← Search

མཁན་ཆེན་རྡོ་རྗེ་འཛིན་པ་ཀུན་བཟང་གང་ཤར་རང་གྲོལ་དབང་པོའི་གསུང་འབུམ་ཐར་པའི་ལམ་སྟོན།

མཁན་ཆེན་གང་ཤར་རང་གྲོལ་དབང་པོ།

པར་སྐྲུན་གསལ་བཤད།

p. 1

༄༅། །༧མཁན་ཆེན་རྡོ་རྗེ་འཛིན་པ་ཀུན་བཟང་གང་ཤར་རང་གྲོལ་དབང་པོའི་གསུང་འབུམ་ཐར་པའི་ལམ་སྟོན་ཞེས་བྱ་བ་བཞུགས་སོ། །

p. 2

༄༅། །སྤྱིར་སྔ་འགྱུར་རྙིང་མ་ལ་གདན་ས་ཆེན་པོ་དྲུག་ཡོད་པའི་ནང་ཚན། དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གདན་སར་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཆེན་པོ་བསམ་གྱིས་མི་ཁྱབ་པ་བྱོན་པའི་ནང་ཚན། ཕྱིས་ཀྱི་དུས་སུ་མཁན་རིན་པོ་ཆེ་གང་ཤར་དབང་པོ་བྱོན་ཅིང་། དུས་སྐབས་དེར་ཁམས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཉམས་ཆག་དང་། རྐྱེན་ངན་སྣ་ཚོགས་ཤིག་བྱུང་སྟེ་མི་རྣམས་གཡུལ་དུ་ཤི་བ་དང་། བཙོན་དུ་ཚུད་པ། བྲོས་བྱོལ་དུ་འགྲོ་དགོས་པ། ཟས་གོས་ཀྱིས་ཕོངས་པ། འཇིགས་སྐྲག་གིས་མནར་བ་སོགས་ཀྱིས་སྐྱབས་མེད་མགོན་མེད་ལྟ་བུར་གྱུར་པའི་སྐབས། མགོན་པོ་གང་ལ་ཟབ་དོན་གྱི་གདམས་ངག་ཁྱད་པར་ཅན་རྣམས་ཐུགས་ཀྱི་ཀློང་ནས་བརྡོལ་ཏེ། རིས་མེད་ཀྱི་སློབ་ཚོགས་ལ་བསྩལ་བས་ལོ་ཤས་ཟླ་ཤས་རྗེས། སྡུག་བསྔལ་དང་དཀའ་ངལ་བྱུང་སྐབས་གདམས་ངག་རྣམས་གནད་ལ་

p. 3

སྨིན་ཏེ། གནས་སྐབས་སྡུག་བསྔལ་སོགས་ཀྱིས་མི་གནོད་པ་དང་། ལྷག་པར་རྐྱེན་ངན་གྲོགས་སུ་ཤར་ནས་ཉམས་ལེན་ཁྱད་པར་ཅན་འཕེལ་ཏེ། རང་དོན་ཕུན་སུམ་ཚོགས་པ་བྱུང་བར་མ་ཟད། ཕྱིས་སུ་དུས་ཀྱི་འགྱུར་བ་བཟང་ཕྱོགས་སུ་འཁོར་བའི་སྐབས། འཁོར་དང་སློབ་མ་མང་པོ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ནས་བསྟན་པ་དང་། འགྲོ་བའི་དོན་རྒྱ་ཆེན་པོ་བྱུང་བ་སོགས་བཀའ་དྲིན་ཤིན་ཏུ་ཆེ་བས། སྐབས་འདིར་ནུབ་ཕྱོགས་པའི་དགེ་སློང་ཤོན་(SEAN) ཞེས་ཆོས་མིང་དུ་བསྟན་འཛིན་བྱམས་ཆེན་བྱ་བ་དང་། དོལ་པོ་བ་ཁྲ་འགུའི་གྲྭ་ཀརྨ་དགེ་འདུན་གཉིས་ནས། དད་གུས་ཆེན་པོས་གསུང་མགུར་སོགས་འཐོར་བ་རྣམས་བསྡུས། གཞན་དང་འདྲེས་པ་རྣམས་སོ་སོར་བསལ་ནས། མཁན་རིན་པོ་ཆེའི་མན་ངག་རྣམས་ཕྱོགས་བསྒྲིགས་དང་། སྤར་བསྐྲུན་གནང་བ་འདིས། མན་ངག་རྣམས་ཁྱབ་བརྡལ་དུ་འཕེལ་ཞིང་རྒྱས་ནས།

p. 4

བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོར་འབྱུང་བར་སྨོན་པ་དང་། ཕྱག་དཔེ་འདི་སུས་ཐོབ་ན་ཡང་གལ་ཆུང་དུ་མ་དགོངས་པར་ལུང་ཁྲིད་ཞུ་བ་དང་། ཉམས་ལེན་གནང་ན་དལ་འབྱོར་དོན་ཡོད་འདི་ཕྱི་གཉིས་སྨན་ཞིག་བྱུང་ངེས་ལ་བརྟེན། ཀུན་གྱིས་གཅེས་སྤྲས་དང་། དད་གུས། ཉམས་ལེན་གང་གཟབ་གནང་རོགས་ཞུ། ཞེས་ཁྲ་འགུ་སྤྲུལ་མིང་པས་རང་གནས་སྟག་མོ་ལུས་སྦྱིན་གྱི་རི་ཁྲོད་དུ་(14/11/2008) བྲིས་པ་དགེ་ལེགས་འཕེལ།།

དཀར་ཆག

p. 5
p. 6

༼ཀ༽བླ་མའི་རྣལ་འབྱོར་བྱིན་རླབས་འདུས་པ་ལ་ལྡེབ། ༡ 1--1 ༼ཁ༽བརྡ་སྟོན་པའི་མགུར་མ་ལ་ལྡེབ། ༦ 3----13 ༼ག༽སྣང་སྲིད་བླམའི་དཀྱིལ་འཁོར་དུ་འཆར་བའི་མགུར་མ་ལ་ལྡེབ། ༢ 15----17 ༼ང༽མ་ཎི་མགུར་དབྱངས་ལ་ལྡེབ། ༥ 19----28 ༼ཅ༽ཉམས་ལེན་ལ་སྐུལ་འདེད་ཀྱི་མགུར་མ་ལ་ལྡེབ། ༥ 29---38 ༼ཆ༽གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར་ལ་ལྡེབ། ༡ 39---40 ༼ཆ༽སེམས་ངོ་འཇོག་ཐབས་ལ་ལྡེབ། ༢ 41-----43 ༼ཉ༽ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱི་མགུར་མ་ལ་ལྡེབ། ༢ 45----48 ༼ཏེ༽ཞེན་འཛིན་འབྱུང་བར་སྨོན་པའི་མགུར་མ་ལ་ལྡེབ། ༢ 49---51 ༼ཐ༽རྒོད་ཐང་དཀར་མའོངསམངོན་གཟིགས་ཀྱིམགརམལ་ལྡེབ། ༢ 53---55

p. 7

༼དེ༽སྦས་གནས་ལུང་བསྟན་པའི་མགུར་མ་ལ་ལྡེབ། ༢ 57---59 ༼ན༽ཀརྨ་ནོར་བུ་ལ་གདམས་པའི་མགུར་མ་ལ་ལྡེབ། ༡ 61----62 ༼པ༽གདམས་ངག་མར་གྱི་ཡང་ཞུན་ལ་ལྡེབ། ༢ 63--65 ༼ཕ༽རང་རྒྱུད་སྦྱོར་བར་གདམས་པ་ལ་ལྡེབ། ༢ 67---70 ༼བ༽རྒོག་བཟང་ལྡན་ངོར་གདམས་པའི་མགུར་མ་ལ་ལྡེབ། ༡ 71----71 ༼མ༽བརྡ་སྦྱོར་རང་ཁྲོལ་མ་ཞེས་བྱ་བ་ལ་ལྡེབ། ༡ 73---74༼ཙ༽དམག་འཁྲུགས་ཞི་བའི་གསོལ་འདེབས་ལ་ལྡེབ། ༡ 7 5---75 ༼ཚ༽བསྟན་འཛིན་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན་ལ་ལྡེབ། ༥ 77---86༼ཛ༽གྲྭ་བཙུན་དབང་ཕྱུག་ལ་གདམས་པའི་སེམས་ཁྲིད་ལ་ལྡེབ། ༥ 87---96 ༼ཝ༽རང་བྱུང་བདེ་བའི་མགུར་མ་ལ་ལྡེབ། ༡ 9 7---98

p. 8

༼ཞ༽རྫོགས་ཆེན་ལྟ་བ་འཁྲུལ་མེད་དུ་ངོ་སྤྲོད་པའི་མགུར་མ་ལ་ལྡེབ། ༢ 99----101 ༼ཟ༽མན་ངག་གསེར་སྐྱགས་མ་ལ་ལྡེབ། ༣ 1 03---107 ༼འ༽ཟབ་ལམ་ཁྲིད་ཀྱི་མན་ངག་འཕྲད་ཚད་རང་གྲོལ་ལ་ལྡེབ། ༡༤ 109----136 ༼ཡ༽སེམས་ཁྲིང་འཕྲད་ཚད་བསྡུས་པ་ལ་ལྡེབ། ༤ 137----143 མི་ཕམ་གསུང་རྫོགས་ཆེན་རྩ་མགུར་གྱི་རྩ་བ་ལ་ལྡེབ། ༦ 145---155 ༼ར༽རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ་ལ་ལྡེབ། ༥༡ 157----258 ༼ལ༽ངེས་དོན་དབུ་མའི་གྲུབ་མཐའ་ལ་ལྡེབ། ༢༠ 259---297

བླ་མའི་རྣལ་འབྱོར་བྱིན་རླབས་འདུས་པ།

p. 9
p. 10

༄༅ ། །བླ་མའི་རྣལ་འབྱོར་བྱིན་རླབས་འདུས་པ་བཞུགས་སོ། །རང་སེམས་སྤྲོས་པ་བྲལ་བ་ལ། །རང་ངོ་ཤེས་པས་སྐྱབས་སུ་མཆི། །མ་རིག་འཁྲུལ་པའི་མ་རྣམས་ཀུན། །གདོད་མའི་ས་ལ་བཀོད་པར་བགྱི། །ཨཱ། རང་སྣང་དག་པ་དབྱིངས་ཀྱི་མཁར། །རང་རིག་སྤྲོས་བསྡུ་བྲལ་བ་ཡི། །རིག་རྩལ་མ་འགག་ཅིར་ཡང་འཆར། འཁོར་འདས་ཀུན་ཁྱབ་སྲིད་ཞིའི་དཔལ། །རིག་སྟོང་འཛིན་མེད་ཀློང་དུ་ཨཱཿ ཞེས་ད་ལྟའི་ཐད་ཀའི་ཐ་མལ་གྱི་ཤེས་པ་རྗེན་པ་བཟོ་བཅོས་དང་བྲལ་བའི་རིག་པ་སྟོང་གསལ་འདུས་མ་བྱས་པ་འདི་དཔལ་ལྡན་བླ་མའི་ཐུགས་སུ་ཐག་བཅད་དེ་དེའི་ངང་བསྐྱོང་ངོ་། །ཞེས་བསླབ་གསུམ་ལྡན་པ་བླ་མ་དམར་སྒྲིས་ནས་བསྐུལ་ངོར་༧ གང་ཤར་དབང་པོས་བྲིས།།

p. 11

བརྡ་སྟོན་པའི་མགུར་མ།

p. 12

༄༅། །བརྡ་སྟོན་པའི་མགུར་མ་བཞུགས་སོ། །

p. 13

༄༅། །རྗེ་རྫོགས་པའི་སངས་རྒྱས་མི་གཟུགས་ཅན། །མགོན་ཁྱབ་བདག་དྲིན་ཅན་བླ་མ་མཁྱེན། །བུ་བདག་གི་སྙིང་དབུས་འབྲལ་མེད་བཞུགས། །དུས་འདི་ནས་བྱང་ཆུབ་སྙིང་པོའི་བར། །སྐྱབས་དྲིན་ཅན་ཁྱེད་ལས་བསམ་རྒྱུ་མེད། །དགུང་སྔོན་གྱི་གནམ་འཕང་མཐོན་པོ་ནས། །སྤྲིན་དཀར་གྱི་ལང་ལིང་གཡོ་བ་ན། །རྗེ་ཁྱེད་ཀྱི་

p. 14

གསང་གསུམ་ཡིད་ལ་དྲན། །བུ་ངནི་མདོ་ཁམས་སྨད་དུ་ལུས། །ཕ་ཁྱེདནི་ལྷོ་མོན་ཕྱོགས་སུ་བྱོན། །དུས་ད་ལྟ་གནས་ནི་གང་བཞུགས་སྙམ། །འཕྲལ་སྐད་ཅིག་སྐྱོ་སྣང་ཅུང་ཤར་ཡང་། །སྐུ་སྣང་སྟོང་ཡེ་ཤེས་སྒྱུ་མའི་འོད། །གསུང་གྲགས་སྟོང་བརྗོད་བྲལ་ཁྱབ་བརྡལ་ཆེ། །ཐུགས་མི་གཡོ་སྤྲོས་མཐའ་བྲལ་བས་

p. 15

ན། །འདིར་བཞུགས་དང་འདིར་བྱོན་གྱི་གཏད་སོ་མེད། །ཅོལ་ཆུང་གི་རི་དྭགས་ཉམས་ཆུང་ང་། །གཉིས་འཛིན་གྱི་སྨིག་རྒྱུས་བསླུས་ནས་ཐལ། །དེ་ལྟར་ཡང་སྐད་ཅིག་རེ་ཟུང་ལས། །རྗེས་ཤེས་དང་རྗེས་མཐུད་ང་ལ་མེད། །ཤར་བ་དང་གྲོལ་བ་དུས་མཉམ་པས། །ཁང་སྟོང་དུ་རྐུན་མ་འཛུལ་བ་འདྲ། །རེ་དོགས་ཀྱི་ཕན་གནོད་མི་འདུག་པས། །ཅི་ལྟར་དུ་ཤར་ཀྱང་ཆོག་པར་གདའ། །འཛིན་མེད་ཀྱི་ནམ་མཁའ་ཡངས་པ་ལ། །དམིགས་གཏད་ཀྱི་ཡུལ་དུ་བླ་མཆེ། །བླ་མ་༠ ཚདང་རང་སེམས་དབྱེར་མེད་འདྲེས། །མྱ་ངན་གྱི་མུན་པ་དབྱིངས་སུ་སོང་། །འདི་ཡིན་གྱི་གཏད་སོ་མི་འདུག་པས། །འདི་མིན་གྱི་རྣམ་རྟོག་བོརནས་ཐལ། །ཧ་ཧ། མཚན་ལྡན་གྱི་གཟུངས་མ་བཀའ་དྲིན་ཅན། །ལྷན་སྐྱེས་ཀྱི་ཡེ་ཤེས་བོགས་འདོན་མཁན། །རྣམ་བཅས་ཀྱི་པད་མོ་འཛུམ་པ་ན། །རྣམ་མེད་ཀྱི་སྟོང་

p. 16

གཟུགས་འཆར་ནས་བྱུང་། །བདེ་སྟོང་གི་འཕྲུལ་ཐབས་ལ་མཁས་པས། །ཚེ་ལམ་གྱི་དར་ཐག་བརྐྱང་ནས་ཐལ། །རྟེན་འབྲེལ་གྱི་ཨུཏྤལ་བཞད་པན། །བདེ་ལེགས་ཀྱི་དྲི་བསུང་འཐུལ་ནས་བྱུང་། །བརྗོད་བྲལ་གྱི་ཨ་མ་སྟོང་པ་ཆེ། །བརྗོད་པ་ཡིརོལ་རྩལ་མ་འགགས་པས། །ཐབས་ཤེས་ཀྱི་གུ་ཧྱ་ཟབ་མོ་འདི། །དྲིན་ལྡན་གྱི་བླ་མས་གདམས་ནས་བྱུང་། །ཚེ་སྔོན་ནས་འབྲེལ་བའི་ཏཱ་རེ་མ། །བུ་བདག་གི་ཡི་དམ་ལྷརུཐོབ། །ཐང་གཅིག་གི་རྨི་ལམ་ནང་ཤེདན། །མཛེས་སྡུག་གི་ལང་ཚོ་ངོམ་ནས་སུ། །ཞིམ་མངར་གྱི་ལ་དུ་ལྕག་ཕྲན་ཕོན། །རོ་བཅུད་ཀྱི་བདུད་རྩི་བཏབ་ནས་སུ། །དམ་ཚིག་གི་རྟེན་དུ་གནང་བ་དེ། །ཆགས་ཆེན་གྱི་ཧར་ཐོབ་ཟོས་པའི་ཚེ། །སྒྱུ་ལུས་ལ་བདེ་སྟོང་གིས་ཁྱབ་ནས་བྱུང་། །ཟླ་གསུམ་དུ་དགའ་བཞིའི་གྲོགས་སུ་གྱུར། །རྩ་འདབ་ཏུ་འཕོ་

p. 17

མེད་བརྟན་པོར་གནས། ཤརཀཐོག་རྡོ་རྗེ་གདན་ཕྱིན་ནས། །དྲིན་ལྡན་གྱི་བླ་མ་དངོས་དང་མཇལ། །ཉམས་མྱོང་གི་རྟོགས་པས་མཆོད་པ་ཕུལ། །ཐུགས་དགྱེས་པའི་གཟི་བྱིན་ངོམ་ནས་སུ། །བྱིན་རླབས་ཀྱི་ཆར་རྒྱུན་ཕབས་ནས་བྱུང་། །རྟོག་ཚོགས་ཀྱི་མུན་པ་ཅུང་ཡལ་ཚེ། །སྔོན་གནས་ཀྱི་བག་ཆགས་དྲན་ངོར་ལ། །རྗེ་མར་པས་མི་ལ་བཞད་པ་དེ། །ས་ཆོས་ལ་སྒང་དུ་བསྐྱལ་པའི་ཚེ། །ཡབ་སྲས་ཀྱི་མགུར་བཞེས་གནང་བ་དྲན། ཤར་སྒམ་པོ་བརྡལ་གྱི་རི་ཟུར་ཚོ་ནས། །ཕ་མཉམ་མེད་དྭགས་པོ་ལྷ་རྗེ་ཡིས། །བུ་སློབ་ཀྱི་ཚོགས་པ་སྐྱོང་བའི་ཚེ། །ཚོགས་ཆོས་སུ་རིན་ཆེན་ཕྲེང་བའི་གཏམ། །ཐོས་འཛིན་གྱི་རྣ་བར་ལྷོང་ལྷོང་དབབ། །རྗེ་སི་ཏུ་པདྨ་ཉིན་བྱེད་དང་། །མགོན་ཁྱབ་བདག་བློ་གྲོས་མཐའ་ཡས་གཉིས། །ཐུགས་གཅིག་འདྲེས་གསུང་གླེང་མང་གནང་བ། །བུ་ང་ཡི་

p. 18

ཡིད་ལ་ཤར་ཤར་དྲན། །དེ་དུས་ཀྱི་རྣམ་རྟོག་ཧྲུལ་པོ་ལ། །སེམས་སྐྱོ་བའི་ཉམས་ཤིག་ཤར་ནས་སུ། །ཤར་དཔལ་སྤུངས་ཀྱི་གདན་ས་ཡང་ཡང་དྲན། །འདྲེན་བྱེད་དུ་མཆིམས་རྒྱན་པ་ན། །ཉེ་གནས་ཀྱི་མཆེད་རྣམས་ཅུང་ཟད་སྒྲག །དེ་རྗེས་སུ་ར་འཛམ་ནང་ཕྱིན་ཚེ། །དེ་ནུབ་ཀྱི་རྨི་ལམ་གསལ་ཐུབ་ན། །བསྒྲེས་ཉམས་ཀྱི་ཕྱིང་གོས་མནབས་པ་ཞིག །དགྱེས་བརྩེ་བའི་ཞལ་ད་མང་གནངནས། །བུ་སློབ་ཀྱི་ཚོགས་པ་མང་པོ་ཞིག །འུར་འུར་དུ་འདུས་ནས་འཚོགས་ཚེ་བྱུང་། འདི་ང་ཡི་གདུལ་བྱའི་ལྷག་མ་ཡིན། །བུ་ཁྱོད་ལ་མ་བཅོལ་ཐབས་མེད་པས། །དེང་ཕྱིན་ཆད་ང་ཡི་བསྟན་པ་སྤེལ། །ངའི་བསྟན་པ་འཕེལ་འགྲིབ་ཁྱོད་ལ་རག །ནན་ཏན་དུ་ཡང་ཡང་གསུངས་པའི་མཐར། །ནམ་མཁའ་ནས་ཁ་བ་ཐུ་ལུ་ལུ་།བར་སྣང་ནས་འབྲུག་སྒྲས་ཁྱབ་པར་བྱུང་། །ཕྱི་ཉིན་དུ་

p. 19

རྫོང་ཤོད་གནས་མཇལ་སོང་། །ཕ་བླ་མའི་འདྲ་ཞལ་མཇལ་བའི་ཚེ། །མདོང་ཕྱིང་གོས་མནབས་པའི་བན་རྒན་དེ། །དེ་འཕྲད་དུ་ཡིད་ལ་དྲན་པ་བྱུང་། །ནམ་མཁའནས་ཁུ་འཕངས་རིལ་བུ་བོབས། །འབྲུག་སྒྲ་ཡི་ངར་སྐད་འདོན་པ་དང་། །དར་གཅིག་ཏུ་རྟོག་ཚོགས་རང་འགག་ནས། །གཏད་མེད་དུ་རིག་སྟོང་རྗེན་པར་གནས། །དགེ་མཚན་གྱི་རྟེན་འབྲེལ་འགའ་རེ་འགྲིག །དུས་དེ་ཡི་ཡར་ཚེས་ཟླ་བ་ལ། །གླིང་ལེགས་བཤད་ཉི་ཟླའི་ཕོ་བྲང་དུ། །མགོན་ཁྱབ་བདག་དྲིན་ཅན་རྗེ་དང་མཇལ། །ལུགས་གཉིས་ཀྱི་གསུང་གླེང་མང་གནང་ཚེ། །གློ་བུར་དུ་རླུང་འཚུབ་ལྡང་བ་དང་། །ཁུ་འཕངས་ཀྱི་ཟེར་མཐོ་ར་ར། །གཡུ་འབྲུག་གི་ངར་སྐད་ལྡིར་ནས་བྱུང་། །དུས་སྔ་ཕྱི་བར་གྱི་བརྡ་བརྟག་གསུམ། །མགོན་བློ་གྲོས་མཐའ་ཡས་རོལ་གར་ཆེ། །བློ་ཐེ་ཚོམ་བྲལ་བའི་གདེང་ཞིག་རྙེད། །གླིང་

p. 20

དེ་རུ་བསྡད་པའི་ཞག་འགའ་ན། །ལྷ་བདུད་ཀྱི་ཆོ་འཕྲུལ་ཆེར་ལངས་ནས། །སྲོག་དབུགས་ཀྱི་དྭངས་མ་འཕྲོག་པར་ཙམ། །དུས་དང་པོར་གཅེས་འཛིན་གཟེབ་ཚུད་ནས། །ལུས་ལྷ་ཡི་སྐྱེད་རིམ་སྒོམམདོག་བྱས། །འཁོར་ལྷ་བདུད་ཚུར་ཚུར་དཔའ་ནས་སུ། །ཚེ་མི་བརྟན་རླུང་སེམས་སྡུད་པའི་མཚམས། །དངངས་སྐྲག་གི་ཤེས་པ་དར་གཅིག་བྱུང་། །དེ་འཕྲལ་དུ་རིག་ངོ་སྐྱོང་བ་ན། །རྣམ་རྟོག་གི་སྤྲིན་ཕུང་དེངས་ནས་སུ། །རེ་དོགས་ཀྱི་ཐག་པ་ཆད་– ནས་ཐལ། །གཏད་མེད་ཀྱི་རིག་པ་དྭངས་པ་ལ། །རྐྱེན་གང་གིས་མི་ཚུགས་གདེང་རྙེད་ཚེ། །རིག་རྩལ་གྱི་ཆོ་འཕྲུལ་ཀློང་དུ་ཐིམ། །དེ་རྗེས་ནས་ཉམས་དགའ་རིག་པ་དྭངས། །ཤེས་རབ་ཀྱི་རྩ་ཁ་ཅུང་བྱེ་ནས། །སྙིང་རྗེ་དང་མོས་གུས་རང་ཤུགས་འབར། །རྟག་འཛིན་གྱི་བློ་ཆེན་ཆུང་ངུར་སོང་། །འདིར་སྣང་ལ་སྙིང་པོ་

p. 21

མེད་པར་གོ། །དེ་ཚུན་ནས་ཆོས་བརྒྱད་ཀྱི་མགོ་བོ་དམའ། །རང་འདོད་ཀྱི་འཁྲི་བ་ཇེ་ཞིར་ལས། །རྩིས་གདབ་ཀྱི་སྙེམ་པ་འཕེལ་མ་ཐལ། །དེ་འབྲེལ་གྱི་ཟླ་བ་ཕྱི་མ་ལ། །རྗེ་འཇམ་མགོན་རྒྱལ་སྲས་རིན་པོ་ཆེ། །ཐུགས་དགོངས་པ་ཆོས་དབྱིངས་སུ་གཏད་པའི་རྟགས། །དངོས་ཉམས་དང་རྨི་ལམ་ཅུང་ཟད་གསལ། །དེ་མ་མཇལ་སྙམ་ནས་གདུང་སེམས་ཀྱིས། །གསོལ་བཏབ་ཀྱི་དབང་བཞི་ཡང་ཡང་བླང་། །ཐུགས་ཀློང་དུ་མཉམ་པར་ཅུང་བཞག་མཐར། །ཡེ་ཤེས་ཀྱི་སྐུ་ཡི་འོད་ཟེར་ངོམ། །བྱིན་རླབས་ཀྱི་མཚན་མ་ཅིར་ཡང་མཐོང་། །སྔོན་གསལ་ཀྱི་བརྡ་རྟགས་དུ་མ་རྣམས། །གཅིག་པུ་དང་དུ་མ་བྲལ་བ་ཡིས། །མགོན་ཁྱབ་བདག་བློ་གྲོས་མཐའ་ཡས་ཀྱི། །ཐུགས་ཟག་བྲལ་ཡེ་ཤེས་བརྩེ་འཇོར་གོ། །ཡང་ཐང་གཅིག་སེང་གེ་གནམ་རྫོང་ནས། །རྗེ་བི་ཛ་ཡབ་སྲས་གཟིམས་སྐྱིལ་

p. 22

དང་། །རི་ཁྱུང་ཆེན་གདེང་འདྲའི་གཡས་ཟུར་གཉིས། །འདབ་འབྲེལ་དུ་ཕན་ཚུན་འཆགས་པའི་ཚེ། །རྟེན་འབྲེལ་གྱི་མགོ་བོ་ཡིན་ནའང་། །རང་བྱས་ཀྱི་སྔར་བསགས་དམན་པ་དང་། །བྱུར་སེར་གྱི་གེགས་ཆགས་ཆེ་དབང་གིས། །འདུ་འཕྲོད་ཀྱི་ལམ་སྲང་ཅུང་འཕྱུག་པས། །གདན་ས་དེའི་བསྟན་ལ་ཕན་ཆ་ཆུང་། །དེ་འདྲ་སོགས་ཀུན་གྱི་ཆོ་འཕྲུལ་ལ། །རྫུན་རིས་ཀྱི་འཇའ་ཟེར་བརྡོལ་ན་ཡང་། །འབྲེལ་མེད་ཀྱི་ངག་འཆལ་སྒྲོག་མི་མཛེས། །མི་གཙང་བའི་ཁ་དེ་བཙུམ་ན་ལེགས།། །།

སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་འཆར་བའི་མགུར་མ།

p. 23
p. 24

༄༅། །སྣང་སྲིད་བླ་མའི་དཀྱིལ་འཁོར་དུ་འཆར་བའི་མགུར་མ་བཞུགས་སོ།། ཀུན་གསལ་ལྷ་ལམ་ངོགས་སུ། །བཅུ་དྲུག་ཆ་ལྡན་འཆར་ཚེ། །འདྲེན་མཆོག་སྙིང་གི་དྭངས་མའི། །མཚན་དཔེའི་ཞལ་རས་དྲན་བྱུང་། །མི་མངོན་ནམ་མཁའི་དབྱིངས་ནས། །བསིལ་ཟེར་ཅན་གྱི་གཟུགས་སུ། །སྐུ་ཡི་ཐིག་ལེ་སྤྲོས་་ཏེ། །འབྱུང་འཁྲུགས་ཚ་གདུང་བསལ་ཤོག །ཆུ་འཛིན་སྤྲིན་དཀར་གསེབ་ནས། །གཡུ་འབྲུག་རྔ་གསང་ལྡིར་ཚེ། །བཀའ་དྲིན་འཁོར་མཐའ་མེད་པའི། །གསུང་གསང་ཚངས་དབྱངས་དྲན་བྱུང་། །དགུང་སྔོན་མཐིང་མདོག་དཀྱིལ་ནས། སྒྲ་བརྒྱ་པ་ཡི་གསུང་དུ། །ཟབ་གསང་སྦྲང་ཆར་ཕབས་ཏེ། །དད་གསུམ་རྐང་འཐུང་བརླན་ཤོག །སྤྲིན་བྲལ་འཆི་མེད་ལམ་ནས། །རྟ་བདུན་དབང་པོ་ཆས་ཚེ། །སྐྱབས་གཅིག་དྲིན་ཆེན་བླ་མའི། །མཁྱེན་བརྩེའི་ཐུགས་གསང་དྲན་

p. 25

བྱུང་། །སྔོ་བསང་བུ་མོའི་དཀྱིལ་དུ། །འོད་ཟེར་བརྒྱ་པའི་གཟུགས་སུ། །ཐུགས་རྗེའི་ཟེར་ཐག་བརྐྱངས་ཏེ། །བློ་ཡི་པདྨོའབྱེད་ཤོག །སྤང་ལྗང་ནེའུ་སེང་བཀྲ་བར། །སྐྱེད་ཚལ་རྟིང་འཐུང་བཞད་དུས། །ཕ་གཅིག་མཚུངས་མེད་རྗེ་དེའི། །གསང་གསུམ་ཡོན་ཏན་དྲན་བྱུང་། །ཐང་ཆེན་གཡུ་ཡི་དོ་རར། །པདྨ་དཀར་པོའི་གཟུགས་སུ། །བསླབ་གསུམ་དྲི་ངད་འཐུལ་ཏེ། །རྐང་དྲུག་རེ་འདོད་སྐོང་ཤོག །ཕྱོགས་ཀྱི་རི་བོའི་རྩེནས། །དངུལ་དཀར་ཁ་བས་ཁྱབ་ཚེ། །ཟླ་བྲལ་མཆོད་ཡོན་མཆོག་དེའི། །ཕན་བདེའི་ཕྲིན་ལས་དྲན་བྱུང་། །ནོར་འཛིན་རབ་བརྟན་ལྗོངས་འདིར། །ཀེ་ལ་ཤ་ཡི་གཟུགས་སུ། །དབུ་འཕང་མཉམ་དུ་བཏེགས་ནས། །དཀར་འཇམ་ཡུགས་ཅིག་ཁྱབ་ཤོག །དྭ་ཕྲུག་རྗེས་སུ་ལུས་པའི། །གདུང་སེམས་ཅན་གྱི་བུ་དེས། །བརྩེཆེན་པ་ལ་འབོདན། །ཡེཤེས་སྙན

p. 26

གྱིས་ལོས་གསན། །ཅེས་པའང་རབ་བྱུང་བཅུ་དྲུག་མེ་སྤྲེལ་ལོའི་ཟླ་བ་༦ པའི་ཚེས་བཅུའི་ཚོགས་མཆོད་ཀྱི་འཕྲོས་དུ་ཝེར་ཕུག་རྡོ་རྗེའི་ཁྱུང་རྫོང་གི་ཉམས་དགའ་བའི་བྱ་སྐྱིབཀྱི་རི་རྩེར་སྐྱོསེང་ལ་ཕེབས་སྐབས་ཐོལ་བྱུང་དུ་ཤར་མར་གསུངས་པ་ཉེ་གནས་དྲུང་སྤྲུལ་སོགསནས་ཡི་གེར་བཏབ་པ་ལགས་ཤིང་། དེ་ཡི་སྔོན་དུ་སྐུ་སྙན་ཤིན་ཏུ་ལྕི་བ་ཞིག་གིསཐེབས་པ་ཡར་དྭངས་ཀྱི་དུས་ཡིན་ཅིང་དེ་སྐབས་སུ་གསུང་མགུར་མང་པོ་ཐོལ་བྱུང་དུ་ཤར་བ་ཞིག་བྱུང་ངོ་།།

མ་ཎི་མགུར་དབྱངས།

p. 27
p. 28

༄༅། །མ་ཎི་མགུར་དབྱངས་བཞུགས་སོ།།

p. 29

༄༅། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧི༔ དུས་དེང་སང་ལས་ངན་གྱི་འགྲོ་བ་རྣམས། །རང་རྒྱུད་ཀྱི་ཉོན་མོངས་མི་འདུལ་བར། །ཁ་ཡིས་ཨོ་ཡིག་བསྒྲངསན་ཡང་། །སེམས་ང་རྒྱལ་གྱི་དབང་དུ་བཏང་བ་འདི་ངུ་རེ་བྲོ། །ལྷ་འཕོ་ལྟུང་གི་སྡུག་བསྔལ་དེ་ཡ་རེ་ང་། །ཁ་ཡིས་ཨོ་ཡིག་མ་བསྒྲངས་ཀྱང་། །སེམས་ང་རྒྱལ་མེད་ན་ཨོཾ་ཡིག་གི་སྙིང་པོ་

p. 30

ཡིན། །ཁ་ཡིས་མ་ཡིག་བསྒྲུངས་ན་ཡང་། །སེམས་ཕྲག་དོག་གི་དབང་དུ་བཏང་བ་འདི་ངུ་རེ་བྲོ། །ལྷ་མིན་འཐབ་རྩོད་ཀྱི་སྡུག་བསྔལ་དེ་ཡ་རེ་ང་། །ཁ་ཡིས་མ་ཡིག་མ་བསྒྲུངས་ཀྱང་། །སེམས་ཕྲག་དོག་མེད་ན་མ་ཡིག་གི་སྙིང་པོ་ཡིན། །ཁ་ཡིས་ཎི་ཡིག་བསྒྲུངས་ན་ཡང་། །སེམས་འདོད་ཆགས་ཀྱི་དབང་དུ་བཏང་བ་འདི་ངུ་རེ་

p. 31

བྲོ། །མི་བྲེལ་ཕོངས་ཀྱི་སྡུག་བསྔལ་དེ་ཡ་རེ་ང་། །ཁ་ཡིས་ཎི་ཡིག་མ་བསྒྲངས་ཀྱང་། །སེམས་འདོད་ཆགས་མེདན་ཎི་ཡིག་གི་སྙིང་པོ་ཡིན། །ཁ་ཡིས་པད་ཡིག་བགྲངས་ན་ཡང་། །སེམས་གཏི་མུག་གི་དབང་དུ་བཏང་བ་འདི་དུ་རེ་བྲོ། །དུད་འགྲོ་གླེན་ལྐུགས་ཀྱི་སྡུག་བསྔལ་དེ་ཡ་རེ་ང་། །ཁ་ཡིས་པད་ཡིག་མ་བསྒྲུངས་ཀྱང་། །སེམས་གཏི་མུག་མེདན་པད་ཡིག་གི་སྙིང་པོ་ཡིན། །ཁ་ཡིས་མེ་ཡིག་བསྒྲངསན་ཡང་། །སེམས་སེར་སྣའི་དབང་དུ་བཏང་བ་འདི་ངུ་རེ་བྲོ། །ཡི་དྭགས་་བསྐྲེས་སྐོམ་གྱི་སྡུག་བསྔལ་དེ་ཡ་རེ་ང་། །ཁ་ཡིས་མེ་ཡིག་མ་བསྒྲངས་ཀྱང་། །སེམས་སེར་སྣ་མེད་ན་མེ་ཡིག་གི་སྙིང་པོ་ཡིན། །ཁ་ཡིས་ཧཱུྃ་ཡིག་བསྒྲངས་ན་ཡང་། །སེམས་ཞེ་སྡང་གི་དབང་དུ་བཏང་བ་འདི་ངུ་རེ་བྲོ། །དམྱལ་བ་ཚ་གྲང་གི་སྡུག་བསྔལ་དེ་ཡ་རེ་ང་། །ཁ་ཡིས་ཧཱུྃ་ཡིག་མ་བསྒྲང་ཀྱང་། །སེམས་ཞེ་སྡང་

p. 32

མེད་ན་ཧཱུཾ་ཡིག་གི་སྙིང་པོ་ཡིན། །ཁ་ཡིས་ཧྲཱིཿཡིག་བསྒྲང་ན་ཡང་། །སེམས་ཅན་སྡུག་བསྔལ་ལ་སྦྱར་བ་འདི་ངུ་རེ་བྲོ། །སྙིང་རྗེ་དེ་སེམས་ལ་མེད་པས་ན། །སྡེ་ཡར་ཀ་ཚུར་ཀ་རྣམས་ཀྱང་འཁྲུག་ནས་གདའ། །ལས་ངན་གྱི་རྣམ་སྨིན་མྱོང་ཚེ་ཡ་རེ་ང་། །ཁ་ཡིས་ཧྲཱིཿཡིག་མ་བསྒྲུངས་ཀྱང་། །སྙིང་རྗེ་དེ་སེམས་ལ་ཡོད་གྱུར་ན། །འཕགས་པ་སྤྱན་རས་གཟིགས་ཀྱི་དགོངས་པ་ཡིན། །སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །ཕྱི་དུག་ལྔའི་འཁོར་ལོ་མ་བསྐོར་བར། །ནང་ཡེ་ཤེས་ལྔའི་འཁོར་ལོ་དེ་རྒྱུན་དུ་སྐོར་ལ་ཤོག །ཕྱི་ཉོན་མོངས་ཀྱི་ཕྲེང་ནག་མི་བསྒྲང་བར། །ནང་རྟོག་མེད་རྡོ་རྗེའི་ཕྲེང་བ་དེ་རྒྱུན་དུ་སྒོངས་ལ་ཤོག །ཕྱི་ལུས་ཀྱི་འཁོར་ལོ་བསྐོར་ན་ཡང་། །ནང་རྣམ་གཡེང་གི་འཁོར་ལོ་བསྐོར་ནས་གདའ། །ཕྱི་ལུས་ཀྱི་ཕྲེང་བ་བསྒྲངས་ན་ཡང་། །ནང་བསམ་ངན་གྱི་ཕྲེང་བ་བསྒྲུངས་ནས་

p. 33

གདའ། །ནང་རྡོ་རྗེའི་ལྷ་ཁང་བོར་ནས་ནི། །ཕྱི་ཡི་ལྷ་ཁང་བཞེངས་པ་འདི། །སེམས་ཅན་སྡུག་བསྔལ་ལ་སྦྱར་ནས་གདའ། །དགྲ་ལས་སྒྲིབ་པ་སྦྱང་བའི་འདུན་པ་དཀའ། །ཕྱི་ཆགས་སྡང་གི་རྡོ་ཡིག་མ་བརྐོ་བར། །ནང་བདག་འཛིན་གྱི་རྡོ་སྒོག་སྲ་མོ་ལ། །དོན་ཡེ་ཤེས་དྲུག་གི་འབྲུ་དྲུག་བརྐོས། །མ་འགྲོ་དྲུག་སངས་རྒྱས་ཐོབ་པར་ཤོག །ཅེས་སོ།། ༈ ཡང་འདི་སྐད་དུ། །མཁྱེན་ནོ་མཁྱེན་ནོ་ཨོ་རྒྱན་ཆེན་པོ་མཁྱེན་ནོ། །གཟིགས་ཤིག་གཟིགས་ཤིག་མི་མངོན་དབྱིངས་ནས་གཟིགས་ཤིག །དུས་དེང་སང་མི་གཟིགས་ན་ནམ་ཞིག་གཟིགས། །གཟིགས་ཤིག་གཟིགས་ཤིག་ལས་ངན་གྱི་འགྲོ་བ་ལ་གཟིགས་ཤིག །བཞེངས་ཤིག་བཞེངས་ཤིག་སྐུ་གསུམ་དབྱེར་མེད་ཀྱི་ཀློང་ནས་བཞེངས་ཤིག །དྲོངས་ཤིག་དྲོངས་ཤིག་འགྲོ་དྲུག་བདེ་ཆེན་གྱི་ཞིང་དུ་དྲོངས་ཤིག །བཞེངས་ཤིག་བཞེངས་ཤིག་གུ་རུ་རིགས་དྲུག་

p. 34

དེ་བཞེངས་ཤིག །སྐྱོབས་ཤིག་སྐྱོབས་ཤིག་རྒྱུ་དྲུག་འཁོར་བ་ལས་སྐྱོབས་ཤིག །མ་ཉལ་མ་ཉལ་སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །སེམས་ང་རྒྱལ་གྱི་དབང་དུ་མ་ཉལ་ཡར་ལ་བཞེངས། །བཞེངས་པའི་བཞེངས་ལུགས་ནི་ཅི་འདྲ་ཞིག་ཡིན་ན། །སེམས་ང་རྒྱལ་གྱི་རྟོག་པ་ཞིག་སྐྱེས་པའི་དུསན། །ཕྱིར་མ་སྤངས་དྭང་དུ་མ་བླངས་པའི་ངོ་བོ། །ཆོས་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གྲོལ་ལོ། །མ་ཉལ་མ་ཉལ་སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །སེམས་ཕྲག་དོག་གི་དབང་དུ་མ་ཉལ་ཡར་ལ་བཞེངས། །བཞེངས་པའི་བཞེངས་ལུགས་ནི་ཅི་འདྲ་ཞིག་ཡིན་ན། །སེམས་ཕྲག་དོག་གི་རྟོག་པ་ཞིག་སྐྱེས་པའི་དུས་ན། །ཕྱིར་མ་སྤངས་དྭང་དུ་མ་བླངས་པའི་ངོ་བོ། །ཆོས་བྱ་བ་གྲུབ་པའི་ཡེ་ཤེས་སུ་གྲོལ་ལོ། །མ་ཉལ་མ་ཉལ་སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །སེམས་འདོད་ཆགས་ཀྱི་དབང་དུ་མ་

p. 35

ཉལ་ཡར་ལ་བཞེངས། །བཞེངས་པའི་བཞེངས་ལུགས་ནི་ཅི་འདྲ་ཞིག་ཡིནན། །སེམས་འདོད་ཆགས་ཀྱི་རྟོག་པ་ཞིག་སྐྱེས་པའི་དུསན། །ཕྱིར་མ་སྤངས་དྲུང་དུ་མ་བླངས་པའི་ངོ་བོ། །ཆོས་སོ་སོར་རྟོགས་པའི་ཡེ་ཤེས་སུ་གྲོལ་ལོ། །མ་ཉལ་མ་ཉལ་སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །སེམས་གཏི་མུག་གི་དབང་དུ་མ་ཉལ་ཡར་ལ་བཞེངས། །བཞེངས་པའི་བཞེངས་ལུགསནི་ཅི་འདྲ་ཞིག་ཡིནན། །སེམས་གཏི་མུག་གི་རྟོག་པ་ཞིག་སྐྱེས་པའི་དུས་ན། །ཕྱིར་མ་སྤངས་དྭང་དུ་མ་བླངས་པའི་ངོ་བོ། །ཆོས་མཐའ་བྲལ་དབྱིངས་ཀྱི་ཡེ་ཤེས་སུ་གྲོལ་ལོ། །མ་ཉལ་མ་ཉལ་སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །སེམས་སེར་སྣའི་དབང་དུ་མ་ཉལ་ཡར་ལ་བཞེངས། །བཞེངས་པའི་བཞེངས་ལུགས་ནི་ཅི་འདྲ་ཞིག་ཡིན་ན། །སེམས་སེར་སྣའི་རྟོག་པ་ཞིག་སྐྱེས་པའི་དུས་ན། །ཕྱིར་མ་སྤངས་དྭང་དུ་མ་བླངས་པའི་ངོ་

p. 36

བོ། །ཆོས་མི་དམིགས་ཟང་ཐལ་ཡེ་ཤེས་སུ་གྲོལ་ལོ། །མ་ཉལ་མ་ཉལ་སྐལ་ལྡན་གྱི་འགྲོ་བ་ཕོ་མོ་རྣམས། །སེམས་ཞེ་སྡང་གི་དབང་དུ་མ་ཉལ་ཡར་ལ་བཞེངས། །བཞེངས་པའི་བཞེངས་ལུགསནི་ཅི་འདྲ་ཞིག་ཡིནན། །སེམས་ཞེ་སྡང་གི་རྟོག་པ་ཞིག་སྐྱེས་པའི་དུས་ན། །ཕྱི་མ་སྤངས་དྲུང་དུ་མ་བླངས་པའི་ངོ་བོ། །ཆོས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་གྲོལ་ལོ། །དོན་དེ་ལ་དྲིལན་ཟུང་འཇུག་གི་གོ་འཕང་། །དུས་གཞན་ལ་མི་ལྟོས་ཚེ་འདི་རུ་ཐོབ་བོ། །ཕྱི་ནང་གི་ཆོས་ཀུན་མཚུངས་པ་ལ། །ནང་གི་རྟོག་ཚོགས་དེ་མ་འཁྲུགས་ན། །ཕྱི་ནས་ཤར་བ་བརྡ་ཆོས་ཡིན། །ནང་དུ་ཤར་བ་དོན་ཆོས་ཡིན། །ཕྱི་ཡི་འབྱུང་བ་ལྔ་པོ་འདི། །བརྡ་ཆོས་ཡིན་གྱི་དོན་ཆོས་མིན། །ནང་གི་འབྱུང་བ་ལྔ་པོ་འདི། མཚོན་བྱ་དོན་གྱི་འབྱུང་ལྔ་ཡིན། །ཕྱི་ལ་མ་ཞེན་བརྡ་ཙམ་རྟོག །ནང་གི་འབྱུང་ལྔ་དབྱིངས་ལ་སྐྱོལ། དབྱིངས་སྣང་རྒྱན་དུ་ཤར་བའི་ཚེ། །བརྡ་ཆོས་ཐམས་ཅད་རང་གྲོལ་དུ་འགྲོའོ་།ཅེས་པའང་དཔལ་ཧེ་རུ་ཀའི་

p. 37

བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་གྱི་དབང་ཕྱུག་གང་ཤར་རང་གྲོལ་དབང་པོས་གསུངས་མགུར་ཐོལ་བྱུང་དུ་བྱུང་བ་གཏེར་སྟོན་རོལ་པའི་རྡོ་རྗེའམ་པདྨ་དྲི་མེད་ཕྲིན་ལས་རྩལ་གྱིས་འགྲིགས་ཆགས་སུ་བཀོད་པ་དགེ། །།

ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ།

p. 38

༄༅། །ཉམས་ལེན་ལ་སྐུལ་དེད་ཀྱི་མགུར་མ་བཞུགས་སོ། །

p. 39

༄༅། །ཆོས་སྒྲུབ་བརྒྱུད་ཟེར་བའི་མན་ངག་དེ། །དུས་རྒྱུན་དུ་རང་རྒྱུད་འདུལ་གཟས་ཡིན། །ནང་རང་རྒྱུད་འདི་ཉིད་མ་འདུལ་ན། །ཕྱི་གཞན་དོན་འབྱུང་བ་དཀའ་མོ་ཡིན། །དོན་དེ་བས་རང་རྒྱུད་ཡང་ཡང་བརྟགས། །རྐྱེན་འདོད་ཡོན་ཞིག་གིས་བསྐུལ་བ་ན། །ཕ་བླ་མའི་གདམས་ངག་ཡང་ཡང་དྲན། །མགོན་ཐུབ་པ་

p. 40

དགྱེས་པའི་ཉམས་ལེན་དེ། །ནང་རང་འདོད་ཀྱི་གཡོ་སྒྱུ་གཞན་ལ་ངོམས། །གྲོགས་གཞན་གྱི་ཡོན་ཏན་དགུང་ལ་ཕྱར། །ཚེ་འདི་ཕྱི་གཉིས་ཀྱི་བདེ་བའི་རྒྱུ། །དོན་བྱང་ཆུབ་སེམས་མཆོག་སྙིང་ལ་བཞག །ནམ་དྲན་མཆོག་རྒྱལ་པོ་རང་གི་བབས། །གཤིས་རྫོགས་པ་ཆེན་པོའི་དགོངས་དོན་བསྐྱངས། །གྲོགས་སུ་དང་

p. 41

འགྲོགས་ཀྱང་མི་འཁོན་ཞིང་། །གནས་གང་དུ་སོང་ཡང་སྐྱོ་ངལ་མེད། །ལས་ཇི་ལྟར་བྱས་ཀྱང་གཞན་དོན་འབད། །སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་ཆེ། །མིག་ཨ་འབྲས་བཞིན་དུ་གཅེས་སྤྲས་གྱིས། །ད་ངོ་ལྐོག་མེད་པ་སྲོག་བཞིན་སྲུང་། །གྲངས་རྣམ་གྲངས་དམ་ཚིག་མང་ན་ཡང་། །མདོ་ཆེན་པོ་གཉིས་ཀྱི་ཁོངས་སུ་འདུས། །རྐྱེན་འཁྲུལ་པ་ཕུག་རྡིབ་ལྟ་བའི་དམ། །བྱམས་སྙིང་རྗེའི་ལས་ཆེན་སྤྱོད་པའི་དམ། དེ་གཉིས་ཀ་འཛོམན་དོན་གཉིས་འབྱུང་། །ལུས་ཐོབ་དཀའི་དལ་འབྱོར་རྙེད་དུས་འདིར། །རྒྱུད་ཉོན་མོངས་དབང་དུ་མ་གཏོང་ལགས། །དྲན་ཤེས་བཞིན་བག་ཡོད་གསུམ་གྱིསནི། །རྟེན་མི་ལུས་འདི་ལ་སྙིང་པོ་ལོངས། །ཆོས་ཕྱག་རྒྱ་ཆེན་པོའི་ཉམས་ལེན་སྐྱོངས། །ནམ་འཆི་བ་མི་རྟག་ཡང་ཡང་དྲན། །ལས་རྒྱུ་འབྲས་ཡུང་གཞི་བཞིན་དུ་ཞིབ། །གནས་རིགས་དྲུག་

p. 42

ཆོས་ལ་སྐྱོ་བ་སྐྱེད། །སྡུག་འཁོར་བའི་མཚོ་ཆེན་སྐམ་ལ་ཐོངས། །སྐྱབས་བསླུ་བ་མེད་པའི་མཆོག་གསུམ་ལ། །བློ་ཡིད་གཉིས་མེད་པར་གསོལ་བ་འདེབས། །མ་འཁོར་བར་འཁྱམས་པའི་སེམས་ཅན་ལ། །བྱམས་སྙིང་རྗེའི་མདའ་ཡིས་ཡང་ཡང་བསྣན། །གྲོགས་ཚོགས་བསགས་ཕན་བདེའི་ལག་ལེན་བཏབ། །བགེགས་ཆོས་བརྒྱད་དགྲ་ཆེན་ནམ་བྱུང་ཚེ། །དཔལ་རྡོ་རྗེ་སེམས་དཔའི་སྐུ་རུ་བཞེངས། །བྱིན་བླ་མའི་མཛད་སྤྱོད་གང་ལ་ཡང་། །ད་ཐེ་ཚོམ་བྲལ་བའི་གདེང་ཆེན་གྱིས། །བློ་བཅོས་མིན་མོས་གུས་ཤུགས་ལ་སྦར། །ལས་ཅི་བྱས་ཞབས་ཏོག་དུ་བསམ་ནས། །ཕ་བླ་མའི་རང་རིག་ངོ་བོ་སྐྱོངས། །དོན་དེ་ཚོ་ཐུགས་ལ་རྟག་འཆང་ན། །མི་སྐྱ་སེར་མེད་པ་ལམ་དེས་སྒྲོལ། །རྟེན་ཕོ་མོ་མེད་པ་ལམ་དེས་སྒྲོལ། །ལམ་དེ་ཡིས་མ་གྲོལ་གཅིག་ཀྱང་

p. 43

མེད། །བུ་ང་ཡི་ཉམས་ལེན་དེ་འདྲ་ཡིན། །རྗེ་བླ་མས་གནང་བ་དེ་ཡིན་ཅིང་། །ཆོས་མདོ་རྒྱུད་ཀུན་གྱི་ཡང་སྙིང་དེ། །ཚིག་གནད་འགགས་དེ་ལས་གཞན་མེད་པས། །སྐྱེ་ཚེ་རབས་ཀུན་ཏུ་དེ་དོན་བཞིན། །དུས་རྒྱུན་ཆད་མེད་པ་དེ་ཡི་དོན། །བུ་ང་ཡི་སྙིང་ལ་འཆང་ནས་ཡོད། །གྲོགས་ཁྱེད་ཅག་རྣམས་ཀྱང་དེ་དོན་བཞིན། །སྙིང་རུས་པའི་གཏིང་ནས་ཉམས་ལེན་མཛོད། །ཅེས་སོ།། ༈ ཀྱེ་མ། གསོན་ཅིག་སྐལ་ལྡན་བུ་མཆོག་གི་ཁྱུ་ཚོགས། །ཉམ་ཆུང་རི་དྭགས་ཚོགས་རྣམས་རྩྭ་ཆུ་ལ་འགྲིམ་ཚེ། །ལས་ངན་ཤན་པའི་འཕྲུལ་མདའ་ལོང་ལོང་དུ་ངོམ་འདི། །སྙིགས་ལྔའི་རང་གཟུགས་མིན་ན་ཅི་ཞིག་ནི་ཡིན་ཨང་། །དེ་འདྲ་སྐྱབས་མེད་ཉམ་ངའི་དོ་རར་ནི་ཆུད་དུས། །བག་ཡང་བརྩེ་བས་སྐྱོང་བའི་དྲིན་ཅན་གྱི་བླ་མ། །ཡིད་ལ་ལམ་ལམ་དྲན་ནས་བཟོད་ཐབས་སུ་མི་

p. 44

འདུག །སྐབས་རེར་སེམས་པ་སྟེར་བའི་ན་ཆུང་གི་ཚོགས་རྣམས། །གར་སོང་ཆ་མེད་ལམ་དུ་སྔར་གནས་ནི་བུད་སོང་། །སྐད་ཅིག་སེམས་པ་གཏད་པའི་སྤྲོ་སྙིང་ཞིག་མི་འདོད། །ལས་དབང་ཁྲིམས་ར་བཙན་པའི་ཁྲི་མུན་གྱི་འོག་ཁང་། །གཅེར་བུ་གཞོན་ཤ་ཅན་ལ་སྤུ་གྲི་ཡིས་རེག་ཚེ། །འདུས་བྱས་ཡིད་གཏད་མེད་པའི་གྲོགས་རྣམས་ནི་གར་སོང་། །དེ་བས་ད་ལྟ་རང་ལག་ཡོད་པ་ཡི་དུས་འདིར། །རྟག་ཏུ་ཡུན་རིང་འགྲོགས་ཀྱང་མཐོང་མ་ཡི་མྱོང་བ། །སེམས་ཉིད་སྟོང་གསུམ་ཟོང་གིས་ཁུག་མིན་གྱི་ནོར་བུ། །ཟབ་གཏེར་ལག་ཏུ་ལོན་དུས་གཡས་ཆུང་དུ་མ་བོར། །བསྐལ་པ་ཁྲི་ཕྲག་འབད་ཀྱང་ཁུག་རྒྱུ་ནི་མེད་པ། །ཕ་མཆོག་བླ་མས་གཏད་པའི་རྩོལ་མེད་ཀྱི་གཤིས་ལུགས། །སྐྱོ་ན་སྐྱོ་གྲོགས་དེ་ཡིས་ཅིས་ཕྱིརནི་མི་བྱེད། །སྡུག་ན་སྡུག་གྲོགས་བདེ་ན་བདེ་བ་

p. 45

ཡི་གྲོགས་པོ། །ནམ་དགོས་རང་གི་དྲུང་ན་ཟདམེད་དུ་ཡོད་པ། །དམ་པའི་ལྷ་ཆོས་ཤིག་ལ་ཅིས་ཕྱིར་ནི་མི་རེམ། །ལྷ་ཆོས་ཡིད་བཞིན་ནོར་བུའི་ཡང་སྙིང་གི་རྩ་བ། །རང་འདོད་འཁྲི་བ་ཆོད་པའི་གསེང་ལམ་གྱི་གསེབ་ནས། །གཞན་ཕན་སྙིང་རྗེའི་གཤོག་ཡང་དཀར་པོ་དེ་ལོས་བརྐྱང་། །ཉམ་ངའི་རླུང་གིས་དྲངས་པས་ཅུང་ཟད་རེ་ཉེན་ཚེ། །ཐབས་ཤེས་འཕྲུལ་གྱི་གཤོག་རྩལ་ཅིས་ཕྱིར་དུ་ལྷོད་འཇུག །ཟད་མེད་རྣམ་གཡེང་འཕྲུལ་འཁོར་སྔོན་ཆད་ལ་བསྐོརན། །དནི་སྙིང་པོ་ཡོད་པའི་བྱ་བ་ཞིག་སྒྲུབ་རན། །གྲགས་སྐམ་སྟོང་འུར་ཙམ་གྱི་རྗེས་སུ་ནི་འབྲང་ངམ། །ཉི་ཚེའི་བྱ་བ་སྒྲུབ་ལ་སེམས་པ་ནི་མ་ཕྱོགས། །དོན་མེད་ཚེ་འདིའི་བྱ་བཞག་ཆུ་ནང་གི་ལྷུ་བ། །དོན་ཆུང་རང་འདོད་སྒྲུབ་འདི་ཆུ་ཤིང་གི་སྡོང་པོ། །དོན་ཆེན་བསྟན་པ་འཛིན་ལ་ཅིས་ཕྱིར་དུ་མི་སྤྲོ། །བསྟན་པའི་སྙིང་པོ་རྩོལ་མེད་

p. 46

འོད་གསལ་གྱི་ཐེག་མཆོག །ས་དགེ་ཀར་རྙིང་གདམས་ཟབ་བདུད་རྩི་ཡི་ཐེག་པ། །ཉིན་མཚན་བར་མེད་འཐུང་ལ་ངོམ་པ་རང་ཅི་ཡོད། །རྩོལ་བཅས་ཐེག་པའི་ལམ་དེ་དཀའ་ཚེགས་ཀྱི་སྣོན་མ། །བྱིས་པའི་རྩེད་མོ་འདྲ་བ་འདི་ལ་ནི་མ་ཞེན། །འོན་ཀྱང་ཀུན་རྫོབ་བརྡ་ཡི་བསྟན་པ་ནི་འདི་ལ། །སྣང་སེམས་སྤུ་ཙམ་མི་རུང་སྔོན་སྲོལ་གྱི་ལམ་བཞིན། །རྒྱུ་འབྲས་ཡང་དག་མཆོག་གི་ཤན་འབྱེད་ཀྱི་ཐབས་འདིས། །གདུལ་བྱ་འདུན་པའི་དྲང་ངེས་སོ་སོ་རུ་ཕྱེས་མཛོད། །དེ་སྐད་ཡིད་ལ་ཤར་བ་གང་དྲན་གྱི་གཏམ་འདི། །མ་བཅོས་གཉུག་མར་ཀློད་པའི་གང་ཤར་གྱི་ངོར་ལ། །དྲན་ཚད་ཐོལ་བྱུང་སོང་བའི་སྙིང་གཏམ་གྱི་ཚིག་གསུམ་།ཆོསཀྱི་མཆེད་པོ་རྣམསཀྱི་སྙན་ལམ་དུ་འབུལ་ལོ། །སྤྲང་བན་བདག་གི་བསམ་པ་སྙིང་རྗེ་ལ་ཤོར་སོང་། །གཞན་ཕན་ལག་

p. 47

ལེན་བཏབ་ལ་ནམ་ཡང་ནི་དམ་བཅའ། །མ་དང་མཁའ་འགྲོ་དགྱེས་པའི་དགེ་མཚན་གྱི་དྲི་ཡིས། །སྙིགས་ལྔའི་མི་གཙང་དྲི་དེ་སྐད་ཅིག་ལ་ལོས་སེལ། །ཧ་ཧ། འདི་ཡི་ཞལ་གདམས་རྣམས་ས་ཁྱི་ཕག་ལོ་འཁྲུག་པའི་དུས་ནས་བཟུང་རྒྱུན་དུ་ཉམས་ལེན་སྐོར་ཡིན།།

གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར།

p. 48

༄༅། །གེགས་སེལ་སེམས་ངོ་སྐྱོང་ལུགས་ཀྱི་མགུར་ཞེས་བྱ་བ་བཞུགས་སོ། །འདྲེན་མཆོག་བླ་མའི་ཞབས་ལ་འདུད། །ཁྱོད་ཀྱི་ཉམས་སུ་ལེན་རྒྱུ་ལ། །བླ་མ་སངས་རྒྱས་དངོས་མཐོང་གིས། །མོས་གུས་དྲག་པོས་གསོལ་བཏབ་ཅིང་། །དབང་བཞི་བླངས་ལ་ཐུགས་ཡིད་བསྲེས། །ད་ལྟའི་ཐདཀའི་ཐ་མལ་གྱི། །ཤེས་པ་གསལ་རིག་འདི་ཀ་ལ། །ངན་རྟོག་འཇུར་བུའི་མ་བཅིངས་པར། །འགྱུ་ཡིས་སྡུག་དང་གནས་ན་དགའ། །སྒྲིམ་ཀློད་བྱེ་བློ་མ་ཙམ་པར། །གཤིས་ལུགས་ངང་དུ་བབ་ཀྱི་ལྷོད། །རྣམ་རྟོག་ཕྱི་རུ་སྤྲོ་བ་དང་། །རིག་པ་ནང་དུ་སྡང་པ་སོགས། །བཅས་བཅོས་དགག་སྒྲུབ་མི་བྱེད་པར། །གཏད་མེད་ངང་དུ་ཁྲོ་ལེར་ཞོག ་བལྟར་མེད་སེམས་ཀྱི་ཆོས་ཉིད་ལ། །མཐོང་འདོད་རེ་བ་མ་ཆེ་བར། །གང་ཤར་ཆོས་སྐུའི་ཡོ་ལངས་ཆེར། །རྒྱ་གྲོལ་ཕྱལ་པར་ཀློང་ལ་ཐོང་། །

p. 49

ཚོགས་དྲུག་ལྷག་པར་བུ་ཆུང་སེམས། །བཟང་རྟོག་ཞེན་མེད་འཇའ་ཤར་འདྲ། །ངན་རྟོག་སྦྲུལ་མདུད་རང་གྲོལ་བཞིན། །རྣམ་ཀུན་བག་ཆགས་རྗེས་མ་འབྲང་། །ཆགསན་ཆགས་མཁན་རྩ་བ་ཆོད། །ཞེནན་ཞེན་མཁན་རྩདནས་ཕྱུང་། །བྱིངན་རྩལ་སྦྱངས་ཉམས་བོགས་འབྱུང་། །མཉམ་བཞག་རྗེས་ཐོབ་ངོ་བོ་ཁྱེར། །དུས་རྒྱུན་ངེས་འབྱུང་སྐྱོ་ཤས་དང་། །ཞེན་ལོག་དཀའ་སྤྱད་སྒྲུབ་ཚུགས་བརྟན། །མོས་གུས་སྙིང་རྗེ་བསྐྱེདརྫོགས་དང་། །ཤི་ཡང་འགྱོད་མེད་ཚགས་ཚེ་ཚུདམཛོད། །དེ་སྐད་དགེ་སྦྱོང་ཧྲལ་པོ་དེས། །ལུང་དང་བླ་མའི་མན་ངག་དང་། །རང་གི་མྱོང་བ་བསྟུནནས་བྲིས། །དགེ་བས་ཁྱེད་ལ་ཕན་གྱུར་ཅིག །ཅེས་པའང་གང་ཤར་དབང་པོས་བྲིས་པ་དགེ།། །།

སེམས་ངོ་འཇོག་ཐབས།

p. 50

༄༅། །སེམས་ངོ་འཇོག་ཐབས་བཞུགས་སོ། །ནང་གི་རིག་པ་ཁ་ཡན་ཐོང་། །ཕྱི་རུ་སྣང་ལ་མ་ཞེན་པར། །ཕྱིནང་མེད་པ་ཟང་ཐལ་ལེ། །དགའ་སྡུག་གྲོལ་བ་ཨེ་མ་ཧོ། །ཡེངས་བ་ཡོདན་སེམས་ཀྱི་ཆ། །དགའ་སྡུག་ཡོདན་སེམས་ཀྱི་ཆ། །རེ་དོགས་ཡོདན་སེམས་ཀྱི་ཆ། །བཟང་ངན་སྣངན་སེམས་ཀྱི་ཆ། །གཙང་བཙོག་སྣངན་སེམས་ཀྱི་ཆ། །དེ་དུས་རྒྱུ་འབྲས་ཁྱོད་མ་གསོད། །སྤྱོད་པ་ཞིབ་ཞིབ་དམནས་བཟུང་། །ཐོསོའི་རྩིང་སྤྱོད་མི་མཛད་པར། །སྤྱོད་པ་མི་དང་བསྟུན་ནས་ནི། །དགའ་སྡུག་ནང་ནས་སྦྱངས་ལ་ཤོག །ལམ་གྱི་ས་ཚོད་རང་ལ་དྲིས། །ན་ཚ་སྡུག་བསྔལ་ཨེ་བཟོད་ལྟོས། །བརྙས་བཅོས་ཁྱད་གསོད་ཨེ་བཟོད་ལྟོས། །མ་བཟོད་ཕལ་པ་དང་མཚུངསན། །ད་དུང་ལམ་རྩལ་མ་རྫོགས་རྟོགས། །བླ་མ་ལྷ་ལ་གསོལ་བ་ཐོབ། །དབང་བཞི་བླངས་ལ་ཐུགས་ཡིད་བསྲེ།

p. 51

འཛིན་མེད་ངང་དུ་ལྷོད་དེ་ཀློད། །རྩོལ་མེད་ངང་དུ་ཤིག་གེ་ཞོག། །སྐབས་སུ་རྒྱུ་འབྲས་བསླུ་མེད་བསམ། །འགྲོ་བའི་སྡུག་བསྔལ་བདག་ལ་ལོངས། །བདག་གི་བདེ་དགེ་གཞན་ལ་བྱིན། །བདེ་སྡུག་གཏོང་ལེན་དམིགས་པ་གྱིས། །ངན་པ་མ་སྤངས་གང་དགར་ཀློད། །བཟང་པོ་མ་རྩོལ་གང་དགར་ཀློད། །བཟང་ངན་རེ་དྭོགས་མེད་པ་རུ། །སུ་དང་འགྲོགས་ཀྱང་བདེ་བདེ་འདྲ། །གང་དུ་བསྡད་ཀྱང་བདེ་བདེ་འདྲ། །ཅི་ལྟར་བྱས་ཀྱང་བདེ་བདེ་འདྲ། །རྒྱུ་འབྲས་ཇེ་ཞིབ་སོང་ནས་ནི། །རང་དོན་བདག་འཛིན་ཆུང་ངུར་སོང་། །དགའ་སྡུག་ཆགས་སྡང་ཆུང་ངུར་སོང་། །ཤི་བའི་འཇིགས་པ་མི་དགོས་ཚེ། །ཉམས་རྩལ་ཅུང་ཟད་རྫོགས་པའི་རྟགས། །མདོར་ན་དུས་རྣམས་ཀུན་ཏུནི། །མ་བཅོས་རང་བབ་ཀློད་ཤེསན། །དབྱིངས་ལས་སུ་ཡང་གཡོ་མ་མྱོང་། །དེ་སྐད་གང་ཤར་དབང་པོ་ཡི། །སྨོན་ཚིག་

p. 52

ཐོལ་བྱུང་སོང་བ་དེ། །ཁྱེད་ཀྱང་ང་དང་གཉིས་མེད་པས། །འགྲོ་བ་ཡོངས་ལ་ཕན་ཐོགས་ཤོག། །།

ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ།

p. 53
p. 54

༄༅། །ཞུས་ལེན་རྒན་མོ་མཛུབ་བཙུགས་ཀྱིམགུར་མ་བཞུགས་སོ།། སྤྲུལ་སྐུ་ཨོ་རྒྱན་བསྟན་འཛིན་ནས་མཁན་ཆེན་རིན་པོ་ཆེ་ལ་ཞུ་བ་འདི་ལྟར། དགུང་སྔོན་གྱི་ལྷ་ལམ་ཡངས་པའི་ངོགས། །ཆུ་འཛིན་གྱི་རྒྱུ་བ་ལང་ལིང་གཡོ། །ནམ་མཁའནས་ཁུ་འཕངས་ཐར་ཐུར་འབབ། །སྒྲ་བརྒྱ་པའི་གསུང་སྙན་ལྷོང་ལྷོང་སྒྲོགས། །རྗེ་འགྲོ་བའི་མགོན་པོ་དབུས་ཕྱོགས་བྱོན། །ཕ་མེད་ཀྱི་དྭ་ཕྲུག་རྗེས་སུ་ལྷག །གཉེན་འབྲེལ་གྱི་གྲོགས་དང་སོ་སོར་བྱེ། །ཡིད་སྐྱོ་བའི་ཉམས་ཤིག་ཤར་ནས་བྱུང་། །སྐྱེད་ཚལ་གྱི་ཨུཏྤལ་བཞད་པའི་དུས། །རྩི་བཅུད་ལ་རོལ་པའི་རྐང་དྲུག་རྣམས་། །དེ་མཐོང་བས་དམ་ཆོས་ཚོལ་ལུགས་དྲན། །སེམས་ཉིད་སྐྱོ་བ་བྱུང་ནས་ཐལ། །གཡུ་ལྗོན་གྱི་ཚང་ཚིང་འཁྲིགས་དབུས་སུ། །རྩེད་འཇོ་ལ་རོལ་པའི་ཀུ་ཤུའི་ཚོགས། །དུསནམ་ཞིག་ལྷོ་མོན་ཕྱོགས་སུ་ཆས། །དེ་སེམས་འཁོར་

p. 55

སྐྱེ་བའི་ཉམས་ཞིག་ཤར། །རེག་འཇམ་གྱི་མལ་བསྟན་བདེ་བ་དང་། །ཟིལ་བུ་ཡི་རླུང་གིས་གཡོ་བའི་ཚེ། །དྲིན་འཁོར་མཐའ་བྲལ་བའི་གསང་གསུམ་དྲན། །འདྲེན་བྱེད་དུ་མཆི་མའི་ཆར་རྒྱུན་འབེབ། །རྗེ་འགའ་རེ་ཤར་གྱི་ཕྱོགས་སུ་བཞུགས། །རྗེ་འགའ་རེ་བྱང་གི་ཕྱོགས་སུ་ལུས། །དུས་ལྷན་དུ་འགྲོགས་པའི་སྨོན་ལམ་ཞུ། །ཞེས་པའང་། སྤྲེལ་ལོ་སྤྲེལ་ཟླ་ར་བའི་ཚེས་༡༠ ཉིན་ཟུར་མང་བདུད་རྩི་དིལ་༼འཁྱིལ་༽གྱི་ཝེར་ཕུག་རྡོ་རྗེའི་ཁྱུང་རྫོང་འོད་གསལ་དགའ་བའི་ཚལ་གྱི་རི་རྩེ་ལ། མཁན་ཆེན་བླ་མ་གཙོས་གྲོགས་མཆེད་རྣམས་དང་ལྷན་ཅིག་སྐྱོ་སངས་ལ་འགྲོ་སྐབས་དཔལ་ལྡན་བླ་མའི་གསང་གསུམ་ཡིད་ལ་དྲན་ནས་ཨོ་ཊི་ཡ་ནས་ཐོལ་བྱུང་སྨྲས་ཚེ། ༈ །མཚུངས་མེད་བླ་མ་དམ་པ། གང་ཤར་དབང་པོས་བླ་མ་ཕྱི་རུ་མི་བཞུགས་རིག་གདོང་འདི་རུ་འདུས་ཚུལ་གྱི་ལན་དུ་རྒན་མོ་མཛུབ་བཙུགས་ཀྱི་གདམས་པ་འདི་ལྟར། ཐ་སྙད་ཚུལ་མཐོང་གི་སྣང་ངོར། ཤར་

p. 56

ནུབ་སོ་སོ་རུ་བཞུགས་ཀྱང་། །དོན་ལ་རིག་རྩལ་གྱི་རོལ་པ། །རིག་གདོང་འདི་རུ་ནི་འདུས་པས། །ཡིད་སྐྱོའི་སེམས་ཕྲེང་ནི་མི་དགོས། །རྣམ་པ་ཐ་དད་ལྟར་སྣང་ཡང་། །གཅིག་པུའི་རོ་གར་དུ་འདུག་པས། །གསང་གསུམ་བྱིན་རླབས་ཀྱི་ཕུང་པོ། །ཡིད་ལ་འབྲལ་མེད་དུ་བཞུགས་པས། །རྟག་ཏུ་གསེར་ཞལ་ན་མཇལ་ཆོག །གུ་ཡངས་བློ་བདེ་ཡི་ངང་ནས། །བག་ཕེབ་རང་སེམས་ལ་གཟིགས་དང་། །རྩ་གསུམ་ཀུན་འདུས་ཀྱི་དྲིན་ཅན། །མཆོག་གསུམ་ཡིད་བཞིན་གྱི་ཕུང་པོ། །སྐྱབས་གཅིག་མཉམ་མེད་ཀྱི་གསང་གསུམ། །མ་རྩལ་ལྷན་གྲུབ་ཀྱི་ངང་ནས། །རང་བྱུང་འཕོ་མེད་དུ་མཇལ་འདུག །གཉིས་འཛིན་ཨ་འཐས་ཀྱི་སྒྲོག་གིས། །རིག་པའི་བུ་ཆུང་འདི་མ་བཅིངས། །གཏད་མེད་རྒྱ་ཡན་གྱི་ངང་དུ། །རྩོལ་བཅས་གཡས་ཆུང་དུ་བོར་

p. 57

ཐོང་། །རྩོལ་མེད་རང་བབ་ཀྱི་ངང་ནས། །མ་ཡེངས་མི་སྒོམ་པར་ཞོག་དང་། །རིག་སྟོང་གཉུག་མ་ཡི་དགོས་པ། །རང་བབ་ཤུགས་འབྱུང་དུ་མའོ། །ཞེས་པ་འདི་འང་། མ་ཧཱཔཎྜི་ཏཆེན་པོ་མཁན་ཆེན་བླ་མ་ཨཀཱ་ར་ཤི་ལིས་༼འགྱུར་མེད་ཚུལ་ཁྲིམས་༽མིང་གིས་ཐོལ་བྱུང་སྨྲས་པ་དགེ། །།

ཞེན་འཛིན་འབྱུང་བར་སྨོན་པའི་མགུར་མ།

p. 58

༄༅ ། །ཞེན་འཛིན་འབྱང་བར་སྨོན་པའི་མགུར་མ་བཞུགས་སོ། །མ་སྐུང་མ་སྐང་རྗེན་ལ་ཕུད། །མ་བྲོས་མ་བྲོས་བེ་ཕུར་ཚུགས། །མ་སྡངམ་སྡང་རང་སར་ཞོག །མ་ཆགས་མ་ཆགས་མཁའ་ལ་འཕྱོ། །སྐུངས་ཤིག་སྐྱངས་ཤིག་རང་ལ་སྐྱངས། །བྲོས་ཤིག་བྲོས་ཤིག་རང་ལ་བྲོས། །སྣང་ཞིག་སྡང་ཞིག་རང་ལ་སྡང་། །ཆགས་ཤིག་ཆགས་ཤིག་གང་ཡང་ཆགས། །བརྡའ་དེ་ཙིཏྟའི་དཀྱིལ་དུ་ཐིམ། །ཤིང་སྡོང་རུལ་བ་ཞིག་ཡོད། སུས་ཀྱང་མ་ཆོད། དེའི་ཙན་སྟ་རེ་ངར་མ་ཞིག་ཡོད། སུས་ཀྱང་མ་མཐོང་། མ་མཐོང་བའི་སྟ་རེ་རེ་བླངས་ནས་སུས་ཀྱང་མ་ཆོད་པའི་ཁང་རུལ་ཤིང་སྡོང་ལ་རྒྱོབ། རྩ་བ་ཆོད། ཟམ་པ་གྱིས་དང་། ཆུ་ཆེན་ལས་བརྒལ་འགྲོ། དེ་ལ་གྲོགས་བྱེད་པའི་མི་ལྔ་ཡོད། ད་ལྟ་སྐད་པ་སྔོ་དམར་ལྔས་བཅིངས་དེ་གདའ། མགོ་ལ་བྱེ་མའི་མཆོད་རྟེན་ལྔ་ཡིས་

p. 59

མནན་དེགདའ། བརྡ་ཐིམ། སྣང་བ་གང་ཤར་དབྱིངས་ཐོག་ཏུ་བསྐྱལ་ཏེ་གཟུང་འཛིན་གང་ལའང་ཉམས་མི་མངའ་བ་མི་ཡི་དབང་པོ་དེས་དབྱིངས་ཀྱི་ཆོ་འཕྲུལ་ལོ། །ཕ་བཀའ་བརྒྱུད་བླ་མ་ལ་གསོལ་བ་འདེསབ་སོ། །ཆོས་སྒྲུབ་བརྒྱུད་ཀྱི་བསྟན་པ་ཟིན་པར་བྱིན་གྱིས་རློབས། །ནང་བདག་འཛིན་གྱི་བྲག་རི་ཞིག་པར་ཤོག །སེམས་ང་རྒྱལ་གྱི་རི་བོ་བསྙིལ་བར་ཤོག །རླུང་ཕྲག་དོག་གི་འུར་སྒྲཞོནཔར་ཤོག །ཆུ་འདོད་ཆགས་ཀྱི་རྒྱ་མཚོསྐེམས་པར་ཤོག །སེམས་ཞེ་སྡང་གི་མེ་ཆེན་ཞི་བར་ཤོག །འཛིན་མེད་ཀྱིནམ་མཁའ་ཡངས་པ་ལ། །སྙིང་རྗེ་ཡི་གཤོག་པ་དཀར་པོ་ཡིས། །འཕུར་ལྡིང་དེ་འགྲོ་ལ་སྟོན་པར་ཤོག །དབྱིངས་ཆོས་སྐུའི་ཕོ་བྲང་རྒྱལ་ས་ཆེ། །མ་འགྲོ་བ་ཡོངས་ལ་ངོམས་པར་ཤོག །རྩལ་སྣ་ཚོགས་འཆར་བའི་སྤྲུལ་སྐུ་དེ། །མ་སེམས་ཅན་ཡོངས་ལ་འཕྲོ་བར་ཤོག །ད་སྨོན་

p. 60

ལམ་ཟེར་ན་དེ་ལ་ཟེར། །དུ་གསོལ་འདེབས་ཟེར་ན་དེ་ལ་ཟེར། །ད་བསྔོ་བ་ཟེར་ན་དེ་ལ་ཟེར། །ད་མཆོད་པ་ཟེར་ན་དེ་ལ་ཟེར། །དངོས་མེད་ཀྱི་ཡིད་སྤྲུལ་མཆོད་པ་དེ། །ཕ་བླ་མ་རྣམས་ལ་མཆོད་ལགས་སམ། །དེ་སྔོན་ང་ཡི་མདུན་དུ་ཐོན་མ་བྱུང་། །ནང་ཆབ་གཏོར་ཞེས་པའི་སྒྲ་ཆེན་པོ། །ཆུ་ཡི་དྭགས་མདུན་དུ་མ་སོངན། །ཆབ་གཏོར་དེ་སུ་ལ་བསྔོ་བ་ཡིན། །ནུབ་གསུར་ཆེན་ཞེས་པའི་སྒྲ་བོ་དེ། །རིགས་དྲུག་གི་མདུན་དུ་མ་སོང་ན། །བསང་གསུར་དེ་སུ་ལ་བསྔོ་བ་ཡིན། །དོན་དེ་ཚོ་ཐུགས་ལ་ཡང་ཡང་འཆང་། །འདྲེ་རྒྱལ་པོ་ཞེས་པའི་སྒྲ་ཆེན་དེ། །དུས་དེང་སང་གནས་རིག་བྱུང་ལགས། །བཙན་ཐེའུ་རང་ཟེར་བའི་སྐྲག་པ་དེ། །དུས་དེང་སང་གནས་རིག་བྱུང་ངམ། ཧཧ།

རྒོད་ཐང་དཀར་མའོངསམངོན་གཟིགས་ཀྱི་མགུར་མ།

p. 61
p. 62

༄༅། །རྒོད་ཐང་དཀར་མ་འོངས་མངོན་གཟིགས་ཀྱི་མགུར་མ་བཞུགས་སོ། །རྒོད་ཐང་དཀར་གནམ་འཕང་བསྐྱོད་ནས་ནི། །མི་རོ་ཁྱི་རོ་རྟ་རོ་སོགས། །ཞེན་ཆགས་ཀྱིས་ཧབ་ཐོབ་ཟོས་ན་ཡང་། །ནམ་ཞིག་སྲོག་དབུགས་ཆད་པའི་ཚེ། །རྒོད་རོ་དེ་ས་ལ་ལྷུང་སྟེ་འོང་། །རྟ་མདོ་བ་མིག་འགྲོགས་བྱེད་ས་རེད། །མི་སྣང་མ་ཅན་རྣམས་སྣ་དེ་ཟུམ། །ཕོ་སྨན་པ་རྣམས་ཀྱི་སྨན་དུ་ཤེས། །ཡོན་མཆོད་གནས་མེ་འབུད་བྱེད་མི་ཡིས། །མ་འབར་བྱེད་གཤོག་པ་ཁྱེར་ནས་འགྲོ། །སྤུ་ཐུ་ལི་མང་པོར་གྱིས་ནི་ནི། །བུ་བྱིས་པ་རྣམས་ཀྱི་རྩེད་ལྡན་བྱེད། །འོན་ཀྱང་རྒོད་རོ་ལ་རྣམ་རྟོག་མེད། །ཐང་དཀར་རྒོད་ཀྱི་རོ་དེ་ཡིས། །དོན་ལ་མ་གྱུར་གང་ཡང་མེད། །རིམས་ནད་ཀྱང་དེ་ཡིས་བཟློག་པར་ངེས། །བྱད་ཁ་ཡང་དེ་ཡིས་བཟློག་པར་ངེས། །དམག་འཁྲུགས་ཡང་དེ་ཡིས་བཟློག་པར་ངེས། །ལྷ་ཨོ་རྒྱན་

p. 63

པདྨའི་མགོ་རྒྱན་ཡང་བྱེད། །སྤང་སྒྲུང་མཁན་རྣམས་ལའང་དེ་ག་མཁོ། །མ་འགྲོ་བའི་ཕན་བདེ་དེ་ནས་འབྱུང་། །ཆོས་སྒྲུབ་བརྒྱུད་བསྟན་པ་དེ་ནས་ཟིན། །ཡོན་མཆོད་གནས་རྣམས་ཀྱང་གྲོས་མཐུན་འབྱུང་། །དཞི་དྲག་གཉིས་ཀྱང་དངོས་གྲུབ་མཉམ། །མཐར་ཟག་ཟད་འོད་སྐུར་དེ་ཡིས་འགྲོ། །མི་མིན་རོ་མིན་དེ་ཡིས་འགྱུར། །དེ་འདྲའི་མཚར་གཏམ་འགའ་རེ་དེ། །རང་མཉམ་གྱི་བན་རྒན་སྨྱོན་པ་ལ། །སྨྱོན་པས་སྨོན་པ་ལ་བརྡ་དེ་བྲིས། །དགེ་བ་སེམས་ཅན་ཐམས་ཅད་ཀྱི། །ཐང་དཀར་རྒོད་རོ་ཟོས་ནསནི། །ཐམས་ཅདསྨྱོན་པར་འགྱུར་བར་ཤོག །བྲག་རི་ལ་ཟང་ཐལ་དུ་འགྲོ་བར་ཤོག །རི་བོ་ལ་ཟང་ཐལ་དུ་འགྲོ་བར་ཤོག །ནམ་མཁའ་ལ་ལྡིང་སྟབས་སུ་འཕྱོང་བར་ཤོག །བྱེ་མ་ཡི་སཙྪ་འཐོར་བར་ཤོག །སྔོ་དམར་གྱི་སྐུད་པ་ཆད་པར་ཤོག །རང་མཉམ་གྱི་སྨྱོན་པ་བསམ་གཏན་

p. 64

ཡིན། །གང་ཤར་དེ་མཛུབ་མོའི་འཕྲུལ་གྱིས་བྲིས། །བྲིས་གཞི་དེ་ཤོག་གུ་དཀར་པོ་རེད། །ཐམས་ཅད་ལ་ཤོག་དཀར་གྱིས་ཁྱབ་ནས་འདུག །རྟེན་འབྲེལ་དེ་ཡོངས་ལ་འཛོམ་པར་ག །བདུད་རྩི་དིལ་༼འཁྱིལ་༽གྱི་ཕོ་བྲངནས། །བརྡ་དོན་རང་གྲོལ་དུ་སོང་བའོ། །རྟོག་གེས་མ་ཡིན་ཡེ་ཤེས་ཀྱིས། །བརྡ་དེ་སེམས་ལ་ཤར་ན་ཡང་། །དོན་དེ་ཡེ་ཤེས་ཀྱིསཁྲོལ་དགོས་འདུག །ལར་སྣང་སྲིད་ཐམས་ཅད་བརྡ་ཡིག་ཡིན། །སྣང་གསལ་གྱི་པྲ་ཡང་དེ་བཞིན་ལགས། །ད་གོ་བས་མ་ཡིན་མྱོང་བས་ཡིན། །ད་མྱོང་བས་མ་ཡིན་རྟོགས་པས་ཡིན། །ད་རྟོགས་པ་ཉིན་མཚན་འགྱུར་མེད་དངོས། །བརྡ་མི་ཁྲོལ་བ་འགའ་རེ་ལྷག་ནི་འདུག །ཐེ་ཚོམ་ཅན་ལ་གསང་རྒྱུ་ཡིན། །ལོག་ལྟ་སྐྱེས་ཀྱང་འགལ་བ་མེད། །ནམ་ཞིག་རང་གྲོལ་དུ་འོང་ནས་སྲིད་།ཅེས་པའོ།།

p. 65

ཤོག་སྟོང

སྦས་གནས་ལུང་བསྟན་པའི་མགུར་མ།

p. 66

སྦས་གནས་ལུང་བསྟན་པའི་མགུར་མ་བཞུགས་སོ། །དུས་དེང་སང་སྙིགས་མའི་འགྲོ་བ་རྣམས། །ཁ་ཆོས་ལ་ཟད་ནས་རང་མགོ་བསྐོར། །རྒྱུ་ཕུག་ལ་བསོགས་ནས་རང་མགོ་བསྐོར། །སྒོམ་ནང་དུ་བྱསནས་རང་མགོ་བསྐོར། །དགྲ་འཆི་བདག་དྲུང་དུ་སླེབ་པའི་ཚེ། །གཅིན་རྟག་པ་གཉིས་ཀྱིས་མལ་ས་གང་། །རྐྱེན་འདོད་ཡོན་ཐོག་ཏུ་བབས་པའི་ཚེ། །མགོའི་སྣ་ཐག་དེ་ལ་ཤོར་ནས་གདའ། །ད་ཉམས་ལེན་དེ་དང་དེ་འདྲསནི། །ཡོན་མཆོད་གཉིས་ཀ་ཕུང་ལ་སྦྱོར། །སྙིགས་མའི་འགྲོ་བ་ཟེར་ན་དེ་ལ་ཟེར། །དུས་ངན་པ་ཟེར་ན་དེ་ལ་ཟེར། །འོན་ཀྱང་པད་འབྱུང་ལ་གསོལ་བ་ཐོབ། །རྒྱུ་ནོར་ལ་ཆགས་ཞེན་མ་བྱེད་དང་། །འཚེ་མེད་ཀྱི་སྦས་གནསཞིག་བྱེ་རྒྱུ་ཡོད། །ད་ལྟ་རི་བྲག་གི་ཐར་ས་མེད། །རི་བྲག་ཕར་ཡོ་ཚུར་ཡོ་ཀྱིས། །ཆུ་བོ་ཕར་དེད་ཚུར་དེད་ཀྱིས། །སྦས་

p. 67

གནས་དེར་ཐོན་ནི་དགོས་ན་ཡང་། །དེ་དུས་ལ་ནམ་ཞིག་བབས་རྩ་ན། །རྣལ་འབྱོར་ལྔ་བཙན་ཐབས་ཏུ་འབྱུང་ཉེས་ཡོད། ཤིང་ཙནྡ་གི་སྡོང་པོ་ཞིག་དེ་ན་ཡོད། །རྩ་བ་དེར་སྟ་མོ་ཞིག་སྦས་ནས་ཡོད། །རི་བྲག་གི་སྒོ་མོ་དེ་ལ་ནི། །འདོམ་པ་གསུམ་པ་ཞིག་ཡོདན་ཡང་། །དེ་ལྟ་འདབ་ཆགས་བྱ་ཡང་ཐར་ས་མེད། ཤིང་ཙནྡ་སྡོང་པོའི་ཟམ་པ་དགོས། །མཚོ་ཆེན་པོ་དེ་ལས་ཕར་བརྒལན། །དང་པོ་སྤྲུལ་སྐུའི་ཞིང་ཁམས་ཡོད། །རྒྱུ་དར་ཟབ་མང་པོ་དེན་ཡོད། །དེ་ནས་ཕར་ཕར་སོང་ཙན། །ལོངས་སྐུའི་ཞིང་ཁམས་དེན་ཡོད། །དེར་རིན་ཆེན་སྣ་ལྔའི་བྱེ་མ་གདུལ། །དེ་ནས་ཕར་ཕར་སོང་ཙན། །ཆོས་སྐུའི་ཞིང་ཁམས་དེ་ན་ཡོད། །དེ་རུ་ཉིན་མཚན་མེད་པར་འོད་ཀྱིས་ཁེངས། །མཐར་ནི་འཇའ་ཡི་ལུས་སུ་འགྱུར། །དེ་སྐད་སྦས་གནས་ཀྱི་སྐད་ཆ་དེ། །སྨྱོན་པ་བསམ་གཏན་ལ་

p. 68

གདམས་པ་བསྟན། །བསྟན་མཁན་དེ་གང་ཤར་སྤྱོན་པ་རེད།། །།

ཀརྨ་ནོར་བུ་ལ་གདམས་པའི་མགུར་མ།

p. 69
p. 70

༄༅། །ཀརྨ་ནོར་བུ་ལ་གདམས་པའི་མགུར་མ་བཞུགས་སོ། །ཕ་ཨོ་རྒྱན་རྗེ་ལ་གསོལ་བ་ཐོབ། །བུ་སྒྲུབ་རྒྱུད་ཡོངས་ཀྱི་བསྟན་པ་ཟུང་། །ནང་གཡོ་སྒྱུའི་རང་མགོ་མ་བསྐོར་བར། །དོན་ཕྱག་རྒྱ་ཆེན་པོའི་ཉམས་ལེན་སྐྱོངས། །ལྷ་ཡེ་ཤེས་ཉི་མའི་སྐྱབས་གནས་ལ། །བྲོས་དགོས་ན་འབྲོས་རྒྱུ་མི་འདུག་ལགས། །གབ་དགོས་ན་གབ་རྒྱུ་མི་འདུག་ལགས། །སྐུང་དགོས་ན་སྐུང་རྒྱུ་མི་འདུག་ལགས། །ད་རང་སེམས་རང་གིས་གཏན་ལ་ཕོབ། །དུས་དེང་སང་མི་རྣམས་ཞེ་སྡང་ཆེ། །ཕྱིའི་དགྲ་ལ་ཞེ་སྡང་མི་སྐྱེ་བར། །ནང་དགྲ་ཆེན་གྱི་ཞེ་སྡང་དེ་འདུལ་ལ་ཤོག །ཕྱིའི་རྒྱུ་ནོར་དེ་ནང་ལ་མི་གསོག་པར། །ནང་སེམས་ཉིད་ཀྱི་ཡིད་བཞིན་ནོར་བུ་ལ། །ཡེངས་མེད་ཀྱི་བྱི་དོར་གྱིས་དང་ནི། །ཚེ་འདི་ཕྱི་གཉིས་ཀྱི་ཕན་བདེ་ཡིན། །མིང་ཀརྨ་ཞེས་པ་ཨེ་གོ་འདུག འོག་རྟ་མཁལ་དེད་པའི་ཀརྨ་མིན། །མ་འགྲོ་བའི་ཕན་བདེ་སྒྲུབ་དང་

p. 71

ནི། །ད་ཀརྨ་ཞེས་པའི་མིང་དོན་མཚུངས། །མིངནོར་བུ་ཐོག་པ་ཨེ་གོ་འདུག །ཕྱི་ནོར་ཆུང་གསོག་པའི་ནོར་བུ་མིན། །སེམས་ཡིད་བཞིན་ནོར་བུ་བོར་བ་ལ། །ད་ཕྱི་ནང་དུ་བཙལ་ནས་རྙེད་དགོས་བརྟག །སེམས་ཡིད་བཞིན་ནོར་བུ་རྙེད་ན་ནི། །ད་དར་ཟབ་ཕལ་གྱིས་དོ་ཟླ་མིན། །ཕྱི་རྒྱུ་ནོར་ཕལ་གྱིས་དོ་ཟླ་མིན། །དུས་ད་ལྟ་རང་དབང་ཡོད་དུས་འདིར། །སྐྱབས་གཏེར་དྲུང་རྣམ་གཉིས་མདུན་ནས་ནི། །གདམས་ངག་གི་ཞུན་ཐར་ཆོད་ལ་ཤོག །འཛིན་མེད་ཀྱི་ནམ་མཁའ་འཕྱོ་ལ་ཤོག །ཡེ་ཤེས་ཀྱི་ཉི་མ་དེ་འཆར་ནས་འོང་། །ཐུགས་རྗེའི་ཟེར་ཐག་དེ་སྤྲོ་ནས་འོངས། །དེ་སྐད་ཀྱི་སྨྱོ་ཚིག་ཐོལ་བྱུང་དེ། །གང་ཤར་ལ་དབང་དུ་འབྱོར་བ་ཡིས། །ཀརྨ་ཡི་ནོར་བུ་དེ་ལ་གདམས།། །།

གདམས་ངག་མར་གྱི་ཡང་ཞུན།

p. 72

༄༅། །གདམས་ངག་མར་གྱི་ཡང་ཞུན་བཞུགས་སོ།། ཕ་མཁྱེན་ནོ་དྲིན་ཆེན་བླ་མ་མཁྱེན། །རྒྱུད་བདག་འཛིན་ཐུལ་བར་བྱིན་གྱིས་རློབས། །ཆོས་བརྒྱད་ཀྱི་མགོ་བོ་མ་ཐོན་ན། །བསླུ་བྲིད་འདོད་ཡོན་གྱིས་ཚུགས་ཐབས་མེད། །རྐྱེན་ངན་དེ་ཕར་ལ་མ་སྤངསན། །དངོས་གྲུབ་ལ་བར་ཆད་འོང་དོགས་མེད། །འདོད་པ་དེ་ཚུར་ལ་མ་བསྒྲུབན། །བགེགས་ཆོས་བརྒྱད་ཁོ་ལ་ཉམས་མི་མངའ། །དོན་དེ་ཚོ་ཐུགས་ལ་ཡང་ཡང་འཆང་། །ཉམས་ལེན་གྱི་གེགས་དང་གོལ་ས་དེ། །རང་རང་གི་དགའ་སྡུག་ལ་དྲིས་དང་ཆོག །དགའ་སྡུག་ཡོད་རིག་རང་སར་ཀློད། །ངགའ་བ་དེ་རང་འདོད་སྟེང་ནས་འོང་། །མི་དགའ་བ་དེ་མི་འདོད་སྟེང་ནས་འོང་། །དགའ་སྡུག་དེ་སེམས་ཀྱི་ཆོ་འཕྲུལ་ཡིན། །དེ་ནམ་མཁའ་སྤྲིན་དང་མཚུངས་པ་ལགས། །ཡུལ་བཟང་པོ་ཞིག་དང་འཕྲད་པའི་ཚེ། །དགའ་བ་ཞིག་

p. 73

སྐྱེས་ནས་ངང་ལ་ཀློད། །ཡུལ་མི་སྡུག་པ་དང་འཕྲད་པའི་ཚེ། །སྡུག་བསྔལ་ཞིག་སྐྱེསནས་ངང་ལ་ཀློད། །རྣམ་རྟོག་གི་འཚུབ་མ་མང་བ་ན། །རང་བབ་དུ་ཀློད་ན་རང་གྲོལ་ཡིན། །ཕྱིནང་གི་རྐྱེན་གྱིས་རང་སེམས་ལ། །འཇིགས་སྐྲགས་སུ་སྐྱེདན་རང་སར་ཀློད། །དརང་སར་ཀློད་པ་འདི་ལས་གཞན། །གདམས་ངག་ཟབ་མོ་འདི་ཞེས་འབུལ་རྒྱུ་མེད། །བསྐྱེད་རྫོགས་དང་སེམས་བསྐྱེད་ཀྱི་གདམས་ངག་འགའ། །བྲིསན་འབྲི་རྒྱུ་ལོས་ཡོད་ཀྱང་། །དེང་སང་གི་དུས་ལ་དགོས་པ་ཆུང་། །ཤ་སྣ་སྤུ་བསྡུ་ཡི་གདམས་ངག་དེ། །སེམས་དེ་ཕར་ཕར་སྒྲིབ་པ་མང་། །རྒྱུ་མཚན་དེ་གདམས་ངག་གཅིག་གཅིག་ལས། །མང་པོ་བཤད་དོན་གོ་ཆུང་། །དནམ་ཡིན་རང་བབས་སུ་བཞག་པ་གཅེས། །ད་བོགས་འདོན་ཆེ་བའི་གདམས་ངག་ཡིན། །གོལ་ས་མེད་པའི་གདམས་ངག་ཡིན། །ཡེངས་

p. 74

འཁྲུལ་ཆོད་པའི་གདམས་ངག་ཡིན། །ཕྲིན་ལས་འབྱུང་བའི་གདམས་ངག་ཡིན། །འཁོར་ངན་མི་དང་འགྲོགས་པན། །གདམས་ངག་འདི་ཉིད་བཤད་པ་ཟབ། །བསྟན་པའི་ཞབས་ཏོག་སྒྲུབ་པ་ལ། །གདམས་ངག་འདི་ཉིད་བཤད་པ་ཟབ། །དེ་སྐད་གང་ཤར་དབང་པོ་དེས། །ཆོས་འཆད་ཀརྨའི་མཚན་ལ་གདམས། །མིང་དོན་ལྡན་པའི་མཆེད་པོ་ལ། །ཕྲིན་ལས་ནམ་མཁའ་ཁྱབ་པར་ཤོག །ཅེས་སོ།།

ཕྱག་ཆེན་སྔོན་འགྲོ་ནས་གཞི་ལམ་འབྲས་གསུམ་གྱི་བར་རྒྱུན་དུ་རང་རྒྱུད་སྦྱོར་བར་གདམས་པ།

p. 75
p. 76

༄༅། །ཕྱག་ཆེན་སྔོན་འགྲོ་ནས་གཞི་ལམ་འབྲས་གསུམ་གྱི་བར་རྒྱུན་དུ་རང་རྒྱུད་སྦྱོར་བར་གདམས་པ་བཞུགས་སོ།། འཛིན་མེད་ལྷ་ལམ་ངོགས་སུ་བརྩེ་ཆེན་ཆུ་འཛིན་དཀྲིགས་པ་ལས། །སྐལ་ལྡན་གདུལ་བྱའི་ཞིང་སར་དམ་ཆོས་ཆར་གྱིས་བརླན་པར་མཛད། །འགྲོ་བློའི་དགེ་བའི་མྱུ་གུ་རབ་ཏུ་བསྐྱེད་བསྲིང་ཕན་བདེའི་གཞི། །གྲགས་པའི་མུ་ཁྱུད་ཅན་གྱི་དཔལ་ལྡནབླ་མ་སྙིང་དབུས་རོལ། །ཀྱེ་ཀྱེ་གསོན་དང་སྐལ་པ་བཟང་པོའི་བུ། །ད་རེས་དོན་ཆེནམི་ལུས་ཐོབ་འདུས་འདིར། །ནོར་བུ་རྙེད་པ་གཡས་ཆུང་མི་མཛད་པར། །དལ་འབྱོར་འདི་ལ་སྙིང་པོ་ལོངས་ཤིག་གུ །རྙེད་དཀའ་ཐོབ་ཅིང་ནམ་འཆི་ཆ་མེད་པས། །མི་རྟག་འཆི་བ་ཡང་ཡང་ཅིས་མི་དྲན། །སྙིང་ནས་འཆི་བ་དྲན་པར་འགྱུར་བ་ན། །ལས་འབྲས་འདི་ལ་ངོ་ལྐོག་ཕོད་ངམ་ལགས། །དེ་ཡང་འདུས་བྱས་དགེ་རྩ་ཅི་བསགས་ཀྱང་། །ཐམས་

p. 77

ཅད་འཁོར་བའི་རྒྱུ་ལས་མི་འདའ་བས། །འཁོར་བའི་སྡུག་བསྔལ་འདི་ལ་རྟོག་གཞིག་ན། །སྟོང་ཆེན་གཉུག་མའི་རྒྱལ་ས་ཅིས་མི་བཟུང་། །འཁོར་བའི་མཚོ་ལས་མྱུར་དུ་སྒྲོལ་འདོད་ཚེ། །གཏན་དུ་མི་བསླུམཆོག་གསུམ་སྐྱབས་སུ་བཟུང་། །རང་དོན་སྐྱབས་འགྲོ་ཉི་ཚེའི་ལམ་ཡིན་པས། །གཞན་ཕན་བྱང་ཆུབ་སེམས་ལ་རྟག་ཏུ་བསླབ། །གཞན་ཕན་སྙིང་པོ་ཚོགས་བསགས་སྒོ་ཡིནན། །བསགས་སྦྱང་རྒྱལ་པོ་ཕྱིན་དྲུག་ཉམས་ལེན་གཅེས། །དེ་ཡི་འགལ་རྐྱེན་རྡོར་སེམས་ཐུགསཀར་བསྟིམ། །གེགས་སེལ་བོགས་འདོན་བླ་མའི་བཀའ་དྲིན་དྲན། །སྔོན་འགྲོཚིག་གི་སྤྲོས་པས་མི་གཡེངས་པར། །དོན་གྱི་སྙིང་པོ་འདི་ལ་རྟག་གཞིག་ན། །སྔོན་དངོས་གཉིས་ཀ་ཉམས་འོག་ཚུད་གྱུརནས། །ཉོན་མོངས་བདུད་ལས་རྒྱལ་བར་ཐེ་ཚོམ་མེད། །དེ་ཡང་གཞི་ལམ་འབྲས་གསུམམ་ཕྱེསན། །ལམ་

p. 78

རྒྱུས་མེད་པའི་གཅོང་རོང་སོང་དང་མཚུངས། །དེ་བས་མདོ་སྔགས་རྒྱུ་འབྲས་ཐེག་པའི་རྩེ། །ཕྱག་ཆེན་རང་གི་ལམ་ལ་གོམས་འདྲིས་མཛོད། །རང་སེམས་གཤིས་ལུགས་གདོད་ནས་སངས་རྒྱས་ཀྱང་། །དེ་ལྟར་མ་རྟོགས་འཁྲུལ་པའི་དབང་སོང་ནས། །ཆགས་སྡང་དུ་ཁས་མནར་ཚེ་འཁོར་མཚོ་ཞེས། །ཐེག་པ་ཀུན་གྱིས་དེ་ལ་གཞི་རུ་འདོད། །དེ་འདྲའི་འཁྲུལ་པ་བྱུང་ཚེ་ཐ་མལ་གྱི། །རིག་སྟོང་རྗེན་པའི་ངང་མདངས་བསྐྱོང་བ་ན། །ཕན་གནོད་མེད་པའི་གཤིས་ལུགས་མཇལ་བའིཚེ། །དེ་ལ་ལམ་གྱི་ཐ་སྙད་བཏགས་ཆོག་ལགས། །ཉིན་མཚན་ཀུན་ཏུ་ཡེངས་སུ་མེད་གྱུར་ཅིང་། །ཁྱབ་བརྡལ་ལྷུན་མཉམ་རེ་དྲོགས་འཕྲང་ལས་གྲོལ། །མཁྱེན་པའི་རྩལ་རྒྱས་སྙིང་རྗེ་རང་ཤུགས་རྫོལ། །འཁོར་འདས་མངོན་དུ་གྱུར་ཚེ་འབྲས་བུ་ལགས། །དེ་འདྲའི་གཞི་ལམ་འབྲས་

p. 79

གསུམ་ངོ་སྤྲོད་ལ། །རྒྱུན་དུ་རང་གིས་འདྲིས་གོམས་མ་བྱས་ན། །ཐང་ཅིག་གོ་ཡུལ་བྱུང་ཡང་སྙིང་པོ་མེད། །དེ་བས་རྟག་ཏུ་རང་གི་རྒྱུད་ལ་སྦྱོར། །རང་གི་ཉམས་ལེན་ཟབ་མོའི་གནད་གསང་དེ། །ཕན་པའི་སེམས་ཀྱིས་གཞན་ལ་གྲོས་བཏབན། །གཞན་དོན་རྒྱ་ཆེ་རྒྱུན་མི་ཆད་པ་འོང་། །ཐབས་ལ་མཁས་པས་ཤེས་རབ་མཚོན་འཁོར་གཅེས། །དེ་སྐད་རང་གི་ཉམས་མྱོང་དང་བསྟུན་པའི། །བསླབ་བྱ་གནད་བསྡུས་དོན་ཟབ་སྙིང་པོ་འདི། །ཟུར་མང་རྡོར་སློབ་གསལ་བྱེད་དམ་པའི་མདུན། །བན་ཧྲུལ་གང་ཤར་དབང་པོས་ཤར་མར་ཕུལ། །ཅེས་སོ།། །།

རྒོག་བཟང་ལྡན་ངོར་གདམས་པའི་མགུར་མ།

p. 80

༄༅། །རྒོག་བཟང་ལྡན་ངོར་གདམས་པའི་མགུར་མ་བཞུགས་སོ། །ནང་གི་རིག་པ་ཁ་ཡན་ཐོང་། །ཕྱི་རུ་སྣང་ལ་མ་ཞེན་པར། །ཕྱི་ནང་མེད་པ་ཟང་ཐལ་ལེ། །རེ་དོགས་གྲོལ་ལ་ཨེ་མ་ཧོ། །ཡེངས་པ་ཡོདན་སེམས་ཀྱི་ཆ། །དེ་དུས་རྒྱུ་འབྲས་ཁྱད་མ་བསད། །ཡེངས་མེད་རིག་པའི་འཁོར་ལོ་བསྐོར། །ལུས་སེམས་སྦུབ་དེ་གྲོལ་ལ་ཤོག །གང་ཤར་དབྱིངས་ལས་མ་གཡོས་པའི། །དབྱིངས་རིག་འབྲལ་མེད་དབང་པོ་དེས། །འཇིགས་མེད་ནམ་མཁའི་ཀློང་ནས་བརྡོལ། །ཁྱེད་ཀྱང་ང་དང་གཉིས་མེད་ཤོག །ཅེས་པ་རྒོག་བཟང་ལྡན་ངོར། མཁན་ཆེན་གང་ཤར་དབང་པོས་བྲིས་སོ།། །།

རྗེ་ལྔ་པའི་ལུང་བསྟན་ལས་འཕྲོས་པའི་བརྡ་སྦྱོར་རང་ཁྲོལ་མ།

p. 81
p. 82

༄༅། །རྗེ་ལྔ་པའི་ལུང་བསྟན་ལས་འཕྲོས་པའི་བརྡ་སྦྱོར་རང་ཁྲོལ་མ་ཞེས་བྱ་བ་བཞུགས་སོ། །རྗེ་དེ་བཞིན་གཤེགས་པའི་ལུང་བསྟན་ལ། །ཀར་དགོན་རྣམས་ཀྱི་ཨར་གཏད་བདེན་འཛིན་གྱི་ཆོས་སྐྱོང་མགོན་པོ་བསྒྲུབ་པས་རང་གཤེད་རང་ལ་འབབ་པའི་ལུང་བསྟན། ཀརྨ་ཡི་དགོན་པའི་ནང་ནས་ནི། །མགོན་པོ་ཞེས་པའི་སྲུང་སྐྱོབ་ཀྱིས། །ཕ་རྡོ་རྗེ་འཆང་ནས་བརྒྱུད་པ་ཡི། །བུ་སྒྲུབ་བརྒྱུད་ཡོངས་ཀྱིས་བསྟན་བརླག་ཚེ། །དབུས་ཕྱོགས་ནས་སྨུག་ནག་དབང་གི་སྐུ། །ཕྱག་གཡས་ན་རྡོ་རྗེ་འཕྱར་སྟབས་དང་། །དོན་དེ་ཚོ་ཐུགས་ལ་བཞག་ནསནི། །བརྡ་རང་ཁྲོལ་དུ་ཐོངས་ཤིག་སྐལ་ལྡན་རྣམས། །མི་འཇིགས་མེད་གང་ཤར་དབང་པོ་དེས། །སེམས་སྨྱོན་པའི་བན་རྒན་བསམ་གཏན་ལ། །སྨྱོ་གླུ་ཚིག་འགའ་རེ་བླངས་པའོ། །ཡོན་མཆོད་གནས་ཐམས་ཅད་སྨྱོན་པར་གྱུར། །ཐབས་ཤེས་ཀྱིས་མཐུན་སྒྲོས་འགྱུར་བར་ཤོག །

p. 83

བདེ་ཆེན་གྱི་ཞིང་དེར་ཕྱིན་པར་ཤོག །སྦས་གནས་ཀྱི་སྒོ་མོ་འབྱེད་པར་ཤོག །སྒྲུབ་ཚུགས་དེ་ནམ་ཡང་ཟིན་པར་ཤོག །འདུས་བྱས་ཀྱི་ཕུང་པོ་དབྱིངས་སུ་ཡལ། །ཟག་མེད་ཀྱི་ཕུང་པོ་མངོན་དུ་འགྱུར། །ནམ་མཁའ་ལ་རི་མོ་བྲི་བར་ཤོག །ཧ་ཧ། བདུད་རྩི་དིལ་༼འཁྱིལ་༽གྱི་ཕོ་བྲང་ལ། །ཤར་ཤར་ཡིད་ལ་བྲིས་ནས་ཡོད། །ཅེས་སོ།། །།

དམག་འཁྲུགས་ཞི་བའི་གསོལ་འདེབས།

p. 84

༄༅། །དམག་འཁྲུགས་ཞི་བའི་གསོལ་འདེབས་བཞུགས་སོ། །ཆོས་རྒྱལ་རིགས་ལྡན་དུ་མའི་འགྲོ་བའི་མགོན། །འཇམ་དབྱངས་སྤྲུལ་པ་དྲག་པོའི་འཁོར་ལོ་ཅན། །གསོལ་བ་འདེབས་སོ་མཐའ་དམག་གནས་ནས་བསྐུལ། །མཐའ་དམག་དུས་འཁྲུགས་ཞི་བར་བྱིན་གྱི་རློབས། །ཞེས་རྒྱམ་རྡོ་ཏི་ཞབས་བསྐོར་བྱོན་སྐབས་གསུངས་སོ།། །།

བསྟན་འཛིན་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན།

p. 85
p. 86

༄༅། །རིགས་བདག་བླ་མ་རིན་པོ་ཆེ་དང་མི་འབྲལ་ཞིང་མཆོག་གི་བསྟན་པ་འཛིན་པའི་སྨོན་ལམ་རྫོགས་ལྡན་སྤྲིན་ཆེན་བཞུགས་སོ།།

p. 87

༄༅། །ན་མོ་གུ་རུ་བཛྲ་དྷ་ར་ཡ། གདོད་ནས་ཆོས་ཀུན་མཐའ་བྲལ་དགོངས་ཀློང་ཟླུམ་པོར་རོ་གཅིག་བསྐྱིལ་ནའང་། སྣཚོགས་མ་འདྲེས་སྙིང་རྗེའི་རང་གདངས་བརྩེ་ཆེན་ཆུ་འཛིན་རབ་ཏུ་དཀྲིགས། །མཐའ་ཀླས་རྗེས་འགྲོ་ཐབས་མཁས་གང་འདུལ་ཐུགས་རྗེའི་གྲུ་ཆར་ཅིར་ཡང་འབེབས། །རྣམ་སྣང་རོལ་གར་ཡེ་ཤེས་སྐུ་ཅན་

p. 88

འཇམ་མགོན་རྣམ་གཉིས་ཕྱག་བགྱིའོ། །མཐོང་བ་ཙམ་གྱིས་སྲིད་པའི་མུན་སེལ་འདོད་དགུའི་སྣང་བ་མཆོག་སྦྱིན་པའི། །གཤིས་ལུགས་དྲི་མེད་རིགས་ཁམས་ནོར་བུ་སྟོང་གསུམ་འབྱོར་བས་མཚོན་མིན་ཏེ། །ཡིད་དཔྱོད་མཚན་མའི་དྲི་ཡིས་མ་བསླད་རང་བཞིན་ལྷག་པར་སྐྱོང་བ་ཡི། །མཆོད་པ་འདིས་ཀྱང་ཚེ་

p. 89

རབས་ཀུན་ཏུ་མི་འབྲལ་སྙིང་དབུས་རོ་གཅིག་བཞུགས། །ཡོངས་ལ་ཁྱབ་པ་ཉིད་ཀྱི་གསང་གསུམ་གཉུག་མའི་རིག་པ་ལྷུན་རྫོགས་ཆེ། །གར་ཡང་མ་བྱོན་ཆུ་ལ་བརླན་བཞིན་རང་དང་ལྷན་ཅིག་འབྲལ་མེད་ཀྱང་། །གློ་བུར་ཀུན་རྟོག་སྨག་གིས་སྒྲིབ་ལས་རང་ཞལ་མ་མཐོང་སྲིད་མཚོར་བྱིངས། །རྒྱུད་ལྔས་བསགས་ཀུན་དནས་བཟུང་སྟེ་སྟོང་ཆེན་ཀློང་བསྡོམ་དག་ཚངས་སྩོལ། །ཇི་སྙེད་ཆོས་ཀུན་དུ་མར་སྣང་ཡང་ཡེ་ཤེས་གཅིག་གི་རོལ་གར་ལས། །ཕན་བདེའི་འོད་སྣང་རྒྱལ་བའི་མཛད་པ་ཞིང་ཁམས་རྒྱ་མཚོར་འཇུག་པ་ལ། །བྱིས་བློས་དཔག་དཀའ་འགྲོ་སེམས་དད་པར་ཕྱོགས་ཙམ་ཁྱོད་ཀྱི་མཐུ་ལས་གྲུབ། །དེ་སླད་ཀུན་ལ་སྤང་བླང་མི་བྱ་ཟག་མེད་དགའ་བས་རྗེས་ཡི་རང་། །ནམ་མཁའི་ཁམས་བཞིན་ཕ་མཐའ་བྲལ་བ་གདུལ་བྱ་རྒྱ་ཆེའི་འགྲོ་ཀུན་ཚོགས། །མི་བཟད་ཉེས་བརྒྱའི་ཆ་

p. 90

ལ་འཕྱན་ཡང་སྙིང་པོའི་སྲོག་དེ་འདོར་བ་མེད། །ཆོས་སྒོ་དུ་མའི་ཐབས་མཁས་དང་བཅས་ཐུགས་རྗེའི་ཞགས་པ་རིང་བརྐྱངས་ཏེ། །དུག་མཚོར་བྱིང་བའི་ཉམས་ངའི་ལུས་ཅན་ཐར་པའི་སྐམ་སར་དབུགས་དབྱུང་མཛོད། །མཚན་མའི་ཚང་ཚིངས་འཕོ་འགྱུར་སྣང་ཀུན་ཡེ་ཤེས་མེ་ཡིས་ལྷག་མེད་བསྲེགས། །སྤྲོ་བསྡུའི་གར་རྒྱ་ཏིང་འཛིན་གཅིག་གི་མཐུ་ཡང་སྲིད་དུ་འཇུག་ལ་དབང་། །ནམ་ཡང་མི་གཡོ་རྡོ་རྗེའི་སྐནི་རི་ལྟར་བརྟན་ཅིང་འགྱུར་མེད་པས། །སྒྱུ་མའི་རོལ་མོ་ཡེ་ཤེས་ཉི་མ་ཞིང་འདིའི་ཁྱོན་ལ་ནུབ་མེད་བཞུགས། །ཆོས་དབྱིངས་དང་མཉམ་རྒྱ་ཆེའི་ལེགས་བྱས་བདག་གཞན་རྣམ་དཀར་ཅི་མཆིས་ཀུན། །འཁོར་གསུམ་རྙོག་མའི་དྲི་ཡིས་བསླད་མིན་ཡིད་སྤྲུལ་རྒྱ་མཚོའི་མཆོད་པ་བཅས། །ས་ཆེན་མཆོག་གྱུར་གྲོལ་བ་དྲུག་ལྡན་གདོད་མའི་མགོན་པོའི་རྒྱུར་

p. 91

བསྔོན། །རིགས་བདག་བླ་མའི་གོ་འཕང་མངོན་བྱས་ཆོས་སྐུའི་རྒྱལ་སར་དབང་བསྒྱུར་ཤོག །དེ་མ་ཐོབ་ཀྱི་ཚེ་རབས་ཕྲེང་བར་གནས་ངན་ལེན་གྱི་འདམ་ལས་གྲོལ། །ཡིད་བཞིནནོར་འདྲའི་དལ་འབྱོར་རྟེན་ལ་མཚུངས་མེད་ཟུང་གིས་རྗེས་བཟུང་ནས། །གདམས་ཟབ་བདུད་རྩིས་ལུས་ཟུངས་ཡོངས་བརྟས་མཁྱེན་ནུས་བརྩེ་བའི་རྩལ་རྫོགས་ཏེ། །དད་དམ་གཙང་མས་མཆོག་གི་བསྟན་ལ་སྲིད་ཞུ་འགྲུབ་པའི་མཐུ་ཐོབ་ཤོག །ཇི་ལྟར་བྱས་ཀྱང་རང་འདོད་འཁྲིས་བྲལ་གཞན་ཕན་འབའ་ཞིག་དོན་དུ་གཉེར། །གང་དུ་བསྡད་ཀྱང་ཆོས་བརྒྱད་སྒྲོགས་གྲོལ་དམ་པའི་ཆོས་ལ་ཐོས་བསམ་གྱིས། །བསྐྱེད་རྫོགས་གདེངས་ལྡན་རྩོལ་བྲལ་ལྟ་བས་ཆོས་ཀུན་ཉམས་འོག་གཅིག་ཏུ་ཆུད། །གང་ཤར་རིག་པའི་ཨར་གཏད་ཕྱོགས་ལས་རྣམ་རྒྱལ་རྒྱལ་ས་ཟིན་གྱུར་ཅིག །གསར་རྙིང་བཀའ་གཏེར་

p. 92

གདམས་ཟབ་བཅུད་བསྡུས་རིན་ཆེན་མཆོག་གྱུར་མཛོད་ལྔའི་ནོར། །འདི་ལ་འཁུ་ཞིང་ཕྱོགས་རིས་མིག་ཅན་ལོག་ལྟའི་ལུས་བསྒྲིང་གླང་ཆེན་ཚོགས། །སྡང་བས་མ་ཡིན་སྙིང་རྗེའི་ཤུགས་ཀྱིས་ཉམས་པ་སྒྲོལ་བའི་སྲུང་མར་བཅས། །ལུང་རིགས་རྡོ་རྗེས་ཕྱེ་མར་འཐག་ནས་ཡང་དག་བསྟན་ལ་འཛུད་བྱེད་ཤོག །བྱེ་བ་ཕྲག་བརྒྱའི་ཞིང་གིས་མཚོན་མིན་ནམ་མཁར་ཁྱབ་པའི་ཁམས་ཀུན་ཏུ་།སྐད་ཅིག་རེར་ཡང་སྤྲུལ་བསྒྱུར་དུ་མས་མོས་པའི་རྗེས་འགྲོ་མཛོད་ལྔའི་ཆོས། །འཆད་ཙམ་འཛིན་པས་གདུལ་བྱ་ཡོངས་སྨིན་སྒོ་གསུམ་བགྱི་བ་དོན་དང་ལྡན། །འཁོར་བ་དོང་སྤྲུགས་རིགས་བདག་ཟུང་གི་ཕྲིན་ལས་ཕྱོགས་མཐར་སྤེལ་བར་ཤོག །དེ་ནས་བཟུང་སྟེ་སྐད་ཅིག་ཙམ་ཡང་བསྙེལ་བ་མེད་པར་མགོན་པོ་ཟུང་། །སྤྱི་བོར་མཆོད་དེ་ཉིན་མཚན་ཀུན་ཏུ་གདུང་བས་རྩེ་

p. 93

གཅིག་འབོད་ལགས་ན། །སྐྱེ་འཆི་བར་དོའི་གནས་སྐབས་ཀུན་ཏུ་བརྩེ་ཆེན་གཟིགས་པས་ཞལ་བསྟན་ཏེ། །མངོན་སུམ་བཞིན་དུ་སྒྲིབ་མེད་མཐོང་བའི་སྐལ་བཟང་དམ་པ་ཐོབ་གྱུར་ཅིག །སྐྱེ་རྒུ་མཐའ་དག་མཛོད་ལྔའི་བསྟན་ལ་གཅིག་ཏུ་གུས་པའི་འཆད་ཉན་གྱིས། །ནག་ཕྱོགས་ལོག་སྨྲ་གདུག་པའི་རྩུབ་འགྱུར་མིང་ཙམ་གྱུར་ཏེ་རྩདནས་ཞི། །རྣམ་པར་རྒྱལ་བའི་ཕྱོགས་མཐར་ཁྱབ་པའི་སྙན་གྲགས་དཀར་པོའི་བ་དན་མཆོག །ཡོངས་སུ་ཉམས་སྲིད་ཞིའི་ཁྱོན་འདིར་རྟག་པ་བླ་ན་བསྒྲེང་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཐུགས་ཀྱི་བཞེད་དོན་ཡིད་བཞིན་འགྲུབ། །ས་ཆེན་འདི་ཡང་འཁོར་ལོ་གསུམ་གྱིས་དག་པའི་སྣང་བ་འབའ་ཞིག་བསྒྱུར། །རྡོ་རྗེའི་མཆེད་རྣམས་ལྟ་སྤྱོད་དག་པ་བསྙེན་སྒྲུབ་བཞི་ཡི་གསེང་ལམ་ནས། །གདོད་མའི་གསང་ཆེན་ཚེ་འདིར་འགྲུབ་ལ་དཀའ་བ་མེད་

p. 94

པའི་མཐུ་ལྡན་ཤོག །ཁ་ཙམ་མ་ཡིན་སྙིང་ནས་སྨོན་པ་མཁྱེན་པའི་མེ་ལོང་དཔང་དུ་བཞུགས། །དེ་ཡི་སླད་དུ་ཡེ་ཤེས་གཟིགས་པས་དེང་འདིར་རྗེས་སུ་རབ་དགོངས་ཏེ། །བཟང་དགུའི་ལེགས་ཚོགས་རྟེན་འབྲེལ་དུས་སྨིན་དགེ་མཚན་བྱེ་བའི་མེ་ཏོག་བཅས། །བུམ་པ་བཟང་དང་དཔག་བསམ་ཤིང་བཞིན་རེ་བའི་འབྲས་རྣམས་ཐོགས་མེད་སྩོལ། །རྒྱལ་བས་ལུང་བསྟན་རྒྱལ་ཀུན་རྣམ་ཐར་གཅིག་ཏུ་བསྡུས་པའི་མཛད་པ་ཅན། །རྒྱལ་མཆོག་གང་གིས་གཏན་གྱི་དབུལ་སེལ་ཆོས་མཛོད་མ་ལུས་གཉེར་གཏད་པའི། །རྒྱལ་བསྟན་སྲུང་བའི་ཐ་ཚིག་ལ་གནས་དཀར་ཕྱོགས་སྐྱོང་བའི་ཕྱོགས་རྣམས་ཀྱིས། །རྒྱལ་བསྟན་སྙིང་པོ་ཆོས་མཛོད་རྣམ་ལྔ་ཕྱོགས་མཐར་འཕེལ་བའི་ཕྲིན་ལས་མཛོད། །ཆོས་དབྱིངས་མཁའ་ལ་རིག་འཛིན་བརྒྱུད་པའི་བྱིན་རླབས་སྤྲིན་ཆེན་རབ་ཏུ་

p. 95

འཁྲིགས། །རྣམ་པར་དཀར་བའི་དད་དམ་པ་ལ་སློབ་མའི་འདུ་ཚོགས་གཏེར་བཞིན་བརྡོལ། །སྡེ་བཞིའི་ཕུན་ཚོགས་བརན་སྨིན་གྲོལ་གདམས་པའི་གྲུ་ཆར་མཛད་མེད་ཀྱིས། །བཤད་སྒྲུབ་སྙིང་པོས་ས་གསུམ་ཁྱབ་སྟེ་ཡེ་ཤེས་རྒུད་པ་ཞི་གྱུར་ཅིག །ཅེས་པའང་རིགས་བདག་འཇམ་མགོན་རྣམ་གཉིས་ཀྱི་ཞལ་སློབ། མཛད་པ་གང་ཙམ་བླ་མའི་བསྟན་པ་ལ་གཅིག་ཏུ་སྨོན་པའི་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་སྐྱབས་རྗེ་གར་དབང་རིན་པོ་ཆེ་ངེས་དོན་ཆོས་སྐྱོང་རྡོ་རྗེས་བཀའ་སྩལ་སྤྱི་བོར་ཕེབས་པ་བཞིན། རྡོ་རྗེ་འཆང་འཇམ་མགོན་རིན་པོ་ཆེ་རྣམ་གཉིས་ཀྱི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བཟང་དུ་ཐོབ་པ། བཙུན་གཟུགས་སྙོམས་ལས་མཁན་གང་ཤར་དབང་པོས་ཉེར་ལྔའི་ཚོགས་མཆོད་དང་འབྲེལ་སྨོན་ལམ་དུ་བགྱིས་པ་དེ་བཞིན་དུ་འགྲུབ་པ་རྒྱལ་བ་སྲས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ།། །།

གྲྭ་བཙུན་དབང་ཕྱུག་ལ་གདམས་པའི་སེམས་ཁྲིད།

p. 96

༄༅། །གྲྭ་བཙུན་དབང་ཕྱུག་ལ་གདམས་པའི་སེམས་ཁྲིད་བཞུགས་སོ།།

p. 97

༄༅། །བླ་མ་དམ་པ་ལ་ཕྱག་འཚལ་ལོ། །འོ་ཕ་བཟང་བུ། ཚེ་འདིར་སྣང་གི་བྱ་བཞག་གང་ལ་ཡང་སྙིང་པོ་མི་འདུག མི་རྣམས་ན་ལུགས་ལ་ལྟོས་དང་། ཤི་ལུགས་ལ་ལྟོས་དང་། འཆི་སྙམ་ཡིད་ལ་མེད་པར་འདུག་རྩིས་ཀྱི་བྱ་བས། རང་མགོ་སྐོར་ལུགས་ལ་ལྟོས་དང་། རང་ཡང་ནམ་ན་འོང་ཅི་ཤེས། འཆི་བ་ད་ལྟ་ཨེ་

p. 98

སླེབ་ཅི་ཤེས། ན་བ་དང་འཆི་བའི་རྐྱེན་ཐོག་ཏུ་བབ་འོང་ན་མི་འཇིགས་པའི་གདེང་ཅི་ཡོད། དེས་ན་རང་གི་རྒྱུད་ལ་བརྟག་དཔྱད་ཡང་ཡང་མཛད་དགོས། ད་རེས་ལུས་རྟེན་ཕུན་སུམ་ཚོགས་པ་འདི་འདྲ་ཐོབ་ཅིང་། ཆོས་ཟབ་མོ་དང་འཕྲད་པའི་དུས་འདིར། བསམ་བློ་གཏོང་ལུགས་ནོར་མི་ཉན། བསམ་ཚད་

p. 99

ཐམས་ཅད་ཆོས་དང་མཐུན་དགོས། བྱས་ཚད་སྤྱོད་ཚད་ཐམས་ཅདནོར་མི་ཉན། བྱས་ཚད་སྤྱོད་ཚད་ཐམས་ཅད་ཆོས་དང་མ་འགལ་བ་དགོས། ཆོས་དང་མཐུན་མི་མཐུན། སྡོམ་པ་དམ་ཚིག་དང་འགལ་ཨ་ཡོད་མི་ཡོད་རང་སེམས་དཔང་པོར་བཞག་སྟེ་ཁ་ནང་དུ་ལོག་ནས་རང་གིས་ཞུ་དག་བྱེད་དགོས། གཞན་གྱིས་ཟེར་ཚད་ཐམས་ཅད་ལ་ཆ་འཇོག་མེད། ཆོས་ཤིག་སྒྲུབན་ཡང་ལྟར་སྣང་གི་རྗེས་སུ་མ་འབྲངས། ཚེ་འདིའི་འཁྲི་བ་དང་རང་འདོད་ཆོད་དགོས། བདག་འཛིན་མ་ཆོད་ན་གཞན་གྱིས་རྩིས་འཇོག་གིས་ཆོས་པའི་མིང་བཏགས་ཀྱང་ཕན་པ་མེད། རང་འདོད་ཤོརནས་ནམ་ཞིག་བསླུ་འོང་། རང་འདོད་དང་བདག་འཛིན་ཆོད་ན། གཞན་གྱིས་བཟང་པོར་མ་བརྩིས་ཀྱང་མི་སྐྱོན་ཏེ། རང་བདག་འཛིན་དང་ཉོན་མོངས་ཀྱི་དབང་དུ་མ་ཤོར་ན། ཚིག་ཐམས་ཅད་ཁ་ནང་རླངས་པ་

p. 100

ཡིན། རྐྱེན་ཐམས་ཅད་མདང་དགོང་གི་རྨི་ལམ་དང་འདྲ། བསྟོད་སྨད་ཐམས་ཅད་བྲག་ཆ་དང་མཚུངས་པས་ཕན་གནོད་གང་ཡང་། མེད། འོན་ཀྱང་དེ་ལ་བདེན་པར་བཟུང་ན། རང་ལ་ཆག་སྒོ་ཆེ་སྟེ་འཁོར་བ་དང་ངན་སོང་དུ་འཕེན་འོང་། མ་ཟད་ཚེ་འདིར་ཡང་འདུག་མི་བདེ་སེམས་ཀྱང་མི་སྐྱིད། དགེ་སྦྱོར་མི་འཕེལ། མི་འདོད་པ་ཇེ་ཆེར་འོང་ངེས་བསླུ་བ་མེད། བདེན་པར་མ་བཟུང་ན་འཆིང་མི་ནུས། མཐར་ཐུགས་མྱང་འདས་སངས་རྒྱས་ཀྱི་གོ་འཕང་ཐོབ། གནས་སྐབས་ཚེ་འདིར་ཡང་སེམས་སྐྱིད། ཆོས་འཕེལ་སྡིག་སྒྲིབ་དག ཕྱི་མ་དག་པའི་ཞིང་དུ་སྐྱེ་བ་སོགས་ཚེ་འདི་ཕྱིའི་བདེ་སྐྱིད་ཐམས་ཅད་རང་འདོད་བདག་འཛིན་ཆོད་པ་ལས་བྱུང་བས། རྣམ་པ་ཀུན་ཏུ་བདག་འཛིན་དང་། རང་འདོད་འདི་ཆོད་དགོས། བདག་འཛིན་དང་རང་འདོད་ཟེར་བ་འདི་ཧ་མ་གོ་

p. 101

ན། ངས་ངོ་སྤྲོད་ཅིག་འདེབས། ཚུལ་ཇི་ལྟར་ངོ་སྤྲདན། འདི་ལྟ་སྟེ། རང་ལ་ལེགས་པ་དང་སྙན་གྲགས་ཤིག་འོང་དུས་དགའ་ཡི་ལེ་དང་། མི་འདོད་པ་ཆེ་ཕྲ་ཆུང་གསུམ་དང་ཐན་ཚིག་ཟེར་ལུགས་དང་། མིག་གིས་བལྟ་ལུགས་བཟང་ངན་གཅིག་གིས་སེམས་ལ་གཟེར་ཆ་ལེ་ལྷང་ངེ་ཐོན་འོང་བ་དེ་བདག་འཛིན་ཡིན། ཐམས་ཅད་ཀྱིས་དེ་ལ་བརྟགས་དཔྱད་མ་ཐུབ་པས་ལན་མ་གཏོགས་ཧ་མི་གོ་རྒྱུ་མེད། ཧ་གོ་རྩ། རྣམ་པ་ཀུན་ཏུ་དེ་ངོས་ཟིན་དགོས། དེ་འདུལ་ཐུབ་ཚོ་དགོས། དགྲ་ངོ་མ་དེ་ཡིན། དེ་ངོས་ཟིན་ཅིང་། དེ་འདུལ་ཐུབ་ན། བླ་མའི་མིང་མ་ཐོག་ཀྱང་དོན་ལ་བླ་མ་ཡིན། གཞན་གྱིས་མཁས་པར་མ་བརྩིས་ཀྱང་དོན་ལ་མཁས་པ་ཡིན། གྲུབ་ཐོབ་མ་ཟེར་ཡང་དོན་ལ་གྲུབ་ཐོབ་ཡིན། མཁས་པ་ཡིན་ཏེ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་རྩ་བ་དེ་ཡིན། གྲུབ་ཐོབ་ཡིན་ཏེ་རང་

p. 102

སེམས་ལ་དབང་ཐོབ་པ་ལས་ལྷག་པ་ཅི་ཞིག་གྲུབ་པ་ཐོབ། བདག་འཛིན་མ་ཆོད་ན། མངོན་ཤེས་ཕྲན་བུ་དང་། ས་བཅང་རྡོ་ཕུག་ལྕགས་མདུད་ཙམ་ལ་སྙིང་པོ་ཅི་ཡོད། འོན། བདག་འཛིན་དེ་ངོས་ཟིན་དུས་གཉེན་པོ་གང་གིས་ཐབས་ཅི་འདྲ་བྱེད་དེ་འདུལ་ཟེརན། འོ་བདག་འཛིན་ལྷོང་གིས་སྐྱེ་འོང་དུས། ཕྱིར་མ་སྤང་། དང་དུ་མ་ལེན། སྤུ་མ་བརྗེ། མདོག་མ་བསྒྱུར། ཡང་བཞག་ཡང་དཔྱད་མ་མཛད་པར། ཐད་ཀར་རང་བབས་སུ་ཞོག་དང་། རང་སན་གྲོལ་འདུག་པས། གཞན་གཅིག་གིས་གྲོལ་བཅུག་མི་དགོས། ཁོ་རང་རང་ས་ན་ཤར་ཐོགནས། མ་གྲོལ་བའི་ཆོས་གཅིག་ཀྱང་མི་འདུག ཕ་བཟང་བུ། སྐྱོན་དང་ཡོན་ཏན་གཉིས་ཀྱི་རྩ་བ་ཡེངས་མ་ཡེངས་སམ། རིག་མ་རིག་གཉིས་པོ་ཡིན། དེ་ངོ་ཤེས་དགོས། ཤེས་ཐོག་ཏུ་གོམས་ཐུབ་དགོས། གོམས་ཐོག་ཏུ་རྐྱེན་

p. 103

དང་བསྲེ་ཐུབ་དགོས། སྐད་ཅིག་ཙམ་ཡང་རྐྱེན་ཁར་གཏོང་མི་ཉན། སྐྱིདན་ཡང་དེ་གཉིས་ངོས་ཟིན་དགོས། སྡུག་ན་ཡང་དེ་གཉིས་ངོས་ཟིན་དགོས། དེ་ལ་གོམས་འདྲིས་བྱེད་ཐུབ་ན། ནམ་ཞིག་ན། སེམས་ཅན་ཐམས་ཅད་ལ་མི་བཟོད་པའི་སྙིང་རྗེ་དང་། འཁོར་བ་ལ་ངེས་འབྱུང་། རྒྱུ་འབྲས་ཕྲ་རགས་ལ་བསླུ་བ་མེད་པའི་ཡིད་ཆེས། བླ་མ་སངས་རྒྱས་དངོས་མཐོང་གི་དད་པ་དང་། བསྟན་པ་ལ་ལྷག་བསམ། ན་དགའཤི་སྐྱིད་གཅིག་ངང་གིསཐོན་འོང་། དེ་མ་འོང་བར་དུ་ཡེངས་མ་བཅུག ཕ་བཟང་བུ། ད་རེས་ཡིན་གྱིས་ཕྱི་བཞག་མ་བྱེད། འདུན་མ་ཐམས་ཅད་བསྟན་ཐོག་གཅིག་ཏུ་ཆོད། སྙིང་དམར་པོ་སྟོན་ཀྱང་དེ་ལས་ཟེར་རྒྱུ་མེད། ཚིག་མི་སྙན་ཀྱང་དོན་ཟབ་མོ་ཡོད། མཁས་པ་བརྒྱ་ལ་ཞུས་ཀྱང་རྩ་བ་དེ་གཉིས་ཀྱིནང་དུ་འདུས། གྲུབ་ཐོབ་བརྒྱ་ལ་གཏུགས་ཀྱང་འགྲོ་ས་བབ་ས་དེ་

p. 104

ལས་མེད་སྣང་ནི་ཤར་དུ། མ་རྩ་ཕྲན་ནི་བློ་རྨོངས། ཆོས་རང་རྒྱུད་ལ་མ་ལོན། དོན་ཟབ་མོ་རྫོགས་ཆེན་གྱི་ཉམས་ལེན་ཕར་ཞོག ཐ་ན་སྙན་ངག་ལེགས་པར་རེ་དང་། ཡི་གེའི་འབྲུ་དག་པའི་ཞིབ་ཆ་ཙམ་ཡང་མི་ཤེས་པས། གདམས་ངག་ཉམས་ལེན་གཞན་ལ་ཞུ་ཕོད་དཀའ་མོ་རེདནའང་། ཁྱེད་ཀྱི་གསུང་ནན་མ་ལྡོག་ཙམ་དུ་བྲིས་པས། ཉེས་འགལ་གང་མཆིས་བླ་མ་ལྷ་ལ་སྙིང་ནས་བཤགས་ཤིང་། དགེ་བས་ཁྱེད་ལ་ཕན་ཐོགས་ནས་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་འབྱུང་བར་སྨོན། སྤྱིར་དགེ་སྦྱོར་གང་བྱེད་ཀྱི་གཤམ་དང་། རྟེན་གསུམ་དང་། བླ་མ་དང་། དགེ་འདུན་རྣམས་ཀྱི་མདུན་དང་བྱ་བྱིའུ་འབུ་སྲིན་རྟ་ཁལ་བཞོན་པ། མི་སྐྱ་ཕོ་མོ་སོགས་གང་དྲན་གང་མཐོང་ཐམས་ཅད་ཀྱི་སྐབས་སུ། སེམས་བསྐྱེད་རྒྱ་ཆེན་པོས། རང་འདོད་དང་བྲལ་བའི་བསྔོ་

p. 105

བ་དང་སྨོན་ལམ་བཏབ། རྒྱུནས་འབྲུ་ཆུ་ཐིག་ཡན་ཆོད་ཀྱི་ཚོགས་བསགས་སྒྲིབ་སྦྱང་གིས་སངས་མ་རྒྱས་ཀྱི་བར་དུ་གལ་ཆེ། དེ་ཐམས་ཅད་ཞེན་མེད་གཟའ་གཏད་དང་བྲལ་བ་རིག་པ་ཁྱབ་གདལ་གཅིག་གིས་ནམ་ཡིན་རྒྱས་ཐེབ་དགོས་པ་འདྲ། ཞེས་པའང་རིག་འཛིན་མཁའ་སྤྱོད་གླིང་གི་གྲྭ་བཙུན་དབང་ཕྱུགནས་རྟེན་ལྷ་རེག་བཅས་སྐུལ་ངོར་རྨོངས་རྒན་གང་ཤར་དབང་པོས་བྲིས་སོ།།

རང་བྱུང་བདེ་བའི་མགུར་མ།

p. 106

༄༅། །རང་བྱུང་བདེ་བའི་མགུར་མ་བཞུགས་སོ། །ཨ་ཧོ་ཡེ། དབྱིངས་རང་སྣང་དག་པ་སྐུ་གསུམ་གྱི་ཞིངན། །དཔལ་རང་བྱུང་ལྷུན་གྲུབ་བདེ་ཆེན་གྱི་ཚོམ་བུ། །མདངས་མ་འགགས་ངེས་པ་ལྔ་ལྡན་གྱི་དཀྱིལ་འཁོར། །གནས་འདིར་འདུས་སྐལ་ལྡན་མཆེད་ལྕམ་གྱི་ཚོགས་རྣམས། །ཉམས་གཏད་མེད་ངང་ནས་འདོད་ཡོན་ལ་རོལ་དང་། །དུས་རིང་པོར་མི་ཐོགས་རིག་འཛིན་གྱི་ས་ལ། །ངེད་བུ་སློབ་ཚོགས་རྣམས་ཐོགས་མེད་དུ་ཆས་འགྲོ། །མ་ཁམས་གསུམ་སེམས་ཅན་རིགས་དྲུག་གི་ཚོགས་ལ། །ཆོས་ཟབ་གསང་རྡོ་རྗེ་ཐེག་པ་ཡི་ཡང་རྩེ། །བློ་གཉིས་འཛིན་བྲལ་བའི་ཀ་དག་གི་དགོངས་པ། །སྐུ་ཐིག་ལེ་འཇའ་ཚོན་སྒྲོན་དྲུག་གི་ཁྱེར་སོ། །དབྱིངས་རིག་པ་འདྲེས་པའི་ཉམས་ལེན་དེ་གསནན། །གནས་འཁོར་བ་སྟོང་ལ་དཀའ་ཚེགསནིཅི་ཡོད། །ཕསྒྲུབ་བརྒྱུད་གོང་མའི་ཁྱད་

p. 107

ཆོས་ནི་དེ་འདྲ། །དོན་དེ་བཞིན་འགྲུབ་པའི་སྨོན་ལམ་ཞིག་ཞུའོ།། །ཞེས་པས་རང་བྱུང་ཡན་གྱི་སྒོ་ནས་རང་བྱུང་གི་བདེ་བའི་རྗེའི་ཆོས་ལ་གཏད་ནས་བྲིས།།

རྫོགས་ཆེན་ལྟ་བ་འཁྲུལ་མེད་དུ་ངོ་སྤྲོད་པའི་མགུར་མ།

p. 108

༄༅། །རྫོགས་ཆེན་ལྟ་བ་འཁྲུལ་མེད་དུ་ངོ་སྤྲོད་པའི་མགུར་མ་བཞུགས་སོ། །ཆོས་རྒྱལ་ཞབས་ལ་མགོས་ཕྱག་འཚལ། །འོད་གསལ་མཐོང་བར་བྱིན་གྱི་རློབས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །བེ་ཕུར་ཐང་དུ་བརྡབ་པ་བཞིན། །ལུས་པོ་གཡོ་འགུལ་མེད་པ་སྡོད། །ལོག་བྲིས་ལྷ་སྐུའི་སྤྱན་ཕྱེ་བཞིན། །མིག་གཉིས་འགྱེད་འཛུམ་མེད་པར་ཞོག །རས་བལ་ཐང་ལ་བརྡལ་བ་བཞིན། །ཤེས་པ་ལྷོད་ཀྱི་གློད་པ་ཞོག །བཞག་ཚེ་རྣམ་རྟོག་འགགས་ཤུལ་ན། །སྤྲིན་མེད་ཚེ་མཁའ་ལྟར་གསལ་སང་ངེ་། །དྲི་མེད་ཤེལ་ལྟར་ཟངས་ཐལ་ལེ། །འདུག་པ་དེ་ཀ་དོན་ངམ་པའི། །འོད་གསལ་རྫོགས་ཆེན་ལྟ་བ་ཡིན། །དེའི་ངང་ལ་མཉམ་པར་ཞོག །མཁའ་ལྟར་དག་པའི་འོད་གསལ་དེ། །བྱིང་རྨུགས་གཉིས་ལ་མ་ཤོར་སྤོངས། །དྭངས་ལ་མི་རྟོག་བསམ་གཏན་དང་། །ནོར་ཉེས་ཆེ་བས་ནོར་མི་

p. 109

རུང་། །བཟང་ངན་རྣམ་རྟོག་ལངས་པའི་དུས། །རྣམ་རྟོག་ཕྱིར་དུ་ཕར་མ་རྒྱུག །ཚུར་ལ་བཀུགས་ནས་ངོམ་བལྟ། །གང་ཡང་བྱ་རྩོལ་མ་བྱེད་པར། །ཤེས་པ་ལྷོད་ཀྱིས་ཀློད་ལ་ཐོང་། །རྣམ་རྟོག་རང་སར་ཞི་བར་འགྱུར། །ཡུན་རིང་མཉམ་པར་བཞག་པའི་ཚེ། །དཔེརན་ཆུ་རྙོག་དྭངས་པའི་ནང་། །སྣ་ཚོགས་གཟུགས་སྙན་འཆར་བ་བཞིན། །སེམས་ཉིད་ཇེ་དྭངས་ཇེ་གསལ་དུ། །སོངནས་སྤྱན་དང་མངོན་ཤེསསོགས། །ཡོན་ཏན་མང་པོ་འབད་མེད་འཆར། །ཨོ་རྒྱན་དངོས་སུ་བྱོནན་ཡང་། །རྫོགས་ཆེན་ལྟ་བ་དེས་ལྷག་མེད། །ཀློང་ཆེན་རབ་འབྱམས་བྱོན་ན་ཡང་། །རྣམ་རྟོག་ལམ་འཁྱེར་དེ་ལྷག་མེད། །རྗེ་འབངས་ཉེར་ལྔ་བྱོན་ན་ཡང་། །ཉམས་མྱོང་གསུང་རྒྱུ་དེ་ལྷག་མེད། །རྣལ་འབྱོར་ང་རང་ཉམས་མྱོང་དང་། །འདྲ་ཡང་བསྒོམ་རྒྱུ་དེ་ལྷག་མེད། །སོསོར་རྟོགས་པས་དཔྱད་ན་

p. 110

ཡང་། །རླུང་གིས་སྤྲིན་གཏོར་མཁའ་མཐོང་བཞིན། །སེམས་ཉིད་སྟོང་གསལ་དེ་ཀ་མཐོང་། །དེ་ལས་ལྷག་གཅིག་མཐོང་རྒྱུམེད། །མ་དཔྱད་རང་བབས་ངང་ལ་བཞག །ཆུ་མ་རྙོགན་དྭངས་པ་བཞིན། །སེམས་ཉིད་སྟོང་པ་དེ་ཀ་མཐོང་། །དེ་ལས་ལྷག་གཅིག་མཐོང་རྒྱུ་མེད། །ལྟ་བ་རྣམ་གྲངས་མང་ན་ཡང་། །སེམས་ཉིད་སྟོང་པ་འཛིན་མེད་འདི། །རྫོགས་ཆེན་ལྟ་བ་འཁྲུལ་མེད་ཡིན། །རྣལ་འབྱོར་པ་དེ་འཆི་པའི་ཚེ། །འཆི་བ་འོད་གསལ་ཟིན་པར་འགྱུར། །འདི་ཐོས་རྒྱུད་ལ་ཕན་ཐོགས་ནས། །འོད་གསལ་མངོན་དུ་འགྱུར་བར་ཤོག །ཅེས་པ་འདིའང་རྨོངས་རྒན་གང་ཤར་དབང་པོས་བྲིས་པ་དོན་དང་ལྡན་པར་གྱུར་ཅིག། །།

མན་ངག་གསེར་སྐྱགས་མ།

p. 111
p. 112

༄༅། །བསྒྲུབ་བརྩོན་དམ་པ་ཨ་ཚང་ངོར་གདམས་པའི་མན་ངག་གསེར་སྐྱགས་མ་བཞུགས་སོ། །དཔལ་ལྡན་རྩ་བའི་བླ་མ་དམ་པ་ལ་ཕྱག་འཚལ་ལོ། །འོ་ཕ་བཟང་བུ། འཇིག་རྟེན་ཚེ་འདིའི་བྱ་བཞག་གང་ལ་ཡང་སྙིང་པོ་མི་འདུག ཕན་ངེས་དང་། སྐྱོབས་ངེསནི། བླ་མ་དཀོན་མཆོག་དམ་པའི་ཆོས་མ་གཏོགས་མེད་ངེས་ཅན་རེད་པས། ཡར་འགྲོ་མ་འགྲོའི་ས་མཚམས་ད་རེས་ཡིན། བུ་ཨེ་བཟང་ད་རེས་ཤེས། བུ་བཟངན་རྣམ་གཡེང་དང་འཁྲུལ་པའི་དབང་དུ་མི་གཏོང་བར་དལ་འབྱོར་ལ་སྙིང་པོ་ལེན་དགོས། དེ་ལེན་པ་ལ་མི་རྟག་པ་རྒྱུད་ལ་སྐྱེ་དགོས། ཕ་བཟང་བུ་ཕར་བལྟ་ཚུར་བལྟ། ཡར་ཉོན་མར་ཉོན་གྱིས་དང་། འགྲོ་བ་ལ་ལ་སྐྱེ་ལུགས། ལ་ལ་ཤི་ལུགས། ལ་ལ་ན་ལུགས། ལ་ལ་རྒས་ལུགས་ལ་ལྟོས་དང་། ལ་ལསནི་རྒྱུ་གསོག་སྣང་ཤར། ལ་ལས་ཁང་པ་བྱེད་སྣང་

p. 113

ཤར། ལ་ལས་ཐོས་བསམ་སྒྲུབ་སྣང་ཤར། ལ་ལས་མཚམས་བསྙེན་སྒྲུབ་བྱེད་སྣང་ཤར་ཡང་། རེ་རེ་གཉིས་གཉིས་ཙམ་མ་གཏོགས་མཐར་ཕྱིན་པ་ཞིག་འོང་དཀའ་བ་ལ་ལྟོས་དང་། འཆི་སྙམ་དང་ན་སྙམ། ཡིད་ལ་མེད་པ་ནས། འཆི་ལུགས་ག་ཟེར་ལུགས་ལ་ལྟོས་དང་། རང་ཡང་མི་དེ་རྣམས་ཀྱི་གྲལ་དུ་ཨེ་གདའ། ད་ལྟ་ད་ལྟན་ཤི་བྱུང་འོང་ན་མི་རྟག་པའི་ཉམས་ལེན་གྱི་གདེང་ཅི་ཐོན་ཡོད། རང་གི་རང་ལ་གྲོས་འདེབས་ཀྱི་སྐད་ཅིག་རེ་རེ་བཞིན་སེམས་ལ་ལྟ་རྟོག་གྱིས་ཞུ་དག་གྱིས། ཡེངས་མ་བཅུག་འཁྲུལ་བའི་དབང་དུ་མ་གཏོང་། དེ་ལྟར་ཡངནས་ཡང་དུནན་ཏན་གྱིས། རྒྱལ་བ་སྲས་བཅས་དཔང་དུ་བཞག་ཆོག་པའི་ཆོས་ཉམས་སུ་ལོངས། སྤྱིར་ཆོས་ལ་མི་ལེགས་པ་དང་མི་སྙན་པ། འབྲས་བུ་མེད་པ་གཅིག་ཀྱང་ཡོད་མི་སྲིད་ཀྱང་། གཙོ་བོར་རྣམ་རྟོག་གང་ཤར་དྲན་པས་

p. 114

ཟིན་དགོས། དྲན་ཐོག་ནས་བཅོས་བསྒྱུར་མེད་པར་ཐད་ཀར་གང་ཤར་གྱི་ངོ་བོ་སྐྱོང་དགོས། དེ་ཡང་རིག་པ་ངར་ཕྱུང་ནས་རྐྱེན་དང་བསྲེ་ཐུབ་དགོས། མདོར་ན་ཡེངས་པའི་སྐབས་སུ་སྐྱོན་མི་ཆོག་ཏེ་དེ་སེམས་ཡིན། མ་ཡེངས་པ་གཤིས་རིག་པའི་སྟེང་དུ་ཡོད་དུས་རྐྱེན་བཟང་ངན་གང་བྱུང་ཡང་ཕན་གནོད་མེད། དེ་རིག་པ་ཡིན། སེམས་རིག་གཉིས་ཤན་འབྱེད་དགོས། སེམས་རྟོག་གྲོལ་ཐུབ་དགོས། རིག་པ་བརྟན་ཐུབ་དགོས། སེམས་རིག་ཤན་འབྱེད་ལ་ཡང་ནས་ཡང་དུ་གོམས་དགོས། སེམས་རྟོག་འཁྲུལ་བ་བྱུང་ཚེ་དེ་ལ་སྐྱོན་དུ་ཡང་མི་བལྟ་བར་གཤིས་ཐོག་ཏུ་ཀློད་ཐུབ་པ་གྱིས། སྐབས་སྐབས་སུ་བླ་མ་ལ་གསོལ་འདེབས་དང་། དབང་ལེན་ཐུགས་ཡིད་བསྲེ་བ་གནད་དུ་ཆེ། ལྷ་ཡི་བསྐྱེད་རིམ་བསྒོམན་ཡང་རིག་ཐོག་ནས་བསྒོམ། ངག་གི་བཟླས་པ་མཛད་ན་

p. 115

ཡང་། རིག་ཐོག་ནས་མཛོད། རིག་པ་རྗེན་ལ་ཕུད། བདག་འཛིན་དང་རང་འདོད་ཀྱི་མགོ་ལ་རྒྱོབ། ངག་གི་ཕཊ་ཅེས་བརྗོད། ལུས་ཀྱི་འཁྲུལ་འཁོར་མཛད་ན་ཡང་གཤིས་ཐོག །མཚན་མོ་རྨི་ལམ་བསྒོམསན་ཡང་གཤིས་ཐོག །ཉིན་མོ་རྒྱུ་ལུས་བསྒོམསན་ཡང་གཤིསཐོགནས་སྒོམ་མཛོད་དང་། བསྒོམས་པ་གནད་དུ་སོང་ཚེ་ངེས་འབྱུང་སྙིང་རྗེ་ངང་གི་སྐྱེས་ནས་གོང་འཕེལ་དུ་སོང་། གང་དུ་བསྡད་ཀྱང་ཆོག་པ་ཞིག་འོང་། ཐུགས་ལ་འཆང་། གཤིས་ཐོག་ནས་མ་ཡེངས་བཞིན་དུ་སེམས་བསྐྱེད་རྒྱ་ཆེན་པོ་བསྔོ་བ་དང་སྨོན་ལམ་ནན་ཏན་མཛོད། ཡན་ལག་བདུན་པའི་ཚོགས་བསགས་དང་རྡོར་སེམས་བསྒོམ་བཟླས། ཚེ་རབས་ནས་སེམས་འོག་འགྱུའི་ཕྲེང་བས་ལས་བསགས་པ་ཐམས་ཅད་བཤགས་སྡོམ་སོགས་གནད་ཆེ། ཞེས་པའང་བསྒྲུབ་བརྩོན་དམ་པ་ཨ་ཚང་ནས་བསྐུལ་ངོར། རང་ལ་ཡོད་པའི་

p. 116

གདམས་ངག་ཁྱི་རྒན་ཁ་ཡིས་གསེར་སྐྱུགས་ཀྱི་ཚུལ་དུ་ཀུན་རྟོག་ཆུ་ལྟར་འཁྲུགས་པའི་སྤྲང་རྒན་གང་ཤར་ནས་བྲིས་པའི་དགེ་བ་སེམས་ཅན་གྱི་དོན་དུ་བསྔོའོ།། །།

ཟབ་ལམ་ཁྲིད་ཀྱི་མན་ངག་འཕྲད་ཚད་རང་གྲོལ།

p. 117
p. 118

༄༅། །ཟབ་ལམ་ཁྲིད་ཀྱི་མན་ངག་འཕྲད་ཚད་རང་གྲོལ་བཞུགས་སོ།།

p. 119

༄༅། །བླ་མ་རྡོ་རྗེ་འཆང་ལ་རང་རིག་གུས་པས་ཕྱག་འཚལ་ལོ། །དེ་ལ་འདིར་ཟབ་གསང་རྡོ་རྗེ་ཐེག་པའི་ཡང་ཟབ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་མཐའ་དག་གི་སྙིང་པོའི་མན་ངག་གམ་རྩོལ་མེད་ཨ་ཏའི་དགོངས་དོན་ལ་འཇུག་པར་འདོད་པའི་སྐལ་པ་དང་ལྡན་པའི་གང་ཟག་རྣམས་རྗེས་སུ་བཟུང་བ་ལ། སྔོན་འགྲོ་སེམས་སྦྱོང་

p. 120

གི་རིམ་པ། དངོས་གཞི་ངོ་སྤྲོད་ཀྱི་རྣལ་འབྱོར། རྗེས་ལམ་ཁྱེར་གྱི་གདམས་ཟབ་གནད་དུ་དྲིལ་བ་དང་གསུམ་ལས། དང་པོ་ལ་ཡང་། ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པ་ལམ་འདིའི་ཁྱད་ཆོས་ཀྱི་སྔོན་འགྲོ་དང་གཉིས་ལས། དང་པོ་ནི། འདིར་སྣང་ལ་ཞེན་པ་ལྡོག་བྱེད་ཀྱི་ཐབས་བློ་ལྡོག་རྣམ་བཞིའི་

p. 121

ཁྲིད་དང་། ལམ་ལོག་པ་ལས་ཁྱད་པར་འབྱེད་བྱེད་སྐྱབས་འགྲོ། ལམ་དམན་པ་ལས་ཁྱད་པར་འཕགས་བྱེད་སེམས་བསྐྱེད། སྐྱབས་འགྲོའི་སྙིང་པོ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པའི་ཡན་ལག་མཎྜལ། ཉམས་རྟོགས་ཁྱད་པར་ཅན་མྱུར་དུ་རྒྱུད་ལ་སྐྱེ་བའི་ཐབས་བྱིན་རླབས་ཀྱི་རྩ་བ། བླ་མའི་རྣལ་འབྱོར་གྱི་རིམ་པ་རྣམས་ཁྲིད་རིམ་སྤྱི་ལྟར་སྔོན་དུ་སོང་ནས། གཉིས་པ་ཐུན་མོང་པོ་མིན་པ་ཆོས་འདིའི་ལུགས་ཀྱི་སྔོན་འགྲོ་པཎྜི་ཏའི་དཔྱད་བསྒོམནི། དེ་ཡང་ལས་དགེ་བ་བྱསན་འབྲས་བུ་བདེ་བ་འབྱུང་བ་དང་། ལས་མི་དགེ་བ་བྱས་ན་འབྲས་བུ་སྡུག་བསྔལ་འབྱུང་བ་བསླུ་བ་མེད་པ་དེའི་ཕྱིར། དང་པོ་དགེ་སྡིག་གཉིས་ངོས་ཟིན་དགོས། དེ་ངོས་ཟིན་པར་བྱེད་པ་ལ། དང་པོ་ལུས་ངག་ཡིད་གསུམ་

p. 122

གཙོ་དེད་དགོས། དེ་ལ་ཡང་ལུས་ངག་ཡིད་གསུམ་ངོ་འཕྲོད་དགོས་པས། ལུས་ཟེར་བ་དེ་ཕན་གནོད་ཀྱི་རྟེན་དུ་གྱུར་པའི་གདོས་བཅས་ཀྱི་ཕུང་པོ་འདི་ཡིན། ངག་ཟེར་བ་དེ་ཁ་གྲགས་སྐད་ཆ་བཤད་བྱེད་འདི་ཡིན། སེམས་ཟེར་བ་དེ་མི་དྲན་དགུ་དྲན་མི་བསམ་དགུ་བསམ། སྐད་ཅིག་རེ་ལ་དགའ་སྡུག་གི་རྣམ་འགྱུར་མང་པོ་སྟོན་ཏེ་ཆགས་སྡང་བསགས་མཁན་དེ་ཡིན། དེས་ལུས་ངག་ཡིད་གསུམ་ངོ་འཕྲོད། དེནས། ལས་དགེ་སྡིག་གཉིས་གང་བྱེད་ཀྱང་ལུས་གཙོ་ཆེའམ། ངག་གཙོ་ཆེའམ། སེམས་གཙོ་ཆེ་ཞེས་འདྲི་དགོས། ལ་ལས་ལུས་གཙོ་ཆེ་ཟེར། ལ་ལས་ངག་གཙོ་ཆེ་ཟེར། ལ་ལས་སེམས་གཙོ་ཆེ་ཟེར་བ་ཡོད་པས། གང་ལྟར་ཡང་། ལུས་ངག་གཉིས་གཙོ་ཆེ་ཟེར་མཁན་སུ་ཡིན་ཀྱང་། དེའི་དཔྱད་པ་གནད་དུ་མ་སོང་བ་ཡིན། གང་གཙོ་ཆེན། སེམས་

p. 123

གཙོ་ཆེ། དེའི་རྒྱུ་མཚན། སེམས་ཀྱིས་མ་བསམ་ན། ལུས་ཀྱིས་དགེ་སྡིག་གཉིས་ཀ་བྱེད་མི་སྲིད་དེ། ངག་གིས་ཀྱང་སྐད་ཆ་བཟང་ངན་གཉིསཀ་བཤད་མི་སྲིད་པས་སེམས་གཙོཆེ་སྟེ། སེམསནི་ཀུན་ལ་དབང་སྒྱུར་རྒྱལ་པོ་འདྲ། །ལུསནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན། །ཞེས་གསུངས་པ་ལྟར། སེམས་འདི་ནི་རྒྱལ་པོ་ལྟ་བུ་དང་ལུས་ངག་གཉིས་གཡོག་པོ་ལྟ་བུ་ཡིནནོ། །ཡང་རྐྱེན་དགྲ་ལ་བརྟེན་ནས་ཞེ་སྡང་སྐྱེ་བའི་སྐབས་སུ། རང་གི་སེམས་གཙོཆེའམ། དགྲ་དེ་གཙོ་ཆེ་བརྟགས་དགོས། དེ་བཞིན་དུ་གཉེན་ལ་ཆགས་པ་སྐྱེ་བའི་སྐབས་སུའང་། རང་གི་སེམས་གཙོ་ཆེའམ། གཉེན་དེ་གཙོཆེ་བརྟགསན་ཆགས་སྡང་སྐྱེ་བའི་རྐྱེན་དགྲ་གཉེན་གཉིས་ཀྱི་བྱས་ཀྱང་། རྒྱུ་རང་གི་སེམས་ལས་བྱུང་བས་རང་གི་སེམས་གཙོ་ཆེ་བར་ཤེས་དགོས། རང་སེམས་ལ་དབང་ཐོབ་ན་རྐྱེན་དགྲ་

p. 124

གཉེན་གཉིས་གང་གིས་ཀྱང་ཕན་གནོད་མི་ནུས། རང་སེམས་ལ་དབང་མ་ཐོབ་ན་གང་དུ་སོང་གང་དུ་བསྡད་ཀྱང་ཆགས་སྡང་གཉིས་པོ་ཤུགས་ལ་རྡོལ་འོང་བས། དེས་ན་དགའ་སྡུག་བཟང་ངན་ཆགས་སྡང་སོགས་ཐམས་ཅད་ཀྱི་རྩ་བ་སེམས་ལ་ཐུག་པར་ཤེས་པར་བྱ་དགོས་ཏེ། ཀུན་མཁྱེན་ཆེན་པོས། ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་བཞིན། །སྣ་ཚོགས་སྣང་བ་མི་འདྲ་ཅི་ཤར་ཡང་། །ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད། །དེ་བཞིན་སེམས་འཁྲུལ་བ་ཡི་སྦྱར་བ་ཡི། །འགྲོ་དྲུག་འཁྲུལ་སྣང་མ་ལུས་ཇི་སྙེད་ཀུན། །མེད་སྣང་སྟོང་པའི་གཟུགས་བརྙན་ཤེས་པར་མཛོད། །ཅེས་དང་། སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། འཁྲུལ་པའི་སེམས་འདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར་ཡིན་ཅིང་། དེ་ཡང་དཔེ་ཐོག་ནས་གོ་ཡུལ་

p. 125

ཙམ་དང་། གཞན་གྱི་ཟེར་སྒྲོས་ཙམ་མ་ཡིན་པར། རང་གི་སེམས་ཐོག་ནས་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་སུ་ཤེས་ཚེ། སྣང་བ་སེམས་སུ་ངོ་འཕྲོད། དེ་ལའང་། སྣང་བ་དང་སྣང་ཡུལ་གྱི་ཁྱད་པར་ཕྱེ་དགོས། དེ་མ་ཕྱེས་ན། ཀུན་མཁྱེན་ཆེན་པོས། མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱོང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཅེས་གསུངས་པ་ལྟར་ལགས་པས། ཚོགས་དྲུག་གི་ཡུལ་དུ་གྱུར་པའི་གཟུགས་སྒྲ་ལ་སོགས་པའི་སྣང་ཙམ་པོ་འདི་སྣང་ཡུལ་ཡིན། དེ་ལ་བསྟེན་ནས་ཡུལ་ཡིད་དུ་འོང་བ་ལ་ཆགས། ཡིད་དུ་མི་འོང་བ་ལ་སྡང་། བར་མ་ལ་གཏི་མུག་པ་སྟེ། ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་དེ་སྣང་བ་ཡིན། དེ་རང་གི་སེམས་ཀྱི་འཆར་སྒོ་རུ་ཤེས་

p. 126

དགོས། སྣང་ཡུལ་གཟུགས་སྒྲ་ལ་སོགས་པ་ནི། སེམས་ཀྱི་དབང་ལས་བྱུང་གི །སེམས་མིན་པ་སེམས་ཅན་སྤྱི་མཐུན་གྱི་སྣང་བ་རྟེན་འབྲེལ་ཙམ་ལས་བདེན་པར་གྲུབ་པ་མེད་པར་ཤེས་དགོས་སོ། །དེ་ལྟ་བུའི་སེམས་དེ་མགོ་སྐྲ་རྩེའི་མན། རྐང་གི་སེན་རྩེའི་ཡན། ཕྱིའི་ལྤགས་པ། བར་གྱི་ཤ། ནང་གི་རུས་པ། དོན་ལྔ། སྣོད་དྲུག་སོགས་གང་ལ་གནས་བརྟག་དགོས། གང་ན་གནས་བརྟག་ཚེ། རྒྱུ་ཕལ་ཆེར་གྱིས་མགོ་ལ་གནས། བོད་ཕལ་ཆེར་གྱིས་སྙིང་ལ་གནས་ཟེར་ཀྱང་། དེའི་ངེས་པ་མེད་དེ། སྤྱི་བོར་རེག་ཚེ། སེམས་སྤྱི་བོར་ཤོར། རྐང་མཐིལ་སོགས་ལ་རེག་ཚེ། རྐང་མཐིལ་སོགས་སུ་ཤོར་བས་འདིར་གནས་ཀྱི་ངེས་པ་མེད། དེས་ན་ཕྱི་ཡུལ་གྱི་སྟེང་ན་མི་གནས། ནང་ལུས་ཀྱི་སྟེང་ན་ཡང་མི་གནས། བར་ནམ་མཁའ་སྟོང་པ་ལ་ཡང་མི་གནས་

p. 127

པས་གནས་པ་ཞིག་མེད་པ་ཐག་ཆོད་དགོས། གནས་པ་ཞིག་ཡོད་ན་གནས་པའི་ཕྱི་ནང་བར་གསུམ་དང་། གནས་མཁན་གཉིས་གཅིག་ཐ་དད། གང་ཡིན། གཅིག་ཡིན་ན་ཕྱི་ཡུལ་དང་། ནང་ལུས་ཀྱི་འཕེལ་འགྲིབ་དང་འགྱུར་ལྡོག་བཞིན། སེམས་ཀྱང་དེ་ལྟར་འགྱུར་དགོས་པས། དེ་ཡང་མི་འཐད། ཐ་དད་པ་ཞིག་ཡིན་ན། ཐ་དད་པའི་སེམས་དེའི་ངོ་བོ་ཡོད་པ་ཞིག་ཡིན་ནམ། མེད་པ་ཞིག་ཡིན། ཡོད་ན་དབྱིབས་དང་ཁ་དོག་གང་རུང་ཞིག་ཡོད་དགོས་པ་ལ། དབྱིབས་དང་ཁ་དོག་གང་ཡང་མཐོང་རྒྱུ་མེད་པས། མཐའ་གཅིག་ཏུ་ཡོད་པ་མ་ཡིན། ཀུན་ཤེས་ཀུན་རིག་གི་རྒྱལ་པོ་དེ་ཉིད་མ་འགགས་པའི་ཕྱིར་མཐའ་གཅིག་ཏུ་མེད་པ་ཡང་མ་ཡིན་པ་སྟེ། དེས་ན་ཀརྨ་པ་རང་བྱུང་རྡོ་རྗེས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་

p. 128

གཞི། །འགལ་འདུ་མ་ཡིན་ཟུང་འཇུག་དབུ་མའི་ལམ། །མཐའ་བྲལ་སེམས་ཀྱི་ཆོས་ཉིད་རྟོགས་པར་ཤོག །ཅེས་གསུངས་པ་ལྟར་ལགས་པས། དེ་ཡན་ཆོད་ཀྱིས་པཎྚི་ཏའི་དཔྱད་བསྒོམ་ཆོས་སྔོན་འགྲོའི་རིམ་པ་རྫོགས། གཉིས་པ་ཀུ་སཱ་ལིའི་འཇོག་བསྒོམ་ཆོས་དངོས་གཞིའི་རིམ་པ་ལ། ལ་ཟླ་བའི་མན་ངག་གི་སྒོ་ནས་ལུས་ངག་ཡིད་གསུམ་གྱི་གནས་ལུགས་ངོ་སྤྲད་པ་དང་། ཤན་འབྱེད་པའི་མན་ངག་ལ་བརྟེན་ནས་སེམས་རིག་སོ་སོར་ངོ་སྤྱད་པ་ལ་གཉིས་ལས། དང་པོ་ནི། ལུས་དྲང་པོར་བསྲང་། ངག་གི་སྨྲ་བརྗོད་སྤང་། ཁ་ཅུང་ཟད་གདངས། དབུགས་ཀྱིས་རྒྱུ་བ་རང་བབས་སུ་བཞག སེམས་ཀྱིད་འདས་པའི་རྗེས་མི་བཅད། མ་འོངས་པའི་མདུན་མི་བསུ། ད་ལྟའི་ཐད་ཀའི་ཐ་མལ་གྱི་ཤེས་པ་རྗེན་པའི་སྟེང་དུ་བཟོ་བཅོས་ཡང་འཇོག་

p. 129

མེད་པར་རང་བབས་སུ་བཞགན། དེའི་དུས་སུ། ཅི་བསམ་འདི་བསམ་ཅི་དྲན་འདི་དྲན། ཅི་དགའ་འདི་དགའ། ཅི་སྡུག་འདི་སྡུག ཅི་ཡང་མེད་པའི་སེམས་ཉིད་གསལ་ལེ། ཝལ་ལེ། ཧྲིག་གེ། རྗེན་ནེ་བར་ཡོད་པ་འདི་རིག་པ་ཡིན། དེའི་དུས་སུ་གཟུགས་སྒྲ་སོགས་ཕྱིན་ཡོད་དོ་སྙམ་པའི་རྟོག་པ་མེད། ཨེ་སྣངན་ཐམས་ཅད་མ་འགགས་པ་སྣང་། ཡུལ་ཅན་ཚོགས་དྲུག་གི་ཤེས་པ་ནང་ན་ཡོད་དོ་སྙམ་པའི་རྟོག་པ་ཡང་མེད་ལ། ཨེ་འགགས་ནནི་གསལ་ལ་རྟོག་པ་མེད་ཆ་པའི་རིག་པ་རྗེན་པ་དེ་མ་འགགས། དེའི་ངང་ལ་ལུས་མ་བཅོས་ཐ་མལ་དུ་བདེ་འབོལ་ལེ། ཤིག་གེ་བཞག་པ་དེ། རྒྱལ་བ་ཐམས་ཅད་ཀྱི་སྐུ། བསྐྱེད་རིམ་གྱི་སྙིང་པོ་ཡིན། ངག་དེ་མ་བཅོས་པར་སེམས་ལ་གང་དྲན་ཐམས་ཅད་སྦ་གསང་མེད་པར། ཐད་ཀར་ཤ་ར་ར་བཤད་ནུསན། སྒྲ་དེ་གང་ནས་གྲགས་རྩད་མཆོད་

p. 130

པ་གྲགས་དུས་ཉིད་ནས་གྲག་སྟོང་སྐྱེ་བ་མེད་པར། ཁྱབ་གདལ་དུ་འདུག་པ་འདི་རྒྱལ་བ་ཐམས་ཅད་ཀྱི་གསུངས། བཟླས་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སེམས་ལ་བཟང་ངན་དགའ་སྡུག་གི་རྟོག་པ་ཅི་ཤར་ཡང་། མ་བཅོས་རང་བབས་སུ་ཀློད་ན། ཅི་དགའ་འདི་དགའ། ཅི་སྡུག་འདི་སྡུག་མེད་པའི་སེམས་ཉིད་གསལ་སྟོང་རྗེན་པ་ཧྲིག་གེ་འདུག་པ་འདི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་སྙིང་པོ། འདྲེན་མཆོག་དཔལ་ལྡན་བླ་མའི་ཐུགས། བཀའ་བར་པ་ནས་ཤེར་ཕྱིན་དང་། འཁོར་ལོ་ཐ་མ་ནས་བདེ་གཤེགས་སྙིང་པོ། སྔགས་ཐུན་མོང་གི་སྐབས་སུ་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དང་། བླ་མེད་ཀྱི་རྒྱུད་རྣམས་སུ། གསང་

p. 131

བ་འདུས་པ། འཁོར་ལོ་བདེ་མཆོག དུས་ཀྱི་འཁོར་ལོ་སོགས་དང་། ནང་རྒྱུད་སྡེ་གསུམ་ལས། མ་ཧཱས་བདེན་གཉིས་དབྱེར་མེད་དམ་ལྷག་པའི་ཆོས་སྐུ་ཆེན་པོ་དང་། ཨ་ནུས་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དང་། ཨ་ཏིས་རིག་སྟོང་རྫོགས་པ་ཆེན་པོ་ཟེར་བའི་དགྲ་བོ་ཆེ་སོགས་ཡོད་པ་དེ་ཐམས་ཅད་ཀྱི་མཛུབ་མོ་བཙུགས་ས་དེ་ཡིན། དེ་ཡི་དོན་ནི་རི་བོ་དགེ་ལྡན་པའི་ལུགས་ལའང་ཡོད་དེ། རྗེ་བདག་ཉིད་ཆེན་པོས། སྣང་བ་རྟེན་འབྱུང་བསླུ་སླུ བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་གསུངས་པའི་ཕྱིར་

p. 132

དང་། ཆོས་རྗེ་གྲགས་པ་རྒྱལ་མཚན་གྱིས། འཛིན་པ་བྱུང་ན་ལྟ་བ་མིན། ཞེས་ཆོས་རྗེ་ས་སྐྱ་པས་ཀྱང་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དེ་ཉིད་འཛིན་མེད་ལ་འདོད་པ་དང་། མཉམ་མེད་བཀའ་བརྒྱུད་པས་ཀྱང་། དཔལ་རང་བྱུང་རྡོ་རྗེས། ཐམས་ཅད་བདེན་མིན་རྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་བའི་སྙིང་པོ་ཟེར། །ཅེས་འོད་གསལ་ཕྱག་རྒྱ་ཆེན་པོ་ཡང་འཛིན་མེད་ལ་བཞེད་པས། རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་དགོངས་པ་གཅིག་ཟེར་བ་ལྟར། ས་དགེ་ཀར་རྙིང་སོགས་ཀྱི་དངོས་གཞིའི་དགོངས་པ་འཛིན་མེད་ལ་མི་བཞེད་པ་གཅིག་ཀྱང་མེད་པས་དེའི་དོན་རང་གིས་ཀྱང་ཤེས་དགོས་ཤིང་། གཞན་ལ་དེ་ལྟར་ངོ་སྤྲོད་དགོས། དེས་རང་གི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་སུ་ངོ་

p. 133

འཕྲོད་པ་ཡིན་ཏེ། ཨོ་རྒྱན་ཆེན་པོས། འདི་ལྟར་མིག་གི་ཡུལ་དུ་སོགས་གསུངས་པ་ལྟར་ཡིནནོ། ། ༈ གཉིས་པ་ཤན་འབྱེད་པའི་མན་ངག་ལ་བརྟེན་ནས་སེམས་རིག་སོ་སོར་ངོ་སྤྲད་པ་ནི། དེ་ཡང་སེམས་དང་རིག་པ་གཉིས་ཀྱི་ཁྱད་པར་ཤིན་ཏུ་ཕྱེ་དགོས་ཏེ། ཀུན་མཁྱེན་ཆེན་པོས། དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ། །རྨོངས་པ་དེ་ཀུན་མུན་པའི་ཀློང་ཉིད་ལས། །རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་། །ཞེས་གསུངས་ཤིང་སེམས་རིག་ཤན་མ་ཕྱེས་ན་རྒྱུ་འབྲས་འཆོལ་ཉོག་ཏུ་སྤྱོད་པ་སོགས་ལྟ་སྤྱོད་ཟུང་འཇུག་གི་ལམ་ལས་ལྡོག་པའི་གོལ་ས་འབྱུང་ལ། དེ་ཡང་མ་ཡེངས་རང་བབ་ཀྱི་ངང་ལ་ཡོད་པའི་དུས། རྐྱེན་བཟང་ངན་གང་དང་འཕྲད་ཀྱང་དགའ་སྡུག་རེ་དོགས་ཀྱི་ཕན་གནོད་རྡུལ་ཙམ་ཡང་མེད་པའི་

p. 134

གཏད་མེད་ནམ་མཁའ་དང་འདྲ་བ་ནི་རིག་པ་ཡིན། ཅུང་ཟད་ཙམ་ཡེངས་སོང་ན་རྐྱེན་དང་འཕྲད་ཚེ་དགའ་སྡུག་སྐྱེ་འོང་། དགའ་སྡུག་སྐྱེས་ནས་ལས་བསགས་འོང་བ་དེ་སེམས་ཀྱི་ཆ་ཡིན་ཏེ། དཔེ་བཞག་ན་ནམ་མཁའི་སྤྲིན་ཚོགས་དང་མཚུངས། དེས་ན་ནམ་མཁའ་གཡའ་དག་པ་དང་མཚུངས་པའི་ནང་གི་རིག་པ་དེ་བརྟན་ཐུབ་དགོས། ནམ་མཁའི་སྤྲིན་ཚོགས་དང་མཚུངས་པའི་སེམས་ཀྱི་ཆ་དེ་དག་ཐུབ་དགོས། དེས་ན་སེམས་རིག་ཤན་ཕྱེ་ཀླུ ཐུབ་པ་ཡིན་ནོ། །གསུམ་པ་རང་གྲོལ་མངོན་སུམ་དུ་སྟོན་པའི་མན་ངག་ལ་བརྟེན་ཏེ། རྗེས་ལམ་ཁྱེར་གྱི་གདམས་ཟབ་བསྟན་པ་ནི། མ་ཡེངས་རང་བབས་ཀྱི་སྟེང་ན་ཡོད་དུས། ལས་གཏན་ནས་བསགས་མི་སྲིད་པས་ལས་གསར་དུ་བསགས་པའི་རྒྱུན་ཆོད་འགྲོ། ལས་མ་བསག་པའི་རྣམ་སྨིན་མྱོང་རྒྱུ་མེད་པ་གོ་

p. 135

དགོས་ཀྱི། ལས་གསོག་བཞིན་རྣམ་སྨིན་མི་མྱོང་བའི་དགེ་སྟོང་སྡིག་སྟོང་དུ་མི་གོལ་བ་གནད་ཆེ། དེ་ཡང་ལས་སྔར་བསགས་པ་ཐམས་ཅད་བཤགས་མྱོང་གང་རུང་གིས་མ་བྱངན་རྣམ་སྨིན་འབྱུང་བ་བསླུ་མེད་ཡིན་པས་རྣམ་སྨིན་འབྱུང་སྲིད། དེསན་ལུས་སེམས་གཉིས་ལ་སྨིན་པ་ལས་གཞན་མི་སྲིད་པས། ལུས་ལ་སྨིན་ཚེ་ན་ཚ་དང་། སེམས་ལ་སྨིན་ཚེ་སྡུག་བསྔལ་འབྱུང་འོང་། དེ་ལ་བརྟེན་ནས་ཉོན་མོངས་དྲུག་གི་རྣམ་རྟོག་སྐྱེ་འོང་བས། དེའི་དུས་སུ་ན་ཚ་ལམ་ཁྱེར། དགའ་སྡུག་ལམ་ཁྱེར། ཉོན་མོངས་ལམ་ཁྱེར་སོགས་ཀྱི་གདམས་པ་གནད་ཆེ། ལམ་ཁྱེར་ཐམས་ཅད་ཀྱི་སྙིང་པོ་རང་བབས་སུ་བཞག་པ་ཁོ་ནས་ཆོག་ལ། དེ་ཡང་རྐྱེན་བཟང་པོ་དང་འཕྲད་ཚེ་དགའ་བ་དང་། ངན་པ་དང་འཕྲད་ཚེ་སྡུག་བསྔལ་འབྱུང་སྟེ། དེའི་དུས་སུ་དགའ་དུས་དགའ་ཚོད་མ་ཟིན་པ་

p. 136

དང་། སྡུག་དུས་སྡུག་ཚོད་མི་ཟིན་ནས་ལས་རྒྱ་ཆེར་བསགས་འོང་། དེས་ན་རྐྱེན་བཟང་ངན་གཉིས་གང་དང་འཕྲདནས་དགའ་སྡུག་གི་རྟོག་པ་སྐྱེས་ཚེ་དེ་མ་ཐག་ཏུ་ངོས་ཟིན་དགོས། ངོས་ཟིན་ཐོག་ནས་ཕར་མི་བཀག་ཚུར་དང་དུ་མི་ལེན་པར་དགའ་མཁན་སྡུག་མཁན་གྱི་སེམས་ཁོ་རང་གི་སྟེང་ན་རང་བབས་སུ་བཞག་ཚེ་ཅི་དགའ་འདི་དགའ། ཅི་སྡུག་འདི་སྡུག་མེད་པའི་སེམས་ཉིད་གསལ་སྟོང་རྗེན་པ་གཤིས་རིག་པའི་སྟེང་དུ་ལྷོད་དེ་ཐོན་འོང་ངོ་། །ཡང་ལུས་ལ་ན་ཚ་བྱུང་ཚེ་ནད་དེ་ཚུར་དང་དུ་མི་བླང་བར་ན་ཚའི་ཚོར་བ་ཁོ་རང་གི་སྟེང་དུ་རང་བབས་སུ་བཞག་ཚེ། ནད་དེ་འགགས་མི་འགྲོ་ཡང་། གར་ན་གངན། ཅིན་འདི་ན། ན་བྱ་ན་བྱེད་ཀྱི་རྟོག་པ་མེད་པའི་གཤིས་རིག་པ་རྗེན་པར་མངོན་ཚེ། ནད་དེ་ཉམས་ཆུང་ཆུང་། ཁྲལ་ལེ་ཁྲོལ་ལེ་ལྟ་བུ་འགྲོའོ། །ཡང་

p. 137

ཉོན་མོངས་པ་གཅིག་ཡོད་ན་དེའི་རྒྱུད་ལ་ཉོན་མོངས་ཐམས་ཅད་ཡོད་ཀྱང་། གང་ཟག་གི་རིགས་སོ་སོའི་ཁྱད་པར་གྱིས། ལ་ལ་ཞེ་སྡང་ཆེ་བ་དང་། དེ་བཞིན་ལ་ལ་སེར་སྣ། ལ་ལ་གཏི་མུག ལ་ལ་འདོད་ཆགས། ལ་ལ་ཕྲག་དོག ལ་ལ་ང་རྒྱལ་ཤས་ཆེ་བ་སོ་སོར་ཡོད་ཅིང་། དེའི་དབང་གིས་སྐུའི་རིགས་སོགས། རིགས་སོ་སོར་འགྱུར་ལ། དེ་ཡང་ཉོན་མོངས་ཞེ་སྡངནི་ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཡིད་མི་བདེ་བའི་སེམས་ཚོར་གྱི་སྒྲོནས་འཁྲུགས་པ་དང་། སེར་སྣ་ནི་དངོས་པོ་ཡིད་འོང་ལ་བདག་གིར་འཛིན་ནས་དམ་དུ་འཆང་སྟེ་གཞན་ལ་སྟེར་མི་བྲ་བ་དང་། གཏི་མུག་ནི་མུན་པ་ལྟ་བུ་སྟེ་རང་གི་ངོ་བོ་མ་མཐོང་བའི་དངོས་པོའི་གནས་ལུགས་སྒྲིབ་པར་བྱེད་པ་ཉེས་པ་ཀུན་གྱི་རྩ་བ་དང་། འདོད་ཆགསནི་གཟུགས་སྒྲ་སོགས་ཡིད་འོང་གི་དངོས་པོ་ཐམས་ཅད་དང་

p. 138

དུ་ལེན་ནས་འདོད་ཅིང་ཆགས་པ་དང་། ཁྱད་པར་དུ་ཕོ་མོ་སོགས་གཉིས་སྦྱོར་གྱི་འཁྲིག་སྲེད་ནི་འདོད་ཆགས་ཀྱི་རྩ་བ་ལྟ་བུའོ། །ཕྲག་དོགནི་རང་ལས་མཐོ་བའམ། མཉམ་པ་ལྟ་བུའི་གང་ཟག་གི་ཡོན་ཏན་བློ་ལ་མི་ཤོང་ཞིང་། དེའི་དབང་གི་ཡོན་ཏན་དུ་མི་འཛིན་པ་དང་། ང་རྒྱལ་ནི་རང་ལས་དམན་པ་ལ་ལྟོས་ཏེ། ཆོས་དང་འཇིག་རྟེན་གང་གི་ཐད་ནས་ཀྱང་ང་མཆོག་གོ་སྙམ་པ་དེ་ཡིན་ཅིང་། དེས་ན་ཞེ་སྡང་ཤས་ཆེ་བས་དམྱལ་བར་སྐྱེ་བ་སོགས་རིགས་དྲུག་གི་རྒྱུ་ཡིན་པས། ཉོན་མོངས་པ་དྲུག་པོ་གང་སྐྱེས་ཀྱང་སྐྱེ་མ་ཐག་ཏུ་ངོས་ཟིན་དགོས། ངོས་ཟིན་ཐོག་ཕྱིར་མ་སྤང་། དང་དུ་མ་བླངས་པར་ཉོན་མོངས་གང་སྐྱེས་ཀྱང་ཁོ་རང་གི་སྟེང་དུ་རང་བབས་སུ་བཞག་ཚེ་རང་གྲོལ་དུ་སོང་བ་དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་སོགས་ཟེར་ཏེ། རཏ་གླིང་མཛོད་ཁང་

p. 139

གཉིས་པ་ལས། སེམས་ཞེ་སྡང་གི་ངོ་བོ་རིག་ལ་གསལ། །རང་ངོ་ཤེས་ཙམ་ན་གསལ་སྟོང་དུ་འགྲོ། །དོན་དེ་ལ་མེ་ལོང་ཡེ་ཤེས་ཟེར། །སྨན་བུ་མོ་ངེད་གནས་ལུགས་དེ་ཡི་ངང་། །སེམས་གཏི་མུག་གི་ངོ་བོ་རང་རིག་གསལ། །རང་ཞལ་བལྟས་ཙམ་ན་སེང་བག་ཅན། །གནད་དེ་ལ་ཆོས་དབྱིངས་ཡེ་ཤེས་ཟེར། །སྨན་བུ་མོ་ངེད་གནས་ལུགས་དེ་ཡི་ངང་། །སེམས་ང་རྒྱལ་གྱི་ངོ་བོ་རང་རིག་གི་རྩལ། །རང་སོ་ལ་བཞག་ཚེ་རང་སྟོང་དུ་གྲོལ། །ངང་དེ་ལ་མཉམ་ཎཱ ཉིད་ཡེ་ཤེས་ཟེར། །སྨན་བུ་མོ་ངེད་གནས་ལུགས་དེ་ཡི་ངང་། །སེམས་འདོད་ཆགས་ཀྱི་ངོ་བོ་སྲིད་འཛིན་ཡང་། །ཞེན་མེད་དུ་སྐྱོངན་བདེ་སྟོང་གི་ངང་། །དོན་དེ་ལ་སོར་རྟོགས་ཡེ་ཤེས་ཟེར། །སྨན་བུ་མོ་ངེད་གནས་ལུགས་དེ་ཡི་ངང་། །སེམས་ཕྲག་དོག་གི་ངོ་བོ་གཟུང་འཛིན་ཡང་། །རང་སོ་ལ་བཞག་ཚེ་གཅེར་གྲོལ་

p. 140

གྱི་ངང་། །གཤིས་དེ་ལ་བྱ་གྲུབ་ཡེ་ཤེས་ཟེར། །སྨན་བུ་མོ་ངེད་གནས་ལུགས་དེ་ཡི་ངང་། །ཞེས་གསུངས་པ་ལྟར་ཡིན། ཉོན་མོངས་པ་ལ་སྐྱོན་དུ་བལྟས་ནས་བཀག་ན་གནས་སྐབས་མགོ་ནོན་ཀྱང་། རྩ་བ་མི་ཆོད་པས་ནམ་ཞིག་ན་དུག་རོ་ལྡང་འོང་བ་འཇིག་རྟེན་པའི་བསམ་གཏན་ལྟ་བུ་དང་། ཉོན་མོངས་པ་སྟོང་ཉིད་དུ་བལྟས་ནས་བསྒོམ་ན། ཉོན་མོངས་ལམ་བྱེད་མ་ཡིན་པར་སྟོང་ཉིད་ལམ་བྱེད་དུ་འགྱུར་བས་ཉེ་ལམ་སྔགས་ཀྱི་ཁྱད་ཆོས་སུ་མི་འགྲོ་བ་དང་། ཉོན་མོངས་པ་རང་མཚན་དུ་སྤྱོད་ན་དུག་གི་སྡོང་པོ་ཟོས་པ་དང་མཚུངས་པས་འཁོར་བར་འཆིང་བྱེད་ཀྱི་རྒྱུར་འགྱུར་བ་ཐ་མལ་པའི་གང་ཟག་རྣམས་ཀྱི་འཁྲིག་སྤྱོད་ལྟ་བུ་ཡིན་ཅིང་། རྒྱུ་མཚན་དེའི་ཕྱིར། དཔེརན་དུག་སྡོང་ལ་དུག་འདོན་བྱས་ཏེ་ཟོས་ན། སྨན་དུ་འགྱུར་བ་བཞིན་དུ་ཉོན་མོངས་ཀྱི་རྟོག་པ་

p. 141

ལ་སྐྱོན་དུ་བལྟས་ཏེ་ཆེད་དུ་མི་དགག་ཅིང་། ཡོན་ཏན་དུ་བལྟས་ནས་རང་མཚན་དུའང་མི་སྤྱོད་པར་ཐད་ཀར་གང་ཤར་གྱི་སྟེང་དུ་རང་བབ་ཏུ་ཀློད་ཚེ་རང་ས་ན་ཡེ་ཤེས་སུ་འདུག་པ་ནི། ཆོས་འདིའི་ཁྱད་པར་རོ། །དེ་ལས་ཐབས་ལམ་གྱི་སྐོར་སོགས་དམར་ཁྲིད་ཀྱི་ཕྱག་ལེན་དོན་གཉེར་ཅན་ཡོདན་བླ་མའི་མན་ངག་ལས་ཞིབ་པར་རྟོགས་དགོས་སོ། །བར་དོ་ལམ་ཁྱེར་ནི། རྣ་བ་དང་མིག་འབྲས་གཉིས་མཛུབ་མོས་མནན་ཚེ། སྒྲ་འོད་ཟེར་གསུམ་རང་ཤར་རང་གྲགས་སུ་བྱུང་བ་དེའི་སྟེང་དུ་རང་བབས་སུ་ཀློད་ཚེ་ཕྱི་ནང་བར་གསུམ་གང་དུ་ཡང་མེད་པའི་སྟོང་གཟུགས་ཀྱི་སྣང་བ་ལ། ཡུན་རིང་དུ་གོམས་པར་བྱས་ན། སང་འཆི་བའི་ཚེ་ཡང་དེ་ལས་གཞན་མེད་པས་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟར་རང་སྣང་དུ་ངོ་ཤེས་ཏེ་གྲོལ་ལོ། །དེ་ནས་ལྷུན་གྲུབ་ཐོད་རྒལ་གྱི་

p. 142

སྣང་ཆ་ཉམས་སུ་ལེན་པ་ལ། ཉིན་ཁྲིད་དང་། མུན་ཁྲིད་གཉིས་ཡོད་པ་ལས། འདི་མུན་ཁྲིད་དང་གནད་གཅིག་ཏུ་འབབ་ལ། དེ་ལ་གཞན་ཉིན་མོའི་འཆར་ནུབ་ཀྱི་ཟེར་དང་། མཚན་མོ་ཟླ་འོད་དང་གློག་སྒྲོན་གྱི་ཟེར་ལ་བསྟན་ཏེ་ལམ་དུ་ཁྱེར་ཚུལ་ཀྱང་ཡོད་དོ། །གཉིད་ལམ་ཁྱེར་ནི་རྨི་ལམ་སྤྲུལ་བསྒྱུར་སོགས་སེམས་ཀྱི་རྩོལ་བ་ལ་མི་ལྟོས་པར་མ་ཡེངས་རང་བབས་ཀྱི་ངང་དུ་གཉིད་ཚེ་རེས་འགའ་རྨི་ལམ་མེད་པའི་གཉིད་མཐུག་ཏུ་སོང་ཚེ་སད་མ་ཐག་རང་བབས་ཀྱི་སྟེང་དུ་བསྡད་ཡོད་ན་མཐུག་པོའི་འོད་གསལ་ཟེར། ཡང་སྐབས་རེར་གཉིད་ཡེ་མེད་པར་སོང་ཏེ་ལྷན་ནེར་འདུག་པའམ། ཡང་གཉིད་དུ་སོང་སྟེ། རྨི་ལམ་ཟ་ཟི་རྨིས་ཀྱང་ཕྱི་ཉིན་སད་མ་ཐག་དྲན་རྒྱུ་མེད་པར་བརྗེད་སོང་བ་ནི། རྨི་ལམ་དག་པའི་མགོ་ཙམ་པ་ཡིན་ཏེ་དབང་པོ་དང་བརྩོན་པ་རབ་ལ་

p. 143

རྨི་ལམ་བརྗེད་དེ་འགག་པ་དང་། འབྲིང་ལ་ངོ་ཤེས་ཏེ་འགག་པ་དང་། ཐ་མ་ལ་རྨི་ལམ་བཟང་པོ་ཤ་སྟག་རྨིས་ཏེ་འགག་པར་གསུངས་པས། མཐར་རྨི་ལམ་དག་དགོས་པའི་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཞལ་མཐུནནོ། །དེ་ཡང་ཞར་ལ་འཕོ་བའི་རིམ་པནི། གཞན་ལས་རྟོགས་པར་བྱའོ། །དེ་ཡན་ཆད་ཀྱི་ཁྲིད་རྐང་གི་རྩ་བ་མདོར་བསྡུས་པ་ཙམ་མོ། །སླར་སྨྲས་པ། སྲས་བཅས་རྒྱལ་བ་ཡོངས་ཀྱི་དགོངས་པའི་མཐིལ། །གསར་རྙིང་རྒྱུད་སྡེའི་ཟབ་གནད་རྩ་བའི་ཁྲིད། །མན་ངག་ཟབ་དགུའི་སྙིང་པོ་རྗེན་ཕྱུང་ཏེ། །ཉུང་ངུའི་ངག་གིས་མདོར་བསྡུས་ཙམ་དུ་བཀོད། །རྩོལ་བཅས་ཐེག་པས་འདུལ་བར་དཀའ་བའི་ཚེ། །རྩོལ་མེད་ཐུགས་ཀྱི་བསྟན་པ་འབྱུང་གསུང་བཞིན། །དུས་ཀྱི་དབང་གིས་འདི་དོན་ལ་འཇུག་ན། །ཉམས་སུ་བླང་བདེ་གོལ་འཆུག་མེད་པའི་ཆོས། །དེ་ཕྱིར་

p. 144

དགོས་པ་དུ་མ་མཐོང་བའི་ཚེ། །སྐྱེས་བུ་དམ་པ་འགའ་ཡིས་བསྐུལ་བ་ན། །སྡེབ་སྦྱོར་ཚིག་གི་སྤྲོས་པ་མ་བླང་པར། །གོ་སླ་ཉན་བདེ་མ་བཅོས་ལྷག་པར་བྲིས། །འདི་ཡི་དགེ་བས་མཐའ་ཀླས་ཡིད་ཅན་རྣམས། །ལྷ་མིན་ཁ་རླངས་གཡུལ་ལས་རྣམ་རྒྱལ་ཏེ། །ཟབ་དོན་སྙིང་པོའི་གཟི་འོད་སྟོང་འབར་བས། །རྫོགས་ལྡན་གསར་པའི་དགའ་སྟོན་འཆར་གྱུར་ཅིག །སརྦ་དཱ་ཀ་ལྱཱན་བྷ་ཝནྟུ།།

སེམས་ཁྲིང་འཕྲད་ཚད་བསྡུས་པ།

p. 145
p. 146

༄༅། །དཔལ་ཁྲ་འགུ་བཤད་སྒྲུབ་དར་རྒྱས་གླིང་དུ་བསྩལ་བའི་སེམས་ཁྲིད་འཕྲད་ཚད་བསྡུས་པ་བཞུགས་སོ། །

p. 147

༄༅། །ལས་དགེ་བ་བྱས་ན་འབྲས་བུ་བདེ་བ་འབྱུང་བ་དང་། ལས་མི་དགེ་བ་བྱས་ན་འབྲས་བུ་སྡུག་བསྔལ་འབྱུང་བ་བསླུ་བ་མེད་པ་ཡིན་པས་དགེ་སྡིག་གཉིས་གང་ལ་ཟེར་ངོས་ཟིན་དགོས། དེ་ལ་དང་པོར་ལུས་ངག་ཡིད་གསུམ་ངོ་སྤྲད་དགོས། དེ་ངོ་འཕྲོད་ནས་དགེ་སྡིག་གཉིས་ལུས་ངག་ཡིད་གསུམ་སུས་གཙོ་ཤེས་

p. 148

དགོས། གང་གཙོ་ཟེར་ན་སེམས་གཙོ་ཆེ་སྟེ། ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཡིན། །སེམས་ནི་ཀུན་ལ་དབང་སྒྱུར་རྒྱལ་པོ་འདྲ། །ཞེས་གསུངས་པ་ལྟར་ཡིན་པས། སེམས་དེ་རྒྱལ་པོ་ལྟ་བུ་དང་། ལུས་ངག་གཉིས་གཡོག་པོ་ལྟ་བུ་སྟེ། དེས་ན་སེམས་ཀྱིས་མ་དྲན་ན་ལུས་ཀྱིས་ལས་ཀ་ཡག་བཙོག་

p. 149

གཉིས་ཀ་བྱེད་མི་སྲིད། ངག་གིས་སྐད་ཆ་བཟང་ངན་གཉིས་ཀ་བཤད་མི་སྲིད་པས་རྩ་བ་སེམས་ལ་ཐུག་པ་དེ་ངོ་འཕྲོད་དགོས། དེ་ནས་སེམས་དེ་ཡོད་མེད་གཉིས་གང་རེད་བརྟགས། མཐའ་གཅིག་ཏུ་ཡོད་པ་ཡང་མ་ཡིན་ཏེ། ཁ་དོག་དཀར་སེར་དམར་ལྗང་ཅན་དང་། དབྱིབས་གྲུ་གསུམ་གྲུ་བཞི་ཅན་དུ་མཐོང་རྒྱུ་མེད། མཐའ་གཅིག་ཏུ་མེད་པ་ཡང་མ་ཡིན་ཏེ། ཀུན་ཤེས་ཀུན་རིག་གི་རྒྱལ་པོ་བསམ་བྱེད་དྲན་བྱེད་ཐམས་ཅད་མ་འགག་པ་ཡོད། དེས་ན་དཔལ་རང་བྱུང་ཞབས་ཀྱིས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །ཞེས་གསུངས་པ་ལྟར་ཡིན། དེ་ཡན་ཆད་ཀྱིས་སྔོན་འགྲོ་རྫོགས། དངོས་གཞིའི་ལུས་སེམས་བདེ་ཐོ་ལེ་ཤིག་གེ། ཅི་ཡང་མི་བསམ་པར་རང་བབས་སུ་བཞག །མིག་ནམ་མཁའ་ལ་གྱེན་དུ་བལྟ། ཁ་ཅུང་ཟད་

p. 150

གདུངས་ནས་དབུགས་རང་བབས་སུ་བཞག་ཙ་ན། ཅི་བསམ་འདི་བསམ། ཅི་དྲན་འདི་དྲན། ཅི་ཤར་འདི་ཤར། ཅི་དགའ་འདི་དགའ། ཅི་སྔག་འདི་སྔག་མེད་པའི་སེམས་ཉིད། གསལ་ལེ་ཝལ་ལེ་ཧྲིག་གེ་རྗེན་ནེ་བ་འདི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འདྲེན་མཆོག་དཔལ་ལྡན་བླ་མའི་ཐུགས། དུས་གསུམ་སངས་རྒྱས་ཀྱི་དགོངས་པ། ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཡང་ཟེར། འོད་གསལ་རྫོགས་པ་ཆེན་པོ་ཡང་ཟེར། ལམ་འབྲས་བུ་དང་བཅས་པ་ཡང་ཟེར། སྟོང་ཉིད་སྙིང་རྗེ་ཡང་ཟེར། མིང་འདོག་སྣ་ཚོགས་ཡོདན་ཡང་། མཛུབ་མོ་གཙུག་ས་དེ་ག་རེད། དེས་ན་དཔལ་རང་བྱུང་ཞབས་ཀྱིས། ཐམས་ཅད་བདེན་མིན་རྫུན་མིན་ཏེ། ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཐ་མལ་ཤེས་པ་འདི་ཉིད་ལ། །ཆོས་དབྱིངས་རྒྱལ་

p. 151

བའི་སྙིང་པོ་ཟེར། །ཞེས་གསུངས་པ་ལྟར། ཐད་ཀར་གང་ཤར་བཟོ་བཅོས་མ་བྱས་པར་རང་བབས་སུ་བཞག །བསྐྱེད་རྫོགས་བཟླས་བསྒོམ་ཐམས་ཅད་ཀྱི་སྙིང་པོ་ཚང་འདུག །དེ་ལ་ཡེངས་མ་ཡེངས་གཉིས་ཀ་ཤན་འབྱེད་དགོས། མ་ཡེངས་རང་བབས་སུ་ཡོད་ན་ཕན་གནོད་གང་ཡང་མེད་པ་དེ་རིག་པ་ཡིན། ཅུང་ཟད་ཡེངས་འོང་ན། སེམས་ལ་དགའ་སྡུག་སྐྱེ་སྲིད། དེའི་སྟེང་ནས་ལས་དཀརནག་གི་ཆ་བསགས། དེས་འཁོར་བར་འཁྱམས། དེ་ལ་སེམས་རིག་ཤན་ཕྱེད་དགོས། སེམས་རྟོག་སྤྲིན་ཚོགས་ལྟ་བུ་དེ་འདག་དགོས། ནང་གི་རིག་པ་བརྟན་དགོས། དེ་ལ་ན་ཚ་ལམ་ཁྱེར། ཉོན་མོངས་ལམ་ཁྱེར། བར་དོ་ལམ་ཁྱེར། གཏི་མུག་ལམ་ཁྱེར་བཅས་དགོས། ལམ་ཁྱེར་ཐམས་ཅད་ཀྱི་སྙིང་པོ་ངོ་བོའི་སྟེང་དུ་རང་བབ་ཡིན། ད་སྐབས་ཉབ་ཉོབ་མང་པོ་དགོས་པ་མི་འདུག །

p. 152

ཅེས་པ་འདི་མཁས་གྲུབ་གཉིས་ལྡན་གང་ཤར་དབང་པོས་མེ་བྱ་ཟླ་༦ ཚེས་༧ ཁྲ་འགུ་བཀྲ་ཤིས་ཆོས་གླིང་གི་སློབ་གྲྭ་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་ཚོགས་ཐུན་མོང་ལ་བཀའ་དྲིན་བསྩལ་བའོ། །མངྒ་ལཾ།། །།

མི་ཕམ་གསུང་རྫོགས་ཆེན་ལྟ་མགུར་གྱི་རྩ་བ།

p. 153
p. 154

༄༅། །རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ།།

p. 155

༄༅། །སེམས་ཉིད་ཆོས་སྐུ་རུ་ངོ་འཕྲོད་བླ་མ། །བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །རིག་གསང་ཆོས་ཉིད་ཀྱི་གནས་ཚུལ་བསམས་ནས། །ངོ་མཚར་དགའ་བའི་ཚིག་གསུམ་རེ་སྨྲའོ། །རིག་ཤེས་ནོར་བུ་དེ་ཡུན་རིང་སྟོར་བའི། །སེམས་ལྡན་དབུལ་ཕོངས་ངས་ཅི་ཞིག་ལྟར་ཏེ། །རང་བྱུང་ལྷན་སྐྱེས་ཀྱི་

p. 156

ཆོས་སྐུའི་རང་ཞལ། །མཇལ་མ་མྱོང་བ་དེ་མཇལ་ལ་ཁད་སྣང་། །གང་ཤར་ཁྲེགས་ཆོད་ཀྱི་ཤེས་རབ་རལ་གྲི། །ཐད་ཀ་ཐོལ་བྱུང་གི་སེམས་ལ་བཏབ་པས། །དེ་ཡིན་འདི་ཡིན་གྱི་ངོས་བཟུང་བྲལ་ཙམ། །ངོ་བོ་སྐྱོང་རྒྱུ་དེ་ཨེ་ཡིན་སྙམ་མོ། །གཟུང་འཛིན་སྣ་ཚོགས་འདི་རིག་པའི་རང་རྩལ། །ཁམས་གསུམ་བདེ་སྡུག་འདི་

p. 157

རིག་པའི་རྦ་རླབས། །འཁྲུལ་མེད་རིག་པ་འདིས་མ་སྐྱོབ་ལུས་པའི། །འཁྲུལ་སེམས་ཁོ་ནར་རང་ཟད་སར་རེའོ། །རྣམ་པ་གཅིག་ཏུ་རང་བྱུང་རིག་པ། །ཁོ་ནའི་དྲིན་གྱིས་ནི་གྲོལ་བར་ངེས་ཏེ། །གཤིས་ངན་འཁྲུལ་སེམས་འདི་ཚུགས་ཐུབ་ཞིག་ན། །དུས་གསུམ་རྒྱལ་བས་ཀྱང་འདུལ་ཐབས་མི་འདུག །འགྱུར་བ་སྣ་ཚོགས་འདི་འགྱུར་མེད་རིག་པའི། །རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུ་འདུག་གོ། །ཅིར་ཡང་མ་གྲུབ་པའི་སེམས་ཉིད་འདི་ཀ །ཅིར་ཡང་འཆར་བ་ཡི་མངོན་སུམ་ཉམས་མྱོང་། །བཟུང་བས་ཟིན་མེད་ཀྱི་ཆུ་ནང་ཟླ་གཟུགས། །འདི་ཀ་ཙམ་ཞིག་ལ་གོ་རྒྱུ་འདུག་གོ། །སྣ་ཚོགས་འགྱུ་དྲན་གྱི་སེམས་དེ་བཙལ་བས། །རྙེད་མེད་གཤིས་ལུགས་ཀྱི་བབས་སུ་ཤར་བ། །དྲི་མེད་རིག་ཁམས་ཁོ་ཡིན་པར་འདུག་པས། །འཁྲུལ་བྲལ་ཡེ་ཤེས་དེས་སྐྱོབ་པར་རེའོ། །རང་བྱུང་ཟག་

p. 158

མེད་ཀྱི་རིག་པའི་བཞིན་རས། །ཀུན་གཞི་དྭངས་པ་ཡི་མེ་ལོང་ངོས་ནས། །ཟིན་པ་མེད་ཚུལ་གྱི་ཡོད་ཡོད་འདྲ་སྟེ། །སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས། །བརྒྱུད་གསུམ་བླ་མ་ཡི་ཞལ་ཆེམས་མཐར་ཐུག །རྡོ་རྗེ་སྙིང་པོ་ཡི་བྱ་ཞིག་བཏང་བས། །ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །ལྷན་ཅིག་སྐྱེས་པ་ཡི་ཡེ་ཤེས་མཐོང་རེ། །ད་ལྟ་རང་རེ་ཡི་རྟོགས་ལྡན་འགའ་ཞིག །བསྒོམ་ཞེས་འཛིན་རྒྱུ་ཞིག་ཡོད་ལ་རེ་བས། །ཡོད་མིན་མེད་མིན་གྱི་ངོ་བོ་གཞི་གྲུབ། །ཨ་ཏིའི་དགོངས་དོན་ནི་ཡིན་པར་རློམས་ཀྱང་། །མཐའ་བཞི་རང་སངས་རྒྱས་ཀྱི་རྫོགས་པ་ཆེན་པོར། །ཕུང་གསུམ་ཚུགས་ཐུབ་ཞིག་ཡོད་སྐད་མི་འདུག །སྤྲོས་བྲལ་ཟང་ཐལ་གྱི་གནད་ལ་ཕིགསན། །འདི་ཡིན་འདི་སྒོམ་འདི་ཅི་འགྱུར་ཆ་མེད། །ཡོད་ན་ཡོད་རྒྱུ་དེ་དེ་ལྟར་བསྒོམ་མོད། །ཡོད་

p. 159

པའི་ཡོད་ཚུལ་དེ་ནམ་ཡང་མ་མཐོང་། །མེད་ན་མེད་པ་ཞིག་ཕྱོགས་གཅིག་བསྒོམ་མོད། །མེད་པའི་ཁ་ཚོན་ནི་ནམ་ཡང་མ་ཆོད། །ཡོད་མེད་གཉིས་ཀ་ནི་ཡིན་པའི་དབྱེ་ཆོས། །སེམས་ཉིད་གཤིས་ལནི་ནམ་ཡང་མི་གནས། །ཡོད་མེད་གཉིས་ཀ་ལས་བསྐལ་བའི་ཤེས་བྱ། །ཕུང་གསུམ་བདེན་གྲུབ་ཅིག་ནམ་ཡང་མ་དམིགས། །འདི་ཡིན་འདི་མིན་གྱི་ཡུལ་མ་རྙེདནས། །འདི་སྒོམ་དེ་སྒོམ་གྱི་འཛིན་སྟངས་ཤིག་མོད། །ད་དུང་འཚོལ་འདོད་ཀྱི་ངལ་དུབ་ཟད་དེ། །བག་ཡངས་ཚོ་བློ་བདེ་ཡི་ངང་དུ་གནས་སོ། །སྣ་ཚོགས་འགྱུ་དྲན་གྱི་རྦ་རླབས་འགགས་མེད། །ཡོདཞིག་ཡོད་མོད་དེ་ད་ལྟའི་འདི་འདྲ། །ཧྲག་ཧྲག་རྩུབ་རྩུབ་ཅིག་ཡིན་ཚོད་མི་སྣང་། །འཁྱགས་རོམ་ཆུ་བོ་ལ་ཞུ་བ་ཇི་བཞིན། །འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ་། །བྱེ་མདོ་རྣམ་རིག་དང་དབུ་མ་ཕལ་གྱིས། །རིག་ཁམས་

p. 160

དྲི་མེད་ཀྱི་ནོར་བུའི་གཟུགས་ལ། །ཕྱི་དོན་བདེན་གྲུབ་ཀྱི་ས་ཡི་གོང་བུ། །འཛིན་པ་བདེན་བཟུང་གི་ལྕགས་གོང་ངར་མ། །མཚན་ཉིད་ཚུགས་ཐུབ་ཀྱི་འོད་བཟང་མར་མེ། །མེད་དགག་སྟོང་རྐྱང་གི་འཇའ་ཡི་དུམ་བུ། །སྟོང་ཉིད་བདེན་ཞེན་གྱི་ནམ་མཁའི་འོད་མདངས། །བདེན་གཉིས་མངོན་ཞེན་གྱི་ཤེལ་གོང་དྲི་མེད། །ཐ་སྙད་སྣ་ཚོགས་ཤིག་འདོགས་པར་བྱེད་ཀྱང་། །རིག་ཁམསནོར་བུ་དེ་སྟོར་ནས་འདུག་གོ། །ས་དགེ་ཀར་འབྲུག་གི་མཁས་གྲུབ་མང་པོས། །གསལ་སྟོང་འཛིན་མེད་ཀྱི་གནས་ལུགས་དྭངས་མ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་བྲལ། །མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །ཡོད་མིན་མེད་མིན་གྱི་ཁས་བླངས་བྲལ་སོགས། །སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོགས་ཀྱང་། །ལུང་རིགས་མན་ངག་དང་མྱོང་བའི་སྟོབས་ཀྱིས། །སེམས་

p. 161

འདས་ཡེ་ཤེས་ཤིག་ཡིན་ན་ལེགས་ཏེ། །མཛུབ་མོ་འཛུག་ས་དེ་ཅི་ཞིག་ཡིན་ཨང་། །ཕྱི་དོན་རྒྱང་ཆད་དུ་དགག་པ་མིན་པས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་བཞིན་སྟོང་ན་ཡང་མཁྱེན་ཆ་འཐད་པས། །རྣམ་རིག་སྨྲ་བ་རྣམས་དགྱེས་དགྱེས་མཛོད་ཅིག །སྤྲོས་དང་བྲལན་ཡང་སྣང་ཚུལ་བཀྲ་བས། །ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །ཡོད་ཀྱང་བདེན་གྲུབ་ཀྱི་ཁས་ལེན་མེད་པས། །མེད་དགག་སྨྲ་བ་རྣམས་དགྱེས་དགྱེས་མཛོད་ཅིག །རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས། །སྟོང་ཉིད་རྟག་སྨྲ་ཀུན་དགྱེས་དགྱེས་མཛོད་ཅིག །བདེན་གཉིས་མི་འགལ་བར་བསྟངས་ཀྱང་ཆོག་གིས། །བདེན་གཉིས་མངོན་ཞེན་ཀུན་དགྱེས་དགྱེས་མཛོད་ཅིག །གསལ་སྟོང་འཛིན་མེད་དེ་འདི་ལ་ཟེར་བས། །སློབ་བཤད་བརྒྱུད་འཛིན་རྣམས་དགྱེས་

p. 162

དགྱེས་མཛོད་ཅིག །སྤྲོས་བྲལ་ཕུ་ཐག་དེ་འདི་ནས་ཆོད་པས། །བཀའ་གདམས་གསར་མ་རྣམས་ངང་ཐུང་མ་བྱེད། །མ་བཅོས་ལྷན་སྐྱེས་དེ་འདི་ལ་ཟེར་བས། །རྟོགས་ལྡན་རྒན་པོ་རྣམས་གདར་ཤ་ཆོད་མཛོད། །ཡང་དག་རིགས་ལམ་དེ་འདི་ལ་མཛའ་བས། །བླུན་སྒོམ་ཐོས་ཉུང་རྣམས་བཤད་ལ་མ་སྐྲག །འོན་ཀྱང་གནས་ལུགས་ལ་གོམས་པ་ཆུང་རྣམས། །ཟབ་མོའི་གནད་གསང་ཞིག་མ་རྟོགས་ཡིན་སྲིད། །ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །ཕོག་ཐུག་བྱུངནནི་བཟོད་པར་མཛོད་ཅིག །ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཨ་ཏི། །ཁོ་བོས་ཇི་བཞིན་དུ་རྟོགས་པ་མིན་ཀྱང་། །ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ། །དད་བརྩོན་ཤེས་རབ་ཀྱིས་བཞོན་ཚུལ་མཁས་པས། །ཀུན་ཤེས་གཅིག་སྡུག་གི་འཕྲང་ལས་ཐར་ཏེ། །གཅིག་ཤེས་ཀུན་གྲོལ་གྱི་

p. 163

ཐང་ལ་སླེབས་སོ། །འཚོལ་དགོས་མི་འདུག་སྟེ་འཚལ་མཁན་རང་ཡིན། །ཞེན་པས་མི་བསླུ་ཏེ་ཞེན་མེད་རང་གྲོལ། །སྣང་བས་མི་འགོག་ཏེ་གང་ཤར་གཉུག་མ། །རྟག་ཆད་མཐའ་བྲལ་གྱི་ཡོ་ལང་བསྐྱང་ངོ་། །ཡེ་ཤེས་མ་མཐོང་ཡང་མིང་ཙམ་ཞིག་གིས། །རིག་པ་དྲིན་ཆེན་དེ་ཡུན་རིང་སྟོར་བ། །འབྲལ་མེད་ལྷན་ཅིག་ཏུ་བཞུགས་པར་སྣང་གི། །བརྒྱུད་གསུམ་བླ་མ་དེ་བཀའ་དྲིན་ཆེའོ། །སེམས་ཉིད་ཆོས་སྐུ་རུ་འདུ་འབྲལ་མེད་པས། །བཀའ་དྲིན་གཟོ་ཐབས་སུ་གནས་ལུགས་བསྐྱང་ངོ་། །ཐ་སྙད་བློ་འདས་ཀྱི་རང་བྱུང་ཡེ་ཤེས། །རང་ཤར་རྩོལ་མེད་ཀྱི་མཁའ་ལ་འཕྱོ་བས། །བདེ་ཆེན་ཀུན་བཟང་གི་དགོངས་ཀློང་ཡངས་པར། །མ་རྒན་འགྲོ་བ་ཀུན་བདེ་བླག་འཁྲིད་དོ། །ཨེ་མ་ཧོ་ངོ་མཚར་རིག་པ། །ཨ་ཧོ་ཡ་དགྱེས་པའི་རང་རྩལ། །ཨ་ཛི་ཏའི་སྙིང་ལ་བསྒྱུར་ཚེ། །ཨ་ལ་ལ་

p. 164

གསང་ཚིག་སྨྲས་སོ། །ཞེས་པ་རིག་པ་ངོ་ཤེས་ཀྱི་གླུ་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་འདིའང་། ཁྱབ་བདག་འཇམ་པའི་དབྱངས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས། ལྕང་སྐྱའི་ལྟ་མགུར་གྱི་ཚིག་རིས་དང་ཅི་ནས་མཚུངས་པའི་རྙིང་མའི་ལྟ་མགུར་ཞིག་བྲིས་ཞེས་པའི་བཀའ་ལུང་སྤྱི་བོར་མཆོད་དེ་ཐེག་པ་མཆོག་ལ་ལྷག་པར་མོས་པའི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བས་རྫོང་གསར་བཀྲ་ཤིས་ལྷ་རྩེར་སྦྱར་བ་མངྒ་ལཾ།། །།

རྫོགས་ཆེན་ལྟ་མགུར་གྱི་འགྲེལ་བ།

p. 165
p. 166

༄༅། །མི་ཕམ་འཇམ་པའི་དབྱངས་ཀྱི་རྫོགས་ཆེན་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོའི་འགྲེལ་བ་ཟབ་དོན་སྣང་བའི་སྤྲིན་ཕུང་བཞུགས་སོ། །

p. 167

༄༅། །ན་མོ་གུ་རུ་པདྨ་ཀ་ར་ཡེ། རིགས་ཀུན་ཁྱབ་བདག་རང་བྱུང་མཚོ་སྐྱེས་རྗེ། །པདྨ་འབྱུང་གནས་གྲགས་པའི་མགོན་དེ་དང་། །གཉིས་སུ་མ་དམིགས་དྲི་མེད་རིག་པའི་གཏེར། །འདྲེན་མཆོག་ལེགས་པའི་བློ་གྲོས་སྙིང་དབུས་རོལ། །རང་གནས་ཡེ་ཤེས་དགོངས་པའི་གསང་མཛོད་ལས། །རང་བྱུང་རྩོལ་བྲལ་སྙིང་པོ་

p. 168

ལྟ་བའི་མགུར། །འདི་ཡི་ཚིག་དོན་ཅུང་ཟད་འགྲེལ་པ་ལ། །བླ་མ་ལྷག་པའི་ལྷ་ཡིས་གནང་བ་རྩོལ། །དེ་ལའང་རྗེ་བཙུན་འཇམ་པའི་རྡོ་རྗེ་ངུར་སྨྲིག་གར་གྱི་རྣམ་པར་རོལ་པ་འཇམ་པའི་དབྱངས་མི་ཕམ་རྣམ་པར་རྒྱལ་བའི་ཐུགས་ཡེ་ཤེས་ཀྱི་དགོངས་པའི་གསང་མཛོད་ལས་རང་བྱུང་རྡོ་རྗེའི་ཚིག་ཏུ་རང་ཤར་བ་རྫོགས་ཆེན་

p. 169

གྱི་ལྟ་མགུར་ཟབ་མོ་འདི་ཡི་དོན་ཅུང་ཟད་འཆད་པར་བྱེད་པ་ལ། ཐོག་མཐའ་བར་དུ་དགེ་བ་གསུམ་ལས། དང་པོ་ལ། མཚན་བསྟན་པ། མཆོད་པར་བརྗོད་པ། དམ་བཅའ་བ་དང་གསུམ་ལས། དང་པོ་ནི། འོད་གསལ་རྫོགས་པ་ཆེན་པོའི་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བའི་གནད་གསང་ཐུན་མོང་མ་ཡིན་པ་གབ་སྦས་མེད་པར་རྗེན་པར་སྟོན་པའི་

p. 170

ཉམས་མགུར་ཟབ་མོ་སྐལ་ལྡན་གྱི་ཡིད་གསང་ལམ་དུ་འགུགས་བྱེད་གྲགས་སྟོང་སྐྱེ་བ་མེད་པའི་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་བཞུགས་སོ། །ཞེས་དཔེ་དོན་ཟུང་འབྲེལ་གྱི་སྒོ་ནས་མཚན་བཏགས་པའོ། །གཉིས་པ་ནི། སེམས་ཉིད་སྐྱེ་བ་མེད་པ་འོད་གསལ་ཆོས་ཀྱི་སྐུ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གནས་

p. 171

ལུགས་དོན་གྱི་ཀུན་བཟང་ཇི་བཞིན་རྗེན་པ་རུ་ངོ་འཕྲོད་པར་བྱེད་པའི་མཚན་ལྡན་གྱི་བླ་མ་དམ་པ་བཀའ་དྲིན་འཁོར་མཐའ་མེད་པ་དེ་ཉིད་མི་ཕྱེད་སྙིང་གི་དབུས་སུ་འབྲལ་བ་མེད་པར་རྟག་པར་བཞུགས་ཤིག །ཅེས་གུས་པས་མཆོད་པར་བརྗོད་པའོ། །གསུམ་པའི། རིག་སྟོང་ཟུང་འཇུག་རང་བྱུང་རྫོགས་པ་ཆེན་པོའི་གནད་གསང་རྩོལ་བྲལ་ཆོས་ཉིད་ཀྱི་གནས་ཚུལ་དེ་གཞནནས་བཙལ་མ་དགོས་པར་ཡེ་ནས་རང་གི་རྒྱུད་ལ་རང་ཆས་ཀྱི་ཚུལ་དུ་བཞུགས་པ་ལ་བསམས་ནས། ཤིན་ཏུ་ངོ་མཚར་ཞིང་དགའ་བའི་དབང་གིས་ལྷུན་མཉམ་ཁྱབ་བརྡལ་གྱི་དགོངས་པ་ཇི་ལྟར་ཐུགས་ལ་འཁྲུངས་པ་དེའི་དོན་བཅས་བཅོས་མེད་པར་ཐོལ་བྱུང་གི་ཚིག་གསུམ་རེ་སྨྲའོ་ཞེས་གསུངས་ཏེ། དེ་ལ་ཚིག་གསུམ་རེ་ཞེས་པ་ཉུང་ངུ་འགའ་ཞིག་བརྗོད་པའི་དོན་ཡིན་གྱི་གྲངས་གསུམ་དུ་ངེས་པ་བགྲང་མི་དགོས་ཏེ། པད་

p. 172

མ་ལ་འདབ་བརྒྱད་ཟེར་བ་བཞིན་ནོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། སྔོན་འགྲོ་སེམས་ཀྱི་ཁང་བུ་བཤིགས་པའི་མན་ངག་གི་གཏན་ལ་ཕབས་ཚུལ། དངོས་གཞི་རང་བྱུང་གི་རིག་པ་སྒྲིབ་མེད་མངོན་སུམ་དུ་མཐོང་ཚུལ། དེ་ཡི་ལམ་གཞན་དང་མཐུན་པ་དང་མི་མཐུན་པའི་ཚུལ་བཤད་པ། དེ་ལྟར་མཐོང་བས་བློ་བདེ་བའི་ཉི་མ་ཁོང་ནས་འཆར་ཚུལ་དང་བཞིའོ། །དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། དཔལ་མདའ་བསྣན་ཞབས་ཀྱིས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བ་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རིག་ཤེས་དྲི་མ་མེད་པའི་སེམས་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་

p. 173

འོད་གསལ་རྫོགས་པ་ཆེན་པོ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་གཞིར་གྱུར་ཅིང་ཡིན་ལུགས་ཚུལ་བཞིན་དུ་ཤེས་ན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་རྩོལ་མེད་དུ་འབྱུང་བས་དཔེ་ཡིད་བཞིན་ནོར་བུ་དང་འདྲ་བ་དེ་ཡེ་ནས་རང་དང་ལྷན་ཅིག་སྐྱེས་པའི་ཚུལ་དུ་སྐད་ཅིག་ཙམ་ཡང་འབྲལ་མེད་དུ་འགྲོགས་པའི་དོན་ལ་སྟོར་བྲལ་མེད་ཀྱང་གནས་སྐབས་འཁྲུལ་རྟོག་སྣ་ཚོགས་པའི་གཟེབ་ཏུ་ཆུད་དེ་ཡུལ་རིང་པོ་འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་ཡིན་ལུགས་ཇི་བཞིན་ངོ་མ་ཤེས་པས་སྟོར་བྲལ་དུ་སོང་བའི་ལྟ་བ་འཚོལ་མཁན་གྱི་སེམས་ལྡན་ཟག་མེད་མྱ་ངན་ལས་འདས་པའི་ཆོས་ཀྱིས་དབུལ་ཞིང་ཕོངས་ཏེ་འཇིགས་རུང་སྲིད་པའི་གནས་སུ་འཁྱམས་པ་ངས་ཅི་ཞིག་ལྟར་ཏེ་སྟབས་ལེགས་སྟེས་དབང་གིས་རང་བྱུང་ལྷན་སྐྱེས་ཀྱི་ཆོས་སྐུའི་རང་ཞལ་བརྗོད་དུ་མེད་པའི་

p. 174

དོན། སྔར་མཇལ་མ་མྱོང་བ་དེ་ད་ལྟ་དཔལ་ལྡན་བླ་མའི་དྲིན་དང་རང་གི་དཔྱད་སྟོབས་ཀྱིས་མཇལ་ལ་ཁད་དུ་སྣང་ཞེས་གསུངས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། དང་པོའི་སྐབས་སུ་ལ་ཟླ་གཙོ་བོར་བྱས་ཏེ་རང་སེམས་མཐའ་བྲལ་ཙམ་ལ་ཡིད་ཀྱིས་ཐག་བཅད་ཚུལ། རེས་འགའ་ཤན་འབྱེད་ཀྱི་རིག་པ་རྩལ་སྣ་ཚོགས་སུ་འཆར་བ་འདི་ཕན་གནོད་ཆེ་སྙམ་དུ་བསམ་ཚུལ། དེ་ལས་ཅུང་གོམས་པ་ན་ལ་ཤན་གཉིས་ཀྱི་རྙེད་དོན་མི་འགལ་བའི་འཁྲིད་ཚུལ་ལོ། །དང་པོ་ནི། རྣམ་རྟོག་བཟང་ངན་གང་ཤར་ཐམས་ཅད་ལ་ཤར་དུས་ཉིད་དུ་དང་པོ་གང་ནས་བྱུང་བར་གང་ན་གནས། ཐ་མར་འགྲོ་དང་། དབྱིབས་ཁ་དོག་སོགས་ཡོད་མེད་བརྟགས་ཏེ་ཐུགས་འཕྲད་ཁྲེགས་ཆོད་ཀྱི་ཚུལ་དུ་ཤེས་རབ་རིག་པའི་རལ་གྲི་མཚོན་རྣོན་པོ་དང་འདྲ་བ་དེ་ཉིད་ཐད་ཀ་

p. 175

ཐོལ་བྱུང་གི་སེམས་དང་སེམས་བྱུང་འགྱུ་དྲན་གྱི་སྣ་ཚོགས་པ་དེ་ལ་གཅིག་ཅར་དུ་བཏབ་པས། དེའི་ཚེ་ན་བྱུང་ས་བྱུང་མཁན་གནས་ས་གནས་མཁན་དབྱིབས་དང་ཁ་དོག་སོགས་གང་ཡང་མ་རྙེད་ཅིང་དེ་ཡིན་འདི་ཡིན་གྱི་ངོས་བཟུང་དང་བྲལ་བ་ཙམ་ཞིག་འདུག་པ་དེ་ཡི་ངོ་བོ་རྒྱུན་དུ་མ་བརྗེད་པར་བསྐྱང་རྒྱུ་དེ་རྫོགས་ཆེན་ཀ་དག་གི་ལྟ་བ་ཡང་དག་པ་ཨེ་ཡིན་སྙམ་མོ་ཞེས་གསུངས་སོ། །དེའི་ཤུགས་ལ་མཐའ་བྲལ་གོ་ཡུལ་ཙམ་ལ་བློ་ཐེ་ཚོམ་དང་བཅས་ཏེ་ཞུགས་པ་ལས་དང་པོ་པའི་དུས་སུ་དགེ་སྡིག་གི་ཕན་གནོད་མེད་དོ་སྙམ་དུ་ལྟ་བ་ཁར་ཁྱེར་དང་རྒྱུ་འབྲས་ཁྱད་བསད་ཀྱིས་ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་བའི་ཐུགས་འཕྲད་ཅུང་ཟད་ཡོད་པས་གཟབ་དགོས་ཞེས་པའི་གདམས་པའང་གནང་སྙམ་སྟེ། ཡིད་བཞིན་རིན་པོ་ཆེའི་མཛོད་ལས། འདི་དག་ཐམས་ཅད་དོན་ལ་མེད་ན་ཡང་། །གཟུང་

p. 176

འཛིན་དབང་གིས་རྟེན་འབྲེལ་སྣ་ཚོགས་སྣང་། །ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་བར། །རྒྱུ་འབྲས་ལས་ཡོད་དེ་ཡིས་སྤྲུལ་པ་སྟེ། །སེམས་ཀྱི་ལས་ཡོད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟག་པས་ན། །འཁྲུལ་པའི་སེམས་འདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་པ་ལྟར། གཟུང་འཛིན་ཀུན་རྟོག་གི་འཇུག་པ་ཐམས་ཅད་དབྱིངས་སུ་མ་ནུབ་བར་དགེ་སྡིག་རྒྱུ་འབྲས་ཐམས་ཅད་བསླ་མེད་དུ་ཡོད་པས་ཆོས་ཐམས་ཅད་གང་ལ་ཡང་མ་ཞེན་པར་གང་དུ་ཡང་མི་འགོག་པའི་ཐབས་ཤེས་ཟུང་འཇུག་གི་ལས་ལ་འབད་པ་ཅི་ནས་གལ་ཆེའོ། །གཉིས་པནི། ཕྱི་གཟུང་བའི་ཡུལ་དངནང་འཛིན་པས་བསྡུས་པའི་ཆོས་སྣ་ཚོགས་སུ་སྣང་བ་འདི་ཐམས་ཅད་སེམས་ལས་བྱུང་ཞིང་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རིག་པ་སྐུ་

p. 177

གསུམ་གྱི་བདག་ཉིད་ཅན་དུ་བཞུགས་པས་གཟུང་འཛིན་ཐམས་ཅད་རིག་པའི་རང་རྩལ་ལས་མ་འདས་པ་དང་། ཁམས་གསུམ་བདེ་སྡུག་མཐོ་དམན་སྐྱེ་འཆི་འཕོ་འགྱུར་དུ་སྣང་བ་འདི་ཐམས་ཅད་ཀྱང་རིག་པའི་རྒྱ་མཚོ་ལྟ་བུ་ཙམ་ལས་ཤར་བའི་ཆུའི་རྦ་རླབས་ལྟ་བུ་ཡིན་པས་སྣང་སྲིད་འཁོར་འདས་ཐམས་ཅད་དོན་ལ་བཟང་ངན་མེད་པར་ཡེ་ནས་ལྷུན་མཉམ་ཁྱབ་བརྡལ་གྱི་ཀློང་ནས་ནམ་ཡང་གཡོ་བ་མེད་ནའང་། དེ་འོན་ཀྱང་མཆོག་དམན་མེད་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སེམས་ལ་ཏིལ་ལ་ཏིལ་མར་བཞིན་ཁྱབ་པའི་གཤིས་འཁྲུལ་བ་མེད་པའི་རིག་པ་ཟང་ཀ་མ་འདིས་དེ་སྔ་ཡན་ཆད་ཁོ་བོ་ཅག་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་མ་སྐྱོབ་པར་སྲིད་པ་མེ་འོབ་ལྟ་བུའི་ནང་དུ་ལུས་ཤིང་ཡིན་ལུགས་ངོ་མ་ཤེས་པའི་འཁྲུལ་སེམས་སྐད་ཅིག་

p. 178

ཀྱང་མི་སྡོད་པར་གཡོ་བ་མི་དྲན་དགུ་དྲན་སེམས་འདིས་ཕན་གནོད་བྱེད་པ་འདིཁོ་ན་རང་ཆོས་ཉིད་ཟད་པའི་སར་མ་ཕྱིན་གྱི་བར་དུ་ཐུན་མོང་གི་ཆོས་སྤྱོད་དང་བསྐྱེད་རྫོགས་ཀྱི་བཟླས་བསྒོམས་སོགས་མཚན་བཅས་ཀྱི་སྤྱོད་པའི་བརྩིས་སུ་བྱས་པའི་སྒོ་ནས་བདག་འཁོར་བ་ལས་སྐྱོབ་པར་རེའོ་ཞེས་གསུངས་ཏེ། འདིནི་རྩོལ་མེད་རང་བཞག་གི་དགོངས་པས་ཡིད་མ་ཚིམ་པར་རྒྱ་འབྲས་ལ་ཆེད་དུ་བརྩིས་སུ་བྱས་པས་སྤྱོད་པའི་ཕྱོགས་སུ་ལྟ་བཤོརནས་ལྟ་བ་མ་མཐོང་བས་སྤྱོད་པ་ལམ་དུ་ཁྱེར་མ་ནུས་པ་ལྟ་སྤྱོད་ཐ་དད་དུ་སོང་སྟེ་རྣམ་རྟོག་ངན་པ་ལ་སྐྱོན་དུ་བལྟས་ནས་ལྟ་བ་དོར་ཞིང་མཚན་བཅས་ཀྱི་ལམ་རྐྱང་པས་གྲོལ་མི་ནུས་པ་ཡང་གདམས་ཏེ། གནས་ལུགས་རིན་པོ་ཆེའི་མཛོད་ལས་མ་བྱས་ལྷུན་གྱིས་གྲུབ་པའི་རིག་པ་ལ། །མི་རྩོལ་རང་བཞག་ཡངས་པའི་

p. 179

གདངས་ཤར་བས། །དགེ་སྡིག་རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །མི་འགྱུར་ཆོས་ཉིད་ངང་དུ་བསྡོམ་པ་ཡིན། །ཅེས་དང་། རྒྱུ་འབྲས་བྱིས་པ་དྲངས་པའི་ཆོས་རྣམས་ཀུན། །མས་འཛེགས་སྐལ་དམན་ལམ་དུ་ཐག་བཅད་དེ། །རང་ངོའི་དགོངས་པ་ཆོས་ལས་འདས་པའི་དོན། །བྱར་མེད་ནམ་མཁའི་ཁམས་སུ་བཅིང་བར་བྱ། །བྱ་བས་བསླུས་ཏེ་འཁོར་བའི་འཁྲུལ་སྣང་ལྟོས། །རྩོལ་བས་བསླད་དེ་སྡུག་བསྔལ་འཁྲུལ་འཁོར་སེམས། །དགེ་སྡིག་ཆོས་ཀྱི་བདེ་སྡུག་རྒྱུན་མི་ཆད། །ལས་བསགས་འཁོར་བ་མཐོ་དམན་ཉིད་དུ་འཁྱམས། །སྲིད་པའི་མཐོ་ལས་ཐར་པའི་སྐབས་མེད་དོ། །གང་ལ་དགེ་དང་མི་དགེ་རྒྱུན་ཆད་དེ། །ཆོས་ཉིད་ངང་ལས་འབྲལ་བ་ཉིད་མེད་ན། །དེ་ནི་གསང་ཆེན་ངེས་པའི་རྣལ་འབྱོར་ཏེ། །འབད་རྩོལ་མེད་པར་གདོད་མའི་ས་ལ་ཕྱིན། །ཞེས་དང་། ཕྱོགས་

p. 180

རིས་མེད་པར་དོན་གྱི་སྙིང་པོ་ལ། །ལྟ་བ་དབང་དང་དཀྱིལ་འཁོར་བཟླས་བརྗོད་མེད། །ས་ལམ་དམ་ཚིག་སྦྱང་བགྲོད་མི་དམིགས་པས། །གཞི་བྲལ་ཡངས་པ་ཆེན་པོར་ཕྱལ་སངས་ཏེ། །ཆོས་ཉིད་བྱང་ཆུབ་སེམས་སུ་འུབ་ཆུབ་བོ། །ཞེས་དང་། རྡོ་རྗེ་གད་མོ་བཅུ་གཉིས་ལས། སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང་། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར་གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཞེས་གསུངས་པ་ལྟར། རང་ངོ་རིག་པ་གཅེར་མཐོང་གི་དོན་ལ་ངེས་པ་ཅུང་ཟད་སྐྱེས་པའི་དུས་སུ་དེ་གའི་རྒྱུན་རྩེ་གཅིག་ཏུ་སྐྱོང་བ་ལས་བློ་མང་ཚབ་ཚུབ་མི་བྱེད་པ་གོམས་པར་བརྟན་པ་གལ་ཆེའོ། །གསུམ་པ་ནི་ཤེས་རབ་དྲི་མ་མེད་པ་དེ་ཡིས་གཞལ་ལུགས་རྣམ་པ་གཅིག་ཏུ་ན་རྣམ་རྟོག་བཟང་ངན་ཇི་

p. 181

ལྟར་ཤར་ཡང་ཤར་དུས་ཉིད་ནས་འཁྲུལ་མེད་རང་བྱུང་གི་རིག་པ་འདི་དང་འབྲལ་མ་མྱོང་བ་གདོད་ནས་ལྷན་ཅིག་ཏུ་འགྲོགས་པ་འདི་ཁོ་ནའི་དྲིན་གྱིས་ནི་འཁོར་བ་ལས་གྲོལ་བར་ངེས་ཏེ། རྒྱུད་མུ་ཏིག་ཕྲེང་བ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། །རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞིརྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་རབ་རྫོགས། །རང་ཁྱབ་ཡིན་ཕྱིར་ཤེས་བྱ་རྫོགས། །ཅེས་དང་། རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་བཞག་ཡིན་ཕྱིར་བསམ་གཏན་རྫོགས། །ཅེས་དང་། གསེར་གྱི་སྙིང་པོ་ལས། ཅེར་གྲོལ་ཆེན་པོའི་ལྟ་སྟངས་

p. 182

ཀྱིས། །སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ། །ཞེས་གསུངས་པ་ལྟར་འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རིག་པ་སྐད་ཅིག་མ་ལ་རྫོགས་པས་གྲོལ་འཁྲུལ་གྱི་སྒོ་ཐམས་ཅད་ཟུང་དུ་འཇུག་གི། །དེ་ཡང་གཤིས་འཁྲུལ་མེད་རང་བྱུང་གི་རིག་པ་འདི་ལྟར་མིན་པར་རྩལ་སྣང་ལ་བདག་ཏུ་བཟུང་སྟེ་ཆགས་སྡང་སོགས་མེ་ལྟར་འབར་བའི་གཤིས་ངན་རང་གི་ཡིན་ལུགས་ལས་གཞན་དུ་གཟུང་འཛིན་སྣ་ཚོགས་སུ་འཁྲུལ་པའི་སེམས་ཀྱི་འཕྲོ་འདུ་འདི་ཉིད་ངེད་ཅག་ལ་སྣང་བ་ལྟར་ཚུགས་ཐུབ་པ་སྟེ། ཁོ་རང་གི་གཤིས་དེ་ལྟར་དུ་བདེན་པ་ཞིག་ཡིན་ན་དུས་གསུམ་གྱི་རྒྱལ་བས་ཀྱང་འདུལ་ཐབས་མི་འདུག་སྟེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་ཡོད་ཉིད་མི་འགྱུར་རོ། །རང་བཞིན་གཞན་དུ་འགྱུར་བ་ནི། །

p. 183

ནམ་ཡང་འཐད་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར། ཁོ་རང་གི་ཡིན་ལུགས་དེ་སུས་ཀྱང་བཅོས་པར་མི་ནུས་པ་ཡིན་ན་ཡང་དེ་ལྟར་མིན་པར། རིན་ཆེན་སྤུངས་པའི་རྒྱུད་ལས། འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགག་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང་། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ལྟར་སྐུ་གསུམ་ཕྱག་རྒྱའི་ཞིང་། །ཞེས་གསུངས་པ་ལྟར། གཟུང་འཛིན་གྱི་འགྱུར་བ་སྣ་ཚོགས་པ་འདི་ཐམས་ཅད་འགྱུར་མེད་རང་བྱུང་གིས་རིག་པའི་རྣམ་འགྱུར་ཙམ་ཞིག་ཡིན་པསན་བཟང་ངན་གང་ཤར་ཡང་ཕན་གནོད་མེད་པར་རྟོག་ཚོགས་འོད་གསལ་གྱི་དབྱིངས་སུ་དྭངས་ཏེ་གྲོལ་འདུག་པ་འདི་གཞན་སུས་ཀྱང་གྲོལ་དུ་མ་བཅུག་པར་རང་ཉིད་ཀྱིས་རང་ཉིད་ལ་གྲོལ་བ་སྟེར་བས་

p. 184

ན་དེ་ལས། གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེསན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་པ་གྲོལ་ལ། །ཞེས་དང་། སེམས་སྡེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་དང་། རྒྱུད་མུ་ཏིག་ཕྲེང་བ་ལས། འགགས་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་གཏནནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་མེད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་བྲལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོང་། །ཞེས་དང་། ཡེ་ནས་གྲོལ་བའི་སེམས་ཉིདནི། །ཕྱི་ནང་གྲོལ་རྐྱེན་ག་ལ་སྲིད། །ཅེས་དང་། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་ཆེ། །རྒྱུ་འགགས་རྐྱེན་ལ་འབྲས་བུ་ཟད་པའི་

p. 185

གནས། །རྐྱེན་ལ་མ་བརྟེན་གཅིག་ཤོས་ཀློང་ཉིད་དོ། །སྤྲོས་བྲལ་སྒོམ་དག་ལྟ་རྒྱུ་མེད་པའི་དོན། །ཞེས་དང་། རིན་སྤུངས་པ་ལས། ཇི་ལྟར་བྱས་ཀྱང་སྐྱེས་མེད་ཀྱི་ཀློང་དུ། འགགས་མེད་གྲོལ་བ་ཞེས་དང་། སྙིང་པོའི་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང་། རང་གི་གཉེན་པོ་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་གྲོལ་བ་ཧ་ཧ། ཞེས་གསུངས་པ་ལྟར། གཉེན་པོ་གཞན་ནས་བཙལ་མི་དགོས་པར་རང་བབས་སུ་བཞག་པས་རང་གྲོལ་རྒྱུ་འདུག་གོ། །ཞེས་གསུངས་པས་གསལ་སྟོང་གུད་བཅད་ཀྱི་ཉམས་ལས་གྲོལ་ཏེ་དངོས་གཞི་རིག་སྟོང་ཟུང་འཇུག་ལ་ཤན་འབྱེད་ཀྱི་ལྟ་བ་ལ་ཡིད་ཆེས་ཀྱི་སྒོ་དང་པོ་རྙེད་ཚུལ་གསུངས་པའོ། །གཉིས་པ་དངོས་གཞི་རང་བྱུང་གི་རིག་པ་སྒྲིབ་མེད་མངོན་སུམ་དུ་གཟིགས་ཚུལ་ལ། ངོ་བོ་སྐྱེ་བ་མེད་པ་ཀ་དག་ལྟ་བའི་དོན་ལ་

p. 186

ངེས་པ་སྐྱེས་ཚུལ། རང་བཞིན་མེད་པའི་ལྷུན་གྲུབ་བསྒོམ་པའི་གདེང་ལ་ཡིད་ཆེས་ཐོན་ཚུལ། ཟུང་འཇུག་ཡིད་དཔྱོད་དང་བྲལ་བའི་སྤྱོད་པ་ཟབ་མོ་ལ་ཁྲིགས་སུ་བྱུང་ཚུལ། རྩོལ་བྲལ་རྫོགས་ཆེན་གྱི་ལྟ་བ་སྟོན་པའི་གཞུང་ལམ་ཚད་མ་ལ་ཞུགས་ཚུལ། ཞུགས་ནས་རིག་སྟོང་ཟུང་འཇུག་གི་དགོངས་པ་འཁྲུལ་མེད་དུ་རྟོགས་ཚུལ་དང་ལྔའོ། །དང་པོ་ནི། ཡོད་མེད་ཡིན་མིན་ལ་སོགས་སྤྲོས་པའི་མཚན་མ་ཅིར་ཡང་མ་གྲུབ་པའི་ད་ལྟའི་ཐད་ཀར་ཐ་མལ་གྱི་སེམས་ཉིད་འདི་ཀ་ངོ་བོ་ངོས་བཟུང་ངམིགས་གཏང་ཐམས་ཅད་དང་བྲལ་ནའང་། རྣམ་པ་འགག་པ་མེད་པ་འཁོར་འདས་བདེ་སྡུག་བཟང་ངན་སྣ་ཚོགས་པ་ཅིར་ཡང་འཆར་དུ་རུང་བ་ཡི་སྣང་རིག་ཟང་ཐལ་རྗེན་པ་མངོན་སུམ་རང་ཐོག་ཏུ་ཉམས་སུ་མྱོང་བའི་ངོར། དཔེ་ཕྱི་ནང་གང་དུའང་བཟུང་བས་ཟིན་

p. 187

མེད་ཀྱི་ཆུནང་གི་ཟླ་གཟུགས་ལྟ་བུའི་སེམས་ཉིད་བརྗོད་དུ་མེད་པ་འདིཀ་ཙམ་ཞིག་ལ་གོ་རྒྱུ་ལེགས་པར་འདུག་གོ། །ཞེས་གོ་བ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་དགར་བ་སྟེ་འདི་ལྟར་ཕྱི་སྣ་ཚོགས་སྣང་བའི་ཡུལ། སྣོད་བཅུད་ཐམས་ཅད་སྣང་ལ་བདེན་པས་སྟོང་པ་སྒྱུ་མའི་དཔེས་བརྒྱད་དུ་ཡེ་ནས་གྲོལ་ལ། དེའང་སྒྲ་མ་མཐའ་བྲལ་གཞི་མེད་སྣང་བ་ཙམ་ལས་ཡོད་མ་མྱོང་། མེད་མ་མྱོང་། བདེན་མ་མྱོང་། བརྫུན་མ་མྱོང་། གཞི་མེད་ཕྱལ་བ་ཡེ་སངས་སུ་གནས་པས་བླང་དོར་དམིགས་ཆོས་སུ་མ་གྲུབ། ནང་རང་སེམས་ཀྱི་ཆོས་སུ་སྣང་ནའང་སྐྱེ་འགགས་གནས་པའི་ཡུལ་དུ་མ་གྲུབ་པས་ངོ་བོ་ངོས་བཟུང་གི་མཐའ་ལས་འདས་ཏེ་སེམས་འདི་ལ་བལྟ་བྱ་ལྟ་བྱེད་ཀྱི་ཆོས་རྡུལ་ཙམ་ཡང་མེད་པས་རང་བཞིན་གྱི་རིག་པ་ནམ་མཁའ་ལྟ་བུ་ལ་སྤོང་བླང་གཉེན་པོའི་གཟེབ་ཀྱིས་འཆིང་མི་དགོས་

p. 188

པར་འཁོར་འདས་དམིགས་མེད་ཆེན་པོར་ཡེ་སངས་རྒྱས་ཏེ། ཀློང་དྲུག་པ་ལས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །གསལ་བ་ཡོད་མེད་མཐའ་ལས་འདས། །མཚོན་ཚིག་དུ་མའི་མཐའ་དང་བྲལ། །སྔགས་ལས་མ་སྐྱེས་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་བསྒོམ་དྲི་མ་། ཀུན་དང་བྲལ། །མཐའ་མེད་དབུས་སུ་དམིགས་པ་མེད། །ཞེས་དང་། ཆོས་འདི་བསམ་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ཞེས་དང་། རང་ཤར་ལས། དེ་བཞིན་སྐྱེ་མེད་རང་གསལ་ཉིད། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་ཉྩམེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །སྒྲ་དང་བྱ་དང་ཚིག་དང་བྲལ། །ཞེས་དང་། དཔལ་རང་བྱུང་ཞབས་

p. 189

ཀྱིས། ཐམས་ཅད་བདེན་མིན་བརྫུན་མིན་ཏེ། །ཆུ་ཟླ་བཞིན་དུ་མཁས་རྣམས་འདོད། །ཞེས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོས། ལྟ་བ་མིང་དུ་བཏགས་པ་དེ། །བལྟ་རྒྱུ་བྱུངན་ལྟ་བ་མིན། །བལྟ་རྒྱུ་མེད་པའི་དོན་ལ་ལྟོས། །ཆོས་ཉིད་བརྗོད་མེད་ལམ་དུ་ཁྱེར། །ཞེས་གསུངས་པ་ལྟར་བལྟ་བྱ་ལྟ་བྱེད་ཐམས་ཅད་དང་བྲལ་བ་དེ་ལྟ་བ་ཐམས་ཅད་ཀྱི་མཆོག་ཏུ་གསུངས་སོ། །གཉིས་པ་ནི། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་གཞི་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲགས་པ་འཁྲུལ་སྣང་ང་ཡི་གསུང་། །མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲགས། །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་

p. 190

གདའ། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །ཞེས་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང་། །རྟོག་བཅས་འཁྲུལ་པ་གཞི་མེད་པས། །ཞེས་གསུངས་པ་ལྟར། འཁྲུལ་རྟོག་སྣ་ཚོགས་སུ་འཆར་བའི་འགྱུ་དྲན་གྱི་སེམས་དེ་ཡི་ངོ་བོ་ཡོད་མེད་བཙལ་བས། གང་དུ་ཡང་རྙེད་པ་མེད་པས་འཁྲུལ་སེམས་ཐ་མལ་པ་ཁོ་རང་བཅས་བཅོས་སྤོང་བླང་མ་དགོས་པར་འཁྲུལ་མེད་གཤིས་ལུགས་ཀྱི་བབས་སུ་རང་བཞིན་ཤུགས་ཀྱིས་ཤར་བ་དེ། འཁོར་བའི་ཉེས་སྐྱོན་ཐམས་ཅད་ཀྱི་དྲི་མ་མེད་པའི་རིག་ཁམས་ཡིད་བཞིན་ནོར་བུ་ཁོ་ཡིན་པར་འདུག་པས་འཁྲུལ་པ་ཀ་ནས་དག་པའི་བློ་བྲལ་རང་བྱུང་གི་ཡེ་ཤེས་གཞན་ནས་བཙལ་མ་དགོས་པར་རང་སེམས་

p. 191

དང་འདུ་འབྲལ་མེད་པར་བཞུགས་པ་དེའི་སྟོབས་ཀྱིས་ཤར་གྲོལ་དུས་མཉམ་གྱི་བསྒོམ་པ་ཟབ་མོ་བྱུང་བས་མ་ཡེངས་མི་བསྒོམ་པའི་ངང་དུ་ལྷག་པར་བཞག་པ་དེས། འཁོར་བ་ལས་སྐྱོབ་པར་རེའོ་ཞེས་ཡེངས་བསྒོམ་དང་བྲལ་བ་དེ་བསྒོམ་པ་མཆོག་ཏུ་བསྟན་ཏེ། ཀློང་དྲུག་པ་ལས། བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོས་བསྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་སྒོམ་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དྭགས་བྲལ་བའི་སྣང་བ་ནི། །ཡེ་བཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་དང་། རིན་སྤུངས་ལས། མི་གནས་བསམ་གཏན་དགོངས་པ་ནི། །སྒོམ་པ་མེད་པར་ཡེ་འདུག་པས། །འདི་ཡང་གང་གིས་སྔར་མ་རིག །ཅེས་དང་། ཆོས་རྒྱལ་གྱིས། སྒོམ་པ་ཞེས་མིང་ཏུ་བཏགས་པ་

p. 192

དེ། །བསྒོམ་རྒྱུ་བྱུང་ན་བསྒོམ་པ་མིན། །བསྒོམ་རྒྱུ་མེད་པའི་དོན་དེ་བསྒོམ། །སེམས་ཡེངས་རྒྱུ་མེད་པ་ལམ་དུ་འཁྱེར། །ཞེས་དང་། རྡོ་གྲུབ་བསྟན་པའི་ཉི་མས། མ་བཅོས་པའི་ཆོས་ཉིད། མ་འཁྲུལ་པའི་གནས་ལུགས། མི་རྟོག་པའི་ཡེ་ཤེས། མ་ཡེངས་པའི་དྲན་པ། མ་མཐོང་བའི་མཐོང་བ། མི་བསྒོམ་པའི་བསྒོམ་པ། ཡུལ་དང་ཡུལ་ཅན་ཐམས་ཅད་དབྱེར་མེད་ཆུ་ལ་ཆུ་བཞག་པ་ལྟར་འདུག་གོ། །ཞེས་གསུངས་པ་ལྟར་རོ། །དེ་ཡང་ཡིན་ལུགས་ངོ་མ་ཤེས་པའི་འཁྲུལ་བ་རྒྱ་འབྱམས་སུ་སོང་བ་འདི་བསྒོམ་དུ་འདོད་པ་མིན་གྱི་འདིའི་རང་བཞིན་ཤེས་པའི་རིག་ཆ་དེའི་ངོར་གང་ཤར་ཐམས་ཅད་མ་བཟོ་མ་བཟོས་པའི་དོན་ཡིན་ཏེ། དེ་ལས་གཞན་དུ་ཀུན་མཁྱེན་ཆེན་པོས། དེང་སང་ཨ་ཏིར་རློམ་པའི་ཀློང་ཆེན་དགུ །འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་

p. 193

ཡིན་ལོ། །ཞེས་གསུངས་པ་ལྟར་འགྱུར་བས་བླ་མའི་མན་ངག་ལ་བརྟེན་ནས་ཤན་ཕྱེད་པ་གལ་ཆེའོ། །གསུམ་པ་ནི། རྒྱུད་མུ་ཏིག་ཕྲེང་བ་ལས། ཀུན་གཞི་ལུས་ཀྱི་མེ་ལོང་ལས། །སྟོང་རིག་གསལ་བའི་བཞིན་བསྟན་པས། །གཞན་འབྱུང་འཁྲུལ་བ་གཞི་ལ་བསྐྱལ། །ཞེས་དང་། དབང་པོ་ལྔ་ཉིད་ཅེར་བཞག་པས། །འཛིན་པའི་ཡུལ་ལྔ་རང་སར་གྲོལ། །ཉོན་མོངས་ལྔ་ཉིད་རང་ཡིན་པས། །ཁམས་གསུམ་ཉིདནི་གཞི་ལས་བསྐྱལ། །ཞེས་དང་། རིན་ཆེན་སྤུངས་པའི་རྒྱུད་ལས། རྟོག་བཅས་འཁྲུལ་པ་གཞི་མེད་པས། །ཀུན་གཞི་ཆོས་སྐུར་ཆེན་པོར་རྟོགས། །འཁྲུལ་བའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་འདི། །ཡེ་ནས་གྲོལ་བའི་གནད་ལས་ཤར། །ཞེས་གསུངས་པ་ལྟར། འཁྲུལ་བྲལ་རང་བྱུང་ཟག་མེད་ཀྱི་རིག་པའི་གདངས་མ་འགགས་པ་བཞིན་རས་ཀྱི་

p. 194

གཟུགས་སུ་བཀོད་པ་དེ། རྩལ་སྣ་ཚོགས་སུ་འཆར་བའི་ཀུན་གཞི་དྭངས་པ་ཡི་གསལ་ཆ་མེ་ལོང་གི་གཟུགས་སུ་བཀོད་པ་དེ་ཡི་ངོས་ནས་རང་བཞིན་ལྷན་སྐྱེས་སུ་བློས་བཟུང་བས་ཟིན་པ་མེད་པའི་ཚུལ་གྱི་ཡོད་ཡོད་ཞིག་འདྲ་སྟེ། འོན་ཀྱང་ཡིན་ལུགས་ཤར་ཐོག་ཏུ་ཀློད་མ་ཤེས་པར་རང་བཞིན་ལ་བཟོ་བཅོས་པའི་སྨྱོན་པ་ང་དང་ང་འདྲས་ནི་ཚོགས་བརྒྱད་ཀྱི་འགྱུ་བ་ཆེད་དུ་འགགས་ཏེ་རིག་པ་ཞེས་བཟང་པོ་ཞིག་སྒྲུབ་ཏུ་ཡོད་པར་རློམ་པས་སྒྲིབ་སྟེ་འདི་ལྟ་བུའི་བྱ་རྩོལ་སྤོང་བླང་དང་བྲལ་བའི་མ་བཅོས་ཤུགས་འབྱུང་གི་སྤྱོད་པ་ཟབ་མོ་ལ་རྟོག་སྤྱོད་མ་ཞུགས་པའམ་ལམ་དུ་ཁྱེར་མ་ནུས་པས་ནོངས་སོ་ཞེས། སེམས་རིག་ལ་འདམ་ཁ་མེད་པར་གང་ཤར་བཟོ་མེད་དུ་སྐྱོང་བ་དེ་སྤྱོད་པའི་མཆོག་ཏུ་གདམས་ཏེ། ཆོས་རྒྱལ་གྱིས། སྤྱོད་པ་ཞེས་མིང་དུ་བཏགས་པ་དེ། །སྤྱོད་རྒྱུ་

p. 195

བྱུང་ན་སྤྱོད་པ་མིན། །སྤྱོད་རྒྱུ་མེད་པའི་དོན་ལ་སྤྱོད། །མ་བཅོས་ཤུགས་འབྱུང་ལམ་དུ་ཁྱེར། །ཅེས་དང་། དཔལ་མཁའ་སྤྱོད་དབང་པོས། དུས་ད་ལྟའི་སྣང་རིག་གསལ་ཙམ་འདི། །ཆོས་ཀུན་རྫོབ་བདེན་པའི་རང་ངོ་ཡིན། །འདི་མ་བཅོས་རང་གི་གནད་ཤེས་ན། །དོན་དམ་པའི་བདེན་པའང་དེ་ཁོ་ན། །ཞེས་དང་། རིན་སྤུངས་ལས། སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང་། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པ་ཤར་ཏེ་ངོ་མཚར་ཞེས་གསུངས་པ་ལྟར། རྒྱ་ཡན་ལྷུན་རྫོགས་ཀུན་བཟང་དོན་གྱི་སྤྱོད་པ་ཟབ་མོ་བསྟན་ཏོ། །བཞི་པནི། ཆོས་སྐུ་ཀུན་ཏུ་བཟང་པོ་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ཡི་དགོངས་པ་ཇི་ལྟ་བ་བཞིན་སྙན་ནས་སྙན་དུ་བརྒྱུད་པའི་ཞལ་ཆེམས་མཐར་ཐུག་པ། འོད་གསལ་རྡོ་རྗེ་སྙིང་པོ་ཡི་དགོངས་དོན་གབ་སྦས་མེད་པར་ཐད་ཀར་

p. 196

དྲང་ཐད་དུ་བསྟན་པའི་ཀུན་མཁྱེན་རོང་ཀློང་རྣམ་གཉིས་སོགས་སྔ་འགྱུར་རིག་འཛིན་བརྒྱུད་པའི་ཞལ་ལུང་དྲི་མ་མེད་པ་རྣམས་དང་། ཁྱད་པར་པཎ་ཆེན་བི་མ་མི་ཏྲ་བསམ་བཞིན་མི་ཡི་བཤེས་གཉེན་དུ་སྣང་བ་རིགས་བདག་མཚུངས་པ་མེད་པ་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་སོགས་ཀྱི་དགོངས་པའི་བྱིན་རླབས་སྙིང་ལ་འཕོས་པའི་མཐུས་རང་བཞིན་ལྷན་སྐྱེས། ཡེ་ཤེས་རང་སར་གནས་པར་གོ་བའི་བྱ་ཞིག་བཏང་བ་ལ་བརྟེན་ནས་ད་ལྟའི་ཚོགས་བརྒྱད་ཀྱི་འགྱུ་བ་གང་ཕར་བསལ་བའི་ཤུལ་ལམ་ཐག་རིང་པོ་གཞན་ཞིག་ནས། རང་བྱུང་ཆོས་སྐུའི་ཡེ་ཤེས་དེ་འཚོལ་དགོས་སྙམ་པ་ཡི་དཀའ་ལས་དེ་བཤོལ་བའམ་སྤངས་ནས། ཐ་མལ་གྱི་ཤེས་པ་རྗེན་པ་འདི་ཉིད་རང་བྱུང་ལྷན་ཅིག་སྐྱེས་པ་ཡི་གཉིས་སུ་མེད་པའི་ཡེ་ཤེས་ཡིན་པར་མངོན་སུམ་དུ་མཐོང་བའི་

p. 197

དོན་འདི་ལ་རེའོ་ཞེས། དུག་ལྔ་ལ་སོགས་པའི་རྟོག་ཚོགས་ཅིཤར་ཐམས་ཅད་ཀུན་བཟང་ཆོས་སྐུའི་ཡོ་ལང་དུ་འདུག་པས་རང་ས་ནས་རང་བཞིན་ཁོང་གྲོལ་གྱི་ཚུལ་དུ་རྣམ་པར་དག་པས་འཆིང་གྲོལ་ལ་རེ་དྭགས་མི་དགོས་པས་སྤང་ཐོབ་མེད་པས་འབྲས་བུ་ཡེ་ནས་རང་ལ་གནས་པར་བསྟན་ཏེ། རྗེ་སྒམ་པོ་པས། མཚན་མར་འཛིན་པའི་རྣམ་རྟོག་འདི། །ཆོས་སྐུ་ཡིན་པར་ཙིར་གྱིས་ཟུངས། །ཞེས་དང་། ཁྲོ་ཕུ་ལོ་ཆེན་བྱམས་པ་དཔལ་གྱིས། སྙིང་ནས་ཆོས་གཅིག་གོ་གྱུར་ན། །སྡུག་བསྔལ་ཐམས་ཅད་བདེ་བ་ཡིན། །འཁོར་བ་ཐམས་ཅད་མྱང་འདས་ཡིན། །རྟོག་པ་ཐམས་ཅད་ཆོས་སྐུ་ཡིན། །ཉོན་མོངས་ཐམས་ཅད་ཡེ་ཤེས་ཡིན། །གཟུང་འཛིན་ཐམས་ཅད་གཉིས་མེད་ཡིན། །ལྟ་བ་ཐམས་ཅད་རྟོག་པ་ཡིན། །སྤང་བླང་མེད་པའི་ནམ་མཁའ་ལ། །རྨི་ལམ་ལྟ་བུའི་རྒྱུ་འབྲས་

p. 198

ཅི། །ཞེས་དང་། ཀུན་མཁྱེན་ཆོས་རྗེས། བྱང་ཆུབ་སེམས་ནི་རྟག་ཏུ་ལྷུན་གྲུབ་པས། །སྐུ་གསུམ་མ་བཙལ་མ་ཆས་རང་ལ་ཡོད། །རྒྱུ་འབྲས་དགེ་སྡིག་འབད་རྩོལ་མི་དགོས་པས། །རང་བཞིག་བྱར་མེད་རྣལ་འབྱོར་ཞེས་བྱ་སྟེ། །བླང་དོར་བྱ་རྩོལ་མེད་པར་ལྷན་གྲུབ་ཀློང་། །ཞེས་གསུངས་པ་ལྟར་རོ། །ལྔ་པནི། ད་ལྟ་རང་རེ་རྙིང་མ་པར་གྲགས་པ་ཡི་རྟོགས་ལྡན་རྒན་པོ་འགའ་ཞིག་གིས། ཀུན་བཟང་ཆོས་སྐུའི་དོན་སྒོམ་པ་ཡིནནོ་ཞེས། མཚན་ལྡན་གྱི་བླ་མའི་མན་ངག་ལ་ལྟོས་མ་དགོས་པར་དཔེ་ཐོག་གོ་ཡུལ་ཙམ་གྱིས་ཡིད་ཚིམས་ཏེ་སྒོམ་དམིགས་གཏད་ཅན་གྱི་འཛིན་རྒྱུ་ཞིག་ཡོད་ལ་རེ་བས། ཁ་གནམ་དུ་གདངས་མིག་བར་སྣང་དུ་བགྲད། ལུས་འདུག་ཚུགས་མ་ཤོར་བས། ཅི་ཡང་ཡོད་པ་མིན་པའི་སྟོང་པ་ཧ་རེ་བ་དང་། ཡང་ན་མེད་པ་མིན་པའི་འགྱུ་བ་

p. 199

གསལ་རིག་གི་ཆ་དང་། ཡང་ན་ཡོད་མིན་མེད་མིན་ཏེ་གཉིས་མིན་གྱི་ངོ་བོ་ཅན་གཞི་གྲུབ་ཅིག་ལ་སེམས་གཏད་དེ་རྩོལ་མེད་ཨ་ཏིའི་དགོངས་དོན་ཟབ་མོ་ནི་ཡིན་པར་རློམས་ནས་རྟོགས་ལྡན་དུ་སེམས་ཀྱང་། ཡོད་མེད་ཡིན་མིན་ལ་སོགས་པ་སྤྲོས་པའི་མཐའ་བཞི་རང་བཞིན་ངང་གིས་སངས་བའི་བྱར་མེད་ཀ་དག་གི་རྫོགས་པ་ཆེན་པོ་ཇི་བཞིན་མངོན་དུ་གྱུར་པ་རིག་པ་རང་བྱུང་གི་ངོར་ལ་ནི། ཅི་ཡང་མེད་པས་དངོས་མེད་ཕྱང་ཆད་དང་། རང་གི་ངོ་བོ་མི་སྟོང་པའི་གསལ་རིག་བདེན་གྲུབ་ཅན་དང་། ཡོད་མེད་གཉིས་ཀ་མིན་པའི་འགལ་འདུ་ཅན་གྱི་གཞི་ཕུང་པོ་གསུམ་པའི་བདེན་གྲུབ་ཚུགས་ཐུབ་ཅན་ཞིག་ཡོད་པའི་སྐད་ཆ་མི་འདུག་ཞེས། མི་ཕམ་པ་རང་གིས་གཤིས་ལུགས་ཆོས་སྐུའི་རང་ཞལ་འཁྲུལ་མེད་མངོན་སུམ་དུ་མཇལ་བའི་ཚེ་དམིགས་གཏད་ཅན་དེ་འདྲ་མ་མཐོང་ཞེས་པའི་

p. 200

དོན་ཏེ། ཀུན་མཁྱེན་ཀློང་ཆེན་པས། སྣང་སྲིད་འཁོར་འདས་ཆོས་སོ་ཅོག་རྣམས་ལ། །རང་བཞིན་མེད་པས་ཡོད་པའི་ཆོས་ལས་འདས། །སྣང་ཚུལ་མ་འགགས་མེད་པའི་ཆོས་ལས་འདས། །ཡོད་མིན་མེད་པས་གཉིས་ཀའི་ཆོས་ལས་འདས། །གཉིས་ཞེས་མེད་པའི་གཉིས་མིན་ཆོས་ལས་འདས། །ཡིན་མིན་མེད་པས་དོན་གྱི་སྙིང་པོ་ལ། །འདི་ཞེས་མི་མཚོན་བསམ་བརྗོད་ཀུན་ལས་འདས། །ཞེས་དང་། ཇི་བཞིན་སྤྲོས་དང་བྲལ་ལས་མ་གཡོས་པས། །དེ་ལ་མཐའ་དབུས་མེད་པས་སེམས་དང་བྲལ། །ཞེས་དང་། ཡངས་པ་ཕྱམ་ཕུལ་མཚོན་བརྗོད་བྲལ་བའི་ཀློང་། །ཆོས་དང་ཆོས་མིན་ཡེ་སྟོང་ཡོད་མ་མྱོང་། །བསམ་བྲལ་བརྗོད་དུ་མེད་པའི་རང་བཞིནནི། །བློའངས་རྫོགས་པ་ཆེན་པོར་ལ་ཟླ་འོ། །ཞེས་གསུངས་པ་ལྟར་ཡིན་ལ། དེས་ན་ཡང་དག་

p. 201

པའི་མཚན་ལྡན་གྱི་བླ་མ་དམ་པ་ཞིག་ལ་བརྟེན་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་གནས་ལུགས་ཟང་ཐལ་གྱི་ཤེས་རིག་རྗེན་པ་བཟོ་བཅོས་དང་བྲལ་བའི་གནས་གསང་ཟབ་མོ་ཇི་བཞིན་མ་རྟོགས་པའམ་མ་ཕིགས་ན། རང་གར་བླུན་སྒོམ་དང་ཕོ་ཚོད་ཀྱི་རང་བཟོས་འདིནི་ཡིན་ལ། འདི་ནི་མིན་ནོ་སྙམ་པའི་འཕྲོ་གནས་འདམ་ཁ་དང་། གསལ་སྟོང་གུད་བཅད་ཀྱི་དམིགས་གཏད་ཅན་སོགས་ཀྱི་སྒོམ་འདིའི་ཅི་འགྱུར་ཆ་མེད་དོ་ཞེས། འདི་ལྟ་བུའི་རྩོལ་རྟོག་ཡིད་དཔྱོད་ཀྱི་སྒོམ་པ་འདི་ནི་རྩོལ་མེད་ཆོས་ཉིད་ཀྱི་དོན་ལས་ཕར་ཕར་རིང་སྟེ། མཐར་ཅི་ཤེས་འདི་ཤེས་དང་། ཅི་ཕན་འདི་ཕན་མ་བྱུང་བས་རང་ཡིད་རང་ལ་ཆད་དེ། བསྒོམ་ན་བསྒོམ་སྙིང་མི་འདོད། སྐྱུར་ན་བློས་མི་ཐོང་ཞིང་། ཅི་བྱེད་འདི་བྱེད་མེད་པས། མཐར་རྫོགས་ཆེན་མ་འགྲུབ་སྲོག་རླུང་འགྲུབ་ནས་མི་མིན་རོ་

p. 202

མིན་དུ་གྱུར་ཏེ་སྨྱོ་འབོགས་སུ་སོང་བའམ་ཆགས་སྡང་སོགས་སྣ་གཅིག་ཀྱང་མགོ་མི་ནོན་པར་རང་རྒྱུད་ཐ་མལ་དུ་ལུས་ཏེ་མི་ཚེ་སྟོང་ཚད་ལ་འགྲོ་ཉེན་ཆེ་བས། ཕྱི་རབས་སྒོམ་སྒྲུབ་ཚོས་དང་པོ་ཉིད་ནས་ཡང་དག་པ་ཐེ་ཚོམ་མེད་པའི་མཚན་ལྡན་གྱི་བླ་མ་དམ་པ་ཞིག་མཉེས་པ་གསུམ་གྱིས་མཉེས་ཏེ། ཐ་མལ་མི་རུ་སྐད་ཅིག་ཙམ་ཡང་མི་བལྟ་ཞིང་སངས་རྒྱས་དངོས་མཐོང་གིས་མཛད་ཆོས་སུ་མཐོང་བའི་མོས་གུས་དང་། བསགས་སྦྱང་ཁྱད་པར་ཅན་གནད་དུ་སོང་བའི་སྒོ་ནས་དགོངས་བརྒྱད་ཀྱི་བྱིན་རླབས་འཕོས་ཏེ་རང་གནས་སྙིང་པོའི་དོན་མངོན་སུམ་རང་ཐོག་ཏུ་ངོ་འཕྲོད་ནས་བློ་སྣ་ཚབ་ཚུབ་མི་དགོས་པར་རང་མལ་ན་རང་བློ་བདེ་ཞིང་གུ་ཡངས་སོས་དལ་གྱི་ངང་ལ་སྐྱིད་ཉལ་ཆོག་པ་ཞིག་ཅི་ནས་གལ་ཆེ་ཞེས་འཕྲོས་དོན་དུ་སྨྲས་སོ། །དེ་ཡང་སེམས་ཀྱི་གནད་

p. 203

ལུགས་བསྒོམ་པའི་ཚེ་ན་འདི་ལྟར་རང་གི་ངོ་བོ་ཡིས་མི་སྟོང་པའི་རྟག་པ་བདེན་གྲུབ་ཅན་ཞིག་བསྒོམ་རྒྱུ་ཡོདན་ཡོད་རྒྱུ་དེ་དེ་ལྟར་བསྒོམ་མོད་ཀྱང་། མཐའ་གཅིག་ཏུ་ཡོད་པའི་ཡོད་ཚུལ་དེ་ནམ་ཡང་མ་མཐོང་སྟེ། ཆོས་ཐམས་ཅད་དམིགས་བསམ་བརྗོད་པ་བྲལ་བའི་ངོ་བོ་ཀ་དག་སྟོང་པ་ཆེན་པོ་ལས་མ་གཡོས་པས་ཡོད་པའི་དངོས་པོ་རྡུལ་ཙམ་ཡང་མ་དམིགས་པའི་ཕྱིར། ཀུན་མཁྱེན་ཆོས་རྗེས། ཡང་བསམ་ཡང་གཞིགས་རིག་པས་དཔྱད་ན་ཡང་། །ཆ་ཤས་དངོས་མེད་རྡུལ་ཙམ་མི་རྙེད་ཅིང་། །སྐད་ཅིག་ཆ་མེད་གཟུང་དང་འཛིན་མེད་པ། །ད་ལྟའི་དུས་ནས་གཤིས་དོན་སྙིང་པོ་གནས། །ཞེས་དང་། དཔལ་རང་བྱུང་ཞབས་ཀྱིས། ཡོད་པ་མ་ཡིན་རྒྱལ་བས་ཀྱང་མ་གཟིགས། །ཞེས་གསུངས་པ་ལྟར་ཡིན་ལ། ཡང་ཅི་ཡང་མེད་པའི་སྟོང་པ་ཕྱང་ཆད་པ་ཁོ་ན་ཡིན་ན་དེ་ལྟར་མེད་པ་

p. 204

རྐྱང་པ་ཞིག་ཕྱོགས་གཅིག་ཏུ་བཅད་དེ་བསྒོམ་མོད། འོན་ཀྱང་མཐའ་གཅིག་ཏུ་མེད་པ་རྐྱང་པའི་ཁ་ཚོན་ནི་ནམ་ཡང་མ་ཆོད་དེ། སེམས་ཉིད་འཁོར་བ་དང་མྱ་ངན་ལས་འདས་པའི་གཞིར་གྱུར་ཅིང་རང་གདངས་མ་འགགས་ལྷུན་གྲུབ་ཏུ་འདུག་སྟེ། ལྷན་གྲུབ་ངོ་བོ་སུས་ཀྱང་མ་བྱས་པར། །འཆར་ཚུལ་མ་འགགས་ཅིར་ཡང་སྣང་དུ་རུང་། །འཁོར་འདས་ཀུན་འབྱུང་སྔ་ཕྱི་ཐོག་མཐའ་བྲལ། །སྐྱེ་མེད་ལྷན་གྲུབ་མ་ངེས་དོན་གྱི་གཞི། །ཞེས་དང་། མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །ཞེས་སོགས་ཀྱིས་ཤེས་ནུས་ལ། དེ་བཞིན་དུ་ཡོད་མེད་གཉིས་ཀ་ནི་ཡིན་པའི་འགལ་འདུའི་དབྱེ་ཆོས་ཅན་ཡང་། སེམས་ཉིད་སྐྱེ་བ་མེད་པའི་གཤིས་ལ་ནི་ནམ་ཡང་མི་གནས་ཏེ། ཆོས་གཅིག་ལས་གཉིས་སུ་ཕྱེ་ན་གཉིས་ཆོས་ལས་མ་འངས་ཤིང་གཞི་སེམས་ཉིད་གཅིག་ལ་ཡོད་

p. 205

མེད་དངོས་འགལ་ཅན་དུ་མི་འདུ་བའི་ཕྱིར། འགལ་འདུ་མ་ཡིན་བརྗོད་བྱའི་ཡུལ་ལས་འདས། །ཞེས་གསུངས་པ་ལྟར་དང་། ཡང་དེ་ལྟར་ཡོད་མེད་གཉིས་ཀ་ལས་བསྐལ་བའམ་དེ་གཉིས་མ་ཡིན་པའི་ཡོད་མིན་མེད་མིན་གྱི་ཤེས་བྱ་ཕུང་པོ་གསུམ་པའི་བདེན་གྲུབ་ཅིག་ཀྱང་ནམ་ཡང་མ་དམིགས་ཏེ། གལ་ཏེ་དེ་འདྲའི་ཕུང་གསུམ་བདེན་གྲུབ་ཅིག་ཡོད་ན། དེ་རྟག་པར་འགྱུར་བས་རྟག་པའི་དངོས་པོ་ཞིག་ཤེས་བྱ་ལ་མི་སྲིད་དོ། །དེས་ན་མན་ངག་གསེར་ཞུན་ལས། སེམས་དེ་ངོས་བཟུང་གང་ཡང་མེད། །ཡོད་ན་ཡོདཔ་དེ་བསྒོམ་སྟེ། །མེད་ན་མེད་པ་དེ་བསྒོམ་ཀྱང་། །དེ་གཉིས་གང་དུ་ཕྱོགས་མི་ཆོད། །ཅེས་དང་། གཉིས་ཀ་མ་ཡིན་གཉིས་ཆོས་སྤངས། །གཅིག་ཏུ་མ་ཆོད་གཉིས་ཀར་སྣང་། །འདི་ཞེས་དམིགས་པ་མེད་པ་འདི། །སེམས་ཉིད་རྒྱལ་པོ་རང་གི་

p. 206

བབ། །ཅེས་དང་། ཨོ་རྒྱན་ཆེན་པོས། བལྟས་པས་མཐོང་རྒྱུ་མེད་པས་ནམ་མཁའ་འདྲ་།འདྲ་འམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་གསུངས་པ་ལྟར། འདི་ཡིན་འདི་མིན་གྱི་ཕྱོགས་སུ་ཆད་པའི་བསྒོམ་པར་བྱ་རྒྱུའི་ཡུལ་ཅུང་ཟད་ཙམ་ཡང་མ་རྙེད་ནས། སེམས་འཛིན་དམིགས་གཏད་ཅན་ཞིག་ཅི་ལ་བསྒོམ་སྟེ་བསྒོམ་དོན་མེད་དོ། །འོན་ཅི་ཡང་མ་རྙེད་པས་དེ་ལྟ་བུའི་བསྒོམ་དེ་རི་བོང་གི་རྭ་ལྟར་སུའི་བློ་ངོར་མི་འཆར་བ་ཞིག་ཡིན་ན་དེས་ཅི་ཕན་སྙམ་ན་དེ་ལྟར་མིན་ཏེ། དཔེར་ན་ཅ་ལག་ཞིག་བོར་སྟོར་སོང་ན། དེ་མ་རྙེད་ཀྱི་བར་དུ་དོན་མི་འགྲུབ་པ་ཡིན་ནའང་། འདི་ནི་དེ་ལྟ་བུ་མིན་ཏེ། འདི་བསྒོམ་དེ་བསྒོམ་གྱི་འཛིན་སྟངས་མ་ལུས་པ་ཞིག་སྟེ་ཅིར་ཡང་མཐོང་བ་མེད་པའི་མཐོང་དོན་མཆོག་ཏུ་གྱུར་པ་རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུའི་གཤིས་ལུགས་སྤྲོས་མཚན་

p. 207

དང་བྲལ་བར་ཡང་དག་པ་མཐོང་བའི་མོད་ལ་ད་དུང་དེའི་མ་ཚིམ་པར་ལྟ་བསྒོམ་འཚོལ་འདོད་ཀྱི་ཐང་ཆད་པའི་ངལ་དུབ་ཅུང་ཟད་ཙམ་ཡང་མེད་པར་རེ་རྩོལ་ཐམས་ཅད་ཟད་དེ། ཅི་ཡང་མ་རྙེད་པའི་གཤིས་ཅན་གྱི་ངང་ཚུལ་ཇི་ལྟ་བར་ཤེས་པའི་རྙེད་པ་རང་གི་ལག་ཏུ་མཆིས་པ་མངོན་སུམ་པ་ཡིན་པས། བག་ཡངས་སོས་དལ་བློ་བདེ་བའི་སྒོ་ནས། བརྗོད་མེད་རྙེད་དུ་མེད་པའི་གཤིས་ལུགས་དེ་ཡི་ངང་དུ་རང་བབས་སུ་གནས་པའི་ངོ་མཚར་བའི་ཉམས་ཤིག་སྐྱེའོ་ཞེས། ཨོ་རྒྱན་ཆེན་པོས། སེམས་ཉིད་མ་རྙེད་བྱ་བ་ཅི་ལ་ཟེར། །ཞེས་དང་། པདྨ་བི་ཛས། ངོ་བོ་ལ་རྟག་ཆད་མི་འདུག་ན། །རང་བཞིན་ལ་འཕོ་འགྱུར་མི་འདུག་ན། །ཆོས་དབྱིངས་ལ་བྲི་གང་མི་འདུགན། །འབྲས་བུ་ལཐོབ་ཤོར་མི་འདུག་ན། །ལམནོར་གོལ་བྱ་བ་ཅི་ལ་ཟེར། །སྒོམ་མ་བྱུང་བྱ་བ་ཅི་ལ་ཟེར། །གནད་མ་ཤེས་

p. 208

བྱ་བ་ཅི་ལ་ཟེར། །དོན་མ་རྟོགས་བྱ་བ་ཅི་ལ་ཟེར། །ཞེས་གསུངས་པ་ལྟར། ཅི་ཡང་མ་མཐོང་བ་དེ་མཐོང་བ་དམ་པའི་མཆོག་ཏུ་གདམས་སོ། །དེ་ལྟར་ཀ་ནས་དག་པའི་སྟོང་སང་ཟང་ཐལ་དམིགས་གཏད་བསམ་བརྗོད་བྲལ་བ་ཡིན་ནའང་། ཅི་ཡང་མི་དྲན་མི་བསམ་མི་ཤེས་པའི་རིག་མེད་བེམ་སྟོང་ནམ་མཁའ་ལྟ་བུ་མིན་པར། ཇི་སྐད་དུ། རང་གི་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ལ་ལྟོས། །ཞེས་དང་། དངོས་ཆོས་རྡུལ་ཙམ་མེད་པར་ཡང་། །ཀུན་གསལ་ཤེས་པའི་རྩལ་དང་ལྡན། །ཞེས་གསུངས་པ་ལྟར། འཁོར་འདས་ཀྱིས་བསྡུས་པའི་ཆོས་སྣཚོགས་སུ་སྣང་བའི་ཆ་ཐམས་ཅད་མ་འདྲེས་སོ་སོར་འབྱེད་ཤེས་པའི་འགྱུ་དྲན་གྱི་རིག་པའི་རྦ་རླབས་སམ་རོལ་རྩལ་འགགས་པ་མེད་པའི་ཤེས་རབ་རང་བྱུང་གི་མཁྱེན་ཆ་གཅིག་

p. 209

ཡོད་ཅིག་ཡོད་མོད་དེ། འོན་ཀྱང་ད་ལྟའི་ཤར་ཐོག་ཏུ་གྲོལ་མ་ཤེས་པ་འདི་འདྲའི་གཟུང་དྲན་སྐུ་རྟོག་གི་འགྱུ་བ་ཁ་ཕྱིར་འགྱུས་པའི་བདག་འཛིན་དམ་བྲེང་ངེ་བ། སྐད་ཅིག་རེ་ལ་དགའ་སྡུག་གི་རྣམ་འགྱུར་བརྒྱ་ཡང་སྟོན་ཏེ་ཆགས་སྡང་མེ་ལྟར་འབར་བའི་ཧྲག་ཧྲག་རྩུབ་རྩུབ་ཅན་ཞིག་ཡིན་པའི་ཚོད་མི་སྣང་སྟེ། གནས་ལུགས་རིན་པོ་ཆེའི་མཛོད་ལས། ཤར་གྲོལ་རིས་མེད་བདེ་ཀློང་གཅིག་ཏུ་འཁྱིལ། །ཤར་བའི་དུས་ན་རང་ཤར་རང་ས་ཟིན། །གནས་པའི་དུས་ན་རང་གནས་རང་ས་ཟིན། །གྲོལ་བའི་དུས་ན་རང་གྲོལ་རང་ས་ཟིན། །ཆོས་ཉིད་ཀློང་ནས་ཤར་གནས་རང་གྲོལ་བས། །གཞན་ནས་མ་གཡོས་ཆོས་སྐུའི་རོལ་པ་ཙམ། །ཞེས་དང་། །གང་སྣང་ཅི་ཤར་འཕྲོ་གནས་ཐམས་ཅད་དང་། །དུག་ལྔ་ལ་སོགས་རིག་པའི་རྩལ་རྣམས་ལ། །ཇི་ལྟར་འཆར་བ་དེ་ཉིད་རང་དུས་

p. 210

དེར། །ངོ་ཤེས་རྩལ་རྫོགས་རང་ཡལ་རྗེས་མེད་འགྲོ། །ཞེས་གསུངས་པ་ལྟར། དཔེར་ན་འཁྱགས་རོམ་ཆུ་བོ་ལ་ཞུ་བ་ཇི་ལྟ་བ་བཞིན་གང་སྣང་ཐམས་ཅད་ཤར་གྲོལ་རྗེས་མེད་འོད་གསལ་ཆོས་སྐུའི་ཀློང་ལས་མ་འདས་པས། མནར་མེད་དམྱལ་བའི་མེ་དང་འཕྲད་ཀྱང་ཉམས་ང་མེད་པའི་འཇམ་འཇམ་སྐྱིད་སྐྱིད་འཕྲོད་འཕྲོད་བདེ་ཕྱམ་ཕྱིམ་ཞིག་ཡིན་པར་བདག་འཇམ་དཔལ་དགྱེས་པའི་རྡོ་རྗེ་ལ་སྣང་ངོ་ཞེས། རྟོག་ཚོགས་ཐམས་ཅད་རང་སན་རང་གྲོལ་དུ་གནས་ཡོད་པ་ལ་དེ་ལྟར་མ་ཤེས་པར་ད་ལྟའི་བློ་དམན་ལས་དང་པོ་བ་རྣམས་ཀྱིས་ཨ་འཐས་བདེན་ཞེན་གྱིས་དགག་སྒྲུབ་བྱས་ཏེ་སེམས་རིག་ཤན་མ་ཕྱེད་པར་སེམས་རྟོག་གི་འགྱུ་བ་ལ་རིག་པར་རློམས་པའི་བློ་ངན་རྣམས་ཆེད་དུ་བསལ་བའོ། །དེ་ལྟར་འཁྲུལ་རྟོག་ཚོགས་བརྒྱད་ཀྱི་རྣམ་ཤེས་ནི་རྫོགས་པ་ཆེན་

p. 211

པོའི་ལམ་གྱིས་གཏན་ལ་དབབ་བྱའི་དོན་དམ་པའི་ཆོས་མ་ཡིན་ལ། ཆོས་ཅན་སེམས་ཀྱི་ཆོས་ཉིད་རིག་སྟོང་གཉུག་མའི་ཡེ་ཤེས་རང་བྱུང་འདུས་མ་བྱས་པ་རང་བཞིན་གྱིས་འོད་གསལ་བའི་སེམསནི། གྲོལ་ལམ་བླ་མའི་མན་ངག་གིས་དབང་བཞི་པའི་དོན་དུ་ངོ་སྤྲོད་རྒྱུ་དང་། ཐབས་ལམ་རླུང་སེམས་དབང་བསྐུར་ཞུགས་པའི་ལག་རྗེས་ལ་འཆར་རྒྱུའི་དོན་གྱི་ལྷན་སྐྱེས་ཀྱང་ཡིན་གྱི། དེ་ལས་གཞན་དུ་འདུས་བྱས་ཀྱི་སེམས་སྐད་ཅིག་མ་དང་། དངོས་མེད་སྟོང་རྐྱང་གསར་སྦྱར་ལ་གནས་ལུགས་དོན་གྱི་ཡེ་ཤེས་སུ་གོ་བ་ལེན་པ་རྣམས་ཀྱིས་ནི། བླ་མའི་མན་ངག་མེད་པས་རིག་པ་ངོ་མ་འཕྲོད་པའི་མཚང་མངོན་སུམ་དུ་བསྟན་པ་ཡིན་པས། གསལ་བ་ཟེར་ན་འདུས་བྱས། སྟོང་པ་ཟེར་ན་དངོས་མེད་ཅིག་ལས་མི་འཆར་ཞིང་། ཟུང་འཇུག་ཟེར་ན་དངོས་དངོས་མེད་ལྷན་ཅིག་ཚོགས་པ་ཙམ་

p. 212

ལས་དབྱེར་མེད་རོ་མཉམ་གཅིག་ཏུ་མི་ཤེས་པས། དེ་ཁོ་ན་ཉིདནི་དངོས་མེད་སྟོང་ཀྱང་ཞིག་ལ་བཟུང་། དེ་ཤེས་པ་པོའི་འདུས་བྱས་ཀྱི་བློ་ཞིག་ལ་གོ་བ་བླངསནས། མདོ་ཡི་སྟོང་ཉིད་བཤད་པ་ཡང་དེ་འཆད། སྔགས་ཀྱི་ལྷན་སྐྱེས་དང་འོད་གསལ་བཤད་ན་ཡང་། ལམ་གྱི་ཐབས་མི་འདྲ་བ་ཙམ་ལས་མཐར་ཐུག་དེ་ལས་བོགས་དབྱུང་རྒྱུ་མེད་པར་འདོད་པ་དག་གིསནི། མི་ཚེ་ཐོས་བསམ་ལ་བསྐྱལ་ཀྱང་དངོས་དངོས་མེད་ཀྱི་མཐའ་ལས་འདས་པ་དེ་ཁོ་ན་ཉིད་རང་བྱུང་ལྷན་སྐྱེས་པའི་ཡེ་ཤེས་རིག་སྟོང་ཟུང་འཇུག་གི་དོན་ལ་འཆི་བའི་མཐར་ཐུག་པའི་བར་དུ་གོ་ཡུལ་ཙམ་ཡང་སྐྱེད་མི་ནུས་ལ། དེ་ལྟར་མིན་པར་རིག་པ་ཟབ་མོ་ཇི་བཞིན་ངོ་འཕྲོད་པ་ན་དངོས་མེད་སྟོང་ཀྱང་ཙམ་དང་། འདུས་བྱས་སེམས་ཀྱི་གསལ་ཆ་ཙམ་ཞིག་མིན་པར་སྟོང་གསལ་སྤྲོས་པ་ཐམས་ཅད་

p. 213

དང་བྲལ་བའི་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་ཡིན་པར་མངོན་སུམ་དུ་ཐག་ཆོད་དེ། སྤྲོས་བྲལ་དོན་གསལ་ཆེན་པོའི་རྒྱུད་ལས། རང་བྱུང་རིག་པ་ཆོས་སྐུ་དེ། །ཅི་ཡི་ངོ་བོར་མ་གྲུབ་པས། །མཚན་མ་འདུས་བྱས་ཐེ་ཚོམ་ཆོད། །ཅེས་དང་། ཆོས་སྐུ་རང་བྱུང་ཡེ་ཤེས་ལ། །རྒྱུ་རྐྱེན་མེད་པས་འདུས་བྱས་མེད། ། ཞེས་གསུངས་ཏེ། འདི་ལ་ཆོས་ཉིད་གཉུག་མའི་སེམས་ཞེས་བྱ་ཞིང་། རང་གསལ་གྱི་ཆ་ནས་སེམས་སམ་རིག་པའི་མིང་ཞེས་བསྟན་ཀྱང་འདུས་བྱས་ཚོགས་བརྒྱད་ཀྱིས་བསྡུས་པའི་སེམས་མ་ཡིན་ལ། དབྱིངས་རིག་དབྱེར་མེད་སོ་སོ་རང་གིས་རིག་པའི་གནས་ལུགས་དེའི་ངང་ནས་བག་ཆགས་སྣ་ཚོགས་འཛིན་པའི་འཕོ་འགྱུར་ཅན་གྱི་སེམས་མེད་པས་ཀུན་གཞིའི་རྣམ་ཤེས་ཇི་ལྟར་ཡིན། ཕྱི་ཚོགས་དྲུག་གི་ཡུལ་དང་། ནང་བདག་ཏུ་འཛིན་པའི་བློ་དང་། དེའི་

p. 214

ཡུལ་དུ་གྱུར་པའི་མཚན་མ་ཅུང་ཟད་ཀྱང་མེད་པས་སྒོ་ལྔའི་རྣམ་ཤེས་དང་ཡིད་དང་ཉོན་ཡོད་ཇི་ལྟར་ཡིན་ཏེ། རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་ལས། སྔ་ཕྱི་མེད་པར་རང་བྱུང་སྐུ། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །འཕོ་འགྱུར་མེད་པས་སྡུག་བསྔལ་བྲལ། །ཞེས་དང་། ད་ཡང་འདུས་པའི་སྙིང་པོ་ཉོན། །ངེས་དོན་སངས་རྒྱས་ཁྱད་པར་ཅན། །ཀུན་གཞི་མེད་ཕྱིར་སྣང་བ་མེད། །དེ་ཕྱིར་སེམས་མེད་རིག་པ་འདི། །སེམས་ལས་མ་བྱུང་སངས་རྒྱས་ཡིན། །ཐེག་དགུའི་ཆོས་ལས་ཁྱད་པར་འཕགས། །ཞེས་དང་། ཚོགས་བརྒྱད་མེད་ཕྱིར་སེམས་དང་བྲལ། །རང་བྱུང་སྙིང་པོའི་ཆོས་ཀྱི་སྐུ། །ཧཱུཾ། ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟ་བུའི་ཕྱི་དང་ནང་གི་མཚན་མ་ཅི་ཡང་མ་དམིགས་པ་ནམ་མཁའ་ལྟ་བུར་དངོས་པོ་དང་མཚན་མའི་ཆོས་གང་ཡང་མེད་

p. 215

བཞིན་སྟོང་པ་ཟང་ཐལ་དུ་རང་གསལ་དུ་མངོན་སུམ་མཐོང་བ་ཡོད་ཀྱང་། གསལ་ཞིང་རིག་པའི་ངོ་བོ་ལ་དམིགས་གཏད་བྱ་བའི་གཞི་མཚན་མའི་རྣམ་པ་རྡུལ་ཙམ་ཡེནས་མེད་པ་དེ་ལ། རྒྱུ་གང་ལས་བྱུང་། རྐྱེན་གང་གིས་བསྐྱེད་པ་གདགས་སུ་མེད་པས་རང་བྱུང་ཡེ་སྟོང་ཆེན་པོ་རང་འོད་གསལ་བ་ཡིན་པས་རང་བྱུང་ཡེ་ཤེས་ཡིན་ལ། དེནི་ཆོས་ཉིད་ཀྱི་སེམས་སམ་འོད་གསལ་བའི་ཡེ་ཤེས་ཡིན་ཏེ། མན་ངག་མེད་པ་རྣམས་ཡིད་མ་ཆེས་ཏེ། ཆོས་ཉིད་ཀྱི་རིག་པ་དེ་ལྟ་བུ་མེད་ཚོ་པ་མ་ཡིན་ཏེ། སྔགས་སུ་མ་ཟད་ཐུན་མོང་གི་ཐེག་པར་ཡང་། མདོ་སྡེ་རྒྱན་དུ། ཆོས་ཉིད་སེམས་ལས་གཞན་པའི་སེམས་གཞན་ནི། །འོད་གསལ་མ་ཡིན་རང་བཞིན་ལ་བརྗོད་དོ། །ཞེས་དང་། རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དོ། །ཞེས་

p. 216

སོགས་གསུངས་ཏེ། བདེ་གཤེགས་སྙིང་པོ་ཡང་འོད་གསལ་བའི་སེམས་འདི་ལ་བརྗོད་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་ངང་ལས་སུ་ཡང་མ་གཡོས་ཀྱང་། རྩལ་སྣང་གློ་བུར་ལས་རླུང་དང་འགྲོགས་པའི་རྣམ་རྟོག་གི་སྣང་བ་ཤར་ཚེ། གཉིས་སྣང་ཅན་གྱི་ཡིད་འགྱུས་ནས་ང་བདག་ཏུ་འཛིན་པ་ལས་རྣམ་ཤེས་ཚོགས་བརྒྱད་བྱུང་བ་ལ་སེམས་ཞེས་བྱ་སྟེ། དེ་སོ་སོར་ཞེན་ནས་གཉུག་མའི་དེ་ཁོ་ན་ཉིད་མ་རྟོགས་པའི་གཉིས་སྣང་འཁྲུལ་བའི་འཁོར་བ་བྱུང་སྟེ་བག་ཆགས་སྣ་ཚོགས་བསགས་པའི་སྒོནས་རྟེན་འབྲེལ་ལུགས་འབྱུང་དུ་ཕྱིན་པས་ན། ནོར་བུ་ཕྲ་བཀོད་ལས། སེམསནི་བག་ཆགས་ཀུན་གྱི་རྩ་བ་སྟེ། །སེམས་ཅན་ཀུན་གྱི་དྲི་མ་དང་པོར་བསྟན། །ཡིདནི་རླུང་དང་འདྲ་སྟེ་བག་ཆགས་བསྡུད། །སེམས་ཅན་ཀུན་གྱི་དྲི་མ་གཉིས་པར་བཤད། དབུགས་ནི་ཆུ་དང་

p. 217

འདྲ་སྟེ་བག་ཆགས་ཀུན་གྱི་གནས། སེམས་ཅན་ཀུན་གྱི་དྲི་མ་གསུམ་པའོ། །དུག་ལྔ་མེ་དང་འདྲ་སྟེ་སྣང་བ་ཡུལ་ལ་མཆེད། །སེམས་ཅན་ཀུན་གྱི་དྲི་མ་བཞི་པའོ། །འགྲོ་བ་ཀུན་ལ་དེ་བཞིན་རབ་ཏུ་གནས། །ཞེས་དང་། རྫོགས་ཆེན་ངེས་དོན་འདུས་པའི་རྒྱུད་ལས། སེམས་ལ་དུས་གསུམ་ཡོད་པའི་ཕྱིར། །ཚེ་ལ་སྔ་ཕྱི་ད་ལྟ་བྱུང་། །སེམས་ལ་འཕོ་འགྱུར་ཡོད་པའི་ཕྱིར། །དེ་ཕྱིར་ལུས་ལ་སྐྱེ་འཆི་བྱུང་། །ན་ཚ་བདེ་སྡུག་སྣ་ཚོགས་པ། །རང་སེམས་ཡིན་ཕྱིར་འཁོར་བར་སྨིན། །དེ་ཕྱིར་སེམས་ནི་སངས་རྒྱས་མིན། །ཞེས་དང་། རྒྱུན་འདུས་བྱས་མི་རྟག་ཕྱིར། །གཉེན་པོས་འཇིག་ཕྱིར་རྐྱེན་ཁར་འགྲོ། །ཞེས་དང་། ཀུན་གཞིའི་དོན་ནི་འདུས་བྱས་ལ། །དེ་ལ་གཉེན་པོ་མེད་མི་སྲིད། །ལྷག་མཐོང་རང་བྱུང་ཡེ་ཤེས་ཀྱིས། །ཀུན་གཞི་རྩད་ནས་འཇོམས་པར་བྱེད། །ཅེས་དང་། མ་རྟོགས་

p. 218

རྨོངས་པའི་གང་ཟག་རྣམས། །ཆོས་སྐུ་རང་ཡང་སེམས་ཡིན་ཟེར། །དེ་ཕྱིར་ཚིག་ལས་དོན་མ་གོ། །མིང་ལས་ངེས་དོན་ཤེས་པ་དཀོན། །དེ་ཕྱིར་སེམས་ནི་སངས་མི་རྒྱ། །ཞེས་གནས་ལུགས་རང་བྱུང་གི་ཡེ་ཤེས་མ་རྟོགས་པར་སེམས་ཀྱིས་སངས་མི་རྒྱ་བར་གསུངས་ལ། མདོར་ན་རིག་པ་དང་སེམས་གཉིས་པོ་དེ་དཔེ་ཡིས་ཕྱེ་སྟེ་བསྟན་ན་འདི་ལྟར་རིག་པ་ནི་མ་རིག་པ་ཚོགས་བརྒྱད་དང་བཅས་པའི་རླབས་ཀྱིས་རྣམ་པར་མ་དཀྲུག་པའི་ཆོས་ཉིད་ཡངས་པ་ཆེན་པོ་རྒྱ་མཚོའི་ཆུ་ལྟ་བུ་ཡིན་པས་ཐེག་པའི་རྩེ་མོ་ཨ་ཏི་ཡོ་གའི་ལམ་དུ་ཞུགས་པ་རྣམས་ཀྱིས་དེ་ཉིད་ཐད་དྲང་དུ་སྐྱོང་ཤེས་ན་སེམས་རྟོག་ཆུ་ལ་རིམོ་བྲིས་པ་ལྟ་བུའི་སྤང་གཉེན་སྣ་ཚོགས་པ་ལ་ལྟོས་མི་དགོས་པར་ཆོས་སྐུའི་དགོངས་པ་ལས་འཕོ་འགྱུར་མེད་པ་དང་། ཉན་ཐོས་པ་རྣམས་ཀྱིས་འཁོར་

p. 219

འདས་ལ་སྐྱོན་ཡོན་དུ་བལྟས་ནས་བདེན་པ་བཞིའི་བླང་དོར་ལ་བརྩོན་པ་ནས། ཨ་ནུའི་ལམ་དུ་བདེ་སྟོང་གི་རྫོགས་རིམ་སྒོམ་པའི་བར་གྱི་རིམ་པ་བརྒྱད་པོའི་ཐེག་པ་ཐམས་ཅད་དུནི། གདོད་མ་ནས་ཆོས་སྐུའི་གཤིས་ལ་གྲུབ་མ་མྱོང་བའི་སེམས་རྟོག་བློ་བུར་བ་ཆུའི་ཆུ་བུར་བཞིན་མི་རྟག་འགྱུར་བའི་ཆོས་ཅན་དེ་ལམ་དུ་བྱས་ཏེ་སེམས་ཀྱི་དྲི་མ་དང་བྲལ་བ་ཆོས་སྐུའི་ཡེ་ཤེས་གཟོད་མངོན་དུ་འགྱུར་བ་འདོད་པ་གཉིས་ཀྱི་ཁྱད་པར་ཏེ། རང་ཤར་ལས། རིག་པ་དང་མ་རིག་པའི་དཔེ་ནི་ཆུ་དང་རི་མོའི་ཚུལ་དེ། ཞེས་པ་དང་། སེམས་དང་རིག་པའི་དཔེ་ནི་ཆུ་ལ་ལྦུ་བའི་ཚུལ། སེམས་ཀྱི་དབང་དུ་མ་གྱུར་ཞེས་དང་། མུ་ཏིག་ཕྲེང་བ་ལས། སེམས་དང་ཡེ་ཤེས་དབྱེ་བ་ནི། །མཁས་པ་རྣམས་ཀྱི་ཤེས་པར་བྱ། །སེམས་ནི་བག་ཆགས་ཀུན་གྱི་གཞི། །ལུས་ཅན་རྣམས་ཀྱི་དྲི་མ་ཡིན། །གཟུང་བ་

p. 220

ཡུལ་ལ་འཛིན་པ་སེམས། །དེ་ཕྱིར་འཁོར་བའི་ཆོས་ཉིད་དོ། །སེམས་དེ་བྲལ་ན་སངས་རྒྱས་ས། །ལུས་ཅན་ཀུན་གྱི་དྲི་མ་ཟད། །འགྲོ་བ་རྣམས་ནི་སེམས་དེས་འགྲོ། །དེ་མིན་འགྲོ་བར་ནུས་མིན་ཏེ། །དེ་ཕྱིར་འགྲོ་རྣམས་འཁྲུལ་འཁོར་བཞིན། །ཞེས་གསུངས་པ་ལྟར་དང་། གཞན་ཡང་རིག་པ་ནི་རྩལ་སྣང་ཡིད་ཀྱི་ཡུལ་ལ་མི་འཇུག་པས་སོ་སོ་རང་གི་རིག་པའི་ཡེ་ཤེས་ཞེས་བྱ་སྟེ། གནམ་སྟོང་ཟླ་བ་རང་འོད་ཕྱིར་མི་འཕྲོ་བར་གཏིང་ན་གསལ་བ་དང་འདྲ་བར་རང་གནས་ཀྱི་རིག་པའི་གསལ་ཆ་མ་འགགས་པ་ལ་ཡེ་ཤེས་ལྔ་པོ་ལྷན་གྲུབ་ཏུ་ཡོད་ཀྱང་ཡུལ་གྱི་རང་བཞིན་ལ་དང་པོར་མི་རྟོག་རྗེས་སུ་མི་དཔྱོད་རྒྱུན་ཆགས་སུ་མི་འཛིན་པས་རང་ངོ་ལ་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ཡུལ་ཐམས་ཅད་མ་འགགས་པར་བཀྲ་ཡང་ཕར་ཡུལ་ཐོག་ཏུ་མི་འཆོར་

p. 221

ལ། སེམས་ནི་ཁ་ཕྱིར་ལྟས་སུ་ཡུལ་སྣ་ཚོགས་པའི་རྗེས་སུ་འབྲངས་ནས་དེ་དང་དེར་འཛིན་ཅིང་དཔྱོད་པས་ཚེས་བཅོ་ལྔའི་ཟླ་བ་རང་འོད་ཕྱིར་འཕྲོས་ཏེ་ས་གཞིའི་བར་གྱི་ཡུལ་ཐམས་ཅད་ལ་ཁྱབ་ཅིང་འདྲེས་པ་དང་མཚུངས་པ་དང་། ཡང་རིག་པ་ནི་རྩལ་མ་འགགས་པ་སྣ་ཚོགས་སུ་སྣང་ཡང་རང་ངོ་དང་རྩལ་ཤར་བ་གཉིས་ཐ་དད་དུ་གྱེས་ཏེ་ཡུལ་གྱི་ཕྱི་བཞིན་རྟོག་པ་རྗེས་མཐུད་ནས་རྩ་བ་མ་ཆོད་པ་མ་ཡིན་པར་ཕྱིར་མ་དཔྱད། ནང་དུ་མ་བརྟགས། བར་དུ་མ་བཞག་པའི་ཆོས་ཉིད་རྗེན་པར་བུད་པ་ལས་གཞན་དུ་མི་འགྱུར་བས་འགྱུ་བ་ཐམས་ཅད་དངོས་མེད་རང་དག་ལ་འགྲོ་བའི་ཕྱིར་སྣང་ཆས་ཟིལ་གྱིས་མི་ནོན་པ་དཔེ་དངུལ་ཆུ་སར་ལྷུང་སྟེ་རྡུལ་གྱི་གསེབ་ཏུ་ཚུད་ཀྱང་དེ་རྡུལ་དང་མི་འདྲེ་བས་དེ་ལ་གོས་པ་མེད་པ་དང་འདྲ་བ་ཡིན་ལ་སེམས་ནི་ཡུལ་སྣང་རིག་པ་ལ་སྣང་དུས་རང་སྣང་

p. 222

རང་བཞིན་མེད་པར་ངོ་ཤེས་པའི་ངང་མ་འཁྱོངས་ནས་ཡུལ་གྱི་རྣམ་པ་ལ་ཞེན་ཏེ་བཟུང་བ་དང་འཛིན་པའི་རྣམ་པར་རྟོག་པ་གཅིག་རྗེས་སུ་གཅིག་མཐུད་དེ་བཞིན་རྩ་མ་ཆོད་པར་སྲིད་པ་ཉེ་བར་ལེན་པའི་ཕྱོགས་དང་འདྲེས་ནས་ལས་བསགས་པར་འགྱུར་རོ། །ཀློང་དྲུག་པ་ལས། རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚུལ་སྣ་ཚོགས་གཉིས། །འདྲ་འོ་འདྲ་འོནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲ་འོ་འདྲ་འོནོར་ར་རེ། །ཞེས་སོ། །འོ་ན་སེམས་ཀྱི་འཆར་ཆ་མི་འགགས་པའམ་ཤར་གྲོལ་ཐུགས་རྗེའི་ཆ་དེ་ལམ་དུ་མི་བྱེད་དམ་ཞེ་ན། ཐུགས་རྗེའི་ཆ་འཆར་གཞིའི་རིག་པ་ཟང་མ་རང་མལ་ལས་མ་གཡོས་པ་ལ་ཟེར་བས་དེ་ལམ་དུ་བྱེད་ཀྱི། རྩོལ་ལས་སེམས་སུ་ཤར་ཟིན་རྟོག་པའི་ཆ་དེ་རྣམ་པ་ཐམས་ཅད་ནས་

p. 223

ལམ་དུ་མི་བྱེད་དེ། ངོ་བོ་རིག་པ་ལ་བཞག་དུས་སེམས་གང་དགར་རང་སངས་ལ་བསྐྱར་བ་ཡིན་ནོ་ཞེས་སྔར་ཡང་ཡང་གསུངས་པས་གནད་འདི་ཤིན་ཏུ་གལ་ཆེ་སྟེ། ཐུན་མོང་གི་ཐེག་པར་ཡང་། དཀོན་མཆོག་བརྩེགས་པ་ལས། སེམས་དང་ཡིད་དང་རྣམ་པར་ཤེས་པ་དང་བྲལ་ལ། ཏིང་ངེ་འཛིན་གྱི་གནས་ཀྱང་མི་འདོར་བ་སྟེ་འདིའི་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའོ། །ཞེས་དང་། ཚིག་གསལ་ལས། སེམས་དང་སེམས་ལས་བྱུང་བའི་སྤྲོས་པ་ཡང་རྒྱུན་ཆད་པ་དང་། ཞེས་དང་། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་དངོས་པོའི་གནས་ལུགས་མངོན་དུ་གྱུར་པ་ན་སེམས་དང་བྲལ་བར་གསུངས་ཤིང་། དེ་བཞིན་དུ་རྫོགས་པ་ཆེན་པོ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། པདྨ་འདམ་གྱིས་མ་གོས་ལྟར། །བྱང་ཆུབ་

p. 224

སེམས་ཀྱི་ངོ་བོ་ལ། །གཟུང་འཛིན་དྲི་མ་གཞི་ལ་མེད། །དེ་ཕྱིར་རང་བྱུང་སྙིང་པོ་འདི། །སུས་ཀྱང་མ་བྱས་མཛད་བཅོས་མིན། །རང་བྱུང་རིག་པའི་རྒྱལ་པོ་ཡིན། །དེ་ཕྱིར་འདུས་མ་བྱས་པའི་ཐུགས། །དེ་ལ་གཉེན་པོས་མི་བཤིག་ཕྱིར། །བཞག་ཅིང་བླང་བར་ནུས་པ་མེད། །དེ་དོན་རྟོགས་པའི་རྣལ་འབྱོར་དེ། །མི་ཡི་ལུས་ལ་སངས་རྒྱས་ཐུགས། །རང་བྱུང་སྐུ་ལ་ཚངས་པའི་གསུང་། །དེ་མ་ཐག་ཏུ་ཀུན་བཟང་ཉིད། །ཅེས་དང་། དུས་གསུམ་སངས་རྒྱས་སེམས་དང་བྲལ། །ཚོགས་བརྒྱད་མེད་པས་སེམས་ཀྱང་མེད། །རང་བྱུང་སྙིང་པོ་ཆོས་ཀྱི་སྐུ། །སེམས་ལས་མ་བྱུང་ཡེ་ཤེས་ཡིན། །ཞེས་གསུངས་ཏེ། ཡེ་ཤེས་ནི་སེམས་ལས་བྱུང་བ་མ་ཡིན་ཏེ། སེམས་ཀྱི་གནས་ལུགས་རང་བཞིན་འོད་གསལ་ཡིན་པས་དངོས་པོ་ཀུན་གྱི་ཆོས་ཉིད་སྟོང་པ་ཉིདནི་དངོས་

p. 225

པོའི་གནས་ལུགས་ཡིན་གྱི་དངོས་པོ་ལས་བྱུང་བ་མིན་པ་ལྟར་གོ་དགོས་ཏེ། རྫོགས་ཆེན་ལྟ་བ་ཡེ་ཤེས་གཏིང་རྫོགས་ཀྱི་རྒྱུད་ལས། ཡེ་ནས་གནས་པའི་རང་བྱུང་སྙིང་པོ་འདི། །རྒྱུ་ལས་མ་བྱུང་རྐྱེན་གྱིས་མ་བསྐྱེད་པས། །རྩོལ་བ་གང་ཡང་མ་བྱས་ཆོས་སྐུ་རུ། །རང་བྱུང་ཡེ་ཤེས་ཡིན་པར་ཡིད་ཀྱང་ཆེས། །ཞེས་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། བརྗོད་པའི་མཐའ་དང་བྲལ་བའི་ཆོས་སྐུ་ཆེན་པོ་འདི། །ཀུན་ལ་གནས་ཏེ་ཀུན་གྱི་རྟོགས་པ་མེད། །ཡིད་མེད་སེམས་མེད་མ་རིག་འཁྲུལ་པ་མེད། །ཅེས་དང་། སེམས་དང་བྲལ་བའི་རིག་པ་ལ། །སྣ་ཚོགས་སྣང་བ་དུས་གཅིག་རྫོགས། །ཞེས་དང་། རིག་པ་འགྱུར་མེད་ཤེསན་ཆོས་རྣམས་ཀུན་གྱི་འབྲས་བུ་ཡིན། །རིག་པ་སེམས་མེད་ཤེས་ན་ཆོས་རྣམས་ཀུན་གྱི་དྲི་མེད་ཡིན། །རིག་པའི་གྲོགས་ཟླ་ཤེས་ན་ཆོས་རྣམས་ཀུན་

p. 226

གྱི་སྤང་བྱ་ཡིན། །རིག་པ་ཡེ་མེད་ཤེས་ན་ཆོས་རྣམས་ཀུན་གྱི་གཞི་མེད་ཡིན། །ཀུན་བྱེད་ལས། ངནི་ཡེ་ནས་བཟུང་འཛིན་བྲལ་བའི་ཕྱིར། །ཕྲ་བ་ཞེས་ནི་མིང་དུ་གདགས་སུ་མེད། །ངནི་ཡེ་ནས་རང་བྱུང་ཡེ་ཤེས་པས། །ང་ལ་གཞན་གྱིས་གཏན་ལ་དབབ་ཏུ་མེད། །ཅེས་དང་། སློབ་དཔོན་ཚད་མར་མ་གྱུར་སྤྲེའུ་འདྲ་ཡི། །ལུང་བསྟན་ལམནོར་ལོག་པས་ཟིན་ཏ་རེ། །དེ་བས་གསེར་ལ་ནག་ཚུར་གཏོང་བ་ཡི། །སློབ་དཔོན་ཡང་དག་བསྟོད་པའི་རིན་ཆེན་མཛོད། །རིན་ཐང་དཔག་ཏུ་མེད་པས་བསླུ་བར་འོས། །ཞེས་དང་། ཡོ་ག་ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལ། །རྒྱུ་དང་འབྲས་བུ་ཡོད་ཟེར་སྨྲ་བྱེད་པ། །དེནིརྫོགས་ཆེན་རྟོགས་པའི་དོན་མི་ལྡན། །ཀུན་རྫོབ་དོན་དམ་གཉིས་སུ་སྨྲ་བྱེདན། །སྒྲོ་དང་སྐུར་པ་འདེབས་པའི་ཚིག་ཡིན་ཏེ། །དེ་ཡིས་གཉིས་སུ་མེད་

p. 227

པར་རྟོགས་པ་མེད། །དུས་གསུམ་སངས་རྒྱས་རྣམས་ཀྱི་རྟོགས་པ་ཡང་། །གཉིས་སུ་མ་མཐོང་རྣམ་བཞག་ཉིད་དུ་འདོད། །ཅེས་དང་། རྩོལ་མེད་རིག་པ་མངོན་སུམ་ལྟ་བ་རྫོགས་པ་ཆེན་པོའི་ལམ་ལ་བསྟུནན་སེམས་འཛིན་གྱི་མཚན་བཅས་རྫོགས་རིམ་བསྒོམ་པ་ཆོད་ཆུང་བར་གསུངས་པ། ཕྲ་བའི་སྒོར་ཡོར་མིང་བཏགས་ཏེ། །སེམས་ཀྱི་དབེན་པའི་ལམ་འཚོལ་ཞིང་། །དགོན་པའི་རྒྱུད་དུ་དབེན་འཛིན་པ། །བརྟགན་རྣམ་པར་རྟོག་འགྱུར་བསྒོམ། །ཞེས་དང་། བྱང་ཆུབ་ཚོ་སེམསཞི་རྒྱུ་རྐྱེན་མེད་པའི་ཕྱིར། །འཇིག་རྟེན་སྐྱེ་འགགས་ཆོས་ལ་ཚོད་མི་བཟུང་། །བྱང་ཆུབ་སེམསཞི་རྐྱེན་གྱིས་མ་བསྐྱེད་པས། །འཇིག་རྟེན་རྐྱེན་སྐྱེད་ཆོས་ལ་དཔེ་མ་ལེན། །ཞེས་དང་། ཀུན་ཏུ་བཟང་པོའི་ཐུགས་ཀྱི་མེ་ལོང་གི་རྒྱུད་ལས། ཀུན་གཞི་ཆོས་སྐུར་འདོད་ན་ང་ལས་གོལ་བ་ཡིན། །སེམས་ལས་སངས་

p. 228

རྒྱས་འདོད་ན་ང་ལས་གོལ་བ་ཡིན། །བསྒོམ་པ་ཡུལ་ཅན་འདོད་ན་ང་ལས་གོལ་བ་ཡིན། །སྟོང་པའི་ཡུལ་ལ་ཞེན་ན་ང་ལས་གོལ་བ་ཡིན། །མཚན་བཅས་གཞན་འབྱུང་བསྒོམ་ན་ང་ལས་གོལ་བ་ཡིན། །ཞེས་གསུངས་པ་སོགས་མདོར་ན་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་ཐམས་ཅད་དུ་སེམས་ལས་འདས་པའི་ཡེ་ཤེས་རང་གསལ་གྱི་དོན་གཏན་ལ་དབབ་པ་ཡིན་ཞིང་། ཀུན་གཞི་དང་ཆོས་སྐུ། སེམས་དང་ཡེ་ཤེས། ཡིད་དང་ཤེས་རབ་ཀྱི་ཁྱད་པར་ཕྱེས་ནས་གཉུག་མ་རང་བྱུང་འོད་གསལ་གྱི་དོན་ངོ་སྤྲད་པ་ཡིན་པས་ལུགས་འདི་ཙམ་ལས་ཡི་གེ་མང་བས་མ་བྲིས་ཀྱང་། འདི་ཙམ་གྱི་གོ་ནུས་ལ། རྫོགས་པ་ཆེན་པོའི་རྒྱུད་དུ་མ་ཟད་གསང་བ་འདུས་པ་ལས་ཀྱང་། བདག་དང་ཕུང་པོ་རྣམ་རིག་གི། །ཆོས་བདག་མེད་པ་མཉམ་ཉིད་པས། །རང་སེམས་

p. 229

གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་མཚན་ཉིད་དོ། །ཞེས་དང་། ཀྱེ་རྡོ་རྗེ་ལས། ཏིང་འཛིན་འདི་ནི་ཆེས་ཕྲ་ཞིང་། །རྡོ་རྗེ་ནམ་མཁའི་དཀྱིལ་ལྟ་བུ། །ཞེས་དང་། འདིར་ནི་ཐོག་མ་དབུས་མཐའ་མེད། །སྲིད་མེད་མྱ་ངན་འདས་པ་མེད། །བདག་མེད་གཞན་ཡང་མེད་པ་སྟེ། །འདིར་ནི་མཆོག་ཏུ་བདེ་ཆེན་ཉིད། །ཅེས་གསུངས་པ་འདི་ལྟ་བུ་ཞིག་གཏན་ལ་ཕེབས་ན་རྫོགས་ཆེན་གྱི་ལམ་ཡིན་གྱི། དེ་ལས་གཞན་དུ་སེམས་ཅན་གྱི་རྒྱུད་ལ་གཤེགས་སྙིང་རང་ཆས་སུ་མེད་པ་དང་། ཡོད་ཀྱང་འདུས་བྱས་ཀྱི་གསལ་ཆ་ཙམ་ལས་ཡོན་ཏན་ཡེ་ལྡན་དུ་མེད་པར་འདོད་པ་དང་། འཕགས་རྒྱུད་ཀྱི་ཡེ་ཤེས་དང་སངས་རྒྱས་ཀྱི་རྣམ་མཁྱེན་ཀྱང་ལམ་ཉམས་སུ་བླང་བ་ལ་བརྟེན་ནས་གསར་དུ་བྱུང་བའི་འགྱུར་བཅས་མི་རྟག་པས་བསྡུས་པའི་སེམས་དང་སེམས་བྱུང་གི་ཆ་ཞིག་ལ་གོ་བ་ལེན་པ་རྣམས་

p. 230

ཀྱིས་ནི། མདོ་དགོངས་པ་འདུས་པ་ལས། ཅི་ཕྱིར་མ་འོངས་དུས་རྣམས་སུ། །གཡོན་ཅན་བཅོས་པའི་གསང་ཚིག་གིས། །དྲི་མེད་གསང་བའི་བསྟན་པ་རྣམས། །དཀྲུགས་འགྱུར་བཀའ་སླད་གཞུང་བོར་ནས། །དོན་མེད་ལོག་ཆོས་རྒྱས་པར་འགྱུར། །ཞེས་དང་། གོང་དུ་དམུས་ལོང་ལམ་ཞུགས་པ། །ཡིད་ཀྱིས་གོམས་པའི་ཚད་དཔག་ནས། །ཉམ་ངའི་ལམ་དུ་རྒྱུག་པ་ལྟར། །ཚོད་དཔག་ཙམ་ལ་ཚད་བཞིན་འབྱུང་། །ཞེས་གསུངས་པ་ལྟར། ངེས་དོན་གསང་བའི་བསྟན་པ་དཀྲུགས་ཤིང་དོན་རྒྱུད་ཀྱི་སྲོག་རྩ་བཅད་པའི་ལས་ལ་བརྩོན་པ་ལས་མ་མཆིས་ཤིང་། དེང་སང་གི་གང་ཟག་ཕལ་ཆེ་བ། རིག་པའི་ངོམ་འཕྲོད། རྒྱུད་ལུང་གི་གནད་མ་རྟོགས། གཞན་གྱི་གཡམ་ལ་རྒྱུག་པར་དགའ་བའི་བློ་ཆུང་ཅལ་སྒྲོགས་རྣམས་ཤིན་ཏུ་མི་རིགས་པའི་ལམ་

p. 231

ངན་འདི་ལའང་རྗེས་བརྗོད་བྱེད་པ་མང་དུ་བྱུང་བའི་དུས་ངན་གྱི་བབ་ལས་ཏེ། རྫོགས་པ་ཆེན་པོ་ལྟ་བའི་ཡང་སྙིང་ནམ་མཁའ་ཀློང་ཡངས་ཀྱི་རྒྱུད་ལས། རྫོགས་ཆེན་སྐྱེ་མེད་དོན་ཟབ་ཀྱང་། །མ་རྟོགས་པ་ལ་སྡིག་མོར་ཆེ། །ནོར་བུ་རིན་ཆེན་རྙེད་དཀའ་བཞིན། །ཕྱི་མའི་དུས་ཀྱི་མི་ངན་རྣམས། །ངར་དྲག་ངང་ཐུང་ཚོར་རྐྱེན་ལ། །བཀའ་ཡི་དོན་ལ་ཡིད་མི་ཆེས། །གཞུང་མང་སྒྲིན་ཚིག་རྟོག་པ་ཟད། །བྱང་ཆུབ་བས་ཀྱང་ཁེ་གྲགས་བསྒྲུབ། །ལེ་ལོ་ཆེ་བས་གྲུབ་རྟགས་རིང་། །འཇུག་ལ་བརྩོན་ནས་འདོར་བ་རྐྱེན། །ངེས་པའི་དོན་ལ་གལ་ཆེན་འཛུགས། །བདེན་པའི་ཚིག་ལ་སྒྲོ་སྐུར་འདེབས། །ཚིག་ཏུ་ཞིབ་ལ་དོན་དུ་རྩིང་། །ཐོས་བསམ་པསཞི་ངོམ་པར་རིངས། །ཤེས་ནས་མི་སྒྲུབ་ཡལ་བར་འདོར། །གང་འོག་གཞུང་ནི་བསྲེས་ཏེ་སླད། །བཀའ་མིན་མི་ཆོས་དོན་དུ་བྱེད། །

p. 232

མན་ངག་ཟབ་མོ་ཟོང་དུ་འཚོང་། །ཚིག་ཉུང་ཟབ་མོ་གཏིང་ཕྱིན་ལ། །ཤ་ཐང་མི་བྱེད་སྦོམ་ཞེས་ཁྲོ། །གདམས་ངག་བློ་ཆུད་མི་ཟོན་པར། །དེ་ཉིད་རྟོགས་པར་བྱེད་པ་ལ། །ཡིད་མི་ཆེས་པས་རིག་པ་འཛུག །མང་པོར་བཤད་ཀྱང་དོན་མེད་ལ། །མཁས་པ་ཡིན་ཞེས་ཡོན་ཏན་བརྗོད། །བླ་མ་སྨོད་པའི་གང་ཟག་ལ། །ཁོ་བདེན་ཟེར་ཞིང་རྗེས་སུ་འཇུག །གསང་བའི་མན་ངག་མ་གོ་བར། །སློབ་བུའི་མ་བྱས་སློབ་དཔོན་འཁེངས། །ཁུངས་ནས་བརྒྱུད་པའི་མན་ངག་ལ། །མངོན་པར་ཡིན་པར་མི་བརྩི་བར། །རང་བཟོ་ཁ་ཚབ་བསྲེས་པ་ལ། །ཡིད་ཆེས་བྱེད་ཅིང་དམ་པར་འཛིན། །ལྟ་དམན་རྣམས་ཀྱིས་ངོ་བསྲུང་བྱེད། །དེ་ལྟ་བུའི་དུས་བྱུང་ཚེ། །དོན་བསྟན་སྐད་ཅིག་དེ་ཉིད་ལ། །རྒྱུད་ལུང་སངས་རྒྱས་སྐྲག་ཅིང་སྔངས། །ཉན་ཐོས་མདོ་སྡེ་བརྒྱལ་ཞིང་།

p. 233

འབོགས། །ལྷ་དང་ལྷ་མིན་སྲིན་པོའི་ཚོགས། །སྒྲོ་སྐུར་འདོགས་པའི་གང་ཟག་རྣམས། །འདི་ལ་ཚེ་ཡི་བར་ཆད་དང་། །གཏན་དུ་དམྱལ་བ་ཆེན་པོར་ལྟུང་། །འཇིགས་པ་སྣ་ཚོགས་དེ་ལ་འོང་། །མགོ་ལུས་ཚལ་པ་སྟོང་དུ་འགས། །རིག་འཛིན་རྣམས་ཀྱིས་སྤོང་བར་འགྱུར། །དེ་ཕྱིར་ཤིན་ཏུ་གསང་བའི་དོན། །སྣོད་ལྡན་སློབ་བུ་མི་རྙེད་དཀོན། །ཞེས་དང་། ངེས་དོན་ལྟ་བ་འཆད་པ་ལ། །ལྟ་དམན་ཚུལ་འཆོས་སྡེ་པ་ནི། །སྔགས་པར་ཁས་ཆེའི་མུ་སྟེགས་དང་། །དྲང་དོན་ཐེག་པ་ལ་ཞེན་རྣམས། །ཞེ་སྡང་བྱེད་པའི་དུས་བྱུང་ཚེ། །ཁ་ཟེར་ཕྱར་ཁ་གཏོང་བ་དང་། །ཞེས་སོགས་དང་། རྫོགས་ཆེན་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྣ་བརྒྱུད་མན་ངག་མི་ལྡནན། །རང་བརྟགས་བློ་ཡིས་ཅི་བརྟག་ཀྱང་། །ལུང་འདི་རྟོགས་པར་མི་འགྱུར་རོ། །ངེས་ལུང་གདམས་ངག་མེད་པ་ཡི། །རྣ་

p. 234

བརྒྱུད་མེད་པའི་སློབ་དཔོན་གྱིས། །རང་ལ་ངེས་པའི་དོན་མེད་པས། །གཞན་འབྲེལ་གཉིས་ཀ་ཕུང་པའི་རྒྱུ། །ཞེས་དང་། གཞན་གྱིས་ནུབ་པར་མི་འགྱུར་ཏེ། །སེངྒེའི་ཁོག་པ་རང་འཇིག་ལྟར། །ང་ཡི་སྲས་སུ་ཁས་བླངས་པས། །གསང་བའི་ལུང་འདི་ནུབ་པར་བྱེད། །ཅེས་སོགས་རྒྱ་ཆེར་སྐུ། གསུངས་པ་དང་། ཡེ་ཤེས་གསང་བའི་སྒྲོན་མ་རིན་པོ་ཆེམན་ངག་གི་རྒྱུད་ལས། གྲུབ་མཐའ་ལོག་པ་ཆོས་ཀྱི་བདུད། །ངོ་བོ་མེད་པ་དམིགས་འཛིན་བྱས། །རང་བྱུང་ཉིད་ལ་རྒྱུ་ཡི་རྩལ། །མ་བཅོས་ཅི་ཡང་མ་ཡིན་ལ། །ཅིར་ཡང་འཛིན་པའི་བསམ་པས་བརྟག །བགྲོད་མེད་འབྲས་བུ་ལྷུན་གྲུབ་ལ། །ལམ་བརྒྱུད་བགྲོད་པས་བགྲོད་མེད་བསླད། །དེས་ན་མ་བཅོས་དངོས་པོ་ལ། །ལོག་རྟོག་འཛིན་པའི་བློ་ཡིསནི། །ཇི་ལྟར་དཔྱད་ཀྱང་མ་ཡིན་པས། །མ་དཔྱད་རང་བཞིན་

p. 235

བཞག་པས་གོ། །ཞེས་གསུངས་པ་ལྟར། འདུས་བྱས་ཀྱི་སེམས་ཉིད་ཀྱི་འདུས་མ་བྱས་སྟོང་རྐྱང་ཡུལ་དུ་བྱས་པ་ཙམ་ལ་དེ་ཁོ་ན་ཉིད་དུ་འདོད་པ་ནི་བྱིས་པ་ཤེད་མ་བྱེ་བ་ཁོན་སྟེ། སོ་སོ་རང་རིག་རྗེས་མཐུན་ཙམ་ཡང་མ་སྐྱེས་པས་བློ་ལ་དེ་ཙམ་ལས་ཅི་ཡང་འཆར་མ་ནུས་ནས་རྣམ་རྟོག་གི་གྲུབ་མཐའ་བྱིས་པ་འདྲིད་པར་བྱེད་པ་ཡིན་པས་དེ་ཡི་ཕྱོགས་འཚོལ་བ་སྤང་སྟེ། ཟབ་མོ་རྣ་བརྒྱུད་ཀྱི་གདམས་པ་ཕྱག་རྫོགས་ཀྱི་གྲུབ་མཐའ་རྙིང་མའི་རིག་འཛིན་བླ་མ་དམ་པ་རྣམས་ཀྱི་ཞལ་ལས་མཉན་ཅིང་ཚུལ་བཞིན་དུ་རང་རྒྱུད་ལ་སྦྱར་བནི་ཅི་ནས་གལ་ཆེ་སྟེ། འཇམ་མགོན་མི་ཕམ་རིན་པོ་ཆེའི་ཟབ་ཁྲིད་དུ། མདོ་རྒྱུད་བརྒྱ་ཕྲག་འཆད་པའི་སྟོན་ཆེན་དང་། །ཀུན་གྱི་བླ་མར་བསྐུར་བ་ཕལ་མོ་ཆེས། །རང་སེམས་གནད་དུ་བཀུག་ནས་མ་བསྒོམ་པས། །ཕལ་བ་ལས་ཀྱང་ཅུང་ཟད་འཕགས་པ་མེད། །

p. 236

ཀུན་རྟོག་མགོ་རྒོད་འདི་ཡང་དབང་ཆེ་ལ། །མཁྱེན་དང་ནུས་པའི་ཡོན་ཏན་ཀྱང་མ་ཐོབ། །དོན་མེད་ཆུ་རླབས་འཁྲུགས་འདིའི་རང་སེམས་ལ། །བལྟས་ཤིང་བལྟས་ནས་སྐྱོ་བ་ཆེར་བསྐྱེད་དེ། །དམ་པའི་མན་ངག་ཟབ་མོའི་རྗེས་ཞུགས་ནས། །རང་སེམས་ཁ་ལོ་དུལ་བའི་ཅང་ཤེས་ཀྱིས། །དོན་གཉིས་འབྲས་བུ་འབྱོར་ལྡན་ཡིད་འོང་གནས། །མྱུར་བ་ཉིད་དུ་མངོན་པར་ཐོབ་མཛོད་ཅིག །བརྩོན་པ་ཀུན་གྱི་ནང་ན་དོན་ཆེ་བ། །རང་སེམས་དུལ་བར་སྦྱོར་བ་དེ་ཁོ་ན། །བུམ་བཟང་དཔག་བསམ་ནོར་བུའི་གཏེར་གྱིས་ཀྱང་། །མཚོན་མིན་ཡོན་ཏན་ཆེན་པོའི་གནས་ཉིད་ཡིན། །དེ་ཕྱིར་འདི་དོན་ལེགས་རྟོགས་བསྐལ་བཟང་གིས། །སེམས་ཀྱི་རྣལ་འབྱོར་གནས་ལ་རབ་གུས་པས། །བྱ་བ་ཀུན་སྤངས་རྩེ་གཅིག་ཡིད་གྱུར་ཏེ། །དོན་བཟང་གཏན་གྱི་འདུན་མ་སྒྲུབས་

p. 237

འཚལ་ལོ། །ཞེས་གསུངས་པ་ལྟར་ལགས་པས། མཆོག་དམན་མེད་པར་ཀུན་གྱི་སྙིང་བཅུད་དུ་འཆང་བ་ལ་ཐལ་མོ་སྦྱར་རོ། །མི་ཚེ་ཟད་ཟད་དུ་ཐོས་བསམ་ལ་བརྩོན་ཀྱང་། །ཐ་སྙད་གོ་ཡུལ་གྱི་རྟོག་གེ་དེས་བསྒྲིབསནས། །གནས་ལུགསཐིག་པོ་ཞིག་རྟོགས་དུས་མི་གདའ། །བདག་འདྲའི་སྐལ་མཉམ་རྣམས་རྟོག་གེ་ལ་མ་ཞེན། །ས་དགེ་དཀར་རྙིང་གི་བཞེད་གཞུངནི་གང་ལ། །རྩོལ་མེད་བློ་འདས་ཀྱི་གསང་ལམ་ཞིག་གདའ་བས། །ཕྱོགས་འཛིན་ཆགས་སྡང་གི་གྲུབ་མཐའ་དེ་བོར་ནས། །ཡབ་མེས་གོང་མ་ཡི་གཤེགས་ཤུལ་དེར་བཞུད་མཛོད། །ཅེས་རང་འདྲའི་སྐལ་མཉམ་རྣམས་ལ་ཅུང་ཟད་ཕན་དུ་སྙམས་ནས་ཡིག་ཚོགས་ལ་མ་འཛེམ་པར་གོང་འོག་བར་གྱི་གསལ་བྱེད་དུ་བྲིས་སོ། །གསུམ་པ་དེའི་ལམ་གཞན་དང་མཐུན་པ་དང་མི་མཐུན་པའི་ཚུལ་བཤད་པ་ལ། མི་མཐུན་

p. 238

པའི་ཚུལ་དང་། མཐུན་པའི་ཚུལ། ཞུལ་བྱུང་ཁས་ལེན་མི་འགལ་བའི་ཚུལ། འགལ་བ་ལྟར་སྣང་བ་བསལ་བ་དང་བཞི་ལས། དང་པོ་ནི། དུས་གསུམ་རྫས་ཡོད་དུ་འདོད་པའི་བྱེ་བྲག་སྨྲ་བ་དང་། ཕྱི་དོན་རང་རིག་གཉིས་ཀ་བདེན་གྲུབ་ཏུ་འདོད་པའི་མདོ་སྡེ་པ། ཆོས་ཐམས་ཅདནང་ཤེས་པའི་བདག་ཉིད་དུ་འདོད་པ་སེམས་ཙམ་པའི་རྣམ་རིག་སྨྲ་བ་དང་། སྣང་སྟོང་ཕྱོགས་རེར་ཞེན་པའི་དབུ་མ་པ་ཕལ་གྱིས་ཏེ། དེ་ལྟར་རང་སྡེ་གྲུབ་མཐའ་སྨྲ་བ་དེ་དག་གིས་རྒྱ་ཆད་ཕྱོགས་ལྟུང་ཐམས་ཅད་བྲལ་བའི་གཤིས་ལུགས་རིག་ཁམས་དྲི་མེད་ཀྱི་ཡིད་བཞིན་ནོར་བུའི་གཟུགས་ལྟ་བུ་ལ་བྱེ་མདོས་ཕྱི་དོན་བེམ་པོ་བདེན་གྲུབ་ཀྱི་དངོས་པོར་འདོད་པས་ལམ་སྟོང་པ་ཉིད་ཀྱི་དར་ཟབ་ཀྱིས་བྱི་དོར་བྱར་མེད་པའི་ས་ཡི་གོང་བུ་ལྟ་བུར་མཐོང་། སེམས་ཙམ་པས་གསལ་ཞིང་རིག་པའི་ཤེས་

p. 239

པ་དེ་ཕྱི་གཟུང་བའི་ཆོས་བཤིག་པའི་ཐོ་ཆེན་དུ་གྱུར་ཀྱང་། ནང་འཛིན་པ་སེམས་ཉིད་རང་གི་ངོ་བོ་ལ་ཚུར་མི་དཔྱོད་པར་འཛིན་པ་བདེན་གྲུབ་ཏུ་གཟུང་བ་དག་གི་དབང་གིས་མུས་ཀྱང་གཞིགས་དཀའ་བའི་ལྕགས་གོང་ངར་མ་ལྟ་བུར་མཐོང་། དབུ་མ་རང་རྒྱུད་པས་གཟུང་འཛིན་གཉིས་དོན་དམ་པར་མེད་ཀྱང་། ཐ་སྙད་མ་དུ་རང་གི་མཚན་ཉིད་ཚུགས་ཐུབ་ཀྱི་དངོས་པོར་འདོད་པས་རང་བཞིན་རང་ས་ན་ཡོད་ཡོད་དུ་བཀྲ་བའི་འོད་བཟང་པོའི་མར་མེ་ལྟ་བུར་འཛིན། རང་སྟོང་པས་ཆོས་ཐམས་ཅད་ཐ་སྙད་དུ་ཡང་མ་གྲུབ་པའི་མེད་དགག་སྟོང་རྐྱང་གི་དབྱིངས་སུ་རྒྱས་གདབ་པས། མེད་སྣང་སྟོང་གཟུགས་འཇའ་ཡི་དུམ་བུ་ལྟ་བུར་བཟུང་། གཞན་སྟོང་པས་ཆོས་ཐམས་ཅད་ཀྱི་གནས་ཚུལ་སྟོང་པ་ཉིད་འདི་ཡེ་ནས་ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པས་རྟག་བརྟན་བདེན་གྲུབ་བོ་སྙམ་པའི་འཛིན་

p. 240

ཞེན་གྱི་དམིགས་གཏད་ཀྱིས་ནམ་ཡང་མི་འགྱུར་མི་འཕོ་བའི་ནམ་མཁའི་འོད་མདངས་ལྟ་བུར་རྟོགས་ལ། ཡང་དབུ་མ་པ་ཁ་ཅིག་གིས་བདེན་པ་གཉིས་ལ་བཟང་ངན་ཅུང་ཟད་ཙམ་ཡང་མེད་པར་གཉིས་མེད་མཉམ་པ་ཉིད་དོ་སེམས་པའི་མངོན་ཞེན་གྱིས་ཕྱི་གསལ་ནང་གསལ་ཤེལ་གོང་དྲི་མ་མེད་པ་ལྟ་བུར་མཐོང་སྟེ་དེ་དང་དེ་ལྟ་བུའོ་ཞེས་རང་རང་གི་ཐ་སྙད་སྣ་ཚོགས་ཤིག་འདོགས་པར་བྱེད་ཀྱང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དྲི་མ་མེད་པ་ཀུན་ཤོང་གི་རྫོགས་པ་ཆེན་པོ་རིག་སྟོང་ཟུང་འཇུག་རང་བྱུང་ཡེ་ཤེས་ཀྱི་ཁམས་ཡིད་བཞིན་ནོར་བུ་ལྟ་བུ་དེ་ནི་མཐོང་མ་མྱོང་བར་སྟོར་ནས་འདུག་གོ་ཞེས་བློས་བྱས་སེམས་ཀྱི་དྲྭ་བས་བློ་འདས་ཀྱི་ཡེ་ཤེས་སྒྲོགས་སུ་བཅུག་པས་བསྒྲིབས་ཏེ་དཔེར་ན་སྲིན་བུ་རང་ཉིད་ཀྱིས་ཁ་ཆུའི་བྱིང་ཞིང་འཆིང་བ་ལྟ་བུ་སྟེ། མན་ངག་གསེར་

p. 241

ཞུན་ལས། སྟོང་པས་ཅི་ཕན་སྣང་བས་ཅི། །གཉིས་མེད་སུ་ཡིན་བསྒོམ་རྒྱུ་ཅི། །ཞེས་དང་། ཨོ་རྒྱན་ཆེན་པོས། འདི་ཉིད་རྟོགས་ན་བ་གླང་རྫི་ཡང་གྲོལ། །ཐེག་དགུའི་བཤད་པ་ཀུན་ལ་མཁས་གྱུར་ཀྱང་། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཞེས་གསུངས་པ་ལྟར་རོ། །གཉིས་པནི། ས་སྐྱ་དང་དགེ་ལྡན་ཀར་འབྲུག་གི་མཁས་གྲུབ་མང་པོས། གསལ་སྟོང་གཉིས་སུ་མེད་པའི་འཛིན་མེད་ཀྱི་གནས་ལུགས་དྭངས་མ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་པ་དང་བྲལ་བའི་དབུ་མ་དང་། མ་བཅོས་གཉུག་མ་ལྷན་སྐྱེས་ཀྱི་ཆོས་སྐུ་ཕྱག་རྒྱ་ཆེན་པོ་ཞེས་མཚན་ཐ་དད་པ་རེ་བྱས་པ་དེ་དག་ཐམས་ཅད་ཀྱང་ཡོད་པ་མིན་ཅིང་མེད་པའང་མིན་པའི་རང་བཞིན་གྱི་ཚུལ་དུ་གྱུར་པས་ཁས་བླང་གི་རྣམ་པ་ཀུན་དང་བྲལ་བ་སོགས་དང་། གཞན་ཡང་། ཐིག་ལེ་ཉག་གཅིག་རང་བྱུང་ཡེ་

p. 242

ཤེས། འདའ་ཀ་ཐུགས་ཀྱི་ཡེ་ཤེས། དང་པོའི་སངས་རྒྱས་ལ་སོགས་སྣ་ཚོགས་ཀྱི་མཚན་དང་། ངེད་ཀྱི་ལུགས་འདིའི་འཁོར་འདས་དབྱེར་མེད་དུ་ལྟ་བ་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་སོ་ལྟ་བུ་ལ་སོགས་པ་སྣ་ཚོགས་པའི་ཐ་སྙད་ཀྱི་ཞལ་ཕོ་འབྲུག་ལྟར་སྒྲོགས་པ་ནི་མང་མོད་ཀྱང་། དེ་དག་གི་ལྟ་བ་དེ་རང་རང་གི་གཞུང་དེ་དང་དེའི་དགོངས་པ་ལྟར་ལུང་རིགས་མན་ངག་དྲི་མ་མེད་པ་དང་རང་གི་མྱོང་བའི་སྟོབས་ཀྱིས་སེམས་ལས་འདས་པའི་བདེན་གཉིས་དབྱེར་མེད་ཀྱི་ཡེ་ཤེས་ཆོས་ཐམས་ཅད་ཀྱི་གཤིས་ལུགས་མ་ནོར་བ་ཞིག་ཡིན་ན་ནི་ཤིན་ཏུ་ལེགས་པས་བདག་ཀྱང་ཡི་རང་ངོ་ཞེས་གསུངས་པའི་ཤུགས་ལ་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཁས་ལེན་ཀུན་དང་བྲལ་བ་དང་། བརྗོད་མེད་བསམ་མེད་སོགས་ཁ་ནས་བསྒྲགས་ཤེས་པས་ཀྱང་

p. 243

དོན་དུ་མྱོང་བ་ཐོན་མཁན་དཀའ་ཞེས་གདམས་པ་འདི་སྙིང་བཅུད་དུ་འཚང་འོས་སོ་ཏེ་ལྷག་བཅས་ཀྱི་སྒྲ་སྦྱར་ཏེ། དེ་ལྟར་གཤིས་ལུགས་ཐིག་པོ་ཞིག་མ་ཡིན་པར་ཁ་ནས་བརྗོད་ཤེས་པ་ཙམ་ལ་ཅི་ཆ་ཡོད་དེ། རང་རང་གི་གཞུང་འདིའི་དགོངས་པ་མ་ནོར་བ་ལོན་པའི་སྐྱེས་བུ་དམ་པ་ཡང་དག་པའི་ལྟ་བ་དང་ལྡན་པ་རྣམས་ཀྱིས་ཚིག་ཙམ་མིན་པར་གཞལ་ན་དོན་གྱི་མཛུབ་མོ་འཛུགས་ས་དེ་ཅི་འདྲ་བ་ཞིག་ཡིན་པར་འདུག་པས་ཏེ་སོམས་ཤིག་དང་། གསལ་སྟོང་དབྱེར་མེད། སྟོང་རྟེན་འབྱུང་ལྷན་སྐྱེས་ཡེ་ཤེས་སོགས་ཐ་སྙད་ཅི་བཏགས་ཀྱང་། མཚན་ལྡན་གྱི་བླ་མ་དམ་པས་འོད་གསལ་རྫོགས་པ་ཆེན་པོ་གཅར་ཐོག་ཏུ་ངོ་སྤྲད་པ་འདི་ག་རང་ལ་འབབ་པར་འདུག་ཅེས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་ལྷན་ཅིག་སྐྱེས་སྦྱོར་གའུ་མར། ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་

p. 244

རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་དོན་གཅིག་ཏུ་འབབ། །ཅེས་གསུངས་པ་ལྟར། ཉམས་མྱོང་ཅན་གྱི་རྣལ་འབྱོར་པས་དཔྱད་ན་རྒྱ་བོད་གྲུབ་ཐོབ་ཐམས་ཅད་དགོངས་པ་གཅིག་ཏུ་འབབས་ཟེར་བ་ལྟར། ཐ་སྙད་ཅི་བཏགས་ཀྱང་མཛུབ་མོ་འཛུགས་ས་རིག་སྟོང་ཟུང་འཇུག་གི་དགོངས་པ་དེ་འདིག་རང་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་གཅིག་ལས་གཉིས་དང་གསུམ་སོགས་ཡོད་པར་མི་འཐད་པས། དེ་ཉིད་ལམ་གང་ནས་མཐོང་ཡང་མཐོང་དོན་ལ་མི་འདྲ་བའི་ཁྱད་པར་ཡོད་མི་རིགསཞེས་ཕྱག་རྫོགས་དབུ་གསུམ་དགོངས་པ་གཅིག་ཏུ་འབབ་པའི་དོན་ནོ། །གསུམ་པནི། ཕྱི་རོལ་གྱི་དོན་འདི་རྣམས་

p. 245

ཐ་སྙད་ཙམ་དུ་ཡང་སྣང་མི་རུང་བའི་རྒྱང་ཆད་གཏན་མེད་ཀྱི་ཚུལ་དུ་དགག་པ་མིན་པས། ཕྱི་དོན་ལ་མངོན་པར་ཞེན་པའི་དོན་སྨྲ་སྡེ་གཉིས་རྣམ་ཡུལ་སྣང་རྣམས་སྤངས་མི་དགོས་པར་རང་ས་ནས་རང་གྲོལ་དུ་སོང་བའི་གནས་ལུགས་རྫོགས་པ་ཆེན་པོ་འདི་ལ་དགྱེས་དགྱེས་མཛོད་ཅིག །དེ་བཞིན་དུ་སེམས་ཉིད་རང་བཞིན་བབ་ཀྱིས་སྟོང་པར་འདུག་པས་གསལ་རིག་བདེན་གྲུབ་ཀྱི་དངོས་པོ་ཞིག་མེད་ན་ཡང་མཁྱེན་པའི་ཡེ་ཤེས་ཀྱི་ཆ་མ་འགགས་པར་རང་ཤར་བ་འདི་འཐད་པས། ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རང་རིག་རང་གསལ་ལ་ཞེན་པའི་སེམས་ཙམ་པ་ཀུན་དགྱེས་དགྱེས་མཛོད་ཅིག །འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་ལ་ཐ་སྙད་ཙམ་དུ་ཡང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་གདོད་ནས་སྤྲོས་པ་དང་བྲལ་བར་བཞུགསན་ཡང་སྣང་ཚུལ་རྟེན་འབྲེལ་གྱི་

p. 246

འཆར་སྒོ་རྣམས་ཕན་ཚུན་མ་འདྲེས་པར་བཀྲ་བས་རང་རྒྱུད་ཤར་གསུམ་མཁན་པོ་སྟེ། ཡེ་ཤེས་སྙིང་པོ་མདོ་སྡེ་དཔྱོད་པ་དང་། ཞི་བ་འཚོ་དང་། ཀ་མ་ལ་ཤཱི་ལ་གཉིས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པས་དེ་དག་ཀུན་དགྱེས་དགྱེས་མཛོད་ཅིག །གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ཐ་སྙད་སྣང་ཚུལ་ཙམ་དུ་ཡོད་ཀྱང་བདེན་གྲུབ་ཀྱི་ཁས་ལེན་རྡུལ་ཙམ་ཡང་མེད་པས། ཆོས་ཐམས་ཅད་མེད་དགག་སྟོང་ཀྱང་དུ་སྨྲ་བའི་རང་སྟོང་ཕལ་པ་རྣམས་དགྱེས་དགྱེས་མཛོད་ཅིག །བྲལ་སྨིན་གྱི་ཡོན་ཏན་དྲུག་ཅུ་རྩ་བཞི་སོགས་མྱང་འདས་ཀྱི་ཡོན་ཏན་རྣམས་གསར་དུ་གནས་འགྱུར་གྱི་ཚུལ་དུ་ཐོབ་པ་ལྟར་སྣང་ཡང་དོན་ལ་བྲལ་ཐོབ་མེད་པར་རྡུལ་དང་སྐད་ཅིག་མའི་ཆོས་ལས་འངས་པའི་མཁའ་ཁྱབ་མཁའ་ཡི་རྡོ་རྗེ་དང་འདུ་བྲལ་མེད་པར་རང་བཞིན་ལྷན་གྲུབ་ཀྱི་ཚུལ་

p. 247

དུ་བཞུགས་པས། སྟོང་ཉིད་རྟག་པར་སྨྲ་བའི་གཞན་སྟོང་ཕལ་པ་ཀུན་དགྱེས་དགྱེས་མཛོད་ཅིག །གནས་སྐབས་ཆོས་ཅན་དང་ཆོས་ཉིད་གནས་སྣང་སོགས་ཀྱི་ངོས་ནས་བདེན་པ་གཉིས་སོ་སོར་ཕྱེས་ན་ཡང་ངོ་བོའི་དོན་ལ་མི་འགལ་བ་ཐ་དད་མེད་པར་མཉམ་ཉིད་དུ་བསྲུངས་ཀྱང་ཆོག་གིས་བདེན་གཉིས་དབྱེར་མེད་ཀྱི་དོན་ལ་མངོན་པར་ཞེན་པའི་ཟུང་འཇུག་རབ་ཏུ་མི་གནས་པ་སྨྲ་བའི་དབུ་མ་ཕལ་པ་ཀུན་དགྱེས་དགྱེས་མཛོད་ཅིག །གསལ་སྟོང་འཛིན་མེད་ཀྱི་གནས་ལུགས་དེ་རིག་སྟོང་ཟུང་འཇུག་འདི་ལ་ཟེར་བས། ས་སྐྱའི་ལམ་འབྲས་སློབ་བཤད་བརྒྱུད་འཛིན་རྣམས་དགྱེས་དགྱེས་མཛོད་ཅིག །སྤྲོས་པ་ཐམས་ཅད་དང་བྲལ་བའི་ཟབ་མོ་དབུ་མའི་ལྟ་བའི་ཕུ་ཐག་མཐར་ཐུག་པ་དེ་རྫོགས་ཆེན་གྱི་གསང་ལམ་འདི་ནས་ཆོད་པས་བཀའ་གདམས་གསར་མ་རྣམས་ཀྱིས་མ་དཔྱད་བྱར་མེད་དུ་

p. 248

བཞག་ན་ཧ་ཤང་གི་ལྟ་བར་འགྱུར་རོ་སྙམ་པའི་ངང་ཐུང་སྟེ་འཁུ་འཕྲིག་མ་བྱེད་ཅིག །ཅེས་དེ་ཡང་དབུ་ཕྱག་སོགས་ཐེག་པ་ཆེན་པོའི་ལམ་གང་ཡིན་ཡང་དངོས་གཞིའི་སྐབས་སུ་རྩོལ་མེད་རང་བབ་ཏུ་བཞག་པའི་སྒོ་ནས་བློ་འདས་ཡེ་ཤེས་མངོན་སུམ་དུ་མཐོང་བ་ལས། དཔྱད་རྟོག་གི་རང་དུས་ན་ཆོས་ཉིད་ནམ་ཡང་མཐོང་བ་མི་སྲིད་པས་བྱར་མེད་དང་སྤྲོས་བྲལ་ལ་རྣམ་པ་ཀུན་ཏུ་ཐན་དུ་བལྟ་ཆེ་ན་བལྟ་བ་པོ་རང་ཉིད་བློ་འདས་ཀྱི་ལམ་ལས་ཕྱིར་ཕྱོགས་པ་ཙམ་དུ་ཟད་དོ། །མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ་དེ་འདི་ལ་ཟེར་བས། རྟོགས་ལྡན་རྒན་པོ་རྣམས་ཀྱིས་དང་པོ་ཉིད་ནས་མ་བཅོས་པའི་ཡེ་ཤེས་ལ་རེ་བའི་ཨུ་ཚུགས་མི་མཛད་པར་ཡང་དག་པའི་གནས་ལུགས་ཐིག་པོ་ཞིག་མ་མཐོང་བར་དུ་ལུང་རིགས་དྲི་མ་མེད་པས་ཐེ་ཚོམ་ལྟ་བའི་གདར་ཤ་གཏིང་ནས་

p. 249

ཆོད་པར་མཛོད་ཅིག །ཡང་དག་པའི་རིགས་ལམ་དྲི་མ་མེད་པའི་ཐོས་བསམ་གྱི་དཔྱད་པ་དེ་འདི་ལ་མཛའ་བས་ཡང་དག་ལྟ་བའི་དོན་ལ་ངེས་པ་ཅུང་ཟད་ཙམ་ཡང་མ་སྐྱེས་པར་ཐད་ཀར་སོར་བཞག་གི་བླུན་བསྒོམ་ཐ་མལ་དུ་བྱེད་པའི་ཐོས་པ་ཉུང་བ་རྣམས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་མཚན་གཞི་ལུང་རྟོགས་རྣམ་པ་གཉིས་ལས། རྟོགས་པའི་སྔོན་དུ་འགྲོ་དགོས་པའི་ལུང་གི་བཤད་པ་འདི་ལ་མ་སྐྲག་གོ་ཞེས་གང་ཟག་དབང་རྣོན་གྱི་སྐལ་ལྡན་འགའ་ཞིག་མ་གཏོགས་ཐོས་བསམ་ལ་མ་བརྟེན་པར་དང་པོ་ཉིད་ནས་ལྷན་སྐྱེས་ཡེ་ཤེས་དེ་གཅིག་ཆར་དུ་མཐོང་བར་དཀའ་བས། དེས་ན་མང་ཐོས་ཡོན་ཏན་དང་ལྡན་པའི་བཤེས་གཉེན་དམ་པའི་མདུན་དུ་ཐོས་བསམ་ཕྱོགས་མེད་དུ་མཛད་ཅིང་ཐོས་དོན་སྙིང་པོར་རང་གི་རྒྱུད་ལ་སྦྱར་ཏེ། གྲུབ་མཐའི་ཁ་འཛིན་དང་ཐོས་པ་ཁ་ཁྱེར་གྱི་རླུང་

p. 250

གིས་ཀྱང་མ་བདས་ཤིང་། བླུན་བསྒོམ་མུན་པའི་རུམ་དུ་གཉིད་དུ་ཡང་མ་ཡུར་བ་ཐོས་བསམ་བསྒོམ་གསུམ་གཅིག་དྲིལ་གྱིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་རྩ་བར་སེམས་འདུལ་བ་འདི་ལ་འབད་པར་མཛོད་ཅིག །ཅེས་ཀུན་ལས་ཁྱད་འཕགས་ཀུན་དང་མི་འགལ་ཟེར་བའི་དཔེ་བཞིན་བསྟན་པ་ཐམས་ཅད་འགལ་མེད་ལམ་གྱི་གནད་གཅིག་ཏུ་རྟོགས་པའི་དོན་ཏོ། །བཞི་པ་ནི། དབུ་ཕྱག་རྫོགས་གསུམ་སོགས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་དགོངས་པའི་བབ་སོ་ཐམས་ཅད་དོན་དུ་གཅིག་པ་ཡིན་མོད། འོན་ཀྱང་གནས་ལུགས་ཟབ་མོའི་དོན་ལ་གོམས་པ་ཆུང་བ་རྣམས། རང་རང་གི་འདོད་གཞུང་ཙམ་པོ་བ་དེ་ལ་ཆགས་ཤིང་ཞེན་ཏེ་གནས་སྐབས་ལྟ་བ་རྟོགས་བྱེད་ཀྱི་ཐབས་གདུལ་བྱའི་བསམ་པ་དང་མཐུན་པར་ཡང་དག་པའི་གདམས་ངག་ཟབ་མོའི་གནད་གསང་མི་འདྲ་

p. 251

བ་སྟོན་པའི་བཀའ་སྲོལ་དུ་མ་ཞིག་ཡོད་པ་ཀུན། མཐར་རྟོགས་པའི་དངོས་གཞི་ཐོབ་ཚེ་དགོངས་པའི་ཆུ་བོ་ཐམས་ཅད་ཡེ་ཤེས་ཀྱི་ཀློང་དུ་འབབ་པར་མ་རྟོགས་པར་རྒྱལ་བས་བསྟན་པའི་མདོ་སྔགས་གྲུབ་མཐའི་རྣམ་བཞག་ཐམས་ཅད་སྤྱང་ཀུའི་གཟན་དུམ་ལྟར་ཁ་ཁ་སོ་སོའི་འགལ་འདུ་ཅན་དུ་བཟུང་བ་ཡིན་སྲིད་དེ། ཁོ་བོ་འཇམ་པའི་རྡོ་རྗེསནི་རྒྱལ་བ་ཀུན་ཏུ་བཟང་པོའི་བཀའ་བཞིན་ཡང་དག་པའི་ཤེས་རབ་ཀྱིས་མཐོང་བའི་དོན་ཚུལ་བཞིན་དུ་སྨྲས་པ་ཡིན་གྱི། ཁྱེད་ཅག་ལ་མི་གུས་པ་ཕྲ་མོ་ཙམ་ཡང་ཡོད་པ་མ་ལགས་ཀྱང་། རང་གི་ཞེ་འདོད་ཀྱི་གྲུབ་མཐའ་དང་མ་འགྲིགས་ནས་ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག་ཅེས་རང་གཞན་ཀུན་གྱི་ཕྱོགས་ཐམས་ཅད་ལ་གདམས་པ་སྟེ། དེ་ཡང་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་རང་ཉིད་གང་གི་བསྟན་ཞབས་སུ་སྐྱེས་པ་དེ་ཡི་རྗེས་བརྗོད་བྱེད་

p. 252

པ་ནི་ཡ་རབས་དམ་པའི་ལུགས་སྲོལ་ཡིན་པས་ཤིན་ཏུ་འོས་ཀྱང་། མཆོག་འཛིན་དང་ཕྱོགས་འཛིན་འདིན་ཐར་འདོད་རྣམས་ལ་གེགས་སུ་ཆེ་བས་རང་ཚུགས་མ་ཤོར་བར་གདམས་པའི་བཀའ་སྲོལ་ཀུན་གནད་དོན་གཅིག་ཏུ་འབབ་པར་ཤེས་ནས་ཆོས་མཛད་ཡོངས་ལ་དག་སྣང་འབྱང་བ་ཞིག་ཅི་ནས་གལ་ཆེ་ཞིང་། འོན་ཀྱང་གཞན་གྱི་གཡམ་རྒྱུགས་འབའ་ཞིག་གིས་རང་རང་གི་ལུགས་ཀྱི་ཆོས་དང་གྲུབ་མཐའ་དེ་དོར་ནནི་མཐར་གདམས་པའི་བཀའ་སྲོལ་ཀུན་ནུབ་པར་འགྱུར་བས་དེ་ལྟན་རྒྱལ་བའི་བསྟན་པ་རིན་པོ་ཆེའི་མཚན་གཞི་གང་ལ་འཇོག །དེསན་བསྟན་པའི་ཁུར་འཛིན་པའི་སྔོན་བྱོན་མཁས་གྲུབ་རྣམས་ཀྱིས་ཀྱང་རང་ལུགས་མཆོག་ཏུ་སྒྲུབ་ཅིང་གཞན་ལུགས་ཆེས་ཆེར་དགག་ཚུལ་མཛད་པ་ཡང་དགོས་པ་དེ་ཡི་དབང་གིས་བྱུང་བས་དགོངས་གནད་རྒྱུ་

p. 253

ཆེན་པོ་ཡོད་པ་ཤེས་པར་བྱའོ། །བཞི་པ་དེ་ལྟར་མཐོང་བས་བློ་བདེ་སྐྱེས་ཚུལ་ལ། རྟོགས་པ་ཟབ་མོ་རྒྱུད་ལ་སྐྱེ་བའི་རྐྱེན་གཞུང་ལུགས་རྣམ་དག་ལ་བསམ་སྟེ་བློ་བདེ་བ། རྟོགས་པ་རང་རང་གི་ངོ་བོ་ལ་བསམ་སྟེ་བློ་བདེ་བ། དྲིན་ཅན་རྩ་བརྒྱུད་བླ་མ་ལ་བསམ་སྟེ་བློ་བདེ་བ། མ་རྒན་འགྲོ་བའི་ཕན་བདེ་ལ་བསམ་སྟེ་བློ་བདེ་བ་དང་བཞི་ལས། དང་པོནི། ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་གསང་ཆེན་ཨ་ཏིའི་ཡོ་གའི་དགོངས་པ་ཟབ་མོ་འདི་མི་ཕམ་པ་ཁོ་བོས་རང་སྟོབས་ཀྱིས་ཇི་བཞིན་དུ་རྟོགས་པ་མིན་ཀྱང་། ཕ་མེས་རོང་ཀློང་རྣམ་གཉིས་དང་། པད་འབྱུང་དགའ་རབ་སོགས་ཀྱི་གཞུང་ལུགས་དྲི་མེད་ཀྱི་རྟ་ཕོ་བཟང་པོ་ལྟ་བུ་དེ། དད་བརྩོན་ཤེས་རབ་ཀྱིས་བཞོན་ཚུལ་ལ་མཁས་པས་ཏེ། རཏ་གླིང་མཛོད་ཁང་གཉིས་པ་ལས། ཕུ་ཐག་མྱོང་བས་མ་བཅདན། །རྟོག་དཔྱོད་ཚིག་གི་ཡོ་ལང་ལ། གླང་

p. 254

ཁུར་མང་པོ་བློར་ཆུད་ཀྱང་། །ཚིག་རྐྱང་ནམ་མཁའ་འདོམ་འཇལ་འདྲ། །གོ་བ་ཡིད་ཀྱི་རི་མོ་ཡིན། །རིག་པས་བརྟགས་ན་གང་ཡང་རུང་། །ཇི་སྲིད་འདུ་ཤེས་མ་ཟདན། །ཐ་སྙད་གོ་ཡུལ་ཟད་མི་འགྱུར། །ཚིག་གིས་ཇི་ལྟར་བརྟགས་དཔྱད་ཀྱང་། །ལུས་ཀྱི་དོན་ཡང་མི་རྟོགསན། །སེམས་ཀྱི་གནས་ལུགས་དེ་ལྟར་ཡིན། །ཞེས་གསུངས་པ་ལྟར། ཁ་ཕྱིར་བལྟས་ཀྱི་དཔྱད་པས་ཆོས་ཚུལ་ཀུན་ལ་མིང་འདོགས་ངོ་ཤེས་ཀྱང་། ནང་ཆོས་ཉིད་ཀྱི་དོན་གཅིག་ལ་སྡུག་པའི་ལམ་གྱི་གཡང་ས་ཐེ་ཚོམ་ཀུན་རྟོག་གི་འཕྲང་ལས་ཐར་ཏེ། དེ་ཡང་ཐལ་འགྱུར་ལས། གཅིག་ཤེས་པསནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །ཅེས་དང་། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཇི་ལྟར་རི་རྒྱལ་རྩེ་མོར་ཕྱིན་པ་ན། །དམའ་བའི་ལུང་རྣམས་དུས་གཅིག་

p. 255

མཐོང་བ་སྟེ། །ལུང་གི་རྩེ་མོའི་རང་བཞིན་མཐོང་དང་བྲལ། །དེ་བཞིན་ཨ་ཏི་རྡོ་རྗེ་སྙིང་པོ་ནི། །ཐེག་པའི་ཡང་རྩེ་དོན་ཀུན་གསལ་བར་མཐོང་། །འོག་མའི་ཐེག་པས་འདི་དོན་མཐོང་བ་མེད། །ཅེས་གསུངས་པ་ལྟར། འཁོར་འདས་གཉིས་ཀྱི་གསང་ལམ་སེམས་ཉིད་གཅིག་གི་དོན་ཤེས་པས་རི་རྒྱལ་རྩེ་ནས་རི་ཕྲན་མཐོང་བ་བཞིན་ཐེག་པ་བརྒྱད་ཀྱི་འགགས་གནད་ཀུན་རང་གྲོལ་བའི་ཨ་ཏི་རང་ལམ་གྱི་ལྟ་བསྒོམ་ཡངས་པའི་ཐང་ཆེན་ལ་སླེབས་སོ་གསུངས། གཉིས་པ་ནི། སེམས་ཉིད་ཀྱི་དོན་དེ་ཐག་རིང་པོར་གཞན་ཞིག་ནས་བཙལ་དགོས་པ་མི་འདུག་སྟེ་འཚལ་མཁན་རང་ཉིད་ལ་ཚུར་བལྟས་པས་དམིགས་གཏད་ངོས་བཟུང་དང་བྲལ་བ་འདི་ཀ་སེམས་ཉིད་ཀྱི་དོན་ཡིན་ལ། རྩལ་གང་ཤར་ལ་དགག་བསྒྲུབ་ཀྱི་མ་ཞེན་པས་རང་གིས་རང་མི་བསླུ་སྟེ། འཛིན་ཞེན་མེད་པར་རང་བབས་

p. 256

སུ་བཞག་པས་གཞན་གཅིག་གིས་གྲོལ་བཅུག་མ་དགོས་པར་ཁོ་རང་རང་སར་རང་གྲོལ་དུ་འདུག་སྟེ། ཐལ་འགྱུར་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིགནས་གཅིག་ཏུ་སོང་བ་མེད། །གང་གིས་བཅིང་གྲོལ་མེདཔའི་སེམས། །གཞི་གནསརྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །ཅེས་དང་། ཁྱུང་ཆེན་ལས། གང་གིས་མ་བསླད་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱི་རྒྱུར་སྣང་ཡང་། །མ་བཞག་མ་

p. 257

བཅོས་རྣལ་འབྱོར་རང་རིག་ལ། །ཡེ་ནས་རང་གྲོལ་སུས་ཀྱང་བཀྲོལ་བ་མེད། །མ་བཅོས་རང་སར་བཞག་པས་འབད་ཅི་དགོས། །ཞེས་དང་། མུ་ཏིག་ཕྲེང་བ་ལས། རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལའང་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱ་ཡི་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་རྣམས་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །ཞེས་གསུངས་པ་ལྟར་དང་། ཡུལ་གཟུགས་སྒྲ་སོགས་ཀྱི་སྣང་བ་ཅི་ཤར་ཡང་ཆེད་དུ་མི་འགོག་སྟེ་གང་ཤར་ཐམས་ཅད་མ་བཅོས་གཉུག་མ་གཞིའི་ཆོས་ལས་མ་འདས་པས། ཡོན་ཏན་རིན་པོ་ཆེའི་མཛོད་ལས། མེ་ལོང་ལྟ་བུར་དྭངས་བའི་ཤེས་པ་ལ། །སྣང་

p. 258

ཡུལ་མ་འགགས་གཟའ་སྐར་བཞིན་བཀྲ་ཡང་། །རྣམ་པའི་བློ་ཡིས་གོས་པར་མ་གྱུར་ན། །གཟུང་བའི་ཡུལ་དང་འཛིན་སེམས་འབྲེལ་ཆད་པས། །སོ་སོ་རང་རིག་རྣམ་པར་མི་རྟོག་པའི། །ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཕྱིན། །ཅེས་དང་། ཐལ་འགྱུར་ལས། དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །ཞེས་དང་། ཡི་གེ་མེད་པ་ལས། སེམས་འཛིན་ལྟ་བསྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང་། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུགན་རྩལ་གསུམ་རང་ལས་བྱུང་། །ཐད་ཀར་གྲོགས་སུ་ཤེས་ན་ཅོག་བཞག་གཅིག་གི་ངང་། །དེ་ཡང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་

p. 259

དངོས་པོ་དེ་ཉིད་དོ། །ཞེས་གསུངས་པ་ལྟར། རྟག་ཆད་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་རང་གནས་རང་ཤར་གྱི་ཆོས་སྐུའི་ཡོ་ལང་དུ་འདུག་པ་དེ། ཆེད་འཛིན་དང་དགག་སྒྲུབ་མེད་པར་བསྐྱང་ངོ་ཞེས་ཚོགས་དྲུག་རང་གྲོལ་དང་། དུག་ལྔ་རང་གྲོལ་སོགས་ཀྱི་གདམས་པ་ཟབ་མོ་ཡང་བསྟན་ཏོ། །གསུམ་པ་ནི། སྔར་རང་གནས་རིག་པ་ཡེ་ཤེས་དེ་ཅུང་ཟད་ཙམ་མ་མཐོང་ཡང་ཀ་དག་ལྷུན་གྲུབ་ཟུང་འཇུག་ཅེས་པའི་མིང་སྙན་པོ་ཙམ་ཞིག་གི་རྗེས་སུ་བསྙེགས་ཏེ་ཡིད་དཔྱོད་ཀྱི་རྩོལ་བས་གཟུང་འཛིན་འཁོར་བའི་རྣམ་རྟོག་ལས་སྐད་ཅིག་གིས་སྐྱོབ་པའི་རིག་པ་དྲིན་ཅན་དེ་མ་མཐོང་བར་ཡུན་རིང་དུ་སྟོར་བ་དེ་ད་ལྟ་རང་སེམས་ཐ་མལ་གྱི་ཤེས་པ་འདི་དང་འབྲལ་མེད་ལྷན་ཅིག་ཏུ་བཞུགས་པར་མངོན་སུམ་དུ་སྣང་བ་འདི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མའི་དྲིན་ལས་བྱུང་

p. 260

དྲི་མེད་ཀྱི་ནོར་བུའི་གཟུགས་ལ། །ཕྱི་དོན་བདེན་གྲུབ་ཀྱི་ས་ཡི་གོང་བུ། །འཛིན་པ་བདེན་བཟུང་གི་ལྕགས་གོང་ངར་མ།. །མཚན་ཉིད་ཚུགས་ཐུབ་ཀྱི་འོད་བཟང་མར་མེ། །མེད་དགག་སྟོང་རྐྱང་གི་འཇའ་ཡི་དུམ་བུ། །སྟོང་ཉིདབདེན་ཞེན་གྱིནམ་མཁའི་འོད་མདངས། །བདེན་གཉིས་མངོན་ཞེན་གྱི་ཤེལ་གོང་དྲི་མེད། །ཐ་སྙད་སྣ་ཚོགས་ཤིག་འདོགས་པར་བྱེད་ཀྱང་། །རིག་ཁམས་ནོར་བུ་དེ་སྟོར་ནས་འདུག་གོ། །ས་དགེ་ཀར་འབྲུག་གི་མཁས་གྲུབ་མང་པོས། །གསལ་སྟོང་འཛིན་མེད་ཀྱི་གནས་ལུགས་དྭངས་མ། །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་བྲལ། །མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །ཡོད་མིན་མེད་མིན་གྱི་ཁས་བླངས་བྲལ་སོགས། །སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོགས་ཀྱང་། །ལུང་རིགས་མན་ངག་དང་མྱོང་བའི་སྟོབས་ཀྱིས། །སེམས་

p. 261

འདས་ཡེ་ཤེས་ཤིག་ཡིན་ན་ལེགས་ཏེ། །མཛུབ་མོ་འཛུག་ས་དེ་ཅི་ཞིག་ཡིན་ཨང་། །ཕྱི་དོན་ཆུང་ཆད་དུ་དགག་པ་མིན་པས། །དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །རང་བཞིན་སྟོངན་ཡང་མཁྱེན་ཆ་འཐད་པས། །རྣམ་རིག་སྨྲ་བ་རྣམས་དགྱེས་དགྱེས་མཛོད་ཅིག །སྤྲོས་དང་བྲལན་ཡང་སྣང་ཚུལ་བཀྲ་བས། ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །ཡོད་ཀྱང་བདེན་གྲུབ་ཀྱི་ཁས་ལེན་མེད་པས། མེད་དགག་སྒྲུབ་རྣམས་དགྱེས་དགྱེས་མཛོད་ཅིག །རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས། །སྟོང་ཉིད་རྟག་སྒྱུ་ཀུན་དགྱེས་དགྱེས་མཛོད་ཅིག །བདེན་པ་གཉིས་མི་འགལ་བར་བསྐྱུངས་ཀྱང་ཆོག་གིས། །བདེན་གཉིས་མངོན་ཞེན་ཀུན་དགྱེས་དགྱེས་མཛོད་ཅིག །གསལ་སྟོང་འཛིན་མེད་དེ་འདི་ལ་ཟེར་བས། །སློབ་བཤད་བརྒྱུད་འཛིན་རྣམས་དགྱེས་

p. 262

སྟེ་མི་ཕམ་རྣམ་རྒྱལ་རྒྱ་མཚོའི་སྙིང་ལ་བསྒྱུར་བའི་ཚེ། ཨ་ལ་ལ་ཞེས་ཤིན་ཏུ་ངོ་མཚར་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་གནས་ལུགས་རྗེན་པར་སྟོན་པའི་ཚིག་རྣམས་གབ་སྦས་མེད་པར་གང་ཤར་ཐོལ་བྱུང་གི་ཚུལ་དུ་ལྷུག་པར་སྨྲས་སོ་གསུངས། གཉིས་པ་ནི། ཞེས་པ་རྩོལ་བྲལ་རང་བྱུང་གི་རིག་པ་མངོན་སུམ་ངོ་ཤེས་ཀྱི་ལྟ་བའི་ཉམས་གླུ་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་འདིའང་རིགས་ཐམས་ཅད་ཀྱི་ཁྱབ་བདག་འཇམ་པའི་དབྱངས་དངོས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས། རྒྱལ་བ་ཙོང་ཁ་པའི་བསྟན་པར་ཞུགས་སོ་ཅོག་གི་ནང་ན་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་མངོན་པར་མཐོ་བ་ལྕང་སྐྱ་རོལ་པའི་རྡོ་རྗེའི་དབུ་མའི་ལྟ་མགུར་གྱི་ཚིག་རིས་དང་ཅི་ནས་མཚུངས་པའི་རྙིང་མའི་ལྟ་མགུར་ཞིག་བྲིས་ཞེས་པའི་བཀའ་ལུང་སྤྱི་བོར་མཆོད་དེ་ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་

p. 263

རྩོལ་བྲལ་ཨ་ཏིའི་ལྟ་བ་མཆོག་ལ་ལྷག་པར་མོས་པའི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བས་མཁས་གྲུབ་བྱེ་བའི་བསྟི་གནས་རྫོང་གསར་བཀྲ་ཤིས་ལྷ་རྩེར་སྦྱར་བ་མངྒ་ལམ་སྟེ་བཀྲ་ཤིས་གསུངས། དེ་ཡན་ཆད་ཀྱིས་གཞུང་དོན་ཆ་ཚང་བར་ལེགས་པར་བཀྲལ་ཟིན་ཏོ། །སླར་སྨྲས་པ། ལྟ་ངན་སྙིགས་ལྔའི་མུན་པ་འཁྲིགས་པ་ན། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་རྒྱ་མཚོ་ལས། །གསང་ཆེན་བསྟན་པའི་ཉི་མ་གསར་ཐོན་པ། །དོན་གྱི་འཇམ་དབྱངས་མི་ཕམ་ཆོས་རྗེར་འདུད། །གང་གི་མཁྱེན་པའི་ལམ་དུ་མ་སོང་བའི། །ཀུན་མཁྱེན་མཛོད་དུ་ཅུང་ཟད་ཡོད་མིན་ནའང་། །ཐུགས་ཀྱི་ཡང་ཞུན་རིན་ཆེན་སྙིང་པོའི་ཁམས། །གཏན་གྱི་དབུལ་སེལ་ཟབ་གསང་ལྟ་བའི་མགུར། །ཀུན་བཟང་དགོངས་པའི་ཐུགས་བཅུད་ཨ་མྲྀ་ཏ། །རང་བཟོ་རྟོག་གེའི་རྙོགས་མས་མ་བསླད་པའི། །བརྒྱུད་ལྡན་

p. 264

རིག་འཛིན་ཞལ་རླངས་ཐོ་ལེ་བ། །དད་བསོད་གསེར་གྱི་ཡོལ་གོར་བསྐྱིལ་འདི་འོ། །མཚོན་བྱ་ཟབ་དོན་འོད་གསལ་གཉུག་མའི་གཤིས། །རིག་སྟོང་ཟུང་འཇུག་ལྷུན་མཉམ་ཁྱབ་བརྡལ་ཆེ། །གཟོད་ནས་བྲི་གང་བྲལ་བ་འཇམ་པའི་དབྱངས། །རང་ཞལ་མཇལ་རྣམས་ཡིད་ཆེས་ཁོང་ནས་རྙེད། །འདི་འདྲའི་ཚིག་ཟུར་ཙམ་ཡང་ཐོས་པ་ཡི། །སྐལ་ལྡན་དགའ་བའི་འཁྲི་ཤིང་གཡོ་བ་གང་། །སྟོང་གསུམ་གསེར་གྱིས་བརྡལ་ཡང་དེ་ལྟར་མིན། །དཔྱོད་བྲལ་དམུས་ལོང་ཕལ་ལ་ཅི་ཆ་ཡོད། །གང་ཞིག་ཆོས་ཚུལ་འདི་ལ་སྐད་ཅིག་ཙམ། །མོས་པ་དེ་ཡང་གྲངས་མེད་བསྐལ་པའི་བར། །ལེགས་བྱས་འབྲས་བུས་སྨིན་པའི་མཐུ་ཡིན་ན། །ཚུལ་བཞིན་སྤྱོད་པའི་བསོད་ནམས་ཇི་ལྟར་གཞལ། །དེས་ན་འདི་དོན་ཅུང་ཟད་བཀྲོལ་བ་ཡང་། །ཡང་དག་ཚད་མའི་རྒྱུད་

p. 265

ལུང་དང་བསྟུན་ཏེ། །མཚན་ལྡན་བླ་མས་རྗེས་སུ་བཟུང་བའི་དྲིན། །མི་གཙང་འདམ་རྫབ་ཁྲོད་ན་ནོར་བུ་བཞིན། །འོན་ཀྱང་ཤིན་ཏུ་བརླིང་བའི་རྡོ་རྗེའི་ཚིག །ཟབ་གསང་དགོངས་པའི་དོན་ལ་མ་འབྱོར་བའི། །ཉེས་འགལ་གང་མཆིས་རང་བློའི་སྐྱོན་དུ་ཟད། །བླ་མ་མཆོག་དང་རྩ་གསུམ་ལྷ་ལ་བཤགས། །ལེགས་བྱས་དགེ་བའི་སྟོན་ཟླ་གསར་པའི་གཟིས། །འགྲོ་བློའི་རྨོངས་པའི་ཚ་གདུང་གཏན་བཅིལ་ཏེ། །ཡང་དག་སྣང་བ་དམ་པས་ས་གསུམ་ཁྱབ། །གསང་ཆེན་བསྟན་པའི་ཀུ་མུད་རྒྱས་གྱུར་ཅིག །བདག་ཀྱང་ཟབ་ལམ་འདི་དང་མི་འབྲལ་ཞིང་། །རྙེད་བཀུར་ཆོས་བརྒྱད་ཞགས་པས་འཆིང་མིན་པར། །སྲས་བཅས་རྒྱལ་དགོངས་འགྲེལ་ལ་མཐུ་ཐོབ་ནས། །འགྲོ་རྣམས་གདོད་མའི་རྒྱལ་སར་དཀྲི་བྱེད་ཤོག །རབ་འབྱམས་ཞིང་གི་སེམས་དཔའ་ཐམས་ཅད་ཀྱིས། །བདེན་

p. 266

གསུང་མི་འགྱུར་སེང་གེའི་སྒྲ་ཆེན་པོས། །དུས་མཐའི་ལྟ་ངན་སྡེ་ཚོགས་འཇོམས་པ་དང་། །བཀྲ་ཤིས་རྟག་པ་དམ་པའི་འཆི་མེད་ལམ། །འོད་གསལ་ཉི་མས་རྨོངས་མུན་ཀུན་བསལ་ནས། །ཕན་བདེའི་སྣང་བ་འདོད་རྒུར་སྦྱིན་གྱུར་ཅིག །ཅེས་པའང་དྭགས་རྙིང་ཡོངས་ཀྱི་བསྟན་སྲོག་གཅིག་པུར་གྱུར་པ་༧སྐྱབས་རྗེ་རོལ་རྡོ་མཆོག་སྤྲུལ་རིན་པོ་ཆེའི་མདུན་ནས་བཀྲ་ཤིས་པའི་ལྷ་རེག་ཤེལ་བུམ་འབྲས་དཀར་གྱིས་བཀང་བའི་སྐྱེས་དང་བཅས་རྫོགས་ཆེན་ལྟ་མགུར་འདི་ལ་ཚིག་འགྲེལ་ཞིག་གྱིས་ཞེས་པའི་བཀའ་ལུང་གསེར་གྱི་ཅོད་པཎ་སྤྱི་བོར་སོན་པ་དང་། ༧དྲུང་ཆེན་རྡོ་རྗེ་འཆང་གི་ཡང་སྤྲུལ་རིན་པོ་ཆེ་དང་། སི་སྤྲུལ་ཨོ་རྒྱན་བསྟན་འཛིན་བཅས་ནས་ཀྱང་ཡང་ཡང་བཀའ་ནན་ཕེབས་པར་གུས་པས་དང་དུ་བླངས་ཏེ་སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆོས་རྗེ། རབ་འབྱམས་པ་ཡབ་སྲས་ཀྱི་གྲལ་མཐར་འཁོད་ཅིང་ཕྱིས་ཀྱི་

p. 267

དུས་རྒྱལ་བསྟན་གསལ་བའི་ཉིན་བྱེད་འགྲན་ཟླ་དང་བྲལ་བ། རིགས་བདག་མཚུངས་པ་མེད་པ་༧འཇམ་མགོན་རིན་པོ་ཆེ་རྣམ་གཉིས་དང་། མཁན་ཆེན་རྡོ་རྗེ་འཆང་མཚན་བརྗོད་པར་དཀའ་བ་མཁྱེན་བརྩེ་བློ་གྲོས་དང་། ཨོ་རྒྱན་བསྟན་འཕེལ་བཅས་ཀྱི་ཞབས་རྡུལ་སྤྱི་བོས་ལེན་པའི་སྐལ་བཟང་དུ་ཐོབ་པ་ཕྱོགས་མེད་རིས་མེད་ཀྱི་དོན་ལ་རྩེ་གཅིག་ཏུ་སྨོན་པའི་ཨཀཱ་ར་ཤི་ལའི་༼འགྱུར་མེད་ཚུལ་ཁྲིམས་༽མིང་གིས་ཟུར་མང་བདུད་རྩི་རིལ་གྱི་ཕོ་བྲང་མཁར་རྒན་བཀྲ་ཤིས་ལེགས་བཤད་འབྱུང་བའི་དགའ་ཚལ་དུ་ལེགས་པར་བགྱིས་པ་འདིས་ཀྱང་དཔལ་ལྡན་བླ་མའི་སྐུ་ཚེ་རབ་ཏུ་བརྟན་ཅིང་གསང་ཆེན་ཐེག་པའི་རིང་ལུགས་ཤིན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།

ངེས་དོན་དབུ་མའི་གྲུབ་མཐའ།

p. 268

༄༅། །ངེས་དོན་དབུ་མ་ཆེན་པོའི་གཏམ་གཙོ་བོར་བརྗོད་པའི་གྲུབ་མཐའི་སྒོ་འབྱེད་འཕྲུལ་གྱི་ལྡེ་མིག་ཅེས་བྱ་བ་བཞུགས་སོ།།

p. 269

༄༅། །མཐའ་བརྒྱད་སྤྲོས་པ་བྲལ་བའི་སྟོང་པ་ཆེ། །ཡང་དག་ཚད་མའི་ལམ་ནས་འདོམས་མཁས་པ། །འགྲོ་རྣམས་ཕན་བདེའི་ས་ལ་རབ་སྦྱོར་བའི། །དྲིན་ཆེན་དཔལ་ལྡན་བླ་མར་ཕྱག་བགྱི་འོ། །དེ་ལ་འདིར་གྲུབ་མཐའི་རྣམ་བཞག་མདོར་བསྡུས་ཙམ་བརྗོད་པ་ལས། སྤྱིར་གྲུབ་མཐའ་ཐམས་ཅད་རང་རང་གི་རིགས་པའི་

p. 270

ལམ་ནས་གྲུབ་དོན་མཐར་ཐུག་ཅིག་ལ་གྲུབ་མཐའི་འཇོག་མཚམས་བྱས་པ་ཐམས་ཅད་འདྲ་ལ། དེ་ལའང་ལུང་རིགས་ལྟར་སྣང་གི་སྒོ་ནས་མངོན་རློམ་དང་བཅས་ཏེ་བདག་དང་གཙོ་བོ་སོགས་ཆེས་ཆེར་སྒྲུབ་ཅིང་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་ལྟ་བ་ངན་པའི་མུ་ལ་ལམ་སྟེགས་སུ་

p. 271

གྲུབ་མཐའ་དང་ནང་པ་སངས་རྒྱས་པའི་གྲུབ་མཐའ་གཉིས་ཡོད། དང་པོ་ཕྱི་རོལ་མུ་སྟེགས་པ་ལ་ཡང་། ལྟ་ལོག་སུམ་བརྒྱ་དྲུག་ཅུ། ལྟ་ངན་དྲུག་ཅུ་རྩ་གཉིས། སྡེ་ཚན་བཅུ་གཅིག་སོགས་དབྱེ་སྒོ་མང་ཡང་བསྡུ་ན་ཏརྐ་ཞེས་རྟོག་གེ་སྟེ་ཚུར་མཐོང་འཁོར་བའི་དོན་ལ་དཔྱོད་པའི་རྟོག་གེ་སྡེ་ལྔའམ་ཏརྐ་སྡེ་ལྔའི་ཁོངས་སུ་འདུ་ལ། གང་ཞེ་

p. 272

ན། གྲངས་ཅན་པ། བྱེ་བྲག་པ། གཅེར་བུ་པ། དཔྱོད་པ་བ། རྒྱང་འཕེན་པ་དང་ལྔའོ། །དེ་ཡང་བསྡུ་ན་རྟག་ཆད་གཉིས་སུ་འདུ་སྟེ། སྔ་མ་བཞི་རྟག་པར་སྨྲ་བ་དང་། ཕྱི་མ་རྒྱང་ཕེན་པ་ཆད་པར་སྨྲ་བའོ། །དོན་ལ་ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་དེ་དག་གིས་བདེན་གཉིས་ཀྱི་རྣམ་བཞག་སོགས་ཅི་སྨྲས་ཀྱང་དངོས་

p. 273

འཛིན་ཞིག་ལ་བརྟེན་ནས་འཇོག་པ་ཡིན་པས་ཐར་པའི་ལམ་ཡང་དག་པ་མེད་དོ། །གཉིས་པ་ནང་པ་སངས་རྒྱས་པའི་གྲུབ་མཐའ་དེ་ལ། རྒྱུ་ལམ་དུ་བྱེད་པ་མཚན་ཉིད་ཐེག་པ་དང་། འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་དང་གཉིས་ལས། དང་པོ་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལའང་བཞི་སྟེ། ཐེག་དམན་བྱེ་མདོ་གཉིས་དང་། ཐེག་ཆེན་དབུ་སེམས་གཉིས་སོ། །ཐེག་དམན་བྱེ་མདོ་གཉིས་ལ་ཐུན་མིན་གྱི་འདོད་པ་བདུན་བདུན་ཡོད་ཀྱང་། ཐུན་མོང་ཙམ་དུ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །ཞེས་སོགས་གསུངས་པ་ལྟར། རྒྱུན་དང་རགས་པའི་ཆོས་ཐམས་ཅད་ཀུན་རྫོབ། རྡུལ་དང་སྐད་ཅིག་མའི་ཆོས་ཐམས་ཅད་དོན་དམ་དུ་འདོད། དེ་ཡང་གཟུགས་མཐའ་ཐམས་ཅད་རྡུལ་དང་། ཤེས་མཐའ་ཐམས་ཅད་སྐད་ཅིག་མས་བརྩམས་ཏེ་སྣོད་བཅུད་ཀྱི་དངོས་པོ་

p. 274

ཐམས་ཅད་ཆ་མེད་གཉིས་ཀྱིས་བསྐྱེད་པས། སྣང་བ་འདི་ཐམས་ཅད་གཞི་མེད་དུ་མི་འགྱུར་བ་ཆ་མེད་ཀྱི་རང་བཞིན་དུ་ཁས་བླངས་པས་ལྟ་བ་གང་ཟག་གི་བདག་མེད་པའི་སྟོང་ཉིད་རྟོགས་ཀྱང་། ཕྲ་བ་ཆ་མེད་གཉིས་དོན་དམ་བདེན་གྲུབ་ཏུ་འདོད་པར་སོང་བས་ཆོས་ཀྱི་བདག་མེད་མ་རྟོགས་ཤིང་ཕྱི་དོན་ཡོད་པར་སྨྲ་བས་དོན་སྨྲ་སྡེ་གཉིས་ཞེས་གྲགས་ལ། འདི་གཉིསཀྱིས་ཁམས་གསུམ་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་བདག་མེད་རྟོགས་པའི་ལམ་ནས་གཏན་དུ་བཅོམ་པས་འཁོར་བ་ལས་ཐར་པའི་མྱང་འདས་ཉི་ཚེ་བ་མངོན་དུ་བྱེད་པ་ཡོདན་ཡང་། འོན་ཀྱང་ཆོས་ཀྱི་བདག་མེད་མ་རྟོགས་པས་གྲོལ་བ་མཐར་ཐུག་པ་མེད་པའི་ཚུལ་རིན་ཆེན་ཕྲེང་བ་དང་། རྩོད་ཟློག །སྤྱོད་འཇུག་ཤེས་རབ་ལེའུའི་སྐབས་སུ་རྒྱས་པར་སྒྲུབ་པ་ལྟར་རོ། །ཐེག་ཆེན་དབུ་སེམས་

p. 275

གཉིས་ལས། སེམས་ཙམ་པ་རྣམས་ནི་མདོ་སྡེ་ས་བཅུ་པ་དང་། ལང་ཀར་གཤེགས་པ་ལ་སོགས་པའི་རྗེས་སུ་འབྲངས་ནས་གང་སྣང་བ་སྣ་ཚོགས་པ་ཐམས་ཅད་སེམས་ཀྱི་རོལ་པ་ཙམ་ལས་གཞན་ཕྱི་དོན་བེམ་པོའི་ཆོས་སུ་མ་གྲུབ་པར་འདོད་པས་སེམས་ཙམ་པ་ཟེར། དེ་ལའང་རྣམ་པ་ཐམས་ཅད་སེམས་ཙམ་དུ་བདེན་པར་འདོད་པའི་རྣམ་པ་བདེན་པ་དང་། རྣམ་པ་ཐམས་ཅད་ཕྱི་ནང་གང་དུའང་མ་གྲུབ་པར་རྫུན་པར་ཁས་ལེན་པའི་རྣམ་རྫུན་པ་དང་གཉིས་ཡོད། དེ་གཉིས་ཀས་ཐུན་མོང་ཙམ་དུ་ཤེས་བྱའི་ཆོས་ཐམས་ཅད་ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་གྱི་ཁོངས་སུ་བསྡུས་ནས་གཏན་ལ་དབབ་པ་ལ་མཐུན་ཏེ། དེ་ཡང་གཟུང་འཛིན་རྒྱང་ཆད་དུ་འཛིན་པ་ཀུན་བཏགས། ཤེས་པ་ཉིད་གཟུང་འཛིན་གཉིས་སུ་སྣང་ཙམ་པ་གཞན་དབང་། གཞན་དབང་ལ་ཀུན་བཏགས་ཀྱིས་

p. 276

སྟོང་པའི་ཆ་ལ་ཡོངས་གྲུབ་ཏུ་འདོད། ཀུན་བཏགས་ཀུན་རྫོབ་དང་། གཞན་དབང་གནས་སྣང་གཉིས་སུ་ཕྱེས་པས་སྣང་ཚུལ་དབང་བཙན་དུ་བྱས་ན་ཀུན་རྫོབ་དང་། གནས་ཚུལ་དབང་བཙན་དུ་བྱས་ན་དོན་དམ་དུ་བསྡུ་ལ། ཡོངས་གྲུབ་མཐའ་གཅིག་ཏུ་དོན་དམ་དུ་ཁས་བླངས་ནས་ཤེས་བྱ་ཐམས་ཅད་བདག་མེད་པར་འདོད་ཀྱང་། འཁོར་འདས་ཀྱི་སྣང་བ་སྣ་ཚོགས་པ་འདིའི་སྣང་གཞི་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་ཁས་བླངས་པས་དབུ་མ་པས་གཞལ་ན་ཆོས་བདག་ཕྲ་བ་མ་རྟོགས་པས་ཐམས་ཅད་མཁྱེན་པའི་ལམ་ཡང་དག་པར་མེད་གསུངསནས་དབུ་མའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་དགག་པར་མཛད་དོ། །དབུ་མ་པ་ལའང་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་ལས། རང་རྒྱུད་པ་ལའང་གོང་འོག་གཉིས་ཡོད་པ་ལས། རང་རྒྱུད་འོག་

p. 277

མའི་སློབ་དཔོན་དཔལ་སྦས་སོགས་ཀྱིས་ཆོས་ཐམས་ཅད་དོན་དམ་པར་སྟོང་པ་ཉིད་དང་། ཐ་སྙད་སྣང་ཙམ་དུ་ཁས་བླངས་ནས་སྣང་སྟོང་གཉིས་ཀྱང་གཞི་གཅིག་གི་སྟེང་ན་ངོ་བོ་ཐ་དད་པའི་ཚུལ་གྱིས་འབྲལ་མི་ཤེས་པར་འདོད། སྒྱུ་མ་རིགས་གྲུབ་པའི་སློབ་དཔོན་རྒྱ་མཚོའི་སྤྲིན་སོགས་ཀྱིས། བདེན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་གཏན་ལ་ཕབསནས་སྒྲམའི་ངོ་བོ་ལ་དེར་འཛིན་ཞིག་པར་མི་བྱ་བར་འདོད་པས། དོན་ལ་དེ་གཉིས་ཀས་དངོས་པོའི་གནས་ཚུལ་དང་མི་མཐུན་པའི་བདེན་གཉིས་ཐ་དད་དང་སྒྲ་འཛིནམ་ཞིག་པའི་རང་རྒྱུད་འོག་མ་ཞེས་བཞག་ལ། རང་རྒྱུད་གོང་མ་ལའང་གཉིས་ལས། མདོ་སྡེ་སྤྱོད་པའི་དབུ་མ་པའི་སློབ་དཔོན་ལེགས་ལྡན་འབྱེདནི། ཐ་སྙད་མདོ་སྡེ་པ་ལྟར་ཕྱི་དོན་གྱི་རྣམ་བཞག་མཛད་ཅིང་། དོན་དམ་དབུ་མ་པ་ལྟར་རྣམ་གྲངས་དང་

p. 278

རྣམ་གྲངས་མ་ཡིན་པའི་དོན་དམ་གཉིས་སུ་ཕྱེས་ནས་སྟོང་ཉིད་དུ་གཏན་ལ་ཕབས། རྣལ་འབྱོར་སྤྱོད་པའི་དབུ་མའི་སློབ་དཔོན་ཞི་བ་འཚོ་ནི་ཐ་སྙད་སེམས་ཙམ་པ་ལྟར་ཞལ་གྱིས་བཞེས་ཤིང་། དོན་ལམ་དབུ་མ་པ་ལྟར་ཆོས་ཐམས་ཅད་གནས་སྐབས་རྣམ་གྲངས་པའི་སྟོང་ཉིད་དུ་བསྟན་ནས་མཐར་ཐུག་རྣམ་གྲངས་མ་ཡིན་པའི་སྟོང་ཉིད་དུ་ལ་བཟླ་བར་མཛད། དེསན་དེ་གཉིས་ཀས་དང་པོ་ནས་རྣམ་གྲངས་པའི་དོན་དམ་རྩལ་དུ་བཏོན་ནས། བདེན་གཉིས་སོ་སོར་ཕྱེས་ཏེ་དོན་དམ་པར་ཆོས་ཐམས་ཅད་མེད། ཐ་སྙད་དུ་ཡོད་ཅེས་ཁས་བླངས་པས་རྗེས་ཐོབ་རྒྱུ་ཡི་དབུ་མའམ། ཤན་འབྱེད་ལམ་གྱི་དབུ་མ་ཞེས་གྲགས། ཐལ་འགྱུར་པའི་སློབ་དཔོན་ཟླ་བ་གྲགས་པ་དང་ཞི་བ་ལྷ་ལ་སོགས་པ་ནི། དང་པོ་ཉིད་ནས་བདེན་གཉིས་མ་ཕྱེས་པར་ཆོས་ཐམས་ཅད་ཡོད་མེད་ཡིན་

p. 279

མིན་ལ་སོགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་རྣམ་གྲངས་མིན་པའི་སྟོང་ཉིད་དུ་གཏན་ལ་ཕབས་ནས། ཁས་ལེན་གང་ཡང་མེད་པར་བཞེད་པས་ཐལ་འགྱུར་པ་ཁས་ལེན་མེད་ཅེས་གྲགས། འདི་རང་སྟོང་པ་རྣམས་ཀྱི་ལྟ་བ་མཐར་ཐུག་ཡིན། དེང་སང་འདིའི་གཞུང་ལུགས་རྣམས་ལས་ཁས་ལེན་མེད་པ་སོགས་བྱུང་བའི་ཚིག་ཙམ་ལ་སྐྱབས་སུ་བཟུང་ནས་སྤྲོས་པ་བྲལ་ཙམ་གྱི་སྟོང་རྐྱང་ཧད་པོ་ཞིག་ལ་བློ་རྩེ་གཅིག་ཏུ་གཏདནས་ལམ་དང་འབྲས་བུའི་རྣམ་བཞག་ཚོ་དང་། བདེ་གཤེགས་སྙིང་པོ་ཡང་མི་འདོད་ཟེར། འདི་པས་གང་སྨྲས་ཀྱང་སྤྲོས་བྲལ་སྤྲོས་བྲལ་ཟེར་ནས་གཞན་སྟོང་དབུ་མའི་གྲུབ་མཐའ་ལ་ཐན་དུ་རྩི་ཡང་། ལེགས་པར་མ་བརྟགསན་མུ་སྟེགས་གཅེར་བུ་པའི་ལྟ་བ་དང་མགོ་མཉམ་པའི་ཆད་པར་ལྟ་བའི་ཕྱོགས་སུ་ཉེ་འོ་ཞེས་གཞན་སྟོང་དབུ་མའི་སློབ་དཔོན་

p. 280

ཆེན་པོ་རྣམས་ཀྱིས་མགྲིན་གཅིག་ཏུ་གསུངས་པས། རང་སྟོང་པ་རྣམས་ཀྱིས་བློ་གྲོས་གཟུ་བོར་གནས་ཏེ་རང་གིས་འདོད་པའི་ལྟ་བ་དེ་ལ་ལུང་རིགས་ཡང་དག་གི་སྒོ་ནས་སླར་ཡང་ལེགས་པར་དཔྱད་འཚལ། སྤྱིར་དངོས་དང་དངོས་མེད་གང་དུ་ཞེན་ཡང་མཐར་འཛིན་ལས་མ་འདས་མོད། འོན་ཀྱང་བློས་བྱས་ཡིད་དཔྱོད་ཀྱིས་མཐའ་ཐམས་ཅད་བཀག་པའི་མཐའ་དང་བྲལ་ཙམ་གྱི་སྟོང་ཆ་རྐྱང་པ་ཞིག་ཀྱི་གནས་ལུགས་མཐར་ཐུག་ཡིན་པ་མི་འདྲ་སྟེ། ཀུན་མཁྱེན་ཆོས་རྗེས། ཚིག་ཏུ་ཡོད་མེད་མཐའ་བྲལ་ཞེས་སྨྲ་ཡང་། །བྲལ་གཞི་མི་ཤེས་སྲིད་རྩེའི་ལྟ་བ་ཅན། །བསྟན་པ་འདི་ལས་ཕྱི་རོལ་གྱུར་པའི་ཕྱིར། །ནམ་མཁའི་ཡིད་ཅན་ཐལ་བས་བྱུག་པར་རུང་། །ཞེས་གསུངས་པ་བཞིན་ནོ། །གཞན་སྟོང་པའི་སློབ་དཔོན་ཆེན་པོ་གྲུབ་ཆེན་ཡུ་མོ་པ། ཀུན་མཁྱེན་

p. 281

དོལ་པོ་སངས་རྒྱས། རྗེ་བཙུན་ཏཱ་ར་ན་ཐ། ཀུན་མཁྱེན་རང་བྱུང་རྡོ་རྗེ། ཀཿཐོག་མ་ཧཱ་པཎྜི་ཏ་དགེ་བརྩེ་འགྱུར་མེད་ཚེ་དབང་མཆོག་གྲུབ། འགྱུར་མེད་བསྟན་པ་རྣམ་རྒྱལ། ཞེ་ཆེན་མ་ཧཱ་པཎྜི་ཏ། དབོན་སྤྲུལ་མཐུ་སྟོབས་རྣམ་རྒྱལ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར། ཁྱད་པར་སྨིན་གླིང་གཏེར་བདག་ཡབ་སྲས། ཆོས་རྗེ་ཀློང་ཆེན་པ་སོགས་ནི། འཁོར་ལོ་བར་པའི་སྦས་དོན་དུ་སོང་བ་དངོས་གཞི་འོད་གསལ་གྱི་ཆ་རྣམས། ཁམས་བསྟན་པའི་མདོ་དང་། མྱ་ངན་ལས་འདས་པའི་མདོ་དང་། ལྷ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་སོགས་འཁོར་ལོ་མཐའ་མས་དངོས་བསྟན་དུ་བཀྲལ་བའི་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་བདེ་བར་གཤེགས་པའི་སྙིང་པོ། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ལྡན་དུ་བཞུགས་པ་སྟོང་གསུམ་དར་ཡུག་ཆེན་པོའི་དཔེ་སོགས་ཀྱིས་བསྟན་པ་དང་

p. 282

མཐུན་པར་རྗེ་བཙུན་བྱམས་པ་མགོན་པོས་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་ཇི་ལྟར་གསུངས་པ་རྣམས་དང་། ཁྱད་པར་དུ་དཔལ་ལྡན་དུས་ཀྱི་འཁོར་ལོ་སོགས་སྔགས་རྒྱུད་རྣམས་ནས་གསལ་བར་བསྟན་པ་ལྟར། སེམས་ཅན་ཐམས་ཅད་གདོད་ནས་ཡེ་སངས་རྒྱས་པའི་རང་བཞིན་ཅན། དེ་ཡང་ཆོས་ཉིད་ཀྱི་གཤིས་ལ་དྲི་མས་ཡེ་ནས་གོས་མ་མྱོང་བས་འཁོར་བ་ཞེས་པ་དོན་ལ་མིང་ཙམ་ཡང་མ་གྲུབ་ཅིང་། མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་རྟག་བརྟན་འཕོ་འགྱུར་དང་བྲལ་བར་གདོད་ནས་སེམས་ཀྱི་ཆོས་ཉིད་དུ་རང་ཆས་སུ་བཞུགས་པས་ན། བྱམས་མགོན་གྱིས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །ཆོས་ཉིད་དེ་ཡང་བློ་སྤྲོས་བཅས་ཀྱིས་གསར་དུ་མ་སྟོང་པ་དང་། གསལ་བ་ལྟ་བུ་བྱས་པ་མ་

p. 283

ཡིན་པར་རང་བཞིན་གཤིས་ཀྱིས་མེ་དང་ཚ་བ་གཉིས་འདུ་འབྲལ་མེད་པ་བཞིན་གསལ་སྟོང་དབྱེར་མི་ཕྱེད་པ་འདུས་མ་བྱས་པའི་བདག་ཉིད་ཅན་ཏེ། རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟ་བུའི་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་དེ་རང་གི་ངོ་བོ་ཡོད་དམ་མེད་ཅེས་བརྗོད་ན། ཅི་ཡང་མེད་པའི་སྟོང་པ་ཕྱོགས་ཆོད་པ་ནམ་མཁའ་དང་མོ་ཤམ་གྱི་བུ་ལྟ་བུ་ཡང་མ་ཡིན་ལ། མི་སྟོང་བའི་རྟག་པ་བདེན་གྲུབ་མུ་སྟེགས་པའི་བདག་ལྟ་བུ་ཡང་མ་ཡིན་ཏེ། མདོ་ལས། སེམས་ལ་སེམས་མ་མཆིས་ཏེ། སེམས་ཀྱི་རང་བཞིནནི་འོད་གསལ་བའོ། །ཞེས་གསུངས་པ་ལྟར་ཡོད་མེད་རྟག་ཆད་སོགས་

p. 284

ཀྱི་མཐའ་ཐམས་ཅད་དང་བྲལ་བ་དབྱིངས་ཡེ་དབྱེར་མི་ཕྱེད་པའི་ངོ་བོ་སྟོང་ལ་རང་བཞིན་གསལ་བའི་བདག་ཉིད་ཅན་དུ་བཞུགས་ཏེ། སྟོང་པའི་རང་བཞིན་རང་འོད་གསལ། །ཞེས་གསུངས་པ་ལྟར་ཡིན་ལ། དེ་ལྟ་བུའི་ཆོས་ཉིད་དེའི་ངང་ནས་མཉམ་པར་བཞག་ཚུལ་ཡང་། བྱམས་མགོན་གྱིས། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། བསལ་བཞག་དགག་སྒྲུབ་ཐམས་ཅད་དང་བྲལ་བར་འཛིན་མེད་ཡང་དག་པའི་མཐའ་ལ་བློས་བྱས་དྲི་མས་མ་གོས་པར་མཉམ་པར་འཇོག་དགོས་པ་ནི། ཟབ་མོ་སྔགས་ཀྱི་ཐེག་པ་དང་མཐུན་པར་ཤེར་ཕྱིན་དང་རྒྱུད་བླ་མ་སོགས་ཕར་ཕྱིན་ཐེག་པ་ལས་ཀྱང་མཚོན་ཙམ་འབྱུང་བ་ཡིན་པས། དེ་

p. 285

ལྟ་བུའི་ཆོས་ཉིད་མཉམ་པ་ཉིད་ཀྱི་དགོངས་དོན་ཟབ་མོ་ལ་བློ་གྲོས་མ་རེག་པ་དེ་སྲིད་དུ་དཔལ་ལྡན་བླ་མའི་ཞབས་པད་མཉེས་པ་གསུམ་གྱིས་བསྟེན་ནས་ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བ་སོགས། ཀུན་རྫོབ་ལམ་གྱི་གནད་གསང་ལ་རང་ཉམས་དང་བསྟན་ནས་ཆོས་ཉིད་དོན་གྱི་དགོངས་པ་ལ་དབང་འབྱོར་བར་ཅི་ནས་གལ་ཆེ་སྟེ། མདོ་ལས་ཀྱང་རིགས་ཁམས་ནོར་བུ་སྦྱོང་བའི་དཔེ་དང་། བྱིས་པ་ཁ་ཟས་འཇམ་རྩུབ་སོགས་ཀྱི་དཔེས་ལམ་ལ་སློབ་ཚུལ་རྒྱས་པར་གསུངས་པ་ལྟར་རོ། །དེས་ན་ཀུན་མཁྱེན་དོལ་པོས་རི་ཆོས་ངེས་དོན་རྒྱ་མཚོར། མཉམ་བཞག་ལ་བཟླ་བའི་ཚེ་ན་འཁོར་ལོ་བར་པ་ལྟར་ཆོས་ཐམས་ཅད་སྤོས་པ་ཀུན་བྲལ་དུ་སྒོམ་ཞིང་། རྗེས་ཐོབ་ཤན་འབྱེད་པའི་ཚེ་ན་འཁོར་ལོ་ཐ་མའི་དགོངས་དོན་ལྟར་རྟག་བརྟན་གཡུང་དྲུང་གི་ཚུལ་དུ་གདུལ་བྱ་གཞན་ལ་ངོ་སྤྲོད་

p. 286

ཅེས་གསུངས་པ་ལྟར་ཤིན་ཏུ་ཟབ་པར་གྲུབ་སྟེ། སྤྱིར་བཀའ་དང་བསྟན་བཅོས་ཀུན་ལས་བདེན་གཉིས་འཇོག་ཚུལ་རྣམ་པ་གཉིས་སུ་གསུངས་པ་ལས་གནས་ཚུལ་དོན་དམ་ལ་དཔྱོད་པའི་ཚད་མའི་དབང་བཙན་དུ་བྱས་པའི་སྣང་སྟོང་གི་བདེན་གཉིས་འཇོག་ཚུལ་ལྟར་ན། གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་གི་ངོ་བོ་བདེན་པར་གྲུབ་པ་རྡུལ་ཙམ་མ་མཆིས་ཤིང་སྣང་ཡང་བདེན་པར་མེད་པའི་སྟོང་ཉིད་དུ་གཞན་སྟོང་པའི་མཁས་གྲུབ་ཆེན་པོ་ཐམས་ཅད་ཀྱིས་བཞེད་ལ། སྣང་ཚུལ་ལ་དཔྱོད་པ་ཀུན་ཏུ་ཐ་སྙད་པའི་ཚད་མའི་དབང་བཙན་དུ་བྱས་པའི་གནས་སྣང་གི་བདེན་གཉིས་ལྟར་ན། དོན་དམ་པར་རང་གི་ངོ་བོ་མི་སྟོང་པར་རྟག་པ་བདེན་གྲུབ་ཏུ་ཡང་གྲུབ་སྟེ། འཁྲུལ་ཆོས་འཁོར་བ་དང་མ་འཁྲུལ་མྱང་འདས་གཉིས་ལ། རྟག་དང་མི་

p. 287

རྟག །བདེན་དང་མི་བདེན། བསྡུ་དང་མི་བསྡུ་དོན་ལ་གྲུབ་པའི་རང་གི་ངོ་བོ་མི་སྟོང་པ་དང་། དོན་ལ་མ་གྲུབ་པས་རང་གི་ངོ་བོ་སྟོང་སོགས་ཀྱི་ཁྱད་མེདན་ཐ་སྙད་རྗེས་ཐོབ་ཤན་འབྱེད་ཀྱི་ངོར་ཡང་འཁོར་འདས་མགོ་མཉམ་དུ་གྱུར་པས། ལམ་དང་ལམ་མིན་དང་། བླང་དོར་འཇུག་ལྡོག་གི་གནས་ལ་ཐམས་ཅད་རྨོངས་ནས་འཁྲུལ་བ་ཤ་སྟག་ཏུ་འཕྱན་པར་འགྱུར་གྱི། ཡང་དག་པའི་ཤེས་རབ་ཀྱི་མིག་ཐོབ་པ་ནམ་ཡང་མི་སྲིད་དོ། །དེསན་མྱ་ངན་ལས་འདས་པའི་མདོ་ལས་ཀྱང་། གང་ཞིག་དེ་བཞིན་གཤེགས་པ་ནི་རྟག་པའོ། །མི་འགྱུར་མི་འཕོ་བར་སྨྲ་བ་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་གསུངས་པ་དང་། བློ་གྲོས་མི་ཟད་པའི་མདོ་ལས། གང་ཡེ་ཤེསནི་རྟག་ལ། རྣམ་ཤེསནི་མི་རྟག་གོ། །ཞེས་དང་། སློབ་དཔོན་གྱིས། མྱ་ངན་འདས་པ་བདེན་གཅིག་པུ། །ཞེས་སོགས་ལུང་

p. 288

མཐའ་ཡས་པ་དང་། གང་རྟག་པ་ལ་རྟག་པར་ཤེས་པའི་སྒོ་ནས་བདེ་གཤེགས་སྙིང་པོར་རྟག་པར་སྨྲས་པའི་ཕན་ཡོན་ཡང་། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་ཏིང་འཛིན་ཞེས་པའི་མདོ་ལས། འཇམ་དཔལ་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལས་ལྷའི་བསྐལ་པ་བྱེ་བར་ཕྱོགས་་བཅུའི་འཇིག་རྟེན་གྱི་ཁམས་རེ་རེར་འཁོར་བཞི་ལ་ཇི་འདོད་པའི་སྦྱིན་པ་བྱིན་པ་བས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་གཞན་གྱིས་མཐུན་པར་བྱ་བའི་དོན་དུ་གསོལ་བ། དེ་བཞིན་གཤེགས་པ་ནི་གཡུང་དྲུང་ངོ་། །ཞེས་ཚིག་ཏུ་སྨན་ཡང་དེ་དེ་བས་ཆེས་བསོད་ནམས་གྲངས་མེད་པ་བསྐྱེད་དོ་ཞེས་དང་། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། འོད་སྲུང་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དག་ནི་རྟག་ཏུ་རྩེ་གཅིག་པའི་སེམས་ཀྱིས་སངས་རྒྱས་རྟག་པར་གནས་པའོ། །

p. 289

ཞེས་བྱ་བའི་ཚིག་འདི་གཉིས་ལ་ནན་ཏན་དུ་བྱའོ། །ཞེས་དང་། གང་གིས་བསམ་མི་ཁྱབ་པ་དེ་ལ་རྟག་པའི་འདུ་ཤེས་ཀྱིས་ནན་ཏན་བྱེད་ན་དེའི་སྐྱབས་སུ་འགྲོ་བའི་གནས་ཡིན་ནོ། །ཞེས་སོགས་དང་། དེ་བཞིན་གཤེགས་པའི་སྐུ་ལ་མི་རྟག་པར་བལྟ་བ་ལ་སྐྱབས་འགྲོ་ཙམ་ཡང་མེད་པ་དང་། རྡོ་རྗེའི་སྐུ་ལ་མི་རྟག་པར་བལྟ་ན་ཉེས་པ་ཚད་མེད་པར་འབྱུང་བར་མདོ་ལས་གསུངས་པ་ལྟར་ཤེས་པར་བྱས་ནས་ཡང་དག་པའི་ཟབ་མོའི་གཏམ་སྨྲ་བ་ལ་གུས་པ་བྱ་ཡི་ནམ་དུ་ཡང་ལྡང་བར་མི་རིགས་སོ། །དེ་ཡང་བདེན་པ་ལ་བདེན་པར་ཤེས་པ་འཕགས་པའི་ལམ་མི་བསླ་བར་ཤེས་པ་དང་། མི་བདེན་པ་ལ་མི་བདེན་པར་ཤེས་པ་མུ་སྟེགས་པས་བདག་སྒོམ་པས་གྲོལ་བར་སྨྲ་བ་ལྟ་བུ་ལོག་པར་ཤེས་པ་དང་། མི་རྟག་པ་ལ་མི་རྟག་པར་ཤེས་པ་འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐད་ཅིག་མར་ཤེས་

p. 290

པ་དང་། རྟག་པ་ལ་རྟག་པར་ཤེས་པ་བདེ་གཤེགས་སྙིང་པོ་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་མི་འགྱུར་བར་ཤེས་པ་དང་། མེད་པ་ལ་མེད་པར་ཤེས་པ་གཟུང་འཛིན་དུ་སྣང་བ་རང་བཞིན་མ་གྲུབ་པར་ཤེས་པ་དང་། ཡོད་པ་ལ་ཡོད་པར་ཤེས་པ་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་བདེ་གཤེགས་སྙིང་པོ་ལྷུན་གྲུབ་ཀྱི་ཡོན་ཏན་བཅས་རང་བཞིན་མ་གྲུབ་པར་གནས་པར་ཤེས་པ་ལ་སོགས་པ་ལྟ་བུནི། ཐ་སྙད་ཤན་འབྱེད་ཀྱི་སྐབས་སུ་དངོས་པོའི་ཡིན་ལུགས་ལ་ཕྱིན་ཅི་མ་ལོག་པའི་ཤེས་རབ་ཀྱི་འཛིན་སྟངས་ཡིན་པས་དེ་ལྟར་ཤེས་ཤིང་བཞུགས་པ་ལས། ཡོན་ཏན་རྒྱ་ཆེན་པོ་ཐོབ་པ་ནི་འཐད་པ་དང་བཅས་ཏེ་གཏི་མུག་མེད་པའི་དགེ་རྩ་ཡིན་པའི་ཕྱིར་རོ། །དེ་ལྟ་བུའི་ཆོས་ཉིད་རྟག་བརྟན་གཡུང་དྲུང་ཆེན་པོ་དེ་གདོད་ནས་སེམས་ཅན་རྣམས་ཀྱི་མགོན་དུ་སེམས་ཀྱི་

p. 291

ཆོས་ཉིད་ཀྱི་ཚུལ་དུ་བཞུགས་པ་ལ། དེ་ཡང་གཙང་བདེ་བདག་རྟག་གི་རང་བཞིན་ཅན་ཡིན་པར། མྱ་ངན་ལས་འདས་པའི་མདོ་ལས། དགེ་སློང་ཁྱེད་ཀྱང་མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཡོངས་སུ་མ་དག་པའི་འདུ་ཤེས་ལ་ནན་ཏན་དུ་བྱེད་པ་ནི། ཇི་ལྟར་མི་མང་པོ་དག་སོ་སོནས་གྱོ་མོ་དང་། རྡོ་བ་དང་། རྩ་དང་། ཤིང་དང་། གསེག་མ་དག་སྤུངསནསནོར་བུ་རིན་པོ་ཆེ་རྙེད་དོ་སྙམ་དུ་སེམས་པ་དང་འདྲའོ། །ཁྱེད་རྣམས་ཀྱང་ཐབས་ཤིན་ཏུ་མཁས་པར་གང་ནས་གང་དུ་གནས་ཀྱང་། བདག་ཏུ་འདུ་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། ཡོངས་སུ་དག་པ་ཐབས་དང་ལྡན་པ་དེས་ནོར་བུ་རིན་པོ་ཆེ་བྱུང་བ་དང་འདྲ་བར། བདག་ཏུ་འདུ་ཤེས་པ་དང་། རྟག་པ་དང་། བདེ་བ་དང་། ཡོངས་སུ་དག་པར་འདུ་ཤེས་པ་དག་ནན་ཏན་དུ་བྱའོ། །ཞེས་དང་། བྱིས་

p. 292

པ་མ་རབས་ཀྱི་བདག་ཏུ་འཛིན་པའི་མཐེ་བོང་ཙམ་ཞེའོ། །ཕྲ་མོ་ཙམ་འཛིན་ཏོ། །དེ་བཞིན་གཤེགས་པས་བདག་ཅེས་བརྗོད་པའི་དེ་ལྟ་བུ་མ་ཡིན་པས་ཆོས་ཐམས་ཅད་ལ་བདག་མེད་དོ་ཞེས་གསུངས་ཀྱང་། ཡང་དག་པ་ན་བདག་མེད་པ་མ་ཡིན་ཏེ། བདག་ཅེས་བྱ་བནི་ཆོས་གང་བདེན་པ། ཡང་དག་པར་རྟག་པར་གནས་པ། བདག་པོར་གྱུར་པ། མི་འགྱུར། མི་འཕོ་བ་སྨྲ་བ་ནི་བདག་ཅེས་བྱ་སྟེ། ཞེས་དང་། ཇི་ཙམ་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་རྟག་གོ་ཞེས་སྨྲ་བ་དེ་དགནི་བདག་ཅེས་བྱ་སྟེ་ཞེས་དང་། ཇི་ཙམ་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་རྟག་གོ་ཞེས་སྨྲ་བ་དེནི་བདག་ཀྱང་བསླུས་ལ་ཕ་རོལ་པོ་གཞན་ཡང་བསླུས་པ་ཡིན་ཏེ། རལ་གྲི་རྣོན་པོས་ལྕེ་བཅད་ཀྱང་བསླ་ཡི། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་མི་རྟག་གོ་ཞེས་མི་

p. 293

སྨྲའོ། །གཞན་དེ་སྐད་དུ་སྨྲ་བ་ལ་ཡིད་མི་ཆེས་ཏེ། དེ་སྐད་དུ་སྨྲ་བ་དེ་ལ་སྙིང་རྗེའི་སེམས་བསྐྱེད་དོ། །སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བསམ་གྱིས་མི་ཁྱབ་པར་བཟུང་སྟེ་ཞེས་གསུངས་པ་སྟེ། རྒྱུད་བླ་མར་ཡང་། གཙང་བདག་བདེ་དང་རྟག་ཉིད་ཀྱི། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང་། འཇམ་དཔལ་མཚན་བརྗོད་ལས། ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཞེས་སོགས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྐབས་སུ་མཐུན་པར་གཞན་སྟོང་དབུ་མ་ཆེན་པོ་ནི་ཚིག་རིས་སུ་དུ་མ་འབྱུང་བ་དང་། དེ་ཡང་ངེས་དོན་གྱི་མདོ་དང་རྒྱུད་རྣམས་སུ་འབྱུང་བསན་ཐེག་པ་ཆེན་པོའི་ཆོས་སྐད་ཐུན་མོང་མ་ཡིན་པ་དང་། མཐར་ཐུག་གི་ཁྱད་པར་ཅན་ཡིན་པ་ཤེས་པར་བྱས་ནས་དོན་གྱི་གནད་གསང་ལ་མཁས་པར་བྱ་ཡི། ཚིག་གི་འཐེན་

p. 294

ཁྱེར་གྱི་རྩོད་པས་གར་ཡང་མི་ཕྱིན་པ་ན་ཆོས་དང་གང་ཟག་གང་ལའང་ལོག་པར་མི་བལྟ་བར་དག་སྣང་ཕྱོགས་མེད་དུ་སྦྱོང་བའི་སྒོ་ནས། མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་སྔ་འགྱུར་རང་ལུགས་དྲི་མ་མེད་པའི་དགོངས་དོན་ཟབ་མོ་ངེས་དོན་དབུ་མ་ཆེན་པོའི་ལམ་སྲོལ་འདི་ལ་བློ་མིག་འབྱངས་བ་ཤིན་ཏུ་གལ་ཆེའོ། །དེ་ཡང་རྒྱ་བོད་གྲུབ་ཐོབ་ཐམས་ཅད་དགོངས་པ་གཅིག་ཟེར་བ་ལྟར། སྤྱིར་བསྟན་པའི་སྒོར་ཞུགས་ཐམས་ཅད། སྐྱབས་གནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། ལྟ་སྤྱོད་བཀའ་རྟགས་ཀྱི་ཕྱག་རྒྱ་བརྒྱད་ལས་མི་འདའ་བར་མཚུངས་ཤིང་། ཁྱད་པར་ས་དགེ་བཀའ་རྙིང་སོགས་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་གནས་སྐབས་དགོངས་གཞི་དང་དགོས་པའི་དབང་གིས་རྩལ་བཏོན་མཛད་ཚུལ་ཙམ་མ་གཏོགས། དོན་ལ་ཐེག་

p. 295

པ་ཆེན་པོའི་གྲུབ་མཐའ་ཁོ་ནར་འཛིན་པར་མ་ཟད། གཞི་ལྟ་བ། ལམ་སྒོམ་པ། འཐོབ་བྱ་འབྲས་བུ་སོགས་གང་ལ་ཡང་ཁྱད་པར་མེད་ཅིང་། དེ་ལས་རང་སྟོང་གཞན་སྟོང་ཞེས་བྱ་བ་འདི་ཡང་ཀུན་རྫོབ་རང་ངོས་དང་། དོན་དམ་གཞན་ངོས་ནས་སྟོང་ཚུལ་གཉིས་སོ་སོར་རྩལ་དུ་བཏོན་པ་ཙམ་ལས་དོན་ལ་འགལ་བར་མི་སེམས་ཏེ། གཞན་སྟོང་པ་རྣམས་ཀྱིས་ཀྱང་མཉམ་བཞག་ལ་བཟློ་བའི་ཚེ་སྤྲོས་པ་ཀུན་བྲལ་དུ་བསྒོམ་པར་གསུངས་པས་ཆོས་ཐམས་ཅད་སྟོང་ཉིད་དུ་བཞེད་ལ། དེ་མ་བཞེད་ན་ཀུན་རྫོབ་རང་ངོས་ནས་སྟོང་ཚུལ་མི་ཤེས་པས་དངོས་འཛིན་གྱི་སྤྲོས་པ་མི་འདོར་བ་དང་། གཉིས་སྣང་དང་གཉིས་འཛིན་གྱིས་བསྡུས་པའི་ཀུན་རྫོབ་ཀྱི་ཆོས་རྣམས་བདེན་གྲུབ་ཏུ་འགྱུར་པསན། ཀུན་མཁྱེན་རོང་ཀློང་གཉིས་དང་། རྗེ་བཙུན་ཏཱ་ར་ན་ཐ་སོགས་ཀྱི་གཞུངན་སྤྲོས་པ་ཀུན་དང་།

p. 296

བྲལ་བའི་སྟོང་ཉིད་ཟབ་མོའི་ཆ་གཞིར་བཞག་ནས་རང་བཞིན་བདེ་གཤེགས་སྙིང་པོ་མི་སྟོང་པར་སྒྲུབ་པས་ན་བདེན་གྲུབ་ཏུ་འགྱུར་བའི་སྐྱོན་རྣམ་པ་ཀུན་ཏུ་མེད་དོ་ཞེས་འཇམ་མགོན་ཐུགས་ཀྱི་སྲས་གཅིག་འཇམ་དབྱངས་མི་ཕམ་རྒྱ་མཚོའི་གཞན་སྟོང་ཁས་ལེན་སེང་གེའི་ང་རོན་ལུང་རིགས་དང་བཅས་པས་གསལ་བར་བསྟན་པ་བཞིན་ཡིན་ལ། རང་སྟོང་པ་རྣམས་ཀྱིས་ཀྱང་རྗེས་ཐོབ་ཤན་འབྱེད་པའི་ཚེ་ན་དོན་དམ་པར་རང་གི་ངོ་བོ་མི་སྟོང་པ་དང་། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡེ་ནས་རྟག་བརྟན་འཕོ་འགྱུར་མེད་པར་བཞུགས་པའི་ཆོས་ཉིད་ཀྱི་དགོངས་དོན་ཟབ་མོ་ཚུལ་བཞིན་དུ་མ་བཤད་ན་དོན་དམ་གཞན་ངོས་ནས་སྟོང་ཚུལ་མི་ཤེས། དེ་མི་ཤེས་ན་ལམ་གྱི་སྔོན་འགྲོའི་སྟོང་ཉིད་ཙམ་ལས་དངོས་གཞི་འོད་གསལ་གྱི་དགོངས་དོན་ཟབ་མོ་ཇི་བཞིན་མི་

p. 297

ཤེས་པས་དངོས་མེད་ཀྱི་སྤྲོས་པ་མི་འདོར་བས་དང་། དོན་དམ་སྟོང་དབྱིངས་འབའ་ཞིག་ཉན་ཐོས་ཀྱི་འགོག་པ་ལྟ་བུ་ལས་འཇོག་རྒྱུ་མེད་པ་དང་། སྣང་ཆ་སྟོབས་སོགས་ཀྱི་ཡོན་ཏན་ཐམས་ཅད་འདུས་བྱས་སུ་འགྱུར་བས་ན་གཞན་བྱུང་འཁྲུལ་པའི་ཡེ་ཤེས་ཙམ་ལས་རང་བྱུང་འདུས་མ་བྱས་པའི་ཡེ་ཤེས་བཞག་རྒྱུ་མེད་པ་དང་། ངེས་དོན་གྱི་ལུང་རྣམས་དང་ཡང་འགལ་བར་འགྱུར་བས་ན་རྒྱལ་བ་ཙོང་ཁ་པ་དང་། ཀུན་མཁྱེན་གོ་རམས་པ་སོགས་ཀྱི་ཡིག་ཆནང་། ཀུན་ཉོན་ཕྱོགས་འཇོམས་པའི་ཐབས་མཁས་ཀྱིས་རེ་ཞིག་ཆོས་ཉིད་རང་གི་ངོ་བོ་སྟོང་ཉིད་དུ་རྩལ་དུ་བཏོན་ནས་བཤད་ཀྱང་། མཐར་ཐུག་དངོས་གཞིའི་དགོངས་དོན་འཛིན་མེད་ཡང་དག་པའི་འོད་གསལ་མཉམ་ཉིད་ཆེན་པོའི་སྒོམ་པ་ཟབ་མོ་ཟུར་དུ་མཉམ་བཞག་སློབ་བཤད་ཀྱི་ཚུལ་དུ་མཚོན་ཙམ་རེ་བྱུང་བས་དོན་དམ་

p. 298

གཞན་ངོས་ནས་སྟོང་ཚུལ་བཞེད་དོ་སྙམ་མོ། །དེས་ན་ས་དགེ་བཀའ་རྙིང་སོགས་ཀྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་དགོངས་པ་ལ་གནས་སྐབས་སྒྲོ་བསྐུར་གྱི་མཐའ་རེ་རེ་དགག་པའི་ཆེད་དུ་སྣང་སྟོང་གཉིས་སོ་སོར་རྩལ་བཏོན་མཛད་ཚུལ་བཤད་ཚུལ་སོ་སོར་ཡོད་པ་དང་། མཐར་ཐུག་དགོངས་པའི་ཞེ་ཕུགས་ལ་སྒྲོ་སྐུར་གྱི་མཐའ་གཉིས་ཀ་དང་བྲལ་བའི་བདེན་གཉིས་ཀྱི་གཞུང་ལམ་ཡོངས་སུརྫོགས་པ་ལ་ཁྱད་པར་མེད་པར་ཤེས་དགོས་ཀྱི། གཞན་དུ་དག་སྣང་ཆེ་མདོག་གི་མཐའ་གཅིག་ཏུ་ཁྱད་མེད་དུ་སྒྲུབ་པ་ལ་དམ་བཅའ་ཙམ་ལས་སྒྲུབ་བྱེད་ཡང་དག་མེད་པས་དེ་ལ་གཞན་གྱིས་ལུང་རིགས་ཀྱི་སྒོནས་གནོད་པ་བསྟན་པ་ལ། ལན་མེད་པར་སྡང་མིག་གཡོ་བའི་བཀའ་བཅད་ལས་རང་གཞན་གཉིས་ཀ་ཕུང་བའི་ཁོང་ཁྲོ་ལ་སྦྱར་བ་དང་། ཡང་གྲུབ་མཐའ་ལ་རྣོ་

p. 299

བའི་སོ་བཏོན་མདོག་གིས་མཐའ་གཅིག་ཏུ་ཁྱད་པར་ཕྱེས་ཏེ་སུན་འབྱིན་ལྟར་སྣང་གི་དགག་སྒྲུབ་ཀྱིས་ཉི་མ་འཕུལ་བ་ལས། རྨོངས་པ་རྣམས་ལོག་ལམ་དུ་ཁྲིད་ནས་ཆོས་དང་གང་ཟག་ལ་དབང་ཟོས་ཀྱིས་ཆོས་སྤོང་ཡ་ངའི་ལས་ལ་སྦྱར་བ་སོགསནི། བློ་གྲོས་ཀྱི་གོ་དོག་པའི་རྣམ་འགྱུར་དུ་གསལ་བས་རྣམ་པ་ཀུན་ཏུ་གོ་བ་ཟོལ་ཡངས་པོར་བྱས་ཏེ་བསྟན་པ་ཐམས་ཅད་འགལ་མེད་དང་། གྲུབ་མཐའ་ཐམས་ཅད་གདམས་ངག་ཏུ་གོ་ནས་བསྟན་པའི་ལྷག་ཞབས་ཀླ་ཀློའི་སྡུད་དབང་དུ་ཉེ་བ་ན་བསྟན་པའི་སྒོར་ཞུགས་ཆོས་མཐུན་གྱི་སྡེ་རྣམས་ལ་སྙིང་ལྟར་བརྩེ་བའི་སྒོ་ནས། ཕྱོགས་རིས་ཀྱི་མིག་ཅན་རང་མཐོང་ཨུ་ཚུགས་ཀྱི་སྙེམ་པ་རིང་དུ་སྤོང་སྟེ་གཞུང་ལུགས་རབ་འབྱམས་ལ་བློ་གྲོས་མཆོག་ཏུ་བསྐྱེད་ནས་ཐོས་བསམ་རྒྱུད་ཐོག་ཏུ་ཁེལ་དགོས་པའི་ལམ་དོན་གཉེར་གྱི་གང་ཟག་རྣམས་ཀྱི་

p. 300

སྙིངནོར་དུ་བྱ་བར་རིགས་སོ། །འབྲས་བུ་ལམ་དུ་བྱེད་པ་གསང་སྔགས་རྡོ་རྗེ་ཐེག་པ་ལའངནང་རང་ལུས་ལྷ་རུ་མི་འདོད་པར་ལྷ་ཕྱི་རོལ་ནས་བཙལ་བས་ཕྱི་རྒྱུད་སྡེ་གསུམ་དང་། ལྷ་ཕྱི་རོལ་ནས་འཚལ་མི་དགོས་པརནང་རང་ལུས་ལྷ་རུ་འདོད་པསནང་རྒྱུད་སྡེ་གསུམ་དང་གཉིས་ཡོད། དང་པོ་རང་བཞིན་ལྷར་འདོད་ཅིང་ངོ་བོ་ལྷར་མི་འདོད་པའི་ཕྱི་རྒྱུད་སྡེ་གསུམ་ལས་ཕྱི་ལུས་ངག་གི་བྱ་བ་གཙོ་བོར་བཏོན་པ་བྱ་བ་རྒྱུད་ཀྱིས་དོན་དམ་པར་རང་གི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་སྟོང་གསལ་འདུས་མ་བྱས་པའི་བདག་ཉིད་དུ་བཞུགས་ནའང་། དེའི་རྩལ་ལས་ཤར་བའི་སྣང་བ་སྣ་ཚོགས་སྣང་བ་འདི་རྣམས་ད་ལྟ་ཉིད་ནས་ལྷ་མིན་པར་རྐྱེན་གྱིས་བསྐྱེད་པའི་འཁྲུལ་སྣང་དུ་ཁས་ལེན་ཅིང་དེ་ཡང་དམ་ཡེ་ཐ་དད་རྗེ་ཁོལ་གྱི་ཚུལ་དུ་བལྟས་

p. 301

ནས། ཀུན་རྫོབ་ཀྱི་སྣང་ཆ་འདི་རྣམས་ཡོངས་སུ་དག་པའི་ལྷའི་རང་བཞིན་ཅན་དུ་བསྒོམ་ན་མཐར་ཐུག་དེར་འགྱུར་བའི་ཡོན་ཏན་ཡོད་པར་འདོད། དེ་ཡང་འདི་པས་ཡོན་ཏན་ལྷར་འདོད་པས་མཚན་ཉིད་ཐེག་པའི་ངེས་དོན་གྱི་མདོ་རྣམས་དང་སྔགས་གཉིས་གཅིག་ཏུ་འགྱུར་པའི་དོགས་པ་མི་དགོས་ཏེ། བྱ་རྒྱུད་དུ་ཡང་མི་འདྲ་ན་ནང་རྒྱུད་དང་མི་འདྲ་བ་ལྟ་ཅི་སྨོས་སོ། །སྤྱོད་པ་བྱ་རྒྱུད་ལྟ་བ་རྣལ་འབྱོར་གྱི་རྒྱུད་དུ་གཏོགས་པས་གཉིས་ཀའི་ཐེག་པའམ། སྤྱོད་རྒྱུད་ནི་ཕྱི་ལུས་ངག་གི་སྤྱོད་པ་དངནང་ཏིང་ངེ་འཛིན་གཉིས་ཆ་མཉམ་པར་སྤྱོད་པའི་དོན་དམ་པར་སྣང་སྤྱོད་ཐམས་ཅད་ལྷར་འདོད་པ་མ་ཟད། མ་དག་འཁྲུལ་པའི་སྣང་ཆ་ལྷར་ཤར་བའི་ཀུན་རྫོབ་ཀྱི་ཆོས་འདི་རྣམས་དམ་ཡེ་མཉམ་པ་སྤུན་གྲོགས་ཀྱི་ཚུལ་དུ་བལྟསནས་བསྒོམན་དེར་འགྱུར་བ་འདོད། ནང་གི་བསྒོམ་པ་གཙོ་བོར་བཏོན་པའི་

p. 302

རྣལ་འབྱོར་རྒྱུད་ནི། དོན་དམ་པར་སྣང་སྤྱོད་ཐམས་ཅད་ཡེ་ནས་ལྷའི་རང་བཞིན་ཅན་དུ་རྟོགས་པའི་བྱིན་བརླབས་ལས། ཀུན་རྫོབ་ཀྱི་སྣང་ཆ་འདི་རྣམས་རྡོ་རྗེ་དབྱིངས་ཀྱི་ལྷར་བལྟས་ནས་དམ་ཡེ་དབྱེར་མེད་དུ་བསྒོམས་ནས་དེར་འགྱུར་བར་འདོད། ངོ་བོ་དང་རང་བཞིན་གཉིས་ཀ་ལྷར་འདོད་པའི་ནང་རྒྱུད་སྡེ་གསུམ། དང་པོ་བསྐྱེད་པ་མ་ཧཱ་ཡོ་ག་ནི། དོན་དམ་དཀོར་བདུན་ངོ་བོ་ཉིད་སྐུར་ལྷུན་གྱིས་གྲུབ་ཅིང་རྩལ་སྣང་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཡེ་ནས་གདན་གསུམ་ཚང་བ་ལྷའི་ངོ་བོར་གནས་ཤིང་། དེ་ཡང་ལྡོག་པས་ཕྱེ་བ་ལས་ངོ་བོ་ཐ་དད་མེད་པར་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོར་གཏན་ལ་ཕབས་ནས་གང་སྣང་བ་ཐམས་ཅད་བསྐྱེད་རིམ་གྱི་ལམ་དུ་བསླངས་ཏེ། མ་དག་མཚན་མར་འཛིན་པའི་དྲི་མ་ཐམས་ཅད་སྦྱངས་དགོས་པར་བཞེད་

p. 303

པས། ཞེན་རྟོག་གཉིས་ཆོས་ཉིད་དུ་མི་འདོད་ཀྱང་སྔགས་ཕྱི་པ་ལས་ཁྱད་པར་འཕགས་སོ། །རྫོགས་རིམ་གཙོ་བོར་བཏོན་པ་ཨ་ནུ་ཡོ་གནི། དབྱིངས་སྐྱེ་མེད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ཀུན་ཏུ་བཟང་མོ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་དང་ཡུལ་ཅན་རང་བྱུང་གི་ཡེ་ཤེས་རང་བཞིན་ལྷུན་གྱིས་གྲུབ་པའི་ཀུན་ཏུ་བཟང་པོའི་དཀྱིལ་འཁོར་དང་། དེ་གཉིས་དབྱེར་མི་ཕྱེད་པ་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ་ཆོས་ཐམས་ཅད་ཡེ་ནས་དཀྱིལ་འཁོར་རྣམ་གསུམ་གྱི་ངོ་བོར་བྱང་ཆུབ་ཅིང་མ་འདྲེས་ཡོངས་རྫོགས་སུ་གཏན་ལ་ཕབས་ནས། གང་ཤར་ཐམས་ཅད་རྫོགས་རིམ་གྱི་ལམ་དུ་བསླངས་ཏེ་རྩ་ཐིག་རླུང་གསུམ་སོགས་རང་ལུས་ལ་གནད་དུ་བསྣུན་པའི་སྒོནས་ཐ་མལ་འཁྲུལ་རྟོག་གི་ཆ་རྣམས་དབྱིངས་སུ་སྡོམ་དགོས་པར་འདོད་པས། བཏགས་པ་ཆོས་ཉིད་

p. 304

དུ་མི་འདོད་ཀྱང་སྣང་ཞེན་གཉིས་ཀ་ཆོས་སུ་འདོད་པས་མ་ཧཱ་ལས་ཁྱད་པར་དུ་འཕགས་སོ། །བསྐྱེད་རྫོགས་གཉིས་སུ་མེད་པ་ཨ་ཏི་ཡོ་ག་ནི། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་ཡེ་ཤེས་ཀྱི་ཀློང་དུ་རྫོགས་ཤིང་། ཆོས་ཉིད་དོན་དམ་གྱི་གཞི་ལ་འཕོ་འགྱུར་མེད་པ་སྣང་ཞེན་སྟོང་སོགས་གང་སྣང་ཆོས་སྐུའི་ཡོ་ལང་དུ་འདོད་པས། གདོད་ལམ་གྱི་རོལ་རྩལ་ལ་ལྟོས་ཏེ་གསར་དུ་སྒྲུབ་མི་དགོས་པར་ཡེ་ནས་སངས་རྒྱས་ཟིན་པའི་དགོངས་པ་རྙེད་པས། ཨ་ཏི་ཡོ་ག་འདིནི་ལམ་གྱི་མེ་རྩ་ལྟ་བུ་ཡིན་པས་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག །འབྲས་བུ་ཐམས་ཅད་ཀྱི་སྐྱེལ་སོ། །ལམ་ཐམས་ཅད་ཀྱི་ནང་ནས་ཉེ་ལམ་ཆེན་པོ་མཆོག་ཏུ་གྱུར་པ་སྐད་ཅིག་གིས་གྲོལ་བ་སྟེར་བའི་ཆོས་ཟབ་མོའོ། །དེ་ལ་རོལ་པ་ཕྱི་ཤར་ཆོས་ཉིད་ཀྱི་རྒྱན་དུ་འདོད་པ་ཆོས་ཅན་སེམས་ཀྱི་

p. 305

སྡེ་དང་། སེམས་ཉིད་མཐའ་བྲལ་ཀུན་ཏུ་བཟང་མོའི་ཀློང་ནས་འདའ་ས་མེད་པར་འདོད་པ་ཆོས་ཉིད་ཀློང་གི་སྡེ་དང་། ཕྱི་ནང་གཉིས་འཛིན་གྱི་རྟོག་པ་ཕྲ་མོ་ཙམ་ཡང་མེད་པ་སྣང་རིག་ཟང་ཐལ་འདོད་པ་དབྱེར་མེད་མན་ངག་གི་སྡེ་སོགས་ཤིན་ཏུ་མང་པོ་སྤྲོ་རྒྱུ་ཡོད་ན་ཡང་། ཟབ་དོན་རྗེན་ལ་ཕུད་ནས་གབ་སྦས་མེད་པར་བཤད་ན་རྟོག་གེའི་རྣ་བར་མི་མཛེས་ཤིང་། སྔགས་ཀྱི་དགོངས་པ་ཟབ་མོ་གསང་སྒྲོགས་སུ་འགྱུར་བས་ན་མཚོན་ཙམ་ལས་མ་སྨྲས་སོ། །དེ་ལྟར་གྲུབ་མཐའི་ཟབ་གནད་སྙིང་པོ་ཙམ། །ཡང་དག་ཚད་མའི་གཞུང་ལས་འདིར་བསྡུས་པ། །འགལ་བ་མེད་སྙམ་དགེ་དེས་ལུས་ཅན་རྣམས། །རྣམ་གྲོལ་བྱང་ཆེན་རྒྱ་མཚོར་འཇུག་གྱུར་ཅིག །ཅེས་པ་འདིའང་སྤྲུལ་པའི་སྐུ་དཀོན་མཆོག་དཔལ་བཟང་ནས་བཀྲ་ཤིས་པའི་ལྷ་རེག་དང་བཅས་བསྐུལ་ངོར། ཐུགས་འཛིན་བདེ་ཕྱིར་ཉུང་ངུ་རྣམ་གསལ་གྱི་ཚུལ་

p. 306

དུ་ཨཀཱ་ར་ཤི་ལའི་མིང་གིས་བཀོད་པ་འདིས་ཀྱང་ཡང་དག་སྣང་བ་དམ་པ་སྦྱིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།བཀྲ་ཤིས་ཀྱིས་བསྟོད།།

Pecha page