རྒྱ་ཆེ་
དཔངས་མཐོ་བགྱིས་ཏེ་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་ཞུས། བཀྲ་ཤིས་ལྷུན་པོ། ཆོས་སྡེ་བྲག་དམར་བ། གསེར་མདོག་ཅན་པ་རྣམས་ཀྱི་མཁན་སློབ་དང་དགེ་འདུན་རབས་རིམ་ཞལ་མཇལ་ཕྱག་འབུལ་དུ་བྱོན་པར་ཡང་སོ་སོའི་མོས་པ་དང་འཚམ་པའི་བཀའ་ཆོས་ཀྱི་འབྲེལ་བ་གནང་བ་སོགས་དེར་འདུས་ཀྱི་སྐྱེ་བོ་ཇི་སྙེད་པ་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་དང་ལམ་ལ་འགོད་པར་མཛད་ནས། སླར་རྣམ་གླིང་དུ་ཕེབས་ཐོག་འཇང་རྒྱལ་བློན་གྱི་འབུལ་སྐྱེལ་སྤོ་འབོར་བའི་འགྲོན་ཚན་གཏོས་ཆེ་བ་འབྱོར་ཞིང༌། གྲྭ་ཚང་ཡན་ཕྱིན་སོགས་དེར་འཁོར་ཀུན་ཆོས་དང་ཟང་ཟིང་གི་བཀའ་དྲིན་ཆེན་པོས་ཁྱབ་པར་མཛད་དེ། དགྲ་འདུལ་སྒང་དུ་ལྷ་ཕུ་བ་དཔོན་བློན་གྱིས་བཏེག་ནས་ཐོགས་ཤིག་བཞུགས། དེ་ནས་རིམ་གྱིས་གདན་ས་ཆེན་པོ་ཉིད་དུ་ཆིབས་ཁ་བསྐྱོད་པའི་ལམ་བར་མགོ་ཐོན་ནས་གཞུ་གྲུ་བཞིའི་གནས་མཇལ་དུ་ཕེབས་པར་བྲག་ལ་ཆིབས་པའི་ཞབས་རྗེས་བྱོན། སླར་མགོ་ཐོན་ནས་ལ་རྒན་བརྒྱུད་
ཟླ་བ་བཞི་པའི་ཚེས་བཅུ་བཞི་ལ་གསེར་བྱ་སུམ་མདོར་མཚུར་ཕུ་རིན་པོ་ཆེ་སྐུ་མཆེད་དང་དབོན་གུ་ཤྲི་ཀརྨ་བསྟན་འཛིན་ཁུ་དབོན་གྱིས་ཆིབས་བསུ་ཐབ་འཛིན་དང༌། དགེ་འདུན་གྲྭ་ཚང་བ་སོགས་ཀྱིས་སེར་སྦྲེངས་དང་བཅས་གདན་ས་ཆེན་པོར་ཕེབས་ནས་མཆོད་ཁང་གོང་འོག་གི་མཁར་ལས་དང་རྟེན་བཞེངས་འཕྲོ་མུས་རྣམས་ལ་གཟིགས་རྟོག་གནང་ཞིང༌། ཟླ་བ་ལྔ་པའི་ཚེས་གསུམ་ལ་རིན་པོ་ཆེ་ཏྲེ་བོའི་སྐུ་སྐྱེ་དཔོན་སློབ་ཀྱིས་ཨ་ས་རི་ཁྲོད་ཀྱི་གཟིམ་ཁང་གསར་བཅོས་དངུལ་འབུམ་དང་བཅས་པར་ཕྱག་ནས་སུ་སྤྱན་དྲངས་ནས་བུར་སྟོན་དང་འབུལ་ནོད་མཛད། ཚེས་བཅུ་བཞི་ནས་སྐྱིད་མོ་སྦུག་ཏུ་ཁྱུང་རྫོང་དང་འབྲེལ་བའི་སྒྲུབ་སྡེ་འཛུགས་པའི་དགོངས་པས་དེའི་སྒྲུབ་པ་མ་རྣམས་ཀྱི་འདུག་ཡུལ་སྐྱིད་མཚོ་གླིང་གསར་འདིང་དང་གོང་དུ་དབོན་གུ་ཤྲི་ཀརྨ་བསྟན་འཛིན་པས་དོ་དམ་ཁུར་དུ་བླངས་པའི་གཟིམ་སྤྱིལ་སོགས་རིམ་པས་མཛད་དེ་བསམ་གཏན་ཡིད་འོང་གླིང་དུ་འདོགས་པ་གནང༌།
ཟླ་བ་དྲུག་པའི་ནང་དུ་མཆོད་ཁང་གོང་འོག་གི་དབུ་རྩེ་དང་སྒོ་ཁང་དུ་བཞུགས་པའི་དངུལ་སྐུ་རྡོ་རྗེ་འཆང་དང་རྒྱལ་ཆེན་སོགས་གྲུབ་པར་བདག་ལ་དེའི་རབ་གནས་བགྱིད་དགོས་པར་བཀས་གནང་བ་བཞིན་བཀའ་གདམས་རིན་པོ་ཆེའི་ཕྱག་བཞེས་མདོ་ལུགས་ཀྱི་ཆོ་གའི་སྒོ་ནས་རབ་ཏུ་གནས་པ་ལེགས་པར་བགྱིས་ཤིང༌། ཟླ་བ་བདུན་པ་ལ་མཆོད་ཁང་གོང་གི་གཟབ་བཅོས་གཙང་ཁང་དུ་མ་ག་དྷ་རྡོ་རྗེའི་གདན་གྱི་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་སྟོན་པ་གཙོ་འཁོར་དང༌། དབུ་རྩེར་སྟོན་པ་ལོངས་སྐུ་བཅོམ་ལྡན་འདས་རྡོ་རྗེ་འཆང་གི་དངུལ་སྐུ་བཞུགས་པ་རྟེན་བརྟེན་པ་དང་བཅས་པ་ལོགས་བྲིས་ཙམ་མ་གཏོགས་ལེགས་པར་གྲུབ་པའི་རབ་གནས་སུ་རྗེ་བླ་མ་སྤྱན་འདྲེན་པ་རིམ་པར་གནང་བ་བཞིན་ཟླ་བ་བཅུ་གཉིས་པའི་ཚེས་བཅུ་དྲུག་ལ་རྒྱལ་ལ་ནས་ཕེབས་པར། རྒྱལ་གྱི་མདོར་བདག་དང་མཚུར་ཕུ་རིན་པོ་ཆེ་ནང་སོ་མདོ་རྒྱུད་པ་སོགས་ཀྱིས་གཙོས་པའི་ཆིབས་བསུ་ཐབ་འཛིན་དང༌། དགེ་འདུན་གཞི་
བྱེས་རྣམས་ཀྱི་སེར་སྦྲེངས་དང་བསྟུན་མ་མགོན་གྱི་འཆམས་སྐུ་སྤྱན་འདྲེན་དང་བཀྲ་ཤིས་ཁྲ་རིང་རྐྱོང་བ། རྒྱལ་བ་ཉིད་ཀྱང་སེང་གེ་སྒོ་མདུན་དུ་ཞབས་བསྐྱོད་དེ་ཕེབས་པའི་གུས་འདུད་སོགས་བསུ་བའི་བཀོད་པ་རྒྱ་ཆེན་པོས་སྤྱན་དྲངས་ཏེ་འདུ་ཁང་ཆེན་མོར་གདན་འཛོམས་པ་ལ་རྗེ་བླ་མའི་ཞལ་སྔ་ནས་སྐུ་སྐྱོས་ཀྱི་འབུལ་ནོད་དཔངས་བསྟོད་པ་གནང་ཞིང༌། ཚེས་བཅུ་བདུན་གྱི་ཉིན་གཞུང་ནས་གཞི་ལེན་གྱི་གསོལ་དྲོ་བུར་སྟོན་གཟབས་པ་ཞུས། དེ་ནས་ཆུ་ཕོ་རྟ་ལོའི་ཆོ་འཕྲུལ་དུས་ཆེན་གྱི་ཐོག་མཚུར་ཕུ་གནས་ནང་ཡངས་པ་ཅན་པ་རྣམས་ཀྱི་དགེ་འདུན་རགས་བསྡུས་ཀྱིས་གསང་འདུས་དང་དུས་འཁོར་ལ་སོགས་པའི་ཆོག་གྲྭ་དང་བཅས་རྗེ་བླ་མ་མཆོག་རྡོ་རྗེ་སློབ་དཔོན་དུ་གསོལ་བའི་དགེ་འདུན་ཟུར་རི་དང༌། ཅོག་གྲྭའི་བདེ་མཆོག་པ་རྣམས་ཀྱིས་དཔལ་སྡོམ་པ་ལྷ་ལྔའི་སྒོ་ནས་མཆོད་ཁང་གོང་སྟེང་ཤོད་རྟེན་བརྟེན་པ་དང་བཅས་པའི་རབ་ཏུ་གནས་པ་ལེགས་པར་གནང་བའི་རྗེས་དགའ་སྟོན་
གྱི་ཚེ་རྡོ་རྗེ་སློབ་དཔོན་གྱི་ཡོན་དུ་གསེར་སིལ་ཞོ་བརྒྱ་པ་དང་དངུལ་དྭང་མ་སྲང་ཆེན་བརྒྱས་གཙོས་པའི་འབུལ་བའི་སྣ་གྲངས་དངོས་གཙང་གྲངས་མང་མཛད་ཅིང༌། རྗེ་བླ་མའི་ཕྱག་ནས་ཀྱང་གཙུག་ལག་ཁང་རྟེན་བརྟེན་པར་བཅས་པ་གེགས་མེད་དུ་གྲུབ་པར་ལེགས་བྱའི་འབུལ་ནོད་དཔངས་བསྟོད་པ་གནང༌། དེ་དག་གི་ཚེ་ཁམས་ནས་ཚེར་ལུང་སྐུ་སྐྱེ་ཡང་འབུལ་སྐྱེལ་དུ་འབྱོར་ཞིང༌། འབྲི་ཁུང་ཁང་ཐོག་ནང་༥༧འཁྲུགས་པའི་འདུམ་ལ་གདན་འདྲེན་པ་བྱུང་བར་ཡབ་སྲས་བཀའ་བགྲོས་ཀྱི་ཐོག་ནས་ནང་སོ་མདོ་རྒྱུད་པ་དཔོན་གཡོག་སྔ་འགྲོས་སུ་གནང་སྟེ་རིམ་པས་རྒྱལ་བའི་དབང་པོ་ཡང་ཕེབས་པ་གནང་རྒྱུའི་ཁུལ་གྱིས་ཟླ་བ་དང་པོའི་ཚེས་བཅུ་བདུན་ལ་བཞུགས་སྒར་འདེགས་པ་ཤར་བའི་ཞབས་སྐྱེལ་དུ་རྗེ་བླ་མ་ཡང་སྐྱེར་ཁང་བར་ཕེབས་ཤིང༌། དེ་ནས་བཞུགས་སྒར་ཚལ་སྤྲོར་ཕེབས་ཏེ་ཞག་ཤས་བཞུགས་སྐབས་འཇང་རྒྱལ་པོས་བཀའ་འགྱུར་གསར་བཞེངས་བགྱིས་པ་ལ་ཕྱག་ནས་གནང་བ་ཕོ་བྲང་དུ་
ཕེབས་པས་རྒྱལ་བློན་འབངས་བཅས་མི་ཕྱེད་པའི་དད་པ་དང་དགའ་སྤྲོ་རྒྱ་ཆེན་པོ་ཐོབ་པར་གྱུར་ཟེར། དེར་ནང་སོའི་དྲུང་དཔོན་གཡོག་གིས་ཁང་ཐོག་བར་ཆིངས་ཐོན་པས་རེ་ཞིག་སྒར་ཆེན་ཕེབས་མ་དགོས་པར་སླར་མཚུར་ཕུ་ཉིད་དུ་ཕེབས་ཤིང༌། རྒྱལ་བ་སྲས་དང་བཅས་པའི་སྐུ་གཟུགས་ཀྱི་རི་མོའི་ལས་ལ་སློབ་དཔོན་གྱི་གནས་ཐོབ་པ་ནམ་མཁའ་བཀྲ་ཤིས་ལ་མཆོད་ཁང་གོང་གི་ཁྱམས་སུ་གནས་བརྟན་བཅུ་དྲུག་གི་ལོགས་བྲིས་བགྱིད་པར་བཀའ་སྩལ། དེ་དག་གི་ཚེ་རྗེ་བླ་མ་མཆོག་དཔོན་སློབ་ཀྱང་ཕྱི་ནས་ཕེབས་པས་ཚལ་སྤྲོར་མཇལ་ཙམ་གནང་ནས་ཡངས་པ་ཅན་དུ་སྐོར་ཅིག་ཕེབས་པ་ལས། ཟླ་བ་གསུམ་པ་ལ་གནས་ནང་དུ་ཕེབས་ནས་བྱམས་ཁང་གི་ཁྱམས་ཀྱི་ལོགས་བྲིས་རྣམས་གནང་བ་ཟླ་བ་དྲུག་པའི་ནང་དུ་ལེགས་པར་གྲུབ་པའི་རབ་གནས་དངོས་གཞིའི་ཉིན་མཚུར་ཕུ་ནས་རྒྱལ་བའི་དབང་པོ་ཡང་ཕྱག་ནས་སུ་སྤྱན་འདྲེན་མཛད་པར་འབུམ་ཐང་ན་ཁར་སྐུ་དངོས་ཀྱིས་ཕེབས་
པའི་ཆིབས་བསུ་ཐབ་འཛིན་དང༌། དགེ་འདུན་གཞི་བྱེས་ཀྱི་སེར་སྦྲེངས་ལ་སོགས་པའི་བསུ་བའི་བཀོད་པ་དང་བཅས་འདུ་ཁང་དུ་གདན་འཛོམས་པར་ཡར་སྟོད་ནས་མ་ཆོས་མཛད་མས་སྦྱིན་བདག་བགྱིས་པའི་ཚོགས་འཁོར་གཟབ་གཤོམ་གྱི་ཐོག་ཕན་ཚུན་འབུལ་སྐྱེས་གྱ་ནོམ་པའི་དགའ་སྟོན་དང་ཕྱག་ནས་མཛད་༥༨ཅིང༌། ཕྱི་ཉིན་ཞལ་རྒྱས་ཀྱིས་བསམ་གཏན་རྩེར་དགྱེས་སྤྲོའི་རི་གཟིགས་ལ་ཕེབས། སླར་རྒྱལ་བ་ཉིད་མཚུར་ཕུར་ཕེབས་ནས་ཧ་ཅང་མ་འགྱངས་པར་ལྷོ་སྟོད་པས་ཡབ་སྲས་ལྷན་ཅིག་སྤྱན་འདྲེན་ཞུས་པ་བཞིན་ཟླ་བ་བདུན་པའི་ཉེར་གསུམ་ལ་མཚུར་གནས་སོ་སོ་ནས་འདེགས་པ་གནང་སྟེ་སུམ་མདོ་གོང་དུ་ཞལ་རྒྱས་ནས་བཟད་སྙུག་དཔལ་དེ་སྣ་དཀར་རྩེ་སྟག་ལུང་རྣམས་རིམ་པས་བརྒྱུད་དེ་ཕེབས་པར་སོ་སོ་ནས་ལམ་གྱི་ཞབས་འདེགས་དང་སྣ་ལེན་བཟང་པོ་ཞུས་ཤིང་མཁའ་རོའི་གནས་གཟིགས་ཀྱང་གནང་ནས་ཞ་མདར་ཕེབས་ཐོག་བྱང་པ་བདག་པོ་རིག་སྔགས་འཆང་བཀྲ་ཤིས་སྟོབས་རྒྱས་
བ་ར་ལུང་དུ་བཞུགས་པའང་མཇལ་དུ་བྱོན། དེ་ནས་ལྷོ་སྟོད་པ་དཔོན་གཡོག་སྡེ་དཔོན་རྣམས་ཀྱི་བསུ་བའི་བཀོད་པ་དང་བཅས་ཟླ་བ་བརྒྱད་པའི་ཚེས་བཅུ་དགུ་ལ་མོན་ཐང་གནས་སུ་གདན་ཕེབས་པར་བསྙེན་བཀུར་འབུལ་ཞབས་བཟང་པོས་བཏེག་སྟེ་ཟླ་གཅིག་ཏུ་ཉེ་བ་བཞུགས་པའི་རིང་ཨཽ་ཌྱཱན་བསྙེན་སྒྲུབ་ཀྱི་ལྗགས་ལུང་འཕྲོ་མུས་དང༌། བླ་མ་ཞང་གི་བཀའ་འབུམ། ཁྲོ་ཕུ་བརྒྱ་རྩ། ཡང་དགོན་བཀའ་འབུམ་རྣམས་ཀྱི་ལྗགས་ལུང་གསན། ཟླ་བ་དགུ་པའི་ཚེས་བཅུ་བདུན་ལ་བཏེག་སྟེ། ཉེར་གཉིས་ལ་སྲས་མཁར་དགྱེས་པ་རྡོ་རྗེའི་ཕོ་བྲང་སངས་རྒྱས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་གདན་ཕེབས་ནས་སྐུ་གསུམ་ངོ་སྤྲོད་ཉམས་ཁྲིད་དུ་གསན་པ་དང་གནམ་སྟོང་ལ་གཞི་བྱེས་ཀྱི་དགེ་སློང་གྲངས་མང་གི་ཚོགས་སུ་ཡབ་སྲས་ཞལ་རྒྱས་ཀྱིས་ཕེབས་ནས་གསོ་སྦྱོང་གནང༌། སྐབས་དེར་རྗེ་བླ་མ་དྷིཚ་དབོན་པོ་དང་བུམ་ཐང་བ་མཆོད་ཡོན་གྱིས་ཐང་གིའི་ལྷུན་གྲུབ་ཆོས་སྡིངས་
སུ་སྤྱན་དྲངས་ཏེ་མོན་ཕྱོགས་སུ་སྐོར་ཙམ་ཕེབས་པར་ཆུ་ཁྱེར་གྱི་ཕུ་རྗེ་མར་པའི་འཁྲུངས་ཡུལ་སྤེའུ་གསར་བཀྲ་ཤིས་ལིང་ངའི་བར་ཆིབས་སྐྱེལ་དུ་ཕེབས་ཤིང༌། རྒྱལ་བ་ཉིད་ཀྱང་སྤེལ་ཆུང་བས་ཆོས་རྫོང་དུ་སྤྱན་དྲངས་ནས་བསྙེན་བཀུར་འབུལ་ཞབས་བསྒྲུབས། སླར་སྲས་སུ་༥༩ཕེབས་ཐོག་ནང་སོ་མདོ་རྒྱུད་པ་བསྙུང་ནས་རྒྱང་ཙམ་སོན་པ་རིམ་པས་ཉེན་དུ་སོང་བས་རྗེ་བླ་མ་མཆོག་སྤྱན་འདྲེན་དུ་གནང་བ་བཞིན། ཟླ་བ་བཅུ་གཅིག་པའི་ཉེར་དྲུག་ལ་ཕེབས་པར་གཞི་བྱེས་ཀྱི་ཐབ་བསུ་སེར་སྦྲེངས་སོགས་རྒྱས་པར་གནང་ཞིང་རྗེ་ཉིད་ཀྱང་རྡོ་གཅལ་དུ་ཞབས་བསུར་ཕེབས། དེ་ནས་ཟླ་བ་བཅུ་གཉིས་པ་སྔ་མའི་ཚེས་གཅིག་ལ་ནང་སོ་མདོ་རྒྱུད་པ་གཤེགས་པས། དེ་ཉིད་ཀྱི་རྗེས་སུ་དམིགས་པའི་གཞི་བྱེས་ཀྱི་ཆོས་སྡེ་རི་ཀླུང་སྒར་མང་དང་བཅས་པར་མང་ཇ་འགྱེད་བཅས་གྱ་ནོམ་པ་སྩལ་བའི་གྲལ་དབུར་རྗེ་བླ་མ་བཞུགས་པ་ལ་འབུལ་ནོད་ཀྱི་སྣ་གྲངས་དཔངས་བསྟོད་དེ་བསྔོ་བའི་རྒྱས་འདེབས་ཞུ་བ་སོགས་དགེ་
ཚོགས་རྒྱ་ཆེན་པོ་སྒྲུབ་པ་གནང་ནས། ཟླ་བ་དེ་ཉིད་ཀྱི་ཉེར་གཅིག་ལ་སྒར་ཆེན་གྲུམ་ལ་དང་རྗེ་བླ་མ་དཔོན་སློབ་སྤེལ་ཆུང་བརྒྱུད་ཕེབས་པ་གད་མདོར་ཞལ་རྒྱས་སྐབས་ཡར་རྒྱབ་པ་ཡུམ་སྲས་ཀྱི་སྤྱན་འདྲེན་པ་འབྱོར་ཞིང༌། ལྷོ་སྟོད་པས་ཀྱང་དགུན་བཞུགས་གནང་དགོས་པའི་ཞུ་ནན་ཕུལ་བ་ལས། རྗེ་བླ་མའི་དགོངས་པར་དགུན་བཞུགས་ལྷོ་སྟོད་དུ་གནང་ནས་སོས་མགོ་དབུས་ཕྱོགས་སུ་ལྷན་ཕེབས་ཀྱི་དགོངས་པ་ཡོད་ཤས་ཆེ་བ་ལ། ཁག་སོ་སོའི་ལས་འཛིན་རྣམས་ཀྱི་གྲོས་དབང་གིས་སྒར་ཆེན་འབྲོག་སྨད་ནས་དོལ་བརྒྱུད་མཚུར་ཕུར་སྔུན་ལ་འདེགས་པ་དང༌། རྗེ་བླ་མ་དཔོན་སློབ་ལྷོ་སྟོད་དུ་དགུན་བཞུགས་གནང་ནས་སླར་རིམ་པས་སྒར་ཆེན་གར་བཞུགས་སུ་ཕེབས་པའི་སྒོ་ཤར་ཏེ་ལྷ་ལུང་དུ་གདན་ཕེབས་པ་གནང་བ་དང་བསྟུན་རྒྱལ་བའི་དབང་པོ་ཡང་ཉིན་སྐོར་ཞིག་ལ་ཕེབས་སྐབས་རྗེ་བླ་མ་མཆོག་སྦྲང་སྨྱོན་ལ་བརྟེན་པའི་སྐུ་ཁམས་མཉེལ་བ་ཞིག་བྱུང་ནས་ཞག་འགའ་སྐུ་
མཚམས་གནང༌། དེ་ནས་རེ་ཞིག་དྭངས་པའི་ཁུལ་དུ་བྱས་ཏེ་སྒར་ཆེན་ཡང་ཟླ་བ་བཅུ་གཉིས་པ་ཕྱི་མའི་ཚེས་བཅུ་བདུན་གད་མདོ་ནས་བཏེག་པའི་རྒྱབ་ཇ་ཁར་ཞབས་སྐྱེལ་དུ་ཕེབས་པར་མཇལ་འཛོམས་དང་བྱིན་རླབས་ཞུས་གནང་ནས་སྨན་ཐང་བརྒྱུད་འབྲོག་སྨད་རོང་འབོར་ཆུ་མོ་ལུག་ལོའི་ལོ་སར་གནང་ཞིང༌། ཡུལ་གྲུ་དེ་དག་གི་སྡེ་དགོན་ཇི་སྙེད་པས་འབུལ་ཞབས་བསམ་གྱིས་མི་ཁྱབ་པ་བསྒྲུབས། དེ་ནས་རིམ་པས་དོས་མདར་ཕེབས་ཏེ་ཟླ་གཅིག་ཏུ་ཉེ་བ་ཙམ་བཞུགས་པར་ཡར་རྒྱབ་ནས་ཡུམ་སྲས་རྣམས་ཀྱིས་བསྙེན་བཀུར་དང་འབུལ་ཞབས་བཟང་པོས་བཏེག་ཅིང༌། ཚོགས་དགེ་འདུན་སྒང་པའི་མཁན་རིན་པོ་ཆེ་དཔོན་སློབ་ཀྱང་ཞལ་མཇལ་ཕྱག་འབུལ་དུ་ཕེབས། དགེ་འདུན་འཕགས་སྡེ་དང་སྔགས་གྲྭ་པ་རྣམས་ལ་དབང་པོ་དང་འཚམ་པའི་ཆོས་སྦྱིན་ཅི་རིགས་པ་དང་དེར་འདུས་ཀྱི་སྐྱེ་བོ་གཞན་ལའང་ཞལ་མཇལ་གསུང་ཐོས་སོགས་ཀྱི་འབྲེལ་པ་སྩལ་བས་མངོན་མཐོ་ངེས་ལེགས་ཀྱི་ལམ་ཆེན་པོ་
སྣང་བར་མཛད་དེ། འཕྲང་པོ་དང་འཇང་ཆུ་སྙུག་བཟང་རྣམས་རིམ་པས་བརྒྱུད་ནས་ཟླ་བ་གསུམ་པའི་ཉེར་བདུན་ལ་གདན་ས་མཚུར་ཕུར་ཕེབས་ཤིང༌། ཟླ་བ་བཞི་པར་སོག་ཡུལ་ནས་སྟོད་ནག་ཆུ་འཕུར་བ་སྤུན་སླར་འབྱོར་བས་རྒྱལ་པོ་དའི་ཇིང་གི་ཞུ་ལན་དང་བཅས་པའི་འབུལ་ཆེན་བགྱིས། དེ་སྐབས་བདེ་ཆེན་ནས་དྲུང་ནས་དཔལ་འབྱོར་རྣམ་རྒྱལ་ན་ཚོད་སྨིན་པ་དང་བསྙུན་གྱིས་ཀྱང་ཟིན་པ་ཞལ་མཇལ་བྱིན་རླབས་ཞུ་བའི་དོན་དུ་ཚལ་སྤྲོར་སྤྱན་དྲངས་ཏེ་འབུལ་ཞབས་རྒྱ་ཆེན་བགྱིས་པ་ལ་ཞལ་མཇལ་བྱིན་རླབས་སོགས་བློ་ཁ་ཚིམ་པར་སྩལ་ཏེ་སླར་མཚུར་ཕུར་ཕེབས་ཏེ་མཆོད་ཁང་གོང་ཏྲེ་བོའི་ལས་ཚན་གྱིས་འཛིན་པ་དགེ་སློང་བཞི་སྡེ་རྣམས་ལ་རྩིས་སྤྲོད་གནང་ཞིང༌། སྣང་རྩེ་རིག་འཛིན་པ་གཤེགས་པའི་དགོངས་རྫོགས་སུ་དཔོན་ས་དོན་གྲུབ་རྒྱལ་མོས་སྒར་ཆོས་སྡེ་ཀུན་ལ་གསོལ་ཕོགས་དང་བཅས་པའི་འབུལ་ནོད་ཡང་དག་པ་བགྱིས། དེ་ནས་རིང་པོ་མ་ལོན་པར་དྲུང་ནས་ཀྱང་ཕ་རོལ་ཏུ་
གཤེགས་པའི་རྗེས་སྒྲུབ་ཏུ་དབོན་ཀརྨ་བསྟན་འཛིན་པས་བདེ་ཆེན་དུ་སྤྱན་དྲངས་ཏེ་བྱང་བུ་ཕྱག་ཞུས་དང་བསྔོ་བ་སྨོན་ལམ་གྱི་རྟེན་རྒྱ་ཆེ་དཔངས་མཐོ་སྒར་མང་ཆོས་སྡེ་རྣམས་ལ་མང་ཇ་འགྱེད་བཅས་སོགས་བསྙེན་བཀུར་གྱ་ནོམ་པ་ཞུས། དེ་ནས་གདན་ས་ཉིད་དུ་ཕེབས་སྐབས་རྗེ་བླ་མ་མཆོག་ཀྱང་དགུན་སྨད་ནས་སྐུ་བད་ལ་བརྟན་པའི་སྐུ་ཁམས་བདེ་རྒྱུ་མེད་པ་ཞིག་ལ་ལྷོ་སྟོད་ནས་རིམ་པས་བཏེག་སྟེ་དོལ་མདར་ཕེབས་པའི་ཞུ་འཕྲོད་འབྱོར་བས་བརྟན་བཞུགས་འབུལ་མི་གནང༌། དེ་ནས་རིམ་པས་ལེགས་བཤད་གླིང་དུ་ཕེབས་གནང་ཡོང་བའི་ཞུ་འཕྲིན་དང༌། སྐུ་ཁམས་ཀྱང་དྭངས་བསྐྱེད་ཆེར་མ་བྱུང་པས་ཕྱག་མཛོད་ནས་གཞི་བྱེས་རི་ཀླུང་ཀུན་ལ་སྐུ་རིམ་གྱི་མང་ཇ་འབུལ་འགྱེད་སྟོབས་ཆེ་བ་དག་རིམ་པས་འབྱོར་བས་འདུ་ཁང་ཆེན་མོར་ཚོགས་དབུར་ཕེབས་ཏེ་ཐམས་ཅད་ཀྱི་འདུན་པ་རྩེ་གཅིག་པས་སྐུ་རིམ་བརྟན་བཞུགས་དྲག་ཏུ་བསྒྲུབས་ཤིང༌། སྐུ་གཞོགས་སུ་ཡང་སྔ་མགྱོགས་རྣམ་འཇོམས་སྒྲོལ་
དཀར་གྱི་ཁྲུས་ཆབ་དང་བཅས་པའི་བརྟན་བཞུགས་འབུལ་མི་དང༌། ཟླ་བ་དྲུག་པའི་ཉེར་ལྔ་ལ་རྒྱལ་བ་ཉིད་ཀྱང་དགེ་བའི་བཤེས་གཉེན་གྱི་སྐུའི་རིམ་གྲོ་དང་སྲི་ཞུར་ཆིབས་རགས་ཧྲག་བསྡུས་ཀྱིས་གདན་འདེགས་པ་གནང་སྟེ། ཉེར་དྲུག་ལ་རྣམ་སྲས་ཕོ་བྲང་དུ་སྐུ་མཚམས་ཀྱི་ཐོག་བདག་ཅག་ཞམ་རིང་བ་གཉིས་གསུམ་དང་བཅས་སྟེ་ཞལ་རྒྱས་པར་མཇལ་སྐྱེས་བཟང་པོ་དང་བརྟན་བཞུགས་འབུལ་བ་གནང་ཞིང༌། ཚུར་ཡང་མཇལ་སྐྱེས་སུ་བཀྲ་ཤིས་ཁ་ཐགས་ཟུང་འབྲེལ་གསེར་གྱི་རྡོ་རྗེ་མུ་ཏིག་གི་ཕྲེང་བའི་གཟུངས་ཐག་དང་བཅས་པ་ཞིག་འབུལ་བ་གནང་ནས་གསོལ་ཇ་བཞི་ལྔའི་བར་གསུང་གླེང་དང་དགྱེས་དགྱེས་དཔག་ཏུ་མེད་པ་གནང༌། དེ་ནས་ཟླ་བ་བདུན་པའི་ཉི་ཤུ་གཉིས་ཀྱི་བར་ཕལ་ཆེར་ཉིན་རེ་བཞིན་དང་སྐབས་སུ་གནངས་ཅགས་ཀྱིས་སྐུ་གཞོགས་སུ་ཕེབས་ནས་གསོལ་ཇ་གཉིས་གསུམ་གྱི་བར་མཇལ་འཛོམས་གསུང་གླེང་གནང་ཞིང་བརྟན་བཞུགས་འབུལ་བ་དང༌། སྒར་
མང་ཆོས་སྡེ་གཞི་བྱེས་ཀུན་༦༢ལ་སྐུ་རིམ་གྱི་མང་ཇ་རྣམ་གཞག་དཔངས་བསྟོད་དང་བཅས་པ་གནང་སྟེ་གསུང་སྒྲོགས་ལ་སོགས་པའི་སྐུ་རིམ་དར་དྲག་ཏུ་སྒྲུབ་པ་གནང་ཡང་སྐུ་ཁམས་དྭངས་བསྐྱེད་མེད་པའི་ཚུལ་བསྟན་ཏེ། ཇི་སྐད་དུ། ཇི་ལྟར་མེ་ནི་གཞན་དུ་འབར། །གཞན་དུ་ཞི་བར་འགྱུར་བ་ལྟར། །དེ་བཞིན་སངས་རྒྱས་རྣམས་ཀྱི་ཡང༌། །སྣང་དང་མི་སྣང་ཤེས་པར་བྱ། །ཞེས་པ་ལྟར་སྐུའི་བཀོད་པ་དེ་ཉིད་ཀྱིས་འདུལ་བའི་གདུལ་བྱ་དང་མཛད་པ་ཡང་དེ་ཙམ་གྱིས་མཐར་ཕྱིན་པར་དགོངས་ཤིང༌། སྤྲུལ་པའི་སྐུ་དྲུག་པའི་སྐུའི་སྣང་བརྙན་གྱི་འཕྲིན་ལས་རྒྱ་མཚོས་རྒྱལ་བའི་བཞེད་པ་སྐོང་བར་དགོངས་པས་རྗེ་བླ་མ་མཆོག་དེ་དགུང་ལོ་ལྔ་བཅུ་རྩ་དགུ་པ་ཆུ་མོ་ལུག་གི་ལོ་གྲོ་བཞིན་གྱི་ཟླ་བའི་ཉེར་གསུམ་ལ་དགོངས་པ་ཆོས་ཀྱི་དབྱིངས་ཟག་པ་ཐམས་ཅད་དང་བྲལ་བའི་ངང་དུ་སྙོམས་པར་ཞུགས་ཏེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པས། སྐུ་གདུང་རིན་པོ་ཆེ་དྲི་བཟང་གིས་བགོས་པའི་དར་ཟབ་དང་རས་
ཟུང་གིས་དཀྲི་བ་ལ་སོགས་པའི་བཀུར་སྟི་དང་ཕྱག་མཆོད་མཛད་དེ། གསང་ཁོག་ནས་སྐུ་གདུང་རིན་པོ་ཆེ་ཡངས་པ་ཅན་དུ་སྤྱན་འདྲེན་པ་དང༌། གསང་བརྟོལ་དང་བསྟུན་སྒར་ཆོས་སྡེ་རྣམས་སུ་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་འཛུགས་པ་གནང་ཞིང༌། ཟླ་བ་བརྒྱད་པའི་ཉེར་གསུམ་ལ་སྐུ་མཆོད་ཐོག་མའི་མང་བསྐོལ་སོགས་གནང་སྟེ་ལེགས་བཤད་གླིང་ནས་གདན་བཏེག །མཚུར་ཕུ་བརྒྱུད་ཡངས་པ་ཅན་དུ་ཕེབས་ནས་གདུང་མཇལ་དང་ཕྱག་མཆོད་རྒྱས་པར་གནང་ཞིང༌། ཟླ་བ་དགུ་པའི་ཚེས་གསུམ་ནས་ཡངས་པ་ཅན་པ་དང༌། མཚུར་ཕུ་གནས་ནང་ཟུར་རི་ཅོག་གྲྭ་སོགས་གཞི་བྱེས་ཀྱི་དགེ་འདུན་བདུན་བརྒྱ་ལྷག་ཙམ་གྱིས་མཆོད་འབུལ་གྱི་ཆོ་ག་ཆོག་མང་འཛུགས་པ་དང༌། དེ་ནས་རིམ་པས་རྒྱལ་བ་ཉིད་མགོན་དུ་བཞུགས་པའི་ཞབས་འབྲིང་ཕྱག་བཞེས་པ་དབོན་གུ་ཤྲི་ཀརྨ་བསྟན་འཛིན་པ་དང་ནང་སོ་ཀརྨ་མཆོད་སྤྲིན་རྒྱ་མཚོ་ཕྱག་མཛོད་གཞི་བྱེས་སོགས་ཀྱིས་མཛད་ནས་ཕྱག་རྫས་
ཀྱི་དངོས་པོ་ཕལ་ཆེ་བ་ཕྱོགས་༦༣མཐའི་གདུང་འབུལ་རྣམས་དང་བཅས་པ་སྔོན་རྒྱལ་བ་མི་བསྐྱོད་ཞབས་ཀྱི་དགོངས་པ་རྫོགས་ཐབས་རྗེ་བླ་མ་མཆོག་དེ་ཉིད་ཀྱིས་ཇི་ལྟར་གནང་བའི་ཕྱག་དེབ་ལ་ཆ་བཞག་གི་དབུས་གཙང་ལ་སྟོད་དྭགས་ཀོང་ཡན་ཆད་ཀྱི་དགེ་འདུན་གྲུབ་པའི་མཐའ་ཕྱོགས་དང་རིས་སུ་མ་ཆད་པ་ཀུན་ལ་མང་ཇ་སྤྱི་འགྱེད་བླ་སློབ་དཔོན་རྣམས་ལ་མཆོད་བསྔོའི་རྟེན་གྱི་རྣམ་གཞག་དང༌། ལྷ་སའི་ཇོ་བོ་རིན་པོ་ཆེའི་དྲུང་དུ་གསེར་ཞོ་ཕྱེད་དང་ཉིས་བརྒྱ་ལས་གྲུབ་པའི་མཎྜལ་གྱིས་གཙོས་རྟེན་གསུམ་རྣམས་ལ་མཆོད་སྤྲིན་གྱི་དངོས་པོ་རྒྱ་ཆེར་སྩལ་ཞིང༌། ཕྱག་དཔེ་རྟེན་མཆོད་སོགས་སྤྲུལ་པའི་སྐུ་ཕྱི་མའི་སྐུའི་ཉེར་སྤྱད་དུ་འོས་པ་འགའ་ཤས་མ་འོངས་པའི་རྟེན་འབྲེལ་གྱི་སྒོར་བཀའ་རྒྱའི་ཚུལ་དུ་ཡང་འཇོག་པ་གནང༌། དེ་དག་གི་སྐབས་སུ་རྒྱལ་བ་ཉིད་ཀྱི་ཕྱག་ནས་ཀྱང་མཆོད་འབུལ་གྱི་ཆོ་ག་བ་རྣམས་ལ་མང་ཇ་རྣམ་གཞག་སོགས་གྱ་ནོམ་པ་གནང་ནས། ཟླ་བ་བཅུ་པའི་ཚེས་གཉིས་ལ་གདུང་ཆོག་
གྲོལ་བའི་སེར་འདུའི་གྲལ་དབུར་ཀླུ་ལྡིངས་སུ་ཕེབས་པ་ལ་ཕྱག་མཛོད་གཞི་བྱེས་ནས་མཆོད་བསྔོའི་རྟེན་གྱི་འབུལ་ནོད་དངོས་གཙང་གྲངས་མང་དང༌། དགེ་འདུན་སྤྱི་ལ་ཆོག་ཡོན་དཔངས་བསྟོད་བླ་སློབ་དཔོན་རྣམས་ལ་རྣམ་གཞག་དང་བཅས་པ་ཕུལ་ཞིང་མཆོད་བསྔོ་རྒྱས་པར་གནང༌། དེ་ནས་དགེ་བའི་བཤེས་གཉེན་གྱི་བཀའ་དྲིན་བསབ་ཅིང་གུས་པ་དང་རི་མོར་མཛད་པའི་ཕྱིར་སྐུ་གདུང་གི་མཆོད་རྟེན་རིན་པོ་ཆེ་བཞེངས་པའི་རྒྱུ་དང་འབད་པ་གང་ཅིའི་ཐུགས་ཁུར་རྒྱལ་བ་ཉིད་ནས་བཞེས་པའི་ཕྱག་གཡོག་ལག་ལེན་པར་ཁ་བ་དཀར་དབོན་པོ་གཟིམ་དཔོན་ཀརྨ་བཟང་ལྡན་གྱིས་བགྱིས་ཤིང༌། བཀོད་པ་དང་མགོ་ལུང་བཟོ་རིག་དད་ཤེས་དང་ལྡན་པ་ནམ་མཁའ་བཀྲ་ཤིས་སོགས་སྦྲེལ་པོ་ལ་བཀས་བསྐོས་ཏེ་ཟླ་བ་དེ་ཉིད་ཀྱི་ཉེར་བདུན་ལ་འཛུགས་སྟོན་གནང་ནས་ནར་མའི་ཡོ་བྱད་དང་མཐུན་རྐྱེན་དབོན་གུ་ཤྲི་ཀརྨ་བསྟན་འཛིན་གྱིས་སྦྱར་ཏེ་བལ་པོ་བདུན་གྱིས་བདེ་ཆེན་དུ་བཟོ་གྲྭ་བཙུགས་ཤིང༌།
ཕྱག་མཛོད་གཞི་བྱེས་རྣམས་ལ་དངུལ་གདུང་བཞུགས་ཡུལ་མཁར་ལས་ཀྱི་ཞལ་ཏའང་གནང་ནས། ཟླ་བ་བཅུ་གཉིས་པའི་ཚེས་གསུམ་ལ་བཏེག་སྟེ་སྟོད་ཀླུངས་བརྒྱུད་ཕེབས་པར་བདེ་ཆེན་ཚལ་སྤྲོ་སོགས་སུ་བཀུར་སྟི་ཞབས་ཏོག་བཟང་པོ་དང་བཅས་ཚེས་བརྒྱད་ལ་མཚུར་ཕུར་གདན་ཕེབས་ཏེ་རིམ་པས་ལོ་མཇུག་སྐུ་རིམ་དང་ཤིང་ཕོ་སྤྲེའུའི་ལོ་སར་གནང་ནས། བདག་ལ་མཆོད་ཁང་གོང་འདུ་ཁང་གི་ལོགས་བྲིས་དང་དགེ་རྒན་ཀརྨ་མཐར་ཕྱིན་གྱིས་ནང་སོ་མདོ་རྒྱུད་པའི་དགོངས་རྫོགས་སུ་རྗེ་མི་བསྐྱོད་ཞབས་ཀྱི་སྐུ་བརྙན་བཞེངས་པ་སོགས་ལ་རབ་གནས་བགྱིད་པར་བཀའ་སྩལ་པ་བཞིན་བཅོམ་ལྡན་འདས་མ་ཧཱ་མཱ་ཡ་ལྷ་ལྔའི་སྒོ་ནས་སྔགས་ལུགས་ཀྱི་རབ་ཏུ་གནས་པའི་ཆོ་གའི་ལག་ལེན་བགྱིས་ཤིང་རྒྱལ་བ་ཉིད་ཀྱང་ཆོག་དབུར་ཕེབས་པས་ཚེས་ལྔ་ལ་སྟ་གོན་དང་དྲུག་ལ་དངོས་གཞི་གནང་བའི་སྟ་གོན་གྱི་ཉིན་དབོན་གོ་ཤྲི་ཀརྨ་བསྟན་འཛིན་གྱིས་དགེ་ཚུལ་བསྒྲུབས་ཤིང་སོག་ཡུལ་ནས་འབྲས་སྤུངས་
ཆོས་རྗེ་དང་རྒྱལ་པོ་ཨ་དཔལ་གྱི་ཞུ་འཕྲིན་དང་མི་སྣ། འཇང་རྒྱལ་བློན་གྱི་འབུལ་སྐྱེལ་གཏོས་ཆེ་བ། ཡང་རི་བ་ཁམས་ཕྱོགས་སུ་བསོད་སྙོམས་ལ་བྱོན་པ་རྣམས་རིམ་པར་འབྱོར་བ་སོ་སོས་འབུལ་ཆེན་བགྱིས། དེ་ནས་མི་ཕྱེད་པའི་དད་ལྡན་ཧོར་དཔོན་ཀརྨ་དཔལ་དུས་ལས་འདས་པའི་དོན་དུ་དཔོན་ཀརྨ་གཡུལ་རྒྱལ་མ་བུ་ལ་སོགས་པ་དཔོན་ཚང་མི་ངོ་རྣམས་ཀྱིས་བྱང་ངོས་སུ་སྤྱན་འདྲེན་པ་ནན་གྱིས་འབྱོར་བ་བཞིན་ཟླ་བ་གཉིས་པའི་ཚེས་བཅུ་གསུམ་ལ་གདན་བཏེག་སྟེ་ཡངས་པ་ཅན་དུ་རྗེ་བླ་མ་མཆོག་གི་སྐུ་གདུང་རིན་པོ་ཆེའི་དྲུང་དུ་ཕྱག་མཆོད་སྨོན་ལམ་མཛད་ནས་རིམ་པར་ཕེབས་པའི་ལམ་བར་དུ་དཔོན་ཚང་དང་སྟག་ལུང་ཆོས་རྗེ་རྩེ་པ་སྐུ་མཆེད་ཀྱང་འདྲེན་དོན་དུ་ཕེབས་པའི་ཇ་འདྲེན་པ་འབྱོར་བ་དང་བཅས་ཟླ་བ་གསུམ་པའི་ཚེས་དྲུག་ལ་རུ་བ་སྤར་སྒམ་མདར་ཡོད་པར་ཕེབས་པ་ལ་དཔོན་ཚང་ནས་སྒར་ཆོས་སྡེ་དང་བཅས་པར་གསོལ་ཕོགས་སོགས་ནར་མའི་ཞབས་ཏོག་དང་བྱང་
ཞུས་བསྔོ་རྟེན་གྱི་འབུལ་བ་གྲངས་མང་གཏོས་ཆེ་བ་བགྱིས་པ་དང་བྱང་རིས་ཀྱི་སྐྱེ་བོ་ཕལ་ཆེར་འདུས་པས་ཀྱང་རང་འབྱོར་དང་བསྟུན་པའི་འབུལ་ཞབས་དཔངས་བསྟོད་བགྱིས་པ་ཀུན་ལ་གནས་སྐབས་མཐར་ཐུག་གི་བདེ་ལེགས་འབྱུང་བའི་ཐུགས་རྗེ་དང་འཕྲིན་ལས་ཀྱི་འཇུག་པ་རྒྱ་ཆེར་སྩལ་ཞིང༌། སྟག་ལུང་ཆོས་རྗེ་རྩེ་པ་དང་གྲོག་ཁ་བ་སྐུ་མཆེད་ཀྱིས་གུས་འདུད་ཀྱི་བཀུར་སྟི་དང་བཅས་པའི་མཇལ་འཛོམ་རྟེན་འབྲེལ་ལེགས་ཚོགས་དང༌། འབབ་རོམ་རྫ་དེལ་དང་བཅས་པའི་གནས་མཇལ་གནང་ནས་ཟླ་བ་དེ་ཉིད་ཀྱི་ཉེར་བདུན་ལ་བཏེག་སྟེ་འདམ་དུ་དཔོན་ཚང་སྟོད་པས་བསྙེན་བཀུར་ཞུས་ནས་སྙིང་དྲུང་དུ་ཕེབས་པ་ན་སྟག་ལུང་ཆོས་རྗེ་གྲོག་ཁ་བ་ཡར་ཐང་འབྲོག་ཏུ་ཕེབས་པས་གཞི་ལེན་གྱི་ཞབས་ཏོག་དང་འབུལ་བ་དཔངས་བསྟོད་པ་མཛད། མགུལ་རིང་ནས་བྱེ་ལུང་དུ་ཕེབས་ཏེ་རྒྱལ་བ་འབྲོམ་དང་དཔལ་མཁའ་སྤྱོད་པ་བལྟམས་པའི་ས་དང་དགེ་བཤེས་ཕུ་ཆུང་བའི་སྒྲུབ་གནས་རྩ་སྒྱེ་མོ་རྣམས་ཀྱི་
གནས་མཇལ་མཛད་པའི་ཚེ་རྒྱལ་བ་ཞྭ་དམར་ཅོད་པན་འཛིན་པའི་དུས་གསུམ་གྱི་རྣམ་པར་ཐར་པ་ཇི་སྙེད་པ་ཐམས་ཅད་གསལ་བར་མཁྱེན་ཅིང་གཟིགས། དེ་ནས་གླང་གདོང་གི་གུ་རུའི་སྒྲུབ་ཕུག་ལ་སོགས་པའི་གནས་མཇལ་མཛད་ནས་ཡངས་པ་ཅན་དུ་ཕེབས་པ་ན་ལྷོ་བྲག་ནས་སྤྲུལ་པའི་སྐུ་དཔོན་སློབ་ཞབས་དྲུང་དུ་བྱོན་པས་རྗེ་བླ་མ་མཆོག་གི་དགོངས་པ་རྫོགས་ཐབས་ཀྱིས་གདུང་འབུལ་དང་རྒྱལ་བ་ཉིད་ཚོགས་དབུར་སྤྱན་དྲངས་པས་མང་ཇ་འགྱེད་རྣམ་གཞག་དང་བཅས་པ་མཛད། དེར་གདུང་མཇལ་ཕྱག་མཆོད་སྨོན་ལམ་སོགས་གནང་ནས་བསིལ་སྣར་ཆབ་ཚན་ལ་ཕེབས་ཐོག་ཞོ་ནགས་ནས་རྗེ་བླ་མའི་དགོངས་རྫོགས་སུ་དམིགས་པའི་འབུལ་སྐྱེལ་གཏོས་ཆེ་བ་འབྱོར་ཞིང༌། སྟག་ལུང་ཆོས་རྗེ་རྩེ་པའི་ཞུ་འཕྲིན་རྗེ་བླ་མའི་དགོངས་རྫོགས་སུ་དམིགས་པའི་འབུལ་ནོད་དང་བཅས་པ་ཡང་འབྱོར། དེ་ནས་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ་ཟབ་ཕུའི་གནས་མཇལ་གྱི་དགོངས་པ་གཏད་དེ་
ཟླ་བ་ལྔ་པའི་ཚེས་གཅིག་ལ་བསིལ་སྣ་ནས་བཏེག །ཤུ་གུ་དང་སྟོད་སེར་གྱི་ལ་བརྒྱུད་འོད་ཡུག་སྡིངས་དམའ་སྒྲུབ་ཆུ་སོགས་ཀྱང་མཇལ་བ་མཛད་དེ་ཕེབས་ལམ་ཟམ་ཚེར་ཕུ་ནས་བཏོད་གཏེར་ལུང་རྣམས་རིམ་པས་མཇལ་བ་གནང་ནས་ཟླ་བ་དེ་ཉིད་ཀྱི་ཚེས་བརྒྱད་ལ་ཟབ་ཕུ་མཐིལ་དུ་ཕེབས་པར་སྦྱིན་བདག་ཆེན་པོ་ལྷ་ཕུ་བས་ཕེབས་བསུ་ཐབ་འཛིན་གསོལ་ཕོགས་ལ་སོགས་པ་ནར་མའི་ཞབས་ཏོག་གཟབ་རྒྱས་ཞུས་ཏེ་རི་ཀླུང་གི་གནས་གཟིགས་རྣམས་ཞིབ་ཏུ་གནང་ནས་ཚེས་བཅུའི་མཆོད་པ་རྒྱས་པར་གནང་བའི་ཚེ་ལྷོ་སྟོད་ནས་སྡེ་པ་ཚོས་ཉེ་བར་བསྐུལ་བའི་རྐྱེན་གྱིས་གུ་རུ་ལྷ་ཁང་པས་ཆོས་དབང་གི་གཏེར་སྐལ་གྱི་པདྨ་གུ་རུ་འབུལ་དུ་མངགས་པ་འབྱོར་བའི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་པས་དགྱེས་པ་ཆེན་པོས་གསོལ་འདེབས་བསམ་པ་ལྷུན་གྲུབ་མ་ཡང་འཛུགས་པ་གནང༌། དེ་ནས་ལྷ་ཕུ་བ་དཔོན་བློན་གྱི་ཞབས་ཏོག་དང་བསྟུན་སྣེ་སྐོར་ཐང་དང་དགྲ་འདུལ་སྤང་དུ་ཐོགས་ཤིག་བཞུགས་
སྐབས་གུ་རུ་ལྷ་ཁང་པར་རྟེན་ཚབ་པདྨ་གུ་རུའི་འདྲ་བཤུས་རྟེན་འདམ་ལས་གྲུབ་པ་ཕྱག་བཟོར་མཛད་ནས་གནང་ཞིང༌། ཟླ་བ་དྲུག་པའི་ཚེས་བཅུ་གཅིག་ལ་མཚུར་ཕུ་ངོས་སུ་ཆིབས་ཁ་བསྒྱུར་བའི་ཕེབས་ལམ་དུ་བྲ་སྐོར་ནས་ཐབ་འཛིན་ཞུས་ཏེ་ཇོ་མོ་གངས་ཀྱི་གནས་གཟིགས་དང་ཡངས་པ་ཅན་དུ་ཕྱག་མཛོད་གཞི་བྱེས་རྣམས་ཀྱིས་དངུལ་གདུང་རིན་པོ་ཆེ་བཞུགས་ཡུལ་གྱི་མཁར་ལས་ཚུགས་པར་གཟིགས་རྟོག་གདུང་མཇལ་ཕྱག་མཆོད་སྨོན་ལམ་གནང་ནས་ཟླ་བ་དེ་ཉིད་ཀྱི་ཉེར་བརྒྱད་ལ་མཚུར་ཕུར་གདན་ཕེབས་ཐོག་སྤོ་བོའི་རྟ་འབུལ་གཏོས་ཆེ་བ་འབྱོར་ཞིང་ཤུན་ཞབས་དྲུང་དཔོན་གཡོག་ཀྱང་ཕྱག་འབུལ་དུ་ཕེབས་པས་གུས་པ་དང་འབུལ་ཞབས་ཆེར་མཛད། བར་སྐབས་གཞུའི་གྲུ་བཞི་དགོན་པར་ཕེབས་ཏེ་མཁའ་འགྲོ་ཕུག་ཏུ་ཕག་མོ་སྒྲོལ་དཀར་ཕྱག་རྡོར་རྣམས་ཀྱི་སྒྲུབ་པའི་སྐུ་མཚམས་ཞག་ཤས་ཤིག་གནང་ཞིང༌། ཟླ་བ་བདུན་པའི་ཉེར་གསུམ་རྗེ་བླ་མའི་སྐུ་མཆོད་ཆེན་མོའི་ཐོག་ཡངས་
པ་ཅན་དུ་སྐུ་གདུང་རིན་པོ་ཆེས་ཐོག་དྲངས་རྟེན་གསུམ་རྣམས་ལ་སྙན་དར་དང་མཆོད་འབུལ། དགེ་འདུན་རྣམས་ལ་ཚོག་མང་གི་ཆ་རྐྱེན་མང་ཇ་རྣམ་གཞག་སོགས་སྩལ་ཞིང༌། སྒར་གྱི་ཆོས་སྡེ་རྣམས་སུ་ཡང་ཚོག་མང་དང་སྒར་པ་རྣམས་ལ་ཇ་འགྱེད་སྩལ། དེ་ནས་སླར་གདན་ས་ཉིད་དུ་ཕེབས་ནས་བསམ་གཏན་གླིང་དུ་ཟླ་བ་བརྒྱད་པའི་ཚེས་གཅིག་ནས་དགུ་པའི་ཚེས་བདུན་གྱི་བར་སྒྲོལ་དཀར་གྱི་ལྗགས་བསྙེན་འཕྲོ་མུས་དང་མགོན་པོའི་སྒྲུབ་པའི་སྐུ་མཚམས་ལ་བཞུགས་ཤིང༌། ཕྱག་མཛོད་ནས་བདེ་ཆེན་དང་ཡངས་པ་ཅན་དུ་དངུལ་གདུང་རྟེན་བརྟེན་པ་དང་བཅས་པ་བཞེངས་པའི་བལ་པོ་དང་ཤིང་བཟོ་བ་མགོ་ལུང་དོ་དམ་པར་བཅས་པ་རྣམས་ལ་སྒར་སྟོན་རྣམ་གཞག་དང་བཅས་པ་གནང༌། སྐུ་མཚམས་གྲོལ་ནས་གཙུག་ལག་ཁང་དུ་ཕེབས་པ་ན་གླིང་ཟུར་མང་རྒྱལ་རོང་པ་སོགས་ཁམས་ཕྱོགས་ཀྱི་འབུལ་སྐྱེལ་བ་མང་དུ་འབྱོར་བས་འབུལ་ཆེན་བགྱིས་པར་སོ་སོའི་དབང་པོ་དང་འཚམ་པའི་ཆོས་སྦྱིན་
དང༌། རྗེ་དཔའ་བོའི་སྤྲུལ་སྐུ་དང་མཚུར་ཕུ་རིན་པོ་ཆེས་གཙོས་པའི་དོན་གཉེར་དུ་མ་ལ་ཁྲོ་ཕུ་བརྒྱ་རྩ་དང་རྒྱལ་བ་མི་བསྐྱོད་ཞབས་ཀྱི་བཀའ་འབུམ་ལས་དགོངས་གཅིག་འགྲེལ་ཆེན་སོགས་ཀྱི་ལྗགས་ལུང་སྩལ་ཞིང༌། བསྐང་བ་ཁང་དུ་རྟེན་གཏོར་འཛུགས་པ་གནང༌། དེ་ནས་རིམ་པས་ཤིང་མོ་བྱ་ལོའི་ལོ་སར་གནང་སྟེ། ཟླ་བ་གསུམ་པའི་ནང་དུ་སྟག་ལུང་ནས་དཔོན་རིན་པོ་ཆེ་ངག་དབང་བསོད་ནམས་པ་ཁྲིར་ཕེབས་པ་ལ་ལེགས་ཇ་ཤིས་བརྗོད་དང་རིན་པོ་ཆེ་མ་ཆེན་ཁམས་ཕྱོགས་ལ་ཐེགས་པར་བརྩམས་པ་ལ་གཤེགས་སྐྱེས་ཀྱི་གནང་ཆ་སྩོལ་བར་རབ་འབྱམས་སྨྲ་བ་ཀརྨ་ལེགས་པ་གནང་ཞིང༌། འཇང་གི་འབུལ་སྐྱེལ་སྤྱན་འདྲེན་པ་སྤོ་འབོར་བའི་འགྲོན་ཚན་གཏོས་ཆེ་བས་དགེ་ཚུལ་བསྒྲུབས་པ་ལ་སོགས་པའི་༦༨མཁན་པོའི་བྱ་བ་ཡང་རིམ་པས་མཛད། ཟླ་བ་བཞི་པར་བདག་ལ་གདན་ས་མཚུར་ཕུའི་ཕྱི་རྒྱའི་ཁུར་ལེན་བཀོད་ཁྱབ་བགྱིད་དགོས་པའི་བཀའ་སྩལ་གནང་ཆ་དང་བཅས་པ་སྩལ་ཞིང༌།
ཁམས་ཕྱོགས་སུ་ལྷོ་རོང་ནང་སོ་དང་ཟུར་མང་སྐུ་སྐྱེ་ལ་ཡང་སོ་སོར་ཀྭན་ཇ་གུ་ཤྲིའི་ལས་ཀ་དང་བཅས་པ་གནང༌། དེ་སྐབས་ལྷ་ཕུ་བར་གཙང་ཕྱོགས་སྡེ་གཟར་གྱི་ནང་ལྷུང་བར་བརྟེན་སྤྱན་འདྲེན་རིམ་པར་འབྱོར་བའི་ཞུས་ངོ་བཞིན་ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་བདུན་ལ་བཏེག་སྟེ་ཕེབས་ལམ་གང་བ་ཤན་གྱི་ས་དཔལ་ལྷོར་ཕེབས་ནས་ཆིངས་ལུགས་ཀྱི་བཀའ་སྩལ་གནང་བ་སོ་སོ་ནས་དྭང་དུ་བླངས་ཏེ་ཕན་ཚུན་གནོད་མེད་ཀྱི་གཏན་ཆིངས་ལ་འཁོད། དེར་སྒ་གདོང་གྲྭ་ཚང་བ་རྣམས་ཕྱག་འབུལ་དུ་འབྱོར་བའི་གསར་བུ་རྣམས་ལ་དགེ་ཚུལ་གྱི་བསླབ་པ་དང་ཀུན་ལ་བཅའ་ཡིག་ཀྱང་གནང་སྟེ་རིམ་པས་གདན་ས་ཆེན་པོ་ཉིད་དུ་ཆིབས་ཁ་བསྒྱུར་བའི་ཕེབས་ལམ་དུ་བྲ་སྐོར་ནས་ཐབ་འཛིན་ཚོགས་འཁོར་དང་བཅས་རྒྱལ་བ་གོང་མས་གྲུབ་ཆེན་གླིང་རས་ཞལ་གཟིགས་པའི་གནས་མཆིལ་ཕུར་ཡང་ཞབས་ཀྱིས་བཅགས་ཤིང༌། དབུ་རི་མདུན་ནས་ཡངས་པ་ཅན་དུ་དངུལ་གདུང་བཞུགས་ཡུལ་གྱི་ཤིང་རྩི་ལོགས་བྲིས་པ་
རྣམས་ལ་སྒང་སྟོན་གྱི་རྣམ་གཞག་སོགས་སྩལ་ཏེ་ཟླ་བ་དྲུག་པའི་ཚེས་བརྒྱད་ལ་གདན་སར་ཕེབས་ནས་བདེ་ཆེན་དུ་བལ་བོ་རྣམས་ལ་གསེར་སྟོན་རྣམ་གཞག་དང་བཅས་པ་གནང་ཞིང་ཚེས་བཅུ་གསུམ་ནས་གོས་སྐུ་ཁམས་གསུམ་མཛེས་རྒྱན་གྱི་བཟོ་མགོ་འཛུགས་པའི་སྟ་གོན་གནང་སྟེ་རིམ་པས་བཟོ་བཀོད་དང་མགོ་ལུང་དོ་དམ་པ་ནང་སོ་སྒོ་པ་ཀརྨ་སྲིད་བྲལ་དང་རྗེ་དབོན་ཕྱག་མཛོད་པར་སྐུ་རྒྱུ་རྩིས་སྤྲོད་སོགས་གནང་ནས་ཟླ་བ་བརྒྱད་པའི་ཚེས་བཞིའི་ཉིན་བླ་གཡེལ་ཆེན་མོར་རྒྱབ་རས་ལ་སྟོན་པའི་སྐུ་བརྙན་སྐྱ་བྲིས་ཀྱི་ཚངས་ཐིག་གནང་བའི་ཚེ་གནམ་ཁད་འཇམ་ཞིང་ཉི་ཆར་འདྲེས་པའི་རྐྱེན་གྱིས་འཇའ་འོད་སྣ་ལྔས་ལྷ་སའི་ཐད་ཀྱི་ནམ་མཁའ་དང་ཤར་གྱི་ཐུབ་པ་རང་བྱོན་གཉིས་འབྲེལ་བའི་མུ་ལ་འཇའ་འོད་དེ་ཉིད་ཚངས་ཐིག་གི་སྟེང་དུ་ཟུག་པའི་ལྟས་ཁྱད་པར་ཅན་ཡང་བྱུང་ཟེར། དེའི་ཚེ་གཙང་རོང་ཞོད་འཇགས་ཀྱི་སླད་དུ་གཞིས་ཀ་རིན་སྤུངས་ནས་སྤྱན་འདྲེན་ནར་མར་འབྱོར་བ་ལ་བརྟེན་ཟླ་
བ་དགུ་པའི་ཚེས་བརྒྱད་ལ་གདན་བཏེག །ས་དཀར་གྱི་གྲུ་ནས་གཡག་སྡེ་བརྒྱུད་ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་གསུམ་ལ་བདེ་སྐྱིད་གླིང་ནས་མིའི་དབང་པོ་ངག་དབང་འཇིག་རྟེན་དབང་ཕྱུག་ཡབ་སྲས་རྣམས་ཀྱིས་བསུ་བའི་བཀོད་པ་ཁྱད་པར་དུ་འཕགས་པས་སྤྱན་དྲངས་ཏེ་ཐོག་མ་རེ་ལྔར་གདན་ཕབ་པ་ལས་རྡོ་གཅལ་གྱི་ངོས་ལ་ཞབས་རྗེས་གསལ་པོར་བྱོན་པ་ད་ལྟའང་ཕོ་བྲང་ཆེན་པོའི་མཆོད་གྲལ་དུ་བཞུགས། དེར་ཞལ་ངོ་རྣམས་ལ་ཇི་ལྟར་བཞེད་པའི་དབང་ཆོས་ཐུགས་ཀ་ཚིམ་པ་གནང་ཞིང༌། གཙང་ས་དང་ཐོབ་རྒྱལ་བར་ཡན་ཕྱིན་ཞོད་འཇགས་དང་ས་འབྱེད་སོགས་ཀྱི་བཀའ་སྩལ་གྱི་མི་སྣ་གནང་བར་སོ་སོ་ནས་དྭང་དུ་བླངས་པའི་དན་བཞག་དང་སྐུ་ངོར་ས་འབྱེད་ཀྱང་ཅི་རིགས་པ་ཕུལ། དེ་ནས་མིའི་དབང་པོས་གསོལ་བ་བཏབ་པའི་ངོར་ཆོས་སྐྱོང་གི་བསྐང་སྒྲུབ་རྒྱས་པ་ཡང་གནང་ནས། ཟླ་བ་བཅུ་པའི་ཚེས་བརྒྱད་ལ་ཕོ་བྲང་ཆེན་པོ་རིན་ཆེན་སྤུངས་པ་ཉིད་དུ་སྤྱན་དྲངས་ཏེ་གཞུའི་འབྲོང་དཀར་རྫོང་ལ་གཏོགས་
པ་རྣམས་ལྷ་འབངས་སུ་འབུལ་བ་སོགས་འབུལ་བ་དང་བསྙེན་བཀུར་གྱ་ནོམ་པས་མཆོད་ཅིང༌། རྒྱལ་བ་ཉིད་ནས་ཀྱང་རྒྱལ་སྲིད་ཀྱི་རྟེན་འབྲེལ་ལ་དགོངས་པའི་དབང་ལུང་ཅི་རིགས་པ་དང་ཞི་བའི་སྤྱིན་སྲེག་གནང༌། སླར་རེ་ལྔར་ཕེབས་ནས་རྒྱས་པའི་སྦྱིན་སྲེག་ཀྱང་གནང་བ་སོགས་ལུགས་གཉིས་ཀྱི་བཀའ་དྲིན་བཟང་པོས་དཔལ་མིའི་དབང་པོ་བཙུན་མོ་སྲས་བཅས་ཀུན་གྱི་ཐུགས་བཞེད་གང་བར་མཛད་དེ། གཙང་ས་ནས་སྡེ་པ་སྐུ་མཆེད་རྣམས་ཀྱི་མོས་པ་རྩེ་གཅིག་པའི་སྤྱན་འདྲེན་དང་བསྟུན་ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་བདུན་ལ་བཏེག་སྟེ་སྟག་ནས་འཁོ་རེར་ཕེབས་ཐོག་བླ་མ་ཏྲེ་བོའི་སྐུ་སྐྱེ་དཔོན་སློབ་ཕྱག་འབུལ་དུ་བྱོན་ཞིང༌། ཚེས་བཅུ་དགུའི་ཉིན་གོང་འཛིན་དུ་སྡེ་པ་ལྷ་དབང་རྡོ་རྗེ་མཆེད་བཅས་རྣམས་ཀྱི་ཕེབས་བསུ་ཐབ་འཛིན་གཟབ་གཤོམ་དང་བཅས་པ་རྣམས་ལྷུན་གྲུབ་རྩེར་གདན་ཕེབས་ཤིང༌། གསེར་མདོག་ཅན་ནས་མཁན་སློབ་རྣམས་དང་རྗེ་བཙུན་སྤྲུལ་སྐུ་ཡང་ཕྱག་འབུལ་དུ་
བྱོན། དེ་ནས་སྡེ་པ་མཆེད་རྣམས་ཀྱིས་ནར་མའི་ཞབས་ཏོག་དང་བསྙེན་བཀུར་བཟང་པོས་བཏེག་ཅིང༌། ཇི་ལྟར་གསོལ་བ་བཏབ་པ་བཞིན་བདེ་མཆོག་གི་སྒོ་ནས་ཞི་རྒྱས་དབང་གསུམ་དང་མགོན་པོའི་སྒོ་ནས་དྲག་པོའི་སྦྱིན་སྲེག་གནང་ཞིང༌། ཞལ་ངོ་རྣམས་ལ་འདོད་ཆོས་ཀྱི་དབང་བཀའ་དང་མོས་གུས་བདུན་མའི་ཟབ་ཁྲིད་གནང༌། དེར་ཉང་སྟོད་སྨད་དང་སྣར་ཐང་རྣམ་གླིང་ཚུན་གྱི་སྐྱེ་བོ་ཕལ་མོ་ཆེ་ཞལ་མཇལ་ཕྱག་འབུལ་དུ་འབྱོར་བས་འབུལ་ཆེན་གྲངས་མང་བགྱིས་ཤིང་སོ་སོར་དབང་པོ་དང་འཚམ་པའི་ཆོས་ཀྱི་སྦྱིན་པ་དང་ཞལ་མཇལ་གསུང་ཐོས་ཀྱི་འབྲེལ་པས་ཀུན་ཀྱང་ཡང་དག་པའི་ལམ་དུ་འདྲེན་པར་མཛད་ནས་ཟླ་བ་བཅུ་གཅིག་པའི་ཚེས་བརྒྱད་ལ་སྒ་གདོང་གྲྭ་ཚང་གིས་སྤྱན་དྲངས་ཏེ་འབུལ་ཞབས་རྒྱ་ཆེར་བགྱིས་པ་ན་རྗེ་བཙུན་བྱམས་པའི་དྲུང་དུ་སྙན་དར་ཕྱག་མཆོད་སྨོན་ལམ་དང་མགོན་ཁང་དུ་འཛིན་གཏོར་དང་བཅས་པའི་བཀའ་བསྒོ་དམ་བཞག །དགེ་འདུན་རྣམས་ལ་སྤྱི་ཐེབས་སུ་བརྒྱ་འབུལ་
གསུམ་གྱི་དངོས་སྤྱད་ཇི་སྙེད་པ་མང་ཇ་རྣམ་གཞག་དང་བཅས་པ་གནང༌། ཚེས་བཅུ་གཉིས་ཀྱི་ཉིན་སྡེ་པ་མཆེད་རྣམས་ཀྱིས་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེར་སེ་ཆེན་རྒྱལ་པོས་ཕུལ་བར་གྲགས་པའི་ཧོར་ཇུས་ཨར་ལྷས་ཀྱི་ཡོལ་བ་ཆེ་ལེགས་ཀྱིས་གཙོས་པའི་སྣ་གྲངས་སྤུས་གཙང་དགུ་ཚན་བཅོ་བརྒྱད་ཀྱི་འབུལ་ཆེན་བགྱིས་ཏེ། དེར་སྐྱེ་བོ་དཔག་མེད་འདུས་པ་རྣམས་ལ་མཐོན་མཐིང་གི་ཅོད་པན་བཞེས་བཞིན་ཐུགས་རྗེ་ཆེན་པོའི་བཟླས་ལུང་གི་བཀའ་འབྲེལ་གནང་བར་དེ་དག་ཀུན་གྱིས་ཀྱང་ཡིག་དྲུག་དུང་ཕྱུར་འདོན་པ་སོགས་རང་རང་གི་༧༡བློ་སྟོབས་དང་འཚམ་པའི་སྡིག་སྤོང་དགེ་སྒྲུབ་ཀྱི་དམ་བཅའ་ཕུལ་ཏེ་མངོན་མཐོ་ངེས་ལེགས་ཀྱི་རྒྱུ་དང་ལམ་ལ་འགོད་པར་མཛད་ཅིང༌། རིམ་པས་བླ་འབྲིང་དང་དཀར་བྲག་གྲྭ་ཚང་སོགས་ཀྱི་རབ་བྱུང་སྒྲུབ་པའང་མང་དུ་བྱུང༌། ཚེས་བཅུ་དགུའི་ཉིན་སྟོད་ཕྱོགས་ནས་ལོ་ཆེན་རཏྣ་བྷ་དྲའི་སྐུ་སྐྱེ་དཔོན་སློབ་རྣམས་བྱོན་པས་ཀྱང་འབུལ་ཆེན་བགྱིས།
དེ་ནས་སྡེ་པ་མཆེད་རྣམས་ལ་གྲུབ་པའི་མཐའི་རིས་སུ་མ་ཆད་པའི་དགོན་སྡེ་ཆེ་ཕྲ་གང་ལ་ཡང་གནོད་འཚེ་མེད་ཅིང་ཤེད་བསྐྱེད་དབུགས་དབྱུང་མཛད་པ་དང༌། རོང་གཙང་བར་སོགས་འཇིག་རྟེན་བདེ་ཐབས་དགོས་པའི་བཀའ་སྩལ་དང་གནང་ཆ་བཟང་པོ་མཛད་ཅིང༌། སྡེ་པ་མཆེད་ཀྱིས་ཀྱང་བཀའ་སྤྱི་བོས་ནོད་དེ་སླར་གཙང་ཕྱོགས་སུ་ཆིབས་ཁ་མི་འགྱང་བར་བསྐྱོད་དགོས་པའི་ཞུ་བ་ཕུལ་ཏེ། ཐོབ་རྒྱལ་བ་སྡེ་པ་ཀརྨ་བསོད་ནམས་རྒྱལ་པོ་སྡེ་དགོན་རྣམས་ཀྱི་སྤྱན་འདྲེན་དང་བསྟུན་ཉེར་ལྔ་ལ་པ་སྣམ་ནས་བཏེག་པའི་ལམ་བར་དུ་ཕུང་པོ་རི་བོ་ཆེའི་གནས་གཟིགས་ཀྱང་གནང་ནས་ཉེར་བདུན་ལ་ཐོབ་རྒྱལ་བཀྲ་ཤིས་ཁྲི་བརྟན་དུ་ཕེབས། དེར་ནར་མའི་ཞབས་ཏོག་བསྙེན་བཀུར་འབུལ་ཆེན་གྱ་ནོམ་པ་དང༌། ཁྲི་བརྟན་ཆོས་སྡེ་ཡང་འདུལ་གྲྭ་གླིང་དང་མ་བུའི་ཚུལ་གྱི་བཤད་གྲྭ་བགྱིད་པར་ཞུས་ཤིང༌། ཞལ་ངོ་རྣམས་ལ་འདོད་ཆོས་ཚེ་དབང་ལ་སོགས་པའི་བཀའ་དྲིན་སྩལ། འདུལ་གྲྭ་གླིང་དང་བྲག་ནག་པས་ཀྱང་སོ་
སོའི་དགོན་གནས་སུ་སྤྱན་དྲངས་ཏེ་འབུལ་ཞབས་ཡང་དག་པ་བགྱིས་པར་བཀའ་ཆོས་ཀྱི་འབྲེལ་པ་དང་གྲྭ་ཚང་གཉིས་ཀྱི་སྤྱི་ཐེབས་སུ་བརྒྱ་འབུལ་གཅིག་གི་དངོས་སྤྱད་ཇི་སྙེད་པ་རྣམས་གནང༌། དེ་དག་གི་སྐབས་སུ་བོད་ཁམས་སྤྱིའི་བདེ་སྐྱིད་ཀྱི་རྟེན་འབྲེལ་ལ་དགོངས་ནས་གཙང་པ་མཆེད་ལ་གཡས་རུ་གཙང་འགྲམ་གྱི་ལྷ་ཁང་དང༌། བྱང་བདག་པོར་གྲོམ་པ་གྱང་གི་ལྷ་ཁང་གི་ཞིག་གསོས་བགྱིད་དགོས་པའི་བཀའ་གནང་སྩལ་ཞིང༌། ཐོབ་རྒྱལ་བར་ལྷན་སྟག་བར་གྱི་དྲི་ ༧༢ མེད་མཆོད་རྟེན་ཞེས་པ་སློབ་དཔོན་པདྨས་མཛད་པར་གྲགས་པ་ཡང་ཞིག་གསོས་དགྱིད་དུ་སྩལ་ཏེ་ཕྱག་ནས་ཀྱང་གནང༌། དེ་ནས་རིམ་པས་ལོ་མཇུག་སྐུ་རིམ་དང་མེ་ཕོ་ཁྱི་ལོའི་ལོ་སར་གནང་ནས་ཟླ་བ་དང་པོའི་ཚེས་དགུ་ལ་བཏེག །འོད་ཡུག་གོས་སྔོན་དུ་གསོལ་ཀ་སྤྱན་གཟིགས་སོགས་གནང་སྟེ་ཐོན་ལ་ནས་ཕེབས་པར་དགོན་རྙིང་གྲྭ་ཚང་གི་དཀར་དྲོ་འབུལ་བ་དང་རྟ་དར་བྲ་སྐོར་ནས་ཐབ་འཛིན་ཞུས་ཏེ་ཆུ་འཕན་བརྒྱུད་འབྲོང་
མཁར་རྫོང་དུ་ཕེབས་ནས་དགེ་ལེགས་རབ་བརྟན་གྱི་མིང་འདོགས་དང་རྩིས་བཞེས་ཕྱག་ནས་གནང༌། དེར་བྱེ་མཁར་ནས་ཆོས་རྗེ་པཎ་ཆེན་དང་ནང་སོ་སྙེ་མོ་བ་སྐུ་མཆེད་མཆོད་ཡོན་རྣམས་ཕྱག་འབུལ་དུ་བྱོན་པས་འབུལ་ཆེན་དང༌། སྙེ་མོ་བས་མངའ་བདག་སྟོད་སྨད་བན་གྲོང་ཤར་ནུབ་དང་གཉེན་གྲོང་བྱེ་རྫིང་རྣམས་ཀྱང་ལྷ་འབངས་སུ་ཕུལ་ཞིང༌། མཆོད་ཡོན་རྣམས་ལ་ཚེ་དབང་གི་བཀའ་དྲིན་སྩལ། གཞན་ཡང་དོ་བོ་རི་པ་དང་དགོན་པ་དཀར་པོ་བ། གཞུ་སྟོད་སྨད་ཀྱི་སྐྱེ་བོ་ཡོངས་ཀྱིས་ཀྱང་མཇལ་ཏེ་རང་འབྱོར་དང་བསྟུན་པའི་འབུལ་ཞབས་བགྱིས་པར་སོ་སོའི་འདོད་ཆོས་ཀྱིས་ཚིམ་པར་མཛད། དེ་ནས་ཟླ་བ་གཉིས་པའི་ཚེས་བདུན་ལ་བཏེག །ཚེས་དགུ་ལ་གདན་ས་མཚུར་ཕུར་ཕེབས་པ་ན་དབོན་གུ་ཤྲི་ཀརྨ་ཆོས་རྒྱལ་ཀོང་པོ་ནས་ཡར་བྱོན་པ་དང་སྤོ་བོ་གཡུ་རི་དགོན་པའི་རྟ་འབུལ་བ་ཡང་འབྱོར་བས་རིམ་པར་འབུལ་ཆེན་བགྱིས། དེའི་ཚེ་རྗེ་བླ་མ་མཆོག་གི་སྐུ་གདུང་གི་མཆོད་རྟེན་རིན་པོ་ཆེ་རྒྱལ་བ་ཉིད་
ཀྱིས་དཀར་ཆག་ཏུ་འགོད་པར་མཛད་པ་བཞིན་གྱི་རྒྱུ་དང་ཕྲ་རྒྱན་བཟོ་བཀོད་ཕུན་ཚོགས་ངོ་མཚར་གྱི་མཆོག་དམ་པ་རྟེན་བརྟེན་པར་བཅས་པ་ལེགས་པར་གྲུབ་པའི་རབ་གནས་སུ་ཉེར་དགུ་ལ་བཏེག་ནས་གནམ་གང་ལ་དཔལ་བདེ་ཆེན་ཡངས་པ་ཅན་དུ་ཕེབས། དེར་བདག་ཅག་ཀྱང་བར་སྐབས་དབུས་ཕྱོགས་སུ་སྐོར་ཙམ་ཕྱིན་པ་ལས་སླར་ཞབས་ཕྱིར་འབྱོར་བས་ཕྱག་གཡོག་བགྱིས་ཏེ། ཟླ་བ་གསུམ་པའི་ཚེས་གཅིག་ནས་བཅུ་གསུམ་གྱི་བར་༧༣འབུལ་སྐྱེལ་རིམ་པར་འབྱོར་བ་དང༌། འཇང་རྒྱལ་བློན་བླ་མ་ཁག་རྣམས་ཀྱི་འབུལ་སྐྱེལ་འགྲོན་ཚན་འབྱོར་བ་རྣམས་ལའང་རབ་བྱུང་བསྙེན་རྫོགས་ཅི་རིགས་ཀྱི་སྡོམ་པའི་བཀའ་དྲིན་དང་མོས་པ་ཇི་ལྟ་བའི་ཆོས་ལུང་ཟབ་རྒྱས་ཀྱི་བཀའ་དྲིན་སྩལ་ཅིང༌། འབྲི་ཁུང་ཁང་ཐོག་གི་བར་སོགས་དབུ་རུ་སྐྱིད་ཤོད་སྟོད་ཀླུངས་སྙུག་ལའི་ཁོག་ལ་སོགས་པ་ཉེ་འཁོར་དུ་ཕན་ཚུན་མི་མཐུན་པའི་ཟིར་བུན་བྱུང་བ་རྣམས་ལའང་སོ་སོར་ཞི་འཇགས་ཀྱི་བཀའ་སྩལ་མི་སྣ་དང་
བཅས་པ་གནང་བས་བདེ་འཇམ་དུ་མཛད། གཞན་ཡང་ལེགས་བཤད་གླིང་གི་འདུ་ཁང་གཟབ་བཅོས་ཀྱི་ཆ་རྐྱེན་ལ་གནང་ཆ་གྱ་ནོམ་པ་དང༌། ཡངས་པ་ཅན་གྱི་བླ་མ་ལྷ་ཁང་དུ་རྗེ་བླ་མའི་སྐུ་ཚབ་སྐུ་འདྲ་ཇོ་སྟན་དགེ་སློང་སོགས་ལྔ་བཅུ་གྲྭ་ཚང་པ་རྣམས་ཀྱིས་དོ་དམ་ཁུར་དུ་བླངས་ནས་བཞེངས་པའི་སྐུ་འབྲིར་གསེར་ཡོན་རྫོངས་དང་བཅས་པ་ཡང་སྩལ། དབྱར་ངོ་འབྲས་སྤུངས་མཆོད་རྟེན་གྱི་སྟེང་ཐོག་ལ་ལོགས་བྲིས་མཛད་པར་ཕྱག་ནས་གནང༌། དེ་ནས་ཟླ་བ་བཅུ་གཅིག་པའི་ནང་དུ་གོས་སྐུ་ཆེན་མོ་ཡང་ལེགས་པར་གྲུབ་པ་ལ་གཟིགས་རྟོག་ཕྱག་ནས་གནང་ཞིང༌། རིམ་པས་ལོ་མཇུག་སྐུ་རིམ་དང་མེ་མོ་ཕག་ལོའི་ལོ་སར་གནང་ནས་ཆོ་འཕྲུལ་དུས་ཆེན་གྱི་ཚེས་གཅིག་ནས་བཅོ་ལྔའི་བར་སྐྱིད་ཤོད་ནས་སྟག་ལུང་དཔོན་སར་དོ་དམ་བགྱིད་དུ་སྩལ་ཏེ་ཉིན་རེ་བཞིན་ཇོ་བོ་རིན་པོ་ཆེའི་དྲུང་དུ་མདོ་སྡེ་མཛངས་བླུན་ལས་འབྱུང་བའི་ཆོ་འཕྲུལ་གྱི་མཛད་པ་ལ་བསྟོད་པའི་ཚིགས་བཅད་རེ་དང་བཅས་པའི་སྙན་དར་
བཀྲ་ཤིས་ཁ་ཐགས་རེ་དང་དཀར་མེ་རྒྱུན་པར་འབུལ་གནང་ཞིང་རྟེན་གསུམ་གཞན་རྣམས་ལའང་སྙན་དར་སོགས་མཆོད་འབུལ་གཟབས་པ་གནང༌། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་བདུན་ལ་ཤུན་ཞབས་དྲུང་ཞལ་མཇལ་ཕྱག་འབུལ་དུ་ཕེབས་ཤིང་དུས་ཆེན་གྱི་ཐོག་འཇང་རྒྱལ་བློན་གྱི་འབུལ་སྐྱེལ་སྤོ་འབོར་བའི་གྲྭ་རྒྱུན་སོགས་རབ་བྱུང་བསྙེན་རྫོགས་སྒྲུབ་པ་༧༤ཡང་མང་དུ་བྱུང༌། དེ་དག་གི་སྐབས་སུ་འབྲི་ཁུང་ཁང་ཐོག་གི་བར་ལེགས་སྤེལ་གྱི་སྐོར་བྱང་གནང་བ་གཉིས་ཐད་ནས་དྭང་དུ་བཞེས་པའི་གུང་དཔང་དུ་སྤྱན་འདྲེན་སྔ་ཕྱི་རིམ་པར་འབྱོར་བའི་ཞུ་ནན་དང་བསྟུན། དབུ་རུ་ཉང་ལོང་གི་གདུལ་བྱ་རྣམས་ལ་ཐུགས་རྗེའི་འཇུག་པ་སྩོལ་བར་དགོངས་པས་ཟླ་བ་གསུམ་པའི་ཚེས་བཅུ་བདུན་ལ་བཏེག །ཡངས་པ་ཅན་དུ་དངུལ་གདུང་རིན་པོ་ཆེར་ཕྱག་འབུལ་དང་སྐུ་ཚབ་སྐུ་འདྲ་རིན་པོ་ཆེ་ལ་རབ་གནས་གནང་སྟེ། རིམ་པས་སྙིང་དྲུང་དང་འདམ་བརྒྱུད་གཡང་རའི་ལ་ནས་རྭ་སྒྲེང་རྒྱལ་བའི་གནས་ཆེན་པོར་
ཕེབས་ཏེ་རྟེན་གསུམ་རྣམས་ཀྱི་དྲུང་དུ་མཆོད་འབུལ་བརྒྱ་ཕྱག་སྨོན་ལམ་རྒྱས་པར་གནང་ཞིང་ཚོགས་པ་ཀུན་ལའང་མང་ཇ་རྣམ་གཞག་སྤྱི་འགྱེད་དང་བཅས་པ་གནང༌། དེ་ནས་ཀླུང་ཤོད་གཞུང་ན་མར་ཕེབས་པ་ལ་ཕོད་མདོར་སྟག་ལུང་པའི་སྡེ་པ་མི་སྡེ་དང་མཁར་ཐོག་ཏུ་དཔོན་ས་ཆོས་མཛད་མས་འབུལ་ཞབས་ཡང་དག་པ་བསྒྲུབས་ཤིང་ཆོས་རྗེ་དཔོན་རིན་པོ་ཆེ་དང་སྟག་ལུང་སྤྱི་སོའི་ཇ་འདྲེན་དང་བསྟུན། བླ་མ་ཀ་དྲུག་པ་དང་སྐུ་རྫི་བན་དཔོན་སོགས་གྲྭ་མང་ཕལ་ཆེར་མཇལ་བར་སླེབས། གཞན་ཡང་གད་ལ་ཧོར་པ་དང་ཁྲ་བ་ཁ་པ་སོགས་ཀླུང་ཤོད་ནང་གི་སྡེ་དགོན་ཀུན་གྱིས་མཇལ་ཞིང་འབུལ་ཞབས་བགྱིས་པ་རྣམས་སོ་སོར་ཆོས་དང་ཟང་ཟིང་གིས་མོས་བློ་གང་བར་མཛད་ནས། ཟླ་བ་བཞི་པའི་ཚེས་བཅུ་གསུམ་ལ་སྤྲོ་ལུང་ནས་ཆོས་རྗེ་རིན་པོ་ཆེ་ཆོས་རྒྱལ་ཕུན་ཚོགས་ཐེལ་གྱི་ཁྲིར་བཞུགས་པས་ཆིབས་བསུ་ཐབ་འཛིན་སོགས་བསུ་བའི་བཀོད་པ་མཐའ་ཡས་པས་སྤྱན་དྲངས་ཏེ་མལ་གྲོ་བཀྲ་ཤིས་
ཚལ་དུ་གདན་ཕེབས། དེར་ཕག་མོ་ནས་དཔོན་རིན་པོ་ཆེ་སྲས་ཡུམ་ཞལ་ངོ་རྣམས་ཀྱང་ཕྱག་འབུལ་དུ་ཕེབས་ཤིང་ཐོག་མའི་གསོལ་ཕོགས་ཕུལ་བ་སོགས་ཁང་ཐོག་གཉིས་ཀ་ནས་ནར་མའི་ཞབས་ཏོག་དང་གཞི་ལེན་བསྙེན་བཀུར་འབུལ་ཆེན་རིམ་པར་མཛད་ནས་ཞལ་ངོ་སོ་སོས་འདོད་ཆོས་ཀྱི་དབང་བཀའ་ཁྲིད་ལུང་མང་དུ་གསན་ཅིང་ཕག་མོ་ནས་དཔོན་རིན་པོ་ཆེས་གཙུག་ཕུད་ཕུལ་བར་མི་ཕམ་རིན་ཆེན་ཆོས་ཀྱི་རྒྱལ་པོ་ཞེས་པའི་མཚན་གནང༌། རིམ་པས་ཁང་ཐོག་ནང་འཇགས་ཀྱི་བཀའ་བགྲོས་སྐོར་བྱང་དང་ཁྲ་བཞི་གནང་བ་རྣམས་ཀྱང་དོན་དུ་འཁྱོལ་བས་ཟླ་བ་དྲུག་པའི་ཚེས་བཅུ་བདུན་ལ་བཀའ་ཁྲ་དམ་བཞག་དང་བཅས་པ་གནང་བ་བཞིན་ཡན་ཕྱིན་འཁོན་མེད་ཀྱིས་རྒྱལ་བའི་དྲུང་དུ་ཞལ་ངོ་མཇལ་འཛོམ་ལ་སོགས་པའི་ལེགས་ཚོགས་ཀྱང་རིམ་པས་མཛད། དེ་དག་གི་སྐབས་སུ་མངའ་རིས་ལྷ་བཙུན་དང་བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱས་པས་ཀྱང་མཇལ་ཞིང༌། ལྷོ་སྟོད་ནས་
སྡེ་པ་ཀརྨ་གཙུག་ལག་རབ་རྒྱས་འབྱོར་བ་དང༌། ཚོགས་ཆོས་ལུང་པའི་མཁན་ཆེན་ཀུན་སྤངས་པ་ཤེས་རབ་རིན་ཆེན་ཨེ་ཝཾ་དགོན་ལ་སོགས་པའི་བླ་མར་བཞུགས་པས་འབུལ་ཆེན་མཛད། གཞན་ཡང་ཁང་ཐོག་གི་ཕྱག་ཞབས་སུ་གཏོགས་པ་སོགས་དབུ་རུ་སྟོད་སྨད་ཀྱི་སྡེ་དགོན་སྐྱ་སེར་ཕལ་གྱིས་རང་འབྱོར་དང་བསྟུན་པའི་འབུལ་ཞབས་དང་ཕྱག་འཚལ་སྐོར་བ་ལ་སོགས་པའི་དགེ་རྩ་བསྐྲུན་པར་ཞལ་མཇལ་གསུང་ཐོས་ཀྱི་འབྲེལ་བ་གང་ལ་གང་འཚམ་གྱིས་བྱང་ཆུབ་ཀྱི་ལམ་དུ་དཀྲི་བར་མཛད་ཅིང༌། ཐེལ་པ་དང་ཀ་ཚལ་བའི་མཚམས་པ་གཞི་བྱེས་སོགས་གཉུག་མར་གནས་པ་དང་གདན་ས་བར་པའི་གྲྭ་རིགས་སོགས་གློ་བུར་དུ་ལྷགས་པའི་རབ་བྱུང་བསྙེན་རྫོགས་སྒྲུབ་པ་ཡང་མང་དུ་བྱུང༌། སྐབས་ཤིག་ཀླུའི་རྒྱལ་པོ་མལ་གྲོ་གཟི་ཅན་སྐྱེས་བུའི་གཟུགས་ཀྱིས་སྒར་ལ་ཕྱག་དང་སྐོར་བ་བྱེད་པ་འགའ་ཞིག་གིས་མཐོང་ཟེར་བའི་གཏམ་ལ་བརྟེན་ནས་དབྱར་ངོ་དེ་ཆར་ཞོད་ཤིན་ཏུ་ཆེ་ཞིང་ཉེ་འཁོར་གྱི་ཆུ་བོ་ཀུན་ཀྱང་
ཆེར་རྒྱས་པས་རྒྱང་མ་ནས་བཞུགས་སྒར་ཆུའི་དབུས་ན་ཡོད་པ་འདྲ་བར་སྣང་ཟེར་བ་ཀུན་ཀླུའི་མཆོད་པའི་མཚན་མར་ཁ་ཅིག་གིས་གླེང༌། དེར་ཡར་རྒྱབ་ནས་དཔོན་ས་ཡུམ་སྲས་པས་སྤྱན་འདྲེན་དུ་སྔགས་གྲྭ་སློབ་དཔོན་པ་ཀར་བསྟན་རྒྱ་མཚོ་ཆེད་གཉེར་དུ་མངགས་པ་དང༌། སྡེ་པ་ལྷོ་སྟོད་པ་དང་གཙང་ས་ནས་སྤྱན་སྔ་ཀུན་སྤངས་པ་ཞབས་ཕྱིར་འཁོད་བཞིན་པས་སོ་སོས་སྤྱན་འདྲེན་གྱི་ཞུ་བ་ཕུལ་ཞིང༌། ཞོ་ཁ་ནགས་ཕུ་པ་རྣམས་ཀྱི་སྤྱན་འདྲེན་ཡང་སྔ་ཕྱིར་འབྱོར་བ་ལས་རེ་ཞིག་ཞོ་ནགས་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་དགོངས་པ་གཏད་དེ། ཟླ་བ་བདུན་པའི་ཉེར་ལྔ་ལ་ཁང་ཐོག་ཞལ་ངོ་རྣམས་ཀྱི་ཆིབས་སྐྱེལ་དང་བཅས་ཐང་སྐྱ་ལྕགས་ཟམ་དུ་ཕེབས། དེ་ནས་སྤྲོ་ལུང་དུ་ཆོས་རྗེ་རིན་པོ་ཆེས་བསྙེན་བཀུར་དང་འབུལ་ནོད་བཟང་པོ་མཛད་ཅིང༌། ཐེལ་དུ་ཡང་ཐེལ་པ་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེར་བགྱིས་པར་ཚོགས་པ་ཀུན་ལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་རྒྱས་པའི་བཀའ་འབྲེལ་དང་དེའི་
རྟེན་མཇལ་རྣམས་ཞིབ་ཏུ་གནང་ནས་རིམ་པས་མཚོ་བྲང་དུ་ཕེབས་པར་ཧོར་སྨད་པའི་དཔོན་ཚང་གཡུལ་རྒྱལ་ས་སྐྱོང་ཁག་གཉིས་དང་འབབ་རོམ་ཆོས་རྗེ་ཀ་དྲུག་པ་མཆོད་ཡོན་རྣམས་ཀྱིས་འབུལ་བ་དང་ཞབས་ཏོག་བཟང་པོ་བགྱིས་ཤིང༌། སྐྱ་སེར་དུ་མ་ལ་བསྙེན་གནས་སེམས་བསྐྱེད་ལ་སོགས་པའི་ཆོས་ཀྱི་བཀའ་དྲིན་གྱིས་ཁྱབ་པར་མཛད། དེ་སྐབས་ཀོང་པོ་ཇ་པ་ཡར་ཡོང་དང་འགྲིག་པས་ཧོར་ཀོང་བར་གྱི་ཟློས་སེལ་གཏན་འཆམ་གྱི་བཀའ་ཁྲ་ཡང་གནང༌། དེ་ནས་སྤྱི་ལ་ནས་བརྒྱུད་སྤྱི་མདའི་ཚལ་དུ་ཕེབས་པ་ན་འགུ་ལོག་བྱམས་མགོན་གྱི་བུ་སྤུན་ལ་སོགས་པ་ཁམས་ཀོང་གི་ཇ་པ་མང་པོས་འབུལ་ཆེན་བགྱིས་ཤིང༌། ནགས་ཕུ་ནང་སོ་དང་ལོང་པོ་དཔོན་རྣམས་ཀྱི་ཇ་འདྲེན་ཡང་རིམ་པས་འབྱོར་ཏེ་ཟླ་བ་བརྒྱད་པའི་ཉེར་གཉིས་ལ་མདོ་ཐང་དུ་ཕེབས་ཐོག་ནས་རི་བོ་ཆེ་པའི་སྐུ་སྐྱེ་རིན་པོ་ཆེ་དཔོན་སློབ་ཕྱག་འབུལ་ཞུས་ནས་ཁམས་ཕྱོགས་སུ་བཏེག་ཅིང༌། ཉེར་ལྔ་ལ་ཆིབས་རགས་བྲག་དཀར་ལྷ་ཆུར་
ཕེབས་ཏེ་དེའི་གནས་གཟིགས་རྣམས་ཞིབ་ཏུ་གནང༌། སླར་མདོ་ཐང་ནས་རིམ་པར་གཉའ་ཚལ་ཆོས་ཁྲི་ཐང་དུ་ཕེབས་ཏེ་ཟླ་བ་གཅིག་ཙམ་བཞུགས་པར་འཕྲུལ་ཁང་ནང་སོ་དཔོན་གཡོག་རྣམས་ཀྱིས་འབུལ་ཞབས་ཡང་དག་པར་བགྱིས་ཤིང༌། ནགས་ཕུ་རིའི་ལྕགས་མཁར་ནང་སོ་དང་བཅས་པའི་སྤྱན་འདྲེན་ཇ་ཞུས་དང་མདོ་ཁམས་སྟོད་སྨད་ཀྱི་འབུལ་སྐྱེལ་ཡང་མང་དུ་འབྱོར། བར་སྐབས་བྲག་དཀར་ལྷ་ཆུར་སྐུ་མཚམས་ཞག་བདུན་པ་ཞིག་ལ་ཕེབས་པ་ལས་ཕྱིར་ཕེབས་ཐོག་རི་ཁ་སང་སིང་གི་དགོན་ཁག་གཉིས་ཀྱིས་སོ་སོ་ནས་འབུལ་ཆེན་བགྱིས་པར་ཕྱག་རྒྱ་ཆེན་པོ་ལྔ་ལྡན་གྱི་བཀའ་འབྲེལ་རྒྱས་པར་གནང་བ་སོགས་ཡུལ་ཕྱོགས་དེའི་སྐྱེ་འགྲོ་དུ་མ་སྨིན་གྲོལ་གྱི་ཕྲིན་ལས་མཛད་དེ། ལོང་པོ་དཔོན་གྱི་སྤྱན་འདྲེན་བསྐྱར་ནན་དང་བསྟུན་ཟླ་བ་དགུ་པའི་ཉེར་དགུ་ལ་བཏེག །བཅས་སྡེ་ནས་ཟླ་བ་བཅུ་པའི་ཚེས་གཅིག་ལ་ང་ཕོད་ཚལ་དུ་ཕེབས་ཏེ་དཔོན་རྒྱལ་པོ་མི་ངོ་རྣམས་ཀྱིས་ནར་མའི་
ཞབས་ཏོག་བགྱིད་སྐབས་འཕྲུལ་ཁང་དུ་ཀོང་པོའི་ཇ་པ་ཐོགས་ཤིག་འབྱོར་བས་གསོལ་བ་བཏབ་པ་བཞིན་ཆིབས་རགས་འཕྲུལ་ཁང་དུ་སྐོར་ཅིག་ཕེབས་པར་ཚོང་དཔོན་རྡོ་ཕྲུ་གུས་ཇ་དན་སྤོབ་རྩེ་བརྒྱ་དང་བདུན་གྱིས་ཐོག་དྲངས་སྣ་གྲངས་ལྔ་བརྒྱའི་འབུལ་ཆེན་བགྱིས། སླར་ང་ཕོད་ཉིད་དུ་ཕེབས་ནས་དགེ་འདུན་ཟུར་རི་བ་དང་ཅོག་གྲྭ་བ་གཉིས་ཁམས་ཕྱོགས་སུ་བསོད་སྙོམས་ལ་འདེགས་པའི་རྫོང་བཀོད་དང་ཞལ་ཏ་བསླབ་སྟོན་གནང་ཞིང༌། བར་ལམ་སྟོད་ནས་བླ་མ་གཅོད་པ་འབུལ་སྐྱེལ་དུ་འབྱོར་བས་དངུལ་སྲང་ཆེན་སྟོང་ཕྲག་བཞི་དང་དྲུག་བརྒྱ་ལ་སོགས་པའི་འབུལ་ཆེན་དང་ལོང་པོ་དཔོན་མི་ངོ་རྣམས་ཀྱིས་བསྙེན་བཀུར་དང་འབུལ་བ་ཡངརིམ་པས་བགྱིས་པ་སོགས་ཉང་ལོང་སྡེ་དྲུག་གི་སྐྱེ་བོ་ཀུན་ལ་མཐོང་ཐོས་དོན་ལྡན་གྱི་འབྲེལ་པ་བཟང་པོའི་བཀའ་དྲིན་སྩལ་ནས་ཉེར་ལྔ་ལ་བཏེག་སྟེ། ཉེར་དྲུག་ལ་ནགས་ཕུ་དཔལ་གྱི་རི་ཁྲོད་དུ་ཕེབས་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་དགུའི་བར་བཞུགས་
པ་ལ་ནགས་ཕུ་རི་པ་ནང་༧༨སོ་དང་བཅས་པས་འབུལ་ཞབས་རིམ་པར་བགྱིས་ཤིང་རི་པའི་བླ་གཉེར་བསྐོ་བཞག་དང་ལྷ་ཁང་དང་འབུམ་པ་གསོ་བའི་ཆ་རྐྱེན་སོགས་ཀྱི་དགོན་ཐེབས་ཀྱང་གནང༌། གཞན་ཡང་ཀརྨ་ལྷུན་གྲུབ་གླིང་པ་སོགས་སྙེ་བོའི་དགོན་གསུམ་ཡོན་བདག་དང་བཅས་པ་ཀུན་མཇལ་དུ་འོང་བས་འབུལ་ཆེན་བགྱིས་པ་ལ་སོགས་པ་དེར་འདུས་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པ་རྣམས་གང་ལ་ཅི་འཚམ་པའི་ཆོས་དང་ཟང་ཟིང་གི་བཀའ་དྲིན་དམ་པས་ཚིམ་པར་མཛད་དེ། ཚེས་ཉི་ཤུ་ལ་བཏེག །ནགས་མདའ་ནས་སྤང་དུ་ཕེབས་པར་ཡུལ་ཕྱོགས་དེ་དག་གི་སྡེ་དགོན་རྣམས་ཀྱིས་འབུལ་ཞབས་རྒྱ་ཆེ་གྲངས་མང་དང༌། ནགས་མདར་རྔོད་སོ་རི་དགོན་པ་བ་རྣམས་འབྱོར་བས་འབུལ་ཆེན་བགྱིས་ཤིང༌། རབ་བྱུང་བསྙེན་རྫོགས་ཀྱི་བཀའ་དྲིན་ཞུས། སྤང་དུ་གཟིམ་གུར་འཁྲིས་ཀྱི་ཕ་བོང་གི་ངོས་ལ་སྟོན་པ་སངས་རྒྱས་ཀྱི་སྐུ་བརྙན་ཕྱག་བྲིས་གནང་བ་བཞིན་ཡུལ་མི་རྣམས་ཀྱིས་
བརྐོས་པས་ཕ་བོང་གི་ངོས་ནས་སྲོག་ཆགས་གྲོག་མའི་རྣམ་པ་མང་པོ་དང་སྦྲང་རྩིའི་གོང་བུ་འདྲ་བ་ཡང་ཐོན་ཏེ་དེ་དག་སྡུག་བསྔལ་དེ་ལས་གདོན་པའི་སླད་དུ་སྐུ་གཟུགས་ཕྱག་བྲིས་གནང་བར་འདུག་ཅེས་གླེང་ཞིང་ཕ་བོང་གི་སྟེང་ན་ཞབས་རྗེས་ཀྱང་སྣང་ཟེར། དེ་ནས་ཀ་འཕྲང་དགོན་དུ་ཕེབས་པ་ན་དགའ་ལྡན་མ་མོ་བ་སྡེ་དགོན་རྣམས་ཀྱི་ཇ་ཞུས་ཀྱང་འབྱོར། ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་ཞོ་ཁར་གདན་ཕེབས་ཐོག་རྩེ་ལྷ་སྒང་ནས་དྲུང་པ་འཇམ་དབྱངས་རྣམ་པར་རྒྱལ་བ་དཔོན་སློབ་དང་འཇང་རྒྱལ་བློན་གྱི་འབུལ་སྐྱེལ་གཏོས་ཆེར་འབྱོར། ཞོ་ཁ་སྡེ་དགོན་དང་བཅས་པ་ཀུན་གྱིས་འབུལ་ཆེན་དང་བསྙེན་བཀུར་རིམ་པར་ཞུས། འཇང་གི་གྲྭ་རྒྱུན་དང་སླེ་ལུང་གྲྭ་ཚང་པ་སོགས་གཞི་བྱེས་ཀྱི་རབ་བྱུང་བསྙེན་རྫོགས་སྒྲུབ་པ་ཡང་མང་དུ་བྱུང་ཞིང༌། སྒམ་པོ་སྤྱན་སྔ་ཞི་བར་གཤེགས་པའི་མཆོད་བསྔོའི་རྟེན་འབུལ་མི་སླེབས། དེར་ལོ་མཇུག་གི་སྐུ་རིམ་དང་ས་ཕོ་བྱི་བའི་ལོ་སར་ཆོ་འཕྲུལ་གྱི་དུས་ཆེན་
བཅོ་ལྔའི་ཉིན་གསོ་སྦྱོང་དང་བཅས་པ་གནང་ནས་མདོ་ཆེན་པ་སོགས་མཚོ་ཆུ་བ་སྡེ་དགོན་རྣམས་ཀྱིས་སྤྱན་དྲངས་ཏེ་སོ་སོ་ནས་འབུལ་བ་བསྙེན་བཀུར་ཡང་དག་པ་ཞུས་ཤིང༌། དགུ་གཏོར་གྱི་ཉིན་འབྲུག་གྲགས་པའི་ལྟས་བཟང་པོ་དང་གནམ་གང་ལ་མདོ་ཆེན་དགོན་དུ་ཕེབས་པར་སྒྲུབ་ཁང་ཕུག་ཏུ་ཞབས་རྗེས་བྱོན། ཡུལ་ཕྱོགས་དེ་དག་རི་རྒྱ་ཀླུང་རྒྱ་སོགས་སྡིག་སྤོང་དགེ་སྒྲུབ་ཀྱི་ཕྲིན་ལས་རྣམ་པར་དཀར་བས་ཁྱབ་པར་མཛད་ནས་ཟླ་བ་གཉིས་པའི་ཚེས་གཉིས་ལ་བཏེག་སྟེ་ཕྱིར་ལམ། མཚོ་ཆུའི་ངོ་གཟིགས་སོགས་གནང་ནས་ཚེས་ལྔ་ལ་སླར་ཞོ་ཁ་ཉིད་དུ་གདན་ཕེབས་ཏེ། དེ་ཉིད་ཀྱི་ནང་སོ་བསྐོ་བཞག་དང་ཆོས་སྡེའི་བཅའ་པ་ཆོས་ཁྲིམས་བུ་ཁྲལ་སོགས་ཀྱི་བཀའ་ཁྱབ་རིམ་པས་གནང་སྐབས་རྩེ་ལྷ་སྒང་ནས་སི་ཏུ་སྐུ་སྐྱེ་ཆོས་ཀྱི་རྒྱལ་མཚན་པ་བྱོན་པས་རྒྱལ་བ་ཉིད་ལ་མཁན་པོར་གསོལ་ཞིང་བདག་གིས་ལས་སློབ་བགྱིས་ཏེ་རབ་བྱུང་དགེ་ཚུལ་གྱི་བསླབ་པ་བཞེས་ནས་ཞབས་ཕྱིར་
བསྙེན་པས་དབང་དང་ཁྲིད་ལུང་གི་རིམ་པ་མང་དུ་གསན་ཅིང་འབུལ་ཆེན་ཀྱང་མཛད། གཞན་ཡང་ཟུར་རུ་གདོང་ཚུན་དང་ལྐོག་འཕྲང་ཡན་གྱི་དགེ་འདུན་གྲྭ་ཚང་རྣམས་དང་ཡོན་བདག་དད་མོས་ཅན་དུ་མའང་མཇལ་དུ་འོང་བས་འབུལ་ཆེན་རིམ་པར་བགྱིས་པ་ལ་དགེ་འདུན་གསར་བུ་རྣམས་རབ་བྱུང་བསྙེན་རྫོགས་སྒྲུབ་པའི་བཀའ་དྲིན་སོགས་སོ་སོའི་འདོད་མོས་ཀྱི་ཆོས་ཚུལ་སྣ་ཚོགས་པའི་བཀའ་དྲིན་དང་མཁོ་དགུའི་དངོས་པོས་འཕྲལ་ཡུན་དུ་ཚིམས་པར་མཛད་ཅིང༌། ཉེ་འཁོར་གྱི་འཁོན་དང་ཟློས་པ་ཀུན་ཀྱང་འཁོན་མེད་ཟློས་མེད་བྱམས་བརྩེའི་ངང་ཚུལ་དུ་འགྱུར་བའི་བཀའ་དྲིན་གྱིས་ཁྱབ་པར་མཛད། དེ་ནས་ཟླ་བ་ལྔ་པའི་ནང་དུ་བདག་ཅག་ཞབས་ཕྱི་ནས་དབུས་ཕྱོགས་ལ་སྔ་འགྲོས་སུ་བཏེག་ཅིང༌། རྒྱལ་བ་ཉིད་སྟན་ཆགས་པས་སི་ཏུ་སྐུ་སྐྱེ་རིན་པོ་ཆེ་གདན་ས་ཀརྨའི་ཁྲིར་ཀྭན་ཏིང་གུ་ཤྲིའི་ལས་ཀ་དང་བཅས་པའི་བསྐོ་བཞག་དང༌། ཟླ་བ་བརྒྱད་པའི་ནང་དུ་རྒྱའི་མི་དཔོན་ལིས་ཙིན་སི་དང་ནི་ཀན་
ཚེན་སི་གཉིས་དང་རྒྱ་པན་ཧང་ཅུའུ་སི་རྣམས་ཀྱི་རྟ་འབུལ་ཞིང་གི་མི་ཆེན་གྱི་གཉེར་པ་དབང་ཕྲུག་བརྒྱུད་ནས་བྱུང་བའི་ཞུ་ལན་དང༌། ཟླ་བ་དགུ་པའི་ནང་དུ་སི་ཏུ་བ་དཔོན་སློབ་ཁམས་ཕྱོགས་སུ་རྫོང་བཀོད་གནང་ཞིང༌། བར་སྐབས་སྐུའི་རིམ་གྲོ་པ་ཁ་བ་དཀར་དབོན་པོ་ཀརྨ་བཟང་ལྡན་ནད་ཚབས་ཆེ་བས་རིང་ཞིག་མནར་བ་ཡང་རྒྱལ་བ་ཉིད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས་སོས་ཤིང་བདེ་བས་འཚོ་བར་གྱུར་པ་ནས། རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་བཞུགས་སྒར་དུ་སྤྱན་དྲང་བའི་དུས་ལ་བབ་པའི་མཛད་པ་དོན་ཆེན་པོ་ལ་སོགས་པའི་ཆེད་དུ་སླར་དབུས་གཙང་ཕྱོགས་ཉིད་ལ་ཆིབས་ཁ་བསྒྱུར་བའི་དགོངས་པས་ཟླ་བ་དེ་ཉིད་ཀྱི་ཉེར་གསུམ་ལ་བཏེག་སྟེ་གནམ་ཚལ་དུ་ཕེབས་པར་གནམ་ཚལ་བ་ཀུན་གྱིས་འབུལ་ཆེན་བགྱིས་པའི་ནས་སོགས་དེ་ཀའི་སྒྲུབ་མཆོད་ཀྱི་ཐེབས་སུ་གནང༌། དེ་ནས་རིམ་པར་སྔ་སོར་གྱི་ཕེབས་ལམ་བཞིན་ང་ཕོད་དང་འཕྲུལ་ཁང་སོགས་བརྒྱུད་དེ་ཕེབས་པར་དེ་
དག་གི་སྡེ་དགོན་ཇི་སྙེད་པ་ཀུན་གྱིས་སླར་ཡང་འབུལ་ཞབས་རྒྱ་ཆེར་བསྒྲུབས་ཤིང༌། སོ་སོར་གང་ལ་ཅི་འཚམ་གྱི་ཆོས་དང་ལོངས་སྤྱོད་ཀྱི་དགའ་སྟོན་འཕྲལ་ཡུན་དུ་དགེ་བའི་བཀའ་སྩལ་བསླབ་སྟོན་དང་བཅས་པའི་བཀའ་དྲིན་གྱིས་ཁྱབ་པར་མཛད་ནས། ཟླ་བ་བཅུ་པའི་ཉེར་བརྒྱད་ལ་མཁར་གོང་ལ་བརྒལ་ནས་ལྷ་མདའ་ཕྱུག་པོ་གཞུང་དུ་ཕེབས་པ་ན་ཆོས་རྗེ་སྤྲོ་ལུང་པ་ཐེལ་པ་སྤྱི་སོ་དང་བཅས་པའི་ཇ་འདྲེན་འབྱོར། དེ་ནས་འཚེལ་ཁའི་ལྗོངས་སུ་འབྲི་ཁུང་ཐེལ་པའི་མཁན་སློབ་གྲྭ་མང་དང་བཅས་པའི་ཐབ་བསུ་སེར་སྦྲེངས་དང༌། ཇ་རིལ་གཞུང་དུ་ཆོས་རྗེ་རིན་པོ་ཆེའང་ཆིབས་བསུ་ཐབ་འཛིན་དུ་ཕེབས་པ་དང་བཅས་ཉེར་དགུ་ལ་གཞོ་སྟོད་གྲོག་སྣར་གདན་ཕེབས་ཐོག་ཕག་མོ་ནས་དབོན་རིན་པོ་ཆེ་སྲས་ཡུམ་གྱི་ཞུ་འཕྲིན་དང་ཇ་ཞུས་པས་འབྱོར། ཟླ་བ་བཅུ་ ༨༡ གཅིག་པའི་ཚེས་བདུན་ལ་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་རྩོད་པ་དང་བྲལ་བ་འབྲི་ཁུང་སྐྱུ་རའི་གདུང་རིགས་དྲི་མ་མེད་པར་བལྟམས་པ་ལ་དཔལ་
གར་དབང་ཆོས་ཀྱི་དབང་ཕྱུག་གི་མཚན་གསོལ་ངོས་འཛིན་དང༌། དེ་ཉིད་ཀྱི་བརྟན་བཞུགས། རྒྱལ་བ་ཀུན་དངོས་དཔལ་ལྡན་བླ་མ་མཆོག །བདག་སོགས་གདུལ་བྱའི་ཚོགས་ལ་ཉེར་དགོངས་ཏེ། །ཞིང་འདིར་སླར་ཡང་སྤྲུལ་པའི་སྐུར་བསྟན་པ། །འགྱུར་མེད་བསྐལ་པའི་བར་དུ་བཞུགས་སུ་གསོལ། །ཞེས་སོགས་དང་བཅས་སྙན་པ་སྒྲོག་པའི་མི་སྣ་བཀའ་ཤོག་དབུས་གཙང་ཀུན་ཏུ་གནང་ཞིང༌། ཆོས་རྗེ་རིན་པོ་ཆེར་ཡང་གནང་ཆ་གྱ་ནོམ་པ་དང༌། ཡིན་ལུགས་འགབ་ཡུལ་སོགས་ཀྱི་བཀའ་སྩལ་ཞིབ་རྒྱས་རིམ་པས་གནང་སྟེ། ཟླ་བ་བཅུ་གཉིས་པ་སྔ་མའི་ཉེར་བདུན་གྱི་ཉིན་དབོན་གུ་ཤྲི་ཀརྨ་བསྟན་འཛིན་དང་ནང་སོ་ཀརྨ་མཆོད་སྤྲིན་པ་སོགས་ཀྱིས་གཙོས་པའི་དྲུང་སྐོར་རྣམས་ཀྱི་ཆིབས་བསུ་ཐབ་འཛིན་དང་ཆོས་སྡེ་རྣམས་ཀྱི་སེར་སྦྲེངས་རྒྱས་པ་སོགས་བསུ་བའི་བཀོད་པ་མཐའ་ཡས་པས་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་བཞུགས་སྒར་དུ་སྤྱན་དྲངས་ནས་ཡབ་སྲས་མཇལ་འཛོམ་གནང་བར་
མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ནས་མཇལ་དར་ཕྱག་འབུལ་སོགས་གཞན་གྱིས་བསྐུལ་བ་ལ་རག་མ་ལས་པའི་གུས་འདུད་དང་རྒྱལ་བ་ཉིད་ནས་ཀྱང་བཞུགས་ཁྲིའི་སྟེང་ནས་བཞེངས་ཏེ་བྱིན་རླབས་དབུ་ཐུག་གནང་བ་ལ་སོགས་པའི་བཀུར་སྟི་ཆེར་མཛད་དེ་གདན་འཛོམ་པའི་བཀྲ་ཤིས་དགའ་སྟོན་དང་སྒར་ཆོས་སྡེ་ཀུན་གྱིས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེར་མཇལ་དར་ཕྱག་འབུལ་བགྱིས། དེ་དག་གི་སྐབས་སུ་འབྲི་ཁུང་ཐེལ་པ་སོགས་ཀྱི་རབ་བྱུང་བསྙེན་རྫོགས་ཞུ་བ་མང་པོ་དང༌། གཞན་ཡང་ཕྱོགས་དེའི་སྐྱེ་བོ་དབང་ལུང་མན་ངག་གི་ཆོས་དོན་གཉེར་མང་དུ་འདུས་པར་སོ་སོའི་མོས་འདུན་བཞིན་གྱི་ཆོས་སྦྱིན་དང་ཐེལ་པ་རྣམས་ལ་ནོར་ཕྱུགས་ལྔ་བཅུ་ལྷག་གིས་གཙོས་པའི་སྤྱི་འགྱེད་རྣམ་གཞག །སྐབས་དེར་བསྙེན་པར་རྫོགས་པའི་དགེ་སློང་ཉིས་བརྒྱ་ལྷག་ཙམ་ལ་སོགས་པའི་དགེ་སློང་རྣམས་ལ་གསོ་སྦྱོང་གི་ཇ་ཐེབས་དང་བཅས་པ་གནང་ཞིང༌། སྐུར་གཙང་སོགས་དབུས་གཙང་གི་སྡེ་
རིགས་ཕལ་གྱི་སྤྱན་འདྲེན་པ་དང་སོག་པོ་ཨ་དཔལ་དང་བིར་ཐུའི་འབུལ་སྐྱེལ་གསེར་ཡིག་པ་ཡང་འབྱོར། དེ་ནས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་ཆོས་རྗེ་ཞལ་ངོ་རྣམས་དང་ལྷན་ཅིག་གཞིས་ཀ་རྩེ་བར་ཕེབས་ཤིང༌། སྒར་ཆེན་ཡང་རིམ་པས་བཏེག་སྟེ་རྩེ་པའི་ཀླུ་སྡིངས་སུ་ཞལ་རྒྱས་ཐོག་ནས་ཡབ་སྲས་ལྷན་རྒྱས་ཡངས་པ་ཅན་ཕྱོགས་སུ་ཕེབས་པའི་རྟེན་འབྲེལ་ལེགས་ཚོགས་ཀྱི་ཆིབས་རགས་གཟབ་རྒྱས་ཀྱིས་ཀླུང་ཤོད་བཀྲ་ཤིས་ཐང་དུ་ཕེབས་ནས་ནང་སོ་མཆོད་སྤྲིན་པ་སོགས་སྔོན་གྱི་དྲུང་སྐོར་དེར་ཡོད་རྣམས་སྤྲུལ་པའི་སྐུའི་ཕྱག་ཕྱིར་སོ་སོའི་ལས་ཚན་དུ་བསྐོ་བཞག་གནང་སྟེ་བཞུགས་སྒར་སྒྲིག་པ་གནང་ཞིང༌། དེའི་དགའ་སྟོན་དུ་ཆོས་རྗེ་རིན་པོ་ཆེ་སྒར་ཆོས་སྡེ་དང་བཅས་པ་ཀུན་ལ་བསྙེན་བཀུར་གཟབ་རྒྱས་ཞུ་བ་མཛད། ཆིབས་རགས་ཉུང་བསྡུས་ཀྱིས་སྔོན་རྗེ་མི་བསྐྱོད་ཞབས་ཀྱིས་ཡུན་རིང་དུ་བཞུགས་པའི་གནས་ཁྲ་བ་ཁའི་ཡང་དགོན་དང་། ཕྱིར་ལམ་དགོན་མ་མོར་ཡང་ཕེབས་ཏེ་དེ་དག་གི་
གནས་རྟེན་རྣམས་མཇལ་བ་དང་དགེ་འདུན་རྣམས་འདོད་ཆོས་ཅི་རིགས་པའི་འབྲེལ་པས་ཚིམ་པར་མཛད་ཅིང༌། དེ་དག་ཀུན་གྱིས་ཀྱང་འབུལ་ཞབས་ཡང་དག་པ་བསྒྲུབས། སླར་བཞུགས་སྒར་དུ་ཕེབས་ནས་འབྲི་ཁུང་ཐེལ་གྱི་མཁན་པོར་དབུ་མ་དབོན་པོ་ཤེས་རབ་སྙིང་པོ་བསྐོ་བཞག་གནང༌། ཕག་མོ་ནས་ཞལ་ངོ་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་ཆིབས་རགས་གཞིས་ཀ་རྩེར་ཡང་སྐོར་ཙམ་ཕེབས་པར་འབུལ་བ་དང་བསྙེན་བཀུར་གྱ་ནོམ་པ་ཞུས་ཤིང་ཐུགས་མོས་ཇི་ལྟ་བའི་དབང་ཆོས་ཀྱི་བཀའ་དྲིན་ཡང་སྩལ། ཡར་ལམ་འོད་སྣར་ཆོས་སྡེ་སྤྱི་པ་དང༌། ༨༣ འབྲི་གུང་རིན་པོ་ཆེས་འབུལ་ཆེན་མཛད་དེ་སོ་སོ་ནས་དབུ་ཞྭ་སྒྲོན། དེ་ནས་ཡབ་སྲས་ལྷན་རྒྱས་ཀྱིས་བཀྲ་ཤིས་ཐང་ནས་བཏེག་པའི་ཕེབས་ལམ་དུ་ར་འཛབ་ཀྱི་རྗེ་བཙུན་བྱམས་པ་མཇལ་ཞིང་ཕྱག་མཆོད་སྨོན་ལམ་མཛད་ནས་སྟག་ལུང་ཆོས་མཛད་མ་རྣམ་རྒྱལ་དཔལ་མོས་མཁར་ཐོག་ཏུ་སྤྱན་དྲངས་ཏེ་འབུལ་ཞབས་ཡང་དག་པ་བགྱིས་ཤིང་དེར་
ས་མོ་གླང་ལོའི་ལོ་སར་གནང་ནས་ཕོད་མདོར་ཕེབས་པ་ལ་སྡེ་པ་མི་སྡེས་འབུལ་བ་དང་བསྙེན་བཀུར་བགྱིས་པའི་བར་དེ་དག་ཏུ་སྟག་ལུང་གི་མཁན་སློབ་དང་གྲྭ་མང་ཕལ་གྱིས་མཇལ་ཞིང་ཆོས་རྗེའི་ཇ་འདྲེན་ཡང་ཕུལ། སྙན་ཐོག་ཏུ་རྗེ་བཙུན་མ་སྒྲོལ་མའི་སྐུ་བརྙན་བྱིན་རླབས་ཅན་མཇལ་བ་དང་ཕྱག་མཆོད་སྨོན་ལམ་མཛད་ནས་སྙིང་དྲུང་བརྒྱུད་རིམ་པས་མགུལ་རིང་ནས་བཀྲ་ཤིས་མཐོང་སྨོན་དུ་དཀར་མེ་རུ་པར་བཞི་སྡེའི་ཇ་ཞུས་དང་སྐྱིད་དེ་སྦུག་ཏུ་དབོན་ཀརྨ་བསྟན་འཛིན་པ་གྲོགས་སྣ་ནས་སྔ་འགྲོས་སུ་བྱོན་པས་གཙོས་པའི་ཞལ་ངོ་དཔོན་གཡོག་ཡངས་པ་ཅན་གྱི་མཁན་པོ་ཆེ་བགྲེས་དང་བཅས་པའི་ཕེབས་བསུ་ཐབ་འཛིན་དང་དགོན་འདབས་ནས་གྲྭ་མང་གི་སེར་སྦྲེངས་གཟབ་རྒྱས་དང་བཅས་ཟླ་བ་དང་པོའི་ཚེས་བཅུ་ལ་དཔལ་བདེ་ཆེན་ཡངས་པ་ཅན་དུ་གདན་ཕེབས་ཐོག་དབུས་གཙང་གི་སྡེ་རིགས་ཕལ་གྱིས་ལོ་གསར་འབུལ་མི་ཡང་འབྱོར་བའི་རྟེན་འབྲེལ་ལེགས་ཚོགས་སུ་གྱུར་ཅིང༌། དངུལ་
གདུང་རིན་པོ་ཆེའི་དྲུང་དུ་ཕྱག་མཆོད་གནང་ནས་ཚེས་བཅུ་གཉིས་ཀྱི་ཉིན་ཡབ་སྲས་འདུ་ཁང་དུ་ཕེབས་པར་ཡངས་པ་ཅན་པ་ཀུན་གྱིས་མཇལ་དར་ཕྱག་འབུལ་ཞུས། ཧོར་སྟོད་པའི་དཔོན་ཚང་མི་ངོ་སྡེ་མང་དང་བཅས་པས་ཀྱང་རིམ་པས་མཇལ་ཏེ་འབུལ་ཆེན་བགྱིས། ཟླ་བ་དེ་ཉིད་ཀྱི་ནང་དུ་བདག་ཅག་མཚུར་ཕུ་ནས་ཞབས་དྲུང་དུ་འབྱོར་ཞིང༌། སོག་ཟམ་ནས་འབྲོང་བུ་གུ་ཤྲི་དཔོན་སློབ་དང་འཇང་གི་འབུལ་སྐྱེལ་འགྲོན་ཚན་གཏོས་ཆེ་བའང་འབྱོར་བ་རྣམས་ཀྱིས་འབུལ་ཆེན་རིམ་པར་བགྱིས། ཟླ་བ་གཉིས་པའི་ཚེས་གཅིག་གི་ཉིན་རྗེ་སྤྲུལ་པའི་སྐུ་ ༨༤ རིན་པོ་ཆེ་སྔོན་གྱི་སེང་གེའི་ཁྲིར་མངའ་གསོལ་བའི་སླད་དུ་འདུ་ཁང་གསར་མའི་བཞུགས་ཁྲིར་བཞུགས་སྟན་སྐུ་འཁོར་ལས་ཚན་རྒྱས་གཤོམ་གྱིས་བཞུགས་ཤིང་རྒྱལ་བ་ཉིད་རྒྱ་མཐོངས་ཁར་དབུ་གདུགས་ཁྲེའུ་ཤིང་དང་བཅས་པས་བཞུགས་པའི་ཕྱག་ནས་མཆོད་གཡོག་གི་དགེ་སློང་དག་ཕྱག་བརྒྱུད་ཀྱིས་བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་སྣ་བདུན་རྣམས་
འབུལ་བའི་ཤིས་བརྗོད་སྐུ་གསུང་ཐུགས་རྟེན་གྱིས་གཙོས་ན་བཟའ་ལ་སོགས་པའི་ཉེར་སྤྱད་ཇ་གོས་དར་ཆིབས་མཛོ་དྲེལ་སོགས་སྣ་གྲངས་དངོས་གཙང་གྲངས་མང་དང་བཅས་པ་གནང་ཞིང་བདག་ཅག་སྒར་ཕྱི་ནང་ཆོས་སྡེ་ཀུན་གྱིས་ཁྲི་ཕེབས་ཀྱི་འབུལ་ནོད་བགྱིས་ཏེ་ཞྭ་དམར་གྱི་ཅོད་པན་གསོལ་བ་དང༌། དེ་ཉིད་ཀྱི་ཉིན་བཀའ་ཆོས་ཐོག་མ་རྩ་གསུམ་དྲིལ་སྒྲུབ་དང༌། གྲུབ་རྒྱལ་མའི་ཚེ་དབང་ཡང་འབུལ་བ་གནང༌། ཚེས་གཉིས་ལ་ཡངས་པ་ཅན་པའི་མཁན་པོ་གྲྭ་མང་སྡེ་པ་ཞལ་ངོ་དང་བཅས་པས་སོ་སོ་ནས་རྗེ་སྤྲུལ་པའི་སྐུ་ཁྲི་ཕེབས་ལེགས་ཇའི་འབུལ་ཆེན་བགྱིས་ཏེ་ཡབ་སྲས་གཉིས་ཆར་གྱིས་དབུ་ཞྭ་བཞེས་ཤིང་ཚེས་གསུམ་ལ་སྡེ་པས་དགའ་སྟོན་གྱི་དཀར་དྲོ་ཞུས། དེ་ནས་རིམ་པས་འདུ་ཁང་གསར་མར་རྗེ་བླ་མ་མཆོག་གི་ཐུགས་དམ་རྟེན་མཆོད་རྣམས་རྩིས་འབུལ་དང་སྦྲགས་པའི་རྟེན་གཤོམ་རྒྱས་པར་གནང་བའི་དྲུང་དུ་ཟླ་བ་དེ་ཉིད་ཀྱི་ཚེས་བཅུའི་ཉིན་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེའི་
དབུ་སྐྲ་གཙུག་ཕུད་བཞེས་པས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་སྩལ་བ་སོགས་རྒྱལ་བའི་བསྟན་པ་སྤྱི་དང་བྱེ་བྲག་ལ་ཕན་བདེ་འཕེལ་རྒྱས་ཀྱི་སྒོ་འཕར་རྒྱ་ཆེན་པོ་དབྱེ་བར་མཛད་དེ། ཚེས་བཅུ་བདུན་ལ་གདན་ས་ཆེན་པོ་མཚུར་ཕུར་ཆིབས་ཁ་བསྒྱུར་བའི་ལམ་སྟོད་ཀླུངས་ནས་བརྒྱུད་པའི་ཕེབས་ཞོར་དུ་མཁའ་ལུང་རི་ཁྲོད་དུའང་ཞབས་ཀྱིས་བཅགས་ཤིང༌། དབོན་གུ་ཤྲི་ཀརྨ་བསྟན་འཛིན་པ་ཞལ་ངོ་དཔོན་གཡོག་སྐྱ་སེར་ཀུན་གྱིས་ཆིབས་བསུ་ཐབ་འཛིན་སེར་སྦྲེངས་སོགས་བསུ་ ༨༥ བའི་བཀོད་པ་དུ་མ་དང་བཅས་ཏེ་བདེ་ཆེན་ཚལ་སྤྲོ་སྒལ་པོ་རྣམས་སུ་རིམ་པར་ཕེབས་པ་ལ་འབུལ་བ་དང་བསྙེན་བཀུར་བཟང་པོས་བཏེག་ཅིང༌། ཚལ་སྤྲོར་བཞུགས་ཐོག་ལྷོ་བྲག་ནས་རྗེ་དཔའ་བོའི་སྤྲུལ་སྐུ་དཔོན་སློབ་ཞལ་མཇལ་ཕྱག་འབུལ་དུ་ཕེབས་པས་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་བཞུགས་སྒར་དུ་ཕེབས་པའི་ལེགས་ཇ་དགའ་སྟོན་གྱི་འབུལ་ཆེན་མཛད། སྒལ་པོར་ཕེབས་པ་ན་ཤུན་ཞབས་དྲུང་དཔོན་གཡོག་ཀྱང་ཕྱག་
འབུལ་དུ་ཕེབས་ཤིང༌། དེར་བར་སྐབས་མཚུར་གནས་ཤུན་པ་ཆོས་གཞིས་པ་དང་བཅས་པ་རྣམས་ཟློས་རྩོད་དུ་གྱུར་པ་བདག་ཅག་གིས་བར་ཆིངས་བགྱིས་པ་མུ་མཐུད་གཏན་འཆམ་འཁོན་མེད་ཀྱི་བཀའ་ཁྲ་དམ་བཞག་གནང༌། དེ་དག་གི་སྐབས་སུ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེར་རྗེ་བླ་མའི་བཀའ་འབུམ་ལ་སོགས་པའི་ལྗགས་ལུང་ཡང་རྒྱུན་མ་ཆད་པ་གནང༌། ཟླ་བ་གསུམ་པའི་གནམ་གང་ལ་སྒལ་པོ་ནས་བཏེག་སྟེ་གནས་ནང་རྒྱལ་བའི་རི་ཁྲོད་དང༌། ཟླ་བ་བཞི་པའི་ཚེས་གཅིག་ལ་གདན་ས་ཆེན་པོ་དཔལ་གྱི་མཚུར་ཕུར་ཕེབས་པ་ལ་དེ་དག་སོ་སོ་ནས་ཐབ་བསུ་སེར་སྦྲེངས་གཞི་ལེན་དགའ་སྟོན་གྱི་བསྙེན་བཀུར་བཟང་པོ་ཞུས་ཏེ་སྟན་ཆགས་སྐབས་བླ་མ་ཏྲེ་བོའི་སྐུ་སྐྱེ་དཔོན་སློབ་ཀྱིས་རྗེ་སྤྲུལ་པའི་སྐུ་བཞུགས་སྒར་དུ་ཕེབས་པའི་ལེགས་ཇ་དགའ་སྟོན་གྱི་འབུལ་ཆེན་དང༌། མོན་པ་བླ་མ་ཆོས་དབང་གྲགས་པ་བརྒྱུད་ནས་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་པོ་མ་ཎི་ཀ་རཱ་ཛའི་ཞུ་འཕྲིན་འབུལ་
ཆས་དང་བཅས་པ་སླེབས། དེར་དཔལ་སྡོམ་པ་ལྷ་ལྔའི་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཞག་སྦྲེལ་སྦྱིན་སྲེག་དང་བཅས་པ་རྒྱས་པར་གནང་ཞིང༌། ཟླ་བ་བཞི་པའི་ཚེས་ཉི་ཤུའི་ཉིན་ཡབ་སྲས་ཞལ་རྒྱས་ཀྱིས་བླ་གཡེལ་ཆེན་མོར་གོས་སྐུ་ཁམས་གསུམ་མཛེས་རྒྱན་གྱི་རབ་གནས་གནང་བ་ན་ནམ་མཁའ་འཇའ་འོད་ཀྱིས་གང་བ་དང་མེ་ཏོག་གི་ཆར་བབས་པ་ལ་སོགས་པའི་ལྟས་བཟང་པོ་བྱུང་བར་ཡང་གླེང༌། དེ་ནས་རིམ་པས་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་དང་རིན་པོ་ཆེ་དཔའ་བོའི་སྤྲུལ་སྐུ་སོགས་ལ་དུས་འཁོར་གྱི་བཀའ་དབང་དང་འབྲས་སྤུངས་མཆོད་རྟེན་སྟེང་ཐོག་གི་ཟུང་འཇུག་བརྒྱུད་པའི་ལོགས་བྲིས་ལ་རབ་གནས་ཀྱང་གནང༌། དེ་དག་གི་སྐབས་ཡར་རྒྱབ་དཔོན་ཆེན་ངག་དབང་བསོད་ནམས་དར་རྒྱས་པས་སྤྱན་འདྲེན་ནན་ཞུས་སྔ་ཕྱིར་འབྱོར་བས་གསོལ་བ་བཏབ་ངོར་ཟླ་བ་དྲུག་པའི་ཚེས་གཅིག་ལ་བཏེག་བཟད་སྙུག་ཆུ་ཤུལ་རྣམས་སུ་རིམ་གྱིས་ཕེབས་པར་སོ་སོ་ནས་འབུལ་
ཞབས་བགྱིས་ཤིང་ལེགས་བཤད་གླིང་པ་དང་རྒྱུད་པ་གྲྭ་ཚང་བས་ཀྱང་རང་རང་གི་དགོན་གནས་སུ་སྤྱན་དྲངས་པའི་འབུལ་བ་བསྙེན་བཀུར་དང་གྲྭ་པ་རབ་བྱུང་དང་བསྙེན་རྫོགས་ཀྱི་བཀའ་དྲིན་ཞུ་བ་ཡང་མང་དུ་བྱུང༌། ཆུ་བོ་རིའི་གྲུ་ནས་ལྷོ་ཁར་ཕེབས་པ་ན་སྐྱི་ནགས་ཀླུ་སྡིངས་སུ་གོང་དཀར་ཞབས་དྲུང་ཁུ་དབོན་གྱིས་ལས་ཚན་རྒྱས་པའི་ཆིབས་སུ་ཐབ་འཛིན་དང༌། སྐྱེས་བུ་རྐྱལ་གྱི་སྒྱུ་རྩལ་ལ་བྱང་བ་མང་པོས་མགོ་ལ་དར་གྱི་ཅོད་པན་བཅིངས་ཤིང་ལག་ཏུ་རོལ་མོའི་བྱེ་བྲག་ཐོགས་པས་གཙང་པོའི་ནང་ནས་ཆུ་རྩེད་ཀྱི་གཟིགས་མོ་ཡང་ཕུལ། རྒྱང་གྲགས་ཐང་དུ་གདན་ཕེབས་ནས་ཕོ་བྲང་དུ་སྤྱན་དྲངས་ཏེ་འབུལ་བ་དང་བསྙེན་བཀུར་རྒྱ་ཆེ་དཔངས་མཐོ་མཛད་ཅིང་ཕྱག་ཆེན་ལྔ་ལྡན་དང་བླ་མའི་རྣལ་འབྱོར་ལ་སོགས་པའི་བཀའ་ཆོས་གསན། གཞུང་དུ་ཕེབས་ནས་ཇོ་བོའི་གཟིམ་ཕུག་དང་རྗེ་བཙུན་རྔོག་པ་ཡབ་སྲས་ཀྱི་དགོན་གནས་རི་བོའི་གནས་མཇལ་གནང་། ཞིང་ཤག་པ་དང་སྐྱིད་
གཤོངས་པས་འབུལ་ཞབས་རིམ་པས་བསྒྲུབས། བྲག་ཆེན་ཐང་ནས་ཡར་རྒྱབ་པའི་ཆིབས་བསུ་ཐབ་འཛིན་སོགས་བསུ་བའི་བཀོད་པ་རྒྱས་པ་དང་བཅས་ཟླ་བ་དྲུག་པའི་ཉེར་བཞི་ལ་དོལ་གྱི་སྒོ་མང་ཐང་དུ་གདན་ཕེབས་ཏེ་ཟླ་བ་བཅུ་པའི་བར་དུ་བཞུགས་པར་ས་སྐྱོང་ངག་དབང་བསོད་ནམས་དར་རྒྱས་པས་ཡུམ་གྱི་དགོངས་རྫོགས་སུ་དམིགས་པའི་ནར་མའི་ཞབས་ཏོག་བཟང་པོ་དང་བསྙེན་བཀུར་འབུལ་ཆེན་གྱ་ནོམ་པས་མཆོད་ཅིང༌། བཞུགས་སྒར་དུ་དབྱར་གྱི་སྐུ་ཚད་སྐྱོབ་ཕྱིར་གྱི་གཟིམ་ཁང་ཡང་བགྱིས། དཔོན་ས་ནམ་མཁའ་མཛོད་པ་དང་དྭགས་ཆུང་བ་སོགས་ཀྱིས་ཀྱང་བསྙེན་བཀུར་དང་འབུལ་ཞབས་བསྒྲུབས། དགེ་འདུན་འཕགས་སྡེ་བ་རྣམས་ཀྱིས་ཆོས་རྫོང་དུ་སྤྱན་དྲངས་ནས་རྟེན་མཇལ་དང་མཆོད་རྗེས་སྤྱན་འབེབས་འབུལ་བ་དཀར་དྲོ་དང་བཅས་པ་ཞུས། ཚོགས་དགེ་འདུན་སྒང་པའི་མཁན་ཆེན་བཀྲ་ཤིས་ཆོས་འཕེལ་བ་དཔོན་སློབ་རགས་བསྡུས་ཕྱག་འབུལ་དུ་ཕེབས་པས་འབུལ་ཆེན་
མཛད། གཞན་ཡང་དོལ་ཕུ་མདའ་དང་འབྲོག་ཕྱི་ནང་གི་སྐྱེ་བོ་སྐྱ་སེར་ཕལ་གྱིས་མཇལ་ཞིང༌། ཚལ་མིན་པ་དང་སྨ་རི་བ་སོགས་དགོན་ཆེན་ཆེ་ཕྲ་ཀུན་གྱིས་འབུལ་ཆེན་བགྱིས། དེ་དག་གི་སྐབས་སུ་སྡེ་པ་ཞལ་ངོར་འདོད་ཆོས་ཀྱི་དབང་བཀའ་ཅི་རིགས་པ་དང༌། གཙང་ནས་བླ་མ་ཏྲེ་བོའི་སྤྲུལ་སྐུ་དང༌། མདོ་ཁམས་ནས་མཚུངས་མེད་སྐུ་སྐྱེ་དང་གོ་འགྱོ་བླ་མ་སོགས་ཕྱོགས་ཕྱོགས་ནས་འདུས་པའི་བླ་མགོ་འགའ་ཤས་ཀྱིས་ཐོག་དྲངས་པའི་ཆོས་དོན་གཉེར་གློ་བུར་དུ་ལྷགས་པ་དང༌། གཉུག་མར་གནས་པའི་དགེ་འདུན་སྔགས་གྲྭ་བ་དཔོན་སློབ་དང་འཕགས་སྡེ་བ་སོགས་པ་ཀུན་ལ་སོ་སོའི་མོས་པ་དང་འཚམ་པའི་དབང་བཀའ་ཁྲིད་ལུང་གི་རིམ་པ་མང་དུ་གསུངས་ཤིང༌། གཙོ་བོར་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེར་རང་བྱུང་བཀའ་འབུམ་དང་ཕྱག་ཆེན་རྒྱ་གཞུང༌། རྒྱལ་བ་མི་བསྐྱོད་ཞབས་ཀྱི་བཀའ་འབུམ་ལས་སྐུ་གསུམ་ངོ་སྤྲོད་དང་དཀྱིལ་ཆོག་སྐོར་གྱི་གླེགས་བམ་འགའ་ཤས་ཀྱི་ལྗགས་
ལུང་ལ་སོགས་པའི་བཀའ་ཆོས་ཀྱང་ཤིན་ཏུ་འཕེལ་བས་བསྟན་པ་དང་འགྲོ་བའི་ཕན་བདེ་རྒྱ་ཆེན་པོ་སྤེལ་བར་མཛད་དེ། ཟླ་བ་བཅུ་པའི་ཚེས་བཅུ་དགུ་ལ་བཏེག་པའི་ཕེབས་ལམ་དུ་གྲྭ་ཐང་བ་དང་བྱམས་པ་གླིང་པ་ཀུན་གྱིས་བསུ་བ་སེར་སྦྲེངས་དང་འབུལ་ཞབས་ཡང་དག་པ་བསྒྲུབས་ཤིང་མཆོད་ ༨༨ རྟེན་ཆེན་མོའི་གནས་མཇལ་ཡང་ཞིབ་ཏུ་གནང༌། དགེ་འདུན་སྔགས་གྲྭ་བ་དཔོན་སློབ་རྣམས་ཀྱིས་གྲ་ཕྱི་ཐར་པ་གླིང་དུ་སྤྱན་དྲངས་ཏེ་སློབ་དཔོན་མང་ཐོས་སྡེ་སྣོད་འཛིན་པ་ཀར་བསྟན་རྒྱ་མཚོའི་དད་པ་དང་ལྷག་བསམ་རྣམ་དག་གིས་ལེགས་པར་བསྒྲུབས་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་སྤྱན་ལམ་དུ་བསྟར་བར་ཤིན་ཏུ་དགྱེས་པའི་ཐུགས་ཀྱིས་ཕྱག་ནས་གནང་ཞིང༌། ཁོང་རྣམས་ཀྱིས་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས། ཕྱིར་ལམ་ཚོང་འདུས་རྒྱལ་པོས་ཁོང་རང་གི་ལྕོག་གསར་བཅོས་ལ་ཕྱག་ནས་ཞུས་ཤིང༌། བྲོ་གདོང་ཆོས་འཁོར་པས་ཕེབས་ལམ་དུ་ཆིབས་གཞོལ་ཞབས་ཏོག་
དང༌། རྣམ་སྲས་གླིང་ཀླུ་ཁང་དུ་ཚུགས་མལ་གྱི་ཞབས་ཏོག་བགྱིས། དེ་ནས་བྱ་སར་དོ་སྔོན་པའི་ཐབ་འཛིན་དང༌། བཙན་ཐང་དུ་རྩེ་ཞབས་དྲུང་ཡང་ཕྱག་འབུལ་དུ་ཕེབས། ཕྱི་ཉིན་ཁྲ་འབྲུག་གི་རྟེན་མཇལ་གནང་ནས་མཁར་ཐོག་དང་རས་ཆུང་ཕུག་ཏུ་སོ་སོ་ནས་འབུལ་ཞབས་བགྱིས། ཆོས་རྒྱལ་ཕོ་བྲང་བས་ཞག་མལ་གྱི་ཞབས་ཏོག་བཟང་པོ་ཞུས་ཤིང་ཕོ་བྲང་ཡུམ་བུ་བླ་མཁར་གྱི་རྟེན་མཇལ་ཡང་གནང༌། ཧ་ལ་སྒང་དུ་ཡར་སྟོད་ནས་ས་སྐྱོང་ཀརྨ་སྲོང་བཙན་པ་དཔོན་གཡོག་གི་ཆིབས་བསུ་ཐབ་འཛིན་དང་རིམ་པས་དགའ་ཚལ་གཡམ་བཟང་བ་སོགས་ཀྱི་སེར་སྦྲེངས་ཀྱི་ཕེབས་བསུ་རྒྱས་པ་དང་བཅས་ཟླ་བ་དེ་ཉིད་ཀྱི་ཉེར་དགུ་ལ་ཁྲོམ་ས་གཟིམ་ཁང་དུ་གདན་ཕེབས། ཟླ་བ་བཅུ་གཅིག་པའི་ཚེས་བཞི་ལ་དགའ་ཚལ་བ་དཔོན་སློབ་ཀྱི་དཀར་དྲོ་འབུལ་ཆེན་དང༌། ཚེས་བཅུ་བཞི་ལ་ལྷུན་པོ་སྒང་དུ་སྤྱན་དྲངས་ནས་སྡེ་པས་གཞི་ལེན་གྱི་དཀར་དྲོ་གཟབ་རྒྱས་ཞུས་ཤིང༌། རིམ་པས་མི་ནག་ཇ་ཀྭ་དང་
འཇུལ་ནང་སོ་བརྒྱུད་པའི་འཇང་གི་འབུལ་སྐྱེལ་འགྲོན་ཆེན་ཡང་འབྱོར། ཟླ་བ་བཅུ་གཉིས་པའི་ཚེས་ལྔ་ལ་དཔོན་ས་ནོར་འཛིན་བུ་ཁྲིད་ཀྱིས་བར་ཐང་རྫོང་དུ་སྤྱན་དྲངས་ནས་སྒེར་གྱི་༨༩ རབ་བཀྲ་ཤིས་སྒང་དུ་བབས་པ་ན་སྒམ་པོ་ཆོས་རྗེའི་ཇ་ཞུས་པ་སླེབས། གནམ་གང་གི་ཉིན་ས་སྐྱོང་གཡུལ་རྒྱལ་བའི་དགོངས་རྫོགས་དྭགས་པོར་སྒྲུབ་དགོས་ཀྱི་སེར་འདུའི་གྲལ་དབུར་སྤྱན་དྲངས་ཏེ་གཞི་བྱེས་ཀྱི་ཆོས་སྡེ་སྒར་མང་དང་བཅས་པ་ཀུན་ལ་དཀར་དྲོ་གཟབ་རྒྱས་ཀྱི་ཐོག་གསེར་སྲང་གྲངས་མང་གིས་གཙོས་པའི་བསྔོ་རྟེན་རྒྱ་ཆེ་དཔངས་མཐོ་ཕུལ་བར་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་གནང༌། ཟླ་བ་གསུམ་པའི་ཚེས་བརྒྱད་ལ་སློབ་དཔོན་རིན་པོ་ཆེ་རྣམ་རྒྱལ་གྲགས་པ་དགོན་གསར་ཡང་དགོན་དུ་བཞུགས་པས་གསེར་ཞོ་བརྒྱ་དང་བཅུ་གཅིག་ལ་སོགས་པའི་འབུལ་ཆེན་མཛད་ཅིང༌། རྒྱལ་བ་ཉིད་ནས་ཀྱང་མཁས་པའི་དབང་པོ་གང་དེའི་དྲུང་དུ་ཚེ་དབང་དང་སྒྲོལ་དཀར་གྱི་རྗེས་གནང་གསན། ཚེས་བཅུ་
གསུམ་གྱི་ཉིན་དགོན་སར་གྱི་རྒྱབ་རི་ནས་སྒམ་པོའི་རི་མཇལ་གནང༌། དེ་ནས་ལ་ཐོག་ཟུར་མཁར་བ་དང་གྲུམ་ལུང་གི་དཔོན་ཚང་ལྡིང་ཚོ་དགོན་གསར་བ་དང་བཅས་པ་ཀུན་གྱིས་འབུལ་ཞབས་རིམ་པས་བསྒྲུབས་ཤིང་སྡེ་པས་ཀྱང་གནས་གཞིར་དཀར་དྲོ་དང་འབུལ་ཆེན་མཛད། དེ་སྐབས་རྒྱལ་ནས་འབྲས་སྤུངས་ཆོས་རྗེའི་དགོངས་རྫོགས་མཆོད་བསྔོའི་རྟེན་འབུལ་མི་ཡང་འབྱོར་ཞིང༌། འབྲི་ཁུང་ནས་རིན་པོ་ཆེ་སྤྲོ་ལུང་པ་ཞལ་ངོ་རྣམས་ཀྱིས་རྗེ་མཆོག་གི་སྤྲུལ་པའི་སྐུ་སྐོར་ཙམ་ཞིག་ཕེབས་དགོས་པའི་ནན་ཞུས་རིམ་བརྩེགས་སུ་བྱུང་བར་ཡབ་སྲས་བཀའ་བགྲོས་ཏེ་རེ་ཞིག་འཁོར་ཞག་གི་ཚུལ་དུ་ཕེབས་པའི་སྒོ་ཤར་བས་དཔོན་སློབ་རྣམས་ཟླ་བ་བཞི་པའི་ཚེས་ལྔ་ལ་བཏེག །རྒྱལ་བ་ཉིད་གདན་ཆགས་པས་རིན་པོ་ཆེ་རྣམ་རྒྱལ་གྲགས་པའི་དྲུང་དུ་མགོན་པོ་གུར་ཞལ་གྱི་རྗེས་གནང་དང་ཤངས་ཆོས་ཀྱི་དབང་ལུང་ཕལ་ཆེ་བ་གསན་ཅིང༌། སྐུ་རབ་དཔོན་གསར་པ་སོགས་གཞི་བྱེས་ཀྱི་དགེ་འདུན་
ཚོགས་ཆེ་བ་ལ་སྨན་བླའི་མདོ་ཆོས་དང་རྗེ་མི་བསྐྱོད་ཞབས་ཀྱིས་མཛད་པའི་བློ་སྦྱོང་ཆེན་མོ་༩༠ལ་སོགས་པའི་ལུང་ཁྲིད་མང་དུ་སྩལ། སྡེ་པས་སྐུ་རབ་གནས་གཞིར་སྒར་གྱི་ཆོས་སྡེ་རྣམས་ལ་སྒྲུབ་མཆོད་ཞག་སྦྲེལ་དུ་བཙུགས་པའི་ཆོག་དབུར་ཕེབས་ཤིང་གྲོལ་ཉིན་ཕྱག་བསྐོར་དང་ཤིས་བརྗོད་རྒྱས་པ་གནང༌། རྗེ་སྤྲུལ་པའི་སྐུ་དཔོན་སློབ་ཐེལ་དུ་ཕེབས་པ་དང་དུས་བསྒྲིགས་ཀྱིས་གདན་སའི་ཁྲི་ཕེབས་ལེགས་ཇའི་གནང་སྐྱེས་འབུལ་བར་གཟིམ་དཔོན་དབོན་པོ་ཀརྨ་བཟང་ལྡན་གནང་ཞིང༌། ཟླ་བ་ལྔ་པའི་ཚེས་བདུན་ནས་དྲུག་པའི་ཚེས་གཉིས་ཀྱི་བར་སྐུ་མཚམས་ལ་བཞུགས་ཏེ་རྗེ་བཙུན་མ་སྒྲོལ་དཀར་གྱི་ལྗགས་བསྙེན་ཁ་སྐོང་གི་སྦྱིན་སྲེག་དང་བཅས་པ་གནང༌། ཚེས་གསུམ་ལ་སྐུ་མཚམས་གྲོལ་ནས་དཔོན་སློབ་ཉུང་བསྡུས་ཀྱིས་ཙཱ་རིའི་གནས་གཟིགས་སུ་ཕེབས་པའི་དགོངས་པས་ཚེས་བཅུ་གཅིག་ལ་བཏེག །སྦྲུལ་གོང་ལ་ཁ་དང་གོང་ལར་རྩེ་ལེ་བ་དང་སྡེ་པའི་ཐབ་སྐྱེལ་ཚོགས་འཁོར་དང༌། དེ་ནས་ཆོས་
ཟམ་པ་དང་ཀློ་བོ་གྲོང་པ་ཀུན་གྱི་ཡང་འབུལ་ཞབས་དང་བཅས་ཐོག་མར་མཚོ་དཀར་དུ་ཕེབས་པར་རྡོར་འཛིན་གྱིས་གཙོས་པའི་རི་པ་རྣམས་ཀྱིས་བསུ་བ་དང་ཚོགས་འཁོར་འབུལ་བ་བགྱིས་ཤིང་དེའི་གནས་མཇལ་རྣམས་ཞིབ་ཏུ་གནང་སྟེ་མཚོ་ངོགས་སུ་སྡེ་པས་ཚོགས་འཁོར་ཞུས་སྐབས་ནམ་མཁར་འཇའ་འོད་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་སུ་སྣང་བ་ཕལ་གྱིས་མཐོང་བ་བྱུང་ཟེར། དེ་ནས་རྒྱལ་བ་མི་བསྐྱོད་ཞབས་ཀྱིས་སྩལ་བའི་ལམ་ཡིག་དང་བསྟུན་ཏེ་ཕྱག་ཆེན་དཔལ་འབར་དང་ཙཱ་རི་རྣམ་རྒྱལ་ཞེས་པ་གཉིས་གནས་གསར་མར་སྔ་འགྲོས་ཀྱིས་བཀའ་བསྒོ་ཚོགས་གཏོར་འབུལ་བར་གནང་ཞིང༌། དེ་རྗེས་རྒྱལ་བ་ཉིད་ཕེབས་ནས་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་སོགས་པའི་སྒྲུབ་གནས་དང༌། ཡི་དམ་ཆོས་སྐྱོང་གི་བླ་མཚོ་སྐུ་བརྙན་རང་བྱོན་སོགས་དྲུང་གོང་མའི་གནས་ཡིག་བཞིན་དུ་ཕྱག་ཆེན་པ་གཉིས་སོགས་ལ་མཚན་དོན་བརྡ་སྤྲོད་མཛད། ཕྱིར་མཚོ་དཀར་དུ་ཕེབས་ནས་རྗེ་བླ་མའི་
དུས་མཆོད་ཉེར་གསུམ་མཆོད་པ་གནང་སྟེ་ཉེར་ལྔ་ལ་མ་ཆེན་གྱི་གནས་གཟིགས་སུ་ཕེབས་ཏེ་ཀློ་བོའི་ལ་ནས་ལྷ་མོ་སྒང་དང་དམར་ནག་རཀྟ་བརྒྱུད་གནམ་གང་ལ་གཡུ་མཚོ་ཁར་ཕེབས་པ་ན་དེར་ཚོགས་པ་ཀུན་ལ་བླ་མའི་རྣལ་འབྱོར་ཕྱག་ཆེན་གྱི་དམིགས་རིམ་མདོར་བསྡུས་དང་བཅས་པའི་བཀའ་ཆོས་གནང༌། ཚེས་གཅིག་ལ་དེར་བཞུགས་ནས་རིམ་གྱིས་ཀ་ལ་དུང་མཚོ་ནས་ལམ་འཕྲང་རྐང་འགྲོས་ཀྱིས་ཀྱང་ཐར་དཀའ་བ་ཀུན་ལའང་ཆིབས་གཡག་མ་གཞོལ་བར་ཕེབས་པ་རྫུ་འཕྲུལ་གྱི་བགྲོད་པ་ལྟ་བུས་ཡུལ་སྨད་དུ་ཕེབས་པ་ན་རྡོར་འཛིན་ལས་ཚན་དང་བཅས་པ་ཀུན་གྱིས་བསུ་བ་སེར་སྦྲེངས་འབུལ་ཞབས་ཡང་དག་པ་བགྱིས་ཤིང༌། མཁའ་འགྲོ་འབུམ་དེལ་དུ་ཁོང་རྣམས་ལ་ཕག་མོའི་ཆོ་གའི་ལྗགས་ལུང་ལ་སོགས་པའི་བཀའ་ཆོས་དང༌། གཅིག་ཆར་བ་དང་བཅས་པ་ཀུན་ལ་མང་ཇ་ཇ་འགྱེད་ས་འཕན་ལ་སོགས་པའི་གནང་ཆ་རྒྱ་ཆེར་སྩལ། ཡུལ་སྟོད་ནས་རི་པ་ལ་དང་ཆོས་ཟམ་བརྒྱུད་གོང་
ལའི་ནང་ལོགས་སུ་སྡེ་པའི་ཐབ་བསུ་དང༌། རྣམ་རྒྱལ་ནས་གཞི་བྱེས་ཀྱི་དགེ་འདུན་རྣམས་ཀྱི་སེར་སྦྲེངས་ལ་སོགས་པའི་བསུ་བའི་བཀོད་པ་དང་བཅས་ཟླ་བ་བདུན་པའི་ཚེས་བཅུ་ལ་བཀྲ་ཤིས་སྒང་དུ་ཕེབས་པ་ན་སྒོམ་གྲྭ་པ་ཁམས་ཕྱོགས་སུ་བསོད་སྙོམས་ལ་ཕྱིན་པ་འཁོར་བ་དང་སྟབས་གཅིག་སྤུངས་རི་ནང་སོ་དང་ཟུར་མང་བློ་གྲོས་པའི་སྐུ་སྐྱེ་སོགས་བླ་མགོ་དང་གྲྭ་རིགས་ཁ་ཤས་ཀྱང་འབྱོར་བ་ཀུན་གྱིས་སྒོམ་གྲྭའི་ཚོགས་གུར་དུ་ཞལ་མཇལ་ཕྱག་འབུལ་ཞུས་ཤིང༌། སྒོམ་གྲྭ་པ་ཀར་ཟུར་གྱི་འབུལ་སྐྱེལ་དང་བཅས་པས་འབུལ་ཆེན་ཀྱང་རིམ་པས་བགྱིས། དེ་སྐབས་རྗེ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཐེལ་གྱིས་་་ཕེབས་ལེགས་པར་གྲུབ་ནས་དབོན་པོ་ཀརྨ་བཟང་ལྡན་ཡང་ཞབས་དྲུང་དུ་འབྱོར། སྤུངས་རི་ནང་སོ་དང་ཟུར་མང་སྐུ་སྐྱེས་ཐོག་དྲངས་ཁམས་བོད་ཀྱི་བསླབ་པ་དོན་གཉེར་གཉིས་བརྒྱ་ལྷག་ཙམ་ལ་རབ་བྱུང་བསྙེན་རྫོགས་ཀྱི་སྡོམ་པའི་བཀའ་དྲིན་དང༌། གཞི་བྱེས་ཀྱི་དགེ་འདུན་ཚོགས་
ཆེ་བ་ལ་དྭགས་པོ་བཀའ་འབུམ་གྱི་ལྗགས་ལུང་ལ་སོགས་པའི་བཀའ་ཆོས་གནང་ཞིང༌། སྐུ་རབ་གནས་གཞིར་སྡེ་པ་གཡུལ་རྒྱལ་བས་གསར་བཞེངས་ཀྱི་ལྷ་ཆེན་ལ་རབ་གནས་གནང༌། སྒམ་པོ་བས་ཙཱ་རིར་མ་ཕེབས་གོང་ནས་སྤྱན་འདྲེན་གྱི་སྙན་འཇགས་ཕུལ་བ་བཞིན་གྱི་ཞབས་བསྐུལ་འབྱོར་བ་དང་བསྟུན། ཟླ་བ་བརྒྱད་པའི་ཉེར་ལྔ་ལ་སྐུ་རབ་ནས་ཕེབས་པའི་ལམ་དུ་གྲུམ་མདའ་བ་དང་སྒྱེར་པ་རྣམས་ཀྱི་འབུལ་ཞབས་དང༌། ཞོལ་སྟེངས་སུ་སྒམ་པོ་སྐུ་སྐྱེས་གཙོས་པའི་བླ་མགོ་རྣམས་ཀྱི་ཆིབས་བསུ་དང་སེར་སྦྲེངས་ལ་སོགས་པའི་ཕེབས་བསུ་གཟབ་རྒྱས་ཀྱིས་སྤྱན་དྲངས་ཏེ་སྒམ་པོ་སྟེངས་སུ་གདན་ཕེབས་མ་ཐག་དེ་སྐབས་ཀྱི་སྤྱན་སྔ་ཁྲི་ཐོག་པ་བཀྲ་ཤིས་ཀུན་གྲགས་པ་ཕྱག་འབུལ་དུ་ཕེབས། དེ་ནས་རྒྱལ་བ་ཉིད་སྐུ་འདྲ་རིན་པོ་ཆེའི་དྲུང་དུ་ཕེབས་ནས་དངུལ་གྱི་མཎྜལ་དང་བླ་རེ་ཆེ་ལེགས་ལ་སོགས་པའི་མཆོད་རྫས་འབུལ་བ་དང་ཕྱག་མཆོད་སྨོན་ལམ་གནང༌། བཅོ་བརྒྱད་གྲྭ་ཚང་གི་འདུ་
ཁང་དུ་གཞི་ལེན་གྱི་དཀར་དྲོ་གཟབ་གཤོམ་དང་བླ་གཡེལ་ཆེན་མོར་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་བའི་དགོངས་རྫོགས་སུ་དམིགས་པའི་འབུལ་ཆེན་མཛད་ཅིང༌། ཕྱག་མཁར་བ་སོགས་རི་ཕན་ཚུན་གྱི་སྒྲུབ་སྡེ་གསར་རྙིང་ཀུན་གྱིས་ཀྱང་སོ་སོ་ནས་འབུལ་ཞབས་བགྱིས། སླར་སྒོམ་སྡེ་གཟིམ་ཁང་དུ་སྤྱན་སྔ་ཉིད་གཞི་ལེན་གྱི་ཚུལ་དུ་བཞུགས་པའི་དཔོན་སློབ་རགས་བསྡུས་ལ་དཀར་དྲོ་གསོལ་སྟོན་ཞུས་ནས་རྩ་གསུམ་དྲིལ་སྒྲུབ་ཀྱི་བཀའ་དབང་ཡང་གསན་པར་མཛད། རིམ་པས་ཟང་ལུང་དྲེད་འཕྲང་སོགས་ནས་རྒྱབ་སྐོར་དུ་ཡང་ཕེབས་པའི་གནས་མཇལ་རྣམས་ཞིབ་ཏུ་གནང་སྟེ་བླ་གཡེལ་ཆེན་མོའི་ཆོས་ཁྲི་སྟེང་ནས་ཚོགས་པ་ཀུན་ལ་དྭགས་པོའི་ཆོས་བཞིའི་བཀའ་ཆོས་དང༌། མང་ཇ་འགྱེད་བཅས་སོགས་དཔོན་སློབ་སྤྱི་སྒེར་མཐའ་དག་ལ་ཆོས་དང་ཟང་ཟིང་གི་ཕན་བདེ་རྒྱ་ཆེན་པོ་སྩལ་ནས་སླར་སྐུ་རབ་ཉིད་དུ་ཕེབས་པ་ན་མདོ་ཁམས་ནས་བླ་མ་ཆུ་ཚུལ་བའི་འབུལ་སྐྱེལ་སླེབས་པས་
གསེར་དངུལ་ཇ་དར་རྟ་དྲེལ་ལ་སོགས་པའི་འབུལ་ཆེན་བགྱིས། དེ་གོང་ཡར་སྟོད་དུ་བཞུགས་སྐབས་ནས་འབོག་ཀོང་བ་སོགས་ཀྱི་སྤྱན་འདྲེན་རིམ་བརྩེགས་སུ་ཡོང་བ་བཞིན་དེ་ཀའི་ཞབས་བསྐུལ་དུ་པདྨོ་བཀོད་པའི་བློར་དཔོན་དང་འབོག་ཀོང་བའི་སྡེ་པ་རྣམ་རྒྱལ་གྲགས་པ་ཡང་སྔ་ཕྱིར་འབྱོར་བའི་ཞུ་ནན་དང་བསྟུན་ཟླ་བ་དགུ་པའི་ཚེས་ལྔ་ལ་ལྷོ་རྒྱུད་དུ་ཕེབས་པའི་སྐར་འཛིན་མཛད་ནས་ཉེར་བདུན་ལ་བཏེག །སྦུང་མཁར་དུ་སྡེ་པའི་ཐབ་སྐྱེལ་དང་ལ་རྒྱབ་ཏུ་སྒོ་པས་ཐབ་འཛིན་ཀྱང་ཞུས་ཏེ་འཛི་ཕུག་གསེར་ཁ་བརྒྱུད་དམར་རོར་ཕེབས་པའི་ཚེ་ཡར་སྟོད་ནས་སྡེ་པ་དཔོན་གཡོག་གི་ཆིབས་བསུ་ཐབ་འཛིན་དང་གཡེ་ཕྱོགས་ཀྱི་སྐྱ་སེར་ཕལ་མོ་ཆེ་ཡང་མཇལ་དུ་འོང་བས་འབུལ་ཞབས་བགྱིས། དེ་ནས་འབོག་མདོང་གི་སྡེ་པ་ཤེལ་དཀར་བ་དང་སྐྱ་རྒྱལ་བ་ཡང་ཇ་ཞུས་ཕྱག་འབུལ་དུ་འབྱོར་ཞིང་ཆོས་འཁོར་སྒང་དང་གཉལ་སྟོད་དར་མ་སྒང་ནས་བརྒྱུད་རིམ་གྱིས་མཚོ་སྣར་ཕེབས་པའི་ལམ་བར་དུ་འབོག་ཀོང་པའི་
གསོལ་ཆས་ཐབ་འཛིན་དང༌། གཞན་ཡང་ཡུལ་ཕྱོགས་དེ་དག་གི་དགོན་ཆེ་ཕྲ་སྐྱ་སེར་ཀུན་གྱིས་མཇལ་ནས་འབུལ་ཞབས་བགྱིས་ཤིང་ཡིག་དྲུག་དུང་ཕྱུར་ལ་སོགས་པ་དགེ་བའི་ཁས་ལེན་བྱེད་པ་ཡང་བསམ་ལམ་འདས་པ་བྱུང་བས་འདི་དག་དང་གཞི་ཆེ་གསུམ་ནས་ཐུགས་དགྱེས་པར་མཛད། མཚོ་སྣར་ཕེབས་ཐོག་འབོག་ཀོང་བའི་མི་ངོ་སྐྱ་སེར་ཀུན་གྱིས་མཇལ་ཞིང་གཞི་ལེན་ཞུས། ས་ཕྱོགས་དེ་ཉིད་དང་ཤ་འུག་ཏུ་ཕེབས་པའི་ལམ་བར་རྣམས་སུ་སྐྱ་སེར་འབྱོར་ལྡན་གསེར་ལ་སོགས་པའི་བརྒྱ་འབུལ་བྱེད་པ་མང་དུ་བྱུང་ཞིང༌། ཟླ་བ་བཅུ་པའི་ཚེས་དགུ་ལ་ཤ་འུག་གི་གཙུག་ལག་ཁང་དུ་ཕེབས་ནས་སྡེ་པས་སྦྱིན་བདག་བགྱིས་ཏེ་ཕྱི་ཉིན་ཚེས་བཅུའི་མཆོད་པ་རྒྱས་པར་མཛད། དེར་ཁམས་སྟོད་ནས་བླ་མ་ཡང་དགོན་པ་དང་རས་ཆུང་པའི་འབུལ་སྐྱེལ་དང༌། རྩེ་ལྷ་སྒང་པ་སོགས་ཀོང་པོ་ཀར་སྲིད་རྣམས་ཀྱི་སྤྱན་འདྲེན་རྟ་འབུལ་དང་བཅས་པ་སླེབས་ཤིང་། སློབ་དཔོན་པདྨ་དང་རྗེ་དུས་མཁྱེན་
གྱི་སྒྲུབ་གནས་དཀར་པོ་གངས་དང་དོམ་ཚང་གི་གནས་གཟིགས་སུ་ཡང་ཕེབས་པ་དེ་དག་གི་ཚེ་མོན་རྒྱ་མཚམས་ཚུན་གྱི་སྐྱེ་བོ་དད་འདུན་གྱིས་འོངས་པ་དུ་མ་དང༌། ལྷག་པར་རྗེ་དུས་གསུམ་མཁྱེན་པའི་སྦྱིན་བདག་མོན་གྱི་རྒྱལ་པོ་ག་ཐུང་གི་བརྒྱུད་པ་ཡིན་ཟེར་བ་ཀུན་གྱིས་རང་འབྱོར་ཅི་མཆིས་པའི་འབུལ་ནོད་བགྱིས་པ་དེ་དག་གང་ལ་ཅི་འཚམས་པའི་ཞལ་མཇལ་གསུང་ཐོས་ཕྱག་དབང་ལ་སོགས་པའི་འབྲེལ་པས་མངོན་མཐོ་ངེས་ལེགས་ཀྱི་ས་བོན་ཐེབས་པར་མཛད། དད་པའི་ནོར་ཅན་འབོག་ཀོང་བའི་མི་ངོ་གདན་ས་དབང་གྲགས་པས་གཙོས་པ་རྣམས་ཀྱིས་གསེར་ཞོ་སྟོང་ལ་སོགས་པའི་འབུལ་ཆེན་གྱ་ནོམ་པ་དང་བཅས་ཏེ་རྟ་རབ་བཀྲ་ཤིས་སྒང་གི་ལྷ་ཁང་དང་གྲྭ་རྒྱུན་ཕུལ་བར་བསྟན་པ་འཕེལ་རྒྱས་ཀྱི་ཤིས་བརྗོད་གནང༌། མི་ངོ་རྣམས་ལ་ཚེ་དབང་སོགས་འདོད་ཆོས་ཅི་རིགས་པའང་སྩལ་ནས་སླར་མཚོ་སྣར་ཕེབས་པ་ན་མདོ་མཁར་ནས་སྡེ་པ་སྐྱ་རྒྱལ་བས་སྤྱན་འདྲེན་ཇ་ཞུས་སུ་འབྱོར་ཞིང༌། དེ་
ཉིད་དུ་སྡེ་པ་འཁོར་ལོ་བས་ཀྱང་འབུལ་ཞབས་བགྱིས། དེ་ནས་ཕེབས་ལམ་དུ་ཀུན་མཁྱེན་མཚོ་སྣ་བ་བལྟམས་ཡུལ་གྱི་གཟིམ་ཁང་ལ་ཞབས་སྐོར་སོགས་གུས་པ་མཛད་དེ། སྒོར་ལ་ནས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་གཉིས་ལ་མདོ་མཁར་དུ་ཕེབས་པར་ནར་མའི་ཞབས་ཏོག་དང་གསེར་ཞོ་སྟོང་གིས་གཙོས་པའི་འབུལ་བ་བསྙེན་བཀུར་རྒྱ་ཆེ་གྲངས་མང་བགྱིས་ཤིང༌། གཙུག་ལག་ཁང་གསར་པར་ཕྱག་ནས་དང་མི་ངོ་རྣམས་ལ་འདོད་མོས་ཀྱི་དབང་དང་ཁྲིད་ལུང་ཅི་རིགས་པ་གནང༌། གཞན་ཡང་ཡུལ་ཕྱོགས་དེ་ཉིད་ཀྱི་སྐྱ་སེར་འབྱོར་ལྡན་དུ་མ་དང༌། བན་པ་ཞིང་གསར་བླ་མས་སྣ་དྲངས་པའི་མོན་པ་མང་པོ་དང༌། ལས་འཕྲོ་གླིང་པ་ལྷ་ཟླ་བ་རྣམས་ཀྱིས་ཀྱང་རང་འབྱོར་མ་བསྲིས་པའི་འབུལ་ཞབས་བགྱིས། གཏེར་སྟོན་བདེ་ཆེན་གླིང་པའི་སྐུ་སྐྱེས་རབ་བྱུང་ཡང་བསྒྲུབས་པ་༩༥ སོགས་དེར་འདུས་ཀྱི་སྐྱེ་བོ་ཇི་སྙེད་པ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་བསོད་ནམས་ཀྱི་དངོས་པོ་ཡང་དག་པ་ལེན་དུ་
འཇུག་པར་མཛད་ནས་ཟླ་བ་དེ་ཉིད་ཀྱི་ཉེར་དགུ་ལ་བཏེག །སྒོ་མདར་གྲི་གུ་བའི་ཐབ་འཛིན་དང༌། ལམ་གྱི་ཞབས་ཏོག་ནར་མ་འབོག་མདོང་གཉིས་ཀས་ཞུས་ཏེ་རྫོང་ཆེན་དུ་ཕེབས་ནས་ཆིབས་རགས་ཡང་དག་རིར་སྤྱན་དྲངས་ཏེ་སྡེ་པ་བདེ་ཆེན་དབང་རྒྱལ་གྱིས་འབུལ་བ་དང་བསྙེན་བཀུར་ཞུས། དེར་གཉལ་སྡེ་དྲུག་གི་བླ་སློབ་དཔོན་དང་གྲྭ་རིགས་ཕལ་ཆེ་བ་སོགས་གཉལ་ལོར་བྱར་གསུམ་གྱི་སྐྱེ་བོ་དུ་མས་མཇལ་ཞིང་བྱ་བ་དམག་དཔོན་པའི་ཇ་ཞུས་པ་སླེབས། དགེ་འདུན་པདྨོ་བཀོད་པ་དཔོན་སློབ་རྣམས་ཀྱང་ཞལ་མཇལ་ཕྱག་འབུལ་དུ་འོང་བས་འབུལ་བ་དང་བསྙེན་བཀུར་གཟབ་རྒྱས་ཞུས་ཤིང་འབོག་ཀོང་པས་ཀྱང་འབུལ་ཆེན་བགྱིས། སླར་རྫོང་ཆེན་ནས་རབ་དགའ་བདེ་ཆེན་དུ་ཕེབས་པར་སྡེ་པ་དང་རྫ་དམར་པ་སོགས་སྡེ་དགོན་ཀུན་གྱིས་འབུལ་ཞབས་ཡང་དག་པ་བསྒྲུབས། དཔོན་ཆོས་རྒྱལ་གླིང་པ་མཆེད་ཀྱི་ཇ་ཞུས་པ་ཡང་སླེབས། དེ་དག་གི་སྐབས་སུ་སྒོ་ནས་ནང་སོ་སྲིད་བྲལ་བ་མཆེད་ཀྱི་
སྤྱན་འདྲེན་རིམ་པར་འབྱོར་བ་བཞིན་རབ་དགའ་བདེ་ཆེན་ནས་བཏེག་སྟེ། སྐྱིལ་སྐྱེས་དགོན་བརྒྱུད་རིམ་པས་རབ་བརྟན་གླིང་དུ་ཕེབས་པ་ན་ནང་སོ་དོན་ཡོད་ཀྱི་རྗེས་སུ་དམིགས་པའི་འབུལ་ཆེན་སོགས་བགྱིས་ཤིང༌། སྟོན་པའི་གོས་སྐུ་གསར་བཞེངས་ལ་ཕྱག་ནས་ཞུས། དེ་ནས་སྐུ་རིམ་ལོ་སར་སོགས་བཤད་སྒྲུབ་གླིང་དུ་གནང་བའི་དགོངས་པས་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ལ་བཏེག །ལམ་དུ་ལྕང་ར་བས་འབུལ་ཞབས་དང་བཅས་མཁར་ཐོག་ཆོས་སྡེའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་ཀུན་ལ་ཕྱག་ནས་ཞུས་ཏེ། ཆོས་གྲྭ་ཆེན་པོ་བཤད་སྒྲུབ་གླིང་གི་ཀརྨ་ལྷ་ཁང་དུ་གདན་ཕེབས་ཐོག་རི་བོ་ཆེ་ནས་སྐུ་སྐྱེ་རིན་པོ་ཆེ་ཀརྨ་གྲགས་པ་རྣམ་རྒྱལ་བ་གཙོ་བོར་གྱུར་པའི་འབུལ་སྐྱེལ་དང༌། གཞན་ཡང་རྒྱ་སྟོན་པ་དང་བདུད་མོ་བ་སོགས་བར་ལམ་ཁོག་གི་འབུལ་སྐྱེལ་གཏོས་ཆེ་བ་སླེབས་ཤིང༌། བཤད་སྒྲུབ་གླིང་པས་ཀྱང་གཞི་ལེན་གྱི་འབུལ་ཞབས་བགྱིས། དེ་ནས་ལྕགས་མོ་
ཡོས་ལོའི་ལོ་སར་གནང་སྟེ་སྡེ་པས་སྦྱིན་བདག་མཛད་ནས་གཞི་བྱེས་ཀྱི་དགེ་འདུན་རྣམས་ཀྱིས་སྨོན་ལམ་ཚུགས་ཤིང་བཅོ་ལྔའི་ཉིན་ཆོག་དབུར་བཞུགས་པའི་གསོ་སྦྱོང་དང་དགེ་འདུན་རྣམས་ཀྱིས་མཆོད་པའི་བཀོད་པ་དང་བཅས་པས་སྟོན་པ་གྲོང་ཁྱེར་མའི་སྐུ་བརྙན་སྤྱན་དྲངས་ཏེ་སེར་སྦྲེངས་ཤིས་བརྗོད་མཛད། སྨོན་ལམ་གྱི་ཐོག་ནང་སོ་མཆོད་སྤྲིན་པ་སོགས་གཞི་བྱེས་ཀྱི་མང་ཇ་ཚོགས་གསོག་ཞུ་བ་མང་དུ་བྱུང་ཞིང༌། རིམ་པས་སྤོ་བོ་ཕུ་ལུང་པ་སོགས་ཀྱི་རྟ་འབུལ་ཡང་སླེབས། སྨོན་ལམ་གྲོལ་ནས་བཤད་སྒྲུབ་གླིང་པའི་དགེ་འདུན་ཁམས་པ་འབུལ་སྐྱེལ་བ་དང་བཅས་པ་ཀུན་ལ་ནང་དོན་དང་ཀུན་རིག་གི་ལྗགས་ལུང་ལ་སོགས་པའི་བཀའ་ཆོས་ཚུགས། སྤྱན་སྔ་ཐམས་ཅད་མཁྱེན་པའི་དབོན་རིགས་སུ་གཏོགས་པ་ཆོས་རྗེ་ཀརྨ་ཕུན་ཚོགས་ལ་ཐེལ་པ་གྲྭ་ཚང་གི་སློབ་དཔོན་དང་ཚོགས་ཆེན་གྱི་མཁན་པོ་སྦྲགས་པའི་ཀྭན་ཇ་གནང༌། དེ་སྐབས་ཡར་སྟོད་ནས་ས་སྐྱོང་ཀརྨ་སྲོང་བཙན་པ་ཞལ་ངོ་རྣམས་ཀྱང་བྱོན་
ཞིང༌། སྒོ་པས་དོ་བོ་ཆོས་རྫོང་དུ་སྤྱན་དྲངས་ཏེ་འབུལ་ཞབས་བགྱིས། ཚུར་ཕེབས་ནས་བཤད་སྒྲུབ་གླིང་པ་དང་ཐུ་ལུང་ནང་སོ་སོགས་གཞི་བྱེས་ཀྱི་རབ་བྱུང་བསྙེན་རྫོགས་སྒྲུབ་པ་མང་དུ་བྱུང༌། ཡོམ་པ་དང་དཀར་ཆེན་པས་ཀྱང་འབུལ་ཆེན་བགྱིས་པ་སོགས་དེར་འདུས་ཀྱི་སྐྱེ་བོ་ཀུན་ལ་སྐལ་བ་དང་འཚམ་པའི་ཕྲིན་ལས་ཀྱི་འཇུག་པ་མཐའ་ཡས་པས་ཡང་དག་པའི་ལམ་གྱི་སྣང་བ་སྦྱིན་པར་མཛད་ནས། ཟླ་བ་གསུམ་པའི་ཚེས་བཅུ་དགུ་ལ་སླར་རབ་བརྟན་གླིང་དུ་ཕེབས་པར་ནང་སོ་ཀརྨ་སྲིད་བྲལ་བས་ནར་མའི་ཞབས་ཏོག་དང༌། བསྙེན་བཀུར་འབུལ་ནོད་རྒྱ་ཆེར་བགྱིས་ཤིང་དེའི་ཚོགས་པ་རྣམས་ལ་དཔལ་སྡོམ་པ་ལྷ་ལྔའི་མངོན་དཀྱིལ་གྱི་ལྗགས་ལུང་ལ་སོགས་པའི་བཀའ་ཆོས་ཀྱང་གནང་སྟེ། སྐས་ལ་བརྒྱུད་སྐུ་རབ་ཏུ་ཕེབས་ནས་ཟླ་བ་དེ་ཉིད་ཀྱི་ཉེར་དྲུག་ལ་ས་སྐྱོང་ཀརྨ་མི་ཕམ་མཐུ་སྟོབས་རབ་བརྟན་པ་ཁྲི་ཐོག་ཏུ་ཆེ་འདོན་གྱི་འཇའ་ས་དང་ཐམ་ཁ་ཤིས་བརྗོད་གནང་ཆ་གྱ་ནོམ་པ་དང་བཅས་པ་
སྩལ། དེ་མཚུངས་ས་སྐྱོང་ཀརྨ་ཚེ་འཕེལ་བར་ཡང་དམག་དཔོན་གྱི་ལས་ཀ་གནང༌། དེ་ནས་ཞལ་ངོ་སྒེར་གཞུང་བློན་འབངས་དང་བཅས་པ་ཀུན་གྱིས་འབུལ་ཞབས་རིམ་པས་བགྱིས་ཏེ་ཟླ་བ་དྲུག་པའི་བར་བཞུགས་པ་དེ་དག་གི་སྐབས་སུ་རིན་པོ་ཆེ་རྣམ་རྒྱལ་གྲགས་པའི་དྲུང་དུ་བློ་སྦྱོང་དོན་བདུན་མ་དང་མཐའ་འཁོབ་འདུལ་བའི་ཆོས་ལ་སོགས་པའི་ཁྲིད་དང་རྣམ་འཇོམས་དཀར་པོ་ལ་སོགས་པའི་དབང་བཀའ་མང་དུ་གསན་ཅིང༌། རྒྱལ་བ་ཉིད་ཀྱིས་ཀྱང་ཡུལ་ཕྱོགས་ཐ་དད་པ་ནས་འོངས་པ་དང་ཡུལ་ཕྱོགས་དེ་ཉིད་ཀྱི་དད་འདུས་དུ་མ་ལ་རབ་བྱུང་བསྙེན་རྫོགས་ཀྱི་བསླབ་པའི་བཀའ་དྲིན་དང་དབང་བཀའ་ཁྲིད་ལུང་གི་འབྲེལ་པ་ཅི་རིགས་པའང་སྩལ་ཏེ། རེ་ཞིག་ཉང་ཁ་བརྒྱུད་རིམ་པས་ཀོང་ཕྱོགས་སུ་ཕེབས་པའི་དགོངས་པས་ཟླ་བ་དྲུག་པའི་ཚེས་བདུན་ལ་བཏེག །ལིང་གུར་གྱི་ཕུ་ནས་ཕེབས་པའི་ལམ་བར་དུ་གྲུམ་མདའ་བ་སོགས་ཀྱི་བསྙེན་བཀུར་ཇ་ཞུས་དང༌། བག་ཤོད་དགོན་གསར་དུ་རབ་ཐང་
ཁང་གསར་བ་སྡེ་དགོན་གྱིས་འབུལ་ཞབས་བགྱིས། དེ་ནས་འཕྲེང་ཁར་ཕེབས་པ་ན་དམར་མོ་བ་སྡེ་དགོན་གྱིས་ཀྱང་འབུལ་བ་བསྙེན་བཀུར་ཞུས་ཤིང༌། དགོན་གཉིས་ལ་རྟེན་མཆོད་ཚོགས་ཁྲོ་ལ་སོགས་པའི་སྤྱི་རྫས་དང་དགེ་འདུན་གྱི་བཅའ་སྒྲིགས་སོགས་འཕྲལ་ཡུན་དུ་དགེ་བའི་བསླབ་བྱ་གནང༌། རབ་ཐང་གི་གྲུ་ནས་གྱང་ཁར་ཕེབས་གདོང་སྒམ་པོ་བས་ཕེབས་བསུ་ཐབ་འཛིན་ཞུས་ཏེ་ཞོལ་སྟེང་ཀླུ་ཁང་དུ་ཞག་མལ་གནང་བ་དང་རྗེ་སྒམ་པོ་བའི་དུས་ཆེན་ཚེས་བཅོ་ལྔ་འགྲིག་ཅིང་གཟའ་འཛིན་ཡང་བྱུང་བས་སྒམ་པོར་སྐུ་འདྲ་རིན་པོ་ཆེས་གཙོས་པའི་རྟེན་ ༩༨ གསུམ་རྣམས་ལ་མཆོད་མེ་སྙན་དར་ལ་སོགས་པའི་མཆོད་འབུལ་དང༌། རི་གླིང་ཀུན་ལ་མང་ཇ་ཉིས་སྦྲེལ་རྣམ་གཞག་དང་བཅས་པ་གནང༌། དེར་སྒོ་སྐུར་གྱི་ཞལ་ངོས་ཐོག་དྲངས་པའི་དྲག་མགོས་ཕལ་ཞིག་ཞབས་སྐྱེལ་དུ་བྱོན་པ་རྣམས་ཀྱིས་ཕྱག་འབུལ་ཞུས་ཤིང༌། དེ་ནས་གཡུང་དར་རྒྱས་སུ་དགེ་འདུན་འོག་མིན་གླིང་པའི་དགོན་
གནས་འདེབས་པའི་བཀོད་པ་དོ་དམ་དུ་སྒོ་པ་ནང་སོ་སྐྱབས་གནས་དང༌། གཞུ་དགེ་ལེགས་རྫོང་ནས་མཐུན་རྐྱེན་གནང་སྟེ་རྒྱལ་བ་ཉིད་ཀྱི་ཐུགས་དམ་རྟེན་ཟུང་འཇུག་བརྒྱུད་པའི་ཞལ་ཐང་དྲས་མཉམ་བཞེངས་པར་སྤྲུལ་སྐུ་བ་ནམ་མཁའ་བཀྲ་ཤིས་དཔོན་སློབ་རྣམས་རྫོང་བ་གནང་སྟེ་སྐྱུར་པོའི་ནང་ནས་གཞོ་ལ་བརྒྱུད་རིམ་གྱིས་ཕེབས་པའི་ལམ་བར་དུ་ནགས་ཕུ་བ་སྡེ་དཔོན་གྱི་ཇ་ཞུས་རིམ་པར་འབྱོར་ཞིང༌། དགེ་འདུན་རི་ཁ་སང་སིང་པ་ཀུན་གྱིས་ཀྱང་ཕེབས་བསུ་འབུལ་བ་ཞབས་ཏོག་གྱ་ནོམ་པས་མཆོད་ཅིང་བཀུར་ཏེ་ཟླ་བ་བདུན་པའི་ཚེས་གཅིག་ལ་ནགས་ཕུ་བ་སྡེ་དགོན་གྱི་ཕེབས་བསུ་ཐབ་འཛིན་དང་བཅས་ལྷ་ཁང་སྟེང་གི་གཙུག་ལག་ཁང་གསར་འདེབས་ཀྱི་ཕྱི་རྒྱ་གྲུབ་པ་ལ་ཕྱག་ནས་གནང་ནས་འཕྲུལ་ཁང་ཆོས་ཁྲི་ཐང་དུ་ཕེབས་ཐོག་སྒམ་པོ་ཨ་བོ་ཆོས་རྗེ་དང་འགྲུ་ལའི་མཁན་པོ། དཔོན་ཟིལ་གནོན། ཞོ་ཁ་ནང་སོ་རྣམས་ཀྱང་རིམ་པས་ཕྱག་འབུལ་དུ་འབྱོར་བ་ལ་སོ་སོར་འདོད་ཆོས་ཅི་རིགས་
པའང་སྩལ། ལོང་པོ་རྒྱལ་པོ་དང་རྒྱ་མདའ་ཆོས་མཛད་སོགས་ཀྱིས་གསོལ་ཕོགས་ཕུལ་ཞིང་འཕྲུལ་ཁང་ནང་སོས་གཞི་ལེན་གྱི་དཀར་དྲོ་གཟབས་རྒྱས་ཞུས། རྩེ་ལྷ་སྒང་པ་སོགས་ཀར་སྲིད་རྣམས་ཀྱི་སྤྱན་འདྲེན་ཡང་སླེབས། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་དྲུག་ལ་བྲག་དཀར་ལྷ་ཆུར་ཆིབས་ཁ་བསྒྱུར་བའི་ལམ་བར་དུ་དགེ་འདུན་མཚན་སྒྲོག་པ་སོགས་ཀྱིས་འབུལ་ཞབས་བགྱིས། གནས་སུ་ཕེབས་ནས་དཔོན་རྒྱལ་པོས་ལྷ་ཆུའི་མདུན་གྱི་བཞུགས་ཁྲི་ཁར་ཚོགས་མཆོད་ཀྱི་གྲལ་ ༩༩ དབུར་སྤྱན་དྲངས་ཏེ་བཞུགས་པའི་ཚེ་ནམ་མཁའ་འཇའ་འོད་ཀྱིས་ཁེངས་ཤིང་མེ་ཏོག་གི་ཆར་འབབ་པ་ཀུན་གྱིས་མཐོང་བ་བྱུང་ཟེར། དེར་དབུས་སུ་ནང་སོ་ཀརྨ་མཆོད་སྤྲིན་རྒྱ་མཚོ་གཤེགས་པའི་མགྱོགས་བསྔོ་ཞུ་མི་སླེབས་པས་དེ་ཉིད་ཀྱི་དོན་དུ་སྒར་པ་ལ་མང་ཇ་དང་བསྔོ་བ་སྨོན་ལམ་གནང༌། ཚེས་ཉི་ཤུ་ནས་ཟླ་བ་བརྒྱད་པའི་ཚེས་གསུམ་གྱི་བར་རྗེ་བཙུན་མ་སྒྲོལ་དཀར་གྱི་སྒྲུབ་པའི་སྐུ་མཚམས་ལ་བཞུགས། ཚེས་བཞི་
ནས་སྐུ་མཚམས་གྲོལ་ཏེ། གནས་དེ་ཉིད་ཀྱི་བླ་མ་བསྐོ་བཞག་དང་ཚོགས་པ་རྣམས་ལ་མང་ཇ་དར་འགྱེད་རྒྱལ་སྲས་ཐོགས་མེད་པའི་ཁྲིད་ཡིག་གི་སྟེང་ནས་བློ་སྦྱོང་དོན་བདུན་མའི་ལྗགས་ལུང་སོགས་ལུགས་གཉིས་ཀྱི་བཀའ་དྲིན་བཟང་པོ་སྩལ་ཏེ་ཚེས་བདུན་ལ་བཏེག དེ་ནུབ་དྲུང་དེ་བཞིན་གཤེགས་པའི་སློབ་མ་མི་ཉག་གྲགས་རིན་གྱི་སྒྲུབ་ཕུག་ཏུ་བཞུགས། ཕྱི་ཉིན་རྟ་རྒྱུག་ཐང་དུ་ཕེབས་པ་ན་དྲུང་སྐོར་རྣམས་ལ་བསངས་ཤིང་ཐུས་གསུངས་ནས་ཐང་སྣར་བསངས་ཆེན་པོ་མཛད་ཅིང༌། མིང་བཀྲ་ལེགས་པ་གཉིས་ཀྱིས་ཐང་དཀྱིལ་དུ་མཐོ་ཆེན་པོ་ཅིག་རྒྱོབ་གསུང་བ་བཞིན་བརྒྱབ། དེ་ནས་རིམ་གྱིས་ཉང་ཏིང་འཛིན་བཟང་པོའི་སྒྲུབ་ཕུག་དང་ཞབས་རྗེས་ཡོད་པའི་གནས་དང་ཉེ་བར་ཡང་བཞུགས་ཏེ་ཚེས་བཅུ་ལ་འཕྲུལ་ཁང་ཆོས་ཁྲི་ཐང་ཉིད་དུ་ཕེབས་ནས་བཞུགས་སྐབས་སྔགས་གྲྭའི་དབུ་མཛད་ཐར་ཐར་ཁམས་ནས་འོང་བས་ཇ་དངུལ་སོགས་ཀྱི་འབུལ་བ་བགྱིས་ཤིང༌། གཞན་ཡང་ཀོང་པོ་ཇ་པ་འགའ་
ཞིག་དང་འཇང་རྒྱལ་བློན་མཆོད་ཡོན་གྱི་འབུལ་སྐྱེལ་དུ་ལམ་ནས་འོང་བས་ཀྱང་འབུལ་ཆེན་བགྱིས། ཟུར་མང་སྐུ་སྐྱེ་ཀརྨ་བློ་གྲོས་ཕྲིན་ལས་རྒྱ་མཚོ་ལ་ཀྭན་ཏིང་གུ་ཤྲིའི་ལས་ཀ་དང༌། མཉན་པ་སྤྲུལ་སྐུ་ཀརྨ་བསྟན་འཛིན་ལའང་འདན་བྱང་ཆུབ་གླིང་གི་བླ་མའི་ཀྭན་ཇ་གནང་བ་སོགས་ཁམས་པའི་བླ་མགོ་འབུལ་སྐྱེལ་བ་ཕལ་༡༠༠ ཆེར་ཞིག་ཆོས་དང་ཟང་ཟིང་གིས་དགའ་བར་མཛད་དེ་རྫོངས་སྟ་གནང་ཞིང༌། མཆོག་གི་སྤྲུལ་པའི་སྐུ་དཔོན་སློབ་སྤྱན་འདྲེན་དུ་གསོལ་དཔོན་ཨ་འདོང་བ་ཡང་གནང་ནས། ཚེས་བཅུ་བདུན་ལ་འཕྲུལ་ཁང་ནས་བཏེག་པའི་ཐབ་སྐྱེལ་གྱི་སར་སྒྲུབ་ཆེན་ཀརྨ་པའི་སྐུ་བྱིན་རླབས་ཅན་དུ་གྲགས་པ་བཞུགས་པར་ཕྱག་མཆོད་མཛད་དེ་རིམ་གྱིས་ཕེབས་པ་བཅས་སྡེ་ནས་གནམ་ཚལ་བར་གྱི་ཡུལ་མི་དྲག་ཞན་དགོན་ཆེ་ཕྲ་ཀུན་གྱིས་འབུལ་ཞབས་ཡང་དག་པ་བསྒྲུབས་ཤིང༌། ང་ཕོད་དུ་བཞུགས་ཐོག་འབའ་སྟག་མགོ་བའི་འབུལ་སྐྱེལ་ཚ་རུ་སོགས་དང༌། གླང་མཁར་དུ་ཕེབས་པ་ན་
ཀོང་པོའི་སྤྱན་འདྲེན་ཞབས་བསྐུལ་དུ་སྡེ་སྐུ་སྐྱེ་ཡང་འབྱོར། གནམ་ཚལ་ནས་ཞོ་ཁར་གདན་ཕེབས་ཏེ་དེར་སྔ་སོར་ཕེབས་སྐབས་ཇི་སྐད་བཀའ་སྩལ་བའི་གྲྭ་ཚང་གསར་བསྒྲིགས་ནང་དོན་ལ་སོགས་པའི་གཞུང་འགའ་ཤས་ཚོགས་འདོན་དུ་ཚུགས་པ་སྤྱན་ལམ་དུ་བསྟར་བས་དགྱེས་པར་གྱུར། རིམ་གྱིས་ཞོ་ཁ་བ་སྡེ་དགོན་སོགས་བྲག་གསུམ་ཕུ་མདའ་ཀུན་གྱིས་འབུལ་བ་བསྙེན་བཀུར་རྒྱ་ཆེ་གྲངས་མང་བགྱིས་ཤིང་གྲྭ་ཚང་གསར་པ་སོགས་རབ་བྱུང་དགེ་ཚུལ་གྱི་བསླབ་པ་ཞུ་བའང་མང་དུ་བྱུང༌། བྱང་བདག་པོ་སྔགས་འཆང་བཀྲ་ཤིས་སྟོབས་རྒྱས་ཀོང་པོར་འགྲོ་དོན་དུ་ཕེབས་སྐབས་ནས་ཕྱག་འབུལ་དུ་བྱོན་ཏེ་ཁོང་རང་གི་སྲས་ཕྱག་ཕྱིར་འབུལ་བ་སོགས་གུས་པ་ཆེར་མཛད། ཡར་སྟོད་ནས་ས་སྐྱོང་སྲོང་བཙན་པས་ནང་སོ་མཆོད་སྤྲིན་རྒྱ་མཚོའི་དགོངས་རྫོགས་དངོས་གཞི་འབུལ་མི་མངགས་པ་ཡང་འབྱོར་བས་རྗེ་བླ་མ་མཆོག་གི་དངུལ་སྐུ་ཕྱག་ནས་མ་དང་ཕྱག་བྲིས་པུསྟི་ཐོག་དྲངས་པའི་འབུལ་ནོད་
སྒར་ཆོས་སྡེ་ཀུན་ལ་མང་ཇ་འགྱེད་བཅས་བགྱིས་པའི་ཚོགས་དབུར་ཕེབས་ཏེ་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་ཡང་དག་པ་མཛད། ཟླ་བ་བཅུ་པའི་ཚེས་གཅིག་ལ་ཆིབས་ཁ་བསྒྱུར་ཏེ་ཉང་ཁ་གཞུང་ནས་རིམ་གྱིས་ཕེབས་པར་ཉང་ཁ་སྟོད་སྨད་ཀྱི་ཡུལ་གྲུ་དགོན་གནས་ཇི་སྙེད་པ་ཀུན་གྱིས་སོ་སོ་ནས་འབུལ་བ་ཞབས་ཏོག་རྒྱ་ཆེ་གྲངས་མང་གིས་རིམ་པར་བཏེག་ཅིང༌། བྲ་ཏིར་རྗེ་རང་བྱུང་བའི་སྒྲུབ་ཆུ་ཞབས་རྗེས་དང༌། གནས་གཞིར་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཤ་ར་བ་ཆེན་པོས་བཞེངས་པའི་སླེའི་གཙུག་ལག་ཁང་ན་སླེའི་ཇོ་བོ་ཞེས་པ་སྟོན་པའི་སྐུ་བརྙན་ངོ་མཚར་ཅན་བཞུགས་པ་མཇལ་ཏེ་ཕྱག་མཆོད་སྨོན་ལམ་མཛད། བྲག་ཕྱི་ནས་བསའ་ཕུར་ཕེབས་ཏེ་དྲུང་མཐོང་བ་དོན་ལྡན་གྱི་གསེར་འབུམ་དང་བསའ་ཕུའི་ཇོ་བོ་ཞེས་པ་རྗེ་རོལ་པའི་རྡོ་རྗེས་ཧོར་ཡུལ་ནས་སྤྱན་དྲངས་པའི་སྟོན་པ་བཅོམ་ལྡན་འདས་ཀྱི་ཧོར་སྐུ་བཟོ་ཁྱད་ཅན་བཞུགས་པའི་དྲུང་དུ་ཕྱག་མཆོད་མཛད་ཅིང༌། རྫ་ཡིག་
སྒྲུབ་སྡེར་ཡང་ཞབས་ཀྱིས་བཅགས། མགོ་ཟླའི་ཚེས་བཅུ་གཅིག་ལ་ཉན་ཁྲིར་ཕེབས་པ་ན་གཏེར་སྟོན་དྲི་མེད་ཀུན་དགའི་སྒྲུབ་གནས་སེ་མོ་རྒྱལ་ཞེས་པར་ཁམ་བུའི་མེ་ཏོག་ཤར་བ་དང༌། ཉང་ཁ་སྟོད་ཀྱི་ཆབ་དོག་པོར་ཆིབས་མདོ་བ་ཀུན་སྨོན་གྱི་ཞབས་རྗེས་ཀྱང་བྱུང་ཟེར། ཉན་ཁྲིར་རྒྱ་སྟོན་པའི་འབུལ་སྐྱེལ་གཏོས་ཆེ་བ་སླེབས། དེ་ནས་སྤང་སྣ་ཆུ་སྐོར་དུ་ཕེབས་ཐོག་ནས་སྟག་རྩེའི་དཔལ་མཁའ་སྤྱོད་པའི་སྐུ་འདྲ་རིན་པོ་ཆེ་ཡང་མཇལ་བ་མཛད་ནས་ཟླ་བ་བཅུ་གཅིག་པ་དེ་ཉིད་ཀྱི་ཉེར་གཉིས་ལ་ཀོང་སྟོད་སྨད་ཀྱི་ཀར་སྡེ་ཀུན་འདུས་པའི་སེར་སྦྲེངས་དང་བླ་མ་རྣམས་ཀྱི་ཆིབས་བསུ་ཐབ་འཛིན་དང་བཅས་ཏེ་དཔལ་རྣམ་ཐོས་ཀྱི་རི་བོའི་སྒྲུབ་སྡེ་བསམ་འཕེལ་དབང་པོའི་ཏོག་ཏུ་གདན་ཕེབས་ནས་གྲྭ་ཚང་ཡན་ཕྱིན་གྱི་དགེ་འདུན་རྣམས་ལ་ཕྱག་དབང་དང་སྐྱེ་བོའི་ཚོགས་གཞན་རྣམས་ཀྱང་ཞལ་མཇལ་ཕྱག་ནས་སོགས་ཀྱིས་སེམས་རངས་པར་མཛད། ཉེར་དྲུག་ལ་གཉེར་ལས་འཛིན་རྣམས་ཀྱིས་ཕོ་བྲང་
དུ་གཞི་ལེན་གྱི་དཀར་དྲོ་ཞུས་སྐབས་གསེར་འབུམ་རིན་པོ་ཆེར་སྙན་དར་དང་ཕྱག་འབུལ་ཡང་གནང༌། ཟླ་བ་བཅུ་གཉིས་པའི་ཚེས་དྲུག་ལ་དྲུང་པ་འཇམ་དབྱངས་རྣམ་པར་རྒྱལ་བའི་གདུང་ཆོག་གྲོལ་སྟོན་གྱི་ཚོགས་དབུར་སྤྱན་དྲངས་ཏེ་ནང་སོ་ནས་བསྔོ་རྟེན་རྒྱ་ཆེ་དཔངས་མཐོ་ཕུལ་བར་བསྔོ་བ་སྨོན་ལམ་གནང་ཞིང༌། དྲུང་པའི་དགོངས་རྫོགས་ཀྱི་འགྱེད་བཅས་དགོས་པ་རྣམས་སྒར་གྱི་ཕྱག་མཛོད་ནས་གནང༌། དེ་ནས་རིམ་གྱིས་སྐུ་རིམ་ཆེན་མོ་ཚུགས་པ་ནས་བཞུགས་ཡུལ་ཡང་ཕོ་བྲང་དུ་གནང་སྟེ་ཉིན་རེ་བཞིན་ཆོག་དབུར་ཕེབས། དེར་སོག་སྡེ་བླ་མས་འབུལ་ཆེན་དང༌། ཕོག་རྩ་ནས་བསམ་པ་དོན་གྲུབ་ཀྱིས་བསྙེན་བཀུར་བགྱིས་ཤིང༌། དཔོན་རྒྱལ་ཆེན་སོགས་ལྟ་བའི་རྒྱ་བདག་རྣམས་མཇལ་དུ་སླེབས། སྐུ་རིམ་གྲོལ་རྗེས་སྒྲུབ་སྡེ་ཉིད་དུ་བཞུགས་ཡུལ་གནང་ནས་ཆུ་ཕོ་འབྲུག་གི་ལོ་སར་གནང་ཐོག་དབུས་གཙང་དང་དྭགས་ཀོང་གི་སྡེ་དགོན་མགོས་ཆེ་བ་ཀུན་གྱིས་ལོ་སར་དང་
བརྟན་བཞུགས་ཕུལ་བ་ན་འབྲུག་སྐད་གྲག་པས་ཀུན་གྱིས་ལྟས་བཟང་པོར་གླེང༌། ཚེས་གསུམ་ནས་སྐུ་མཚམས་བདུན་ཕྲག་གཅིག་པ་ཞིག་གནང་བ་གྲོལ་ནས་སྨོན་ལམ་གྱི་ཚོགས་དབུར་ཕེབས་ཤིང་བཅོ་ལྔའི་ཉིན་སེར་སྦྲེངས་ཤིས་བརྗོད་རྒྱས་པར་མཛད། དེ་ནས་རིམ་གྱིས་རྩེ་ལྷ་སྒང་ཕོ་བྲང་མགོན་ཁང་གི་རྟེན་གཏོར་གསོ་བ་དང༌། འོག་ཤོད་ཕྱིན་ནས་རོང་ཆུ་མདོ་ཚུན་གྱི་ཀར་དགེ་ས་རྙིང་ཚལ་འབྲུག་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་བླ་མ་སློབ་དཔོན་ལ་སོགས་པའི་སྐྱེ་བོ་སྐྱ་སེར་དྲག་ཞན་དུ་མས་མཇལ་དུ་འོང་བ་ཀུན་ལ་ཇི་ལྟར་འཚམ་པའི་ཁྲིད་ལུང་སོགས་ཀྱི་ཆོས་སྦྱིན་དང༌། ཞལ་མཇལ་ཕྱག་དབང་ལ་སོགས་པའི་འབྲེལ་པས་ཚིམ་པར་མཛད་ཅིང༌། གཡུང་དར་རྒྱས་སུ་དགེ་འདུན་འོག་མིན་གླིང་པའི་གཙུག་ལག་ཁང་གསར་འདེབས་ཀྱི་ཆ་རྐྱེན་དུ་བཟང་ཇའི་ཉི་ཤུ་དང་སྤོ་ཀོང་གི་རྟ་ན་གཞོན་བཅུ་གཉིས་ཀྱིས་གཙོས་པའི་གནང་ཆ་གྱ་ནོམ་རོང་གཙང་གི་ཞལ་ངོ་ཀུན་ལ་གྲོགས་འགྱུར་དགོས་པའི་
བཀའ་ཤོག་དང་བཅས་པ་གནང་ཞིང༌། གཡམ་བཟང་གི་སྤྱན་སྔར་ཆོས་མཛད་ཀརྨ་དོན་གཉིས་ལེགས་གྲུབ་པ་སྔར་སྲོལ་ལྟར་ཀྭན་ཏིང་གུ་ཤྲིའི་ལས་ཀ་དང་བཅས་ཏེ་བསྐོ་བཞག་དང༌། རྩེ་ལྷ་སྒང་གི་ནང་སོར་གདུང་བརྒྱུད་ཀརྨ་བཀྲ་ཤིས་རྣམ་རྒྱལ་ལ་གདན་ས་པ་སྔ་མ་རྣམས་ཀྱི་འཇའ་སའི་ལས་ཀ་བཞིན་གྱི་ཀྭན་ཇ་གནང༌། དེ་དག་གི་སྐབས་སུ་སྡེ་པ་ཕུ་ལུང་པས་གཙོས་པའི་སྤོ་བོ་སྟོད་སྨད་ཀྱི་མཇལ་མི་མང་དུ་སླེབས་པས་ཇ་དངུལ་རྟ་སོགས་ཀྱི་འབུལ་ཆེན་བགྱིས་ཤིང༌། ཕག་མོ་རྩེ་ནས་དཔོན་ས་ཡུམ་གཤེགས་པའི་བསྔོ་ཞུས་ཀྱང་སླེབས། ཟླ་བ་གསུམ་པའི་ཚེས་བཅུ་གཉིས་ལ་བུ་ཆུ་གསེར་གྱི་ལྷ་ཁང་གི་ཇོ་བོ་ཐུགས་རྗེ་ཆེན་པོའི་དྲུང་དུ་ན་བཟའ་སྙན་དར་འབུལ་བ་དང་ཕྱག་མཆོད་སྨོན་ལམ་གནང་བར་ཕེབས་ནས་འཁོར་གྱི་རྟེན་ཕྲན་དང་སྤང་ཐོག་ཞིག་གསོ་དགོས་པ་རྣམས་རྒྱུ་དང་བཟོ་བོ་སོགས་གང་ཅིའི་དགོས་ཆ་ཕྱག་ནས་གནང་སྟེ་འཕྲལ་དུ་གསོ་བའི་བཀའ་སྩལ་གནང༌། ཕྱིར་ཕེབས་
ནས་ཏྲེ་ཆེན་སྐུ་སྐྱེ་ཀརྨ་རྟོགས་ལྡན་པ་བཤད་སྒྲུབ་གླིང་གི་བླ་མར་བསྐོ་བཞག་གནང་སྟེ། ཚེས་བཅུ་གསུམ་ནས་ཟླ་བ་བཞི་པའི་ཚེས་བཅུ་བཞིའི་བར་སྒྲུབ་སྡེའི་སྤྱིལ་བུར་བཞུགས་ཉམས་སྤྲོ་བ་ཞིག་ཏུ་སྐུ་མཚམས་ལ་བཞུགས་པའི་ཁོག་ནས་ཟིང་པོ་སུམ་མཁར་གྱི་བར་སོགས་ཀོང་སྟོད་སྨད་ཀྱི་ཟློས་པ་ཕྲན་བུ་ཡོད་པ་ཀུན་བཀའ་ཤོག་དང་མི་སྣས་རིམ་པར་ཟློས་མེད་དུ་མཛད་པའི་དགོངས་པ་གཏད། ཚེས་བཅོ་ལྔ་ལ་སྐུ་མཚམས་ཁྲོལ་ཙམ་མཛད་ནས་ནང་སོ་སྒོ་པ་ཀརྨ་སྲིད་བྲལ་འདས་པའི་བསྔོ་ཞུས་སུ་དཔོན་ས་སྨིན་གྲོལ་དཔོན་གཡོག་བྱོན་པ་སོགས་ལ་མཇལ་ཁ་གནང་སྟེ་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་དང༌། བསྔོ་རྟེན་དུ་ཕུལ་བའི་སྟོན་པའི་གོས་སྐུ་རབ་བརྟན་གླིང་ཉིད་དུ་བཞུགས་འཇུག་པའི་བཀའ་ཁྱབ་གནང་ཞིང༌། སྒོ་པས་ཕུལ་བའི་འབྲི་ཕྱུགས་གཏོས་ཆེ་བ་དང་འོད་ཡུག་ནུབ་སྒང་པས་ཁོ་རང་གི་ས་གཞིས་གང་ཡོད་རྒྱལ་བ་ཉིད་ཀྱི་ཕྱག་ཏུ་ཕུལ་བ་རྣམས་རྗེ་བླ་མ་མཆོག་གི་སྐུ་གདུང་གི་
མཆོད་རྟེན་རིན་པོ་ཆེའི་མཆོད་ཐེབས་སུ་དགེ་འདུན་ཅོག་གྲྭའི་བཞི་སྡེ་རྣམས་ལ་རྩིས་སྤྲོད་གནང་བ་སོགས་ཉི་མ་བཞིའི་བར་དུ་དབུས་གཙང་དྭགས་ཀོང་སྤོ་བོ་ལ་སོགས་པའི་མཇལ་མི་ཀུན་གང་ལ་ཅི་འཚམ་པའི་ཐུགས་རྗེའི་འཇུག་པས་སོ་སོའི་འདོད་པ་གང་བར་མཛད་དེ། ཚེས་བཅུ་དགུ་ནས་སླར་སྐུ་མཚམས་སུ་བཞུགས། ཟླ་བ་ལྔ་པའི་ཚེས་གསུམ་ཚུན་གྱིས་བུ་ཆུའི་ཞིག་གསོ་དགོས་པ་རྣམས་དགོངས་པ་ཇི་ལྟ་བ་བཞིན་དུ་ལེགས་པར་གྲུབ། དེ་ནས་རིམ་གྱིས་རྒྱ་ལའི་ཉེ་ལོགས་སུ་རི་འུར་གྱིས་གཙང་པོ་འཁྱིལ་བ་ལ་ཐུགས་དམིགས་གཏད་པའི་ཕྱག་ནས་དང༌། གཙང་པ་མཆེད་རྣམས་ཀྱིས་སྡེ་པ་ཞིང་མ་ཆེན་གྱི་རྗེས་སྒྲུབ་ཏུ་ཀརྨ་རབས་དགུ་སོགས་ཀྱི་སྐུ་བརྙན་བཞེངས་མུས་རྣམས་ཕྱག་ཏུ་ཕུལ་ཏེ་མཚུར་ཕུར་བཞུགས་པར་ཞུས་པ་བདག་ཅག་གིས་དོ་དམ་བགྱིས་ནས་མཐར་ཕྱིན་པར་བསྒྲུབས་པའི་སྐུ་གསེར་དུ་གསེར་ཞོ་ཉིས་བརྒྱ་དངུལ་ཆུ་དང་བཅས་པ་སྐྱེལ་མི་གནང༌། སྤོ་བོ་ཕུ་ལུང་
པའི་སྡེ་པར་ཕུ་ལུང་དགོན་གྱི་གདན་སའི་ཀྭན་ཇ་གུ་ཤྲིའི་ལས་ཀ་དང་བཅས་པ་སྐུ་མཚམས་ཀྱིས་ཁོག་ནས་གནང་ཞིང་བསའ་ཕུའི་གསེར་འབུམ་རིན་པོ་ཆེ་ལ་གསེར་ཤོག་སྒྲོན་པ་དང་ལྷ་ཁང་ཞིག་གསོས་ཀྱི་རྒྱུ་དང་བཟོ་བོ་ཡང་རྫོང་བ་གནང༌། ཟླ་བ་དྲུག་པའི་ནང་དུ་མཆོག་གི་སྤྲུལ་པའི་སྐུ་དཔོན་སློབ་སྤྱན་འདྲེན་པ་བསྐྱར་མ་གནང་ཞིང༌། ཟླ་བ་བདུན་པའི་ཚེས་གཅིག་ནས་བརྒྱད་ཀྱི་བར་ནང་མཚམས་ཁྲོལ་ཙམ་གནང་ནས་རྔོད་སོ་རི་དགོན་པ་བ་རྣམས་ཀྱི་འབུལ་ཆེན་གཟིམ་ཆུང་ཉིད་དུ་བཞེས་པ་དང༌། སྤུང་རི་ནང་སོ་ཀརྨ་སྒྲུབ་རྒྱུད་རབ་འཕེལ་ལ་སྤུང་རིའི་གདན་སའི་ཀྭན་ཇ་གནང༌། སྤུང་རི་ནང་སོ་དང་རྩེ་ལྷ་སྒང་ནང་སོ། སོ་རི་བླ་མ་སོགས་ཁམས་ཀོང་གི་བླ་མགོ་ཁ་ཤས་ལ་འདོད་ཆོས་ཀྱི་དབང་ལུང་ཅི་རིགས་ཀྱང་སྩལ་ཏེ་ཚེས་དགུ་ནས་ནང་མཚམས་ཀྱི་བཅད་རྒྱའང་སྔར་མུས་བཞིན་གྱི་ ༡༠༥ ངོས་ནས་རྩེ་ལྷ་སྒང་ཕོ་བྲང་ལ་ལྕགས་རིའི་མཁར་ལས་ཀྱི་ཞལ་ཏ་གནང་སྟེ་ལས་འགོ་བཙུགས། ཟླ་བ་བརྒྱད་པའི་
ནང་དུ་རྒྱ་ནག་ཕོ་བྲང་ནས་ཏའི་མིང་དབན་ལི་རྒྱལ་པོའི་ཞུ་འཕྲིན་འབུལ་ནོད་དང་བཅས་པ། རྟ་འབུལ་བ་རྣམས་ཉིད་ཀྱི་འབུལ་ཆས་ཞིང་གི་མི་ཆེན་སོགས་མདོ་པའི་དཔོན་རྣམས་ཀྱི་ཞུ་ཡིག་རྟེན་བཅས་རྣམས་དགེ་འདུན་ཟུར་རི་བ་ཁམས་སུ་བསོད་སྙོམས་ལ་བྱོན་པའི་བརྒྱུད་ནས་ཞབས་དྲུང་དུ་འབྱོར་ཞིང༌། འབྲི་ཁུང་ནས་རྗེ་མཆོག་གི་སྤྲུལ་པའི་སྐུ་དཔོན་སློབ་བཞུགས་སྒར་དུ་ཆིབས་ཁ་བསྒྱུར་ཡོད་པའི་བང་ཆེན་དང་ཞུ་འཕྲིན་སླེབས། ཟླ་བ་དགུ་པའི་ཚེས་ལྔ་ནས་སྐུ་མཚམས་གྲོལ་ཏེ་དགེ་འདུན་ཟུར་རི་བ་རྣམས་ཀྱི་མཇལ་དར་ཕྱག་འབུལ་བཞེས། དེ་ནས་ཚོགས་གུར་དུ་སྤྱན་དྲངས་ནས་འབུལ་ཆེན་བགྱིས་པའི་ཕེབས་ཞོར་རྩེ་ལྷ་སྒང་ཕོ་བྲང་གི་ལྕགས་རི་ལ་གཟིགས་རྟོག་དང་ཕྱག་ནས་གནང་ཞིང༌། སྒར་མང་ལ་མང་ཇ་ཚྭ་འགྱེད་དང་བཅས་པ་གནང་ནས་དྲག་ཞན་ཀུན་གྱིས་ཡིག་དྲུག་ཉིན་སྟོང་མཚན་སྟོང་ཆག་མེད་དུ་འདོན་དགོས་པའི་བཀའ་བཀོད་བསྒྱུར། རྒྱ་གར་ནས་ཛ་ཧ་བིར་གྱི་
སློབ་མ་བཛྲ་ནཱ་ཐ་ཞེས་པའི་ཛོ་གི་ཆེད་བཏང་མཇལ་དུ་འོང་བས་དུང་དཀར་དང་སྨན་བཟང་དགུ་ཐལ་ཞིབ་དང་གུས་ཆེར་བྱེད་པ་ལ་གསེར་གྱི་གནང་ཆ་དང་རྒྱ་ནག་ཏུ་འགྲོ་བའི་ལམ་ཡིག་བཀའ་ཤོག་གནང༌། ཟླ་བ་དེ་ཉིད་ཀྱི་གནམ་གང་ལ་བུ་ཆུར་ཕེབས་ནས་ཞིག་གསོས་གྲུབ་པ་རྣམས་ལ་གཟིགས་རྟོག་དང་ཕྱག་ནས་གནང་ཞིང་ཕྱག་མཆོད་སྨོན་ལམ་ཡུན་རིང་དུ་མཛད། དེ་དག་གི་སྐབས་སུ་རྟ་རྣ་པ་སོགས་ཁམས་པའི་འབུལ་སྐྱེལ་བ་ཁ་ཤས་དང་ཆབ་ནག་ནས་རྒྱལ་ཁང་ལྷུན་བྲག་པའི་ཇ་ཞུས་སྤྱན་འདྲེན་པ་ཡང་སླེབས་པའི་ཁམས་པ་ཀུན་ལ་འདོད་ཆོས་དབང་ལུང་འགའ་ཞིག་གི་བཀའ་དྲིན་དང༌། དགེ་འདུན་ཡང་ཟུར་གྱི་གསར་བུ་སོགས་མང་དག་ལ་རབ་བྱུང་བསྙེན་རྫོགས་ཀྱི་བསླབ་པའི་བཀའ་དྲིན་སྩལ། ཁང་དམར་བ་ཀུན་གྱིས་དེ་ཉིད་དུ་སྤྱན་དྲངས་ཏེ་སྒོ་ཞོ་སོགས་འབུལ་ཞབས་བགྱིས། འོ་ཐང་སྨད་པ་དང་ལྟ་བའི་རྒྱ་བདག་རྣམས་ཀྱི་སྤྱན་འདྲེན་ཡང་རིམ་པས་སླེབས། ཟུར་རི་བ་བརྒྱུད་ནས་ཕུལ་
བའི་གོང་མ་དབན་ལིའི་ཞུ་ལན་སྟོན་པའི་འཕེལ་གདུང་གི་གནང་སྐྱེས་དང་བཅས་པ་དང་རྟ་འབུལ་བ་སོགས་ཀྱི་ཞུ་འཕྲིན་འཕྲོད་ལན་རྣམས་ཚོང་དཔོན་གུ་རུ་ཚེ་བརྟན་ལ་བརྒྱུད་དེ་སྩལ། ཟླ་བ་བཅུ་པའི་ཚེས་བཅོ་ལྔ་ལ་འོ་ཐང་དུ་ཕེབས་པར་འོ་ཐང་སྟོད་སྨད་ཀུན་གྱི་སྒོ་ཞོ་ལ་སོགས་པའི་འབུལ་ཞབས་ཡང་དག་པ་བགྱིས་ནས། ཉེར་བཞི་ལ་རྩེ་ལྷ་སྒང་སྒྲུབ་སྡེ་ཉིད་དུ་ཕྱིར་ཕེབས་ཏེ་དབོན་པོ་ཀརྨ་བཟང་ལྡན་དཔོན་གཡོག་འགའ་ཤས་ཤིག་རྗེ་མཆོག་གི་སྤྲུལ་པའི་སྐུའི་དྲུང་དུ་རྫོང་བ་གནང་བ་ཟླ་བ་བཅུ་གཅིག་པའི་ཚེས་བཅོ་ལྔ་ལ་ཞབས་དྲུང་དུ་ཕྱིར་འཁོར་ཞིང༌། བླ་མ་རིན་པོ་ཆེ་ཏྲེ་ཆུང་གི་སྐུ་སྐྱེ་དཔོན་སློབ་ཁམས་སུ་འགྲོ་དོན་ལ་འབྱོན་པའི་ཕྱག་འབུལ་དང་བྱིན་རླབས་བསླབ་སྟོན་ཞུར་བྱོན་པས་རྫོང་སྐྱེས་ཀྱི་གནང་བ་བཟང་པོ་ཁམས་ཕྱོགས་སུ་བཀའ་ཤོག་གང་དགོས་དང་བཅས་པ་གནང༌། དེ་ནས་སྟོན་པའི་སྐུ་འབག་གྲོང་ཁྱེར་མ་དང་མ་མགོན་མགར་གསུམ་གྱི་འཆམ་སྐུ་གསར་བཞེངས་
རྣམས་ལ་རབ་གནས་གནང་སྟེ། རྒྱལ་ཁང་ལྷུན་བྲག་པ་སོགས་ཀྱི་མོས་པ་བསྐང་ཕྱིར་ཟླ་བ་བཅུ་གཉིས་པའི་ཚེས་བདུན་ལ་ཆབ་ནག་ཏུ་ཆིབས་ཁ་བསྒྱུར་ནས་རྒྱལ་ཁང་ཚལ་དུ་གདན་ཕེབས་པར་ཆབ་ནག་པ་ཀུན་གྱིས་འབུལ་བ་བསྙེན་བཀུར་ཞབས་ཏོག་རྒྱ་ཆེར་བགྱིས་ཤིང་རི་བོ་དགེ་ལྡན་པ་དཔོན་སློབ་རྣམས་ཀྱིས་ཀྱང་འབུལ་ཞབས་དང་བཤད་པ་འབེལ་གཏམ་སོགས་ལེགས་བཤད་ཀྱི་མཆོད་པས་མཉེས་པར་བྱས། དེར་འདུས་ཀྱི་སྐྱེ་བོ་ཀུན་ལ་ཞལ་མཇལ་ཆོས་འབྲེལ་ཕྱག་བཅས་སོགས་པའི་བཀའ་དྲིན་གྱིས་ཁྱབ་པར་མཛད་ནས་ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་གཉིས་ལ་སླར་རྩེ་ལྷ་སྒང་སྒྲུབ་སྡེ་ཉིད་དུ་ཕེབས་ཐོག་ནས་མཆོག་གི་སྤྲུལ་པའི་སྐུའི་རིན་པོ་ཆེར་ལོ་སར་འབུལ་མི་རྫོང་བ་དང༌། རིམ་པས་ལོ་མཇུག་སྐུ་རིམ་དང་ཆུ་མོ་སྦྲུལ་ལོའི་ལོ་སར་གྱི་དགའ་སྟོན་རྒྱས་པར་གནང༌། ཚེས་བརྒྱད་ནས་བཅུ་བདུན་གྱི་བར་གཞི་བྱེས་ཀྱི་དགེ་འདུན་ཚོགས་ཆེ་བ་ལ་ཕྱག་མཛོད་ནས་ཉིན་རེ་བཞིན་མང་ཇ་ཉིས་སྦྲེལ་རེ་
གནང་ཞིང༌། གཞན་ཟུར་འདེབས་ཀྱི་མང་ཇ་བསྙེན་བཀུར་ཞུ་བ་ཡང་མང་དུ་བྱུང་སྟེ་ཡང་རིའི་ཚོགས་གུར་དུ་སྨོན་ལམ་འཛུགས་པ་མཛད་པའི་བཅོ་ལྔ་ལ་གསོ་སྦྱོང་དང་བཅུ་དྲུག་གི་ཉིན་སེར་སྦྲེངས་ཤིས་བརྗོད་མཛད། ཉེར་དགུ་ལ་ལོ་ཆེན་རཏྣ་བྷ་དྲའི་སྐུ་སྐྱེ་དཔོན་སློབ་རྣམས་ཕྱག་འབུལ་དུ་བྱོན་ཞིང༌། ཟླ་བ་གཉིས་པའི་ཚེས་གསུམ་ལ་རྗེ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཞབས་དྲུང་དུ་ཕེབས་པར་རྩེ་ལྷ་སྒང་ནང་སོ་དང་དབོན་པོ་ཕྱག་མཛོད་པས་གཙོས་པའི་ཆིབས་བསུ་ཐབ་འཛིན་དང་དགེ་འདུན་གཞི་བྱེས་ཀུན་གྱིས་སེར་སྦྲེངས་གཟབ་རྒྱས་ཀྱི་བསུ་བའི་བཀོད་པ་རྒྱ་ཆེར་མཛད་ཅིང༌། རྗེ་སྤྲུལ་པའི་སྐུ་དཔོན་སློབ་ནས་ཀྱང་ཕྱག་འབུལ་མཇལ་སྐྱེས་ཀྱི་འབུལ་ནོད་གྱ་ནོམ་པ་དང་བཅས་ཏེ་ཡབ་སྲས་ཞལ་འཛོམ་གྱི་དགྱེས་སྤྲོ་ཆེས་ཆེར་མཛད། དགེ་འདུན་ཅོག་གྲྭ་བ་ཁམས་སུ་བསོད་སྙོམས་ལ་བྱོན་པ་ཡང་ཞབས་དྲུང་དུ་འབྱོར་བས་མཇལ་དར་ཕྱག་འབུལ་ཞུས། ཚེས་དྲུག་ལ་རྗེ་སྤྲུལ་
པའི་སྐུ་དཔོན་སློབ་རྣམས་ལ་གཞི་ལེན་གྱི་བཞུགས་གྲལ་དང༌། ཚེས་བཅུ་བཞི་ལ་དགེ་འདུན་ཅོག་གྲྭ་བ་བཞག་བླ་དཔོན་པོ་སོགས་ཀྱི་ཟླ་བསྡེབས་དང་བཅས་པས་འབུལ་ཆེན་བགྱིས། དེ་ནས་རིམ་གྱིས་དབོན་དཀོན་མཆོག་ངག་དབང་ཕྲིན་ལས་རྗེ་སྤྲུལ་པའི་སྐུའི་ཕྱག་མཛོད་དུ་བསྐོ་བཞག་དང༌། དཔོན་ཀརྨ་བསྟན་འཛིན་དཔལ་བཟང་དགའ་ལྡན་མ་མོའི་གདན་སར་ཀྭན་ཏིང་གོ་ཤྲིའི་ལས་ཀ་དང་བཅས་ཏེ་བསྐོ་བཞག་གནང་ཞིང༌། ཅོག་གྲྭའི་དགེ་འདུན་གསར་བུ་སོགས་རབ་བྱུང་བསྙེན་རྫོགས་ཀྱི་བཀའ་དྲིན་ཞུ་བ་ཡང་མང་དུ་བྱུང༌། འབྲུག་པ་སྤྲུལ་སྐུ་རིན་པོ་ཆེ་གཤེགས་པའི་མཆོད་བསྔོའི་རྟེན་འབུལ་མི་ཡང་སླེབས། དེ་ནས་རེ་ཞིག་མགོན་པོའི་ནང་སྒྲུབ་ཀྱི་སྐུ་མཚམས་ལ་བཞུགས་པ་གྲོལ་ནས་ཟླ་བ་བཞི་པའི་ཚེས་གཅིག་ལ་ཡབ་སྲས་བཞུགས་སྒར་ལྷན་རྒྱས་ཀྱིས་ཀོང་སྨད་ལ་ཆིབས་ཁ་བསྒྱུར་ཏེ་ཐོག་མར་ལྟ་བ་གཡུང་དྲུང་འཛིན་དུ་ཕེབས་པ་ལ་ལྟ་བ་སྟོད་པ་དང་བར་ཚིགས་པ་སྡེ་དགོན་
རྣམས་ཀྱིས་འབུལ་ཞབས་ཞུས། དེར་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ལ་རྒྱལ་བ་གོང་མའི་བཀའ་འབུམ་ལས་རྗེ་བཙུན་ངལ་གསོའི་ལྗགས་ལུང་གི་དབུ་ཚུགས་ཤིང༌། ཆུ་ཇོ་བོར་གྲགས་པ་གཙང་པོའི་འཇུག་ངོགས་ན་ཐུགས་རྗེ་ཆེན་པོ་རང་བྱོན་བཞུགས་པའི་གནས་མཇལ་ལ་ཕེབས་ཏེ་ཕྱག་མཆོད་སྨོན་ལམ་མཛད། དེ་སྐབས་ཐན་པ་ཆེན་པོ་ཡོད་པ་ལ་ཡུལ་གྲུ་ཀུན་ལ་ཕན་པའི་ཆར་ཆེན་པོ་ཡང་བབས། དེ་ནས་རྗེ་གོང་མའི་ཞབས་ཟིན་དཔོན་རྒྱལ་ཆེན་ལ་སོགས་པའི་རྒྱ་བདག་ཀུན་གྱི་ཐབ་འཛིན་དང་ཙི་གུ་སྟེང་པ་རྣམས་ཀྱི་སེར་སྦྲེངས་ཀྱི་ཕེབས་བསུ་དང་བཅས་ཏེ་ལྟ་བ་ཚལ་བུང་དུ་ཕེབས་པར་རྒྱ་བདག་རྣམས་ཀྱིས་གཙོས་པའི་ལྟ་བ་སྨད་པ་ཀུན་གྱིས་འབུལ་བ་ཞབས་ཏོག་ཡུན་རིང་དུ་བགྱིས་ཤིང་འབྲོག་ལམ་པ་དང་ཙི་གུ་སྟེང་པས་ཀྱང་སོ་སོར་སྤྱན་དྲངས་ཏེ་འབུལ་ཞབས་བགྱིས། དེར་རྗེ་བཙུན་ངལ་གསོའི་ལྗགས་ལུང་རྫོགས་ནས་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་གཞི་བྱེས་ཀྱི་བླ་མགོ་
བཀའ་བཅུ་རབ་འབྱམས་དུ་མའི་ཞབས་འབྲིང་དང་བཅས་པར་དགོངས་གཅིག་རྒྱས་འགྲེལ་སོགས་རྒྱལ་བ་གོང་མའི་བཀའ་འབུམ་འཕྲོ་མུས་ཀྱི་ལྗགས་ལུང་དང༌། རྗེ་སྤྲུལ་པའི་སྐུ་རིན་པོ་ཆེས་སྐུ་འཁྲིས་སུ་གསན་སྦྱོང་ཕྱག་ཕྱིའི་གྲྭ་ཚང་ཞིག་འཛུགས་པའི་དགོངས་པ་ཞུ་བ་མཛད་པར་ཐུབ་བསྟན་ཉིན་བྱེད་གླིང་གི་མིང་དང་འདུས་པ་ ༡༠༩ ཐོག་མ་བཅུ་ཕྲག་ཅིག་ལ་མང་ཇ་དར་འགྱེད་གནང༌། གཞན་ཡང་དགེ་འདུན་ཅོག་གྲྭ་བ་སོགས་གཞི་བྱེས་ཀྱི་ཆོས་དོན་གཉེར་མང་པོ་ལའང་ཚོགས་ཆོས་དང་ཟབ་ཁྲིད་ཀྱི་དམིགས་རིམ་སོགས་གང་ལ་ཅི་འཚམ་པའི་བཀའ་ཆོས་ཀྱི་རིམ་པ་ཤིན་ཏུ་སྨར་ཞིང༌། ཞལ་མཇལ་གསུང་ཐོས་ཕྱག་དབང་དགེ་བསྐུལ་སོགས་ཀྱི་འབྲེལ་པས་སྐྱེ་བོ་དམངས་ཀྱི་རེ་བ་ཡང་ཡོངས་སུ་གང་བར་མཛད་ནས། ཟླ་བ་དྲུག་པའི་ཚེས་བདུན་ལ་རྗེ་རང་བྱུང་བའི་བཞུགས་གནས་བཀྲ་ཤིས་ལྐོག་འཕྲང་དུ་ཕེབས་པར་དེ་གོང་རྗེ་བླ་མ་མཆོག་དང་ཡབ་སྲས་ཕེབས་སྐབས་སུ་འཛུགས་པ་གནང་བའི་གྲྭ་ཚང་
དར་རྒྱས་ཤིན་ཏུ་ཆེ་བ་བླ་མ་ཀརྨ་ཁྱུང་ཆེན་ཉིད་ཀྱིས་གཙོས་པ་རྣམས་ཀྱི་ཐབ་བསུ་སེར་སྦྲེངས་ལ་སོགས་པའི་བཀོད་པ་གཟབ་རྒྱས་ཀྱིས་སྤྱན་དྲངས་ཏེ་འབུལ་བ་དང་བསྙེན་བཀུར་ཞབས་ཏོག་བླ་ལྷག་ཏུ་བགྱིས་ཤིང་གྲྭ་རིགས་ཡོན་བདག་ཀུན་ལ་ཞལ་མཇལ་ཕྱག་དབང་ཆོས་འབྲེལ་ལ་སོགས་པའི་བཀའ་དྲིན་སྩོལ་བཞིན་པས་དེར་ཐོགས་ཤིག་བཞུགས་ནས་ཟླ་བ་བདུན་པའི་ཚེས་བཅུ་དགུ་ལ་སླར་ལྟ་བ་ཚལ་གུང་ཉིད་དུ་ཕེབས་ཐོག་གདན་ས་བར་ནས་དྲུང་པ་གདུང་བརྒྱུད་པ་སོགས་འབུལ་སྐྱེལ་དུ་འབྱོར་བ་དང༌། ཞ་སྒོམ་སྐུ་སྐྱེ་དཔོན་སློབ་ཀྱང་འབྱོར་བ་རྣམས་ཀྱིས་འབུལ་ཚན་རིམ་པར་བགྱིས་ཤིང༌། རྒྱ་བདག་རྣམས་སོགས་ལྟ་བའི་ཡུལ་མི་ཀུན་གྱིས་ཀྱང་སྟོན་གྱི་དུས་སྟོན་ནས་ཕུད་ལ་སོགས་པའི་འབུལ་ཞབས་རིམ་པར་བསྒྲུབས། དེ་དག་གི་སྐབས་སུ་བླ་མ་ཀརྨ་ཁྱུང་ཆེན་ལ་རྗེ་བླ་མ་མཆོག་གི་གསུང་རྒྱུན་ཅི་ལྟ་བའི་མགོན་པོའི་གདངས་དབྱངས་རྣམས་ཡོད་པས་དྲུང་སྒོར་བསྐང་གསོ་
ཤེས་པ་ཀུན་གྱིས་ནན་ཏན་གྱིས་ལ་ཁྲིད་གསུང་བའི་བཀའ་སྩལ་དང༌། ཁམས་པ་འབུལ་སྐྱེལ་བ་རྣམས་ལ་འདོད་མོས་ཀྱི་བཀའ་ཆོས་དང་རབ་བྱུང་བསྙེན་རྫོགས་ཀྱི་བསླབ་པའི་བཀའ་དྲིན་ཅི་རིགས་པའང་སྩལ། ཟླ་བ་དགུ་པའི་ཚེས་གཉིས་གཟའ་སྐར་ཤིས་པ་ལ་ཐུབ་བསྟན་ཉིན་བྱེད་གླིང་པའི་ཚོགས་གུར་ཐོག་མ་ཕུབ་པའི་ཞལ་དྲོར་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་ཉིད་ཀྱིས་གཙོ་མཛད་པའི་སེར་སྦྲེངས་དང་བཅས་ཏེ་སྤྱན་དྲངས་པར་ཕེབས་ནས་ཤིས་བརྗོད་ཕྱག་ནས་གནང༌། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་གསུམ་ལ་དབོན་པོ་ཕྱག་མཛོད་པ་མཚུར་ཕུ་ནས་རྟེན་སྒམ་གྱིས་གཙོས་པའི་སྐུ་ཆས་འདྲེན་པར་བདག་ཅག་ལ་སྐུ་ཆས་ཕྱེ་བསལ་དང་རྫོང་བསྐྱར་དགོས་པ་གྱིས་ལ་འདི་དང་འདི་རྣམས་ཕྱིར་ཕུལ་གསུང་བའི་བཀའ་ཤོག་སྒམ་ཡིག་ཕྱག་དེབ་དང་བཅས་ཏེ་རྫོང་བ་མཛད། དེར་རྒྱ་བྱ་བླ་མ་ཀརྨ་དཀོན་མཆོག་འདས་པའི་རྗེས་སྒྲུབ་ཀྱི་མང་བསྐོལ་བ་སོགས་སྤོམ་འབོར་བ་དང་བར་ལམ་ཁོག་གི་འབུལ་སྐྱེལ་ཡང་མང་དུ་
འབྱོར། དེ་ནས་ལྟ་བ་རི་དགོན་གྱི་བླ་མ་གྲྭ་རིགས་ཡོན་བདག་དང་བཅས་པ་ཀུན་ལ་ཇ་གྲལ་ཕྱག་དབང་བསླབ་སྟོན་ཕྱག་མདུད་ལ་སོགས་པའི་གནང་ཆ་སྩལ་བས་སོ་སོའི་སེམས་རངས་པར་མཛད་དེ། གསང་བ་རྣམས་ཀྱི་སྤྱན་འདྲེན་ནན་ཞུས་དང་བསྟུན་ཟླ་བ་བཅུ་པའི་ཚེས་ལྔ་ལ་ཚལ་གུང་ནས་བཏེག །སླར་ལྐོག་འཕྲང་དུ་ཕེབས་པར་ཁོང་རྣམས་ཀྱིས་བསྙེན་བཀུར་ཞབས་ཏོག་བཟང་པོ་དང༌། དུས་འཁོར། ཀུན་རིག བསྐང་གསོ་རྣམས་ཀྱི་འདོན་བསྒྲིགས་དང་ཕྱག་ལེན་རིམ་པས་སྤྱན་ལམ་དུ་བསྟར་བར་ཤིན་ཏུ་དགྱེས་པའི་ཐུགས་ཀྱིས་བླ་མ་གྲྭ་མང་དང་བཅས་པ་ཀུན་ལ་ཕྱག་དབང་དད་རྟེན་དགོན་ཐེབས་ཀྱི་གནང་ཆ་བཟང་པོ་འཕྲལ་ཡུན་དུ་དགེ་བའི་བཀའ་བཀོད་བསླབ་བྱ་དང་བཅས་པ་སྩལ། དེར་ཞག་ཤས་ཤིག་བཞུགས་ནས་ཟླ་བ་དེ་ཉིད་ཀྱི་ཚེས་བཅོ་ལྔ་ལ་བཏེག་སྟེ་གསང་དུ་གདན་ཕེབས་པར་གསང་བ་ཀུན་གྱིས་རང་འབྱོར་མ་བསྲིས་པའི་འབུལ་བ་དང་ཞབས་ཏོག་གྱ་ནོམ་པ་བགྱིས་
ཤིང་ཡབ་སྲས་ཆིབས་རགས་ཀྱིས་གྲོང་ལ་བསྐོར་བ་མཛད་དེ་ཕྱག་ནས་གནང༌། བླ་མ་ཀུན་དགའ་རྒྱལ་མཚན་གྱིས་ལ་རྩ་དགོན་དུ་སྤྱན་དྲངས་ནས་ཞག་བཞུགས་ཀྱི་ཞབས་ཏོག་དང་འབུལ་བ་བགྱིས། གསང་གི་ཇོ་བོར་གྲགས་པ་དབུར་སྟོད་བྱ་ཡུལ་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཁམ་པ་ལུང་པ་ཕྱི་མས་ཀོང་ཡུལ་གྱི་སྐྱེ་བོ་ཀུན་གྱི་བསོད་ནམས་ཀྱི་ཞིང་དམ་པར་བཞུགས་སུ་གསོལ་བའི་སྟོན་པ་གྲོང་ཁྱེར་མ་དབུས་ལྷ་ལི་དམར་ལས་གྲུབ་པ་ངོ་མཚར་ཅན་བཞུགས་པ་གཟིམ་གུར་དུ་སྤྱན་དྲངས་ཏེ་བརྒྱ་ཕྲག་བརྩེགས་པའི་ཕྱག་གི་གུས་པ་དང་ཞལ་གསེར་སྙན་དར་ལ་སོགས་པའི་བཀུར་སྟི་ཆེར་མཛད་ཅིང་དགེ་འདུན་ཡང་ཟུར་ཅོག་གྲྭ་སོགས་ལ་ཡང་ཕྱག་མཆོད་སྨོན་ལམ་བགྱིད་དུ་སྩོལ་བར་མཛད་དེ་ཀུན་ཀྱང་སངས་རྒྱས་ལ་དམིགས་པའི་དགེ་རྩ་རྒྱ་ཆེན་པོ་དང་ལྡན་པར་མཛད། དེར་བཞུགས་རིང་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེར་རྒྱལ་བ་གོང་མའི་བཀའ་འབུམ་ལས་དཀྱིལ་ཆོག་སྐོར་སོགས་ཀྱི་ལྗགས་ལུང་
གནང་དེ་ནས་རྒྱ་ལའི་གནས་གཟིགས་ཀྱི་དགོངས་པས་ཟླ་བ་བཅུ་གཅིག་པའི་ཚེས་དགུ་ལ་བཏེག་ནས་ཐིམ་གྱི་གུ་རུའི་སྒྲུབ་ཕུག་ཏུ་ཚེས་བཅུའི་མཆོད་པ་དང༌། གཏམ་གླིང་གི་འབུམ་སྤྲུལ་པའི་ཡིག་མཁན་གྱིས་བཞེངས་པར་གྲགས་པ་ཡང་མཇལ་བ་མཛད་དེ་རིམ་གྱིས་རྒྱ་ལར་ཕེབས་པའི་བར་གྱི་སྡེ་དགོན་སོ་སོ་ནས་འབུལ་ཞབས་ཡང་དག་པ་བགྱིས་ཤིང༌། ཀུན་ལ་ཞལ་མཇལ་གསུང་ཐོས་ཕྱག་དབང་ལ་སོགས་པའི་འབྲེལ་པ་བཟང་པོའང་སྩལ། རྒྱ་ལར་ཕེབས་ནས་དེའི་གནས་མཇལ་གནང་བའི་ཚེ་གཤིན་རྗེའི་ཞལ་རང་བྱོན་ཡོད་པའི་བྲག་ལས་འཇའ་འོད་འཕྲོ་ཞིང་སླར་དེ་ཉིད་དུ་ཐིམ་པ་དང་རང་བྱོན་དེའི་སྤྱན་གཡོན་ངོས་ཧ་ཅང་མ་གསལ་བ་ཡང་དེ་སྐབས་ཤིན་ཏུ་གསལ་བར་སྣང་བའི་ངོ་མཚར་ཡང་བྱུང་ཟེར། དེ་ནས་སེད་གཏམ་དུ་ཕེབས་ཏེ་དེར་གུ་རུའི་ཞབས་རྗེས་བཞུགས་པར་དད་ཅན་གྱིས་གསོལ་འདེབས་བྱས་པ་ན་སྔོན་བདུད་རྩི་འབབ་པ་ལ་བར་སྐབས་གསེར་ཆབ་གསོལ་བའི་རྐྱེན་གྱིས་
མི་འབབ་པ་ཡང་བྱུང་བ་ལ་དེ་སྐབས་བདུད་རྩི་འབབ་པ་སྔོན་བཞིན་དུ་བྱུང་བས་ཀུན་ངོ་མཚར་དུ་གྱུར་ཅིང༌། གཞན་ཡང་གནས་དེའི་གཟིགས་སྣང་རང་བྱོན་སོགས་ཞིབ་ཏུ་མཇལ་བར་ཕེབས་པའི་ཚེ་ཡབ་སྲས་གཉིས་ཆར་གྱི་ཞབས་རྗེས་དང་རྒྱལ་བ་ཉིད་ཀྱི་ཕྱག་རྗེས་ཀྱང་བྱོན་ཟེར། སླར་རྒྱལ་ནས་བརྒྱུད་དེ་ཡར་ལ་ཕེབས་པའི་ལམ་ཞོར་དུ་དོང་མོ་ལུང་གི་གནས་གཟིགས་རྣམས་ཀྱང་མཛད་ནས་རིམ་གྱིས་ཐིམ་དུ་ཕེབས་ཐོག་སྤོ་འབོར་འགྲོན་ཚན་གཏོས་ཆེ་བས་འཇང་རྒྱལ་བློན་རྣམས་ཀྱི་ཞུ་ཡིག་འབུལ་ཆས་དང་ཁང་གསང་མགོའི་བླ་མ་ཀརྨ་སྙིང་པོ་གཤེགས་པའི་བསྔོ་རྟེན་ལ་སོགས་པའི་འབུལ་ཆེན་བགྱིས་ཤིང༌། ཐིམ་ནས་རྒྱ་ལ་ཡན་གྱི་ཡུལ་དཔོན་རྣམས་ཕྱོགས་གཅིག་པས་ནས་ཁལ་ཉིས་སྟོང་བརྒྱད་བརྒྱ་དང་མར་ཞོ་བ་དགུ་བརྒྱ་སྣམ་བུ་ཁུག་པ་ཉིས་བརྒྱ་ལ་སོགས་པའི་འབུལ་ཆེན་བགྱིས། སྦོ་འབོར་བའི་གྲྭ་རྒྱུན་རབ་བྱུང་བསྙེན་རྫོགས་ཞུ་བ་མང་དུ་བྱུང་ཞིང་དེ་དག་ལ་མགོན་པོའི་ཆོ་གའི་ལྗགས་ལུང་
ལ་སོགས་པའི་འདོད་ཆོས་ཅི་རིགས་པའང་སྩལ། ཟླ་བ་བཅུ་གཉིས་པའི་ཚེས་བཞི་ཐིམ་གྱི་གྲུ་ནས་རྟ་ཐོག་མཁར་སོགས་བརྒྱུད་དེ་རིམ་གྱིས་ཕེབས་པར་ཆབ་ནག་པ་ཡུལ་དགོན་ཀུན་གྱིས་འབུལ་ཞབས་རྒྱ་ཆེན་པོ་རིམ་པ་ལྟར་བགྱིས་པ་ཐམས་ཅད་ཞལ་མཇལ་གསུང་ཐོས་ཕྱག་དབང་སོགས་ཀྱི་འབྲེལ་པ་དང་ཡུལ་གྲུ་སོ་སོར་རི་རྒྱ་ཀླུང་རྒྱ་ལ་སོགས་པ་དགེ་བའི་ས་བོན་བསྐྲུན་པར་མཛད་ཅིང༌། གཏམ་ཉུག་ཏུ་གྲོང་ལ་ཕྱག་ནས་གནང་བ་ཁྱིམ་ཕལ་མོ་ཆེའི་ནང་དུ་ཕེབས་པ་བྱུང༌། ཀླུ་ཤ་ནས་སྔོན་རྗེ་བླ་མ་མཆོག་གིས་ཡུན་དུ་བསྟེན་པར་མཛད་པའི་གནས་རི་བོ་གསེར་གླིང་ཡང་ཞབས་ཀྱིས་བཅགས། དེ་དག་གི་སྐབས་སུ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེར་རྗེ་ཆོས་གྲགས་རྒྱ་མཚོའི་བཀའ་འབུམ་ཐོར་བུ་བའི་ལྗགས་ལུང་གི་བཀའ་ཆོས་ཀྱང་ནང་མར་གནང༌། བྷ་ག་ཚལ་ནས་རྩྭ་ནང་གི་གནས་གཟིགས་ལ་ཕེབས་ནས་ཕྱིར་བཞུགས་སྒར་དུ་ཕེབས་ཐོག་དབོན་པོ་ཕྱག་མཛོད་པས་མཚུར་ཕུ་ནས་རྟེན་
སྒམ་གྱིས་གཙོས་པའི་སྐུ་ཆས་རྣམས་དྲངས་ཏེ་ཞབས་དྲུང་དུ་འབྱོར་བའི་རྟེན་སྒམ་རྣམས་གཟིམ་གུར་དུ་སྤྱན་འདྲེན་པ་ལ་རྒྱལ་བ་ཉིད་ཡོལ་སྒོར་ཞབས་བསྐྱོད་པའི་སྤོས་བསུ་མཛད། དེ་ནས་རིམ་གྱིས་ཐང་མཁར་གྱི་གྲུ་ནས་ཟླ་བ་དང་པོའི་ཚེས་བཅུ་གཉིས་ལ་རྩེ་ལྷ་སྒང་གི་ཞོལ་ཐང་དུ་བཞུགས་སྒར་གདན་ཕེབས་ནས། སྐུ་རིམ་ལོ་སར་རྣམས་འདེགས་བཞུད་ཀྱི་དབང་གིས་ཕྱི་བསྣུར་ཏེ་མཛད་པ་ཤར་བས་ཟླ་བ་དེ་ཉིད་ཀྱི་མཇུག་ཏུ་སྐུ་རིམ་ཆེན་མོ་དང༌། ཟླ་བ་གཉིས་པའི་ཚེས་གཅིག་ལ་ཤིང་ཕོ་རྟ་ལོའི་ལོ་སར་གནང་ཞིང༌། ཚེས་བདུན་ནས་གཟིམ་གུར་དུ་གནྡྷོ་ལའི་རྟེན་གཤོམ་མཛད་ནས་ཡང་ཟུར་ཅོག་གྲྭ་ཟུར་རུ་གདོང་པ་ལྐོག་འཕྲང་གྲྭ་ཚང་སོགས་གཞི་བྱེས་ཀྱི་དགེ་འདུན་སྟོང་ཉིས་བརྒྱ་ཙམ་གྱིས་སྨོན་ལམ་འཛུགས་པ་གནང་བའི་བཅོ་ལྔ་ལ་གསོ་སྦྱོང་དང་བཅུ་དྲུག་ལ་རྟེན་མཇལ་གནང་ནས་བཅུ་བདུན་གྱི་ཉིན་འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་དང་རྒྱལ་སྲིད་སྣ་བདུན་གྱི་ཟློས་གར་དང་བཅས་
པའི་སེར་སྦྲེངས་ཤིས་བརྗོད་མཛད་པའི་སྨོན་ལམ་གྱི་ཐོག་ཟིང་པོ་བ་ཚེ་དབང་བཀྲ་ཤིས་མཇལ་དུ་འོང་བས་ཆིབས་བཟང་བས་གཙོས་པའི་འབུལ་ནོད་བགྱིས། གཞན་ཡང་དགའ་མ་མོ་ནས་དཔོན་བསྟན་འཛིན་པ་དང་དཔོན་ཆོས་རྒྱལ་ཕུན་ཚོགས་མཆོད་ཡོན། འོར་ཤོད་ཨོ་རོང་བ་བཀྲ་ཤིས་དར་རྒྱས་སོགས་ཀོང་པོ་སྟོད་ཀྱི་དྲག་མགོས་ཕལ་མོ་ཆེ་ཞལ་མཇལ་ཕྱག་འབུལ་དུ་འོངས་ཤིང༌། སྤོ་བོ་གཡུ་རི་བ་སོགས་ཀྱི་རྟ་འབུལ་ཀྱང་སླེབས། ཀརྨ་སྟོད་སྨད་དང༌། བུ་ཆུ་བ་རྣམས་ཀྱིས་སྒོ་ཞོལ་ལ་སོགས་པའི་འབུལ་ཆེན་བགྱིས། རྩེ་ལྷ་སྒང་ནང་སོས་གཙོས་པའི་རབ་བྱུང་དང་བསྙེན་རྫོགས་ཅི་རིགས་སུ་ཞུ་བ་ཡང་ཉིས་བརྒྱ་ལྷག་པ་བྱུང༌། ཡར་སྟོད་ནས་དཔོན་ས་འདས་པའི་བྱང་ཞུས་པ་སླེབས་པ་ལ་ཚོགས་དབུར་བྱང་བུ་ཕྱག་ཞུས་དང་བསྔོ་བ་སྨོན་ལམ་གནང༌། ལྷོ་བྲག་ནས་བླ་མ་དྷི་ཚའི་སྐུ་སྐྱེས་འབུལ་ཆེན་བགྱིས་ཤིང་གྲྭ་པ་རྣམས་ཀྱིས་རབ་བྱུང་བསྒྲུབས། དེ་ནས་རིམ་གྱིས་སྤོ་བོའི་འབུལ་སྐྱེལ་
བས་ཐོག་དྲངས་པ་འགའ་ཞིག་ལ་སྨན་ལྷའི་མདོ་ཆོག་གི་ལྗགས་ལུང་ལ་སོགས་པའི་འདོད་ཆོས་དང༌། དགེ་འདུན་ཡང་ཟུར་ཅོག་གྲྭ་གསུམ་གྱིས་གཙོས་པའི་ཚོགས་ཆེ་བ་ལ་རྒྱལ་བ་ཉིད་ཀྱིས་མཛད་པའི་ཕྱག་ཆེན་གྱི་ཁྲིད་ཡིག་ཆེན་མོའི་ལུང་དང་དམིགས་རིམ་ཡུན་རིང་དུ་གནང༌། ཟླ་བ་ལྔ་པ་སྔ་མའི་ཚེས་བཅུ་ནས་གནྡྷོ་ལའི་རྟེན་སྒམ་གཟིམ་གུར་དུ་བཞུགས་པ་ལ་ཡོལ་སྒོར་ནང་ནས་ཞབས་བསྐོར་འབུམ་ཐེར་གནང་བའི་དབུ་ཚུགས་ཤིང༌། དེ་མཚུངས་བསྐོར་ལམ་ཆེན་མོ་ནས་འབུམ་ཐེར་གསབ་པའང་མང་དུ་བྱུང༌། དེ་སྐབས་རིན་པོ་ཆེ་དཔའ་བོ་དང་ཡར་སྟོད་པ་གཙང་པ་མཆེད་མཆོད་ཡོན་རྣམས་གྱིས་ཐོག་དྲངས་པའི་དབུས་གཙང་གི་བླ་མ་སྡེ་དཔོན་གྲྭ་ཚང་ཕལ་གྱིས་སྤྱན་འདྲེན་ནན་ཞུས་ཕུལ་བར་ཧ་ཅང་མ་འགྱངས་པར་ཕེབས་ཅི་ཐུབ་གཟིགས་རྒྱུའི་ཕེབས་སྒོ་གནང་ཞིང༌། བདག་གི་མ་འདས་པའི་བསྔོ་རྟེན་བྱང་ཞུས་བརྫངས་པ་ཡང་ཞབས་དྲུང་དུ་འབྱོར་འདུག་པར་ཚོགས་དབུར་བྱང་བུ་ཕྱག་ཞུས་དང་
བསྔོ་བ་སྨོན་ལམ་གནང༌། དེ་དག་གི་ཚེ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེར་ཕྱག་རྡོར་ཚེ་དབང་ལ་སོགས་པའི་བཀའ་དབང་དང་རིམ་པས་རྗེ་ཆོས་གྲགས་རྒྱ་མཚོའི་བཀའ་འབུམ་ལས་ཕར་ཕྱིན་དང་ཚད་མའི་འགྲེལ་པ་སོགས་ཀྱི་ལྗགས་ལུང་ཡང་གནང༌། སྤོ་བོ་ཕེ་ཕེ་ཐང་དུ་ཀར་སྡེ་གསར་འཛུགས་ཀྱི་དོན་ལ་ཡང་རི་ནས་དགེ་སློང་འོད་ལྡན་སོགས་བཅུ་གཉིས་རྫོང་བ་གནང་ཞིང་དགོན་ལ་ཀརྨ་བསྟན་འཕེལ་རབ་བརྟན་གླིང་གི་མིང་དང་ཚོགས་ཁྲོ་སོགས་ཀྱི་དགོན་ཐེབས་ཀྱང་གནང༌། འབའ་སྟག་མགོའི་བླ་མ་དང་ཁ་བ་དཀར་པོའི་འགྲོན་ཚན་འབྱོར་བས་འབུལ་ཆེན་བགྱིས། ཟླ་བ་བརྒྱད་པའི་ནང་དུ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་ཀོང་སྨད་དུ་སྐོར་ཙམ་ཕེབས་པ་ཤར་ཞིང༌། རྒྱལ་བ་ཉིད་གདན་ཆགས་པས་སྟག་མགོ་བླ་མ་སོགས་དོན་གཉེར་འགའ་ཤས་ལ་དྭགས་པོ་བཀའ་འབུམ་གྱི་ལྗགས་ལུང་དང༌། ལྐོག་འཕྲང་གྲྭ་ཚང་བ་རྣམས་ལ་དུས་འཁོར་གྱི་དབང་བཀའ་རྒྱས་པར་གནང་ཞིང༌། དབུས་སུ་
ཚོགས་དགེ་འདུན་སྒང་པའི་མཁན་ཆེན་ཀུན་དགའ་བློ་གྲོས་པ་ཁྲིར་ཕེབས་པ་ལ་ལེགས་ཇའི་གནང་སྐྱེས་སྩལ། རི་བོ་ཆེའི་ཆོས་རྗེ་ཁྲི་ཐོག་པ་དང་བླ་མ་རྟ་རྣ་བ་སོགས་ཀྱི་འབུལ་སྐྱེལ་བ་སླེབས་པས་ཇ་སིག་བརྒྱ་ལྔ་བཅུས་གཙོས་པའི་འབུལ་ཆེན་བགྱིས། དེ་ལྟར་ཟླ་བ་དགུ་ཙམ་གྱི་བར་བཞུགས་པས་དེར་འདུས་ཀྱི་སྐྱེ་བོ་ཡོངས་ལ་བཀའ་དྲིན་དང་ཐུགས་རྗེས་ཁྱབ་པར་མཛད་ནས། ཕྲག་མི་ཀུན་གྱི་ཇ་ཞུས་སྤྱན་འདྲེན་སྔ་ཕྱིར་སླེབས་པ་བཞིན་ཟླ་བ་དགུ་པའི་ཉེར་གཅིག་ལ་བཏེག་སྟེ་ཁང་དམར་ནས་ཚལ་ཟ་ཡུལ་དུ་ཕེབས་པར་དེ་དག་གི་ཡུལ་དཔོན་རྣམས་ཀྱི་འབུལ་ཞབས་དང༌། ཏོ་ཁ་གྲུ་སོར་ཕེབས་ཐོག་ནས་ཀླུ་སྟོད་པས་སྤྱན་དྲངས་ཏེ་འབུལ་ཞབས་བགྱིས། དེ་ནས་སྒྲུབ་བརྒྱུད་གླིང་པ་རྣམས་ལྷོ་ཚང་རག་གི་དགོན་འཛིན་ལ་བཀའ་བཀོད་གནང་ཆ་དང་བཅས་ཏེ་རྫོང་བ་གནང་ཞིང༌། དེར་འཕྱོངས་རྒྱས་ནས་ས་སྐྱོང་མི་དབང་བ་གཤེགས་པའི་བསྔོ་ཞུས་པ་སླེབས། ཏོ་ཁའི་གྲུ་ནས་ཕེབས་ཏེ་བཤོ་ཁ་ཆོས་
སྡེ་དང་བམ་སྟེང་བས་སོ་སོའི་དགོན་པར་སྤྱན་དྲངས་ནས་འབུལ་བ་དང་བསྙེན་བཀུར་ཞུས། བམ་སྟེང་དུ་བཞུགས་ཐོག་ཟིང་པོ་ཁྱིམ་གསུམ་གྱི་ཇ་ཞུས་འབུལ་ནོད་ཀྱང་འབྱོར། སླར་བཤོ་ཁ་ནས་བརྒྱུད་ཕྲག་མི་ཡུལ་དགོན་རྣམས་ཀྱི་ཐབ་བསུ་སེར་སྦྲེངས་དང་བཅས་ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ཕྲག་སྒྲུབ་སྡེར་གདན་ཕེབས་པར་སྒྲུབ་སྡེ་བས་གཞི་ལེན་གྱི་བསྙེན་བཀུར་ཞུས། དེ་མཚུངས་རྗེ་སྤྲུལ་པའི་སྐུ་དཔོན་སློབ་ཀྱང་ཀོང་སྨད་ནས་ཡར་ཕེབས་པར་གཞི་བྱེས་ཀྱི་ཆིབས་བསུ་སེར་སྦྲེངས་ཐབ་བསུ་དང་བཅས་ཟླ་བ་དེ་ཉིད་ཀྱི་ཉེར་དྲུག་ལ་ཡབ་སྲས་ཞལ་རྒྱས། སོག་ཟམ་ནས་འབྲོང་བུ་གུ་ཤྲིའི་འབུལ་སྐྱེལ་སོགས་དང་ལམ་སྟོད་ཀྱི་འབུལ་སྐྱེལ་བ་འགའ་ཤས་ཀྱང་འབྱོར། དེར་ལོ་མཇུག་སྐུ་རིམ་དང་ཤིང་མོ་ལུག་ལོའི་ལོ་སར་གནང་སྟེ་དབུས་གཙང་དྭགས་པོ་ཡན་གྱི་ལོ་སར་འབུལ་བ་དང་སྤྱན་འདྲེན་སྦྲགས་པའི་མི་སྣ་རྣམས་འབྱོར་བས་སྤྱན་འདྲེན་གྱི་ཞུ་བ་དང་ལོ་སར་གྱི་སྐྱེས་
འབུལ་ཞུས། ཟླ་བ་དང་པོའི་ཚེས་ལྔ་ལ་སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་དགའ་ལྡན་མ་མོར་ཕེབས་ཤིང་རྒྱལ་བ་མཆོག་ཆོ་འཕྲུལ་གྱི་དུས་ཆེན་དང་བསྟུན་པའི་རེ་ཞིག་སྐུ་མཚམས་སུ་བཞུགས་པའི་ཁོག་ནས་ཡར་རིའི་ཚོགས་གུར་དུ་གནྡྷོ་ལའི་རྟེན་གཤོམ་བགྱིད་དུ་འཇུག་པ་མཛད་དེ་ཡང་ཟུར་ཅོག་གྲྭ་ཟུར་རུ་གདོང་པ་སོགས་གཞི་བྱེས་ཀྱི་དགེ་འདུན་རྣམས་ཀྱིས་སྨོན་ལམ་བཙུགས། ཚེས་བཞི་ལ་སྐུ་མཚམས་གྲོལ་ནས་ཚོགས་དབུར་ཕེབས་པ་དང་བཅོ་ལྔ་ལ་རྟེན་མཇལ་གནང་སྟེ་བཅུ་དྲུག་གི་ཉིན་སེར་སྦྲེངས་དང་ཤིས་བརྗོད་མཛད། དེ་སྐབས་སྟག་མགོ་བླ་མ་སོགས་བསྙེན་རྫོགས་རབ་བྱུང་སྒྲུབ་པ་ཡང་མང་དུ་བྱུང་ཞིང་གསོལ་དཔོན་ཀརྨ་བཟང་གིས་སྒར་ཆོས་སྡེ་དང་བཅས་པ་ཀུན་ལ་བསྙེན་བཀུར་གཟབས་པ་ཞུས། ཟླ་བ་དེ་ཉིད་ཀྱི་ཉེར་བདུན་ལ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་ཡང་ཚུར་ཕེབས་ཏེ་ཡབ་སྲས་ཞལ་རྒྱས་ཀྱི་ཆིབས་རགས་ཕྲག་མི་ཆུ་གོང་འོག་ཕལ་མོ་ཆེ་རྣམས་ཀྱིས་རིམ་པར་སྤྱན་དྲངས་ནས་སྒོ་ཞོལ་
སོགས་པའི་འབུལ་ཞབས་བགྱིས་ཤིང༌། ཟུར་རུ་གདོང་གྲྭ་ཚང་གིས་ཀྱང་དེ་ཉིད་དུ་སྤྱན་༡༡༧ དྲངས་ཏེ་འབུལ་བ་དང་བསྙེན་བཀུར་ཞུས། དེར་ཡབ་སྲས་བཀའ་བགྲོས་ཀྱི་ཐོག་ནས་རྗེ་སྤྲུལ་པའི་སྐུ་དཔོན་སློབ་དྭགས་པོའི་དུས་ཟིང་གི་འདུམ་ལ་ཕེབས་པའི་སྒོ་ཤར་བས་ཟླ་བ་གཉིས་པའི་ཚེས་ལྔ་ལ་བཏེག་སྟེ་ཨ་མི་གྲོང་དུ་བཞུགས་ཐོག་སྒྲུབ་སྡེ་ནས་ཆིབས་རགས་ཀྱང་སྤྱན་དྲངས་ཏེ་འབུལ་བ་བསྙེན་བཀུར་ཞུས། སླར་སྒྲུབ་སྡེར་ཕེབས་ནས་ཟླ་བ་བཅུ་གཅིག་པའི་བར་བཞུགས་པར་ཕྲག་མི་རྣམས་ཀྱིས་སླར་ཡང་འབུལ་བ་བསྙེན་བཀུར་རིམ་པས་ཞུས་ཏེ་སྐབས་སྐབས་སུ་སྐུ་མཚམས་ཀྱི་བཅད་རྒྱ་བག་རེ་ཡང་གནང་ཞིང་ཕལ་ཆེར་བདེ་འགྲོས་ཀྱིས་བཞུགས་པས་གཞི་བྱེས་ཀྱི་ཆོས་དོན་གཉེར་ཀུན་ལ་སོ་སོའི་འདོད་མོས་བཞིན་བྱང་ཆུབ་ལམ་གྱི་སྒྲོན་མ་དང་བསྟན་བཅོས་ཐར་པ་རིན་པོ་ཆེའི་རྒྱན་ལ་སོགས་པའི་ལྗགས་ལུང་དང༌། ཕྱག་ཆེན་ཆོས་དྲུག་སོགས་ཀྱི་ཁྲིད་ཅི་རིགས་པའང་སྩལ། རས་ཆུང་ཕུག་
ནས་སྐུ་སྐྱེ་སྔ་སོར་ལེགས་བཤད་གླིང་གི་སློབ་དཔོན་དུ་བསྐོ་བཞག་གནང་བ་དགོངས་གྲོལ་ཞུར་བྱོན་པའི་གདན་སར་རྒྱ་བྱ་དཔོན་པོ་རབ་འབྱམས་སྨྲ་བ་ཀརྨ་ནོར་བུ་བསྐོ་བཞག་གནང་ཞིང༌། སྐུ་སྐྱེས་གསོལ་བ་བཏབ་པ་བཞིན་ཉིད་མཛད་ཀྱི་ཁྲིད་ཡིག་ཆེན་མོའི་སྟེང་ནས་ཕྱག་ཆེན་གྱི་ཉམས་ཁྲིད་གནང༌། སྐབས་འགར་དབྱར་གྱི་ཐུགས་སྤྲོའི་རི་གཟིགས་དང་གནས་གཟིགས་ལ་ཡང་ཕེབས་ཤིང༌། རྗེ་ཆོས་གྲགས་རྒྱ་མཚོའི་ཐུགས་བཞུགས་ཡུལ་གྱི་མཆོད་རྟེན་ནང་ཙན་དན་དང་ཕྱི་མུ་ཏིག་ལས་གྲུབ་པ་བཞེངས་པ་དང༌། རྗེ་གོང་མ་ལ་སྐུ་རབ་ནས་སྡེ་པ་ཀུན་དགའ་བས་གསེར་གཏོས་ཆེར་ཕུལ་བ་གནྡྷོ་ལའི་མཆོད་རྫས་སུ་ནོར་བུ་འབར་བའི་རྣམ་པར་བཟོས་ཏེ་འཇོག་པ་གནང་བ་ལ་གཞི་མཛད་ནས་མཆོད་རྫས་གསེར་གྱི་མཎྜལ་སུམ་ཚར་བརྡུང་བ། བྱེས་སུ་རྒྱུན་བསྣམས་ཀྱི་རྟེན་གཏོར་གསེར་ཟངས་ལས་གྲུབ་པ་འཇུག་པ་རྣམས་ཀྱང་རིམ་པས་གནང་བ་དེ་དག་གི་སྐབས་སུའང་འོར་ཤོད་ནས་སྡེ་པ་ཁག་
གསུམ་གྱི་ཇ་ཞུས་སྤྱན་འདྲེན་དང༌། ཁམས་ནས་སི་ཏུ་སྤྲུལ་སྐུ་ཆོས་ཀྱི་རྒྱལ་མཚན་པ་ཞབས་དྲུང་དུ་འབྱོན་པའི་སྔ་འགྲོས་ཀྱིས་ཇ་ཞུས་ལ་བེ་རི་རབ་འབྱམས་པ་མངགས་པ་ཡང་འབྱོར་ཞིང༌། བར་ལམ་ཁོག་གི་འབུལ་སྐྱེལ་གཞན་མའང་མང་དུ་སླེབས། དེར་སུམ་མཁར་ནས་དབོན་བསྟན་འཛིན་པ་མཆོད་ཡོན་རྣམས་ཀྱིས་ལོ་སར་སྨོན་ལམ་དགའ་ལྡན་མ་མོར་ཕོག་པ་དགོས་པའི་ཞུ་བ་རིམ་གྱིས་ཕུལ་བ་བཞིན་ཟླ་བ་བཅུ་གཅིག་གི་ཚེས་དགུ་ལ་བཏེག །སྤེ་ཐང་གི་གྲུ་ནས་ངོས་སྨད་དུ་ཕེབས་ཐོག་དྲུང་པ་སི་ཏུ་པ་དཔོན་སློབ་ཞབས་དྲུང་དུ་འབྱོར་བས་ཕྱག་འབུལ་ཞུས། ཕྱི་ཉིན་སུམ་མཁར་བ་ཡུལ་དགོན་རྣམས་ཀྱི་ཐབ་བསུ་སེར་སྦྲེངས་དང་བཅས་དགའ་ལྡན་མ་མོར་གདན་ཕེབས་ཏེ་ལྷ་ཆེན་དང་གསེར་འབུམ་རིན་པོ་ཆེ་རྣམ་གཉིས་ལ་ཕྱག་མཆོད་མཛད་ནས་བཞུགས་ཡུལ་གཙུག་ལག་ཁང་གསར་མར་གནང༌། ཚེས་བཅུ་གསུམ་གྱི་ཉིན་དྲུང་པ་སི་ཏུ་པ་དཔོན་སློབ་ཀྱིས། བཀྲ་ཤིས་ཁ་ཐགས། དར་
ཡུག །གོས་ཡུག ། ཇ་སྤོབ་ཙེ། རྟ། དྲེལ། མཛོ་ལ་སོགས་པའི་སྣ་གྲངས་རེ་རེ་ཡང་བརྒྱ་བརྒྱར་བསྒྲིགས་པའི་བརྒྱ་འབུལ་དགུའི་འབུལ་ཆེན་དང༌། གཞན་ཡང་སྒོམ་སྡེ་ནང་ཆེན་པ་དང་བེ་རི་རབ་འབྱམས་པ་སོགས་དྲུང་པའི་ཞབས་ཕྱིར་ཡོད་པ་ཀུན་གྱིས་ཀྱང་ཇ་གོས་དར་རྟ་དྲེལ་མཛོ་གསུམ་ལ་སོགས་པའི་བརྒྱ་འབུལ་གྲངས་མང་ཕུལ་ཏེ་དེར་འདུས་ཀྱི་སྐྱེ་བོ་ཁྲི་ཕྲག་ཙམ་ལ་ཞྭ་ནག་གི་ཅོད་པན་བཞེས་པའི་ཞལ་མཇལ་ཐུགས་རྗེ་ཆེན་པོའི་སྒོམ་ལུང་དང་བཅས་པ་གནང་ཞིང་ཡིག་དྲུག་དུང་ཕྱུར་ལ་སོགས་པ་དགེ་བའི་ཁས་ལེན་བྱེད་པ་ཡང་མང་དུ་བྱུང༌། དེ་བཞིན་དུ་རི་བོ་ཆེ་ནས་མཁན་པོ་དང༌། བླ་མ་མཁས་གྲུབ་པ། འཇའ་མོ་སྐུ་སྐྱེ། འབྲོང་པ་དཔོན་གཅོད་པ་དགེ་དང༌། ཟུར་མང་བ་དགེ་ལེགས་ལ་སོགས་པའི་འབུལ་སྐྱེལ་དང༌། དབོན་གུ་ཤྲི་བསྟན་འཛིན་པས་གཙོས་པའི་གཞི་བ་དཔོན་སློབ་རྣམས་ཀྱིས་མཆོད་སྤྲིན་གྱི་འབུལ་ཆེན་གྱ་ནོམ་པ་རིམ་པར་བགྱིས་ཤིང༌། འབྲོང་པ་དང་སྒོམ་སྡེའི་ཆོས་འབྲི་བ་
དབུས་སུ་འགྲོ་བ་རྣམས་ལ་གསེར་དངུལ་སོགས་ཀྱི་གནང་ཆའང་མཛད། དབུས་ནས་སྔགས་གྲྭ་སློབ་དཔོན་ཀར་བསྟན་རྒྱ་མཚོ་གཤེགས་པའི་བསྔོ་ཞུས་པ་འབྱོར་བ་ལ་བྱང་བུ་ཕྱག་ཞུས་དང་བསྔོ་བ་སྨོན་ལམ་གནང༌། འཇང་རྒྱལ་བློན་ཡོན་མཆོད་རྣམས་ཀྱི་འབུལ་སྐྱེལ་གཏོས་ཆེ་བའང་འབྱོར། དགའ་ལྡན་མ་མོ་བ་དཔོན་སློབ་རྣམས་ཀྱིས་རྗེ་བླ་མ་མཆོག་གི་སྐུ་བརྙན་སྐུ་ཚད་མ་དང་རྒྱལ་བ་ཉིད་ཀྱི་སྐུ་བརྙན་བཞེངས་པ་ལ་དཔལ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་རབ་ཏུ་གནས་པ་མཛད་ཅིང་ཨ་ནེ་དམ་ཚིག་སྒྲོལ་མས་རྒྱལ་བ་ཉིད་ཆོག་དབུར་བཞུགས་པའི་ཚེས་བཅུའི་སྦྱིན་བདག་བགྱིས་ཏེ་ཚོགས་གཏོར་རྒྱ་ཆེན་པོ་བཤམས། དེ་ནས་རིམ་གྱིས་ལོ་དུས་ཀྱི་སྐུ་རིམ་ཆེན་མོ་དང་མེ་ཕོ་སྤྲེའུའི་ལོ་སར་གནང་བར་གཙང་དབུས་དྭགས་པོ་ཡན་གྱི་བླ་མ་སྡེ་དཔོན་ཕལ་ཆེ་བའི་སྤྱན་འདྲེན་དང་བསྟུན་པའི་ལོ་སར་འབུལ་མི་སླེབས། ཚེས་བརྒྱད་ནས་གསར་མའི་འདུ་ཁང་དུ་རྟེན་གྱི་
གཙོ་བོ་གནྡྷོ་ལ་དང༌། ཇོ་བོའི་ཐུགས་དམ་ལུང་བསྟན་སྒྲོལ་མ་སྙེ་ཐང་དུ་བཞུགས་པ་ཤུན་ཞབས་དྲུང་ནས་ཕྱག་ཏུ་ཕུལ་བ་ལ་སོགས་པའི་རྟེན་གཤོམ་མཛད་དེ་ཡང་ཟུར་སོགས་གཞི་བྱེས་ཀྱི་དགེ་འདུན་བརྒྱད་བརྒྱ་ཙམ་གྱིས་སྨོན་ལམ་ཚུགས་པའི་ཚོགས་དབུར་སྐབས་སྐབས་སུ་ཕེབས་ཤིང་སི་ཏུ་པ་དཔོན་སློབ་ཀྱིས་གཙོས་པའི་གཞི་བྱེས་ཀུན་ལ་རྟེན་མཇལ་རགས་རིམ་ཡང་རིམ་པས་གནང་ནས། ཚེས་བཅོ་ལྔ་ལ་གསོ་སྦྱོང་དང་བཅུ་བདུན་གྱི་ཉིན་སྨོན་ལམ་གྲོལ་བའི་ཤིས་བརྗོད་དུ་གཙུག་ལག་ཁང་གསར་རྙིང་ལ་ཕྱག་བསྐོར་གྱི་སེར་སྦྲེངས་རྒྱས་པ་མཛད། དེ་དག་གི་སྐབས་སུ་དགའ་ལྡན་མ་མོ་བ་སྤྱི་བླ་བྲང་དང་དཔོན་ཚང་གོང་འོག་རྫ་ར་སྒྲུབ་སྡེ་བ་རྣམས་ཀྱིས་བསྙེན་བཀུར་ཞབས་ཏོག་རིམ་པར་ཞུས་ཤིང་དཔོན་ཚང་གོང་འོག་ཡུལ་མི་དང་བཅས་པས་འབུལ་ཆེན་ཡང་བགྱིས། འཇའ་མོ་སྐུ་སྐྱེ་ལ་སོགས་པ་ཁམས་ཀོང་གི་རབ་བྱུང་བསྙེན་རྫོགས་སྒྲུབ་པ་ཡང་མང་དུ་བྱུང༌། དེ་ནས་རིམ་པས་དྲུང་པ་སི་ཏུ་པ་
དཔོན་སློབ་ཀྱིས་ཐོག་དྲངས་པ་མང་དག་ཅིག་ལ་རྗེ་ཉིད་ཀྱི་བཀའ་འབུམ་གྱི་ལྗགས་ལུང་ལ་སོགས་པའི་བཀའ་ཆོས་ཀྱང་རྒྱུན་མར་སྩལ་ཞིང༌། ཟླ་བ་གསུམ་པའི་ཚེས་གཅིག་ནས་བཅོ་ལྔའི་བར་གཙུག་ལག་ཁང་རྙིང་མར་རྗེ་བླ་མ་མཆོག་གི་གཟིམ་ཆུང་ཆོས་དབྱིངས་ཕོ་བྲང་དུ་སྐུ་མཚམས་སུ་བཞུགས་པ་གྲོལ་ནས་རེ་དགའ་གྲྭ་ཚང་ཁམས་སུ་བསོད་སྙོམས་ལ་ཕྱིན་པ་འཁོར་བ་དང་དྲུང་པ་སི་ཏུ་པ་དཔོན་སློབ་དབུས་སུ་འབྱོན་པའི་ཞལ་ཏ་བསླབ་སྟོན་དང་རྫོངས་སྐྱེས་ཀྱི་གནང་ཆ་མཛད། སོག་ཡུལ་ནས་རྒྱལ་པོ་ཨ་དཔལ་གྱི་གསེར་ཡིག་པ་འབྱོར་བས་ཞུ་འཕྲིན་དང་འབུལ་བ་ཕུལ་ཏེ་རྒྱལ་པོའི་གམ་དུ་ཕེབས་དགོས་པའི་གསོལ་བ་བཏབ། དེ་བཞིན་དུ་སོག་པོ་བལ་དུར་རྒྱལ་པོའི་གསེར་ཡིག་པ་འབྱོར་བས་ཀྱང་ཞུ་འཕྲིན་དངུལ་གྱི་ཐམ་ཀ་དང་བཅས་པ་ཕུལ། རྫ་ར་སྒྲུབ་སྡེ་བ་རྣམས་ཀྱིས་དབྱར་གཟིགས་དང་བསྟུན་ནས་སྤྱན་དྲངས་པ་བཞིན་དེར་ཕེབས་པར་ཅི་འབྱོར་བའི་བསྙེན་བཀུར་ཞུས་
ཤིང༌། ཁོང་རྣམས་ལ་བཀའ་ཆོས་དང་ཞལ་ཏ་གནང་ཆ་དང་བཅས་པ་མཛད། དེར་བཞུགས་ཁྲིའི་རྒྱབ་ཡོལ་གྱི་ཕ་བོང་ལ་སྐུའི་རྗེས་གསལ་པོ་ཡང་བྱོན། ཕྱིར་གཙུག་ལག་ཁང་དུ་ཕེབས་ཏེ་བཞུགས་སྐབས་དྭགས་པོར་རིན་པོ་ཆེ་རྣམ་རྒྱལ་གྲགས་པ་གཤེགས་པའི་དགོངས་རྫོགས་འབུལ་མི་འབྱོར་བར་མཆོད་བསྔོ་དང་ཕྱག་ནས་ཀྱང་སྒར་ཆོས་སྡེ་རྣམས་ལ་མང་ཇ་རྣམ་གཞག་དང་བཅས་པ་གནང༌། ཟླ་བ་བརྒྱད་པའི་ཚེས་བརྒྱད་ལ་དཔོན་པོ་དཔལ་འབྱོར་གྱིས་སྤྱན་འདྲེན་ཞུས་ཏེ་དགའ་ལྡན་མ་མོ་ནས་བཏེག །ནགས་དགོན་པར་ཕེབས་པ་ལ་འབུལ་ཞབས་ཡང་དག་པ་བགྱིས། ཕྱིར་ལམ་དགའ་མ་མོ་བ་ཡུལ་དཔོན་རྣམས་ཀྱིས་ཆིབས་གཞོལ་ཐབ་འཛིན་ཞུས་ཤིང༌། སྤེ་ཐང་ ༡༢༡ གི་གྲུ་ནས་ཚེས་དགུ་ལ་ཟུར་རུ་གདོང་དང༌། བཅུ་ལ་ཕྲག་སྒྲུབ་སྡེར་ཕེབས། དེ་ནས་བཀྲ་ཤིས་ལྗོངས་ཀྱི་གནས་གཟིགས་ལ་དགོངས་པ་གཏད་པས་ཕྲག་ཕུའི་ལ་ནས་བརྒྱུད་བ་ཡོར་དྲུང་རོལ་པའི་རྡོ་རྗེའི་སྐུ་འདྲ་རིན་པོ་ཆེར་ཕྱག་
མཆོད་སྙན་དར་འབུལ་བ་མཛད་དེ། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་བདུན་ལ་གནས་ནང་དུ་ཕེབས་པར་བཀྲ་ཤིས་ལྗོངས་པ་རྣམས་ཀྱིས་ཐབ་བསུ་སེར་སྦྲེངས་དང་ཚོགས་འཁོར་ཞུས་ཤིང་ཕྱག་ཆེན་པས་གནས་བཤད་རྒྱས་པར་ཕུལ། དེ་ནས་རྒྱབ་བསྐོར་ལ་ཕེབས་ཏེ་དེའི་གནས་རྣམས་རིམ་པར་གཟིགས་ཤིང་ཤར་ཕྱོགས་དཔལ་ཕུག་ན་སྟོན་པ་སངས་རྒྱས། རྗེ་དུས་མཁྱེན། གྲུབ་ཆེན་ཀརྨ་པ་རྣམས་ཀྱི་སྐུ་བྱིན་རླབས་ཅན་དུ་གྲགས་པ་བཞུགས་པ་ལ་སྙན་དར་ལ་སོགས་པའི་མཆོད་པ་མཛད་ནས་སླར་གནས་ནང་ཉིད་དུ་ཕེབས་པ་དེ་དག་གི་ཚེ་རྗེ་རང་བྱུང་བ་ནས་རྒྱལ་བ་མི་བསྐྱོད་ཞབས་ཀྱི་བར་ན་རིམ་གོང་མ་རྣམས་ཀྱི་གཟིགས་སྣང་ཀུན་ཞིབ་ཏུ་མཇལ་བ་དང༌། རྒྱལ་བ་ཉིད་ཀྱི་གཟིགས་སྣང་སྐུ་གཟུགས་མཆོད་རྟེན་ཡིག་འབྲུའི་རྣམ་པ་མང་པོ་ཡང་ཕྱག་ཆེན་ཀརྨ་ཡོན་ཏན་སོགས་ལ་ངོ་སྤྲོད་མཛད། གནས་ནང་དུ་སྐུ་མཚམས་ཞག་བདུན་པ་ཞིག་གནང་བ་གྲོལ་ནས་ནང་སྐོར་གྱི་གནས་གཟིགས་
རྣམས་ཀྱང་ཞིབ་ཏུ་མཛད་ཅིང་སྒྲུབ་པ་བ་རྣམས་ལ་བཀའ་ཆོས་ཀྱི་འབྲེལ་བ་ཟབ་རྒྱས་དང་མང་ཇ་དང་རྟེན་ལ་སོགས་པའི་གནང་ཆ་མཛད། དེ་ནས་བྱིན་ལེགས་སུ་ཕེབས་པར་བླ་མ་གདན་ཟུར་གྲྭ་པ་ཡོན་བདག་དང་བཅས་པ་ཀུན་གྱིས་བཀུར་སྟི་ཞབས་ཏོག་བླ་ལྷག་ཏུ་བགྱིས་ནས་བྱིན་ལེགས་གོང་འོག་གི་གནས་གཟིགས་རྣམས་གནང་བའི་ཚེ་གཟིགས་སྣང་གི་རྣམ་གྲངས་དུ་མ་ཕྱག་ཆེན་པ་ལ་ངོ་སྤྲོད་གནང་ཞིང་ཕྱག་ཞབས་ཀྱི་རྗེས་ཀྱང་བྱོན། སྒྲུབ་པ་བ་རྣམས་ལ་བཀའ་ཆོས་ཀྱི་འབྲེལ་པ་དང་མང་ཇ་དད་རྟེན་སོགས་ཀྱི་གནང་ཆ་མཛད་དེ་སླར་བ་ཡོར་ཕེབས་ནས་སོག་སྟེང་དུ་བཞུགས་ཡུལ་གནང་བར་སོག་སྟེང་བས་འབུལ་བ་བསྙེན་བཀུར་བཟང་པོ་དང༌། ནལ་པ་ཕུ་མདའ་ཀུན་གྱིས་སྒོ་ཞོལ་སོགས་པའི་འབུལ་ཞབས་ཡང་དག་པ་བགྱིས་ཤིང་རུ་མདོ་དགོན་པ་དང་བརྟུལ་མི་མཚོ་དཀར་གྱིས་ནལ་པ་ཕུར་སྤྱན་དྲངས་ཏེ་སོ་སོ་ནས་འབུལ་ཞབས་བསྒྲུབས། སྐྱེན་པ་དང་ཨོ་རོང་བ་ཡང་འབུལ་ཞབས་ཞུ་
བར་སླེབས། རྗེ་མཐོང་བ་དོན་ལྡན་གྱིས་ཡུན་རིང་དུ་བཞུགས་པའི་གནས་དགོན་གསར་རྒྱ་མཚོ་སྒང་ཞབས་ཀྱིས་བཅགས། དེ་ནས་རེ་ཞིག་སྐུ་མཚམས་སུ་བཞུགས་པའི་ཁོག་ནས་ཆོས་རྗེ་ཏྲེ་ཆེན་པས་བཤད་སྒྲུབ་གླིང་དུ་རྗེ་དུས་མཁྱེན་དང་གྲུབ་ཆེན་པཀྵིའི་སྐུ་བཞེངས་པ་ལ་ཕྱག་ནས་གནང་ཞིང༌། དགོན་གསར་རྒྱ་མཚོ་སྒང་གི་རྟེན་རྣམས་ཞིག་གསོས་གནང༌། སྐུ་མཚམས་གྲོལ་ནས་ཟླ་བ་བཅུ་གཅིག་པའི་ཉེར་གསུམ་ལ་བཏེག་སྟེ་རིམ་གྱིས་ཕྲག་ཡུལ་བརྒྱུད་ཉེར་བརྒྱད་པ་དཔལ་རྣམ་ཐོས་ཀྱི་རི་བོར་ཕེབས་པ་ན་ལིང་ཙེ་དཔོན་གྱི་ཇ་གོས་དར་གསེར་དངུལ་རྒྱ་ཡི་ཤིང་ཐོག་ལ་སོགས་པ་ཟས་སྣ་དུ་མ་དང་བཅས་པའི་འབུལ་སྐྱེལ་མངགས་པ་དང༌། གཞན་ཡང་སྤོ་འབོར་བ་དང་བར་ལམ་ཁོག་གི་འབུལ་སྐྱེལ་མང་དུ་འབྱོར་བ་རྣམས་ཀྱིས་རིམ་པར་འབུལ་ཆེན་བགྱིས། རྩེ་ལྷ་སྒང་ནང་སོ་སྒྲུབ་སྡེ་བརྒྱ་འོག་དང་བཅས་པ་རྣམས་ཀྱིས་ཀྱང་གཞི་ལེན་གྱི་བསྙེན་བཀུར་བཟང་པོ་དང་སྒོ་ཞོལ་སོགས་པའི་
འབུལ་ཞབས་བསྒྲུབས་ཤིང༌། ཁམས་པ་འབུལ་སྐྱེལ་བ་ཀུན་ལ་འདོད་མོས་ཀྱི་དབང་ཆོས་དང་དགེ་ཚུལ་སློང་གི་བསླབ་པའི་བཀའ་དྲིན་ཅི་རིགས་པའང་སྩལ། དེ་ནས་རིམ་པས་ལོ་དུས་ཀྱི་སྐུ་རིམ་མདོར་བསྡུས་དང་མེ་མོ་བྱ་ལོའི་ལོ་སར་གནང་སྐབས་དབུས་གཙང་སོགས་ས་ཕྱོགས་ཐ་དད་པའི་ལོ་སར་དང་བརྟན་བཞུགས་འབུལ་མི་སྤྱན་འདྲེན་གྱི་ཞུ་འཕྲིན་དང་བཅས་པ་མང་དུ་འབྱོར། དེ་ནས་མ་འགྱངས་བར་ཀོང་སྨད་དུ་ཆིབས་ཁ་བསྒྱུར་ཏེ་ཐིམ་དུ་ཕེབས་ཐོག་རིན་སྤུངས་ནས་མིའི་དབང་པོ་ངག་དབང་འཇིག་རྟེན་དབང་ཕྱུག་པ་གཤེགས་པའི་དགོངས་རྫོགས་ཀྱི་བསྔོ་རྟེན་འབུལ་༡༢༣ མི་སླེབས། དེ་ནས་ཆབ་ཚན་དང་བསྟུན་ཐིམ་གྱི་གྲུ་ནས་ཆབ་ནག་དྲི་ལའི་འདབ་ཡུལ་གསུམ་པར་ཕེབས་ཏེ་བཞུགས་སྐབས་མ་ཡུམ་སྐུ་ཚེའི་འདུ་བྱེད་བཏང་པའི་དགོངས་རྫོགས་སུ་ཀོང་སྟོད་སྨད་ཀྱི་ཆོས་སྡེ་ཀུན་ལ་མང་ཇ་འགྱེད་རྣམ་གཞག་དང་བཅས་པ་སྩལ་ནས་རིམ་གྱིས་གཏམ་མྱོག་གི་གྲུ་ནས་ལྟ་བ་ཚལ་གུང་དུ་ཕེབས་
པའི་བར་དེ་དག་ཏུ་ཀོང་སྨད་ཆབ་དཀར་ནག་གི་ཡུལ་དགོན་རྣམས་ཀྱིས་འབུལ་ཞབས་མཐའ་ཡས་པ་བསྒྲུབས་པར་ཞལ་མཇལ་ཕྱག་དབང་ཆོས་འབྲེལ་སོགས་ཀྱི་བཀའ་དྲིན་རིས་མེད་དུ་སྩལ་ཞིང༌། སྤོ་བོ་སྟོད་སྨད་ཀྱི་མཇལ་མི་འབུལ་ནོད་བགྱིད་པ་ཡང་མང་དུ་བྱུང༌། དེ་མོ་ལ་ཁ་བ་དཔོན་སློབ་རྣམས་ཀྱིས་ཀྱང་མཇལ་ཏེ་གུས་འདུད་ཆེར་བགྱིས། ཚལ་གུང་དུ་བཞུགས་ཐོག་མ་ཡུམ་གྱི་དགོངས་རྫོགས་སུ་ཡང་ཟུར་སོགས་དགེ་འདུན་ཚོགས་ཆེ་བ་ལ་ཆོག་མང་འཛུགས་པ་དང༌། དྭགས་པོ་ཡན་ནས་ངམ་རིང་མན་གྱི་དགོན་སྡེ་ཕལ་མོ་ཆེར་མང་བསྐོལ། རྗེ་མཆོག་གི་སྤྲུལ་པའི་སྐུ་དང་རིན་པོ་ཆེ་དཔའ་བོ། འབྲི་སྟག་གི་ཆོས་རྗེ་སོགས་ལ་བསྔོ་རྟེན་འབུལ་མི་གནང༌། ཡུམ་གྱི་སྐུ་གདུང་རྩེ་ལྷ་སྒང་སྒྲུབ་སྡེར་ཞུགས་འབུལ་བའི་ཚེ་ནམ་མཁའ་འཇའ་འོད་ཀྱིས་གང་བ་ལ་སོགས་པའི་ལྟས་ངོ་མཚར་བ་ཡང་བྱུང་ཟེར་ཞིང༌། མཚན་བྱང་ཕྱག་ཞུས་ཀྱང་གནང་ནས་ཆོ་ག་བ་རྣམས་ལ་ཡོན་རྫོངས་དཔངས་
བསྟོད་པ་དང་སྒར་མང་ལ་མང་ཇ་ཇ་འགྱེད་དང་བཅས་པ་གནང་སྟེ་ཆོག་མང་གྲོལ། ལྐོག་འཕྲང་དུ་ཕེབས་ནས་མགོན་སྐུ་དང་གནས་བརྟན་བཅུ་དྲུག་གི་ཞལ་ཐང་སོགས་བྲིས་འབུར་གྱི་རྟེན་གསར་བཞེངས་མང་དག་ལ་རྡོ་རྗེ་རྣལ་འབྱོར་མ་ལྷ་ལྔའི་ཆོ་གའི་སྒོ་ནས་རབ་གནས་གནང་སྟེ། སླར་ཚལ་གུང་དུ་ཕེབས་ནས་འབྲོག་ལམ་པས་ཐོག་དྲངས་པ་འགའ་ཤས་ལ་སྐྱེས་བུ་གསུམ་གྱི་ལམ་རིམ་དང་སྤོ་བོ་གཡུ་རི་བ་སོགས་འགའ་ཞིག་ལ་ལྷན་ཅིག་སྐྱེས་སྦྱོར་གྱི་བཀའ་ཆོས་གནང་། ཟླ་བ་བཞི་པའི་ཉེར་ལྔ་ལ་ཚལ་གུང་ནས་བཏེག་སྟེ་རྩེ་ལྷ་སྒང་སྒྲུབ་སྡེར་ཕེབས་པ་ན་འུ་འཇུ་ཤན་ནས་གུ་ཤྲི་མཆོག་སྒྲུབ་པས་མངགས་པའི་རྟ་འབུལ་བ་གོང་མའི་ཞུ་འཕྲིན་འབུལ་སྐྱེལ་དང་བཅས་པ་འབྱོར་ཞིང༌། གཞན་ཡང་སྟག་ལུང་ཆོས་རྗེ་རྩེ་པའི་ཞུ་འཕྲིན་འབུལ་ཆས་དང་སོག་པོའི་བླ་མ་ཞིག་ཀྱང་འབྱོར་བ་རྣམས་ཀྱིས་འབུལ་ཆེན་རིམ་པར་བགྱིས་པ་སོ་སོར་ཞུ་ལན་དང་རྫོངས་སྟ་གནང༌། དེ་ནས་རིམ་པས་སྒྲུབ་སྡེའི་གྲྭ་ཚང་ཕོ་
བྲང་དུ་སྤོས་ནས་སློབ་དཔོན་དུ་སྤོ་འབོར་རབ་འབྱམས་པ་ཀརྨ་བཀྲ་ཤིས་བསྐོ་བ་དང་བུ་ཆུའི་རྟེན་མཇལ་དུ་ཕེབས་པ་སོགས་གནང་སྐབས་དྲུང་པ་སི་ཏུ་པ་དཔོན་སློབ་དབུས་ཕྱོགས་ནས་འཁོར་ཏེ་ཞབས་དྲུང་དུ་འབྱོར་ཞིང༌། ཁམས་ནས་མཚུངས་མེད་སྐུ་སྐྱེ་དང་བྱ་བཏང་བྲག་དཀར་བ་སོགས་འབྱོར་བས་འབུལ་ཆེན་བགྱིས། ཀརྨ་སྟོད་སྨད་བུ་ཆུ་བ་དང་བཅས་པ་ཀུན་གྱིས་ཀྱང་སྟོན་གྱི་ནས་ཕུད་ལ་སོགས་པའི་འབུལ་ཞབས་རིམ་པས་བསྒྲུབས། ཟླ་བ་དགུ་པར་རྩེ་ལྷ་སྒང་པས་གྲུབ་ཆེན་པཀྵི་དང་རྗེ་ཉིད་ཀྱི་སྐུ་སོགས་བྲིས་འབུར་གསར་བཞེངས་འགའ་ཞིག་དང༌། ཡུམ་གྱི་དགོངས་རྫོགས་སུ་རྡོ་རྗེ་རྣལ་འབྱོར་མའི་སྐུ་གསར་བཞེངས་གདུང་འབུམ་དང་བཅས་པ་རྣམས་ལ་རབ་གནས་གནང་ཞིང༌། བཞག་བླ་སྐུ་སྐྱེ་དང་འཇང་གི་འབུལ་སྐྱེལ་སྦོ་འབོར་བའི་འགྲོན་ཚན་མང་དུ་འབྱོར། ཟླ་བ་བཅུ་གཅིག་པའི་ཚེས་གཉིས་ལ་འུ་ཅག་པ་རྣམས་ཀྱིས་ཆབ་ནག་ཏུ་སྤྱན་དྲངས་ཏེ་སྒོ་ཞོལ་སོགས་པའི་
འབུལ་ཞབས་ཡང་དག་པ་བགྱིས་ནས་སླར་རྩེ་ལྷ་སྒང་དུ་ཕེབས་ཐོག་བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱས་པ་དཔོན་སློབ་ཁམས་ཕྱོགས་ནས་འཁོར་བ་ཞབས་དྲུང་དུ་བྱོན་པས་འབུལ་ཆེན་མཛད། བདག་པོའི་སྲས་ཕྱག་ཕྱིར་བཞུགས་རྒྱུ་སོགས་གཞི་བྱེས་ཀྱི་རབ་བྱུང་སྒྲུབ་མི་སུམ་བརྒྱ་ཙམ་དང་བསྙེན་རྫོགས་ཞུ་བ་ཡང་མང་དུ་བྱུང༌། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་བདུན་ལ་སི་ཏུ་རིན་པོ་ཆེ་བསྙེན་པར་རྫོགས་པ་མཛད་ཅིང༌། ཁོང་དཔོན་སློབ་རྣམས་ལ་དབང་བཀའ་ཆོས་ལུང་གི་རིམ་པའང་མང་དུ་སྩལ། ཡར་ཀླུངས་ནས་རྩེ་ཞབས་དྲུང་རིན་པོ་ཆེ་གནམ་དུ་གཤེགས་པའི་དགོངས་རྫོགས་འབུལ་མི་སླེབས་པར་བསྔོ་བ་སྨོན་ལམ་གནང༌། དེ་ནས་རིམ་པས་ལོ་དུས་ཀྱི་སྐུ་རིམ་ཆེན་མོ་དང་ས་ཕོ་ཁྱི་ལོའི་ལོ་སར་གནང་བར་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེས་དབུ་མཛད་དབུས་གཙང་དྭགས་པོ་ཡན་གྱི་བླ་དཔོན་གོ་ས་ཆེ་བ་ཀུན་གྱི་སྤྱན་འདྲེན་དང་བསྟུན་པའི་ལོ་སར་འབུལ་མི་འབྱོར་བ་རྣམས་ཀྱིས་ལོ་སར་དང་སྤྱན་འདྲེན་གྱི་ཞུ་
འབུལ་བགྱིས། དེ་ནས་ཆོ་འཕྲུལ་གྱི་དུས་ཆེན་རིང་ཕལ་ཆེར་སྐུ་མཚམས་སུ་བཞུགས་པའི་ཁོག་ནས་ལྕགས་མོའི་དབོན་པོ་ཞབས་དྲུང་བརྒྱུད་དབུས་སུ་ཕྱིན་པ་ལས་སླར་འཁོར་བ་གནང་ཆ་དང་བཅས་ཏེ་ཁམས་སུ་རྫོང་བ་གནང༌། དེ་དག་གི་སྐབས་ནས་སྐུའི་རིམ་གྲོ་བ་དབོན་པོ་ཀརྨ་བཟང་ལྡན་ནད་བབས་ལྕི་བས་ཟིན་པ་ཟླ་བ་གསུམ་པའི་ཚེས་ཉི་ཤུ་ལ་ཚེའི་འཕེན་པ་རྫོགས་པའི་དོན་དུ་ཐོག་མར་ཀོང་སྟོད་སྨད་ཀྱི་དགོན་སྡེ་ཀུན་ལ་མང་ཇ་རྣམ་བཞག་དང་དགེ་འདུན་ཡང་ཟུར་གཉིས་སུ་ཆོག་མང་འཛུགས་པ་གནང་ཞིང༌། དེ་ནས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་སོགས་དབུས་གཙང་གི་བླ་མ་སློབ་དཔོན་རྣམས་ལ་བསྔོ་རྟེན་དང་དགོན་སྡེ་རྣམས་ལ་མང་བསྐོལ་བ་གནང༌། ཆོག་མང་གྲོལ་ཉིན་སྒར་མང་ལ་མང་ཇ་འགྱེད་བཅས་དང་ཆོ་ག་བ་རྣམས་ལ་ཆོག་ཡོན་གྱ་ནོམ་པ་སྩལ་ཏེ་ཆོག་དབུར་བྱང་བུ་ཕྱག་ཞུས་མཛད། ཟླ་བ་བཞི་པའི་ཚེས་བརྒྱད་ནས་ཟླ་བ་བདུན་པའི་ཚེས་བཅུ་དྲུག་གི་བར་
སྐུ་མཚམས་སུ་བཞུགས་པ་གྲོལ་ཐོག་ཀོང་སྟོད་ནས་སངས་གླིང་པའི་དབོན་པོ་ཀརྨ་སྔགས་འཆང་དང་སྤྱི་སྐུ་གྲོང་པ། འོག་ཤོད་ཆུ་སྐོར་བ། བརྟུལ་མི་མཚོ་དཀར། སུམ་མཁར་དཔོན་ཚང་གོང་འོག་རྣམས་མཇལ་དུ་འོང་བས་སོ་སོ་ནས་འབུལ་ཞབས་བགྱིས་ཤིང༌།༡༢༦ སྐུ་རབ་ནས་ས་སྐྱོང་དམག་དཔོན་པ་ཡང་སྤྱན་འདྲེན་ཞབས་བསྐུལ་དུ་བྱོན། སེང་གཏམ་གྱི་སྒྲུབ་པ་བ་རྣམས་ལ་ཉིད་མཛད་ཀྱི་བླ་མ་མཆོད་པའི་ལྗགས་ལུང་དང་སྒྲུབ་པའི་ཞལ་བཀོད་མཛད། དེ་ནས་དྲུང་པ་སི་ཏུ་པ་དཔོན་སློབ་ཁམས་སུ་འབྱོན་པའི་རྫོངས་སྐྱེས་ཀྱི་གནང་ཆ་བཟང་པོ་དང་འཕྲལ་ཡུན་གྱི་ཞལ་ཏ་བསླབ་སྟོན་ཞིབ་པར་གནང་སྟེ་ཟླ་བ་བདུན་པའི་ཉེར་གཅིག་ལ་རྩེ་ལྷ་སྒང་ནས་བཏེག །རིམ་གྱིས་བ་ཡོའི་སོག་སྟེང་དུ་ཕེབས་པའི་བར་ཀོང་པོར་ལོ་ངོ་བརྒྱད་ཙམ་བཞུགས་པས་ཡུལ་ཕྱོགས་དེ་དག་གི་སྐྱེ་བོ་ཇི་སྙེད་པ་མཐོང་ཐོས་དོན་ལྡན་གྱི་ཕྲིན་ལས་བཟང་པོས་ཡང་དག་པའི་ལམ་དུ་དཀྲི་བར་མཛད་ཅིང༌། དྭགས་ཀོང་གི་མཚམས་དང་ཀོང་
པོ་ནང་ཁུལ་གྱི་དུས་འཁྲུག་རྣམས་ཀྱང་བྱམས་བརྩེའི་སྟོབས་ཀྱིས་རིམ་པས་འཁོན་མེད་ཟློས་མེད་དུ་མཛད་པ་དང༌། སྐྱེ་དགུའི་བསོད་ནམས་ཀྱི་ཞིང་དུ་གྱུར་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་ཀུན་ལ་ཞིག་གསོས་ལ་སོགས་པའི་བཀུར་སྟི། དེར་བཞུགས་ཀྱི་དགེ་འདུན་རྣམས་བསླབ་པ་རིན་པོ་ཆེ་རྣམ་པ་གསུམ་གྱི་སྒྲུབ་པའི་ནན་ཏན་ལ་སྦྱོར་བ་སོགས་བསྟན་པ་དང་སེམས་ཅན་གྱི་ཕན་བདེ་ཉིན་མོར་མཛད་དེ། དེར་སྐུ་རབ་ནས་ས་སྐྱོང་དམག་དཔོན་པ་སོགས་གཙང་དབུས་དྭགས་པོ་ཡན་གྱི་སྤྱན་འདྲེན་པ་རྣམས་ལ་ཆིབས་ཁ་མྱུར་བསྒྱུར་ཡོང་བའི་བཀའ་གསལ་སྩལ་བས། ཀོང་སྟོད་སྨད་ཞོ་ལ་ཚུན་གྱི་སྐྱ་སེར་དྲག་མགོས་ཕལ་མོ་ཆེ་དག་ཞལ་མཇལ་ཕྱག་འབུལ་དུ་འོང་བའི་སོ་སོ་ནས་ཅི་འབྱོར་བའི་འབུལ་ནོད་དང་བཅས་ཏེ་ཕྱག་འབུལ་ཞུས་ཤིང༌། དེར་སྟོད་ཀླུངས་ཕན་ཚུན་ནས་དབོན་གུ་ཤྲི་ཀརྨ་ཆོས་རྒྱལ་དང་སྡེ་པ་ཀརྨ་ཕྲིན་ལས་རྣམ་རྒྱལ་ཡང་ཞབས་ཕྱིར་བསྙེན་པའི་སླད་དུ་
འབྱོར། ཟླ་བ་བརྒྱད་པའི་ཚེས་བདུན་ལ་སོག་སྟེང་ནས་བཏེག་སྟེ་བཀྲ་ཤིས་ལྗོངས་ཀྱི་གནས་མཇལ་དུ་ཕེབས་ནས་གསར་མ་ཡང་མཛོད་དུ་བདེ་གཤེགས་མཆོད་རྟེན་བརྒྱད་ཀྱི་གནས་སྒོ་ཡང་འབྱེད་པ་མཛད་ཅིང༌། བྱིན་ལེགས་སུ་ཕེབས་པ་ན་འོད་ཀོར་གྱི་ནང་དུ་དཔལ་སྡོམ་པའི་ལྷ་ཚོགས་ཞལ་གཟིགས། དེ་ནས་རིམ་གྱིས་བིན་ཐང་བརྒྱུད་རིན་ཕུག་གི་གནས་གཟིགས་སུ་ཕེབས་པ་ལས་སླར་བིན་ཐང་དུ་ཕེབས་ཐོག་རྗེ་དཔའ་བོའི་སྤྲུལ་སྐུ་རིན་པོ་ཆེ་དཔོན་སློབ་སྡེ་པ་གཙང་པ་མཆེད་རྣམས་ཀྱིས་སྒར་ཆེན་སྤྱན་འདྲེན་གྱི་གཡར་ངོར་ཞབས་དྲུང་དུ་ཕེབས། བིན་ཐང་ནས་བཏེག་པའི་ལམ་བར་དུ་སྟོད་ཤོད་པའི་བསྙེན་བཀུར་དང༌། གནས་རང་དུ་ཞོལ་མོ་ཆེ་ནས་རྗེ་བླ་མ་མཆོག་གི་དབོན་པོ་ཨ་བོ་དབང་ཕྱུག་གིས་འབུལ་ཞབས་ཡང་དག་པ་བགྱིས་ཤིང༌། སླར་སྟོད་ཤོད་ནས་སླེས་དང་རྟ་ལམ་བཀྲ་ཤིས་སྒང་བརྒྱུད་དུང་དཀར་བྲག་ཏུ་ཕེབས་པར་སོ་སོ་ནས་འབུལ་བ་དང་བསྙེན་བཀུར་ཞུས། ཟླ་བ་བཅུ་
པའི་ཚེས་ལྔ་ལ་ང་ལ་བརྒལ་ཏེ་བར་སྟོན་ནས་ལ་བར་ནང་ན་ཡར་ཕེབས་པར་ལ་ཐོག་ཟུར་མཁར་དང་དཔལ་འབྱོར་རབ་བརྟན་དུ་འབུལ་བ་དང་བསྙེན་བཀུར་བཟང་པོ་ཞུས་ཏེ་ཁྲ་འབག་གི་ལ་ནས་ཚེས་བཅུ་གཉིས་ལ་སྡེ་པ་སྐུ་རབ་པ་དང་རྩེ་ལེ་བ་མཆོད་ཡོན་གྱི་ཐབ་བསུ་སེར་སྦྲེངས་དང་བཅས་གོང་ལར་ཕེབས། དེར་སྡེ་པས་གཞི་ལེན་གྱི་བསྙེན་བཀུར་དང་རིན་པོ་ཆེ་དཔའ་བོའི་སྤྲུལ་པའི་སྐུ་ལ་སྤྱན་འདྲེན་གསོལ་འདེབས་ཀྱི་འབུལ་ནོད་གསེར་སིལ་མ་ཞོ་ཉིས་བརྒྱ་དང་ལྔ་བཅུ་ང་བདུན་གཟིམ་གུར་ཡོལ་བསྐོར་དང་བཅས་པ་གསར་བཟོས་བཅའ་འགྲིག་ལ་སོགས་པའི་སྣ་གྲངས་མང་ཞིང་དངོས་གཙང་བ་མཛད་ཅིང༌། འབྲུམ་མདའ་བ་ནང་སོ་རྒྱལ་པོས་ཀྱང་འབུལ་བ་ཞབས་ཏོག་དང་ལྷོ་བྲག་གྲྭ་ཚང་གི་སློབ་དཔོན་ཆོས་རྒྱལ་ཕྲིན་ལས་དེར་བྱོན་པས་ཀྱང་མཇལ་དར་ཕྱག་འབུལ་ཞུས། དེ་ནས་དཔོན་སློབ་ཉུང་བསྡུས་ཀྱིས་མཚོ་དཀར་དུ་རེ་ཞིག་བཞུགས་པའི་དགོངས་པས་གོང་ལ་ནས་རིམ་
གྱིས་བཏེག །ཉེར་དྲུག་ལ་མཚོ་དཀར་གནས་མང་དུ་ཕེབས་པར་རྡོར་འཛིན་ལ་སོགས་པ་རྣམས་ཀྱིས་ཕེབས་བསུ་དང་གཞི་ལེན་ཞུས་ཏེ་བཞུགས་ཡུལ་ཁྱུང་རྫོང་དུ་གནང་ནས་ཕལ་ཆེར་སྐུ་མཚམས་སུ་བཞུགས་ཤིང་སྐབས་སུ་སྟོན་མཆོད་ཀྱི་ཚོགས་དབུར་ཕེབས་པ་དང་བྱང་ནས་དབུ་མ་བའི་དྲུང་ནས་དཔོན་སློབ་མཇལ་དུ་འོངས་པ་སོགས་ལ་བཀའ་ཆོས་ཀྱང་གནང༌། དེ་ནས་ཟླ་བ་བཅུ་གཉིས་པའི་དགུ་གཏོར་དང་ས་མོ་ཕག་ལོའི་ལོ་སར་གནང་བར་སྡེ་པ་གཙང་པ་མཆེད་དང་ཡར་སྟོད་པ་སོགས་ཀྱི་སྤྱན་འདྲེན་དང་སྦྲགས་པའི་ལོ་སར་འབུལ་མི་རྣམས་ལ་སོགས་པའི་གཞི་བྱེས་ཚང་མར་ཞལ་མཇལ་ཕྱག་དབང་གནང༌། དེ་ནས་ཀྱང་ཕལ་ཆེར་སྐུ་མཚམས་དང་སྐབས་སྐབས་མཚོ་བསྐོར་གྱི་ཞབས་འཆག་ལ་ཡང་ཕེབས་པའི་ཞར་ལ་སྐུ་འཁོར་རྣམས་དང་ཕྱག་ཆེན་པར་གཟིགས་སྣང་འགའ་ཤས་ཀྱི་ངོ་སྤྲོད་ཀྱང་གནང༌། ཟླ་བ་གསུམ་པའི་ཚེས་བཅོ་ལྔ་ནས་བཞི་པའི་ཚེས་བདུན་གྱི་བར་མཚོ་དཀར་གྱི་སྒྲུབ་པ་
བ་ཕྱག་ཕྱིར་ཡོད་པའི་སྒར་པ་རྣམས་དང་བཅས་པ་ལ་ཉིད་ཀྱིས་མཛད་པའི་ཁྲིད་ཡིག་ཆེན་མོའི་སྟེང་ནས་ལྷན་ཅིག་སྐྱེས་སྦྱོར་གྱི་དམིགས་རིམ་རྒྱས་པ་ལ་སོགས་པའི་ཁྲིད་ལུང་ཅི་རིགས་པ་སྩལ་ཏེ་ཚེས་བརྒྱད་ནས་སླར་སྐུ་མཚམས་ལ་བཞུགས་པ་ཟླ་བ་དྲུག་པའི་ཚེས་གཅིག་ལ་གྲོལ་ནས་ཆུ་བོ་རི་ཚེ་ཆུ་སྦུག་གི་སྒྲུབ་སྡེ་བ་རྣམས་ལ་སོགས་པ་གནས་མཇལ་དང་ཞལ་མཇལ་དུ་འོངས་པ་ཀུན་ལ་མཇལ་ཁ་གནང༌། ཟླ་བ་བདུན་པའི་ནང་དུ་སྟོད་ཀླུངས་བདེ་ཆེན་ནས་དབོན་གུ་ཤྲི་ཀརྨ་བསྟན་འཛིན་པ་ཞབས་དྲུང་དུ་བྱོན་ཏེ་བསྙེན་པར་རྫོགས། དེ་ནས་རིམ་གྱིས་གནས་གསར་མར་ཡང་ཕེབས་ནས་གཟིགས་སྣང་དུ་མ་ཕྱག་ཆེན་རྣམས་ལ་ངོ་སྤྲོད་མཛད། སླར་མཚོ་དཀར་དུ་ཕེབས་པ་ན་དབོན་པོ་ཕྱག་མཛོད་པ་སོགས་གནས་ཕྱིར་ཡོད་པའི་དྲུང་བསྐོར་དྲག་རིམ་དང་བཤད་ ༡༢༩ སྒྲུབ་གླིང་ནས་ཆོས་རྗེ་ཏྲེ་ཆེན་སོགས་སྤྱན་འདྲེན་དུ་འབྱོན་པ་དེ་དག་གི་ཚེ་ཡར་སྟོད་ནས་ས་སྐྱོང་སྲོང་བཙན་པ་ཁུ་དབོན་དང་བདག་ཅག་
མཆོད་ཡོན་ཡང་མཚོ་དཀར་དུ་བགྲོད་ཅི་ཐུབ་ཀྱི་འདུན་པས་གོང་ལར་སླེབས་ཐོག་ནས་སྡེ་པ་ཁུ་དབོན་སྔ་འགྲོས་ཀྱིས་ཞབས་དྲུང་དུ་བྱོན་པ་དང་གཙང་པའི་སྤྱན་འདྲེན་ནངས་པ་ཁོངས་སྔ་བ་བཅར་སྡོད་ཡོང་བ་སོགས་ཀྱིས་གསོལ་བ་བཏབ་པ་བཞིན་གནས་ཕྱིར་མི་འགྱང་བར་ཕེབས་པའི་བཀའ་བཞེས་དང༌། བདག་ལའང་དེ་བཞིན་གྱི་བཀའ་ཤོག་བྱུང་བས་གོང་ལར་ཕེབས་སྒུག་ཞུས། དེ་རྗེས་ཡར་སྟོད་ནས་སྡེ་པ་ཁྲི་པ་དང་བྱ་པ་གོང་མ་ཡང་བྱོན་ཅིང༌། སྤྲུལ་སྐུ་བ་ནམ་མཁའ་བཀྲ་ཤིས་ཀྱིས་ཟུང་འཇུག་བརྒྱུད་པའི་ཞལ་ཐང་རྣམས་ལེགས་པར་གྲུབ་པ་ཕྱག་ཏུ་ཕུལ། ཟླ་བ་དགུ་པ་སྔ་མའི་ཚེས་བཅོ་ལྔ་ལ་མཚོ་དཀར་ནས་བཏེག །རིམ་པས་ཙཱ་རི་མ་ཆེན་གྱི་གནས་མཇལ་རྣམས་ཞིབ་ཏུ་གནང་སྟེ་བོད་ཀླུངས་སུ་ཕེབས་ཐོག་བྱ་ཡུལ་ནས་དཔོན་ས་ཡུམ་སྲས་རྣམས་མཇལ་དུ་བྱོན་པས་འབུལ་ཞབས་ཡང་དག་པ་བསྒྲུབས་ཤིང༌། སྔགས་གྲྭ་རྒྱལ་བྱེད་ཚལ་གྱི་མགོན་ཁང་དང་ཕོ་བྲང་སྣེའུ་གདོང་རྩེ་ཡི་གསེར་
འབུམ་ལ་ཕྱག་ནས་གནང་སྟེ། ཟླ་བ་དགུ་པ་ཕྱི་མའི་ཚེས་དགུ་ལ་གོང་མའི་གཟིམ་ཁང་དུ་ཕེབས་པར་བདག་ཅག་གིས་ཀྱང་ཞལ་མཇལ་ཕྱག་འབུལ་དང་ཅི་འབྱོར་བའི་འབུལ་ནོད་ཕྲན་བུའང་བགྱིས། དེར་རྗེ་སྤྲུལ་པའི་སྐུའི་ཞབས་དྲུང་ནས་དཔོན་དཀོན་མཆོག་ངག་དབང་ཕྲིན་ལས་དང༌། གཙང་པ་མཆེད་རྣམས་ཀྱི་མི་སྣར་སྡེ་པ་ཚེ་དབང་རྒྱལ་པོ་མཆོད་ཡོན་སྤྱན་འདྲེན་བསྐྱར་ཅིག་ཏུ་འབྱོར་ཞིང༌། རྒྱ་སྟོན་པའི་འབུལ་སྐྱེལ་གཏོས་ཆེ་བའང་སླེབས། དེ་ནས་རེ་ཞིག་སྐུ་མཚམས་སུ་བཞུགས་པའི་དགོངས་པ་དང་བསྟུན་བདག་ཅག་ཀྱང་བཤད་སྒྲུབ་གླིང་བར་དུ་བཏེག་རྗེས་སྐུ་མཚམས་ཀྱི་ཁོག་ ༡༣༠ ནས་སྒར་ཆོས་སྡེ་དང་བཅས་པ་རྣམས་ཀྱི་ཀུན་སྤྱོད་ལ་ཅུང་ཟད་ཐུགས་མ་རངས་པའི་བཀའ་སྩལ་ཕེབས་པར་ཐམས་ཅད་ཀྱིས་དགོངས་པར་གང་ཡོད་སྒྲུབ་པར་ཞུས་པས་ཀུན་ལ་བཅའ་ཡིག་བསྐྱར་བསྡམ་ལ་སོགས་པའི་བཀའ་བཀོད་བསླབ་སྟོན་ཞིབ་ཏུ་གནང་སྟེ་སྐུ་མཚམས་གྲོལ་ནས་ཟླ་བ་བཅུ་གཉིས་
པའི་ཉེར་གསུམ་ལ་སྐུ་རབ་བཀྲ་ཤིས་སྒང་གི་བཞུགས་སྒར་དུ་ཕེབས་ནས་ལོ་མཇུག་སྐུ་རིམ་དང་ལྕགས་ཕོ་བྱི་བའི་ལོ་སར་གནང༌། དེ་དག་གི་སྐབས་སུ་སྐྱིད་ཤོད་ནས་རྒྱལ་བུ་ཞབས་ཕྱིར་བསྙེན་པའི་སླད་དུ་བྱོན་པ་དཔོན་གཡོག་འགའ་ཤས་ཀྱི་གཙུག་ཕུད་བཞེས་ཤིང་རྒྱལ་བུར་ཀརྨ་རྣམ་རྒྱལ་རྡོ་རྗེའི་མིང་གནང༌། ལོ་སར་གྱི་ཐོག་གཙོ་བོར་རྗེ་སྤྲུལ་པའི་སྐུའི་བཞུགས་སྒར་ནས་སྤྱན་འདྲེན་ལོ་སར་འབུལ་མི་དང༌། གཞན་ཡང་གཙང་དབུས་ཀྱི་བླ་མ་སྡེ་དཔོན་གྲྭ་ཚང་ཕལ་གྱི་ལོ་གསར་འབུལ་བ་དང་བསྟུན་པའི་སྤྱན་འདྲེན་ཞབས་བསྐུལ་བ་སླེབས། ཚེས་བཞི་ནས་སྐུ་རབ་གནས་གཞིའི་ཚོམས་ཆེན་དུ་གནྡྷོ་ལའི་རྟེན་གཤོམ་གནང་སྟེ་ཡང་ཟུར་ལ་སོགས་པའི་དགེ་འདུན་རྣམས་ཀྱི་སྨོན་ལམ་ཚུགས། ཚེས་བཅུ་དྲུག་ལ་སྨོན་ལམ་གྲོལ་ནས་སེར་སྦྲེངས་ཤིས་བརྗོད་དང་རྟེན་མཇལ་རགས་རིམ་ཙམ་གནང༌། དེ་ནས་སྔ་སོར་མཆོད་ཡོན་སྟབས་གཅིག་པས་བཤད་སྒྲུབ་གླིང་དུ་བཞུགས་རྒྱུའི་བཀའ་འགྱུར་གསར་
བཞེངས་གནང་བ་ལེགས་པར་གྲུབ་པའི་རབ་གནས་དང༌། དགོན་སར་དུ་རིན་པོ་ཆེ་རྣམ་རྒྱལ་གྲགས་པའི་ཕྱི་རྟེན་གྱི་རབ་གནས་རིམ་པར་གནང་ཞིང༌། ཟླ་བ་གཉིས་པའི་ནང་དུ་སྡེ་པས་འབུལ་ཆེན་མཛད། ཟླ་བ་དེ་ཉིད་ཀྱི་ཉེར་གསུམ་ལ་སྐུ་རབ་ནས་བཏེག་པའི་ལམ་བར་དུ་དམར་མོ་ཁང་གསར་སྡེ་དགོན་རྣམས་ཀྱིས་འབུལ་ཞབས་ཡང་དག་པ་བགྱིས་ཤིང་ཉེར་ལྔ་ལ་དགེ་འདུན་རྣམས་ཀྱིས་བསུ་བའི་བཀོད་པ་རྒྱ་ཆེན་པོ་དང༌། བདག་ཅག་ཀྱང་དེ་ཉིད་དུ་ཡོད་པ་ཞབས་བསུར་མཆིས་ཏེ་༡༣༡ བཤད་སྒྲུབ་གླིང་དུ་གདན་ཕེབས་པར་གཞི་ལེན་གྱི་དཀར་དྲོ་གཟབ་རྒྱས་ཞུས་ཤིང༌། སྡེ་བས་ཀྱང་ཕེབས་སྤྲོའི་དཀར་དྲོ་ཞུས། ཟླ་བ་གསུམ་པའི་ནང་དུ་ཤུན་ཞབས་དྲུང་མ་ཆེན་དང་མཚུར་ཕུ་རིན་པོ་ཆེ་ཞལ་མཇལ་ཕྱག་འབུལ་དུ་ཕེབས་པས་སོ་སོའི་སར་སྤྱན་འདྲེན་གྱི་ཞུ་འབུལ་དང་འབུལ་ནོད་མཛད་ཅིང༌། བསྙུང་གནས་རས་པས་དགེ་འདུན་གྲྭ་ཚང་ཞིག་གསར་འཛུགས་བགྱིས་པ་ཞམ་རིང་དུ་ཕུལ། དེ་ནས་
ཕག་མོ་བའི་དཔོན་ས་བསྟན་སྐྱོང་རྒྱལ་མོ་གཤེགས་པའི་བསྔོ་ཞུས་པ་ཡང་འབྱོར་ཞིང༌། བྱ་པ་དམག་དཔོན་པ་དཔོན་གཡོག་ཕེབས་པས་ཀྱང་འབུལ་ཆེན་མཛད། དེ་མཚུངས་དགེ་འདུན་པདྨོ་བཀོད་པ་རྣམས་ཀྱིས་འབུལ་ནོད་དང་མགོན་པོའི་འཆམས་སོགས་ཀྱི་ཕྱག་ལེན་གཟིགས་འབུལ་བགྱིས། སྒམ་པོའི་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་གྱི་སྐུ་སྐྱེ་རབ་བྱུང་སྒྲུབ་ཏུ་བྱོན་པར་བབས་སྲོལ་དང་མཐུན་པའི་མཐོང་བཟོས་དང་དགེ་ཚུལ་གྱི་བསླབ་པའི་བཀའ་དྲིན་སྩལ་ཏེ་མི་ཕམ་ཕྲིན་ལས་རྣམ་རྒྱལ་དཔལ་བཟང་པོའི་མཚན་གནང༌། བཤད་སྒྲུབ་གླིང་པ་རྣམས་དབྱར་གནས་མཛད་པའི་དགེ་འདུན་ཚོགས་ཆེ་བ་ལ་ལྷན་ཅིག་སྐྱེས་སྦྱོར་ཀྱི་དམིགས་རིམ་རྒྱས་པའི་བཀའ་ཆོས་དང་བསླབ་པ་དོན་གཉེར་རྣམས་ལ་རབ་བྱུང་བསྙེན་རྫོགས་ཅི་རིགས་པའི་བཀའ་དྲིན་སྩལ། དབྱར་གནས་གྲོལ་ནས་དགེ་འདུན་རྣམས་ཀྱིས་དུས་འཁོར་སྒྲུབ་མཆོད་སྦྱིན་སྲེག་དང་བཅས་པའི་ཕྱག་ལེན་དང་དཀྱིལ་འཁོར་སྤྱན་ལམ་དུ་བསྟར་བས་
དགྱེས་པ་བསྐྱེད། དེ་དག་གི་སྐབས་སུ་དགེ་འདུན་བཤད་སྒྲུབ་གླིང་པ་ཉིད་ཀྱིས་ཐོག་དྲངས་དྭགས་པོ་སྟོད་ཀྱི་དགོན་ཆེ་ཕྲ་གྲྭ་རིགས་ཡོན་བདག་ཀུན་གྱིས་འབུལ་ཞབས་རྒྱ་ཆེ་གྲངས་མང་བགྱིས་ཤིང༌། ལྷོ་རྒྱུད་ནས་ནང་སོ་རབ་དགའ་བདེ་ཆེན་པ་མཇལ་དུ་འོང་བས་ཀྱང་འབུལ་ཞབས་བགྱིས། ཟླ་བ་བཅུ་པའི་ཚེས་གཅིག་ལ་ས་སྐྱོང་སྲོང་བཙན་པ་དང་སྡེ་པ་གཙང་པ་མཆེད་རྣམས་ཀྱི་མི་སྣས་གཙོས་པའི་སྤྱན་འདྲེན་ཞུ་འབུལ་བ་རྣམས་ལ་དབུས་གཙང་དུ་ཕེབས་པའི་བཀའ་བཞེས་གནང་ནས་མི་སྣ་རྣམས་ཀྱང་སོ་སོར་རྫོང་བ་མཛད། དེ་ནས་རིམ་པར་བཤད་སྒྲུབ་གླིང་པའི་དགེ་འདུན་རྣམས་ལ་བཅའ་ཡིག་སྒྲོག་པ་དང་སྒོ་གསུམ་སངས་རྒྱས་ཀྱི་བསྟན་པའི་དོན་བསླབ་པ་གསུམ་ལ་ནན་ཏན་གྱིས་སྦྱོར་དགོས་པའི་བཀའ་ཁྱབ་སྤྱི་རྫས་ཀྱི་གནང་ཆ་བཟང་པོ་དང་བཅས་པ་སྩལ་ཞིང༌། གླིང་མཐར་ལྕགས་རི་དང་གཙང་ཁང་རྒྱ་ཕིབས་ལ་གསེར་ཐོག་གནང་བའི་དགོངས་པས་དེ་དག་གི་ས་ཡུལ་ལ་ཕྱག་
ནས་དང་ལྕགས་རིའི་ས་ཐིག་བྲེ་བ་མཛད་ནས་སྡེ་པ་ཁུ་དབོན་རྣམས་ལ་དེ་བཞིན་གྱི་འབད་པ་གྲོགས་འགྱུར་དགོས་ཚུལ་དང༌། དེ་མཚུངས་སྒྱེར་ཆོས་འཁོར་གླིང་གི་གཙུག་ལག་ཁང་གསར་འདེབས་དང་གྲྭ་ཁྲལ་སོགས་ཀྱི་རྩོལ་བ་ཡང་མ་དོར་བ་དགོས་པའི་བཀའ་སྩལ་གནང་སྟེ། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་དགུ་ལ་བཤད་སྒྲུབ་གླིང་ནས་བཏེག་པའི་ཕེབས་ལམ་དུ་ལྕང་ར་བའི་ཇ་ཞུས་དང༌། སྒོ་པའི་ཡང་ཐབ་བསུ་སེར་སྦྲེངས་དང་བཅས་རབ་བརྟན་གླིང་དུ་ཕེབས་པར་རྗེ་བླ་མ་མཆོག་གི་སྐུའི་སྲི་ཞུ་དང་རིམ་གྲོ་བ་ནང་སོ་སྨིན་གྲོལ་བ་མཆེད་དང་རབ་བརྟན་གླིང་པ་སྤྱི་སོ་མངའ་ཞབས་དང་བཅས་པས་འབུལ་བ་དང་ཞབས་ཏོག་བླ་ལྷག་ཏུ་བསྒྲུབས། དེ་ནས་རིམ་པར་བཏེག་པའི་ལམ་བར་དུ་སྐྱིལ་སྐྱེས་དགོན་པ་བ་རྣམས་ཀྱི་འབུལ་ཞབས་དང༌། མཚོ་མོ་དགོན་དུ་སྡེ་པ་རྒྱ་རི་བས་མཇལ་དུ་བྱོན་པས་འབུལ་བ་དང་བསྙེན་བཀུར་ཞུས་ཤིང༌། དེར་ཡར་སྟོད་ནས་སྡེ་པ་ཁྲི་པ་ཡང་ཕེབས་བསུ་ཕྱག་འབུལ་དུ་བྱོན་
པས་གསོལ་ཇ་དང་བཞེས་སྤྲོ་ཞུས་ནས་གོ་ར་ཆོས་རྫོང་དུ་ཕེབས། ཉེར་དགུ་ལ་བྲ་ལ་བརྒལ་ཏེ་བསམ་བདེར་ས་སྐྱོང་ ༡༣༣ སྲོང་བཙན་པ་ཁུ་དབོན་དཔོན་གཡོག་རྣམས་ཀྱིས་རྩི་མ་གསེར་བ་ལ་སོགས་པའི་བཀོད་པ་གཟབ་རྒྱས་ཀྱིས་ཆིབས་བསུ་ཐབ་འཛིན་དང༌། གཡམ་བཟང་དགའ་ཚལ་སོགས་དགོན་ཆེ་ཕྲ་ཀུན་གྱི་སེར་སྦྲེངས་དང་བཅས་ཡར་སྟོད་ཁྲོམ་སར་གདན་ཕེབས་པ་ན་ཚོང་དཔོན་མགོན་པོ་རྡོ་རྗེ་སོགས་ཀོང་པོའི་ཇ་པ་མང་པོ་རབ་འབྱམས་པ་འབའ་ལུག་དང་བླ་མ་གཅོད་པའི་འབུལ་སྐྱེལ་བ་དང་བཅས་པ་འབྱོར་བ་རྣམས་ཀྱིས་ཇ་སྤོབ་ཙེ་ཉིས་བརྒྱ་ལ་སོགས་པའི་འབུལ་ཆེན་བགྱིས། ཟླ་བ་བཅུ་གཅིག་པའི་ཚེས་བཅུ་བཞི་ལ་ལྷུན་པོ་སྒང་དུ་ཕེབས་སྤྲོའི་གདུགས་ཚོད་བཤམས་ཤིང་རིམ་པས་དགའ་ཚལ་བ་སྤྱི་བླ་བྲང་རྣམས་ཀྱིས་ཀྱང་གཞི་ལེན་གྱི་བསྙེན་བཀུར་ཞུས། དེ་དག་གི་ཚེ་འཇང་གི་འབུལ་སྐྱེལ་སྤོ་འབོར་བའི་འགྲོན་ཚན་དང་གཙང་ས་ནས་སྤྱན་འདྲེན་ཞབས་བསྐུལ་དུ་སྡེ་པ་འབྲོང་
རྩེ་བ་སོགས་འབྱོར་ཞིང༌། ལྷོ་སྟོད་ནས་སྡེ་པ་གཙུག་ལག་རབ་རྒྱས་ཀྱང་ལྷོར་སྤྱན་འདྲེན་གྱི་གསོལ་འདེབས་དང་ཕྱག་འབུལ་དུ་འབྱོར། ཟླ་བ་བཅུ་གཉིས་པའི་ནང་དུ་ས་སྐྱོང་སྲོང་བཙན་པས་རྣམ་རྒྱལ་སྒང་དུ་སྒེར་གྱི་ཞབས་ཏོག་དང་འབུལ་ཆེན་གྱ་ནོམ་པ་མཛད་ཅིང༌། བྱང་ཆུབ་སྡིངས་པས་ཀྱང་དེ་ཉིད་དུ་སྤྱན་དྲངས་ཏེ་འབུལ་ཞབས་བསྒྲུབས། དེ་མཚུངས་སྤེལ་དམར་བ་དང་དགའ་ཚལ་བ་སོགས་ཉེ་སྐོར་གྱི་སྐྱ་སེར་དྲག་མགོས་ཕལ་གྱིས་འབུལ་ཞབས་རྒྱ་ཆེ་གྲངས་མང་བགྱིས་ཤིང༌། རས་ཆུང་ཕུག་ནས་སྐུ་སྐྱེ་དཔོན་སློབ་ཞལ་མཇལ་ཕྱག་འབུལ་དུ་བྱོན་པས་ཀྱང་འབུལ་ཆེན་བཏེག །བྱ་ཡུལ་ནས་དཔོན་ས་ཆོས་རྒྱལ་གླིང་པ་འདས་པའི་བསྔོ་ཞུས་པ་འབྱོར་བར་བྱང་བུ་ཕྱག་ཞུས་དང་བསྔོ་བ་སྨོན་ལམ་གནང༌། དེ་ནས་ལོ་མཇུག་གི་སྐུ་རིམ་ཆེན་མོ་དང་ལྕགས་མོ་གླང་གི་ལོ་སར་གནང་བར་དབུས་གཙང་གི་བླ་མ་སྡེ་དཔོན་ཕལ་གྱིས་དགའ་སྟོན་གྱི་སྐྱེས་འབུལ་ཞུས་ལོ་སར་གྲུབ་རྗེས། བར་ཐང་རྫོང་དུ་སྡེ་
པ་ཁྲི་པས་སྒེར་གྱི་འབུལ་བ་བསྙེན་བཀུར་རྒྱ་ཆེན་པོ་མཛད་པས་སླར་ཁྲོམ་སར་ཕེབས་ཐོག་རྩེ་ནས་ཞབས་དྲུང་གདུང་བརྒྱུད་རིན་པོ་ཆེ་གཙུག་ཕུད་འབུལ་བར་ཕེབས་པས་འབུལ་ཞབས་དཔངས་བསྟོད་མཛད་པའི་གཙུག་ཕུད་བཞེས་ཏེ། མི་ཕམ་མཐུ་སྟོབས་དབང་བསྒྱུར་རྣམ་པར་རྒྱལ་བའི་ལྷ་ཞེས་པའི་མཚན་གནང༌། ཚོགས་དགེ་འདུན་སྒང་ནས་མཁན་ཆེན་ཀུན་དགའ་བློ་གྲོས་པ་ཡང་ཞལ་མཇལ་ཕྱག་འབུལ་དུ་བྱོན། ཚེས་བཅུ་གཅིག་ནས་ལྷུན་པོ་སྒང་གི་ཚོམས་ཆེན་དུ་གཞི་བྱེས་ཀྱི་ཆོས་སྡེ་རྣམས་ཀྱིས་སྨོན་ལམ་ཚུགས་ཤིང༌། བཅུ་བདུན་ལ་སྡེ་པས་འབུལ་ཆེན་མཛད། དེར་ཞལ་ངོ་རྣམས་ལ་དབང་བཀའ་ཅི་རིགས་པའང་སྩལ། དེ་དག་གི་སྐབས་སུ་འབོག་མདོང་གི་སྡེ་པ་ཤེལ་མཁར་བ་དང་མདར་རྒྱལ་བ་འབྱོར་བས་སོ་སོ་ནས་འབུལ་ཞབས་གྱ་ནོམ་པ་བགྱིས་ཤིང༌། བར་ལམ་ཁོག་གི་འབུལ་སྐྱེལ་བ་ཁ་ཤས་དང༌། ཤེལ་བྲག་པ་དང་དུང་ལ་བས་ཀྱང་འབུལ་ཆེན་བགྱིས། གཞི་བྱེས་ཀྱི་རབ་
བྱུང་བསྙེན་རྫོགས་སྒྲུབ་པ་ཡང་མང་དུ་བྱུང༌། ཉེར་གཅིག་ལ་ས་སྐྱོང་འཕྱོངས་རྒྱས་པས་ཨེ་ཝཾ་དགོན་དུ་སྤྱན་དྲངས་ནས་འབུལ་ཆེན་དང་བསྙེན་བཀུར་ཞུས་ཤིང་ཚེ་དབང་ལ་སོགས་པའི་བཀའ་དྲིན་ནོད། སླར་ཁྲོམ་སར་ཕེབས་པ་ན་བྱང་བདག་པོ་བཀྲ་ཤིས་སྟོབས་རྒྱས་པ་ཡབ་སྲས་རྣམས་འཕྱོངས་རྒྱས་སུ་བཞུགས་པ་ཚུར་མཇལ་དུ་བྱོན་པས་འབུལ་ནོད་མཛད། ཟླ་བ་གཉིས་པའི་བཅུ་གསུམ་མཆོད་པ་དང་བསྟུན་ཏེ་གཡམ་བཟང་པས་སྤྱན་དྲངས་ནས་འབུལ་ཞབས་བསྒྲུབས་ཤིང་ལྷ་མགོན་གྱི་འཆམས་སྐུ་འབུལ་ཐང་དུ་སྤྱན་འདྲེན་པ་ལ་གཟིགས་རྟོག་དང་ཕྱག་ནས་གནང༌། ཕྱིར་ཕེབས་ནས་དགའ་ཚལ་བ་དཔོན་སློབ་རྣམས་ལ་དགེ་འདུན་མཐུན་ཅིང་ཚུལ་གནས་ཐོས་བསམ་ལ་འབད་དགོས་ཚུལ་སོགས་ཀྱི་བསླབ་བྱ་བཀའ་བཀོད་གནང་ནས་ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་དགུ་ལ་ཁྲོམ་ས་ནས་བཏེག་སྟེ་གཙང་ཕྱོགས་སུ་ཆིབས་ཁ་བསྒྱུར་བའི་ཕེབས་ལམ་ཡར་འབྲོག་བརྒྱུད་(བཤར་བས་མཚོ་སྐྱིལ་)བྱེ་
ལའི་ལ་གཤམ་དུ་ཞག་མལ་གནང་ནས་ཉེར་གཅིག་ལ་གྲི་གུ་གསང་སྔགས་ཆོས་གླིང་དུ་ཕེབས་པར་གྲི་གུ་བའི་དཔོན་ས་སྤུན་གྱིས་ཕེབས་བསུ་ཞབས་ཏོག་འབུལ་ཆེན་གྱ་ནོམ་པ་བགྱིས་ཤིང༌། དེར་ས་སྐྱོང་སྲོང་བཙན་པས་གཙུག་ཕུད་ཕུལ་ཏེ་སྐུ་རྟེན་འགྱུར་བར་དགེ་བསྙེན་གྱི་སྡོམ་པ་དང༌། ཀརྨ་སྲོང་བཙན་དོན་གཉིས་ལྷུན་གྲུབ་ཀྱི་མཚན་གནང༌། དེ་མཚུངས་སྤེལ་དམར་བ་ནང་སོ་རྡོ་རྗེས་ཀྱང་གཙུག་ཕུད་ཕུལ་ཏེ་ལུས་རྟེན་བསྒྱུར་བར་དགེ་བསྙེན་དང་ཀརྨ་དོན་ཡོད་སྙིང་པོའི་མིང་གནང༌། ཉེར་བདུན་ལ་གྲི་གུ་ནས་བཏེག །ཞོ་མང་ས་ཐང་དུ་ཕེབས་པར་གྲི་གུ་ནས་ཐབ་འཛིན་དང་བཅས་སྡེ་པ་ཞལ་ངོ་རྣམས་ཀྱང་ཞབས་སྐྱེལ་དུ་བྱོན་པས་ཕྱག་འབུལ་ཞུས། དེ་ནས་རིམ་གྱིས་གླིང་དྲུང་བརྒྱུད་དཀར་མོ་གླིང་ཁ་ནས་གྲང་མདར་ཕེབས་ཐོག་ཡར་རྒྱབ་ནས་ས་སྐྱོང་བདུད་འདུལ་གྲགས་པ་ཞལ་ངོ་རྣམས་མཇལ་དུ་བྱོན་པས་སྒེར་གཞུང་སོ་སོ་ནས་འབུལ་ཞབས་གཟབ་རྒྱས་ཞུས་ཤིང༌། དགེ་འདུན་སྔགས་
གྲྭ་བ་རྣམས་ཀྱང་ཞལ་མཇལ་ཕྱག་འབུལ་དུ་འབྱོར། གྲང་གཤོངས་བཀྲ་ཤིས་སྒང་དུ་གཞིས་ཀ་གོང་དཀར་ནས་ཞབས་དྲུང་མིའི་དབང་པོ་ཁུ་དབོན་ལས་ཚན་གཟབ་རྒྱས་ཀྱིས་ཕྱག་འབུལ་དུ་ཕེབས་ནས་གུས་འདུད་ཆེར་མཛད་དེ་གདུང་བརྒྱུད་རིན་པོ་ཆེ་གཙུག་ཕུད་འབུལ་བ་དང་བསྙེན་བཀུར་འབུལ་ཞབས་མཐའ་ཡས་པ་ཞུས་ནས་བཀའ་དབང་བཀའ་ཆོས་ཀྱི་འབྲེལ་བ་ཅི་རིགས་པ་ཡང་གསན་ཅིང༌། འབྲུག་པའི་དབུ་ཆེ་ཆོས་རྗེ་ལྷ་རྩེ་བས་ཀྱང་མཇལ་ཏེ་བཀའ་འབྲེལ་ཞུས། དེ་ནས་རིམ་གྱིས་བཏེག་པར་དཔལ་དེ་བའི་འབུལ་ཞབས་དང༌། ཡར་སྲིབས་རྡོ་ཟམ་དུ་སྣ་དཀར་རྩེ་ནས་ ༡༣༦ ཁྲི་དཔོན་ཁུ་དབོན་མཇལ་དུ་བྱོན་པས་འབུལ་ཞབས་དཔངས་བསྟོད་མཛད་ཅིང་དབང་ཆོས་ཀྱི་བཀའ་དྲིན་ནོད། དེར་གཙང་ནས་སྡེ་པ་ཀརྨ་མཐུ་སྟོབས་རྣམ་རྒྱལ་བ་ཡང་ཇ་འདྲེན་ཕྱག་འབུལ་དུ་བྱོན། རིམ་པས་ངུར་མིག་གི་རྗེ་བཙུན་སྒྲོལ་མའི་དྲུང་དུ་ཕྱག་མཆོད་གནང་ནས་ཟླ་བ་བཞི་པའི་ཚེས་དགུ་ལ་དགེ་འདུན་འོག་
མིན་གླིང་པ་དང་ཆོས་མཛད་མ་ཀརྨ་རྣམ་གྲོལ་མཆོད་ཡོན་གྱི་ཐབས་བསུ་སེར་སྦྲེངས་དང་བཅས་གཡུང་དར་རྒྱས་སུ་ཕེབས་ཏེ་གཙུག་ལག་ཁང་གསར་བཞེངས་སུ་བཞུགས་ཡུལ་གནང་ནས་ཕྱི་ནང་ཀུན་ལ་གཟིགས་རྟོག་དང་རིམ་པས་བདེ་མཆོག་གི་སྒོ་ནས་རབ་གནས་རྒྱས་པའི་སྦྱིན་སྲེག་དང་བཅས་པ་གནང་ཞིང༌། གཞི་བ་མཆོད་ཡོན་གྱིས་ཕེབས་སྤྲོའི་བསྙེན་བཀུར་དང་འབུལ་ཆེན་ཡང་བགྱིས། དེར་ཡར་ལམ་ལྷོ་སྟོད་དུ་ཆིབས་ལམ་འཁྱོག་པ་མ་ཤར་བའི་དབང་གིས་སྡེ་པ་གཙུག་ལག་རབ་རྒྱས་མི་ངོ་རྣམས་དད་འདུན་ཆེན་པོས་འབུལ་ཞབས་བཏེག་སྟེ་འབྱོར་བས་སྒར་སྟོན་དང་འབུལ་ཆེན་བགྱིས། བདག་པོ་བཀྲ་ཤིས་སྟོབས་རྒྱས་པའི་དབོན་སྲས་གཞོན་པ་ཕྱག་ཕྱིར་བཞུགས་རྒྱུ་ཡང་འབྱོར། ཟླ་བ་ལྔ་པའི་ཚེས་གཅིག་ལ་གཡུང་ནས་བཏེག །བདེ་སྐྱིད་གླིང་དུ་རིན་སྤུངས་ནས་མིའི་དབང་པོ་སྐུ་མཆེད་ཀྱི་ཆིབས་བསུ་ཐབ་འཛིན་དང༌། བྱམས་ཆེན་པས་ཀྱང་ཆིབས་གཞོལ་ཞུས་ནས་འབུལ་
ཞབས་བསྒྲུབས་ཤིང་རྗེ་བཙུན་བྱམས་པའི་དྲུང་དུ་ཕྱག་མཆོད་མཛད་ནས། དགོན་ཆེ་ཕྲ་ཀུན་གྱི་སེར་སྦྲེངས་ཀྱི་ཞབས་བསུ་དང་བཅས་མཁའ་རུ་སྟེང་ཀླུ་སྡིངས་སུ་གདན་ཕབ། དེར་མིའི་དབང་པོ་ངག་དབང་ནོར་བུ་བཟང་པོ་རིང་མོ་ནས་སྐུ་ལུས་ཐང་རྒྱུ་མེད་པ་རྒྱལ་བ་ཉིད་ཀྱི་ཞལ་མཇལ་བྱིན་རླབས་ཐོབ་པས་ཐུགས་བསམ་རྫོགས་པ་ལྟ་བུར་སྐུ་ཚེའི་འཕེན་པ་བཏང་བ་གཤེགས་ཀར་ཕོ་བྲང་དུ་སྤྱན་དྲངས་ཏེ་ཕྱག་དབང་ཞབས་དབང་དང༌། གཤེགས་ནས་ ༡༣༧ དགོངས་རྫོགས་སྔ་མགྱོགས་ཀྱི་སྒར་སྟོན་དང་བཅས་མགྱོགས་བསྔོའི་རྟེན་ཐུགས་རྗེ་ཆེན་པོའི་ཞལ་ཐང་སྦྲེལ་ཐགས་དང༌། མུ་ཏིག་གི་དོ་ཤལ་རིན་ཐང་ཅན། མ་ན་ཧུའི་ཆིབས་སྒ་ཁྱད་མཚར་སོགས་ཕུལ་བར་བསྔོ་བ་སྨོན་ལམ་གྱི་སྐྱབས་འཇུག་གནང༌། དེ་སྐབས་ཆོས་རྗེ་ཏྲེ་བོའི་སྐུ་སྐྱེ་དཔོན་སློབ་ཁམས་ཕྱོགས་ནས་འཁོར་ཏེ་དཀར་(ལྕོག་ཏུ་)ཆོས་སུ་བཞུགས་པ་ཡང་ཕྱག་འབུལ་དུ་བྱོན་པས་འབུལ་ཆེན་མཛད། རིན་སྤུངས་ནས་རིམ་གྱིས་བཏེག་པ་དང་རྗེ་
སྤྲུལ་པའི་སྐུ་རིན་པོ་ཆེ་དཔོན་སློབ་སྔ་འགྲོས་ཀྱིས་གཙང་ཕྱོགས་སུ་ཕེབས་ནས་བཞུགས་པ་ལས་བར་སྐབས་ཆིབས་རགས་ཡངས་པ་ཅན་སོགས་སུ་སྐོར་ཙམ་འདེགས་པ་གནང་བ་སླར་བཞུགས་སྒར་རྩེ་འཛོམ་གྱི་དགོངས་པས་ཕེབས་པ་དྲེད་གཤོངས་སུ་མཇལ་འཛོམ་གནང༌། དེ་ནས་ཡབ་སྲས་ལྷན་རྒྱས་སུ་བྱ་བཟང་ནས་ཆིབས་གཞོལ་དང༌། སྨུག་པོ་ཚལ་དུ་ཐོབ་རྒྱལ་བས་མཇལ་ཏེ་ཐབ་འཛིན་དང་བསྙེན་བཀུར་གཟབ་རྒྱས་ཞུས། ཟླ་བ་ལྔ་པའི་ཚེས་བཅུ་གསུམ་ལ་གོང་འཛིན་དུ་གཙང་ནས་སྡེ་པ་ལྷ་དབང་རྡོ་རྗེ་སྐུ་མཆེད་རྒྱལ་བུ་དང་བཅས་པ་དཔོན་གཡོག་རྣམས་ཀྱིས་རྩི་མ་གསེར་སྒ་ལ་སོགས་པའི་རྒྱན་སྤྲོས་གཟབ་རྒྱས་ཀྱི་ཆིབས་བསུ་ཐབ་འཛིན་དང༌། དཔལ་འཁོར་ཆོས་སྡེ་བ་དང་ཞ་ལུ་བ་སྒ་གདོང་པ་སོགས་དགེ་འདུན་རྒྱ་ཕྲག་མང་པོའི་སེར་སྦྲེངས་ཀྱི་བསུ་བ་དང་བཅས་ཏེ་པ་སྣམ་ཀླུ་སྡིངས་སུ་གདན་ཕེབས་པར་ཞ་ལུ་བ་དང་དཔལ་འཁོར་ཆོས་སྡེ་བ་རྣམས་ཀྱིས་ཡོ་གའི་གར་དང་
གུར་གར་སྤྱན་ལམ་དུ་བསྟར་ཞིང༌། སྡེ་པས་ནར་མའི་ཞབས་ཏོག་དང་གཞི་ལེན་གྱི་དཀར་དྲོ་གཟབ་རྒྱས་ཞུས། སྒ་གདོང་གི་གཟིམ་ཁང་ལ་ཡང་གཟིགས་རྟོག་དང་ཕྱག་ནས་གནང༌། དེར་རིན་སྤུངས་ནས་དགོངས་རྫོགས་དངོས་གཞི་ལ་སྤྱན་འདྲེན་ནན་གྱིས་ཞུས་ངོར་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་དང་རིན་པོ་ཆེ་དཔའ་བོ་དཔོན་སློབ་ཆོས་སྡེ་དང་བཅས་པ་གཞིར་བཞུགས་ཤིང༌། རྒྱལ་བ་ཉིད་ཟླ་བ་དྲུག་པའི་ཚེས་ལྔ་ལ་ཆིབས་ཁ་བསྒྱུར་ཏེ་རིམ་གྱིས་གཞིས་ཀ་རིན་སྤུངས་སུ་ཕེབས་པར་མིའི་དབང་པོ་ངག་དབང་ནོར་བུ་བཟང་པོའི་དགོངས་རྫོགས་སུ་དམིགས་པའི་ནར་མའི་ཞབས་ཏོག་གྱ་ནོམ་པ་དང་སླར་སྟོན་དཀར་དྲོ་གཟབ་གཤོམ་གྱི་ཐོག་བྱུ་རུའི་མགུལ་ཤལ་ཤིན་ཏུ་ལེགས་པ་དང་འགྲོ་མགོན་འཕགས་པའི་ཞལ་དཀར་དུ་བྱེད་པའི་མ་ན་ཧུའི་དཀར་གཟུགས་འབྲུག་བརྐོས་མ་ཁྱད་ཅན་སྟེགས་བཅས་ལ་སོགས་པའི་དངོས་སྤྱད་སྤུས་གཙང་གྲངས་མང་གི་འབུལ་ནོད་མཛད་དེ་བསྔོ་བ་སྨོན་ལམ་དང་མཚན་
བྱང་ཕྱག་ཞུས་ཀྱང་ཞུས། དེ་ནས་གཡུང་དུ་ཕེབས་པ་ན་མོན་པའི་མཇལ་མི་མང་དུ་སླེབས་པས་འབུལ་ཆེན་བགྱིས་ཤིང༌། གོང་དཀར་ནས་དཔོན་ས་བདག་མོ་ཆོས་དོན་གཉེར་གྱིས་བྱོན་པའི་གཙུག་ཕུད་བཞེས། དེར་གསེར་རིས་ཀྱི་གསེར་ལ་སོགས་པའི་ཚོན་དང་གང་ཅིའི་ཆ་རྐྱེན་རྣམས་གཙང་ནས་སྡེ་པ་ཚོས་སྦྱར་ཏེ་སྨན་ཐང་པ་དཀོན་མཆོག་ཕྲིན་ལས་ལྷུན་གྲུབ་པ་དཔོན་སློབ་རྣམས་ཀྱིས་འདུ་ཁང་གི་ཤིང་རྩི་དང་འཁྲུངས་རབས་བརྒྱ་རྩའི་ལོགས་བྲིས་བགྱིས་ཤིང༌། གཡེ་པ་ཀུན་ཤེས་དང་རིག་གནས་སོགས་ཀྱིས་གློ་འབུར་ཕན་ཚུན་དུ་མགོན་ཁང་དང་རྣམ་སྲས་ཁང་གི་འབུར་དོད་རྣམས་རིམ་པས་བཞེངས་སྐབས་དཔོན་སློབ་གཞིར་བཞུགས་དང་སྡེ་པ་མཆེད་རྣམས་ཀྱི་སྤྱན་འདྲེན་རིམ་བརྩེགས་བྱུང་བ་ནས་དེ་དག་ལ་གཟིགས་རྟོག་དང་ཞལ་བཀོད་ཕྱག་ནས་མ་མགོན་གྱི་སྐུ་སོགས་ལ་ཕྱག་བཟོའང་ཅི་རིགས་པ་གནང་སྟེ་གཡུང་ནས་བཏེག །ཕྱིར་ལམ་རིན་སྤུངས་སུ་ཞལ་ངོ་སྲས་ཡུམ་རྣམས་
ལ་ཚེ་རྟ་ཟུང་འབྲེལ་ལ་སོགས་པའི་དབང་ཆོས་ཀྱི་བཀའ་དྲིན་སྩལ་ཞིང༌། མིའི་དབང་པོ་འཇམ་དབྱངས་གྲགས་པ་ཆེ་འདོན་དང་ཤིས་བརྗོད་མཛད། དེ་ནས་ཡར་ཕེབས་པའི་ལམ་འཁོར་ནས་ཕུང་པོ་རི་བོ་ཆེའི་གནས་གཟིགས་ཀྱང་མཛད་ནས། ཟླ་བ་བརྒྱད་པའི་ཉེར་དྲུག་ལ་གཞིར་བཞུགས་༡༣༩ མཆོད་ཡོན་རྣམས་ཀྱི་ཆིབས་བསུ་ཐབ་འཛིན་དང་བཅས་ཏེ་པ་སྣམ་དུ་ཕེབས་ནས་རིམ་པས་རྗེ་སྤྲུལ་པའི་སྐུ་དང་རིན་པོ་ཆེ་དཔའ་བོས་དབུ་མཛད་པའི་ཆོས་ཉན་མང་དག་ལ་གྲུབ་ཆེན་པཀྵིའི་བཀའ་འབུམ་གྱི་ལྗགས་ལུང་ཚུགས་ཤིང༌། རྗེ་སྤྲུལ་པའི་སྐུ་རིན་པོ་ཆེར་བདེ་མགོན་གྱི་བཀའ་དབང་ཡང་འབུལ་བ་གནང༌། ཟླ་བ་བཅུ་པའི་ནང་དུ་གཡུང་གི་ལྷ་ཆེན་གྱི་སྐུ་རྒྱུ་བྱིན་རླབས་དང་བལ་པོ་རྣམས་ལ་བཀའ་བཀོད་མཛད། དེ་ནས་ཀོང་པོའི་རྟ་འབུལ་དང་ཁམས་ནས་རྒྱ་བྱ་བ་དང་གསེར་སྡིངས་བའི་འབུལ་སྐྱེལ་སླེབ་པ་རྣམས་ཀྱིས་འབུལ་ཆེན་རིམ་པར་བགྱིས་ཤིང༌། ཟླ་བ་བཅུ་གཅིག་པའི་ནང་དུ་ཕོ་བྲང་ནས་གསེར་
ཡིག་པ་སླེབས་པས་གོང་མའི་ཞུ་འཕྲིན་གོས་དར་ལ་སོགས་པའི་འབུལ་ནོད་རྒྱ་ཆེ་བ་དང་བཅས་པ་ཕུལ་ཞིང༌། རིམ་པས་སྒ་གདོང་གྲྭ་ཚང་བ་སྤྱི་བླ་བྲང་གི་འབུལ་ཞབས་དང་ཟུར་མང་བ་པདྨ་གར་དབང་གི་སྐུ་སྐྱེ་དཔོན་སློབ་འབྱོར་བས་ཀྱང་འབུལ་ཆེན་བགྱིས། དེ་ནས་ལོ་མཇུག་གི་སྐུ་རིམ་ཆེན་མོའི་གཏོར་རྒྱག་སོགས་གཟབ་རྒྱས་དང༌། ཆུ་ཕོ་སྟག་ལོའི་ལོ་སར་གྱི་བཀྲ་ཤིས་དགའ་སྟོན་མཛད་དེ་དབུས་ཕྱོགས་སོགས་ཀྱི་ལོ་སར་འབུལ་མི་རྣམས་ཀྱིས་སྐྱེས་འབུལ་ཞུས། ཚེས་བཞི་ནས་གཟིམ་གུར་དུ་གནྡྷོ་ལའི་རྟེན་གཤོམ་གནང་ནས་གཞི་བྱེས་ཀྱི་དགེ་འདུན་ཚོགས་ཤིན་ཏུ་ཆེ་བས་སྨོན་ལམ་ཚུགས། ཚེས་དྲུག་གི་སྔ་ཆ་གཟའ་སྐར་འཕྲོད་སྦྱོར་ཤིས་པ་ལ་སངས་རྒྱས་མངོན་གྱུར་ཇོ་བོ་གནྡྷོ་ལའི་དྲུང་དུ་རྒྱལ་བ་ཉིད་ལ་མཁན་པོར་གསོལ་ཏེ། བདག་གིས་ལས་ཀྱི་ཆོ་ག་བརྗོད་པ་དང༌། རྗེ་དཔའ་བོའི་སྤྲུལ་སྐུས་གསང་སྟེ་སྟོན་པའི་སློབ་དཔོན་མཛད་ཅིང༌། ལས་ཀྱི་ཁ་སྐོང་དང་གྲིབ་ཚོད་པ་ཡང་ཟུར་
གྱི་བླ་མ་བསོད་ནམས་བཟང་པོ་དང་ཀརྨ་དད་གྲོལ་ཏེ་ལྔའི་ཚོགས་ལས་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེའི་ཞལ་སྔ་ནས་རབ་བྱུང་དང་བསྙེན་པར་རྫོགས་པ་ཆིག་རྫོགས་ཀྱི་ཚུལ་དུ་བཞེས་པར་ཕྱག་ནས་ལེགས་ཇའི་གནང་སྐྱེས་གྱ་ནོམ་པ་སྩལ་ཞིང༌། རྗེ་སྤྲུལ་པའི་སྐུའི་ཞལ་སྔ་ནས་ཀྱང་མཁན་པོའི་ཡོན་དང་ལས་གྲལ་བ་རྣམས་ལ་རྣམ་གཞག་ཚོགས་པ་ལ་ཇ་འགྱེད་སོགས་དཔངས་བསྟོད་པ་གནང༌། སྨོན་ལམ་གྱི་ཐོག་ཏུ་ལ་སྟོད་བྱང་པའི་ཇ་ཞུས་པ་འབྱོར་ཞིང་སྨོན་ལམ་གྲོལ་ཉིན་མཚུར་ཕུ་ནས་སྟོན་པ་གཙོ་འཁོར་གྱི་སྐུ་འབག་སྤྱན་དྲངས་པའི་འཁོར་དུ་གནས་བརྟན་བཅུ་དྲུག་དང་རྒྱལ་སྲིད་སྣ་བདུན་གྱི་ཟློས་གར་དང་བཅས་ཡབ་སྲས་ཀྱང་ཞབས་སྐྱོད་པའི་དགེ་འདུན་རྣམས་ཀྱིས་སེར་སྦྲེངས་དང་ཤིས་བརྗོད་རྒྱས་པར་མཛད་ཅིང༌། རིམ་པས་སྡེ་པ་ཞལ་ངོ་སོགས་ལ་རྟེན་མཇལ་རགས་རིམ་ཡང་གནང༌། ཟླ་བ་གསུམ་པའི་ནང་དུ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་དང་སྡེ་པ་ལྷ་དབང་རྡོ་རྗེ་མཆོད་ཡོན་ལ་རྔོག་
དཀྱིལ་བདུན་དང༌། སྦྱོང་རྒྱུད་དཀྱིལ་འཁོར་བཅུ་གཉིས། ལྔ་ཚན་ལྔ་རྣམས་ཀྱི་བཀའ་དབང་སྩལ། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་དགུ་ལ་སྡེ་པ་ཀརྨ་བསྟན་སྲུང་གིས་སྒེར་གཞིས་ནོར་བུ་ཁྱུང་རྩེར་སྤྱན་དྲངས་ནས་འབུལ་བ་དང་ཞབས་ཏོག་ཕུན་སུམ་ཚོགས་པ་སྒྲུབ་སྐབས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེར་མཁའ་སྤྱོད་བཀའ་འབུམ་གྱི་ལྗགས་ལུང་ཚུགས་ཤིང༌། སྡེ་པ་ཞལ་ངོ་རྣམས་ལ་ཚེ་རྟ་ཟུང་འབྲེལ་དང་ཕྱག་རྡོར་གྱི་བཀའ་དབང་སྩལ། དེར་སྨན་ཐང་བ་དཔོན་སློབ་ཀྱིས་གཡུང་གི་ཤིང་རྩི་ལོགས་བྲིས་རྣམས་ལེགས་པར་གྲུབ་སྟེ་ཞབས་དྲུང་དུ་འབྱོར་ཞིང་བྱང་ངོས་ནས་སོག་པོ་ཁ་དན་གྱི་སྤྱན་འདྲེན་པ་ཐོག་མ་ཡང་སླེབས། སླར་པ་སྣམ་དུ་ཕེབས་ནས་གཡམ་བཟང་སྤྱན་སྔ་ཀུན་སྤངས་པས་སྒར་ཆོས་སྡེ་དང་བཅས་པ་ཀུན་ལ་བསྙེན་བཀུར་དང་འབུལ་ཆེན་བགྱིས་ཤིང༌། རྗེ་སྤྲུལ་པའི་སྐུ་རིན་པོ་ཆེར་རྒྱུད་འབུམ་པུསྟི་ཁ་ཤས་ཀྱི་ལྗགས་ལུང་ཚུགས། ཟླ་བ་དྲུག་པའི་ནང་དུ་གསེར་བྲག་གཡའ་ལུང་གི་རྒྱབ་
རིའི་རྩེར་རི་གཟིགས་ལ་ཕེབས་པའི་ཕྱིར་ལམ་སྒ་གདོང་གཟིམ་ཁང་དུ་ཞག་བར་ཞིག་བཞུགས་༡༤༡ ཏེ་ཀླུ་སྡིངས་སུ་ཕེབས་ཐོག་ནས་ཨ་བོ་སྤུན་ཟླ་ཀརྨ་ཕྲིན་ལས་ལྷུན་གྲུབ་བཤད་སྒྲུབ་གླིང་གཙང་ཁང་གསེར་ཐོག་གི་ཆ་རྐྱེན་འབུལ་བསྐུལ་ལ་ཁམས་ཕྱོགས་སུ་འགྲོ་བའི་བཀའ་བཀོད་དང་རྫོངས་སྟ་ཤིས་བརྗོད་གནང༌། ཟླ་བ་དེ་ཉིད་ཀྱི་ཚེས་བཅུ་བཞི་ལ་སྡེ་པ་གཙང་པ་མཆེད་ཀྱིས་ལྷོ་བྲག་རྒྱལ་མཁར་བའི་རྟེན་གཙོ་རྗེ་མར་པས་རྒྱ་གར་ནས་སྤྱན་དྲངས་པའི་བྱང་ཆུབ་ཆེན་པོའི་མཆོད་རྟེན་རང་བྱོན་དུ་གྲགས་པས་ཐོག་དྲངས་ཞལ་དཀར་འབྲས་ལོག་དང་མ་ན་ཧུའི་ཆིབས་ཆས་སོགས་དངོས་པོ་སྣང་ཆེ་གྲངས་མང་གི་འབུལ་ཆེན་བགྱིས་པར་ཟངས་སྤྱད་ཀྱི་རིགས་ཀྱང་གཏོས་ཆེར་བྱུང་བ་རྣམས་བཤད་སྒྲུབ་གླིང་གི་གསེར་ཐོག་རྒྱུར་གནང་ཞིང༌། མཆོད་རྟེན་རིན་པོ་ཆེ་དཔའ་བོའི་ཕྱག་ཏུ་གནང་ནས་སྲས་མཁར་གྱི་ནང་རྟེན་དུ་བཞུགས་པའི་བཀའ་ཁྱབ་སྩལ། སོག་པོ་ཁ་དན་གྱི་སྤྱན་འདྲེན་བསྐྱར་ཅག་སླེབས་པ་ལ་གྱ་པའི་
དགོན་རྙིང་གི་བར་དུ་ཕེབས་པས་རྒྱལ་པོའི་རུ་བ་ཡང་དེར་ཡོང་དགོས་པ་དང་བཀའ་བཞེས་གནང་ནས་ཟླ་བ་བདུན་པ་ཕྱི་མའི་ཉེར་གསུམ་ལ་བྱང་ངོས་སུ་ཆིབས་ཁ་བསྒྱུར་ཏེ་སྟག་གྲུ་ཁར་ཕེབས་པ་ན་དབུ་མ་སྐུ་སྐྱེ་དཔོན་སློབ་རྣམས་མཇལ་དུ་སླེབས། རིམ་གྱིས་འོད་ཡུག་གོས་སྔོན་དུ་དམ་ཅན་ལ་གསོལ་ཀ་སྤྱན་གཟིགས་དང་སྡིངས་མའི་སྒྲུབ་ཆུ་ཡང་མཇལ་བ་མཛད་ནས་མེ་ཏོག་ལྷས་སུ་ཕེབས་པ་ན་སོག་པོ་པདྨ་ཐལ་ཅི་ཧོར་སྟོད་པའི་དཔོན་ཨ་ཆོས་རྒྱལ་པོའི་ཇ་འདྲེན་དུ་སླེབས། དེ་ནས་མར་ལ་བརྒལ་བའི་དུས་སུ་སུམ་མདོར་རྒྱལ་པོ་ཁ་དན་དཔོན་མོ་བློན་འབངས་ཧོར་སྟོད་པའི་དཔོན་ཚང་གི་མི་ངོ་སྡེ་མ་ཚན་གྱི་དྲག་མགོས་རྣམས་དང་བཅས་པའི་རྟ་པ་བདུན་བརྒྱ་ཙམ་གྱི་ཆིབས་བསུ་ཐབ་འཛིན་གྱི་ཐོག་རྒྱལ་པོས་ཐོག་མའི་མཇལ་སྐྱེས་སུ་འགའ་ཧང་དཀར་པོ་ཡུག་དང་རྟ་བཟང་བ་དགུ་ལ་སོགས་པ་ཕུལ་ཏེ་ཟླ་བ་བརྒྱད་པའི་ཚེས་དྲུག་ལ་འབྲོང་བུ་དགོན་རྙིང་གི་མདུན་ངོགས་སུ་བཞུགས་སྒར་
མཛད་དེ་བཞུགས་པར་རྒྱལ་པོས་དཀར་དྲོའི་བསྙེན་བཀུར་བཟང་པོ་དང༌། གོས་དར་རྟ་ཁྲབ་གནག་ལུག་ལ་སོགས་པ་གྲངས་མང་གི་འབུལ་ཆེན་གྱ་ནོམ་པ་བགྱིས་ཤིང༌། སྲོག་གཅོད་སྤོང་བ་དང་བཙོན་བརྒྱད་ཅུ་ཙམ་ཡོད་པ་ཀུན་ཉེས་མེད་དུ་གཏོང་བའི་ཁས་ལེན་ཕུལ་བར་ཞྭ་ནག་གི་ཅོད་པན་བཞེས་ཏེ་ཡི་གེ་དྲུག་མའི་བཟླས་ལུང་གི་ཁྲོམ་ཆོས་གནང༌། དེ་ནས་ཐལ་ཅི་སོགས་སོག་པོ་དྲག་མགོས་རྣམས་དང༌། དཔོན་ཚང་ཨ་ཆོས་ཀྱིས་གཙོས་པའི་ཧོར་གྱི་སྡེ་མ་ཚན་ཀུན་གྱིས་སོ་སོ་ནས་འབུལ་ཞབས་རྒྱ་ཆེ་གྲངས་མང་རིམ་པས་བསྒྲུབས། དེ་དག་གི་སྐབས་སུ་རྒྱལ་པོ་མི་ངོ་རྣམས་ལ་འདོད་ཆོས་ཀྱི་དབང་བཀའ་ཅི་རིགས་པའང་སྩལ། དེར་སྟོད་ཀླུངས་བདེ་ཆེན་ནས་དབོན་གུཤྲི་ཀརྨ་བསྟན་འཛིན་གཤེགས་པའི་དགོངས་རྫོགས་འབུལ་བར་དབོན་ཀརྨ་ཆོས་སྲིད་རབ་འཕེལ་དཔོན་གཡོག་རྣམས་བྱོན་པས་མང་བསྐོལ་དང་འབུལ་ནོད་རྒྱ་ཆེར་བསྒྲུབས་པ་ལ་བྱང་བུ་ཕྱག་ཞུས་དང་བསྔོ་བ་སྨོན་ལམ་གྱི་རྒྱས་
འདེབས་ཡང་དག་པ་སྩལ་ཅིང་ཡངས་པ་ཅན་གྱི་གྲྭ་མང་ཕལ་ཆེ་བ་ཡང་མཇལ་དུ་སླེབས། དེ་ནས་ཡབ་སྲས་བཀའ་བགྲོས་པས་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་དབོན་ཀརྨ་བསྟན་འཛིན་པའི་འདྲེན་དོན་དུ་སྟོད་ཀླུངས་སུ་ཆིབས་ཁ་བསྒྱུར་ཞིང༌། རྒྱལ་བ་ཉིད་རེ་ཞིག་གདན་ཆགས་པས་ཇོ་མོ་གངས་ཀྱི་གནས་གཟིགས་ལ་ཕེབས་ནས། སླར་དགོན་རྙིང་དུ་གསེར་འབུམ་ལ་སྙན་དར་དང་བཀའ་སྲུང་རྡོ་རྗེ་རྫིང་བཙན་ལ་སྤྱན་གཟིགས། གྲྭ་ཚང་བར་སྤྱི་རྫས་ལ་ཕན་པའི་གནང་ཆ་ཡང་དག་པ་སྩལ་ཏེ་དགོན་རྙིང་ནས་བཏེག །མཆིལ་ཕུའི་དབེན་གནས་དང་ཉེ་བའི་ཚལ་དུ་བྲག་སྐོར་ནས་ཐབ་འཛིན་ཞུས། སླར་མར་ཡར་ནས་གླིང་ཀར་དུ་ཕེབས་ཐོག་རིན་སྤུངས་ནས་ཞབས་དྲུང་བྱམས་ཆེན་པ་གཤེགས་པའི་བསྔོ་ཞུས་པ་འབྱོར་ཞིང༌། སྡེ་པ་གཙང་པས་རྫོང་ནས་གཞི་ལེན་གྱི་གདུགས་ཚོད་བཤམས། དེར་ཐོབ་རྒྱལ་ནས་སྤྱན་འདྲེན་པ་འབྱོར་བའི་ཞུ་བ་བཞིན་རྒོ་བ་ལ་བརྒྱུད་དེ་ཕེབས་པར་སྡེ་པ་བསོད་
ནམས་རྒྱལ་པོ་དཔོན་གཡོག་གི་ཆིབས་བསུ་ཐབ་འཛིན་དང་དགོན་ཕན་ཚུན་རྣམས་ཀྱི་སེར་སྦྲེངས་སོགས་ཕེབས་བསུའི་བཀོད་པ་གཟབ་རྒྱས་དང་བཅས་ཟླ་བ་དགུ་པའི་ཚེས་གཉིས་ལ་ཁམ་བུ་ཚལ་དུ་གདན་ཕེབས། ཚེས་དྲུག་ལ་ཐོབ་རྒྱལ་རྩེར་སྤྱན་འདྲེན་ཞུས་ཏེ་དཀར་དྲོ་གཟབ་རྒྱས་དང་དགེ་བའི་བཤེས་གཉེན་པུ་ཏོ་བའི་ཐུགས་སྲས་སྣང་དྲེའུ་ལྷས་པའི་དགོན་གནས་སྙེ་མོ་དྲེལ་ལྷས་ཀྱི་རྟེན་གཙོ་བོ་ལི་དམར་གྱི་རྡོ་རྗེ་འབེབས་པའི་སྐུ་དབུས་ལྷ་ཁྱད་ཅན་གྱིས་ཐོག་དྲངས་པའི་འབུལ་ནོད་རྒྱ་ཆེར་བགྱིས་ཤིང༌། རྫོང་ལ་ཕྱག་ནས་དང་ཞལ་ངོར་ཚེ་རྟ་ཟུང་འབྲེལ་གྱི་བཀའ་དབང་གནང༌། དེ་ནས་རིམ་པས་འདུལ་གྲྭ་གླིང་དང༌། ཁྲི་སྐོར། ཁྲི་བརྟན། བྲག་ནག་པ་རྣམས་ཀྱིས་སོ་སོར་སྤྱན་དྲངས་ནས་འབུལ་ཞབས་བསྒྲུབས། དེ་དག་གི་སྐབས་སུ་གཡུང་གི་ལྷ་ཆེན་ཡང་ལེགས་པར་བསྒྲུབས་པས་དེའི་གཟུངས་བཞུགས་རབ་གནས་སུ་ཆིབས་ཁ་བསྒྱུར་བར་བདག་ཅག་དང་ཐོབ་རྒྱལ་བ་མཆོད་ཡོན་གྱིས་ཕེབས་
སྐྱེལ་ཞུས་ཏེ་སྟག་གྲུ་ནས་རིན་སྤུངས་སུ་ཕེབས་པར་མིའི་དབང་པོ་འཇམ་དབྱངས་གྲགས་པ་སྐུ་མཆེད་སྲས་ཡུམ་གྱིས་བཀུར་སྟི་ཞབས་ཏོག་གྱ་ནོམ་པས་བཏེག་ཅིང༌། བྱམས་ཆེན་པས་ཀྱང་ཆིབས་གཞོལ་ཞུས་པར་གོས་སྐུའི་མཇལ་ཁ་དང་རྗེ་བཙུན་བྱམས་པའི་དྲུང་དུ་ཕྱག་མཆོད་གནང་ནས་ཟླ་བ་དགུ་པའི་ཉེར་གཅིག་ལ་གཡུང་དར་རྒྱས་ཀྱི་གཙུག་ལག་ཁང་དུ་གདན་ཕེབས་ཏེ་རིམ་པས་སྟེང་ཤོད་ཀྱི་རྟེན་བཞེངས་བྲིས་འབུར་གྲུབ་པ་རྣམས་ལ་གཟིགས་རྟོག་གནང༌། ཉེར་བདུན་ནས་གཙང་ཁང་གི་རྟེན་ཆེན་མ་ག་དྷ་རྡོ་རྗེའི་གདན་གྱི་མ་ཧཱ་བོདྷིའི་དབྱིབས་དང་ཚད་དུ་གྲུབ་པ་དང་བླ་མ་ལྷ་ཁང་གི་ཟུང་འཇུག་བརྒྱུད་པའི་སྐུ་བརྙན་རྣམས་ཀྱི་གཟུངས་བཞུགས་རིམ་པས་གནང་ཞིང༌། ཟླ་བ་བཅུ་པའི་ཚེས་བཅུ་གཅིག་པར་དཔལ་སྡོམ་པ་ལྷ་ལྔའི་༡༤༤དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་རབ་གནས་ཀྱི་སྟ་གོན་དང༌། བཅུ་གཉིས་ལ་དངོས་གཞི་གནང་བར་གཙང་ནས་སྡེ་པ་ལྷ་དབང་རྡོ་རྗེ་དཔོན་གཡོག་ལེགས་
ཇའི་དགའ་སྟོན་གྱི་སྐྱེས་འབུལ་དུ་བྱོན་པས་འབུལ་ནོད་བཟང་པོ་དང༌། རིན་སྤུངས་ནས་མིའི་དབང་པོ་འཇམ་དབྱངས་གྲགས་པ་སྐུ་མཆེད་ཀྱང་ཕེབས་ཏེ་དེར་བོན་དཀར་པོ་ཁྱད་མཚར་ལ་སོགས་པའི་འབུལ་ནོད་མཛད་ཅིང༌། བླ་མ་གསེར་སྡིངས་པའི་འབུལ་སྐྱེལ་དང་ཟུར་རུ་གདོང་པའི་རྟ་འབུལ་བའང་སླེབས་པས་འབུལ་ཆེན་བགྱིས། དེ་ལྟར་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པའི་རབ་ཏུ་གནས་པ་ལེགས་པར་གྲུབ་ནས་ཟླ་བ་དེ་ཉིད་ཀྱི་ཉེར་དགུ་ལ་གཡུང་ནས་ཆིབས་ཁ་བསྒྱུར་ཏེ་རིམ་གྱིས་ཉང་སྟོད་དུ་ཕེབས་པར་རྒྱལ་མཁར་རྩེ་ནས་བདག་པོ་སྐུ་མཆེད་དང་དཔལ་འཁོར་ཆོས་སྡེ་བ་མཆོད་ཡོན་རྣམས་ཀྱི་ཆིབས་བསུ་ཐབ་འཛིན་སེར་སྦྲེངས་སོགས་ཕེབས་བསུའི་བཀོད་པ་གཟབ་རྒྱས་ཀྱིས་སྤྱན་དྲངས་ཏེ་དཔལ་འཁོར་ཆོས་སྡེ་དང་ཉེ་བའི་སར་བཞུགས་སྒར་གནང༌། ཟླ་བ་བཅུ་གཅིག་པའི་ཚེས་གསུམ་ལ་རྒྱལ་རྩེ་ཕོ་བྲང་དུ་སྤྱན་འདྲེན་ཞུས་ནས་འབུལ་བ་བསྙེན་བཀུར་གྱ་ནོམ་པས་མཆོད་ཅིང་
སྟོན་པའི་འཕེལ་གདུང་དང་ཐེག་ཆེན་དབུ་ཞྭ་ལ་སོགས་པའི་རྟེན་མཇལ་ཕུལ། དེར་ས་སྐྱ་ནས་བདག་ཆེན་ཁྲི་རིན་པོ་ཆེ་བཞུགས་པས་ཀྱང་ཇ་ཞུས་པ་གནང༌། དེ་ནས་དཔལ་འཁོར་ཆོས་སྡེར་སླར་ཡང་སྤྱན་དྲངས་ཏེ་བླ་བྲང་དཀར་པོར་བུར་སྟོན་གྱི་ཐོག་མཁན་པོ་དང་གྲྭ་ཚང་རྣམས་ཀྱིས་སོ་སོ་ནས་འབུལ་ནོད་བགྱིས། དེའི་གཙུག་ལག་ཁང་མཆོད་རྟེན་དང་བཅས་པའི་རྟེན་མཇལ་ཞིབ་ཏུ་གནང་ཞིང༌། རྩེ་དང་ཆོས་སྡེར་བཞུགས་པའི་གོས་སྐུ་རྣམས་ཀྱང་མཇལ་བ་མཛད། དཔལ་འཁོར་ཆོས་སྡེ་བར་ཕྱག་ནས་མང་ཇ་རྣམ་བཞག་རྟ་བཞི་བཅུས་གཙོས་པའི་སྤྱི་འགྱེད་དཔངས་བསྟོད་པ་དང་བདག་པོ་ཞལ་ངོ་རྣམས་ལ་ཡང་བཀའ་དབང་དང་གནང་ཆ་བཟང་པོ་སྩལ། དེ་བཞིན་དུ་༡༤༥རྩེ་ཆེན་པ་དང་འབྲོང་རྩེ་བས་ཀྱང་འབུལ་ཞབས་ཡང་དག་པ་བསྒྲུབས་ཤིང༌། འབྲོང་རྩེར་སོགས་གར་གྱི་རྩེ་སྣ་ཡང་ཕུལ། དེ་ནས་སྣ་སར་རྒྱལ་ཁང་གི་གཙུག་ལག་ཁང་རྣམས་མཇལ་བ་མཛད་དེ་ནོར་བུ་ཁྱུང་རྩེ་ནས་པ་
སྣམ་ཀླུ་སྡིངས་སུ་ཕེབས་པ་ན་རྗེ་བཙུན་སྤྲུལ་སྐུ་དཔོན་སློབ་འབུལ་ནོད་དང་བཅས་ཏེ་ཞལ་མཇལ་ཕྱག་འབུལ་དུ་བྱོན་པར་འདོད་ཆོས་ཀྱི་དབང་ལུང་ཅི་རིགས་སྩལ་ཞིང༌། ཚོགས་ཆོས་ལུང་པའི་མཁན་ཆེན་དཔོན་སློབ་རགས་བསྡུས་ཀྱང་ཕྱག་འབུལ་དུ་བྱོན། དེ་ནས་ཉེར་གསུམ་མཆོད་པ་དང་བསྟུན་པ་སྣམ་རྩེར་ཕེབས་པ་ལས་ཉེར་བདུན་ལ་བཏེག །རི་བཞི་མའི་གྲུ་ནས་ཉུག་པས་ཉུག་རྒྱལ་ཁང་དུ་སྤྱན་དྲངས་ཏེ་འབུལ་ཞབས་དང་བཀའ་འགྱུར་གསར་བཞེངས་ལ་རབ་གནས་ཞུས། ཉུག་ནས་ཤངས་སུ་ཆིབས་ཁ་བསྒྱུར་བར་མི་ཤངས་པ་དང་ལུག་གུ་གདོང་པ་ཁོངས་སྡེ་པ་སོགས་ལམ་བར་གྱི་དཔོན་རིགས་རྣམས་ཀྱིས་སོ་སོ་ནས་འབུལ་ཞབས་དང༌། འབྲས་སྤུངས་དགོན་པ་བས་ཀྱང་བསྙེན་བཀུར་འབུལ་ནོད་བགྱིས་ཏེ། ཟླ་བ་བཅུ་གཉིས་པའི་ཚེས་གཅིག་ལ་བདག་ཅག་ཐོབ་རྒྱལ་ནས་ལྷ་ཕུ་བརྒྱུད་སྔུན་ལ་འབྱོར་བ་གཙང་པའི་ཞལ་ངོ་རྣམས་དང་བཅས་པའི་ཆིབས་བསུ་ཐབ་འཛིན་དང༌། གྲྭ་ཚང་ཡན་
ཕྱིན་སོགས་ཀྱི་སེར་སྦྲེངས་གཟབ་རྒྱས་ཀྱི་ཞབས་བསུ་བགྱིས་ནས་རྣམ་གླིང་ཀླུ་སྡིངས་སུ་ཕེབས། དེར་བླ་མ་ཁྲོ་ཕུ་བ་དང་ཏྲེ་ནག་གི་འབྲོག་པ་རྣམས་ཀྱིས་ཚལ་སོགས་པའི་འབུལ་བ་རྒྱ་ཆེ་གྲངས་མང་བགྱིས་ཤིང༌། གསུང་རབ་གླིང་པས་དགོན་དུ་སྤྱན་དྲངས་ཏེ་གཞི་ལེན་གྱི་དཀར་དྲོ་ཞུས། རྩེ་ལྷ་སྒང་པའི་རྟ་འབུལ་དང་སྤོ་བོའི་འབུལ་སྐྱེལ་བ་ཐོགས་ཅིག་ཀྱང་སླེབས། ཚེས་བདུན་ལ་ཟབ་ཕུ་ལུང་གི་གནས་གཟིགས་སུ་ཕེབས་པའི་ལམ་བར་དུ་རིན་པོ་ཆེ་ཏྲེ་བོ་དཔོན་སློབ་ཀྱིས་སྟག་སྣ་ཆོས་རྫོང་དུ་སྤྱན་དྲངས་ཏེ་འབུལ་ཞབས་དང་གཙུག་ལག་ཁང་ལ་ཕྱག་ནས་ཞུ་བ་མཛད་ཅིང༌། སྦྱིན་བདག་ཆེན་པོ་ལྷ་ཕུ་བ་དང་དཔལ་ལྷོ་བ་སྡེ་དགོན་གྱིས་ཀྱང་ཕེབས་བསུ་ཞབས་ཏོག་ཞུས། གནས་ནང་དུ་ཕེབས་ནས་ཚེས་བཅུའི་མཆོད་པ་དང་གནས་མཇལ་རྣམས་གནང་སྟེ་ཕྱིར་ཕེབས་པའི་ལམ་དུ་ཡང་ལྷ་ཕུ་བ་དཔོན་བློན་གྱིས་སོ་སོ་ནས་འབུལ་ཞབས་བླ་ལྷག་ཏུ་བགྱིས་ཏེ་སྡེ་པ་ཞལ་ངོ་རྣམས་ལ་བཀའ་
དབང་ཡང་སྩལ། དེ་ནས་སྟག་སྣར་རིན་པོ་ཆེ་ཏྲེ་བོ་དཔོན་སློབ་ཀྱིས་ཆིབས་གཞོལ་ཞུས་ཏེ་ཉེར་བཞི་ལ་རྣམ་གླིང་ཀླུ་སྡིངས་སུ་ཕེབས་ཏེ་རིམ་པས་ལོ་མཇུག་གི་སྐུ་རིམ་ཆེན་མོའི་དགུ་གཏོར་དང་ཆུ་མོ་ཡོས་ལོའི་ལོ་གསར་གནང་བར་ཕྱོགས་མཐའི་ལོ་སར་འབུལ་མི་དང་འཇང་གི་འབུལ་སྐྱེལ་སྤོ་འབོར་བའི་འགྲོན་ཚན་གཏོས་ཆེ་བ་ཡང་འབྱོར་བ་རྣམས་ཀྱིས་སོ་སོའི་སྐྱེས་འབུལ་དང་འབུལ་ཆེན་བགྱིས། གཞན་ཡང་གསུང་རབ་གླིང་པ་དང་རྒྱ་མཚོ་བ་སོགས་ཉེ་སྐོར་གྱི་དགོན་ཆེ་ཕྲ་དང་སྡེ་དཔོན་རིགས་རྣམས་ཀྱིས་འབུལ་བ་དང་བསྙེན་བཀུར་ཅི་རིགས་སུ་བསྒྲུབས། ཚེས་ལྔ་ནས་གསུང་རབ་གླིང་དུ་གནྡྷོ་ལའི་རྟེན་གཤོམ་ནང་སྟེ་དགེ་འདུན་གཞི་བྱེས་རྣམས་ཀྱིས་སྨོན་ལམ་དུ་ཚུགས་པ་དང་བསྟུན་རིམ་པས་བཞུགས་ཡུལ་བྱང་ཆོས་སྡེར་སྤོ་བ་གནང་ནས་བཀྲ་ཤིས་བརྩེགས་པར་བཞུགས། ཚེས་བཅུ་བདུན་ལ་སྨོན་ལམ་གྲོལ་བའི་སེར་སྦྲེངས་ཤིས་བརྗོད་མཛད་ཅིང༌། གཞི་བྱེས་ཀྱི་འདུས་པ་ཐ་མ་ལྟ་བུའི་རབ་
བྱུང་བསྙེན་རྫོགས་སྒྲུབ་པ་ཡང་མང་དུ་བྱུང༌། དེ་དག་གི་སྐབས་སུ་བདག་ཅག་ཕལ་གྱིས་གོ་ཞིང་རིག་པར་མ་གྱུར་ནའང་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་དབུ་རུ་སྟོད་དུ་བཞུགས་པ་ལ་ཅི་མྱུར་གྱིས་ཁམས་ཕྱོགས་སུ་ཕེབས་པའི་ཐུགས་འདུན་ཡོང་ཚུལ་ལ་སོགས་པའི་བཀའ་ཤོག་ཕེབས་འདུག་པ་བཞིན་སྐུའི་བཀོད་པ་དེ་ཉིད་ཀྱིས་ཡུན་རིང་དུ་མི་བཞུགས་པའི་དགོངས་པ་གཏད་དེ། ཇི་སྐད་དུ། སྐྱེ་དང་རྒ་དང་འཆི་བ་མེད་ཀྱང་འཆི་འཕོ་སྟོན། །ཞེས་པ་ལྟར་འཕགས་ཆེན་རྣམས་སྐྱེ་འཆིའི་དངོས་པོ་དང་མཚན་མ་ལས་གྲོལ་བར་གྱུར་ཀྱང་གདུལ་བྱའི་དབང་གིས་དེ་ལྟ་བུའི་རྣམ་པར་འཕྲུལ་བ་ཡང་སྟོན་པར་མཛད་པས་ཚེས་བཅུ་དགུ་ནས་བཟུང་སྟེ་སྐུ་ཁམས་མི་བདེ་བར་རིམ་པས་མཉེལ་བབ་ལྕི་བར་གྱུར་པ་ལ་སྐུ་འཁོར་རྣམས་ཀྱིས་སྐུའི་འཕྲོད་བསྟེན་དང་སྐུ་རིམ་གཡེལ་མེད་དུ་བསྒྲུབས་ཀྱང་སྙིགས་མར་སྤྱོད་པའི་སྐྱེ་བོ་དངོས་འཛིན་ཅན་དག་དེ་ལྟ་བུའི་ཞེན་པ་བཟློག་པའི་སླད་དུ་རྒྱལ་བ་ཉིད་དགུང་ལོ་ཞེ་བརྒྱད་
པ་ཆུ་མོ་ཡོས་ལོ་ཟླ་བ་དང་པོའི་ཉེར་བརྒྱད་ཀྱི་ཐོ་རངས་ཁ་དགོངས་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་ཏེ་མྱ་ངན་ལས་འདའ་པའི་ཚུལ་བསྟན་པ་རེ་ཞིག་གསང་ཁོག་ནས་སྐུ་གདུང་རིན་པོ་ཆེ་མཚུར་ཕུར་སྤྱན་འདྲེན་ཞུས། ཟླ་བ་གཉིས་པའི་ནང་དུ་གསང་བརྟོལ་བགྱིས་ནས་སྒར་ཆོས་སྡེ་ཀུན་ལ་སྤྲུལ་སྐུ་མྱུར་འབྱོན་གྱི་གསོལ་འདེབས་བཙུགས། དེ་ལྟར་དགུང་ལོ་དེ་སྙེད་ཅིག་ཏུ་བསྟན་པ་དང་འགྲོ་བའི་དོན་ལྷུན་གྱིས་གྲུབ་ཅིང་མཉེལ་བ་མི་མངའ་བའི་ཕྲིན་ལས་དུས་ལས་མི་ཡོལ་བར་མཛད་པ་ལས། གང་གི་གསུང་ལས་སྐྱེས་པའི་སྲས་ཀྱི་ཐུ་བོ་བརྒྱུད་པའི་སྲོལ་འཛིན་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་ཞྭ་དམར་ཅོད་པན་འཛིན་པ་དྲུག་པ་དཔལ་གར་དབང་ཆོས་ཀྱི་དབང་ཕྱུག་གི་ཞལ་སྔ་ནས་གཙོ་བོར་གྱུར་པའི་བུ་སློབ་སྒམ་པོ་སྤྱན་སྔ་བཀྲ་ཤིས་རྣམ་རྒྱལ་བའི་སྐུ་སྐྱེ་དང༌། རྗེ་བཙུན་གློ་བོའི་སྤྲུལ་སྐུ་སོགས་རྒྱལ་བ་ཉིད་ལས་བཀའ་དྲིན་ཐོབ་པ་དང༌། རྗེ་བླ་མ་མཆོག་དང་
དཔོན་སློབ་ཐུན་མོང་ལས་བཀའ་དྲིན་ཐོབ་པ་རྗེ་དཔའ་བོའི་སྤྲུལ་སྐུ་དཔལ་གཙུག་ལག་རྒྱ་མཚོ་དགའ་བའི་དབྱངས་དང༌། སི་ཏུ་རིན་པོ་ཆེ་ཆོས་ཀྱི་རྒྱལ་མཚན་དགེ་ལེགས་དཔལ་བཟང་པོ། འབྲི་ཁུང་ཆོས་རྗེ་རིན་ཆེན་རྣམ་རྒྱལ་དང༌། སྟག་ལུང་ཆོས་རྗེ་ཀུན་དགའ་བཀྲ་ཤིས་སོགས་ཁྲི་གདན་ཟུར་རྣམས་དང༌། རི་བོ་ཆེ་བའི་ཆོས་རྗེ་མཚོ་སྐྱེས་རྡོ་རྗེ་དང༌། སྐུ་སྐྱེ་ཀརྨ་གྲགས་པ་རྣམ་རྒྱལ། བླ་མ་ཏྲེ་བོའི་སྐུ་སྐྱེ་ཀརྨ་བསླབ་གསུམ་རྒྱ་མཚོ་དང༌། ཟུར་མང་ཆོས་རྗེ་ཀརྨ་ལེགས་བཤད་སྒྲ་དབྱངས་སོགས་ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་དུ་མས་ཕྱུག་ཅིང་རང་གཞན་གྱི་དོན་བདེ་ལེགས་སུ་སྒྲུབ་པར་ནུས་པ་མང་དུ་བྱུང་ཞིང༌། སངས་རྒྱས་ཀྱི་བསྟན་པའི་གཞི་དང་སྐྱེ་དགུའི་ཡོན་གནས་ཀྱི་དགེ་འདུན་སྤོང་བ་པ་དང་ཀློག་པའི་སྡེ་རྙིང་པ་གསོ་བ་དང་གསར་དུ་འཛུགས་པར་མཛད་པ་ཡང་བོད་དང་བོད་ཆེན་པོའི་རྒྱལ་ཁམས་གང་བ་ཙམ་དུ་དར་བར་གྱུར་ལ། གཞན་འགྲེལ་དང་རང་གཞུང་དུ་མཛད་
པའི་བསྟན་བཅོས་ཀྱི་རྣམ་གྲངས་ཀྱང༌། ལྟ་བ་དང་གྲུབ་མཐའི་མཐར་ཐུག་དབུ་མ་ལ་འཇུག་པའི་འགྲེལ་པ་དང༌། ཤེས་བྱའི་གནས་ལ་ཤེས་རབ་ཀྱི་སྣང་བ་བསྐྱེད་པ་དམ་པའི་ཆོས་མངོན་པ་མཛོད་ཀྱི་འགྲེལ་པ། བརྒྱུད་པའི་ཟབ་ཆོས་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་སོགས་གླེགས་བམ་བཅུ་ཙམ་དུ་བཞུགས། དེ་ནས་གང་ཅིའི་མགོན་དུ་རྗེ་སྤྲུལ་པའི་སྐུ་རིན་པོ་ཆེ་སྤྱན་འདྲེན་པ་མངགས་ཏེ། བདག་ཅག་དང་སྒར་མང་ཆོས་སྡེ་དང་བཅས་པ་རིམ་པས་མཚུར་ཕུར་བཏེག་པ་འབྱོར་བ་དང་རྩེ་འཛོམ་དུ་དཔོན་སློབ་རྣམས་ཀྱང་ཕེབས་པ་དང་བཅས་ཟླ་བ་གསུམ་པའི་ཉེར་དྲུག་ནས་དགེ་འདུན་ཡང་ཟུར་ཅོག་གྲྭ་མཚུར་ཕུ་རི་གླིང་གནས་ནང་བ་ཡངས་པ་ཅན་པ་འོག་མིན་གླིང་པ་དང་ཉིན་བྱེད་གླིང་པ་སོགས་པའི་འདུས་པ་ཚོགས་ཆེ་བས་མཆོད་འབུལ་གྱི་ཆོག་མང་དང་གསོལ་འདེབས་སྨོན་ལམ་འཛུགས་པར་མཛད་པའི་ནར་མའི་ཞབས་ཏོག་གི་ཁུར་ལེན་གཙང་ནས་སྡེ་པ་མཆེད་རྣམས་ཀྱིས་མཛད་དེ་
གཉེར་པ་སྦྲེལ་པོ་ཐབ་འཛིན་དུ་མངགས་པས་བགྱིས་ཤིང༌། ཕྱག་མཛོད་ནས་དེ་མཚུངས་ཀྱི་མང་ཇ་དང༌། རྗེ་སྤྲུལ་པའི་སྐུ་རིན་པོ་ཆེས་དབུ་མཛད་པའི་དཔོན་སློབ་ཁག་སོ་སོ་ནས་ཀྱང་ཚོགས་པ་རྣམས་ལ་མང་ཇ་སྤྱི་འགྱེད་རྣམ་གཞག་གསེར་དངུལ་ལ་སོགས་པའི་༡༤༩གདུང་འབུལ་གསེར་གདུང་གི་སྐུ་རྒྱུར་དམིགས་པ་དང་བཅས་པ་དཔངས་བསྟོད་དེ་མཛད། དེ་དག་གི་སྐབས་སུ་ཡར་སྟོད་ནས་སྡེ་པ་སྲོང་བཙན་དོན་གཉིས་ལྷུན་གྲུབ་པ་ཁུ་དབོན་དང༌། གཙང་ནས་སྐུ་ཚབ་ཏུ་སྤྱན་སྔ་ཀུན་སྤངས་པ་བྱོན་པ་དག་གིས་གདུང་འབུལ་གྱི་དངོས་སྤྱད་བཟང་ཞིང་རླབས་ཆེ་བ་ཕུལ་བ་སོགས་ཕྱོགས་མཐའི་གདུང་འབུལ་གྱི་དངོས་སྤྱད་རྣམས་དང༌། རྗེ་ཉིད་ཀྱི་སྐུ་ཆས་མཆོད་སྤྲིན་དུ་འོས་པ་ཇི་སྙེད་པ་དག་མཆོད་ཡོན་རྩེ་རྒྱས་ཞལ་འཛོམ་གྱི་ཐོག་ནས་ངམ་རིང་མན་དང་སྤོ་བོ་ཡན་གྱི་གྲུབ་པའི་མཐའ་ཕྱོགས་དང་རིས་སུ་མ་ཆད་པའི་དགོན་ཆེ་ཕྲ་ཀུན་ལ་མང་ཇ་སྤྱི་འགྱེད་སོ་སོའི་བླ་སློབ་དཔོན་རྣམས་ལ་མཆོད་
བསྔོའི་རྟེན་དང་བཅས་པ་རྒྱལ་བ་མི་བསྐྱོད་ཞབས་དང་རྗེ་བླ་མ་ཐམས་ཅད་མཁྱེན་པ་རིན་པོ་ཆེའི་དགོངས་རྫོགས་ཀྱི་དེབ་ལ་ཆ་བཞག་པ་གནང་ཞིང༌། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནིའི་དྲུང་དུ་གསེར་ཞོ་སུམ་བརྒྱ་ལས་གྲུབ་པའི་མཎྜལ་ཆེ་ལེགས། ར་མོ་ཆེའི་ཇོ་བོ་མི་བསྐྱོད་རྡོ་རྗེ་དང་ཡངས་པ་ཅན་གྱི་རྗེ་བླ་མའི་དངུལ་གདུང་རིན་པོ་ཆེའི་དྲུང་དུ་དངུལ་གྱི་མཎྜལ་རེ་རེ། རྡོ་རྗེ་གདན་གྱི་མ་ཧཱ་བོ་དྷིའི་དྲུང་དུ་སྙན་དར་དང་མཆོད་མེ་རྒྱུའི་གསེར་ལ་སོགས་པ་རྒྱ་བོད་ཀྱི་རྟེན་གསུམ་གྲགས་ཆེ་བ་ཀུན་ལ་མཆོད་སྤྲིན་རྒྱ་ཆེན་པོ་སྤྲོ་བ་མཛད། ཟླ་བ་བཞི་པའི་ཉེར་གཅིག་ལ་རིན་པོ་ཆེ་དཔའ་བོས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཆོ་གའི་སྒོ་ནས་སྐུ་གདུང་ཞུགས་འབུལ་མཛད་ཅིང༌། ཟླ་བ་དེ་ཉིད་ཀྱི་མཇུག་ཏུ་གདུང་ཆོག་གྲོལ་ཏེ་ཕྱག་མཛོད་ནས་བླ་གཡེལ་ནུབ་མའི་བཞུགས་ཁྲིའི་མདུན་དུ་སྒར་མང་ཆོས་སྡེ་རྣམས་དང་བཅས་པའི་ཚོགས་དབུར་རྗེ་སྤྲུལ་པའི་སྐུ་སྤྱན་དྲངས་པར་མཆོད་བསྔོའི་རྟེན་གྱི་འབུལ་ནོད་དངོས་གཙང་གྲངས་
མང་དང༌། ཚོགས་པ་ཀུན་ལ་མང་ཇ་སྤྱི་འགྱེད། བླ་སློབ་དཔོན་རྣམས་ལ་གང་ལ་ཅི་འཚམ་པའི་རྣམ་གཞག་སོགས་རྒྱ་ཆེར་བསྒྲུབས་ཏེ་མཆོད་བསྔོ་གནང༌། དེ་ནས་རིམ་པས་བདག་ཅག་དང་སྡེ་པ་སྐུར་གཙང་གི་ཞལ་ངོ་སྐུ་ཚབ། སྒར་ཆོས་སྡེའི་གྲོས་དབང་དང་བཅས་པ་ཀུན་བློ་གྲོས་བསྟུན་པས་སྔོན་གྱི་རྒྱུན་ལམ་བཟང་པོ་བཞིན་རྗེ་བླ་མ་མཆོག་གི་སྤྲུལ་པའི་སྐུ་རིན་པོ་ཆེ་རྒྱལ་ཚབ་ཏུ་མངའ་གསོལ་ཏེ་བཞུགས་སྒར་བསྡོམས་ནས་དོ་དམ་ཁུར་ལེན་གྱི་ཕྱག་གཡོག་རྗེ་དཔོན་ཕྱག་མཛོད་པ་ཀརྨ་རིག་འཛིན་གྱིས་མཛད་ཅིང༌། མགོ་ལུང་བ་གསོལ་དཔོན་ཀརྨ་བཟང་དང་ཡང་ཟུར་གྱི་དགེ་སློང་སྦྲེལ་པོ་བཟོ་བཀོད་པ་གཡེ་བ་སྤྲུལ་སྐུ་བ་དཀོན་མཆོག་ཕན་བདེས་བགྱིས་ཏེ་གཞུའི་དགེ་ལེགས་རྫོང་དུ་གསེར་གདུང་གི་བཟོ་གྲྭ་བཙུགས་ཤིང༌། འབྲུག་ལོའི་ནང་དུ་གསེར་གདུང་བཞུགས་ཡུལ་འབྲས་སྤུངས་མཆོད་རྟེན་གྱི་གཙུག་ལག་ཁང་རྒྱ་བསྐྱེད་པ་རྣམས་སྦྲུལ་ལོ་ཟླ་བ་བཅུ་གཅིག་པ་ཕན་ལ་རྒྱུ་དང་བཟོ་
བཀོད་ལ་སོགས་པའི་དཀར་ཆག་གི་ཡི་གེ་ལོགས་སུ་ཡོད་པ་བཞིན་གྱི་གསེར་གདུང་རྟེན་དང་བརྟེན་པ་གཟིམ་མལ་སྐུ་འདྲ་དང་བཅས་པ་ལེགས་པར་སྒྲུབ་པ་ལ་རྒྱལ་ཟླའི་ནང་དུ་བདག་ཅག་གིས་གཟུངས་འབུལ་བགྱིས་ཤིང༌། གཙང་ནས་ཡོ་བྱད་ཀྱི་སྦྱིན་བདག་དང༌། རྗེ་སྤྲུལ་པའི་སྐུ་རིན་པོ་ཆེས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་མཛད་དེ་ཡང་ཟུར་ཅོག་གྲྭའི་དགེ་འདུན་རགས་བསྡུས་སོགས་ཀྱི་ཞམ་རིང་དང་བཅས་པས་དཔལ་སྡོམ་པ་ལྷ་ལྔའི་དཀྱིལ་འཁོར་གྱི་ཆོ་གའི་སྒོ་ནས་རབ་ཏུ་གནས་པ་མཛད་པར་ཕྱོགས་མཐའི་སྡེ་དཔོན་རིགས་ཕལ་མོ་ཆེ་དང་ཀར་དགོན་ཆེ་ཕྲ་ཀུན་གྱིས་སྙན་དར་ལ་སོགས་པའི་མཆོད་སྤྲིན་ལེགས་ཇའི་འབུལ་ནོད་དང་བཅས་པ་ཕུལ་ཞིང༌། བཟོ་བོ་མགོ་ལུང་བ་དང་བཅས་པ་རྣམས་ལ་བཟོ་ཡོན་གྱི་གནང་ཆ་གྱ་ནོམ་པ་སྩལ་བས་མགུ་ཞིང་རངས་པར་མཛད་པ་དང༌། དེ་མཚུངས་མདོ་ཁམས་སུ་སི་ཏུ་རིན་ ༡༥༡ པོ་ཆེས་དབུ་མཛད་ཀར་ཟུར་གཉིས་ཀ་ནས་དགོངས་རྫོགས་སུ་དམིགས་པའི་སེར་འདུ་
ཆེན་མོ་ཡང་མཛད་ཟེར་ཞིང༌། ཨ་བོ་ཀརྨ་ཕྲིན་ལས་ལྷུན་གྲུབ་ཀྱང་རྗེ་ཉིད་དགོངས་པ་ཇི་ལྟར་གཏད་པ་བཞིན་དད་པས་ཕུལ་བའི་རྙེད་པ་ཆེ་ཞིང་ཉེ་ཞོ་མེད་པར་རྟ་ལོའི་ནང་དུ་འཁོར་བས་ཟངས་རྩེ་ཁལ་དྲུག་བརྒྱ་དང་སོ་བདུན། གསེར་ཞོ་སྟོང་ཕྲག་གཉིས་དང་ཕྱེད་དགུ་བརྒྱ། དངུལ་ཆུ་ཞོ་ཁྲི་ཚོ་གཅིག་དང་བརྒྱད་སྟོང་བདུན་བརྒྱ། དངུལ་ལྷད་མེད་སྲང་དྲུག་ཅུ་དང༌། ཏི་ཚ་ཁལ་ཉེར་དྲུག་རྣམས་ལས་བཤད་སྒྲུབ་གླིང་གཙང་ཁང་གི་གསེར་ཐོག་རྒྱུ་བཟང་བཀོད་ལེགས་མཐར་ཕྱིན་པར་བསྒྲུབས་ཏེ་བཟོ་བོ་རྣམས་ལ་གསེར་ཞོ་སྟོང་དང་ཉིས་བརྒྱ་སུམ་ཅུའི་རྩིས་ཀྱི་དངོས་པོ་བཟང་དགུའི་ཡོན་སྦྱར་བས་རྒྱལ་མཆོག་དེ་ཉིད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་བྱས་སོ།། །།གང་གི་མཛད་པ་བསྟན་དང་འགྲོ་བའི་ཕན་བདེའི་གཏེར། །བརྗོད་ཀྱིས་མི་ལང་ཡོན་ཏན་བསྔགས་པ་མཐའ་ཡས་ལས། །ཅུང་ཟད་ཙམ་བསྡུས་འདིར་བཀོད་ལས་བྱུང་དགེ་བ་དེས། །འགྲོ་ཀུན་རྒྱལ་དང་རྒྱལ་སྲས་སྤྱོད་ལ་འཇུག་པར་
ཤོག །ཅེས་པ་རྗེ་བླ་མ་གཙུག་ལག་ཕྲེང་བའི་སྤྲུལ་པའི་སྐུ་དཔལ་གཙུག་ལག་རྒྱ་མཚོ་དགའ་བའི་དབྱངས་ཀྱི་གསུང་གིས་བསྐུལ་བ་ལ་བརྟེན་ནས་དགུང་ལོ་ཉེར་གཉིས་ཕན་གྱི་རྣམ་ཐར་རྗེ་བླ་མ་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྩལ་བ་བཞིན་ལ། དེ་ཕྱིན་བདག་ཉིད་ཀྱིས་མཐོང་བ་དང་གཞན་གྱི་ངག་སྒྲོས་དག་པ་ལས་ཐོས་པ། ཞིབ་མོར་དཔྱོད་པའི་བློ་ཅན་དགེ་སློང་ཀུན་དགའ་རྒྱལ་པོ་ལ་སོགས་པས་ཕྱག་ཐོའི་མཆན་བུར་བཏབ་པ་རྣམས་གོ་རིམ་བསྒྲིགས་ཏེ་རྣམ་པར་ཐར་བ་གདུལ་བྱ་ཐུན་མོང་བ་དག་གི་མཐོང་བ་ལ་ཇི་ལྟར་སྣང་བ་ཙམ་ཞིག་༡༥༢ཟོལ་ཟོག་དང་སྒྲོ་སྐུར་སྤངས་ནས་རིགས་ཀྱི་བདག་པོ་རྒྱལ་བ་མི་བསྐྱོད་རྡོ་རྗེའི་ཞབས་རྡུལ་ལ་སྤྱི་བོས་རེག་ཅིང་མཚུངས་མེད་བླ་མ་མཁྱེན་པ་དང་བརྩེ་བའི་བདག་ཉིད་རྗེ་བཙུན་དཀོན་མཆོག་འབངས་ཀྱི་བཀའ་དྲིན་ལས་རྗེ་དགུ་པ་གང་འདི་ཉིད་ཀྱི་ཞབས་ཕྱི་ཡང་ཡུན་རིང་དུ་བསྙེན་ཏེ་དམ་པའི་ཆོས་ཀྱི་མཆོད་པའི་ཆ་ཤས་ཀྱིས་མཉེས་པར་བྱེད་པའི་སྐལ་
པ་རྙེད་པ་ཤཱཀྱའི་དགེ་སློང་གྲགས་པ་དོན་གྲུབ་ཁྱབ་བདག་ཆོས་ཀྱི་ཉི་མ་ཞེས་བྱ་བས་རང་ལོ་རེ་ལྔ་པ་ལ་གདན་ས་ཆེན་པོ་དཔལ་གྱི་མཚུར་ཕུའི་ཁང་བུ་དམ་པ་འཆི་མེད་ཕོ་བྲང་དུ་ཡི་གེར་བགྱིས་པའི་དབུ་བརྩམས་ཏེ། དེའི་ཕྱི་ལོ་ལྷོ་སྟོད་རྣམ་རྒྱལ་ལྟག་རྩེར་འདུག་པའི་ཚེ་ལེགས་པར་གྲུབ་པ་བསྟན་པ་དང་སེམས་ཅན་ལ་ཕན་པ་དང་བདེ་བ་རྒྱ་ཆེན་པོ་རྒྱུན་མི་འཆད་པ་འབྱུང་བའི་རྒྱུར་གྱུར་ཅིག །ཤུབྷ་མངྒ་ལཾ། །སངས་རྒྱས་ཀུན་གྱི་ཕྲིན་ལས་གཅིག་བསྡུས་པ། །རྒྱལ་བ་ཀརྨ་པར་གྲགས་དགུ་པ་དེའི། །རྣམ་པར་ཐར་པ་ཕན་བདེའི་གཏེར་ཆེན་གྱི། །སྒོ་འཕར་དབྱེ་ཕྱིར་པར་གྱི་ཆོས་སྦྱིན་ནི། །ལྷོ་སྟོད་རྣམ་རྒྱལ་ལྟག་རྩེའི་ཁང་བཟང་དུ། །བསྟན་པའི་སྦྱིན་བདག་དད་དང་འབྱོར་ལྡན་པ། །ཀརྨ་འཕྲིན་ལས་རྣམ་རྒྱལ་མཆེད་དག་གིས། །བསྒྲུབས་པའི་བརྐོས་དང་པར་ཡིག་བགྱིད་པ་པོ། །གཡེ་ཡུལ་མཁས་པ་རྟ་མགྲིན་༡༥༣བསོད་ནམས་སོགས། །བཅུ་ཕྲག་གིས་བགྱིས་འདི་དང་བཅོམ་ལྡན་འདས། །སྨན་བླའི་
མདོ་ཆོག་གཟུངས་པར་དང་བཅས་པའི། །ཕྱི་མོ་དཔེལ་བའི་ཡི་གེའི་གྲོགས་དན་དང༌། །སྡེབ་ཞུས་བརྡ་དག་ལ་བྱང་དང་སྤྲོ་ཡི། །མཁན་པོ་ཀརྨ་འཇིགས་མེད་ཀྱིས་བགྱིས་སོགས། །ཚུལ་འདིར་འབྲེལ་པ་ཐོགས་པ་ཇི་སྙེད་ཀུན། །གནས་སྐབས་བདེ་ལྡན་མཐར་ཐུག་བྱང་ཆུབ་ཤོག །སྭསྟི་སིདྡྷོ།། །།