བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།
སྡོམ་གསུམ་རྣམ་ངེས་འབྲུ་འགྲེལ།
༄༅། །སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ཀྱི་འབྲུ་འགྲེལ་བློ་གྲོས་གསར་བུའི་ཡིད་ཀྱི་གདུང་སེལ་ལེགས་བཤད་བདུད་རྩིའི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི་སིངྔྷཾ། རྣམ་འདྲེན་སྟོང་རྩའི་དབུས་ན་པད་དཀར་བཞིནརབ་བསྔགས་རྩོད་ལྡན་གདུལ་བྱའི་དཔལ་ཤར་བ་ངོ་མཚར་སྟོན་པ་མཚུངས་མེད་ཤཱཀྱའི་རྒྱལ། །ཁྱོད་ཞབས་སྤྱི་བོའི་རྒྱན་དུ་ཐོག་མར་བསྙེན། །འོད་སྣང་མཐའ་ཡས་མགོན་པོའི་ཟློས་གར་ནི། །སིནྡྷུའི་པད་མཚོར་བསྒྱུར་ལས་མཚན་སྐུའི་དཔལ། །འཆི་མེད་རིག་འཛིན་གཞོན་ནུའི་རྣམ་འགྱུར་གྱིས། །སྣང་སྲིད་ཟིལ་གནོན་མཛད་དེར་སྙིང་ནས་གུས། །གངས་ཅན་སྐྱེ་འགྲོ་ཐོག་མའི་འདྲེན་པ་རུ། །བསམ་བཞིན་བྱོན་པ་
མཁན་ཆེན་ཞི་བ་འཚོ། །གངས་ལྗོངས་སྨག་རུམ་ཁྲོད་ན་རྒྱལ་བསྟན་གྱི། །སྣང་བྱེད་ཐོག་མར་འདྲེན་བཟོད་ཁྲི་སྲོང་རྗེ། །རྣམ་གསུམ་བོད་ལ་ལྷག་པར་རྗེས་བརྩེའི་སྟོབས། །ངོ་མཚར་རྣམ་ཐར་ད་ལྟའི་བར་དུ་ཡང་། །མངོན་སུམ་ཚད་གྲུབ་བཀའ་དྲིན་ཕུང་པོའི་ཚུལ། །རྗེས་སུ་མི་དྲན་བྱོལ་སོང་ལས་གཞན་སུ། །ཐ་མའི་དུས་འདིར་སླར་ཡང་ཆོས་རྒྱལ་ཉིད། །སྡོམ་བརྩོན་པཎྜི་ཏ་ཡི་ཚུལ་བཟུང་ནས། །རྒྱལ་བའི་གསུང་རབ་དགོངས་དོན་གནད་དྲིལ་ཏེ། །སྡོམ་གསུམ་རྣམ་ངེས་བདུད་བརྩིའི་བགོ་
སྐལ་སྩལ། །ཚུལ་འདིར་ཤེས་བྱ་ཀུན་གཟིགས་ལོ་ཆེན་རྗེ། །དྷརྨ་ཤྲྰི་སོགས་སྔོན་བྱོན་མཁས་རྣམས་ཀྱིས། །དགོངས་འགྲེལ་ལེགས་བཤད་ཅི་དགར་སྤྲོས་ལས་འདིར། །རྒྱལ་བསྟན་མི་ཉམས་དར་མཛད་བཀའ་དྲིན་དྲན། །སླར་ཡང་རང་འདྲ་ཐོས་ཆུང་གསར་བུའི་ཕྱིར། །རྗོད་བྱེད་ཚིག་ཉུང་བརྗོད་བྱའི་དོན་མ་ནོར། །དོན་གནད་རྗེན་ཕྱུངས་རྒྱས་བཤད་སྤྲོས་པ་བསྐྱུངས། །བལྟ་བདེ་གོ་སླ་ཐོག་མའི་འཇུག་སྒོ་རུ། །འདི་ཙམ་འཚམས་སྙམ་འབད་པས་བཀོད་འདི་ཀོ། །དོན་གཉེར་ཅན་འགར་ཚེགས་ཆུང་དོན་ཆེའི་སྐྱེས། །དེ་ཕྱིར་ལྷག་བསམ་དག་པའི་བརྩོན་པ་འདི། །དོན་ལྡན་ཉིད་དུ་འགྱུར་བར་བྱིན་བརླབ་གསོལ། །དེའང་བདག་ཐག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཚད་མེད་པ་དང་ལྡན་པ་འདི་ཉིད་ཀྱིས་ཞིང་འདིའི་གདུལ་བྱ་རྣམས་ཐར་པ་བླ་ན་མེད་པའི་ལམ་དུ་དཀྲི་བའི་ཕྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་སྟོང་ཇི་སྙེད་ཅིག་གསུངས་པ་ཐམས་ཐད་བསྡུ་ན་སྡེ་སྣོད་བཞིར་འདུ་ཞིང་། དེ་དག་གིས་བསྟན་བྱ་མ་ལུས་པའང་སྡོམ་པ་གསུམ་གྱི་ཉམས་ལེན་གྱི་ཁོངས་སུ་འདུ་བའི་ཕྱིར། དེ་ཉིད་མདོ་སྔགས་ཀྱི་བསྟན་པ་མཐའ་དག་གི་སྙིང་པོའི་བཅུད་དུ་ཡོངས་སུ་གཟིགས་ནས། འཇམ་དཔལ་
དབྱངས་དངོས་ཆོས་རྒྱལ་ཚངས་པའི་ལྷའི་མེ་ཏོག་གི་གསང་བ་གསུམ་གྱི་རྣམ་པར་རོལ་པ་ཡུལ་མངའ་རིས་ཀྱི་པཎྡི་ཏ་ཆེན་པོ་པདྨ་དབང་རྒྱལ་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ་ཞེས་མཁས་པའི་ཕུལ་དུ་ཕྱིན་ཅིང་གྲུབ་པའི་ས་མཐོར་གཤེགས་པ་དེ་ཉིད་ཀྱིས། རང་རེ་རྗེས་འཇུག་གི་གདུལ་བྱ་རྣམས་ལ་བརྩེ་བ་ཆེན་པོས་ལྷག་པར་རབ་ཏུ་དགོངས་ཏེ་སྡོམ་པ་གསུམ་གྱི་ཉམས་ལེན་གདན་དུ་དྲིལ་བར་མཛད་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་ཉིད་འཆད་པར་བྱ་བ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལའང་གསུམ། མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བའོ། །དང་པོ་མཚན་སྨོས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་ལམ་གྱི་ཆ་ལག་སྡོམ་པ་གསུམ་རྣམ་པར་ངེས་པ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ། །ཞེས་པ་སྟེ། འདི་ལྟར་སེམས་ཀྱི་ར༷ང་བཞིན་མ་བཅོས་པའི་གནས་ལུགས་ཟབ་མོའི་ཀློང་ན་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་མ་བཙལ་ཡེ་རྫོགས་སུ་ལྷུན་གྱིས་གྲུབ་པ༷་ནི་བླ་ན་མེད་པའི་ཆེ༷ན་པོ༷་སྟེ། དེ༷འི་ཚུལ་མ་ནོར་བར་དངོས་སུ་
གཏན་ལ་འབེབས་པར་བྱེད་པས་ན་ལ༷མ་ཀུ༷ན་གྱི༷་མཐར་ཐུག་པ་ནི་ཨ་ཏི་ཡོ་ག་ཡིན་ཅིང་། ཨ་ནུ་མན་ཆད་མདོ་སྔགས་ཀྱི་ཆོས་ཚུལ་ཐམས་ཅད་ཀྱང་འདི་ཉིད་རྟོགས་པར་བྱེད་པའི་ལམ་གྱི་ཆ༷་ལ༷ག་ཏུ་གྲུབ་པ་ད་། དེ་ཐམས་ཅད་ཀྱི་བརྗོད་བྱ་ཉམས་ལེན་གྱི་སྙིང་པོ་ནི་མ་པ༷་གསུ༷མ་ཡིན་ལ། དེའི་དོན་དཔྱད་པ་གསུམ་གྱི་སྒོ་ནས་སྒྲོ་སྐུར་དང་བྲལ་བར་གཏན་ལ་ཕབ་པས་ན་རྣམ༷་པ༷ར་ངེ༷ས་པ༷་ཞེས༷་བྱ༷་བ༷་སྟེ། བསྟན་བཅོས་ཞེས་པའི་སྒྲ་དོན་འཆོས་སྐྱོབ་ལ་འཇུག་པས་ན་རྒྱུ་ཉོན་མོངས་པ་ལས་འཆོས་ཏེ་འབྲས་བུ་ངན་འགྲོའི་སྲིད་པ་ལས་སྐྱོབ་པའི་ཡོན་ཏན་དང་ལྡན་པས་ན་བསྟ༷ན་བཅོ༷ས་ཏེ། རྣམ་ཤེས་རིག་པ་ལས། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་གསུངས། བཞུག༷ས་སོ༵་ནི་འདིར་ཡོད་དོ་ཞེས་པའོ། །དེ་ལྟར་མཚན་སྨོས་པའི་དགོས་པའང་། དབང་རབ་རྣམས་མཚན་གྱི་ནང་དུ་གཞུང་དོན་ཚང་བས་དེ་ཙམ་གྱིས་དབུ་ཞབས་ཀྱི་དོན་ཐམས་ཐད་བདེ་བླག་ཏུ་རྟོགས་པར་འགྱུར་བ་དང་། འབྲིང་རྣམས་ཀྱིས་གཞུང་གི་བཞུགས་ཚུལ་དོན་སྤྱི་ལ་
ངེས་པ་རྙེད་པར་འགྱུར་བ་དང་། ཐ་མས་ཀྱང་མཚན་དོན་དེ་ལྡན་གྱི་གཞུང་ཉིད་ལ་མྱུར་དུ་འཇུག་པར་སྤྲོ་ཞིང་གླེགས་བམ་ཡང་ངོ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་མཆོད་པར་བརྗོད་པ་ལ་གཉིས། སྤྱིར་བཀའ་དྲིན་ཅན་གྱི་བླ་མ་ལ་ཕྱག་འཚལ་བ་དང་། ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་བའོ། །དང་པོ་སྤྱིར་བཀའ་དྲིན་ཅན་གྱི་བླ་མ་ལ་ཕྱག་འཚལ་བ་ནི། ན་མོ་གུ་ར་ཝེ། ཞེས་ལེགས་སྦྱར་གྱི་སྐད་དེ་ཉིད་བོད་སྐད་དུ་བསྒྱུར་ན། ན༷་མོ༷་ཞེས་པ་ཕྱག་འཚལ་བའི་དོན་དང་། གང་ལ་ན། གུ༷་ར༷་ཝེ༷་ཞེས་པ་བླ་མ་ལའོ། །དེའང་གུ་རུའི་སྒྲ་ལྕི་བ་ལ་འཇུག་པས་ལུང་རྟོགས་ཡོན་ཏན་རྒྱ་ཆེ་བའི་ཁུར་གྱིས་ལྕི་བའི་མཁྱེན་པ་བླ་ན་མེད་ཅིང་ཐུགས་རྗེ་བརྩེ་བ་ཆེན་པོ་མ་དང་མཚུངས་པའི་བཀའ་དྲིན་ཆེ་བ་དེ་ལ་སྒོ་གསུམ་གུས་པ་ཆེན་པོས་འདུད་པའི་དོན་ནོ། །དེ་ལྟར་བླ་མ་ལ་དང་པོ་ཉིད་དུ་ཕྱག་འཚལ་དགོས་པའི་རྒྱུ་མཚན་གང་ཞེ་ན། སློབ་དཔོན་བྷ་བི་ལྷས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་སེམས་ཅན་ཁམས་བཞུགས་པའི། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་
ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལ་ཕྱག་འཚལ་བ་ནི། དཔལ་ལྡན་ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས། །མཁྱེན་བརྩེའི་འོད་དཀར་ངེས་གསང་གྲུ་ཆར་འབེབབས། །གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཆོག །མཚོ་སྐྱེས་རྡོ་རྗེ་འགྲོ་བའི་བླ་མར་འདུད། །ཅེས་པ་སྟེ། འདི་ནི་རིག་བྱེད་པས་རྒྱ་མཚོ་བསྲུབས་པ་ལས་ཟླ་བ་ཐོན་པར་འདོད་པའི་གཏམ་དང་ཆོས་མཚུངས་སྦྱར་ནས་གཟུགས་ཅན་གྱི་རྒྱན་དུ་མཛད་པ་སྟེ། དེའང་རྒྱུ་བསོད་ནམས་དང་འབྲས་བུ་ཡེ་ཤེས་ཀྱི་དཔ༷ལ་ཕུན་སུམ་ཚོགས་པ་དང་ལྡན༷་པའི་ཚོ༷གས་གཉི༷ས་ཆུ༷་གཏེ༷ར་ཟབ་མོའམ་རྒྱ་མཚོ་ཆེན་པོ་བསྲུབ༷ས་ཤིང་བསགས་པ༷་ལ༷ས། ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་མཁྱེ༷ན་རབ་དང་། དམིགས་པ་མེད་པའི་བརྩེ༷་བ༷འི་ཐུགས་རྗེ་ཆེན་པོ་ཟུང་དུ་འཇུག་པ་འོད༷་དཀ༷ར་ཅན་ཏེ་ཟླ་བའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས་པ་ལྟ་བུ་ལས། གདུལ་བྱ་རྣམས་ལ་ངེ༷ས་གས༷ང་བླ་ན་མེད་པའི་རྡོ་རྗེ་ཐེག་པའི་ལམ་འབྲས་བུར་བཅས་པ་སྟོན་པ་ཕྲིན་ལས་ལྷུན་གྱིས་གྲུབ་པའི་གྲུ༷་ཆ༷ར་འབེ༷བས་པ་ནི་ཟླ་བའི་བསིལ་ཟེར་དང་ཆོས་མཚུངས་སྦྱར་ལ། དེ་ལྟ་བུའི་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་
པ་དེ་ཉིད་གདུལ་བྱ་ཁྱད་པར་བ་གང༷ས་ཅ༷ན་གྱི་ལྗོངས་འདིས་མཚོན་པའི་ས་གསུམ་ལ་གནས་པའི་མཁ༷ས་པ་དང་གྲུ༷བ་པ་ཡོ༷ངས་ཀྱི༷་གཙུ༷ག་གི་རྒྱ༷ན་མཆོ༷ག་ཏུ་བསྟེན་པར་འོས་པ་མདངས་ལྡན་དྲི་མེད་རྒྱ་མཚོ༷འི་གླིང་གི་མེ་ཏོག་པདྨའི་སྦུབས་སུ་ཕ་ཡི་རྒྱུ་དང་མ་ཡི་རྐྱེན་ལ་མ་བརྟེན་པར་རིག་པ་ཐོལ་སྐྱེས༷་ཀྱི་ཚུལ་དུ་སྐུ་འཁྲུངས་ཤིང་སྐྱེ་འཆིའི་གཞོམ་གཞིག་བགྲེས་རྒུད་དང་བྲལ་བ་མི་འགྱུར་རྡོ༷་རྗེ༷འི་སྐུས་གདུལ་བྱ་རྣམས་རང་རང་གི་སྐལ་བ་བཞིན་ཕན་བདེའི་དཔལ་བཟང་པོ་ལ་འགོད་པར་མཛད་པའི་འགྲོ༷་བ༷འི་བླ༷་མ༷་དེ་ལ་རྩོམ་པ་པོ་མཆོག་ཏུ་གུས་པ་ཆེན་པོས་འདུ༷ད་དོ་ཞེས་ཕྱག་མཛད་པ་ནི་ཀུན་རྫོབ་བརྡའི་ཕྱག་དང་། ཡུལ་དང་ཡུལ་ཅན་གཉིས་མེད་དུ་རྟོགས་པ་དོན་དམ་ལྟ་བ་མཇལ་བའི་ཕྱག་གོ། །དེ་ལྟར་མཆོད་པར་བརྗོད་པའི་དགོས་པའང་མགོན་པོ་ཀླུས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པར་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་གསུངས་པ་ལྟར་རྩོམ་པ་པོ་རང་གི་ཚོགས་རྫོགས་ནས་བརྩམས་པ་མཐར་ཕྱིན་པ་དང་། རྗེས་འཇུག་རྣམས་ཀྱིས་བསྟན་བཅོས་མཆོག་ཏུ་རིག་ནས་གུས་པས་འཇུག་པའི་
དགོས་པ་ཡོད་པས་སོ། །གསུམ་པ་བརྩམ་པར་དམ་བཅའ་བ་ནི། འགྲོ་བློའི་དྲི་མ་འཁྲུད་མཁས་དྲང་སྲོང་གིས། །བློ་གྲོས་བཻ་ཌྰུར་བུམ་བཟང་རབ་ཐོགས་ནས། །ལེགས་བཤད་སྡོམ་གསུམ་བདུད་རྩིའི་ཆུ་སྦྱིན་གྱི། །དོན་གཉེར་སྐྱེ་བོའི་ཚོགས་རྣམས་འདིར་འདུས་ཤིག །ཅེས་པ་སྟེ། འགྲོ༷་བ་ཐམས་ཅད་ཀྱི་བློའི༷་མི་ཤེས་རྨོངས་པའི་དྲི༷་མ༷་རྣམས་འཁྲུད༷་པ་ལ་མཁ༷ས་པའི་རྩོམ་པ་པོ་རང་ཉིད་འཇིག་རྟེན་ཆེ་བའི་ཡོན་ཏན་དང་ལྡན་པར་གྲགས་པའི་དྲ༷ང་སྲོ༷ང་གི་གཟུགས་སུ་བཀོད་ནས་མངའ་རིས་པ་བདག་གིས༵་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དོན་ཕྱིན་ཅི་ལོག་པར་རྟོགས་པའི་བློ༷་གྲོས༷་ཕུན་སུམ་ཚོགས་པ་ནི་བཻ༷་ཌྰུརྻའི་བུམ༷་བཟང་པོ་ར༷བ་ཏུ་དག་པ་དྲང་སྲོང་གི་ལག་ཏུ་ཐོ༷གས་པ་དང་ཆོས་མཚུངས་སྦྱར་ནས༵། མ་རྟོགས་ལོག་རྟོག་སོགས་ཀྱི་སྐྱོན་མེད་པས་ལེ༷གས་བཤ༷ད་སྡོམ༷་པ་གསུ༷མ་གྱི་བསྟན་བཅོས་གང་ཞིག་བུམ་པ་དེའི་ནང་དུ་ཡོད་པ་གྲིབ་སོགས་ནད་ཀུན་སེལ་བའི་བདུ༷ད་རྩི༷འི་ཆུ༷་རྒྱུན་དང་འདྲ་བ་འདི་ཉིད་སྦྱིན༷་པར་བྱ་བ་ཡིན་གྱི༷། ཐར་པ་མཆོག་གི་གོ་འཕང་ཐོབ་པའི་ལམ་ཚང་ལ་མ་ནོར་བར་སྡོམ་པ་གསུམ་གྱི་ཉམས་ལེན་དོ༷ན་དུ་གཉེ༷ར་བའི་སྐལ་བཟང་སྐྱེ༷་བོ༷འི་ཚོ༷གས་རྣམ༷ས་འདི༷ར་
འདུ༷ས་ལ། ཐོས་བསམ་ལ་སོགས་པས་གཏན་ལ་ཕབ་ནས་དོན་གྱི་བཅུད་མྱོང་བར་གྱིས་ཤི༷ག་ཅེས་བསྐུལ་བའོ། །འདིས་བསྟན་བཅོས་ཀྱི་དགོས་སོགས་ཆོས་བཞི་ཡང་ལེགས་པར་བསྟན་པ་ཡིན་ཏེ། སྡོམ་པ་གསུམ་ནི་བརྗོད་བྱ། རྗོད་བྱེད་ཀྱི་ལེགས་བཤད་འདི་ལས་བརྗོད་བྱའི་དོན་ལེགས་པར་རྟོགས་ཏེ་ཐར་པའི་ལམ་ལ་བཞུགས་པ་ནི་དགོས་པ། ཞུགས་པ་མཐར་ཕྱིན་ནས་བྱང་ཆུབ་ཐོབ་པ་ནི་ཉིང་དགོས། དེ་དག་ཀྱང་གཅིག་ལ་བརྟེན་ནས་གཅིག་འབྱུང་བས་འབྲེལ་བ་ཅན་དུ་གྲུབ་པ་ནི་འབྲེལ་བའོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ། བཤད་གཞི་རིམ་པར་ཕྱེ་བའི་སྒོ་ནས་མདོར་བསྟན། སྡོམ་གསུམ་སོ་སོའི་རང་བཞིན་དང་བསླབ་བྱ་ཞིབ་ཏུ་སྟོན་པའི་སྒོ་ནས་རྒྱས་པར་བཤད། དེ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱིས་མཐའ་དཔྱད་པའི་སྒོ་ནས་དོན་བསྡུ་བ་སྟེ། སྤྱིའི་ས་བཅད་གསུམ་ལ་ནང་གསེས་ལེའུ་ལྔ་རུ་ཡོད་པ་ལས། ལེའུ་དང་པོ་བཤད་གཞི་རིམ་པར་ཕྱེ་བའི་སྒོ་ནས་མདོར་བསྟན་པ་ལ་གསུམ། སྦྱང་གཞི་ཁམས་དང་བྲལ་འབྲས་མཐར་ཐུག་གི་འབྲས་བུ་ངོས་བཟུང་བ། ཐོབ་བྱེད་ལམ་གྱི་དབྱེ་བ་
སྤྱིར་བཤད་པ། ཐེག་པ་ཐམས་ཅད་ཀྱི་ལམ་གྱི་གནད་སྡོམ་པ་གསུམ་གྱི་ཉམས་ལེན་དུ་འདུས་པའི་འབྲེལ་གྱིས་ཁོག་དབུབ་པའོ། །དང་པོ་སྦྱང་གཞི་ཁམས་དང་བྲལ་འབྲས་མཐར་ཐུག་གི་འབྲས་བུ་ངོས་བཟུང་བ་ནི། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཡོངས་སུ་དག་སྐུ་རྡོ་རྗེ་འཆང་ཆེན་པོ། །འབྲས་བུའི་མཐར་ཐུག་སངས་རྒྱས་ཉག་གཅིག་དེ། །ཞེས་པ་སྟེ། སྤྱིར་རྫོགས་པ་ཆེན་པོ་ལ་གསུམ་དུ་དབྱེ་ན། གཞི་རྫོགས་པ་ཆེན་པོ་ནི་སེམས་ཅན་གྱི་ཁམས་ན་བདེ་གཤེགས་སྙིང་པོའི་ངོ་བོར་བཞུགས་པ་དེ་ཡིན་ལ། ལམ་རྫོགས་པ་ཆེན་པོ་ནི་དེའི་སྟེང་གི་གློ་བུར་སྒྲིབ་གཉིས་ཀྱི་བག་ཆགས་སྦྱོང་བྱེད་ཀྱི་ལམ་ཐེག་པ་ཐམས་ཅད་ཀྱི་མཐར་ཐུག་པ་དེ་ཡིན། འབྲས་བུ་རྫོགས་པ་ཆེན་པོ་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བ་ནང་གསལ་གཞོན་ནུ་བུམ་པའི་སྐུའི་བདག་ཉིད་སྐུ་དང་ཡེ་ཤེས་བླ་ན་མེད་པ་དེ་ཡིན་ནོ། །དེའང་སྦྱང་གཞི་ནི་བདེ་གཤེགས་སྙིང་པོ་ཡིན་ཅིང་དེ་ལ་བསྟན་བཅོས་རྣམས་སུ་རིགས་ཞེས་གྲགས་པ་ལ་གྲུབ་མཐའི་དབང་གིས་འདོད་ཚུལ་མི་འདྲ་བ་ཡོད་དེ། ཉན་ཐོས་བྱེ་བྲག་སྨྲ་བས་སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་ཆོག་ཤེས་པ་ལ་འཕགས་པའི་
རིགས་སུ་འདོད་དེ། མ་ཆགས་པ་དེ་ལས་ཟག་མེད་ཀྱི་ཆོས་སྐྱེ་བའི་ཕྱིར་ཞེས་འདོད། དེའི་དོན་ཡང་སྲིད་པ་ནི་ཕུང་པོ་ལྔ་དང་། སྲིད་པའི་ཡོ་བྱད་ནི་ཆོས་གོས་སོགས་ཏེ། འདུལ་བ་ལས། ཆོས་གོས་དང་། བསོད་སྙོམས་དང་། གནས་མལ་ངན་ངོན་ཙམ་གྱིས་ཆོག་ཤེས་པ་འཕགས་པའི་རིགས་དང་། སྤོང་བ་དང་སྒོམ་པ་ལ་དགའ་བ་འཕགས་པའི་རིགས་ཏེ་བཞིར་གསུངས་པའི་དེའི་དང་པོ་ནི་སྲིད་པའི་ཡོ་བྱད་ཀྱི་གཉེན་པོ་དང་། ཕྱི་མ་ནི་སྲིད་པའི་གཉེན་པོའོ། །དེ་ལ་སྤོང་བ་ནི་འགོག་བདེན་དང་། སྒོམ་པ་ནི་ལམ་བདེན་ནོ། །མདོ་སྡེ་པས་སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད་ཅིང་། སེམས་ཙམ་ལས་ཐོག་མེད་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་བསྐྱེད་པར་བྱེད་པའི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་འདོད་དེ། བྱང་ས་ལས། དེ་ལ་རང་བཞིན་གྱི་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གིས་ཁྱད་པར་དུ་བྱེད་པ་སྟེ། དེ་ནི་གཅིག་ནས་གཅིག་ཏུ་བརྒྱུད་དེ་འོང་བ་ལ་ཐོག་མ་མེད་པའི་དུས་ཅན་ཆོས་ཉིད་ཀྱིས་ཐོས་པའོ། །ཞེས་སོ། །དེ་ཐམས་ཅད་འདུས་བྱས་ཏེ་དངོས་པོར་སྨྲ་བའི་ལུགས་སོ། །ཐེག་ཆེན་དབུ་མ་པས། དྲི་བཅས་དེ་བཞིན་ཉིད་ལ་
འདོད་པ་ཕལ་ཆེར་མཐུན་ཀྱང་ངོས་འཛིན་ཚུལ་ཅུང་ཟད་མི་འདྲ་བ་མང་མོད། འདིར་ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། སེམས་ཉིད་ཡེ་ནས་རྣམ་པར་དག་པ་འདུས་མ་བྱས་པའི་ཡེ་ཤེས་སྟོང་གསལ་འཕོ་འགྱུར་མེད་པར་གནས་པ་ནི་བདེ་གཤེགས་སྙིང་པོ་སྟེ། ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་གསུངས་ཤིང་། སེམས་ཅན་རྣམས་ལ་བདེ་གཤེགས་སྙིང་པོ་དེ་ཚུལ་ཇི་ལྟར་ཡོད་ཅེ་ན། སྟོང་གསལ་འགག་མེད་འདུས་མ་བྱས་པའི་རང་བཞིན་དུ་གནས་ཏེ། དཔེར་ན་འོ་མ་ལ་མར་གྱིས་ཁྱབ་པའམ། ཏིལ་ལ་སྣུམ་གྱིས་ཁྱབ་པ་ལྟར་གནས་པའི་ཕྱིར། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་རྒྱུ་མཚན་གསུམ་གྱིས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་བསྟན་ནས། ངོ་བོ་རྒྱུ་འབྲས་ལས་ལྡན་འཇུག་པ་དང་། །གནས་སྐབས་དེ་བཞིན་ཀུན་ཏུ་འགྲོ་བ་དང་། །རྟག་ཏུ་མི་
འགྱུར་ཡོན་ཏན་དབྱེར་མེད་པའི། །དོན་དམ་དབྱིངས་ཀྱི་དགོངས་དོན་ཡིན་ཞེས་བྱ། །ཞེས་རྣམ་གཞག་རྣམ་པ་བཅུས་དེའི་དོན་གཏན་ལ་ཕབ་ཅིང་། སངས་རྒྱས་པད་ངན་སྦྲང་རྩི་སྦྲང་མ་ལ། །སྦུན་ལ་སྙིང་པོ་མི་གཙང་ནང་ན་གསེར། །ས་ལ་གཏེར་དང་སྨྱུག་སོགས་འབྲས་ཆུང་དང་། །གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གསེར་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །དེ་བཞིན་སེམས་ཅན་རྣམས་ལ་ཁམས་འདི་གནས། །ཞེས་དྲི་མས་བསྒྲིབས་ཚུལ་དཔེ་དགུའི་སྒོ་ནས་ཁྱད་པར་བསྟན་པ་ལྟར་ལ། དེ་ཉིད་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་སུ་གཞི་རྒྱུད་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་གྲགས་ཏེ། མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དབྱེར་མི་ཕྱེད་པའི་སེམས་ཀྱི་ཆོས་ཉིད་ལ་བཤད་ཅིང་། ཁྱད་པར་དུ་ཨ་ཏི་ཡོ་གས་སེམས་ཀྱི་ཆོས་ཉིད་རིག་པ་སྟོང་གསལ་གྱི་ངོ་བོ་ལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཐམས་ཅད་ཉི་མ་དང་འོད་ཟེར་བཞིན་འདུ་འབྲལ་མེད་པར་ཡོངས་སུ་རྫོགས་པས་ན་རྫོ༷གས་པ༷་ཆེ༷ན་པོ༷་ཞེས་གསུངས་པ་སྟེ། ཐུགས་ཐིག་ལས། གཞིར་
གནས་རིག་པ་ངོ་བོ་རང་བཞིན་དང་། །ཐུགས་རྗེ་གསུམ་ལྡན་རྒྱལ་བའི་སྙིང་པོ་ལ། །སྐུ་གསུམ་རང་ཆས་བཞུགས་པར་བཤད་པ་ཡིན། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། ལུས་ཅན་སྙིང་ལ་གང་གནས་པ། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །ཞེས་སོགས་དང་། ཀུན་མཁྱེན་ཀློང་ཆེན་པས། རྒྱལ་བའི་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟར་ལ། ཡེ་ཤེས་དེ་ཉིད་ཀྱང་ངོ་བོ་རང་བཞིན་ཐུགས་རྗེ་སྟེ་གཞིར་གནས་ཀྱི་ཡེ་ཤེས་གསུམ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོགས་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་དང་། ཇི་ལྟ་ཇི་སྙེད་མཁྱེན་པ་ཞེས་ཡུལ་ལ་འཇུག་པའི་ཡེ་ཤེས་གཉིས་ཏེ། གཞི་འབྲས་ཀྱི་ཡེ་ཤེས་ཐམས་ཅད་གཞན་མ་ཡིན་པ་དང་། འཁོར་བའི་ཆོས་རྣམས་ཐམས་ཅད་ཀྱང་མེད་སྣང་གློ་བུར་བ་ཡིན་ལ། ཆོས་ཉིད་དེ་ལས་གཞན་བརྗོད་དུ་མེད་པས་ན་སྲིད་ཞི་ཀུན་ལ་ཁྱབ་པའི་ཕྱིར་ཡེ༷་ཤེ༷ས་སྤྱི༷་ཡི༷་གཟུ༷གས་ཞེས་བརྗོད་ཅིང་། དེ་ལྟ་བུ་སྦྱང་གཞི་
ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་ཉིད། སྦྱང་བྱ་གློ་བུར་གྱི་དྲི་མ་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད། སྦྱོང་བྱེད་སྡོམ་པ་གསུམ་གྱི་ལམ་གྱི་སྙིང་པོ་རིག་པ་འཛིན་པ་སྔགས་ཀྱི་ལམ་ཟབ་མོས། མེད་སྣང་གློ་བུར་བའི་དྲི་མ་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོ༷ངས་སུ༷་སྦྱངས་ཤིང་དག༷་སྟེ། སྦྱང་འབྲས་དོན་གཉིས་ལྷུན་གྱིས་གྲུབ་པ་སྐུ༷་ལྔ་ཡེ་ཤེས་ལྔའི་ངོ་བོར་འཚང་རྒྱ་བས་ན་ཀུན་ཏུ་བཟང་པོའམ་རྡོ༷་རྗེ༷་འཆ༷ང་ཆེ༷ན་པོ༷་ཞེས་སོགས་སུ་གྲགས་ཏེ་ཐེག་པ་ཐམས་ཅད་ཀྱི་འབྲ༷ས་བུའི༷་མཐ༷ར་ཐུ༷ག་པ་སང༷ས་རྒྱས༷་ཉག༷་མ་གཅི༷ག་པུ་དེ༷་ཡིན་ནོ། །དེ་ལ་སྐུ་ལྔ་ནི། དབྱིངས་སྤྲོས་བྲལ་གྱི་ཀློང་དུ་རིག་པའི་ཡེ་ཤེས་རང་གྲོལ་བ་ཟུང་འཇུག་ཆོས་ཀྱི་སྐུ། དེ་ལས་མ་གཡོས་བཞིན་དུ་ས་བཅུའི་སེམས་དཔའ་ལ་མཚན་དཔེའི་གཟུགས་བརྙན་རྣམ་པར་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ། སོ་སྐྱེས་རྣམས་ལ་མོས་པ་དང་མཐུན་པར་སངས་རྒྱས་ཀྱི་གཟུགས་བརྙན་ཅི་རིགས་སུ་སྣང་བ་སྤྲུལ་པའི་སྐུ་བ་དང་། སྐུ་གསུམ་གྱི་སྣང་ཆ་མ་འདྲེས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུ། སྐུ་གསུམ་དབྱེར་མི་ཕྱེད་པའི་ཆ་ནས་རྡོ་རྗེའི་སྐུ་སྟེ་སྐུ་ལྔའོ། །དེ་ལ་བརྟེན་པའི་ཡེ་ཤེས་ལྔ་ནི། ཆོས་ཐམས་ཅད་ཅི་ཡང་མི་
དམིགས་པ་ཆོས་དབྱིངས་ཡེ་ཤེས། གསལ་ལ་རྟོག་པ་མེད་པ་མེ་ལོང་ཡེ་ཤེས། འཁོར་འདས་ཀྱི་མཐའ་ལ་མི་གནས་པའི་མཉམ་ཉིད་ཡེ་ཤེས། ཆོས་ཐམས་ཅད་མ་འདྲེས་མངོན་སུམ་ས་ལེར་མཁྱེན་པ་སོར་རྟོག་ཡེ་ཤེས། འགྲོ་དོན་ཐོགས་པ་མེད་པའི་ཕྲིན་ལས་ལ་འཇུག་པ་བྱ་གྲུབ་ཡེ་ཤེས་སོ། །ཆོས་དབྱིངས་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་། ཕྱི་མ་བཞི་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་སུ་འདུ་བས་གཉིས་སོ། །དེ་ཐམས་ཅད་ཀྱང་སྤངས་པ་དང་། རྟོགས་པ་དང་། སེམས་ཏེ་ཆེན་པོ་གསུམ་གྱི་རང་བཞིན་ཅན་ཏེ། མངོན་རྟོགས་རྒྱན་ལས། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤོངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་བྱུང་གི། །ཆེད་དུ་བྱ་བ་འདི་ཤེས་བྱ། །ཞེས་སོ། །དེས་ན་བླ་མེད་བྱང་ཆུབ་དོན་དུ་གཉེར་བ་རྣམས་ཀྱི་བསམ་པ་ཡོངས་སུ་རྫོགས་པའི་འབྲས་བུའི་མཐར་ཐུག་ཏུ་ངེས་པ་ནི་སངས་རྒྱས་ཉག་གཅིག་པུ་ཡིན་ལ། དེ་ནི་འཆད་པར་འགྱུར་བ་གསང་སྔགས་བླ་མེད་ཀྱི་ལམ་ཁོ་ནས་ཐོབ་དགོས་པ་ཡིན་ནོ། །གཉིས་པ་ཐོབ་བྱེད་ལམ་གྱི་དབྱེ་བ་སྤྱིར་བཤད་པ་ལ་གསུམ། །བགྲོད་པ་གཅིག་པུའི་ལམ་མདོར་བསྟན་པ། ལམ་སྟེགས་ཀྱི་
ཐེག་པའི་དབྱེ་བསྡུ་བྱེ་བྲག་ཏུ་བཤད་པ། སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་འགྱུར་ཚུལ་བསྟན་པས་གནད་བསྡུ་བའོ། །དང་པོ་བགྲོད་པ་གཅིག་པུའི་ལམ་མདོར་བསྟན་པ་ནི། ཟབ་རྒྱས་ཆོས་ཀྱི་སྒོ་འཕར་བགྲང་ཡས་ཀྱང་། །གསང་ཆེན་སྨིན་གྲོལ་ལམ་མཆོག་མ་བསྟེན་པར། །ཐོབ་པ་མིན་ཞེས་རྫོགས་སངས་རྒྱས་དེས་གསུངས། །ཞེས་པ་སྟེ། ཟ༷བ་པ་ཇི་ལྟ་བ་དོན་དམ་སྟོང་པ་ཉིད་སྟོན་པ་དང་། རྒྱ༷ས་པ་ཇི་སྙེད་པ་ཀུན་རྫོབ་ཀྱི་ཕྱོགས་རྣམས་སྟོན་པའི་ཆོ༷ས་ཀྱི༷་སྒོ༷་འཕ༷ར་བགྲ༷ང་མཐའ་ཡ༷ས་པ་ཞིག་གསུངས་ཡོད་ཀྱང༵་གས༷ང་ཆེ༷ན་རྡོ་རྗེ་ཐེག་པའི་སྨི༷ན་བྱེད་ཀྱི་དབང་དང་། གྲོ༷ལ་བྱེད་བསྐྱེད་རྫོགས་ཀྱི་ལ༷མ་མཆོ༷ག་གཉིས་ལ་མ༷་བརྟེ༷ན་པ༷ར་ལམ་འོག་མ་རྣམས་ཀྱིས་ནམ་ཡང་ཐོ༷བ་པ༷་མི༷ན་ཏེ། ཅིའི་ཕྱིར་ན་འཁོར་བར་འཆིང་བྱེད་ཀྱི་བག་ཆགས་ཤིན་ཏུ་ཕྲ་བ་དཀར་དམར་རླུང་གསུམ་གྱིས་བསྐྱེད་པའི་སྣང་གསུམ་འཕོ་བའི་སྒྲིབ་པ་དེ་ཉིད་སྦྱོང་བྱེད་ཀྱི་ཐབས་དངོས་ནི་ལམ་དེ་དག་ཏུ་མ་བསྟན་པའི་ཕྱིར་ཏེ། ཀླུ་བྱང་གི་ལས་མཐའ་རྣམ་འབྱེད་ལས། མགོ་དང་རྐང་ལག་སོགས་བྱིན་ཀྱང་། །སྣང་བ་རྣམ་པར་མ་དག་ཕྱིར། །བྱང་ཆུབ་འབྲས་བུ་ཐོབ་མི་འགྱུར། །ཞེས་དང་། སྔགས་བླ་མེད་ལ་བརྟེན་ནས་
འཐོབ་པའི་ཚུལ་ཡང་། རྩ་རྒྱུད་གསང་སྙིང་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བསྟེན་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །ཞེ༷ས་ཤེས་བྱ་ཐམས་ཅད་ལ་ཆགས་ཐོགས་མེད་པའི་ཡེ་ཤེས་མངའ་ཞིང་བདེན་པ་ཉག་གཅིག་ཏུ་སྨྲ་བ་རྫོ༷གས་པའི་སང༷ས་རྒྱས༷་དེ༷ས་ལེགས་པར་ཡོངས་སུ་གསུ༵ངས་སོ། །གཉིས་པ་ལམ་སྟེགས་ཀྱི་ཐེག་པའི་དབྱེ་བསྡུ་བྱེ་བྲག་ཏུ་བཤད་པ་ལ་གཉིས། དབྱེ་གཞི་ཐེག་པའི་མཚན་ཉིད་སྤྱིར་བཤད། དབྱེ་ཆོས་རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་དགུར་འདུ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་དབྱེ་གཞི་ཐེག་པའི་མཚན་ཉིད་སྤྱིར་བཤད་པ་ནི། ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་བར། །བསམ་ཡས་ཐེག་པའི་བགྲང་མཐར་ཐུག་པ་མེད། །བགྲོད་གཅིག་ལམ་ལ་དཀྲི་བའི་ངལ་སྟེགས་ཏེ། །རང་རང་རྗེས་མཐུན་འབྲས་བུ་བླ་དང་བཅས། །ཐོབ་ཀྱང་ཐེག་པ་སོ་སོའི་ངེས་འབྱུང་ལས། །ཐེག་གཅིག་ལམ་ལ་མ་ཞུགས་འབྲས་ཐོབ་ཅི། །ཞེས་པ་སྟེ།
ཇི༷་སྲི༷ད་གདུལ་བྱའི་སེམས་དང་སེ༷མས་བྱུང་ཕྲ་རགས་ཀྱི༷་རྒྱུན་གཅིག་ནས་གཅིག་ཏུ་འཇུ༷ག་པ༷་ཆོས་ཀྱི་དབྱིངས་སུ་མ༷་ཟ༷ད་ཀྱི་བ༵ར་དུ་དེ་འདུལ་བྱེད་ཀྱི་གཉེན་པོ་བས༷མ་གྱིས་མི་ཁྱབ་ཅིང་མཐའ་ཡ༷ས་པ་ཐེ༷ག་པ༷འི་རྣམ་གྲ༷ངས་འདི་ཙམ་མོ་ཞེས་བརྗོད་པའི་མཐ༷ར་ཐུག༷་པ༷་མེ༵ད་ལ། གང་ཚེ་སེམས་ཀྱི་འཇུག་པ་ཟད་པའི་དུས་ན་འགྲོ་བའང་མེད་ལ། ཐེག་པའང་མེད་དེ། ལངྐར་གཤེགས་པ་ལས། ཇི་སྲིད་སེམས་ནི་འཇུག་པའི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་ནི་ནམ་ཞིག་གྱུར་པ་ན། །ཐེག་པ་མེད་ཅིང་འགྲོ་བའང་མེད། །ཅེས་སོ། །དེ་ལྟ་ན་ཐེག་པའི་རྣམ་གྲངས་འོག་མ་རྣམས་ནི་རེ་ཞིག་དེ་དང་དེའི་གདུལ་བྱ་རྣམས་དྲང་བའི་ཐབས་སུ་བསྟན་པ་ཡིན་ལ། མཐར་དེ་དག་ཐམས་ཅད་ཀྱང་སངས་རྒྱས་རྣམས་ཀྱི་བགྲོ༷ད་པ་གཅི༷ག་པུའི་ལ༷མ་གསང་སྔགས་རྡོ་རྗེ་ཐེག་པ་བླ་ན་མེད་པ་ལ༷་དཀྲི༷་བ༷འི་ང༷ལ་སྟེ༷གས་ཙམ་ཡིན་ཏེ༷། ཅིའི་ཕྱིར་ན་ལམ་སྟེགས་ཀྱི་ཐེག་པ་རྣམས་ཀྱིས་ར༷ང་ར༷ང་གི་ལུགས་དང་རྗེ༷ས་སུ་མཐུ༷ན་པའི་འབྲ༷ས་བུ༷་རེ་ཐོབ་མོད་ཀྱི། ད་དུང་བླ༷་སྟེ་གོང་དུ་བགྲོད་བྱ་ད༷ང་བཅ༷ས་པའི་ཕྱིར། གསང་བ་སྙིང་པོ་ལས། ས་རྣམས་ཁྱད་པར་བཀོད་པ་ཡང་། །གསང་བ་སྙིང་པོར་འགྲོ་བའི་
ལམ། །ཞེས་སོ། །དེས་ན་མཚན་ཉིད་སྡེ་གསུམ་དང་། ཕྱི་རྒྱུད་སྡེ་གསུམ་གྱི་ཐེག་པ་རྣམས་ཀྱིས་རང་རང་གི་ལམ་གྱི་མི་མཐུན་ཕྱོགས་འཁོར་དང་བཅས་པ་སྤངས་པའི་འབྲས་བུ་རེ་ཐོ༷བ་ཀྱ༷ང་ཐེ༷ག་པ༷་སོ༷་སོ༷འི་ངེ༷ས་པར་འབྱུང༷་བའི་མྱང་འདས་ཙམ་ལ༵ས། བླ་ན་མེད་པའི་ཐེ༷ག་པ་གཅི༷ག་པུ་གསང་སྔགས་རྡོ་རྗེ་ཐེག་པའི་ལ༷མ་ལ༷་མ༷་ཞུག༷ས་པར་མཐར་ཐུག་གི་འབྲ༷ས་བུ་བྱང་ཆུབ་ཆེན་པོ་ཐོ༷བ་པ་ཅི༵་ཞིག་ཡོད་དེ་མེད་དོ། །དེ་ལྟར་ཡང་མཚན་བརྗོད་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་སོ། །གཉིས་པ་དབྱེ་ཆོས་རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་དགུར་འདུ་ཚུལ་བྱེ་བྲག་ཏུ་བཤད་པ་ནི། འདིར་ནི་རྫོགས་པ་ཆེན་པོའི་རིང་ལུགས་ལྟར། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ལ། །མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་ཞེས་གསུངས། །ཀྲི་ཡ་ཨུ་པ་ཡོ་ག་ཕྱི་རྒྱུད་གསུམ། །བླ་མེད་ཕ་རྒྱུད་མ་ཧཱ་ཡོ་ག་དང་། །མ་རྒྱུད་ཨ་ནུ་ཡོ་གར་གྲགས་པ་དང་། །གཉིས་མེད་རྒྱུད་སྡེ་ཨ་ཏི་ཡོ་ག་ལ། །ནང་རྒྱུད་གསུམ་ཞེས་ཐེག་པ་རིམ་དགུར་བསྡུ། །ཞེས་པ་སྟེ། བསྟན་བཅོས་འདི༷ར་ནི༷་ཐུན་མོང་མ་ཡིན་པ་གསང་སྔགས་སྔ་འགྱུར་རྫོ༷གས་པ༷་ཆེ༷ན་པོ༷འི་རི༷ང་
ལུ༷གས་ལྟ༷ར་ཐེག་པ་རིམ་དགུར་རྣམ་པར་བཞག་པ་ཡིན་ཏེ། སྤྱི་མདོ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་སྣང་བ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་རིགས། །དབང་བསྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་པ་ལྟར། དེའང་རང་གིས་ཡོངས་འཛིན་ལས་ཉན་ཅིང་ཐོས་པའི་དོན་གཞན་ལ་སྒྲོགས་པས་ན་ཉ༷ན་ཐོས༷་དང་། སྲིད་པ་ཐ་མ་པའི་ཆེད་གཞན་ལ་མ་བསྟེན་པར་རང་ཉིད་སྲིད་པ་ལས་རྒྱལ་བའི་འབྲས་བུ་མངོན་དུ་བྱེད་པས་ན་ར༷ང་རྒྱལ༷་དང་། རྫོགས་པའི་བྱང་ཆུབ་བསྒྲུབ་པའི་ཆེད་དུ་གཞན་དོན་སྤྱོད་པ་ལ་སེམས་མི་ཞུམ་པར་དཔའ་བས་ན་བྱ༷ང་ཆུབ༷་སེ༷མས་དཔ༷འ་སྟེ། དེ་དག་གི་ཉམས་སུ་བླང་བྱའི་ཐེག་པ་གསུམ་ལ༷་འབྲས་བུར་སྦྱོར་བའི་ལམ་མཚོན་པས་མཚ༷ན་ཉིད༷་དང་། རང་འབྲས་ཐོབ་པའི་དངོས་རྒྱུ་དང་། མཐར་འབྲས་བྱང་ཆུབ་ཆེན་པོ་ཐོབ་པའི་བརྒྱུད་རྒྱུ་ཙམ་ལས་འབྲས་བུ་ལམ་དུ་བྱེད་པ་མ་ཡིན་པས་ན་རྒྱུ༷་ཡི༷་ཐེ༷ག་པ༷་གསུ༵མ་ཞེ༷ས་གསུ༷ངས་ལ། ཀྲི༷་ཡ༷་སྟེ་ཕྱིའི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དང་། ཨུ༷་པ༷་སྟེ་ལྟ་སྤྱོད་ཆ་མཉམ་པར་སྤྱོད་པས་ན་སྤྱོད་པའི་རྒྱུད་དང་། ཡོ༷་ག༷་སྟེ་ནང་གི་སྒོམ་པ་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད་དེ། དེ་གསུམ་པོ་
མཚན་ཉིད་ཐེག་པ་དང་ཚུལ་འདྲ་ཞིང་དངོས་གྲུབ་གཞན་ནས་འཚོལ་བས་ཕྱི༷་རྒྱུད༷་གསུ༷མ་ཞེས་གྲགས། ཕྱི་རྒྱུད་ལས་ཁྱད་པར་འཕགས་ཚུལ་དུ་མ་ཡོད་ཀྱང་མདོར་བསྡུ་ན་ལྟ་སྒོམ་སྤྱོད་གསུམ་ཐུན་མོང་མ་ཡིན་པའི་དབང་གིས་བླ༷་ན་མེ༷ད་པའི་རྒྱུད་སྡེ་སྟེ། དབྱེ་ན་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ་ཕ༷་རྒྱུད༷་ལ་མ༷་ཧྰ༷་ཡོ༷་ག༷་སྟེ་རྣམ་འབྱོར་ཆེན་པོ་ཞེས་བཤད་པ་ད༷ང་། ཤེས་རབ་རྫོགས་པའི་རིམ་པ་གཙོ་བོར་སྟོན་པ་མ༷་རྒྱུད༷་ལ་ཨ༷་ནུ༷་ཡོ༷་ག༷་སྟེ་རྗེས་སུ་རྣམ་འབྱོར་ཞེས་བྱ་བར༷་གྲ༷གས་པ༷་ད༷ང་། ཟུང་འཇུག་འོད་གསལ་གྱི་རིམ་པ་གཙོ་བོར་སྟོན་པ་གཉི༷ས་སུ་མེ༷ད་པའི་རྒྱུད༷་སྡེ༷་ལ་ཨ༷་ཏི༷་ཡོ༷་ག༷་སྟེ་ཐིག་ལེའི་རྣམ་འབྱོར་ཞེས་གསུངས་ཏེ། དེ་གསུམ་ལ༵་འཁོར་འདས་དག་མཉམ་དུ་རྟོགས་ཤིང་དངོས་གྲུབ་གཞན་ནས་མི་འཚོལ་བས་ན་ན༷ང་རྒྱུད༷་གསུ༷མ་ཞེ༷ས་གྲགས། དེས་ན་རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེ༷ག་པ༷་རི༷མ་པ་དགུ༷ར་བསྡུ༵་བ་ཡིན་ནོ། །འདིའི་ཞར་ལ་ཐེག་པ་རིམ་དགུ་སོ་སོའི་རྣམ་གཞག་གོ་དོན་ཅུང་ཟད་ཙམ་སྤྲོས་ཏེ་འཆད་ན། སྤྱིར་རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་གཉིས་ཀྱི། ཐོག་མར་མཚན་ཉིད་རྒྱུའི་ཐེག་པའམ་ཀུན་འབྱུང་འདྲེན་པའི་ཐེག་པ་ལ་གསུམ་ལས། དང་པོ་ཉན་
ཐོས་ནི། ཐེག་པའི་འཇུག་སྒོ་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་བླངས་ནས་མ་ཉམས་པར་བསྲུང་། ལྟ་བ་ནི། གང་ཟག་གི་བདག་རང་བཞིན་མེད་པར་རྟོགས་ཀྱང་ཆོས་བདག་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དོན་དམ་བདེན་པར་ལྟ་བ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། གཉིས་མེད་མ་རྟོགས་ཐམས་ཅད་ལ། །བདེན་བཞི་དངོས་པོར་ཡོད་ལྟ་ཞིང་། །སྤངས་དང་མི་སྤངས་བྱེད་གྱུར་ན། །འདི་ནི་ཉན་ཐོས་པ་ཡིན་ནོ། །ཞེས་སོ། །དེ་ལའང་བྱེ་མདོ་གཉིས་ཏེ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། ཆོས་ཙམ་ལྟ་བའི་ཉན་ཐོས་པ། །མདོ་སྡེ་པ་དང་བྱེ་བྲག་གཉིས། །ཕྱི་རོལ་རྡུལ་ལ་རྩོད་བྱེད་ཅིང་། །ཤེས་པ་སྐད་ཅིག་སྣང་བྱེད་མཐུན། །ཞེས་པས། །བྱེ་བྲག་སྨྲ་བས་རགས་པ་ཀུན་རྫོབ་ཀྱི་བདེན་པ་འདི་ནེའུ་སིང་ལྟར་ཚོགས་པ་གཅིག་ཏུ་སྣང་ཡང་། དོན་དམ་པར་རྡུལ་ཕྲ་རབ་བར་དང་བཅས་པ་ཆ་ལྡན་སིལ་བུར་འདོད། མདོ་སྡེ་པས་རྡུལ་ལ་ཕྲ་རབ་འབྱར་ཡང་མ་འབྱར། བར་ཡང་མེད་པར་འབྲུའི་ཕུང་པོ་ལྟར་འདོད་པ་ཉིད་དོ། །སྒོམ་པ་ནི། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་སྒོམ་པ་སོགས་ཞི་གནས་ཀྱི་སེམས་ལས་རུང་དུ་བསྒྲུབས་
ནས། ལྷག་མཐོང་བདེན་བཞི་མི་རྟག་བཅུ་དྲུག་སྒོམ་པ་སྟེ། དེ་ཡང་སྡུག་བསྔལ་གྱི་བདེན་པ་ནད་ལྟ་བུ། ཀུན་འབྱུང་ནད་དེའི་རྒྱུ་ལྟ་བུ། ལམ་བདེན་ནད་ཀྱི་གཉེན་པོ་སྨན་ལྟ་བུ། འགོག་བདེན་ནད་ལ་གྲོལ་བ་ལྟ་བུར་རྟོགས་པས། དེས་ན་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། ལམ་རྒྱུད་ལ་བསྟེན་བྱ། འགོག་པ་མངོན་དུ་ཐོབ་བྱ་དང་། དེ་རེ་རེ་ལའང་བཞི་བཞིར་ཕྱེ་བས་བདེན་འབྱུང་བཅུ་དྲུག་རྣམས་སྒོམ། སྤྱོད་པ་ནི། རང་ཉིད་ཞི་བདེའི་བསམ་པས་སོ་སོར་ཐར་པ་རིགས་བདུན་གང་ལ་ཞུགས་པའི་བསླབ་བྱ་ལམ་དུ་ཁྱེར་ཞིང་། སྦྱངས་པའི་ཡོན་ཏན་ལ་གནས། ཉོན་མོངས་པ་དགྲ་དང་ཚེར་མ་ལྟར་སྤང་། དགེ་བཅུ་སྨན་དང་ཟས་ལྟར་ལེན་ཅིང་། འདུ་ཤེས་བཅུ་བསྟེན་པ་སྟེ། དེ་ཡང་སྲོག་གཅོད་པ་ལ་བཙན་དུག་[ཟོས་པས་ཕུང་བ།] ལྟ་བུའི་འདུ་ཤེས། གོས་ལ་རྨ་དཀྲིས་ལྟ་བུའི་[ཆོས་གོས་གསུམ་དང་མི་འབྲལ་བ།] འདུ་ཤེས། ཉོན་མོངས་པ་ལ་དུག་སྦྲུལ་[རེག་པས་ཕུང་བ།] ལྟ་བུའི་འདུ་ཤེས། ཁ་ཟས་ལ་བུ་ཤ་ཟ་བ་[སྲེད་པ་མི་བྱ།] ལྟ་བུའི་འདུ་ཤེས། རྙེད་བཀུར་ལ་རྒྱ་དང་རྙི་[འཆིང་བར་དོགས་ཏེ་བྱོལ།] ལྟ་བུའི་འདུ་ཤེས། བླ་མ་དཀོན་མཆོག་ལ་ནོར་བུ་རིན་པོ་ཆེ་[མཆོད་
ཅིང་གུས་པས་བསྟེན།] ལྟ་བུའི་འདུ་ཤེས། ཆོས་ལ་ལམ་བཟང་པོ་ལྟ་བུའི་ཤེས། [བདེ་བར་འགྲོ་བ།] སངས་རྒྱས་ཀྱི་བསྟན་པ་ལ་གསེར་ལྟ་བུའི་འདུ་ཤེས། [དཀོན་ཞིང་བཟང་ལ་རྙེད་པ་དོན་ལྡན།] ཚུལ་ཁྲིམས་ལ་རྒྱན་ལྟ་བུའི་[གཅེས་སྤྲས་ཀྱིས་བསྲུང་བར་བྱ།] འདུ་ཤེས། ཆོས་ཉིད་མངོན་དུ་གྱུར་པ་ལ་མུན་ཁུང་དུ་སྒྲོན་མེ་[ཏིང་ངེ་འཛིན་ལ་བརྩོན་པ་མི་འདོར།] བཏེགས་པ་ལྟ་བུའི་འདུ་ཤེས་དང་མི་འབྲལ་བར་བྱེད་པའོ། །འབྲས་བུ་ནི། རྒྱུན་དུ་ཞུགས་པ། ལན་གཅིག་ཕྱིར་འོང་བ། ཕྱིར་མི་འོང་བ་སྟེ་གནས་སྐབས་ཀྱི་འབྲས་བུ་གསུམ་དང་། མཐར་ཐུག་གི་འབྲས་བུ་ལྷག་བཅས་ལྷག་མེད་ཀྱི་དགྲ་བཅོམ་པ་ཐོབ། འབྲས་བུ་བཞི་པོ་རེ་རེ་ལའང་བཞུགས་གནས་གཉིས་གཉིས་ཕྱེ་བས་བརྒྱད་དེ། དབྱེ་གཞི་ལ་ལྟོས་ནས་སྐྱེས་བུ་བཟུང་བཞི་དང་། དབྱེ་ཆོས་ལ་ལྟོས་ནས་གང་ཟག་ཡ་བརྒྱད་ཅེས་བྱའོ། །གཉིས་པ་རང་རྒྱལ་ནི། ཐེག་པའི་འཇུག་སྒོ་ཉན་ཐོས་དང་འདྲ་ལ། ལྟ་བ་ནི། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོགས་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཕྱིར་དུ་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཡང་དག་བསྡུས་པར་ཤེས་པར་བྱ། །ཞེས་པ་ལྟར། གང་ཟག་གི་བདག་མེད་
རྟོགས་པ་ཉན་ཐོས་དང་འདྲ་ལ། དེའི་སྟེང་དུ་ཆོས་ཀྱི་བདག་གི་གཟུང་ཆ་རྡུལ་ཕྲ་རབ་ཀྱང་རང་བཞིན་མེད་པར་རྟོགས་ཀྱང་། ད་དུང་འཛིན་སེམས་སྐད་ཅིག་མ་དོན་དམ་དུ་ལྟ་ཞིང་འཁོར་འདས་རྟེན་འབྲེལ་རྒྱུ་འབྲས་སུ་འདོད་པས་ན་བདག་མེད་ཕྱེད་དང་གཉིས་རྟོགས་པ་ཞེས་བྱ་སྟེ། སྐ་བ་དཔལ་བརྩེགས་ཀྱི་ལྟ་རིམ་ལས། དེ་བཞིན་རང་རྒྱལ་ཐེག་པ་ཡང་། །ཕྱི་རོལ་བཅུ་གཉིས་སྒྱུ་མ་ཙམ། །རྡུལ་ཀྱང་ཕྱོགས་ཆས་མ་གྲུབ་འཕགས། །ཤེས་པ་སྐད་ཅིག་རྗེས་སུ་མཐུན། །ཅེས་སོ། །སྒོམ་པ་ནི། དེ་ཡང་ཕྱི་ནང་གི་རྟེན་འབྲེལ་གཉིས་ཏེ། ཕྱིའི་རྟེན་འབྲེལ་འབྲས་བུ་ལས་ཤེས་ཏེ། འབྲས་བུ་དེ་ཅི་ལས་བྱུང་བརྟགས་པས་མེ་ཏོག་ལས་བྱུང་། དེ་འདབ་མ་ལས། དེ་མྱུ་གུ་ལས། དེ་སྡོང་པོ་ལས། དེ་ས་བོན་ལས་བྱུང་སྟེ་རྒྱུ་དང་འབྲེལ་བ་དྲུག །རྐྱེན་དང་འབྲེལ་བ་དྲུག་ནི། ནམ་མཁས་གོ་འབྱེད། ས་ཡིས་རྟེན་བྱེད། ཆུ་ཡིས་བསྡུས། མེས་སྨིན། རླུང་གིས་བསྐྱོད། དུས་དབྱར་དགུན་སྟོན་དཔྱིད་བཞིས་བསྒྱུར་ནས་བྱུང་བར་ཤེས་ཏེ་ཕྱིའི་རྟེན་འབྲེལ་ལོ། །ནང་གི་རྟེན་འབྲེལ་དུར་ཁྲོད་དུ་ཕྱིན་ནས་ཀེང་རུས་ཀྱི་ཕུང་པོ་ལ་བརྟགས་པས་ཤི་བ་ལས་བྱུང་བར་ཤེས། དེ་ན་བ་ལས། དེ་རྒས་
པ་ལས། དེ་སྐྱེ་བ་ལས། དེ་ལེན་པ་ལས། དེ་སྲེད་པ་ལས། དེ་ཚོར་བ་ལས། དེ་རེག་པ་ལས། དེ་སྐྱེ་མཆེད་དྲུག་ལས། དེ་མིང་གཟུགས་ལས། དེ་རྣམ་ཤེས་ལས། དེ་འདུ་བྱེད་ལས། དེ་མ་རིག་པ་ལས། དེ་གང་ལས་བྱུང་བརྟགས་པས་མ་རྙེད་དེ་སྟོང་པར་རྟོགས་པས་སྟོང་ཉིད་དུ་ཤེས། རྒྱུ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་ལ་མ་རིག་པ་ནས་རྒ་ཤིའི་བར་བརྟགས་པས་འགྲོ་བའི་རྒྱུར་ཤེས་སོ། །དེ་ལྟར་བདེན་བཞི་བཅུ་དྲུག་གི་སྟེང་དུ་རྟེན་འབྲེལ་ལུགས་འབྱུང་བཅུ་གཉིས་བཀག་ནས་ལུགས་ལྡོག་སྟོང་པ་བཅུ་གཉིས་ཁྲིགས་ཆགས་སུ་སྒོམ། སྤྱོད་པ་ནི། ཉན་ཐོས་དང་འདྲ། འབྲས་བུ་ནི། དབང་རྣོན་བསེ་རུ་ལྟ་བུ་གཅིག་པུར་བཞུགས་པ་ནི་ཉན་ཐོས་ཀྱི་སྡེ་སྣོད་ལ་དམིགས་ནས་བསྐལ་པ་བརྒྱར་ཚོགས་བསགས་ཏེ། མཐར་སངས་རྒྱས་མི་བཞུགས་པའི་ཞིང་དུ་སྟན་ཐོག་གཅིག་ཏུ་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་དུ་མངོན་དུ་བྱས་ཏེ་རང་རྒྱལ་དགྲ་བཅོམ་པ་ཐོབ་པ་སྟེ། དབྱིག་གཉེན་ཞབས་ཀྱི་མངོན་པ་མཛོད་པ་ལས། སྟོན་དང་བསེ་རུ་བྱང་ཆུབ་པ། །བསམ་གཏན་མཐའ་རྟེན་གཅིག་ལ་ཀུན། །དེ་ཡི་སྔོན་དུ་ཐར་ཆ་མཐུན། །ཞེས་སོ།
དབང་རྟུལ་ནེ་ཙོ་ལྟ་བུར་ཁྱུར་བཞུགས་པ་ཚོགས་སྤྱོད་ཆེ་ཆུང་གཉིས་ནི་རིམ་པར་ལམ་བཞིའམ་གསུམ་མངོན་དུ་མཛད་དེ་འབྲས་བུ་མངོན་དུ་རྟོགས་པ་སྟེ། རྒྱས་པ་ལས། ཕྱི་ནང་རྟེན་འབྲེལ་སྒྱུ་མ་མིག་ཡོར་ཚུལ། །དངོས་པོའི་གཟུགས་ལ་ཐོགས་མེད་རབ་ཏུ་འཇུག །དགེ་བཤེས་མི་སློབ་རང་གི་རིག་པས་རྟོགས། །བྱང་ཆུབ་སར་བགྲོད་ཡིད་བཞིན་བདེ་བ་མཆོག །ཅེས་སོ། །གསུམ་པ་བྱང་སེམས་ནི། ཐེག་པའི་འཇུག་སྒོ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་བླང་། ལྟ་བ་ནི། སེམས་ཙམ་པས་གཟུང་བ་རང་བཞིན་མེད་པ་དང་། དེར་འཛིན་གྱི་ཤེས་པའང་སྟོང་པར་རྟོགས་ཀྱང་རང་གསལ་གྱི་ཤེས་པ་ངོ་བོས་མི་སྟོང་པར་འདོད་པས་རང་ལུགས་ལ་བདག་མེད་གཉིས་རྟོགས་པར་འདོད་ཀྱང་། དབུ་མ་པས་གཞལ་ན་ཆོས་ཀྱི་བདག་མེད་ཕྲ་བ་མ་རྟོགས་ལ། དབུ་མ་པས་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཆུ་ཟླ་ལྟར་སྣང་ལ། དོན་དམ་པར་སྤྲོས་པ་ཐམས་ཅད་ཡོངས་སུ་ཞི་བའི་ཚུལ་དུ་བདག་གཉིས་ཀྱིས་སྟོང་པ་མཐའ་བྲལ་དབུ་མ་ཆེན་པོར་རྟོགས་པ་སྟེ། སངས་རྒྱས་གསང་བའི་ལམ་རིམ་ལས། མཉམ་པའི་དོན་ཉིད་མི་
ཤེས་ཤིང་། །ཀུན་རྫོབ་དོན་དམ་གཉིས་འབྱེད་ལ། །ཆོས་དང་གང་ཟག་བདག་མེད་པ། །འདི་ནི་བྱང་ཆུབ་སེམས་དཔའ་ཡིན། །ཅེས་སོ། །སྒོམ་པ་ནི། གཞན་དོན་ཁོ་ནར་ཡོངས་སུ་དམིགས་པའི་སྙིང་རྗེ་ཆེན་པོ་སྒོམ་པ་ཀུན་རྫོབ་བྱང་སེམས་དང་། དེ་དག་རྣམ་པ་མ་འགག་པར་ཅིར་ཡང་སྣང་ལ། དོན་ལ་གང་དུའང་མ་དམིགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ངང་དུ་བཞག་པ་ནི་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྟེ། སློབ་ལམ་བཞིར་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སྒོམ། སྤྱོད་པ་ནི། བདག་བས་གཞན་གཅེས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་བའི་དངོས་པོ་བཞི་ལ་སྤྱོད། འབྲས་བུ་ནི། བསྐལ་པ་གྲངས་མེད་གསུམ་དུ་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་ནས་མི་སློབ་པའི་ལམ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལ་རང་དོན་ཆོས་ཀྱི་སྐུར་གྲོལ་ཏེ་གཞན་དོན་གཟུགས་སྐུ་གཉིས་ལ་བརྟེན་ནས་སེམས་ཅན་གྱི་དོན་འཁོར་བ་མ་སྟོངས་ཀྱི་བར་དུ་མཛད་པ་སྟེ། རྒྱས་པ་ལས། བདག་མེད་གཉིས་རྟོགས་ཕ་རོལ་ཕྱིན་རྫོགས་པའི། །ས་བཅུ་རིམ་གྱིས་བགྲོད་པའི་རྣལ་
འབྱོར་པས། །སངས་རྒྱས་སར་བགྲོད་གོ་འཕང་ཐོབ་པའི་ལས། །བདེན་པ་གཉིས་ཀྱིས་རབ་ཏུ་ཐོབ་པར་འགྱུར། །ཞེས་སོ། །ཐེག་པ་དེ་གསུམ་གྱིས་ཀུན་འབྱུང་ལས་དང་ཉོན་མོངས་པའི་ལམ་ལས་ཐར་པར་འདྲེན་པར་བྱེད་པས་ན་ཀུན་འབྱུང་འདྲེན་པའི་ཐེག་པ་དང་། སོ་སོའི་ལམ་དེས་མཐར་ཐུག་གི་འབྲས་བུ་དེ་མཚོན་པར་བྱེད་པས་ན་མཚན་ཉིད་དང་། དེ་ལ་སྦྱོར་བར་བྱེད་པའི་རྒྱུ་མཚན་ཙམ་ཡིན་པས་ན་རྒྱུའི་ཐེག་པ་ཞེས་ཀྱང་བྱའོ། །གཉིས་པ་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ཕྱི་ནང་གཉིས་ཀྱི། ཐོག་མར་ཕྱི་རྒྱུད་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ་གསུམ་ལས། དང་པོ་ཀྲི་ཡ་སྟེ་བྱ་བའི་རྒྱུད་ནི། འཇུག་སྒོ་ཆུ་དང་ཅོད་པན་གྱི་དབང་མཐའ་རྟེན་དང་བཅས་པས་སྣོད་རུང་དུ་སྒྲུབ། ལྟ་བ་བདག་གི་དེ་ཁོ་ན་ཉིད་ཅེས་རང་གི་སེམས་ཉིད་སྟོང་གསལ་གྱི་ཡེ་ཤེས་ཡོད་མེད་སྣང་སྟོང་སྤྲོས་པའི་མཐའ་ཐམས་ཅད་བྲལ་བར་ལྟ། སྒོམ་པ་དེ་ཁོ་ན་ཉིད་བཞི་སྟེ། བྱ་རྒྱུད་ཙམ་པོ་བ་ལ་བདག་ཉིད་ལྷར་བསྐྱེད་པ་མེད་ཀྱང་། བྱ་རྒྱུད་ཁྱད་པར་ཅན་ལ་ལྷའི་དེ་ཁོ་ན་ཉིད་བདག་ཉིད་ལྷ་དྲུག་གི་སྒོ་ནས་བསྐྱེད་དེ། དེ་ཡང་། བདག་གི་དེ་ཁོ་ན་ཉིད་ལྟ་བུའི་ངང་དུ་འཇོག་པ་སྟོང་པའི་
ལྷ། དེ་ལས་ཀུན་རྫོབ་ཟླ་དཀྱིལ་གྱི་རྣམ་པར་སྒོམ་པ་ཡི་གེའི་ལྷ། ཟླ་བའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་བཅས་བཀོད་པ་སྒྲའི་ལྷ། དེ་ཡོངས་སུ་གྱུར་པ་ལས་རིགས་གསུམ་སོ་སོའི་ལྷ་བསྒོམ་པ་གཟུགས་ཀྱི་ལྷ། དེ་ལྷ་རང་རང་གི་རིགས་གང་ཡིན་པ་དེའི་དམ་རྒྱས་འདེབས་པ་ཕྱག་རྒྱའི་ལྷ། གནས་སྐབས་ཐམས་ཅད་དུ་ལྷའི་ཏིང་ངེ་འཛིན་གྱི་འདུ་ཤེས་དང་མི་འབྲལ་བ་མཚན་མའི་ལྷ་སྡེ་དྲུག་གི་སྒོ་ནས་བདག་དམ་ཚིག་པར་བསྐྱེད། དེའི་མདུན་དུ་ཡེ་ཤེས་པ་སྤྱན་དྲངས་ཏེ་རྗེ་ཁོལ་གྱི་ཚུལ་དུ་བལྟས་ནས་མཆོད་བསྟོད་སོགས་བྱ་བ་ནི་ལྷའི་དེ་ཁོ་ན་ཉིད་དེ། སྟོང་པ་ཡི་གེ་སྒྲ་གཟུགས་དང་། །ཕྱག་རྒྱ་མཚན་མ་དྲུག་ཡིན་ནོ། །ཞེས་སོ། །གཞི་ལ་གཞོལ་བ་བདག་མདུན་ལྷར་བསྒོམ་པ་དང་། སེམས་ལ་གཞོལ་བ་ལྷའི་ཐུགས་ཀར་ཟླ་དཀྱིལ་བསམ་པ། སྒྲ་ལ་གཞོལ་བ་ཟླ་དཀྱིལ་གྱི་སྟེང་དུ་སྔགས་ཕྲེང་རང་སྒྲ་དང་བཅས་པ་གསལ་བཏབ་སྟེ། སྲོག་རྩོལ་བསྡམས་པའི་སྦྱོར་བས་ལྷ་སྔགས་ལ་དམིགས་པ་རྩེ་གཅིག་ཏུ་བསྒྲིལ་ཏེ་བཟླ་བ་ནི་བཟླས་བརྗོད་ཀྱི་དེ་ཁོ་ན་ཉིད་དེ། བསམ་གཏན་ཕྱི་མ་ལས། སྒྲ་དང་སེམས་དང་གཞི་ལ་གཞོལ། །གསང་སྔགས་མི་འགྱུར་གཞི་ལ་གནས། །
ཡན་ལག་མ་ཉམས་གསང་སྔགས་བཟླས། །ངལ་ན་བདག་ལ་ངལ་གསོས་ཤིག ཅེས་སོ། །ཡང་རང་ཉིད་ལྷར་གསལ་བའི་ཐུགས་ཀར་མེ་དཔུང་གི་དབུས་སུ་ཟླ་བ་སྔགས་ཕྲེང་བཅས་གསལ་བཏབ་པ་མེར་གནས་ཏེ་ཞི་སོགས་ལས་ཐམས་ཅད་སྒྲུབ་པའི་གཞི་དང་། དེ་ལས་སྔགས་ཀྱི་རང་སྒྲ་དྲིལ་བུའི་སྒྲ་ལྟར་གྲགས་པར་བསམ་པ་ནི་སྒྲར་གནས་ཏེ་ཞི་གནས་སྒྲུབ་པའི་རྟེན་གཞི་དང་། སྔགས་ཀྱི་སྒྲ་དེ་ལ་དཔྱད་ཅིང་གཞིག་ན་ཅིར་ཡང་མ་གྲུབ་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་མཉམ་པར་འཇོག་པ་སྒྲ་མཐའ་ཞེས་ལྷག་མཐོང་འཆར་བའི་ཉེར་ལེན་གྱི་རྒྱུར་གྱུར་པ་སྟེ་བསམ་གཏན་གྱི་དེ་ཁོ་ན་ཉིད་དེ། སྔ་མ་ལས། གསང་སྔགས་མེར་གནས་དངོས་གྲུབ་སྟེར། །སྒྲར་གནས་དངོས་གྲུབ་སྟེར་བར་དྲན། །སྒྲ་མཐས་ཐར་པ་སྟེར་བར་བྱེད། །ཅེས་སོ། །སྤྱོད་པ་ནི། ཁྲུས་དང་གཙང་སྦྲ་སོགས་ཕྱིའི་བྱ་བ་གཙོ་བོར་སྤྱོད། འབྲས་བུ་ནི། མི་ཚེ་བདུན་རིགས་གསུམ་རྡོ་རྗེ་འཛིན་པའི་ས་ཐོབ་པའོ། །གཉིས་པ་ཨུ་པ་ཡ་སྟེ་སྤྱོད་རྒྱུད་ནི། འཇུག་སྒོ་ཆུ་དང་ཅོད་པན་གྱི་སྟེང་དུ་རྡོར་དྲིལ་མིང་དབང་བཅས་བསྐུར་བས་སྨིན་པར་བྱེད། ལྟ་བ་ནི། རང་ཤར་ལས། ཨུ་པ་ཡ་ནི་འདི་ལྟ་སྟེ། །ལྟ་
བ་ཡོ་གར་ལྟ་བ་ལ། །སྤྱོད་པ་ཀྲི་ཡར་སྤྱད་པའོ། །དེ་ཕྱིར་གཉིས་ཀའི་རྒྱུད་ཅེས་གྲགས། །ཞེས་སོ། །སྒོམ་པ་ནི། རྣམ་སྣང་མངོན་བྱང་ལས། ཡི་གེ་དང་ནི་ཡི་གེ་སྦྱར། །དེ་བཞིན་གཞི་ལས་གཞིར་གྱུར་ཉིད། །ཤིན་ཏུ་དམ་པའི་ཡིད་ལས་ནི། །བཟླས་བརྗོད་འབུམ་ཕྲག་གཅིག་བྱའོ། །ཞེས་པ་ལྟར། བདག་གནས་རྣལ་འབྱོར་སྲུང་བ་རྣམས་སྔོན་དུ་འགྲོ་བས། ཡི་གེ་དང་པོ་དོན་དམ་བྱང་ཆུབ་སེམས་སྟོང་པ་ཉིད་དང་། དེའི་སྣང་ཆ་ཀུན་རྫོབ་བྱང་སེམས་ཟླ་དཀྱིལ་བསྒོམ་པ་དང་། ཡི་གེ་གཉིས་པ་དེའི་སྟེང་དུ་བཟླ་བྱའི་སྔགས་རང་སྒྲ་བཅས་བཀོད་པ་དང་། གཞི་དང་པོ་དེ་དག་ཡོངས་སུ་གྱུར་པ་ལས་བདག་ཉིད་ལྷར་བསྐྱེད་པ་ལ་སྔགས་རྒྱ་ལ་སོགས་པས་བྱིན་གྱིས་བརླབས་པ་དང་། གཞི་གཉིས་པ་མདུན་དུ་ཡེ་ཤེས་པ་བསྐྱེད་པ་སྤུན་ནམ་གྲོགས་པོའི་ཚུལ་དུ་བལྟས་ཏེ་ཐུགས་ཀར་ཟླ་དཀྱིལ་ལ་སྔགས་ཕྲེང་བཀོད་ནས་སྲོག་བསྡམས་ཏེ་རྩེ་གཅིག་པའི་སྦྱོར་བས་ཏིང་ངེ་འཛིན་བརྟན་པར་བྱེད་པ་རྣམས་མཚན་བཅས་ཀྱི་རྣལ་འབྱོར། འཇུག་པའི་སེམས་ཆོས་ཐམས་ཅད་རྣམ་པར་དཔྱད་པས་སྐྱེ་མེད་དུ་རྟོགས་པ་དང་། གནས་པའི་སེམས་རྣམ་པར་མི་རྟོག་པའི་ཡེ་ཤེས་
མངོན་དུ་གྱུར་པ་དང་། ལྡང་བའི་སེམས་དེ་ལྟར་མ་རྟོགས་པ་རྣམས་ལ་སྙིང་རྗེ་ཆེན་པོས་ལྷག་པར་འཇུག་པའོ། །དེ་ལྟར་འཇུག་གནས་ལྡང་གསུམ་གྱིས་ཁྱད་པར་དུ་བྱས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བསྒོམ་པ་མཚན་མེད་ཀྱི་རྣལ་འབྱོར་ཏེ། དེས་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་རབ་འབྱམས་སྒྲུབ་པར་བྱེད་པའོ། སྤྱོད་པ་ནི། བྱ་རྒྱུད་ལྟར་གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་གྲོགས་དང་ལྡན་པར་སྤྱོད། འབྲས་བུ་ནི། མི་ཚེ་ལྔ་ནས་རིགས་བཞི་རྡོ་རྗེ་འཛིན་པའི་ས་ཐོས་སྟེ། རིགས་བཞི་ནི་ལས་རིགས་རིན་ཆེན་རིགས་ལ་བསྡུས་པའོ། །གསུམ་པ་ཡོ་ག་སྟེ་རྣལ་འབྱོར་རྒྱུད་ནི། འཇུག་སྒོ་རིག་པའི་དབང་ལྔའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་དྲུག་ཐོབ་པར་བྱས། ལྟ་བ་ནི། ཧེ་རུ་ཀ་གལྤོ་ལས། ཡོ་གའི་ཐེག་པར་གནས་འདོད་པས། །འོག་མིན་རྡོ་རྗེ་དབྱིངས་སུ་བལྟ། །ཞེས་གསུངས་པ་ལྟར། དོན་དམ་བདེན་པ་སྤྲོས་པའི་མཚན་མ་ཀུན་དང་བྲལ་བ་རང་བཞིན་འོད་གསལ་སྟོང་པ་ཉིད་དང་། ཀུན་རྫོབ་ཏུ་ཅིར་སྣང་ཐམས་ཅད་ཆོས་ཉིད་རྟོགས་པའི་བྱིན་རླབས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ་རང་སྣང་བར་བལྟ། སྒོམ་པ་ནི། དང་པོའི་སྦྱོར་བ་སྔོན་དུ་
སོང་ནས། བདག་ཉིད་མངོན་བྱང་ལྔ་དང་ཆོ་འཕྲུལ་བཞིའི་སྒོ་ནས་བསྐྱེད་དེ། གལྤོ་ལས། མི་རྟོག་ཟླ་བ་གསུང་རྡོ་རྗེ། །སྤྲོ་བསྡུས་བསྒོམ་པའི་སྐུ་རུ་གསལ། །ཏིང་འཛིན་བྱིན་རླབས་དབང་བསྐུར་མཆོད། །མངོན་བྱང་ལྔ་དང་ཆོ་འཕྲུལ་བཞི། །བསྒོམ་ཞིང་མཆོད་པ་བྱས་པ་ཡང་། །བསོད་ནམས་ལྡན་ཕྱིར་བྱ་བ་ཡིན། །ཞེས་པ་ལྟར། གཙོ་བོ་གཞི་སྟོང་ཉིད། གདན་ཟླ་བ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན། སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པ་ལྔས་བསྐྱེད་ལ། དེ་ནས་འཁོར་གྱི་ལྷ་བཀོད་པ་ཏིང་ངེ་འཛིན་གྱི་ཆོ་འཕྲུལ། ཕྱག་རྒྱ་བཞིས་རྒྱས་གདབ་པ་བྱིན་གྱིས་བརླབས་པའི་ཆོ་འཕྲུལ། རིགས་གང་ཡིན་གྱིས་དབང་བསྐུར་བ་དབང་བསྐུར་བའི་ཆོ་འཕྲུལ། ཕྱག་མཆོད་བསྟོད་པ་བྱ་བ་མཆོད་པའི་ཆོ་འཕྲུལ་སྟེ་ཆོ་འཕྲུལ་བཞི་དང་། ཕྱག་རྒྱ་བཞི་ནི། ཐུགས་དམ་ཚིག་གི་ཕྱག་རྒྱ། གསུང་ཆོས་ཀྱི་ཕྱག་རྒྱ། སྐུ་ཕྱག་རྒྱ་ཆེན་པོ། ཕྲིན་ལས་ལས་ཀྱི་ཕྱག་རྒྱ་རྣམས་ཀྱིས་རྒྱས་བཏབ་ནས་ཡེ་ཤེས་པ་དགུག་བསྟིམ་བྱས་ཏེ་དམ་ཡེ་དབྱེར་མེད་ཀྱི་ངང་ནས་བཟླས་པ་ཚུལ་བཞིན་དུ་བྱས་མཐར་ཡེ་ཤེས་པ་གཤེགས་པ་ལ་སོགས་པའི་སྒོ་ནས་བསྒྲུབ་པ་མཚན་བཅས་ཀྱི་རྣལ་འབྱོར་དང་། དོན་དམ་པར་མཚན་མ་
མེད་པའི་ངོ་བོ་ཉིད་དང་དེའི་བྱིན་རླབས་ལྷར་སྣང་ཡེ་ཤེས་ཀྱི་སྣང་ཆ་གཉིས་པོ་གཉིས་སུ་མེད་པའི་ངང་ལ་འཇོག་པ་མཚན་མེད་ཀྱི་རྣལ་འབྱོར་ཏེ། དེ་གཉིས་ཟུང་འཇུག་ཏུ་བསྒོམ། སྤྱོད་པ་ནི། ཁྲུས་དང་གཙང་སྦྲ་སོགས་ཕྱིའི་ཀུན་སྤྱོད་ཀྱང་གྲོགས་ཙམ་དུ་བསྟེན་ནས། གཙོ་བོར་ལྷའི་རྣལ་འབྱོར་ལ་གནས་པས་རང་གཞན་གྱི་དོན་སྤྱོད་པ་སྟེ། རྡོ་རྗེ་རྩེ་མོ་ལས། ལྷ་ཡི་ཏིང་འཛིན་ལ་གནས་ཏེ། །སེམས་ཅན་ཐམས་ཅད་ཡོངས་མི་བཏང་། །རྟག་ཏུ་སངས་རྒྱས་ཡིད་ལ་བྱེད། །རྟག་ཏུ་སངས་རྒྱས་མཆོད་ནས་མཆོད། །ཅེས་སོ། །འབྲས་བུ་ནི། མི་ཚེ་གསུམ་ན་སྟུག་པོ་བཀོད་པའི་ས་ལ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་འཚང་རྒྱ་བ་སྟེ། ཀུན་བྱེད་ལས། ཡོ་ག་སྟུག་པོ་བཀོད་འདོད་པས། །མི་ཚེ་གསུམ་ན་གྲོལ་བར་འདོད། །ཅེས་སོ། །དེ་གསུམ་གྱིས་ཕྱི་དཀའ་ཐུབ་ལ་བརྟེན་ནས་ནང་གི་དོན་རིག་པར་བྱེད་པའམ། ཡང་ན་དཀའ་ཐུབ་དང་གཙང་སྦྲ་སོགས་བྲམ་ཟེ་རིག་བྱེད་པ་ལྟར་བརྟེན་པས་ན་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་དང་། བླང་དོར་དང་སྤངས་གཉེན་ཐམས་ཅད་ཕྱི་མཚན་ཉིད་རྒྱུའི་ཐེག་པ་དང་ཚུལ་འདྲ་བས་ན་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་བྱའོ། །གསུམ་པ་
དབང་བསྒྱུར་ཐབས་ཀྱི་ཐེག་པ་ལ་གསུམ་ལས། དང་པོ་བླ་མེད་ཕ་རྒྱུད་བསྐྱེད་པ་མ་ཧཱ་ཡོ་ག་ནི། འཇུག་སྒོ་ཕྱི་ཕན་པའི་དབང་བཅུ། ནང་ནུས་པའི་དབང་ལྔ། གསང་བ་ཟབ་མོའི་དབང་གསུམ་སྟེ་དབང་ཆོག་བཅོ་བརྒྱད་ཀྱིས་རྒྱུད་སྨིན་པར་བྱས། ལྟ་བ་ནི། ཆོས་ཐམས་ཅད་སེམས་ཉིད་སྣང་སྟོང་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ལྟ་བ་དོན་དམ་དང་། དེ་ཉིད་ཀྱི་རྩལ་སྣང་རྟོག་ཚོགས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་རང་སྣང་བ་ཀུན་རྫོབ་སྟེ། དེ་གཉིས་ཀྱང་སྣང་སྟོང་ཕྱོགས་རེ་བ་མ་ཡིན་ཏེ་ངོ་བོ་དབྱེར་མི་ཕྱེད་པའི་ཕྱིར། ཐ་སྙད་དུ་དབྱེར་མེད་ཅེས་བརྗོད་ནའང་དེར་འཛིན་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་ཕྱིར་བདེན་པ་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་གཏན་ལ་ཕེབ། སྒོམ་པ་ནི། ནང་གསེས་ཕ་མ་གཉིས་མེད་གསུམ་དུ་ཕྱེ་བས། གསང་འདུས་དང་གཤིན་རྗེ་སོགས་ཕ་རྒྱུད་རྣམས་སུ་ཐབས་བསྐྱེད་རིམ་གྱི་སྤྲོས་པ་དང་། རྫོགས་རིམ་གསང་དབང་གི་ཉམས་ལེན་རླུང་གཙོ་བོར་བྱེད་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས། ཡང་དག་དང་འཁོར་ལོ་སྡོམ་པ་སོགས་མ་རྒྱུད་རྣམས་སུ་བསྐྱེད་རིམ་ཆ་ཙམ་དང་། རྫོགས་རིམ་ཤེར་དབང་གི་
ཉམས་ལེན་ཁམས་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཙོ་བོར་བྱེད་པས་བདེ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས། སྒྱུ་འཕྲུལ་དྲྭ་བ་སོགས་གཉིས་མེད་ཀྱི་རྒྱུད་རྣམས་སུ་བསྐྱེད་རྫོགས་ཟུང་འཇུག་དང་། རྫོགས་རིམ་དབང་བཞི་པའི་ཉམས་ལེན་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོ་འོད་གསལ་ལྷན་ཅིག་སྐྱེས་པ་དེ་ཉིད་ཉམས་སུ་ལེན་ཅིང་། སྤྱིར་བསྐྱེད་རིམ་རྣམས་སྒོང་སྐྱེས་དང་མངལ་སྐྱེས་སྦྱོང་བའི་རིམ་པ་གཙོ་ཆེ་བར་སྒོམ་ཞིང་། དེ་ཐམས་ཅད་ཏིང་ངེ་འཛིན་རྣམ་པ་གསུམ་གྱིས་ཁོག་དབུབ་སྟེ། ངོ་བོ་དག་རྫོགས་སྨིན་གསུམ་ཚང་བ་དང་། སྲོག་སྒོམ་གཟེར་བཞིས་རྒྱས་བཏབ་སྟེ་བསྒོམ། སྤྱོད་པ་ནི། ཐབས་ལ་མཁས་པས་ཟིན་པའི་འཁོར་བའི་ཆོས་ཅི་ལའང་མ་ཆགས་པར་ཤ་ལྔ་བདུད་རྩི་ལྔ་སོགས་བླང་དོར་མེད་པར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། བསྐྱེད་པ་མ་ཧཱ་ཡོ་ག་ནི། །ཏ་ན་དང་ནི་ག་ན་དང་། །དམ་རྫས་བདུད་རྩི་ལྔ་པོ་ལ། །ཐབས་ཆེན་ལྟ་བའི་སྤྱོད་པ་སྤྱད། །ཅེས་སོ། །འབྲས་བུ་ནི། ཉེ་རྒྱུད་གསུམ་གྱིས་མཚམས་སྦྱར་ཏེ་རིག་འཛིན་རྣམ་པ་བཞིས་བསྡུས་པའི་ལམ་ལྔ་མཐར་ཕྱིན་ནས་ཚེ་འདིའམ་བར་དོར་སྐུ་ལྔ་ལྷུན་གྱིས་གྲུབ་པ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་སྟེ།
གསང་འདུས་ལས། འདི་ནི་བཅོམ་ལྡན་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཐིག་ལེ་ལས། ཡང་ན་ལུས་འདི་སྤངས་མ་ཐག །བརྩོན་པ་མི་ལྡན་པས་ཀྱང་འགྲུབ། །ཅེས་སོ། །གཉིས་པ་མ་རྒྱུད་ལུང་ཨ་ནུ་ཡོ་ག་ལ། འཇུག་སྒོ་ནི། ཕྱི་དབང་རྒྱུད་ཀྱི་ཆུ་བོ་བཅུ། ནང་དབང་འབྱུང་བའི་ཆུ་བོ་བཅུ་གཅིག །སྒྲུབ་དབང་གྲགས་པའི་ཆུ་བོ་བཅུ་གསུམ། །གསང་དབང་རྫོགས་པའི་ཆུ་བོ་གཉིས་ཏེ། དབང་ཆོག་སུམ་ཅུ་སོ་དྲུག་ལས་ཡན་ལག་གི་དབང་བརྒྱད་བརྒྱ་སོ་གཅིག་ཏུ་ཕྱེ་བས་སྨིན་པར་བྱས། ལྟ་བ་ནི། དབྱིངས་སྐྱེ་མེད་སྤྲོས་པ་དང་བྲལ་བ་ཡུམ་ཀུན་ཏུ་བཟང་མོའི་མཁའ་ཀློང་རྣམ་པར་དག་པའམ་ཡེ་ཇི་བཞིན་པའི་དཀྱིལ་འཁོར་ཞེས་བྱ། དེ་ཉིད་འགག་པ་མེད་པ་ཡུལ་ཅན་བདེ་བ་ཆེན་པོ་རང་བྱུང་རིག་པར་འོད་གསལ་བ་ནི་ཡེ་ཤེས་ཀུན་ཏུ་བཟང་པོའམ་རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཞེས་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྲས་བདེ་བ་ཆེན་པོ་རྩ་བ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཞེས་བྱ་སྟེ། གཡུ་ཐང་ལས། སྣང་སྲིད་བཟང་མོའི་མཁའ་ཀློང་
ལས། །མ་བསྐྱེད་དཀྱིལ་འཁོར་ཀུན་ཏུ་ཤར། །ཤར་བ་ཉིད་ནས་ཤར་བ་མེད། །ཡབ་ཡུམ་སྲས་བཅས་བདེ་ཆེན་པོ། །ཞེས་སོ། །དེ་ལྟར་གཞི་ཆོས་ཐམས་ཅད་དཀྱིལ་འཁོར་རྣམ་པ་གསུམ་མ་འདྲེས་པར་རྟོག་དཔྱོད་ཀྱི་རྗེས་འཇུག་པས་གཏན་ལ་ཕབ། སྒོམ་པ་ནི། དོན་གྱི་རྗེས་སུ་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངང་ལ་འཇོག་པ་དང་། ཡི་གེའི་རྗེས་སུ་འཇུག་པ་བསྐྱེད་སྔགས་བརྗོད་པ་ཙམ་གྱིས་ཆུ་ལས་ཉ་ལྡང་བ་ལྟར་རྩལ་སྣང་སྣོད་བཅུད་ལྷའི་འཁོར་ལོར་གསལ་བ་གྲོལ་ལམ་དང་། སྟེང་སྒོ་འཁོར་ལོ་བཞིའམ་དྲུག་དང་། འོག་སྒོ་མཁའ་གསང་གི་སྙོམས་འཇུག་ལ་བརྟེན་ནས་ལྷན་སྐྱེས་ཀྱི་ཡེ་ཤེས་བསྐྱེད་པར་བྱེད་པ་ཐབས་ལམ་སྟེ། དེ་ལྟར་ཐབས་གྲོལ་གྱི་ལམ་གང་རུང་ལ་བརྟེན་ནས་རྟོགས་པའི་ཡོན་ཏན་རྩལ་དུ་འདོན། སྤྱོད་པ་ནི། སྣང་སེམས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོལ་པར་ཤེས་པའི་སྒོ་ནས་བླང་དོར་མེད་པར་སྤྱོད་པ་སྟེ། བང་མཛོད་འཕྲུལ་ལྡེ་ལས། དབྱིངས་དང་ཡེ་ཤེས་ལོངས་སྤྱོད་རྫོགས། །ཞེས་སོ། །འབྲས་བུ་ནི། གནས་སྐབས་སུ་ཚོགས་ལམ་འདུན་པ་སེམས་དཔའི་རྣལ་འབྱོར། སྦྱོར་ལམ་རིགས་ཆེན་འབྱེད་པའི་རྣལ་འབྱོར། མཐོང་
ལམ་དབུགས་ཆེན་འབྱིན་པའི་རྣལ་འབྱོར། སྒོམ་ལམ་ལུང་ཆེན་ཐོབ་པའི་རྣལ་འབྱོར་ཏེ། སློབ་ལམ་བཞི་མཐར་ཕྱིན་ནས། འབྲས་བུ་མི་སློབ་ལམ་རྩལ་ཆེན་རྫོགས་པའི་རྣལ་འབྱོར་ཚེ་འདི་ཉིད་ལ་མངོན་དུ་བྱས་ཏེ་འབྲས་ཆོས་ཉེར་ལྔ་དབྱེར་མེད་ལྷུན་གྱིས་གྲུབ་པའི་བདག་ཉིད་བདེ་བ་ཆེན་པོའི་སྐུ་མངོན་དུ་གྱུར་པ་སྟེ། འཕྲུལ་ལྡེ་ལས། ཨ་ནུ་ཡོ་གའི་ཐེག་པ་ནི། །བར་མ་ཆོད་པ་ཚེ་གཅིག་གིས། །སངས་རྒྱས་ས་ལ་ངེས་པར་འགྲོ། །ཞེས་སོ། །གསུམ་པ་གཉིས་སུ་མེད་པའི་རྒྱུད་མན་ངག་ཨ་ཏི་ཡོ་ག་ལ། འཇུག་སྒོ་ནི། དབང་བཞི་པ་རྩལ་དུ་བཏོན་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་བཞིའི་དབང་ཐོབ་པར་བྱས། ལྟ་བ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་རིག་པའི་ངོ་བོར་སངས་རྒྱས་པའི་རང་བཞིན་མེད་པ། ཕྱལ་བ། ལྷུན་གྲུབ། གཅིག་པུ་བཞིར་ངེས་པས་གཏན་ལ་ཕབ། སྒོམ་པ་ནི། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཚིག་གསུམ་གནད་ལ་བརྡེག་པའི་སྒོ་ནས་ཀ་དག་ཡེ་བབས་རང་གནས་སོར་བཞག་གི་ངང་སྐྱོང་བ་དང་། བརྩོན་འགྲུས་ཅན་འབད་བཅས་སུ་གྲོལ་བ་བཞུགས་
སྟངས་གསུམ་དང་གཟིགས་སྟངས་གསུམ་གྱི་གནད་གཅུན་ཏེ་ལྷུན་གྲུབ་ཐོད་རྒལ་སྒྲོན་མ་དྲུག་གི་གསེང་ལམ་ལ་བརྟེན་ནས་དེ་བཞིན་གཤེགས་པའི་གསང་མཛོད་ཀྱི་སྒོ་ཕྱེས་ཏེ་དངོས་སུ་བལྟ། སྤྱོད་པ་ནི། ཅིར་སྣང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་ཤར་བས་དགག་སྒྲུབ་འཛིན་ཞེན་བླང་དོར་ལས་འདས་པར་སྤྱོད་པ་སྟེ། ནམ་མཁའ་ཆེ་ལས། བྱ་བ་མེད་པས་ལས་རྣམས་ཟིན། །ཞེས་དང་། བང་མཛོད་འཕྲུལ་ལྡེ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ལྟ་སྒོམ་སྲོག་དང་ལྡན་པ་ཡིས། །ཤུགས་ལས་བྱུང་བའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་སོ། འབྲས་བུ་ནི། ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་པ་སྟེ་སྣང་བ་བཞི་པོ་མཐར་ཕྱིན་ཅིང་། གདིང་བཞི་ཚད་ལ་འཁྱོལ་ཏེ། ལྷུན་རྫོགས་ཀུན་ཏུ་བཟང་པོའི་སའམ་ཡེ་ཤེས་བླ་མའི་ས་ལ་ད་ལྟ་ཉིད་ནས་གནས་པ་མཐར་ཕྱིན་ཏེ་འཇའ་ལུས་འཕོ་ཆེན་རྡོ་རྗེའི་གར་གྱིས་སྲིད་ཁམས་སྟོངས་ཀྱི་བར་དུ་འགྲོ་བའི་དོན་འབད་མེད་དུ་ལྷུན་གྱིས་གྲུབ་པའོ། །དེ་གསུམ་གྱིས་ཉོན་མོངས་པ་ཐམས་ཅད་ཆེད་དུ་གཉེན་པོས་སྤངས་མི་དགོས་པར་ཆོས་
ཐམས་ཅད་མཉམ་པ་ཆེན་པོར་རིག་པའི་ཡེ་ཤེས་ཀྱིས་དབང་བསྒྱུར་ཏེ་ལམ་དུ་བྱེད་པའི་ཐབས་དང་ལྡན་པས་ན་དབང་བསྒྱུར་ཐབས་ཀྱི་ཐེག་པ་དང་། ནང་སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་སྣང་བས་དངོས་གྲུབ་གཞན་ལས་མི་འཚོལ་བར་རང་བྱུང་གི་ཡེ་ཤེས་སུ་མཐོང་བས་ན་ནང་རྒྱུད་སྡེ་གསུམ་ཞེས་བྱའོ། །དེ་ལྟ་ན་རྣམ་གྲོལ་གྱི་ལམ་ཐམས་ཅད་ཐེག་པ་རིམ་པ་དགུ་པོ་དེར་འདུ་ལ། དེ་ཐམས་ཅད་ཀྱང་རང་བཞིན་རྫོགས་པ་ཆེན་པོའི་ཐེག་པ་འདིར་འདུས་ཤིང་རྫོགས་པ་ཡིན་ཏེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཡོད་ནི་གཅིག་ལས་མེད་པ་ལ། །བསྟན་ནི་རྣམ་པ་གཉིས་སུ་བསྟན། །བྱུང་ནི་ཐེག་པ་དགུ་རུ་བྱུང་། །འདུས་ནི་རྫོགས་པ་ཆེན་པོར་འདུས། །ཞེས་སོ། །དེ་ལྟར་ཐེག་རིམ་དགུ་པོའི་མཚན་ཉིད་དངོས་འཛིན་བདེ་བའི་སླད་དུ་སོ་སོའི་རྣམ་བཞག་ཕྱོགས་མཚོན་མདོ་ཙམ་ཞར་ལ་བརྗོད་ཟིན་ནས། ད་ནི་རྩ་བའི་གཞུང་ལ་འཇུག་སྟེ། གོང་གི་ས་བཅད་གསུམ་པ་སོ་བྱང་གཉིས་སྔགས་སྡོམ་གྱི་ཡན་ལག་ཏུ་འགྱུར་ཚུལ་བསྟན་པ་ལ་གསུམ། རིགས་ཅན་གསུམ་ལ་སྔགས་ཀྱི་ལམ་ཞུགས་ཡོད་པར་སྒྲུབ་པ། སྔགས་ལམ་ལ་འཇུག་སྒོ་མང་ཡང་འདིར་སྤྲོ་བྱ་མིན་པར་
བསྟན་པ། སྐབས་འདིར་གཏན་ལ་དབབ་བྱའི་དོན་ངོས་བཟུང་བའོ། །དང་པོ་རིགས་ཅན་གསུམ་ལ་སྔགས་ཀྱི་ལམ་ཞུགས་ཡོད་པར་སྒྲུབ་པ་ནི། ཉན་རང་བྱང་སེམས་རིགས་ཅན་སོ་སོ་ལ། །རྡོ་རྗེ་འཛིན་པའི་ལམ་ཞུགས་ཡོད་དོ་ཞེས། །འབུམ་ལྔའི་རྒྱུད་ཀྱི་ལུང་ལས་གསལ་བར་གྲུབ། །ཅེས་པ་སྟེ། སྤྱིར་གདུལ་བྱ་རྣམས་ཀྱི་ཁམས་སམ་རིགས་ཀྱི་དབྱེ་བ་དུ་མ་ཞིག་ཡོད་ནའང་། མདོར་དྲིལ་ན། དམན་པ་ཉ༷ན་ཐོས་དང་། འབྲིང་པོར་ར༷ང་རྒྱལ་དང་། མཆོག་བྱ༷ང་ཆུབ་སེ༷མས་དཔའི་རི༷གས་ཅ༷ན་གསུམ་ཡིན་ཅིང་། དེ་དག་སོ༷་སོ༷་ལ༵་གསང་སྔགས་རྡོ༷་རྗེ༷་ཐེག་པ་རིག་པ་འཛི༷ན་པ༷འི་ལ༷མ་དུ་ཞུག༷ས་པ་ཡོ༷ད་དོ༷་ཞེ༷ས་འབུ༷མ་ཕྲག་ལྔ༷་པ་དེ་ཁོ་ན་ཉིད་ཡེ་ཤེས་གྲུབ་པའི་རྒྱུ༷ད་ཀྱི༷་ལུ༷ང་ལ༷ས་གས༷ལ་བ༷ར་གྲུ༵བ་སྟེ། དེའང་འདི་སྐད་ཅེས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཞིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་བསྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་པ་ལྟར། དཔེར་བསྟན་པའི་རྡོ་ཁམས་དམན་
འབྲིང་རབ་གསུམ་པོ་དེ་གྲུབ་མཐས་བློ་མ་བསྒྱུར་བའི་རིགས་ཅན་གསུམ་གྱི་དཔེ་ཡིན་ལ། རྡོ་དེ་གསུམ་བཞུ་བ་ལས་བྱུང་བའི་ལྕགས་ཟངས་དངུལ་གསུམ་ནི་རིམ་བཞིན་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་རིགས་ཅན་གསུམ་སོ་སོའི་ལམ་ལ་ཞུགས་བཞིན་པའི་དཔེ་དང་། དེ་གསུམ་ཀའང་གསེར་འགྱུར་གྱི་རྩིས་གསེར་དུ་བསྒྱུར་བ་ནི་ཉན་རང་བྱང་སེམས་ཀྱི་སྡོམ་ལྡན་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་ཞུགས་ན་ཐམས་ཅད་ཀྱང་རིག་པ་འཛིན་པར་འགྱུར་བ་ལ་ཁྱད་པར་མེད་པའི་དཔེའོ། །གཉིས་པ་སྔགས་ལམ་ལ་འཇུག་སྒོ་མང་ཡང་འདིར་སྤྲོ་བྱ་མིན་པར་བསྟན་པ་ནི། བསམ་པའི་དབྱེ་བས་སྔགས་ལ་འཇུག་པའི་ཚུལ། །ཆོས་སྒོ་མང་ཡང་དེ་དག་སྤྲོ་བྱ་མིན། །ཞེས་པ་སྟེ། གདུལ་བྱ་རྣམས་ཀྱི་ཁམས་དབང་བས༷མ་པ༷འི་བྱེ་བྲག་གི་དབྱེ༷་བ༷ས་གསང་སྔ༷གས་རྡོ་རྗེ་ཐེག་པའི་ལམ་ལ༷་འཇུག་པ་ན། གཞི་ནས་འཇུག་པ་རང་རང་གི་ལམ་ལ་མ་ཞུགས་པར་དབང་རྣོན་འགའ་ཞིག་དང་པོ་ཉིད་ནས་འཇུག་པ་དང་། ལམ་ནས་འཇུག་པ་ལྷ་མི་ཉན་རང་བྱང་སེམས་ཀྲི་ཡོག་སྡེ་གསུམ་སྟེ་ལམ་བཞི་པོ་ལ་སློབ་བཞིན་པས་འཇུག་པ་དང་། འབྲས་བུ་ནས་འཇུག་པ་ལམ་དེ་དག་གི་རང་འབྲས་མཐར་ཕྱིན་
ནས་འཇུག་པ་སྟེ། དེ་ལ་སོགས་པ་འཇུ༷ག་པ༷འི་ཚུལ༷་གྱི་བྱེ་བྲག་ཆོ༷ས་ཀྱི་སྒོ༷་འཕར་མ༷ང་པོ་ཞིག་སྣང་ན་ཡ༷ང་འདིར་དེ༷་ད༷ག་རེ་རེ་ནས་བརྗོད་པ་ལ་དགོས་པ་ཆུང་ཞིང་དོན་གྱི་སྙིང་པོ་ལ་སྒྲིབ་པའི་ཕྱིར་སྤྲོ༷་བར་བྱ་བ་མི༵ན་པས་མི་འཆད་དོ། །གསུམ་པ་སྐབས་འདིར་གཏན་ལ་དབབ་བྱའི་དོན་ངོས་བཟུང་བ་ལ་གཉིས། དབང་པོ་རབ་འབྲིང་ཐ་གསུམ་གྱི་ཐོབ་ཚུལ་སྤྱིར་བཤད། དབང་འབྲིང་གི་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཐོབ་ཚུལ་སྤྱིར་བཤད་པ་ལའང་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། འདིར་ནི་དབང་པོ་རབ་འབྲིང་ཐ་གསུམ་ལས། །ཞེས་པ་སྟེ། སྐབས་འདི༷ར་ནི༷་གདུལ་བྱ་ལ་དབ༷ང་པོ༷་ར༷བ་དང་། འབྲི༷ང་དང་། ཐ༷་མ་དང་གསུ༷མ་དུ་ཡོད་པ་ལ༵ས་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། དབང་རབ་སྡོམ་གསུམ་གཅིག་ཅར་དུ་ཐོབ་ཚུལ། དབང་འབྲིང་སྡོམ་གསུམ་སོ་སོར་ནོད་ཚུལ། དབང་རྟུལ་སྡོམ་གསུམ་རིམ་འཇུག་གིས་དཀྲི་ཚུལ་ལོ། །དང་པོ་དབང་རབ་སྡོམ་གསུམ་གཅིག་ཅར་དུ་ཐོབ་ཚུལ་ནི། རབ་མཆོག་སྦྱངས་པ་མཐར་སོན་སྐལ་ལྡན་དེ། །དབང་བསྐུར་
ཐོབ་པས་སྡོམ་གསུམ་གཅིག་ཅར་སྐྱེ། །རྟོགས་གྲོལ་དུས་མཉམ་ཨིནྡྲ་བྷུ་ཏི་བཞིན། །ཞེས་པ་སྟེ། དབང་པོ་ཡང་ར༷བ་མཆོ༷ག་ཏུ་གྱུར་པ་སྔོན་གྱི་དུས་སུ་ཚོགས་གཉིས་ཀྱི་སྦྱ༷ངས་པ༷་མཐ༷ར་སོ༷ན་པ་ནི་ལས་འཕྲོ་སྐལ༷་པ་མཆོག་དང་ལྡ༷ན་པའི་ཕྱིར། དེ༵་འདྲ་བ་ལ་ཚེ་འདིར་ལམ་ཐུན་མོང་པས་རྒྱུད་སྦྱང་བ་ལ་མ་ལྟོས་པར་དབ༷ང་བསྐུ༷ར་ཐོ༷བ་པ༷་ཙམ་གྱི༷ས་སོ་བྱང་སྔགས་ཀྱི་སྡོ༷མ་པ་གསུ༷མ་པོ་གཅི༷ག་ཅ༷ར་དུ་སྐྱེ༵་བ་ཡིན་ཏེ། དཔེར་ན་དབང་དོན་གྱི་ཡེ་ཤེས་རྟོ༷གས་པ་དང་རྒྱུད་གྲོ༷ལ་བ་དུ༷ས་མཉ༷མ་པ་ཨོ་རྒྱན་གྱི་རྒྱལ་པོ་ཨི༷ནྡྲ༷་བྷུ༷་ཏི༷་ལྟ་བུ་སྟེ། སྔོན་རྒྱལ་པོ་དེས་སྟོན་པ་ཐུབ་པའི་དབང་པོ་ལ་འདོད་ཡོན་མ་སྤངས་པར་སངས་རྒྱས་ཐོབ་པའི་ཐབས་ཞུས་པ་ན། སྟོན་པས་ལས་ཅན་དུ་གཟིགས་ནས་དེ་མ་ཐག་དཀྱིལ་འཁོར་ཆེན་པོ་མངོན་དུ་སྣང་བར་མཛད་དེ་དབང་བསྐུར་བས་དུས་དེ་ཉིད་དུ་ཟུང་འཇུག་གི་སྐུ་བརྙེས་པ་བཞི༷ན་ནོ། །དེའང་སྔགས་ཀྱི་སྡོམ་པ་གང་ཞིག་གཞན་གནོད་གཞིར་བཅས་སྤོང་བ་སོ་ཐར། གཞན་ཕན་གཞིར་བཅས་སྒྲུབ་པ་བྱང་སེམས། དེ་ཉིད་དག་མཉམ་ཆེན་པོའི་ཐབས་ཀྱིས་ཟིན་པ་སྔགས་ཀྱི་སྡོམ་པའི་ངོ་བོ་ཡིན་ནོ། །གཉིས་པ་དབང་འབྲིང་སྡོམ་གསུམ་
སོ་སོར་ནོད་ཚུལ་ནི། འབྲིང་ནི་སྡོམ་གསུམ་སོ་སོའི་ཆོ་ག་ལ། །བརྟེན་ནས་རིམ་ཐོབ་ནཱ་གརྫུ་ན་ལྟར། །ཞེས་པ་སྟེ། གང་ཟག་དབང་པོ་འབྲི༷ང་ནི༷་འདུལ་བའི་ལས་ཆོག་ལ་བརྟེན་ནས་སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་ནོད་ཅིང་། དེ་ནས་སྲོལ་གཉིས་གང་རུང་གི་ཆོ་གས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་། དེའི་སྟེང་དུ་གསང་སྔགས་ཕྱི་ནང་གི་ཆོ་གས་སྔགས་ཀྱི་སྡོམ་པ་སྟེ། དེ་ལྟར་སྡོ༷མ་པ་གསུ༷མ་པོ་སོ༷་སོ༷འི་གཞུང་གི་ཆོ༷་ག༷་ལ༵་བརྟེ༷ན་ན༷ས་རི༷མ་བཞིན་ཐོ༷བ་པར་བྱས་པ་སློབ་དཔོན་ཆེན་པོ་ནྰ༷་ག༷་རྫུ༷་ན༷འམ་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་པར་ཐར་པ་ལྟ༵ར་རོ། །གསུམ་པ་དབང་རྟུལ་སྡོམ་གསུམ་རིམ་འཇུག་གིས་དཀྲི་ཚུལ་ནི། ཐ་མ་སྐལ་དམན་ཤིན་ཏུ་གདུལ་དཀའ་དེ། །གསོ་སྦྱོང་བསླབ་པའི་གནས་བཅུ་གྲུབ་མཐའ་བཞི། །བྱ་སྤྱོད་རྣལ་འབྱོར་རྒྱུད་ཀུན་རིམ་ཤེས་ནས། །བླ་མེད་འཇུག་པ་བརྟག་པ་གཉིས་པར་གསུངས། །ཞེས་པ་སྟེ། དབང་པོ་ཐ༷་མ༷་སྔོན་དང་ད་ལྟར་ཚོགས་གཉིས་བསགས་པའི་སྐ༷ལ་བ་དམ༷ན་པ་ཤི༷ན་ཏུ༷་གདུ༷ལ་བར་དཀ༷འ་བ་དེ༵་རྣམས་རིམ་གྱིས་ལམ་ལ་དཀྲི་དགོས་པས། དང་པོ་འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་བཤད་པ་བློ་བཅོས་ནས། ཐོག་མར་གསོ༷་སྦྱོང༷་
ཡན་ལག་བརྒྱད་པའི་དུས་ཁྲིམས་ནོརད་ཅིང་། དེའི་རྗེས་སུ་དགེ་བསྙེན་གྱི་སྡོམ་པ་དང་། དགེ་ཚུལ་གྱི་བསླ༷བ་པ༷འི་གན༷ས་བཅུ༷་ནས་དགེ་སློང་གི་སྡོམ་པའི་བར་རིམ་པར་སྦྱིན་ལ། གྲུ༷བ་མཐ༷འ་བཞི༵འི་དང་པོ་བྱེ་མདོ་གཉིས་ཀྱི་བདག་མེད་གཏན་ལ་དབབ་ཚུལ་ལ་གོམས་སུ་བཅུག །དེ་རྗེས་བྱང་སེམས་ཀྱི་སྡོམ་པ་བྱིན་ནས་དབུ་སེམས་གཉིས་ཀྱི་ལྟ་བ་ལ་སེམས་སྦྱོང་། མཐར་རང་རང་གི་དབང་བསྐུར་སྔོན་དུ་འགྲོ་བས་གཙང་སྦྲའི་སྤྱོད་ལམ་དང་བཟླས་བརྗོད་སོགས་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པ་བྱ༷་བའི་རྒྱུད་དང་། ལུས་ངག་གི་བྱ་བ་དང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་དུ་སྟོན་པ་སྤྱོ༷ད་པའི་རྒྱུད་དང་། སེམས་ཀྱི་ཏིང་ངེ་འཛིན་གཙོ་བོར་སྟོན་པ་རྣལ༷་འབྱོར༷་གྱི་རྒྱུད༷་ཀུན༷་གྱི་ལྟ་སྒོམ་སྤྱོད་གསུམ་གྱིས་བསྡུས་པའི་ཉམས་ལེན་རྣམས་རི༷མ་པར་ཤེ༷ས་ཤིང་ཉམས་འོག་ཏུ་ཆུབ་པར་བྱས་ན༵ས། ཐབས་ཤེས་གཉིས་སུ་མེད་པའི་རྣལ་འབྱོར་བདེ་བ་ཆེན་པོས་ཁྱད་པར་དུ་བྱས་པའི་ཐབས་སྟོན་པ་ནང་རྒྱུད་བླ༷་མེ༷ད་ཀྱི་དབང་གིས་སྨིན་པར་བྱས་ནས་བསྐྱེད་རྫོགས་ཟུང་འཇུག་གསུམ་གྱི་རྒྱུད་སྡེ་ལ་རིམ་གྱིས་འཇུ༷ག་པ༷ར་བྱ་བའི་ཚུལ་ཀྱེ་རྡོ་རྗེ་བརྟ༷ག་པ༷་གཉི༷ས་པ༷འི་ཕྱི་མའི་འདུལ་བའི་ལེའུ་ལས་གསལ་བ༷ར་གསུ༷ངས་ཏེ། དེ་
ལས། དང་པོ་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པའང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱེ་ཡི་རྡོ་རྗེ་བསྟན། །སློབ་མས་གུས་པས་བླངས་ནས་ནི། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་གསུངས་སོ། །དེ་དང་མཐུན་པར་ཕུར་པ་ཞེ་སྡང་ཁྲོས་པའི་རྒྱུད་ལས་ཀྱང་། སོ་སོར་ཐར་པ་དང་པོར་སྦྱིན། །དེ་ལ་ཉན་ཐོས་ཆོས་རྣམས་བསྟན། །དེ་ནས་བྱང་ཆུབ་སྡོམ་ཆེན་སྦྱིན། །དེ་ལ་དབུ་མའི་ཆོས་རྣམས་བཤད། །མཐར་ནི་འབྲས་བུ་ཐེག་ཆེན་གྱི། །དབང་སྦྱིན་འབྲས་བུའི་རྒྱུད་འདི་བཤད། །ཅེས་སོ། །དེ་དག་སྤྱིར་བསྟན་པ་ཙམ་ཡིན་གྱི། གོང་གི་སྡོམ་གསུམ་རིམ་ཐོབ་ཡིན་ན་དབང་འབྲིང་དང་། རིམ་འཇུག་ཡིན་ན་དབང་པོ་ཐ་མ་ཁོ་ན་ཁྱབ་པ་མིན་པའང་ཤེས་པར་བྱའོ། །གཉིས་པ་འདིར་བསྟན་དབང་པོ་འབྲིང་གི་ཐོབ་ཚུལ་བྱེ་བྲག་ཏུ་བཤད་པ་ལྔ། རྟེན་མཆོག་དམན་དམིགས་བསལ་དང་བཅས་པ། སྡོམ་པ་གསུམ་སོ་སོའི་རྣམ་བཞག །སྡོམ་པ་འོག་གཉིས་གོང་མའི་ཡན་ལག་ཏུ་འགྲོ་ཚུལ། སྡོམ་
གསུམ་སོ་སོའི་དོན་ཤེས་སླ་བའི་ཕྱིར་སྡོམ་བསྟན་པ། ལེའུའི་སྐབས་བསྡུ་བའོ། །དང་པོ་རྟེན་མཆོག་དམན་དམིགས་བསལ་དང་བཅས་པ་བཤད་པ་ནི། འདིར་ནི་དབང་པོ་འབྲིང་གི་ཚུལ་འཆད་དེ། །དགེ་སློང་དགེ་ཚུལ་དགེ་བསྙེན་སྡོམ་ལྡན་དེ། །རྡོ་རྗེ་འཛིན་པའི་རབ་འབྲིང་ཐ་ཡིན་ཞེས། །ཕུར་པའི་རྒྱུད་དང་དུས་འཁོར་ལས་གསུངས་ཤིང་། །འོན་ཀྱང་ཡེ་ཤེས་ལྡན་པ་གཙོ་བོར་བཟུང་། །ཞེས་པ་སྟེ། སྐབས་འདི༷ར་ནི༷་དབ༷ང་པོ༷་འབྲི༷ང་གི༷་ཚུ༷ལ་ཉིད་འཆ༷ད་པར་བྱ་བ་ཡིན་ཏེ། དེ༵འང་སྤྱིར་བཏང་དུ་སྔགས་ལམ་ལ་འཇུག་པའི་རྟེན་དགེ༷་སློ༷ང་དང་དགེ༷་ཚུ༷ལ་དང་དགེ༷་བསྙེ༷ན་གྱི་སྡོ༷མ་པ་དང་ལྡ༷ན་པ་དེ༵་གསུམ་རིམ་པ་ལྟར་སྔགས་ཀྱི་རྡོ༷་རྗེ༷་འཛི༷ན་པ༷འི་ར༷བ་དང་འབྲི༷ང་དང་ཐ༷་མ་ཡི༷ན་ནོ་ཞེ༷ས་ཕུ༷ར་པ༷འི་རྒྱུད༷་ད༷ང་དུ༷ས་འཁོ༷ར་གྱི་རྩ་རྒྱུད་ལ༷ས་མཐུན་པར་འདི་སྐད་དུ། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། །ཁྱིམ་ན་གནས་པ་ཐ་མའོ། །ཞེས་གསུ༷ངས་ཤི༷ང་། འོ༷ན་ཀྱ༷ང་མཐའ་གཅིག་ཏུ་མ་ངེས་ཏེ། རྟེན་ཁྱིམ་པ་ཡིན་ཀྱང་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ༷་ཤེ༷ས་རྟོགས་པ་མཆོག་དང་ལྡ༷ན་པ༷་ནི་དོན་དམ་པའི་དགེ་སློང་ཡིན་པས་ན་དེ་ཉིད་གཙོ༷་བོ༷ར་བཟུ༷ང་དགོས་པ་
དམིགས་བསལ་ཏེ། དུས་འཁོར་ལས། ས་ཐོབ་མ་གཏོགས་ཁྱིམ་པ་ནི། །རྒྱལ་པོའི་བླ་མར་མི་བྱའོ། །ཞེས་དང་། འདུལ་བ་ལུང་ལས། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ཅིང་། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་སྡོམ་པ་གསུམ་སོ་སོའི་རྣམ་བཞག་བསྟན་པ་ནི། སྔ་འགྱུར་རྒྱུད་སྡེའི་རྩ་བ་ཀུན་འདུས་ལས། །རང་དང་གཞན་དོན་ཕན་པ་ཆེ་བཤད་པ། །སོ་ཐར་སེམས་བསྐྱེད་དབང་བསྐུར་ཉིད་ཡིན་ཏེ། །སོ་སོར་འཛིན་ན་ཉན་ཐོས་བྱང་སེམས་དང་། །རིག་པ་འཛིན་པ་ཞེས་སུ་མཁས་ལ་གྲགས། །ཞེས་པ་སྟེ། སྤྱིར་སྡོམ་པ་གསུམ་གྱི་ཐ་སྙད་དུ་གྲགས་པ་ལ། སོ་ཐར་གྱི་སྐབས་བསླབ་ཚིགས་གསུམ་དང་། བྱང་སེམས་ཀྱི་སྐབས་སྡོམ་སྡུད་དོན་བྱེད་གསུམ་དང་། སྔགས་ཀྱི་སྐབས་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ་སྡོམ་པ་གསུམ་དུ་བཞག་པ་སོགས་མང་དུ་སྣང་མོད། འོན་ཀྱང་སྐབས་འདིར་བསྟན་བྱ་ངོས་བཟུང་བའི་ཚུལ་ནི་སྔ༷་འགྱུར༷་གྱི་རྒྱུད༷་སྡེའི༷་རྩ༷་བ༷་ཀུན༷་འདུ༷ས་རིག་པའི་མདོ་ལ༵ས་འདི་སྐད་ཅེས། དེ་ལྟར་སྡོམ་པ་གསུམ་པོ་ཡང་། །
རང་དང་གཞན་དོན་ཕན་པ་ཆེ། །ཞེས་གསུངས་པ་ལྟར། ར༷ང་དོན་ཞི་བདེ་ཙམ་ད༷ང་། གཞ༷ན་དོ༷ན་དུ་རྫོགས་བྱང་ཐོབ་འདོད་དང་། ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པས་རང་གཞན་ལ་ཕ༷ན་པ༷་རླབས་པོ་ཆེ༷་གྲུབ་པར་བཤ༷ད་པ༵་ནི་རིམ་པ་བཞིན་སོ༷་ཐ༷ར་གྱི་སྡོམ་པ་དང་། སེ༷མས་བསྐྱེད༷་ཀྱི་སྡོམ་པ་དང་། དབ༷ང་བསྐུ༷ར་བ་ལས་ཐོབ་པའི་སྔགས་ཀྱི་སྡོམ་པ་དང་གསུམ་པོ་འདི་ཉི༷ད་ཡི༷ན་ཏེ༵། དེ་དག་ཀྱང་སོ༷་སོ༷ར་འཛི༷ན་ན༷་སྔ་མ་ལ་སོ་ཐར་ཉན༷་ཐོ༷ས་དང་། བར་པ་ལ་སེམས་བསྐྱེད་བྱ༷ང་སེ༷མས་ད༵ང་། ཕྱི་མ་ལ་རི༷ག་པ༷་འཛི༷ན་པ༷་ཞེ༷ས་སུ༷་མཁ༷ས་པ་རྣམས་ལ༷་གྲ༵གས་པ་ཡིན་ནོ། །གསུམ་པ་སྡོམ་པ་འོག་མ་གཉིས་གོང་མའི་ཡན་ལག་ཏུ་འགྲོ་ཚུལ་ནི། དེ་ལྟར་ཐུན་མོང་སྡོམ་པ་འོག་མ་གཉིས། །འདིར་ནི་བླ་མེད་དབང་གི་ཡན་ལག་ཏུ། །རྒྱུད་སྡེ་རྒྱ་མཚོར་བཤད་ལྟར་འདིར་འཆད་དོ། །ཞེས་པ་སྟེ། བཤད་མ་ཐག་པ་དེ༷་ལྟ༷ར་ཐུ༷ན་མོ༷ང་གི་སྡོ༷མ་པ༷་འོ༷ག་མ༷་སོ་ཐར་དང་བྱང་སེམས་གཉི༵ས་པོ་སྐབས་འདི༷ར་ནི༷་སྔགས་བླ༷་མེ༷ད་རྡོ་རྗེ་ཐེག་པའི་དབ༷ང་གི༷་ཡ༷ན་ལ༷ག་ཏུ༵་འགྲོ་བའི་ཚུལ་ཡང་འདི་ལྟ་སྟེ། སོ་བྱང་གི་སྡོམ་ལྡན་དེས་སྔགས་སྡོམ་ཐོབ་པ་ན་སོ་ཐར་སྔགས་ཀྱི་ཉེས་སྤྱོད་སྡོམ་པ་དང་།
བྱང་སྡོམ་རྣམ་སྣང་གི་དམ་ཚིག་ཏུ་འགྱུར་བ་གང་ཞིག་སྔགས་བླ་མེད་ཀྱི་སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་ལས་སྤྱིའི་དམ་ཚིག་ཏུ་སོ་བྱང་དང་སྔགས་ཕྱི་རྒྱུད་དམ་ཚིག་ཐམས་ཅད་ཚང་བའི་ཕྱིར་དང་། དེར་མ་ཟད་སྡོམ་པ་འོག་མ་གཉིས་སྔོན་དུ་མ་སོང་བའི་རྡོ་རྗེ་འཛིན་པའི་རྒྱུད་ལའང་དབང་བསྐུར་བ་ཁོ་ན་ཐོབ་པའི་སོ་བྱང་གི་སྡོམ་པ་ཡོད་པར་འགྱུར་ཏེ། ཇི་སྐད་དུ། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ནང་གི་སྡོམ་པའི་ཚོགས། །མ་ལུས་བདག་གིས་ཡོངས་སུ་བཟུང་། །ཞེས་པ་ལ་སོགས་པས་དབང་གིས་སྔོན་འགྲོའི་དུས་སུ་ཁས་བླངས་པའི་ཕྱིར་དང་། མཉམ་པ་ཆེན་པོའི་དམ་ཚིག་དང་ལྡན་པའི་རིག་པ་འཛིན་པའི་རྒྱུད་ལ་འོག་མའི་འདུལ་སྡོམ་ཐམས་ཅད་ངང་གིས་འདུ་བའང་ཡིན་ཏེ། རྩ་རྒྱུད་གསང་བ་སྙིང་པོ་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག །ཅེས་དང་། རྔམ་གློག་ལས། དགེ་སློང་བྱང་ཆུབ་སེམས་དཔའ་དང་། །རྣལ་འབྱོར་རྣལ་འབྱོར་ཆེན་པོ་ཡིན། །ཞེས་དང་། འཁོར་ལོ་སྡོམ་པའི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །རིག་འཛིན་ཉིད་ཀྱི་དགེ་སློང་ངོ་། །ཞེས་པ་ལ་སོགས་པའི་རྒྱུ༷ད་སྡེ༷་རྒྱ༷་མཚོ༷་ནས་ཇི་སྐད་
བཤ༷ད་པ་ལྟ༷ར་བསྟན་བཅོས་འདི༷ར་ཡང་དེ་བཞིན་འཆ༷ད་པར་འདོད་དོ༷། །བཞི་པ་སྡོམ་གསུམ་སོ་སོའི་དོན་ཤེས་སླ་བའི་ཕྱིར་ལེའུ་འོག་མ་གསུམ་གྱི་སྡོམ་བསྟན་པ་ནི། སྡོམ་གསུམ་སོ་སོར་ཁོག་དབུབ་གླེང་གཞི་དང་། །དང་པོ་སྡོམ་པ་མ་ཐོབ་ཐོབ་པའི་ཚུལ་དང་། །བར་དུ་ཐོབ་པའི་མི་ཉམས་བསྲུང་བའི་ཐབས། །ཐ་མར་ཉམས་ན་གསོ་ཚུལ་བཞི་རེས་སྡོམ། །ཞེས་པ་སྟེ། དེ་ལྟར་སྡོམ་གསུམ་སྤྱིའི་ལུས་རྣམ་པར་གཞག་པ་མདོར་བསྟན་ནས། དངོས་དོན་ལེའུ་ཕྱི་མ་གསུམ་གྱིས་རྒྱས་པར་འཆད་པ་ལ་སྡོ༷མ་པ་གསུ༷མ་སོ༷་སོ༷ར་གང་ལས་བྱུང་བའི་ཚུལ་དང་འབྲེལ་བར་ངོ་བོ་དང་དབྱེ་བའི་སྒོ་ནས་ཁོ༷ག་དབུ༷བ་པ༷འི་གླེང༷་གཞི༷་ད༷ང་། ད༷ང་པོ༷་སྡོ༷མ་པ༷་མ༷་ཐོ༷བ་པ་ཆོ་ག་ལ་སོགས་པའི་སྒོ་ནས་ཐོ༷བ་པ༷འི་ཚུལ༷་དང་། བ༷ར་དུ༷་ཐོ༷བ་པའི་སྡོ༷མ་པ༷་སོ་སོའི་བསྲུང་བྱའི་རྣམ་གྲངས་བཤད་པས་མི༷་ཉ༷མས་པར་བསྲུང༷་བ༷འི་ཐ༷བས་དང་། ཐ༷་མར་ལྟུང་བ་བྱུང་བ་སྒོ་བཞིའི་དབང་གིས་ཉམ༷ས་པར་འགྱུར་ན༷་སླར་གསོ༷་བའི་ཚུལ༷་ཏེ་རྣམ་གྲངས་བཞི༷་རེ༷ས་སྡོ༵མ་དུ་བསྡུས་ནས་འཆད་པར་བྱ་བ་ཡིན་ནོ། །ལྔ་པ་ལེའུའི་སྐབས་བསྡུ་བ་ནི། སྡོམ་གསུམ་སྤྱིའི་བཤད་གཞིའི་རིམ་པར་ཕྱེ་བ་སྟེ་དང་པའོ། །ཞེས་པ་སྟེ་
སྡོ༷མ་པ་གསུ༷མ་གྱི་རྣམ་གཞག་སྤྱིའི༷་བཤ༷ད་གཞི༷འི་རི༷མ་པ་ལེགས་པ༷ར་ཕྱེ༷་བ༷་སྟེ༷་ལེའུ་ད༷ང་པོའི་རྣམ་པར་བཤད་པ༷འོ༷།། །།༈ ད་ནི་སྤྱིའི་ས་བཅད་གཉིས་པ་སྡོམ་གསུམ་སོ་སོའི་རང་བཞིན་དང་བསླབ་བྱ་ཞིབ་ཏུ་སྟོན་པའི་སྒོ་ནས་རྒྱས་པར་བཤད་པ་ལ་གསུམ་སྟེ། སོ་ཐར། བྱང་སེམས། གསང་སྔགས་སོ། །དང་པོ་འདུལ་བ་སོ་ཐར་གྱི་ཆོས་ཚུལ་སྟོན་པ་ལེའུ་གཉིས་པའི་གཞུང་འདི་ལ་གསུམ། སྟོན་པས་དམ་པའི་ཆོས་འདུལ་བ་ཇི་ལྟར་གསུངས་པ། དེ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་བ། དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པའོ། །སྐབས་འདིར་སྤྱིའི་གོ་དོན་དུ་འོ་སྐོལ་ནང་པ་སངས་རྒྱས་པའི་བསྟན་པའི་འབྱུང་ཁུངས་སྟོན་པ་སངས་རྒྱས་ཀྱི་མཚན་ཉིད་དང་བྱོན་ཚུལ་ཉིད་ཤེས་པ་གལ་ཆེ་བས་ན་དམིགས་ཀྱིས་མདོ་ཙམ་བརྗོད་པར་བྱ་སྟེ། དེ་ཡང་རང་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འདི་ཉིད་ངེས་དོན་ཡིན་ལུགས་ཀྱི་དབང་དུ་བྱས་ན། ཐོག་མ་མེད་པའི་དུས་ནས་མངོན་པར་སངས་རྒྱས་ཏེ་ཆོས་ཉིད་འོད་གསལ་གྱི་ཞིང་ཁམས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་
བཞུགས་པ་ལས་མ་གཡོས་བཞིན་དུ་སེམས་ཅན་རྣམས་ཀྱི་དོན་དུ་དེ་བཞིན་གཤེགས་པའི་རྣམ་པར་རོལ་པ་བསམ་གྱིས་མི་ཁྱབ་པར་སྣང་བས་གདུལ་བྱ་རྣམས་སོ་སོའི་སྐལ་བ་དང་འཚམས་པར་འདུལ་བར་མཛད་པ་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་རྩ་བའི་རྒྱུད་ལས། ཐུགས་རྗེ་ཆེན་པོས་འབྲེལ་བ་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང་། །ཞེས་དང་། དམ་ཆོས་པད་དཀར་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པར། །དེ་ཡི་ཚད་ནི་ནམ་ཡང་མེད་པས་ན། །བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་ཀྱི། །ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། །ཞེས་གསུངས་ཤིང་། ཡབ་སྲས་རྒྱལ་བའི་མདོ་ལས་ཀྱང་། དཔའ་བོ་ཆེན་པོ་ཐབས་མཁས་དེ། །སེམས་ཅན་ཡོངས་སུ་སྨིན་མཛད་ཕྱིར། །བྱེ་བ་ཕྲག་བརྒྱར་རྒྱལ་བ་ཉིད། །སངས་རྒྱས་ཉིད་དུ་བསྟན་གྱུར་ཀྱང་། །ད་དུང་དུ་ཡང་འདྲེན་པ་ཁྱོད། །སངས་རྒྱས་མང་པོར་སྟོན་པར་མཛད། །ཅེས་གསུངས་པ་ལྟར་ཡིན་ལ། ཐ་སྙད་རྣམ་འཇོག་གི་དབང་དུ་བྱས་ཏེ་ཐེག་པ་ཐུན་མོང་པ་ལྟར་ན། སྤྱིར་དུས་གསུམ་གྱི་སངས་རྒྱས་དཔག་ཏུ་མེད་པ་མཁའ་ཁྱབ་ཏུ་བཞུགས་པ་ལས། བདག་ཅག་གི་སྟོན་པ་ཡང་དག་པར་རྫོགས་
པའི་སངས་རྒྱས་ཤཱཀྱ་ཐུབ་པ་འདི་ཉིད། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་བར་མཛད་པ་ཡིན་ཏེ། ཡོན་ཏན་ཡོངས་སུ་བཀོད་པའི་མདོ་ལས། དེས་བླ་ན་མེད་པའི་བྱང་ཆུབ་སེམས་དང་པོ་བསྐྱེད་པ་ནས་བཟུང་སྟེ། བསྐལ་པ་ཆེན་པོ་གྲངས་མེད་པ་གསུམ་དུ་བརྩོན་པ་ཆེན་པོས་ཚོགས་བསགས་ཤིང་། ཚེ་ལོ་བརྒྱ་པའི་ཚེ་སེམས་ཅན་ལོང་བ་འདྲེན་པ་རྣམས་ལ་གཟིགས་ཏེ། འཛམ་བུའི་གླིང་འདི་ཉིད་དུ་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པ་ཡོངས་སུ་བསྐོར་ཏེ། ཞེས་གསུངས་པ་ལྟར། སྟོན་པ་འདི་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་པའི་ཚེ། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ཆེན་པོའི་དྲུང་དུ་ཐུགས་བསྐྱེད་པར་བཤད་པ་དང་། མདོ་བསྐལ་པ་བཟང་པོ་ལས་ཀྱང་། ང་ནི་སྔོན་ཚེ་དམན་པར་གྱུར་པ་ན། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་དེ་ལ། །འཇམ་གང་ཞིག་ནི་རབ་ཏུ་ཕུལ་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དོ། །ཞེས་གསུངས། དེ་ནས་ཚོགས་བསགས་ཚུལ་ལ་ཐེག་པ་ཆུང་ངུའི་ལུགས་ལྟར་ན།
རྣམ་གཟིགས་མར་མེ་རིན་ཆེན་གཙུག །གྲངས་མེད་གསུམ་གྱི་ཐ་མར་བྱུང་། །དང་པོ་ཤཱཀྱ་ཐུབ་པ་ཡིན། །ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས ། སྦྱིན་པར་བྱས་པས་སྦྱིན་པ་རྫོགས། །ཆགས་བཅས་ཡན་ལག་བཅད་ཀྱང་ནི། །མི་འཁྲུགས་བཟོད་དང་ཚུལ་ཁྲིམས་ཀྱི། །སྐར་རྒྱལ་བསྟོད་པས་བརྩོན་འགྲུས་ཀྱི། །དེ་མ་ཐག་ཏུ་ཏིང་འཛིན་བློ། །ཞེས་གསུངས་ཏེ། བསྐལ་པ་གྲངས་མེད་གསུམ་ལ་རིམ་པར་སངས་རྒྱས་བདུན་ཁྲི་ལྔ་སྟོང་དང་། བདུན་ཁྲི་དྲུག་སྟོང་དང་། བདུན་ཁྲི་བདུན་སྟོང་གི་བར་མཉེས་པར་མཛད་ཅེས་འབྱུང་། ཐེག་ཆེན་ལྟར་ན། ལམ་ལྔ་དང་ས་བཅུ་ཡོངས་སུ་རྫོགས་པར་འགྲོ་དགོས་པ་ཡིན་པས། འཕགས་པའི་ས་བརྙེས་ནས་སྐད་ཅིག་རེ་རེར་ཡང་ཕྱོགས་བཅུ་རབ་འབྱམས་མུ་མེད་པའི་སངས་རྒྱས་གྲངས་མེད་ཚད་མེད་པ་དག་ཡོངས་སུ་མཉེས་པ་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་བསགས་ཤིང་རྫོགས་པ་དང་། སེམས་ཅན་གྲངས་མེད་པ་ཡོངས་སུ་སྨིན་པ་དང་། ཞིང་ཁམས་ཚད་མེད་པ་ཡོངས་སུ་སྦྱངས་ཤིང་། ས་བཅུ་རིམ་གྱིས་བགྲོད་པའི་མཐར་འོག་མིན་གྱི་ཞིང་ཁམས་སུ་རྒྱུན་མཐའི་ཡེ་ཤེས་ཀྱིས་ཡང་དག་པའི་མཐའ་མངོན་དུ་མཛད་དེ་
སངས་རྒྱས་ཀྱི་གོ་འཕང་བརྙེས་ཤིང་། དེ་ལས་མ་གཡོས་བཞིན་དུ་གཙང་མའི་སྟེང་དབང་ཕྱུག་ཆེན་པོའི་འོག་མིན་དང་། གཟུགས་ཀྱི་ཁམས་ཀྱི་འོག་མིན་དང་། དགའ་ལྡན་དང་། འཛམ་བུ་གླིང་རྣམས་སུ་སྤྲུལ་པའི་སྐུ་སྟོན་པར་མཛད་པ་ཡིན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་འཇུག་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་དགྱེས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་དོན་མཛད་པ་སྟེ། གོང་དུ་སྨོས་པ་ལྟར་ཐུགས་བསྐྱེད་པ་ནས་བརྩམས་ཏེ་ཚོགས་ལམ་གྱི་རྟེན་ལ་ཚོགས་གཉིས་ཡོངས་སུ་རྫོགས་པར་མཛད་ནས། སྐྱེ་རྒུ་རྣམས་
ཚེ་ལོ་ཉི་ཁྲི་པའི་དུས་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་པའི་ཚེ་བྲམ་ཟེའི་ཁྱེའུ་བླ་མར་གྱུར། དེའི་སྐུ་སྐྱེ་བ་ཕྱི་མ་ལ་དགའ་ལྡན་གྱི་གནས་སུ་ལྷའི་བུ་དམ་པ་ཏོག་དཀར་པོར་སྐྱེ་བ་བཟུང་སྟེ་ལྷ་རྣམས་ཆོས་ཀྱིས་སྨིན་པར་མཛད། ཛམྦུའི་གླིང་གི་མི་རྣམས་ཚེ་ལོ་བརྒྱ་པའི་དུས་སུ་འདུལ་བའི་སྐབས་སུ་བབས་པར་མཁྱེན་ཏེ། རིགས་དང་། གླིང་དང་། ཡབ་དང་། ཡུམ་དང་། དུས་ཏེ་གཟིགས་པ་རྣམ་པ་ལྔས་གཟིགས་ནས་ལྷ་རྣམས་ལ་འཆི་འཕོ་རྣམ་པར་སྦྱོང་བའི་ཆོས་ཀྱི་རྣམ་གྲངས་གསུངས་མཐར་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་ཚུལ་དུ་དགའ་ལྡན་གྱི་གནས་ནས་འཕོ་བར་མཛད། དེར་ས་མོ་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཉ་ལ་ཤཱཀྱའི་རྒྱལ་པོ་ཟས་གཙང་མའི་བཙུན་མོ་སྒྱུ་འཕྲུལ་མ་གསོ་སྦྱོང་ལ་གནས་པའི་གློ་གཡས་ནས་ཞུགས་ཏེ་ལྷུམས་གཞལ་ཡས་ཁང་དུ་བྱིན་གྱིས་བརླབས་པ་ལ་བཞུགས་ནས་ལྷ་མིའི་འཁོར་ཁྲི་ཕྲག་བྱེ་བ་མང་པོ་ལ་སྐྱེ་གནས་རྣམ་པར་སྦྱོང་བའི་ཆོས་བསྟན། དེར་ས་བཅུའི་ངེས་པ་མཚོན་པས་ཟླ་བ་བཅུའི་ཕུང་པོ་རྫོགས་པ་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ལ་ཡུམ་སྒྱུ་འཕྲུལ་མ་ལུམྦི་ནིའི་འཚལ་དུ་འཆག་པར་གཤེགས་ཏེ་ཤིང་ཀླག་ཤའི་ཡལ་ག་ལ་བཟུང་བ་ན་
གནོད་པ་མེད་པར་རྩིབ་ལོག་གཡས་པའི་གོ་བར་ནས་ན་བཟའ་དང་བཅས་ཏེ་ལེན་པ་མེད་པ་ཐང་དུ་བྱོན་ཏེ་ཕྱོགས་བཞིར་གོམ་པ་བདུན་བདུན་བོར་ནས། ང་ནི་འཇིག་རྟེན་འདི་ན་མཆོག་ཡིན་ནོ། །ཞེས་གསུངས་པ་ན། བར་སྣང་གི་ལྷས་བསྟོད་པ་སོགས་ངོ་མཚར་བའི་ལྟས་མང་པོ་དང་བཅས་ཏེ་སྐུ་བལྟམས། དེ་ཉིད་སྐྱེ་རྒུའི་བདག་མོ་ལ་སོགས་པ་མ་མ་སུམ་ཅུ་རྩ་གཉིས་ཀྱིས་བསྐྱེད་བསྲིངས་ཏེ་ཡིག་དཔོན་ཀུན་གྱི་བཤེས་གཉེན་སོགས་སློབ་དཔོན་སོ་སོ་ལས་ཡི་གེ་དང་། འཕོང་དང་། སྒྱུ་རྩལ་སོགས་ལ་བསླབས་ནས་བཟོའི་གནས་ཐམས་ཅད་ལ་མཁས་ཤིང་སྟོབས་དང་སྒྱུ་རྩལ་ཕུལ་དུ་ཕྱིན་པའི་ཚུལ་བསྟན་ནས་ཤཱཀྱ་པ་རྣམས་ཕམ་པར་མཛད། དེ་ནས་འཇིག་རྟེན་པ་དང་ཚུལ་མཐུན་པར་འཇུག་པའི་ཕྱིར་ཤཱཀྱའི་བུ་མོ་ས་འཚོ་མ་དང་། གྲགས་འཛིན་མ། རི་དྭགས་སྐྱེས་རྣམས་འཁོར་དྲུག་ཁྲི་དང་བཅས་ཁབ་ཏུ་བཞེས་ནས་དགྱེས་པར་རོལ་པའི་ཚུལ་བསྟན་བཞིན་དགུང་ལོ་ཉེར་དགུའི་བར་དུ་ཕོ་བྲང་དུ་བཞུགས་ཏེ་རྒྱལ་སྲིད་བསྐྱངས། དེ་ནས་དགུང་ལོ་ཉེར་དགུ་པ་ལ་གནས་གཙང་མའི་ལྷས་བསྐུལ་ཏེ་སྐྱེ་རྒ་ན་འཆིའི་ཆུ་བོ་བཞི་དང་དགེ་སྦྱོང་གི་གཟུགས་གཟིགས་པའི་རྐྱེན་བྱས་ཏེ་ངེས་པར་འབྱུང་བར་དམ་
བཅས་པ་ན། ཟས་གཙང་མའི་ཚོགས་རྣམས་གཞོན་ནུ་རབ་ཏུ་འབྱུང་གིས་དོགས་ཏེ་ཁོར་ཡུག་མེལ་ཚེས་བསྲུངས་ཀྱང་ཆིབས་བསྔགས་ལྡན་གྱི་སྟེང་ན་རྒྱལ་ཆེན་བཞིས་སྲི་ཞུ་དང་བཅས་ནམ་མཁའི་དབྱིངས་སུ་གཤེགས་ནས་མཆོད་རྟེན་རྣམ་དག་གི་དྲུང་དུ་བབས་ཤིང་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བོར་ཏེ་རབ་ཏུ་བྱུང་། དེ་ནས་རྟོག་གེ་བ་གདམས་ངག་ཆེ་བར་གྲགས་པ་རིང་འཕུར་དང་ལྷག་སྤྱོད་གཉིས་ལས་འཇིག་རྟེན་པའི་ཏིང་ངེ་འཛིན་ནོད་པའི་ཚུལ་བསྟན་ནས་ལྔ་སྡེ་བཟང་པོ་དང་བཅས་ཆུ་ཀླུང་ནཻ་རཉྫ་ནའི་འགྲམ་ན་ལོ་དྲུག་ཏུ་དཀའ་བ་སྤྱད་ནས་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་ལ་མཉམ་པར་བཞག །ཇི་ཞིག་ན་ལྷ་རྣམས་ཀྱིས་བསྐུལ་ནས་ཏིང་ངེ་འཛིན་ལས་བཞེངས་ཏེ་བཞུད་པའི་ལམ་དུ་མཐའ་གཉིས་སྤངས་པ་དབུ་མའི་ལམ་མ་གཏོགས་པ་འཇིག་རྟེན་ན་གྲགས་པའི་དཀའ་ཐུབ་ཙམ་གྱིས་གྲོལ་བར་འཛིན་པ་དགག་པའི་ཕྱིར་བྲམ་ཟེའི་བུ་མོ་ལེགས་སྐྱེས་མས་བ་མེན་ལྔ་བརྒྱའི་འོ་མ་ཉིང་ཁུར་བྱས་པ་དྲངས་པ་གསོལ་བས་སྐུ་ལུས་མཚན་དཔེ་ཤིན་ཏུ་གསལ་བ་གསེར་གྱི་གཏན་པ་ཕྱིས་པ་ལྟར་གྱུར་ཅིང་། ལམ་དུ་རྩྭ་ཚོང་བཀྲ་ཤིས་ལྡན་ལས་རེག་ན་འཇམ་པའི་རྩྭ་ཕྱག་གང་བཞེས་པ་བསྣམས་ནས་རྡོ་རྗེ་གདན་དུ་བྱོན། དེ་ནས་
དགུང་ལོ་སོ་ལྔ་པ་ཤིང་རྟ་ས་ག་ཟླ་བའི་ཉ་ལ་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་སྙིང་པོ་ཅན་དུ་རྩྭའི་འདིང་བ་ལ་སྐྱིལ་མོ་ཀྲུང་བཅས་ནས། སྟན་འདིར་བདག་གི་ལུས་འདི་སྐམ་ཡང་རུང་། །པགས་པ་རུས་པའི་ཚོགས་རྣམས་ཞིག་ཀྱང་རུང་། །བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་པར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །ཞེས་དམ་བཅའ་བརྟན་པོ་མཛད། དེར་སྲོད་ཀྱི་ཆ་ལ་བདུད་ཀྱི་རྒྱལ་པོས་བསླུ་བྲིད་ཀྱི་ཚིག་དང་། བདུད་ཀྱི་བུ་མོ་བདུན་གྱིས་ཆགས་པའི་ཟོལ་གྱིས་བསླུ་བར་བརྩམས་ཀྱང་གཡོ་བའི་སྐབས་མ་རྙེད་པ་ན། བདུད་དམག་བྱེ་བ་དུང་ཕྱུར་དྲངས་པའང་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ། ཐུན་དང་པོའི་སྐབས་དེ་ཉིད་དུ་མཉམ་པར་བཞག་སྟེ་རབ་མཐའི་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་ཤེས་དང་ལྷའི་རྣ་བ། གུང་ཐུན་ལ་གཞན་སེམས་ཤེས་པ། སྔོན་གནས་རྗེས་དྲན། ལྷའི་མིག་གི་མངོན་ཤེས་རྣམས་དང་། ཐུན་ཐ་མ་སྐྱ་རེངས་འཆར་ཁར་ཟག་པ་ཟད་པའི་མངོན་ཤེས་བསྒྲུབས་པས་བླ་ན་མེད་པའི་ཡེ་ཤེས་བརྙེས་ནས་མངོན་པར་རྫོགས་པར་སངས་རྒྱས་ཀྱི་བྱང་ཆུབ་བརྙེས་པ་དེའི་ཚེ་ས་ཆེན་པོ་འདི་ཡང་རབ་ཏུ་གཡོས་ཤིང་འོད་ཟེར་གྱི་སྣང་བ་དཔག་ཏུ་མེད་པ་བྱུང་བ་ལ་ལྷ་རྣམས་
ཀྱིས་བསྟོད། དེའི་ཚེ་ན་འཇིག་རྟེན་ན་དགྲ་བཅོམ་པ་གཅིག་གོ ། དེ་ནས་བདུད་རྩི་ཟབ་མོ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པར་སྟོན་པའི་སླད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཞིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འདུག་པས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཏེ་ཞག་བདུན་ཕྲག་བདུན་དུ་ཆོས་མ་གསུང་བར་བཞུགས་པའི་ཚེ། ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བར་ཡང་ནས་ཡང་དུ་བསྐུལ་བས། ཚངས་པ་མ་ག་དྷ་ཡི་སེམས་ཅན་གང་། །རྣ་བར་ལྡན་ཞིང་དད་དང་ཤེས་རབ་ལྡན། །མི་འཆི་འདུ་བྱེད་རྟག་ཏུ་ཆོས་ཉན་པ། །དེ་དག་ལ་ནི་བདུད་རྩིའི་སྒོ་དབྱེའོ། །ཞེས་ཞལ་གྱིས་བཞེས་པའི་སྒྲ་འོག་མིན་གྱི་བར་དུ་གྲགས། དེ་ནས་རྒྱ་གར་འཕགས་པའི་ཡུལ་དབུས་སྔོན་གྱི་དྲང་སྲོང་རྣམས་ཀྱིས་བརྟེན་པར་མཛད་པའི་གནས། བདག་ཅག་གི་སྟོན་པ་འདིས་ཀྱང་རྒྱལ་བ་བྱེ་བ་ཁྲག་ཁྲིག་ལ་བསྙེན་བཀུར་མཆོད་སྦྱིན་དུ་མ་མཛད་པའི་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་མི་འཇིགས་པའི་ནགས་ཚལ་དུ་གཤེགས་ནས་དེར་རྫོགས་སངས་རྒྱས་ནས་ཞག་བདུན་
ཕྲག་བདུན་འདས་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ནས་བརྩམས་ཏེ། ཆོས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་རྗོད་བྱེད་འདུལ་བ་སྡེ་སྣོད་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ། མིའི་འཁོར་གྱི་ཐོག་མ་ཀུན་ཤེས་ཀཽཎྡི་ན་ཡ། རྟ་ཐུལ། རླངས་པ། མིང་ཆེན། བཟང་ལྡན་ཏེ་ལྔ་སྡེ་བཟང་པོ་དང་ལྷ་བརྒྱད་ཁྲི་དང་བཅས་པ་ལ་བདེན་བཞི་ལན་གསུམ་དུ་བཟླས་ཏེ་གསུངས་པས། ལྷ་བརྒྱད་ཁྲིས་བདེན་པ་མཐོང་། ལྔ་སྡེས་ཡེ་ཤེས་ཁོང་ཆུད་ཀྱིས་བསྙེན་པར་རྫོགས་ཏེ་དགྲ་བཅོམ་པ་ཐོབ། དེའི་ཚེ་འཇིག་རྟེན་ན་དགྲ་བཅོམ་པ་དྲུག་གོ ། དེ་ཡང་སྤྱིར་ལུང་བཞིས་བསྡུས་པའི་འདུལ་བའི་སྡེ་སྣོད་ནི་སྟོན་པ་སངས་རྒྱས་པ་ནས་མྱ་ངན་ལས་མ་འདས་ཀྱི་བར་དུ་བྱུང་བ་དང་བཅས་པའི་རྣམ་པར་བཞག་པ་ཐམས་ཅད་སྟོན་པའི་ཕྱིར་ཆོས་འཁོར་དང་པོ་ཁོ་ནའི་མཚན་གཞིར་ངེས་པ་མ་ཡིན་ཀྱང་། འཁོར་བའི་མཚན་ཉིད་སྤང་བྱ་ལས་ལྡོག་པའི་ལམ་སྟོན་པའི་ཕྱིར་གཙོ་ཆེ་བའི་དབང་དུ་བྱས་ཏེ་བཞག་པ་ཡིན། འདུལ་བ་དེ་ལ་དབྱེ་ན། འདུལ་བའི་འདུལ་བ་བཅས་རང་གི་རྣམ་གཞག་ཆེ་ལོང་ཙམ་དང་། འདུལ་བའི་མདོ་སྡེ་ཏིང་ངེ་འཛིན་དང་ཚངས་པར་སྤྱོད་པའི་རྣལ་འབྱོར་དུ་བྱ་བའི་རིམ་པ་དང་། འདུལ་བའི་
མངོན་པ་དེ་རྣམས་ཀྱི་རབ་དབྱེ་རྒྱ་ཆེར་བཤད་པ་སོགས་སྤང་གཉེན་གྱི་རིམ་པས་ཉམས་སུ་ལེན་པའི་ཐབས་རྣམས་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་རྣམ་གྲངས་སོ། །འཁོར་ལོ་བར་པ་དང་ཐ་མ་གཉིས་ཀྱི་ཚུལ་ནི་འོག་ཏུ་འཆད་པར་འགྱུར་བ་བཞིན་དང་། ཁྱད་པར་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་ནི། འོག་མིན་གཞན་འཕྲུལ་དབང་བྱེད་ཀྱི་གནས་དང་། རི་རབ་ཀྱི་རྩེ་མོ་དང་། མིའི་གནས་ཀྱི་འཇིག་རྟེན་དཔལ་ལྡན་འབྲས་སྤུངས་དང་། ས་ཧོར། ཨོ་ཌཱི་ཡ་ན། རི་བོ་བྱ་རྐང་ཅན། བསིལ་བའི་ཚལ་ལ་སོགས་པ་གནས་དང་དུས་དང་འཁོར་མཐའ་གཅིག་ཏུ་མ་ངེས་པ་ལ་དཀྱིལ་འཁོར་སྤྲུལ་བཤད་ལ་སོགས་པའི་སྒོ་ནས་རྒྱུད་སྡེ་མཐའ་ཡས་པར་གསུངས་པའི་རྣམ་གཞག་ཐུན་མོང་མ་ཡིན་པ་དུ་མ་འབྱུང་སྟེ། རྒྱལ་བའི་ཕྲིན་ལས་ཚད་མེད་པའི་ཆོས་ཀྱི་སྒོ་དང་། ཐེག་པའི་རྣམ་གྲངས་དང་། འདུལ་བའི་ཐབས་ཚུལ་དང་། དུས་སྔ་ཕྱི་ལ་སོགས་པ་སོ་སོའི་སྐྱེ་བོའི་བློས་ནམ་ཡང་བསམ་པར་ནུས་པ་མ་ཡིན་ལ། དེ་ལྟ་བུའི་ཆོ་འཕྲུལ་ཆེན་པོའི་ཕྲིན་ལས་ཀྱི་རོལ་པ་ཚད་མེད་པས་མཐོང་ཐོས་དྲན་རེག་གི་སྐྱེ་འགྲོ་ཐམས་ཅད་ཐར་པ་བདེ་བའི་ལམ་ལ་འགོད་པ་མཛད་ནས། སྟོན་པ་
ཐུབ་པའི་དབང་པོ་ཉིད་དགུང་ལོ་བརྒྱད་ཅུའི་གྲངས་སུ་ཕེབས་ཏེ་སྐུ་དངོས་ཀྱི་གདུལ་བྱ་ཕལ་ཆེ་བ་བཏུལ་ཟིན་པའི་སྐབས་ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི། མོའུ་གལ་གྱི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི་བཅས་སྔོན་དུ་མྱ་ངན་ལས་འདས། དེ་ནས་སྟོན་པ་ཉིད་གྱད་ཡུལ་གྲོང་ཁྱེར་རྩྭ་ཅན་དུ་གཤེགས་ཏེ་ཤིང་སྰ་ལ་ཟུང་གི་བར་ཐ་མའི་གཟིམས་ཁྲི་ལ་བཞུགས་ནས་ཀྱང་དྲི་ཟ་རབ་དགའ་དང་ཀུན་ཏུ་རྒྱུ་རབ་བཟང་གི་བར་བཏུལ་ནས་དངོས་ཀྱི་གདུལ་བྱ་རྫོགས་པ་དང་། བསྟན་པ་འཁོར་རྣམ་པ་བཞི་དང་བཅས་པ་གནས་བརྟན་ཆེན་པོ་འོད་སྲུང་ལ་གཏད་དེ། སྐྱེ་བོ་རྟག་འཛིན་ཅན་རྣམས་འདུལ་བ་དང་། ལེ་ལོ་ཅན་མང་པོ་ཆོས་ལ་བསྐུལ་བ་དང་། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཤིན་ཏུ་དཀོན་པའི་འདུ་ཤེས་བསྐྱེད་པའི་ཕྱིར། དགུང་གྲངས་གྱ་གཅིག་ཏུ་ཕེབས་པ་ལྕགས་འབྲུག་ས་ག་ཟླ་བའི་ཉ་ལ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན། དེ་དང་ལྷན་ཅིག་དགྲ་བཅོམ་པ་ཁྲི་བརྒྱད་སྟོང་ཡང་མྱ་ངན་ལས་འདས། དེར་གདུང་ལས་ཞུགས་རང་འབར་ཏེ་སྐུ་གདུང་སིལ་བུར་གྱུར། རང་རང་གི་སྐལ་པའི་ཁྱད་པར་དང་འཚམས་པར་ཆ་བརྒྱད་དུ་བགོས་པ་
མཆོད་རྟེན་གྱི་སྙིང་པོར་བྱས་སོ། །དེ་ནས་བཀའི་བསྡུ་བ་ཇི་ལྟར་བྱས་པའི་ཚུལ་སོགས་ནི་འོག་ནས་འབྱུང་བ་ལྟར་ལ། དེ་ལྟར་སྟོན་པ་སངས་རྒྱས་འཇིག་རྟེན་འདིར་བྱོན་ཚུལ་གྱི་རྣམ་པར་ཐར་པ་མདོ་ཙམ་སྤྱིར་ཤེས་པར་བྱས་ནས། སྐབས་དོན་གོང་གི་ནང་གསེས་ས་བཅད་དང་པོ་སྟོན་པས་དམ་ཆོས་འདུལ་བ་ཇི་ལྟར་གསུངས་པའི་ཚུལ་ནི། གླེང་གཞི་སྟོན་པས་ཝཱ་རཱ་ཎ་སཱི་རུ། །ལྷག་པའི་ཚུལ་ཁྲིམས་གཙོར་སྟོན་བདེན་པ་བཞི། །ལྔ་སྡེར་གསུངས་པ། ཞེས་པ་སྟེ། འདིར་ཆོས་འཁོར་དང་པོ་འདུལ་བའི་སྡེ་སྣོད་གླེ༷ང་བའི་གཞི༷་ནི་ཕུན་སུམ་ཚོགས་པ་ལྔ་སྟེ། སྟོན༷་པ༷་ཕུན་སུམ་ཚོགས་པ་མཉམ་མེད་ཐུབ་པའི་དབང་པོ་དེ་ཉིད་ཀྱིས༷། གནས་ཕུན་སུམ་ཚོགས་པ་རྒྱ་གར་འཕགས་པའི་ཡུལ་དབུས་སྔོན་རང་སངས་རྒྱས་མང་པོ་ལྷག་མེད་དུ་སོང་ནས་རིང་བསྲེལ་སར་ལྷུང་བའི་གནས་ཝཱ༷་རཱ༷་ཎ༷་སཱི་དྲང་སྲོང་ལྷུང་བ་རི་དྭགས་མི་འཇིགས་པའི་ནགས་ཚལ་དེ་རུ༵། དུས་ཕུན་སུམ་ཚོགས་པ་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞག་གྲངས་བདུན་ཕྲག་བདུན་པ་ཆུ་སྟོད་ཟླ་བའི་ཚེས་བཞི་ནས་བརྩམས་ཏེ། ཆོས་ཕུན་སུམ་ཚོགས་པ་ལྷག༷་པ༷འི་ཚུ༷ལ་ཁྲི༷མས་ཀྱི་བསླབ་པ་བརྗོད་བྱའི་
གཙོ༷་བོ༷ར་སྟོན༷་པ་རྗོད་བྱེད་འདུལ་བའི་སྡེ་སྣོད་བཀའ་དང་པོ་བདེ༷ན་པ༷་བཞི༵འི་ཆོས་ཀྱི་འཁོར་ལོ་ཉིད། འཁོར་ཕུན་སུམ་ཚོགས་པ་ལྷ་བརྒྱད་ཁྲི་དང་བཅས་ཏེ་མིའི་འཁོར་གྱི་ཐོག་མ་ལྔ༷་སྡེ༷་བཟང་པོར༷་གསུ༷ངས་པ༷འོ། །གཉིས་པ་ཆོས་འཁོར་དེ་ཉིད་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་བའི་ཚུལ་ནི། འོད་སྲུང་སོགས་ཀྱིས་བསྡུས། །བྱེ་བྲག་བཤད་མཛོད་ལ་སོགས་འཕགས་པས་བརྩམས། །ཡོན་ཏན་འོད་དང་ཤཱཀྱ་འོད་ཀྱིས་སྤེལ། །སྔ་འགྱུར་སྡོམ་རྒྱུན་ཞི་བ་འཚོ་བ་དང་ནི། །ཕྱིས་ནས་ཤཱཀྱ་ཤྲྰི་ལས་ཀྱང་དར། །ཞེས་པ་སྟེ། འདི་ལ་བསྡུ་བ་རིམ་པ་གསུམ་དུ་བྱུང་བ་ལས། བསྡུ་བ་དང་པོ་ནི། དེའང་མཆོག་ཟུང་གཉིས་དང་སྟོན་པ་བཅོམ་ལྡན་འདས་ལྷན་ཅིག་པར་དགྲ་བཅོམ་པ་ཤིན་ཏུ་མང་པོ་མྱ་ངན་ལས་འདས་པ་ན། །ལྷ་རྣམས་ཀྱིས་དགེ་སློང་དབང་པོ་ཡོད་པ་དག་མྱ་ངན་ལས་འདས་ཏེ་དམ་པའི་ཆོས་ནི་མེ་ཤི་བའི་དུ་བ་ཙམ་དུ་གྱུར་ཏེ་ཞེས་པ་ལ་སོགས་པའི་འཕྱ་བ་བསལ་བའི་ཕྱིར་དུ། མྱ་ངན་ལས་འདས་པའི་རྗེས་ཐོག་ལོ་དེ་ཉིད་ལ། གནས་རྒྱལ་པོའི་ཁབ་ཀྱི་ནྱ་གྲོ་དྷའི་ཕུག་པར། རྒྱལ་པོ་མ་སྐྱེས་དགྲས་གནས་མལ་དང་ཡོ་བྱད་རྣམས་སྦྱར་ནས་གནས་བརྟན་ཆེན་པོ་འོ༷ད་སྲུ༷ང་ལ་
སོ༷གས་དགྲ་བཅོམ་པ་ལྔ་བརྒྱ་འདུས་ཏེ་དབྱར་གནས་པའི་དུས་སུ། འཕགས་པ་ཀུན་དགའ་བོས་མདོ་སྡེ། ཉེ་བར་འཁོར་གྱིས་འདུལ་བ། འོད་སྲུང་ཆེན་པོས་མངོན་པའི་སྡེ་སྣོད་དེ་དགྲ་བཅོམ་པ་དེ་རྣམས་ཀྱིས༷་བསྡུ༵ས་སོ། །བསྡུ་བ་གཉིས་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན་ཡངས་པ་ཅན་གྱི་དགེ་སློང་རྣམས་ཀྱིས། ཧུ་ལུ་ཧུ་ལུ་ཡི་རངས་དང་། །ཀུན་སྤྱོད་སྣོད་དང་ལན་ཚྭ་དང་། །ལམ་དང་སོར་གཉིས་དཀྲུགས་དང་གདིང་། །གསེར་ལ་རུང་བ་བྱ་སྟེ། །འདི་དག་རུང་མིན་གཞི་བཅུར་འདོད། །ཅེས་པ་ལྟར་རུང་བ་མ་ཡིན་པའི་གཞི་བཅུ་བྱས་པ་དེ་བསལ་བའི་ཕྱིར། རྒྱལ་པོ་དྷརྨ་ཨ་ཤོ་ཀས་ཡོན་ཏན་སྦྱར་ཏེ་ཀུསྨ་པྰུ་རིའི་གཙུག་ལག་ཁང་དུ་གྲགས་པ་ལ་སོགས་པའི་དགྲ་བཅོམ་པ་བདུན་བརྒྱ་འདུས་པས་མི་རུང་བའི་གཞི་བཅུ་སུན་ཕྱུངས། སྡེ་སྣོད་གསུམ་ཀ་ཚང་བ་ཚར་གཅིག་ལེགས་པར་བཏོན། མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་ཡང་མཛད་དོ། །བསྡུ་བ་གསུམ་པ་ནི། རྒྱལ་པོ་དྷརྨ་ཨ་ཤོ་ཀའི་ཚ་བོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོ་སྡེའི་དུས་ནས་བརྩམས་ཏེ། བདུད་ཀྱི་བྱིན་གྱིས་བརླབས་པའི་དགེ་སློང་ལྷ་ཆེན་པོ་དང་། བཟང་པོ་དང་། གནས་
བརྟན་ཀླུ་དང་། ཡིད་བརྟན་རྣམས་རིམ་པར་བྱུང་བས། གཞན་ལན་གདབ་དང་མི་ཤེས་པ། །ཡིད་གཉིས་དང་ནི་ཡོངས་སུ་བརྟག །བདག་ཉིད་གསོ་བར་བྱེད་པ་སྟེ། །འདི་ནི་སྟོན་པའི་བསྟན་པ་ཡིན། །ཞེས་ཆོས་མ་ཡིན་པའི་གཞི་ལྔ་བསྒྲགས་ཏེ། རྒྱལ་པོ་དཔའ་བོ་དེའི་ཚེ་སྨད། དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ། ཀ་ནིཥྐའི་ཚེ་སྟོད་ཡན་ཏེ་རྒྱལ་པོ་བཞིའི་རིང་དགེ་འདུན་རྣམས་རྩོད་པར་གྱུར་ཅིང་། སྟོན་པས་འདུལ་བ་ཡི་གེར་འབྲི་བ་མ་གནང་བས་ཡུན་རིང་པོར་སོང་བ་ན་སོ་ཐར་གྱི་མདོ་འདོན་ཚུལ་མ་མཐུན་པའི་དབང་གིས་སྡེ་པ་བཅོ་བརྒྱད་དུ་གྱེས་ཏེ། ཇི་ལྟར་ན་གནས་བརྟན་ཀླུས་རྩོད་པ་སྤེལ་བའི་རྒྱུས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས། ཕལ་ཆེན་པ། གནས་བརྟན་པ། མང་པོས་བཀུར་བ་གསུམ་གྱེས་ཏེ་རྩ་བའི་སྡེ་པ་བཞིར་གྱེས། དེ་རྗེས་ཡིད་བརྟན་གྱིས་རྩོད་པ་རྒྱ་ཆེར་སྤེལ་བས། སྡེ་པ་བཞི་ཡང་རིམ་གྱིས་བཅོ་བརྒྱད་དུ་གྱེས་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་བདུན། ཕལ་ཆེན་པ་ལྔ། གཞན་གཉིས་ལས་གསུམ་གསུམ་གྱེས་པར་གྲགས། དེ་ནས་རེ་ཞིག་གི་ཚེ་རྩོད་པ་ཅུང་ཟད་ཞི་ནས་སོ་སོར་གནས་པའི་དུས་རྒྱལ་རབས་བཞི་ཙམ་སོང་བ་ན་རྒྱལ་པོ་ཀ་
ནིཥྐས་སྦྱིན་བདག་བྱས་ནས་བཀའ་བསྡུ་གསུམ་པ་མཛད། འདི་ལ་བཞེད་པ་མི་འདྲ་བ་འགའ་ཞིག་སྣང་ཡང་། ཁ་ཆེ་བ་རྣམས་ཁ་ཆེའི་ཡུལ་རྣ་རྒྱན་གྱི་གཙུག་ལག་ཁང་དུ་འཕགས་པ་རྩིབ་ལེགས་སོགས་དགྲ་བཅོམ་པ་ལྔ་བརྒྱ་དང་། བ་སུ་མི་ཏྲ་སོགས་བཙུན་པ་ཆེན་པོ་བཞི་བརྒྱ་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་འདུས་ཏེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལས་དྲངས་ནས་གྱེས་པ་བཅོ་བརྒྱད་པོ་ཐམས་ཅད་སངས་རྒྱས་ཀྱི་བཀར་བསྒྲུབས་ཤིང་། འདུལ་བའི་སྡེ་སྣོད་ཐམས་ཅད་ཡི་གེར་བཀོད། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་དུས་དེར་ཡི་གེར་བཀོད་ཅིང་། སྔར་འཁོད་པ་རྣམས་ལའང་དག་ཐེར་བྱས་སོ། །དེ་ནས་དགོངས་འགྲེལ་གྱི་བསྟན་བཅོས་འབྱུང་ཚུལ་དང་འབྲེལ་བར་བསྟན་པ་ཇི་ལྟར་བསྐྱངས་པ་ནི། བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ། འཕགས་པ་ཉེར་སྦས་དང་། ཐམས་ཅད་འདོད་ལ་སོགས་པའི་དགྲ་བཅོམ་པ་ལྔ་བརྒྱས་སྤྱི་མཐུན་དུ་ཉན་ཐོས་ཀྱི་ཐུན་མོང་མ་ཡིན་པའི་བསྟན་བཅོས་བྱེ༷་བྲ༷ག་བཤ༷ད་མཛོ༷ད་ཆེན་པོ་བརྩམས་པར་མཛད་ལ༷། སོ༷གས་ཁོང་ནས་གཞན་ཡང་
བསྟན་པ་སྐྱོང་བའི་སྐྱེས་བུ་སངས་རྒྱས་དང་འདྲ་བའི་ཉན་ཐོས་ཆེན་པོ་དང་བླ་མ་གྲགས་པ་སོགས་དགྲ་བཅོམ་པ་འཕ༷གས་པ༷འི་ཚོགས་དང་། རྒྱལ་པོ་ལེགས་རྒྱལ་དགེ་བ་སོགས་བྲམ་ཟེ་ཆེན་པོའི་སྡེ་ལ་སོགས་པ་མཁས་བཙུན་བཟང་པོའི་དཔལ་དང་ལྡན་ཅིང་རྟོགས་པའི་ཡོན་ཏན་ལ་མངའ་བརྙེས་པའི་རྣམས་ཀྱིས༷་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་བརྩ༷མས་ཤིང་། ཁྱད་པར་འོད་བྱེད་ཀྱི༷་ས་བརྙེས་པའི་སློབ་དཔོན་ཡོ༷ན་ཏ༷ན་འོ༷ད་ཀྱིས་མདོ་རྩ་བ་ད༷ང་། དེའི་རང་འགྲེལ་སྟོང་ཕྲག་བཅུ་གཉིས་པ། དེའི་དོན་བསྡུ། འགྲེལ་ཆུང་། ལས་བརྒྱ་རྩ་གཅིག་གི་འགྲེལ་པ་ཀརྨ་ཤ་ཏཾ་སྟེ་གཞུང་ལྔ་མཛད་པ་དང་། སློབ་དཔོན་ཤཱ༷ཀྱ༷་འོ༷ད་ཀྱི༷ས་དགེ་ཚུལ་སུམ་བརྒྱ་པ་དང་། དེའི་འགྲེལ་པ་འོད་ལྡན་བཅས་མཛད་ཅིང་སྤེ༵ལ་བས། ལྷོ་ཕྱོགས་འཕགས་པའི་ཡུལ་ནས་བྱང་ཕྱོགས་ཤམྦྷ་ལ་དང་ཉེ་བའི་བར་གྱི་ས་ཆེན་པོ་འདི་དག་ངུར་སྨྲིག་གི་རྒྱལ་མཚན་འཛིན་པས་ཁྱབ་པར་གྱུར་པ་ནི་སློབ་དཔོན་འདི་གཉིས་ཀྱི་བཀའ་དྲིན་ཁོ་ནའོ། །དེ་ལས་གངས་ཅན་བོད་ཀྱི་ལྗོངས་འདིར་ཆོས་རྒྱལ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བཀས་བཅད་པ་ལྟར་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ་པ་གཅིག་པུ་ལས་མ་བྱུང་ལ། དེའང་
བསྟན་པ་སྔ༷་འགྱུར༷་གྱི་སྐབས་སུ་བྱུང་བའི་འདུལ་བ་སོ་ཐར་གྱི་སྡོ༷མ་པའི་རྒྱུན༷་ནི། མཉམ་མེད་སྟོན་པ་ཐུབ་པའི་དབང་པོ་ནས། ཤཱ་རིའི་བུ་ལ་སོགས་པ་རིམ་པར་བརྒྱུད། གངས་ཅན་ཐོག་མའི་འདྲེན་པ་མཁན་ཆེན་ཞི༷་བ༷་འཚོ༷་ལས། རྦ་རཏྣ། དེ་ནས་གཙང་རབ་གསལ། གཡོ་དགེ་བའི་འབྱུང་གནས། སྨར་ཤཱཀྱ་མུ་ནེ་རྣམས་བསྙེན་པར་རྫོགས་ཤིང་། ཕྱིས་རྒྱལ་པོ་གླང་དར་གྱིས་བསྟན་པ་ལ་ཐོ་འཚམས་པའི་དུས་སྨར་གཡོ་གཙང་གསུམ་གྱིས་འདུལ་དཔེ་དྲེའུ་རྒྱབ་གཅིག་བཀལ་ཏེ་རི་བོ་དན་ཏིག་ཏུ་བྱོན། དེར་བླ་ཆེན་དགོངས་པ་རབ་གསལ་དང་། དེ་ལས་དབུས་གཙང་གི་མི་བཅུ་བསྙེན་པར་རྫོགས་ཤིང་། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་ཀྱིས་རྒྱ་ཆེར་སྤེལ་བ་ལ་བརྟེན་ནས་ད་ལྟའི་བར་སྡོམ་རྒྱུན་མ་ཉམས་པར་བཞུགས་པ་ལ་སྨད་འདུལ་དུ་གྲགས། དེ་ད༷ང་མཚུངས་པར་ཕྱི་འགྱུར་གྱི་སྡོམ་རྒྱུན་སྟོད་འདུལ་གྲགས་པ་ནི༵་རྒྱ་གར་ཤར་ཕྱོགས་ཀྱི་པཎྡི་ཏ་དྷརྨ་པཱ་ལ་མངའ་རིས་སུ་ཕེབས་ནས་འདུལ་བའི་སྡོམ་རྒྱུན་དང་བཤད་རྒྱུན་སྤེལ་བས། མཁན་བུའི་གཙོ་བོ་ས་དྷུ་པཱ་ལ། གུ་ཎ་པཱ་ལ། པྲ་ཛྙཱ་པཱ་ལ་སྟེ། པཱ་ལ་རྣམ་གསུམ་དུ་གྲགས་པ་དང་། དེ་ནས་ཞང་ཞུང་རྒྱལ་བའི་
འབྱུང་གནས་སོགས་བྱོན་པ་ལས་ཕྱི་ཞིག་གི་བར་དུ་སྡོམ་རྒྱུན་ཡོད་པར་སྣང་ནའང་དེང་སང་ངེས་གསལ་མ་ཐོས། ཡང་ཕྱི༷ས་སུ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པ་དཔལ་ནས༷་ཁ་ཆེ་པཎ་ཆེན་ཤཱ༷ཀྱ༷་ཤྲཱི༷་གདན་དྲངས་ཏེ་དཔལ་གྱི་མཐའ་ཅན་གསུམ་ཞེས་ས་སྐྱ་པཎྜི་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། བྱང་ཆུབ་དཔལ། རྡོ་རྗེ་དཔལ་རྣམས་བསྙེན་པར་རྫོགས་པས། དེ་གསུམ་ལ༷ས་ཀྱ༷ང་རྒྱུན་ཤིན་ཏུ་མང་བར་འཕེལ་བ་ད་ལྟའི་བར་དུ་དར༵་བཞིན་པ་འདི་ལ་བར་འདུལ་དུ་གྲགས་སོ། །གསུམ་པ་དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པ་ལ་གཉིས། ཐོབ་བྱ་སྡོམ་པའི་ངོ་བོ་དང་དབྱེ་བ་སྤྱིར་བཤད། ཐོབ་བྱེད་ཆོ་གའི་ལག་ལེན་བྱེ་བྲག་བཤད་པའོ། །དང་པོ་སྤྱིར་བཤད་པ་ལའང་གཉིས། སྡོམ་པའི་ངོ་བོ་དང་། སྡོམ་པའི་དབྱེ་བའོ། །དང་པོ་སྡོམ་པའི་ངོ་བོ་ནི། ངོ་བོ་ངེས་འབྱུང་བསམ་པས་ཀུན་བླངས་ནས། །གཞན་གནོད་གཞིར་བཅས་ལྡོག་པ་ལུས་ངག་ལས། །སྐྱེ་ཕྱིར་གཟུགས་ཅན་ཡིན་ཅེས་འདོད་པ་དང་། །སྤོང་སེམས་རྒྱུན་ཆགས་ས་བོན་ལ་འདོད་པ། །རང་གི་སྡེ་པ་གོང་འོག་སོ་སོའི་ལུགས། །ཞེས་པ་སྟེ། དེ་ལ་སོ་ཐར་གྱི་སྡོམ་པའི་ངོ༷་བོ༷འམ་མཚན་ཉིད་ནི།
ངེ༷ས་པར་འབྱུ༷ང་བའི་བས༷མ་པ༷ས་ཀུན༷་ཏུ་བསླ༷ངས་ན༵ས། གཞ༷ན་ལ་གནོ༷ད་པ་གཞི༷་དང་བཅ༷ས་པ་ལས་ལྡོ༷ག་པ༷་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་གང་ཞིག་འདོད་པའི་སས་བསྡུས་པ་སྟེ། དེའང་ལུས་ངག་གི་ལས་ལམ་བདུན་སྤོང་བ་ལ་རང་སྡེའི་གྲུབ་མཐའ་སྨྲ་བ་ཐམས་ཅད་མཐུན་ཡང་། གཟུགས་ཅན་དང་ཤེས་པ་སོགས་གང་ལ་འཇོག་ཞལ་མི་མཚུངས་ཏེ། ཉན་ཐོས་བྱེ་བྲག་སྨྲ་བས་སོ་ཐར་གྱི་སྡོམ་པ་དེ་རང་དང་མཁན་སློབ་སོགས་ཀྱི་ལུས༷་དང་ང༷ག་ལ༵ས་སྐྱེ༷ས་པའི་ཕྱིར། རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ཀའི་ངོ་བོར་སྐྱེ་ལ། དེ་ནས་སྐད་ཅིག་གཉིས་པ་ཕྱིན་རིག་བྱེད་མ་ཡིན་པའི་གཟུ༷གས་ཅ༷ན་དུ་གནས་པ་ཡི༷ན་ཞེ༷ས་འདོ༷ད་པ༷་སྟེ། མཛོད་ལས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །སྡོམ་པ་སོ་སོར་ཐར་ཞེས་བྱ། །ཞེས་གསུངས་པའི་ཕྱིར་ད༵ང་། ཉན་ཐོས་མདོ་སྡེ་པས་རྒྱུད་ཡོངས་སུ་འགྱུར་བའི་ཁྱད་པར་ལ་འདོད་དེ། མཛོད་འགྲེལ་ལས། ལས་སྔོན་དུ་འགྲོ་ཞིང་སེམས་ཕྱིར་ཞིང་འབྱུང་བ་གང་ཡིན་པ་དེ་ནི་རྒྱུད་ཡིན་ལ། དེ་གཞན་དང་གཞན་དུ་སྐྱེ་བ་ནི་ཡོངས་སུ་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་ལྟར། དོན་དུ་སེམས་
བྱུང་སེམས་པ་ལ་འདོད་པ་ཡིན་ཏེ། སེམས་པ་ཡིད་ཀྱི་ལས་ཡིན་ནོ། །ཞེས་འབྱུང་བའི་ཕྱིར་རོ། །ཐེག་ཆེན་སེམས་ཙམ་པས་ནི་འཆལ་ཚུལ་སྤོང༷་བའི་སེ༷མས་པ་རྒྱུན༷་ཆ༷གས་ས༷་བོ༷ན་དང་བཅས་པ་ལ༷་འདོ༷ད་པ༵་ཡིན་ཏེ། དེའང་སེམས་རྐྱང་པ་ལ་བྱས་ན་རྒྱུན་མེད་ཅིང་། བག་ཆགས་ཙམ་ལ་བྱས་ན་སྟོང་རྒྱུ་བྱུང་བའི་གནས་སྐབས་སུའང་རྗེས་སུ་འབྲང་བས་ན་མི་སྟོང་བའི་ཕྱིར་ཞེས་འདོད། དབུ་མ་པས་ནི་སྤོང་སེམས་མཚུངས་ལྡན་དང་བཅས་པ་ལ་འདོད་པ་ཡིན་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ནང་པ་སངས་རྒྱས་པར་ར༷ང་གི༷་སྡེ༷་པ༷་གྲུབ་མཐའ་གོ༷ང་འོ༷ག་ལ་སོ༷་སོ༷འི་བློ་ཁྱད་ཀྱིས་འདོད་ལུག༷ས་ལ་མི་འདྲ་བར་མཐོ་དམན་བྱུང་བ་ཡིན་ནོ། །གཉིས་པ་སྡོམ་པའི་དབྱེ་བ་ནི། དབྱེ་བ་བསྙེན་གནས་དགེ་བསྙེན་ཕ་མ་གཉིས། །ཁྱིམ་པའི་ཕྱོགས་ཡིན་དགེ་ཚུལ་ཕ་མ་དང་། །དགེ་སློབ་མ་དང་དགེ་སློང་ཕ་མ་ལྔ། །རབ་བྱུང་ལ་ཡིན་སོ་ཐར་རིས་བརྒྱད་པོ། །རྫས་སུ་བསྡུ་ན་བཞིར་འདོད་མཛོད་ཀྱི་ལུགས། །ཞེས་པ་སྟེ། དེ་ལྟར་ངོ་བོ་བསྟན་པའི་སྡོམ་པ་དེ་ལ་རྟེན་གྱི་སྒོ་ནས་དབྱེ༷་བ༷་བྱས་ན། སྤྱིར་
རང་རང་གི་སྡོམ་པ་སྒྲུབ་བྱེད་ཀྱི་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་ཐོབ་པའི་ངེས་འབྱུང་གི་ཚུལ་ཁྲིམས་ཡིན་པ་ཙམ་དུ་འདྲ་ནའང་། བྱེ་བྲག་རང་རང་གི་མི་མཐུན་པའི་ཕྱོགས་སུ་གྱུར་པའི་སྤང་བྱའི་ཁྱད་པར་ཉིན་ཞག་ཕྲུག་གཅིག་ཏུ་སྤང་བྱ་བརྒྱད་སྤོང་བར་ཁས་བླངས་པ་བསྙེན༷་གན༷ས་ཡིན་ཏེ་འདི་ལ་དུས་ཁྲིམས་ཞེས་ཀྱང་ཟེར། འདི་དགེ་བསྙེན་གྱིས་བླངས་ན་དེའི་གསོ་སྦྱོང་དུ་འགྲོ་བའི་ཕྱིར་གསོ་སྦྱོང་ཞེས་ཀྱང་གྲགས། དེ་བཞིན་དུ་སྤང་བྱ་གཅིག་ནས་ལྔའི་བར་དུ་ཇི་སྲིད་འཚོའི་བར་སྤོང་བར་ཁས་བླངས་པ་དགེ༷་བསྙེན༷་ཕ༷་མ༷་གཉིས༵་ཏེ། འདི་ལ་འདུལ་བར་ཡོངས་རྫོགས་དགེ་བསྙེན་ལས་མ་བཤད་ཀྱང་། མངོན་པ་ལས་ནི་སྐྱབས་གསུམ་འཛིན་པ་སོགས་དབྱེ་བ་མང་། འདི་གསུམ་ཁྱིམ༷་པ༷འི་ཕྱོ༷གས་ཀྱི་སྡོམ་པ་ཡི༷ན་ནོ། །ཡང་སྤང་བྱ་བཅུ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་བླངས་པ་དགེ༷་ཚུ༷ལ་ཕ༷་མ༷་གཉིས་ད༵ང་། དེའི་སྟེང་སྤང་བྱ་བཅུ་གཉིས་ལོ་གཉིས་ལ་སོགས་པར་སྤོང་བར་ཁས་ལེན་པ་དགེ༷་སློབ༷་མ༷་ད༷ང་། སྤོང་བདུན་འཁོར་དང་བཅས་པ་ཇི་སྲིད་འཚོའི་བར་དུ་སྤོང་བར་ཁས་ལེན་པ་དགེ༷་སློ༷ང་ཕ༷་མ༷་གཉིས་ཀྱི་སྡོམ་པ་སྟེ། འདི་ལྔ༷་པོ་ནི་རབ་ཏུ་བྱུང༷་བའི་
ཕྱོགས་ཀྱི་སྡོམ་པ་ལ༷་དབྱེ་བ་ཡི༷ན་ཏེ། དེ་དག་བསྡོམས་པས་སོ༷་ཐ༷ར་རི༷ས་བརྒྱད༷་པོ༵་རྫ༷ས་སུ༷་བསྡུ༷་ན༷་དགེ་སློང་ཕ་མ་གཉིས་རྫས་གཅིག །དགེ་ཚུལ་ཕ་མ་གཉིས་དང་དགེ་ཚུལ་མའི་བྱེ་བྲག་དགེ་སློབ་མ་བཅས་རྫས་གཅིག །དགེ་བསྙེན་ཕ་མ་གཉིས་རྫས་གཅིག་སྟེ་དེ་རྣམས་མཚན་ཕན་ཚུན་དུ་གྱུར་པས་མིང་འཕོ་བ་ཙམ་ལས་རྫས་ཐ་དད་པ་མེད་པའི་ཕྱིར་སྡོམ་རྫས་གསུམ་ཡིན་ལ། བསྙེན་གནས་ཀྱི་སྡོམ་པ་དང་བཞི༷ར་བསྡུ་བར་འདོ༷ད་པ་མཛོ༷ད་ཀྱི༷་ལུ༷གས་ཏེ། ཇི་སྐད་དུ། སོ་སོར་ཐར་ཅེས་བྱ་རྣམ་བརྒྱད། །རྫས་སུ་རྣམ་པ་བཞི་ཡིན་ནོ། །མཚན་ལས་མིང་ནི་འཕོ་བའི་ཕྱིར། །ཐ་དད་དེ་དག་འགལ་མེད། །ཅེས་གསུངས་སོ། །གཉིས་པ་ཐོབ་བྱེད་ཆོ་གའི་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ་ལྔ། མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ། ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས། སྡོམ་པ་སྐྱེ་བའི་ལུས་རྟེན། ཉམས་ན་གསོ་བའི་ཐབས། དེ་ལྟར་བསྲུང་བའི་ཕན་ཡོན་ནོ། །དང་པོ་མ་ཐོབ་པ་ཐོབ་པར་བྱེད་པའི་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ལ། །ལེན་ཚུལ་གཉིས་ཏེ་
ཞེས་པ་སྟེ། དེ་ལྟ་བུའི་སྡོམ་པ་དེ་ནི་འགའ་ཞིག་ཙམ་མ་གཏོགས་ཆོས་ཉིད་ཀྱིས་ཐོབ་པ་མ་ཡིན་ཅིང་། བརྡ་ལས་བྱུང་བ་ལ་ལྟོས་དགོས་པས་ན། ད༷ང་པོ༷་བསླབ་བྱའི་སྡོ༷མ་པ༷་དེ་ཉིད་མ༷་ཐོ༷བ་པའི་ཚུལ༷་ལ༵། ཚེགས་ཆུང་དུས་རྫོགས་པ་སྔོན་ཆོག་དང་། ཚེགས་དང་བཅས་པས་རྫོགས་པ་ད་ལྟར་གྱི་ཆོ་ག་སྟེ་ལེ༷ན་པའི་ཚུལ༷་གཉི༷ས་སུ་ངེས་པ་ཡིན་ཏེ༷་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་གཉིས། སྔོན་གྱི་ཆོ་ག་དང་། ད་ལྟར་གྱི་ཆོ་གའོ། །དང་པོ་སྔོན་ཆོག་ནི། སྔོན་གྱི་ཆོ་ག་ནི། །རང་བྱུང་ཡེ་ཤེས་ཁོང་ཆུད་འཕྲིན་གྱིས་རྫོགས། །སྟོན་པར་ཁས་བླངས་ཚུར་ཤོག་གསོལ་བཞི་དང་། །དྲིས་པའི་ལན་ལྡོན་ལྕི་ཆོས་ཁས་བླངས་སོགས། །གདུལ་བྱ་བློ་དག་མཁན་པོ་འཕགས་པས་ཡིན། །ཞེས་པ་སྟེ། དེ་ལ་དང་པོ་སྟོན་པ་སངས་རྒྱས་པའི་སྔོན་དུ་དང་། དེའི་ཚེ་དང་། དེ་ནས་ཡུན་རིང་པོ་མ་ལོན་པ་དང་། མྱ་ངན་ལས་འདའ་ཁ་ཡན་ཆོད་དུ་བྱུང་བ་ལ་སྔོ༷ན་གྱི༷་ཆོ༷་ག༷་ཞེས་བྱ་སྟེ། དེ་ནི༷་ཉན་ཐོས་བྱེ་བྲག་སྨྲ་བས། རྣམ་པ་བཅུས་བསྙེན་པར་རྫོགས་སོ་ཞེས་པ་ལྟར་དབྱེ་ན་བཅུ་ལས། རྫོགས་པའི་སངས་རྒྱས་དང་རང་སངས་རྒྱས་གཉིས་ཟད་པ་ཤེས་པ་
དང་མི་སྐྱེ་བ་ཤེས་པས་བྱང་ཆུབ་བརྙེས་པའི་ཚེ་ར༷ང་བྱུང༷་གི་༡དང་། ལྔ་སྡེ་བཟང་པོ་མཐོང་ལམ་གྱི་ཡེ༷་ཤེ༷ས་སྐྱེས་པ་ཁོ༷ང་དུ་ཆུ༷ད་པས་༢དང་། དེ་གསུམ་ནི་རང་རྒྱུད་ལ་ངང་གིས་དོན་དམ་པའི་དགེ་སློང་སྐྱེས་པས་བསྙེན་པར་རྫོགས་པའོ། །མཆོད་སྦྱིན་མ་ཕ་མའི་དབང་དུ་སོང་བ་ལ་དགེ་སློང་མ་ཨུཏྤ་ལས་ཕོ་ཉ་བྱས་ཏེ་དགེ་འདུན་པའི་འཕྲི༷ན་གྱི༷ས་རྫོ༷གས་པ་༣དང་། འོད་སྲུང་ཆེན་པོས། ཁྱོད་ནི་བདག་གི་སྟོན་པའོ། །བདག་ནི་ཁྱོད་ཀྱི་ཉན་ཐོས་སོ། །ཞེས་སྟོ༷ན་པ༷ར་ཁ༷ས་བླང༷ས་པས་༤དང་། ཤཱ་རིའི་བུ་སོགས་སྲིད་པ་ཐ་མ་བ་འགའ་ཞིག་ལ། སྟོན་པས་བུ་ཚུར༷་ཤོ༷ག་ཚངས་པ་མཚུངས་པར་སྤྱོད་ཅིག་ཅེས་གསུངས་པ་ཙམ་གྱིས་བསྙེན་རྫོགས་ཀྱི་དངོས་པོར་གྱུར་པ་༥དང་། དགེ་འདུན་གྱི་གྲངས་ཡུལ་དབུས་སུ་བཅུ་ཚོགས་དང་། མཐའ་འཁོབ་ཏུ་ལྔ་ཚོགས་ཀྱིས་གསོ༷ལ་བཞི༷འི་ལས་ཀྱིས་རབ་བྱུང་བསྙེན་རྫོགས་གཅིག་ཆར་དུ་བྱས་པ་༦ད༵ང་། ལེགས་བྱིན་ལ་སྟོན་པས། གཅིག་ཏུ་བདེ་བ་ནི་གང་ཞེས་དྲི༷ས་པ་ན། ཐར་པའོ་ཞེས་དང་། ལམ་དེ་ལ་མཁོ་བ་ནི་གང་ཞེས་དྲིས་པ་ལ། དད་པའོ་ཞེས་པ༷འི་ལ༷ན་ལྡོན༷་པ་ལ་ཐུགས་དགྱེས་པ་ཙམ་གྱིས་༧དང་། སྲུ་སྐྱེ་རྒུའི་བདག་མོ་དང་།
ཤཱཀྱའི་བུ་མོ་ལྔ་བརྒྱས་ལྕི༷་ཆོས་བརྒྱད་སྤོང་བར་ཁ༷ས་བླ༷ངས་པས་༨ཏེ། ལྕི་ཆོས་བརྒྱད་ནི། ཕའི་དགེ་འདུན་ལས་བསྙེན་པར་རྫོགས་པ༡། ཟླ་བ་ཕྱེད་ཕྱེད་ནས་ཕའི་དགེ་སློང་ལས་གདམས་[སྡོམ་པ་ནོད་པ།] དག་གསོལ་བ༢། ཕའི་དགེ་སློང་ཡོད་སར་དབྱར་ཁས་བླངས་ཏེ་གནས་པ༣། གཉིས་ཀའི་ཚོགས་ལས་དགག་དབྱེ་བྱ་བ༤། དགེ་སློང་གི་ཚུལ་ཁྲིམས་འཆལ་བ་མི་བརྗོད་པ༥། དགེ་སློང་ལ་ཅོ་འདྲི་བ་སོགས་མི་བྱེད་པ༦། དགེ་སློང་གསར་བུ་ལའང་ཕྱག་འཚལ་བ་སོགས་གུས་པ་བྱ་བ༧། ལྕི་ཆོས་ལས་འདས་ན་ཕའི་དགེ་འདུན་ལས་མགུ་བ་སྤྱད་པ་༨རྣམས་སོ། །སོ༵གས་ཀྱི་སྒྲས་བཟང་སྡེའི་ཚོགས་དྲུག་ཅུ་སྐྱབས་གསུམ་ཁས་བླངས་པས་བསྙེན་པར་རྫོགས་པའོ༩། །དེ་ལ་སྔོན་ཆོག་བཏགས་པ་བ་དགུ་དང་། དངོས་གནས་པ་གཅིག་གསོལ་བཞིའི་ལས་ཀྱིས་རྫོགས་པ་སྟེ། དེ་དག་ནི་སྔོན་གྱི་གདུ༷ལ་བྱ༷་རྣམས་ལས་ཉོན་རྣམ་སྨིན་གྱི་སྒྲིབ་པ་གསུམ་ཤས་ཆུང་ཞིང་། ཤེས་རབ་རྒྱུད་དང་དབང་པོ་སྨིན་པས་བློ༷་ད༷ག་པ་དང་། རྫོགས་བྱེད་ཀྱི་མཁ༷ན་པོ༷་ཡང་འཕ༷གས་པ༷་ཁོ་ནའི༷་ཁྱད་ཆོས་ཡི༵ན་པས་ཚེགས་མེད་པའོ། །གཉིས་པ་ད་ལྟར་གྱི་ཆོ་ག་ལ་གསུམ། བསྒྲུབ་བྱ་གང་ཟག་གི་མཚན་ཉིད།
སྒྲུབ་བྱེད་མཁན་སློབ་སོགས་ཀྱི་མཚན་ཉིད། ཇི་ལྟར་བསྒྲུབ་པའི་ཚུལ་ལོ། །དང་པོ་བསྒྲུབ་བྱ་གང་ཟག་གི་མཚན་ཉིད་ནི། ད་ལྟའི་ཆོ་ག་ངེས་པ་ལྔ་བྲལ་ཞིང་། །མ་ནིང་ལ་སོགས་སྐྱེ་བའི་བར་ཆད་དང་། །རྒྱལ་པོས་མ་གནང་ལ་སོགས་གནས་པ་དང་། །བྱ་རོག་སྐྲོད་མི་ནུས་སོགས་ཁྱད་པར་དང་། །སྐྲ་སེར་ཅན་སོགས་མཛེས་པའི་བར་ཆད་མེད། །ངེས་འབྱུང་བློ་ཅན་སྐལ་བཟང་སྐྱེས་བུ་དེ། །ཞེས་པ་སྟེ། ད༷་ལྟའི༷་ཆོ༷་ག༷་འགལ་རྐྱེན་རང་རང་གི་བསླབ་བྱ་ལ་ལྟོས་ནས་ངེས་པ་ལྔ་དང་བྲལ་བ་དགེ་སློང་ལ་དངོས་དང་དགེ་ཚུལ་ལའང་ཆ་འདྲ་བ་ཞིག་དགོས་ཏེ། མཐུན་རྐྱེན་ཚང་བའི་ཡུལ་འདིར་བསྲུང་གི་གཞན་དུ་བསྲུང་མི་ནུས་སྙམ་པ་ལྟ་བུ་ཡུལ་ངེས་པ་དང་། ལོ་དང་ཟླ་བ་འདི་ཙམ་དུ་བསྲུང་གི་དེ་ཕན་ཆོད་བསྲུང་མི་ནུས་སྙམ་པ་ལྟ་བུ་དུས་ངེས་པ། འཐབ་རྩོད་ཀྱི་སྐབས་མ་གཏོགས་གཞན་དུ་བསྲུང་སྙམ་པ་ལྟ་བུ་ཚེ་ངེས་པ་དང་། དགྲ་མ་གཏོགས་གཞན་གྱི་སྲོག་མི་གཅོད་སྙམ་པ་ལྟ་བུ་སེམས་ཅན་ངེས་པ། བསླབ་བྱ་རགས་པ་རྣམས་ལས་ཕྲ་བ་རྣམས་ལ་བསླབ་མི་ནུས་སྙམ་པ་ལྟ་བུ་ཡན་ལག་ངེ༷ས་པ༷་སྟེ་དེ་ལྔ༷་དང་བྲ༷ལ་ཞི༷ང་། དེར་མ་ཟད་འགལ་རྐྱེན་བར་ཆད་ཀྱི་ཆོས་བཞི་དང་མི་ལྡན་པ་ཞིག་དགོས་
ཏེ། མ༷་ནི༷ང་ལ༷་སོ༷གས་པ་འོག་ཏུ་འཆད་པ་ལྟར་སྡོམ་པའི་རྟེན་མིན་པ་རྣམས་ལ་ནི་སྡོམ་པ་ཕོག་ཀྱང་མི་སྐྱེ་བས་ན་སྐྱེ༷་བ༷འི་བ༷ར་ཆ༷ད་ཅན་ད༵ང་། རྒྱ༷ལ་པོ༷་དང་ཕ་མས༷་མ༷་གན༷ང་བ་ལ༷་སོགས་པ་ལ་སྡོམ་པ་སྐྱེ་ཡང་རང་དབང་དུ་མ་གྱུར་པས་འབབ་དགོས་པ་སོགས་ཡུན་རིང་པོར་མི་གན༷ས་པ༷འི་བར་ཆད་ད༵ང་། བྱ༷་རོ༷ག་སྐྲོ༷ད་མི༷་ནུས༷་པའི་བྱིས་པའམ་ནད་དང་སྡུག་བསྔལ་གྱིས་གཟིར་བ་སོ༷གས་ལ་སྡོམ་པ་སྐྱེ་གནས་གཉིས་ཀའི་རྟེན་དུ་རུང་ཡང་བསླབ་པ་ལ་སྦྱོར་མི་བཟོད་པས་ཡོན་ཏན་གོང་ནས་གོང་དུ་ཁྱ༷ད་པ༷ར་དུ་འགྱུར་མི་ནུས་པའི་བར་ཆད་ད༵ང་། སྐྲ༷་སེ༷ར་ཅ༷ན་སོགས་ཁ་དོག་ལ་སྐྱོན་ཆགས་པ་དང་། ལག་ཟླུམ་སོགས་ལུས་བྱད་མི་སྡུག་པ་དབྱིབས་ལ་སྐྱོན་ཆགས་པ་དང་། བཤན་པ་སོ༷གས་རིགས་ལ་སྐྱོན་ཆགས་པ་སྟེ་དེ་དག་ལ་སྡོམ་པ་སྐྱེ་གནས་ཁྱད་པར་དུ་འགྱུར་བ་གསུམ་ཀ་རུང་ཡང་ལུས་བྱད་མི་སྡུག་པ་སོགས་ཀྱི་རྐྱེན་གྱིས་ཁྱིམ་པ་རྣམས་བསྟན་པ་ལ་མ་དད་པའི་རྒྱུ་བྱེད་པའི་ཕྱིར་ན་མཛེ༷ས་པ༷འི་བ༷ར་ཆ༷ད་དེ་རྣམས་མེ༵ད་པ་དགོས་ལ། འོན་ཀྱང་ཕྱི་མ་གཉིས་པོ་འདི་བསྟན་པ་ལ་ཕན་པ་སོགས་དགོས་པ་ཁྱད་པར་ཅན་ཡོད་ན་སྡོམ་པ་སྐྱེ་ལ་ཉེས་བྱས་ཙམ་ལས་དགག་བྱ་ཆེ་བ་རང་མེད་དོ། །
དེ་ལྟ་ན་དགག་ཕྱོགས་ནས་ངེས་པ་ལྔ་དང་བྲལ་ཞིང་བར་ཆད་བཞི་དང་མི་ལྡན་པ་དང་། སྒྲུབ་ཕྱོགས་ནས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པ་སྟེ། རྒྱུད་ཚོགས་སུ་མ་ཚང་ཞིང་སྡོམ་རོ་མེད་པ། ལོ་ཉི་ཤུ་ལོན་པ། ཤེས་པ་རང་བཞིན་དུ་གནས་པ། ཆོས་གོས་གསུམ་དང་ལྷུང་བཟེད་ཚང་བ། ཐོབ་མཚམས་སོགས་ཀྱི་དོན་གོ་ཞིང་བརྡའ་འཕྲོད་པ་བཅས་གཞིར་བཞག །ཁྱད་པར་འཇིགས་སྐྱོབ་དང་ལེགས་སྨོན་ཙམ་མ་ཡིན་པར་ངེ༷ས་པར་འབྱུ༷ང་བའི་བློས་མྱང་འདས་གསུམ་གང་རུང་དོན་དུ་གཉེར་བའི་བློ༷་ཅ༷ན་སྐལ་པ་བཟ༷ང་པོའི་སྐྱེས༷་བུ༷་དེ༵་ལྟ་བུ་ནི་སྣོད་དང་ལྡན་པ་ཡིན་ནོ། །གཉིས་པ་སྒྲུབ་བྱེད་མཁན་སློབ་སོགས་ཀྱི་མཚན་ཉིད་ནི། ལེགས་གསུངས་འདུལ་བ་རྒྱ་མཚོ་མཐའ་དག་དང་། །བརྒྱ་རྩ་གཅིག་པའི་ལས་ཕྲན་ལ་བྱང་བའི། །མཁན་པོར་བཅས་པས། ཞེས་པ་སྟེ། སྒྲུབ་པར་བྱེད་པ་པོ་མཁན་སློབ་དགེ་འདུན་རྣམས་ཀྱང་ཁ་སྐོང་གི་ཆོས་བཅུ་གསུམ་ཚང་བ། མཁས་པའི་ཡོན་ཏན་སྡེ་སྣོད་གསུམ་སྤྱི་དང་ཁྱད་པར་དུ་ལེ༷གས་པར་གསུ༷ངས་པ་ལུང་བཞེས་བསྡུས་པའི་འདུ༷ལ་བ༷་རྒྱ༷་མཚོ༷་མཐ༷འ་ད༷ག་གི་ཚིག་དོན་མ་ལུས་པ་ཁོང་དུ་ཆུད་པ་ད༵ང་། དེ་ལས་ཀྱང་ལས་བརྒྱ༷་རྩ༷་
གཅི༷ག་པ༷འི་ལ༷ས་ཕྲ༷ན་རེ་རེ་བཞིན་ལ༷་ཚིག་ཕྱེད་ཀྱང་མ་འཁྲུལ་བར་བློ་ཐོག་ནས་ཐོན་ཅིང་ལག་ལེན་སོགས་ཤིན་ཏུ་བྱ༷ང་བ། བཙུན་པའི་ཡོན་ཏན་ཚུལ་ཁྲིམས་རྣམ་པར་དག་པ། བཤགས་སྡོམ་བྱིན་རླབས་ཚུན་ཆད་ཀྱིས་ཉེས་བྱས་ཕྲ་བ་ཙམ་གྱིས་ཀྱང་མ་གོས་པ། དམིགས་བསལ་བསྒྲུབ་བྱའི་ངོས་ནས་མཐོང་ཐོས་དོགས་གསུམ་གྱི་སྐྱོན་མེད་པ་དང་། ཁྱད་པར་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ཅིང་བརྟན་མཁས་ཀྱི་ཡོན་ཏན་ཕུལ་དུ་བྱུང་བ༵འི་མཁ༷ན་པོ༷་དང་ལས་སློབ་དག་ཡུལ་དབུས་མཐའི་ཁྱད་པར༷་གྱིས་དགེ་འདུན་བཅུ་ཚོགས་སམ་ལྔ་ཚོགས་དང་བཅ༷ས་པ༷ས་སོ། །གསུམ་པ་ཇི་ལྟར་བསྒྲུབ་པའི་ཚུལ་ནི། རིམ་བཞིན་བསྙེན་པར་རྫོགས། །སྔ་མ་མ་བྱས་རྫོགས་པའང་མདོ་སྡེར་སྣང་། །ཐོབ་མཚམས་བརྗོད་པ་གསུམ་གྱི་ཐ་མར་འདོད། །ཅེས་པ་སྟེ། དེ་ལྟ་བུའི་དགེ་འདུན་གྱི་དབུས་སུ་དགེ་བསྙེན། དགེ་ཚུལ། དགེ་སློང་སྟེ་བསླབ་ཚིགས་གསུམ་པོ་རི༷མ་པར་འབོགས་པའི་ཆོ་ག་བཞི༷ན་དུ་བསྙེ༷ན་པ༷ར་རྫོ༵གས་པར་བྱ་བ་ཡིན་ལ། གལ་སྟེ་བསླབ་ཚིགས་སྔ༷་མ༷་གཉིས་སུ་མ༷་བྱས༷་པར་བསྙེན་པར་རྫོ༷གས་པ༷འ༷ང་དྲིན་ལན་བསབ་པའི་མདོ༷་སྡེ༷ར་སྣང༵་སྟེ། ཇི་སྐད་དུ། མ་འགག་པས་ཡང་གསོལ་
པ། གལ་ཏེ་ཁྱིམ་པ་ཁྲིམས་ལྔ་མ་ནོས་པར་ཐལ་བྱུང་དུ་ཁྲིམས་བཅུ་ནོས་ན། ཁྲིམས་ཐོབ་པར་འགྱུར་རམ། བཀའ་སྩལ་པ། དུས་གཅིག་ཏུ་དགེ་བསྙེན་གྱི་ཁྲིམས་དང་དགེ་སྦྱོང་གི་ཁྲིམས་རྣམ་པ་གཉིས་ཐོབ་བོ། །གལ་ཏེ་ཁྲིམས་ལྔ་ཡང་མ་ནོས། ཁྲིམས་བཅུ་ཡང་མ་ནོས་པར་ཐལ་བྱུང་དུ་ཁྲིམས་རྫོགས་པར་ནོས་ནའང་དུས་གཅིག་ཏུ་ཁྲིམས་གསུམ་ཆར་ཐོབ་པར་འགྱུར་རོ། །ཞེས་དང་། ལུང་དང་། ཁྱིམ་པ་རབ་ཏུ་མ་བྱུང་བ་ཞིག་བསྙེན་པར་རྫོགས་པར་བགྱི་ན་བསྙེན་པར་རྫོགས་ཞེས་བགྱིའམ། མ་རྫོགས་ཞེས་བགྱི། ཉེ་བར་འཁོར་བསྙེན་པར་རྫོགས་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་ཏེ། འདི་ནི་ཚིག་ཕྱི་མ་བླངས་པས་སྔ་མ་ཞར་ལ་ཐོབ་པའི་དོན་དུ་སྣང་མོད། འོན་ཀྱང་འདུལ་བ་རང་ལས་སྡོམ་པ་སྐྱེ་ལ་ཉེས་བྱས་སུ་འགྱུར་ཞེས་བཤད་དོ། །དེ་ལྟར་ནོད་པའི་སྡོམ་པ་དེ་བསྒྲུབ་བྱའི་རྒྱུད་ལ་ཐོ༷བ་པའི་མཚ༷མས་ནི་དགེ་འདུན་གྱིས་གསོལ་བ་སྔོན་དུ་འགྲོ་བས་ལས་བརྗོ༷ད་པ༷་ལན་གསུ༷མ་གྱི༷་ཐ༷་མ༷འི་བྱ་བ་བརྗོད་པ་རྫོགས་མ་ཐག་པ་དེར༷་སྡོམ་པ་སྐྱེ་བར་འདོ༷ད་པ་ཡིན་ནོ། །གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཐབས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །
དང་པོ་མདོར་བསྟན་པ་ནི། བར་དུ་ཐོབ་པ་མི་ཉམས་བསྲུང་བ་ལ། །ཞེས་པ་སྟེ། དེ་ལྟར་སྡོམ་པ་དེ་ཉིད་ཐོབ་པ་ཙམ་གྱིས་མི་ཆོག་གི ། བ༷ར་དུ༷་ཐོ༷བ་ཟིན་པ༷་དེ་ཉིད་མི༷་ཉམ༷ས་པར་ཚུལ་བཞིན་བསྲུང་དགོས་ཏེ། མ་བསྲུང་ན་ཉེས་དམིགས་ཆེན་པོ་དང་། བསྲུང་ན་ཕན་ཡོན་ཆེན་པོ་དང་ལྡན་པའི་ཕྱིར། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ལ་ལའི་ཚུལ་ཁྲིམས་བདེ་བ་སྟེ། །ལ་ལའི་ཚུལ་ཁྲིམས་སྡུག་བསྔལ་ཡིན། །ཚུལ་ཁྲིམས་ལྡན་པ་བདེ་བ་སྟེ། །ཚུལ་ཁྲིམས་འཆལ་པ་སྡུག་བསྔལ་ཡིན། །ཞེས་གསུངས། དེས་ན་བསྲུ༷ང་བ༷འི་ཐབས་སུ་དགག་སྒྲུབ་ཀྱི་བསླབ་བྱ་གཉིས་སུ་ཤེས་ནས་སྤང་བླང་ཚུལ་བཞིན་དུ་བྱ་དགོས་པས་ན། དང་པོ་དགག་ཕྱོགས་ཀྱི་བསླབ་བྱ་ལ༵་སློབ་པའི་རྣམ་གྲངས་འདི་ལྟར་རོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། དངོས་བསྟན་བླང་དོར་གྱི་བསླབ་བྱ་རྒྱས་པར་བཤད་པ། ཤུགས་བསྟན་དེའི་རུང་མཐུན་བསྡུས་ཏེ་བསྟན་པའོ། །དང་པོ་དངོས་བསྟན་བླང་དོར་གྱི་བསླབ་བྱ་རྒྱས་པར་བཤད་པ་ལའང་གཉིས། ཁྱིམ་པའི་ཕྱོགས་ཀྱི་བསླབ་བྱ་དང་། རབ་བྱུང་གི་ཕྱོགས་ཀྱི་བསླབ་བྱའོ། །དང་པོ་ཁྱིམ་པའི་ཕྱོགས་ཀྱི་བསླབ་བྱ་ལའང་གསུམ།
སྐྱབས་འགྲོ། བསྙེན་གནས། དགེ་བསྙེན་གྱི་བསླབ་བྱའོ། །དང་པོ་སྐྱབས་འགྲོ་ལའང་གཉིས། མཆོག་གསུམ་སོ་སོའི་ཐུན་མོང་མ་ཡིན་པའི་བསླབ་བྱ་དང་། གསུམ་ཀའི་ཐུན་མོང་གི་བསླབ་བྱའོ། །དང་པོ་མཆོག་གསུམ་སོ་སོའི་ཐུན་མོང་མ་ཡིན་པའི་བསླབ་བྱ་ནི། བསླབ་བྱ་སྐྱབས་འགྲོ་ཐུན་མོང་མིན་གསུམ་ནི། །སྐྱབས་གཞན་མི་འཚོལ་སེམས་ཅན་འཚེ་བ་སྤོངས། །མུ་སྟེགས་མི་འགྲོགས་སོ་སོར་གུས་བསྐྱེད་དོ། །ཞེས་པ་སྟེ། ཐོག་མ་ཉིད་དུ་བསླབ༷་པར་བྱ༷་བའི་གནས་དཀོན་མཆོག་གསུམ་ལ་སྐྱ༷བས་སུ་འགྲོ༷་བའི་གང་ཟག་གིས་ཐུ༷ན་མོ༷ང་མི༷ན་པའི་བསླབ་བྱ་གསུ༷མ་ནི༵་རིམ་པ་བཞིན། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་སོགས་སྐྱ༷བས་གནས་གཞ༷ན་མི༷་འཚོ༷ལ་བ་དང་། ཆོས་ལ་སྐྱབས་སུ་སོང་ནས་སེ༷མས་ཅ༷ན་ལ་གནོད་པའི་སེམས་ཀྱི་འཚེ༷་བ༷འི་རིགས་སྤོ༵ང་བ་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ༷་སྟེ༷གས་ཅན་ནམ་དེའི་ཕྱོགས་མཐུན་ལྟ་ལོག་ཅན་རྣམས་དང་མི༷་འགྲོ༷གས་པ་བཅས་དགག་བྱ་གསུམ་སྟེ། མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་
ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །སངས་རྒྱས་ཀྱི་སྐུའི་རྟེན་དང་སྰཙྪའི་ཆག་དུམ་ཙམ་ཚུན་དང་། ཆོས་ཀྱི་རྟེན་གསུང་རབ་ཡིག་འབྲུ་གཅིག་ཚུན་དང་། དགེ་འདུན་གྱི་གཟུགས་ལྷན་པ་སེར་པོ་བཏབ་པ་ཡན་ཆད་ལ་སོ༷་སོ༷ར་དཀོན་མཆོག་དེ་དང་དེའི་འདུ་ཤེས་བཞག་ནས་གུ༷ས་པ་བསྐྱེད༷་དོ༵། །དེ་རྣམས་ནི་སྒྲུབ་པའི་བསླབ་བྱའོ། །གཉིས་པ་གསུམ་ཀའི་ཐུན་མོང་གི་བསླབ་བྱ་ནི། སྲོག་དང་བྱ་དགར་དཀོན་མཆོག་གསུམ་མི་སྤང་། །དགོས་གལ་ཆེ་ཡང་ཐབས་གཞན་མི་འཚོལ་ཞིང་། །དུས་མཆོད་མི་བཅག་རང་གཞན་སྐྱབས་འགྲོར་འགོད། །གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ། །ལྔ་རྣམས་ཐུན་མོང་བསླབ་བྱར་ཇོ་བོས་བཞེད། །ཅེས་པ་སྟེ། རང་གི་སྲོ༷ག་གི་ཕྱིར་ད༷ང་། རྒྱལ་སྲིད་ལ་སོགས་པའི་བྱ༷་དག༷འ་ཆེན་པོའི་ཕྱིར༷་ཡང་དཀོ༷ན་མཆོ༷ག་གསུ༷མ་མི༷་སྤོ༵ང་བ་དང་། དགོ༷ས་ག༷ལ་ཇི་ལྟར་ཆེ༷་ཡང༷་དཀོན་མཆོག་གསུམ་ལ་བློ་གཏོད་པ་ལས་འཇིག་རྟེན་པའི་ཐ༷བས་གཞ༷ན་མི༷་འཚོ༷ལ་ཞི༷ང་། རྟག་ཏུ་དཀོན་མཆོག་
གསུམ་གྱི་ཡོན་ཏན་དྲན་པས་དུས༷་ཀྱི་མཆོ༷ད་པ་མི༷་བཅ༷ག་དང་། ཕན་ཡོན་ཤེས་པས་ར༷ང་སྐྱབས་སུ་འགྲོ་ཞིང་གཞ༷ན་རྣམས་ཀྱང་སྐྱ༷བས་སུ་འགྲོ༷་བར༷་འགོ༵ད་པ་དང་། རང་ཉིད་ག༷ར་འགྲོ༷་ནའང་དེའི༷་ཕྱོ༷གས་ཀྱི་སང༷ས་རྒྱས༷་ཡིད་ལ་བྱ་ཞིང་སྐུ་གཟུགས་སོགས་ལ༷་ཕྱག༷་འཚ༵ལ་བ་སྟེ། དེ་ལྔ༷་པོ་རྣམ༷ས་ནི་དཀོན་མཆོག་གསུམ་པོ་ཐུ༷ན་མོ༷ང་གི་བསླབ༷་བྱ༷་ཡིན་པར༷་ཇོ༷་བོ༷་རྗེས༷་བཞེ༷ད་པར་གསུངས་སོ། །གཉིས་པ་བསྙེན་གནས་ཀྱི་བསླབ་བྱ་ལ་གཉིས། དུས་ཁྲིམས་ཀྱི་བསླབ་བྱ་དངོས་བཤད་པ། དེ་གཏན་ཁྲིམས་སུ་བྱིན་ན་གོ་མིའི་དགེ་བསྙེན་དུ་འགྱུར་ཚུལ་ལོ། །དང་པོ་དུས་ཁྲིམས་ཀྱི་བསླབ་བྱ་དངོས་བཤད་པ་ནི། རྩ་བཞི་སྤོང་བ་ཚུལ་ཁྲིམས་ཡན་ལག་ཡིན། །ཆང་སྤོང་བག་ཡོད་ཡན་ལག་མལ་ཆེ་མཐོ། །གར་ཕྲེང་ལ་སོགས་ཕྱི་དྲོའི་ཁ་ཟས་གསུམ། །བརྟུལ་ཞུགས་ཡན་ལག་བསྙེན་གནས་སྡོམ་པ་ཡིན། །ཡན་ལག་འདི་བརྒྱད་གཏན་དུ་མ་ཡིན་པས། །ཡོན་ཏན་རྟེན་མིན་དེ་ཕྱིར་སོ་ཐར་ནི། །མཚན་ཉིད་ལྡན་པ་རིས་བདུན་ཁོ་ན་ཡིན། །ཞེས་པ་སྟེ། སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་སྤྱོད་པ། རྫུན་སྨྲ་བ་སྟེ་རྩ༷་བ་བཞི༷་ཕྱོགས་མཐུན་དང་བཅས་པ་སྤོ༷ང་བ༷་ཚུལ་ཁྲི༷མས་
བརྟན་པར་བྱེད་པའི་ཡ༷ན་ལ༷ག་ཡི༵ན་ལ། ཆ༷ང་བཏུང་བ་སྤོང༷་བ་བ༷ག་ཡོ༷ད་གོང་འཕེལ་དུ་བྱེད་པའི་ཡ༷ན་ལ༷ག་དང་། མ༷ལ་ཆེ༷ན་པོ་དང་མཐོ༵ན་པོ་གཉིས་དང་། ག༷ར་འཁྲབ་པ་དང་། རྒྱན་ཕྲེ༷ང་འདོགས་པ་ལ༷་སོ༷གས་པ་དང་། དུས་མིན་པ་ཕྱི༷་དྲོ༷འི་ཁ༷་ཟ༷ས་བཅས་དེ་གསུ༵མ་སྤོང་བ་བརྟུལ༷་ཞུག༷ས་དག་པར་བྱེད་པའི་ཡ༷ན་ལ༷ག་སྟེ། འདི་བརྒྱད་པོ་བསྲུང་བ་ནི་བསྙེན༷་གན༷ས་ཀྱི་སྡོ༷མ་པ༷་ཡི༷ན་ཏེ། མཛོད་ལས། ཚུལ་ཁྲིམས་ཡན་ལག་བག་ཡོད་པའི། །ཡན་ལག་བརྟུལ་ཞུགས་ཡན་ལག་སྟེ། །བཞི་གཅིག་དེ་བཞིན་གསུམ་རིམ་བཞིན། །ཞེས་ཡན་ལག་གི་ངེས་པ་དང་། གཞན་ལ་བསྙེན་གནས་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་རྟེན་གྱི་ངེས་པ་བསྟན་པ་བཞིན་དང་། གཞན་ཡང་། དྲན་པ་ཉེར་བཞག་ལས། བདག་ལ་འདི་ཡིས་མི་གནོད་ཅེས། །བློ་ལྡན་ཆང་ལ་ཡིད་མི་རྟོན། །མྱོང་ཚེ་བསིལ་ཡང་རྣམ་སྨིན་ཚ། །ཆང་གིས་དམྱལ་བར་འགྲོ་བར་བྱེད། །ཅེས་སོ། །དེ་ལྟར་ཡ༷ན་ལ༷ག་འདི༷་བརྒྱད༷་པོ་ཉིན་ཞག་ཕྲུག་གཅིག་གི་དུས་ཁྲིམས་ལས་གཏ༷ན་དུ༷་བཅས་པའི་ཁྲིམས་མ༷་ཡི༷ན་པ༵ས་ན། སྡོམ་པ་གོང་མ་རྣམས་ཀྱི་ཡོ༷ན་ཏན༷་སྐྱེ་བའི་རྟེ༷ན་མི༷ན་པས་དེ༷འི་ཕྱིར༷་
ན་གོང་མའི་ཡོན་ཏན་གྱི་རྟེན་དུ་གྱུར་པ་སོ༷་ཐ༷ར་ནི༵་མཚ༷ན་ཉིད༷་དང་ལྡ༷ན་པ༷་རི༷ས་བདུ༷ན་ཁོ༷་ན༷་ཡི༵ན་པར་ངེས་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པའི་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་གསུངས་སོ། །གཉིས་པ་དེ་ཉིད་གཏན་ཁྲིམས་སུ་བྱིན་ན་གོ་མཱིའི་དགེ་བསྙེན་དུ་འགྱུར་ཚུལ་ནི། འདི་བརྒྱད་ཇི་སྲིད་འཚོ་ཡི་བར་བསྲུང་ན། །གོ་མཱིའི་དགེ་བསྙེན་ཡིན་ཀྱང་ཡོད་སྨྲའི་མིན། །གནས་བརྟན་སྡེ་པའི་ལུགས་སུ་དབྱིག་གཉེན་བཞེད། །ཅེས་པ་སྟེ། གལ་ཏེ་ཡན་ལག་འདི༷་བརྒྱད༷་པོ་ཇི༷་སྲི༷ད་འཚོ༷་ཡི༷་བ༷ར་དུ་ཁས་བླངས་ནས་བསྲུ༷ང་ན༵། སློབ་དཔོན་ཙནྡྲ་པས་འདི་ལྟར་བླངས་པས་ཙནྡྲ་གོ་མཱི་ཞེས་གྲགས་པ་ལྟར་གོ༷་མཱིའི༷་དགེ༷་བསྙེ༷ན་ཡི༷ན་ཀྱང་། གཞི་ཐམས་ཅད་ཡོ༷ད་པར་སྨྲ༷་བའི༷་ལུགས་ཀྱི་འདུལ་བ་ལས་བཤད་པ་མི༵ན་མོད་ཀྱང་། འཕགས་པ་གན༷ས་བརྟ༷ན་སྡེ༷་པ༷འི་ལུ༷གས་སུ༷་ཡིན་པར་སློབ་དཔོན་དབྱི༷ག་གཉེ༷ན་གྱིས་བཞེ༵ད་དེ། ཇི་སྐད་དུ། གོ་མཱིའི་དགེ་བསྙེན་ཞེས་བྱ་བ་འདི་ནི་འཕགས་པ་གནས་བརྟན་སྡེ་པའི་མན་ངག་བརྒྱུད་པ་ལས་ཐོས་ཀྱི་བདེ་བར་གཤེགས་པས་གསུངས་པ་ནི་མ་མཐོང་ངོ་། །ཞེས་
གསུངས། འོན་ཀྱང་ཐེག་ཆེན་གྱི་སྡེ་སྣོད་ལས་འབྱུང་སྟེ། རྒྱལ་བུ་སྙིང་རྗེ་ཆེར་སེམས་ཀྱིས་འདི་ལྟར་ཁས་བླངས་པར་དཀོན་མཆོག་བརྩེགས་པ་ལས་གསུངས་པའི་ཕྱིར་རོ། །གསུམ་པ་དགེ་བསྙེན་གྱི་བསླབ་བྱ་ལ་གསུམ། དགེ་བསྙེན་གྱི་སྤང་བྱ་ལྔ་ངོས་བཟུང་བ། དེ་བསྲུང་ཚུལ་གྱི་གྲངས་ལས་དགེ་བསྙེན་གྱི་དབྱེ་བ་བཤད་པ། ཕྱོགས་མཐུན་གྱི་བསླབ་བྱ་བསྟན་པའོ། །དང་པོ་དགེ་བསྙེན་གྱི་སྤང་བྱ་ངོས་བཟུང་བ་ནི། གསོད་རྐུ་རྫུན་སྨྲ་འདོད་པས་ལོག་པར་གཡེམ། །མྱོས་འགྱུར་སྤོང་རྣམས་དགེ་བསྙེན་སྡོམ་པ་སྟེ། །ཞེས་པས། དེ་ལ་བསྲུང་བྱ་ནི་གསོ༷ད་པ་སྟེ་སྲོག་གཅོད་པ་དང་། རྐུ༷་བ་སྟེ་མ་བྱིན་པ་ལེན་པ་དང་། མིའི་ཆོས་བླ་མའི་རྫུན༷་སྨྲ༷་བ་དང་། འདོ༷ད་པ༷ས་ལོ༷ག་པ༷ར་གཡེ༵མ་པ་སྟེ་རྩ་བ་བཞི་ཡིན་ཅིང་། འདི་དག་ལ་ཡུལ་གྱི་ཡན་ལག་ཏུ་མི་ཡིན་པ་དགོས་ཏེ། དེ་མ་ཚང་ན་རྩ་བར་གཏོགས་པའི་ཉེས་པ་ཙམ་དུ་ཟད་ཀྱི་རྩ་བ་དངོས་མ་ཡིན་པས་སྡོམ་པ་ཉམས་པར་མི་འགྱུར་ལ། འདིར་མི་ཚངས་སྤྱོད་མི་འཇོག་པར་འདོད་ལོག་འཇོག་པ་ནི་ཁྱིམ་པས་བསྲུང་སླ་བ་ལ་སོགས་པའི་ཕྱིར་ཏེ། མཛོད་ལས། ལོག་གཡེམ་ཤིན་ཏུ་དམད་ཕྱིར་
དང་། །སླ་ཕྱིར་མི་བྱེད་ཐོར་ཕྱིར་རོ། །ཞེས་སོ། །དེ་དག་གི་ཡན་ལག་ཏུ་མྱོས༷་འགྱུར༷་སྤོང༷་བ་སྟེ་དེ་མ་སྤང་ན་བསླབ་པ་གཞན་བསྲུང་མི་ནུས་པའི་ཕྱིར་བསླབ་གཞི་ལྔ་པོ་དེ་རྣམ༷ས་ནི་དགེ༷་བསྙེན༷་གྱི་སྡོ༷མ་པ༷་སྟེ༵། དང་པོ་བཞི་རྩ་བ་དང་། ཕྱི་མ་གཅིག་ཡན་ལག་ལོ། །གཉིས་པ་དེ་བསྲུང་ཚུལ་གྱི་གྲངས་ལས་དགེ་བསྙེན་གྱི་དབྱེ་བ་བཤད་པ་ལ་གཉིས། ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་དང་། མདོ་སྡེ་པའི་ལུགས་སོ། །དང་པོ་ཉན་ཐོས་བྱེ་བྲག་སྨྲ་བའི་ལུགས་ནི། གང་འདོད་ཁས་ལེན་གྲངས་ལྟར་སྣ་གཅིག་སྤྱོད། །སྣ་འགའ་ཕལ་ཆེར་སྤྱོད་དང་ཡོངས་རྫོགས་སྤྱོད། །གཅིག་གཉིས་གསུམ་དང་ལྔ་སྤོང་། ཞེས་པ་སྟེ། རང་གིས་ག༷ང་བསྲུང་འདོ༷ད་པ་ལྟར་ཁ༷ས་ལེ༷ན་པའི་གྲ༷ངས་ཇི་ལྟ༷་བར༷་སྲོག་གཅོད་པ་ཙམ་སྤོང་བ་ལྟ་བུ་སྣ༷་གཅི༷ག་སྤྱོ༵ད་པ་དང་། དེའི་སྟེང་དུ་མ་བྱིན་ལེན་ཙམ་སྤོང་བ་ལྟ་བུ་སྣ༷་འག༷འ་སྤྱོད་པ་དང་། དེ་གཉིས་ཀྱི་སྟེང་དུ་རྫུན་སྤོང་བ་ལྟ་བུ་ཕ༷ལ་ཆེ༷ར་སྤྱོད༷་པ་དང་། དེ་གསུམ་གྱི་སྟེང་དུ་འདོད་ལོག་ཆང་དང་བཅས་པ་སྤོང་བ་ཡོ༷ངས་རྫོ༷གས་སྤྱོད༵་པ་སྟེ། དེ་དག་རིམ་བཞིན་སྤང་བྱ་གཅི༷ག་དང་། གཉི༷ས་དང་། གསུ༷མ་ད༷ང་། ལྔ༷་སྤོ༷ང་བའི་རིམ་པའོ། །དེའང་དང་པོ་ཡོངས་རྫོགས་དགེ་བསྙེན་གྱི་བསླབ་
པ་ནོད་ནས་ཕྱིས་སྣ་གཅིག་སོགས་གང་འདོད་ལྟར་བསྲུང་བ་ལ་དེ་དག་སྤྱོད་ཅེས་འདོད་དོ། །གཉིས་པ་མདོ་སྡེ་པའི་ལུགས་ནི། དེ་ཡི་སྟེང་། །མི་ཚངས་སྤྱོད་སྤྱོད་ཚངས་སྤྱོད་དགེ་བསྙེན་ནོ། །འདི་དང་གོ་མཱི་གཉིས་ནི་ཁྱིམ་པ་དང་། །རབ་བྱུང་གཉིས་ཀ་མིན་ཞེས་མཁས་རྣམས་བཞེད། །ཅེས་པ་སྟེ། གོང་གི་བསླབ་གཞི་ལྔ་པོ་དེ༷་ཡི༷་སྟེང༵་དུ་མི༷་ཚ༷ངས་པར་སྤྱོད༷་པ་སྤོ༷ང་བ་ནི་ཚ༷ངས་སྤྱོད༷་དགེ༷་བསྙེན༷་ཏེ། ཇི་སྐད་དུ། རྒྱན་གྱིས་བརྒྱན་པར་བྱས་ཀྱང་ཆོས་སྤྱོད་ལ། །ཞེས་སོགས་ཀྱིས་བསྟན་པར་མདོ་སྡེ་པས་འདོད་པ་ཡིན་ནོ༵། །འདི༷་ད༷ང་གོ༷་མི༷འི་དགེ་བསྙེན་གཉི༷ས་ནི༷་ཁྱིམ་ཐབས་སྤངས་པས་འདོད་པ་འཁྲིག་བཅས་ཀྱི་ཁྱི༷མ་པ༷་ད༵ང་། ངུར་སྨྲིག་སོགས་ཀྱི་རྟགས་མ་བླངས་པས་ར༷བ་བྱུང༷་གཉིས༷་ཀ༷་མི༷ན་ནོ་ཞེ༷ས་མཁ༷ས་པ་རྣ༷མས་བཞེ༵ད་ལ། གཞན་ཡང་། འདི་གཉིས་ཀྱི་ཚུལ་ཆོ་འཕྲུལ་བསྟན་པའི་མདོ་ལས་གསལ་བར་གསུངས་ཏེ། ཇི་སྐད་དུ། རབ་བྱུང་ཡོན་ཏན་དུ་མ་ལྡན་པ་ཞེས། །དེ་བཞིན་གཤེགས་པ་རྣམས་ཀྱིས་བསྔགས་མོད་ཀྱི། །སེམས་ཅན་ཀུན་ལ་སྙིང་རྗེར་གྱུར་པས་ན། །འགྲོ་ལ་ཕན་ཕྱིར་བདག་གིས་རྒྱལ་སྲིད་སྒྲུབ། །ཇི་སྲིད་འཚོའི་བར་ཚངས་པར་སྤྱོད་
བྱེད་ཅིང་། །གསོ་སྦྱོང་ཡན་ལག་བརྒྱད་པའང་བླང་བར་བགྱི། །ཞེས་གསུངས་སོ། །གསུམ་པ་ཕྱོགས་མཐུན་གྱི་བསླབ་བྱ་བསྟན་པ་ལ་གཉིས། དངོས་དང་། སྔགས་པ་ཁྱིམ་པས་ཀྱང་བསླབ་དགོས་པར་གདམས་པའོ། །དང་པོ་དངོས་ནི། མི་དགེ་ལྷག་དྲུག་ཕྱོགས་མཐུན་སྤང་བྱ་དང་། །ཞེས་པ་སྟེ། མི༷་དགེ༷་བ་བཅུ་ལས་ལུས་ཀྱི་ལས་གསུམ་བརྗོད་མ་ཐག་པ་ལྟར་དང་། །ངག་གི་ལས་རྫུན་དོར་བས་ལྷག༷་མ་ཕྲ་མ། ཚིག་རྩུབ། ངག་འཁྱལ་གསུམ་དང་། ཡིད་ཀྱི་ལས་བརྣབ་སེམས། གནོད་སེམས། ལོག་ལྟ་གསུམ་སྟེ་དྲུ༷ག་དང་། རྩ་བ་བཞིའི་ཕྱོ༷གས་སུ་མཐུ༷ན་པ་དུད་འགྲོ་གསོད་པ་ལ་སོགས་པའི་སྤ༷ང་བྱ༷་རྣམས་ནི་སྡོམ་པ་མི་གཏོང་ཡང་འགྱོད་སྡོམ་ད༵ང་བཅས་པའི་ཕྱིར་བཅོས་པར་བྱ་དགོས་པའི་བསླབ་བྱ་ཡིན་ནོ། །གཉིས་པ་སྔགས་པ་ཁྱིམ་པས་ཀྱང་བསླབ་དགོས་པར་གདམས་པ་ནི། དགེ་བསྙེན་སྡོམ་ལྡན་རིག་པ་འཛིན་པས་ཀྱང་། །རབ་བྱུང་རྟགས་དང་ཆོ་ག་མ་གཏོགས་པ། །ལྷག་རྣམས་ཉམས་སུ་ལེན་པར་དཔུང་བཟང་བཤད། །ཅེས་པ་སྟེ། དགེ༷་བསྙེན༷་གྱི་སྡོ༷མ་པ་དང་ལྡ༷ན་པའི་ཁྱིམ་པ་སྔགས་ལམ་ལ་ཞུགས་པའི་རི༷ག་པ༷་འཛི༷ན་པ༷་དེས༷་ཀྱ༵ང་
ངུར་སྨྲིག་བགོ་བ་དང་ལྷུང་བཟེད་འཆང་བ་དང་སྐྲ་འདྲེག་པ་སོགས་ར༷བ་ཏུ་བྱུང༷་བའི་རྟ༷གས་རྣམས་ད༷ང་། ལས་ཀྱི་ཆོ༷་ག༷་དང་བཅས་རྐྱང་འགའ་ཞིག་མ༷་གཏོག༷ས་པ༵འི་ལྷག༷་མ་རྣ༷མས་འདུལ་བ་ལས་ཇི་ལྟར་འབྱུང་བ་བཞིན་དུ་ཉམ༷ས་སུ༷་ལེ༷ན་དགོས་པ༷ར་དཔུ༷ང་བཟ༷ང་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་བཤ༵ད་པའི་ཕྱིར་སྔགས་པ་རབ་བྱུང་གིས་ནི་ལྟ་སྨོས་ཀྱང་ཅི་འཚལ་ལོ། །གཉིས་པ་རབ་བྱུང་ཕྱོགས་ཀྱི་བསླབ་བྱ་བསྟན་པ་ལ་གསུམ། དགེ་ཚུལ་ཕ་མའི་བསླབ་བྱ་བཤད་པ། དགེ་སློབ་མའི་བསླབ་བྱ་བཤད་པ། དགེ་སློང་ཕ་མའི་བསླབ་བྱ་བཤད་པའོ། །དང་པོ་དགེ་ཚུལ་གྱི་བསླབ་བྱ་བཤད་པ་ལའང་གསུམ། དགེ་ཚུལ་གྱི་བླང་འདས་དངོས། ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས། བར་མ་རབ་བྱུང་གི་དུས་སུ་བླང་བ་ལས་འདས་པའི་ཕྱོགས་མཐུན་ནོ། །དང་པོ་དགེ་ཚུལ་གྱི་བླང་འདས་དངོས་ལ་གཉིས། རྩ་བའི་ཆོས་གཞི་དང་། ཡན་ལག་གི་ཆོས་དྲུག་གོ། །དང་པོ་རྩ་བའི་ཆོས་བཞི་ནི། སྲོག་གཅོད་རྐུ་དང་མི་
ཚངས་སྤྱོད་དང་རྫུན། །ཞེས་པ་སྟེ། མིའམ་མིར་ཆགས་པའི་སྲོ༷ག་གཅོ༷ད་པ་དང་། རིན་ཐང་ཚང་བའི་དངོས་པོ་རྐུ༷་བ་ད༷ང་། ལམ་གསུམ་གང་རུང་ལ་བརྟེན་ནས་མི༷་ཚ༷ངས་པར་སྤྱོད་པ་ད༷ང་། མིའི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་བཞི་པོ་འདི་བསྲུང་ན་ཚུལ་ཁྲིམས་སུ་འགྱུར་ཞིང་། མ་བསྲུང་ན་ཁྲིམས་འཆལ་དུ་འགྱུར་བས་ན་རྩ་བ་ཞེས་བྱ་སྟེ། དེའང་འཆབ་མེད་གསོར་རུང་དང་འཆབ་བཅས་གསོར་མི་རུང་བ་དགེ་སློང་དང་འདྲ་སྟེ། སུམ་བརྒྱ་པ་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་གྱུར་ན། །དགེ་སློང་བཞིན་དུ་དགེ་ཚུལ་ལའང་། །ཕྱི་ནས་སྡོམ་སྐྱེའི་སྐལ་བ་མེད། །ཅེས་སོ། །གཉིས་པ་ཡན་ལག་གི་ཆོས་དྲུག་ནི། ཆང་འཐུང་གར་སོགས་ཕྲེང་སོགས་མལ་ཆེ་མཐོ། །ཕྱི་དྲོའི་ཁ་ཟས་གསེར་དངུལ་སྤོང་བ་སྟེ། །ཞུམ་པ་སྤངས་ཕྱིར་རགས་པ་བཅུར་དྲིལ་གསུངས། །ཞེས་པ་སྟེ། མྱོས་པར་འགྱུར་བའི་ཆ༷ང་འཐུ༷ང་བ་དང་། རྒོད་བག་གིས་རང་གར་ངག་ནས་གླུ་ལེན་ཅིང་ལུས་ཀྱིས་ག༷ར་བསྒྱུར་བ་རོལ་མོའི་རིགས་འབུད་ཅིང་དཀྲོལ་བ་སོ༷གས་རྩེད་མོའི་རིགས་བྱེད་གསུམ་དང་། འཕྱོར་སྒེག་གི་རྣ་ཆ་གདུ་བུ་ལ་སོགས་རྒྱན་འདོགས་པ་དང་།
མེ་ཏོག་དང་རིན་པོ་ཆེ་སོགས་ཀྱི་ཕྲེ༷ང་བས་སྤྲས་པ་དང་། སྨན་སྤོས་སོགས་ལུས་ལ་དྲི་བཟང་པོས་བགོས་ཏེ་ཁ་དོག་འཆང་བ་སོ༷གས་རྒྱན་གྱི་རིགས་བྱེད་གསུམ་དང་། གསེར་དངུལ་ཟ་འོག་སོགས་རྒྱུ་རིན་ཐང་ཅན་གྱི་མ༷ལ་ཆེ༷ན་པོ་དང་། རིན་ཐང་ཆུང་ཡང་ཤིང་ཁྲི་ཁྲུ་གང་ལས་ལྷག་པའི་མཐོ༵་བ་ལ་སྐབས་མ་ཡིན་པར་འདུག་པ་དང་། རང་གླིང་གི་ཉི་མ་ཕྱེད་ཡོལ་ཟིན་ནས་ཕྱི༷་དྲོ༷འི་དུས་སུ་ཁ༷་ཟ༷ས་ཟ་བ་དང་། རེག་པ་ཙམ་རུང་ཡང་ཆགས་སྲེད་ཀྱིས་གསེ༷ར་དངུ༷ལ་ཕུག་ནོར་དུ་འཆང་བ་སྤོ༷ང་བ༷་སྟེ༵། དྲུག་པོ་ལ་ཡན་ལག་ཅེས་རྩ་བ་བསྲུང་བའི་ཐབས་ཡིན་ཅིང་། དེའང་ཆང་ནི་བག་ཡོད་ཀྱི་ཡན་ལག་དང་། གཞན་ལྔ་བརྟུལ་ཞུགས་ཀྱིན་ཡན་ལག་གོ། །དེའང་བྲྀ་ཛའི་བུ་བཞིན་དུ་བསླབ་གཞི་མང་པོ་ཐོས་པས་སེམས་ཞུམ་སྟེ་བསླབ་པ་ལེན་པ་ལས་ལྡོག་པ༷་སྤ༷ང་བའི་ཕྱིར༷་དུ་ར༷གས་པ༷་བཅུ༷་པོ་འདིར༷་དྲིལ༷་ནས་གསུ༵ངས་པ་ཡིན་ལ། དེ་རྣམས་ཆར་གཏོགས་དང་བཅས་པའི་སྒོ་ནས་དབྱེ་ན་བླང་འདས་སོ་གསུམ་དུ་འགྱུར་ཏེ། ཇི་སྐད་དུ། རྩ་བཞི་གསོད་གསུམ་གཞི་མེད་ནས། །སུན་འབྱིན་བར་ལྔ་ཤེས་བཞིན་བཤེས། །འཕྱ་དང་ཟས་ཅུང་ལྷག་མས་སྐུར། །ཉེར་འཇོག་
འབྲས་ཆེན་བགེགས་དང་ཆང་། །གར་གསུམ་ཕྲེང་གསུམ་མལ་ཆེ་མཐོ། །དུས་མིན་རིན་ཆེན་བར་མ་གསུམ། །དེ་ལྟར་སུམ་ཅུ་རྩ་གསུམ་མོ། །ཞེས་པས་རྩ་བ་བཞི་དང་། སྲོག་གཅོད་ཀྱི་ཕམ་འདྲའི་ཆར་གཏོགས་དུད་འགྲོ་གསོད་པ། སྲོག་ཆགས་དང་བཅས་པའི་རྩྭ་ཆུར་འདེབས་པ། སྲོག་ཆགས་དང་བཅས་པའི་ཆུར་སྤྱོད་པ་སྟེ་གསོད་པ་གསུམ། རྫུན་གྱི་ཆར་གཏོགས་གཞི་མེད་པ་དང་། བག་ཙམ་སྟེ་ཕམ་པའི་སྐུར་འདེབས་གཉིས། དགེ་འདུན་དབྱེན། དེའི་རྗེས་ཕྱོགས། ཁྱིམ་པ་སུན་འབྱིན་པ། ཤེས་བཞིན་དུ་རྫུན་སྨྲ་བ། བཤེས་ངོར་འཕྱ་བ། ཞལ་ཏ་བར་འཕྱ་བ། ཟས་ཅུང་ཟད་ཀྱི་ཕྱིར་ཆོས་སྟོན་ཞེས་སྐུར་པ་འདེབས་པ། ལྷག་མའི་སྐུར་འདེབས། བསླབ་གཞི་ཁྱད་གསོད། ལྷག་པོར་ལེན་ཕྱིར་འབྲས་ཆེན་འགེབ་པ་སྟེ་བཅུ་གཉིས། དེ་ལྟར་ན་རྩ་བ་བཞི་དང་དེའི་ཆར་གཏོགས་པ་བཅོ་ལྔ་བཅས་བསྡོམས་པས་བཅུ་དགུ། ཆང་འཐུང་བ་དང་། གླུ་གར་དང་། རོལ་མོ་སྟེ་གསུམ། རྒྱན་དང་། ཕྲེང་བ། དྲིའི་ཁ་དོག་འཆང་བ་སྟེ་གསུམ་རྣམས་བསྡོམས་པས་དྲུག །མལ་ཆེན་པོ་དང་། མཐོན་པོ་གཉིས། ཕྱི་དྲོའི་ཁ་ཟས། གསེར་
དངུལ་ལེན་པ་རྣམས་བསྣན་པས་སུམ་ཅུ། འོག་ནས་འབྱུང་བའི་ཉམས་པ་གསུམ་དང་བཅས་པས་དགེ་ཚུལ་གྱི་བླང་འདས་སུམ་ཅུ་རྩ་གསུམ་ཡིན་ནོ། །གཉིས་པ་ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས་ནི། ཆོས་གོས་ལྷུང་བཟེད་འཆང་བ་འབྲལ་བ་དང་། །ས་བརྐོ་རིན་ཆེན་རེག་དང་མེ་ལ་རེག །བཏང་ནས་ཟ་དང་ཤིང་འཛེག་ཤིང་གཅོད་དང་། བྱིན་ལེན་རྩྭ་སྔོན་ཁྲོད་དུ་མི་གཙང་འདོར། །གསོག་འཇོག་ཟ་དང་ས་བོན་འཇོམས་པ་རྣམས། །གནང་བའི་ཉེས་མེད་བཅུ་གསུམ་མ་གཏོགས་པ། །དགེ་སློང་ཇི་བཞིན་སྤང་བླང་མཐའ་དག་གཅིག །འཆང་བའི་ཟླར་བསྡུ་གོས་རྒྱུ་ཟླ་བར་འཇོག །འབྲལ་བའི་ཟླར་བསྡུ་དགོན་པའི་འབྲལ་སྤང་བྱེད། །གསོག་འཇོག་ཟླར་བསྡུ་གསོག་འཇོག་བྱེད་པའང་གནང་། །ཞེས་པ་སྟེ། ཆོ༷ས་གོ༷ས་ལྷག་པོར་འཆང་བ་དང་། ལྷུང༷་བཟེ༷ད་ཟུང་འཆ༷ང་བ༷་དང་། ཆོས་གོས་དང་འབྲ༷ལ་བ༷་ད༵ང་། ས༷་བརྐོ༷་བ་དང་། རིན་ཆེ༷ན་གྱི་རིགས་ལ་རེ༷ག་པ་ད༷ང་། མེ༷་ལ༷་རེ༵ག་པ་དང་། བློས་བཏ༷ང་ན༷ས་ཡང་ཟ༷་བ་ད༷ང་། ཤི༷ང་ལ་མི་གང་ལས་མཐོར་འཛེ༷གས་པ་དང་། ཤི༷ང་སོགས་སྐྱེ་བ་གཅོ༷ད་པ་ད༵ང་། བྱིན༷་ལེ༷ན་མ་བྱས་པར་ཟ་བ་དང་། རྩྭ༷་སྔོ༷ན་གྱི་ཁྲོ༷ད་
དུ༷་མི༷་གཙ༷ང་བ་འདོ༵ར་བ་དང་། གསོ༷ག་འཇོ༷ག་ཏུ་སོང་བ་ཟ༷་བ་ད༷ང་། རུང་བ་མ་བྱས་བར་ས༷་བོ༷ན་འཇོ༷མས་པ༷་རྣ༷མས་ནི་དགེ་ཚུལ་རྣམས་ལ་སྟོན་པས་རྗེས་སུ་གན༷ང་བ༷འི་ཉེས༷་མེ༷ད་བཅུ༷་གསུ༷མ་པོ་སྟེ། འདི་རྣམས་བསྟན་བཅོས་བྱེ་བྲག་བཤད་པ་ལས་གསུངས་ལ། དེ་རྣམས་མ༷་གཏོག༷ས་པ༵་དགེ༷་སློང༷་ཇི༷་ལྟ་བ་བཞི༷ན་དུ་སྤ༷ང་བྱ་དང་བླ༷ང་བྱ་མཐ༷འ་ད༷ག་ཐུན་མོང་པ་ཡིན་པས་གཅི༵ག་ཏུ་འགྱུར་མོད། འོན་ཏེ་དགེ་ཚུལ་གྱི་སྐབས་འདིར་བཤགས་ཡུལ་ལ་མི་ལྟོས་པར་ཡིད་ཀྱིས་བསྡོམས་པ་ཙམ་གྱིས་འདག་གོ། །དེའི་སྟེང་དུ་གོས་ལྷག་པོར་འཆ༷ང་བ༷འི་ཟླར༷་བསྡུ༷་བ་གོ༷ས་རྒྱུ༷་ཟླ༷་བ༷་ལས་ལྷག་པར༷་འཇོ༵ག་པ་དང་། གོས་དང་འབྲ༷ལ་བ༷འི་བསྡུ༷་བ་འཇིགས་པ་དང་བྲལ་ཡང་དགོ༷ན་པ༷འི་གནས་སུ་འབྲ༷ལ་སྤ༷ང་བྱེད༷་པ་དང་། གསོ༷ག་འཇོ༷ག་ཟ་བའི་ཟླར༷་བསྡུ༷་བ་འཚོ་བ་ཙམ་གྱི་ཕྱིར་གསོ༷ག་འཇོ༷ག་བྱེ༷ད་པ༷འང་གན༵ང་བ་ཡིན་ལ། དེ་གསུམ་གྱི་སྟེང་དུ་བོད་ཀྱི་འདུལ་འཛིན་རྣམས་ཀྱིས་རུང་མཐུན་བསྡུ་བ་ལ། ཟླ་འཇོག་གསོག་འཇོག་དགོན་པ་འབྲལ། །མ་སྨྲས་འདུན་བསྒྱུར་མ་རྫོགས་ཉལ། །ཞེས་པ་ལྟར་གསུམ་པ་བསྣན་པས་ཉེས་མེད་བཅུ་དགུར་འགྱུར་རོ། །གསུམ་པ་བར་མ་རབ་བྱུང་གི་དུས་སུ་བླངས་
པ་ལས་འདས་པའི་ཕྱོགས་མཐུན་ནི། ཁྱིམ་རྟགས་སྤོང་ཉམས་རབ་བྱུང་རྟགས་ལེན་ཉམས། །བརྙས་པས་མཁན་པོར་ཉམས་ཏེ་ཉམས་པ་གསུམ། །སྤང་བ་དགེ་ཚུལ་སྡོམ་པའི་བསླབ་བྱའོ། །ཞེས་པ་སྟེ། དགེ་ཚུལ་གྱིས་གོས་དཀར་པོ་སྦུ་གུ་ཅན་ལྟ་བུ་བསམ་མ་ཐག་པས་ཉིན་གཅིག་ཙམ་གྱོན་ན་ཁྱིམ༷་པའི་རྟ༷གས་སྤོ༷ང་བ་ལས་ཉ༷མས་པ་དང་། ཆོས་གོས་སོགས་ར༷བ་བྱུང༷་གི་རྟག༷ས་ལེ༷ན་པ་ལས་ཉ༵མས་པ་དང་། བསླབ་པ་ལ་མ་གུས་ཤིང་བརྙ༷ས་པ༷ས་མཁ༷ན་པོ༷ར་གསོལ་བ་བཏབ་པ་ལས་ཉ༷མས་པ་སྟེ༷། ཉ༷མས་པ༷་གསུམ༷་པོ་འདི་བར་མ་རབ་བྱུང་གི་སྡོམ་པ་གཏོང་བྱེད་དངོས་དང་དགེ་ཚུལ་གྱི་བླངས་འདས་སོ། །དེ་ལྟར་ཉམས་པ་གསུམ་པོ་དང་བཅས་པ་སྤ༷ང་བར་བྱ་བ༷་ནི་དགེ༷་ཚུལ༷་ཕ་མ་གཉིས་ཀྱི་སྡོ༷མ་པ༷འི་བསླབ༷་པར་བྱ༷་བའོ༵། །གཉིས་པ་དགེ་སློབ་མའི་བསླབ་བྱ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། །དང་པོ་མདོར་བསྟན་པ་ནི། དགེ་སློབ་མ་ནི་དགེ་ཚུལ་ཐོབ་པའི་སྟེང་། །ཞེས་པ་སྟེ། དགེ༷་སློབ༷་མ༷་ནི༷་དགེ༷་ཚུལ༷་མའི་བསླབ་གཞི་བཅུ་ཐོ༷བ་པ༷འི་སྟེང༵་དུ་དགེ་སློབ་མའི་སྡོམ་པ་བླངས་ནས་ལོ་གཉིས་ལ་དེའི་བསླབ་བྱ་ལ་སློབ་པ་སྟེ། དེ་ཡང་དགེ་
ཚུལ་མའི་ཕམ་འདྲའི་ཉེས་བྱས་མ་བྱུང་ན་གཤམ་གསལ་རྩ་བའི་ཆོས་དྲུག་ལྟ་བུ་བྱུང་ཡང་དེ་ལ་བསླབ་པ་འཁྲུགས་པ་ཞེས་སླར་ཡང་སྡོམ་པ་ནོད་དེ་ལོ་གཉིས་ལ་བསླབ་པར་བྱ་དགོས་པ་ལས། དེ་དགེ་སློབ་མའི་སྡོམ་པ་གཏོང་བྱེད་དངོས་མ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྩ་བའི་ཆོས་དྲུག་དང་། རྗེས་མཐུན་གྱི་ཆོས་དྲུག་གོ། །དང་པོ་རྩ་བའི་ཆོས་དྲུག་ནི། གཅིག་འགྲོ་ཆུར་རྐྱལ་སྐྱེས་རེག་ལྷན་གཅིག་འདུག །སྨྱན་བྱ་ཉེས་འཆབ་རྩ་བའི་ཆོས་དྲུག་གོ། །ཞེས་པ་སྟེ། ལམ་དུ་རང་གཅི༷ག་པུར་འགྲོ༷་བ་དང་། ཆུར༷་རྐྱལ༷་བ་དང་། སྐྱེས༷་པའི་ལུས་ལ་རེ༷ག་པ་དང་། དེ་དང་ལྷན་གཅི༷ག་ཏུ་འདུ༵ག་པ་དང་། ཕོ་མོ་ཕན་ཚུན་སྨྱ༷ན་བྱ༷་བ་དང་། ཟླ་མོའི་ཉེ༷ས་པ་འཆ༷བ་པ་བཅས་སྤོང་བ་ནི་རྩ༷་བ༷འི་ཆོ༷ས་དྲུག༷་གོ༵། །གཉིས་པ་རྗེས་མཐུན་གྱི་ཆོས་དྲུག་ནི། གསེར་བཟུང་འདོམ་སྤུ་བདྲེག་དང་ས་བརྐོ་སྤང་། །བྱིན་ལེན་མེད་དང་གསོག་འཇོག་བྱས་མི་ཟ། །རྩྭ་སྔོན་མི་གཅོད་འདི་དག་རྗེས་མཐུན་དྲུག །ཅེས་པ་སྟེ། གསེ༷ར་ལ་སོགས་པའི་རིན་པོ་ཆེ་བཟུ༷ང་བ་དང་། འདོ༷མ་གྱི་སྤུ་འདྲེ༷ག་པ་ད༷ང་། ས༷་བརྐོ༷་བ་རྣམས་སྤ༵ང་བ་དང་། ཟས་བྱིན༷་ལེ༷ན་མེ༷ད་པར་ཟ་བ་སྤང་བ་ད༷ང་། གསོ༷ག་འཇོ༷ག་
བྱས༷་ཏེ་མི༷་ཟ༵་བ་དང་། རྩྭ༷་སྔོ༷ན་པོ་མི༷་གཅོ༷ད་པ་སྟེ་འདི༷་ད༷ག་རྣམས་ནི་རྗེ༷ས་མཐུ༷ན་པའི་ཆོས་དྲུ༷ག་གོ། །གསུམ་པ་དགེ་སློང་ཕ་མའི་བསླབ་བྱ་བཤད་པ་ལ་གཉིས། དགག་པའི་བསླབ་བྱ་དང་། བསྒྲུབ་པའི་བསླབ་བྱའོ། །དང་པོ་དགག་པའི་བསླབ་བྱ་ལ་གཉིས། དགེ་སློང་ཕའི་དགག་པའི་བསླབ་བྱ་དང་། དགེ་སློང་མའི་དགག་པའི་བསླབ་བྱའོ། །དང་པོ་དགེ་སློང་ཕའི་དགག་པའི་བསླབ་བྱ་ལའང་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དགེ་སློབ་ཁྲིམས་ལ་ཉིས་བརྒྱ་ལྔ་བཅུ་གསུམ། །ཞེས་པ་སྟེ། དགེ༷་སློང༷་གི་བསླབ་ཁྲི༷མས་ལ༷་ཕམ་པའི་སྡེ་དང་། ལྷག་མའི་སྡེ་དང་། སྤང་ལྟུང་གི་སྡེ་དང་། ལྟུང་བྱེད་ཀྱི་སྡེ་དང་། སོར་བཤགས་ཀྱི་སྡེ་དང་། ཉེས་བྱས་ཀྱི་སྡེ་སྟེ་དེ་དྲུག་པོ་ལ་ནང་གསེས་ཀྱི་དབྱེ་བས་ཁྲིམས་ཉིས༷་བརྒྱ༷་ལྔ༷་བཅུ༷་རྩ་གསུ༵མ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ལ་དྲུག །ཕམ་པའི་སྡེ། ལྷག་མའི་སྡེ། སྤང་ལྟུང་གི་སྡེ། ལྟུང་བྱེད་ཀྱི་སྡེ། སོར་བཤགས་ཀྱི་སྡེ། ཉེས་བྱས་ཀྱི་སྡེ་བཤད་པའོ། །དང་པོ་ཕམ་པའི་སྡེ་ལ་གསུམ། གཞི་མདོར་བསྟན། རྩ་བ་རྒྱས་པར་བཤད། སྐབས་ཀྱི་དོན་བསྡུ་བའོ། །
དང་པོ་གཞི་མདོར་བསྟན་པ་ནི། སྡོམ་པའི་རྩ་བ་ཕམ་པ་བཞི་ཞེས་པ། །ཞེས་པ་སྟེ། བཅས་ལྡན་དགེ་སློང་གིས་འདི་དག་བསྲུངས་ན་སྡོ༷མ་པ་ཕྱི་མ་མ་ལུས་པ༷འི་རྩ༷་བ༷་ཡིན་ལ། གལ་ཏེ་ཉམས་ན་གཉེན་པོའི་ཕྱོགས་མ་ལུས་པ་མཐུ་མེད་པར་བཅོམ་པའི་ཕྱིར་ཕ༷མ་པ༷་བཞི༷་ཞེ༷ས་གྲགས་པ༵འོ། །གཉིས་པ་རྩ་བ་རྒྱས་པར་བཤད་པ་ལ་བཞི། མི་ཚངས་སྤྱོད་ཀྱི་ཕམ་པ། མ་བྱིན་ལེན་གྱི་ཕམ་པ། སྲོག་གཅོད་པའི་ཕམ་པ། མི་ཆོས་བླ་མའི་རྫུན་སྨྲ་བའི་ཕམ་པའོ། །དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པ་ནི། གཞི་ཡི་ཡན་ལག་ཆ་ཀུན་བཟུང་འོས་པ། །སྐྱེ་གནས་ལམ་དུ་ཕོ་དབང་ལས་རུང་ནི། །བསམ་པ་ངོ་ཚ་འཇིགས་མེད་ཆགས་སེམས་ཀྱིས། །སྦྱོར་བ་དྲུད་པ་མཐར་ཐུག་སིམ་པ་ཐོབ། །དེས་ནི་ཚངས་པར་སྤྱོད་ལས་རྣམ་པར་ཉམས། །ཞེས་པ་སྟེ། དེའང་དགེ་སློང་གིས་འདི་བཞི་གང་རུང་ལ་སྤྱད་ན་སྐད་ཅིག་མ་དེར་སྡོམ་པ་རྣམ་པར་དག་པའི་ལྷག་མ་ཙམ་ཡང་མེད་པར་བྱེད་པས་ན་རྩ་བའི་ལྟུང་བ་དང་མི་མཐུན་ཕྱོགས་ཀྱི་གཉེན་པོ་མཐུ་མེད་པར་བཅོམ་པའི་ཕྱིར་ཕམ་པ་ཞེས་གྲགས་ཏེ། དེ་ཡང་མི་ཚངས་སྤྱོད་ལ་གཞན་གྱི་གཞི༷་ཡི༷་ཡ༷ན་ལ༷ག་འཁྲིག་པའི་ཚོར་བ་སྐྱེད་ནུས་པའི་ལུས་ཕྱེད་དུ་
ལོངས་པ་ཡན་ཆད་ཡན་ལག་གི་ཆ༷་ཤས་ཀུ༷ན་བཟུ༷ང་བར་འོ༷ས་པ༵་ཁའམ། གཤང་ལམ་མམ། སྐྱེ༷་གན༷ས་ཆུ་ལ༷མ་གསུམ་པོ་གང་རུང་དུ༷། རང་གི་གཞི་ཡི་ཡན་ལག་བརྟེན་བྱེད་ཕོ༷་ཡི་དབ༷ང་པོ་ནད་ལ་སོགས་པས་སྨ་མ་ཕབ་པར་ལ༷ས་སུ་རུ༷ང་བ་དེ་ནི༵། བས༷མ་པ༷་རང་ངོར་ལྟོས་པའི་ངོ༷་ཚ༷་བ་དང་། གཞན་ངོར་ལྟོས་པའི་འཇི༷གས་པ་སྟེ་ཁྲེལ་འཛེམ་མེ༷ད་པར་རེག་བདེ་ཉམས་སུ་མྱོང་བར་འདོད་པའི་ཆ༷གས་སེ༷མས་ཀྱི༵ས། སྦྱོར༷་བ༷་བརྟེན་བྱ་དེར་སྩལ་ཞིང་དྲུད༷་པ༷་ལས་མཐར་ཐུ༷ག་པགས་རིམ་གྱི་མཚམས་ལས་འདས་ནས་ལུས་ཚོར་བདེ་བའི་སི༷མ་པ༷་ཐོ༵བ་པ་སྟེ། ཡན་ལག་བཞི་པོ་ཚང་བ་དེ༷ས་ནི༷་ཚ༷ངས་པ༷ར་སྤྱོད༷་པའི་སྡོམ་པ་ལ༷ས་རྣ༷མ་པ༷ར་ཉ༵མས་པས་ན་ཕམ་པར་འགྱུར་པའོ། །གཉིས་པ་མ་བྱིན་ལེན་གྱི་ཕམ་པ་ནི། བརྐུ་བའི་གཞི་ནི་མི་གཞན་ནོར་ཡིན་པ། །བསམ་པ་རང་ཉིད་འཚོ་ཕྱིར་རྐུ་སེམས་ཀྱིས། །ཡུལ་དུས་རིན་ཐང་ཚང་བ་སྦྱོར་བས་བརྐུས། །མཐར་ཐུག་བརྐུས་སམ་བརྐུར་བཅུག་བརྩད་ནས་ཐོབ། །ཅེས་པ་སྟེ། བརྐུ༷་བར་བྱ་བ༷འི་གཞི༷་ནི༷་རང་དང་ནོར་མི༷་གཅིག་པའི་གཞ༷ན་གྱིས་བདག་ཏུ་བཟུང་བའི་ནོ༷ར་རྫས་ཡི༷ན་པ༵། བས༷མ་པ༷་ར༷ང་ཉིད༷་ཀྱི་བཟའ་བ་དང་བགོ་བ་ལ་
སོགས་པ་འཚོ༷་བར་བྱ་བའི་ཕྱིར༷་དུ་རྐུ༷་བའི་སེམས་ཀྱིས༵། ཡུལ༷་གང་དུའང་དུ༷ས་དེ་དང་བསྟུན་པའི་རི༷ན་ཐ༷ང་ཚ༷ང་བ༷། ལུས་ཀྱི་རྣམ་པ་རིག་བྱེད་ཀྱི་སྦྱོར༷་བ༷ས་དུས་གཅིག་ལ་བརྐུས༵་པ་མཐ༷ར་ཐུ༷ག་རང་གིས་བརྐུ༷ས་ས༷མ་གཞན་ལ་བརྐུ༷ར་བཅུ༷ག་པའམ། བརྩད༷་པ་གང་ཡང་རུང་བའི་སྒོ་ནས་རྫས་དེ་བདག་པོ་དང་བྲལ་ཏེ་རང་ལག་ཏུ་འབྱོར་ནས༷་ཐོབ༵་བློ་སྐྱེས་པའོ། །འདི་ལ་བརྐུ་རྫས་རིན་ཐང་གི་ཚད་ནི་ཀ་རི་ཀ་ལྔ་བཅུ་པ་ལས། ཀརྵ་པ་ཎ་བཞི་ཆ་བརྐུས། །དེ་བརྐུས་ཚུལ་ཁྲིམས་ཞིག་པར་འགྱུར། །ཞེས་གསུངས་པ་སྔོན་གྱི་གསུངས་ཚུལ་དེ་ལ་གཞིག་སྟེ་དེང་སང་བོད་ཡུལ་དུ་ཕྱོགས་ཙམ་གཞིགས་ན་འབྲུ་ཁལ་ཕྱེད་ཙམ་སྟེ། ཡུལ་དུས་ཀྱི་དབང་གིས་མཐའ་གཅིག་ཏུ་མ་ངེས་སོ། །གསུམ་པ་སྲོག་གཅོད་པའི་ཕམ་པ་ནི། སྲོག་གཅོད་གཞི་ནི་མི་གཞན་མ་འཁྲུལ་བར། །བསམ་པ་གསོད་སེམས་གསོད་བྱ་དེར་ཤེས་པ། །སྦྱོར་བ་གསོད་པར་བརྩམས་ནས་མ་བཟློག་པར། །མཐར་ཐུག་སྲོག་གི་དབང་པོ་དགག་པ་དང་། །གསོད་བཅུག་ཡི་རང་བསྔགས་སོགས་རྐྱེན་བྱས་ཀྱང་། །ཞེས་པ་སྟེ། སྲོ༷ག་གཅོ༷ད་ཀྱི་གཞི༷་ནི༷་མིའམ་མིར་ཆགས་པ་རང་ལས་རྒྱུད་ཐ་དད་པ་མི༷་གཞ༷ན་དང་མ༷་འཁྲུ༷ལ་
བ༵ར། བས༷མ་པ༷་བདག་གིས་འདི་ཉིད་ངེས་པར་བསད་པར་བྱའོ་སྙམ་པའི་གསོ༷ད་སེ༷མས་ཀྱིས། གསོ༷ད་པར་བྱ༷་བ་དེ་ལ་དེ༷ར་འདུ་ཤེ༷ས་པ༵། སྦྱོར༷་བ༷་དུག་དང་མཚོན་ཆ་ལ་སོགས་པས་གསོ༷ད་པ༷ར་བརྩ༷མས་ན༷ས་བྱ་བ་ལས་མ༷་བཟློག༷་པ༵ར་མཐར་ཐུག༷་རང་ཉིད་མ་ཤི་བའི་སྔོན་དུ་དེ་ཉིད་སྲོ༷ག་གི༷་དབ༷ང་པོ༷་འག༷ག་པ༷་ད༵ང་། དེ་ལྟར་རང་ཉིད་ཀྱིས་བསད་པ་ཙམ་དུ་མ་ཟད་གཞན་ལ་གསོ༷ད་དུ་བཅུ༷ག་པ་དང་། བསད་པ་ལ་ཤིན་ཏུ་ལེགས་ཤེས་ཡི༷་ར༷ང་བས་བསྔག༷ས་པ་བརྗོད་པ་ལ་སོ༷གས་པས་རྐྱེ༷ན་བྱ༷ས་ནས་བསད་ཀྱ༵ང་འདྲ་ལ། དེར་མ་ཟད་དགེ་སློང་མང་པོས་གྲོས་བྱས་ནས་གཅིག་གིས་བསད་ཀྱང་ཐམས་ཅད་ལ་ཕམ་པ་འབྱུང་སྟེ། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཞེས་སོ། །བཞི་པ་མི་ཆོས་བླ་མའི་རྫུན་གྱི་ཕམ་པ་ནི། རྫུན་གྱི་གཞི་ནི་སྨྲ་ཤེས་དོན་གོའི་མིར། །བསམ་པ་འདུ་ཤེས་བསྒྱུར་ནས་བརྗོད་བློ་སྐྱེས། །སྦྱོར་བ་མངོན་ཤེས་ལ་སོགས་ཡོན་ཏན་ཚོགས། །མེད་ཀྱང་ཡོད་ཅེས་བླ་མའི་རྫུན་སྨྲས་པས། མཐར་ཐུག་གཞན་གྱིས་རྫུན་དེ་གོ་ན་ཉམས། །ཞེས་པ་སྟེ། རྫུན༷་གྱི༷་གཞི༷་ནི༷་གང་ལ་སྨྲ་བའི་
ཡུལ་རང་ལས་རྒྱུད་གཞན་པའི་མི་སྨྲ༷་ཤེ༷ས་པ། དོ༷ན་གོ༷་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་། མཚན་གཉིས་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པའི༷་མི༵ར། བས༷མ་པ༷་དེའི་འདུ༷་ཤེ༷ས་གཞན་དུ་བསྒྱུར༷་ན༷ས་བསླུ་འདོད་ཀྱི་གཏམ་བརྗོ༷ད་འདོད་ཀྱི་བློ༷་སྐྱེས༵་ཏེ། སྦྱོར༷་བ་མངོ༷ན་པར་ཤེ༷ས་པ་ལྔ་ལ༷་སོ༷གས་པ་འདོད་ཁམས་ལས་གོང་དུ་འཕགས་པའི་བསམ་གཏན་དང་པོ་ནས་སངས་རྒྱས་ཀྱི་སའི་བར་གྱི་ཡོ༷ན་ཏན༷་དུ་མའི་ཚོ༵གས་རང་ལ་མེ༷ད་ཀྱང༷་ཡོ༷ད་ཅེ༷ས་འཕགས་པའི་ཆོས་བླ༷་མ༷འི་རྫུ༷ན་ངག་མཚན་ཉིད་བཞི་ལྡན་གྱིས་སྨྲས༷་པ༵ས། མཐ༷ར་ཐུ༷ག་གཞ༷ན་གྱིས༷་རང་གིས་སྨྲས་པའི་རྫུ༷ན་དེ༷ས་འདུ་ཤེས་བསྒྱུར་མ་ནུས་ཀྱང་དོན་གོ༷་བར་གྱུར་ན༷་དགེ་སློང་རང་གི་སྡོམ་པ་ཉམ༵ས་པ་ཡིན་ནོ། །མཚན་ཉིད་བཞི་ལྡན་ནི། རང་གི་ངག་ཡིན་པ། ཚིག་མ་ནོར་བ། དོན་གསལ་པོར། ཡུལ་དེའི་རྣ་བར་མངོན་སུམ་དུ་སྨྲས་པའོ། །དེ་ལྟར་ཕམ་པ་བཞི་པོ་འདི་ལ་གཞི། བསམ་པ། སྦྱོར་བ། མཐར་ཐུག་སྟེ་ཡན་ལག་བཞི་ཚང་བའོ། །གསུམ་པ་སྐབས་ཀྱི་དོན་བསྡུ་བ་ནི། འདི་བཞི་གང་སྤྱད་དགེ་སློང་དེ་ཕམ་ཕྱིར། །ཕས་ཕམ་བཞི་ཞེས་ཐམས་ཅད་མཁྱེན་དེས་གསུངས། །ཞེས་པ་སྟེ། དེས་ན་
འདི༷་བཞི༷་པོ་རང་རང་གི་ཡན་ལག་ཐམས་ཅད་ཚང་བས་ག༷ང་སྤྱད༷་ཀྱང་དགེ༷་སློང༷་དེ༷་མི་མཐུན་ཕྱོགས་ཀྱིས་གཉེན་པོ་མཐུ་མེད་པར་བཅོམ་ནས་ཕ༷མ་པའི་ཕྱི༵ར་ན་ཕ༷ས་ཕ༷མ་པ་བཞི༷་ཞེ༷ས་རྒྱལ་བ་ཐ༷མས་ཅ༷ད་མཁྱེན༷་པ་དེ༷ས་གསུ༵ངས་ཏེ། སོ་སོར་ཐར་པ་ལས། དགེ་སློང་དག་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་དུ་ཕམ་པར་འགྱུར་བ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་། ལོངས་སྤྱོད་དུ་མི་དབང་གིས། གནས་པར་མི་བྱའོ། །ཞེས་གསུངས་སོ། །དེ་ལྟར་ན་བསླབ་བྱ་འདི་རྣམས་ཕྱིའི་རྐྱེན་གནས་ཀྱི་བླ་མ་མཚན་ཉིད་དང་ལྡན་པ་ལས་འདུལ་བ་ནས་གསུངས་པའི་བླང་དོར་གྱི་གནས་མ་ལུས་པ་ལ་ཤིན་ཏུ་མཁས་པར་སྦྱངས་ཤིང་། ནང་གི་རྐྱེན་བསམ་པ་ཕུན་སུམ་ཚོགས་པ་བླང་དོར་ལ་སྤྲོ་བའི་བརྩོན་འགྲུས། འཇུག་ལྡོག་གི་གནས་ལ་བཟོད་པའི་བདག་ཡོད། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོགས་པའི་ཤེས་བཞིན་རྣམས་ལ་བརྟེན་ནས་བསླབ་བྱའི་གནས་ཐམས་ཅད་ལ་དྲན་ཤེས་བརྟན་པོ་རྒྱུན་མི་ཆད་པའི་སྒོ་ནས་བསྲུང་དགོས་པ་ཡིན་ནོ། །གཉིས་པ་ལྷག་མའི་སྡེ་ལ་གཉིས། མདོར་བསྟན་པ་དང་།
རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དགེ་འདུན་ལྷག་མ་བཅུ་གསུམ་ཞེས་གྲགས་པ། །ཞེས་པ་སྟེ། གསོ་བ་དགེ༷་འདུ༷ན་ལ་རགས་ལས་ཤིང་སྡོམ་པ་རྣམ་དག་གི་ལྷག༷་མ༷་ཅུང་ཟད་ཙམ་ལུས་པ་ལ་གྲངས་བཅུ༷་གསུ༷མ་ཡོད་པ་ཡིན་ཞེ༷ས་གྲ༷གས་པ༵་ལ་དབྱེ་ན། ནང་སེམས་ཅན་ལ་ཆགས་པ་ལྔ་དང་། ཕྱི་ཡོ་བྱད་ལ་ཆགས་པ་གཉིས་ཏེ་འདོད་པ་ལས་གྱུར་པ་བདུན། གནོད་པ་ལས་གྱུར་པ་གཉིས། བགོ་བ་ལས་གྱུར་བ་བཞི་རྣམས་སུ་ཡོད་དོ། །གཉིས་པ་རྒྱས་པར་བཤད་པ་ནི། བསྒྲོད་མིན་གནས་སུ་ཁུ་བ་འབྱིན་པ་དང་། །ཆགས་པས་བུད་མེད་ལུས་ཀྱི་ཆ་ཤས་འཛིན། །འཁྲིག་ཚིག་རྗེན་སྨྲ་བུད་མེད་ཆགས་ཕྱིར་བཀུར། །ཕོ་མོ་ཕན་ཚུན་སྨྱན་བྱས་འདུས་ཏེ་འཕྲད། །རང་དོན་ཚད་ལྷག་ཁང་པ་ཁང་ཆེན་བརྩིགས། །བརྗོད་གཞི་མེད་དང་སྙད་ཀ་བག་ཙམ་ལ། །བརྟེན་ནས་དགེ་སློང་སྐུར་བཏབ་དགེ་འདུན་དབྱེན། །དབྱེན་དེའི་རྗེས་ཕྱོགས་བསླབ་པ་དང་འགལ་བ། །ཁྱིམ་སུན་འབྱིན་ཚེ་སྐྲོད་བྱེད་ལ་བསྙོན་པ། །ལྟུང་བྱུང་བསྐུལ་ཚེ་བཀའ་བློ་མི་བདེ་བའོ། །ཞེས་པ་སྟེ། བསྒྲོ༷ད་བྱའི་ལམ་གསུམ་མི༷ན་པར་རང་ངམ་གཞན་གྱི་ཡན་ལག་གི་གན༷ས་སུ༷་ཁུ་བ་དབྱུང་
འདོད་ཀྱི་བསམ་པས་རང་གི་ཕོ་དབང་ལས་སུ་རུང་བས་རེག་ཅིང་བརྩལ་བ་ལས་ཁུ༷་བ༷་འབྱིན༷་པ༷འི་བདེ་བ་མྱོང་བ་ད༷ང་། ཆ༷གས་པ༷འི་སེམས་ཀྱིས༷་བརྟེ༷ན་རུང་བུད༷་མེ༷ད་ལ་རེག་འདོད་ཁོ་ནས་དེའི་ལུས༷་ཀྱིས་ཆ༷་ཤས་སྐྲ་སོགས་ལ་རྗེན་པར་འཛི༵ན་ཏེ་བར་དུ་མ་ཆོད་པར་རེག་པའི་བདེ་བ་མྱོང་བ་དང་། བརྡ་འཕྲོད་པའི་བུད་མེད་བརྟེན་རུང་ལ་འཁྲི༷ག་པ་སྤྱོད་པའི་དངོས་མིང་ཚི༷ག་ཏུ་རྗེ༷ན་པར་སྨྲ༷་ཞིང་དེས་ཀྱང་དོན་གོ་བ་དང་། ཡུལ་བུད༷་མེད་ལ་ཆ༷གས་པ་དོན་དུ་གཉེར་བའི་ཕྱིར༷་བདག་ལྟ་བུའི་དགེ་སློང་ལ་འཁྲིག་པས་བསྙེན་བཀུར་ན་བསྙེན་བཀུ༵ར་ཐམས་ཅད་ལས་མཆོག་གོ་ཞེས་བསྔགས་པའམ་ཡུལ་གྱིས་སྨྲས་པ་དང་དུ་བླངས་ཀྱང་རུང་སྟེ་དེས་བརྡ་འཕྲོད་པ་དང་། རང་ལས་གཞན་པའི་ཕོ༷་མོ༷་གཉིས་ཕ༷ན་ཚུན༷་སྦྱོར་འདོད་ཀྱིས་རང་ངམ་བསྐོས་པའི་འཕྲིན་གསུམ་གྱི་སྒོ་ནས་སྨྱན༷་བྱས༷་པས་དེ་གཉིས་འདུ༷ས་ཏེ༷་དབང་པོ་འཕྲ༵ད་པ་སྟེ་དེ་ལྔ་ནི་ནང་སེམས་ཅན་ལ་ཆགས་པ་ལས་གྱུར་པའོ། །གཞི་རྒྱལ་པོས་མ་གནང་བ་སོགས་རྩོད་པ་ཅན་དང་། སྲོག་ཆགས་མང་བ་དང་། ཆུ་སོགས་ཀྱིས་འཇིག་རྐྱེན་ཡོད་པ་བཅས་མ་དག་གསུམ་དང་ལྡན་པའི་ས་གནས་སུ། དགེ་འདུན་ལས་གནང་བ་མ་ཐོབ་པར་ར༷ང་གི་
དོ༷ན་དུ་གཞན་ལ་འབད་པས་བཙལ་བའི་ཡོ་བྱད་ཀྱིས་སྲིད་དུ་མིའི་ཁྲུ་བཅོ་བརྒྱད་དང་། ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚ༷ད་ལས་ལྷག༷་པའི་ཁ༷ང་པ་རང་ངམ་གཞན་ལ་བསྐོས་པས་བརྩིགས་ཀྱང་རུང་སྟེ་ཐོག་ཕུབ་ཟིན་པ༷་དང་། གང་ཟག་བཞིར་ལོངས་པ་ཡན་ཆད་ཀྱི་དོན་ནམ་དཀོན་མཆོག་གི་ཆེད་དུའང་དགེ་འདུན་ལས་གནང་བ་མ་ཐོབ་པར་མ་དག་གསུམ་གྱི་ས་ན་ཁ༷ང་ཆེ༷ན་བརྩིག༵ས་ནས་ཐོག་ཕུབ་པ་སྟེ་དེ་གཉིས་ནི་ཕྱིའི་ཡོ་བྱད་ལ་ཆགས་པའོ། །ཡུལ་དགེ་སློང་གཞན་ལ་བརྗོ༷ད་པའི་གཞི༷་མཐོང་ཐོས་དོགས་གསུམ་མེ༷ད་བཞིན་དུ་ཕམ་པ་བཞི་གང་རུང་བྱུང་ཞེས་སྐུར་འདེབས་ཀྱི་ཚིག་གསལ་པོར་སྨྲས་པ་ཡུལ་དེས་གོ་བ་ད༷ང་། གླེང་བའི་སྙད༷་ཀ༷་བ༷ག་ཙ༷མ་ཡོད་པ་ལ༵་བརྟེ༷ན་ན༷ས་ཡུལ་དགེ༷་སློང༷་གཞན་ལ་ཚིག་ཟུར་གྱིས་ཕམ་བཞི་གང་རུང་གི་སྒོ་ནས་སྐུར༷་པ་བཏབ༷་པ་ཡུལ་གྱིས་གོ་བ་སྟེ་དེ་གཉིས་ནི་གནོད་པ་ལས་གྱུར་པའོ། །མཚམས་ནང་གཅིག་ཏུ་བཅས་ལྡན་དགེ་སློང་གིས་རང་མི་ཐེ་བའི་དབྱེ་བྱ་དགེ༷་འདུ༷ན་དུ་ལོངས་པ་ཕྱོགས་གཉིས་སུ་ཆོས་མིན་དབྱེན༵་གྱིས་འབྱེད་པ་ལ་ཟློག་བྱེད་ལྔས་བཟློག་ཀྱང་དེའི་ཐ་མ་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་བ་དང་། དགེ་སློང་གང་དགེ་འདུན་དབྱེན༷་
བྱེད་པའི་དགེ་སློང་དེ༷འི་རྗེ༷ས་སུ་ཕྱོག༷ས་ནས་བསླ༷བ་པ༷་ད༷ང་འག༷ལ་བར་བྱེད་པ་ལ་ཟློག་བྱེད་ལྔས་བཟློག་ཀྱང་མི་གཏོང་བ༵་དང་། དགེ་སློང་གང་ཞིག་ཆང་འཐུང་ཞིང་བུད་མེད་དང་ལྷན་དུ་བཟའ་བཏུང་ལ་སྤྱོད་པ་སོགས་བསླབ་པ་དང་འགལ་བའི་ངན་སྤྱོད་ཀྱི་བྱ་བས་ཁྱིམ༷་པ་རྣམས་ཀྱི་སེམས་སུན་འབྱིན༷་ཏེ་མི་དད་པར་བྱེད་པའི་ཚེ༷་དེ་དགེ་འདུན་གྱི་གནས་ནས་བསྐྲད་པ་ན་སྐྲོད༷་བྱེད༷་དགེ་འདུན་ལ༷་འགྲོ་མིན་བཞིའི་བསྙོན༷་ཚིག་གིས་སྐུར་པ་འདེབས་པ༵་ཟློག་བྱེད་ལྔའི་མཐར་མི་གཏོང་བ་དང་། དགེ་སློང་གཞན་ལ་ལྟུང༷་བ་བྱུ༷ང་བ་ན་དགེ་འདུན་གྱིས་ཕྱིར་བཅོས་བྱ་བར་བསྐུ༷ལ་བའི་ཚེ༷། ཁྱེད་ཅག་དགེ་ཡང་རུང་། སྡིག་ཀྱང་རུང་། ཁོ་བོ་ལ་ཅི་ཡང་མ་སྨྲ་ཞིག་ཅེས་དང་དུ་མ་བླངས་པ་བཀ༷འ་བློ༷་མི༷་བདེ༷་བའི་གཞིར་ཞུགས་པ་ཟློག་བྱེད་ལྔའི་མཐའ་ལ་མི་གཏོང་བ༵འོ། །འདི་བཞི་ནི་བགོ་བ་ལས་གྱུར་པའོ། །ཟློག་བྱེད་ལྔ་ནི། གནམ་སྒོ་དང་། གསོལ་བཞིའི་ལས་དང་ལྔའོ། །གསུམ་པ་སྤང་ལྟུང་གི་སྡེ་ལ་གཉིས། རྣམ་གྲངས་མདོར་བསྟན། དབྱེ་བ་རྒྱས་པར་བཤད་པའོ། །དང་པོ་རྣམ་གྲངས་མདོར་བསྟན་པ་ནི། སྤོང་བའི་ལྟུང་བྱེད་སུམ་ཅུའི་སྡེ་བཤད་པ། །ཞེས་པ་སྟེ། གང་ལ་ལྟུང་བ་
བྱུང་བའི་དངོས་པོ་དེ་སྤོང༷་བ༷འི་སྒོ་ནས་ཕྱིར་བཅོས་དགོས་ཤིང་། མ་བཅོས་ན་རྣམ་སྨིན་ངན་སོང་དུ་ལྟུང༷་བར་བྱེད༷་པས་ན། དེའི་གྲངས་སུ༷མ་ཅུ་ཡོད་པའི་སྡེ༷་རྣམས་རིམ་པར་བཤ༷ད་པ༵་ལ་ཞེས་སོ། །གཉིས་པ་དབྱེ་བ་རྒྱས་པར་བཤད་པ་ལ་གསུམ། གོས་སོགས་ཀྱི་སྡེ། སྟན་སོགས་ཀྱི་སྡེ། ལྷུང་བཟེད་སོགས་ཀྱི་སྡེ་གསུམ་པོ་རེ་རེ་ལའང་ནང་གསེས་བཅུ་རེ་ཡོད་པ་ལས། བཅུ་ཚན་དང་པོ་གོས་སོགས་ཀྱི་སྡེ་ནི། རང་གི་གོས་ལྷག་ཞག་བཅུ་འདས་པར་འཆང་། །ཆོས་གོས་དང་བྲལ་ཞག་གཅིག་ལོན་པ་དང་། །གོས་རྒྱུ་ཟླ་གཅིག་འཇོག་དང་དགེ་སློང་མར། །ཆོས་གོས་འཁྲུར་འཇུག་དེ་ལ་གོས་རྒྱུ་ལེན། །ཉེ་མིན་ཁྱིམ་པར་གོས་རྒྱུ་སློང་བ་དང་། །སྟེར་ན་སྟོད་གཡོགས་སྨད་གཡོགས་ལྷག་པོར་ལེན། །རང་ལ་སྟེར་བསམ་ཆོས་གོས་གནས་དཔགས་པ། །རིན་དང་ཁྲུ་ཚད་ཀྱིས་སློང་བརྟགས་དྲན་སློང་། །གོས་རིན་རིན་ཆེན་བསྐུར་བ་ལེན་རྣམས་སོ། །ཞེས་པ་སྟེ། དེ་ལ་སྲ་བརྐྱང་མ་བཏིང་བའི་གང་ཟག་གིས་ར༷ང་གི༷་དབང་བྱར་ཡོད་ཅིང་བདག་ཏུ་བཟུང་བའི་གོ༷ས་ལྷག༷་པོ་འཁོར་གསུམ་ཁེབས་པའི་མཐའི་ཚད་དུ་ལོངས་པའམ། གལ་ཏེ་བྱིན་གྱིས་བརླབ་རུང་གི་ཆོས་
གོས་རྣམ་གསུམ་ཡོད་པའམ་མེད་ཀྱང་ཆོས་གོས་ཀྱི་ཁ་སྐོང་བའི་རེ་བ་མེད་ན་ཁྲུ་གང་གི་ཚད་དུ་ལོངས་པ་དང་། ཁ་སྐོང་གི་རེ་བ་དང་བཅས་པ་ན་འཁོར་གསུམ་ཁེབས་པ་ཡན་གྱི་གོས་ལྷག་བྱིན་གྱིས་མ་བརླབས་པར་རང་སྟོབས་སམ་ཤན་སྟོབས་ཀྱིས་ཞ༷ག་བཅུ༷་འད༷ས་པ༷ར་འཆང་ན་འཆ༷ང་བའི་སྤང་ལྟུང་དང་། འདིའི་ཤན་ལ་ཤན་འཇུག་མི་འཇུག་གཉིས། རིགས་ལོག་མ་ལོག་གཉིས་ཏེ་མུ་བཞི་ཡོད་ཅིང་། ཤན་འཇུག་པ་ནི་ཞག་བཅུ་པའི་གོས་སྔ་མ་བྱིན་གྱིས་མ་བརླབས་པར་ཞག་དགུ་ལོན་པ་དང་། འདི་ཉིད་རིགས་མཐུན་གྱི་གོས་གཅིག་རྙེད་ན། སྔ་མས་ཞག་དགུ་ལོན་པའི་ཤན་དེ། ཕྱི་མ་ལ་ཞུགས་པས་ཞག་བཅུ་འདས་ཏེ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་གོས་སྔ་མས་རང་སྟོབས་དང་། ཕྱི་མས་ཤན་སྟོབས་ཀྱིས་སྤང་ལྟུང་གཉིས་དུས་གཅིག་ལ་བསྐྱེད། ཤན་མི་འཇུག་པ་ནི། སྔ་དྲོ་ཞག་བཅུ་པའི་གོས་གཅིག་རྙེད། ཕྱི་དྲོ་ཡང་གཅིག་རྙེད་པ་ལྟ་བུའོ། །རིགས་ལོག་པ་ནི། འོག་ཏུ་འཆད་པའི་ཟླ་འཇོག་གི་གོས་དེས་ཟླ་གཅིག་མ་འདས་པར་སྤང་ལྟུང་མི་བསྐྱེད་ཀྱང་། ཟླ་འཇོག་དེས་ཞག་གཅིག་ནས་ཉེར་དགུ་གང་རུང་ལོན་པ་ན། ཕྱིས་ཆོས་གོས་གསུམ་ཚང་བར་
རྙེད་ན། ཟླ་འཇོག་དེ་ཞག་བཅུ་པའི་གོས་སུ་རིགས་ལོག་སྟེ། ཞག་བཅུ་འདས་པ་ན་ཟླ་འཇོག་གིས་རང་སྟོབས་དང་ཕྱི་མས་ཤན་སྟོབས་ཀྱིས་སྤང་ལྟུང་བསྐྱེད། རིགས་མ་ལོག་པ་ནི། སྔ་ཕྱི་གཉིས་ཀ་ཟླ་བར་ཞག་རུང་བ་ཡིན་ན་རིགས་མ་ལོག་མོད། གོས་སྔ་མ་རྙེད་ནས་གཅིག་ནས་ཉེར་དགུ་བར་གང་རུང་ལོན་པ་ན། ཕྱི་མ་ཞིག་རྙེད་ན་སྔ་མའི་ཤན་ཞུགས་ནས་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་སྔ་མས་རང་སྟོབས་དང་ཕྱི་མས་ཤན་སྟོབས་ཀྱིས་སྤང་ལྟུང་བསྐྱེད་པ་སོགས་ལྷུང་བཟེད་སྨན་ལྟུང་བ་བཅས་ཐམས་ཅད་ལ་འགྲེ། ལྷུང་བཟེད་ཀྱི་ཤན་འཇུག་ཚུལ་ནི་སྔ་མའི་རིག་པས་ཤེས་སོ། །བྱིན་གྱིས་བརླབ་ཚུལ་ཀྱང་སྔ་ཕྱི་གཉིས་ཤན་མ་འདྲེས་གོང་སྔ་མ་བྱིན་གྱིས་བརླབ་དགོས། སྔ་མ་བྱིན་གྱིས་མ་བརླབས་ན་ཕྱི་མ་བྱིན་གྱིས་བརླབས་ཀྱང་གོ་མི་ཆོད། བྱིན་གྱིས་བརླབས་པའི་ཆོ༷ས་གོ༷ས་གསུམ་གང་རུང་ད༷ང་བྲ༷ལ་ནས་གནས་ཐ་དད་པར་ཞ༷ག་གཅི༷ག་ལོ༷ན་པ༷་ན་ཆོས་གོས་འབྲལ་སྤང་ད༵ང་། ཆོས་གོས་གང་རུང་མེད་པར་ཁ་སྐོང་གི་རེ་བ་དང་བཅས་པས་གོ༷ས་རྒྱུ༷་ཚད་ཁྲུ་གང་ནས་འཁོར་གསུམ་ཁེབས་པའི་བར་བྱིན་གྱིས་མ་བརླབས་པར་རང་སྟོབས་སམ་ཤན་སྟོབས་ཀྱིས་ཟླ༷་བ་གཅི༷ག་འདས་ནས་སོ་གཅིག་
པའི་སྐྱ་རེངས་ཤར་བ་ན་ཟླ་འཇོ༷ག་གི་སྤང་བ་ད༷ང་། བདུན་བརྒྱུད་ཚུན་གྱི་ཉེ་དུ་མ་ཡིན་པའི་དགེ༷་སློང༷་མ༵ར་རང་གི་ཆོ༷ས་གོ༷ས་རྙིང་པ་འཁྲུ༷ར་འཇུ༷ག་པའི་སྤང་བ་དང་། ཉེ་དུ་མ་ཡིན་པའི་དགེ་སློང་མ་དེ༷་ལ༷་གོ༷ས་ཀྱི་རྒྱུ༷་འཁོར་གསུམ་ཁེབས་པའི་ཚད་ལོངས་པ་ཡན་ཆད་ལེ༵ན་པ་ལ་ཞུགས་ནས་ཐོབ་པ་དང་། རང་ལ་ཆོས་གོས་རྣམ་གསུམ་ཚང་བཞིན་དུ་ཉེ༷་དུ་མི༷ན་པའི་ཁྱིམ༷་པ༷ར་གོ༷ས་ཀྱི་རྒྱུ་འཁོར་གསུམ་ཁེབས་པའི་ཚད་ལོངས་པ་ཡན་ཆད་སློང༷་བ༷་ལ་ཞུགས་ནས་ཐོབ་པ་ད༵ང་། ཆོས་གོས་རྣམ་གསུམ་ཚང་བར་མེད་ན་ཉེ་མིན་ཁྱིམ་པར་སློང་བར་རིགས་ཀྱང་གོས་མང་པོ་སྟེར༷་ན༷་སྟོད༷་གཡོགས་དང་སྨད༷་གཡོ༷གས་གཅིག་ལས་ལྷག༷་པོ༷ར་ལེ༵ན་པ་དང་། ཉེ་མིན་ཁྱིམ་པས་ར༷ང་ལ༷་སྟེར༷་བས༷མ་སྟེ་ཆོས༷་གོ༷ས་འདི་སྦྱིན་གན༷ས་དགེ་སློང་འདི་ལ་འབུལ་དགོས་ཞེས་བློས་དཔ༷གས་པ༵་ལས། འབུལ་ལམ་མི་འབུལ་བརྟགས་པའི་ཆེད་དུ་རི༷ན་ད༷ང་ཁྲུ༷་ཚ༷ད་ཀྱིས༷་དྲན་པ་བརྗོད་དེ་སློང༷་བ་ལ་ཞུགས་ནས་ཐོབ་པ་དང་། ཉེ་མིན་ཁྱིམ་བདག་ཕོ་མོ་སོ་སོས་རང་ལ་གོས་རེ་རེའམ་མང་པོ་འབུལ་བར་ཐོས་དཔགས་ཀྱིས་དེ་བརྟ༷གས་པའི་བསམ་པས་དྲ༷ན་བསྐུལ་སློ༵ང་བ་ལ་ཞུགས་ནས་ཐོབ་པ་དང་། སྦྱིན་བདག་ཕོ་ཉ་ཞལ་ཏ་བ་སྟེ་ཁྱིམ་པ་
གསུམ་ལས་སྦྱིན་བདག་གིས་ཆོས་གོ༷ས་ཀྱི་རི༷ན་རུང་བ་མ་ཡིན་པ་རི༷ན་ཆེ༷ན་གསེར་དངུལ་ལྟ་བུ་ཕོ་ཉ་བ་ལ་བསྐུ༷ར་བ༷་ཕོ་ཉས་དགེ་སློང་ལ་འབུལ་བ་ན། དེ་ལེན་དུ་མི་རུང་བས་ན། ཕོ་ཉ་དེས་དགེ་སློང་རང་གི་ཞལ་ཏ་བ་ལ་གཏད་ནས་གོས་འགྲུབ་ཏུ་བཅུག་པ་ལས། གོས་དུས་སུ་མ་བྱུང་ན་དགེ་སློང་གིས་ཞལ་ཏ་བ་ལ་དངོས་སུ་བསྐུལ་བ་ལན་གསུམ་བྱ། དེ་ལ་མ་བྱུང་ན་ཁོའི་གན་དུ་ལན་གསུམ་མཐོང་སར་ཅང་མི་སྨྲ་བས་བསྡད་ནས་བསླངས་པ་ལ་ཉེས་པ་མེད་ཅིང་། བསྐུལ་བསྡད་དྲུག་པོ་དེ་ལས་ལྷག་པར་ལེ༷ན་པ་ལ་ཞུགས་ནས་ཐོབ་པ་རྣམ༷ས་སོ༵། །བཅུ་ཚན་གཉིས་པ་སྟན་སོགས་ཀྱི་སྡེ་ནི། སྲིན་བལ་ནང་ཚངས་བྱས་པའི་སྟན་བྱེད་དང་། །དཀོན་སར་བལ་ནག་འབའ་ཞིག་སྟན་དུ་འདིངས། །བལ་ནག་ཆ་གཉིས་སྟན་བྱེད་ལོ་དྲུག་ནི། །མ་སོང་སྟན་གསར་བྱེད་དང་ཚད་ལྡན་གྱི། །གདིང་བ་ཡོད་ཀྱང་སླར་བཟོ་བལ་ནག་ནི། །རྙེད་ནས་ལམ་གྱི་དཔག་ཚད་གསུམ་མཐར་བྱེད། །དགེ་སློང་མ་ལ་བལ་འཁྲུ་རྨེལ་བཅུག་དང་། །གསེར་དངུལ་ལེན་དང་ཚོང་འབུན་མངོན་མཚན་ཅན། །ཆེད་དུ་ཚོང་བྱེད། ཅེས་པ་སྟེ། རིན་ཐང་ཆེ་བ་སྲི༷ན་བ༷ལ་གྱི་ན༷ང་ཚ༷ངས་བྱ༷ས་པ༷འི་སྟ༷ན་བྱེད༷་པ་ད༵ང་།
ཤིན་ཏུ་དཀོ༷ན་ས༷ར་བ༷ལ་ན༷ག་འབ༷འ་ཞི༷ག་གིས་ནང་ཚངས་བྱས་པ་སྟ༷ན་དུ༷་འདི༵ང་བ་དང་། བལ་དཀར་པོ་བསྲེས་ཀྱང་བ༷ལ་ན༷ག་སྟན་གྱི་ཆ༷་གཉི༷ས་ལས་ལྷག་པའི་སྟན༷་བྱེད༷་པའམ་བྱེད་དུ་འཇུག་པ་དང་། སྟན་སྔ་མ་ཡོད་བཞིན་ལོ༷་དྲུ༷ག་ནི༷་མ་སོ༷ང་ཞིང་དགེ་འདུན་ལ་གནང་བ་མ་ཐོབ་པར་སྟན༷་གས༷ར་པ་ནང་ཚངས་ཅན་བྱེད༷་པ་ད༷ང་། ཚ༷ད་ལྡ༷ན་གྱི༵་གདི༷ང་བ༷་རྙིང་པ་ཡོ༷ད་ཀྱ༷ང་གསར་པ་སླ༷ར་བཟོ༷་བ་ན་རྙིང་པ་ནས་བདེ་བར་གཤེགས་པའི་མཐོ་གང་སྟེ་མིའི་ཁྲུ་ཕྱེད་དོ་གསར་པ་ལ་མ་བསླན་པར་ལོངས་སྤྱད་པ་དང་། རང་དབང་བའི་དངོས་བོ་བ༷ལ་ན༷ག་ལ་སོགས་པ་ནི༵་རྙེད༷་ན༷ས་ཆགས་སེམས་ཀྱིས་ཉིན་གཅིག་གི་ནང་དུ་དགེ་ཚུལ་ལྟ་བུ་འཁུར་ཁྱེར་གྲོགས་མེད་ན་ལ༷མ་གྱི༷་དཔ༷ག་ཚ༷ད་གསུ༷མ་ཚུན་གནང་ལ་དེ་ཕན་ཆད་མཐ༷ར་བྱེད༵་པ་སྟེ། དེ་ནས་རྒྱངས་གྲགས་སུ་ཁྱེར་བས་སམ་ཁྱེར་གྲོགས་ཡོད་ན་དང་པོ་ནས་བརྩམས་ཏེ་རྒྱངས་གྲགས་གཅིག་འདས་པ་དང་། ཉེ་དུ་མ་ཡིན་པའི་དགེ༷་སློ༷ང་མ༷་ལ༷་དགེ་སློང་གིས་བལ༷་འཁྲུ༷་ཞིང་རྨེ༷ལ་དུ་བཅུ༷ག་པ་ད༵ང་། དགེ་སློང་གིས་རུང་བ་མ་བྱས་པའི་གསེ༷ར་དངུ༷ལ་སོགས་རིན་པོ་ཆེ་ལ་ཆུད་འཛའ་བ་སོགས་ཀྱི་རྐྱེན་མེད་བཞིན་དུ་ཆགས་པས་རེག་གམ་རེག་ཏུ་བཅུག་ནས་བདག་གིར་བྱས་ཏེ་ལེ༷ན་
པ་ད༷ང་། ཉེ་མིན་ཁྱིམ་པར་དགེ་སློང་གིས་ཁེ་སྤོག་འདོད་པས་ཚོ༷ང་ཟོག་རིན་པོ་ཆེ་སོགས་འབུ༷ན་བསྐྱེད་དུ་བཏང་ནས་མངོ༷ན་མཚ༷ན་ཅ༵ན་གྱི་ཟོག་རྩ་དེ་ལས་བསྐྱེད་གོས་ཁྲུ་གང་ཡན་ལོངས་པ་ཐོབ་པ་དང་། དགེ་སློང་གི་ཁེ་སྤོག་འདོད་པའི་ཆེ༷ད་དུ༷་ཉེ་མིན་ཁྱིམ་པ་ལ་རིན་པོ་ཆེ་ལས་གཞན་པའི་དངོས་པོ་འབྲུ་དང་གོས་སོགས་མོད་ན་ཉོ་ཞིང་དཀོན་ན་ཚོ༷ང་བར་བྱེ༷ད་པའི་བསྐྱེད་ཐོབ་པ་རྣམས་སོ། །བཅུ་ཚན་གསུམ་པ་ལྷུང་བཟེད་སོགས་ཀྱི་སྡེ་ནི། ལྷུང་བཟེད་བྱིན་མ་བརླབས། །ཞག་བཅུ་འདས་འཆང་ལྷུང་བཟེད་ཟུང་འཆང་བ། །གླ་རྔན་མེད་པར་འཐག་འཇུག་འཐག་རྒྱ་བསྐྱེད། །དགེ་སློང་གོས་བྱིན་སླར་འཕྲོག་བརྟད་བྱུང་གོས། །སྦྱིན་དུས་བཤད་ལས་སྔ་བར་བདག་གིར་བྱས། །དགོན་པར་འཇིགས་བཅས་གོས་བྲལ་ཞག་བདུན་འདས། །རས་ཆེན་དགག་དབྱེ་ཟིན་ཀྱང་ཟླ་ཕྱེད་འདས། །དགེ་འདུན་བསྔོས་པའི་རྙེད་པ་བདག་ཏུ་བཟུང་། །ན་སྨན་ཞག་བདུན་འདས་ན་གསོག་འཇོག་གོ། །ཞེས་པ་སྟེ། དགེ་སློང་རང་གི་ལྷུ༷ང་བཟེ༷ད་ཚད་ལྡན་བྱིན༷་གྱིས་མ༷་བརླ༵བས་པའམ་བརླབས་ཀྱང་ཤན་སྟོབས་ཀྱིས་ཞ༷ག་བཅུ༷་འད༷ས་པར་འཆ༷ང་ནས་བཅུ་གཅིག་པའི་སྐྱ་རེངས་ཤར་བ་དང་། རྒྱུ་དབྱིབས་ཁ་དོག་རུང་ཞིང་
མཐེ་བོའི་ལྟོ་གང་གིས་ལྷག་མར་ཕུལ་དགུ་ཤོང་བ་ཡན་ཆད་ཀྱི་ལྷུང་བཟེད་ཡོད་བཞིན་དུ་ཉེ་མིན་ཁྱིམ་པ་ལ་ལྷུང༷་བཟེ༷ད་གཞན་བསླངས་པས་ཐོབ་ན་དེ་དང་ཟུ༷ང་འཆ༷ང་བ༵་ཡིན་ཅིང་། འདི་ཡང་བྱིན་མ་བརླབས་པར་ཞག་བཅུ་འདས་ན་ལྟུང་བ་སྔ་མར་འགྱུར་རོ། །ལྷུང་བཟེད་ཀྱི་ཚད་ཕུལ་དགུ་ཤོང་བ་ཆུང་ཚད་དང་། ཕུལ་བཅོ་བརྒྱད་ཤོང་བ་ཆེ་ཚད། དེ་གཉིས་ཀྱི་བར་འབྲིང་ཚད། ཕུལ་རེ་རེ་ལ་ཁྱོར་བ་ཕྱེད་བཞི་རེ་ཡོད་དོ། །ཉེ་དུ་མིན་པའི་ཐག་མཁན་ལ་གླ༷་རྔ༷ན་མེ༷ད་པ༷ར་རང་ངམ་བསྐོས་པས་གོས་འཐ༷ག་ཏུ་འཇུ༷ག་སྟེ་ལག་ཏུ་ཐོབ་པ་དང་། ཉེ་མིན་ཁྱིམ་པས་རང་ལ་འབུལ་རྒྱུའི་གོས་འཐག་ཏུ་བཅུག་པ་ན། བདག་པོས་མ་གནང་བར་བསྔོ་ཚོད་ལས་ལྷག་པར་འཐ༷ག་རྒྱ༷་བསྐྱེད༵་དུ་བཅུག་ནས་ཐོབ་པ་དང་། རང་དགེ་སློང་གིས་དགེ༷་སློ༷ང་གཞན་ལ་གོ༷ས་སོགས་བྱིན༷་པ་སླ༷ར༷་འཕྲོ༷ག་སྟེ་དེ་དང་བྲལ་བ་དང་། དབྱར་གནས་པའི་དགེ་འདུན་ལ་ཕུལ་བ་བརྟད༷་པ་ནི་གློ་བུར་བའི་མིང་སྟེ་དེས་ན་དབྱར་ནང་དུ་བྱུང༷་བའི་གོ༵ས་སོ་སོར་བྱི༷ན་པའི་དུ༷ས་སུ་བཤ༷ད་པ་དགག་དབྱེ་བྱས་པའི་ཕྱི་དེ་ཉིན་ལ༷ས་སྔ༷་བ༷ར་དབྱར་ནང་དུ་བད༷ག་གི༷ར་བྱ༵ས་པ་དང་། སོ་སོར་བགོས་པ་དང་། དགག་དབྱེའི་ཕྱི་དེ་ཉིན་དུ་མ་བགོས་པ་སྟེ།
དེ་ལྟར་སྔས་ཕྱིས་ཀྱི་ལྟུང་བ་གསུམ་མོ། །གལ་ཏེ་ལུང་ལས། བརྟད་པ་ལས་བྱུང་བའི་གོས་ལྔ་པོ། ནད་པ་དང་ནད་པའི་ཕྱིར་དང་། འཆི་བ་དང་འཆི་བའི་ཕྱིར་དང་། འགྲོ་བར་ཆས་པ་ལ་སྦྱིན་པ། ཞེས་གསུངས་པ་ལྟར། རྐྱེན་ལྡན་དེ་དག་ལ་དབྱར་མཐའི་ཞག་བཅུའི་ནང་དུ་སོ་སོར་སྦྱིན་ན་ཉེས་པ་མེད་ཅིང་། ཡང་དབྱར་ནང་དུ་ཆོས་སྨྲ་བའི་རྙེད་པ་དང་། ནད་པའི་རིམ་གྲོ་ལ་སོགས་པའི་ཆེད་དུ་སྦྱིན་པའི་རྙེད་པ་ནི་འདིར་མ་གཏོགས་སོ། །དགེ་སློང་དགོ༷ན་པ༷ར་གནས་པས་འཇི༷གས་པ་དང་བཅ༷ས་པའི་སར་ཆོས་གོ༷ས་རྣམ་གསུམ་དང་ཞག་དྲུག་བྲ༷ལ་བར་གནང་ཡང་ཞ༷ག་བདུ༷ན་འད༵ས་ཏེ་སྐྱ་རེངས་ཤར་བ་དང་། དབྱར་གྱི་གོས་རས༷་ཆེ༷ན་དབྱར་ཁས་ལེན་པ་དེའི་ཟླ་གཅིག་གི་སྔོན་དུ་བཙལ་ཞིང་རྙེད་ན་ཚོལ་སྔས་པའི་སྤང་བ་དང་། དག༷ག་དབྱེ༷་ཟི༷ན་ནས་ཀྱང་ཟླ༷་བ་ཕྱེ༷ད་ལས་འད༵ས་པར་འཆང་ན་ཞག་ཕྱིས་པའི་སྤང་བ་དང་། སྦྱིན་བདག་གིས་དགེ༷་འདུ༷ན་ལ་བསྔོ༷ས་པ༷འི་གོས་སོགས་ཀྱི་རྙེད༷་པ༷་རང་ལ་བསྒྱུར་ཏེ་བད༷ག་ཏུ༷་བཟུ༵ང་བ་དང་། ན༷་བ་ལ་ཕན་པའི་སྨ༷ན་བྱིན་རླབས་ཀྱི་རང་དུས་ཞ༷ག་བདུ༷ན་འད༷ས་ན༷ས་གསོ༷ག་འཇོ༷ག་ཏུ་སོང་བ་བཅངས་པ་ལ་སྤང་རུང་ཐ་མར་བཞག་གོ༵། །འདིར་ཐུན་ཚོད་དུ་རུང་བའི་སྨན་
ཐུན་ཚོད་ལས་འདས་ནས་སོ། །དེ་རྣམས་ཕྱིར་བཅོས་ཀྱི་སྐབས་བྱིན་འཕྲོགས་དང་། ལྷུང་བཟེད་ཚོལ་བ་གཉིས་ཀྱི་རྫས་རྩ་བ་ནས་སྤང་དགོས་ཤིང་། གཞན་རྣམས་ཞག་གཅིག་གི་རིང་སྤང་བ་སྔོན་དུ་བཏང་དགོས་སོ། །བཞི་པ་ལྟུང་བྱེད་འབའ་ཞིག་པའི་སྡེ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ལྟུང་བྱེད་འབའ་ཞིག་དགུ་བཅུ་ཐམ་པ་ནི། །ཞེས་པ་སྟེ། དེ་ཡང་སྤྱད་ན་ངན་སོང་དུ་ལྟུང༷་བར་བྱེད༷་ཅིང་བཤགས་དུས་སྤང་བྲལ་སྔོན་དུ་བཏང་མི་དགོས་པས་ན་འབ༷འ་ཞི༷ག་པ་ཞེས་བྱ་ལ། དེའི་གྲངས་དགུ༷་བཅུ༷་ཐ༷མ་པ༷་བཤད་པ་ནི༵་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། རྩ་བའི་མདོར། ཤེས་བཞིན་དང་ནི་ས་བོན་དང་། །མ་བསྐོས་པ་དང་ཡང་ཡང་དང་། །ཆུ་དང་ཁྱིམ་དང་བསམ་བཞིན་དང་། །མགྲོན་མང་རྐུན་མ་ཆོས་སྟོན་ནོ། །ཞེས་པའི་སྡོམ་ལྟར་བཅུ་ཚན་དགུ་ལས། བཅུ་ཚན་དང་པོ་ཤེས་བཞིན་སོགས་ཀྱི་སྡེ་ནི། ཤེས་བཞིན་རྫུན་སྨྲ་དགེ་སློང་སྐྱོན་བརྗོད་པ། །ཕྲ་མས་འབྱེད་དང་སྐྱོ་སྔོགས་བཟླུམ་ཀྱང་དབྱེ། །བུད་མེད་ཆོས་སྟོན་བསྙེན་པར་མ་རྫོགས་དང་། །ལྷན་ཅིག་ཆོས་འདོན་གནས་ངན་ལེན་
ལྟུང་བརྗོད། །མི་ཆོས་བླ་མ་བདེན་སྨྲ་བཤེས་ངོར་འཕྱ། །བསླབ་གཞི་ཁྱད་གསོད། ཅེས་པ་སྟེ། སྡེ་ཚན་འདིའི་དང་པོ་ནི། དེ་ཡང་ཕམ་པའི་རྫུན་དང་། གཞི་མེད་བག་ཙམ་གྱི་ལྷག་མའི་རྫུན་དང་། ཤེས་བཞིན་དུ་ཆོས་དང་ཆོས་མིན་འགལ་འདུར་སྨྲ་བ་སྦོམ་པོར་གྱུར་པའི་རྫུན་དང་། ཡང་དག་དྲི་བའི་དུས་ལྟུང་བ་ཡོད་བཞིན་མི་སྨྲ་བ་ཉེས་བྱས་ཀྱི་རྫུན་ཏེ་བཞི་དང་། ལྟུང་བྱེད་རང་གི་ནང་ཚན་དུ་བཤད་པ། བཤེས་ངོར་། འཕྱ་བ། ཟས་ཅུང་ལེན། སྐུར་འདེབས། ཉེར་འཇོག །ཁྱད་གསོད་བཅས་མ་ཡིན་པ་ཤེ༷ས་བཞི༷ན་དུ་རྫུ༷ན་སྨྲ༷་བ་ཉན་པ་པོས་གོ་བ་དང་། གཉིས་པ་ནི། ཡུལ་དགེ༷་སློ༷ང་ལ་ཡུལ་དུས་དེར་སྐྱོ༷ན་དུ་གྲགས་པའི་ཚིག་ཕན་སེམས་མ་ཡིན་པས་བརྗོ༷ད་བ༵་ཕ་རོལ་པོས་གོ་བ་དང་། གསུམ་པ་ནི། ཡུལ་དགེ་སློང་མཐུན་པ་དག་ཕྲ༷་མ༷ས་འབྱེད༷་པར་བྱེད་པ་གོ་བ་ད༷ང་། བཞི་པ་ནི། དགེ་སློང་གཉིས་རྩོད་པ་དགེ་འདུན་གྱིས་སྐྱོ༷་སྔོ༷གས་ཀྱིས་བཟླུམ༷་པར་བྱས་ཟིན་ཀྱང༷་དེ་ཉིད་སླར་ཡང་དབྱེ༵་འདོད་པས་བཤིག་པར་བརྩམ་པའི་ཚིག་སྨྲས་པ་གོ་བ་དང་། ལྔ་པ་ནི། ཁྲིམས་གྲོགས་མེད་པར་ཡུལ་ཉན་འདོད་ཀྱི་བུ༷ད་མེ༷ད་ལ་དེས་མི་ཤེས་པའི་ཆོ༷ས་ཚིག་ལྔའམ་
དྲུག་ལས་ལྷག་པར་སྟོན༷་པ་དང་། དྲུག་པ་ནི། རྒོད་བག་གི་བསམ་པས་བསྙེན༷་པ༷ར་མ༷་རྫོ༷གས་པ་ད༵ང་ལྷན༷་ཅི༷ག་ཏུ་ཆོ༷ས་ཀྱི་ཚིག་གདངས་སྣ་ཚོགས་ཀྱིས་འདོ༷ན་པར་བྱས་པ་དང་། བདུན་པ་ནི། ཡུལ་ཁྱིམ་པ་ལ་དགོས་པ་མེད་པར་དགེ་སློང་གཞན་ལ་གན༷ས་ང༷ན་ལེ༷ན་ཕམ་ལྷག་གི་ལྟུང་བ་བྱུང་བ་གླེང་བར་མ་བསྐོས་བཞིན་དུ་ལྟུང༷་བ་བརྗོ༵ད་ནས་གོ་བ་དང་། བརྒྱད་པ་ནི། མི༷་ཆོས༷་བླ༷་མ༷འི་ཡོན་ཏན་ཐོབ་པའི་དགེ་སློང་གིས་ཡུལ་བསྙེན་པར་མ་རྫོགས་པ་ལ་དགོས་པ་ཁྱད་པར་ཅན་མེད་བཞིན་དུ་དེ་ཐོབ་བོ་ཞེས་བདེ༷ན་པར་སྨྲས༷་པ་ཡུལ་གྱིས་གོ་བ་དང་། དགུ་པ་ནི། དགེ་འདུན་གྱི་བྱ་བ་བྱས་པའི་དགེ་སློང་ལ་རུང་བ་ཚད་ལྡན་གྱི་ཡོ་བྱད་ཅུང་ཟད་བྱིན་པ་ལ་མི་བཟོད་པས་དགེ་འདུན་གྱི་རྫས་གང་ཟག་ལ་བཤེ༷ས་ངོ༷ར་བྱས་ནས་བྱིན་ནོ་ཞེས་འཕྱས༵་པ་ཕ་རོལ་པོས་གོ་བ་དང་། བཅུ་པ་ནི། གསོ་སྦྱོང་གི་དུས་ལྟ་བུ་སོ་ཐར་གྱི་མདོ་འདོན་པའི་ཚེ་བསླ༷བ་གཞི༷་ཕྲ་ཞིང་ཕྲ་བ་འདི་ལྟ་བུ་འདོན་པས་ཅི་བྱས་ཞེས་ཁྱ༷ད་དུ་གསོ༷ད་པའི་ཚིག་སྨྲས་པ་གཞན་གྱིས་གོ་བ་རྣམས་སོ། །བཅུ་ཚན་གཉིས་པས་ས་བོན་སོགས་ཀྱི་སྡེ་ནི། ས་བོན་སྐྱེ་བ་གཅོད། །བདག་གི་ངོར་འཕྱ་བསྒོ་བ་རྣར་གཟོན་ནི། །ལྟུང་
བྱུང་གླེང་ལ་མ་ཐོས་ལན་གཞན་འདེབས། །ཁྲི་དང་འདིང་བ་མ་བསྡུས་བཏིང་སོང་དང་། །དགེ་སློང་སྐྲོད་དང་ཐོ་མཚམས་ཕྱིས་གནོན་བྱས། །མལ་ཁྲིས་བུག་དབྱུང་སྲོག་ཆགས་ལྡན་པའི་ཆུ། །རྩྭར་འདེབས་གཙུག་ལག་ཕ་གུ་རིམ་གཉིས་བརྩིགས། །ཤེས་བཞིན་བགྱིས་སོ། ཞེས་པ་སྟེ། སྡེ་ཚན་འདིའི་དང་པོ་ནི། རུང་བ་མིན་པ་ནི་མ་ཉམས་པའི་ས༷་བོ༷ན་འཇོམས་པར་བྱེད་ཅིང་རྩྭ་ཤིང་སོགས་སྐྱེ༷་བ༷་གཅོ༵ད་པའམ་ཉམས་པར་བྱེད་པ་སྟེ། ཉམས་པའི་ཚེ་རྩྭ་དང་ནས་སོགས་རེ་རེའི་གྲངས་བཞིན་ལྟུང་བར་འགྱུར་ཞིང་། སྟར་ཀ་ལ་སོགས་པའི་འབྲས་བུ་སྨིན་པ་སྡོང་བུ་ལས་ཕྲལ་བར་བྱས་པ་སོགས་ཉེས་བྱས་སོ། །རུང་བ་ནི་མེ་དང་། མཚོན་དང་། བཀས་པའི་རུང་བ་གསུམ་ལས། འབྲས་ལྟ་བུ་སྣོད་དུ་བླུགས་ནས་བསྙེན་པར་མ་རྫོགས་པས་ཕྱོགས་བཞི་ནས་མེས་རེག་ཙམ་བྱེད་པ་དང་། ལ་ཕུག་ལྟ་བུ་མཚོན་གྱིས་རྨ་བཏོད་པ་དང་། སྟར་ཀ་ལྟ་བུ་ཁ་བཀས་པ་བཅས་སོ། །གཉིས་པ་ནི། ཞལ་ཏ་བས་ཆོས་དང་མཐུན་པ་བྱས་ཀྱང་འདིས་བད༷ག་གི༷་ངོ༷ར་གནས་མལ་སོགས་གང་ཡང་རུང་བ་ངན་པར་བྱས་སོ་ཞེས་འཕྱ༷་བ་ལ་དགེ་འདུན་གྱིས་གསོལ་བའི་ལས་ཀྱིས་ངན་པའི་གྲངས་སུ་བཅུག་པ་དང་། གསུམ་
པ་ནི། རང་ལ་ལྟུང་བ་བྱུང་བ་བསྒོ༷་བ་རྣ༷ར་གཟོ༷ན་པའི་སྒོ་ནས་ནི༵་དགེ་སློང་གཞན་གྱིས་ཕྱིར་བཅོས་སུ་གཞུག་པའི་ཕྱིར་ཆེད་དུ་ལྟུང༷་བ་བྱུང༷་བ་དེ་གླེང༷་བ་ལྟ་བུ་ཆོས་མཐུན་གྱི་བསྒོ་བ་དང་དྲི་བ་དྲིས་པ་ལ༷་དེ་མ༷་ཐོ༷ས་པ་ལྟར་རམ་ཁྱད་གསོད་ལྟ་བུས་ལ༷ན་གཞ༷ན་ལོག་པར་འདེ༵བས་པའི་ཚིག་སྨྲས་པ་ཡུལ་གྱིས་གོ་བ་དང་། བཞི་པ་ནི། དགེ་འདུན་གྱི་ཁྲི༷་དང་ཁྲིའུ་སོགས་གནས་མལ་ལ་ལོངས་སྤྱད་ནས་རང་གིས་མ་བསྡུས་ཤིང་། གཞན་ལའང་མ་བཅོལ་བར་བླ་གབ་མེད་སར་བོར་བས་ཆུད་ཟོས་པའམ། མ་ཟོས་ཀྱང་དེའི་ཉེ་འཁོར་ནས་འདོམ་ཞེ་དགུ་འདས་ཏེ་ཕྱིན་པ་ད༷ང་། ལྔ་པ་ནི། དགེ་འདུན་གྱི་གཙུག་ལག་ཁང་སྲོག་ཆགས་སྐྱེ་བའི་ཉེས་དམིགས་ཡོད་སར་རྩྭ་ལ་སོགས་པའི་འདི༷ང་བ༷་ལ་ལོངས་སྤྱད་ཟིན་ནས་རང་ངམ་བསྒོས་པས་མ༷་བསྡུས་པར་བཏི༷ང་བཞིན་བོར་བས་ཆུད་ཟོས་པའམ་མ་ཟོས་ཀྱང་ཉེ་འཁོར་ལས་འདོམ་ཞེ་དགུ་འདས་ཏེ་སོ༷ང་བ་དང༵་། དྲུག་པ་ནི། གཙུག་ལག་ཁང་ནས་དགེ༷་སློང༷་གཞན་ཞེ་སྡང་གིས་སྐྲོད༷་དམ་སྐྲོད་དུ་བཅུག་པས་དེ་ཕྱི་རོལ་དུ་ཐོན་པ་ད༷ང་། བདུན་པ་ནི། གཙུག་ལག་ཁང་དུ་སྔར་ཞུགས་པའི་དགེ་སློང་གཞན་ལ་ཐོ༷་འཚ༷མས་པའི་བསམ་པས་ཕྱི༷ས་གནོ༷ན་བྱས༵་ཏེ་ལུས་
ངག་གིས་ཟིལ་གྱིས་གནོན་པ་དང་། བརྒྱད་པ་ནི། གཙུག་ལག་ཁང་གི་སྟེང་ཐོག་སྙི་བ་ལ་མ༷ལ་ཁྲི༷་རྐང་པ་རྣོན་པོས༷་བཙུག་ནས་ལུས་ལྗིད་ཕབ་སྟེ་འདུག་པས་བུག༷་པ་དབྱུང༷་བ་དང་། དགུ་པ་ནི། སྲོ༷ག་ཆ༷གས་དང་ལྡ༷ན་པ༷འི་ཆུ༵་དང་རྩྭ་ཤིང་སོགས་ལ་དེར་ཤེས་བཞིན་དུ་ཆུ་ནི་རྩྭ་སོགས་སྐམ་སར་འདེབས་པ་དང་། རྩྭ་སོགས་ཆུར༷་འདེ༷བས་པས་དུད་འགྲོ་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དང་། བཅུ་པ་ནི། གཞི་མི་བརྟན་པ་དང་ཆུ་ཁུང་མ་བཏོད་པ་སོགས་འཇིག་རྐྱེན་ཡོད་སར་སྤྱོད་ལམ་བཞི་ཤོང་ཡན་ཆད་ཀྱི་གཙུ༷ག་ལ༷ག་ཁང་རང་ངམ་བསྐོས་པས་ཉིན་གཅིག་ལ་ཕ༷་གུ༷འི་རི༷མ་པ་འཇིམ་པ་དང་བཅས་པ་གཉི༷ས་སམ་གསུམ་ལས་ལྷག་པ་བརྩིག༵ས་པ་ཤེས༷་བཞི༷ན་དུ་བགྱི༷ས་ན་ལྟུང་བར་འགྱུར་བ་རྣམས་སོ༷། །བཅུ་ཚན་གསུམ་པ་མ་བསྐོས་པ་སོགས་ཀྱི་སྡེ་ནི། འདི་མན་དགེ་སློང་མར། །མ་བསྐོས་ཆོས་སྟོན་བསྐོས་ཀྱང་ཉི་ནུབ་དང་། །ཁ་ཟས་ཕྱིར་སྟོན་གོས་བཙེམས་ཆོས་གོས་སྦྱིན། །དོན་མཐུན་ལམ་འགྲོགས་གྲུ་དེ་གྱེན་མཐུར་འགྲོ། །དབེན་པར་གཅིག་འདུག་པ་དང་འགྲེང་བ་དང་། །སྦྱོར་བཅུག་ཟས་ཟ་རྣམས་ནི་སྤང་བར་བྱ། །ཞེས་པ་སྟེ། འདི༷་མ༷ན་བཅུ་ཚན་འདི་དགེ༷་སློ༷ང་མ༵ར་བརྟེན་ནས་འབྱུང་བ་
ཡིན་ཏེ། དང་པོ་ནི། དེ་ཡང་དགེ་སློང་མའི་སྟོན་པར་མ༷་བསྐོ༷ས་པའམ་བསྐོས་ཀྱང་མཚན་ཉིད་དང་མི་ལྡན་པའི་དགེ་སློང་གིས་དགེ་སློང་མ་ལ་ཆོ༷ས་སྟོན༷་ནས་གོ་བ་དང་། གཉིས་པ་ནི། དགེ་སློང་མའི་སྟོན་པར་བསྐོས༷་ཀྱང༷་འཇིགས་པ་དང་བཅས་པའི་གནས་སུ་ཉི༷་མ་ནུ༷བ་ཟིན་རྗེས་སུའང་ཆོས་སྟོན་པ་དེས་གོ་བ་དང༵་། གསུམ་པ་ནི། དགེ་སློང་མའི་སྟོན་པར་འོས་ཤིང་བསྐོས་པས་རྙེད་པའི་ཕྱིར་ཆོས་མི་སྟོན་ཀྱང་། ཕྲག་དོག་གིས་ཁ༷་ཟ༷ས་ཅུང་ཟད་ཙམ་གྱི་ཕྱིར༷་ཆོས་སྟོན༷་ནོ་ཞེས་སྐུར་པ་བཏབ་པ་ཡུལ་གྱིས་གོ་བ་དང་། བཞི་པ་ནི། ཉེ་མིན་དགེ་སློང་མའི་གོས༷་བཙེམ༷ས་ཏེ་གྲུབ་པ་དང་། ལྔ་པ་ནི། ཉེ་མིན་དགེ་སློང་མ་ལ་བཤེས་ངོ་ཙམ་གྱི་ཕྱིར་རང་གི་ཆོ༷ས་གོ༷ས་རུང་བ་ཚད་ལྡན་སྦྱིན༵་པ་དེ་ལག་ཏུ་ཐོབ་པ་དང་། དྲུག་པ་ནི། ཉེ་མིན་དགེ་སློང་མ་དང་ལྷན་ཅིག་དོ༷ན་མཐུ༷ན་པས་མགྲོན་ཐབས་སུ་ལ༷མ་ལ་འགྲོ༷གས་ཏེ་འགྲོ་ན་རྒྱངས་གྲགས་རེ་རེ་འདས་པ་ལ་ལྟུང་བ་རེ་རེ་དང་ཕྱེད་ལ་ཉེས་བྱས་དང་། བདུན་པ་ནི། དེ་བཞིན་དགེ་སློང་མ་དང་ལྷན་ཅིག་གྲུར་ཞུགས་ནས་གྲུ༷་དེ༷་ཉིད་ཐད་ཀར་མི་འགྲོ་བར་གྱེ༷ན་དང་མཐུ༷ར་དུ་འགྲོ༵་ན་སྔར་བཞིན་རྒྱངས་གྲགས་རེ་རེ་འདས་པ་དང་། བརྒྱད་པ་ནི།
ཉེ་མིན་བུད་མེད་དང་དབེ༷ན་པ༷་སྐྱབས་ཡོད་སར༷་ཁྲིམས་གྲོགས་མེད་པར་གནས་གཅིག༷་ཏུ་འདོམ་གང་ཙམ་གྱིས་བར་ཆོད་ཀྱང་གཉིས་ཀ་ས་ལ་འདུ༷ག་པ༷་ད༷ང་། དགུ་པ་ནི། དབེན་པར་བུད་མེད་དམ་ཁྱད་པར་དགེ་སློང་མ་དང་ལྷན་ཅིག་འགྲེ༷ང་བ༷་ད༵ང་། བཅུ་པ་ནི། དགེ་སློང་གིས་ཉེས་མིན་དགེ་སློང་མ་ལ་སྦྱིན་བདག་ཁྱིམ་པ་ལ་རང་དང་མི་འབྲེལ་བའི་ཡོན་ཏན་བརྗོད་ཅིང་སྦྱོར༷་དུ་བཅུ༷ག་པའི་དུས་རུང་གིས་ཟ༷ས་ཟ༷་བ་ན་ལྟུང་བར་འགྱུར་བ་རྣ༷མས་ནི༷་སྤ༷ང་བ༷ར་བྱ༵་བ་རྣམས་སོ། །བཅུ་ཚན་བཞི་པ་ཡང་ཡང་སོགས་ཀྱི་སྡེ་ནི། ཡང་ཡང་ཟས་ཟ་མུ་སྟེགས་འདུག་པའི་སར། །ཞག་གཅིག་ལྷག་བསྡད་ཟ་དང་ལྷུང་བཟེད་དོ། །ཟ་དང་ཟོས་རྗེས་བཟའ་བཅའ་ཟ་བ་དང་། །སྤང་ཟས་ལྟུང་འབྱུང་ཆེད་དུ་རྫུན་གྱིས་སྟོབ། །གནང་མིན་མཚམས་ནང་ལོགས་སུ་འདུས་ན་ཟ། །དུས་མིན་ཕྱེད་ཡོལ་ཟ་དང་གསོག་འཇོག་ཟ། །བྱིན་ལེན་མ་བྱས་སྨན་བཞི་ཁར་མིད་པ། །བསོད་པ་ཞིམ་པའི་ཟས་སློང་། ཞེས་པ་སྟེ། བཅུ་ཚན་འདིའི་དང་པོ་ནི། བསོད་སྙོམས་ལན་གཅིག་གིས་གསོ་མི་ནུས་པའི་ནད་ཀྱིས་བཏབ་པ་དང་། དགེ་འདུན་དང་མཆོད་རྟེན་གྱི་ལས་དང་། མུ་གེའི་དུས་དང་། དཔག་ཚད་ཕྱེད་དུ་
ཕྱིན་པ་བཅས་མ་ཡིན་ཞིང་སྲ་བརྐྱང་མ་བཏིང་བའི་དགེ་སློང་གིས་ཁྱིམ་པ་ཉེ་དུ་མ་ཡིན་པ་ལ། དུས་རུང་གི་ཟས་ཉི་མ་གཅིག་ལ་ཁྱིམ་སྔ་མར་ཟོས་ཟིན་ཀྱང་ཡང་ཁྱིམ་གཉིས་པ་དང་གསུམ་པ་ལ་སོགས་པ་ལས་ཡ༷ང་ཡ༷ང་བསླངས་ཏེ་ཁ་ཟ༷ས་ཟ༷་བ་དང་། གཉིས་པ་ནི། ཉེ་མིན་ཁྱིམ་པའི་གནས་སུ་མུ༷་སྟེག༷ས་པ་འདུ༷ག་པ༷འི་ས༵ར་སྦྱིན་བདག་གིས་མ་བསྟབ་པར་ཞ༷ག་གཅི༷ག་ལས་ལྷག༷་པར་བསྡད༷་དེ་ཉི་མ་གཉིས་པའི་ཟས་ཟ༷་བ་ད༷ང་། གསུམ་པ་ནི། ཉེ་མིན་ཁྱིམ་པས་ཅི་བདེར་སྟོབ་པ་མ་ཡིན་པར་དུས་རུང་གི་ཟས་ཆེ་ཚད་ལྷུང༷་བཟེ༷ད་གང་ངམ། འབྲིང་ཚད་དོ༵། ཆུང་ཚད་གསུམ་སྟེ་བྲེ་ཕྱེད་དང་ལྔ་ལས་ལྷག་པ་བསླངས་ནས་གནས་གཞན་དུ་ཁྱེར་ཏེ་ཟ༷་བ་ད༷ང་། བཞི་པ་ནི། ན་དུས་དང་མུ་གེའི་དུས་མིན་པར་དུས་རུང་གི་ཟས་ཟོ༷ས་ཏེ་བློས་བཅད་ཅིང་ངག་ཏུ་བརྗོད་ནས་དེའི་རྗེ༷ས་སུ་བཟ༷འ་བཅ༷འ་གང་རུང་ལྷག་པོ་མ་བྱས་པར་སྔར་གྱི་བཟའ་བཅའ་གང་རུང་ཟ༷་བ༷་ད༵ང་། ལྷག་པོ་བྱ་ཚུལ་ནི་ཡུལ་དགེ་སློང་གནས་མ་བཏང་བའི་མདུན་དུ་ཙོག་པུས་སྤངས་ཟས་བཟུང་ནས་གསོལ་བ་བཏབ་པས་ཡུལ་དེས་བླངས་ནས་ཁམ་གཉིས་སམ་གསུམ་མམ་ཕུད་ཟ་ཞིང་ཟས་སྤངས་པ་ཡིན་ན་ཟ་མི་
དགོས། གང་ལྟར་ཡང་དེ་བཟའ་བ་པོ་ལ་གཏད་ནས་བཟར་རུང་བའོ། །ལྔ་པ་ནི། དགེ་སློང་གཞན་གྱིས་སྤང༷ས་པའི་ཟ༷ས་ལྷག་པོར་མ་བྱས་བཞིན་དུ་དེ་ལ་ངན་སེམས་ཀྱིས་ལྟུང༷་བ་འབྱུང༷་བའི་ཆེ༷ད་དུ༷་ལྷག་པོར་བྱས་སོ་ཞེས་རྫུན༷་གྱིས༷་སྟོབ༵་པའི་ཚིག་སྨྲས་པ་དེས་གོ་ནས་ཟོས་ན་སྟོབ་པ་པོ་ལ་ལྟུང་བ་བྱུང་བ་དང་། དྲུག་པ་ནི། ན་བ་སོགས་གན༷ང་བའི་དུས་མི༷ན་པར་མཚ༷མས་ན༷ང་དུ་བསམ་པ་མི་མཐུན་པས་དགེ་འདུན་སྤྱིའི་ལས་སྒོ་ནས་ལོ༷གས་སུ༷་དགེ་སློང་གསུམ་ཡན་ཆད་ལྷན་ཅིག་ཏུ་འདུ༷ས་ན༷ས་དུས་རུང་གི་ཟས་ཟ༵་བ་དང་། བདུན་པ་ནི། ན་བ་སོགས་ཀྱི་རྐྱེན་མེད་པར་དུས་རུང་གི་ཟས་ཟ་བའི་དུས༷་མི༷ན་པ་རང་གང་དུ་གནས་པའི་རང་གླིང་གི་ཉི་མ་ཕྱེ༷ད་ཡོ༷ལ་ནས་སྐྱ་རེངས་དང་པོ་མ་ཤར་གྱི་བར་དུ་ཟ༷་བས་མགུལ་དུ་ཇི་ཙམ་མིད་པ་དེ་ཙམ་གྱི་ལྟུང་བ་བྱུང་བ་ད༷ང་། ནད་པས་ཀྱང་ཟ་བའི་ཚེ་དུས་དྲན་བྱ་དགོས་སོ། །བརྒྱད་པ་ནི། ན་བ་སོགས་ཀྱི་རྐྱེན་མེད་པར་སྨན་བཞི་གང་རུང་བྱིན་ལེན་བྱས་པ་རང་དུས་ལས་འདས་པས་གསོ༷ག་འཇོ༷ག་ཏུ་སོང་ཞིང་མ་ཞིག་པ་ཟ༵་བ་དང་། འདིར་གསོག་འཇོག་ཏུ་འཕྲོས་པ་བཞི་སྟེ། ཆུད་ཟ་བ་སོགས་ཀྱི་རྐྱེན་མེད་པར་ཟས་གང་ལ་བྱིན་ལེན་མ་བྱས་པའི་གོང་དུ་དགེ་སློང་
རང་གིས་རེག་པ་དང་། དགེ་སློང་རང་དབང་བའི་མཚམས་དངོས་སམ་དེའི་ཉེ་འཁོར་གྱི་ནང་དུ་ཟས་རྗེན་པ་ཞིག་བཙོས་པ་དང་། མཚམས་ནང་དེར་དེ་འདྲའི་དངོས་པོ་ཞག་ལོན་པ་དང་། དེ་འདྲའི་དངོས་པོ་རྗེན་པར་མཚམས་ཀྱི་ཕྱི་ནང་གང་རུང་དུ་དགེ་སློང་གིས་བཙོས་པའོ། །དེ་བཞིན་ནད་ལ་ཕན་པའམ་མུ་གེའི་དུས་མིན་པར་ཟོས་ན་ཉེས་བྱས་སོ། །དགུ་པ་ནི། བདག་ཉིད་ཟན་ཆད་པ་དང་ནད་ལ་ཕན་པ་སོགས་ཀྱི་རྐྱེན་མེད་པར་བྱི༷ན་ལེ༷ན་མ༷་བྱས༷་པ་ལ་དེར་འདུ་ཤེས་པས། ཆུ་དང་སོ་ཤིང་མ་གཏོགས་སྨན༷་བཞི༷་གང་རུང་ཁམ་གཅིག་ཡན་ཆད་ཁ༷ར་མི༷ད་པ༵་དང་། བྱིན་ལེན་ནི། ནོད་པ་པོའི་གློ་དང་རྒྱབ་མ་ཡིན་པ་དང་། མཚམས་གཞན་གྱིས་མ་ཆོད་པར་མདུན་དུ་སྟོབ་པ་པོས་ལག་གཉིས་བཀན་ཏེ་བསྟབ་ཅིང་། ནོད་པ་པོས་ཀྱང་ལག་གཉིས་གན་རྐྱལ་དུ་བཀན་ནས་བླང་ངོ་། །དེ་ལྟར་བྱིན་ལེན་བྱས་པ་འཇིག་པ་རྒྱུ་ནི་ལུང་རྣམ་འབྱེད་ལས། ཕྲོགས་དང་འདྲིལ་དང་རེག་པ་དང་། བསྔོས་དང་དགེ་སློང་མིན་གྱུར་དང་། །ངོ་བོ་འགྱུར་དང་སྐྱེ་བ་འགྱུར། །དོར་བ་ཡིས་ནི་བྱིན་ལེན་འཇིག །ཅེས་སོ། །ནད་ལ་ཕན་པ་སོགས་ཀྱི་རྐྱེན་མེད་པར་འོ་མ་སོགས་ཡུལ་དུས་དེར་བསོ༷ད་པ༷ར་གྲགས་
ཤིང་ཞི༷མ་པ༷འི་བཟང་པོ་ཉེ་མིན་ཁྱིམ་པས་ཅི་བདེར་མ་བསྟབས་ཀྱང་ཆོག་མི་ཤེས་པས་སློ༷ང་སྟེ་ཟོས་ན་ལྟུང་བྱེད་དུ་འགྱུར་བ་རྣམས་སོ། །བཅུ་ཚན་ལྔ་པ་ཆུ་དང་སོགས་ཀྱི་སྡེ་ནི། སྲོག་ཆགས་བཅས། །ཆུར་སྤྱོད་ཉལ་པོ་བྱེད་པའི་ཤུལ་དུ་ཉལ། །དབེན་པའི་སྐྱབས་སུ་འགྲེང་དང་གཅེར་བུར་རྒྱུ། །དམག་བལྟ་དམག་སར་ཞག་གཉིས་ལྷག་པར་བསྡད། །དམག་གི་རུ་བཀོད་བྱེད་དང་དགེ་སློང་བརྡེག །བརྡེག་ཙམ་གནས་ངན་ལེན་གྱི་ལྷུང་བ་འཆབ། །ཅེས་པ་སྟེ། སྡེ་ཚན་འདིའི་དང་པོ་ནི། རང་དོན་དུ་སྲོ༷ག་ཆ༷གས་དང་བཅ༵ས་པའི་ཆུར༷་མ་བརྟགས་པར་ལོངས་སྤྱོད༷་པ་སྟེ། ལུས་དང་གོས་སོགས་འཁྲུད་པ་དང་འགོག་ཅིང་བསྒྱུར་བ་སོགས་བྱེད་པ་དང་། བཏུང་བ་སོགས་དང་། སྲོག་ཆགས་ཡོད་པའི་རྩྭ་ཤིང་གཅོད་ཅིང་མེར་འཇུག་པ་སོགས་སྲོག་ཆགས་འཆི་བར་མཐོང་ཡང་ལྟོས་མེད་དུ་སྤྱོད་ན་ཤི་བ་ཇི་ཙམ་དེ་སྙེད་ཀྱི་ལྟུང་བའོ། །དེའི་དོན་དུ་ཆུ་ཚགས་ཀྱི་དབྱེ་བ་དཔྱངས་ཚགས་དང་། བུམ་ཚགས་དང་། རིལ་པ་ཞབས་ཚགས་ཅན་སོགས་གང་རུང་བཅང་བར་བྱ་ཞིང་། མར་མེ་འོད་ཁང་བྱ་བ་བཅས་དགོས་སོ། །གཉིས་པ་ནི། ཁྱིམ་པ་ཕོ་མོ་རང་ཁྱིམ་དུ་ཉ༷ལ་པོ༷་བྱེད༷་པ༷་ལ་
ཞུགས་པའམ་དེར་ཕྱོགས་པ་ལ་དེ་དང་ཉེ་བའི༷་ཤུ༷ལ་དུ༷་ཉལ༵་ལམ། འདུག་པ་དེ་དག་དགེ་སློང་དེར་ཡོད་པ་རྣམས་ཀྱི་ཚོར་བ་དང་། གསུམ་པ་ནི། དེར་དབེ༷ན་པ༷འི་སྐྱབ༷ས་སུ༷་འགྲེ༷ང་སྟེ་གནས་པ་ཚོར་བ་ད༷ང་། བཞི་པ་ནི། ནད་པ་དང་ཉེ་དུ་དང་དགེ་བ་ལ་སྦྱོར་བ་དོན་སོགས་དགོས་པ་ཁྱད་པར་ཅན་མོད་པར་མུ་སྟེགས་པའི་རབ་བྱུང་གཅེ༷ར་བུ༷ར་རྒྱུ༵་བ་ཕོ་མོ་གང་རུང་ལ་དུས་རུང་གི་ཟས་རང་གི་ལག་གིས་བྱིན་ཅིང་དེས་ཐོབ་པ་དང་། ལྔ་པ་ནི། རྒྱལ་པོས་བོས་པ་སོགས་རྐྱེན་དང་དགོས་པ་མེད་པར་དགེ་སློང་གིས་རང་གི་གནས་ཀྱི་ཉེ་འཁོར་ལས་འདས་ཏེ་དམ༷ག་གི་དཔུང་ལ་བལྟ༷་བར་ཕྱིན་པས་མཐོང་བ་དང་། དྲུག་པ་ནི། རྐྱེན་དང་དགོས་པ་མེད་པར་དམ༷ག་གི་དཔུང་ཡོད་པའི་ས༷ར་ཞ༷ག་གཅིག་གམ་གཉི༷ས་ལས་ལྷག༷་པ༷ར་བསྡ༵ད་པ་དང་། བདུན་པ་ནི། གལ་ཏེ་རྐྱེན་དགོས་ཀྱིས་དམག་གི་ནང་དུ་སྡོད་དགོས་བྱུང་ཡང་རང་དགར་གོ་མཚོན་ལ་རེག་པ་དང་། དམ༷ག་དཔུང་གི༷་རུ༷་བཤམས་བཀོ༷ད་སོགས་བྱེད༷་པ་ད༷ང་། བརྒྱད་པ་ནི། རང་ཁྲོས་པས་དགེ༷་སློ༷ང་གཞན་ལ་བརྡེག་གམ་བརྡེ༷ག་ཏུ་བཅུག་པས་ཕོག་པ་ན་བརྡེག་ཐང་དེ་སྙེད་ཀྱི་གྲངས་དང་། དགུ་
པ་ནི། ཁྲོས་པས་དགེ་སློང་གཞན་ལ་བརྡེ༷ག་པར་བརྩམ༷་པ་སྟེ་བརྡེག་ཚུལ་བྱས་པ་དེས་གོ་བ་དང་། བཅུ་པ་ནི། མཐོལ་ཡུལ་མཚན་ཉིདལྡན་པའི་དབུས་སུ། དགེ་སློང་གཞན་ལ་གན༷ས་ང༷ན་ལེ༷ན་གྱི༷་ལྟུ༷ང་བ༷་ཕམ་ལྷག་གང་རུང་བྱུང་བ་ངོ་ཤེས་སམ་ཐེ་ཚོམ་ཟབ་ལ་དགོས་པ་ཁྱད་པར་ཅན་མེད་བཞིན་དུ་འཆ༵བ་སྟེ་མཚན་མཐའ་འདས་ན་ལྟུང་བྱེད་དུ་འགྱུར་བ་རྣམས་སོ། །ཕམ་ལྷག་ལས་གཞན་པའི་ལྟུང་བ་གཞན་འཆབ་ན་ཉེས་བྱས་སོ། །བཅུ་ཚན་དྲུག་པ་ཁྱིམ་དང་སོགས་ཀྱི་སྡེ་ནི། དགེ་སློང་ཟས་གཅོད་མེ་ལ་རེག་ཏུ་བཅུག །དགེ་འདུན་ལས་ལ་འདུན་ཕུལ་ཕྱིར་ལྡོག་སྨྲ། །བསྙེན་མ་རྫོགས་དང་ནུབ་གཉིས་ལྷག་པར་ཉལ། །སྡིག་ལྟའི་ཆོས་ལུགས་མི་གཏོང་ཕེབས་པར་སྨྲ། །དགེ་ཚུལ་སྡིག་ལྟ་མི་གཏོང་ལྷན་ཅིག་ཉལ། །རུང་བའི་ཚོན་མིན་ཁ་དོག་ཅན་གོས་གྱོན། །རིན་ཆེན་དམག་ཆས་རོལ་མོའི་ཆས་ལ་རེག །ཚ་དུས་རང་གར་ཁྲུས་བྱེད། ཅེས་པ་སྟེ། བཅུ་ཚན་འདིའི་དང་པོ་ནི། དགེ༷་སློ༷ང་གཞན་ལ་ཁྱིམ་པས་དུས་རུང་གི་ཟ༷ས་འདྲེན་པ་ན་ངན་སེམས་ཀྱིས་དེ་འགོག་པའི་ཚིག་སྨྲས་ནས་གཅོ༷ད་དུ་བཅུག་པ་ཁྱིམ་པས་གོ་བ་དང་། གཉིས་པ་ནི། རྒོད་བག་གི་བསམ་པས་མེ༷་ལ༷་རེ༷ག་
གམ་རེག་ཏུ༷་བཅུག༵་པ་དང་། འདིར་ཆོས་ལྡན་གྱི་བྱ་བའི་ཆེད་དུ་གནང་བ་ཡིན་སྙམ་པས་དུས་དྲན་བསྟེན་དགོས་སོ། །གསུམ་པ་ནི། དགེ༷་འདུ༷ན་གྱིས་དགེ་སློང་གི་ཆེད་དུ་ལས༷་བྱས་ཤིང་ཆགས་པ་ལ༷་དང་པོ་འདུ༷ན་པ་ཕུལ༷་ནས་ཕྱིས་འདུན་པ་ཕྱི༷ར་བྱིན་ཅིག་ཅེས་ལྡོག༷་པའི་ཚིག་སྨྲ༵་བ་གོ་བ་དང་། བཞི་པ་ནི། བསྙེན༷་པར་མ༷་རྫོ༷གས་པ་ད༷ང་ལྷན་ཅིག་གནས་གཅིག་ཏུ་རྐྱེན་དགོས་མེད་པར་ནུབ༷་གཉི༷ས་ལས་ལྷག༷་པར་ཉལ༵་བས་ནུབ་གསུམ་འདས་ཏེ་བཞི་པའི་སྐྱ་རེངས་ཤར་བ་དང་། གལ་ཏེ་གནས་ཁང་གཅིག་ཏུ་ཉལ་ཡང་ཁྲུ་ཕྱེད་དང་དགུས་ཆོད་ན་ལྟུང་བ་མེད་དོ། །ལྔ་པ་ནི། ཆང་འཐུང་བ་དང་ཕྱི་དྲོ་ཟ་བ་སོགས་ཉེས་པ་མེད་དོ་ཞེས་སྡིག༷་པ་ཅན་གྱི་ལྟ༷་བའི༷་ཆོས༷་ལུ༷གས་སྨྲ་བ་ཉིད་བཟློག་བྱེད་ལྔའི་མཐའ་ལ་མི༷་གཏོང༷་བ་དང་། དྲུག་པ་ནི། དགེ་འདུན་གྱི་གནས་ནས་ཕྱུང་བའི་དགེ་སློང་དང་ལྷན་ཅིག་གཏམ་ཕེ༷བས་པ༷ར་སྨྲ༵་བ་སོགས་སྤྱོད་ལམ་མཐུན་པས་མཚན་མཐའི་སྐད་ཅིག་འདས་པ་དང་། བདུན་པ་ནི། དགེ༷་ཚུལ༷་སྡིག༷་ལྟ༷་མི་གཏོ༷ང་བ་དགེ་འདུན་གྱིས་བསྙིལ་བ་དང་ལྷ༷ན་ཅིག༷་ཉལ༵་བ་སོགས་སྤྱོད་ལམ་མཐུན་པས་མཚན་མཐའ་འདས་པ་དང་། བརྒྱད་པ་
ནི། ཆུ་ཚག་མ་གཏོགས་རུ༷ང་བ༷འི་ཚོ༷ན་གསུམ་གྱིས་ཁ་བསྒྱུར་བ་མི༷ན་པ་ཁ༷་དོ༷ག་དཀར་པོ་ཅ༷ན་གྱི་གོ༷ས་ཁྲུ་གང་ཡན་ཆད་གཞན་གྱིས་མ་གཡོགས་པར་གྱོན༵་ན་ལྟུང་བྱེད་དང་། ནག་པོའམ་ཁྲ་བོ། ཚོན་ཆེན་བརྒྱད་ཀྱིས་བསྒྱུར་བ་གྱོན་ན་ཉེས་བྱས་སོ། །དགུ་པ་ནི། ཆུད་འཛའ་བ་དང་། སྦྱིན་བདག་བསོད་ནམས་འདོད་པས་བསྟབས་པ་དང་། ཆོས་འཆད་པ་སོགས་དོན་ཁྱད་པར་ཅན་སྒྲུབ་པའི་སྐབས་མ་ཡིན་པར་རང་ལ་མི་དབང་བའི་ནོར་བུ་མུ་ཏིག་སོགས་རི༷ན་ཆེ༷ན་དང་། མདའ་མདུང་སོགས་དམ༷ག་ཆ༷ས། རྔ་བོ་ཆེ་སོགས་རོ༷ལ་མོ༷འི་ཆ༷ས་ལ༷་རྒོད་བག་གིས་རང་ངམ་བསྐོས་པས་རེ༵ག་པ་དང་། བཅུ་པ་ནི། དབྱར་ཟླ་གསུམ་དང་ན་བ་སོགས་གནང་བའི་དུས་མིན་པར། ཚ༷་བ་ཅུང་ཙམ་ཡོད་པའི་དུས༷་སུ་སྔར་ཁྲུས་བྱས་ནས་རིང་པོར་མ་ལོན་བཞིན་ར༷ང་ག༷ར་ཁྲུས༷་བྱེ༷ད་ཅིང་ལུས་ཕྱེད་ཆུར་ནུབ་པ་ན་ལྟུང་བར་འགྱུར་བ་རྣམས་སོ། །བཅུ་ཚན་བདུན་པ་བསམ་པ་སོགས་ཀྱི་སྡེ་ནི། དུད་འགྲོ་གསོད། །དགེ་སློང་བྱས་ལ་འགྱོད་པ་བསྐྱེད་གག་ཚིལ་བསྒོག །ཆུར་རྩེ་བུད་མེད་གནས་གཅིག་ཉལ་བ་དང་། །དགེ་སློང་དངངས་བྱེད་དེ་ཡི་ཡོ་བྱད་སྦེད། །སྔར་བྱིན་གདེངས་མེད་སླར་བླངས་སྤྱོད་
པ་དང་། །གཞི་མེད་སྐུར་བཏབ་བུད་མེད་ལྷན་ཅིག་ཏུ། །སྐྱེས་པ་མེད་པར་ལམ་འགྲོ། ཞེས་པ་སྟེ། བཅུ་ཚན་འདིའི་དང་པོ་ནི། བསོད་སེམས་ཀྱིས་དུད༷་འགྲོ༷འི་རིགས་གསོད་དམ་གསོ༵ད་དུ་བཅུག་ནས་ཇི་སྙེད་ཤི་བ་དེ་སྙེད་ཀྱི་དང་། གཉིས་པ་ནི། དགེ༷་སློང༷་བྱས༷་པ་གཞན་ལ༷་ཁྱོད་སྡོམ་པ་མ་སྐྱེས་ཞེས་སམ་ཡང་ན་ཉམས་སོ་ཞེས་སོགས་འགྱོ༷ད་པ་བསྐྱེད༷་པའི་ཚིག་སྨྲས་པ་དེས་གོ་བ་དང་། གསུམ་པ་ནི། དགེ་སློང་གཞན་གྱི་ལུས་སྐྱི་གཡའ་བར་བྱ་བའི་ཕྱིར་མཆན་ཁུང་སོགས་ལ་རེག་སྟེ་ག༷ག་ཚི༷ལ་བསྒོ༵ག་པ་དང་། བཞི་པ་ནི། རྒོད་བག་གི་བསམ་པས་ལུས་ཕྱེད་ནུབ་པའི་ཆུར༷་རྩེ༷་བའམ་རྩེར་བཅུག་པ་དང་། ལྔ་པ་ནི། ཁྲིམས་གྲོགས་མེད་པར་དགེ་སློང་བུ༷ད་མེ༷ད་དང་ལྷན་ཅིག་གན༷ས་གཅི༷ག་ཏུ་ཉལ༷་བ༷་ན་མཚན་མཐའ་འདས་པ་ད༵ང་། དྲུག་པ་ནི། དགེ༷་སློ༷ང་གཞན་དང༷ངས་པར་བྱེད༷་འདོད་པས་འཇིགས་སྣང་སྣ་ཚོགས་སྟོན་ནམ་སྟོན་དུ་བཅུག་པས་དེ་དངངས་པར་བྱེད་པ་དང་། བདུན་པ་ནི། དགེ་སློང་སོགས་རབ་བྱུང་སྡེ་ལྔ་གང་ཡང་རུང་བ་དེ༷་ཡི༷་ཆོས་གོས་དང་ལྷུང་བཟེད་སོགས་འཚོ་བའི་ཡོ༷་བྱད༷་གང་རུང་རྐུ་འདོད་དང་། ཕན་སེམས་མིན་པར་སྦེ༵ད་དམ་སྦེད་
དུ་བཅུག་ནས་སྦས་པ་དང་། བརྒྱད་པ་ནི། དགེ་སློང་གཞན་ལ་སྔར༷་རང་གིས་གོས་བྱིན༷་པ་རྐུ་སེམས་དང་ཡིད་བཅུག་མིན་པར་དེས་གནང་བའི་གདེ༷ངས་མེ༷ད་བཞིན་སླར༷་བླ༷ངས་ནས་ཅི་དགར་ལོངས་སྤྱོད༷་པ༷་ད༵ང་། དགུ་པ་ནི། མཐོང་ཐོས་དོགས་གསུམ་གྱི་གཞི༷་མེ༷ད་པའི་དགེ་སློང་གཞན་ལ་ལྷག་མ་བཅུ་གསུམ་གང་རུང་གིས་སྐུར༷་པ་བཏབ༷་པ་དེས་གོ་བ་དང་། བཅུ་པ་ནི། ཉེ་མིན་བུ༷ད་མེ༷ད་དང་ལྷ༷ན་ཅིག༷་ཏུ༵་སྐྱེས༷་པ༷འི་ཁྲིམས་གྲོགས་མེ༷ད་པ༷ར་ལ༷མ་དུ་འགྲོ༷་ན་རྒྱངས་གྲགས་རེ་ལ་ལྟུང་བ་རེ་དང་། དེའི་ཕྱེད་ལ་ཉེས་བྱས་སུ་འགྱུར་བ་རྣམས་སོ། །བཅུ་ཚན་བརྒྱད་པ་མགྲོན་མང་རྐུན་མ་ལ་སོགས་པའི་སྡེ་ནི། རྐུན་མའང་མཚུངས། །ཉི་ཤུ་མ་ལོན་པ་ལ་བསྙེན་རྫོགས་ཕོག །ས་བརྐོ་མགྲོན་བོས་ཟླ་བཞི་ལྷག་པར་ཟོས། །མི་ཤེས་བརྗོད་དང་འཐབ་པའི་ཉན་རྣ་བྱེད། །ཉེས་མེད་མི་སྨྲ་འགྲོ་དང་མི་གུས་འགལ། །ཆང་འཐུང་དུས་མིན་ཕྱི་དྲོ་གྲོང་དུ་རྒྱུ། །ཞེས་པ་སྟེ། བཅུ་ཚན་འདིའི་དང་པོ་ནི། ཤོ་གམ་མ་བྱིན་པའམ་རྐུ༷ན་མ༷་དང་ལྷན་ཅིག་འགྲོ་ནའང༷་སྔ་མ་དང་མཚུ༵ངས་ཏེ་རྒྱངས་གྲགས་འདས་པ་དང་། གཉིས་པ་ནི། བསྒྲུབ་བྱ་སྐྱེས་པ་མངལ་བཤོལ་བརྩིས་ཀྱང་ལོ་ཉི༷་ཤུ༷་མ༷་ལོ༷ན་པ༷་ལ༷་དེར་ཤེས་སམ་
ཡིད་གཉིས་ཀྱིས་བསྙེན༷་རྫོ༷གས་ཕོ༵ག་ན་ལས་བརྗོད་པ་གསུམ་པའི་བྱ་བ་བརྗོད་པ་རྫོགས་ནས་བྱེད་པ་བརྗོད་པ་འགོ་རྩོམ་པའི་ཚེ་མཁན་པོ་ལ་ལྟུང་བྱེད་དང་། སློབ་དཔོན་དང་དགེ་འདུན་ལ་ཉེས་བྱས་སུ་གྱུར་པ་དང་། གསུམ་པ་ནི། དགོས་པ་ཁྱད་པར་ཅན་མེད་པར་སོར་བཞི་ཡན་ཆད་ཀྱི་ས༷་བརྐོ༷་བའམ་བརྐོར་བཅུག་པ་དང་། བཞི་པ་ནི། སྦྱིན་བདག་གིས་དུས་ཇི་ཙམ་མགྲོ༷ན་དུ་བོ༷ས་པ་ལས་ལྷག་པར་འདུག་གམ། ཚིགས་བཞག་པ་མེད་ན་ཟླ༷་བ་བཞི༷་ལས་ལྷག༷་པ༷ར་བསྡད་ནས་ཟོ༵ས་པ་དང་། ལྔ་པ་ནི། དགེ་སློང་གཞན་གྱིས་རང་ལ་བསླབ་བསྐུལ་བྱེད་པ་ན་བསྐུལ་བ་པོ་ལ་ཁྱེད་ཀྱིས་མི༷་ཤེ༷ས་པས་གཞན་ལ་མ་དྲིས་པར་མི་སློབ་བོ་ཞེས་པ་ལྟ་བུ་ཁྱད་གསོད་ཀྱི་ཚིག་བརྗོ༷ད་པ་གོ་བ་དང༷་། དྲུག་པ་ནི། རང་དང་རྩོད་ཟླར་གྱུར་པའི་དགེ་སློང་གཞན་གཉིས་ཡན་ཆོད་གྲོས་བྱེད་པ་ལ་འཐ༷བ་མོ་པ༷་དེ་སླར་སྤར་བ༷འི་ཆེད་དུ་ཉན༷་རྣ༷་བྱེད༷་པས་རང་གི་དོན་གོ་བ་དང་། བདུན་པ་ནི། རང་ཁ་སྐོང་དུ་འོས་པའི་གསོ་སྦྱོང་སོགས་ཆོས་ལྡན་གྱི་ལས་གྲལ་དུ་འདུས་ནས་གསོལ་བ་ཙམ་ཡང་མ་བྱས་པའི་གོང་དུ་དགེ་འདུན་མཐུན་པ་སྒྲུབ་བྱེད་ཀྱི་འདུན་པ་མ་ཕུལ་བའམ་ལྟག་འོག་གི་དགེ་སློང་ལ་ཉེ༷ས་པ་མེ༷ད་པར་
ཅང་མི༷་སྨྲ༷་བར་འགྲོ༷་བ་སྟེ་ཐོས་པའི་ཉེས་འཁོར་ལས་འདས་པ་དང༷་། གསོལ་བ་ཐོས་ནས་ཕྱིན་ན་ཉེས་བྱས་དང་། རང་ཁ་སྐོང་དུ་མི་འོས་པ་སོགས་ལྟུང་བ་མེད་དོ། །བརྒྱད་པ་ནི། སྟོན་པ་སངས་རྒྱས་སམ་དགེ་འདུན་ནམ་དགེ་འདུན་ཞལ་ཏ་བས་རང་ལ་ཆོས་ལྡན་གྱི་བཀའ་བསྒོ་བའི་དོན་ལ་བདག་གིས་བསྒྲུབ་མི་ནུས་པའི་ཚུལ་གྱིས་ཤད་སྦྱང་མེད་པར་མི༷་གུ༷ས་པའི་རྣམ་པས་འག༵ལ་བར་བྱས་པ་དང་། དགུ་པ་ནི། ཕབ་བཏབ་པའི་འབྲུའི་ཆ༷ང་དང་། རྒུན་ཆང་སོགས་བཅོས་པའི་ཆང་དང་། དེ་དག་གི་སྦང་མ་སོགས་མྱོས་པའི་ནུས་པ་ཅན་འཐུ༷ང་ངམ་ཟ་འདོད་ཀྱིས་མགུལ་དུ་མིད་པ་དང་། གལ་ཏེ་བསྐོལ་བས་ཆང་གི་རོ་ནུས་ཉམས་པར་བྱས་པ་དང་། ནད་ལ་ཕན་པའི་ཕྱིར་ཁར་བསྲེལ་བ་ཙམ་དང་། ལུས་ལ་བསྐུས་པ་ཙམ་བྱས་ན་ཉེས་པ་མེད་དོ། །བཅུ་པ་ནི། དུ༷ས་མི༷ན་པར་རང་གླིང་གི་ཉི་མ་ཕྱེད་ཡོལ་ནས་ཕྱི༷་དྲོ༷་ཕན་ཆད་སང་སྐྱ་རེངས་མ་ཤར་གྱི་བར་རྐྱེན་དགོས་མེད་པར་དེར་འཁོད་ཀྱི་གྲོགས་ལ་མ་སྨྲས་པར་ཁྱིམ་པའི་གྲོ༷ང་དུ༷་རྒྱུ༵་བར་བྱེད་པས་རང་གི་སྒོ་གཏན་དང་ཉེ་འཁོར་ལས་འདས་ན་ལྟུང་བར་འགྱུར་བ་རྣམས་སོ། །བཅུ་ཚན་དགུ་པ་ཆོས་སྟོན་སོགས་ཀྱི་སྡེ་ནི། ཟས་བཅས་ཕྱི་དྲོ་རྒྱུ་དང་ཁྱིམ་གསུམ་འདས། །རྒྱལ་
པོ་བཙུན་མོར་རྩེ་བའི་ཁབ་ཏུ་ཉལ། །མདོ་སོགས་འདོན་ལ་ད་གདོད་ཤེས་ཟེར་དང་། །རིན་ཆེན་ཁབ་རལ་ཁྲི་རྐང་ལྷག་བཟོས། །ངན་སེམས་ཤིང་བལ་ཁྲི་སྟེང་བརྡལ་ཏེ་བགོས། །གདིང་གཡན་རས་ཆེན་ཆོས་གོས་ཚད་ལྷག་གོ། །ཞེས་པ་སྟེ། བཅུ་ཚན་འདིའི་དང་པོ་ནི། དགེ་སློང་གིས་སྔ་དྲོ་རང་ཚིག་གིས་དགེ་འདུན་རྣམས་ཁྱིམ་པའི་གནས་སུ་ཟ༷ས་ལ་སྤྱན་དྲངས་ནས། སྦྱིན་བདག་ལ་དང་བ་དང་བཅ༷ས་དུས་ལ་བྲིམ་ཞེས་མ་བསྒོས་པར་རང་ཉིད་ཁྱིམ་ནས་ཁྱིམ་གསུམ་བར་དུ་རྒྱུ་བས་དགེ་འདུན་གྱི་གདུགས་ཚོད་ལ་གནོད་པ་དང་། ཕྱི༷་དྲོ༷་ཡང་ཁྱིམ་ནས་ཁྱིམ་དུ་རྒྱུ༷་བ་ད༷ང་བཅས་པས་ཁྱིམ༷་གསུམ༷་ཕན་ཆད་འད༵ས་པས་དགེ་འདུན་གྱི་ཆོས་ཀྱི་ལོངས་སྤྱོད་ལ་གནས་པ་དང་། གཉིས་པ་ནི། ཆོས་ལྡན་གྱི་དོན་དུ་བོས་པ་སོགས་དགོས་པ་ཁྱད་པར་ཅན་མེད་བཞིན་རྒྱ༷ལ་པོ༷་བཙུ༷ན་མོ༷ར་རྩེ༷་བ༷་སྟེ་བཙུན་མོ་དང་བཅས་པའི༷་ཁ༷བ་ཏུ༷་ཉི་མ་དམར་ཐག་ཆོད་ནས་སྐྱ་རེངས་ཐ་མ་མ་ཤར་གྱི་བར་འགྲོ་ན་དེའི་ཉེ་འཁོར་ལས་འདས་པར་སླེབས་པའམ་ཉིན་མོ་ཕྱིན་ནས་མཚན་མོ་ཉལ༵་བ་དང་། གསུམ་པ་ནི། སོ་ཐར་གྱི་མདོ༷་སོ༷གས་འདོ༷ན་པ་ལ༷་ལན་གཉིས་ཡན་ཆད་ཐོས་ཤིང་མདོ་དེ་ལ་དོན་དེ་ཡོད་པར་
སྔར་ནས་ཤེས་ཀྱང་དོན་འདི་ཡོད་པ་ད༷་གདོ༷ད་ཤེས༷་སོ་ཞེས་འདུལ་བར་གཏོགས་པའི་བསླབ་པ་ཁྱད་གསོད་ཀྱི་ཚིག་ཟེ༷ར་བ་ཕ་རོལ་པོས་གོ་བ་ད༵ང་། བཞི་པ་ནི། བ་སོ་སོགས་རི༷ན་ཐང་ཆེ༷ན་པོའི་རིགས་ཀྱིས་ཁབ༷་ར༷ལ་བྱེད་དམ་བྱེད་དུ་བཅུག་སྟེ་ཟིན་པ་དང་། ལྔ་པ་ནི། དགེ་སློང་གིས་ཁྲི༷འམ་ཁྲིའུའི་རྐ༷ང་པ་ཁྲུ་གང་གི་ཚ༷ད་ལས་ལྷག༷་པར་བཟོས་པའམ་བཟོར་བཅུག་སྟེ་བཟོ༵ས་ཟིན་པ་དང་། དྲུག་པ་ནི། དགེ་སློང་ནི། དགེ་སློང་གིས་ང༷ན་སེ༷མས་ཀྱིས་ཤི༷ང་བ༷ལ་དགེ་འདུན་གྱི་ཁྲི༷འམ་ཁྲིའུའི་སྟེང༷་དུ་བརྡ༷ལ་ཏེ༷་བགོ༵ས་པར་བྱས་པ་དང་། བདུན་པ་ནི། གདི༷ང་བ་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་དོ་དང་སོར་དྲུག །བརྒྱད་པ་ནི། གཡ༷ན་དགབ་སྲིད་དུ་ཁྲུ་དྲུག་དང་། ཞེང་དུ་ཁྲུ་གསུམ། དགུ་པ་ནི། ར༷ས་ཆེ༷ན་སྲིད་དུ་ཁྲུ་དགུ་དང་། ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཚད་ཡིན་པ་དང་། བཅུ་པ་ནི། རང་རེ་ལ་སྟོན་པའི་སྐུ་ལུས་ཀྱི་ཚད་ཙམ་མེད་པར་དེའི་ཆོ༷ས་གོ༷ས་ཀྱི་ཚ༷ད་དམ་དེ་ལས་ལྷག༷་པར་བྱེད་དུ་བཅུག་སྟེ་ཟིན་པ་ན་ལྟུང་བར་གྱུར་པ་དག་གོ༵། །དེ་ལ་སྟོན་པའི་ཆོས་གོས་ཀྱི་ཚད་ནི་སྲིད་དུ་སྟོན་པ་ཉིད་ཀྱི་ཁྲུ་ལྔ་ཡིན་པས་མི་ཕལ་པའི་ཁྲུ་བཅོ་ལྔ་དང་། ཞེང་དུ་སྟོན་པ་ཁྲུ་གསུམ་ལ་ཕལ་པའི་ཁྲུ་
དགུ་ཡོད་དོ། །དེ་ལྟར་གདིང་བ། གཡན་དགབ། རས་ཆེན། ཆོས་གོས་རྣམས་ཚད་ལས་ལྷག་པར་བརྒལ་འདུག་ན་བཤགས་དགོས་པས། དེའི་ཚེ་ཁབ་རལ་བཅག་ཅིང་ཤིང་བལ་བསྡུ། ཁྲི་རྐང་དང་གོས་ཚད་ལྷག་སོང་བ་རྣམས་བཅད་ནས། བཤགས་ཡུལ་གྱིས་བཅག་གམ། བསྡུས་སམ། བཅད་དམ། ཞེས་དྲི་ནས་མ་བཤགས་ན་ཉེས་བྱས་སོ། །ལྔ་པ་སོར་བཤགས་ཀྱི་སྡེ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། སོ་སོར་བཤགས་བྱའི་སྡེ་ནི་བཞི་ཡིན་ཏེ། །ཞེས་པ་སྟེ། སྨྲེ་སྔགས་ཀྱི་རྣམ་པས་སོ༷་སོ༷ར་བཤ༷གས་པར་བྱ༷་བའི༷་སྡེ༷་ཚན་བཤད་པ་ནི༷་རབ་བྱུང་དང་ཁྱིམ་པའི་གཞི་ལས་གྱུར་པ་གཉིས་སུ་ཕྱེ་བས་བཞི༷ར་འགྱུར་བ་ཡི༷ན་ཏེ༵། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། དགེ་སློང་མ་ལས་གྲོང་དུ་ཟས་བསླངས་ཟོས། །ཁྱིམ་དུ་དགེ་སློང་མས་བསྒོས་མ་བཟློག་ཟོས། །བསླབ་སྡོམ་སྦྱིན་ལས་རུང་མིན་བསླངས་ཏེ་ཟོས། །ནགས་མ་ཉུལ་བར་དགོན་པར་བསླངས་ཟོས་བཞིའོ། །ཞེས་པ་སྟེ། དང་པོ་ནི། ཉེ་དུ་མ་ཡིན་པའི་དགེ༷་སློ༷ང་མ༷ས་རང་ཉིད་ཀྱིས་བཟའ་
བའི་ཆེད་དུ་བསྒྲུབས་པའི་དུས་རུང་གི་ཟས་དེ་ལ༷ས་གྲོ༷ང་ངམ་དེའི་ཉེ་འཁོར་དང་ལམ་པོ་ཆེ་གང་རུང་དུ༷་ཟ༷ས་དེ་ཉིད་བསླང༷ས་ཏེ་ཟོ༵ས་པ་དང་། གཉིས་པ་ནི། སྦྱིན་བདག་གིས་མགྲོན་དུ་བོས་པའི་ཁྱི༷མ་དུ་དགེ༷་སློ༷ང་མ༷ས་གྲལ་རིམ་པར་འབྲིམ་དུ་མི་འཇུག་པར་ངའི་མགྲོན་འདི་ལ་འདི་དྲོང་ཞེས་བསྒོ༷ས་ནས་འབྲིམ་བཅུག་པ་དགེ་སློང་གཅིག་གི་མ༷་བཟློག༷་པར་དགེ་སློང་ཇི་སྙེད་པས་ཟོ༵ས་པ་ལས་སོར་བཤགས་སུ་འགྱུར་པ་དང་། གསུམ་པ་ནི། དགེ་འདུན་བློ་མཐུན་པས་གསོལ་བའི་ལས་ཀྱིས་ཁྱིམ་པ་ཅི་རིགས་ལས་དགག་བྱ་དང་དགོས་པའི་དབང་གིས་ཟས་མི་སློང་བའི་བསླབ༷་སྡོམ༷་སྦྱིན༷་པ་ན། ཁྲིམས་དེར་གཏོགས་པའི་དགེ་སློང་གི་དེ་ལ༷ས་ལེན་དུ་རུང༷་བ་ལོ་མ་ལ་སོགས་པ་མོད་པ་མི༷ན་པའི་དུས་རུང་གི་ཟས་བསླང༷ས་ཏེ༷་ཟོ༵ས་པ་དང་། བཞི་པ་ནི། གྲོང་ལས་རྒྱངས་གྲགས་དཔགས་པའི་འཇིགས་བཅས་ཀྱི་གནས་སུ་དགེ་འདུན་གྱིས་ནགས་ཉུལ་བར་བསྐོས་པའི་དགེ་སློང་གིས་དགེ་འདུན་དང་སྦྱིན་བདག་གི་གནོད་པ་བསྲུང་བའི་བྱ་བ་འདིས་ཅི་བྱ་སྙམ་པས་ན༷གས་མ༷་ཉུལ༷་བ༷ར་དགོ༷ན་པ༷ར་ཁྱིམ་པ་ལས་དུས་རུང་གི་ཟས་བླང༷ས་ཏེ་ཟོ༷ས་པ་དང་བཞི༵འོ། །དྲུག་པ་ཉེས་བྱས་ཀྱི་སྡེ་ལ་གཉིས། མདོར་
བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཉེས་བྱས་བརྒྱ་དང་བཅུ་གཉིས་ཞེས་གྲགས་པ། །ཞེས་པ་སྟེ། ཉེས་པ་ཕྲ་མོའི་རང་བཞིན་ཡིན་པས་ཉེས༷་བྱས༷་ཞེས་བྱ་སྟེ་དེ་ལ་གྲངས་ནི་སྡོམས་ཀྱིས་བསྡུས་པ་བརྒྱ༷་ད༷ང་བཅུ༷་གཉི༷ས་ཞེ༷ས་གྲ༷གས་པ༵་རྣམས་འདི་ལྟར་རོ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ། སྡེ་ཚན་དགུ་ལས། དང་པོ་གོས་བགོ་བའི་སྡེ་ནི། ཤམ་ཐབས་ཟླུམ་མིན་བརྩེངས་འཇོལ་གླང་སྣ་འདྲ། །ལྟེབ་དང་ཕུར་མ་གདེངས་ཀ་ལྟ་བུ་བདུན། །ཟླུམ་མིན་རིང་ཐུང་སྟོད་གསུམ་གོས་ཀྱི་བཅུ། །ཞེས་པ་སྟེ། ཤ༷མ་ཐ༷བས་ཡས་མས་མཐོ་དམན་མི་མཉམ་པས་ཟླུམ༷་པོར་བགོ་བ་མི༷ན་པ་དང་། ཧ་ཅང་བརྩེང༷ས་ཆེ་བས་པུས་མོར་སླེབས་པ་དང་། འཇོ༷ལ་ཆེ་བས་ལོང་བུ་ལ་རེག་པ་དང་། གླ༷ང་པོའི་སྣ་དང་འདྲ༵་བས་མས་ཟུར་གྱི་གྲྭ་མདུན་རྒྱབ་ཏུ་འཆང་བ་དང་། སྐ་རགས་ཀྱི་གོང་དུ་ཏྰ་ལའི་ལོ་མ་ལྟར་བལྟེབ༷་པ་དང་། སྐ་རགས་ཀྱི་བར་ནས་འབྲུའི་ཕུར༷་མ༷་ལྟར་འབུར་བ་དང་། སྐ་རགས་ཀྱི་སྟེང་དུ་སྦྲུལ་གྱི་གདེ༷ངས་ཀ༷་ལྟ༷་བུ༷་མཐོ་དམན་འདུག་པ་སྟེ་མི་བྱེད་པ་བདུ༵ན་དང་། སྣམ་སྦྱར་དང་བླ་གོས་ཟླུམ༷་པོར་བགོས་པ་མི༷ན་པ་དང་། ཧ་ཅང་རི༷ང་བ་དང་། ཧ་ཅང་
ཐུ༷ང་བ་མ་ཡིན་པ་སྟེ་སྟོད༷་ཀྱི་གྱོན་ལུགས་གསུམ༷་བཅས་གོས༷་ཀྱི༷་བགོ་ཚུལ་ལ་ཉེས་པའི་ཆ་བཅུ༵་རྣམས་སོ། །གཉིས་པ་སྤྱོད་ཡུལ་དུ་འགྲོ་བའི་སྡེ་ཚན་ནི། མ་བསྡམས་བགོ་བ་ཅ་ཅོ་མིག་གཡེང་དང་། །རིང་ལྟ་མགོ་བསྟུམས་གོས་བརྫེས་ཕྲག་ལ་གཟར། །ལག་པ་གཉའ་གོང་བསྣོལ་དང་ལྟག་པར་བསྣོལ། །མཆོངས་བརྐྱང་རྐང་པའི་བྲང་དང་རྟིང་བཙུགས་འགྲོ། །ལག་པར་དཀུར་བརྟེན་ལུས་བསྒྱུར་ལག་པ་གཡུགས། །མགོ་བསྒྱུར་ཕྲག་པ་སྤྲད་དང་ལག་སྦྲེལ་རྣམས། །མི་བྱེད་ཁྱིམ་འགྲོའི་སྤྱོད་པ་ཉི་ཤུའོ། །ཞེས་པ་སྟེ། ཁྱིམ་དུ་འགྲོ་བའི་ཚེ་དྲན་ཤེས་ཀྱིས་ལུས་ངག་མ༷་བསྡ༷མས་པ་དང་། བླ་གོས་མཐང་གོས་སོགས་མེད་དཔའ་མ་ལེགས་པར་བགོ༷་བ༷་མ་ཡིན་པ་དང་། རང་དགར་ཅ༷་ཅོའི༷་སྒྲ་བྱེད་པ་དང་། མི༷ག་གཡས་གཡོན་དུ་གཡེ༷ང་བས་བལྟ་བ་ད༵ང་། མིག་གཉའ་ཤིང་གང་ལས་རི༷ང་བར་བལྟ༷་བ་དང་། མགོ༷་གོས་ཀྱིས་བསྟུམ༷ས་པ་དང་། ཤམ་ཐབས་སོགས་གོ༷ས་འདོམས་སྣང་བར་བརྫེ༷ས་པ་དང་། བླ་གོས་ཕྲ༷ག་པའི་ཕྱོགས་གཉིས་ལ༷་གཟ༵ར་བ་དང་། ལ༷ག་པ༷་གཉིས་གཉའ༷་གོ༷ང་དུ་བསྣོལ༷་བ་ད༷ང་། ལག་གཉིས་ལྟག༷་པ༷ར་བསྣོལ༵་བ་དང་། རང་དགར་མཆོ༷ངས་པ་དང་། གོམ་པ་
ཆེ་བས་སྒྱིད་པ་བརྐྱང༷་བ་དང་། རྟིང་པ་བཏེགས་ནས་རྐང༷་པ༷འི་བྲང༷་གིས་འགྲོ་བ་ད༷ང་། རྟིང༷་པ་བཙུག༷ས་ཏེ་ཙོག་པུས་འགྲོ༵་བ་དང་། ལ༷ག་པ༷་དཀུར༷་བརྟེན༷་ནས་གྲུ་མོ་བརྒྱངས་ཏེ་འགྲོ་བ་དང་། ལུས༷་དཀྱོགས་པོར་བསྒྱུར༷་ཏེ་འགྲོ་བ་དང་། ལ༷ག་པ༷་གཉིས་གཡུ༵གས་བཞིན་འགྲོ་བ་དང་། མགོ༷་གཡས་གཡོན་དུ་བསྒྱུར༷་ནས་འགྲོ་བ་དང་། གཞན་དང་ཕྲ༷ག་པ༷་སྤྲད༷་དེ་འགྲོ་བ་ད༷ང་། གཞན་དང་ལ༷ག་པ་སྦྲེལ༷་ཏེ་འགྲོ་བ་རྣམ༵ས་མི༷་བྱེད༷་པར་ཞི་དུལ་གྱིས་ཁྱིམ༷་དུ་འགྲོ་བའི༷་སྤྱོད༷་པ༷་ཉི༷་ཤུ༷་རྣམས་ལ་བསླབ་པར་བྱའོ༵། །གསུམ་པ་སྟན་ལ་འདུག་པའི་སྡེ་ཚན་ནི། སྟན་ལ་མ་བསྒོས་མ་བརྟགས་འཕོངས་བརྡེག་དང་། །རྐང་བརྐྱང་བསྣོལ་དང་བརླ་བསྣོལ་ལོང་བུ་བརྩེགས། །ཁྲི་འོག་རྐང་དགུག་རྐང་པ་གདངས་ཏེ་འདུག །འདོམས་མཐོང་རྣམ་སྤངས་འདུག་ཚུལ་དགུ་ཡིན་ནོ། །ཞེས་པ་སྟེ། གཞན་གྱི་ཁྱིམ་དུ་སྟན༷་ལ༷་ཁྱིམ་བདག་གིས་མ༷་བསྒོ༷ས་པར་འདུག་པ་དང་། སྲོག་ཆགས་ཡོད་མེད་མ༷་བརྟག༷ས་པར་འདུག་པ་དང་། ལུས་ལྗིད་ཕབ་ནས་འཕོ༷ངས་བརྡེ༷ག་གིས་འདུག་པ་ད༵ང་། རྐ༷ང་པ་བརྐྱང༷་སྟེ་བསྣོལ༷་ནས་འདུག་པ་ད༷ང་། བརླ་བསྣོལ༷་ནས་འདུག་པ་དང་། ལོང་བུའི་སྟེང་དུ་ལོ༷ང་བུ༷་བརྩེག༵ས་
ནས་འདུག་པ་དང་། ཧོར་འདུག་གི་རྣམ་པས་ཁྲི༷་འོ༷ག་ཏུ་རྐ༷ང་པ་དགུག༷་ནས་འདུག་པ་དང་། རྐ༷ང་པ༷་ཕན་ཚུན་གད༷ངས་ཏེ༷་འདུ༵ག་པ་དང་། འདོ༷མས་མཐོ༷ང་བར་བྱས་ནས་འདུག་པ་རྣམ༷ས་སྤ༷ངས་ཏེ་སྐྱིལ་ཀྲུང་སོགས་འདུ༷ག་ཚུལ༷་ལེགས་པས་འདུག་པ་བཅས་དགུ༷་པོ་ལ་བསླབ་པར་བྱ་བ་ཡི༷ན་ནོ༵། །བཞི་པ་ཟས་བསླང་བའི་སྡེ་ཚན་ནི། ལེགས་པར་མི་ལེན་མུ་ཁ་མཉམ་པར་ལེན། །མཐར་ཆགས་མི་ལེན་ལྷུང་བཟེད་ཟུར་མིག་བལྟ། །བཟེད་སྔས་སྔར་བྱུང་སྦས་ནས་བཟེད་པ་དང་། །སྣོད་གཞན་སྟེང་བཟེད་སྤང་བ་ཟས་བླང་བརྒྱད། །ཅེས་པ་སྟེ། འདུལ་བ་དང་མི་འགལ་བར་ཟས་ལེ༷གས་པ༷ར་མི༷་ལེ༷ན་པ་དང་། ལྷུང་བཟེད་ཀྱི་མུ༷་དང་ཁ༷་ད་ཆད་དུ་ལེན་པ་དང་། འབྲས་ཆན་དང་ཚོད་མའམ་ཟན་དང་བྱ་ན་མཉམ༷་པ༷ར་ལེ༷ན་པ་དང་། གྲལ་རིམ་ལྟར་མཐ༷ར་ཆ༷གས་སུ་མི༷་ལེ༷ན་པ་དང་། ལྷུང༷་བཟེ༷ད་ལ་ཡིད་གཏད་དེ་མི་ལེན་པར་ཟུར༷་མི༷ག་གིས་བལྟ༵་བ་དང་། ཟས་འདྲེན་པ་པོ་མ་སླེབས་པར་སྣོད་བཟེ༷ད་སྔས༷་པ་དང་། ལྷག་པོ་འདོད་པས་ཟས་སྔར༷་བྱུང༷་སྦས༷་ན༷ས་ཡང་བཟེ༷ད་པ༷་ད༵ང་། སྣོད༷་གཞ༷ན་གྱི་སྟེང༷་དུ་ལྷུང་བཟེ༷ད་བཟུང་ནས་བཟེད་པ་རྣམས་སྤང༷་བ༷ར་བྱས་ཏེ་ཟ༷ས་བླང༷་བ་ལ་བསླབ་པར་བྱ་བ་བརྒྱད༵་
དོ། །ལྔ་པ་ཟས་ཟ་བའི་སྡེ་ཚན་ནི། འགལ་ཟ་ཁམ་ཆེ་ཆུང་དང་རན་པར་མིན། །ཁ་གདངས་ཟ་བཞིན་སྨྲ་དང་ཙུག་ཙུག་དང་། །ཅག་ཅག་ཧུ་ཧུ་ཕུ་ཕུ་ལྕེ་ཕྱུང་། །འབྲུ་ནས་གུད་ཕྱེ་ཟས་ལ་སྐྱོན་འཕྱ་དང་། །ཁམ་གཅིག་མཁུར་སྤོ་རྐན་ཏོག་ཁམ་འཕྲོ་བཅད། །ལག་པ་ལྡག་འགྱོག་ལག་སྤྲུག་སྐྱོམ་སྐྱོམ་བྱེད། །མཆོད་རྟེན་འདྲར་བྱེད་ཉེར་གཅིག་ཟ་ཚེ་སྤངས། །ཞེས་པ་སྟེ། འདུལ་བ་དང་འག༷ལ་བས་ལེགས་པར་མི་ཟ༷་བ་དང་། ཟས་ཀྱི་ཁ༷མ་ཧ་ཅང་ཆེ༷་བ་དང་། ཧ་ཅང་ཆུང༷་བ་ད༷ང་། རང་ངམ་འཇིག་རྟེན་དང་མཐུན་པའི་ཁམ་ར༷ན་པ༷ར་མི༵ན་པ་དང་། ཁམ་ཁ་སྒོར་མ་སླེབས་གོང་ནས་ཁ༷་གདང༷ས་པ་དང་། ཟ༷་བཞིན་དུ་གཏམ་སྨྲ་བ་དང༷་། ཟ་བའི་ཚེ་སྐྱུར་བ་ལ་ཙུག༷་ཙུག༷་ད༵ང་། མངར་བ་ལ་ཅག༷་ཅག༷་དང་། གྲང་བ་ལ་ཧུ༷་ཧུ༷་དང་། ཚ་བ་ལ་ཕུ༷་ཕུའི༷་སྒྲ་དང་བཅས་པ་དང་། ལྕེ༷་ཕྱིར་ཕྱུང༷་ནས་ཟ༵་བ་དང་། ཡོས་སོགས་འབྲུ༷་རེ་རེ་ན༷ས་གུད༷་དུ་ཕྱེ༷་སྟེ་ཟ་བ་དང། ཟས༷་ལ༷་སྐྱོན༷་བརྗོད་ནས་འཕྱ༷་སྨོད་བྱས་པ་ད༵ང་། ཁམ་གཅིག་མཁུར་བ་གཡས་གཡོན་དུ་སྤོ༷་ཞིང་ཟ་བ་དང་། རྐ༷ན་ཏོག༷་ཅིང་ཟ་བ་དང་། དུད་འགྲོ་ལྟར་ཁ༷མ་འཕྲོ༷་བཅ༵ད་དེ་ཟ་བ་དང་། ལ༷ག་པ༷་ཟས་ཆགས་པ་ལྕེས་ལྡག༷་
པ་དང་། ལྷུང་བཟེད༷་དང་ཕོར་པ་སོགས་ལྕེས་ལྡག་ཅིང་མཛུབ་མོ་དང་ཐུར་མས་བྲད་ནས་འགྱོག༷་པ་དང་། ལ༷ག་པ་ལ་ཟས་ཆགས་པ་སྤྲུག༷་པ་དང་། ཟས་དང་བཅས་པའི་ལྷུང་བཟེད་སོགས་སྐྱོམ༷་སྐྱོམ༷་བྱེད༵་པ་དང་། ཟས་ལ་མཆོ༷ད་རྟེན༷་གྱི་གཟུགས་འདྲ༷་བར༷་བྱེད༷་ནས་གཞོམ་ཞིང་ཟ་བ་རྣམས་དེ་ལྟར་ཉེར༷་གཅི༷ག་པོ་ཟས་ཟ༷་བའི་ཚེ༷་སྤང༵ས་ལ་ཚུལ་བཞིན་དུ་ཟ་བ་ལ་བསླབ་པར་བྱའོ། །དྲུག་པ་ལྷུང་བཟེད་ལ་སྤྱོད་པའི་སྡེ་ཚན་ནི། ལྷུང་བཟེད་ལ་འཕྱ་ཕྱིར་བལྟ་ལག་པ་ནི། །ཟས་འབགས་ཆུ་སྣོད་མི་རེག་ཆུ་མི་གཏོར། །མ་དྲིས་འབགས་ཆུ་འཕོ་དང་ཟས་ལྷག་བཞག །ས་རྗེན་གད་ཁ་རི་གཟར་བང་རིམ་བཞིར། །མི་བཞག་གད་གཡང་རྐན་གཟར་དུ་མི་འཁྲུ། །ལངས་དང་ཆུ་དྲག་མི་བཅུ་བཅུ་བཞིའོ། །ཞེས་པ་སྟེ། གཞན་གྱི་ལྷུ༷ང་བཟེ༷ད་ལ༷་འཕྱ༷་བའི་ཕྱིར༷་བལྟ༷་བར་མི་བྱ་བ་དང་། ལ༷ག་པ༷་ལ་ནི༵་ཟ༷ས་ཀྱིས་འབ༷གས་པས་ཆུ༷་སྣོད༷་ལ་མི༷་རེ༷ག་པ་དང་། ཟས་དང་བཅས་པའི་འབགས་ཆུ༷་དྲུང་ན་ཡོད་པའི་དགེ་སློང་ལ་མི༷་གཏོ༷ར་བ་དང་། ཁྱིམ་བདག་ལ་མ༷་དྲི༷ས་པར་ཟས་དང་འབ༷གས་པའི་ཁྲུས་ཆུ༷་དེའི་ཁྱིམ་དུ་འཕོ༷་བར་མི་བྱེད་པ་ད༷ང་། ཟ༷ས་ལྷག༷་ལྷུང་བཟེད་དུ་བཞ༵ག་ནས་མི་འདོར་བ་དང་། ལྷུང་བཟེད་འོག་
གཞི་མེད་པའི་ས༷་རྗེ༷ན་དང་། གད༷་ཁ༷་དང་། རི༷་དོ་ཆད་ཀྱི་གཡང་གཟ༷ར་པོ་དང་། རི་གཟར་པོ་རལ་བར་གཞོལ་བ་བ༷ང་རི༷མ་ཅན་ཏེ་དེ་བཞི༵ར་མི༷་བཞ༷ག་པ་དང་། དེ་བཞིན་དུ་ག༷ད་ཁ་དང་། གཡ༷ང་ས་དང་། རྐ༷ན་གཟ༷ར་དུ༷་ལྷུང་བཟེད་མི༷་འཁྲུ༵་བ་དང་། ལ༷ངས་ཏེ་ལམ་གྱི་གཞི་མདོ་རྣམས་སུ་མི་བཀྲུ་བ་ད༷ང་། འབབ་ཆུ༷་དྲག་པོའི་རྒྱུན་ལས་ལྡོག་སྡེ་ལྷུང་བཟེད་ཀྱི་ཆུ་མི༷་བཅུ༷་བ་སྟེ་བཅུ༷་བཞི༷་པོ་ལ་བསླབ་པར་བྱའོ༵། །བདུན་པ་ཆོས་འཆད་པའི་སྡེ་ཚན་ནི། ཆོས་སྟོན་སྡེ་ནི་ལངས་ཉལ་རང་དམར་འདུག །མདུན་ནས་འགྲོ་ལ་ཕྱི་བཤད་ལམ་པོའི་འགྲམ། །མགོ་གཡོགས་བརྗེས་གཟར་ལག་པ་གཉའ་ལྟག་བསྣོལ། །དོ་ཀེར་བཅིངས་དང་ཞྭ་གྱོན་ཅོད་པན་བཏགས། །ཕྲེང་བ་དང་ནི་མགོ་དཀྲིས་གླང་རྟ་ཞོན། །ཁྱོགས་དང་བཞོན་པ་མཆིལ་ལྷྭམ་གྱོན་པ་དང་། །མཁར་བ་གདུགས་མཚོན་རལ་གྲི་དགྲ་ཆ་མདའ། །གོ་ཆ་གྱོན་ལ་མི་བཤད་ཉེར་དྲུག་གོ། །ཞེས་པ་སྟེ། ཆོ༷ས་སྟོན༷་པའི་སྡེ༷་ཚན་འདི་ནི༷་ཉན་པ་པོ་མིན་བཞིན་དུ་འདུག་པ་ལ་འཆད་པ་པོ་ལ༷ངས་ཏེ་ཆོས་མི་འཆད་པ་དང་། དེ་བཞིན་དུ་ཉན་པ་པོ་མལ་སར་ཉལ༷་ནས་ཡོད་པ་ཅན་དང་། ཉན་པ་པོ་སྟན་མཐོ་སར་
འདུག་པ་ལ་ར༷ང་ཉིད་དམ༷འ་བར༷་འདུ༵ག་ནས་དང་། མདུ༷ན་ན༷ས་འགྲོ༷་བ་ལ༷་ཕྱི༷་བཞིན་འོང་ནས་བཤ༷ད་པ་དང་། ལ༷མ་པོ༷འི་དབུས་ནས་འགྲོ་བ་ལ་འགྲ༵མ་ནས་འགྲོ་བཞིན་པས་དང་། མི་ན་བར་མགོ༷་གོས་སོགས་ཀྱིས་གཡོ༷གས་པ་དང་། གོས་ཧ་ཅང་བརྫེས་པ་དང་། གོས་ཕྲག་པར་གཟ༷ར་བ་དང་། ལ༷ག་པ༷་གཉིས་གཉའ༷་གོང་དུ་བསྣོལ་བ་དང་། ལྟག༷་པར་བསྣོལ༵་བ་དང་། སྐྲ་སྤྱི་བོར་བསྡུས་ནས་དོ༷་ཀེ༷ར་ཏེ་ཐོར་ཅོག་བཅི༷ངས་པ་ད༷ང་། ཞྭ༷་གྱོན༷་པ་དང་། མགོ་ལ་ཅོད༷་པ༷ན་བཏག༵ས་པ་དང་། མགོ་ལ་རྒྱན་གྱི་ཕྲེང༷་བ༷་བཅིངས་པ་ད༷ང་ནི༷། མགོ༷ར་ལྭ་ཐོད་ཀྱིས་དཀྲིས༷་པ་ད་ང། གླ༷ང་པོ་ཆེ་ལ་ཞོན་པ་དང་། རྟ༷་ལ་ཞོ༵ན་པ་དང་། ཁྱོག༷ས་ཀྱིས་བཏེགས་པ་དང༷་། བཞོ༷ན་པ༷་གཞན་ཤིང་རྟ་སོགས་ལ་ཞོན་པ་དང་། མཆི༷ལ་ལྷྭམ༷་གྱོན༷་པ༷་ད༵ང་། ལག་ན་མཁ༷ར་བ༷་ཐོགས་པ་དང་། གདུག༷ས་ཐོགས་པ་དང་། མདུང་སོགས་མཚོ༷ན་ཆ་ཐོགས་པ་དང་། ར༷ལ་གྲི༷་ཐོགས་པ་དང་། དགྲ༷་ཆ༷་སྟེ་མད༵འ་གཞུ་ཐོགས་པ་དང་། གོ༷་ཆ༷་གྱོན༷་པ་རྣམས་ལ༷་ཆོས་མི༷་བཤ༷ད་པ་སྟེ་ཉེར༷་དྲུ༷ག་པོར་བསླབ་པར་བྱས་ནས་ཚུལ་བཞིན་དུ་བཤད་པ་ལ་འཇུག་གོ༵། །དེ་ཡང་ཉན་པ་པོ་ན་བའི་རྐྱེན་དབང་དུ་གྱུར་པ་སོགས་ལ་ནི་
ཉེས་པ་མེད་དོ། །བརྒྱད་པ་སྒྲུབ་པའི་སྡེ་ཚན་ནི། སྒྲུབ་ཚུལ་གསུམ་ནི་འགྲེངས་ཏེ་བཤང་གཅི་འདོར། །ཆུ་དང་རྩྭ་ལ་བཤང་གཅི་སྣབས་མི་འདོར། །ཞེས་པ་སྟེ། སྒྲུབ༷་པའི་ཚུལ༷་ལ་བསླབ་བྱ་གསུམ༷་པོ་ནི༷་མི་ན་བར་འགྲེ༷ངས་ཏེ༷་བཤ༷ང་གཅི༷་མི་འདོ༵ར་བ་དང་། གཞན་དུ་འདོར་ས་མ་རྙེད་པའི་རྐྱེན་མེད་པར་ཆུ༷་ཡི་ནང་དུ་དང༷་། རྩྭ༷་སྔོན་པོ་ཡོད་པའི་ཕྱོགས་ལ༷་བཤ༷ང་གཅི༷་དང་མཆིལ་སྣབ༷ས་སྟུགས་པ་སོགས་མི༷་འདོ༵ར་བ་ལ་བསླབ་པར་བྱའོ། །དགུ་པ་རྒྱུ་བའི་བསླབ་བྱ་གཅིག་ནི། ཤིང་ལ་མི་གང་མཐོར་འཛེག་རྒྱུ་གཅིག་གོ། །ཞེས་པ་སྟེ། སྟག་ལ་སོགས་པའི་གནོད་པ་མེད་པར་ཤི༷ང་ལ༷་མི༷་ག༷ང་ཙམ་ལས་མཐོ༷་བར༷་འཛེ༷གས་པར་མི་བྱ་བ་སྟེ་རྒྱུ༷་བའི་བསླབ་བྱ་གཅི༷ག་གོ༵། །གཉིས་པར་དགེ་སློང་མའི་དགག་པའི་བསླབ་བྱ་བཤད་པ་ནི། དགེ་སློང་མ་ལ་ཕམ་བརྒྱད་ལྷག་ཉི་ཤུ། །སྤང་ལྟུང་སོ་གསུམ་ལྟུང་བྱེད་བརྒྱ་བརྒྱད་ཅུ། །སོར་བཤགས་བཅུ་གཅིག་ཉེས་བྱས་བརྒྱ་བཅུ་གཉིས། །སུམ་བརྒྱ་དྲུག་ཅུ་རྩ་བཞི་མདོ་ཙམ་མོ། །ཞེས་པ་སྟེ། དགེ༷་སློ༷ང་མ༷འི་དགག་པའི་བསླབ་བྱ་ལ༷་མི་ཚངས་པར་སྤྱོད་པ་སོགས་ཐུན་མོང་བ་བཞི་དང་། རེག་པ་ལུས་
བཀན་འཆབ་དང་བཟློག་པའོ། །ཞེས་ཐུན་མིན་བཞི་སྟེ་ཕ༷མ་པ་བརྒྱད༷་དང་། སྨྱན་བྱས་པ་གཞི་མེད་ནས་བཀའ་བློ་མི་བདེ་བའི་བར་ཐུན་མོང་བ་བདུན་དང་། ལྕི་ཡང་ལེན་པ་སོགས་ཐུན་མིན་བཅུ་གསུམ་སྟེ་ལྷག༷་མ་ཉི༷་ཤུ༵་དང་། འཆང་བྲལ་འཇོག་གསུམ་ཐུན་མོང་བ་བཅུ་དགུ་དང་། ལྷུང་བཟེད་ལྷག་པོ་ཞག་གཅིག་འདས་པར་འཆང་བ་སོགས་ཐུན་མིན་བཅུ་བཞི་སྟེ་སྤང༷་བའི་ལྟུང༷་བ་སོ༷་གསུ༷མ་དང་། ཤེས་བཞིན་རྫུན་སྨྲ་སོགས་ཐུན་མོང་བ་བདུན་ཅུ་རྩ་གཉིས་དང་། བསྙེན་པར་རྫོགས་ནས་ལོ་བཅུ་གཉིས་མ་ལོན་པར་གཞན་གྱི་མཁན་མོ་བྱེད་པ་སོགས་ཐུན་མིན་བརྒྱ་དང་བརྒྱད་དེ་ལྟུང༷་བྱེད༷་བརྒྱ༷་དང་བརྒྱད༷་ཅུ༵་དང་། བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པ་ཐུན་མོང་བ་གཅིག་དང་། འོ་ཞོ་མར་ཞུན་སློང་བ་སོགས་ཐུན་མིན་བཅུ་སྟེ་སོ༷ར་བཤ༷གས་བཅུ༷་གཅི༷ག་པོ་དང་། མ་བསྒོས་པར་སྟན་ལ་འདུག་པ་དང་། རྩྭ་སྔོན་ཁྲོད་དུ་མི་གཙང་བ་འདོར་བ་མ་གཏོགས་པའི་ཐུན་མོང་བ་བརྒྱ་དང་བཅུ། ཤམ་ཐབས་རྙེད་པ་སྣང་བར་དཀྲི་བ་དང་། ཆགས་པས་ཁྱིམ་གཞན་དུ་འགྲོ་བ་སྟེ་ཐུན་མིན་གཉིས་དང་བཅས་ཉེས༷་བྱས༷་བརྒྱ༷་དང་བཅུ༷་གཉིས༵་ཏེ། ཐམས་ཅད་བསྡོམས་པས་སུམ༷་བརྒྱ༷་དང་དྲུག༷་ཅུ༷་
རྩ༷་བཞི༷་བསྲུང་བར་བྱ་བ་ཡིན་ནའང་། བོད་འདིར་དགེ་སློང་མའི་སྡོམ་རྒྱུན་མ་དར་བས་མདོ༷ར་བསྡུས་པ་དེ་ཙམ༷་མོ༵། །གཉིས་པ་མཐུན་ཕྱོགས་བསྒྲུབ་པའི་བསླབ་བྱ་ལ་གསུམ། བསླབ་པ་ཡོངས་སུ་སྦྱོང་བའི་གཞི་གསུམ། །བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ། འདིར་མ་སྨོས་ཀྱང་ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞིའོ། །དང་པོ་ནི། བསྒྲུབ་པའི་བསླབ་བྱ་ཡོངས་སུ་སྦྱོང་བའི་ཚུལ། །གསོ་སྦྱོང་དབྱར་གནས་དགག་དབྱེ། ཞེས་པ་སྟེ། མཐུན་ཕྱོགས་བསྒྲུབ༷་པ༷འི་བསླ༷བ་བྱ༷་ནི་སྐྱོན་ཡོ༷ངས་སུ༷་སྦྱོང༷་བ༷འི་ཚུལ༵་གྱིས་བསླབ་པ་ཉིད་གོང་ནས་གོང་དུ་འཕེལ་བའི་ཐབས་བསླབ་པ་ཉམས་པ་གསོ༷་ཞིང་སྤང་བྱ་སྡིག་པ་སྦྱོང༷་བའི་གཞི་དང་། དགོས་ཆེད་རྣམ་པ་བཅུའི་ཕྱིར་དབྱར༷་སྔ་ཕྱི་གང་རུང་ལ་ཟླ་བ་གསུམ་དུ་གནས༷་པ་དང་། དེའི་རིང་ལྟུང་བ་གླེང་བ་དང་རྫས་བགོ་བ་དག༷ག་པར་སྐབས་དབྱེ༷་བའོ། །འདི་དག་ཅུང་ཟད་ཞིབ་ཏུ་འཆད་ན། སྤྱིར་འདུལ་བ་གཞིས་བསྟན་དོན་གཞི་བཅུ་བདུན་ཡོད་པ་ལས། དང་པོ་རབ་བྱུང་གི་གཞི་ནི་སྡོམ་པ་མ་ཐོབ་པ་ཐོབ་པའི་ཚུལ་ཏེ་སྔོན་དུ་སོང་། དེ་ལྟར་ཐོབ་པའི་བསླབ་པ་ཡོངས་སྦྱོང་གི་གཞི་ལ། འདིར་གསོ་སྦྱོང་
དབྱར་གནས། དགག་དབྱེ་གསུམ་གཙོ་བོར་སྟོན་པ་ལས། དང་པོ་གསོ་སྦྱོང་གི་ཚུལ་ལ་གཉིས། སྔར་བསགས་ཀྱི་སྒྲིབ་པ་སྦྱོང་ཞིང་ལྷག་པ་སེམས་དང་ཤེས་རབ་དག་པར་བྱ་བའི་ཕྱིར་གཞི་ནས་ཀྱི་གསོ་སྦྱོང་དང་། ཕྱིས་འབྱུང་གི་རྒྱུན་ཚེ་འདིའི་ཟག་པ་སྡོམ་ཞིང་ལྷག་པ་ཚུལ་ཁྲིམས་དག་པར་བྱ་བའི་ཕྱིར་མཐུན་པའི་གསོ་སྦྱོང་ངོ་། །དང་པོ་ནི། གཞི་ཚུལ་ཁྲིམས་ལ་གནས་པའི་གང་ཟག་འདོད་ཆུང་ཆོག་ཤེས་དང་ལྡན་པ་དེས། ལམ་གྱི་རྒྱུ་སྡེ་སྣོད་ཀྱི་གཞུང་ཐོས་ཤིང་། ཐོས་དོན་བསམ། བསམ་དོན་བསྒོམ་པར་བྱེད་པ་སྟེ། དེ་ལ་སྤོང་བའི་གནས་དེར་འགལ་སྤོང་མཐུན་སྒྲུབ་ཀྱི་རྐྱེན་ཚོགས་པ་ན། བསྒོམ་བྱ་ལམ་གྱི་ངོ་བོ་ལ། གཞི་གནས་དང་། ལྷག་མཐོང་གཉིས་ལས། དང་པོ་ལ། འདོད་ཆགས་ཤས་ཆེ་བའི་གཉེན་པོར་མི་སྡུག་པ་བསྒོམ་པ་སྟེ། མདོག་དབྱིབས་རེག་བྱ་བསྙེན་བཀུར་ལ། །ཆགས་པའི་གཉེན་པོ་འདུ་ཤེས་དགུ། །རིམ་བཞིན་རྣམ་པར་སྡོད་མེར་ཚིག །རྣམ་པར་གནག་ཟོས་འཐོར་བ་དང་། །འབུས་གཞིག་རུས་གོང་རྒྱུས་པ་འབྲེལ། །བེམ་པོའི་རང་བཞིན་གཡོ་བ་མེད། །ཅེས་པའི་སྡོམ་ལྟར་དང་། ཞེ་སྡང་གི་གཉེན་པོར་
བྱམས་པ་བསྒོམ་པ་དང་། གཏི་མུག་གི་གཉེན་པོར་རྟེན་ཅིང་འབྲེལ་བར་འབྱུང་བར་བསྒོམ་པ་དང་། རྣམ་རྟོག་ཤས་ཆེ་པའི་གཉེན་པོར། མདོ་ལས། སེམས་[དམིགས་པ་གཏད་ནས་]འཇོག་པར་བྱེད། [དེའི་རྒྱུན་གཡེང་བར་མི་འགྱུར་བས་]ཀུན་ཏུ་འཇོག་པར་བྱེད། [རྣམ་པར་གཡེང་ན་སླར་ཡང་]ངེས་པར་འཇོག་པར་བྱེད། [ཡང་སེམས་ནང་དུ་བསྡུ་བས་]ཉེ་བར་འཇོག་པར་བྱེད། [ཏིང་ངེ་འཛིན་ལ་སེམས་མི་དགའ་བ་]དུལ་བར་བྱེད། [ཉོན་མོངས་པ་དང་རྣམ་རྟོག་]ཞི་བར་བྱེད། [སྒྲིབ་པ་ལྔ་]ཉེ་བར་ཞི་བར་བྱེད། [འདུ་བྱེད་པ་དང་བཅས་པས་]རྒྱུད་གཅིག་ཏུ་བྱེད། [འདུ་བྱེད་པ་མེད་པར་]མཉམ་པར་འཇོག་པར་བྱེད། ཅེས་པ་ལྟར། སེམས་གནས་པའི་ཐབས་དགུས་འདོད་པའི་སེམས་རགས་པ་ཞི་བར་བྱས་ནས་ཞི་གནས་འགྲུབ་པར་བྱེད་པའོ། །གཉིས་པ་ལྷག་མཐོང་ནི། སྔ་མ་ལས། ཞི་གནས་གྲུབ་པར་གྱུར་པ་ཡིས། །དྲན་པ་ཉེར་བཞག་བསྒོམ་པར་བྱ། །ཞེས་པས་ལུས་ཚོར་སེམས་ཆོས་བཞི་ལ་གཙང་བདེ་རྟག་བདག་ཏུ་ལྟ་བའི་གཉེན་པོར། རང་མཚན་མི་གཙང་བ་སོགས་དང་། སྤྱི་མཚན་མི་རྟག་པ་སོགས་བཞིར་བསྒོམ་པའི་རྣལ་འབྱོར་ལ་སྤྱོད་ཅིང་། དེ་ལྟར་ཚོགས་
ལམ་ལ་སོགས་པའི་ལམ་ལྔ་བྱང་ཕྱོགས་སོ་བདུན་གྱི་རིམ་པས་བགྲོད་དེ། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་ཐོབ་པར་བྱེད་པའོ། །གཉིས་པ་ཕྱིས་འབྱུང་གི་རྒྱུན་ཚེ་འདིའི་ཟག་པ་སྡོམ་ཞིང་ལྷག་པ་ཚུལ་ཁྲིམས་དག་པར་བྱ་བའི་ཕྱིར་མཐུན་པའི་གསོ་སྦྱོང་ནི། ཀརྨ་ཤ་ཏཾ་ལས། མཐུན་པའི་གསོ་སྦྱོང་ནི་རྣམ་པ་ལྔ་སྟེ། བཅུ་བཞི་པ་དང་། བཅོ་ལྔ་པ་དང་། བཀྲ་ཤིས་པའི་གསོ་སྦྱོང་དང་། གནོད་པ་དབྱུང་བའི་གསོ་སྦྱོང་དང་། བསྡུམ་པའི་གསོ་སྦྱོང་དང་ལྔའོ། །ཞེས་པ་ལྟར་ལྔ་སྟེ། སྤྱིར་གསོ་སྦྱོང་གི་ཚུལ་ཇི་ལྟར་བྱ་བ་ལ། ལྟུང་བ་བཤགས་སྡོམ་བྱིན་བརླབ་བྱ་བ་སོགས་ནས་བག་ཡོད་པར་གདམས་པ་དང་། མ་ལྷགས་པ་ཡོད་ན་འདུན་པ་བླངས་ནས་བརྗོད་པའི་བར་སྦྱོར་བའི་ཆོས་རྣམས་སྔོན་དུ་སོང་ནས། དགེ་འདུན་ཐུགས་བསྟུན་ཏེ་མདོ་འདོན་པ་དངོས་གཞི་སྟེ། དེ་ལ་དང་པོ་བཅུ་བཞི་པ་ནི། ལོ་དྲིས་ལས། རྒྱལ་དང་དབོ་དང་ས་ག་དང་། །ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱིས་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་པ་ལྟར་ལོ་རེ་ལ་གསོ་སྦྱོང་བཅུ་བཞི་པ་དྲུག་དང་། གཉིས་པ་བཅོ་ལྔ་
པ་ནི། ཟླ་བ་དེ་རྣམས་ཀྱི་ཡར་ངོའི་དྲུག་དང་། ཟླ་བ་གཞན་དྲུག་པོའི་ཡར་ངོ་མར་ངོའི་དྲུག་དྲུག་སྟེ་བཅོ་བརྒྱད་ལ་གསོ་སྦྱོང་བཅོ་ལྔ་པ་བྱེད་པ་ནི་ཞག་མི་ཐུབ་པ་དོར་བའི་དབང་གིས་སོ། །དེ་དག་ནི་དུས་ངེས་པའི་གསོ་སྦྱོང་ངོ་། །གསུམ་པ་བཀྲ་ཤིས་པའི་གསོ་སྦྱོང་ནི། རྟེན་གསུམ་རབ་ཏུ་གནས་པ་སོགས་དམིགས་བསལ་བཀྲ་ཤིས་པའི་དུས་སུ་བྱ་བའོ། །བཞི་པ་གནོད་པ་དབྱུང་བའི་གསོ་སྦྱོང་ནི། ནད་ཡམས་སོགས་གནོད་པ་བྱུང་ཟིན་བཟློག་པའམ། སླར་མི་འབྱུང་བའི་ཕྱིར་བྱེད་པའོ། །ལྔ་པ་བསྡུམ་པའི་གསོ་སྦྱོང་ནི། དགེ་འདུན་རྣམས་དབྱེན་བསྡུམ་པའམ་འཁོན་པ་བསྡུམ་པའི་ཕྱིར་བྱ་བའོ། །འདི་རྣམས་ནི་དུས་མ་ངེས་པའི་གསོ་སྦྱོང་ཞེས་བྱ་སྟེ། གསོལ་བའི་ལས་ཀྱི་ཚེ་རང་རང་གི་དུས་བརྗོད་དགོས་པའི་ཁྱད་པར་ཙམ་མ་གཏོགས་གཞན་ཆོ་ག་ཐམས་ཅད་དུས་ངེས་པའི་གསོ་སྦྱོང་དང་འདྲའོ། །དེ་ལྟར་གསོ་སྦྱོང་གི་ཚུལ་ལ། གནས་དེར་དགེ་སློང་གསུམ་མན་ཆད་ལས་མེད་ན་དུས་ཀྱི་བར་དུ་བསྒུག་པའམ། ཡང་ན་གསོ་སྦྱོང་ཡོད་པའི་གནས་སུ་འགྲོ་བའམ། དེ་ལྟར་མ་གྲུབ་ན་དམིགས་བསལ་གྱི་ཆོ་ག་ནི།
ཕན་ཚུན་གཅིག་གི་མདུན་དུ་གཅིག་འདུག་ནས་བྱིན་གྱིས་བརླབ་ཅིང་། རང་གཅིག་པུ་ལས་མེད་ན་ཡིད་ཀྱིས་བསམ་ཞིང་བརྗོད། དེ་ཙམ་ཡང་མ་གྲུབ་ན་ཐུབ་པའི་སྔོན་གྱི་གསོ་སྦྱོང་ཚིགས་སུ་བཅད་པ་ཕྱེད་དང་བཞི་ཙམ་འདོན་པར་བྱའོ། །གཉིས་པ་དབྱར་གནས་ནི། ལུང་ལས། འཕྱ་དང་སྲོག་ཆགས་གནོད་སྤོང་དང་། །ལུས་སྲོག་གནོད་སྤོང་རལ་གྲུམ་འཆོས། །དོན་བྱ་ཉུང་དང་ཐོས་སོགས་འཕེལ། །དགག་དབྱེ་སྲ་བརྐྱང་འབྱུང་བའོ། །ཞེས་པ་ལྟར་ཕན་ཡོན་བརྒྱད་དང་ལྡན་པས་ན། དེ་ཇི་ལྟར་བྱ་བ་ལ་གཉིས་ཏེ། ས་གའི་ལྷས། གྲོ་ཞུན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིན། །དེ་ཉིད་ཁྲུམ་གྱི་ཟླ་བ་ཡི། །ཚེ་གཅིག་ནས་ནི་ཕྱི་མར་གྲགས། །ཞེས་པ་ལྟར་དབྱར་སྔ་ཕྱི་གང་ཡིན་ཡང་དབྱར་གནས་པའི་ཡུལ་ལ་འཐབ་ཀྲོལ་ཅན་སོགས་མེད་ཅིང་སྡེ་སྣོད་འཛིན་པ་སོགས་ཡོད་པས་བདེ་བར་གནས་པའི་རྐྱེན་ཚང་བ། སྟེང་གཡོགས་སྒོ་གླེགས་དང་བཅས་པའི་གཙུག་ལག་ཁང་རལ་གྲུམ་བཅོས་པ་དང་བྱི་དོར་བྱ་བ་སོགས་ཞག་བཅུའམ་ཟླ་ཕྱེད་ཙམ་གྱི་སྔ་རོལ་ནས་སྟ་གོན་བྱ་བ་སོགས་རིང་བའི་སྦྱོར་བ་དང་། དབྱར་སྔ་ཕྱི་གང་ཁས་ལེན་པའི་ཟླ་བ་
དེའི་སྔ་མའི་ཟླ་བ་རྫོགས་པའི་ཉ་ལ་གསོ་སྦྱོང་བྱས་ཏེ་གནས་དང་གནས་མལ་དག་སྟོབ་རྒྱུ་ཡོད་ན། དེ་སྟོབ་པ་པོ་དགེ་སློང་གཅིག་གམ་དུ་མ་བསྐོ་ཞིང་། མེད་ན་ཚུལ་ཤིང་བྲིམ་པ་པོ་ཉིད་བསྐོ་བར་བྱ་སྟེ། ལས་བྱེད་པ་པོས་བསྐོ་བྱར་སྤྲོ་བ་དྲི། སྤྲོ་ན་གསོལ་བ་དང་གཉིས་ཀྱིས་ལས་ཀྱིས་བསྐོས་ལ། དེས་ཁྲིམས་སུ་བྱ་བ་བརྟན་པར་བརྗོད་ནས། ཚུལ་ཤིང་བླང་བའི་ཕྱིར་ལས་བྱེད་པས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་ཐུགས་བསྟུན་ལ། བསྐོས་པས་ཚུལ་ཤིང་འབྲིམ་ཞིང་བླངས་པའི་གྲངས་གོ་བར་བྱ་བ་དང་། གནས་དང་གནས་མལ་སྟོབ་ཅིང་། གནས་མལ་ལ་ལོག་པར་མི་སྤྱད་པ་དང་། སང་ནངས་པར་གནས་པར་ཁས་བླངས་པ་དག་གོ་བར་བྱ་བ་རྣམས་ཉེ་བའི་སྦྱོར་བའོ། །དེ་ནས་དངོས་གཞི་དབྱར་སྔ་མ་ཡིན་ན་དབྱར་འབྲིང་ཧོར་ཟླ་དྲུག་པའི་ཉ་དང་། ཕྱི་མ་ཡིན་ན་དབྱར་ཐ་ཧོར་ཟླ་བདུན་པའི་ཉ་ལ་གསོ་སྦྱོང་བྱས་ཏེ། དེའི་ཕྱི་ཉིན་ཚེས་བཅུ་དྲུག་གི་ནང་པར་གནས་སྟེང་གཡོགས་དང་བཅས་པར་དགེ་སློང་གི་མདུན་དུ་སྔགས་ལན་གསུམ་བརྗོད་པས་ཁས་བླང་ངོ་། །དམིགས་བསལ་ཡུལ་མེད་ན་འདིར་གནས་པར་བྱའོ་སྙམ་དུ་དམ་བཅས་པས་ཀྱང་གནས་པའི་གོ་ཆོད་དོ། །དེ་ལྟར་
དབྱར་གནས་པའི་ཚེ་ན། དམ་ཚིག་བསྲུང་བ་རྣམ་དྲུག་སྟེ། དམ་བཅའ་གནས་སུ་འབྲེལ་བ་དང་། །འཁྲུག་ལོང་མི་བྱ་ཐོས་སོགས་བརྩོན། །རལ་གྲུམ་བཅོས་དང་ཡུན་རིང་[གསོ་སྦྱོང་སོགས་ཀྱི་ཡུན་དུ།] གནས། །འབྲལ་བ་སྤོང་སྟེ་འདི་ལ་གཉིས། [། དགེ་འདུན་དང་བྱིན་རླབས།] ཞེས་པའི་སྡོམ་ལྟར་ནང་ཁྲིམས་བཅས་ལ་མི་འགལ་བར་བྱའོ། །གསུམ་པ་དགག་དབྱེ་ལ། དུས་ངེས་པ་ནི་ཞག་བདུན་ལ་སོགས་པའི་སྔ་རོལ་ནས་སྤྱོད་ཡུལ་དུ་གོ་བར་བྱ་བ་སོགས་རིང་སྦྱོར་དང་། དབྱར་སྔ་མ་ཡིན་ན་དབྱུག་ཟླ་དང་། ཕྱི་མ་ཡིན་ན་སྨིན་དྲུག་ཟླ་བའི་ཚེས་བཅོ་ལྔའི་སྔ་དྲོ་དགེ་འདུན་རྣམས་འདུས་ནས་བཟོད་གསོལ་དང་རྒྱུན་ཆགས་གསུམ་པ་ནས་དགེ་ཚུལ་གྱི་བཤད་པའི་བར་གསོ་སྦྱོང་ལྟར་བྱས་ལ། འདུ་བར་མ་ནུས་པ་ཡོད་ན་འདུན་པ་དང་དགག་དབྱེ་བླངས་ནས་བརྗོད་པ་དང་། ལྟུང་མཐུན་བྱིན་རླབས་དང་། དགག་དབྱེ་ལ་ཐུགས་བསྟུན་པ་རྣམས་ཉེ་སྦྱོར་རོ། །དེ་ནས་དངོས་གཞི་རྩྭ་དརྦྷ་བྲིམ་ཞིང་དགག་དབྱེའི་སྔགས་ལན་གསུམ་བརྗོད་པ་དང་། རྫས་ཀྱི་དགག་དབྱེ་བྱའོ། །དེ་ལ་ཡུལ། དངོས་པོ། གནས། དུས། ཆོ་ག །བྱེད་པ་པོ་སྟེ་དྲུག་གིས་དབྱེ་བའི་དམིགས་བསལ་རྣམས་ཀྱང་ཤེས་
པར་བྱའོ། །དུས་མ་ངེས་པ་ནི། ཟླ་བ་ཕྱེད་དང་གཉིས་འདས་པའི་ཉ་ཤི་གང་རུང་ལ་རྐྱེན་དབང་གིས་དགག་དབྱེ་བྱར་རུང་ཞིང་། དམག་འཁྲུགས་སོགས་བྱུང་ནས་དགེ་འདུན་ཐམས་ཅད་གྱེས་དགོས་ན་ཚོགས་ཀྱི་དགག་དབྱེ་བྱ་བ་དང་། དགེ་སློང་གང་རུང་རྐྱེན་དབང་གིས་འགྲོ་དགོས་ནའང་འདི་བྱར་རུང་ངོ་། །གཉིས་པ་བདེ་བར་གནས་པའི་རྐྱེན་གྱི་གཞི་ལྔ་ནི། གོས་ཀྱི་གཞི། །ཀོ་ལྤགས་གནས་མལ་སྨན་སོགས་གཞན་དུ་ཤེས། །ཞེས་པ་སྟེ། དང་པོ་གོ༷ས་ཀྱི༷་གཞི༷་ནི། རྒྱུ་ལོག་འཚོ་མེད་ཅིང་འདུལ་བ་དང་མཐུན་པའི་སྒོ་ནས་བསྒྲུབ་ཅིང་། སྤྱིར་བཏང་། སྔོན་པོ་བཙག་དང་ངུར་སྨྲིག་རྩི། །འདི་དག་རུང་བའི་ཚོན་གསུམ་སྟེ། །ཞེས་པ་ལྟར་གྱི་ཁ་དོག་བསྒྱུར་བའི་གོས་ཏེ། དེ་ལ་འཚོ། མཁོ། ལྷག་གསུམ་ལས། དང་པོ་ནི། དགེ་སློང་གི་ལུས་འཚོ་བའི་ཆེད་དུ་གནང་བའི་གོས་རུང་བ་ཚད་ལྡན་རེ་རེ་ངེས་པར་རང་མིང་གིས་བྱིན་གྱིས་བརླབ་རུང་བ་སྟེ། དབྱེ་ན། སྣམ་སྦྱར། བླ་གོས། མཐང་གོས། ཤམ་ཐབས། དེའི་གཟན། རྡུལ་གཟན། དེའི་གཟན། གདོང་ཕྱིས། རྣག་གཟན། གཡན་དགབ། སྐྲ་བཟེད། གདིང་བ། རས་ཆེན་ཏེ་ཡོ་
བྱད་བཅུ་གསུམ་མོ། །དེ་ལ་སྣམ་སྦྱར་ནི་སྣམ་ཕྲན་དགུ་ནས་ཉེར་ལྔའི་བར་ཏེ། དགུ་པ། བཅུ་གཅིག །བཅུ་གསུམ་པ་གསུམ་ནི་གླེགས་བུ་ཕྱེད་དང་གསུམ་པ། བཅོ་ལྔ། བཅུ་བདུན། བཅུ་དགུ་པ་གསུམ་ནི་གླེགས་བུ་ཕྱེད་དང་བཞི་པ། ཉེར་གཅིག །ཉེར་གསུམ། ཉེར་ལྔ་པ་གསུམ་ནི་གླེགས་བུ་ཕྱེད་དང་ལྔ་པའོ། །ཚད་ནི་ཆེ་སྐོར་གསུམ་དཔངས་སུ་ཁྲུ་གསུམ་དང་སྲིད་དུ་ཁྲུ་ལྔ། ཆུང་གསུམ་ལས་ཁྲུ་ཕྱེད་ཕྱེད་ཕྲི་བ། འབྲིང་གསུམ་དེ་གཉིས་ཀྱི་བར་རོ། །བླ་གོས་ནི་སྣམ་ཕྲན་བདུན་དང་གླེགས་བུ་ཕྱེད་དང་གསུམ་པ། ཚད་སྣམ་སྦྱར་ལྟར་གསུམ་མོ། །མཐང་གོས་ནི་སྣམ་ཕྲན་ལྔ་དང་གླེགས་བུ་ཕྱེད་དང་གཉིས་པ། ཚད་དཔངས་སུ་ཁྲུ་དོ་དང་། སྲིད་དུ་ཁྲུ་ལྔའམ་བཞི། ཐ་ན་འཁོར་གསུམ་ཁེབས་པས་ཀྱང་རུང་། ཤམ་ཐབས་དང་། དེའི་གཟན་གྱི་ཚད་མཐང་གོས་དང་འདྲ་ཞིང་། རྡུལ་གཟན་དང་། དེའི་གཟན་གྱི་ཚད་བླ་གོས་དང་འདྲ་སྟེ། དེ་དང་དེ་ཉིན་མོ་དང་མཚན་མོ་བླ་གོས་དང་མཐང་གོས་ཀྱི་ནང་དུ་གྱོན་རྒྱུ་ཡིན་པའི་ཕྱིར། གདོང་ཕྱིས་སྲིད་དང་ཞེང་དུ་ཁྲུ་གང་བ། རྣག་གཟན་བླ་གོས་དང་མཉམ་པ། སྐྲ་བཟེད་སྲིད་དུ་ཁྲུ་གསུམ་དང་ཞེང་དུ་ཁྲུ་ཕྱེད་དང་
གཉིས་པ། གཡན་དགབ། གདིང་བ། རས་ཆེན་གསུམ་གྱི་ཚད་ནི་སྔར་ལྟུང་བྱེད་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་ལ། མཁོ་བའི་ཡོ་བྱད་ནི་སྐ་རགས་སོགས་སོ། །རྒྱུན་དུ་དགོས་པའི་ཡོ་བྱད་དྲུག་ནི། ཆོས་གོས་གསུམ། གདིང་བ། ཆུ་ཚགས། ལྷུང་བཟེད་དང་དྲུག་གོ། །གནས་སྐབས་འབྲལ་སྤངས་ཁེགས་པའི་སྔགས་རྟེན་ལ་ཆོས་གོས་གསུམ་གང་རུང་གི་རྒྱུ་དང་། ཁྱིམ་པའི་གོས་ལྟ་བུ་གང་རུང་ཁྲུ་གང་ཡན་ཆད་དོ། །གཉིས་པ་མཁོ་བའི་ཡོ་བྱད་ཀྱི་གོས་ནི། འཚོ་བའི་ཡོ་བྱད་གང་རུང་གི་དབྱིབས་སུ་མ་གྲུབ་པའི་གོས་ཁྲུ་གང་ཡན་ཆད་རང་གཞན་གཉིས་ཀའི་མིང་གིས་བྱིན་གྱིས་བརླབ་ནས་བཅང་རུང་བ་སྟེ། དར་གོས་སོགས་ནོར་གྱི་འདུ་ཤེས་དང་། ཞྭ་ལ་སོགས་པ་གོས་ཀྱི་འདུ་ཤེས་སྐྱེ་བ་གཉིས་སོ། །གསུམ་པ་ལྷག་པོའི་གོས་ནི། གཞན་མིང་ཉིད་ཀྱིས་བརླབས་པའམ་ཡིད་གཏད་དེ་བཅངས་རུང་གི་གོས་འཚོ་བའི་དང་མཁོ་བའི་ཡོ་བྱད་ཀྱི་ལྷག་པོ་དག་གོ། །དེ་རྣམས་ལ་ཞེན་ཆགས་སྤངས་པའི་སྒོ་ནས་ལུས་ལ་རྨ་དང་གོས་ལ་རྨ་དཀྲིས་ཀྱི་འདུ་ཤེས་སོགས་དགེ་བའི་བསམ་པས་ལོངས་སྤྱད་ནས། མཐར་རྙིང་ནས་བཅོས་སུ་མི་རུང་བའི་དུས་སྦྱིན་བདག་གི་བསོད་
ནམས་སྤེལ་བ་སོགས་ཀྱི་ཆེད་དུ་མཆོད་རྟེན་དང་གཙུག་ལག་ཁང་གི་སེར་ཁ་ལ་བསླན་པར་བྱའོ། །དེ་ལྟར་ཆོས་གོས་རྣམ་པ་གསུམ་སོགས་བཅང་ཚུལ་ལ། གང་གིས་ན། སྤྱིར་རབ་བྱུང་ཚུལ་ལྡན་གྱིས་བཅང་ཞིང་། ཁྱད་པར་སྣམ་སྦྱར་ནི་དགེ་སློང་གིས་བཅང་ངོ་། །གང་གི་ཕྱིར་ན། སྤྱིར་ཁྱིམ་པའམ་མུ་སྟེགས་ཅན་དང་། ཁྱད་པར་སྣམ་སྦྱར་ནི་དགེ་ཚུལ་མན་ཆད་ཀྱི་རྟགས་ལས་འཕགས་པར་བྱ་བའི་ཕྱིར་དང་། རང་ཉིད་སྟོན་པའི་རྣམ་ཐར་གྱི་རྗེས་སུ་འཇུག་ཅིང་དགེ་སྦྱོང་གི་དྲན་པ་གསོ་བའི་ཆེད་དུ་བཅངས་པའོ། །གཉིས་པ་ཀོ༷་ལྤ༷གས་ཀྱི་གཞི་ནི། སྤྱིར་ཡུལ་དབུས་སུ་གནས་མལ་སྐྱོབ་པའི་ཕྱིར་ཀོ་ལྤགས་ཀྱི་ལྷྭམ་ཙམ་དང་། གཙུག་ལག་ཁང་ལས་གཞན་པའི་ཁྱིམ་དུ་སྟན་གཞན་མེད་ན་ཀོ་ལྤགས་ལ་འདུག་པ་ཙམ་གནང་གི། ཉལ་བར་མ་གནང་ལ། མཐའ་འཁོབ་ཏུ་ནི་གྲང་བ་སྐྱོབ་པའི་ཕྱིར་ལྷྭམ་དང་མལ་སྟན་གཉིས་ཀ་བརྟེན་པར་གནང་ཞིང་། མིག་ནད་ཅན་དང་གྲང་ནད་ཅན་ལ་དོམ་ལྤགས་ཀྱི་སྟན་ཡང་གནང་། ཤིན་ཏུ་གྲང་བ་ཆེ་བ་ཆུ་ལ་ཆབ་རོམ་ཆགས་པའི་ཡུལ་དུ་ཞྭ་དང་ལྷྭམ་ཡུ་བ་ཅན་སོགས་ཅི་དགར་བསྟེན་པ་གནང་བའི་བསླབ་བྱར་གསུངས་སོ། །གསུམ་པ་
གན༷ས་མ༷ལ་གྱི་གཞི་ནི། མདོ་རྩ་བར། གཙུག་ལག་ཁང་བྱའོ། །ངོས་གཅིག་གི་དབུས་སུ་དྲིའི་གཙང་ཁང་བྱ་བ་ཉིད་དོ། །དེའི་མདུན་དུ་སྒོ་ཁང་ངོ་། །གྲུ་བཞི་བཟང་བ་ཉིད་དོ། །ཞེས་སོགས་ཀྱིས་གཙུག་ལག་ཁང་བརྩིག་པའི་ཆོ་ག་དང་། བརྩིགས་ནས་སྒོར་གནོད་སྦྱིན་ལག་ན་རྡོ་རྗེ་དང་། སྒོ་ཁང་དུ་འཁོར་བའི་འཁོར་ལོ་ཆ་ལྔ་པ་སོགས་བྲི་བར་བྱའོ། །ཞེས་རི་མོ་འབྲི་བའི་ཚུལ་དང་། དེར་ཕྱག་བྱ་བའི་ཚུལ་ཡང་། སོ་སོར་ཐར་པའི་སྡོམ་པས་མཆོག་ལ་རབ་ཏུ་བྱུང་བས་ཕྱག་བྱའོ། །མཉམ་ན་རྒན་པ་ལའོ། །ཁྱིམ་པས་རབ་ཏུ་བྱུང་བ་ལའོ། །ཐམས་ཅད་ཀྱིས་སངས་རྒྱས་ལའོ། །ཞེས་སོགས་རྒྱས་པར་གསུངས་པ་ལྟར་དང་། གཙུག་ལག་ཁང་ཡལ་བར་མི་དོར་རོ། །ཞེས་སོགས་ཀྱིས་ཇི་ལྟར་བསྐྱང་བའི་སྒོ་ནས་གནས་པར་བྱ་བ་དང་། སྤྱོད་ལམ་ཅི་འདོད་པས་ལུང་དབོག་གོ། །ཞེས་སོགས་ཀྱིས་དེར་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་ཇི་ལྟར་སྤྱོད་པའི་ཚུལ་རྒྱས་པར་གསུངས་པ་བཞིན་ཤེས་པར་བྱ་ཞིང་། གཙུག་ལག་ཁང་དང་དེར་ཡོད་པའི་གནས་མལ་སོགས་ཡོ་བྱད་ཐམས་ཅད་ལ་ལོངས་སྤྱོད་པའི་ཚུལ་ཡང་། ས་གའི་ལྷས། མི་སློབ་པ་ནི་བདག་པོར་སྤྱོད། །སློབ་པ་སྦྱིན་པ་སྤྱོད་པ་སྟེ། །བསམ་
གཏན་ཀློག་དང་ལྡན་པ་ནི། །རྗེས་གནང་སྤྱོད་པས་ཉེས་པ་མེད། །ལྷག་མ་ལེ་ལོས་བཅོམ་པ་ཡི། །བདག་ཉིད་རྣམས་ནི་བུ་ལོན་སྤྱོད། །ཁྲིམས་འཆལ་རྣམས་ལ་ནམ་དུ་ཡང་། །གཙུག་ལག་ཁང་སོགས་ཉེར་སྤྱོད་བཀག །ཞེས་པ་ལྟར། ཁྱད་པར་ཁྲིམས་འཆལ་བཀག་པའི་ཚུལ་ཡང་། སྙིང་གི་ཐུར་མ་ལས། ཚུལ་ཁྲིམས་འཆལ་བས་ས་ནི་གོམ་པ་གང་། །ཟས་ནི་ཁམ་གཅིག་བཏུང་བ་ཆུ་ཕོར་གང་། །ཙམ་ཞིག་དགེ་འདུན་རྫས་ལ་ལོངས་སྤྱོད་ན། །ལོག་འཚོ་ཡིན་ཏེ་དམྱལ་བར་སྐྱེ་བར་གསུངས། །ཞེས་པ་ལ་སོགས་བའི་ཚུལ་ལ་སྤང་བླང་བྱེད་པའོ། །བཞི་པ་སྨན༷་གྱི་གཞི་ལ་གཉིས། ངོ་བོ་དང་། དབྱེ་བའོ། །དང་པོ་ངོ་བོ་ནི། དེ་ཡང་ལོག་འཚོ་དང་བྲལ་ཞིང་མཐའ་གཉིས་སྤངས་པའི་སྒོ་ནས་བསྒྲུབས་པའི་སྨན་གང་ཞིག་དྲི་རོ་རེག་བྱ་གསུམ་གྱི་བདག་ཉིད་དུ་གྱུར་པའི་ཁམ་ཟས་ཏེ། མཛོད་ལས། ཁམ་གྱི་ཟས་འདི་འདོད་པ་ན། །སྐྱེ་མཆེད་གསུམ་གྱི་བདག་ཉིད་དོ། །ཞེས་སོ། །གཉིས་པ་དབྱེ་བ་ལ་བཞི། དུས་རུང་། ཐུན་ཚོད་དུ་རུང་བ། ཞག་བདུན་པ། འཚོ་བའི་བར་བཅངས་པ་རྣམས་སོ། །དང་པོ་དུས་རུང་ནི། བཀྲེས་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་ཚུལ་ལྡན་རབ་ཏུ་
བྱུང་བས་སྤྱིར་བཏང་ལ་ཕྱི་དྲོ་ལོངས་སྤྱོད་དུ་མི་རུང་བའི་བཟའ་བ་ལྔ་དང་བཅའ་བ་ལྔ་སྟེ། ས་གའི་ལྷས། སྣ་ཚོགས་འབྲས་ཆན་[འབྲས་བུ་སྣ་ཚོགས་བཙོས་པ།] ཟན་དང་[ཆུ་དང་སྦྱར་བ།] ཤ ། [ལས་ཀྱིས་ཤི་བ་དང་ཚོང་འདུས་གསུམ་བརྒྱུད་པ།] ཕྱེ་དང་ཁུར་བ་[སྣུམ་ནང་བཙོས་པ།] བཟའ་བ་ལྔ། །ཞེས་དང་། རྩ་བ་སྡོང་བུ་མེ་ཏོག་འབྲས། །ལོ་མ་ཡང་ནི་བཅའ་བ་ལྔ། །ཞེས་སོ། །གཉིས་པ་ཐུན་ཚོད་དུ་རུང་བ་ནི། སྐོམ་པའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་བཅས་ལྡན་དགེ་སློང་གིས་ཐུན་ཚོད་ཀྱི་མཐའི་བར་བྱིན་གྱིས་བརླབ་ནས་ལོངས་སྤྱོད་དུ་རུང་བ་བཏུང་བའི་རྒྱུ་བརྒྱད་ལྟ་བུ་སྟེ། སྨན་གྱི་གཞི་ལས། ཆུ་ཤིང་འབྲས་དང་ཀུ་ཤུ་གོ་ལ་དང་། །ཨ་ཤྭརྠ་དང་ཨུ་དུམྦྰ་ར་དང་། །བ་རི་ཤ་ཀ་དང་ནི་རྒུན་འབྲུ་དང་། །བརྒྱད་པ་འབྲ་གོ་དག་ནི་ཡིན་པར་བཤད། །ཅེས་པ་ལྟར་དང་། གཞན་ཡང་བཙོས་པའི་ཚྭ་སྟེ་རྒུན་ཆང་སོགས་ཀྱི་སིང་པོ། འབྲུའི་ཚྭ་སྟེ་ནས་ཆང་གྲོ་ཆང་སོགས་ཀྱི་ཤུལ་ནས་བྱུང་བའི་སིང་པོ། ཞོ་ཁ་ཆུ་སྟེ་ཞོའི་ཁུ་བ། དར་བའི་དྭངས་མ་སྟེ་ཆུར་ཁུ། རྩབ་མོ་སྟེ་འབྲས་དང་ཁྲེ་སོགས་བཙོས་ནས་ཕབ་མ་བཏབ་པར་མནན་པའི་ཙང་ཤུ་ཞེས་བོད་དུ་རྩབས་སུ་གྲགས་པ་རྣམས་ཏེ། དེ་དག་ཀྱང་བཏུང་བ་མཚན་ཉིད་ལྔ་ལྡན་ཞེས།
ཆུས་བཏབ་པ། ཚགས་ཀྱིས་བཙགས་པ། ཤིན་ཏུ་སླ་བ། བཞིན་སྣང་བ། འདམ་བུ་ཉག་མའི་མདོག་ལྟ་བུ་དྭངས་པའོ། །གསུམ་པ་ཞག་བདུན་པ་ནི། རླུང་ནད་སེལ་བ་གཙོ་བོར་གནང་བའི་སྨན་དགེ་སློང་གིས་ཞག་བདུན་པའི་མཐའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་དུ་རུང་བ་སྟེ། ལུང་སྨན་གཞི་ལས། ཞག་བདུན་པ་ནི། མར་དཀར་དང་། ཏིལ་མར་དང་། སྦྲང་རྩིའོ། །ཞེས་གསུངས་པ་ལྟར་དང་། གཞན་ཡང་། ཞུན་མར་དང་། འབྲུ་མར་དང་། བུ་རམ་གྱི་དབུ་བ་སོགས་སོ། །བཞི་པ་འཚོ་བའི་བར་བཅངས་པ་ནི། འདུ་བའི་ནད་སེལ་བ་ལ་གཙོ་བོར་གནང་བའི་སྨན་དགེ་སློང་གིས་ཇི་སྲིད་འཚོའི་བར་བྱིན་གྱིས་བརླབས་ནས་ལོངས་སྤྱོད་དུ་རུང་བ་སྟེ། དེ་ཡང་། རྩ་བ་སྡོང་བུ་འདབ་མ་དང་། །མེ་ཏོག་འབྲས་བུ་སྨན་ལ་སོགས། །ཞེས་པས། རྩ་བའི་སྨན་གླ་སྒང་དང་ཡུང་བ་ལྟ་བུ། སྡོང་བུའི་སྨན་ཙནྡན་དང་སླེ་ཏྲེ་ལྟ་བུ། འདབ་མའི་སྨན་ནིམ་པའི་ལོ་མ་ལྟ་བུ། མེ་ཏོག་གི་སྨན་བ་ཤ་ཀའི་མེ་ཏོག་ལྟ་བུ། འབྲས་བུའི་སྨན་ཨ་བར་སྐྱུར་གསུམ་ལྟ་བུ་སྟེ། དེ་དག་ཀྱང་གཙོ་བོར་ཟས་ཀྱི་དོན་དུ་ཁྱབ་པར་བྱེད་པ་མ་ཡིན་པ་རྣམས་སོ། །སྨན་དེ་དག་བསྟེན་ཚུལ་ལ། དུས་རུང་གི་
སྨན་སྔ་དྲོའི་དུས་ཁོ་ནར་བསྟེན་དུ་རུང་བ་སྟེ། ནད་ལ་ཕན་ན་དུས་མིན་དུ་བསྟེན་པའང་གནང་། སྨན་གཞན་གསུམ་བྱིན་གྱིས་མ་བརླབ་པ་ནི་གང་ཟག་ནད་པ་ཡིན་མིན་ཐམས་ཅད་ལ་གནང་ཞིང་། དུས་ཐམས་ཅད་དུ་བསྟེན་དུ་རུང་མོད། འོན་ཀྱང་བྱིན་གྱིས་བརླབ་དགོས་སོ། །སྨན་ནམ་ཟས་ཇི་ལྟར་བསྟེན་པའི་ཆོ་ག་ནི། བདག་ཉིད་ལ་ནད་པ་དང་། ཟས་ལ་སྨན་གྱི་འདུ་ཤེས་བཞག་སྟེ་དྲན་ཤེས་དང་ལྡན་པས་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་སྒོ་ནས། ཟས་ལ་ཆ་བཞིར་བགོ་བྱ་སྟེ། །དང་པོར་ལྷ་ལ་བཤོས་གཙང་འབུལ། །དེ་རྗེས་ཆོས་སྐྱོང་སྲུང་མ་ལ། །གཏོར་མ་ཤིན་ཏུ་རྒྱ་ཆེར་བྱ། །རང་གིས་ཟོས་ཤིང་འཐུངས་པ་ཡི། །ལྷག་མ་འབྱུང་པོ་རྣམས་ལ་བྱིན། །ཞེས་པའི་ཆོ་གས་ཟས་ལ་རན་པར་ལོངས་སྤྱད་དེ་ཡོན་སྦྱོང་མདོ་བསྔོ་རྣམས་བྱ། ཞར་བྱུང་དེ་དག་བཞག་པའི་གནས་མཚམས་ནང་ཡིན་ཡང་རྗེན་བཙོས་དང་ཞག་ལོན་སོགས་རུང་བའི་ཁང་པ་བྱེད་པའི་ཚུལ་ལ། གསར་པ་བརྩིགས་པ་དང་། བྱས་ཟིན་པའི་རྙིང་པ་དང་། མཚམས་ནང་གཅིག་ཏུ་གཙུག་ལག་ཁང་དུ་མའི་རུང་ཁང་གཅིག་ཏུ་བྱས་པ་བ་ལང་གི་ལྷས་ལྟ་བུ་གསུམ་སྟེ། དེ་དག་གི་མཚན་ཉིད་དང་བྱིན་གྱིས་
བརླབ་ཚུལ་ནི། རང་བཞིན་ཉེ་འཁོར་རང་དབང་བ། །ཐུན་མོང་གཉིས་མིན་མ་འབྲེལ་དང་། །འཚོད་ལ་བ་གབ་དང་བཅས་དྲུག །འདེགས་བསྡུ་ལས་ཕྲལ་བྱུང་བ་བཞི། །ཞེས་པའི་སྡོམ་ལྟར་རོ། །གཞན་ཡང་སོ༷གས་ཞེས་པའི་ཁོངས་ནས་ཐམས་ཅད་ལ་ཁྱབ་པ་ལས་ཀྱི་གཞི་སོགས་སྟོན་ཏེ། དེ་ལ་ལས་ཆགས་པའི་གཞི་དང་། བསམ་པ་དང་། ལས་ཀྱི་ངོ་བོ་དང་། ཉམས་སུ་མྱོང་བ་དང་། ཆགས་པའི་དུས་སོགས་རྒྱས་པར་གཞ༷ན་དུ༷་གསལ་བ་ལས་ཤེ༵ས་པར་བྱའོ། །ཞེས་སོ། །གཉིས་པ་ཤུགས་བསྟན་དེའི་རུང་མཐུན་བསྡུས་ཏེ་བསྟན་པའི་སྒོ་ནས་དོན་བསྡུ་བ་ནི། མདོར་ན་ཡེ་ནས་གནང་དང་བཀག་པ་མེད། །བྱར་རུང་དང་ཉེ་མི་རུང་བཟློག་བྱེད་ན། །དེ་དག་སྤྱོད་ཅིག་མི་རུང་དང་ཉེ་ཞིང་། །རུང་བ་བཟློག་ན་ཀུན་ཏུ་སྤོང་ཞེས་གསུངས། །ཞེས་པ་སྟེ། དེ་ལྟར་བཤད་པའི་སྤང་བླང་གི་གནད་རྣམས་ངེས་པར་བྱས་ནས་དངོས་སུ་མ་གསུངས་པའི་གནང་བཀག་གི་བསླབ་བྱ་རྣམས་ལ་ཇི་ལྟར་སློབ་པའི་ཚུལ་མདོ༷ར་བསྡུ་ན༷། གཞི་གང་ལ་སྟོན་པ་སངས་རྒྱས་ཀྱིས་ཡེ༷་ཐོག་མ་ཉིད་ན༷ས་གན༷ང་བ་ད༷ང་བཀ༷ག་པ༷་གཉིས་ཀ་མེ༵ད་ན། གང་ཞིག་བྱར༷་རུང༷་བར་གསུངས་པ་ད༷ང་ཉེ༷་ཞིང་། མི༷་རུང༷་བར་གསུངས་
པ་ལས་བཟློག༷་པར་བྱེད༷་ན༵་དེ༷་ད༷ག་ཐེ་ཚོམ་མེད་པར་སྤྱོད༷་ཅིག༷་དང་ཉེས་པར་མི་འགྱུར་བ་མ་ཟད་ཡོན་ཏན་ཀྱང་ཐོབ་པར་འགྱུར་རོ། །དེ་བཞིན་གང་སྤྱད་དུ་མི༷་རུང༷་བར་གསུངས་པ་ད༷ང་ཉེ༷་ཞི༵ང་རུ༷ང་བ༷་ལས་བཟློག༷་ན༷་དེ་དག་ཀུན༷་ཏུ༷་སྤོ༷ངས་ཤིག་ཅེས་གསུངས་ཏེ། ལུང་ཕྲན་ཚེགས་ལས། བཅོམ་ལྡན་འདས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དེའི་ཚེ་ཉིད་ན་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ངས་ཁྱོད་ལ་འདུལ་བ་རྒྱ་ཆེར་ནི་བསྟན་ན། མདོར་བསྡུས་ཏེ་མ་ཡིན་ནོ། །འོན་ཀྱང་མདོར་བསྡུས་པ་ཡང་ཉོན་ཅིག །དགེ་སློང་དག་ངས་ཁྱོད་ལ་གང་ཞིག་ཐོག་མ་ཉིད་ནས་གནང་བ་ཡང་མེད། བཀག་པའང་མེད། གལ་ཏེ་རུང་བ་དང་ཉེ་བ་ཡིན་ཞིང་མི་རུང་བ་བཟློག་པར་བྱེད་པ་ཡིན་ན་ནི་རུང་བ་ཡིན་པར་བཟུང་བར་བྱའོ། །གལ་ཏེ་མི་རུང་བ་དང་ཉེ་བ་ཡིན་ཞིང་རུང་བ་བཟློག་པར་བྱེད་པ་ཡིན་ན་མི་རུང་བ་ཡིན་པས་ཀུན་ཏུ་སྤྱད་པར་མི་བྱའོ། །ཞེ༷ས་གསུ༵ངས་པ་ཡིན་ནོ། །གསུམ་པ་སྡོམ་པ་སྐྱེ་བའི་ལུས་རྟེན་བཤད་པ་ནི། སྐྱེ་བའི་རྟེན་ནི་མུ་སྟེགས་མཚམས་མེད་བྱས། །སྒྲ་མི་སྙན་དང་ཟ་མ་མཚན་གཉིས་དང་། །མ་ནིང་རིགས་ལྔ་མཚན་གསུམ་གྱུར་པ་དང་། །སྤྲུལ་པ་
མ་གཏོགས་གླིང་གསུམ་སྐྱེས་པ་ཡི། །སྐྱེས་པ་བུད་མེད་སྡོམ་པའི་རྟེན་དུ་འདོད། །ཅེས་པ་སྟེ། དེ་ལྟ་བུའི་སོ་ཐར་གྱི་སྡོམ་པ་དེ་སྐྱེ༷་བ༷འི་ལུས་རྟེན༷་ནི༷་ལས་ཀྱི་སྒྲིབ་པ་ཤས་ཆེ་བ་མུ༷་སྟེག༷ས་ཅན་ནམ་དེར་ཞུགས་པ་དང་། མཚ༷མས་མེད༷་པ་ལྔ་བྱས༵་པ་ལ་སོགས་པ་དང་། རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བ་སྒྲ༷་མི༷་སྙན༷་པ་ལྟ་བུ་གནས་རིགས་ཉམས་པ་ད༷ང་། གང་ཞིག་གྲོང་པའི་ཆོས་མེད་པ། །དེ་ནི་ཟ་མ་ཞེས་སུ་བརྗོད། །ཅེས་པ་ལྟར་ཟ༷་མ༷་དང་། མཚ༷ན་གཉིས༷་གཅིག་ཅར་དུ་བྱུང་བ་དང༵་། སྐྱེ་གནས་ཟླ་ཕྱེད། འཁྱུད་ནས་ལྡང་བ། ཕྲག་དོག་ཅན། ཉམས་པ་སྟེ་མ༷་ནི༷ང་རི༷གས་ལྔ༷་དང་། མཚ༷ན་ལན་གསུ༷མ་དུ་གྱུར༷་པ༷་སོགས་མཚན་ཉམས་པ་ད༵ང་། མི་མ་ཡིན་པ་མིའི་རྣམ་པར་སྤྲུལ༷་པ༷་དང་། མི་མ་ཡིན་པའི་འགྲོ་བ་པོ་སོགས་ནི་འགྲོ་བ་ཉམས་པ་ཞེས་དེ་རྣམས་སྡོམ་པ་སྐྱེ་བའི་བར་ཆད་ཅན་ཡིན་པས་ན་མ༷་གཏོག༷ས་ལ། དེ་ལས་གཞན་ཤར་ནུབ་ལྷོའི་གླིང༷་གསུ༷མ་དུ་སྐྱེ༷ས་པ༷་ཡི༵་སྐྱེས༷་པ་དང་བུད༷་མེ༷ད་རྣམས་སོ་ཐར་གྱི་སྡོ༷མ་པ༷་སྐྱེ་བ་དང་གནས་པ་གཉིས་ཀའི༷་རྟེན༷་དུ་འདོ༵ད་དེ། རབ་དབྱེར། གླིང་གསུམ་སྐྱེས་པ་བུད་མེད་ལས། །འགྲོ་བ་གཞན་ལ་སྡོམ་པ་བཀག །ཅེས་སོ། །བཞི་པ་ཉམས་ན་གསོ་བའི་
ཚུལ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཐ་མར་ཉམས་ན་གསོ་བའི་ཚུལ་བཤད་པ། །ཞེས་པ་སྟེ། དེ་ལྟར་རུང་བའི་རྟེན་དེ་ལ་ཐོབ་པའི་སྡོམ་པའི་ཉིད་ཚུལ་བཞིན་དུ་བསྲུང་ཞིང་། གལ་ཏེ་ཉོན་མོངས་མང་བ་སོགས་ཀྱིས་ཉམས་པར་གྱུར་ན་ཐ༷་མ༷ར་ཉམ༷ས་པ་དེ་ཕྱིར་བཅོས་ན༷་གསོ༷་བ༷འི་ཐབས་ཡོད་དེ། ལུང་ལས། གཉིས་ནི་རྣམ་པར་བྱང་བར་འགྱུར་ཞིང་། ཉོན་མོངས་པར་མི་འགྱུར་བ་དང་། གཉིས་ཀྱིས་ཟག་པ་འཕེལ་བར་མི་འགྱུར་བ་སྟེ། གཉིས་གང་ཞེ་ན། ལྟུང་བ་མི་བྱིན་པ་གང་ཡིན་པ་དང་། ལྟུང་བ་བྱུང་ནས་ཆོས་བཞིན་དུ་ཕྱིར་བཅོས་པ་གང་ཡིན་པའོ། །ཞེས་གསུངས་པ་ལྟར་དེའི་ཚུལ༷་བཤ༷ད་པ༵་ལ། ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྡོམ་པ་གཏོང་བའི་རྒྱུ་དང་། ཕྱིར་བཅོས་དངོས་བཤད་པའོ། །དང་པོ་སྡོམ་པ་གཏོང་བའི་རྒྱུ་བཤད་པ་ལའང་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའོ། །དང་པོ་ཐུན་མོང་བ་ནི། གཏོང་བ་བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་གཅིག་ཅར་བྱུང་དང་ལན་གསུམ་གྱུར། །རྒྱུ་འབྲས་མེད་ལྟས་རྩ་བ་ཆད་རྣམས་ལྕི། །
ཞེས་པ་སྟེ། སོ་ཐར་གྱི་སྡོམ་པ་རྩད་ནས་གཏོང༷་བ༷འི་རྒྱུ་ནི་བཞི་སྟེ། བརྡ་འཕྲོད་པའི་དྲུང་དུ་བསམ་པ་སྙིང་ཐག་པ་ནས་བསླབ༷་པ༷་ཕུལ༷་ན་གཏོང་སྟེ། ཡང་དག་པར་བླངས་པ་དང་འགལ་བའི་རྣམ་རིག་བསྐྱེད་པའི་ཕྱིར། ཇི་ལྟར་འབུལ་བའང་། སྡོམ་པ་རང་གི་ངོ་བོ། རྩ་བ་དཀོན་མཆོག་གསུམ། རྒྱུ་སྡེ་སྣོད་གསུམ། སྦྱོར་བྱེད་མཁན་སློབ། སློབ་པའི་གནས་རྟེན། སློབ་པའི་གྲོགས་རྣམས་འབུལ་ཚུལ་གསུངས་པ་ལྟར། གཞན་ཡང་ཚངས་པར་སྤྱད་དཀའོ་ཞེས་པ་ལ་སོགས་པ་ནི་དངོས་སུ་ཕུལ་བ་མིན་ཡང་དེའི་རྒྱུ་བསྟན་པས་ཉམས་པར་བྱས་པ་ཡིན་པས་ན་སྡོམ་པ་གཏོང་བ་ལ་ཁྱད་པར་མེད་དེ། ལུང་ལས། བསླབ་པ་མ་ཕུལ་བསླབ་པ་ཉམས་པར་མ་བྱས་པར། །ཞེས་གསུངས་པའི་ཕྱིར་ད༷ང་། དེ་བཞིན་དུ་ཤི༷་འཕོ༷ས་པས་གཏོང་སྟེ། རྟེན་བོར་བའི་ཕྱིར་ད༵ང་། མཚ༷ན་གཉིས༷་གཅིག༷་ཅར༷་བྱུང༷་བ་ད༷ང་། མཚན་ལ༷ན་གསུ༷མ་འགྱུར༵་བས་གཏོང་སྟེ། རྟེན་ཉམས་པའི་ཕྱིར། རྒྱུ༷་འབྲ༷ས་མེ༷ད་ལྟའི་ལོག་ལྟ་སྐྱེས་པས༷་གཏོང་སྟེ། དགེ་བའི་རྩ༷་བ༷་ཆ༷ད་པས་སྡོམ་པའི་རྟེན་གཞི་མེད་པའི་ཕྱིར། དེ་རྣ༷མས་ཀྱིས་གཏོང་ཞིང་། ཕྱི་མ་འདི་ནི་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་སྡོམ་པའི་གཏོང་རྒྱུར་
གསུངས་པས་ཤིན་ཏུ་ལྕི༵་བའོ། །དེ་ལྟར་སྤྱིའི་གཏོང་རྒྱུ་བཞིའི་སྟེང་བསྙེན་གནས་ཀྱི་གཏོང་རྒྱུ་བསྣན་པས་ལྔར་བཤད་དེ། མཛོད་ལས། བསླབ་པ་ཕུལ་དང་ཤི་འཕོས་དང་། །མཚན་གཉིས་དག་ནི་བྱུང་བ་དང་། །རྩ་བ་ཆད་དང་མཚན་འདས་ལས། །སོ་སོར་ཐར་པའི་འདུལ་བ་གཏོང་། །ཞེས་དང་། རང་འགྲེལ་ལས། དེ་དག་ནི་དོན་མདོར་བསྡུ་ན་གཏོང་བའི་རྒྱུ་ལྔ་ཡིན་ནོ། །ཞེས་གསུངས་སོ། །གཉིས་པ་ཐུན་མོང་མ་ཡིན་པ་ལ་གསུམ། བྱེ་བྲག་སོ་སོའི་གཏོང་རྒྱུ། སྤྱི་ལ་འདོད་པ་མི་འདྲ་བའི་ཁྱད་པར། རྩ་ལྟུང་གཏོང་རྒྱུ་ཡིན་མིན་ལས་འཕྲོས་ཏེ་སྡེ་ལྔའི་དངོས་གཞི་མི་བསྐྱེད་པའི་རྒྱུ་བཤད་པའོ། །དང་པོ་བྱེ་བྲག་སོ་སོའི་གཏོང་རྒྱུ་ནི། ཉི་ཤུ་མ་ལོན་བསྙེན་རྫོགས་རྗེས་སུ་ཤེས། །དགེ་སློང་སྡོམ་གཏོང་བསྟེན་ཕྱིར་ཁས་བླངས་འདས། །དགེ་སློབ་མའོ་མཚན་འདས་བསྙེན་གནས་ཀྱི། །སྡོམ་པ་གཏོང་རྣམས་སོ་སོའི་ཐུན་མོང་མིན། །ཞེས་པ་སྟེ། ལོ་ཉི༷་ཤུ༷་མ༷་ལོ༷ན་པ་ལ་ལོན་པར་འདུ་ཤེས་ནས་བསྙེན༷་རྫོ༷གས་བླངས་པ་དེའི་རྗེ༷ས་སུ༷་ཉི་ཤུ་མ་ལོན་གོང་དུ་དེ་ལྟར་ངོ་ཤེ༵ས་ན་དེའི་ཚེ་མངལ་བཤོལ་གྱི་ཟླ་བས་ཁ་བསྐང་བར་བྱ་ཞིང་། དེ་ལྟར་བསྐང་ཡང་མ་ཚང་
ན་དགེ༷་སློ༷ང་གི་སྡོམ༷་པ་གཏོང༷་སྟེ། མདོར། ཤེས་ན་ནི་དེ་ཞིག་གོ། །གལ་ཏེ་དེ་སྐྱེས་པ་ན་མ་ལོན་པའིའོ། །མངལ་ན་གནས་པ་དང་བཤོལ་གྱི་ཟླ་བ་དག་དང་ཡང་བཅས་ཏེའོ། །ཞེས་སོ། །མི་ཚངས་སྤྱོད་བསྟེན༷་པར་བྱེད་པའི་ཕྱི༷ར་ཁ༷ས་བླང༷ས་ནས་བསླབ་པ་ལས་འད༵ས་པས་དགེ༷་སློབ༷་མ༷འི་སྡོམ་པ་གཏོང་བའོ༷། །དེ་ཡང་མདོར། བསྟེན་པའི་ཕྱིར་གཞན་ལ་ཁས་བླངས་པ་ན། བསླབ་པ་འཁྲུག་པ་ཉིད་དོ། །ཞེས་སོ། །མཚ༷ན་མོ་མཐའི་སྐད་ཅིག་མ་འད༷ས་པས་བསྙེན༷་གན༷ས་ཀྱི༵་སྡོམ༷་པ༷་གཏོང༷་སྟེ། དེ་སྲིད་དུ་འཕངས་པའི་ཕྱིར་རོ། །དེ་ལྟར་གསུམ་པོ་སྔར་གྱི་སྤྱིའི་གཏོང་བཞིས་གཏོང་བར་མ་ཟད། རང་རང་རྣམ༷ས་སོ༷་སོ༷འི་གཏོང་རྒྱུ་སྡོམ་པ་དེ་དང་དེ་གཏོང་བས་ན་ཐུན༷་མོ༷ང་མི༵ན་པའི་གཏོང་ཚུལ་ལོ། །གཉིས་པ་སྤྱི་ལ་འདོད་པ་མི་འདྲ་བའི་ཁྱད་པར་ནི། རྩ་ལྟུང་བྱུང་དང་དམ་ཆོས་ནུབ་ནའང་གཏོང་། །ཁ་ཆེའི་ཡུལ་གྱི་བྱེ་བྲག་སྨྲ་བ་རྣམས། །སྡོམ་ལྡན་རྩ་ལྟུང་བྱུང་བ་གཉིས་ལྡན་ན། །ནོར་ལྡན་བུ་ལོན་ཅན་བཞིན་འདོད་པ་དང་། །ཁ་ཅིག་རྩ་བཞི་གཅིག་སྤྱད་ཀུན་ཉམས་ཟེར། །ཞེས་པ་སྟེ། མདོ་སྡེ་པ་ན་རེ། རྩ༷་ལྟུང༷་འཆབ་བཅས་བྱུང༷་བས་གཏོང་སྟེ། རྒྱུད་ངོ་ཚ་ཁྲེལ་མེད་ཆེན་པོས་ཉམས་པའི་ཕྱིར་
ད༷ང་། གོས་དམར་བའི་སྡེ་པ་ན་རེ། ལུང་གི་ད༷མ་ཆོ༷ས་ནུབ༷་པ་ན༷འང༷་གཏོང༵་སྟེ། བསླབ་པའི་མཚམས་རྣམ་པར་བཞག་པ་མེད་པའི་ཕྱིར་རོ་ཞེས་འདོད་ཅིང་། དེ་ལ་ཐོགས་མེད་སྐུ་མཆེད་ལུང་ཆོས་ནུབ་པ་ཙམ་གྱིས་སྡོམ་པ་སྔར་ཡོད་མི་གཏོང་སྟེ། རྟོགས་པའི་དམ་ཆོས་མ་ནུབ་པའི་ཕྱིར། འོན་ཀྱང་དེ་ཚེ་སྔར་མེད་གསར་སྐྱེ་མེད་དེ། འབོགས་བྱེད་ཀྱི་ཆོ་གའི་རྣམ་བཞག་མེད་པའི་ཕྱིར་གསུངས། ཁ༷་ཆེ༷འི་ཡུ༷ལ་གྱི༷་ཉན་ཐོས་བྱེ༷་བྲག༷་ཏུ་སྨྲ༷་བ༷་རྣམ༵ས་ནི། རྩ་ལྟུང་འཆབ་བཅས་བྱུང་ཡང་སྡོམ་པ་མི་གཏོང་སྟེ། ཕྱོགས་གཅིག་ཉམས་པས་སྡོམ་པ་ཟད་པར་གཏོང་བ་མི་རིགས་པའི་ཕྱིར། དེ་འདྲ་སྡོམ༷་པ་དང་ལྡ༷ན་པ་དང་། རྩ༷་ལྟུང༷་བྱུང༷་བ༷་གཉིས༷་ལྡན༷་ཡིན་པའི་ཕྱིར་ན༵། མི་འགའ་ཞིག་ནོར༷་ཡང་ལྡན༷་ལ་བུ༷་ལོ༷ན་ཡང་ཆགས་པ་ཅ༷ན་བཞི༷ན་ནོ་ཞེས་འདོ༷ད་པ༷་ལྟར་ད༵ང་། དེ་ལྟར་ཡང་མཛོད་ལས། ཁ་ཅིག་ལྟུང་བར་གྱུར་ལས་སྨྲ། །གཞན་དག་དམ་ཆོས་ནུབ་པ་ལས། །ཁ་ཆེ་རྣམས་ནི་བྱུང་བ་ལ། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་གསུངས་པའི་ཕྱིར། འདུལ་འཛིན་ཁ༷་ཅི༷ག་ཕམ་པ་སྡོམ་པའི་གཏོང་རྒྱུ་མ་ཡིན་ཏེ། ཕམ་པ་བྱུང་བའི་དགེ་སློང་ལ་དགེ་སློང་གི་སྡོམ་པའི་རྫས་ཚང་བར་ཡོད་
པའི་ཕྱིར། ཉམས་ཚུལ་ལ་ལྟོས་ན་ཀུན་ཉམས་པ་ཡིན་ཏེ། རྩ༷་བ་བཞི༷་ལས་སྲོག་གཅོད་ཀྱི་ཕམ་པ་འཆབ་བཅས་ལྟ་བུ་གཅི༷ག་སྤྱད༷་པའི་ཚེ། སྡོམ་པ་མཐའ་དག་གི་དགོས་པ་མ་ལུས་པ་ཀུན༷་སྒྲུབ་པར་ནུས་པ་དེ་ལས་ཉམ༷ས་པའི་ཕྱིར་ཞེས་ཟེར༵་ཏེ། རྒྱ་ཆེར་འགྲེལ་ལས། དགེ་སློང་ཕམ་པར་གྱུར་པར་གྱུར་པ་ལ་ནི་སྡོམ་པ་ཡོད་དུ་ཟིན་ཀྱང་། དེ་ལྟ་མོད་ཀྱི་དགོས་པ་མེད་པ་ཉིད་དུ་འགྱུར་ཏེ། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ལྷན་ཅིག་གནས་པ་དང་ལོངས་སྤྱད་པ་མེད་པའི་ཕྱིར་དང་། སྡོམ་པ་ཡང་དག་པར་བླངས་པ་ནི་རྣམ་པར་གྲོལ་བ་ཐོབ་པའི་ཆེད་ཡིན་ལ། དེས་རྣམ་པར་གྲོལ་བ་ཐག་རིང་དུ་བྱས་པའི་ཕྱིར། དེས་ན་དེའི་སྡོམ་པ་ནི་མེད་པ་དང་འདྲའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཉམས་པ་དང་མི་ཆགས་པ་གཉིས་ལྟུང་བ་ལ་སྦྱོར་ན་ཉེས་བྱས་ཙམ་མོ། །གསུམ་པ་རྩ་ལྟུང་གཏོང་རྒྱུ་ཡིན་མིན་ལས་འཕྲོས་ཏེ་སྡེ་ལྔའི་དངོས་གཞི་མི་བསྐྱེད་པའི་རྒྱུ་བཤད་པ་ནི། དང་པོའི་ལས་ཅན་སེམས་ཅན་འཁྲུགས་ཚོར་བས་གཟིར། །སྒྲུབ་པར་མ་ནུས་པ་ལ་ཉེས་པ་མེད། །ཅེས་པ་སྟེ། སྡེ་ལྔའི་དངོས་གཞིའི་ཉེས་པ་བསྐྱེད་མི་བསྐྱེད་ཀྱི་མཚམས་འདི་ལྟར་ད༷ང་པོ༷འི་ལ༷ས་ཅ༷ན་གྱིས་
སྤྱད་ན་ཉེས་པ་མི་བསྐྱེད་དེ། སྟོན་པའི་བཅས་པ་དང་མ་འབྲེལ་བའི་སྔོན་དུ་ཡིན་པའི་ཕྱིར། དགེ་སློང་བཟང་སྦྱིན་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་མ་བྱུང་བ་བཞིན། སེམ༷ས་འཁྲུ༷གས་ཤིང་སྡུག་བསྔལ་གྱི་ཚོ༷ར་བ༷ས་ཤིན་ཏུ་གཟི༵ར་བས་སྤྱད་ཀྱང་ཉེས་པ་མི་བསྐྱེད་དེ། སེམས་རྣལ་དུ་གནས་པ་མ་ཡིན་པའི་ཕྱིར། སྨྱོན་པས་མི་བསད་པ་བཞིན། བསླབ་པ་ལ་གུས་པས་འབད་ནའང་སྒྲུབ༷་པ༷ར་ནུས༷་པའི་གནས་སྐབས་སུ་སྤྱད་པ༷་ལ༷་ཉེས༷་པ༷་མེད༵། རྨི་ལམ་དུ་མི་ཚངས་སྤྱོད་སྤྱད་ཀྱང་ཕམ་པ་མི་འབྱུང་བའི་ཕྱིར། དེས་ན་དེ་འདྲའི་རྟེན་གྱི་གང་ཟག་གིས་ལྟུང་བ་ལ་སྤྱད་ཀྱང་དངོས་གཞིའི་ཉེས་པ་ཇི་ལྟ་བ་བཞིན་བསྐྱེད་པ་མེད་དོ། །གཉིས་པ་ཕྱིར་བཅོས་དངོས་བཤད་ལ་གསུམ། ཕྱིར་བཅོས་ཀྱི་དབྱེ་བ་བཤད་པ། ཉེས་པ་སྦྱོང་བའི་ཐབས་སྟོབས་བཞིར་བསྡུ་ཚུལ་བསྟན་པ། ཉེས་དམིགས་ཤེས་པའི་སྒོ་ནས་ནན་ཏན་དུ་བསྲུང་བར་གདམས་པའོ། །དང་པོ་ཕྱིར་བཅོས་ཀྱི་དབྱེ་བ་བཤད་པ་ལ་གཉིས། འཆབ་ཉེས་ངོས་བཟུང་བ་དང་། དབྱེ་བ་དངོས་བཤད་པའོ། །དང་པོ་འཆབ་ཉེས་ངོས་བཟུང་བ་ནི། འཆབ་པ་ཞེས་གྲགས་གསང་སྟེ་མི་བརྗོད་པ། །ཞེས་པ་སྟེ། འཆ༷བ་པ༷་ཞེས༷་སུ་
གྲ༷གས་པ་ལྟུང་བའི་ཉེས་པ་བྱུང་བ་གཞན་ལ་གས༷ང་འདོད་ཀྱི་བསམ་པས་ཀུན་ནས་བསླངས་ཏེ༷་ངག་གིས་གཞན་ལ་མི༷་བརྗོ༷ད་པ༵་དང་། གསང་བའི་ལུས་ཀྱི་རྣམ་འགྱུར་ནི་འཆབ་པའི་ལྟུང་བ་སྟེ། གང་ལ་བྱུང་བའི་རྟེན་ནི་ལྟུང་བ་དང་ལྟུང་མིན་གྱི་རྣམ་དབྱེ་ཤེས་ཤིང་དྲན་ནུས་པའི་དགེ་སློང་ཉིད་ལས་གཞན་ལ་མི་འབྱུང་ཞིང་། དེ་ཡང་ཕམ་པ་ནི་འཆབ་སེམས་སྐད་ཅིག་མ་ཙམ་སྐྱེས་ཀྱང་འཆབ་བཅས་སུ་འགྱུར་ལ། ལྷག་མའི་སྤོ་སྤྱོད་ལ་ཞག་ཏུ་ལོངས་པར་བཅབ་དགོས་སོ། །གཉིས་པ་དབྱེ་བ་བཤད་པ་ལ་གཉིས། ཕམ་པའི་ཕྱིར་བཅོས། ལྷག་མ་སོགས་ཕྱིར་བཅོས་པའོ། །དང་པོ་ཕམ་པའི་ཕྱིར་བཅོས་ལའང་གཉིས། ཕམ་པ་འཆབ་བཅས་བཅོས་མེད་དང་། འཆབ་མེད་བཅོས་ཡོད་གཉིས་ལས། དང་པོ་ཕམ་པ་འཆབ་བཅས་བཅོས་མེད་ནི། ཕམ་པ་འཆབ་བཅས་ཚེ་འདིར་གསོར་མི་རུང་། །ཞེས་པ་སྟེ། བསླབ་པ་མ་ཕུལ་བར་ཕ༷མ་པ༷་བཞི་གང་རུང་བྱུང་ནས་སྐད་ཅིག་མ་ཙམ་བཅབས་ཀྱང་ཕམ་པ་འཆ༷བ་བཅ༷ས་སུ་གྱུར་པས་ན་ཚེ༷་འདི༷ར་ལྟུང་བའི་དངོས་གཞི་ཕྱིར་གསོ༷ར་མི༷་རུང༵་བ་ཡིན་ཏེ། ཇི་སྐད་དུ། ཉེས་རྩོམ་བྱེད་དང་ཁྱིམ་སུན་འབྱིན་པ་དང་། །འདིར་ནི་གསུམ་པ་
ཚུལ་ཁྲིམས་འཆལ་བ་དག །འཐབ་མོ་སྤངས་ཏེ་གཎྜི་བརྡུངས་བྱས་ནས། །ཆུ་ཤིང་རུལ་པ་བཞིན་དུ་བསྐྲད་བྱ། །ཞེས་གསུངས་པ་ལྟར་དགེ་འདུན་གྱི་གནས་ནས་བསྐྲད་པར་བྱ་ཞིང་། འོན་ཀྱང་རང་གི་འགྱོད་སྡོམ་གྱིས་བཤགས་པ་བྱས་ན་རྣམ་སྨིན་གྱི་ཉེས་པ་དག་ནས་ངན་སོང་དུ་ལྟུང་བར་མི་འགྱུར་བ་ཞིག་འོང་བས་ན་འབད་པར་བྱའོ། །དེ་ལྟར་མ་བཤགས་ན་ཚེ་འདིའི་ཕྱིའི་ཉེས་དམིགས་རང་ལ་འབྱུང་བར་མ་ཟད་ཉེས་དམིགས་ནི་ཚུལ་འཆལ་དེ་དང་ལྷན་ཅིག་ཞག་ལོན་དུ་ཉལ་ན་ལོ་བྱེ་བ་ཕྲག་བཅུ་བཞི་དང་སྟོང་ཕྲག་བཅུ་བཞིར་དམྱལ་བར་སྐྱེ་བར་བཤད་དོ། །གལ་ཏེ་བསྐྲད་པ་དེ་སྡེ་སྣོད་འཛིན་པ་ཡིན་ན་དགེ་འདུན་དང་ལྷན་ཅིག་ལོངས་སྤྱོད་མི་དབང་ཡང་གནས་ལོངས་སྦྱིན་པ་སོགས་ཀྱིས་རྗེས་སུ་བཟུང་བར་བྱ་ཞིང་། དེ་འདྲ་དེས་བཟོད་པར་གསོལ་བའི་དུས་སུ་མ་བླངས་ན། དེ་ནས་བཟུང་སྟེ་གནས་ཆོས་ཀྱི་རྙེད་པའི་རིན་ཐང་རྩིས་ནས་ཚངས་ན་དགེ་འདུན་ལ་ཕམ་པ་འབྱུང་བར་གསུངས་སོ། གཉིས་པ་འཆབ་མེད་བཅོས་ཡོད་ནི། འཆབ་པ་མེད་ན་དངོས་པོ་བརྗོད་པ་ཡིས། །དགེ་འདུན་ལ་བཤགས་མཐོང་སྡོམ་བར་གྱིས་འདག །སྡོམ་པ་སླར་ནོད། ཅེས་པ་སྟེ།
དེ་ལས་གཞན་གསོ་བར་རུང་བ་རྣམས་ཕྱིར་བཅོས་པའི་ཚུལ་ཕམ་བཞི་གང་རུང་བྱུང་ནས་འཆ༷བ་པ༷འི་སེམས་སྐད་ཅིག་མ་ཙམ་ཡང་མེ༷ད་ན༷་ལྟུང་བའི་དངོ༷ས་པོ༷་དེ་མི་གསང་མི་སྦེད་པར་ངག་ཏུ་བརྗོ༷ད་པ༷་ཡི༵ས་ཡུལ་དགེ༷་འདུ༷ན་མཚན་ཉིད་དང་ལྡན་པ་ལ༷་བཤ༷གས་ཤིང་། ཡུལ་གྱིས་ཉེས་པ་ལ་ཉེས་པར་མཐོང་ངམ་ཞེས་དྲིས་པ་ན། ཤེས་བཞིན་རྫུན་དུ་མ་སོང་བར་སྙིང་ནས་ལྟུང་བའི་ཉེས་པ་ལ་ཡིད་ཆེས་པའི་སྒོ་ནས་མཐོ༷ང་ལགས་ཞེས་བརྗོད་ཅིང་། ཕྱིན་ཆད་ལེགས་པར་སྡོམ་མམ་ཞེས་དྲིས་པའི་ཚེ། སྲོག་ལ་བབ་ཀྱང་དེ་འདྲའི་ཉེས་པ་མི་བྱེད་སྙམ་པའི་བསམ་པས་སྡོམ༷་ལགས་ཞེས་བརྗོད་དེ་བཤགས་པར་བྱ་བ་ཡིན་ལ། དེ་ཇི་ལྟར་བྱ་བའི་ཚུལ་སྦྱོར་བ་གསོལ་གདབ་སྔོན་དུ་འགྲོ་བས། དངོས་གཞི་གསོལ་བཞིའི་ལས་ཀྱིས་ཆད་པ་ལས་ཀྱི་བསླབ་པ་བྱིན་ནས་ཇི་སྲིད་འཚོའི་བ༷ར་དམན་སྤྱོད་ལྔ་དང་དུ་ལེན་ཞིང་ཁྱད་སྤྱོད་ལྔ་སྤང་བའི་ཀུན་སྤྱོད་ཀྱི༷ས་གནས་པར་ཁས་བླངས་པས་འད༵ག་པར་གསུངས་པ་ནི་མདོའི་དངོས་བསྟན་ལྟར་ཡིན་ལ། དེ་ལྟར་བཤགས་རྗེས་དགེ་སློང་གི་སྡོམ༷་པ༷་སླ༷ར་ནོ༷ད་ནས་ཆད་པ་ལས་ཀྱི་བསླབ་པ་བྱིན་པ་ནི་སེམས་ཙམ་པ་ཡན་ཆད་ཀྱི་བཞེད་པ་ཡིན་པར་སྣང་ངོ་། །གཉིས་པ་ལྷག་མ་བཅུ་གསུམ་སོགས་
ཕྱིར་བཅོས་པ་ནི། ལྷག་མ་བཅུ་གསུམ་སོགས། །ལྕི་ཡང་ལ་ལྟོས་བཤགས་ཏེ་རིམ་པར་ལྡང་། །ཞེས་པ་སྟེ། དགེ་འདུན་ལྷ༷ག་མ༷་བཅུ༷་གསུ༷མ་པོ་ནི་ཞག་དང་མ་འབྲེལ་བའི་འཆབ་ཉེས་རྣམས་བགོ་གྱུར་ཡིན་ན་མཚམས་ནང་གི་དགེ་སློང་ཐམས་ཅད་དང་གཞན་རྣམས་གཅིག་གི་དྲུང་དུ་མཐོལ་ལ། ཞག་ཏུ་ལོངས་པའི་བཅབ་ཉེས་ནི་གང་ཟག་ཁྱད་པར་ཅན་མིན་པས་ཅི་ཙམ་བཅབ་པའི་ཞག་གྲངས་དང་མཉམ་པར་སྤོ་བ་དང་། དངོས་གཞི་མགུ་བ་སྤྱད་ཚུལ་རྣམས་ནི་སྔར་སྤྱི་དོན་གྱི་སྐབས་སུ་བཤད་གྲུབ་ལ། གང་ཟག་ཁྱད་པར་ཅན་གྱི་ལྷག་མའི་ཕྱིར་བཅོས་ནི། ཇི་སྐད་དུ། ངོ་ཚ་དང་ལྡན་པ་དང་། འདུལ་བ་འཛིན་པ་དང་། མདོ་སྡེ་འཛིན་པ་དང་། མ་མོ་འཛིན་པ་དང་། ཤེས་པས་ནི་གཅིག་གི་མདུན་དུ་བཤགས་པས་དགེ་འདུན་ལྷག་མ་ལས་ལྡང་ངོ་། །ཞེས་སོ། །དེ་ལ་སོ༵གས་པ་ལྟུང་བ་གཞན་རྣམས་ལྕི༷་ཡ༷ང་ལ༷་ལྟོས༷་ནས་བཤ༷གས་ཏེ༷་རི༷མ་པ༷ར་ཉེས་པ་ལས་ལྡང༵་བའི་ཚུལ་ནི། ཕམ་སྦོམ་ལྕི་བ་ལ་ཡུལ་དགེ་སློང་དྲུག །ཡང་བ་ལ་ལྔ། ལྷག་སྦོམ་ལྕི་བ་ལ་བཞི། ཡང་བ་ལ་གཅིག་གི་དྲུང་དུ་བཤགས་པས་འདགས་ལ། སྤང་ལྟུང་སོགས་སྡེ་ཚན་ཕྱི་མ་རྣམས་དང་། དགེ་
ཚུལ་གྱི་ཉེས་ལྟུང་བཤགས་ཚུལ་རྣམས་སྔར་རང་རང་གི་བསྲུང་བྱ་བཤད་པའི་སྐབས་ཕྱོགས་ཙམ་བསྟན་པ་བཞིན་ནོ། །ལར་དུས་ཐམས་ཅད་དུ་ལྟུང་བ་རྣམས་བྱུང་བའི་ཚེ་མཐོལ་བཤགས་བྱ་བ་ལ་འབད་པར་བྱ་ཞིང་འཆི་བའི་ཚེ་ལྟུང་བ་མེད་པ་ཞིག་གལ་ཆེ་ལ། གལ་ཏེ་འཆི་བ་དེའི་ཚེ་ན་ཉེས་པ་མ་བཤགས་པ་དྲན་རྒྱུ་ཡོད་ན་ལུས་ངག་གིས་མཐོལ་བཤགས་ཚད་ལྡན་མ་ནུས་ཀྱང་ཡིད་ཀྱིས་བཤགས་སྡོམ་བྱས་པས་ཀྱང་འདགས་པར་འགྱུར་ཏེ། མདོ་ལས། མཐར་དེ་ལ་རྩལ་རྐྱེན་མ་འབྱོར་བ་ཉིད་ན་ལས་བྱས་པ་དང་འདྲའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་རྣམས་ནི་ནུས་པ་ཕྱིར་བཅོས་ཚུལ་ཡིན་ལ། མི་ནུས་པ་བྱིན་གྱིས་བརླབས་པའི་ཚུལ་ནི་ཆད་ལས་དགོས་པའི་རིགས་སྔོན་དུ་མ་སོང་བ་དང་། བཤགས་ཡུལ་མེད་པ་དང་། ལྟུང་ཕྱིར་རྩོད་པ་སོགས་ཀྱི་རྐྱེན་དབང་གིས་བཤགས་པ་མ་གྲུབ་པ་རྣམས་ལས་གྲལ་དུ་མ་འདུས་གོང་དུ་བྱིན་གྱིས་བརླབས་ཤིང་། ལྟུང་བ་ཐུན་མོང་བ་རྣམས་འདུས་ནས་གསོལ་བའི་ལས་ཀྱིས་བྱིན་གྱིས་བརླབས་པ་ཡིན། དེ་ཡང་བཤགས་པས་འདག་པའི་རྒྱུའི་གཙོ་བོ་ནི་འགྱོད་སྡོམ་དྲག་པོའི་སེམས་ཀྱིས་ཡིན་ཏེ། དེ་གཉིས་མེད་པར་ཚིག་ཙམ་གྱིས་བཤགས་པས་ནི་སྡིག་
ལྟུང་འདག་པ་ལྟ་ཅི་རྫུན་སྨྲ་བ་ཆེན་པོ་ཡིན་པར་གསུངས་སོ། །གཉིས་པ་ཉེས་པ་སྦྱོང་བའི་ཐབས་སྟོབས་བཞིར་བསྡུ་ཚུལ་བསྟན་པ་ནི། མདོར་ན་སྟོབས་བཞིར་མ་འདུས་བཤགས་པ་མེད། །སྔར་བྱས་འགྱོད་བཤགས་ཁོང་དུ་དུག་སོང་ལྟར། །འགྱོད་པ་སྙིང་ནས་རྣམ་པར་སུན་འབྱིན་སྟོབས། །དུག་ལ་སྨན་བཞིན་འཇུག་པ་དྲག་པོ་ཡིས། །ཉེས་ཕྱིར་དགེ་བའི་གཉེན་པོ་ཀུན་སྤྱོད་སྟོབས། །དུག་མི་འཐུང་ལྟར་ཕྱིས་ནས་ཉེས་སྡོམ་ལ། །ངེས་ཤེས་དྲག་པོ་རྣམ་པར་སོར་ཆུད་སྟོབས། །སྨན་པ་བསྟེན་ལྟར་སྐྱབས་སེམས་ལྟུང་བཤགས་སོགས། །དད་པ་དྲག་པོས་རྟེན་གྱི་སྟོབས་བཞི་སྤྱད། །ཅེས་པ་སྟེ། སྡིག་ལྟུང་གང་ཡིན་ཀྱང་སྦྱོང་བའི་གཉེན་པོ་མདོ༷ར་བསྡུས་ན༷་སྟོབ༷ས་བཞི༷ར་མ༷་འདུ༷ས་པའི་བཤ༷གས་པ༷་མེ༵ད་དེ། དེ་ལྟར་ཡང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་
གསུངས་པའི་ཕྱིར། དེའང་སྔར༷་བྱས༷་པའི་ཉེས་ལྟུང་ལ་འགྱོད༷་བཤ༷གས་བྱ་ཚུལ་ཡང་། དཔེར་ན་འགའ་ཞིག་གིས་མ་ཤེས་ཏེ་དུག་འཐུངས་པས་ཁོ༷ང་དུ༷་དུག༷་སོ༷ང་བ་ལྟར་དུག་ནད་ཀྱིས་གཟིར་བ་ན་དེ་ལ་འགྱོད་པ་དྲག་པོས་ཞེ་གཏིང་ནས་སླར་དུག་སྐྱུག་པར་འདོད་པ་ལྟར༵་ཁ་ཙམ་མ་ཡིན་པར་འགྱོད༷་པ༷་སྙི༷ང་ན༷ས་བསྐྱེད་པ་ནི་རྣམ༷་པ༷ར་སུ༷ན་འབྱིན༷་པའི་སྟོབ༵ས་དང་། དུག༷་ནད་སྦྱོང་བའི་གཉེན་པོ་ལ༷་སྨན༷་བསྟེན་པ་བཞི༷ན་སྒོ་གསུམ་གྱི་འཇུ༷ག་པ༷་དྲག༷་པོ༷་ཡི༵ས་ཉེས༷་པ་འདགས་པའི་ཕྱིར༷་དགེ༷་བ༷འི་ཕྱོགས་ཀྱི་གཉེ༷ན་པོ༷་ལ་འབད་པ་ཀུན་ཏུ་སྤྱོད༷་པའི་སྟོབ༵ས་དང་། སླད་ནས་ཤེས་བཞིན་དུག༷་མི༷་འཐུ༷ང་བ་ལྟ༷ར་ལྟུང་བ་སྡམ་བཤགས་ཏེ་ཕྱིས༷་སུ་དེ་འདྲ་བའི་ཉེས་པ་མི་བྱེད་སྙམ་དུ་བསམ་ན༷ས་ཉེ༷ས་སྤྱོད་སྡོམ༷་པ་ལ༵། བཤགས་ན་དག་པའི་ཕན་ཡོན་དང་། མ་བཤགས་ན་འདི་ཕྱིའི་ཉེས་དམིགས་ཡོད་པའི་ཚུལ་ལ་ངེ༷ས་ཤེ༷ས་དྲ༷ག་པོ༷་བསྐྱེད་པ་རྣ༷མ་པ༷ར་སོ༷ར་ཆུད༷་པའི་སྟོབ༵ས་དང་། དུག་སྦྱོང་བ་ལ་རང་རྒྱུད་ཀྱི་རྟེན་རྒྱུད་གསོ་རུང་དུ་ཡོད་པ་དང་། ཡུལ་གྱི་རྟེན་དུག་སྨན་ཉེར་བའི་སྨ༷ན་པ༷་བསྟེན༷་དགོས་པ་ལྟར༷། རང་རྒྱུད་ཀྱི་རྟེན་བླ་མ་མཆོག་གསུམ་ལ་སྐྱབ༷ས་སུ་འགྲོ་ཞིང་བྱང་ཆུབ་མཆོག་ཏུ་སེ༷མས་བསྐྱེད་པ་དང་། ལྟུང༷་བ་
བཤ༷གས་པའི་མདོ་སོ༵གས་ལ་འབད་པས་འདོན་ཅིང་། ཡུལ་གྱི་རྟེན་བཤགས་ཡུལ་བླ་མ་དཀོན་མཆོག་ལ་ཡིད་ཆེས་པའི་ད༷ད་པ༷་དྲ༷ག་པོ༷འི་སྒོ་ནས༷་བཤགས་ན་འདགས་ངེས་པའི་ཕྱིར་རྟེན༷་གྱི༷་སྟོབ༷ས་ཡིན་ལ། དེ་ལྟར་སྟོབས་བཞི༷་ཚང་བའི་སྒོ་ནས་སྤྱད༵་དོ། །འོན་ཀྱང་ཆོས་འདི་པའི་ལུགས་ཀྱི་བཤགས་ཚུལ་རྣམས་སྔར་བཤད་པ་ལྟར་མ་བྱས་ན་རྒྱུད་ལྟུང་བ་དངོས་གཞི་ལས་ལྡང་མི་ནུས་ཀྱང་འབྲས་བུ་རྣམ་སྨིན་ཤིན་ཏུ་ཡ་ང་བ་མྱོང་བར་འགྱུར་བ་ལ་སྟོབས་བཞིའི་བཤགས་པ་འདི་ཉིད་ཤིན་ཏུ་གལ་ཆེ་བས་གཉིས་ཀ་ཆུན་གཅིག་དྲིལ་དུ་བྱེད་པ་གནད་དོ། །གསུམ་པ་ཉེས་དམིགས་ཤེས་པའི་སྒོ་ནས་ནན་ཏན་དུ་བསྲུང་བར་གདམས་པ་ནི། འོན་ཀྱང་སྡིག་ལྟུང་སྟོབས་ལྡན་རེ་སྤྱོད་ན། །ས་ཐོབ་ཡུན་དུ་འགོར་བས་མིག་ལྟར་བསྲུང་། །ཞེས་པ་སྟེ། དེ་ལྟར་ཚུལ་བཞིན་བཤགས་པས་ཉེས་པ་འདགས་པ་དེ་ལྟ་མོད་ཀྱི། དཔེར་ན་རྩ་ལྟུང་འཆབ་མེད་ལ་བསླབ་པ་སྦྱིན་ནས་ཕྱིར་བཅོས་སུ་ཡོད་མོད། འོ༷ན་ཀྱང༷་ཇི་སྲིད་དགྲ་བཅོམ་པ་མ་ཐོབ་ཀྱི་བར་དེ་སྲིད་དུ་ཕམ་པའི་དངོས་གཞི་འདག་མི་ནུས་ཤིང་། དེ་འདྲ་དེས་དགྲ་བཅོམ་པ་ཐོབ་པ་ཡང་གཞན་ལས་ཆེས་དཀའ་སྟེ།
སྦྱང་བྱ་སྡི༷ག་ལྟུང༷་སྟོབ༷ས་དང་ལྡན༷་པ་རེ་རེ༷་ཙམ་ལ་སྤྱོད༷་ན༵། དེའི་གཉེན་པོར་སྦྱོང་བྱེད་ལ་ཆེ་ཐང་གིས་འབད་དུ་ཟིན་ཀྱང་རྒྱུད་ཉེས་པའི་སྒྲིབ་པ་དེ་རྣམ་གྲོལ་གྱི་ས༷་གོང་མའི་ཡོན་ཏན་ཐོ༷བ་པ་ལ་ཡུ༷ན་རིང་དུ༷་འགྱང་སྟེ་འགོ༷ར་བ༷ས་ན་ལྟུང་བ་ཕྲ་ཞིང་ཕྲ་བའང་མི༷ག་གི་འབྲས་བུ་ལྟར༷་གཅེས་སྤྲས་ཀྱིས་བསྲུ༷ང་དགོས་ཏེ། ཉེས་པ་ཆུང་ངུས་ཀྱང་རྣམ་སྨིན་ཆེན་པོ་བསྐྱེད་ནུས་པའི་ཕྱིར། ལུང་ལས། གང་ཞིག་སྟོན་པ་ཐུགས་རྗེའི་བསྟན་པ་ལ། །ཡང་བར་སེམས་ཤིང་ཅུང་ཟད་འདའ་བྱེད་པ། །དེ་ནི་དེ་ལས་སྡུག་བསྔལ་གཞན་དབང་ཐོབ། །སྨྱིག་ཚལ་བྲེགས་པས་ཨ་མྲའི་ཚལ་ཉམས་བཞིན། །འདི་ན་ལ་ལ་རྒྱལ་པོའི་ཚིག་ཆེན་པོ། །ལན་འགའ་འདས་ནའང་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་དང་། གཞན་ཡང་ཉམས་པའི་ཉེས་པ་སྔ་མ་ལས། དམ་ཆོས་ཐོས་པར་མི་འགྱུར་ལ། །ཐོས་པ་མྱུར་དུ་བརྗེད་པར་འགྱུར། །ས་ལམ་རྟོགས་པའང་ཡོངས་མི་སྐྱེ། །ཞེས་གསུངས་ཤིང་། གལ་ཏེ་ཚུལ་ཁྲིམས་འཆལ་བར་གྱུར་ནའང་གཞན་ལ་མ་བརྗོད་ན་གཞན་གྱིས་ཁྲེལ་བ་ལ་སོགས་པ་མི་འབྱུང་ངོ་སྙམ་ན། སྐྱེས་རབས་
ལས། མ་མཐོང་བཞིན་དུ་སྡིག་པ་བྱེད་ན་ཡང་། །དུག་ཟོས་བཞིན་དུ་བདེ་བར་མི་འགྱུར་ཏེ། །ལྷ་དང་རྣལ་འབྱོར་ཅན་གྱི་མི་དག་གི། །རྣམ་དག་མིག་གིས་མི་མཐོང་མི་སྲིད་དེ། །ཞེས་པ་ལྟར། ཉེས་པ་ལྐོག་ཏུ་བྱས་ཀྱང་ས་བླའི་ལྷ་རྣམས་ཀྱིས་བསྒྲགས་པས། གཏམ་ངན་ཕྱོགས་ཐམས་ཅད་དུ་ཁྱད། འཇིག་རྟེན་ལྷ་དང་བཅས་པས་ཁྲེལ་ཞིང་བརྙས། མཁན་པོ་དང་སློབ་དཔོན་གྱི་མདུན་དུ་འགྲོ་བ་ལ་ངོ་གནོང་། དགེ་འདུན་ཚོགས་པའི་དབུས་སུ་བག་ཚ། སྦྱིན་བདག་གི་ཡོན་ལེན་པ་ལ་དཔའ་ཞུམ། དཀར་ཕྱོགས་ལྷ་དང་ཆོས་སྐྱོང་རྣམས་ཀྱིས་མི་བསྲུང་། ནག་ཕྱོགས་བདུད་རིགས་རྣམས་ཀྱིས་གླགས་རྙེད། ཚེ་འདིར་ཡང་མི་འདོད་པ་ཐམས་ཅད་ཐོག་ཏུ་འབབ། ཡོན་ཏན་གོང་མ་མི་སྐྱེ། སྔར་ཐོས་པ་རྣམས་བརྗེད། འཆི་བའི་ཚེ་འགྱོད་པ་དང་བཅས་པས་དུས་བྱས་ཏེ་ངན་སོང་དུ་སྡུག་བསྔལ་ཉམས་སུ་མྱོང་བར་འགྱུར་བའི་ཚུལ་ཡང་། མདོར་ན་ཕམ་ལྷག་སྦོམ་པོ་ལྟུང་བྱེད་སོར་བཤགས་ཉེས་བྱས་རྣམས་ལས་འདས་ན་རིམ་པར་ཚ་བའི་དམྱལ་བ་ནས་ཡང་སོས་ཀྱི་བར་དུ་སྐྱེ་བར་མདོ་ལས་གསུངས་པས་ན། རང་ཉིད་བདེ་བར་འདོད་པ་དག་གིས་ཤིན་ཏུ་བག་
ཡོད་པའི་སྒོ་ནས་ནན་ཏན་དུ་གསོ་བ་ལ་བརྩོན་པར་བྱའོ། །ལྔ་པ་བསྲུང་བའི་ཕན་ཡོན་ལ་གསུམ། ཚུལ་ཁྲིམས་ཙམ་གྱི་ཕན་ཡོན། སོ་ཐར་གྱི་སྡོམ་པའི་ཕན་ཡོན། དེ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་བའི་ཕན་ཡོན་ནོ། །དང་པོ་ཚུལ་ཁྲིམས་ཙམ་གྱི་ཕན་ཡོན་ནི། ཕན་ཡོན་ནད་དང་རྒྱལ་པོའི་ཆད་ཕྱིར་བླངས། །རྐྱེན་འགའ་སེལ་ཀྱང་འཇིགས་སྐྱོབ་ཚུལ་ཁྲིམས་ཡིན། །ཕྱི་མའི་ཆེད་བླངས་ལེགས་སྨོན་ཚུལ་ཁྲིམས་ཞེས། །ལྷ་མིའི་བདེ་འབྲས་ཐོབ་ཀྱང་ཐར་པ་མིན། །ཞེས་པ་སྟེ། དེ་ལྟར་ཚུལ་བཞིན་དུ་མ་ཉམས་པར་བསྲུངས་ན་དེའི་ཕ༷ན་ཡོ༷ན་ནི་ཚེ་འདིར་ན༷ད་ད༷ང་རྒྱལ༷་པོ༷འི་ཆ༷ད་པ་སོགས་ལས་ཐར་བའི་ཕྱིར༷་བླང༵ས་ན་དེ་དང་དེའི་རང་རང་གི་འདོད་འབྲས་ཚེ་འདིའི་འཕྲལ་རྐྱེན༷་འག༷འ་ཞིག་སེ༷ལ་ནུས་ཀྱང་འཇི༷གས་སྐྱོབ༷་ཀྱི་ཚུལ༷་ཁྲི༷མས་ཙམ་ཡི༵ན་ལ། ཕྱི༷་མ༷་ངན་སོང་གི་སྡུག་བསྔལ་ལ་འཇིགས་ནས་མངོན་མཐོ་ལྷ་མིའི་བདེ་བ་ཙམ་པའི༷་ཆེ༷ད་དུ་བླང༷ས་ན་ལེ༷གས་སྨོན༷་གྱི་ཚུ༷ལ་ཁྲི༷མས་ཞེ༵ས་རང་གི་ཇི་ལྟར་འདོད་པ་བཞིན་ལྷ༷་དང་མི༷འི་བདེ༷་བའི་འབྲ༷ས་བུ་ཐོ༷བ་པ་ཡིན་ཀྱང༷་ངེས་འབྱུང་གི་བསམ་པས་མ་ཟིན་པས་ན་འཁོར་བ་ལས་ཐ༷ར་པ༷་ཐོབ་པའི་ཐབས་ནི་མི༵ན་ནོ། །གཉིས་པ་སོ་ཐར་གྱི་སྡོམ་པའི་
ཕན་ཡོན་ནི། ངེས་པར་འབྱུང་བའི་ཚུལ་ཁྲིམས་སྡོམ་ལྡན་ན། །དགྲ་བཅོམ་ཐོབ་པ་དགའ་བོའི་རྣམ་ཐར་བཞིན། །ཞེས་པ་སྟེ། དེས་ན་འཁོར་བ་ལས་ངེ༷ས་པ༷ར་འབྱུང༷་བ༷་མྱང་འདས་གསུམ་གང་རུང་ཐོབ་པར་འདོད་པ༷འི་བསམ་པས་ཟིན་པའི་རིགས་བརྒྱད་གང་རུང་གི་ཚུ༷ལ་ཁྲི༷མས་བླངས་ནས་སྡོམ༷་པ་མ་ཉམས་པར་བསྲུང་བ་དང་ལྡན༷་ན༵་དགྲ༷་བཅོ༷མ་པ་སོགས་མྱང་འདས་གསུམ་གང་དོན་དུ་གཉེར་བ་དེ་ཐོ༷བ་པ༷་ལ་ཚེགས་མེད་དེ། དཔེར་ན་གཅུང་དག༷འ་བོ༷ས་དང་པོའི༷་དུས་སུ་སྟོན་པའི་བཀས་དབང་མེད་དུ་སྡོམ་པ་བླངས། དེ་རྗེས་སྟོན་པས་རྫུ་འཕྲུལ་གྱིས་ཁྲིད་དེ་ལྷའི་བུ་མོ་རྣམས་བསྟན་པས་ཕྱི་མ་དེ་དང་ལྷན་ཅིག་སྐྱེ་བར་འདོད་ནས་བསླབ་པ་ལ་བརྩོན་པས་སྔར་གྱི་སྡོམ་པ་དེ་ལེགས་སྨོན་གྱི་ཚུལ་ཁྲིམས་སུ་གྱུར། དེའི་འོག་ཏུ་དམྱལ་བའི་སྡུག་བསྔལ་བསྟན་པས་ངེས་འབྱུང་གི་བསམ་པ་སྐྱེས་ནས་དེ་ཕྱིན་ཆད་སོ་ཐར་གྱི་སྡོམ་པ་མཚན་ཉིད་པར་གྱུར་ནས་ལེགས་པར་བསླབ་པས་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་པའི་རྣ༷མ་པར་ཐ༷ར་པ་བཞི༵ན་ནོ། །དེར་མ་ཟད་གནས་སྐབས་ཀྱི་ཕན་ཡོན་ཀྱང་། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་བསྔགས་པར་འོས་པ་དང་། འཕགས་
ནོར་བདུན་གྱིས་ཕྱུག་པ་དང་། འགྱོད་པ་མེད་པར་འཆི་བའི་དུས་བྱས་ནས། སྐྱེ་བ་ཕྱི་མར་ཕམ་པ་བསྲུངས་པས་གཞན་འཕྲུལ་དབང་བྱེད། དགེ་འདུན་ལྷག་མས་འཕྲུལ་དགའ། སྦོམ་པོས་དགའ་ལྡན། ལྟུང་བྱེད་ཀྱི་འཐབ་བྲལ། སོར་བཤགས་དང་ཉེས་བྱས་རྣམས་བསྲུང་པས་རི་རབ་ལ་གནས་པའི་ལྷའི་གནས་སུ་སྐྱེ་བར་འགྱུར་ཞིང་། མཐར་ཐུག་འགྱོད་པ་མེད་པའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ནས་དམིགས་པ་ལ་རྩེ་གཅིག་པའི་ཏིང་ངེ་འཛིན་འགྲུབ་ཅིང་། དེ་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་འཁོར་བའི་རྩ་བ་བདག་ཏུ་འཛིན་པ་བཅད་ནས་ངེས་པར་འབྱུང་བ་ལྷག་མེད་ཀྱི་མྱང་འདས་ཐོབ་པར་འགྱུར་ཏེ། ས་གའི་ལྷས། རབ་བསྔགས་ནོར་ནི་ཕུན་ཚོགས་ཤིང་། །ལྷ་ཡི་ཁང་བཟང་དམ་པར་སྐྱེ། །ཏིང་ངེ་འཛིན་དང་ངེས་འབྱུང་ཐོབ། །ཚུལ་ཁྲིམས་འདི་ནི་འབྲས་བུ་ཆེ། །ཞེས་དང་། དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། ཤིན་ཏུ་ལེགས་པར་ཚུལ་ཁྲིམས་གང་། །བསྡམས་པའི་མི་དེ་མཛེས་པའི་གཟུགས། །འདུལ་བ་ལ་ནི་ཉེ་བར་གནས། །ཚུལ་ཁྲིམས་བསླབ་ལ་རང་ཡིད་ཆེས། །མི་དེ་ཉི་མ་གཅིག་ལ་ཡང་། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །
གསོག་ཅིང་སངས་རྒྱས་འབྲས་བུ་འགྲུབ། །ཅེས་སོ། །གསུམ་པ་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་དུ་འགྱུར་བའི་ཕན་ཡོན་ནི། སྐྱབས་གསུམ་འཛིན་སོགས་ཡོན་ཏན་ཕྱི་མ་མཆོག །སྔ་མ་ཕྱི་མའི་ཐུན་མོང་ལམ་ཡིན་ཕྱིར། །སེམས་བསྐྱེད་སྔགས་ཀྱི་གདུལ་བྱའང་དེ་དང་མཚུངས། །དེ་ཕྱིར་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིནཞེས་པ་སྟེ། མྱང་འདས་ལ། གང་སུ་གསུམ་ལ་སྐྱབས་འགྲོ་བ། །དེ་དག་མྱུར་དུ་སངས་རྒྱས་འགྱུར་། །ཞེས་གསུངས་པ་ལྟར་གྱི་སྐྱབ༷ས་གསུ༷མ་འཛི༷ན་པའི་དགེ་བསྙེན་གྱི་ཕན་ཡོན་དེས་ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པའི་ཕན་ཡོན་བརྒྱའི་ཆར་ཡང་མི་འགྱུར་ཞིང་། དེ་བཞིན་དུ་སོ༷གས་ཁོངས་ནས་དགེ་ཚུལ་དང་དགེ་སློང་གི་སྡོམ་པའི་ཡོ༷ན་ཏན༷་སྔ་མ་སྔ་མ་བས་ཕྱི་མ་ཕྱི༷་མ༷་རྣམས་བརྒྱ་འགྱུར་སྟོང་འགྱུར་གྱིས་མཆོ༵ག་ཏུ་གྱུར་པ་ཡིན་ཅིང་། སྔ༷་མ༷་སྔ་མ་རྣམས་ཕྱི་མ་ཕྱི༷་མ༷འི་ཐུ༷ན་མོ༷ང་དུ་གྱུར་པའི་ལ༷མ་སྟེགས་ཡི༷ན་པའི་ཕྱིར། དེ་བཞིན་དུ་སོ་ཐར་གྱི་སྡོམ་པ་དེ་དག་ཀྱང་སེ༷མས་བསྐྱེད༷་ཀྱི་སྡོམ་པའི་རྟེན་དུ་འགྲོ་ཞིང་། དེ་གཉིས་ཀ་གསང་སྔ༷གས་ཀྱི༷་སྡོམ་པའི་རྟེན་དུ་འགྲོ་བའི་ཕྱིར་ན་སྡོམ་པ་གོང་མ་གཉིས་ཀྱི་གདུ༷ལ་བྱ༷་ལའང༷་འོག་མ་གཉིས་འགྲོ་དགོས་པའི་
ཚུལ་གོང་དུ་བཤད་པ་དེ༷་དག་ད༷ང་མཚུང༵ས་ཤིང་། རྒྱུ་མཚན་དེ༷་ཡི་ཕྱིར༷་ན་ངེས་འབྱུང་གི་ཚུལ་ཁྲིམས་ནི་ཐེག་པ་ཀུན་གྱི་ལུང་དང་རྟོགས་པའི་ཡོ༷ན་ཏན༷་མ་ལུས་པ་ཀུ༷ན་གྱི༷་གཞི༷་རྟེ༷ན་དུ་འགྱུར་བ་ཡི༵ན་ཏེ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་སོ། །མདོར་ན་སྔོན་བསྟན་པ་དར་བའི་དུས་སུ་ལོ་གྲངས་མང་པོར་བསླབ་གཞི་ཡོངས་རྫོགས་ཀྱི་ཚུལ་ཁྲིམས་རྣམ་དག་བསྲུང་བ་ལས། ད་ལྟ་བསྟན་པ་ནུབ་ལ་ཉེ་བའི་དུས་འདིར་ཉིན་ཞག་གཅིག་གི་ཡུན་ལ་བསླབ་གཞི་གཅིག་ཙམ་བསྲུང་བ་ཕན་ཡོན་ཆེ་བར་གསུངས་ཏེ། ཏིང་འཛིན་རྒྱལ་པོ་ལས། བསྐལ་པ་བྱེ་བ་གངྒྰའི་བྱེ་སྙེད་དུ། །དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །སངས་རྒྱས་བྱེ་བ་ཕྲག་ཁྲིག་རིམ་གྲོར་བྱས། །གང་ཞིག་དམ་ཆོས་རབ་ཏུ་འཇིགས་པ་དང་། །བདེ་གཤེགས་བསྟན་པ་འགགས་པར་འགྱུར་བའི་ཚེ། །ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱད་པ། །བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བརྗོད་བྱའི་དོན་མཐར་ཕྱིན་ནས་ལེའུའི་སྐབས་བསྡུ་བ་ནི།
འདུལ་བ་སོ་ཐར་གྱི་རིམ་པར་ཕྱེ་བ་སྟེ་གཉིས་པའོ། །ཞེས་པ་སྟེ། བསྟན་བཅོས་འདི་ལ་ལེའུ་ལྔ་ལས། བརྗོད་བྱ་འདུ༷ལ་བ༷་སྤོང་འཇུག་གི་ཚུལ་ཁྲིམས་ཉིད། རྗོད་བྱེད་ཀྱི་འདུལ་བ་ལ་ཕ་མའི་འབྱེད། ལུང་གི་གཞི། ལུང་བླ་མ། ལུང་ཕྲན་ཚེགས་ཏེ། ལུང་སྡེ་བཞིའི་སྒོ་ནས། ཉན་ཐོས་དང་ཐུན་མོང་བའི་བསྟན་པའི་ཉམས་ལེན་སོ༷་ཐར༷་གྱི༷་རི༷མ་པར༷་ཕྱེ༷་བ༷་སྟེ༷་ལེའུ་གཉི༷ས་པའི་རྣམ་པར་བཤད་པ༷འོ༵།། །།༈ གཉིས་པ་བྱང་ཆུབ་སེམས་དཔའི་སྡོམ་པ་བཤད་པ་ལ་གསུམ་སྟེ། སྟོན་པས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཇི་ལྟར་གསུངས་ཚུལ། དེ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ། དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པའོ། །དང་པོ་སྟོན་པས་ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་ཇི་ལྟར་གསུངས་ཚུལ་ནི། བསྐལ་བཟང་འགྲོ་བའི་འདྲེན་པ་ཐུབ་ཆེན་དེས། །བྱ་རྒོད་ཕུང་སོགས་ཐེག་ཆེན་རིགས་ཅན་ལ། །ཤིན་ཏུ་རྒྱས་པའི་སྡེ་སྣོད་དཔག་ཡས་གསུངས། །ཞེས་པ་སྟེ། སྟོན་པ་ཐུགས་རྗེ་ཅན་དེ་ཉིད་བསྐལ་པ་གྲངས་མེད་བསམ་གྱིས་མི་ཁྱབ་པའི་སྔ་རོལ་དུ་དབང་པོའི་ཏོག་ཅེས་བྱ་བར་སངས་རྒྱས་སུ་ཟིན་ཀྱང་། བསྐ༷ལ་པ་བཟ༷ང་པོའི་དུས་འདིར་ཞིང་འདིའི་འགྲོ༷་བ་
རྣམས་སྲིད་པ་འཁོར་བ༷འི་སྡུག་བསྔལ་ལས་ཞི་བ་མྱ་ངན་ལས་འདས་པའི་གྲོང་དུ་འདྲེ༷ན་པར་མཛད་པའི་ཆེད་དུ། སླར་ཡང་མཛད་པ༷་བཅུ་གཉིས་ལ་སོགས་པའི་སྒོ་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་བརྙེས་པའི་ཚུལ་བསྟན་ཏེ། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ཞེས་པ་ནས། ཡོངས་སུ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པའི་བར་གསུངས་པའི་ཕྱིར། དེ་ལྟར་སངས་རྒྱས་ནས་གདུལ་བྱའི་བློ་ལ་ལྟོས་ཏེ་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བར་མཛད་པ་ལས། དང་པོའི་ཚུལ་རྣམས་གོང་དུ་བརྗོད་ཟིན་མ་ཐག་པ་ལྟར་ལ། འདིར་བར་མཐའི་དགོངས་པ་ཁྱད་པར་ཤིན་ཏུ་རྒྱས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཇི་ལྟར་གསུངས་པའི་ཚུལ་ནི་ཕུན་སུམ་ཚོགས་པ་ལྔ་ལྡན་ཏེ། སྟོན་པ་ཕུན་སུམ་ཚོགས་པ་རྣམ་འདྲེན་བཞི་པ་ཐུ༷བ་པ་ཆེ༷ན་པོ་དེ༵ས། གནས་ཕུན་སུམ་ཚོགས་པ་བྱ༷་རྒོ༷ད་ཕུ༷ང་པོའི་རི་བོ་ལ་སོ༷གས་པར། འཁོར་ཕུན་སུམ་ཚོགས་པ་
ཐེ༷ག་པ་ཆེ༷ན་པོའི་རི༷གས་ཅན༷་ལྷ་ཀླུ་མི་དང་ལྷ་མ་ཡིན་དྲི་ཟ་སོགས་ཐུན་མོང་བའི་འཁོར་དང་། ཐུན་མོང་མ་ཡིན་པའི་འཁོར་ས་ཆེན་པོ་ལ་བཞུགས་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་ལ༵། ཆོས་ཕུན་སུམ་ཚོགས་པ་ཤིན་ཏུ་རྒྱས་པའི་སྡེ་སྣོད་ལྷག་པ་སེམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་ལས་བརྩམས་ཏེ་མདོ་སྡེའི་འདུལ་བ་བྱང་སེམས་ཀྱི་སྡོམ་པའི་མཚམས་རྣམ་པར་གཞག་པ་དང་། མདོ་སྡེའི་མདོ་སྡེ་ཏིང་ངེ་འཛིན་ཟབ་ཅིང་རྒྱ་ཆེ་བ་དང་། མདོ་སྡེའི་མངོན་པ་ལ་ས་ལམ་དང་གཟུངས་ཏིང་གི་རབ་དབྱེ་ཇི་སྙེད་པ་རྣམས་སྟོན་པ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་རྣམ་གྲངས་དང་། ཡང་གནས་གཅིག་ཏུ་མ་ངེས་པར་ཐེག་པ་ཐམས་ཅད་ཀྱི་རིགས་ཅན་ལ། ཆོས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་ཚེགས་ཆུང་ཞིང་ཐབས་སླ་བས་ཉོན་མོངས་པ་འདུལ་བའི་ཐབས་སྟོན་པ་མངོན་པའི་འདུལ་བ་དང་། དེ་ཁོ་ན་ཉིད་ཟབ་མོའི་དོན་ལ་འཇུག་པའི་ཚུལ་སྟོན་པ་མངོན་པའི་མདོ་སྡེ་དང་། རྒྱ་ཆེ་བ་ཕུང་ཁམས་སྐྱེ་མཆེད་ཀྱི་རབ་དབྱེ་སོགས་དང་ཁྱད་པར་དེ་བཞིན་གཤེགས་པའི་སྙིང་པོའི་ཁམས་གཏན་ལ་འབེབས་པ་མངོན་པའི་མངོན་པ་སྟེ། བཀའ་ཐ་མ་ངེས་པ་དོན་གྱི་
རྣམ་གྲངས་སྟོན་པ་ལེགས་པ་རྣམ་པར་ཕྱེ་བའི་ཆོས་འཁོར་ཏེ། ཚིག་དོན་ཤི༷ན་ཏུ༷་ཟབ་ཅིང་རྒྱས༷་པ༷འི་སྡེ༷་སྣོད༷་དཔ༷ག་ཏུ་མེད་ཅིང་བསམ་ཡ༷ས་པ་རྣམས། དུས་ཕུན་སུམ་ཚོགས་པ་གདུལ་བྱའི་མོས་པ་བཞིན་རིམ་གྱིས་སམ་ཅིག་ཆར་དུ་གསུ༵ངས་པ་ལྟར་སྣང་བ་མཛད་དེ། མདོ་སྡེ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། ང་ཡིས་ཅི་ཡང་མ་གསུངས་པར། །སེམས་ཅན་རྣམས་ལ་ཁྱབ་བརྡལ་སྣང་། །གང་ཚེ་རིམ་གྱིས་མངོན་འདོད་པ། །དེ་དག་ཀུན་ལ་དེ་བཞིན་ཏེ། །དུས་གཅིག་ཉིད་དུ་འཇུག་ཅན་ལ། །ཆོས་ཀྱི་རྣམ་གྲངས་རྫོགས་པར་སྣང་། །ཡིད་བཞིན་རེ་བ་རྣམས་སྐོང་བའི། །གསུང་གི་ཆེ་བ་དེ་ཉིད་དོ། །ཞེས་སོ། །དེ་ཡང་འཁོར་ལོ་གསུམ་པོ་གྲངས་ངེས་སུ་འདོད་ཚུལ་ལ། བཀའ་དང་པོར་ཀུན་རྫོབ་ཀྱི་བདེན་པ་གཙོ་བོར་བསྟན་པས་དྲང་དོན་ཡིན་པར་ཐམས་ཅད་མཐུན་ལ། བར་པ་དང་ཐ་མ་གཉིས་དྲང་ངེས་གང་ཡིན་ལ་བཞེད་པ་མི་མཐུན་པ་མང་ཡང་། རང་ལུགས་ནི་བར་པ་དྲང་ངེས་ཕྱེད་མའམ་གནས་སྐབས་པའི་ངེས་དོན་དང་། ཐ་མ་ཉིད་ངེས་དོན་དུ་འདོད་དེ། དགོངས་པ་ངེས་འགྲེལ་ལས། དང་པོ་གཉིས་ཀྱི་སྐབས་སུ་འཁོར་ལོ་བསྐོར་བ་དེ་ཡང་བླ་ན་མཆིས་པ། སྐབས་མཆིས་པ།
དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ། ཞེས་གསུངས་ཤིང་། ཐ་མའི་སྐབས་སུ། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཀྱི་འཁོར་ལོ་བསྐོར་ཏེ། འཁོར་ལོ་བསྐོར་བ་འདི་ནི་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ། རྩོད་པའི་གཞིའི་གནས་སུ་གྱུར་པ་མ་ལགས་སོ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དེ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ་ནི། འཇམ་དབྱངས་བཀའ་བསྡུས་ཀླུ་སྒྲུབ་སོགས་ཀྱིས་བཀྲལ། །ཞི་བ་ལྷས་སྤེལ་ཟབ་མོ་ལྟ་བའི་ལུགས། །བྱམས་པ་བཀའ་བསྡུས་ཐོགས་མེད་སྐུ་མཆེད་བཀྲལ། །ཇོ་བོ་རྗེས་སྤེལ་རྒྱ་ཆེན་སྤྱོད་པའི་སྲོལ། །པདྨའི་རིང་ལུགས་ནཱ་གརྫུ་ནར་མཐུན། །ཞེས་པ་སྟེ། སྤྱིར་བཀའ་བསྡུ་ལ་ཐུན་མོང་བ་ནི་རིམ་པ་གསུམ་སྔར་བཤད་པ་ལྟར་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པ་ལྟར་ན། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བི་མ་སམྦྷ་བའི་རི་ལ་རྒྱལ་སྲས་འབུམ་ཕྲག་བཅུ་འདུས་ཏེ། བྱམས་པ་འཇམ་དབྱངས་གསང་བདག་གསུམ་གྱིས་སྡེ་སྣོད་གསུམ་བསྡུས་པར་བཤད་ཅིང་། འདིར་ཁྱད་པར་བ་ཤིང་རྟ་ཆེན་པོའི་སྲོལ་གཉིས་ཀྱི་དབང་དུ་བྱས་ན། སྲོལ་དང་པོ་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་
ལས། ཟབ་མོ་སྟོང་པ་ཉིད་ཇི་ལྟ་བའི་ཕྱོགས་རྣམས་རྗེ་བཙུན་འཇ༷མ་དཔལ་དབྱང༷ས་ཀྱིས་བཀ༷འ་བསྡུས༷་ཤིང་། དེའི་རྗེས་སུ་བཟུང་བ་རྒྱལ་བས་ལུང་བསྟན་སློབ་དཔོན་ཀླུ་སྒྲུབ༷་ཀྱིས་འཁོར་ལོ་བར་པའི་དགོངས་འགྲེལ་དུ་ཆོས་ཐམས་ཅད་རང་སྟོང་དུ་གཏན་ལ་འབེབས་བྱེད་དབུ་མ་རིགས་ཚོགས་དང་། འཁོར་ལོ་ཐ་མའི་དགོངས་འགྲེལ་གཞན་སྟོང་དུ་གཏན་ལ་འབེབས་བྱེད་བསྟོད་ཚོགས་སོགས་མཛད་ནས་ཟབ་མོ་ལྟ་བའི་ཤིང་རྟའི་སྲོལ་ཕྱེས་ཤིང་། སོ༷གས་ཁོང་ནས་དེའི་སྲོལ་འཛིན་ཟླ་བ་གྲགས་པ། འཕགས་པ་ལྷ། ལེགས་ལྡན་འབྱེད་སོགས་ཀྱི༷ས་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་ནས་བཀྲ༵ལ་ལ། སེམས་བསྐྱེད་ཀྱི་ཕྱག་བཞེས་ཞི༷་བ༷་ལྷ་དང་ཛེ་ཏ་རི་ལ་སོགས་པས༷་རྒྱ་ཆེར་སྤེལ༷་བ་ནི་ཟ༷བ་མོ༷་ལྟ༷་བ༷འི་ལུག༵ས་ཡིན་ཅིང་། ཡང་སྲོལ་གཉིས་པ་ཇི་སྙེད་པ་རྒྱ་ཆེན་སྤྱོད་པའི་ཕྱོགས་ཀྱི་མདོ་སྡེ་རྣམས་རྒྱལ་ཚབས་བྱམ༷ས་པ༷་མགོན་པོས༷་བཀ༷འི་བསྡུ༷་བ་གནང་ནས༷་གཞན་སྟོང་དུ་གཏན་ལ་འབེབས་པའི་བསྟན་བཅོས་བྱམས་ཆོས་སྡེ་ལྔ་མཛད་དེ། རྒྱལ་བས་ལུང་བསྟན་འཕགས་པ་ཐོ༷གས་མེ༷ད་ལ་བསྟན་ཅིང་། དེས་ས་སྡེ་ལྔ་ལ་སོགས་པའི་བསྟན་བཅོས་མཛད་པ་དང་། མཁས་མཆོག་དབྱིག་གཉེན་གྱིས་པྲ་ཀ་ར་
ཎ་སྡེ་བརྒྱད་སོགས་མཛད་དེ། དེ་ལྟར་སྐུ༷་མཆེ༷ད་གཉིས་ཀྱིས་ལེགས་པར་བཀྲ༵ལ་བའི་སྲོལ་ཉིད་ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ། ཙནྡྲ་གོ་མི་ལ་སོགས་པས་བཟུང་ཞིང་། སེམས་བསྐྱེད་ཀྱི་ཕྱག་བཞེས་ཉིད་བོད་ཡུལ་འདིར་ཇོ༷་བོ༷་རྗེ༷་དཔལ་ལྡན་ཨ་ཏི་ཤས༷་སྤེལ༷་བར་མཛད་ཅིང་རིམ་པར་བརྒྱུད་པ་ནི་རྒྱ༷་ཆེ༷ན་སྤྱོད༷་པ༷འི་སྲོ༵ལ་ཡིན་ལ། རང་ཅག་སློབ་དཔོན་ཆེན་པོ་པ༷དྨའི༷་རྗེས་སུ་འཇུག་པ་གསང་སྔགས་སྔ་འགྱུར་གྱི་རི༷ང་ལུ༷གས་པ་རྣམས་ནི་སྔགས་ཀྱི་རྒྱུད་སྡེ་རྣམས་ལས་གསུངས་པའི་བྱང་སྡོམ་གྱི་ཐོབ་ཚུལ་དང་དེའི་བསླབ་བྱའི་རྐང་གྲངས་ཕལ་ཆེར་འཕགས་པ་ནྰ༷་ག༷་རྫུ༷་ན༷འི་ལུགས་དང་མཐུ༵ན་ལ། ལྟ་བ་ནི་སྲོལ་གཉིས་ཀ་དང་མཐུན་པ་ཡིན་ནོ། །གསུམ་པ་དེ་ལྟར་བཟུང་བའི་བརྗོད་བྱ་གཏན་ལ་དབབ་པ་ལ་གཉིས། ཐོབ་བྱ་སྡོམ་པའི་ངོ་བོ་དང་དབྱེ་བ་སྤྱིར་བཤད། ཐོབ་བྱེད་སྡོམ་པའི་ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྤྱིར་བཤད་པ་ལའང་གཉིས། སྡོམ་པའི་ངོ་བོ་དང་། སྡོམ་པའི་དབྱེ་བའོ། །དང་པོ་སྡོམ་པའི་ངོ་བོ་ནི། ངོ་བོ་བྱམས་དང་སྙིང་རྗེས་རྒྱུད་བརླན་ཅིང་། །གཞན་གྱི་དོན་དུ་བྱང་ཆུབ་ཐོབ་འདོད་པས། །སྒོ་གསུམ་ཉེས་པ་སྤོང་བའི་སེམས་པའོ། །ཞེས་
པ་སྟེ། བརྗོད་བྱའི་སྙིང་པོ་བྱང་ཆུབ་སེམས་ཀྱི་ངོ༷་བོ༷་ནི་སེམས་ཅན་ཐམས་ཅད་ལ་མས་བུ་གཅིག་པ་ལྟར་ཡིད་དུ་འོང་བར་མཐོང་ནས་བདེ་བ་དང་ལྡན་པར་འདོད་པའི་བྱམ༷ས་པ་ད༷ང་། དེ་དག་གི་སྡུག་བསྔལ་རྒྱུ་དང་བཅས་པ་བྲལ་བར་འདོད་པའི་སྙིང༷་རྗེ༷ས་རྒྱུད༷་བརླན་ཅིང༵་། གཞ༷ན་གྱི༷་དོ༷ན་ཁོ་ནའི་ཕྱིར་ཆེད་དུ༷་བྱ་བ་ཡང་དག་པར་རྫོགས་པའི་བྱང༷་ཆུབ༷་ཐོབ༷་པར་འདོ༷ད་པ༵ས་ཀུན་ནས་བསླངས་ཏེ། ཐབས་ཤེས་ཟུང་དུ་འཇུག་པའི་སེམས་སྨོན་འཇུག་གིས་བསྡུས་པ་ཕར་ཕྱིན་དྲུག་གི་ངོ་བོར་གྱུར་པའི་སྒྲུབ་པ་ཁྱད་པར་བ་དེའི་མི་མཐུན་ཕྱོགས་གཞན་ལ་ཕན་པའི་གེགས་དང་རང་གི་རྫོགས་བྱང་གི་བར་ཆད་སྒོ༷་གསུ༷མ་གྱི་ཉེས༷་པ༷་སྤོང༷་བ༷འི་སེ༷མས་པ་རྒྱུན་ཆགས་པ༷འོ༵། །དེ་ལྟར་ཡང་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་སོ། །དེ་ཡང་འཕགས་སེང་གཉིས་ཀྱིས་གཙོ་སེམས་ཏེ་ཡིད་ཤེས་ཉིད་ལ་བཞེད་ཅིང་། ཐོགས་མེད་སྐུ་མཆེད་ནི་སེམས་བྱུང་ལ་བཞེད་དེ། ཐོགས་མེད་ཀྱི་བྱང་སར། བྱང་ཆུབ་སེམས་དཔའི་སྨོན་ལམ་གྱི་མཆོག་ནི་སེམས་བསྐྱེད་པ་སྟེ། ཞེས་འདུན་པ་ལ་བཞེད་པ་དང་། དབྱིག་གཉེན་གྱི་རྒྱན་འགྲེལ་ལས། དོན་གཉིས་ལ་
དམིགས་པའི་སེམས་པ་ནི་སེམས་བསྐྱེད་པའོ། །ཞེས་སེམས་པ་ལ་བཞེད། འདིར་སེམས་རང་གིས་བསྐྱེད་པར་བྱ་བས་ན་སེམས་བསྐྱེད་ཅེས་པ་བྱ་བ་ལ་བཤད་ན་གཙོ་སེམས་དང་། སེམས་བསྐྱེད་པར་བྱེད་པས་ན་སེམས་བསྐྱེད་ཅེས་བྱེད་པ་ལ་བཤད་ན་སེམས་བྱུང་ཡིན་པས། གཉིས་ཀ་ལ་སེམས་བསྐྱེད་ཀྱི་སྒྲ་བཤད་དུ་ཡོད་ཅེས་གསུངས། ཀུན་མཁྱེན་ཆེན་པོས་ནི། སེམས་ནི་དོན་གྱི་ངོ་བོ་རིག་པ་ཡིན་ལ། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པས་ན། འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞར་ལ་བསྐྱེད་པར་འགྱུར་ཏེ། ཀུན་མཁྱེན་ཆེན་པོས་ནི། སེམས་ནི་དོན་གྱི་ངོ་བོ་རིག་པ་ཡིན་ལ། སེམས་བྱུང་དེའི་ཁྱད་པར་ལ་དཔྱོད་པས་ན། འདིར་ངོ་བོ་བསྐྱེད་པས་ཁྱད་པར་ཞར་ལ་བསྐྱེད་པར་འགྱུར་ཏེ། འདུན་པ་སེམས་བསྐྱེད་ལ་སོགས་ལ་ཞར་ལ་ཐོབ་པ་བཞིན་ནོ། །ཞེས་གསུངས་སོ། །གཉིས་པ་སྡོམ་པའི་དབྱེ་བ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། དབྱེ་བ་ཀླུ་སྒྲུབ་ཐོགས་མེད་སྲོལ་གཉིས་གྲགས། །རེ་རེའང་གཅིག་ནས་དྲུག་བར་གཉིས་གཉིས་ཏེ། །ཞེས་པ་སྟེ། དབྱེ༷་བ༷་ལ་སྤྱིར་ཀླུ༷་སྒྲུབ༷་དང་ཐོ༷གས་མེ༷ད་ཀྱི་སྲོ༷ལ་ཞེས་གཉི༷ས་སུ་གྲ༵གས་པ་ལ། བྱེ་བྲག་སྲོལ་གཉིས་པོ་རེ༷་རེ༷་ལའ༷ང་གཅི༷ག་ན༷ས་དྲུ༷ག་གི་བ༷ར་དུ་དབྱེ་ཞིང་། དེ་ཡང་དབྱེ་གཞི་ལ་ལྟོས་ནས་སྨོན་འཇུག་གི་
དབྱེ་བས་གཉིས༷་གཉིས༷་ཏེ༵་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གཅིག་ནས་དྲུག་ཚན་གྱི་བར་དུ་དབྱེ་བ་དང་། ས་མཚམས་ཀྱི་དབྱེ་བའོ། །དང་པོ་གཅིག་ནས་དྲུག་ཚན་གྱི་བར་དུ་དབྱེ་བ་ནི། དང་པོ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །ཚོགས་གཉིས་བསླབ་པ་ཀུན་རྫོབ་དོན་དམ་གཉིས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་བསླབ་གསུམ་དང་། །ཚོགས་སྦྱོར་མོས་པས་སྤྱོད་པའི་སེམས་བསྐྱེད་དང་། །མ་དག་ས་བདུན་ལྷག་བསམ་དག་པ་དང་། །དག་པ་ས་གསུམ་རྣམ་པར་སྨིན་པ་དང་། །ཐུགས་རྗེ་ཆེན་པོ་སྒྲིབ་ཀུན་སྤངས་པ་ནི། །སངས་རྒྱས་ས་ཡི་སེམས་བསྐྱེད་དག་དང་བཞི། །ལྔ་ནི་ལམ་ལྔ་དྲུག་ནི་ཕར་ཕྱིན་དྲུག །ཅེས་པ་སྟེ། དེ་ཡང་ཚན་པ་དྲུག་ལས། ད༷ང་པོ༷་གཅིག་ཚན་ནི། སྟོ༷ང་ཉིད༷་རྟོགས་པའི་ཤེས་རབ་ཀྱིས་དེ་མ་རྟོགས་པ་ལ་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་སྐྱེས་པ་ལ་ལྟོས་ནས་སྟོང་ཉིད་སྙིང༷་རྗེ༷འི་སྙིང༷་པོ༷་ཅ༵ན་གྱི་སེམས་བསྐྱེད་ཅེས་བྱའོ། །གཉིས་ཚན་ནི། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོ༷གས་གཉིས༷་ཀྱི་བསླ༷བ་པ༷་ལ་ལྟོས་ནས་གཉིས་སམ། རགས་པ་བརྡ་ལས་བྱུང་བ་ཀུ༷ན་རྫོ༷བ་སེམས་བསྐྱེད་དང་། ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པ་དོ༷ན་ད༷མ་གྱི་
སེམས་བསྐྱེད་པ་གཉིས༵་སོ། །གསུམ་ཚན་ནི། དག་པར་བྱེད་པ་ཚུལ༷་ཁྲི༷མས། གནས་པར་བྱེད་པ་ཏི༷ང་འཛི༷ན། གྲོལ་བར་བྱེད་པ་ཤེ༷ས་ར༷བ་ཀྱི་བསླབ༷་པ་གསུ༷མ་ལ་ལྟོས་ནས་སེམས་བསྐྱེད་གསུམ་མམ། ཡང་ན་ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་དང༵་གསུམ་པོ་ལ་ལྟོས་ནས་ཀྱང་གསུམ་དུ་དབྱེ་བའོ། །བཞི་ཚན་ནི། ཚོ༷གས་སྦྱོར༷་དུ་སྟོང་ཉིད་མཐའ་བྲལ་ལ་མོ༷ས་པ༷ས་སྤྱོད༷་པའི་སྒོ་ནས་གཞན་དོན་ལ་དམིགས་པའི་སེ༷མས་བསྐྱེད༷་དང༵་། མ༷་དག༷་ས༷་བདུ༷ན་ན་བདག་གཞན་མཉམ་པ་ཉིད་དུ་རྟོགས་པས་ལྷག༷་བས༷མ་དག༷་པ༷འི་སེམས་བསྐྱེད་ད༵ང་། དག༷་པ༷་ས༷་གསུ༷མ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་རྩོལ་མེད་དུ་འབྱུང་ཞིང་གཞན་དོན་ངང་གིས་འགྲུབ་པས་རྣ༷མ་པ༷ར་སྨིན༷་པ༷འི་སེམས་བསྐྱེད་ད༵ང་། དམིགས་པ་མེད་པའི་ཐུག༷ས་རྗེ༷་ཆེན༷་པོ༷་སྒྲིབ༷་གཉིས་བག་ཆགས་དང་བཅས་པ་ཀུན༷་ནས་སྤང༷ས་པ༷་ནི༵་སང༷ས་རྒྱས༷་ཀྱི་ས༷་ཡི༷་སེམ༷ས་བསྐྱེད༷་དག༷་དང་བཞི༵ར་དབྱེ་བ་དང་། ལྔ༷་ཚན་ནི༷། ཚོགས་ལམ་ན་སེམས་དང་པོ་བསྐྱེད་ཅིང་ལམ་ལ་གསར་དུ་འཇུག་པ་ལས་དང་པོ་པའི་སེམས་བསྐྱེད་དང་། སྦྱོར་ལམ་ན་དེ་ཡོངས་སུ་སྦྱོང་བ་བྱས་པའི་དང་། མཐོང་ལམ་ན་ཆོས་
ཉིད་ཀྱི་དོན་མངོན་སུམ་དུ་མཐོང་བའི་དང་། སྒོམ་ལམ་ན་དེ་ལྷན་སྐྱེས་ཀྱི་སྒྲིབ་པ་ལས་རྣམ་པར་གྲོལ་བཞིན་པའི་དང་། མི་སློབ་པའི་ལམ་ན་འདུས་མ་བྱས་པའི་ཡེ་ཤེས་ཇི་བཞིན་པ་མངོན་དུ་གྱུར་པ་མཐར་ཐུག་པའི་ངང་ནས་འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བ་སར་གནས་རྣམས་ཀྱིས་ཀྱང་ཇི་བཞིན་སྤྱོད་ཡུལ་དུ་མ་གྱུར་པས་ན་བསམ་གྱིས་མི་ཁྱབ་པའི་སེམས་བསྐྱེད་པ་སྟེ། དེ་ལྟར་ལྔར་དབྱེ་བ་ནི་ལ༷མ་ལྔ༷་དང་སྦྱོར་བའོ། དྲུ༷ག་ཚན་ནི༷། ཕ༷ར་ཕྱིན༷་དྲུག་གི་ལྡོག་པ་ལ་ལྟོས་ནས་སེམས་བསྐྱེད་དྲུག༵་ཏུ་འགྱུར་བའོ། །གཉིས་པ་ས་མཚམས་ཀྱི་དབྱེ་བ་ནི། ས་གསེར་ཟླ་བ་མེ་སོགས་ཉེར་གཉིས་ནི། །ས་མཚམས་ཀྱིས་ཕྱེ་ས་བཅུའི་བར་དུའོ། །ཞེས་པ་སྟེ། མངོན་རྟོགས་རྒྱན་ལས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་གླུ། །རྒྱལ་པོ་མཛོད་དང་ལམ་པོ་ཆེ། །བཞོན་པ་བཀོད་མའི་ཆུ་དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས། །རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པ་ལྟར། དཔེ་གྲོགས་མཚུངས་ཆོས་གསུམ་དང་སྦྱར་བའི་སྒོ་ནས་དབྱེ་ན། ས༷་གསེ༷ར་ཟླ༷་བ༷་མེ༷་ལ་སོ༷གས་པའི་དཔེ་ཉེར༷་གཉི༵ས་ནི༵། གྲོགས་བྱང་
ཆུབ་དོན་གཉེར་གྱི་འདུན་པ་དང་མཚུངས་པར་ལྡན་པའི་སེམས་བསྐྱེད་ཆོས་ཅན། དཔེ་ས་ལྟ་བུ་ཡིན་ཏེ། དཀར་ཆོས་ཐམས་ཅད་བསྐྱེད་པའི་གཞིའི་དངོས་པོ་བྱེད་པ་ཆོས་མཐུན་པའི་ཕྱིར། དེ་བཞིན་དུ་སྦྱར་ཏེ། རྒྱུན་གནས་པའི་བསམ་པ་བྱང་ཆུབ་ཀྱི་བར་དུ་འགྱུར་བ་མེད་པས་གསེར་ལྟ་བུ་དང་། བསམ་པ་དེ་ལྷག་པར་གྱུར་པས་དགེ་ཆོས་གོང་དུ་འཕེལ་བས་ཟླ་བ་ལྟ་བུ་དང་། ཕྱིན་དྲུག་ལ་དངོས་སུ་སྦྱོར་བས་སྒྲིབ་པའི་བུད་ཤིང་བསྲེགས་པས་མེ་ལྟ་བུ་དང་། སེམས་ཅན་རྣམས་ཚིམ་པར་བྱེད་ཅིང་མི་ཟད་པས་སྦྱིན་པ་གཏེར་ལྟ་བུ་དང་། ཡོན་ཏན་རིན་པོ་ཆེ་ཐམས་ཐད་བསྐྱེད་པས་ཚུལ་ཁྲིམས་རིན་པོ་ཆེའི་འབྱུང་གནས་ལྟ་བུ་དང་། མི་འདོད་པས་ཡིད་མི་འཁྲུགས་པས་བཟོད་པ་མཚོ་ལྟ་བུ་དང་། བདུད་ཀྱིས་མི་ཕྱེད་པས་བརྩོན་འགྲུས་རྡོ་རྗེ་ལྟ་བུ་དང་། མཚན་མས་མི་གཡོ་བས་བསམ་གཏན་རི་ལྟ་བུ་དང་། སྒྲིབ་གཉིས་ཀྱི་ནད་ཞི་བས་ཤེས་རབ་སྨན་ལྟ་བུ་དང་། དགེ་རྩ་ཆུད་མི་ཟ་ཞིང་གཞན་དོན་སྒྲུབ་པ་ལ་མཁས་པས་ཐབས་བཤེས་གཉེན་ལྟ་བུ་དང་། རང་གཞན་གྱི་རེ་བ་བསྐོང་བས་སྨོན་ལམ་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དང་། གདུལ་བྱའི་རྒྱུད་ཀྱི་དགེ་བའི་ལོ་ཏོག་སྨིན་པར་
བྱེད་པས་སྟོབས་ཉི་མ་ལྟ་བུ་དང་། གདུལ་བྱ་འདུན་པར་བྱེད་པའི་ཆོས་སྟོན་པས་ཡེ་ཤེས་གླུ་དབྱངས་ལྟ་བུ་དང་། གཞན་དོན་ཐོགས་མེད་དུ་སྒྲུབ་པས་མངོན་ཤེས་རྒྱལ་པོ་ལྟ་བུ་དང་། བསོད་ནམས་དང་ཡེ་ཤེས་ཟད་མི་ཤེས་པས་ཚོགས་གཉིས་བང་མཛོད་ལྟ་བུ་དང་། དུས་གསུམ་གྱི་འཕགས་པ་རྣམས་ཀྱི་གཤེགས་ཤུལ་ཡིན་པས་བྱང་ཕྱོགས་ལམ་པོ་ཆེ་ལྟ་བུ་དང་། མཐའ་གཉིས་སྤངས་པའི་ལམ་དུ་འགྲོ་བས་ཞི་ལྷག་བཞོན་པ་བཟང་པོ་ལྟ་བུ་དང་། ཚིག་དོན་མི་བརྗེད་ཅིང་གཞན་ལ་སྟོན་པས་གཟུངས་སྤོབས་བཀོད་མའི་ཆུ་ལྟ་བུ་དང་། ཐར་འདོད་ཀྱི་གདུལ་བྱ་རྣམས་ལ་ཆོས་སྙན་པར་སྒྲོགས་པས་ཆོས་ཀྱི་དགའ་སྟོན་སྒྲ་སྙན་ལྟ་བུ་དང་། གཞན་དོན་འབད་མེད་དུ་འབྱུང་ཞིང་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱ་མཚོར་ངང་གིས་འབབས་པས་བགྲོད་པ་གཅིག་པའི་ལམ་ཆུ་བོ་ལྟ་བུ་དང་། ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་གདུལ་བྱའི་ལོ་ཏོག་སྨིན་པར་མཛད་པས་ཆོས་ཀྱི་སྐུ་སྤྲིན་ལྟ་བུ་སྟེ་ཉི་ཤུ་རྩ་གཉིས་སོ། །དེ་དག་ས༷་མཚ༷མས་ཀྱིས༷་ཕྱེ༷་ན། འདུན་པ་དང་། བསམ་པ་དང་། ལྷག་པའི་བསམ་པ་དང་གསུན་ནི་ཚོགས་ལམ་གསུམ་ནའོ། །སྦྱོར་བ་ནི་སྦྱོར་ལམ་ནའོ། །སྦྱིན་པའི་ཕར་ཕྱིན་ནི་
མཐོང་ལམ་ནའོ། །ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཐབས་དང་། སྨོན་ལམ་དང་། སྟོབས་དང་། ཡེ་ཤེས་དང་དགུ་ནི་སྒོམ་ལམ་གྱིས་བསྡུས་པའི་ས་དགུ་ནའོ། །མངོན་པར་ཤེས་པ་དང་། བསོད་ནམས་ཡེ་ཤེས་གཉིས་དང་། བྱང་ཕྱོགས་སོ་བདུན་དང་། སྙིང་རྗེ་ལྷག་མཐོང་གཉིས་དང་། གཟུངས་དང་། སྤོབས་པ་དང་ལྔ་ནི་ཁྱད་པར་གྱི་ལམ་དག་པ་ས་གསུམ་ཀ་ལ་ཁྱབ་པར་ཡོད་དོ། །ཆོས་ཀྱི་དགའ་སྟོན་དང་། བགྲོད་པ་གཅིག་པའི་ལམ་དང་། ཆོས་ཀྱི་སྐུ་དང་ལྡན་པ་གསུམ་ནི་སངས་རྒྱས་ཀྱི་ས་ཞེས་ཐེག་ཆེན་དགྲ་བཅོམ་བཞུགས་པ་ས༷་བཅུ༷་པའི༷་སྦྱོར་དངོས་རྗེས་གསུམ་ན་ཡོད་པ་སྟེ། དེ་ལྟར་ན་ཚོགས་ལམ་དང་པོ་ནས་རྒྱུན་མཐའི་བ༷ར་དུ༷་བཞག་པའོ༵། །གསུམ་པ་དོན་བསྡུ་བ་ནི། ཀུན་ཀྱང་བསྡུ་ན་སྨོན་འཇུག་རྣམ་པ་གཉིས། །དེ་ཡང་བསམ་པས་སྨོན་དང་སྦྱོར་བས་ཁྱབ། །འགྲོ་བར་འདོད་དང་འགྲོ་བ་ཇི་བཞིན་ནོ། །ཞེས་པ་སྟེ། དེ་ལྟར་དབྱེ་བདུན་གྱི་སྒོ་ནས་བཤད་པའི་སེམས་བསྐྱེད་དེ་དག་ཀུན༷་ཀྱང༷་མདོར་བསྡུ༷་ན༷་སྨོན༷་འཇུ༷ག་རྣམ༷་པ༷་གཉིས༷་སུ་འདུས་ཏེ། དེ༷་ཡ༷ང་བས༷མ་པ༷ས་གཞན་དོན་དུ་བྱང་
ཆུབ་ཐོབ་པར་འདོད་པ་ནི་སྨོ༷ན་པ་སེམས་བསྐྱེད་ད༷ང་། དེའི་ཆེད་དུ་སྦྱོར༷་བ༷ས་ལག་ལེན་དུ་ཕར་ཕྱིན་དྲུག་ལ་ཁྱབ༵་པར་བསླབ་པ་ནི་འཇུག་པ་སེམས་བསྐྱེད་དེ། དེའི་ཚུལ་ཡང་དཔེར་ན་སྔ་མ་ནི་སྐྱེས་བུ་དོན་གཉེར་གྱི་ས་དེར་གང་ཞིག་འགྲོ༷་བ༷ར་འདོ༷ད་པ་ལྟ་བུ་ད༷ང་། ཕྱི་མ་ནི་ལམ་ལ་དངོས་སུ་ཞུགས་ནས་འགྲོ༷་བ༷་ཇི༷་བཞི༷ན་པ་སྟེ། དེ་ལྟར་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ༵། །གཉིས་པ་ཐོབ་བྱེད་སྡོམ་པའི་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ་ལྔ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པའི་མི་ཉམས་པར་བསྲུང་བ། སྡོམ་པ་སྐྱེ་བའི་ལུས་རྟེན། ཉམས་ན་གསོ་བའི་ཐབས། བསྲུང་བའི་ཕན་ཡོན་ནོ། །དང་པོ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་གཉིས། ཀུན་རྫོབ་སེམས་བསྐྱེད་སྐྱེ་བའི་ཆོ་ག་བཤད་པ། དོན་དམ་སེམས་བསྐྱེད་སྐྱེ་བ་ཆོ་ག་ལ་མི་ལྟོས་པར་བཤད་པའོ། །དང་པོ་ཀུན་རྫོབ་སེམས་བསྐྱེད་སྐྱེ་བའི་ཆོ་ག་
བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དང་པོ་སྡོམ་པ་མ་ཐོབ་ཐོབ་ཚུལ་ནི། །ལེན་ཚུལ། ཞེས་པ་སྟེ། དེ་ལྟར་སེམས་བསྐྱེད་ཀྱི་རང་བཞིན་གཏན་ལ་ཕབ་ནས། ད༷ང་པོ༷་སེམས་བསྐྱེད་ཀྱི་སྡོ༷མ་པ༷་དེ་མ༷་ཐོ༷བ་པ་ཐོ༷བ་པར་བྱེད་པའི་ཚུ༷ལ་ནི༵་འདི་ལྟར་ལེ༷ན་པའི་ཚུལ༷་ལ་ཞེས་པའོ། །གཉིས་པ་རྒྱས་པར་བཤད་པ་ལ། སྤྱིར་བསྐྱེད་བྱ་ཀུན་རྫོབ་སེམས་བསྐྱེད་ཀྱི་མཚན་ཉིད་ནི། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་ཐེག་ཆེན་སློབ་པའི་སེམས་བསྐྱེད་གང་ཞིག །བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བོར་གྱུར་པའི་སེམས་བསྐྱེད་རྣམ་པར་བཅད་པའོ། །མཚན་གཞི་ནི། ཐེག་ཆེན་ཚོགས་སྦྱོར་བའི་རྒྱུད་ཀྱི་དང་། བྱང་འཕགས་ཀྱི་རྗེས་ཐོབ་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་ལྟ་བུའོ། །དབྱེ་ན། གྲོགས་དགེ་བའི་བཤེས་གཉེན་གྱི་སྟོབས་དང་། རྒྱུ་རིགས་སད་པའི་སྟོབས། དགེ་རྩ་བྱས་པའི་སྟོབས་དང་། ཐེག་ཆེན་གྱི་སྡེ་སྣོད་ཐོས་པའི་སྟོབས་དང་། ཐོས་པ་མང་དུ་གོམས་པས་བསྐྱེད་པ་དང་ལྔ་ལས། དང་པོ་གྲོགས་ལ་རག་ལས་པས་མི་བརྟན་པའི་སེམས་བསྐྱེད་དང་། ཕྱི་མ་བཞི་མི་མཐུན་ཕྱོགས་ཀྱི་ཉམས་དཀའ་
བས་བརྟན་པའི་སེམས་བསྐྱེད་དེ། མདོ་སྡེ་རྒྱན་ལས། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་འབྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་པ་ལྟར། གཙོ་བོར་གཞན་གྱི་མཐུ་ལས་བྱུང་བ་ཀུན་རྫོབ་སེམས་བསྐྱེད་ལེན་ཚུལ་ལ་བཞི་སྟེ། གང་ལས་བླང་བའི་སློབ་དཔོན། ཇི་ལྟར་ལེན་པའི་ཚུལ། རྟེན་ལས་ཀྱང་ལེན་རུང་བའི་དམིགས་བསལ། སྡོམ་པའི་ཐོབ་མཚམས་ངོས་བཟུང་བའོ། །དང་པོ་གང་ལ་བླང་བའི་སློབ་དཔོན་ནི། སྡོམ་གནས་དགེ་བའི་བཤེས་གཉེན་ལ། །ཞེས་པ་སྟེ། སྲོལ་གཉིས་ཀ་མཐུན་པར་གང་ལས་བླང་བའི་ཡུལ་བྱང་སེམས་ཀྱི་སྡོ༷མ་པ་ལ་གན༷ས་ཤིང་། དེ་འབོགས་པའི་ཆོ་ག་དང་བསླབ་བྱ་ལ་བཀྲི་མཁས་པ། ཟང་ཟིང་ལྷུར་མི་བྱེད་པར་བརྩེ་བས་རྗེས་སུ་འཛིན་ནུས་པའི་དགེ༷་བ༷འི་བཤེ༷ས་གཉེན༷་མཚན་ཉིད་དང་ལྡན་པ་ལས་ལེན་དགོས་ལ༵། དེ་ཡང་སྤྱོད་འཇུག་ལས། རྟག་པར་དགེ་བའི་བཤེས་གཉེན་ནི། །ཐེག་ཆེན་དོན་ལ་མཁས་པ་དང་། །བྱང་ཆུབ་སེམས་དཔའི་བརྟུལ་ཞུགས་མཆོག །སྲོག་གི་ཕྱིར་ཡང་མི་བཏང་ངོ་། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། བླ་མ་སྡོམ་
ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་སོ། །གཉིས་པ་ཇི་ལྟར་ལེན་པའི་ཚུལ་ལ་གཉིས། ཀླུ་སྒྲུབ་དང་། ཐོགས་མེད་ཀྱི་ལུགས་སོ། །དང་པོ་ཀླུ་སྒྲུབ་ཀྱི་ལུགས་ལ་གཉིས། གང་གིས་བླང་བའི་གང་ཟག་དང་། ཇི་ལྟར་ལེན་པའི་ཆོ་གའོ། །དང་པོ་གང་གིས་བླང་བའི་གང་ཟག་ནི། ཐེག་ཆེན་སྣོད་གྱུར་དད་ལྡན་སློབ་མ་ཡིས། །ཞེས་པ་སྟེ། ཀླུ་སྒྲུབ་ཀྱི་ལུགས་ལ་བརྡ་ཤེས་ཤིང་སྡོམ་པ་ལེན་འདོད་ཡོད་ན་དལ་འབྱོར་གྱི་ལུས་རྟེན་ཁོ་ན་དགོས་པར་མ་ངེས་ཏེ། ཤེར་ཕྱིན་གྱི་མདོ་ལས། ལྷའི་བུ་གང་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་མ་སྐྱེས་པ་དེ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱ། བསྟན་པར་བྱའོ། །ཞེས་དང་། རྒྱ་མཚོས་ཞུས་པ་ལས། ཀླུ་ཁྲི་ཉིས་སྟོང་གིས་སེམས་བསྐྱེད་པ་ལ་སོགས་གསུངས་པའི་ཕྱིར་རོ། །དེས་ན་རྫོགས་བྱང་དོན་གཉེར་གྱི་བསམ་པ་དངོས་སུ་སྐྱེ་རུང་དུ་ཡོད་པའི་སེམས་ཅན་ཀུན་ཐེ༷ག་ཆེ༷ན་སེམས་བསྐྱེད་ཀྱི་སྣོད༷་དུ་གྱུ༷ར་པ་ཡིན་ཅིང་། བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ལྟ་བུ་དང་། འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་ད༷ད་པ་དང་
ལྡ༷ན་པའི་སློབ༷་མ༷་དེ་ཡི༵ས་སོ། །གཉིས་པ་ཇི་ལྟར་ལེན་པའི་ཆོ་ག་ནི། ཡན་ལག་བདུན་མཐར་སྨོན་འཇུག་སྟབས་གཅིག་ཏུ། །ལེན་ཅིང་རང་གཞན་དགའ་བ་བསྒོམ་པ་རྣམས། །ཀླུ་སྒྲུབ་ལུགས་ཡིན། ཞེས་པ་སྟེ། འདི་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་སྦྱོར་བ་ནི། གདམས་ངག་ཁྱད་པར་ཅན་འཁོར་བའི་མཐའ་ལ་སྐྱོ་བ་བསྐྱེད་ཅིང་། ཞི་བའི་མཐའ་ལ་ཞེན་པ་བཀག་ནས། མཐའ་གཉིས་སྤངས་པའི་བྱང་ཆུབ་ཀྱི་སེམས་ལ་སྤྲོ་བ་བསྐྱེད་དེ། དེ་ལྟར་ཐབས་གསུམ་གྱིས་བློ་བཅོས་པ་སྔོན་དུ་འགྲོ་བས། ཡུལ་ཁྱད་པར་ཅན་སློབ་དཔོན་ལ་མཎྜལ་ཕུལ་ནས་གསོལ་བ་བཏབ་རྗེས། རྟེན་ཁྱད་པར་ཅན་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བྱ་ཞིང་། ཐབས་ཁྱད་པར་ཅན་ཡ༷ན་ལ༷ག་བདུ༷ན་པས་ཚོགས་བསགས་པའི་མཐ༷ར། གཉིས་པ་དངོས་གཞི་སེམས་བསྐྱེད་ཀྱི་སྡོམ་པ་བླང་བ་ནི། སེམས་ཅན་ཐམས་ཅད་རང་གི་ཕ་མ་དྲིན་ཅན་ཡིན་ལ། དེ་ཐམས་ཅད་སྡུག་བསྔལ་གྱིས་གཟིར་བ་ལ་སྙིང་རྗེའི་ཤུགས་དྲག་པོས། དེ་དག་གི་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་རྒྱུར་རང་གི་བདེ་དགེ་ཐམས་ཅད་གཏོང་ཞིང་། སྡུག་བསྔལ་ཐམས་ཅད་དང་དུ་བླང་བར་བྱའོ་སྙམ་དུ་ཞེ་
ཐག་པ་ནས་བློ་སྦྱོང་བར་བྱས་ཏེ། དགོངས་གསོལ་སྔོན་དུ་འགྲོ་བས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་སྤྱོད་འཇུག་ལྟར་ཚིགས་སུ་བཅད་པ་གཉིས་པ་ལན་གསུམ་བཟླས་པས་བླང་ངོ་། །དེ་ལ་ཚིགས་བཅད་དང་པོས་ནི་སྔོན་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐུགས་བསྐྱེད་ཚུལ་བསྟན་ནས། ཚིགས་བཅད་གཉིས་པས་དེ་དག་གིས་ཇི་ལྟར་བསླབ་པ་དེ་བཞིན་དུ་བདག་གིས་ཀྱང་བསླབ་བོ་ཞེས་དམ་བཅའ་བས་སྨོན༷་འཇུ༷ག་གཉིས་ཀྱི་སེམས་བསྐྱེད་དང་སྡོམ་པ་སྟ༷བས་གཅི༷ག་ཏུ༵་ལེན་པར་བྱེད་པ་ཡིན་ཅིང༷་། གསུམ་པ་རྗེས་ལ། ར༷ང་དགའ་བའི་བསྒོམ་པ་དང་། གཞ༷ན་དག༷འ་བ༷་བསྒོ༷མ་དུ་གཞུག་པ༷་གཉིས་ལས། དང་པོ་རང་དགའ་བ་བསྒོམ་པ་ནི། དེང་དུས་བདག་ཚེ་འབྲས་བུ་ཡོད། །ཅེས་སོགས་དང་། གཉིས་པ་གཞན་དགའ་བ་བསྒོམ་པ་ནི། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །ཞེས་སོགས་བརྗོད་ནས། གཏང་རག་དབུལ་ཞིང་བསླབ་བྱ་མདོ་ཙམ་བཤད་པ་རྣ༵མས་ནི་འཕགས་མཆོག་ཀླུ༷་སྒྲུ༷བ་ཀྱི་ལུ༷གས་ཡི༷ན་ནོ། །གཉིས་པ་ཐོགས་མེད་ཀྱི་ལུགས་ལ་གཉིས། གང་གིས་བླང་བའི་གང་ཟག་དང་། ཇི་ལྟར་ལེན་པའི་ཆོ་གའོ། །དང་
པོ་ནི། ཐོགས་མེད་བཞེད་པ་ནི། །སྨོན་སེམས་ལེན་ལ་སོ་ཐར་མི་དགོས་ཀྱང་། །ཡང་དག་བླངས་པ་རིགས་བདུན་སྔོན་སོང་ནས། །ཞེས་པ་སྟེ། སློབ་དཔོན་ཐོ༷གས་མེ༷ད་ཀྱི་བཞེ༷ད་པ༷་ནི༵་རྟེན་གྱི་གང་ཟག་སྨོ༷ན་སེ༷མས་ཙམ་ལེ༷ན་པ་ལ༷་སོ༷་ཐར༷་གྱི་སྡོམ་པ་སྔོན་དུ་འགྲོ་མི༷་དགོ༷ས་ཀྱང༵་འཇུག་སྡོམ་མ་ཐོབ་པ་ཡ༷ང་དག༷་པར་བླང༷་བ༷་ལ་སོ་ཐར་རི༷གས་བདུ༷ན་གང་རུང་གི་སྡོམ་པ་སྔོ༷ན་དུ་སོ༷ང་ན༵ས་ལེན་དགོས་ཏེ། ལམ་སྒྲོན་ལས། སོ་སོར་ཐར་པ་རིགས་བདུན་གྱི། །རྟག་ཏུ་སྡོམ་གཞན་ལྡན་པ་ལ། །བྱང་ཆུབ་སེམས་དཔའི་སྡོམ་པ་ཡི། །སྐལ་པ་ཡོད་ཀྱི་གཞན་དུ་མིན། །ཞེས་སོ། །གཉིས་པ་ཇི་ལྟར་ལེན་པའི་ཆོ་ག་ནི། བར་ཆད་དྲི་དང་བསླབ་པ་ཁས་ལེན་སོགས། །སྨོན་འཇུག་ཆོ་ག་སོ་སོའི་སྒོ་ནས་ལེན། །ཞེས་པ་སྟེ། ཇི་ལྟར་ལེན་པའི་ཆོ་ག་ལ་རྟེན་ངེས་པར་བྱ་བ་སྔར་ལྟར་མཐའ་གཉིས་ཀྱི་ཞེན་པ་བཀག་ནས་བྱང་སེམས་ལ་སྤྲོ་བ་བསྐྱེད་པ་སྟེ་གདམས་ངག་གསུམ་གྱིས་བློ་བཅོས་ནས་ཆོ་ག་དངོས་ལ་གཉིས། སྨོན་པ་དང་། འཇུག་པའོ། །དང་པོ་ལ་སྦྱོར་བ། དངོས་གཞི། རྗེས་གསུམ་ལས། སྦྱོར་བ་ནི། ཡུལ་ཁྱད་པར་ཅན་ལ་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་དང་། རྟེན་ཁྱད་པར་ཅན་ལ་སྐྱབས་
སུ་འགྲོ་བ་བྱས་ནས། ཐབས་ཁྱད་པར་ཅན་ཡན་ལག་བདུན་ལྡན་གྱིས་ཚོགས་བསག་གོ། །དངོས་གཞི་ནི། རང་སྟོབས་རིགས་སད་པ་དང་། གཞན་སྟོབས་རྫོགས་བྱང་གི་ཕན་ཡོན་མཐོང་བ་ལ་སོགས་པ་དང་། སྦྱོར་བའི་སྟོབས་འདུ་ཤེས་གསུམ་བསྐྱེད་དེ། ཕྱོགས་བཅུ་ན་ཞེས་སོགས་ཀྱི་དགོངས་གསོལ་སྔོན་དུ་འགྲོ་བས། བདག་མིང་འདི་ཞེས་བགྱི་བས་སྐྱེ་བ་འདི་དང་། ཞེས་པ་ནས། མྱ་ངན་ལས་འདའ་བར་བགྱིའོ། །ཞེས་པའི་བར་ལན་གསུམ་བཟླས་པས་བླང་ངོ་། །རྗེས་ནི། སྤྲོ་བ་བསྐྱེད་པ། བསླབ་བྱ་བསྟན་པ། གཏང་རག་གཏོང་བ་རྣམས་སོ། །གཉིས་པ་འཇུག་སྡོམ་ནི། སོ་ཐར་རིགས་བདུན་གང་རུང་བླངས་ནས་བྱང་སེམས་ཀྱི་སྡེ་སྣོད་ལ་སྦྱངས་པས་དད་ཅིང་བསྒྲུབ་པར་ནུས་པ་ན། འཇུག་སྡོམ་དངོས་བླང་བའི་ཆོ་ག་ལ། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བ་ནི། གསོལ་བ་གདབ་པ། བསམ་པ་བརྟག་པ། མྱུར་དུ་སྦྱིན་པར་གསོལ་བ་འདེབས་པ། བ༷ར་ཆ༷ད་དྲི༷་བ་ད༷ང་། བསླ༷བ་པ༷འི་གནས་གོ་བར་བྱས་ནས་སྤྲོ་བ་དྲི་བ་རྣམས་སོ། །དངོས་གཞི་ན། སློབ་དཔོན་གྱིས། རིགས་ཀྱི་བུ་མིང་འདི་ཞེས་བྱ་བ་ཁྱོད། ཅེས་པ་ནས། སེམས་ཅན་
གྱི་དོན་བྱེད་པའི་ཚུལ་ཁྲིམས་ནོད་ནས། ཞེས་ལན་གསུམ་དྲིས་པ་ན། སློབ་མས་ཀྱང་ནོད་ལགས་ཞེས་ལན་གསུམ་ཁ༷ས་ལེ༷ན་པས་སྡོམ་པ་ཐོབ་པར་འགྱུར་རོ། །སོ༵གས་ཁོས་ནས་རྗེས་ཀྱི་ཆོ་ག་སྟོན་ཏེ། མཁྱེན་པར་གསོལ་བ། ཕན་ཡོན་བསྟན་པ། གསང་བར་གདམས་པ། བསླབ་བྱ་བསྟན་པ། གཏང་རག་འབུལ་བ་རྣམས་སོ། །དེ་ནས་རང་བཞིན་གཏན་ལ་དབབ་པ་ཞེས་མདོར་བསྡུས་ཏེ་ཕན་ཡོན་བརྗོད་པ་ཙམ་བྱ་བ་སྟེ་དེ་ལྟར་སྨོ༷ན་འཇུ༷ག་གི་ཆོ༷་ག༷་སོ༷་སོ༷འི་སྒོ༷་ན༷ས་རིམ་པ་བཞིན་དུ་ལེ༵ན་པ་ཡིན་ནོ། །གསུམ་པ་རྟེན་ལས་ཀྱང་ལེན་རུང་བའི་དམིགས་བསལ་བཤད་པ་ནི། རྒྱལ་བའི་རྟེན་ལའང་རུང་བར་སྲོལ་གཉིས་མཐུན། །ཞེས་པ་སྟེ། སྤྱིར་བླ་མ་དགེ་བའི་བཤེས་གཉེན་ལས་བླངས་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་འགྱུར་བ་སོགས་དགོས་པ་ཁྱད་པར་ཅན་ཡོད་མོད། གལ་ཏེ་བཤེས་གཉེན་མཚན་ཉིད་དང་ལྡན་པ་མ་རྙེད་ན། རྒྱ༷ལ་བ༷འི་སྐུ་གཟུགས་ཀྱི་རྟེན༷་དྲུང་ལ༷འ༷ང་བདག་ཉིད་ཀྱིས་བླངས་ཀྱང་རུ༷ང་བ༷ར་སྲོལ༷་གཉིས༷་ཀ་དགོངས་པ་མཐུ༵ན་པ་ཡིན་ལ། དེར་མ་ཟད་རྒྱལ་བ་སྲས་བཅས་མདུན་གྱི་ནམ་མཁར་མངོན་སུམ་དུ་བཞུགས་པར་བསྒོམ་པའི་དྲུང་ནས་ལེན་པར་གནང་སྟེ། ལམ་སྒྲོན་ལས། གལ་ཏེ་བླ་མ་
མ་རྙེད་ན། །དེ་ལ་གཞན་སྡོམ་ནོད་པ་ཡི། །ཆོ་ག་ཡང་དག་བཤད་པར་བྱ། །དེ་ལ་སྔོན་ཚེ་འཇམ་པའི་དཔལ། །ཨམྦ་རཱ་ཛར་གྱུར་པ་ཡིས། །ཇི་ལྟར་བྱང་ཆུབ་ཐུགས་བསྐྱེད་པ། །འཇམ་དཔལ་གྱི་ནི་སངས་རྒྱས་ཞིང་། །རྒྱན་གྱི་མདོ་ལས་བཤད་པ་ལྟར། །དེ་བཞིན་འདིར་ནི་རབ་གསལ་བྲི། །མགོན་པོ་རྣམས་ཀྱི་སྤྱན་སྔ་རུ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ཅིང་། །འགྲོ་བ་ཐམས་ཅད་མགྲོན་དུ་གཉེར། །དེ་དག་འཁོར་བ་ལས་བསྒྲལ་ཏོ། །གནོད་སེམས་ཁྲོ་བའི་སེམས་ཉིད་དང་། །སེར་སྣ་དང་ནི་ཕྲག་དོག་ཉིད། །དེང་ནས་བཟུང་སྟེ་བྱང་ཆུབ་མཆོག །ཐོབ་ཀྱི་བར་དུ་མི་བྱའོ། །ཚངས་པར་སྤྱོད་པ་སྤྱད་བྱ་ཞིང་། །སྡིག་དང་འདོད་པ་སྤང་བར་བྱ། །ཚུལ་ཁྲིམས་སྡོམ་པ་ལ་དགའ་བས། །སངས་རྒྱས་རྗེས་སུ་བསླབ་པར་བྱ། །བདག་ཉིད་མྱུར་བར་ཚུལ་གྱིས་ནི། །བྱང་ཆུབ་ཐོབ་པར་མི་སྤྲོ་ཞིང་། །སེམས་ཅན་གཅིག་གི་ཕྱིར་ཡང་ནི། །ཕྱི་མའི་མུ་མཐར་གནས་པར་བགྱི། །ཚད་མེད་བསམ་གྱིས་མི་ཁྱབ་པའི། །ཞིང་དག་རྣམ་པར་སྦྱང་བར་བྱ། །མིང་ནས་བཟུང་བ་བྱ་བ་དང་། །ཕྱོགས་བཅུ་དག་ཏུ་རྣམ་པར་གནས། །བདག་གི་ལུས་དང་ངག་གི་ལས། །ཐམས་ཅད་དུ་ནི་དག་པར་བྱ། །
ཡིད་ཀྱིས་ལས་ཀྱང་དག་བྱ་སྟེ། །མི་དགེའི་ལས་རྣམས་མི་བྱའོ། །ཞེས་གསུངས་པ་ལྟ་བུའི་ཚུལ་གྱིས་སེམས་བསྐྱེད་བླང་བར་བྱའོ། །བཞི་པ་སྡོམ་པའི་ཐོབ་མཚམས་ངོས་བཟུང་བ་ནི། ཐོབ་མཚམས་བརྗོད་པ་གསུམ་གྱི་མཐའ་ལའོ། །ཞེས་པ་སྟེ། སྲོལ་གཉིས་གང་ཡིན་ཀྱང་རུང་སྟེ། སྡོམ་པའི་ཐོ༷བ་མཚ༷མས་བརྡ་ལས་བྱུང་བ་ཡིན་པས་ན། དངོས་གཞི་འབོགས་ཆོག་བཟླས་པའི་བརྗོ༷ད་པ༷་ལན་གསུ༷མ་གྱི༷་མཐའ༷་མ་ལ༷་ཐོབ་པར་བཞེད་པ༵འོ། །གཉིས་པ་དོན་དམ་སེམས་བསྐྱེད་སྐྱེ་བ་ཆོ་ག་ལ་མི་ལྟོས་པར་བཤད་པ་ནི། དོན་དམ་སེམས་བསྐྱེད༷་ཆོ་གས་བླངས་ཐོབ་པ། །གསང་སྔགས་ལུགས་ཡིན་མདོ་ལས་བཤད་སྲིད་ན། །དམ་བཅའ་ཉིད་ཡིན་སྒོམ་པའི་སྟོབས་ལས་སྐྱེ། །ཞེས་པ་སྟེ། དེ་ལ་དོ༷ན་ད༷མ་པའི་སེ༷མས་བསྐྱེད༷་ནི་རྣམ་པར་མི་རྟོག་པའི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་གང་ཞིག །བྱང་འཕགས་ཀྱི་མཉམ་བཞག་གི་ངོ་བོར་གྱུར་པའི་དང་། སངས་རྒྱས་ཀྱི་སའི་མཉམ་རྗེས་དབྱེར་མེད་ཀྱི་ངོ་བོར་གྱུར་པའི་སེམས་བསྐྱེད་དོ། །དེ་ལ་ཐ་སྙད་འདོད་ཚུལ་གྱིས་དབྱེ་ན་ཕར་ཕྱིན་ཐེག་པའི་སྐབས་དོན་དམ་གྱི་ཆོས་དབྱིངས་དང་། སེམས་བསྐྱེད་ནི་དེ་མངོན་དུ་རྟོགས་པའི་ཡེ་ཤེས་ལ་བཤད་ཅིང་། དེ་ཐོབ་
པའི་ཚུལ་ཡང་ཡོངས་འཛིན། རྗེས་སྒྲུབ། རྟོགས་པ་སྟེ་དམ་པ་གསུམ་དང་ལྡན་པའི་ཚུལ་མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེ་ཕྱིར་དེ་ནི་དམ་པར་འདོད། །ཅེས་སོ། །སྔགས་ཀྱི་ཐེག་པར་ནི་གཟུང་འཛིན་གཉིས་དང་བྲལ་བའི་འོད་གསལ་བའི་ཡེ་ཤེས་གཞི་ལ་གནས་པ་ལ་བཞེད་དེ། སྒྱུ་དྲྭ་ལས་ཨེ་མ་མཚར་ལྔ་དང་། གསང་འདུས་རྩ་རྒྱུད་ལས། དངོས་པོ་ཐམས་ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་བདག་མེད་པར་མཉམ་ཉིད་པས། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོ། །དེ་འདྲ་དེ་ཆོ༷་ག༷ས་བླང༷ས་ནས་ཐོ༷བ་པ༵འི་ཚུལ་སྒྱུ་འཕྲུལ་དྲྭ་བ་དང་། རྣམ་སྣང་མངོན་བྱང་དང་། རིམ་པ་ལྔ་པ་སོགས་ལས་བཤད་པ་ནི་གས༷ང་སྔག༷ས་ཀྱི་ལུག༷ས་ཡི༷ན་པས། འབྲས་བུ་ཡེ་ཤེས་ཀྱི་རྣམ་པ་ལམ་བྱེད་དུ་བྱས་ནས་དེའི་རྟེན་འབྲེལ་སྒྲིག་བྱེད་ཙམ་དུ་རྗེས་མཐུན་ཀུན་རྫོབ་ཀྱི་རྣམ་པས་བསྐྱེད་པ་སྟེ། བྱང་ཆུབ་སེམས་འགྲེལ་ལས། བྱང་ཆུབ་སེམས་དཔའ་
གསང་སྔགས་ཀྱི་སྒོར་སྤྱད་པ་སྤྱོད་པ་རྣམས་ཀྱིས་དེ་ལྟར་ཀུན་རྫོབ་ཀྱི་རྣམ་པས་བྱང་ཆུབ་ཀྱི་སེམས་སྨོན་པའི་རང་བཞིན་ཅན་བསྐྱེད་ནས། དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་པའི་སྟོབས་ཀྱིས་བསྐྱེད་པར་བྱ་བ་ཡིན་ཏེ། ཞེས་པས། སྔགས་ལུགས་ཀྱི་ཆོ་ག་དེའང་སྒོམ་བྱུང་ལ་མ་ལྟོས་པར་ཆོ་ག་རྐྱང་པས་བསྐྱེད་ནུས་པ་མ་ཡིན་པའི་ཕྱིར་མཚན་ཉིད་པ་མ་ཡིན་ལ། གལ་ཏེ་སྤང་སྐོང་ཕྱག་རྒྱ་པར། དོན་དམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་པ་ལྟར་མདོ༷་ལ༷ས་བཤ༷ད་པ་སྲིད༷་ན༵འང་། དེ་ནི་ད༷མ་བཅ༷འ་ཙམ་ཉིད༷་དུ་འདོད་པ་ཡི༷ན་གྱི། དོན་དམ་སེམས་བསྐྱེད་མཚན་ཉིད་པ་ནི་སྒོམ༷་པ༷འི་སྟོབ༷ས་ལས་ངང་གིས་སྐྱེ༵་བ་ཡིན་ཏེ། དགོངས་པ་ངེས་འགྲེལ་ལས། དོན་དམ་པ་བྱང་ཆུབ་ཀྱི་སེམས་དེ་ནི་འཇིག་རྟེན་ལས་འདས་པ། སྤྲོས་པ་མཐའ་དག་དང་བྲལ་བ། ཤིན་ཏུ་གསལ་བ། དོན་དམ་པའི་སྤྱོད་ཡུལ། དྲི་མ་མེད་པ། མི་གཡོ་བ། རླུང་མེད་པའི་མར་མེའི་རྒྱུན་བཞིན་དུ་མི་གཡོ་བའོ། །དེ་འགྲུབ་པ་ནི་རྟག་ཏུ་གུས་པས་ཞི་གནས་དང་། ལྷག་མཐོང་གི་རྣམ་འབྱོར་གོམས་པ་ལས་འགྱུར་རོ། །ཞེས་ཀ་མ་ལ་ཤྰི་ལས་སྒོམ་རིམ་དུ་དྲངས་པ་ལྟར་རོ། །གཉིས་
པ་ཐོབ་པ་དེ་ཉིད་མི་ཉམས་པར་བསྲུང་བའི་ཚུལ་བཤད་པ་ལ། ཐོག་མར་ཇི་ལྟར་བསྲུང་ཚུལ་གྱི་དོན་བཤད་པས་ཁོག་དབུབ་པར་བྱ་སྟེ། བསླབ་བཏུས་ལས། བྱང་ཆུབ་སེམས་དཔའི་སྡོམ་པ་ནི། །རྒྱས་པར་ཐེག་པ་ཆེ་ལས་འབྱུང་། །ཞེས་དང་། དགེ་བའི་བཤེས་གཉེན་མི་བཏང་ཞིང་། །མདོ་སྡེ་དག་ལ་རྟག་བལྟ་བས། །ཞེས་པས། བྱང་ཆུབ་སེམས་དཔའི་བསླབ་པའི་གཞི་རྣམས་ཤེས་པར་བྱ་བའི་ཕྱིར། བདག་རྐྱེན་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མི་གཏོང་བར་གུས་པས་བསྟེན་ཅིང་། དམིགས་རྐྱེན་བྱང་སེམས་ཀྱི་བསླབ་པའི་གནས་རྒྱ་ཆེར་སྟོན་པའི་མདོ་དང་བསྟན་བཅོས་དྲི་མ་མེད་པ་རྣམས་ལ་ཐོས་བསམ་གྱི་སྒོ་ནས་སྒྲོ་འདོགས་བཅད་དེ་མཁས་པར་བྱ། མཁས་པར་བྱས་པ་དེ་ཡང་ཤེས་པ་ཙམ་དུ་མ་བཞག་པར་རང་ནུས་ཅི་ཡོད་ཀྱིས་འབད་དེ་ཚུལ་བཞིན་སྒྲུབ་དགོས་ཀྱི། གཞན་བླང་དོར་ཀྱི་གནས་མ་རྨོངས་པར་ཤེས་པ་དོན་མེད་དུ་འགྱུར་ཏེ། སྤྱོད་འཇུག་ལས། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པའི་ཕྱིར། དེས་ན་
ཇི་ལྟར་བསྲུང་བའི་ཁྱད་པར་ལ། འགལ་རྐྱེན་ཉམས་པའི་རྒྱུ་སྤོང་བ་དང་། མཐུན་རྐྱེན་མི་ཉམས་པའི་རྒྱུ་དང་འཕེལ་བའི་རྐྱེན་ལ་བསླབ་པ་གཉིས་སུ་འདུ་སྟེ། དང་པོ་ལའང་། ཐོས་པ་ལ་མི་མོས། བསམ་པ་ལ་གཡེལ། སྒོམ་པ་ལ་ལྷོད་པ་གསུམ་ནི་རང་དོན་ཤེས་རབ་ཀྱི་གེགས་གསུམ་ཡིན་ལ། སྦྱོར་བ་ལེ་ལོ་ཆེ་བ། སྤྱོད་པ་གཞན་མི་དད་པ་ལ་སྦྱོར་བ། ཀུན་སློང་སྙིང་རྗེ་མེད་པ། བྱེད་ལས་ཕྱིན་ཅི་ལོག་སྒྲུབ་པ་བཞི་ནི་གཞན་དོན་སྤྱོད་པའི་སྐྱོན་བཞི་སྟེ། དེ་ལྟར་རང་གཞན་གྱི་སྤྱོད་པ་ཉམས་པའི་རྒྱུ་བདུན་སྤོང་བ་ལ་འབད་དོ། །གཉིས་པ་མཐུན་རྐྱེན་མི་ཉམས་པའི་རྒྱུ་དང་འཕེལ་བའི་རྐྱེན་ལ་བསླབ་ཚུལ་ཡང་། དང་པོ་སེམས་བསྐྱེད་སྐྱེས་པའི་ཕན་ཡོན་དྲན། ཉམས་པའི་ཉེས་དམིགས་དྲན། རྙེད་པར་དཀའ་བ་ཡང་ཡང་དྲན་པར་བྱེད་པ་ནི་ཚེ་འདིར་མི་ཉམས་པའི་རྒྱུ་དྲན་པ་གསུམ་དང་། གཉིས་པ་དུས་གསུམ་དུ་ཡན་ལག་བདུན་པ་བྱེད་པ། རྒྱལ་བ་སྲས་བཅས་ལ་གསོལ་བ་འདེབས་པ། ཆོས་དང་འགལ་བའི་བདུད་ལས་སྤོང་བ་དང་གསུམ་ནི་ཕྱི་མར་མི་ཉམས་པའི་རྒྱུ་ཕྱིན་ཅི་མ་ལོག་པའི་ཐབས་གསུམ་ཡིན་ལ། གསུམ་པ་བསྒྲུབ་བྱ་སེམས་ཅན་ལ་རང་བས་གཅེས་པ།
སྒྲུབ་བྱེད་ཆོས་ལ་ནོར་བས་གཅེས་པ། གཙོ་བོ་བྱང་སེམས་ལ་སྙིང་བས་གཅེས་པ། བདག་རྐྱེན་བཤེས་གཉེན་ལ་ཕ་མ་བས་གཅེས་པ། ཐོབ་བྱ་སངས་རྒྱས་ལ་ལོངས་སྤྱོད་བས་གཅེས་པ་དང་ལྔ་ནི་འདི་ཕྱི་གཉིས་ཀར་མི་ཉམས་པའི་རྒྱུ་གཅེས་པ་ལྔ་སྟེ། དེ་རྣམས་ཡོངས་བསྡོམས་རྣམ་གྲངས་བཅུ་གཉིས་ནི་མཐུན་རྐྱེན་མི་ཉམས་པའི་རྒྱུ་ཡིན་ནོ། །གཉིས་པ་འཕེལ་བའི་རྐྱེན་ལ་བསླབ་ཚུལ་ཡང་། འདི་ལྟར་འདུས་བྱས་ཀྱི་གཡོ་བ། སྡུག་བསྔལ་གྱི་མཐའ། ཆོས་ཀྱི་ཕན་ཡོན། སྟོན་པའི་ཆེ་བ། བྱང་སེམས་ཀྱི་ཕན་ཡོན་ཏེ། དེ་རྣམས་ཡིད་ཀྱིས་མི་བརྗེད་པར་དྲན་པ་སྟེ་དེ་ལྔ་ལ་བསླབ་པ་ཉིད་གཞིར་བཟུང་ནས། ཤེས་བཞིན་གྱི་མིག་གིས་བལྟ་བ། བརྩོན་འགྲུས་ཀྱི་རྟ་མཆོག་ཞོན་པ། ངེས་འབྱུང་གི་ལྕག་གིས་བསྐུལ་བ། ཐར་པའི་གྲོང་ཁྱེར་ཡིད་ལ་བྱ་བ་རྣམས་ནི་བྱ་བ་བཞི་སྟེ། མདོར་ན་ཀུན་མཁྱེན་ཆེན་པོས། རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་ཀྱིས། །མི་དགེ་སྤང་ཞིང་དགེ་ཆོས་རྒྱ་མཚོ་སྒྲུབ། །ཅེས་གསུངས་པ་ལྟར་དྲན་པ་དང་བག་ཡོད་དང་ཤེས་བཞིན་གསུམ་མི་ཉམས་པར་བསྐྱེད་དེ། འཆད་འགྱུར་གྱི་རྩ་བ་དང་ཡན་ལག་གི་ལྟུང་བས་མི་གོས་
པར་བྱ་ཞིང་། ལས་དང་པོ་པའི་སྐབས་སུ་སྒྲུབ་མི་ནུས་པ་མ་གཏོགས་པ། བྱང་སེམས་ཀྱི་བསླབ་བྱ་ནུས་པའི་ཡུལ་དུ་གྱུར་པ་མཐའ་དག་ལ་བསླབ་དགོས་ཏེ། བསླབ་བཏུས་ལས། མདོར་ན་རང་གི་ནུས་པའི་ཡུལ་མ་ཡིན་པའི་བྱ་བ་རྣམས་ལ་ལྟུང་བ་མེད་དེ། དོན་མེད་པ་ཉིད་ཀྱི་དེ་ལ་བསླབ་པ་བཅས་པ་མེད་པའི་ཕྱིར་རོ། །གཞན་ལ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པ་ཉིད་དུ་བཟུང་བ་ཁོ་ནའོ། །རང་གི་ནུས་པའི་ཡུལ་མ་ཡིན་པ་གང་ཞིག་ལ་བརྩོན་པར་བྱེད་ན་ལྟུང་བར་འགྱུར་ཏེ། དེ་ནི་བསམ་མི་དགོས་པར་སྤྱིར་སྡིག་པ་བཤགས་པའི་ཁོངས་སུ་འདུས་པས་དེ་ལས་གྲོལ་བར་འགྱུར་རོ། །དེ་དག་ནི་མདོར་ན་བྱང་ཆུབ་སེམས་དཔའི་བསླབ་པའི་ཁོག་པ་ཡིན་ཏེ། རྒྱས་པར་ནི་བསྐལ་པ་དཔག་ཏུ་མེད་པ་མཐའ་ཡས་པར་བཤད་དུ་ཡོད་དོ། །ཞེས་སོ། །དེ་དག་རྣམས་ཀྱིས་ཇི་ལྟར་བསྲུང་ཚུལ་གྱི་གོ་དོན་བཤད་པས་ཁོག་དབུབ་པ་སོང་ནས། ད་ནི་གང་བསྲུང་བྱའི་ཚུལ་ཁྲིམས་དངོས་ཉིད་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། བར་དུ་མི་ཉམས་བསྲུང་བའི་ཐབས་བཤད་པ། །བྱང་ཆུབ་སེམས་
དཔའི་ཚུལ་ཁྲིམས་གསུམ་ཡིན་ཏེ། །ཉེས་སྤྱོད་སྡོམ་དང་དགེ་བ་ཆོས་སྡུད་དང་། །སེམས་ཅན་དོན་བྱེད། ཅེས་པ་སྟེ། དེ་ལྟར་དང་པོ་རང་རྒྱུད་ལ་སྔར་མེད་གསར་དུ་ཐོབ་པའི་སྡོམ་པ་དེ་ཉིད་བ༷ར་དུ༷་མི༷་ཉམ༷ས་པར་བསྲུ༷ང་བ༷འི་ཐབས་ལ་འབད་དགོས་ཏེ། ཉམས་ན་སེམས་ཅན་ཐམས་ཅད་བསླུ་བར་འགྱུར་བ་སོགས་ཉེས་དམིགས་ཤིན་ཏུ་ཆེ་ཞིང་། མ་ཉམས་ན་བྱང་ཆུབ་ཆེན་པོ་ཐོབ་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་བའི་ཕྱིར། དེས་ན་ཇི་ལྟར་བསྲུང་བའི་ཐ༷བས་བཤ༷ད་པ༵་ལ། སྤྱིར་བྱང༷་ཆུབ༷་སེ༷མས་དཔ༷འི་ཚུལ༷་ཁྲི༷མས་ཀྱི་རྣམ་པར་བཞག་པ་ལ་རྩ་བའི་ཆིངས་ཆེན་པོ་གསུ༷མ་གྱིས་བསྡུས་པ་ཡི༷ན་ཏེ༵། སེམས་བསྐྱེད་ཀྱི་བསླབ་བྱ་དང་འགལ་བའི་སྒོ་གསུམ་གྱི་ཉེས༷་སྤྱོད༷་ཐམས་ཅད་སྡོམ༷་པ་ད༷ང་། ཕར་ཕྱིན་དྲུག་གིས་བསྡུས་པའི་དགེ༷་བ༷འི་ཆོ༷ས་ཐམས་ཅད་རང་རྒྱུད་ལ་སྡུད༷་པ་ད༵ང་། དེ་དག་ལ་དབང་འབྱོར་བས་བསྡུ་བ་བཞིའི་སྒོ་ནས་སེ༷མས་ཅ༷ན་གྱི་དོ༷ན་བྱེད༷་པ་སྟེ། དཀོན་བརྩེགས་ལས། འོད་སྲུང་། དེ་ལ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ནི་རྣམ་པ་གསུམ་སྟེ། སྡོམ་པའི་ཚུལ་ཁྲིམས་དང་། དགེ་བའི་ཆོས་ཐམས་ཅད་སྡུད་པའི་ཚུལ་ཁྲིམས། སེམས་ཅན་གྱི་དོན་སྒྲུབ་པའི་ཚུལ་ཁྲིམས་
སོ། །ཞེས་གསུངས། དེ་གསུམ་ཡང་ངོ་བོ་གཅིག་ལ་ལྡོག་པས་ཕྱེ་བ་ཙམ་སྟེ། དཔེར་ན་ནོར་བུ་གཅིག་ཉིད། མུན་པ་སེལ་བ། འདོད་རྒུའི་ནོར་སྡུད་པ། རིམས་ནད་ལ་ཕན་པ་བཞིན་ནོ། །དེ་ལྟར་ཚུལ་ཁྲིམས་གསུམ་ལ་ལེགས་པར་བསླབ་པས་ནམ་ཞིག་འཚང་རྒྱ་བའི་ཚེ། ཚུལ་ཁྲིམས་སྔ་མ་གཉིས་ཀྱིས་སྤངས་རྟོག་ཕུན་ཚོགས་དང་། ཕྱི་མས་ཕྲིན་ལས་ཕུན་ཚོགས་ཐོབ་པའི་རྒྱུར་འགྲོ་བ་ཡིན་ནོ། །གཉིས་པ་རྒྱས་པར་བཤད་པ་ནི། གསུམ་ལས་དང་པོ་ནི། །ཞེས་པ་སྟེ། བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུ༷མ་དུ་ཡོད་པ་ལ༷ས། ད༷ང་པོ༷་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་བཤད་པ་ནི༵། འདི་ལ་གཉིས། ནམ་སྙིང་གི་མདོ་དང་གསང་ཆེན་ཐབས་ལ་མཁས་པའི་མདོའི་རྗེས་སུ་འབྲངས་པ་ཀླུ་སྒྲུབ་ཀྱི་ལུགས་ཞི་བ་ལྷས་བསླབ་བཏུས་སུ་ཕྱེ་བ་དང་། བྱང་སའི་རྗེས་སུ་འབྲངས་པ་ཐོགས་མེད་ཀྱི་ལུགས་ཙནྡྲ་གོ་མིས་སྡོམ་པའི་ཉི་ཤུ་པར་ཕྱེ་བའོ། །དང་པོ་ཀླུ་སྒྲུབ་ཀྱི་ལུགས་ལ་གཉིས། རྩ་བའི་ལྟུང་བ་བཤད་པ་དང་། ཡན་ལག་གི་ཉེས་པ་གཞན་དུ་ཞལ་འཕངས་པའོ། །དང་པོ་རྩ་བའི་ལྟུང་བཤད་པ་
ལའང་གསུམ། རྩ་ལྟུང་དངོས་བཤད་པ། རྟེན་དང་ལྟུང་བའི་དབྱེ་བསྡུ། ཐུན་མོང་སྨོན་འཇུག་སྤངས་པ་རྩ་ལྟུང་དུ་བསྟན་པའོ། །དང་པོ་རྩ་ལྟུང་དངོས་བཤད་པ་ལ་གསུམ། རྒྱལ་པོ་ལ་འབྱུང་ཉེ་བ་ལྔ། བློན་པོ་ལ་འབྱུང་ཉེ་བ་ལྔ། ཕལ་པ་ལ་འབྱུང་ཉེ་བ་བརྒྱད་བཤད་པའོ། །དང་པོ་རྒྱལ་པོ་ལ་འབྱུང་ཉེ་བ་ལྔ་ནི། དཀོན་མཆོག་དཀོར་འཕྲོག་དང་ནི་ཆོས་སྤོང་ལས། །ཚུལ་ལྡན་ཚུལ་འཆལ་ཁྲིམས་གཅོད་བསླབ་འབེབས་སོགས། །མཚམས་མེད་ལས་བྱེད་ལོག་ལྟ་ལྔ་རྒྱལ་པོ། །ཞེས་པ་སྟེ། སངས་རྒྱས་ཀྱི་སྐུ་གཟུགས་སམ་མཆོད་རྟེན་གྱི་ཡོ་བྱད་དང་། དམ་པའི་ཆོས་ཀྱི་གླེགས་བམ་དང་ཆོས་སྨྲ་བའི་ཆ་རྐྱེན། དགེ་འདུན་འདུ་བའི་རྫས་ཞིང་ལ་སོགས་པ་མདོར་ན་དཀོ༷ན་མཆོ༷ག་ལ་བསྔོས་པའི་དཀོ༷ར་རྫས་རིན་ཐང་ཚང་མ་ཚང་གང་ཡིན་ཀྱང་འདྲ་སྟེ། ཀུན་སློང་དྲག་པོས་འཕྲོ༷ག་པའམ་གཞན་བྱེད་དུ་བཅུག་ནས་བརྐུ་བར་བྱེད་པ་སོགས་རྩ་ལྟུང་ད༷ང་པོར་འགྲོ་བ་རྣམས་ནི༷་གཞིར་བཞག །ཐེག་པ་གསུམ་གང་ཡང་རུང་བའི་ལུང་གི་ཆོས་སྡེ་སྣོད་གསུམ་དང་རྟོགས་པའི་ཆོས་བསླབ་པ་གསུམ་ལས་གང་རུང་དུ་གཏོགས་པའི་དགེ་བ་རྣམས་སྟོན་པའི་བཀའ་དང་ཐར་པ་ཐོབ་
པའི་ཐབས་མ་ཡིན་ནོ་ཞེས་རང་གིས་སྤོང་བའམ་གཞན་སྤོང་དུ་འཇུག་པ་ནི་རྩ་ལྟུང་གཉིས་པ་ཆོ༷ས་སྤོང༷་གི་ལ༵ས་དང་། བསླབ་པ་བཟུང་མ་བཟུང་གི་རབ་བྱུང་ངམ། ཚུལ༷་ཁྲིམས་ལྡ༷ན་པའམ་ཚུལ༷་ཁྲིམས་འཆ༷ལ་བའི་དགེ་སློང་གང་ཡིན་ཀྱང་རུང་སྟེ་རབ་བྱུང་གི་ཆ་ལུགས་འཛིན་པ་ལ། ཀུན་སློང་ཞེ་སྡང་གིས། དེའི་ངུར་སྨྲིག་གི་གོས་འཕྲོག་གམ། བརྡེག་གམ། བཙོན་དུ་འཇུག་པས་ཁྲི༷མས་གཅོ༷ད་པ། བསླ༷བ་པ་ལས་ཁྱིམ་པར་འབེ༷བས་པ་སོ༵གས་གང་རུང་རེ་རེའམ་མང་དུ་བྱས་སམ་བྱེད་དུ་བཅུག་ན་རྩ་ལྟུང་གསུམ་པ་དགེ་སྦྱོང་ཆད་པས་གཅོད་པ་དང་། ཕ་མ་དགྲ་བཅོམ་གསུམ་གསོད་པ་དང་། དགེ་འདུན་གྱི་དབྱེན་བྱེད་པ་དང་། སངས་རྒྱས་ལ་ངན་སེམས་ཀྱི་ཁྲག་འབྱིན་པ་སྟེ། དེ་ལྟར་མཚ༷མས་མེ༷ད་ལྔ་པོའི་ལ༷ས་གང་ཡང་རུང་བ་བྱེ༷ད་པ་ནི་རྩ་ལྟུང་བཞི་པ་མཚམས་མེད་ལྔ་བྱེད་པ་དང་། རྒྱུ་དགེ་སྡིག་གི་ལས་ལ་འབྲས་བུ་བདེ་སྡུག་མེད་ཅེས་ལོ༷ག་པར་ལྟ༷་བས་མི་དགེ་བ་བཅུ་ལས་གང་རུང་ཞིག་བྱེད་དམ་བྱེད་དུ་བཅུག་ན་རྩ་ལྟུང་ལྔ་པ་ལོག་ལྟ་ཅན་ཏེ། འདིས་ཀུན་ནས་བླངས་ཏེ་མི་དགེ་བའི་ལས་ཕྲ་མོ་ཙམ་ལའང་དངོས་སུ་སྤྱད་ན་ཉེས་པ་ཤིན་ཏུ་ལྕི་བར་འགྱུར་ལ། དེ་ལྔ༷་ནི་རྒྱལ༷་པོ༵་རྣམས་ཤིན་ཏུ་དབང་ཆེ་བས་འབྱུང་ཉེ་
བའི་ཕྱིར་དེའི་ལྟུང་བར་བཞག་གོ། །གཉིས་པ་བློན་པོ་ལ་འབྱུང་ཉེ་བ་ལྔ་ནི། གྲོང་ལྗོངས་གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་རྣམས། །འཇོམས་པར་བྱེད་ལའང་བློན་པོར་ངེས་པ་ལྔ། །ཞེས་པ་སྟེ། ཁྱིམ་གཅིག་པ་ལ་སོགས་པ་གྲོ༷ང་དང་། མི་རིགས་བཞི་གནས་པ་ལྗོང༷ས་དང་། བཟོ་སྣ་བཅོ་བརྒྱད་ཡོད་པའི་གནས་གྲོང༷་ཁྱེར༷་དང་། ཚོང་པ་མང་པོ་འདུ་བའི་གནས་གྲོང༷་བརྡ༷ལ་དང་། ཡུལ་གྲུ་ཆེན་པོ་ཙམ་པ་ཀ་ལྟ་བུ་ཡུ༷ལ་འཁོ༷ར་ཏེ། དེ་རྣམ༵ས་གང་ཡང་རུང་བ་ཀུན་སློང་ཞེ་སྡང་གིས་མེ་ལ་སོགས་པས་འཇོ༷མས་པ༷ར་བྱེ༷ད་པ༷་སྟེ། འ༷ང་སྒྲ་སྡུད་བྱེད་ཀྱི་ཚིག་ལོག་ལྟ་དོར་བའི་སྔ་མ་བཞི་པོའི་སྟེང་ན་འདི་དག་གཅིག་ཏུ་བརྩིས་པ་ནི་བློ༷ན་པོ༷་རྣམས་རྒྱལ་པོའི་བྱ་བ་བྱེད་པའི་ཕྱིར་ཕྱོགས་རྣམས་སུ་ཁྲིམས་ཀྱི་ལས་ལ་དངོས་སུ་འཇུག་དགོས་པས་ན་དེར༷་འབྱུང་ངེ༷ས་པ༷་ལྔ༵་ཡིན་ནོ། །གསུམ་པ་ཕལ་པ་ལ་འབྱུང་ཉེ་བ་བརྒྱད་ནི། མ་སྦྱངས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །རྫོགས་བྱང་ཕྱིར་ལྡོག་ཐེག་དམན་སེམས་བསྐྱེད་དང་། །སོ་ཐར་སྤངས་ནས་ཐེག་ཆེན་སློབ་པ་དང་། །ཉན་ཐོས་ཐེག་པར་ཆགས་སོགས་མི་བཟློག་པས། །དེ་བཟློག་དེ་ཡི་འབྲས་བུ་མེད་པར་བྱས། །ཕྲག་དོག་དབང་གིས་བདག་བསྟོད་
གཞན་སྨོད་དང་། །རྙེད་དང་བཀུར་བསྟིའི་ཆེད་དུ་བདག་འཚོང་དང་། །དགེ་སློང་ཆད་པས་གཅོད་འཇུག་སུག་འབུལ་དང་། །སྤོང་བའི་ལོངས་སྤྱོད་ཁ་ཏོན་པ་ལ་བྱིན། །ཞི་གནས་འདོར་བཅུག་ཕལ་ལ་འབྱུང་ངེས་བརྒྱད། །ཅེས་པ་སྟེ། བློ་མ༷་སྦྱང༷ས་པའི་སེམས་ཅན་ལས་དང་པོ་པའམ་ཐེག་དམན་གྱི་རིགས་ཅན་སོགས་སྣོད་མ་བརྟག་པར་སྟོང༷་ཉི༷ད་མཐའ་བྲལ་བརྗོ༷ད་སྔ༷ས་པའི་དབང་གིས་ཡུལ་དེས་བྱང་ཆུབ་ཀྱི་སེམས་བཏང་ནས་ཉན༷་ཐོས༷་ཀྱི་ལམ་དུ་སྨོན༵་ན་སྟོན་པ་པོ་ལ་ལྟུང་བར་འགྱུར་ཞིང་། གལ་ཏེ་ཡུལ་ཀྱང་འཇུག་སྡོམ་དང་ལྡན་ན་དེ་ལའང་ལྟུང་བ་འབྱུང་། ཐེག་ཆེན་གྱི་ལམ་དུ་ཞུགས་པ་ལ་དེར་ཤེས་བཞིན་དུ་ཁྱོད་ཀྱིས་རྒྱུ་ཕྱིན་དྲུག་ལ་སྤྱོད་པ་འདིས་འབྲས་བུ་རྫོག༷ས་བྱང༷་ཐོབ་པར་མི་ནུས་ཞེས་ཕྱི༷ར་ལྡོག༷་པར་བྱས་ནས། དེ་བས་ཉན་རང་གི་འབྲས་བུ་བསྒྲུབ་པར་གྱིས་ཤིག་དང་དེས་ཁྱོད་འཁོར་བ་ལས་ངེས་པར་འབྱུང་བར་འགྱུར་རོ། །ཞེས་ཐེ༷ག་དམ༷ན་དུ་སེ༷མས་བསྐྱེད༷་དུ་འཇུག་པ་དང༵་། ཉན་ཐོས་ཀྱི་རིགས་ཅན་སོ་སོར་ཐར་པ་ལ་སློབ་བཞིན་པའམ། རབ་ཏུ་བྱུང་མ་ཟིན་ཀྱང་སློབ་པར་འདོད་པ་དག་ལ་དགོས་པ་ཁྱད་པར་ཅན་མེད་བཞིན་ཁྱོད་སོ༷་ཐ༷ར་ལ་བསླབ་པས་ཅི་ཞིག་བྱ་ཞེས་སྤ༷ང་དུ་བཅུག་ནས༷་རྫོགས་བྱང་དུ་
སེམས་བསྐྱེད་ལ་ཐེ༷ག་པ་ཆེ༷ན་པོ་ཀློག་ཅིག་དང་བྱང་ཆུབ་སེམས་ཀྱི་མཐུས་ཉེས་པར་བྱས་པའི་ལམ་རྣམས་འཇོམས་སོ་ཞེས་དེ་ལ་སློ༷བ་ཏུ་འཇུག་པ༷་ད༵ང་། ཉན༷་ཐོས༷་ཀྱི་ཐེག༷་པ༷ས་ཆ༷གས་སོ༷གས་ཉོན་མོངས་པ་མི༷་བཟློག༷་པ༵ས་ཐེག་ཆེན་ལ་སློབ་ཅིག་ཅེས་ཉན་ཐོས་ཀྱི་ཐེག་པ་དེ༷་བཟློག༷་ནས་དེ༷་ཡི༷་ལམ་ལ་བསླབ་ན་འབྲ༷སས་བུ༷་ཐར་པ་མྱང་འདས་མེ༷ད་པ༷ར་རབ་འཛིན་ཅིང་། དགོས་པ་ཁྱད་པར་ཅན་མེད་པར་གཞན་ཡང་འཛིན་དུ་བཅུག་པར་བྱས༵་པ་དང་། རྙེད་བཀུར་གྱི་ཕྱིར་ཕྲ༷ག་དོ༷ག་གི་དབ༷ང་གི༷ས་བད༷ག་ཉིད་ལ་ཡོན་ཏན་མེད་ཀྱང་ཡོད་ཅེས་བསྟོ༷ད་ཅིང་། རྙེད་བཀུར་ཅན་གྱི་བྱང་སེམས་གཞ༷ན་ལ་བདེན་པའམ་བརྫུན་པ་གང་ཡིན་ཀྱང་སྨོད༷་པར་བྱེད་པ་ད༵ང་། རྙེད༷་པ་ད༷ང་བཀུ༷ར་སྟི་ཐོབ་པའི༷་ཆེད༷་དུ༷་མ་རྟོགས་བཞིན་བདག་གིས་ཆོས་ཟབ་མོ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་སོ་ཞེས་མི་ཆོས་བླ་མའི་རྫུན་གྱིས་བད༷ག་འཚོ༷ང་པ་ད༵ང་། རང་ཉིད་ཀྱིས་རྒྱལ་རིགས་ལྟ་བུའི་མི་དབང་པོ་ཆེ་དང་། ཆོས་འདི་པའི་དགེ་སློང་སོགས་དགེ་སྦྱོང་རྣམས་ཕྲ་མས་ཕྱེ་ནས་དབང་པོ་ཆའི་ཕྱོགས་ལ་བརྟེན་ཏེ་དགེ༷་སློང༷་ལ་ནོར་གྱི་ཆ༷ད་པ༷ས་གཅོ༷ད་དུ་འཇུ༷ག་པ་དང་། དེའི་རྐྱེན་གྱིས་དགེ་སྦྱོང་གིས་དཀོན་མཆོག་གི་དཀོར་བརྐུས་ནས་ཕྲ་མ་བྱེད་པ་ལ་ཕག་སུག༷་ཏུ་འབུ༷ལ་བ་རང་གིས་
ལེན་ནམ་དབང་པོ་ཆེ་ལ་བྱིན་པས་ནོར་བདག་གིར་བྱས་ན་གཉིས་ཀ་ལ་ལྟུང་བར་འགྱུར་བ་ད༵ང་། སྤོང༷་བ་བསམ་གཏན་པ་ལ་སྡང་བ༷འི་བསམ་པས་དེ་དག་གི་ལོ༷ངས་སྤྱོད་སོགས་འཕྲོག་ནས་ཀློག་པ་ཁ༵་ཏོན༷་པ༷་ལ༷་བྱིན༵་ནམ་སྦྱིན་དུ་འཇུག་པ་སོགས་ཀྱི་སྒོ་ནས་ཞི༷་གན༷ས་ཀྱི་ཏིང་ངེ་འཛིན་འདོ༷ར་དུ་བཅུག༷་པ་རྣམས་ཕ༷ལ་པ་ལ༷་འབྱུང༷་ངེ༷ས་པ་བརྒྱད༵་དུ་བཞག་གོ། །གཉིས་པ་བརྟེན་དང་ལྟུང་བའི་དབྱེ་བསྡུ་བཤད་པ་ནི། དེ་དེར་འབྱུང་ཉེས་བཞག་གིས་ཀུན་ལ་ཀུན། །མིང་དུ་བཅོ་བརྒྱད་རྫས་སུ་བཅུ་བཞི་སྟེ། །ཞེས་པས། དེ་ལྟར་རྒྱལ་བློན་ཕལ་པ་སོ་སོའི་རྩ་ལྟུང་དུ་བཤད་པ་ནི་གཙོ་བོར་གང་ཟག་དེ༷་དང་དེ༷ར་འབྱུང༷་ཉེ༷་བ་ཙམ་གྱིས༷་བཞ༷ག་གི༷ས། དོན་ལ་གང་ཟག་གསུམ་པོ་ཀུ༷ན་ལ་བཅོ་བརྒྱད་པོ་ཀུན༵་མ་ལུས་པ་རྩ་ལྟུང་དུ་འགྱུར་བ་ཡིན་ཏེ། མདོ་ལས་མི༷ང་དུ༷་བཅོ༷་བརྒྱད༷་དུ་ཕྱེ་ཡང་དོན་དུ་རྫ༷ས་སུ༷་བསྡུ་ན་རྒྱལ་བློན་གྱི་རྩ་ལྟུང་དང་པོ་བཞི་ལ་ཐ་དད་མེད་པས་བཅུ༷་བཞི༷་པོ་ཁོ་ན་སྟེ༵་ཞེས་སོ། །གསུམ་པ་ཐུན་མོང་སྨོན་འཇུག་སྤངས་པ་རྩ་ལྟུང་དུ་བསྟན་པ་ནི། སྨོན་འཇུག་སེམས་བཏང་དེ་རྣམས་རྩ་ལྟུང་ཡིན། །ཞེས་པ་སྟེ། ཐེག་པ་དམན་པར་སེམས་བསྐྱེད་པའམ་སེམས་ཅན་བློས་སྤངས་ན་སྨོ༷ན་སེམས་བཏང་བ་སྟེ། གསང་ཆེན་ཐབས་
ལ་མཁས་པའི་མདོ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་ཉན་ཐོས་དང་རང་སངས་རྒྱས་ཡིད་ལ་བྱེད་པས་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་རྩ་བའི་ལྟུང་བ་ལྕི་བའོ། །ཞེས་གསུངས་པ་ལྟར། སྔར་གྱི་རྩ་ལྟུང་བཅོ་བརྒྱད་ཀྱི་སྟེང་དུ་སྨོན་པ་བཏང་བས་བཅུ་དགུ་དང་། དེའི་སྟེང་དུ་དཀོན་བརྩེགས་ལས་གསུངས་པ་ལྟར་འཇུ༷ག་སེ༷མས་བཏ༷ང་སྟེ་དགེ་ལ་མི་སྦྱོར་བ་བསྣན་པས་རྩ་ལྟུང་ཉི་ཤུར་འགྱུར་ཏེ། དེ༷་རྣ༷མས་ནི་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱི་རྩ༷་ལྟུང༷་ཁོ་ན་ཡི༵ན་ནོ། །དེ་ཡང་བྱང་ཆུབ་སེམས་དཔའི་དབང་པོའི་རིམ་པས་ཕྱེ་ན། གོང་དུ་བཤད་པའི་བཅོ་བརྒྱད་པོ་དབང་རྣོན་གྱི་ཐུན་མོང་མ་ཡིན་པའི་རྩ་ལྟུང་ཡིན་ལ། དབང་འབྲིང་ཡན་ཆད་ཀྱི་བསླབ་བྱ་ལ་བཞིར་བསྟན་ཏེ། ཐབས་ལ་མཁས་པའི་མདོའི་དོན་བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །སྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པས། །ཁྲོས་པས་སེམས་ཅན་རྡེག་པ་དང་། །ཉོན་མོངས་པ་དང་གཞན་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པའོ། །ཞེས་བཞིར་བཤད་ལ། དབང་རྟུལ་ལ་སྨོན་སེམས་མི་འདོར་བ་གཅིག་པུར་
བཞག་ཅིང་། དེའི་ཚུལ་ཡང་རྒྱལ་པོ་ལ་གདམས་པའི་མདོ་ལས་གསུངས་པ་ལྟར་སྡོམ་དུ་བྱས་ན། བྱ་དང་བྱེད་པ་མང་བ་དག །ཐམས་ཅད་སྒྲུབ་པར་མི་ནུས་ཀྱང་། །ཡང་དག་རྫོགས་པའི་བྱང་ཆུབ་ལ། །འདུན་དང་དད་དང་སྨོན་པ་གསུམ། །འགྲོ་འདུག་ཟ་ཉལ་སད་ཀྱང་རུང་། །རྟག་ཏུ་དྲན་པས་སྒོམ་བྱ་ཞིང་། །རྗེས་སུ་ཡི་རང་བྱས་ནས་ཀྱང་། །རྒྱལ་དང་ཐུགས་གསུང་སྲས་རྣམས་ལ། །ཕུལ་ཞིང་སེམས་ཅན་དང་ཐུན་མོང་། །རྫོགས་པའི་བྱང་ཆུབ་ཏུ་བསྔོས་ན། །རང་སྲིད་མི་ཉམས་ཚོགས་རྫོགས་འགྱུར། །ཞེས་པའོ། །གལ་ཏེ་དེ་ལྟ་བུའི་སྨོན་སྡོམ་དེ་ཉམས་ན་འཇུག་སྡོམ་ཀྱང་གཏོང་བར་འགྱུར་བས་ཉེས་པ་ཤིན་ཏུ་ལྕི་སྟེ། སྡུད་པ་ལས། གལ་ཏེ་བསྐལ་པ་བྱེ་བར་དགེ་བའི་ལས་ལམ་བཅུ། །སྤྱོད་ཀྱང་རང་རྒྱལ་དགྲ་བཅོམ་ཉིད་ལ་འདོད་བསྐྱེད་ན། །དེ་ཚེ་ཚུལ་ཁྲིམས་སྐྱོན་བྱུང་ཚུལ་ཁྲིམས་ཉམས་པ་ཡིན། །སེམས་བསྐྱེད་དེ་ནི་ཕས་ཕམ་བས་ཀྱང་ཤིན་ཏུ་ལྕི། །ཞེས་སོ། །གཉིས་པ་ཡན་ལག་གི་ཉེས་བྱས་གཞན་དུ་ཞལ་འཕང་བ་ནི། ཡན་ལག་ཉེས་བྱས་བརྒྱད་ཅུ་ལ་སོགས་པ། །ཕྲ་ཕྱིར་འདིར་ནི་མ་བཤད་བསླབ་བཏུས་བལྟ། །ཞེས་པ་སྟེ། རྩ་བ་བསྲུང་ཐབས་ཀྱི་ཡ༷ན་ལ༷ག་ཉེས༷་བྱས༷་བརྒྱད༷་ཅུ༷་ལ༷་སོ༷གས་པ༵་རྣམས་
ཅུང་ཟད་ཉེས་པ་ཕྲ༷་བའི་ཕྱིར༷་བསྟན་བཅོས་འདི༷ར་ནི༷་མ༷་བཤ༷ད་ཀྱང་བསླ༷བ་བཏུས༷་སུ་དེ་དག་གསལ་བར་བསྟན་པ་དེར་བ༵ལྟ་བར་བྱོས་ཤིག་ཅེས་ཞལ་འཕང་བར་མཛད་དེ། དེའི་སྡོམ་ནི་ཇི་སྐད་དུ། གཞན་གྱི་སྡུག་བསྔལ་ཡིད་མི་བདེ། །ནུས་བཞིན་ཞི་བར་མི་བྱེད་དང་། །བདེ་དང་ཡིད་བདེ་མི་བསྐྱེད་པ། །ལྟུང་བའི་གཞི་སྟེ་ལུས་སེམས་ཀྱི། །རྟེན་གྱིས་ཕྱེ་ན་རྣམ་པ་བཞི། །ད་ལྟ་དང་ནི་མ་འོངས་པའི། །དུས་ཀྱིས་ཕྱེ་བས་རྣམ་པ་བརྒྱད། །དེ་ཆེད་སྒོ་གསུམ་མི་བརྩོན་དང་། །ཕན་པའི་རྒྱུ་རྐྱེན་མི་འཚོལ་དང་། །གཉེན་པོའི་ཕྱོགས་ལ་མི་འབད་པ། །དེ་ལྟར་རྗེས་སུ་བསྒྲུབ་པའི་སྒོ། །གསུམ་གྱིས་ཕྱེ་བས་ཉི་ཤུ་བཞི། །བདེ་སྡུག་ཡལ་འདོར་ལྟུང་བའོ། །སྡུག་བསྔལ་ཡིད་མི་བདེ་ཆེན་པོའི། །གཉེན་པོ་ཆུང་ངུ་མི་བསྐྱེད་པ། །ལྟུང་བའི་གཞི་སྟེ་འདི་ཕྱི་ཡི། །སྐྱེ་བས་ཕྱེ་བས་རྣམ་པ་བཞི། །རང་གཞན་རྒྱུད་ཀྱི་ཕྱེ་བས་བརྒྱད། །བདེ་དང་ཡིད་བདེ་ཆེན་པོའི་ཕྱིར། །ཆུང་ངུ་ཉམས་པར་མི་བྱེད་པ། །ལྟུང་བའི་གཞི་སྟེ་སྐྱེ་བ་དང་། །རྒྱུད་ཀྱིས་ཕྱེ་བས་རྣམ་པ་བརྒྱད། །སྒྲུབ་པ་ཡལ་བར་འདོར་བ་ཡི། །ལྟུང་བ་རྣམ་པ་བཅུ་དྲུག་གོ། །དེ་ལྟར་བཞི་བཅུ་རེ་རེ་ལའང་། །རེ་ཞིག་ཡལ་བར་འདོར་བ་དང་། །གཏན་དུ་འདོར་བ་རྣམ་པ་གཉིས། །ཕན་
ཡོན་ཉེས་དམིགས་མི་བཟད་པའི། །ཡན་ལག་ལྟུང་བ་བརྒྱད་ཅུའོ། །ཞེས་དང་། སོགས་ཁོངས་ནས་ཕྱོགས་མཐུན་གྱི་ཉེས་པ་མི་དགེ་བ་བཅུ་དང་། འཇིག་རྟེན་གྱི་ཆོས་བརྒྱད་དང་། ལོག་པའི་རྟོག་པ་བརྒྱད་དང་། ལོག་འཚོ་ལྔ་དང་། སྤྱོད་ཡུལ་མིན་པ་ལྔ་དང་། སྡིག་གྲོགས་དང་སྡིག་ལྟ་འཛིན་པ་སོགས་བདུད་ཀྱི་ལས་རྣམས་དང་། ལྟ་བས་གཟིངས་པ་དང་། དགེ་བ་འཛད་པའི་རྒྱུ་བཞི་ལ་སོགས་པ་རྣམས་སྤང་བར་བྱ་ཞིང་། ཡན་ལག་གི་ལྟུང་བ་གཞན་ཡང་། ལུས་ངག་ཡིད་ཀྱི་དགག་པ་དང་སྒྲུབ་པའི་བསླབ་བྱ་རྣམས་ལས་ཉམས་པ་སྟེ། དོན་མེད་པའི་རྒྱུག་མཆོངས་ལ་སོགས་པ་དང་། བྲེ་མོའི་གཏམ་སྨྲ་བ་སོགས་དང་། ཆགས་སྡང་མི་སྤོང་བ་སོགས་དགག་པའི་བསླབ་བྱ་ལས་ཉམས་པ་དང་། མིག་ཕབ་སྟེ་བལྟ་བར་བྱ་བ་སོགས་དང་། ལེགས་པར་འོངས་སོ་ཞེས་བྱ་བ་ལ་སོགས་པ་དང་། བྱམས་སྙིང་རྗེ་སྒོམ་ཞིང་དྲན་པ་དང་ཤེས་བཞིན་དང་བག་ཡོད་བསྟེན་པ་སོགས་སྒྲུབ་པའི་བསླབ་བྱ་ལས་ཉམས་པ་སྟེ། དེ་རྣམས་ཀྱི་ནང་དུ་དབང་པོ་འབྲིང་རྟུལ་གྱི་ཉེས་པ་ཐམས་ཅད་ཀྱང་འདུ་བར་གསུངས་སོ། །གཉིས་པ་ཐོགས་མེད་ཀྱི་ལུགས་བཤད་པ་ལ་གཉིས། སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱའོ། །
དང་པོ་སྨོན་པའི་བསླབ་བྱ་ལ་གཉིས། སྤྱིར་བཏང་དང་། དཀར་ནག་ཆོས་བརྒྱད་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྤྱིར་བཏང་ནི། ཐོགས་མེད་ལུགས་ཀྱི་སྨོན་པའི་བསླབ་བྱ་ལ། །སེམས་ཅན་བློས་མི་བཏང་དང་ཕན་ཡོན་དྲན། །ཚོགས་བསགས་བྱང་སེམས་སྦྱོང་ལ་བརྩོན་པ་དང་། །དཀར་ནག་ཆོས་བརྒྱད་བླང་དོར་སྨོན་པའི་ཡིན། །ཞེས་པ་སྟེ། དེ་ནས་རྒྱལ་སྲས་ཐོག༷ས་མེ༷ད་ཀྱི་ལུ༷གས་ཀྱི༷་སྨོ༷ན་པ༷འི་བསླབ༷་བྱ༷་བཤད་པ་ལ༵། རྩ་བའི་བསླབ་བྱ་སྨོན་ལམ་སེམས་མི་འཆོར་བའི་ཐབས་ནི། སེམས་ཅན་གང་ཡང་རུང་བས་རང་གི་སེམས་བསུན་ཕྱུང་བ་ལ་བརྟེན་ནས་ད་ནི་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཡང་ཕན་མི་གདགས། གནོད་པ་བཟློག་པའི་དུས་བྱུང་ཡང་གནོད་པ་མི་བཟློག་སྙམ་པ་ནི་སེ༷མས་ཅ༷ན་དེ་ཉིད་བློས་བཏང་བ་ཡིན་པས་དེ་འདྲ་སྤངས་ཏེ་ཕན་ལན་དུ་གནོད་པ་བྱས་ནའང་ཡང་ལན་སྙིང་རྗེས་སློན་ཏེ་བློས༷་མི༷་བཏང༷་བ་ད༷ང་། བྱང་ཆུབ་ཀྱི་སེམས་དེ་མི་ཉམས་པའི་ཐབས་ཕན་ཡོན་དྲན་པ་ནི། སྡོང་པོ་བཀོད་པའི་མདོར་དཔེ་ཉིས་བརྒྱ་དང་སུམ་ཅུའི་སྒོ་ནས་བཤད་པ་རྣམས་ལེགས་པར་བལྟ་ཞིང་། ཐ་ནའང་བྱམས་སྨོན་ནས་འབྱུང་བའི་ཚིགས་བཅད་གཅིག་གི་དོན་བཞིན་དུས་རྟག་
ཏུ་ཕ༷ན་ཡོ༷ན་དྲ༵ན་པས་གཅེས་པར་འཛིན་པ་དང་། བྱང་ཆུབ་སེམས་དེའི་སྟོབས་བསྐྱེད་པའི་ཐབས་ནི། དགེ་བའི་འདུན་པ་སྔོན་དུ་བཏང་ནས་སྦྱིན་པ་སོགས་བསོད་ནམས་ཀྱི་ཚོགས་དང་། དེ་དག་འཁོར་གསུམ་མི་རྟོག་པར་ཤེས་པ་ཡེ་ཤེས་ཀྱི་ཚོགས་ཏེ། ཚོ༷གས་གཉིས་ཟུང་འབྲེལ་དུ་བས༷གས་པ་ལ་འབད་པ་དང་། བྱང་ཆུབ་ཀྱི་སེམས་དེ་འཕེལ་བའི་ཐབས་ནི། རྒྱུ་ལ་སྦྱང་པ་བྱམས་སྙིང་རྗེ་སྒོམ་པ། སེམས་དངོས་ལ་སྦྱང་པ་ཉིན་མཚན་མཐུན་དྲུག་ཏུ་སེམས་བསྐྱེད་བླང་བ། སྤྱོད་པ་ལ་སྦྱང་བ་རང་གི་བདེ་དགེ་སེམས་ཅན་ལ་བསྔོ་ཞིང་གཞན་གྱི་སྡིག་སྡུག་བདག་ལ་ལེན་པའི་གཏོང་ལེན་སྦྱོང་བ་སྟེ། དེ་གསུམ་གྱི་སྒོ་ནས་བྱང༷་ཆུབ་ཀྱི་སེ༷མས་སྦྱོང༷་བ་ལ༷་རྟག་ཏུ་བརྩོན༷་པ༷་ད༵ང་། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཐབས་ནི། འོག་ནས་འབྱུང་བ་བཞིན་དཀ༷ར་ཆོས་བཞི་དང་ན༷ག་ཆོ༷ས་བཞི་སྟེ་བརྒྱད༷་ལ་བླང་དོར༷་མ་ནོར་བར་བྱེད་པ་ནི་སྨོ༷ན་པ༷འི་བསླབ་བྱ་ཡི༵ན་ནོ། །གཉིས་པ་དཀར་ནག་ཆོས་བརྒྱད་བྱེ་བྲག་ཏུ་བཤད་པ་ནི། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུ་སྤྱོད། །ནག་པོའི་ཆོས་བཞི་སྤང་ཞིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་པ་སྟེ། རྫུན་གྱིས་
མཆོད༷་འོ༷ས་སུ་གྱུར་བ་བླ་མ་དང་མཁན་སློབ་སོགས་བསླུ༷་བ་ད༷ང་། གཞན་འགྱོད་པའི་གནས་མ་ཡིན་པ་དགེ་བའི་ཕྱོགས་སྒྲུབ་པ་སོགས་ལ་དེ་འགྱོད༷་པ་མེ༷ད་ཀྱང་ངན་སེམས་ཀྱིས་འགྱོད༷་པ༷་བསྐྱེད༵་པ་དང་། སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་དམ༷་པ༷ར་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་ཅིང་སྐུར༷་པ་འདེ༷བས་པ་དང་། འགྲོ༷་བ་གཞན་ལ༷་ཀུན་སློང་གཡོ་སྒྱུའི༷་སྒོ་ནས་བསླུ་བའི་སྤྱོད༵་པ་རྩོམ་པ་རྣམས་ནི་ནག༷་པོ༷འི་ཆོ༷ས་བཞི༷་ཡིན་པས་སྤང༷་བར་བྱ་ཞི༷ང་། དེ་ལ་ལྡོ༷ག་པ༷་འོད་སྲུང་གི་ཞུས་པ་ལས། འོད་སྲུང་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་ཏེ། བཞི་གང་ཞེན་ན། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། བྱང་ཆུབ་སེམས་དཔའ་ལ་སྟོན་པའི་འདུ་ཤེས་བསྐྱེད་པ་དང་། སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་དང་། སེམས་ཅན་ཐམས་ཅད་ཐེག་པ་ཆེན་པོ་ལ་ཡང་དག་པར་འགོད་པའོ། །ཞེས་གསུངས་པ་ནི༵་དཀ༷ར་པོ༷འི་ཆོ༷ས་བཞི༷་ཡི༷ན་པ༷ས་ཀུ༷ན་ཏུ༷་སྤྱད༵་པར་བྱའོ། །གཉིས་པ་འཇུག་པའི་བསླབ་བྱ་བཤད་པ་ལ་གཉིས། རྩ་ལྟུང་བཤད་པ་དང་། ཡན་ལག་ཉེས་བྱས་གཞན་དུ་ཞལ་འཕངས་པའོ། །དང་པོ་རྩ་ལྟུང་བཤད་པ་ནི། རྙེད་བཀུར་ལྷག་ཞེན་
བདག་བསྟོད་གཞན་སྨོད་དང་། །སེར་སྣས་ཟང་ཟིང་ནོར་དང་ཆོས་མི་སྟེར། །ཁྲོ་བས་གཞན་འཚེ་ཤད་སྦྱང་གིས་མི་བཟློག །གཡོམ་ལས་ཆོས་ལྟར་བཅོས་མོས་སྟོན་པ་བཞི། །རྩ་ལྟུང་བཞི་སྟེ་འཇུག་པའི་བསླབ་བྱའོ། །ཞེས་པ་སྟེ། འཇུག་སེམས་ཀྱི་མི་མཐུན་པའི་ཕྱོགས་རྩ་བའི་ལྟུང་བར་གྱུར་པ་མདོ་སྡེ་ན་འཐོར་བ་རྣམས་ཐོགས་མེད་ཀྱིས་བྱང་སར་བསྡུས་པ་ནི། རྙེད༷་པ་དང་བཀུ༷ར་སྟི་ལ་ལྷག༷་པར་ཞེ༷ན་པས་དེ་ཐོབ་པའི་ཕྱིར་བད༷ག་ལ་བསྟོད༷་པའམ་རྙེད་བཀུར་ཅན་གཞ༷ན་ལ་སྨོད༷་པ་ད༵ང་། སེ༷ར་སྣ༷འི་དབང་གིས༷་སྡུག་བསྔལ་བ་དང་། བཀྲེན་པ་དང་། མགོན་མེད་པའི་སློང་བ་པོ་ལ་ཁ་ཟས་སོགས་ཟ༷ང་ཟི༷ང་ཅུང་ཟད་ཙམ་མམ་ཉན་འདོད་ཀྱི་གང་ཟག་སྣོད་དུ་གྱུར་ཅིང་བྱང་སེམས་རང་ལ་ནུས་པ་ཡོད་བཞིན་དེ་གཉིས་ལ་ནོ༷ར་ད༷ང་ཆོ༷ས་མི༷་སྟེར༵་བ་དང་། ཁྲོ༷་བ༷་དྲག་པོས༷་ཀུན་ནས་བསླངས་ཏེ་ཚིག་རྩུབ་སྨྲས་པ་ཙམ་གྱིས་མི་ཚིམ་པར་གཞན་ལ་བརྡེག་བཙོག་སོགས་འཚེ༷་བར་བྱེད་ཅིང་ཤ༷ད་སྦྱོང༷་གི༷ས་ཀྱང་མི༷་བཟློག༵་པར་འཁོན་དུ་འཛིན་པ་དང་། གཏི་མུག་གིས་ཀུན་ནས་བསླངས་ཏེ་ཐེག་ཆེན་གྱི་སྡེ་སྣོད་ལ་བཀའ་མིན་ནོ་ཞེས་སྐུར་འདེབས་ཀྱིས་སྤོང་བའམ་རང་ངམ་གཞན་གྱིས་གཡོ༷མ་ལ༷ས་སམ་རང་བཟོས་ཆོས་
མ་ཡིན་པ་ལ་ཆོ༷ས་ལྟ༷ར་བཅོ༷ས་པ་ལ་མོ༷ས་ནས་ཆོས་ཡིན་ནོ་ཞེས་དམ་ཆོས་འདྲར་སྣང་སྟོན༷་པ༷་དང་བཞི༵་པོ་འདི་ཀུན་དཀྲིས་ཆེན་པོས་སྤྱད་ན་བྱང་སེམས་ཀྱི་སྡོམ་པ་རྩ༷་བ་ནས་གཏོང་བར་བྱེད་པས་ན་རྩ་བའི་ལྟུང༷་བ་སྟེ། དེ་ཡང་ཀུན་སློང་གི་སྒོ་ནས་བཞི༷་དང་། སྦྱོར་བའི་སྒོ་ནས་བརྒྱད་ཏེ༷་དེ་རྣམས་སྤང་བ་ནི་འཇུ༷ག་པ༷འི་བསླ༷བ་བྱ༷འོ༵། །འོ་ན་སྲོལ་གཉིས་བཞེད་པ་འདི་དག་གཙོ་ཆེ་བ་ཡིན་ཞེ་ན། བྱང་སེམས་དབང་རྟུལ་དང་ཁྱིམ་པའི་ཕྱོགས་ལྟ་བུས་སེམས་ཅན་བློས་མི་གཏོང་བ་འདི་ཁོ་ན་ལ་ནན་ཏན་བྱེད་དགོས་པ་ཡིན། རྩིག་པ་མེད་ན་ལོགས་རིས་མི་གནས་པ་བཞིན་དུ། དེ་མེད་ན་བྱང་སེམས་ཀྱི་སྡོམ་པ་གཞན་བསྲུང་བའི་ཐབས་གཏན་ནས་མེད། འོ་ན་དེ་སེམས་ཅན་གཅིག་བློས་གཏོང་བ་ཡིན་ནམ། སེམས་ཅན་ཐམས་ཅད་བློས་གཏོང་བ་ཡིན་སྙམ་ན། སེམས་ཅན་ཐམས་ཅད་བློས་གཏོང་བ་ནི་ཉན་རང་གཉིས་ལས་ཁྲ་དང་སྤྱང་ཀི་སོགས་ལའང་མི་སྲིད་པས་སེམས་ཅན་གཅིག་བློས་གཏོང་བའོ། །བྱང་སེམས་དབང་འབྲིང་དང་རབ་བྱུང་གི་ཕྱོགས་ལྟ་བུས་སྔ་མའི་སྟེང་དུ་བྱང་སའི་བཞི་སྤོང་དགོས་པ་ཡིན། དབང་རྣོན་གྱིས་སེམས་ཅན་བློས་མི་གཏོང་བ་གཞིར་བཞག་གི་སྟེང་དུ་ནམ་
མཁའི་སྙིང་པོའི་མདོའི་དོན་རྩ་ལྟུང་བཅོ་བརྒྱད་པོ་བསྲུང་དགོས་པའི་དོན་ཡིན་པས་འདི་དག་ཕན་ཚུན་འགལ་འདུ་ཅན་དུ་མ་སེམས་ཤིག །གཉིས་པ་ཡན་ལག་ཉེས་བྱས་གཞན་དུ་ཞལ་འཕངས་པ་ནི། ཉེས་བྱས་ཕྲ་བ་ཞེ་དྲུག་གཞན་དུ་ཤེས། །ཞེས་པ་སྟེ། དེ་ལས་གཞན་ཉེས༷་བྱས༷་ཕྲ༷་བ༷་ཞེ༷་དྲུག༷་ཡོད་པ་འདིར་བཤད་པར་མ་ལོངས་པས་གཞ༷ན་དུ༷་ཤེ༵ས་པར་བྱའོ་ཞེས་ཞལ་འཕངས་པར་མཛད་པ་སྟེ། དེ་ཡང་སྡོམ་པ་ཉི་ཤུ་པར་དགེ་བ་ཆོས་སྡུད་དང་འགལ་བ་སོ་བཞི་དང་། སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་སུ་གསུངས་པ་ལས། དང་པོ་ལའང་ནང་གསེས་སྡེ་ཚན་དྲུག་ལས། སྦྱིན་པ་དང་འགལ་བ་བདུན་ནི། དཀོན་མཆོག་གསུམ་ལ་གསུམ་མི་མཆོད། །འདོད་པའི་སེམས་ཀྱིས་རྗེས་སུ་འཇུག །རྒན་པ་རྣམས་ལ་གུས་མི་བྱེད། །དྲིས་པ་ལ་ནི་ལན་མི་འདེབས། །མགྲོན་པོས་བདག་གིར་མི་བྱེད་ཅིང་། །གསེར་ལ་སོགས་པ་ལེན་མི་བྱེད། །ཆོས་འདོད་པ་ལ་སྦྱིན་མི་བྱེད། །ཅེས་དང་། ཚུལ་ཁྲིམས་དང་འགལ་བ་དགུ་ནི། ཚུལ་ཁྲིམས་འཆལ་རྣམས་ཡལ་བར་འདོར། །ཕ་རོལ་དད་ཕྱིར་སློབ་མི་བྱེད། །སེམས་ཅན་དོན་ལ་བྱ་བ་ཆུང་། །སྙིང་བརྩེར་བཅས་ན་མི་དགེ་མེད། །འཚོ་
བ་ལོག་པ་དང་དུ་ལེན། །འཆལ་ཞིང་རབ་ཏུ་རྒོད་ལ་སོགས། །འཁོར་བ་གཅིག་པུས་བགྲོད་པར་སེམས། །གྲགས་པ་མ་ཡིན་མི་སྤོང་བ། །ཉོན་མོངས་བཅས་ཀྱང་འཆོས་མི་བྱེད། །ཅེས་དང་། བཟོད་པ་དང་འགལ་བ་བཞི་ནི། གཤེ་ལ་ལན་དུ་གཤེ་ལ་སོགས། །ཁྲོས་པ་རྣམས་ནི་ཡལ་བར་འདོར། །ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་། །ཁྲོས་པའི་སེམས་ཀྱིས་རྗེས་སུ་འཇུག །ཅེས་དང་། བརྩོན་འགྲུས་དང་འགལ་བ་གསུམ་ནི། རྙེད་བཀུར་འདོད་ཕྱིར་འཁོར་རྣམས་སྡུད། །ལེ་ལོ་ལ་སོགས་སེལ་མི་བྱེད། །ཆགས་པས་བྲེ་མོའི་གཏམ་ལ་བརྟེན། །ཞེས་དང་། བསམ་གཏན་དང་འགལ་བ་གསུམ་ནི། ཏིང་ངེ་འཛིན་གྱི་དོན་མི་འཚོལ། །བསམ་གཏན་སྒྲིབ་པ་སྤོང་མི་བྱེད། །བསམ་གཏན་རོ་ལ་ཡོན་ཏན་བལྟ། །ཞེས་དང་། ཤེས་རབ་དང་འགལ་བ་བརྒྱད་ནི། ཉན་ཐོས་ཐེག་པ་སྤོང་བར་བྱེད། །རང་ཚུལ་ཡོད་བཞིན་དེ་ལ་བརྩོན། །བརྩོན་མིན་ཕྱི་རོལ་བསྟན་བཅོས་བརྩོན། །བརྩོན་པར་བྱས་ཀྱང་དེ་ལ་དགའ། །ཐེག་པ་ཆེན་པོ་སྤང་བར་བྱེད། །བདག་ལ་བསྟོད་ཅིང་གཞན་ལ་སྨོད། །ཆོས་ཀྱི་དོན་དུ་འགྲོ་མི་བྱེད། །དེ་ལ་སྨོད་ཅིང་ཡི་གེར་རྟོན། །ཞེས་སོ། །གཉིས་
པ་སེམས་ཅན་དོན་བྱེད་དང་འགལ་བ་བཅུ་གཉིས་ལ་ནང་གསེས་སྡེ་ཚན་གསུམ་ལས། དང་པོ་གཞན་དོན་ལས་ཉམས་པའི་ཉེས་པ་བཞི་ནི། དགོས་པའི་གྲོགས་སུ་འགྲོ་མི་བྱེད། །ནད་པའི་རིམ་གྲོ་བྱ་བ་སྤོང་། །སྡུག་བསྔལ་སེལ་བར་མི་བྱེད་དང་། །བདག་མེད་པ་ལ་རིགས་མི་སྟོན། །ཞེས་དང་། གཉིས་པ་གཞན་ལ་ཕན་མི་འདོགས་པའི་ཉེས་པ་དྲུག་ནི། བྱས་ལ་ལན་དུ་ཕན་མི་འདོགས། །གཞན་གྱི་མྱ་ངན་སེལ་མི་བྱེད། །ནོར་འདོད་པ་ལ་སྦྱིན་མི་བྱེད། །འཁོར་རྣམས་ཀྱི་ནི་དོན་མི་བྱེད། །གཞན་གྱི་བློ་དང་མཐུན་མི་འཇུག །ཡོན་ཏན་བསྔགས་པ་སྨྲ་མི་བྱེད། །ཅེས་དང་། གསུམ་པ་ངན་པ་ཚར་མི་གཅོད་པའི་ཉེས་པ་གཉིས་ནི། རྐྱེན་དང་འཚམས་པར་ཚར་མི་གཅོད། །རྫུ་འཕྲུལ་བསྡིགས་ལ་སོགས་མི་བྱེད། །ཅེས་སོ། །འདི་དག་འགྲེལ་པ་ཅི་རིགས་པར་གསུམ་གསུམ་དུ་བྱས་ནས་བཤད་དེ། གལ་ཏེ་མ་གུས་པ་དང་། སྙོམས་ལས་པ་དང་། ལེ་ལོས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་གྱི་ཉེས་པར་འགྱུར་རོ། །གལ་ཏེ་བརྗེད་པས་ཉེས་པ་བྱུང་ན་ནི་ཉོན་མོངས་པ་ཅན་མ་ཡིན་པའི་ཉེས་པར་འགྱུར་ལ། སེམས་འཁྲུགས་པ་ལ་ནི་ཉེས་པ་མེད་དོ། །ཞེས་སོ། །ཉེས་སྤྱོད་སྡོམ་པ་དང་
འགལ་བ་ནི་བཤད་མི་དགོས་ཏེ། རྟེན་རབ་བྱུང་ཡིན་ན་སོ་ཐར་གྱི་ཕམ་བཞི་འདིར་ཡང་རྩ་ལྟུང་དང་། དེ་མ་ཡིན་པའི་ལྟུང་བ་རྣམས་བྱང་སེམས་ཀྱི་ཡན་ལག་གི་ཉེས་བྱས་སུ་འགྱུར་བ་དང་། རབ་བྱུང་མིན་ཀྱང་རང་སའི་རྩ་ལྟུང་གི་ཕྱོགས་དང་མཐུན་པའི་ཉེས་པ་ཕྲ་བ་རྣམས་ཉེས་བྱས་སུ་འགྱུར་བས་སོ། །གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དགེ་བ་ཆོས་སྡུད་ཕར་ཕྱིན་དྲུག་སློབ་སྟེ། །ཞེས་པས། རང་གཞན་ཀུན་ལ་དགེ༷་བ༷་བསོད་ནམས་ཀྱི་ཆོ༷ས་ཚོགས་ཟབ་མོ་ཡོད་བཞིན་དུ་སྡུད༷་པར་བྱེད་པ་ནི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་དྲུག༷་ལ་ཚུལ་བཞིན་དུ་སློབ༷་པར་བྱ་བ་སྟེ༵། ཞེས་མདོར་བསྟན་ནས། གཉིས་པ་རྒྱས་པར་བཤད་པ་ལ་དྲུག་ལས། དང་པོ་སྦྱིན་པའི་ཕར་ཕྱིན་ལ། དབུལ་བ་སེལ་ཕྱིར་ཆོས་ནོར་མི་འཇིགས་སྦྱིན། །ཞེས་པས། དེ་ལ་སྦྱིན་པའི་ངོ་བོ་ནི་ཁྱད་ཆོས་བཞི་ལྡན་གྱི་གཏོང་སེམས་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། དྰ་ན་ཞེས་པའི་སྒྲ་ལས། ཕ་རོལ་གྱི་དབུ༷ལ་བ༷་སེ༷ལ་བའི་ཕྱིར༷་སྦྱིན་པ་ཞེས་བྱའོ། །དབྱེ་ན་ཆོ༷ས་ཀྱི་སྦྱིན་པ་ནི་སྣོད་བརྟག་ཅིང་སྙིང་རྗེ་ཆེན་པོས་
སྐལ་བ་དང་འཚམས་པར་ལེགས་བཤད་ཀྱི་དགའ་སྟོན་འགྱེད་པ་དང་། ཟང་ཟིང་ནོ༷ར་གྱི་སྦྱིན་པ་ལ་ཟས་གོས་ཁང་ཁྱིམ་རྟ་དང་ཤིང་རྟ་ལ་སོགས་པ་གཏོང་བ་དང་། གཏོང་བ་ཆེན་པོ་ལ་བུ་དང་ཆུང་མ་རྒྱལ་སྲིད་སོགས་གཏོང་བ་དང་། བྱ་དཀའ་བའི་གཏོང་བ་ལ་རང་གི་མགོ་དང་རྐང་ལག་སོགས་གཏོང་བའོ། །འོན་ཀྱང་ཕ་དང་མ་སྦྱིན་པ་དང་། རབ་ཏུ་བྱུང་བས་ཆོས་གོས་གསུམ་སྦྱིན་པ་དང་། བསམ་པ་མ་དག་ན་རང་གི་ལུས་སྦྱིན་པ་རྣམས་མི་བྱའོ། །དེ་ཡང་བྱང་སེམས་ཁྱིམ་པས་ཟང་ཟིང་དང་རབ་བྱུང་གིས་ཆོས་སྦྱིན་གཙོ་བོར་གཏོང་བར་གསུངས། མི༷་འཇི༷གས་པའི་སྦྱིན༵་པ་ལ། གནས་སྐབས་སུ་ནད་གདོན། ཆོམ་རྐུན་གཅན་གཟན། རྒྱལ་པོ་སོགས་ཀྱི་འཇིགས་པ་དང་། མཐར་ཐུག་འཁོར་བ་དང་ངན་སོང་གི་འཇིགས་པ་ལས་སྐྱོབས་པའོ། །གཉིས་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ། སྤོང་བའི་སེམས་ཀྱིས་ཚུལ་ཁྲིམས་རྣམ་གསུམ་སྤྱད། །ཅེས་པས། དེ་ལ་ཚུལ་ཁྲིམས་ཀྱི་ངོ་བོ་ནི་ཁྱད་ཆོས་བཞི་ལྡན་གྱི་སྤོ༷ང་བ༷འི་སེ༷མས་ཀྱིས༷་ཉེས་པ་བསྲུང་འདོད་ཀྱི་སེམས་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། ཤྰི་ལའི་སྒྲ་ལས་ཡུལ་གྱི་གདུང་བས་མི་བརྫི་བར་བསིལ་བ་ཐོབ་པར་བྱེད་པས་ན་
ཚུལ༷་ཁྲི༷མས། དབྱེ་ན། དང་པོ་བྱང་ཆུབ་ཀྱི་སེམས་གནས་པའི་ཐབས་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། གཉིས་པ་རང་རྒྱུད་ཀྱི་ཆོས་སྨིན་པའི་ཐབས་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། གསུམ་པ་སེམས་ཅན་རྣམས་སྨིན་པའི་ཐབས་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཏེ། དེ་ལྟར་ཚུལ་ཁྲིམས་རྣ༷མ་པ་གསུ༷མ་པོ་ལ་བླང་དོར་མ་ནོར་ཞིང་བསམ་སྦྱོར་དག་པའི་སྒོ་ནས་གཞན་དོན་དུ་སྤྱད༵་པར་བྱ་ཞེས་པ་སྟེ། འདི་དག་ལ་གོ་དོན་དུ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི་ཐུན་མོང་དུ་རང་གི་སྔར་གང་བླངས་པའི་སོ་ཐར་རིས་བདུན་གྱི་བསླབ་བྱ་རྣམས་དང་། ཐུན་མོང་མ་ཡིན་པ་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་མ་ཉམས་པར་བྱ་བ་དང་། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ཐོས་བསམ་སྒོམ་པ་སོགས་ཚོགས་གཉིས་དང་ཕྱིན་དྲུག་གིས་བསྡུས་པའི་དགེ་བའི་ཆོས་རང་རྒྱུད་ལ་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་སྤེལ་ཞིང་དེའི་མི་མཐུན་ཕྱོགས་མཐའ་དག་སྤོང་བ་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བསམ་སྦྱོར་མཐའ་དག་གཞན་དོན་དུ་སྤྱོད་པའི་ཐབས་མཁས་ཀྱི་དངོས་བརྒྱུད་ཐམས་ཅད་ནས་ཕ་རོལ་པོའི་དོན་བསྒྲུབ་པ་དང་། དེ་དག་དད་ཅིང་། རང་ཉིད་མི་ཉམས་པའི་ཆེད་དུ་སྒོ་གསུམ་
གྱི་འདུ་བྱེད་མ་དག་པ་ཐམས་ཅད་སྤངས་ཤིང་དག་པ་གསུམ་བསྟེན་པར་བྱའོ། །གསུམ་པ་བཟོད་པའི་ཕར་ཕྱིན་ལ། ཁོང་ཁྲོ་ཟབ་མོ་སྡུག་བསྔལ་བཟོད་པར་བྱ། །ཞེས་པས། དེ་ལ་བཟོད་པའི་ངོ་བོ་ནི་ཁྱད་ཆོས་བཞི་ལྡན་གྱི་མི་འཁྲུག་པའི་སེམས་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། ཀྵནྟའི་སྒྲ་ལས་སྡུག་བསྔལ་སོགས་མི་བདེ་མི་དགའ་བའི་ཡུལ་ལ་སེམས་མི་འཁྲུགས་པར་བསྲན་ཚུགས་པས་ན་བཟོད་པའོ། །དབྱེ་ན། གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་དུ་ལེན་པའི་བཟོད་པ་དང་། ཆོས་ལ་ངེས་རྟོག་གི་བཟོད་པ་དང་གསུམ་ལས། ད་ང་པོ་ནི། བདག་དང་བདག་གི་ཡིད་དུ་འོང་བའི་གྲོགས་ལ་གཞན་གྱིས་བརྡེག་གཤེ་ཁྲོ་བ་མཚང་འབྲུ་བ་སོགས་མི་འདོད་པར་བྱེད་པ་དང་། འདོད་པའི་གེགས་བྱེད་པ་ལ་བཟོད་པའོ། །ཇི་ལྟར་བཟོད་ན་ཁོ༷ང་ཁྲོ༷འི་ཉེས་དམིགས་ལ་བསམ་སྟེ་ཕ་རོལ་གྱི་གནོད་པ་བྱེད་པ་ལ་ཇི་མི་སྙམ་དུ་སེམས་མི་འཁྲུགས་པར་གནོད་ལན་མི་བྱེད་པ་དང་། འཁོན་ཞེ་ལ་མི་འཛིན་པར་མ་ཟད་སླར་ཡང་སྙིང་རྗེ་བསྐྱེད་པར་བྱ་བ་དང་། གཉིས་པ་ནི། བྱང་ཆུབ་བསྒྲུབ་པའི་དཀའ་སྤྱད་ཀྱི་སྡུག་བསྔལ་མཐའ་དག་དང་དུ་ལེན་པ་སྟེ། ནད་ཀྱི་ཟུག་རྔུ་
འབྱིན་པ་ལ་དཔྱད་བརྟེན་པ་བཞིན་ནོ། །གསུམ་པ་ནི། སྟོང་ཉིད་ལ་སོགས་པ་ཟ༷བ་མོ༷འི་དོན་ལ་མི་སྐྲག་ཅིང་གཞན་དོན་ལ་མི་སྐྱོ་བ་དང་། ཕུག་གི་བདེ་བ་བླ་ན་མེད་པའི་དོན་དུ་འཕྲལ་གྱི་སྡུག༷་བསྔ༷ལ་དམ་ཆོས་སྒྲུབ་པའི་དཀའ་སྤྱད་སོགས་ཀྱིས་མི་སྐྱོ་བར་དང་དུ་བླང་ནས་བཟོ༷ད་པ༷ར་བྱ༵་བའོ། །བཞི་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལ། གོ་ཆ་དགེ་སྡུད་གཞན་ཕན་བརྩོན་འགྲུས་བརྩམ། །ཞེས་པས། དེ་ལ་བརྩོན་འགྲུས་ཀྱི་ངོ་བོ་ནི་ཁྱད་ཆོས་བཞི་ལྡན་གྱི་སྤྲོ་བའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། བྰིརྱའི་སྒྲ་ལས་སྙིང་སྟོབས་མ་ཞུམ་པས་མཆོག་གི་གནས་ལ་སྦྱོར་བས་ན་བརྩོན་འགྲུས་སོ། །དབྱེ་ན། དང་པོ་གོ་ཆའི་བརྩོན་འགྲུས་དང་། གཉིས་པ་དགེ་བ་ཆོས་སྡུད་ཀྱི་བརྩོན་འགྲུས་དང་། གསུམ་པ་གཞན་ལ་ཕན་པའི་བརྩོན་འགྲུས་དང་གསུམ་ལས། དང་པོ་ནི། བསམ་པ་བདུད་ཀྱིས་མི་བརྫི་བའི་རྒྱུ་སེམས་ཅན་ཐམས་ཅད་རྫོགས་བྱང་ལམ་འཁོད་ཀྱི་བར་དུ་བདག་གིས་བརྩོན་པ་འདོར་བར་མི་བྱའོ་སྙམ་དུ་བསམ་པའི་གོ༷་ཆ༷་བགོ་བ་དང་། གཉིས་པ་ནི། ལུས་དང་སྲོག་ལའང་མི་བལྟ་བར་བྱང་ཆུབ་ཆེན་པོ་ཐོབ་པའི་རྒྱུ་དགེ༷་བའི་ཚོགས་ཐམས་ཅད་སྡུ༷ད་པར་འཇུག་ཅིང་དེ་ཡང་སྒྲུབ་
པ་ལ་མི་ཞུམ་ཞིང་ཅུང་ཟད་ཙམ་གྱིས་མི་ངོམས་པ་རྐྱེན་གྱི་མི་ལྡོག་པའི་སྒོ་ནས་གུས་རྟག་གིས་བརྩོན་པར་བྱ་བ་དང་། གསུམ་པ་ནི། དོན་གཉིས་འགྲུབ་པའི་རྒྱུ་གཞ༷ན་ལ་ཕ༷ན་པའི་དངོས་པོ་སྒྲུབ་པ་ལ་སྤྲོ་བའི་སྒོ་ནས་འཇུག་པའི་བརྩོ༷ན་འགྲུ༷ས་བརྩ༵མ་པའོ། །ལྔ་པ་བསམ་གཏན་གྱི་ཕར་ཕྱིན་ལ། འཇིག་རྟེན་འཇིག་རྟེན་འདས་པའི་བསམ་གཏན་བསྒོམ། །ཞེས་པས། དེ་ལ་བསམ་གཏན་གྱི་ངོ་བོ་ནི་ཁྱད་ཆོས་བཞི་ལྡན་གྱི་དམིགས་པ་ལ་རྩེ་གཅིག་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། རྟྱྰེན་ཞེས་པའི་སྒྲ་ལས་སེམས་པའི་རྒྱུན་གཞན་དུ་མི་ཡེངས་པར་འཛིན་པས་ན་བསམ་གཏན་ནོ། །དབྱེ་ན། ཕྱི་རོལ་པ་དང་ཐུན་མོང་དུ་གྱུར་པའི་བསམ་གཟུགས་བརྒྱད་སྒོམ་པ་འཇི༷ག་རྟེ༷ན་པའི་དང་། འདས་ལམ་གྱིས་ཐོབ་པའི་ཐེག་གསུམ་སོ་སོའི་ཏིང་ངེ་འཛིན་འཇི༷ག་རྟེ༷ན་ལས་འད༷ས་པའི་བས༷མ་གཏན༷་སྒོ༵མ་པ་གཉིས་སོ། །དེ་ཡང་ལང་གཤེགས་ལས་གསུངས་པ་ལྟར་གསུམ་དུ་དབྱེ་ན་ལམ་ལ་མ་ཞུགས་པའི་རྒྱུད་ཀྱི་བསམ་གཟུགས་བྱིས་པ་ཉེར་སྤྱོད་ཀྱི་དང་། ལམ་ཞུགས་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་དོན་རབ་འབྱེད་པའི་དང་། མཐོང་ལམ་ཡན་ཆད་ཀྱི་འཕགས་པའི་ཏིང་ངེ་འཛིན་རྣམས་ལ་དེ་བཞིན་གཤེགས་
དགེའི་བསམ་གཏན་ཞེས་བྱ་བ་དེ་རྣམས་སོ། །དྲུག་པ་ཤེས་རབ་ཀྱི་ཕར་ཕྱིན་ལ། ཐོས་བསམ་སྒོམ་པའི་ཤེས་རབ་ཟབ་མོ་སྤྱད། །ཞེས་པས། དེ་ལ་ཤེས་རབ་ཀྱི་ངོ་བོ་ནི་ཁྱད་ཆོས་བཞི་ལྡན་གྱི་ཆོས་རབ་རྣམ་པར་འབྱེད་པའི་སེམས་པ་དགེ་བ་ས་བོན་དང་བཅས་པའོ། །སྒྲ་དོན་ནི། པྲཛྙྰ་ཞེས་པའི་སྒྲ་ལས་རབ་ཏུ་རྟོགས་པའམ་རབ་ཏུ་ཁོང་དུ་ཆུད་པས་ན་ཤེས་རབ་བོ། །དབྱེ་ན། ཐོ༷ས་བསམ་སྒོམ་པའི་ཤེས་རབ་ཅེས་པ་སྟེ། འདི་དག་གི་གོ་དོན་ལྷོངས་པ་གནད་ཆེ་བས་ན་ཅུང་ཟད་ཞིབ་ཏུ་སྤྲོས་ན། དང་པོ་ཐོས་པ་ལས་བྱུང་བའི་ཤེས་རབ་ནི། གསུང་རབ་དགོངས་འགྲེལ་དང་བཅས་པ་ནང་རིག་པ་དང་། དེས་གདུལ་བྱ་རྗེས་སུ་འཛིན་པའི་ཡན་ལག་ཏུ་ཐུན་མོང་གི་རིག་གནས་བཟོ་གསོ་སྒྲ་ཚད་བཞི་དང་བཅས་པ་ལ་མཁས་པར་བྱ་བ་སྟེ། མདོ་སྡེ་རྒྱན་ལས། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་མི་འགྱུར་རོ། །དེ་ལྟ་བས་ན་གཞན་དག་ཚར་གཅོད་རྗེས་བཟུང་དང་། །བདག་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །ཞེས་གསུངས་ཤིང་། ཁྱད་པར་དུ་གསུང་རབ་ཀྱི་དོན་རྣམས་དཔྱིས་ཕྱིན་པ་ཁོང་དུ་ཆུད་པ་བྱེད་པ་ལ། སྤྱིར་དྲང་ངེས་ལྡེམ་དགོངས་ལ་
སོགས་པའི་སྒོ་ནས་འཇལ་དགོས་ཀྱང་། འདིར་ཆོས་རྣམས་ཀྱི་གནས་ལུགས་ཇི་བཞིན་པ་ལ་ངེས་པ་ཐོབ་པའི་ཤེས་རབ་བསྐྱེད་པའི་ཕྱིར་ཡོད་པ་སྒྲོ་འདོགས་ཀྱི་མཐའ་སེལ་བྱེད་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ། རྒྱུ་ལ་དཔྱོད་པ་རྡོ་རྗེའི་ཟེག་མ། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག །རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་སྟེ་བཞི་དང་། ཡོད་མེད་གཉིས་ཀའི་སྤྲོས་པ་གཅོད་བྱེད་རྟེན་འབྲེལ་ཆེན་པོ་སྟེ་གཏན་ཚིག་ཆེན་པོ་ལྔས་ཀུན་རྫོབ་སྤྲོས་པའི་སྣང་ཞེན་ཐམས་ཅད་སྤྲོས་བྲལ་དུ་གཏན་ལ་འབེབས་པ་བཀའ་བར་པའི་དགོངས་དོན་ལྟར་དང་། བློ་ལས་འདས་པའི་ཆོས་ཉིད་དོན་དམ་འོད་གསལ་བའི་ཡེ་ཤེས་སྟོང་མི་སྟོང་ལ་སོགས་པའི་དཔྱོད་ཡུལ་ལས་འདས་པའི་བསམ་གྱིས་མི་ཁྱབ་པའི་ངོ་བོ་བཀའ་ཐ་མ་དང་། སྔགས་རྒྱུད་རྣམས་སུ་གསུངས་པའི་དོན་ལ་ངེས་པ་ནང་ནས་འདྲོངས་པ་ཞིག་བྱེད་དགོས་སོ། །དེ་ནས་བས༷མ་བྱུང་གི་ཤེས་རབ་བསྐྱེད་པ་ནི། ཇི་སྐད་ཐོས་པའི་དོན་ལ་ཉེ་བར་དཔྱོད་པས་ནང་དུ་སེམས་པར་འཇུག་པ་ན་བྱེ་བྲག་འབྱེད་པའི་བསམ་ཤེས་ཀྱི་དོན་སྤྱི་ཙམ་དུ་མ་ལུས་པར་རེ་རེ་ནས་ཚིག་དང་དོན་གྱི་རིམ་པ་རྣམས་ནོར་མ་ནོར་བརྟག་ཅིང་ངེས་པར་བྱ་སྟེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལས། བསྲེག་བཅད་བརྡར་བའི་
གསེར་བཞིན་དུ། །ལེགས་པར་བརྟག་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །ཞེས་པ་ལྟར་དད་པས་འཇུག་པ་ཙམ་མ་ཡིན་པར་ཡིད་ཆེས་བསྐྱེད་པའི་ལུང་དང་། དངོས་སྟོབས་ཀྱི་རིག་པ་དང་། སྔ་ཕྱི་མི་འགལ་བ་གསུམ་གྱིས་བརྟགས་ནས་བླང་བར་བྱ་སྟེ། བཞི་བརྒྱ་པ་ལས། དོན་གང་ལུང་དང་རིག་པ་ཡིས། །ལེགས་པར་མངོན་པར་བརྗོད་པ་དང་། །སྔ་ཕྱི་འགལ་བ་མེད་པ་སྟེ། །དམ་པ་རྣམས་ཀྱིས་ཡོངས་སུ་བཟུང་། །ཞེས་སོ། །དེ་ལྟར་བསམ་བྱ་ཡོངས་སུ་རྫོགས་པ་ན་སྒོ༷མ་པ་ལས་བྱུང་བའི༷་ཤེ༷ས་ར༷བ་ཟ༷བ་མོ༷་རྒྱུད་ལ་བསྐྱེད་པར་བྱ་སྟེ། དེ་ཡང་སྤྱིར་ཇི་ལྟར་ངེས་པའི་དོན་རྣམས་བླང་དོར་གྱི་སྒོ་ནས་སྒྲུབ་ཅིང་ཉམས་སུ་ལེན་པ་དང་། ཁྱད་པར་ལྷག་མཐོང་གི་ཤེས་རབ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉམས་སུ་བླང་བ་ནི། འཁོར་ལོ་བར་ཐ་དང་སྔགས་ཀྱི་རྒྱུད་དེ་ཟབ་མོ་རྣམས་སུ་བཤད་པའི་དགོངས་དོན་རྣམས་འགལ་མེད་དུ་བསམ་བྱུང་གིས་གཏན་ལ་ཕེབས་པའི་ངང་དུ་བློ་རྟོག་གི་སྤྲོས་པ་ཐམས་ཅད་བཅད་ནས་འཇོག་པར་བྱ་བ་སྟེ། སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་ལྟར་བཞག་པས་སྤྲིན་དེངས་པ་ན་ཉི་མའི་དཀྱིལ་འཁོར་གསལ་བ་ལྟར་མཉམ་བཞག་གི་རིག་ངོ་ན་ངོས་བཟུང་གང་རུང་དུའང་མ་གྲུབ་པའི་བློ་བྲལ་གྱི་ཡེ་ཤེས་རང་གསལ་རྗེན་པར་གནས་པ་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་ཁོང་ནས་ཤར་བ་སྟེ། དེ་ལ་ཡང་ཡང་གོམས་པའི་སྟོབས་ཀྱིས་རང་གནས་ཀྱི་ཡེ་ཤེས་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་ངང་གིས་འབྱུང་བ་ནི་ཆོས་ཉིད་ཡིན་པས། དེ་ལྟ་བུའི་སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པ་དེ་ནི་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ལམ་ཐམས་ཅད་ཀྱི་དངོས་གཞིར་ངེས་པས་གནད་མ་འཆུག་པར་བྱ་དགོས་ལ། དེ་ཡང་སྦྱོར་བ་སེམས་བསྐྱེད། དངོས་གཞི་དམིགས་མེད། རྗེས་བསྔོ་བ་སྟེ་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་སྤྱ༵ད་པར་བྱ་བ་སྟེ་ཤེས་རབ་རྣམ་པ་གསུམ་མོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ལ་གཉིས། དོན་བྱེད་ཀྱི་ཚུལ་ཁྲིམས་དངོས་དང་། ཚུལ་ཁྲིམས་གསུམ་ཀ་དང་འབྲེལ་བའི་བསླབ་པ་བཤད་པའོ། །དང་པོ་དོན་བྱེད་ཀྱི་ཚུལ་ཁྲིམས་དངོས་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །
དང་པོ་མདོར་བསྟན་པ་ནི། སེམས་ཅན་དོན་བྱེད་ཚུལ་ཁྲིམས་བསྡུ་དངོས་གཞི། །ཞེས་པས། སེ༷མས་ཅ༷ན་རྣམས་ཀྱི་དོ༷ན་བྱེད༷་པའི་ཚུལ་ཁྲི༷མས་ནི་ཕྱིན་དྲུག་གིས་རང་རྒྱུད་སྨིན་པར་བྱས་ནས་རང་དོན་ཡིད་བྱེད་ཀྱི་བློ་དང་མ་འདྲེས་པར་བསྡུ༷་བའི་དངོ༷ས་པོ་བཞི༵་ཡི་སྒོ་ནས་གདུལ་བྱ་རྣམས་ཀྱི་དོན་བྱེད་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། ཐོག་མར་སྦྱིན་པས་གདུལ་བྱ་རབ་བསྡུས་ནས། །སྙན་པར་སྨྲ་བའི་གཏམ་གྱིས་ཡིད་རབ་དྲངས། །ཐེག་པ་རིམ་དགུར་དཀྲི་བ་དོན་སྤྱོད་དེ། །དེ་དག་འདྲེན་ཕྱིར་རང་ཡང་དོན་དེ་སྤྱོད། །ཅེས་པ་སྟེ། བྱང་ཆུབ་སེམས་དཔའ་དེ་དགེ་བ་ཆོས་སྡུད་ཀྱིས་རང་རྒྱུད་སྨིན་པར་བྱས་ནས། གཞན་རྒྱུད་སྨིན་པའི་ཕྱིར་དུ་ཐོ༷ག་མ༷ར་ཟང་ཟིང་གི་སྦྱིན༷་པ༷ས་གདུལ༷་བྱ༷་འཁོར་དུ་མ་འདུས་པ་རྣམས་ར༷བ་ཏུ་བསྡུས༷་ན༵ས། དེ་ནས་འཁོར་དུ་འདུས་པ་དེ་དག་ལ་སྙན༷་པ༷ར་སྨྲ༷་བ༷འི་གཏམ༷་གྱིས༷་ཡི༷ད་ར༷བ་ཏུ་དྲང༵ས་ཏེ་དམ་པའི་ཆོས་ལ་ཡིད་ཆེས་ཀྱི་སྒོ་ནས་དོན་དུ་གཉེར་བའི་མོས་འདུན་བསྐྱེད་དུ་འཇུག །དེ་ནས་དོན་གཉེར་དང་ལྡན་པ་དེ་རྣམས་ཀྱང་ཆོས་གཅིག་གིས་བློ་རིམ་ཐ་དད་པ་སྨིན་པར་མི་ནུས་པས། བློ་ཐ་མའི་ཆུང་འབྲིང་ཆེ་གསུམ་ལ་ཉན་རང་བྱང་སེམས་གསུམ་དང་
བློ་འབྲིང་གསུམ་ལ་བྱ་སྤྱོད་རྣལ་འབྱོར་གསུམ་དང་། བློ་རབ་གསུམ་ལ་བསྐྱེད་རྫོགས་རྫོགས་ཆེན་གསུམ་སྟེ། ཐེ༷ག་པ༷་རི༷མ་པ་དགུ༷ར་རིམ་གྱིས་དཀྲི༷་བ༷་ནི་དོ༷ན་སྤྱོད༷་པ་ལ་བཤད་དེ༵། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་པོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་མཐུན་པ་ཡི་བག་ཕབ་སྟེ། །དོན་སྤྱོད་གྲོས་ཆེན་གདབ་པར་བྱ། །ཞེས་སོ། །དེ་ལྟར་དཀྲི་བའི་གདུལ་བྱ་དེ༷་དག༷་གི་དོན་ཡང་ཉམས་སུ་ལེན་པའི་སྒོ་ནས་འདྲེ༷ན་དགོས་པའི་ཕྱིར༷་ར༷ང་ཡ༷ང་དོ༷ན་དེ༷་དག་ལ་མཐུན་པར་སྤྱོད༵་དགོས་ཏེ། རང་གིས་མ་བསྒྲུབ་ན་མཛེ་ཕོས་བྱ་ཁྱུང་གི་གདམས་ངག་སྟོན་པ་ལྟར་གཞན་ལ་བླང་དོར་གྱི་བསླབ་བྱ་འདོམས་ཀྱང་ཉན་དུ་མི་འདོད་པའི་ཕྱིར་རོ། །གཉིས་པ་ཚུལ་ཁྲིམས་གསུམ་ཀ་དང་འབྲེལ་བའི་བསླབ་པ་བཤད་པ་ནི། མཐུན་ཕྱོགས་ཀུན་སློབ་མི་མཐུན་མཐའ་དག་སྤངས། །རྟག་ཏུ་དྲན་དང་ཤེས་བཞིན་བག་ཡོད་བརྟེན། །འགྲོ་འདུག་ཟ་ཉལ་སྤྱོད་ལམ་རྣམ་པ་བཞིར། །སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལྟར། །གང་བྱེད་རིགས་མཐུན་ཚིག་གིས་སྨོན་ལམ་འདེབས། །ཞེས་པ་སྟེ། རྫོགས་པའི་སངས་རྒྱས་བསྒྲུབ་པའི་ཐབས་ཀྱི་མཐུ༷ན་ཕྱོ༷གས་ཀྱི་དགེ་བ་
རང་རྒྱུད་ལ་མ་སྐྱེས་པ་ཀུན༷་བསྐྱེད་པ་ལ་སློབ༷་ཅིང་སྐྱེས་པ་རྣམས་གོང་དུ་སྤེལ་བ་དང་། མི༷་མཐུ༷ན་པའི་ཕྱོགས་མི་དགེ་བ་མཐ༷འ་དག༷་མི་བསྐྱེད་ཅིང་སྐྱེས་པ་རྣམས་སྤང༵ས་པ་དང་། དེ་ཡང་དུས་རྟག༷་ཏུ༷་བསླབ་པ་བསྲུང་སེམས་མི་བརྗེད་པའི་དྲ༷ན་པ་ད༷ང་། རང་རྒྱུད་ལ་ཉེས་པ་བྱུང་མ་བྱུང་རྟོག་པའི་ཤེ༷ས་བཞི༷ན། འཇུག་ལྡོག་གི་གནས་མི་འཆོལ་བར་གཟོབ་པའི་བག༷་ཡོ༷ད་དང་གསུམ་པོ་རྒྱུན་ཆགས་སུ་བརྟེན༵་ཅིང་། དེ་ལྟར་དྲན་ཤེས་བག་ཡོད་གསུམ་དང་ལྡན་པའི་ངང་ནས་འགྲོ༷་ན་མིག་གཉའ་ཤིང་གང་ཙམ་དུ་ལྟ་བ་དང་། འདུ༷ག་ན་ལུས་དྲང་པོར་བསྲང་སྟེ་དྲན་པ་མངོན་དུ་བཞག་པ་དང་། ཟས་ཟ༷་ན་ཕུད་དཀོན་མཆོག་ལ་མཆོད་ཅིང་ལུས་ཀྱི་སྲིན་བུ་རྣམས་ལ་ཕན་འདོགས་པའི་བསམ་པས་ཆགས་ཞེན་མེད་པར་སྤྱོད་ནས་བསྔོ་བ་བྱ་བ་དང་། ཉ༷ལ་བ་ན་གཞོགས་གཡས་ས་ལ་ཕབ་ཅིང་མགོ་བོ་བྱང་དུ་བསྟན་ཏེ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་ངང་ནས་ཉལ་བ་སོགས་སྤྱོ༷ད༷་ལ༷མ་རྣ༷མ་པ༷་བཞི༵ར་དགེ་བའི་བྱ་བས་དུས་འདའ་བར་བྱ་སྟེ། དེ་ཡང་ཇི་ལྟར་ན་ཕལ་པོ་ཆེའི་སྤྱོད༷་ཡུལ༷་ཡོ༷ངས་སུ༷་དག༷་པའི༷་མདོ༷་སྡེ༷་ལས་ཇི་སྐད་གསུངས་པ་ལྟ༵ར། བྱ་བ་ག༷ང་དང་གང་བྱེད༷་པ་ཐམས་ཅད་དེ་དང་དེའི་རི༷གས་མཐུ༷ན་པར་ཚི༷ག་གི༷་
སྒོ་ནས༷་ཀྱང་སྨོ༷ན་ལ༷མ་འདེ༵བས་པར་བྱའོ། །གསུམ་པ་དོན་བསྡུ་བ་ལ་གཉིས། མཁས་པ་གཞན་གྱི་བཞེད་པ་ཟློས་པ་དང་། རང་གི་བཞེད་པ་འགོད་པའོ། །དང་པོ་མཁས་པ་གཞན་གྱི་བཞེད་པ་བཟློས་པ་ནི། མཁྱེན་རབ་དབང་ཕྱུག་ཀློང་ཆེན་རབ་འབྱམས་ནི། །སྨོན་པའི་བསླབ་བྱ་ཚད་མེད་བཞི་སྒོམ་ཞིང་། །འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །བསྡུ་ན་དཀར་ནག་ཆོས་བརྒྱད་འདུ་ཞེས་གསུངས། །ཞེས་པ་སྟེ། ཤེས་བྱ་རྣམ་པར་འབྱེད་པའི་མཁྱེན༷་ར༷བ་ཕུལ་དུ་བྱུང་ཞིང་གསུང་རབ་དགོངས་འགྲེལ་དང་བཅས་པའི་ཚིག་དོན་ལ་དབ༷ང་འབྱོར་ལ། ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག༷་པ་ཀློང༷་ཆེ༷ན་ར༷བ་འབྱ༷མས་དཔལ་བཟང་པོས་ནི༵། སྨོན༷་པ༷འི་བསླ༷བ་བྱ༷་གནད་བསྡུས་པ་ཚ༷ད་མེ༷ད་བཞི༷ས་བློ་སྦྱངས་ནས་ཡང་ཡང་བསྒོ༷མ་ཞི༵ང་སེམས་ཅན་གྱི་ཕན་བདེ་སྙིང་ཁོངས་སུ་ཆུབ་པར་འདུ་སྟེ་བྱང་ཆུབ་ཀྱི་སེམས་མི་འདོར་བ་ཉིད་སྨོན་པ་མི་འཆོར་བའི་བསླབ་བྱར་བཤད་པའི་ཕྱིར་དང་། འཇུ༷ག་པ༷འི་བསླ༷བ་བྱ༷་རྒྱལ་སྲས་རྣམས་ཀྱིས་བསྒྲུབ་བྱའི་དགེ་བ་མཐའ་དག་ཕ༷་རོ༷ལ་ཏུ་ཕྱིན༷་པ་དྲུག༷་ཏུ་བསྡུ་བས་དེ་དག་ལ་ཚུལ་བཞིན་དུ་སྤྱོད༵་པ་སྟེ། དེ་ཡང་བསྡུ༷་ན༷་དཀ༷ར་ན༷ག་ཆོ༷ས་བརྒྱ༷ད་ལ་བླང་དོར་བྱེད་པར་འདུ༷་
ཞེས༷་གསུང༵ས་སོ། །གཉིས་པ་རང་གི་བཞེད་པ་འགོད་པ་ནི། འདིར་ནི་ཕན་དང་བདེ་བ་རྣམས་བྱ་ཞིང་། །འདིར་ཡང་མི་ཕན་ཕྱི་མར་གནོད་པ་སྤངས། །སྲོལ་གཉིས་བསླབ་བྱར་འདུས་མེད་ཅེས་སྨྲ། །ཞེས་པ་སྟེ། གཞན་ཡང་བྱམས་པས་ཀུན་ནས་བསླངས་ཏེ་གང་ཅི་སྤྱོད་ཀྱང་རུང་། རང་གཞན་ལ་ཚེ་འདི༷ར་ནི༷་ཕ༷ན་པ་ད༷ང་། ཕྱི་མ་ཕན་ཆད་མཐར་ཐུག་ཏུ་བདེ༷་བ༷་བསྒྲུབ་པའི་རྒྱུར་འགྱུར་བ་རྣ༷མས་ནི་ཐབས་ལ་མཁས་པས་བླང་བར་བྱ༷་ཞི༵ང་། ཞེ་སྡང་གིས་ཀུན་ནས་བླངས་ཏེ་ཁྲོ་རྩོད་ཀྱིས་ཕན་ཚུན་གཉིས་ཀའི་རྒྱུད་མ་རུང་བར་བྱེད་པ་སོགས་ཅི་སྤྱད་ཀྱང་རུང་རང་གཞན་ལ་ཚེ་འདི༷ར་ཡ༷ང་མི༷་ཕ༷ན་ཞིང་ཕྱི༷་མ༷ར་ཡང་ངན་སོང་གི་རྒྱུར་འགྱུར་བ་སོགས་མཐར་ཐུག་ཏུ་གནོ༷ད་པ༷འི་རྒྱུར་འགྱུར་བ་ཐམས་ཅད་གཟབ་པར་བྱས་ཏེ་སྤང༵་བར་བྱ་དགོས་པར་མ་ཟད་འདིར་བདེ་བ་ལྟར་སྣང་ཡང་ཕྱི་མར་གནོད་པའི་རྒྱུ་ཐམས་ཅད་བརྟགས་ཏེ་ནུས་པ་ཅི་ཡོད་ཀྱིས་སྤོང་བ་ཡང་གནད་བསྡུས་པ་ཡིན་ནོ། །དེས་ན་རྒྱལ་སྲས་རྣམས་ཀྱིས་སྤང་བླང་གི་གནས་ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་གསུངས་པ་མཐའ་དག་ལ་ཇི་ལྟར་སློབ་པའི་ཐབས་ཤིང་རྟའི་སྲོ༷ལ་གཉི༷ས་ཀྱི་བསླ༷བ་བྱ༷་སྔར༷་བཤད་པ་དེ་དག་ལ་མ༷་འདུ༷ས་པ་མེ༷ད་ཅེ༷ས་སྨྲ༵་བ་ཡིན་
ནོ། །གསུམ་པ་སྡོམ་པ་སྐྱེ་བའི་རྟེན་ནི། སྐྱེ་བའི་རྟེན་ནི་ལྷ་ཀླུ་འཕྲོག་མ་སོགས། །སྡིག་ཅན་ལ་ཡང་སྐྱེ་བར་ཀླུ་སྒྲུབ་བཞེད། །ཐོགས་མེད་དེ་རྟེན་སོ་ཐར་དགོས་ཞེས་གསུངས། །སྤྱིར་ན་སངས་རྒྱས་ཆོས་ལ་དད་བྱེད་ཅིང་། །འབྲས་བུ་བླ་མེད་བྱང་ཆུབ་ལ་དད་ཅིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དད་བྱེད་ན། །བྱང་སེམས་སྐྱེ་བར་དཀོན་མཆོག་ཏྰ་ལར་གསུངས། །ཞེས་པ་སྟེ། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་སྡོམ་པ་གང་ལ་སྐྱེ༷་བ༷འི་རྟེན༷་ནི༷་བརྡ་ཤེས་ཤིང་། དོན་གོ་ལ། ལེན་འདོད་ཡོད་ན། ལྷ༷་ཀླུ༷་འཕྲོ༷ག་མ༷་ལ་སོ༵གས་པའི་མི་མ་ཡིན་སོར་སྡོམ་གྱི་རྟེན་མི་རུང་བ་རྣམས་དང་། མཚམས་མེད་བྱས་པ་ལ་སོགས་པའི་སྡི༷ག་ཅ༷ན་སོགས་རྟེན་དམན་པ་ལ༷་ཡ༷ང་སྐྱེ༷་བ༷ར་གསུངས་པ་ནི་འཕགས་མཆོག་ཀླུ༷་སྒྲུབ༷་ཀྱི་བཞེ༵ད་པ་སྟེ། དེ་ཡང་དཀོན་མཆོག་བརྩེགས་པ་ལས། དེའི་ཚེ་ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ན་ལྷ་དང་། ཀླུ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོ་བགྲངས་པ་ལས་འདས་པ་དག་གིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །ཞེས་གསུངས་པའི་རྗེས་སུ་འབྲང་བ་ཡིན་ལ། དེ་ཡང་སྨོན་སེམས་ཙམ་ཞིག་ངེས་པར་སྐྱེ་བ་ལ་དགོངས་པའོ། །
འཕགས་པ་ཐོ༷གས་མེ༷ད་ཀྱི་ལུགས་ལྟར་ན་འཇུག་སྡོམ་མ་ཐོབ་པ་ཐོབ་པར་བྱེད་པ་དེ༷འི་རྟེ༷ན་གླིང་གསུམ་གྱི་སྐྱེས་པ་བུད་མེད་མཚན་དོན་བྱེད་ནུས་པ་ཞིག་དགོས་ཏེ། སོ༷་ཐར༷་རིགས་བདུན་གྱི་སྡོམ་པ་གང་རུང་འཇུག་སྡོམ་གྱི་རྟེན་དུ་འགྲོ་དགོ༷ས་པའི་ཕྱིར་ཞེ༷ས་གསུ༵ངས་པས་སོ། །དེས་ན་སྲོལ་གཉིས་པོ་ལ་རྟེན་རྒྱ་ཆེ་ཆུང་དང་འཇུག་སྒོ་ཡངས་དོག་སོགས་ཡོད་པར་མངོན་ཡང་དོན་ལ་གནད་གཅིག་སྟེ། རིགས་བདུན་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་རུང་སྲོག་གཅོད་སོགས་ཉེས་པ་སྣ་གཅིག་སྤོང་བའི་སེམས་ཙམ་ཡང་མེད་ན་བྱང་སྡོམ་མི་སྐྱེ་བས་ཉེས་སྤྱོད་གང་རུང་སྤོང་བར་དམ་འཆའ་ནུས་པ་ཞིག་ངེས་པར་དགོས་ཏེ་གཞན་དུ་ན་སེམས་བསྐྱེད་ཀྱི་བསླབ་བྱ་དང་འགལ་བའི་ཕྱིར་རོ། །དེ་བས་བཞེད་པ་སྤྱིར༷་བཤད་ན༷་གང་ལེན་པ་པོ་འགྲོ་བའི་ས་པས་བསྡུས་པ་ནི་ལུས་རྟེན་ཡིན་ལ། གཙོ་བོ་ནི་བསམ་པའི་རྟེན་ཏེ། སྟོན་པ་ས༷ངས་རྒྱས༷་བཅོམ་ལྡན་འདས་དང་། དེའི་བསྟན་པ་དམ་པའི་ཆོ༷ས་ཐེག་པ་ཆེན་པོའི་སྡེ་སྣོད་རྣམས་ལ༷་ད༷ད་པར་བྱེ༷ད་ཅི༵ང་ཐོབ་བྱའི་འབྲ༷ས་བུ༷་བླ༷་ན་མེ༷ད་པའི་བྱ༷ང་ཆུབ༷་ལ༷་ད༷ད་ཅི༵ང་རྒྱལ༷་སྲ༷ས་བྱང་ཆུབ་སེམས་དཔའི་སྤྱོད༷་པ༷་རྒྱ༷་མཚོ༷་ལྟ་བུ་ཐེག་ཆེན་གྱི་མདོ་སྡེར༷་ཇི་སྐད་གསུངས་པ་ཐམས་ཅད་ལ་སློབ་
འདོད་ཀྱི་འདུན་པ་དང་ད༷ད་པར་བྱེད༷་ན༵་བྱང༷་ཆུབ་ཀྱི་སེ༷མས་སྐྱེ༷་བ༷ར་དཀོ༷ན་མཆོ༷ག་ཏྰ༷་ལ༷འི་མདོར༷་གསུ༵ངས་ཏེ། ཇི་སྐད་དུ། རྒྱལ་དང་རྒྱལ་བའི་ཆོས་ལ་དད་གྱུར་ཅིང་། །བྱང་ཆུབ་བླ་ན་མེད་ལའང་དད་གྱུར་ལ། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལའང་དད་བྱེད་ན། །བློ་དང་ལྡན་པ་རྣམས་ཀྱི་སེམས་སྐྱེའོ། །ཞེས་སོ། །གནས་པའི་རྟེན་ནི་གང་ལ་སྐྱེས་པའི་རྟེན་དེ་དང་། གཏོང་རྒྱུ་མ་བྱུང་ན་ཕྱི་མ་གང་དང་གང་དུ་སྐྱེས་པའི་རྟེན་དེ་དང་དེ་ལའང་ཡོད་དེ་བྱང་ཆུབ་སྙིང་པོའི་བར་དུ་བླངས་པའི་ཕྱིར། དེས་ན་ཚེ་ཕྱི་མ་རྣམས་སུ་དགེ་བའི་བཤེས་གཉེན་དང་འཕྲད་ནས་དྲན་གསོའི་ཚུལ་དུ་སྡོམ་པ་ནོད་པ་ཙམ་ལས་གསར་དུ་ལེན་དགོས་པ་མ་ཡིན་ནོ། །དེ་ལྟར་བསླབ་པའི་རྣམ་གྲངས་ཐམས་ཅད་དབང་པོ་རབ་འབྲིང་ཐ་གསུམ་གྱིས་རང་རང་གི་ནུས་པ་དང་བསྟུན་ཏེ། སྡོམ་ཆོག་ཏུ། དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལྟར་དྲན་ཤེས་ཀྱིས་བཟུང་ནས་བསླབ་པར་བྱས་ཀྱང་། གལ་ཏེ་ལྟུང་བ་འབྱུང་བའི་རྒྱུའི་དབང་གིས་ཉམས་པར་གྱུར་ན། ཉེས་དམིགས་ནི་ཀུན་གྱིས་སྨད་པའི་གནས་སུ་འགྱུར་བ་དང་། སངས་རྒྱས་རྣམས་མི་མཉེས་པ་དང་། སེམས་ཅན་རྣམས་མི་མགུ་བ་དང་། རང་དོན་ཉམས་
པ་དང་། མིང་དོན་ཤོར་བ་ལ་སོགས་པ་ཚེ་འདིར་འབྱུང་བར་མ་ཟད་ཕྱི་མ་དམྱལ་བ་ཆེན་པོར་སྐྱེ་བའི་རྒྱུར་འགྱུར་ཏེ། བསླབ་བཏུས་ལས། དགེ་བའི་རྩ་བ་ལྟུང་བ་དེ། །སེམས་ཅན་དམྱལ་བ་ཆེན་པོའི་རྒྱུ། །ཞེས་སོ། །ཁྱད་པར་བྱང་སྡོམ་ཕུལ་བ་ནི་ཉེས་པ་ཤིན་ཏུ་ལྕི་སྟེ། སྤྱོད་འཇུག་ལས། བླ་ན་མེད་པའི་བདེ་བ་ལ། །བསམ་པ་ཐག་པས་མགྲོན་གཉེར་ན། །འགྲོ་བ་ཐམས་ཅད་བསླུས་བྱས་ན། །བདེ་འགྲོར་ཇི་ག་འགྲོ་འགྱུར་རམ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཐ་མར་ཉམས་ན་གསོ་བའི་ཚུལ་བཤད་པ། །ཞེས་པས། དང་པོ་བྱང་སྡོམ་མ་ཐོབ་པ་ཐོབ་པར་བྱས། བར་དུ་ཐོབ་པ་དེ་ཉིད་མ་ཉམས་པར་བསྲུང་བར་བྱ་དགོས་ལ། ཐ༷་མ༷ར་གལ་སྲིད་ཉ༷མས་པར་འགྱུར་ན༷་སླར་གསོ༷་བ༷འི་ཚུལ་བཤ༷ད་པ༵་ནི་འདི་ལྟ་སྟེ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གསུམ། ལྟུང་བའི་རྣམ་གཞག་མུ་བཞིར་བསྟན་པ། གཞན་དོན་དུ་འགྱུར་ན་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་པར་བསྟན་པ། ཕྱིར་བཅོས་དངོས་བཤད་
པའོ། །དང་པོ་ལྟུང་བའི་རྣམ་གཞག་མུ་བཞིར་བསྟན་པ་ནི། གང་གི་རིགས་དང་མི་རིགས་མ་བརྟགས་པར། །རྩོམ་མམ་ལྡོག་གམ་བཏང་སྙོམས་འཇོག་ཀྱང་རུང་། །འོས་ལས་འདས་བྱེད་ཐམས་ཅད་ལྟུང་བའི་སྡེ། །དོན་ཆེན་བསྒྲུབ་ལ་ཆུང་བཏང་གཟུགས་བརྙན་ཏེ། །ནུས་པའི་ཡུལ་མིན་ཐམས་ཅད་ལྟུང་བ་མེད། །མི་ནུས་དེར་བརྩོན་དེ་ཡི་གཟུགས་བརྙན་ཡིན། །ཅེས་པ་སྟེ། གང་ཟག་ག༷ང་གི༷་དགག་སྒྲུབ་ཀྱི་གནས་ལ་བློ་ནུས་ཅི་ཡོད་ཀྱིས་བརྩམ་པར་རི༷གས་པ་ད༷ང་མི༷་རི༷གས་པ་གང་ཡིན་ཐོག་མར་བརྟགས་དགོས་པ་ལས་མ༷་བརྟ༷གས་བཞིན་དུ་ལྡོག་པ༵ར་བྱ་བའི་གནས་ལ་རྩོམ༷་མ༷མ། བརྩམ་པར་བྱ་བ་ལས་ལྡོ༷ག་ག༷མ། འཇུག་ལྡོག་གི་གནས་ལ་བཏ༷ང་སྙོ༷མས་སུ་འཇོ༷ག་ཀྱ༷ང་རུ༵ང་སྟེ། གང་ལྟར་ཡང་བླང་དོར་བྱ་བར་འོ༷ས་པ་ལ༷ས་འད༷ས་པར་བྱེ༷ད་པ་ཐ༷མས་ཅ༷ད་ལྟུང༷་བ༷འི་སྡེ༵་ཡིན་ལ། དེ་ཡང་མུ་བཞི་སྟེ། དེ་ལ་དཀོན་མཆོག་བརྩེགས་པ་ལས། གང་ཞིག་དགའ་བའི་ཡིད་ཀྱིས་ནི། །ལོ་བརྒྱར་སྦྱིན་པ་བྱིན་པ་བས། །གང་གིས་ཉིན་གཅིག་ཚུལ་ཁྲིམས་དག །བསྲུང་བ་དེ་ནི་ཁྱད་པར་འཕགས། །ཞེས་པ་ལྟར། དོ༷ན་ཆེ༷ན་ཚུལ་ཁྲིམས་ཀྱི་བསླབ་པ་བསྲུང་ཞིང་བ༷སྒྲུབ་པའི་
ཆེད་ལ༷་དེ་བས་དོན་ཆུང༷་བ་སྦྱིན་པ་གཏོང་བ་བཤོལ་ཏེ་བཏ༷ང་བ་ལྟ་བུ་ལྟུང་བའི་གཟུ༷གས་བརྙན༷་ཏེ༵་དོན་ལ་ལྟུང་མེད་དང་། ལས་དང་པོ་པས་མགོ་སོགས་གཏོང་བ་ལྟ་བུ་རང་གི་ནུས༷་པ༷འི་ཡུ༷ལ་མི༷ན་པས་ན་མི་བསྒྲུབ་པའམ་འཇུག་ལྡོག་མ་ནོར་བར་བརྩོན་པ་ཐ༷མས་ཅ༷ད་ལ་ལྟུང༷་བ༷་མེ༵ད་ཅེས་དང་། རང་རང་གི་བློ་སྟོབས་ཀྱི་མི༷་ནུས༷་བཞིན་དུ་ཡན་ལག་གཏོང་བ་ལྟ་བུ་བྱ་དཀའ་བའི་གནས་དེ༷ར་བརྩོ༷ན་པར་བྱེད་པའམ། ཀུན་སློང་ངན་པས་སྦྱོར་བ་དཀར་བ་ལྟ་བུ་ལྟུང་མེད་དེ༷་ཡི༷་གཟུ༷གས་བརྙན༷་ཙམ་ཡི༵ན་ཏེ་དོན་ལ་ལྟུང་བའོ། །གཉིས་པ་གཞན་དོན་དུ་འགྱུར་ན་ལུས་ངག་གི་མི་དགེ་བ་བདུན་གནང་བའི་སྐབས་ཡོད་པར་བསྟན་པ་ནི། གཞན་ཕྱིར་ཕན་ན་ལུས་ངག་མི་དགེ་འདུན། །གནང་བའི་སྐབས་ཡོད་དོན་ལ་དགེ་བ་ཡིན། །ཞེས་པ་སྟེ། སྐྱེ་འགྲོ་གཞ༷ན་གྱི་དོན་ཕྱིར༷་ཕ༷ན་ངེས་ཡིན་ན༷་ལུ༷ས་ང༷ག་གིས་སྤྱད་པ་བྱ་བ་མི༷་དགེ༷་བ་བ༵དུན་ལ་གན༷ང་བ༷འི་སྐབ༷ས་ཡོ༷ད་དེ། ཇི་ལྟར་གནང་བ་ཡིན་ཞེ་ན། འགྲོ་བ་མང་པོའི་སྲོག་བསྐྱབ་པའི་ཕྱིར་དང་བསྟན་འགྲོ་སྤྱི་ལ་གནོད་ཅིང་འཚེ་བའི་གཤེད་མ་གསོད་པ་ལྟ་བུ་སྲོག་གཅོད་པ་དང་། ཉམ་ཐག་པའི་འགྲོ་བ་ཟས་སྐོམ་ཚ་གྲང་གི་གདུང་བས་འཆི་བར་ཕྱོགས་པ་ལ་
འབྱོར་ལྡན་ལས་ཟས་གོས་བརྐུས་ནས་སྦྱིན་པ་ལྟ་བུ་མ་བྱིན་ལེན་པ་དང་། བུད་མེད་འདོད་པས་གདུང་སྟེ་འཆི་བར་ཉེ་བ་ལ་གནས་སྐབས་དེའི་གདུང་བ་སེལ་ཕྱིར་དང་། མཐར་ཐུག་དགེ་བ་ལ་རིམ་གྱིས་སྦྱོར་བའི་སླད་དུ་དེ་ལ་འདོད་ལོག་སྤྱད་པ་དང་། གསོད་ངེས་ཀྱི་སྐྱེ་བོ་སྲོག་སྐྱོབ་པའི་ཕྱིར་དོན་ཕྱིན་ཅི་ལོག་ཏུ་སྦས་ནས་རྫུན་སྨྲ་བ་དང་། ཆོས་ལྡན་གྱི་གང་ཟག་སྡིག་གྲོགས་ཀྱིས་བསླུས་ནས་ངན་འགྲོར་འཁྲིད་པ་ལས་ལྡོག་པའི་ཕྱིར་ཕྲ་མས་འབྱེད་པ་དང་། མི་དགེ་བའི་བྱ་བ་ལས་ལྡོག་པའི་ཕྱིར་གཤེ་བའི་ཚིག་རྩུབ་སྨྲ་བ་དང་། མྱ་ངན་གྱིས་ནོན་པའི་དུབ་པ་བསང་ཞིང་ཆོས་ལམ་དུ་འཁྲིད་པའི་ཕྱིར་གཏམ་རྒྱུད་སོགས་ངག་འཁྱལ་མང་པོ་སྨྲ་བའི་རྣམས་གནས་སྐབས་དེར་མི་དགེ་བ་ལྟར་སྣང་ཡང་དོན༷་ལ༷་དགེ༷་བ༷་ཁོ་ན་ཡིན༷་ཏེ། སེམས་ཀྱི་འཕེན་པ་ལས་གཞན་པའི་དགེ་སྡིག་མ་གྲུབ་པའི་ཕྱིར། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ཡི། །དགེ་འམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་བ་ཉིད་འགྱུར་ཏེ། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། སྙིང་རྗེར་ལྡན་ཞིང་བྱམས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །ཅེས་སོ། །གསུམ་པ་ཕྱིར་བཅོས་
དངོས་ཇི་ལྟར་བྱ་བའི་ཚུལ་ལ་གཉིས། ཀླུ་སྒྲུབ་ཀྱི་ལུགས་དང་། ཐོགས་མེད་ཀྱི་ལུགས་སོ། དང་པོ་ཀླུ་སྒྲུབ་ཀྱི་ལུགས་ནི། ཐུན་འདས་ཉམས་ན་འཕགས་པ་ནམ་སྙིང་ལ། །ཐོ་རངས་གསོལ་བཏབ་རྨི་ལམ་ལྟུང་བ་འཆགས། །ལྷག་མ་ཕུང་པོ་གསུམ་པ་ཉིན་མཚན་དུ། །ལན་གསུམ་འདོན་པས་གཞིལ་བ་ཀླུ་སྒྲུབ་ལུགས། །ཞེས་པ་སྟེ། སྤྱིར་སྡོམ་པ་གཏོང་བ་དང་ཉམས་པའི་རྐྱེན་ནི། རྟེན་གཞི་སྨོན་སེམས་བཏང་བ། འགལ་ཟླ་རྩ་ལྟུང་བྱུང་བ། སྤོང་རྐྱེན་བསླབ་པ་ཕུལ་བ་གསུམ་ལས། དང་ཐ་གཉིས་ནི་དེ་མ་ཐག་ཏུ་སྡོམ་པ་རྩད་ནས་མེད་པར་འགྱུར་བའི་རྒྱུ་དང་རྐྱེན་ཡིན་པའི་ཕྱིར་བཤགས་པ་ཙམ་གྱིས་མི་ཆོག་གིས་སྡོམ་པ་སླར་བླང་དགོས་ལ། དེ་ལས་གཞན་རྩ་ལྟུང་རྣམས་ཉིན་ལ་ཆ་གསུམ་མཚན་ལ་ཆ་གསུམ་སྟེ་དྲུག་ཏུ་ཕྱེ་བའི་ཆ་གང་རུང་གི་ནང་ལྟུང་བ་བྱུང་ནས་དེའི་ཐུན་ཕྱི་མའི་ནང་གཉེན་པོས་མ་སླེབ་བར་འདས་ན་ཐུན༷་འད༷ས་ཀྱི་ལྟུང་བ་ཞེས་བྱ་སྟེ། དེ་ལྟར་ཉམ༷ས་པའི་ལྟུང་བ་བྱུང་ན༷་དེ་ཉིད་ཕྱིར་བཅོས་པའི་ཚུལ་ལ་དབང་འབྲིང་རྣམས་ཡི་དམ་ལྷའི་མདུན་དུ་བཤགས་པས་ལྟུང་བ་ལས་ལྡང་བ་ཡིན་པས། འདིར་རིགས་ལྔ་སྤྱིའི་ལྷ་འཕ༷གས་པ༷་ནམ༷་མཁའི་སྙིང༷་པོའི་མདུན་དུ་བཤགས་པར་
འདོད་ན་ཉིན་མཚན་གྱི་བར་མ་ཆོད་པར་ཁྲུས་དང་གཙང་སྦྲ་ལ་གནས་པས་སྤོས་བཏུལ་ཏེ་མཚན་ནས་བརྗོད་ཅིང་ཕྱག་འཚལ་ནས། འཕགས་པས་བདག་ལ་ཞལ་བསྟན་ཏེ་སྡིག་པ་དག་པར་མཛད་དུ་གསོལ། ཞེས་གསོལ་བ་དྲག་ཏུ་བཏབ་པས་དངོས་སམ་རྨི་ལམ་དུ་སྐལ་བ་དང་འཚམས་པར་དེ་ཉིད་ཀྱི་གཟུགས་སམ་མིང་ནས་བྱ་བའི་བར་ཅི་རིགས་པའི་གཟུགས་ཀྱིས་ལྟུང་བ་ལས་འབྱིན་པའི་ཐབས་སྟོན་པར་འགྱུར་ལ༵། གལ་ཏེ་རྟགས་མ་བྱུང་ན་ཐོ༷་ར༷ངས་ཀྱི་དུས་སུ་སྤྱོད་ལམ་སྔར་ལྟར་བྱས་ལ། སྐྱ་རེངས་སྐྱ་རེངས་སྙིང་རྗེ་ཆེན་པོ་ལེགས་པ་ཁྱོད་འཛམ་བུའི་གླིང་དུ་ཤར་མ་ཐག་ཏུ་བདག་ཐུགས་རྗེས་ཁྱབ་པར་མཛོད་ཅིག །ནམ་མཁའི་སྙིང་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་ལ་ཡང་བདག་གི་ཚིག་གིས་མྱུར་དུ་བསྐུལ་ཏེ་ཐབས་གང་གིས་ལྟུང་བ་མྱུར་དུ་འཆགས་པར་འདོད་པ་དང་། ཐེག་པ་ཆེན་པོ་འཕགས་པ་ལ་ཐབས་དང་ཤེས་རབ་ཐོབ་པར་འགྱུར་བའི་ཐབས་དེ་བདག་གི་རྨི་ལམ་དུ་བསྟན་དུ་གསོལ་ཞེས་གསོ༷ལ་བ་བཏབ༷་ནས་ཉལ་བའི་རྨི༷་ལ༷མ་དུ་གཟུགས་སྐལ་བ་བཞིན་སྟོན་པས་ལྟུང༷་བ༷་འཆ༵གས་སུ་འཇུག །དབང་པོ་དམན་པ་དག་གིས་ནི་སྟོབས་བཞིའི་སྒོ་ནས་བཤགས་པ་སྟེ། རྟེན་གྱི་སྟོབས་ཐེག་ཆེན་དགེ་བའི་
བཤེས་གཉེན་དང་། བདེ་བར་གཤེགས་པའི་རྟེན་ཁྱད་པར་ཅན་གྱི་དང་། ནང་གི་རྟེན་སྐྱབས་འགྲོ་དང་སེམས་བསྐྱེད། ཀུན་ཏུ་སྤྱོད་པའི་སྟོབས་ལྟུང་བའི་གཉེན་པོ་ལ་བསྔགས་པའི་ཐེགཔ་ཆེན་པོའི་མདོ་གཟུངས་ཁྱད་པར་ཅན་བཀླགས་ཤིང་བརྗོད་པ་ལ་སོགས་པ་ཡིན་ལ། སུན་འབྱིན་པ་དང་སོར་ཆུད་པ་གཉིས་ནི་སྔར་སོ་ཐར་གྱི་སྐབས་སུ་བཤད་པ་དང་འདྲའོ། །དབང་པོ་རབ་ཀྱིས་ནི་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་གྱིས་མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་ཚིག་གིས་བཤགས་རྗེས་ཡང་དག་པའི་དོན་ལ་མཉམ་པར་འཇོག་པར་བྱ་སྟེ། ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་ནོ། །ཞེས་སོ། །གཞན་ཡང་ཉེས་བྱས་དང་། བརྗེད་ངེས་དང་། ཤེས་བཞིན་གྱིས་མ་ཟིན་པས་ཕྱིར་བཅོས་མ་གྲུབ་པའི་ལྟུང་བའི་ལྷག༷་མ༷་རྣམས་ཕུ༷ང་པོ༷་གསུ༷མ་པ༷འི་མདོ་ཉི༷ན་མཚ༷ན་དུ་ལ༷ན་གསུ༷མ་གསུམ་འདོ༷ན་པ༷ས་གཞི༷ལ་བ༷ར་བྱ་བ་ཡིན་ནོ། །ལར་བྱང་སྡོམ་འདི་ནི་སོ་ཐར་དང་མི་འདྲ་སྟེ། ཉིན་རེ་བཞིན་ཡང་ཡང་བླང་ན་སྡོམ་པ་
གོང་འཕེལ་དུ་འགྲོ་བའི་ཐབས་སུ་འགྱུར་བར་མ་ཟད་རྩ་ལྟུང་བྱུང་བ་ཐུན་ཚོད་ལས་མ་འདས་ན་བཤགས་པ་ཙམ་གྱིས་གསོ་རུ་ཡོད་ཀྱང་། འདས་ན་ཚུལ་ཁྲིམས་གཏུགས་པར་འགྱུར་བས་སྡོམ་པ་སླར་ལེན་དགོས་པར་བཤད་ཅིང་། གྲངས་ངེས་པ་ནི་མེད་པ་བཅས་རང་གི་ཁ་ན་མ་ཐོ་བ་སྤྱི་དང་བྱེ་བྲག་བྱང་སེམས་ཀྱི་བསླབ་པ་ཐམས་ཅད་ལ་སྐྱོན་བྱུང་བའི་གཉེན་པོར་ཡང་མཆོག་ཏུ་ཟབ་པ་གལ་ཆེ་བ་ཡིན་ཏེ་དེ་རྣམས་ནི་ཀླུ༷་སྒྲུབ༷་ཀྱི་ལུག༷ས་ཡིན་ནོ། །གཉིས་པ་རྒྱལ་སྲས་ཐོགས་མེད་ཀྱི་ལུགས་ལ་གཉིས། གཏོང་རྒྱུ་ངོས་བཟུང་བ་དང་། ཉེས་ལྟུང་ཕྱིར་བཅོས་པའོ། །དང་པོ་གཏོང་རྒྱུ་ངོས་བཟུང་བ་ནི། སྨོན་པའི་སེམས་ནི་ནག་པོའི་ཆོས་བཞི་སྤྱད། །སེམས་ཅན་སྙིང་ནས་བློས་གཏང་དེ་གཏོང་འགྱུར། །རྒྱུན་མི་འཆད་སྤྱོད་ངོ་ཚ་ཁྲེལ་མེད་དང་། །དེས་མགུ་དགའ་དང་དེ་ཉིད་ཡོན་ཏན་དུ། །ལྟ་བ་ཀུན་དཀྲིས་ཆེན་པོས་སྡོམ་པ་འཇོམས། །ཕམ་པ་ཞེས་བརྗོད་ཆུང་དང་འབྲིང་ལ་མིན། །ཞེས་པ་སྟེ། དེ་ལ་སྡོམ་པ་གཏོང་བའི་རྒྱུ་ནི། སྨོན༷་པ༷འི་སེ༷མས་ནི༷་ཡན་ལག་ན༷ག་པོ༷འི་ཆོ༷ས་བཞི༷་སྤྱད༵་པ་དང་། རྩ་བ་སེ༷མས་ཅ༷ན་སྙིང༷་ཐག་པ་ན༷ས་བློས༷་བཏ༷ང་ན་དེ༷་གཏོ༷ང་བར་འགྱུར་ལ། དེ་བཏང་བས་
འཇུག་སེམས་ཀྱང་ཉམས་འགྱུར༵་རོ། །རྙེད་བཀུར་གྱི་ཕྱིར་བདག་བསྟོད་གཞན་སྨོད་སོགས་ཕམ་པའི་གནས་ལྟ་བུའི་ཆོས་བཞི་གང་རུང་རྒྱུན༷་མི༷་ཆད་པར་སྤྱོད༷་པ་དང་། ངོ༷་ཚ༷་དང་ཁྲེ༷ལ་ཡོད་ཆུང་ངུ་ཙམ་ཡང་མེ༷ད་པ་ད༵ང་། བྱ་བ་དེ༷ས་མགུ༷་ཞིང་དག༷འ་བར་བྱེད་པ་ད༷ང་། བྱ་བ་དེ༷་ཉིད༷་ལ་ཡོ༷ན་ཏ༷ན་དུ༵་ལྟ༷་བ༷་དེ་ཡན་ལག་བཞི་ཚང་ན་ཀུན༷་དཀྲི༷ས་ཆེ༷ན་པོ༷ས་བསྐྱེད་པའི་ལྟུང་བ་ཞེས་བྱ་སྟེ་སྡོམ༷་པ༷་འཇོ༵མས་པར་བྱེད་པས་ན་ཕ༷མ་པ༷་ཞེས་བརྗོ༷ད་པ་ཡིན་ལ། ཡན་ལག་གང་རུང་ཡང་དེ་ལ་ངོ་ཚ་ཆེར་བསྐྱེད་ཅིང་གཞན་རྐྱེན་ལ་མ་ལྟོས་པར་རང་ཉིད་དེ་ལས་མྱུར་དུ་ལྡོག་པར་བྱེད་ན་ཀུན་དཀྲིས་ཆུང༷་དུ་ད༷ང་། ཡན་ལག་གང་རུང་ཚང་ལ་ངོ་ཚ་དང་ཁྲེལ་ཡོད་ཅུང་ཟད་སྐྱེ་ཞིང་གཞན་གྱིས་བསྐུལ་བས་ལྡོག་ན་ཀུན་དཀྲིས་འབྲི༷ང་པོ་ཞེས་བྱ་ལ༷། དེ་གཉིས་ཀྱིས་སྡོམ་པ་གཏོང་བ་མི༷ན་ནོ། །གཉིས་པ་ཉེས་ལྟུང་ཕྱིར་བཅོས་པ་ནི། ཕས་ཕམ་བྱུང་ན་སླར་བླང་འབྲིང་ན་གསུམ། །ཐ་མ་གཅིག་མདུན་དངོས་པོ་བརྗོད་པས་བཤགས། །མཐུན་པའི་གང་ཟག་མེད་ན་ཡིད་ཀྱིས་བསྡམས། །རྒྱ་ཆེན་སྤྱོད་པའི་རིང་ལུགས་ཟླ་མེད་དོ། །ཞེས་པ་སྟེ། དེ་དག་ཇི་ལྟར་བཤགས་པའི་ཚུལ་ནི་སྨོན་སེམས་བཏང་བ་དང་། ཀུན་དཀྲིས་ཆེན་པོས་ཕ༷ས་ཕ༷མ་པའི་གནས་
ལྟ་བུའི་རྩ་ལྟུང་གིས་གཏོང་བས་དེ་དག་བྱུང༷་ན༷་ཐེག་པ་ཆེན་པོའི་སྡོམ་ལྡན་བཞི་ཡན་ཆད་ཀྱི་དྲུང་དུ་བཤགས་སྡོམ་དང་བསགས་སྦྱངས་ལ་ནན་ཏན་བྱས་ལ་སྡོམ་པ་སླར༷་བླང༷་བར་བྱ་ཞིང་ལན་གསུམ་ལས་ལྷག་པར་བསྐྱར་དུ་མེད་པར་བཤད་ཅིང། ཀུན་དཀྲིས་འབྲི༷ང་གིས་བསྐྱེད་པའི་ཕམ་འདྲ་རྣམས་ནི༷་གསུ༵མ་ཡན་ཆད་དང་། ཐ༷་མ༷་ཀུན་དཀྲིས་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་། དེ་ལས་གཞན་པའི་ཉེས་བྱས་ཞེ་དྲུག་ལ་ཀུན་སློང་གི་དབང་གིས་ཉོན་མོངས་པ་ཅན་ཡིན་མིན་དང་ལྟུང་མེད་དུ་འགྱུར་བའང་ཡོད་པས་དེ་དག་གང་བྱུང་ཡང་གང་ཟག་གཅི༷ག་ཡན་ཆད་ཀྱི་མདུ༷ན་དུ་ཉེས་པའི་དངོ༷ས་པོ༷་བརྗོ༷ད་པ༷ས་བཤ༵གས་བསྡམས་བྱས་ན་དག་པར་འགྱུར་ཏེ། སྡོམ་པ་ཉི་ཤུ་པ་ལས། སྡོམ་པ་སླར་ཡང་བླང་བར་བྱ། །ཟག་པ་འབྲིང་ནི་གསུམ་ལ་བཤགས། །གཅིག་གི་མདུན་དུ་ལྷག་མ་རྣམས། །ཉོན་མོངས་མི་མང་བདག་སེམས་བཞིན། །ཞེས་སོ། །དེ་ཐམས་ཅད་ལ་བཤགས་ཡུལ་མཐུ༷ན་པ༷འི་ག༷ང་ཟ༷ག་ཐེན་ཆེན་སྡོམ་ལྡན་མེ༷ད་ན་རྒྱལ་བ་སྲས་བཅས་ཡི༷ད་ཀྱིས༷་བསམ་པའི་སྤྱན་སྔར་བཤགས་ཤིང་བསྡ༷མ་པར་བྱའོ། །དེ་ཡང་ལམ་སྒྲོན་འགྲེལ་པར། དུམ་བུ་དང་པོར་ལེགས་པར་གསོ་བྱེད་པ། །སྐྱེས་བུ་རབ་ཡིན་འབྲིང་ནི་གཉིས་
ལའོ། །དུམ་བུ་ཐ་མ་གསོ་བ་ཐ་མ་སྟེ། །ཞེས་སྤྱིར་དུས་དྲུག་དང་ཁྱད་པར་དུས་རེ་རེ་ལ་ཆ་གསུམ་གསུམ་དུ་ཕྱེ་ནས་དེ་དང་དེར་གཉེན་པོས་སླེབས་པ་གང་ཟག་རབ་འབྲིང་ཐ་གསུམ་གྱི་གསོ་ཚུལ་ཡིན་པར་བཤད་དོ། །དེ་ལྟར་རྒྱ༷་ཆེ༷ན་སྤྱོ༷ད་པ༷འི་རི༷ང་ལུག༷ས་འདི་ནི་བསྲུང་བའི་མཚམས་དང་གསོ་བའི་ཚུལ་སོགས་ལས་དང་པོ་པ་རྣམས་ལ་དགོངས་ནས་ཤིན་ཏུ་གུ་དོགས་པར་མཛད་པས་ན་བྱང་ཆུབ་སེམས་ཀྱི་བསླབ་ནོར་མི་ཉམས་བསྲུང་གསོའི་མན་ངག་མཁས་ཚུལ་གཞན་གྱིས་འགྲན་ཟླ༷་བྱ་བའི་ཡུལ་དུ་མ་གྲུབ་པ་འདི་ཉིད་མཚུངས་མེ༷ད་རྒྱལ་བའི་སྲས་དེས་ཕྱི་རབས་གདུལ་བྱའི་བསོད་ནམས་ཀྱི་བགོ་སྐལ་དུ་སྩལ་བ་ཉིད་དོ༵་ཞེས་མངོན་པར་བསྔགས་སོ། །ལྔ་པ་བྱང་ཆུབ་སེམས་སྡོམ་ཚུལ་བཞིན་བསྲུང་བའི་ཕན་ཡོན་ལ་གསུམ། བསོད་ནམས་རྒྱུན་ཆགས་སུ་འབྱུང་བ་དང་། སངས་རྒྱས་ཀྱི་སྲས་སུ་འགྱུར་བ་དང་། བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕན་ཡོན་ནོ། །དང་པོ་བསོད་ནམས་རྒྱུན་ཆགས་སུ་འབྱུང་བའི་ཕན་ཡོན་ནི། འདི་འདྲའི་བྱང་ཆུབ་སེམས་ཀྱི་རྩིས་ཟིན་ན། །གཉིད་སོགས་བག་མེད་གྱུར་ལའང་བསོད་ནམས་ཤུགས། །རྒྱུན་མི་ཆད་འབྱུང་། ཞེས་པ་སྟེ། རེ་ཞིག་སྨོན་པ་
བྱང་ཆུབ་སེམས་བསྐྱེད་ཀྱི་དབང་དུ་བྱས་ན་གནས་སྐབས་སུ་འཁོར་ལོས་སྒྱུར་བ་དང་ལྷའི་དབང་པོ་སོགས་མཐོ་རིས་ཀྱི་འབྲས་བུ་ལན་གྲངས་དུ་མར་མྱོང་ཡང་མི་ཟད་པར་འཕེལ་བར་འགྱུར་ཏེ། སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་ནས་མི་ཟད་འཕེལ་བར་འགྱུར། །ཞེས་དང་། ད་དུང་འདི༷་འདྲ༷་བའི༷་སྨོན་སེམས་ཀྱི་སྟེང་དུ་འཇུག་པ་བྱ༷ང་ཆུབ༷་ཀྱི་སེ༷མས་ཀྱི༷་རྩིས༷་ཟི༷ན་ན༵། དགེ་བ་བྱེད་པའི་དུས་མ་ཡིན་པར་གཉི༷ད་དང་རྩེ་མོས་གཡེང་བར་གྱུར་པ་ལ་སོ༷གས་པ་བ༷ག་མེ༷ད་པའི་དབང་དུ་གྱུར༷་པའི་གནས་སྐབས་ལ༷འ༷ང་རྒྱུ་བསོ༷ད་ན༷མས་ཀྱི་ཤུ༷གས་ཀྱང་རྒྱུན༷་མི༷་ཆད༷་པར་འབྱུང༷་བར་གསུངས་ན་འབྲས་བུ་མི་ཟད་པར་འབྱུང་བ་ལྟ་ཡང་ཅི་སྨོས་ཏེ། སྔ་མ་ལས། དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པར་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་སོ། །གཉིས་པ་མིང་དོན་གནས་འགྱུར་བའི་ཕན་ཡོན་ནི། རྒྱལ་བའི་སྲས་སུ་འགྱུར། །ཞེས་པ་སྟེ། དེ་ལྟར་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་མ་ཐག་ཏུ་མིང་འཕོ་སྟེ་རྒྱལ༷་བ༷འི་སྲ༷ས་ཞེས་འཇིག་
རྟེན་ལྷ་དང་མིར་བཅས་པ་ཀུན་གྱིས་ཕྱག་བྱ་བའི་གནས་སུ༷་འགྱུར༷་བ་ཡིན་ཏེ། སྔ་མ་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། འཁོར་བའི་བཙོན་རར་བསྡམ་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །གལ་ཏེ་ཉེས་པ་འགའ་ཞིག་བྱུང་ཡང་སྨོན་སེམས་མ་བཏང་ན་རིགས་ཀྱི་སྒོ་ནས་ཉན་རང་དང་དགྲ་བཅོམ་ཟིལ་གྱིས་གནོན་ཅིང་། བྱང་སེམས་ཀྱི་མིང་ཡང་མི་འདོར་བ་ཡིན་ཏེ། བྱམས་པའི་རྣམ་ཐར་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྡོ་རྗེ་རིན་པོ་ཆེ་ནི་ཆག་ཀྱང་གསེར་གྱི་རྒྱན་ཐམས་ཅད་ཟིལ་གྱིས་གནོན་ཅིང་རྡོ་རྗེ་རིན་པོ་ཆེའི་མིང་ཡང་མི་འདོར་ལ། དབུལ་བ་ཡང་རྣམ་པར་བཟློག་གོ། །དེ་བཞིན་དུ་རྣམ་པ་ཐམས་ཅད་མཁྱེན་པར་སེམས་བསྐྱེད་པའི་རྡོ་རྗེ་རིན་པོ་ཆེ་དང་བྲལ་ཡང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཟིལ་གྱིས་གནོན་ཅིང་བྱང་ཆུབ་སེམས་དཔའ་མིང་ཡང་མི་འདོར་ལ། འཁོར་བའི་དབུལ་བ་ཐམས་ཅད་ཀྱང་རྣམ་པར་བཟློག་གོ། །ཞེས་སོ། །གསུམ་པ་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་ཕན་ཡོན་ནི། གྲངས་མེད་གསུམ་བདུན་
སོ་གསུམ་བྱང་ཆུབ་ཐོབ། །ཅེས་པ་སྟེ། དེ་ཡང་མཐར་ཐུག་གི་འབྲས་བུ་ཐོབ་ཚུལ་ལ། སྤྱིར་ཚོགས་ལམ་དུ་དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པར་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་རྣམས་བསྒོམ་པས། མངོན་ཤེས་ལྔ་དང་ཆོས་རྒྱུན་གྱི་ཏིང་ངེ་འཛིན་སོགས་ཐོབ་ཅིང་། དེ་ནས་དྲོད་རྩེ་གཉིས་དང་བཟོད་པ་ཆོས་མཆོག་གཉིས་ཏེ་ངེས་འབྱེད་ཆ་བཞིའི་དང་པོ་གཉིས་སུ་དབང་པོ་ལྔ་དང་། ཕྱི་མ་གཉིས་སུ་སྟོབས་ལྔ་བསྒོམ་པས་གཟུང་རྟོག་དང་འཛིན་རྟོག་རྣམས་ཉམས་སྨད་པར་བྱས་ཏེ། ཡོན་ཏན་ཀྱང་ཚོགས་ལམ་ལས་ཆེས་ཆེ་བ་ཐོབ་ཅིང་། དེ་ནས་དང་པོར་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བས་ཀུན་བརྟགས་ཀྱིས་བསྡུས་པའི་སྒྲིབ་པ་གཉིས་པོ་དྲུང་འབྱིན་གྱི་ཚུལ་དུ་སྤངས་ཏེ་བརྒྱ་ཕྲག་བཅུ་གཉིས་ལ་སོགས་པའི་ཡོན་ཏན་ཐོབ་ལ། དེ་ནས་བསྒོམ་པའི་ལམ་ས་དགུ་པོར་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཡེ་ཤེས་དེ་ཡང་ཡང་གོམས་པའི་སྟོབས་ལས་དང་པོ་དྲུག་ཏུ་ལྷན་སྐྱེས་ཀྱིས་བསྡུས་པའི་སྒྲིབ་པ་གཉིས་པོ་རིམ་གྱིས་སྤངས་ཏེ། དག་པ་གསུམ་དུ་ཉོན་སྒྲིབ་ཟད་ནས་ཤེས་སྒྲིབ་ཕྲ་བའང་རིམ་གྱིས་སྤོང་བ་ཡིན་ཅིང་། ས་དེ་དག་གི་གནས་སྐབས་སུ་སྟོང་ཕྲག་བཅུ་གཉིས་ལ་སོགས་
པའི་ཀུན་རྫོབ་ཀྱི་ཡོན་ཏན་ཆེར་འཕེལ་བར་འགྱུར་ལ། མཐར་རྒྱུན་མཐའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བག་ཆགས་ཕྲ་བ་བཅོམ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡིན་ལ། དེ་ཡང་བྱང་ཆུབ་སེམས་དཔའ་དབང་པོ་རབ་འབྲིང་ཐ་གསུམ་གྱི་ལམ་བགྲོད་ཚུལ་ཡང་། དང་པོ་དབང་རྣོན་རྫི་བོ་ལྟ་བུའམ་དཔེ་མེད་པའི་སེམས་བསྐྱེད་ཅེས་ཐོག་མར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་བཀོད་ནས། རྗེས་ལ་རང་ཉིད་གྲོལ་བར་འདོད་པ་རྣམས་ནི་གྲ༷ངས་མེ༷ད་གསུ༷མ་ལས་མི་ཐོགས་ཏེ། དང་པོས་ཚོགས་སྦྱོར། གཉིས་པས་མ་དག་ས་བདུན། གསུམ་པས་དག་པ་ས་གསུམ་མཐར་ཕྱིན་པར་བྱས་ནས་མཐར་འབྲས་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་ལ། གཉིས་པ་དབང་འབྲིང་མཉན་པ་ལྟར་རམ་ཡེ་ཤེས་དམ་པའི་སེམས་བསྐྱེད་ཅེས་རང་དང་འགྲོ་བ་མཉམ་དུ་ཐར་པར་འདོད་པའི་བྱང་སེམས་རྣམས་ནི་གྲངས་མེད་བདུ༷ན་ཏེ། ཚོགས་སྦྱོར་གཉིས་སུ་གཉིས་རེ། མཐོང་ལམ་དུ་གཅིག །སྒོམ་ལམ་དུ་གཉིས་ཀྱིས་ལམ་མཐར་ཕྱིན་པར་བྱེད་དོ། །གསུམ་པ་དབང་རྟུལ་རྒྱལ་པོ་ལྟ་བུའམ་འདོད་ཆེན་པོའི་སེམས་བསྐྱེད་ཅེས་ཐོག་མར་རང་ཉིད་གྲོལ་ནས་དེ་རྗེས་གཞན་སྒྲོལ་བར་འདོད་པའི་བྱང་སེམས་རྣམས་
ནི་གྲངས་མེད་སུམ་ཅུ་སོ༷་གསུ༷མ་ཐོགས་ཏེ། ཚོགས་སྦྱོར་དུ་གསུམ། ས་བཅུ་རེ་རེ་ལ་གསུམ་གསུམ་གྱིས་མཐར་བྱང༷་ཆུབ༷་་ཆེན་པོའི་གོ་འཕང་ཐོ༵བ་པ་ཡིན་ནོ། །དེ་ལྟར་བརྗོད་བྱའི་དོན་མཐར་ཕྱིན་ནས་ལེའུའི་སྐབས་བསྡུ་བ་ནི། བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་བསླབ་བྱ་རིམ་པར་ཕྱེ་བ་སྟེ་གསུམ་པའོ། །ཞེས་པ་སྟེ། བྱང༷་ཆུབ༷་སེམས་དཔ༷འི་སེ༷མས་བསྐྱེད༷་ཀྱི༷་བསླབ༷་བྱ༷་དོན་དམ་བྱང་ཆུབ་ཀྱི་སེམས་རང་གནས་ཀྱི་ཡེ་ཤེས་ཉིད་ཀུན་རྫོབ་ཐབས་ཀྱི་བརྡ་ལ་བརྟེན་ནས་གདུལ་བྱའི་ངོ་སྐལ་དང་འཚམས་པར་འཆད་པ་སྨོན་པ་དང་འཇུག་པའི་སེམས་གཉིས་པོ་བསྐྱེད་ཚུལ་སྲོལ་གཉིས་ཀྱི་རིང་ལུགས་ལྟར་བཤད་པའི་རི༷མ་པ༷་གསལ་བར༷་ཕྱེས༷་པ༷་སྟེ༷་སྐབས་གསུ༷མ་པའི་རྣམ་པར་བཤད་པ༷འོ༵།། །།༈ རྩ་བའི་གསུམ་པ་རིག་པ་འཛིན་པ་རྣམས་ཀྱི་བསླབ་བྱ་གསང་སྔགས་རྡོ་རྗེ་ཐེག་པའི་དམ་ཚིག་སྡོམ་པའི་རིམ་པར་ཕྱེ་བ་གཏན་ལ་དབབ་པ་ལ་གསུམ། རྡོ་རྗེ་ཐེག་པའི་བསྟན་པ་ཐོག་མར་ཇི་ལྟར་བྱུང་ཚུལ་སྨོས་པས་ཁོག་དབུབ་པ། དེ་ལྟར་བྱུང་བའི་བསྟན་པ་བསྡུས་ནས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ། དེ་ལྟར་བཟུང་བའི་བརྗོད་བྱ་སྐབས་དོན་གཞུང་བསྲང་ཚུལ་གཏན་ལ་དབབ་པའོ། །
དང་པོ་རྡོ་རྗེ་ཐེག་པའི་བསྟན་པ་ཐོག་མར་ཇི་ལྟར་བྱུང་ཚུལ་བཤད་པ་ནི། ཀུན་བཟང་རྡོ་རྗེ་འཆང་དབང་སྟོན་པ་དེས། །འོག་མིན་ཆེན་པོར་རྒྱུད་སྡེ་རྒྱ་མཚོ་གསུངས། །ཕྱིས་ནས་འབྲས་སྤུངས་སོགས་སུ་བཟླས་ཏེ་བསྟན། །ཞེས་པ་སྟེ། ཐོག་མར་སྟོན་པས་རྒྱུད་སྡེ་རྣམས་ཇི་ལྟར་གསུངས་པའི་ཚུལ་ཕུན་སུམ་ཚོགས་པ་ལྔ་ལྡན་ཏེ། དེ་ཡང་སྟོན་པ་ཕུན་སུམ་ཚོགས་པ་ནི་བདག་ཅག་གི་སྟོན་པ་འདི་ཉིད་ཐོག་མ་མེད་པའི་དུས་སུ་གཞི་གདོད་མའི་དབྱིངས་སུ་རིག་པའི་ཡེ་ཤེས་གྲོལ་བས་མངོན་པར་བྱང་ཆུབ་སྟེ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ལ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུར་སྣང་སྟེ། ཡེ་ཤེས་གསང་བ་ལས། རང་བཞིན་མི་གཡོ་ལྷུན་རྫོགས་ཤིང་། །སྤྱོད་ཡུལ་ཀུན་ཏུ་བཟང་པོ་སྟེ། །ཞེས་པ་ལྟར་སྤྱོད་ཡུལ་ཐམས་ཅད་ཡེ་ཤེས་རང་སྣང་གི་ངོ་བོ་འབའ་ཞིག་ཏུ་དག་པས་ཀུན༷་ཏུ་བཟ༷ང་པོ། གཟུང་འཛིན་གྱི་རྟོག་པས་མི་ཕྱེད་པས་རྡོ༷་རྗེ༷། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་འཆང༷་ཞིང་། དཀྱིལ་འཁོར་ཐམས་ཅད་ཀྱི་དབ༷ང་ཕྱུག་དམ་པར་གྱུར་པའི་སྟོན༷་པ༷ར་སྣང་བ་དེ༵ས། གནས་ཕུན་སུམ་ཚོགས་པ་རང་སྣང་ཤིན་ཏུ་རྣམ་པར་
དག་པའི་ཞིང་ཁམས་འོ༷ག་མི༷ན་ཆེ༷ན་པོ༷ར། འཁོར་ཕུན་སུམ་ཚོགས་པ་ཉིད་ལས་མི་གཞན་པའི་རང་སྣང་གི་འཁོར་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ཚད་མེད་པས་ཡོངས་སུ་བསྐོར་བའི་དབུས་ན། ཆོས་ཕུན་སུམ་ཚོགས་པ་ཡེ་ཤེས་འོད་གསལ་བའི་དགོངས་པ་བརྗོད་དུ་མེད་པ་ཉིད། དུས་ཕུན་སུམ་ཚོགས་པ་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་རང་ཤར་བའི་ཚུལ་གྱིས་སྣང་བར་གྱུར་ཏོ། །དེའི་ངང་ལས་ས་བཅུའི་རྒྱུན་མཐའ་ལ་སྣང་བའི་གནས་ཁྱད་པར་ཅན་འོག་མིན་དུ། སྟོན་པ་རིགས་དྲུག་པའི་རྣམ་པས། འཁོར་ས་མཐའི་བྱང་ཆུབ་སེམས་དཔའ་རིག་པ་འཛིན་པ་རྣམས་ལ། ཆོས་གསང་སྔགས་ཀྱི་རྒྱུད༷་སྡེ༷་རྒྱ༷་མཚོ༷་ལྟ་བུ་དགོངས་པ་བརྡའི་གསུང་གིས། དུས་རྟག་པ་རྒྱུན་གྱི་འཁོར་ལོར་བསྟན་པར་མཛད་ཅིང་། དེ་བཞིན་དུ་བྱང་སེམས་ས་དགུ་པ་ལ་སྣང་བའི་འོག་མིན་ཙམ་པོ་བ་དང་། ས་བརྒྱད་པ་ལ་སྣང་བའི་འོག་མིན་བཏགས་པ་བ་རྣམས་སུའང་ཚུལ་དེ་དང་འདྲ་བར་གསུ༷ངས་ཤིང་། དེའི་ཚེ་གདུལ་བྱ་གདུག་པ་ཅན་རྣམས་ཀྱི་ངོར་དཔལ་ཧེ་རུ་ཀའི་རྣམ་པར་སྣང་བས་ཁྲོ་བོའི་དཀྱིལ་འཁོར་རབ་འབྱམས་སྤྲུལ་བཤད་ཀྱིས་དོན་མཛད་པ་དང་། གཞན་ཡང་རང་བཞིན་སྤྲུལ་པའི་ཞིང་ཁམས་ལྔ་དང་། དག་མ་དག་གི་
འཇིག་རྟེན་གྱི་ཁམས་རྣམས་སུ་འགྲོ་འདུལ་སྤྲུལ་པའི་རྣམ་པ་ཚད་མེད་པར་སྣང་བས་དེ་དང་དེར་གནས་པའི་གདུལ་བྱ་རང་རང་གི་མོས་པ་དང་མཐུན་པར་འདུལ་བྱེད་ཀྱི་ཐབས་ཚུལ་དཔག་ཏུ་མེད་པས་དོན་མཛད་དོ། །དེ་ལྟ་བུའི་རྒྱུད་སྡེ་རྣམས་རྡོ་རྗེ་འཆང་གི་ཐུགས་ཀྱི་རྣམ་པར་འཕྲུལ་པ་རིགས་གསུམ་སེམས་དཔས་ལྷ་ཀླུ་གནོད་སྦྱིན་གྱི་ཡུལ་རྣམས་སུ་བསྟན་ནས་དར་བར་མཛད་ཅིང་། ཁྱད་པར་མི་ཡུལ་སོགས་སུ་ཇི་ལྟར་བྱུང་བའི་ཚུལ་ལ་མཆོག་གི་སྤྲུལ་སྐུའི་རྣམ་པར་སྣང་བ་བདག་ཅག་གི་སྟོན་པ་འདི་ཉིད་དཀའ་ཐུབ་ལ་གནས་པའི་ཚེ་ཐུགས་འོག་མིན་དུ་སངས་རྒྱས་ནས་རིམ་བཞིན་རི་རབ་ཀྱི་རྩེ་དང་། རྒྱ་མཚོའི་འགྲམ་ལ་སོགས་པར་གསང་སྔགས་ཀྱི་ཆོས་དུ་མ་བསྟན་ཏེ་སླར་བཏགས་པའི་ལུས་ལ་ཞུགས་ཏེ་འཚང་རྒྱ་ཚུལ་སོགས་བསྟན་པར་བཞེད་པ་དང་། སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་རྣམས་ཕྱག་ན་རྡོ་རྗེས་བསྡུས་ཏེ། སཾ་སྐྲྀ་ཏ་དང་། པྲཱ་ཏི་ཏ་དང་། ཨ་བ་བྷྲཾ་ཤ་དང་། ཌཱ་ཀི་ནིའི་སྐད་དང་། ཀླ་ཀློའི་སྐད་ལ་སོགས་པ་སྐད་རིགས་དང་ཡིག་རིགས་སྣ་ཚོགས་པས་གླེགས་བམ་ལ་བཀོད་པར་བཤད་དེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་པའི་དུས་སུ་གསང་བའི་
རྒྱུད་སྐལ་བ་དང་ལྡན་པའི་སེམས་ཅན་ལ་སུས་འཆད་པར་བྱེད། བཀའ་བསྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཞེས་སོ། །དེ་ནས་ཡང་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏིས་སྟོན་པའི་ཉན་ཐོས་མཁའ་ལ་འཕུར་ཏེ་འགྲོ་འོང་བྱེད་པ་གཟིགས་པ་ན་ཐག་རིང་བས་ཆ་མ་ཕྱེད་དེ། བློན་པོ་ལ་བྱ་དམར་པོའི་ཁྱུ་འདི་དག་ཅི་ཡིན་དྲིས་པས། དེ་རྣམས་ན་རེ། འདི་ནི་བྱ་མ་ལགས་ཏེ། སངས་རྒྱས་ཀྱི་ཉན་ཐོས་ལགས་སོ་བྱས་པས། རྒྱལ་པོ་སངས་རྒྱས་བལྟ་འདོད་ནས་གསོལ་བ་བཏབ་པས། ནངས་པར་ཝཱ་ར་ཎཱ་སི་ནས་བཅོམ་ལྡན་འདས་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་བྱོན། དེར་རྒྱལ་པོས་མཆོད་ནས་འཚང་རྒྱ་བའི་ཐབས་ཞུས་པས། རབ་ཏུ་བྱུང་ལ་བསླབ་པ་གསུམ་རྒྱུད་ལ་བརྟེན་ཅིག་གསུངས་པས། ཛམྦུའི་ཚལ་ནི་ཉམས་དགའ་བར། །ཝ་སྐྱེས་ཉིད་དུ་གྱུར་ཀྱང་སླའི། །འདོད་ཡོན་སྤངས་པའི་ཐར་པ་ནི། །ནམ་ཡང་མི་འདོད་གོོ་ཏ་མ། །ཞེས་ཞུས་པ་དང་། སྐད་ཅིག་ལ་ཉན་ཐོས་ཀྱི་ཚོགས་རྣམས་མི་སྣང་བར་གྱུར་ཏེ། འདི་ན་གང་ཟག་བརྒྱད་མེད་ཅིང་། ཉན་ཐོས་རང་རྒྱལ་འགའ་ཡང་མེད། །བྱང་ཆུབ་སེམས་དཔའ་རྫུ་འཕྲུལ་ཆེ། །དེ་དག་དེ་ཡིས་གཟུགས་
སུ་སྤྲུལ། །ཞེས་ནམ་མཁའ་ནས་སྒྲ་བྱུང་བ་དང་། དེར་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྲུལ་ནས་རྒྱལ་པོ་ལ་དབང་བསྐུར་བས། དེ་ཉིད་དུ་ཟུང་འཇུག་གི་སྐུ་འགྲུབ་སྟེ། དེ་ལ་སྟོན་པས་རྒྱུད་ཐམས་ཅད་གཏད་པར་བཞེད་དོ། །གཞན་ཡང་རི་བོ་བྱ་རྐང་ཅན་དང་། བསིལ་བའི་ཚལ་དང་། ལངྐའི་བདག་པོ་སྒྲ་སྒྲོགས་ཀྱི་གནས་ལ་སོགས་པར་སྟོན་པ་ཉིད་དཀྱིལ་འཁོར་གྱི་བདག་པོའི་རྣམ་པར་བསྒྱུར་བའམ། མ་བསྒྱུར་བ་ཆགས་བྲལ་གྱི་རྣམ་པ་ཅི་རིགས་པས་རྒྱུད་སྡེ་མང་དུ་གསུངས་པ་ལྟར་ཡིན་ལ། དེ་ཡང་དུས་འཁོར་པ་རྣམས་ནི་སྔར་བསྟན་པའི་རྒྱུད་སྡེ་རྣམས་སྟོན་པས་ཞིང་འདིར་ཐེག་གསུམ་བསྟན་པའི་ཕྱིས༷་ནས༷་དཔྱིད་འབྲིང་ནག་པའི་ཉ་ལ་དཔལ་ལྡན་འབྲ༷ས་སྤུང༷ས་ཀྱི་མཆོད་རྟེན་དུ་འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ཏེ་འདུས་པའི་འཁོར་ལ་དབང་བསྐུར་ནས་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་སྡེ་མཐའ་དག་བསྟན་པ་དང་། གཞན་ཡང་ཆགས་བྲལ་གྱི་རྣམ་པས་བྱ་སྤྱོད་ཀྱི་རྒྱུད་ཕལ་ཆེར་དང་། ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏི་ལ་གསང་བ་འདུས་པའི་རྒྱུད་དང་། རྡོ་རྗེ་སྙིང་པོ་ལ་ཀྱཻ་རྡོར་གྱི་རྒྱུད་སོགས་དེ་དང་དེའི་
དཀྱིལ་འཁོར་གྱི་གཙོ་བོའི་སྐུར་བཞེངས་ནས་གསུངས་པ་སོ༷གས་སྔར་འོག་མིན་དུ་གསུངས་པ་སོ་སོའི་གནས་སུ༷་ཡང་བཟླས༷་ཏེ༷་བསྟན༵་པའང་བརྗོད་ཀྱིས་མི་ལངས་སོ། །གཉིས་པ་དེ་ལྟར་བྱུང་བའི་བསྟན་པ་བསྡུས་པས་བཤད་སྒྲུབ་ཀྱིས་ཇི་ལྟར་བཟུང་ཚུལ་ནི། ཕྱག་རྡོར་དང་ནི་ཞུ་བའི་འཁོར་གྱིས་བསྡུས། །གྲུབ་ཆེན་བརྒྱད་སོགས་རྒྱ་བོད་མཁས་པས་བཀྲལ། །ཅེས་པ་སྟེ། དེ་ཡང་བཀའ་བསྡུ་སོགས་ཀྱིས་བསྟན་པ་སྤེལ་བའི་ཚུལ་ནི་རི་རབ་ཀྱི་བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་དུ་བྱང་ཆུབ་སེམས་དཔའ་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་འདུས་པ་ལ་ཕྱག༷་རྡོ༷ར་གྱིས་བཀའ་བསྡུ་བའི་ཚུལ་དུ་རྒྱུད་སྡེ་མ་ལུས་པ་གསུངས་པ་ད༷ང་ནི༷། དུས་འཁོར་རྩ་རྒྱུད་ཟླ་བ་བཟང་པོས་དང་། བརྟག་གཉིས་རྡོ་རྗེ་སྙིང་པོས་དང་། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུས་པ་སོགས་ཞུ༷་བ༷་པོའི༷་འཁོ༷ར་གྱིས་བསྡུས༵་པའང་ཡོད་ལ། དེ་སྟོན་པ་དང་སྡུད་པ་པོ་ཐ་དད་དུ་སྣང་ཡང་དོན་ལ་ཐ་དད་མེད་དེ། གསང་བ་གྲུབ་པ་ལས། རྒྱུད་འཆད་པ་དེ་ཐུགས་རྡོ་རྗེ། །འཆད་པ་པོ་དེ་སྡུད་པའང་དེ། །ཞེས་གསུངས་པའི་ཕྱིར་རོ། །འོ་ན་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འདྲེན་པའི་ཐེག་པ་གསུམ་པོ་དག །
བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་པས། ལུང་བསྟན་པ་ཙམ་ལས་དངོས་སུ་མ་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་རེ་ཞིག་གསང་སྔགས་ཀྱི་སྒྲ་མི་ཡུལ་དུ་ཁྱབ་བརྡལ་དུ་མ་གྲགས་པ་ཙམ་ལ་བཤད་ཀྱི་གཏན་ནས་མ་གསུངས་པ་ནི་མ་ཡིན་ཏེ་སྔར་བཤད་པ་དག་གིས་ཀྱང་ཤེས་ལ། ཕྱིས་འབྱུང་བར་ལུང་བསྟན་པ་ནི་ཡོངས་སུ་གྲགས་པ་ལ་དགོངས་པའོ། །དེ་ཡང་སྔ་འགྱུར་བ་རྣམས་ལྟར་ན་རྒྱུད་སྡེ་དང་། སྒྲུབ་སྡེ་གཉིས་སུ་དབྱེ་བ་ལས། རྒྱུད་སྡེ་རྣམས་མི་ཡུལ་དུ་དར་ཚུལ་ནི། སྤྱི་མདོ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །ལྷ་གནས་གསུམ་དུ་གྲགས་པ་ཡི། །བསྟན་པའི་སྙིང་པོ་དམ་པ་ཞིག །འཛམ་གླིང་ཤར་གྱི་ཕྱོགས་མཚམས་ཀྱི། །མི་ལས་སྐལ་ལྡན་རིགས་ཅན་ཏེ། །རྒྱལ་པོ་ཛཿཞེས་བྱ་བ་ལ། །སྔོན་དུ་ལྟས་སྣང་སྣང་གྱུར་
ཏེ། །དྲག་ཤུལ་ཅན་ཞེས་བྱ་བའི་རྩེར། །གྲོགས་ཀྱི་སེམས་དཔའ་དམན་པའི་ལུས། །ལདྐའི་བདག་པོ་ལ་སོགས་ལ། །ལག་ན་རྡོ་རྗེས་སྣང་བར་འགྱུར། །ཞེས་པ་ལྟར་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ན་དམ་པའི་རིགས་ཅན་ལྷ་གྲགས་ལྡན་མཆོག་སྐྱོང་། ཀླུ་རྒྱལ་འཇོག་པོ། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། མིའི་རིག་འཛིན་ལི་ཙ་བཱི་དྲི་མ་མེད་པར་གྲགས་པ་སྟེ་དྲྭ་མ་ལྔ་པོ་ལངྐའི་ཡུལ་གྱི་རི་མ་ལ་ཡའི་རྩེར་རང་རང་གི་མངོན་ཤེས་དང་རྫུ་འཕྲུལ་གྱིས་འདུས་ཏེ་གདུང་ཚིག་ཉེར་གསུམ་བཏོན་པས། གསང་བདག་མངོན་སུམ་དུ་བྱོན་ནས་རིགས་ཅན་དྲྭ་མ་ལྔ་སོགས་རིག་འཛིན་འདུས་པ་ཕལ་མོ་ཆེ་ལ་སྔོན་འོག་མིན་དང་། དགའ་ལྡན་དང་། སུམ་ཅུ་རྩ་གསུམ་རྣམས་སུ་གྲགས་པའི་གསང་བའི་ཐེག་པ་ཉིད་སྟོན་པར་མཛད་ཅིང་། དེ་རྣམས་སྲིན་པོ་བློ་གྲོས་ཐབས་ལྡན་གྱི་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻའི་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས་སོ། །དེའི་ཚེ་དེའི་བྱིན་རླབས་ཀྱིས་ས་ཧོ་རའི་རྒྱལ་པོ་ཛཿལ་རྨིས་ལྟས་ངོ་མཚར་བ་བདུན་རྨིས་པ་ལ་བརྟེན་ནས་སྒྲུབ་པ་མཛད་པས། རྨི་ལྟས་དང་
མཐུན་པར་རྒྱུད་སྡེའི་གླེགས་བམ་རྣམས་མི་ཡུལ་དུ་དངོས་སུ་བབས་ཏེ། མ་ཧཱ་ཡོ་གའི་རྒྱུད་སྡེའི་གླེགས་བམ་རྣམས་ཕོ་བྲང་གི་སྟེང་དུ་བབས་པ་དང་། ཀྲི་ཡའི་རྒྱུད་རྣམས་ཝཱ་ར་ཎཱ་སི། ཡོ་ག་རྣམས་མེ་རི་འབར་བའི་རྩེ་མོར། ཨ་ནུ་ཡོ་ག་རྣམས་ལངྐའི་ཡུལ་དུ་གྲགས་པ་སིངྒ་ལའི་གླིང་གི་ནགས་ཚལ་དུ་བབས་པ་ནས་རྒྱ་བལ་བྲུ་ཤའི་ཡུལ་རྣམས་ལ་རིམ་གྱིས་དར་བ་ལས། ཕྱིས་སུ་ཡུལ་དེ་དག་གི་ལོ་པཎ་ལས་གནུབས་ཆེན་གྱིས་གསན་ཏེ་བོད་དུ་དར་རོ། །ཨ་ཏི་ཡོ་ག་རྣམས་ནི་ནུབ་ཕྱོགས་ཨོ་ཌི་ཡ་ནའི་ཡུལ་དུ་སློབ་དཔོན་དགའ་རབ་རྡོ་རྗེས་རྡོ་རྗེ་སེམས་དཔའམ་ཕྱག་ན་རྡོ་རྗེ་ལས་དངོས་སུ་གསན་པ་ལྟར་བསྡུ་བར་མཛད་དེ་གླེགས་བམ་ལ་བཀོད་དེ་འཇམ་དཔལ་བཤེས་གཉེན་ལ་གསུངས། དེས་ཤྲཱི་སིང་ཧ་ལ། དེས་ཨོ་རྒྱན་སངས་རྒྱས་གཉིས་པ་དང་། པཎ་ཆེན་བི་མ་ལ་མི་ཏྲ། ལོ་ཆེན་བཻ་རོ་ཙ་ན་གསུམ་ལ་གནང་བ་ལས་རྒྱ་ཆེར་འཕེལ་ལོ། །སྒྲུབ་སྡེ་རྣམས་ནི་སྔོན་འོག་མིན་གསང་བ་མཆོག་གི་གནས་སུ་ཆེ་མཆོག་ཧེ་རུ་ཀས་ཆོས་ཉིད་ཀྱི་རང་སྒྲས་གསུངས་པ་གསང་བདག་རྡོ་རྗེ་ཆོས་ཀྱིས་རང་ཉིད་ཚོམ་བུ་དགུ་ཡི་དཀྱིལ་འཁོར་གྱི་ནང་དུ་སྣང་བར་
མཛད་ནས་ཐོག་མར་ངག་ཏུ་བསྡུས། དེ་ནས་གླེགས་བམ་དུ་བཀོད་ཅིང་། དེའི་དགོངས་འགྲེལ་དུ་ལུང་ལྔ་[ཐུགས་རྗེ་དཔྱངས་ཐག་གནས་ཀྱི་ལུང་། མཛད་པ་ཆོ་འཕྲུལ་ལྷ་ཡི་ལུང་། ཕྲིན་ལས་མཐར་ཕྱིན་སྒྲུབ་པའི་ལུང་། གསང་སྔགས་ངེས་པ་དོན་གྱི་ལུང་། གསང་བ་སྒོ་འབྱེད་སྒྲོན་མའི་ལུང་། མཆན།] ཡང་མཛད་ནས། རེ་ཞིག་མིའི་ཡུལ་དུ་བསྟན་པའི་ཡུལ་མ་གཟིགས་ནས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་སྒྲུབ༷་པ་བཀའ་བརྒྱད་ཀྱི་སྤྱི་རྒྱུད་ལྔ་དང་སྒོས་རྒྱུད་བཅུ་རྣམས་རིན་ཆེ༷ན་སྣ་བརྒྱད་ཀྱི་སྒྲོམ་བུར་བཅུག །སྒོས་རྒྱུད་རྣམས་རིན་པོ་ཆེ་ཐ་དད་པའི་སྒྲོམ་བུར་བཅུག་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་མཆོད་རྟེན་བདེ་བྱེད་བརྩེགས་པའི་ཚལ་དུ་མི་སྣང་བར་རྒྱས་བཏབ། དུས་ཕྱིས་གྲུབ་པའི་སློབ་དཔོན་བརྒྱད་ཀྱིས་མངོན་ཤེས་ཀྱིས་མཁྱེན་ནས་གནས་དེར་འདུས་ཤིང་དགོངས་པ་ཏིང་ངེ་འཛིན་གྱི་མཐུས་བསྐུལ་བས་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་སྒྲོམ་བུ་རྣམས་བླངས་ཏེ། ཆེ་མཆོག་གི་བསེ་སྒྲོམ་བི་མ་ལ། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀ་ར། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་གརྫུ་ན། ཕུར་
པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾསྐྲྀ་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རཾ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤཱནྡིཾ་གརྦྷ་རྣམས་ལ་སོ་སོར་གཏད་པ་བཞིན་རང་རང་ལ་བཀའ་བབས་པའི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར། རིན་པོ་ཆེ་སྣ་བརྒྱད༷་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པའི་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་བྱུང་བ་སྐབས་དེར་རྒྱ་མ་འཁྲོལ་བས་སླར་དེ་ཉིད་དུ་སྦས་ཤིང་། ཕྱིས་སུ་ཀུན་འདུས་རིག་འཛིན་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝ་ལ་བཀའ་བབས་པ་བཞིན་བོད་དུ་ལས་ཅན་རྗེ་འབངས་སྙིང་གི་བུ་དགུ་རྣམས་ཐོག་མར་དབང་གིས་སྨིན་པར་མཛད་ནས་གདམས་པ་ཡོངས་རྫོགས་ལེགས་པར་སྩལ་ཞིང་། གཞན་ཡང་སྐལ་ལྡན་འབངས་རིགས་ཉེར་ལྔ་སོགས་ལའང་ཅི་རིགས་པར་སྩལ། དཔེ་རྒྱུན་རྣམས་ཟབ་མོའི་གཏེར་དུ་གཏམས་པ་བསྟན་ཞབས་གཏེར་གྱིས་སྐྱོང་བའི་ཐུགས་བསྐྱེད་བླ་ན་མེད་པར་གོ་ཞིང་། གཞན་ཡང་རྒྱུད་སྡེ་དང་སྒྲུབ་སྡེའི་སྐོར་སོ༷གས་ལ་རྒྱ༷་བོ༷ད་ཀྱི་མཁ༷ས་པ༷་དང་དངོས་གྲུབ་བརྙེས་པའི་སློབ་དཔོན་རྣམས་ཀྱིས༷་སོ་སོའི་དགོངས་པ་མ་ནོར་བར་བཀྲ༷ལ་ཞིང་སྤེལ་བར་མཛད་པ་ཡིན་ནོ། །གསུམ་པ་
དེ་ལྟར་བཟུང་བའི་བརྗོད་བྱ་སྐབས་དོན་གཏན་ལ་དབབ་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། སྔ་འགྱུར་རིང་ལུགས་བཀའ་གཏེར་གྲགས་པ་དང་། །གསར་མའི་བཞེད་སྲོལ་དཔག་ཏུ་མེད་ན་ཡང་། །རྒྱུད་སྡེ་སྤྱི་ཡི་དམ་ཚིག་འདིར་འཆད་དོ། །ཞེས་པ་སྟེ། དེ་ལྟར་གསང་སྔགས་སྔ༷་འགྱུར༷་བ་རྣམས་ཀྱི་རི༷ང་ལུག༷ས་ལ། སྤྱི་མདོ་ལས། དགོངས་པ་རིག་པ་རྣ་བར་གཏད། །རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །གང་ལ་ཐུག་གི་བར་དུའོ། །ཞེས་གསུངས་པ་ལྟར། རིང་བརྒྱུད་བཀ༷འ་མ་དང་། ཉེ་བརྒྱུད་གཏེར་མ་སྟེ། གཉིས་ཀའི་ཐུན་མོང་གི་བརྒྱུད་ཁུངས་རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད༷་གསུམ་པོའི་སྟེང་དུ། གཏེར༷་མའི་ཕྱོགས་སུ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་དེ་གསུམ་བསྣན་པས་བརྒྱུད་ཚུལ་དྲུག་གི་སྒོ་ནས་བཟུང་བའི་ཚུལ་སོགས་ཡོངས་སུ་གྲ༷གས་པ༷་ལྟར་ད༷ང་། ཕྱི་འགྱུར་གས༷ར་མ༷་བའི༷་བཞེ༷ད་སྲོ༷ལ་ལ་ཨོ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷུ་ཏིས་རྒྱུད་རྣམས་གླེགས་བམ་དུ་བྱས་ཤིང་ཡུལ་དེའི་སྐྱེ་བོ་ཐམས་ཅད་ལ་བསྟན་པས་ཡུལ་དེའི་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱིས་དངོས་
གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་། སླར་ཡུལ་དེ་མཚོར་གྱུར་པ་ཀླུ་རྣམས་ཀྱིས་གང་བ་ན། ཕྱག་རྡོར་གྱིས་ཀླུ་རྣམས་སྨིན་པར་མཛད་པས། དེ་དག་ཀྱང་རིམ་གྱིས་མིར་གྱུར་ནས་མཚོ་འགྲམ་དུ་གྲོང་བཅས་ཏེ་ཉམས་སུ་བླངས་པས་ཐམས་ཅད་ཀྱིས་གྲུབ་པ་ཐོབ། བུ་དང་བུ་མོ་རྣམས་མཁའ་འགྲོ་དང་མཁའ་འགྲོ་མར་གྱུར་པས་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས། མཚོ་དེའང་སྐམ་སྟེ་ཧེ་རུ་ཀའི་ལྷ་ཁང་རང་བྱུང་བས་དེའི་དཀོར་མཛོད་དུ་རྒྱུད་སྡེ་ཐམས་ཅད་གླེགས་བམ་བཞུགས་པ་ལས། ཕྱིས་རྒྱལ་པོ་བི་པུ་ཀ་ཝ། ཀླུ་སྒྲུབ། ཌོམྦི་ཧེ་རུ་ཀ། ཀུ་ཀུ་རི་པ། ལ་ལི་ཏ་བཛྲ། གྲུབ་ཆེན་ཏེ་ལོ་པ་སོགས་ནས་རིམ་གྱིས་སྤྱན་དྲངས་པ་དང་། དེ་བཞིན་དུ་ཤམྦྷ་ལ་སོགས་ཡུལ་གཞན་དག་ནས་ཀྱང་སྤྱན་དྲངས་པ་བཅས། དེ་དག་ཀྱང་གྲུབ་ཆེན་བརྒྱད་དང་གྲུབ་ཐོབ་བརྒྱད་ཅུ་སོགས་མཁས་གྲུབ་མང་པོས་དོན་ལ་རྟོན་པའི་དགོངས་འགྲེལ་གྱིས་བཀྲལ་ཞིང་བཤད་སྒྲུབ་ཀྱིས་བཟུང་ཚུལ་སོགས་ལོ་རྒྱུས་རྣམ་གཞག་དཔ༷ག་ཏུ་མེ༷ད་པ་ཞིག་ཡོད་ན༷་ཡ༵ང་། འདི་དག་གི་བྱུང་ཚུལ་ཞིབ་ཏུ་རྟོགས་པར་འདོད་ན་གཞན་ལས་ཤེས་པར་བྱ་ཞིང་། འདིར་སྐབས་སུ་བབས་པ་ཕྱི་རྒྱུད་རྣམས་ཕྱོགས་ཙམ་དང་། ནང་རྒྱུད་ཡོ་ག་སྡེ༷་
གསུམ་སྤྱི༷་ཡི༷་དམ༷་ཚི༷ག་རྣམས་ཟབ་དོན་ཉམས་སུ་ལེན་པའི་སྐལ་པ་ཅན་གྱི་ཕྱིར་བསྲུང་བྱའི་རྣམ་གྲངས་ཞིབ་ཏུ་བསྟན་པར་བཞེད་ནས་སྐབས་འདི༷ར་དེ་འཆ༷ད་པར་མཛད་དོ༷། །གཉིས་པ་རྒྱས་པར་བཤད་པ་ལ་བདུན། སྔགས་སྡོམ་གྱི་ངོ་བོ། དེའི་དབྱེ་བ། མ་ཐོབ་པ་ཐོབ་པར་བྱེད་པ། ཐོབ་པ་མི་ཉམས་པར་བསྲུང་བ། སྐྱེ་བའི་རྟེན། ཉམས་པ་གསོ་ཚུལ། བསྲུངས་བའི་ཕན་ཡོན་བཤད་པའོ། དང་པོ་སྔགས་སྡོམ་གྱི་ངོ་བོ་ནི། ངོ་བོ་སྒོ་གསུམ་ཐབས་ཤེས་ཀྱིས་ཟིན་པར། །སྡོམ་པའི་ཚུལ་ཁྲིམས་སོ་སོའི་རིང་ལུགས་བཞིན། །ཞེས་པ་སྟེ། དེ་ལ་སྔགས་སྡོམ་གྱི་ངོ༷་བོ༷་གང་ཞེ་ན། བསྡམ་བྱ་སྒོ༷་གསུ༷མ་ཕྲ་བའི་བག་ཆགས་མཚན་འཛིན་གྱི་རྟོག་པ་དང་བཅས་པ། སྡོམ་བྱེད་ཐ༷བས་ཤེ༷ས་ཁྱད་པར་ཅན་རྣམས་ཀྱིས༷་ཟི༷ན་པ༵འི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བསྡོ༷མ་པར་བྱས་པ༷འི་སེམས་དཔའ་ས་བོན་དང་བཅས་པ་གང་ཞིག་རང་རྒྱུད་དབང་བསྐུར་བ་ལས་གསར་དུ་ཐོབ་པའི་ཚུལ༷་ཁྲི༷མས་སོ། །དེ་ཡང་བལྟས་པའི་བདེ་བ་དང་། དགོད་པའི་དང་། ལག་བཅངས་ཀྱི་དང་། གཉིས་སྦྱོར་གྱི་བདེ་བ་དང་། དེ་དག་པར་བྱེད་པའི་ཡེ་ཤེས་རང་རྒྱུད་ལ་འཛིན་པའི་ཁྱད་པར་ནི་རྒྱུད་སྡེ་བཞི་པོ་སོ༷་སོ༷འི་རི༷ང་ལུ༷གས་བཞི༷ན་ནོ། །གཉིས་པ་
དབྱེ་བ་ལ་གཉིས། རྒྱུད་སྡེ་བཞིའི་ལུགས་སྤྱིར་དབྱེ་བ་དང་། བླ་མེད་ཀྱི་ལུགས་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་རྒྱུད་སྡེ་བཞིའི་ལུགས་སྤྱིར་དབྱེ་བ་ནི། དབྱེ་བ་བྱ་སྤྱོད་རྣལ་འབྱོར་བླ་མེད་བཞིར། །རྩ་ལྟུང་བཅུ་བཞི་སོ་སོར་གྲངས་ངེས་པར། །དུས་ཀྱི་འཁོར་ལོར་བཤད་པས་གཞན་དུ་བལྟ། །ཞེས་པ་སྟེ། དེ་ལ་དབྱེ༷་བ༷་བྱས་ན་བྱ༷་སྤྱོད༷་རྣལ༷་འབྱོར༷་བླ༷་མེ༷ད་ཀྱི་རྒྱུད་བཞི༷ར་རྩ་ལྟུང༷་བཅུ༷་བཞི༷་སོ༷་སོ༷ར་གྲ༷ངས་ངེ༷ས་པ༵ར་དཔལ་ལྡན་དུས༷་ཀྱི༷་འཁོ༷ར་ལོ༷འི་འགྲེལ་པར༷་བཤད༷་པ༷ས་གཞ༷ན་དུ༷་བལྟ༷་ཞེས་ཞལ་འཕངས་པ་སྟེ། འདིར་མིང་ཙམ་སྨོས་ན། དང་པོ་བྱ་རྒྱུད་ལ། དཀོན་མཆོག་ལ་དད་པ་དང་། སྔགས་ལ་དད་པ། ཐེག་ཆེན་ལ་མོས་པ། བླ་མ་དང་མཆེད་ལ་གུས་པ། འདས་མ་འདས་ཀྱི་ལྷ་གཞན་ལ་མི་སྡང་བ། རང་གི་ལྷ་དུས་དུས་སུ་མཆོད་པ། གཞུང་གཞན་མི་མཆོད་པ། གློ་བུར་བའི་མགྲོན་མཆོད་པ། བྱམས་པ་མི་གཏོང་བ། སེམས་ཅན་གྱི་དོན་ལ་བརྩོན་པ། བཟླས་བརྗོད་ལ་བརྩོན་པ། དམ་ཚིག་གཞན་ཡང་ཅི་ནུས་བསྲུངས་པ། སྣོད་མིན་ལ་སྔགས་རྒྱ་མི་སྦྱིན་པ། རང་གི་སྔགས་རྒྱུད་སྲུང་ཞིང་དེའི་དོན་རྟོགས་པར་བྱེད་པ་རྣམས་ཏེ། དེ་དག་བཟློག་ན་རྩ་ལྟུང་དུ་འགྱུར་བ་ཡིན་ནོ། །
སྤྱོད་རྒྱུད་ལ། མི་དགེ་བཅུ་དང་། རྩ་བ་བཞི་སྤོང་བའོ། །དེ་ལ་རྩ་བ་བཞི་ནི་དམ་པའི་ཆོས་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་སྤོང་བ་དང་། སེར་སྣས་མི་སྦྱིན་པ་དང་། སེམས་ཅན་ལ་གནོད་པ་བྱ་བའོ། །རྣལ་འབྱོར་རྒྱུད་ལ་རིགས་ལྔའི་སྡོམ་བཟུང་ལྟར། དེ་བཞིན་གཤེགས་པའི་རིགས་ལ་སྐྱབས་གསུམ་འཛིན་པ་སྟེ་གསུམ། རྡོ་རྗེའི་རིགས་ལ་རྡོར་དྲིལ་ཕྱག་རྒྱ་སློབ་དཔོན་བཟུང་བ་བཞི། རིན་ཆེན་རིགས་ལ་སྦྱིན་པ་རྣམ་བཞི་གཏོང་བ་བཞི། པདྨའི་རིགས་ལ་དམ་ཆོས་མ་ལུས་འཛིན་པ་སྟེ་གཅིག །ལས་རིགས་ལས་སྔར་གྱི་སྡོམ་པ་རྣམས་འཛིན་པ་དང་། མཆོད་པའི་ལས་ལ་འབད་པ་སྟེ་གཉིས་བཅས་བཅུ་བཞི་བསྒྲུབ་པའི་བསླབ་བྱ་དང་། དེ་ལས་བཟློག་པ་རྩ་ལྟུང་བཅུ་བཞིའོ། །བླ་མེད་ཀྱི་རྩ་ལྟུང་ནི་འཆད་པར་འགྱུར་བས་ཤེས་སོ། །གཉིས་པ་བླ་མེད་ཀྱི་ལུགས་བྱེ་བྲག་ཏུ་དབྱེ་བ་ནི། བླ་མེད་ལུགས་ལ་བརྟུལ་ཞུགས་ཉི་ཤུ་ལྔ། །རིགས་ལྔའི་སྡོམ་པ་རྩ་ལྟུང་བཅུ་བཞི་དང་། །སྦོམ་པོ་དང་ནི་རྫོགས་པ་ཆེན་པོའི་སྲོལ། །ཞེས་པ་སྟེ། འདིར་གཙོ་བོ་བླ༷་མེ༷ད་ཀྱི་ལུ༷གས་ཀྱི་སྡོམ་པ་བཤད་པ་ལ༷་བརྟུལ༷་ཞུ༷གས་ཉི༷་ཤུ༷་རྩ་ལྔ༷་ཐུན་མོང་དང་། ཁྱད་པར་རི༷གས་ལྔ༷འི་སྡོ༷མ་པ༷་དང་། རྒྱུད་སྡེ་སྤྱི་ལ་
གྲགས་པའི་རྩ༷་བའི་ལྟུ༷ང་བ་བཅུ༷་བཞི༷་ད༷ང་། དེའི་ཡན་ལག་སྦོ༷མ་པོ༷འི་བརྒྱད་ད༷ང་ནི༷་རྫོ༷གས་པ༷་ཆེ༷ན་པོ༷འི་སྲོལ༵་གྱི་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ཏེ་རིམ་བཞིན་འཆད་པར་འགྱུར་རོ། །གསུམ་པ་སྔགས་སྡོམ་མ་ཐོབ་པ་ཐོབ་པར་བྱེད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དང་པོ་མ་ཐོབ་ཐོབ་པའི་ཚུལ་བཤད་པ། །ཞེས་པ་སྟེ། འདིར་ཅུང་ཟད་ཞིབ་ཏུ་སྨོས་ན། དེའང་ནང་གསེས་སུ་ད༷ང་པོ༷་མ༷་ཐོ༷བ་པ་ལ་གསར་དུ་བསྐུར་བ་ནི་རྒྱུའི་དབང་ཡིན་ལ། དེ་ནས་བླ་མས་བསྐུར་བ་དང་རང་གིས་བདག་འཇུག་ལེན་པ་སོགས་ལ་ལམ་དབང་ཞེས་བྱ་ཞིང་། རྒྱུན་མཐར་ལོངས་སྤྱོད་རྫོགས་པའི་སྐུའི་དབང་བསྐུར་བས་བག་ཆགས་ཕྲ་བ་དག་ནས་སྟོན་འཁོར་དབྱེར་མེད་དུ་གྱུར་པ་ནི་འབྲས་བུའི་དབང་ཡིན་པས་ན་རྒྱུ་ལམ་གཉིས་ཀྱི་དབང་ཇི་ལྟར་ཐོ༷བ་པ༷འི་ཚུལ༷་བཤ༷ད་པ༵་ནི་འདི་ལྟ་སྟེ་ཞེས་སོ། །འདི་ལས་འཕྲོས་པ་དབང་བསྐུར་བ་པོ་རྡོ་རྗེ་སློབ་དཔོན་ནི། སྤྱི་མདོ་ལས། བརྟན་ཞིང་དུལ་ལ་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་བ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་
རྣམས་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་དང་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་ཡང་སྡུད་པའི་རྣམ་པ་ནི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ཞེས་པ་ལ་སོགས་པ་རྒྱུད་ལས་གསུངས་པའི་མཚན་ཉིད་དང་ལྡན་པ་དང་། གཙོ་བོ་རང་གི་བླ་མ་རྡོ་རྗེ་སློབ་དཔོན་ལ་མཆོག་ཏུ་གུས་པས་དམ་ཚིག་ལ་ཉམས་སྐྱོན་མེད་པ་དང་། གདུལ་བྱ་བློས་མི་གཏོང་བའི་བྱམས་སྙིང་སེམས་བསྐྱེད་ཆེ་ཞིང་། བསྟན་པའི་རྒྱུན་ཡལ་བར་མི་དོར་བའི་ལྷག་བསམ་ནུས་ཤུགས་དང་ལྡན་པ་ནི་དབང་བསྐུར་བ་པོ་སློབ་དཔོན་གྱི་མཚན་ཉིད་ཡིད་ལ། དེས་གང་ལ་དབང་བསྐུར་བའི་ཡུལ་སློབ་མ་ནི། མན་ངག་གསང་བ་ལས། དད་བརྩོན་ཤེས་རབ་གཏོང་ཕོད་ཚེ། །སྒོམ་སྒྲུབ་དམ་
ཚིག་ལ་ཡིད་རྟོན། །སྒྲུབ་དང་སྒོམ་ལ་དགའ་བ་དང་། །རྟག་ཏུ་བླ་མ་ལ་གུས་ཤིང་། །དུས་གསུམ་བླ་མ་མཆོད་བྱེད་པ། །ཡོན་ཏན་དང་ལྡན་སློབ་མ་ཡིན། །ཞེས་སོགས་ཀྱི་མཚན་ཉིད་ཚང་བའི་སློབ་མ་ལ། ཇི་ལྟར་བསྐུར་བའི་ཚུལ་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པའི་དོན་བཞིན་མ་ནོར་མ་འཁྲུགས་བར་བསྐུར་བར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། དཀྱིལ་འཁོར་གྱི་རྣམ་གཞག །དབང་བཞིའི་རྣམ་གཞག །བྲལ་ཐོབ་ཀྱི་རྣམ་གཞག །ཐོབ་མཚམས་ཀྱི་རྣམ་གཞག །རྗེས་ཀྱི་རྣམ་གཞག་གོ། །དང་པོ་དཀྱིལ་འཁོར་གྱི་རྣམ་གཞག་ནི། རྡུལ་ཚོན་དང་ནི་དེ་བཞིན་བྷ་ག་དང་། །ཀུན་རྫོབ་དོན་དམ་བྱང་སེམས་དཀྱིལ་འཁོར་བཞིར། །ཞེས་པ་སྟེ། དབང་དང་པོ་བུམ་དབང་ནི་ཕྱི་མཚན་མའི་དཀྱིལ་འཁོར་ལ་བསྟེན་དགོས་པའི་ཕྱིར། བློ་རབ་ལ་ཚོམ་བུ། བློ་འབྲིང་ལ་རས་བྲིས། བློ་ཐ་མ་ལ་རྡུལ༷་ཚོ༷ན་གྱི་དཀྱིལ་འཁོར་ལྷག་པའི་ལྷ་གང་ཡིན་གྱི་གཞུང་དང་མཐུན་པ་ད༷ང་ནི༷་དེ༷་བཞི༷ན་ཁྱད་པར་དབང་གཉིས་པ་ལ་སྔགས་ཀྱི་དེ་ཁོ་ན་ཉིད་ཡི་གེ་བྷ༷་ག༷འི་ད༵ང་། དབང་གསུམ་པ་ལ་ལྷའི་དེ་ཁོ་ན་ཉིད་ཀུན་རྫོ༷བ་བྱང་ཆུབ་སེམས་ཀྱི་དང་། དབང་བཞི་པ་ལ་ཡེ་ཤེས་ཀྱི་དེ་ཁོ་ན་ཉིད་དོ༷ན་ད༷མ་བྱ༷ང་ཆུབ་སེ༷མས་སྙིང་པོ་
ཡེ་ཤེས་རླུང་གི་དཀྱི༷ལ་འཁོ༷ར་ཏེ་དེ་བཞི༷ར་བརྟེན་ནས་དབང་བསྐུར་བར་བྱའོ། །གཉིས་པ་ཇི་ལྟར་བསྐུར་བའི་དབང་བཞིའི་རྣམ་གཞག་ནི། བུམ་པ་གསང་བ་ཤེས་རབ་བཞི་པའི་དབང་། །མཚན་ཉིད་ལྡན་པའི་སློབ་བུར་རིམ་པར་བསྐུར། །ཞེས་པ་སྟེ། ཐོག་མར་བུམ་དབང་ལ། སའི་ཆོ་ག་དང་། བུམ་པ་དང་། ལྷ་དང་། སློབ་མ་སྟ་གོན་སོགས་སྔོན་དུ་སོང་ནས། བདག་ཉིད་དཀྱིལ་འཁོར་དུ་ཞུགས་ནས་སློབ་མ་སྣོད་དུ་རུང་བར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པར་བྱས་ནས་དམ་ཚིག་དང་སྡོམ་པ་འཛིན་དུ་བཅུག་ལ། དེ་ནས་དབང་དངོས་གཞི་བསྐུར་བ་ནི་སློབ་དཔོན་སྐུ་རྡོ་རྗེ་སྤྲུལ་སྐུའི་ངོ་བོ་དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བཞུགས་ལ་དེ་ལས་སྤྲུལ་པའི་ལྷ་དང་རང་བཞིན་གྱི་གནས་ནས་སྤྱན་དྲངས་པའི་ལྷ་སྟེ་དེ་ཐམས་ཅད་ཀྱང་གདན་གསུམ་ཚང་བའི་རྣམ་པར་བཞུགས་པ་རྣམས་ཀྱིས། སློབ་མ་དབང་རྫས་དང་བཅས་པ་ལྷར་བསྐྱེད་དེ་ཡེ་ཤེས་པ་བཅུག་ལ་དབང་རྫས་ཀྱི་ལྷ་རྣམས་འོད་དུ་ཞུ་ནས་དབང་རྫས་སོ་སོའི་རྣམ་པར་གྱུར་པ་ཐོགས་ཏེ་རིག་པའི་དབང་ལྔ་དང་། ཐབས་རྡོ་རྗེ་བརྟུལ་ཞུགས་ཀྱི་དབང་སྟེ་སློབ་མའི་དབང་དྲུག་དང་། ཐབས་བྱུང་རྡོ་རྗེ་སློབ་དཔོན་གྱི་དབང་སྟེ་བུ༷མ་པ༷འི་དབང་དངོས་གཞི་བདུན་དང་། དེའི་
ཡན་ལག་མཐའ་རྟེན་དང་བཅས་པ་བསྐུར་བས་སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བ་དང་། སློབ་དཔོན་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་ངོ་བོར་ཡབ་ཡུམ་སྙོམས་པར་ཞུགས་ཏེ་སངས་རྒྱས་ཐམས་ཅད་སྤྱན་དྲངས་པ་བསྟིམས་ནས་རྗེས་ཆགས་ཀྱིས་ཞུ་བ་བདུད་རྩི་བྱང་ཆུབ་ཀྱི་སེམས་དཀར་དམར་གྱི་ངོ་བོ་གསང་དཀྱིལ་དུ་གནས་པ་དེ་གསང་རྩེ་གཉིས་གང་རུང་ནས་སློབ་བུས་ལེན་པའམ། མ་ནུས་ན་མེ་ལོང་ཡུ་བ་ཅན་གྱིས་བླངས་ཏེ་བདུད་རྩི་དང་སྦྱར་ནས་སློབ་མའི་ལྕེ་ལ་བཞག་པ་སྙིང་གར་བསྟིམས་ཏེ་གས༷ང་བ༷འི་དབང་བསྐུར་བས་གསལ་སྟོང་བརྗོད་བྲལ་གྱི་ཡེ་ཤེས་ཉམས་སུ་མྱོང་བ་དང་། རྡོ་རྗེ་སློབ་དཔོན་ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་ངོ་བོར་བཞུགས་ཏེ་སློབ་མ་ཡབ་ཡུམ་སྙོམས་པར་ཞུགས་པ་ལ་བརྟེན་ནས་ཤེ༷ས་ར༷བ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི་ཡེ་ཤེས་པ་བསྟིམས་ནས་ཡས་བབ་དགའ་བཞིའི་འགྲོས་ཀྱིས་ཕྱིན་པ་རྡོ་རྗེ་ནོར་བུའི་བུམ་པར་འཛག་མེད་དུ་བཟུང་བས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བ་དང་། སློབ་དཔོན་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་ངོ་བོར་བཞུགས་ལ་གསུམ་པའི་དུས་ཀྱི་དགའ་བཞི་རྫོགས་ནས་ཐབས་ཀྱིས་ལྡོག་པ་ལས་མས་བརྟན་གྱི་དགའ་བ་བཅུ་དྲུག་མཐར་ཕྱིན་པའི་
ཚེ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བ་ནི་བཞི༷་པ༷འི་དབ༵ང་ཡིན་ལ། དེ་ལ་ཡང་ཚིག་ཙམ་གྱིས་ཡེ་ཤེས་ངོ་སྤྲོད་པ་ཚིག་གི་དང་། བདེ་བ་ཆེན་པོའི་ཡེ་ཤེས་མཆོག་གི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས་པ་དོན་གྱི་དང་། ལས་རྒྱལ་བརྟེན་ནས་ཉམས་མྱོང་འདྲེན་པ་རྟེན་ཅན་གྱི་དང་། དེ་གོམས་པར་བྱེད་པ་ལམ་གྱི་དང་། དེ་མཐར་ཕྱིན་པ་འབྲས་བུའི་བཞི་པ་སྟེ་ལྔའོ། །གང་ལ་བསྐུར་ན་རང་དོན་ནུས་པའི་དད་པ་ཅན་དང་། གཞན་དོན་ནུས་པའི་བརྩོན་འགྲུས་ཅན་དང་། བདུད་རྩི་ལྔ་སོགས་དམ་ཚིག་གི་རྫས་ཁྱད་པར་ཅན་ལ་སྤོང་ལེན་མེད་པར་སྤྱོད་ནུས་ཤིང་རང་བྱིན་གྱི་རློབ་པའི་ལམ་བསྒོམ་ནུས་པའི་བརྟུལ་ཞུགས་ཅན་དང་། རྩ་ཐིག་རླུང་གསུམ་ལས་སུ་རུང་ནས་ཕྱག་རྒྱ་བརྟེན་ནུས་པ་རིག་མའི་བརྟུལ་ཞུགས་ཅན་དང་། དབྱེར་མེད་བླང་དོར་དང་བྲལ་བར་འཇོག་ནུས་པའི་མཉམ་པའི་བརྟུལ་ཞུགས་ཅན་ཏེ་མཚ༷ན་ཉི༷ད་དང་ལྡ༷ན་པ༷འི་སློབ༷་བུར༷་དབང་བཞི་པོ་གོ་རིམ་མ་འཆོལ་བར་དུམ་བུའི་ལུགས་སམ་མཐར་ཆགས་ཀྱི་ལུགས་གང་རུང་གིས་རི༷མ་པ༷ར་བསྐུར༵་བར་བྱ་སྟེ། རྒྱུད་ལས། དད་བརྩོན་བརྟུལ་ཞུགས་རབ་རྟོགས་ན། །ཕན་པའི་དབང་སྦྱིན་ནུས་པའི་དབང་། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་
ཟོས་པར་བཟུང་། །ཞེས་སོ། །གསུམ་པ་བྲལ་ཐོབ་ཀྱི་རྣམ་གཞག་ནི། སད་རྨི་གཉིད་འཐུག་སྙོམས་འཇུག་གནས་སྐབས་བཞིས། །བསྐྱེད་པའི་སྒོ་གསུམ་ཤེས་བྱའི་དྲི་མ་སྦྱངས། །བསྐྱེད་རིམ་གཏུམ་མོ་དཔེ་དོན་ཡེ་ཤེས་གཉིས། །སྒོམ་དང་སྐུ་བཞི་ཐོབ་པའི་ནུས་རུང་བྱ། །ཞེས་པ་སྟེ། དེ་ལྟར་དབང་བཞི་བསྐུར་བས་རིམ་པ་བཞིན་ས༷ད་པའི་གནས་སྐབས་ཀྱི་སྣང་བ་རགས་པ་དང་། རྨི༷་ལམ་གྱི་གནས་སྐབས་ཐིག་ལེ་རླུང་གིས་བསྐྱོད་པ་ལས་སྣང་བ་ཕྲ་བ་དང་། གཉི༷ད་འཐུ༷ག་གི་གནས་སྐབས་ཅི་ཡང་མི་རྟོག་པའི་ཡིད་ཀྱི་ཐིག་ལེ་ཁོ་ན་དང་། སྙོ༷མས་འཇུ༷ག་གི་གནས་སྐབས་བདེ་བའི་ངང་དུ་རྟོག་ཚོགས་ཐམས་ཅད་འགག་པ་སྟེ། དེ་ལྟར་གན༷ས་སྐབ༷ས་བཞི༵ས་བསྐྱེད༷་པ༷འི་རགས་པ་ལུས་དང་། ཕྲ་བ་ངག་དང་། ཤིན་ཏུ་ཕྲ་བ་ཡིད་དེ་སྒོ༷་གསུ༷མ་དང་། ཆེས་ཤིན་ཏུ་ཕྲ་བ་ཀུན་གཞི་ཙམ་སྟེ་ཤེ༷ས་བྱ༷འི་དྲི༷་མ༷་རྣམས་དང་། གཞན་ཡང་རིམ་པ་བཞིན་དུ་ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ཡུལ་ལ་ཞེན་པ་ལྷའི་བུའི་བདུད་རྣམས་བཅོམ་སྟེ། ལས་སྒྲིབ་དང་། ཉོན་སྒྲིབ་དང་། ཤེས་སྒྲིབ་རགས་པ་དང་། ཤེས་སྒྲིབ་ཕྲ་བ་འཕོ་བའི་བག་ཆགས་ཀྱི་
སྒྲིབ་པ་རྣམས་སྦྱང༵ས་ཤིང་དག་པའི་ནུས་པ་འཇོག་གོ། །དེ་རྣམས་ནི་གཙོ་བོར་སྦྱངས་བྱ་གཞི་དང་སྦྱར་བ་ཡིན་ལ། སྦྱོང་བྱེད་ལམ་དང་སྦྱར་ན། བུམ་དབང་གིས་གཙོ་བོར་བསྐྱེ༷ད་རི༷མ་དང་། གསང་དབང་གིས་གཏུམ༷་མོ༷་དང་། ཤེར་དབང་གིས་དཔེ༷འི་ཡེ་ཤེས་དང་། ཚིག་དབང་གིས་དོ༷ན་གྱི་ཡེ༷་ཤེ༷ས་ཏེ། དབང་ཕྱི་མ་གཉི༵ས་ཀྱིས་དཔེ་དོན་གྱི་ཡེ་ཤེས་གཉིས་སྒོ༷མ་པ་ལ་དབང་བ་ད༷ང་། འབྲས་བུ་དང་སྦྱར་ན། བུམ་དབང་གིས་སྤྲུལ་སྐུ། གསང་དབང་གིས་ལོངས་སྐུ། ཤེར་དབང་གིས་ཆོས་སྐུ། ཚིག་དབང་གིས་ངོ་བོ་ཉིད་སྐུ་སྟེ་སྐུ༷་བཞི༷་ཐོ༷བ་པའི་ནུས༷་པ་རྒྱུད་ལ་བཞག་པ་ན་མཐར་ཐུག་སྐུ་བཞི་མངོན་དུ་འགྱུར་རུ༷ང་དུ་བྱ༵་བ་ཡིན་ནོ། །བཞི་པ་ཐོབ་མཚམས་ཀྱིས་རྣམ་གཞག་ནི། དང་པོ་གནས་གསུམ་རྡོ་རྗེ་གསུམ་བསྐྱེད་ནས། ཐ་མ་དབང་བཞི་ཡོངས་སུ་རྫོགས་པའི་ཚེ། །རིག་འཛིན་སྡོམ་པ་ཐོབ་ཅིང་། ཞེས་པ་སྟེ། དེ་ནས་སྔགས་སྡོམ་ཐོབ་མཚམས་ངོས་བཟུང་བ་ལ། ད༷ང་པོ༷་སློབ་མའི་གན༷ས་གསུ༷མ་དུ་རྡོ༷་རྗེ༷་གསུ༷མ་གྱི་ལྷའམ་ཡིག་འབྲུ་བསྐྱེད༷་ན༷ས་སྒོ་གསུམ་བྱིན་གྱིས་བརླབས་པའི་དུས་དེ་ནས་འགོ་བརྩམ་སྟེ། དངོས་གཞི་བུམ་པའི་དབང་དང་མཆོག་དབང་གསུམ་བཅས་རིམ་པར་
བསྐུར་ཞིང་ཐོབ་པ་ལས། ཐ༷་མ༷་དབ༷ང་བཞི༷་ཡོ༷ངས་སུ༷་རྫོ༷གས་པ༷འི་ཚེ༷་ན་རི༷ག་པ་འཛི༷ན་པའི་སྡོ༷མ་པ༷་མཐའ་དག་ཐོ༷བ་ཟིན་པ་ཡིན་ཅི༷ང་། དེ་ལྟར་ཐོབ་མ་ཐག་པ་ནས་བསླབ་བྱའི་གནས་རྣམས་ལ་སློབ་པའི་འདུ་ཤེས་བསྐྱེད་པ་ལ་ནན་ཏན་དུ་བྱའོ། །ལྔ་པ་རྗེས་ཀྱི་རྣམ་གཞག་ནི། དེ་ཡི་རྗེས། ཁས་བླངས་སྡོམ་དང་དམ་ཚིག་བསླབ་ལ་འབད། །ཅེས་པ་སྟེ། དེ་ལྟར་སྣོད་དང་འཚམས་པར་དབང་བཞི་མཐའི་རྟེན་དང་བཅས་པ་བསྐུར་ཐོབ་ཟིན་པ་དེ༷་ཡི༷་རྗེ༵ས་སུ་སློབ་དཔོན་གྱིས་དམ་ཚིག་གི་རྣམ་གཞག་རྒྱས་པར་བསྒྲགས་པ་རྣམས། སློབ་མས་བསྡུས་ཏེ་ཁ༷ས་བླ༷ངས་པས་བཟུང་བ་དང་། བཟུང་ནས་ཀྱང་གསང་སྔགས་རིག་པ་འཛིན་པའི་སྡོ༷མ་པ་ད༷ང་ད༷མ་ཚིག་གི་ཚུལ་ལ་བླང་དོར་མ་ནོར་བར་བསླབ༷་པ་ལ༷་འབ༵ད་པར་བྱ་དགོས་སོ། །བཞི་པ་ཐོབ་པ་མི་ཉམས་པར་བསྲུང་བ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། བར་དུ་མི་ཉམས་བསྲུང་བའི་ཐབས་བཤད་པ། །ཞེས་པ་སྟེ། དེ་ལྟར་སྔགས་སྡོམ་མ་ཐོབ་པ་ཉིད་ཐོབ་པ་ཙམ་ཁོ་ནས་མི་ཆོག་སྟེ། བ༷ར་དུ༷་ཐོབ་པའི་རྒྱུན་དེ་མི༷་ཉ༷མས་པར་བསྲུ༷ང་བ༷འི་ལྷག་བསམ་ཁྱད་པར་ཅན་གྱིས་
བསྲུང་བར་བྱ་དགོས་ལ། དམ་ཚིག་དང་སྡོམ་པ་ནི་སྔགས་ཀྱི་བསླབ་པ་མ་ལུས་པའི་གཞི་རྟེན་ཡིན་པས། དེ་ཉམས་ན་བསླབ་པ་ཐམས་ཅད་དོན་མེད་པར་འགྱུར་བའི་ཕྱིར། དཔེར་ན་སྲོག་གི་དབང་པོ་འགག་ན་དབང་པོ་ཐམས་ཅད་འགག་པར་འགྱུར་བ་བཞིན། དེས་ན་བསྲུང་ཐ༷བས་ཤེས་པ་ལ་རགས་ལས་པས་ན་འདིར་དེའི་ཚུལ་བཤ༷ད་པ༵་ལ་ཞེས་སོ། གཉིས་པ་རྒྱས་པར་བཤད་པ་ལྔ། བརྟུལ་ཞུགས་ཉེར་ལྔ། རིགས་ལྔའི་སྡོམ་པ། རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་སྦོམ་པོའི་ལྟུང་བ། ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་བཤད་པའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཐོག་མའི་བརྟུལ་ཞུགས་དུས་ཀྱི་འཁོར་ལོ་ལས། །ཞེས་པ་སྟེ། ཐོ༷ག་མ༷ར་སྔགས་ཀྱི་བསླབ་པ་ཐམས་ཅད་ཀྱི་རྟེན་གཞི་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཡན་ལག་བརྟུལ༷་ཞུག༷ས་ཉེར་ལྔ་པོ་དཔལ་ལྡན་དུས༷་ཀྱི་འཁོ༷ར་ལོ༷་ལ༵ས་གསུངས་པ་ལྟར་ཤེས་པར་བྱའོ། །གཉིས་པ་རྒྱས་པར་བཤད་པ་ལ་ལྔ། སྤང་བ་ལྔ། མི་བྱ་ལྔ། གསོད་པ་ལྔ། མི་འཁུ་བ་ལྔ། མི་ཞེན་པ་ལྔ་རྣམས་སུ་ཡོད་པ་ལས། དང་པོ་སྤང་བ་ལྔ་ནི་
གསོད་རྫུན་རྐུ་དང་འདོད་ལོག་ཆང་འཐུང་བ། །སྤང་བྱ་བསླབ་པའི་གཞི་ལྔ་སྤང་ཞེས་གསུངས། །ཞེས་པ་སྟེ། སྲོག་ཆགས་ཕྲ་མོ་གཅིག་ཡན་ཆད་གསོ༷ད་པར་བྱེད་པ་ལྟ་ཅི། སྐད་ཅིག་ཙམ་ཡང་མནར་སེམས་ཀྱིས་འཚེ་བ་དང་། རང་འདོད་ཀྱིས་གཞན་བསླུ་བསམ་པའི་རྫུ༷ན་སྨྲ་བ་དང་། དུད་འགྲོ་བདག་ཏུ་བཟུང་བ་ཡན་ཆད་ཀྱི་གཞན་ནོར་བརྐུ༷་བ་ད༷ང་། གཞན་གྱི་བུད་མེད་ལ་འདོ༷ད་པའི་ལོ༷ག་པར་གཡེམ་པ་དང་། ཉེས་པ་བསྐྱེད་པའི་གཞི་ཆ༷ང་འཐུ༷ང་བ༵ས་མྱོས་པ་སྟེ། དེ་ལྔའི་ཕྱོགས་མཐུན་ཆར་གཏོགས་དང་བཅས་པ་སྤང་བར་བྱ་དགོས་ཏེ། འཁོར་བའི་གནས་སུ་འཆིང་བྱེད་དམ་པོ་རྡོ་རྗེའི་ཞགས་པ་དང་མཚུངས་ཤིང་། རང་གཞན་གྱི་དགེ་བ་ཐམས་ཅད་འཇོམས་པར་བྱེད་པས་ན། འདི་རྣམས་བརྟུལ་ཞུགས་ཕྱི་མ་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་སྤ༷ང་བྱ༷་བསླ༷བ་པ༷འི་གཞི༷་ལྔ༷་འདི་དག་ཀུན་སྤ༷ང་ཞེ༷ས་གསུ༷ངས་པ་ཡིན་ནོ། །གཉིས་པ་མི་བྱ་བ་ལྔ་ནི། ཆོ་ལོ་ཁ་ན་མ་ཐོའི་ཟས་ཟ་དང་། །ངན་ཚིག་འབྱུང་པོ་ལྷ་མིན་ཆོས་བསླབ་པ། །རྣམ་པ་ལྔ་ནི་བྱ་བ་མིན་ལྔའོ། །ཞེས་པ་སྟེ། ཤྭ་དང་མིག་མང་རྒྱལ་བློན་སོགས་ཆོ༷་ལོ༷་རྩེ་བ་དང་། རང་གིས་བསད་པའི་ཤ་མ་གཏོགས་ལས་ཀྱིས་ཤི་བའི་ཤ་
མི་ཟ་བ་སོགས་ཁ༷་ན༷་མ༷་ཐོ༷འི་ཟ༷ས་ཟ༷་བ་ད༵ང་། ང༷ན་ཚི༷ག་གི་བསྟན་བཅོས་དམག་འཁྲུག་གི་ལོ་རྒྱུས་སྒྲུང་གཏམ་སོགས་སྨྲ་བ་དང་། འབྱུང༷་པོ༷འི་ཆོས་ཕྱུགས་ཀྱི་མཆོད་སྦྱིན་བྱ་བ་སོགས་མུ་སྟེགས་པའི་ལུགས་དང་། བྱ་གག་གི་བཏུང་བ་འབའ་ཞིག་བསྟེན་པ་སོགས་ལྷ༷་མི༷ན་གྱི་ཆོ༷ས་ཞེས་ཀླ་ཀློའི་ཆོས་ལུགས་ལ་བསླ༷བ་པ༵་སྟེ་རྣ༷མ་པ༷་ལྔ༷་ནི༷་དགེ་བའི་ཕྱོགས་ཉམས་པར་བྱེད་པའི་ཉེ་བའི་སྡིག་པ་ལྔ་ཞེས་གྲགས་ལ་བྱ༷་བ༷་མི༷ན་པ་ལྔ༷འོ། །གསུམ་པ་གསོད་པ་ལྔ་ནི། བ་ལང་བྱིས་པ་སྐྱེས་པ་བུད་མེད་དང་། །མཆོད་རྟེན་བསྣུན་པ་གསོད་པ་ལྔ་རུ་གྲགས། །ཞེས་པ་སྟེ། སྤྱིར་རྐང་པ་དང་པོའི་གསོད་པ་བཞི་སྔར་བཤད་པའི་གསོད་པའི་ནང་དུ་འདུ་ནའང་། མུ་སྟེགས་པ་རྣམས་ཀྱིས་སྤྱིར་འཚེ་བ་སྡིག་པ་ཡིན་ཀྱང་། མཐོ་རིས་ཀྱི་ཆེད་དུ་མཆོད་སྦྱིན་བྱ་བ་དང་། མ་མོ་མཆོད་པ་དང་སྐྱེས་པ་དང་བུད་མེད་ཐོབ་པའི་ཆེད་དུ་རིམ་པ་བཞིན། བ༷་ལ༷ང་དང་། བྱི༷ས་པ༷་དང་། སྐྱེ༷ས་པ༷་དང་། བུ༷ད་མེ༷ད་གསོད་པ་ལ་དགེ་བར་འདོད་པས་དེ་དགག་པའི་ཆེད་དུ་འདིར་དམིགས་ཀྱིས་བཀར་ནས་གསུངས་པ་ད༵ང་། ཡང་ཀླ་ཀློ་རྣམས་ཀྱིས་ལྷ་མིའི་བླ་མ་གསོད་པ་ཞེས་སྐུ་གསུང་ཐུགས་རྟེན་མཆོ༷ད་རྟེ༷ན་ལ་བསྣུན༷་ཏེ་བཤིགས་པ༷་བསོད་ནམས་སུ་
འདོད་པ་དེ་དག་ལ་གསོ༷ད་པ༷་ལྔ༷་རུ༷་གྲ༷གས་པ་དེ་རྣམས་སྤང་བར་བྱའོ། །བཞི་པ་མི་འཁུ་བ་ལྔ་ནི། དགེ་གྲོགས་རྗེ་བོ་སངས་རྒྱས་དགེ་འདུན་དང་། །བླ་མར་ཁོང་ཁྲོ་བསྒོམ་རྣམས་འཁུ་བ་ལྔ། །ཞེས་པ་སྟེ། ཆོས་དང་འཇིག་རྟེན་གང་རུང་གིས་སྦྲེལ་བའི་མཉམ་པོར་དགེ༷་བར་འགྲོགས་པའི་གྲོ༵གས་པོ་དང་། རང་ལས་རྒན་པའི་རྗེ༷་བོ༷་བཀུར་བར་འོས་པ་དང་། ལྷ་མིའི་བླ་མ་ས༷ངས་རྒྱས༷་དང་། དགེ་སློང་གི་དགེ༷་འདུ༷ན་ད༵ང་། ཡིད་བརྟན་པར་འོས་པའི་མཁན་སློབ་བླ༷་མ༷་སྟེ་ཡུལ་དེ་དང་དེར༷་ཁོ༷ང་ཁྲོ༷་བསྒོ༷མ་ཞིང་འཁང་བ་རྣ༷མས་འཁུ༷་བ༷་ལྔ༷་སྟེ་སྤང་བར་བྱའོ། །ལྔ་པ་མི་ཞེན་པ་ལྔ་ནི། གཟུགས་སྒྲ་དྲི་རོ་རེག་བྱ་ཡུལ་ལྔ་ལ། །མིག་དང་རྣ་བ་སྣ་ལྕེ་ལུས་དབང་ལྔས། །ཞེན་པར་མི་བྱེད་བརྟུལ་ཞུགས་ཉེར་ལྔའོ། །ཞེས་པ་སྟེ། དེ་ཡང་གཟུ༷གས་སྒྲ༷་དྲི༷་རོ༷་རེ༷ག་བྱ༷་སྟེ་ཡུལ༷་ལྔ༷་པོ་དེ་ལ༵། མི༷ག་ད༷ང་རྣ༷་དང་སྣ་དང་ལྕེ༷་དང་ལུ༷ས་ཀྱི་དབ༷ང་པོ་སྟེ་ཡུལ་ཅན་དེ་ལ་བརྟེན་པའི་ཤེས་པ་ལྔ༵ས་ཞེན་ཅིང་ཆགས་པ༷ར་མི༷་བྱེད༷་དེ། ཡང་སྲིད་འཕེན་ནུས་ཀྱི་ལས་སུ་རྫོགས་པས་ན། བསྐྱེད་རིམ་གྱིས་དབང་ཡུལ་ལྷར་བསྒྱུར་བ་དང་། རྫོགས་རིམ་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་འཇུག་པ་གཅོད་པ་སོགས་དྲན་ཤེས་ཀྱི་གཉེན་པོ་བསྟེན་
པ་ལ་འབད་པར་བྱའོ། །དེ་དག་ལ་རྡོ་རྗེ་སེམས་དཔའི་བརྟུལ༷་ཞུག༷ས་ཉེར༷་་ལྔ༷་ཞེས་བྱའོ༵། །གཉིས་པ་རིགས་ལྔའི་སྡོམ་པ་བཤད་པ་ལ་གཉིས། ཐུན་མོང་དང་། ཁྱད་པར་བའོ། །དང་པོ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཐུན་མོང་གྱུར་པ་རིགས་ལྔའི་སྡོམ་པ་ལྔ། །ཞེས་པ་སྟེ། འདི་རྣམས་རྣལ་འབྱོར་ཕྱི་པའི་གཞུང་དུ་བཤད་པ་ལས་དོན་འཕགས་ཀྱང་སྒྲར་མཐུན་པ་འབྱུང་ཞིང་། དེར་མ་ཟད་སྨོན་འཇུག་གི་སེམས་བསྐྱེད་དང་ཚུལ་ཁྲིམས་གསུམ་སོགས་ཐེག་ཆེན་སྤྱིའི་བསླབ་བྱ་དང་འདྲ་བས་ཐུ༷ན་མོ༷ང་དུ་གྱུར༷་པ༷་ཞེས་བྱ་སྟེ། གཞི་དེ་ལས་འདིར་རྡོ་རྗེ་ཐེག་པ་མཆོག་གི་དགོངས་པ་ལྟར་འཆད་དེ། དེ་ལ་རིགས་བྱེ་བྲག་གི་རྣལ་འབྱོར་པས་ཀྱང་རིགས་ལྔ་ཀའི་སྡོམ་པ་བསྲུང་དགོས་མོད་ཀྱང་། རང་རིགས་གང་ཡིན་གྱི་སྡོམ་པ་གཙོ་བོར་བསླབ་དགོས་པས། རིགས་ལྔ་སོ་སོའི༷་སྡོམ་པ༷འམ་དམ་ཚིག་ལྔ་ཞེས་གྲགས་སོ། །གཉིས་པ་རྒྱས་པར་བཤད་པ་ནི། སྨོན་འཇུག་གཉིས་དང་ཚུལ་ཁྲིམས་རྣམ་པ་གསུམ། །སློབ་པ་སངས་རྒྱས་རྣལ་འབྱོར་སྡོམ་པའོ། །རྡོར་དྲིལ་ཕྱག་རྒྱ་བླ་མར་བཟུང་རྡོ་རྗེ། །ནོར་ཆོས་མི་འཇིགས་བྱམས་སྦྱིན་རིན་ཆེན་འབྱུང་། །ཕྱི་ནང་གསང་
བའི་ཐེག་འཛིན་པདྨའི་རིགས། །མཆོད་གཏོར་ལས་རིམ་འཛིན་པ་ལས་ཀྱིའོ། །ཞེས་པ་སྟེ། དེ་རྣམས་རིམ་པ་བཞིན་འཆད་པའི་དང་པོ་ནི། དངོས་བསྟན་ལྟར་ན། སྨོ༷ན་པ་དང་འཇུ༷ག་པའི་སེམས་གཉི༷ས་བསྐྱེད་པ་ད༷ང་། སྡོམ་སྡུད་དོན་བྱེད་ཀྱི་ཚུལ༷་ཁྲིམ༷ས་རྣ༷མ་པ༷་གསུ༵མ་པོ་སོ་སོའི་མཚན་ཉིད་ཚང་བར་བརྟན་པོར་བཟུང་ཞིང་། དེ་ཐམས་ཅད་ཀྱི་རྟེན་དུ་ཐུན་མོང་མིན་པའི་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་སློབ༷་པ༷་དང་། སྦས་དོན་ལྟར་ན་བདེ་སྟོང་དབྱེར་མེད་ཀྱི་བྱང་སེམས་དང་སེམས་ཉིད་གདོད་ནས་དག་པ་མཆོག་གསུམ་གྱི་རང་བཞིན་དུ་བཟུང་བའོ། དེ་ཡང་སང༷ས་རྒྱས༷་རྣ༷ལ་འབྱོར༷་ཏེ་རྣམ་པར་སྣང་མཛད་ནི་གཙོ་བོ་སྐུའི་རིགས་ཡིན་ལ། སྐུ་ནི་འབྲས་ཆོས་ཐམས་ཅད་ཀྱི་རྟེན་ཡིན་པ་ལྟར་ཚུལ་ཁྲིམས་ནི་ཡོན་ཏན་ཀུན་གྱི་རྟེན་དང་། དེའི་རྟེན་ནི་སྐྱབས་འགྲོ་ཡིན་པའི་ཕྱིར། རིགས་དེའི་སྡོམ༷་པར་བཞག་པ༷འོ༵། །གཉིས་པ་ནི། དངོས་བསྟན་ལྟར་ན་ཕྱི་མཚན་མ་རྫས་ཀྱི་རྡོར༷་དྲི༷ལ་བཟུང་ནས་རང་ཉིད་ལྷ་སྐུ་ཕྱ༷ག་རྒྱ༷་ཆེན་པོར་བསྐྱེད་ནས་དག་དྲན་བྱ་བ་སྟེ། དེ་ཉིད་འདུས་པ་ལས། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་། །ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ། །དམ་ཚིག་གིས་ནི་ཕྱག་རྒྱ་ཆེར། །བྱིན་གྱིས་
བརླབས་ནས་སྙིང་པོ་བཟླ། །ཞེས་སོ། །སྦས་དོན་ལྟར་ན་ནང་གི་རྡོར་དྲིལ་ནི། ཐབས་ཡབ་ཀྱི་ནོར་བུ་རྡོ་རྗེ་དང་། ཤེས་རབ་ཡུམ་གྱི་པདྨ་དྲིལ་བུ་སྟེ། ཕྱག་རྒྱ་ནི་ཕན་ཚུན་རྒྱས་བཏབ་ནས་མཉམ་པར་སྦྱོར་བའོ། །གསང་བ་ཁམས་དཀར་དམར་གཉིས་འབར་འཛག་གིས་ཟུང་དུ་འཇུག་པ་དང་། དེ་ཁོ་ན་ཉིད་མི་འགྱུར་བའི་བདེ་ཆེན་དང་། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མེད་དུ་བསྒོམ་པ་སྟེ། དེ་དག་ཟུང་དུ་འཇུག་པའི་ཡེ་ཤེས་ནི་ཕྱག་རྒྱ་ཆེན་པོའོ། །དེ་དག་གི་དེ་ཁོ་ན་ཉིད་སྟོན་པར་མཛད་པའི་བླ༷་མ༷་ཡང་བསྙེན་བཀུར་ལ་སོགས་པས་ཡང་དག་པར༷་བཟུ༷ང་ཞིང་བརྟན་པར་བྱ་བ་རྣམས་ནི་རྡོ༷་རྗེ༵་མི་བསྐྱོད་པ་གཙོ་བོར་ཐུགས་ཀྱི་རིགས་ཡིན་ལ་ཐབས་ཤེས་གཉིས་མེད་ཀྱི་ཐུགས་མཚོན་པར་བྱེད་པ་མཚན་མ་རྫས་ཀྱི་དང་། ནང་གསང་དེ་ཁོ་ན་ཉིད་ཀྱི་རྡོར་དྲིལ་རྣམས་མཚོན་བྱ་ཐུགས་ཀྱི་ངོ་བོ་ཡིན་པས་རིགས་དེའི་དམ་ཚིག་ཏུ་བཞག་གོ། །གསུམ་པ་ནི། དངོས་བསྟན་ལྟར་ན་ཟང་ཟིང་ནོ༷ར་གྱི་སྦྱིན་པ་དང་། ཆོ༷ས་ཀྱི་སྦྱིན་པ་དང་། མི༷་འཇི༷གས་པ་སྐྱབས་ཀྱི་སྦྱིན་པ་དང་། དེའི་རྩ་བ་བྱ༷མས་པ་ཆེན་པོའི་སྦྱིན༷་པ་བཞི་པོ་ཉིན་རེ་བཞིན་དུས་དྲུག་ཏུ་བྱ་བ་དང་། སྦས་དོན་ལྟར་ན་རྗེས་ཆགས་ཀྱི་མེས་བྱང་སེམས་དབབ་ལྡོག་གི་དགའ་བཞིའི་
ཡེ་ཤེས་སྦྱིན་པ་སྟེ། དེ་ཡང་རི༷ན་ཆེ༷ན་འབྱུང༵་ལྡན་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེའི་རིགས་ཡིན་ལ། སྦྱིན་པ་ཡང་དགོས་འདོད་སྟེར་བའི་ངོ་བོ་ཡིན་པས་དེའི་དམ་ཚིག་ཏུ་དཞག་གོ། །བཞི་པ་ནི། དངོས་བསྟན་ལྟར་ན་ཕྱི༷་མཚན་ཉིད་སྡེ་གསུམ་དང་། ན༷ང་ཀྲྀ་ཡོག་སྡེ་གསུམ་དང་། གས༷ང་བ༷་ནང་རྒྱུད་སྡེ་གསུམ་པོའི༷་ཐེ༷ག་པ་ཀུན་གྱི་ཚིག་དོན་འཛི༷ན་ཞིང་། སྦས་དོན་ལྟར་ན་རླུང་དབུ་མར་བཅིངས་པས་གཞོམ་མེད་ཀྱི་གསུང་སྒྲུབ་པ་སྟེ། དེ་ཡང་འོད་དཔག་མེད་གསུང་པ༷དྨའི༷་རི༷གས་ཡིན་པ་ལྟར། ཆོས་ཀྱང་གསུང་གི་ངོ་བོ་སོགས་ལ༷ས་བཞིའི་རི༷མ་པ་ཐམས་ཅད་ཅི་ནུས་སུ་འཛི༷ན་པར་བྱེད་ཅིང་། སྦས་དོན་ལྟར་ན་དེ་ཐམས་ཅད་ཟུང་འཇུག་ཨེ་ཝཾ་གྱི་སྡོམ་པས་རྒྱས་འདེབས་པ༷་དང་། ཞུ་བདེས་ཕུང་ཁམས་དབང་ཡུལ་གྱི་ལྷ་རྣམས་ཚིམ་པར་མཆོད་པ་སྟེ། དེ་ཡང་དོན་ཡོད་གྲུབ་པ་ནི་ལས་ཐམས་ཅད་པའི་བདག་ཉིད་ཡིན་པ་ལྟར་འདི་དག་ཀྱང་གཙོ་བོ་ལ༷ས་ཀྱི༷་ངོ་བོ་ཡིན་པས་དེའི་དམ་ཚིག་ཏུ་བཞག་
པའོ༵། །གཉིས་པ་ཁྱད་པར་གྱི་རིགས་ལྔའི་སྡོམ་པ་ནི། ཁྱད་པར་སྲོག་གཅོད་རྡོ་རྗེའི་རིགས་ཡིན་ཏེ། །ཞིང་བཅུ་ཚང་དང་རླུང་དང་རྟོག་པ་ཡིན། །རིན་ཆེན་རིགས་ལ་མ་བྱིན་ལེན་པ་ནི། །ནོར་དང་བུད་མེད་ཐེག་ཆེན་ཟབ་མོའི་ཆོས། །རང་དང་གཞན་དོན་སྒྲུབ་ལ་དགོངས་པས་གསུངས། པདྨའི་རིགས་ལ་ལས་ཆོས་དམ་ཚིག་དང་། །ཕྱག་རྒྱ་ཆེ་སྟེ་བུད་མེད་བསྟེན་པར་གསུངས། །ལས་ཀྱི་རིགས་ལ་རྫུན་དུ་སྨྲ་གསུངས་པ། །བདག་དང་སེམས་ཅན་མི་དམིགས་བདེན་མེད་སྟོན། །འཁོར་ལོའི་རིགས་ལ་ཆང་དང་ཤ་ལྔ་དང་། །ཡུལ་ཀུན་བསྟེན་གསུངས་ཕྱི་ནང་གསང་བའི་ཐེག །རིམ་པར་མ་ཉམས་སྤྱོད་པ་བླ་མེད་ལུགས། །ཞེས་པ་སྟེ། ཐུན་མོང་མ་ཡིན་པ་རིགས་ལྔའི་སྡོམ་པ་འདི་ནི་བསད་པ་གསོ་ནུས་པ་སོགས་རྣལ་འབྱོར་པ་རྟོགས་གོམས་ཀྱི་གདིང་དང་ལྡན་པ། ལྷ་དང་བླ་མས་གནང་བ་ཐོབ་པ། སྙིང་རྗེའི་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་པ་ཡིན་ན་གཞན་དོན་དུ་སྒྲ་ཇི་བཞིན་པར་སྤྱོད་པ་དྲང་དོན་བསྐྱེད་རིམ་གྱི་དམ་ཚིག་དང་། དེ་ལྟར་མིན་ན་སྒྲ་བསྒྱུར་ཏེ་དགོངས་གཞིའི་དོན་དེ་ཉིད་བླངས་ནས་དབང་གོང་མའི་དམ་ཚིག་དང་སྡོམ་པ་རྫོགས་རིམ་ལ་སྦྱར་བར་བྱ་བ་ཡིན་པས་ན་ཁྱད༷་པ༷ར་ཞེས་བསྟན་ཏེ། དང་པོ་སྲོག་གཅོད་པ་ནི་ཞེ་སྡང་
རྣམ་པར་དག་པ་རྡོ༷་རྗེ༷འི་རི༷གས་མི་བསྐྱོད་པའི་དམ་ཚིག་ཡི༷ན་ཏེ༵། དྲང་དོན་ལྟར་ན་ཞི༷ང་བ༷ཅུ་ཚ༷ང་བའི་དགྲ་བོ་དྲག་པོའི་ལས་ཁོ་ནས་མ་གཏོགས་འདུལ་བར་མི་ནུས་པ་རྣམས་ཀྱི་ལས་ངན་རྒྱུན་གཅོད་ཕྱིར་མངོན་སྤྱོད་ཀྱི་ལས་ཀྱིས་སྒྲོལ་བར་བྱ་བ་ད༷ང་། དེ་ཡང་རང་ཉིད་ལ་ཉེས་པར་མི་འགྱུར་བར་མ་ཟད་དོན་ཡང་ཆེ་སྟེ། གསང་སྙིང་ལས། ཡོད་མེད་དབུ་མའང་མི་དམིགས་ཤིང་། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་ཀྱང་བཅད་དུ་མེད། །སྲོག་དང་སྐྱེས་བུ་ལོག་རྟོག་ཙམ། །ཞེས་དང་། ངེས་བརྗོད་ལས། སངས་རྒྱས་བསྟན་ལ་གནོད་བྱེད་དང་། །བླ་མར་སྨོད་བརྩོན་མ་རུང་དང་། །རྟག་ཏུ་སེམས་ཅན་གནོད་བརྩོན་པ། །མཁས་པས་བསྒྲིམས་ཏེ་བསད་པར་བྱ། །ཞེས་སོ། །ངེས་པའི་དོན་དུ་སྲོག་ནི་རོ་རྐྱང་གི་རླུང་ཡིན་ལ། དེ་བཅད་པའི་ཐབས་ཀྱིས་བཀག་པས་དབུ་མར་འཛུད་ཅིང་གཙུག་ཏོར་དུ་བརྟན་པ་ད༷ང་། ཡང་ན་སྲོག་ནི་རྣམ་པར་རྟོག༷་པ༷་དང་བཅས་པའི་སེམས་ཡི༷ན་ལ། དེ་བཅད་པ་ནི་དེའི་རྒྱུན་སྐྱེ་མེད་ཀྱི་དབྱིངས་སུ་དག་པར་བྱ་བའོ། །གཉིས་པ་ང་རྒྱལ་རྣམ་པར་དག་པ་རི༷ན་ཆེ༷ན་རི༷གས་ཀྱི་དམ་ཚིག་ལ༷་མ༷་བྱིན༷་པ་ལེ༷ན་པར་བཤད་པ༷་ནི༷། དྲང་དོན་ལྟར་ན་གཞན་གྱི་ཚོགས་
རྫོགས་པ་དང་། སྦྱིན་ཡུལ་གྱི་དབུལ་བ་སེལ་བ་སོགས་ཕན་པར་འགྱུར་ན་སྔགས་ཀྱི་མཐུས་གཞན་ནོ༷ར་བླང་བ་ད༷ང་། དེས་མཆོད་སྦྱིན་སོགས་བྱས་ན་ཉེས་པར་མི་འགྱུར་ཏེ། གསང་སྙིང་ལས། བདེན་པ་གཉིས་ཀ་དབྱེར་མེད་པ། །འཕྲུལ་དགའི་ཚུལ་ཏེ་ཐ་དད་མིན། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླང་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཞེས་སོ། །ངེས་དོན་དུ་སྔགས་ཀྱི་ཡེ་ཤེས་བསྒྲུབ་ཕྱིར་ཕ་རོལ་གྱི་བུད༷་མེ༷ད་དགུག་པའི་ཐབས་ཀྱིས་འཕྲོག་ནས་དེའི་བྱང་སེམས་རླུང་སྟོབས་ཀྱིས་ལེན་པ་དང་། ཡང་ན་དོན་དམ་པའི་བཙུན་མོ་ཐེ༷ག་ཆེ༷ན་གྱི་དགོངས་དོན་སྟོང་པ་ཉིད་ཡིན་ལ། དེའི་ཁུ་བ་ཟ༷བ་མོ༷འི་ཆོ༵ས་གཉིས་མེད་ཀྱི་ཡེ་ཤེས་ཉིད་གོམས་སྟོབས་ཀྱིས་བླངས་ཏེ། ར༷ང་ད༷ང་གཞ༷ན་གྱི་དོ༷ན་གཉིས་བསྒྲུབ༷་པ་ལ༷་མངའ་དབང་འབྱོར་བ་ལ་དགོ༷ངས་པ༷ས་གསུ༵ངས་ཏེ། མདོ་ལས། གང་ཕྱིར་ཐེག་པ་ཆེན་པོ་འདི། །གང་གིས་ཀྱང་ནི་བྱིན་མ་ལགས། །དེ་ཉིད་རྟོགས་པས་མ་བྱིན་བླངས། །ཞེས་སོ། །གསུམ་པ་འདོད་ཆགས་རྣམ་པར་དག་པ་པ༷དྨའི༷་རི༷གས་ཀྱི་དམ་ཚིག་ལ༷་རྟོགས་གོམས་ཀྱི་གདིང་དང་ལྡན་པའི་གང་ཟག་གིས་གཉིས་མེད་དུ་ཤེས་པའི་ལྟ་བ་དང་། ཡབ་ཡུམ་ལྷའི་འདུ་ཤེས། མཁའ་གསང་གཉིས་རྡོ་རྗེ་དང་པདྨའི་འདུ་ཤེས། བདེ་ཆེན་ཡེ་
ཤེས་ལ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱི་སྒོམ་པ་དང་། ཐབས་ཀྱི་སྤྱོད་པ་གསུམ་གྱིས་ཟིན་པས། དངོས་རིག་ལ༷ས་ཀྱི་ཕྱག་རྒྱ་ལ་བསྟེན་པ་སྟེ། གསང་སྙིང་ལ། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་སོ། །དེ་བཞིན་དུ་ཡིད་རིག་ཆོ༷ས་ཀྱི་ཕྱག་རྒྱ་དང་། གཏུམ་མོ་ད༷མ་ཚི༷ག་གི་ཕྱག་རྒྱ་ད༵ང་གཉིས་བསྟེན་པ་སྟེ་དེ་གསུམ་གྱིས་ཞུ་བདེ་དཔེའི་ཡེ་ཤེས་སྒྲུབ་པས། དྲང་ངེས་གཉིས་ཀའི་ཆ་ཡོད་ཅིང་། ངེས་དོན་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་དང་མི་འགྱུར་བའི་བདེ་ཆེན་ཁ་སྦྱོར་ལས་བདེ་སྟོང་ཕྱག༷་རྒྱ༷་ཆེ༷ན་པོ་དོན་གྱི་ཡེ་ཤེས་སྒྲུབ་པ་སྟེ༷་དེ་དག་ལ་བུ༷ད་མེ༷ད་ཀྱི་སྒྲས་བསྟན་ནས་བསྟེན༷་པ༷ར་གསུ༵ངས་པ་ཡིན་ནོ། །བཞི་པ་ཕྲག་དོག་རྣམ་པར་དག་པ་ལ༷ས་ཀྱི༷་རི༷གས་ཀྱི་དམ་ཚིག་ལ༷་རྫུན༷་དུ༷་སྨྲ༷་བར་གསུ༷ངས་པ༵་ནི། དྲང་དོན་དུ་གཞན་ལ་ཕན་པར་འགྱུར་ན་རྫུན་དུ་སྨྲ་བར་བྱ་སྟེ། རྡོ་རྗེ་ལས། སེམས་ཅན་རྣམས་ལ་ཕན་སྤྱོད་པ། །རྟག་ཏུ་དམ་ཚིག་བླ་མའི་ནོར། །སེམས་ཅན་སྲོག་ནི་བསྲུང་བའི་ཕྱིར། །རྫུན་དུ་ཡང་ནི་སྨྲ་བར་བྱ། །ཞེས་སོ། །དེས་དོན་དུ་སྒྲོལ་བ་པོ་བད༷ག་ད༷ང་། བསྒྲལ་བྱ་སེ༷མས་ཅན་
གང་དུའང་མི༷་དམི༷གས་པའི་ངང་ནས་སེམས་ཅན་ཐམས་ཅད་བདེ༷ན་མེ༷ད་འཁོར་བ་ལས་བསྒྲལ་བར་བྱའོ་ཞེས་པའི་དོན་སྟོན༵་ཏེ། དེ་ལྟར་ཡང་གསང་སྙིང་ལས། ཆོས་རྣམས་སྒྱུ་མ་ལྟ་བུ་དང་། །མིང་དང་ཚིག་ཏུ་བཏགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པས། །རྫུན་ཞེས་བཏགས་ཙམ་ཡོད་མ་ཡིན། །ཞེས་སོ། །ཡང་ན་སྙིང་གའི་འཁོར་ལོར་རླུང་ཐིམ་པས་གཞོམ་མེད་ཀྱི་སྒྲ་རྣམ་པ་ཐམས་ཅད་པར་ཤར་བ་སྟེ་ངེས་དོན་དང་། དེ་ལས་གཞན་སྣང་དུ་སེམས་ཅན་རྣམས་ལ་ཆོས་སྒོ་སྣ་ཚོགས་པ་གཅིག་ཅར་དུ་སྟོན་པ་དྲང་དོན་དུ་གསུངས་པའང་ཡོད་དེ། རྡོ་རྗེ་སྙིང་འགྲེལ་ལས། གང་གིས་སྲོག་རླུང་བྲོས་པ་ན། །གཅིག་ཅར་འགྲོ་ཀུན་སྐད་ཀྱིས་ནི། །གང་དང་གང་ལ་དེ་དང་དེ། །མཐུན་པའི་ཆོས་སྟོན་རྫུན་པའི་ཚིག །ཅེས་སོ། །ལྔ་པ་གཏི་མུག་རྣམ་པར་དག་པ་འཁོ༷ར་ལོ༷འི་རི༷གས་རྣམ་སྣང་གི་དམ་ཚིག་ལ༷། དྲང་དོན་དུ་སྨྱོས་པའི་སྐྱོན་མེད་ན་ཆ༷ང་བཏུང་བ་ད༷ང་རིགས་ཀྱིས་དྲེགས་ཤིང་ང་རྒྱལ་དང་གཙང་རྨེའི་རྟོག་པ་གཞིག་པའི་སླད་དུ་ཡུལ་དབུས་སུ་བཟའ་བའི་དོན་དུ་གསོད་པར་མི་བྱེད་པའི་ཤ༷་ལྔ༷་གནང་བ་ལྟར་རང་གི་ལས་ཀྱིས་ཤི་བའི་ཤ་རྣམས་དམ་ཚིག་གི་རྫས་སུ་བཟའ་བ་ད༵ང་། དེ་བཞིན་དུ་བདུད་རྩི་ལྔ་དང་གཟུགས་སོགས་ཡུལ༷་ཀུན༷་ཅི་
དགར་སྤྱོད་པའི་བདེ་བ་བསྟེན༷་པར་གསུ༷ངས་པ་དང་། ངེས་དོན་དུ་ཤ་ལྔ་བཟའ་བ་ནི་དབང་ལྔའི་དྭངས་མ་འཆིང་བ། ཆང་འཐུང་བ་ནི་ཡས་བབས་ཀྱི་ལྷན་དུ་སྐྱེས་ཞུ་བདེ་འཛག་མེད་དུ་འཆིང་བ། བདུད་རྩི་ལྔ་ནི་འབྱུང་ལྔའི་དྭངས་མ་བཅིངས་པ་ལས་ཞུ་བའི་ཐིག་ལེ་རྡུལ་ཕྲ་རབ་ཀྱི་ཚོགས་དག་པར་བྱེད་པ། ཡུལ་ནི་གཤང་གཅི་ཁུ་བའི་དྭངས་མ་ལྟེ་བར་ལུགས་ལྡོག་ཏུ་བརྟེན་པའོ། །ཡང་ན་དེ་དག་བསྟེན་པ་དེ་ནི་རྣམ་པར་རྟོག་པ་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་ཏུ་བྱེད་པའོ། །དེ་ལྟར་དམ་ཚིག་དང་སྡོམ་པ་དེ་རྣམས་ཀྱི་གོ་རིམ་ཡང་། ཐོག་མར་བརྟུལ་ཞུགས་ཉེར་ལྔ་བསྟན་ཏེ་དེའི་ལྔ་ཚན་དང་པོ་སེམས་ཅན་ལ་གནོད་པ་ཤས་ཆེ་བ་དང་། ལྔ་པ་ཡུལ་ལ་དབང་པོ་ཞེན་པའང་ཉོན་མོངས་པ་སྐྱེ་བའི་རྒྱུ་ཡིན་པས་ཕྱི༷་མཚན་ཉིད་དང་ན༷ང་ཀྲི་ཡོག་སྡེ་གསུམ་གྱི་ཐེག་པས་ཀྱང་དོན་ལ་སྤང་དགོས་པའི་ཕྱིར། དེ་ནས་རིགས་ལྔའི་དམ་ཚིག་ཐུན་མོང་བ་བསྟན་ཏེ། དེའི་དངོས་བསྟན་རྣམས་རྣལ་འབྱོར་གྱི་རྒྱུད་ཀྱི་དམ་ཚིག་དང་སྒྲ་མཐུན་པའི་ཕྱིར། དེ་ནས་ཁྱད་པར་རིགས་ལྔའི་དམ་ཚིག་བསྟན་ཏེ། དེའི་དྲང་ངེས་གཉིས་ཀ་གས༷ང་བ༷་བླ་ན་མེད་པའི༷་ཐེག༵་པའི་ཁྱད་ཆོས་ཡིན་པའི་ཕྱིར། དེས་ན་གདུལ་བྱ་རྣམས་
འཇུག་པའི་རི༷མ་པ༷་མ༷་ཉ༷མས་པའི་སྒོ་ནས་བཀྲི་ཞིང་སྤྱོད༷་པ༷་ནི་བླ༷་མེ༷ད་ཀྱི་ལུ༷གས་སུ་ཤེས་པར་བྱའོ། །གསུམ་པ་རྩ་བའི་ལྟུང་བ་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། རྩ་བའི་ལྟུང་བ་བཅུ་བཞི་བསྟན་པ་ནི། །ཞེས་པ་སྟེ། རྩ་བ༷འི་ལྟུང༷་བ༷་ཞེས་པ། དཔེར་ན་ལྗོན་ཤིང་རྩ་བ་དང་འདྲ་སྟེ། བརྟན་ན་ཡལ་ག་ལོ་འདབ་ཐམས་ཅད་རྒྱས་ལ། ཉམས་ན་རྩ་བ་ནས་འགྱེལ་བ་ལྟར། འདི་ཡང་བསྲུང་ན་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བསྐྱེད་པའི་རྩ་བ་དང་། ཉམས་ན་མནར་མེད་ཡ་ང་བའི་གནས་སུ་ལྟུང་ནས་ཐར་པའི་གོ་སྐབས་མེད་པར་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བར་ཡང་འགྱུར་ཏེ། དེ་ལ་གྲངས་བ༷ཅུ་བཞི༷ར་ངེས་པ་རྣམས་བསྟན༷་པ༷་ནི༷་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་བཅུ་བཞི་ལས། དང་པོ་སློབ་དཔོན་སྨོད་པ་ནི། སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ་དང་། །བརྙས་དང་ཐུགས་དཀྲུགས་ལྟུང་བའི་སྒོ་ཀུན་ལས། །ཤིན་ཏུ་ལྕི་ཕྱིར་འདི་ཉིད་དང་པོར་བཤད། །ཅེས་པ་སྟེ། དེ་ལ་སྤྱིར་བླ་མ་རུ་བཟུང་ནས་དམ་པའི་ཆོས་ཀྱིས་འབྲེལ་ཕན་ཆད་བླ་སློབ་ཀྱི་འདུ་ཤེས་གོ་མ་ལོག་པ་ཞིག་དགོས་པ་གཞིར་བཅས་ནའང་། འདིར་ཁྱད་པར་གྱི་
སློབ༷་དཔོ༷ན་རྣམ༷་པ་གསུ༷མ་སྟེ་བདེ་འདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། རྒྱུད་དགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་གསུངས་པ་ལྟར། རང་ཉིད་ལ་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། མན་ངག་སྟོན་པའི་སློབ་དཔོན་ཏེ། བཀའ་དྲིན་གསུམ་ལྡན་ནམ། གཉིས་ལྡན་ནམ། གཅིག་ལྡན་གང་རུང་ལ་སྙིང༷་ཐག་པ་ན༷ས་སྨ་འབེབས་པར་འདོད་པས་ངག་གིས་འཁུ་ཞིང་འཕྱ་བའི་སྒོ་ནས་ལྐོག་ཏུ་སྨོ༷ད་པ༷་ད༵ང་། དངོས་སུ་ལུས་ངག་གིས་མི་དགེ་བའི་རྣམ་འགྱུར་བསྟན་ནས་བརྙ༷ས་པ་ད༷ང་། རང་ཉིད་ཀྱི་བྱ་བ་མ་ཡིན་པ་ལ་སྤྱོད་པའམ། བླ་མའི་འཁོར་ལ་འཚེ་བ་སོགས་ཀྱིས་ཐུག༷ས་དཀྲུག༷ས་པ་སོགས་མི་མཉེས་པར་བྱས་པ་དེ་ནི་ལྟུང༷་བ༷འི་སྒོ༷་ཀུན༷་ལ༵ས་ཀྱང་ཤི༷ན་ཏུ༷་ལྕི༷་བ་ཡིན་ཏེ། རྡོ་རྗེ་སློབ་དཔོན་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་པས་ཡུལ་གཉན་པར་མ་ཟད་རང་ཉིད་ཀྱི་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་དེ་ཉིད་མཉེས་པས་རྗེས་སུ་བཟུང་བ་ལ་རག་ལས་པའི་ཕྱིར༷་འདི༷་ཉི༷ད་ད༷ང་པོ༷ར་བཤ༵ད་པས། གལ་སྲིད་འདི་ལས་ཉམས་ན་དེ་ནས་བཟུང་སྟེ་སྒོམ་སྒྲུབ་ཅི་བྱས་པ་ཐམས་ཅད་རུ་དྲའི་རྒྱུ་འབའ་ཞིག་པ་ཡིན་པས་ཤིན་ཏུ་ནས་ཀྱང་གཟབ་པར་བྱའོ། །གཉིས་པ་བདེ་གཤེགས་བཀའ་འདས་ནི།
བླང་དོར་གནས་སྟོན་བདེ་བར་གཤེགས་པའི་བཀའ། །བླ་མས་གསུངས་ཤིང་རང་གིས་གོ་བཞིན་དུ། །ཁྱད་གསོད་མི་མཐུན་སྤྱོད་འབྲེལ་བཀའ་འདས་གཉིས། །ཞེས་པ་སྟེ། གདུལ་བྱ་ལ་བླང༷་དོ༷ར་གྱི་གན༷ས་སྟོན༷་པ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིས་བསྡུས་པ་བདེ༷་བ༷ར་གཤེ༷གས་པ༷འི་བཀ༵འ་ལས་གསུངས་པའི་དོན་རྣམས་བླ༷་མ༷ས་གསུ༷ངས་ཤི༷ང་ར༷ང་གི༷ས་ཀྱང་དེའི་དོན་གོ༷་བཞི༷ན་དུ༵། ཁྱད༷་དུ་གསོ༷ད་ནས་སྡོམ་པ་གསུམ་གང་ཡང་རུང་བའི་བསླབ་པ་དང་མི༷་མཐུ༷ན་པར་སྤྱོད༷་པའམ། དེ་དང་འབྲེ༷ལ་བ་གཞན་ལ་བསྟན་ཀྱང་རུང་སྟེ་བདེ་བར་གཤེགས་པའི་བཀ༷འ་ལས་འད༷ས་པ་ཡིན་པས་རྩ་ལྟུང་དང་པོའི་འོག་ནས་འདི་ཉེས་པ་ཆེ་བས་ན་གཉི༵ས་པར་བཞག་གོ། །གསུམ་པ་མཆེད་ལ་འཁུ་བ་ནི། སྤྱི་རིང་ཉེ་དང་ནང་འདྲེས་སྤུན་ལ་ཁྲོས། །འཁོན་འཛིན་ཕྲག་དོག་བརྙས་སོགས་གསུམ་པའོ། །ཞེས་པ་སྟེ། སྤྱི༷འི་མཆེད་སེམས་ཅན་ཐམས་ཅད། རི༷ང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག །ཉེ༷་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ་རྣམས་ད༷ང་། དེ་ལས་ཀྱང་ཁྱད་པར་ན༷ང་འདྲེ༷ས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན༷་དང་། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་
གཅིག་པའི་སྤུན་དང་། གཉིས་ཀས་བསྡུས་པ་ཕ་མ་གཉིས་ཀ་གཅིག་པའི་སྤུན་ཏེ། དེའང་དབང་ཐོབ་པ་སྔ་ཕྱི་ཡོད་ན་སྤུན་རྒན་གཞོན་དང་། དུས་མཉམ་དུ་ཐོབ་ན་མཚེ་མ་ལྟ་བུ་ཡིན་པས། སྤུན་དེ་དག་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཤིན་ཏུ་ཉེ་བ་ཡིན་པས་ན་སྤུན་དེ་རྣམས་ལ༷་ཡིད་ཀྱིས་ཁྲོ༵ས་ཤིང་འཁོ༷ན་ཞེ་ལ་འཛི༷ན་པ་དང་། ཕྲ༷ག་དོ༷ག་གི་བསམ་པས་སྦྱོར་བ་ལུས་ངག་གིས་བརྙས༷་་པ་དང་། ངག་གི་ཚིག་རྩུབ་སྐྱོན་བརྗོད་པ་ལ་སོ༷གས་པས་དེའི་སེམས་སུན་ཕྱུང་ན་རྩ་ལྟུང་གསུ༷མ་པ༷འོ༵། །དེའང་ནང་འདྲེས་པའི་སྤུན་ལ་འཐབ་པ་སོགས་ནི་རྡོ་རྗེའི་ནང་དམེ་ཡིན་པས་ཤིན་ཏུ་ལྕི་ཞིང་ཉེས་པ་སྦྱོང་དཀའ་བས་གཟབ་པར་བྱའོ། །བཞི་པ་བྱམས་པ་འདོར་བ་ནི། སེམས་ཅན་བདེ་བ་ཀུན་དང་བྲལ་ན་བསམ། །སྙིང་ནས་བྱམས་པ་བཏང་བ་བཞི་པའོ། །ཞེས་པ་སྟེ། ཡུལ་སེ༷མས་ཅ༷ན་གང་ཡང་རུང་བ་གཅིག་གམ་འགའ་ལ་དམིགས་ནས། འདི་བདེ༷་བ༷་ཀུན༷་ད༷ང་བྲ༷ལ་ཞིང་སྡུག་བསྔལ་དང་འཕྲད་ན༷་ཅི་མ་རུང་སྙམ་དུ་ཁྲོ་བའི་བས༵མ་པས་སྙིང༷་ཐག་པ་ན༷ས་བྱམ༷ས་པ༷་བཏ༷ང་བ༷་ནི་རྩ་ལྟུང་བཞི༷་པ༷འོ༵། །ལྔ་པ་བྱང་སེམས་འདོར་བ་ནི། འདོད་ཆགས་སེམས་ཀྱིས་གནས་སྐབས་མ་ཡིན་པར། །བསམ་བཞིན་ཁུ་བ་འབྱིན་དང་སེམས་ཅན་
ལ། །བྱང་ཆུབ་སེམས་བསྐྱེད་བཏང་བ་ལྔ་པ་ཡིན། །ཞེས་པ་སྟེ། ཇི་སྐད་དུ། གསང་བའི་དབང་དང་གསུམ་པ་དང་། །རོ་མཉམ་པ་དང་ལྷ་མཆོད་དང་། །རིགས་བརྒྱུད་སྤེལ་དང་རིལ་བུ་དང་། །འཆི་ལྟས་བརྟག་པའི་དུས་ཡིན་ཏེ། །ཞེས་པ་ལྟར་འདོ༷ད་ཆ༷གས་ཀྱི་སེ༷མས་ཀྱི༷ས་གནང་བའི་གན༷ས་སྐབ༷ས་བདུན་མ༷་ཡི༷ན་པ༵ར་བསླབ་པ་ཁྱད་གསོད་ཀྱིས་མི་འགྱུར་བའི་བདེ་བ་ལ་མ་དད་ཅིང་། ཞུ་བདེ་འགྱུར་མེད་ལ་དགོས་པ་མེད་པར་བལྟས་ནས་བས༷མ་བཞི༷ན་དུ་ཁུ༷་བ༷་འབྱི༷ན་པ་ད༷ང་། སྤྱིར་བསྐྱེད་རིམ་པས་སེ༷མས་ཅ༷ན་ལ༵་སྨོན་པ་བྱ༷ང་ཆུབ༷་ཀྱི་སེ༷མས་བསྐྱེ༷ད་བཏང་བའམ་འཇུག་པའི་རྩ་ལྟུང་ཐུན་མོང་བ་སྤྱད་པས་འཇུག་སེམས་བཏ༷ང་བ༷་རྩ་ལྟུང་ལྔ༷་པ༷་ཡི༵ན་ནོ། །དྲུག་པ་གྲུབ་མཐའ་སྨོད་པ་ནི། ལམ་འཚོལ་མུ་སྟེགས་ལམ་ཞུགས་ཉན་རང་དང་། །ལམ་ཆེན་ཐེག་ཆེན་གྲུབ་མཐར་སྨོད་ན་དྲུག །ཅེས་པ་སྟེ། ངན་འགྲོ་ལས་ཐར་པའི་ཐབས་ཀྱི་ལ༷མ་འཚོ༷ལ་བ་མུ༷་སྟེག༷ས་ཁ་ཅིག་དང་། འཁོར་བ་ལས་ངེས་པར་འབྱུང་བའི་ལ༷མ་ལ་ཞུག༷ས་པ་ཉན༷་ར༷ང་གཉིས་ད༵ང་། མཐའ་གཉིས་ལས་ངེས་པར་འབྱུང་བའི་ལ༷མ་ཆེ༷ན་པོ་ལ་ཞུགས་པ་ཐེ༷ག་པ་ཆེ༷ན་པོའི་གྲུབ༷་མཐ༷འ་ལ། ལམ་གོང་མ་ལ་དྲང་བ་སོགས་ཀྱི་དགོས་པ་མེད་པར༷་སྡང་སེམས་ཀྱིས་སྨོད༷་ན༷་རྩ་ལྟུང་
དྲུ༷ག་པའོ། །བདུན་པ་གསང་བ་སྒྲོག་པ་ནི། སྣོད་དང་ཆོ་ག་མ་བྱས་མ་རྫོགས་དང་། །ཉམས་དང་ཟབ་མོས་འཇིགས་ལྔར་གསང་སྒྲོག་བདུན། །ཞེས་པ་སྟེ། སྣོད༷་ཀྱིས་མ་སྨིན་པ་ནི་ལོག་སྲེད་ཅན་ཏེ་རྒྱུས་མ་སྨིན་པ་ད༷ང་། ཆོ༷་ག༷་མ༷་བྱ༷ས་པས་མ༷་སྨིན་པ་ནི་བུམ་དབང་མ་ཐོབ་པ་དང་། ཆོ་ག་མ་རྫོ༷གས་པས་མ་སྨིན་པ་ནི་དབང་གོང་མ་གསུམ་མ་ཐོབ་པ་ད༵ང་། དབང་ཐོབ་ཀྱང་རྩ་ལྟུང་བྱུང་བས་ཉ༷མས་པ་ད༷ང་། ཆོས་ཟ༷བ་མོ༷ས་འཇི༷གས་པ་ཉན་རང་སོགས་ནི་རྐྱེན་གྱིས་མ་སྨིན་པ་སྟེ། ཡུལ་ལྔ༷་པོ་དེར༷་གསང་སྔགས་ཀྱི་ཐུན་མོང་མ་ཡིན་པའི་རྫས་དང་། སྤྱོད་པ་དང་། ཟབ་དོན་གྱི་གས༷ང་བ་སྒྲོག༷ས་པས་དེས་ཀྱང་གོ་བཞིན་མ་དད་པ་སྐྱེས་ན་རྩ་ལྟུང་བ༵དུན་པའོ། །བརྒྱད་པ་ཕུང་པོར་སྨོད་པ་ནི། ཕུང་ལྔ་སངས་རྒྱས་ལྔ་ལ་བརྙས་པ་ཡིས། །སྨོད་དང་གདུང་བ་བསྐྱེད་ན་བརྒྱད་པ་ཡིན། །ཞེས་པ་སྟེ། ཕུང༷་པོ་ལྔ༷་ནི་སང༷ས་རྒྱས༷་རིགས་ལྔ༷་ཡིན་པ་ལྟར་དབང་དུས་སུ་ངོ་སྤྲད་ནས་དེ་འདོད་ཡོན་གྱིས་མཉེས་པར་མཆོད་པས་རྟེན་བདེ་བ་འཕེལ། དེས་བརྟེན་པ་ཡེ་ཤེས་མངོན་དུ་འགྱུར་བ་ཡིན་པ་ལ༷་དེ་མི་ཤེས་པ་ཀུན་འབྱུང་གི་གཙོ་བོར་བཟུང་སྟེ་ངག་གིས་བརྙ༷ས་པ༷་ཡི༷ས་སྨོད༷་པ་ད༷ང་ཡན་ལག་གཅོད་པ་སོགས་དང་། དཀའ་
ཐུབ་ཀྱིས་ལུས་ལ་གདུ༷ང་བ༷་བསྐྱེ༷ད་པར་བྱས་ན༷་རྩ་ལྟུང་བརྒྱད༷་པ༷་ཡི༵ན་ནོ། །དགུ་པ་ཆོས་ལ་ཐེ་ཚོམ་ཟ་བ་ནི། གཞི་ལམ་འབྲས་བུའི་རང་བཞིན་དག་པ་ལ། །དཀྲི་བར་ཐེ་ཚོམ་ཟ་བ་དགུ་པར་བཤད། །ཅེས་པ་སྟེ། གཞི༷་ལ༷མ་འབྲ༷ས་བུ༷འི་ཆོས་ཐམས་ཅད་ར༷ང་བཞི༷ན་གྱིས་རྣམ་པར་དག༷་པ༷ས་དབྱེར་མི་ཕྱེད་པའི་ཟུང་འཇུག་འོད་གསལ་བྱང་ཆུབ་ཀྱི་སེམས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གནས་ལུགས་སུ་བཞུགས་པར་བཤད་པ་ནི། ལམ་ལ༵་དཀྲི༷་བ༷ར་བྱ་བའི་ཆེད་དུ་སྤྲོ་བ་བསྐྱེད་པ་ཙམ་ལས་དོན་ལ་དེ་ལྟར་མ་ཡིན་སྙམ་དུ་ཐེ༷་ཚོ༷མ་ཟ༷་བ༷ས་ཡིད་མ་ཆེས་ཏེ་མ་དད་ན་རྩ་ལྟུང་དགུ༷་པ༷ར་བཤ༵ད་དོ། །བཅུ་པ་ཞིང་བཅུ་མི་སྒྲོལ་བ་ནི། བསྒྲལ་བའི་ཞིང་བཅུ་ཚང་བ་ནུས་བཞིན་དུ། །མི་སྒྲོལ་བ་དང་བྱམས་པར་བྱེད་ན་བཅུ། །ཞེས་པ་སྟེ། དེའང་སྤྱིར་བསྟན་པ་ལ་གནོད་པ་དཀོན་མཆོག་གསུམ་གྱི་སྐུ་དགྲ་དང་། ཁྱད་པར་རང་ཉིད་ཀྱི་བླ་མའི་སྐུ་དགྲ། སྔགས་ཀྱི་དམ་ཚིག་ཉམས་པ་གསོ་བར་མི་བྱེད་པ། སྔགས་ཀྱི་ལྟ་སྤྱོད་ལ་ཞུགས་ནས་དེ་ལ་ལོག་ལྟ་སྐྱེས་ནས་སྤངས་པ། བླ་མ་དང་མཆེད་ལ་ཞེ་སྡང་ཞིང་འཁུ་བ། སྔགས་སྤྱོད་ལ་འདུ་བར་མི་དབང་བར་རྐུ་ཐབས་ཀྱིས་འདུ་ནས་ནང་དུ་འོང་བ། སེམས་ཅན་
ཡོངས་ལ་གནོད་པ། དམ་ཚིག་དང་ལྡན་པའི་དགྲར་གྱུར་བ། མི་དགེ་བ་ཁོ་ནར་སྤྱོད་པ་ངན་པའི་ངང་ཚུལ་ཅན་ཏེ་སྙིང་རྗེས་བསྒྲལ༷་བ༷འི་ཞི༷ང་སྡུག་བསྔལ་གྱི་རྒྱུ་ལ་སྤྱོད་པ་དགུ་དང་། སྡུག་བསྔལ་དངོས་ལ་སྤྱོད་པ་ངན་སོང་གསུམ་གཅིག་ཏུ་བསྡོམས་པས་བཅུ་སྟེ། དེ་དག་གང་རུང་ཚ༷ང་བ༷་དང་། ཁྱད་པར་བླ་མ་དང་བསྟན་འགྲོར་འཚེ་བའི་གདུག་པ་ཅན་དེ་དག་མངོན་སྤྱོད་ཀྱི་ལས་ཀྱིས་སྒྲོལ་བར་ནུ༷ས་བཞི༷ན་དུ༵་ཡལ་བར་དོར་ནས་མི༷་སྒྲོ༷ལ་བ༷་ད༷ང་། ལོག་པའི་སྲེད་པས་མཛའ་བོར་བྱས་ནས་ཐ་མལ་བའི་བྱམ༷ས་པ་དང་ལུས་ངག་གི་སྤྱོད་ལམ་མཐུན་པ༷ར་བྱེད་ན༷་རྩ་ལྟུང་བཅུ༵་པའོ། །དེ་དག་ལ་ཡང་ཡིད་ཀྱི་བྱམས་པ་བཏང་ན་རྩ་ལྟུང་བཞི་པར་འགྱུར་རོ། །བཅུ་གཅིག་པ་ཆོས་ལ་ཚད་མས་གཞལ་བ་ནི། མིང་སོགས་བྲལ་ལ་དངོས་དང་དངོས་མེད་རྟོག །རྟོག་གེས་འཇལ་བར་བྱེད་ན་བཅུ་གཅིག་པའོ། །ཞེས་པ་སྟེ། མི༷ང་དང་བརྡའམ་མཚན་མ་སོ༷གས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ༷་བ་དོན་དམ་སྟོང་པ་ཉིད་ཀྱི་གནས་ལུགས་ལ༷་དངོ༷ས་པོ་ད༷ང་དངོ༷ས་མེ༷ད་ཀྱི་མཐའ་གང་རུང་ཞིག་ཏུ་རྟོག༵་ཅིང་ཞེན་ནས་རྟོག༷་གེ༷ས་རིག་པའི་སྒྲོ་སྐུར་གྱིས་འཇ༷ལ་བ༷ར་བྱེད༷་ན༷་རྩ་ལྟུང་བཅུ༷་གཅི༷ག་པ༷འོ༵། །བཅུ་གཉིས་པ་དད་ལྡན་སེམས་སུན་འབྱིན་པ་ནི།
དད་གསུམ་ལྡན་པའི་སེམས་ཅན་དོན་མི་བྱེད། །སེམས་མི་བསྲུང་དང་བསླུ་བ་བཅུ་གཉིས་པ། །ཞེས་པ་སྟེ། བླ་མ་དང་དཀོན་མཆོག་གི་ཡོན་ཏན་ལ་སྤྲོ་བ་དང་བའི་དད་པ། དེ་དོན་དུ་གཉེར་བ་འདོད་པའི་དད་པ། དེ་དང་དེས་བསྟན་པའི་ཆོས་ལ་ཐེ་ཚོམ་དང་བྲལ་བས་ཡིད་ཆེས་པའི་ད༷ད་པ་གསུ༷མ་དང་ལྡ༷ན་པ༷འི་སེ༷མས་ཅན༷་ཆོས་འདོད་ཅིང་སྦྱིན་དུ་རུང་བ་ལ་རང་ལ་ནུས་པ་ཡོད་བཞིན་ཆོས་སྟོན་པ་སོགས་དེའི་དོ༷ན་མི༷་བྱེད༵་པར་མ་ཟད་དེའི་སེ༷མས་མི༷་བསྲུང༷་བར་ཚིགས་བརླང་པོར་བརྗོད་པའམ། རང་གི་སྤྱོད་ངན་བསྟན་པ་ད༷ང་། གཡོ་སྒྱུས་བསླུ༷་བ༷་རྣམས་གང་ཡང་རུང་བས་དེའི་སེམས་སུན་ཕྱུང་བས་དད་འདུན་ལོག་ན་རྩ་ལྟུང་བཅུ༷་གཉིས༷་པ༵འོ། །བཅུ་གསུམ་པ་དམ་རྫས་ཇི་བཞིན་མི་བསྟེན་པ་ནི། སྐབས་བབ་ཡོ་བྱད་ལོངས་སྤྱོད་དམ་ཚིག་རྫས། །དུས་ཚོད་འབྲེལ་ཀྱང་མི་བསྟེན་བཅུ་གསུམ་པ། །ཞེས་པ་སྟེ། སྔགས་ཀྱི་སྤྱོད་པའི་སྐབ༷ས་སུ་བབ༷་པ་ཚོགས་ཀྱི་འཁོར་ལོའམ་དཔའ་བོ་དང་དཔའ་མོའི་དགའ་སྟོན་སོགས་ཀྱི་ཚེ་རྡོར་དྲིལ་གོས་རྒྱན་སོགས་བཅང་བར་འོས་པའི་ཡོ༷་བྱད༷་དང་། ཤ་ལྔ་བདུད་རྩི་ལྔ་ཆང་སོགས་ལོ༷ངས་སྤྱོད་པར་འོས་པའི་ད༷མ་ཚི༷ག་གི་རྫས༵་དང་། བྲོ་གར་གླུ་ཚིག་སོགས་དམ་ཚིག་གི་སྤྱོད་པ་དུས༷་ཚོ༷ད་དང་
འབྲེ༷ལ་ཀྱང༷་ཉན་ཐོས་ཀྱི་བསླབ་པ་ལ་འཆལ་ནས་མི་གཙང་བ་དང་ཉེས་དམིགས་ཀྱི་བསམ་པས་མི༷་བསྟེ༷ན་པ་རྩ་ལྟུང་བཅུ༷་གསུ༷མ་པ༵འོ། །བཅུ་བཞི་པ་ཤེས་རབ་མར་སྨོད་པ་ནི། སྤྱི་དང་བྱེ་བྲག་ལ་ལྟོས་ཤེས་རབ་མར། །ངོས་ལྐོག་སྙིང་ཚིམ་སྨད་གོ་བཅུ་བཞི་པ། །ཞེས་པ་སྟེ། བུད་མེད་ཀྱི་རིགས་འདི་རྣམས་གཡོ་སྒྱུ་ཆེའོ་ཞེས་པ་ལྟ་བུ་སྤྱི༷་ལ་ལྟོས་ནས་སྨོད་པ་ད༷ང་། བྱེ༷་བྲ༷ག་ལ༷་ལྟོས༷་པ་རང་གི་བརྟེན་བྱར་འོས་པའི་ཤེ༷ས་ར༷བ་མ༵་སོགས་ལ་ངོ༷ས་ནས་སམ། ལྐོ༷ག་ཏུའང་རུང་སྟེ། དེ་དག་གི་སྐྱོན་བརྗོད་པའི་སྒོ་ནས་སྙིང༷་ཚི༷མ་པར་སྨད༷་པ་ཡུལ་དེ་གོ༷་ན་རྩ་ལྟུང་བ༷ཅུ་བཞི་པ༵འོ། །དེ་ཡང་བླ་མེད་ཀྱི་སྡོམ་པ་དང་མི་ལྡན་པ་ཞིག་དགོས་ཏེ། དེ་ལྟར་མིན་ན་རྩ་ལྟུང་དང་པོའི་གསུམ་པར་འགྱུར་རོ། །དེ་དག་གི་གོ་རིམ་ཀྱང་གཉེན་པོའི་སྔགས་ཀྱི་གོ་རིམ་དང་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཡང་བས་ལྕི་ཡང་སྒོ་ནས་དེ་ལྟར་བཞག་ལ། དབང་བཞི་སོ་སོའི་སྡོམ་པའི་རྩ་ལྟུང་དུ་འགྱུར་ཚུལ་གཅོ་ཆེ་བའི་དབང་དུ་བྱས་ན་བཅུ་གསུམ་པ་དང་། ལྔ་པ་རྒྱུ་འབྲས་སུ་བྱས་ནས་གསང་དབང་གི་དང་། བཅུ་བཞི་པ་ཁྱད་པར་ཤེར་དབང་གི་དང་། དགུ་པ་དང་བཅུ་གཅིག་པ་དབང་བཞི་པའི་དང་། ལྷག་མ་དགུ་པོ་བུམ་དབང་དང་འགལ་བའི་
རྩ་ལྟུང་ཡིན་ཞིང་། དབང་ཕྱི་མ་ཕྱི་མའི་ཚེ་ན་སྔ་མ་སྔ་མ་ཐུན་མོང་དང་། དབང་རང་སྐལ་གྱི་དེ་ཉིད་ཐུན་མིན་དུ་འགྱུར་རོ། །དེས་ན་བུམ་དབང་ཙམ་ཐོབ་པས་རང་འགལ་བའི་དགུ་པོ་སྤྱད་ན་རྩ་ལྟུང་དུ་འགྱུར་གྱི། དེ་ལས་གཞན་པ་ལྔ་ལ་སྤྱད་ཀྱང་རྩ་ལྟུང་དངོས་སུ་མི་འགྱུར་ཏེ། དེ་སྤོང་བའི་སྡོམ་པ་མ་ཐོབ་པའི་ཕྱིར་རོ། །བཞི་པ་ཡན་ལག་སྦོམ་པོའི་ལྟུང་བ་བཤད་པ་ལ་གསུམ། མདོར་བསྟན་པ། རྒྱས་པར་བཤད་པ། དོན་བསྡུ་བའོ། །དང་པོ་མདོར་བསྟན་པ་ནི། ད་ནི་ཡན་ལག་སྦོམ་པོའི་ལྟུང་བ་བཤད། །ཅེས་པ་སྟེ། ད༷་ནི༷་རྩ་བ་དང་རྗེས་སུ་མཐུན་པའི་ཡ༷ན་ལ༷ག་སྡོམ་པ་གཏོང་བྱེད་ཀྱི་རྒྱུ་མ་ཡིན་ཀྱང་དངོས་གྲུབ་མྱུར་དུ་འགྲུབ་པ་ལ་གེགས་བྱེད་པའི་ཉེས་པ་ལྕི་བས་ན་སྦོམ་པོ་ཞེས་བྱ་སྟེ། དཔེར་ན་ལྗོན་ཤིང་གི་ཡལ་ག་རགས་པ་ཆད་པ་ལྟར་ཉམས་སྐྱོན་ཆེ་བས་ན་སྦོ༷མ་པོ༷འི་ལྟུང༷་བ༷འི་རྣམ་གྲངས་བཤ༵ད་པར་བྱ་སྟེ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། སྦོམ་པོ་བརྒྱད་བཤད་པ་དང་། རྣམ་གྲངས་གཞན་བཤད་པའོ། །དང་པོ་སྦོམ་པོ་བརྒྱད་བཤད་པ་ནི། དབང་དང་དམ་ཚིག་མ་སྨིན་རིག་མ་བསྟེན། །ཚོགས་ཀྱི་འཁོར་ལོའི་དུས་སུ་ལུས་ངག་རྩོད། །མ་གསུངས་རིག་མར་རང་
སྟོབས་བདུད་རྩི་ལེན། །སྣོད་ལྡན་སློབ་མར་གསང་སྔགས་མི་སྟོན་དང་། །དད་ལྡན་ཆོས་འདྲི་བ་ལ་ཆོས་གཞན་སྟོན། །ཉན་ཐོས་ནང་དུ་ཞག་བདུན་ལོངས་པར་བསྡད། །རྣལ་འབྱོར་ཡེ་ཤེས་མི་ལྡན་སྔགས་པར་རློམ། །སྣོད་མིན་ལ་བཤད་ཡན་ལག་ལྟུང་བ་བརྒྱད། །ཅེས་པ་སྟེ། དབ༷ང་མ་ཐོབ་པ་ད༷ང་ད༷མ་ཚི༷ག་དང་མི་ལྡན་པ་རྒྱུད་མ༷་སྨི༷ན་པའི་རི༷ག་མ༷་བསྟེན༵་པ་ཙམ་དང་། ཚོ༷གས་ཀྱི༷་འཁོ༷ར་ལོ༷་ལ་སོགས་པའི༷་དུས༷་སུ༷་རྡོ་རྗེའི་སྤུན་ལ་མནར་སེམས་མེད་ཀྱང་ལུས༷་ང༷ག་གིས་རྩོད༵་བརྡེག་དང་ཁ་ཤས་ཙམ་བྱས་པ་དང་། མཚན་ཉིད་མ་ཚང་བས་རྒྱུད་ལས་བསྟེན་བྱར་མ༷་གསུ༷ངས་པའི་རི༷ག་མ༷་ཕལ་པར༷་རིལ་བུའམ་བདེ་བའི་རྒྱུར་སྔགས་ཀྱི་ཆོ་ག་བཞིན་དུ་མ་ཡིན་པར་ར༷ང་གི་རླུང་སྟོབ༷ས་ཙམ་གྱིས་རིལ་བུ་སོགས་ཀྱི་རྒྱུ་བདུ༷ད་རྩི༷་ལེ༵ན་པ་དང་། གསང་སྔགས་ཀྱི་སྣོད༷་དང་ལྡ༷ན་ཞིང་དོན་གཉེར་ཅན་གྱི་སློབ༷་མ༷ར་གས༷ང་སྔག༷ས་ཀྱི་ཆོས་དཔེ་མཁྱུད་ཀྱིས་མི༷་སྟོན༷་པ་ད༵ང་། ད༷ད་པ་དང་ལྡ༷ན་ཅིང་ཆོ༷ས་དོན་དུ་གཉེར་བའི་སློབ་མས་ཚིག་དོན་འདྲི༷་བ༷་ལ༷་དེ་མི་སྟོན་པར་ཆོ༷ས་གཞ༷ན་སྟོན༵་པ་དང་། སྔགས་ཀྱི་ལྟ་སྤྱོད་ལ་སྐུར་པ་འདེབས་པའི་ཉན༷་ཐོ༷ས་དངོས་སམ་དེ་དང་འདྲ་བ་རྟོག་གེ་བའི་ན༷ང་དུ༷་ཞ༷ག་བདུ༷ན་ལོ༷ངས་པ༷ར་བསྡ༵ད་པ་དང་། རྣ༷ལ་
འབྱོར༷་པ་རང་ཉིད་དེ་ཁོ་ན་ཉིད་ཀྱི་ཡེ༷་ཤེ༷ས་དང་མི༷་ལྡ༷ན་བཞིན་དུ་ང་ནི་སྔ༷གས་འཆང་རྡོ་རྗེ་འཛིན་པ་ཡིན་པ༷ར་སྨྲ་ཞིང་རློམ༵་པ་དང་། ཚོགས་བཤད་ཙམ་ལས་མན་ངག་སློབ་བཤད་སྟོན་པའི་སྣོད༷་མི༷ན་པ་ལ༷་ཟབ་དོན་རྗེན་པར་བཤ༷ད་པ་སྟེ་དེ་རྣམས་ནི་ཡ༷ན་ལ༷ག་གི་ལྟུང༷་བ༷་བརྒྱད༵་དོ། །གཉིས་པ་རྣམ་གྲངས་གཞན་བཤད་པ་ནི། བསྙེན་སོགས་མ་བྱས་དབང་རབ་ལས་ལ་འཇུག །ཕྱི་ཆོས་མོས་ལ་ལུས་ཀྱི་ཕྱག་རྒྱ་བསྟན། །སྡོམ་པ་གཉིས་ཀྱི་བཅས་ལས་དགོས་མེད་འདའ། །ཞེས་པ་སྟེ། དེའང་རང་གི་བསྙེན༷་སྒྲུབ་སོ༷གས་མ༷་བྱས༷་པར་སློབ་མ་ལ་དབ༷ང་བསྐུར་བ་དང་། རྟེན་ལ་ར༷བ་གནས་བྱས་པ་དང་། སྦྱིན་སྲེག་གི་ལ༷ས་སོགས་ལ༷་བསམ་པས་འཇུ༵ག་པར་རྩོམ་ཞིང་སྦྱོར་བས་དངོས་སུ་ལག་ལེན་ལ་ཞུགས་པ་དང་། སྔགས་ཀྱི་ཟབ་དོན་ལ་སྐྲག་པའི་རིགས་ཅན་མ་ཡིན་ཀྱང་ཕྱི༷་མཚན་ཉིད་ཐེག་པའི་ཆོ༷ས་ལ་མོ༷ས་པ་ཆེ་བའི་གང་ཟག་ལ༷་དགོས་པ་མེད་པར་ལུས༷་ཀྱི༷་ཕྱ༷ག་རྒྱ༷་འཁྲུལ་འཁོར་སོགས་བསྟན༵་པ་དང་། སྡོམ༷་པ༷་འོག་མ་སོ་བྱང་གཉི༷ས་ཐོབ་པའི་སྔགས་པས་ཆང་འཐུང་བ་དང་ཕྱི་དྲོའི་ཁ་ཟས་བཟའ་བ་སོགས་སོ་བྱང་གཉིས་ཀྱི༷་བཅ༷ས་པ་ལ༷ས་ཚོགས་འཁོར་དང་ནང་གི་སྦྱིན་སྲེག་སོགས་དགོ༷ས་པ་ཁྱད་པར་ཅན་མེ༷ད་བཞིན་དུ་འད༵འ་བར་བྱེད་པ།
ནི་སྦོམ་པོའོ། །གསུམ་པ་དོན་བསྡུ་བ་ནི། །ཞེས་སོགས་སྦོམ་པོའི་ལྟུང་བ་དུ་མ་རྣམས། །ཡོད་ཀྱང་ཉེས་པ་ཆུང་ཞེས་དུས་འཁོར་བཤད། །ཅེས་པ་སྟེ། ཞེ༷ས་བཤད་པ་ལ་སོ༷གས་པའི་སྦོམ༷་པོ༷འི་ལྟུང༷་བ༷་ངོས་འཛིན་དང་། གོ་རིམ་དང་། གྲངས་མ་ངེས་པ་དང་། ཡན་ལག་གང་རུང་མ་ཚང་བའི་ཉེས་བྱས་སོགས་དུ༷་མ༷་རྣམ༵ས་ཡོ༷ད་ཀྱང༷་ཉེ༷ས་པ༷་ཆུང༷་བའི་ཚུལ་ཇི་སྐད་དུ། ལྟུང་བ་སྦོམ་པོ་རྣམས་ནི་དུ་མ་སྟེ། དེ་རྣམས་ལ་ཆད་པ་ཤིན་ཏུ་ཆུང་བར་འགྱུར་རོ། །ཞེ༷ས་དུས༷་འཁོ༷ར་འགྲེལ་ཆེན་ལས་བཤ༵ད་པས་འདིར་བཏང་སྙོམས་སུ་བྱས་སོ། །དེ་ཡན་ཆད་ཀྱིས་གསར་རྙིང་ཐུན་མོང་བའི་དམ་ཚིག་རྣམས་བསྟན་ཏེ། ལྔ་པ་ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་ལུགས་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོའི་སྲོལ། །ཞེས་པ་སྟེ། གསར་མའི་རྒྱུད་གཞུང་རྣམས་སུ་མ་གྲགས་པས་ན་ཁྱད༷་པ༷ར་བ་སྟེ། སྔ༷་འགྱུར༷་རྫོ༷གས་པ༷་ཆེ༷ན་པོ༷་གཙོ་བོར་བྱས་པའི་རྒྱུད་སྡེ་རྣམས་སུ་གསུངས་པའི་ལུགས་སྲོལ༵་འཆད་པ་ལས། སྤྱིར་དམ་ཚིག་ལ་སྒྲ་དོན་གྱི་དབང་དུ་བཏང་ནས་མ་ཡའི་སྒྲ་དངོས་སུ་ཡལ་གམ་བཅས་པའི་ཐ་ཚིག་ལ་འཇུག་པས་
ཇི་ལྟར་དམ་བཅས་པ་ལས་འདའ་བར་བྱ་བ་མ་ཡིན་པས་ན། ཀུན་འདུས་ལས། འདའ་དཀའ་རྡོ་རྗེའི་དམ་ཚིག་གཏན་གྱི་གཉེར། །ཞེས་སོ། །དེ་ལ་བསྲུང་མ་བསྲུངས་ཀྱི་ཁེ་ཉེན་གྱི་དམ་ཚིག་ཏུ་བཞག་པའང་ཡོད་དེ། ཧེ་རུ་ཀ་འདུས་པའི་རྒྱུད་ལས། མི་འདའ་དམ་པ་མཆོག་གྱུར་པ། །འདས་པར་གྱུར་ན་ཚིག་པར་བཤད། །ཅེས་སོ། །དབྱེ་ན་སྔ་འགྱུར་གྱི་རྒྱུད་སྡེ་ཐུན་མོང་མ་ཡིན་པ་རྣམས་རྒྱུད་ལུང་མན་ངག་གསུམ་དུ་འདུ་ཞིང་། དེ་རྣམས་སུ་སྤྱི་དང་། ཁྱད་པར། ལྷག་པར་དམ་ཚིག་གསུམ་དུ་བཤད་པ་ལས། དང་པོ་སྤྱིའི་དམ་ཚིག་ནི། སོ་བྱང་དང་ཕྱི་རྒྱུད་ཀྱི་སྡོམ་པའི་བསྲུང་མཚམས་སུ་གྲགས་པའི་དམ་ཚིག་རྣམས་ཏེ། བདེ་འདུས་ཞི་རྒྱུད་ལས། སོ་སོར་ཐར་དང་བྱང་ཆུབ་སེམས། །བྱ་སྤྱོད་རྣལ་འབྱོར་རྒྱུད་རྣམས་ལས། །བསྲུང་བར་བྱ་བ་གང་གསུངས་པ། །ཐུན་མོང་སྤྱི་ཡི་དམ་ཚིག་ཡིན། །ཞེས་སོ། །གཉིས་པ་ཁྱད་པར་གྱི་དམ་ཚིག་ནི། རྒྱུད་ཐམས་ཅད་ཀྱི་གཞི་མར་གྱུར་པ་སྒྲུ་འཕྲུལ་རྩ་རྒྱུད་ལས་ནི་རྩ་བའི་དམ་ཚིག་ལྔ་དང་། ཡན་ལག་གི་དམ་ཚིག་བཅུར་བཤད་པ་ལས། སྔ་མ་ནི་འདིར་བཤད་པའི་རྩ་བའི་དམ་ཚིག་གི་ནང་དུ་འདུ་ལ། ཕྱི་མ་འདིའི་ཡན་ལག་གི་དམ་ཚིག་ཉེར་ལྔའི་ནང་ཚན་མི་སྤང་བ་དང་།
དང་བླང་གཉིས་ལས་གཞན་མེད་ཅིང་། ལུང་ཐམས་ཅད་ཀྱི་རྩ་བ་སྤྱི་མདོ་དགོངས་པ་འདུས་པ་ལས་རྩ་བའི་དམ་ཚིག་གསུམ་དང་ཡན་ལག་ཉེར་ལྔ་བཤད་པ་ལས་སྔ་མའང་འདིར་བཤད་པར་འདུ་ཞིང་། ཕྱི་མའང་ཉེར་ལྔ་པོ་འདིར་བཤད་པ་དང་དོན་གཅིག་པས་དེས་ན་བསྟན་བཅོས་འདིར་ནི་མན་ངག་ཨ་ཏི་ཡོ་གའི་དམ་ཚིག་རྣམས་བསྟན་ཏོ། །གསུམ་པ་ལྷག་པའི་དམ་ཚིག་ནི་འོག་ཏུ་འཆད་པར་འགྱུར་ལ། གཉིས་པ་རྒྱས་པར་བཤད་པ་ལ་གཉིས། རྩ་བ་དང་། ཡན་ལག་གོ། །དང་པོ་རྩ་བའི་དམ་ཚིག་ནི། རྫོགས་པ་ཆེན་པོའི་དམ་ཚིག་དེ་ལའང་བསྲུང་དུ་མེད་པ་གཅིག་ཅར་བའི་དམ་ཚིག་དང་། བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གཉིས་སུ་དབྱེ་བ་ལས། དང་པོ་གཅིག་ཅར་བའི་དམ་ཚིག་ནི། རིན་ཆེན་སྤུངས་པ་ལས། དེ་དུས་བསྲུང་བའི་མཚམས་འདས་པས། །དམ་ཚིག་ལྷུན་གྲུབ་ཆེན་པོ་དང་། །མེད་དང་གཅིག་པུ་ཕྱལ་བ་ཡིན། དེའི་གྲོགས་སུ་དེ་འགྱུར་རོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཡེ་ནས་བླང་དོར་རྒྱུ་འབྲས་བསྲུང་བྱ་སྲུང་བྱེད་བསྲུང་མཚམས་ལས་འདས་པ་འཁོར་འདས་མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་མཉམ་བརྡལ་གྱི་དགོངས་པ་ཟབ་མོ་མངོན་དུ་གྱུར་པ་
ཅིར་སྣང་ཡེ་ཤེས་ཆེན་པོའི་རོལ་པ་འབའ་ཞིག་ཏུ་འཆར་བ་ནི་བསྲུང་དུ་མེད་པ་གཅིག་ཅར་བའི་དམ་ཚིག་གི་ཐ་སྙད་དུ་བཞག་པའོ། །གཉིས་པ་བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་ནི། དེ་ལྟ་བུའི་གདམས་ངག་ཟབ་མོ་ཐོབ་ཀྱང་ཉམས་ལེན་གྱི་ངོས་ནས་རྟོགས་གོམས་ཀྱི་གདིང་ཚད་མ་ལོངས་པའི་གང་ཟག་དད་བརྩོན་ཤེས་རབ་ཅན་ཐུན་མོང་གི་འཇུག་སྒོར་བསྲུང་མཚམས་ཅན་རིམ་གྱིས་པའི་དམ་ཚིག་གི་རྣམ་གཞག་དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས་གསུངས་པ་བཞིན་འཆད་པ་སྟེ། རྩ་བ་བླ་མའི་སྐུ་གསུང་ཐུགས་གསུམ་ལ། །དགུ་དགུར་ཕྱེ་བ་ཉི་ཤུ་རྩ་བདུན་དང་། །ཞེས་པ་སྟེ། རྩ༷་བ༷འི་དམ་ཚིག་ནི་རང་གི་སྒོ་གསུམ་སངས་རྒྱས་ཀུན་འདུས་བླ༷་མ༷འི་སྐུ༷་གསུ༷ང་ཐུག༷ས་རྡོ་རྗེ་གསུ༷མ་དང་དབྱེར་མི་ཕྱེད་པར་བསྡོམས་པས་སམ། ཡང་ན་གུ་རུའི་སྒྲ་ལས་ལྕི་བ་སྟེ་ཉམས་ན་སྦྱངས་དཀའ་བའི་དོན་གྱིས་དེ་སྐད་ཅེས་བྱ་ལ༵། དེ་ལ་དབྱེ་ན་སྐུ་གསུང་ཐུགས་གསུམ་རེ་རེ་ལ་ཕྱི་ནང་གསང་བ་གསུམ་གསུམ་དུ་ཕྱེ་བས་དགུ༷་དགུ༵ར་ཕྱེ༷་བ༷་ལས། དང་པོ་སྐུའི་དམ་ཚིག་གསུམ་ཚན་གསུམ་ནི། རིམ་པར་མ་བྱིན་པར་ལེན་པ། མི་ཚངས་པ་སྤྱོད་པ། སྲོག་གཅོད་པ་གསུམ་སྤོང་བ་སྐུའི་ཕྱིའི་གསུམ་དང་། ཕ་མ་སྤུན་སྲིང་དང་རང་ལུས་ལ་
སྨོད་པ། ཆོས་དང་གང་ཟག་ལ་སྨོད་པ། རང་ལུས་ལ་བརྡེག་བཙོག་དང་དཀའ་ཐུབ་ཀྱིས་བརྙས་ཤིང་གདུང་བ་རྣམས་སྤང་བ་སྐུའི་ནང་གི་གསུམ་དང་། རྡོ་རྗེ་སྤུན་སྲིང་གི་ལུས་ལ་བརྡེག་གམ་བརྡེག་པར་གཟས་ཤིང་རྒྱན་ལ་སྨོད་པ། བླ་མའི་ཡུམ་ལ་གཙེས་པ། བླ་མའི་སྐུའི་གྲིབ་མར་འགོངས་པ་དང་སྤྱན་སྔར་ལུས་ངག་གི་སྤྱོད་པ་བག་མེད་པ་རྣམས་སྤོང་བ་སྐུའི་གསང་བའི་དམ་ཚིག་གོ། །གཉིས་པ་གསུང་གི་དམ་ཚིག་གསུམ་ཚན་གསུམ་ནི། རྫུན་ཚིག །ཕྲ་མ། ཚིག་རྩུབ་སྨྲ་བ་རྣམས་སྤོང་བ་གསུང་གི་ཕྱིའི་གསུམ་དང་། ཆོས་སྨྲ་བ། དེའི་དོན་སེམས་པ། གནས་ལུགས་སྒོམ་པ་རྣམས་ལ་གཤེ་སྐུར་འདེབས་པ་སྤོང་བ་རྣམས་གསུང་གི་ནང་གི་དང་། རྡོ་རྗེ་སྤུན་སྲིང་གི་ཚིག །བླ་མའི་ཕྱག་རྒྱ་དང་ཉེ་འཁོར་གྱི་ཚིག །བླ་མའི་གསུང་རྣམས་ལ་བརྙས་ཤིང་གཅོག་པར་བྱེད་པ་རྣམས་སྤོང་བ་གསུང་གི་གསང་བའི་དམ་ཚིག་གོ། །གསུམ་པ་ཐུགས་ཀྱི་དམ་ཚིག་གསུམ་ཚན་གསུམ་ནི། གནོད་སེམས། བརྣབ་སེམས། ལོག་ལྟ་གསུམ་སྤོང་བ་ཐུགས་ཀྱི་ཕྱིའི་དང་། སྤྱོད་པ་ལོག་པ་བག་མེད་དང་ཐོ་ཅོ། སྒོམ་པ་ལོག་པ་བྱིང་རྒོད་དང་གོལ་སྒྲིབ། ལྟ་བ་ལོག་པ་རྟག་ཆད་དང་མཐར་འཛིན་
སྤངས་པ་རྣམས་ཐུགས་ཀྱི་ནང་གི་དང་། ཉིན་ཞག་གི་ཐུན་རེ་རེ་བཞིན་ལྟ་སྒོམ་སྤྱོད་གསུམ་ཡིད་ལ་མ་བྱས་པ། ཡི་དམ་གྱི་ལྷ་ཡིད་ལ་མ་བྱས་པ་དང་། བླ་མའི་རྣལ་འབྱོར་དང་། མཆེད་ལྕམ་ལ་བརྩེ་གདུང་ཡིད་ལ་མ་བྱས་པ་རྣམས་སྤང་བ་ཐུགས་ཀྱི་གསང་བའི་དམ་ཚིག་སྟེ་ཉི༷་ཤུ༷་རྩ༷་བདུ༷ན་ད༵ང་། ཞེས་སོ། །གཉིས་པ་ཡན་ལག་གི་དམ་ཚིག་བཤད་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཡན་ལག་དམ་ཚིག་ཉི་ཤུ་རྩ་ལྔ་ནི། །ཞེས་པ་སྟེ། རྩ་བའི་དམ་ཚིག་དེ་དག་བསྲུང་བའི་ཐབས་སམ་གྲོགས་སུ་གྱུར་པས་ན་ཡ༷ན་ལ༷ག་གི་ད༷མ་ཚི༷ག་སྟེ་དབྱེ་ན་གྲངས་ལྔ་ཚན་ལྔ་སྟེ་ཉི༷་ཤུ༷་རྩ༷་ལྔ༷་བཤད་པ་ནི༵་ཞེས་སོ། །གཉིས་པ་རྒྱས་བཤད་པ་ལ་ལྔ། སྤྱད་པར་བྱ་བ་ལྔ། མི་སྤང་བ་ལྔ། དང་དུ་བླང་བ་ལྔ། ཤེས་པར་བྱ་བ་ལྔ། བསྒྲུབ་པར་བྱ་བ་ལྔའོ། །དང་པོ་སྤྱད་པར་བྱ་བ་ལྔ་ནི། ཏ་ན་ག་ན་མ་བྱིན་ལེན་དང་རྫུན། །ངག་འཁྱལ་རྣམས་ནི་སྤྱད་པར་བྱ་བ་ལྔ། །ཞེས་པ་སྟེ། འདི་དག་ལ་རང་འདོད་ཀྱི་ཞེན་འཁྲིས་མེད་ཅིང་རྟོགས་གོམས་ཀྱི་གདིང་རྙེད་ན་གཞན་དོན་སྤྱད་པར་བྱ་བ་སྟེ། དངོས་བསྟན་ཏ༷་ན༷་སྒྲོལ་བ་དང་། ག༷་ན༷་སྦྱོར་བ་དང་། མ༷་བྱིན༷་
པ་ལེ༷ན་པ་ད༷ང་། རྫུན༷་དུ་སྨྲ་བ་རྣམ་སྔར་ལྟར་ལ། གདུལ་བྱ་མ་རུང་བའི་རྒྱུད་འཆོས་པའི་ཕྱིར་ཞེ་གཅོད་ཀྱི་བརླང་ཚིག་ང༷ག་འཁྱལ༷་སྨྲ་བ་རྣམས་དང་། སྦས་དོན་དུ་རླུང་རྟོག་དབུ་མར་གསོད་པ་དང་། ཁ་སྦྱོར་ལས་ཞུ་བདེ་འགྱུར་མེད་དུ་སྒྲུབ་པའི་འདོད་སྤྱོད་དང་། བཙུན་མོའི་ཤུ་ཏྲ་མ་བྱིན་པར་ལེན་པ་དང་། འཁོར་བ་མེད་སྣང་ལས་སྒྲོལ་བའི་རྫུན་ཚིག་དང་། བརྗོད་མེད་རྟོག་པས་གབ་སྦས་མེད་པར་སྨྲ་བའི་ངག་འཁྱལ་རྣ༷མས་ནི༷་སྤྱད༷་པ༷ར་བྱ༷་བ༷་ལྔ༵འོ། །གཉིས་པ་མི་སྤང་བ་ལྔ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་། །ཕྲག་དོག་ལྔ་ནི་མི་སྤང་དམ་ཚིག་ལྔ། །ཞེས་པ་སྟེ། འདོ༷ད་ཆ༷གས་དང་། ཞེ༷་སྡ༷ང་དང་། གཏི༷་མུག༷་དང་། ང༷་རྒྱལ༷་ད༵ང་། ཕྲག༷་དོ༷ག་སྟེ། དངོས་བསྟན་ལོག་པའི་དུལ་ལྔ༷་པོ་དེ་ནི་ཉན་ཐོས་པ་ལྟར་དགྲར་བལྟས་ནས་སྤང་མི་དགོས་ཏེ། ཆོས་ཐམས་ཅད་རང་རང་གི་ངོ་བོས་སྟོང་པས་སྤང་བྱའི་རྫས་མ་གྲུབ་པའི་ཕྱིར་སྨིག་སྒྱུ་ལ་ཆུ་རགས་མི་དགོས་པ་བཞིན་ཏེ། རྡོ་རྗེ་ལས། ཉོན་མོངས་རྣམས་ནི་སྒྱུ་འདྲ་ངོ་བོས་སྟོང་། །རང་གི་མ་རིག་རང་བཞིན་ཤེས་པས་སྒྲོལ། །ཞེས་སོ། །ཐབས་ཀྱིས་ཟིན་ན་སྤྱད་ཀྱང་མི་འཆིང་བར་མ་ཟད་རྣམ་པར་གྲོལ་བའི་མྱུར་ལམ་
ཡིན་པས་ཀྱང་མི་སྤང་སྟེ། རྣ་བར་ཆུ་ཞུགས་པ་ཆུས་འགུགས་པ་བཞིན་ཏེ། རྒྱ་མཚོ་ལས། ཉོན་མོངས་ལམ་ནི་དག་པ་ཆེ། །ཐབས་ཀྱི་འདོད་ཡོན་རྒྱན་གྱི་མཆོག །ཐམས་ཅད་ཐམས་ཅད་རོལ་པ་ཡིས། །མྱུར་དུ་ཧེ་རུ་ཀ་དཔལ་འགྱུར། །ཞེས་སོ། །ཉོན་མོངས་པ་ལྔ་ཡེ་ནས་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ཀྱང་མི་སྤང་སྟེ། སྣུམ་འདོད་པས་ཏིལ་འབྲུ་སྒྲུབ་པ་བཞིན་ཏེ། ཐབས་ཞགས་ཀྱི་འགྲེལ་པར་སློབ་དཔོན་ཆེན་པོ་པདྨས། གཏི་མུག་ནི་རྣམ་པར་སྣང་མཛད་ཀྱི་དམ་ཚིག་སྟེ། ཅིའི་ཕྱིར་ཞེ་ན། མ་རིག་པ་ནི་སྤང་དུ་མེད། རིག་པ་ནི་སྒྲུབ་ཏུ་མེད་དེ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ཕྱིར་རོ། །ཞེས་སོགས་གསུངས་སོ། །སྦས་དོན་ཡང་དག་པའི་དུག་ལྔ་ནི། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་ལྟ་བ་ལ་ཕྱོགས་རིས་དང་། སྤྱོད་པ་ལ་བླང་དོར་གྱིས་འབྱེད་པ་མེད་པའི་གཏི་མུག །དེ་ལྟར་མ་རྟོགས་པ་ལ་དམིགས་པ་མེད་པའི་སྙིང་རྗེས་རྗེས་སུ་ཆགས་པའི་འདོད་ཆགས། རང་རིག་པའི་ཡེ་ཤེས་ཀྱིས་ལོག་རྟོག་འཇོམས་པའི་ཞེ་སྡང་། མཉམ་ཉིད་རྟོགས་པའི་ལྟ་བ་གཤོངས་སུ་མི་འབེབས་པའི་ང་རྒྱལ། གཉིས་འཛིན་གྱི་ལྟ་སྤྱོད་མཉམ་ཉིད་ཀྱི་ཀློང་དུ་མི་ཤོང་བའི་ཕྲག་དོག་རྣམས་རྟོགས་གོམས་ཀྱི་ཐབས་
ཀྱིས་མི་སྤོང་བ་སྟེ། དེ་དག་ནི༷་མི༷་སྤང༷་བའི་དམ༷་ཚི༷ག་ལྔ༵འོ། །གསུམ་པ་དང་དུ་བླང་བ་ལྔ་ནི། དྲི་ཆེན་དྲི་ཆུ་རཀྟ་མཱཾ་ས་དང་། །རྡོ་རྗེ་ཟིལ་པ་དང་དུ་བླངས་པ་ལྔ། ཞེས་པ་སྟེ། དངོས་བསྟན་ལྟར་ན། དྲི༷་ཆེ༷ན་དང་། དྲི༷་ཆུ༷་དང་། ར༷ཀྟ༷་དང་། མཱ༷ཾ་ས༷་ད༵ང་། རྡོ་རྗེ་ཟིལ་པ་སྟེ་བདུད་རྩི་ལྔ་པོ་དེ་ཉིད་ཆོས་ཉིད་ངོ་བོས་གྲུབ། ཆོས་ཅན་རང་བཞིན་གྱིས་གྲུབ། ནུས་པའི་མཐུས་གྲུབ། བྱིན་གྱིས་རླབས་ཀྱིས་གྲུབ་པ་སྟེ། གྲུབ་པ་བཞི་དང་། ནད་ལྔ་སེལ་བའི་སྨན་ཡིན་པ་དང་། མཆོག་ཐུན་དངོས་གྲུབ་སྒྲུབ་པའི་རྫས་ཡིན་པ་དང་། རིམ་པ་བཞིན་དུ། དྲི་ཆེན་རྣམ་སྣང་། དྲི་ཆུ་དོན་གྲུབ། རཀྟ་སྣང་མཐའ། མཱཾ་ས་རིན་འབྱུང་། རྡོ༷་རྗེ༷་ཟི༷ལ་པ༷་མི་བསྐྱོད་པ་སྟེ། རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་ཡིན་པས་ན། ཡིན་པ་གསུམ་གྱི་ཚུལ་ཇི་ལྟ་བ་བཞིན་ཤེས་ནས་བསྟེན་པ་དང་། སྦས་དོན་དུ་ཕུང་པོ་ལྔའི་དྭངས་མ་འཛག་མེད་དུ་འཆིང་བ་སྟེ་དེ་རྣམས་ནི་ད༷ང་དུ༷་བླང༷་བ༷་ལྔ༵འོ། །བཞི་པ་ཤེས་པར་བྱ་བ་ལྔ་ནི། ཕུང་ལྔ་འབྱུང་ལྔ་ཡུལ་ལྔ་དབང་པོ་ལྔ། །ཁ་དོག་ལྔ་རྣམས་ལྷ་རུ་ཤེས་པ་ལྔ། །ཞེས་པ་སྟེ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པས། ཕུང༷་པོ་ལྔ༷་དེ་བཞིན་གཤེགས་པ་ཡབ་ལྔ། འབྱུང༷་བ་ལྔ་ཡུམ་ལྔ༷། ཡུལ༷་
ལྔ༷་སེམས་མ། དབ༷ང་པོ༷་ལྔ༵་དང་དབང་ཤེས་ལྔ་སེམས་དཔའ། ཁ༷་དོ༷ག་ལྔ་རིགས་ལྔ༷་ཡེ་ཤེས་ལྔ་སོགས་ལྔ་ཚན་གྱི་རྟོག་ཚོགས་རྣམ༷ས་ཀྱི་རང་བཞིན་ལྷ༷་རུ༷་དག་པས་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་ནས་ཤེ༷ས་པར་བྱེད་པ༷་སྟེ། དེ་དག་ནི་ཤེས་བྱ་ལྟ་བའི་དམ་ཚིག་ལྔ༵འོ། །ལྔ་པ་བསྒྲུབ་པར་བྱ་བ་ལྔ་ནི། དེ་བཞིན་གཤེགས་དང་རྡོ་རྗེ་རིན་པོ་ཆེ། །པདྨ་ལས་རིགས་བསྒྲུབ་བྱ་ལྔ་རྣམས་ནི། །དུས་ཚོད་འབྲེལ་བའི་སྤྱོད་པས་དགོངས་པ་བླངས། །ཞེས་པ་སྟེ། ཤེས་པར་བྱ་བའི་དམ་ཚིག་རྣམས་ལྟ་བའི་ངེས་པ་རྙེད་པ་ན་རྟོགས་གོམས་ཀྱི་སྦྱོར་བས་དེ༷་བཞི༷ན་གཤེ༷གས་པ་ད༷ང་། རྡོ༷་རྗེ༷་དང་། རི༷ན་པོ༷་ཆེ༵་དང་། པ༷དྨ༷་དང་། ལ༷ས་ཀྱི་རི༷གས་ཏེ་ལྔ་པོ་རང་རྒྱུད་ལ་ཚུལ་བཞིན་ཉམས་སུ་བླངས་ནས་བསྒྲུབ༷་པར་བྱ༷་བ་ལྔ༷་སྟེ། དེ་རྣ༷མས་ནི༷་ལས་དང་པོ་པ་དང་ཉམས་མྱོང་ཅུང་ཟད་སྐྱེས་པ་སོགས་ལྟ་དགོངས་ཀྱི་གདིང་དང་། ཚོགས་དང་དབེན་པ་ལ་སོགས་པའི་ཡུལ་དང་། དུས༷་ཚོད་ཀྱི་གནས་སྐབས་བརྩིས་ནས་དེ་དང་འབྲེ༷ལ་བ༷འི་སྒོ་ནས་སྤྱོད༷་དགོས་པ༷ས་དེ་དག་དངོས་བསྟན་དང་། གཞན་ཡང་སྦས་དོན་གྱི་ཚུལ་དུ་གསུངས་པའི་དགོ༷ངས་པ༷་བླང༵ས་ཏེ་སྤྱད་པ་ལ་མཁས་པར་བྱའོ། །གསུམ་པ་
ལྷག་པའི་དམ་ཚིག་ནི། སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་རྣལ་འབྱོར་པས་སྒྲུབ་པ་ལ་སོགས་པའི་སྐབས་སུ་བསྲུང་བྱ་ལྷག་པར་བསྟན་པའི་དམ་ཚིག་ཉི་ཤུ་ལྡེམས་དགོངས་ཀྱི་སྒྲས་བཤད་པ་སྟེ། །ཞི་རྒྱུད་ལས། གཞུང་དོན་ལྷག་པའི་དམ་ཚིག་ནི། །རབ་ཏུ་ལྷག་པར་བསྲུང་བར་བྱ། །གཅན་གཟན་རྒྱལ་པོའི་ཁྲི་མི་གཞིག །ཅེས་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་འཚེ་ཞིང་བཀའ་མི་གཅོག་པ་དང་། ཟ་མ་ཏོག་ཏུ་དུག་མི་བླུག །ཅེས་བླ་མའི་ཡུམ་ལ་མི་སྤྱོད་པ་དང་། རིན་ཆེན་ལྕུག་ཕྲན་མི་འབྲག་ཅིང་། །ཞེས་དད་པ་ཅན་གྱི་ཚོགས་མི་བཅག་པ་དང་། ཞུན་ཁོལ་ལྟ་བུ་མི་བཏུང་སྟེ། །ཞེས་དཀོན་མཆོག་དང་མཁས་པའི་དཀོར་ལ་མི་འབག་ཅིང་ཆང་མྱོས་པར་མི་འཐུང་བ་དང་། པདྨའི་ཟེའུ་འབྲུ་ཁ་མི་གསེང་། །ཞེས་རྡོ་རྗེ་སྤུན་གྱི་ཡུམ་ལ་མི་སྤྱོད་པ་དང་། བུག་རྡོལ་སྣོད་དུ་བཅུད་མི་བླུག །ཅེས་མཚན་ངན་གྱི་གཟུངས་མ་མི་བསྟེན་པ་དང་། དོན་དང་མི་ལྡན་རྫས་མི་བསྟེན། །ཞེས་མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན་པ་དང་། ཤེལ་སྒོང་འདམ་དུ་བསུབ་མི་བྱ། །ཞེས་མཁས་པའི་ཡོན་ཏན་ལ་མི་སྨོད་པ་དང་། མ་དག་སྣོད་དུ་དག་པ་མིན། །ཞེས་སྣོད་མིན་ལ་གསང་ཆོས་མི་སྟོན་པ་དང་། ཡིད་
བཞིན་ནོར་བུ་མི་འབྲེག་སྟེ། །ཞེས་མཚན་ལྡན་གྱི་གཟུངས་མ་དང་སྣོད་ལྡན་གྱི་སློབ་མ་མི་སྤང་བ་དང་། ཁྱུང་ཆེན་གཤོག་པ་ཡ་མི་འབྲལ། །ཞེས་དོན་བདེ་སྟོང་དང་རྟགས་ཡབ་ཡུམ་མི་འབྲལ་བ་དང་། གནམ་ལྕགས་ངུར་མོའི་མཚོན་མི་རྡེག །ཅེས་མཆེད་ལ་ཀྱལ་ཀ་ཙམ་དུའང་ནང་འཐབ་མི་བྱེད་པ་དང་། གཅན་གཟན་རོལ་པའི་ལྷག་མི་སྤྱད། །ཅེས་གཞན་གྱིས་སྤྱད་པའི་ལྷག་མི་སྤྱོད་པ་དང་། རྡོ་རྗེ་བྲག་ཆེན་མི་གཞིག་ཅིང་། །ཞེས་བླ་མའི་གདན་ས་མི་རློམ་པ་དང་། རབ་དྲྭ་བའི་མཚམས་མི་འདྲལ། །ཞེས་རང་གཞན་གྱི་མཚམས་མི་འདྲལ་བ་དང་། སྒྲོན་མེ་རླུང་གི་བསད་པ་མིན། །ཞེས་ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བ་དང་། ཡེ་ཤེས་ཆུ་རྒྱུན་གཅོད་པ་སྤང་། །ཞེས་བཟླས་བརྗོད་དང་ཆོ་ག་མི་ཚིག་གིས་བར་མི་གཅོད་པ་དང་། བཀའ་རྟགས་ཕྱག་རྒྱ་མི་དབྱེ་ཞིང་། །ཞེས་དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་བརྡ་མི་བརྗོད་པ་དང་། རྡོ་རྗེ་ཕ་ལམ་མཁར་མི་ལྡོག །ཅེས་རྣལ་འབྱོར་པའི་དཀྱིལ་འཁོར་མི་དཀྲུགས་ཤིང་སྐྱེ་བོའི་མཐུ་ཟློག་མི་བྱེད་པ་དང་། གཙུག་གི་ནོར་བུ་སྨ་མི་དབབ། །ཅེས་སློབ་དཔོན་གྱི་གཙུག་ཏུ་ཁུར་བ་ལས་ཉམས་པར་མི་བྱ་བའོ། །འདི་དག་བསྲུང་བར་བྱ་བ་སྟེ། །ལྷག་པར་གཅེས་
པའི་དམ་ཚིག་ཡིན། ཞེས་སོ། །གསུམ་པ་དོན་བསྡུ་བ་ནི། དེ་སོགས་དམ་ཚིག་རྣམ་གཞག་མང་གསུངས་པ། རྩ་བ་ཡན་ལག་བཅས་འདིར་མ་འདུས་མེད། །མདོར་ན་རང་ལུས་རྡོ་རྗེ་གསུམ་ཤེས་ན། །སྔགས་ཀྱི་དམ་ཚིག་ས་ཡ་འབུམ་སྡེ་འདུས། །ཞེས་པ་སྟེ། གོང་དུ་ཇི་སྐད་བཤད་པ་དེ༷ས་མཚོན་ཏེ་སོ༷གས་ཁོངས་ནས་སྔར་བཤད་པའི་སྒྱུ་འཕྲུལ་གྱི་རྩ་བ་དང་ཡན་ལག་གི་དམ་ཚིག་བཅོ་ལྔ་ལས་རྣམ་གྲངས་སུམ་བརྒྱ་དྲུག་ཅུར་སྤྲོས་པ་དང་། བཤད་རྒྱུད་རྒྱས་པར་དམ་ཚིག་དགུ་བཅུ་རྩ་བདུན་དང་། སྤྱི་མདོར་གལ་མདོ་ངེས་པའི་དམ་ཚིག་བཞི། ཐུན་མོང་གི་དམ་ཚིག་ཉི་ཤུ་རྩ་བརྒྱད། ལྷག་པའི་བཞི། བརྟུལ་ཞུགས་ཀྱི་ཉེར་གསུམ། སྒྲུབ་པའི་ཉི་ཤུ། སྤྱོད་ལམ་རྒྱུན་གྱི་བཞི། བདུད་ལྔ་སྤོང་བ། དགྲ་བཞི་གཞོམ་པ། ལྟ་བའི་དམ་ཚིག་སྟེ་དགུར་ཕྱེ་བ་དང་། གཞན་ཡང་རྒྱུད་སྡེ་སོ་སོར་རྩ་བ་དང་ཡན་ལག་གིས་བསྡུས་པའི་བསྲུང་བའི་དམ་ཚིག་དང་། ཏིང་ངེ་འཛིན་དང་། སྤྱོད་ལམ་དང་། བཟའ་བའི་དམ་ཚིག་དང་། མི་འབྲལ་བའི་ཡོ་བྱད་ཀྱི་ད༷མ་ཚི༷ག་སོགས་རྣམ༷་གཞ༷ག་མ༷ང་པོ་ཞིག་གསུ༷ངས་པ༵་ཡོད་ནའང་དེ་ཐམས་ཅད་རྩ༷་བ༷་དང་ཡན༷་ལ༷ག་གི་དམ་ཚིག་དང་བཅ༷ས་པ་འདི༷ར་མ༷་འདུ༷ས་པ་
མེ༵ད་དོ། །གང་སྤྱད་ན་སྔགས་སྡོམ་གཏོང་བའི་རིགས་དང་། མི་གཏོང་ནའང་ཡན་ལག་ཉམས་པར་བྱེད་པའི་རིགས་གཉིས་སུ་འདུས་པའི་ཕྱིར་རོ། །འོ་ན་གསར་རྙིང་ཐུན་མོང་བའི་རྩ་ལྟུང་བཅུ་བཞི་དང་། སྔ་འགྱུར་བའི་ཁྱད་པར་གྱི་དམ་ཚིག་སྔར་བཤད་པ་རྣམས་མི་འགལ་ལམ་སྙམ་ན། བཅུ་བཞི་པོ་ཁྱད་པར་གྱི་རྩ་བའི་དམ་ཚིག་དེ་དག་ཁོངས་སུ་འདུས་པས་འགལ་བ་མེད་དོ། །དེ་ཐམས་ཅད་ཀྱང་མདོ༷ར་བསྡུ་ན༷་ར༷ང་གི་ལུས༷་གཉུག་མའི་རྩ་རླུང་ཐིག་ལེ་ཡེ་ཤེས་དང་བཅས་པ་གདོད་མ་ནས་སྐུ་གསུང་ཐུགས་རྡོ༷་རྗེ༷་གསུ༷མ་དབྱེར་མེད་པའི་ཡེ་ཤེས་རྡོ་རྗེའི་བདག་ཉིད་དུ་བཞུགས་པ་ཉིད་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་དེ་ཤེ༷ས་ན༷་གསང་སྔགས་ཀྱི༷་ད༷མ་ཚི༷ག་ས༷་ཡ༷་འབུ༷མ་སྡེ་ཇི་སྐད་གསུངས་པ་ཐམས་ཅད་དེར་ལྷུན་གྱི་གྲུབ་པར་འདུ༵ས་ཤིང་སྐྱོན་རྣམ་པར་དག་པ་ཉིད་ཡོན་ནོ། །ལྔ་པ་སྡོམ་པ་སྐྱེ་བའི་རྟེན་བཤད་པ་ནི། སྐྱེ་བའི་རྟེན་ནི་ཉིན་བཞིན་བྲམ་ཟེ་གསོད། །མཚམས་མེད་ལྔ་བྱེད་ལ་སོགས་ཀུན་ལའོ། །ཞེས་པ་སྟེ། དེ་ལྟ་བུའི་རིག་པ་འཛིན་པའི་སྡོམ་པ་དེ་སྐྱེ༷་བ༷འི་རྟེན༷་ནི༷་གཙོ་བོར་ཁམས་དྲུག་ལྡན་གྱི་མི་ཡིན་པར་བཤད་ཅིང་། དཔེར་ན་མཚོན་རྟུལ་པོས་ཤིང་སྡོང་གཅོད་པ་ལ་ཡུན་རིང་ཐོགས་པ་དེ་རྣོན་པོས་
སྐད་ཅིག་ལ་གཅོད་པ་ལྟར་མཚན་ཉིད་ཐེག་པས་ཚེ་རབས་མང་པོར་ཚོགས་བསགས་ནས་བསྒྲུབ་དགོས་པའི་འབྲས་བུ་དེ་སྔགས་ཀྱི་ཐེག་པ་འདིར་ཞུགས་ན་ཚོགས་གཉིས་ཀྱི་བསགས་པ་སྔོན་དུ་འགྲོ་མི་དགོས་པར་མ་ཟད། ཐེག་པ་གཞན་དུ་སྤངས་པའི་གདུལ་བྱ་ཉིན༵་བཞི༷ན་བྲམ༷་ཟེ༷་གསོ༵ད་པ་དང་། མཚ༷མས་མེ༷ད་པ་ལྔ༷་བྱེ༷ད་པ་ལ༷་སོ༷གས་པའི་སྡིག་པ་ཚབ་པོ་ཆེའི་ལས་བྱེད་བཞིན་པ་ཞིག་ཡིན་ཀྱང་། དབང་རྣོན་སེམས་སྟོབས་ཆེན་པོ་དང་ལྡན་ཅིང་། མོས་འདུན་བཟློག་ཏུ་མེད་པ་ཞིག་ཡོད་ཕྱིན་སྐྱེ་བ་འདི་ལས་སངས་རྒྱས་ཉིད་འགྲུབ་སྟེ་ཐབས་ཟབ་ཅིང་ཡངས་པའི་གནད་ཀྱིས་སོ། །གཞན་ཡང་སྐལ་ལྡན་ལས་འཕྲོ་ཅན་བསགས་པ་ཡང་རབ་ཡིན་ན་མིའི་རྟེན་ཁོ་ན་དགོས་པའི་ངེས་པ་མེད་དེ། རྒྱུད་སྡེ་རྣམས་ལས་ལྷ་དང་ལྷ་མིན་སོགས་རྒྱུད་མཉན་པའི་སྣོད་དུ་བསྡུས་པ་དང་། གསང་བདག་གིས་སྔགས་ཀྱི་ཐེག་པ་གསུངས་པའི་གདུལ་བྱའི་གཙོ་བོ་དྲྭ་མ་ལྔ་ལས་བཞི་མི་མ་ཡིན་པའི་རྟེན་ཅན་ཡིན་པ་དང་། ཨོ་རྒྱན་གྱི་གནས་སུ་ཀླུ་རྣམས་སྔགས་ལམ་གྱིས་གྲོལ་བ་དང་། དགྲ་བཅོམ་ལྷག་མེད་རྣམས་སྔགས་ཀྱི་ཐེག་པར་འཇུག་པ་ཡོད་དགོས་པ་ལ་སོགས་པའི་ཕྱིར་སྐལ་བ་དང་ལྡན་པའི་འགྲོ་བ་ཀུན༷་ལ༷་སྔགས་ཀྱི་སྣོད་རྒྱུ་ཡོད་
པར་བཤད་པའོ༵། །དྲུག་པ་ཉམས་པ་གསོ་བའི་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། ཐ་མར་ཉམས་ན་གསོ་བའི་ཚུལ་བཤད་པ། ཞེས་པས། དེ་ལྟ་བུའི་དམ་ཚིག་རྣམས་མ་ཉམས་པར་བསྲུང་བ་ལ་འབད་ཅིང་། གལ་ཏེ་ལྟུང་བ་འབྱུང་བའི་རྒྱུའི་དབང་གིས་ཐ༷་མ༷ར་ཉ༷མས་པར་གྱུར་ན༷་སླར་གསོ༷་བ༷འི་ཚུལ༷་བཤ༷ད་པ༵་ལ་ཞེས་སོ། །གཉིས་པ་རྒྱས་པར་བཤད་པ་ལ་གཉིས། ཕྱིར་བཅོས་བྱ་ཚུལ་དང་། མ་བྱས་པའི་ཉེས་པའོ། །དང་པོ་ཕྱིར་བཅོས་བྱ་ཚུལ་ལ་ལྔ། ལྟུང་བའི་རྒྱུ་གཉེན་པོ་བཅས་བཤད་པ། ལྟུང་བ་ལྕི་ཡང་གི་ལྡང་ཚད། ལྟུང་མེད་ཀྱི་རྒྱུ། བཤགས་ཚད་ལ་འདས་པ། ཕྱིར་བཅོས་བྱ་ཚུལ་དངོས་སོ། །དང་པོ་ལྟུང་བའི་རྒྱུ་གཉེན་པོ་བཅས་བཤད་པ་ནི། ལྟུང་མཚམས་མི་ཤེས་བླ་མ་སོགས་མི་གུས། བག་མེད་སྤྱོད་ཅིང་ཉོན་མོངས་མང་བ་བཞི། །ལྟུང་བ་འབྱུང་བའི་སྒོ་བཞི་ཐོགས་མེད་བཞེད། །དེ་ཡི་གཉེན་པོར་བསླབ་བྱར་བསླབ་པ་དང་། །ཀུན་ལ་གུས་བསྐྱེད་རྟག་པར་དྲན་ཤེས་བསྟེན། །ཉོན་མོངས་གང་ཆེའི་གཉེན་པོར་འབད་དེ་བསླབ། །སྤང་བྱ་བཞིའི་སྟེང་བརྗེད་ངས་དྲན་མི་གསལ། །གཉིས་བསྣན་དམ་ཚིག་ཉམས་པའི་
རྒྱུ་དྲུག་ཅེས། །དཔལ་ལྡན་སྡོམ་པའི་རྒྱུད་ལས་གསལ་བར་གསུངས། །ཞེས་པ་སྟེ། དམ་ཚིག་ལ་བསླབ་པར་འདོད་ཀྱང་ལྟུང༷་བ་སོ་སོའི་བླང་དོར་གྱི་མཚ༷མས་མི༷་ཤེ༷ས་པ་དང་། ཤེས་ཀྱང་བླ༷་མ༷་དང་། དེས་འདོམས་པའི་བསླབ་བྱ་ལ་སོ༷གས་པ་ལ་མི༷་གུས༷་དང་། སྤྱིར་གུས་ཀྱང་ཉེས་དམིགས་མ་མཐོང་བའམ་དྲན་ཤེས་མེད་པས་གཟོབ་པར་མི་བྱེད་པས་བ༷ག་མེ༷ད་པར་སྤྱོད༷་ཅི༷ང་། དེས་ཉེས་པ་འབྱུང་བའི་རྒྱུ་བྱེད་པ་དང་། འཛེམ་བག་ཅུང་ཟད་སྐྱེས་ཀྱང་ཉོ༷ན་མོ༷ངས་ཤས་ཆེ་ཞིང་མ༷ང་བ༷་སྟེ་བཞི༵་ནི་ལྟུང༷་བ༷་འབྱུང༷་བ༷འི་སྒོ༷་བཞི༷ར་རྒྱལ་སྲས་ཐོ༷གས་མེ༷ད་ཀྱི་བཞེ༷ད་ལ། བཞི་པོ་དེ༷་ཡི༷་གཉེ༷ན་པོ༷ར་བླང་དོར་རྣམས་ཤེས་པར་བྱས་ནས་བསླབ༷་བྱར༷་བསླབ༷་པ་ད༵ང་། ཕན་ཡོན་ལ་བྲོད་པ་བསྐྱེད་ནས་བླ་མ་དང་བསླབ་པ་ཀུ༷ན་ལ་གུས༷་པ་བསྐྱེ༷ད་པ་དང་། དགྲ་ཆེ་སར་ཟོན་བྱེད་པ་ལྟར་ཉེས་དམིགས་ལ་འཇིགས་ནས་སེམས་བསྒྲིམས་ཏེ་རྟག༷་པ༷ར་དྲ༷ན་ཤེ༷ས་དང་བག་ཡོད་བརྟེན༵་པ་དང་། རང་རྒྱུད་ལ་ཉོན་མོ༷ངས་ག༷ང་ཤས་ཆེ༷་བ་དེའི༷་གཉེ༷ན་པོ༷ར་འབ༷ད་དེ༷་བསླབ༵་པ་དང་བཞིའོ། །སྤ༷ང་བྱ༷་རྒྱུ་བཞི༷་པོ་དེའི༷་སྟེང༷་བསླབ་བྱའི་མཚམས་བརྗེ༷ད་ངས་པ་དང་། ཤེས་བཞིན་མེད་པས་དྲ༷ན་པ་མི༷་གས༵ལ་བ་གཉི༷ས་བསྣ༷ན་ཏེ་ད༷མ་ཚི༷ག་ཉ༷མས་པ༷འི་རྒྱུ༷་དྲུ༷ག་ཅེ༵ས་དཔ༷ལ་ལྡ༷ན་སྡོ༷མ་པ༷འི་རྒྱུད༷་
ལ༷ས་གས༷ལ་བ༷ར་གསུ༵ངས་ཏེ། ཇི་སྐད་དུ། མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་དང་། །བརྗེད་ངས་དྲན་པ་མི་གསལ་བ། །འདི་དྲུག་དམ་ཚིག་ཉམས་པའི་རྒྱུ། །ཞེས་སོ། །ཕྱི་མ་གཉིས་ཀྱི་གཉེན་པོ་གནང་བཀག་གི་མཚམས་མི་བརྗེད་པའི་དྲན་པ་དང་། དམ་ཚིག་ལས་འདས་མ་འདས་དཔྱོད་པའི་ཤེས་བཞིན་ནོ། །གཞན་ཡང་ཉམས་ན་བདག་ཉིད་ངན་ནོ་སྙམ་དུ་རང་ལ་བརྟེན་ནས་འཛེམ་པའི་ངོ་ཚ་ཤེས་པ་དང་། གཞན་གྱིས་ཁྲེལ་ནས་སྨད་པའི་གནས་སུ་འགྱུར་བ་དང་། རྒྱལ་བ་སྲས་བཅས་རྣམས་དང་དྲིན་ལྡན་བླ་མ་རྣམས་ཀྱི་ཟག་པ་མེད་པའི་འབྱུང་ལས། ཇི་སྟེ་དངོས་གྲུབ་མཆོག་འདོད་ན། །སྲོག་ནི་ཡོངས་སུ་གཏོང་ཡང་སླ། །འཆི་བའི་དུས་ལ་བབ་ཀྱང་སླའི། །རྟག་ཏུ་དམ་ཚིག་བསྲུང་བར་བྱ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ལྟུང་བ་ལྕི་ཡང་གི་ལྡང་ཚད་ནི། ཀུན་ལ་ཡུལ་བསམ་སྦྱོར་བ་མཐར་ཐུག་གམ། །ཀུན་སློང་ཉོན་མོངས་གང་འགལ་དེར་ཤེས་དང་། །ལུས་ངག་སྦྱོར་བྱས་དངོས་གཞི་བར་ཆོད་
པ། །མ་འཁྲུལ་སྤྱད་དང་འགྱོད་མེད་བཤགས་ཚད་འདས། །ཕམ་པ་ཞེས་བརྗོད་དངོས་གཞི་མ་ཚང་ན། །ཐུན་འདས་ལྟུང་བ་ཞེས་བརྗོད་ལྷག་མ་ལྟར། །རིམ་པས་དམན་ན་སྦོམ་པོ་ལྟུང་བྱེད་དང་། །ཉེས་བྱས་ལྟུང་བའི་གཟུགས་བརྙན་ཤེས་པར་བྱ། །ཞེས་པ་སྟེ། དེ་ནས་ལྟུང་བ་དང་ལྟུང་མེད་ཀྱི་ཚུལ་ཤེས་པར་བྱ་བ་ལ། ལྟུང་བ་ཀུ༷ན་ལ༷་ཡན་ལག་བཞི་ལྡན་ནམ་བདུན་ལྡན་ཏེ། དེ་ཡང་གང་ལ་བརྟེན་ནས་ལྟུང་བ་འབྱུང་བའི་ཡུལ༷་དང་། དེར་འདུ་ཤེས་པའི་བས༷མ་པ་དང་། ལས་ལམ་ལ་འཇུག་པའི་སྦྱོར༷་བ༷་དང་། སྒོ་གསུམ་གང་གིས་གྲུབ་པའི་ལས་ལམ་རྫོགས་ནས་མཐ༷ར་ཐུག༷་པ་སྟེ་ཡན་ལག་བཞི་ལྡན་དག་ག༵མ། ཡང་ན་ཀུན༷་སློ༷ང་ཉོན༷་མོ༷ངས་དྲག་པོས་བསླང་བ་དང་། ག༷ང་ལ་བརྟེན་ནས་དམ་ཚིག་དང་འག༷ལ་བར་འགྱུར་བའི་ཡུལ་དེ་ལ་དེ༷ར་ཤེ༷ས་པ་ད༵ང་། ཀུནྡ་འདོར་བ་ལྟ་བུ་ལུས༷་དང་། གསང་སྒྲོག་ལྟ་བུ་ང༷ག་གི་སྦྱོར༷་བས་གྲོགས་ལ་ལྟོས་པའི་བྱ་བ་དེ་བྱས༷་ཟིན་ན་རྩ་ལྟུང་དངོ༷ས་གཞི༷ར་གྲུབ་པ་དང་། ཡིད་ཀྱིས་གྲུབ་པ་རྣམས་ཉིན་མཚན་གྱི་དྲུག་ཆའི་ནང་དུ་གཉེན་པོས་མ་སླེབས་པར་ཐུན་ཚོད་ཀྱིས་བ༷ར་ཆོ༷ད་པ༵་དང་། ཡང་སྒོ་གསུམ་གྱིས་བསྐྱེད་པའི་ལྟུང་བ་གང་ཡིན་ཡང་། ལྟུང་བ་གཅིག་ཙམ་ལ་ཡན་ལག་བདུན་
ཀ་ཚང་དགོས་པའི་དབང་དུ་བྱས་ན། བར་ཆོད་པ་ཞེས་པ་འདི་དེ་ལྟར་འགྲེལ་ན་ཐུན་ཚོད་འདས་ཞེས་པ་དང་གཅིག་ཏུ་འགྱུར་བས་སྲོག་གཅོད་ལྟ་བུས་མཚོན་ཏེ་གོང་དུ་བཤད་པའི་བསམ་སྦྱོར་དེ་དང་ལྡན་པས་དངོས་གཞིར་གྲུབ་པ་ནི། བར་དུ་སྲོག་གཅོད་པ་ན་བྱ་བ་དེ་རྫོགས་ནས་སྲོག་གཅོད་པ་ན་ཞེས་པའམ། ཡང་ན་དངོས་གཞིའི་ལྟུང་བ་བསྐྱེད་པ་ལ་མཐར་མ་ཕྱིན་གོང་། བར་དུ་གཉེན་པོས་ཆོད་པ་མིན་པ་ཞེས་འགྲེལ་ནའང་རུང་ངམ་སྙམ་དུ་སེམས་སོ། །སྨྱོས་པ་ལ་སོགས་པ་འདུ་ཤེས་མ༷་འཁྲུ༷ལ་བས་སྤྱད༷་པ་ད༷ང་། དེས་མགུ་བས་འགྱོ༷ད་པ་མེ༷ད་པ་དང་། བཤ༷གས་པས་མ་ཟིན་པར་ཐུན་ཚོ༷ད་ལས་འད༵ས་པ་སྟེ། དེ་ལྟར་ཡན་ལག་བདུན་ཚང་བར་སྤྱོད་ན་སྔགས་སྡོམ་གཏོང་བས་ཤིན་ཏུ་ལྕི་ཞིང་མི་མཐུན་ཕྱོགས་ཀྱིས་གཉེན་པོ་བཅོམ་པས་ཕས་ཕ༷མ་པ༷་ཞེ༷ས་བརྗོ༷ད་ཅིང་། གལ་ཏེ་རྩ་ལྟུང་གང་རུང་གཉེན་པོ་དང་སྤེལ་ནས་སྐྱེས་པ་ལྟ་བུ་དངོ༷ས་གཞི༷་འགྲུབ་བྱེད་ཀྱི་ཡན་ལག་གང་རུང་མ༷་ཚ༷ང་ན༵ས་མ་བཤགས་པར་ཐུ༷ན་ཚོད་འད༷ས་ན་ཐུན་འདས་ཀྱི་ལྟུང༷་བ༷་ཞེ༷ས་བརྗོ༷ད་དེ། སོ་ཐར་གྱི་དགེ་འདུན་ལྷ༷ག་མ༷་ལྟར༵་ཕམ་པའི་འོག་ནས་ཉེས་པ་ལྕི་བ་ཡིན་ལ། དེ་བཞིན་དུ་རི༷མ་པ༷ས་ཉེས་པ་དམ༷ན་ན༷་འདི་ལྟར་ཕམ་པའི་སྡེར་གཏོགས་པ་ཡན་
ལག་མ་ཚང་བ་ཉོནམོངས་པ་ཅན་ནི་སྦོ༷མ་པོ༷་དང་། ཡན་ལག་གི་ལྟུང་བ་གཞན་ཐམས་ཅད་ནི་ལྟུང༷་བྱེད༷་ལྟ་བུ་ད༵ང་། ཕྱོགས་མཐུན་གྱི་ཉེས་པ་ཕྲ་མོ་རྣམས་ནི་ཉེ༷ས་བྱས༷་དང་འདྲའོ། །གལ་ཏེ་རྡོ་རྗེའི་མཆེད་ལ་ཕན་སེམས་ཀྱིས་ཁྲོས་པ་ལྟ་བུ་ནི་ལྟུང༷་བ༷འི་གཟུ༷གས་བརྙན༷་ཏེ་དོན་ལ་ལྟུང་མེད་དུ་ཤེ༷ས་པ༷ར་བྱའོ༵། །གསུམ་པ་ལྟུང་མེད་ཀྱི་རྒྱུ་བཤད་པ་ནི། ན་དང་དབང་ཉམས་བྱ་བ་གཞན་གྱིས་དང་། །དོན་ཆེན་སྐྱེ་མེད་བརྟན་དང་དགོས་ལྡན་དང་། ནུས་རྙེད་གནང་དང་བཀའ་བསྒོ་བར་ཆད་ལས། །ཉེས་པ་མེད་ཅེས་སྙིང་པོ་རྒྱན་ལས་གསུངས། །ཞེས་པ་སྟེ། དེ་དག་ཐམས་ཅད་ལ་རང་ཉིད་ན༷་བ་ད༷ང་། གཞན་དབ༷ང་དུ་སོང་བས་རང་དབ༷ང་ཉམ༷ས་པ་དང་། བྱ་བ་དེ་ལས་ཆེ་བའི་བྱ༷་བ༷་གཞ༷ན་གྱིས༷་བྲེལ་བ་ད༵ང་། གཞན་དོ༷ན་དུ་འགྱུར་ངེས་པའི་དོན་ཆེ༷ན་པོ་མཐོང་བ་དང་། རང་རྒྱུད་ལ་སྐྱེ༷་བ་མེ༷ད་པའི་དོན་སྐྱེས་ནས་བརྟན༷་པ་ཐོབ་པ་ད༷ང་། གཞན་དྲང་བ་ལ་སོགས་པའི་དགོ༷ས་པ་ཆེན་པོ་དང་ལྡ༷ན་པ་ད༵ང་། རྟོགས་གོམས་ཀྱི་ནུས༷་པ་རྙེ༷ད་པ་དང་། ལྷག་པའི་ལྷ་ལྟ་བུའི་ཡུལ་ཁྱད་པར་ཅན་གྱིས་གན༷ང་བ་ཐོབ་པ་ད༷ང་། རང་གི་བླ་མས་འདི་ལྟ་བུ་ཞིག་གྱིས་ཤིག་ཅེས་བཀ༷འ་བསྒོ༷་བ་དང་། དོན་དེས་རང་གི་སྲོག་ལ་བ༷ར་ཆ༷ད་དུ་
འགྱུར་བ་ལ༵ས་ལྟུང་བ་དེ་དག་བྱས་ཀྱང་ཉེས༷་པ༷་མེ༷ད་ཅེ༷ས་སྙིང༷་པོ༷་རྒྱན༷་ལས་གསུ༵ངས་ཏེ། དེ་ལས། ན་དང་དབང་ཉམས་བྱ་བ་ནི། །གཞན་གྱི་དོན་དང་དོན་ཆེན་དང་། །སྐྱེ་མེད་བརྟན་དང་དགོས་ལྡན་དང་། །ནུས་པ་རྙེད་དང་གནང་བ་དང་། །བཀའ་བསྒོ་བ་དང་བར་ཆད་ལས། །ཉེས་པ་མེད་པར་ཤེས་པར་བྱ། །ཞེས་སོ། །བཞི་པ་བཤགས་ཚད་ལས་འདས་པ་བསྟན་པ་ནི། དེ་ལྟར་ཉིན་མཚན་ཐུན་ལ་ལན་དྲུག་ཏུ། །སྤང་བླང་དམ་ཚིག་གནས་ལ་བསྒྲིམས་ཏེ་དཔྱད། །དྲུག་ཆ་འདས་ན་ཐུན་ཚོད་འདས་ཞེས་བྱ། །ཞག་གཅིག་ཟླ་གཅིག་ལོ་གཅིག་ལོ་གཉིས་འདས། །འགལ་ཉམས་འདས་རལ་ཞེས་བརྗོད་དེ་དག་ཀྱང་། །སྙིང་ནས་བཤགས་ན་གསོར་རུང་ཕྱི་རིམ་ལྕི། །ལོ་གསུམ་འདས་ན་གསོར་མི་རུང་བ་ཡིན། །ཞེས་པ་སྟེ། དེ༷་ལྟར༷་ཉིན༷་མཚ༷ན་གྱི་ཐུན༷་ལ༷་ཉིན་ལན་གསུམ། མཚན་ལ༷ན་གསུམ་སྟེ་དྲུག༷་ཏུ༵་ཐུན་རེ་རེ་བཞིན་སྤ༷ང་བླ༷ང་ད༷མ་ཚི༷ག་གི་གན༷ས་ལ༷་འགལ་མ་འགལ་སེམས་ལེགས་པར་བསྒྲིམ༷ས་ཏེ༷་བརྟགས་ཤིང་དཔྱད༵་པས་དུས་དྲུག༷་ཆ༷འི་ནང་དུ་གཉེན་པོས་མ་སླེབས་པར་འད༷ས་ན༷་ཐུན༷་ཚོ༷ད་ལས་འད༷ས་པ་ཞེས༷་བྱ༵་བ་དང་། དེ་བཞིན་དུ་ལྟུང་བ་བྱུང་ནས་མ་བཤགས་པར་ཞ༷ག་གཅི༷ག་དང་། ཟླ༷་བ་གཅིག་དང་། ལོ༷་གཅི༷ག་དང་།
ལོ༷་གཉི༷ས་རྣམས་འད༵ས་ན་འག༷ལ་བ་དང་། ཉ༷མས་པ་དང་། འད༷ས་པ་དང་། ར༷ལ་བ་ཞེ༷ས་བརྗོ༷ད་དེ། དེ༷་དག༷་ཀྱང༵་སྙིང༷་ཐག་པ་ན༷ས་བཤ༷གས་ན༷་གསོར་རུང་ཡང་ཕྱི༷་རི༷མ་རྣམས་ཉེས་པ་ལྕི༵འོ། །གལ་ཏེ་ལོ༷་གསུ༷མ་འད༷ས་པར་གྱུར་ན༷་གསོ༷ར་མི༷་རུང༷་བ༷་ཡི༵ན་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས། ལོ་གསུམ་དག་ལས་འདས་པ་ན། །དེ་ནས་གསོ་རུ་མི་རུང་སྟེ། །གལ་ཏེ་བླངས་ན་གཉིས་ཀ་འཚིག །ངེས་པར་ས་སྤྱོད་སྡུག་བསྔལ་ལ། །རྒྱུན་དུ་སྤྱོད་པ་ཁོ་ནའོ། །ཞེས་སོ། །དེ་ཡང་ངོ་བོ་ལ་ལྟོས་པ་རྩ་བ་དང་ཡན་ལག་ཉམས་པ་དང་། དུས་ལ་ལྟོས་པ་ཐུན་འདས་ཞེས་འགལ་ཉམས་སོགས་ཀྱིས་བཤགས་བྱའི་ལྕི་ཡང་ཤེས་པར་བྱའོ། །གཞན་ཡང་སྤྱི་མདོ་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་ཟླས་ཉམས་ཞར་ཉམས་ལྔ། །ཞེས་པས། ཀུན་ཏུ་ཉམས་པའི་ཡུལ་ཆེས་གཉན་པ་ལ་ཀུན་དཀྲིས་དྲག་པོས་སྤྱད་པའམ། ལན་གྲངས་མང་དུ་བྱུང་བ་དང་། དུས་འདས་རལ་བ་ལ་སོགས་པ་ཡུན་རིང་པོར་ལོན་པ་ཡིན་ལ། ཟླས་ཉམས་ནི་ཉམས་པ་དང་འགྲོགས་པའི་ཉེས་པ་དང་། ཞར་ཉམས་ནི་གཞན་གྱི་ངོ་དགར་ཐལ་བ་ལ་
སོགས་པའོ། །ལྔ་པ་ཕྱིར་བཅོས་དངོས་ལ་བཞི། དབང་བཞི་ལ་ལྟོས་པའི་གསོ་ཐབས། དུས་འདས་ལ་ལྟོས་པའི་གསོ་ཐབས། སྙིང་པོ་རྒྱན་ལས་བཤད་པའི་ཕྱིར་བཅོས་ཉེར་ལྔ། ཡོ་ག་གསུམ་གྱི་རྣལ་འབྱོར་སྤྱི་ཁྲུས་ཀྱིས་གསོ་བའོ། །དང་པོ་དབང་བཞི་ལ་ལྟོས་པའི་གསོ་ཐབས་ནི། དབང་བདུན་ཐོབ་ལ་ལྷ་གྲངས་རེ་རེ་ལ། །བཟླས་པ་སུམ་ཁྲི་དྲུག་སྟོང་བྱས་པས་སྦྱངས། །བུམ་གསང་ཐོབ་ཉམས་སྔོན་དུ་ཆད་ལས་སྦྱང་། །དེ་རྗེས་དཀྱིལ་འཁོར་ཞུགས་ལ་དབང་བཞི་ལེན། ཤེར་དབང་ཚིག་དབང་ཐོབ་ཉམས་བསྐྱེད་རིམ་དང་། །འཕོ་མེད་ཚུལ་ཁྲིམས་རྫོགས་པའི་རིམ་པ་དང་། །རང་རྒྱུད་བྱིན་རླབས་མ་གཏོགས་གཞན་མི་འདག །ཅེས་པ་སྟེ། དེ་ཡང་དབང་ཐོབ་མཚམས་ཐ་དད་པའི་དབང་གིས་ལྟུང་བ་སྦྱོང་བའི་ཐབས་ཀྱང་ཐ་དད་པ་དུས་འཁོར་ལས་གསུངས་པ་ལྟར་ན། འདི་ལྟར་བུམ་དབ༷ང་བདུ༷ན་ཙམ་ཐོ༷བ་པའི་ཉེས་ལྟུང་གི་གཉེན་པོ་ལ༷། དཀྱིལ་འཁོར་གྱི་ལྷ༷་གྲ༷ངས་རེ༷་རེ༷་ལ༵འམ་གཙོ་བོའི་བཟླ༷ས་པ༷་སུམ༷་ཁྲི༷་དྲུ༷ག་སྟོ༷ང་བྱས༷་པ༷ས་སྦྱང༷་བ་དང་། བུམ༷་གས༷ང་ཐོ༷བ་པས་ནི་ཉམ༷ས་པའི་ཉེས་པ་བྱུང་ན་བཤད་མ་ཐག་པའི་སྦྱང་ཐབས་དེའི་སྟེང་བཤགས་པའི་སྔོ༷ན་དུ༷་སློབ་དཔོན་གྱིས་འདི་གྱིས་ཞེས་གསུངས་ནའི་ཆ༷ད་
ལ༷ས་ཀྱི་བརྟུལ་ཞུགས་སྤྱད་པས་སྦྱང༵་བ། དབང་བཞི་རྗོགས་པར་ཐོབ་པ་ཞིག་ཡིན་ན་ཉམས་པའི་ཉེས་པ་བཤགས་ཤིང་དག་པའི་མཚན་མ་མཐོང་ན་དེ༷འི་རྗེ༷ས་སུ་དཀྱི༷ལ་འཁོ༷ར་དུ་ཞུག༷ས་ལ༷་བླ་མ་ལས་སམ་བདག་འཇུག་གིས་དབ༷ང་བཞི༷་ལེ༵ན་པ་དང་། ཁྱད་པར་དུ་ཤེ༷ར་དབ༷ང་དང་ཚི༷ག་དབ༷ང་ཐོ༷བ་པ་ལས་ཉམ༷ས་ན་དབེན་པའི་གནས་སུ་བསྐྱེད་རྫོགས་ཀྱི་ལམ་མ༵་གཏོ༷གས་བཟླས་པ་ཙམ་ལ་སོགས་པ་གཞ༷ན་གྱིས་མི༷་འད༵ག་གོ། །དེ་ཐམས་ཅད་ཀྱང་དག་པའི་མཚན་མ་མཐོང་བ་ན་སླར་དཀྱིལ་འཁོར་དུ་ཞུགས་ཏེ་སྡོམ་པ་བཟུང་ཞིང་དབང་བླང་བར་བྱ་བ་ཡིན་ལ། དེའི་ཚེ་སྔར་གྱི་དབང་ཐོབ་པའི་བསླབ་གྲལ་དང་རྙེད་བཀུར་ལེན་པ་སོགས་མི་བྱ་བར་གསུངས་སོ། །གཉིས་པ་དུས་འདས་ལ་ལྟོས་པའི་གསོ་ཐབས་ནི། འགལ་ན་ཚོགས་འཁོར་ཉམས་ན་བདོག་པས་བསྐང་། །འདས་ན་བུ་དང་ཆུང་མ་ནོར་སོགས་དང་། །རལ་ན་རང་གི་སྲོག་གིས་གསོ་བར་བཤད། །ཅེས་པ་སྟེ། འག༷ལ་བའི་ཉེས་པ་འབྱུང་ན༷་
ཚོ༷གས་ཀྱི་འཁོ༷ར་ལོ་ཕུལ་ཞིང་དཔའ་བོ་དང་དཔའ་མོའི་དགའ་སྟོན་བྱས་ཏེ་བཤགས་པ་དང་། ཉ༷མས་པའི་ཉེས་པ་བྱུང་ན༷་རང་གི་བདོ༷ག་པའི་དངོས་པོ་གང་བཟང་བླ་མ་ལ་སོགས་པའི་ཕྱོགས་སུ་ཕུལ་ནས་བཤགས་པ་བྱས་པ༷ས་བསྐ༵ང་བ་དང་། འད༷ས་པའི་ཉེས་པ་བྱུང་ན༷་བུ༷་ད༷ང་ཆུང༷་མ༷་དང་ནོ༷ར་གྱི་ནང་ནས་གསེར་ལ་སོ༷གས་པའི་རིན་པོ་ཆེ་དུ་མས་དཀྱིལ་འཁོར་གྱི་ལྷ་དང་བླ་མ་ལ་མཆོད་དེ་བཤགས་པ་ད༵ང་། ར༷ལ་བའི་ཉེས་པ་བྱུང་ན༷་ར༷ང་གི༷་སྲོ༷ག་ལའང་མི་ལྟ་བར་བླ་མ་དང་བསྟན་པའི་དོན་དུ་རང་སྲོག་བློས་བཏང་གི༷་བརྩོན་པ་དྲག་པོས༷་བཤགས་ཤིང་གསོ༷་དགོས་པར་དམ་ཚིག་རྣམ་པ༷ར་བཀོད་པའི་རྒྱུད་ལས་བཤ༵ད་དོ། །ཚོགས་འཁོར་བདོག་པ་སོགས་ནི་གང་ལས་ལྟུང་བ་བྱུང་བའི་ཡུལ་དངོས་བཞུགས་ན་དེ་ལ་ཕུལ་ནས་བཤགས་དགོས་སོ། །གསུམ་པ་སྙིང་པོ་རྒྱན་ལས་བཤད་པའི་ཕྱིར་བཅོས་ནི། སྙིང་པོ་རྒྱན་ལས་གསོ་བའི་ཆོ་ག་ནི། །ཚོགས་ཞིང་ལ་བཤགས་དྲལ་བའི་སྔགས་རྒྱ་དང་། །བཀྲུ་བའི་རིམ་པ་གཏུམ་མོའི་མེས་སྲེག་དང་། །མི་དམིགས་བསྒོམ་དང་དབང་བཞི་བླང་བ་དང་། །ཚོགས་སུ་ཞུ་དང་རྟེན་ལ་སྨྲ་བ་དང་། །མཎྜལ་ཕུལ་དང་མཆོད་རྟེན་བྱ་བ་དང་། མེ་ལ་སྦྱོང་དང་གཏོར་མ་གཏོང་བ་
དང་། །གསང་སྔགས་བཟླ་དང་ཟབ་མོའི་བསམ་གཏན་དང་། །སྲོག་སྐྱོབ་བཀའ་ཀློག་བླ་མ་བསྟེན་པ་དང་། །བདག་འཇུག་རྒྱལ་བའི་ཡིག་བརྒྱ་དུས་བཟང་བཟླ། །ཕུང་པོ་གསུམ་པ་རྡོར་སེམས་བླ་མ་དང་། ཐིག་ལེ་ཕྲ་མོའི་རྣལ་འབྱོར་བསྒོམས་པས་གསོ། །ཞེས་པ་སྟེ། དེ་ནས་སྙིང༷་པོ༷་རྒྱན༷་ལ༷ས་ཉམས་པ་སླར་གསོ༷་བ༷འི་ཐབས་སུ་གསུངས་པའི་ཆོ༷་ག༷་བཤད་པ་ནི༵། ཚོ༷གས་ཞི༷ང་སྤྱན་དྲངས་ལ༷་དེའི་དྲུང་དུ་སྟོབས་བཞི་ཚང་བས་བཤ༷གས་སྡོམ་བྱ་བ་དང་། ཡོ་ག་ནས་བཤགས་པ་དྲ༷ལ་བ༷འི་སྔ༷གས་རྒྱ༷་གཉིས་ཏེ་ལྟུང་བ་ལྷོ༷ང་བའི་ཕྱག་རྒྱ་ད༷ང་། དེའི་སྔགས་ཀྱི༷་རིམ་ལ་བརྟེན་ནས་ངན་འགྲོ་དགུག་བྲལ་དང། དེ་བཞིན་དུ་རྡོ་རྗེ་ཡང་ཏོག་གི་རྒྱུད་ལས། ཡིག་འབྲུ་སྔགས་ཀྱིས་སྦྱང་བ་ནི། རྐང༵་མཐིལ་གཉིས་སུ་ཡ་གཉིས་བསམ། །གསང་བའི་སྒོ་རུ་རོཾ་བསམ་མོ། །ལྟེ་བར་རིགས་དྲུག་ཡིག་འབྲུ་བསམ། །སྙིང་གར་ཕཊ་ཀྱི་གདན་དག་ལ། །སྐུ་གསུང་ཐུགས་ཀྱི་སྙིང་པོ་བསམ། །ཡྃ་ལས་ཡེ་ཤེས་རླུང་བྱུང་སྟེ། རྃ་ལས་ཡེ་ཤེས་མེ་འབར་ནས། རིགས་དྲུག་བག་ཆགས་ཐམས་ཅད་བསྲེགས། །སྒོ་གསུམ་སྐུ་གསུང་ཐུགས་སུ་གྱུར། །ཕཊ་ཀྱིས་ཆོས་ཉིད་དབྱིངས་སུ་འཕང་། །ཞེས་པའང་མན་ངག་ཤིན་ཏུ་ཟབ་བོ། བྃ་ལས་
ཆུ་མཱ་མ་ཀཱིའི་བདག་ཉིད་དུ་མོས་ལ་སྦྱོང་བའི་བརྟུལ་ཞུགས་ཀྱིས་ལུས་བཀྲུ་བ་དང་། སོ་སྐྱེས་ནས་སློབ་ལམ་གྱི་ཉེས་བྱས་ཐམས་ཅད་གྲིབ་ཏུ་མི་འགྱུར་བ་མེད་པས་རྣམ་འཇོམས་སོགས་གཟུངས་སྔགས་ཀྱིས་སྒྲུབ་པའི་བུམ་ཆུས་དངོས་སུ་བཀྲུ་བ་དང་། མཁའ་དབྱིངས་སུ་ཤར་བའི་དབང་ལྷ་ལས་རིག་པའི་དབང་ལྔ་བླངས་ནས་བཀྲུ༷་བ༷འི་རི༷མ་པ༷་དང་། ལྟེ་བར་ཀཾ་ཡིག་དང་སྙིང་གར་ཤ་ཟའི་གཟུགས་ཀྱི་རྣམ་པར་བསམ་པའི་སྡིག་སྒྲིབ་རྣམས་གཏུམ༷་མོ༷འི་མེ༷ས་བསྲེ༷ག་པ་ད༵ང་། འཁོར་གསུམ་མི༷་དམི༷གས་པའི་ཤེས་རབ་བསྒོ༷མ་པ་ད༷ང་། བླ་མ་ལས་སམ་བདག་འཇུག་གི་དབ༷ང་བཞི༷་བླང༷་བ༷་ད༵ང་། ཚོ༷གས་འཁོར་རམ་དཔའ་བོ་དཔའ་མོ་སྟོན་མོས་མཆོད་ནས་དེ་རྣམས་སུ༷་ཞུ༷་ཞིང་བཤགས་པ་ད༷ང་། རྟེན༷་ཁྱད་པར་ཅན་རབ་གནས་ཅན་གྱི་དྲུང་དུ་འདུག་ལ༷་ཡན་ལག་བདུན་པ་སྔོན་དུ་འགྲོ་བས་སྨྲེ་སྔགས་ཀྱིས་བཤགས་པ་བྱ་བ༷་ད༵ང་། མ༷ཎྜལ༷་གྱིས་མཚོན་ལུས་སྲོག་ལོངས་སྤྱོད་དགེ་ཚོགས་ཐམས་ཅད་འབུ༷ལ་བ་ད༷ང་བཅས་བཤགས་པ་དང་། མཆོ༷ད་རྟེན༷་ཚད་ལྡན་བཞེངས་པར་བྱ༷་བ༷འམ་སཱཙྪ་གདབ་པ་ད༵ང་། ཞི་བའི་བསྲེག་བླུགས་རྒྱས་པ་བྱ་བའམ་ཟ་བྱེད་རྡོ་རྗེ་མཁའ་འགྲོའི་སྦྱིན་སྲེག་ལྟ་བུ་མེ༷་ལ༷་སྦྱོང་བ་ད༷ང་། གཏོར༷་མ༷་སྦྱངས་རྟོག་སྦར་
གསུམ་གྱི་བྱིན་གྱིས་བརླབས་པ་འཁོར་འདས་ཐམས་ཅད་འཁོར་ལོའི་དབང་ཕྱུག་གི་རྣམ་པར་སད་པ་ལ་གཏོ༷ང་ཞིང་འདོད་དོན་གསོལ་བ༷་ད༵ང་། རང་གི་ལྷག་པའི་ལྷའི་གས༷ང་སྔ༷གས་བཟླ༷་བ་ད༷ང་། ཟ༷བ་མོ༷འི་བས༷མ་གཏ༷ན་ཞི་ལྷག་གི་ཏིང་ངེ་འཛིན་བསྒོམས་པ་ད༵ང་། ཉེའུ་འདོན་ཆུ་མིག་ལྟེང་ཀ་ནས་སྲོག་ཆགས་སྐྱོབ་པ་དང་། སྦྲང་རྩི་བསླུ་བ། རྙི་ལས་དགྲོལ་བ། རྔོན་པ་ལ་བརྔན་སྟེར་བ། ནད་པ་ལ་ཕན་གདགས་པ། མཚོན་ཆའི་འོག་ནས་ཐར་བར་བྱ་བ་སྲོ༷ག་སོགས་སྐྱོབ༷་པ་དང་། སྡིག་སྒྲིབ་ཀྱི་གཉེན་པོར་བསྔགས་པའི་ཐར་པ་ཆེན་པོའི་མདོ་དང་། དྲི་མེད་བཤགས་པའི་རྒྱུད་སོགས་བཀ༷འ་ཟབ་མོ་ཀློག༷་པ་དང་། བླ༷་མ༷་གཙུག་གི་ནོར་བུ་ལྟར་བསྟེན༷་པ༷་ད༵ང་། སྙིང་གར་དམ་ཚིག་རྡོ་རྗེ་དོན་གྲུབ་ཡབ་ཡུམ་བསྒོམ་པའི་ཐུགས་ཀའི་ས་བོན་ལས་བདུད་རྩིའི་རྒྱུན་བབས་པས་སྡིག་སྒྲིབ་སྦྱོང་བར་བསམ་ལ་ཨོཾ་ཨཱཿཁཾ་ཧཱོུཾ་ཞེས་པའི་བསྙེན་པ་སྔོན་དུ་འགྲོ་བས་ལུས་དཀྱིལ་ལམ་ཕྱི་དཀྱིལ་གང་རུང་དུ་བད༷ག་འཇུ༷ག་བླང་བ་དང་། རྟེན་བྱིན་ཅན་ལ་བསྐོར་བ་བྱེད་པའམ་དྲུང་དུ་འདུག་ནས་དུས་གསུམ་རྒྱལ༷་བ༷འི་ཐུགས་ཀྱི་ཡང་སྙིང་ཡི༷ག་བརྒྱ༷་ལྔ་སྟོང་སོགས་བཟླ་བ་དང་། ཡར་ངོ་བརྒྱད་དང་བཅོ་ལྔ་སོགས་དུས༷་བཟ༷ང་པོར་
སྡིག་སྦྱོང་ལ་བསྔགས་པའི་གཟུངས་སྔགས་མང་དུ་བཟླ༷་བ་དང་། ཉིན་མཚན་དུས་དྲུག་ཏུ་ཕུང༷་པོ༷་གསུ༷མ་པའི་མདོ་འདོན་པ་དང་། སྤྱི་བོར་བླ་མ་རྡོ༷ར་སེ༷མས་ཀྱི་རྣམ་པར་བསྒོམས་ལ་སྡིག་སྒྲིབ་བཀྲུ་བའི་དམིགས་པས་ཡི་གེ་བརྒྱ་པ་བཟླ་བ་དང་། རང་གཉུག་མའི་ལྷར་གསལ་བའི་སྤྱི་བོར་བླ༷་མ༷་རྡོ་རྗེ་འཆང་གི་རྣམ་པར་བསྒོམ་པའི་གནས་གསུམ་འབྲུ་གསུམ་གསལ་ལ་ཡིད་བཟླས་བྱ་བ་ད༵ང་། རང་ལྷར་གསལ་ལ་རྩ་འཁོར་གསལ་བཏབ་སྟེ་འབར་འཛག་བསྒོམ་པ་ཐི༷ག་ལེ༷འི་རྣལ་འབྱོར་དང་། རྩ་འཁོར་ལྔའི་ལྟེ་བར་རིགས་ལྔའི་ཕྱག་མཚན་ཕྲ་མོ་གསལ་བ་ལ་སེམས་བཟུང་སྟེ་མགོན་པོ་ལྔའི་རླུང་གཅུན་པ་ཕྲ༷་མོ༷འི་རྣལ༷་འབྱོར༷་བསྒོ༷མ་པ༷ས་གསོ༵་བ་རྣམས་སོ། །བཞི་པ་ཡོ་ག་གསུམ་གྱི་རྣལ་འབྱོར་རྣལ་འབྱོར་སྤྱི་ཁྲུས་ཀྱིས་གསོ་བ་ནི། གླང་ཆེན་རབ་འབོགས་རྒྱུད་ལས་གསུངས་པ་ཡི། །རྣལ་འབྱོར་སྤྱི་ཁྲུས་འགྱོད་ཚངས་དོང་སྤྲུག་གི། །བཤགས་པས་མི་འདག་མེད་ཕྱིར་ཉམས་སུ་བླངས། །ཞེས་པ་སྟེ། གཞན་ཡང་གླང༷་ཆེ༷ན་ར༷བ་འབོ༷ག་གི་རྒྱུད༷་ལ༷ས་རྟོག་པ་གཅིག་ཁོལ་དུ་ཕྱུང་བ་ཀལྤ་དུམ་བུའི་རྒྱུད་དྲི་མེད་བཤགས་རྒྱུད་ལས་ཇི་སྐད་གསུ༷ངས་པ༷་ཡི༵་ཡོ་ག་རྣམ་པ་གསུམ་གྱི་སྒོར་ཞུགས་པའི་རྣལ༷་འབྱོར༷་པ་རྣམས་ཀྱི་ཉམས་ཆག་སྐོང་ཞིང་རྟོག་
སྒྲིབ་སྦྱོང་བའི་སྤྱི༷་ཁྲུས༷་རྨད་དུ་བྱུང་བ་འགྱོ༷ད་ཚངས་ཐམས་ཅད་ཀྱི་རྒྱལ་པོ་ན་རཀ་དོ༵ང་སྤྲུག༷་གི༵་མན་ངག་ལ་བརྟེན་ནས། ཕྱི་ཡོ་བྱད་ཚོགས་ཀྱི། ནང་ཕུང་པོ་རྟེན་གྱི། གསང་བ་བྱང་ཆུབ་སེམས་ཀྱི་བསྐང་བཤགས་གསུམ་ཉ་སྟོང་ཚེས་བརྒྱད་སོགས་ལ་བྱས་ན། དེ་ཚུན་ཆད་ཀྱི་ཉམས་ཆག་ཐམས་ཅད་འདག་པར་གསུངས་ཤིང་། དེ་ཙམ་མ་གྲུབ་ནའང་ཕྱག་གི་བཀོལ་བྱང་ཙམ་རྒྱུན་དུ་ཡི་དམ་དུ་བགྱིས་ནས་བཤ༷གས་པ༷ས་ཀྱང་ཉམས་ཆག་ཐམས་ཅད་མི༷་འད༷ག་པ་མེ༷ད་པར་གསུངས་པའི་ཕྱིར༷་ན་ཅི་ནས་འབད་པས་ཉམ༷ས་སུ༷་བླང༵ས་པར་བྱ་སྟེ། ཇི་སྐད་དུ། གང་གིས་སྒྱུ་འཕྲུལ་ཞི་ཁྲོ་ཡི། །དཀྱིལ་འཁོར་ལྷ་ལ་ཕྱག་བཙལ་ན། །ཉམས་ཆག་ཀུན་ཀྱང་བྱང་འགྱུར་ཏེ། མཚམས་མེད་ལྔ་ཡི་སྡིག་ཀྱང་འབྱང་། ན་རཀ་གནས་ཀྱང་དོང་སྤྲུགས་ཏེ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །ཞེས་དང་། གང་གིས་དཀྱིལ་འཁོར་གྱི་ལྷ་དེ་རྣམས་ཀྱི་མཚན་རྣལ་འབྱོར་ཕོ་མོ་རྣམས་ཀྱིས་ཐོས་པ་ཙམ་གྱིས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆགས་ཐམས་ཅད་སྐོངས་སྟེ། །ཞེས་སོ། །དེ་ལྟར་བཤགས་པ་ཡང་མདོར་ན་རྨི་ལམ་དུ་བླ་མ་དང་ལྷས་ལེགས་སོ་སྟེར་བ་དང་། ཁྲུས་བྱས་པ། གོས་དཀར་པོ་གྱོན་པ།
རི་བོ་ཆེན་པོའི་རྩེར་འཛེགས་པ། ཉི་ཟླ་ཤར་བ་སོགས་སྡིག་ལྟུང་དག་པའི་རྟགས་མ་བྱུང་གི་བར་དེ་སྲིད་དུ་སྟོབས་བཞི་ཚང་བའི་བཤགས་པ་ལ་འབད་པར་བྱ་ཞིང་། དེ་ཡང་ཡན་ལག་ཚང་བའི་རྩ་ལྟུང་ནི་བཤགས་པས་དག་པའི་རྟགས་བྱུང་བ་དང་སླར་དཀྱིལ་འཁོར་དུ་ཞུགས་ནས་དབང་བླང་བར་བྱ་བ་ཁྱད་པར་རོ། །གཉིས་པ་ཕྱིར་བཅོས་མ་བྱས་པའི་ཉེས་དམིགས་ནི། མ་བཤགས་ཚེ་འདིར་ཡིད་མི་འོང་བས་མནར། །ཕྱི་མ་རྡོ་རྗེའི་དམྱལ་བ་ཞེས་བྱ་བ། །མནར་མེད་དོ་ཟླ་མེད་པའི་གནས་སུ་སྐྱེ། །ཞེས་པ་སྟེ། དེ་ལྟར་ཉེས་པ་བྱུང་བ་ཚུལ་བཞིན་དུ་མ༷་བཤ༷གས་པའི་ཉེས་དམིགས་ནི་བསམ་གྱིས་མི་ཁྱབ་སྟེ། རྩ་བའི་དམ་ཚིག་ཉམས་ན་སྒྲུབ་པ་ཐམས་ཅད་ཕྱིན་ཅི་ལོག་ཏུ་འགྱུར་ཞིང་། སྐུའི་དམ་ཚིག་ཉམས་པས་ལུས་ལ་ནད་སྣ་ཚོགས་འབྱུང་བ་དང་། གསུང་གི་དམ་ཚིག་ཉམས་པས་ངག་དིག་ལྐུག་སོགས་སུ་འགྱུར་བ་དང་། ཐུགས་ཀྱི་དམ་ཚིག་ཉམས་པས་ཡིད་སྨྱོ་འབོགས་སུ་འགྱུར་བ་སྟེ། ཚེ༷་འདི༷ར་ཡི༷ད་དུ་མི༷་འོ༷ང་བའི་དངོས་པོ་སྣ་ཚོགས་ཁབ་ལེན་ལ་ལྕགས་བཞིན་དུ་འདུ་བ༷ས་མན༵ར་བར་འགྱུར་ཏེ། གསང་སྙིང་ལས། རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་
པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཞེས་སོ། །ཡན་ལག་གི་དམ་ཚིག་ཉམས་པར་གྱུར་ན་དངོས་གྲུབ་རྣམ་པ་གཉིས་ཐོབ་པའི་གེགས་སུ་འགྱུར་ཞིང་། དེ་གཉིས་ཀས་ཕྱི༷་མ༷་རྡོ༷་རྗེ༷འི་དམྱ༷ལ་བ༷་ཞེ༷ས་བྱ༷་བ༵་སྡུག་བསྔལ་གྱིས་མན༷ར་བ་ལ་དེ་བས་ཆེ་བ་མེ༷ད་པས་དོ༷་ཟླ༷་མེ༷ད་པ༷འི་གན༷ས་སུ༷་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་སྐྱེ༵་བར་འགྱུར་ཏེ། གསང་སྙིང་ལས། ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང་། །ཞེས་དང་། གསལ་བཀྲ་ལས། རྩ་ཀུན་ཉམས་པའི་འཆལ་བ་དག །གསོ་ལ་ཉེ་བར་མི་བརྩོན་པ། རྡོ་རྗེ་དམྱལ་བར་དེ་ལྟུང་སྟེ། །དམྱལ་བ་ཕལ་པ་ཐམས་ཅད་ཀྱི། །སྡུག་བསྔལ་གཅིག་ཏུ་བསྡོམས་པས་ནི། །དེ་ཡི་འབུམ་གྱི་ཆར་མི་ཕོད། །ཅེས་སོ། །དེ་ལྟ་བུའི་སྐྱེ་བོ་སྡིག་པོ་ཆེ་རྩ་ལྟུང་ཅན་དེས་ནི་རང་ཉིད་ཉམས་པར་མ་ཟད་གཞན་ལའང་ཟླས་ཉམས་ཀྱི་ཉེས་པ་སྟེར་བར་བྱེད་དེ། ཀུན་འདུས་ལས། ཇི་ལྟར་འོ་མ་རུལ་བ་དག །རུལ་བས་འོ་མ་ཀུན་རུལ་ལྟར། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུང་བྱེད། །ཅེས་སོ། །དེར་མ་ཟད་རྨི་ལམ་དུ་ཉེས་པ་བྱས་པ་དང་། གཞན་ཅི་ཟེར་བརྟག་པའམ་གཞན་གྱི་ངོ་དགར་ཐལ་བའི་ཞོར་
ཉམས་བྱུང་ཡང་དེ་མ་ཐག་མ་བཤགས་ན་ཉེས་པ་ཆེན་པོར་འགྱུར་ཏེ། བཀོད་པ་ཆེན་པོ་ལས། བླ་མ་དང་ནི་ཉེ་བའི་འཁོར། །རྡོ་རྗེ་སྤུན་དང་སྲིང་མོ་ལ། །ངན་སྨྲས་ཚིག་གི་ཟུར་ཙམ་ཡང་། །བརྡའམ་དངོས་པོར་བརྗོད་མི་བྱ། །གལ་ཏེ་རྨི་ལམ་དག་ཏུ་ཡང་། །བྱུང་ན་ཡིད་ཀྱིས་བཤགས་པར་བྱ། །དངོས་དང་ཞེ་ཡིས་བྱས་པ་དང་། །གལ་ཏེ་དྲན་པས་མ་ཟིན་པར། །ཐལ་བར་གྱུར་ཀྱང་མ་བཤགས་ན། །མཐུར་དུ་བལྟས་ཏེ་དམྱལ་བར་འགྲོ། །ཞེས་དང་། རྡོ་རྗེ་སྙིང་རྒྱན་ལས། དེ་ལས་སྔགས་པས་ཡོངས་འདས་ན། ངེས་པར་བདུད་དང་འཕྲད་པར་འགྱུར། །ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ། །བསྟིར་མེད་སྤྱིའུ་ཚུགས་དམྱལ་བར་འགྲོ། །སྦོམ་པོའི་ལྟུང་བྱེད་ཉེས་དམིགས་ཀྱང་། །དེ་དང་འདྲ་བར་ཤེས་པར་བྱ། །ཞེས་རྩ་བ་དང་ཡན་ལག་གི་ལྟུང་བ་གཉིས་ཀས་དམྱལ་བར་སྐྱེ་བ་འདྲ་བ་ལྟ་བུར་གསུངས་ནའང་། སྡུག་བསྔལ་ཆེ་ཆུང་དང་མནར་ཡུན་རིང་ཐུང་གི་ཁྱད་པར་ཆེའོ། །བདུན་པ་དམ་ཚིག་མ་ཉམས་པར་ཚུལ་བཞིན་བསྲུང་བའི་ཕན་ཡོན་ནི། མ་ཉམས་རིང་མཐའ་སྐྱེ་བ་བཅུ་དྲུག་གམ། །མྱུར་ན་ཚེ་འདིའམ་འཆི་ཁ་བར་དོ་རུ། །ཐུན་མོང་གྲུབ་པ་བརྒྱད་དང་དབང་ཕྱུག་བརྒྱད། །
མཆོག་གི་དངོས་གྲུབ་ཁ་སྦྱོར་བདུན་ལྡན་ཐོབ། །དེ་ཕྱིར་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ། །ཅེས་པ་སྟེ། སྤྱིར་དམ་ཚིག་ནི་ཡོན་ཏན་ཐམས་ཅད་སྐྱེ་བ་དང་གནས་པའི་གཞི་རྟེན་དུ་གྱུར་པ་སྟེ། སྤྱི་མདོ་ལས། ཇི་ལྟར་ས་གཞི་གཤིན་པ་ལ། །བརྟེན་ནས་ས་བོན་བཏབ་པ་ལས། །འབྲས་བུ་སྨིན་པར་གྱུར་པ་ཡིས། །གང་དག་འཚོ་བའི་སྲོག་འཛིན་ལྟར། །ཆོས་རྣམས་ཀུན་གྱི་གཞིར་གྱུར་པ། །དམ་ཚིག་འདི་ལ་གནས་པ་ན། །བླ་མེད་བྱང་ཆུབ་རྣམ་སྨིན་པས། །དགེ་བའི་སྲོག་འཛིན་དམ་པའོ། །ཞེས་སོ། །ཁྱད་པར་གནས་སྐབས་སུའང་བསམ་པའི་དོན་ཐམས་ཅད་ཇི་ལྟ་བ་བཞིན་དུ་འགྲུབ་པ་དང་། ཀུན་གྱི་ཡིད་དུ་འོང་བ་དང་། འཇིག་རྟེན་གྱི་ལྷ་ཆེན་པོ་རྣམས་ཀྱི་བཀུར་གནས་ཐོབ་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་སྲས་དང་སྤུན་དུ་དགོངས་པས་བྱིན་གྱིས་བརླབས་པ་དང་། དེ་བཞིན་གཤེགས་པ་ཉིད་ཀྱི་སྤྱོད་ཡུལ་ལ་ཞུགས་པས་རིག་པ་འཛིན་པའི་ས་ལ་རིམ་གྱིས་སྦྱོར་བར་བྱེད་པ་སྟེ། སྒྱུ་འཕྲུལ་རྩ་རྒྱུད་ལས། རྒྱལ་བའི་རིག་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡི། །སྲས་དང་
སྤུན་དགོངས་བྱིན་གྱིས་བརླབ། །བདེ་གཤེགས་ཉིད་ཀྱི་ཡུལ་ལ་ཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཞེས་དང་། དམ་ཚིག་གསུམ་བཀོད་ལས། གསང་སྔགས་རྡོ་རྗེའི་དམ་ལ་གནས། །དེ་ཡི་སྨོན་པ་ཀུན་འགྲུབ་ཅིང་། །ལྷ་རྣམས་ཀྱིས་ཀྱང་རྟག་ཏུ་བསྲུང་། །རྒྱལ་བ་རྒྱལ་མཆོག་སྲས་བཅས་ཀྱིས། །བུ་བཞིན་དགོངས་པ་དམ་པ་མཛད། །ཏིང་འཛིན་ཡོན་ཏན་དཔག་ཡས་ཤིང་། །ཀུན་བཟང་རིགས་ཀྱི་དམ་པ་འགྲུབ། །ཅེས་སོ། །གལ་ཏེ་ཚེ་འདིར་རིམ་གཉིས་ཀྱི་ལམ་ལ་བརྩོན་མ་ནུས་ཀྱང་དམ་ཚིག་མ༷་ཉ༷མས་ན་ཇི་ལྟར་འགོར་ཡང༷་རི༷ང་མཐ༷འ་སྐྱེ་བ༷་བཅུ༷་དྲུག༷་ག༵མ། སྐྱེ་བ་བདུན་ན་རིམ་གཉིས་ཀྱི་ལམ་དང་འཕྲད་ནས་གྲོལ་བར་འགྱུར་ལ། ཤིན་ཏུ་མྱུར༷་བའི་དབང་དུ་བྱས་ན༷་དམ་ཚིག་རྣམ་པར་དག་ཅིང་ལམ་རིམ་ལ་འབད་པས་དབང་པོ་རྣོན་པོ་ཚེ༷་འདི༷ར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་འགྱུར་བའ༵མ། དབང་པོ་འབྲིང་རྣམས་ནི་ཚེ་འདིར་དཔེའི་འོད་གསལ་མངོན་དུ་གྱུར་པ་ཞིག་ཡིན་ན་འཆི༷་ཁ༷་དོན་གྱི་འོད་གསལ་དུ་གྱུར་ནས་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ལ། གལ་ཏེ་དོན་གྱི་འོད་གསལ་མངོན་དུ་གྱུར་པ་ཞིག་ཡིན་ན། འཆི་སྲིད་གཞི་དུས་ཀྱི་འོད་གསལ་དང་འདྲེས་པས་ཡང་དག་པའི་མཐའ་མངོན་དུ་
བྱས་ཏེ་མི་སློབ་པའི་ཟུང་འཇུག་གི་སྐུར་ལྡང་ཞིང་། འབྲིང་གི་ཐ་མས་ཀྱང་སྲིད་པ་བ༷ར་དོ༷་རུ༵་རང་གི་ཉམས་ལེན་དང་བླ་མ་ལ་མོས་གུས་དང་དག་པའི་ཞིང་ཡིད་ལ་བྱས་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་གྲོལ་བར་འགྱུར་རོ། །དེ་དག་གི་ཚེ་ཐོབ་བྱའི་ཡོན་ཏན་མཐའ་ཡས་པ་ཡོད་ནའང་ཐུན་མཆོག་གི་དངོས་གྲུབ་གཉིས་སུ་འདུ་བ་ཡིན་པས། ཐུ༷ན་མོ༷ང་གི་དངོས་གྲུབ་ཆུང་ངུ་ནི་ལས་ཆེན་བརྒྱད་ཐོབ་སྟེ། དགྱེས་རྡོར་ལས་གསུངས་པ་སྡོམ་དུ་བྱས་ན། དབང་དང་མངོན་སྤྱོད་དགྲ་སྡེ་འཇིག །བསྐྲད་དང་བསད་དང་དགུག་དང་ཞི། །རྒྱས་པ་ཡང་དག་འགྲུབ་པར་འགྱུར། །ཞེས་པ་དང་། འབྲིང་ནི་གྲུ༷བ་པ༷་བརྒྱད༷་དེ། མགུར་ལས། གང་ཕྱིར་དེས་ནི་དཀའ་བ་མིན། །མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་གྲུབ། །རིལ་བུ་གྲུབ་དང་མཁའ་སྤྱོད་ཉིད། །མི་སྣང་བ་དང་བཅུད་ཀྱིས་ལེན། །གང་ཕྱིར་དེས་ནི་རྡོ་རྗེ་འཛིན། མཉེས་པར་བྱས་ལས་མྱུར་དུ་ཐོབ། །ཅེས་པ་ད༷ང་། ཆེན་པོ་ནི་དབ༷ང་ཕྱུག༷་གི་ཡོན་ཏན་བརྒྱད༵་དེ། ཇི་སྐད་དུ། གཟུགས་ཕྲ་རགས་པ་ཡངས་པ་དང་། །ཁྱབ་པ་ཡང་དག་ཐོབ་པ་ཉིད། །རབ་ཏུ་གསལ་བ་ཉིད་བརྟན་པ། །དབང་ཕྱུག་ཉིད་དང་འདོད་རྒུར་
བསྒྱུར། །ཞེས་པ་སྟེ། འདི་དག་ནི་བསྐྱེད་རིམ་ཁོ་ནས་ཀྱང་འགྲུབ་ནུས་པ་ཡིན་ནོ། །ཐུན་མོང་ཞེས་པའི་དོན་ནི་ཡོན་ཏན་འདི་དག་ཕྱི་རོལ་པ་ལའང་ཡོད་པས་འཇིག་རྟེན་པ་དང་འདས་ལམ་གཉིས་ཀའི་ཐུན་མོང་བ་དང་བསྐྱེད་རྫོགས་གཉིས་ཀའི་ཐུན་མོང་གི་ཡོན་ཏན་ཡིན་པས་ཀྱང་དེ་སྐད་ཅེས་བྱའོ། །མཆོ༷ག་གི༷་དངོ༷ས་གྲུབ༷་ནི། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མི་སློབ་པའི་ཟུང་འཇུག་མངོན་དུ་བརྙེས་པའོ། །དེ་ཡང་ལྡོག་ཆས་དབྱེ་ན་ཁ༷་སྦྱོར༷་ཡན་ལག་བདུ༷ན་ལྡ༷ན་ཐོ༵བ་པར་གྱུར་བ་སྟེ། གསུང་རྣམ་པ་ཐམས་ཅད་པ་ཐེག་པ་ཆེན་པོའི་ཆོས་ལ་ལོངས་སྤྱོད་པས་ན་ལོངས་སྤྱོད་རྫོགས་པ་དང་། སྐུ་ཤེས་བྱའི་སྣང་བརྙན་ཡོད་རྒུར་འཆར་བ་ནི་ཁ་སྦྱོར་དང་། མི་འགྱུར་བའི་བདེ་བ་ཆེན་པོ་དང་། རང་བཞིན་གྱིས་མེད་པ་ནི་སྤྲོས་པ་ཐམས་ཅད་ལས་འདས་པའི་སྟོང་ཉིད་དང་། སྙིང་རྗེས་ཡོངས་གང་ནི་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ་དང་། རྒྱུན་མི་ཆད་པའི་ཐུགས་རྗེ་དེ་ཉིད་ནམ་དུའང་རྒྱུན་ཆད་མེད་པར་འཇུག་པས་རྟག་པ་དང་། འགོག་པ་མེད་པ་ནི་སེམས་ཅན་སོ་སོའི་མོས་པ་ལྟར་སྐུ་དང་ཆོས་སྒོ་མཐའ་ཡས་པར་འཆར་བ་དང་། དེ་ཡང་དང་པོ་བཞིས་རང་དོན་དང་། ཕྱི་མ་གསུམ་གྱིས་གཞན་དོན་ཕུན་ཚོགས་བསྟན་པ་བཅས་
དེ༷འི་ཕྱི༷ར་ན་ར༷ང་གཞ༷ན་གྱི་དོ༷ན་གཉིས༷་ལྷུན༷་གྱིས༷་གྲུབ༵་པར་འགྱུར་རོ། །ལེའུའི་སྐབས་བསྡུ་བ་ནི། གསང་སྔགས་རིག་འཛིན་སྡོམ་པའི་རིམ་པར་ཕྱེ་བ་སྟེ་བཞི་པའོ། །ཞེས་པ་སྟེ། རྡོ་རྗེ་ཐེག་པ་ཐུན་མོང་མ་ཡིན་པའི་བསྟན་པའི་ཉམས་ལེན་གས༷ང་སྔ༷གས་རི༷ག་པ་འཛི༷ན་པའི་སྡོ༷མ་པའི་དོན་རྣམ་པར་གཞག་པ་བསླབ་བྱ་དང་བཅས་པ་བཤད་པ༷འི་རི༷མ་པ༷ར་ཕྱེ༷་བ༷་སྟེ༷་ལེའུ་བཞི༷་པའི་འགྲེལ་པ༷འོ༵ ། །༈ གསུམ་པ་སྡོམ་པ་གསུམ་གང་ཟག་གཅིག་གི་རྒྱུད་ལ་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱིས་མཐའ་དཔྱད་པས་དོན་བསྡུ་བ་ལ་གསུམ། བརྗོད་བྱའི་ལུས་ངོས་བཟུང་བའི་སྒོ་ནས་མདོར་བསྟན་པ། ཡན་ལག་རྒྱས་པར་བཤད་པའི་སྒོ་ནས་མཐའ་དཔྱད་པ། སྡོམ་པ་གསུམ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ་བརྗོད་བྱའི་ལུས་ངོས་བཟུང་བའི་སྒོ་ནས་མདོར་བསྟན་པ་ནི། དེ་ལྟའི་སྡོམ་གསུམ་གང་ཟག་རྒྱུད་ཅིག་ལ། །རང་ལྡོག་མ་འདྲེས་དགག་དགོས་ཡོངས་སུ་རྫོགས། །ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་པས། །གནས་ཀྱིས་མི་འགལ་དུས་སྐབས་གང་གཙོར་སྤྱོད། །ཅེས་པ་སྟེ། ད་ནི་དེ༷་ལྟའི༷་སོ་བྱང་སྔགས་ཀྱི་སྡོ༷མ་པ་གསུ༷མ་
པོ་དེ་རིམ་པར་ནོད་པའི་ག༷ང་ཟ༷ག་གི་རྒྱུད༷་གཅི༷ག་ལ༵་འགལ་མེད་དུ་ཉམས་སུ་ལེན་ཚུལ་གྱི་མཐའ་དཔྱད་པས་དོན་བསྡུ་བའི་ཚུལ་བཤད་པར་བྱ་སྟེ། དེ་ལ་མདོ་རྒྱུད་དགོངས་འགྲེལ་དང་བཅས་པའི་དོན་ལ་ཤེས་རབ་གསུམ་གྱིས་སློབ་པ་ཟད་མི་ཤེས་པ་མངའ་བ་གསར་རྙིང་གི་མཁས་གྲུབ་དུ་མའི་དགོངས་པ་རྨ་མེད་པ་ཉིད་གཞུང་འདིར་བཀོད་པའི་དོན་དངོས་བཟུང་བ་སྟེ། སྡོམ་པ་གསུམ་པོ་དེ་རང་ར༷ང་གི་ལྡོ༷ག་པ་མ་འདྲེ༷ས་པ་དང་། དག༷ག་བྱ་དང་དགོ༷ས་པ་ཡོ༷ངས་སུ༷་རྫོ༵གས་པ་དང་། སྡོམ་པ་འོག་མའི་ངོ༷་བོ༷་གོང་མར་གན༷ས་འགྱུ༷ར་བ་དང་། འོག་མའི་ཡོ༷ན་ཏན༷་གོང་མར་ཡ༷ར་ལྡ༷ན་གྱི་ཚུལ་དུ་ཡོད་པ༵ས་དང་། རྣམ་པ་འགལ་བར་སྣང་ཡང་གན༷ད་ཀྱིས༷་མི༷་འག༷ལ་བ་དང་། དུ༷ས་དང་སྐ༷བས་ག༷ང་དུ་གོང་འོག་གང་གཙོ༷་བོ༷ར་སྤྱོད༷་དགོས་པའི་ཚུལ་ཏེ་རྣམ་པ་དྲུག་པོ་འདི་ནི་ཀུན་མཁྱེན་ཀློང་ཆེན་པའི་བསམ་གཏན་ངལ་གསོ་ལས། ཉན་ཐོས་བྱང་ཆུབ་སེམས་དང་རིག་པ་འཛིན། །སྡོམ་པ་གསུམ་པོ་དག་དང་མི་འགལ་བར། །རང་རྒྱུད་སྡོམ་ཞིང་གཞན་ཕན་ཅི་འགྲུབ་དང་། །ཅིར་སྣང་དག་པའི་ལམ་དུ་བསྒྱུར་བར་བྱ། །སེམས་པའི་དོན་འགྲེལ་པ་ཤིང་རྟ་རྣམ་དག་ཏུ་འཆད་པ་ན། ཇི་སྐད་དུ་། འོ་ན་གང་ཞེ་ན། གང་ཟག་གཅིག་གི་རྒྱུད་
ལ་གསུམ་ལྡན་དུ་བསྲུང་བ་ལ། རང་ལྡོག་མ་འདྲེས། དགག་དགོས་ཡོངས་རྫོགས། ངོ་བོ་གནས་འགྱུར། ཡོན་ཏན་ཡར་ལྡན། སྡོམ་པ་གསུམ་གནད་ཀྱི་མི་འགལ་བ། དུས་སྐབས་ཀྱི་གཙོ་བོར་གང་འགྱུར་དུ་བྱ་བ་དང་དྲུག་གོ། །ཞེས་གསུངས་པ་དང་དགོངས་པ་གཅིག་གོ། །གཉིས་པ་ཡན་ལག་རྒྱས་པར་བཤད་པའི་སྒོ་ནས་མཐའ་དཔྱད་པ་ལ་ནང་གསེས་དོན་ཚན་དྲུག་ཏུ་ཡོད་པ་ལས། དང་པོ་སྡོམ་གསུམ་རང་ལྡོག་མ་འདྲེས་པའི་ཚུལ་ནི། དེ་ཡང་བླང་ཡུལ་བསམ་པ་ཆོ་ག་རྣམས། །སོ་སོར་ངེས་ཕྱིར་རང་ལྡོག་མ་འདྲེས་ཡིན། །ཞེས་པ་སྟེ། སྡོམ་པ་གསུམ་པོ་དེ༷་ཡ༷ང་། གང་ལས་བླང༷་བའི་ཡུ༷ལ། གང་གིས་ལེན་པའི་བས༷མ་པ༷། ཇི་ལྟར་ལེན་པའི་ཆོ༷་ག༷་རྣམ༵ས་ཐ་དད་པའི་སྒོ་ནས། ཇི་སྲིད་དུ་བླངས་པའི་དུས་ཀྱང་སོ༷་སོ༷ར་ངེ༷ས་པའི་ཕྱིར༷་ན། ངོ་བོ་གནས་འགྱུར་ཡང་རང་ར༷ང་གི་ལྡོ༷ག་པ་ལ་གཞི་མཐུན་པ་མི་སྲིད་པས་མ༷་འདྲེ༷ས་པར་ཡོད་པ་ཡི༵ན་ཏེ། ཐོབ་པ་མ་ཉམས་པར་སོ་སོར་གནས་པའི་ཕྱིར། དེ་ཡང་ཡིན་ཏེ་སོ་ཐར་ནི་ཇི་སྲིད་འཚོའི་བར་དང་། བྱང་སྡོམ་ནི་སྙིང་པོ་བྱང་ཆུབ་ཀྱི་བར་བུ་ཁས་བླངས་ཀྱི། སྔགས་སྡོམ་ཐོབ་དུས་དེ་དང་དེ་ཉམས་རྐྱེན་དང་གཏོང་རྒྱུར་མ་བཤད་པས།
དཔེར་ན་བསམ་པ་སེམས་བསྐྱེད་ཀྱིས་ཟིན་པས་ཆོ་ག་ཉན་ཐོས་ཀྱི་ལུགས་ལྟར་བླངས་པའི་ཐེག་ཆེན་སོ་ཐར་རམ་ཉན་ཐོས་ཀྱི་དགེ་སློང་གི་སྡོམ་པ་ཉིད་སླར་སེམས་བསྐྱེད་བླངས་པས་དེར་གནས་འགྱུར་བའི་རྒྱུད་ཀྱི་སོ་ཐར་གྱི་སྡོམ་པ་གང་ཡིན་ཀྱང་རུང་སྟེ། དེ་ལ་ཀུན་སློང་བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། སྡོམ་པའི་ལྡོག་པ་གཉིས་ཡོད་པ་ལས་སྔ་མ་ཚེ་འཕོས་པའི་དུས་སུ་མི་གཏོང་སྟེ། དེ་བྱང་སེམས་ཀྱི་སྡོམ་པའི་གཏོང་རྒྱུ་མ་ཡིན་པའི་ཕྱིར། ཕྱི་མ་སྡོམ་པ་ཁས་བླངས་པའི་དུས་ཀྱི་ལྡོག་ཆ་ནི་གཏོང་སྟེ། ཇི་སྲིད་འཚོའི་མཐའ་ཅན་ཡིན་པའི་ཕྱིར། དེ་ལྟར་ཡང་རབ་དབྱེ་ལས། ཐེན་ཆེན་སོ་སོར་ཐར་ཡིན་ཡང་། །དགེ་སློང་ལ་སོགས་སྡོམ་པ་ཡི། །ལྡོག་པ་ཤི་བའི་ཚེ་ན་གཏོང་། །བྱང་ཆུབ་སེམས་ཀྱི་ལྡོག་པ་དང་། །དེ་ཡི་འབྲས་བུ་ཤི་ཡང་འབྱུང་། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་དགག་དགོས་ཡོངས་རྫོགས་ནི། དགག་བྱ་ཉོན་མོངས་དགོས་པ་མི་འཆིང་བར། །རང་རང་ལམ་གྱི་ངོས་ནས་ཡོངས་སུ་རྫོགས། །སྤོང་བསྒྱུར་ལམ་དུ་བྱེད་པ་སོ་སོ་ཡང་། །ཉོན་མོངས་རང་མཚན་སྤོང་བར་མཁས་རྣམས་མཐུན། །ཅེས་པ་སྟེ། སྡོམ་པ་གསུམ་ཀས་དག༷ག་བྱ༷་རང་རྒྱུད་ཀྱི་ཉོན༷་མོ༷ངས་པ་དང་། དེས་
ཀུན་ནས་བསླངས་པའི་མི་དགེ་བ་སྡོམ་པར་གཅིག་སྟེ། འདུལ་བ་ལུང་ལས། ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར་གྱི་ཀུན་ཏུ་འདོད་ཆགས་དང་བྲལ་བར་མི་འགྱུར་བ་འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པའི་བསྟན་པ་མ་ཡིན་པར་ཤེས་པར་གྱིས་ཤིག །ཆོས་གང་ཞིག་དངོས་དང་བརྒྱུད་ནས་ཀུན་ཏུ་འདོད་ཆགས་དང་བྲལ་བའི་རྒྱུར་འགྱུར་གྱི་ཀུན་ཏུ་འདོད་ཆགས་ཀྱི་རྒྱུར་མི་འགྱུར་བ་འདི་ནི་ཆོས་ཡིན། འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་པར་ཤེས་པར་བྱོས་ཤིག །ཞེས་པ་ལ་སོགས་པ་གསུངས་སོ། །དགོ༷ས་པ༷་ཉོན་མོངས་པ་དེས་རང་རྒྱུད་མི༷་འཆི༷ང་བ༵ར་ཡང་མཚུངས་ཏེ། མི་ཚངས་སྤྱོད་ལྟ་བུ་ཉན་ཐོས་པས་མི་སྤྱོད་པ་དང་། གོང་མ་གཉིས་ཀྱིས་ཐབས་ཀྱི་ཟིན་པས་སྤྱད་པ་གཉིས་ཀ་འདོད་པའི་དྲི་མས་མ་གོས་པར་འདྲ་བས་རྣམ་པ་མི་འདྲ་ཡང་ར༷ང་ར༷ང་གི་ལ༷མ་གྱི༷་ངོ༷ས་ན༷ས་དགག་དགོས་ཀྱི་ཡོན་ཏན་ཡོ༷ངས་སུ༷་རྫོ༵གས་པ་སྟེ། ཉན་ཐོས་པས་བདེན་གཉིས་རྫས་ཡོད་དུ་བལྟས་ནས་སོ་ཐར་གྱིས་ཉོན་མོངས་པ་སྤོ༷ང་བ་དང་། བྱང་ཆུབ་སེམས་དཔས་རང་བཞིན་མེད་པར་ཤེས་ནས་ཆོས་ཉིད་དུ་བསྒྱུར༷་བ་དང་། གསང་སྔགས་
པས་དེ་ཡེ་ཤེས་ཀྱི་རང་བཞིན་དུ་བལྟས་ཏེ་ལ༷མ་དུ༷་བྱེ༷ད་པ༷འི་ཚུལ་སོ༷་སོ༷་བ་ལྟར་སྣང་ཡ༵ང་འཆིང་བྱེད་ཀྱི་ཉོན༷་མོ༷ངས་ར༷ང་མཚ༷ན་པ་རྣམས་སྤོ༷ང་བ༷ར་མཁ༷ས་པ་རྣམ༷ས་མཐུ༵ན་ཏེ། དཔེར་ན་དྲུག་སྤོང་བ་དང་། སྨན་གྱིས་སྦྱོང་བ་དང་། སྔགས་ཀྱིས་བཏབ་སྟེ་བཟའ་བ་གསུམ་ཀས་ཀྱང་དུག་གིས་མི་གནོད་པའི་དགོས་པ་སྒྲུབ་པར་གཅིག་པ་བཞིན་ནོ། །གསུམ་པ་ངོ་བོ་གནས་འགྱུར་ནི། སོ་ཐར་ཀུན་སློང་སེམས་བསྐྱེད་ཀྱིས་ཟིན་ན། །ཉེས་སྤྱོད་སྡོམ་པ་ཞིག་བྱའི་ཚུལ་ཁྲིམས་ཡིན། །དབང་ཐོབ་རྡོ་རྗེ་འཛིན་པའི་སྡོམ་པར་འགྱུར། །དེ་ཕྱིར་ངོ་བོ་གནས་འགྱུར་ཡིན་ནོ་ཞེས། །འབུམ་ཕྲག་ལྔ་པའི་ལུང་གིས་གསལ་བར་གྲུབ། །ཅེས་པ་སྟེ། ཉོན་མོངས་རང་ག་མས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་ཀྱིས་འཁོར་བར་འཆིང་བས་དེ་ཉིད་ཤེས་རབ་དང་སྙིང་རྗེ་ཕྱོགས་གཅིག་གིས་བཟུང་ནས་ཉེས་སྤྱོད་སྤོང་བའི་སྡོམ་པ་ལ་ཞུགས་པ་ན་གནས་སྐབས་མངོན་མཐོ་དང་། མཐར་ཐུག་ཐར་པའི་རྒྱུར་འགྱུར་བའི་སོ༷་ཐ༷ར་དེ་ཉིད་ཀུ༷ན་སློང༷་སེ༷མས་བསྐྱེད༷་དང་ཤེས་རབ་ཆེན་པོ་གཉིས་ཀྱིས༷་ཟི༷ན་ན༵ས་གཞན་དོན་གྱི་བྱ་བ་ལ་ཞུགས་ན་བྱང་ཆུབ་ཆེན་པོར་གྲོལ་བའི་རྒྱུར་འགྱུར་བ་བྱང་ཆུབ་སེམས་དཔའི་ཉེས༷་སྤྱོད༷་སྡོ༷མ་
པ༷་ཞེ༷ས་བྱ༷་བའི༷་ཚུལ༷་ཁྲི༷མས་ཡི༵ན་ལ། དེ་ཉིད་ཀྱང་དབ༷ང་ཐོབ༷་ཅིང་ཐབས་ཤེས་ཆེན་པོས་ཡོངས་སུ་ཟིན་པ་ནི་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་འབད་རྩོལ་མེད་པར་ལྷུན་གྱིས་གྲུབ་པའི་རྒྱུར་རྡོ༷་རྗེ༷་འཛི༷ན་པ༷འི་སྡོམ༷་པ༷ར་འགྱུར༵་བ་དེ༷འི་ཕྱིར༷་འོག་མ་གཉིས་ཀྱི་སྐབས་སུ་རང་དོན་ཡིད་བྱེད་ཐ་མལ་སྣང་ཞེན་རེ་ཡོད་པ་བཏང་ནས་གཞན་གནོད་གཞིར་བཅས་སྤོང་བ་དང་། གཞན་ཕན་གཞིར་བཅས་སྒྲུབ་པའི་སེམས་པ་གཉིས་སྔགས་སྡོམ་གྱི་ངོ༷་བོ༷ར་གན༷ས་འགྱུར༷་བ་ཡི༷ན་ནོ༷་ཞེ༵ས་འབུ༷མ་ཕྲག་ལྔ༷་པ༷འི་ལུང༷་གི༷ས་གས༷ལ་བ༷ར་གྲུབ༵་སྟེ། དེ་ཉིད་ལས། རྡོ་ཡི་རིགས་ཀྱི་བྲེ་བྲག་ཞིག །ཅེས་པ་ལ་སོགས་པ་སྔར་དྲངས་པ་ལྟར་རམ། ཡང་ན་གསང་བ་སྤྱོད་པའི་རྒྱུད་ལས། དཔེར་ན་རྡོ་ལས་ཟངས་སུ་འགྱུར། །ཟངས་ལས་གསེར་གྱི་རྣམ་པ་སྟེ། །ཟངས་ཀྱི་དུས་ན་རྡོ་མེད་ལ། །གསེར་དུ་གྱུར་པས་ཟངས་མི་སྣང་། རིག་འཛིན་ནང་གི་དགེ་སློང་ལ། །སོ་སོར་ཐར་དང་བྱང་ཆུབ་སེམས། །གཉིས་པོ་གནས་པ་ཉིད་དུ་ནི། །སངས་རྒྱས་ཉིད་ཀྱིས་མ་གསུངས་སོ། །ཞེས་པ་ལྟར་སྔགས་སྡོམ་ཐོབ་སྟེ་ཐབས་ཤེས་ཁྱད་པར་ཅན་གྱི་ཡེ་ཤེས་
རྒྱུད་ལ་སྐྱེས་ན་འོག་མ་གཉིས་ཀྱི་དམན་སེམས་དང་། ཐ་མལ་སྣང་ཞེན་གྱི་ལྡོག་ཆ་དེ་དུས་མི་གནས་ལ། སྡོམ་པའི་ངོ་བོ་ནི་རིགས་ལྔ་སྤྱིའི་རྣམ་སྣང་གི་དམ་ཚིག་ཏུ་གནས་འགྱུར་བས་ཐ་དད་པ་མེད་དོ། །བཞི་པ་ཡོན་ཏན་ཡར་ལྡན་ནི། འཇིག་རྟེན་རྣལ་འབྱོར་རྣལ་འབྱོར་བློ་ཁྱད་ཀྱིས། །གོང་མ་གོང་མས་གནོད་ཕྱིར་འོག་མ་ཡི། ཡོན་ཏན་ཡར་ལྡན་འོག་མ་ཟིལ་གྱིས་གནོན། །ཞེས་པ་སྟེ། གང་ཟག་འཇི༷ག་རྟེ༷ན་པ་དང་། བསླབ་གསུམ་གྱི་ཉམས་ལེན་ཅུང་ཟད་རྒྱུད་ལ་འབྱོར་པའི་རྣལ༷་འབྱོར༷་པ་དང་། དེ་ཡང་ཐབས་ཤེས་ཁྱད་པར་ཅན་གྱིས་ཟིན་པའི་རྣལ༷་འབྱོར༷་པ་རྣམས་བློ༷་ན་འཕར་བའི་ཁྱད༷་པར་གྱིས༵་གོ༷ང་མ་གོ༷ང་མས་འོག་མ་འོག་མ་རྣམས་ཀྱི་རྒྱུད་ཀྱི་དམན་སེམས་དང་། སྣང་ཞེན་ལ་སོགས་པ་ལ་གནོ༷ད་ཅིང་སྤོང་བའི་ཕྱིར༷་དང་། འོ༷ག་མ༷འི་སྡོམ་པ་བསྲུངས་པ་ཡི༵་ཡོ༷ན་ཏན༵་གོང་མའི་སྡོམ་པའི་ངང་དུ་ཡ༷ར་ལྡན༵་གྱི་ཚུལ་གྱིས་འོ༷ག་མ༷་ཟི༷ལ་གྱི༷ས་གནོ༵ན་པའི་ཕྱིར་ཏེ། གསང་སྙིང་ལས། བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང་། །ཇི་སྙེད་སྡོམ་པ་བསམ་ཡས་པ། མ་ལུས་ཀུན་འདུས་རྣམ་པར་དག །
ཅེས་སོ། །ལྔ་པ་གནད་ཀྱི་མི་འགལ་བ་ནི། འདུ་ཤེས་གསུམ་གྱིས་འཁྲིག་ན་རྣལ་འབྱོར་དེ། །ཡུལ་བསམ་སྦྱོར་བ་མཐར་ཐུག་མ་ཚང་བས། རྨི་ལམ་ཇི་བཞིན་གནད་ཀྱིས་འགལ་མི་སྲིད། །ཅེས་པ་སྟེ། སྡོམ་པ་འོག་མ་གཉིས་གོང་མར་འདུས་པ་མི་འཐད་དེ་སོ་ཐར་གྱི་ཕམ་བཞི་འཆབ་བཅས་སྤོང་བ་དང་། བྱང་སེམས་ཀྱི་སེམས་ཅན་འཚེ་བ་ཆ་བཅས་ལས་ལྡོག་ནས་གཞན་ལ་ཕན་འདོགས་པ་དེ་སྔགས་སྡོམ་གྱི་སྤྱད་པར་བྱ་བའི་དམ་ཚིག་ལྔ་དང་དངོས་སུ་འགལ་བའི་ཕྱིར་སྙམ་ན། རྣམ་པ་འགལ་བ་ལྟར་སྣང་ཡང་། ཕམ་པ་བཞིའི་ནང་ཚན་མི་ཚངས་སྤྱོད་ལྟ་བུ་ལ་མཚོན་ན་འདུ༷་ཤེ༷ས་གསུ༷མ་གྱི༷་སྒོ་ནས༷་ལས་རྒྱ་བསྟེན་པའི་ཚེ་འཁྲི༷ག་སྤྱོད་ཀྱི་རྣམ་པ་ལྟར་སྣང་ན༷འང་། རྣལ༷་འབྱོར༷་པ་དེ༵་ལ་ཡུལ་གྱི་འདུ་ཤེས་རང་མཚན་པ་དེ་ལོག་ནས་ཡབ་ཡུམ་ལྷའི་འདུ་ཤེས་སུ་གནས་འགྱུར་བས་ཡུལ༷་གྱི་ཡན་ལག་མ་ཚང་ཞིང་། སྲེད་པ་རང་མཚན་པ་དེ་བདེ་ཆེན་ཆོས་ཀྱི་འདུ་ཤེས་སུ་གནས་འགྱུར་བས་བས༷མ་པའི་ཡན་ལག་མ་ཚང་ལ། ཆགས་པས་བྱ་བའི་སྦྱོར་བ་དེ་བྱེད་པ་སྡོམ་པའི་ཐབས་མཁས་ཀྱིས་ཟིན་པས་སྦྱོར༷་བའི་ཡན་ལག་མ་ཚང་བ༷་དང་།
མཐར་ཐུག་ཐིག་ལེ་འཕོས་པས་བདེ་བའི་སིམ་པ་བདག་གིར་བྱེད་པ་དེ་ཆགས་པའི་རོ་ཡེ་ཤེས་སུ་བསྒྱུར་ཞིང་ཐིག་ལེ་འཛག་མེད་དུ་འཆིང་བའི་ཕྱིར་མཐ༷ར་ཐུག༷་གི་ཡན་ལག་མ༷་ཚ༷ང་བ༵ས་ན། ཆོས་ཐམས་ཅད་སེམས་ཉིད་རང་སྣང་དུ་ཤེས་པས་རྨི༷་ལ༷མ་གྱི་གནས་སྐབས་ན་བྱ་བ་བྱས་པ་ཇི༷་བཞི༷ན་དུ་གན༷ད་ཀྱིས༷་འག༷ལ་བ་ནི་མི༷་སྲིད༵་དེ། གསང་སྙིང་ལས། མ་ཆགས་པ་ལ་ཆགས་པ་དང་། །ཆགས་པ་ཉིད་ན་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་སྟེ། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །ཞེས་དང་། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བར་མིག་ཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང་། །རྡུལ་ཆ་ཙམ་ཡང་བྱས་པ་མེད། །ཅེས་གསུངས་པའི་ཕྱིར་རོ། །དྲུག་པ་གནས་སྐབས་གང་གཙོར་སྤྱོད་པ་ནི། སྡིག་ཏོ་མི་དགེའི་ཕྱོགས་དང་ཚོགས་པའི་གསེབ། །འོག་མ་གཙོར་བྱེད་འདོད་པས་དབེན་པ་དང་། །སྤྱོད་པའི་དུས་དང་དབེན་པར་གསང་སྔགས་སྤྱད། ནང་མ་འདོམས་ན་མ་འདྲེས་ཡོངས་རྫོགས་བསྲུང་། །འདོམས་ན་དགག་དགོས་བརྩི་ཞེས་མཁས་རྣམས་བཞེད། །ལས་དང་པོ་
དང་རྣལ་འབྱོར་གྲུབ་ཐོབ་དང་། །ཐམས་ཅད་མཁྱེན་པའི་སྤྱོད་པ་གང་ཡིན་པ། །དུས་ཚོད་འབྲེལ་བར་དགོས་ཞེས་དུས་འཁོར་བཤད། །ཅེས་པ་སྟེ། སྡིག༷་ཏོ༷་མི༷་དགེ༷་བའི༷་ཕྱོག༷ས་རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ད༷ང་། ཚོག༷ས་པ༷་མང་པོའི༷་གསེ༵བ་ཏུ་ལས་དང་པོ་པ་རྣམས་ལྟ་ཅི་སྨོས། རང་རྒྱུད་ལ་ཉེས་པས་མི་གོས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་གདུལ་བྱའི་རྒྱུད་ཆུད་མི་ཟ་བའི་ཕྱིར་འོ༷ག་མ༷་ཉན་ཐོས་ཀྱི་ལུགས་གཙོ༷་བོར༷་བྱེད༷་དགོས་ཏེ། གསང་འདུས་ལས། ཕྱི་རུ་ཉན་ཐོས་སྤྱོད་པ་སྐྱོངས། །ནང་དུ་འདུས་པའི་དོན་ལ་དགའ། །ཞེས་དང་། སློབ་དཔོན་ཆེན་པོ་པདྨས། ཕྱི་ལྟར་ལག་ལེན་མདོ་སྡེའི་ལུགས་སུ་སྤྱད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ཅེས་གསུངས་པའི་ཕྱིར་རོ། །ཡང་བྱང་ཆུབ་སེམས་དཔའ་རང་འདོ༷ད་ཡིད་ལ་བྱེད་པ༷ས་དབེ༷ན་པ༷་ན་གཞན་དོན་དུ་འགྱུར་ངེས་པའི་ལུས་ངག་གི་མི་དགེ་བ་བདུན་གནང་བ་ད༵ང་། གསང་སྔགས་ཐུན་མོང་མ་ཡིན་པའི་སྤྱོད༷་པ་སྤྱད་པའི༷་དུས༷་ད༷ང་དབེ༷ན་པ༷ར་ནི་གསང་སྔ༷གས་ཀྱི་སྤྱོད་པ་རྣམས་སྤྱད༵་ན་འོག་མ་
རྣམས་དང་འགལ་བ་ལྟར་སྣང་ཡང་ལྟུང་བའི་གཟུགས་བརྙན་ཙམ་ལས་དོན་ལ་ཉེས་པ་མེད་པར་མ་ཟད་དགོས་པ་དང་ལྡན་ཏེ། སློབ་དཔོན་ཆེན་པོས། ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱད། ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་དང་། རབ་དབྱེ་ལས། འདི་ལ་སྡིག་ཏོ་མི་དགེའི་ཕྱོགས། །ཕལ་ཆེར་ཉན་ཐོས་ལུགས་བཞིན་བསྲུང་། འདོད་པས་དབེན་པའི་ལྟུང་བ་དགའ། །བྱང་ཆུབ་སེམས་དཔའི་ལུགས་བཞིན་བསྲུང་། འཇིག་རྟེན་མ་འདས་གྱུར་པའི་ཆ། །གཉིས་ཀ་མཐུན་རྣམས་འབད་པས་བསྲུང་། འཇིག་རྟེན་འཇུག་པའི་རྒྱུར་འགྱུར་ན། །ཐེག་ཆེན་སོ་སོར་ཐར་ལ་གནང་། །ཞེས་གསུངས་པའི་ཕྱིར་རོ། །སྡོམ་པ་གསུམ་ཀ་ནང༷་མ༷་འདོ༷མས་པ་སྟེ་མཐུན་པར་གྱུར་ན༷་གཞན་མི་དད་པར་གྱུར་པའི་ཆ་ལ་སོགས་པ་སྤང་བླང་གི་གནས་ཐམས་ཅད་སོ་སོར་མ༷་འདྲེ༷ས་པར་ཡོ༷ངས་སུ་རྫོ༷གས་པར་བསྲུ༵ངས་བར་བྱ་ཞིང་། ནང་འདོ༷མས་པ་སྟེ་གཅིག་གི་སྤང་བྱར་བཤད་པ་
གཅིག་གི་བསྲུང་བྱར་སོང་ནས་འགལ་བར་གྱུར་ན༷་རང་རྒྱུད་ཀྱི་དག༷ག་བྱ་ཉོན་མོངས་པའི་གཉེན་པོར་འགྲོ་བ་དང་། དགོ༷ས་པ་མི་འཆིང་བ་གཉིས་གང་དུ་ཚང་བ་བརྩི༷ས་ནས་གང་དུ་ཚང་བ་དེ་སྤྱད་པར་བྱ་དགོས་སོ་ཞེ༷ས་མཁ༷ས་པ་རྣམ༷ས་བཞེ༵ད་དེ། མི་དགེ་བ་དང་ཉེས་པ་སྐྱེ་བ་གང་ཡང་འགོག་ཅིང་། དགེ་བ་དང་ཡོན་ཏན་བསྐྱེད་ན་གང་ལ་ཡང་བསླབ་པར་བྱ་དགོས་པས། སྤྱིར་བཏང་དང་དམིགས་བསལ་གྱི་གནད་ཤེས་པ་གལ་ཆེ་བའི་ཕྱིར་རོ། །དེ་ཡང་གསུམ་ལྡན་རྡོ་རྗེ་འཛིན་པས་སྤྱོད་པ་ཁ་ན་མ་ཐོ་བ་མེད་ཅིང་དུས་ཚོད་དང་འབྲེལ་བར་སྤྱོད་དགོས་པས་གནས་སྐབས་སོ་སོའི་བླང་དོར་ཀྱང་ཤེས་པར་བྱ་སྟེ། ལ༷ས་ད༷ང་པོ༷་པས་སོ་ཐར་གྱི་དགག་བྱ་དང་བྱང་སྔགས་ཀྱི་རྩ་བ་དང་ཡན་ལག་གི་ལྟུང་བ་རྣམས་གཙོ་བོར་བསྲུང་བ་ད༷ང་། དེ་ཡང་སྔགས་སམ་ཏིང་འཛིན་གྱིས་ཆང་གི་རོ་བསྒྱུར་བ་དང་། དུག་ཞི་བ་ལ་སོགས་པའི་དྲོད་མ་ཐོབ་པ་དེ་སྲིད་དུ་ལས་དང་པོ་པ་ཞེས་བྱའོ། །བརྟན་པ་ཐོབ་ནས་བློ་ན་འཕར་བའི་རིམ་པ་ལྟར་བསྐྱེད་རྫོགས་ཀྱི་རྣལ༷་འབྱོར༷་ལ་གནས་པའི་སྒོ་ནས་དམ་རྫས་ཁྱད་པར་ཅན་བརྟེན་པ་
སོགས་སྔགས་ནང་རྒྱུད་ཀྱི་སྤྱོད་པ་ཐུན་མོང་བ་དང་། བསྐྱེད་རྫོགས་ལ་གོམས་པའི་འབྲས་བུ་གནས་སྐབས་གྲུབ༷་པ་ཐོབ༷་པ་ན་བླང་དོར་མེད་པའི་སྤྱོད་པ་ད༵ང་། མཐར་ཐུག་གི་འབྲས་བུ་ཐམ༷ས་ཅ༷ད་མཁྱེན༷་པ༷འི་ཡེ་ཤེས་མངོན་དུ་གྱུར་པའི་ཚེ་ན་གཞན་ལ་ཕན་པའི་སྤྱོད༷་པ༷་ཁོ་ན་གང༷་ཡི༷ན་པ༵་དེ་དང་དེ་དག་དུས༷་ཚོ༷ད་དང་འབྲེ༷ལ་བ༷ར་སྤྱོད་དགོ༷ས་ཞེ༷ས་དུས༷་འཁོ༷ར་ལས་བཤ༷ད་དེ། དེའི་འགྲེལ་ཆེན་ལས། དེའི་ཕྱིར་ལས་དང་པོ་པས་རྣལ་འབྱོར་པའི་བྱ་བ་མི་བྱའོ། །རྣལ་འབྱོར་པས་གྲུབ་པའི་བྱ་བ་མི་བྱའོ། གྲུབ་པས་ཐམས་ཅད་མཁྱེན་པའི་བྱ་བ་མི་བྱའོ། །ཞེས་སོ། །གསུམ་པ་སྡོམ་པ་གསུམ་ཉམས་སུ་ལེན་ཚུལ་བསྡུས་ཏེ་བསྟན་པའི་སྒོ་ནས་མཇུག་བསྡུ་བ་ནི། ཡོན་ཏན་གཞི་རྟེན་སོ་ཐར་གང་ནུས་སྟེང་། །བྱང་ཆུབ་སེམས་བསྐྱེད་སྔགས་ཀྱི་ཡན་ལག་ཡིན། །སྨིན་བྱེད་དབང་ཐོབ་སྡོམ་གསུམ་མིག་ལྟར་བསྲུང་། །གདན་གསུམ་ལྷ་རུ་ཤེས་པའི་བསྐྱེད་རིམ་དང་། མཚན་བཅས་མཚན་མ་མེད་པའི་རྫོགས་རིམ་བསྒོམ། །ཉེ་རྒྱུའི་སྤྱོད་པས་རིམ་བཞིན་མཚམས་སྦྱར་ནས། །འདིའམ་འཆི་ཁ་དང་ནི་བར་དོ་རུ། །རང་བཞིན་སྤྲུལ་པའི་
ཞིང་དུ་རྫོགས་འཚང་རྒྱ། །ཞེས་པ་སྟེ། ཉན་ཐོས་དང་ཐུན་མོང་བའི་ལམ་དུ་འཁོར་བ་ལ་སྐྱོ་ཤེས་དང་ངེས་འབྱུང་གིས་ཀུན་ནས་བསླངས་ཏེ་ཡོ༷ན་ཏ༷ན་ཐམས་ཅད་ཀྱི་གཞི༷་རྟེན༷་སྤོང་བ་བཞིའམ་བདུན་ལྡན་གྱི་སོ༷་སོར་ཐར༷་པ་རིགས་བདུན་གྱི་སྡོམ་པ་ག༷ང་ནུས༷་བླངས་ལ་ལུས་ངག་ཉེས་སྤྱོད་ལས་ལྡོག་པར་བྱ་ཞིང་། དེའི་སྟེང༵་དུ་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང༷་ཆུབ༷་ཐོབ་འདོད་ཀྱི་བསམ་པས་སེ༷མས་བསྐྱེད༷་ཀྱི་སྡོམ་པ་བླངས་ན། དེ་གཉིས་གསང་སྔག༷ས་ཀྱི༷་སྡོམ་པའི་ཡ༷ན་ལ༷ག་ཏུ་འགྱུར་བ་ཡི༵ན་ལ། དེ་ཡང་སེམས་ཅན་ཐམས་ཅད་གདོད་མ་ནས་རྣམ་པར་དག་ཀྱང་དེ་ལྟར་མ་རྟོགས་པས་སྡུག་བསྔལ་རྒྱུ་འབྲས་ཀྱིས་གཟིར་བ་ལ་བཟོད་ཕོད་པའི་སྙིང་སྟོབས་དྲག་པོས། ཀུན་ནས་བསླངས་ཏེ་སྨི༷ན་བྱེད༷་ཀྱི་དབ༷ང་ལ་བརྟེན་ནས་རིག་པ་འཛིན་པའི་སྡོམ་པ་རྒྱུད་ལ་ཐོ༷བ་པར་བྱས་ནས་སྡོམ༷་པ་གསུ༷མ་པོ་དེའི་བསླབ་བྱ་རྣམས་དགག་དགོས་ཀྱི་གནད་ཤེས་པའི་སྒོ་ནས་མི༷ག་གི་འབྲས་བུ་ལྟར༷་གཅེས་སྤྲས་ཀྱིས་བསྲུ༵ང་བར་བྱ་ཞིང་སྦྱང་གཞི་སྦྱང་བྱེད་ངོ་འཕྲོད་པའི་སྒོ་ནས་གད༷ན་གསུ༷མ་ལྷ༷་རུ༷་ཤེས༷་པ༷འི་ལྟ་བ་དང་མ་བྲལ་བར་བསྐྱེ༷ད་རི༷མ་
ཟབ་མོ་རྣམས་བསྒོམ་པ་ད༵ང་། རྩ་རླུང་ཐིག་ལེ་ལ་དངོས་སུ་གནད་དུ་བསྣུན་པས་ལམ་མཚ༷ན་བཅ༷ས་ཀྱི་རྫོགས་རིམ་ཐབས་ལམ་སྟེང་འོག་གི་སྒོ་དང་། དེ་ཐམས་ཅད་ཀྱི་རྒྱས་གདབ་ཏུ་གྱུར་པ་མཚ༷ན་མ༷་མེ༷ད་པ༷འི་རྫོ༷གས་རི༷མ་བསྒོམ༵་ཞིང་། གོམས་པ་ན་ཟག་པ་མེད་པའི་འབྲས་བུ་ལ་མྱུར་དུ་སྦྱོར་བའི་ཉེ༷་རྒྱུའི༷་སྤྱོད༷་པ༷ས་རི༷མ་པ་བཞིན་མཚ༷མས་སྦྱར༷་ན༵ས་དབང་པོ་རབ་ཚེ་འདི༷ར་ཟུང་འཇུག་གི་སྐུ་འགྲུབ་པའ༷མ། འབྲིང་འཆི༷་ཁ༷་འོད་གསལ་ལས་ཟུང་འཇུག་གི་སྐུར་ལྡང་བ་ད༷ང་ནི༷། ཐམ་སྲིད་པ་བ༷ར་དོ༷་རུ༵་ཆོས་ཉིད་ཀྱི་བདེན་པའི་བྱིན་རླབས་ཀྱིས་ར༷ང་བཞི༷ན་སྤྲུལ༷་པ༷་སྐུའི༷་ཞི༷ང་དུ༷་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རིགས་ལྔའི་སངས་རྒྱས་ཀྱི་ཞལ་མཐོང་ཞིང་དབང་བསྐུར་ལ་བྱང་ཆུབ་ཏུ་ལུང་བསྟན་ཏེ་དབུགས་དབྱུང་བ་ཐོབ་ནས་མངོན་པར་རྫོ༷གས་པར་འཚ༷ང་རྒྱུ༵་བ་ཡིན་ནོ། །ལེའུའི་སྐབས་བསྡུ་བ་ནི། སྡོམ་གསུམ་སྤྱིར་དཔྱད་པའི་རིམ་པར་ཕྱེ་བ་སྟེ་ལྔ་པའོ། །ཞེས་པས། སྡོམ༷་པ་གསུ༷མ་གྱི་བསྲུང་བྱ་ཉམས་སུ་ལེན་ཚུལ་གྱི་གནད་སྤྱིར༷་དཔྱད༷་པ༷འི་རི༷མ་པ༷ར་ཕྱེ༷་བ༷་སྟེ༷་ལེའུ་ལྔ༷་པའི་རྣམ་པར་བཤད་པ༷འོ༵། །རྩ་བའི་གསུམ་པ་བཤད་པ་
མཐར་ཕྱིན་པའི་བྱ་བ་ལ་ལྔ། དང་པོ་རྩོམ་པའི་རྒྱུ་བརྩེ་བའི་སྙིང་རྗེ་ཆེན་པོ་ཐུགས་རྒྱུད་ལ་ཇི་ལྟར་འཁྲུངས་པའི་ཚུལ་ནི། དེང་སང་མ་སྦྱངས་མུ་ཅོར་སྨྲ་བ་བརྒྱས། །རང་གི་ཡེ་ཤེས་རྡུལ་ཙམ་མ་རྟོགས་པར། །རང་བཟོའི་ཆོགས་རྨོངས་རྣམས་ཚིམ་པའི་དུས། །སྐྱབས་དེ་བསམ་གྱིན་སྙིང་ནས་མཆི་མ་དཀུ། །ཞེས་པ་སྟེ། དེ༷ང་ས༷ང་གསུང་རབས་དགོངས་འགྲེལ་དང་བཅས་པ་ལ་ཐོས་བསམ་གྱིས་ལེགས་པར་མ༷་སྦྱང༷ས་ཤིང་བླུན་པོ་མཁས་རློམ་ཅན་གཞན་ལ་མུ༷་ཅོ༷ར་སྨྲ༷་བ༷་བརྒྱ༵་ཕྲག་དུ་མས༵། སྒོམ་པ་ཉམས་ལེན་གྱི་སྒོ་ནས་ར༷ང་གི༷་གནས་ལུགས་ཀྱི་ཡེ༷་ཤེ༷ས་རྡུལ༷་ཕྲན་གྱི་ཆ་ཤས་ཙ༷མ་ཡང་མ༷་རྟོ༷གས་པ༵ར་ར༷ང་བཟོ༷ས་བསླད་པའི༷་ཆོ༷་ག༷ས་རིགས་མཐུན་རྨོང༷ས་པ་རྣམ༷ས་དགའ་བ་བསྐྱེད་ཅིང་ཚི༷མ་པ༷འི་དུས༵་འདིར། རང་གཞན་གཉིས་ཀ་བརླག་པའི་སྐྱབ༷ས་གནས་དེ༷་འདྲ་བ་ལ་བསྟེན་པའི་སྙིགས་དུས་ཀྱི་སྐྱེ་བོ་འདི་རྣམས་ཀྱེ་མ་ཀྱེ་ཧུད་སྙིང་རེ་རྗེ་བས༷མ་གྱི༷ན་སྐྱེས་བུ་དམ་པ་རྣམས་ནི་སྙིང༷་ནས༷་མྱ་ངན་གྱི་མཚི༷་མ༷་དཀྲུ༵་བར་འོས་པའི་གནས་སུ་གྱུར་པ་ཡིན་ནོ། །གཉིས་པ་འདི་ལྟར་རྩོམ་དགོས་པའི་རྒྱུ་མཚན་ནི། མདོ་སྔགས་ལམ་
རྣམས་མུ་མེད་འགྲོ་བའི་ཕྱིར། །ཚང་ལ་མ་ནོར་ལམ་འདི་རྒྱལ་བས་གསུངས། །གངས་ཅན་འདི་ན་དེ་དག་ཕྱོགས་རེར་འཛིན། །གཅིག་ཏུ་སེམས་ཀྱང་སྡོམ་གསུམ་མིང་ཙམ་ལུས། །ཞེས་པ་སྟེ། མདོ༷་སྔག༷ས་ལ༷མ་རིམ་རྣམ༷ས་ནི་མཐའ་ཡས་ཤིང་མུ༷་མེ༷ད་པའི་འགྲོ༷་བ་རྣམས་ཀྱི་ཁམས་དབང་དང་མཐུན་པར་དེ་དག་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་སར་དཀྲི་བ༷འི་ཕྱིར༵། གང་ཟག་གཅིག་འཚང་རྒྱ་བའི་ཐབས་ཚ༷ང་ལ༷་མ༷་ནོར༷་བའི་ལ༷མ་འདི༷་རྒྱལ༷་བ༷ས་གསུ༷ངས་མོད། འོན་ཀྱང་ག༷ངས་ཅན༷་འདི༷་ནི༷་མདོ་སྔགས་གཉིས་འགལ་ལོ་ཞེས་བླུན་པོ་སྤྱི་བརྟོལ་ཅན་དེ༷་དག༷་གིས་ནི་མེ་ཆུ་ལྟར་འགལ་འདུའི་ཕུང་པོར་མཐོང་ནས་ཕྱོག༷ས་རེ༷་བར༷་འཛི༵ན་ཏེ། མཁས་པ་རྣམ་དཔྱོད་དང་ལྡན་པ་གཅི༷ག་ཏུ༷་བསྡུ་བར་སེ༷མས་པ་དག་གིས་ཀྱ༷ང་བཤད་ཡམས་ཀྱི་ས་བཅད་པ་ཙམ་ལས་སྡོམ༷་པ་གསུ༷མ་གྱི་བསླབ་བྱ་གོང་འོག་མི་འགལ་བར་ཤེས་དགོས་པ་རྣམས་ནི་མི༷ང་ཙམ༷་དུ་ལུས༵་སོ། །གསུམ་པ་ཇི་ལྟར་བརྩམས་པའི་ཚུལ་ནི། འདི་ནི་མཁས་གྲུབ་དུ་མའི་ལེགས་བཤད་ལས། །སྒྲིམས་པོའི་བློ་ཡིས་ཕྱོགས་གཅིག་དག་ཏུ་བཀོད། དེ་ཕྱིར་ནོངས་པའི་
དྲི་མ་མེད་སྙམ་རློམ། །ཞེས་པ་སྟེ། ཚུལ་དེ་ལྟར་མཐོང་ནས་བསྟན་བཅོས་འདི༷ར་ནི༷་རང་བཟོ་དང་ཕྱོགས་རིས་སྤངས་ཏེ་མདོ་རྒྱུད་ཀྱི་དོན་ཇི་ལྟ་བ་བཞིན་དུ་གཏན་ལ་འབེབས་པར་བྱེད་པའི་མཁ༷ས་གྲུབ༷་དུ༷་མ༷འི་ལེ༷གས་པར་བཤ༷ད་པ་ལ༵ས། ཇི་སྐད་བསྟན་པ་རྣམས་སྒྲིམ༷ས་པོ༷འི་བློ༷་ཡི༷ས་བརྟགས་ཤིང་དཔྱད་པའི་སྒོ་ནས་མདོ་རྒྱུད་མན་ངག་རྣམས་དང་མི་འགལ་བར་ཕྱོ༷གས་གཅི༷ག་དག༷་ཏུ༷་བཀོ༵ད་པ་ཡིན་པས། རྒྱུ་མཚན་དེ༷་ཡི་ཕྱིར༷་ནམ་རྟོགས་པ་དང་ལོག་པར་རྟོག་པའི་དབང་གིས་ཉེས་པར་བཤད་པ་སོགས་ཀྱི་ནོང༷ས་པ༷འི་དྲི༷་མ༷་ཆ་ཙམ་མེ༷ད་དོ་སྙམ༷་དུ་རློམ༵་པ་ཡིན་པས་ན་ལམ་མཆོག་འདི་ཉིད་ཀྱི་རྗེས་སུ་འཇུག་པའི་སྐལ་བཟང་གི་གདུལ་བྱ་རྣམས་སྙིང་ནས་ཡིད་ཆེས་པའི་ནོར་སྐལ་དུ་བཟུང་བར་མཛོད་ཅིག་ཅེས་བསྐུལ་བར་མཛད་དོ། །བཞི་པ་དེས་ཐོབ་པའི་དགེ་བ་བསྡོ་བ་ནི། དགེ་དེས་ཀུན་བཟང་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་སྟེ། མདོ་སྔགས་ཆོས་ཚུལ་རྒྱ་མཚོ་ཚང་ལ་མ་ནོར་བ་སྐལ་བཟང་ཀུན་ཏུ་དགའ་བའི་འཇུག་ངོགས་གཅིག་པུར་གྱུར་པ་སྡོམ་གསུམ་རྣམ་པར་ངེས་པའི་བསྟན་བཅོས་ངོ་མཚར་བ་འདི་ཉིད་བརྩམས་པ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་མཁའ་མཐར་གཏུགས་
བའི་དགེ༷་ཚོགས་དེ༷ས་མཁའ་ཁྱབ་ཀྱི་འགྲོ་བ་ཐམས་ཅད་སྐུ་ལྔ་ཡེ་ཤེས་ལྔ་དང་འདུ་འབྲལ་མེད་པར་རང་བྱུང་གདོད་མའི་སངས་རྒྱས་ཀུན༷་ཏུ་བཟ༷ང་པོའི་གོ༷་འཕ༷ང་མྱུར༷་དུ་ཐོབ༷་པར་ཤོ༵ག་ཅིག་ཅེས་སོ། མཐར་བསྟན་བཅོས་ཇི་ལྟར་བརྩམས་པའི་མཛད་བྱང་སྨོས་པ་ནི། ཅེས་སྡོམ་གསུམ་རྣམ་ངེས་ཚིག་གིས་རིམ་པར་ཕྱེ་བ་འདི་གངས་རིའི་ཕྲེང་བས་བསྐོར་བའི་ཡུལ་ལྗོངས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་བ་ངེས་པར་འབྱུང་བའི་བསམ་པ་ཅན་མངའ་རིས་ཀྱི་པཎྜི་ཏ་པདྨ་དབང་གི་རྒྱལ་པོས་བཀོད་པ། ཕྱོགས་དུས་ཐམས་ཅད་དུ་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པ་ལ་བྱ་བ་བྱེད་ནུས་པར་གྱུར་ཅིག །ཅེས་པ་སྟེ། དེ་སྐད་ཅེ༷ས་སྡོམ༷་པ་གསུམ༷་རྣམ༷་པར་ངེས་པ་ཞེས་བྱ་བའི་བསྟན་བཅོས་འདི་ཉིད་མཛད་པ་པོའི་མཚན་གྱི་རྣམ་གཞག་ལས། གངས་ཅན་པའི་ལམ་སྟོན་ཐུ་མི་ས་མྦྷོཊས། ཡི་གེའི་ཁུངས་ནས་མིང་བྱུང་སྟེ། །མིང་གི་ཁུངས་ནས་ཚིག་བྱུང་ལ། །ཚིག་གིས་དོན་རྣམས་སྟོན་པར་བྱེད། །ཅེས་པ་ལྟར། ཡི་གེ་འདུས་པ་ལས་མིང་། མིང་འདུས་པ་ལས་ཚིག །ཚིག་འདུས་པ་ལས་དོན་གྱི་རྣམ་གྲངས་རྣམས་སྟོན་པ་ལས། འདིར་ཚི༷ག་གི༷་སྒོ་ན༷ས་བསྟན་པའི་གཞུང་ཚོགས་ལེའུ་རི༷མ་པ༷ར་ཕྱེ༷་བ༷་ལྔའི་བདག་ཉིད་ཅན་གྱི་གཞུང་
བཟང་པོ་ཚིག་ཉུང་ལ་དོན་བསྡུས་པ་ལུང་རིག་མན་ངག་དུ་མའི་བང་མཛོད་དུ་གྱུར་པ་འདི༷་ཉིད་བར་ཆད་མེད་པར་བརྩམས་པ་མཐར་ཕྱིན་པའི་སྐབས་སུ་བབས་པ་ན་བར་སྣང་གི་ལྷ་རྣམས་ཀྱིས་མངོན་པར་ཤེས་པའི་ལེགས་སོའི་མེ་ཏོག་གི་ཆར་བསྙིལ་བ་དང་བཅས་ཡོངས་སུ་གྲུབ་པ་ཡིན་ལ། བསྟན་བཅོས་མཛད་པ་པོའི་མཚན་དང་། གང་དུ་མཛད་པའི་གནས་ཀྱི་ཁྱད་པར་ནི་བསིལ་ལྡན་གང༷ས་རི༷འི་ཕྲེང༷་བ༷ས་ཡོངས་སུ་བསྐོ༷ར་བ༷འི་བོད་ཀྱི་ཡུལ༷་ལྗོངས་ལས་བྱེ་བྲག་ལྷོ༷་ཕྱོ༷གས་ཀྱི༷་རྒྱུད༷་མངའ་རིས་གློ་བོ་མ་ཐང་དུ༷་བྱུང༷་བ༷་ཡོན་ཏན་གྱི་ཁྱད་པར་ཤེས་རབ་དང་སྙིང་རྗེས་སྲིད་ཞིའི་མཐའ་གཉིས་ལས་ངེ༷ས་པ༷ར་འབྱུང༷་བ༷འི་བླ་ན་མེད་པའི་བྱང་ཆུབ་དོན་གཉེར་གྱི་བས༷མ་པ༷་བཟང་པོས་ཀུན་ནས་བསླངས་ཏེ། སྦྱོར་བ་གཞན་དོན་སྒྲུབ་པའི་ཐབས་ལ་མཁས་པ་ཅ༷ན་རིག་པའི་གནས་ཆེན་ལྔ་དང་གནས་ཕྲན་ལྔ་རྣམས་ཐུགས་སུ་ཆུད་པའི་མང༷འ་རི༷ས་ཀྱི༷་པ༷ཎྜི༷་ཏ༷་པ༷དྨ༷་དབ༷ང་གི༷་རྒྱལ༷་པོ་རྡོ་རྗེ་གྲགས་པ་རྒྱལ་མཚན་དཔལ་བཟང་པོ༷ས་གསུང་རབ་དགོངས་འགྲེལ་དང་བཅས་པའི་དོན་ཇི་ལྟ་བ་བཞིན་དུ་བཀོ༷ད་པར་མཛད་པ༵་འདི་ནི་ཐར་འདོད་ཀྱི་གང་ཟག་རྣམས་ནས་སྤྱི་བོའི་རྒྱན་དུ་བླངས་པར་འོས་པ་ཁོ་ན་སྟེ། རྒྱུད་བླ་མ་ལས། གང་ཞིག་རྒྱལ་བའི་བསྟན་པ་
འབའ་ཞིག་གིས། །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླངས། ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བརྩམས་པའི་དགེ་བ་ཅི་ཡོད་པ་དེས་ཕྱོག༷ས་བཅུ་དང་དུས༷་གསུམ་གྱིས་བསྡུས་པའི་འཇིག་རྟེན་གྱི་ཁམས་ཐ༷མས་ཅ༷ད་དུ༷་མདོ་སྔགས་རྒྱལ་བའི་བསྟན་པ་ཡིན་ནོ་ཅོག་སྤྱི་དང་། ཁྱད་པར་ཐེག་པ་ཀུན་གྱི་རྩེ་མོར་སོན་པ་ར༷ང་བཞི༷ན་རྫོག༷ས་པ༷་ཆེ༷ན་པོ༷་ཨ་ཏི་ཡོ་གའི༷་བསྟན༷་པ༷་ལ༷་བཤད་སྒྲུབ་ཀྱི་སྒོ་ནས་བྱ༷་བ༷་རླབས་པོ་ཆེ་བྱེད༷་ནུས༷་པར༷་གྱུར༷་ཅིག༵་ཅེས་སྨོན་ལམ་དུ་མཛད་པ་ནི་བསྔོ་བ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་སྟེ། སྨོན་ལམ་ཐམས་ཅད་ཀྱང་དམ་པའི་ཆོས་ཡོངས་སུ་འཛིན་པར་བསྔོས་ན་དེར་འདུ་བར་གསུངས་པའི་ཕྱིར། བཟང་པོ་སྤྱོད་པ་ལས། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །བྱང་ཆུབ་སྤྱོད་པ་ཀུན་ཏུ་སྣང་བར་བྱེད། །བཟང་པོ་སྤྱོད་པ་རྣམ་པར་སྦྱོང་བ་ཡང་། །མ་འོངས་བསྐལ་པ་ཀུན་ཏུ་སྤྱོད་པར་ཤོག །ཅེས་གསུངས་པ་དང་ཚུལ་མཐུན་པ་ཡིན་ནོ། །སླར་སྨྲས་པ། དེ་ལྟར་རྣམ་འདྲེན་བཞི་པའི་རིང་ལུགས་མཆོག །ཐོག་མཐའ་བར་དགེའི་ལམ་གྱི་སྲོལ་ཕྱེས་ནས། །ཀུན་ཁྱབ་ཡིད་
བཞིན་ནོར་བུའི་གཏེར་ཁ་ཞིག །ཐང་མར་བརྡལ་འདི་ཁྲི་སྲོང་ཁྱོད་མིན་སུ། །ཐོག་མར་དགེ་བ་སྒོ་གསུམ་ཉེས་སྤྱོད་སྡོམ། །བར་དུ་དགེ་བ་གཞན་ཕན་གཞིར་བཅས་བསྒྲུབ། །ཐ་མར་དགེ་བ་དོན་གཉིས་ལྷུན་གྲུབ་ཀྱི། །རྒྱལ་སར་དབུགས་ཆེན་འབྱིན་ལ་བསླུ་བ་མེད། །རྨོངས་པ་བདག་ཀྱང་དེ་ལྟའི་ཚུལ་ཤེས་ནས། །ཁྱོད་ཀྱི་ལམ་བཟང་བྱི་དོར་ཅུང་བགྱིས་པ། །འདི་ལས་ལམ་བཟང་ནོར་བ་མེད་པའི་རྒྱུན། །རྣམ་འདྲེན་ལྔ་པའི་བར་དུ་གསལ་གྱུར་ཅིག །ཚུལ་འདིར་འཆད་ཉན་སྒོམ་སྒྲུབ་ཟབ་མོའི་སྲོལ། །ལྔ་བདོའི་མཐར་ཡང་ནུབ་མེད་སླར་གསལ་ནས། །འཇིག་རྟེན་ཕན་བདེར་སྤྱོད་པའི་སྐལ་བཟང་གིས། །ཞིང་རྣམས་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག །དེ་ལྟར་སྡོམ་གསུམ་རྣམ་པར་ངེས་པའི་གཞུང་འདི་ལ་འདྲེན་པ་བཀའ་དྲིན་མཚུངས་མེད་ཨོ་རྒྱན་ཆོས་འབྱོར་རྒྱ་མཚོའི་སྐུ་དྲུང་ནས་རང་ལོ་བཅུ་གཉིས་པར་རྫོགས་ཆེན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་ཞལ་རྒྱུན་གཙོ་བོར་བྱས་པའི་སྨིན་ཁྲིད་ཞིབ་རྒྱས་སུ་ནོས་པ་ལས། རང་ཉིད་ནས་དེ་མ་ཐག་ཏུ་བྲིས་པའི་བརྗེད་ཟིན་འབྲུ་འགྲེལ་ལྟ་བུ་ཞིག་ཡོད་པ་ལ་ཕྱིས་སུ་ཞིབ་པར་བལྟས་པ་ན་བརྗོད་བྱའི་དོན་ལ་ནོར་འཁྲུལ་མི་འདུག་ཀྱང་
རྗོད་བྱེད་ཚིག་ཚོགས་མང་ཉུང་ཅི་རིགས་པས་སྐབས་འགར་ཟློས་སྐྱོན་ལྟ་བུ་དང་། སྐབས་རེར་འབྲུ་གཉེར་མ་ཐུབ་པ་སོགས་ཁོངས་སྙོམས་པ་ཞིག་བྱུང་མི་འདུག་ཅིང་། སྤྱིར་ཡང་སྐབས་དེར་རང་ཉིད་ལོ་ན་ཕྲ་ཞིང་སྦྱངས་སྟོབས་ཀྱི་ཤེས་ཡོན་ཞན་པ་སོགས་ཀྱིས་བལྟ་གོ་ཆོད་པ་ཁྱེར་བདེ་དོན་ཚང་ཞིག་ཀྱང་བྱུང་མི་འདུག་པས་ན་ཕྱིན་ཆད་ཡིག་རྒྱུན་མི་འཕེལ་བར་བྱ་སེམས་ཁོ་ནའི་ངང་གཞན་རྐྱེན་འདུ་འཛི་མང་པོས་གཡེངས་ཏེ་རིམ་ལུས་སུ་གྱུར། ཕྱིས་སུ་རང་ལྟོས་སློབ་ཚོགས་བླ་སྤྲུལ་ཁ་ཤས་ནས་རང་རེའི་འབྲུ་འགྲེལ་འདི་ལ་བལྟ་བདེ་དོན་ཚང་ཞིག་ངེས་པར་མཐའ་སྐྱོང་ཡོད་པ་ཞེས་ཡང་ཡང་དྲན་བསྐུལ་བྱེད་མཁན་ཁ་ཤས་ཤིག་བྱུང་བ་དང་། ད་ལྟ་སྔ་འགྱུར་བཀའ་མའི་ཕྲིན་ཆོག་རྒྱབ་ཆོས་བཅས་སྤར་འདེབས་སྐབས་སུ་སྡོམ་འགྲེལ་འདི་ཡང་སྡེབས་སུ་ཚུད་ན་རྨོངས་པ་རང་འདྲ་འགའ་ལ་ཅུང་ཟད་ཕན་ཐོགས་ཡོང་རྒྱུའི་རེ་བ་བཅས་ཏེ། ལྷ་རིགས་ཤཱཀྱའི་དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བརྒྱད་ཅུ་གྱ་གཅིག་པ་ཤིང་བྱི་ཧོར་ཟླ་བཅུ་པའི་ཤེས་རབ་ཀྱི་ཆ་ལ་ནུབ་ཕྱོགས་དགའ་བ་འཁྱིལ་བའི་ལྗོངས་སུ་བསྐྱོད་སྡོད་སྐབས་ཞིབ་མོར་དཔྱད་པའི་སྒོ་ནས་སྦྱར་བ་ལས། ཡི་གེ་པ་ནི་རང་གི་གམ་དུ་ཉེ་བར་
གནས་པ་བློ་གསལ་བསོད་ནམས་ནོར་བུ་ནས་རྩོམ་གཞིའི་ཟིན་བྲིས་ཅི་རིགས་པར་བཏབ་ཅིང་། ཡོངས་སུ་རྫོགས་པར་སྔོན་དགེའི་བག་ཆགས་བཟང་པོས་ལས་འཕྲོ་མཐུད་པ་ལ་མི་ཞུམ་པ་རང་སློབ་མོན་གྱི་སྔགས་བཙུན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་མཆོག་གསང་པདྨའི་རིང་ལུགས་ནམ་ཡང་མི་ཉ༷མས་པར་གོང་ནས་གོང་དུ་འཕེལ་ཞིང་རྒྱས་ཏེ་རྟག་ཁྱབ་ལྷུན་གྲུབ་འབྱུང་བའི་ཆ་རྐྱེན་དམ་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
སྐྱབས་འགྲོ་ཡན་ལག་དྲུག་པའི་ས་བཅད།
ཨོཾ་སྭསྟི། [རྒྱ་གར་ནུབ་ཕྱོགས་གླང་པོ་སྒང་དུ་སྐུ་འཁྲུངས་པའི་པཎྚི་ཏ་ཆེན་པོ་བི་མ་ལ་མི་ཏྲས་མཛད་པའི་སྐྱབས་འགྲོ་ཡན་ལག་དྲུག་པ་འདི་ཉིད་འཆད་པ་ལ་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། མཐའ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ལ་གཉིས། ཕྱག་དང་དམ་བཅའ་བའོ། །]དང་པོ་ནི། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །[གཉིས་པ་ནི།] སྐྱབས་འགྲོ་ཡན་ལག་དྲུག་པ་བཤད། །[གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་གཉིས། སྡོམས་ཀྱིས་མདོར་བསྟན། རྣམ་གྲངས་རྒྱས་པར་བཤད་པའོ། །དང་པོ་ནི།] ཅིས་འགྲོ་དགོས་དང་ཡུལ་དུས་དང་། །ཕན་ཡོན་བསླབ་བྱ་བླང་བ་རྣམསརྩ་བའི་སྡོམས་སུ་བཤད་པ་ཡིན། [གཉིས་པ་ལ་དྲུག་ལས། དང་པོ་ཅིའི་ཕྱིར་སྐྱབས་སུ་འགྲོ་བའི་དགོས་པ་ནི།] འཇིགས་དང་ཡོན་ཏན་དྲན་པས་འགྲོ། །[གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ནི།] གནས་གསུམ་བསྟན་པའི་ཡུལ་དེ་ལ། །[གསུམ་པ་ཇི་ཙམ་འགྲོ་བའི་དུས་ནི།] འདི་ནས་བྱང་ཆུབ་ཐུག་བར་དུ། །[བཞི་པ་སྐྱབས་སུ་སོང་བའི་ཕན་ཡོན་ནི།] མུ་སྟེགས་སྤྱོད་ལས་ལོག་པ་ཡི། །གསུམ་དུ་མི་སྐྱེ་རྟེན་དུ་འགྱུར། །བར་ཆད་མེད་ཅིང་ནད་ཉུང་རིང་། །འབྱང་ཞིང་བསགས་པའི་ཕན་ཡོན་ནོ། །[ལྔ་པ་བསླབ་བྱ་བསྟན་པ་ལ་གཉིས། སོ་སོའི་བསླབ་བྱ་དང་། ཐུན་མོང་གི་
བསླབ་བྱའོ། །དང་པོ་ལ། དགག་པ་དང་། སྒྲུབ་པའི་བསླབ་བྱ་གཉིས་ལས། དང་པོ་ནི།] སྐྱབས་གསུམ་དང་པོའི་བསླབ་བྱ་ནི། །གནོད་སྦྱིན་མི་བརྟེན་ཕྱག་མི་འཚལ། །གཉིས་པ་སེམས་ཅན་ཐམས་ཅད་ལ། །འཚེ་བ་སྤང་ཞིང་བརྩེ་བར་བྱ། །གསུམ་པ་བདག་དང་གཞན་གྱི་ཡུལ། །སྡིག་པ་ཅན་དང་འགྲོགས་པ་མིན། །[གཉིས་པ་ནི།] སྐུ་གཟུགས་ཚིགས་སུ་བཅད་པ་དང་། ལྷན་པ་སེར་པོ་བཏབ་པ་ལ། །དད་མོས་སྒོ་ནས་སྟོན་པར་བལྟ། །ཞལ་ནས་གསུངས་པ་མཐའ་དག་ལ། །སྐུར་པ་མི་གདབ་སྤྱི་བོར་བླངས། །གང་ཟག་དག་དང་མ་དག་ལ། །དམ་པར་བལྟ་བར་བྱ་བ་ཡིན། [གཉིས་པ་ཐུན་མོང་གི་བསླབ་བྱ་ལ་བཞི་ལས། དང་པོ་ཁེ་ཇི་ལྟར་ཆེ་ཡང་དཀོན་མཆོག་མི་སྤང་བ་ནི།] ལུས་སྲོག་གཙིགས་དང་བྱ་དགའི་ཕྱིར། །དཀོན་མཆོག་གསུམ་པོ་མི་སྤང་ངོ་། །[གཉིས་པ་ཅི་ལ་ཐུག་ཀྱང་སྐྱབས་གཞན་མི་འཚོལ་བ་ནི།] དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །[གསུམ་པ་རྟག་ཏུ་ཡོན་ཏན་དྲན་ཞིང་མཆོད་པ་ནི།] ཆེ་བའི་ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཅིང་མཆོད་པ་ཡིན། །[བཞི་པ་ཕན་ཡོན་དྲན་པས་དུས་དྲུག་ཏུ་སྐྱབས་འགྲོ་བྱ་བ་ནི།] རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱན་གྱི་བསྐུལ་མ་ཡིན། །[དྲུག་པ་སྐྱབས་འགྲོ་བླང་
བའི་ཆོ་ག་ནི།] བླང་བྱ་དང་པོར་ཤེས་བྱ་བ། །དག་པའི་ཡུལ་ལས་བླང་བར་བྱ། །འཇིགས་པ་བྱུང་ཚེ་བསྐུལ་མ་ཡིན། །[གསུམ་པ་མཐའ་མར་དགེ་བ་མཇུག་གི་དོན་ལ་བཞི། མཛད་བྱང་སྨོས་པ། ལོ་ཙཱ་བ་ལ་གཏད་པ། དགེ་བ་བསྔོ་བ། མཐར་ཕྱིན་རྫོགས་བྱང་ངོ་། །དང་པོ་ནི།] རྒྱུད་ལ་ཤེས་བྱ་མང་མཆིས་ཀྱང་། །རྒྱལ་བློན་ཡིད་ཆེས་མ་གྱུར་ན། །སྐྱབས་འགྲོའི་ཆོ་ག་བདག་གིས་བཤད། །གཉིས་པ་ནི། ལེགས་པར་བྲིས་ཤིག་ཀུ་མཱ་ར། །[གསུམ་པ་ནི།] བསོད་ནམས་འགྲོ་བ་ཡོངས་ལ་བསྔོ། །བཞི་པ་ནི། སྐྱབས་འགྲོ་ཡན་ལག་དྲུག་པ་རྫོགས་སོ། །[ཞེས་པའང་བློ་འཛིན་བདེ་བའི་ཕྱིར་ལོ་ཆེན་ངྷ་རྨ་ཤྲཱིའི་ཟིན་མ་ཊིཀ་ལས་ས་བཅད་ཁོལ་དུ་ཕྱུངས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]སརྦ་མངྒ་ལཾ། །
སྐྱབས་འགྲོའི་སྡོམ་པ་སྦྱིན་པའི་ཆོ་ག་འཇུག་བདེ་རབ་གསལ།
[སྐྱབས་འགྲོའི་སྡོམ་པ་སྦྱིན་པའི་ཆོ་ག་འཇུག་བདེ་རབ་གསལ་བཞུགས།] ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །[སྐྱབས་གསུམ་འཛིན་པའི་དགེ་བསྙེན་དོན་དུ་གཉེར་བ་དག་འོངས་པ་ན། སྟོན་པའི་སྐུ་སོགས་རྟེན་དང་མཆོད་པ་ཅི་འབྱོར་པ་བཤམས་ནས། སློབ་མས་སྟོན་པ་དང་བླ་མ་ལ་ཕྱག་གསུམ་གསུམ་འཚལ། ཙོག་པུའམ་པུས་མོ་བཙུགས་ཐལ་མོ་སྦྱར་ནས་འདུག་ཏུ་བཅུག་ལ། བླ་མས་འདི་སྐད་ཅེས།] འོ་ཁྱོད་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་འདོད་པ་ནི་ཤིན་ཏུ་ལེགས། དེའི་རྒྱུ་མཚན་སྐྱབས་མེད་པས་ཡ་ང་བའི་འཇིགས་ཚོགས་ཉེར་འཚེ་ཐམས་ཅད་དང་ངན་སོང་གི་སྡུག་བསྔལ་ལས་བསྲུང་ཞིང་། ལྟ་ངན་དང་འཁོར་བའི་ཉེས་དམིགས་སེལ། མི་གནས་པའི་མྱང་འདས་ཀྱི་བསམ་པས་ཟིན་པས་ཐེག་དམན་ལས་ཀྱང་བསྲུང་བ་ཆེན་པོར་འགྱུར་བ་སོགས་ཕན་ཡོན་མཐའ་ཡས་པ་ཡིན་ཏེ། ལུང་ལས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་སོགས་གསུངས་ཤིང་། ནང་པ་སངས་རྒྱས་པའི་ལམ་ཐམས་ཅད་ཀྱི་གཞི་རྟེན་ལ་མེད་དུ་མི་རུང་བའི་ཚུལ་ཡང་སྐྱབས་འགྲོ་བདུན་ཅུ་པ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས། དེས་ན་ཐར་པའི་ལམ་གྱི་རྩ་བ་སྐྱབས་སུ་འགྲོ་བའི་སྡོམ་པ་ཡང་དག་པ་རྒྱུད་ལ་བླང་བའི་ཕྱིར། དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོའི་གོ་འཕང་
མངོན་དུ་མ་བྱས་ཀྱི་བར་དུ་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་འདུན་པ་རྩེ་གཅིག་པས་འདིའི་རྗེས་ཟློས་མཛོད། [ཅེས་བརྡ་སྦྱར་ལ། ཆོས་འབྲེལ་མེད་ན་བཙུན་པའམ་ཡོད་ན།] སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་སློབ་དཔོན་གྱིས་བཟུང་དུ་གསོལ། [ཞེས་ལན་གཅིག་དང་།] དེས་བརྗོད་པ་དང་པོ་སོང་། ད་བརྗོད་པ་གཉིས་པ་འདིའི་རྗེས་ཟློས་མཛོད། [ཅེས་གོང་བཞིན་ལན་ཅིག །དེས་བརྗོད་པ་གཉིས་པ་སོང་།] ད་བརྗོད་པ་གསུམ་པ་འདིའི་ཚིག་རྫོགས་པའི་སྐབས་སུ་ཁྱོད་ཀྱི་རྒྱུད་ལ་སྐྱབས་འགྲོའི་སྡོམ་པ་སྐྱེ་ཞིང་། ངེད་ཀྱང་སློབ་དཔོན་དུ་འགྱུར་བ་ཡིན་པས་སེམས་མ་ཡེངས་པར་གསུམ་པའི་རྗེས་ཟློས་མཛོད། [ཅེས་སྔར་བཞིན་བརྗོད་མཐར། སློབ་དཔོན་གྱིས།] ཐབས་ཡིན་ནོ། །[སློབ་མས།] ལེགས་སོ། །[ཞེས་བརྗོད།] དེ་ལྟར་སྐྱབས་སུ་འགྲོ་བའི་སྡོམ་པ་ཐོབ་ནས་དེའི་བསླབ་བྱ་ལ་སློབ་དགོས་ཏེ། དེ་ལ་དགག་པའི་བསླབ་བྱ་
གསུམ་དང་། སྒྲུབ་པའི་བསླབ་བྱ་གསུམ་དང་། ཆ་མཐུན་གྱི་བསླབ་བྱ་གསུམ་དང་དགུ་ལས། དང་པོ་དགག་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་འགྲོ་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་མུ་སྟེགས་ཅན་དང་འགྲོགས་པར་མི་བྱ། དེ་ཡང་བོད་ཀྱི་ཡུལ་འདིར་མུ་སྟེགས་དངོས་སུ་མི་འབྱུང་ཀྱང་མི་སྡིག་ལ་རྔམ་པ་རྣམས་མུ་སྟེགས་དང་འདྲ་བས་དེ་དང་མི་འགྲོགས་པའོ། །གཉིས་པ་སྒྲུབ་པའི་བསླབ་བྱ་གསུམ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་སངས་རྒྱས་ཀྱི་སྐུ་རྟེན་ཐ་ན་སཱཙྪའི་ཆག་དུམ་ཙམ་ལའང་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་བཀུར་སྟི་བྱེད། འོ་བརྒྱལ་བའི་གནས་རྣམས་སུ་བཞུགས་མི་འཇུག་ཅིང་ཐ་ན་བྱིས་པས་རྩེད་མོ་ལས་བྱས་པའི་སྐུ་གཟུགས་ཀྱང་མི་འཇིག་པ་དང་། ཆོས་ལ་སྐྱབས་སུ་སོང་ནས་ཆོས་ཀྱི་རྟེན་ཐ་ན་གསུང་རབ་ཀྱི་ཡིག་འབྲུ་གཅིག་ཡན་ལ་ཆོས་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་བཀུར་བསྟི་སོགས་སྔ་མ་ལྟར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་དགེ་འདུན་གྱི་གཟུགས་ཐང་ཤམ་ཙམ་ལྡན་པ་ཡན་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་བཀུར་བསྟི་སོགས་སྔ་མ་བཞིན་བྱའོ
གསུམ་པ་ཆ་མཐུན་གྱི་བསླབ་བྱ་གསུམ་ནི། དུས་དུས་སུ་དཀོན་མཆོག་མཆོད་པ་ལ་བརྩོན་པ་དང་། ནང་ནུབ་སོགས་སུ་སྐྱབས་སུ་འགྲོ་བ་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་དང་མཐུན་པར་སྤྱོད་པའོ། །དེ་ལྟ་བུའི་བསླབ་བྱ་རྣམས་ཡིད་ལ་བཟུང་ནས་དྲན་ཤེས་བཞིན་དང་ལྡན་པས་དུས་རྟག་ཏུ་སློབ་པར་གྱིས་ཤིག་དང་། ཁྱོད་ཀྱིས་དོན་ཆེན་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །[ཞེས་བརྗོད་ནས་ཕྱག་གསུམ་འཚལ་དུ་བཅུག །གཙུག་ཕུད་བྲེག་ཅིང་ཆོས་དང་མཐུན་པའི་མིང་འདོགས་པར་སྤྲོ་ནའང་འདིར་བྱ། བསྔོ་བ་སྨོན་ལམ་བྱས་ལ་ཡང་གི་གནས་སུ་བཏང་ངོ་། །]ལམ་གྱི་འཇུག་སྒོ་དང་པོ་ནི། སྐྱབས་འགྲོའི་སྡོམ་པ་སྦྱིན་པའི་ཚུལ། །གསལ་བདེར་བརྗོད་འདིས་འགྲོ་བ་ཀུན། །ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །[ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།། །།]
སྡོམ་པ་གསུམ་གྱི་གསོ་སྦྱོང་གི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ།
སྡོམ་པ་གསུམ་གྱི་གསོ་སྦྱོང་གི་ཆོ་ག་མདོར་བསྡུས་སྙིང་པོར་དྲིལ་བ་བཞུགས་སོ།
ན་མོ་གུ་རུ་ཡེ། [དེའང་སྡོམ་པ་གསུམ་གྱི་ཉམས་ལེན་གནང་བཀག་གི་ཚུལ་ལས་ཉམས་པ་བྱུང་བ་རྣམས་སྦྱོང་ཞིང་ཡེ་ཤེས་ཡོན་ཏན་སླར་གསོ་བའམ་སྤེལ་བའི་ཐབས་ལ་འབད་པ་ནི་ལམ་ལ་ཞུགས་པའི་གང་ཟག་རྣམས་ཀྱི་ཉམས་སུ་ལེན་བྱའི་གཙོ་བོར་གྱུར་པ་ཡིན་ལ། དེའི་ཚུལ་ཡང་ཤིན་ཏུ་མང་བར་མཆིས་པ་ལས་འདིར་སྤྲོས་མེད་རྒྱུན་གྱི་ཉམས་ལེན་འཇུག་བདེ་སྙིང་པོར་དྲིལ་བ་ལ། རྟེན་གྱི་སྤྱན་སྔར་ཅི་འབྱོར་བའི་མཆོད་པ་བཤམ། བླ་མ་ཐུབ་པའི་དབང་པོ་རྒྱལ་བ་སྲས་དང་བཅས་པ་མངོན་སུམ་དུ་བཞུགས་པའི་དྲུང་དུ་གསོ་སྦྱོང་གི་བྱ་བ་ལ་འཇུག་པར་མོས་པས། ཐོག་མར་སོ་ཐར་དང་བྱང་སེམས་ཐུན་མོང་གི་ཉེས་ལྟུང་སྦྱོང་བའི་ཕྱིར། བྱང་ཆུབ་ལྟུང་བཤགས་ཚང་བར་བརྗོད་པའི་རྗེས་སུ་ཐེག་པ་ཆེ་ཆུང་གཉིས་ཀའི་དབང་དུ་བྱས་ཏེ་ཞི་གནས་གསོ་སྦྱོང་བྱ་
སྟེ།] སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་པ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུར། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། དགེ་བ་ཕུན་སུམ་ཚོགས་པར་སྦྱད། །རང་གི་སེམས་ནི་ཡོངས་སུ་འདུལ། འདི་ནི་སངས་རྒྱས་བསྟན་པ་ཡིན། ལུས་ཀྱི་སྡོམ་པ་ལེགས་པ་ན། །ངག་གི་སྡོམ་པ་ལེགས་པ་ཡིན། །ཡིད་ཀྱི་སྡོམ་པ་ལེགས་པ་ན། །
ཐམས་ཅད་དུ་ནི་སྡོམ་པ་ལེགས། །ཐམས་ཅད་སྲུང་བའི་དགེ་སྦྱོང་དག །སྡུག་བསྔལ་ཀུན་ལས་དེས་གྲོལ་ལོ། །ཞེས་དང་། སྤྲོ་ན། ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུངྔྷ་སཏྭ། པངྨ་བི་བྷུ་ཥི་ཏེ་བྷུ་ཛ། ངྷ་ར་ངྷ་ར། ས་མནྟྲ་ཨ་ཝ་ལོ་ཀི་ཏེ་ཧཱོུཾ་ཕཊ་སྭཱ་ཧཱ། །[ཞེས་ཚུལ་ཁྲིམས་རྣམ་དག་གི་གཟུངས་ལན་ཉེར་གཅིག་སོགས་གང་འགྲུབ་བཟླས་མཐར།] ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན་དང་། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །[ཅེས་དང་།] རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། [སོགས་ནས།] རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །[ཅེས་སྨོན་ལམ་གདབ། དེ་ནས་སྨོན་འཇུག་བྱང་སེམས་ཀྱི་གསོ་སྦྱོང་གི་སླད་དུ། ཐོག་མར།] ཇི་སྙེད་སུ་དག་[སོགས་ནས།] ཕྱིར་བསྔོའོའི་[བར་གྱི་ཡན་ལག་བདུན་པས་ཚོགས་བསགས་ནས།] ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །
སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །[ཞེས་ལན་གསུམ་གྱིས་སྐྱབས་གསོལ་སྔོན་དུ་འགྲོ་བས།] ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱི། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། རིམ་པ་བཞིན་དུ་བསླབ་པར་བགྱི། །[ཞེས་ལན་གསུམ་གྱིས་བྱང་སྡོམ་བསྐྱར་དུ་བླངས་པས་སྔར་གྱི་སྡོམ་རྒྱུན་ཁ་གསོས་ལ།] དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་དེང་གྱུར། ད་ནི་བདག་གིས་ཅི་ནས་ཀྱང་། །རིགས་དང་མཐུན་པའི་ལས་བརྩམས་ཏེ། །སྐྱོན་མེད་བཙུན་པའི་རིགས་འདི་ལ། །རྙོག་པར་མི་འགྱུར་དེ་ལྟར་བྱ། །ལོང་བས་ཕྱག་བདར་ཕུང་པོ་ལས། །ཇི་ལྟར་རིན་ཆེན་རྙེད་པ་ལྟར། དེ་བཞིན་ཇི་ཞིག་ལྟར་བལྟས་ནས། །བྱང་ཆུབ་སེམས་ནི་བདག་ལ་སྐྱེས། །བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་
གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེ་པ་ཉམས་པ་མེད་པ་དང་། །གོང་དུ་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱི་ཡོངས་བཟུང་ཞིང་། བདུད་ཀྱི་ལས་རྣམས་སྤོང་བར་ཤོག །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་བདེ་འབྱོར་ཤོག །སེམས་ཅན་ཐམས་ཅད་བདེ་དང་ལྡན་གྱུར་ཅིག །ངན་འགྲོ་ཐམས་ཅད་རྟག་ཏུ་སྟོངས་པར་ཤོག །བྱང་ཆུབ་སེམས་དཔའ་གང་དག་སར་བཞུགས་པ། །དེ་དག་ཀུན་གྱི་སྨོན་ལམ་འགྲུབ་པར་ཤོག །[ཅེས་དང་། སྤྲོ་ན།] ན་མསྟྲཻ་ཡངྷཱི་ཀཱ་ནཱཾ། ཏ་ཐཱ་ག་ཏཱ་ནཱཾ། སརྦ་ཏྲ་ཨ་པྲ་ཏི་ཧ་ཏཱ་བཱསྟི་ངྷརྨ་ཏཱ་ལི་ནཱཾ། ཨ་ས་མ་ས་མ་ས་མནྟ་ཏོ། ནནྟཱ་བཱསྟི་ཤཱ་ས་ནི། ཧ་ར་ཧ་ར། སྨ་ར་སྨ་ར་ཎ། བི་ག་ཏ་རཱ་ག་བུངྔྷ་ངྷརྨ་ཏེ། ས་ར་ས་ར་སམ་བ་ལ། ཧ་ས་ཧ་ས། ཏྲ་ཡ་ཏྲ་ཡ། བྷ་ག་ཝན།
མ་ཧཱ་བ་ར་ལཀྵ་ཎེ། ཛྭ་ལ་ཛྲ་ལ་སཱ་ག་རེ་སྭཱཧཱ། [ཞེས་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཉེར་གཅིག་སོགས་ཅི་ནུས་བཟླ། དེ་ནས་སྔགས་ཀྱི་གསོ་སྦྱོང་ལ། ཐོག་མར་ཉམས་ཆག་སྦྱོང་བའི་ཆེད་དུ།] གནས་ཡུལ་བདེ་ཆེན་འབར་བའི་ཕོ་བྲང་དབུས། །རིགས་ཀུན་ཁྱབ་བདག་བླ་མ་རྡོ་རྗེ་སེམས། དཀར་གསལ་འཛུམ་ལྡན་རྡོ་རྗེ་དྲིལ་ཕྱག་ཅན། །ལོངས་སྐུའི་ཆས་རྫོགས་སྙེམས་མ་ཡུམ་དང་སྦྱོར། །པད་ཟླར་སྐྱིལ་ཀྲུང་འཇའ་ལུས་སྒྱུ་མའི་སྐུ། །འོད་གུར་ཀློང་ན་དགྱེས་པས་དགོངས་ཏེ་བཞུགས། །[ཞེས་མདུན་མཁར་རྡོ་རྗེ་སེམས་དཔའ་བསྒོམ་པ་ལ་དམིགས་རྟེན་བཅས་ཏེ།] ཨོཾ། ཡེ་ཤེས་སྐུ་མཆོག་[སོགས་བརྗོད་མེད་དོན་བཤགས་ཀྱི་མཐར་ཡི་གེ་བརྒྱ་པ་ཉེར་གཅིག་སོགས་གང་འགྲུབ་བཟླས་པས་ཉམས་ཆག་སྦྱངས་ནས།] བླ་མ་རྡོར་སེམས་སྐུ་ཡི་གནས་བཞི་ལས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། །བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །[ཅེས་ལམ་དུས་ཀྱི་དབང་བླངས་པས་རྒྱུ་དུས་ཀྱི་དབང་གི་ཡེ་ཤེས་གསོས་བཏབ་ལ།] ཨོཾ། བདེ་བར་གཤེགས་པ་ཁྱེད་ཅི་འདྲ། །དེ་འདྲ་ཁོ་ནར་བདག་གྱུར་ཅིག །སྤྱོད་པ་རྨད་བྱུང་བསམ་ཡས་པ། འགྲོ་ལ་
ཕན་ཕྱིར་བདག་གིས་སྤྱད། །བྱང་ཆུབ་སེམས་མཆོག་སྡོམ་པ་དང་། །སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་འདི། །སྲོག་གི་ཕྱིར་ཡང་མི་གཏོང་ན། །རྡོ་རྗེ་རྒྱལ་པོས་བྱིན་རླབས་མཛོད། དུས་ངན་ཐ་མའི་འཇིག་རྟེན་འདིར། །སངས་རྒྱས་མཛད་དཀའ་བདག་གིས་བསྒྲུབ། །བྱང་ཆུབ་སྤྱད་དཀའ་དག་གིས་སྤྱད་རྡོ་རྗེ་རྣལ་འབྱོར་དཀྱིལ་འཁོར་འདིར། །བདག་ཅག་བསམ་པ་འགྲུབ་གྱུར་ཅིག །[ཅེས་ལན་གསུམ་གྱིས་སྔགས་སྡོམ་ལས་མི་འདའ་བའི་དམ་བཅའ་བླངས་མཐར།] བླ་མ་རྡོར་སེམས་འོད་ཞུ་རང་ལ་ཐིམ། །རིག་སྟོང་དོན་གྱི་རྡོར་སེམས་རང་ཞལ་བལྟ། །[ཞེས་མཉམ་པར་བཞག །དེ་ནས་རྗེས་ལ།] བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །[ཞེས་སོགས་སྔགས་ཀྱི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཟབ་མོས་རྒྱས་གདབ་པས་གྲུབ་བོ། །]ཞེས་སྡོམ་པ་གསུམ་གྱི་ཉམས་ལེན་གསོ་སྦྱོང་གི་ཚུལ་རྒྱས་པ་ལག་ཏུ་མི་ལོན་ཅིང་བསྡུས་པའི་གནད་དོན་བསྡུ་བར་མ་ཤེས་པ་རྣམས་ཀྱི་འཇུག་སྒོར་ཅུང་ཟད་ཕན་དུ་རེ་བས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྱེར་བདེ་དོན་ཚང་དུ་བསྡེབས་པ་དགེ།
སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་ཅུང་ཟད་བསྟོད་པ་དད་སྤྲིན་རྒྱ་མཚོའི་རླབས་ཕྲེང་།
སྟོན་པ་ཐུབ་པའི་དབང་པོའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་ཅུང་ཟད་བསྟོད་པ་དད་སྤྲིན་རྒྱ་མཚོའི་རླབས་ཕྲེང་ཞེས་བྱ་བ། ཨོཾ་སྭསྟི། དཔག་ཡས་རྣམ་ཐར་ཕུན་སུམ་ཚོགས་མངའ་བས། །རྒྱ་ཆེན་མཛད་པ་ཡོན་ཏན་རྒྱ་མཚོའི་དབྱངས། །རབ་འབྱམས་ཞིང་ཀུན་འགེངས་པར་སྙན་སྒྲོགས་པ། །ཐུབ་དབང་ཁྱོད་ཞབས་པངྨོར་གུས་ཕྱག་འཚལ། །རྨད་བྱུང་བསྐལ་པ་གྲངས་མེད་གསུམ་གྱི་བར། །བསོད་ནམས་ཡེ་ཤེས་ཚོགས་གཉིས་མཐར་ཕྱིན་ནས། །མུ་མེད་རྒྱལ་བ་གཞན་གྱིས་ཡོངས་སྤངས་པའི། །གདུལ་བྱའི་ཞིང་འདི་བཟུང་ལ་ཕྱག་འཚལ་ལོ། །དམ་པ་ཏོག་གྱུར་དགའ་ལྡན་གནས་མཆོག་ཏུ། །རང་གི་ཅོད་པན་མ་ཕམ་དབུར་བཅིངས་ཏེ། །ངོ་མཚར་གཟིགས་པ་ཆེན་པོ་རྣམ་པ་ལྔས། །འཛམ་གླིང་མགོན་དུ་གཤེགས་ལ་ཕྱག་འཚལ་ལོ། །རྒྱལ་པོའི་ཁབ་ཀྱི་ཕོ་བྲང་ཉམས་དགའ་བར། །སྒྱུ་འཕྲུལ་ལྷ་མོ་སྒྱུ་མའི་ཁང་བཟང་ཆེར། །ཡིད་འོང་གླང་ཆེན་ཐལ་དཀར་མཛེས་ལྡན་གྱི། །རྣམ་པས་ལྷུམས་སུ་ཞུགས་ལ་ཕྱག་འཚལ་ལོ། །ལུམྦཱིའི་ཚལ་དུ་རྫུ་འཕྲུལ་ལྟས་བཟང་བཅས། །བལྟམས་མ་ཐག་ཏུ་ཚངས་སོགས་ཆེ་རྒུས་མཆོད། །མཚུངས་བྲལ་མི་ཡི་སེང་གེར་ཞལ་གྱིས་བཞེས། །ལྷ་ཡི་ལྷ་རུ་གྱུར་ལ་ཕྱག་
འཚལ་ལོ། །གཞོན་ནུའི་རོལ་རྩེད་བཟོ་གནས་སྒྱུ་རྩལ་སོགས། །ཀུན་ལས་མཆོག་གྱུར་ངོ་མཚར་སྟོབས་ཁྱད་ཀྱིས། །དྲེགས་ལྡན་སྐྱེ་བོའི་འགྲན་ཟླ་མ་ལུས་པའི། །ཁེངས་པ་ཡུད་ཀྱིས་བཅོམ་ལ་ཕྱག་འཚལ་ལོ། །ཐབས་མཁས་མཛད་པ་འཇིག་རྟེན་ཆོས་མཐུན་ཕྱིར། །གྲགས་འཛིན་མ་སོགས་བཙུན་མོའི་འཁོར་དང་བཅས། །ཕུན་ཚོགས་འདོད་ཡོན་དཔལ་ལ་རོལ་བཞིན་དུ། །ཤཱཀྱའི་རྒྱལ་སྲིད་བསྐྱངས་ལ་ཕྱག་འཚལ་ལོ། ངེས་འབྱུང་རྐྱེན་གྱིས་འཁོར་བར་ཐུགས་བྱུང་སྟེ། །ཁབ་ནས་ཡོངས་གཤེགས་མཆོད་རྟེན་རྣམ་དག་དྲུང་། དབུ་སྐྲ་བྲེགས་ཤིང་ལྷས་ཕུལ་ངུར་སྨྲིག་གསོལ། མངོན་པར་རབ་ཏུ་བྱུང་ལ་ཕྱག་འཚལ་ལོ། །ནཻ་རཉྫ་ནར་མཁའ་ཁྱབ་ཏིང་འཛིན་ལ། །ལོ་དྲུག་མཉམ་པར་བཞག་པས་བསམ་གཏན་བརྙེས། །དཀའ་ཐུབ་ལས་བཞེངས་ལེགས་སྐྱེས་བསྙེན་བཀུར་བཞེས། །བཙོ་སྦྱངས་གཟི་བརྗིད་འབར་ལ་ཕྱག་འཚལ་ལོ། །བྱང་ཆུབ་སྙིང་པོར་གཤེགས་བཞེད་རྩྭ་འཚོང་མཁན། །བཀྲ་ཤིས་ལྡན་ལས་ཀུ་ཤའི་སྟན་བཞེས་ཏེ། །རྡོ་རྗེའི་གདན་གྱི་ཤིང་དྲུང་ལེགས་བཀྲམ་པར། །སྐྱིལ་ཀྲུང་དམ་བཅའ་བརྟན་ལ་ཕྱག་འཚལ་ལོ། །དཔའ་བོ་མངོན་བྱང་ཆུབ་ལ་བདུད་
སྡེའི་དཔུང་། །མ་བཟོད་ཕྲག་དོག་སྦྱོར་བས་ཐོ་བརྩམས་པར། །མི་གཡོ་བྱམས་ཆེན་ཏིང་འཛིན་དགོངས་པས་བཏུལ། །སྲིད་ལས་རྣམ་པར་རྒྱལ་ལ་ཕྱག་འཚལ་ལོ། །གང་ཚེ་བླ་མེད་ཡེ་ཤེས་ལེགས་བསྐྲུན་པས། །ཞི་བ་མཆོག་གི་བདུད་རྩི་ཡོངས་བརྙེས་ཏེ། །མངོན་པར་སངས་རྒྱས་ས་ཆེན་རབ་ཏུ་གཡོས། །ཁམས་གསུམ་སྣང་བས་ཁྱབ་ལ་ཕྱག་འཚལ་ལོ། །གདུལ་བྱའི་དོན་སླད་ཚངས་དབང་གསོལ་བཏབ་བཞིན། །གནང་བའི་སྐབས་ཕྱེས་ཝ་ར་ཎཱ་སཱིར་གཤེགས། །ལྔ་སྡེ་གཙོ་གྱུར་བརྒྱད་ཁྲི་ལྷའི་འདུས་པར། །བདེན་བཞིའི་ཆོས་ཆར་ཕབ་ལ་ཕྱག་འཚལ་ལོ། །ཕུལ་བྱུང་ཕྲིན་ལས་བསམ་གྱིས་མི་ཁྱབ་པས། །སྐྱེ་འགྲོ་ཇི་སྙེད་ཞི་བའི་སར་བཞག་ནས། །རྩྭ་མཆོག་གྲོང་དུ་གདུལ་བྱའི་མཐའ་གཟིགས་ཏེ། །མྱ་ངན་འདའ་ཚུལ་བསྟན་ལ་ཕྱག་འཚལ་ལོ། མདོར་ན་སྲིད་འདིར་ཕན་དང་བདེ་བ་ཡི། དགེ་ལེགས་དངོས་པོ་གང་ཞིག་མཆིས་པ་ཀུན། སྟོན་མཆོག་རིན་ཆེན་ཁྱོད་ཀྱི་མཐུ་ཁོ་ནར། བཅོས་མིན་ངེསཔ་རྙེད་པས་ཕྱག་འཚལ་ལོ། །བདག་བློ་དང་བས་ཆ་ཙམ་བསྟོད་པ་ལས། །ཡོངས་སྨིན་བསོད་ནམས་གང་དེས་འགྲོ་བ་ཀུན། །སྤངས་རྟོགས་མཐར་ཕྱིན་དོན་གཉིས་
ལྷུན་གྲུབ་པ། །ཤཱཀྱ་སེང་གེ་ཁྱོད་དང་མཚུངས་པར་ཤོག །སངས་རྒྱས་རིན་ཆེན་ཉི་མ་ལས་བྱུང་བའི། །དམ་ཆོས་རིན་ཆེན་སྣང་བའི་འཛུམ་ཟེར་གྱིས། །ཚོགས་མཆོག་རིན་ཆེན་པད་ཚལ་རབ་བཞད་ནས། ས་གསུམ་བཀྲ་ཤིས་དཔལ་གྱིས་མཛེས་གྱུར་ཅིག །[ཅེས་པའང་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱི་ངོ་མཚར་བའི་མཛད་པའི་ཚུལ་ལ་རྒྱུ་མཚན་ཤེས་པའི་མོས་པ་བརྟན་པོ་ཐོབ་པ་ལས། རང་ལོ་ཉེར་བརྒྱད་དུ་སོན་པ་ལྕགས་མོ་ལུག་གི་ལོ་ཆུ་སྟོད་ཟླ་བའི་ཡར་ཚེས་རྒྱལ་བ་ལྷུམས་སུ་ཞུགས་པའི་དུས་བཟང་པོ་ལ་ལྷ་ལྡན་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་ཆེན་པོར་མཐོང་གྲོལ་ཇོ་བོ་ཡིད་བཞིན་ནོར་བུའི་སྤྱན་སྔར་བསོད་ནམས་ཀྱི་ཚོགས་ཆེན་ཀུན་ཏུ་བཟང་པོའི་མཆོད་སྤྲིན་དུ་སྤྲོས་ཏེ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གོ་ཆ་ཡང་དག་པར་བགོས་པའི་ཚེ་མཆོག་ཏུ་བཀའ་དྲིན་དྲན་པས་ཡིད་བསྐུལ་ཏེ་ཤཱཀྱའི་དགེ་བསྙེན་ཁྱིམ་ན་གནས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས་སྙིང་ནས་གུས་པ་ཆེན་པོས་གསོལ་བ་བཏབ་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་དེ་བཞིན་གཤེགས་པའི་བྱིན་རླབས་ཀྱི་སྣང་བ་དང་མི་འབྲལ་ཞིང་བསྟན་པའི་སྙིང་པོ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག། །།]
ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་བཅས་ལ་ཕྱག་མཆོད་གསོལ་བ་གདབ་པའི་ཚུལ་བསོད་ནམས་ནོར་བུའི་སྒྲོན་མེ།
ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་བཅས་ལ་ཕྱག་མཆོད་གསོལ་བ་གདབ་པའི་ཚུལ་བསོད་ནམས་ནོར་བུའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། འཇིག་རྟེན་གསུམ་གྱི་མ་རིག་མུན་བཅོམ་ནས། །ཡང་དག་ཕན་བདེའི་འོད་སྣང་འགྱེད་མཁས་པ། །ཐུབ་དབང་སློབ་མར་བཅས་ལ་གུས་བཏུད་དེ། །ཚུལ་གང་བསྙེན་པའི་ལག་ལེན་འདུས་གསལ་སྤྲོ། །[དེའང་སྟོན་པ་གནས་བརྟན་ཆེན་པོ་རྣམས་མཆོད་ཅིང་གསོལ་བ་འདེབས་པའི་ཚུལ་ལ་འཇུག་པར་འདོད་པ་ན། །སྦྱོར་བ་གཙུག་ལག་ཁང་སོགས་གཙང་མའི་གནས་ཁང་བྱི་དོར་བྱས་ལ་རྒྱན་གྱིས་སྤྲས་པའི་གུང་དུ་སྟོན་པ་གནས་བརྟན་ཆེན་པོ་རྣམས་ཀྱི་སྐུ་གཟུགས་སོགས་རྟེན་ཁྱད་པར་ཅན་བཀྲམ་པའི་མདུན་དུ། སྟེགས་གཙང་མ་བ་བྱུང་རྣམ་ལྔས་བྱུག་པའི་སྟེང་དུ་མཎྜལ་གྱིས་བཀོད་པ་དང་། ཆུ་གཉིས་ཉེར་སྤྱོད་ལྔ་
སོགས་མཆོད་པའི་ཡོ་བྱད་གང་འབྱོར་བ་གཙང་ཞིང་མཛེས་པར་བཤམ། དད་དང་ལྷག་པའི་བསམ་པ་མི་གཡོ་བའི་ངང་ནས་བདེ་བར་འཁོད་དེ། སྦྱོར་བའི་ཐོག་མ་སྐྱབས་སེམས་ནི།] སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །[ཅེས་ལན་གསུམ།] སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་
བར་གྱུར་ཅིག །ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཚད་མེད་པ་ལ་གནས་པར་གྱུར་ཅིག །[ཅེས་ལན་གསུམ་གྱིས་ཚད་མེད་བཞི་བསྒོམ། གནས་དང་ཡོ་བྱད་བྱིན་གྱིས་བརླབ་པ་ནི།] དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་བརླབ་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པས་མཛེས་ཤིང་ཡིད་དུ་འོང་བ་བསམ་གྱིས་མི་ཁྱབ་པར་གྱུར། ཐམས་ཅད་དུ་ཡང་ས་གཞི་དག །གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། །རང་བཞིན་འཇམ་པོར་གནས་གྱུར་ཅིག །ཕུན་སུམ་ཚོགས་པའི་ཞིང་འདི་དག་ཏུ་ལྷ་དང་མིའི་ཡོ་བྱད་དམ་པ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལ་སོགས་པ་རྣམ་པར་དག་ཅིང་ཡིད་དུ་འོང་བའི་མཆོད་པའི་སྤྲིན་རྒྱ་མཚོ་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་ཐམས་ཅད་གང་བར་གྱུར། དེ་ལས་གཞན་ཡང་
མཆོད་པའི་ཚོགས། །རོལ་མོ་དབྱངས་སྙན་ཡིད་འོང་ལྡན། །སེམས་ཅན་སྡུག་བསྔལ་སེལ་བྱེད་པའི། །སྤྲིན་རྣམས་སོ་སོར་གནས་གྱུར་ཅིག །ཨོཾ་སརྦ་བིཏྦཱུ་ར་པཱུ་ར་སུ་ར་སུ་ར་ཨཱ་ཝརྟ་ཡ་ཨ་ཝརྟ་ཡ་ཧོཿ ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། [ཞེས་བྱིན་བརླབ། དངོས་གཞི་སྙན་གསན་དབབ་ཅིང་སྤྱན་དྲང་བ་ནི། སྤོས་བཏུལ་ལ།] ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གཞལ་མེད་གྲུ་བཞི་པ། པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམ་ཞིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པའི། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་
ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་བའི། །དགྲ་བཅོམ་གནས་བརྟན་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་ན། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། ཐུབ་པའི་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོའུ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་ངྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་ངྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་ཅིང་། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་
པོ། དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ [ཞེས་རོལ་མོ་དང་བཅས་སྤྱན་དྲངས་ལ།] བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །ཇི་སྲིད་མཆོད་པ་བདག་འབུལ་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །པངྨ་ཀ་མ་ལཱ་ཡ་སྟྭཾ། [ཞེས་བཞུགས་སུ་གསོལ། ཁྲུས་གསོལ་བ་ནི།] ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་དང་དེ་ཡི་སྲས་རྣམས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀུན་གྱིས་ཁྲུས་གསོལ་ལྟར། །ལྷ་ཡི་
ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཤྲཱི་ཡེ་ཧཱུྃ། [སྐུ་ཕྱི་ཞིང་།] དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུཾ་ཏྲྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་ངྷ་ན་ཡ་སྭཧཱ། [དྲིས་བྱུག་པའི་ཚུལ་བྱ་ཞིང་།] སྟོང་གསུམ་ཀུན་ཏུ་དྲི་ངད་ལྡན་པ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །[ན་བཟའ་འབུལ་བ་ནི།] སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་ཞིང་། །གང་ལ་རེག་ན་བདེ་བའི་རྒྱུར་གྱུར་པའི། །གོས་བཟང་རིན་ཆེན་བདག་བློ་སྦྱོང་ཕྱིར་འབུལ། །བཟོད་པ་དམ་པའི་གོས་ཀྱིས་བརྒྱན་པར་ཤོག །པཉྩ་ལི་ཀཱ་པཱུ་ཛ་ཨཿཧཱུཾ། [ཡན་ལག་བདུན་གྱིས་ཚོགས་བསགས་པ་ནི།] ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །[སོགས་ནས།] རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །[ཞེས་པའི་བར་དང་། འདིར་མཎྜལ་འབུལ་བ་ནི།] ཨོཾ་བཛྲ་བྷུ་མི་ཨཱཿཧཱུྃ། [སོགས་ཚོམ་བུ་སོ་བདུན་མ་སྤྱི་ལྟར་ལ།] མ་ཚང་བ་མེད་
པ་འདི་ཉིད་རྣམ་འདྲེན་སྟོན་མཆོག་ཐུབ་པའི་དབང་པོ་འཕགས་པ་གནས་བརྟན་དགྲ་བཅོམ་ཉན་ཐོས་བསྟན་སྐྱོང་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ལ་འབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། ས་གཞི་སྤོས་ཆུས་སོགས། ཨི་དཾ་རཏྣ་མཎྜ་ལ་ཀཾ་ནིརྻ་ཏ་ཡ་མི། འདོད་ཆགས་ཞེ་སྡང་[སོགས་ནས།] བྱང་ཆུབ་ཕྱིར་བསྔོའོ། །[བར་བརྗོད། དེ་ནས་ཕྱག་འཚལ་ཞིང་འདོད་དོན་གསོལ་བ་གདབ་པ་ནི།] མཚུངས་མེད་བལྟ་བས་མི་ངོམས་ཤིང་། །གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། ས་གནོན་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབ། །གངས་རི་ཆེན་པོ་ཏི་སེ་ལ། །འཕགས་པ་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན༴ །བསྟན་པ་རྒྱས་པར༴ །དྲང་སྲོང་རི་ཡི་ཤེལ་ངོས་ན། །འཕགས་པ་གནས་བརྟན་མ་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་
འཚལ། །བླ་མའི༴ །བསྟན་པ༴ །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པ་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །གནས་མཆོག་དམ་པ་ཟངས་གླིང་ན། །འཕགས་པ་གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །གསེར་གྱི་རྣ་བསྒོར་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོའུ་བུ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ཆུ་བོ་ཡ་མུ་ནའི་གླིང་ན། །འཕགས་པ་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། ཆོས་འཆད་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །གནས་མཆོག་དམ་པ་ཁ་ཆེ་ན། །འཕགས་པ་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་ངྷྭ་ཛ་གསེར་ཅན་མཆོག །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་
གཉིས་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པ་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་སྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པ་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པ་གནས་བརྟན་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་གཞག་མཛད་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་ངྷྭ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །ལྷ་གནས་སུམ་ཅུ་རྩ་གསུམ་ན། འཕགས་པ་གནས་བརྟན་ལམ་བསྟན་ནི། །དགྲ་བཅོམ་སྟོང་དང་དགུ་བརྒྱས་བསྐོར། །གླེགས་བམ་ཆོས་འཆད་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །རི་ཡི་རྒྱལ་པོ་ངོས་ཡངས་
ལ། །འཕགས་པ་གནས་བརྟན་ཀླུ་ཡི་སྡེ། དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །རི་ཡི་རྒྱལ་པོ་བི་ཧུ་ལར། །འཕགས་པ་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ །རི་ཡི་རྒྱལ་པོ་གངས་ཅན། །འཕགས་པ་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆེན་མཆོད་རྟེན་འཛིན་ཕྱག་འཚལ། །བླ་མའི༴ །བསྟན་པ༴ འཕགས་པའི་དགེ་བསྙེན་ངྷརྨཱ་ཏ་རལ་པའི་ཐོད་བཅིངས་གླེགས་བམ་ཁུར་སྣང་བ་མཐའ་ཡས་མདུན་དུ་བཞུགས། རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། བླ་མའི༴ །བསྟན་པ༴ །བརྩོན་པས་གོ་བགོས་མཐུ་སྟོབས་ཅན། །སངས་རྒྱས་བསྟན་པ་ལེགས་སྐྱོང་བ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །[ཞེས་ཕྱག་འཚལ་ཞིང་གསོལ་བ་བཏབ། །གཟུངས་སྔགས་བཟླ་བ་ནི། ཐུབ་དབང་འཁོར་བཅས་ཀྱི་མཚན་ནས་བོས་ཏེ་ཐུགས་དམ་བསྐུལ་བར་བསམ་ལ།] ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་
ཧཱ་མུ་ནི་ཤཱཀྱ་མུ་ན་ཡེ་སྭཱཧཱ། [ཞེས་བརྒྱ་རྩ་སོགས་ཅི་ནུས་དང་སྤྲོ་ཞིང་དགོས་པ་ཡོད་ན།] སརྦ་སངྒྷ་ར་པ་རི་པཱུ་ར་ཀ་སྭཱཧཱ། [ཞེས་དགེ་འདུན་འཕེལ་བའི་ཤམ་བུའང་ཅི་རིགས་བཏགས་ལ་བཟླ། སླར་ཡང་འདོད་དོན་གསོལ་བ་འདེབས་པ་ནི།] བཅོམ་ལྡན་གདན་འཛོམ་ཆེན་པོ་དགོངས་སུ་གསོལ། །ཐུབ་དབང་གནས་བརྟན་འཕགས་པའི་ཚོགས་རྣམས་ཀྱི། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །བསོད་ནམས་རྒྱ་མཚོ་
ཡོངས་སུ་རྫོགས་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ཏེ། །ཡོན་ཏན་རྒྱ་མཚོ་མ་ལུས་ཀུན་རྫོགས་ནས། །འཇིག་རྟེན་ཀུན་ལས་འཕགས་པར་བྱིན་གྱིས་རློབས། །[ཞེས་གསོལ་བ་བཏབ། རྗེས་གཏང་རག་གི་སླད་དུ་ཡན་ལག་བདུན་པ་སྔར་བཞིན་ནམ། བསྡུ་ན།] འཕགས་པའི་གང་ཟག་ཁྱེད་རྣམས་ལ། །ཕྱག་འཚལ་མཆོད་ཅིང་སྡིག་པ་བཤགས། །ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །དབང་བཅུ་མངའ་བ་ཁྱེད་རྣམས་ཀྱིས། །རྒྱལ་བའི་བསྟན་པ་དར་བ་དང་། །སྦྱིན་བདག་བར་ཆད་ཞི་བ་དང་། །སེམས་ཅན་སྡིག་པ་སྦྱོང་དུ་གསོལ། །[ཞེས་པ་ཙམ་དང་། །རྒྱལ་ཆེན་བཞི་མཆོད་པའི་དོན་དུ། གཏོར་མ་]རཾ་ཡཾ་ཁཾ་[གིས་བསང་སྦྱངས།] ཨོཾ་ཨཱཿཧཱུཾ་[གིས་བྱིན་གྱིས་བརླབས།] ཨ་ཀཱ་རོ་[ལན་བདུན་གྱིས་ཕུལ་ཞིང་།] མཆོད་སྦྱིན་གཏོར་མ་འདོད་ཡོན་ལྔ་ལྡན་འདི། །རྒྱལ་ཆེན་བཞི་སོགས་དཀར་ཕྱོགས་སྐྱོང་བ་ཡི། །སྲུང་མ་དམ་ཚིག་ཅན་གྱི་ཚོགས་ལ་འབུལ། །རྒྱལ་བསྟན་དར་ཞིང་འཇིག་རྟེན་བདེ་སྐྱིད་འཕེལ། །ཁྱད་པར་བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་ཉེས་པའི་ཚོགས་རྣམས་ཞི་བ་དང་། །མཐུན་རྐྱེན་བསམ་རྒུ་ཡིད་བཞིན་འགྲུབ་ནས་ཀྱང་། །དོན་གཉིས་ལྷུན་གྱིས་འགྲུབ་པའི་སྡོང་
གྲོགས་མཛོད། །[ཅེས་དང་། སྤྲོ་ན་ཕྱོགས་སྐྱོང་དང་འབྱུང་པོ་ལ་ཆ་གསུམ་གྱི་ཆོ་ག་དང་། གཞི་བདག་ལ་]ཨ་ཀཱ་རོས་[བསྔོ་ཞིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[ཞེས་སོགས་ཀྱིས་ཕྲིན་ལས་བཅོལ། ནོངས་པ་བཟོད་པར་གསོལ་བ་ནི།] མ་འབྱོར་བ་དང་ཉམས་པ་དང་། [ཞེས་སོགས་དང་ཡིག་བརྒྱ་བཟླ་ཞིང་ནོངས་པ་བཟོད་པར་གསོལ། མདུན་རྟེན་ལ་དམིགས་ཏེ།] འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །[ཞེས་སོགས་ཀྱིས་བརྟན་བཞུགས་བྱ། གལ་སྲིད་རྟེན་མེད་ན།] ཁྱོད་ཀྱིས་སེམས་ཅན་དོན་ཀུན་མཛད། །[ཞེས་སོགས་གཤེགས་གསོལ་བྱ། དགེ་བསྔོ་ཞིང་སྨོན་ལམ་གདབ་པ་ནི།] དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །སངས་རྒྱས་སྤྲུལ་པ་འཕགས་པའི་ཚོགས། །བསྟན་པ་སྐྱོང་བའི་ལས་མཛད་པ། །གནས་བརྟན་ཆེན་པོ་འཁོར་བཅས་ཀྱི། །བསྟན་པ་ཡུན་རིང་གནས་གྱུར་ཅིག །སྲིད་ལས་རྣམ་གྲོལ་ཉོན་མོངས་མེད། །ཟད་དང་སྐྱེ་བ་མི་ཤེས་པ། །ཁྲི་དང་དྲུག་སྟོང་བཞི་བརྒྱ་ཡི། །བསྟན་པ་ཡུན་རིང་གནས་གྱུར་ཅིག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །[སོགས་དང་།]
བླ་མེད་བླ་མའི་ཐུགས་རྗེ་དང་། །རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །[ཅེས་སྨོན་ལམ་གདབ། ཤིས་པ་བརྗོད་པ་ནི་མེ་ཏོག་ཆར་དུ་བསྙིལ་ལ། དཀོན་མཆོག་གསུམ་གྱི་ཤིས་བརྗོད་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས།] བྱང་སེམས་ཉན་ཐོས་ཆེན་པོའི་ཚུལ། །བསྟན་སྐྱོང་འགྲོ་དོན་རྒྱུན་མི་ཆད། །དགེ་ལེགས་ཡོན་ཏན་རྣམ་འཕེལ་བ། །གནས་བརྟན་ཆེན་པོའི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེན་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་བཀྲ་ཤིས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉིན་མོའི་དགུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱིས་དེང་འདིར་སྩོལ། །[ཞེས་སོགས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཐུབ་དབང་གནས་བརྟན་ཆེན་པོ་འཁོར་བཅས་ཀྱི། །མཆོད་བསྟོད་གསོལ་འདེབས་ཆོ་ག་འདི་བགྱིས་དགེས། །རྒྱལ་བསྟན་བཤད་སྒྲུབ་བསྟན་པ་དར་ཞིང་རྒྱས། །འགྲོ་ཀུན་ཕན་དང་བདེ་བས་རབ་འཚོ་ཤོག །ཅེས་པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པར་གྲགས་པའི་གནས་བརྟན་ཕྱག་མཆོད་དང་འབྲེལ་བའི་
ཆོ་ག་མདོར་བསྡུས་ཀྱི་ཚུལ་འདིའང་། བསྟན་པ་རིན་པོ་ཆེ་འཛིན་སྤེལ་གྱི་བྱ་བ་ལ་གཅིག་ཏུ་ཐུགས་གཞོལ་བ་སྤྲུལ་པའི་སྐུ་པདྨ་དབང་རྒྱལ་གྱིས་བཞེད་པ་བཞིན། ལྷ་རིགས་ཤཱཀྱའི་དགེ་བསྙེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བལ་ཡུལ་ཡམ་བུའི་གྲོང་གི་ངལ་གསོའི་སྤྱིལ་པོ་རུ་ལྕགས་བྱ་དབོ་ཟླའི་ཡར་ཚེས་བཟང་པོར་སྦྱར་བ་དོན་ལྡན་དུ་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།། །།]
ལུགས་ཀྱི་བསླབ་བྱ་ལེགས་པར་བཤད་པའི་གཏེར།
༄༅། །ལུགས་ཀྱི་བསླབ་བྱ་ལེགས་པར་བཤད་པའི་གཏེར་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ ། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཆོས་རྗེ་བླ་མས་དགེ་ལེགས་སྩོལ། །སྔོན་བྱུང་ཡ་རབས་ངང་ཚུལ་དང་། །ལེགས་མཐུན་ལུགས་གཉིས་སྤྱོད་པའི་སྒོ། །བླང་དོར་རྗེན་སྟོན་བསླབ་བྱའི་ཚིག །གོ་བདེའི་ངག་གིས་ཅུང་ཟད་འདོམས། །དམ་པའི་ལྷ་ཆོས་ལྟ་ཞོག་གིས། །མི་ཆོས་བྱ་བཞག་ཕལ་ཆེར་ཀྱང་། །ལམ་དུ་རྒྱུག་དང་མི་རྒྱུག་པ། །བསོད་ནམས་ཁོ་ནར་རག་ལས་པས། །ཆོས་དང་བླ་མར་སྐུར་འདེབས་སོགས། །བསོད་ནམས་འཛད་པའི་ལས་སྤང་སྟེ། །མཆོད་དང་
སྦྱིན་གཏོང་ལ་སོགས་དང་། །ཚོགས་ཆེན་གསོག་ལ་འབད་པ་གནད། །རང་ལ་མངོན་ཤེས་མེད་པའི་ཕྱིར། །བརྩམ་ཚད་ཐོག་ཏུ་ཁེལ་དཀའ་བས། །ཡུལ་དུས་གནས་སྐབས་འཕྲལ་ཚོད་འཕྲལ། །བླངས་ཏེ་འཇུག་པ་མཁས་པ་ཡིན། །ཕྱིས་སུ་ཅིར་འགྱུར་ཤེས་དཀའ་བས། །བཟང་ལ་ཧ་ཅང་བསྟོད་མི་བྱ། །སླད་ནས་འགྱུར་བ་སྲིད་པས་ན། །ངན་ལ་ཧ་ཅང་འཁང་མི་བྱ། །ཐོག་ཏུ་གང་འབབ་གནད་མེད་པར། །གཞན་ཟེར་རྗེས་འབྲང་འཇུག་མི་རུང་། །བྱ་བ་གང་འགྲུབ་གདིང་མེད་པར། །ཁ་རུ་འདོན་བཤད་སྐྱེན་མི་རུང་། །བཟང་པོའི་སྲོལ་དུ་ཚུད་དཀའ་བས། །
ཧ་ཅང་བྱམས་པ་བུ་ལའང་མིན། །ཐུབ་ཀྱང་ལ་ཡོག་འཁོར་བས་ན། །ཧ་ཅང་སྡང་བ་དགྲ་ལའང་མིན། །གཉེན་ལ་རས་སྤྱོད་ཆེ་དྲག་ན། །ནམ་ཕུག་འཁོན་དུ་འགྱུར་བ་ཡིན། བྲན་ལ་འབར་ཤ་ཆེ་དྲག་ན། །ཐ་མ་འཁོར་མཁན་ཉུང་བ་ཡིན། །འཁོར་ལ་ཆེས་ཆེར་རྩུབ་དྲག་ན། །ནམ་ཞིག་སྙིང་སྐྲན་འཇུག་སྟེ་བྱོལ། །གྲོགས་ལ་རྔན་ཆེན་མང་དྲག་ན། །ནམ་ཞིག་ཞེ་བཞག་ཡོང་སྟེ་གྱེས། །དཔེ་ངན་གཞན་ལ་ཕར་གཏོད་ན། །ཐ་མ་རང་ལ་ཅིས་ཀྱང་འཁོར། །ཁ་དགྲ་བསགས་པས་གཞན་མི་ཐུལ། །གནག་པའི་མི་དེ་སེམས་ལ་ཞོག །ངོ་བསྟོད་ཙམ་གྱིས་གཉེན་མི་འཁྱོངས། །བྱམས་པའི་མི་དེ་ཡིད་ལ་ཟུང་། །སྙིང་ནའི་དགྲ་བོ་རྣམས་ལ་ཡང། །འཕྲལ་དུ་མི་ཁྲོ་འཛུམ་གྱིས་བསུ། །རང་བློར་མི་འབབ་གཏམ་བྱུང་ཡང་། །བརྫུ་བཟང་ཁོག་ནས་མི་མངོན་ལེན། །ཁོག་ཏུ་ངན་བློ་ཡོད་གྱུར་ཀྱང་། །ཕྱི་རུ་འཇམ་སྐད་སྙན་པར་སྨོས། །གདོང་ཐུག་དྲག་པོས་དགྲ་མི་ཐུལ། །སྣ་ཚོགས་ཐབས་ཀྱིས་འདུན་མ་ཆོད། །སེར་སྣ་རྐྱང་པས་ནོར་མི་སོག །སྤྱི་འབྱམས་བློ་རྒྱ་བསྐྱེད་ལ་ཚོལ། །རང་ལ་ཆེ་བསྟོད་སྤང་བྱས་ན། །ནམ་ཕུག་སུ་ལའང་བྲིན་པ་ཡིན། །རང་འདོད་ཡོད་ཀྱང་ཕྱི་རོལ་དུ། །སྤྱི་གཙིགས་བྱས་ན་
བཙུན་པ་ཡིན། །གཏམ་མགོ་ཐམས་ཅད་འཛུམ་གྱིས་བསུ། །གཏམ་འཇུག་ཐམས་ཅད་དལ་གྱིས་ཕོབ། །དགོས་དོན་མ་ལུས་ཕིགས་པར་སྨོས། །སྨྲ་བ་མང་ཉུང་འཚམས་པར་ཤོད། །གཏམ་ལ་བསྐྱར་ཟློས་མང་དྲག་ན། །འབྲེལ་མེད་ཚིག་འཆལ་གཞན་སུན་རྒྱུ། །དགོས་མེད་ཕོག་ཐུག་གཏམ་མང་ན། །དོན་མེད་དགྲ་བོ་འཕྲལ་ལ་འགུགས། །སེམས་ཀྱི་འཆར་སྒོ་མཐའ་མེད་ཀྱང་། །མི་སྨྲ་གྲེ་བར་བསྐྱིལ་བ་ཟབ། །ཚིག་རྩུབ་ཀྱིས་ནི་ཀུན་དང་འགྲས། །བདེན་པར་སྨྲས་པས་སྐྱོན་ཅན་འཁྲུགས། །ལྐོག་ལབ་མང་ན་མི་རྩིས་ཆུང་། །རྫུན་གྱིས་རང་གཞན་གཉིས་ཀ་བསླུ། །བློ་ཆུང་ང་རྒྱལ་ཆེ་བ་རྣམས། །ཕན་གཏམ་དྲང་པོར་བཤད་ན་ཁྲོ། །གཡོན་ཅན་ངོ་བསྟོད་བྱེད་ལ་དགའ། །ནམ་ཕུག་རང་གཞན་གཉིས་ཀ་བརླག །རྨོངས་པ་རྣམས་ལ་གྲོས་མ་འདྲི། །ཅོལ་ཆུང་རྣམས་ལ་གྲོས་མ་འཆད། །བུད་མེད་གྲོས་ཀྱི་དབང་མ་བཏང་། །དཀྲུག་ཤིང་གྲོས་ཀྱི་ཁྱུར་མ་འཇུག །མཁས་པ་རྒན་རབས་ཉམས་ཆེན་དང་། །སྙིང་ནས་ཤ་ཚ་ཅན་ལ་དྲིས། །གྲོས་མཐིལ་རེ་ཞིག་མ་བཤད་ན། །ཅིར་ཡང་བསྒྱུར་དུ་བཏུབ་པ་ཡིན། །གྲོས་ལ་བསམ་གཞིག་མང་བཏང་ན། །ཧར་བུག་འགལ་ཐལ་ཆུང་
བ་ཡིན། །གྲོས་ཉེས་འགྱོད་བརྡལ་བྱས་མི་ཕན། །ཕྱིན་ཆད་གཟབ་སྟེ་བགྲོས་ན་དགེ། །རང་གི་བདེ་སྡུག་ཉམས་མྱོང་དཔེ། །གཞན་ལ་བཀབ་ནས་ཞིབ་མོར་དཔྱོད། །རང་ཉིད་ནོར་ལ་དགའ་བ་བཞིན། །སྐྱེ་བོ་གཞན་ཡང་དེ་ལ་དགའ། །ཉེས་པ་ཕྲ་མོར་བསྙད་བཏགས་ནས། །གཞན་ནོར་ཧབ་ཤ་བྱེད་མི་རུང་། །ཅུང་ཟད་ཙམ་གྱི་ཁེ་གསང་ལ། །བལྟས་ནས་ཉེན་ཆེན་བདོ་བ་དང་། །གཏམ་ངན་མི་བསམ་འདོད་ཞེན་གྱི། །སྲེད་པ་ཆེ་ན་རང་ཉིད་ཕུང་། །རྒན་རབས་བཀུར་འོས་དུས་བསྟུན་ཏེ། །དམའ་སར་ཕབ་ན་ཡ་རབས་ཉམས། །ཤེས་ཆུང་མ་རབས་རང་མཐོང་ཅན། །ཆེ་སར་བཏོན་ན་གཉའ་བ་རེངས། །མཁས་པ་རས་སུ་བོར་བྱས་ན། །ཡོན་ཏན་ལྡན་པ་དཀོན་དུ་འགྲོ། །ཡོན་ཏན་ལྡན་ན་ཀུན་གྱིས་བཀུར། །ཡོན་ཏན་མེད་ན་སུས་ཀྱང་བརྙས། །ཡོན་ཏན་ལྡན་ཡང་རང་མཐོང་གི ། ང་རྒྱལ་ཆེ་ན་གཞན་གྱིས་སྨད། །མི་འགྲུབ་པ་ཡི་ཁས་ལེན་སྤོང་། །ཚོད་མེད་པོ་ལ་གྲོས་འདྲི་སྤོང་། ངན་སེམས་ཅན་ལ་བློ་གཏད་སྤོང་། །སྣ་ཐུང་བ་ལ་ཀུ་རེ་སྤོང་། །མི་ཐུབ་པ་ལ་དོ་བསྡོ་སྤོང་། །མེད་པ་རྣམས་ལ་ཁྱེར་ཤོག་སྤོང་། །མི་བདེན་པ་ལ་ཤག་མ་གདབ། །མི་ཉན་པ་ལ་གྲོས་མ་འདེབས། །མི་ཡོང་
བ་ལ་ལས་མ་འཆོལ། །མི་ཤེས་པ་ལ་ཀོ་ལོང་དོར། །བྱས་ཡུས་དྲིན་འདྲེན་མང་དྲག་ན། །དགའ་བའི་མི་ཡང་གདུང་སེམས་འཆོར། །ཡང་ཡང་གྱོང་ཆེན་བཏང་མང་ན། །བྱམས་པའི་གཉེན་ཡང་ཞེན་པ་ལྡོག །སྐྱིད་པོ་གཞན་ལའང་ཡོད་པས་ན། །རང་སྐྱིད་པ་ལ་འབྱོར་མ་ཆེ། །སྡུག་པོ་རང་ལའང་ཡོང་བས་ན། །གཞན་སྡུག་པ་ལ་མཚང་མ་འདྲུ། །མི་མང་དགྲ་རུ་མི་ལེན་པར། །ཐབས་མཁས་སྦྱོར་བས་གཉེན་དུ་འགུགས། །གཞན་གྱི་གཡོ་ཐབས་མི་ཚུད་པར། །རང་འགོ་ཐོན་ན་གྲུང་པོ་ཡིན། །རང་ཉིད་ཆེ་སར་སླེབས་པའི་ཚེ། །ཁེངས་དང་ང་རྒྱལ་ཐུར་དུ་དམད། །ཀུན་གྱིས་རྩི་ཞིང་ཁུར་དུས་སུ། །འོག་འཛུལ་འཇུག་བདེ་བྱེད་པ་གཅེས། །འགྲུབ་ཀྱང་འགྲུབ་ཚད་མི་བྱེད་པར། །ཚོད་འཛིན་ཁེ་ཉེན་བསམ་ཤེས་དགོས། །རང་ཉིད་དཔོན་དུ་གྱུར་པ་ན། །འདོད་ཆུང་སྤྱི་གཙིགས་ཆེ་བ་དང་། །སྒེར་དུ་ལྟོས་པའི་སྐྱོང་འོས་རྣམས། །མི་མངོན་ཤུགས་ཀྱིས་སྐྱོང་བ་ཟབ། །ཤར་ཚད་ལག་ཏུ་ལེན་མི་བྱ། །བླངས་ནས་མཐའ་རུ་ཐོན་པ་དགོས། །ཟེར་ཚད་གཏམ་ལ་བདེན་མ་འཛིན། །བདེན་རྫུན་དཔྱད་དར་ནན་དུ་གྱིས། །ཞིམ་པོའི་ཟས་དེ་མི་ལ་བྱིན། །བཟང་པོའི་ནོར་དེ་རང་གིས་ཆོངས། །
མ་ཞིམ་ཙམ་ལ་སྣ་མ་གཉེར། །ཞིམ་ལ་ཧབ་ཤ་རྔམས་མ་ཆེ། །མ་མགུ་གྱུར་ཀྱང་དེ་འཕྲལ་དུ། །མཆུ་མུག་མིག་ལྡོག་བྱ་བ་སྤོང་། །དོན་མེད་ལས་ལ་བརྩོན་འགྲུས་དང་། །དགོས་མེད་གཞན་མནར་ལས་མི་བྱེད། །འཕྲད་མ་ཐག་ལ་ངོ་ཤེས་དང་། །འདྲིས་མ་ཐག་ལ་བློ་གཏོད་དང་། །སེམས་ལ་བབས་འཕྲལ་འཛུམ་བསྟན་དང་། །མ་བབས་འཕྲལ་དུ་བཞིན་རས་སྡུད། །དགའ་སྡུག་འགྱུར་ལྡོག་སྐྱེན་པ་རྣམས། །ཀླད་པ་སླ་བའི་རང་རྟགས་ཡིན། །མཛའ་བ་མཛའ་ཁྱེར་མ་མཁས་ན། ནམ་ཕུག་མཛའ་བ་འཁོན་དུ་འགྱུར། །མཁས་པ་མཁས་ཁྱེར་མ་ཤེས་ན། །ནམ་ཕུག་མཁས་པ་བླུན་པོར་འགྱུར། །བཙུན་པ་བཙུན་ཁྱེར་མ་མཁས་ན། །ནམ་ཕུག་བཙུན་པ་འཆལ་པོར་འགྱུར། །མཐོ་བ་མཐོ་ཁྱེར་མ་མཁས་ན། །ནམ་ཕུག་མཐོ་བ་དམའ་སར་ལྷུང་། །གཏམ་ལ་རྒྱུ་མཚན་ཡོད་པས་དྲིས། །ནོར་ལ་དགྲ་བོ་ཡོད་པས་སྦོས། །ཟས་ལ་ངོ་སོ་ཡོད་པས་བྱིན། །གྲོས་ལ་གཡང་ས་ཡོད་པས་བསྟུན། །གཏམ་དེ་ལེགས་པར་མ་བཤད་ན། །ཕས་ཀྱང་མི་གོ་ལྷོན་པར་ཤོད། །ལས་དེ་ལེགས་པར་མ་བསྐུལ་ན། །བུས་ཀྱང་མི་ཉན་རན་པར་བསྐུལ། །ཕན་དེ་སུས་ཐོག་མི་ཤེས་པས། །སྙེམས་ཆུང་རྣམས་ཀྱང་རིས་མ་བོར། །
གང་ཡང་ལེགས་པར་མ་བསླབ་ན། །སུས་ཀྱང་མི་ཤེས་མཁས་པར་སློབ། །ཟས་སོགས་ཅུང་ཟད་མ་བྱིན་ན། །གཉེན་ཡང་མི་འཁོར་བག་རེ་སྟེར། །ཡང་ཡང་བྱིན་སར་རྟག་སོང་ན། །ནམ་ཞིག་ཞེ་སུན་བྱམས་པ་ཟད། །ང་རྒྱལ་ཅན་གྱི་མཚང་མ་འདྲུ། །ཕྱི་ཐག་ཐུང་དང་གྲོགས་མ་བྱེད། །དྲིན་ཅན་མི་དེ་སུན་མ་འཇུག །གཉའ་འཆོར་དགྲ་བོ་རངས་མ་འཇུག །ངན་པ་རྣམས་ལ་དབང་མ་བསྐུར། །ཁ་འཇམ་ཁོག་རྩུབ་ཅན་ལ་ཟོན། །གང་བཅོལ་གོ་ཆོད་བྲན་གྱི་རབ། །གཡོ་རྫུན་མེད་ན་ནམ་ཕུག་བྲིན། །ཁ་ཉུང་ལག་གཙང་ཡོན་ཏན་མཆོག །བྱས་ཡུས་ཆེ་ན་ངོ་སོ་ཆུང་། །རྐུན་པོ་མི་ཡི་ཁྱུར་མི་ཚུད། །ཕྱུག་པོ་བསགས་ཤེས་སྤྱོད་ཤེས་དགོས། །ཡོད་པས་མི་ཡོང་སྤྱོད་ཤེས་དགོས། །[འདི་ཕྱིའི་དོན་དུ་སྤྱོད་མི་ཤེས་ན་རང་ནོར་ཐ་མ་གཞན་གྱི་རྒྱུ་ཡིན། །]མེད་པས་མི་ཡོང་བསྲི་ཤེས་དགོས། །[བསྲི་མ་ཤེས་ན་དོན་མེད་ཆུད་ཟོས་ཀྱིས་ཐ་མ་ཟད་འགྲོ་བ་ཡིན།] སྐྱིད་དུས་མི་དང་བསྟུན་ཤེས་དགོས། །སྡུག་དུས་རང་སྡུག་ཐེག་ཤེས་དགོས། །ཁྲེལ་མེད་གཉེན་ལ་རེ་བ་ལས། །ངོ་ཚ་ཡོད་པའི་དགྲ་བོ་དགའ། །བློ་གཏད་མི་ཐུབ་སྤུན་གྲོགས་བས། །བློ་ལྡན་གསང་ཐུབ་གྲོང་པ་བཟང་། །མ་རབས་ཁ་འདུས་དཔོན་པོ་
བས། །ཡ་རབས་གཡོག་གི་སྐྱིད་པ་ཡིན། །བློ་གྲོས་ཟབ་པའི་ཁོག་བརྫུ་དང་། །མ་ནུས་མགོ་འཐོམ་ནོར་ས་ཡོད། །གཏིང་ནས་གཤིས་བཟང་ངང་ཚུལ་དང་། །མདོ་མེད་སྟོང་འཆལ་ནོར་ས་ཡོད། །སྐྱོན་མེད་དྲང་པོའི་མི་དང་ནི། །ཅོལ་ཆུང་གླེན་པ་ནོར་ས་ཡོད། །ཚུལ་འཆོས་ཅན་གྱི་ཨོ་ཟོབ་དང་། །དོན་གྱི་བཙུན་པ་ནོར་ས་ཡོད། །དགེ་སྡིག་མེད་པའི་ཐ་ཆད་དང་། །རྟོགས་ལྡན་འཁྲུལ་ཞིག་ནོར་ས་ཡོད། །རང་གི་བྱ་བ་ཉེས་པ་ལ། །གཞན་གྱིས་གཤེ་ཡང་ཁྲོ་མི་བྱ། །དེ་ཉིད་གཞན་སྐྱོན་མ་ཡིན་ཏེ། །རང་སྐྱོན་ཡིན་པར་ངོ་ཤེས་དགོས། གཡོ་སྒྱུས་ཐོག་མར་གཞན་བསླུ་ལ། །མཐར་ནི་རང་ཉིད་བསླུ་བར་བྱེད། །གཡོ་མེད་དྲང་པོར་སྤྱོད་པ་དེ། །རེ་ཞིག་ཕམ་ཡང་མཐའ་མར་རྒྱལ། །ཐ་ཆད་བྱས་པ་མི་གཟོ་བས། །ཕན་བཏགས་ལན་དུ་གནོད་པ་སྐྱེལ། །གནོད་ལན་ཕན་པས་འཇལ་བ་ནི། །སྐྱེས་བུ་དམ་པའི་སྤྱོད་བཟང་ཡིན། །སྔར་འདྲིས་སྤངས་ནས་གསར་པ་ཚོལ། །ངོ་ཚ་མེད་ཅིང་ཕྱི་ཐག་ཐུང་། །བརྩམ་པ་གང་ཡང་མཐར་མི་འདོན། །གོ་ས་མཐོ་ལ་ཤེས་སྒོ་དམའ། །སྙན་གྲགས་ཆེ་ལ་ཡོན་ཏན་ཆུང་། །ཞེ་འདོད་རང་གི་ཕུག་ཏུ་བཅུག །གྱོང་ཁ་དོན་མེད་གཞན་ལ་བཀལ། །རང་
ཕྱོགས་མིན་ལ་སྐུར་པ་འདེབས། །ལེགས་པར་བཤད་ན་སུན་འབྱིན་བྱེད། །ཕན་པར་བསླབ་ན་དགྲ་རུ་འཛིན། །བློ་གཏད་བཅས་པའི་སྙིང་རྐུ་ཞིང་། །གསང་གཏམ་དགྲ་ཡི་གམ་དུ་ཆད། །ཀོ་ལོང་དམ་ལ་ཟུར་མགོ་རགས། །གཤིས་ངན་སུས་ཀྱང་འགྲོགས་པར་དཀའ། །བཅོལ་ན་མི་ཉན་བཞག་ན་སློང་། །བསྡུས་ན་འབྲོས་ལ་བཏང་ན་འདུ། །བྱས་ན་རུང་ཀུན་མི་བྱེད་པར། །མི་འོས་བྱ་བ་ཅི་ཡང་བྱེད། །དེ་སོགས་དུས་ངན་སྐྱེ་བོ་ཡི། །སྤྱོད་ཚུལ་རྣམ་གྲངས་སྨོས་མི་ལང་། །མ་རབས་རྣམས་ནི་མགོ་འཕང་མཐོ། །ངན་པར་སྤྱོད་རྣམས་བཟང་པོར་རློམ། །ཆོས་པ་ཆོས་བཞིན་སྤྱོད་པ་དང་། །སྐྱེ་བོ་ལུགས་བཞིན་བྱེད་པ་ནི། །ཉིན་མོའི་སྐར་མ་བཞིན་དཀོན་པས། །སྨྲ་མང་རང་ཉིད་ངལ་བའི་རྒྱུ། །ཆེ་རྣམས་ལུགས་བཞིན་མི་སྤྱོད་ན། །ཕལ་པ་རྣམས་ནི་དེ་བས་ཐུ། །སུ་ལའང་བདེ་སྐྱིད་མི་འབྱུང་བ། །ཐམས་ཅད་ལུགས་ལས་འགོང་བས་ལན། །དུས་ལ་ངན་ཁག་འགེལ་མི་དགོས། །སྤྱོད་བཟང་རང་གིས་བྱས་པས་ཆོག །སོ་སོས་ལེགས་པར་སྤྱད་པ་ན། །སོ་སོའི་ཐད་དུ་བདེ་སྐྱིད་འབྱུང་། །དེས་ན་བྱ་བ་གང་ལ་ཡང་། །སྐྱོན་ཡོན་ལེགས་པར་དཔྱད་བྱས་ཏེ། །སྐྱོན་དོར་
ཡོན་ཏན་ལྷུར་ལེན་པ། །སྤྱོད་པ་རབ་ཀྱི་ངང་ཚུལ་ཡིན། །ཁྱད་པར་ལུས་ཅན་སྐྱེ་བོ་ཀུན། །བདེ་བ་མི་འདོད་སུ་ཡང་མེད། །བདེ་སྡུག་རྒྱུ་འབྲས་མི་བསླུ་བས། །སྤང་བླང་མ་ནོར་སྒྲུབ་པ་གཅེས། །དཀོན་མཆོག་གསུམ་ལ་དད་གུས་བསྐྱེད། །དམ་པའི་ལྷ་ཆོས་བཙལ་ཞིང་བསྒྲུབ། །ཕ་དང་མ་ལ་དྲིན་ལན་ལྡོན། །ཡོན་ཏན་ཅན་ལ་མཐོང་ཆེར་བྱ། །རིགས་མཐོ་རྒན་ལ་བཀུར་སྟི་གཟབ། །མཛའ་བཤེས་ཉེ་དུར་ཁྲེལ་གཞུང་བསྲང་། །ཁྱིམ་མཚེས་ཡུལ་མིར་ཕན་འདོགས་རེམ། །བཀའ་དྲང་སེམས་ཆུང་དུལ་བར་སྤྱོད། །ཡ་རབས་རྗེས་སྙག་ཕྱི་ཐག་རིང་། །ཟས་དང་ནོར་ལ་དགོས་ཚོད་ཟིན། །སྔ་དྲིན་ཅན་གྱི་ཡི་མི་བཅད། །བུ་ལོན་དུས་འཇལ་གཡོ་སྒྱུ་[བྲེ་སྲང་སོགས་ལ།] སྤང་། །ཀུན་ལ་སྙོམས་ཤིང་ཕྲག་དོག་མེད། །ངན་པའི་ངག་ལྡོག་རང་ཚུགས་འཛིན། །ངག་འཇམ་སྨྲ་བ་ཉུང་ལ་བསླབ། །[དཀའ་ངལ་གཏམ་ངན་གང་ཡང་]ཐེག་ཆེ་བློ་ཁོག་ཡངས་པ་སྟེ། །མི་ཆོས་གཙང་མ་བཅུ་དྲུག་དང་། །མི་དགེ་བཅུ་པོ་ལས་ལྡོག་ནས། །ལྷ་ཆོས་དགེ་བ་བཅུར་གཞོལ་བ། །སྔོན་དུས་ཆོས་རྒྱལ་བྱང་སེམས་ཀྱི། །བཀའ་ཁྲིམས་བསླབ་བྱ་མ་ནོར་བ། །ཡིན་ཏེ་འབད་པས་བསྒྲུབ་བྱས་ན། །འདི་དང་ཕྱི་མར་བདེ་བ་འཐོབ། །
རང་དྲིན་རང་ལ་ཆེ་བར་ངེས། །མི་ཡི་ཆོས་ལ་ལེགས་སྦྱངས་ན། །ལྷ་ཡུལ་བགྲོད་པ་ཐག་མི་རིང་། །མཐོ་རིས་ཐེམ་སྐས་འཛེག་མཁས་ན། །ཐར་པ་གམ་དུ་ཡོད་ཅེས་གསུངས། །ཚེ་འདི་བློས་བཏང་རི་ཁྲོད་པར། །མི་ཆོས་བསླབ་པས་དགོས་མེད་ཀྱང་། །ལུགས་གཉིས་གལ་ཏེ་འགོ་སྦྲེལ་དུ། །སྤྱོད་ལ་མི་ཆོས་མེད་ཐབས་མེད། །མི་ཆོས་ཙམ་ཡང་མི་ལྡན་པ། །མི་ཡི་གྲལ་དུའང་ཚུད་དཀའ་བས། །ལྷ་གྲལ་དག་ཏུ་ལྟ་ཅི་ཞིག །དེས་ན་ཐོག་མར་འདིར་སློབ་བྱོས། །དེ་སྐད་དུ་ཡང་བློ་ཆུང་གི ། བྱིས་པ་འགའ་ལ་ཕན་པའི་ཕྱིར། །སྔ་རབས་མཁས་པའི་ལེགས་བཤད་ཀྱི། །ཆ་ཤས་འགའ་ཞིག་ཉེར་བསྡུས་ཏེ། །གོ་བདེའི་གྲོང་ཚིག་ལྷུག་པ་རུ། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །རྣམ་པར་དཀར་བའི་ཆ་མཆིས་ན། །གཞན་ལ་ཕན་པའི་དཔལ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན།
༄༅། །དག་ཡིག་མདོར་བསྡུས་པད་དཀར་ཆུན་པོ་བྱིས་པ་དགའ་བའི་རྣ་རྒྱན་ཅེས་བྱ་བ་བཞུགས་སོ།
ཨོཾ་སྭསྟི། མཁའ་མཉམ་ཡེ་ཤེས་འོད་ཟེར་གྱིས། །འགྲོ་བའི་རྨོངས་མུན་མཐར་མཛད་པ། །འཇམ་དཔལ་སྨྲ་བའི་ཉི་མ་དེས། །བདག་བློའི་པད་ཚལ་སྐྱོང་བར་མཛོད། །གང་འདིར་ཡོན་ཏན་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་ལས་བརྩམས་ཏེ། །བྱིས་པ་གསར་བུའི་འཇུག་སྒོ་རུ། །དག་ཡིག་ཉུང་གསལ་གོ་བདེར་འཆད། །དབྱངས་ནི་ཨི་ཨུ་ཨེ་ཨོ་ཞེས། །གི་གུ་ཞབས་ཀྱུ་འགྲེང་བུ་དང་། །ན་རོ་རྣམས་ཏེ་ཇི་སྙེད་པའི། །ཡི་གེ་ཀུན་ལ་སྦྱོར་བྱ་ཡིན། །གསལ་བྱེད་ཀ་སོགས་སུམ་ཅུའོ། །དེ་ལས་ཡ་བཏགས་ཐོབ་པ་བདུན། ཀྱ་ཁྱ་གྱ་པྱ་ཕྱ་བྱ་མྱ། ར་
བཏགས་བཅུ་གཉིས། [ཀྲ་ཁྲ་གྲ་ཏྲ་དྲ་ནྲ་པྲ་ཕྲ་བྲ་མྲ་སྲ་ཧྲ།] ལ་བཏགས་དྲུག [། ཀླ་གླ་བླ་རླ་ཟླ་སླ།] ཝ་ཟུར་བཏགས་པ་བཅུ་གཉིས་[ཀྭ་ཁྭ་གྭ་ཉྭ་ཏྭ་དྭ་ཚྭ་ཛྭ་ཞྭ་ཟྭ་རྭ་སྭ།] དང་། །ར་མགོ་བཅུ་གཉིས། [རྐ་རྒ་རྔ་རྗ་རྙ་རྟ་རྡ་རྣ་རྦ་རྨ་རྩ་རྫ།] ལ་མགོ་བཅུ། །[ལྐ་ལྒ་ལྔ་ལྕ་ལྗ་ལྟ་ལྡ་ལྤ་ལྦ་ལྷ།] ས་མགོ་བཅུ་གཅིག་[སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ།] རྣམས་ཤེས་བྱ། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་ཐོབ། །ག་ད་བ་མ་འ་སྔོན་འཇུག །རྗེས་འཇུག་མིང་མཐའི་ཡི་གེ་ལ། །ན་རོ་སྦྱར་བ་རྗོགས་ཚིག་སྟེ། །
དཔེར་ན་མཆོག་གོ་རྒྱུ་བཟང་ངོ་། །ཡོད་དོ་ཡིན་ནོ་དོན་གྲུབ་བོ། །འཛོམ་མོ་དགའ་འོ་ངོ་མཚར་རོ། །གཞལ་ལོ་ཤེས་སོ་ལྟ་བུ་དང་། །དྲག་ཡོད་མཐའ་རུ་ཏོ་དང་ནི། །མཐའ་མེད་རྣམས་ལ་འོ་སྦྱོར་ཏེ། །རྗེས་སུ་དྲནད་ཏོ་གཞན་ཟེརད་ཏོ། །སྩལད་ཏོ་བདེའོ་ལྟ་བུའོ། །དྲིས་སམ་སྡུད་ཚིག་སྐབས་སུ་ནི། །མཐའ་རྟེན་རྣམས་ལ་མ་སྦྱར་ཞིང་། །སྐབས་འགར་ར་ལ་ཏམ་དང་ནི། །འདོགས་ཅན་རྐྱང་པར་འམ་སྟེ་དཔེར། །འདུག་གམ་བྱུང་ངམ་དེ་ཡོད་དམ། །ཡིན་ནམ་གྲུབ་བམ་ལམ་བསྒོམ་མམ། །འདའ་འམ་འགྱུར་རམ་དོན་འཚལ་ལམ། །ཤེས་སམ་ཟེར་ཏམ་གཏམ་གོའམ། །ཁའམ་ཞེས་པ་ལྟ་བུའོ། །ད་བ་ས་ཀྱི་ག་ང་གི ། ན་མ་ར་ལའི་རྗེས་སུ་གྱི། །འ་དང་རྐྱང་པ་མཐའ་མེད་འི། །རྐང་པ་སྐོང་ཚེ་ཡི་སྟེ་དཔེར། །ཁྱོད་ཀྱི་རྒྱབ་ཀྱི་གཡས་ཀྱི་ཆ། །བདག་གི་གདོང་གི་ངོས་ན་མཆིས། །མདུན་གྱི་རུམ་གྱི་སྐོར་གྱི་ནི། །མངལ་གྱི་སྒོ་དེ་བདག་ལ་སྟོན། །རྩེ་དགའི་དགའ་བ་བདེ་བའི་མཆོག །ལྷ་ཡི་བདེ་བའི་དཔལ་ལྟར་རོ། །ག་བ་ད་དྲག་ཅན་མཐར་ཏུ། །ང་ད་ན་མ་ར་ལ་དུ། །ས་སུ་འ་དང་འདོགས་ཅན་དང་། །རྐྱང་པ་རུ་སྟེ་དཔེ་རིམ་བཞིན། །རྟག་ཏུ་རབ་ཏུ་ཀུན་ཏུ་དགའ། །ཕ་རོལ་ཏུ་
ཕྱིན་བགྲང་དུ་མེད། །བཅུད་དུ་འཁྱིལ་འདི་བསྟེན་བཞིན་དུ། །གམ་དུ་མྱུར་དུ་མཇལ་དུ་འགྲོ། །གནས་སུ་མཐའ་རུ་འདོད་འཇོ་རུ། །ཁ་རུ་ཞེས་པ་ལྟ་བུའོ། །ད་དེ་ན་ར་ལ་ས་ཏེ། །ག་ང་བ་མ་འ་རྣམས་དང་། །འདོགས་ཅན་རྐྱང་པར་ས་སྟེ་དཔེར། །གུས་པས་བཏུད་དེ་ལག་བཀན་ཏེ། །བསྐྱར་ཏེ་གཞལ་ཏེ་ཆས་ཏེ་བྱུང་། །སྐྲག་སྟེ་གསང་སྟེ་གོས་བཀབ་སྟེ། །འཁུམ་སྟེ་དམའ་སྟེ་ཡིབ་ནས་གདའ། །སྙིང་ཡང་རྗེ་སྟེ་ཉམ་ང་སྟེའོ། །ག་ད་བ་སའི་རྗེས་སུ་ཀྱང་། །ང་འ་ན་མ་ར་ལ་དང་། །འདོགས་ཅན་རྐྱང་མཐར་ཡང་སྟེ་དཔེར། །བདག་ཀྱང་འབད་ཀྱང་དེ་ཐོབ་ཀྱང་། །དེས་ཀྱང་འོན་ཀྱང་གྲངས་མང་ཡང་། །འགའ་ཡང་གཞན་ཡང་དུས་ནམ་ཡང་། །སླར་ཡང་མཇལ་ཡང་ཐུགས་མགུ་ཡང་། ང་ཡང་ཡིད་ལའང་དེ་འདྲའོ། །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་ན་ཅིག་དང་ནི། །ས་མཐར་དམིགས་གསལ་ཤིང་ཐོབ་དཔེར། །གནག་ཅིང་རྒོད་ཅིང་གཏིང་ཟབ་ཅིང་། །མཁྱེནད་ཅིང་མཚརད་ཅིང་བཀའ་བསྩལད་ཅིང་། །མཛེས་ཤིང་ཡིད་འོང་བག་ཕེབས་ཤིང་། །རྟག་ཅེས་ཡོད་ཅེས་གྲུབ་ཅེས་ཐོས། །བརྒྱནད་ཅེས་ཟེར་ཅེས་ནོར་སྩལད་ཅེས། །
སུ་འདུག་ཅེས་ན་བླ་མ་སྟེ། །ཅི་མཛད་ཅེ་ན་དབང་བསྐུར་རོ། །སུས་ཐོབ་ཅེ་ན་ཕྱུག་པོ་ཚོས། །ཤོག་ཅིག་སྡོད་ཅིག་དལ་ཕོབ་ཅིག །སྟོནད་ཅིག་གྱུརད་ཅིག་མྱུར་སྩོལད་ཅིག་གོ། །ང་འ་ན་མ་ར་ལ་དང་། །འདོགས་ཅན་རྐྱང་པ་རྣམས་ལ་ནི། །ཞིང་ཞེས་ཞེ་ན་ཞིག་ཐོབ་དཔེར། །དྲང་ཞིང་དགའ་ཞིང་རབ་སྙན་ཞིང་། །འཇམ་ཞིང་དར་ཞིང་ཕྱག་འཚལ་ཞིང་། །བདེ་ཞིང་ཟ་ཞིང་བྱུང་ཞེས་ཐོས། །གདའ་ཞེས་དྲན་ཞེས་འདི་ཙམ་ཞེས། འགྱུར་ཞེས་འཁྲུལ་ཞེས་བསྡུ་ཞེས་ཟེར། །མཁས་པ་ཞེས་བྱས་སྨྲ་ཞེས་བཤད། །སུ་བྱུང་ཞེ་ན་ཧོར་འདྲ་སྟེ། །དུ་གདའ་ཞེ་ན་མང་པོའོ། །སུས་ཡིན་ཞེ་ན་རྒྱལ་པོའི་སྟེ། །ཁྲིམས་ཀྱིས་དབེན་ནམ་ཞེ་ན་དབེན། །ཅི་བསྐོར་ཞེ་ན་རྒྱལ་ཁམས་ཏེ། །གང་འཚལ་ཞེ་ན་ནོམ་པའོ། །ཅི་བགྱི་ཞེ་ན་སྐྱེལ་བ་སྟེ། །སུ་ལ་ཞེ་ན་སྨད་འཚོང་ལའོ། །ཅུང་ཞིག་འགའ་ཞིག་གཞན་ཞིག་ཏུ། །ནམ་ཞིག་སྦྱོར་ཞིག་ངལ་ཞིག་གསོ། །རེ་ཞིག་འདུག་ནས་ཉ་ཞིག་ཉོའོ། །ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེ་ན་ཐོབ་སྟེ་དཔེར། །མཛེས་ཞེས་ཐོས་ཤིང་ལྟོས་ཤིག་བྱས། །དེ་ཅིས་ཤེ་ན་འདོད་གདུང་གིས་སོ། །ག་ད་བ་ས་ན་མར་པ། །ང་འ་ར་ལ་འདོགས་ཅན་དང་། །རྐྱང་མཐར་པ་བ་ཅི་རིགས་
ཏེ། །ཀློག་པ་བཤད་པ་ལེགས་སློབ་པ། །ཤེས་པ་འཛིན་པ་དོན་བསམ་པ། །ཁང་པ་གང་བ་མདའ་པ་དང་། །མཛའ་བ་གྱུར་པ་རབ་འབར་བ། །འཁྲུལ་པ་གྲོལ་བ་དོན་བསྡུ་བ། །ཞི་བ་ཚ་བ་ལྟ་བུའོ། །གཞན་ཡང་དཔྱིད་ཀ་ཐད་ཀ་དང་། །མོན་ཁ་སེར་ཁ་རལ་ཁ་དང་། །མཐིང་ག་སྙིང་ག་གདུང་མ་དང་། །ལྟད་མོ་སྟོན་མོ་སྟག་མོ་སོགས། བརྗོད་བདེ་འདྲེན་པ་ཤིན་ཏུ་མང་། །ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཅི་ནི་ཅི་ཞིག་ཅི་སྟེ་དང་། །ཅི་སླད་ཅི་འདྲ་ཅི་ཕྱིར་རོ། །ཇི་ནི་ཇི་སྙེད་ཇི་སྲིད་དང་། །ཇི་ལྟར་ཇི་བཞིན་ཇི་ཙམ་མོ། །སུ་ནི་གང་ཟག་ཀུན་ལའོ། །ཚོགས་པ་ཚོགས་ཆེན་ཕུན་ཚོགས་དང་། །ཕྲིན་ལས་རིམ་གྲོ་སྐུ་ཁམས་ཁྲོས། །ཕྲ་མ་ཕྲག་དོག་ཕྲ་མོ་ཙམ། །ཚོན་རྩི་ཁྲོན་པ་ཐུར་དང་ཐོད། །སྐད་ཅིག་ཐང་ཅིག་ཡུད་ཙམ་ཅིག །ཁ་ཅིག་སོགས་ལ་འཕུལ་ཡིག་སྦང་། །ལྷ་བཙུན་ཆེ་བཙུན་ན་བཟའ་དང་། །ལྷ་རྗེ་ལྷ་རྫས་ང་རྒྱལ་དང་། །བྱ་རྒོད་རྡོ་རྗེ་་མེ་ཏོག་དང་། །རྒྱ་མཚོ་སོགས་ལ་མཐའ་འདྲེན་སྤང་། །རྒྱ་ཆེར་དཔངས་མཐོར་ཉེར་བསགས་ཏེ། །བྱང་ཆུབ་རྒྱུར་བསྔོས་ཕར་ཕྱིན་རྫོགས། །དབྱེར་མེད་སོགས་ལ་མཐའ་འདྲེན་ནི། །ལྷུག་པའི་ཚེ་ན་མི་ཐོབ་ཀྱང་། །ཚིགས་བཅད་སྡེབས་
སྦྱོར་སྐབས་སུ་སྦྱོར། །ཏིང་ངེ་འཛིན་དང་གཞོན་ནུ་དང་། །ཆུང་ངུ་ཉུང་དུ་ལ་སོགས་པར། །ཕྱི་མའི་ཚིག་ཤུགས་ཕན་པས་སྦྱོར། །གཞན་དུ་བརྗོད་ཚིག་གང་ཡང་རུང་། །བྱ་བྱེད་ལས་གསུམ་གྱིས་བསྡུས་པའི། །བྱ་བ་བྱས་ཟིན་འདས་པ་དང་། །བྱ་བ་བྱེད་འགྱུར་མ་འོངས་དང་། །བྱེད་བཞིན་པ་ནི་ད་ལྟ་བར། །ངེས་ཕྱིར་བདག་གཞན་དབྱེ་བ་ཡིས། །འདས་ལ་འཕུལ་དང་ཡང་འཇུག་ཡོད། །ད་ལྟ་བ་ལ་གཉིས་ཀ་མེད། །མ་འོངས་འཕུལ་ཡོད་ཡང་འཇུག་མེད། །བསྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །དེ་རྣམས་རིམ་པར་དཔེར་མཚོན་ན། །བསྒྲུབ་པའི་དམ་རྫས་ལ་བརྟེན་ནས། །བདག་ནི་སྒྲུབ་ལ་འབད་པར་བྱ། །ཁྱོད་ཀྱང་དེ་བཞིན་བསྒྲུབ་བྱས་ནས། །སྐལ་ལྡན་འཆི་མེད་སྒྲུབས་མཛོད་ཅིག །རྣམ་དབྱེ་གང་ལ་སྦྱོར་ཡུལ་དེས། །གང་དུ་བྱ་བ་ཞིག་བྱས་ན། །བྱེད་པའི་སྒྲ་ཞེས་ས་མཐའ་ཐོབ། །དཔེར་ན་ཁྱོད་ཀྱིས་བདག་གྲོགས་མཛོད། །ངས་ཐོས་མཁས་པས་བཤད་ལྟ་བུའོ། །བྱ་བ་གཏན་ནས་མི་བྱེད་པར། །སྔ་ཕྱི་འབྲེལ་བྱེད་ཙམ་སྟོན་ན། །འབྲེལ་བའི་སྒྲ་སྟེ་ས་མཐའ་སྤང་། །འགའ་ལ་འི་དང་ཡི་སྦྱོར་ཏེ། །ཁྱོད་ཀྱི་གྲོགས་དེ་བདག་ཡིན་གྱི། །ངའི་གོས་མཁས་པའི་ཡོན་
ཏན་ལྟར་རོ། །ད་དྲག་ཡོད་དང་མེད་པ་ཡང་། །འདས་དང་མ་འོངས་དབྱེ་བས་ཤེས། །ད་ཡིག་དངོས་ཉིད་ཕྱི་དུས་འདིར། །འབྲི་སྲོལ་མེད་ཀྱང་དོན་ཐོབ་ངེས། །ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་མཐའ་མར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་ཐོབ། །དོན་ཚན་ཆེན་པོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཤད་གོང་དུ། །ཚེག་མེད་འོན་ཀྱང་འགའ་ཞིག་གིས། །ཚིགས་བཅད་དཀྱུས་སུ་ཚག་ཤད་རེ། །ང་མཐར་ཤད་གོང་ཚེག་གཉིས་རེ། །འབྲི་བའི་ལག་རྒྱུན་དག་ཀྱང་སྣང་། ༈ དེ་ལྟར་དག་ཐོབ་སྤྱི་ཡི་ཆིངས། །གལ་ཆེ་རགས་བསྡུས་ཙམ་བཤད་ནས། །ད་ནི་འདྲའམ་སྙམ་པ་ཡི། །ཚིག་སྒྲའི་དབྱེ་བ་ཅུང་ཟད་འགྲོལ། །རྒྱལ་བའི་བཀའ་ནི་བ་བཀའ་ཡིན། །ངལ་བའི་དཀའ་བ་ད་དཀའ་ལ། །རོ་སྐ་བ་ནི་ས་སྐའོ། །རི་དྭགས་རྒོ་བ་ར་རྒོ་ཡིན། །ཁང་པའི་སྒོ་ནི་ས་སྒོ་ལ། །གོས་བགོ་བ་ནི་བ་བགོ་སྟེ། །བཀའ་བསྒོ་བ་འོག་ས་བསྒོའོ། །ན་ཚོད་རྒས་པ་ར་རྒ་ཡིན། །རྟ་ཡི་སྒ་ནི་ས་སྒ་ལ། །ཡིད་དགའ་བ་ནི་ད་དགའ་སྟེ། སྨན་
གྱི་ལྒ་ནི་ལ་ལྒའོ། །བཞོན་པའི་རྟ་ནི་ར་རྟ་ཡིན། །སྟ་ཟུར་སྟ་ནི་ས་སྟེ། །མིག་གིས་བལྟ་བ་བ་ལ་བལྟའོ། །དུས་ཀྱི་སྔ་བ་ས་སྔ་ཡིན། །གྲངས་ཀྱི་ལྔ་ནི་ལ་ལྔ་ལ། །བརྡུང་བའི་རྔ་ནི་ར་རྔ་སྟེ། །ཞེ་སའི་མངའ་ནི་མ་མངའ་འོ། །ཉེ་དུའི་གཉེན་ནི་ག་གཉེན་ཡིན། །ས་བདག་གཉན་ལ་འགྲེང་བུ་མེད། །རེག་བྱ་མཉེན་པ་མ་མཉེན་ཏེ། །བསྙེན་བཀུར་བ་འོག་ས་བསྙེན་ནོ། །ཐུགས་མཉེས་པ་ནི་མ་མཉེས་ལ། །དངོས་གྲུབ་བརྙེས་པ་བ་རའི་བརྙེས། །བརྙས་སྨོད་འགྲེང་བུ་མེད་པའོ། །རྣ་བར་སྙན་པ་ས་སྙན་ཡིན། །ཆོས་མཉན་པ་ནི་མ་མཉན་ལ། །གཟུགས་བརྙན་བ་འོག་ར་བརྙན་ནོ། །རོ་གཅིག་འདྲེས་པ་ད་འདྲེས་ཡིན། །རིགས་མཚུངས་འགྲེས་སྦྱོར་ག་འགྲེས་ཏེ། །ཞེ་འགྲས་ལ་ནི་འགྲེང་བུ་མེད། །ནད་ཁྲག་གཏར་ནི་ག་གཏར་ལ། །བསྟན་ལ་བརྒྱུད་པ་བ་ས་བསྟར། །ཆས་གཟབ་པའང་དེ་བཞིན་ནོ། །ཕུག་གི་གཏན་ནི་ག་གཏན་ཡིན། །གདིང་བའི་སྟན་ནི་ས་སྟན་ལ། །དམ་ཆོས་བསྟན་པ་བ་ས་བསྟན། །མི་འགྱུར་བརྟན་པ་བ་ར་བརྟན་ནོ། །ཡོད་མེད་གདའ་ནི་ག་གདའ་ཡིན། །ཞིམ་པའི་བདའ་ནི་བ་བདའ་ལ། །སྟོན་པའི་བརྡ་ནི་བ་ར་བརྡའོ། །མེད་
པའི་ལྐལ་ནི་ལ་ལྐལ་ཡིན། །སྐལ་ལྡན་སྐལ་ཐོབ་ས་སྐལ་ཏེ། །དུས་ཀྱི་བསྐལ་པ་བ་སའི་བསྐལ་ལོ། །དྲི་ཡི་བདུག་པ་བ་བདུག་ཡིན། །དབུབ་པའི་གདུགས་ནི་ག་གདུགས་ལ། མ་རུང་གདུག་ལ་ཡང་འཇུག་མེད། །ནུས་པ་རྡུགས་པ་ར་རྡུགས་ཏེ། །ཉོན་མོངས་སྡུག་བསྔལ་ས་སྡུག་གོ། །ཚོགས་པའི་གྲ་ནི་ག་གྲ་ཡིན། །ཚེམ་པོའི་དྲ་གཏུབ་ད་དྲ་ལ། །སེམས་སྟོར་སེར་སྣ་བ་བྲ་སྟེ། །སྲོག་ཆགས་བྲ་བའང་དེ་དང་འདྲའོ། །མི་གཙང་གཅིན་ནི་ག་གཅིན་ཡིན། །འབྱར་བྱེད་ས་ལ་པ་བཏགས་སྤྱིན་ནོ། །བློ་ཡིས་དཔྱད་ནི་ད་དཔྱད་ཡིན། །བྱ་སྤྱད་ས་ལ་པ་བཏགས་སྤྱད། །དུམ་བུར་བཅད་པ་བ་བཅད་དོ། །ཆུ་ཡི་རྦ་རླབས་ར་རྦ་ཡིན། །མི་མངོན་སྦས་པ་ས་སྦ་ལ། །མགུལ་གྱི་ལྦ་བ་ལ་ལྦའོ། །དབང་པོའི་མིག་ནི་མིག་རྐྱང་ཡིན། །ཡིད་ཀྱི་དམིགས་པ་ད་དམིགས་ལ། །དུད་འགྲོའི་རྨིག་པ་ར་རྨིག་གོ། །སྡང་བའི་དགྲ་ནི་ད་དགྲ་ཡིན། །སྙན་པའི་སྒྲ་ནི་ས་སྒྲ་ལ། འབུབ་སྦྲ་ས་ལ་བ་བཏགས་སྦྲའོ། །ནགས་ཚལ་དགའ་ཚལ་ཚལ་རྐྱང་ཡིན། །ཕྱག་འཚལ་ཞེ་ས་འ་འཚལ་ལ། །ཚོན་གྱི་མཚལ་ནི་མ་མཚལ་ལོ། །བཏུང་བའི་ཆང་ནི་ཆང་རྐྱང་ཡིན། འཛིན་པའི་འཆང་ནི་འ་འཆང་ལ། །
འཐུར་དུ་འཕྱང་བ་ཕ་འཕྱང་ངོ་། །ཡན་ལག་མགོ་ནི་མ་མགོ་སྟེ། །ཐོག་མའམ་འཕེལ་བ་འ་འགོའོ། །རྗེ་བཙུན་རྗེ་བོ་ར་རྗེ་ལ། །སྐྱེས་པའི་ཕོ་མཚན་མ་མཇེའོ། །མགྲིན་པའི་ཞེ་ས་མ་མགུལ་ཏེ། །གཡོ་བའི་འགུལ་ནི་འ་འགུལ་ལོ། །ངག་གི་གསུང་ནི་ག་གསུང་ལ། །སྲུང་སྐྱོབ་ས་ལ་ར་བཏགས་སྲུང་། །ཕན་པའི་དྲིན་ནི་ད་དྲིན་ཏེ། །ཉོ་ཚོང་སྐྱེན་པ་བ་བྲིན་ནོ། །སྙན་པའི་གྲགས་པ་ག་གྲགས་ལ། །རི་རྡོའི་བྲག་ནི་བ་བྲག་སྟེ། །ཚར་གཅོད་དྲག་ནི་ད་དྲག་གོ། །རིན་ཆེན་དངུལ་ནི་ད་དངུལ་ཏེ། །ལུས་ཀྱི་རྔུལ་ཆུ་ར་རྔུལ་ལོ། །སྐུར་པ་འདེབས་པ་ས་སྐུར་ཏེ། །བསྟོད་བསྔགས་བཀུར་སྟི་བ་འཕུལ་བསྐུར་རོ། །དང་པོའི་སྔོན་ནི་ས་སྔོན་ཡིན། །མིག་གིས་མཐོང་བ་མ་མངོན་ལ། །རི་དྭགས་གསོད་པ་ར་རྔོན་ནོ། །ཉམས་མྱོང་ཉམས་དགའ་ཉམས་གཞིག་འདྲ། །ཉམ་ཐག་ཉམ་ལ་ཡང་འཇུག་མེད། །མང་བའི་སྒྲ་ནི་ས་སྙེད་དེ། །གསར་དུ་རྙེད་པ་ར་རྙེད་དོ། །ཁ་ཡི་ལྕེ་ནི་ལ་ལྕེ་ལ། །ཨ་ཅེའི་ཅེ་ནི་ཅེ་རྐྱང་ངོ་། །སེམས་བྱུང་བློ་གྲོས་བ་བློ་སྟེ། །ཤ་ཡི་གློ་བ་ག་གློའོ། །ནང་ཁྲོལ་མཁལ་མ་མ་མཁལ་ལ། །འགེལ་བའི་ཁལ་མ་ཁལ་རྐྱང་ངོ་། །དོན་རྟོགས་གོ་བ་ར་རྟོགས་ཡིན། །རྣམ་པར་
རྟོག་ལ་ཡང་འཇུག་མེད། །ཁོངས་སུ་གཏོགས་པ་ག་གཏོགས་ལ། །བཀྲེས་པའི་ལྟོག་ནི་ལ་ལྟོག་གོ། །འོག་ཏུ་གནོན་པ་ག་གནོན་ཡིན། །མང་དུ་གཏོང་བ་ས་སྣོན་ནོ། མཚོན་ཆ་རྣོ་བ་ར་རྣོ་སྟེ། །བསམ་མནོ་གཞིག་པ་མ་མནོའོ། །ལུས་ཀྱི་དཔྱི་ནི་ད་དཔྱི་ལ། །ཐུན་མོང་སྤྱི་ཁྱབ་ས་སྤྱིའོ། །སྟོང་ཉིད་གཉུག་མ་ག་གཉུག་སྟེ། །སྐྱེས་པའི་མདའ་སྨྱུག་ས་སྨྱུག་གོ། །གཞན་སྲོག་གཅོད་པ་ག་གསོད་དེ། །དགེ་བའི་བསོད་ནམས་བ་བསོད་དོ། །གཉིད་དུ་མནལ་བ་མ་མནལ་ཡིན། །སྣམ་བུའི་སྣལ་མ་ས་སྣལ་ལ། །རྣལ་འབྱོར་རྣལ་ནི་ར་རྣལ་ལོ། །ག་བ་ད་དྲག་ཏུ་རྐྱང་སྟེ། །བུད་མེད་མོ་མཚན་ས་སྟུའོ། །ཤུགས་བདོའི་རྒོད་ནི་ར་རྒོད་ལ། །གད་མོ་བགད་པ་ད་དགོད་དེ། །ཚོམ་བུ་དགོད་པའང་དེ་དང་འདྲ། །འོད་གསལ་བ་ནི་ག་གསལ་ལ། །དམིགས་ཀྱིས་གསལ་བའང་དེ་བཞིན་ཏེ། །སྐྱོན་བསལ་བ་ནི་བ་བསལ་ལོ། །སེམས་ལ་དྲན་པ་ད་དྲན་ལ། །གཡོག་གི་བྲན་ནི་བ་བྲན་ནོ། །གཞན་ལ་རྡེག་པར་ར་རྡུང་སྟེ། །ཁང་པའི་གདུང་མ་ག་གདུང་ངོ་། །ལོག་འདྲེན་བདུད་ནི་བ་བདུད་ལ། །དབང་དུ་སྡུད་པ་ས་སྡུད་དོ། །བཟང་ངན་མཉམ་པ་མ་མཉམ་སྟེ། །
ཡིན་ནམ་སྙམ་པ་ས་སྙམ་མོ། །ཐད་ཀ་ཐད་དྲང་ཐད་རྐྱང་ལ། །བྱ་བ་འཐད་འོས་འ་འཐད་དོ། །གནོད་པས་གཙེ་བ་ག་གཙེ་ཡིན། །རྩེད་མོ་རྩེ་བ་ར་རྩེ་ལ། །སྙིང་བརྩེ་བ་འོག་ར་བརྩེའོ། །ཐོད་གཏུག་གདོང་གཏུག་ག་གཏུག་ལ། །མི་གཙང་རྟུག་པ་ར་རྟུག་གོ། གཞན་ལ་སྟེར་བ་ས་སྟེར་ལ། །མི་ཟད་གཏེར་ནི་ག་གཏེར་རོ། །མུན་པའི་སྨག་ནི་ས་སྨག་ལ། །གཡུལ་གྱི་དམག་དཔུང་ད་དམག་གོ། །གཅན་གཟན་སྟག་ནི་ས་སྟག་ཡིན། །མི་འགྱུར་རྟག་པ་ར་རྟག་ལ། ཕྱེ་མར་འཐག་པ་བ་བཏགས་ཏེ། །བརྟག་དཔྱད་བ་འོག་ར་བརྟག་གོ། །དོན་ལས་མི་འདའ་འ་འདའ་ཡིན། །མྱ་ངན་འདའ་བའང་དེ་བཞིན་ལ། །ལུང་པའི་ཕུ་མདའ་མ་མདའ་སྟེ། །འཕེན་པའི་མདའ་ཡང་དེ་དང་འདྲའོ། །བྱ་བ་མངགས་པ་མ་མངགས་ཏེ། །སྒྲོག་པའི་སྙན་དངགས་ད་དངགས་སོ། །བྱ་བ་བཤོལ་བ་བ་བཤོལ་ལ། ཐོང་པའི་གཤོལ་མདའ་ག་གཤོལ་ལོ། །དུས་ཀྱི་སྔ་ཕྱི་ག་གཟོད་དེ། །བཟོད་སྲན་ཆེ་བ་བ་བཟོད་དོ། །རླན་གྱིས་འདྲུལ་བ་ད་འདྲུལ་ལ། །ལམ་གྱི་འགྲུལ་ནི་ག་འགྲུལ་ལོ། །ཟབ་པའི་གཏིང་ནི་ག་གཏིང་ཡིན། རྗེས་མའམ་རྐང་རྟིང་ར་རྟིང་ལ། །གདན་སོགས་བཏིང་བ་བཏིང་ངོ་།
སྦྱིན་པ་གཏོང་བ་ག་གཏོང་སྟེ། །མེད་པའི་སྟོང་པ་ས་སྟོང་ངོ་། །གྲང་བའི་བསིལ་གྲིབ་བ་བསིལ་ཡིན། །དུམ་བུར་བསིལ་བའང་དེ་བཞིན་ལ། །དྲིལ་བུ་གསིལ་བ་ག་གསིལ་ལོ། །ཤིང་གི་སྡོང་པོ་ས་སྡོང་ལ། །སྡོང་གྲོགས་སྡོང་ཡང་དེ་འདྲ་སྟེ། །བསྡོངས་ཟླར་བ་འཕུལ་ཡང་འཇུག་ཡོད། །ངོ་གདོང་གདོང་འཕྲད་ག་གདོང་ངོ་། །ཞེ་སའི་མཛད་ནི་མ་མཛད་དེ། །ཟད་པའི་འཛད་ནི་འ་འཛད་དེ། །མངོན་སུམ་སྣང་བ་ས་སྣང་ཡིན། །ཟས་ཀྱིས་བརྣང་ནི་བ་ར་བརྣང་། །དུས་ཀྱི་གནང་ཉིན་ག་གནང་སྟེ། །གཞན་ལ་སྟེར་བའང་ག་གནང་ངོ་། །ནམ་མཁའི་མཁའ་ནི་མ་མཁའ་ལ། །ཁ་དོག་ཁ་མཆུ་ཁ་རྐྱང་སྟེ། །འདབ་ཆགས་ཁྭ་ལ་ཝ་ཟུར་ཡོད། །མང་བའི་རྣམས་ནི་ར་རྣམས་ལ། །དུས་ཀྱི་རྣམ་པར་ཡང་འཇུག་མེད། །ཕང་སེམས་ཕང་ནི་ཕང་རྐྱང་ལ། །གནམ་འཕང་འཕང་ལོ་འ་འཕང་ངོ་། །དུག་ལྔའི་ཉོན་མོངས་མ་མོངས་ལ། ཐུན་མོང་མོང་ལ་ཡང་འཇུག་མེད། །དྲི་མ་མནམ་པ་མ་མནམ་སྟེ། །ཕྱག་ན་བསྣམས་པ་བ་ས་བསྣམ་མོ། །ནམ་མཁའི་གནམ་ནི་ག་གནམ་ལ། །གོས་ཀྱི་སྣམ་བུ་ས་སྣམ་མོ། །ཁོང་པའི་སྙིང་ནི་ས་སྙིང་སྟེ། །རྒས་ནས་ཟད་པ་ར་རྙིང་
ངོ། །རྔན་པའི་གླ་ནི་ག་གླ་ཡིན། །རི་དྭགས་གླ་བའང་དེ་དང་འདྲ། །སྲོག་ཆགས་ཉ་ནི་ཉ་རྐྱང་ལ། །རྐང་པའི་ཉྭ་ལ་ཝ་ཟུར་ཡོད། །བླ་མེད་བླ་མ་བ་བླ་སྟེ། །ཚེགས་མེད་ལས་སླ་ས་སླ་ལ། །བ་འོག་ར་བརླ་རྐང་པའི་བརླའོ། །དྲོད་ཀྱི་རླངས་ནི་ར་རླངས་ཡིན། །གླང་པོ་ཆེ་ནི་ག་གླང་སྟེ། །བླང་དོར་བླང་ནི་བ་བླང་ངོ་། གཅོད་པའི་སྟེའུ་ས་སྟེ་ལ། །རྟ་ཡི་རྟེའུ་ར་རྟེའོ། །གྲལ་ལ་བསྒྲིག་པ་ག་གྲལ་ཡིན། །དྲལ་རྡོལ་དྲལ་བ་ད་དྲལ་ལ། །སོ་སོར་གྱེས་པ་བ་བྲལ་ལོ། །ཁོག་པའི་གྲོད་པ་ག་གྲོད་ཡིན། །ཚ་བའི་དྲོད་ནི་ད་དྲོད་ལ། །དགའ་བྲོད་པ་བ་བྲོད་དོ། །སོ་ཁ་སོ་པ་སོ་རྐྱང་ལ། །སོ་ནམ་སོ་ཡང་དེ་དང་འདྲའོ། །མཚོན་ཆའི་གྲི་ནི་ག་གྲི་ཡིན། །སྣ་ཡི་ཡུལ་ནི་ད་དྲི་ལ། །གཏམ་སོགས་དྲི་བའང་དེ་དང་འདྲ། །ཉུང་དུ་སོང་བ་བ་བྲི་སྟེ། །ཡི་གེ་བྲི་བའང་དེ་བཞིན་ནོ། །རྩི་བའི་གྲངས་ནི་ག་གྲངས་ཡིན། །རེག་བྱ་གྲང་ལ་ཡང་འཇུག་མེད། །སྤྱན་དྲང་དྲང་པོ་ད་དྲང་སྟེ། །ཕོ་བྲང་ལུས་བྲང་བ་བྲང་ངོ་། །གྲོགས་དང་འགྲོགས་པ་ག་གྲོགས་ཏེ། །སྐྲག་ནས་འབྲོས་པ་ད་འདྲོག་གོ། །སྟོབས་ཤུགས་རྩ་ལ་ནི་ར་རྩལ་ལ། །བཀའ་སྩལ་སྩལ་བ་ས་སྩལ་ཏེ། །བ་འོག་ས་བསྩལ་སྩོལ་ཉེ་
བའོ། །རྒྱུ་འབྲས་རྒྱུ་ནི་ར་རྒྱུ་ཡིན། །ནང་ཁྲོལ་རྒྱུ་མའང་དེ་བཞིན་ལ། །གཡོ་སྒྱུ་སྒྱུ་མ་ས་སྒྱུའོ། །མྱུར་བའི་སྐྱེན་ནི་ས་སྐྱེན་ལ། །རྒྱུ་རྐྱེན་འཕྲལ་རྐྱེན་ར་རྐྱེན་ནོ། །ལུས་ཀྱི་ཞེ་ས་ས་སྐུ་ཡིན། །མ་བྱིན་ལེན་རྐུ་ར་རྐུ་ལ། །ལུས་ཀྱི་བྱེ་བྲག་ད་དཀུའོ། །ནམ་མཁའི་སྐར་མ་ས་སྐར་ཡིན། །ཁ་དོག་དཀར་བ་ད་དཀར་ཏེ། །ལོགས་སུ་བཀར་བ་བ་བཀར་རོ། །འཚོ་བྱེད་སྨན་ནི་ས་སྨན་ལ། །ངན་པའི་དམན་པ་ད་དམན་ནོ། །ར་བ་ར་མ་ར་རྐྱང་ལ། །མགོ་ཡི་རྭ་ལ་ཝ་ཟུར་ཡོད། །ངག་གི་ཞེ་ས་ག་གསུང་སྟེ། །དྲི་ངད་བསུང་བ་བ་བསྲུང་ངོ་། །ལུས་ཀྱི་སྨེ་བ་ས་སྨེ་ལ། །གཙང་རྨེའི་རྨེ་བ་ར་རྨེ་སྟེ། །ཁོང་ཁྲོའི་དམེ་འཁྲུག་ད་དམེའོ། །འབྲུ་ཡི་གྲོ་ནི་ག་གྲོ་ཡིན། །དྲོད་ཀྱི་དྲོ་བ་ད་དྲོ་སྟེ། །རོ་བྲོ་བ་ནི་བ་བྲོའོ། །འབིག་པའི་རྩང་ནི་ར་རྩང་ལ། །ཆུ་ཡི་གཙང་པོ་ག་གཙང་སྟེ། །གཙང་མའི་གཙང་ཡང་དེ་འདྲའོ། །ན་ཚོད་གཞོན་པ་ག་གཞོན་ཏེ། །རྟ་ཡི་བཞོན་པ་བ་བཞོན་ནོ། །མཛེས་པའི་མཚར་སྡུག་མ་མཚར་ལ། །ཚར་དུ་དངར་བ་ཚར་རྐྱང་སྟེ། །གྲངས་ཀྱི་ཚར་ཡང་དེ་དང་འདྲའོ། །གཡོ་བའི་རླུང་ནི་ར་རླུང་ལ། །འབབས་པའི་ཆུ་ཀླུང་ཀ་ཀླུང་ངོ་། །གསུང་རབ་ཀློག་པ་
ཀ་ཀློག་སྟེ། །གློག་འགྱུ་བ་ནི་ག་གློག་གོ། །འཇིག་པའི་སྐྲག་པ་ས་སྐྲག་ལ། །བཀྲག་མདངས་འོད་ནི་བ་བཀྲག་གོ། །བསང་གསོལ་བསང་དུད་བ་བསང་ལ། །གསང་འོས་གསང་ཚིག་ག་གསང་ངོ་། །གས་ཆག་ཉམས་ཆག་ཆག་རྐྱང་ལ། །འདོད་ཆགས་ཞེ་ཆགས་ཡང་འཇུག་ཡོད། །བརྟུལ་ཕོད་དཔའ་བ་ད་དཔའ་སྟེ། །མཛེས་པའི་སྤ་བ་ས་སྤའོ། །ཁྲི་མུན་བཙོན་ཁང་བ་བཙོན་ལ། །སྦྱོར་བརྩོན་བ་འོག་ར་བརྩོན་ནོ། །མཆོད་པའི་རྟེན་ནི་ར་རྟེན་ཏེ། །གྲོགས་བསྟེན་བ་འོག་ས་བསྟེན་ནོ། །གནོད་བྱེད་འདྲེ་ནི་ད་འདྲེ་ལ། །ཟླ་གྲོགས་ནོར་གྲོགས་ག་གྲོགས་ཏེ། །སྲོག་ཆགས་གྲོག་མར་ཡང་འཇུག་མེད། །ཁུར་བའི་དྲོག་ནི་ད་དྲོག་གོ། །རྐང་ལག་ཞ་བ་ཞ་རྐྱང་ལ། །གྱོན་པའི་ཞྭ་མོར་ཝ་ཟུར་ཡོད། །ཚོན་གྱི་མཐིང་ནི་མ་མཐིང་སྟེ། །རྐང་པ་འཐིང་བ་འ་འཐིང་ངོ་། །ནད་ཀྱི་རྣག་ནི་ར་རྣག་ལ། །ཁ་དོག་གནག་པ་ག་གནག་གོ། །ལུས་ཀྱི་རྔོ་ནི་ར་རྔོ་སྟེ། །དགེ་བསྔོ་བ་འོག་ས་བསྔོའོ། །ཞེ་སྡང་སྡང་སེམས་ས་སྡང་ལ། འཕར་ལྡང་ལྷར་ལྡང་ལ་ལྡང་སྟེ། །ཁ་གདངས་ག་གདངས་ཡང་འཇུག་ཅན། །དབྱངས་ཀྱི་གདངས་ཡང་དེ་དང་འདྲའོ། །གྲངས་
ཀྱི་དགུ་ནི་ད་དགུ་ལ། །སྐྱེ་རྒུ་ཡོད་རྒུ་མཁོ་རྒུ་སོགས། །མང་བའི་རྒུ་ནི་ར་རྒུའོ། །དབུགས་དབྱུང་གནས་དབྱུང་ད་བ་དབྱུང་། །གཡུང་དྲུང་གཡུང་དྭགས་ག་ཡ་གཡུང་ངོ་། །ས་རྡོའི་རྡོ་ནི་ར་རྡོ་སྟེ། །རྡོ་རྗེའི་རྡོའང་དེ་བཞིན་ལ། །ཤུགས་བདོ་བ་ནི་བ་བདོའོ། །བྲབ་པའི་ལྕག་ནི་ལ་ལྕག་ལ། མཚོན་ཆའི་ལྕགས་ལ་ཡང་འཇུག་ཡོད། །ཕྱི་ནང་ཟང་ཐལ་ཟང་རྐྱང་ལ། །རིན་ཆེན་ཟངས་ལ་ཡང་འཇུག་ཡོད། །ཚོན་མདོག་ནག་ནི་ནག་རྐྱང་ལ། །ཤིང་གི་ནགས་ལ་ཡང་འཇུག་ཡོད། །སྣུམ་ཞག་ཉིན་ཞག་ཞག་རྐྱང་ལ། །འཆིང་ཞགས་ཞགས་པར་ཡང་འཇུག་ཡོད། །དེང་དུས་གནས་སྐབས་དེང་རྐྱང་ལ། །ཕྱིར་དེངས་དེངས་ཤིག་ཡང་འཇུག་ཡོད། །མིང་བརྗོད་གང་ཡང་གང་རྐྱང་ལ། །གངས་རིའི་གངས་ལ་ཡང་འཇུག་ཡོད། །ཤུག་སྡོང་ཤུག་པ་ཤུག་རྐྱང་ལ། སྟོབས་རྩལ་ཤུགས་ལ་ཡང་འཇུག་ཡོད། །སེམས་ཅན་ལུག་ནི་ལུག་རྐྱང་ལ། །ལུགས་སྲོལ་རིང་ལུགས་ཡང་འཇུག་ཡོད། །རྐང་ལག་ལག་པ་ལག་རྐྱང་ལ། །ཞེ་སའི་ལགས་ལ་ཡང་འཇུག་ཡོད། །རབ་མཆོག་རབ་འབྲིང་རབ་རྐྱང་སྟེ། །ཚེ་རབས་
སྐྱེས་རབས་ཡང་འཇུག་ཡོད། །ཟང་རག་རག་ལས་རག་རྐྱང་ལ། །ཕྲ་རགས་རགས་ལ་ཡང་འཇུག་ཡོད། །ཆམ་ལ་ཕབ་པ་ཆམ་རྐྱང་སྟེ། །ཁ་འཆམ་པ་ནི་འ་འཆམ་ལ། །ཟློས་གར་འཆམས་ལ་ཡང་འཇུག་ཡོད། །ལུས་ཀྱི་པང་ནི་པང་རྐྱང་ལ། །དཔང་འཛུག་དཔང་པོ་ད་འཕུལ་ཅན། །མཐོ་དམན་དཔངས་ལ་ཡང་འཇུག་ཡོད། །པར་བུ་པར་འདེབས་པར་རྐྱང་ལ། །གནས་སྤར་གོང་སྤར་ས་སྤར་རོ། །འཚོ་གཞེས་གླུ་གཞེས་ག་གཞེས་ལ། །བཞེས་པ་ཞལ་བཞེས་པ་བཞེས་སོ། །ཐ་མ་ཐ་སྙད་ཐ་རྐྱང་ལ། །ཐོག་མཐའ་མཐའ་ཡས་མ་འཕུལ་ཅན་ནོ། །དཀོན་མཆོག་དཀོར་རྫས་ད་དཀོར་ཏེ། །འཁོར་བསྐོར་བ་འོག་ས་བསྐོར་རོ། །ནོར་འཇལ་བ་ནི་འ་འཇལ་ལ། གོང་མ་མཇལ་བ་མ་མཇལ་ལོ། ཆུ་ལས་བརྒལ་བ་ར་བརྒལ་ཏེ། །རྒྱབ་ཀྱི་སྒལ་པ་ས་སྒལ་ལོ། །རི་ཡི་སྒང་ནི་ས་སྒང་ལ། །སྣོད་དགང་དབུགས་དགང་ད་དགང་ངོ་། །རྩ་བའི་རྩ་ནི་ར་རྩ་ཡིན། །ལྡུམ་བུ་རྩྭ་ལ་ཝ་ཟུར་ཡོད། །སྤྱན་ལ་བཙའ་བ་བ་བཙའ་སྟེ། །ལྕགས་ཀྱི་བཙའ་ཡང་དེ་དང་འདྲ། །ངོ་མཚར་རྨད་བྱུང་ར་རྨད་ལ། །བསྟོད་སྨད་སྨད་ནི་ས་སྨད་དོ། །ས་བདག་ཀླུ་ནི་ཀ་ཀླུ་ཡིན། །སྙན་
པའི་གླུ་དབྱངས་ག་གླུ་ལ། །རིན་གྱིས་ཉོ་བ་བ་བླུ་སྟེ། །གཞན་གྱིས་སླུ་བ་ས་སླུའོ། ཐུགས་ལ་བཏགས་པ་བ་བཏགས་ལ། །ཕྱེ་མར་བཏགས་པའང་དེ་འདྲ་སྟེ། །རྒྱབ་ཀྱི་ལྟག་པ་ལ་ལྟག་གོ། །ལག་ཆ་གདེངས་པ་འགྲེང་བུ་སྟེ། །དཔའ་བའི་གདིང་ནི་གི་གུའོ། །འབེབས་པའི་པྲ་ནི་པྲ་རྐྱང་སྟེ། །མགོ་ཡི་སྐྲ་ནི་ས་སྐྲ་ལ། །བཀྲ་ཤིས་བཀྲ་ནི་བ་བཀྲའོ། །དེ་སོགས་མིང་ཚིག་སྒྲ་ཡི་གནད། །ཞིབ་ཏུ་བརྟག་ན་མི་འདྲ་བས། །འཁྲུལ་པ་འབྱུང་བར་མི་སྲིད་ཀྱང་། །རྨོངས་པ་ཕལ་ཆེར་གྱ་ཚོམ་དུ། །ནོར་བར་བྲིས་ཤིང་ནོར་བར་བཀླག །ལོག་པར་གོ་བས་དོན་འཆུག་སྲིད། །དེས་ན་བརྡ་དག་ལ་བརྟེན་ནས། །མ་ནོར་དོན་རྣམས་འཚོལ་བ་གཅེས། །གང་དག་ཡི་གེ་འབྲི་བ་པོར། །སྙོམས་གཙང་འགྲིག་གསུམ་ལྡན་པ་དང་། །ལེགས་མགྱོགས་དག་གསུམ་དྲུག་ཚང་ན། །མཁས་པའི་གོ་ས་ཐོབ་པ་ཡིན། །ཡིག་གཟུགས་ལེགས་པར་མ་སྦྱངས་ཤིང་། །བརྡ་དག་ཞིབ་ཏུ་མ་བསླབ་པར། །འབྲི་དང་རྩོམ་པའི་ཁུར་ལེན་པ། །རང་སྐྱོན་གཞན་ལ་ངོམས་པར་ཟད། །སུམ་རྟགས་ལ་སོགས་གཞུང་རྒྱ་ཆེའི། །གནམ་འཕང་མ་ཆོད་བློ་གསར་རྣམས། །རང་ཚོད་ས་རྒྱ་བསྐོར་བ་ལ། །དག་ཡིག་བཞོན་
པ་འདི་འདྲ་བཟང་། །དེ་ཕྱིར་ཐར་འདོད་རྣམས་ལྟ་ཅི། །འཇིག་རྟེན་ལུགས་ལ་འཇུག་རྣམས་ཀྱང་། །ཚུལ་འདི་སྙིང་གི་བདུད་རྩི་རུ། །ངེས་པས་ལེགས་པར་བསྟེན་འཚལ་ལོ། །དེ་ལྟར་བརྡ་དག་བསྟན་བཅོས་གཞུང་། །ཨུ་དུམ་ཝ་རའི་སྐྱེད་ཚལ་ལས། །ཉེར་མཁོའི་དག་ཡིག་པད་དཀར་གྱི། །ཆུན་པོ་ཅུང་ཞིག་བླངས་འདི་ནི། །དཔལ་ལྡན་མི་དབང་བཤད་སྒྲ་བའི། །བཀའ་ལུང་དོ་ཤལ་ཐོད་བཅིངས་ཏེ། །རང་ལོ་ཉེར་དགུ་ཆུ་སྤྲེལ་ལོར། །གཏེར་ཁོག་མཁན་ལྗོངས་དགའ་ཚལ་དུ། །པད་བཀོད་བློ་གསལ་མང་བསྡུས་ནས། །འབྲི་ཀློག་བསླབ་གྲྭ་གསར་འཛུག་གི ། དགེ་རྒན་སྲི་ཞུ་ལྷུར་ལེན་སྐབས། །བློ་གྲོས་གསར་བུའི་བྱིས་རྣམས་ཀྱི། །རྣ་བའི་རྒྱན་དུ་སྒྲུབས་ཤིག་ཅེས། །དོན་གཉེར་ཅན་འགས་བསྐུལ་བ་བཞིན། །གོ་བར་སླ་ཞིང་འཇུག་བདེ་བར། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །བསོད་ནམས་ཉིན་མོར་བྱེད་པའི་འོད། །འགྲོ་བློའི་པད་ཚལ་ལ་ཕོག་པས། །ཤེས་རབ་འདབ་རྒྱ་ཡོངས་གྲོལ་ཏེ། །རྣམ་གྲོལ་གེ་སར་འཛུམ་བྱེད་ཤོག །ཤྲཱི་བི་ཛ་ཡནྟུ། །སརྦ་དཱ་མངྒ་ལཾ།། །།
བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོ་ཡི་གེ་ཀློག་ཚུལ་གྱི་རྣམ་བཞག་ཤེས་བྱའི་སྒོ་འབྱེད།
༄༅། །བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོ་ཡི་གེ་ཀློག་ཚུལ་གྱི་རྣམ་བཞག་ཤེས་བྱའི་སྒོ་འབྱེད་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། ཀུན་མཁྱེན་ཡེ་ཤེས་རྒྱ་མཚོའི་མཛོད། །བླ་མ་འཇལ་དཔལ་དཔའ་བོ་ལ། །གུས་པས་བཏུད་ནས་གངས་ཅན་པའི། །ཡི་གེའི་ཀློག་ཚུལ་མདོ་ཙམ་དབྱེ། །གང་འདིར་སློབ་དཔོན་སོ་སོ་ཡི། །བཞེད་ཚུལ་དབྱེ་བ་མང་མཆིས་ཀྱང་། །དངོས་དོན་གོ་སླ་འཛིན་བདེའི་ཕྱིར། །རྣམ་གྲངས་གསུམ་དུ་དྲིལ་ཏེ་འཆད། །༈ དང་པོ་ཡི་གེའི་སྐྱེ་གནས་ལ། །མགྲིན་པའི་གནས་ལས་སྐྱེས་པ་ཡི། །གསལ་བྱེད་ཡི་གེ་འབྲུ་བདུན་ཏེ། །ཀ་ཁ་ག་ང་འ་ཧ་ཨ། །རྐན་ལས་སྐྱེས་པའི་ཡི་གེ་ནི། གསལ་བྱེད་
འབྲུ་བཅུ་དབྱངས་ཡིག་གཉིས། །ཅ་ཆ་ཇ་ཉ་ཙ་ཚ་ཛ། །ཞ་ཡ་ཤ་དང་ཨི་ཨེའོ། །སོ་ལས་སྐྱེས་པའི་ཡིག་འབྲུ་བདུན། །ཏ་ཐ་ད་ན་ཟ་ལ་ས། །མཆུ་ལས་སྐྱེས་པའི་ཡི་གེ་ལ། །གསལ་བྱེད་འབྲུ་ལྔ་དབྱངས་ཡིག་གཉིས། །པ་ཕ་བ་མ་ཝ་ཨུ་ཨོ། །སྤྱི་བོའམ་ལྕེ་རྩེའི་སྟེང་ཕྱོགས་ནས། །སྐྱེས་པའི་ཡིག་འབྲུ་གཅིག་སྟེ་རའོ། །དེ་ལས་ང་ཉ་བ་མ་བཞི། །རང་རང་སྐྱེ་གནས་ཙམ་མ་ཟད། །སྣ་སྒྲའང་ཅུང་ཟད་ལྡན་པ་ཡིན། །༈ གཉིས་པ་ཡི་གེའི་བྱེད་པ་ནི། །མགྲིན་དང་མཆུ་ལས་སྐྱེས་པ་རྣམས། །རང་
རང་གནས་ཀྱི་བྱེད་པ་ཅན། །རྐན་བྱུང་རྣམས་ནི་ལྕེ་དབུས་དང་། །སོ་ལས་བྱུང་རྣམས་ལྕེ་ཡི་རྩེ། །ར་ནི་ལྕེ་རྩེ་ར་ཉེ་བའོ། །༈ གསུམ་པ་རྩོལ་བའམ་བརྗོད་ཚུལ་ལ། །ཕྱི་ཡི་རྩོལ་བ་ཅན་ཞེས་པ། །ཕྱི་རུ་སྒྲ་འབྱིན་བྱེད་རྩོལ་ཏེ། །དེ་ལའང་ཆེ་ཆུང་དབྱེ་བ་ཡིས། །ག་ང་ཇ་ཉ་ད་ན་དང་། །བ་མ་ཛ་ཝ་འ་ཡ་ར། །ལ་ཧ་ཨ་ཨི་ཨེ་ཨོ་རྣམས། །རྩོལ་བ་ཆེ་བས་སྒྲ་ལྡན་འབོད། །ཀ་ཁ་ཅ་ཆ་ཏ་ཐ་པ། །ཕ་ཙ་ཚ་ཞ་ཟ་ཤ་ས། །རྩོལ་བ་ཞན་ཕྱིར་སྒྲ་མེད་དོ། །གཞན་ཡང་སྒྲ་ཉིད་ཕྱིར་དབྱུང་ཚེ། །དབུགས་ནི་ཆེ་ཆུང་ཁྱད་བར་གྱིས། ཁ་ཆ་ཐ་ཕ་ཚ་ཞ་ཤ། །ས་ཧ་ཨ་ཨི་ཨུ་ཨེ་ཨོ། །འདི་རྣམས་ལ་ནི་སྲོག་ཆེན་དང་། །ལྷག་མ་རྣམས་ནི་སྲོག་ཆུང་ངོ་། །དེ་ལས་ཁ་བཤ་ས་ཧ། །བརྗོད་ཚེ་དབུགས་རོ་དྲོ་བའང་ཡིན། །ནང་གི་རྩོལ་བའི་ཁྱད་པར་ནི། །ཨ་ཡིག་མ་གཏོགས་སྲོག་ཆེན་རྣམས། །མགྲིན་པ་གདངས་ནས་བརྗོད་དགོས་ཕྱིར། །ཕྱེ་བའི་རྩོལ་བ་ཅན་ཡིན་ཏེ། །ཨ་ཡིག་མ་ཕྱེ་བཙུམ་པར་བརྗོད། །ཝ་མ་གཏོགས་པའི་སྡེ་པ་ལྔ། །ཡི་གེའི་གནས་རྣམས་འདྲ་འཕྲོད་ཀྱི། །རྩོལ་བ་ཆེ་ཕྱིར་རྩོལ་བ་ཅན། །ཡ་ར་ལ་ཝ་རྣམས་ལྷོད་ཕྱིར། ཅུང་
ཟད་ཕྲད་པའི་རྩོལ་བ་ཅན། །དེ་རྣམས་སོ་སོར་ཀློག་པའི་ཚེ། །གནས་དང་བྱེད་རྩོལ་སོ་སོ་དང་། །མཐུན་པ་ཉིད་དུ་བཀླག་བྱ་ཞིང་། །ཡང་ན་གསལ་བྱེད་ཀ་ལྟ་བུ། །མགྲིན་པའི་སྐྱེ་གནས་ཅན་ལ་ཡང་། །དབྱངས་ཡིག་ཨི་སྦྱར་གི་གུ་ཅན། །བཀླགས་པའི་ཚེ་ན་རྐན་བྱུང་གི། །ཀློག་ཚུལ་ལྡན་སོགས་ཤེས་པར་བྱ། །སྦྱོར་ཀློག་སྐབས་སུ་འཕུལ་བརྟེན་དང་། །མགོ་སོགས་སོ་སོའི་སྒྲ་འདོན་ཚུལ། །རྗེ་བཙུན་རྩེ་མོའི་གསུང་ལྟར་ཏེ། །གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་དབྱུང་། །ར་མགོ་ཅན་ལ་ལྕེ་རྩེ་འདར། །ལ་མགོ་ལྕེ་རྩེ་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མ་ཕྱིན་གྱུར་པ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བྱ། །དཔེར་ན་གྲ་ལ་ག་རའམ། །སྒྲ་ལ་སྒ་ར་ཇི་བཞིན་བཀླག །གས་འཕུལ་ཐོག་མར་རྐན་ནས་དབྱུང་། དས་འཕྲུལ་ལྕེ་རྩེ་ཀློད་པ་ལས། །བ་མས་འཕུལ་བ་ཐོག་མར་ནི། །མཆུ་བཙུམ་པ་ལ་ཁྱད་པར་སྣ། །འས་འཕྲུལ་གྲེ་བའི་ཕུག་ནས་དབྱུང་། །འཕུལ་ཞིང་བརྩེགས་པའི་ཡི་གེ་ཡང་། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །
འདི་ཡང་ཕྲལ་ཞིང་བཀླག་པར་གསུངས། །གང་ཡང་ཀློག་པའི་སྐབས་ཀུན་ཏུ། །འཕུལ་བརྟེན་སོགས་ཀྱི་སྒྲ་ཟུར་རྣམས། །འཕུལ་ཅན་རྣམས་ལ་འཕུལ་བྱེད་ཀྱི། །ཡི་གེ་རང་རང་སྐྱེ་གནས་དང་། །མཐུན་པའི་སྒྲ་ཉིད་ཐོག་མར་དབྱུང་། །མགོ་ཅན་དང་ནི་འདོགས་ཅན་རྣམས། །སོ་སོའི་གནས་དང་མཐུན་པ་ཡི། །རང་སྒྲ་ཐོན་ཙམ་མྱུར་བར་བཀླག །དེ་ལས་འ་མཐའ་ཅན་ཕལ་ཆེར། །མཐའ་རྟེན་སྒྲ་ཉིད་ཆེར་མི་གསལ། །དེ་མ་གཏོགས་པའི་མཐའ་རྟེན་ཅན། །ཡང་འཇུག་མེད་པ་རྣམས་ལ་ནི། །སོ་སོའི་གནས་མཐུན་སྒྲ་རྗེས་དབྱུང་། །ཡང་འཇུག་ས་ཡིག་ཅན་རྣམས་ལ། །ས་སྒྲ་དངོས་སུ་མི་གསལ་ཡང་། །སྒྲ་དེ་འབྱུང་བར་ཉེ་ལྟར་བཀླག །ད་ཡིག་ཡང་འཇུག་ཅན་རྣམས་ནི། །རྗེས་འཇུག་སྔ་མའི་སྒྲ་དེའི་མཐར། །ད་སྒྲ་འབྱུང་ལ་ཁད་ཙམ་དུ། །སྒྲ་ཉིད་མནན་པ་ལྟ་བུར་བཀླག །ཇི་ལྟར་བཀླག་པའི་ཚུལ་ལ་ཡང་། །དང་པོ་ང་རོ་རྣམས་དང་ནི། །དེ་ནས་སྦྱོར་ཀློག་ལ་འཇུག་བྱ། །མ་ནོར་དག་ཅིང་གསལ་བའི་ངག །རིགས་འདྲའི་སྒྲ་ཤན་མ་ཤོར་བར། །ཤིན་ཏུ་བྱང་བར་ཀློག་པ་གཅེས། །ཚུལ་བཞིན་རིག་པའི་གདོན་པ་པོའོ། །བརྗོད་སྒྲ་གང་ཡང་ཕ་རོལ་པོས། །
ཐོས་ཙམ་ཉིད་ནས་དེ་ཡི་དོན། །མ་འདྲེས་གོ་ཞིང་རྟོགས་པར་འགྱུར། །འདིར་བསྟན་ཡི་གེའི་བཀླག་ཚུལ་ནི། །བོད་ཡིག་ཁོ་ནའི་དབང་བྱས་ཀྱི། །ཁྱད་པར་སྔགས་ཀྱི་བཀླག་ཐབས་སོགས། །འདི་རུ་མ་སྤྲོས་གཞན་ལས་ལོངས། །ཇི་སྙེད་ཤེས་བྱར་འཇུག་པའི་སྒོ། །ཐོག་མའི་ལམ་ཆེན་འདི་ཡིན་ཕྱིར། །ཀུན་ལ་རླུང་ལྟར་གྲགས་མོད་ཀྱང་། །ཚུལ་བཞིན་ཀློག་པ་ཤིན་ཏུ་དཀོན། །དེང་སང་སྐྱེ་བོ་ཕལ་ཆེར་ནི། །གྲགས་པ་ཁོ་ནའི་རྗེས་འགྲོ་ཞིང་། །ཤེས་ལོ་ཙམ་གྱིས་ཡིད་མགུ་ན། །ཀློག་དོན་ཞིབ་ཏུ་སུ་ཞིག་འཚོལ། །དེས་ན་འདི་ལྟས་ཕན་དཀའ་ཡང་། །རང་གི་སློབ་བུས་བསྐུལ་ཕྱིར་དང་། །འགའ་ལ་དྲན་གསོར་འགྱུར་སྙམ་ནས། །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །ཅུང་ཟད་འབད་པའི་བསོད་ནམས་གང་། །འགྲོ་བ་རྣམས་ཀྱི་ཡོངས་ཐོབ་ནས། །ཀུན་ཀྱང་ཐམས་ཅད་མཁྱེན་པའི་གཏེར། །སྨྲ་བའི་སེང་གེ་ཉིད་འགྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
སྔགས་ཀྱི་ཀློག་ཐབས་ཤེས་རབ་མིག་འབྱེད།
༄༅། །སྔགས་ཀྱི་ཀློག་ཐབས་ཤེས་རབ་མིག་འབྱེད་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། རྒྱལ་ཀུན་གསུང་གི་རྡོ་རྗེ་ནི། །འགྲོ་ལ་རྗེས་ཆགས་སེམས་དཔའི་ཚུལ། །འཇམ་དཔལ་བློ་ལྡན་མཆོག་སྲེད་དང་། །གཉིས་མིན་ཁྱབ་བདག་བླ་མར་འདུད། །ཇི་སྙེད་ལས་དང་དངོས་གྲུབ་རྣམས། །འབྱུང་ཁུངས་སྔགས་ཀྱི་མན་ངག་གང་། །ཚུལ་བཞིན་ཀློག་པའི་ཐབས་ཚུལ་ནི། །མདོར་བསྡུས་རྣམ་གསལ་འདི་རུ་འཆད། །དེ་ཡང་ཡི་གེའི་ངོ་བོ་ལ། །ཨ་ལི་དང་ནི་ཀ་ལི་གཉིས། །ཨ་ལི་ཡིག་འབྲུ་བཅུ་བཞི་ལ། །[ཨ་ཨཱ་ ཨི་ཨཱི་ ཨུ་ཨཱུ་ རྀ་རཱྀ་ ལི་ལཱྀ་ ཨེ་ཨཻ་ ཨོ་ཨཽ།] ཀ་ལི་སུམ་ཅུ་རྩ་གསུམ་མོ། །[ཀ་ཁ་ག་གྷ་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་
ཧ།] དེ་ལ་ཕོ་མོ་མ་ནིང་གསུམ། །ཕ་ཡི་ཡིག་འབྲུ་ཉི་ཤུ་བརྒྱད། །[ཀ་ཁ་ག་གྷ། ཙ་ཚ་ཛ་ཛྷ། ཊ་ཋ་ཌ་ཌྷ། ཏ་ཐ་ད་དྷ། པ་ཕ་བ་བྷ། ཡ་ར་ལ་ཝ། ཤ་ཥ་ས་ཧ།] མོ་ཡི་ཡིག་འབྲུ་བཅུ་ཐམ་པ། །[ཨ་ཨཱ་ ཨི་ཨཱི་ ཨུ་ཨཱུ་ ཨེ་ཨཻ་ ཨོ་ཨཽ།] མ་ནིང་གི་ནི་ཡིག་འབྲུ་དགུ། །[ང་ཉ་ན་ཎ་མ། རྀ་རཱྀ། ལི་ལཱྀ།] དེ་རྣམས་ཁམས་ནི་གང་ཞིག་གིས། །བསྡུས་ཤིང་ཇི་ལྟར་སྐྱེ་བའི་ཚུལ། །ཨ་ཨཱ་ཀ་ཁ་ག་གྷ་ང་། །ཧ་ྈྐ་འབྱུང་ཆེན་ནམ་མཁའི་ཁམས། །མགྲིན་པའི་གནས་ལས་སྐྱེ་བ་ཡིན། །ཨི་ཨཱི་ཙ་ཚ་ཛ་ཛྷ་ཉ། །ཡ་ཤ་རྣམས་ནི་རླུང་གི་ཁམས། །ལྕེ་རྩེ་སོ་རྐན་དག་ལས་སྐྱེ། །ཨུ་ཨཱུ་པ་ཕ་བ་བྷ་མ། ཝ་དང་ཉྤ་ནི་ཆུ་ཡི་
ཁམས། མཆུ་ཡི་གནས་ལས་སྐྱེ་བ་ཡིན། །རྀ་རཱྀ་ཊ་ཋ་ཌ་ཌྷ་ཎ། ར་ཥ་རྣམས་ནི་མེ་ཡི་ཁམས། །སྤྱི་བོའི་གནས་ལས་སྐྱེ་བ་ཡིན། །ལྀ་ལཱྀ་ཏ་ཐ་ད་དྷ་ན། །ལ་དང་ས་རྣམས་ས་ཡི་ཁམས། ལྕེ་རྩེ་སོ་ལས་སྐྱེ་བོ་ཡིན། །འབྱུང་བ་ཆུང་བ་སྡེ་ལྔ་ཡང་། །ཀ་ཙ་ཊ་ཏ་པ་རྣམས་ས། །བོད་ཡིག་ཅ་ཆ་ཇ་ཡང་ས། །ཁ་ཆ་ཋ་ཐ་ཕ་རྣམས་ཆུ། །ག་ཛ་ཌ་ད་བ་རྣམས་མེ། །གྷ་ཛྷ་ཌྷ་བྷ་རྣམས་རླུང་། །ང་ཉ་ཎ་ན་མ་ར་མཁའ། །བོད་ཡིག་ཞ་ཟ་འ་ཡང་མཁའ། །གསང་སྔགས་སྙིང་པོ་གང་ལའང་། ཨོཾ་དང་ན་མོ་ཏདྱ་ཐཱ། །སྤངས་པའི་མིང་གི་ཐོག་མ་དང་། །རང་གི་མིང་ཐོག་བཟུང་བར་བྱ། །[དཔེར་ན་ཨོཾ་ཨ་ར་པ་ཙ་ན་དྷིཿལྟ་བུ་ལ། ཨོཾ་དོར་བའི་ཨ་དེ་ཉིད་སྔགས་ཀྱི་མིང་གི་ཐོག་མ་དང་། །ངག་དབང་ལྟ་བུ་ལ་ང་ཉིད་སྒྲུབ་པ་པོ་རང་གི་མིང་གི་ཐོག་མར་བཟུང་། མཆན།] གསལ་བྱེད་བརྩེགས་སམ་[རང་གི་མིང་རྒྱལ་མཚན་དཔལ་ལྟ་བུ་ལ་ར་ཉིད་ཐོག་མའི་ཡི་གེར་བཟུང་།] འཕུལ་བཞག་ཡོད། །[བསོད་ནམས་ལྟ་བུ་ལ་བ་ཉིད་ཐོག་མའི་ཡི་གེར་བཟུང་ཞིང་། ཡང་འཕུལ་བརྩེགས་མེད་པ་ཚེ་དབང་ལྟ་བུ་ལ་ཐོག་མའི་ཡི་གེ་ཚ་ཉིད་བཟུང་།] དང་པོའི་ཡི་གེ་སྦྱར་བར་བྱ། །[ཡི་དམ་གྱི་སྔགས་ཀྱི་ཐོག་མ་ལ་ཡོད་པའི་གསལ་བྱེད་ཀྱི་ཡི་གེ་དེ་དང་རང་གི་མིང་གི་ཡི་གེ་ཐོག་མ་ཉིད་སྦྱར། །]གསལ་བྱེད་དགྲར་གྱུར་ནད་མང་ཞིང་། །[ལྷའི་སྔགས་ཀྱི་ཐོག་མའི་གསལ་བྱེད་ཀྱི་ཡི་གེ་དང་རང་གི་མིང་གི་ཡི་གེའི་ཐོག་མའི་ཁམས་གཉིས་དགྲར་
གྱུར་ན་ནད་མང་།] དབྱངས་ཡིག་དགྲར་གྱུར་སྲོག་དང་བྲལ། །[ཨ་ཨཱ་སོགས་ཡི་དམ་གྱི་སྙིང་པོའི་སྔགས་ཀྱི་ཐོག་མ་ལ་ཡོད་པའི་དབྱངས་ཀྱི་ཡི་གེ་དེ་རང་མིང་གི་ཐོག་མའི་ཁམས་གཉིས་དགྲར་གྱུར་ན་སྒྲུབ་པ་པོའི་སྲོག་དང་བྲལ་བར་བཤད་དེ། དེའི་རྒྱུ་མཚན་གསལ་བྱེད་ལུས་དང་དབྱངས་ཡིག་སྲོག་ཏུ་བརྡ་སྤྲོད་པ་རྣམས་ཀྱིས་ངོས་འཛིན་པའི་ཕྱིར། །]དེ་ཕྱིར་དགྲ་གྲོགས་བརྩི་བ་གཅེས། །[འབྱུང་ཆེན་གྱི་དགྲ་གྲོགས་ཁེ་ཉེན་ཆེ་ཞིང་། འབྱུང་ཆུང་རྣམས་ནུས་པ་ཆུང་བར་འདོད།] ས་དགྲ་མེ་ཡི་ན། [མེས་ས་འཚིག་པར་བྱེད་པས་ན།] མེ་དགྲ་ཆུ། །[ཆུས་མེ་གསོད་པར་བྱེད་པས་ན།] ཆུ་དགྲ་རླུང་ཡིན་[རླུང་གིས་ཆུ་སྐོར་བས་ན།] རླུང་དགྲ་ས། །[སས་རླུང་འགགས་བར་བྱེད་པས་ན།] ས་ནི་མེ་ལ་ནུས་པ་མེད་དེ། །མེ་ནི་ཆུ་ལ་ནུས་པ་མེད། །ཆུ་ནི་རླུང་ལ་ནུས་མེད་དེ། །རླུང་ནི་ས་ལ་ནུས་པ་མེད། །ནུས་མེད་གྱུར་ན་འབྲས་བུ་མེད། །གྲོགས་སུ་གྱུར་ན་དངོས་གྲུབ་ཐོབ། །ས་ཆུ་ཕན་ཚུན་གྲོགས་པོ་ཡིན། །[ཆུ་ས་ལ་བརྟེན་པས་ན།] མེ་རླུང་ཕན་ཚུན་གྲོགས་པོ་ཡིན། །[རླུང་གིས་མེ་སྦར་བས་ན།] ནམ་མཁའ་ཀུན་གྱི་གྲོགས་ཡིན་ཏེ། །[སོ་སོའི་དགྲ་རྣམས་ཐུབ་པས་ན།] ཀུན་ཀྱང་ནམ་མཁའི་གྲོགས་པོ་ཡིན། །[ནང་འཕྲད་རྣམས་ཀྱང་གྲོགས་པོ་ཡིན།] དེ་ལྟར་དགྲ་གྲོགས་ཤེས་པ་ཡིས། །སྔགས་ཀྱི་ཀློག་ཚུལ་འདི་ལྟ་སྟེ། །ཨ་ཨི་ཨུ་རྀ་ལྀ་རྣམས་ནི། །ཡི་གེ་ཐུང་བ་ཉིད་ཀྱི་
ཕྱིར། །སེ་གོལ་གཅིག་གི་ཡུལ་དུ་བཀླག །ཀ་ཀུ་ཀྲྀ་ཀླྀ་ནས་བཟུང་སྟེ། །ཀྵ་ཀྵེ་ཀྵི་ཀྵུ་ཀྵྼྀ་ཀྵླྀ་བར། །རིང་བ་ཉིད་ཕྱིར་གཉིས་ཡུན་བཀླག །ཨཱ་ཨཱི་ཨཱུ་རཱྀ་ལཱྀ་ཨཻ་ཨཽ། །ཀཱ་ཀཱི་ཀྵཱུ་ནས་ཀྵཱ་ཀྵཱིའི་བར། །ཤིན་ཏུ་རིང་ཕྱིར་གསུམ་ཡུན་བཀླག །འགྲེང་བུ་ན་རོ་ཡོད་གྱུར་ན། །རིང་པོ་ཉིད་ཕྱིར་འ་འདོགས་འཕྲི། །[ཨོཾ་ཏྲཻ་ཀོ་ལ་སོགས་པ་རིང་པོའི་བརྡ་ལ་འ་འདོགས་སྤང་།] མིང་གི་ཐོག་མར་སྡེ་པ་ནི། །གསུམ་པ་འས་འཕུལ་ཡོད་བཞིན་བཀླག །ག་ཛ་ཌ་ད་བ། [འགའ་འཛའ་འདྲ་འདའ་འབའ།] དེ་རྣམས་ར་མགོ་ལྡན་གྱུར་ན། །ཅུང་ཞིག་དྲག་པོའི་ཚུལ་དུ་བཀླག །རྒ་རྫ་རྜ་རྡ་རྦ། [ལྕེ་རྩེ་ནས་དྲག་པོར་བརྗོད།] དབུས་མཐར་ཡོད་པ་བོད་དང་མཚུངས། །བཞི་པ་གྷ་ཛྷ་ཌྷ་དྷ་བྷ། །དེ་རྣམས་ཧ་སྒྲ་ལྡན་པར་བཀླག །[ཤུགས་ཀྱིས་ཧ་སྒྲ་ཅུང་ཞིག་ལྡན་པ་ཙམ་ལས་ཧ་ལོགས་སུ་ཕྲལ་ཏེ་བཀླག་པ་མིན།] ། ལོག་སྡེ་ཊ་ཋ་ཌ་ཌྷ་ཎ། །དེ་རྣམས་ལྕེ་རྩེ་རྐན་སྦྱར་ཏེ། །སྡིག་གིས་བསྐྱུར་བའི་ཚུལ་གྱིས་བཀླག །ཥ་ནི་ཁ་དང་རྗེས་མཐུན་པར། །རྐན་གྱི་བུག་ནས་སྟོངས་ཀྱིས་འདོན། །[མི་གསལ་བའི་ཚུལ་གྱིས་བརྗོད།] ཀྵ་ནི་ཁྱ་དང་ཆ་མཐུན་ཙམ། ཛ་ལ་ཉ་བཏགས་འགྱའམ་གཉའ། །[འདི་ལ་རྒྱ་གར་ཤར་ཕྱོགས་པས་འགྱ་རུ་ཀློག་ཅིང་། ནུབ་ཕྱོགས་ཁ་ཆེ་བས་གཉའ་རུ་ཀློག་པ་ཡིན།] གསལ་བྱེད་མི་འདྲ་དུ་མ་བརྩེགས
ཧྐྵྨླྺྲྻོཾ་ རང་སྒྲ་ཐོན་ཙམ་མྱུར་བར་བཀླག །[ཧ་ཁྱ་མ་ལ་ཝ་ར་ཡང་།] དབྱངས་དང་ང་རོ་འོག་མས་དབང་། ཀྵྨྼྻུཾ་ [ཁྱ་མ་ར་ཡུང་།] འདྲ་བའི་གསལ་བྱེད་བརྩེགས་གྱུར་ནས། ཀྐ་སྶ་ཏྟ་ལ་སོགས་པ་ཡི། གོང་ན་ཡི་གེ་གཞན་མེད་ན། །ཁ་ཁེངས་མཐོན་པོའི་གདངས་ཀྱིས་བཀླག །[ཤིན་ཏུ་རིང་པོའི་ཚུལ་གྱིས།] བརྩེགས་པའི་ཐོག་མ་གོང་མས་དབང་། དེ་འོག་རྣམས་ནི་དཀྱུས་སུ་བཀླག །ཏི་ཥྛ་ཤ་ལོག་ས་ལྟར་བཀླག །[ཏིས་ཁྲ།] པཉྩ་ཉ་ཉིད་ན་ལྟར་བཀླག [། པན་ཙ།] ན་མཤྩཎྜ་ཨུཥྞི་ལ། །[ན་མས་ཙན་ཌ་ཨུས་ཎི།] ཀ་ནི་ག་དང་ཙ་ཚ་ཛ། །ཊ་ཌ་ཏ་རྣམས་ད་རུ་བཀླག །ཙཀྵུ་[ཙག་ཁྱུ།] ཀྲ་ཀུཙྪིནྡྷ་[ཀྲ་ཀུད་ཚིན་དྷ།] པྲཛྙཱ་[པྲད་ཉ།] ཏིཊྚ་[ཏིད་ཀྲ།] ཥཌྒ་[ཁད་འགའ།] ཏཏྟ་[ཏད་ཏ།] ཨཊྚྷི་[ཨད་ཏྲ་ཧི།] པ་ཡིག་རྣམས་ནི་བ་རུ་བཀླག །ཏྲིཤྚུཔྖུ་ཡ། [ཏྲི་ཊུབ་ཚུ་ཡ།] གྷ་ཛྷ་ཌྷ་དྷ་བྷ་རྣམས་ནི། །ཡི་གེ་གཉིས་སུ་འདོད་པ་འཁྲུལ། །[རྒྱ་གར་གྱི་ཡི་གེ་ལ་ཡི་གེ་རེ་རེ་ཡིན་པས་སོ། །]དེ་བཞིན་དབྱངས་ཀྱི་རཱྀ་ལཱྀ་གཉིས། །ར་དང་ལ་རུ་འདོད་པ་འཁྲུལ། །རྣམ་བཅད་ཕལ་ཆེར་ས་རུ་བཀླག །ཡང་ན་དྲག་པོར་བཅད་དེ་བཀླག །ན་མཿཤཱཀྱ་མུ་ན་ཡེ། [ན་མས་ཤག་ཀྱ་མུ་ནེ་ཡེ།] བྷྱཿཕཊཿ[བྷ་ཡས་ཕཊ།] རྗེས་སུ་ང་རོའི་སྡེ་པ་ནི། །རང་
རང་སྡེ་པའི་ལྔ་པར་བཀླག །ཡ་སོགས་བརྒྱད་ལ་ང་རུ་བཀླག །ཀཾ་ཁཾ་གཾ་གྷཾ་ངཾ་། [ཀང་ཁང་གང་གྷང་དང་།] ཙཾ་ཚཾ་ཛཾ་ཛྷཾ་ཉཾ། [ཙཉ་ཚཉ་ཛཉ་ཛྙཉ་ཉཉ།] ཏཾ་ཐཾ་དཾ་དྷཾ་ནཾ། [ཏན་ཐན་དན་དྷན་ནན།] ཊཾ་ཋཾ་ཌཾ་ཌྷཾ་ཎཾ། [ཊན་ཋན་ཌན་ཌྷན་ཎན།] པཾ་ཕཾ་བཾ་བྷཾ་མཾ། [པམ་ཕམ་བམ་བྷམ་མམ།] ཡཾ་རཾ་ལཾ་ཝཾ་ཤཾ་ཥཾ་སཾ་ཧཾ། [ཡང་རང་ལང་ཝང་ཤང་ཁང་སང་ཧང་།] ཤད་ཀྱིས་ཆོད་ན་རང་ཉིད་བརྩི། །ཤད་མེད་ན་ནི་འོག་མ་བརྩི། །ཡང་ན་སྡེ་ལྔའི་ཟླ་ལ་སྦྱར། །[ཧ་ཀ་སྡེའི་ནང་དུ་གཏོགས་པས་ཧའི་ཀླད་ཀོར་ཧང་ལྟ་བུར་བཀླག །དེ་བཞིན་དུ་ཡཾ་ཤཾ་གཉིས་ཚ་སྡེ་ཡཉ་ཤཉ། རཾ་ཥཾ་གཉིས་ཊ་སྡེ་རཎ་ཁཎ། ལཾ་སཾ་གཉིས་ཏ་སྡེ་ལན་སན། པཾ་བཾ་གཉིས་ས་སྡེའི་ནང་དུ་གཏོགས།] ཨོཾ་[ཨོམ།] ཧཱུཾ་[ཧཱུང་།] ལྕེ་རྩ་ཅན་དང་མཆུ་ཅན་ནི། ྈྐ ྈྑ གྤཀྥ། ཨ་ཀ་ཨ་ཁ་ཞེས་པའམ། །ཀོ་ཝ་ཁོ་ཝ་ཞེས་པར་བཀླག །[ཨ་ཀ་ཨ་ཁ་དང་ཨ་པ་ཨ་ཕ་ཞེས་ཀླུ་སྒྲུབ་ཀྱི་ལུགས་དང་། ཡང་ན་ཀོ་ཝ་ཁོ་ཝ་དང་པོ་ཝ་ཕོ་ཝ་ཞེས་པཎྜི་ཏའི་མན་ངག་ལུགས་གཉིས་གང་བདེར་བཀླག །]ཡ་བཏགས་ཕལ་ཆེར་འགྲེང་བུ་ནི། །ཡ་སྒྲ་ཅུང་ཞིག་ལྡན་པར་བཀླག །གརྒྱ་[གར་གེ་ཡེ།] ཨེ་ཧྱ་ཧི། [ཨེ་ཧ་ཡེ་ཧི།] ཀ་ཁའི་ཡ་བཏགས་བོད་བཞིན་བཀླག །[ཤཱཀྱ་སྭཱ་ཁྱ་ཞེས་པ་ལྟ་བུ།] ར་ལ་ཡ་བཏགས་ཡོད་པ་ནི། །ར་ཉིད་གོང་མའི་ཡི་གེར་སྦྱར། །ཨཱརྱ་[ཨཱར་ཡ།] ཝ་བཏགས་ཕལ་ཆེར་ན་རོ་ནི། །ཝ་སྒྲ་ཅུང་ཞིག་ལྡན་པར་བཀླག །སཏྭ་[སཏོ་ཝ།]
ཀ་སོགས་སྲོག་ཏུ་རྀ་ལྀ་ཞུགས། །གི་གུ་ཕྱིར་ནི་ལོག་བྱུང་ན། །ཀྲྀ་ཀླྀ་[ཀི་རི་ཀི་ལི་ཞེས་པར་བཀླག །]ཀ་སོགས་ར་དང་ལ་བཏགས་ནས། །གི་གུ་ཕྱིར་ནི་མ་ལོག་ན། །ཀྲི་ཀླི་[ཀ་རི་ཀ་ལི་ཞེས་པར་བཀླག །]ཨཻ་དང་ཨཽ་ཡི་ཀློག་ཚུལ་ནི། །ཨེ་ཨི་ཨོ་ཨུ་ཞེས་པར་བཀླག །ཀཻ་ཀཽ་[ཀེ་ཨི་ཀོ་ཨུ།] འགྲེང་བུ་གཉིས་བརྩེགས་བྱུང་བ་ན། །གཅིག་ནི་འོག་མའི་གི་གུ་ཡིན། །ཨྨཻ་[ཨེ་མི་ལྟ་བུ།] ན་རོ་གཉིས་བརྩེགས་བྱུང་བ་ན། །གཅིག་ནི་འོག་མའི་ཞབས་ཀྱུ་ཡིན། །ཨྨཽ་[ཨོ་མུ་ལྟ་བུ། །]ཞབས་ཀྱུ་གཉིས་བརྩེགས་བྱུང་བ་ཡིན། གཅིག་ནི་གོང་མའི་ན་རོ་ཡིན། །སྐྨུུ་[སྐོ་མུ་ལྟ་བུ།] ཡ་བཏགས་གཉིས་བརྩེགས་བྱུང་བ་ན། །གཅིག་ནི་རང་སྦྱར་གཅིག་ནི་ཕྲལ། །ཀྱྱ་ཁྱྱ་[ཀྱ་ཡ་ཁྱ་ཡ་ལྟ་བུ།] ར་བཏགས་གཉིས་བརྩེགས་བྱུང་བ་། །གཅིག་ནི་རང་སྦྱར་གཅིག་ནི་ཕྲལ། །ཀྲྲ་ཁྲྲ་[ཀྲ་ར་ཁྲ་ར་ལྟ་བུ།] འོག་མའི་བུ་གསུམ་སྟེང་མའི་དབང་། །གྟྷཱྱྲུྃ [གྱ་ཏྲ་ཧཱུང་ལྟ་བུ།] གཅིག་ལ་འོག་ཏུ་བརྩེགས་པ་ན། །ཕྲལ་ལ་ཞབས་ཀྱུ་གོང་མར་སྦྱར། །ཨྲྱུ་ [ཨུ་ར་ཡ་ལྟ་བུ།] གི་གུ་ཕྱིར་ལོག་གཉིས་ཀྱི་ཚེ། །ཀྲྀ་ཨྱྀ་སྠྀ། [ཀི་རི་ཨི་ཡི་སི་ཐི་ལྟ་བུ།] སྔགས་ལ་ཡི་གེ་སྦྲེལ་བྱུང་ན། །སྟེང་བུ་ན་རོ་འོག་སྐལ་བཀླག །བྷི་བྷྱེ་ཀྴཱྟོ་ཐྱཾ། [བ་ཧི་བྷ་ཡེ་
གཤའ་ཏོ་ཐ་ཡང་ལྟ་བུ།] འོག་མའི་ཡི་གེ་བུ་གསུམ་པོ། །སྟེང་མའི་གཤམ་དུ་བཏགས་ལ་བཀླག །ཨྱུ་མྟྱ་པྫྙཱྲ་[ཨུ་ཡ་མྱ་ཏ་པྲད་ཉ་ལྟ་བུ།] བྲྨྣི་[བ་ར་མ་ནི།] གརྫེ་[གར་ཛེ།] པྲྶེནྟྲ་[པྲ་སེན་ཏ་རེ།] ངྷྱོོ་[ངྷ་ཡོ་འུ།] བྷྲཽ་[བྷ་རོ་ཨུ།] བྷྲྷིཾ་[བྷ་ར་ཧིང་།] བྱཉྫ་[བ་ཡན་ཛ།] བྷཻ་ཥ་ཛྱ་[བྷེ་ཨེ་ཁ་ཛེ་ཡེ།] པྲྨྻུཾ་[པྲ་མ་ཡུང་།] བི་ངྷྱུ་[འབི་ངྷ་ཡུ།] བྷྲཾ་[བྷ་རང་།] ཛྙཱཽཾ་[འགྱོ་ཨུན།] ཨྱཻ་[ཨ་ར་ཡེ་ཨི།] ཀྨྼྱཾ་[ཀ་མ་ར་ཡང་།] ཨྔྷྵྞིི་[ཨི་ངྷ་ཁ་ཎི།] ཀྵླ་[ཀ་ཁ་ལ།] ཡྨྻུཾ་[ཡ་མེ་ཡུང་།] ཀྵྞིི་[ཁྱི་ཎི།] ཨ་རྠ་[ཨར་ཐ།] བྨྣྱཾ་[བ་མན་ཡང་།] པྵྱཽ་[པོ་ཁ་ཡོ་ཨུ།] ཛྷྣྱོཾ་[འཛ་ཧོན་ཡང་།] ཛྙྣྱཻ་[འགྱ་ན་ཡེ།] པྲཧྨེ་[པྲ་ཧ་མེ།] བྷྱཿ [བྷ་ཡེ།] ཊོངྒ་[ཏྲོང་ག །]རི་རྚི་[རིར་ཏྲི།] བྷ་ལླཱོ་[བྷ་ལོ་ལཱ།] ངྷུ་མྤྼ་[དྷུ་མ་པ་ར།] ཧྲཽཾ་[ཧ་རོ་ཨུང་།] ཀླྤཱ་[ཀ་ལ་པཱ།] ཛ་ཊྚ་[འཛད་ཏྲ།] ཊོཊྐ་ [ཏྲོད་ཀ །] ཀྵྨཾ་[ཁྱ་མམ། །]མྤྲནྔྷཱ་[མ་པ་རན་ངྷ་ཨཱ།] པུཥྚཀྐ་[པུས་ཏྲག་ཀ །] ཥཉྚ་[ཁན་ཏྲ།] ཛྷཽཾ་[འཛ་ཧོ་ཨུང་།] སྼྦྤྤྃ་[སར་བ་པ་པམ།] ཙྼྱཻ་[ཙ་ར་ཡེ་ཨེ།] གྣཽཾ་[འག་ནོ་ཨུང་།] བྲྴྱཾ་[འབ་ར་ཤ་ཡང་།] རཽཏྟ་ [རོ་ཨུད་ཏ།] སྠཻ་རཀྵནྟུ། [སེ་ཐི་རག་ཁྱན་ཏུ།] ཨྔྷྛྟིིེ་[འ་ཨ་ངྷི་ཁྲི་ཏེ།] ཨྔྷྛྞིི་[ཨ་ངྷི་ཁྲ་ཎི།] བྨྣྱུཾ་[འབ་མ་ན་ཡུང་།] ཛྷྣྱོཾ་[འཛ་ཧོ་ན་ཡང་།] པྲཉྫཱ་[པྲན་འགྱ།] ཤྭ་ར་[ཤོ་ར།] པྲཱ་པ་ར་ཨཱ། ཧྲཱི་ཥྚི་[ཧྲཱིས་ཏྲི།] ཏྲྔྷྱ་[ཏྲ་ངྷ་ཡ།] ཌཾཥྚ་[འདན་ཏྲ།] སྨྻ་[ས་མ་ཡ།] ངྷྲི་ཀ་[ངྷ་རི་ག]། ཀ་རྣྞི་[ཀ་ར་ན་ཎི།] གཙྪ་[འགད་ཚ།] ཀཀྐོ་ལ་[ཀག་གོ་ལ།] བྷ་སྨི་[བྷས་མི།] ཊྚཱྚྚ་[ཏྲ་ཏྲཱ་ཏྲ་ཏྲཱ།]
ཊྚཱྚྚཱྀྀ་[ཏྲ་ཏྲཱ་ཏྲི་ཏྲཱི།] ཊྚྚྚུ་[ཏྲུ་ཏྲུ་ཏྲུ་ཏྲུ།] ཊྲྚྲྚྀྀ་[ཏྲི་རྀ་ཏྲི་རྀ་ཏྲི་རྀ་ཏྲི་རྀ།] ཊླྚླིི་[ཏྲ་ལི་ཏྲ་ལཱི་ཏྲ་ལི་ཏྲ་ལཱི།] ཊྚྚྚཽ་[ཏྲོ་ཨུ་ཏྲོ་ཨུ་ཏྲོ་ཨུ།] པྲྤྲྤྲ་[པྲ་པྲ་པྲ་པྲ།] པྲྦྷྲེ་[པྲ་བྷ་རེ།] པྴྦྷྟི་[པ་ཤ་བྷ་ཏི།] ཤུངྔྷྶྔྷ་[ཤུད་ངྷ་ས་ངྷ་ནི།] དང་ཥྚོད་ཀ་ཏ་[དང་ཁ་ཏྲ་ཨུད་ཀ་ཏ།] སསྷྱ་[སས་ཧ་ཡེ།] སྟུམྱེ་[ས་ཏུ་མ་ཡེ།] སྟུཥྦྲྱུ་[ས་ཏུ་ཁུ་ར་ཡ།] ཏྲྨྻེ་[ཏ་ར་མ་ཡེ།] བྷྴྒྲ་[བྷ་ཤ་ག་ར་ཝ་ཏྲ།] པུསྱྒྷྼ་[པུ་ས་ཡེ་གྷ་ར།] བྷརྦྷྴྱཻ་[བྷ་ར་བྷ་ཤ་ཡེ་ཨི།] ཨནྚྱ་[ཨན་ཏྲ་ཡེ།] ཡ་རྴི་[ཡ་ར་ཤ་ནི།] བྷྷྼི་[བྷི་ཧ་རི།] བྷྡྷྼྱཻ་[བྷ་དྷ་རེ་ཡེ།] སརྦྡནྶྟྭོ་[སརྦ་དུས་ཏྲན་ས་ཏོ་ཝ།] བྷུཀྐྱེ་[བྷུག་ཀེ་ཡེ།] ཙཉྚླི་[ཙན་ཏྲ་ལི།] སཾགྷྦྷཝྡྷྲ་[ཀ་སང་གྷ་བྷ་ཝ་ངྷ་རིག །]ཛྙྣོཾ་[ཛཱ་ཉན་ཨུང་།] བྷྱཻ་[བྷ་ཡེ་ཨི།] སྨྻྻྶང་[ས་མ་ཡ་ཡོང་སང་།] རཀྵྤྟྻཽཾ་[རག་ཁྱ་པ་ཏ་ཡོང་ཨུང་།] ཀྒྵྨྣྱཽ་[ཀ་ག་ཁྱ་མ་ན་ཡོང་སུང་།] ཡཀྵྤྟཽཾཾ་[ཡག་ཁྱ་པ་ཏ་ཡང་ཡོང་རུང་།] པེཛྤྟྻྻྼཽཾ་[པེ་ཛ་པ་ཡ་ཡང་ཡོང་རུང་།] པཉྩྨྣོོཾ་[པན་ཙ་མ་ན་ཡང་ཡོང་རུང་།] ཁྼླྻྻཻཾ་[ཁར་ལ་ཡེ་ཡང་།] ཧཀྵྨྣཽཾཾ་[ཧག་ཁྱ་མ་ན་ཡང་ཡོང་སེང་།] ཀླྨྣྻྻྶཽཾ་[ཀ་ལ་མ་ན་ཡང་ཡོང་སེང་།] གྷནྫྷྨྣྱཽ་[གྷ་ན་ཛྷ་མ་ན་ཡང་ཡོང་སུང་།] ཀྵླྻྨྱཽ་[ཁྱ་ལ་མ་ཡ་མུ་ཡང་སེང་།] དྷཀྵྨྣྻ་[དྷག་ཁྱ་མ་ན་ཡང་།] སྷྨྻྼྼིིཾཾ་[ས་ཧ་མ་ཡ་རིང་རིང་།] ཨདྱྠྣ་[ཨང་ཡེ་ཐན།] ཁརྒྒྷྴ་[ཁར་ག་གྷ་ཤ།] བྲྣྟྨླཻ་[བྲ་ན་ཏ་མ་ལེ་ཨི།] ཚླྨྻྻྶེོི་[ཚ་ལུ་མེ་ཡང་ཡོང་སིང་།] ཛླྨྻྻཽཻཾ་[ཇ་ལུ་མེ་མུ་ཡུང་ཡང་སང་།] བྼྡྷྱ་[འབའ་ར་དྷ་ཡེ།] ཤྲྫྭིེ་[ཤིར་ཛ་ཝེ།] ལཀྵྨིཾ་[ལག་ཁྱི་མམ།] སྲོག་གཅིག་ཡི་གེ་
ཆ་གསུམ་ནི། ཤ་དང་ས་གཅིག་ག་དང་ད། །ཀ་དང་ཏ་གཉིས་གཅིག་པའོ། །དེ་ཡི་བཀླག་ལུགས་འདི་ལྟ་སྟེ། །ཤ་ལ་བཏགས་ཚད་ས་དབང་བཀླག །[ཤྐ་ཤྒ་ཤྔ་ཤྙ་ཤྟ་ཤྡ་ཤྣ་ཤྤ་ཤྦ་ཤྨ་ཤྩ་ཤླ། སྐ་སྒ་སྔ་སྙ་སྟ་སྡ་སྣ་སྤ་སྦ་སྨ་སྩ་སླ།] ད་ལ་བཏགས་ཚད་ག་དབང་བཀླག །དྱི་དྱུ་དྱེ་དྱོ་དླ། [གྱི་གྱུ་གྱེ་གྱོ་གླ།] ཏ་ལ་བཏགས་ཚད་ཀ་དབང་། །ཏྱེ་ཏྱུ་ཏྱེ་ཏྱོ་ཏྲོ་ཏླ། [ཀྱི་ཀྱུ་ཀྱེ་ཀྱོ་ཀྲོ་ཀླ།] དེ་རྣམས་གབ་སྦས་སྐབས་ཐོབ་ལས། །གཞན་དུ་བཀླག་པར་བྱ་བ་མིན། །རྒྱས་པར་གདངས་ཀྱི་མཐོ་དམན་དང་། །མྱུར་བུལ་གྲིམ་ལྷོད་གནས་དབྱུང་ཚུལ། །རིང་ཐུང་དལ་སྙོམས་སྣ་སྐད་སོགས། །མང་དུ་མཆིས་ཏེ་སློབ་འདོད་ན། །སློབ་དཔོན་མཁས་པའི་ངག་ལས་ལོངས། སྔགས་ཀྱི་ཀློག་ཚུལ་མན་ངག་དང་། །མི་ལྡན་གྱ་ཚོམས་བཟླས་བརྗོད་འདིས། །རེ་བའི་འབྲས་བུ་འཐོབ་དཀའ་སྟེ། །ཕན་པ་བས་ཀྱང་གནོད་པ་མང་། །དེས་ན་སྔགས་ཀྱི་ཀློག་ཐབས་དོན། །མ་ནོར་ཁོང་དུ་ཆུད་བྱས་ཏེ། །གསང་སྔགས་ཚུལ་བཞིན་བརྩོན་ལྡན་ན། །དོན་གཉིས་ནོར་གྱིས་ཕྱུག་པར་འགྱུར། །འདི་ཡང་གལ་པོ་ཆེར་མཐོང་ནས། །སྔ་རབས་མཁས་པའི་ལེགས་བཤད་ལས། །རྣམ་གསལ་གོ་བདེར་ཉེར་བཏུས་ཏེ། །
འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར། །འདིར་འབད་བསོད་ནམས་གང་ཐོབ་པ། །སྐལ་མཉམ་གཞན་ལ་ཡོངས་སྨིན་ནས། །གསང་སྔགས་ཟབ་ཡངས་བདེ་མྱུར་ལམ། །ཡིད་བཞིན་བགྲོད་པའི་དཔལ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
གསོལ་འདེབས་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་པདྨའི་དགོངས་རྒྱན།
༄༅། །གསོལ་འདེབས་རྡོ་རྗེའི་ཚིག་རྐང་གི་རྣམ་བཤད་པདྨའི་དགོངས་རྒྱན་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། དྲན་པས་གདུང་སེལ་ཡིད་བཞིན་ནོར། །གུ་རུ་རྗེ་ལ་གུས་བཏུད་ནས། །གསོལ་འདེབས་རྡོ་རྗེའི་ཚིག་རྐང་གི ། གོ་དོན་ཉུང་ངུའི་ངག་གི་དབྱེ། །དེའང་འདི་སྐད་ཅེས། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ༔ གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ༔ ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པའི་ཟབ་གཏེར་ལས་བྱོན་པའི་གསོལ་འདེབས་ཀུན་གྱི་ཡང་སྙིང་གུ་རུ་རིན་པོ་ཆེ་ཉིད་ཀྱི་རྡོ་རྗེའི་གསུང་བྱིན་རླབས་
ཅན་འདིའི་དོན་ཅུང་ཟད་ཅིག་བཀྲོལ་ཏེ་ཀུན་མཁྱེན་བླ་མ་རྡོ་རྗེ་གཟི་བརྗིད་རྩལ་གྱི་གསུང་རྒྱུན་ཁོ་བོའི་རིགས་བདག་འགྱུར་མེད་ངེས་དོན་དབང་པོའི་ཞལ་ལུང་ལྟར་འཆད་པ་ལ། ཐོག་མར། དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ༔ ཞེས་པ། ཕྱི་ལྟར་ན་དཀོན་མཆོག་གསུམ་ལས་སངས་རྒྱས་དཀོན་མཆོག་སྟེ། །འདས་མ་འོངས་ད་ལྟ་གསུམ་དུ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱི་གསང་བ་གསུམ་དང་དབྱེར་མི་ཕྱེད་པའི་བླ་མ་ནི་ཨོ་རྒྱན་རིན་པོ་ཆེ་ཉིད་ཡིན་པས་སོ། །ནང་ལྟར་ན་རྩ་བ་གསུམ་ལས་བྱིན་རླབས་ཀྱི་རྩ་བ་བླ་མ་སྟེ། དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་མ་ལུས་པའི་ཡེ་ཤེས་སྤྱིའི་གཟུགས་ནི་ཨོ་རྒྱན་
རིན་པོ་ཆེ་ཉིད་ཡིན་པས་སོ། །གསང་བ་ལྟར་ན་སྐུ་གསུམ་ལས་ཆོས་ཀྱི་སྐུ་སྟེ། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་སྐུ་དང་ཡེ་ཤེས་དབྱེར་མི་ཕྱེད་པའི་བདག་ཉིད་ཅན་དུ་གདོད་ནས་གྲུབ་པས་སོ། །དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས༔ ཞེས་པས། ཕྱི་ལྟར་ན་དམ་ཆོས་དཀོན་མཆོག་སྟེ། མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཐམས་ཅད་གུ་རུའི་གསུང་བཞིན་ཉམས་སུ་བླངས་པ་ལས་འབྱུང་བས་སོ། །ནང་ལྟར་ན་དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་གུ་རུ་རིན་པོ་ཆེ་ཉིད་ལ་བརྟེན་ནས་འབྱུང་བས་སོ། །གསང་བ་ལྟར་ན་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་འཁོར་འདས་ཀྱི་ཆོས་ཀུན་ལ་གཉིས་སུ་མེད་པའི་ཚུལ་གྱིས་ཟག་མེད་བདེ་བ་ཆེན་པོར་ལོངས་སྤྱོད་པས་སོ། །བར་ཆད་ཀུན་སེལ༔ ཞེས་པ། ཕྱི་ལྟར་ན་དགེ་འདུན་དཀོན་མཆོག་སྟེ། ལམ་ལྔ་ས་བཅུའི་བར་ཆད་ཐམས་ཅད་སེལ་ཅིང་ཡོན་ཏན་འབྱུང་བ་ནི་ལམ་གྱི་གྲོགས་དགེ་འདུན་ལ་རག་ལས་ཤིང་། དེ་ཉིད་ཀྱང་ཨོ་རྒྱན་རིན་པོ་ཆེ་ལ་བརྟེན་ནས་འབྱུང་བས་སོ། །ནང་ལྟར་ན་ཕྲིན་ལས་ཀྱི་རྩ་བ་མཁའ་འགྲོ་ཆོས་སྐྱོང་སྟེ། དེ་དག་གིས་སྒྲུབ་པ་པོའི་ས་ལམ་གྱི་བར་ཆད་སེལ་ཅིང་རྣམ་བཞིའི་ཕྲིན་ལས་ཀྱིས་མཐུན་རྐྱེན་སྒྲུབ་པ་ཡིན་ལ། དེ་ཡང་ཨོ་རྒྱན་རིན་པོ་ཆེ་ལ་
བརྟེན་ནས་འགྲུབ་སྟེ། དེ་ཉིད་ནི་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཡིན་པས་སོ། །གསང་བ་ལྟར་ན་སྤྲུལ་པའི་སྐུ་སྟེ། གདུལ་བྱ་མཆོག་དམན་བར་མ་སོ་སོའི་སྣང་ངོར་གང་འདུལ་གྱི་སྐུར་སྤྲུལ་ཏེ་བློ་དང་འཚམས་པའི་ཆོས་ཟབ་རྒྱས་ཀྱི་གནད་གསང་ཐམས་ཅད་བསྟན་ནས་སྨིན་ཅིང་གྲོལ་བའི་ལམ་ལ་འགོད་པའི་ཕྱིར་རོ། །དེ་ལྟར་ཕྱི་ལྟར་ན་དཀོན་མཆོག་གསུམ། ནང་ལྟར་ན་རྩ་བ་གསུམ། །གསང་བ་ལྟར་ན་སྐུ་གསུམ་གྱི་བདག་ཉིད། །སངས་རྒྱས་ཀུན་གྱི་སྤྱི་གཟུགས། དམ་ཆོས་ཀུན་གྱི་འབྱུང་གནས། །དགེ་འདུན་ཀུན་གྱི་གཙུག་རྒྱན། རིགས་རྣམས་ཀུན་གྱི་ཁྱབ་བདག་ཆེན་པོ་ནི། བདུད་འདུལ་དྲག་པོ་རྩལ༔ ཞེས་བྱ་བའི་གསང་མཚན་འཆང་བ་པོ་ཉིད་དེ། ཅིའི་ཕྱིར་ན་འཇིགས་པའི་བདུད་བཞི་རང་སར་བཏུལ་ཞིང་གསང་བའི་དགྲ་གསུམ་དབྱིངས་སུ་བསད་ནས་རྟོགས་པས་བདག་བསྒྲལ། ཕྲིན་ལས་རྣམ་པ་བཞི་ལ་མངའ་དབང་འབྱོར་བས་ཚར་གཅོད་རྗེས་འཛིན་གྱི་ཐུགས་རྗེ་རྒྱུན་ཆད་མེད་པས་བརྩེ་བས་གཞན་སྒྲོལ་བ་སྟེ། དག་པ་གཉིས་ལྡན་གྱི་ཡེ་ཤེས་ཆེན་པོའི་མཐུ་སྟོབས་ཀྱིས་སྒྲིབ་གཉིས་བག་ཆགས་དང་བཅས་པ་དབྱིངས་རིག་གཉིས་སུ་མེད་པའི་ངང་དུ་སྒྲོལ་བའི་དྲག་པོའི་རྩལ་འཆང་བའི་ཕྱིར་རོ། །དེ་ལྟ་བུའི་ཡོན་ཏན་མངའ་
བའི་བླ་མ་ཉིད་ལ། གསོལ་བ་འདེབས་སོ༔ ཞེས་པ། ཕྱི་ལྟར་ན་མོས་གུས་གདུང་ཤུགས་དྲག་པོས་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་ཐོབ་པར་འདོད་པའི་དོན་ལ་གསོལ་བ་གདབ་པས་བསྙེན་པ། ནང་ལྟར་ན་སྒོ་གསུམ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ་ཡེ་ནས་གནས་པ་ཉིད་རང་གསལ་གདབ་པའི་ཚུལ་གྱིས་སྒྲུབ་པ། །གསང་བ་ལྟར་ན་སེམས་ཉིད་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་འདི་ལས་བླ་མ་ལོགས་སུ་མེད་པར་ཐག་བཅད་པའི་སྒོ་ནས་ཐུགས་ཡིད་བསྲེས་ཏེ་གནས་ལུགས་རང་རིག་མ་བཅོས་པའི་ངང་རང་བབས་སུ་སྐྱོང་བ་ལས་ལ་སྦྱོར་བའི་ཚུལ་གྱིས་གསོལ་བ་གདབ་པའོ། དེ་ལྟར་གསོལ་བ་བཏབ་པས། བྱིན་གྱིས་བརླབ་ཏུ་གསོལ༔ ཞེས་པ། ལུས་ལ་བླ་མའི་སྐུས་བྱིན་གྱིས་བརླབས་ནས་ལུས་སྣང་སྟོང་སྐུ་རྡོ་རྗེ། ངག་ལ་བླ་མའི་གསུང་གིས་བྱིན་གྱིས་བརླབས་ནས་ངག་གྲགས་སྟོང་གསུང་རྡོ་རྗེ། ཡིད་ལ་བླ་མའི་ཐུགས་ཀྱིས་བྱིན་གྱིས་བརླབས་ནས་ཡིད་རིག་སྟོང་ཐུགས་རྡོ་རྗེར་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའོ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་༔ ། ཞེས་པ། བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་ལ་བར་ཆད་ཅེས་བྱ་ཞིང་། དེ་ཡང་ཕྱིའི་བར་ཆད་ནི་འཇིགས་པ་ཆེན་པོ་བཅུ་དྲུག་སྟེ། ང་རྒྱལ་སའི་འཇིགས་པ། ༡ འདོད་ཆགས་ཆུའི་འཇིགས་པ། ༢ ཞེ་སྡང་མེའི་འཇིགས་པ། ༣ ཕྲག་དོག་རླུང་གི་འཇིགས་པ། ༤ གནམ་ལྕགས་ཐོག་
གི་འཇིགས་པ། ༥ རྣོ་ངར་མཚོན་ཆའི་འཇིགས་པ། ༦ བཙོན་ར་རྒྱལ་པོའི་འཇིགས་པ། ༧ ཆོམ་རྐུན་དགྲའི་འཇིགས་པ། ༨ ཤ་ཟ་འབྱུང་པོའི་འཇིགས་པ། ༩ གླང་ཆེན་ཁྲོས་པའི་འཇིགས་པ། ༡༠ སེང་གེ་གཅན་གཟན་གྱི་འཇིགས་པ། ༡༡ སྦྲུལ་སོགས་དུག་གི་འཇིགས་པ། ༡༢ རིམས་སོགས་ནད་ཀྱི་འཇིགས་པ། ༡༣ དུས་མིན་འཆི་བའི་འཇིགས་པ། ༡༤ དབུལ་ཞིང་ཕོངས་པའི་འཇིགས་པ། ༡༥ འདོད་དོན་ཉམས་པའི་འཇིགས་པ་༡༦སྟེ་བཅུ་དྲུག་དང་། ནང་གི་བར་ཆད་ནི་བདུད་བཞི་སྟེ། བདག་འཛིན་ཕུང་པོའི་བདུད། ༡ འདོད་ཞེན་ཉོན་མོངས་པའི་བདུད། ༢ བསླུ་བྱེད་ལྷའི་བུའི་བདུད། ༣ འཚོ་འཕྲོག་འཆི་བདག་གི་བདུད། དང་བཞིའོ། ༤ ། གསང་བའི་བར་ཆད་ནི་ཉོན་མོངས་པ་དུག་ལྔ་སྟེ། འདོད་ཆགས། ༡ ཞེ་སྡང་། ༢ གཏི་མུག། ༣ ང་རྒྱལ། ༤ ཕྲག་དོག་སྟེ་ལྔའོ། ༥ ། དེ་དག་གིས་གང་ལ་བར་དུ་གཅོད་ན་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་པ་ལ་བར་དུ་གཅོད་པས། དེས་ན་ཕྱིའི་བར་ཆད་རྣམས་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་རོལ་པར་རྟོགས་པའི་ནུས་པས་ཞི་བ་དང་། ནང་གི་བར་ཆད་རྣམས་གཟུང་འཛིན་བདག་མེད་ཀྱི་དབྱིངས་སུ་སྒྲོལ་བས་ཞི་བ་དང་། གསང་བའི་བར་ཆད་དུག་ལྔ་ཡེ་ཤེས་ལྔར་རྟོགས་ནས་རྐྱེན་ངན་ལམ་དུ་སློང་ནུས་པས་ཞི་བའམ། ཨོ་རྒྱན་རིན་པོ་ཆེའི་གསང་བ་གསུམ་གྱི་བྱིན་རླབས་ཀྱི་
ནུས་པས་ཞི་བར་གསོལ་བ་འདེབས་པའོ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཞེས་པ། བསམ་པ་ལ་གནས་སྐབས་ཀྱི་བསམ་པ་དང་། མཐར་ཐུག་གི་བསམ་པ་གཉིས་ལས། དང་པོ་ནི། བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་སྒྲུབ་པའི་མཐུན་རྐྱེན་ཐམས་ཅད་ཚོགས་པར་གསོལ་བ་འདེབས་པ་སྟེ། དེ་ལ་ཇི་སྐད་དུ། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་པ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །ཞེས་པ་ལྟར་ཐུན་མོང་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་གྱིས་འཚོ་བ་དང་། ཁྱད་པར་རང་རྒྱུད་འཕགས་པའི་ནོར་བདུན་གྱིས་ཕྱུག་པར་གསོལ་བ་འདེབས་པའོ། །འཕགས་ནོར་བདུན་ནི། །དད་པའི་ནོར། ཚུལ་ཁྲིམས་ཀྱི་ནོར། བརྩོན་འགྲུས་ཀྱི་ནོར། ཁྲེལ་ཡོད་པའི་ནོར། ཐོས་པའི་ནོར། །གཏོང་བའི་ནོར། །ཤེས་རབ་ཀྱི་ནོར་དང་བདུན། །མཐར་ཐུག་གི་བསམ་པ་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་བྱ་སྟེ། དེ་ཡང་གཞི་སེམས་ཅན་ཀུན་གྱི་སེམས་ཉིད་བདེ་གཤེགས་སྙིང་པོ་ཡེ་གདོད་མ་ནས་སངས་རྒྱས་ཀྱི་རང་བཞིན་དུ་གནས་ཀྱང་། རང་ངོ་རང་གིས་མ་ཤེས་པར་གློ་བུར་སྒྲིབ་གཉིས་བག་ཆགས་ཀྱིས་བསྒྲིབས་ནས་འཁོར་བར་འཁྱམས་པ་ཡིན་ལ། དེ་ལྟར་སྒྲིབ་གཉིས་ཀྱི་གཉེན་པོར་ལམ་ཚོགས་གཉིས་ཟུང་འཇུག་གམ་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་པས། འབྲས་བུ་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་སྐུ་བཞི་
ཡེ་ཤེས་ལྔའི་བདག་ཉིད་ཅན་དེའི་གློ་བུར་གྱི་སྒྲིབ་པ་དབྱིངས་སུ་དག་ནས་གནས་ལུགས་ཇི་ལྟ་བ་ཉིད་མངོན་དུ་གྱུར་པ་ལ་མཆོག་གི་དངོས་གྲུབ་ཐོབ་པ་ཞེས་བྱ་སྟེ། དེས་ན་དེ་ལྟ་བུའི་གནས་སྐབས་དང་མཐར་ཐུག་གི་བསམ་པ་ཐམས་ཅད་འབད་ཅིང་རྩོལ་བ་ལ་མ་ལྟོས་པར་མྱུར་བ་ཉིད་དུ་རང་བཞིན་ངང་ངམ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས་ཤིག་ཅེས་གསོལ་བ་འདེབས་པའོ། །མཆོག་གི་མྱུར་ལམ་ཡོངས་ཀྱི་ཕུལ། །ཕུལ་བྱུང་བླ་མའི་གསོལ་འདེབས་འདི། །འདི་ཕྱིར་བདེ་ལེགས་འདོད་པ་ཀུན། །ཀུན་ནས་མོས་པས་བསྟེན་པར་བྱོས། །འདིར་འབད་དགེ་བས་བདག་གཞན་འགྲོ། །སྐྱེ་ཀུན་གུ་རུས་རྗེས་བཟུང་ནས། །དོན་གཉིས་བསམ་རྒུ་ཡིད་བཞིན་འཇོ། །ཕན་བདེའི་བཀྲ་ཤིས་རྒྱས་གྱུར་ཅིག །ཅེས་པའང་རིགས་ལྡན་གྱི་ཤེས་རབ་མ་ཚེ་བརྟན་གཡུའི་སྒྲོན་མས་དྲིས་ཤིང་བསྐུལ་བ་ལ་བརྟེན་ནས། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མོན་གྱི་སྤ་གྲོ་སྟག་ཚང་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་ཤར་མར་བྲིས་པ་སིངྔྷི་རསྟུ།། །།
ན་རཀ་དོང་སྤྲུགས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར།
ན་རཀ་དོང་སྤྲུགས་ཀྱི་སྔོན་འགྲོ་བླ་མའི་རྣལ་འབྱོར་ནི། སྐྱབས་སེམས་སྔོན་དུ་འགྲོ་བས། རང་ཉིད་གཉུག་མའི་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་རེག་པས་སྣོད་བཅུད་མི་དམིགས་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བར་གྱུར། མདུན་གྱི་ནམ་མཁར་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ། རང་གི་རྩ་བའི་བླ་མ་དེ་ཉིད་དཔལ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པ་ཅན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དུས་གསུམ་གྱི་བླ་མ་དཀོན་མཆོག་ཡི་དམ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྱན་དྲངས་ནས་བླ་མ་ལ་བསྟིམ། བླ་མ་ཡབ་ཡུམ་སངས་རྒྱས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་མོས་ལ། བ་སྤུ་ལྡང་ཞིང་མཆི་མ་འཁྲུག་པའི་མོས་གུས་ཀྱིས་གསོལ་བ་གདབ་པ་ནི། བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། བླ་མ་སྤྲུལ་པའི་སྐུ་ལ༴ རྒྱལ་བ་དགོངས་བརྒྱུད་བླ་མ་ལ༴ རིག་འཛིན་བརྡ་བརྒྱུད་བླ་མ༴ གང་ཟག་སྙན་བརྒྱུད་བླ་མ་ལ༴ དབྱེར་མེད་རྡོ་རྗེ་སེམས་དཔའ་ལ༴ འགལ་རྐྱེན་སྤྲོས་པ་ཆོད་པར་བྱིན་གྱིས་རློབས། མཐུན་རྐྱེན་མངོན་དུ་འགྱུར་བར་བྱིན༴ སེམས་ལྔ་རྒྱུད་ལ་
སྐྱེ་བར༴ དབང་བཞི་ཉམས་སུ་ལོངས་པར༴ ཏིང་འཛིན་རྣམ་གསུམ་རྟོགས་པ་སྐྱེ་བར༴ ཅིར་སྣང་ལྷ་སྐུའི་འཁོར་ལོར་འཆང་བར༴ གྲགས་པ་བརྗོད་བྲལ་སྔགས་སྒྲར་འཆར་བར༴ འགྱུ་བ་རང་རིག་བདེ་བ་ཆེན་པོར་འཆར་བར༴ ཉམས་ཆག་རྟོག་སྒྲིབ་དབྱིངས་སུ་དག་པར༴ སྲིད་ཞི་མཉམ་པ་ཉིད་དུ་རྟོགས་པར༴ ལྷག་པ་བདེན་པ་དབྱེར་མེད་ཀྱི་གནས་ལུགས་རྟོགས་པར༴ སྐུ་ལྔ་ཡེ་ཤེས་ལྔ་ལྡན་ཀུན་བཟང་རྡོ་རྗེ་སེམས་དཔའི་གོ་འཕང་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་གསོལ་བ་ཅི་མང་བཏབ་པས། བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་བྱང་སེམས་བདུད་རྩིའི་རྒྱུན་བབས་པ་ལུས་ངག་ཡིད་གསུམ་ལ་ཐིམ་པས་སྒོ་གསུམ་གྱི་དྲི་མ་དག །བུམ་གསང་ཤེར་དབང་གསུམ་ཐོབ་པས་རྡོ་རྗེ་གསུམ་གྱི་དངོས་གྲུབ་ཐོབ་པའི་རྟེན་འབྲེལ་བསྒྲིགས། བླ་མ་ཡབ་ཡུམ་བདེ་བའི་ངོ་བོར་ཞུ་བ་རང་གི་སྙིང་གར་བབས་པས་སྒོ་གསུམ་ཕྲ་བའི་སྒྲིབ་པ་དག །གཉིས་སུ་མེད་པ་ཡེ་ཤེས་རྡོ་རྗེའི་རང་བཞིན་ཚིག་དབང་རིན་པོ་ཆེ་རང་འཁྲུངས་སུ་ཐོབ་པས། ཡེ་ཤེས་རྡོ་རྗེའི་དངོས་གྲུབ་ལ་དབང་འབྱོར་བར་བསམ་ལ་དར་ཅིག་ཀློད་དེ་མཉམ་པར་གཞག་གོ ། ཞེས་པའང་ཁྲིད་ཡིག་ལས་ཛྙཱ་ནས་བཀོལ་བའོ།། །།
ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ།
༄༅། །ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྒྱུན་ཁྱེར་ཡང་ཟབ་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། ན་རག་དོང་སྤྲུགས་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཤིན་ཏུ་བསྡུས་པའི་ཚུལ་གྱི་ཉམས་སུ་ལེན་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལའང་སྐྱབས་སེམས་གཉིས་ལས། དང་པོ་སྐྱབས་འགྲོ་ནི། མདུན་གྱི་ནམ་མཁར་བླ་མ་རྡོ་རྗེ་སེམས་དཔའ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་བཞུགས་པར་བསམ་ལ། ན་མོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །དཀོན་མཆོག་གསུམ་གྱི་རང་བཞིན་ལ། བདག་དང་འགྲོ་དྲུག་སེམས་ཅན་རྣམས། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །ཞེས་སྐྱབས་སུ་འགྲོ་བ་ཀུན་རྫོབ་དང་། མཐར་བླ་མ་རང་ལ་བསྡུས་ཏེ་འཁོར་གསུམ་མི་དམིགས་པའི་ངང་དུ་མཉམ་པར་འཇོག་པ་དོན་དམ་མོ། །
གཉིས་པ་སེམས་བསྐྱེད་ནི། བདག་དང་མཐའ་ཡས་སེམས་ཅན་རྣམས། །ཡེ་ནས་སངས་རྒྱས་ཡིན་མོད་ཀྱང་། །རྟོག་པའི་དབང་གིས་འཁོར་བ་ལས། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་གཞན་དོན་དུ་སེམས་བསྐྱེད་པ་ཀུན་རྫོབ་དང་། སེམས་བསྐྱེད་པའི་སེམས་དེ་སྐྱེ་འགག་གནས་དམིགས་འགྲོ་འོང་དང་བྲལ་བའི་ངང་ལ་སེམས་རྩེ་གཅིག་ཏུ་མཉམ་པར་འཇོག་པ་དོན་དམ་མོ། །གཉིས་པ་དངོས་གཞི་ལ་གཉིས། ལྷ་སྒོམ་པ་དང་། སྔགས་བཟླ་བའོ། །དང་པོ་ལྷ་སྒོམ་པ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲསྭ་བྷཱ་ཝ་ཨཱཏྨ་ཀོཉཧཾ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའོ། །དེ་ལྟར་
མ་རྟོགས་པའི་སེམས་ཅན་རྣམས་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་མཁའ་ཁྱབ་ཏུ་སྤྲོས། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིག་ཨ་ཡིག་དཀར་པོ་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གསལ་བ་ལས། ཧཱུཾ་གི་སྒྲ་གདངས་ནམ་མཁའ་གང་བར་སྤྲོས་པ་ལས་རྡོ་རྗེའི་ས་གཞི་ར་གུར་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འཕྲོ་བས་ཕྱོགས་ཀུན་གཏམས་ཏེ་ཅིས་ཀྱང་མི་ཤིགས་པའི་སྲུང་བའི་འཁོར་ལོར་གྱུར་པའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་རང་གི་སེམས་ཉིད་ཨ་དཀར་པོ་གསལ་བ་བབས། དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཐབས་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། རང་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་
འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུྃ་ཆད། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་དྲིལ་བུ། དེ་ལས་འོད་ཟེར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཤེས་རབ་ཀྱི་ཆ་ཐམས་ཅད་བསྡུས་ཏེ་ཐིམ་པ་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱེལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་། ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུྃ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་
གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། ཆུ་ལ་ཆུ་བཞག་པ་ལྟར་རང་ལུས་ལ་དབྱེར་མེད་དུ་འདྲེས། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་མགོ་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན་པར་བསམ། སླར་ཡང་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱཿདམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་
དམར་པོ་པདྨ། སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་བསམ། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་མཁའ་ཁྱབ་ཏུ་སད་པ་རང་ལ་དབྱེར་མེད་དུ་འདྲེས་པར་[བསམ་ལ་ཡང་ཡང་བཟླ་བ་ནི་ཡེ་ཤེས་སེམས་དཔའ་བསྐྱར་བསྣན་གྱི་སྦྱོར་བ་དང་། དེ་ནས་ལྷ་སྐུའི་གསལ་སྣང་ལ་སེམས་རྩེ་གཅིག་ཏུ་བཟུང་ཞིང་། རེས་ཞུ་བདེས་དྲངས་པའི་བདེ་སྟོང་གི་ལྷ་སྐུར་འཆར་བ་ལ་སློབ་པ་དང་། ཡང་རང་སེམས་ལྷག་པ་བདེན་གཉིས་དབྱེར་མེད་ཀྱི་ལྷའི་སྐུར་རྣམ་པར་དག་པའི་ངེས་ཤེས་བསྐྱེད་ལ་བསྐྱང་ངོ་། །གཉིས་པ་སྔགས་བཟླ་བ་ནི།] ཐུགས་ཀའི་ཧཱུྃ་ཡིག་གི་མཐར་ཡི་གེ་བརྒྱ་པའི་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་དུ་འཁོར་བ། དེ་ལས་བྱུང་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་བསྐུལ། བདག་དང་མཁའ་ཁྱབ་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་དང་ཐུགས་རྗེའི་འོད་ཟེར་འཕྲོས་པས་ཁམས་གསུམ་ཐམས་ཅད་སྣང་བར་བྱས། ལས་དང་ཉོན་མོངས་པ་ཐམས་ཅད་སྦྱངས། ན་རཀ་སོགས་ངན་སོང་གི་གནས་རྣམས་དོང་ནས་སྤྲུགས་ཏེ། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ཞིང་དུ་བསྒྲལ། འོད་ཟེར་རྣམས་སླར་འདུས་ཏེ་
སྔགས་ཕྲེང་ལ་ཐིམ། སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་སད་པར་[མོས་ལ། ཡིག་བརྒྱའི་ཛཔྲ་ཉེར་གཅིག་ལས་མི་ཉུང་བར་བཟླའོ། །གསུམ་པ་རྗེས་ལ་གཉིས། བསྡུ་ལྡང་དང་། བསྔོ་བའོ། །དང་པོ་ཐུན་བསྡུ་བ་ནི།] སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་འོད་དུ་ཞུ་བ་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ། དེ་ཏིང་ངེ་འཛིན་སེམས་དཔའ་ཧཱུྃ་ལ། ཧཱུྃ་གྱེན་རྫོགས་ནཱ་དའི་བར་དུ་ཐིམ་ནས་རྣམ་པར་རྟོག་མེད་ལྷུན་གྲུབ་ནམ་མཁའ་ལྟ་བུའི་ངང་ལ་[མཉམ་པར་བཞག །ཐུན་ལས་ལྡང་བ་ན།] སླར་ཡང་རང་ཉིད་དཔལ་རྡོ་རྗེ་སེམས་དཔའ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ་ཡིག་གིས་མཚན་པ། ལུས་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་པས་སྒོ་གསུམ་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པར་[བསམ་ཞིང་ང་རྒྱལ་བྱ། སྤྱོད་ལམ་ཐམས་ཅད་ལྷའི་སྐུ་གསུང་ཐུགས་ཀྱི་རོལ་པར་སྤྱད་དོ། །གཉིས་པ་བསྔོ་བ་ནི།] དགེ་བ་འདི་ཡིས་མྱུར་དུ་བདག། རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །[ཅེས་དགེ་བ་བསྔོ། ཤིས་བརྗོད་ཇི་ལྟར་རིགས་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་
རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ནས་བསྐུལ་བར་མཛད་པ་ལས་དོང་སྤྲུགས་རྩ་བའི་ཁྲིད་ཡིག་གི་སྙིང་པོ་དོན་གྱི་བཅུད་ཕྱུངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།]
དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཞི་བའི་སྦྱིན་སྲེག་སྙིང་པོར་དྲིལ་བ།
དོང་སྤྲུགས་ཕྱག་རྒྱ་གཅིག་པའི་ཞི་བའི་སྦྱིན་སྲེག་སྙིང་པོར་དྲིལ་བ་བཞུགས་སོ། །ཨོཾ་སྭསྟི། [དོང་སྤྲུགས་ཕྱག་རྒྱ་གཅིག་པ་ལ་བརྟེན་ནས་ཞི་བའི་སྦྱིན་སྲེག་ཤིན་ཏུ་བསྡུས་པའི་ཚུལ་གྱིས་སྒྲུབ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཟླ་བའི་དཀར་ཕྱོགས་ཀྱི་སྔ་དྲོའི་ཆར་ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་དཀར་པོས་ཐབ་ཁུང་ཇི་ལྟར་འཚམས་པ་ཟླུམ་པོར་བསྐོར་བ་ལ་པངྨ་འདབ་བརྒྱད་ལྟེ་བར་རྡོ་རྗེ་རྃ་ཡིག་གིས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བཞི་རེ་བསྐོར་བར་མེ་རི་གཡས་བསྐོར་དུ་འབར་བ་དང་རྡོ་རྗེའི་ཕྲེང་བ། དེ་རྒྱབ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ། འཕྲལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབ་སྟེགས་དཀར་པོ་ཟླུམ་པོའི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་ཚེར་མ་མེད་པའི་བུད་ཤིང་སྐམ་པོས་ཟླུམ་པོར་བརྩིག་ལ་མེ་ཚང་བཅའ། གཡས་ཕྱོགས་རྫས་སྟེགས་པད་དཀར་འདབ་བརྒྱད་ཀྱི་ལྟེ་བར་བ་ལས་བྱུང་བའི་མར་ཁུ་དགང་བླུགས་ཀྱི་གཟར་བུ་ཁ་སྦྱར་བ་དང་བཅས་པ། མདུན་གྱི་འདབ་མར་འོ་མ་ཅན་གྱི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་རྩེ་གཉིས་མར་ཁུས་ཉུག་པ། པད་འདབ་ལྷག་མ་བདུན་ལ་ཏིལ་དཀར། མངར་གསུམ། འབྲས་སོགས་འབྲུ་དཀར་པོ། ནས་དཀར་དང་འབྲས་དཀར་གྱི་ཆན་སོགས་ཁ་ཟས་དཀར་པོའི་རིགས། ཙམ་པ་ཀ་སོགས་མེ་ཏོག་དཀར་པོའི་
རིགས། ཐུགས་དམ་བསྐུལ་བའི་རྫས་ཡུངས་ཀར་རྣམས་རིན་པོ་ཆེའི་དཀར་པོའི་སྣོད་དུ་བཤམ། གཡོན་ཕྱོགས་མཆོད་སྟེགས་པད་དཀར་འདབ་བརྒྱད་ལྟེ་བར། འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་གཏོར་མ་ཟླུམ་པོ་རིལ་བུ་དྲུག་གིས་བསྐོར་བ། མདུན་གྱི་པད་འདབ་ལ་རྡོ་དྲིལ། དེའི་གཡས་གཡོན་གྱི་འདབ་མར་སྨན་རཀ ། པད་འདབ་ལྷག་མ་ལྔ་ལ་ཞབས་བསིལ་བདུག་སྤོས་མེ་ཏོག་མར་མེ་དྲི་ཆབ་བཅས་གཡས་བསྐོར་དུ་བཤམ། རང་གི་མདུན་དུ་བསང་ཆུ་དང་མེ་ཏོག་གི་སྣོད་སོགས་འདུ་བྱས་ལ། ཆས་གོས་དཀར་པོས་བགོས་ཏེ་གཙང་མའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་སྐྱིལ་ཀྲུང་གིས་ཞི་ཞིང་དགའ་བའི་སེམས་ཀྱིས་འཁོད་དེ་ལས་རིམ་ལ་འཇུག་གོ། །གཉིས་པ་དངོས་གཞི་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས།] བསང་ཆུའི་ནང་དུ་ཉི་མ་གནས་པའི་ཧཱུྃ་ཡིག་དམར་པོའི་འཕྲོ་འདུས་ཁྲོ་མོ་དབང་ཕྱུག་མ་དམར་མོ་དྲིལ་བུ་དང་བྷན་དམར་འཛིན་པ་[གསལ་ལ།] ཨོཾ་མ་ཧཱ་ཀྲོ་ངྷི་ཤྭ་རི་སརྦ་དྲ་བྱཱཾ་ཤྭ་དྷ་ཡ་ཨོཾ་ཨཱཿཧཱུྃ་ཧྲཱིཿཋ། [ཞེས་ཉེར་གཅིག་བཟླས་པས་བྱིན་གྱིས་བརླབས་པས།] ཁྲོ་མོ་དབང་ཕྱུག་མའི་རང་བཞིན་ཆུའི་རྡུལ་ཕྲ་རབ་ཏུ་[གྱུར་པར་བསམ།] ཨོཾ་མཧཱ་བཛྲ་ཧཱུྃ་[གིས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་།] ཨོཾ་བཛྲ་གཎྜེ་ཨཱཿ[ས་དྲིལ་བུ་གསིལ་ཞིང་དཀུར་བརྟེན།] ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོཉཧཾ་[གིས་རྡོ་དྲིལ་བསྣོལ་བའི་འཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་།
ཕྱི་མཆོད་རྣམས་]ཀྲོ་ངྷི་ཤྭ་རཱི[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་མཆོད་སྣོད་དབྱིངས་ཀྱི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་འཁོར་འདས་ཀྱི་རྩི་བཅུད་ཐམས་ཅད་བསྡུས་ནས་མཆོད་རྫས་རྣམས་ལ་ཐིམ་པར་གྱུར། ན་མཿས་མནྟ་བུངྔྷ་ནཱཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་ངྷཱུ་པེ་ངྷུ། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ཨོཾ་ཤྲཱི་བཛྲ་རཱ་ག་ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ། [ཞེས་དང་། ལས་གཏོར་དང་སྲེག་རྫས་རྣམས་བསང་སྦྱང་།] སྟོང་པའི་ངང་ལས་མ་དང་ཉི་ཟླའི་གའུའི་སྣོད་དུ་རང་གི་ཐུགས་ཀ་ནས་གཏོར་བའི་གནས་སུ་འབྲུ་གསུམ་དང་སྲེག་རྫས་ཀྱི་གནས་སུ་འབྲུ་ལྔ། སྤྲོས་ཏེ་འཕྲོ་འདུས་ཡོངས་སུ་གྱུར་པ་ལས་ཞི་བའི་ལས་གཏོར་རིན་པོ་ཆེའི་མཆོད་སྡོང་འོད་ཟེར་དཀར་པོ་འཕྲོ་བ་དང་། སྲེག་རྫས་རྣམས་རོ་བརྒྱ་ལྡན་པའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ནམ་མཁའ་གང་བས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར་[པར་བསམ་ལ།] ཨོཾ་ཨཱཿཧཱུྃ། ཨོཾ་ཧཱུྃ་སྭཱ་ཨཱཾ་ཧཱ། [ཞེས་བཟླས་པས་བྱིན་གྱིས་བརླབ། དེ་ནས་ཐབ་བསང་སྦྱང་།] སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་དཀར་ཞིང་ཟླུམ་པ་མཚན་ཉིད་ཡོངས་སུ་རྫོགས་པ་འོད་ཟེར་དཀར་པོ་
འཕྲོ་བར་གྱུར། རང་གི་ཐུགས་ཀ་ནས་རཾ་ཡིག་ཐབ་ནང་དུ་སྤྲོས་པ་ཡེ་ཤེས་ཀྱི་མེ་འོད་དཀར་པོ་འབར་བར་བསམ་ཞིང་། ཨོཾ་ཨགྣ་ཡེ་ཛྭ་ལ་ཛྭ་ལ་ཧཱུྃ་ཕཊ། [ཅེས་རྒྱུན་བཞག་གམ་གཙུབ་ཤིང་ལས་བྱུང་བའི་མེ་དུ་བ་མེད་པ་སྦར་ལ།] ཐབ་ཀྱི་མེའི་ནང་དུ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། སེང་གེ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཉི་ཟླ་བའི་གདན་ལ་བདག་གི་ཐུགས་ཀ་ནས་ཨ་དཀར་པོ་སྤྲོས་པ་ཟླ་བའི་གདན་གྱི་སྟེང་དུ་བབས། །དེ་ཡོངས་སུ་གྱུར་པ་ལས་ཧཱུྃ་ཡིག་སྔོན་པོ་གསལ་ཞིང་འབར་བ། དེ་ལས་འོད་ཟེར་འཕྲོས། སངས་རྒྱས་ཀྱི་མཛད་པ་བསྒྲུབས། སླར་འདུས་ཡོངས་སུ་གྱུར་པ་ལས་མེ་ལྷ་བཅོམ་་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་པ། ཞི་ཞིང་རབ་ཏུ་འཛུམ་པའི་མདངས་གསལ་བའི་ཞལ་གྱི་འགྱུར་བ་ཏིང་ངེ་འཛིན་གྱི་རྣམ་པར་རོལ་པའི་ཉམས་ཅན། མཚན་དང་དཔེ་བྱད་ཀྱིས་འབར་བ། ཕྱག་གཡས་རྡོ་རྗེ་ཐུགས་ཀར་འཛིན་ཅིང་། གཡོན་དྲིལ་བུ་དཀུར་བརྟེན་པས་ཡུམ་ལ་འཁྱུད་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། །ཞབས་གཉིས་རྫོགས་པའི་སྐྱིལ་མོ་ཀྲུང་གིས་བརྟན་པར་
བཞུགས་པ། ཡབ་ཀྱི་ཐུགས་ཀ་ནས་མཱུཾ་ཆད། འོད་ཟེར་འཕྲོ་འདུས་ཡོངས་སུ་གྱུར་པ་ལས། ཡབ་ཀྱི་གཡོན་ཕྱོགས་ཉེ་བའི་པང་དུ་ཡུམ་རྡོ་རྗེ་དབྱིངས་ཕྱུག་མ་སྔོན་མོ་གཡས་དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་ཅིང་། གཡོན་རྡོ་རྗེ་རང་གི་ཐུགས་ཀར་འཛིན་པ། བརྟུལ་ཞུགས་ཀྱི་སྐྱིལ་མོ་ཀྲུང་གིས་འཁྲིལ་བ། གཉིས་ཀའང་ཞི་བའི་རྒྱན་ཆས་བཅུ་གསུམ་གྱིས་སྤྲས་ཤིང་། །ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་ཁ་དོག་དྲུག་གི་སྣང་བ་རེ་རེའང་བྱེ་བ་ཕྲག་དྲུག་དྲུག་ཏུ་འཕྲོ་བའི་ཀློང་ན་བཞུགས་པ། ཡབ་ཡུམ་གཉིས་ཀྱི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས་དཔའ་རྒྱན་དང་ཕྱག་མཚན་སྤངས་པ་རེ་རེའི་ཐུགས་ཀར་ཟླ་བ་ལ་ཧཱུྃ་དང་མཱུྃ་ཡིག་སྔོན་པོ་རྟག་ཏུ་འཆར་བཞིན་པ། དེ་ལས་བྱུང་བའི་འོད་ཟེར་གྱིས་དབང་གྱི་ལྷ་མི་བསྐྱོད་པ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་རྣམ་པར་སྤྱན་དྲངས། རིགས་ལྔ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་བ་མཛད། རྗེས་ཆགས་ཀྱི་མེས་ཞུ་བའི་ཡེ་ཤེས་ལྔའི་ཆུ་རྒྱུན་སྤྱི་བོའི་གནས་ལྔར་བབས་ཏེ་དབང་བསྐུར་བས་ལུས་ཐམས་ཅད་གང་། ཉོན་མོངས་པ་ལྔ་སྦྱངས། ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་གྱུར། ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་མི་བསྐྱོད་པ་
བདག་པོར་གྱུར་པའི་རིགས་ལྔ་སྤྲུལ་སྐུའི་ཆ་བྱད་ཅན་གྱིས་དབུ་བརྒྱན། སླར་ཡང་སྤྱི་བོར་ཟླ་བ་ལ་ཨོཾ་དཀར་པོ། མགྲིན་པར་པདྨ་ལ་ཨཱོཾ་དམར་པོ། སྙིང་གར་ཉི་མ་ལ་ཧཱུྃ་སྔོན་པོ། དེ་གསུམ་ལས་འཕྲོས་པའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས་ཏེ་ཡི་གེ་སོ་སོ་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་གཉིས་སུ་མེད་པར་གྱུར། ཡི་གེ་སོ་སོ་ཡོངས་སུ་གྱུར་པ་ལས། སྤྱི་བོར་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ། མགྲིན་པར་གསུང་རྡོ་རྗེ་དམར་པོ་པདྨ། སྙིང་གར་ཐུགས་རྡོ་རྗེ་སྔོན་པོ་རྡོ་རྗེ་འཛིན་པ་རྣམས་ཀྱིས་རྒྱས་བཏབ་པར་གྱུར། སླར་ཡང་སྙིང་གའི་ཧཱུྃ་གི་འོད་ཟེར་གྱིས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་བསྐུལ་བས། ཆོས་སྐུ་འགྱུར་བ་མེད་པའི་ངང་ལས་གཟུགས་སྐུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་བཛྲ་ས་མཱ་ཛཿ [ཞེས་སྤྱན་དྲངས།] ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་ཀྱི་འཁོར་ལོ་དམ་ཚིག་པ་དང་དབྱེར་མེད་པ་གྱུར། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཏཏྑཾ་ཨུཏྒ་ཏེ་སྥ་ར་ཎ་ཧི་མཾ་ག་ག་ན་ཁཾ་སྭཱ་ཧཱ། ཨོཾ་ཨ་ཧ་ར་ཨ་ཧ་ར་སརྦ་བིདྱཱ་ངྷ་ར་པཱུ་ཛི་ཏེ་ན་མཿས་མནྟ་བུངྔྷ་ནཾ་ག་ག་ན་ཁཾ་ས་མ་ཡེ་སྭཱ་ཧཱ། ཨོཾ་ཤྲཱི་བཛྲ་རཱ་ག་ངྷཱུ་པེ་དྷུ། ཨོཾ་ཤྲཱི་བཛྲ་རཱ་ག་པུཥྤེ་པུ། ཨོཾ་ཤྲཱི་བཛྲ་རཱ་ག་
ཨཱ་ལོ་ཀེ་ཧྲཱིཿ ཨོཾ་ཤྲཱི་བཛྲ་རཱ་ག་གནྡྷེ་གན། མ་ཧཱ་པཉྩ་ཨམྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། མ་ཧཱ་བ་ལིངྟ་ཁ་རཾ་ཁཱ་ཧི། [ཞེས་མཆོད།] རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། ཕྱག་འཚལ་རྡོ་རྗེ་སེམས་དཔའོ། །[ཞེས་བསྟོད།] དཀྱིལ་འཁོར་གྱི་ལྷ་ཅུང་ཟད་འཛུམ་པའི་ལྗགས་རྡོ་རྗེ་འོད་ཀྱི་སྦུ་གུ་ཅན་གྱིས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ནས་གསོལ་བར་[བསམ་ལ།] ཨོཾ་བཛྲ་སཏྭ་ཨཱཿ [ཞེས་པ་བདུན་གྱིས་གཟར་བུའི་མར་ཁུས་དགང་གཟར་བཀང་ཡིག་བརྒྱའི་མཐར།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་དམ་ཚིག་ཉམས་ཆག་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཞེས་སྤེལ་ཚིག་དང་བཅས་པས་ལན་གསུམ་འབུལ། དེ་ནས་ཡམ་ཤིང་མར་ཁུ་སོགས་སྲེག་རྫས་གཞན་རྣམས་ཡིག་བརྒྱ་ལ།] ཤིནྟཾ་ཀུ་རུ་སྭཱ་ཧཱ་[བཏགས་པས་གྲངས་བསགས་ཤིང་སྤེལ་ཚིག་སྔར་ལྟར་ལས། ཐམས་ཅད་]ཤཱིནྟཾ་ཀུ་རུ་སྭཱ་ཧཱ་ཞེས་སྦྱར་ནས་འབུལ། རྫས་རྣམས་རྫོགས་ནས། ཨོཾ་བཛྲ་སཏྭ་ཨཿ ཨི་དཾ་བ་ལིདྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་པས་ལས་གཏོར་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་འབུལ། ཐབ་ཏུ་ཡུངས་དཀར་འཐོར་ཞིང་སྔར་དགང་བླུགས་སྐབས་བཞིན་འདོད་དོན་
གསོལ།] དེ་ལྟར་སྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཉམས་ཆག་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ལྷག་མེད་དུ་སངས་ཀྱིས་བསལ་བར་[མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ཞིང་གཏང་རག་གི་མཆོད་བསྟོད་བྱ།] མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱེད་ཀྱིས་བཟོད་མཛད་རིགས། །[ཞེས་དང་ཡིག་བརྒྱས་ནོངས་པ་བཤགས།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ[ས་]ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་[བསམ་མོ། །གསུམ་པ་རྗེས་ནི། མེ་རང་ཞིར་བཏང་བའམ་འོ་མ་དང་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་ཆུ་ཀླུང་དུ་སྦྱང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པའོ། །ཞེས་པའང་རྒྱའི་སྔགས་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཞུང་དོན་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།]