བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་བྱིན་རླབས་གཏོར་དབང་གི་ཆོ་ག་སྐལ་ལྡན་འདོད་འཇོའི་དགའ་སྟོན།
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་བྱིན་རླབས་གཏོར་དབང་གི་ཆོ་ག་སྐལ་ལྡན་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། མི་འགྱུར་སྟོང་ཉིད་རྡོ་རྗེའི་ཡེ་ཤེས་གང༌། །འགག་མེད་སྙིང་རྗེར་ཁྲོས་པའི་སྒྱུ་ཐབས་ཅན། །བླ་མ་ཧེ་རུ་ཀ་དཔལ་དཔལ་དེར་བཏུད་ནས། །བྱིན་རླབས་གཏོར་མའི་དབང་བསྐུར་འཆད་ལ་སྤྲོ། །[དེ་ཡང་གསང་བའི་བསྐྱེད་རྫོགས་ཀྱི་མན་ངག་ཟབ་མོ་ཇི་བཞིན་ཉམས་སུ་ལེན་པར་མི་ནུས་ཀྱང་དམ་ཚིག་ལ་སེལ་མེད་ཅིང་མོས་གུས་དང་ལྡན་པའི་སྐྱེ་འགྲོ་ཐུན་མོང་བ་ལ་རྐྱེན་སེལ་གྱི་བྱིན་རླབས་བྱ་བར་འདོད་པའམ། རྩ་བའི་རྒྱུན་ཁྱེར་གྱི་བཟླས་པ་ཙམ་ཉམས་སུ་ལེན་པར་འདོད་པ་དག་གི་འཇུག་སྒོ་སྨིན་བྱེད་ཀྱི་སྙིང་པོར་ཡང་འགྱུར་བ་བྱིན་རླབས་གཏོར་མའི་དབང་བསྐུར་བྱ་བའི་ཚུལ་ལ་སྦྱོར་བ་སྟེགས་བུ་ཁེབས་ལྡན་གྱི་ཁར་མཉྫིའི་སྟེང་རིན་པོ་ཆེའམ་བྷཉྫ་ལ་སོགས་པའི་སྣོད་དུ་དཔལ་གྱི་གཏོར་མ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ་དང༌། མདུན་དུ་མཆོད་གཏོར་སྲུང་མའི་གཏོར་མ་སྨན་རཀ་ཆུ་གཉིས་ཉེར་
སྤྱོད་དང་བཅས་པ་བཤམས། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་མདུན་ཐ་མི་དད་ཀྱི་ཚུལ་དུ་བསྒྲུབ། སྲུང་མའི་གཏོར་བསྔོས་དང༌། ལས་བུམ་འཁྱིལ་བའི་སྔགས་ཀྱིས་བརླབ་པ་སྔོན་དུ་འགྲོ་བས། དངོས་གཞིའི་དབང་གི་ཐོག་མར་སློབ་མ་རྣམས་ལ་ཁྲུས་བྱ། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ལ།] འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕངས་ལ་འགོད་པར་བྱ། དེའི་ཆེད་དུ་བྱིན་རླབས་དབང་བསྐུར་གྱི་རིམ་པ་ཟབ་མོ་གསན་ཏེ་ལམ་ཚུལ་བཞིན་ཉམས་སུ་ལེན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེའང་ཁྲག་འཐུང་བཛྲ་ཀུ་མཱ་ར་འདི་ཉིད་ངེས་པའི་དོན་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་མཆོག་ཡེ་ཤེས་ཀྱི་ངོ་བོ་བཅོམ་ལྡན་འདས་
དཔལ་རྡོ་རྗེ་སེམས་དཔའ་ཉིད་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ཀྱི་གཉེན་པོར་རྣམ་པ་རྒྱལ་ཀུན་ཕྲིན་ལས་ཀྱི་གསང་བ་གཅིག་ཏུ་བསྡུས་པ་འཇིགས་བྱེད་འབར་བའི་ཕྱག་རྒྱ་ཀརྨ་ཧེ་རུ་ཀའི་ཚུལ་དུ་སྣང་བ་སྟེ། རྒྱུད་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་སོགས་གསུངས་ཤིང༌། ལྷག་པར་སྙིགས་མའི་དུས་ཀྱི་མར་གཤམ་བདུད་བགེགས་དམ་སྲི་ཁ་འཕྱུར་བའི་སྐབས་འདིར་དེ་དག་འདུལ་བའི་གཉེན་པོ་ལྷ་མཆོག་འདི་ཉིད་ཁྱད་པར་དུ་བསྔགས་པའི་ཚུལ། གཏེར་གཞུང་རྩ་བར། སྤྱིར་ནི་ལྔ་བདོ་དུས་ཀྱི་ཐ་མའི་ཚེ༔ ཕྲིན་ལས་ལས་ཀྱི་གདུལ་བྱ་དུས་བབས་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པ༔ ལྷ་གཞན་བསྒྲུབ་ཀྱང་ལམ་དུ་འགྲོ་དཀའ་ཞིང་༔ གྲུབ་འབྲས་མངོན་དུ་འགྱུར་བ་ཤིན་ཏུ་དཀོན༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ གངས་ཅན་བོད་ཀྱི་ས་གནས་ཐམས་ཅད་དུ༔ ཕུར་རྒྱུད་འདྲ་མིན་བརྒྱ་ཙམ་གཏེར་དུ་སྦས༔ སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བ་ཡི༔ གདམས་པའི་མཆོག་གྱུར་འདི་ལས་ཡོད་རེ་ཀན༔ ཉམས་སུ་ལེན་པའི་ལས་ཅན་སྐལ་ལྡན་རྣམས༔ འབྲེལ་བ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་རུ༔ བདེ་ལེགས་ཀུན་འབྱུང་ཕྱོགས་ལས་རྣམ་རྒྱལ་འགྱུར༔ ཞེས་དང༌། གཞན་ཡང༌། ཡིད་གཉིས་ཐེ་ཚོམ་
མེད་པར་མོས་བྱེད་ཅིང་༔ སྒྲུབ་པ་སྣ་གཅིག་ཙམ་ཞིག་བྱས་པས་ཀྱང་༔ ཡིད་ལ་ཅི་འདོད་འགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས༔ ཞེས་རྡོ་རྗེའི་གསུང་ལ་བསླུ་བ་མ་མཆིས་པས། རྩོད་ལྡན་ཐ་མའི་དུས་འདིར་ཡི་དམ་ལྷ་སྔགས་གཞན་གྱི་ནུས་པ་རྡུགས་པ་ལྟར་སྣང་ནའང་རྡོ་རྗེ་ཕུར་བུའི་རྟགས་མཚན་མངོན་དུ་གྱུར་པ་ཟམ་མ་ཆད་པའི་ཕྱིར་འཕགས་བོད་མཁས་གྲུབ་ཀུན་གྱི་ཐུགས་དམ་གསང་བའི་ལྷ་གཅིག་མར་ཡོངས་སུ་གྲགས་པ་སྟེ། འདི་ལ་རྒྱུད་ལུང་མན་ངག་གི་ངེས་པས་སྒྲུབ་ཐབས་རྒྱས་བསྡུས་བཀའ་གཏེར་དག་སྣང་གི་སྲོལ་ཀ་ཇི་སྙེད་ཅིག་མཆིས་པ་ལས། སྐབས་སུ་བབས་པ་འདི་ནི་གཙོ་བོར་བརྒྱུད་ཐག་ཉེ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དང་མཁའ་འགྲོའི་ཁ་རླངས་མ་ཡལ་བ། རྩོད་བྲལ་དུས་བབས་ཀྱི་ཟབ་ཆོས། གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་བ་ཆེན་པོ་ཁྲག་འཐུང་བདུད་འཇོམས་གླིང་པའི་ཟབ་གཏེར་རྒྱ་མཚོའི་ཡང་ཞུན་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཆོས་སྡེ་དང་འབྲེལ་བར་སྐལ་ལྡན་རྗེས་འཛིན་སྨིན་བྱེད་སྙིང་པོའི་བཅུད་ཐིག་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ཡིན། དེ་ལ་བདག་ཉིད་སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་གསན་པའི་སླད་དུ་མཎྜལ་འབུལ་བར་མཛོད། [ཅེས་མཎྜལ་འབུལ་དུ་གཞུག །]ཕྱག་
སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བླ་མ་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ བདག་ལ་བྱིན་གྱིས་བརླབས་ནས་ཀྱང་༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ [ལན་གསུམ།]བླ་མ་དང་ཁྲག་འཐུང་རྡོ་རྗེ་གཞོན་ནུ་གཉིས་སུ་མེད་པ་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱན་སྔར་ཕྱག་འཚལ་བ་ལ་སོགས་པ་བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོ་བསྡུས་པ་རྒྱུན་བཤགས་ཡན་ལག་བརྒྱད་པ་ཚུལ་བཞིན་དུ་བགྱིད་དོ་སྙམ་པས་འདིའི་རྗེས་ཟློས། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། [ཅེས་སོགས་ལན་གསུམ།] དེ་ལྟར་རྒྱུད་སྦྱོང་བ་སྔོན་དུ་སོང་ནས་དངོས་གཞི་བྱིན་རླབས་ཀྱི་གཞི་དགོད་པའི་སླད་དུ་ཁྱེད་རང་རྣམས་ལྷའི་སྐུ་འདི་ལྟར་དུ་གསལ་ཐོབ་མཛོད། ཤུ་ནྱ་ཏ[ས་བསང་སྦྱང༌།] ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་སའི་ཕྱོགས་འདི་དག་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་དབྱིབས་དང་རྒྱ་ཁྱོན་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡི་གེ་
ཧཱུྃ་མཐིང་ནག་ལས་རྡོ་རྗེ་སྔོན་པོ་རྩེ་དགུ་པ་ལྟེ་བར་ཧཱུྃ་གིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཅན་[སོགས་མངོན་རྟོགས་རྒྱུན་ཁྱེར་བཞིན་ལས།] དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་བའི་སྦྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱ་དམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གསལ་ཐོབ། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོས་གསོལ་བ་བཏབ་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས། འོག་མིན་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་ནས་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྐུར་བཞེངས་ཏེ་སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་
བྱོན་ནས་ཁྱེད་རང་རྣམས་ལྷར་གསལ་བ་ལ་སིབ་སིབ་ཐིམ་པས་རྒྱུད་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་པའི་མོས་འདུན་དྲག་པོ་བསྐྱེད་ཅིག །[ཅེས་འབེབས་རྫས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་སྙིང་བོའི་མཐར།] ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ [བཏགས་པ་དྲག་ཏུ་བརྗོད་ལ་བྱིན་དབབ།] དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་ཉིད་སྒོ་གསུམ་ལ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲས་[བརྟན་པར་བྱ། དཔལ་གཏོར་ཐོགས་ལ།] དེ་ནས་དབང་བསྐུར་དངོས་ལ། གཏོར་སྣོད་གྲུ་གསུམ་མཐིང་ནག་ཆོས་དབྱིངས་ཨེ་ཀློང་འབར་བའི་གཞལ་མེད་ཁང་ཆེན་པོར། གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རབ་འབྱམས་ཁྲོ་བོའི་སྤྲིན་དང་བཅས་པ་མངོན་སུམ་དུ་བཞུགས་པའི་དཔྲལ་བའི་ཨོ་ལས་འོད་ཟེར་མེ་ཕུང་ཁྲོ་ཆུང་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བ་ནས་ཞུགས་ཏེ་ལུས་ལ་ཐིམ་པས། ལུས་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། གཟི་བརྗིད་སྟོབས་ཀྱི་དངོས་གྲུབ་ཐོབ། ཁྲག་འཐུང་ཆེན་པོའི་རྡོ་རྗེའི་སྐུ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛད། ཧཱུྃ༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུའི་སྐུ༔ རྩ་གསུམ་རབ་འབྱམས་སྐུ་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ལུས་ལ་དབང་བསྐུར་བས༔ བསྐྱེད་རིམ་སྐུ་ཡི་དབང་མཆོག་ཐོབ་པར་ཤོག །[རྩ་བསྔགས་མཐར།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་གཏོར་མ་སྤྱི་བོར་བཞག །]
ཡང་གཏོར་མ་ལྷར་གསལ་བའི་མགྲིན་པའི་ཨཱ༔ ལས་འོད་ཟེར་མེ་ཕུང་ཁྲོ་ཆུང་དམར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པ་ནས་ཞུགས་ཏེ་ངག་ལ་ཐིམ་པས། དག་གི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། དྲག་སྔགས་ནུས་པའི་དངོས་གྲུབ་ཐོབ། ཁྲག་འཐུང་ཆེན་པོའི་རྡོ་རྗེའི་གསུང་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུའི་གསུང་༔ རྩ་གསུམ་རབ་འབྱམས་གསུང་དང་གཉིས་སུ་མེད༔ སྐལ་ལྡན་བུ་ཡི་ངག་ལ་དབང་བསྐུར་བས༔ ནུས་པ་སྔགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ [རྩ་སྔགས་མཐར།] ཝཱཀ་ཨ་བྷི་ཥིཉྩ་ཨཱཿ [ཞེས་གཏོར་མ་མགྲིན་པར་བཞག །]ཡང་གཏོར་མ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མེ་ཕུང་ཁྲོ་ཆུང་མཐིང་གའི་ཚོགས་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་ག་ནས་ཞུགས་ཏེ་ཡིད་ལ་ཐིམ་པས། ཡིད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། བདེ་ཆེན་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཁྲག་འཐུང་ཆེན་པོའི་ཐུགས་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ རང་བྱུང་ལྷུན་གྲུབ་རྡོ་རྗེ་གཞོན་ནུའི་ཐུགས༔ རྩ་གསུམ་རབ་འབྱམས་ཐུགས་དང་གཉིས་སུ་མེད༔ སྐལ་ལྡན་བུ་
ཡི་ཡིད་ལ་དབང་བསྐུར་བས༔ རིག་རྩལ་དོན་གྱིས་དབང་མཆོག་ཐོབ་པར་ཤོག༔ [རྩ་སྔགས་མཐར།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་གཏོར་མ་སྙིང་གར་བཞག །]ཡང་གཏོར་མ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། གནས་གསུམ་ཀ་ནས་འོད་ཟེར་མེ་ཕུང་ཁྲོ་ཆུང་ཁ་དོག་སྣ་ཚོགས་པ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཞུགས་ཏེ་ལུས་ངག་ཡིད་ལ་གསུམ་ཐིམ་པས། སྒོ་གསུམ་གྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་སྦྱངས། དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ། ཁྲག་འཐུང་ཆེན་པོའི་གསང་གསུམ་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། ཧཱུྃ༔ འཁོར་འདས་སྤྱི་དཔལ་ཁྲག་འཐུང་ཀཱི་ལ་ཡ༔ རྒྱལ་བ་སྲས་བཅས་རྣམས་དང་གཉིས་སུ་མེད༔ རྩ་གསུམ་ལྷ་ཚོགས་སྐུ་ཡི་དབྱིངས་སུ་རྫོགས༔ སྐལ་ལྡན་སློབ་མའི་སྤྱི་བོར་མངོན་སུམ་བྱོན༔ སྒོ་གསུམ་ནད་གདོན་སྡིག་སྒྲིབ་བར་ཆད་སོལ༔ སྨིན་གྲོལ་དབང་དང་བྱིན་རླབས་ཆར་ལྟར་ཕོབ༔ རང་བྱུང་རྡོ་རྗེ་གསུམ་གྱི་དཀྱིལ་འཁོར་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ [རྩ་སྔགས་མཐར།] སརྦ་ཨ་བྷི་ཥིཉྩ་ཧྲཱིཿ [ཞེས་གཏོར་མ་གནས་གསུམ་དུ་བཞག །སྤྲོ་ན་སླར་ཡང་དཔལ་
གཏོར་སྤྱི་བོར་བཟུང་ལ།] ཁྱབ་བདག་ཀུན་ཏུ་བཟང་པོ། དཔལ་ཆེན་ཁྲག་འཐུང་རིགས་ལྔ། རིག་འཛིན་རྡོ་རྗེ་ཆོས་རབ། མཁའ་འགྲོ་བདེ་བའི་འཁོར་ལོ། སློབ་དཔོན་པྲ་བྷ་ཧསྟི། ཨོ་རྒྱན་པདྨ་ཐོད་ཕྲེང༌། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། ཁྲག་འཐུང་བདུད་འཇོམས་དཔའ་བོ། འགྱུར་མེད་ངེས་དོན་དབང་པོ་ལ་སོགས་ཏེ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང༌། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཐུ་སྟོབས་གཅིག་ཏུ་བསྡུས་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ནད་གདོན་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང༌། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་པ་དང༌། ཁམས་གསུམ་སྐྱེ་འགྲོ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བ་དང༌། གཉིས་སྣང་ལོག་འདྲེན་དགྲ་བགེགས་འབྱུང་པོ་ཐམས་ཅད་ཚར་གཅོད་པ་དང༌། བྱང་ཆུབ་ཀྱི་སེམས་རྣམས་གཉིས་རྒྱུད་ལ་སྐྱེས་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་
བྱིན་གྱིས་བརླབ་ཏུ་གསོལ། [ཞེས་བཀའ་བསྒོ་བྱས་མཐར།] ཛཿཧཱུྃ་བཾ་ཧོཿ གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པས་དཔལ་ཆེན་པོའི་གསང་བ་གསུམ་དང་དབྱེར་མེད་དུ་གྱུར། གཏོར་ཟན་ཟག་མེད་ཀྱི་བདུད་རྩིར་འཁྱིལ་བ་མགྲིན་པར་མྱང་བས་ལས་དང་དངོས་གྲུབ་ཐམས་ཅད་སྟན་ཐོག་དེ་ཉིད་དུ་ཐོབ་པའི་མོས་པ་མཛོད། [ཅེས་གཏོར་མའི་རས་མ་བདུད་རྩི་དང་བསྲེས་པ་དངོས་གྲུབ་ཏུ་སྦྱིན། མེ་ཏོག་འཐོར་ལ།] གཏུམ་ཆེན་དྲག་ཤུལ་དུས་མཐའི་མེ་ལྟར་འབར༔ རྡོ་རྗེའི་སྔགས་སྒྲས་ཞིང་ཁམས་ཀུན་ཏུ་གཡོ༔ བདེ་སྟོང་ཡེ་ཤེས་སྙིང་རྗེ་ཁྲོས་པའི་གཟུགས༔ བདུད་འདུལ་ཧེ་རུ་ཀ་ཡི་བཀྲ་ཤིས་ཤོག༔ [ཅེས་དང༌། གཞན་ཡང་ཤིས་བརྗོད་ཇི་ལྟར་འོས་པ་བྱ།] དེ་རྣམས་ཀྱི་སྒོ་ནས་ཇི་སྐད་དུ། ལས་ཅན་མོས་གུས་དམ་ཚིག་ལྡན་པའི་བུར༔ སྨིན་བྱེད་སྙིང་པོ་གཏོར་མའི་དབང་བསྐུར་བས༔ བར་ཆད་བདུད་བཞིའི་གཡུལ་ལས་རབ་རྒྱལ་ནས༔ དཔལ་ཆེན་ཁྲག་འཐུང་ནུས་སྟོབས་རྫོགས་པར་འགྱུར༔ ཞེས་རྡོ་རྗེའི་གསུང་གིས་ཆེ་ཐང་དུ་བསྔགས་པར་མཛད་པ་སྨིན་བྱེད་སྙིང་པོ་བྱིན་རླབས་གཏོར་མའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས། ལྷག་པའི་ལྷ་མཆོག་འདི་ཉིད་ཡི་དམ་དུ་འཛིན་ཅིང་གསང་བའི་དམ་ཚིག་མཐའ་དག་ཚུལ་བཞིན་བསྲུང་སྡོམ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་
ལྟར་[སོགས་དམ་ཚིག་ཁས་ལེན་གཏང་རག་མཎྜལ་ལུས་དབུལ་དགེ་བསྔོ་རྣམས་བྱས་ཏེ་སློབ་མ་གྱེས། སློབ་དཔོན་གྱིས་དཀྱིལ་འཁོར་པར་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་ཆོ་ག་རྣམས་གཞུང་ལྟར་བྱའོ། །ཐུན་མོང་སྐལ་བཟང་ཀུན་དགའི་འཇུག་ངོགས་སུ། །བྱིན་རླབས་སྙིང་པོའི་སྨིན་བྱེད་སྒྲུབ་པའི་ཚུལ། །བརྗོད་པ་འདིས་ཀྱང་འདིར་འབྲེལ་སྐྱེ་བོ་ཀུན། །ཕྲིན་ལས་རོལ་བའི་གོ་འཕང་མངོན་བྱེད་ཤོག །ཅེས་པའང་གཏེར་གཞུང་རྩ་བའི་དགོངས་པ་རིགས་མཐུན་རྡོ་རྗེའི་ཚིག་གིས་རྣམ་པར་བཀྲལ་ཞིང་མཚམས་སྦྱོར་ཉུང་ངུའི་ངག་གིས་དོན་གྱི་སྐབས་ཕྱེས་ཏེ་མོས་ལྡན་འཇུག་པ་བདེ་བའི་ཡན་ལག་ཏུ། རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཤྲཱི་བི་ཛ་ཡནྟུ།། །།]
ཕུར་པའི་སྒོ་ནས་བཀའ་བསྒོ་བྱ་བའི་ཚུལ་ཁྱེར་བདེར་བཀོད་པ།
[ཕུར་པའི་སྒོ་ནས་བཀའ་བསྒོ་བྱ་བའི་ཚུལ་ཁྱེར་བདེར་བཀོད་པ་བཞུགས། གང་ཟག་ནད་གདོན་གྱིས་ཉེན་པ་སོགས་ལ་བཀའ་བསྒོ་བྱེད་པར་འདོད་ན། རང་ཉིད་ཡི་དམ་གྱི་ང་རྒྱལ་ལ་གནས་པས་བསྲུང་བྱའི་སྤྱི་བོར་ཕུར་བུ་ཕྲེང་བ་སོགས་བཞག་སྟེ།] ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང༌། སངས་རྒྱས་ཀྱི༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི༴ ཁྱད་པར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་བ་རྣམས་ཀྱི་བཀའ་བདེན་པ་དང༌། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། བསྲུང་བྱ་འདིའི་ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བའིབསམ་སྦྱོར་དང་ལྡན་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག བར་གདོན་རྒྱལ་བཙན་མ་མོ་ལ་སོགས་པ་སྡེ་བརྒྱད་བསྡོང་ཟླ་སྣ་འདྲེན་དང་བཅས་པ་ཐམས་ཅད་འདིར་མ་གནས་པར་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་བ་དེ་དག་བདག་ཉིད་རྡོ་རྗེ་གཞོན་ནུའི་ཐུགས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རོལ་པ་ལས་བྱུང་བའི་སྤྲུལ་པའི་ཁྲོ་ཚོགས་རྡོ་རྗེའི་མེ་ཆར་ཆེན་པོ་མི་བཟད་པར་འབེབས་པ་རྣམས་ཀྱི་རྡུལ་ཕྲན་བཞིན་དུ་བརླག་པར་གྱུར་ཏ་རེ། [སྤུ་གྲིའི་དྲག་སྔགས་དང་ཧཱུྃ་བཞི་པའི་སྔགས་ཀྱིས་བགེགས་རྣམས་བསྐྲད་ལ།] བསྲུང་བྱའི་སྤྱི་བོར་པྃ་ལས་པདྨ། ཨ་ལས་ཟླ་བ། རྃ་ལས་ཉི་མའི་དཀྱིལ་འཁོར་
གྱི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཅན་སོགས་ནས། ཁྲག་འཐུང་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་གྱུར། ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གྱུར། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། །ད་ན་ཀཱ་ཝཱ་ཙི་རཀྵ་ཀུ་རུ་བྷྲཱུཾ། [ཞེས་བརྒྱ་རྩ་བཟླས་མཐར།] ན་མོ། ཕྱོགས་བཅུ་དུས་གསུམ་གྱི་གཤེགས་ཤིང་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་རྣམས་ཀྱི་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། ཟག་པ་མེད་པའི་ཐུགས་རྗེའི་མཐུ་དང་ནུས་པས། བསྲུང་བྱ་འདི་ལ་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་རུ་བྱིན་གྱིས་རློབས་ཤིག །མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །ལུས་ངག་ཡིད་གསུམ་ལ་གནོད་ཅིང་འཚེ་བར་བྱེད་པའི་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག །བར་གདོན་རྒྱལ་བཙན་མ་མོ། སྡེ་བརྒྱད་བསྡོང་ཟླ་སྣ་འདྲེན་དང་བཅས་པའི་གནོད་པ་ལས་བསྲུང་བར་མཛོད་ཅིག །སྐྱོབ་པར་མཛོད་ཅིག །སྦ་བར་མཛོད་ཅིག །མདོར་ན་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་བྱིན་གྱིས་རློབ་ཅིང་སྐལ་པ་མཉམ་པར་མཛད་དུ་གསོལ། [རྩ་སྔགས་ཀྱི་མཐར།] ཛཿཧཱུྃ་བཾ་ཧོཿ
ལྷ་ཚོགས་འོད་དུ་ཞུ་ནས་ཧཱུྃ་གིས་རྣམ་པས་ཁྱེད་རང་གི་སྤྱི་བོ་ནས་ཞུགས་ཏེ་སྙིང་གར་ཐིམ། སྙིང་གའི་ཧཱུྃ་ལས་འོད་ཟེར་རྡོ་རྗེའི་ཚྭ་ཚྭ་མེའི་ཕུང་པོར་འབར་ཞིང་འཕྲོ་བ་བ་སྤུའི་ཁུང་བུ་ནས་སོང༌། ལུས་ཀྱི་སྟོད་སྨད་བར་གསུམ་ཐམས་ཅད་ཁྱབ་པས་རྡོ་རྗེའི་གོ་ཁྲབ་ཀྱིས་ཞུ་ལུགས་སུ་གཡོགས་ཏེ་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བཅིངས་པར་གྱུར། ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་དང༌། །རིག་འཛིན་རྣལ་འབྱོར་བདག་གི་བདེན་པའི་མཐུས། །འགྲོ་བ་འདི་ལ་བདག་གིས་བསྲུངས་ཟིན་པས། །ཕྱིན་ཆད་སུས་ཀྱང་གནོད་པ་མ་བྱེད་ཅིག །མི་འགྱུར་ལྷུན་པོ༴ བགེགས་རིགས་སྟོང་ཕྲག༴ [སོགས་བཀྲ་ཤིས་གང་འོས་བརྗོད་དོ། །ཞེས་པའང་དགེ་སློང་རིགས་སྔགས་འཆང་བ་བྱམས་པ་ཆོས་འཛིན་གྱི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་སྨད་ཀྱི་ཕྲིན་ལས་ལ་ཉེ་བར་མཁོ་བ་བཅས་ཀྱི་རྣམ་བཞག་རྨོངས་པའི་མིག་འབྱེད་གནད་ཀྱི་གསེར་ཐུར།
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་སྨད་ཀྱི་ཕྲིན་ལས་ལ་ཉེ་བར་མཁོ་བ་བཅས་ཀྱི་རྣམ་བཞག་རྨོངས་པའི་མིག་འབྱེད་གནད་ཀྱི་གསེར་ཐུར་ཞེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་སྨད་ཀྱི་ཕྲིན་ལས་ལ་ཉེ་བར་མཁོ་བ་བཅས་ཀྱི་རྣམ་བཞག་རྨོངས་པའི་མིག་འབྱེད་གནད་ཀྱི་གསེར་ཐུར་ཞེས་བྱ་བ། ཁྱབ་བདག་བླ་མ་བདུད་འདུལ་ཧེ་རུ་ཀའི་ངོ་བོར་བཞུགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཤིན་ཏུ་མི་བཟད་གར་དགུའི་ཉམས་ཀྱིས་རྣམ་པར་རོལ་པ་དཔའ་བོའི་སྐུ། །གནག་སྣུམ་རབ་བརྗིད་ཨིནྡྲ་ནཱི་ལའི་རྡུལ་གྱི་ཕུང་པོ་ཡོངས་བརྩེགས་པར། །འབར་བའི་ལང་ཚོ་ཉིན་མོར་བྱེད་པ་བྱེ་བས་འཁྱུད་ལྟའི་གཟི་བྱིན་ཅན། །བདུད་འདུལ་ལྷག་པའི་ལྷ་མཆོག་དེ་ཡིས་ཕྲིན་ལས་ནུས་མཐུ་མཐར་འབྱིན་མཛོད། །བསྙེན་སྒྲུབ་ཕྲིན་ལས་རབ་འབྱམས་སྒྲུབ་པའི་སྒོ། །
མཚན་མའི་བཅས་ཀྱི་རྣམ་པར་བཞག་པ་ནི། །དང་པོའི་ལས་ཅན་རྨོངས་པའི་མིག་འབྱེད་ཕྱིར། །ལག་ལེན་མན་ངག་གནད་ཀྱི་གསེར་ཐུར་སྤྲོ། །དེའང་དཔལ་ཆེན་པོའི་རྣལ་འབྱོར་ཟབ་མོའི་ལམ་ལ་འཇུག་པའི་ཆ་རྐྱེན་ཡོ་བྱད་ཕུན་སུམ་ཚོགས་པའི་ལས་ཀྱི་རིམ་པ་ཇི་སྙེད་ཅིག་རྩ་བའི་རྒྱུད་དང་སྒྲུབ་ཐབས་ཀྱི་གཞུང་རྣམས་སུ་གསུངས་པ་ལས། སྐབས་དོན་ཉེ་བར་མཁོ་བའི་མན་ངག་འགའ་ཞིག་དཀྱུས་གཅིག་ཏུ་འགོད་པ་ལ། ཕུར་པའི་སྤྱི་སྡོམ་ཇོ་མོའི་ཞུས་ལན་ལས། གནད་ཀྱི་རྫས་མེད་དུ་མི་རུང་བ་ནི༔ དཀྱིལ་འཁོར༔ ལྷ་ཕུར༔ གཏོར་ཚོགས༔ བྱུག་བདུག་བརྡེག་གསུམ་༔ རྔ་དང་དུར་ཁྲོད་ཀྱི་རྫས༔
ལིང་ག་དང་འབྲུབ་ཁུང་རྣམས་མེད་དུ་མི་རུང་བས་ཚང་བར་གཅེས་སོ༔ ཞེས་དོན་ཚན་དྲུག་ཏུ་གསུངས་པ་ལས། དང་པོ་དཀྱིལ་འཁོར་ནི། འདིར་བསྟན་ལྷག་པ་གཟུགས་བརྙན་གྱི་དཀྱིལ་འཁོར་སྟེ། དེ་ལ་འབུར་དུ་གཏོད་པ། ལུགས་སུ་བླུགས་པ། རི་མོར་བྲིས་པ་རྣམས་ལ་བཤད་པས། རབ་གནས་གཟུངས་གཞུག་དང་ལྡན་པའི་དཔལ་ཆེན་གཙོ་འཁོར་གྱི་སྣང་བརྙན། བློས་སློང་གི་དཀྱིལ་འཁོར་སོགས་འཛོམ་ན་མཆོག་དང༌། མ་འཛོམ་ན་དམ་ཚིག་གི་བྲིས་སྐུ་མཚན་ཉིད་དང་ལྡན་པ་དང༌། རྡུལ་ཚོན། རས་བྲིས། ཚོམ་བུ་སྟེ། འབྱོར་པ་དང་དབང་པོའི་རིམ་པར་བསྟུན་པའི་བསྙེན་སྒྲུབ་ལས་སྦྱོར་གྱི་དཀྱིལ་འཁོར་དུ་ངེས་པར་བྱ་ཞིང༌། དེ་ཡང་རྡུལ་ཚོན་རུས་པའི་ཚོན་ལ་བྲི་བར་བཤད་ཀྱང་མི་འབྱོར་ན་ཚོན་གྱི་ནང་དུ་རུས་ཆེན་གྱི་ཕྱེ་མ་བསྲེ་བ་དང༌། རས་བྲིས་ལའང་རུས་ཕྱེ་དང་ཁྲག་ཆེན་བསྲེས་ན་དུར་ཁྲོད་ཀྱི་ཚོན་ཐོབ་ཏུ་འགྱུར། ཇི་ལྟར་འབྲི་བའི་ཚུལ་ནི་སྒྲུབ་ཆེན་ཁོག་དབུབ་ཏུ་སྨོས་པ་ལས་ཤེས་ཤིང༌། ཚོམ་བུ་དགོད་པའི་ཚེ་མཆོག་སྒྲུབ་ལ་འབྲུ་དཀར་དྲི་བཟང་གིས་སྦགས་པ་དང༌། མངོན་སྤྱོད་ལ་འབྲུ་ནག་དུག་ཁྲག་གིས་གཤེར་བས་ལྷ་གྲངས་དང་མཉམ་པར་འགོད། དཀྱིལ་འཁོར་གྱི་སྟེགས་བུའི་འོག་ཏུ་གྲུ་གསུམ་བརྐོས་པར་རམ་རང་བཞིན་
དུ་སྦས་ཀྱང་རུང་སྟེ། མི་རྟ་ཁྱི་བྱ་བ་ལང་གི་རུས་པ་ལྔ་གཞུག་པའམ། ཐོད་ཚལ་ལ་འཁོར་ལོ་རྩིབས་བརྒྱད་པ་བྲིས་ཏེ་བཞག་པས་སའི་རོ་ལྔ་ལ་སོགས་པའི་ཉེས་པས་མི་གོས་ཤིང་མ་མོ་དང་མཁའ་འགྲོ་རྣམས་ཀྱིས་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་བར་འགྱུར་ལ། བྷནྡྷ་མཚན་ལྡན་ནང་དུ་རིན་ཆེན་ལྔ། འབྲུ་ལྔ། སྔན་ལྔ། དྲི་ལྔ་རྣམས་བཅུག་པ་བཞག་པས་ཕྱི་རིན་པོ་ཆེ་ལ་ནང་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་མཐོང་ཞིང་ནད་མི་འབྱུང༌། ལོངས་སྤྱོད་ཆེ། གྲགས་པ་ཐོབ་པ་ལ་སོགས་པའི་རྟེན་འབྲེལ་ཡོད་པར་བཤད་དོ། །གཉིས་པ་ལྷ་ཕུར་ནི། མཚན་མ་རྫས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་མེད་དུ་མི་རུང་བ་ཉིད་དེ། འདི་ལ་རྒྱུ། རྣམ་གྲངས། ཚད། དབྱིབས། ཇི་ལྟར་འདུ་བྱ་བ། བྱིན་གྱིས་བརླབ་པ། མཚོན་དོན། བྱེད་ལས། གང་དུ་གདབ་པ། དགོས་པ་བཅས་དོན་བཅུ་ལས། དང་པོ་རྒྱུ་ནི། གསང་རྒྱུད་ལས། དངུལ་ལམ་དཀར་པོའི་ཤིང་རྣམས་ནི། །ཞི་བ་ལས་ཀྱི་ཕུར་པའི་རྒྱུ། །གསེར་རམ་སེར་པོའི་ཤིང་རྣམས་ནི། །ཡོན་ཏན་རྒྱས་པའི་ཕུར་པའི་རྒྱུ། །ཟངས་སམ་དམར་པོའི་ཤིང་རྣམས་ནི། །གསུང་མཆོག་དབང་གི་ཕུར་པའི་རྒྱུ། །ལྕགས་སམ་ནག་པོའི་ཤིང་རྣམས་ནི། །དྲག་པོ་
ལས་ཀྱི་ཕུར་པའི་རྒྱུ། །ཞེས་སྤྱིར་ལས་སོ་སོ་ལ་རྒྱུ་སོ་སོར་དགོས་པར་བཤད་ཅིང༌། བྱེ་བྲག་ཏུ་ཨོ་རྒྱན་ཆེན་པོས། སྒྲུབ་ཕུར་རྣམས་ལྕགས་སྣ་ལྔའམ་སེང་ལྡེང་ལྟ་བུ་ལའོ། །ཞེས་གསུངས་པའི་ལྕགས་སྣ་ལྔ་ནི། མྱང་འདས་ལས། གནམ་ལྕགས་ས་ལྕགས་ཁྲོ་ཆུ་གསུམ། །མི་རྟ་བསད་པའི་མཚོན་ཆ་བཞི། །ཕལ་པའི་ལྕགས་དང་ལྔ་ལ་བྱ། །ཞེས་པས་གནམ་ལྕགས་ནི་ཐོག་ལྕགས། ས་ལྕགས་ནི་རྨོས་ལྕགས་བྱང་མ། ཁྲོ་ལྕགས་ནི་དངོས། གྲི་མདུང་སོགས་མི་རྟ་བསད་པའི་ལྕགས། ཕལ་པའི་ལྕགས་ལྷ་ཁང་རྙིང་པའི་སྒོ་གཟེར་བཅས་ལྔ་ལ་བསྡུ་བར་བཞེད་ཅིང༌། ལྕགས་དེ་དག་འཚོལ་མཁན་ནི། ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། དགེ་སློང་ཤན་པ་དགེ་བསྙེན་དང༌། །རྣལ་འབྱོར་རིག་སྔགས་འཆང་དང་ནི། །ལྷ་བཟོས་བླངས་པ་མཆོག་ཡིན་ནོ། །ཞེས་དང༌། བརྡུང་མཁན་ཀྱང༌། ཞེ་གནག་ཁྲིམས་གཙང་སྡོམ་ལྡན་པ། །དབང་ཐོབ་དད་པ་ལྡན་པས་བརྡུང༌། །ཞེས་འབྱུང་ངོ༌། །སྒྲུབ་ཕུར་ཤིང་ལ་བྱེད་ན། རྡོ་རྗེའི་རིགས་ཀྱི་མཚན་མ་དང་ལྡན་པའི་ཆུ་འགྲམ་དང་བྲག་རི་སོགས་ལས་སྐྱེས་པའི་ཚེར་མ་ཅན་གྱི་ཤིང་བཙལ་ལ། ཡུལ་བདག་ལ་གཏོར་མ་བྱིན་ནས་ཤིང་སློང་ཞིང་བར་ཆད་མི་བྱེད་པར་བཀའ་བསྒོ། ཨོཾ་སྭ་བྷཱ་ཝ་
ཤུདྡྷ༔ ཨ་དྷེ་བ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་བཟླ། རང་ཉིད་དཔལ་རྟ་མགྲིན་དུ་གསལ་ནས། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་བཛྲ་ཤཀྟི་མཱུ་ལ་ཚིནྡྷ་ཀཱི་ལ་ཡ་ཕཊ། ཅེས་བརྗོད་ཅིང་ཤར་ནས་བརྩམས་ཏེ་བཅད་ལ་རིན་པོ་ཆེའི་སྣོད་དུ་བཞག །ཡི་གེ་བརྒྱ་པ་བརྗོད་ཅིང་དྲི་ཆབ་ཀྱིས་བསང་གཏོར་བྱ། དངོས་པོའི་ངོ་བོ་སྟོང་པ་ཉིད་ཀྱི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་དངོས་གྲུབ་ཐམས་ཅད་འབྱུང་བའི་ཤིང་དུ་མོས་ལ་དུམ་བུར་བསིལ་ཏེ། དབུས་ཀྱི་ཆ་ལས་གཙོ་བོ། རྩེ་མོ་དང་རྩ་བ་སྟེང་འོག་གི་ཁྲོ་བོ་སོགས་རིག་པས་བཏགས་ནས་གཞོག་གོ །གཞན་ཡང་ལས་ཕུར་གྱི་བྱེ་བྲག །སྦས་གསང་མདུང་རྩེའི་རྒྱུད་ལས། དགྲ་བགེགས་དབང་དུ་བསྡུ་བའི་ཕྱིར། །ནག་པོའི་རིགས་ཀྱིས་བྱ་བར་ཤིས། །མནན་པའི་ཕུར་པ་སྐྱེར་ཕུར་བསྔགས། །འདྲེན་ཅིང་འགུགས་པར་མཆོག་ཕུར་བསྔགས། །གདབ་པའི་ཕུར་པ་ལྕགས་ཕུར་ཏེ། །དཔུང་དང་ཕྲལ་བར་བྱ་ཕུར་བསྔགས། །ཞེས་གསུངས་པས། དྲག་པོའི་རིགས་ཀྱི་ཤིང་སྐྱེར་པའི་རྩ་བ་ས་འོག་ནས་བརྐོས་པ། སྐྱེས་དར་མའི་རྗེ་ངར་སྦོམ་པོ་མ་ཡིན་པ་ཐུར་མ་ཙམ། ལྕགས་སྣ་ལྔ། བྱ་རྒོད་ཀྱི་གཤོག་པའི་དང་རུ་རྣམས་ལ་བྱ་དགོས་ཤིང༌། འབུམ་ནག་ཏུ་ངན་སྔགས་དྲུག་ལ་ཕུར་པའི་དབྱེ་བ་དྲུག་སོགས།
ཀྱང་བཤད་དོ། །གཉིས་པ་རྣམ་གྲངས་ནི། ཕྲིན་ལས་འཁོར་ལོའི་རྒྱུད་ལས། ཡོན་ཏན་གྱི་ཕུར་བུ་བདུན་ཅེས། བསྐྲད་པ་མཚམས་ཀྱི་ཕུར་པ་དང༌། བཀོད་པ་ལྷ་ཡི་ཕུར་པ་དང༌། མངགས་པ་ཕོ་ཉའི་ཕུར་པ་དང༌། དབང་དུ་སྡུད་པའི་ཕུར་པ་དང༌། གདབ་པ་ཕྲིན་ལས་ཀྱི་ཕུར་པ་དང༌། འཛིན་ཅིང་མི་གཏོང་བའི་ཕུར་པ་དང༌། གནས་སྲུང་བའི་ཕུར་པའོ། །ཞེས་འབྱུང་བའི། དང་པོ་ནི། ཁྲོ་བཅུའི་མཚམས་གཅོད་ལ་འདེབས་པར་བྱ་བ་རྣམས་སོ། །གཉིས་པ་ནི། ཁ་ཅིག་ཏུ་སྒྲུབ་ཕུར་ཞེས་གསུངས་པ་དང་དོན་གཅིག་སྟེ་གཙོ་ཕུར་རམ་འགྱིང་ཕུར་དང༌། བསྙེན་པའི་སྐབས་ལྷ་ཕུར་རྣམས་ཕྱོགས་གཅིག་སྦམ་ནས་ཐོད་པ་ལ་སོགས་པར་འགོད་པ་ལ་སྦམ་ཕུར་ཡང་ཟེར་ཏེ་ལྷ་གྲངས་ཡོངས་སུ་རྫོགས་པའོ། །གསུམ་པ་ནི་དབང་སྡུད་དང་མནན་པ་དང་ངན་སྔགས་དྲུག་སོགས་འཕྲལ་འཕྲལ་ལས་ལ་སྦྱོར་དགོས་པའི་ཕུར་པ་རྣམས་སོ། །བཞི་པ་ནི། དམ་ཅན་གནད་འབེབས་ཀྱི་ཕུར་པ་རྣམས་སོ། །ལྔ་པ་ནི། གདབ་ཁའི་ལས་ལ་འདེབས་པར་བྱ་བ་རྣམས་སོ། །དྲུག་པ་ནི་བསྙེན་ཕུར་སྟེ་འདིའང་སྲས་མཆོག་དང་ཐ་དད་དུ་ཕྱེ་བ་དང་གཅིག་ཏུ་འདོད་པའི་ལུགས་གཉིས་སུ་ཡོད་དོ། །བདུན་པ་ནི་རང་འདུག་པའི་ཚེ་སྔས་སུ་བཏབ་ཅིང་འགྲོ་བའི་ཚེ་སྐེད་ལ་གཟིར་བར་བྱ་བ་ཉིད་དོ། །གསུམ་པ་ཚད་ནི། ཞུས་ལན་
ལས། ཚད་ནི་གཙོ་ཕུར་སོར་བཅོ་བརྒྱད། གིང་ཕུར་སོར་བཅུ་གཉིས་སམ་ཡང་ན་བཅུ་དྲུག །མགྱོགས་ཕུར་སོར་བཅུ་གཉིས། གདབ་ཕུར་སོར་བརྒྱད་པ། ཕྲིན་ལས་བཞི་ལའང་མཐེབ་སོར་བརྒྱད་པ། མངགས་ཕུར་སོར་བརྒྱད་པ། སྲུང་ཕུར་སོར་བཅུ་དྲུག་པ། ཟློག་ཕུར་སོར་བཞི་པ། ཐུན་ཕུར་སོར་གསུམ་པར་སྤྱི་རྒྱུད་དུ་གསུངས་པ་དང༌། ཡང་ན་གཙོ་ཕུར་སོར་བཅུ་དྲུག །ཁྲོ་བོ་སོར་བཅུ་གཉིས། ཟ་གསོད་མཐོ་རེ། སྲས་མཆོག་མར་བཅད་སོར་བརྒྱད་པ་བྱ་བར་གསུངས། དེ་དག་ཀྱང་སོར་བཅུ་དྲུག་པ་ལ་དབུ་ལ་སོར་དོ། སྐུ་སྟོད་སོར་བཞི། ལྟེ་བ་དང་མཚན་མ་སོར་དོ་རེ། དབལ་སོར་དྲུག །སོར་བཅུ་གཉིས་པ་ལ་ཁྲོ་ཞལ་ལམ་རྒྱ་མདུད་གཉིས་སོར་ཕྱེད་དོ་རེ། ཆང་བཟུང་སོར་གསུམ། ཆུ་སྲིན་སོར་གཅིག །དབལ་སོར་ལྔ། སོར་བརྒྱད་པ་ལ། རྒྱ་མདུད་གོང་འོག་སོར་རེ། ཆང་བཟུང་སོར་དོ། ཆུ་སྲིན་ཁ་སོར་གང༌། དབལ་སོར་གསུམ་དུ་བྱ་ཞིང༌། བཅོ་བརྒྱད་པ་སོགས་གཞན་ལའང་དེ་དག་གིས་རིགས་འགྲེ་སྟེ་མདོན་ན་ཕྱེད་ཆ་སྟོད་དང་ཕྱེད་ཆ་དབལ་དུ་བྱ་བར་བཤད་དོ། །བཞི་པ་དབྱིབས་ནི། ཐུགས་རྡོ་ཁྲོས་པ་རྩ་རྒྱུད་ལས། མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །སྐེད་པ་རྒྱ་མདུད་གཞལ་ཡས་ཁང༌། །བཅུམ་གཞོག་ལ་
ནི་སོར་བཅུ་གཉིས། །བསྙེན་པའི་ཕུར་པ་དེ་བཞིན་བྱ། །ཞེས་དང༌། འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། །མཐེབ་གང་རྒྱ་མདུད་དག་ཏུ་བྱ། །སོར་བཞི་བཅུམ་གཞོག་འོག་མའང༌། །གོང་མ་བཞིན་དུ་ཤེས་པར་བྱ། །དབལ་ནི་ཆུ་སྲིན་ཁ་ནས་ཕྱུང༌། །ཚིག་བཞི་ཀུན་ལ་སྦྲུལ་གྱིས་བརྒྱན། །ཞེས་སོགས་དང༌། ལྷ་ཞལ་ཕྱུང་བའང་གཏེར་མའི་ཕྱོགས་ལས་གསལ་བར་གསུངས་ཤིང༌། ད་ལྟའི་ཕྱག་ལེན་དུ། གཙོ་ཕུར་ལ་རབ་ཞལ་གསུམ་ཕྱག་དྲུག་རྒྱན་ཆ་ཕྱག་མཚན་གཤོག་པ་དང་བཅས་པའི་སྨད་ཕུར་ཞབས་ཅན། འབྲིང་ཞལ་གསུམ་གྱིས་མཚན་པའི་ཕུར་རྐྱང༌། ཐ་མ་ཁྲོ་ཞལ་གཅིག་པ། ཀཱི་ལ་རིགས་ལྔ་དང་ཁྲོ་བཅུ་རྣམས་ལའང་ཁྲོ་ཞལ་གསུམ་མམ་རེ་རེ། ཟ་གསོད་སྒོམ་རྣམས་ལ་སོ་སོའི་མགོ་བརྙན་ཅན། སྲས་ཕུར་ཉེར་གཅིག་ལ་ཁྲོ་ཞལ་མེད་པའི་རྒྱ་མདུད་ཅན། ལས་བཞིའི་ཕུར་པ་རྩེ་མོ་རྡོ་རྗེ། རིན་པོ་ཆེ། པདྨ། རྒྱ་གྲཾ། སྨད་ཀྱི་ཕུར་ཞབས་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་ཅན་དུ་བྱ་ཞིང༌། དམ་ཅན་དང་དབང་ཕྱུག་མ་རྣམས་ལ་རྩང་ཕུར་ཁོ་ན་སྟེ། དེ་དག་ཀྱང་སྦོམ་པའི་སྐྱོན་སྦིས་སྦིས་པོ་མ་ཡིན་པ། ཕྲ་བའི་སྐྱོན་ཐུར་མ་ལྟ་བུ་མ་ཡིན་པ། གྲོག་སྐེད་ཀྱི་སྐྱོན་ཁ་ཅིག་སྦོམ་ཞིང་ཁ་ཅིག་ཕྲ་ཆེས་པ་མ་ཡིན་པ།
གཙོ་བོ་དང་ཁྲོ་བཅུ་བརྗིད་ཆགས་པ་རྒྱལ་པོ་གདན་ལ་བཞུགས་པ་འདྲ་བ། མགྱོགས་ཕུར་རྣམས་གསོར་འཕང་བདེ་བ་སྐྱེས་པ་དམག་ལ་ཆས་པ་འདྲ་བར་བྱ། གལ་ཏེ་ལྷ་ཞལ་དང་མགོ་བརྙན་སོགས་མི་འགྲུབ་པའི་ཕྱོགས་ལ་རྒྱ་མདུད་ཅན་ཁོ་ན་བྱས་པས་ཀྱང་རྒྱུད་ལུང་གི་དགོངས་པ་དང་འབྱོར་བས་ཆད་སྐྱོན་དུ་མི་འགྱུར་རོ། །ལྔ་པ་ཇི་ལྟར་འདུ་བྱ་བ་ནི། འཇིག་རྟེན་སྣང་བྱེད་ཀྱི་རྒྱུད་ལས། མཁས་པར་བསླབས་པའི་བཟོ་མཁན་ནི། །ཤེས་རབ་རྣམ་པ་དུ་མར་སྦྱངས། །ཞེས་དང༌། ཁ་ནི་ཛ་པྲ་དང་མི་འབྲལ་བས། །ཞེས་པས། ལྷ་ཕུར་སོགས་བཟོ་བའི་ཚེ་ཀཱི་ལ་ཡའི་སྔགས་ཟློ་བཞིན་པས་ཕལ་ཆེར་མངོན་སྤྱོད་ཀྱི་ལས་གཙོ་ཆེ་བས་ཁ་ལྷོར་ཕྱོགས་ལ། དབང་དུ་སྡུད་པའི་ཕྱིར་གྲི་སོ་རང་ལ་བསྟན་པའམ་ཚར་གཅོད་པའི་དོན་དུ་ཕྱིར་བསྟན་ལ་གཞོག །ལྕགས་ལ་བྱེད་ཀྱང་དེས་འགྲེ། གཞན་ཡང་མྱང་འདས་ཀྱི་རྒྱུད་ལས། རྩ་བའི་ཕྱོགས་སུ་རྒྱ་མདུད་བྱ། །རྩེ་མོའི་ཕྱོགས་སུ་ཕྲིན་ལས་བཞིའི། །སོ་སོ་རང་གི་གཞུང་བཞིན་གཞོག །ཅེས་དང༌། ལས་རྒྱུད་ལས། ཤིང་གི་རྩ་བ་རྒྱ་མདུད་དེ། །རྩེ་མོའི་ངོས་སུ་སོ་སོའི་དབལ། །ཞེས་སོགས་ཡང་ཡང་གསལ་བར་གསུངས་པ་ལྟར་ཤིང་གི་རྩ་བ་ལ་ཕུར་པའི་མགོ་བྱ་བ་ལུགས་
འདིའི་ཁྱད་ཆོས་རྟེན་འབྲེལ་གྱི་ཆེ་བ་ཡིན་པས། གལ་ཏེ་དེ་ལས་ལྡོག་ན་གདབ་ཡུལ་ལ་མི་ཐེབས་པ་དང་རང་ལ་ལྡོག་པ་སོགས་ཀྱི་ཉེས་པ་འབྱུང་ངོ༌། །དྲུག་པ་བྱིན་གྱིས་བརླབ་པ་ལ་སྤྱི་དང་ཁྱད་པར་གཉིས་ཀྱི། དང་པོ་ནི། ཕུར་པའི་མགུལ་དུ་སངས་རྒྱས་ཀྱི་རིང་བསྲེལ། སོ་སོའི་སྙིང་པོའི་ཤོག་དྲིལ། ཐུན་རྫས་ཐུམ་པོ་རྣམས་བཏགས་ཤིང༌། ཁྱད་པར་ཡུངས་ཀར་གུ་གུལ་ཆུས་བྲན་པ་དར་ནག་གི་ཁུ་དུ་བསྟུམས་ནས་བཏགས་པ་གལ་ཆེ་སྟེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། བསྙེན་ཕུར་ལ་ཡང་རྣམ་པ་གཉིས། །ཡུངས་ཀར་དང་ནི་ཕུར་བུ་དངོས། །ཞེས་ཕུར་པའི་བྱེ་བྲག་ཏུ་གསུངས་ཤིང༌། གཞན་ཡང་རྒྱུད་དེ་ཉིད་ལས། མཐིང་ནག་དར་གྱི་ཅོད་པན་གདགས། །ཞེས་པས་ཐམས་ཅད་ལ་དར་མཐིང་ནག་གི་ཅོད་པན་ནམ་སྤྲོས་བཅས་སུ་གཙོ་བོ་ལ་དར་སྣ་ལྔ་དང༌། གཞན་ལ་རང་མདོག་གི་ཅོད་པན་སོགས་བྱེད་དོ། །དེའི་དབལ་ཟུར་ལ་རྫས་དགུས་ངར་བླུད་པ་ནི། ར་ཁྱི་ཕག་གསུམ་གྱི་ཁྲག་སྟེ་ཁྲག་སྣ་གསུམ། བཙན་དུག་ར་དུག་སྤྱང་དུག་སྟེ་དུག་སྣ་གསུམ། ལྕགས་ཟངས་རྦབ་རྡོའི་ཕྱེ་མ་སྟེ་ཕྱེ་གསུམ་མམ། ཡང་ན་གུ་གུལ་ཉུངས་ཀར་ཚིལ་ཆེན་ཏེ་རྫས་སྣ་གསུམ་རྣམས་བསྡོམས་པའི་རྫས་དགུས་ངར་བླུད་ནས་ཁྱད་པར་གྱི་
བྱིན་རླབས་གཞུང་བཞིན་བྱ། དེ་ལྟར་ཚད་དང་ལྡན་པར་བསྒྲུབས་པའི་ཕུར་བུ་དེ་དག་བཞུགས་ཚུལ་ཀྱང༌། རྒྱུད་ཡེ་ཤེས་རྩེ་མོ་ལས། སྒྲུབ་པ་འབད་པས་མི་བྱེད་ཀྱང༌། །དབྱིངས་དང་མཐུན་པའི་སྣོད་དག་ཏུ། །གཙང་མའི་གནས་སུ་གཞུག་ནས་ཀྱང༌། །དགབ་དང་བདུག་དང་བསྐོར་བ་ཡིན། །མཆོད་དང་གདུགས་ཀྱི་ཆོ་ག་བྱ། །ཞེས་པས། བཞུགས་ཁང་དྲག་པོའི་བཀོད་པ་དང་ལྡན་པའི་སྒྲོམ་ལ་སོགས་པར་རུས་སྦལ་གྱི་ཁོག་པའམ་ལྕགས་ཟངས་སོགས་སམ་དྲག་པོའི་ས་ལ་བཅོས་པའི་གྲུ་གསུམ་མཐིང་ནག་ཨེ་དབུས་སུ་བཙུག་སྟེ་དར་མཐིང་ནག་གིས་དགབ་ཅིང་གུ་གུལ་དང་ཚིལ་ཆེན་གྱིས་བདུག་ལ་མཆོད་པ་དང་བཅས་བཞུགས་སུ་གསོལ་ལོ། །བདུན་པ་མཚོན་དོན་ནི། མྱང་འདས་ལས། ཁམས་གསུམ་ཡེ་ནས་ཕུར་པའི་ངང༌། །སྲིང་གསུམ་ཡེ་ནས་རྣམ་དག་ཅིང༌། །ཕུར་བུ་ཡེ་ནས་མྱང་འདས་ཀྱང༌། །བདེན་པ་གཉིས་ཀྱི་ཆ་ལ་གདགས། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་རྡོ་རྗེ་ཕུར་པར་མ་གྱུར་པ་གཅིག་ཀྱང་མ་མཆིས་པས་དོན་གྱི་ཕུར་པ་མཚོན་བྱེད་ཀུན་རྫོབ་བརྡའི་ཕུར་པ་འདིས་སྐུ་གསུམ་མཚོན་ཏེ། དེ་ལས། དབུ་ཡི་རྒྱ་མདུད་ཆོས་ཀྱི་སྐུ། །གཉིས་པ་ལོངས་སྤྱོད་རྫོགས་པ་སྟེ། །རྩེ་མོ་སྤྲུལ་པའི་
སྐུ་ཡིན་ནོ། །ཞེས་དང༌། དཀྱིལ་འཁོར་ཡོངས་རྫོགས་ཀྱང་མཚོན་ཏེ། དབུ་དང་རྩེ་ནི་ཡབ་ཡུམ་གཉིས། །རྡོ་རྗེ་གཞོན་ནུ་བཞུགས་པའི་གནས། །དོན་ལ་གཞལ་ཡས་མཚོན་བྱའི་རྟགས། །རྒྱ་མདུད་གཉིས་སུ་བསྟན་པ་ཡང༌། །ཐབས་དང་ཤེས་རབ་གཉིས་མེད་པའི། །དབྱིངས་དང་ཡེ་ཤེས་ཆེ་བའི་རྟགས། །རྩེ་མོ་དྲག་པོ་ཟུར་གསུམ་ནི། །ཡེ་ཤེས་རྩེ་གཅིག་དྲག་པོར་བཤད། །ཅེས་དང༌། བཤད་རྒྱུད་ལས། རྒྱ་མདུད་གོང་མ་ཧཱུཾ་མཛད། བཅུམ་གཞོག་བརྒྱད་ཁྲོ་བོ་བརྒྱད་ཟ་གསོད་བཅུ་དྲུག་བཅས། རྒྱ་མདུད་འོག་མ་སྟོབས་པོ་ཆེ། དེ་ཡི་ལོགས་བཞི་སྒོ་མ་བཞི་སོགས་མཚོན་ཚུལ་རྒྱས་པར་གསུངས། འཁོར་འདས་གཉིས་ཀ་རྫོགས་ཚུལ་རྒྱུད་ལས། དབལ་ནི་ངན་སོང་འཁོར་བའི་གནས་བཅུ་རྫོགས། །རྒྱ་མདུད་འོག་མ་འདོད་ཁམས་གནས་ཀྱི་རིས། །བཅུམ་གཞོག་སྨད་ལ་གཟུགས་ཁམས་གནས་བཅུ་བདུན། །སྟོད་ལ་གཟུགས་མེད་སྐྱེ་མཆེད་མུ་བཞིའི་ལྷ། །རྒྱ་མདུད་གོང་མ་བདེ་གཤེགས་གཞལ་ཡས་ཁང༌། །དཀྱིལ་འཁོར་ཆེན་པོར་རང་བཞིན་གནས། །ཞེས་གསུངས་ལ། སོར་ཚད་རྣམས་ཀྱི་དོན་ཀྱང༌། གསང་རྒྱུད་ལས། སོར་བཞི་འབྱུང་བ་བཞི་ཡི་ཚད། །སོར་བརྒྱད་རྣམ་ཤེས་བརྒྱད་
ཀྱི་ཚད། །བཅུ་གཉིས་སྐྱེ་མཆེད་བཅུ་གཉིས་ཚད། །བཅོ་བརྒྱད་ཚད་དུ་བསྟན་པ་ནི། །ཁམས་ནི་བཅོ་བརྒྱད་འཇོམས་པ་ཡིན། །ཞེས་སོགས་གསུངས་པ་ལྟར་རོ། །བརྒྱད་པ་བྱེད་ལས་ནི། ཨོ་རྒྱན་ཆེན་པོས། ཕུར་པའི་ལས་ནི་མགོ་བོ་རྒྱ་མདུད་དུག་ལྔ་འཇོམས༔ སྐུ་སྟོད་ཁྲོ་བོས་ཐ་མལ་གྱི་རྟོག་པ་འཇོམས༔ སྐུ་སྨད་ཟུར་བརྒྱད་རྣམ་ཤེས་ཚོགས་བརྒྱད་ཀྱི་རྟོག་པ་སྦྱོང་༔ ཆུ་སྲིན་ཁ་ནས་ཟུར་དྲུག་སྦྲུལ་ཆུན་དབང་པོ་དྲུག་གིས་ལོངས་སྤྱོད་སྒྲུབ་ཅིང༌ཐུགས་རྗེས་འཛིན་ཤེས་གཏོང་མི་ཤེས་ཀྱི་ལས་བྱེད༔ སྨད་ཟུར་གསུམ་གྱིས་དུག་གསུམ་ལས་བསྐྱེད་གདུག་པའི་དགྲ་བགེགས་སྒྲོལ་བའི་ལས་བྱེད་དོ༔ ཞེས་གསུངས་ཤིང༌། ཀརྨ་ལས་རྒྱུད་ལས། ཡེ་ཤེས་ཐུགས་ཀྱི་ཕུར་པ་འདིས། །ཉོན་མོངས་དུག་ལྔ་རབ་རྒྱས་ཏེ། །ཞེན་པ་ཕྱིན་ཅི་ལོག་ལ་བརྟས། །གནོད་གདུག་སྤང་སེམས་ལྡན་པ་རྣམས། །བསྒྲལ་ཏེ་མི་རྟོག་དོན་ལ་བཞག །ཅེས་ཕྱི་དགྲ་གདོན་བགེགས་རིགས། ནང་ཉོན་མོངས་དུག་ལྔ། གསང་བ་གཟུང་འཛིན་གྱི་མཚན་རྟོག་རྣམས་བསྒྲལ་ནས་མི་རྟོག་དེ་བཞིན་ཉིད་ཡེ་ཤེས་ཁྲོ་བོ་འགྲུབ་པར་བྱེད་པ་ཕུར་པ་སྤྱིའི་བྱེད་ལས་དང༌། བྱེ་བྲག་ཏུ་གསང་རྒྱུད་ལས། ཙནྡན་དཀར་པོའི་ཕུར་པ་ཡིས། །ནད་རྣམས་མ་ལུས་ཞི་བར་བྱེད། །སྐྱེར་པའི་
ཕུར་པ་ཟུར་བཞི་ཡིས། །ཚེ་དད་ལོངས་སྤྱོད་རྒྱས་པར་བྱེད། །སེང་ལྡེང་ཕུར་པ་ཟླ་གམ་གྱིས། །ཐམས་ཅད་དབང་དུ་སྡུས་པར་བྱེད། །བསྭེ་ཤིང་ཕུར་པས་རིགས་རྒྱས་བྱེད། །གསེར་གྱིས་བྱང་ཆུབ་སེམས་རྒྱས་བྱེད། །ཙནྡན་དམར་བོའི་ཕུར་པ་ཡིས། །བུ་མོ་དབང་དུ་སྡུད་པར་བྱེད། །མཛོ་མོས་བློན་པོ་དབང་དུ་སྡུད། །བསྭེ་ཤིང་དམངས་རིགས་དབང་དུ་སྡུད། །ཟངས་ཀྱིས་རྒྱལ་པོ་དབང་དུ་སྡུད། །ཤིང་གིས་གདོན་རྣམས་དབང་དུ་སྡུད། །ཅེས་གསུངས་པ་དང༌། སྐྱེར་ཕུར་གྱིས་མནན་པའི་ལས་བྱེད་ཅིང༌། མི་བཟད་པའི་ཕུར་པ་དྲུག་གིས་ངན་སྔགས་ཀྱི་ལས་དྲུག་བྱེད་པ་སོགས་ཕུར་པའི་རྒྱུ་སོ་སོ་ལ་དེ་ལྟ་བུའི་ནུས་པའི་ས་བོན་རང་བཞིན་གྱིས་གནས་པ་སྔགས་དང་དམིགས་པའི་རྟེན་འབྲེལ་གྱིས་སྟོབས་སུ་གྱུར་ཏེ་བྱ་བ་བྱེད་ལ། མཆོག་ཏུ་སྒྲུབ་པ་རྟགས་ཐོན་པའི་བསྙེན་ཕུར་གྱིས་ནི་གདེངས་པ་རྩམ་གྱིས་གདོན་བགེགས་འདུལ་བ་དང༌། ཐོག་སེར་ཟློག་པ་དང༌། ཆར་པ་དབབ་གཅོད་སོགས་ལས་གང་བརྩམ་པ་ཐོགས་མེད་དུ་བྱེད་པར་གསུངས་སོ། །དགུ་པ་གདབ་པའི་ཡུལ་ནི། སྤྱིར་ཞི་བའི་ཕུར་པ་ནད་གདོན་འཇིགས་བརྒྱད། རྒྱས་པའི་ཕུར་པ་ཚེ་བསོད་འབྱོར་དྲུག །དབང་གི་ཕུར་པ་སྲིད་གསུམ་སྐྱེ་འགྲོ ། དྲག་པོའི་ཕུར་པ་དགྲ་བགེགས་
གདུག་པ་ཅན་ལ་གདབ་པར་གསུངས་ཤིང༌། བྱེ་བྲག་ཏུ་མངོན་སྤྱོད་དང་འབྲེལ་བའི་ཕུར་བུ་རྣམས་གདབ་པའི་ཡུལ་ནི་སྨད་ལས་ཀྱི་མན་ངག་བཞིན་གདབ་པར་བྱ་བ་སྟེ། དེ་དག་ཀྱང་ཞེ་སྡང་གིས་ཀུན་ནས་བསླངས་ཏེ་སྡང་བའི་ཡུལ་ལ་མཚོན་འདེབས་པ་ལྟ་བུ་མ་ཡིན་པར། ངོ་བོ་སྙིང་རྗེ། རྣམ་པ་ཞེ་སྡང༌། བྱེད་པ་ཐུགས་རྗེ་དང་ཡེ་ཤེས་ཆེན་པོས་སེམས་ཅན་དེའི་མ་རིག་པ་དང་ཉོན་མོངས་པ་ལ་བཏབ་པས། ལས་སྒྲིབ་དག་ནས་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་སྟེ། ལས་རྒྱུད་ལས། སྙིང་རྗེས་ཟིན་པའི་ཞེ་སྡང་གིས། །ཉོན་མོངས་གནས་སུ་དག་བྱས་བསྒྲལ། །ཞེས་སོ། །བཅུ་པ་དགོས་པ་ནི། སྤྱིར་ཡི་དམ་གྱི་ལྷ་གང་སྒྲུབ་ཀྱང་རྒྱས་བསྡུས་ཙམ་ལས་རང་རང་གི་དམ་ཚིག་གི་རྟེན་སྒྲུབ་པའི་རྫས་ཐུན་མོང་མ་ཡིན་པ་མེད་དུ་མི་རུང་བར་རྒྱུད་ལུང་རྣམས་ནས་ཆེ་ཐང་དུ་གསུངས་ལ། བྱེ་བྲག་ཏུ་མྱང་འདས་ལས། རྟོགས་པའི་དོན་ལ་གཉིས་མེད་ཀྱང༌། །མ་རྟོགས་བསྒྲལ་བའི་དོན་ཆེད་དུ། །བཀའ་ལས་བྱུང་བའི་རྒྱུ་དག་ལ། །ཚུལ་དང་ལྡན་ཞིང་ལེགས་པར་བྱ། །རང་དགར་བྱས་ན་བཀའ་ལས་ཉམས། །རྙེད་བཙན་བྱས་ན་བྱིན་རླབས་ཆུང༌། །ངན་དགུར་ཤོམ་ན་རྟོག་པར་འགྱུར། །ཚོགས་པར་གསོག་ན་གཞུང་དང་མཐུན། །བཀའ་བཞིན་
བྱས་ན་བྱིན་རླབས་ཆེ། །ཞེས་དང༌། གསང་རྒྱུད་ལས། བཤད་པའི་དམ་རྫས་མི་འཆང་བ། །འདི་ཡང་དམ་ཚིག་ཉམས་པ་ཡིན། །ཞེས་དམ་ཚིག་ཉམས་པའི་རྒྱུའི་གཙོ་བོ་གཅིག་དམ་ཚིག་གི་རྫས་མི་འཆང་བ་ལ་གསུངས་པས་ནུས་པ་དང་སྦྱར་ནས་ཇི་ཙམ་འཚོགས་པར་བྱ་དགོས་ལ། ཆག་ཚད་རབ་གནས་བྱིན་རླབས་དང་ལྡན་པའི་ཕུར་པ་དེ་ཉིད་བཞུགས་པའི་ས་ཕྱོགས་ཀྱང་མཆོད་རྟེན་གྱི་རང་བཞིན་དུ་འགྱུར་ཏེ། ཡེ་ཤེས་རྩེ་མོའི་རྒྱུད་ལས། བསྐལ་པ་ཇི་སྲིད་སྟོངས་ན་ཡང༌། །ས་དང་ནམ་མཁའ་ཕྱོགས་ཀུན་ཀྱང༌། །མཆོད་རྟེན་ཆེན་པོ་ཁོ་ནར་ངེས། །འདི་ལ་རྣམ་པར་དཔྱད་མི་དགོས། །གང་གིས་བསྒྲུབ་པ་མ་སོང་ཡང༌། །དེ་ལ་འབད་པ་མི་དགོས་པར། །འབྲས་བུ་གྱ་ནོམ་ཕུན་སུམ་ཚོགས། །ཞེས་དང༌། བཤད་རྒྱུད་ལས། སེར་བ་གཅོད་ཅིང་འབེབས་པ་དང༌། །ཆར་པ་གཅོད་འབེབས་ལས་རྣམས་ཀུན། །ཕུར་པ་འདི་ཡིས་འགྲུབ་པར་འགྱུར། །སྲོག་ཆགས་འབྲུ་ལ་གནོད་པ་ཡང༌། །ཕུར་པ་འདི་ཡིས་གནོད་པ་འཇོམས། །ནད་དང་གདོན་གྱིས་གནོད་པ་ཡང༌། །ཕུར་པ་འདི་ཡིས་སྲུང་བར་བྱེད། །ཚེ་ཐུང་བ་ཡང་ཚེ་རིང་འགྱུར། །མི་སྟག་སེང་གེའི་འཇིགས་པ་དང༌། །སྦྲུལ་གདུག་གླང་ཆེན་སྨྱོན་པ་དང༌། །དྲེད་མོ་མེ་དང་ཆུར་བཅས་རྣམས། །ཕུར་པ་འདི་ཡིས་འཇིགས་པ་སེལ། །མཛེ་ཡི་ནད་འཇོམས་
ཀླུ་དུག་སེལ། །ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང༌། དེ་ཡང་ཆག་ཚད་ལྡན་པས་རྟགས་མྱུར་རོ། །ཞེས་པས། ཕུར་པ་ཚད་དང་ལྡན་པ་ལ་འདིས་མཚོན་ཏེ་དགོས་པ་དང་ཕན་ཡོན་ཚད་མེད་པར་གསུངས་སོ། །གསུམ་པ་གཏོར་མཆོད་ཚོགས་ཀྱི་ཡོ་བྱད་ནི། ཐོག་མར་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་གཞི་གཏོར་མའི་ཚུལ་ལ། སློབ་དཔོན་ཆེན་པོས། བརྟེན་པའི་གཏོར་མ་མི་ཤེས་ན། །སྣང་སྲིད་ལྷ་འདྲེ་དམ་མི་འདུ། །རྨད་བྱུང་གཏོར་མ་མི་ཤེས་ན། །ཡེ་ཤེས་མཁའ་འགྲོ་མཉེས་མི་འགྱུར། །མྱུར་མགྱོགས་གཏོར་མ་མི་ཤེས་ན། །རྦད་ཀྱང་འགྲོ་བར་མི་འགྱུར་རོ། །ཞེས་གསུངས་པས། འདི་ལ་ལྔ་སྟེ། དབྱེ་བ། དགོས་པ། བཤམ་ཚུལ། བྱིན་གྱིས་བརླབ་ཚུལ། བཅང་ཚུལ་ལོ། །དང་པོ་ནི། རྟེན་གཏོར་ལྷའི་ངོ་བོར་ཡུན་རིང་དུ་འཇོག་པ་དང༌། རྟག་གཏོར་ལོ་ཟླའི་དུས་ཚིག་ངེས་པ་ཅན་གྱི་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་འཇོག་པ་དང༌། ཐུན་གཏོར་ལས་གང་གི་ཚེ་ཡང་ཆོ་གའི་ཐུན་མཚམས་བརྔན་གྱི་ཚུལ་དུ་བཏང་བའོ། །གཉིས་པ་དགོས་པ་ནི། རྟེན་གཏོར་གྱིས་ལྷ་ཚོགས་བརྟན་པར་བཞུགས་པས་བར་ཆད་མི་འབྱུང་ཞིང་ལས་བཞིའི་དངོས་གྲུབ་མྱུར། ཕོ་ཉ་དབང་དུ་འདུ། རྒྱུན་གཏོར་གྱིས་
ལས་སྒྲུབ་ཀྱི་དཔུང་བསྐྱེད་ཅིང་འཕྲལ་འབྲས་མྱུར་དུ་འབྱིན། ཐུན་གཏོར་གྱིས་མགྲོན་རྣམས་སྙིང་ཉེ་ཞིང༌། གནས་སྐབས་ཀྱི་འདོད་འབྲས་མྱུར་དུ་འབྱིན་པའོ། །གསུམ་པ་ཇི་ལྟར་བཤམ་ཚུལ་ལ་གསུམ་ལས། དང་པོ་རྟེན་གཏོར་ནི། རང་ངམ་དམ་ཚིག་ཅན་ལས་བླངས་པའི་འབྲུ་གཙང་ས་རྡུལ་མེད་པའི་ཟན་ལ་ཤ་ལྔ་བདུད་རྩི་ལྔ། ཟས་ནོར་འཕེལ་ཕྱིར་རིན་པོ་ཆེ་དང་འབྲུ་སྣ་ཤ་སྣ། ནད་ཞི་ཕྱིར་སྨན་སྣ་ཚོགས། དྲག་ལས་རྣོ་མྱུར་གྱི་རྫས་གྲི་ཁྲག་དང་ས་རྫས་མེ་ཏོག་གི་ཕྱེ་རྣམས་ཐལ་བ་ཅུང་ཟད་དང་བསྲེས་ལ་ཞིང་ལྤགས་སམ་དེར་བསམ་པའི་སྣོད་དུ་བཀྲམ་པ་ལ་ཨོཾ་ཨཱཿཧཱུཾ་གསུམ་བརྩེགས་མར་བྲི། དེ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས། སངས་རྒྱས་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩི་འོད་ཟེར་དཀར་དམར་མཐིང་གསུམ་དུ་སྤྱན་དྲངས། ཡི་གེ་གསུམ་ལ་ཐིམ། ཡི་གེ་གསུམ་ཡང་ཧཱུཾ་གི་བར་རིམ་པར་འོད་དུ་ཞུ། ཧཱུཾ་གི་འོད་ཟེར་བདུད་རྩིའི་རང་བཞིན་གཏོར་རྒྱུ་ལ་འདྲེས་པར་བསམ་ཞིང་འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླས་པས་བརླབས། དཀར་གསུམ་མངར་གསུམ་ཅུང་ཟད་བསྲེས་པའི་མར་ཁུ་བཙགས་ཆོད་ཚིག་སླད་མེད་པ་དང༌། ཆང་བཟང་པོའི་ཉིང་ཁུ་ཆོས་སྨན་བཏབ་པ་མར་ཁུའི་ལྔ་ཆ་
ཙམ་དང༌། ཤ་སྣ་སྙིང་སྣ་སྤོས་དང་དྲི་བཟང་སོགས་ཀྱིས་བཀྲུས་པའི་ཁྲག་གཙང་དེའི་བཞི་ཆ་ཙམ་གྱིས་འདྲེས་ཤིང་མཆེད་པར་སྦོལ་ལ་ཧ་ཅང་སྲ་བ་མ་ཡིན་པའི་ཟན་ལས། ཕོ་ཐོད་མཚན་ལྡན་ནམ་རིན་པོ་ཆེའི་པད་སྣོད་དུ་འཁོར་ལོ་རྩིབས་བཅུ་རྩིབས་བཞི་བརྩེགས་མའི་གདན་ལ་དཔལ་གྱི་གཏོར་མ་ཆེ་ཞིང་བརྗིད་ཆགས་བར་བཅོས་པ་ལ་སྤྲོ་ན་འཁོར་གྱི་གཏོར་ཕྲན་གཙོ་བོའི་སུམ་གཅིག་གི་ཚད་དུ་སླེབ་པའང་རྩིབས་རེར་འགོད། གཏོར་སྣོད་དང་གཏོར་མའི་བར་སྟོངས་རྣམས་སུ་འབྲུ་སྣ། སྨན་སྣ། ལ་དུ། ཁུར་བ། ཆན་སོགས་ཟས་སྣ་ཚོགས་པས་བྲུམ་ཞིང་གཅེར་ཏེ་གཏོར་སྣོད་ཁེངས་ཤིང་ཕྱིར་གཞལ་བ་བྱ། སྙིང་པོའི་སྲོག་ཤིང་ལྕགས་སམ་སྨྱུག་མ་སྦུ་གུ་ཅན་གྱི་ནང་དུ་རྩ་སྔགས་མཐར། དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱིས་བདག་སྒྲུབ་པ་པོའི་འགལ་རྐྱེན་ཞི་ཞིང་མཐུན་རྐྱེན་འབྱོར་བ་དང་ཚེ་འདི་ཉིད་ལ་མཆོག་ཐུན་གྱི་དངོས་གྲུབ་མ་ལུས་པ་ཐོབ་པར་མཛད་དུ་གསོལ། ཅེས་སྤེལ་ཚིག་ཅན་གསེར་རམ་མཚལ་ལམ་སྣག་ཚ་གཙང་མས་བྲིས་པ་ལ་ཆོས་སྨན་དང་དྲི་བཟང་བྱུགས། ལྷར་བསྐྱེད་རབ་གནས་བྱ། ཞུ་བ་ལས་སྔགས་ཕྲེང་དུ་བསམ་ཞིང་མགོ་ནས་དྲིལ་ལ་དར་
སྐུད་ཀྱིས་བཅིངས་ཏེ་སྲོག་ཤིང་གི་སྦུབས་སུ་དབུ་ཞབས་མ་ལོག་པར་གཞུག །དམར་རྩིས་བྱིལ་པོར་བྱུགས་ཤིང་ཕྱག་མཚན་སོགས་མར་གྱིས་བཀྲ་བས་མཛེས་པར་བྱས་པའི་རྩེ་མོར་མདའ་དར་སྐུ་ཙཀ་མེ་ལོང་སོགས་ཀྱིས་བརྒྱན་པ་བཙུགས་པ་ཉིད། དཀྱིལ་འཁོར་དབུས་ཀྱི་མཉྫིའམ་ཕུག་ལོགས་དམ་ཚིག་གི་བྲིས་སྐུ་བཀྲམ་པའི་མདུན་སྟེགས་གཡང་གཞི་སོགས་ཀྱིས་བཀབ་པའི་ཁར་འབྲུ་སྣ་ཚོགས་བཀྲམ་པའི་སྟེང་དུ་བརྟན་པར་འགོད། སྟེང་ནས་དར་མཐིང་ནག་གི་གུར་ཕུབ་ཅིང་མཐའ་ཡོལ་བས་བསྐོར་ཏེ་རྡུལ་ཙམ་གྱིས་མི་གོས་པར་བྱ། གཞན་ཆོས་སྐྱོང་གི་རྟེན་གཏོར་འཛུག་པའི་ཚེ་ནའང་སོ་སོའི་གཟོ་དབྱིབས་དང་ནང་གཞུག་སྐུ་ཙཀ་གསང་རྟེན་སོགས་ཀྱི་ཁྱད་པར་ལས་སྤྱིའི་ལག་ལེན་ཚུལ་འདི་ཁོ་ནས་ཤེས་པར་བྱ་བ་ཡིན་ནོ། །གཉིས་པ་རྟག་གཏོར་ནི། རིན་པོ་ཆེའི་པད་སྣོད་དུ་ཕྱེ་གཙང་ཆང་གི་ཉིང་ཁུ་རཀྟ་མར་ཁུ་རྣམས་ཀྱིས་སྦྲུས་ཤིང་ཆོས་སྨན་བཏབ་པའི་ཟན་བཟང་པོ་ལས། བཟོ་དབྱིབས་གོང་དང་འདྲ་བ་ལ་དམར་རྩིས་བྱུགས་ཤིང་མར་རྒྱན་གྱིས་བརྒྱན། ཤ་ཆང་ཁུར་བ་སྨན་འབྲུ་ཤིང་ཏོག་སོགས་བཟའ་བཅའ་བཏུང་བ་བཟང་པོ་ཇི་སྙེད་པས་བསྐོར། དར་ཚོན་བཟང་པོའི་བ་དན་ནམ་གུར་གྱིས་ཀྱང་
བརྒྱན་ཏེ་རྟེན་གཏོར་གྱི་མདུན་སྟེགས་ཁེབས་ལྡན་འབྲུ་སྨན་གཅལ་དུ་བཀྲམ་པའི་ཁར་འགོད། དེ་ལས་འཕྲོས་པའི་སྐོང་གཏོར་སྤྲོ་ན། དེའི་མདུན་དུ་གོང་གི་རྒྱུ་ལས་བཤོས་བུ་དམར་ནག་གྲུ་གསུམ་བཅུར་བྱས་པ་ལ་སྐོང་རྫས་རྣམས་རི་མོའམ་འབུར་དུ་བྱས་པའི་རྒྱན་གྱིས་བསྐོར་བ་གྲལ་སྟབས་སུ་བསྒྲིག་གོ །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་ནི། དེ་རྣམས་ཀྱི་མདུན་དུ། གཏོར་ཟན་གཙང་མ་ལ་བླ་མ་ཡི་དམ་ཆོས་སྐྱོང་ལྕམ་དྲལ། གཏེར་བདག་དང་གཞི་བདག་སྤྱི་གཏོར་རྣམས་བཟོ་དབྱིབས་ལག་ལེན་ལྟར་དཀར་དམར་གྱི་རྒྱན་ཅན་ཚར་དུ་དངར་བ་བཤམ་མོ། །བཞི་པ་བྱིན་གྱིས་བརླབ་ཚུལ་ལ་གསུམ་ལས། དང་པོ་རྟེན་གཏོར་བྱིན་གྱིས་བརླབ་པ་ནི། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གུ་གུལ་གྱིས་བདུག་ཅིང་བགེགས་སྦྱང༌། ལས་བུམ་གྱི་ཆུས་ཁྲུས་གསོལ་ཏེ་དག་པར་བྱ། རྃ་ཡྃ་ཁྃ། རང་གི་ཐུགས་ཀ་ནས་རྃ་ཡྃ་ཁྃ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་གཏོར་མའི་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེག་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་ཡྃ་ལས་རླུང༌། རྃ་ལས་མེ། ཀེཾ་ལས་མི་མགོའི་སྒྱེད་པུ་གསུམ་ལ་བརྟེན་པའི་ཨ་ལས་ལས་བཞིའི་ཀ་པཱ་ལ་བཞི་རིམ་
ཡངས་ཤིང་རྒྱ་ཆེ་བའི་ནང་མ་གྲུ་གསུམ་གྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གྱི་དབུས་དང་ཕྱོགས་བཞིར་ཧཱུཾ་ཨོཾ་སྭཱ་ཨཱྃ་ཧཱ་ལས་མི་བ་གླང་ཁྱི་རྟ་གླང་པོ་ཆེའི་ཤ་རྣམས་ཡི་གེ་དེ་དག་གིས་མཚན་པ། དབུས་དང་མེ་ནས་བརྩམས་ཏེ་མཚམས་བཞིར་མཱུྃ་ལཱྃ་མཱྃ་པཱྃ་ཏཱྃ་ལས་བྱང་སེམས་དྲི་ཆེན་ཀླད་པར་རཀྟ་དྲི་ཆུ་རྣམས་ས་བོན་དེ་དག་གིས་མཚན་པའི་མཐར་བཟའ་བཅའ་བཏུང་མྱང་བལྡག་གཞིབ་སོགས་འདོད་པའི་ལོངས་སྤྱོད་མཐའ་ཡས་པས་ཡོངས་སུ་བསྐོར་བ། དེའི་སྟེང་དུ་ཧཱུཾ་སྔོན་པོ། ཨཱཿདམར་པོ། ཨོཾ་དཀར་པོ་རྣམས་སྟེང་ནས་སྟེང་དུ་བརྩེགས། ཨོཾ་ཨཱཿ་ཧཱུཾ། གསུམ་བརྗོད། རང་གི་ཐུགས་ཀའི་ས་བོན་གྱི་འོད་ཟེར་གྱིས་བསྐུལ་བས་རླུང་གཡོས། མེ་སྦར། རྫས་རྣམས་ཞུ་ཞིང་ཁོལ་བས་ཆེར་འཕེལ། ནང་ནས་རིམ་བཞིན་ཐོད་པའི་སྣོད་གང་བས་ནམ་མཁའི་མཐའ་དང་མཉམ་པར་གྱུར། རླངས་པ་གྱེན་དུ་སོང་བས་ཡི་གེ་གསུམ་ལ་ཕོག །དེ་ལས་བྱུང་བའི་འོད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་དཀར་དམར་མཐིང་གའི་རྣམ་པ་ཅན་དུ་སྤྱན་དྲངས་ནས་ཡི་གེ་གསུམ་ལ་ཐིམ། དེ་གསུམ་ཡང་ཨོཾ་ནས་རིམ་པར་ཞུ་བ་དམ་ཚིག་རྫས་ལ་ཐིམ་པས་རོ་གཅིག་ཏུ་གྱུར། ཟག་མེད་ཀྱི་བདུད་རྩིའི་རྒྱ་
མཚོ་ཆེན་པོ་ཕྲིན་ལས་བཞིའི་རོལ་པར་འཆར་བའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་སྤྲིན་ཕུང་འཕྲོ་བར་བསམ་ཞིང༌། རྟེན་གཏོར་ལ་གཏད་པའི་གཟུངས་ཐག་ནས་འཇུས་ཏེ་གཏོར་མ་བྱིན་བརླབ་ཀྱི་སྔགས་བརྒྱ་རྩ་སོགས་བརྗོད། དེ་ནས་གཏོར་མ་ཉིད་ལྷར་བསྐྱེད་པ་ལ་མཆོད་བསྟོད་སོགས་བྱེད་པ་ཡིན་ནོ། །གཉིས་པ་རྟག་གཏོར་བྱིན་གྱིས་བརླབ་པ་ནི། རྃ་ཡྃ་ཁྃ་གིས་བསྲེག་གཏོར་སྦྱངས། སྟོང་པའི་ངང་ལས་ཡྃ་ལས་རླུང་སོགས་ནས་སྔགས་ཀྱིས་བྱིན་གྱིས་བརླབ་པའི་བར་གོང་བཞིན་ལ། གཏོར་མ་འདོད་ཡོན་གྱི་ཕུང་པོར་མོས་པའོ། །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་བྱིན་གྱིས་བརླབ་པ་ནི། ཕྲིན་ལས་ཀྱི་ཆོ་གའི་དཀྱུས་སུ་བཀོད་པ་དེ་གས་ཆོག་ཅིང༌། ཐུན་མཐར་གཏོར་མ་སྐྱོང་བའི་ཚེ་དམིགས་པའི་ཁྱད་པར། རང་གི་ཐུགས་ཀ་ནས་ཕོ་ཉ་གྲངས་མེད་པར་སྤྲོས་པས་དམིགས་བྱ་གཏོར་མའི་སྟེང་དུ་བཀུག་པར་མོས་ལ་དགུག་གཞུག་དྲག་པོ་བྱ། དེ་ནས་རང་གི་ཐུགས་ཀ་ནས་ཛ་ཡིག་དམར་པོ་རྣོ་ལ་ཆེ་བ་གཅིག་འཕྲོས་དམིགས་བྱའི་བཤང་སྒོར་ཞུགས། སྙིང་གར་སླེབ་པ་ན་གནམ་ལྕགས་ཀྱི་འཁོར་ལོ་རྣོ་ངར་གཅོད་པའི་དབལ་ཅན་དུ་གྱུར་ཏེ་གཡས་གཡོན་དུ་དྲག་ཏུ་འཁོར་
བས་ཤ་ཆོམ་ཁྲག་ཆོམ་དུ་དམར་འདུར་གྱིས་བཏང་ནས་གཏོར་མ་ལ་ཐིམ་པས་བདུད་རྩིར་བྱས་པ་ལྷ་ཚོགས་རྣམས་ཀྱིས་ལྷག་མ་མེད་པར་ཧབ་དིར་གྱིས་རོལ་པར་བསམ་ཞིང་བསྔོའོ། །ལྔ་པ་བཅང་བའི་ཚུལ་ལ་གསུམ་གྱི། དང་པོ་རྟེན་གཏོར་ནི། གནས་དགོན་ཇི་སྲིད་གནས་ཀྱི་བར་དེ་སྲིད་མི་གཡོ་མི་བསྒུལ་ཞིང་བྱིན་རླབས་གསོ་བའི་ཕྱིར་ནུབ་རེ་བཞིན་མཐེབ་ཀྱུ་ཆུང་ངུ་རེས་གསོ། །རྒྱུན་དུ་ལྷ་སོ་སོའི་སྐུ་དང་གཉིས་སུ་མེད་པར་བསྒོམས་པ་ལ་རྟག་གཏོར་སོགས་འབུལ་ཞིང༌། ཐུན་མཐའི་ཡེ་ཤེས་བརྟན་བཞུགས་ཀྱང་སྐུ་དང་རྟེན་གཏོར་གཉིས་ཀ་ལ་བྱེད་དོ། །གལ་ཏེ་ཡི་དམ་གྱི་གཏོར་མ་དངོས་སུ་བདུད་རྩིར་ཞུ་བ་སོགས་གྲུབ་པའི་མཚན་མ་ངེས་པ་ཅན་མཐོང་ན་ཡེ་ཤེས་པ་སྐུ་རྟེན་ལ་བསྟིམས་ཤིང་དམ་ཚིག་པ་བདུད་རྩིར་ཞུ་བ་དངོས་གྲུབ་ཏུ་རོལ། ཡང་དམ་ཅན་གྱི་གཏོར་མ་རྣམས་གནས་དགོན་འཇིག་པ་ལ་ཐུག་པ་དང་བླ་མའི་སྐུ་དགྲ་སོགས་བསྟན་པ་སྤྱིའི་དོན་དུ་འབྱུང་ན། བསྙེན་སྒྲུབ་ལས་རུང་གི་སྔགས་པས་ཡེ་ཤེས་པ་སྐུ་ལ་བསྟིམས་ནས། དེ་ཉིད་དྲག་པོའི་མན་ངག་གིས་ཟོར་དུ་འཕང་ཞིང༌། དེ་ལྟ་བུའི་དགོས་པ་མེད་ན་གཡོ་བསྒུལ་གཏན་ནས་མི་བྱ་སྟེ། རྣལ་འབྱོར་པ་གཏོར་མའི་རིམ་ཞིག །སྨན་རཀ་མཚོ་མ་སྐམ། ཞེས་པའི་ངག་སྒྲོས་དེ་
ཡང་འདི་ཡིན་ནོ། །གཉིས་པ་རྟག་གཏོར་ནི། ལོ་ཟླའི་དུས་ཚིག་ངེས་པ་ཅན་དེ་སྲིད་དུ་མི་བསྒུལ་བར་སྤྱན་རྟེན་མཆོད་པའི་ཚུལ་དུ་འཇོག་ཅིང་ནུབ་རེ་བཞིན་མཐེབ་ཀྱུས་གསོ་བ་དང་བྱིན་གྱིས་བརླབས་ནས་འབུལ་བ་རྣམས་བྱེད། ལོ་ཟླའི་བརྗེ་མཚམས་ལ་བབས་པ་ན་ཁྱད་པར་གྱི་དུས་དང་འབྲེལ་བར་གཏོར་མ་རྣམས་ཁ་ལེགས་པར་གསོས། ཁ་ཟས་བཟང་པོ་གཞན་དུ་མས་ཀྱང་གསར་དུ་བརྒྱན་ལ། མཆོད་བསྟོད་སྐོང་བཤགས་ཕྲིན་ལས་གསོལ་བ་རྣམས་རྒྱས་པར་བྱས་ཏེ་སྒྲུབ་ཁང་གི་ཡང་ཐོག་སོགས་སུ་འབུལ། དེའི་ཕྱི་ལ་ནུབ་གཞན་གྱིས་བར་མ་ཆོད་པར་སྔར་ལས་མི་དམན་པའི་གཏོར་མ་ལེགས་པར་བཤམ་ཞིང་བྱིན་གྱིས་བརླབ་པ་སོགས་འཛུག་དུས་ལྟར་རྒྱས་པར་བྱའོ། །གལ་ཏེ་རྣལ་འབྱོར་པའི་ལུས་སྲོག་ལོངས་སྤྱོད་ལ་འཁུ་བའམ། བསྟན་པའི་སྤྱི་དགྲ་ལངས་པ་དང་ནད་ཡམས་ཁ་མཆུ་སོགས་རྐྱེན་གློ་བུར་བ་བྱུང་ན་སྟོབ་པ་དྲག་པོའི་ལས་རིམ་དང་སྦྲེལ་ནས་བརྗེ་ཞིང༌། དེ་ལྟར་མིན་ཡང་གཏོར་མ་རུལ་བའམ་འགྱེལ་ཞིང་སྲོག་ཆགས་ཀྱི་གནོད་པས་ཡིད་མ་བདེ་བ་སོགས་བྱུང་ན་བར་ཆད་ཀྱི་ཉེན་ཡོད་པས་དེའི་ཆོ་ལོང་བཏང་ནས་བརྗེ་དགོས་ཤིང༌། སྐབས་དེར་ནི་སྐོང་བ་མང་དུ་བསགས་
པ་དང་བཤགས་པའི་དུས་སུ་ཡི་གེ་བརྒྱ་བ་འབུམ་ཕྲག་སོགས་བཟླས་པས་འཁོན་གཅུག་བྱང་སྟེ་འདོད་འབྲས་མྱུར་དུ་འགྲུབ་པའི་དགོས་པ་ཡོད་དོ། །གསུམ་པ་རྒྱུན་གཏོར་རམ་ཐུན་གཏོར་ནི། ཉིན་རེ་བཞིན་ཆོ་གའི་ཐུན་ཐ་མའི་ཚེ་གཏོང་ཞིང་བསྙེན་སྒྲུབ་སོགས་གལ་ཆེ་བའི་དུས་སུ་ཐུན་རེ་རེ་བཞིན་ཡང་གཏོར་མ་འབུལ། གཏོར་སྒྲུབ་ཉི་མ་སྦྲེལ་བར་བྱེད་པའི་ཚེ་སྒྲུབ་པ་མ་ཐོན་གྱི་བར་དུ་རྒྱུན་གཏོར་རྒྱས་པ་གཏའ་མར་འཛུག་ཅིང༌། ཉིན་རེ་བཞིན་ཐུན་གཏོར་བཟང་བ་རེ་བཤམས་ནས་འབུལ། ཆོ་ག་གྲོལ་བའི་ཉིན་རྒྱུན་གཏོར་དེ་ཉིད་སྒྲུབ་ཁང་གི་ཡང་ཐོག་སོགས་ནས་གཏོར་མ་རྒྱས་པའི་ཆོ་ག་དང་སྦྱར་རོ། །དེ་ལྟར་གོང་དུ་སྨོས་པའི་གཏོར་མའི་ཚུལ་འདི་དག་གནས་གཅིག་ཏུ་རྩེ་གཅིག་སྒྲུབ་པའི་དབང་དུ་བྱས་ཀྱི། གསང་སྔགས་སྔ་འགྱུར་བའི་ཁྱད་ཆོས་གཏོར་མ་གཅིག་གི་ཤེས་པ་བཞི་ལྡན་སོགས་སུ་གསུངས་པའང་ཡོད་དེ། མན་ངག་གཅེས་ལྡེ་ལས། ལག་ལེན་ཤེས་པ་བཞི་ལྡན་ཏེ༔ བ་ལིཾགཏོར་མ་ཆེན་པོ་ཉིད༔ མཆོད་པར་ཤེས་དང་ལྷར་ཤེས་དང་༔ དམག་དཔུང་ཤེས་དང་ཟོར་ཤེས་བྱ༔ ཞེས་པས། མཆོད་པའི་སྐབས་མཆོད་རྫས། སྒྲུབ་པ་དང་དབང་དུས་ལྷར། ཟློག་པ་ལ་དམག་དཔུང༌། འཕང་བ་ལ་ཟོར་དུ་ཤེས་པར་བྱ་བའམ། ཡང་ན་སྒྲུབ་དུས་ལྷར། མཆོད་
དུས་དམ་རྫས། གྲུབ་ནས་དངོས་གྲུབ་ཏུ་ཤེས་པ་སྟེ། ནོར་བུ་གཅིག་ཉིད་དར་གྱི་ཚོན་མདོག་གིས་ཁ་དོག་མང་པོར་སྣང་བ་ལྟར་བསམ་པའི་རང་གཟུགས་སྣ་ཚོགས་སུ་འགྱུར་བས་གང་ཡང་མོས་པ་ཁོ་ནའི་རྗེས་སུ་འབྲང་བའི་ཕྱིར། སྒྲུབ་མཆོད་གཏོར་ཟློག་སོགས་ཞག་དུས་གྲངས་བཅད་ཅན་རྣམས་ལ་མཆོད་སྒྲུབ་གཏོར་མ་གཅིག་ཁོ་ནས་འཐུས་པར་མཛད་དོ། དེ་ལས་འཕྲོས་པའི་མཆོད་རྫས་གཞན་ནི། མ་ནིང་གི་ཐོད་པར་རྩ་བརྒྱད་སྟོང་སྦྱར་ཛ་གད་དང་སྦྱར་བའི་བདུད་རྩི། མོ་ཐོད་དུ་རཀྟ་སོ་ལྔ་པ་སྦྱར་བའི་ཁྲག་གཙང༌། ཏིང་ཕོར་སོགས་སུ་ཆུ་གཉིས་ཉེར་སྤྱོད་ལྔ་སྤྱི་ལྟར་དང༌། ཐོད་པའམ་ལྕགས་སྣོད་དུ། ཁྲག་གཙང་སྨན་ཕབས་ཀྱིས་སྦག་པའི་མཆོད་ཡོན། དུག་སྣ་ཁྲག་སྣ་མྱོས་བྱེད་ཆུ་སེར་དང་སྦྱར་བའི་ཞབས་བསིལ། ཟན་ལ་མིའི་སྙིང་གཟུགས་བྱས་པར་ལྕེ་དང་སྣ་གཉིས་སྟེང་དུ་བརྩེགས་པའི་གཡས་གཡོན་དུ་མིག་དང་རྣ་བའི་གཟུགས་རྣམས་ཚོན་གྱིས་བསྒྱུར་ཞིང་དངོས་ཉམས་དག་པར་བྱས་པའི་དབང་པོའི་མེ་ཏོག་འབྲུ་ནག་གི་ཚོམ་བུར་བཙུགས་པ། གུ་གུལ་ཚིལ་ཆེན་སྒོག་སྐྱ་བཙན་དུག་རཀྟ་རྣམས་རེང་བུ་ལ་སྦྱར་བའི་བདུག་སྤོས། མིའི་རྐང་མར་ཚིལ་ཞུན་འབྲུ་མར་དང་སྦྱར་བ་རོ་རས་ཀྱི་སྡོང་བུ་ལ་སྤར་བའི་མར་མེ། མཁྲིས་ཆེན་བདུད་
རྩི་ལྔ་དང་སྦྱར་བའི་དྲི་ཆབ། ཤ་དང་རུས་པ་སྣ་ཚོགས་ཀྱི་ཕྱེ་མ་སྤོད་ཀྱིས་བྲན་པ་རཀྟས་སྦྲུས་པའི་དཔལ་གྱི་ཞལ་ཟས་གྲུ་གསུམ་རྣམས་ཕྲེང་བར་སྤེལ་ཏེ་བཀོད། གཞན་ཡང་རྒྱུད་ལས། སྤྱང་ཀུ་འཕར་བ་ཝ་དང་ཁྱི། །ཤྭ་ན་མ་ཡི་རྫས་སུ་བཞག །མར་ཁུ་ཞག་དང་འོ་མ་ཁྲག །བསྭེ་མོ་བཞི་ཡི་རྫས་སུ་བཞག །མདའ་དར་སྟག་རས་གཟིག་རས་རྣམས། །སྐྱེས་བུ་གིང་གི་རྫས་སུ་བཞག །ལུག་ནག་རྟ་ནག་ནལ་བུའི་ཤ། །རེ་མ་ཏཱི་ཡི་རྫས་སུ་བཞག །ཅེས་གསུངས་པ་ལྟར། སོ་སོའི་བཤོས་བུ་མཐུན་རྫས་ཀྱིས་གཏམས་པ། ཤྭ་ན་ཤར་ལྷོ། བསྭེ་མོ་ལྷོ་ནུབ། གིང་ནུབ་བྱང༌། རེ་མ་ཏཱི་བྱང་ཤར་དུ་འཇོག་པའམ། ཡང་ན་ཤྭ་ན་ཤར། བདག་ཉིད་ལྷོ། ས་བདག་ནུབ། གིང་བྱང་དུ་བཞག་སྟེ། རྫས་ཡོད་ན་དམ་ཅན་རང་ཤུགས་སུ་འདུ་ཞིང་ལས་བྱེད་དོ། །ཚོགས་ཀྱི་ཡོ་བྱད་ནི། རྒྱུད་མྱང་འདས་ལས། ཛ་གད་ཚེ་དང་ཚིམས་བྱེད་གསུམ། །ཀུན་ཏུ་རྒྱུ་དང་གལ་ཕྱེ་ལྔ། །ཀ་ཏ་རི་ལ་ཟླ་ཚེས་བདུན། །ཟླ་ཁྲོམ་ཟླ་རྒྱས་མངར་གསུམ་རྫས། །སྒྲུབ་པ་ཚོགས་ཀྱི་རྫས་སུ་བསགས། །ཞེས་པ་ལྟར་འདུ་བྱའོ། །བཞི་པ་བྱུག་བདུག་བརྡེག་གསུམ་ནི། རྒྱུད་ལས། ཁྲོས་པའི་རྒྱལ་པོ་བསྐུལ་བའི་ཕྱིར། །ཉུང་ནག་བྱིན་རླབས་ཁྲོ་ཆུང་བསྐྱེད། །ཕུར་པ་ངར་རྣམས་བསྐྱེད་པའི་ཕྱིར། །ལྕེ་སོག་
ནག་པོའི་དུ་བས་བདུག །གདུག་པ་བརླག་པར་བྱ་བའི་ཕྱིར། །ར་ཁྱི་ཕག་པའི་ཁྲག་གིས་བྱུག །ཅེས་གསུངས་པ་ལྟར་ཡུངས་ཀར་ནག །གུ་གུལ་ནག་པོ། ར་ཁྱི་ཕག་གསུམ་གྱི་ཁྲག་བཅས་ཐོད་པའམ་ཟངས་ལྕགས་ཀྱི་སྣོད་དུ་ཉེ་བར་བསྔོགས་ལ་ཕུར་བུ་བྱིན་གྱིས་རློབ་པའི་ཚེ་བྱུག་བདུག་བྲབ་གསུམ་བྱའོ། །ལྔ་པ་རྔ་དང་དུར་ཁྲོད་ཀྱི་རྫས་ནི། ཐོད་པའི་རྡེའུ་ཆུང་དང༌། སེང་ལྡེང་སོགས་དྲག་པོའི་ཤིང་ལས་བཟོས་ཤིང་ཞིང་ཆེན་པགས་པ་སོགས་ཀྱིས་གཡོགས་ནས་ནང་ངོས་སུ་སྙིང་པོ་དང་འབོད་བསྐུལ་གྱི་སྔགས་བྲིས་པའི་རྔ་ཆེན་དང༌། རྐུན་ལག་སོར་མོ་བསྐུམ་པའི་རྔ་དབྱུག་དངོས་སམ་གཟུགས་བརྙན་གྱི་ཞིང་ཆེན་གྱི་བླ་བྲེ། ཞིང་ཆུང་གི་ཟར་ཚགས། ཙིཏྟའི་ཕོ་ཏོ། བྷནྡྷ་སྐམ་རློན་གྱི་ཚར་ཚར། རྒྱུ་རློན་གྱི་དྲྭ་ཕྱེད། ཀེང་རུས་དང་སྟག་གཟིག་གི་རྒྱལ་མཚན། ནང་ཁྲོལ་གྱི་འཕྱང་འཕྲུལ། སྦྲུལ་ནག་གི་ཆུན་པོ། མི་ལྤགས་དང་དར་ནག་གི་གཡབ་མོ། ཤ་རུས་ཐང་མར་བརྡལ་བར་བྱ་སྟེ། དེ་རྣམས་ཀྱི་དགོས་པ་ཧེ་རུ་ཀའི་ཕོ་བྲང་དུར་ཁྲོད་ཀྱི་གཞལ་ཡས་ཁང་དུ་མཐོང་ནས་མ་མོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་ཞིང༌། ལོག་འདྲེན་འབྱུང་པོ་ཉེ་མི་ནུས་ལ། རྣལ་འབྱོར་པར་ཏིང་ངེ་འཛིན་སྒྲུབ་པའི་རྐྱེན་བྱེད་པ་སོགས་ཡོན་ཏན་མཐའ་ཡས་པ་དང་ལྡན་
པ་སྟེ། མྱང་འདས་ཀྱི་རྒྱུད་ལས། བཀའ་བཞིན་བསྒྲུབ་ལ་གཞུང་བཞིན་བྱ། །གཞུང་ལས་འབྱུང་བ་དེ་བྱས་ན། །རབ་ཀྱིས་ཟླ་བ་གཅིག་གིས་འགྲུབ། །འབྲིང་གིས་ལོ་གཅིག་བར་གྱིས་འགྲུབ། །ཐ་མས་ལོ་གསུམ་ཚུན་ཆད་ཀྱིས། །གདོན་མི་ཟ་བར་འགྲུབ་པར་བཤད། །ཅེས་གསུངས་སོ། །དྲུག་པ་སྨད་ལས་དང་འབྲེལ་བའི་བཅས་ལ་གསུམ། ཙཀྲ་འབྲི་བ། རཱུ་པ་བཅའ་བ། རྫས་བསགས་པའོ། །དང་པོ་ནི། འབྲི་མཁན་ལྷའི་རྣལ་འབྱོར་དང་ལྡན་པས་བསང་སྦྱང་སྔགས་ཀྱིས་ཡོ་བྱད་རྣམས་བྱིན་གྱིས་བརླབ་པ་སྔོན་དུ་འགྲོ་བས། འབྲི་བྱ་ཙཀྲ་ལ་སྲུང་ཟློག་གཉིས་ཀྱི། དང་པོ་སྲུང་པའི་ཙཀྲ་ནི། དར་དཀར་རམ་རྒྱ་ཤོག་ལ་མཚལ་ལམ་རྒྱ་སྣག་གིས་མུ་ཁྱུད་རིམ་པ་དགུ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སྙིང་པོ་འབྲུ་བཅུ་བདུན་པ་དང༌། མ་མ་ཀཱ་ཝཱ་ཙི་རཀྵ་རཀྵ༔ ཞེས་སྤེལ་སྔགས་སྦྱར་བ་བྲི། དེ་རྒྱབ་མུ་ཁྱུད་འཁོར་ལོ་རྩིབས་བཞི་པར་ལྟེ་བའི་ཧཱུཾ་གི་མདུན་ཕྱོགས་ཤར་དུ་བྱས་པའི་རྩིབས་སོ་སོར་ཀཱི་ལ་རིགས་བཞིའི་སྙིང་པོ་དང༌། ཤར་ལྷོ་སོགས་རྩིབས་མཆན་བཞི་ལམ་མ་སོགས་སྤེལ་སྔགས་བྲི། དེ་རྒྱབ་མུ་ཁྱུད་རྩིབས་བཅུ་ལ་ཤར་སྟོད་སྟེང་དང་ནུབ་སྨད་འོག་ཏུ་བྱས་ཏེ་ཕྱོགས་མཚམས་མ་འཆོལ་བར། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱར་ཧཱུཾ་གརྫ་
གརྫ་ཧཱུཾ་ཕཊ༔ ཅེས་སོགས་ཁྲོ་བཅུའི་སྔགས་དང༌། རྩིབས་མཆན་རྣམས་སུ་རིམ་བཞིན། སྟེང་ཕྱོགས་ལྷའི་གནོད་པ་སྲུངས་ཤིག་རཀྵ༔ ཤར་ཕྱོགས་དྲི་ཟའི་གནོད་པ་སྲུངས་ཤིག་རཀྵ༔ ཤར་ལྷོ་མེ་ལྷའི་གནོད་པ་སྲུངས་ཤིག་རཀྵ༔ ལྷོ་ཕྱོགས་གཤིན་རྗེའི་གནོད་པ་སྲུངས་ཤིག་རཀྵ༔ ལྷོ་ནུབ་སྲིན་པོའི་གནོད་པ་སྲུངས་ཤིག་རཀྵ༔ ནུབ་ཕྱོགས་ཀླུའི་གནོད་པ་སྲུངས་ཤིག་རཀྵ༔ འོག་ཕྱོགས་ས་བདག་གི་གནོད་པ་སྲུངས་ཤིག་རཀྵ༔ ནུབ་བྱང་རླུང་ལྷའི་གནོད་པ་སྲུངས་ཤིག་རཀྵ༔ བྱང་ཕྱོགས་གནོད་སྦྱིན་གྱི་གནོད་པ་སྲུངས་ཤིག་རཀྵ༔ བྱང་ཤར་འབྱུང་པོའི་གནོད་པ་སྲུངས་ཤིག་ཀྵ༔ ཞེས་བྲི། དེ་རྒྱབ་མུ་ཁྱུད་ཆེ་གསུམ་དུ་བགོས་པའི་གཡས་ཀྱི་ཆར་ཀརྨ་ཀྲོ་དྷ་སོགས་སྲས་མཆོག་གི་སྙིང་པོར་མ་མ་ཀཱ་ཡ་རཀྵ༔ ཞེས་རེ་རེ་བཞིན་སྦྱར་བ་བདུན། གཡོན་གྱི་ཆར་ཝཱ་ཀ་རཀྵ་སྦྱར་བ་བདུན། མདུན་གྱི་ཆར་ཙིཏྟ་རཀྵ་སྦྱར་བ་བདུན་རེ་བཅས་བྲི། དེ་རྒྱབ་མུ་ཁྱུད་ཆ་བཞིར་བགོས་པར་སྒོ་སྐྱོང་བཞིའི་སྙིང་པོར་གོང་བཞིན་སྤེལ་སྔགས་སྦྱར་བ་བྲི། དེ་རྒྱབ་མུ་ཁྱུད་ལ་བཞི་སྙིང་གཅིག་དྲིལ་ཚར་གཅིག་གིས་འཁོར་བ་བྲི། མ་ཁེང་ན་སྤེལ་ཚིག་གང་འོས་སྦྱར། དེ་རྒྱབ་མུ་ཁྱུད་ལ། དེང་འདིར་བདག་ཅག་
དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་ཕ་རོལ་གྱི་བྱད་ཕུར་རྦོད་གཏོང་ལྷ་སྲིན་སྡེ་བརྒྱད་ཕྱོགས་བཅུའི་གདོན་བགེགས་ཀྱི་གནོད་བ་ལོ་ཟླ་ཞག་དུས་ཀྱི་ཀེག་སྲི་རྨི་ལྟས་མཚན་ངན་མི་ཁ་བྲ་མཆུ་ཆགས་ཆེ་ཉམ་ང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་བསྲུང་བར་མཛད་དུ་གསོལ། སྐྱོབ་པར་མཛད་དུ་གསོལ། སྦ་བར་མཛད་དུ་གསོལ་སྭཱ་ཧཱ། ཞེས་སོགས་འདོད་གསོལ་ཇི་ལྟར་རིགས་པ་བྲི། དེ་རྒྱབ་མུ་ཁྱུད་ལ་དབྱངས་གསལ་དང་རྟེན་སྙིང༌། དེ་རྒྱབ་རྡོ་ར། དེ་རྒྱབ་མེ་རི་གཡས་སུ་འཁོར་བ་བྲི། ཡི་གེ་རྣམས་མགོ་ཕྱིར་བསྟན་བྱ། བཟང་པོ་དྲུག་དང་བདུད་རྩི་ཆོས་སྨན་གྱིས་བྱུགས། ཚོན་ཐོབ་ལྟེ་བ་མཐིང༌། རྩིབས་རྣམས་སྔོ། རྩིབས་མཆན་སེར། མུ་ཁྱུད་མཛེས་ཚོན། རྡོ་ར་མེ་རི་སྤྱི་མཐུན་ནོ། །གཉིས་པ་ཟློག་འཁོར་ནི། དུག་ཤོག་ལ་དུག་ཁྲག་བསྲེས་པའི་སྣག་ཚས་མུ་ཁྱུད་རིམ་པ་དགུ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སྙིང་པོ་འབྲུ་བཅུ་བདུན་པའི་གཤམ་དུ། དགྲ་བགེགས་འབྱུང་པོ་ནྲྀ་ཤ་ཀྲོ་དྷ་མཱ་ར་ཡ་བྷྱོ་ཟློག༔ ཅེས་བྲི། དེ་རྒྱབ་རྩིབས་བཞི་ལ་མདུན་ནས་གཡས་སྐོར་དུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ༔ དེས་འགྲེས་ཏེ། རཏྣ། པདྨ། ཀརྨ། ཞེས་བསྒྱུར་བ་དང༌། རྩིབས་མཆན་བཞིར་ཟློག་སྔགས་ཤམ་བུ་གོང་
བཞིན་བྲི། དེ་རྒྱབ་རྩིབས་བཅུ་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུཾ་ཀཱ་ར་ཧཱུཾ་གརྫ་གརྫ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་སོགས་ཁྲོ་བཅུའི་སྔགས་གོ་རིམ་མ་ལོག་པ་དང༌། རྩིབས་མཆན་རྣམས་སུ། སྟེང་ཕྱོགས་ལྷ་ཡི་གནོད་པ་ཟློག༔ ཅེས་སོགས་སྲུང་བའི་སྐབས་ལྟར་ཁ་བསྒྱུར་བ་བྲི། དེ་རྒྱབ་མུ་ཁྱུད་ལ། ཨོཾ་ཀརྨ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་བདུན་གསུམ་ཉེར་གཅིག་གིས་འཁོར་བ་བྲི། དེ་རྒྱབ་མུ་ཁྱུད་ཀྱི་ཕྱོགས་བཞིར་སྒོ་སྐྱོང་བཞིའི་སྔགས་ལ་ཟློག་སྔགས་ཤམ་བུ་སྦྱར་བ་བྲི། དེ་རྒྱབ་མུ་ཁྱུད་ལ་བཞི་སྙིང་གཅིག་དྲིལ་ཟློག་ཤམ་ཅན། དེ་རྒྱབ་མུ་ཁྱུད་ལ་སྤུ་གྲིའི་དྲག་སྔགས་ཟློག་ཤམ་ཅན་དང༌། དེ་རྒྱབ་མུ་ཁྱུད་ལ། དེང་འདིར་བདག་ཅག་སོགས་འདོད་གསོལ་སྲུང་བའི་སྐབས་ལྟར་ལས། མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་བཟློག་པར་གྱུར་ཅིག་མེད་པར་གྱུར་ཅིག་ཞི་བར་གྱུར་ཅིག་ཅེས་བྲི། དེ་རྒྱབ་མུ་ཁྱུད་ལ་མཚོན་ཆ་སྣ་ཚོགས་རྩེ་མོ་ཕྱིར་བསྟན་པ། དེ་རྒྱབ་མེ་རི་གཡོན་འཁོར་དུ་བྲི། ཡི་གེ་རྣམས་མགོ་ནང་དུ་བསྟན། བོང་ཐང་ཕྲོམ་གྲི་ཁྲག་ཐལ་ཆེན་གུ་གུལ་ནག་པོས་བྱུགས། ཚོན་ཐོབ་གོང་བཞིན་ནོ། །དེ་ལྟར་སྲུང་ཟློག་སོགས་ཀྱི་འཁོར་ལོ་གང་ལའང་འབྲི་གཞི་ལ་རལ་རྡོལ་མེད་པ། རྩིབས་ཀྱི་རྩ་རྩེ་མུ་ཁྱུད་ལ་མ་རེག་ཅིང༌། མུ་ཁྱུད་རྣམས་མ་ཆད་པ། སྟེང་འོག་གི་དབྱེ་བ་ཐ་དད་པའི་སྔགས་དང་ཤམ་བུ་སོགས་མ་འཁྲུགས་
པ། ཡི་གེ་འབྲི་འཕྲོ་ལུས་པ་ལྟར་མ་ཁེངས་པས་འབྱམས་པ་དང་མ་ཤོང་བས་ཡི་གེ་ཕན་ཚུན་འབྲེལ་བ་སོགས་མ་ཡིན་ཅིང་ཡིག་ཕྲེང་འཁྱོགས་འཆུས་མ་འཁྲུགས་པ། མིག་ཟུམ་པ་བྲིས་བསུབས་ལྷག་ཆད་སོགས་ཀྱི་སྐྱོན་མེད་པར་བྱ་སྟེ། ཕན་གནོད་ཀྱི་ལས་རྣམས་བྱེད་རྐྱེན་རིག་སྔགས་ཀྱི་སྦྱོར་བ་དང་རྫས་ཀྱི་ཁྱད་པར་ཕྲ་མོ་ལའང་ལྟོས་པས་ན་བློ་བཟོ་དང་རས་ཆོད་མི་བྱ་བར་དཔེའུ་རིས་དང་སྔགས་བྱང་གུང་སྤྲད་དེ་དག་ཅིང་ཡིད་གཞུངས་པར་བྱས་ལ་བྲི། དེ་ལྟར་བྲིས་ཟིན་པ་ན་དེ་ཉིད་སྒྲུབ་པའི་ཚུལ་ནི། ལྟ་བ་དང་ཏིང་འཛིན་ལས་སུ་རུང་བའི་སྔགས་པས་ནི་བྲིས་པ་ཉིད་ནས་རབ་ཏུ་གནས་པར་ཡང་འགྱུར་མོད། འོན་ཀྱང་གང་ཟག་གཞན་རྣམས་མཚན་མའི་ཆོ་ག་ཁོ་ན་ལ་ལྟོས་པས་ན། སྟེགས་བུའི་དབུས་སུ་མཉྫིའི་ཁར་རིན་པོ་ཆེའི་སྣོད་འབྲུས་བཀང་བའི་ནང་དུ་སྲུང་བའི་འཁོར་ལོ་བཀྲམ་ལ་མཐར་མཆོད་པས་བསྐོར། བདག་གི་རྣལ་འབྱོར་ལ་གནས་པའི་སྒོ་ནས་འཁོར་ལོ་ལ་སྦྱོང་ཁྲུས་མདོར་བསྡུས་ཙམ་སྤྱི་ལྟར་བྱས་ནས། བསང་སྦྱངས། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་གུང་ཁར་མེའི་རབས་ཡོངས་སུ་བསྐོར་བའི་ནང་དུ་འཁོར་ལོ་རྟེན་གྱི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ལྷ་གནས་སུ་ཧཱུཾ་ལས་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་
ཡུམ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿཐུགས་ཀར་ཧཱུཾ་གིས་མཚན་པ། ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་མོས་པ། ཧཱུཾ༔ ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ ཡབ་ཡུམ་འཁོར་དང་བཅས་པ་རྣམས༔ རང་བཞིན་དབྱིངས་ནས་སྤྱན་འདྲེན་ན༔ འཁོར་ལོ་འདི་ལ་བརྟག་པར་བཞུགས༔ མཐུ་དང་བྱིན་རླབས་དངོས་གྲུབ་སྩོལ༔ ཚེ་སྲིངས་དཔལ་སྐྱེད་གཟི་བརྗིད་སྤེལ༔ གདོན་དང་ནད་དང་གནོད་པ་སྲུངས༔ ས་མ་ཡ་ཨ་བེ་ཤ་ཡ་ཨཱཿ ཞེས་ཡེ་ཤེས་ཀྱི་འཁོར་ལོ་བསྲུང་བྱའི་མིང་ཡིག་དང་པོའི་རྣམ་པས་སྤྱན་དྲངས་པ་དམ་ཚིག་གི་འཁོར་ལོ་ལ་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་ཐིམ་པར་བསམ་ཞིང༌། མཆོད་བསྟོད་མདོར་བསྡུས་ཙམ་བྱ། ལྷ་རྣམས་འོད་དུ་ཞུ་བ་འཁོར་ལོར་གྱུར་པའི་སྔགས་ཕྲེང་རྣམས་ལས་ཡེ་ཤེས་བདུད་རྩིའི་རང་བཞིན་ཅན་གྱི་འོད་ཟེར་འཕྲོས་པ་སྤྲིན་བཞིན་འཁྲིགས་ནས་བསྲུང་བྱའི་མིང་ཡིག་ལ་གོ་ཆ་བཞིན་བགོས་ཏེ་ཅིས་ཀྱང་མི་ཤིགས་པ་རྡོ་རྗེའི་རང་བཞིན་དུ་བཅིངས་པར་བསམ་ལ། རྩ་སྔགས་ལ་སྲུང་སྔགས་བཏགས་པ་བརྒྱ་རྩ་དང༌། རྟེན་འབྲེལ་
སྙིང་པོ་ཉེར་གཅིག་གིས་བསྔགས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ། སྒྲུབ་པ་ཐོན་ནས་ལྟེ་བ་མ་ཉམས་པར་བལྟེབས་ལ་ཚོན་སྐུད་སྣ་ལྔས་བཅིངས་ཏེ་བསྲུང་བྱའི་མགུལ་དུ་གདགས་པའམ། པུ་རིའི་ལྟེ་བའམ་གནས་ཁང་གི་ཐོག་ཁར་དབུབ་པ་སོགས་བྱའོ། །ཟློག་འཁོར་རབ་གནས་ལ། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་འཁོར་ལོ་རྟེན་གྱི་དཀྱིལ་འཁོར་ཆེན་པོར་གོང་བཞིན་གསལ་ནས། སྤྱན་འདྲེན་སྐབས་ཚེ་སྲིངས་དཔལ་སྐྱེད་སོགས་ཚིག་རྐང་གཉིས་ཀྱི་མལ་དུ། གནོད་བྱེད་དགྲ་བགེགས་ཉམས་པའི་ཚོགས། །ཕྱིར་ཟློག་ཚར་གཅོད་ཕྲིན་ལས་མཛོད། །ཅེས་བསྒྱུར། མཐར་ལྷ་རྣམས་འོད་དུ་ཞུ་བ་འཁོར་ལོར་གྱུར་པའི་སྔགས་ཕྲེང་རྣམས་ལས་འོད་ཟེར་དྲག་ཅིང་རྩུབ་པ་མེ་སྟག་གི་ཚྭ་ཚྭ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྩ་སྦུར་མེས་བསྲེགས་པ་བཞིན་དུ་སོང་བའི་དམིགས་པ་དང་བཅས་རྩ་སྔགས་ལ་ཟློག་སྔགས་བཏགས་པ་བརྒྱ་རྩ་སོགས་ཀྱིས་བྱིན་གྱིས་བརླབ། ཟློག་པ་གྲུབ་ནས་མེ་ལ་སྲེག་གོ །གཉིས་པ་རཱུ་པ་བཅས་བ་ལ། བསད་འཁོར་ལིངྒ་དངོས་དང༌། མནན་པའི་བསྒྱུར་ཁ་བཤད་པ་གཉིས་ཀྱི། དང་པོ་ནི། རྒྱུ་ལས། ལིངྒ་
དང་ནི་ཉ་བོ་གཉིས། །དམིགས་པ་གཅིག་སྟེ་རྒྱུ་མི་གཅིག །ལིངྒ་ཉ་བོའི་སྙིང་གར་གཞུག །ཅེས་པས་ཐོག་མར་ཉ་བོ་བཅའ་སྟེ། དུར་ཁྲོད་ཀྱི་འཇག་མ་ཡུགས་སྐྲའམ་རོ་རས་ཀྱི་སྐུད་པས་བསྡམས་པའི་རུས་ཤིང་ལ། རྒྱུད་ལས་བཤད་པའི་རྒྱུ་དྲུག་ཕར་རྐན་ཚུར་རྐན་མི་བསྐྱོད་ཤུལ་ཏེ་ས་གཉིས། གངས་ཀྱི་དུམ་བུ་རྣམ་སྣང་ཤུན་རས་ཏེ་དྲི་མ་གསུམ། དཔག་བསམ་གྱི་ལོ་མ་བཅས་གྲོག་མཁར་དང་ཕུང་ཤུལ་གྱི་ས་ལ་བསྲེས་ཏེ་རཱུ་པ་སྐྱེ་མཆེད་དོད་པའི་གནས་གང་འདོད་དུ་དུག་ཁྲག་ཚད་ནད་གྲིར་བསད་པའི་ལས་དང་སྦྱར་ལ་དུག་ཁྲག་དྲོད་སྨན་གྲི་ཁྲག་བསྣན། བགེགས་ལ་བྱེད་ན། རི་རུལ་གྲོག་པོ་ཕུག་རྡུག་ལྷ་ཁང་དང་མཆོད་རྟེན་རྙིང་པ་འདྲེ་འཚུབས་པ་རྣམས་ཀྱི་སའམ། བགེགས་གང་ཡིན་དེའི་རྟེན་གྱིས་བོང་བུའི་གཅིན་གྱིས་སྦྲུལ་ལ་རྐང་པ་ཕྱིར་བསྟན་པའི་གཟུགས་སམ། རྨི་ལམ་དུ་གང་གནོད་ཀྱི་གཟུགས་ལ་སོགས་པ་བྱ། དེའི་སྙིང་གར་ལིང་ག་བཅའ་སྟེ། འབྲི་མཁན་གིང་གི་ཏིང་ངེ་འཛིན་དུ་ཞུགས་ལ་ཤ་ཆེན་ཁྲག་ཆེན་མུར། སྐྲ་སྤྱི་བོརབཅིངས། ལག་གཡས་དཔུང་པ་མན་ཆད་ཁྲག་ཆེན་གྱིས་བྱུགས་ལ། བྲི་གཞི་ཕོ་མོ་གང་བྱེད་སོ་སོར་གྲིར་
ཤི་བའི་པགས་པའམ་རོ་རས་དེའི་སྙིང་ཁྲག་གི་སྣག་ཚ་མཆོག་ཕུར་གྱི་སྨྱུ་གུའམ། སྤྱི་ཙམ་དུ་དུག་ཤོག་ལ་དུག་ཁྲག་སྦྱར་བས་དུག་ཤིང་ཚེར་མ་ཅན་ནམ་མི་གསོད་པའི་མདས་སྨྱུ་གུ་བྱས་ཏེ། རྒྱལ་པོ་ལ་རྐྱང་ཁྲུ་གང༌། བནྡྷེ་ལ་བསྐུམ་ཁྲུ་གང༌། སྐྱེས་པ་ལ་མཐོ་གང༌། བུད་མེད་ལ་མཛུབ་གང༌། བྱིས་པར་སོར་བཞི། བགེགས་ལ་ཆག་གང་བའི་རང་གཟུགས་རིད་ཅིང་སྐྱེ་མཆེད་དོད་པ་བསོད་ནམས་དང་མཐུན་པའི་ཚད་ཅན་དུ་བྲི། དངོས་གཞི་སྲོག་གཅོད་སྤུ་གྲིའི་འཁོར་ལོ་ནི། མུ་ཁྱུད་གསུམ་པའི་ལྟེ་བ་ཤིན་ཏུ་ཡངས་པར་འཁོར་ལོ་རྩིབས་དྲུག་པར་ལག་གཉིས་མགོ་བོ་བཅས་རྩིབས་གསུམ་ལ་གཟུད། རྐང་པ་གཉིས་གསང་བ་བཅས་རྩིབས་གསུམ་ལ་གཟུད། སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ནྲྀའམ་ཏྲིའི་མཐར་མིང་དང༌། དཔྲལ་བར་རུས། བརླར་བླ་དྭགས། ཡན་ལག་བཞིར་ཛཿཧཱུཾ་བཾ་ཧོ། སྟེང་དུ་ནན། འོག་ཏུ་ཁུག །གསང་གནས་སུ་ཕཊ། རྐང་མཐིལ་དུ་ཡཾ། རྣ་བར་འོན། མིག་ལ་ལོང༌། ཁ་ལ་དུང་དུང༌། དཔྲལ་བར་ལྷ་དང་དབྲལ་བ། ལྟེ་བར་གཟུགས་ལ་དབབ་པ། ལག་ངར་རྗེ་ངར་ལ་བྱད་དུ་གཞུག་པ། ལྕེ་ལ་སྨྱོ་རུ་གཞུག་པ། སྤྱི་བོར་རྡུལ་དུ་བརླག་པ། འདོམས་ལ་ཞལ་དུ་བསྟབ་པ་སྟེ་
གབ་པའི་སྔགས་དྲུག་བྲི། ཕྱི་རིམ་མུ་ཁྱུད་ཀྱི་ནང་ངོས་སུ་འཁོར་ལོ་རྩིབས་དགུའི་རྩེ་མོ་ནང་དུ་བསྟན་པའི་རྩིབས་རེ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཅེས་འབྲུ་རེ་བྲི། དེ་རྒྱབ་མུ་ཁྱུད་ལ་ལིངྒའི་མགོ་ཕྱོགས་ནས་བརྩམས་ཏེ་སྤུ་གྲིའི་དྲག་སྔགས་དང༌། དེ་རྒྱབ་མུ་ཁྱུད་ལ་ཨོཾ་ལཾ་ཧཱུཾ་ལཾ་སོགས་ཀྱིས་བསྐོར་བ་བྲི། མཐར་ཛ་ཁྲམ་ཉེར་བརྒྱད་ཀྱིས་བསྐོར་རོ། །གཉིས་པ་མནན་པའི་བསྒྱུར་ཁ་ནི། དེའང་གཟུགས་ཅན་དགྲ་མནན་གཙོ་བོར་བྱེད་ན། ལིང་ག་སྤྱི་མཐུན་གྱི་བྲང་དཀྱིལ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་བྲིས་པའི་སྙིང་གར་ནྲྀ། དཔྲལ་བར་དམིགས་བྱའི་རུས་ཤེས་ན་དེ་ཀའི་མཐར་ཁུག་ཛཿབྲི། མ་ཤེས་ན་ཐམས་ཅད་རུས་ཆེན་སྡེ་ལྔར་འདུ་བས། ཇིའུ་ཀུང་ཀེག་ཤངས་ཁུག་ཛཿ ཞེས་བྲི། གནས་ཡིག་རྣམས་གོང་བཞིན་ལས། མནན་ལིང་འདི་རིགས་ལ་གབ་པའི་སྔགས་དྲུག་མི་དགོས། དེ་ནས་རྒྱ་གྲམ་ལྟེ་བར་ནྲྀ་ཡིག་གི་སྟེང་ནས་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་གྱིས་མནན་གཞུང་ལྟར་སྤུ་གྲིའི་དྲག་སྔགས་འགུག་ཤམ་ཅན་དང༌། ཕྱི་རོལ་དུ་མགོ་བོ་ནས་བརྩམས་སྤུ་གྲིའི་མནན་སྔགས་མཐར། དམོད་མོ། སྔ་དགྲ་ལག་གིས་བསྡར་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ད་དགྲ་ཐད་དུ་ལངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཕྱི་དགྲ་ཞེ་ལ་འཆང་བ་ཐམས་
ཅད་མཱ་ར་ཡ་ཆིངས་བྲུབ་ནན། སྤྱི་དགྲ་རླུང་ལྟར་འཚུབས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། སྒོས་དགྲ་རྦབ་ལྟར་རྒྱུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཟུར་དགྲ་ཁྱི་ལྟར་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། རྐྱེན་དགྲ་ཐོག་ལྟར་འབབས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཤར་ཤིང་ཁམས་པའི་དགྲ་བོ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ལྷོ་མེ་ཁམས་པའི་དགྲ་བོ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ནུབ་ལྕགས་ཁམས་པའི་དགྲ་བོ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། བྱང་ཆུ་ཁམས་པའི་དགྲ་བོ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། མཚམས་བཞིས་ཁམས་པའི་དགྲ་བོ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། སརྦ་ཏྲིག་ནན་རྦད་ནན་བྷིནྡྷ་ཙིཏྟ་རྦད་ནན་ལཾ་ནན་ནན༔ ཞེས་བྲི། མཐར་ཛ་ཁྲམ་གྱིས་བསྐོར་རོ། །ཡང་འདྲེ་བགེགས་ལ་དམིགས་པའི་སྲི་མནན་གཙོ་བོར་བྱེད་ན། ལིངྒ་བཤད་མ་ཐག་པ་ལྟར་ལ་མི་འདྲ་བའི་ཁྱད་པར་དམ་སྲི་བྱ་མགོ །དུར་སྲི་ཁྲ་མགོ །ཕུང་སྲི་རྔ་མོའི་མགོ །དགྲ་སྲི་གཡག་མགོ །ཕོ་སྲི་སྤྱང་མགོ །མོ་སྲི་ཁྱི་མགོ་ཆུང་སྲི་སྲེ་མོང་མགོ །གོད་སྲི་ཕག་མགོ་སོགས་མགོ་བོ་སོ་སོར་བསྒྱུར། སྙིང་གར་ནྲྀའི་ཚབ་ཏུ་ཏྲི་བྲི། གནས་ཡིག་དང་ལྟོ་བའི་འགུགས་སྔགས། ཕྱི་རོལ་གྱི་མནན་སྔགས་རྣམས་གོང་
བཞིན་ལས། དམོད་ཚིག་ནི། ལོ་སྲི་ལོ་བཅུ་གཉིས་ལ་འཁོར་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཟླ་སྲི་བཅུ་གཉིས་ཟླ་བར་བབས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཞག་སྲི་སུམ་ཅུའི་ཞག་ཏུ་འགྱུ་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། དུས་སྲི་དྲུག་ཅུའི་སྲང་དུ་བསྡིག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། དམ་སྲི་སྣང་སྲིད་འབྱུང་བ་དཀྲུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། འགོང་སྲི་བསྟན་སེལ་ཕུགས་སུ་ཞུགས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཀེག་སྲི་སྤར་སྨེ་དུར་དུ་ཚུད་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། བྱད་སྲི་སྡེ་བརྒྱད་ཟ་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། ཡོད་སྲི་སྟོང་སྡེའི་མི་ཁ་ཟུག་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། མེད་སྲི་ལྟོག་འགོང་སྲིས་ལ་རྐུ་བ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། བགེགས་སྲི་ཅི་བྱེད་བར་དུ་གཅོད་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། གནོད་སྲི་འཚེ་བའི་བདུད་རིགས་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། དགྲ་སྲི་ཕྱོགས་བཞི་མཚམས་ནས་ལྡངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། དུར་སྲི་གཤིན་ཡུལ་འོག་ནས་དོན་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན།
ཕུང་སྲི་སྒོ་བཞིའི་ཟུར་ནས་ལྡངས་པ་ཐམས་ཅད་མཱ་ར་ཡ་ཆིངས་བྲུབ་ནན། མདོར་ན་བར་དུ་གཅོད་པའི་སྲི་ངན་ཐམས་ཅད་མཱ་ར་ཡ་རྦད་ཐུཾ། དྷ་ར་ཡ་དྷ་ར་ཡ་ནན། མཱ་ར་ཡ་མཱ་ར་ཡ་ནན། ཡ་མ་དམ་སྲི་ཀཱ་ཡ་ཝཱཀ་ཙིཏྟ་སྟམྦྷ་ཡ་ནན། ཅེས་དང་ཛ་ཁྲམ་སྔར་བཞིན་བཀོད། ཡང་སྟོད་ལས་སྒྲུབ་ཆེན་སྐབས་ཀྱི་དམ་སྲི་མནན་པ་ལ། ལིང་ག་མི་གདོང་བྱ་རོག་གི་མཆུ་ཅན་སྐྲ་འབལ་བ། ཡན་ལག་ལྕགས་སུ་བཅུག་པའི་སྙིང་གར་ཏྲི་དང་ཛ་ཁ་སྤྲོད་བྲི། དེ་མཐར་མགྲིན་པ་ནས་བརྩམས་ཡིག་མགོ་ཕྱིར་བསྟན་གྱིས། ཡ་མ་དམ་སྲི་གཾ་པ་རི་ཏྲི་ཡཾ་ཛཿ ཏྲིའུ་ཏྲིའུ་ཤོ་ན་ཛཿ པ་རི་ཁུག་ཛཿ ཨེ་ཧུར་ཐུཾ་ཁཾ་ཤག་རོ་མྱག་རྨུག་ཏི་རྦད་ཡཾཿ ཙིཏྟ་གཏུབ་གཏུབཿ རྩ་ཁྲག་སྙིང་ལ་མཱ་ར་ཡ་ཀཱ་ཡ་ཝཱཀ་ཙིཏྟ་སྟཾ་བྷ་ཡ་ནན༔ ཞེས་དང༌། གནས་ཡིག་རྣམས་གོང་བཞིན་བྲི། གཟུགས་ཀྱི་མཐར་ཡིག་མགོ་ནང་བསྟན་གྱིས་དཔུང་པ་གཡས་ནས་བརྩམས། གནོད་བྱེད་དམ་སྲི་རྒྱལ་འགོང་འབྱུང་པོ་ཕོ་མོ་རྣམས་ཀྱི་ལུས་ངག་ཡིད་གསུམ་མཐུ་དང་ནུས་སྟོབས་རྫུ་འཕྲུལ་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡང་ཞིག༔ ཨོཾ་ལཾ་ཨཱཿལཾ་ཧཱུཾ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་བྲི།
མཐར་ཛ་ཁྲམ་གྱིས་བསྐོར། དེ་དང་འབྲེལ་བར་ཉུ་ལེའི་ལིངྒ་ནི། ལིངྒ་ཁྱིམ་བྱ་མོའི་མགོ་ཅན་གྱི་སྙིང་གར་ཏྲི་དང་ཛ་ཁ་སྤྲོད། དེ་མཐར་མགྲིན་པ་ནས་བརྩམས་ཡིག་མགོ་ཕྱིར་བསྟན་གྱིས། དམ་སྲི་ཉུ་ལེ་ཤ་ཀྲིང་བུ་མོ་སྐད་འགྱུར་མ། འབྲོག་རྐུན་ནག་མོ། གཏི་མུག་རྒྱན་བྱེད། འདོད་ཆགས་ར་ནུ། ཞེ་སྡང་དུན་ཙེ། གཟའ་ཡི་བུ་མོ། གནམ་ཐིལ་དཀར་པོ། ཀླུ་སྲིན་ནག་པོ། ཀླུ་ཐིལ་རིགས་བཞི། ས་བདག་མ་ཡམ། མ་བདུད་ཐེའུ་རང༌། བདུད་དང་དམ་སྲི་ཐམས་ཅད་ཏྲི་ཡཾ་ཛཿ ཁཾ་ཏྲག་རཀྴ་མུཀྟི་རྦད་ཡ། སྲོག་ལ་དུང་དུང༌། ཙིཏྟ་ཕྱུང་ཕྱུང༌། སྲོག་རྩ་ལ་རྦད་རྦད། ཕྱེ་མ་ཕྱེ་མ། རྡུལ་ཕྲན་རྡུལ་ཕྲན། ཞེས་བྲི། གནས་ཡིག་རྣམས་གོང་བཞིན་དང༌། མཐར་ཛ་ཁྲམ་ཉེར་གཅིག་གིས་བསྐོར་བ་བྲིའོ། །དེ་དག་གང་ལའང་འབྲི་མཁན་གྱི་ཁ་རླངས་མི་བཏང༌། ལག་རྗེན་གྱིས་མི་འཇུ། སྣག་ཚ་སོགས་གསར་དུ་སྦྱར་ཏེ་ཆད་ལྷག་བྲིས་བསུབས་བསྐུང་ཡིག་སོགས་ཀྱི་སྐྱོན་མེད་པར་བྲིའོ། །དེ་ནས་དྲི་མ་སྦྱོང་བའི་ཐོག་མར་རང་གྲིབ་སྦྱོང་བ་ནི། རང་ཉིད་ཐ་མལ་གནས་པ་ཡི༔ སྤྱི་མགྲིན་སྙིང་གའི་གནས་གསུམ་དུ༔ རྡོ་རྗེ་སེམས་དཔའ་དཀར་དམར་མཐིང་༔ གསལ་བའི་
སྐུ་ལས་བདུད་རྩིའི་རྒྱུན༔ བབས་པས་སྒོ་གསུམ་སྒྲིབ་དག་གྱུར༔ ཅེས་མོས་ལ་ཡིག་བརྒྱ་བཟླ། སླར་ཡང་གནས་གསུམ་རྡོར་སེམས་ཀྱི༔ སྐུ་ལས་འོད་ཟེར་ཡར་འཕྲོས་པས༔ རབ་འབྱམས་ཞིང་གི་རྒྱལ་བ་མཆོད༔ ཐུགས་རྗེའི་བྱིན་རླབས་ཚུར་འདུས་པ༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ ཉམས་ཆག་ཉེས་ལྟུང་དྲི་མ་སྦྱངས༔ ཕ་རོལ་བྱད་མའི་བསམ་ངན་གྱིས༔ གནོད་བྱས་ཉེས་ཚོགས་ཐམས་ཅད་སྦྱངས༔ ཡིག་བརྒྱའི་ཤམ་བུར། ཨེ་ཧོཿཤུདྡྷེ་ཤུདྡྷེ༔ ཡཾ་ཧོཿཤུདྡྷེ་ཤུདྡྷེ༔ བཾ་ཧོཿཤུདྡྷེ་ཤུདྡྷེ༔ རཾ་ཧོཿཤུདྡྷེ་ཤུདྡྷེ༔ ལཾ་ཧོཿཤུདྡྷེ་ཤུདྡྷེ་༔ ཨ་ཧ་རཾ༔ ཨེ་ནེ་རཾ༔ བི་ན་ཤུདྡྷེ་སྭཱཧཱ༔ ཨ་ཨ་ཨ་སྭཱཧཱ༔ ཞེས་པ་བདུན་ནམ་ཉེར་གཅིག་བཟླས༔ སྨན་སྤོས་ཆུར་བཏབ་བཏུང་ཞིང་བྱུག༔ ཉེས་ཚོགས་ཐམས་ཅད་དག་པར་བསམ༔ དེ་ནས་ལིངྒའི་དྲི་མ་སྦྱོང་བ་ནི། བྱེ་མ་གཤེར་ལྡན་གྱིས་ལིངྒའི་ཕྱི་ནང་ལེགས་པར་འཕུར་ཞིང༌། སྲིད་པ་བྱེ་མའམ་ཞིང་ས་གཙང་མས་བསྐོར་ལ། ལཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཆུ་མིག་ལྐུག་པའམ་ཕུག་རྡུགས་ཀྱི་ཆུས་འཐོར་ཞིང༌། བཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ བྲ་རྐང་ངམ་ཤིང་ཚེ་ཟད་ཀྱི་མེས་བསྐོར་ཞིང༌། རཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཕོ་
རོག་དང་འུག་སྒྲོས་རླུང་གཡབ་ཅིང༌། ཡཾ་ཧོཿཤུདྡྷེ་ཤུདྡྷེ་ཡེ་སྭཱཧཱ༔ ཞེས་ལན་གསུམ་གསུམ་དང༌། གོང་གི་རང་གྲིབ་སྦྱོང་བའི་སྔགས་བརྒྱ་རྩ་གཅིག་བཟླས་རྗེས། ཨེ་ཧོཿཤུདྡྷེ་ཤུདྡྷེ་སོགས་ཉེར་གཅིག་རེའི་མཇུག་ཏུ་ལིངྒ་བར་སྣང་ལ་གཡབ་ཅིང༌། རྣལ་འབྱོར་པ་བདག་འཁོར་དང་བཅས་པ་ཐམས་ཅད་ཀྱི་ལུས་ཀྱི་དྲི་མས་མ་གོས། ངག་གི་དྲི་མས་མ་གོས། ཡིད་ཀྱི་དྲི་མས་མ་གོས། ལུས་ངག་ཡིད་གསུམ་གྱི་དྲི་མས་མ་གོས་སོ། །ཨེ་ཧོཿསོགས་དང་དབུགས་ཐེངས་གཅིག་ལ་ཨ་ཉེར་གཅིག་བརྗོད་པས་ཐམས་ཅད་སྟོང་པར་བལྟའོ། །དེ་ནས་དགྲ་ལ་དམིགས་པའི་དྲི་མ་དྲུག་དང༌། བགེགས་ལ་གནས་རྟེན་ས་སྣ་གང་ཡིན་ལྕགས་སྣོད་དུ་རླངས་པ་ཐོན་ཙམ་མེ་ལ་བསྲོས་ནས་བྱུགས་ཤིང་གུ་གུལ་གྱིས་བདུག་ལ། བལྟབ་ཚུལ་མཚོན་ཆ་བལྟབ་བམ་གཤེད་པ་བལྟབ་ནྲྀ་ཁར་འཇུག །རོ་བལྟབ་གསང་གནས་ཁར་འཇུག །འདྲེ་བལྟབ་ཏྲི་གཅོག་པ་སྟེ་གང་བྱེད་ཀྱང་ཕོ་མོའི་དབྱེ་བས་གཡས་གཡོན་ནས་བལྟབ་ཚུལ་མ་ལོག་པར་བྱས་ལ་ཉ་བོའི་སྙིང་གར་གན་རྒྱལ་དུ་གཞུག །ཚོན་སྐུད་སྔོ་དམར་དང་ཤི་སྐྲའི་བྱད་ཐག་ནྲྀ་མི་གནས་དྲངས་པའམ་རྐེ་ལ་བཏགས་ཏེ་ཁམས་གསུམ་རྣམ་རྒྱལ་གྱི་ཕུར་པ་ལ་འདོག་གོ །
བྲུབ་ཁུང་ནི། ཕུང་ཤུལ་གཡུལ་འཐབ་རོ་བསྲེག་གྲོག་མཁར་དམར་པོ་འདྲེ་འདུལ་རེ་ལྕག་པའི་ས་རྣམས་དང་དུག་ཁྲག་བོང་གཅིན་རྣམས་སྦྱར་ཏེ་ཕྲིན་ལས་བཞི་རྫོགས་ཀྱི་ཚུལ་ལམ། ཡང་ན་གྲུ་གསུམ་རྒྱ་དཔང་ཁྲུ་གང་བ། ཁ་ཁྱེར་སོར་བཞིའི་ཕྱེད་ཕྱིར་འཕྱངས་པའི་ཟུར་གསུམ་དུ་ཁྲོ་ཞལ། ལོགས་གསུམ་དུ་མདའ་གཞུས་མཚན་པ། ཁ་ཁྱེར་ལ་རྩང་དམར་སྲིན་མོ་འགྲོས་སུ་བཙུག་ཅིང༌། རྨང་གི་བང་རིམ་ལ་མཚོན་ཆ་ལྔས་བསྐོས། རོ་གཡམ་གྲུ་གསུམ་རྒྱ་གྲམ་བྲིས་པས་ཁ་གཅོད་བྱའོ། །གསུམ་པ་རྫས་གསག་པ་ནི། རྡོ་རྗེ་ཁྲོས་པ་རྩ་བའི་རྒྱུད་ལས། རྫས་ནི་རྣམ་པ་དྲུག་ཡིན་ཏེ། །གུ་གུལ་ཚིལ་ཆེན་དྲི་ཆེན་གསུམ། །རྐང་དྲེག་གུ་གུལ་ར་ཡི་གཞོབ། །ལྷ་དང་ཕྲལ་བའི་རྫས་ཡིན་ནོ། །དབབ་ལ་ཉུངས་ཀར་རྒྱལ་པོ་དང༌། །སྨད་དཀྲིས་རཀྟ་ཚང་བ་ཡིན། །ཚོན་སྣ་ལྔ་ཡིས་བྱད་དུ་གཞུག །སྨྱོ་བ་དུག་གི་ཆུ་ཡིན་ནོ། །རྡོ་རྗེ་ཐོ་བས་རྡུང་དུ་བརླག །བསྟབ་པ་མེ་ཡི་དཀྱིལ་འཁོར་རོ། །ཞེས་གསུངས་ཤིང༌། གཞན་ཡང་འབུམ་ནག་དང་གཏེར་མ་རྣམས་ལས་དབྱེ་བ་མང་དུ་བཤད་ཀྱང༌། རྒྱུན་གྱི་རིམ་གྲོ་ལྟ་བུར་ནི་དེ་ཙམ་མ་ཚོགས་ཀྱང་རུང་སྟེ། གབ་པ་འཁོར་ལོའི་རྒྱུད་ལས། དབྲལ་ལ་
འདྲེ་གསོད་ཤིས་པར་བཤད། །དབབ་པ་ལ་ནི་ཉུངས་ཀར་རྒྱལ། །བཅིང་ལ་ཚོན་སྣ་ལྔ་ཡིས་སོ། །སྨྱོ་ལ་དུག་ཉིད་ཤིས་པར་བཤད། །རྡུལ་དུ་བརླག་ན་ཕྱག་མཚན་ནོ། །བསྟབ་ལ་ཧོམ་གཟར་ཤིས་པར་བཤད། །ཅེས་སོ། །སྐམ་ཐུན་ལ། ཡུངས་ནག་ར་ནག་ཏིལ་ཏེ་འབྲུ་གསུམ། ཀེ་ཚེ་ཤང་ཚེ་བྲག་ཚེ་སྟེ་ཚེ་གསུམ། ལྕགས་ཕྱེ་ཟངས་ཕྱེ་རྡོ་ཕྱེ་སྟེ་ཕྱེ་གསུམ་རྣམས་དང༌། རློན་ཐུན་ལ། རྷ་དྷུ་ར། སྒ་པི་ཕོ་གསུམ། སྔོ་ཚ་བ་གསུམ། བཙན་དུག་ར་དུག་སྤྱང་དུག་རྣམས། བུད་མེད་ཀྱི་མངལ་ཁྲག །རིམས་ཀྱིས་ཤི་བའི་ཁྲག །བམ་གྱི་སྙིང་ཁྲག །མི་རྟའི་ཁྲག་སྣ་གཞན་དང་བཅས་བོང་དྲེལ་གྱི་སྦང་ཁུས་སྦོལ་ཏེ་རྭའམ་བསྭེ་ལྕགས་ཐོད་ངན་གྱི་སྣོད་དུ་བླུགས། གཞན་ཡང་གྲི་ལྕགས་ཀྱི་ལྕགས་ཀྱུ། ཞགས་པ། ལྕགས་སྒྲོག །སྒྲོལ་གྲི། ཐོ་བ། ཧོམ་གཟར་ལ་སོགས་པ་ཚགས་སུ་ཚུད་པར་བྱ་ཞིང༌། མནན་བསྲེག་འཕང་བའི་རྫས་དང་ཡོ་བྱད་ཁྱད་པར་བ་རྣམས་ནི་འདིར་སྨོས་ཀྱིས་མ་ལོངས་པས་སོ་སོའི་གཞུང་ལས་ཤེས་པར་བྱ་བ་ཡིན་ལ། མདོར་ན་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ཟབ་མོར་བློ་
གདེང་ཁེལ་བའི་ཉམས་མྱོང་མེད་བཞིན་སྤྲོས་པས་མ་ལྕོགས་པ་དང་མ་འབྱོར་པར་དོན་དམ་གོ་ཡུལ་ཁ་ཁྱེར་ལ་རྒྱུ་མཚན་དུ་བྱས་ཏེ་ཀུན་རྫོབ་མཚན་མའི་རྫས་དང་ཡོ་བྱད་མཐའ་དག་ལ་ཇི་མི་སྙམ་པའི་གསང་ཆེན་རྒྱུད་ལུང་མན་ངག་གི་དགོངས་དོན་རས་བོར་ཁྱད་གསོད་ཀྱི་ལས་ནམ་ཡང་མི་བྱ་སྟེ། སྔགས་ཀྱི་དངོས་གྲུབ་དང་ཕྲིན་ལས་ནི་རྫས་སྔགས་ཏིང་ངེ་འཛིན་ཚོགས་པའི་རྟེན་འབྲེལ་ལ་རག་ལས་པ་ཉིད་ཀྱི་ཕྱིར་རོ། །ཐུན་མིན་བསྐྱེད་རྫོགས་ཟབ་གནད་ལྟ་ཞོག་གི །ཐུན་མོང་མཚན་མའི་བཅས་ཀྱི་རྣམ་དབྱེ་ཙམ། །མི་ཤེས་བཞིན་དུ་ད་དུང་ཡིན་རློམ་པའི། །ཡི་མུག་སྔགས་པས་ལྗོངས་ཀུན་གཏམས་པ་མཐོང༌། །གྲོང་ཆོག་ཟོང་དུ་འཚོང་ལ་མི་མཁོ་ཡང༌། །གསང་སྔགས་ཚུལ་བཞིན་སྒྲུབ་ལ་མེད་ཐབས་མེད། །མཐོང་བས་དོན་རྟོགས་ལག་ལེན་གསལ་བྱས་མཐུས། །སྐལ་བཟང་གྲུབ་གཉིས་འདོད་འཇོའི་དཔལ་ཐོབ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་སྨད་ཀྱི་ཕྲིན་ལས་ལ་ཉེ་བར་མཁོ་བ་བཅས་ཀྱི་རྣམ་བཞག་རྨོངས་པའི་མིག་འབྱེད་གནད་ཀྱི་གསེར་ཐུར་ཞེས་བྱ་བ་འདི་ནི། རྗེས་སུ་འཇུག་པའི་སྔགས་པ་གསར་བུ་རྣམས་
ལ་ཉེ་བར་མཁོ་བའི་ཕྱིར། སྔགས་ཀྱི་བནྡྷེ་རལ་པ་ཅན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སོ་གསུམ་པའི་ཐོག་ཏུ་སོན་པ་འཛིན་བྱེད་ཀྱི་ལོ་སྣྲོན་ཉ་བའི་ཡར་ངོ་རྒྱལ་བ་གཉིས་པར་གྲུབ་པའི་བསྟི་གནས་འཆི་མེད་དགའ་ཚལ་གྱི་སྨན་ལྗོངས་སུ་སྦྱར་བ་སྟེ། འདིས་ཀྱང་ལས་དང་དངོས་གྲུབ་རྒྱ་མཚོ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན།
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་དགའ་སྟོན་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །སྟོང་ཉིད་རྡོ་རྗེ་ཁྲོས་པའི་གར་གྱིས་ཞེ་སྡང་མཚན་རྟོག་དབྱིངས་སུ་གཅོད། །སྙིང་རྗེའི་མཚོན་ཆེན་རབ་ཏུ་འབར་བས་ཕུང་པོ་རྡོ་རྗེའི་དབྱིག་གིས་གཏམས། །ཟུང་འཇུག་སྲིད་པ་ཕུར་བུའི་ཕྱག་རྒྱས་བརྟན་གཡོའི་སྲོག་རྩ་ཐལ་བར་འབྱིན། །བླ་མ་ཧེ་རུ་ཀ་དཔལ་དཔའ་བོས་དངོས་གྲུབ་གནས་ལ་དབུགས་འབྱིན་མཛོད། །རིག་མཆོག་འབུམ་སྡེའི་བཅུད་ཐིག་ཀཱི་ལ་ཡ། །
བདུད་འཇོམས་སྤུ་གྲིར་འབྲེལ་བའི་ཕྲིན་ལས་གཞུང༌། །ཚུལ་བཞིན་བསྙེན་ཅིང་སྒྲུབ་ལས་མཆོག་ཐུན་གྱི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱི་དགའ་སྟོན་སྤྲོ། །དེ་ལ་འདིར་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ། ལུང་ཐམས་ཅད་ཀྱི་བླ་མ། མན་ངག་ཐམས་ཅད་ཀྱི་ངེས་པའི་དོན། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་བརྣག་པ། རྒྱ་བོད་མཁས་གྲུབ་ཐམས་ཅད་ཀྱི་གཅེས་པའི་དབྱིག །བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཕྲིན་ལས་ཀྱི་ལྷ་མཆོག་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་གྱི་འཁོར་ལོ་བསྒྲུབ་པར་བྱ་བ་ལ། སྤྱིར་རྡོ་རྗེ་ཕུར་པ་ལ་རྒྱུད་ཀྱི་བསྡུ་ཐབས་གཉིས། བཤད་ཐབས་གསུམ།
ཁོག་དོན་དྲུག །ཐེམ་སྦྱོར་བཅུ། གནད་ཐོ་བཅུ་གཉིས། གསང་ཐེམ་ཉེར་གཅིག་ལ་སོགས་པར་གསུངས་པ་རྣམས་ཧྲིལ་གྱིས་དྲིལ་ན་ཕུར་བུའི་རྒྱུ་བཞིས་གང་ཟག་རྣམ་པ་བཞི་མཐར་དབྱུང་བ་སྟེ། ཕུར་བུ་ངན་སྔགས་གཙུག་ལག་གི་རྒྱུད་ལས། ཕུར་བུ་རྣམ་བཞིའི་དགོངས་པ་ཡིས། །གང་ཟག་རྣམ་བཞི་མཐར་དབྱུང་ངོ༌། །རིག་པ་ཡེ་ཤེས་ཕུར་བུ་ནི། །ཆོས་ཀྱི་དབྱིངས་ཀྱི་ཀློང་དུ་གདབ། །ཐུགས་རྗེ་སྤྲུལ་པའི་ཕུར་བུ་ནི། །ཁམས་གསུམ་སེམས་ཅན་ལ་གདབ་པའོ། །གསང་བ་བྱང་སེམས་ཕུར་བུ་ནི། །ཡུམ་གྱི་མཁའ་ཀློང་ཡངས་པར་གདབ། །མཚན་མ་རྫས་ཀྱི་ཕུར་བུ་ནི། །དགྲ་དང་བགེགས་ལ་གདབ་པའོ། །ཞེས་གསུངས། དེ་ལྟར་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས། སྔ་མ་གསུམ་བྱང་ཆུབ་ལམ་གྱི་སྒྲོན་མ་ཞེས་བྱ་བ་སྟོད་ལས་དང༌། ཕྱི་མས་སྨད་ལས་དགྲ་བགེགས་སྒྲོལ་བའི་ལས་རིམ་སྟོན་པ་ལས། འདིར་སྐབས་སུ་བབས་པ་ཐུགས་རྗེ་སྤྲུལ་པའི་ཕུར་བུ་ཁམས་གསུམ་སེམས་ཅན་གྱི་ཡུལ་ལ་གདབ་པའི་རིམ་པ་སྟོད་ལས་བྱང་ཆུབ་སྒྲུབ་པའི་ལམ་རིམ་གྱི་སྙིང་པོ་དཔལ་ཆེན་ཚོམ་བུའི་ལྷ་ཚོགས་རྣམས་བསྙེན་ཐབས་ཀྱི་མན་ངག་མདོ་ཙམ་ཞིག་འཆད་པ་ལ་སྤྱི་དོན་རྣམ་པ་གཉིས་ཏེ། ཤེས་པར་བྱ་བའི་རྣམ་བཞག་སྤྱིར་བསྟན་པ་དང༌།
བསྙེན་ཐབས་ཀྱི་ལག་ལེན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་གསུམ། དམིགས་པར་བྱ་བའི་ཡུལ། སྒྲུབ་པར་བྱེད་པའི་ཐབས། དེ་ཉིད་གྲུབ་པའི་འབྲས་བུའོ། །དང་པོ་ནི། རྒྱུད་འདིར་རང་བཞིན་དམིགས་པར་བྱ་བའི་ཡུལ་དུ་གྲགས་པ་སྟེ། སྦྱངས་གཞི་འགྲོ་བ་ཡོངས་ལ་ཀུན་ཁྱབ་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་གྱིས་རྣམ་པར་དག་པ་ལྷའི་བདག་ཉིད་ཆེན་པོར་གདོད་ནས་ལྷུན་གྲུབ་ཏུ་གནས་པ་ཉིད་གློ་བུར་གྱི་དྲི་མ་དང་འབྲེལ་བས་གནས་ལུགས་ཀྱི་ཡོན་ཏན་མངོན་དུ་མ་གྱུར་པ་དེ་མངོན་དུ་འགྱུར་བར་བྱ་བ་ལ་དམིགས་ནས། སྦྱོང་བྱེད་དེའི་རྣམ་པ་ལམ་བྱེད་སྣོད་བཅུད་སྣང་བ་འདི་དག་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་གྱི་རྣམ་པ་དམ་ཚིག་སེམས་དཔར་བསྒོམ་པ་དང༌། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡིན་པས། དེའི་རྣམ་པ་ལམ་བྱེད་ཆོས་སྐུ་ཉིད་ཡེ་ཤེས་སེམས་དཔའ་གང་འདུལ་གྱི་རོལ་པ་ཞི་ཁྲོའི་རྣམ་པར་སྤྱན་འདྲེན་པ་དང༌། གཞི་འབྲས་གཉིས་གདོད་མ་ནས་རང་བཞིན་དབྱེར་མེད་དུ་བཞུགས་པས། དེའི་རྣམ་པ་ལམ་བྱེད་ཡེ་ཤེས་པ་དམ་ཚིག་པར་བསྟིམས་ཏེ་དམ་ཡེ་དབྱེར་མེད་དུ་ཉམས་སུ་བླངས་པ་ལས། སྦྱངས་འབྲས་གཞི་ལ་བཞུགས་པའི་དཔལ་ཆེན་པོ་ཉིད་མངོན་དུ་གྱུར་པ་ལ་འབྲས་
བུའམ་མཆོག་ཐོབ་ཅེས་བརྡར་བཏགས་པའོ། །དེས་ན་བསྒྲུབ་གཞིའི་ལྷ་དེ་རང་ལ་གནས་པས། ལམ་རྐྱེན་དང་འཕྲད་ན་འབྲས་བུའི་ཡོན་ཏན་འབྱུང་རུང་དུ་ངེས་པ་རྙེད་དེ་ཐོབ་བྱའི་འབྲས་བུ་མཚན་ཉིད་པ་འཇིག་རྟེན་ལས་འདས་པ་མཆོག་དང༌། བཏགས་པ་འཇིག་རྟེན་པ་དང་ཐུན་མོང་བ་སྟེ། དངོས་གྲུབ་རྣམ་པ་གཉིས་ཀྱི་ཡོན་ཏན་ལ་བྲོད་པ་བསྐྱེད་ནས་ལམ་ལ་བསླབ་དགོས་པའི་ཕྱིར་དམིགས་ཡུལ་གྱི་གཙོ་བོ་ནི་ཕྱག་རྒྱའི་དངོས་གྲུབ་བོ། །གཉིས་སྒྲུབ་པའི་ཐབས་ལ་ལྔ་སྟེ། གང་གིས་སྒྲུབ་པའི་གང་ཟག །གང་དུ་སྒྲུབ་པའི་གནས། གང་གི་ཚེ་སྒྲུབ་པའི་དུས། གང་ལ་བསྟེན་ནས་སྒྲུབ་པའི་ཡོ་བྱད། ཇི་ལྟར་སྒྲུབ་པའི་ཚུལ་ལོ། །དང་པོ་ནི། ཐུན་མོང་བ་དལ་འབྱོར་རྙེད་དཀའ་ལ་ངེས་པ་རྙེད། འཆི་བ་མི་རྟག་པས་རྒྱུད་འཁུལ། ལས་འབྲས་བསླུ་མེད་ལ་ཡིད་ཆེས་སྐྱེས། འཁོར་བའི་ཉེས་དམིགས་ཀྱིས་ངེས་འབྱུང་གི་གཞི་ཚུགས་ཏེ། ཐུན་མོང་མ་ཡིན་པ་ཐེག་པ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་ཞིང་བྱང་ཆུབ་ཏུ་སེམས་བསྐྱེད། འགལ་རྐྱེན་སྡིག་སྒྲིབ་སྦྱང་ཞིང་མཐུན་རྐྱེན་ཚོགས་བསགས། བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་ལ་མྱོང་བ་ཐོན་པའི་གང་ཟག་ལ། ཆུ་བོ་བཞི་འདུས་ཀྱི་སྒོ་ནས་བཤད་ཅིང་ཉམས་
སུ་ལེན་དགོས་པ་ལས། སྨིན་བྱེད་དབང་གི་ཆུ་བོ་སྐུར་བྱེད་ངོ་སྤྲོད་དང་བཅས་པས་རྒྱུད་སྨིན་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ། གཞུང་བཤད་ཆུ་བོ་འགྲེལ་ཊཱིཀ་གཏོང་ཐུན་དང་བཅས་པས་བསྒོམ་བྱ་གཏན་ལ་ཕེབས་པ། གདམས་པ་ཉམས་ལེན་གྱི་ཆུ་བོ་ལག་ལེན་མངོན་རྟོགས་དང་བཅས་པ་ལ། མན་ངག་གནད་ཀྱི་ཆུ་བོ་དྲིས་ལན་གེགས་སེལ་དང་བཅས་པས་ཕུ་ཐག་ལེགས་པར་བཅད་ཟིན་པ་གཞིར་བཞག་ནས། དངོས་གྲུབ་ཐོབ་པ་ལ་དེའི་སྟེང་དུ་རྒྱུ་རྐྱེན་ཕུན་སུམ་ཚོགས་པ་གཉིས་ཚང་དགོས་ཏེ། རྒྱུ་ནི་བསྒྲུབ་བྱའི་དངོས་གྲུབ་ལ་ཡིད་རྟོན་པས་དོན་གཉིས་སྒྲུབ་པའི་ལྷག་བསམ་དང་ལྡན་པ། རྐྱེན་ནི་ཡིད་ཆེས་དང་འདོད་པ་དང་རབ་ཏུ་དང་བའི་དད་པ་གསུམ་གྱིས་ཀུན་ནས་བསླངས་ཏེ་བསྙེན་སྒྲུབ་ལ་ཐང་ལྷོད་མེད་པར་འབད་པའི་བརྩོན་འགྲུས་དང༌། དག་བྱ་དག་བྱེད་ཀྱི་གནད་རྟོགས་པའི་ཤེས་རབ་དང་ལྡན་ཞིང༌། འདུ་འཛིས་མི་འཕྲོག་པ་ལ་སོགས་པའི་ཡོན་ཏན་ཚང་བ་རི་བོ་ལྟ་བུའི་གང་ཟག་གིས་སོ། །གཉིས་པ་གནས་ནི། གྲུབ་ཐོབ་གོང་མས་བྱིན་གྱིས་བརླབས་པ་དང༌། སའི་དཔྱད་སྤྱིར་ལེགས་ཤིང་ཁྱད་པར་གསང་རྒྱུད་ལས། མེ་ཏོག་མང་པོའི་གླིང་ཡོད་དང༌། །རི་ནི་རིན་ཆེན་སྤུངས་པ་འདྲ། །སྐྱེད་མོས་ཚལ་དང་དཔག་བསམ་ཤིང༌། །ངང་
པ་བུང་བའི་སྒྲ་སྒྲོགས་ཤིང༌། །སྐད་སྙན་བྱ་ནི་སྣ་ཚོགས་སྒྲོགས། །གནམ་ནི་འཁོར་ལོ་རྩིབས་བརྒྱད་འདྲ། །ས་ནི་པདྨ་འདབ་བརྒྱད་འབྲང་། །གནས་ཀྱི་དབྱིབས་ལེགས་ཁ་ཤར་བལྟས། །ཞེས་སོགས་ཀྱི་མཚན་ཉིད་ཚང་བ་དང༌། བྱེ་བྲག་ཕྲིན་ལས་མངོན་སྤྱོད་སྒྲུབ་པའི་གནས་ནི། མྱང་འདས་ལས། དྲག་པོའི་གནས་ཀྱི་དམ་པ་ནི། །དུར་ཁྲོད་ཤིང་གཅིག་རྒྱ་གྲམ་ལམ། །གཅན་གཟན་མང་པོའི་རྒྱུ་སྲང་དང༌། །གནམ་ནི་གྲི་འདྲ་ས་གྲུ་གསུམ། །ལོགས་ལ་ཚེར་མ་ཅན་གྱི་ཤིང༌། །དེ་ནི་དྲག་པོའི་སྒྲུབ་གནས་སོ། །ཞེས་སོགས་ཀྱི་མཚན་ཉིད་ཚང་བའི་གནས་ཆེད་དུ་བསྔགས་སོ། །དེ་ལྟ་ནའང་རྒྱུན་གྱི་ཉམས་ལེན་དང་བསྙེན་པ་ཙམ་གྱི་གནས་ལ་ཁྱད་པར་དེ་དག་མ་ཚང་ཡང་ཆོག་སྟེ། རང་གི་ཡིད་དང་མཐུན་ཅིང་བར་དུ་གཅོད་པའི་མི་དང་ལྷ་འདྲེས་བདག་ཏུ་མ་བཟུང་བ་དང་དགྲ་རྐུན་སོགས་ཀྱི་ཉེར་འཚེ་མེད་པའི་གནས་དབེན་པར་ཉམས་སུ་བླང་དུ་རུང་ངོ༌། །གསུམ་པ་དུས་ནི། སྤྱིར་བྱང་ཆུབ་སྒྲུབ་པ་ལ་ཤིས་པའི་དུས་རྣམས་དང་ཁྱད་པར་གསང་རྒྱུད་ལས། ར་བ་བཞི་ལ་བསྙེན་པའི་དུས། །འབྲིང་པོ་བཞི་ལ་སྒྲུབ་པའི་དུས། །ཐ་ཆུང་བཞི་ལ་ལས་སྦྱོར་བྱ། །ཞེས་ཟླ་བའི་ཁྱད་པར་དང༌། སྒྱུ་འཕྲུལ་རྒྱས་པ་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་
ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་དང༌། འཇོམས་བྱེད་ལས། ཟླ་བ་སྐྱེ་དུས་གཟའ་ཕུར་བུ། །དར་ཚེ་སྒྲུབ་པ་མཆོག་ཏུ་ཤིས། །ཞེས་ཚེས་གྲངས་དང་གཟའ་སྐར་གྱི་ཁྱད་པར་དམིགས་བསལ་དུ་བཤད་པ་དག་དང་འགྲིག་ན་རབ། གཞན་དུ་ཚེས་གྲངས་དགེ་ཞིང་མགོ་ཕུར་འཛོམ་པ་ལྟ་བུའི་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉི་མ་ཕྱེད་ཡོལ་གྱི་དུས་སུ་འཇུག་གོ །བཞི་པ་ཡོ་བྱད་ནི། །ལམ་རིམ་ལས། གོས་རྒྱན་གཟའ་བཏུང་གསང་བ་དང༌། སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང༌། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་རྟེན་དང་བར་ཆད་ཟློག །ཡོ་བྱད་དག་པ་བསྡུ་བྱ་སྟེ། །ཞེས་གསུངས་པ་ལྟར། སྤྱིར་འཚོ་བ་ཟས། རྐྱེན་ཟློག་མཚོན། ནད་ཟློག་སྨན་སོགས་མཐུན་རྐྱེན་གྱི་དངོས་པོས་མ་ཤོལ་བ་དང༌། ཁྱད་པར་རྟེན་སྒྲུབ་མཆོད་པའི་དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་གཞུང་བཞིན་ཚོགས་པར་བྱའོ། །ལྔ་པ་ཇི་ལྟར་སྒྲུབ་པའི་ཚུལ་ལ་གསུམ་སྟེ། དཀྱིལ་འཁོར་རྣམ་པ་གསུམ་སྔོན་དུ་འགྲོ་བ་དང་བཅས་དོན་གྱི་ཁོག་དབུབ། ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཏེ་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར། ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་
ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བའོ། །དང་པོ་ལ་གཉིས། སྔོན་དུ་འགྲོ་བའི་རིམ་པ་དང༌། དཀྱིལ་འཁོར་དངོས་བཤད་པའོ། །དང་པོ་ནི། འདི་དག་ལ་ལས་བྱང་གི་འབྲུ་གཉེར་བའི་སྒོ་ནས་སྤྲོས་ན་ཧ་ཅང་མང་བས་སྨོས་སུ་མ་ལོང་མོད། སྒོམ་དོན་སྙིང་པོ་ཙམ་ཞིག་འཆད་ན། སྐྱབས་སེམས་ཚོགས་བསགས་རྣམས་ཀྱི་དམིགས་པ་གོ་སླ་ཞིང༌། བཀའ་བསྒོ་བ་ལ། བདག་ཉིད་དཔལ་ཆེན་པོའི་སྙེམ་པས་གདུག་པ་ཅན་གྱི་འབྱུང་པོ་རྣམས་བྱིན་གྱིས་བརླབས་པའི་གཏོར་མས་བརྔན་ཅིང་བདེན་པས་བཀྲོལ་ནས་སྒྲུབ་པ་ལ་བར་ཆད་མི་བྱེད་པར་བཀའ་བསྒོས་པས་བགེགས་རྣམས་གཏོར་མས་ཚིམས་ཤིང་ཚིག་དེ་སྐད་ཐོས་པ་ཙམ་གྱིས་རབ་ཏུ་སྐྲག་ནས་སྟོང་གསུམ་ཡུལ་ཁམས་གཞན་དུ་དེངས་པར་བསམ། གལ་ཏེ་མི་ཉན་པའི་རིགས་གདུག་པ་ཅན་ཡོད་སྲིད་པ་ལ་རང་ཉིད་ཧེ་རུ་ཀའི་སྐུ་གསུང་ཐུགས་ལས་སྤྲུལ་པའི་ཁྲོ་ཚོགས་མཚོན་ཆ་སྣ་ཚོགས་ཐོགས་པ་གྲངས་མེད་པར་འཕྲོས་པ་རྣམས་ཀྱི་ཞལ་ནས་དྲག་སྔགས་རྡོ་རྗེའི་གད་མོ་འབྲུག་ལྟར་སྒྲོགས་ཤིང་མཚོན་ཆས་གཟིར། རོལ་པའི་སྟངས་སྟབས་ས་གསུམ་གཡོ་བའི་ཉམས་དང་བཅས་ཏེ་བགེགས་རྣམས་འཇིག་རྟེན་
གྱི་ཁམས་མང་པོ་བརྒལ་བའི་ཕ་རོལ་ལྕགས་རི་ཆེན་པོའི་རྒྱབ་ཏུ་བསྐྲད། སྤྲུལ་པའི་ཁྲོ་ཚོགས་ཚུར་འདུས་ནས་སྟེང་འོག་ཕྱོགས་མཚམས་རྣམས་དང་བདག་གི་བ་སྤུའི་བུ་ག་ཀུན་ནས་ཞལ་ཕྱིར་ཕྱོགས་པས་གཏམས་ཤིང་དྲག་པོའི་ཧཱུཾ་སྒྲ་དང་བཅས་ཏེ་ཚམ་རྔམས་ཆེན་པོས་རོལ་པར་བསམ། མཚམས་བཅད་པ་ལ་གསུམ་གྱི། དང་པོ་ཕྱི་མཚོན་ཆ་ལྔ་དང་འབར་བའི་གུར་ཁང་གི་མཚམས་ནི། བདག་ཉིད་དཔལ་ཆེན་པོའི་སྐུའི་གནས་ལྔར་ཨོཾ་ཨཱཿཧཱུཾ་སྭཱ་ཧཱས་མཚན་པའི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་སྔོན་པོ་ཤར་དུ་སོང་བ་ལས་བྱུང་བའི་རྡོ་རྗེ་སྔོན་པོ་རྩེ་དགུ་པར་གྱུར། དེ་ལས་རྡོ་རྗེ་དེ་འདྲ་བ་རིམ་པར་མཆེད་དེ་རྡོ་རྗེའི་གུར་དུ་གྱུར་པ་ནི། འོག་ཐམས་ཅད་རྡོ་རྗེའི་ས་གཞི་རྒྱ་གྲམ་དུ་བརྡལ་བ། ཁོར་ཡུག་ཐམས་ཅད་རྡོ་རྗེ་གྱེན་དུ་ལངས་པའི་ར་བ་ཟླུམ་པོར་བསྐོར་བའི་ཕྱི་ནས་རྡོ་རྗེའི་ཕྲེང་བས་བསྡམས་པ། སྟེང་ཐམས་ཅད་རྡོ་རྗེའི་གུར་རྒྱ་ཕུབ་ཀྱི་རྣམ་པ་ལྟར་ཕུབ་པ་ལ་རྡོ་རྗེ་རྩེ་ལྔའི་ཏོག་གིས་སྤྲས་པ། གུར་འདབས་ར་བའི་ཕྱིར་འཕྱང་བ་ལ་རྡོ་རྗེའི་དྲྭ་བ་དང་དྲྭ་བ་ཕྱེད་པ་ཐུར་དུ་འཕྱང་བ། ནང་དུ་རྡོ་རྗེའི་བླ་བྲེ་ཐད་ཀར་བརྒྱངས་ཤིང་གདུགས་ལྟར་ཕུབ་པ། དེ་དག་གི་བར་མཚམས་རྣམས་སུ་རྡོ་རྗེ་རྩེ་ལྔ་དང་རྩེ་གསུམ་
པས་གོ་སྐབས་མེད་པར་གཏམས་པ། དེའི་རྒྱབ་ཏུ་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་སྟེང་དུ་སོང་བ་མཆེད་པ་ལས་བྱུང་བའི་འཁོར་ལོ་རྩིབས་གསུམ་པ་ནས་བརྒྱད་པ་སོགས་དང་བཅུ་གཉིས་པའི་བར་དུ་གང་ཡང་ཡོད་པ་གསོར་ལྟར་འཁོར་བའི་གུར་ཁང༌། དེའི་རྒྱབ་ཏུ་ལྟེ་བའི་སྭཱ་ལས་འོད་ཟེར་སེར་པོ་ལྷོ་རུ་སོང་བ་མཆེད་པ་ལས་བྱུང་བའི་རྩེ་མོ་ཕྱིར་གཟིང་བ་ཅན་གྱི་རལ་གྲིའི་གུར་ཁང༌། དེའི་རྒྱབ་ཏུ་མགྲིན་པའི་ཨཱཿ་ལས་འོད་ཟེར་དམར་པོ་ནུབ་ཏུ་སོང་བ་མཆེད་པ་ལས་བྱུང་བའི་རྡོ་རྗེའི་ཐོད་དབྱུག་ཕྱིར་གདེངས་པ་ཅན་གྱི་གུར་ཁང༌། དེའི་རྒྱབ་ཏུ་གསང་བའི་ཧཱ་ལས་འོད་ཟེར་ལྗང་གུ་བྱང་དུ་སོང་བ་མཆེད་པ་ལས་བྱུང་བའི་རྒྱ་གྲམ་མི་གཡོ་བར་གནས་པའི་གུར་ཁང་སྟེ། དེ་རྣམས་ཕྱི་ནང་རིམ་པར་དཀྲིགས་པས་སྲིད་པའི་རླུང་ཡང་འགྱུ་བའི་སྐབས་མེད་ཅིང་ཆུ་ཡང་འཛག་པ་མེད་པའི་རང་བཞིན་ཅན། གུར་ཁང་དེ་དག་རེ་རེའི་བར་བར་དུ་ནམ་མཁའ་སྟོང་པར་གནས་པ་ལ་སོ་སོའི་རིགས་ཀྱི་ཁྲོ་ཆུང་མང་པོ་ལག་ན་རང་རྟགས་ཀྱི་མཚོན་ཆ་ཐོགས་ཏེ་ཞལ་ཕྱིར་བལྟ་བས་བར་མཚམས་མེད་པར་གཏམས་པས་སྲུང་བ། ཀུན་གྱི་ཕྱི་རོལ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་རཾ་ལས་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོ་མཐའ་མེད་
པར་འབར་བའི་མེ་ལྕེ་ཕྱིར་བསྟན་པ་སྟོང་གསུམ་གྱི་མཐར་ཁྱབ་ཅིང༌། གྱེན་དུ་འབར་བ་སྲིད་པའི་རྩེ་མོ་བརྒལ་བ། འབར་ཞིང་འཁྲུགས་པའི་སྒྲ་འབྲུག་སྟོང་ལྟར་ལྡིར་བ་ལ་ཟེག་མ་ཁྲོ་ཆུང་གི་ཚྭ་ཚྭ་ཐོག་ལྟར་འབེབས་པ། འཇིག་རྟེན་པའི་བགེགས་དང་འབྱུང་པོས་ལྟ་ཅི་སྨོས་ཏེ་ཡེ་ཤེས་པས་ཀྱང་བལྟར་མི་བཟོད་པའི་གུར་ཆེན་པོར་གྱུར་པར་བསམ་མོ། །གཉིས་པ་ནང་ཁྲོ་བོ་རོལ་པའི་མཚམས་ནི། དེ་ལྟར་འབར་བའི་མེ་དང་མཚོན་ཆ་ལྔའི་གུར་གྱི་ནང་དུ་གནམ་ལྕགས་ཀྱི་འཁོར་ལོ་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་ཏེ་རྩིབས་བཅུ་རྒྱ་ཕོར་ཁ་སྦྱོར་ལྟ་བུ་བར་མཚམས་སྲུབས་གསེང་མེད་པའི་ནང་སྦུབས་སྟོང་ཡངས་ཤིང་རྒྱ་ཆེ་བའི་རྩིབས་སོ་སོར་པད་ཉི་ཕྱོགས་སྐྱོང་གི་གདན་ལ་བདག་གི་ཐུགས་ཀ་ནས་འབར་བའི་ཧཱུཾ་ཡིག་བཅུ་འཕྲོས་ཏེ་བབས་པ་ཡོངས་སུ་གྱུར་པ་ལས་ཁྲོ་བོ་བཅུར་གྱུར་པ་ནི། སྟེང་དུ་ཧཱུཾ་མཛད། ཤར་དུ་རྣམ་རྒྱལ། ཤར་ལྷོར་དབྱུག་སྔོན། ལྷོ་རུ་གཤིན་རྗེ། ལྷོ་ནུབ་ཏུ་མི་གཡོ། ནུབ་ཏུ་རྟ་མགྲིན། ནུབ་བྱང་འདོད་རྒྱལ། བྱང་དུ་བདུད་རྩི། བྱང་ཤར་གསུམ་རྒྱལ། འོག་ཏུ་སྟོབས་ཆེན་ཏེ། ཀུན་ཀྱང་ཞལ་གསུམ་ཕྱག་དྲུག །དང་པོས་རྡོ་རྗེ་དང་དུང་ཁྲག །བར་པས་རང་རྟགས་
ཀྱི་ཕྱག་མཚན། ཐ་མས་ཕུར་བུ་འདྲིལ་བ། རང་རང་གི་ཡུམ་དང་མཉམ་པར་སྦྱོར་ཞིང་འབར་བའི་ཆས་ཀུན་རྫོགས་པ། ཞབས་བཞི་འདོར་སྟབས་ཀྱིས་ཕྱོགས་སྐྱོང་གདོན་ཚོགས་ཕོ་མོ་བརྫིས་ཤིང་རོལ་པ། སོ་སོའི་གཡས་གཡོན་དུ་སྤྲུལ་པའི་ཟ་གསོད་ཕོ་མོ་རང་རྟགས་ཀྱི་མཚོན་ཆ་ཐོགས་པས་བགེགས་རྣམས་སྲུང་ཟློག་གི་ལས་ལ་བརྩོན་པ། ཀུན་ཀྱང་འབར་བ་ཆེན་པོའི་ཀློང་ན་རྡོ་རྗེའི་གར་གྱིས་རོལ་པའི་སྦྱོར་མཚམས་ནས་རང་འདྲ་བའི་ཁྲོ་བོ་དང་ཡང་སྤྲུལ་གྱི་ཁྲོ་ཆུང་གྲངས་མེད་པ་མེ་ལྟར་འབར་ཞིང་རླུང་ལྟར་འཚུབས་པས་མཚམས་དང་གོ་སྐབས་མེད་པར་གཏམས་པ། དེའི་ནང་དུ་ཐབས་ཤེས་ཉི་ཟླའི་གུར་ཁང་ཞེས་འོད་ཟེར་དཀར་པོ་གསལ་བྱེད་ཀྱི་ཕྲེང་བ་དང་དམར་པོ་དབྱངས་ཡིག་གི་ཕྲེང་བས་མཚན་པའི་གུར་ཁང་ཉིས་རིམ་དུ་ཡོད་པ་དབྱིངས་དང་ཡེ་ཤེས་ཀྱི་རང་བཞིན་ཅན་ཏེ། སྤྱན་དྲངས་པ་རྣམས་མ་གཏོགས་ཡེ་ཤེས་དང་འཇིག་རྟེན་པ་གང་གིས་ཀྱང་གླགས་མི་རྙེད་ཅིང་འབིགས་སུ་མེད་པར་གྱུར་པ། མདོར་ན་སྲ་ཞིང་བརྟན་ལ་རབ་ཏུ་འཇིགས་པའི་སྲུང་འཁོར་ཆེན་པོ་རྒྱ་ཁྱོན་ནམ་མཁའི་མཐའ་དང་མཉམ་པ་ཙམ་དུ་བལྟའོ། །གསུམ་པ་གསང་བ་ལྟ་བའི་མཚམས་ནི། བར་དུ་བཅད་བྱ་གཅོད་བྱེད་ཐམས་
ཅད་ཀྱང་གཟུང་འཛིན་སེམས་ཀྱི་རྣམ་པར་རྟོག་པའི་ངོར་སྣང་བ་ཙམ་སྟེ། སེམས་ཉིད་ཡེ་ནས་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་གྲུབ་པ་མེད་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་བླ་ན་མེད་པའོ། །བཤགས་པ་བྱ་བ་ནི། བླ་མ་རིག་འཛིན་རྡོ་རྗེ་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་ཁྱབ་ཏུ་སད་པར་མོས་ལ། དེ་དག་གི་སྤྱན་སྔར་ཉེས་བྱས་ལ་འགྱོད་ཚངས་ཀྱི་བསམ་པ་དྲག་པོས་སྨྲེ་ངག་གདུང་བའི་ཤུགས་ཀྱིས་མཐོལ་བཤགས་ཕུལ་བས་སྡིག་སྒྲིབ་བག་ཆགས་ཐམས་ཅད་བྱང་ཞིང་དག་ནས་སོར་ཆུད་པར་བསམ་པ་དང༌། དོན་དམ་པར་ཆོས་ཐམས་ཅད་གདོད་ནས་མ་བྱུང་མ་སྐྱེས་པ་གནས་ལུགས་ཀ་དག་འཆིང་གྲོལ་ལས། འདས་པའི་ཀློང་དུ་ལ་བཟླའོ། །བརྡ་སྒོ་དབྱེ་བ་ནི། སྣང་སྲིད་ཀ་ནས་དག་པ་ལྷུན་འབྱམས་བརྡལ་བ་ཆེན་པོའི་ཀློང་ན་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་རིག་པ་རྡོ་རྗེ་ཕུར་པའི་བདག་ཉིད་ཆེན་པོར་གདོད་མ་ཉིད་ནས་བཞུགས་པ་གློ་བུར་ལྷན་སྐྱེས་ཀྱི་དྲི་མས་བསྒྲིབས་ནས་ཡོད་པ་ཉིད་ཐབས་དང་བརྡས་མཚོན་ནས་སྐད་ཅིག་ཙམ་ལ་རང་སྣང་གི་འཆར་སྒོ་མཁའ་ཁྱབ་ཏུ་
ཕྱེས་པར་བསམ་མོ། །བརྡ་ཕྱག་འཚལ་བ་ནི། དེ་ལྟར་རང་བཞིན་ཡེ་ཀློང་ཆེན་པོར་རང་རིག་ཡེ་ཤེས་ཀྱི་ལྷ་རང་གསལ་འདུ་འབྲལ་མེད་པར་བཞུགས་པ་ཉིད་སྒྲིབ་མེད་མངོན་སུམ་རང་ཞལ་མཇལ་བ་ལ་ངོ་མཚར་ཞིང་ཡིད་ཆེས་པའི་སྒོ་ནས་བརྡ་ཕྱག་འཚལ་བ་སྟེ་དོན་དམ་མ་རྟོགས་པ་རྣམས་ལ་ཀུན་རྫོབ་ཀྱི་ཚུལ་མཚོན་པའོ། །དམ་བཅའ་བ་ནི། ལྷན་སྐྱེས་ཀྱི་རིག་པ་རྡོ་རྗེ་གཞོན་ནུའི་ངོ་བོ་ཉིད་ཡེ་ནས་བྲི་གད་མེད་པར་རང་ཆས་སུ་བཞུགས་ཀྱང་གློ་བུར་རྟོག་པས་བསྒྲིབས་ནས་མཐུ་རྩལ་མངོན་དུ་མ་འབྱིན་པ་དེ་སྒྲིབ་པའི་སྦུབས་ལས་འཐོན་ཏེ་རྡོ་རྗེ་གསུམ་གྱི་དངོས་གྲུབ་དང་མཐུ་རྩལ་མངོན་དུ་མ་གྱུར་གྱི་བར་ཐུགས་དམ་འདི་ལས་ནམ་ཡང་མི་འདའོ་སྙམ་དུ་དམ་བཅའ་བཟུང་ངོ༌། བྱིན་དབབ་པ་ནི། ཆོས་སྐུ་སྤྲོས་མཐའ་དང་བྲལ་བའི་ཀློང་ནས་བླ་མ་རིག་འཛིན་དཔལ་ཆེན་ཕུར་བུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐུགས་རྗེ་ལོངས་སྤྱོད་རྫོགས་པའི་སྐུའི་རྣམ་པར་བཞེངས་ཏེ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་དང་བཅས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་ལྟར་བྱོན་ནས་སྣོད་བཅུད་ཐམས་ཅད་དག་པ་རབ་འབྱམས་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་བྱིན་གྱིས་བརླབས་ནས། མཐར་ལྷ་ཚོགས་དེ་དག་ཐམས་ཅད་ཀྱང་སྒྲུབ་པའི་ཡོ་བྱད་རྣམས་ལ་ཐིམ་
པར་བསམ་མོ། །མཆོད་རྫས་བརླབ་པ་ནི། ཕྱི་ནང་གསང་བའི་མཆོད་པའི་ཡོ་བྱད་ཐམས་ཅད་སྦྱངས་སྤེལ་བསྒྱུར་གསུམ་གྱི་སྒོ་ནས་ཟག་པ་མེད་པའི་འདོད་ཡོན་གྱི་རོལ་མོས་ནམ་མཁའ་རབ་འབྱམས་ཡོངས་སུ་གང་བར་བལྟའོ། །དེ་དག་ནི་སྔོན་འགྲོའི་ལས་རིམ་མོ། །གཉིས་པ་དཀྱིལ་འཁོར་རྣམ་པ་གསུམ་གྱི་སྒོ་ནས་དོན་གྱི་ཁོག་དབུབ་པ་ལ། དེའང་བློ་བརྟན་ཅིང་མི་འགྱུར་བ་རི་བོ་ལྟ་བུའི་གང་ཟག་གིས། ཐུགས་རྗེ་ལྷ་སྐུ་ཕྱག་རྒྱར་སྤྲུལ་པའི་ཕུར་པ། སྣོད་བཅུད་ཐ་མལ་དུ་བཟུང་བའི་ཡུལ་ལ། ལྷ་དང་གཞལ་ཡས་སུ་ཤེས་པའི་ཐབས་ཀྱིས་སྣང་ལ་རང་བཞིན་མེད་པ་མེ་ལོང་ལ་གཟུགས་བརྙན་གྱི་ཚུལ་དུ་གདབ་པས། ལྷར་སྣང་རང་རྒྱུད་པས་རུ་དྲར་གོལ་བའི་ཉེས་སྐྱོན་ལས་གྲོལ་ཏེ་འཁྲུལ་སྣང་ལྷར་ཤར་བའི་གདིང་ཚད་དང་ལྡན་པས་འབྲས་བུ་སྤྲུལ་པའི་སྐུ་ཐོབ་པར་བྱེད་པ་སྟེ། དེ་ལ་གསུམ། གཞི་ཏིང་ངེ་འཛིན་གྱི་འཕྲོ་འདུ། རྟེན་གཞལ་ཡས་ཁང༌། བརྟེན་པ་ལྷ་བསྐྱེད་པའོ། །དང་པོ་ལ་གསུམ་གྱི། དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། སྤྱིར་གོ་དོན་གྱི་དབང་དུ་བྱས་ན། གང་ཁྲོས་ན། གནས་ལུགས་སྤྲོས་བྲལ་སྟོང་པ་ཉིད་ཀྱི་རང་བཞིན་སྐྱེ་མེད་དོན་གྱི་རྡོ་རྗེ་ཉིད། གང་ལ་ཁྲོས་ན།
མཚན་མའི་རྣམ་པར་རྟོག་པ་གཟུང་འཛིན་བདག་རྟོག་གི་གྲོང་ཁྱེར་ལ། ཚུལ་ཇི་ལྟར་ཁྲོས་ན། ཞེ་སྡང་རང་རྒྱུད་པས་མི་གཤིས་ངན་དགྲ་ལ་ཁྲོས་པ་ལྟ་བུ་མ་ཡིན་པར་ཉི་མ་འཆར་བའི་གཟི་བརྗིད་ཀྱིས་མུན་པའི་སྨག་རུམ་མདུན་ན་མི་གནས་པ་ལྟར་སྟོང་ཉིད་རྟོགས་པའི་ཡུལ་ན་དངོས་འཛིན་མཚན་མའི་སྤྲོས་པ་ཐམས་ཅད་མི་གནས་པའི་ཚུལ་གྱིས་ཁྲོས་པས། སྲིད་རྩའི་ཞེ་སྡང་སོགས་དུག་ལྔའི་རྣམ་རྟོག་མ་ལུས་པ་དབྱིངས་སུ་གཅོད་པ་ཀ་དག་ནམ་མཁའི་རང་བཞིན་ཏེ། དེའང་གདོད་ནས་སྐྱེ་བ་མེད་པའི་སེམས་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་ལ་གནས་པ་གཞིའི་རྡོ་རྗེ་གཞོན་ནུ་ཞེས་བྱ་ཞིང༌། ཐབས་ཤེས་གཉིས་ཀྱི་སྒོ་ནས་སྐུ་གསུམ་ཡེ་ཤེས་ལྔ་རྣམ་པ་ལྷའི་འཁོར་ལོར་གསལ་བ་ནི་བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ཉིད་ཡིན་ལ། སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མངོན་དུ་གྱུར་པ་ལ་རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་བརྗོད་དེ། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རང་སེམས་གཞི་ཡི་རྡོ་རྗེ་གཞོན་ནུ་ནི། །ས་བོན་ཀུན་ཁྱབ་ཏིལ་མར་འདྲ། །རྟོགས་ན་སངས་རྒྱས་ངོ་མཚར་ཆེ། །བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ནི། །ཐབས་ཤེས་སྐུ་གསུམ་
ཡེ་ཤེས་ལྔ། །ཆུ་བོའི་རྒྱུན་གྱི་རྣལ་འབྱོར་བྱ། །རྟོགས་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ནི། །སྐུ་ལྔ་ཡེ་ཤེས་དགུ་ལྡན་ཏེ། །མ་འཁྲུལ་རྟོགས་པ་མངོན་གྱུར་བྱ། །གཞི་ལམ་འབྲས་བུ་རྟོགས་གྱུར་ན། །ཆོས་སྐུ་སྤྲོས་བྲལ་མངོན་དུ་འགྱུར། །ཞེས་དང༌། ངང་ཉིད་རྡོ་རྗེ་ཆོས་དབྱིངས་ལས། །འབར་བའི་ཁྲོ་བོ་མི་བཟད་པ། །ཞེས་པས། རིག་པའི་རྩལ་མ་འགགས་པར་སྣ་ཚོགས་སུ་ཤར་བའི་སྣང་བ་འདི་རྣམས་ཡེ་ཤེས་ཡིན་པས་རྟགས་ལྷའི་དཀྱིལ་འཁོར་དུ་རྫོགས། སྣང་བའི་དུས་ནས་ངོ་བོས་སྟོང་པས་དོན་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བར་གནས། དེ་གཉིས་དབྱེར་མེ་ཕྱེད་པའི་སྲས་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་དུ་གནས་པ་དབྱིངས་དང་ཡེ་ཤེས་དབྱེར་མེད་པའི་ལྟ་བ་སྟེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཟབ་གསལ་དབྱེར་མེད་ཀུན་ཁྱབ་མཉམ་པའི་རང་བཞིན་དངོས་པོ་མེད་ལ་དངོས་པོ་ཀུན་གྱི་རྒྱུར་གྱུར་པ་གང་ཞིག །དཔེརས་ན་མཚོན་རྣོན་པོ་ལྕུག་ཕྲན་གྱི་ཡལ་ག་ལ་ཐེབས་པ་ན་གཅོད་པར་བྱེད་པའི་ཚུལ་དང་མཐུན་པར། སྣོད་བཅུད་དངོས་པོར་ཞེན་པའི་རྩ་བ་གཅོད་ཅིང་དག་མཉམ་ལྷའི་འཁོར་ལོར་སྦྱོར་བར་བྱེད་པའི་ཆ་ནས་མཚོན་
ཆ་དང༌། ཆོས་ཉིད་འགྱུར་བ་མེད་པས་ན་སྔོན་པོའི་སྒྲས་བསྟན་ཏེ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་རོལ་པར་འབར་བའི་ཟུང་འཇུག་ཆོས་སྐུའི་ངོ་བོ་དེ་ཉིད་སྤྲོས་པ་ཀུན་བྲལ་ཆོས་ཉིད་ནམ་མཁའི་ཀློང་ནས་མཉམ་ཡངས་བརྡལ་བ་ཆེན་པོའི་དོན་ཐོག་ཏུ་ཕེབས་པའི་ཐིག་ལེའམ་ཐིག་པར་རང་ཤར་བའི་ཚུལ་རྟོགས་པ་ནི་སྤྱིར་ཤེས་པར་བྱ་བ་ཡིན་ལ། བྱེ་བྲག་སྒོམ་དོན་གྱི་དབང་དུ་བྱས་ན། དེ་ལྟར་གཉིས་མེད་ཟུང་འཇུག་ཡེ་ཤེས་ཀྱི་ཕྱག་རྒྱས་བརྟན་གཡོའི་དངོས་པོ་ཀུན་ལ་རྒྱས་བཏབ་ནས་དག་མཉམ་ཆེན་པོའི་ཀློང་དུ་འུབ་ཆུབ་པར་བྱ་བའི་དོན་འདི་སྲོག་གི་སྒོའམ་སྙིང་གི་དཀྱིལ་དུ་བསྒོམ་པར་བྱ་བའི་དམ་ཚིག་ཉིད་ཡིན་པས་ན། ལྟ་བས་ཐག་བཅད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ངང་དུ་ཅི་ལའང་མི་རྟོག །གང་དུའང་མི་འཛིན། ཅིར་ཡང་མི་དམིགས་པར་རང་གྲོལ་འཛིན་མེད་དུ་མཉམ་པར་བཞག་གོ །གཉིས་པ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ནི། དེ་ལྟར་རྡོ་རྗེ་ལྟ་བུའི་སྟོང་ཉིད་ཀྱི་ཡེ་ཤེས་ལས་སྒྱུ་མ་ལྟ་བུའི་དམིགས་མེད་ཀྱི་སྙིང་རྗེ་རང་ཤུགས་སུ་སྐྱེ་བས་མ་རྟོགས་པའི་འགྲོ་བ་ཐམས་ཅད་སྒྲོལ་བ་སྟེ། དེའང་དངོས་འཛིན་རང་རྒྱུད་པས་མནར་གཅོད་
དྲག་ཤུལ་གྱི་ལས་ཐབས་ཞེ་སྡང་གིས་བསད་ཅིང་གཏི་མུག་གིས་མནན་པ་ལྟ་བུ་མ་ཡིན་པར། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདོད་ནས་རྡོ་རྗེ་མི་ཕྱེད་པའི་བདག་ཉིད་ཆེན་པོར་གནས་པ་ལ་དབྱེར་མེད་དག་མཉམ་དགོངས་པའི་གཟེར་གྱིས་གདབ་ནས་རྣམ་པར་ཤེས་པ་ཆོས་སྐུ་རང་བྱུང་གི་ཡེ་ཤེས་རྡོ་རྗེ་གཞོན་ནུའི་རོལ་པར་བསྒོམ་པ་ནི་སྤྱིར་ཤེས་པར་བྱས་ནས། སྒོམ་དོན་དུ། དེ་བཞིན་ཉིད་ཀྱི་ཏིང་འཛིན་དེ་ལས་ཚད་མེད་པའི་སྙིང་རྗེས་འགྲོ་བ་རྣམས་བདེ་ཆེན་རྒྱལ་བའི་ས་ལ་འགོད་པར་བྱ་བའི་ཕྱིར་བདག་ལུས་འཇིགས་བྲལ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་སུ་གཏམས་ཏེ་རྣམ་པར་ཤེས་པ་ཆོས་སྐུ་ཡེ་ཤེས་རྡོ་རྗེ་མངོན་དུ་བྱའོ་སྙམ་པའི་དམ་བཅའི་བློ་རྗེས་སུ་སྒྲུབ་པའི་སླད། སྙིང་རྗེའི་རང་མདངས་ཉི་མ་སྤྲིན་བྲལ་འབུམ་དུས་གཅིག་ལ་ཤར་བ་ལྟ་བུའི་འོད་ཟེར་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པ་ལས་ཕུར་པ་གྲུབ་པའི་རིག་འཛིན་རྣམས་ཀྱི་ཐུགས་དམ་བསྐུལ། དེ་རྣམས་ཀྱིས་སྲིད་པ་ཕུར་བུ་མྱུར་དུ་འགྲུབ་པར་བསྐུལ། དེས་ཀྱང་ཡེ་ཤེས་ཁྲོ་བོ་བདག་ལ་ཉེ་བར་བསྐུལ་བའི་སྒྲ་བྲག་ཆ་ལྟ་བུར་སད་པར་བསྒོམ་མོ། །གསུམ་པ་རྒྱུའི་ཏིང་ངེ་འཛིན་ནི། ཆོས་
ཀྱི་དབྱིངས་སྐྱེ་བ་མེད་པ་ལས་སྐྱེ་བའི་ཆོ་འཕྲུལ་གཟུགས་ཀྱི་སྐུ་གང་འདུལ་གྱི་རོལ་པར་འཆར་བའི་གཞིའམ་རྒྱུ་ནི་ས་བོན་གྱི་ཡི་གེ་ཁོ་ན་ལ་བརྟེན་པ་ཉིད་སྤྱིར་ཤེས་པར་བྱས་ནས། སྒོམ་དོན་དུ། སྙིང་རྗེའི་རང་མདངས་འགགས་མེད་དུ་ཤར་བ་ཀུན་སྣང་གི་འོད་ཟེར་དེ་དག་ཚུར་འདུས་པ་ལས་བྱུང་བའི་རྒྱུའི་ས་བོན་ཧཱུཾ་ཡིག་སྔོན་པོ་ཡེ་ཤེས་ལྔའི་འོད་ཟེར་རབ་ཏུ་འབར་བ་ཞིག་ནམ་མཁའ་ལ་ཐོལ་གྱིས་ཤར་བར་བསྒོམ་མོ། །དེ་ལྟར་དེ་ཏིང་བསྒོམ་པས་འཆི་བ་སྦྱོང་ཞིང་ཆོས་སྐུ་ལམ་དུ་བྱེད། ཀུན་ཏིང་གིས་བར་དོ་སྦྱོང་ཞིང་ལོངས་སྐུ་ལམ་དུ་བྱེད། རྒྱུ་ཏིང་འབྲས་བུ་ལམ་གྱི་འཁོར་ལོ་དང་བཅས་པས་སྐྱེ་སྲིང་དང་ལས་སྣ་ཚོགས་ཀྱི་བྱེད་པ་སྦྱོང་ཞིང་སྤྲུལ་སྐུའི་མཛད་པ་དང་བཅས་པ་ལམ་དུ་བྱེད་པ་ཡིན་ནོ། །གཉིས་པ་རྟེན་གཞལ་ཡས་ཁང་བསྒོམ་པ་ནི། སྔར་བསྒོམས་པའི་ཐུན་མོང་གི་སྲུང་འཁོར་ཆེན་པོ་དེའི་ནང་དུ་རྒྱུའི་ཡི་གེ་ཧཱུཾ་མཐིང་ནག་དེ་ལས་འོད་ཟེར་འཕྲོ་འདུས་སྔར་བས་གཟི་བརྗིད་ཆེ་བར་གྱུར་ཏེ་གནས་པ་ལས། འབྱུང་བའི་ས་བོན་ཨེ་མཐིང་ག །ཡཾ་ལྗང་གུ ། ར་དམར་ནག །སུཾ་སེར་ནག །ཀེཾ་དཀར་པོ། རཾ་ལེ་བརྒན་རྣམས་རིམ་པར་ཆད་པ་ཡོངས་སུ་གྱུར་པ་ལས། ཐོག་མར་ཨེ་ལས་ནམ་མཁའ་ཆོས་ཀྱི་འབྱུང་
གནས་གདེངས་ཀ་གྱེན་ལ་བསྟན་པས་སྲུང་འཁོར་གྱི་ནང་ཕྱེད་མན་ཆད་ཁྱབ་པ། རྩ་བ་ཕྲ་བའི་ཟུར་འོག་ཕྱོགས་སྲུང་འཁོར་རྡོ་རྗེའི་ས་གཞིའི་ལྟེ་བ་ལ་ཟུག་པར་བསྒོམ། དེའི་ཀློང་དུ་རིམ་པར་ཡཾ་ལས་རླུང་གི་དཀྱིལ་འཁོར་ལྗང་གུ་རྒྱ་གྲམ། ར་ལས་རཀྟའི་རྒྱ་མཚོ་དམར་པོ་ཟླུམ་པོ། སུཾ་ལས་ཤ་ཆེན་གྱི་ས་གཞི་སེར་ནག་གྲུ་བཞི། ཀེཾ་ལས་ཀེང་རུས་ཀྱི་རི་རབ་གྲུ་གསུམ་དཀར་པོ་བང་རིམ་བཞི་ལྡན་འོག་མ་ལས་གོང་མའི་འཕེལ་ཀ་ཇེ་ཆེར་རྒྱས་པ་རྣམས་བརྩེགས་མར་གནས་པ། དེའི་སྟེང་དུ་རྡོ་རྗེའི་བྲག་ཆེན་པོས་གཏམས་པའི་ཕྱི་ལ་རཾ་ལས་བསྐལ་པའི་མེ་དཔུང་ཆེན་པོ་རབ་ཏུ་འབར་བའི་ནང་དུ་རྡོ་རྗེའི་ར་བས་ཟླུམ་པོར་བསྐོར་བ་དེ་གཉིས་ཀྱིས་སྲིད་དུ་ནང་གི་དཀྱིལ་འཁོར་གྱི་སུམ་ཆ་གཅིག་ཙམ་གྱི་བར་དུ་སླེབ་པ། རྡོ་རའི་ནང་དུ་སྣ་ཚོགས་པདྨ་འདབ་སྟོང་བརྡལ་བའི་ལྟེ་བར་ཨིནྡྲ་ནཱི་ལའི་ས་གཞི་ལ་ཕྱོགས་མཚམས་བརྒྱད་དུ་རཱུ་དྲ་ལོངས་སྤྱོད་དང་བཅས་པ་དབྱིངས་སུ་བསྒྲལ་བའི་དུར་ཁྲོད་ཆེན་པོ་བརྒྱད། དེ་དག་ཏུ་ཤིང་བརྒྱད། དེའི་རྩ་བ་ལ་གནས་པའི་ཕྱོགས་སྐྱོང་བརྒྱད། ཡལ་ག་ལ་བརྟེན་པའི་ཞིང་སྐྱོང་བརྒྱད། ཆུ་བརྒྱད། དེ་ལ་རོལ་བའི་ཀླུ་བརྒྱད། གཞན་ཡང་མེ་དང༌། ཆུ་དང༌། སྤྲིན་དང༌། རི་དང༌། མཆོད་རྟེན་རྣམས་ཀྱང་བརྒྱད་བརྒྱད། ཐམས་ཅད་དུ་གྲུབ་པ་དང་
རིག་འཛིན་དཔའ་བོ་རྣལ་འབྱོར་མའི་ཚོགས་དང༌། རོ་ལངས་དང་ཤ་ཟ་འབྱུང་པོའི་ཚོགས་རྣམས་ཧ་ཧར་རྒོད་ཅིང་གར་རྩེབ། བྱ་དང་གཅན་གཟན་གཏུམ་པོ་མང་པོ་ལང་ལོང་དུ་རྒྱུ་ཞིང༌། ཀེང་རུས་དང༌། རོ་བམ་པ་དང༌། དུམ་བུ་དང༌། ཚིག་པ་དང༌། མ་ཚིག་པ་དང༌། འཐོར་བ་ལ་སོགས་པའི་ཤ་རུས་གསར་རྙིང་སྣ་ཚོགས་པ་གཅལ་དུ་བཀྲམ་ཞིང་ཕུང་པོར་སྤུངས་པས་ཡོངས་སུ་གང་བ། དེའི་དབུས་སུ་བཻ་ཌཱུརྻའི་བྲག་རི་གྱེན་དུ་ཅུང་ཟད་འཕགས་པའི་སྟེང་ན་སྣ་ཚོགས་རྡོ་རྗེར་བཅུ་གཉིས་པ་ལྟེ་བ་གྲུ་བཞི་པར་ཡོད་པའི་སྟེང་དུ། རྒྱུའི་ས་བོན་ལས་བྷྲཱུཾ་ཁ་དོག་ལྔ་ལྡན་ཆད་པ་ཡོངས་སུ་གྱུར་པ་ལས། ཕོ་བྲང་ཕྱི་མ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ། ནང་ནས་རིམ་པ་བཞིན་མཐིང་དཀར་སེར་དམར་ལྗང་བའི་རིན་པོ་ཆེའི་རྩིག་པ་རིམ་པ་ལྔ་དང་ལྡན་པའི་སྟེང་ན། རིན་པོ་ཆེའི་ཕ་གུ་སེར་པོར་རིན་པོ་ཆེ་སྣ་ཚོགས་པས་བཀྲ་བ་འཕྱར་ཐབས་སུ་བཀོད་པའི་མཐར་མུ་ཏིག་གི་མགུལ་འཁོར་འཕྱང་བ། དེའི་སྟེང་དུ་བྲེ་ཕུལ་གྱི་སྣམ་བུ་ལ་གསེར་གྱི་སྐ་རགས་བཞིའི་ཕྱི་ངོས་སུ་མ་ཀ་རའི་ཁ་ནས་རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ། དར་དང་རྔ་ཡབ། དྲིལ་བུ་དང་མེ་ལོང་ཟླ་བ་རླུང་གིས་བསྐྱོད་པ་ལ་སོགས་པས་མཛེས་པ། དེའི་ཕྱི་ངོས་སུ་བྱ་འདབ་
ལས་འཕྱང་བའི་རིན་པོ་ཆེའི་ཤར་བུ། སྟེང་ངོས་སུ་མདའ་ཡབ་པདྨ་འདབ་མ་ཕྱེད་པའི་དབྱིབས་ཅན། དེ་དག་གི་བར་བར་དུ་བུམ་པ་ལ་གནས་པའི་རྒྱལ་མཚན་དང་བ་དན་བརྒྱད་བརྒྱད་དང༌། ཟུར་བཞིར་རྣམ་པར་བཀྲ་བའི་གདུགས་ཀྱིས་བརྒྱན་པ། རྩིག་པའི་འགྲམ་ནས་འདོད་ཡོན་གྱི་སྣམ་བུ་དམར་པོས་བསྐོར་བ་ལ་གཟུགས་རྡོ་རྗེ་མ་སོགས་ལྷ་མོ་རྣམས་ཀྱིས་མཆོད་པའི་སྤྲིན་རབ་འབྱམས་སྤྲོ་བ། སྒོ་དང་སྒོ་ཁྱུད་ཀྱི་མཚམས་དང་ཟུར་བཞིར་ཟླ་བ་ཕྱེད་པ་ལ་གནས་པའི་རྡོ་རྗེ་ནོར་བུས་བརྒྱན་པ། སྒོ་ལོགས་ཀྱི་ཕྱི་ཟུར་ནས་བུམ་པ་ལ་གནས་པའི་ཀ་བས་བཏེགས་པའི་རྟ་བབས་སྣམ་བུ་བཞི་པ་བསིལ་ཁང་དང་ལྡན་པའི་རྩེ་མོར་པདྨ་ལ་གནས་པའི་ཆོས་ཀྱི་འཁོར་ལོ་གཡས་གཡོན་དུ་རི་དྭགས་ཕོ་མོ་དང་བཅས་པ། གཞན་ཡང་གདུགས་རྒྱལ་མཚན་བ་དན་སྣ་ཚོགས་པ་དང༌། གསེར་གྱི་དྲིལ་བུ་ལ་སོགས་པས་བརྒྱན་པ། སྒོའི་གཡས་གཡོན་གྱི་གཞི་ལ་ཏ་ལའི་ལྗོན་པ་དང༌། དཔག་བསམ་གྱི་ཤིང་ལ་བཀྲ་ཤིས་པའི་བྱ་སྙན་པར་སྒྲོགས་པ་སྣ་ཚོགས་གནས་པ། ཤིང་དེ་དག་ཀྱང་གསེར་གྱི་ཐ་གུས་བྲེས་ཤིང་དྲིལ་བུ་དང་གཡེར་ཁ་ཆོས་ཀྱི་སྒྲ་སྙན་པར་སྒྲོགས་པས་མཛེས་པ། ཡན་ལག་བརྒྱད་དང་ལྡན་
པའི་ཁྲུས་ཀྱི་རྫིང་བུ་ལ་ལྷ་མོ་སྣ་ཚོགས་བདེ་བར་རྩེ་བ། རིན་པོ་ཆེའི་ཕུང་པོ་འོད་འབར་བ་རེ་རེ་སྟེ་བརྒྱད་དང༌། གཞན་ཡང་རིན་པོ་ཆེ་སྣ་བདུན་དང་བཀྲ་ཤིས་པའི་རྫས་བརྒྱད་སོགས་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་གང་བ། གཞལ་ཡས་ཁང་དེའི་བར་ཁྱམས་གྲུ་བཞི་པས་ཀུན་ནས་བསྐོར་བའི་ནང་དུ། ཕོ་བྲང་ནང་མ་དུར་ཁྲོད་ཀྱི་གཞལ་ཡས་ཁང་ཐོད་པ་སྐམ་རློན་རྙིང་པའི་རྩིག་པ་སུམ་རིམ་གནམ་ལྕགས་ཀྱི་གཟེར་གྱིས་བཏབ་ཅིང་ཁྲག་ཞག་ཤ་ཆེན་གྱིས་འཇིམ་ཞལ་བྱས་པ། སྒོ་ཁྱུད་སྤངས་པའི་སྒོ་བཞི་སྦྲུལ་ནག་གི་རེ་གཞི་ལ། རུས་སྦལ་གྱི་མ་ཐེམ། ནམ་མཁའ་ལྡིང་གི་ཡ་ཐེམ། ཆུ་སྲིན་གྱི་ལྕིབ་ཁུང༌། ཞིང་གི་སྒོ་གླེགས་རྣམས་ཀྱིས་སྤྲས་པ། ཕྱོགས་བཞིར་ཞིང་ཆེན་གྱི་རྒྱལ་མཚན་དང༌། གཡང་གཞི་རློན་པའི་བ་དན་ལ་སོགས་པ་གཡོ་བ། ནང་ས་བདག་ཕོ་མོའི་ཀ་གདན་ལ་བརྟེན་པའི་ལྷ་ཆེན་པོ་བརྒྱད་ཀྱི་ཀ་བ་ལ། ཀླུ་ཆེན་པོ་བརྒྱད་ཀྱི་གདུང་མ་ཚངས་པའི་གདུང་བཞི་མིག་མང་རིས་སུ་བྲེས་པ། གཟའ་ཆེན་པོ་བརྒྱད་ཀྱི་ཕྱམ་ལ་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དྲལ་མ་གྲབ་ཅིང་རཱུ་དྲ་ཕོ་མོའི་ལྤགས་པས་ཐོག་ཕུབ་པ། ཞིང་ལྤགས་ཀྱི་བླ་བྲེ། རྒྱུ་རློན་གྱི་ལྡ་ལྡི། དོན་སྙིང་དང་ཡན་ལག་གི་འཕྱང་
འཕྲུལ། ཀེང་རུས་དང་ཐོད་ཚལ་གྱི་དྲྭ་བ་དང་དྲྭ་བ་ཕྱེད་པ་སོགས་འཇིགས་པའི་རྒྱན་སྣ་ཚོགས་པས་བཀྲ་བ། ཉི་མ་དང་ཟླ་བའི་མཐོང་སྐར་ཅན༌། ཕོ་བྲང་ཕྱི་ནང་གཉིས་ཀའི་སྟེང་ཐོག་སྙོམས་པའི་དབུས་རྒྱ་ཕུབ་ཀྱི་རྣམ་པ་ལྟར་ཕྱུར་བུར་གྱུར་པའི་ནང་ལྷ་ཆེན་པོའི་ཐོད་པས་ཟླུམ་པོར་ཕུབ་པའི་རྩེ་མོར་ཙིཏྟའི་མེ་ཏོག་གིས་མཚན་པའི་ཕྱི་རིན་པོ་ཆེའི་རང་བཞིན་ཅན་གྱི་བུམ་པ་སུལ་བརྒྱད་བྲེ་ཆོས་འཁོར་གདུགས་ཏོག་དང་བཅས་པ་འོད་ཟེར་མཐའ་ཡས་པར་སྤྲོ་བས་མཛེས་པ། ནང་དང་སྟེང་འོག་གི་གཞི་རྣམས་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང། དབུས་སྔོ་བ། ནང་གི་དབུས་གྲུ་གསུམ་མཐིང་ནག་ཟླ་གམ་དམར་པོ་ཐོད་པ་ཕྱིར་བལྟས་ཀྱི་ར་བས་བསྡམས་པའི་ཕྱི་རོལ་དུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བཞི་པ་དང་རྩིབས་བཅུ་པའི་རྩིབས་རྟེན་མུ་ཁྱུད་ཐོད་སྐམ་གྱི་ཕྲེང་བས་བསྐོར་བ་དང་ཟླ་གམ་ཉེར་གཅིག་གིས་མཚན་པའི་མུ་ཁྱུད་དང་བཅས་པ་རྣམས་རིམ་བཞིན་ཁྱད་པར་དུ་གྱུར་པས་དཔག་པ། ཕོ་བྲང་ཕྱི་ནང་གི་བར་ཁྱམས་སུ་ཁྲག་གི་རྒྱ་མཚོ་འཁྲུགས་པའི་ཕྱོགས་མཚམས་སུ་འཁོར་ལོ་རྩིབས་བཅུ་གཉིས་ཀྱིས་མཚན་པ། ཐམས་ཅད་དུའང་འབར་བའི་ཕྲེང་བ་རབ་ཏུ་འཁྲུག་ཅིང་དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ་སྟེ། མདོར་ན་ཡེ་ཤེས་
རང་སྣང་གི་བཀོད་པ་སྣོད་ཀྱི་འཇིག་རྟེན་སོགས་རྣམ་པར་དག་པའི་ངོ་བོ་རང་བྱུང་ལྷུན་གྲུབ་ཀྱི་ཕོ་བྲང་ཆེན་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་རང་བཞིན་ཅན་དུ་གསལ་གདབ་བོ། འཁོར་ལོ་འདི་རྣམས་གུར་ཐབས་སུ་མ་ཡིན་པར་གདན་ཐབས་ལེ་བཞད་ཅན་ཁོ་ནའོ། །གསུམ་པ་བརྟེན་པ་ལྷའི་དཀྱིལ་འཁོར་བསྒོམ་པ་ལ་གསུམ། ཆོས་སྐུའི་ངོ་བོ་བདག་ཉིད་རྩ་བའི་དཀྱིལ་འཁོར། ལོངས་སྐུའི་ངོ་བོ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། སྤྲུལ་སྐུའི་ངོ་བོ་ཕུར་པ་རྫས་ཀྱི་དཀྱིལ་འཁོར་བསྐྱེད་པའོ། །དང་པོ་ནི། དབུས་ཀྱི་མཐིང་ནག་ཨེ་དབྱིངས་འབར་བར་སྣ་ཚོགས་པདྨ་དང་ཟླ་བ་ཉི་མ་རྣམས་བརྩེགས་པའི་སྟེང་དུ་བདུད་བཞི་རྒྱལ་བསེན་དྲེགས་པ་ལྷ་ཆེན་ཕོ་མོ་རྣམས་བྱི་ཆིངས་སུ་བསྣོལ་བའི་གདན་ལ་སྔར་བསྒོམས་པའི་རྒྱུའི་ཧཱུཾ་དེ་སྐར་མདའ་ལྟུང་བ་ལྟར་བབས། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་རྒྱལ་ཁ་རྣམས་མཆོད་ཅིང་ཐུགས་དམ་བསྐུལ། སེམས་ཅན་གྱི་དོན་བྱས། འཁོར་འདས་ཀྱི་དྭངས་བཅུད་བསྡུས་ཏེ་འོད་ཟེར་སླར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ལྟེ་བར་ཧཱུཾ་གིས་མཚན་པ་ཡེ་ཤེས་ལྔའི་འོད་ཟེར་འབར་བར་གྱུར། སླར་ཡང་དེ་ལས་འོད་ཟེར་འཕྲོ་འདུས་གཅིག་ཏུ་གྱུར་པ་ལས་
ཚོགས་གཉིས་ཡོངས་སུ་རྫོགས་པའི་དཔལ་ཆེན་པོའི་སྐུར་གྱུར་པ་ནི། སྐུ་མདོག་མཐིང་ནག་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཅན། དབུ་གསུམ་གྱི་རྩ་ཞལ་མཐིང་ག་གཏུམ་ལ་རྔམས་པ། གཡས་ཞལ་དཀར་པོ་སྒེག་ཅིང་བཞད་པ། གཡོན་ཞལ་དམར་པོ་ཁྲོ་ཞིང་ཆགས་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་འཁྱིལ་བ། རྣམ་པར་འགྱུར་བའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་ཞིང་རྡོ་རྗེའི་གད་མོ་ཧ་ཧ་དང་ཧཱུཾ་ཕཊ་འབྲུག་སྟོང་ལྟར་སྒྲོགས་པས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། སྨར་དང་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་དབུ་སྐྲ་དམར་སེར་དུས་ཀྱི་མེ་ལྕེ་ལྟར་བསྐྱོད་པ་སྲིད་པའི་རྩེ་མོར་བརྫིས་པ། སྐུ་ཆེ་ཞིང་ཡན་ལག་རགས་པ་ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་དྲུག་གི་གཡས་དང་པོས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དང༌། བར་པས་རྡོ་རྗེ་རྩེ་ལྔ་པ། གཡོན་གྱི་དང་པོས་སྡིགས་མཛུབ་ཀྱི་རྩེ་ལས་མེ་དཔུང་དང༌། བར་པས་ཁ་ཊྭཱཾ་ཀ་རྩེ་གསུམ་པ་བཅས་གདེངས་ཐབས་སུ་འཛིན་པ། ཐ་མ་གཉིས་ཐུགས་ཀར་རི་རབ་ཀྱི་ཕུར་བུ་འདྲིལ་བ། གཡས་ཀྱི་
དང་རུ་རྡོ་རྗེ་རྩེ་དགུ་པ་ལ་སྤུ་གྲི་འབར་བའི་གཤོག་པར་མེ་ཞགས་འཕྲོ་ཞིང༌། གཡོན་གྱི་དང་རུ་རིན་པོ་ཆེ་འབར་བ་ལ་རལ་གྲིའི་སྒྲོ་གཤོག་གི་གསེབ་ལས་རྡོ་རྗེའི་སེར་ཆེན་འབེབས་པ། ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གྱད་ཆེན་པོའི་སྟབས་ཀྱིས་དྲེགས་པ་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། ཐོད་པ་སྐམ་པོ་རིན་པོ་ཆེའི་རྩེ་བྲན་ཁྲག་འཐུང་རིགས་ལྔའི་ཅོད་པན་ཅན་གྱིས་དབུ་ལ་བརྒྱན་པ། དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ། མཁུར་ཚོས་ལ་རཀྟའི་ཐིག་ལེ། ཨོལ་ཀོ་ལ་ཞག་གི་ཟོ་རིས་ཏེ་བྱུག་པའི་རྫས་གསུམ། སྐུ་སྟོད་ལ་གླང་པོ་ཆེའི་ཀོ་རློན། སྐེད་པར་མི་ལྤགས་ཀྱི་གཡང་གཞི། སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་ཏེ་བགོ་བའི་གོས་གསུམ། ཐོད་པ་སྐམ་རློན་རྙིང་པའི་ཕྲེང་བ་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ། སྦྲུལ་རྒྱལ་རིགས་དཀར་པོའི་དབུ་རྒྱན། རྗེ་རིགས་དམར་པོའི་སྙན་རྒྱན། བྲམ་ཟེ་སེར་པོའི་གདུ་བུ། གདོལ་པ་ནག་པོའི་སེ་རལ་ཁ། སྦྲུལ་རིགས་ལྔའི་ཆུན་པོའི་སྐ་རགས་དང༌། རུས་པའི་འཁོར་ལོ། རྣ་ཆ། མགུལ་རྒྱན། ཕྱག་ཞབས་ཀྱི་གདུ་བུ། སྐ་རགས་རྣམས་ཏེ་རུས་པའི་ཕྱག་རྒྱ་ལྔ་བཅས་འདོགས་པའི་རྒྱན་གསུམ་སྟེ། དུར་ཁྲོད་ཀྱི་ཆས་དགུས་བརྒྱན་ཅིང༌། སྒེག་པ། དཔའ་བ། འཇིགས་
སུ་རུང་བ་སྟེ་སྐུའི་གར་གསུམ། དགོད་པ། གཤེ་བ། དྲག་ཤུལ་ཏེ་གསུང་གི་གར་གསུམ། སྙིང་རྗེ། རྔམས་པ། ཞི་བ་སྟེ་ཐུགས་ཀྱི་གར་གསུམ་བཅས་གར་གྱི་ཉམས་དགུས་རྣམ་པར་བརྗིད་པ། དེའི་པང་དུ་སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་སྐྱ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་ཁ་ཊྭཱཾ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་དུང་ཁྲག་ཞལ་དུ་སྟོབ་པ། ཞབས་གཡོན་བསྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་གཡས་བརྐྱང་པའི་སྟབས་ཀྱིས་སྙོམས་པར་འཇུག་པ། གཟིག་ཤམ་དང་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། གཉིས་ཀའང་བདེ་སྟོང་གཉིས་མེད་བཟོད་པར་དཀའ་བའི་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་ལྟར་འབར་ཞིང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་ཀློང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་བའི་ཡབ་ཀྱི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་མཆོང་གི་གུར་ཕུབ་པ་ལྟ་བུའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་རྡོར་སེམས་མཐིང་གསལ་ཚོན་གང་བ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་གཡས་བསྐུམ་གཡོན་
བརྐྱང་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་བཞུགས་ཤིང༌། དར་གྱི་ཆས་གོས་ལྔ་དང་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་རྣམ་པར་སྤྲས་ཏེ་རང་འོད་ཀྱི་ཀློང་ན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བཞིན་བཞུགས་པ། དེའི་ཐུགས་ཀར་སྲན་མ་བཀས་པ་ཙམ་གྱི་ཉི་མ་ལ་གནས་པའི་རྡོ་རྗེ་སྔོན་པོ་རྩེ་དགུ་པ་ནས་འབྲུ་ཙམ་གྱི་ལྟེ་བར་ཐབས་ཤེས་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་སྲོག་གི་སྙིང་པོ་ཧཱུཾ་ཡིག་མཐིང་ག་ཡུངས་འབྲུ་ཙམ་དུ་ཕྲ་ཞིང་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་འབྲུ་དགུ་བཻ་ཌཱུརྱ་ཞུན་མའི་མདངས་ཅན་སྤུས་བྲིས་པ་ལྟ་བུས་གཡས་སུ་བསྐོར་བའི་ཙིཏྟའི་རྩ་སྦུབས་ཀྱི་སྒོ་སྲུང་རྟ་མགྲིན་དམར་པོ་ཡུངས་འབྲུ་ཙམ་པདྨ་བྷཉྫ་འཛིན་པ་ཡུམ་དང་བཅས་པས་བསྲུང་བར་བསྒོམ། གཙོ་བོའི་གཡོན་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྐུ་མདོག་སྨུག་ནག་གཡས་དགྲ་སྙིང་དྲོན་མོ་ཟ་ཞིང་གཡོན་སྡིགས་མཛུབ་ཀྱི་རྩེ་ལས་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཞལ་རབ་ཏུ་གདངས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། དཔྲལ་བར་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་ཕྱོགས་བཅུར་གཟིགས་པ། དབུ་སྐྲ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟིངས་
པ། བྲང་ན་དགྲ་ལ་རིམས་ནད་འབེབས་པའི་ཁྲག་གི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། གཅེར་མོ་ཕྱག་རྒྱ་ལྔས་བརྒྱན་ཅིང་འཇའ་སྤྲིན་གྱི་གོས་ཅན། ཞབས་གཉིས་གཡས་བསྐུམ་གཡོན་བརྐྱང་པའི་གར་སྟབས་ཀྱིས་མེ་དཔུང་གི་ཀློང་དུ་བཞུགས་པ། གཙོ་བོའི་སྤྱི་བོར་འཇིགས་བྱེད་ག་རུ་ཌ་མཐིང་ནག་གནམ་ལྕགས་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན་གྱི་རྭ་བར་རིགས་བདག་ཀུན་ཏུ་བཟང་པོ་མཐིང་གསལ་མཉམ་བཞག་སྐྱིལ་ཀྲུང་ཅན་ཡུམ་བཟང་མོ་དཀར་མོས་འཁྱུད་པ་གཉིས་ཀའང་གཅེར་བུ་མཚན་དཔེའི་གཟི་བྱིན་འབར་བ་ཡེ་ཤེས་འོད་ལྔ་འཁྲིགས་པའི་ཀློང་དུ་བཞུགས་པར་བསམ། གཙོ་བོའི་གཡས་དང་ཕྱི་རོལ་གྱི་རྩིབས་བཞི་ལ་པད་ཉི་དགྲ་བགེགས་ཕོ་མོ་བསྣོལ་བའི་སྟེང་དུ་གཙོ་བོའི་ཐུགས་ཡེ་ཤེས་ལྔའི་སྒྱུ་འཕྲུལ་ལས་རང་ཤར་བ་ཁྲོ་རྒྱལ་ཀཱི་ལ་རིགས་ལྔ་ཐམས་ཅད་ཀྱང་སྐུ་སྟོད་ཞལ་གསུམ་ཕྱག་དྲུག་པ་སྐེད་པ་ཆུ་སྲིན་གྱི་ཁ་ལས་འཐོན་པའི་སྐུ་སྨད་ཕུར་བུ་འབར་བའི་དབལ་ཅན། ཕྲིན་ལས་སོ་སོའི་རིགས་དང་བསྟུན་པའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་རྣམས་གཞུང་ཚིག་ལྟར་གསལ་གདབ་བོ། །གཉིས་པ་ནི། དེའི་ཕྱི་རོལ་གྱི་འཁོར་ལོ་རྩིབས་བཅུ་པའི་དབུས་
སུ་པདྨ་ཉི་ཟླ་འབར་བར་ཕྱོགས་སྐྱོང་བཅུ་ཆུང་མར་བཅས་པ་བཀུག་ནས་གདན་དུ་བཏིང་བའི་སྟེང་དུ་བདག་ཉིད་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་ནས་བདེ་ཆེན་བྱང་ཆུབ་སེམས་ཀྱི་རང་བཞིན་ཧཱུཾ་ཡིག་སྦྲེལ་མ་བཅུ་སོ་སོའི་གནས་སུ་བབས་པ་ལས་སྟེང་གི་ཁྲོ་བོ་ཤར་སྟོད་དང༌། འོག་གི་ཁྲོ་བོ་ནུབ་སྨད་དུ་བྱས་པའི་ཁྲོ་བོ་བཅུ་ཡབ་ཡུམ་སྤྲུལ་པའི་ཕྲ་མེན་ཟ་གསོད་དང་བཅས་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པར་གསལ་གདབ་བོ། །གསུམ་པ་ནི། དེའི་ཕྱི་རོལ་ཟླ་གམ་དམར་ནག་ཉེར་གཅིག་ལ་གནས་པའི་པད་ཉི་དགྲ་བགེགས་ཀྱི་གདན་ལ་གཙོ་བོ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་སེམས་འོད་ཀྱི་གོང་བུ་ཧཱུཾ་ཡིག་གི་རང་བཞིན་ཅན་སྤྲོས་ཏེ་འཁོད་པ་ལས་བྱུང་བའི་འོད་ཟེར་གྱི་རྩེ་ལས་ཕུར་བུ་ཕྲ་མོ་དཔག་ཏུ་མེད་པ་འཕྲོས། ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྒོ་གསུམ་དང་རིགས་དྲུག་གི་བག་ཆགས་སྣང་ཞེན་ཐམས་ཅད་བསྲེག་ཅིང་སྦྱངས། ཐམས་ཅད་དཔལ་ཆེན་པོའི་རང་བཞིན་དུ་གྱུར། སླར་འདུས་ཧཱུཾ་ཡིག་རྣམས་ལ་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་སྲས་མཆོག་ཉེར་གཅིག་འབར་བའི་ཆ་ལུགས་ཡོངས་སུ་རྫོགས་པ་དང༌། སླར་ཡང་གཙོ་བོ་ཡབ་ཡུམ་སྙོམས་
པར་ཞུགས་པའི་བྱང་སེམས་འོད་ཀྱི་གོང་བུ་ལས་ཛཿཧཱུཾ་བཾ་ཧོ་བཞི་སྤྲོས་ཏེ་ནང་སྒོ་བཞིར་འཁོད་པ་ལས་ཡེ་ཤེས་ཀྱི་སྒོ་མ་བཞི། དཀྱིལ་འཁོར་བར་ཁྱམས་འཁོར་ལོ་རྩིབས་བཅུ་གཉིས་ཀྱི་ཕྱོགས་བཞིའི་རྩིབས་དབུས་བཞིར་ཤྭ་ན་མ་བཞི། རྩིབས་སྟོད་བཞིར་རེ་ཏཱི་མཆེད་བཞི། རྩིབས་སྨད་བཞིར་ས་བདག་མ་བཞི། ཕྱི་སྒོ་བཞིར་སྐྱེས་བུ་གིང་བཞི། ཕྱི་རོལ་དུར་ཁྲོད་ཀྱི་ནང་རྡོ་རྗེའི་བྲག་རིའི་སྟེང་གི་ཁོར་ཡུག་ལ་དབང་ཕྱུག་ཉེར་བརྒྱད་མ་སྲིང་མཁའ་འགྲོའི་ཚོགས་རྣམས་ཀྱང་རྗེ་ལས་འབངས་དང་ཉི་མ་ལས་ཟེར་བཞིན་རང་བཞིན་གྱིས་གནས་པར་བསྒོམ་མོ། །གཉིས་པ་ཁམས་གསུམ་གྱི་སྲོག་ལ་དབང་བསྐུར་ཞིང་སྲོག་གི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བ་ནི། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུཾ་སྔོན་པོ་རེ་རེས་མཚན་པར་བསམ་ལ་གསོལ་བ་བཏབ་པས། འབྲུ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་བསྡུས་ཏེ་གནས་གསུམ་གྱི་ས་བོན་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་གཟི་བྱིན་ནུས་པ་མཐུ་སྟོབས་མཆོག་ཏུ་འབར།
བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་དུ་གྱུར་པར་བསམ། སླར་ཡང་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། རྒྱལ་བ་སྐུ་ལྔའི་བདག་ཉིད་འཁོར་དང་བཅས་པ་རྣམས་ལ་ཕོག་པས་ཐུགས་རྒྱུད་བསྐུལ། བདེ་བར་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་དཔའ་བོ་འབྲུ་ལྔའི་རང་བཞིན་ཆར་ལྟར་བབས་པ་མགོ་བའི་གནས་ལྔར་འདུས་ཏེ་ཞུ་བ་ལས་བྱུང་བའི་ཧཱུཾ་ཨོཾ་སྭཱ་ཨཱཾ་ཧཱ། མཱུཾ་ལཱཾ་མཱཾ་པཱཾ་ཏཱཾ་རྣམས་སུ་གྱུར། དེ་དག་ལས་ཀརྨ་ཧེ་རུ་ཀ་གཙོ་བོར་གྱུར་པའི་རིགས་ལྔ་ཡབ་ཡུམ་གྱི་སྐུར་གྱུར་པའི་སྦྱོར་མཚམས་ནས་བདུད་རྩིའི་རྒྱུན་བབས་པས་ལུས་ཀྱི་ནང་གང༌། ཁྲག་འཐུང་ཡབ་ཡུམ་རྣམས་ཐོད་པའི་ཁང་བུར་བཞུགས་པས་དབུ་བརྒྱན་ཏེ་ཡེ་ཤེས་ལྔའི་དབང་བསྐུར་ཡོངས་རྫོགས་པར་བསྒོམ། ཡང་ཐུགས་སྲོག་འོད་ཀྱིས་ཁམས་གསུམ་ལ་ཕོག་པས་རིགས་དྲུག་པོ་ཨ་ནྲྀ་སུ་ཏྲི་པྲེ་དུཿར་གྱུར། དེ་འབྱུང་བའི་ཡི་གེ་རྃ་ཡྃ་ཁྃ་གིས་བསྲེག་གཏོར་སྦྱངས་པས་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་ལྷར་གྱུར་པ་ནི་ཁམས་གསུམ་ལ་དབང་བསྐུར་བ། དེ་རྣམས་འོད་ཟེར་དང་བཅས་པ་ཚུར་འདུས་སྙིང་གའི་རྟ་མགྲིན་ལ་ཐིམ་པས་བཀྲག་དང་གཟི་བརྗིད་ཀྱི་དཔལ་དུ་འབར་བར་གྱུར་པ་ནི་བདག་
གི་སྲོག་ལ་དབང་བསྐུར་བ། དེའི་རྐྱེན་གྱིས་རྟ་མགྲིན་ཡབ་ཡུམ་ཟག་མེད་བདེ་ཆེན་གྱི་རོལ་པའི་བྱང་སེམས་ཡེ་ཤེས་སེམས་དཔའ་ལ་ཐིམ་པས་དེ་ཉིད་བཀྲག་དང་ལྡན་པར་བྱུང་བའི་གཟི་བརྗིད་ཡེ་ཤེས་ཀྱི་བཅུད་ཐམས་ཅད་རྡོ་རྗེའི་ལྟེ་བའི་ཐུགས་སྲོག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཧཱུཾ་ཡིག་ལ་ཕོག་པས་བཀྲག་དང་གཟི་མདངས་འོད་དུ་འབར་བ་ནི་ཡེ་ཤེས་སེམས་དཔས་སྲོག་ལ་དབང་བསྐུར་བ་སྟེ། སྟོང་སྲོག་ཆོས་སྐུའི་ཀློང་ཆེན་པོར་འཕོ་འགྱུར་གཞོམ་གཞིག་མེད་པ་གཉུག་མ་དོན་གྱི་སྲོག་རྩ་གྲུབ་པར་བལྟའོ། །ཙིཏྟའི་སྒོ་སྲུང་རྟ་མགྲིན་དུ་བསྐྱེད་པ་འདི་རྒྱུད་དོན་ཤིན་ཏུ་གསང་བའི་དབང་གིས་བཀའ་གཏེར་ཕུར་གཞུང་ཕལ་མོ་ཆེར་མན་ངག་ཏུ་གབ་པ་བཞིན་འདིར་ཡང་ལྷ་བསྐྱེད་སྔགས་དམིགས་སོགས་ཀྱི་སྐབས་སུ་སྒྲོས་ཙམ་ཡང་མ་བསྟན་པ་སྨད་ལས་ཀྱི་དམར་བྱང་དུ། དབང་ཆེན་གསང་བའི་ཧེ་རུ་ཀ༔ ཞེས་མན་ངག་གབ་དོན་དུ་བསྟན་པར་མཛད་པ་སྟེ། གསང་བ་འདི་ནི་དེང་དུས་ཀྱི་ཕུར་པ་མཁན་པོ་ཕལ་ཆེར་ཞིག་གིས་ཐོས་པའི་ཡུལ་ཙམ་དུའང་མ་གྱུར་པར་སྣང་ངོ༌། །གསུམ་པ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲངས་ཤིང་མཆོད་ཅིང་བསྙེན་པས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་གསུམ། སྤྱན་འདྲེན་པ་སོགས་ཆོ་ག་རྫོགས་པའི་ལས་རིམ། བསྙེན་
པའི་མན་ངག །རྗེས་ཀྱི་བྱ་བའོ། །དང་པོ་ལ། སྤྱན་འདྲེན་པ་ནི། རང་ཉིད་དམ་ཚིག་པའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་རྒྱལ་བ་རྣམས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལས་གཟུགས་ཀྱི་སྐུ་འབར་བའི་ཕྱག་རྒྱ་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྐུར་བཞེངས་ནས་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ། བཞུགས་སུ་གསོལ་བ་ནི། དེ་ལྟར་སྤྱན་དྲངས་པའི་རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཉིད་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ལ་གཉིས་སུ་མེད་པར་ཐིམ་སྟེ་དངོས་གྲུབ་མ་ཐོབ་ཀྱི་བར་དུ་བརྟན་པར་བཞུགས་པར་མོས། ཕྱག་འཚལ་བ་ནི། ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་མཇལ་བ་ལ་ཤིན་ཏུ་སྤྲོ་ཞིང་རང་བཞིན་གཉིས་མེད་དུ་རྟོགས་པའི་ཚུལ་གྱིས་སོ། །མཆོད་པ་འབུལ་བ་ནི། ཐུན་མོང་ཉེར་སྤྱོད་འདོད་ཡོན་གྱི་མཆོད་པ་ལ་འཕྲུལ་དགའི་ལོངས་སྤྱོད་དང་མཚུངས་པར་རང་གི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་བསམ་གྱིས་མི་ཁྱབ་པས་གོང་དུ་བྱིན་གྱིས་བརླབས་པའི་མཆོད་རྫས་དལ་གྱི་བར་ཁྱམས་ཁོར་ཡུག་རྣམས་སུ་གནས་པ་དག་ལས་འཛད་མེད་དུ་བླངས་ཏེ་ལྷ་ཚོགས་རྣམས་ལ་མཆོད་པའི་སྤྲིན་ཆེན་པོ་སྟོབ་པ་དང༌། ཐུན་མིན་གདུག་ཅན་བསྒྲལ་བའི་ཕུང་པོ་རང་བྱུང་གི་ཉེ་བར་སྤྱོད་པའི་དམ་རྫས་ལ་རོལ་པས་དགྱེས་པ་ཆེན་པོ་བསྐྱེད།
པར་བསམ། བདུད་རྩི་འབུལ་བ་ལ། སྨན་གྱི་ཞལ་བུ་ལག་གཡས་སུ་ཐོགས་ཏེ། རང་བྱུང་བྷཉྫ་འབར་བར་འཆི་མེད་མཆོག་གི་བདུད་རྩིས་གཏམས་པའི་དབུས་སུ་ཨོཾ་ཨཱཿཧཱུཾ་གསུམ་བརྩེགས་མར་གནས་པར་བསམ་ལ་སྨན་གྱི་ཆེ་བ་བརྗོད་ཅིང༌། ལག་པ་གཡོན་པའི་མཐེབ་སྲིན་མ་དང་ཨ་ལས་ཉི་ཟླའི་གའུ་འབྲུ་བཅུས་མཚན་པར་གྱུར་པའི་སྐྱོགས་ཀྱིས་བདུད་རྩི་ནས་བླངས་ཏེ་ལྷ་ཚོགས་རྣམས་ལ་ཕུལ་བས་བདུད་རྩི་མུ་ཏིག་དཀར་པོ་དྲི་མ་མེད་པ་ལྟ་བུའི་རང་བཞིན་དུ་འཕྲོས་ནས་ལྷ་ཚོགས་རྣམས་ཀྱི་ལྗགས་ལ་ཐིམ་པར་བསམ། ཐོག་མར་སྟེང་གི་ནམ་མཁར་འཇའ་འོད་ཐིག་ལེའི་ཀློང་ན་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ལ་བརྒྱུད་པ་དགུ་ལྡན་གྱི་བླ་མ་རིག་འཛིན་རྣམས་སྤྲིན་ཕུང་གཏིབས་པ་ལྟར་བཞུགས་པར་མོས་ལ་འབུལ། དེ་ནས་ཡི་དམ་བཀའ་སྲུང་དང་བཅས་པ་ལ་ཕུལ་བས་དགྱེས་པ་མཆོག་ཏུ་བསྐྱེད། ཁམས་གསུམ་གྱི་གཏི་མུག་ཐམས་ཅད་བཅོམ་པར་བསམ་ཞིང༌། མཐར་མཉེས་ནས་སྐྱེས་ལན་གྱི་ཚུལ་དུ་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་གནས་ནས་བྱིན་རླབས་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་ཆར་བཞིན་བབས་ཏེ་བྷཉྫའི་ནང་གི་ས་བོན་གསུམ་ལ་ཐིམ་པས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་དངོས་གྲུབ་རྩོལ་མེད་དུ་འབྱུང་བའི་རང་བཞིན་ཅན་
དུ་གྱུར་པ་དེ་ཉིད་མཐེབ་སྲིན་ཉི་ཟླའི་གའུས་བླངས་ཏེ་རང་གི་གནས་གསུམ་དུ་བཞག་པ་ཙམ་གྱིས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། མཐར་ལྕེ་པདྨའི་འདབ་མར་རྡོ་རྗེ་རྩེ་གསུམ་པ་ཉལ་སྟབས་སུ་གནས་པའི་ར་དབུས་མའི་ཁོང་གསེང་གི་རྩེ་མོ་ཧཱུཾ་གིས་མཚན་པ་ལས་བདུད་རྩི་བརྒྱུད་དེ་ལུས་ཀྱི་ནང་ཐམས་ཅད་གང་བས་མཆོག་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ལ་བདུད་རྩི་མྱང་ངོ༌། །གཏོར་མ་འབུལ་བ་ལ། སྣང་སྲིད་དམ་རྫས་གཏོར་མའི་རང་བཞིན་དུ་གྱུར་པ་དང་དངོས་སུ་བཤམས་པའི་གཏོར་མ་འདོད་ཡོན་གྱི་ཕུང་པོར་སྤེལ་བ་ཕུལ་བས་དགྱེས་ཤིང་ཚིམས་ནས་དངོས་གྲུབ་གང་འདོད་རྩོལ་མེད་དུ་ཐོབ། ཁམས་གསུམ་གྱི་ཞེ་སྡང་ཐམས་ཅད་བཅོམ་པར་བསམ། རཀྟ་འབུལ་བ་ལ། མདུན་དུ་གནོད་ཅིང་འཚེ་བའི་དགྲ་བགེགས་ཀྱི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དམར་པོ་ནྲྀ་དང་ཏྲི་ཡིག་གིས་མཚན་པ་ཞིག་ཏུ་ཧྲིལ་ཧྲིལ་འདུག་པ་དེ་ལས་འོད་འཕྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་བཀུག་ནས་ཐིམ་སྟེ་ཡོངས་སུ་གྱུར་པ་ལས་ཁྲག་གི་གྲོད་ཐུམ་རི་རབ་ཙམ་པ་ཞིག་ཏུ་གྱུར་པར་བསམ་ལ་སྲས་མཆོག་གི་ཕུར་རུ་འདྲིལ་ཞིང༌། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཧཱུཾ་ཕཊ༔ ཅེས་བརྗོད་དེ་ཕུར་པ་བཏབ་པས་དེ་རྡོལ་བ་ལས་བྱུང་བའི་
ཁྲག་རྒྱུན་སྔར་བྱིན་གྱིས་བརླབས་པའི་རཀྟ་དང་འདྲེས་ནས་སྟོང་གསུམ་ཁྲག་གི་རྒྱ་མཚོར་འཁྱིལ་བ་ལས་རཀྟའི་ལྷ་མོ་འཕྲོ་བས་དཀྱིལ་འཁོར་པ་མཆོད་པས་རབ་ཏུ་མཉེས་པ་ཆེན་པོར་གྱུར། ཁམས་གསུམ་གྱི་འདོད་ཆགས་ཐམས་ཅད་ཟད་པར་མཛད་པར་བསམ། བསྒྲལ་བའི་མཆོད་པ་ལ། བདག་གི་ཐུགས་ཀ་ནས་ལས་བྱེད་ཕོ་ཉ་གྲངས་མེད་པ་ཕྱོགས་བཅུར་འཕྲོས་པས་ཞིང་བཅུ་ཚང་བའི་དགྲ་བགེགས་ཐམས་ཅད་བཀུག་ཅིང་བསྒྲལ་ཏེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤར། ཤ་ཁྲག་རུས་པ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབ་པས་རོལ་པ་ཆེན་པོའི་དགའ་སྟོན་གྱིས་ཚིམས་ཤིང་དུག་གསུམ་རང་གནས་སུ་དག་ནས་བསྒྲལ་བྱའི་ཚོགས་གཉིས་ལྷུན་གྱིས་རྫོགས་པར་མོས། སྦྱོར་སྒྲོལ་གྱི་མཆོད་པ་ལ། རང་ལས་སྤྲུལ་པའི་རིག་མ་སྒེག་མཛེས་ཆགས་པའི་ཉམས་ལྡན་འཁོར་ལོའི་གྲངས་དང་མཉམ་པར་སྤྲོས་ནས་ཐབས་ལ་ཤེས་རབ་ཀྱི་རྣམ་པར། ཤེས་རབ་ལ་ཐབས་ཀྱི་རྣམ་པར་གྱུར་ནས་རྗེས་ཆགས་ཀྱིས་སྙོམས་པར་ཞུགས་པས་དབྱིངས་དང་ཡེ་ཤེས་གཏན་གཏུན་གྱི་སྦྱོར་བས་གཟུང་འཛིན་གྱི་དགྲ་བགེགས་རྣམས་བསྒྲལ་ཞིང་བཅོམ་སྟེ་རྟོག་ཚོགས་བདེ་བ་ཆེན་པོའི་དབྱིངས་སུ་སྦྱོར་བས་བདེ་སྟོང་དགའ་བ་བཞིའི་རོས་ཚིམས་པར་བསམ།
འདིར་ལྷ་ཞལ་གསུམ་པའི་རིགས་ལ་བདུད་རྩི་གཡས་ཞལ། རཀྟ་གཡོན་ཞལ། གཏོར་མ་དང་བསྒྲལ་བའི་ཤ་ཁྲག་དབུས་ཞལ་དུ་སྟོབ་པར་དམིགས་ཤིང་དཔའ་བོ་གཅིག་པ་ལ་ནི་དབྱེ་བ་མེད་དོ། །མཐར་མཆོད་པའི་ལྷ་མོ་རྣམས་རང་ལ་བསྡུས་ཏེ་དོན་དམ་པར་མཆོད་བྱ་མཆོད་བྱེད་མཆོད་ཡུལ་དུ་འཛིན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་བློ་འདས་བདེ་བ་ཆེན་པོ་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་སུ་རོ་མཉམ་པར་བལྟ་བ་ནི་དོན་གྱི་མཆོད་པ་བླ་ན་མེད་པའོ། །བསྟོད་པ་ནི། རང་གི་སྙིང་ག་ནས་ཤེས་པ་ཆ་གཉིས་སུ་ཕྱེ་བའི་ཆ་གཅིག་འཁོར་བ་ན་ཆེ་བ་ཚངས་པ་དང་བརྒྱ་བྱིན་དབང་ཕྱུག་ཆེན་པོ་སོགས་དང༌། ཆ་གཅིག་འདས་པ་ན་ཆེ་བ་འཇམ་དཔལ་དབྱངས་དང་འཇིག་རྟེན་དབང་ཕྱུག་གསང་བའི་བདག་པོ་ལ་སོགས་པར་སྤྲུལ་ནས་དཀྱིལ་འཁོར་གྱི་བར་ཁྱམས་ཁོར་ཡུག་རྣམས་སུ་ལྷགས་ཏེ། དེ་རེ་རེ་ལའང་ཡང་སྤྲུལ་གྱི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་རོལ་མོའི་བྱེ་བྲག་དཔག་ཏུ་མེད་པའི་སྒྲ་ལས་དྲངས་ནས་ལྷ་ཚོགས་རྣམས་ཀྱི་ཆེ་བའི་ཡོན་ཏན་མཐའ་ཡས་པ་ལ་བརྗོད་བྱར་བྱས་པའི་བརྗོད་བྱེད་ཀྱི་གླུ་དབྱངས་སྙན་ཅིང་བར་བརྗིད་ལ་ཟིལ་ཆགས་པས་མངོན་པར་བསྟོད་པར་བསམ་ཞིང༌། བསྟོད་པའི་རྐྱེན་གྱིས་ལྷ་ཚོགས་རྣམས་ཀྱི་ཆེ་བ་བསྐྱེད་ཅིང་གཟི་བྱིན་མཆོག་ཏུ་འབར་ཏེ་
འཁོར་འདས་ཀྱི་ཞིང་ན་འགྲན་པའི་ཟླ་དང་བྲལ་བར་མོས་ལ་མཐར་བསྟོད་བྱེད་ཀྱི་ལྷ་རྣམས་རང་ལ་བསྡུ། དེ་ལྟར་མཆོད་ཅིང་བསྟོད་པ་ལས་བྱུང་བའི་འབྲས་བུ་མཆོག་གི་དངོས་གྲུབ་ལ་ཡིད་རབ་ཏུ་གདུང་བའི་སྒོ་ནས་གསོལ་བ་བཏབ་པས་སྐུ་གསུང་ཐུགས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབས་པར་མོས། ནོངས་བཤགས་ནི། ཆོ་གའི་ཡན་ལག་མ་ཚང་བ་སོགས་ཉམས་ཆག་ཏུ་གྱུར་པའི་ཚོགས་ལ་གནོང་འགྱོད་དྲག་པོས་བཟོད་པར་གསོལ་བས་དག་ཚངས་སུ་གྱུར་པར་བསམ་མོ། །གཉིས་པ་བསྙེན་པའི་མན་ངག་ལ་གཉིས་ཀྱི། དང་པོ་ཐུགས་དམ་བསྐུལ་བ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་ཐམས་ཅད་བསྙེན་སྒྲུབ་ཛཔྲ་ཀྱི་རིམ་པ་ལ་ཐུགས་དམ་བསྐུལ་བས་ཏིང་ངེ་འཛིན་གྱི་འཕྲོ་འདུ་ལ་དགོངས་པ་མངོན་དུ་ཕྱོགས་པར་བསམ། གཉིས་པ་མན་ངག་དངོས་ལ་ལྔ་ལས། དང་པོ་སྐུ་ཕྱག་རྒྱ་ལ་དམིགས་པའི་ཛཔྲ་དགོངས་ལའང་གསུམ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའོ། །དང་པོ་ནི། རྟེན་འབྱུང་བ་རིམ་བརྩེགས་དུར་ཁྲོད་གཞལ་ཡས་ཁང་ལྷའི་གདན་དང་བཅས་པ་ནས་བརྟེན་པ་ལྷ་ཚོགས་རྣམས་ཀྱི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་དང་བཅས་པའི་བར་རེས་ནང་ནས་ཕྱི། རེས་
ཕྱི་ནས་ནང༌། ཐོག་མར་ཕྲ་བ་རེ་རེ། དེ་ནས་རགས་པ་སྤྱི། མཐར་ཕྲ་རགས་གཅིག་ཅར་དུ་གསལ་མ་ཐེབས་ཀྱི་བར་དུ་བསྒོམ། དེའང་ལས་དང་པོ་པས་ཐོག་མ་ནས་ཡིད་ཡུལ་དུ་གསལ་ཐེབས་དཀའ་ན་དམིགས་རྟེན་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཀྲམ་ལ་མིག་ཅེ་རེ་མི་གཡོ་བར་བལྟ། དེས་མིག་ལ་ལྷ་སྐུའི་གསལ་སྣང་ལྷག་ལྷག་འཆར་ན་ཧ་ཅང་འཆར་ཟིན་མི་བྱེད་པར་དེ་ཀའི་གསལ་སྣང་མ་འགགས་པའི་ངང་ལ་ཤིག་གེར་མཉམ་པར་བཞག །རེ་ཞིག་བྱིངས་ཉམས་བྱུང་ནའང་མི་གསེངས། དེ་ལྟར་བསྐྱངས་པས་ཇི་ཞིག་ན་མི་རྟོག་པའི་ངང་ལས་ལྷ་སྐུའི་གསལ་སྣང་རང་ཤུགས་སུ་འདྲེན་ནུས་པ་འབྱུང༌། དེ་ཙ་ན་དམིགས་རྟེན་མི་དམིགས་པར་སྦྱངས་ཏེ་ཡིད་རྩེ་གཅིག་ཏུ་མཉམ་པར་བཞག་བཞིན་པས་ཀཱི་ལ་ཡ་ཡིད་ཀྱིས་བཟླ་ཞིང་སྐྱོ་ན་ངག་བཟླས་ཀྱང་བྱ། དེ་ལྟར་ཡང་ཡང་བསྒོམ་པས་དང་པོ་ཡིད་ཡུལ་དུ་ལྷའི་རྣམ་པ་ཝལ་ཝལ་གསལ། དེ་ནས་མཐོང་རེག་གི་མཚན་མ་ཡོད་པ་ལྟར་དབང་པོའི་མངོན་སུམ་དུ་གསལ། དེ་ནས་ཀྱང་འབད་པས་ལུས་ཀྱི་ཡུལ་དུ་གསལ་བ་ཞེས་བྱ་སྟེ། རང་ལུས་ཀྱིས་མཚོན་པའི་མ་དག་པའི་སྣང་བ་གཞན་ཀུན་ནུབ་ནས་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་གནས་ཤིང་ལྷའི་ང་རྒྱལ་བརྟན་
པོ་འབྱུང༌། དེ་ལྟར་ཡུལ་གསུམ་གསལ་ནས་སྐུའི་ཆ་ཤས་དང་རྒྱན་ཕྲ་མོ་རེ་རེ་ནས་ཀྱང་གསལ་སྣང་འདོན་ཅིང༌། ལྷ་སྐུ་ཆེ་ཆུང་དང་མང་ཉུང་དང་རྒྱང་ཉེ་རིང་སོགས་མ་ངེས་པ་ལ་རྩལ་སྦྱངས་པས་ལྷ་གྱད་དུ་གྱུར་པ་ཞེས་བྱ་སྟེ་ཇི་ལྟར་བསྒོམ་ཀྱང་བདེ་བར་འགྱུར་རོ། །གཉིས་པ་ནི། རང་གི་མིང་རུས་དངོས་མཚན་ཐ་མལ་དུ་འཛིན་པ་ཆེད་ཀྱིས་སྤངས་ནས། བདག་ནི་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་དངོས་ཡིན། དེའི་ཡོན་ཏན་མཛད་པ་ཕྲིན་ལས་དང་བཅས་པ་ཚང་ངོ་སྙམ་པའི་ང་རྒྱལ་ཤིན་ཏུ་བརྟན་པོ་ལ་བསླབ་བོ། །གསུམ་པ་ནི། རྟེན་སྣོད་ཀྱི་རྣམ་དག་ལ། བགེགས་ཀྱིས་མི་ཚུགས་པའི་སྲུང་འཁོར། ཆོས་ཀྱི་དབྱིངས་ལས་རང་བྱུང་བའི་ཆོས་འབྱུང༌། ཡུམ་བཞིའི་མཁའ་ལ་གནས་པའི་འབྱུང་བ་རིམ་བརྩེགས། ཀུན་གཞི་གནས་སུ་དག་པའི་ཀེང་རུས་ཀྱི་རི་རབ། ཉོན་མོངས་པའི་རྣམ་རྟོག་དང་བག་ཆགས་བསྲེག་པའི་མེ་དཔུང༌། གང་གིས་ཀྱང་གཞོམ་དུ་མེད་པའི་རྡོ་ར། བག་ཆགས་ཀྱི་དྲི་མས་མ་གོས་པའི་པདྨའི་ཕྲེང་བ། རྣམ་ཤེས་ཚོགས་བརྒྱད་དག་པའི་དུར་ཁྲོད། ཆོས་ཀྱི་དབྱིངས་ལ་མཚན་འཛིན་གྱི་རྟོག་པས་མི་ཕྱེད་པའི་བཻ་ཌཱུརྱའི་བྲག་རི། འཁོར་འདས་མཉམ་པར་བརྡལ་བའི་གཞལ་ཡས་ཁང་
གྲུ་བཞི་པ། ཡེ་ཤེས་ལྔའི་རྩིག་པ། དྲན་པ་ཉེ་བར་བཞག་པ་བཞིའི་སྒོ་བཞི། ཡང་དག་པར་སྤོང་བ་བཞིའི་རྟ་བབ། རྫུ་འཕྲུལ་གྱི་རྐང་པ་བཞིའི་ཆོས་འཁོར། རྟོག་ཚོགས་དག་པའི་རི་དྭགས་ཆོས་ཉན། འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་འདོད་སྣམ། ཆོས་ཐམས་ཅད་མཉམ་ཉིད་དུ་རྫོགས་པའི་ཕ་གུ ། ཆོས་ཀྱི་སྐུ་ལ་དྲི་མས་མ་གོས་ཤིང་རྩལ་མ་འགགས་པའི་དྲྭ་བ་དང་དྲྭ་ཕྱེད། ཐུགས་རྗེ་མི་འགགས་པའི་ཤར་བུ། ཡེ་ཤེས་ཀུན་ལ་ཁྱབ་པའི་མདའ་ཡབ། འཕགས་པའི་ལམ་ཡན་ལག་བརྒྱད་ཀྱི་ཀ་གདན། ཐེག་པ་བརྒྱད་ཀྱི་ཀ་བ། འབྲས་བུ་བརྒྱད་ཀྱི་གདུང་མ། ཆོས་ཕུང་བརྒྱད་ཁྲིའི་དྲལ་ཁེབས། དགོས་འདོད་ཡིད་བཞིན་དུ་སྐོང་བའི་རྒྱན་སྣ་ཚོགས། ཐབས་དང་ཤེས་རབ་གཉིས་སུ་མཚོན་པའི་ཕོ་བྲང་ཕྱི་ནང་གཉིས། སྐུ་གསུམ་མཚོན་པའི་ཐོད་པ་སྐམ་རྙིང་རློན་པའི་རྩིགས་པ་སུམ་རིམ། སྐྱེ་མེད་སྟོན་པའི་གནམ་ལྕགས་ཀྱི་གཟེར། དུག་གསུམ་དག་པའི་ཤ་ཆེན་ཁྲག་ཞག་གི་ཞལ་བ། ལྷ་ཀླུ་གཟའ་དང་རྒྱུ་སྐར་རྣམས་དབང་དུ་སྡུད་པའི་དེ་དག་གི་ཀ་གདུང་དྲལ་ཕྱམ། བདག་འཛིན་གྱི་སྤྲོས་པ་གཅོད་པའི་དུར་ཁྲོད་ཀྱི་རྒྱན་སྣ་ཚོགས། གང་ལའང་ཞེན་པ་བྲལ་བའི་ཙིཏྟ། བདེ་སྟོང་གཉིས་སུ་
མེད་པའི་བུམ་པ། ས་ལམ་གཅིག་ཅར་རྫོགས་པའི་བྲེ། སྤྲུལ་པས་དོན་གང་འདུལ་དུ་མཛད་པའི་ཆོས་འཁོར། ལོངས་སྤྱོད་རྫོགས་པའི་སྐུར་ལྷུན་གྱིས་གྲུབ་པའི་གདུགས། ཆོས་སྐུ་ཐིག་ལེ་ཉག་གཅིག་གི་ཏོག་ཏེ། མདོར་ན་འཁོར་བ་མ་སྤངས་པར་སངས་རྒྱས་པའི་བརྡ་དོན་རྟེན་གྱི་བཀོད་པ་དང༌། བརྟེན་པ་ལྷའི་རྣམ་དག་ལ། ལྷན་སྐྱེས་ཀྱི་རིག་པ་ཡེ་ཤེས་རྡོ་རྗེ་གཞོན་ནུའི་ངོ་བོ་ཉིད་གང་ཞིག །ཆོས་ཉིད་འགྱུར་བ་མེད་པས་སྐུ་མདོག་མཐིང་ནག །དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས་ཡབ་ཡུམ་མཉམ་པར་སྦྱོར་བ། སྐུ་གསུམ་རྣམ་ཐར་གསུམ་གྱི་དབུ་གསུམ། ཕར་ཕྱིན་དྲུག་གི་ངོ་བོ་ཕྱག་དྲུག །རྫུ་འཕྲུལ་གྱི་རྐང་པ་བཞིའི་ཞབས་བཞི། ཕྱག་མཚན་ཐེག་པ་རིམ་དགུ་མཚོན་པའི་རྡོ་རྗེ་རྩེ་དགུ ། ཡེ་ཤེས་ལྔ་མཚོན་པའི་རྩེ་ལྔ། ཉོན་མོངས་པ་བསྲེག་པའི་མེ་དཔུང༌། དུག་གསུམ་གཅོད་པའི་ཁ་ཊྭཱཾ་རྩེ་གསུམ། གདུག་པ་ཅན་རྣམས་འབིགས་པའི་རི་རབ་ཕུར་བུ། ཆོས་སྐུ་མཚོན་པ་ཐལ་ཆེན་གྱི་ཚོམ་བུ། ལོངས་སྐུ་མཚོན་པ་རཀྟའི་ཐིག་ལེ། སྤྲུལ་སྐུ་མཚོན་པ་ཞག་གི་ཟོ་རིས། གཏི་མུག་འཇོམས་པ་ཐེག་མཆོག་གླང་པོ་ཆེའི་ཀོ་རློན། འདོད་ཆགས་འཇོམས་པ་མ་ཉམས་བྱང་སེམས་ཞིང་གི་གཡང་གཞི། ང་
རྒྱལ་འཇོམས་པ་དཔའ་གཏུམ་ཟ་བྱེད་སྟག་གི་ཤམ་ཐབས། ཞེ་སྡང་འཇོམས་པ་མཉེན་ལྕུག་འཁྲིལ་ལྡེམ་སྦྲུལ་གྱི་ཆུན་པོ། ཕྲག་དོག་འཇོམས་པ་ཚར་གསུམ་ཐོད་པའི་ཕྲེང་བའི་ག་ཤ ཕ་རོལ་བུ་ཕྱིན་པ་དྲུག་གི་རུས་རྒྱན། གཞི་ལམ་འབྲས་བུའི་ཡོན་ཏན་མཐའ་དག་མཚོན་པའི་གར་གྱི་ཉམས་དགུ་ལ་སོགས་པས་ཁྱད་པར་དུ་བྱས་པས། གདུལ་བྱ་ཁམས་གསུམ་གྱི་དྲེགས་པ་ཅན་གྱི་བདུད་དང་རཱུ་དྲ་མ་ལུས་པ་འདུལ་བའི་ཆེད་དུ་ཐུགས་ཞི་བ་ཆོས་ཉིད་ཀྱི་ངང་ལས་གཡོ་བ་མེད་པར་ཐུགས་རྗེའི་རྩལ་འབར་བ་ཆེན་པོའི་སྐུར་སྟོན་པས་ཁྲོ་བོ་ཀུན་གྱི་རྗེ་བཙན་དམ་པར་སྣང་བ་དང༌། དེའི་ཐུགས་རྗེ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལས་ཤེས་རབ་དབྱིངས་ཀྱི་ཐིག་ལེ་ཟུང་འཇུག་ཕྱག་རྒྱའི་གཟུགས་སུ་སྣང་བའི་སྒྲོལ་ཡུམ་རལ་གཅིག་མ། སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོ་ཀཱི་ལ་རིགས་ལྔ། སྤང་བྱ་མི་དགེ་བ་བཅུ་དག་ཅིང་གདུལ་བྱ་ཕྱོགས་སྐྱོང་བཅུ་འདུལ་བ་དང་ལམ་ཕར་ཕྱིན་བཅུ་བགྲོད་ནས་འབྲས་བུ་སྟོབས་བཅུ་ལ་མངའ་མཛད་པའི་ཕྱིར་ཁྲོ་བཅུ་ཡབ་ཡུབ་ཟ་གསོད། སྐུ་གསུང་ཐུགས་ཀྱི་སྤྲུལ་པ་མི་འགགས་པའི་སྲས་མཆོག །ཚད་མེད་བཞིའི་སྒོ་སྐྱོང༌། མཚན་མའི་རྟོག་པ་གང་གང་འདུལ་བ་ལ་འདུལ་བྱེད་ཀྱི་བཀོད་པ་དེ་དེར་སྣང་བའི་སྲུང་
མ་བཀའ་སྡོད་སོགས་རང་ཤར་བ་སྟེ། མདོར་ན་མཚན་གཞི་རང་སེམས་དེ་བཞིན་ཉིད་གཞིའི་རྡོ་རྗེ་གཞོན་ནུ་ཉིད། མཚོན་བྱ་འབྲས་བུ་དག་པ་གཉིས་ལྡན་གྱི་རྡོ་རྗེ་གཞོན་ནུའི་ཡོན་ཏན་གྱི་ཁྱད་པར་ཐམས་ཅད། མཚོན་བྱེད་ལམ་གྱི་རྡོ་རྗེ་གཞོན་ནུའི་སྐུ་མདོག་ཕྱག་མཚན་གཙོ་འཁོར་རྟགས་ཀྱི་ཁྱད་པར་དུ་ཤར་བར་ཐག་བཅད་དེ་བསྒོམ་མོ། །གཉིས་པ་གསུང་ཡི་གེ་ལ་དམིགས་པའི་ཛཔྲ་དགོངས་ལ་གཉིས། དམིགས་པའི་འཕྲོ་འདུ་དང༌། བཟླ་ཐབས་སོ། །དང་པོ་ལ་གསུམ། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། ངན་སྔགས་ཉེ་བར་བསྙེན་པའོ། །དང་པོ་ལ་ལྔ་ལས། དང་པོ་མགལ་མེ་ཀླད་སྐོར་གྱི་ཚུལ་ནི། སྔར་གྱི་གསལ་སྣང་བརྟན་པ་གཞིར་བྱས་ནས། བདག་རྩ་བའི་དཀྱིལ་འཁོར་སེམས་དཔའ་སུམ་བརྩེགས་ཀྱི་ཏིང་ངེ་འཛིན་སེམས་དཔའ་ཧཱུཾ་ཡིག་གི་མཐར་ཀཱི་ལ་ཡ་འབྲུ་དགུ་སྤུས་བྲིས་པ་ཙམ་གཡས་སྐོར་དུ་འཁོད་པ་དེ་ལས་འོད་ཉི་ཟེར་ལྟ་བུ་དཔག་ཏུ་མེད་པ་འཕྲོས། ཁྲོ་བཅུ་སྲས་མཆོག་སོགས་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་ལ་མཉེས་མཆོད་ཕུལ་ཞིང་ཐུགས་དམ་གྱི་རྒྱུད་བསྐུལ། རིགས་དྲུག་གི་སེམས་ཅན་ལ་ཕོག་པས་ལས་ཉོན་རྣམ་སྨིན་གྱི་སྒྲིབ་པ་སྦྱངས་ནས་བདེ་ཆེན་གྱི་
ཞིང་ལ་བཀོད། དམ་ཅན་སྲུང་མའི་ཚོགས་ལ་ཕོག་པས་སྔོན་གྱི་ཐ་ཚིག་བསྐུལ་ཏེ་ལས་ལ་བཙུད། རིག་འཛིན་བླ་མ་མཆེད་ལྕམ་རྣམས་ལ་ཕོག་པས་ཐུགས་དམ་དབྱིངས་སུ་བསྐང༌། དགྲ་བགེགས་ཐམས་ཅད་ལ་ཕོག་པས་གནོད་འཚེའི་གདུག་རྩུབ་ཚར་བཅད། འོད་ཟེར་སླར་འདུས་ཏེ་དཀྱིལ་འཁོར་གསུམ་ལ་ཐིམ་པས་མཐུ་བསྐྱེད་དབང་ཐོབ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང༌། སྔགས་ཕྲེང་མི་གཡོ་བར་གནས་པ་ལ་སེམས་གཏད་དེ་བཟླ་བ་ནི་བསྙེན་པའི་ཡན་ལག །ཡང་ཐུགས་ཀའི་སྔགས་ཕྲེང་བར་མ་ཆད་པ་འོད་ཟེར་ལྕགས་སྒྲོག་སྦྲེལ་བ་ལྟ་བུ་ཤད་ཀྱིས་བྱུང་བ་ཡེ་ཤེས་སེམས་དཔའི་ཞལ་བརྒྱུད་རང་གི་ཞལ་ནས་ཐོན། ཡུམ་གྱི་ཞལ་ནས་སྐུའི་དབྱིབས་བརྒྱུད་གསང་བའི་པདྨོ་ནས་རྡོ་རྗེའི་སྦུབས་བརྒྱུད་སྙིང་གའི་དྭངས་སྲོག་ལ་ཐིམ་པས་བདེ་སྟོང་གི་ཡེ་ཤེས་མཆོག་ཏུ་འབར་པར་བསམ། ཡང་དེའི་རྐྱེན་གྱིས་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཁྱབ། རྒྱལ་བ་སྲས་དང་བཅས་པ་མཆོད་ཅིང་དེ་
ངག་གི་དབང་བྱིན་དངོས་གྲུབ། སྣང་སྲིད་ཁམས་ཀྱི་དྲེགས་པ་ཅན་རྣམས་ཀྱི་ཚེ་བསོད་དཔལ་འབྱོར་མངའ་ཐང༌། འབྱུང་བ་ལྔའི་དྭངས་བཅུད་བཀྲག་མདངས། སྣོད་བཅུད་ཀྱི་དགེ་མཚན་དཔལ་ཡོན་མ་ལུས་པ་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་སྤྲིན་ཕུང་ལྟ་བུའི་རྣམ་པར་བསྡུས་ཏེ་དྭངས་སྲོག་ལ་ཐིམ་པས་མཐུ་རྩལ་གཟི་བྱིན་ནུས་པ་མཆོག་ཏུ་འབར་བར་བསམ་ཞིང་སྔགས་ཕྲེང་རྒྱུན་མི་འཆད་པར་མགལ་མེ་ལྟར་འཁོར་བ་ལ་སེམས་གཏད་དེ་བཟླ་བ་ནི་ཉེ་བར་བསྙེན་པའི་ཡན་ལག་གོ །གཉིས་པ་བུང་བ་ཚང་ཞིག་གི་ཚུལ་ནི། བདག་གི་ཞལ་གསུམ་ཀ་ནས་ཀཱི་ལ་ཡ་བཟླས་པས་དབུ་རྒྱན་གྱི་ཁྲག་འཐུང་རིགས་ལྔ། བ་སྤུ་བུ་གའི་ཁྲོ་ཆུང་རྣམས་དང༌། ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་སྐྱོང་དམ་ཅན་བཀའ་སྡོད་སོགས་ལྷར་གསལ་བ་ཐམས་ཅད་ཀྱིས་དུས་གཅིག་ཏུ་སྔགས་བཟླ་ཞིང༌། དེ་བཞིན་དུ་མདུན་གྱི་ནམ་མཁར་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བཞུགས་པ་རྣམས་དང༌། ཁམས་གསུམ་སེམས་ཅན་ཐམས་ཅད་ཡི་དམ་གྱི་སྐུར་གྱུར་པས་སྔགས་སྒྲ་དི་རི་རི་སྒྲོགས་པར་བསམ། དེར་མ་ཟད་འབྱུང་བའི་སྒྲ་སྐད་ཐམས་ཅད་ཀྱང་ཀཱི་ལ་ཡའི་རང་སྒྲར་གྲགས་པར་བསམ་ལ་བཟླ་བ་ནི་སྒྲུབ་པའི་ཡན་ལག་གོ །གསུམ་པ་མགར་
གྱི་ཚྭ་ཚྭ་སྤྲོ་བ་ལྟ་བུའི་ཚུལ་ནི། དཀྱིལ་འཁོར་གསུམ་གྱི་ལྷ་ཚོགས་རྣམས་ལས་སྤྲུལ་པ་ཁྲོ་ཆུང་མཚོན་ཐུན་གྱི་ཚོགས་དྲག་ཅིང་ཚལ་རྩུབ་པ་དཔག་ཏུ་མེད་པ་སེར་ཐུན་དང་ཐོག་རྒོད་བབས་པ་ལྟར་འཕྲོས་ཤིང་སྔགས་སྒྲ་འབྲུག་སྟོང་དུས་གཅིག་ལྡིར་བ་ལྟར་སྒྲོགས་པ་དང༌། སྔགས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་ལྟར་འཕྲོས་པས་ལོག་པར་འདྲེན་པའི་བདུད་བགེགས་དང་འབྱུང་པོ་ཐམས་ཅད་ཐུལ་ཐུལ་བསྲེགས་ཏེ་ཐལ་བའི་རྡུལ་ཕྲན་བཞིན་བརླག་པར་བསམ་ཞིང་དྲག་སྔགས་བཟླ་བ་ནི་མངོན་སྤྱོད་སྒྲུབ་པའི་ཡན་ལག་གོ །བཞི་པ་གྲུབ་མཐའ་ལམ་ལོངས་ཀྱི་ཚུལ་དུ་བཟླ་བ་ནི། གཟུགས་སུ་སྣང་བ་ཐམས་ཅད་སྣང་སྟོང་དབྱེར་མེད་དཔལ་ཆེན་ཧེ་རུ་ཀའི་སྐུའི་རང་བཞིན། སྒྲར་གྲགས་པ་ཐམས་ཅད་གྲགས་སྟོང་འགགས་མེད་ཀཱི་ལ་ཡའི་རང་སྒྲ། དྲན་རྟོག་ཐམས་ཅད་རང་ཤར་རང་གྲོལ་ཆོས་ཉིད་ཡེ་ཤེས་ཀྱི་རོལ་པ་ཆེན་པོར་ཤེས་པའི་ངང་ནས་འཛིན་མེད་དུ་བཟླ་བ་ནི་སྒྲུབ་པ་ཆེན་པོའི་ཡན་ལག་གོ །ལྔ་པ་ཤེས་པ་གསུམ་ལྡན་གྱི་གནད་ནི། སྔགས་ཀྱི་འོད་ཟེར་དཔག་ཏུ་མེད་པ་རེ་རེ་བཞིན་ཡང་རྡོ་རྗེ་གཞོན་ནུ་བསམ་གྱིས་མི་ཁྱབ་པར་གྱུར། དེ་རེ་རེའི་ཞལ་ནས་ཀྱང་དེ་འདྲ་བའི་སྔགས་དང་སྤྲུལ་པ་སྤྲོས་པས་སྣང་སྲིད་ཐམས་ཅད་ཁྲོ་བོ་ཁྲོ་མོས་
ཁེངས་པར་བསམ་པ་ནི་ཀཱི་ལ་ཡ་ལྷར་ཤེས་པ། སྔགས་ཀྱི་འོད་ཟེར་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་སྒྲིབ་པ་མཐའ་དག་སྦྱངས་ཉོན་མོངས་པ་ཆོས་ཉིད་དུ་ལྷན་ལྷན་སོང༌། བདག་གཞན་ཐ་དད་དུ་འཛིན་པའི་ཞེན་རྟོག་དག །ཆོས་ཐམས་ཅད་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཅིང་དབྱེར་མེད་པར་ཤེས་པ་ནི་ཀཱི་ལ་ཡ་ཆོས་ཉིད་དུ་ཤེས་པ། སྟོད་ལས་དང་དམིགས་བསལ་ཚེ་སྒྲུབ་པའི་སྐབས་སུ། སྔགས་ཀྱི་འོད་ཟེར་ལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་འཕྲོས། ཕྱོགས་སྐྱོང་སྡེ་བརྒྱད་ཀྱི་ལག་ནས་རང་གཞན་གྱི་བླ་ཚེ་བརྐུས་པ་འཕྲོག་པ་ཡར་བ་རྣམས་དང༌། རྒྱལ་བ་སྲས་དང་བཅས་པའི་སྐུ་ཚེའི་དངོས་གྲུབ། དྲང་སྲོང་རིག་འཛིན་འཇིག་རྟེན་ཆེ་རྒུ་རྣམས་ཀྱི་ཚེ་དང་བསོད་ནམས། བརྟན་གཡོའི་བཅུད་ཀྱི་དྭངས་མ་ཐམས་ཅད་འུབ་ཀྱི་བསྡུས་ནས་རང་དང་བསྲུང་བྱ་ལ་ཐིམ་པས་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་ཚེ་ཐོབ་པར་བསམ་པ་དང༌། སྨད་ལས་ངན་སྔགས་དང་འབྲེལ་བའི་སྐབས། དགྲ་བོའི་སྙིང་གི་ཁྲག་སྦལ་ནང་ནས་རྣམ་པར་ཤེས་པ་ནྲྀ་དང༌། བགེགས་ཀྱི་ཤེས་པ་ཏྲི་ཡིག་གི་རྣམ་པས་བཀུག་ནས་ལིང་ག་ལ་བསྟིམས་པ་སྔགས་ཀྱི་མཐུ་དང་
དབལ་ཟེར་གྱིས་གཞོབ་རོ་རྡོག་པས་བརྫིས་པའམ་གྲོད་ལྐོག་མེ་ལ་བཤུར་བ་ལྟར་སྐུམ་ཧྲི་ལེར་སོང་བར་བསམ་པ་ནི་ཀཱི་ལ་ཡ་འགུགས་གཞུག་ཏུ་ཤེས་པའོ། །འདི་དག་གི་སྐབས་སུ་བཟླ་བྱའི་སྔགས་ནི། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ། ཅེས་སྲོག་སྔགས་འབྲུ་དགུ་དང༌། སརྦ་བིགྷྣཱན་བཾ་ཞེས་ལས་སྔགས་འབྲུ་ལྔ་དང༌། ཛཿཧཱུཾ་ཨཱཿ ཞེས་མཁའ་འགྲོའི་འཕྱོང་སྔགས་འབྲུ་གསུམ་སྟེ། དེ་རྣམས་སྦྲེལ་བའི་འབྲུ་བཅུ་བདུན་པ་ཁོ་ན་ཆིག་དྲིལ་དུ་བཟླའོ། །གཉིས་པ་དམ་ཅན་ཉེ་བར་བསྙེན་པ་ལ། རྩ་བ་དང༌། ལས་སྦྱོར་གཉིས་ཀྱི། དང་པོ་ནི། བདག་དང་སྲས་མཆོག་གི་ཐུགས་ཀར་དམ་ཅན་འདུས་པའི་སྔགས་ཀྱིས་བསྐོར་བར་བསམ། བཟླས་པ་བྱས་པས་སྔགས་ལས་འོད་ཟེར་དམར་པོ་ཛཿཡིག་གི་རྣམ་པ་ཕྱོགས་བཅུར་འཕྲོས། དམ་ཅན་རྣམས་རང་རང་གི་གནས་ནས་ལྕགས་ཀྱུའི་རྡུལ་གྱིས་རང་དབང་མེད་པར་བཀུགས་ཤིང་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཐིབས་ཀྱིས་འདུས་ཏེ། ཐམས་ཅད་ཀྱིས་བདག་གིས་ཅི་བགྱི་དཔའ་བོ་ཆེན་པོས་བཀའ་སྩོལ་ཅིག །ཅེས་ཟེར་ནས་བཀའ་ཉན་ཅིང་ལས་བྱེད་པའི་ཚུལ་དུ་འདུག་པར་བསྒོམ། གཉིས་པ་ནི། ཐུན་མཐར་དེ་དག་ལས་ལ་རྔམས་པའི་ཚུལ་དུ་འདུག་པ་ལ་ཐུགས་ཀའི་འོད་ཟེར་རྩུབ་ཅིང་གདུང་
བས་བསྐུལ། དེ་མ་ཐག་ཏུ་རི་དྭགས་ལ་ཤ་ཁྱི་བཀྱེས་པ་ལྟར་རྔམས་ཤིང་འཁྲུགས་ནས་ཧབ་དི་རི་རི་སོང་སྟེ་དམིགས་བྱ་གང་ཡིན་པའི་དགྲ་བགེགས་རྣམས་ལྕགས་ཀྱུས་བཟུང༌། མཚོན་ཆས་བཏབ། ལ་ལས་ཤ་ཟོས། ལ་ལས་ཁྲག་འཐུང༌། ལ་ལས་རུས་པ་འཆའ། ཕུང་པོ་ལྷག་མ་མེད་པར་བརླག་པར་བསམ་ལ་བཞི་སྙིང་གཅིག་དྲིལ་བཟླའོ། །གསུམ་པ་ངན་སྔགས་ཉེ་བར་བསྙེན་པ་ནི། ཐུན་མོང་དུ་མགར་གྱི་ཚྭ་ཚྭ་སྤྲོ་བ་ལྟ་བུའི་དམིགས་གནད་དང་བཅས་བསྙེན་སྔགས་ལ་སྤུ་གྲིའི་དྲག་སྔགས་བརྒྱད་ཅུ་རྩ་བཞི་པ་ཉིད་སྦྲེལ་ཏེ་བཟླ་ཞིང༌། ཁྱད་པར་ཕྲིན་ལས་ལ་དམིགས་པའི་ཛཔྲ་དགོངས་དང་འབྲེལ་བར་གབ་པའི་སྔགས་དྲུག་བཟླ་བའི་ཚུལ་ནི་སྨད་ལས་ངན་སྔགས་སྒྲུབ་པའི་མན་ངག་ལས་ཤེས་སོ། །གཉིས་པ་ཇི་ལྟར་བཟླ་བའི་ཚུལ་ལ། ལུས་ངག་ཡིད་ཀྱི་གནད་གསུམ་ལས། དང་པོ་ལུས་ཀྱིས་བཟླ་ཚུལ་ལ། གང་ལ་ཟླ་ན་ཕྲེང་བ་སྟེ། དེའི་རྒྱུ་ནི། སྤྱིར་ལས་བཞི་སོགས་ཀྱི་ངེས་པས་དབྱེ་བ་མང་ཡང་བསྡུ་ན། སྔགས་སྒྲུབ་མན་ངག་རིན་ཆེན་ཕྲེང་བ་ལས། ཕྲེང་བའི་བྱེ་བྲག་བོ་དྷི་ཙེ་བཟང་པོ། །ཀུན་ལ་ཤིས་པས་སྤྱི་ཡི་བཟླས་པ་ནི། །རུ་རཀྴ་ནི་ཁྲོ་བོའི་བཟླས་པའམ། །དྲག་པོའི་ལས་ལ་རབ་
ཏུ་བསྔགས་པར་བཤད། །ཅེས་སོགས་གསུངས་པས་སྤྱིར་བོ་དྷི་ཙེ་ལས་ཐམས་ཅད་ལ་བསྔགས་པར་བཤད་དེ། རྒྱུད་གཞན་ལས་ཀྱང༌། བོ་དྷི་ཙེ་ཡིས་གྲངས་མེད་འགྱུར། །ཞེས་གསུངས། བྱེ་བྲག་འདིར་ནི་དྲག་པོའི་ཕྲིན་ལས་ཀྱི་དབང་གིས་རུ་རཀྴ་དང་ཐོད་པའི་ཕྲེང་བ་མཆོག་ཏུ་ཤིས་ཏེ། རཀྴ་ཐོད་པ་མཆོག་དུ་བསྔགས། །ཞེས་སོ། །གང་ཡང་གཞན་གྱིས་ལོངས་མ་སྤྱད་པ་ཉིད་གཞོན་ནུ་མས་བཀལ་བའི་སྲད་བུ་ཡེ་ཤེས་དགུ་དང་རིགས་ལྔ་སྐུ་གསུམ་སོགས་མཚོན་པའི་དགུ་བསྒྲིལ་ལྔ་བསྒྲིལ་སུམ་བསྒྲིལ་རྣམས་ཇི་ལྟར་འཚམས་པ་ལ་བརྒྱུས་ཤིང༌། ཇི་སྐད་དུ། ཕྲེང་བ་ཀུན་གྱི་དགྲ་བཅོམ་པ། །མཆོད་རྟེན་ཆོས་ཀྱི་ཕུང་པོའི་ཕྱིར། །ཞེས་དང༌། སྟེང་དུ་ཡང་ནི་ཆོས་ཀྱི་དབྱིངས། །ཞེས་སྐུ་གཉིས་མཚོན་པའི་མདོ་འཛིན་ཉིས་བརྩེགས་སུ་ཡོད་པར་བྱས་ཏེ། བསང་སྦྱངས་ལྷར་བསྐྱེད་བསྟིམ་ནས་ཕྲེང་བའི་རྣམ་པར་བསྒྱུར་བ་རུ་ཙི་ར་སོགས་ཀྱི་སྔགས་བཟླས་པས་བྱིན་གྱིས་བརླབས་པའོ། །གང་གིས་བཟླ་ན་ལག་པའི་སོར་མོས་སོ། །ཇི་ལྟར་བཟླ་ན། དེ་ལས། ཀུན་ཀྱང་མཐེབ་མཛུབ་གཉིས་ཀྱིས་འཛིན་པར་བསྔགས། །དྲག་པོ་གཡས་པའི་མཐེབ་སྲིན་གཉིས་ཀྱིས་བགྲང༌། །ཞེས་པས་དྲག་པོའི་ལས་ལ་གཡས་མཐེབ་སྲིན་སྦྱར་བའི་ཆོས་འབྱུང་གི་
རྒྱས་འདྲེན་པར་བཤད་ཅིང༌། ལས་གཞན་རྣམས་ལ་གཡོན་པས་བགྲང་བར་བྱ་སྟེ། འདྲེན་ཚུལ་སོར་མོ་བཞི་སྦྱར་བའི་མཛུབ་མོའི་སྟེང་དུ་ཕྲེང་བ་བཞག་ནས་མཐེ་བོང་རྡོ་རྗེ་ལྕགས་ཀྱུའི་རྣམ་པས་སོ། །ཡང་དམིགས་བསལ་དུ། ཞི་བ་ལ་མཐེབ་མཛུབ་ཀྱིས་སྙིང་གར། རྒྱས་པ་ལ་གོང་མོའི་ཁར་ལྟེ་བར། དབང་ལ་སྲིན་ལག་སྟེང་གསང་བར། དྲག་པོ་ལ་མཐེའུ་ཆུང་ཁར་པུས་སྟེང་རྣམས་སུ་བགྲང་ཞིང༌། བཟློག་བསང་སོགས་སྐབས་འགར་མཐེ་བོང་སྟྭ་གྲི་དང་མཛུབ་མོ་ལྕགས་གཏན་ཕྲེང་རྡོག་བྱད་མའི་མགོ་བོར་དམིགས་པས་ཕྲེང་བ་ཕྱིར་བསྣུར་ཏེ་སྐེ་བཅད་པའི་དམིགས་པ་སོགས་སྐབས་ཐོབ་ཤེས་དགོས་པའོ། །གཉིས་པ་ངག་གི་བཟླ་ཚུལ་ལ། གང་བཟླ་ན། ལྷའི་སྙིང་པོ་བསྙེན་པའི་སྔགས་རྣམས་སོ། །གང་གིས་བཟླ་ན། སྔགས་ཀྱི་སྒྲར་སྣང་བའི་ཚུལ་དུ་ཡིད་ཀྱིས་སམ་སྒྲར་གྲགས་པའི་ཚུལ་དུ་ལྕེ་རྐན་འཕྲད་པའི་རྩོལ་བས་སོ། །ཇི་ལྟར་བཟླ་ན། སྒྲ་ཧ་ཅང་ཆེ་བ་དང༌། ཆུང་བ་དང༌། ཡི་གེ་ཐུང་བ་རྣམས་དལ་བུར་འདོན་པ་དང༌། རིང་བ་རྣམས་མྱུར་པོར་འདོན་པ་དང༌། ཧ་ཅང་གསལ་ཆེས་པའམ་མི་གསལ་བ་དང༌། ཐུན་སྒང་དུ་མི་དང་གཏམ་འདྲེས་པའི་སྔགས་དང་འདོན་པ་གཞན་བྱེད་པ་
སོགས་ཚིག་གཞན་གྱིས་བར་ཆོད་པ་དང༌། སེམས་གཞན་དུ་ཡེངས་པ་སོགས་ཀྱི་སྐྱོན་སྤངས་ནས་བཟླ་སྟེ། རྔམས་གློག་ལས། སྒྲ་ཆེན་མ་ཡིན་ཆུང་བ་མིན། །མགྱོགས་པར་མ་ཡིན་བུལ་བ་མིན། །དྲག་པར་མ་ཡིན་ཞན་པ་མིན། །ཡིག་འབྲུ་ཡན་ལག་ཉམས་པ་མིན། །ཡེངས་པས་མ་ཡིན་སྨྲ་བཞིན་མིན། །གླལ་སོགས་བར་དུ་ཆོད་པས་མིན། །ཞེས་དང༌། མཚོ་རྒྱལ་ཞུས་ལན་ལས། སྐྱོན་ལྔ་སྤངས་ཏེ། དག་པ་གཙང་བ་སི་ལི་ལི་བཟླའོ༔ སྐྱོན་ལྔ་གང་ཞེ་ན༔ མྱུར་ཏེ་སྒྲ་འདྲེས་ན་འབྱམས་ཏེ་འབྲུ་འདྲེས་པའི་སྐྱོན་ཡོད༔ བུལ་ཞིང་འཆལ་ན་བྱེར་བའི་སྐྱོན་ཡོད༔ དྲག་ཅིང་སྒྲ་ཆེ་ན་ཕོག་ཐུག་འོང་ཞིང་བྱིན་རླབས་ཡལ༔ ཞན་ཅིང་སྒྲ་ཆུང་ན་ནུས་པ་མི་ཐོན༔ ལྷག་ཆད་མེད་པར་སྒྲ་དག་ཟུར་ཐོན་མ་འདྲེས་གསལ་དག་ཏུ་བཟླ་བར་བྱའོ༔ ཞེས་གསུངས་པ་ལྟར་སྐྱོན་རྣམས་སྤངས་ནས། སྤྱིར་བཟླས་པ་ཡིད་བཟླས། བྱེ་བྲག་ལས་གང་ལ་མཐུན་པའི་ཚུལ་གྱིས་བཟླ་བ་སྟེ། ཞི་བར་ཤུབ་བུར་གོང་བས་ཐོས་ཙམ་དུ་བཟླ། རྒྱས་པར་རྐང་པས་ཐོས་ཙམ་དུ་བཟླ། དབང་ལ་གྲོགས་པོར་སྙིང་གཏམ་འཆད་པ་ལྟར་གཞན་གྱིས་ཐོས་ཙམ་དུ་བཟླ། དྲག་པོར་གནམ་ལྕགས་ཀྱི་ཐོག་
བབས་པ་ལྟར་ཁོངས་ཤུགས་བསྐྱེད་དེ་བཟླའོ། །གསུམ་པ་ཡིད་ཀྱི་བཟླ་ཚུལ་ལ། གང་བཟླ་ན་ཏིང་ངེ་འཛིན་ནོ། །གང་གིས་བཟླ་ན་སེམས་རྩེ་གཅིག་པའི་དྲན་པས་སོ། །ཇི་ལྟར་བཟླ་ན་དྲན་པ་དེས་སེམས་ཏིང་ངེ་འཛིན་ལས་གཞན་དུ་མི་གཏོང་བར་རྩེ་གཅིག་ཏུ་འཛིན་པ་སྟེ། དེ་ཡང་ཡང་བསྐྱར་བས་བཟླས་པའོ། །དེ་ཡང་སྲོག་སྡོམ་གཟེར་བཞིའི་གནད་ལ་གཅུན་པར་བྱེད་པ་སྟེ། རྒྱུད་ལས། ཏིང་འཛིན་གཟེར་དང་སྙིང་པོའི་གཟེར། །དགོངས་པའི་གཟེར་དང་འཕྲོ་འདུའི་གཟེར། །ཞེས་བཞིར་གསུངས་པའི་དང་པོ་ནི། ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མི་བྱ། །ཞེས་དང༌། གཉིས་པ་ནི། སྙིང་པོ་སྔགས་གཟེར་ཡོངས་རྫོགས་ཀྱི། །གཙོ་བོའི་སྔགས་དང་སེལ་མེད་བཟླ། །ཞེས་དང༌། གསུམ་པ་ནི། དགོངས་པའི་གཟེར་ནི་ཞི་ཁྲོའི་ལྷ། །ཡོངས་རྫོགས་དཔལ་ཆེན་རང་སེམས་ལས། །གུང་ན་མེད་ཅིང་རཱུ་དྲ་ཡང༌། །ལོག་ན་མེད་དོ་རང་གི་སེམས། །སེམས་ཉིད་སྟོང་པ་ཆོས་ཀྱི་སྐུ། །ཞེས་སོགས་དང༌། བཞི་པ་ནི། འཕྲོ་འདུའི་གཟེར་ནི་དམིགས་པ་ཡིས། །བསྒྱུར་ཁ་ཤེས་ན་འདོད་རྒུར་འགྱུར། །ཞེས་སོ། །གསུམ་པ་ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔྲ་དགོངས་ནི། ཡིད་ལ་དྲན་རྟོག་ཅི་འགྱུ་ཡང་ཆེད་
དུ་མི་སྤང་ཆེད་དུ་མི་སྒྲུབ་པར་གང་ཤར་དེ་ཀའི་ངང་ལ་ཅེ་རེ་བལྟས་པས། སྣང་རིག་ངོས་བཟུང་མེད་པར་རྗེན་ནེ་བ་དམིགས་མེད་བསམ་བརྗོད་དང་བྲལ་བའི་སྟོང་པ་ཉིད། མདངས་བདེ་བ་ཆེན་པོའི་རོལ་པར་མ་འགགས་ཤིང༌། རྩལ་ཅིར་ཡང་འཆར་བའི་ཟུང་འཇུག་འདི་ཀ་དངོས་པོའི་གནས་ལུགས་ཏེ་གདོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་རང་བྱུང་གི་ཡེ་ཤེས་ལྷུན་རྫོགས་ཐིག་ལེ་ཆེན་པོར་ངོ་ཤེས་པར་བྱ་ཞིང༌། དེ་ལྟར་མ་རྟོགས་པ་ལ་སྙིང་རྗེ་བསྐྱེད། སྙིང་རྗེའི་རང་མདངས་འགགས་མེད་དུ་གསལ་བ་སྤྲོས་བྲལ་ངོས་བཟུང་མེད་པའི་གཤིས་ལུགས་སུ་ལ་བཟླ་སྟེ། ཡུལ་མེད་རང་གསལ་རྗེན་པར་བསྐྱང་བའོ། །དེའང་ཇི་སྐད་དུ་རྩ་གཞུང་ལས། སྐུ་གསུམ་རྡོ་རྗེ་ཕུར་པ་ནི༔ དུག་གསུམ་བསྒྲལ་བའི་ཀློང་ནས་ལངས༔ ངོ་བོ་ཁྱབ་བརྡལ་མཐའ་བྲལ་ཉིད༔ སྟོང་པའི་ཡེ་ཤེས་ཆོས་ཀྱི་དབྱིངས༔ ཁྱབ་བརྡལ་ཆོས་སྐུའི་ཕུར་པའོ༔ རང་བཞིན་འགགས་མེད་རྩལ་སྣང་བ༔ གསལ་བའི་ཡེ་ཤེས་སོ་སོར་གསལ༔ ཞེན་མེད་འཛིན་མེད་རང་སར་ཀློད༔ མ་འགགས་ལོངས་སྐུའི་ཕུར་པའོ༔ ཐུགས་རྗེ་ཕྱོགས་མེད་རང་གྲོལ་གྱི༔ ཀུན་ཁྱབ་ཡེ་ཤེས་གཟུགས་སྐུར་ཤར༔ དྲན་ཙམ་རང་ངོར་རྫོགས་ལ་ལྟོས༔ ཕྱོགས་མེད་སྤྲུལ་སྐུའི་ཕུར་པའོ༔ སྐད་ཅིག་འཁོར་བའི་
འཁོར་ལོ་རྫོགས༔ སྐད་ཅིག་རྒྱལ་ཀུན་དཀྱིལ་འཁོར་རྫོགས༔ རང་སྣང་ཞིང་ལ་རང་རིག་ལྷ༔ ཤར་གྲོལ་འཁོར་གྱི་རོལ་པའོ༔ སྟོང་ཉིད་ཆོས་དབྱིངས་ཕུར་པ་སྟེ༔ གསལ་བ་བཛྲ་ཀཱི་ལ་ཡ༔ མཉམ་ཤར་རཏྣ་ཀཱི་ལ་ཡ༔ སོ་སོར་རྟོག་པ་པདྨའི་སྐུ༔ ཤར་གྲོལ་དབང་ཐོབ་ལས་ཀྱི་བདག༔ དོན་ལ་རིག་པའི་རང་ངོར་རྫོགས༔ རིག་པ་ཁྱབ་བདག་རྡོ་རྗེ་འཆང་༔ རིག་པ་སྒྱུ་འཕྲུལ་སྣ་ཚོགས་བདག༔ རིག་པ་འཁོར་འདས་དབང་ཕྱུག་གོ༔ རིག་པ་འདོད་དགུའི་འབྱུང་གནས་སོ༔ མ་རིག་སངས་པའི་རིག་པ་ནི༔ གྲོལ་བྱེད་རང་དབང་རང་ལ་འབྱོར༔ སྐད་ཅིག་གཅིག་གི་བྱེ་བྲག་གིས༔ སྐད་ཅིག་རྫོགས་པའི་སངས་རྒྱས་ལམ༔ གཞན་དུ་འཚོལ་བས་ལྷ་མི་རྙེད༔ རང་ཉིད་ལྷ་ལ་ལྷ་ཉིད་རང་༔ སྣང་བ་རྣམ་དག་ཞིང་གི་མཆོག༔ རིག་པ་ལྷ་ཡི་ལྷ་མཆོག་ཡིན༔ མ་བཅོས་མ་བཙལ་རང་བྱུང་བའི༔ ལྷན་སྐྱེས་རིག་པའི་ཡེ་ཤེས་ཉིད༔ གདོད་ནས་ཡེ་གནས་མངོན་གྱུར་བ༔ ལྟ་བ་གྱད་ཀྱི་ལྷ་ཉིད་དོ༔ ཞེས་གསུངས་སོ། །བཞི་པ་ཡོན་ཏན་དབང་དང་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་ནི། འོག་ཏུ་བསྙེན་པའི་ལག་ལེན་གྱི་སྐབས་སུ་འཆད་པར་འགྱུར་ཞིང༌། ལྔ་པ་ཕྲིན་ལས་ལ་དམིགས་པའི་སྤུ་གྲིའི་འཕྲུལ་
འཁོར་བསྐོར་བའི་ཚུལ་ནི་གཞན་དུ་ཤེས་སོ། །དེ་ལྟར་བཟླས་པའི་སྐབས་སུ་བསྙེན་པ་སྟོང་སྟོང་ཚང་བའམ་ཐུན་མཚམས་རྣམས་སུ་ཐུགས་དམ་བསྐུལ་བའི་དོན་དུ་སྨན་རཀ་གཏོར་མ་ལ་སོགས་པས་མཆོད་ཅིང་བསྟོད་ནས་མངོན་པར་འདོད་པའི་དངོས་གྲུབ་རྒྱུན་དུ་བསྐུལ་ཞིང༌། བསྙེན་པ་གྲུབ་ནས་དུས་ཀྱི་དངོས་གྲུབ་ཆེད་དུ་བསྐུལ་ཏེ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ལ། ཐོག་མར་ཚོགས་ཀྱི་མཆོད་པ་ནི། ཚོགས་གཞོང་རིན་པོ་ཆེའི་མཆོད་སྡོང་པདྨ་འདབ་མ་སྟོང་ལྡན་གྱི་སྙིང་པོར་ཚོགས་རྫས་རྣམས་ཉི་ཟླ་པདྨའི་དཀྱིལ་འཁོར་ལ་གནས་པའི་ཧཱུཾ་མཐིང་ནག་འབར་བར་གྱུར། ཧཱུཾ་ལས་རཾ་ཡཾ་ཁཾ་བྱུང་བས་ཡེ་ཤེས་ཀྱི་མེ་རླུང་ཆུས་མ་དག་པའི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས། ཚོགས་རྫས་ཤ་ལྔ་བདུད་རྩི་ལྔས་མཚན་པར་ཧཱུཾ་མཱུཾ། ཨོཾ་ལཱཾ། སྭཱ་མཱཾ། ཨཱཾ་པཱཾ། ཧཱ་ཏཱཾ་རྣམས་ལས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་གསང་བྱང་སེམས་བདུད་རྩིའི་རྒྱུན་གྱི་ཟེར་རླངས་ལས་ཕྱོགས་དུས་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་མ་ལུས་པ་ཡིག་འབྲུ་གསུམ་གྱི་རྣམ་པར་བསྡུས་ཏེ་ཐིམ། རིགས་ལྔ་ཡབ་ཡུམ་ཀྱང་འོད་དུ་ཞུ་ཞིང་འདྲེས་པ་ལས་དམ་ཚིག་གི་བདུད་རྩི་ཡེ་ཤེས་ཆེན་པོའི་རང་བཞིན་འདོད་ཡོན་གྱི་རྣམ་པ་ཅིང་ཡང་འཆར་བར་བསམ།
ཚོགས་ཞིང་རྩ་བ་གསུམ་གྱི་ལྷ་ཚོགས་ནམ་མཁའ་གང་བར་བྱོན་པ་རྣམས་སྔར་གྱི་དཀྱིལ་འཁོར་དང་དབྱེར་མེད་དུ་བཞུགས་པར་མོས་ལ། ཚོགས་རྫས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པར་འཕྲོ་བས་དགྱེས་པ་བསྐྱེད་པར་བསམ་ཞིང་འདོད་ཡོན་གྱི་ལྷ་མོས་སྤྱིར་མཆོད་ཅིང༌། བྱེ་བྲག་ཚོགས་ཕུད་ཆ་དང་པོ་ཞལ་ཟས་འདོད་ཡོན་ལོངས་སྤྱོད་ཀྱི་རང་བཞིན་མཆོད་པའི་ཚུལ་དུ་འབུལ། ཆ་བར་པ་བདུད་རྩིའི་ཐོད་ཞལ་དུ་མས་ཉམས་ཆག་བཤགས་པའི་ཆེད་དུ་འབུལ། ཚོགས་ཐ་མ་གདབ་ལས་དྲིལ་ཐུན་དང་འབྲེལ་བར་སྟོབ་པའི་ལས་རིམ་ལ། བདག་ཉིད་དཔལ་ཆེན་པོའི་ཐུགས་ཀ་ནས་སྤྲུལ་པའི་ཁྲོ་ཚོགས་ཕོ་ཉ་གྲངས་མེད་པ་སྟོང་ཁམས་གང་བར་འཕྲོས་པས་དམིགས་བྱ་རང་དབང་མེད་པར་བཀུག་སྟེ་མདུན་གྱི་ལིང་ག་ལ་བསྟིམ་པར་བསམ་ཞིང༌། བདེན་སྟོབས་བརྗོད་པས་བཀུག་ཅིང་བསྟིམས་ནས་ཕོ་ཉ་བསྐུལ། ཨོཾ་ལཾ་ཧཱུཾ་ལཾ་སོགས་ཀྱི་སྐབས་སྲས་མཆོག་གི་ཕུར་བུ་འདྲིལ་ཞིང༌། ཚེ་ཁྲུས་ཀྱི་ལུང་མདོར་བསྡུས་ནི། བདག་དབལ་ཆེན་པོ། ཕུར་བུ་སྲས་མཆོག །ལིང་ག་དགྲ་བགེགས་དངོས་སུ་གསལ་ལ། སྲས་མཆོག་གི་སྤྱི་བོར་ཧཱུཾ་ཀཱ་ར། དེའི་སྤྱི་བོར་ཨ་དཀར་པོ། ཨ་འོད་དུ་ཞུ་ནས་ཧཱུཾ་ཀཱར་ལ་ཐིམ། དེ་འོད་དུ་ཞུ་ནས་ཕུར་བུ་
ལ་ཐིམ། ཕུར་བུ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་མཆོད་ཅིང་སེམས་ཅན་གྱི་སྒྲིབ་པ་སྦྱངས། བྱིན་རླབས་དང་ཚེ་བཅུད་ཀྱི་དྭངས་མ་ཐམས་ཅད་བསྡུས་ཏེ་ཕུར་བུ་ལ་ཐིམ་པས་གཟི་བྱིན་མཆོག་ཏུ་འབར། དེ་ཉིད་དམིགས་བྱའི་སྙིང་དཀར་ནག་མཚམས་སུ་གཏད་དེ་བསྒྲིལ་བས་ཕུར་བུ་ལས་འབར་བའི་འོད་ཟེར་གྱིས་ཁོའི་སྡིག་སྒྲིབ་ཐམས་ཅད་བསྲེག །ཚེ་བསོད་བཀྲག་མདངས་ཀྱི་དྭངས་མ་ཐམས་ཅད་བསྡུས་ནས་ཧཱུཾ་དུ་གྱུར་པ་དེ་ཕུར་བུ་ལ་ཐིམ། ཕུར་བུ་རང་གི་སྙིང་གར་གཏུགས་པས་ཁོའི་ཚེ་བསོད་རང་ལ་འདུས་པས་བདག་གི་རྡོ་རྗེའི་ཚེ་སྲོག་བརྟན་པར་བྱས། སླར་ཡང་ཕུར་བུ་ཁོའི་སྙིང་གར་གཟིར་བས་སྒོ་ལྔའི་རྣམ་ཤེས་ཀུན་གཞི་ལ་འུབ་ཀྱིས་འདུས་ནས་ཧཱུཾ་དུ་གནས་གྱུར་ཏེ་ཕུར་བུ་ལ་ཐིམ་པས་ཁོ་བྱུང་ཚོར་གྱི་རྟོག་པ་འགག་ནས་ནག་ཐིབས་ཀྱིས་སོང༌། རྣམ་ཤེས་ནྲྀ་རུ་གནས་པ་དེ་ཕུར་བུས་ཙན་གྱིས་བླངས་ཏེ་ཨ་ཧཱུཾ་དུ་བྱིན་གྱིས་བརླབས་ནས་ཕཊ་ཀྱིས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་སྤར་བས་རྡོར་སེམས་ཀྱི་སྲས་སུ་གྱུར་ཏེ་སངས་རྒྱས་པར་བསམ་པ་ནི་བརྟེན་པ་དབྱིངས་སུ་བསྒྲལ་བའོ། །སླར་ཡང་བག་ཆགས་ཀྱི་རྟེན་གཞི་བསྒྲལ་བའི་ཕྱིར་ལས་ཕུར་གནས་སོ་སོར་གདབ་ཅིང་ཐུན་རྫས་སྣ་
ཚོགས་པས་ཀྱང་བྲབ། མཚོན་ཆས་ཆར་དབབ་པར་བསམ་ཞིང་རལ་གྲིས་དུམ་བུར་གཏུབས། ཐོ་གཏུན་མཁའ་གསང་དབྱིངས་རིག་གི་སྦྱོར་བས་གཟུགས་ཕུང་ཟག་མེད་དུ་བཅོམ་པར་བསམ་ལ་ཐོ་བས་བརྡུང་མཐར། སྙིགས་མའི་ལུས་བདུད་རྩིར་སྦར་བ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་བསྟབས་པས་དགྱེས་པར་རོལ་ཏེ་ཧ་ཧ་ཧ་ཞེས་བཞད། ཧཱུཾ་ཧཱུཾ་ཧཱུཾ་ཞེས་དངོས་གྲུབ་སྩལ་ནས་འོད་གསལ་དུ་ཞུ། ཕཊ་ཕཊ་ཕཊ་ཅེས་དེ་ལས་སད་བའི་སྣང་ཆ་ཆོས་ཉིད་ཀྱི་བདེན་པའི་ངང་བསྐྱང་ངོ༌། །དེ་ནས་བདག་རྩ་བའི་དཀྱིལ་འཁོར་རྩ་བ་གསུམ་འདུས་སུ་གསལ་བཏབ་སྟེ། བདུད་རྩིའི་ལོངས་སྤྱོད་ཐ་མལ་གྱི་ཞེན་ཆགས་དང་བྲལ་བས་བདེ་བ་ཆེན་པོར་རོལ་ཞིང་སྦྱང༌། ལྷག་མ་བཏང་བ་ལ། དཔལ་གྱི་མཆོད་གཏོར་ནས་ཐེབ་ཀྱུ་གཅིག་བླངས་ཏེ་ལྷག་མའི་སྟེང་དུ་ཕམ་ཕབ་བཞག །རྟོགས་དགོངས་དང་ལྡན་པས་དམ་ཚིག་གི་ཁ་ཕྲུ་དངོས་སུ་གདབ་པའམ། མི་ནུས་ན་ལག་གཉིས་མཁའ་དབྱིངས་ཀྱི་ཕྱག་རྒྱ་དང་བཅས་ལྷའི་ང་རྒྱལ་ལ་གནས་པས། རང་གི་ཡ་རྐན་ཧེ་རུ་ཀ་ཡབ་ལྔ། མ་རྐན་ཡུམ་ལྔར་གསལ་བའི་སྙོམས་འཇུག་གི་བྱང་སེམས་ལྷག་མའི་སྟེང་དུ་ལན་གསུམ་ཕབ་པས་དང་པོས་འབག་བཙོག་བཅོམ། གཉིས་པས་བདུད་རྩིར་བསྒྱུར། གསུམ་
པས་མགྲོན་རྣམས་དགྱེས་པ་སྐོང་བའི་སྤྲིན་ཆེན་པོར་གྱུར་པར་མོས་ལ་སྔགས་བརྗོད་ཅིང་ཕྱག་རྒྱ་ལྷག་མའི་སྟེང་དུ་སྦུབས་ལ་བདུད་རྩི་དབབ། དེ་ཉིད་དལ་གྱི་ལྷོ་ནུབ་ཞིང་ཆེན་བཀྲམ་པའི་གདན་ལ་བཀོད་དེ་སླར་ཡང་སྨར་རཀ་བྲན་ཅིང་བྱིན་གྱིས་བརླབས། བདག་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤྭ་ན་བདག་ཉིད་ས་བདག་སྐྱེས་བུ་གིང་དང་དགེ་བསྙེན་དབང་ཕྱུག་བརྟན་མ་ལ་སོགས་པ་ལྷག་མའི་མགྲོན་རྣམས་སྐད་ཅིག་གིས་ལྷགས་པར་བསམ་ཞིང་ཨེ་ཨ་རལླིས་བཀུག་ནས་ཉེར་སྤྱོད་ལྔས་མཆོད། མགྲོན་རྣམས་ཧེ་རུ་ཀའི་ཟིལ་མ་བཟོད་པའི་ཚུལ་གྱིས་གུས་པའི་ཞེ་སར་བཅས་ཏེ་མདུན་དུ་འཁོད་པར་མོས་ལ་ལྷག་མ་བསྔོ། བསྙེན་སྒྲུབ་ཀྱི་སྐབས་སུ་དམ་ཅན་རྣམས་ཕྲིན་ལས་སྒྲུབ་པ་ལ་ཉེ་བའི་ཕྱིར་སྒྲུབ་པ་མ་གྲོལ་གྱི་བར་དུ་ལྷག་གཏོར་གཏར་འཛིན་ཅིང་མཐར་ཕྱི་རོལ་ཟ་ལམ་དུ་བསྐྱལ་ལོ། །བསྐུལ་བ་ལ། ལྷ་ཚོགས་ཐམས་ཅད་སྔོན་གྱི་ཐུགས་དམ་རྗེས་སུ་བསྐུལ་བས་ཕྲིན་ལས་གཉན་པོ་མཛད་པར་དགོངས་པ་མངོན་དུ་ཕྱོགས་ཏེ་ལས་ལ་ཆས་པར་བསམ། ཆད་མདོའི་སྐབས་སྤྲོ་ན་བར་ཆད་བྱེད་པའི་དགྲ་བགེགས་བཀུག་བསྟིམས་བསྒྲལ་བའི་ཤ་ཁྲག་བདུད་རྩིར་བརླབས། འགུགས་བསྟིམ་མེད་ཀྱང་རུང་སྟེ།
གཏོར་མ་རྣམ་པ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་བཟའ་བའི་གཏོར་ཆེན་མཁའ་དབྱིངས་གང་བ་ལ། ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་བཀའི་སྲུང་མ་འཁོར་དང་བཅས་པའི་ཐུགས་དམ་དགྱེས་པ་སྐོང་བའི་དམ་རྫས་ཆེན་པོར་གྱུར་པར་བསམ། ཐུགས་ཀའི་འོད་ཟེར་ལྕགས་ཀྱུས་དཔལ་ཆེན་རྡོ་རྗེ་སྲིན་པོ་སོགས་གྲུབ་པའི་རིག་འཛིན་ཐམས་ཅད་ཀྱི་སྤྱན་སྔར་དཀྱིལ་འཁོར་གཉན་པོའི་སྲུང་མར་ཞལ་གྱིས་བཞེས་པའི་ཆད་མདོ་ཅན་གྱི་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་ཐམས་ཅད་བཀུག་སྟེ་དབྱར་གྱི་ན་བུན་ལྟར་ལྷགས་པའི་ལྗགས་ལ་དམ་ཚིག་གི་བདུད་རྩི་བྱིན་པར་མོས། དཔལ་ཆེན་པོའི་གཟི་བརྗིད་མ་བཟོད་པའི་ཚུལ་གྱིས་མདུན་དུ་འོད་ཟེར་དཀར་པོ་དར་དཀར་གྱི་ཡོལ་བ་ཙམ་གྱིས་བར་བཅད་པའི་ཕྱི་རོལ་དུ་འཁོད་པ་ལ་སྔོན་གྱི་ཐ་ཚིག་བསྒྲག་ཅིང་ཆད་མདོ་རྗེས་སུ་དྲན་པར་བྱས་ཏེ་གཏོར་མ་འབུལ། དགོས་པ་དམིགས་བསལ་གྱི་སྐབས་ཟོར་དུ་བསྐུལ་ན་སྲུང་མ་རྣམས་ཀྱིས་བཞེས་པའི་ལྷག་མ་གཏོར་མའི་ཕུང་པོ་ཉིད་ནད་དུག་མཚོན་ཆའི་རང་བཞིན་དུ་གྱུར་པ་སྤྲུལ་པའི་དམག་ཚོགས་དཔག་ཏུ་མེད་པ་རྣམས་ཀྱིས་ཆར་ལྟར་ཕབ་པས་དགྲ་བགེགས་རྣམས་ཁ་ཕུང་རྗེས་མེད་དུ་བརླག་པར་བསམ། བརྟན་མ་ལ། ཆད་མདོའི་གཏོར་གཞོང་
སྨན་ཕུད་ཀྱིས་བཤལ་བ་བརྟན་མའི་གཏོར་མར་བླུག་ནས་ཨོཾ་ཨཱཿཧཱུཾ་གིས་ཤེལ་གྱི་གུར་ཁང་རིན་པོ་ཆེའི་མཆོད་སྡོང་ཟག་མེད་ཀྱི་བདུད་རྩི་མཐའ་ཡས་པར་སྤེལ། བརྟན་མ་འཁོར་བཅས་མདུན་དུ་སྔར་བཞིན་གནས་པ་ལ་གཏོར་མ་ཕུལ་བས་དེ་རྣམས་སོ་སོའི་འཁོར་གཡོག་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་གུས་པའི་ཚུལ་གྱིས་དབུ་སྨད་བཞིན་དགྱེས་པ་ཆེན་པོས་གཏོར་མ་བླངས་པ་གསོལ་ཏེ་ཅི་བཅོལ་བའི་ཕྲིན་ལས་བསྒྲུབ་པར་ཁས་བླངས་ནས་རང་གནས་སུ་གཤེགས་པར་བསམ། བྲོ་བརྡུང་ལ། སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པའི་དགྲ་བགེགས་དམ་སྲི་སྒབ་འདྲེ་ཐམས་ཅད་གསེར་གྱི་ས་གཞི་ལ་གཏིང་ཐུག་པའི་ཨེ་གྲུ་གསུམ་གྱི་ནང་དུ་རང་དབང་མེད་པར་བཀུག་པའི་སྟེང་དུ། གཏོར་གཞོང་རི་རབ་འབར་བས་མནན་པའི་སྟེང་རྒྱ་གྲམ་བརྩེགས་པས་དམིགས་བྱ་རྣམས་བསྐལ་པའི་བར་དུ་འགུལ་མི་ནུས་པ། དེའི་སྟེང་དུ་དཔལ་ཆེན་པོའི་ཕོ་བྲང་བཏབ་པར་ཁྲོ་བོའི་ཚོགས་འཁོར་དང་བཅས་པས་རྡོ་རྗེའི་གླུ་བླངས་ཤིང་བྲོ་བརྡུངས་པས་སྲིད་པ་གསུམ་པོ་ཡོམ་ཡོམ་ཤིག་ཤིག་ཏུ་གཡོས་ཧེ་རུ་ཀའི་སྟོབས་ཀྱིས་མཐའ་བཀྲོལ་དུ་མེད་པར་བསམ། རྗེས་ཀྱི་མཆོད་བསྟོད་ནོངས་བཤགས་ཁ་སྐོང་རྣམས་ཀྱི་དམིགས་པ་གོང་བཞིན་དང༌། བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་ཇི་སྲིད་བྱང་ཆུབ་
མ་ཐོབ་ཀྱི་བར་དུ་མི་གཤེགས་ཤིང༌། མདུན་གྱི་སྲས་མཆོག་དང༌། སྒྲུབ་ཕུར་སྐུ་འབག་རས་བྲིས་སོགས་ཀྱི་ཡེ་ཤེས་པ་རྣམས་རྟེན་དེ་ཉིད་ལ་བརྟན་བཞུགས་བྱ། ཏིང་ངེ་འཛིན་གྱི་དཀྱིལ་འཁོར་རྟེན་དང་བརྟེན་པའི་སྣང་ཆ་ཐམས་ཅད་རིམ་བཞིན་བསྡུས་ནས་ན་དཱ་མི་དམིགས་སྟོང་ཉིད་དུ་ཡལ་བར་བསམ་ལ་བསྒོམ་བྱ་སྒོམ་བྱེད་ཀྱི་བློ་རྟོག་འཛིན་རྩོལ་ལས་འདས་པ་རིག་སྟོང་འོད་གསལ་བདེ་བ་ཆེན་པོའི་ངང་ལ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་འགྲོ་བའི་དོན་དུ་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་པར་བྱའོ་སྙམ་པས། སླར་ཡང་སྐད་ཅིག་གིས་རང་ཉིད་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི་སྐུར་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་དང༌། སྣོད་བཅུད་ཐམས་ཅད་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་མོས་ལ་ཀཱི་ལ་ཡའི་སྔགས་ཀྱིས་སྐུ་གསུང་ཐུགས་གསོ། ལུས་ལ་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་གཡོགས་ཤིང་མཚོན་ཆ་ལྔ་དང་མེ་དཔུང་གི་ཀློང་ན་བཞུགས་པས་བར་ཆད་གང་གིས་ཀྱང་གླགས་མི་རྙེད་པར་བསམ། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ལ་སྨོན་ལམ་ནན་ཏན་དུ་གདབ། ཤིས་པ་བརྗོད་པས་མཐའ་བརྒྱན་ཏེ་སྣང་གྲགས་རྟོགས་ཚོགས་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར་བས་སྒོ་གསུམ་དོན་ཡོད་པར་བྱའོ། །
དེ་དག་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་གྱི་རྩ་བ་ལས་བྱང་གི་སྒོམ་དོན་སྙིང་པོ་ཙམ་ཞིག་སྟེ། རྟགས་མཚན་དུས་དང་གྲངས་ཚད་སོགས་འོག་ཏུ་འཆད་པར་འགྱུར་ལ། བསྲུང་བའི་དམ་ཚིག་འབུམ་ནག་ལས་བཤད་པ་བཞིན་ཐུན་མོང་སྤྱི། སྒྲུབ་པ་ཁྱད་པར། སྤྱོད་པ་རྒྱུན། གལ་མདོ་ངེས་པའི་དམ་ཚིག་སོགས་ལ་ནན་ཏན་དུ་བསླབ་བོ། །དེ་ལྟར་གཉེན་པོ་རྒྱུ། ཁྱད་པར་ལས། སྒོམ་སྒྲུབ་སྤྱོད་པའི་སྒོ་ནས་ཐུགས་རྗེའི་ཕུར་པ་ཁམས་གསུམ་སེམས་ཅན་ལ་གདབ་པ་སྟོད་ཀྱི་ལས། ལས་ཀྱི་གཟེར་ཁ་དྲུག་གི་སྒོ་ནས་མཚན་མའི་ཕུར་པ་དགྲ་བགེགས་ལ་གདབ་པ་སྨད་ཀྱི་ལས་གཉིས་ཀྱི་སྒོ་ནས་རིམ་པ་དང་པོ་བསྐྱེད་པའི་ལམ་ཡོངས་སུ་རྫོགས་པ་དང༌། རིམ་པ་གཉིས་པ་རྫོགས་རིམ་ལ་འཇུག་པ་ན། སྟེང་སྒོ་འཁོར་ལོ་ལྔ་པ་འབར་འཛག་བཟུང་བཟློག་ལ་བརྟེན་ཅིང༌། འོག་སྒོ་ཁམས་གསུམ་རོལ་པ་བསྙེན་སྒྲུབ་ཡན་ལག་བཞི་ལ་བརྟེན་ནས་བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་གདབ་པ་ཐུན་མོང་པའི་གདམས་ངག་དང༌། ལྟ་བས་ཐག་བཅད། སྒོམ་པས་ཉམས་སུ་བླང༌། སྤྱོད་པས་བོགས་དབྱུང་བ་གསུམ་གྱི་སྒོ་ནས་རིག་པ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་གདབ་པ་ཐུན་མོང་མ་ཡིན་པ་དང༌། ཁྱད་པར་གྱི་རྫོགས་རིམ་ཨ་ཏིའི་མན་ངག་ལྷུན་
གྲུབ་ཐོད་རྒལ་གྱི་རྣལ་འབྱོར་ལ་ཉམས་ལེན་མཐར་ཕྱིན་པར་བྱའོ། །གསུམ་པ་གྲུབ་པ་འབྲས་བུའི་རྣམ་བཞག་ལ་གཉིས། གནས་སྐབས་དང་མཐར་ཐུག་གོ །དང་པོ་ལ་ཉམས་དང་དྲོད་ཚད་རྟགས་དང་ཡོན་ཏན་རྣམས་ལས། ཉམས་ནི། བསྐྱེད་རྫོགས་གང་ལ་བསླབ་ཀྱང་འདྲ་སྟེ། དེ་དང་དེའི་ཏིང་ངེ་འཛིན་ལ་གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་རིམ་པར་སྐྱེ་བའོ། །དྲོད་ལ། ཕྱིའི་དྲོད་ལུས་ཡོད་དུ་མི་ཚོར་བ། ནང་གི་དྲོད་དབུགས་ཀྱི་འགྱུ་བ་མི་ཚོར་བ། གསང་བའི་དྲོད་བདེ་བ་ཁོངས་ནས་འཆར་བའོ། །ཡང་ན་ལུས་བདེ། ངག་གསལ། སེམས་མི་རྟོག་པའི་དྲོད་དོ། །ཚད་ལ། མར་མེ་རླུང་གིས་མ་བསྐྱོད་པ་ལྟར་གསལ་བ། རྒྱ་མཚོའི་གཏིང་ལྟར་མི་གཡོ་བ། ཤིང་བལ་གྱི་འདབ་མ་ལྟར་ཡང་ཞིང་འཇམ་པའོ། །རྟགས་ལ། རབ་ལྷའི་ཞལ་མཐོང་བ། འབྲིང་ལུང་སྟོན་པ། ཐ་མ་མ་མོ་དང་མཁའ་འགྲོ་འདུ་བ་སོགས་དངོས་ཉམས་རྨི་ལམ་ཅི་རིགས་པར་འབྱུང་བ་དང༌། ལུས་དྲི་ཞིམ་ཞིང་སྲོག་ཆགས་མི་འབྱུང་བ་སོགས་སོ། །ཁྱད་པར་བསྙེན་སྒྲུབ་ཀྱི་དུས་སུ་སྒྲུབ་རྫས་ཀྱི་ལྷ་སྐུ་བཞད་ཅིང༌། ཕུར་པ་འཁྲབ་པ། སྨན་རཀ་ཁོལ་བ། མར་མེ་འབར་བ་སོགས་དང༌། གཞན་ཡང་སྨིག་རྒྱུ་ལ་སོགས་པའི་མཐོང་ཉམས་
དང༌། སྣང་བ་སྒྱུ་མ་ལྟར་ཤེས་ཤིང་སྣང་གྲགས་འགྱུ་གསུམ་ལྷ་སྔགས་འོད་གསལ་གྱི་འཁོར་ལོར་འཆར་བ་དང༌། ཐ་ནའང་རྨི་ལམ་དུ་རི་བོར་འཛེག་པ། ཆུ་ཆེན་བརྒལ་བ། ཉི་ཟླ་ཤར་བ་སོགས་སྤྱི་དང་མཐུན་པར་འབྱུང་བའོ། །ཡོན་ཏན་ལ། ཐུན་མོང་གི་ལས་ཕྲན་ཚེགས་རྣམས་ནི་བསྐྱེད་རིམ་ལྷའི་དམིགས་པ་ལ་ཡིད་ཤུགས་དྲག་པོ་དང་ལྡན་ན་སྔོན་དུ་བསྙེན་པ་མ་སོང་ཡང་འགྲུབ་པར་བཤད་ཅིང༌། གཞན་དུ་ཐུན་མོང་བ་འཇིག་རྟེན་པའི་དངོས་གྲུབ་རྣམས་ནི་བསྐྱེད་རིམ་མཐར་ཕྱིན་པའི་ཚོགས་སྒྲུབ་ཀྱི་སྤྱོད་པའི་ཉེ་རྒྱུ་ལ་བརྟེན་ནས་ཐོབ་ལ། དེ་ལའང་དམན་པ་ཞི་རྒྱས་དབང་སོགས་ལས་སྣ་ཚོགས་དང༌། མཆོག་མཁའ་སྤྱོད་དང་ས་སྤྱོད་རྐང་མགྱོགས་ལ་སོགས་པ་འགྲུབ་ཅིང༌། ཚར་གཅོད་རྗེས་འཛིན་གྱི་སྒོ་ནས་འགྲོ་དོན་ཐོགས་པ་མེད་པར་བྱེད་པའོ། །གཉིས་པ་མཐར་ཐུག་གི་འབྲས་བུ་ནི། ཟུང་འཇུག་གི་རྣལ་འབྱོར་ལ་གོམས་པའི་མཐུས་དགྲ་གསུམ་པོ་སོད་དེ། ང་བདག་གི་ཞེན་པ་ལོག་པས་གསང་དགྲ་གསད། དེས་ཕུང་པོར་ཞེན་པ་བཅོམ་སྟེ་ནང་དགྲ་གསད། དེ་ཙ་ན་རྩོལ་བ་མེད་པའི་ཕྲིན་ལས་དྲག་པོས་ཕྱིའི་དགྲ་གསོད་པའོ། །དེ་ལྟར་དགྲ་གསུམ་སོད་པས་བདུད་བཞི་ཡང་ཆོམས་ཏེ། ཕུང་ལྔ་ལྷར་དག་
པས་ཕུང་པོའི་བདུད་བཅོམ། རང་རིག་པའི་རྩལ་གྱིས་ཉོན་མོངས་པ་ལྔ་ཡེ་ཤེས་ལྔར་དག་པས་ཉོན་མོངས་པའི་བདུད་བཅོམ། དེ་ལ་འདོད་ལྷའི་བར་ཆད་ཀྱིས་མི་ཚུགས་ཤིང་སེམས་ཉིད་སྐྱེ་ཤི་ལས་གྲོལ་བས་ལྷའི་བུའི་བདུད་དང་འཆི་བདག་གི་བདུད་བཅོམ། དུས་དེར་འགྲོ་དྲུག་གི་སྡུག་བསྔལ་ཡང་རང་སེམས་ཀྱི་ཆོ་འཕྲུལ་དུ་རྟོགས་པས་འགྲོ་དྲུག་གི་གཡངས་ཆོད་ཅིང༌། རིག་རྩལ་འབྱོངས་པས་མཚན་མ་ཐམས་ཅད་ཟིལ་གྱིས་ནོན་ཏེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་དབང་བསྒྱུར། ས་ལམ་གྱི་སྤངས་རྟོགས་མཐར་ཕྱིན་པ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཟུང་འཇུག་གི་སྐུ་མངོན་དུ་བྱེད་པ་སྟེ། མདོར་ན་བཤད་རྒྱུད་ལས། །རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱི། །ཡི་གེ་ཧཱུཾ་ཙམ་བཟླས་པ་ལའང༌། །བར་ཆད་ཀུན་གྱི་ས་མི་ཚུགས་ཤིང༌། །མཚན་མ་འགྲུབ་པར་ཐེ་ཚོམ་མེད། །རྡོ་རྗེ་ཅན་གྱི་ཞིང་དུ་སྐྱེ། །ལྷ་ཀླུ་ཀུན་ལ་དབང་བྱེད་འགྱུར། །འདི་སྒྲུབ་པ་ཡི་གང་ཟག་རྣམས། །སྔར་ནས་སྦྱངས་པར་ཐེ་ཚོམ་མེད། །རྩེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་འཚང་རྒྱ། །ཞེས་དང༌། རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། ཚད་མེད་སྙིང་རྗེའི་ཕུར་པ་ནི། །བྱམས་དང་སྙིང་རྗེ་ཆེན་པོས་གདབ། །འབྲས་བུ་སྤྲུལ་པའི་སྐུ་ཡང་འཐོབ། །མ་ཐེབས་རཱུ་དྲ་སྲིན་པོར་གོལ། །ཞེས་དང༌། མཚོ་རྒྱལ་གྱིས། འདི་ལྟར་
བསྙེན་སྒྲུབ་ལས་སྦྱོར་གསུམ་སྒྲུབ་ཚད་ཐེམས་ནས་ནི༔ ཚེ་འདིར་ཕྲིན་ལས་རྣམ་པ་བཞི་གང་ལ་བརྩམ་པ་འགྲུབ་པ་དང་༔ མཆོག་གི་དངོས་གྲུབ་ཡི་དམ་ལྷ་དང་སྐལ་བ་མཉམ་སྟེ༔ བར་དོ་གསུམ་ལ་ལྷའི་སྣང་བ་ཐོབ་སྟེ༔ ལོངས་སྤྱོད་རྫོགས་པའི་སྐུ་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པར་ཐེ་ཚོམ་མེད་དོ༔ བདག་འདྲ་མཁར་ཆེན་བཟས་མི་བསླུ་བའི་དོན་གྱི་ཐ་ཚིག་གོ༔ ཞེས་གསུངས་པ་ལྟར་རོ། །དེ་དག་གིས་ཤེས་པར་བྱ་བའི་རྣམ་བཞག་སྤྱིར་བསྟན་པ་མདོ་ཙམ་བཤད་ཟིན་ཏོ། ༈ །རྩ་བའི་གཉིས་པ་བསྙེན་ཐབས་ཀྱི་ལག་ལེན་བྱེ་བྲག་ཏུ་བཤད་པ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། བསྙེན་པ་ལ་འཇུག་པའི་སྔ་རོལ་དུ་དཀོན་མཆོག་གི་རྟེན་མཆོད་པ། གསུང་རབ་བཀླག་པ། དགེ་འདུན་བསྙེན་བཀུར། སྭཱཙྪ་གདབ་པ། སྲོག་བསླུ་བ། ཉེའུ་འདོན་པ། ལམ་འཕྲང་བཟོ་བ། ཆུ་གཏོར་སྦྱིན་གཏོང་སོགས་རང་ཉིད་ཀྱིས་སམ་མ་ལྕོགས་ན་གྲོགས་གཞན་ལ་བཅོལ་ཀྱང་རུང་སྟེ། རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང༌། དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པའི་དགོས་པ་ཡོད་པས་རྒྱབ་རིམ་གྱི་དཔུང་ཅི་འགྲུབ་ཏུ་བྱ། དེ་ནས་ཐོག་མར་གནས་ཁང་གསར་པ་ཡིན་ན་ས་ཆོག་རྒྱས་པར་བྱ་དགོས་མོད། འདིར་རྙིང་པའི་དབང་དུ་བྱས་ཏེ་གནས་ཁང་ཕྱགས་བདར་སོགས་ཀྱིས་
ཡིད་དུ་འོང་བར་བྱས་ལ། གོང་དུ་སྨོས་པ་བཞིན་དུས་ཚོད་དགེ་ཞིང་ཤིས་པའི་ཉིན་དབུ་བརྩམས་ཏེ། དགོང་ཐུན་ལ་བདག་བསྐྱེད་ཕྱག་རྒྱ་གཅིག་པའི་རྣལ་འབྱོར་བསྒོམ་ནས་བཟླས་པ་བརྒྱ་རྩ་ཙམ་གྱི་མཐར་འོད་གསལ་དུ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཞིང་སྐྱོང་སྡེ་བརྒྱད་གཞི་བདག་སོགས་དཀར་ཕྱོགས་པ་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། ནག་ཕྱོགས་པ་རྣམས་ལ་བགེགས་གཏོར་བཏང་ནས་རྡོ་རྗེ་སྲིན་པོའི་ང་རྒྱལ་གྱིས་བཀའ་བསྒོ་ཞིང་དྲག་སྔགས་ཡུངས་ཐུན་གུ་གུལ་གྱིས་བདུག་པ་སོགས་ཚམ་རྔམས་དང་བཅས་བགེགས་བསྐྲད་ནན་ཏན་དུ་བྱས་རྗེས། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུ་དང་སྔགས་བྱང་བཙུགས། མདུན་དུ་མཆོད་གཏོར་བཤམས་པ་སྒྲུབ་ཁོག་ལྟར་བྱིན་བརླབ། རང་གི་ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུཾ། གསང་བདག་སྤྱན་སྔར་དམ་མནོས་ཤིང༌། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿས་གཉིས་སུ་མེད་པར་བསྟིམ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་
གྱིས་མཆོད། ཨོཾ་དྷྲྀཥྚ་རཱཥྚ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་ཌྷ་ཀཱ་ཡ་སྭཱ་ཧཱ། ཨོཾ་བི་རུ་པཱཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། ཞེས་སྔགས་སོ་སོའི་མཐར། ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུཾ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་སོ་སོ་ནས་རྒྱལ་ཆེན་སྡེ་བཞི་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་པས་བསྲུང་བར་བསམ། དེ་ནས་ལས་བྱང་གི་མཚམས་གཅོད་བཞིན་ཕྱི་ནང་གསང་བའི་སྲུང་འཁོར་བརྟན་པོར་བསྒོམ། དེ་ལྟར་མཚམས་བཅད་ཕྱིན་ཆད་སྔར་དམིགས་འོག་ཏུ་མ་ཆུད་པའི་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་སྤང༌། ཕྱི་རོལ་པས་རང་ཉིད་མཐོང་ན་གསང་སྒོ་རྡོལ་བ་དང༌། རང་གིས་ཕྱི་རོལ་དུ་བལྟ་བས་གཡེང་ཤོར་ན་གསང་སྒོ་ཤོར་བ་ཞེས་བྱ་སྟེ། དོན་ལ་དམ་ཚིག་ལས་འགལ་བས་སྒྲུབ་པའི་འབྲས་བུ་མི་འབྱིན་པས་ན་སྒྲུབ་པ་པོའི་ལུས་ངག་ཕྱི་རོལ་པས་
མཐོང་ཚོར་མི་བྱ། སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་མཐར་མ་གཏོགས་མི་བསྡུ་ཞིང༌། ཐུན་མགོ་ཐམས་ཅད་དུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་བྱའོ། །དེ་ནས་བཅས་བཤམ་བྱ་བ་ནི། རང་གི་མདུན་ངོས་སུ་དམ་ཚིག་གི་བྲིས་སྐུ་རབ་གནས་ཅན་བཀྲམ། དེའི་མདུན་དུ་བིངྱོ་ཏ་མ་ལས། གླིང་བཞི་པ་ཡི་བྷཉྫ་ལ། འཁོར་ལོ་རྩིབས་བརྒྱད་ཨེ་དང་བཅས། །ཕུར་བུ་སྤུངས་ལ་བསྙེན་པ་བྱ། །ཞེས་གསུངས་པ་ལྟར། སྟེགས་བུ་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ། ཐིག་ཚོན་བྱིན་རླབས་དང་ལྡན་པས་དཀྱིལ་འཁོར་མཚན་ཉིད་རྫོགས་པར་བྲིས་པའམ། རས་བྲིས་དགྲམ་པ་གང་བདེ་བྱ་ཞིང༌། ཡང་ན་བསྙེན་པའི་སྐབས་འདིར་དཀྱིལ་འཁོར་མ་འགྲུབ་ནའང་ཆད་སྐྱོན་མེད། གང་ལྟར་ཡང་དཀྱིལ་འཁོར་བཤམ་ན། དེའི་ལྟེ་བའི་གྲུ་གསུམ་མཐིང་ནག་གི་སྟེང་དུའམ། དཀྱིལ་འཁོར་མི་བཤམ་པའི་ཕྱོགས་ལ་སྟེགས་བུ་ཁེབས་ལྡན་བཀོད་ལེགས་པའི་སྟེང་དུ། ཐོད་པ་གླིང་བཞི་པ་ལ་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ། བྱུགས་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་སོགས་ཚུལ་བཞིན་དུ་འདུ་བྱས་པའི་ཕུར་བུ་འབྱོར་ན་ལྷ་ཕུར་ཚང་བ་སྦམས་
ཏེའམ། མ་འབྱོར་ན་གཙོ་ཕུར་ཉིད་བཙུགས་པ་བཀོད། དེའི་མདུན་རྒྱབ་གང་བདེར་མཉྫི་ལ་སྙིང་པོའི་གཏའ་གཏོར་སྐུ་རྟེན་དར་གདུགས་ཀྱིས་སྤྲས་པ་དང༌། གཡས་གཡོན་དུ་སྟེགས་བུ་ཅུང་ཟད་དམའ་བར་ཡི་དམ་གྱི་མཆོད་གཏོར་དང༌། ཕུར་སྲུང་སོགས་སྤྱི་བྱེ་བྲག་གི་སྲུང་མའི་གཏོར་མ་རྣམས་ཀྱང་བཤམས་པའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མཐའ་སྐོར་དུ་ཕྱི་ནང་གི་མཆོད་པའི་ཡོ་བྱད་སོགས་ལག་ལེན་ལྟར་བཀོད་ལེགས་པར་བཤམས། རང་ཉིད་རྟེན་དང་ཞལ་སྤྲོད་ཀྱི་ཚུལ་དུ་སྟན་ནང་ཚངས་ཅན་འཇམ་ཞིང་བདེ་བའི་འོག་ཏུ་འབྲས་སམས་དཀར་གྱིས་གཡུང་དྲུང་ཆོས་བསྐོར་དུ་བྲི། མདུན་དུ་རྡོར་དྲིལ་ཌཱ་མ་རུ་ནང་མཆོད་འཐོར་ནས་རྣམས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ནས། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཏེ་ཚོགས་བསགས། ཉམས་ཆག་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པ་བྱ། བླ་མ་དང་ཡི་དམ་གྱི་ལྷ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་མྱུར་དུ་ཐོབ་པའི་གསོལ་བ་བཏབ་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །དེ་ནས་བསྙེན་པ་དངོས་གཞི་ནི། འདིར་སྔ་ཐུན་ནས་མགོ་འཛིན་པར་གསུངས་པས་སང་ཞོག་ལྡང་
བའི་རྣལ་འབྱོར་གྱིས་ལངས་ནས། ནམ་ལངས་པ་དང་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད་དེ་བརྒྱུད་འདེབས་དང་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས། གཞི་བགེགས་ཀྱི་གཏོར་མ་བསྔོ་བ་རྒྱུད་དུ་མི་དགོས་པས་བགེགས་བསྐྲད་སྐབས་ལས་ཀྱི་ལན་ཆགས་ཞེས་པའི་ཚིག་གཅིག་བསྐྱུར་ལ་བཀའ་བསྒོ་ནས་བརྩམ་སྔོན་འགྲོའི་ལས་རིམ་རྣམས་དང༌། དངོས་གཞི་ཏིང་འཛིན་གསུམ་ནས་བསྟོད་པའི་བར་ལས་བྱང་གི་གཞུང་བསྲང་རྗེས། བཟླས་པ་བྱ་བའི་ཐོག་མར་བགྲང་ཕྲེང་བྱིན་གྱིས་བརླབ་པ་ནི། ཕྲེང་བ་ལག་གཡོན་པའི་སྙིམ་པར་བསྐྱིལ་བའི་མདོ་འཛིན་སྟེང་དུ་གནས་པར་བྱས་ལ་བསང་སྦྱང༌། སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་སྐྱེས་པའི་ཕྲེང་བ་དཔལ་ཆེན་རྡོ་རྗེ་གཞོན་ནུ་གཙོ་འཁོར་ཡོངས་སུ་རྫོགས་པ་སྐད་ཅིག་གིས་གསལ་བར་གྱུར། དེའི་གནས་གསུམ་གྱི་ས་བོན་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ་ས་གཉིས་སུ་མེད་པར་བསྟིམ། ལག་གཡས་སུ་མེ་ཏོག་ཐོགས་ལ་ལྷའི་རྩ་སྔགས་དང་དབྱངས་གསལ་རྣམས་ཚར་བདུན་བཟླ། ཁྱད་པར་བཟླས་པའི་རྐྱེན་གྱིས་བསྐུལ་བའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་ཀྱི་ངག་གི་སྒྲིབ་པ་སྦྱངས། བདེ་བར་
གཤགས་པ་ཐམས་ཅད་ཀྱི་གསུང་གི་བདུད་རྩི་སྔགས་ཀྱི་ཡིག་འབྲུ་ཁ་དོག་ལྔའི་རང་བཞིན་ཆར་ལྟར་བབས་ནས་ཕྲེང་བའི་ལྷ་ལ་ཐིམ་པར་བསམ་ནས་ཕྲེང་བ་བདུད་རྩིར་རློབ་པའི་སྙིང་པོ། ཨོཾ་རུ་ཙི་པྲ་མརྟ་ན་ཡེ་རཏྣ་མ་ཎི་དྷར་ཛྙཱ་ན་དེ་ཝ་ཨ་བྷི་ཥིཉྩ་ཧཱུཾ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་པའི་མཐར་ལྷ་རྣམས་འོད་དུ་ཞུ་ནས་མགོ་བོ་རློན་པ་ཁྲག་འཛག་པའི་ཕྲེང་བར་གྱུར་པར་བསམ། རྟེན་འབྲེལ་སྙིང་པོ་བདུན་གྱིས་མེ་ཏོགའཐོར་ལ་ཤིས་པའང་བརྗོད། སླར་ཨོཾ་ཨཱཿཧཱུཾ་བརྒྱ་རྩ་དང༌། དབྱངས་གསལ། རྟེན་སྙིང༌། ཨོཾ་རུ་ཙི་ར་མ་ཎི་པྲ་བརྡྷཡེ་ཧཱུཾ་ཕཊ་རྣམས་ཉེར་གཅིག་བཟླས་ལ་ཧུས་འདེབས། དེ་ལྟར་བྱིན་གྱིས་བརླབས་པའི་ཕྲེང་བ་དེ་མི་ལག་མི་འགྲིམས་ཤིང་མོ་དང་གྲངས་རྩིས་ས་རྗེན་དང་ནམ་མཁར་འཕང་བ་སོགས་སྤང༌། ཁྱི་དང་བྱི་ལ་བུད་མེད་སོགས་ཀྱིས་འགོང་དུ་མི་འཇུག་པར་ལུས་ཀྱི་དྲོད་དང་མི་འབྲལ་བར་བཅད་དོ། དེ་ནས་ལས་བྱང་བཞིན་ཛཔྲ་བསྐུལ་སྔོན་དུ་འགྲོ་བས་སྐུ་གསུང་ཐུགས་ལ་དམིགས་པའི་ཛཔྲ་དགོངས་གསུམ་པོ་རེ་རེ་ལ་ཐུན་གྱི་སུམ་ཆ་རེ་ཙམ་ཆ་རྩིས་གསལ་བཏབ་ལ། མགལ་མེ་ཀླད་སྐོར་གྱི་འཕྲོ་འདུ་ཉིད་རྩ་བར་བཟུང་ནས་བཟླས་པའི་སྐྱོན་རྣམས་སྤངས་ཏེ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་འབྲུ་བཅུ་བདུན་པ་ཁོ་ན་ཆིག་དྲིལ་དུ་
བཟླ། ཐུན་མཐར་ཐབས་ཀྱི་ཡི་གེ་ཀ་ལི་ལན་གསུམ་གྱིས་སྐུ་བསྐྱེད་རིམ་མ་གསལ་བ། སྒོམ་ཚུལ་མ་ཤེས་པ། བརྡ་དོན་རྟགས་གསུམ་མ་འཕྲོད་པ་ལ་སོགས་པ་དང༌། ཤེས་རབ་ཀྱི་ཡི་གེ་ཨ་ལི་ལན་གསུམ་གྱིས་གསུང་བཟླས་བརྗོད་སྔགས་ཀྱི་སྒྲ་མ་དག་པ། གྲངས་མ་ཚང་བ། གོ་རིམ་ནོར་ཞིང་སྔགས་དོན་མ་ཤེས་པ། བཟླས་པའི་སྐྱོན་དུ་གྱུར་པ་ལ་སོགས་པ་དང༌། ཞི་ཁྲོ་ཀུན་འདུས་ཀྱི་སྙིང་པོ་ཡིག་བརྒྱ་ལན་གསུམ་གྱིས་ཐུགས་ཏིང་ངེ་འཛིན་གྱི་འཕྲོ་འདུའི་རིམ་པ་ནོར་འཁྲུལ་ཡེངས་པ་དང་མ་གསལ་བ་སོགས་འགལ་ཉམས་ཀྱི་ལྷག་ཆད་ཁ་བསྐང་ཞིང༌། ཡེ་དྷརྨཱས་ནུས་པ་བརྟན་པར་བྱས་ལ། གཞུང་བཞིན་སྟོང་ཚིག་མཆོད་བསྟོད་ཀྱིས་ཐུགས་དམ་བསྐུལ་མཐར། སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྣང་ཆ་ཐམས་ཅད་མི་དམིགས་པའི་དབྱིངས་སུ་བསྡུས་ཏེ་མཉམ་པར་འཇོག །སླར་ཡང་ཐུན་མཚམས་ཀྱི་ལྷར་ལངས་ཏེ་གོ་བགོས་ལ་སྣོད་བཅུད་ཐམས་ཅད་ལྷ་སྔགས་འོད་གསལ་གྱི་འཁོར་ལོས་རྒྱས་བཏབ་ནས་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོའི་རྒྱུན་ལྟ་བུ་ལ་སྦྱར་རོ། །དེ་ནས་དགོང་ཐུན་དང་སྲོད་ཐུན་ལ་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་ངེ་འཛིན་
གསུམ་ལ་འཇུག་པས་ཆོག་ཅིང༌། ཕྲེང་བ་བྱིན་རླབས་ཀྱང་དོར། སྲོད་ཐུན་གྱི་མཐར་ཆོས་སྐྱོང་སྤྱི་དང་བྱེ་བྲག་ཕུར་སྲུང་དམ་ཅན་གྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཕྱིར་ནང་ཐོར་ཐུན་གྱི་མགོར་སྔོན་འགྲོ་རྣམས་དང་ཕྲེང་བ་བྱིན་རླབས་སོགས་སྦྱར། སྔ་ཐུན་མན་ཆད་སྔ་ཉིན་ཕྱི་ཐུན་དང་འདྲ། ཚོགས་མཆོད་འབྱོར་ན་སྲོད་ཐུན་ལ་མ་ཆགས་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཐུན་དང་པོ་དང༌། གྲོལ་བའི་ཐུན་ཕྱི་མ། ཡར་མར་གྱི་ཚེས་བཅུ་ཉ་སྟོང་བརྒྱད་གསུམ་ལ་ངེས་པར་ཆག་ཏུ་མི་རུང༌། མཉམ་བཞག་གི་དུས་སུ་ཆོས་ཉིད་ངོ་བོ་ཀ་ནས་དག་ཀྱང༌། རྗེས་ཐོབ་ཏུ་སྣང་གྲགས་རིག་གསུམ་ཐམས་ཅད་བདེ་བ་ཆེན་པོའི་རྣམ་རོལ་འབའ་ཞིག་ཏུ་འཆར་བ་ལ་སློབ་ཅིང༌། ལེ་ལོ་དང་སྙོམས་ལས་ཀྱི་དབང་དུ་མི་གཏོང་བར་བརྩོན་འགྲུས་དང་འདུན་པ་དྲག་པོས་རིག་པ་དྭངས་སྙིགས་ཕྱེད་པར་བྱས་ཏེ་དྲན་པའི་བྱ་ར་དང་མ་བྲལ་བའི་སྒོ་ནས་བསགས་སྦྱོང་སོགས་བསྒྲིགས་ཆགས་ཀྱི་དགེ་སྦྱོར་གཞན་བྱེད་སྤྲོ་ནའང་ཐུན་མཚམས་ངལ་གསོའི་སྐབས་གང་བདེར་བྱས་པས་ཆོག་ཅིང༌། གཞན་དུ་ན་ཐུན་མཚམས་སུའང་ལྷའི་གསལ་སྣང་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་ཞིང་གྲངས་ཚད་ལ་མི་བརྩི། ཁམས་གསེང་ལ་འགྲོ་བ་སོགས་སྟན་ལས་འཕགས་
དུས་ཕྲེང་བ་ལ་རྡོ་རྗེའི་མདུད་པ་བྱས་པ་ཁྲོ་ཞལ་དུ་དམིགས་ནས་གདན་ཁར་བཞག་པས་སྟན་བསྲུང༌། གཞན་འགྲོ་འཆག་མང་པོ་སྤངས་ཏེ་སྟན་གྱི་དྲོད་མ་ཡལ་བར་སྡོད་ཚུགས་པ་གལ་ཆེ། སྲོད་ལ་སྒྱུ་ལུས་མཆོད་སྦྱིན་དང་ཕྱིར་ཟློག་སོགས་སྦྱོར་སྤྲོ་ནའང་ལེགས་ཤིང༌། ཉལ་ཁར་ཉིན་རེའི་བསྙེན་པའི་བསྲུང་མཚམས་ལས་ཕྲ་མོ་ཞིག་འགལ་བ་བྱུང་ཡང་ཞག་ཏུ་མི་འགྲོགས་པར་རྩ་བ་གསུམ་ལ་བཤགས་པ་བྱས་ཏེ་ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་པར་མི་འགྱུར་བར་གསོལ་བ་དྲག་ཏུ་གདབ། རྣམ་དཀར་གྱི་ཕྱོགས་རྣམས་རློམ་སེམས་དང་བྲལ་བའི་རྫོགས་བྱང་དུ་བསྔོས་ཏེ་གནས་ལུགས་འཛིན་མེད་ཀྱི་རང་ངོ་བསྐྱང༌། འདིར་ངེས་པར་གལ་ཆེ་བ་མཉམ་པར་མ་བཞག་པའི་རྣལ་འབྱོར་ཞེས་གཞུང་རྣམས་ལས་མང་དུ་འབྱུང་བའི་དོན་བསྡུ་ན། བིདྱོཏྟ་མ་ལས། བཟའ་བཏུང་གོས་རྒྱན་རིམ་པ་དང༌། །འགྲོ་ཉལ་འདུག་ལྡང་རྒྱུན་རིང་བྱ། །ཞེས་གསུངས་པ་ལྟར། དགོང་མོ་ཉལ་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤུ་ནྱ་ཏ་ཧཱུཾ། ཞེས་བརྗོད་ལ་རང་རྡོ་རྗེ་གཞོན་ནུར་གསལ་བའི་ངང་ནས་སེང་གེའི་ཉལ་སྟབས་ཀྱིས་ཆོས་དབྱིངས་ཀྱི་ངང་དུ་ཉལ། ཐོ་རངས་ལྡང་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་ས་མ་ཡ་ཧཱུཾ། ཞེས་བརྗོད་
པས་ཆོས་ཉིད་སྐྱེ་བ་མེད་པ་ལས་ལངས་ཏེ། འགག་པ་མེད་པ་དཔལ་རྡོ་རྗེ་གཞོན་ནུའི་སྐུར་བཞེངས་པར་བསམ། འགྲོ་བའི་དུས་སུ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨེ་ཝཾ་མ་ཡ་དྷརྨ་ཀཱ་ཡ་ཧཱུཾ། ཞེས་བརྗོད་ཅིང་འགྲོ་བ་འདྲེན་པའི་དོན་དུ་འགྲོ་བར་བསམ། འདུག་པའི་དུས་སུ། རང་ཉིད་ལྷའི་ང་རྒྱལ་ལ་གནས་པའི་ངང་ནས་གང་དུ་གནས་པའི་ཁང་པ་དེ་ཡེ་ཤེས་ཀྱི་གཞལ་ཡས་ཁང་དུ་བསྒོམ་ཞིང་འཁོར་དང་ཉེ་གནས་ཐམས་ཅད་སྤྲུལ་པའི་འཁོར་དུ་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཎྜལ་ཧཱུཾ་ཧཱུཾ། ཞེས་བརྗོད། ཁ་ཟས་ཟ་བའི་དུས་སུ། ཨོཾ་ཨཱཿཧཱུཾ་གིས་ཁ་ཟས་བདུད་རྩིར་བྱིན་གྱིས་བརླབས་ནས་ལྷ་མཆོད་པའི་ཚུལ་དུ་རེལ་ཞིང་མཁའ་འགྲོ་མ་རྣམས་ལ་ལྷག་མའི་གཏོར་མ་སྔགས་ཙམ་གྱིས་སྦྱིན། བཏུང་བ་སྤྱི་དང་བྱེ་བྲག་ཛ་གད་བཏུང་བ་ལ། ཛ་གད་དེ་ཉིད་ཏྲཾ་ལས་ཡེ་ཤེས་ཀྱི་བདུད་རྩིར་བསམ་ཞིང༌། ཨོཾ་ན་མོ་གུ་རུ་བཛྲ་ཀཱི་ལི་ཀཱི་ལ་ཡ་དྷ་ཏི་མ་མ་ཀརྨ་ཛ་གད་པྲ་བ་ཁ་རཾ་ཁཱཧི། ཞེས་ལྷ་དང་བླ་མ་མཁའ་འགྲོའི་ཚོགས་ལ་གཡོན་པའི་མཐེབ་སྲིན་གྱིས་དབུལ། ཨོཾ་ཨཱཿ་ཧཱུཾ་གིས་དངོས་གྲུབ་བསྡུས་ནས་ལྷ་ལ་ལྷ་མཆོད་པའི་ཚུལ་དུ་རོལ་པར་བཤད་དོ། །གཙོ་བོར་རང་ཉིད་ལྷག་པའི་ལྷ་རྡོ་རྗེ་གཞོན་ནུའི་ང་རྒྱལ་དང་མི་འབྲལ་བ་དང༌། ངག་ ཀཱི་ལ་ཡའི་སྒྲ་དང་མི་
འབྲལ་བ་དང༌། ཡིད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕུར་བུ་རྩེ་གཅིག་པ་གསལ་སྟོང་དབྱེར་མེད་པ་དང་མི་འབྲལ་བ་སྟེ། མི་འབྲལ་བ་རྣམ་པ་གསུམ་ལ་དྲན་པ་རྒྱུན་ཆད་མེད་པར་བྱས་ཏེ་སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་ལམ་དུ་ཁྱེར། གཞན་ཡང་བསྙེན་སྒྲུབ་ཀྱི་སྐབས་སུ། གདན་མི་སྤྲུག་ཅིང་དྲོད་མི་ཡལ་བར་བྱེད། སྔས་བླ་མར་མོས་ལ་མི་འགོང༌། སྐྲ་སེན་དང་ཁ་སྤུ་མི་འདྲེག །མཚོན་རྩེ་ཁ་ལ་མི་འཇུག་ཅིང་ལུས་ཀྱི་ཆ་ཤས་གང་དུའང་མཚོན་ཁ་མི་བཏབ། ཁ་བཤལ་བ་སོགས་ཁྲུས་མི་བྱ། སྔགས་ནུས་འཇོམས་པའི་ཟས་ཀྱི་སྤང་བྱ་ནི། དུག་རིགས་འདྲེས་པའི་བཟའ་བཏུང༌། ཉམས་གྲིབ་དང་འདྲེ་ཅན་གྱི་ཁ་ཟས། སྒོག་བཙོང་དང༌། ལ་ཕུག །ལྒ་གཡེར། དམར་ཚྭ། ཟྭ་ཐུག །ཁུར་བ། ལྕེའི་དབང་པོ། ཤ་ཆང་སོགས་ཀྱིས་ནུས་པ་འགྱང་བར་བཤད། འོན་ཀྱང་བག་མེད་མ་ཡིན་པར་བྱིན་གྱིས་བརླབས་ནས་ཤ་ཆང་སོགས་ཁ་ཟས་བཅུད་ཅན་བསྟེན་དགོས་ཏེ། དེའི་དགོས་པ་གང་ཞེ་ན། ལྷ་སྔགས་ཡེ་ཤེས་ཀྱི་རྣལ་འབྱོར་ལ་འཇུག་པའི་སྐབས་འདིར་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་ཐམས་ཅད་ལ་རྗེས་ཆགས་བདེ་བ་ཆེན་པོས་རྒྱས་ཐེབས་པ་དགོས་ཤིང༌།
མཉམ་རྗེས་ཐམས་ཅད་དུ་བདེ་སྟོང་གི་དར་གདངས་ཤིག་མེད་ཐབས་མེད་པས། དེ་སྐྱེ་བའི་རྒྱུ་ཀུན་རྫོབ་རྒྱུའི་ཐིག་ལེའི་འཕེལ་འགྲིབ་ལ་ལྟོས་ནས་རྗེས་སུ་འགྲོ་དགོས་པས་ན། རྒྱུད་ལས་ཀྱང༌། དེ་ལ་ག་བུར་རྒྱུ་ཡི་ཕྱིར། །ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ཡང་ཆང་ཉིད་དོ། །ཞེས་གསུངས་པ་སོགས་ཤ་ཆང་ལོངས་སྤྱོད་པ་ལ་ཉེས་པ་མེད་པ་མ་ཡིན་ཀྱང༌། གསང་སྔགས་ཀྱི་ཉམས་ལེན་གཙོ་བོ་མཐར་ཐུག་པ་བདེ་སྟོང་གི་ཡེ་ཤེས་ལ་རང་བྱན་ཚུད་དགོས་པས། དེ་ལ་རེ་ནས་ཤ་ཆང་བླང་བྱ་དང༌། ཐིག་ལེ་ཉམས་པའི་སྐྱོན་ཐམས་ཅད་སྤང་བྱར་གསུངས་པས་དེ་བས་ན་ཐིག་ལེ་ཉམས་པ་ཁྱད་དུ་མི་གསོད་པའི་ཁར་རྨི་ལམ་བག་ཆགས་སོགས་སུ་འཕོ་བའི་རིགས་བྱུང་ནའང་རྫས་སྲུང་མན་ངག་སོགས་ལས་འབྱུང་བ་བཞིན་བསྲུང་ཐབས་བྱས་ལ་འཕོ་མེད་དུ་འཆིང་བ་གལ་ཆེ། ཐུན་ཚུགས་ནས་བསྡུ་རིམ་མ་གྲུབ་ཀྱི་བར་དུ་ཁམས་གསེང་ལ་འགྲོ་བ་སོགས་ཀྱིས་མཚོན་ལྡང་བའི་རིགས་གཏན་ནས་མི་བྱེད། བཟླ་དུས་མིད་པ་རྒྱུན་གཅོད་ངེས་པར་དགོས་ནའང་གང་ཟག་ཁྲག་རླུང་ཤས་ཆེ་བའི་རིགས་ལ་མིད་པ་འཇུར་བས་རླུང་སྟོད་དུ་འཚང་ཞིང་གྲེ་བ་སྐམ་ནས་བསྐྱེད་བཟླས་བྱེད་དུ་མི་སྟེར་བའི་ཚེ་བཏུང་བ་སོགས་ལོངས་
སྤྱད་དགོས་པ་བྱུང་ན། སྤྱད་བྱའི་བཟའ་བཏུང་གང་ཡིན་དེ་བདུད་རྩིར་བྱིན་གྱིས་བརླབས། སྤྱོད་ཡུལ་གྱི་དཀྱིལ་འཁོར་ལེགས་པར་གསལ་བཏབ། སྔགས་བཟླ་འཕྲོས་སྣ་བུག་ཏུ་ཕུས་བཏབ་ནས་སྣ་སྒོའི་རླུང་ལས་སྔགས་ཀྱི་སྒྲ་དི་རི་རི་སྒྲོག་པར་མོས་ལ། འཕྲེང་བ་འཁོར་མཚམས་ནས་བཟའ་བཏུང་བདུད་རྩིའི་ཚོགས་མཆོད་ཕུལ་ཏེ། དེ་འཕྲལ་བཟླས་པར་འཇུག་པ་ལས་བག་མེད་དུ་བཟའ་བཏུང་གང་དགར་མི་སྤྱོད། སྔགས་བཟླ་འཕྲོ་བཞག་ནས་དཔེ་ཆ་བལྟ་བ་དང་ཡི་གེ་འབྲི་བས་མཚོན་ལུས་ངག་ཡིད་གསུམ་གྱི་གཡེང་ཤོར་བའི་རིགས་མི་བྱེད། འོག་སྒོ་ནས་དྲི་ངན་ཤོར་ན་ཐུན་དེའི་སྔ་རོལ་བཟླས་པ་ཇི་ཙམ་སོང་ཡང་གྲངས་ལ་མི་གཏོང༌། ཧ་སྦྲིད་དང་སྦྲེག་པ་ཤོར་ན་ཕྲེང་བའི་འཁོར་མཚམས་གང་སླེབས་གྲངས་སུ་མི་གཏོང་བར་དོར་ནས་སླར་མདུད་འཛིན་བསུས་ཏེ་འདྲེན། བཟླས་པའི་མཚམས་སུ་ཅིས་ཀྱང་མི་ལ་ངག་གཏོང་དགོས་པ་བྱུང་ན་ཕ་རོལ་པོ་དེ་ཡི་དམ་གྱི་སྐུར་གསལ་བ་ལ་རང་གི་སྨྲ་བརྗོད་ཐམས་ཅད་སྔགས་ཀྱི་རྣམ་པར་འཕྲོས་ནས་ཐིམ་པར་བསམ་པས་སྔགས་ནུས་མི་ཉམས་པར་བཤད། ཐུན་མཚམས་སུ་གསུར་དང་གཏོར་མ་སོགས་གཏོང་ནའང་རང་ཉིད་ལས་ཀྱི་ཧེ་རུ་ཀ་གནས་གྱུར་པ་ལས་ཐུགས་རྗེ་ཆེན་པོ་སོགས་
སུ་བསྐྱེད་པའི་ལས་བྱེད་པར་བསམ་ལ་བསྔོ། སྤྱིར་ལྷ་ཞི་ཁྲོ་གང་བསྐྱེད་ཀྱང་སྣང་སྟོང་འཇའ་ཚོན་ལྟ་བུར་གསལ་བས་གང་ལ་གང་འདུལ་གྱི་སྤྲུལ་བསྒྱུར་བྱ་བ་ལས། ཕྱི་གཟུགས་ཡུལ་ཆས་གོས་ཆ་ལུགས་སོགས་ལ་རག་མ་ལུས་ཀྱང༌། ལ་ལ་དག་གཏོར་མ་དང་ལུས་སྦྱིན་སོགས་གཏོང་བའི་སྐབས་རང་གི་གདོང་དམར་པོ་དེས་ཡི་དྭགས་རྣམས་འཇིགས་སྐྲག་གི་ཉེས་པ་སྒྲིབ་ཕྱིར་ཞྭ་དང་དོམ་ར་གྱོན་པ་སོགས་བྱེད་དགོས་པར་སྐད་མོད། དེ་ཙ་ན་རང་ཉིད་ཐུགས་རྗེ་ཆེན་པོ་སོགས་སུ་བསྐྱེད་པའི་དགོས་པ་མ་བྱུང་བས་བླུན་པོའི་ངག་རྗེས་སུ་མི་འབྲང་བར་ཁུང་ཐུབ་བརྒྱུད་པའི་གསུང་དང་མཐུན་པ་ཞིག་གལ་ཆེ། དགོང་མོ་མུན་པའི་སྐབས་ཚོགས་ལྷག་དང་ཆད་མདོ་སོགས་ཕུལ་དུས་དཔལ་འབར་མེད་ན་ཤ་ཟ་ཤུགས་འགྲོ་སྡེ་བརྒྱད་མ་རུང་བས་ལས་ཀྱི་རྡོ་རྗེའི་སྲོག་ལ་འཚེ་བའི་ཕྱིར་དཔལ་འབར་ངེས་པར་དགོས་ཤིང༌། གསང་སྤྱོད་སོགས་ཀྱི་སྐབས་སུ་མར་མེའི་འོད་ལ་འབྱུང་པོ་རྣམས་འཁོར་མི་ནུས་པས་མཚོན་ཉིན་མོ་ལ་ནི་དཔལ་འབར་སོགས་ཀྱི་སྣང་བ་མི་དགོས། ལྷ་གཞན་གྱི་རྒྱུན་ཁྱེར་དམ་ཚིག་གི་བཟླས་པ་བྱེད་པར་འདོད་ན་རང་ལྷར་གསལ་བའི་ཐུགས་ཀའི་འོད་ཀྱིས་བསྐུ་་ཏེ་ལྷ་གང་དང་གང་གི་སྐུའི་རྣམ་པར་བྱོན་ཏེ་རང་ལ་ཐིམ་པར་བསམ་ཤིང་
སྔགས་བརྒྱའམ་ཉེར་གཅིག་བདུན་སོགས་བཟླས་པས་འགྲུབ། དེ་ཡང་ལྷའི་སྣང་ཆ་གསལ་མ་ཐེབས་ན་བསྐྱེད་རིམ་གྱིས་གོ་མི་ཆོད། ང་རྒྱལ་མེད་ན་ཐ་མལ་གྱི་སྣང་ཞེན་མི་ལྡོག །དག་དྲན་མེད་ན་ལྷ་ཞི་བ་བསྒོམ་ཀྱང་རྒྱལ་འགོང་དང༌། དྲག་པོ་བསྒོམ་ན་རཱུ་དྲར་གོལ་བར་འགྱུར་བས་ན་གསལ་བརྟན་དག་གསུམ་གྱི་གནང་ལ་འབད། གཞན་ཡང་བདུད་ཀྱིས་ལྷར་བརྫུས་ནས་བར་གཅོང་འབྱུང་བའང་སྲིད་པས་རྟགས་དང་ཆོ་འཕྲུལ་འཚུབས་ལྷོང་སོགས་བཟང་ངན་གྱི་མཚན་མ་ཇི་ལྟར་བྱུང་ཡང་དགག་སྒྲུབ་རེ་དོགས་ཀྱི་བློས་མ་བཅིངས་པར་གདོད་མའི་གནས་ལུགས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀློང་ཆེན་པོར་ལ་བཟླ་བར་བྱ་སྟེ། དེ་ལྟར་ཡང་འོ་སྐོལ་གྱི་སློབ་དཔོན་སངས་རྒྱས་གཉིས་པའི་ཞལ་ནས། འགྲོ་འདུག་ཉལ་དང་སྤྱོད་ལམ་ཐམས་ཅད་ཀུན། །དེ་ལྟར་ལྟ་བའི་བྱ་ར་མ་ཡེངས་ན། །ང་ཉིད་པདྨ་འབྱུང་གནས་ཐུགས་ཀྱི་སྲས། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །ཕྱི་ནང་ཟས་ནོར་མི་དང་ལྷ་འདྲེ་འདུ། །བླ་མེད་བྱང་ཆུབ་གོ་འཕང་མྱུར་དུ་ཐོབ། །ལྟ་བས་མ་ཟིན་བསྒྲུབ་ཀྱང་དོན་མེད་པས། །ལྟ་བའི་བྱ་ར་གཅེས་སོ་རིགས་ཀྱི་བུ། ཞེས་གསུངས། གཞན་ཡང་བསྙེན་པའི་བསླབ་བྱ་ཁྱད་པར་གནད་ཀྱི་ཞལ་ཤེས་ནི།
བསྙེན་སྒྲུབ་ལ་རྟགས་མ་ཐོན་བར་དུ༔ དང་པོ་ནས་རྣལ་འབྱོར་པ་རེ་དོགས་ཅན་གྱིས་ལྷ་མི་བསྲེལ་ཏེ༔ གང་ཞེ་ན༔ གདོན་ཆེན་པོ་ལ་བྱིན་རླབས་མི་བྱ༔ སྲིའུ་མི་གསོ༔ སེར་རྒོད་མི་བཟློག༔ གཞན་གྱི་ཟས་གོས་གྲིབ་ཅན་ལ་མི་འབག་གོ༔ བྱས་ན་སྒྲུབ་པ་པོ་ཟག་ལ་འགྲོ་བས་རྟགས་མི་འབྱིན༔ རྟགས་མཚན་མི་ལ་མི་བཤད༔ རེ་དོགས་དང་འཁུ་འཁྲིག་མི་བྱ་སྟེ༔ རྟགས་བཟང་བ་ལ་དགའ་མི་བྲོད༔ ངན་པ་ལ་དོགས་མི་འཚེར༔ ཐམས་ཅད་རྒྱུ་འབྲས་དང་རྟེན་འབྲེལ་དུ་ཤེས་པས་ལྟ་བའི་གདིང་བསྐྱེད་དོ༔ ཞེས་གསུངས་པ་ལྟར་དང༌། བསྙེན་པ་མ་རྫོགས་པར་གནས་སྤོས་ན་དངོས་གྲུབ་བོ་ཟག་དོན་མེད་དུ་འགྱུར་བས་གནས་མི་སྤོ༔ ཞེས་ཆོས་དབང་གི་གཞུང་ལས་གསུངས་པ་ལྟར་སྤང་བླང་ཚུལ་བཞིན་དུ་བྱ། སྤྱིར་ལམ་ཟབ་མོ་ཉམས་སུ་ལེན་པའི་སྐབས་འདིར་འཚེ་བའི་རྐྱེན་མང་བས་ལུས་ལ་འབྱུང་བཞིའི་ནད་དྲག་པོས་བཏབ་ནས་གློ་བུར་དུ་སྨན་པ་དང་གྲོགས་སོགས་མཚམས་ནང་དུ་འབོད་དགོས་པའམ་སྲིད་པས། དེས་ན་བྱ་བྱེད་སྤྲོ་བསྡུ་གང་ཡང་རྣམ་རྟོག་གི་རྗེས་སུ་འབྲང་བས་དང་པོར་མཚམས་ལ་འཇུག་སྐབས་ནས་ཞེ་མཐུན་གྱི་སྨན་པ་དང་གྲོགས་འཁོར་དངོས་ཆས་སོགས་ཀྱང་དགོས་འབྱུང་ན་ཇི་སྙེད་ཅིག་གཏོང་ལེན་བྱེད་སྙམ་པའི་དམིགས་འོག་
ཏུ་ཆུག་པ་དགོས། ཕྱིས་དེ་དག་གཏོང་དགོས་བྱུང་ཚེ་མཚམས་ལ་ཧར་གྱིས་གྲོལ་བའི་བར་ཆད་མི་འཇུག་པའི་དགོས་པ་ཡོད་པས་སོ། །དེ་ལྟར་ཐུན་བཞིའི་རིམ་པས་དུས་གྲངས་རྟགས་ཀྱི་བསྙེན་པ་གསུམ་གང་རུང་བྱ་སྟེ། དེ་ལ་དུས་ནི་དགོངས་རྒྱུད་ལས། ཡུན་ནི་ལོ་ཟླ་ཙམ་དུ་བསྲིང་༔ ཞེས་པས་རང་གི་ནུས་པ་དང་སྦྱར་ཏེ་ལོའམ་ཟླ་བའི་གྲངས་འདི་ཙམ་ཞིག་བྱའོ་ཞེས་ཇི་ལྟར་དམ་བཅས་པ་ལས་མི་འདའ་བར་བྱ་ཞིང༌། གཞན་ཡང་ཇི་སྐད་དུ། ཞག་ནི་སུམ་ཅུ་ཕྲག་དྲུག་གམ༔ ཞེས་པས་བསྙེན་སྒྲུབ་སོ་སོར་ཟླ་བ་དྲུག་རེ་སྟེ་ཁྱོན་ལོ་གཅིག་ཡན་ཆད་དམ། ཡང་ན་བསྙེན་སྒྲུབ་སྤྱིར་ཟླ་བ་དྲུག་གི་དབང་དུ་བྱས་ཏེ། འདིར་བསྙེན་པ་ལ་དེའི་ཕྱེད་ཆ་ཟླ་བ་གསུམ་ཡན་ཆད་དོ། །གྲངས་ཀྱི་བསྙེན་པ་ནི། དགོངས་རྒྱུད་ལས། བསྙེན་སྒྲུབ་ཆོ་ག་ཚང་བྱས་ནས༔ ཛཔྲ་གྲངས་བདུན་འབུམ་ཉི་ཁྲི་འདོན༔ ཞེས་པ་ལྟར་གྲངས་ཚད་བདུན་འབུམ་ཉི་ཁྲི་ཡན་ཆད་སྤྱིར་བཏང་ཡིན་ལ། དམིགས་བསལ་དུ་དབང་པོ་རབ་ཀྱིས་འབྲུ་འབུམ། འབྲིང་གིས་དེ་ཉིས་འགྱུར། ཐ་མས་སུམ་འགྱུར་གྱིས་ངེས་པར་འགྲུབ་པར་གསུངས། གྲངས་བསྙེན་ཚད་དུ་མ་འཁྱོལ་ཡང་བརྩོན་འགྲུས་དང་སྦྱར་བའི་བཟླས་པ་གང་འགྲུབ་ཙམ་བྱས་པས་ཀྱང་བསྙེན་སྒྲུབ་ཀྱི་འབྲེལ་བ་ཐོགས་པ་ཡིན་ཏེ། གསང་བ་
སྙིང་པོ་ཕྲིན་ལས་ཀྱི་རྒྱུད་ལས། འབྲུ་འབུམ་བདུན་འབུམ་ཉི་ཁྲི་ཙམ༔ སྟན་དྲོད་མ་ཡལ་རྩེ་གཅིག་བཟླ༔ ཞེས་སོགས་འབྱུང་ངོ༌། །ད་ལྟའི་དུས་དང་སྦྱར་ན། རྩ་བསྙེན་བྱེ་བ་ཕྲག་གསུམ་དང་འབུམ་ཕྲག་བཞི། ལས་སྦྱོར་འབུམ་གསུམ་དང་ཁྲི་ཚོ་བཞི་བཟླས་ན་འགྲུབ་པར་ཞུས་ལན་ཉིད་དུ་གསལ་ལོ། །འོན་ཀྱང་གང་ཟག་སྦྱངས་པ་སྔོན་སོང་བསྙེན་སྒྲུབ་ཀྱི་ལས་འཕྲོ་ཅན་ལ་ནི་དུས་གྲངས་མི་ངེས་ཏེ། གཞུང་ལྟར་རྟགས་དང་མཚན་མ་ཞག་གཅིག་ནས་ཐོན་ནའང་བསྙེན་པ་རྫོགས་པ་སྟེ་གང་དགོས་ལས་ལ་སྦྱར་བས་འགྲུབ་པ་ཡིན་ནོ། །རྟགས་སམ་མཚན་མའི་བསྙེན་པ་ནི། རྣལ་འབྱོར་པ་རབ་ལ་སྐུ་གསུང་ཐུགས་ཀྱི་རྟགས་བདུན་གསུམ་ཉེར་གཅིག་མངོན་སུམ་འབྱུང༌། འབྲིང་ལ་དེ་དག་ཉམས་སྣང་དུ་བྱུང༌། ཐ་མ་རྣམས་ལའང་གཞུང་ལས། སེམས་རྩེ་གཅིག་ཏུ་ཏིང་ངེ་འཛིན་ལ་གནས་ཤིང་གསལ་བ་དང་༔ བླ་མ་ལ་མོས་གུས༔ ཡི་དམ་ལ་དག་སྣང་༔ སྒྲུབ་པ་ལ་སྤྲོ་ཞིང་བློ་དཔའ་བ་དང་གདིང་ཡོད་པ༔ རྨི་ལམ་དུ་མཆོད་རྟེན་དང་རི་མགོ་རྩེར་འདུག་པ༔ རྔ་བརྡུང་༔ དར་འཕྱར༔ དུང་འབུད༔ ཉི་ཟླའི་སྟེང་དུ་འདུག་པ༔ ལྷའི་ཞལ་མཇལ༔ སྒྲུབ་ཕུར་རྣམས་ལས་འོད་འཕྲོ༔ འཕར་ལྡིང་བཞད་པ་ལྷ་མོའི་གཟུགས་སྟོན་པ༔ དབང་བསྐུར་ཆོས་བཤད་ཁྲི་ཆེན་ལ་འདུག་ལ༔ གྲུ་ཆེན་ལ་འདུག་
པ༔ གྲུ་པ་མཉན་པ་སྡེ་དཔོན༔ ཁྲོམ་གྱི་ཁ་ལོ་བསྒྱུར་བ་འབྱུང་ངོ་༔ ཞེས་གསུངས་པ་ལས་སྐུ་གསུང་ཐུགས་ཀྱི་རྟགས་སྣ་གསུམ་རྫོགས་ན་བསྙེན་ཚད་རྫོགས་པའི་རྟགས་སུ་གསུངས་སོ། །སྐབས་འདིར་སྔོན་ལས་ཀྱི་དབང་གིས་ཇི་ལྟར་བསྒྲུབས་ཀྱང་བར་ཆད་ན་ཚ་སོགས་མི་ཤིས་པ་མང་ཞིང་རྟགས་མཚན་གང་ཡང་མ་མཐོང་བའམ་ལོག་པར་མཐོང་ན་སྔོན་གྱི་ལས་འཕྲོ་མེད་པའམ། དམ་ཚིག་ཉམས་པ་དང༌། ཆོ་ག་ཕྱག་ལེན་འཁྲུགས་པ། སྔགས་དང་བཟླས་བརྗོད་མ་དག་པ། བརྒྱུད་པ་ལ་སེལ་ཞུགས་པ། སྒྲུབ་རྫས་མ་ཚང་བ། དམིགས་པ་ཏིང་ངེ་འཛིན་མ་གསལ་བ། གཡེང་བ་ལ་སོགས་པའི་སྐྱོན་ཅན་ཡིན་པས། དེ་ལ་བསོད་ནམས་ཚོགས་ཀྱི་དཔུང་བསྐྱེད། བཤགས་པ་དང་ཡིག་བརྒྱ་མང་དུ་བཟླ། བདག་ཉིད་དང་སྒྲུབ་རྫས་ལག་ཆ་རྣམས་རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ནས་དབྱུང༌། རབ་གནས་བསྐྱར་བླ་མ་བརྒྱུད་པ་མཚན་ཉིད་དང་ལྡན་པ་ལས་དབང་ལུང་ལག་ལེན་ཐམས་ཅད་བསྐྱར་ནས་ཞུ་ཞིང་ཞུན་ཐར་བཅད། ཡི་དམ་ལ་ཚོགས་དང་བསྐང་གསོལ་བྱ། ཡན་ལག་བདུན་པ་དང་མཎྜལ་མང་དུ་ཕུལ་ཞིང་གསོལ་བ་གདབ་ལ་དངོས་གྲུབ་ཞུ། ཚེ་འདིའི་ཆེད་གཉེར་ཆགས་ཞེན་གྱི་བློ་སྣ་རིང་དུ་དོར། སྟོང་པ་ཉིད་ཀྱི་
གདིང་བཅའ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དཔང་དུ་བཙུགས་ཏེ་བརྩོན་འགྲུས་དྲག་པོས་བསྒྲུབ་བོ། །དེས་ཀྱང་མ་འགྲུབ་ན་སྒྲུབ་པ་ལན་གསུམ་མམ་ལྔའམ་བདུན་སོགས་སྤོགས་ན་ལས་འཕྲོ་ཇི་ལྟར་ངན་ཀྱང་འགྲུབ་པར་གསུངས་སོ། །གཉིས་པ་སྒྲུབ་པ་ནི། ཕྱི་ནང་གི་མཚམས་གཅོད་སོགས་བསྙེན་སྒྲུབ་སྦྲེལ་བའི་སྐབས་འདིར་སྔར་སོང་བས་འཐུས་པར་མཛད། ཆག་ཆག་གདབ་པ། ཐིག་ཚོན་བྱིན་རླབས་ལྡན་པས་དཀྱིལ་འཁོར་བྲི་བ། ཕུར་བུ་བྱིན་གྱིས་བརླབས་ཏེ་དགོད་པ། རྒྱན་རྫས་དགྲམ་པ་རྣམས་གཞན་དོན་ཚོམ་བུའི་སྒྲུབ་གཞུང་ལྟར་བྱ་བ་ཡིན་མོད། དེ་ཙམ་མ་ལྕོགས་ན། སྔར་བསྙེན་དུས་དཀྱིལ་འཁོར་བཤམས་ཚེ་དེ་ཀའི་སྟེང་དུ་སྦམ་ཕུར་བཀོད་པས་གོ་བཅད། གལ་ཏེ་སྔར་ཐོད་དཀྱིལ་ཁོ་ནར་བསྟེན་པ་ཡིན་ན། འདིར་དཀྱིལ་འཁོར་རས་བྲིས་བཀྲམ་པའི་སྟེང་སྔར་གྱི་ཐོད་པའི་དཀྱིལ་འཁོར་ལ་ལྷ་ཕུར་ཚང་མ་སྦམས་ཏེ་བཙུགས་པ་ཉིད་བཀོད། སྔར་གཙོ་ཕུར་ལས་མེད་ན་སྐབས་འདིར་ལྷ་ཕུར་ཚང་མའམ། མ་འབྱོར་ན་དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་ཚོན་སྤུངས་སམ་ཕྱག་མཚན་ནམ་འབྲུའི་ཚོམ་བུ་བཀོད། སྒྲུབ་གཏོར་དང་ཆོས་སྲུང་གི་གཏོར་མ་སྨན་རཀ་རྣམས་སྔར་གྱི་དེ་ཀ་གསོལ་པས་ཆོག །སྐབས་འདིར་ཕྱི་ནང་གི་མཆོད་པ་
དང་དཀྱིལ་འཁོར་གྱི་རྒྱན་ཅི་འབྱོར་བཀྲམ། དེ་ལྟར་གྲབ་ཤོམ་ཚར་བའི་ནུབ་རྒྱུན་བསྙེན་མ་ཆག་ཙམ་བཟླས་རྗེས་ཉལ། སང་ཉིན་ཞོག་ཐུན་ནས་བརྩམས་ཏེ་སྐྱབས་སེམས་བཀའ་བསྒོ་སོགས་སྔོན་འགྲོའི་རིགས་གྲུབ་ནས། ཏིང་འཛིན་རྣམ་གསུམ་ནས་བཟུང་རང་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དམ་ཚིག་གི་འཁོར་ལོར་དབྱེར་མེད་དུ་བསྐྱེད་པའི་ཁྱད་པར་ཙམ་མ་གཏོགས་གཞན་བསྟོད་པའི་བར་བསྙེན་པ་ལྟར་ལས་གཞུང་བསྲང་ཞིང༌། སྐུ་གསུང་ཐུགས་ཀྱི་ཛཔྲ་དགོངས་གསུམ་བསྙེན་དུས་ལྟར་ལ་བུང་བ་ཚང་ཞིག་གི་ཚུལ་ཁྱད་པར་དུ་བྱས་པའི་བཟླས་པ་སྔོན་དུ་བཏང་རྗེས། འདིར་ཡོན་ཏན་ལ་དམིགས་པའི་ཛཔྲ་དགོངས་གཙོ་བོར་བྱ་སྟེ། དེའི་དམིགས་པ་ནི། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ་ཛཿས་ཕྱེས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས། བདག་ཉིད་ཀྱི་ཐུགས་ཀའི་སེམས་དཔའ་སུམ་བརྩེགས་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། ཕྱོགས་བཅུའི་བདེ་གཤེགས་ཐམས་ཅད་དང༌། གཙོ་བོ་ཁྲོ་ཚོགས་སྲས་མཆོག་སྒོ་མ་དམ་ཅན་གྱི་ཕུར་བུ་ཐམས་ཅད་ཀྱི་ཐུགས་ཀར་ཐིམ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་
སྔགས་ཕྲེང་དམར་པོའི་རྣམ་པར་ལྷ་སོ་སོའི་ལྟེ་བ་ནས་བྱུང༌། བདག་གི་ལྟེ་བར་ཞུགས། ཐུགས་ཀའི་ས་བོན་ལ་ཐིམ། སླར་ཐུགས་ཀ་ནས་སྔར་བཞིན་སྤྲོས་པ་འགལ་མེ་ལྟར་འཁོར་བར་དམིགས་ནས་ཛཔྲ་བཟླ་ཞིང་ཐུན་མཐར་མཆོད་ཅིང་བསྟོད། ཐུན་བཞིའི་གཅོང་ཚུལ་དང་སྔོན་འགྲོ་རྒྱས་བསྡུས་ཀྱི་འདོར་ལེན་སོགས་སྔར་བསྙེན་པ་ལྟར་ལས། འདིར་སྲོལ་ཐུན་ལྟ་བུའི་ཐུན་གཅིག་ལ་ཚོགས་གཏོར་ཀྱང་ཅི་འགྲུབ་བྱ་ཞིང་ལྷག་མ་བཙོན་དུ་འཛིན་པ་སོགས་སྤྱི་ལྟར་རོ། །ཚུལ་དེས་སྒྲུབ་པ་རྫོགས་པར་ཉེ་བའི་མཐའི་ཞག་བདུན་གསུམ་ཙམ་གྱི་རིང་སྔར་བཞིན་སྐུ་གསུང་ཐུགས་ཡོན་ཏན་བཞིའི་ཛཔྲ་དགོངས་དང་ལྡན་པས་ཛཔྲ་བཟླས་མཐར་དམིགས་པ་འདི་ཉིད་བསྣན་ཏེ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ཁྱབ། འབྱུང་བཞི་རིན་ཆེན་སྨན་རྫས་ཐམས་ཅད་ཀྱི་ཚེ་རིང་ནད་མེད་གདོན་སེལ་བྱེད་ཀྱི་བཅུད་ཐམས་ཅད་བསྡུས་ཏེ་བདག་ལ་ཐིམ་པས་ཚེ་བསོད་དཔལ་གྲགས་གཟི་མདངས་བསྐྱེད། ཁྱད་པར་འཆི་མེད་ཚེའི་རིག་འཛིན་ཐོབ་པར་གྱུར། བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་འཕྲོས་པས་ལས་ཉོན་མ་རིག་པའི་བག་ཆགས་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། དཀྱིལ་འཁོར་
གྱི་ལྷ་ཚོགས་དང་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ལ་འཕྲོས། མཉེས་མཆོད་ཕུལ། དགྱེས་པ་བསྐྱེད། ཐུགས་དམ་བསྐུལ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་ཨོཾ་ཨཱཿཧཱུཾ་གི་རྣམ་པར་བསྡུས་ནས་བདག་ལ་ཐིམ་པས་ལས་ཉོན་བག་ཆགས་དང་བཅས་པ་སྦྱངས། རྡོ་རྗེ་གཞོན་ནུའི་རང་བཞིན་དུ་གྱུར། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ཀྱི་དངོས་གྲུབ་ཐོབ་པར་བསམ། ཡང་འབྲུ་གསུམ་གྱི་རྣམ་པར་བསྡུས་ནས་རྟེན་རྫས་ཐམས་ཅད་ལ་ཐིམ་པས་འབར་འཁྲབ་ཁོལ་ཞིང་དྲི་བཟང་དང་དུ་བ་སོགས་བྱུང་བར་བསམ་ལ་འབྲུ་བཅུ་བདུན་པ་ཉིད་བཟླའོ། །དེའང་རྩ་སྒྲུབ་ལས། དེ་ལྟར་འོད་ཟེར་སྤྲོ་བསྡུ་མ་ཡེངས་པར་ཞག་སུམ་ཅུ་ཕྲག་གསུམ་མམ་མཚན་རྟགས་མ་བྱུང་གི་བར་འབད་པས༔ རྟགས་དང་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ༔ རབ་རྣམ་སྨིན་གྱི་ལུས་འདི་ལྷར་འགྱུར་བའམ༔ འབྲིང་དུ་ཞལ་མཐོང་ལུང་སྟོན་གསུང་དང་ཆོས་སྟོན་པ༔ ངག་བདེན་པ་འགྲུབ་པ་རྣམས་འབྱུང་༔ ཐ་མ་རྨི་ལམ་དུ་ཞལ་མཇལ༔ དགྲ་བགེགས་ཚར་བཅད་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ༔ དེ་ཚེ་སྒྲུབ་ཕུར་རྣམས་སྤྱི་བོ་མགྲིན་པ་སྙིང་ག་གསུམ་དུ་གཏུགས་
ཏེ༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་མ་ལུས་ཐོབ་པར་བསམ༔ ཐོབ་ཀྱང་ངེས་པར་འཐོབ་པ་ཡིན་ནོ༔ ཞེས་གསུངས་པ་དང༌། དེར་མ་ཟད་གྲུབ་པའི་རྟགས་ཕུར་བུ་འབར་ཞིང་མེ་ལྟར་འབར་ན་རིག་འཛིན་གྱི་རྒྱལ་པོར་འགྱུར་བ་དང༌། སངས་རྒྱས་ཀྱི་ཞལ་མཐོང་བ་སོགས་འགྱུར། འབྲིང་དུ་བ་བྱུང་ན་མི་སྣང་བ་སོགས་དང༌། དྲོ་བར་གྱུར་ན་རྐང་མགྱོགས་སོགས་ཀྱི་དངོས་གྲུབ་ཐོབ་པར་གསུངས་མོད། དེ་ལྟར་མ་འགྲུབ་ནའང་། ཐ་མ་ཞི་རྒྱས་སོགས་ལས་ཕྲན་ཚེགས་རྣམས་བཏབ་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །དུས་བཤད་མ་ཐག་པ་ལྟར་ལ། གྲངས་བདུན་འབུམ་ཉི་ཁྲི་གཙོར་བཟུང་ངོ༌། །གསུམ་པ་ལས་སྦྱོར་ནི། སྒྲུབ་པ་ཆེན་པོའི་ཡན་ལག་དངོས་གྲུབ་ལེན་པ་སྟེ། དེའང་གྲུབ་པའི་མཚན་མ་མཐོང་བའམ་དུས་གྲངས་རྫོགས་ནས་དངོས་གྲུབ་ཀྱི་རྫས་བསགས་པ་ནི། མཆོད་གཏོར་བཟང་དུ་བཤམ། གཏའ་གཏོར་རྙིང་པ་ཁ་གསོ། བྷཉྫ་མཚན་ལྡན་དུ་ཆང་བཟང་པོ་ལ་ཨ་མྲྀ་ཏ་མངར་གསུམ་བཏབ་པ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་བྱིན་གྱིས་བརླབས་ལ་བཞག །སྣོད་བཟང་པོར་ཕྱེ་མར་ཨ་མྲྀ་ཏ་དང་སྤོད་ཀྱིས་བྲན་པ་ལས་དངོས་གྲུབ་ཀྱི་རྫས་དབུས་སུ་རིན་
ཆེན་འབར་བའི་ནང་དུ་འདོད་དོན་གྱི་གསོལ་བྱང་བཅུག་པ། དེའི་ཤར་དུ་འབྲང་རྒྱས་ཟླུམ་པོ། ལྷོར་གྲུ་བཞི། ནུབ་ཏུ་ཟླ་གམ། བྱང་དུ་ཟུར་གསུམ་རྣམས་བཀོད། རིལ་བུ་དང་བདར་བུ་ཅི་རིགས་པས་ཟླུམ་ཐབས་སུ་བསྐོར་ཞིང༌། ཚེ་འབྲང་དང་ཚེ་ཆང་ཡང་བཤམས། ནུབ་ཐ་མའི་ཐོར་ཐུན་ལ་སྔོན་འགྲོ་ནས་བརྩམས་བཟླས་པའི་བར་སྔར་གྱི་དཀྱུས་བཞིན་དང༌། ཚོགས་བསྒྲལ་བསྟབ་ཀྱི་བར་ལས་གཞུང་བསྲང་རྗེས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་ནི། བདག་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་བའི་ཡབ་ཀྱི་གསང་གནས་ཟླ་བ་ལ་རྡོ་རྗེ་རྩེ་ལྔ་པ། སྡུད་བྱེད་ཀྱི་སྙིང་པོ་བུ་གར་ཨོཾ་དཀར་པོས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ཨེ་གྲུ་གསུམ་གྱི་དབུས་སུ་འབེབས་བྱེད་ཀྱི་སྙིང་པོ་ཨེ་དམར་པོས་མཚན་པར་བསམ་ལ། མཁའ་གསང་སྦྱར་ཏེ་སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ན་ཁྲག་འཐུང་རིགས་ལྔ་ཡབ་ཡུམ་ཚོན་གང་བ་བཞུགས་པ་རྣམས་བསྐུལ། སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་དཀར་པོ། ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་རྩ་དབུ་མ་ནས་བྱུང༌། ཡུམ་གྱི་མཁར་བབས་དཀར་དམར་འདྲེས་ནས་དངོས་གྲུབ་ཀྱི་རང་བཞིན་དུ་བསྐྱིལ་བ་དེ་ཨོཾ་ཨཱཿཧཱུཾ་གསུམ་དུ་
གྱུར་པ་བདག་ཉིད་ཀྱི་རྡོ་རྗེའི་ནང་དུ་རྔུབས་ཏེ་ཐུགས་སྲོག་ཧཱུཾ་ལ་ཐིམ། ཐུན་མོང་གི་ཚེ་བསོད་དཔལ་གྲགས་རྒྱས། སྣང་བ་དབང་དུ་འདུས། གཟི་བརྗིད་འོད་དུ་འབར། ལོ་བཅུ་དྲུག་གི་ན་ཚོད་དུ་གྱུར། མཆོག་གི་དངོ ཧཱུཾ་སརྦ་སིདྡྷི་ཨཱཿཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླ། མཐར་ཕྲེང་བ་ལག་གཡས་སུ་ཐོགས། གཡོན་པའི་མཛུབ་མོ་དང་མཐེའུ་ཆུང་བསྒྲེང༌། གུང་སྲིན་མཐེ་བོང་སྦྱར་བ་རྟ་མགོའི་ཕྱག་རྒྱ་བྱས་ཏེ། ཐུགས་སྲོག་འོད་ཟེར་གྱིས་བསྐུལ་བས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་དང༌། ཁྱད་པར་དུ་དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བྱིན་རླབས་མཆོག་དང་ཐུན་མོང་ཡིད་ལ་ཅི་འདོད་པ་ཐམས་ཅད་དངོས་གྲུབ་ཀྱི་རྫས་ལ་དྲག་ཏུ་ཐིམ་པས་རྫས་རྣམས་འདོད་རྒུ་འབྱུང་བའི་རྒྱ་མཚོ་ཆེན་པོར་གྱུར་པར་བསམ་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཛཿཧཱུཾ་བཾ་ཧོཿ ཀཱ་ཡ་སིདྡྷི་ཨོཾ༔ ཝཱཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུཾ༔ སརྦ་སིདྡྷི་ཧྲཱིཿ ཞེས་བཟླས་པས་རྫས་རྣམས་ལ་རབ་འོད་འབར། འབྲིང་ཁོལ། ཐ་མ་རླངས་སམ་དྲི་བྱུང་བའམ། གལ་ཏེ་དེ་ཙམ་མ་བྱུང་ནའང་ཐོར་
ཐུན་གྱི་མཐའི་སྐྱ་རེངས་ཤར་བ་དང་དངོས་གྲུབ་བླང་སྟེ། ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་ཨོཾ་ཨཱཿཧཱུཾ་གིས་བདུད་རྩིར་སྦར་བ་ཐོགས་ཏེ། ཧཱུཾ། འཆི་མེད་བདུད་རྩི་སྨན་གྱི་བཅུད༔ ཉོན་མོངས་གདུང་བ་སེལ་བའི་མཆོག༔ ཛ་གད་རཀྟའི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་སོ་སོའི་མཚན་སྔགས་མཐར། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་བཏགས་པས་མཆོད། དངོས་གྲུབ་ཀྱི་རྫས་ཐོགས་ལ། ཧཱུཾ༔ དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས༔ དཔང་གྱུར་ཐམས་ཅད་དགོངས་སུ་གསོལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབ༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲང་༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས༔ ཞག་དུས་གྲངས་དང་རྟགས་ཀྱང་ཐེམས༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ འདོད་རྒུའི་དངོས་གྲུབ་རིན་ཆེན་གཏེར༔ ད་ནི་འབྱུང་བའི་དུས་ལ་བབ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེ་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ སྐུ་གསུང་ཐུགས་ཡོདནཕྲིན་ལས་ཀྱི༔ དབང་
དང་དངོས་གྲུབ་བདག་ལ་སྩོལ༔ ལྷ་དང་སྐལ་བ་མཉམ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕལ་ཧོ༔ ཞེས་བརྗོད་ལ་སྒྲུབ་རྟེན་གནས་གསུམ་དུ་གཏུག་ཅིང་དམ་རྫས་རྣམས་ལ་ལོངས་སྤྱད་ནས། ལྷ་དང་དངོས་གྲུབ་འོད་དུ་ཞུ་བ་བདག་གི་ཐུགས་སྲོག་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ། དེའི་ཚེ་སྒྲུབ་རྟེན་ཕུར་བུ་རྣམས་འཕར་ཞིང་འབར་བ་དང་དུ་བ་སོགས་ཀྱི་རྟགས་བྱུང་ན་ཐེ་ཚོམ་མེད་པར་ལྷ་ལ་ཕྱག་བྱས་ནས་གཡས་པས་བླངས་ཏེ་དངོས་གྲུབ་བླང་པ་ཡིན་མོད་ཀྱི། རྟགས་མཚན་མངོན་དུ་མ་བྱུང་ནའང་འདིར་རང་གི་གནས་གསུམ་དུ་གཏུག་ཅིང་རྡོ་རྗེ་གསུམ་དུ་ལྷུན་གྱིས་གྲུབ་པར་གསོལ་བ་བཏབ། སྒྲུབ་གཏོར་ལྷར་གསལ་བའང་གནས་གསུམ་དུ་རེག་ཅིང་དབང་བླངས་ནས་ལྷ་ཞུ་བའི་གཏོར་རྫས་བདུད་རྩིར་མོས་ཏེ་མྱང་བས་རྩ་ཁམས་ཐམས་ཅད་ཡེ་ཤེས་ཀྱིས་ཁྱབ་པར་བསམ། དངོས་གྲུབ་ཀྱི་རྫས་ཆ་བཞིར་བགོས་པའི་གཅིག་བླ་མ་དང༌། གཅིག་རིག་འཛིན་ལ་འབུལ། གཅིག་བདག་གིས་རོལ། གཅིག་སྒྲུབ་གྲོགས་ལ་སྟེར། དེ་ནས་ནམ་ལངས་པ་དང་རང་གཞུང་གི་རྒྱུན་གཏོར་དང་སྲུང་མའི་གཏོར་ཆོག་རྣམས་རྒྱས་པར་བྱ་ཞིང༌། དེ་ཉིན་ལྷག་ཆོག་དང་སྦྲེལ་ཏེ་སྔར་གྱི་ལྷག་མ་རྣམས་ཀྱང་ཕྱི་རོལ་དུ་བཏང་ལ་
སྨོན་ལམ་དང་བཟོད་གསོལ་བྱ། སྒྲུབ་གཏོར་ཆ་གསུམ་དུ་བགོས་པའི་ཆ་གཅིག་སྒྲུབ་ཁང་གི་འོག་ཏུ་སྒྲུབ་གཞུང་ལྟར་གཏེར་དུ་སྦ། ཆ་གཅིག་སྦྱིན་སྲེག་གི་དུས་རྫས་ལ་འབུལ། ཆ་གཅིག་གཏོར་མ་གཞན་རྣམས་དང་བསྡེབ་ནས་ཕྱིར་བསྣུར་ཏེ་ཐ་ཚིག་གི་ཆད་མདོ་བསྒྲག་ཅིང་གཏོར་ཟོར་འཕང༌། བརྟན་མ་བསྐྱངས་ལ་དཔལ་གྱི་བྲོ་བརྡུང༌། ཚེ་འགུགས་བྱ། དེ་ནས་དཀྱིལ་འཁོར་པ་ལ་གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་མཐར་རྡུལ་ཚོན་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་པས་རྟག་ཆད་ཀྱི་མཐའ་བསལ་ནས་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཐའ་བརྒྱན། བསྙེན་མཚམས་ཀྱི་ཁོངས་དེ་གར་ཞི་བའི་སྲེགས་བླུགས་ཀྱང་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས་དགོས་པ་ལས། དེའི་ཆོ་ག་རྒྱས་པ་ལོགས་སུ་ཤེས་ལ། འདིར་ཁ་སྐོང་འཇུག་པ་དེའི་མེ་མཆོད་སྤྲོས་པ་བསྡུ་བར་འདོད་ན། མདུན་དུ་ཞི་བའི་ཐབ་དཀྱིལ་སྤྱི་ལྟར་རམ་མེ་སྣོད་སོལ་མེས་བཀང་བས་ཀྱང་རུང༌། ཡམ་ཤིང༌། མར་ཁུ། ཏིལ་དང་ཡུངས་དཀར་མེ་ཏོག་འབྲུ་སྣ་དཀར་པོའི་
རིགས་འདུ་བྱ། རྫས་རྣམས་འབྲུ་གསུམ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱ༔ ཧཱུཾ་ལན་བདུན་གྱིས་རློབ། མེ་ཐབ་བསང་སྦྱང༌། སྟོང་པའི་ངང་ལས་མདུན་དུ་ཧཱུཾ་ཡིག་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་གདབ། ཨགྣེ་ཛྭ་ལ་རཾ་གྱིས་མེ་དུ་བ་མེད་པར་འབར་བ་ཐབ་ཏུ་བཞག་ནས། མེའི་དབུས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་སད་པར་མོས། གཙོ་འཁོར་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ནས་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་བསྒྲུབ་པར་བསམ་ལ། རྩ་སྔགས་འབྲུ་བཅུ་བཞི་པའི་ཤམ་དུ། ཛྭ་ལ་རཾ་སརྦ་ཀརྨ་ཀུ་རུ་ཧོཿ ཞེས་བཏགས་པ་ཁོ་ནས་བརྒྱ་སྟོང་སོགས་འབུལ་ཞིང༌། མཚམས་སུ། རྣལ་འབྱོར་པ་བདག་གི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པ་མི་མཐུན་པའི་ཉེས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ། མཐར་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་རང་གི་སྙིང་གར་བསྡུ། ཚུལ་དེ་ལྟ་བུས་ཁ་སྐོང་གྲངས་རྫོགས་པ་ན། རྒྱལ་ཐོ་ལ་མཆོད་བསྟོད་སྔར་བཞིན་ཕུལ་ནས་གཤེགས་སུ་གསོལ་ལ་ཐོ་
འགྲོལ། དེ་ནས་སྒྲུབ་ཁང་དུ་ཉེ་འཁོར་མཆེད་གྲོགས་སོགས་དམ་ལྡན་དང་འཕྲད་དེ་རིམ་གྱིས་ཕྱི་རོལ་དུ་བག་གསེང་ཞིང༌། ཞག་ཁ་ཡར་ཐག་རིང་དུ་མི་འགྲོ་བར་གནས་སྲུང་བ་བཅས་ཀྱིས་ལེགས་པར་གྲུབ་བོ། །འདི་ནི་ནང་སྤྲོས་བསྡུས་དཔའ་བོ་གཅིག་སྒྲུབ་ཀྱི་ཚུལ་ཉིད་ཡིན་ནོ། །གཞན་དུ་གསང་བ་སྤྲོས་མེད་ཏིང་ངེ་འཛིན་སེམས་ཀྱི་སྒྲུབ་པ་ནི། བསྙེན་པ་བདག་བསྐྱེད་ལུས་དཀྱིལ་ལ་བརྟེན་པ་ཡིན་པས་སྤྲོས་པ་གཞན་མི་དགོས་ཤིང༌། བསྙེན་སྒྲུབ་སྦྲེལ་མར་འདོད་ན་རས་བྲིས་སམ་ཚོམ་བུའི་དཀྱིལ་འཁོར་གྱི་དབུས་སུ་གཙོ་ཕུར་ཙམ་བཀོད། མཆོད་གཏོར་སོགས་གང་འབྱོར་བཤམས། སྔོན་རྗེས་ཀྱི་ལས་རིམ་མདོར་བསྡུས་ལས་བྱང་གིས་ཁོག་ཕུབ་ལ། ཕྲིན་ལས་རྒྱུན་གྱི་རྣལ་འབྱོར་བཞིན་ཉམས་སུ་ལེན། སྤྲོས་བསྡུས་སྤྲོས་མེད་གང་གི་སྐབས་སུའང་བསྙེན་སྒྲུབ་ཀྱི་མཐར་ལས་བཞིའི་དམིགས་བཟླས་ཁྱད་པར་དུ་བྱ་བར་འདོད་ནའང་སྤྱི་ལྟར་སྦྱོར་ཞིང༌། རྗེས་ཀྱི་བྱ་བ་ནི་གོང་གི་འགྲོས་ཀྱིས་ཤེས་སོ། །འདི་དག་ནི་བདག་དོན་བྱང་ཆུབ་ནར་མའི་སྒྲུབ་པ་གང་ཟག་གཅིག་གིས་ཉམས་སུ་ལེན་པར་བྱ་བ་ཁོ་ན་སྟེ། གཞན་དུ་ཕྱི་ལྟར་སྤྲོས་བཅས་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་ནི་དེ་ཉིད་ཀྱི་ཁོག་
དབུབ་ལོགས་སུ་བཤད་པ་ལྟར་རོ། །དེ་རྣམས་ནི་སྟོད་ལས་བྱང་ཆུབ་སྒྲུབ་པའི་རིམ་པའོ། །ཡང་བདག་གཞན་ཐུན་མོང་དུ་བྱང་ཆུབ་སྒྲུབ་ཅིང་བར་ཆད་འདུལ་ཕྱིར་སྟོད་ལས་སྨད་ལས་སྦྲེལ་ནས་བསྙེན་སྒྲུབ་ལས་གསུམ་ཡོངས་རྫོགས་ཀྱི་ལུགས་དང༌། གདུག་པ་ཅན་བསྒྲལ་ཕྱིར་གློ་བུར་ཅོག་རྡུང་རལ་གྲི་ཕྱུངས་རྡེག་ཏུ་སྒྲུབ་པ་དང༌། ཤིན་ཏུ་བསྡུས་པ་བསྙེན་སྒྲུབ་ཆིག་ཆོད་དུ་བྱེད་པར་འདོད་ནའང་མན་ངག་གི་ངེས་པ་ཁོངས་སུ་ཆུད་པས་བློའི་རིམ་པ་དང་འཚམས་པར་ཉམས་སུ་བླང་བར་གཅེས་སོ། །དེ་དག་གིས་ནི་བསྙེན་ཐབས་ཀྱི་ལག་ལེན་དམར་ཁྲིད་བྱེ་བྲག་ཏུ་བཤད་པ་མདོ་ཙམ་བསྟན་ཟིན་ཏོ། །རབ་འབྱམས་རྒྱལ་ཀུན་ཕྲིན་ལས་ནུས་པའི་སྟོབས། །འབར་བའི་ཕྱག་རྒྱར་ཡོངས་སྣང་དཀྱིལ་འཁོར་ཆེ། །བསྙེན་ཅིང་སྒྲུབ་པའི་མན་ངག་ལག་ལེན་ཁྲིགས། །དངོས་གྲུབ་རྒྱ་མཚོའི་དགའ་སྟོན་བླ་ན་མེད། །འདི་བརྗོད་དགེ་བས་འཁོར་དང་འདས་པའི་ཆོས། །ཐལ་འབྱིན་དགོངས་པས་སྐུ་གསུམ་རོ་མཉམ་པ། །དཔལ་ཆེན་ཁྲག་འཐུང་ཚོམ་བུར་རབ་སྨིན་ཅིང༌། །ལམ་བཟང་འདིས་ཀྱང་ས་ཆེན་ཀུན་ཁྱབ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུདའཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་བྱང་ཆུབ་སྒྲུབ་པའི་མན་ངག་གསལ་བར་བྱས་པ་དངོས་གྲུབ་རྒྱ་མཚོའི་
དགའ་སྟོན་ཅེས་བྱ་བ་འདི་ནི། ལྷག་པའི་ལྷ་འདི་ཉིད་ལས་དངོས་གྲུབ་བརྙེས་པ་བཀའ་བབས་ཀྱི་ཆོས་བདག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་སྡེའི་གསུང་གིས་བསྐུལ་བ་བཞིན་རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། རྩ་བའི་གཞུང་གི་དགོངས་དོན་ལ་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེའི་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་མན་ངག་ལེགས་བཤད་ཀྱིས་རྣམ་པར་སྤྲས་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་ཐམ་པའི་ཐོག་ཏུ་སོན་པ་དཔལ་གདོང་གི་ལོ་ས་ག་ཉ་བའི་ཤེས་རབ་ཀྱི་ཆའི་རྫོགས་པ་དང་པོ་ཆུ་ཤེལ་གྱི་དབང་པོ་གྲོ་བཞིན་གྱི་དགའ་མ་དང་རྩེ་བའི་འགྲུབ་སྦྱོར་བཟང་པོ་ལ། ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་ཉེ་འདབས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་ལེགས་པར་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པ་དང༌། འགྲོ་བ་ཐམས་ཅད་བཅོམ་ལྡན་འདས་དཔལ་ཧེ་རུ་ཀའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ།། །།
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྨད་ལས་དགྲ་བགེགས་སྒྲོལ་བའི་མན་ངག་གསལ་བར་བྱས་པ་བདུད་འདུལ་རིག་པ་འཛིན་པའི་དགའ་སྟོན།
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྨད་ལས་དགྲ་བགེགས་སྒྲོལ་བའི་མན་ངག་གསལ་བར་བྱས་པ་བདུད་འདུལ་རིག་པ་འཛིན་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྨད་ལས་དགྲ་བགེགས་སྒྲོལ་བའི་མན་ངག་གསལ་བར་བྱས་པ་བདུད་འདུལ་རིག་པ་འཛིན་པའི་དགའ་སྟོན་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་ཁྲག་འཐུང་འབར་བ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ། །གཟོད་མ་ཉིད་ནས་འཕོ་འགྱུར་ཡོངས་བྲལ་མི་ཤིགས་སྟོང་ཉིད་རྡོ་རྗེའི་དབྱིངས། །རིག་པ་རང་སྣང་འབར་བ་ཆེན་པོའི་སྒྱུ་འཕྲུལ་རོལ་པ་གཞོན་ནུའི་གར། །མ་ལུས་རྒྱལ་ཀུན་ཕྲིན་ལས་ནུས་དཔལ་མི་བཟད་སྟོབས་སུ་བསྒྱུར་མཛད་པ། །འཇིགས་བྱེད་ཧེ་རུ་ཀ་དཔལ་དཔའ་བོས་ཡིད་སྲུབས་དཔུང་ལས་རྣམ་རྒྱལ་མཛོད། །དུས་མཐའི་ཞུགས་ཀྱི་ཕུང་པོས་མི་
སྐྲུན་པའི། །མཐུ་རྩལ་གཟི་ལྡན་མཚན་མའི་ཕུར་བུ་གང༌། །བརྣག་པའི་ཡུལ་ལ་ཇི་ལྟར་འདེབས་པའི་ཚུལ། །བདུད་འདུལ་རིག་པ་འཛིན་པའི་དགའ་སྟོན་སྤྲོ། །དེ་ལ་འདིར་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས་མཚན་མ་རྫས་ཀྱི་ཕུར་བུ་བརྣག་པའི་དགྲ་བགེགས་ལ་གདབ་པའི་རིམ་པ་སྨད་ལས་དྲག་པོ་སྒྲོལ་བའི་ཚུལ་ཉིད་མདོ་ཙམ་གསལ་བར་བྱེད་པ་ལ་སྤྱི་དོན་རྣམ་པ་གཉིས་ཏེ། ཤེས་པར་བྱ་བའི་རྣམ་བཞག་སྤྱིར་བསྟན་པ་དང༌། ལག་ཏུ་ལེན་པའི་མན་ངག་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། དེའང་རྒྱུད་བཟང་ལ་གཏུམ་པ་ཙནྡན་ལྟ་བུའི་གང་ཟག་གིས། བྱུག་བདུག་ཚར་བ། བྱིན་རླབས་བྱས་པ། །
རི་རབ་ལས་བརྗིད་པ་སྟེ་ཁྱད་པར་གསུམ་ལྡན་གྱི་སྲས་མཆོག་ཕུར་བུ། །བསྒྲལ་བའི་ཞིང་བཅུ་ཚང་བའི་ཡུལ་ལ། གབ་པའི་སྔགས་དྲུག་སྔོན་དུ་འགྲོ་བས་གསལ་བ་གསུམ་དང་ཚེ་ཁྲུས་ཀྱི་དགོངས་པའི་ཐབས་ཀྱིས་ཐོགས་པ་མེད་པར་འབྱིན་པ་ནོར་བུ་མིག་ཡངས་ལ་རྟ་རྔ་བརྒྱུས་པའི་ཚུལ་གྱིས་གདབ་པས། བསྟན་པ་དང་བསྟན་འཛིན་དབུ་འཕང་དམའ་བའི་སྐྱོན་ལས་གྲོལ་ཏེ་དགྲ་བགེགས་ཐལ་བར་རློག་པའི་གདིང་ཚད་དང་ལྡན་པས་འབྲས་བུ་སངས་རྒྱས་ཀྱི་བསྟན་པ་སྲུང་ཞིང་བྱང་ཆུབ་སྒྲུབ་པའི་བར་ཆད་སེལ་བ་སྟེ། དེའི་ཚུལ་ཅུང་ཟད་འཆད་པ་ལ་དྲུག །གང་བསྒྲལ་བའི་ཡུལ། གང་གིས་སྒྲོལ་བྱེད་སློབ་དཔོན། ཚུལ་ཇི་ལྟར་བསྒྲལ་བའི་ཐབས། མ་བསྒྲལ་བའི་ཉེས་དམིགས། བསྒྲལ་བའི་ཕན་ཡོན། བསྒྲལ་བའི་འབྲས་བུའོ། །དང་པོ་ནི། ཉམས་པ་བདུན་དང་ལྡན་པ་དང༌། ཞིང་བཅུ་ཚད་བ་སྟེ། ཉམས་པ་བདུན་ནི། ཕུར་བུ་མྱང་འདས་ཀྱི་རྒྱུད་ལས། སྲོག་དོན་བཀའ་དམ་ལས་ཀྱིས་ཉམས། །མཚན་མས་ཉམས་པར་གྱུར་བ་དང༌། །འདོད་པར་གྱུར་པས་ཉམས་དང་བདུན། །བསྒྲལ་བའི་དམིགས་ཀྱི་དམ་པར་བཤད། ཅེས་མདོར་བསྟན་ནས། དེ་དག་སོ་སོའི་མཚན་ཉིད་ཀྱང༌། དེ་ཉིད་ལས། དེ་ཡི་སོ་སོའི་མཚན་ཉིད་ནི། །ཕ་མ་མཁན་པོ་
སློབ་དཔོན་གསོད། །རྡོ་རྗེ་ནང་དམེ་བྱེད་པ་དག །ནམ་ཡང་དམྱལ་བར་ལྟུང་བྱེད་པས། །བསྒྲལ་བའི་དམིགས་ནི་དམ་པ་ཡིན། །སྲོག་ལས་ཉམས་པའི་མཚན་ཉིད་དོ། །ཞེས་སོགས་ནས། འདོད་པས་ཉམས་པའི་མཚན་ཉིད་དོ། །ཞེས་པའི་བར་གྱིས་བསྟན་པའི་དོན་མདོར་བསྡུ་ན། དང་པོ་སྲོག་ལས་ཉམས་པ་ནི། །རང་གི་ཕ་མ་མཁན་པོ་སློབ་དཔོན་རྣམས་གསོད་པ་དང༌། རྡོ་རྗེ་སྤུན་གྱི་ནང་དུ་དམེ་བྱས་པ་རྣམས་སོ། །གཉིས་པ་དོན་ལས་ཉམས་པ་ནི། །གོང་དུ་བཤད་པའི་ཡུལ་དེ་དག་ལ་ཕུར་པ་འདེབས་པའི་གཞི་བྱེད་པ། ལྟ་བ་རྒྱབ་ཏུ་བོར། ལོག་པ་དང་དུ་ལེན། སངས་རྒྱས་ཀྱི་བཀའ་དོར། བཀའ་ཕྱིན་ཅི་ལོག་ཏུ་དཀྲུགས་པ་ལ་མཁས་པའོ། །གསུམ་པ་བཀའ་ལས་ཉམས་པ་ནི། གསང་སྔགས་ཚུལ་བཞིན་དུ་སྤྱོད་པ་ལ་འཁུ་བ་དང་མཚངས་འདྲུ་བ་དང༌། ཡ་ག་འདོགས་པ་དང༌། བཀའ་ལ་སྐུར་པ་འདེབས་པ། འཁོར་རྣམས་ལོག་པར་འཁྲིད་པ་སོགས་སོ། །བཞི་པ་དམ་ལས་ཉམས་པ་ནི། རྡོ་རྗེ་སློབ་དཔོན་གྱི་བཀའ་བསླུས་ཏེ་ངན་སེམས་བྱེད་པ། །གསང་སྔགས་དང་ཕྱག་རྒྱའི་རྒྱུན་གཅོད་པ། གསང་ཆོས་རྒྱུད་མ་སྨིན་པ་ལ་སྤེལ་བ་རྣམས་སོ། །ལྔ་པ་ལས་ཀྱིས་ཉམས་པ་ནི། ལས་ཀྱིས་སྔོན་ཆད་འཁོན་པའི་གཞི་མེད་པར་ཉེས་
མེད་གཞན་ལ་རྒོལ་ཞིང་བཞིན་བཟློག་པར་བདག་གིས་ཉེས་པ་མ་བསྟན་ཡང་བདག་ལ་མཐུ་རྩལ་གྱིས་འདེབས་པར་བྱེད་པ་རྣམས་སོ། །དྲུག་པ་མཚན་མས་ཉམས་པ་ནི། །གཉིས་མེད་དོན་ལ་ཕྱོགས་ཆར་འཛིན་པ། སྒྲོ་སྐུར་གཉིས་ཀྱིས་རས་ཆོད་བྱེད་པ། སྐྱེ་མེད་ཀྱི་ཆོས་ལ་མཚན་མས་གཟུང་བ། ལྷ་སྲིན་མ་ལུས་པ་བྲན་དུ་མ་འཁོལ་བཞིན་ང་ཉིད་དཔལ་ཆེན་པོ་དངོས་ཡིན་ནོ་ཞེས་འཇིག་རྟེན་བླུན་པོ་རྣམས་བསླུ་བའི་རྫུན་ཆེན་པོ་སྨྲ་བ། གཞན་ལ་ཁྲོ་ཞིང་འཚེ་བར་བྱེད་པ་རྣམས་སོ། །བདུན་པ་འདོད་པས་ཉམས་པ་ནི། ཤེས་རབ་རྣམ་གསུམ་གྱི་རྩལ་མེད་པར་མཐུ་རྩལ་ཆེན་པོར་འདོད་པས་ལས་ཀྱི་གཙོ་བོ་མཚན་མར་སྤྱོད་པ། འཇིག་རྟེན་ལས་མ་འདས་པའི་ལྷ་འདྲེ་ལ་གསོལ་བ་བཏབ་ཅིང་རང་གི་གདོང་ཁྲག་གིས་བྱུགས་པ་ལ་སོགས་པའི་སྒོ་ནས་སྤྱོད་པའི་གཞུང་བཟང་པོ་བོར་ཞིང༌། མི་འཚམས་པའི་སྤྱོད་ངན་ཐོ་ཅོ་བརླང་པོར་སྤྱོད་པས་བཀའ་དང་གཞུང་ལུགས་སྨད་ནས་བཟའ་བཏུང་འདོད་པས་སྒྲུབ་པའི་ལོངས་སྤྱོད་བརྐུ་བ་རྣམས་ཡིན་པར་བཤད་དོ། །གཞན་ཡང་ཁྲག་འཐུང་རྩ་བའི་རྒྱུད་ལས། སངས་རྒྱས་བསྟན་པ་བཤིག་པ་དང༌། །དཀོན་མཆོག་དབུ་འཕང་སྨད་པ་དང༌། །དགེ་འདུན་འདུ་བའི་སྒོ་འཕྲོག་དང༌། །ཐེག་ཆེན་ཆོས་ལ་སྨོད་པ་དང༌། བླ་
མའི་སྐུ་ལ་བསྔོ་བ་དང༌། །རྡོ་རྗེའི་ནང་དབྱེན་བྱེད་པ་དང༌། །སྒྲུབ་ལ་བར་ཆད་བྱེད་པ་དང༌། །གང་ཞིག་དམ་ལས་ལོག་པ་དང༌། །སྙིང་རྗེ་མེད་པའི་སྲིན་པོ་དང༌། །མུ་སྟེགས་ལོག་ལྟར་གཏོང་བ་དང༌། །སྒྲུབ་པ་པོ་ལ་དོ་བསྔོ་བ། །འདི་རྣམས་བསྒྲལ་བའི་ཞིང་བཅུ་ཡིན། །ཞེས་གསུངས་པ་ལྟར་བྱ་བ་མ་ཡིན་པ་བརླང་པོར་སྤྱོད་པའི་ལས་ངན་ཅན་གྱི་བསྒྲལ་བའི་ཞིང་དུ་གྱུར་པ་རྣམ་པ་བཅུར་གསུངས་པ་དེ་དག་སྟེ། ལས་ཉོན་ཤུགས་དྲག་པོས་རང་དབང་མེད་པར་མནར་བ་གང་ཞིག་དཀོན་མཆོག་གསུམ་ལ་རྒྱབ་ཀྱིས་ཕྱོགས་ཤིང་བསྟན་པ་དང་སེམས་ཅན་ལ་རྣམ་པ་ཀུན་ཏུ་གནོད་པ། ཞི་བའི་ཐབས་གང་གིས་ཀྱང་འདུལ་བར་མི་ནུས་པ། རྡོ་རྗེ་དམྱལ་བ་ཆེན་པོ་སོགས་ངན་སོང་གི་འགྲོ་བར་མུ་མཐའ་མེད་པར་འཁྱམས་པ་དེ་དག་ནི་དྲག་པོའི་ཤུགས་ཀྱིས་སྒྲོལ་བའི་ཕྲིན་ལས་འཇུག་པའི་ཡུལ་ཁྱད་པར་ཅན་ཡིན་ནོ། །གཉིས་པ་གང་གིས་སྒྲོལ་བྱེད་སློབ་དཔོན་གྱི་མཚན་ཉིད་ནི། སྤྱིར་ཕུན་སུམ་ཚོགས་པ་ལྔའི་དང་པོ་བདག་ཉིད་དམ་སྟོན་པ་ཕུན་ཚོགས་ཀྱི་མཚན་ཉིད་ཐམས་ཅད་ཚང་བ་དགོས་ཤིང༌། བྱེ་བྲག་ལྟ་བའི་རྫོང་ཟིན་ཅིང་སྒོམ་པའི་འཕྲང་ཆོད་ལ་སྤྱོད་པའི་སྲོག་བརྟན་པའི་སྒོ་ནས་རྟོགས་པས་བདག་བསྒྲལ་བར་བྱས་ནས།
དེའི་སྟེང་དུ་ལས་ངན་གྱི་གདུལ་བྱ་ལ་སྙིང་རྗེ་ཆེན་པོ་མཚུངས་པ་མེད་པ་དང༌། མཉམ་པ་ཉིད་དུ་རྟོགས་པའི་ཤེས་རབ་ཆེན་པོ་ཕུལ་དུ་བྱུང་བའི་སྟོབས་ཀྱིས་ཐུགས་རྗེས་གཞན་སྒྲོལ་བ་དང་དུ་ལེན་པའི་མཚན་ཉིད་རྫོགས་པ་མེད་ཐབས་མེད་དེ། དེའང་གཞིའི་སེམས་མ་བཅོས་སྤྲོས་མེད་ཆོས་སྐུའི་དགོངས་པ་ཟང་ཐལ་ཁྱབ་བརྡལ་ཐིག་ལེ་ཉག་གཅིག་འོད་གསལ་ནམ་མཁའ་ལྟ་བུའི་དོན་ལ་གོམས་པ་བརྟན་པོར་གྱུར་པས་ཆོས་ཐམས་ཅད་གདོད་ནས་དབྱེར་མེད་མཉམ་པ་ཆེན་པོའི་རོལ་པར་མཐོང་བས་འཁོར་གསུམ་དམིགས་མེད་སྒྱུ་མའི་རྣམ་འཕྲུལ་ལྟ་བུར་ངེས་པའི་གདིང་དང་ལྡན་ཅིང༌། སྟངས་ཀྱི་སེམས་དོན་དམ་དམིགས་མཐའ་བྲལ་བའི་ཀློང་ལས་རྣམ་པ་ཀུན་རྫོབ་སྒྱུ་མ་ལྟ་བུའི་སྙིང་རྗེའི་རྩལ་མདངས་ཤུགས་དྲག་མ་འགགས་པའི་ཚུལ་དུ་ལྷམ་མེར་འཆར་བས་གདུག་ཅིང་གཏུམ་པའི་གདུལ་བྱ་ལས་ངན་པའི་རྣམ་པར་སྨིན་པའི་རྒྱུས་འབྲས་བུ་ངན་འགྲོ་མཐའ་མེད་པའི་འཁོར་བར་བཟོད་མེད་སྡུག་བསྔལ་གྱི་མེ་དཔུང་འབར་བའི་རུམ་ནས་ཐར་དུས་མེད་པ་དེ་ལ་གཞིག་ནས་ཤས་མི་བཟོད་པའི་བྱམས་པ་དང་སྙིང་རྗེའི་གཞན་དབང་ལས། དེ་ལ་ཕན་པའི་ཐབས་ཞི་བས་འདུལ་དུ་མ་འཚལ་བས་དཔའ་ཞིང་གཏུམ་པའི་ཞེ་སྡང་གི་རྣམ་པའི་ཐབས་
དྲག་པོས་བཙན་ཐབས་གདོད་ནས་བཟློག་སྟེ་སྤྱི་བོར་ཐོག་ལྷུང་བ་ལྟ་བུའི་དྲག་ཤུལ་མངོན་སྤྱོད་ཀྱི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལས་བསྒྲལ་ཏེ་ཞི་བའི་ལམ་ལ་བཀོད་འདོད་ཀྱི་བསམ་པ་རང་འཁྲིས་ཀྱི་དྲི་མས་མ་རེག་པས་བསྐུལ་ཏེ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་འཇུག་པ་དེའི་ཚེ་རྣམ་པ་ཞེ་སྡང་གི་སེམས་གདུག་ཅིང་རྩུབ་པ་དུས་མཐའི་མེ་དཔུང་འབར་བའི་ལྕེ་གླལ་བ་ལྟར་སྣང་ཡང༌། ངོ་བོ་སྙིང་རྗེ་ཆེན་པོའི་གདངས་ལམ་མེར་ཤར་བས་གནས་སྐབས་མཐར་ཐུག་ཏུ་གཞན་ཕན་གྱི་བསམ་པ་བཟང་པོ་མས་བུ་གཅེས་པ་གཅིག་པུ་ལ་ཅི་འདྲ་བ་དེ་འདྲ་ཞིག་སྟེ། གཞན་དུ་ཞེ་སྡང་རང་རྒྱུད་པས་སྔགས་ཀྱི་མངོན་སྤྱོད་སོགས་གསང་བ་ཟབ་མོའི་སྤྱོད་པ་རང་དགར་སྤྱོད་པ་ནི་རང་གཞན་ཕུང་ལ་སྦྱོར་བའི་རཱུ་དྲ་འབའ་ཞིག་ཡིན་པས། དེའང་མདུན་དུ་རང་གི་སེམས་ཀྱིས་སྤྲུལ་པའི་དམིགས་བྱ་གསལ་བ་དེའི་ལག་པ་ནས་བཟུང་སྟེ་བསྒྲལ་བར་བསམ་པ་དང༌། ཡུལ་དངོས་ཀྱི་ལག་པ་ནས་བཟུང་སྟེ་བསད་པ་གཉིས་ལ་ཁྱད་ཡོད་པར་འཛིན་པའི་ཀུན་རྟོག་ཡོད་ཀྱི་རིང་ལ་བསྒྲལ་ཀྱང་རྣམ་སྨིན་ཡོད་ལ། དེ་གཉིས་ཀ་སེམས་ཀྱི་སྣང་བ་ཙམ་དུ་ཁྱད་མེད་པས་བསྒྲལ་ཀྱང་སྒྱུ་མ་མིག་ཡོར་གྱི་ཚུལ་དུ་ཡང་སྤུ་ཙམ་
མི་སྐྱེ་བའི་ཚེ་ན་བསྒྲལ་ཀྱང་ལས་ཀྱི་འབྲས་བུ་རང་གི་ཁུར་དུ་མི་འགྱུར་པའི་སྟེང་དུ་བླ་ན་མེད་པའི་ཚོགས་ཆེན་པོ་བདེ་བླག་ཏུ་རྫོགས་པ་ཡིན་པས་ན། རྟོགས་ཚད་དེ་ལྟ་བུ་དང་ལྡན་པའི་སློབ་དཔོན་གྱིས་གདུལ་དཀའི་ཡུལ་ལ་ཐུགས་རྗེའི་དཔྱང་ཐག་གིས་མི་གཏོང་བར་གསང་སྔགས་ཐབས་ལ་མཁས་པའི་ཆོ་འཕྲུལ་གྱི་སྒོ་ནས་རྗེས་སུ་འཛིན་པར་བྱའོ། །གསུམ་པ་ཚུལ་ཇི་ལྟར་སྒྲོལ་བའི་ཐབས་ལ་གསུམ། སྒྲོལ་བའི་ལས་རིམ་དངོས། མཐར་ཕྱིན་གསུམ་གྱི་བྱ་བ། དྲག་པོའི་ལས་མཇུག་བསྡུ་བའོ། །དང་པོ་ལ་གསུམ། ཚེ་ཁྲུས་ཀྱི་དགོངས་པས་བརྟེན་པ་དབྱིངས་སུ་བསྒྲལ་བ། གདབ་པའི་ལས་རིམ་གྱི་གཙོ་བོ་ཕུར་གདབ་བྱ་བ། གདབ་ཁའི་ཁ་ཚར་གྱིས་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་བསྒྲལ་བའོ། །དང་པོ་ལའང༌། གསལ་བ་གསུམ་དང་ལྡན་པ། ལོག་རྡུག་འབྱམས་གསུམ་དང་བྲལ་བ། དགོངས་པ་རྣམ་གསུམ་དང་ལྡན་པ། ལུང་གསུམ་གྱི་དགོངས་པ་དང་ལྡན་པས་འདེབས་དགོས་ཏེ། དེ་ལ་གསལ་བ་གསུམ་ནི། བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུར་གསལ་བ་སྟེ་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་སྐུར་གསལ་ལོ། །ཕུར་པ་སྲས་མཆོག་ཏུ་གསལ་བ་སྟེ། གདབ་ལས་དཀྱུས་ལ་སྲས་མཆོག་གི་ཕུར་བུ་དང༌། སྒྲུབ་པ་ཆེན་པོར་ཕུར་ཁྲོམ་
གྱི་རྫས་དཀྱིལ་གཙོ་བོ་སྲས་མཆོག་ལའང་དཀྱིལ་འཁོར་གསུམ་ཀ་རྫོགས་པའི་གཙོ་བོ་ཉིད་ཡཀྴ་ཀྲོ་དྷའི་ངོ་བོར་གསལ་ལོ། །གཟས་པ་པོ་གནོད་བྱེད་དངོས་སུ་གསལ་བ་སྟེ་མདུན་དུ་མངོན་སུམ་ཉིད་དུ་མོས་པའོ། །དེ་གསུམ་པོ་མ་གསལ་ན་ལོག་རྡུག་འབྱམས་གསུམ་གྱི་སྐྱོན་འོང་སྟེ། བདག་ཉིད་ལྷར་མ་གསལ་ན་རང་ལ་ལོག །ཕུར་པ་སྲས་མཆོག་ཏུ་མ་གསལ་ན་གཟས་པ་པོ་ལ་མི་ཚུགས་པས་རྡུག །ལིངྒ་གཟས་པ་པོ་དངོས་སུ་མ་གསལ་ན་གཞན་དམིགས་ཡུལ་མ་ཡིན་པ་ལ་འབྱམས་འགྲོ་བ་ཡིན་ནོ། །དགོངས་པ་གསུམ་ནི། ཨ་དཀར་བྱ་དཀར་གྱི་དགོངས་པ། ཐུགས་རྗེ་འབྲེལ་ཐག་གི་དགོངས་པ། གདུང་བ་ལུ་གུ་རྒྱུད་ཀྱི་དགོངས་པའོ། །དང་པོ་ནི། ཨོཾ་ལཾ་ཧཱུཾ་ལཾ་སོགས་ཀྱི་སྔགས་འདིས་དཀྱིལ་འཁོར་གསུམ་གྱི་སྤྱི་བོར་ཧཱུཾ་ཀཱ་ར་དཀར་པོ། དེའི་སྤྱི་བོར་ཨ་དཀར་པོ། ཕུར་པའི་རྩེ་མོར་ཡང་ཨ་དཀར་པོས་ཉེ་བར་བརྒྱན་པ། གཟས་པ་པོའི་སྙིང་གར་ཡང་རྣམ་པར་ཤེས་པའི་ངོ་བོ་ཨ་དཀར་པོ་གསལ་བ་ནི་ཨ་དཀར་བྱ་དཀར་གྱི་དགོངས་པའོ། །གཉིས་པ་ནི། གོང་གི་སྔགས་ཀྱིས་སླར་ཡང་ཧཱུཾ་ཀཱ་ར་ཡབ་ཡུམ་ཨ་དང་བཅས་པ་འོད་དུ་གྱུར་པས་དཀྱིལ་འཁོར་གསུམ་ཡོངས་སུ་གང་ཞིང་བདག་གི་སྡིག་སྒྲིབ་སྦྱོང་བར་བྱེད་པ་
དང༌། ཕུར་པ་གཟས་པོའི་སྙིང་གར་དྲིལ་བས་ཕུར་རྩེའི་ཨས་བསྒྲལ་བྱའི་དོན་བྱས་ཤིང༌། བདག་དང་གཟས་པ་པོ་ཕུར་བུ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་བར་སྣང་བས་ན་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ་ཞེས་བྱའོ། །གསུམ་པ་ནི། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །ཞེས་སོགས་གསུངས་པ་ལྟར། སྤྱིར་སེམས་ཅན་ཐམས་ཅད་སྙིང་རྗེ་ཆེན་པོའི་བློས་མི་གཏོང་ཞིང༌། སྒོས་ལས་ངན་ཅན་འཁོར་བར་མི་གཏོང་བས་ན་གདུང་བ་ལུ་གུ་རྒྱུད་ཀྱི་འབྲེལ་བའི་དགོངས་པ་ཞེས་བྱའོ། །ལུང་གསུམ་ནི། སྙིང་གའི་དྭངས་མ་ལྔ་འདུས་ཀྱི་སྲོག་འཕྲོག་སྟེ་ལས་ངན་གྱི་བག་ཆགས་ཐམས་ཅད་ཡེ་ཤེས་ཀྱི་འོད་ཀྱིས་སྦྱོང་བ་ཁྲུས་ལུང༌། ཕ་རོལ་པོའི་ཚེ་བདག་གི་ཚེའི་གསོས་སུ་བསྟིམ་པ་ཚེ་ལུང༌། དགྲ་བགེགས་ཀྱི་རྣམ་ཤེས་འོག་མིན་དུ་རྒྱལ་བ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་ཏེ་རིགས་ཀྱི་སྲས་སུ་བསྐྲུན་པ་གནས་ལུང་སྟེ། དེ་ལ་བྱུང་ཚོར་གྱི་སྒོ་དགག་པ། སེམས་ཀྱི་དབྱིངས་ཕྱུང་བ། ཀུན་གཞི་རྩད་ནས་གཅོད་པ་དང་གསུམ་གྱི། དང་པོ་ནི། ཨོཾ་ལཾ་སོགས་ཀྱིས་ཕུར་བུ་མིག་ལ་དྲིལ་བས་གཟུགས་ཀྱི་བྱུང་ཚོར་བཀག །རྣ་བ་ལ་དྲིལ་བས་སྒྲའི་བྱུང་ཚོར། སྣ་དྲི། ལྕེ་རོ།
ལུས་རེག་བྱ་བཅས་བཀག་ནས་སྒོ་ལྔའི་རྣམ་ཤེས་གུར་གྱི་ཆོན་ཐག་བསྡུས་པ་བཞིན་དུ་ཀུན་གཞི་ལ་འུབ་ཀྱིས་བསྡུས་པའི་བྱ་བ་བྱེད་པའོ། །གཉིས་པ་ལ་ཕཊ་དྲལ་བ། གནད་སླེབ་པ། རྟོག་པ་བླང་བ་དང་གསུམ་གྱི། དང་པོ་ནི། གོང་གི་སྔགས་ཀྱིས་ཕུར་པའི་རི་རབ་ཀྱིས་བསྡིགས་པས་གཟས་པ་པོའི་ཤ་ཁྲག་དང་སྙིང་དཀར་ནག་དབྲལ་བའོ། །གཉིས་པ་ནི། ཕུར་པའི་འོད་ཀྱིས་སྙིང་དཀར་ནག་གི་མཚམས་ནས་ཁྲག་གི་སྦལ་པ་མཐེ་བོང་ཙམ་ཡོད་པ་བསྲེགས། དེའི་ནང་ན་ཁྲག་གི་དྭངས་མ་མཚལ་ལྕོག་ལ་འདྲ་བ་དང༌། རྩའི་དྭངས་མ་རྒྱུས་པ་ཀླད་པ་འདྲ་པ་དང༌། དབུགས་ཀྱི་དྭངས་མ་གསེར་ས་འོག་ཏུ་སྦས་པའི་རླངས་པ་ཙམ་སྟེ་དེ་གསུམ་གྱི་དབུས་ན་ཀུན་གཞིའི་རྣམ་པར་ཤེས་པ་ཡི་གེ་ཨ་ཐུང་གི་ཚུལ་དུ་སེམས་ཅན་ཐམས་ཅད་ལ་ཡོད་པས་དེ་ལ་སྔགས་དང་བཅས་ཏེ་ཕུར་པ་གདེངས་པས་དེ་དག་གི་དབུས་སུ་ཕུར་པ་ཐོགས་པ་མེད་པར་ཐལ་བར་མོས་པའོ། །གསུམ་པ་ནི། སྔགས་ཀྱིས་ཕུར་པ་གདེངས་པས་རྣམ་ཤེས་ཨ་ཐུང་དེ་ཉིད་རྡོ་ཁབ་ལེན་ལ་ལྕགས་འདུ་བ་བཞིན་ནམ་བྱེ་ཚན་ལ་མར་ཐིམ་པ་བཞིན་དུ་ཕུར་པའི་རྩེ་མོར་འདུས་པར་གསལ་བའོ། །གསུམ་པ་ཀུན་གཞི་རྩད་ནས་གཅོད་པ་ནི། དེའི་འོག་ཏུ་དེའི་ཤུལ་ན་ཕུར་པ་གཞན་
གྱིས་བཏབ་ལ་བཞག་པས་དེའི་རྣམ་ཤེས་ལྷོད་པ་མེད་པར་བྱས་པ་ནི་ཀུན་གཞི་རྩད་ནས་གཅོད་པ་ཞེས་བྱ་སྟེ། ཕུར་པའི་རྩེ་མོར་དམིགས་ཡུལ་གྱི་རྣམ་ཤེས་ཨ་བཀྲག་དང་ལྡན་པ་རིག་པ་ཚེ་དང་བསོད་ནམས་དང་བཅས་པ་ཚུར་བདག་ལ་བསྡུས་པས་ཁོའི་ཚེ་བསོད་ཐམས་ཅད་རང་ལ་ཐིམ་སྟེ་བཀྲག་མདངས་གཟི་བརྗིད་དང་ལྡན་པར་གྱུར་པ་ནི་བདག་གི་ཚེ་ལུང་ཞེས་མེ་འབར་བ་ལ་ཤིང་བསྣན་པ་དང་མཚུངས་པར་རང་ཉིད་ཚེ་བསོད་ནམས་དང་ལྡན་པར་འགྱུར་པའོ། །དེས་ན་ཡུལ་གྱི་ཚེ་བསོད་རང་ལ་ཐོབ་པས་བདག་མི་ཕམ་ལ། བདག་གིས་ཡུལ་གྱི་སྒྲིབ་པ་སྦྱངས་པས་དགྲ་མི་ཕམ་པ་སྟེ་གཉིས་ཀ་འཚེངས་པ་ཡིན་ནོ། །གཉིས་པ་གདབ་ཁའི་ལས་རིམ་གྱི་གཙོ་བོ་ཕུར་གདབ་བྱ་བ་ལ་གཉིས། གབ་པའི་སྔགས་དྲུག་བསྟན་པ་དང༌། ཕུར་གདབ་དངོས་སོ། །དང་པོ་ནི། རིག་པ་མཆོག་གི་རྒྱུད་ལས། ལྷ་དཔྲལ་གཟུགས་ལ་དབབ་པ་དང༌། །བྱད་དུ་གཞུག་དང་སྨྱོ་རུ་གཞུག །རྡུལ་དུ་བརླག་དང་ཞལ་དུ་བསྟབ། །དེའང་ཕོ་ཉ་འཕྱོང་སྔགས་རྫས། །ཏིང་འཛིན་དམོད་པས་ལས་རྫོགས་བྱ། །ཞེས་གསུངས་པ་ལྟར་ལས་ཀྱིས་དབྱེ་བའི་ལྡོག་ཆ་ནས་ནང་གསེས་སུ། བསྐུལ་བར་བྱ་བའི་ཕོ་ཉ་དྲུག །གདགས་པར་བྱ་བའི་འཕྱོང་དྲུག །བཟླ་བར་བྱ་བའི་སྔགས་དྲུག །གསལ་བར་བྱ་
བའི་རྫས་དྲུག །གཞན་དུ་མི་འགྱུར་བའི་ཏིང་ངེ་འཛིན་དྲུག །གདབ་པར་བྱ་བའི་དམོད་པ་དྲུག་སྟེ། དྲུག་ཚན་དྲུག་གི་སྒོ་ནས་རྟོགས་པར་བྱ་ཞིང༌། འདི་དག་སྤྱིར་ལས་ཀྱི་ཐོག་མཐའ་བར་དུ་འགྲོ་བ་ཞིག་ཡིན་ལ། ཁྱད་པར་གསད་ལས་ཀྱི་མཐའ་སྡུད་དུ་གཙོ་ཆེ་སྟེ། དེའང་མངོན་སྤྱོད་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས་ཀུན་གྱི་སྣ་འདྲེན་དུ་གཏང་བ་དང་སྒྲུབ་པ་ཐམས་ཅད་ཀྱི་ངོ་བོ་ཡིན་པས་དཀྱུས་ཁོངས་ཁྲར་གཏང་བ་དང༌། ལས་ཐམས་ཅད་ཀྱི་མཇུག་སྡུད་ཡིན་པས་སྨོན་ལམ་གྱི་ཚུལ་དུ་གདབ་པ་དང༌། དྲག་སྔགས་ཡིན་པས་ངན་སྔགས་སུ་བྱས་ཏེ་སྲོག་ལ་འཁོར་ལོ་བསྐོར་བ་དང་བཞིའི་སྒོ་ནས་ཤེས་པར་བྱའོ། །གཉིས་པ་ཕུར་གདབ་དངོས་ནི། རྒྱུད་ལས། གཙོ་བོའི་ཕུར་པ་བླངས་ནས་ནི། །བདག་ཉིད་བསྲུང་བའི་ཚེ་ཕུར་བྱ། ཞེས་དང༌། རྩ་རྒྱུད་ལས། ཁྲག་འཐུང་གཙོ་བོ་ཡབ་ཡུམ་གཉིས། །ཕྲིན་ལས་ཀུན་གྱི་མཛད་པ་ནི། །གདབ་པའི་ལས་ལ་མི་འཇུག་པར། །རྒྱལ་པོ་ཆེན་པོའི་ཚུལ་དུ་གནས། །ཞེས་གསུངས་པ་ལྟར་གཙོ་བོའི་ཕུར་པ་བདག་ཉིད་ཀྱི་སྲོག་ལྟ་བུ་ཡིན་པས་བྱིན་བརླབ་དང་མཆོད་བསྟོད་བྱས་ལ་བཞུགས་སུ་གསོལ་ཞིང༌། ཡང་རྒྱུད་ལས། དེ་ལྟར་བདག་ལུས་ཚགས་ཚུད་ནས། །གཞན་གྱི་
ལུས་སེམས་དཔྲལ་བའི་ཕྱིར། །ཁྲོ་བོ་བཅུ་ཡི་ཕུར་པ་ཡིས། །ལུས་ཀྱི་གནས་བཅུ་དག་ཏུ་གདབ། །སྒོ་མ་བཞི་ཡི་ཕུར་པ་ཡིས། །ལུས་ཀྱི་མཚོ་བཞི་དག་ཏུ་གདབ། །མི་བཟད་ཕུར་པ་དྲུག་པོ་ཡིས། །གནས་དྲུག་སྲོག་ལ་གདབ་པར་བྱ། །ཞེས་གསུངས་པས། སྤྱིར་སྒྲུབ་ཕུར་བརྒྱ་རྩ་བརྒྱད། ལྷ་ཕུར་ལྔ་བཅུ་རྩ་གཅིག །གདབ་ཕུར་ཉི་ཤུ་རྩ་གཅིག །མགྱོགས་ཕུར་བརྒྱད་ཅུ་ཐམ་པ། ཕུར་པ་སིལ་བུ་གྲངས་མེད། ཟློག་ཕུར་བཅུ་གཉིས་དེ་རྣམས་ཀྱིས་གདབ་པར་བྱ་བའམ། ཡང་ན་གདབ་ཕུར་ཉི་ཤུ་རྩ་གཅིག་ཅེས། ཁྲོ་བོ་བཅུ། སྒོ་མ་བཞི། མི་བཟད་པའི་ཕུར་པ་དྲུག །སྲས་མཆོག་བཛྲ་འདུས་པའི་ཕུར་བུ་རྣམས་ཀྱིས་གདབ་པར་གསུངས་ཏེ། མི་དགེ་བ་བཅུ་རྩད་ནས་གཅད་པའི་ཕྱིར་ཁྲོ་བཅུའི་ཕུར་པ་ལུས་ཀྱི་གནས་བཅུར་གདབ། །ཚད་མེད་པ་བཞི་དང་ལྡན་པར་བྱ་བའི་ཕྱིར་སྒོ་མ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ། ཕ་རོལ་ཏུ་ཕྱིན་པ་དྲུག་དང་ལྡན་པར་བྱ་བའི་ཕྱིར་མི་བཟད་པའི་ཕུར་པ་དྲུག་ལུས་ཀྱི་གནས་དྲུག་ཏུ་གདབ། ཐམས་ཅད་ཀྱི་མཇུག་ཏུ་སྲས་མཆོག་བཛྲ་འདུས་པའི་ཕུར་པ་སྙིང་དཀར་ནག་གི་མཚམས་སུ་གདབ་པ་ནི་རྣམ་པར་ཤེས་པ་དེ་ལེན་པར་བྱེད་པ་ཡིན་ཏེ་ཚེ་ཁྲུས་ཀྱི་དགོངས་པས་ཟིན་པར་བྱ་བའོ། །དེ་ལ་མི་
བཟད་པའི་ཕུར་པ་དྲུག་ནི། །ལྷ་དང་དབྲལ་བའི་ཚེ་གནམ་གྱི་འཇུ་ཐག་བཅད་པའི་གནད་ཡིན་པས་སེང་ལྡེང་ཕུར་པ་སྤྱི་གཙུག་ཏུ་གདབ། གཟུགས་ལ་དབབ་པའི་ཚེ་སའི་རྟེན་ཕུར་ཕྱུང་བའི་གནད་ཡིན་པས་བྱ་ཕུར་རྐང་མཐིལ་དུ་གདབ། བྱད་དུ་གཞུག་པའི་ཚེ་སྐྱེ་བ་དགུ་བརྒྱུད་བཅད་པའི་གནད་ཡིན་པས་མཆོག་ཕུར་གསང་གནས་སུ་གདབ། སྨྱོར་གཞུག་པའི་ཚེ་སྨྲ་བ་ངག་གི་གནད་ཡིན་པས་ཙན་དན་ཕུར་པ་ལྕེའི་དཀྱིལ་དུ་གདབ། རྡུལ་དུ་བརླག་པའི་ཚེ་སེམས་ཀྱི་དཔྱིས་ཕྱིན་པའི་གནད་ཡིན་པས་ལྕགས་ཕུར་གར་གདབ། ཞལ་དུ་བསྟབ་པའི་ཚེ་སྐྱེ་བའི་ས་བོན་གཞོམ་པའི་གནང་ཡིན་པས་སྐྱེར་ཕུར་ལྟེ་བར་གདབ། ཚེ་ཁྲུས་ཀྱི་དགོངས་པ་བྱེད་པའི་ཚེ་ཀུན་གཞི་གནས་པའིམ་གནད་ཡིན་པས་སྲས་མཆོག་ཕུར་བུ་སྙིང་དཀར་ནག་མཚམས་སུ་གདབ་བོ། །ཡང་འདིར་ནི་ཇི་སྐད་དུ། སྲས་མཆོག་སྒོ་མ་ཁྲོ་མོ་བརྒྱད། །ཁྲོ་བོ་བཅུ་དང་ཁྲོ་མོ་གཉིས། །དམ་ཅན་ལ་སོགས་རིམ་བཞིན་ནོ། །ཞེས་པ་ལྟར་གཙོ་སྲས་ཟུང་འབྲེལ་གྱི་ཕུར་པ་ཚེ་ཁྲུས་ཀྱི་དགོངས་པས་སྙིང་གར་གདབ། སྒོམ་བཞིའི་ཕུར་པ་ལུས་ཀྱི་མཚོ་བཞི་ལ་གདབ། ཡུམ་བརྒྱད་ཀྱིས་སྲིད་པ་ཆགས་རིམ་ནས་གདབ་
ཅིང་གསོད་བྱེད་རྣམས་རང་རང་གི་གཡོན་དུ་གདབ། ཁྲོ་བོ་བཅུས་རིག་པའི་གནས་རིམ་ནས་གདབ་ཅིང་ཟ་བྱེད་རྣམས་རང་རང་གི་གཡས་སུ་གདབ། སྟེང་འོག་གི་ཡུམ་གཉིས་གསོད་བྱེད་དང་བཅས་པས་དགེ་སྡིག་ཆ་སྙོམས་ནས་གདབ། སུར་ཕུག་གམ་ཐལ་བྱུང་དུ་གདབ་པ་ཞེས་ནང་སྲས་ལྔ། སྲས་མཆོག་ཉེར་གཅིག་རྣམས་གནས་ངེས་མེད་དུ་གདབ། དམ་ཅན་བཅུ་གཉིས་ལྷུ་བཅུ་གཉིས། གིང་བཞི་ཉིང་ལག་བཞི། དབང་ཕྱུག་ཉེར་བརྒྱད་བདུན་ཚན་བཞིར་བགོས་ལ་མཐིལ་བཞི། གཞན་རྣམས་ཀྱང་གནས་ངེས་མེད་དུ་གདབ་སྟེ། མན་ངག་ལག་ལེན་དུ་བསྡེབས་པའི་གནད་ཡིན་ནོ། །གསུམ་པ་གདབ་པའི་ཁ་ཚར་རྣམས་ཀྱིས་རྟེན་གཞི་བག་ཆགས་ཀྱི་གཟུགས་ཕུང་བསྒྲལ་བ་ནི། མཚོན་ཆ་སྒྲོལ་གྲི་མཐུ་སྟོབས་ཀྱི་རྣོ་དབལ་ངར་དང་ལྡན་པ་ཐུགས་རྗེ་ཡེ་ཤེས་ཀྱི་མེ་འབར་བས་གཟུགས་ཀྱི་ཕུང་པོ་མ་དག་པའི་ཆ་ཤས་ཤུལ་དུ་ལྷག་པ་དེ་དུམ་བུར་གཏུབས་ཏེ་སིལ་བུར་གཏོང་བ་དང༌། དེ་ཉིད་ཀྱང་རྡོ་རྗེ་འབར་བའི་ཐོ་བས་རྡུལ་ཕྲན་བཞིན་དུ་ཐལ་བར་རློག་པ་ཐུན་མོང་དང༌། མཁའ་གསང་དབྱིངས་རིག་གི་སྦྱོར་བས་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་བྱས་པ་ཐུན་མིན་གྱི་
གཏུན་དུ་བརྡུངས་ནས། གབ་པའི་སྔགས་དྲུག་ལས་གཅིག་ཀུན་གྱི་མཇུག་ལ་གདགས་པ་ཞེས་ཞལ་དུ་སྟོབ་པའི་སྒོ་ནས་དུག་གསུམ་རང་གནས་སུ་དག་པར་བྱེད་པའོ། །གཉིས་པ་མཐར་ཕྱིན་གསུམ་གྱི་བྱ་བ་ནི། འདི་ལ་གསོ་བའི་དུས། གསོ་བའི་ཡུལ། གསོ་བའི་དགོས་པ། གསོ་བའི་ཐབས་དང་བཞི་ལས། དང་པོ་ནི། བསྒྲུབ་བྱ་དམིགས་སུ་བསལ་བ་ལ་དྲག་ལས་བརྩམས་པའི་དུས་ཡིན་ན་ལས་ནམ་གྲུབ་པ་དང་གདོད་གསོ་བར་བྱ་ཡི། ལས་མ་གྲུབ་པར་གསོ་བ་སྔས་ན་ལས་མྱུར་དུ་མི་འགྲུབ་པའི་རྒྱུ་ཡིན་པར་གསུངས། བསྒྲུབ་བྱ་དམིགས་བསལ་མེད་ན་ཕུར་བུ་བཏབ་པའི་རྗེས་ཉིད་ལ་གསོ་བའོ། །གཉིས་པ་ཡུལ་ནི་གསུམ་སྟེ། བདག་གསོ་བ། ཕུར་བུ་གསོ་བ། གཟས་པ་པོ་གསོ་བའོ། །གསུམ་པ་དགོས་ཆེད་ཀྱང་གསུམ་སྟེ། བདག་གསོ་བ་ནི་དྲག་པོའི་ལས་ཀྱི་རྣམ་སྨིན་རྒྱུད་ལ་མི་གོས་པར་བྱ་བའི་ཆེད་དོ། །ཕུར་བུ་གསོ་བ་ནི་ཕྱག་རྒྱའི་ལྷ་རྣམས་གཟིར་མནན་གྱིས་དམེ་བའི་ལས་ལ་སྦྱར་བས་བསོད་ནམས་ཀྱི་དོན་དུ་མི་རུང་བའི་ཕྱིར་བཟོད་པར་གསོལ་བའོ། །གཟས་པ་པོ་གསོ་བ་ནི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པས་བསྒྲལ་བྱ་རྣམས་ལ་ཕན་གདགས་ཤིང་བསྐྱབ་
པར་བྱ་བའི་ཕྱིར་རོ། །གསོ་བའི་ཐབས་ལའང་གསུམ་སྟེ། ལས་དང་བྱ་བས་གསོ་བ་ནི། ཀཱི་ལ་ཡ་བཅུ་གཉིས་ཀྱི་ཏནྟྲ་ལས་འབྱུང་བའི་ཆོ་ག་ཞིབ་མོ་ལྟ་བུའོ། །མན་ངག་གིས་གསོ་བ་ནི། དམིགས་བྱ་ཕུར་བུ་བདག་གསུམ་གྱི་བྱང་ཆུབ་ཀྱི་སེམས་ལྗང་དམར་མཐིང་གའི་འོད་རྣམ་པ་གསུམ་དབྱེར་མེད་འོད་ཀྱི་ཐིག་ལེ་གཅིག་ཏུ་བསྡུས་ལ་མི་དམིགས་པར་སྦྱོང་བའི་མན་ངག་རིག་པ་མཆོག་གི་རྒྱུད་ལས་གསུངས་པ་ལྟ་བུའོ། །འདིར་ཕྲིན་ལས་རྡོ་རྗེ་གཞོན་ནུ་ཉིད་ནས་གསུངས་པའི་ཏིང་ངེ་འཛིན་གྱིས་གསོ་བའི་ཚིག་འདི་ཉིད་ལྟར་ན་གསུམ་ལས། བདག་གསོ་བ་ནི། ཆོས་ཉིད་ཀྱི་བདེན་པའོ། །གསང་སྔགས་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་སོ། །སངས་རྒྱས་ཀྱི་བྱིན་གྱིས་བརླབས་ཀྱིས་མཐུར་འགྱུར་རོ། །བརྣག་པ་དེ་ཁོ་ན་ཉིད་དོ། །ཞེས་བསྐུལ་ནས་ཀཱི་ལ་ཡ་བརྒྱ་རྩ་བརྒྱད་བཟླས་པས་སྔར་བཏབ་པའི་ཕུར་བུའི་ཁྲོ་བོ་དེ་རྣམས་ཡེ་ཤེས་ཀྱི་འོད་ཟེར་གོང་བུའི་རྣམ་པར་གྱུར་པ་ཚུར་འདུས་བདག་ལ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་སྟེ་རང་ཉིད་གདོད་ནས་ལྷར་གསལ་བ་དེའང་སྐུ་ཆེ་བ་ཡན་ལག་རགས་པ་ཆེ་བཙན་འགྲན་ཟླ་དང་བྲལ་བར་གྱུར་པའོ། །ཕུར་བུ་གསོ་བ་ནི། གཙོ་ཕུར་དང་སྔར་བཏབ་
པའི་སྲས་མཆོག་ཕུར་བུ་གཉིས་ཀྱི་དབལ་ནས་བཟུང་སྟེ་ཀཱི་ལ་ཡ་ལན་ཉེར་གཅིག་བཟླས་ཤིང་ཀླད་ལ་ལན་གསུམ་བསྐོར་བས་ཁམས་གསུམ་ཕུར་བུས་གང༌། དེ་ཐམས་ཅད་སླར་འདུས་པས་སྟོད་ཁྲོ་བོ་ཞལ་གསུམ་ཕྱག་དྲུག་པ། སྨད་ཕུར་བུའི་རྣམ་པ་ཅན། སྐུ་རི་རབ་ལྟར་བརྗིད་ཅིང་ཆེ་བ་ལས་ཡེ་ཤེས་ཀྱི་མེ་འབར་ཞིང་འུར་སྒྲ་དྲག་པོ་སྒྲོགས་པས་ལྷ་རྣམས་ལ་ཉེས་པས་མི་གོས་ཤིང་གཟི་བྱིན་དང་ལྡན་པར་གྱུར་པའི་དགོངས་པའོ། །གཟས་པ་པོ་གསོ་བ་ནི། སླར་ཡང་ཡེ་ཤེས་པ་བཅུག་པའི་ཕུར་བུ་བསྒྲིལ་ཞིང་ཀཱི་ལ་ཡ་ལན་བཅོ་བརྒྱད་བཟླས་ཏེ་དམིགས་ཡུལ་གྱི་སྙིང་དཀར་ནག་གི་མཚམས་སུ་བཏབ་པས་ཕུར་བུའི་ཡེ་ཤེས་ཀྱི་འོད་ཟེར་གྱིས་གཟས་པོའི་ཁམས་བཅོ་བརྒྱད་ཀྱིས་མཚན་པའི་ལས་དང་ཉོན་མོངས་པའི་དྲི་མ་ཐམས་ཅད་དག་ནས་སེམས་ཉིད་རྡུལ་བྲལ་དྭངས་མའི་ཐིག་ལེ་ཨའི་རྣམ་པར་གསལ་བར་གྱུར་པ་ཧཱུཾ་ཧཱུཾ་ཧཱུཾ་གིས་བདག་གི་ཐུགས་རྗེའི་ཡེ་ཤེས་སེམས་དཔའི་ཐུགས་སྲོག་འོད་བ་ཐག་གཟེང་བ་ལྟར་སྤྲོས་པའི་རྟ་ལ་ཨ་ཡིག་བསྐྱོན། ཧོ་ཧོ་ཧོ་ཞེས་འོག་མིན་དུ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་སྦྱོར་མཚམས་སུ་ཐིམ་པར་གྱུར་པ་དང༌། སླར་ཡང་ཀཱི་ལ་ཡ་བཟླས་པས། ཕཊ་ཕཊ་ཕཊ་ཀྱིས་རྣམ་ཤེས་ཨར་གསལ་བ་རྡོ་རྗེ་སེམས་དཔའི་
ཐུགས་ཀར་ཐིམ་པས་དབྱེར་མེད་དུ་བྱང་ཆུབ། སླར་དབུ་མའི་ལམ་བརྒྱུད་གསང་བ་ནས་ཡུམ་གྱི་མཁར་བབས། གཞན་དོན་དུ་གཟུགས་སྐུ་རྡོ་རྗེ་སེམས་དཔའི་སྲས་ཀྱི་ཐུ་བོར་སྣང་ནས་འགྲོ་བའི་དོན་བྱེད་པར་གྱུར་པའི་ཕྲིན་ལས་ཀྱི་ཐབས་མཁས་གསང་བ་ཟབ་མོའི་གནད་ཀྱི་མན་ངག་ཡང་དག་པའོ། །གསུམ་པ་དྲག་པོའི་ལས་མཇུག་བསྡུ་བ་ནི། སྔགས་ཀྱི་ཕྲིན་ལས་ཕལ་ཆེར་སྲུང་ཟློག་གསད་གསུམ་དུ་འདུ་བ་ཡིན་པས། དེས་ན་སྲུང་བའི་མཐའ་སྡུད་མནན་གཏད། ཟློག་པའི་མཐའ་སྡུད་འཕང་བ་ཟོར། གསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་གཟེར་ཁ་སྟེ་གསུམ་དུ་མཆིས་པ་ལས། དང་པོ་མནན་གཏད་ནི། དཔེར་ན་ཡུལ་དུ་འཇིགས་པའི་དགྲ་ཇག་གི་རྣམ་པར་འཚེ་བ་མི་འབྱུང་བར་བྱ་བའི་ཕྱིར་མེལ་ཚེ་བྱས་བྱས་ནས། མཐར་དགྲ་དེ་ལག་ཏུ་ཟིན་ན་ལྡང་བ་མེད་པའི་ཁྲི་མུན་དམ་པོར་བཅུག་པ་བཞིན་དགྲ་བགེགས་ཀྱི་གནོད་འཚེ་ལས་རྒྱལ་བའི་ཕྱིར་སྲུང་བའི་རིམ་པ་མང་དུ་བྱས་པའི་མཐར། དེ་དག་ཀུན་ཏུ་ལྡང་མེད་མནན་གཏད་ཀྱི་རྒྱས་གདབ་པས་མཐའ་བསྡུ་བར་བྱ་བ་སྟེ། དེའང་སྤྱིར་མནན་གཏད་ལ་གྲིབ་མ། དྲི་མ། ཁ་རླངས་ཏེ་མི་གཏོང་བ་གསུམ། མན་ངག་དང་ལྡན་ན་དགྲ་ཕུང༌། སྲུང་བ་མེད་ན་རང་ཕུང༌། དུས་ཚོད་མ་ཤེས་ན་རྫས་ཕུང་བ་
སྟེ་ཕུང་བ་གསུམ། གཏད་ལམ་བསྟན་པ། གཏད་དམག་དྲང་བ། གཏད་ལོག་གཏད་པ་སྟེ་གདམས་པ་གསུམ། མཚོ་དང༌། ཆུ་མིག །སྐམ་ས་སྟེ་གཞུག་ས་གསུམ། སྤྱན་དྲང་བ། ཤག་གདབ་པ། མནའ་དགག་པ་སྟེ་གཅེས་པ་གསུམ། མ་མོ། གཤིན་རྗེ། བདུད་སོགས་གང་ལ་གཏད་པའི་ཡུལ། ཟས་སྐལ་དུ་གཏད་པ། དགྲ་སྐལ་དུ་གཏད་པ། གྲོགས་སྐལ་དུ་གཏད་པ་སོགས་གཏད་ལུགས། ནམ་མནན་པའི་དུས་ཚོད། མིང་རུས་ལིངྒ་བྲི་ཐབས་སོགས་དབྱེ་བ་མང་དུ་གསུངས་ཞིང༌། མནན་ཐོད་ཀྱང་ཕོ་སྲི་ལ་གཡག་རོག་པོའི་ཐོད་པ། མོ་སྲིར་ཁྱི་མོ་ནག་མོ། ཆུང་སྲིར་སྲེ་མོང་ངམ་ཁྱི་གུ་ཕག་གུ་མིག་མ་བྱེ་བ། དུར་སྲི་ཝའམ་ཕྱི་བ་གྲུམ་ཐོད། དགྲ་སྲི་སྤྱང་ཀི། གོད་སྲི་འཕར་སྦྱར། ཕུང་སྲི་རྔ་མོང༌། དམ་སྲི་ཁྱི་ར་ཕག་གསུམ་གང་རུང་གི་ཐོད་པ་རྣམས་སུ་བཤད། དགྲ་མནན་སྤྱི་ལ་གླང་རུའམ་གཡག་རྭ་མེ་ཆུས་མ་ཕོག་པ་སྐྱེས་པ་ལ་གཡས་དང་བུད་མེད་ལ་གཡོན་པ། འདྲེ་བགེགས་སྤྱི་ལ་ཁྱི་ཕག་གི་ཐོད་པ་ཉིད་བསྔགས། སྲི་མནན་ལ་མེད་ཐབས་མེད་པའི་ཐོད་གནོན་གསུམ་ནི་ར་ཁྱི་ཕག་གསུམ་གྱི་ཐོད་པའོ། །གང་ཡང་ཚུལ་བཞིན་བྲིས་པའི་ལིངྒ་མནན་ཐོད་སོ་སོར་བྲུབ་ནས། གང་དུ་མནན་པའི་ས་དམིགས་
ནི། ཕོ་སྲི་ལ་བཙས་འོག །མོ་སྲི་བྲག་ནག་རྨངས། ཆུང་སྲི་མའི་མལ་འོག །དུར་སྲི་དུར་ཁྲོད་དབུས། དགྲ་སྲི་ལྡང་ཕྱོགས་སམ་ལུང་གསུམ་མདོ། གོད་སྲི་ར་བའི་དབུས། ཕུང་སྲི་གྲོང་ཁྱེར་གྱི་སྲང་མདོ། དམ་སྲི་ལྷ་ཁང་ཐེམ་འོག་གམ་མཆོད་རྟེན་རྨངས། དགྲ་འདྲེ་སྤྱི་ལ་ལྷ་ཁང་དང་མཆོད་རྟེན་གྱི་འོག །ལམ་རྒྱ་གྲམ་སོགས་སུ་གནོན་ཅིང༌། དེར་ཡང་དཔྱིད་གསུམ་ནུབ། དབྱར་གསུམ་ལྷོ། སྟོན་གསུམ་ཤར། དགུན་གསུམ་བྱང་དུ་བལྟས་ལ་དོང་གྲུ་གསུམ་བརྐོ། ཁྲུ་གང་ཡན་ཆད་ས་རོ་ཡིན་པས་དོར་ཞིང་དེ་ནས་སོར་ཉི་ཤུ་བྲུས་པའི་སར་མནན་ཏེ། ལྷ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་རྒྱུད་གདབ་ཅིང༌། དཔལ་གྱི་བྲོས་སྦྱོང་བར་བྱས་པས་དགྲ་བགེགས་དམ་སྲི་གང་ཡིན་དེ་དག་ནམ་ཡང་ལྡང་བའི་ནུས་པ་མེད་པར་ནམ་ཞིག་གནོད་པའི་སེམས་ཞི་བ་དང་ཐར་པའི་གོ་འཕང་ལ་སྦྱོར་བར་བྱེད་པའོ། །འདི་ལ་གནས་སྤར་གྱི་དམིགས་པ་བྱར་རུང་མིན་བཞེད་སྲོལ་གཉིས་སུ་སྣང་བ་ལས་རྣམ་ཤེས་མི་སྤར་བ་ཐེབས་སླ་བར་གོ །ས་བརྐོ་གང་དུའང་མ་ཕིག་ན་མ་ཐེབས་པ་ཡིན་པས་ངེས་པར་སླར་བསྐྱར་དགོས་པར་གསུངས་ཤིང༌། མནན་དོད་ཅུང་ཟད་བརྐོས་པས་ས་བུག་པ་ལྟར་སོང་ན་ཐེབས་པའི་ཚད་ཡིན་ལ་བརྐོ་སླ་བའང་ཐེབས་པའི་རྟགས་སུ་བཤད་
དོ། །གཉིས་པ་བསྲེག་པ་ནི། དཔེར་ན་གནོད་པའི་དགྲ་ཞིག་གཡུལ་སྤྲད་ནས་ལག་ཏུ་ཟིན་པའི་ཚེ་བསད་ནས་སླར་གཟུགས་ཕུང་ཡང་མེ་ཆུར་སྦྱངས་ཏེ་མེད་པར་བྱེད་པ་ལྟར། བསད་པའི་མངོན་སྤྱོད་ཀྱིས་སྲོག་ཕྲོགས་པར་བྱས་པ་དེའི་གཟུགས་ཀྱི་ཕུང་པོ་དང་བཅས་མེ་ལྷ་ཡེ་ཤེས་པའི་ཞལ་གྱི་ཧོམ་རབ་ཏུ་འབར་བའི་ཀློང་དུ་བསྲེགས་པར་བྱེད་པ་མཐའ་སྡུད་ལས་ཀྱི་གཟེར་ཁ་སྟེ། རྒྱུད་ལས། རྡོ་རྗེ་མེ་ཡིས་སྙིངབསྲེགས་ནས། །ཞེས་པས་བསྟན་པ་བཞིན་བསྲེག་པ་མེའི་སྦྱོར་བ་ཉིད་ཇི་ལྟར་བྱ་བའི་ཚུལ་ཡང༌། གསང་རྒྱུད་ལས། འཇིག་རྟེན་ཁམས་ནི་རབ་འབྱམས་ན། །ལོག་པར་ལྟ་བའི་གདུག་པ་ཅན། །མངོན་སྤྱོད་ཧོམ་ནི་སྤར་བར་བྱ། །ནག་པོའི་དཀྱིལ་འཁོར་གྲུ་གསུམ་པ། །ངོས་རེར་སོར་ནི་ཉི་ཤུ་བྱ། །སོགས་དང༌། ལུས་གནག་ཁྲོས་པས་ལྷོ་ཕྱོགས་བལྟ། །སྐྲ་ནི་སྤྱི་བོར་བཅིང་ནས་སུ། །ལུས་ལ་ཐལ་བ་ཆེན་པོས་བྱུགས། །ཁྲོས་པའི་སེམས་ཀྱིས་ལིངྒ་བསྲེག །སངས་རྒྱས་ཉིད་ཀྱང་འཆི་བར་འགྱུར། །ཞེས་དང༌། སྡོང་པོ་མེ་རེག་ཤིང་ཤུན་ལ། །གཟུགས་བརྙན་བྱས་ལ་དགུག་གདབ་བྱ། །ཐ་མ་དུག་གི་མེ་ལ་བསྲེག །ཚངས་པའི་ཚེ་དང་ལྡན་པ་ཡང༌། །སྐད་ཅིག་གིས་ནི་འཆི་བར་འགྱུར། །ཞེས་སོགས་གསུངས་པ་ལྟར་ལས་དྲུག་ཚང་བའི་སྒོ་ནས་བསྲེག་པས་ཀུན་རྫོབ་མཚན་མ་རྫས་ཀྱི་རྟེན་འབྲེལ་གྱི་མཐུ་དང་ནུས་པས་བསྒྲལ་བྱའི་སྲོག་མྱུར་དུ་འཕྲོག
་ཅིང༌། དོན་དམ་ཡེ་ཤེས་མེ་ལྕེ་འབར་བའི་ཞལ་གྱི་ཧོམ་དུ་མ་དག་ལྔ་ཕུར་གྱི་ཚོགས་ཀྱི་བུད་ཤིང་བསྲེགས་པས་དག་པ་ཆོས་ཉིད་མཉམ་པའི་དབྱིངས་སུ་ཡེ་ཤེས་ཀྱི་མེ་ལྕེ་འོད་རབ་ཏུ་གསལ་བས་མ་རིག་པའི་མུན་པ་སངས་ཏེ་ཤེས་བྱ་ཀུན་ལ་ཡེ་ཤེས་རྒྱས་པའི་གོ་འཕང་དམ་པར་སྦྱོར་བར་བྱེད་པའི་ཐབས་བླ་ན་མེད་པའོ། །གསུམ་པ་འཕང་བ་ཟོར་ནི། དཔེར་ན་ཕ་རོལ་གྱི་གཡུལ་ལས་རྒྱལ་བའི་ཕྱིར་དུ་དམག་བསྡུ། གོ་གསར། མཚོན་བདར་བའི་སྒོ་ནས་འཐབ་པའི་སྦྱོར་ཆོག་ཐམས་ཅད་ཟིན་པའི་འོག་ཏུ་གང་དུ་གཡུལ་བཀྱེ་བའི་ས་ཕྱོགས་སུ་ཕྱིན་ནས་དགྲ་དང་གཡུལ་སྤྲད་དགོས་པ་ལྟར། དགྲ་བགེགས་བྱད་མའི་མཐུ་སྟོབས་གཞོམ་པའི་ཕྱིར་དུ་གཏོར་ཟློག་གི་ཡན་ལག་ཐམས་ཅད་ཚང་བར་བསགས་ནས་བསྒྲུབས་པའི་མཐར། གཏོར་ཟོར་ནད་དུག་མཚོན་ཆའི་ཕུང་པོ་བདག་མདུན་གྱི་ལྷ་ཚོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དམག་དཔུང་གིས་བསྐྱོད་ནས་གང་ལ་དམིགས་པའི་ཡུལ་དུ་མ་འཕངས་ན་དོན་མི་འགྲུབ་པས་ཟློག་བའི་ལས་ཀྱི་མཐའ་སྡུད་འཕང་བ་ཟོར་གྱི་གཟེར་ཁ་སྟེ། དེའང་གསང་རྒྱུད་ལས། ཕུར་ཐུན་མདའ་ཐུན་དུག་ཐུན་དང༌། །ཁྲག་ཐུན་ཉུངས་ཐུན་མཚེ་ཐུན་དང༌། །རྡོ་ཐུན་རྣམ་པ་བདུན་ཞེས་བྱ། །
བསད་པའི་ལས་རྣམས་ཀུན་ལ་ཤིས། །ཞེས་དང༌། གསེར་སྐྱེམས་རྒྱས་པར་གཏང་བར་བྱ། །མ་ཉེས་དཔང་གཟུག་ལས་རྣམས་བསྐུལ། །རྡོ་རྗེའི་གླུ་ནི་དྲག་ཏུ་བླང༌། །ལྷོ་ཕྱོགས་ཁ་བལྟས་ཧ་ཧས་གདབ། །རྐང་པ་གཡས་པ་བག་ཙམ་བསྐུམ། །གཡོན་པ་རབ་ཏུ་བགྲད་ལ་འཕང༌། །ཞེས་སོགས་གསུངས་པ་ལྟར། དང་པོ་ཟོར་བསྒྲུབ་པའི་དཀྱིལ་འཁོར་བཞེངས། དེ་ལ་རྫས་དགོད་དེ་ཏིང་ངེ་འཛིན་གྱིས་སོ་སོའི་ནུས་པ་གདོན། མཐར་ལས་ལ་སྦྱོར་བའི་སྐབས་སུ་མན་ངག་གི་གནད་དང་ལྡན་པར་སོ་སོར་འཕངས་པས་གང་ལ་དམིགས་པའི་ཡུལ་རྒྱབ་བརྟེན་ལྷ་སྲུང་དང་བཅས་པ་ཐལ་བའི་རྡུལ་ཕྲན་རླུང་གིས་གཏོར་བ་ལྟར་ཁ་ཕུང་རྗེས་མེད་དུ་གཏོང་བའི་ཐབས་མཁས་མིག་འཕྲུལ་ལྟ་བུ་མཐུ་དང་ནུས་པ་ཁྱད་པར་དུ་འཕགས་པའོ། །གོང་གི་གབ་པའི་སྔགས་དྲུག་སྐབས་ཀྱི་འདེབས་པའི་ཕུར་པ་དྲུག་དང་ཕྱག་རྒྱའི་གནད་དྲུག་སོགས་རྒྱས་པར་གསུངས་པ་རྣམས་གནད་དུ་ཆེའང༌། ངན་སྔགས་ཉེ་བར་བསྙེན་པའི་སྐབས་ཆེད་དུ་མི་རུང་ཞིང་གཏོར་ཟློག་དཀྱུས་མ་ཙམ་ལ་དེ་དག་ཇི་བཞིན་འགྲུབ་དཀའ་བས། རིག་འཛིན་གོང་མ་རྣམས་ཀྱི་ཕྱག་བཞེས་ལྟར་སྨད་ལས་ཀྱི་ཆོ་ག་
ཁྲིགས་དཀྱུས་སུ་བསྟན་པ་དེ་ལ་དོན་གྱི་གནད་ཐམས་ཅད་ཚང་བ་ཡིན་ནོ། །སྤྱིར་དྲག་པོའི་ལས་ཀྱི་མངོན་སྤྱོད་ཟབ་མོ་སྒྲུབ་པ་ལ། ལྟ་བ་ཆོས་ཉིད་ཀྱི་རྫོང་དང་ལྡན་པ། སྒོམ་པ་ཏིང་ངེ་འཛིན་གྱི་འཕྲང་ལས་ཐར་བ། སྤྱོད་པ་བྱང་ཆུབ་སེམས་ཀྱི་སྲོག་གནད་ཟིན་པས་དྲག་སྔགས་ལོག་པར་མི་གོལ་བ། གསལ་བ་གསུམ་དང་ལྡན་པས་ལོག་རྡུགས་འབྱམས་གསུམ་གྱི་སྐྱོན་མི་འབྱུང་བ། ཚེ་ཁྲུས་ཀྱི་དགོངས་པ་ཟབ་མོ་ངན་སྔགས་དང་ཁྱད་པར་ཕྱེད་པ་ལ་བརྟེན་ནས། དགོངས་པ་ཚད་དུ་འཁྱོལ་བས་སྔགས་པ་ཧོམ་ཁུང་ཁ་ནས་འཚང་རྒྱ་བའི་ཐབས་མཁས་ཀྱི་ཉེ་ལམ་ཡང་དག་པ་ལ་ཞུགས་པ་ཞིག་དགོས་ཀྱི། དེང་སང་བསྟན་པ་ཉམས་པའི་མགོ་བོ་ཚུགས་པས་མདོ་སྔགས་ཐམས་ཅད་ཀྱི་དགོངས་པ་དང་འགལ་བར་སྤྱོད། ཁྱད་པར་གསང་སྔགས་ལོག་པར་སྒྲུབ་པས་སྦྱོར་སྒྲོལ་གྱི་དགོངས་པ་བརླང་པོར་སྤྱོད། ཀུན་སློང་བྱང་སེམས་རིས་མེད་པར་མ་འབྱོངས་པས་རང་དོན་ནམ་གཞན་དོན་ཉི་ཚེ་ཙམ་འགྲུབ་པར་རེ་བའི་བློ་གཏད་ལོག་པར་གོལ་བས། སློབ་དཔོན་གྱི་མཚན་ཉིད་ཅུང་ཟད་ཀྱང་མི་ལྡན་ཅིང་བསྒྲལ་བའི་དགོངས་པ་མི་ཤེས་བཞིན་དུ་གནོད་པའི་འགལ་རྐྱེན་ཕྲ་མོ་ཙམ་བྱས་པའི་གང་ཟག་ཞིག་
ཡིད་ཡུལ་དུ་བྱས། དེ་ལ་ཞེ་སྡང་རང་རྒྱུད་པས་བསྐུལ་ཏེ་ཟན་གོང་གི་གཟུགས་བརྙན་ལ་མཚོན་ཆས་བརྡེག་པའི་རྔམས་སྟབས་བྱས་པས་ནི་ཐེག་ཆེན་སོ་ཐར་ལྟར་ན་སྲོག་གཅོད་ཀྱི་ཕམ་པའི་ཉེར་ལེན་དང༌། བྱང་སེམས་ཀྱི་སེམས་ཅན་བློས་སྤོང་གི་ལྟུང་བ། གསང་སྔགས་ལོག་པར་སྒྲུབ་པའི་དམ་ཚིག་ཉམས་པ་བཅས་དོན་དུ་ཅུང་ཟད་ཀྱང་མི་འགྱུར་བའི་སྟེང་དུ་རྣམ་སྨིན་བཟོད་པར་དཀའ་བ་མྱོང་བར་འགྱུར་པས་ན་བླང་དོར་གྱི་གནས་ལ་ཤིན་ཏུ་བག་ཡོད་པ་ལ་བརྟེན་ནས་གསང་བ་ཟབ་མོའི་མན་ངག་གི་གནད་རྣམས་ལ་ཐོས་བསམ་སྒོམ་པའི་སྒོ་ནས་ཕྱིན་ཅི་མ་ལོག་པའི་ངེས་པ་ཅུང་ཟད་རྙེད་པ་རེ་ཤིན་ཏུ་གལ་ཆེ་བར་སྣང་ངོ༌། །བཞི་པ་མ་བསྒྲལ་བའི་ཉེས་དམིགས་ནི། རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ཤིང་རྟོགས་གོམས་བརྟུལ་ཞུགས་བརྟན་པའི་རྣལ་འབྱོར་པས་སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོས་ཀུན་ནས་བསླངས་ཏེ་གདུག་པ་ཅན་རྣམས་བསྒྲལ་བར་མ་བྱས་ན་རང་ཉིད་ལ་རྩ་བའི་ལྟུང་བར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། གདུག་ལ་རྟག་ཏུ་བྱམས་ལྡན་པ། །བྱེད་པ་དེ་ནི་བཅུ་པར་འདོད། །ཅེས་དང༌། རྒྱུས་ལས། ཉམས་པ་དུས་སུ་མི་སྒྲོལ་བ། །དེ་ལྟར་དམ་ཚིག་ཉམས་པ་ཡིན།
ཞེས་དང༌། མྱང་འདས་ལས། གཉིས་མེད་དོན་ལྡན་སྐྱེས་བུ་དེས། །གནོད་གདུག་རྣམ་གཉིས་མ་བསྒྲལ་ན། །ངེས་པར་ངན་སོང་འཁོར་བར་ལྟུང༌། །ཅི་ཕྱིར་ངེས་པའི་ལས་ལ་བསྒྲིབ། །ཅེས་སོགས་གསུངས་པའི་མཚན་ཉིད་ཀྱིས་བསྒྲལ་བའི་ཡུལ་ལ་སྒྲོལ་བའི་ནུས་པ་ཡོད་བཞིན་དུ་མ་བསྒྲལ་བར་བཏང་སྙོམས་སུ་འཇོག་ན། སྤྱིར་བླ་མ་རྡོ་རྗེ་སློབ་དཔོན་མཆེད་ལྕམ་དཀྱིལ་འཁོར་འཁོར་ལོའི་འདུས་པ་རྣམས་དང༌། ཁྱད་པར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཇིག་ལ་ཉེ་ཞིང༌། སྐྱེ་རྒུ་ཡོངས་ཀྱི་གནས་སྐབས་མཐར་ཐུག་གི་ཕན་བདེའི་ཤུལ་ལམ་བཟང་པོ་ཉེ་བར་འགོག་སྟེ་ཕྱིན་ཅི་ལོག་པའི་ལམ་གྱི་གཡང་ས་ཆེན་པོར་མྱུར་དུ་འཁྲིད་པར་འགྱུར་བ་དང༌། ཉམས་པ་དེ་ཉིད་ཀྱང་ལས་ངན་པའི་རྒྱུས་འབྲས་བུ་མནར་མེད་རྡོ་རྗེ་དམྱལ་བར་བསྐལ་པའམ་ནམ་མཁའ་མ་ཞིག་པ་དེ་སྲིད་དུ་ཐར་པའི་གོ་སྐབས་མེད་པར་སྡུག་བསྔལ་དྲག་པོ་སྐྱི་གཡའ་བས་མནར་བར་འགྱུར་པ་ལ་ཐུགས་རྗེའི་དཔྱང་ཐག་ཟབ་མོས་མ་བཏབ་པའི་ཉེས་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པའི་ཐབས་མཁས་ཟབ་མོས་མྱུར་དུ་གནས་ངན་ལེན་གྱི་ས་བོན་བཅད་དེ་ཡང་དག་པའི་ས་ལ་སྐྱེལ་དུ་ཡོད་པའི་གདམས་ངག་ཟབ་མོ་ཇི་མི་སྙམ་དུ་ཆུད་གསན་པར་འགྱུར་པ་སོགས་ཀྱི་ཉེས་དམིགས་མཐའ་ཡས་པའོ། །ལྔ་པ་བསྒྲལ་
བའི་ཕན་ཡོན་ནི། རྒྱུད་ལས། དེ་ལ་དྲག་པོའི་ལས་བྱས་ན། །མྱ་ངན་འདས་པའི་ཡོན་ཏན་ཐོབ། །མ་མོ་མཁའ་འགྲོ་བྲན་བཞིན་འཁོལ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །དགྲ་དང་འབྱུང་པོ་རྡུལ་དུ་རློག །མཐུ་ཆེན་ལྷ་སྲིན་དེ་བཞིན་ཏེ། །ཅི་བགྱིའི་བཀའ་དང་བསྒོ་བ་ཉན། །འདི་དང་ཕ་རོལ་གཉིས་སུ་ཡང༌། །བསམ་པ་འགྲུབ་ཅིང་མཐོ་རིས་འཐོབ། །བདག་དང་གཉིས་མེད་བྱང་ཆུབ་སེམས། །གཉིས་མེད་ཆོས་སྐུ་དབྱེར་མེད་པས། །ངན་སོང་གསུམ་པོ་སྒོ་བཀག་ནས། །གཉིས་མེད་མཁའ་ལ་དེ་བསྒྲལ་ན། །དོན་དང་མཐུན་པས་དམ་ཚིག་སྐོང༌། །སྡིག་ཆེན་བསྒྲལ་ན་ལས་ངན་འཆད། །དམ་ཉམས་བསྒྲལ་ན་བཀའ་གཞུང་བཙན། །ལོག་རྟོག་བསྒྲལ་ན་དཀྱིལ་འཁོར་གཉན། །གནོད་གདུག་བསྒྲལ་ན་བར་ཆད་ཉུང༌། །གཞན་ཡང་ཡོན་ཏན་བརྗོད་ལས་འདས། །ཞེས་གསུངས་པ་ལྟར། གོང་གི་མ་བསྒྲལ་བའི་སྐྱོན་ཐམས་ཅད་འདིར་ཡོན་ཏན་དུ་ལྡོག་སྟེ་བླ་མ་དང་བསྟན་པ། སྐྱེ་རྒུ་ཡོངས་ལ་ཕན་བདེའི་དབང་དུ་འགྱུར་ཞིང༌། ཡུལ་རང་ཉིད་ཀྱང་ལས་ངན་པའི་རྒྱུན་ཆད། འབྲས་བུ་ངན་འགྲོ་ལས་ལྡོག་སྟེ་མཐོ་རིས་དང་ཐར་པའི་ལམ་འཐོབ། སྒྲུབ་པ་པོ་རང་ཉིད་ཚོགས་རྒྱ་ཆེན་པོ་རྫོགས། གསང་སྔགས་རྡོ་རྗེ་ཐེག་པ་བཀའ་བཙན་
བྱིན་ཆེ་བ་སོགས་ཡོན་ཏན་མཐའ་དང་མུ་མེད་པ་འཐོབ་པར་འགྱུར་ལ། དེས་ན་དགོངས་སྤྱོད་ཚུལ་བཞིན་ལྡན་པས་སྒྲོལ་བ་ལམ་དུ་བྱས་པ་དེ་ཉིད་ཀྱིས་ཕ་རོལ་པོའི་ཚེ་བསོད་རང་ལ་ཁུག་པས་བདག་རྣལ་འབྱོར་བ་འཚེངས། དགྲ་བགེགས་ཀྱི་ལས་ངན་རྒྱུན་ཆོད་ནས་བདེ་བར་གཤེགས་པའི་སྲས་སུ་གྱུར་པས་གཟས་པ་པོ་འཚེངས། སྙིགས་མའི་ཤ་ཁྲག་ཟག་མེད་ཀྱི་བདུད་རྩིར་གྱུར་པས་དཀྱིལ་འཁོར་པ་འཚེངས་པ་སྟེ། འཚེངས་པ་གསུམ་ལྡན་ཀྱི་དགོངས་སྤྱོད་ཟབ་མོ་གྲུབ་པའི་རྣལ་འབྱོར་པ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྱི་བརྟུལ་ཞུགས་ལ་དབང་འབྱོར་པའི་ཡོན་ཏན་དང་ལྡན་པར་འགྱུར་པ་སོགས་ཀྱིས་སྔགས་པ་ཧོམ་ཁུང་ཁ་ནས་སངས་རྒྱས་སོ་ཞེས་ཡོངས་སུ་གྲགས་པ་ལྟར་རོ། །དྲུག་པ་དེ་ལྟར་བསྒྲལ་བའི་མཐར་ཐུག་གི་འབྲས་བུ་ནི། མྱང་འདས་ལས། འབྲས་བུ་ངེས་པར་ཆུད་མི་ཟ། །ཁྲོ་བདག་ཆེན་པོ་ཐབས་མཁས་པས། །བསྒྲལ་བའི་ལས་རྣམས་བྱ་བར་བཤད། །དང་པོ་སྙིང་རྗེས་གཞི་བཟུང་ལ། །ཚད་མེད་རྣམ་བཞི་སྔོན་དུ་བཏང༌། །དེ་ནས་བསྒྲལ་བའི་ཕུང་པོ་དེ། །གཉིས་མེད་ལྷ་ཡི་དཀྱིལ་འཁོར་དུ། །ཡང་དག་དོན་གྱིས་སྦྱང་བར་བྱ། །ནམ་མཁའ་ལྟ་བུར་སྐྱེ་བ་མེད། །རྣམ་དག་ཕུང་པོ་ལྔ་ཡིས་བསྡུས། །སྙིང་རྗེ་བསྒྲལ་
བའི་དམ་ཚིག་ནི། །བསད་ཅིང་མནན་པ་མ་ཡིན་ཏེ། །ཕུང་པོ་རྡོ་རྗེར་གཏམས་བྱས་ནས། །རྣམ་པར་ཤེས་པ་རྡོ་རྗེར་བསྒོམ། །ཞེས་དང༌། དཔལ་ཆེན་རྡོ་རྗེ་ཉིད་ཀྱི་སྐུ། །མ་ལུས་དབྱེར་མེད་འདུས་མ་བྱས། །གཉིས་མེད་དོན་གྱི་དེ་བཞིན་ནོ། །ཞེས་སོགས་གསུངས་པ་ལྟར། མཚན་མའི་ཕུར་པ་ཡེ་ཤེས་ཀྱི་རང་བཞིན་ཅན་དེ་བསྒྲལ་བྱའི་ཡུལ་ལ་ཐེབས་བས་གནས་སྐབས་ཀྱི་ལས་ངན་དང་སྐྱེ་རྒྱུན་ངན་པ་བཅད་ནས་ས་ལམ་གྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་ངེས་པར་སྨིན་པའི་རྟེན་དུ་དཔལ་ཆེན་ཡབ་ཡུབ་གྱི་སྲས་སུ་བསྐྲུན་ཏེ་རིག་འཛིན་རྣམ་བཞིའི་གོ་འཕང་གི་མཐར་ཐུག་མཐར་ལམ་ལྷུན་གྱིས་གྲུབ་པའི་རྒྱལ་ས་ཆེན་པོ་བདེ་མྱུར་དུ་བགྲོད་ནས་ཁྱབ་བདག་གདོད་མའི་མགོན་པོའི་ཐུགས་ཀློང་ཀ་དག་ཐིག་ལེ་ཉག་གཅིག་ཏུ་དབྱེར་མེད་ཆེན་པོར་བྱང་ཆུབ། སྐུ་དང་ཡེ་ཤེས་ཟབ་མོའི་ཕྲིན་ལས་ཀྱི་ཆོ་འཕྲུལ་མཁའ་མཐའི་མུ་ཁྱུད་ཟླུམ་པོར་བཅིངས་པས་འགྲོ་སྒྲོལ་ཐབས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བ་ལ་མངའ་བརྙེས་པར་འགྱུར་པ་ནི་ལམ་འདིའི་མཐར་ཐུག་གི་འབྲས་བུའི་རྣམ་པར་བཞག་པའོ། །དེ་དག་གིས་ཤེས་པར་བྱ་བའི་རྣམ་བཞག་སྤྱིར་བསྟན་པ་མདོ་ཙམ་བཤད་ཟིན་ཏོ། ༈ །གཉིས་པ་ལག་ཏུ་ལེན་པའི་མན་ངག་བྱེ་བྲག་
ཏུ་བཤད་པ་ལ་གཉིས། སྨད་ལས་མན་ངག་ཁྱད་པར་བའི་སྒྲུབ་ཁོག་གི་ཆིངས་བསྟན་པ་དང༌། གདབ་ཁ་དཀྱུས་སུ་ཚང་བ་དམར་ཆེན་གཏོར་མའི་ལས་རིམ་བཤད་པའོ། །སྔ་མ་ལའང༌། སྒྲུབ་ཁོག་དངོས་ཀྱི་རྣམ་བཞག་སྤྱིར་སྨོས་པ་དང༌། འཇུག་པ་བདེ་བའི་ལག་ལེན་བྱེ་བྲག་ཏུ་བཤད་པ་གཉིས་ཀྱི། དང་པོ་ལ་གསུམ། བསྙེན་པ་གསུམ་བྱ་བ། ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་ཀྱི་བཅུད་བླང་བ། ལས་ཀྱི་ཁ་བསྐང་ཞིང་མཇུག་བསྡུ་བའོ། །དང་པོ་ལ་གཉིས་ཏེ། སྟོད་ལས་ཀྱི་བསྙེན་པ་གསུམ་ཡོངས་རྫོགས་སུ་བྱ་བ་དང༌། དེ་གྲུབ་ནས་སྨད་ལས་ཀྱི་བསྙེན་སྒྲུབ་ལ་འཇུག་པའོ། །དང་པོ་ནི། དུག་ཕུར་ནག་པོའི་གཞུང་རྩ་བར། ཕུན་སུམ་ཚོགས་པའི་སློབ་དཔོན་གྱིས། །བསྙེན་པ་རྣམ་གསུམ་རྫོགས་བྱས་ནས། །ཞེས་གསུངས་པ་ལྟར། ཡེ་ཤེས་ཀྱི་ལྷ་ཉེ་བར་བསྙེན་པ། དམ་ཅན་ཉེ་བར་བསྙེན་པ། ངན་སྔགས་ཉེ་བར་བསྙེན་པ་གསུམ་སྟེ། སྒྲུབ་ཐབས་སྟོད་ལས་ཀྱི་སྒྲུབ་ཁོག་ལྟར་བྱ་བ་ལས། ཕྱི་མ་གཉིས་ཀྱི་ཛཔྲ་བསྐུལ་གྱི་དོད་དུ་དམ་ཅན་བསྙེན་པའི་ཚེ་རྒྱས་པར་སོ་སོའི་བསྐུལ་བྱང་སྨད་ལས་ནསའབྱུང་བ་ལྟར་རམ། བསྡུན་དེ་ཐུན་ཐ་མ་གཅིག་པུར་སྦྱར་ཞིང་ཐུན་གཞན་རྣམས་ལ། ཤྭ་ན་མུ་ལའི་དུས་ལ་བབ། །ཅེས་
སོགས་བབ་ལྔས་བསྐུལ་ལོ། །ངན་སྔགས་ཀྱི་ཚེ་རྒྱས་པར་གཞུང་གི་རྩ་བའི་བསྐུལ་བྱང་དང༌། བསྡུ་ན་བབ་བརྒྱད་གཤམ་དུ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང༌། །ཞེས་སོགས་འདོད་པའི་དོན་ལ་གསོལ་བ་གདབ་པ་ཉིད་ཀྱིས་བསྐུལ་བ་ཡིན་ནོ། །དེ་ལྟར་བསྙེན་པ་གསུམ་གྱིས་ཡེ་ཤེས་ཀྱི་ལྷ་གྲུབ་པའི་རྟགས་སྒྲུབ་ཁོག་ཏུ་བཤད་པ་ལྟར་དང༌། དམ་ཅན་གྲུབ་པའི་རྟགས་སུ་རབ་སྲུང་མའི་སྐུ་དངོས་སུ་སྟོན། འབྲིང་དངོས་གྲུབ་ཀྱི་རྟགས་སྟེར། ཐ་མ་དགྲ་བོའི་གློ་སྙིང་ཕྱུང་བའམ་བླ་འཁྲིད་པ་དང་བསད་པ་སོགས་འབྱུང༌། ངན་སྔགས་ཀྱི་རྟགས་སུ་རབ་དགྲ་བོའི་གློ་སྙིང་ཕྱུང་བ། འབྲིང་དགྲ་བོ་དངོས་སུ་འཁྲིད་པ། ཐ་མ་དགྲ་བོའི་བླ་བསད་པ་རྣམས་དངོས་ཉམས་གང་རུང་དང༌། རྨི་ལམ་དུའང་རྒྱ་མཚོ་འཐུང་བ། རི་རབ་འཕེན་པ། ཉི་ཟླ་སྤར་བས་འཛིན་པ་སོགས་འབྱུང་བའོ། །གཉིས་པ་དེ་གྲུབ་ནས་སྨད་ལས་ཀྱི་བསྙེན་སྒྲུབ་ལ་འཇུག་པ་ནི། དེ་ཉིད་ལས། དགྲ་བགེགས་རྣམ་གཉིས་བསྒྲལ་བའི་ཕྱིར། །དྲག་པོའི་གནས་སུ་དཀྱིལ་འཁོར་བྲི། །ཞེས་གསུངས་པ་ལྟར། སྟོད་ལས་ཀྱི་བསྙེན་པ་ཐོན་ནས་དེའི་སྒྲུབ་པ་བསྡུས་ཏེ་ཕྱི་མཚམས་མ་བཀྲོལ་བའི་ཁོངས་སུ་ཞག་འགར་ངལ་གསོ་བའམ།
ནུས་ན་དེ་མ་ཐག་ཏུ་སྨད་ལས་ཀྱི་དཀྱིལ་འཁོར་ཨེ་ཀ་དམར་ནག་གི་ཚུལ་དུ་བཞེངས་པར་བྱ་སྟེ། བྱིཏྟོ་མ་ལས། དབུས་ན་ཕོ་བྲང་ཨེ་ཡི་དཀྱིལ། །ཟླ་གམ་དབང་ཆེན་རཀྟའི་རྒྱ་མཚོ་འཁྲུག །ཆོས་སྐུ་སྐྱེ་མེད་མུ་ཁྱུད་ཟླུམ་པོར་འཁྱིལ། །མཁའ་དབྱིངས་བཅུ་དྲུག་ཨེ་ཡི་མཐའ་བསྐོར་ཏེ། །དུག་གསུམ་འཇོམས་ཕྱིར་ཐོད་པ་ཚར་གསུམ་དང༌། བར་ཁྱམས་དང་ནི་ཡེ་ཤེས་སྒོ་བཞིར་ལྡན། །ཕྱི་རོལ་ཁོར་ཡུག་བསྐལ་པའི་མེ་རིས་བསྐོར། །ཞེས་གསུངས་པ་ལྟར། ལྟེ་བ་གྲུ་གསུམ་མཐིང་ནག །ཟླ་གམ་གསུམ་དམར་པོ། མུ་ཁྱུད་ཐོད་ར་དཀར་པོ། དེའི་ཕྱིར་གྲུ་ཆད་ཀྱི་ཐིག་ལ་རེག་པར་བསྐོར་བའི་མུ་ཁྱུད་མཐིང་ག་ཟླུམ་པོའི་ནང་གཞི་དམར་སྨུག་ལ་ཕྱོགས་མཚམས་བརྒྱད་དུ་ཨེ་གྲུ་གསུམ་ཟུར་ཕྱིར་བསྟན་རེ་དང༌། དེ་དག་གི་དབལ་ཁ་བརྒྱད་ལ་གྲུ་གསུམ་ལོགས་ཕྱིར་བསྟན་རེ་སྟེ། གྲུ་གསུམ་མཐིང་ནག་བཅུ་དྲུག་བྲི། གྲུ་ཆད་ཁྲག་མཚོ། ཁྱམས་སེར་པོ། སྒོ་ཕྱོགས་མདོག །ཐོད་པ་ཚར་གསུམ་གྱི་རྩིག་པ་སོགས་དཀྱིལ་འཁོར་ལྷག་མ་འབྲི་ཚུལ་དང༌། ཕུར་ཁྲོམ་བཀྲམ་པ། གཏོར་མཆོད་བཀོད་པ་སྤྱི་རྣམས་སྟོད་ལས་དང་འདྲ། སྒྲུབ་དཀྱིལ་གྱི་སྲིན་པོའི་ཕྱོགས་སུ་མན་ངག་ལྟར་
བྲུབ་ཁུང་ལིང་ག་ཚད་ལྡན་དུ་བཅས་པ་དང༌། ལྷ་དབྱེ་ལ་སོགས་པའི་ལས་དྲུག་གི་རྫས་ཚང་བར་བསགས། དབང་ལྡན་དུ་ཟོར་གཏོར་ཐོག་གཟུགས་ཁྲག་གིས་བྱུགས་ཤིང་རྩད་དམར་དང་ཡུངས་ཀར་གྱི་གོང་བུ་བཙུགས་པའང་འགོད། གཞན་ཡང་མནན་བསྲེག་འཕང་བའི་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་འདུ་བྱའོ། །དེ་ལྟར་བཅས་ཀྱི་བཤམ་བཀོད་གྲུབ་ནས་བསྙེན་སྒྲུབ་ཀྱི་ཆོ་ག་དངོས་ནི། སྔ་མ་ལས། ཐུན་མོང་ལས་རྣམས་རྫོགས་བྱས་ནས། །བདག་ཉིད་ལྷ་ཡིང་རྒྱལ་གྱིས། །སྤྱན་དྲངས་མཆོད་ཅིང་བསྙེན་པ་འབུལ། །དྲུག་དྲུག་སུམ་ཅུ་རྩ་དྲུག་གིས། །སྒྲུབ་པའི་ལས་རྣམས་རྫོགས་བྱས་ལ། །དྲག་པོའི་ལས་ལ་སྦྱར་བར་བྱ། །ཞེས་གསུངས་པས། སྨད་ལས་ཀྱི་བསྙེན་སྒྲུབ་ལས་གསུམ་པོ་དེ་ཟླ་བའི་ནག་ཕྱོགས་ཀྱི་ཉེར་གཅིག་ནས་དགུ་སྟོང་གི་བར་ལ་རྫོགས་པར་བྱེད་པ་སྟེ། དེ་ལ་དང་པོ་བསྙེན་པ་ནི། སྨད་ལས་ཀྱི་མགོ་ནོན་དུ་ཡེ་ཤེས་ལྷའི་བསྙེན་པ་དང༌། དམ་ཅན་གྱི་བསྙེན་པ་གཉིས་ཁ་གསོ་བ་ཡིན་པས། དུས་བཞིའམ་དྲུག་ཏུ་ལས་གཞུང་བསྲང་བསྟོད་ལས་དང་འདྲ་བ་ལས། ཞག་དང་པོ་ལ་ཡེ་ཤེས་ལྷའི་
བསྙེན་པ་དང༌། གཉིས་པ་ལ་དམ་ཅན་ཉེ་བར་བསྙེན་པ་བྱ། ཞག་གཉིས་ཀའི་ཐུན་ཐ་མའི་རྗེས་ཆོག་གི་ཚོགས་ཐ་མ་དང་འབྲེལ་བར་བྲུབ་ཁུང་གི་ལིངྒ་ལའང་དམིགས་ནས་བསྐྱེད་འགུགས་བསྟིམས་པ། སྲས་ཕུར་གྱིས་གཟིར་ཞིང་སྤུ་གྲིའི་སྔགས་ཀྱི་ཐུན་རེའང་བརྡེག་གོ །གཉིས་པ་སྒྲུབ་པ་ནི། ཉེར་གསུམ་ནས་ཉེར་བརྒྱད་ཀྱི་བར་ཞག་དྲུག་ལ་རིམ་པར། ཞག་དང་པོ་ལ་ལྷ་དང་དབྲལ་བ། གཉིས་པར་གཟུགས་ལ་དབབ་པ། གསུམ་པར་བྱད་དུ་བཞུག་པ། བཞི་པར་སྨྱོ་རུ་གཞུག་པ། ལྔ་པར་རྡུལ་དུ་རློག་པ། དྲུག་པར་ཞལ་དུ་སྟོབ་པ། དེ་རེ་རེ་ལའང་དྲུག་དྲུག་སུམ་ཅུ་རྩ་དྲུག་ཏུ་ཉམས་སུ་ལེན་པ་སྟེ། ཐམས་ཅད་ལ་ཐུན་གྱི་ལས་གཞུང་བསྲང་བ་སྔར་ལྟར་ལས། བསྙེན་པའི་དོད་དུ་ལས་དྲུག་པོ་སྐབས་ཐོབ་ཀྱིས་ཁོལ་འདོན་བྱས་ཏེ་སྒྲུབ་པར་བྱའོ། །གཉིས་པ་ལས་སྦྱོར་གྱི་སྒོ་ནས་དངོས་གྲུབ་ཀྱི་བཅུད་བླང་བ་ལ་གཉིས་ཏེ། དགྲ་ལས་བླང་བ་དང༌། ལྷ་ལས་བླང་བའོ། །དང་པོ་ནི། ཕུར་བུ་མྱ་ངན་ལས་འདས་པའི་རྒྱུད་ལས། རབ་ཀྱིས་དངོས་སུ་ཁུག་པར་འགྱུར། །འབྲིང་གིས་ལིང་ག་འགུལ་བར་ནུས། །འཕར་དང་རྡེག་དང་འཚེག་དང་འཁྲོལ། །ཐ་མས་ཉམས་
དང་རྟགས་འོང་སྟེ། །དེ་ཚེ་གདབ་པའི་དུས་ལ་བབ། །ཅེས་པ་ལྟར་ལྷ་རྟགས་དང་དགྲ་རྟགས་གཏན་ལ་ཕེབས་ཤིང༌། བླ་མི་འགྱུར་བའི་རྟགས་དངོས་སུ་བྱུང་ན་འཕྲལ་དུ་ཕུར་བུ་གདབ་པའི་ལས་ལ་འཇུག་སྟེ། གདབ་པའི་དུས་གནད་ཀྱང་དགྲའི་བླ་ཤ་བ་ཡིན་ན་སྲོད། ལུག་ནམ་ཕྱེད། ཕག་ཐོ་རངས། བྱ་རྩེ་ཤར། བ་ལང་ཉི་དྲོས། རྟ་ཉིན་ཕྱེད། ར་ཉི་ནུབ་ཀྱི་ཐོག་ཏུ་གདབ་པར་བྱ་བ་ཡིན་ནོ། །དེ་ལ་འདིར་ནུབ་ཐ་མ་སྒྲུབ་ཞག་བདུན་པ་དགུ་སྟོང་གི་དུས་སུ་ལས་ལ་སྦྱོར་ཏེ། དེའང་བསྒྲལ་བའི་ལས་དངོས་ནི་ཕུར་བུ་གདབ་པ་སྟེ། དེ་ལ་གཉིས། རིམ་གྱིས་གདབ་པ་དང༌། སུར་ཕུག་ཏུ་གདབ་པའོ། །དང་པོ་ལ་གཉིས། གཙོ་བོར་ལུང་གཉིས་ཀྱི་དགོངས་པ་ཕུལ་དུ་ཕྱུང་སྟེ་འདེབས་པ་དང༌། དེའི་གྲོགས་ཕྲིན་ལས་མཐར་འབྱིན་པའི་ཕུར་བུ་གཞན་རྣམས་རིམ་པར་འདེབས་པའོ། །དེ་ལའང་བཞི་ཀུན་གྱི་མགོ་ལ་གདགས་པ་དང༌། གསུམ་ཀུན་གྱི་ཁོང་ཁྲར་གཏོང་བ་དང༌། གཅིག་ཀུན་གྱི་གཞུག་ལ་གདགས་པའོ། །དང་པོ་བཞི། ཀུན་གྱི་མགོ་ལ་གདགས་པ་ནི། ཕུར་གདབ་ཀུན་གྱི་མགོ་སྟེ་སྐབས་འདིར་འདོགས་པའོ། །བཞི་གང་ཞེ་ན། སྔར་སྒྲུབ་ཞག་དང་པོ་བཞི་ལ་རིམ་པར་ཉམས་སུ་བླང་བ་ལྟར། ལྷ་དང་དབྲལ་བ།
གཟུགས་ལ་དབབ་པ། བྱད་དུ་གཞུག་པ། སྨྱོ་རུ་གཞུག་པ་དང་བཞི་སྟེ། ཆོ་ག་སྔར་བཞིན་སྐབས་འདིར་ཡང་བྱ་བ་ཡིན་ལ། འོན་ཀྱང་སྔགས་རྣམས་བདུན་ནམ་གསུམ་ཙམ་བཟླ་བ་ལས་འདིར་བཟླས་པ་ལ་གཙོ་བོར་མི་བྱེད་པ་ཁྱད་པར་རོ། །གཉིས་པ་གསུམ་ཀུན་གྱི་ཁོང་ཁྲར་གཏང་བ་ནི། ཐུན་གྱིས་བྲབ་པ། མཚོན་གྱིས་གཏུབ་པ། གཏུན་དུ་བརྡུང་བ་གསུམ་སྟེ། ཕུར་གདབ་རིམ་པ་ལྔ། སུར་ཕུག་ཏུ་གདབ་པ་དང་དྲུག་པོ་རེ་རེ་བཞིན་གྱི་རྗེས་སུ་སྦྱོར་བའོ། །གསུམ་པ་གཅིག་ཀུན་གྱི་གཞུག་ལ་གདགས་པ་ནི། གདབ་ལས་ཀུན་རྫོགས་པའི་རྗེས་སུ་ཞལ་སྟོབ་བྱེད་པ་ཡིན་ནོ། །དེ་ལྟར་གཞི་ཀུན་གྱི་མགོ་ལ་གདགས་པ་སྔོན་དུ་འགྲོ་བས། ཕུར་བུ་གདབ་པའི་ལས་དངོས་ལ། དང་པོ་གཙོ་བོར་ལུང་གཉིས་ཀྱི་དགོངས་པ་ཕུལ་དུ་ཕྱུང་སྟེ་འདེབས་པ་ནི། ཐུགས་དམ་བསྐུལ་ཞིང་ཕུར་བུ་སླར་ཡང་བྱིན་གྱིས་བརླབས་ཏེ་ཚེ་ལུང་ཁྲུས་ལུང་གི་དགོངས་པས་གཟིར་ཞིང་གདབ་པ་གཞུང་ལྟར་ལ། མཐར་འོག་གི་བྲབ་གཏུབ་བརྡུང་བའི་བསྐུལ་དང་སྔགས་ཚིག་རྣམས་འདིར་བླངས་ཏེ་ཁོང་ཁྲའི་ལས་གསུམ་གྱིས་བར་དུ་སྟངས་གདབ་བོ། །གཉིས་པ་དེའི་གྲོགས་ཕྲིན་ལས་མཐར་འབྱིན་པའི་ཕྱིར་ཕུར་བུ་གཞན་རྣམས་རིམ་པར་འདེབས་པ་ནི། སྒོ་མ་བཞི་ནས་
སྟེང་འོག་གི་ཡུམ་གཉིས་ཀྱི་བར་གཞུང་ལྟར་གདབ་ཅིང་རེ་རེ་བཞིན་ཁོང་ཁྲའི་ལས་གསུམ་ཀྱང་གོང་ལྟར་སྦྱར་རོ། །གཉིས་པ་སུར་ཕུག་ཏུ་གདབ་པ་ནི། སྲས་ཕུར་རྣམས་ནས་བཟུང་དབང་མོ་ཉེར་བརྒྱད་ཀྱི་བར་དཀྱུས་བཞིན་པར་ཁོང་ཁྲའི་ལས་གསུམ་ཐུན་མིན་མཁའ་གསང་སྦྱོར་བའི་གཏུན་བརྡུང་བཅས་བྱའོ། །དེ་ནས་གཅིག་ཀུན་གྱི་གཞུག་ལ་གདགས་པ་ནི། ཞལ་དུ་སྟོབ་པ་སྟེ། ལིང་རོའི་མགོ་དང་སྨད་གཉིས་མནན་བསྲེག་གི་རྫས་སུ་གུད་དུ་ཕྱུང་ལ། སྟོད་ཀྱི་ཆ་སོགས་སྙིགས་མའི་ལུས་བདུད་རྩིར་སྤར་བ་ཞལ་དུ་སྟོབ་པ་གཞུང་བཞིན་བྱའོ། །དེ་དག་ནི་དགྲ་ལས་དངོས་གྲུབ་བླང་བའོ། །གཉིས་པ་ལྷ་ལས་བླང་བ་ནི། སྨད་ལས་རྐྱང་སྒྲུབ་ཀྱི་སྐབས་སུ་འདིར་བྱ་ཞིང༌། །སྟོད་སྨད་སྦྲེལ་བའི་ཚེ་ན་ལས་ཁ་སྐོང་མཇུག་བསྡུ་གྲུབ་ནས་བླང་བས་ཆོག་གོ །གསུམ་པ་ལས་ཀྱི་ཁ་བསྐང་ཞིང་མཇུག་བསྡུ་བ་ལ་གཉིས་ལས། དང་པོ་མནན་སྲེག་འཕང་གསུམ་གྱིས་ལས་ཀྱི་ཁ་བསྐང་བ་ནི། བསྒྲལ་བའི་ལས་དམིགས་བསལ་ཡོད་པའི་སྐབས་སུ་དྲག་པོའི་སྦྱིན་སྲེག་རྒྱས་པར་བྱ་ཞིང༌། འདིར་ལས་ཀྱི་ཁ་སྐོང་ཙམ་དུ་བསྡུ་ན། དཀྱིལ་འཁོར་གྱི་མེའི་ཕྱོགས་སུ་དུག་ཤིང་ཚེར་མ་ཅན་གྱིས་ཧོམ་གྲུ་གསུམ་པ་
གཅིག་བརྩིགས་པའི་ནང་དུ། གོང་གི་ལིང་རོའི་སྨད་དར། ལིངྒ་གསར་པ་གཅིག་ལའང་དགུག་བསྟིམ་བྱས་ཏེ་ཧོམ་དཀྱིལ་དུ་མགོ་ཐུར་བསྟན་གྱིས་བཞག་ལ། ཚིལ་ཆེན་གྱི་མར་ཁུས་བྲན། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣ་ཡེ་ཛྭ་ལ་རཾ། ཞེས་པས་མེ་སྦར། མེ་ཉིད་ཡེ་ཤེས་ཀྱི་མེ་ལྷ་དབལ་ཆེན་པོའི་ལྷ་ཚོགས་སུ་བཞེངས་པར་བསམས་ལ། བབ་བརྒྱད་ཀྱིས་བསྐུལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ རྡོ་རྗེ་མེ་དབལ་སྙིང་བསྲེགས་ནས༔ ལུས་ངག་རྡུལ་ཕྲན་བཞིན་དུ་རློག༔ ཅེས་བཏགས་ཏེ། ཞིང་ལྤགས་རས་མར་དགྲ་བགེགས་ཀྱི་མིང་གཟུགས་བྲིས་པ་དང༌། གཏོར་མའི་ཆ་ཤས་ཀྱི་ཕུད་ཡུངས་དཀར་བཅས་པ་རྣམས་མར་ནག་དང་ལྷན་ཅིག་ཧོམ་གཟར་དུ་བླུགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨགྣ་ཡེ་ཧཱུཾ་ཕཊ༔ གནོད་བྱེད་དགྲ་བགེགས་ཙིཏྟ་ཛྭ་ལ་རཾ༔ བིནྡྷ་ཡ་བིནྡྷ་ཡ་ཧཱུཾ་ཕཊ༔ ད་ཧ་ད་ཧ་ཛྭ་ལ་ཛྭ་ལ་བཛྲ་ཧཱུཾ་ཕཊ༔ ཅེས་ལན་གསུམ་ཕུལ་བས། དགྲ་བགེགས་རྣམས་མེ་ལྷ་དཔལ་ཆེན་པོའི་ལྷ་ཚོགས་ཀྱི་ཞལ་དུ་བསྟབ་པས་བཞེས་པར་བསམ་ཞིང༌། ལྷ་ཚོགས་རྣམས་བཛྲ་མུཿས་གཤེགས་སུ་གསོལ་ལོ། དེ་ནས་འཕང་བ་ཟོར་ནི། ཟོར་གཏོར་ལ་ཐུན་རོ་དང་ཐུན་སྣ་ཚོགས་
བླུགས། གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། གཞུང་གི་ཟོར་བསྐུལ་དྲག་སྔགས་ཐལ་རྡེབ་དང་བཅས་གཟའི་རྒྱུ་ཐེབས་སམ་གནོད་པའི་ཕྱོགས་སུ་འཕང་བས། ཕོ་ཉའི་དམག་ཚོགས་ཀྱིས་ནད་མཚོན་དུག་ཆར་ཕབ་པས་དགྲ་བོ་ཡུལ་འཁོར་དང་བཅས་པ་ཐལ་བར་བརླག་པར་བསམ་མོ། །དེ་ནས་མནན་པ་ནི། ལིང་རོའི་མགོ་དང༌། སྦྱིན་སྲེག་གི་ཐལ་བ། ལིངྒ་གསར་པ་གཅིག་ལའང་དགུག་བསྟིམ་དྲག་པོ་བྱས་པའི་སྙིང་གར་དུག་ཕུར་གཅིག་བཏབ་པ་ཐོད་ངན་དུ་བྲུབས། རེ་བས་དྲིལ། ཡུག་སྐྲས་ཕྱིར་བཟློག་ཏུ་བཅིངས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཏི་རི་མུཀྟ་ཨོཾ་ལཾ་ཧཱུཾ་ལཾ་སྟྭམྦྷ་ཡ་ནན༔ ཞེས་མང་དུ་བཟླ་ཞིང༌། ཐེམ་འོག་གམ་ལམ་རྒྱ་གྲམ་དུ་དོང་གྲུ་གསུམ་བྲུས་ཏེ། གསེར་སྐྱེམས་བཏང༌། བབ་བརྒྱད་ཀྱིས་བསྐུལ་ལ། འཕྱོང་ནི། དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ གདུག་ཅིང་སྡང་སེམས་ལྡན་པ་རྣམས༔ ཟུང་ཞིག་རྒྱོབ་ཅིག་རྣམ་པར་ཆིངས༔ མནན་ནོ་ནོན་ཅིག་སྟྭམྦྷ་ཡ༔ ཞེས་དོང་དུ་བསྐྱུར། སས་གཡོགས་ཤིང་རྒྱས་གདབ། རོ་གཡམ་ལ་རྒྱ་གྲམ་བྲིས་པས་ཁ་བཅད་དེ་རི་རབ་ཀྱིས་མནན་པར་བསམ། དེ་སྟེང་སཱཙྪ་ནག་པོ་གཅིག་བཞག་པ་ཀརྨ་ཧེ་རུ་ཀ་ལྗང་ནག་རྒྱ་གྲམ་དང་དྲིལ་བུ་
འཛིན་པ་རང་འདྲའི་འཁོར་འབུམ་གྱིས་བསྐོར་བས་མནན་ཏེ་ནམ་ཡང་ཐར་བ་མེད་པར་བསམ་ཞིང༌། ལས་བྱང་བཞིན་བྲོ་བརྡུང་ངོ༌། །གཉིས་པ་གསོ་བ་རྣམ་པ་གསུམ་གྱིས་ལས་ཀྱི་མཇུག་བསྡུ་བ་ནི། སྔར་གོ་དོན་གྱི་སྐབས་སུ་བཤད་པ་བཞིན་འདིར་བྱ་བ་ཡིན་ནོ། །གཉིས་པ་འཇུག་པ་བདེ་བའི་ལག་ལེན་བྱེ་བྲག་ཏུ་བཤད་པ་ནི། སྤྱིར་སྟོད་ལས་གཙོར་བཏོན་པའི་སྒྲུབ་ཆེན་ཉིད་བྱང་ཆུབ་སྒྲུབ་པ་ལ་ཆེད་དུ་བསྔགས་ཤིང༌། སྨད་ལས་གཙོར་བཏོན་པའི་སྒྲུབ་ཆེན་ནི་དགྲ་བགེགས་བསྒྲལ་བ་ལ་ཆེད་དུ་བསྔགས། གཉིས་ཀ་ལའང་སོ་སོར་བསྙེན་སྒྲུབ་ལས་གསུམ་ཚང་བས་གཅིག་ལ་གཅིག་ལྟོས་དགོས་པ་མ་ཡིན་ཏེ། དེའང་སྟོད་ལས་ཡེ་ཤེས་ལྷ་བསྙེན་གཙོར་བཟུང༌། དམ་ཅན་དང་ངན་སྔགས་ཉེར་བསྙེན་ཞོར་སྒྲུབ་ཀྱི་དབང་དུ་མཛད། སྨད་ལས་སྒྲུབ་ཆེན་ནི་བསྙེན་པ་གསུམ་གོང་དུ་རྟགས་ཐོན་སོང་བ་ཞིག་གིས་དགོས་པའི་སྐབས་སུ་བབས་ཏེ་འཇུག་པ་ན། ཡེ་ཤེས་ལྷ་དང་དམ་ཅན་ཉེ་བསྙེན་ཉིན་རེ་ཙམ་ཁ་གསོས་ཏེ་ངན་སྔགས་ཉེར་བསྙེན་གཙོར་བཏོན་བྱ་བ་ཡིན་མོད། དེ་ལྟ་མོས་སློབ་འདྲ་འབག་གི་སྒྲུབ་ཆེན་སྟོད་སྨད་གཉིས་ཀ་སྟབས་གཅིག་ལག་ཏུ་ལེན་པར་སྤྲོ་ན། ཟླ་བའི་ཡར་ཚེས་བཅུ་གཅིག་ལྟ་བུ་ནས་དབུ་བཙུགས་ཏེ་
སྟོད་ལས་སྒྲུབ་ཁོག་གི་གཞི་བཟུང་ནས། ས་སློང་ཐོ་འཛུག་སོགས་ལ་ཉིན་གཅིག རྒྱན་བཀོད་མངའ་གསོལ་སོགས་ལ་ཉིན་གཅིག་སྟེ་སྟ་གོན་ཉིན་གཉིས། སྨད་ལས་ཀྱི་དཀྱིལ་འཁོར་ཞལ་བསྒྱུར་བ་ནུས་ན་སྐབས་འདིར་སྟེགས་བུའི་གཞི་ཁྲིའི་འོག་མར་དཀྱིལ་འཁོར་བླང་བཞག་བདེ་བར་བྱས་པའི་སྟེང་དུ་རྡུལ་ཚོན་ནམ་རས་བྲིས་བཀྲམ། དངོས་གཞི་ཚེས་བཅུ་གསུམ་ནས་ཡེ་ཤེས་ལྷ་བསྙེན་ཁོ་ན་ལ་ཞག་བདུན་སོང་མཐར། ཚེས་ཉི་ཤུ་ནས་ཞག་གསུམ་ལ་དམ་ཅན་ཉེར་བསྙེན་བྱ་སྟེ། སྒྲུབ་པའི་ཁོག་སྔ་མ་ལྟར་ལ་ལྷ་བསྐྱེད་སྐབས་དམ་ཅན་གྱི་གབ་དོན་སྦྱར། ལྷ་བསྙེན་རྣམས་ལ་སོ་སོའི་ཛཔྲ་བསྐུལ་སྟོང་ཚིག་དོར་ནས་གཙོ་འཁོར་བསྙེན་བཟླས་ཁྱུགས་ཙམ་མཐར་གཞུང་གསལ་མཆོད་བསྟོད་གྲུབ་པ་དང༌། སྨད་ལས་ལྟར་དམ་ཅན་གྱི་བསྐུལ་བྱང་བཏང་རྗེས་དམིགས་གནད་བཅས་བཞི་སྙིང་གཅིག་དྲིལ་ཁོ་ན་གཙོ་བོར་བཟླ། ཆོ་གའི་ཆིངས་གཞན་སྒྲུབ་ཆེན་དཀྱུས་ལྟར་ལ་འདི་སྐབས་བསྙེན་གྲོགས་ཀྱིས་རྩ་སྔགས་བཅུ་དྲུག་པ་དང་བཞི་སྙིང་སྦྲེལ་མར་བཟླ། ཉེར་གསུམ་ནས་ཞག་དྲུག་ལ་ངན་སྔགས་ཀྱི་ལས་དྲུག་ཚང་བར་བྱ་སྟེ། ཨེ་ཀ་དམར་ནག་གི་དཀྱིལ་འཁོར་འགྲུབ་ན་འདི་ནས་ཞལ་བསྒྱུར། དངོས་གཞི་ལྷ་བསྙེན་
སྔར་བཞིན་དང༌། འདིར་དམ་ཅན་གྱི་བསྐུལ་མི་དགོས་པས་དམིགས་གནད་བཅས་བཞི་སྙིང་ཅུང་ཟད་བཟླས་མཐར། ཕྲིན་ལས་ལ་དམིགས་པ་དྲག་པོའི་དགོངས་པས་སྤུ་གྲིའི་དྲག་སྔགས་ཅི་ནུས་བཟླ་ཞིང་ཐུན་ལའང་བསྔགས། དེ་ནས་ངན་སྔགས་ཀྱི་ལས་དངོས་སྔ་ཐུན་ལ་བསྙེན་པ་གྲུབ་མ་ཐག་དང་ཕྱི་ཐུན་གྱི་ཚེ་ཚོགས་ཐ་མ་དང་འབྲེལ་བར་ལས་ལ་སྦྱོར་སྟེ། རིག་འཛིན་བསྐུལ་བ་ནས་བརྩམས་དམིགས་བྱ་བསྐྱེད་འགུགས་ཕོ་ཉ་བཏང་བའི་བར་སྨད་ལས་དཀྱུས་བཞིན་བཏང་ལ་འགུགས་སྔགས་གང་མང་མཐར། ལྷ་དང་དབྲལ་བ་གཞུང་ལྟར་ལས་ཧ་ས་ཡ་རའི་སྔགས་ཉིད་ཐུན་གྱི་དངོས་གཞི་བྱས་ཏེ་བརྒྱ་སྟོང་སོགས་ཇི་ཙམ་ནུས་པ་བཟླ། འདི་དུས་ཧོམ་རིམ་པ་གཉིས་བརྩེགས་བར་ཁྲོལ་ཚག་ཅན་དང་སྟེང་ཁ་ཆོད་དམ་པ་ཅན་གྱི་སྟེང་མར་ལིངྒ་སྐྱེར་སྐམ་གྱིས་བླངས་ཏེ་བཅུག་ནས་ཁ་ཆོད་དམ་པར་བྱས་པའི་འོག་མར་མེ་སོལ་བླུགས་པར་ཚུལ་བཞིན་སྦྱར་བའི་དབྱེ་རྫས་བདུག་ཅིང་དུད་པ་ཕྱི་རོལ་དུ་ཅུང་ཟད་ཀྱང་མི་འཐུལ་བར་བྱ། ཐུན་མཐར་ལིངྒ་ཧོམ་དངོས་ལ་གཞུག་ཅིང་དམིགས་གནད་བཅས་སྤུ་གྲིའི་སྔགས་ཀྱིས་ཐུན་བརྡེག་ལ་ཐུན་ཐག་སུམ་རྒྱལ་ཕུར་བུར་འདོགས། བསྙེན་གྲོགས་ཀྱིས་དབྱེ་སྔགས་གསུང་མི་འཆད་
དུ་བཟླ། མཚན་ཐུན་གཉིས་ལ་ལས་གཞུང་སྦྱོར་རྗེས་ཀྱི་ལས་རིམ་བསྡུ་བ་ཙམ་ལས་གཞན་རྣམས་ཉིན་ཐུན་དང་འདྲ། ཞག་གཉིས་པར་ལྷ་དབྱེ་ཡན་ཁྱུག་ཙམ་སོང་རྗེས་དབབ་པའི་ལས་སྦྱོར་ཞིང་དེའི་སྔགས་རྒྱུན་བཟུང་བ་སོགས་ཞག་སྔ་མའི་སྟེང་དུ་ཕྱི་མའི་སྒོས་ཆོས་རིམ་བསྣན་གྱིས་རིགས་འགྲེ ། འདི་དག་གི་ཚེ་ཤིན་ཏུ་འཛོམ་ན་ངན་སྔགས་ཀྱི་ཕུར་པ་དྲུག་ཀྱང་དམོད་པ་དང་ལྷན་ཅིག་གནས་སོ་སོར་གདབ། ཉེར་དགུའི་ཉིན་ལས་བྱང་བསྙེན་པའི་བར་སྔར་བཞིན་དང༌། སྤུ་གྲིའི་དྲག་སྔགས་ཅི་འགྲུབ་བཟླས་ལ་འདི་ནས་བཟུང་མནན་བསྲེག་འཕང་གསུམ་རྫོགས་ཀྱི་བར་སྤུ་གྲིའི་སྔགས་རྒྱུན་བྱ། དམ་ཅན་གཏོར་ཆོག་དང༌། ཚོགས་བར་པ་ཡན་གྲུབ་པ་ན། རིག་འཛིན་བསྐུལ་ནས་བརྩམས་ཞལ་སྟོབ་བར་དཀྱུས་བཞིན་ལ་ཁོང་ཁྲའི་ལས་གསུམ་ཕུར་གདབ་རེ་རེ་བཞིན་སྦྱར་ཏེ་གདབ་ལས་རྒྱས་པར་བྱས་མཐར་སྦྱིན་སྲེག་རྒྱས་བསྡུས་གང་འོས་བྱ། དེ་ནས་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སྤྲོ་ན་གཞུང་གི་བཟློག་བྱང་ཚར་གཅིག་གཏོང་ཞིང་ཟློག་སྔགས་ཅི་འགྲུབ་མཐར་ཐལ་རྡེབ་བྱ། བསྐུལ་དང་ཆད་མདོའི་མཐར་གསེར་སྐྱེམས་སྔོན་དུ་འགྲོ་བས་གཞུང་གི་ཟོར་བསྐུལ་གྱིས་གཏོར་ཟོར་ཐེབས་ཕྱོགས་སུ་འཕང༌། བརྟན་མ་བསྐྱང་སྟེ་མནན་པའི་ལས་རིམ་དང་འབྲེལ་བར་གཏོར་གཞོང་རྣམས་སྦུབས་ལ་རྟ་བྲོ་བརྡུང༌། འདི་སྐབས་
ཕྱི་མཚམས་མ་བཀྲོལ་སྟབས་ཀྱིས་འཕང་བའི་ལས་ཀྱི་གྱེར་ཚིག་སྒྲུབ་ཁང་རང་གྲལ་ནས་བརྗོད་ཅིང༌། ལས་ཀྱི་རྒྱལ་ཐེབས་ཙམ་གྱིས་གཏོར་ཟོར་ཕྱི་རོལ་ཏུ་རྟིང་རྫོང་བྱེད་པ་དང༌། མནན་པའང་ཕྱི་སྒོའི་ཐེམ་པའི་ནང་སོགས་གང་བདེར་མནན། དེ་འཕྲལ་གསོབ་གསུམ་བྱ་ཞིང་ཚེ་འགུགས་སོགས་རྒྱུན་སྤྱོད་འགྲེ ། ཞལ་བསྟབ་རྗེས་སུ་དངོས་གྲུབ་ལེན་ཆོག་བྱས་ཀྱང་རུང་མོད། ཉེར་དགུའི་ཉིན་མཐའ་རྒྱས་མི་བདེ་ཞིང་ཉིན་གཅིག་གིས་འགྲུབ་ཀྱང་དཀའ་བར་མ་ཟད་ཡོན་ཏན་གྱི་ཛཔྲ་བསྙེན་གལ་ཆེ་བའི་གནད་ཀྱིས། དེའི་དགོངས་མོ་ནས་གནམ་སྟོང་གི་མཚན་ཐུན་བར་སྟོད་ལས་ཀྱི་གཞུང་སྔར་བཞིན་བསྲངས་ཏེ་གཙོ་འཁོར་རྣམས་ཀྱི་ཛཔྲ་བཟླས་མཐར་ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་སྦྱར་ནས་བསྙེན་རྒྱུན་བྱ། །ཚེས་གཅིག་ཉིན་དངོས་གྲུབ་ལེན་ཆོག་དང༌། ཕྱི་ནང་གི་མཚམས་བཀྲོལ་བ་སོགས་མཐའ་རྒྱས་ཀྱི་བྱ་བ་རྣམས་སྟོད་ལས་སྒྲུབ་ཁོག་བཞིན་མཐར་དབྱུང་བས་ཞག་གྲངས་བདུན་ཕྲག་གསུམ་གྱིས་ལེགས་པར་འགྲུབ་པ་ཡིན་ནོ། །གཉིས་པ་གདབ་ཁ་དཀྱུས་སུ་ཚང་བ་དམར་ཆེན་གཏོར་མའི་ལས་རིམ་གྱི་ཚུལ་ནི། སྦྱོར་བ་བཅས་ཀྱི་བཤམ་
བཀོད། དངོས་གཞི་ཆོ་གའི་ལས་རིམ། རྗེས་འཕང་བའི་ལས་སོགས་ཀྱིས་མཐའ་བསྡུ་བ་རྣམས་སྨད་ལས་ཀྱི་ཆོ་ག་ཁྲིགས་དཀྱུས་སུ་ཇི་ལྟར་བཤད་པ་བཞིན་ལག་ཏུ་བླང་བར་བྱ་བ་ཡིན་ཅིང༌། དེ་དག་གང་ལའང་ཕྲ་ཞིབ་ཀྱི་ལག་ལེན་ཇི་སྙེད་ཅིག་མཆིས་པ་རྣམས་ནི་འདིར་སྨོས་ཀྱིས་མ་ལོངས་པས། རིག་འཛིན་བརྒྱུད་པའི་ཞལ་ལུང་གི་བདུད་རྩི་འཐུང་བ་དང༌། ཕྱག་ལེན་གནད་ཀྱི་མཐོང་བརྒྱུད་ལ་འདྲིས་ཤིང་གོམས་པ་ལ་བརྩོན་པར་བྱའོ། །ངོ་མཚར་སྔགས་ཀྱི་ཟབ་གནད་གསང་བའི་མཛོད། །སྐལ་ངན་འཇུག་པ་དགག་ཕྱིར་གུད་སྦས་པ། །ཐོས་ཆུང་ཕུར་པ་མཁན་པོའི་གདུང་སེལ་ཕྱིར། །མན་ངག་བདུད་རྩིའི་ཉིང་ཁུར་ཁོ་བོས་བསྐྱིལ། །ཞལ་ཤེས་དཔེ་ལ་འགོད་པར་མི་འོས་ཀྱང༌། །སྙན་བརྒྱུད་ནུབ་པར་ཕང་ནས་སྤེལ་འདི་ཀོ །ལོག་སྲེད་དམ་ཉམས་ལག་ཏུ་མི་འཆོལ་བའི། །གཉེར་ཁ་མཐུ་ཆེན་བསྟན་སྲུང་རྒྱ་མཚོས་མཛོད། །བྱང་ཆུབ་སེམས་ལྡན་བསྟན་འཛིན་སྐྱེས་བུ་ཡིས། །དགྲ་བགེགས་ཆམ་ལ་འབེབས་པའི་མཚོན་ཆའི་དབལ། །ལྡོག་མེད་ཕྱག་མཚན་མཆོག་ཏུ་འདི་གྱུར་ནས། །མི་སྲུན་དོན་སྙིང་ཕྱེ་མར་འཐག་བྱེད་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་
གནམ་ལྕགས་སྤུ་གྲིའི་སྨད་ལས་དགྲ་བགེགས་སྒྲོལ་བའི་མན་ངག་གསལ་བར་བྱས་པ་བདུད་འདུལ་རིག་པ་འཛིན་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། ལུང་ཟིན་གྱི་ཆོས་བདག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་སྡེའི་བཞེད་པ་སྐོང་བའི་སླད་དང༌། རྗེས་འཇུག་རྣམས་ལག་ལེན་གྱི་གནད་མི་འཆོལ་བར་བྱ་བའི་ཆེད་དུ། ཀཱི་ལ་ཡའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སོ་གཅིག་ཏུ་སོན་པ་དངོས་པོའི་ལོ་སྣྲོན་ཟླ་བའི་ཡར་ངོའི་རྒྱལ་བ་དང་པོ་ལ་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་སྦྱར་བ་སྟེ། འདིས་ཀྱང་ཕས་རྒོལ་ཉམས་པའི་དཔུང་རྣམས་མིང་མཐར་བྱས་ཏེ་གསང་ཆེན་བསྟན་པའི་རྒྱལ་མཚན་དགུང་དུ་བསྙེགས་པའི་རྒྱུར་གྱུར་ཅིག །ཤྲཱི་བི་ཛ་ཡནྟུ།། །།
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐུན་མོང་གི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་སྙིང་པོར་དྲིལ་བ་བདེ་ཆེན་འདོད་འཇོའི་དགའ་སྟོན།
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐུན་མོང་གི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་སྙིང་པོར་དྲིལ་བ་བདེ་ཆེན་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐུན་མོང་གི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་སྙིང་པོར་དྲིལ་བ་བདེ་ཆེན་འདོད་འཇོའི་དགའ་སྟོན་ཅེས་བྱ་བ། ཁྱབ་བདག་བླ་མ་ཟུང་འཇུག་རྡོ་རྗེ་གཞོན་ནུའི་ངོ་བོ་ཉིད་ལ་ཕྱག་འཚལ་ལོ། །རྣམ་པ་ཀུན་གྱི་མཆོག་དང་རབ་ལྡན་ཨེ་དབྱིངས་འཁོར་ལོ་རྒྱས་འདེབས་མཁར། །མི་འགྱུར་ལྷན་སྐྱེས་སྙིང་རྗེའི་ཡེ་ཤེས་ཝཾ་ཡིག་རྡོ་རྗེ་གཞོན་ནུའི་དཔལ། །འདུ་འབྲལ་མི་མངའ་རྟག་ཏུ་རོལ་ལས་དངོས་ཀུན་བདེ་བ་ཆེར་སྡོམ་པ། །སེམས་ཉིད་གདོད་མའི་ཧེ་རུ་ཀ་དེ་བླ་མའི་ངོ་བོར་རྒྱལ་གྱུར་ཅིག །གསང་ཆེན་མྱུར་བདེའི་ལམ་གྱི་ཡང་བཅུད་ནི། །སྲོག་རྩོལ་རྒྱུ་བ་
དྷཱུ་ཏིར་བཅིངས་པ་ལས། །འཕོ་བ་བཀག་པའི་མན་ངག་ཟབ་མོའི་ཚུལ། །བདེ་ཆེན་འདོད་པ་འཇོ་བའི་དགའ་སྟོན་སྤྲོ། །དེ་ལ་འདིར་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས་བྱང་ཆུབ་སེམས་ཀྱི་ཕུར་བུ་ཡུམ་གྱི་མཁའ་ལ་གདབ་པའི་རིམ་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་གྱི་མན་ངག་ཟབ་མོ་སྟོན་པ་ལ་གཉིས་ཏེ། ཟབ་ལམ་བསྒོམ་པའི་ལམ་གྱི་གཞི་འདིང་བ་དང༌། ཟབ་ལམ་བསྒོམ་པ་དངོས་ལ་འཇུག་པའོ། །དང་པོ་ལ་གཉིས། སྤྱི་དང༌། ཁྱད་པར་རོ། །དང་པོ་ནི། དེ་ཡང་རྟེན་གྱི་གང་ཟག་ཐུན་མོང་བློ་སྦྱོང་གིས་རང་རྒྱུད་དུལ་ཞིང་ཐུན་མིན་བསགས་སྦྱོང་གིས་ལམ་གྱི་གཞི་ཚུགས་པར་བྱས་ནས།
དངོས་གཞི་སྨིན་བྱེད་ཟབ་མོས་རྒྱུད་སྨིན་པར་བྱས་ཏེ་བསྐྱེད་རིམ་ལ་གསལ་དག་བརྟན་པ་ཚགས་སུ་ཚུད་ཅིང་ཁྲེགས་ཆོད་ཀྱི་གནས་ལུགས་ཕྱོགས་ཙམ་རྟོགས་པ་ཞིག་གིས་ལམ་གྱི་ཆ་རྐྱེན་དུ་སྦྱོར་བ་སྟེ། དེ་རྣམས་ནི་སོ་སོའི་རིམ་པ་བཞིན་ཤེས་པར་བྱའོ། །གཉིས་པ་ཁྱད་པར་མཐུན་པའི་རྐྱེན་གྱིས་གཞི་བཟུང་བ་ལ་གསུམ། ཕྱི་གནས་ཀྱི། ནང་ཟས་ཀྱི། གསང་བ་གྲོགས་ཀྱི་མཚན་ཉིད་དོ། །དང་པོ་ནི། གངས་ཁྲོད་དང་རི་རྩེ་ཆུ་ངོགས་སོགས་མཐོ་ལ་བསིལ་བ་དང༌། གནམ་ས་ཆོས་འབྱུང་གི་དབྱིབས་སུ་གྲུབ་པ་ཉིད་དམིགས་ཀྱིས་བསྔགས། མདོར་ན་དབེན་ཅིང་བྱིན་ཆགས་པ། མཐུན་རྐྱེན་འཛོམ་ཞིང་བཀྲ་ཤིས་ཉམས་དགའ་བའི་ས་ཕྱོགས་སུ་གནས་བཅའོ། །གཉིས་པ་ནི། ཟབ་མོའི་ལམ་འདི་ཆེ་བ་རྒྱལ་པོ་ལྟ་བུའི་ཆོས་ཡིན་པས། ཚོགས་འཁོར་གྱི་ཡོ་བྱད། བཅུད་ལྡན་གྱི་ཁ་ཟས། འབོལ་འཇམ་གྱི་མལ་སྟན་སོགས་བསམ་གཏན་གྱི་གྲོགས་སུ་འགྲོ་བ་རྣམས་བསགས་ཤིང༌། དངོས་གཞིའི་སྐབས་སུ་མཐུན་རྐྱེན་གྱིས་བྲེལ་མི་དགོས་པར་བྱའོ། །གསུམ་པ་ནི། ཟབ་ལམ་ལ་མོས་པའི་རིགས་བློ་ཆོས་ཕྱོགས་སུ་སོང་ཞིང་གསང་བ་ཐུབ་བ་དང༌། རང་དང་ལྟ་སྤྱོད་མཐུན་ཅིང་དམ་ཚིག་ལ་སེལ་བསླད་མེད་པའི་གྲོགས་ཡིད་དུ་འོང་བ་བརྟེན་ནོ། །གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ་གཉིས། རྟེན་རྡོ་རྗེ་ལུས་ཀྱི་གནས་ཚུལ་
སྤྱིར་བཤད། བརྟེན་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ རྩ་རླུང་ཐིག་ལེ་དག་སྦྱོར་ཕྱིར༔ རྡོ་རྗེ་ལུས་ཀྱི་རྣལ་འབྱོར་བསྟན༔ ཅེས་གསུངས་ཏེ། དེའང་རྟེན་རྡོ་རྗེའི་ལུས་དང་བརྟེན་པ་རྩ་རླུང་ཐིག་ལེའི་གནད་འཆིང་བ་རྫོགས་པ་ཨ་ནུ་ཡོ་ག་ཞེས་རྗེས་སུ་རྣལ་འབྱོར་གྱི་ལུང་དང་འབྲེལ་བའི་ལམ་ཟབ་མོའི་བསྐྱེད་རིམ་སྟེ། ཐོག་མར་རྩ་རླུང་ཐིག་ལེའི་ཁམས་རྣམས་གྲུབ་ཙམ་ཉིད་ནས་རང་བྱུང་སྣོད་བཅུད་དཀྱིལ་འཁོར་གྱི་རང་བཞིན་ཤུགས་ཀྱིས་གྲུབ་པས། རྣམ་པར་རྟོག་པས་གསར་དུ་སྒྲོ་བཏགས་ནས་བཅོས་མར་བྱས་པ་མ་ཡིན་པར་ལྷུན་གྲུབ་ལུས་ཀྱི་དཀྱིལ་འཁོར་ཆེན་པོ་ཉིད་དུ་ཡེ་ནས་རྫོགས་པས་ཁྱད་པར་དུ་འཕགས་ཏེ། བང་མཛོད་འཕྲུལ་ལྡེ་ལས། རྫོགས་པ་ཨ་ནུ་ཡོ་ག་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལྷ་དང་ལྷ་མོའི་དཀྱིལ་འཁོར་དུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་འདོད། །ཅེས་དང༌། དྲིལ་བུ་པས། འགྲོ་བ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་མ་བཅོས་རང་བྱུང་གི་དཀྱིལ་འཁོར་དེ་ཉིད་ཇི་ལྟར་ན། འབྱུང་བཞི་རིམ་བརྩེགས་ཆོས་འབྱུང་དང་བཅས་པ་ནི་ཐོག་མར་ཕ་མའི་འདུ་འཕྲོད་ཀྱི་རྐྱེན་ལས་མངལ་
དུ་འབྱུང་བཞིའི་ཚོགས་པ་ལ་རླུང་སེམས་ཀྱི་རྟོག་པས་བདག་ཏུ་བཟུང་བའི་རྟེན་ཨེ་དབྱིངས་ཡུམ་གྱི་བྷ་ག་རུ། གཟུགས་ཀྱི་ཕུང་པོ་རགས་པར་གྲུབ་པ་གཞལ་མེད་ཀྱི་ཁང་པ་ཆེན་པོ་སྟེ། དེའང་ལུས་འདོམ་གང་གྲུ་བཞི་གཞལ་ཡས་ཁང༌། ཡན་ལག་བཞི་ཀ་བ་བཞི། མིག་ཉི་ཟླའི་སྐར་ཁུང༌། རྣ་བ། སྣ། ཁ། འོག་སྒོ་བཞི་པོ་སྒོ་བཞི། ཤ་དཀྱིལ་འཁོར་གྱི་གཞི། ཁྲག་མཚོ་རྫིང༌། དྲོད་མེ་དཔུང༌། དབུགས་འཇའ་འོད། སྙིང་ནོར་བུའམ་ཙིཏྟའི་ཕོང་ཏོ། རྒྱུ་མ་དྲྭ་བ་དྲྭ་ཕྱེད། སོར་མོ་རྣམས་ཟླ་ཕྱེད་མེ་ལོང༌། སོ་མདའ་ཡབ། ལྕེ་པུ་ཤུ། བུ་ག་བརྒྱད་དུར་ཁྲོད། སྐྲ་དང་ལྤགས་པ་རུས་ཚིག་སྲུང་འཁོར་སོགས་རང་བྱུང་གི་རྒྱན་དང་བཀོད་པ་གཟི་བརྗིད་ཀྱི་དཔལ་དུ་འབར་བའི་རྟེན་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པ་དང༌། ནང་གི་རྩ་གཡས་རོ་མ་ཐབས་དཔའ་བོ། གཡོན་རྐྱང་མ་ཤེས་རབ་དཔའ་མོ། དབུ་མ་ཧེ་རུ་ཀ་སྤྱི་དཔལ་ཆེན་པོ། འཁོར་ལོའི་གནས་ལྔའི་སྤྱི་བོ་སངས་རྒྱས། མགྲིན་པ་པདྨ། སྙིང་ག་རྡོ་རྗེ། ལྟེ་བ་རིན་ཆེན། གསང་བ་ལས་ཏེ་རིགས་མཆོག་རྣམ་པ་ལྔ། དེ་དག་གི་རྩ་འདབ་ཐམས་ཅད་རིགས་ཆུང་རྣམས་ཀྱི་ཚོམ་བུའི་དཀྱིལ་འཁོར་ཡབ་ཡུམ་བརྟེན་པ་ལྷའི་དཀྱིལ་འཁོར་དུ་ལྷུན་གྱིས་
གྲུབ་པ་དང༌། ཕྱི་ལུས་ཀྱི་ཕུང་པོ་དམ་ཚིག་སེམས་དཔའ། ནང་དྭངས་མའི་ཐིག་ལེ་ཏིང་འཛིན་སེམས་དཔའ། དེའི་ཁྱབ་བྱེད་རིག་པ་ཡེ་ཤེས་སེམས་དཔའ་གསུམ་པོ་གདོད་ནས་དབྱེར་མེད་དུ་གྲུབ་པ་ཡིན་པ་ལ་ཡིན་པར་ཤེས་པའི་ང་རྒྱལ་གྱིས། རྫོགས་བྱེད་ཡན་ལག་སྒོ་ལྔའི་ཡུལ་དུ་འདོད་ཡོན་གྱི་ལོངས་སྤྱོད་ཇི་ལྟར་སྣང་བ་ཐམས་ཅད་བདེ་བ་ཆེན་པོའི་མཆོད་པའི་སྤྲིན་ཕུང་དུ་ཤེས་པ་ལ་སྤང་བླང་མེད་པར་རོལ་པ་དང༌། གཞན་གྱིས་ཆེ་བའི་ཡོན་ཏན་བསྒྲགས་ནས་བསྔགས་པ་ཐམས་ཅད་བསྟོད་པའི་གླུ་དང༌། བསྒུལ་བསྐྱོད་བྱེད་པ་ཕྱག་རྒྱ་དང༌། འགྲོ་འདུག་ཐམས་ཅད་རྡོ་རྗེའི་གར་བསྒྱུར་བ་དང༌། སྲོག་དང་རྩོལ་བའི་རླུང་འབྱུང་འཇུག་གནས་གསུམ་པོ་རྡོ་རྗེའི་བཟླས་པར་ངང་གིས་གྲུབ་པས་ཉིན་མཚན་རྟག་ཏུ་རྒྱུན་མི་འཆད་པ་དང༌། བཟའ་བཅའ་བཏུང་བའི་རིགས་གྱུར་ནང་གི་གཏོར་མ་དང་ཚོགས་འཁོར་ལ་རྟག་ཏུ་རོལ་པ་དང༌། སྙོམས་པར་འཇུག་པའི་ཚེ་གནས་བཞིར་དགའ་བཞིའི་བདེ་བས་རྒྱུད་ཚིམས་པའི་འོད་གསལ་ཡེ་ཤེས་ཀྱི་ལྷ་བཅུ་དྲུག་ཕྱེད་ཕྱེད་ཀྱི་ཐིག་ལེ་ལས་རིམ་པར་བཞེངས་ཏེ་ལྷན་ཅིག་སྐྱེས་པ་མི་ཤིགས་པའི་ནཱ་ད་སྟོང་བཞིའི་མཐར་ཐུག་པར་ཡལ་བས་རྣམ་བཅས་ཀྱི་བསྐྱེད་རིམ་ཡན་ལག་དང་བཅས་པ་དེ་དག་བསམ་གྱིས་མི་ཁྱབ་
པའི་རྫོགས་རིམ་དུ་ཞུགས། སྟོང་ཉིད་དེའི་ངང་ལས་གཟུགས་སྣང་སྒྲ་གྲགས་འགྱུ་དྲན་གྱི་རྟོག་ཚོགས་ཀུན་ཀྱང་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་མཆོག་ཏུ་དབྱེར་མེད་པར་ལྷུན་གྱིས་གྲུབ་པའོ། །དེ་ལྟར་ཡང་ཀུན་འདུས་རིག་པའི་མདོ་ལས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ། །ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་ནི། །སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །ཞེས་སོགས་འབྱུང་བ་ལྟར་རོ། །གཉིས་པ་བརྟེན་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བྱེ་བྲག་ཏུ་བཤད་པ་ལ་གཉིས། རྩ་བའི་ཉམས་ལེན་དངོས་དང༌། དེའི་གེགས་སེལ་བོགས་དབྱུང་ངོ༌། །དང་པོ་ལ་གསུམ། བཀོད་པ་རྩ། གཡོ་བ་རླུང༌། ཐིག་ལེ་བྱང་ཆུབ་ཀྱི་སེམས་སྦྱོང་བའོ། །དང་པོ་ལའང༌། ཕྱི་ལུས་ཀྱི་སྟོང་ར་དང༌། ནང་རྩའི་སྟོང་ར་སྒོམ་པ་གཉིས་ཀྱི། དང་པོ་ནི། ཐོག་མར་རྣམ་སྣང་ཆོས་བདུན་གྱི༔ ལུས་གནད་བཅའ་བ་ཀུན་ལ་ཤིས༔ རང་ཉིད་རྡོ་རྗེ་གཞོན་ནུར་གསལ༔ ཞེས་པས། དེའང་ལུས་གྲོང་ཁྱེར། རླུང་རྟ་ལོང་བ། རྣམ་ཤེས་མི་ཞ་བོ་འདྲ་བར་ཁ་ལོ་སྒྱུར་བས་བྱེད་པ་མ་འཆིངས་ན་མིས་ཞོན་པའི་རྟ་དེ་སྲང་བར་ནས་ཕྱིར་ཤོར་བ་དང་འདྲ་ཞིང༌། འཆིང་ན་སྲང་སྒོ་ཁེགས་ནས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་ཐུབ་པ་དང་འདྲ་བས་རྣམ་རྟོག་གི་བཞོན་པ་རླུང་འཆིང་བ་ལ། ཐོག་མར་
ལུས་ཀྱི་གནད་འཆིང་བ་གལ་ཆེ་བས་ན། འབོལ་ཞིང་བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བདུན་བཅའ་སྟེ། རྐང་གཡོན་ནང་དང་གཡས་ཕྱི་ནས་བསྡམས་པའི་རྡོ་རྗེའི་སྐྱིལ་ཀྲུང་བྱ། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་སྟེང་དུ་བཞག །རྒལ་ཚིགས་མདའ་ལྟར་བསྲང༌། དཔུང་པ་རྒོད་གཤོག་བཞིན་བརྐྱང༌། མགྲིན་པ་གཞུ་མཆོག་ལྟར་བཀུག །ལྕེ་ཡ་རྐན་ལ་སྦྱར། མིག་སྣ་རྩེར་ཕབ་ནས་མི་གཡོ་བར་གནས་པར་བྱའོ། །དེ་ལྟར་ལུས་གནད་ལས་མ་འགྱུར་བས་རླུང་རང་ལུགས་སུ་རྒྱུ། རླུང་དལ་བས་སེམས་རྟོག་ཉུང༌། དེའང་ལུས་ཀྱི་ཕྱི་གྲིམ། ནང་ལྷོད་པས་སྟེང་འོག་གི་རླུང་ཐམས་ཅད་ཆུན། ཟག་མེད་ཀྱི་དྲོད་བསྐྱེད་པར་བྱེད་དོ། །དེ་ནས་སེམས་ཀྱི་གནད་ལ་རང་ལུས་ཐ་མལ་དུ་འཛིན་པས་མཚོན་སྣོད་བཅུད་ཀྱི་དངོས་པོར་སྣང་བའི་ཆོས་ཐམས་ཅད་དབྱིངས་སུ་ཡལ་ཏེ་རྣམ་པར་མི་རྟོག་པའི་ངང་ལས། ངོ་བོ་བདེ་སྟོང་གི་རང་བཞིན་རྣམ་པ་རང་ལུས་ཡི་དམ་ལྷའི་སྐུར་གྱུར་པ་ནི། འཁོར་འདས་ཡོངས་ཀྱི་ཁྱབ་བདག་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གདེངས་ཤིང༌། གཡོན་དྲག་པོའི་ཕུར་བུ་འདྲིལ་བ། ཞབས་གཉིས་པདྨ་
ཉི་ཟླ་རཱུ་དྲ་ཕོ་མོའི་གདན་ལ་གྱད་ཀྱི་འདོར་སྟབས་སུ་བཞུགས་པ། ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་སྐྱ་ཨུཏྤལ་དུང་ཁྲག་འཛིན་པ་དང་མཉམ་པར་སྦྱོར་བ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་རྫོགས་ཤིང༌། གཏུམ་རྔམས་སྒེག་ཅིང་དཔའ་བའི་ལང་ཚོ་ཅན། ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་ཀློང་དུ་རྣམ་འགྱུར་དྭངས་གསལ་རྙོགས་པ་མེད་པ་ཆུ་ཟླའི་རོལ་གར་དང༌། སྒྲིབ་ཐོགས་བྲལ་བ་ནམ་མཁར་འཇའ་ཚོན་ཤར་བ་ལྟ་བུའི་སྐུར་གསལ་བ་ལ་སེམས་གཏད་དེ་གསལ་བརྟན་གྱི་ངེས་པ་བརྟན་པོ་མ་རྙེད་ཀྱི་བར་དུ་བསྒོམ་མོ། །གཉིས་པ་ནང་རྩའི་སྟོང་ར་བསྒོམ་པ་ནི། མ་དག་སྙིགས་མའི་རྩ་སྦྱོང་ཕྱིར༔ དྭངས་མ་སྐུ་གསུམ་རྩ་བསྒོམ་བྱ༔ ཞེས་པས། དེ་ལྟར་གསལ་བའི་ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་ཡར་སྣ་སྤྱི་གཙུག་ཚངས་བུག་ལ་རེག་ཅིང༌། མར་སྣ་ལྟེ་འོག་སོར་བཞིའི་ཐད་དུ་གནས་པ། ཕྱི་དཀར་ལ་ནང་དམར་ཞིང་བར་མཐིང་ཞུན་གྱི་མདངས་འོད་འཚེར་བ། དེའང་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། རྒྱ་སྐྱེགས་ཀྱི་ཁུ་བ་ལྟར་སྣུམ་པ། པདྨའི་འདབ་མ་ལྟར་སྲབ་པ་སྟེ། མཚན་ཉིད་བཞི་ལྡན་དུ་གསལ་གདབ། དང་པོ་ཤིན་ཏུ་ཕྲ་བ་ལ་སེམས་བཟུང༌། དེ་ནས་རིམ་གྱིས་རྟ་རྔ་ཙམ་དང༌། གྲོ་སོག་ཙམ། མདའ་སྨྱུག །རྦ་
ལྕག །རང་ལུས། ཁང་ཁྱིམ། ཡུལ་ཁམས་སོགས་ནས་མཐར་ནམ་མཁས་གར་ཁྱབ་དབུ་མས་ཁྱབ། དབུ་མ་དང་སེམས་ཉིད་ནམ་མཁའ་གསུམ་དབྱེར་མེད་ཀྱི་ངང་ལ་བཞག །སླར་ཚུར་འདུས་ཇེ་ཕྲ་ལ་སོང་སྟེ་རྦ་ལྕག་འབྲིང་པོ་ཙམ་དུ་གསལ། དེའི་གཡས་སུ་རོ་མ་དམར་མོ་དང༌། གཡོན་དུ་རྐྱང་མ་དཀར་མོ་གཉིས་དབུ་མ་ལས་བཞི་འགྱུར་གྱིས་ཕྲ་བ། ཡར་རྩེ་གུག་པ་རྣ་ལྟག་ནས་སྣ་བུག་གཉིས་ལ་ཟུག་ཅིང༌། དེ་གཉིས་དབུ་མ་དང་ལྷན་ཅིག་སུམ་གཤིབས་སུ་སོང་བའི་མར་སྣ་གཉིས་དབུ་མ་ལས་ཅུང་ཟད་རིང་བ་མར་སོང་སྟེ་ཡི་གེ་ཆའི་འཕོང་དབྱིབས་ཀྱིས་དབུ་མའི་ནང་དུ་ཚུད་པ། བུད་མེད་ལ་རོ་རྐྱང་གཉིས་གོ་ལྡོག་ཏུ་གནས་པར་བཤད། དབུ་མ་ཉིད་ལས་འཁོར་ལོའི་རྩ་འདབ་རྣམས་སྦུ་གུ་སང་ངེ་བའི་རྣམ་པ་ཅན་སྐྱེས་་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་གཉིས། །མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག །སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་བརྒྱད་དེ། དེ་རྣམས་གདུགས་ཀྱི་རྩིབས་མ་ལྟར་སྤྱི་བོའི་རྩ་འཁོར་ཐུར། མགྲིན་པ་གྱེན། སྙིང་ག་ཐུར། ལྟེ་བ་དང་གསང་གནས་གཉིས་གྱེན་དུ་ཕྱོགས་པའི་
རྣམ་པ་ཅན། ཐམས་ཅད་ཀྱང་དབུ་མའི་མཚན་ཉིད་ལྟ་བུ་དྭངས་གསལ་སྦུབས་སྟོང་གི་རང་བཞིན་དུ་ཡོད་པར་བསམ། འདི་ལ་གསལ་མ་ཐེབས་ཀྱི་བར་བུ་བསྒོམ་མོ། །གཉིས་པ་གཡོ་བ་རླུང་གི་རྣལ་འབྱོར་ལ་གཉིས། ཐུན་གྱི་ཉམས་ལེན་དང༌། ཐུན་མཚམས་ཀྱི་ཉམས་ལེན་ནོ། །དང་པོ་ནི། མ་དག་སྙིགས་མའི་རླུང་བསལ་ཕྱིར༔ སྙིགས་མ་ལས་རླུང་ལན་དགུར་བསལ༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ མཁྱེན་བརྩེ་ནུས་པའི་བཅུད་རྣམས་དང་༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ མཐིང་གསལ་ན་བུན་འཐིབ་པ་བཞིན༔ སྣ་རྩེའི་ཐད་ཀྱི་ནམ་མཁར་གསལ༔ སྣ་བུག་གཉིས་ནས་ཡེ་ཤེས་རླུང་༔ སྤོས་རེང་དུང་པ་བཞིན་དྲངས་ཏེ༔ རོ་རྐྱང་ལམ་ནས་དབུ་མར་ཞུགས༔ ཕྲུ་མ་ཕུ་ཡིས་བཏབ་པ་ལྟར༔ དབུ་མ་བརྒྱངས་ཤིང་ནང་དུ་བསྐྱིལ༔ དལ་གྱིས་རྔུབ་ཅིང་ཕོ་བ་དགང་༔ གཡས་གཡོན་གསུམ་གསུམ་ཤུགས་ཀྱིས་གཞིལ༔ མདའ་ལྟར་དལ་གྱིས་དབྱུང་བའི་ཚེ༔ དྭངས་མ་ལྟེ་བའི་འོག་ཏུ་མནན༔ སྙིགས་མ་ཕྱི་རུ་དབྱུང་བར་བྱ༔ ཞེས་པས། ཐོག་མར་རྩའི་ལམ་བསལ་རླུང་གི་དུག་དབྱུང་བ་ལ། ལུས་གནད་ཚུགས་མ་ཤོར་བར་ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་ནས་པུས་མོའི་བར་
གྱེན་བསྟན་དང༌། དེ་ནས་སྒང་བསྟན་གྱིས་ལུས་བྱིང་བརྒྱུད་དེ་ནུ་སྟེང་ནས་གདོང་ཐད་ཀྱི་ནམ་མཁར་འཕང་སྟེ། ལག་གཡོན་གཞུ་རྒྱུད་འཐེན་ཚུལ་གྱིས་བཀུག་ནས་མཆན་རྡེབ་དང་བཅས་མཛུབ་མོ་བསྒྲེང་བའི་ཁུ་ཚུར་ནང་བསྐོར་གྱིས་སྣ་བུག་གཡོན་པ་བཀག་པ་དང་ཆབ་གཅིག་ལག་གཡས་ཁུ་ཚུར་པུས་མོ་གཡས་སྟེང་དུ་བཞག །ཚེ་རབས་ནས་བསགས་པའི་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་ནད་གདོན་བག་ཆགས་ཐམས་ཅད་རླུང་ཁམ་ནག་གི་རྣམ་པས་ཕྱིར་སངས་ཀྱིས་སོང་བར་བསམ་ལ་སྣ་བུག་གཡས་ནས་ཕྱིར་འབུད་དྲག་པོ་གསུམ་དང༌། དེ་བཞིན་ལག་སྟབས་དང་སྣ་བུག་གཡས་གཡོན་གོ་བརྗེས་ཏེ་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བག་ཆགས་ཐམས་ཅད་རླུང་དམར་ནག་གི་རྣམ་པས་སོང་བར་བསམ་ལ་ཕྱིར་འབུད་ལན་གསུམ། ལག་གཉིས་ཁུ་ཚུར་བསྐོར་རྒྱང་གིས་པུས་སྟེང་དུ་བཞག་ལ་སྣ་བུག་གཉིས་མཉམ་ནས་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགསཔའི་སྡིག་སྒྲིབ་ནད་གདོན་བག་ཆགས་ཐམས་ཅད་རླུང་སྔོ་ནག་གི་རྣམ་པས་སོང་བར་བསམ་ཞིང་ཕྱིར་འབུད་ལན་གསུམ་བྱ་སྟེ། དེ་ལྟར་རླུང་རོ་དགུ་ཕྲུགས་སུ་བསལ་མཐར་ལག་གཉིས་ཁུ་ཚུར་
སྙིང་གར་བསྣོལ་ལ་ངག་ནས་ཧ་ཧ་ཞེས་བརྗོད་པ་དང་ཆབ་གཅིག་ལག་པའི་རྒྱ་དང་རྐང་པའི་སྐྱིལ་ཀྲུང་ཐར་གྱིས་བཤིགས་པས་སྡིག་སྒྲིབ་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་རྡུལ་ཕྲན་ནམ་མཁའ་ལ་དེངས་པ་ལྟར་ཡལ་བར་བསམ་ལ་སྟོང་ཉིད་ཀྱི་ངང་དུ་ཅུང་ཟད་བཞག །དེ་ནས་རླུང་སྦྱོང་བ་དངོས་ལ། སྔར་བཞིན་ལུས་གནད་དང་ལྡན་པས་ལྷ་སྐུ་རྩའི་སྟོང་ར་གསལ་བཏབ་ལ། རང་གི་སྣ་རྩེའི་ཐད་ཀྱི་ནམ་མཁར་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་བཅུད་དབང་བྱིན་དངོས་གྲུབ་ཐམས་ཅད་འདུས་པའི་ངོ་བོ་འོད་མཐིང་རླུང་གི་རང་བཞིན་ན་བུན་འཐིབས་པ་ལྟར་ཡོད་པ་དེ་ཉིད་སྣ་བུག་གཉིས་ནས་རོ་རྐྱང་གི་ལམ་བརྒྱུད་དེ་སོང་བ་ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་པར་མོས་ལ། སྟེང་རླུང་རན་པར་རྔུབ་ཅིང་འོག་རླུང་ཅུང་ཟད་བསྐུམ་ལ་ལྟེ་འོག་ཏུ་ཁ་སྦྱོར་དུ་བསྐྱིལ་བ་བུམ་པ་ལྟར་དགང༌། མི་ནོན་པའི་ཚེ་གཡས་གཡོན་འཐེན་གནོན་དང་ཕྱི་ནང་དུ་གཞིལ། མི་ཐུབ་པ་ན་རླུང་གི་དྭངས་མ་དབུ་མར་ཚུད་པའི་སྙིགས་མ་ཕྱིར་སོང་བར་བསམ་ཞིང་སྣ་བུག་གཉིས་ནས་དལ་བུས་སྤུ་མི་འགུལ་བའི་ཚོད་ཙམ་དུ་སང་གིས་འཕང༌། དེ་ལྟ་བུའི་སྦྱོར་བ་བཞི་ལྡན་གྱི་རླུང་སྦྱོར་གཅིག་ལ་ཁུག་པ་གཅིག་ཏུ་བརྩིས་ཏེ་བརྒྱ་ལ་སོགས་པ་རྩོལ་
བ་རིམ་གྱིས་ཇེ་དྲག་ཏུ་བསྐྱེད་པས་བུམ་ཅན་རབ་འབྲིང་ཐ་མའི་ཚད་ལྡན་དུ་འགྲུབ་པ་སྟེ། ལག་པའི་ཐལ་མོས་པུས་མོ་ལ་ལན་རེ་བསྐོར་ཏེ་སེ་གོལ་གཅིག་གཏོགས་པའི་ཡུན་ཚད་སུམ་ཅུ་རྩ་དྲུག་གི་བུམ་པ་ཅན་ཆུང་ངུ༌། བདུན་ཅུ་དོན་གཉིས་འབྲིང༌། བརྒྱ་རྩ་བརྒྱད་ཁེགས་པ་ཆེན་པོའི་ཚད་དུ་བཞེད། དེ་ལྟར་རླུང་བུམ་པ་ཅན་གྲུབ་པའི་ཡོན་ཏན་ཀྱང་ལུས་མཉེན་ལྕུག་ཐོབ་པས་བདེ་བ། ངག་རང་དབང་དུ་གྱུར་པས་སྙན་པ། སེམས་ཏིང་ངེ་འཛིན་ལ་གཡོ་མེད་དུ་གནས་པ་དང༌། བུམ་ཆེན་གཅིག་གིས་ཞག་བདུན་གྱི་འཆི་བ་ཟློག་ཅིང༌། རྒྱུན་དུ་བརྩོན་པས་འཆི་བ་མེད་པའི་བཅུད་ལེན་འགྲུབ་པར་འགྱུར་ཏེ། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །ཅེས་གསུངས་སོ། །གཉིས་པ་ཐུན་མཚམས་ཀྱི་ཉམས་ལེན་ནི། རྟག་ཏུ་བར་རླུང་བརྟེན་པ་དང་༔ རྡོ་རྗེའི་བཟླས་པ་ལམ་དུ་ཁྱེར༔ ཞེས་པས། སྤྱོད་ལམ་རྣམ་བཞི་གང་གི་ཚེ་ནའང་རུང་སྟེ། འོག་རླུང་ཅུང་ཟད་འཐེན་ཏེ་བསྐུམ། སྟེང་རླུང་རྔུབས་ཏེ་ལྟེ་འོག་ཏུ་ཆིལ་གྱིས་མནན། བར་རླུང་ལྟེ་བའི་ཐད་ཀར་བརྒྱངས་ཏེ་འཛིན་པ་ནི་གསང་བ་ཡེ་ཤེས་ཆེན་པོའི་རླུང་སྦྱོར་རམ་འཇམ་རླུང་བུམ་པ་ཅན་ཏེ། བསྐྱེད་རིམ་བཟླས་བརྗོད་ཏིང་
འཛིན་སྒོམ་པ་སོགས་གང་གི་ཡང་གྲོགས་སུ་འགྲོ་ཞིང༌། འབྱོངས་ན་རྩོལ་བ་མི་དགོས་པར་བར་རླུང་རང་སར་གནས་པས་རླུང་སེམས་ཀྱི་རྟོག་པ་ཕྲ་རགས་དབྱིངས་སུ་དེངས་ཤིང་ཤེས་པ་རྣལ་དུ་ཕེབས་པར་འགྱུར་པ་དང༌། བར་སྐབས་རྣམས་སུ་དབུགས་རང་བབས་ཀྱི་འཇུག་གནས་ལྡང་གསུམ་ལ་སེམས་གཏད་དེ། ནང་དུ་འཇུག་པ་ཨོཾ། གནས་པ་ཨཱཿ ཕྱིར་ལྡང་བ་ཧཱུཾ་གི་སྒྲ་གདངས་སུ་ཤེས་པའི་སྒོ་ནས་མ་ཡེངས་པར་བཟླས་པས་བོགས་ཆེན་པོ་འབྱིན་ཅིང༌། འདི་ལ་གོམས་ན་རྒྱུན་གྱི་རླུང་གི་འགྲོ་འོང་ཐམས་ཅད་འབྲུ་གསུམ་རང་བཞིན་དུ་གནས་པ་ལ་རང་བྱན་ཚུད་དེ་རྡོ་རྗེའི་བཟླས་པ་རྒྱུན་མི་འཆད་པ་ཉིད་དུ་འབྱུང་ངོ༌། །གསུམ་པ་ཐིག་ལེ་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་གསུམ། གཏུམ་མོ་སྦར་བ། ཞུ་བདེ་སྒྲུབ་པ། ཀ་དག་ཏུ་བསྲེ་བའོ། །དང་པོ་ལ་གཉིས། ཐུན་དངོས་དང༌། ཐུན་མཚམས་ཀྱི་ཉམས་ལེན་ནོ། །དང་པོ་ནི། ལྟེ་བར་ཤེས་རབ་ཨ་ཤད་མེ༔ སྤྱི་བོར་ཐིག་ལེ་ཧཾ་དཀར་གསལ༔ གཏུམ་མོ་སྦར་བས་བདེ་དྲོད་བསྐྱེད༔ ཅེས་པས། རླུང་གི་སྦྱོར་བ་ལ་གོམས་པ་ཐོབ་ནས་གཏུམ་མོའི་རྣལ་འབྱོར་ལ་འཇུག་པ་ན། ཐོག་མར་བདེ་དྲོད་ཀྱི་གཞི་བཅའ་བའི་སླད་དུ། རླུང་རོ་བསལ་ཏེ། ལྟེ་འོག་རྩ་གསུམ་གྱི་འདུས་མདོར་ཉི་མའི་
དཀྱིལ་འཁོར་གྱི་སྟེང་དུ་མེའི་ས་བོན་ཨ་ཐུང་ཤད་ཀྱི་རྣམ་པ་ཅན། རྩ་བ་ཉི་གདན་ལ་ཟུག་པ་ལྟར་བརྟན་ཅིང་རྩེ་མོ་རྣོ་བ། རེག་བྱ་ཚ་བ། ངོ་བོ་བདེ་བའི་ཡེ་ཤེས་ལ་རྣམ་པ་མེའི་རང་བཞིན་དུ་གསལ་ཞིང་འབར་བར་བསྒོམ། ཡང་སྤྱི་བོའི་འཁོར་ལོའི་སྟེང་རྩ་དབུ་མའི་ཡས་སྣེའི་ནང་དུ་ངོ་བོ་བདེ་བ་ཆེན་པོའི་ཡེ་ཤེས་ལ་རྣམ་པ་ཀུན་རྫོབ་རྒྱུའི་ཐིག་ལེ་ཟླ་བ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་གནས་པ་དངུལ་ཆུའི་ཐིག་པ་ལྟར་འཛག་ལ་ཁད་དུ་ཡོད་པར་བསྒོམ། དེ་ལྟར་དམིགས་པ་གསལ་ཐེབས་པ་ན་བྱིན་རླབས་ཀྱི་གཞི་སྒྲུབ་པ་ལ། སྙིང་གའི་འཁོར་ལོའི་དབུས་སུ་པདྨ་དང་ཉི་ཟླའི་གདན་ལ་རྩ་བརྒྱུད་ཀྱི་བླ་མ་རིག་འཛིན་རྩ་གསུམ་མ་ལུས་པ་འདུས་པའི་ངོ་བོ་གུ་རུ་པདྨ་ཐོད་ཕྲེང་རྩལ་སྐུ་མདོག་དཀར་གསལ་ཁྲོ་འཛུམ་རྗེས་སུ་ཆགས་པའི་ལང་ཚོ་ཅན། གཡས་གསེར་གྱི་རྡོ་རྗེ་དང་གཡོན་བྷནྡྷ་ཚེ་བུམ་འཛིན་པ། ཞབས་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་མཚོ་རྒྱལ་རྣལ་འབྱོར་མ་དམར་གསལ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། གཉིས་ཀའང་གཅེར་བུ་རུས་པ་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་མཚན་དཔེའི་གཟི་བརྗིད་མཆོག་ཏུ་འབར་བ། བདེ་དྲོད་འོད་ཕུང་འཁྲིགས་པའི་
ཀློང་ན་སྣང་སྟོང་སྒྱུ་མའི་ཕྱག་རྒྱར་མངོན་སུམ་དུ་སང་པར་མོས་ལ། མོས་གུས་ཀྱི་ཤུགས་བསྐྱེད་དེ། འགྱུར་མེད་དབྱིངས་ཀྱི་མགོན་པོ་ཀུན་ཏུ་བཟང༌། །རང་བྱུང་སྒྱུ་འཕྲུལ་རིགས་ལྔ་ཧེ་རུ་ཀ །ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་བདེ་དྲོད་ཡེ་ཤེས་སྤོར། །ཞེས་སོགས་ནས། མཁའ་འགྲོ་དམ་ཅན་གཏེར་སྲུང་བཅས་རྣམས་ལ། །གསོལ་བ་འདེབས་སོ་བདེ་དྲོད་ཡེ་ཤེས་སྤོར། །འཆིང་བྱེད་རྩ་ཡི་མདུད་པ་རང་སར་གྲོལ། །འགྲོ་འོང་རླུང་གི་རྒྱུ་བ་དྷཱུ་ཏིར་དག །འཕོ་བཅས་ཐིག་ལེ་ཟག་མེད་བདེ་བར་སྨིན། །ཟུང་འཇུག་ཧེ་རུ་ཀ་དཔལ་གནས་ཐོབ་ཤོག །ཅེས་གསོལ་བ་དྲག་ཏུ་བཏབ་པས་གུ་རུ་ཡབ་ཡུམ་རྗེས་ཆགས་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་སྟེ་ཐིག་ལེ་དཀར་དམར་གཉིས་སུ་གྱུར་པ་དཀར་ཆ་སྤྱི་བོའི་ཧཾ་དང༌། དམར་ཆ་ལྟེ་བའི་ཨ་ཤད་ལ་ཐིམ་པས་ཐབས་ཤེས་བདེ་སྟོང་གི་ཡེ་ཤེས་ལྷག་པར་བསྐྱེད་པར་མོས་ཏེ། རླུང་ཤར་གྱིས་དྲངས་ལ་ལྟེ་འོག་ཏུ་བསྐྱུར་ཐབས་སུ་མནན། དེ་དང་མཉམ་དུ་འོག་རླུང་དྲག་ཏུ་དྲངས་ཏེ་ལྟེ་བར་ཁ་སྦྱོར་དུ་བཟུང༌། ཅུང་ཟད་མི་བདེ་ཚེ་སླར་རྔུབ་ཆུང་བྱས་ཏེ་ལྟེ་བའི་གནས་སུ་གཡས་གཡོན་དབུས་གསུམ་དུ་འཐེན་གནོན་བྱས་ནས་བཟུང༌། མི་ཐུབ་པ་ན་དལ་བུས་ཕྲ་ལ་
རིང་བའི་ཤུགས་ཀྱིས་ཕྱིར་འཕང༌། དེ་མ་ཐག་རྔུབ་སྟེ། རླུང་མ་གོམས་བར་བུམ་ཅན་སྦྱོར་བ་བཞི་ལྡན་དེ་དང་འདྲ་བ་ཚར་བཞིའམ་བརྒྱད་ལྟ་བུ་བཏུད་མར་བསྒོམས་ནས། བཞི་ཚན་གཅིག་གཉིས་གསུམ་བཞི་སོགས་ཀྱི་མཚམས་རྣམས་སུ་ངལ་གསོ་བ་ལས་གང་འདོད་དུ་མི་བཞག །ངལ་གསོའང་ཡུན་རིང་ན་དྲོད་མི་སྐྱེ་བས་ཐུང་བར་བྱ། དམིགས་པ་ནི། སྔར་བཞིན་སྣ་རྩེའི་ཐད་དུ་བྱིན་རླབས་ཡེ་ཤེས་ཀྱི་རླུང་གསལ་བ་དེ་ཉིད་རྔུབས་པ་སྣ་སྒོ་ནས་ཞུགས། རོ་རྐྱང་གི་ལམ་བརྒྱུད་ནས་ལྟེ་འོག་རྩ་གསུམ་འདུས་མདོར་སླེབ། འོག་རླུང་བསྐུམས་པས་བཤང་སྒོ་ནས་རླུང་མདུང་ཚུགས་སུ་ལངས་པ་དབུ་མའི་སྣར་ཚུད་དེ། རོ་རྐྱང་ཐུར་སེལ་གྱི་རླུང་གསུམ་འདུས་པ་ལྟེ་བའི་ཨ་ཐུང་ལ་ཕོག །སོལ་མེ་ངར་མ་ཕུས་བཏབ་པ་ལྟར་མེ་ལྕེ་ཤིན་ཏུ་ཕྲ་ཞིང་རྣོ་བ། འཚེར་བ། མཁྲང་པ། རྩེ་མོ་འབར་ཞིང་འཁྱུག་པ། རིང་ཐུང་སོར་གང་ནས་སོར་བཞི་ཙམ་གྱི་བར་ཇེ་རིང་དུ་འབར་བ་ལ་སེམས་གཏད་དེ། སྤྲོས་པ་གཞན་སྤངས་ནས་འདི་ཁོ་ན་རྩེ་གཅིག་ཏུ་བསྒོམ། དེ་ལ་དམིགས་པ་བརྟན་པར་གྱུར་པ་ན། མེ་ལྕེའི་འོད་དེས་གསང་གནས་ཀྱི་རྩ་འཁོར་ཐམས་ཅད་གང་བས་ལྟེ་བ་མན་ཆད་ལུས་ནང་དམར་ལྷག་ལྷག་དང་ཚ་འུར་འུར་
བྱུང་བར་བསམ། དེ་བཞིན་དུ་མེ་དེ་ལྟེ་བའི་རྩ་འཁོར་དང་དབུ་མའི་ནང་ནས་ཡར་ཁྱུར་གྱིས་ཞུགས་ཏེ། སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་རྩ་འཁོར་ཐམས་ཅད་ཁེངས་པར་བསམ་ཞིང༌། དེར་མ་ཟད་འཁོར་ལོ་ལྔའི་འོད་ཀྱིས་བ་སྤུའི་ཁུང་བུའི་བར་ཐམས་ཅད་ཀྱང་གང་སྟེ་དམར་ལྷག་གིས་ཁྱབ་པས་ལུས་ནང་ཚ་འུར་གྱིས་བྱུང་བར་བསམ། རེས་མེ་ལྕེ་ཕྲ་ཞིང་དྭངས་པ་ཟགས་ཁབ་ལྟ་བུ་དམར་ཕྲེང་གིས་འབར་བ་ལ་ཤེས་པ་གཏད་དེ་བརྩོན་འགྲུས་དྲག་པོས་བསྒོམ་མོ། །གཉིས་པ་ཐུན་མཚམས་ཀྱི་ཉམས་ལེན་ནི། རྟག་ཏུ་དབུ་མ་ཨ་ཤད་མེ༔ བསྒོམ་ཞིང་རླུང་གི་བཅུད་ལ་རོལ༔ ཞེས་པས། ཐུན་མཚམས་རྣམས་སུའང་ལྟེ་བའི་མེ་དམིགས་ལ་ཤེས་པ་རྩེ་གཅིག་ཏུ་གཏད་ཅིང་འཇམ་རླུང་བུམ་པ་ཅན་བཟུང༌། མཚན་མོ་ཉལ་དུས་རབ་སྐྱིལ་ཀྲུང༌། འབྲིང་ཙོག་པུ། ཐ་མ་སྔས་མཐོ་བར་བྱས་ལ་གློ་གཡས་འོག་ཏུ་བཅུག་ནས་པུས་བྲང་སྦྱར་བའི་ལུས་སུམ་ལྟབ་ཏུ་ཉལ། དེ་གསུམ་གང་བྱས་ཀྱང་པུས་འཁྱུད་ཀྱིས་མི་གཡོ་བར་བསྡམ། ལག་པ་མདུན་གྱི་ནང་དུ་བསྣོལ་ནས་མཐིལ་གཉིས་མཁལ་ཁུང་གཡས་གཡོན་ལ་བཀབ། ལྟེ་བའི་ཨ་ཐུང་མེ་འབར་བ་ལ་སེམས་གཏད་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། འདིས་གཉིད་ཀྱི་འོད་གསལ་ཟིན་པ་དང༌།
ཉིན་པར་གཏུམ་མོ་སྒོམ་པའི་རྒྱུན་མཚན་མོར་བསྲེས་པས་དྲོད་མི་ཡལ་བའི་དགོས་པ་ཡོད། ལུས་ལ་རྔུལ་བྱུང་ན་དྲོད་འཆོར་བས། གོས་སྲབ་ཏུ་གཏོང༌། དེས་ཀྱང་མ་ཕན་ན་ཐོ་རངས་ཀྱི་དྲི་ཆུ་རྫ་སོ་མར་གྲང་དུ་བཅུག་པས་ལུས་བཀྲུ་ཞིང་གཅི་ཐལ་འཇམ་པོས་ཀྱང་བྱུག །དམིགས་པ་ཕྱིར་ཤོར་བ་དང༌། ངལ་གསོ་ཡུན་རིང་བ། ཁམས་ཉམས་པ། མེ་དང་ཉི་མ་འདེབ། གོས་འཐུག་པ། ཟས་ལན་ཚྭ་ཆེས་པ། ཉིན་མོ་གཉིད་དང་ཉལ་བ་རྣམས་སྤང་ཞིང༌། རྩོལ་བ་ཞན་ན་འབྱོངས་དུས་མི་འོང་བས་བརྩོན་འགྲུས་དྲག་པོས་བསྒོམ། ཐོག་མར་དྲོད་སྙིང་ག་དང་སྤྱི་བོར་བྱུང་ན་ངན་པས་སྲིན་ཞལ་འབྱེད་འཛུམ་མང་པོ་དང༌། ལྟེ་བར་ཁ་སྦྱོར་དྲག་པོ་བསྒོམས་པས་དྲོད་གནས་སུ་སྡུད་ཅིང་ཕེབས་པར་འགྱུར། དེ་ལྟར་ཡང་ཡང་སྦྱངས་པས་ལུས་ལ་གོས་མི་དགོས་པ་སོགས་ཕྱིའི་དྲོད་དང༌། བདེ་གསལ་མི་རྟོག་པ་ནང་གི་དྲོད། བདེ་བ་ཆེན་པོའི་ཡེ་ཤེས་གསང་བའི་དྲོད་རྣམས་ཐོབ་པར་འགྱུར་རོ། །གཉིས་པ་ཞུ་བདེ་སྒྲུབ་པ་ལ་གཉིས། སྟེང་སྒོ་འཇུ་འདུལ་གྱི་མན་ངག་དང༌། འོག་སྒོ་མཁས་གསུམ་རོལ་པའི་མན་ངག་གོ །དང་པོ་ལ་གསུམ། བདེ་བ་དབབ་པ། དེ་རྩོལ་མེད་དུ་གནས་པའི་ཐབས། འཛག་མེད་དུ་
སྒྲུབ་པའོ། །དང་པོ་ནི། གཏུམ་མོ་མས་འབར་བདེ་དྲོད་ཀྱིས༔ ཐིག་ལེ་ཡས་འཛག་དྭངས་མར་བཞུ༔ རྩ་ཁམས་ལྷ་ལ་དགྱེས་མཆོད་འབུལ༔ དབང་ཐོབ་དགའ་བཞིའི་ཡེ་ཤེས་བསྐྱེད༔ ཅེས་པས། གཏུམ་མོས་དྲོད་སྐྱེས་པ་ན་རྩ་འཁོར་ཨ་ཧཾ་རྣམས་སྔར་ལས་ཀྱང་གསལ་བར་བསྒོམ་ལ། བུམ་ཅན་དྲག་པོ་བཞི་སྦྱོར་གྱིས་གཅུན་པས་ལྟེ་བའི་ཨ་ཐུང་སྦར་བའི་མེས་རྩ་འཁོར་རྣམས་ཁྱབ་པའི་མཐར་སྤྱི་བོའི་ཧཾ་ལ་རེག་པས་ཐབས་ཤེས་འཕྲད་པའི་ཆོ་འཕྲུལ་ལས་བྱང་སེམས་ཧཾ་ཡིག་བཞུས་པའི་དྭངས་མ་མུ་ཏིག་གི་རྒྱུན་ལྟར་བདེ་ཕྲི་ལེར་བབས་པས་སྤྱི་བོའི་རྩ་འཁོར་ཐམས་ཅད་ཁེངས། བདེ་གཤེགས་སྐུའི་དཀྱིལ་འཁོར་ལ་མཉེས་པའི་མཆོད་པ་ཕུལ། ཚོགས་རྫོགས། སྒྲིབ་པ་བྱང༌། དམ་ཚིག་ཉམས་ཆག་ཐམས་ཅད་དག །བུམ་པའི་དབང་ཐོབ། དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། རིམ་པར་མེ་ལྕེ་དང་བྱང་སེམས་འབྲོས་འདེད་ཀྱིས་མགྲིན་པའི་རྩ་འཁོར་རྣམས་གང་ཞིང་འཁྱིལ་བས། བདེ་གཤེགས་གསུང་གི་དཀྱིལ་འཁོར་ལ་མཆོད་ཚུལ་སོགས་སྔར་དང་འདྲ། གསང་བའི་དབང་ཐོབ། མཆོག་ཏུ་དགའ་བའི་ཡེ་ཤེས་སྐྱེས། ཡང་མར་བབས་སྙིང་གའི་རྩ་འཁོར་ཐམས་ཅད་གང༌། བདེ་གཤེགས་ཐུགས་ཀྱི་དཀྱིལ་འཁོར་ལ་མཆོད་ཚུལ་སོགས་
འདྲ། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཁྱད་པར་གྱི་དགའ་བའི་ཡེ་ཤེས་སྐྱེས། ཡང་མར་བབས་ལྟེ་བའི་རྩ་འཁོར་ཐམས་ཅད་གང༌། བདེ་གཤེགས་ཡོན་ཏན་གྱི་དཀྱིལ་འཁོར་ལ་མཆོད་ཚུལ་སོགས་འདྲ། ཚིག་དབང་ཐོབ། ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་སྐྱེས། ཡང་མར་བབས་གསང་གནས་ཀྱི་རྩ་འཁོར་ཐམས་ཅད་གང༌། བདེ་གཤེགས་ཕྲིན་ལས་ཀྱི་དཀྱིལ་འཁོར་ལ་མཆོད་ཚུལ་སོགས་འདྲ། རིག་པའི་རྩལ་དབང་ཐོབ། བསམ་གྱིས་མི་ཁྱབ་པའི་དགའ་བ་རྒྱུད་ལ་སྐྱེས་པར་བསམ་ཞིང༌། སྤྱི་བོ་མན་ཆད་ལུས་མགོ་མཇུག་མེད་པར་དྭངས་མས་གང་བའི་བདེ་བ་ལ་མཉམ་པར་བཞག་གོ །གཉིས་པ་དེ་ཉིད་རྩོལ་མེད་དུ་གནས་པའི་ཐབས་ནི། ཆེར་མཆེད་རྩ་རླུང་ཐིག་ལེའི་ཁམས༔ དག་སྦྱོར་ཡེ་ཤེས་འཁོར་ལོར་འཕོ༔ ཞེས་པས། དེ་ལྟར་བྱིན་རླབས་ཡེ་ཤེས་ཀྱི་རླུང༌། གཏུམ་མོ་ཡེ་ཤེས་ཀྱི་མེ། བདེ་ཆེན་ཡེ་ཤེས་ཀྱི་བདུད་རྩི་གསུམ་དབྱེར་མེད་གཅིག་ཏུ་འདྲེས་པའི་དྭངས་མས་གང་བའི་བདེ་བ་རང་ཤར་བའི་ཚེ། དེ་ཉིད་རྩོལ་མེད་ཡུན་དུ་གནས་པའི་ཐབས་སུ་རང་ལུས་སྣོད་བཅུད་སྣང་བའི་ཆོས་ཐམས་ཅད་མི་དམིགས་པར་སྦྱངས་ཏེ་ནམ་མཁས་གར་ཁྱབ་དབུ་མ་མེ་རླུང་ཐིག་ལེའི་རང་བཞིན་གྱིས་ཁྱབ་པར་བསམ་པ་དང༌།
ཡང་དེ་ཉིད་ཇེ་ཕྲར་གྱུར་ཏེ་སྔར་བཞིན་བདེ་བའི་ངང་མདངས་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་རེས་མོས་སུ་རྩལ་སྦྱང་ངོ༌། །གསུམ་པ་བདེ་བ་འཛག་མེད་དུ་སྒྲུབ་པ་ནི། སླར་ཡང་ཧཱུཾ་འདྲེན་དྲག་པོ་ཡིས༔ གྱེན་དུ་དྲངས་ལ་དགྲམ་པར་བྱ༔ ཞེས་པས། བྱང་སེམས་དྭངས་མ་ཐེམ་མེར་བབས་པ་ན་བདེ་བ་ངང་གིས་སྐྱེ་བར་འགྱུར་བས། དེའི་ཚེ་བདེ་བ་རྒྱས་པས་བྱང་སེམས་འཕོ་བ་འདྲ་ན། རྒྱ་མཚོ་རི་རབ་ལ་གཅེར། གླིང་བཞི་མཐའ་ནས་བསྡུ། དར་དམར་གནས་སུ་སྦྱར། ཉི་ཟླ་གྱེན་དུ་ལྡོག །ཧཱུཾ་དྲག་པོ་རིང་དུ་དྲང༌། འོག་སྒོ་དྲག་ཏུ་ཀློད་ཅིང་སྲོག་ཕྱིར་བསལ། བར་རླུང་ཤུགས་དང་ལྡན་པས་བཟུང་ལྡོག་གཉིས་ཀ་བྱེད་པར་འགྱུར་ལ། དེ་ལྟར་དྲངས་པས་རྡོ་རྗེ་བརྟན་པར་གྱུར་ཅིང་ལུས་རྡུལ་བ་དང་དྲོད་འབར་ན་གྱེན་དུ་འདྲོངས་པའི་རྟགས་ཡིན་པས། དེ་རྩ་མིག་ཏུ་སེང་གེ་རྣམ་རོལ་གྱིས་ཁྱབ་པར་དགྲམ། མཐར་བུམ་པ་ཅན་བདུན་ཙམ་གྱིས་རླུང་དང་བསྲེ་ཞིང༌། འོག་ནས་འབྱུང་བ་ལྟར་ཀ་དག་གི་ཀློང་དུ་བསྲེ་བས་རླུང་གི་ཡོན་ཏན་སེམས་ལ་བསྟིམ་པར་བྱའོ། །གཉིས་པ་འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་ལ་བསླབ་པ་ནི། དེ་ཉིད་གོམས་ནས་ཤེས་རབ་ལ༔ མཉམ་པར་སྦྱོར་བའི་བདེ་བ་བསྟེན༔ ཞེས་པས། དེའང་བློ་ཆགས་པ་དང་བཅས
པ་བྱ་ཀ་ལནྟ་ཀ་ལྟ་བུའི་གང་ཟག་གིས། བྱིན་གྱིས་བརླབས་པའི་རྡོ་རྗེ་དགའ་བ་བཅུ་དྲུག་གི་ཐིག་ལེ་བུམ་པའི་དབང་བསྐུར་རྫོགས་པའི་ཕུར་པ། རང་བྱུང་གི་ཆོས་འབྱུང་ཡིག་འབྲུ་དང་བཅས་པའི་པདྨའི་ཡུལ་ལ། འདུ་ཤེས་གསུམ་དང་ལྡན་པའི་ཐབས་ཀྱིས་འཁྲུལ་འཁོར་རླུང་གི་གནད་ལས་ཐིག་ལེ་འཕོ་མེད་ཆུ་སྲིན་གྱི་གྲེ་བར་རིན་པོ་ཆེ་ཚུད་པའི་ཚུལ་དུ་གདབ་ལས། ཆགས་པ་རང་རྒྱུད་པས་མངལ་གྱི་སྲིན་བུར་སྐྱེ་བའི་སྐྱོན་ལས་གྲོལ་ཏེ་རྟོག་ཚོགས་ལྷན་སྐྱེས་བདེ་ཆེན་དུ་ཤར་བའི་གདིང་ཚད་དང་ལྡན་པས་འབྲས་བུ་ལོངས་སྐུ་ཐོབ་པར་བྱེད་པ་སྟེ། དེ་ལ་སྔོན་དུ་རང་ལུས་ཐབས་ལྡན་ཡིད་རིག་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སློབ་ཅིང་། གོམས་པ་ཐོབ་ནས་དངོས་རིག་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ཏེ་བདེ་བའི་ཡེ་ཤེས་རྩལ་སྦྱོང་བར་བྱེད་པ་ཡིན་ལ། གང་ཡང་རང་དང་རིག་མ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དུ་གསལ་བའི་མཁའ་གསང་བྱིནགྱིས་བརླབ། སྙོམས་འཇུག་གི་བརྔ་བཞིས་བསྣོལ་མར་བསྐུལ། འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་ཕྱག་རྒྱ་བཞིས་མཉམ་པར་སྦྱར་ཏེ། རྗེས་ཆགས་ཀྱི་མེས་ཀུནྡ་བཞུ་བའི་བྱང་སེམས་ཀྱི་རྒྱུན། དང་པོ་དབབ་པ་ལ་མཁས་པ་དལ་བུ་རུ་སྦལ་གྱི་འགྲོས་ལྟ་བུ། བར་
དུ་བཟུང་བ་ལ་མཁས་པ་རྫ་སྣོད་ཐེམ་བུས་བཀག་པ་བཞིན་དང༌། དེ་ལས་ལྡོག་པ་ལ་མཁས་པ་སྐྱེན་པོའི་མདའ་ལྟར་རང་གནས་སུ་འཕང་ཞིང༌། མཐར་འགྲེམས་པ་ལ་མཁས་པ་ཞིང་པས་ཡུར་བ་ལ་ཆུ་དྲངས་པ་ལྟ་བུའི་ཚུལ་གྱིས། འཁོར་ལོའི་གནས་བཞིར་ལུགས་འབྱུང་དང་ལུགས་ལྡོག་གི་དགའ་བཞི་རིམ་པར་མྱོང་བའི་མཐར་བྱང་སེམས་སྤྱི་བོར་བརྟན་པ་ན་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་བསྟར་བ་སྟེ། རྩ་རྒྱུད་ལས། ལྷག་པ་བྱང་སེམས་ཕུར་པ་དེ། །ཡུམ་གྱི་མཁའ་ཀློང་དག་པར་གདབ། །བདེ་བ་དངོས་མེད་ཐེབས་པའི་ཚད། །འབྲས་བུ་ལོངས་སྐུ་བདེ་ཆེན་ཐོབ། །མ་ཐེབས་འཁོར་བའི་འགྲམ་རྡོ་བྱེད། །ཅེས་གསུངས་སོ། དེས་ན་འདི་ནི་དེང་སང་དཀྱུས་ཀྱི་ཕྱག་བཞེས་སུ་སློབ་མ་ཕལ་ལ་ཁྱབ་བརྡལ་དུ་མི་གནང་ཞིང་ཚུལ་བཞིན་ཉམས་སུ་ལོན་པའང་ཤིན་ཏུ་དཀོན་པས་འདིར་ཞིབ་པར་མ་སྤྲོས་ལ། འོག་སྒོའི་གདམས་ངག་གི་སྣོད་དུ་གྱུར་པའི་སྐལ་ལྡན་རྣམས་ཀྱིས་འདིར་འཇུག་པར་འདོད་ན་ཟབ་པའི་གནད་བླ་མ་དང་དམ་པ་ཉམས་མྱོང་ཅན་གྱི་ཞལ་ལས་བླང་ཞིང་མན་ངག་གི་ཚུལ་གཞན་ལས་ཀྱང་ཤེས་པར་བྱ་བ་ཡིན་ནོ། །གསུམ་པ་ཀ་དག་ཏུ་བསྲེ་བ་ནི། ཤེས་པ་གཏད་མེད་ནམ་མཁའི་ངང་༔ མ་བཅོས་དེ་བཞིན་
ཉིད་དུ་བཞག༔ ཅེས་པས། སྔར་དྲོད་སྐྱེད་དམ་ཚིག་གི་ལོག་གཏུམ་མོ་དང༌། བདེ་བ་ཆོས་ཀྱི་གཏུམ་མོ་སོགས་ཉམས་སུ་བླངས་པའི་ཚེ་བ་དེ་དྲོད་ཀྱི་ཉམས་སྐྱེས་པ་ནི། དེ་ཀའི་རང་ངོ་ལ་ཆེ་རེ་བལྟས་པས། བདེ་དྲོད་ཀྱི་གདངས་མ་འགག་ལ། རང་བཞིན་གང་དུའང་ངོས་བཟུང་བྲལ་བ། བློ་འདས་རིག་སྟོང་ཀ་དག་ནམ་མཁའ་ལྟ་བུའི་ངང་ལས་ནམ་ཡང་མ་གཡོས་པས། གནས་ལུགས་དེ་བཞིན་ཉིད་ཀྱི་ཀློང་དུ་མཉམ་པར་བཞག་པ་ལས། གཏུམ་མོ་ལ་ཡེ་ཤེས་ཀྱི་རྒྱས་ཐེབས་ཤིང་རླུང་གི་ཡོན་ཏན་སེམས་ལ་སྨིན་པས་བདེ་སྟོང་གི་ཡེ་ཤེས་ཆེན་པོར་ལ་ཟློ་བར་འགྱུར་རོ། །དོན་གཉིས་པ་གེགས་བསལ་ཞིང་བོགས་དབྱུང་བ་ལ་གཉིས། རྡོ་རྗེའི་འཁྲུལ་འཁོར་བྱ་བ་དང༌། སྤྱོད་ལམ་གྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། སྔོན་འགྲོ་ཡན་ལག་ལྔ་སྦྱོང་དང༌། དངོས་གཞི་གཙོ་འཁོར་སོ་སོའི་འཁྲུལ་འཁོར་རོ། །དང་པོ་ནི། རླུང་ལོག་རང་མལ་གསོད་པ་དང་༔ རྩ་ཡི་མདུད་རྒྱ་བཀྲོལ་བ་དང་༔ བར་ཆད་རྐྱེན་གེགས་མ་ལུས་པ༔ བཙན་ཐབས་ཉིད་དུ་གཞོམ་པའི་ཕྱིར༔ རྡོ་རྗེ་ལུས་ཀྱི་འཁྲུལ་འཁོར་བྱ༔ ཞེས་པས། དེ་ལྟར་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཟབ་མོ་ལ་བརྩོན་པའི་ཚེ་རླུང་ལོག་གི་གེགས་བསལ་བ་དང༌། ལུས་ཀྱི་རྩ་མདུད་བཀྲོལ་
བ་སོགས་ཕྱི་ནང་གི་རྐྱེན་གེགས་ཞི་ཞིང་ལམ་གྱི་བོགས་དབྱུང་བའི་ཕྱིར་སྐབས་སྐབས་སུ་ལུས་སྦྱོང་འཁྲུལ་འཁོར་རྣམས་ལ་བརྩོན་པ་ཤིན་ཏུ་གཅེས་པས། །དེ་ལ་ལུས་གནད་ཆོས་བདུན་སྔར་ལྟར་ལས། བུམ་ཅན་དྲག་ཏུ་འཆིང༌། སྟེང་རླུང་རྔུབ་ཆུང་གིས་མནན་པ་དང་བསྟུན་རླུང་གི་ཁུག་པ་རེ་ལ་འཁྲུལ་འཁོར་རེ་རྫོགས་པ་བྱ་སྟེ། ཐོག་མར་རྩ་བའི་ལུས་སྦྱོང་ཡན་ལག་ལྔ་ལས། དང་པོ་ནི། སྣང་སྲིད་སྟུག་པོ་བཀོད་དང་ནི༔ རང་ཉིད་རྣམ་སྣང་སྐུར་བསྒོམ་སྟེ༔ ལུས་གནད་རྡོ་རྗེའི་ཆོས་བདུན་བྱ༔ ལག་གཉིས་ཁུ་ཚུར་པུས་སྟེང་ནས༔ སྟ་ཟུར་གཡས་གཡོན་ནས་ཤད་དེ༔ ནུ་སྟེང་ཐད་དུ་ལན་གསུམ་འཕེན༔ སྙིང་གར་བྱང་ཆུབ་ཕྱག་རྒྱ་བྱ༔ དེ་ལྟར་ལན་གསུམ་བསྐྱར་བ་ཡིན༔ ཅེས་སོ། །གཉིས་པ་ནི། སྣོད་བཅུད་མངོན་པར་དགའ་བའི་ཞིང་༔ རང་ཉིད་རྡོ་རྗེ་སེམས་དཔར་བསྒོམ༔ ཁུ་ཚུར་པུས་སྟེང་གཡས་གཡོན་ནས༔ སྟ་ཟུར་ཤད་དེ་སྙིང་གར་བསྣོལ༔ ཕྱི་རུ་འཕེན་དང་ཆབ་གཅིག་ཏུ༔ སྐྱིལ་ཀྲུང་ཐར་གྱིས་བཤིགས་བྱས་ཏེ༔ རྐང་པའི་མཐིལ་སྤྲད་པུས་མོ་བསྒྲད༔ ལག་གཉིས་མདུན་མཁར་འཕང་བྱས་ནས༔ བསྐོར་བསྣོལ་མཛུབ་རྩེ་སྤྲད་བྱས་ཏེ༔ ལག་གཉིས་ཕྱིར་བརྐྱང་རྐང་པ་བསྒྲེང་༔ སླར་ཡང་སྔར་བཞིན་རྡོ་རྗེའི་རྒྱ༔ དེ་ལྟར་ལན་གསུམ་བསྐྱར་
བར་བྱ༔ ཞེས་སོ། །གསུམ་པ་ནི། སྣོད་བཅུད་དཔལ་དང་ལྡན་པའི་ཞིང་༔ རང་ཉིད་རིན་ཆེན་འབྱུང་ལྡན་བསྐྱེད༔ ལག་གཉིས་ཁུ་ཚུར་པུས་སྟེང་ནས༔ ཆུན་བཙལ་བྲང་ནས་ཕྱི་རུ་འཕང་༔ མཆན་འོག་ཏུ་བཅུག་ལུས་གཡས་གཅུ༔ ཁུ་ཚུར་འཕང་ནས་ཡང་སྔར་བཞིན༔ གཡོན་དུ་ལན་གསུམ་གཅུས་བྱས་མཐར༔ ལག་གཉིས་མཉམ་བཞག་མཆོག་སྦྱིན་གྱི༔ ཕྱག་རྒྱ་བྱ་སྟེ་ལུས་ཡར་བསྲང་༔ རྩ་མདུད་ཁྲོལ་མར་ཞིག་པར་བསམ༔ ཞེས་སོ། །བཞི་པ་ནི། སྣང་སྲིད་བདེ་ཆེན་ཞིང་དུ་གསལ༔ རང་ཉིད་སྣང་བ་མཐའ་ཡས་ཀྱི༔ ལག་མཐིལ་ཉི་མའི་དཀྱིལ་འཁོར་བསྒོམ༔ རེག་པའི་གནད་ཀྱིས་གྲང་བ་དང་༔ ཆུ་སེར་རྒྱས་པ་ཐམས་ཅད་ཀུན༔ བ་མོར་ཉི་ཟེར་ཕོག་པ་ལྟར༔ བཅོམ་ཞིང་མེ་ཡི་རང་བཞིན་དུ༔ བསྒྱུར་བྱེད་ནུས་པ་དང་ལྡན་བསམ༔ ཁུ་ཚུར་སྟ་ཟུར་ནས་ཤད་དེ༔ གདོང་ཐད་ནམ་མཁར་འཕང་བྱས་ནས༔ ཐལ་མོ་དྲག་ཏུ་མཉེ་ཞིང་བསྐོར༔ པད་སྐོར་བྱས་ཏེ་ཕོ་བ་མཉེ༔ སླར་ཡང་པད་སྐོར་བྱས་ནས་སུ༔ སྟོད་དང་མཆན་ཁུང་རེས་མོས་འཕུར༔ ལུས་དང་མགོ་བོ་ཁྱད་པར་འཕུར༔ ལག་གཡས་མཐིལ་གྱིས་གཡོན་པ་དང་༔ གཡོན་པས་དེ་བཞིན་གཡས་པ་རུ༔ འཕུར་ཞིང་ཁྱད་པར་ཤད་པར་བྱ༔ དེ་ནས་
བརླ་ཡང་གཡས་གཡོན་འཕུར༔ ཁུ་ཚུར་ནུ་སྟེང་ནས་བསྒྲེང་བཞིན༔ འཕར་གྱིས་རྐང་གཡས་བསྒྲེང་བྱས་ཏེ༔ མར་བྱུག་ཡར་ཤད་ལན་གསུམ་བྱ༔ དེ་བཞིན་རྐང་གཡོན་ལ་ཡང་བྱ༔ ཞེས་སོ། །ལྔ་པ་ནི། སྣང་སྲིད་ལས་རབ་རྫོགས་པའི་ཞིང་༔ རང་ཉིད་དོན་ཡོད་གྲུབ་པར་བསྒོམ༔ ཁུ་ཚུར་གདོང་ཐད་ལན་གསུམ་འཕེན༔ དེར་སྦྲག་པད་སྐོར་བྱ་བ་དང་༔ ཆབ་གཅིག་སྐྱབས་སྦྱིན་མཉམ་བཞག་བྱ༔ དཀྱིལ་འཁོར་ལུས་ནི་ལན་གསུམ་སྤྲུགས༔ དེ་མཐར་འབེབ་ཆུང་གསུམ་དང་ནི༔ དེ་བཞིན་བར་འབེབ་ལན་གསུམ་དང་༔ འབེབ་ཆེན་གསུམ་གྱིས་རྫོགས་པར་བྱ༔ ཞེས་སོ། །གཉིས་པ་དངོས་གཞི་གཙོ་འཁོར་སོ་སོའི་འཁྲུལ་འཁོར་ལ་རྣམ་གྲངས་ཉི་ཤུ་ཐམ་པ་ལས། དང་པོ་ནི། སྣང་ཞིང་སྲིད་པ་ཐམས་ཅད་ཀུན༔ འོག་མིན་མེ་རི་འབར་བར་བསྒོམ༔ རང་ཉིད་རྡོ་རྗེ་གཞོན་ནུར་གསལ༔ སྣ་ཚོགས་གར་གྱི་རྣམ་འགྱུར་གྱིས༔ ལུས་ཀྱི་རྩ་མདུད་མ་ལུས་པ༔ ཁྲལ་མ་ཁྲོལ་མར་ཞིག་པར་བསམ༔ དེ་ནས་རྐང་མཐིལ་ས་ལ་ཕབ༔ པུས་བྲང་སྦྱར་ཏེ་ཁུ་ཚུར་གྱིས༔ སྟ་ཟུར་ཤད་དེ་ལུས་ཡར་འཐེན༔ རྐང་པ་གྱད་ཀྱི་འདོར་སྟབས་ལ༔ ཁུ་ཚུར་གཡས་སུ་ཤུགས་ཀྱིས་འཕེན༔ གཡོན་པས་འདོམ་གང་ཚུལ་དུ་
འཐེན༔ དེ་ལྟར་ལན་གསུམ་བསྐྱར་བྱས་ནས༔ སླར་ཡང་ལང་སྟབས་པུས་བྲང་བསྲང་༔ སྡིགས་མཛུབ་སྟེང་གི་ནམ་མཁར་འཕེན༔ ལན་གསུམ་བསྐྱར་ཏེ་སླར་ཡང་ནི༔ རྐང་པ་གྱད་ཀྱི་འདོར་སྟབས་བསྒྲད༔ ལག་གཉིས་ནང་བསྐོར་ནུ་སྟེང་ནས༔ གཡས་གཡོན་ནམ་མཁར་ལན་གསུམ་འཕེན༔ ནང་བསྐོར་སྙིང་གར་ཐལ་མོ་སྦྱར༔ ལན་གསུམ་བསྐྱར་ཏེ་འབེབ་ཆེན་གསུམ༔ བརྡབ་ཚེ་མ་དག་སྙིགས་མའི་ལུས༔ དྭངས་མ་འོད་ཀྱི་རང་བཞིན་དུ༔ ཞིག་པར་བསམ་ལ་མཉམ་པར་བཞག༔ ཅེས་སོ། །གཉིས་པ་ནི། སྣང་སྲིད་དག་པ་མཁའ་སྤྱོད་ཞིང་༔ རང་ཉིད་དབྱིངས་ཀྱི་རྗེ་མོར་བསྒོམ༔ ཧར་གྱིས་ལངས་ཏེ་ཁུ་ཚུར་གཉིས༔ ཤད་བསྐྱེད་སྦུབས་ལ་ལུས་ཡང་བསྲང་༔ རྐང་པའི་བྲང་བ་སོ་སོ་ནས༔ ཤད་དེ་མཁའ་ལ་ལན་གསུམ་འཕེན༔ རྐང་པ་གཡས་བསྐུམ་གཡོན་བརྐྱང་པའི༔ གར་སྟབས་ལག་གཡས་སྡིགས་མཛུབ་ནི༔ གཡས་ཕྱོགས་ནམ་མཁར་ལན་གསུམ་འཕང་༔ དེ་བཞིན་གཡོན་བསྐུམ་གཡས་བརྐྱང་སྟེ༔ སྡིགས་མཛུབ་གཡོན་ཕྱོགས་མཁའ་རུ་འཕེན༔ རྩ་མདུད་ཐམས་ཅད་ཁྲལ་ཁྲོལ་དུ༔ ཞིག་པར་བསམ་ལ་རྒུར་འཐེན་ནས༔ འབེབ་གསུམ་བརྡབ་སྟེ་མཉམ་
པར་བཞག༔ ཅེས་སོ། །གསུམ་པ་ནི། སྣང་སྲིད་ཞི་བ་ལྷུན་གྲུབ་དལ༔ རང་ཉིད་བཛྲ་ཀཱི་ལར་གསལ༔ ཞེ་སྡང་འཁྲུལ་པ་བཤིག་པའི་གར༔ བསྒྱུར་བས་སྙིང་གའི་རྩ་མདུད་གྲོལ༔ མེ་ལོང་ཡེ་ཤེས་མངོན་གྱུར་བསམ༔ ལངས་ཏེ་སྟ་ཟུར་གཡས་གཡོན་ནས༔ རྡོ་རྗེའི་ཁུ་ཚུར་གྱིས་ཤད་དེ༔ གཡས་གཡོན་ཟུར་དུ་ལན་གསུམ་འཕེན༔ དེ་ནས་རྡོ་རྗེའི་ལུས་རྒྱ་བྱ༔ རྐང་པ་གྱད་ཀྱི་འདོར་སྟབས་བསྒྲད༔ ལྟ་སྟངས་གཡས་ཀྱི་ནམ་མཁའ་རུ༔ སྡང་མིག་བསྒྲད་ཅིང་ལག་གཡས་ཀྱི༔ སྡིགས་མཛུབ་ནམ་མཁར་ལན་གསུམ་འཕེན༔ གཡོན་དུའང་དེ་བཞིན་འཕང་བར་བྱ༔ འཕར་སྟངས་དང་ནི་བསྐོར་སྟངས་ཀྱི༔ རྣམ་འགྱུར་མཛེས་ཤིང་རྔམས་པ་བྱ༔ ཆོས་ཀྱི་འཁོར་ལོར་ཧཱུཾ་ཞིག་བསྒོམ༔ མི་བསྐྱོད་རྡོ་རྗེའི་ངོ་བོར་གསལ༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ འོད་ཀྱིས་སྙིང་གའི་རྩ་འདབ་གང་༔ རྩ་ཡི་མདུད་པ་ཐམས་ཅད་ཀུན༔ བཙན་ཐབས་ཉིད་དུ་ཞིག་པར་བསམ༔ ལུས་ཀུན་འཐེན་སྟངས་གསུམ་གྱི་མཐར༔ རྡོ་རྗེ་གཅུས་འབེབ་ལན་གསུམ་བརྡབ༔ ཅེས་སོ། །བཞི་པ་ནི། སྣང་སྲིད་རྒྱས་པ་ལྷུན་གྲུབ་དལ༔ རང་ཉིད་རཏྣ་ཀཱི་ལར་གསལ༔ ང་རྒྱལ་འཁྲུལ་པ་བཤིག་པའི་
གར༔ བསྒྱུར་བས་ལྟེ་བའི་རྩ་མདུད་གྲོལ༔ མཉམ་ཉིད་ཡེ་ཤེས་མངོན་གྱུར་བསམ༔ སླར་ཡང་རྩ་རླུང་ཐིག་ལེའི་ཁམས༔ ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་ནག༔ རྣམས་སུ་གནས་འགྱུར་གོ་འཕོས་ཏེ༔ གསང་གསུམ་འཁོར་ལོར་གནས་དག་བསམ༔ ལངས་ཏེ་སྡིགས་མཛུབ་ནམ་མཁའ་རུ༔ ཤེས་བསྐྱེད་ལན་གསུམ་འཕང་བྱས་ཏེ༔ ནོར་བུའི་ཕྱག་རྒྱ་གནས་ལྔར་གཏུག༔ དེ་ནས་ཁུ་ཚུར་མཆན་ཁུང་གཏད༔ ལུས་ནི་གཡས་གཡོན་གསུམ་གསུམ་གཅུ༔ དེ་ནས་ཁུ་ཚུར་བོལ་གོང་དུ༔ དལ་གྱིས་རྒུ་བཞིན་ཧ་ཡི་སྒྲས༔ རླུང་དུག་ཕྱི་རུ་དབྱུང་བྱས་ཏེ༔ ཧཱུཾ་ཞེས་བརྗོད་པས་ཡེ་ཤེས་རླུང༔ དལ་གྱིས་རྔུབས་བཞིན་ཁུ་ཚུར་བསྒྲིལ༔ རྐང་པའི་བར་ནས་ཡར་བརྒྱུད་དེ༔ བྲང་གི་སྟེང་ནས་ནམ་མཁའ་རུ༔ འཕེན་དང་ཆབ་གཅིག་དམིགས་པ་ནི༔ རྩ་ཆེན་རྩ་ཆུང་རྩ་ཕྲན་ཀུན༔ དབུ་མ་ཉིད་དུ་སྡུས་བསམ་ཞིང་༔ ཧཾ་ཞེས་སྟོང་འདྲེན་དྲག་པོ་ཡིས༔ རྩ་རླུང་ནང་དུ་ཤུགས་ཀྱིས་འཐེན༔ ལན་གསུམ་བསྐྱར་ཏེ་འཕར་སྟངས་ཀྱིས༔ བསྒྲད་ཆེན་ལན་གསུམ་བརྡབ་པར་བྱ༔ ཞེས་སོ། །ལྔ་པ་ནི། སྣང་སྲིད་དབང་ཆེན་ལྷུན་གྲུབ་དལ༔ རང་ཉིད་པདྨ་ཀཱི་ལར་གསལ༔ འདོད་ཆགས་འཁྲུལ་པ་བཤིག་པའི་གར༔ བསྒྱུར་བས་མགྲིན་པའི་རྩ་མདུད་གྲོལ༔
སོར་རྟོག་ཡེ་ཤེས་མངོན་གྱུར་བསམ༔ སྙིང་གར་རྩ་མཆོག་དབུ་མའི་སྦུབས༔ ཡི་གེ་ཨོཾ་དཀར་ཨཱཿདམར་པོ༔ ཧཱུཾ་ཡིག་མཐིང་ནག་དང་བཅས་པ༔ བརྩེགས་མར་གནས་པའི་འོད་ཟེར་ནི༔ མེ་ལས་མེ་སྟག་ཆད་པ་ལྟར༔ རྩ་ཆེན་རྩ་ཆུང་རྩ་ཕྲན་ཀུན༔ རཾ་ཡིག་དམར་པོ་རྡུལ་ཕྲན་ཙམ༔ ཏིལ་གོང་ཕྱུར་བཞིན་གང་བར་བསྒོམ༔ སྣ་བུག་གཉིས་ནས་རླུང་རྔུབས་པས༔ རྩ་གནས་རཾ་ཡིག་ཀུན་ལ་ཕོག༔ མེ་རླུང་འཐབ་པའི་བྱེད་ལས་ཀྱིས༔ མ་དག་སྙིགས་མའི་རྩ་རླུང་ཐིག༔ དྭངས་མ་འོད་ཕུང་དཀར་དམར་མཐིང་༔ ཡེ་ཤེས་གསུམ་གྱི་རོལ་པར་བསྲེགས༔ རང་ལུས་འོད་ཀྱི་ཕུང་པོ་ལ༔ ཡེ་ཤེས་མེ་དཔུང་འབར་བར་བསྐྱེད༔ སྣ་ཚོགས་གར་གྱི་རྣམ་རོལ་ལས༔ ཁམས་གསུམ་གནས་པའི་སེམས་ཅན་གྱི༔ སེམས་དང་སྣང་བ་དབང་བསྒྱུར་ཏེ༔ ཟག་མེད་ས་ལ་སྦྱོར་བར་དམིགས༔ ལངས་ཏེ་ཁུ་ཚུར་བསྐོར་རྒྱང་གིས༔ ལག་གཉིས་སྙིང་གར་བསྣོལ་བྱས་ཏེ༔ རྐང་པའི་མཐིལ་སྤྲད་པུས་མོ་བསྒྲད༔ གཡས་དང་གཡོན་དུ་ལན་གསུམ་རྒུ༔ འཕར་སྟངས་ཀྱིས་ནི་འདོར་སྟབས་བསྒྲད༔ སྡིགས་མཛུབ་ནམ་མཁར་ལན་གསུམ་འཕེན༔ སླར་ཡང་འཕར་སྟངས་དང་སྦྲགས་ཏེ༔ རྐང་པ་གཉིས་པོ་ལངས་སྟབས་བསྡུས༔ དེ་བཞིན་འཕར་སྟངས་དང་བཅས་ཏེ༔ སྔར་བཞིན་འདོར་སྟབས་
བསྒྲད་བྱས་ནས༔ སྡིགས་མཛུབ་བར་སྣང་ཁམས་སུ་འཕང་༔ པད་སྐོར་གྱིས་བསྐུམ་སྙིང་ག་རུ༔ ཐལ་མོ་ལན་གསུམ་སྦྱར་བྱས་ལ༔ རྒུར་ཏེ་མདུན་དུ་འགྲོ་སྟབས་ཀྱིས༔ ཕྱིར་ལ་རྒུར་ཆུང་འབེབ་གསུམ་བརྡབ༔ ཨོཾ་ཡིག་འོད་དཀར་རྩ་རུ་ཐིམ༔ ཨཱཿཡིག་འོད་དམར་རླུང་ལ་ཐིམ༔ ཧཱུཾ་ཡིག་འོད་མཐིང་ཐིག་ལེར་ཐིམ༔ རླུང་ལོག་རང་མལ་གསོད་པར་བསམ༔ མཆོག་གསུམ་སྐུ་གསུམ་རྩ་གསུམ་གྱི༔ རོལ་པ་ཆིག་རྫོགས་ཉིད་དུ་གསལ༔ ཞེས་སོ། །སྣང་སྲིད་དྲག་པོ་ལྷུན་གྲུབ་དལ༔ རང་ཉིད་ཀརྨ་ཀཱི་ལར་གསལ༔ ཕྲག་དོག་འཁྲུལ་པ་བཤིག་པའི་གར༔ བསྒྱུར་བས་གསང་བའི་རྩ་མདུད་གྲོལ༔ བྱ་གྲུབ་ཡེ་ཤེས་མངོན་གྱུར་བསམ༔ སྙིང་དབུས་རྩ་མཆོག་དབུ་མའི་སྦུབས༔ ཨོཾ་མཐར་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿརྣམས༔ དབུས་མཐིང་ཤར་དཀར་ལྷོ་སེར་པོ༔ ནུབ་དམར་བྱང་ལྗང་ཁ་དོག་ཅན༔ གསལ་འཚེར་འོད་འབར་སྣུམ་ལ་འདྲིལ༔ དེ་ལས་འོད་ཕུང་ལྔ་མཆེད་པས༔ མ་དག་ལས་ཀྱི་རྩ་རླུང་ཐིག༔ དག་དབྱིངས་དྭངས་མའི་ངོ་བོར་སྨིན༔ ཡི་གེ་ལས་ནི་ཡི་གེ་མཆེད༔ དབུས་དང་མདུན་རྒྱབ་གཡས་གཡོན་གྱི༔ རྩ་ཁམས་ཡི་གེའི་འཁོར་ལོ་དག༔ ཨོཾ་གྱིས་རྔུབ་ཅིང་ཨཱཿཡིས་དགང་༔ ཧཱུཾ་གིས་རྩ་ཁམས་
རྣམས་སུ་གཞིལ༔ རྡོ་རྗེའི་བཟླས་པ་ལན་དགུ་བསྐྱར༔ གཡས་སུ་ཉལ་ཏེ་རྩ་རྣམས་ཀྱི༔ མདུད་པ་ཁྲོལ་མར་ཞིག་བསམ་ཞིང་༔ རྐང་ལག་གཡོན་ཟུང་ཤུགས་ཀྱིས་འཕེན༔ གཡོན་དུ་ཉལ་ཏེ་གཡས་ཕྱོགས་ཀྱི༔ རྩ་མདུད་དེ་བཞིན་གྲོལ་བསམ་འཕེན༔ དེ་ནས་རྐང་མཐིལ་ཁ་སྦྱོར་འདུག༔ ལག་གཉིས་པུས་མོའི་སྟེང་དུ་བཞག༔ ཧཾ་སྒྲས་ལུས་ཀྱི་ནང་རོལ་རྣམས༔ ལན་གསུམ་ཤུགས་ཀྱིས་འཐེན་པར་བྱ༔ སླར་ཡང་ལངས་བཞིན་ལུས་བསྲངས་ཏེ༔ གཡས་སུ་ཕུར་པ་འདྲིལ་ཚུལ་དང་༔ གཡོན་དང་མདུན་དུ་ཡང་དེ་བཞིན༔ ས་ལ་གདབ་དང་སྟེང་དུ་ཕྱར༔ ཁུ་ཚུར་འཕེན་དང་ལྷན་ཅིག་ཏུ༔ འཕར་སྟངས་རྡོ་རྗེའི་ལུས་རྒྱ་བྱ༔ ལུས་ཀུན་ཤུགས་ཀྱིས་ལན་གསུམ་འཐེན༔ རྡོ་རྗེ་ཐོག་འབེབ་ལན་གསུམ་བསྐྱར༔ ཞེས་སོ། །བདུན་པ་ནི། སྣང་སྲིད་བདེ་ཆེན་ལྷུན་གྲུབ་དལ༔ རང་ཉིད་བུདྡྷ་ཀཱི་ལར་གསལ༔ གཏི་མུག་འཁྲུལ་པ་བཤིག་པའི་གར༔ བསྒྱུར་བས་སྤྱི་བོའི་རྩ་མདུད་གྲོལ༔ ཆོས་དབྱིངས་ཡེ་ཤེས་མངོན་གྱུར་བསམ༔ སྤྱི་བོ་བདེ་ཆེན་འཁོར་ལོ་རུ༔ ཆོས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི༔ ལྟེ་བར་ཐིག་ལེ་དཀར་པོ་ལས༔ ཐིག་ལེ་བཅུ་དྲུག་མགྲིན་པར་བབས༔ རླུང་ཁུག་གསུམ་གྱིས་དེའི་ཕྱེད་ཆ༔ སྙིང་ག་
ཆོས་ཀྱི་འཁོར་ལོར་བབས༔ དེ་བཞིན་རླུང་ཁུག་གསུམ་གྱིས་ནི༔ དེ་ཡི་ཕྱེད་ཆ་ལྟེ་བར་དང་༔ གོང་བཞིན་རླུང་ཁུག་ལན་གསུམ་གྱིས༔ དེ་ཡི་ཕྱེད་ཆ་གསང་བར་བབས༔ གཅིག་ཆ་ཨ་ཤད་ལ་ཕོག་པས༔ མེ་ཡི་ཤུགས་ཀྱིས་ལུགས་ལྡོག་སྟེ༔ སྤྲུལ་པའི་འཁོར་ལོར་ཡར་ལྡོག་པས༔ དགའ་བའི་ཡེ་ཤེས་སྐྱེས་པར་བསམ༔ ཆོས་ཀྱི་འཁོར་ལོར་ལྡོག་པ་ཡིས༔ མཆོག་ཏུ་དགའ་བའི་ཡེ་ཤེས་སྐྱེས༔ ལོངས་སྤྱོད་འཁོར་ལོར་ཡར་ལྡོག་པས༔ ཁྱད་པར་དགའ་བའི་ཡེ་ཤེས་སྐྱེས༔ བདེ་ཆེན་འཁོར་ལོའི་ཐིག་ལེར་ཐིམ༔ ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས༔ དེ་ནས་མེ་དང་ཐིག་ལེ་ཟུང་༔ ཆེར་མཆེད་སྒོ་གསུམ་ཡོངས་ཁྱབ་སྟེ༔ བདེ་སྟོང་ཟག་པ་མེད་པ་ཡི༔ ཡེ་ཤེས་ཉམས་སུ་མྱོང་བསམ་ཞིང་༔ ལངས་ཏེ་ཁུ་ཚུར་སྐོར་རྒྱང་གིས༔ མདུན་མཁར་འཕེན་དང་ཆབ་གཅིག་ཏུ༔ ཐལ་བརྡབ་འཁོར་ལོའི་རྒྱ་བྱས་ཏེ༔ གཡས་གཡོན་ཕྲག་པར་ལན་གསུམ་བསྐོར༔ རྐང་པ་མདུན་དུ་འཕང་ནས་སུ༔ སྡིགས་མཛུབ་ས་ལ་ལན་གསུམ་གཟིར༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས༔ ཀུན་ནས་བསླངས་པའི་བགེགས་གནོད་བྱེད༔ སྤྱན་མའི་མཁའ་རུ་ཕཊ་ཀྱིས་བཤིགས༔ བསྒྲད་
ཆུང་གསུམ་དང་སྐོར་འབེབ་བརྡབ༔ ཅེས་སོ། །བརྒྱད་པ་ནི། རང་ཉིད་ཧཱུཾ་མཛད་མཐིང་གར་གསལ༔ རྡོ་རྗེའི་ཁུ་ཚུར་སྐོར་རྒྱང་གིས༔ སྡིགས་མཛུབ་ནམ་མཁར་འཕང་ནས་སུ༔ ཧཱུཾ་ཞེས་རླུང་ནི་ལྟེ་འོག་མནན༔ སྡིགས་མཛུབ་སྦུབས་ཏེ་སར་གཏད་ཅིང་༔ ཧུ་ཞེས་སྟོང་འདྲེན་དང་བཅས་པའི༔ སྡིགས་མཛུབ་ནམ་མཁར་ལན་གསུམ་འཕེན༔ ཤེད་བསྐྱེད་མདའ་གཞུ་འགེངས་ཚུལ་བྱ༔ ལྷ་གདོན་འཁྲུལ་འཁོར་བཤིག་པར་བསམ༔ དེ་མཐར་བསྒྲད་ཆེན་གསུམ་བཏུད་བྱ༔ ཞེས་སོ། །དགུ་པ་ནི། རང་ཉིད་རྣམ་རྒྱལ་དཀར་པོར་གསལ༔ ལངས་ཏེ་རྡོ་རྗེའི་ཁུ་ཚུར་གཉིས༔ སྦུབས་རྒྱང་ལན་གསུམ་འཕང་ནས་སུ༔ ཏྲི་ཤུལ་ཕྱག་རྒྱ་ཐུགས་ཀར་བསྣོལ༔ དྲི་ཟའི་འཁྲུལ་འཁོར་བཤིག་པར་བསམ༔ ལན་གསུམ་བསྐྱར་མཐར་འབེབ་ཆེན་གསུམ༔ ཞེས་སོ། །བཅུ་པ་ནི། རང་ཉིད་གཤིན་རྗེ་མཐིང་སེར་གསལ༔ ལག་གཉིས་ཁུ་ཚུར་རྐང་པ་ཡི༔ བྲང་ནས་ཤད་དེ་ལན་གསུམ་འཕེན༔ སྡིགས་མཛུབ་སྤྱི་བོར་བསྣོལ་བྱས་ཏེ༔ གཡས་གཡོན་སེ་གོལ་ལན་གསུམ་གཏོགས༔ སྡིགས་མཛུབ་གཡས་པ་ནམ་མཁར་བསྒྲེངས༔ གཡོན་པ་ས་རུ་གཟིར་བྱས་ཏེ༔ རྐང་པ་གཡོན་བརྐྱང་འགྱིང་སྟབས་ཀྱིས༔ ལྟ་
སྟངས་གཡོན་གྱི་ཕྱོགས་སུ་གཟིར༔ གཤིན་རྗེའི་འཁྲུལ་འཁོར་བཤིག་པར་བསམ༔ དེ་མཐར་རྒུར་འབེབ་ལན་གསུམ་བརྡབ༔ ཅེས་སོ། །བཅུ་གཅིག་པ་ནི། རང་ཉིད་རྟ་མགྲིན་དམར་པོར་བསྒོམ༔ ལངས་ཏེ་རྡོ་རྗེའི་ཁུ་ཚུར་གཉིས༔ སྟ་ཟུར་དུ་འཕང་མདུན་རྒྱབ་ཏུ༔ དགྱེ་རྒུ་ལན་གསུམ་སྤེལ་བའི་མཐར༔ མགོ་བོ་གཡས་སུ་ལན་གསུམ་བསྐོར༔ དེ་བཞིན་གཡོན་དུ་སྤེལ་བྱས་ཏེ༔ ཁུ་ཚུར་མཆན་རྡེབ་མདུན་མཁར་འཕེན༔ རྟ་རྒྱ་སྤྱི་བོར་བཞག་བྱས་ནས༔ ཨི་ཧིའི་སྒྲ་སྐད་དྲག་པོ་བསྒྲག༔ ཆུ་ལྷའི་འཁྲུལ་འཁོར་བཤིག་པར་བསམ༔ མཐར་ནི་རྒལ་འབེབ་ལན་གསུམ་བྱ༔ ཞེས་སོ། །བཅུ་གཉིས་པ་ནི། རང་ཉིད་བདུད་རྩི་ལྗང་ནག་བསྒོམ༔ ཧར་གྱིས་ལངས་ཏེ་ལུས་བསྲང་ཞིང་༔ ཁུ་ཚུར་གདོང་རྒྱང་ནམ་མཁར་འཕང་༔ རྐང་གཡས་བརླ་གཡོན་སྟེང་དུ་བསྣོལ༔ ལག་གཉིས་རྡོ་རྗེའི་རྒྱ་བསྣོལ་ཏེ༔ གཡས་གཡོན་རྒྱབ་ཏུ་ཤུགས་ཀྱིས་བརྐྱང་༔ གནོད་སྦྱིན་འཁྲུལ་འཁོར་བཤིག་པར་བསམ༔ ལན་གསུམ་བསྐྱར་མཐར་རྡོར་འབེབ་གསུམ༔ ཞེས་སོ། །བཅུ་གསུམ་པ་ནི། རང་ཉིད་དབྱུག་པ་སྔོན་པོར་གསལ༔ ལག་གཉིས་ཁུ་ཚུར་སྐོར་རྒྱང་གིས༔ མཆན་ཚག་བརྡབ་ཅིང་ནམ་མཁར་འཕེན༔
རྐང་པ་གྱད་ཀྱི་འདོར་སྟབས་ལ༔ སྡིགས་མཛུབ་གཡས་གཡོན་མཁའ་རུ་འཕེན༔ ལུས་ཀྱི་སྟ་ཟུར་གཡས་གཡོན་ནས༔ ཤེད་བསྐྱེད་ལན་གསུམ་གྱེན་དུ་ཤད༔ ཁུ་ཚུར་སྟེང་གི་ནམ་མཁར་འཕང་༔ མེ་ལྷའི་འཁྲུལ་འཁོར་བཤིག་པར་བསམ༔ བསྒྲད་ཆུང་གསུམ་བརྡབ་ཕཊ་གསུམ་བརྗོད༔ ཅེས་སོ། །བཅུ་བཞི་པ་ནི༔ རང་ཉིད་མི་གཡོ་ལྗང་ནག་གསལ༔ ལག་གཉིས་ཁུ་ཚུར་སྦུབས་རྒྱང་གིས༔ སྟ་ཟུར་གཡས་དང་གཡོན་དུ་བརྐྱང་༔ ལག་གཡས་སྡིགས་མཛུབ་བསྒྲེང་བ་དང་༔ ལྷན་ཅིག་རྐང་གཡས་པུས་མོ་ནི༔ སར་བཙུག་རྐང་གཡོན་མདུན་དུ་བརྐྱང་༔ སྡིགས་མཛུབ་གཡས་གཡོན་ནམ་མཁར་འཕང་༔ སྲིན་པོའི་འཁྲུལ་འཁོར་བཤིག་པར་བསམ༔ དེ་ལྟར་གསུམ་བསྐྱར་བར་འབེབ་གསུམ༔ ཞེས་སོ། །བཅོ་ལྔ་པ་ནི། རང་ཉིད་འདོད་རྒྱལ་དམར་པོར་བསྒོམ༔ ལངས་ཏེ་ལུས་བསྲངས་ཁུ་ཚུར་གཉིས༔ མདུན་དང་རྒྱབ་ཏུ་ལན་གསུམ་འཕེན༔ རྐང་པ་འདོར་སྟབས་བྱས་ནས་སུ༔ སྡིགས་མཛུབ་དཔུང་མགོ་གཡོན་པ་ནས༔ བསྐོར་ཏེ་རྒྱབ་ཀྱི་ཕྱོགས་སུ་གཟེར༔ འཕར་སྟངས་དང་བཅས་རྐང་ལག་གཡོན༔ གོང་བཞིན་ལན་གསུམ་བསྐྱར་བྱས་པས༔ རླུང་
ལྷའི་འཁྲུལ་འཁོར་བཤིག་པར་བསམ༔ ཁུ་ཚུར་བསྐོར་རྒྱང་འབེབ་ཆེན་གསུམ༔ ཞེས་སོ། །བཅུ་དྲུག་པ་ནི། རང་ཉིད་ཁམས་གསུམ་རྣམ་རྒྱལ་བསྒོམ༔ ལངས་བཞིན་ཁུ་ཚུར་གདོང་རྒྱང་གིས༔ ལངས་འདུག་ལན་གསུམ་སྤེལ་བའི་མཐར༔ སྡིགས་མཛུབ་སྟེང་དུ་འཕེན་པ་དང་༔ ཆབ་གཅིག་སྟན་ལས་འཕར་སྟངས་བྱ༔ སྡིགས་མཛུབ་བར་སྣང་འཕེན་པ་དང་༔ ཆབ་གཅིག་གྱད་ཀྱི་འདོར་སྟབས་བསྒྲད༔ སྡིགས་མཛུབ་ཐུར་དུ་འཕེན་པ་དང་༔ ཆབ་གཅིག་ལུས་ཀུན་ཤུགས་ཀྱིས་འཐེན༔ དབང་ལྡན་འཁྲུལ་འཁོར་བཤིག་པར་བསམ༔ དེ་མཐར་འབེབ་ཆེན་ལན་གསུམ་བརྡབ༔ ཅེས་སོ། །བཅུ་བདུན་པ་ནི། རང་ཉིད་སྟོབས་ཆེན་ནག་པོར་གསལ༔ རྐང་པ་རྡོ་རྗེ་སྐྱིལ་ཀྲུང་དང་༔ གཡོན་དུ་སྡིགས་མཛུབ་འཕེན་བཞིན་དུ༔ ལྟ་སྟངས་ཀྱིས་ནི་གཟིར་བར་བྱ༔ དེ་བཞིན་གོ་ལྡོག་གཡས་ཕྱོགས་སུ༔ སྡིགས་མཛུབ་འཕེན་དང་ལྟ་སྟངས་གཟིར༔ ཁུ་ཚུར་པུས་སྟེང་བཞག་བྱས་ཏེ༔ མདུན་དུ་སྟོང་འདྲེན་དྲག་པོ་ཡིས༔ ལྟེ་བའི་རླུང་ནི་ཤུགས་ཀྱིས་འཐེན༔ སྟེང་གི་ནམ་མཁར་ལྟ་སྟངས་བྱ༔ ལན་གསུམ་བསྐྱར་མཐར་ཐལ་མོ་གཡས༔ གཡས་ཀྱི་ས་ལ་ལན་གསུམ་བརྡབ་
དེ་བཞིན་གཡོན་དུ་ལན་གསུམ་བརྡབ༔ ས་བདག་འཁྲུལ་འཁོར་བཤིག་པར་བསམ༔ འབེབ་ཆུང་གསུམ་དང་བར་འབེབ་གསུམ༔ འབེབ་ཆེན་དྲག་པོ་གསུམ་བཅས་བརྡབ༔ ཅེས་སོ། །བཅོ་བརྒྱད་པ་ནི། རང་ཉིད་རྡོ་རྗེ་ཕག་མོར་གསལ༔ ཁམས་གསུམ་སྣང་ཞིང་སྲིད་པ་ཀུན༔ འཇའ་ཚོན་མཁའ་རུ་སྡུད་པ་བཞིན༔ ཐུགས་གསང་ཆོས་ཉིད་ཆེན་པོ་རུ༔ འུབ་ཀྱིས་འདུས་ཤིང་ཞིག་པར་བསྒོམ༔ རྐང་པ་གོམས་སྟབས་དོར་བྱས་ཏེ༔ གྲི་གུག་ཐོད་འཛིན་ཕྱག་རྒྱ་བྱ༔ ཡང་ཅིག་སྡིགས་མཛུབ་བསྐོར་བྱས་ཏེ༔ མདུན་དུ་ལན་གསུམ་འཕེན་ཅིང་སྡུད༔ ཐོད་འཛིན་ཕྱག་རྒྱ་དཔུང་མགོ་ནས༔ མདུན་ཕྱོགས་བསྐོར་ཞིང་གཡོན་དུ་བཟེད༔ རྩིབས་ལོགས་གཡོན་དུ་གཏུག་ནས་སུ༔ རྐང་ལག་གཡས་གཡོན་ས་རུ་བརྡབ༔ གཡས་དང་གཡོན་དུ་རྒུ་བ་དང་༔ ཕག་ཞལ་རྒྱ་དང་ཕག་སྐད་བསྒྲག༔ དགྱེ་དགུ་བྱ་ཞིང་འཐེན་སྟངས་ཚུལ༔ བྱས་མཐར་བསྒྲད་ཆུང་གསུམ་བརྡབ་བྱ༔ ཞེས་སོ། །བཅུ་དགུ་པ་ནི། སྣོད་བཅུད་འོག་མིན་ཆོས་དབྱིངས་དལ༔ རང་ཉིད་འཁོར་ལོ་རྒྱས་འདེབས་གསལ༔ རྩ་གསུམ་འཁོར་ལོ་ལྔ་ལྡན་ལ༔ རིགས་ལྔ་དབྱིངས་ཀྱི་ཡུམ་ལྔ་ཡི༔ སྐུ་དབྱིངས་དྭངས་གསལ་ཆེན་པོའི་མཁར༔ ཞིང་ཁམས་ལྔ་ཡི་བཀོད་པ་རྣམས༔ མཚོ་
ལ་གཟའ་སྐར་བཀྲ་བཞིན་གསལ༔ ཁམས་གསུམ་བརྟན་གཡོ་ཐམས་ཅད་ཀུན༔ ཡེ་ཤེས་ལྔ་རུ་སྡུད་བསམ་ཞིང༔ ལངས་ཏེ་ཁུ་ཚུར་བསྐོར་རྒྱང་མཐར༔ རྐང་གཡས་གར་སྟབས་གསང་བར་གཏད༔ གཡོན་པ་ས་ལ་བརྫིས་བྱས་ཏེ༔ ལག་གཡས་སྡིགས་མཛུབ་ནམ་མཁར་བསྒྲེང་༔ གོུན་པས་ཐུགས་ཀར་ཐོད་འཛིན་གྱི༔ ཚུལ་བྱ་ལྟ་སྟངས་ནམ་མཁར་བལྟ༔ གཡོན་པས་དེ་ལྟར་ལན་གསུམ་བསྐྱར༔ མཐར་ནི་འཁོར་ལོའི་རྒྱ་བྱས་ཏེ༔ སྤྱི་བོར་གཏུག་ཅིང་འཕར་སྟངས་ཀྱིས༔ བཤིགས་ཏེ་པདྨའི་ཕྱག་རྒྱ་བྱ༔ མགྲིན་པར་གཏུག་སྟེ་ཕྱིར་བཤིགས་ཤིང་༔ རྡོ་རྗེའི་རྒྱ་བྱས་སྙིང་གར་བཞག༔ སླར་ཡང་ནོར་བུའི་རྒྱ་བྱས་ཏེ༔ ལྟེ་བར་ལན་གསུམ་གཏད་ཅིང་བཤིགས༔ དེ་ནས་རྒྱ་གྲམ་རྒྱ་བྱས་ཏེ༔ གསང་བར་ལན་གསུམ་གཏུག་བྱས་མཐར༔ ལག་གཉིས་སྟ་ཟུར་ལ་བརྐྱང་སྟེ༔ མདུན་དུ་རྒུ་ཞིང་རྒྱབ་ཏུ་དགྱེ༔ ལན་གསུམ་བསྐྱར་ཏེ་གན་རྐྱལ་ལོག༔ རྐང་ལག་རྣམ་བཞི་ཤུགས་ཀྱིས་བསྒྲེང་༔ དེ་ནས་རྡོ་རྗེ་སྐྱིལ་ཀྲུང་གིས༔ རྡོ་རྗེ་སྐྱིལ་ཀྲུང་སུམ་རྡབ་བརྡབ༔ འབེབ་ཆུང་གསུམ་མཐར་ཧ་སྤྲུགས་བྱ༔ ཞེས་སོ། །ཉི་ཤུ་པ་ནི། སླར་ཡང་གཙོ་འཁོར་གཅིག་དྲིལ་གྱི༔ ངོ་བོ་རྡོ་རྗེ་གཞོན་ནུར་བསྒོམ༔ ཤར་ཕྱོགས་རྡོ་རྗེ་རིགས་ཀྱི་དལ༔
སྤྲིན་ཕུང་དཀར་པོ་འཐིབ་བཞིན་བསྡུས༔ ལུས་ལ་གོས་དཀར་གྱོན་པ་ལྟར༔ རྡོ་རྗེའི་གྲོ་ཁྲབ་དཀར་པོ་ལ༔ རྡོ་རྗེའི་ཚྭ་ཚྭ་འཕྲོ་བར་བསྒོམ༔ དེ་བཞིན་འོད་ཟེར་ལྷོ་རུ་འཕྲོས༔ རིན་ཆེན་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་སེར་པོའི་རྣམ་པར་བསྡུས༔ རིན་ཆེན་གོ་ཁྲབ་སེར་པོར་གྱུར༔ དུར་ཕག་མགོ་དགུའི་ཚྭ་ཚྭ་འཕྲོ༔ དེ་བཞིན་འོད་ཟེར་ནུབ་ཏུ་འཕྲོས༔ པདྨ་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་དམར་པོའི་རྣམ་པར་བསྡུས༔ པདྨའི་གོ་ཁྲབ་དམར་པོར་གྱུར༔ མེ་ཁྱུང་དམར་པོའི་ཚྭ་ཚྭ་འཕྲོ༔ དེ་བཞིན་འོད་ཟེར་བྱང་དུ་འཕྲོས༔ ལས་ཀྱི་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་ལྗང་ནག་རྣམ་པར་བསྡུས༔ རྒྱ་གྲམ་ལྗང་གུའི་གོ་ཁྲབ་ལ༔ ལྕགས་སྡིག་ཚྭ་ཚྭ་འཕྲོ་བར་བསྒོམ༔ དེ་བཞིན་འོད་ཟེར་སྟེང་དུ་འཕྲོས༔ སངས་རྒྱས་རིགས་ཀྱི་རྟེན་བརྟེན་པ༔ འོད་ཕུང་མཐིང་ནག་རྣམ་པར་བསྡུས༔ ལུས་ཀུན་ཁྱབ་སྟེ་བརྡལ་བ་ལས༔ འཁོར་ལོའི་གོ་ཁྲབ་སྔོན་པོར་གྱུར༔ མེ་ལས་མེ་སྟག་འཕྲོ་བ་བཞིན༔ ཁྲོ་ཆུང་མཚོན་ཐོགས་སྐར་ལྟར་འཁྲིགས༔ དཔག་ཚད་རྒྱང་གྲགས་ཚུན་ཆད་དུ༔ གླག་ལྟ་བར་གཅོད་ཐམས་ཅད་ཀུན༔ ཉེ་ཞིང་རྒྱུ་བའི་གནས་མེད་བསམ༔ ཤར་དུ་ལྕགས་ཀྱུའི་ཕྱག་རྒྱ་བྱ༔ སྣང་སྲིད་བྲན་དུ་འགུགས་བསམ་ཞིང་༔ ཛ༔
ཞེས་ལྟ་སྟངས་དྲག་པོས་གཟིར༔ ལྕགས་ཀྱུ་དཀར་མོའི་ཀློང་རྒྱས་གདབ༔ ལྷོ་རུ་ཞགས་པའི་ཕྱག་རྒྱ་བྱ༔ སྣང་ཞིང་སྲིད་པ་མ་ལུས་པ༔ བྲན་དུ་བཅིང་ཞིང་འཁོར་དུ་བཀོལ༔ ཧཱུཾ་ཞེས་འཆིང་བར་བྱེད་པའི་སྒྲས༔ ཞགས་པ་སེར་མོའི་ཀློང་རྒྱས་གདབ༔ ནུབ་ཏུ་ལྕགས་སྒྲོག་ཕྱག་རྒྱ་བྱ༔ ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ སྡང་མེད་དཔའ་བཀོད་བློ་ཡིད་ཀུན་བཾ་གྱི་སྒྲ་ཡིས་རྨོངས་པར་བྱས༔ ལྕགས་སྒྲོག་དམར་མོའི་ཀློང་རྒྱས་གདབ༔ བྱང་དུ་དྲིལ་བུའི་ཕྱག་རྒྱ་བྱ༔ ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ བྲན་དུ་བཀོལ་ཏེ་གནོད་གདུག་དང་༔ དྲག་ཤུལ་རྒོལ་བའི་སྡང་སྟོབས་ཤུགས༔ བསམ་སྤྱོད་ཐམས་ཅད་མྱོས་པར་བྱས༔ མྱོས་བྱེད་ཧོཿཡི་སྒྲ་བསྒྲགས་པས༔ དྲིལ་བུ་ལྗང་མོའི་ཀློང་རྒྱས་གདབ༔ མཐར་ནི་རྡོ་རྗེ་ཐོགའབེབ་གསུམ༔ བཤིགས་དང་ཆབ་གཅིག་ཧ་ཧེ་ཧོ༔ བརྗོད་དེ་ལུས་སྤྲུགས་རྩ་འདར་བྱ༔ དེ་མཐར་བསྔོ་བ་སྨོན་ལམ་གྱིས༔ རྒྱས་གདབ་པ་ཡིས་རྫོགས་པའོ༔ ཞེས་པ་ལྟར་རོ། །དེ་ལྟར་འཁྲུལ་འཁོར་རྣམས་ཀྱི་སྐབས་སུ་རླུང་དང་འཁྲུལ་འཁོར་དམིགས་པ་གསུམ་པོ་ཡ་བྲལ་དུ་མ་སོང་བའི་སྒོ་ནས། ལུས་གནད་རྡོ་རྗེའི་ཁུ་ཚུར་ཡན་ཆད་ལ་ཆུན་ཐོན་པར་ཆ་ཆ་ནས་བསྒྲིམས་ཏེ་གནད་དུ་གཅུན་
པ་གལ་ཆེའོ། །གཉིས་པ་སྤྱོད་ལམ་གྱི་གེགས་སེལ་ནི། སྤྱིར་རླུང་འཛིན་པ་ལ། རླུང་འཚུབས་ཆེན་པོ་དང༌། དུ་བ་འཐིབས་ས་དང༌། གཉིད་བྲོ་ཞིང་ཁམས་ཉོག་པ་དང༌། སྣ་བུག་གཡས་ནས་རྒྱུ་བའི་ཚེ་ཉོན་མོངས་པའི་རླུང་སྟེ། འདི་དུས་གནད་དུ་བསྣུན་ན་རླུང་ལོག་སོགས་ཀྱི་གེགས་འབྱུང་བས་རྩོལ་བ་མི་བསྐྱེད། སྣ་བུག་གཡོན་ནས་རྒྱུ་བའི་ཚེ་ཡེ་ཤེས་ཀྱི་རླུང་འགྱུ་བས་འདི་དུས་རྩོལ་བ་བསྐྱེད་ན་རིག་པ་དྭངས་ཤིང་ཉམས་ཏོགས་འཕེལ་བའི་ཡོན་ཏན་འབྱུང༌། གཉིས་མཉམ་ནས་ཟུང་འཇུག་གི་རླུང་རྒྱུ་བས་འདི་དུས་གནད་དུ་བསྣུན་ན་རླུང་སེམས་དབུ་མར་འཇུག་པའི་དགོས་པ་ཡོད། དེའང་གཏུམ་མོ་བསྒོམ་པ་ཕལ་ཆེར་ལ་ལུས་གནད་མ་བསྡམས་ཤིང་རླུང་བསྐྱིལ་དྲག་པ་དང༌། འཕངས་པ་ཤེད་ཆེ་བས་ལ་བརྒལ་བ་དང༌། འོག་རླུང་མ་བསྡམས་པ་སོགས་ཀྱིས་རླུང་ལོག་གི་གེགས་འབྱུང་བ་ཤས་ཆེ་བས་བསལ་བར་བྱ་སྟེ། དེ་ལ་སྟོད་གེགས་ནི་ཤེས་པ་འཕྱོ་བ། སྙིང་མི་དགའ་བ། རོ་སྟོད་ན་བ། མགོ་ལ་ཟུག་གཟེར་སྐྱེ་བ་སོགས་བྱུང་ན། རང་ལུས་སྟོང་སང་ངེ་བར་གསལ་བཏབ་སྟེ་རླུང་ཐེང་གཅིག་གཉིས་ཞིག་བསྒོམས་རྗེས། གང་ན་སའི་ལུས་ཀྱི་ཐད་ཀའི་མདུན་རྒྱབ་ཏུ་བུ་ག་ཧ་རེ་དོད་པ་ལས་ནད་རྣམས་ཉི་ཟེར་གྱི་རྡུལ་བཞིན་དུ་བུན་བུན་ཐོན་པས་ལུས་ནང་སྟོང་སང་
སང་སོང་བར་མོས་པ། ལག་གཉིས་ཁུ་ཚུར་མདུན་དུ་བརྐྱང་རྗེས་ཁུ་ཚུར་གྱི་རྒྱབ་ནུ་སྟེང་དང་ལག་ངར་རྩིབས་ལོགས་ལ་ཐེབས་པར་རྡེག་པ་དང་མཉམ་དུ་ཧ་ཐུང་དྲག་ཏུ་འདོན་ནོ། །སྨད་ཀུནྡའི་གེགས་ནི་ཆགས་སྲེད་བག་ཆགས་ཀྱི་རྒྱུ་ལས་བྱུང་བ་ཡིན་ན་དགག་སྒྲུབ་དང་བྲལ་བའི་བློས་སེལ། གྲིབ་དང་དམ་སེལ་གྱིས་འཛག་ན་དབང་ཞུ་ཞིང་ཚོགས་འཁོར་བྱ། གང་བས་འཛག་པ་དང་ནད་ཀྱིས་འཛག་ན་འཛིན་ལྡོག་དགྲམ་པའི་དམིགས་པ་དང་འཁྲུལ་འཁོར་གྱིས་བསལ། གཞན་ཡང་བྱང་སེམས་ཉམས་པའི་སྐྱོན། ཧ་ཅང་ལུས་བྲེལ་བ་དང༌། ཧ་ཅང་ཚ་བ་དང་ཧ་ཅང་འཁྱགས་པར་མི་བྱ། གལ་ཏེ་བཤང་གཅིའི་ཁྲོད་ལ་འཛག་ན་དོར་བའི་ཚེ། རྐང་ལག་གི་སོར་མོ་བསྐུམ། ལྟ་སྟངས་གྱེན་དུ་བལྟ། ལྕེ་རྐན་ལ་སྦྱར། ལྟེ་བར་བུམ་ཅན་ཅི་ནུས་བཟུང་རྗེས་བཤང་གཅི་དོར་བས་ཕན་པར་གྱུར། རྨི་ལམ་དུ་འཛག་ན། ཉལ་ཁར་རང་དབང་ཕྱུག་ཆེན་པོ་སྐུ་མདོག་ནག་པོར་རལ་པའི་ཐོར་ཚུགས་ཅན། ལུས་ཐམས་ཅད་ཐལ་བས་བྱུགས་པ། ལིངྒ་གྱེན་དུ་སྒྲེང་བ། ཕྱག་གཡས་རྨ་བྱའི་སྒྲོ་ཆུན་བཟུང་ནས་རང་གི་མཚན་མ་ལ་ནང་རོལ་དུ་བྱབ་པར་བྱེད་པའི་སྐུར་བསྒོམས་ལ། ཨོཾ་ཧ་རི་ནི་སར་རཀྟ་ཚུ་ཀ་ཚུ་ཀ་སྭཱ་ཧཱ། །ཞེས་ཅི་
ནུས་བཟླས་ཏེ། རང་གི་རྡོ་རྗེ་ལྤགས་པས་མགོ་བཏུམས་ལ་ཁོང་པར་སྦས་པས་རྟིང་པ་གཡས་གཡོན་གང་རིགས་ཀྱིས་མནན་ཅིང༌། རྐང་པ་ཅིག་ཤོས་བརྐྱངས་ནས་ཉལ་བས་སེལ་ཏེ་ཤིན་ཏུ་ཟབ། སྤྱིར་གེགས་སྐྱོན་ཆེ་ཆུང་གང་བྱུང་ཡང་བླ་མ་ལ་གསོལ་བ་འདེབས་པ་དང༌། མཁའ་འགྲོ་ལ་ཚོགས་གཏོར་བཏང་ཞིང༌། ཁྱད་པར་ཤེས་པ་ཀ་དག་གི་ངང་ལ་བཞག་པས་རྩ་རླུང་ཐིག་ལེའི་སྐྱོན་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །དེ་ལྟར་ཟབ་ལམ་འདི་ཉིད་བླ་མེད་རྡོ་རྗེ་ཐེག་པའི་རྒྱུད་གཞུང་གི་བསྟན་དོན་གཙོ་བོ་ཡིན་པས་ཇི་སྐད་བཤད་པའི་ཉམས་ལེན་ལ་གོམས་འདྲིས་བརྟན་པ་ཐོབ་པར་བྱས་པའི་ཡོན་ཏན་ཀྱང༌། གནས་སྐབས་སུ་ལུས་ལ་བདེ་བ་འཕེལ། ནད་དཀོན་ཅིང་ཚེ་རིང༌། སྐྲ་དཀར་དང་གཉེར་མ་མི་འབྱུང༌། ལྷ་འདྲེའི་གནོད་པས་མི་ཚུགས། འབྱུང་བ་ལ་རང་དབང་སྒྱུར། ངག་བདེན་ཚིག་འགྲུབ། ཆོས་ཚིག་ཀློང་བརྡོལ། ཡིད་ལ་ཏིང་ཏེ་འཛིན་དང་རྟོགས་པའི་ཡོན་ཏན་སྐྱེ། འཁྲུལ་རྟོག་དག་ནས་ཟག་མེད་ཀྱི་ཡེ་ཤེས་མཐོང༌། མཐར་ཐུག་ཟུང་འཇུག་གི་གོ་འཕང་མངོན་དུ་བརྙེས་ནས་འཁོར་བ་ཇི་སྲིད་བར་ཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བར་འགྱུར་བ་སྟེ། ཚུལ་བཞིན་གནད་དུ་བསྣུན་གྱུར་ན༔ གེགས་དང་གོལ་ས་མ་ལུས་གཅོད༔
ལམ་རྟགས་ཡོན་ཏན་བསམ་མི་ཁྱབ༔ གྲུབ་པ་བརྒྱད་ལ་མངའ་དབང་འབྱོར༔ མཐར་ཐུག་ཡེ་ཤེས་འཁོར་ལོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་འགྱུར༔ ཞེས་གསུངས་པ་ལྟར་རོ། །གསང་ཆེན་གསང་བའི་ལམ་གྱི་མཐར་ཐུག་ཆེ། །བདེ་བས་བདེ་སྟོང་ཡེ་ཤེས་ལ་སྦྱོར་བ། །ཐབས་མཆོག་ཐབས་ལམ་མན་ངག་བདུད་རྩིའི་སྐྱེས། །སྐལ་ལྡན་སྐལ་བར་བསྐྱིལ་འདི་སྙིང་གི་གསོས། །འཁྲུལ་རྟོག་རླུང་སེམས་དྷཱུ་ཏིའི་སྦུབས་སུ་དག །ནང་གི་ས་ལམ་མིག་འཕྲུལ་བཞིན་དུ་བགྲོད། །སྒོ་གསུམ་རྡོ་རྗེ་གསུམ་དངོས་གྲུབ་པ་ཡི། །བརྟུལ་ཞུགས་སྤྱོད་པས་ཕྱོགས་ལས་རྣམ་རྒྱལ་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐུན་མོང་གི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་སྙིང་པོར་དྲིལ་བ་བདེ་ཆེན་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་འདི་ནི། བཀའ་བབས་ཀྱི་ཆོས་བདག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བ་ལས། སྐལ་བ་ཅན་གྱི་གང་ཟག་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་ཤེས་ནས། སྔགས་ཀྱི་བནྡྷེ་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཤེས་རབ་ཀྱི་ཆའི་དགའ་བ་དང་པོ་ལ་མཁན་ལྗོངས་ཕུན་
ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་ཟུང་འཇུག་བདེ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ། །ཛ་ཡནྟུ། །
ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གི་ལྷན་ཐབས་ལག་ཁྲིད་དཔལ་ཆེན་དགྱེས་པའི་ཞལ་ལུང་།
༄༅། །ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གི་ལྷན་ཐབས་ལག་ཁྲིད་དཔལ་ཆེན་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། །མཁའ་ཁྱབ་བདེ་ཆེན་སྒྱུ་དྲྭའི་ཟློས་གར་གྱིས། །དངོས་ཀུན་མི་ཤིགས་ཐིག་ལེར་སྡོམ་མཛད་མགོན། །ཧེ་རུ་ཀ་དཔལ་བླ་མར་གུས་བཏུད་ནས། །མཆོག་གསང་མན་ངག་ཟབ་མོའི་ལྷན་ཐབས་དབྱེ། །དེ་ལ་འདིར་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གི་ལྷན་ཐབས་ལག་ཁྲིད་ཅུང་ཟད་གསལ་བར་བྱེད་པ་ལ་གཉིས་ཏེ། སྤྱིའི་གོ་དོན་མདོ་ཙམ་སྨོས་པ་དང༌། སྐབས་ཀྱི་ལག་ཁྲིད་དངོས་འཆད་པའོ། །དང་པོ་ལ་བཞི། ལུས་འགྲུབ་པའི་རྒྱུ་རྐྱེན། གནས་པ་རྩ། གཡོ་བ་རླུང༌། བཀོད་པ་
ཐིག་ལེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་དོ། །དང་པོ་ལུས་འགྲུབ་པའི་རྒྱུ་རྐྱེན་ནི། རྡོ་རྗེ་ཐེག་པའི་རྟེན་ཁྱད་པར་དུ་འཕགས་པ་འཛམ་བུའི་གླིང་པའི་མི་ཁམས་དྲུག་ལྡན་གྱི་ལུས་འདི། དྲི་མ་དང་བཅས་པའི་སེམས་ཀྱིས་འདུ་བྱས་ཤིང་ལས་མངོན་པར་བསྒྲུབས་པས་རྒྱུ་བྱས། ཕ་མའི་འདུ་འཕྲོད་ཀྱིས་རྐྱེན་བྱས་ཏེ། དེ་གསུམ་ཚོགས་པ་ཉི་ཟླ་སྒྲ་གཅན་ཞེས་བཏགས་པའི་ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་དང་བཅས་པ་ལས་ལུས་ངག་ཡིད་གསུམ་བསྐྱེད། བར་དོའི་ཤེས་པ་དེས་ཕ་མ་གཉིས་ཀྱི་རེག་པ་སྲ་བ་དེ་ཉམས་སུ་མྱོང་བས་སའི་ཁམས་
གྲུབ་ཅིང༌། དེ་བཞིན་དུ་བྱང་སེམས་ཁུ་བ་གཤེར་བའི་རང་བཞིན་ཆུ། བསྐྱོད་པ་ལས་དྲོད་སྐྱེ་བ་མེ། རྩ་གནས་ཐམས་ཅད་ལས་བྱང་སེམས་གཡོ་བ་རླུང༌། བདེ་བ་ནམ་མཁའི་ཁམས་ཏེ་འབྱུང་བ་ལྔ། རྣམ་པར་ཤེས་པ་ཡེ་ཤེས་ཀྱི་ཁམས་དང་དྲུག་འདུས་པ་ལས་ལུས་གྲུབ་པ་སྟེ། མའི་མངལ་དུ་ས་བཅུའི་རང་བཞིན་གྱི་ཟླ་བ་ངོ་བཅུར་གནས་པའི་ཚེ་རྩའི་གཙོ་མོ་གསུམ་ནས་བརྩམས་ཏེ་སྟོང་ཕྲག་ལྔ་བཅུ་རྩ་བཞི་དང༌། བཙས་ནས་ཟླ་བ་གསུམ་པ་ན་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་རྫོགས་པས་ལུས་ཆགས་པའི་གནས་སྐབས་རྫོགས་པའོ། །གཉིས་པ་གནས་པ་རྩའི་མཚན་ཉིད་ནི། དེ་ལྟར་ལུས་ཀྱི་དབུས་གསང་གནས་ནས་གཙུག་གཏོར་གྱི་བར་དུ་རྩ་ཨ་ཝ་དྷུ་ཏི་སྲོག་ཤིང་གི་ཚུལ་དུ་ཡར་སྣ་སྨིན་མཚམས་སུ་ཟུག་པ། དེའི་གཡས་ན་རོ་མ་དང༌། གཡོན་ན་རྐྱང་མ་གཉིས་ཡར་སྣ་སྣ་བུག་ཏུ་ཟུག་སྟེ་སྨིན་མཚམས་ནས་སུམ་གཤིབས་ཀྱི་ཚུལ་དུ་སོང་བའི་འཁོར་ལོ་བཞིའམ་ལྔའི་ལྟེ་བར་སོ་སོར་མདུད་པའི་ཚུལ་གྱིས་ནང་འབྲེལ་བར་གནས་ལ། ལྟེ་བའི་འོག་ནས་རྩ་གསུམ་འདྲེས་ཤིང་དབུ་མའི་མར་སྣ་དུང་ཅན་མ་གཡས་ངོས་སུ་སོང་སྟེ་ཁུ་བ། རྐྱང་མ་དབུས་སུ་སོང་སྟེ་དྲི་ཆུ། རོ་མ་གཡོན་དུ་སོང་སྟེ་ཁྲག་དང་དྲི་
ཆེན་འབྱིན་སྡོམ་གྱི་ལས་བྱེད། སྤྱི་མགྲིན་སྙིང་ལྟེ་གསང་བའི་འཁོར་ལོ་ལྔ་ཀའི་ལྟེ་བ་དྷཱུ་ཏི་ནས་ཕྱོགས་བཞིར་འབྱུང་བཞིའི་ནུས་པ་འཛིན་པའི་རྩ་འདབ་བཞི་བཞི་གྱེས་ཤིང༌། སྙིང་གར་དེ་བཞི་ལས་གཉིས་རེ་གྱེས་པས་བརྒྱད། མགྲིན་པར་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག སྤྱི་བོར་དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། ལྟེ་བར་སྙིང་ག་ལྟར་གྱེས་པ་བརྒྱད་ཀྱི་བཞི་ལས་གཉིས་རེ་གྱེས་པས་འཕོ་བའི་རྩ་བཅུ་གཉིས་དང༌། དེའི་སྔར་གྱེས་པ་བརྒྱད་ལས་ལྔ་ལྔ་དང་མ་གྱེས་པ་བཞི་ལས་དྲུག་རེ་གྱེས་པས་དྲུག་ཅུ་རྩ་བཞི། གསང་བར་སྙིང་ག་བཞིན་གཉིས་རེ་གྱེས་པས་བརྒྱད་དོ། །དེའང་སྤྱི་བོ་སྐུའི་འཁོར་ལོའམ་བདེ་བ་ཆེན་པོའི་རྟེན་ཧཾ་ཡིག་བཞུགས་པས་བདེ་ཆེན་འཁོར་ལོ། མགྲིན་པར་གསུང་གི་འཁོར་ལོའམ་རོ་དྲུག་མྱོང་བའི་ཕྱིར་ལོངས་སྤྱོད་འཁོར་ལོ། སྙིང་ཐུགས་སམ་ཆོས་ཀྱི་འཁོར་ལོ། ལྟེ་བ་ནི་ལུས་ཐོག་མར་བསྐྱེད་པ་དང་སྤྲུལ་པའི་གནས་སམ་ཁམས་གསུམ་ལ་ཁྱབ་པས་སྤྲུལ་པའི་འཁོར་ལོ། གསང་བ་ནི་བདེ་བ་འཛིན་ཅིང་སྐྱོང་བས་བདེ་སྐྱོང་གི་འཁོར་ལོར་གྲགས་ཏེ། དེ་རྣམས་ལ་འཁོར་ལོར་བརྗོད་པའང་རྩིབས་ལ་སོགས་པ་དབྱིབས་མཚུངས་པ་
དང༌། དེ་དང་དེར་བྱེད་པ་བཅིངས་པ་ལས་རྟོག་པ་གཅོད་པའི་ཕྱིར་འཁོར་ལོ་དང་བྱེད་ལས་མཚུངས་པས་ཀྱང་དེ་སྐད་ཅེས་བྱའོ། །རྩ་དེ་དག་ལས་ཀྱང་ཕྱེ་ན་ནང་གི་གནས་ཉེར་བཞི་དང་ཡུལ་སོ་བདུན་དང༌། རོ་རྐྱང་དབུ་མ་གསུམ་གྱི་རིག་འཛིན་པའི་རྩ་སྟོང་ཕྲག་ཉི་ཤུ་རྩ་བཞི་པ་ཚོ་གསུམ་ལ་སྟོང་ཕྲག་བདུན་ཅུ་རྩ་གཉིས། དེ་རྣམས་ལས་གྱེས་པ་ནི་བསམ་གྱིས་མི་ཁྱབ་པ་སྟེ། བ་སྤུའི་གྲངས་ཇི་སྙེད་པའི་རྩའི་གྲངས་ཀྱང་དེ་སྙེད་དོ། །གཞན་ཡང་དབུ་མའི་ཡར་སྣར་གཙུག་ཏོར་འཁོར་ལོ་བསྣན་པ་སོགས་མང་ཉུང་མཐའ་གཅིག་ཏུ་མ་ངེས་པར་གསུངས་ཤིང༌། མདོར་ན་རྣལ་འབྱོར་པས་ཤེས་པར་བྱ་བའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་དང༌། དེ་རྣམས་ཀྱི་གཙོ་བོར་གྱུར་པ་འཁོར་ལོའི་རྩ་དང༌། དེ་རྣམས་ལས་ཀྱང་གཙོ་བོར་གྱུར་པའི་རྩ་སུམ་ཅུ་རྩ་གཉིས་ལ་སོགས་པ་བཤད་ལ། འཁོར་ལོ་དྲུག་གིས་རླུང་སེམས་ཀྱི་དྭངས་མ་འཛིན་ཅིང༌། སྙིགས་མས་ནད་སྐྱེད་པར་བྱེད་དེ། གཙུག་ཏོར་དང་དཔྲལ་བས་བད་ཀན། མགྲིན་སྙིང་གིས་མཁྲིས་ནད། ལྟེ་གསང་གི་ཕྱི་སྐོར་གྱིས་རླུང་ནད། གསང་བའི་ནང་སྐོར་གྱིས་འདུས་པའི་ནད་བསྐྱེད་དོ་ཞེས་འབྱུང་ངོ༌། །དེ་ཡང་ལུས་ལ་རགས་ཕྲ་ཤིན་ཏུ་ཕྲ་
བའི་ལུས། དེ་རྣམས་ཀྱི་ཆོས་ཉིད་དོན་དམ་ཡེ་ཤེས་ཀྱི་རྩ་ནི་རང་རིག་པའི་རྣམ་པར་ཤར་བའི་ཕྱིར་ཐ་མལ་གྱི་རྩ་ཐམས་ཅད་ལ་ཁྱབ་བྱེད་དུ་བཞུགས་པས་ཡེ་ཤེས་ཀྱི་དབུ་མ་ཆེན་པོ་ཞེས་ཀྱང་གྲགས་ལ། དེ་ཉིད་རྣམ་པ་ཐམས་ཅད་པ་ཡིན་པས་ཀུན་རྫོབ་ཀྱི་རྩ་ཡང་དེའི་རྗེས་སུ་འགྲོ་བའི་ཕྱིར། རྣལ་འབྱོར་པའི་སེམས་ཀྱིས་རྣམ་པ་གར་གཏད་དེ་དང་འདྲ་བར་ཐ་མལ་པའི་རྩ་རྣམས་ཀྱིས་ཀྱང་བྱ་བ་བྱེད་པས་ན་རྒྱུད་སྡེ་ཐ་དད་ལས་གསུངས་པའི་རྩའི་རྣམ་བཞག་མི་འདྲ་བ་རྣམས་ཀྱང་མི་འགལ་བའི་གནད་ཤེས་པར་བྱའོ། །གསུམ་པ་གཡོ་བ་རླུང་གི་མཚན་ཉིད་ནི། སྤྱིར་ལུས་ཅན་རྣམས་ཀྱི་ངག་གི་ཆོས་དང༌། ཕྱི་རོལ་དུ་དབུགས་སྲང་ཆུ་ཚོད་ཞག་སོགས་དུས་ཀྱི་ཆོས་རྣམས་ཀྱི་འཆར་གཞིར་གྱུར་པ་ནི་དོན་དམ་ཡེ་ཤེས་ཀྱི་རླུང་ངམ་སྲོག་ཆེན་པོའི་རླུང་ཞེས་བྱ་སྟེ། འཇམ་དཔལ་སྒྱུ་དྲྭ་ལས། སྲོག་ཆེན་པོ་སྟེ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། ཅེས་གསུངས་པས། རླུང་མཐའ་དག་གི་གཤིས་ལ་རྒྱུན་མི་ཆད་པར་ཁྱབ་པ་རྒྱུ་རྒྱུད་ཀྱི་རྟེན་དུ་གྱུར་པ་ཡིན་ལ། དེའི་གློ་བུར་གྱི་དྲི་མ་ཀུན་
གཞིའི་རྣམ་ཤེས་ཀྱི་རང་བཞིན་ཡུལ་ལ་གཡོ་བནི་ལས་ཀྱི་རླུང་སྟེ། དེ་ལ་ཕུང་པོ་ལྔའི་རྟེན་བྱེད་པ་རྩ་བའི་རླུང་ལྔ་ནི། སྲོག་འཛིན། གྱེན་རྒྱུ། ཁྱབ་བྱེད། མེ་མཉམ། ཐུར་སེལ་ལྔ་སྟེ། བྱེད་ལས་ཀྱང་རིམ་པ་བཞིན། སྲོག་གནས་པ་དང༌། དབུགས་དབྱུང་རྔུབ་དང༌། ལུས་གནས་པ་དང༌། དྲོད་འབེབས་པ་དང༌། འགྲོ་འདུག་གཤང་གཅི་ཁུ་གསུམ་འབྱིན་སྡོམ་དང་བཅས་པའི་བྱ་བ་བྱེད་ལ། གལ་ཏེ་ལོག་ན། བརྒྱལ་སྨྱོ་ཤི་བ་སོགས་དང༌། སྟོད་ནད་དང༌། ཞ་རེངས་ཀྱི་ནད་དང༌། ཕོ་བའི་ནད་དང༌། སྨད་ཀྱི་ནད་རྣམས་བསྐྱེད་ཅིང༌། དེ་དག་ལུས་ཀྱི་དབུས་དང༌། སྟོད་དང༌། པགས་པའི་མཐར་ཐུག་པ་དང༌། ཞུ་བའི་མཚམས་དང༌། ལྟེ་བ་མན་ཆད་གནས་པར་བཤད། ཡན་ལག་གི་རླུང་ལྔ་ནི། རྒྱུ་བ། རྣམ་པར་རྒྱུ་བ། ཡང་དག་རྒྱུ་བ། རབ་ཏུ་རྒྱུ་བ། ངེས་པར་རྒྱུ་བ་སྟེ། དབང་པོ་ལྔ་ལ་གནས་ཤིང་གཟུགས་བསྐྱེད་པ་སོགས་ཀྱི་བྱ་བ་བྱེད་པ་དང༌། བྱེ་བྲག་ཏུ་སྣར་རྒྱུ་བའི་རླུང་ནི་ཉིན་ཞག་ཕྲུགས་རེ་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུལ། དེ་ཡང་འཕོ་བ་བཅུ་གཉིས་པའི་དབང་དུ་བྱས་ན། ལྟེ་བའི་རྩ་འདབ་དྲུག་ཅུ་
རེ་བཞི་ལས། སྔར་དྲུག་ཏུ་གྱེས་པའི་ཡ་གྱལ་བཞི་པོ་དབུ་མའི་འཕོ་བ་ཡིན་པའི་ཕྱིར། དཀྱིལ་འཁོར་མི་འབབས་པས་སྟོང་པའི་རྩ་བཞི་ཞེས་བྱའོ། །དེ་ལྷག་དྲུག་ཅུ་པོ་ནས་རྒྱུ་ཚུལ་ནི། བ་སྤུའི་མཐར་ཐུག་པའི་རྩ་ལམ་ནས་རྩ་འཁོར་གྱི་རླུང་རྣམས་ལྟེ་བའི་རླུང་དང་འདྲེས་ཏེ་རོ་རྐྱང་གི་ལམ་ལས་སྣ་སྒོར་འབབ་པ། དེ་ཡང་འབྱུང་བ་ལྔ་གཡས་གཡོན་སྡུད་པ་བསྐྱེད་ཀྱི་རིམ་པས་འཕོ་བ་རེ་ལ་དབྱུག་གུ་ལྔ་རེ། དབྱུག་གུ་རེ་ལ་དབུགས་སུམ་བརྒྱ་དྲུག་ཅུ་སྟེ། འཕོ་བ་རེ་ལ་དབུགས་སྟོང་བརྒྱད་བརྒྱ་པ་རེ་རྒྱུ་ནའང༌། དེའི་སྟེང་ན་སྟོང་པའི་རྩ་བཞིའི་དབྱེ་བས་དབུགས་གཅིག་གི་ཕྱེད་བཅས་སོ་གཉིས་ཆ་རེ་ཡེ་ཤེས་ཀྱི་རླུང་ཡིན་ལ། དེ་བསགས་པས་དབྱུག་གུ་རེ་ལ་དབུགས་བཅུ་གཅིག་དང་བཞི་ཆ་གཅིག འཕོ་བ་རེ་ལ་ང་དྲུག་རྐང་བཅས། ཉིན་ཞག་གཅིག་ལ་དྲུག་བརྒྱ་དོན་ལྔ་རྣམས་རྒྱུ་ཞིང༌། དེ་ཆུ་ཚོད་དུ་དྲིལ་ན། ཆུ་ཚོད་གཅིག །ཆུ་སྲང་ང་གཉིས། དབུགས་གསུམ། དེ་ཟླ་བ་གཅིག་ཏུ་བསགས་པས་ཆུ་ཚོད་ང་དྲུག་དང༌། ཆུ་ཆུང་བཅོ་ལྔ། དེ་བཅུ་གཉིས་སུ་ཟློས་པས་ཞག་བཅུ་གཅིག་དང༌། ཆུ་ཚོད་བཅོ་ལྔ་རྣམས་ལོ་གཅིག་གི་ཡེ་རླུང་གི་
གྲངས་ཏེ་ཕྱི་རོལ་དུ་ཟླ་ཤོལ་གྱི་རྒྱུར་འགྱུར་ལ། སྐྱེས་བུ་ལོ་བརྒྱ་པའི་ཡེ་རླུང་བསྡོམས་པས་ལོ་གསུམ་ཕྱོགས་གསུམ་དུ་ལོངས་པ་སོགས་རྒྱུད་སྡེ་རྣམས་ལས་རྒྱ་ཆེར་གསུངས། ཁ་དོག་ནི་ས་ཆུ་མེ་རླུང་ནམ་མཁའ་རིམ་པར་སེར་དཀར་དམར་ནག་སྔོན་པོ། ཚད་ཀྱང་ལྟེ་འོག་སོར་བཞི་ནས་བརྒྱུད་དེ་སྣ་རྩེ་ལས་སོར་བཅུ་གཉིས་ནས་བཅུ་དྲུག་གི་བར་དུ་འགྲོ་བ་ཡིན་ནོ། །རླུང་དེ་དག་ལས་སྣ་སྒོར་རྒྱུ་བ་དང་སྒུལ་སྐྱོད་བྱེད་པའི་རླུང་སོགས་རགས་པ། ལུས་ནང་དུ་མི་གཡོ་ཞིང་འཁོར་བའི་རང་བཞིན་འབྱུང་ལྔའི་རླུང་དང༌། རྣམ་འགྱུར་རླུང་བཅུ། རྣམ་རྟོག་སྣ་ཚོགས་གཡོ་བའི་བཞོན་པ་རྣམས་འབྲིང་པོ། སྣང་བཞིའི་བཞོན་པར་གྱུར་པའི་རླུང་རྣམས་ཕྲ་བ། ཁྱད་པར་འོད་གསལ་གྱི་བཞོན་པའི་རླུང་ནི་ཤིན་ཏུ་ཕྲ་བ་ཡིན་ལ། དེ་ཡང་མན་ངག་ཐ་དད་པ་ལས་རླུང་གི་རྣམ་བཞག་མི་འདྲ་བ་བྱུང་བ་རྣམས་ཀྱང༌། ཡེ་ཤེས་ཀྱི་རླུང་རྣམ་པ་ཐམས་ཅད་པ་ཡིན་པས་དེའི་རྗེས་སུ་འགྲོ་བའི་ཕྱིར་གནད་གཅིག་ཏུ་འདུ་བ་ཡིན་ནོ། །དེས་ན་རླུང་བཅིངས་པས་རགས་པའི་ལས་རླུང་ཉིད་ཀྱང་ཡེ་ཤེས་ཀྱི་རླུང་དུ་གྱུར་ནས་ཡོན་ཏན་བསྐྱེད་པར་གསུངས་སོ། །བཞི་པ་བཀོད་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་མཚན་ཉིད་ནི། རྒྱུ་རྒྱུད་ཀྱི་རྟེན་དུ་
གྱུར་པ་སྟོང་གསལ་འགག་མེད་ཀྱི་ངོ་བོར་བཞུགས་པ་ནི་ཡེ་ཤེས་སྙིང་པོའི་ཐིག་ལེའམ་དོན་དམ་མི་ཤིགས་པའི་ཐིག་ལེ་ཡིན་ལ། ཀུན་རྫོབ་རྒྱུའི་ཐིག་ལེ་ནི་ཁམས་དཀར་དམར་གཉིས་ལས་དྭངས་སྙིགས་གཉིས་སུ་གྱུར་ཏེ། སྤྱི་བོར་ཕ་ལས་ཐོབ་པའི་དཀར་ཆ་ཧཾ་གི་རང་བཞིན་དང༌། ལྟེ་འོག་རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཏེ། ལས་ཀྱི་དཀར་ཆ་དང་དམར་ཆ་ཐམས་ཅད་ཀྱི་བདག་པོར་གྱུར་པ། དབུ་མའི་ཆ་ལ་བརྟེན་པ། རྣམ་ཤེས་ཀྱི་རྟེན་བྱེད་པའོ། །དེ་ལས་ཀྱང་དྭངས་སྙིགས་གཉིས་སུ་གྱུར་ཏེ་མངལ་དུ་མའི་རྩ་དང་འབྲེལ་བས་བསྐྱེད་ཅིང༌། བཙས་ནས་བཟའ་བཏུང་རྣམས་ཕོ་བར་བད་ཀན་གྱིས་མྱགས་པར་བྱེད། མཁྲིས་པས་མདོག་འགྱུར། རླུང་མེ་མཉམ་སྟེ་མེ་དྲོད་སྦར་བས་བཞུ་ཞིང་མྱགས་པར་བྱས་པའི་དྭངས་མ་མཆིན་པར་ཁྲག་ཏུ་གྱུར་ཏེ་རྩལ་བརྒྱུད་ནས། དེ་ཤ །རིམ་པར་ཚིལ། རུས། རྐང༌། བྱང་སེམས། དེས་སྟོབས་དང་མདངས་སུ་གྱུར་ལ། དེ་རྣམས་ཀྱི་སྙིགས་མ་ནི་རིམ་བཞིན་དུ། དྲི་ཆེན་དང༌། མཁྲིས་པ་དང༌། པགས་པ་དང༌། རྨེན་བུ་དང༌། སོ་སེན་དང༌། སྦུབས་ཀྱི་དྲི་མ་
མཆིལ་སྣབ་ལ་སོགས་པ་དང༌། དགའ་བའི་མཐར་འཛག་པ་སྟེ། ལུས་ཟུངས་བདུན་ཞེས་གྲགས་ཤིང༌། དེ་དག་གི་རྣམ་དབྱེ་རྒྱས་པར་ཕྱེ་ན་བྱེ་བ་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩ་ཇི་སྙེད་པར་རླུང༌། རླུང་ཇི་སྙེད་པར་ཐིག་ལེས་ཁྱབ་པར་གསུངས། མདོར་ན་ཐིག་ལེ་མཐའ་དག་ཁུ་རྡུལ་མུན་གསུམ་དུ་འདུ་ཞིང༌། དེ་གསུམ་གྱིས་ཆགས་སྡང་རྨོངས་གསུམ་སྐྱེད་པ་ལས། རང་བཞིན་བརྒྱད་ཅུའི་རྟོག་པ་དང༌། དེས་ལབ་བསགས་ནས་འཁོར་བའི་འཁྲུལ་སྣང་གི་སྡུག་བསྔལ་སྣ་ཚོགས་བྱུང་བ་ཡིན་ལ། དེ་གསུམ་འགྱུར་མེད་དུ་བཅིངས་པ་ལས་འཁོར་བ་ལྡོག་པར་འགྱུར་ཞིང༌། ཐིག་ལེ་ཐམས་ཅད་ཀྱི་རྩ་བ་ཆོས་ཉིད་མི་ཤིགས་པའི་ཐིག་ལེ་ནི་རྣམ་པ་ཐམས་ཅད་པ་ཡིན་པས། བརྟགས་པ་དང་མ་བརྟགས་པའི་ཐིག་ལེའི་རྣལ་འབྱོར་ཇི་སྙེད་པ་ཀུན་ཀྱང་དངོས་བརྒྱུད་གང་རུང་གི་སྒོ་ནས་ཡང་དག་པའི་ལམ་དུ་འགྲོ་བའི་གནད་ཀྱང་ཤེས་པར་བྱའོ། །དེ་ལྟར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལ་དེའི་གནས་ལུགས་ཤེས་པ་གལ་ཆེ་སྟེ། དེའི་རྒྱུ་མཚན་ཕྲ་བའི་ལུས་ངག་ཡིད་གསུམ་གདོད་མ་ནས་རྡོ་རྗེ་མི་ཤིགས་པ་གསུམ་གྱི་ལྷར་རྣམ་པར་དག་ལ། དེ་གསུམ་ཡང་དོན་དམ་པའི་རིགས་དྲུག་གི་ལྷ་ཡབ་ཡུམ་གྱི་བདག་ཉིད་འབྱུང་ལྔ་
སེམས་ཀྱི་དྭངས་མ་དྲུག་པོ་ཡང་གཉིས་གཉིས་ཟུང་དུ་འཇུག་པ་ལས། ས་ཆུའི་དྭངས་མ་སྐུ་རྡོ་རྗེ། མེ་རླུང་གི་དྭངས་མ་གསུང་རྡོ་རྗེ། མཁའ་སེམས་ཀྱི་དྭངས་མ་ཐུགས་རྡོ་རྗེར་བཞུགས་ཤིང༌། དེ་གསུམ་ལྡོག་ཆས་ཕྱེ་བ་ཙམ་ལས་དོན་དམ་པར་སྐུ་གསུང་ཐུགས་རྡོ་རྗེ་མཉམ་པ་ཉིད་དེ་སྦྱང་གཞི། དེའི་རང་མདངས་ཀུན་རྫོབ་སྣང་ངོའི་ཆ་ནས་རྐྱང་མ་རོ་མ་དབུ་མ་གསུམ་ཁུ་རྡུལ་རླུང་གི་རྟེན་དང༌། རླུང་སེམས་འཇུག་པ་གཅིག་པས་སེམས་ཀྱི་རྟེན་ཡང་ཡིན་ལ། དེ་ཉིད་རགས་པ་གྲུབ་པ་ན་རྩ་ལས་ལུས། རླུང་ལས་ངག །ཐིག་ལེ་ལས་སེམས་ཀྱི་ཆོས་གྲུབ་པ་ནི་སྦྱང་བྱ་འཁྲུལ་པའི་སྒོ་གསུམ་ཡིན་ཅིང༌། དེ་སྦྱོང་བྱེད་དབང་གོང་མ་གསུམ་དང་འབྲེལ་བའི་ཟབ་ལམ་ཁྱད་པར་ཅན་རྣམས་ཀྱིས་བྱེད་པ་བཅིང་ཞིང་འོད་གསལ་དུ་སྦྱངས་པས་གློ་བུར་གྱི་སྒྲིབ་པ་ཐམས་ཅད་གདོད་མའི་ཡེ་ཤེས་སུ་ཐིམ་པ་ན། སྦྱངས་འབྲས་སྒྲིབ་བྲལ་བདེ་བ་ཆེན་པོས་ཁྱབ་བྱེད་དུ་བྱས་པའི་སྐུ་གསུམ་པོ་འགྲུབ་པར་འགྱུར་བ་ཡིན་ནོ། །གཉིས་པ་སྐབས་ཀྱི་ལག་ཁྲིད་དངོས་འཆད་པ་ལ་གཉིས། མཐུན་པའི་རྐྱེན་གྱིས་གཞི་བཟུང་བ་དང༌། རྩ་བའི་ལག་ཁྲིད་དངོས་སོ། །དང་པོ་མཐུན་པའི་རྐྱེན་གྱིས་གཞི་བཟུང་པ་ནི། སྤྱིར་
སྒྲུབ་པའི་གནས། འཚོ་བ་ཟས། ལམ་གྱི་གྲོགས་སོགས་གཞུང་མཐུན་མཚན་ཉིད་ཚང་བ་དང༌། ཁྱད་པར་གསང་སྤྱོད་གསང་སྒྲོགས་ཀྱི་ཉེས་པ་འགོག་ཕྱིར་གཞན་གྱིས་མཐོང་ཚོར་མེད་པའི་དབེན་གནས་ས་གཞི་ཁོད་སྙོམས་པར། རླུང་ར་རྒྱ་ཁྱོན་འཚམས་ཤིང་ཁོར་ཡུག་ཀུན་ནས་ར་བས་ལེགས་པར་བསྐོར་ལ་ཡོལ་བ་སོགས་ཀྱི་ལྟ་གསེང་མེད་པར་བྱ། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བར་གསུངས་པ་བཞིན། ཉམས་སུ་ལེན་པ་པོ་རབ་ཏུ་བྱུང་བའི་དགེ་སློང་རིག་པ་འཛིན་པ་ཡིན་ན། ཕྱི་ལྟར་རྟགས་དང་ཆ་ལུགས་འདུལ་བའི་ཚུལ་ཁོ་ན་གཙོ་བོར་བཏོན་ཏེ་གསང་བའི་དམ་རྫས་ཡོ་བྱད་མཐའ་དག་གསང་ཐབས་སུ་འཆང་བ་དང༌། དེ་ལས་གཞན་པ་རྣམས་ཀྱིས་བརྟུལ་ཞུགས་ལམ་དུ་སློང་ཕྱིན་སྔགས་པའི་ཆ་ལུགས་གོས་དཀར་ལྕང་ལོའི་ཚུལ་ལ་བསླབ་པར་བྱ་སྟེ། གནས་ལུགས་མ་བཅོས་པའི་བརྡར་རལ་པ་མ་བཅོས་ལྕང་ལོ། འཁོར་འདས་ཀྱི་འཛིན་ཞེན་དག་པ་མཚོན་པའི་དུང་གི་རྣ་རྒྱན་ཟུང་ལྡན། ཤེས་རབ་བདེ་བ་ཆེན་པོ་མཚོན་ཕྱིར་ཁ་ཊྭཱྃ་རྩེ་གསུམ། རིག་པ་དྲི་མས་མ་གོས་པ་མཚོན་ཕྱིར་རས་གཟན་དཀར་པོ། འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་འདྲེས་བ་
མཚོན་པའི་སྒོམ་ཐག་དམར་ཁྲ། གཙང་དམེའི་རྟོག་པ་དག་ཅིང་ཏིང་ངེ་འཛིན་གྱི་བཟའ་བཏུང་ལ་རོལ་པ་མཚོན་པའི་ཀ་པཱ་ལ་མཚན་ལྡན་བཅས་བཅང་ཞིང༌། བྱེ་བྲག་རླུང་གི་ཡོ་བྱད་ཁྱད་པར་བ་ལ། འབེབས་གདན་ནི། འབོལ་སྲབ་འཐུག་རན་པ་རྒྱར་འདོམ་གང་ངམ་མཐོ་ལྔ་ལས་མི་ཆུང་བའི་ཁར་ཀོ་སྟན་འཇམ་ཞིང་མཉེན་ལྡན་ཁོད་སྙོམས་པ་འདི་དང༌། ཨང་རག་ནི། མཛེས་ཤིང་ཡིད་དུ་འོང་བ་རྒྱལ་མཚན་གྱི་དབྱིབས་སུ་བྱ་བར་གསུངས་པ་བཞིན་ཆེ་ཆུང་གི་ཚད་རང་རང་གི་གཟུགས་ཚད་དང་འཚམས་པ་ལས་ངོས་བཟུང་ཆེར་མ་མཆིས་ཀྱང༌། སྤྱིར་བཏང་ཙམ་དུ་གོང་བ་སོར་བཞི། འཇའ་གཉིས་སྒྲིག་སོར་རེ་རེ། ཤམ་བུ་གོང་འོག་གཉིས་བརྩེགས་སོར་ལྔ་རེ་ཙམ་དང༌། འདོམ་པ་བར་གྱི་རྟ་སྣམ་རས་བར་ཚང་ཅན་བྱས་པ་རྒྱབ་ཕྱོགས་ཀྱི་ཤམ་བུའི་འོག་ནས་ཐིག་གུ་གཉིས་གཤིབས་སུ་དྲུབ་སྟེ་གསང་གནས་ཀྱི་ཐད་དུ་སྣལ་མ་འུར་མཐིལ་འདྲ་བ་ཞིག་སྲད་བུ་བསྣོལ་མཚམས་སུ་འོང་བར་བྱས་ལ། མདུན་ངོས་ཀྱི་སྣེ་གཉིས་སྐ་རགས་ཀྱི་ཚུལ་དུ་ཤམ་བུ་སྟེང་མའི་འོག་ནས་དཀྲིས་ཤིང་མི་ལྷོད་པར་བྱ། སྒོམ་ཐག་ནི། སྣམ་རས་དམར་པོ་ཞེང་སོར་དྲུག་གམ་
བཞིའི་ཚད་ཅན་གཉིས་ཁ་སྦྱར་བའམ། ཡང་ན་ཞེང་གཅིག་ཉིས་ལྟེབས་ཀྱིས་ནང་ཁོངས་སྟོང་དུ་བྱས་པའི་ངོས་ལ་རས་དཀར་གྱི་སྐུད་པས་རྩ་གསུམ་མཚོན་དོན་ལྟ་བུ་དྲུབ་ཅིང་མཛེས་པར་བྱ། རིང་ཐུང་གི་ཚད་སྲིད་དུ་བཞི་ལྟེབས་བྱས་ནས་རང་གི་མགོ་ལ་དཀྲིས་པའི་ལྷག་མ་སོར་བརྒྱད་རིང་ཚད་དང༌། སོར་བཞི་ཐུང་ཚད་ཡིན་པས་གང་བདེར་བྱས་ལ་བཅང་ངོ༌། །གཉིས་པ་རྩ་བའི་ལག་ཁྲིད་དངོས་ལ། དངོས་གཞིའི་ཉམས་ལེན་རླུང་དང༌། གཏུམ་མོ། ཞུ་བདེའི་རྣལ་འབྱོར་རྣམས་ནི་མན་ངག་རྩ་བའི་གཞུང་དང་སྦས་དོན་ཉམས་ཁྲིད་ལས་ཤེས་པར་བྱ་ཞིང༌། འདིར་གེགས་སེལ་བོགས་འདོན་འཁྲུལ་འཁོར་གྱི་ལག་ཁྲིད་གཏེར་གཞུང་གི་དགོངས་པ་ཞལ་ཤེས་སྙན་བརྒྱུད་བཞིན་འགྲོལ་བ་ལ། ཐོག་མར་སྔོན་འགྲོ་ལུས་སྦྱོང་ཡན་ལག་ལྔ་ལས། དང་པོ་རྣམ་སྣང་ནི། འདི་ལྟར་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོར་ཡལ་བའི་ངང་ནས་སྐད་ཅིག་གིས་སྣང་སྲིད་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རང་ཉིད་གཟུགས་ཕུང་གནས་སུ་
དག་པའི་ངོ་བོ་རྣམ་པར་སྣང་མཛད་དཀར་གསལ་ཞི་འཛུམ་མཚན་དཔེས་མཛེས་པ། ཕྱག་གཉིས་ཐུགས་ཀར་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན། ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་སྤྲས་ཤིང༌། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་འཇའ་འོད་ཟེར་ཐིག་གི་ཀློང་དུ་བཞུགས་པ། སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་རྒྱལ་ཀུན་སྐུའི་བྱིན་རླབས་འདུས་པའི་ངོ་བོ་ཨོཾ་ཡིག་དཀར་པོ་གསལ་འཚེར་འབར་བ། དེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་པས་རང་གཞན་རྣམས་ཀྱི་ཚེ་རབས་ཀུན་ཏུ་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་སངས་ཀྱིས་དག་པར་བསམ་ལ། ལག་གཉིས་རྡོ་རྗེའི་ཁུ་ཚུར་བརླ་རྩ་ནས་པུས་སྟེང་བར་ཐུར་དུ་ཤད་ཅིང༌། དེ་ནས་སྦུབས་ཚུལ་གྱིས་སྟ་ཟུར་གཡས་གཡོན་ནས་གྱེན་དུ་ཤད་དེ་ནུ་སྟེང་སླེབས་པ་ན་གདོང་ཐད་ཀྱི་ནམ་མཁར་ཤུགས་ཀྱིས་འཕེན། ཡང་ཁུ་ཚུར་བུས་སྟེང་དུ་བཞག་པ་སྟ་ཟུར་གཡས་གཡོན་ནས་གྱེན་དུ་ཤད་དེ་འཕེན་པ་སྔར་ལྟར་ལན་གསུམ་སོང་རྗེས། ལག་གཉིས་ཐལ་མོ་ནང་བསྐོར་ཐོག་མཐེབ་མཛུབ་སོ་སོར་རྩེ་སྤྲད་ཅིང་
གཞན་རྣམས་བརྐྱང་བཞིན་ལག་གཡས་གྱེན་དང་གཡོན་པ་འོག་ཏུ་བཀན་པ་བྱང་ཆུབ་མཆོག་གི་ཕྱག་རྒྱ་སྙིང་གར་བཅའ། དེ་མ་ཐག་ལག་གཉིས་ཐལ་མོ་པད་སྦུབ་ཀྱིས་ཕྲག་པ་སོ་སོའི་ཐད་ཀར་སེ་གོལ་གཏོག །ཡང་དེ་ཐོག་ནས་ཐལ་མོ་ནང་བསྐོར་གྱིས་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་སེ་གོལ་གཏོག་པ་བཅས་ལན་གསུམ་ཚང་ནས། རྡོ་རྗེའི་ཆོས་བདུན་ཐོག་རླུང་བཏང༌། ལྷར་སྣང་མི་དམིགས་པར་བསྡུས་ཏེ་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ་མཉམ་པར་བཞག །གཉིས་པ་རྡོར་སེམས་ནི། སྣོད་བཅུད་མངོན་པར་དགའ་བའི་ཞིང་ཁམས་སུ་གསལ་བའི་དབུས་སུ་གླང་པོས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་རང་ཉིད་རྣམ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་རྡོ་རྗེ་མི་བསྐྱོད་པ་མཐིང་གསལ་ས་གནོན་མཉམ་གཞག་སྐྱིལ་ཀྲུང་ལོངས་སྐུའི་ཆས་ཅན་གྱི་སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་དབུ་མའི་ནང་ཁོངས་སྙིང་གའི་ཐད་དུ་རྒྱལ་ཀུན་ཐུགས་ཀྱི་ངོ་བོ་ཧཱུྃ་ཡིག་མཐིང་གས་མཚན་པ། དེ་ལས་འོད་ཟེར་མཐིང་ག་དཔག་ཏུ་མེད་པ་འཕྲོས་པས་རང་གཞན་རྣམས་ཀྱི་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བསམ་
ལ། སྔར་བཞིན་ལག་གཉིས་ཁུ་ཚུར་པུས་སྟེང་ནས་ཤད་དེ་གདོང་ཐད་དུ་ཤུགས་ཀྱིས་འཕང་རྗེས། ལག་གཡས་ཕྱི་ནས་བྱས་པའི་ཁུ་ཚུར་སྙིང་གར་བསྣོལ་ཏེ་ཕྱིར་བཀྲོལ་བ་དང་ཆབ་གཅིག་སྐྱིལ་ཀྲུང་ཡང་ཐར་གྱིས་བཤིག །འདི་མན་གྱི་སྐྱིལ་ཀྲུང་བཤིག་ཚུལ་ཐམས་ཅད་འདིས་འགྲེ། དེ་མ་ཐག་རྐང་མཐིལ་གཉིས་ཁ་སྦྱར་ལ་པུས་མོ་ཕྱིར་བགྲད་ཅིང་ལག་གཉིས་ཁུ་ཚུར་ནུ་སྟེང་ནས་གདོང་ཐད་ཀྱི་མདུན་མཁར་འཕང༌། དེ་ཐོག་ནས་ཐལ་མོ་ནང་དུ་བསྐོར་ལ་གུང་མོ་གཉིས་བརྐྱང་བ་རྩེ་སྤྲད་ཅིང་ལྷག་མ་རྣམས་བསྣོལ་བ་རྡོ་རྗེ་རྩེ་གཅིག་གི་རྒྱ་སྤྱི་བོར་འཇོག །དེ་ནས་ཐལ་མོ་གཉིས་ཁ་སྦུབ་བཞིན་མདུན་དུ་བརྐྱང་བ་དང་ལྷན་གཅིག་ཏུ་རྐང་པ་ཡང་མདུན་དུ་ཤུགས་ཀྱིས་བརྐྱང༌། ཡང་ཐལ་མོ་ནང་བསྐོར་ཐོག་སྤྱི་བོར་རྡོ་རྗེའི་རྒྱ་བཅའ་བ་དང་ལྷན་དུ་རྐང་མཐིལ་གཉིས་ཁ་སྦྱར་ཏེ་བསྐུམ། དེ་མ་ཐག་རྐང་ལག་མདུན་དུ་བརྐྱང་བ་སོགས་ལན་གསུམ་རྫོགས་པ་དང༌། ཆོས་བདུན་ཐོག་ལྷར་སྣང་བསྡུས་ཏེ་མེ་ལོང་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ་ངལ་གསོ། །གསུམ་པ་རིན་འབྱུང་ནི། སྣོད་བཅུད་དཔལ་དང་ལྡན་པའི་ཞིང་ཁམས་སུ་གསལ་བའི་དབུས་སུ་རྟ་མཆོག་གིས་བཏེགས་པའི་
རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་རང་ཉིད་ཚོར་ཕུང་གནས་སུ་དག་པའི་ངོ་བོ་རིན་ཆེན་འབྱུང་ལྡན་སེར་གསལ་མཆོག་སྦྱིན་མཉམ་གཞག་སྐྱིལ་ཀྲུང་ལོངས་སྐུའི་ཆས་ཅན་གྱི་སྐུ་དབྱིངས་སྙིང་ག་དབུ་མའི་ནང་ཁོངས་སུ་རྒྱལ་ཀུན་ཡོན་ཏན་གྱི་ངོ་བོ་སྭཱ་ཡིག་སེར་པོས་མཚན་པ། དེ་ལས་འོད་ཟེར་སེར་གསལ་དཔག་ཏུ་མེད་པ་འཕྲོས་པས་རང་གཞན་རྣམས་ཀྱི་ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བསམ་ཞིང༌། སྔར་བཞིན་ལག་གཉིས་ཁུ་ཚུར་གདོང་ཐད་དུ་ཤུགས་ཀྱིས་འཕང་རྗེས། ལག་གཡོན་སྟེང་དང་གཡས་པ་འོག་ཏུ་བྱས་ཏེ་ལག་ངར་མདུན་དུ་བསྣོལ་བའི་ཐལ་མོ་ཕན་ཚུན་གཡས་གཡོན་གྱི་མཆན་ཁུང་སོ་སོར་བཅུག་ནས་གྲུ་མོ་གཉིས་ཐད་ཀར་བརྒྱང་ལ་སྐེད་པ་ཡན་ཆད་ཀྱི་ལུས་སྟོད་གཡས་སུ་ལན་གསུམ་གཅུ། ཡང་ཁུ་ཚུར་གཉིས་ནང་བསྐོར་གྱིས་གདོང་ཐད་དུ་འཕང་ནས་སྔར་བཞིན་ལག་གཡས་གཡོན་སྟེང་འོག་གོ་བརྗེས་ཏེ་བསྣོལ་བའི་ཐལ་མོ་ཕན་ཚུན་མཆན་ཁུང་དུ་བཅུག་ཅིང་གྲུ་མོ་བརྒྱང་བཞིན་ལུས་སྟོད་གཡོན་དུ་ལན་གསུམ་གཅུ། དེ་ནས་ལག་གཉིས་ཐལ་མོ་གདོང་ཐད་དུ་འཕང་སྟེ་ཐལ་མོ་གཡོན་པ་སྔོན་དུ་འགྲོ་བའི་པད་སྦུབ་བསྐོར་
བཞིན་པས་གཡོན་ལྟེ་འོག་མཉམ་གཞག་དང༌། གཡས་ཐལ་མོ་གྱེན་དུ་བཀན་པ་མཆོག་སྦྱིན་རྒྱ་པུས་མོ་གཡས་སྟེང་དུ་བཞག་བཞིན་ལུས་སྟོད་ཤུགས་ཀྱིས་འཐེན་ཅིང་བསྲང༌། ཡང་ཐལ་མོ་གཉིས་ནང་བསྐོར་གྱིས་གདོང་ཐད་དུ་འཕང་ནས་ཕྱག་རྒྱ་བཅའ་བ་དང་ལུས་ཤུགས་འཐེན་པ་བཅས་གོང་བཞིན་ལན་གསུམ་བསྐྱར་བས་ལུས་ཀྱི་རྩ་མདུད་ཐམས་ཅད་ཁྲོལ་མར་ཞིག་པར་མོས། མཐར་ཆོས་བདུན་ཐོག་ལྷར་སྣང་བསྡུ་ཞིང་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར་པར་བསམ། །བཞི་པ་སྣང་མཐའ་ནི། སྣོད་བཅུད་བདེ་བ་ཅན་གྱི་ཞིང་དུ་གསལ་བའི་དབུས་སུ་རྨ་བྱས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་རང་ཉིད་འདུ་ཤེས་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་སྣང་བ་མཐའ་ཡས་དམར་གསལ་ཕྱག་གཉིས་མཉམ་བཞག་སྐྱིལ་ཀྲུང་ལོངས་སྐུའི་ཆས་ཅན་གྱི་སྐུ་དབྱིངས་སྙིང་ག་དབུ་མའི་ནང་ཁོངས་སུ་རྒྱལ་ཀུན་གསུང་གི་ངོ་བོ་ཨཱཿཡིག་དམར་པོས་མཚན་པ། དེ་ལས་འོད་ཟེར་དམར་གསལ་དཔག་ཏུ་མེད་པ་འཕྲོས་པས་རང་གཞན་རྣམས་ཀྱི་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླངས་པའི་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བསམ་པ་དང༌།
ཁྱད་པར་ཕྱག་མཐིལ་གཉིས་ཉི་མའི་དཀྱིལ་འཁོར་དུ་གསལ་བ་དེ་ཉིད་གང་ལ་རེག་པ་ཙམ་གྱིས་ལུས་ཀྱི་གྲང་བའི་ནད་དང་ཆུ་སེར་རྒྱས་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་བཅོམ་ནས་མེའི་རང་བཞིན་དུ་སྒྱུར་བྱེད་ཀྱི་ནུས་པ་དང་ལྡན་པར་བསམ་ལ། སྔར་བཞིན་ཁུ་ཚུར་གདོང་ཐད་དུ་འཕང་མ་ཐག་ཐལ་མོ་གཉིས་ཐག་སྒྲ་དང་བཅས་སྦྱར་ཏེ་ཕན་ཚུན་དྲག་ཏུ་མཉེ་ཞིང་བསྐོར་ཏེ་འཕུར། དེ་ནས་པད་བསྐོར་བཅས་ཐལ་མོ་གཡས་པས་དཔྲལ་བའི་ཕྱོགས་དང་གཡོན་པས་སྣ་དང་མཁུར་ཚོས་མན་ཆད་ཀྱི་བཞིན་རས་འཕུར་ཞིང༌། དེ་ཐོག་ནས་ལག་གཡས་པས་མགོའི་ལྟག་པའི་ཕྱོགས་དང་གཡོན་པས་མཚོག་མ་རྣམས་འཕུར། ཡང་པད་སྐོར་བཅས་ལག་གཉིས་སོ་སོས་རྣ་བ་དང་འགྲམ་པ་གཡས་གཡོན་འཕུར་ཞིང་མཉེ། དེ་རྗེས་པད་སྐོར་གྱིས་ཐལ་མོ་གཉིས་ཐག་སྒྲ་དང་བཅས་ཕོ་བར་སྦྱར་ལ་འཕུར་ཞིང༌། ལག་གཡོན་ཕྲག་པ་གཡས་དང་ལག་གཡས་མཆན་ཁུང་གཡས་ནས་བརྒྱུད་དེ་ལག་རྒྱབ་ཀྱིས་རྩིབས་ལོགས་རྒྱབ་ཕྱོགས་རྣམས་ཤད་པ་དང༌། ལག་གཉིས་དེ་ཐོག་ནས་མ་བཏེགས་པར་ཤད་བཞིན་ཕྱི་འགྲོས་ཀྱིས་ལག་གཡས་ཕྲག་པ་གཡོན་ངོས་སུ་འགྲོ་ཞིང་ལག་གཡོན་གཡོན་ཕྱོགས་ཀྱི་མཆན་ཁུང་ནས་
བརྒྱུད་དེ་གོང་བཞིན་རྒྱབ་ལོགས་སུ་ཤད། ཡང་ཕྱི་འགྲོས་ཀྱིས་སྔར་ལྟར་སྟོད་དང་མཆན་ཁུང་རེས་མོས་སུ་འཕུར་བ་བཅས་ལན་གསུམ་སོང་རྗེས། ལག་གཉིས་ཁུ་ཚུར་ནང་བསྐོར་གདོང་ཐད་དུ་འཕང་ལ་པད་སྐོར་སྔོན་འགྲོས་ལག་གཡོན་ཁུ་ཚུར་མདུན་མཁར་བརྐྱང་སྟེ་གཡས་པའི་ཐལ་མོས་གཡོན་གྱི་དཔུང་མགོ་ནས་ལག་རྒྱབ་བར་དང༌། མཆན་ཁུང་ནས་མཁྲིག་མའི་བར་ཐུར་དུ་ཤད་པ་ལན་གསུམ། ཡང་ལག་གཉིས་ཁུ་ཚུར་མདུན་མཁར་འཕང་རྗེས་པད་སྐོར་བཅས་གཡས་གཡོན་གོ་བརྗེས་ཏེ་ལག་གཡོན་གྱི་ཐལ་མོས་ལག་གཡས་ཕྱོགས་ཤད་པ་ལན་གསུམ། དེ་ནས་པད་སྐོར་བཅས་ལག་གཡས་སྔོན་དུ་བྱས་ཏེ་སྟ་ཟུར་གཡས་ནས་ཐུར་དུ་ཤད་པ་ལན་གསུམ། ཡང་པད་སྐོར་གྱིས་ལག་གཡོན་སྔོན་དུ་བྱས་ཏེ་སྟ་ཟུར་གཡོན་ནས་ཐུར་དུ་ཤད་པ་ལན་གསུམ་མཐར། ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་ཏེ་བཀྲོལ་བ་དང་ཆབ་གཅིག་སྐྱིལ་ཀྲུང་ཡང་བཤིག་ནས་པད་སྐོར་གྱིས་བརླ་གཡས་པ་ཐུར་དང་གྱེན་དུ་ཤད་པ་གསུམ་རེ། གཡོན་ཕྱོགས་སུའང་དེ་ལྟར་ལན་གསུམ་སོང་རྗེས། ཁུ་ཚུར་གཉིས་ནང་བསྐོར་གྱིས་ནུ་སྟེང་དུ་བཞག་ལ་མཆན་ཚག་བརྡབ་པ་དང་ཆབ་གཅིག་འཕར་སྟངས་ཀྱིས་
གཡས་ཕྱོགས་ཀྱི་རྐང་ལག་གཉིས་ཤུགས་ཀྱིས་བསྒྲེང༌། ལག་གཡས་རྐང་པའི་རྒྱུད་དུ་བརྐྱང་པ་ཁུ་ཚུར་ངར་གདོང་ལ་མ་རེག་ཙམ་དང༌། ལག་གཡོན་ཁུ་ཚུར་ནུ་སྟེང་གཡོན་དུ་མ་རེག་ཙམ་གྱིས་རོ་སྟོད་གཡོན་དུ་ཅུང་ཟད་གཅུ། དེ་ཐོག་ནས་ལག་གཉིས་ཐལ་མོ་ནང་བསྐོར་གྱིས་ངར་གདོང་སྒྲེང་ཕྱོགས་སུ་ལག་གཡས་སྔོན་དུ་འགྲོ་བས་པུས་མོ་ནས་བོལ་གོང་སོར་རྩེ་བར་དུ་མར་ཤད་ཅིང༌། མཐིལ་དང་རྟིང་པ་ནས་སྒྱིད་ཁུང་བར་དུ་ཡར་ཤད་པ་བཅས་ལན་གསུམ་རེ། ཡང་སྔར་བཞིན་ཁུ་ཚུར་གཉིས་ནུ་སྟེང་ནས་མཆན་ཚག་བརྡབ་པ་དང་བཅས་ཆབ་གཅིག་འཕར་སྟངས་ཀྱིས་རྐང་ལག་གཡོན་པ་གཉིས་བསྒྲེང་ཞིང་ཤད་ཚུལ་གོང་བཞིན་ལན་གསུམ་རེ། འདི་དག་གི་སྐབས་སུ་ལུས་ཀྱི་ཆ་ཐམས་ཅད་དྲོད་ཀྱིས་ཁྱབ་པར་བསམ་ཞིང༌། མཐར་ཆོས་བདུན་ཐོག་ལྷར་སྣང་བསྡུས་ཏེ་སོར་རྟོག་ཡེ་ཤེས་མངོན་དུ་གྱུར་པར་བསམ། །ལྔ་པ་དོན་གྲུབ་ནི། སྣོད་བཅུད་ལས་རབ་རྫོགས་པའི་ཞིང་དུ་གསལ་བའི་དབུས་སུ་ཤང་ཤང་གིས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་ཉི་ཟླའི་གདན་ལ་རང་ཉིད་འདུ་བྱེད་ཀྱི་ཕུང་པོ་གནས་སུ་དག་པའི་ངོ་བོ་དོན་ཡོད་གྲུབ་པ་ལྗང་གསལ་སྐྱབས་སྦྱིན་མཉམ་གཞག་སྐྱིལ་ཀྲུང་ལོངས་
སྐུའི་ཆས་ཅན་གྱི་སྐུ་དབྱིངས་དབུ་མའི་ཡར་སྣེར་ཧཾ་ཡིག་དངུལ་ཆུའི་མདོག་ཅན་མགོ་བོ་ཐུར་བསྟན་དུ་གནས་པ། སྙིང་གའི་ཐད་ཀྱི་དབུ་མའི་ནང་ཁོངས་སུ་རྒྱལ་ཀུན་ཕྲིན་ལས་ཀྱི་ངོ་བོ་ཧཱ་ཡིག་ལྗང་གུས་མཚན་པ་ལས་འོད་ཟེར་ལྗང་གསལ་དཔག་ཏུ་མེད་པ་འཕྲོས་པས་རང་གཞན་རྣམས་ཀྱི་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླངས་པའི་སྡིག་སྒྲབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་པར་བསམ་ཞིང༌། སྔར་བཞིན་ཁུ་ཚུར་གདོང་ཐད་ལན་གསུམ་འཕང་བའི་རྗེས་སུ་ཐལ་མོ་གཡས་པ་སྔོན་དུ་འགྲོ་བའི་ནང་བསྐོར་གྱིས་ལག་གཡས་མཐེ་བོང་བཀུག་ལ་སོར་མོ་གཞན་རྣམས་གཤིབ་སྟེ་བསྒྲེང་བ་སྐྱབས་སྦྱིན་རྒྱ་སྙིང་གར་གཏོད་ཅིང་གཡོན་ལྟེ་འོག་མཉམ་གཞག་བྱས་ལ། ལུས་གྱེན་དུ་ཤུགས་ཀྱིས་ལན་གསུམ་འཐེན་བཞིན་ཤེས་པ་སྤྱི་བོའི་ཧཾ་ལ་གཏད་དེ་མགོ་བོ་གཡོན་དུ་ལན་གསུམ་བསྐོར་ཞིང༌། དེབ་བཞིན་གཡས་སུ་ལན་གསུམ་བསྐོར་བ་དང༌། ཕྱིར་ལྟག་པར་དགྱེ་ཞིང་ནང་དུ་ཨོལ་ཀོ་ལ་བརྡབ་པ་ལན་གསུམ། ཡང་ལག་གཉིས་ཐལ་མོ་གདོང་ཐད་དུ་འཕང་ནས་ཐལ་མོ་ནང་བསྐོར་གྱིས་སྐྱབས་སྦྱིན་མཉམ་གཞག་ལུས་འཐེན་མགོ་སྐོར་སོགས་གོང་བཞིན་ལན་གསུམ་རྫོགས་མཐར། སྐྱིལ་ཀྲུང་ལུས་སྤྲུགས་ཞེས་
ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་ནས་ལུས་ཕྱིར་དགྱེ་བ་དང་ལྷན་དུ་འཕོང་བཙུགས་ལ་སྐྱིལ་ཀྲུང་ཡར་བཏེགས། དེ་ནས་ལག་གཉིས་ཁུ་ཚུར་བསྣོལ་བ་བཀྲོལ་ཏེ་རྒོད་གཤོག་ལྟར་ཕྱིར་བརྒྱངས་ཤིང་ལུས་མདུན་དུ་རྒུ་བ་དང་མཉམ་དུ་པུས་མོ་གཉིས་སར་བཙུགས་ཏེ་འཕོང་བཏེགས། ཡང་ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་བ་སོགས་གོང་ལྟར་ལན་གསུམ་སོང་རྗེས། འབེབས་སྟན་གྱི་ཁར་ཁྲུ་གང་ཙམ་འཕགས་པའི་འབེབས་ཆུང་གསུམ་དང༌། དེ་བས་ཀྱང་བཏེགས་ཅི་ནུས་སུ་འཕར་བའི་བར་འབེབས་གསུམ་དང༌། ལངས་ཏེ་ལུས་སྲང་བའི་འབེབས་ཆེན་གསུམ་བཅས་རྫོགས་པ་དང༌། ལག་གཉིས་ཁུ་ཚུར་ནང་བསྐོར་ཐུར་དུ་བཀྲོལ་བ་དང་ཆབ་གཅིག་རྩ་འདར་ཐོན་པར་ངག་ནས་ཧ་ཞེས་དྲག་ལ་བཅད་ཐོན་པ་གསུམ་བརྗོད་བཞིན་སྤྲུགས་པས་ལུས་རྡུལ་ཕྲན་འཐོར་བ་ལྟར་ཞིག་བར་བསམ། དེ་ནས་ལྷར་སྣང་བསྡུས་ཏེ་བྱ་གྲུབ་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ་ངལ་གསོ། །དེ་རྣམས་ཀྱིས་སྔོན་འགྲོ་ཡན་ལག་ལྔ་སྦྱོང་གི་རིམ་པ་གྲུབ་བོ། །དེ་ནས་དངོས་གཞིའི་འཁྲུལ་འཁོར་ལ་རྣམ་གྲངས་ཉི་ཤུ་ཐམ་པ་ཡོད་པ་ལས། དང་པོ་གཙོ་བོ་ནི། སྣང་སྲིད་སྣོད་བཅུད་འོག་མིན་མེ་རི་འབར་བའི་ཞིང་ཁམས་
དུར་ཁྲོད་དྲག་པོའི་མཚན་ཉིད་ཡོངས་སུ་རྫོགས་པའི་དབུས་སུ་སྣ་ཚོགས་པདྨ་ཟླ་ཉི་ལྷ་ཆེན་ཕོ་མོ་བསྣོལ་བའི་གདན་ལ་རང་ཉིད་དཔལ་རྡོ་རྗེ་གཞོན་ནུ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་གདེངས་ཤིང་གཡོན་གནམ་ལྕགས་ཀྱི་ཕུར་པ་འདྲིལ་བ། ཞབས་ཟུང་གྱད་ཀྱི་འདོར་སྟབས་སུ་བསྒྲད་པས་དྲེགས་པ་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། གར་གྱི་ཉམས་དགུ་རྫོགས་ཤིང་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་སྤྲས་པ། ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་བཞུགས་པའི་སྐུ་དབུས་རྩ་གསུམ་འཁོར་ལོ་ལྔ་དང་ལྡན་པའི་སྤྱི་བོར་ཧཾ་དང་ལྟེ་བར་ཨ་ཐུང་བཅས་གསལ་བརྟན་འབར་བར་བསྒོམ་ཞིང༌། འཁྲུལ་འཁོར་གར་གྱི་རོལ་པས་ལུས་ཀྱི་རྩ་མདུད་ཐམས་ཅད་ཁྲལ་ཁྲོལ་དུ་ཞིག་པར་བསམ་ལ། སྔར་བཞིན་ཁུ་ཚུར་བསྐོར་རྒྱང་བསྣོལ་འགྲོལ་བཅས་སྐྱིལ་ཀྲུང་བཤིགས་ཏེ། རྐང་མཐིལ་གཉིས་ས་ལ་ཕབ་ནས་པུས་བྲང་སྦྱར་བ་དང་ཡར་ལངས་ཏེ་ལག་གཉིས་ཁུ་ཚུར་སྟ་ཟུར་ནས་ཤད་བཞིན་ལུས་ཅུང་ཟད་ཡར་འཐེན་ཉམས་ཀྱིས་ནུ་སྟེང་ནས་གདོང་ཐད་ཀྱི་ནམ་མཁར་ཤུགས་ཀྱིས་འཕེན། དེ་མ་ཐག་འཕར་སྟངས་དང་ཆབ་གཅིག་ལག་གཉིས་ནང་བསྐོར་གྱིས་ཁུ་ཚུར་ནུ་
སྟེང་སོ་སོར་བཞག་བཞིན་རྐང་པ་གཡས་བརྐྱང་པའི་གྱད་ཀྱི་འདོར་སྟབས་བགྲད། ཁུ་ཚུར་གཉིས་གཡས་ཕྱོགས་ཀྱི་བར་སྣང་དུ་ཤུགས་ཀྱིས་འཕང་ལ་དེ་ཐོག་ནས་ལག་གཡོན་གཞུ་རྒྱུད་འཐེན་ཚུལ་གྱིས་བཀུག་ནས་ཁུ་ཚུར་ཕྱིར་བསྟན་ནུ་སྟེང་གཡོན་དུ་འཇོག དེ་ནས་འཕར་སྟངས་ཀྱིས་གྱད་སྟབས་བསྡུ་བ་དང་ཆབ་གཅིག་ལག་གཉིས་ཁུ་ཚུར་ནུ་སྟེང་སོ་སོར་འཇོག །ཡང་འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་གྱད་སྟབས་བགྲད་ལ། ལག་གཉིས་ཁུ་ཚུར་གཡོན་ཕྱོགས་ཀྱི་བར་སྣང་དུ་འཕང་ནས་ལག་གཡས་གཞུ་རྒྱུད་འཐེན་ཚུལ་གྱིས་བཀུག་སྟེ་ཁུ་ཚུར་ནུ་སྟེང་གཡས་སུ་འཇོག སླར་འཕར་སྟངས་ཀྱིས་གྱད་སྟབས་བསྡུས་ལ་ལག་གཉིས་ཁུ་ཚུར་ནུ་སྟེང་དུ་འཇོག ཡང་གཡས་ཕྱོགས་སུ་སྔར་བཞིན་གྱིས་གཡས་གཡོན་སྤེལ་མ་ལན་གསུམ་སོང་རྗེས། འཕར་གྱིས་བསྡུས་ནས་རྐང་པ་གཤིབས་ཐོག་ལུས་དྲང་པོར་བསྲང་ལ་ཁུ་ཚུར་གཉིས་སྟ་ཟུར་ནས་ཡར་ཤད་དེ་ནུ་ཐད་ནས་སྡིགས་མཛུབ་མགོ་བོའི་སྟེང་གི་ནམ་མཁར་འཕང་བ་ལན་གསུམ། དེ་ནས་འཕར་སྟངས་བཅས་རྐང་པ་གཡོན་བརྐྱང་བའི་གྱད་ཀྱི་འདོར་སྟབས་བགྲད་ལ། ལག་གཉིས་ཁུ་ཚུར་ནང་བསྐོར་གྱིས་ནུ་སྟེང་ནས་སྡིག་མཛུབ་
དཔུང་པ་གཡས་གཡོན་ཐད་ཀའི་ནམ་མཁར་འཕང་རྗེས། ཐལ་མོ་གཉིས་ནང་བསྐོར་སྙིང་གའི་ཐད་དུ་ཁ་སྦྱར་ཏེ་ཕུར་པ་ཕྱོགས་མཚམས་སུ་འདྲིལ་ཞིང་མདུན་དུ་འདེབས་ཚུལ་བྱས་ལ་ཐལ་མོ་ཁ་ཕྱེ། ཡང་ལག་གཉིས་ཁུ་ཚུར་ནང་བསྐོར་གྱིས་གཡས་གཡོན་དུ་སྡིགས་མཛུབ་འཕང་ཞིང་ཕུར་པ་འདྲིལ་ཚུལ་བཅས་གོང་བཞིན་ལན་གསུམ་བསྐྱར། འདི་རྣམས་ཀྱི་སྐབས་སུ་རྐང་པའི་འཕར་སྟངས། ལག་པའི་བསྐོར་སྟངས། མིག་གི་ལྟ་སྟངས་སོགས་ཀྱི་རྣམ་འགྱུར་མཛེས་ཤིང་རྔམས་བརྗིད་ཐོན་པར་བྱ་བ་གནད་དོ། །མཐར་འཕར་སྟངས་ཀྱིས་གྱད་སྟབས་བསྡུས་ལ་འབེབས་ཆེན་གསུམ་བརྡབ་པས་མ་དག་སྙིགས་མའི་ལུས་ཀྱི་རྩ་རླུང་ཐིག་ལེའི་ཁམས་རྣམས་དྭངས་མ་འོད་ཀྱི་རང་བཞིན་དུ་ཞིག་སྟེ་བདེ་སྟོང་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་མངོན་དུ་གྱུར་པར་བསམ་ལ་ངལ་གསོ། །གཉིས་པ་སྒྲོལ་ཡུམ་ནི། སྣོད་བཅུད་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ཆེན་པོའི་དབུས་སུ་པད་ཉི་བམ་རོའི་གདན་ལ་རང་ཉིད་ཤེས་རབ་དབྱིངས་ཀྱི་ངོ་བོ་སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྨུག་ནག་དཔྲལ་བར་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་སྡང་མིག་ཏུ་གཟིར་ཞིང༌། ཞལ་རབ་ཏུ་གདངས་པ་
ལས་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། དབུ་སྐྲ་རལ་པའི་ཁྲོད་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟིངས་པ། བྲང་ན་བདུད་རྩིའི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་གི་རྒྱལ་མཚན་ཀླད་ལ་འཕྱར་ཞིང་གཡོན་སྡིགས་མཛུབ་བརྐྱང་པའི་རྩེ་ལས་ལྕགས་ཀྱི་སྤྱང་མོ་ཁྲ་ཐབས་སུ་འགྱེད་པ། ཞབས་གཡས་བསྐུམ་པ་གསང་བར་གཏད་ཅིང་གཡོན་བརྐྱང་པའི་གར་སྟབས་ཀྱིས་ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་དང་བཅས་པ་གསལ་བཏབ་ལ། སྐྱིལ་ཀྲུང་བཤིགས་ནས་ཧར་གྱིས་ལངས་ལ་ཁུ་ཚུར་གཉིས་རྐང་པའི་བོལ་གོང་ནས་ཤད་དེ་ནུ་ཐད་ནས་སྟེང་གི་ནམ་མཁར་འཕང་བ་ལན་གསུམ། དེ་ནས་རྐང་པ་གཡས་བསྐུམ་པའི་གར་སྟབས་བྱས་ལ་ལག་གཡོན་ཁུ་ཚུར་དཀུར་བརྟེན། ལག་གཡས་སྡིགས་མཛུབ་ནང་བསྐོར་གྱིས་གཡས་ཕྱོགས་ཀྱི་ནམ་མཁར་འཕང་བ་ལན་གསུམ། དེ་བཞིན་རྐང་སྟབས་དང་ལག་གཡས་གཡོན་གོ་ལྡོག་སྟེ་སྡིགས་མཛུད་གཡོན་གྱི་ནམ་མཁར་ལན་གསུམ་འཕང་རྗེས། རྒུར་འཐེན་ཐོག་འབེབས་གསུམ་བརྡབ་པས་ལུས་ཀྱི་རྩ་མདུད་ཐམས་ཅད་ཁྲལ་ཁྲོལ་དུ་ཞིག་པར་བསམ་ཞིང་ལྷར་སྣང་
བསྡུས་ལ་ངལ་གསོ། །དེ་ནས་ཀཱི་ལ་རིགས་ལྔ་ལས། གསུམ་པ་བཛྲ་ཀཱི་ལ་ཡ་ནི། སྣང་སྲིད་ཞི་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མེ་ལོང་ཡེ་ཤེས་ཀྱི་རང་གདངས་འོད་ཟེར་དཀར་པོ་འཕྲོ་བའི་དབུས་སུ་པདྨ་ཟླ་ཉིའི་གདན་ལ་རང་ཉིད་བཛྲ་ཀཱི་ལ་ཡ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་ཤིང་སྤྱན་གསུམ་སྡང་མིག་བགྲད་པ། སྨར་སྨིན་མེའི་ཚྭ་ཚྭ་འཕྲོ་ཞིང་དབུ་སྐྲ་དམར་སེར་འཁྱིལ་བ། ཕྱག་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནམ་མཁར་འཕྱར་ཞིང་གཡོན་ཞི་བའི་དངུལ་ཕུར་འདྲིལ་བ། སྐུའི་ལྟེ་བ་མན་ཆད་རྒྱ་མདུད་དང་ཆུ་སྲིན་གྱི་ཁ་ནས་ཐོན་པའི་དངུལ་གྱི་ཕུར་དབལ་ཟུར་གསུམ་རྣོ་ངར་དང་ལྡན་པ་ལོག་འདྲེན་གྱི་སྙིང་གར་ཟུག་པ། གཅེར་བུ་སྒེག་ཅིང་དཔའ་བའི་ཉམས་ཅན་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་བཞུགས་པའི་སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྙིང་ག་དབུ་མའི་ནང་ཁོངས་སུ་རྒྱལ་ཀུན་ཐུགས་རྡོ་རྗེ་མི་བསྐྱོད་པའི་ངོ་བོ་ཧཱུྃ་ཡིག་དཀར་པོ་བཀྲག་མདངས་འཚེར་བ། དེ་ལས་འོད་ཟེར་ཧཱུྃ་གི་རྡུལ་ཕྲན་གྲངས་མེད་པ་འཕྲོས་པས་སྙིང་གའི་རྩ་འདབ་ཐམས་ཅད་གང་ནས་ཞེ་སྡང་འཁྲུལ་བའི་ཕུང་པོ་དང་རྩའི་མདུད་
པ་ཐམས་ཅད་བཙན་ཐབས་ཉིད་དུ་ཞིག་པར་བསམ་ཞིང༌། ལངས་ཏེ་ཁུ་ཚུར་གཉིས་སྟ་ཟུར་གཡས་གཡོན་ནས་གྱེན་དུ་ཤད་དེ་ནུ་ཐད་སླེབས་པ་ན་སྟ་ཟུར་ནས་ཐུར་དུ་འཕེན་པ་ལན་གསུམ་མཐར། འཕར་སྟངས་ཀྱིས་རྐང་པ་གཉིས་རྟིང་པ་སྤྲད་པའི་སོར་མོ་རྣམས་སར་བཙུག་ལ་པུས་མོ་ཕྱིར་བགྲད། ལག་པ་གུང་མོ་གཉིས་བརྐྱང་པ་རྩེ་སྤྲད་ལྷག་མ་རྣམས་བསྣོལ་བ་རྡོ་རྗེ་རྩེ་གཅིག་གི་རྒྱ་སྤྱི་བོར་འཇོག་ཅིང་གྲུ་མོ་གཉིས་ཐད་ཀར་བརྒྱངས་པའི་རྡོ་རྗེའི་ལུས་རྒྱ་བྱས་ལ་སྐེད་པ་ཉག་བྱེད་བཞིན་གྱེན་དུ་ལན་གཅིག་འཐེན། དེ་ནས་འཕར་སྟངས་ཀྱིས་རྐང་པ་གཡས་བརྐྱང་པའི་གྱད་ཀྱི་འདོར་སྟབས་བགྲད། ལག་གཡོན་སྡིགས་མཛུབ་དཀུར་བརྟེན། གཡས་སྡིགས་མཛུབ་ནང་བསྐོར་གྱིས་ནུ་ཐད་ནས་གཡས་ཕྱོགས་ཀྱི་ནམ་མཁར་ལན་གསུམ་འཕེན་ཅིང་ལྟ་སྟངས་སྡང་མིག་གཟིར་ལ་འཕར་བསྡུ། ཡང་འཕར་སྟངས་ཀྱིས་རྡོ་རྗེའི་ལུས་རྒྱ་སྔར་ལྟར་བྱས་ལ་སྐེད་པ་ཉག་བཞིན་གྱེན་འཐེན་གཅིག ཡང་འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་གྱད་སྟབས་བགྲད། ལག་གཡས་སྡིགས་མཛུབ་དཀུར་བརྟེན། གཡོན་སྡིགས་མཛུབ་ནང་བསྐོར་ནུ་ཐད་ནས་གཡོན་ཕྱོགས་ཀྱི་ནམ་མཁར་ལན་གསུམ་འཕེན་ཅིང་ལྟ་སྟངས་གཟིར་ལ་འཕར་བསྡུ།
ཡང་འཕར་སྟངས་ཀྱིས་རྡོ་རྗེའི་ལུས་རྒྱ་བྱས་ཏེ་ལུས་ཤུགས་ཀྱིས་གྱེན་དུ་འཐེན་པའི་སྐེད་ཉག་ལན་གསུམ་མཐར། རྐང་པ་གཡས་པ་ཕྱི་ནས་བྱས་ཏེ་བསྣོལ་བའི་སོར་མོ་རྣམས་ས་ལ་བཙུག ལག་གཡོན་ཁུ་ཚུར་གཡས་ཀྱི་ནུ་སྟེང་དུ་བཞག ལག་གཡས་ཁུ་ཚུར་བརྐྱང་བ་གཡོན་གྱི་རྒྱབ་ལོགས་སུ་ཤུགས་ཀྱིས་འཕེན་པ་དང་ཆབ་གཅིག་རྐང་པའང་གཅུ་བཞིན་བསྐོར་ནས་འབེབས་བརྡབ། ཡང་རྐང་ལག་གོ་ལྡོག་སྟེ་གཡས་ཀྱི་རྒྱབ་ལོགས་སུ་ཤུགས་ཀྱིས་གཅུས་ནས་བསྐོར་བཞིན་འབེབས་བརྡབ། དེ་ལྟར་རྡོ་རྗེའི་གཅུས་འབེབས་གཡས་གཡོན་སྤེལ་བ་ལན་གསུམ་བརྡབ་པས་ཞེ་སྡང་འཁྲུལ་པའི་འཁོར་ལོ་མེ་ལོང་ཡེ་ཤེས་ཀྱི་དབྱིངས་སུ་བཤིགས་ཏེ་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་མདུད་རྣམས་ཡོངས་སུ་གྲོལ་བར་བསམ། །བཞི་པ་རཏྣ་ཀཱི་ལ་ཡ་ནི། སྣང་སྲིད་རྒྱས་བ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་མཉམ་ཉིད་ཡེ་ཤེས་ཀྱི་རང་གདངས་འོད་ཟེར་སེར་པོ་འཕྲོ་བའི་དབུས་སུ་པདྨ་ཟླ་ཉིའི་གདན་ལ་རང་ཉིད་རཏྣ་ཀཱི་ལ་ཡ་སེར་ནག་གཡས་རི་མགོ་དེའི་རང་[看不清原稿]གཡོ་ས་པའི་གསེར་ཕུར་འདྲིལ་བ། སྐུ་སྨད་གསེར་ཕུར་རྣོ་དབལ་ཅན་སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་དུ་
གསལ་ལ། རླུང་སྦྱོར་འཁྲུལ་འཁོར་གྱིས་གཅུན་པས་གདོད་ནས་གྲུབ་པའི་རྩ་རླུང་ཐིག་ལེའི་ཁམས་རྣམས་ཨོཾ་དཀར་ཨཱཿ་དམར་ཧཱུྃ་མཐིང་གི་རོལ་པར་གནས་གྱུར། དེའང་རྩ་དག་པ་སྤྲུལ་སྐུ། རླུང་དག་པ་ལོངས་སྐུ། ཐིག་ལེ་དག་པ་ཆོས་སྐུ་སྟེ་རྡོ་རྗེ་གསུམ་གྱི་རང་བཞིན་མངོན་དུ་བྱས་པར་བསམ་ཞིང༌། ལངས་ཏེ་ལུས་བསྲང་ཞིང་ལག་གཉིས་སྡིགས་མཛུབ་སྟ་ཟུར་གཉིས་ནས་གྱེན་དུ་ཤད་དེ་ནུ་སྟེང་ནས་སྟེང་གི་ནམ་མཁར་ཤེད་བསྐྱེད་ལ་འཕང་བ་ལན་གསུམ། དེ་ནས་ལག་གཉིས་མཐེབ་མཛུབ་བཀུག་པ་སོ་སོར་རྩེ་སྤྲད་ཅིང་གཞན་རྣམས་ལྷན་དུ་བརྐྱང་སྟེ་རྩེ་སྤྲད་པ་ནོར་བུ་མིག་གསུམ་པའི་རྒྱ་བཅས་ལ། རིམ་པར་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས་རྣམས་སུ་གཏུག །ཕྱག་རྒྱ་ཕྲལ་ཏེ་ལག་གཉིས་ཁུ་ཚུར་མཆན་ཁུང་སོ་སོར་བཅུག་གྲུ་མོ་ཐད་ཀར་བརྒྱངས་ཏེ་ལུས་སྟོད་གཡས་སུ་ལན་གསུམ་གཅུ། དེ་བཞིན་གཡོན་དུ་ལན་གསུམ་གཅུས་མཐར། ཁུ་ཚུར་གཉིས་གདོང་ཐད་དུ་འཕང་བ་དང་ཆབ་གཅིག་དལ་གྱིས་མདུད་དུ་རྒུ་བཞིན་ངག་ནས་ཧ་ཞེས་དལ་ལ་རིང་བ་བརྗོད་པས་ནང་གི་རླུང་དུག་ཐམས་ཅད་ཕྱིར་དབྱུང་ཞིང་ཁུ་ཚུར་བོལ་བོང་ཁར་སྦུབ། སླར་རྐང་པའི་བར་ནས་ཡར་བརྒྱུད་དེ་ཤད་
བཞིན་ལུས་བསྲང་ལ་ངག་གི་སྒྲ་མི་མངོན་པར་ཧཱུྃ་ཞེས་པས་ཡེ་ཤེས་ཀྱི་རླུང་ནང་དུ་དལ་གྱིས་རྔུབ་ལ། ཁུ་ཚུར་གཉིས་སྙིང་ག་ནས་སྨིན་མཚམས་ཐད་ཀྱི་ནམ་མཁར་འཕང་བ་དང་ཆབ་གཅིག་ངག་ནས་ཧཾ་ཞེས་རྩ་རླུང་ནང་དུ་ཤུགས་ཀྱིས་དྲངས་པའི་སྟོང་འདྲེན་དྲག་པོ་བྱ། དེའི་ཚེ་ཤེས་པ་སྤྱི་བོའི་ཧཾ་ལ་གཏད་དེ་ལུས་ཀྱི་རྩ་ཆེན་རྩ་ཆུང་རྩ་ཕྲན་ཐམས་ཅད་དབུ་མ་ཉིད་དུ་སྡུད་པར་བསམ། ཡང་སྔར་ལྟར་ཐུར་དུ་རྒུ་བཞིན་ཧ་ཞེས་རླུང་དུག་དབྱུང་བ་དང༌། ཧཱུྃ་ཞེས་གྱེན་དུ་བསྲང་སྟེ་ཡེ་ཤེས་ཀྱི་རླུང་རྔུབ་ཅིང༌། ཧཾ་ཞེས་སྟོང་འདྲེན་བྱ་བ་བཅས་ལན་གསུམ་བསྐྱར་རྗེས། འཕར་སྟངས་ཀྱིས་རྐང་པ་གྲུ་གང་ཙམ་གྱི་སར་བགྲད་པ་བགྲད་ཆེན་གྱི་འབེབས་གསུམ་བརྡབ་པས་ང་རྒྱལ་འཁྲུལ་པའི་འཁོར་ལོ་མཉམ་ཉིད་ཡེ་ཤེས་ཀྱི་དབྱིངས་སུ་བཤིགས་ནས་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་མདུད་ཐམས་ཅད་ཡོངས་སུ་གྲོལ་བར་བསམ། །ལྔ་པ་པདྨ་ཀཱི་ལ་ཡ་ནི། སྣང་སྲིད་དབང་ཆེན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་སོར་རྟོག་ཡེ་ཤེས་ཀྱི་རང་གདངས་འོད་ཟེར་དམར་པོ་འཕྲོ་བའི་དབུས་སུ་རང་ཉིད་པདྨ་ཀཱི་ལ་ཡ་དམར་གསལ་གཡས་པདྨ་དམར་པོའི་སྡོང་བུ་དང་གཡོན་དབང་གི་ཟངས་ཕུར་འདྲིལ་བ།
སྐུ་སྨད་ཟངས་ཕུར་རྣོ་དབལ་ཅན་སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྙིང་གའི་ཐད་ཀྱི་དབུ་མའི་ནང་ཁོངས་སུ་ཨོཾ་དཀར་ཨཱཿ་དམར་ཧཱུྃ་མཐིང་གསུམ་བརྩེགས་མར་གནས་པ། དེ་ལས་འོད་ཟེར་རྃ་ཡིག་དམར་པོ་རྡུལ་ཕྲན་ལྟ་བུས་མཚན་པ་གྲངས་མེད་མེ་ལས་མེ་སྟག་ཆད་པ་བཞིན་དུ་འཕྲོས་ཏེ་ལུས་ཀྱི་རྩ་ཆེན་རྩ་ཆུང་རྩ་ཕྲན་ཐམས་ཅད་ཏིལ་གྱི་གང་བུ་ཕུར་པ་ལྟར་གང་བར་བསམ། སྣ་བུག་གཉིས་ནས་བྱིན་རླབས་ཡེ་ཤེས་ཀྱི་རླུང་ནང་དུ་རྔུབ་པ་རྩ་གནས་ཀྱི་རྃ་ཡིག་ཀུན་ལ་ཕོག་པས། མེ་རླུང་འཐབ་པའི་བྱེད་ལས་ཀྱིས་མ་དག་སྙིགས་མའི་རྩ་རླུང་ཐིག་ལེའི་ཁམས་རྣམས་སྟོང་གསལ་ཀུན་ཁྱབ་ཡེ་ཤེས་གསུམ་ལྡན་གྱི་རོལ་བར་ལྷག་མེད་དུ་བསྲེགས་ནས་དྭངས་མ་འོད་ཕུང་དཀར་དམར་མཐིང་གའི་རྣམ་པར་གྱུར་ཏེ་རང་ལུས་འོད་ཕུང་ཡེ་ཤེས་མེ་དཔུང་འབར་བའི་རང་བཞིན་ཅན་དུ་གསལ་ཞིང༌། སྣ་ཚོགས་གར་གྱི་རོལ་པས་ཁམས་གསུམ་ན་གནས་པའི་སེམས་ཅན་རྣམས་ཀྱི་སྣང་སེམས་ལ་རང་དབང་བསྒྱུར་ནས་ཟག་མེད་བདེ་བ་ཆེན་པོའི་ས་ལ་བཙན་ཐབས་སུ་སྦྱོར་བར་དམིགས་ལ། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་གིས་ལག་གཉིས་སྙིང་གར་བསྣོལ་བ་དང་ཆབ་གཅིག་འཕར་སྟངས་ཀྱིས་རྐང་པ་གཉིས་རྟིང་པ་སྤྲད་དེ་སོར་
མོ་རྣམས་སར་བཙུག་པུས་མོ་ཕྱིར་བགྲད་ལ་གཞོག་གཡས་སུ་ལན་གསུམ་རྒུ། དེ་བཞིན་གཡོན་དུ་ལན་གསུམ་རྒུ་བའི་མཐར། འཕར་སྟངས་ཀྱིས་རྐང་པ་གཡས་བརྐྱང་པའི་འདོར་སྟབས་བགྲད། ལག་གཡོན་སྡིགས་མཛུབ་དཀུར་བརྟེན། གཡས་སྡིགས་མཛུབ་ནང་བསྐོར་གྱིས་ནུ་སྟེང་ནས་གཡས་ཕྱོགས་ཀྱི་ནམ་མཁར་ལན་གསུམ་འཕེན་ལ་འཕར་བསྡུ། ཡང་འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་འདོར་སྟབས་བགྲད། ལག་གཡས་སྡིགས་མཛུབ་དཀུར་བརྟེན། གཡོག་སྡིགས་མཛུབ་ནང་བསྐོར་ནུ་སྟེང་ནས་གཡོན་ཕྱོགས་ཀྱི་ནམ་མཁར་ལན་གསུམ་འཕང་ལ། འཕར་གྱིས་སྔར་བཞིན་བསྡུ། སླར་ཡང་འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་འདོར་སྟབས་བགྲད། ལག་གཉིས་སྡིགས་མཛུབ་ནང་བསྐོར་གྱིས་ནུ་སྟེང་སོ་སོ་ནས་སྨིན་མཚམས་ཐད་ཀྱི་ནམ་མཁར་ལན་གསུམ་འཕང༌། དེ་ནས་ལག་གཉིས་པད་བསྐོར་གྱིས་སྙིང་གའི་ཐད་དུ་ཐལ་མོ་སྦྱར་ཏེ་ཕུར་པ་འདྲིལ་ཞིང་འདེབས་ཚུལ་བྱས་ལ་ཐལ་མོ་དབྱེ། ཡང་པད་སྐོར་དང་ཕུར་འདེབས་ལན་གསུམ་བསྐྱར་ནས་འཕར་བསྡུས་ལ། ལག་གཉིས་
ཐལ་མོ་ཁ་སྦུབས་གཤིབས་ཏེ་ལུས་རྒུར་སྟབས་ཀྱིས་མདུན་དུ་གོམ་ཆུང་གསུམ་རྒྱུག་ཐོག་ནས་ཕྱིར་འཕར་གྱིས་རྒུར་འབེབས་གསུམ་བརྡབ། དེའི་ཚེ་སྔར་གྱི་སྙིང་གའི་ཨོཾ་ཡིག་འོད་དཀར་པོའི་རྣམ་པས་རྩ་ལ་ཐིམ། ཨཱཿཡིག་འོད་དམར་པོའི་རྣམ་པས་རླུང་ལ་ཐིམ། ཧཱུྃ་ཡིག་འོད་མཐིང་གའི་རྣམ་པས་ཐིག་ལེ་ལ་ཐིམ་པས་རླུང་ལྔ་ལོག་པ་རང་མལ་དུ་བསད། ཐིག་ལེ་དག་པ་སངས་རྒྱས། རླུང་དག་པ་དམ་ཆོས། རྩ་དག་པ་དགེ་འདུན། དེ་བཞིན་དུ་ཐིག་ལེ་ཆོས་སྐུ་དང་མཁའ་འགྲོ། རླུང་ལོངས་སྐུ་དང་ཡི་དམ། རྩ་སྤྲུལ་སྐུ་དང་བླ་མའི་རོལ་བར་ཚིག་རྫོགས་སུ་གྲུབ་པར་གསལ་ཞིང༌། དེ་ལྟར་རྡོ་རྗེའི་གར་སྟབས་བསྒྱུར་བས་འདོད་ཆགས་འཁྲུལ་པའི་འཁོར་ལོ་སོར་རྟོག་ཡེ་ཤེས་ཀྱི་དབྱིངས་སུ་བཤིགས་ཏེ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོའི་རྩ་མདུད་རྣམས་ཡོངས་སུ་གྲོལ་བར་བསམ། །དྲུག་པ་ཀརྨ་ཀཱི་ལ་ཡ་ནི། སྣང་སྲིད་དྲག་པོ་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བྱ་གྲུབ་ཡེ་ཤེས་ཀྱི་རང་གདངས་འོད་ཟེར་ལྗང་ཀུ་འཕྲོ་བའི་དབུས་སུ་རང་ཉིད་ཀརྨ་ཀཱི་ལ་ཡ་ལྗང་ནག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་རྒྱ་གྲམ་དང་གཡོན་དྲག་པོའི་ལྕགས་ཕུར་འདྲིལ་བ། སྐུ་སྨད་ལྕགས་ཕུར་རྣོ་དབལ་ཅན་སྐུ་དབྱིངས་རྩ་གསུམ་
འཁོར་ལོ་ལྔ་ལྡན་གྱི་སྙིང་གའི་ཐད་ཀྱི་དབུ་མའི་ནང་ཁོངས་སུ་ཨོཾ་ཡིག་མཐིང་གའི་མཐའ་སྐོར་མདུན་དུ་ཧཱུྃ་དཀར་པོ་གཡས་སུ་ཏྲཱྃ་སེར་པོ་རྒྱབ་ཏུ་ཧྲཱིཿ དམར་པོ་གཡོན་དུ་ཨཱཿལྗང་ཀུ་རྣམས་སྣུམ་འདྲིལ་འོད་ཕུང་གསལ་འཚེར་འབར་བ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་དཔག་ཏུ་མེད་པ་འཕྲོས་པས་ལུས་ཀྱི་ནང་ཐམས་ཅད་ཁྱབ་སྟེ་མ་དག་རྩ་རླུང་ཐིག་ལེའི་ཁམས་རྣམས་དག་དབྱིངས་དྭངས་མ་སྐུ་ལྔ་ཡེ་ཤེས་ལྔའི་རོལ་པར་སྨིན། ཡིག་འབྲུ་ལྔ་ལས་དེ་འདྲ་བ་མང་དུ་མཆེད་དེ་དབུས་དང་མདུན་རྒྱབ་གཡས་གཡོན་གྱི་རྩ་ཁམས་ཡོངས་ལ་ཁྱབ་པས་རྩའི་དྲྭ་བ་ཇི་སྙེད་པ་ཐམས་ཅད་ཡེ་ཤེས་འཁོར་ལོའི་རང་བཞིན་དུ་དག་པར་བསམ་ཞིང༌། རླུང་འབྱིན་འཇུག་གནས་གསུམ་སྔགས་ཀྱི་རང་བཞིན་དུ་ལ་བཟླ་བའི་ཕྱིར། ཨོཾ་གྱིས་རྔུབ་ཅིང་ནང་དུ་འཇུག་པ་དང༌། ཨཱཿ་ཡིས་དབུ་མར་འདྲེན་ཅིང་ཅི་གནས་སུ་འཇོག ཧཱུྃ་གིས་རྩ་ཁམས་རྣམས་སུ་གཞིལ་ཏེ་དལ་བུས་ཕྱི་རོལ་དུ་དབྱུང་བ་སྟེ། དེ་ལྟར་རྡོ་རྗེའི་བཟླས་པ་ལན་དགུའམ་གསུམ་སོགས་སྐབས་དང་བསྟུན་ནས་བསྐྱར་རྗེས། སྐྱིལ་ཀྲུང་བཤིགས་ཏེ་འཕར་སྟངས་ཀྱིས་གཡས་སུ་ཉལ་ལ་ལག་གཡས་ཁུ་ཚུར་ནུ་སྟེང་གཡོན་དུ་བཞག་ཅིང་རྐང་
གཡས་བསྐུམ། རྐང་ལག་གཡོན་ཟུང་གི་སོར་མོ་རྣམས་ཕྲལ་ཏེ་ཤུགས་ཀྱིས་བར་སྣང་དུ་ལན་གསུམ་འཕངས་པས་གཡོན་ཕྱོགས་ཀྱི་རྩ་མདུད་རྣམས་ཁྲོལ་མར་ཞིག་པར་བསམ། ཡང་འཕར་སྟངས་ཀྱིས་གཡོན་ཕྱོགས་སུ་སྔར་བཞིན་ཉལ་ཏེ་རྐང་ལག་གཡས་བཟུང་ལན་གསུམ་འཕངས་པས་དེ་ཕྱོགས་ཀྱི་རྩ་མདུད་ཐམས་ཅད་གྲོལ་བར་བསམ་པ་དང༌། སླར་ཡང་འཕར་སྟངས་ཀྱིས་གན་རྐྱལ་དུ་ཉལ་ནས་རྐང་ལག་བཞི་ཀ་ནམ་མཁར་འཕང་བའི་ཤུགས་ཀྱིས་ལུས་འཕར་སྟངས་དང་བཅས་པ་ལན་གསུམ་བྱ། དེ་ནས་རྐང་མཐིལ་གཉིས་ཁ་སྦྱར་ལ་པུས་མོ་ཕྱིར་བགྲད། ལུས་བསྲང་སྟེ་ལག་གཉིས་ཁུ་ཚུར་ཁ་སྦུབས་སུ་པུས་སྟེང་དུ་བཞག འོག་རླུང་བསྐུམ་ལ་ཅུང་ཟད་ནང་དུ་རྒུ་བཞིན་ངག་ནས་ཧཾ་ཞེས་པའི་སྒྲས་རྒྱུ་ཞབས་ནང་རོལ་རྣམས་སྒལ་པ་ལ་དྲག་ཏུ་སྦྱར། ལྕེ་ཡ་རྐན་ལ་སྒྲིལ། མིག་གྱེན་དུ་ལྡོག །ཤེས་པ་སྤྱི་བོའི་ཧཾ་ལ་གཏད་དེ་ལུས་ཤུགས་ཀྱིས་གྱེན་དུ་འཐེན་བཞིན་མགོ་ལྕོག་ལན་གསུམ་དང༌། ཡང་ཧཾ་ཞེས་སྔར་ལྟར་སྟོང་འདྲེན་མགོ་ལྕོག་ལན་གསུམ་རྫོགས་མཐར་ཧར་གྱིས་ལངས་ཏེ་ལུས་བསྲང་ནས་ལག་གཉིས་ཐལ་མོ་ནང་བསྐོར་གྱིས་གཡས་ཕྱོགས་སུ་ཕུར་པ་འདྲིལ་ཚུལ་བྱས་པས་ཞེ་སྡང་རྒྱལ་པོའི་
སྡེ་ཚོགས་རྡུལ་དུ་བརླག་པར་བསམ་ཞིང་ཐལ་མོ་དེ་ཕྱོགས་སུ་དབྱེ། དེ་བཞིན་གཡོན་ཕྱོགས་སུ་འདྲིལ་བས་འདོད་ཆགས་མོ་གདོན། མདུན་ངོས་སུ་འདྲིལ་བས་གཉན་དང་ས་བདག །འོག་ཏུ་ས་ལ་གདབ་ཚུལ་གྱིས་གཏི་མུག་ཀླུ་གདོན། སྟེང་དུ་འཕྱར་ཞིང་འདྲིལ་བས་ལྷ་གདོན་སྡེ་བརྒྱད་ཐམས་ཅད་བརླག་པར་བསམ། དེ་ནས་ཁུ་ཚུར་སྐོར་རྒྱང་ཐོག་སྔར་བཛྲ་ཀཱི་ལ་ཡའི་སྐབས་བཞིན་རྡོ་རྗེའི་ལུས་རྒྱ་བྱས་ལ་ལུས་ཀུན་ཤུགས་ཀྱིས་གྱེན་དུ་ལན་གསུམ་འཐེན་མཐར། རྡོ་རྗེའི་ཐོག་འབེབས་ལན་གསུམ་བརྡབ་པས། ཕྲག་དོག་འཁྲུལ་པའི་འཁོར་ལོ་བྱ་གྲུབ་ཡེ་ཤེས་ཀྱི་དབྱིངས་སུ་བཤིགས་ཏེ་གསང་གནས་བདེ་སྐྱོང་འཁོར་ལོའི་རྩ་མདུད་རྣམས་ཡོངས་སུ་གྲོལ་བར་བསམ། །བདུན་པ་བུདྡྷ་ཀཱི་ལ་ཡ་ནི། སྣང་སྲིད་བདེ་ཆེན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཆོས་དབྱིངས་ཡེ་ཤེས་ཀྱི་རང་གདངས་འོད་ཟེར་མཐིང་ག་འཕྲོ་བའི་དབུས་སུ་རང་ཉིད་བུདྡྷ་ཀཱི་ལ་ཡ་མཐིང་ནག་གཡས་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པ་དང་གཡོན་རི་རབ་ཀྱི་ཕུར་བུ་འདྲིལ་བ། སྐུ་སྨད་ལྕགས་སྲེགས་ཀྱི་ཕུར་བུ་རྣོ་དབལ་ཅན། སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྤྱི་བོའི་
རྩ་འཁོར་གྱི་དབུས་སུ་ཆོས་འཁོར་རྩིབས་བརྒྱད་པའི་ལྟེ་བར་ཐིག་ལེ་དཀར་པོ་ཧཾ་ཡིག་གིས་མཚན་པ་དང་། གསང་གནས་ཀྱི་འཁོར་ལོའི་དབུས་སུ་ཐིག་ལེ་སམར་པོ་ཨ་ཤད་ཀྱིས་མཚན་པ་བཅས་གསལ་ལ། རླུང་ཁུག་གསུམ་བཟུང་བའི་ཚེ་ཨ་ཤད་ལས་མེ་ཁྱུར་གྱིས་འབར་བ་ཡར་མཆེད་དེ་སྤྱི་བོའི་ཧཾ་ལ་རེག་པས་དེ་ལས་བྱང་སེམས་བདུད་རྩིའི་རྒྱུན་སྨྱུག་སྦུབས་ནས་ཆུ་དྲངས་པ་ལྟར་ཐིག་ལེ་བཅུ་དྲུག་མགྲིན་པར་བབས་པས་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ཡང་རླུང་ཁུག་གསུམ་གྱིས་དེའི་ཕྱེད་ཆ་ཐིག་ལེ་བརྒྱད་སྙིང་གར་བབས་པས་མཆོག་དགའི་ཡེ་ཤེས། ཡང་རླུང་ཁྲག་གསུམ་གྱིས་དེའི་ཕྱེད་ཆ་ཐིག་ལེ་བཞི་ལྟེ་བར་བབས་པས་ཁྱད་པར་གྱི་དགའ་བའི་ཡེ་ཤེས། ཡང་རླུང་ཁུག་གསུམ་གྱིས་དེའི་ཕྱེད་ཆ་ཐིག་ལེ་གཉིས་གསང་བར་བབས་པས་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། དེ་ནས་ཐིག་ལེ་གཅིག་གསང་གནས་ཀྱི་གཏུམ་མོའི་ཨ་ཤད་ལ་ཕོག་པས་མེ་འབར་བའི་སྟེང་དུ་སྣུམ་ཁོལ་མ་བླུགས་པ་ལྟར་བདེ་སྟོང་ཡེ་ཤེས་ཀྱི་མེ་ཆེར་འབར་བའི་ཤུགས་ཀྱིས་གསང་གནས་ཀྱི་དྭངས་མའི་ཐིག་ལེ་དེ་ཉིད་སྤྲུལ་བའི་འཁོར་ལོར་ལུགས་སུ་ལྡོག་པས་དགའ་བའི་ཡེ་ཤེས། དེ་བཞིན་དུ་ཆོས་ཀྱི་འཁོར་ལོར་
ལྡོག་པས་མཆོག་དགའ། ལོངས་སྤྱོད་འཁོར་ལོར་ལྡོག་པས་ཁྱད་དགའ། བདེ་ཆེན་འཁོར་ལོར་ལྡོག་པས་ལྷན་ཅིག་སྐྱེ་ས་དགའི་ཡེ་ཤེས་སྐྱེས་བརྟན་གོང་འཕེལ་དུ་བྱས། མེ་དང་ཐིག་ལེ་གཉིས་སུ་མེད་པར་མཆེད་དེ་སྒོ་གསུམ་ཡོངས་ལ་ཁྱབ་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཉམས་སུ་མྱོང་བར་བསམ་ཞིང༌། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་ཐོག་ཐལ་མོ་གཉིས་ཐག་སྒྲ་དང་བཅས་བརྡབ་ལ་ལག་གཡོན་འོག་དང་གཡས་སྟེང་དུ་བྱས་ཏེ་བསྣོལ་ཞིང་ལག་རྒྱབ་སྤྲད་པའི་སོར་མོ་རྣམས་ཕན་ཚུན་སྦྲེལ་བ་འཁོར་ལོའི་རྒྱ་ཕྲག་པ་གཡས་ཀྱི་སྟེང་ནས་གཡས་སུ་ལན་གསུམ་བསྐོར། དེ་ནས་འཕར་སྟངས་ཀྱིས་རྐང་པ་གཡས་བརྐྱང་པའི་གྱད་སྟབས་བཅས་ལག་གཡོན་སྡིགས་མཛུབ་དཀུར་བརྟེན། གཡས་སྡིགས་མཛུབ་ནུ་ཐད་ནས་ནང་བསྐོར་གྱིས་ས་ལ་གཟིར་བའི་ཚུལ་དུ་འཕང་བ་དང་སྦྲགས་ཕཊ་དྲག་པོ་བརྗོད་པས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གིས་ཀུན་ནས་བསླངས་པའི་གདོན་བགེགས་གནོད་བྱེད་ཐམས་ཅད་ཡུམ་སངས་རྒྱས་སྤྱན་མའི་མཁའ་རུ་གཏོར་བར་བསམ། ཡང་འཕར་བསྡུས་ལ་ཁུ་ཚུར་བསྐོར་རྒྱང་ཐོག་ཐལ་བརྡབ་བཅས་
ལག་གཡས་འོག་དང་གཡོན་སྟེང་དུ་བྱས་པའི་ལག་རྒྱབ་བསྣོལ་ལ་སྔར་བཞིན་འཁོར་ལོའི་རྒྱ་བྱས་པ་ཕྲག་པ་གཡོན་གྱི་སྟེང་ནས་གཡོན་དུ་ལན་གསུམ་བསྐོར་ཞིང༌། འཕར་སྟངས་ཀྱིས་རྐང་གཡོན་བརྐྱང་པའི་གྱད་སྟབས་དང་ལག་གཡས་སྡིགས་མཛུབ་དཀུར་བརྟེན། གཡོན་སྡིགས་མཛུབ་ནང་བསྐོར་ནུ་ཐད་ནས་མདུན་གྱིས་གཞིར་གཟིར་ཏེ་ཕཊ་བརྗོད། དེ་ལྟར་གཡས་གཡོན་སྤེལ་མ་ལན་གསུམ་སོང་ནས་འཕར་བསྡུ། དེ་ནས་འཕར་སྟངས་ཀྱིས་རྐང་པ་གཉིས་ཕན་ཚུན་མཐོ་གང་ཙམ་བགྲད་པའི་བགྲད་ཆུང་གི་འབེབས་གསུམ་དང༌། འབེབས་གདན་གྱི་ཕྱོགས་བཞི་དབུས་ལྔར་རིམ་བཞིན་བསྐོར་ཏེ་འབེབས་ཆུང་རེ་བརྡབ་པས་གཏི་མུག་འཁྲུལ་པའི་འཁོར་ལོ་ཆོས་དབྱིངས་ཡེ་ཤེས་སུ་བཤིགས་ཏེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་མདུད་རྣམས་ཡོངས་སུ་གྲོལ་བར་བསམ། ༈ །དེ་ནས་ཁྲོ་བོ་བཅུའི་འཁྲུལ་འཁོར་ལས། བརྒྱད་པ་ཧཱུྃ་ཀཱ་ར་ནི། སྣང་སྲིད་རབ་འཇིགས་དུར་ཁྲོད་འབར་བའི་ཞིང་ཁམས་ཆེན་པོའི་དབུས་སུ་པདྨ་ཟླ་ཉིའི་གདན་ལ་རང་ཉིད་ཁྲོ་ཆེན་ཧཱུྃ་ཀཱ་ར་མཐིང་ནག་ཁྲོ་བོའི་ཆས་ཅན། ཕྱག་གཉིས་མདའ་གཞུ་འགེང་ཞིང་ཞབས་ཟུང་གྱད་ཀྱི་འདོར་སྟབས་སུ་བཞུགས་པ།
སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་དུ་གསལ་ལ། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་གིས་སྡིགས་མཛུབ་ནམ་མཁར་འཕང་ལ་ཧཱུྃ་ཞེས་རླུང་ལྟེ་འོག་ཏུ་མནན། དེ་ཐོག་ནས་ལུས་རྒུ་བཞིན་སྡིགས་མཛུབ་སྦུབས་པ་རྐང་པའི་བོལ་གོང་ལ་མ་རེག་ཙམ་ནས་ཧུ་ཞེས་སྟོང་འདྲེན་དང་བཅས་རྐང་པའི་བར་ནས་གྱེན་དུ་ཤད་དེ་སྙིང་གའི་ཐད་ནས་སྟེང་གི་ནམ་མཁར་འཕང་བ་ལན་གསུམ། དེ་ནས་འཕར་སྟངས་ཀྱིས་གཡོན་བརྐྱང་པའི་གྱད་སྟབས་བགྲད་ལ་ལག་གཉིས་ཁུ་ཚུར་གཡོན་ཕྱོགས་སུ་འཕང་བའི་ཐོག་ལག་གཡོན་སྡིགས་མཛུབ་ཀྱིས་གཞུ་འཛིན་ཚུལ་དང་གཡས་སྡིགས་མཛུབ་ནང་བསྟན་མདའ་འགེང་པ་གཞུ་རྒྱུད་ཤུགས་ཀྱིས་འཐེན་ཅིང་འཕང་བའི་ཚུལ་བྱས་ལ་འཕར་བསྡུ། ཡང་འཕར་སྟངས་ཀྱིས་གོང་བཞིན་གྱད་སྟབས་མདའ་གཞུ་འགེངས་ཚུལ་བཅས་ལན་གསུམ་སོང་ནས། རྐང་པ་ཁྲུ་གང་ཙམ་དུ་བགྲད་པའི་བགྲད་ཆེན་གྱི་འབེབས་གསུམ་བརྡབ་པས་སྟེང་ཕྱོགས་ལྷ་གདོན་གྱི་གནོད་གདུག་འཁྲུལ་པའི་འཁོར་ལོ་ཐམས་ཅད་བཤིགས་པར་བསམ། །དགུ་པ་རྣམ་རྒྱལ་ནི། རང་ཉིད་རྣམ་པར་རྒྱལ་བ་དཀར་པོ་གཡས་ཏྲི་ཤུལ་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ལངས་
ཏེ་ཁུ་ཚུར་སྦུབས་རྒྱང་ལན་གསུམ་འཕང་རྗེས། འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་གྱད་སྟབས་བགྲད། ལག་གཉིས་མཛུབ་མོ་དང་སྲིན་ལག་ནང་དུ་བསྐུམ་ཞིང་གཞན་གསུམ་བརྐྱང་པ་ཏྲི་ཤུལ་གྱི་རྒྱ་སྙིང་གར་བསྣོལ་ནས་འགྲོལ་བ་དང་སྦྲགས་གཡས་གཡོན་སོ་སོའི་དཔུང་པའི་ཐད་ཀྱི་བར་སྣང་ལ་བསྣུན་ཚུལ་བྱ། ཡང་སྙིང་གར་བསྣོལ་ཏེ་གཡས་གཡོན་དུ་བསྣུན་ཚུལ་གོང་བཞིན་ལན་གསུམ་བསྐྱར་རྗེས། འཕར་བསྡུས་ལ་འབེབས་ཆེན་གསུམ་བརྡབ་པས་ཤར་ཕྱོགས་དྲི་ཟའི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། །བཅུ་པ་གཤིན་རྗེ་གཤེད་ནི། རང་ཉིད་གཤིན་རྗེ་གཤེད་མཐིང་སེར་གཡས་དགྲ་སྟྭ་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ལངས་ཏེ་ལག་གཉིས་ཁུ་ཚུར་རྐང་པའི་བོལ་གོང་ནས་གྱེན་དུ་ཤད་དེ་ནུ་སྟེང་ཐད་ཀྱི་ནམ་མཁར་འཕང་བ་ལན་གསུམ་རྗེས། སྡིགས་མཛུབ་ཁ་ཕྱིར་བསྟན་སྤྱི་བོར་བསྣོལ་ཞིང་བཀྲོལ་ནས་ཐལ་མོ་པད་སྦུབས་ཀྱིས་རྣ་བའི་ཐད་གཡས་གཡོན་སོ་སོར་སེ་གོལ་རེ་གཏོགས་པ་ལན་གསུམ་མཐར། འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་གྱད་སྟབས་བགྲད། ལག་གཉིས་ནུ་སྟེང་ནས་སྡིགས་མཛུབ་ནང་བསྐོར་གྱིས་གཡས་
ནམ་མཁར་བསྒྲེང་ཞིང་གཡོན་ས་ལ་གཟིར་བ་དང་ཆབ་གཅིག་ལྟ་སྟངས་གཟིར། ཡང་འཕར་སྟངས་ཀྱིས་བསྡུས་ལ་སླར་ཡང་གྱད་སྟབས་སྡིགས་མཛུབ་ལྟ་སྟངས་བཅས་གོང་བཞིན་ལན་གསུམ་བསྐྱར་རྗེས། རྒུར་འབེབས་གསུམ་བརྡབ་པས་ལྷོ་ཕྱོགས་གཤིན་རྗེའི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། བཅུ་གཅིག་པ་རྟ་མགྲིན་ནི། རང་ཉིད་རྟ་མགྲིན་དམར་ནག་གཡས་རལ་གྲི་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ལངས་ཏེ་ལག་གཉིས་ཁུ་ཚུར་ནང་བསྐོར་གྱིས་སྟ་ཟུར་གཡས་གཡོན་ནས་ཐུར་དུ་འཕང་ལ་ལུས་སྟོད་རྒྱབ་ཏུ་དགྱེ་ཞིང་མདུན་དུ་རྒུ་བ་ལན་གསུམ་སྤེལ་མཐར། མགོ་བོ་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ། དེ་ནས་འཕར་སྟངས་ཀྱིས་རྐང་པ་གཡོན་བརྐྱང་པའི་གྱད་སྟབས་བྱས་ལ། མཆན་རྡེབ་དང་བཅས་ཁུ་ཚུར་གཉིས་ནུ་ཐད་ནས་མདུན་མཁར་འཕང་རྗེས། ལག་གཉིས་གུང་མོ་དང་སྲིན་ལག་གཉིས་བརྐྱང་པ་རྩེ་སྤྲད་མཛུབ་མོ་དང་མཐེའུ་ཆུང་ཕན་ཚུན་བསྣོལ། མཐེ་བོང་གཉིས་བསྒྲེང་བའི་རྟ་རྒྱ་སྤྱི་བོར་བཞག་སྟེ་ལུས་སྟོད་གྱེན་དུ་ཅུང་ཟད་འཐེན་བཞིན་ཨི་ཧི་ཧི་ཞེས་འཚེར་སྐད་བསྒྲག ཡང་
འཕར་བསྡུས་ཏེ་ཁུ་ཚུར་སྟ་ཟུར་ནས་ཐུར་དུ་འཕང་པ་སོགས་གོང་བཞིན་ལན་གསུམ་བསྐྱར་རྗེས། འཕར་བསྡུས་ལ་ལུས་གན་རྐྱལ་ཐོག་རྐང་ལག་བཞི་ནམ་མཁར་ཤུགས་ཀྱིས་འཕེན་པའི་སྒལ་འབེབས་གསུམ་བརྡབ་པས་ནུབ་ཕྱོགས་ཆུ་ལྷའི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། །བཅུ་གཉིས་པ་བདུད་རྩི་འཁྱིལ་བ་ནི། རང་ཉིད་བདུད་རྩི་འཁྱིལ་བ་ལྗང་ནག་གཡས་རྡོ་རྗེ་རྒྱ་གྲམ་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ཧར་གྱིས་ལངས་ཏེ་ལུས་བསྲང་ཐོག་ལག་གཉིས་ཁུ་ཚུར་གདོང་རྒྱང་ནམ་མཁར་འཕང་བ་ལན་གསུམ་མཐར། རྐང་པ་བརླ་གཡས་གཡོན་བསྣོལ་སྟབས་ཀྱིས་ལངས་ལ། ལག་གཉིས་གུང་མོ་གཉིས་བརྐྱང་པ་རྩེ་སྤྲད་ལྷག་མ་རྣམས་བསྣོལ་བ་རྡོ་རྗེ་རྩེ་གཅིག་པའི་རྒྱ་སྐེད་པའི་ཐད་ནས་གཡས་ཀྱི་རྒྱབ་ཏུ་ལན་གསུམ་དང༌། གཡོན་གྱི་རྒྱབ་ཏུ་ལན་གསུམ་ཤུགས་ཀྱིས་འཕང༌། ཡང་རྐང་པ་གཤིབས་ཏེ་ཁུ་ཚུར་གདོང་རྒྱང་སོགས་གོང་བཞིན་ཚར་གསུམ་བསྐྱར་རྗེས། རྡོ་རྗེའི་ཐོག་འབེབས་ལན་གསུམ་བརྡབ་པས་བྱང་ཕྱོགས་གནོད་སྦྱིན་གྱི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། །བཅུ་གསུམ་པ་དབྱུག་སྔོན་ནི། རང་
ཉིད་དབྱུག་པ་སྔོན་པོ་མཐིང་སྐྱ་གཡས་དབྱུག་ཏོ་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ལངས་ཏེ་ཁུ་ཚུར་ནང་བསྐོར་མཆན་ཚག་བཅས་ནུ་སྟེང་ནས་གདོང་ཐད་དུ་འཕང་བ་ལན་གསུམ་སོང་ནས། འཕར་སྟངས་ཀྱིས་རྐང་པ་གཡས་བརྐྱང་པའི་གྱད་སྟབས་བགྲད་ལ་སྡིགས་མཛུབ་གཡོན་དཀུར་བརྟེན། གཡས་སྡིགས་མཛུབ་ནང་བསྐོར་གྱིས་གཡས་ཕྱོགས་ཀྱི་ནམ་མཁར་འཕང་བ་ལན་གསུམ་མཐར་འཕར་བསྡུ། ཡང་འཕར་སྟངས་ཀྱིས་གཡོན་བརྐྱང་པའི་གྱད་སྟབས་དང་བཅས་སྡིགས་མཛུབ་གཡས་དཀུར་བརྟེན། གཡོན་ནང་བསྐོར་གྱིས་འཕང་བ་སོགས་གཡས་གཡོན་སྤེལ་མ་ལན་གསུམ་བསྐྱར་རྗེས། འཕར་བསྡུས་ལ་ལག་གཉིས་ཁུ་ཚུར་སྟ་ཟུར་ནས་གྱེན་དུ་ཤད་དེ་གདོང་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་མཐར། བགྲད་ཆུང་གི་འབེབས་གསུམ་བརྡབ་བཞིན་ཕཊ་གསུམ་བརྗོད་པས་ཤར་ལྷོ་མེ་ལྷའི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། བཅུ་བཞི་པ་མི་གཡོ་བ་ནི། རང་ཉིད་མི་གཡོ་བ་ལྗང་ནག་གཡས་སྤུ་གྲི་དང་གཡོན་ཕུར་བུ་འདྲིལ་བར་གསལ་ལ། ལངས་ཏེ་ལག་གཉིས་ཁུ་ཚུར་ནང་བསྐོར་གྱིས་སྦུབས་ཏེ་སྟ་ཟུར་
གཡས་གཡོན་ནས་ཐུར་དུ་འཕང་བ་ལན་གསུམ། དེ་མ་ཐག་རྐང་པ་གཡས་ཀྱི་པུས་མོ་སར་བཙུག །གཡོན་མདུན་དུ་བརྐྱང་པའི་མཐིལ་ས་ལ་ཕབ་ཅིང་པུས་མོ་རོང་ངེ་བྱ། ལག་གཡོན་སྡིགས་མཛུབ་དཀུར་བརྟེན། གཡས་སྡིགས་མཛུབ་ནུ་ཐད་ནས་ནང་བསྐོར་གྱིས་གཡས་ཀྱི་ནམ་མཁར་འཕང་བ་ལན་གསུམ། ཡང་འཕར་སྟངས་ཀྱིས་ལངས་ཏེ་པུས་མོ་གཡོན་པ་སར་བཙུག །རྐང་གཡས་མདུན་དུ་ཕབ་ཅིང༌། ལག་གཡས་སྡིགས་མཛུབ་དཀུར་བརྟེན་ནས་གཡོན་གྱི་སྡིགས་མཛུབ་གཡོན་ཕྱོགས་སུ་འཕང་བ་ལན་གསུམ་མཐར། འཕར་སྟངས་ཀྱིས་ལངས་ཏེ་པུས་མོ་གཉིས་ཀ་སར་བཙུག །ལག་གཉིས་ནུ་ཐད་སྡིགས་མཛུབ་ནང་བསྐོར་གྱིས་མདུན་མཁར་འཕང་བ་ལན་གསུམ་སོང་ནས། ལངས་ཏེ་ལག་གཉིས་ཐལ་མོ་བཀན་ནས་སྟེང་གི་ནམ་མཁར་ཤུགས་ཀྱིས་བསྒྲེང་བ་དང་ཆབ་གཅིག་ལུས་གྱེན་དུ་འཕར་བ་ལ་བཏེགས་འབེབས་ཞེས་སུ་གྲགས་པ་ལན་གསུམ་དང༌། ལངས་སྟབས་སུ་ཕྱིར་དགྱེ་བ་དང་ནང་དུ་རྒུ་བ་གཉིས་ཀྱི་བར་ནས་འབབ་པ་དགྱེ་རྒུ་བར་འབེབས་སུ་གྲགས་པ་ལན་གསུམ་བརྡབ་པས་ལྷོ་ནུབ་སྲིན་པོའི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ།
བཅོ་ལྔ་པ་འདོད་རྒྱལ་ནི། རང་ཉིད་འདོད་པའི་རྒྱལ་པོ་དམར་གསལ་གཡས་བ་དན་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་ལན་གསུམ་འཕང་མཐར། ཁུ་ཚུར་གཉིས་ནུ་སྟེང་ནས་ནང་བསྐོར་སྦུབས་བཞིན་གཡོན་པས་གཡས་པ་དེད་པའི་ཚུལ་གྱིས་རྒྱབ་ལོགས་གཡས་སུ་ཤེད་བསྐྱེད་དེ་འཕེན་པ་གསུམ་དང༌། ཡང་གཡས་པས་གཡོན་པ་དེད་ཚུལ་གྱིས་རྒྱབ་ལོགས་གཡོན་དུ་འཕེན་པ་གསུམ་སོང་ནས། འཕར་སྟངས་ཀྱིས་རྐང་པ་གཡས་བརྐྱང་པའི་གྱད་སྟབས་བགྲད། ལག་གཡོན་སྡིགས་མཛུབ་དཀུར་བརྟེན། གཡས་སྡིགས་མཛུབ་དཔུང་མགོའི་ཐད་ནས་ནང་བསྐོར་གྱིས་དཔུང་པ་གཡོན་པའི་སྟེང་ནས་རྒྱབ་ཀྱི་ཕྱོགས་སུ་གཟིར་བ་ལན་གསུམ་མཐར་འཕར་བསྡུ། ཡང་འཕར་སྟངས་ཀྱིས་གོང་བཞིན་རྐང་ལག་གཡས་གཡོན་གོ་ལྡོག་སྤེལ་མ་ལན་གསུམ་བསྐྱར་རྗེས། ཁུ་ཚུར་བསྐོར་རྒྱང་སྔོན་དུ་འགྲོ་བས་འབེབས་ཆེན་གསུམ་བརྡབ་པས་ནུབ་བྱང་རླུང་ལྷའི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། །བཅུ་དྲུག་པ་ཁམས་གསུམ་རྣམ་རྒྱལ་ནི། རང་ཉིད་ཁམས་གསུམ་རྣམ་རྒྱལ་སེར་སྐྱ་གཡས་རྡོ་རྗེ་
དང་གཡོན་ཕུར་བུ་འཛིན་པར་གསལ་ལ། ལག་གཉིས་ཁུ་ཚུར་ནང་དུ་བསྐོར་བཞིན་ལངས་ཏེ་ནུ་སྟེང་ནས་གདོང་ཐད་དུ་འཕང༌། ཡང་འཕོང་ས་ལ་མ་རེག་ཙམ་དུ་སྡོད་མ་ཐག་ཁུ་ཚུར་ནང་དུ་བསྐོར་བཞིན་ལངས་ཏེ་འཕང་བ་དེ་འདྲ་ལན་གསུམ་སོང་ནས། འཕར་སྟངས་ཀྱིས་སྡིགས་མཛུབ་གཉིས་ནུ་ཐད་ནས་སྟེང་གི་ནམ་མཁར་འཕང༌། ཡང་འཕར་སྟངས་བཅས་གཡོན་བརྐྱང་པའི་གྱད་སྟབས་བགྲད་ལ་སྡིགས་མཛུབ་གཡས་གཡོན་སོ་སོའི་བར་སྣང་དུ་འཕེན། ཡང་འཕར་སྟངས་ཀྱིས་རྐང་པ་གཉིས་གཤིབས་ཏེ་སྡིགས་མཛུབ་སྟ་ཟུར་གཡས་གཡོན་ནས་ཐུར་དུ་འཕང་ལ་ལུས་ཤུགས་ཀྱིས་གྱེན་དུ་འཐེན་ཚུལ་བྱས་མཐར། འབེབས་ཆེན་གསུམ་བརྡབ་པས་བྱང་ཤར་དབང་ལྡན་གྱི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། །བཅུ་བདུན་པ་སྟོབས་ཆེན་ནི། རང་ཉིད་སྟོབས་པོ་ཆེ་ནག་པོ་གཡས་ཐོ་བ་དང་གཡོན་ཕུར་བུ་འཛིན་པར་གསལ་ལ། རྐང་པ་གཉིིས་སྐྱིལ་ཀྲུང་མ་ཤིགས་པར་ལག་གཉིས་ཁུ་ཚུར་བསྐོར་རྒྱང་ཐོག་སྡིགས་མཛུབ་ནང་སྐོར་གྱིས་གཡས་དཀུར་བརྟེན་ཅིང་གཡོན་གྱི་སྡིགས་མཛུབ་གཡོན་ཕྱོགས་སུ་ལན་གསུམ་འཕེན་བཞིན་ལྟ་སྟངས་
གཟིར། ཡང་སྡིགས་མཛུབ་ནང་བསྐོར་ཐོག་ལག་གཡས་གཡོན་གོ་བརྗེས་ཏེ་གཡས་སུ་ལྟ་སྟངས་བཅས་སྡིགས་མཛུབ་འཕང་བ་ལན་གསུམ། དེ་ནས་ཁུ་ཚུར་གཉིས་ནང་བསྐོར་གྱིས་པུས་སྟེང་དུ་བཞག་ལ་སྟོང་འདྲེན་དྲག་པོས་ལྟེ་བའི་རླུང་ཤུགས་ཀྱིས་གྱེན་དུ་འཐེན་ཅིང་ལྟ་སྟངས་སྟེང་གི་ནམ་མཁར་གཏོད། སླར་ཡང་སྡིགས་མཛུབ་ནང་བསྐོར་གྱིས་གཡས་གཡོན་དུ་འཕང་བ་སྟོང་འདྲེན་བཅས་གོང་བཞིན་ལན་གསུམ་ཚང་ནས། ལག་གཡོན་ཁུ་ཚུར་དཀུར་བརྟེན་ཅིང་གཡས་ཀྱི་ཐལ་མོ་ནང་བསྐོར་བཅས་གཡས་ཕྱོགས་ཀྱི་ས་གཞིར་ལན་གསུམ་བརྡབ། དེ་བཞིན་གོ་བརྗེས་ཏེ་གཡོན་གྱི་ཐལ་མོས་གཡོན་གྱི་ས་གཞིར་ལན་གསུམ་བརྡབ་རྗེས། སྐྱིལ་ཀྲུང་བཤིགས་ཏེ་འབེབས་ཆུང་གསུམ། བར་འབེབས་གསུམ། འབེབས་ཆེན་གསུམ་བཅས་བརྡབ་པས་འོག་ཕྱོགས་བདག་གི་གནོད་གདུག་འཁྲུལ་འཁོར་ཐམས་ཅད་བཤིགས་པར་བསམ། །བཅོ་བརྒྱད་པ་ཕག་མོ་ནི། སྣང་སྲིད་དག་པ་མཁའ་སྤྱོད་འོག་མིན་གྱི་ཞིང་ཁམས་ཆེན་པོར་རང་ཉིད་རྡོ་རྗེ་ཕག་མོ་མཐིང་ནག་སྐུ་གཅེར་མོ་རུས་པའི་རྒྱན་ཅན། ཕྱག་གཡས་གྲི་གུག་རྣ་ལྟག་གཡས་ཀྱི་ཐད་སོར་འཕྱར་ཞིང་གཡོན་
ཐོད་ཁྲག་ཐུགས་ཀར་བསྣམས་པ། སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བ། ཞབས་གཉིས་འདོར་སྟབས་ཀྱིས་པདྨ་ཉི་ཟླའི་གདན་ལ་འགྱིང་བའི་སྐུར་གསལ་ལ། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་ཐོག་འཕར་སྟངས་ཀྱིས་རྐང་གཡས་མདུན་དུ་བརྐྱང་བའི་འདོར་སྟབས་བྱ། ལག་གཡོན་སྙིང་གར་ཐོད་ཁྲག་འཛིན་ཚུལ་དང༌། གཡས་སྡིགས་མཛུབ་གྲི་གུག་འཛིན་ཚུལ་གྱིས་རྣ་ལྟག་གཡས་ནས་ནང་དུ་བསྐོར་ཏེ་གཡས་ཕྱོགས་ཀྱི་ནམ་མཁར་འཕང་བ་ལན་གསུམ་སོང་ནས་འཕར་བསྡུ། ཡང་འཕར་སྟངས་ཀྱིས་གཡོན་བརྐྱང་པའི་འདོར་སྟབས་བགྲད། གཡས་གྲི་གུག་སྙིང་གར་འཛིན་ཚུལ་དང༌། གཡོན་ཐོད་ཁྲག་འཛིན་རྒྱ་དཔུང་པ་གཡོན་པའི་སྟེང་ནས་བསྐོར་ཏེ་བཟེད་ཅིང་ཞལ་དུ་རོལ་ཚུལ་གྱིས་རྩིབས་ལོགས་གཡོན་དུ་གཏུག་པ་ལན་གསུམ་སོང་ནས་འཕར་བསྡུ། དེ་ནས་ལག་གཡོན་ཁུ་ཚུར་དཀུར་བརྟེན་ཅིང་ལུས་གཡས་ཕྱོགས་སུ་རྒུར་ཏེ་ཐལ་མོ་ནང་བསྐོར་བཅས་རྐང་ལག་གཡས་པ་གཉིས་ཀྱི་མཐིལ་ས་ལ་བརྡབ་པ་ལན་གསུམ། ཡང་གོ་བརྗེད་ཏེ་རྐང་ལག་གཡོན་པ་གཉིས་ས་ལ་བརྡབ་པ་ལན་གསུམ་སོང་ནས། ལག་གཉིས་སྲིན་ལག་མཐེའུ་ཆུང་གཉིས་བརྐྱང་པ་རྩེ་སྤྲད་གུང་མཛུབ་ཕན་ཚུན་
བསྣོལ་ཞིང་མཐེ་བོང་གཉིས་བསྒྲེང་སྟེ་ཅུང་ཟད་བཀུག་པའི་ཕག་ཞལ་རྒྱ་སྤྱི་བོར་བཞག་ལ་ལུས་སྟོད་དགྱེ་རྒུ་བྱེད་བཞིན་ངུར་ཚུལ་གྱིས་ཝ་ར་ཧི་ཞེས་ལན་གསུམ་བརྗོད་མཐར། བགྲད་ཆུང་གི་འབེབས་གསུམ་བརྡབ་པས་ཁམས་གསུམ་སྣང་སྲིད་ཐམས་ཅད་ཡུམ་ཆེན་ཕག་མོའི་ཐུགས་གསང་ཆོས་ཉིད་ཆེན་པོར་འུབ་ཆུབ་པར་བསམ། །བཅུ་དགུ་པ་འཁོར་ལོ་རྒྱས་འདེབས་ནི། སྣང་སྲིད་འོག་མིན་ཆོས་དབྱིངས་བདེ་བ་ཆེན་པོའི་དཀྱིལ་འཁོར་དུ་རང་ཉིད་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་མཐིང་ནག་གཅེར་མོ་ཁྲོ་ཆགས་སྒེག་པའི་ཉམས་ཅན། ཕྱག་གཡས་ཁ་ཊྭཱཾ་རྩེ་གསུམ་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་གར་སྟབས་ཀྱིས་པདྨ་ཟླ་ཉིའི་གདན་ལ་རོལ་པ། སྐུ་དབྱིངས་རྩ་གསུམ་འཁོར་ལོ་ལྔ་ལྡན་གྱི་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་སངས་རྒྱས་རིགས་ཀྱི་ཡུམ་དབྱིངས་ཕྱུག་མ་མཐིང་ག དེ་བཞིན་དུ་མགྲིན་པར་པདྨ་རིགས་ཀྱི་ཡུམ་གོས་དཀར་མོ་དམར་མོ། སྙིང་གར་རྡོ་རྗེ་རིགས་ཀྱི་ཡུམ་མཱ་མ་ཀི་དཀར་མོ། ལྟེ་བར་རིན་ཆེན་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་སེར་མོ། གསང་བར་ལས་ཀྱི་རིགས་
ཀྱི་ཡུམ་དམ་ཚིག་སྒྲོལ་མ་ལྗང་མོ་རྣམས་ཀྱི་སྐུ་དབྱིངས་སུ་ཞིང་ཁམས་ལྔའི་བཀོད་པ་མཚོ་ལ་གཟའ་སྐར་བཀྲ་བ་བཞིན་མ་འདྲེས་ཡོངས་སུ་རྫོགས་པར་གསལ་ལ། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་ཐོག་རྐང་པ་གཡས་བསྐུམ་པའི་རྟིང་པ་གསང་བར་གཏད། གཡོན་བརྐྱང་པ་གདན་ལ་བརྫིས་ཏེ་ལག་གཡོན་སྙིང་གར་ཐོད་ཁྲག་འཛིན་ཚུལ་དང༌། གཡས་སྡིགས་མཛུབ་ནང་བསྐོར་གྱིས་གཡས་ཕྱོགས་ཀྱི་ནམ་མཁར་བསྒྲེང་ཞིང་ལྟ་སྟངས་གཟིར་བ་ལན་གསུམ། ཡང་གོ་བརྗེས་ཏེ་གཡོན་བསྐུམ་པའི་གར་སྟབས་དང་། གཡས་སྡིགས་མཛུབ་སྙིང་གར་གཏོད་ཅིང༌། གཡོན་གྱི་སྡིགས་མཛུབ་སྒྲེང་བ་ལྟ་སྟངས་བཅས་ལན་གསུམ་ཚང་ནས། རྐང་པ་གཉིས་གཤིབས་ལ་ལུས་བསྲང༌། ལག་གཉིས་པད་སྐོར་བཅས་སྔར་བཞིན་འཁོར་ལོའི་རྒྱ་བཅས་ཏེ་གཡས་སུ་བསྐོར་བཞིན་སྤྱི་བོར་གཏུག་པ་ལན་གསུམ་མཐར་འཕར་སྟངས་ཅུང་ཟད་ཀྱིས་རྒྱ་བཤིག །ཡང་པད་སྐོར་བཅས་ཐལ་མོ་ཁོང་སྟོང་དུ་བྱས་པའི་སོར་མོ་རྣམས་ཁ་གྱེས་པ་པདྨའི་རྒྱ་བཅས་ལ་གཡོན་དུ་བསྐོར་བཞིན་མགྲིན་པར་གཏུགས་པ་ལན་གསུམ་ནས་འཕར་གྱིས་བཤིག །ཡང་པད་སྐོར་བཅས་ཐལ་མོ་ཁ་སྦྱར་བའི་སྲིན་ལག་གཉིས་བསྣོལ། གུང་མོ་མཐེ་བོང་
ཐེའུ་ཆུང་བཅས་བརྐྱང་པ་རྩེ་སྤྲད། མཛུབ་མོ་གཉིས་ཐད་ཀར་བརྐྱང་པ་རྡོ་རྗེ་རྩེ་ལྔའི་རྒྱ་གཡས་སུ་བསྐོར་བཞིན་སྙིང་གར་གཏུག་པ་ལན་གསུམ་ནས་འཕར་གྱིས་བཤིག །པད་པད་སྐོར་བཅས་གུང་མོ་སྲིན་ལག་མཐེའུ་ཆུང་གསུམ་པོ་བརྐྱང་པ་རྩེ་སྤྲད། མཐེབ་མཛུབ་སོ་སོར་རྩེ་སྤྲད་པ་ནོར་བུ་མིག་གསུམ་པའི་རྒྱ་གཡས་སུ་བསྐོར་བཞིན་ལྟེ་བར་གཏུགས་པ་ལན་གསུམ་ནས་འཕར་གྱིས་བཤིག །ཡང་པད་སྐོར་བཅས་མཐེ་བོང་མཛུབ་མོ་མཐེའུ་ཆུང་བཅས་རྩེ་སྤྲད་པའི་ནང་དུ་གུང་སྲིན་གཉིས་གཤིབས་ཏེ་བསྣོལ་བ་རྒྱ་གྲམ་གྱི་རྒྱ་གཡོན་དུ་བསྐོར་བཞིན་གསང་བར་གཏུག་པ་ལན་གསུམ་ནས་འཕར་གྱིས་བཤིག །དེ་ནས་ཁུ་ཚུར་གཉིས་ནང་བསྐོར་གྱིས་སྟ་ཟུར་གཡས་གཡོན་དུ་བརྐྱང་ལ་ལུས་མདུན་དུ་རྒུ་ཞིང་རྒྱབ་ཏུ་དགྱེ་བ་ལན་གསུམ་མཐར། གན་རྐྱལ་དུ་ལོག་ནས་རྐང་ལག་བཞི་ཤུགས་ཀྱིས་ནམ་མཁར་ལན་གསུམ་འཕང༌། དེ་མ་ཐག་རྡོ་རྗེ་སྐྱིལ་ཀྲུང་བཅས་ལ་ལག་གཉིས་ཐལ་མོ་གཡས་གཡོན་གྱི་སར་བཙུགས་ནས་དེའི་ཤུགས་ཀྱིས་སྐྱིལ་ཀྲུང་ཡར་བཏེགས་པ་དང་མར་གདན་ཁར་བརྡབ་པ་ལན་གསུམ་གྱི་རྗེས། སྐྱིལ་ཀྲུང་བཤིགས་ཏེ་འབེབས་ཆུང་གསུམ་བརྡབ་མཐར་ངག་
ནས་ཧ་དྲག་པོ་དང་བསྟུན་ལུས་རྩ་འདར་ཐོན་པར་སྤྲུགས་པས་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་འཁྲུལ་འཁོར་མ་ལུས་པ་བཤིགས་ཤིང་ལུས་ཀྱི་རྩ་མདུད་ཐམས་ཅད་གྲོལ། ཁམས་གསུམ་བརྟན་གཡོའི་དངོས་ཀུན་ཡེ་ཤེས་ལྔའི་རོལ་པར་ལྷུན་གྱིས་རྫོགས་པར་བསམ། དེའང་ཐབས་ཀྱི་སྣང་ཆ་ཐམས་ཅད་ཤེས་རབ་སྟོང་པ་ཉིད་ཀྱི་དབྱིངས་སུ་བཤིགས་པའི་དོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མའི་འཁྲུལ་འཁོར་རྗེས་སུ་བྱུང་བ་ཡིན་ནོ། །ཉི་ཤུ་པ་གོ་བགོ་ཞིང་རྒྱས་གདབ་པ་ནི། སླར་ཡང་རང་ཉིད་གཙོ་འཁོར་གཅིག་དྲིལ་གྱི་ངོ་བོ་རྡོ་རྗེ་གཞོན་ནུ་སྔར་བཞིན་དུ་གསལ་ལ། སྙིང་ག་ནས་འོད་ཟེར་དཀར་སེར་དམར་ལྗང་མཐིང་ག་རྣམས་རིམ་བཞིན་འཕྲོས་པ་ཕྱོགས་བཞི་དབུས་ལྔའི་ཞིང་ཁམས་རྣམས་སུ་ཕོག །རིགས་ལྔའི་སངས་རྒྱས་རྟེན་དང་བརྟེན་པར་བཅས་པ་འོད་ཕུང་དཀར་སེར་དམར་ལྗང་མཐིང་གའི་རྣམ་པར་བསྡུས་ཏེ་རང་གི་ལུས་ལ་ཕྱག་མཚན་རྣམ་ལྔའི་རང་བཞིན་ཅན་གྱི་གོ་ཁྲབ་ཞུ་ལུགས་སུ་རིམ་བཞིན་བགོས་པར་བསམ་ཞིང༌། ལངས་ཏེ་ཁུ་ཚུར་བསྐོར་རྒྱང་ཐོག་ལག་གཉིས་ཐལ་མོ་ནང་བསྐོར་གྱིས་མཛུབ་མོ་དང་མཐེའུ་ཆུང་བརྐྱང༌། གུང་སྲིན་མཐེ་བོང་
གསུམ་སོ་སོར་རྩེ་སྤྲད་པ་ལྕགས་སྒྲོགས་ལྟར་སྦྲེལ་བ་གོ་ཆའི་རྒྱ་བཅིང་ལ་ཕྲག་གོང་ནས་གཡས་སུ་བསྐོར་མཐར། ལག་གཉིས་སོ་སོའི་སྲིན་ལག་དང་མཐེའུ་ཆུང་བཀུག་པས་མཐེ་བོང་མནན་གོང་མཛུབ་གཉིས་བརྐྱང་སྟེ་དཔུང་པ་སོ་སོའི་ཐད་ནས་ནང་བསྐོར་གྱིས་ཕྱིར་བསྟན་དུ་བཀན་པ་གོ་བགོ་བའི་ཚུལ་བྱས་པས་ལུས་ལ་རྡོ་རྗེའི་གོ་ཁྲབ་དཀར་པོ་བགོས་ཤིང༌། དེ་ལས་རྡོ་རྗེའི་ཚྭ་ཚྭ་དཔག་མེད་འཕྲོས་པས་ལོག་འདྲེན་གདོན་བགེགས་ཐམས་ཅད་ཚར་བཅད་པར་བསམ། ཡང་འཕར་སྟངས་བཅས་གདོང་ལྷོར་ཕྱོགས་ཏེ་ཁུ་ཚུར་བསྐོར་རྒྱང་གིས་ཕྱག་རྒྱ་སྔར་བཞིན་བསྐོར་བས་རིན་པོ་ཆེའི་གོ་ཁྲབ་སེར་པོ་བགོས་པར་མོས་ཤིང༌། དེ་ལས་དུར་ཕག་མགོ་དགུ་པའི་ཚྭ་ཚྭ་འཕྲོས་པས་ཁམས་གསུམ་གྱི་གདུག་པ་ཅན་ཐམས་ཅད་ཟོས་པར་བསམ། ཡང་འཕར་བཅས་ནུབ་ཏུ་ཕྱོགས་ཏེ་ཁུ་ཚུར་བསྐོར་རྒྱང་གིས་ཕྱག་རྒྱ་སྔར་བཞིན་བསྐོར་བས་པདྨའི་གོ་ཁྲབ་དམར་པོ་བགོས་པར་མོས་ཤིང༌། དེ་ལས་མེ་ཁྱུང་གི་ཚྭ་ཚྭ་གྲངས་མེད་འཕྲོས་པས་ཀླུ་གཉན་ས་བདག་གི་ཚོགས་རྣམས་རྡུལ་དུ་བརླག་པར་བསམ། ཡང་འཕར་བཅས་བྱང་དུ་ཕྱོགས་ཏེ་ཁུ་ཚུར་བསྐོར་རྒྱང་གིས་ཕྱག་རྒྱ་སྔར་བཞིན་བསྐོར་
བས་རྒྱ་གྲམ་གྱི་གོ་ཁྲབ་ལྗང་ཀུ་བགོས་པར་མོས་ཤིང༌། དེ་ལས་ལྕགས་སྡིག་གི་ཚྭ་ཚྭ་དཔག་མེད་འཕྲོས་པས་རྒྱལ་འགོང་དམ་སྲིའི་ཚོགས་རྣམས་ལྷག་མེད་དུ་རོལ་པར་བསམ། སླར་ཡང་འཕར་བཅས་ཤར་དུ་ཕྱོགས་ཏེ་ཁུ་ཚུར་བསྐོར་རྒྱང་གིས་ཕྱག་རྒྱ་སྔར་བཞིན་བསྐོར་བས་འཁོར་ལོའི་གོ་ཁྲབ་སྔོན་པོ་བགོས་པར་མོས་ཤིང༌། དེ་ལས་ཁྲོ་ཆུང་མཚོན་ཐོགས་ཀྱི་ཚྭ་ཚྭ་སྐར་ལྟར་འཕྲོས་པས་གླག་ལྟ་བར་དུ་གཅོད་པའི་གདོན་བགེགས་ཀྱི་ཚོགས་རྣམས་དཔག་ཚད་རྒྱང་གྲགས་ཚུན་ཆད་དུ་ཉེ་ཞིང་རྒྱུ་བའི་གནས་མེད་པར་བསམ། །དེ་ནས་སྒོམ་བཞིའི་ཕྱག་རྒྱ་ནི། རང་ཉིད་རྡོ་རྗེ་གཞོན་ནུ་སྐུ་མདོག་དཀར་པོར་བསྐྱེད་ལ་ཤར་དུ་གདོང་ཕྱོགས་ཏེ་འཕར་སྟངས་ཀྱིས་རྐང་པ་གཡས་བརྐྱང་པའི་འདོར་སྟབས་བགྲད། ལག་གཉིས་སྡིགས་མཛུབ་བྱས་པའི་གཡས་ཀྱི་མཛུབ་མོ་ཅུང་བཀུག་པས་གཡོན་གྱི་མཐེའུ་ཆུང་དང་སྦྲེལ་བ་ལྕགས་ཀྱུའི་རྒྱ་བཅས་ལ། ལྟ་སྟངས་གཟིར་བ་དང་བཅས་ཛཿཞེས་བརྗོད་པས་སྣང་སྲིད་ཐམས་ཅད་རང་དབང་མེད་པར་བྲན་དུ་བཀོལ་ཏེ་ལྕགས་ཀྱུ་དཀར་མོའི་ཀློང་དུ་རྒྱས་བཏབ་པར་བསམ་ཞིང་ལག་གཉིས་ཐལ་མོ་པད་སྦུབས་ཀྱིས་ནུ་ཐད་སོ་སོ་ནས་སེ་གོལ་གཏོགས། ཡང་ལྕགས་ཀྱུའི་རྒྱ་སོགས་
ལན་གསུམ་ཚང་ནས་འཕར་བསྡུ། སླར་ཡང་འཕར་སྟངས་ཀྱིས་གདོང་ལྷོར་ཕྱོགས་པས་གོང་བཞིན་འཁོད་དེ། རང་ཉིད་རྡོ་རྗེ་གཞོན་ནུ་སྐུ་མདོག་སེར་པོར་བསྐྱེད་ལ་ལག་གཉིས་སྡིགས་མཛུབ་རྒྱབ་སྤྲད་མཐེའུ་ཆུང་དང་མཛུབ་མོ་སྦྲེལ་བ་ཞགས་པའི་རྒྱ་འཆིང་བཞིན་ལྟ་སྟངས་བཅས་ཧཱུྃ་ཞེས་བརྗོད་པས་སྣང་སྲིད་ཐམས་ཅད་བྲན་དུ་བཅིང་ཞིང་འཁོར་དུ་བཀོལ་ནས་ཞགས་པ་སེར་མོའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་སེ་གོལ་གཏོགས་པ་བཅས་ལན་གསུམ། ཡང་འཕར་སྟངས་ཀྱིས་གདོང་ནུབ་ཏུ་ཕྱོགས་ཏེ་རྐང་པ་གཡོན་བརྐྱང་པའི་འདོར་སྟབས་བྱ། རང་ཉིད་རྡོ་རྗེ་གཞོན་ནུ་སྐུ་མདོག་དམར་པོར་བསྐྱེད་ལ་ལག་གཉིས་སྡིགས་མཛུབ་བཀན་པའི་མཐེའུ་ཆུང་དང་མཛུབ་མོ་ཕན་ཚུན་སྦྲེལ་བ་ལྕགས་སྒྲོགས་ཀྱི་རྒྱ་འཆིང་བཞིན་ལྟ་སྟངས་བཅས་བྃ་ཞེས་བརྗོད་པས་ཁམས་གསུམ་སྣང་སྲིད་ཐམས་ཅད་དབང་དུ་བསྡུས་ནས་ལྡང་མེད་དུ་སྤ་བཀོང་ཞིང་བློ་ཡིད་རྨོངས་པར་བྱས་ཏེ་ལྕགས་སྒྲོག་དམར་མོའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་སེ་གོལ་གཏོགས་པ་བཅས་ལན་གསུམ། ཡང་འཕར་སྟངས་ཀྱིས་གདོང་བྱང་དུ་ཕྱོགས་པས་གོང་བཞིན་འཁོད་དེ། རང་ཉིད་རྡོ་རྗེ་གཞོན་ནུ་ལྗང་གུར་
བསྐྱེད་ལ་ལག་གཉིས་སྡིགས་མཛུབ་ནང་བསྟན་མཁྲིག་མ་སྙིང་གར་བསྣོལ་ཏེ་འཁྱུད་སྟབས་དྲིལ་བུས་མྱོས་པའི་རྒྱ་འཆིང་ཞིང་ལྟ་སྟངས་བཅས་ཧོཿཞེས་བརྗོད་པས་སྣང་སྲིད་ཁམས་ཀྱི་གནོད་བྱེད་གདུག་པ་ཅན་ཐམས་ཅད་ཀྱི་སྟོབས་ཤུགས་ནུས་རྩལ་མ་ལུས་པ་བཅོམ་ནས་བདེ་བ་ཆེན་པོའི་ངང་དུ་བློ་ཡིད་མྱོས་པར་བྱས་ཤིང་དྲིལ་བུ་ལྗང་མོའི་ཀློང་དུ་རྒྱས་བཏབ་པར་བསམ་ལ་སེ་གོལ་གཏོགས་པ་བཅས་ལན་གསུམ། དེ་ནས་འཕར་སྟངས་ཀྱིས་མདུན་དུ་ཕྱོགས་ཏེ་ཁུ་ཚུར་བསྐོར་རྒྱང་སྔོན་དུ་འགྲོ་བས་རྡོ་རྗེའི་ཐོག་འབེབས་གསུམ་བརྡབ་ནས། སླར་བཤིགས་པ་དང་ཆབ་གཅིག་ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བརྡར་རྡོ་རྗེའི་གད་རྒྱང་ཧ་ཧེ་ཧོ་ཞེས་བརྗོད་ཅིང་ལུས་སྤྲུགས་རྩ་འདར་ཐོན་པར་བྱ། མཐར་སྒོ་གསུམ་མ་བཅོས་རང་བབས་གཉུག་མའི་ངང་དུ་ངལ་གསོ་ཞིང་དགེ་རྩ་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོས་ཏེ་སྨོན་ལམ་ཟབ་མོས་རྒྱས་གདབ། ཤིས་པ་རྒྱ་ཆེར་བརྗོད་པས་དགེ་ལེགས་ཀྱི་སྣང་བས་ཁྱབ་པར་བྱའོ། །དེ་ལྟར་འཁྲུལ་འཁོར་གྱི་སྐབས་ཀུན་ཏུ་རླུང་ཁུག་ཆེན་པོ་རེ་ལ་འཁྲུལ་འཁོར་རེ་རེ་རྫོགས་བར་བྱ་དགོས་པ་ཡིན་ཀྱང༌། ལས་དང་པོ་པས་འཁྲུལ་འཁོར་རེའི་ཡུན་ལ་རླུང་ནང་དུ་འཛིན་མི་ཐུབ་
པ་བྱུང་ན་ཕྱིར་དབྱུང་བ་ལས་འོས་མེད་ཅིང༌། དེའང་ཁ་ནས་ནམ་དུའང་དབྱུང་མི་རུང་སྟེ་སྲོག་རྩར་ལས་ཀྱི་རླུང་ཞུགས་ན་སྨྱོ་བའི་ཉེན་ཡོད་པར་བཤད་པས། དེས་ན་ཁ་སྣའི་རླུང་བསྡམ་ཞིང་སྟེང་རླུང་ལྟེ་འོག་ཏུ་ཤུགས་ཀྱིས་མནན་ལ་རིམ་བཞིན་སྣ་ནས་དལ་བུས་དབྱུང་ཞིང༌། དེ་མ་ཐག་ནང་དུ་རྔུབ་སྟེ་སྔར་ལྟར་བཟུང༌། གཞན་ཡང་ལུས་གཅུ་བ་དང་དགྱེ་རྒུ་མ་ནོར་བ། སྡིགས་མཛུབ་དང་ཁུ་ཚུར་མ་ནོར་བ། ལུས་སྤྲུགས་དང་རྩ་འདར་མ་ནོར་བ། འདོར་སྟངས་དང་གྱད་སྟབས་མ་ནོར་བ། ལྟ་སྟངས་དང་སྟངས་སྟབས་མ་ནོར་བ། གདེངས་པ་གདབ་ཚུལ་མ་ནོར་བ། གཟིར་བ་དང་འཕེན་པ་མ་ནོར་བ། གདོང་རྒྱང་དང་བསྐོར་རྒྱང་མ་ནོར་བ་དང༌། འབེབས་ཀྱི་ཚེ་ཉྭ་ཤ་བརླ་ཤ་འཕོང་ཤ་གསུམ་པོ་འབེབས་གདན་གྱི་ཁར་ཤིགས་སེ་འོང་བར་བྱས་ཏེ་བརྡབ། རྐང་པའི་འཕར་སྟངས། ལག་པའི་བསྐོར་སྟངས། མིག་གི་ལྟ་སྟངས་སོགས་ཀྱི་རྣམ་འགྱུར་གང་ཡང་མཛེས་ཤིང་མཉེན་ལྕུག་རྔམས་བརྗིད་ཐོན་པར་བྱ་བ་དང༌། གཙོ་བོར་བསྐྱེད་རིམ་དམིགས་པའི་གནད་ལ་རྩེ་གཅིག་ཏུ་སློབ་ཅིང༌། ཐོག་མཐའ་ཀུན་ཏུ་གནས་ལུགས་རིག་སྟོང་མ་བཅོས་པའི་ངང་
དུ་ལ་བཟླ་བ་ནི་གནད་ཀྱི་ཡང་གཅེས་གལ་པོ་ཆེར་ཤེས་པར་བྱའོ། །རྡོ་རྗེ་ལུས་ཀྱི་རྣལ་འབྱོར་ལ་བརྟེན་ནས། །བདེ་མཆོག་དྭངས་མའི་ཡེ་ཤེས་སྒྲུབ་པའི་ཚུལ། །གསལ་བར་བརྗོད་འདིས་རྣམ་མང་སྐལ་བཟང་ཚོགས། །གྲུབ་གཉིས་འདོད་རྒུར་འཇོ་བའི་དཔལ་གྱུར་ཅིག །ཅེས་པའང་སྒོམ་དོན་ཞལ་ཤེས་སྙན་བརྒྱུད་ཀྱི་མན་ངག་དང་འཁྲུལ་འཁོར་ལག་ལེན་གྱི་གནད་མི་འཆུག་པར་བྱ་བའི་ཕྱིར་སྔར་བཀོད་པའི་ཁྲིད་ཡིག་གི་ཆ་ལག་ལྷན་ཐབས་ཀྱི་ཚུལ་དུ། ཆགས་ཆེན་ཕོ་ཉའི་བརྟུལ་ཞུགས་རང་དབང་དུ་རྩེན་པའི་ཀུན་ཏུ་རྒྱུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་བཞིའི་མཐར་ཐུག་པ་རབ་འབར་ཙཎྜ་ལཱིའི་ཁམས་ལྡན་མཁའ་ལྡིང་གི་ལོ་རྒྱལ་གྱི་ཉ་བའི་ཡར་ངོ་ཧཾ་ཡིག་ཟླ་ཞུན་བདུད་རྩིའི་གོང་བུ་གང་བ་རྒྱས་པའི་ལང་ཚོ་མཆོག་ཏུ་ངོམས་པ་ན། ས་ལ་སྤྱོད་པའི་ཞིང་ཁམས་འབྲས་མོ་གཤོངས་ཀྱི་བྱེ་བྲག་ཀ་པཱ་ལ་སྤུངས་པར་གྲགས་པའི་རི་སུལ་བཀྲ་ཤིས་དགའ་བ་འཁྱིལ་བའི་སྐྱེད་མོས་ཚལ་ཆེན་པོར་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འབེབས་པ་པོ་ནི་ལྷོ་མོན་སྐྱིད་པའི་ལྗོངས་ཀྱི་སྔགས་བན་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་
མི་ནུབ་བརྟག་ཅིང་ཁྱབ་སྟེ་སྐལ་ལྡན་རྣམས་ཟུང་འཇུག་དགའ་བཞིའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །མ་ཧཱ་སུ་ཁ་སིངྡྷིར་སྟུ།། །།
ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་འཁྲུལ་འཁོར་གྱི་ལག་ཁྲིད།
ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་འཁྲུལ་འཁོར་གྱི་ལག་ཁྲིད་ཟླ་བ་གཅིག་གི་དབང་དུ་བྱས་ན། ཁྲིད་རྐང་ས་བཅད་དགུ་ལས། དང་པོ་རླུང་བུམ་པ་ཅན། གཉིས་པ་གཏུམ་མོ། གསུམ་པ་འབར་འཛག བཞི་པ་ཡན་ལག་ལྔ་སྦྱོང༌། ལྔ་པ་གཙོ་བོ་དང་སྒྲོལ་ཡུམ། དྲུག་པ་ཀཱི་ལ་རིགས་ལྔ། བདུན་པ་སྟེང་དང་ཕྱོགས་བཞིའི་ཁྲོ་བོ། བརྒྱད་པ་འོག་དང་མཚམས་བཞིའི་ཁྲོ་བོ། དགུ་པ་ཕག་མོ། སྦྱོར་ཡུམ། གོ་བགོ་སྒོ་མ་བཞི་བཅས། ཁྲིད་རྐང་རེ་ལ་ཞག་གསུམ་རེ་བྱས་པས་ཁྱོན་ཞག་ཉེར་བདུན། ཁྲིད་རྐང་ཡོངས་རྫོགས་ཚང་བར་ཞག་གསུམ་སྟེ། དེའང་ཉིན་རེར་ཐུན་བཞིའམ་གསུམ་གང་ལྕོགས་བྱ་བའི་ཐུན་དང་པོར་སྔོན་འགྲོ་ཡོངས་རྫོགས་དང༌། མཇུག་ཏུ། ཧོཿ བླ་མེད་གསང་བ་མཆོག་སོགས་ཕུར་པའི་ལམ་རིམ་སྨོན་ལམ་རྒྱས་པ། ཐུན་ཕྱི་མ་རྣམས་ལ་ཐུན་གྱི་སྔོན་འགྲོའི་མཐར་དངོས་གཞི་ལ་འཇུག་ཅིང༌། ཐུན་འཇུག །ཁྲག་འཐུང་རིགས་སུ་སྐྱེས་སོགས་ཀྱི་སྨོན་ལམ་བྱ། རྗེས་ཀྱི་ཉིན་གསུམ་གང་རིགས་ལ་འཁྲུལ་འཁོར་རྣམས་ཀྱི་ལག་ཁྲིགས་བླ་མའམ་
ཁྲིད་དཔོན་ལ་རྒྱུག་འབུལ་དགོས་ཤིང༌། ཕྱིར་ནངས་གྲོལ་ཉིན་སྔ་ཐུན་འཁྲུལ་འཁོར་ཡོངས་རྫོགས་ཀྱི་རྗེས་ཐོག་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པའི་མཐར་བཀྲ་ཤིས་བསྐོར་འབེབས་བརྡབ་པ་བཅས་ཀྱིས་ལེགས་པར་གྲུབ། དེ་ཉིན་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལ་གཏང་རག་གི་ཚོགས་སྐོང་གང་ལྕོགས་གྲུབ་ན་ཤིན་ཏུ་ལེགས། གང་ལྟར་གསང་སྤྱོད་གཞན་གྱིས་མཐོང་ཚོར་དུ་སོང་བའི་གསང་སྒྲོགས་ཀྱི་ཉེས་པ་བྱུང་རིགས་ལ་བཤགས་སྦྱངས་འགྱོད་སྡོམ་བྱ་ཞིང༌། རླུང་དང་གཏུམ་མོའི་ཉམས་ལེན་རྒྱུན་ཁྱེར་གྱི་དམ་བཅའ་བླང༌། གདམས་པ་དང་ལག་ཁྲིགས་མི་འཆལ་བའི་བཀའ་རྒྱས་གདབ་པ་བཅས་ཀྱིས་ལེགས་པར་གྲུབ་པ་ཡིན་ནོ། །ཞེས་པའང་བཛྲ་ཛྙཱ་ནས་སོ།། །།
ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གི་སྦས་དོན་ཟབ་ཁྲིད་རིག་འཛིན་ཌཱ་ཀིའི་ཐུགས་བཅུད་བཀའ་རྒྱ་ཅན།
༄༅། །ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གི་སྦས་དོན་ཟབ་ཁྲིད་རིག་འཛིན་ཌཱ་ཀིའི་ཐུགས་བཅུད་བཀའ་རྒྱ་ཅན་ཞུགས་སོ། །
ཨོཾ་སྭསྟི། རྡོ་རྗེ་ཉི་མ་དགའ་བའི་ལང་ཚོའི་ལྕེས། །བདེ་ཆེན་ཟླ་བའི་བདུད་རྩི་བཞུས་པའི་རོ། །རྟག་ཏུ་དགྱེས་རོལ་བླ་མ་ཧེ་རུ་ཀས། །ཡིད་ལ་འཕོ་མེད་མཆོག་བདེའི་བཀའ་དྲིན་སྩོལ། །འདིར་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་གི་སྦས་དོན་སྙིང་པོའི་ཟབ་ཁྲིད་ཐུན་མོང་མ་ཡིན་པ་ཉམས་སུ་ལེན་པའི་ཚུལ་རྗེན་པར་སྟོན་པ་ལ་གཉིས་ཏེ། ལམ་གྱི་རྨང་གཞི་གཏུམ་མོ་དང༌། ལམ་གྱི་སྙིང་པོ་ཞུ་བདེའི་རྣལ་འབྱོར་རོ། །དང་པོ་གཏུམ་མོའི་རྣལ་འབྱོར་ནི། དེ་ལ་སྤྱིར་ཙནྜ་ལིའི་སྒྲ་ལས་དྲངས་
ན་མི་མཐུན་པའི་ཕྱོགས་འཇོམས་པར་བྱེད་པས་ན་གཏུམ་མོ་སྟེ། ཕྱིའི་གཏུམ་མོས་གདོན་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་འཇོམས། ནང་གི་གཏུམ་མོས་ནད་བཞི་བརྒྱ་རྩ་བཞི་འཇོམས། གསང་བའི་གཏུམ་མོས་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་འཇོམས། དེ་ཁོ་ན་ཉིད་ཀྱི་གཏུམ་མོས་རང་བྱུང་ལྷན་སྐྱེས་ཀྱི་ཡེ་ཤེས་ངོ་སྤྲོད་པར་བྱེད་པའོ། །གཏུམ་མོའི་ངོ་བོ་ནི་རྡོ་རྗེ་ཉི་མ་སྟེ། རྡོ་རྗེ་ནི་གང་གིས་ཀྱང་མི་ཤིགས་ཤིང་གཞོམ་མི་ནུས་པ་ཡིན་ལ། ཉི་མ་ནི་འདི་སྟོབས་སུ་གྱུར་བས་རྩ་རླུང་ཐིག་ལེའི་སྙིགས་མ་ཐམས་ཅད་བསྲེགས་ནས་འཁོར་བའི་སྐྱེ་
རྒྱུན་གཅོད་པའི་ཕྱིར། ཡེ་ཤེས་ཀྱི་མེ་དང་དོན་དམ་པའི་མེ་ཞེས་བྱའོ། དེ་ཉམས་སུ་ལེན་པ་ལ་ཐོག་མར་རླུང་གི་རྣལ་འབྱོར་དང་གཏུམ་མོའི་བདེ་དྲོད་ཀྱི་གཞི་བཅའ་བ་བཅས་རྩ་བའི་གཞུང་བཞིན་འབད་དེ་དྲོད་ཚད་ཅི་རིགས་རྙེད་པ་ན། འདི་ཉིད་ཀྱི་རྣལ་འབྱོར་རྩེ་གཅིག་ཏུ་བྱེད་པའི་སྙིང་རུས་ཅན་ལ་རས་རྐྱང་ཐུབ་པའི་གདམས་ངག་ཐུན་མོང་མ་ཡིན་པ་ནི། ལུས་གནད་མེ་ཐབ་དྲུག་ཆིངས་བཅས། རླུང་རོ་ལན་གསུམ་ཕྱིར་སངས་ཀྱིས་བུས་ལ་འཇམ་རླུང་ཐུན་གསུམ་བཟུང༌། དམིགས་གནད་རང་ཉིད་ཡི་དམ་གྱི་སྐུར་གསལ་བའི་ལུས་ཀྱི་རྩ་འཁོར་ཐམས་ཅད་ཧ་རེ་ཡོད་པའི་རྐང་འོག་ཏུ་ཡཾ་ལས་རླུང་གི་དཀྱིལ་འཁོར་གཞུ་བདུངས་པའི་རྣམ་པ་ཅན་མཆོག་མ་གཉིས་ལ་བ་དན་རེས་མཚན་པའི་རྒྱུད་གཡས་གཡོན་གྱི་སྟེང་དུ་རྐང་པ་བཞག །རྐང་བར་ཆངས་བཟུང་ལ་རཾ་ཡིག་དམར་པོ་ཞིག་གསལ། དེ་ལྟར་དམིགས་པ་གསལ་ཐེབས་པ་དང་རླུང་བུམ་པ་ཅན་དྲག་ཏུ་བཟུང༌། ཡིད་ཀྱིས་ཡཾ་ཞེས་བརྗོད་པས་མཆོག་མའི་བ་དན་བསྐུལ་ཞིང་བསྐྱོད་པས་རླུང་གཡོས། ཆངས་བཟུང་གི་རཾ་ལ་ཕོག་པས་རཾ་ལས་མེ་འབར་ནས་རྐང་པའི་སྦུབས་ལས་ཞུགས། སུམ་མདོའི་ཨ་ཤད་ལ་ཕོག མེ་ལྕེ་དམར་སི་རི་
རི་འབར་བ་ལ་ཤེས་པ་གཏད་དེ་རླུང་བཟུང་། ཕོ་བསྐོར་བརྡབ་སྤྲུགས་སོགས་བྱ། ཡང་མེ་རིམ་བཞིན་འཁོར་ལོ་རྣམས་བརྒྱུད་དེ་ལུས་ནང་ཐམས་ཅད་ཁེངས། རླུང་ཕྱིར་འཛིན་ནང་འཛིན་སྤེལ་མར་བཟུང་སྟེ་བརྡབ་སྤྲུགས་བྱ། དེ་ནས་བ་སྤུའི་བུ་ག་རྣམས་ནས་ཕྱིར་མེ་ལྕེ་དམར་ཉུག་ཉུག་བྱུང་བར་བསམ་ལ། རླུང་དང་དམིགས་པ་དྲག་ཏུ་གཅུན། དེ་ནས་གང་མཐོང་བའི་ཡུལ་ཁམས་ཐམས་ཅད་མེས་ཁེངས་པར་བསམ། རླུང་ཕྱིར་འཛིན་ནང་འཛིན་གོང་ལྟར་ལ་ཕོ་བསྐོར་བརྡབ་སྤྲུགས་བྱ། མེ་ལཻ་ཁ་དོག་དཀར་པོ་སྤྱི་བོ་ནས་ཐོན། ཚངས་པའི་འཇིག་རྟེན་མན་ཆད་ཁེངས། དམར་པོ་ཐུར་དུ་འཕྲོས་མནར་མེད་ཡན་ཆད་འབར། སྣང་སྲིད་བརྟན་གཏཡོ་སྣོད་བཅུད་ཐམས་ཅད་མེ་ཁ་དོག་ལྔ་ལྡན་དུ་འབར་ཞིང་། རེག་བྱ་ཤིན་ཏུ་ཚ་བ་ལ་སེམས་བཟུང་ལ་བརྡབ་སྤྲུགས་བྱ། བོགས་འདོན་དུ་ལུས་གནད་གཞན་སྔ་མ་ལྟར་ལ། ཙོག་པུའི་རྐང་གཉིས་བར་ལ་མཐོ་གང་ཙམ་ཡོད་པར་བྱ། ལག་གཉིས་བསྣོལ་བས་གྲུ་མོ་གཉིས་བཟུང་སྟེ་པུས་མོའི་སྟེང་དུ་བཀག ལུས་ཤོག་བུ་ཁོག་སྟོང་ལྟར་བསམ་ལ་འཕོང་སྒྱིད་པ་ལ་བརྡབ་ནས། ལུས་ཕྱི་
ནང་མེད་པར་མེ་དཔུང་དུ་དམར་འུར་འུར་འབར་བས་རྩ་གནས་ཀྱི་དཔའ་བོ་མཁའ་འགྲོ་མ་རྣམས་ཏིལ་གྱི་གང་བུ་བཞིན་བཞུགས་པ་ཐམས་ཅད་ཀྱང་བདེ་དྲོད་མེ་དཔུང་གི་དབུས་ན་གར་བྱེད་ཅིང་། དེར་མ་ཟད་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་བདེ་བས་ཐུགས་བརྒྱུད་བསྐུལ། བ་སྤུའི་བུ་ག་རྣམས་ནས་མེ་དམར་ལྷབ་ལྷབ་འབར་བའི་སྣེ་ལ་བྱོན་ཏེ་གར་བྱེད་ཅིང་མེ་དཔུང་གི་ཀློང་ན་བདེ་དྲོད་འབར་བར་བསམ་ལ། རླུང་ཕྱིར་འཛིན་ནང་འཛིན་སྤེལ་མར་བཟུང་། ཡང་ཁ་སྦྱོར་དུ་བཟུང་ལ། བརྡབ་ཆུང་ཉེར་གཅིག་རེ་བྱས་ཏེ། འཕུལ་ཐུང་བྱ་ཞིང་བཟུང་། འཇམ་རླུང་ལ་བརྟན་པ་ཐོབ་ནས་དམིགས་པ་འདི་ཉིད་ལ་ཞག་བདུན་གཅིག་བསླབ་པས་རས་རྐྱང་ཐུབ་པར་ཐེ་ཚོམ་མེད་དོ། །གེགས་སེལ་དུ། རླུང་བཟུང་སྟེ་ཧར་གྱིས་ལངས་ནས་ཉྭ་བཞི་སྒྲིམ་དཔྱང་ཕྲག་བརྡབ་སྟེ་ལུས་ལ་ཆུན་བཙལ་ལག་སོར་སྤྱི་བོར་བསྣོལ་ལ་དམིགས་གནད་དང་ལྡན་པས་བུམ་ཆེན་རེ་ལ་བརྡབ་ཆེན་བཅུ་རེ་འགྲོ་བར་བྱས་ཏེ་ཡུན་རིང་དུ་བསླབ། རྗེས་ལ་འཕུལ་ཐུང་དང་ཧ་སྤྲུགས་མང་དུ་བྱས་པས་རླུང་གི་ནུས་པ་བརྟན་པར་བྱ། ལུས་ལ་བདེ་དྲོད་སྐྱེ་བ་ན། གོས་སྲབ་ཏུ་གཏོད།
དང་པོ་དྲོད་སྣང་འཆར་ཡང་གྲང་པོ་མི་བྱ། བར་དུ་སུན་ཉམས་འོང་ཡང་འཕྲོ་མི་བཅད། མཐར་གོམས་པ་དང་གཉུག་བསྲིང༌། དྲོད་ཚད་གཏན་ལ་ཕེབས་ནས་ཀྱང་བཙན་ཐབས་སུ་འཕྲོ་མི་གཅོད་པར་སྦྲུལ་མཇུག་ལྟར་རྒྱུན་ནར་གྱིས་འཕྲོ་བཅད། སྐབས་སྐབས་སུ་ལུས་ལ་ཁྱད་པར་གྱི་རྫས་དང་སྦྱར་བའི་སྣུམ་མམ། མ་འབྱོར་ན་སྣུམ་རྐྱང་པས་བྱུག་པ་བྱས་ལ་འཕུར། དྲོད་སྐྱེས་མཚམས་ནས་བདེ་དྲོད་ཀྱི་རང་ངོ་ལ་ཅེ་རེ་གཏད་དེ་གཉུག་མ་ཡེ་ཤེས་ཀྱི་ལྟ་བ་དང་བསྲེ་བ་གལ་ཆེ། རྗེས་ཐོབ་ཐུན་མཚམས་སོགས་གནས་སྐབས་ཀུན་ཏུ་གནས་ཁང་གི་ཕྱི་ནང་གོས་སྟན་ཐམས་ཅད་མེའི་རང་བཞིན་མེ་དཔུང་དུ་འབར་བར་བསམ། མཚན་མོ་པུས་བྲང་སྦྱར་ཏེ་གཞོག་གཡས་ཕབ་ལ་བར་རླུང་ཅུང་ཟད་བཟུང་ནས་མེ་དམིགས་ལ་སེམས་གཏད་དེ་ཉལ། དམ་ཚིག་སྤང་བླང་གི་གནད་སྤྱི་ལྟར་ལ། དྲོད་སྐྱེས་ནས་ཞེན་པ་དང་རང་མཐོང་མི་བྱ་ཞིང༌། ཐོ་ཅོའི་སྤྱོད་པ་མི་བྱེད། བླ་མ་ལ་མོས་གུས་དང་ཉམས་ལེན་ལ་འབད་པས་བོགས་ཐོན་པར་འགྱུར་རོ། །དེ་ལྟར་རླུང་དང་གཏུམ་མོའི་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་པས་འབྱོངས་པའི་རྟགས་
ནི། ཕྱི་རྟགས་སུ་དུ་བ་དང་སྨིག་སྒྱུ་ལ་སོགས་པའི་མཐོང་སྣང་སྣ་ཚོགས་པ་འཆར། ནང་ལྟར་རླུང་བྱང་ཆུབ་ཀྱི་སེམས་སུ་ཞུགས་པའི་རྟགས་སུ་རླུང་ཇེ་རིང་དུ་འགྲོ་ཞིང་བདེ་དྲོད་མགོ་གཡོ། གནས་པའི་རླུང་རྟགས་འགྲོ་འོང་མེད་པ་སྙམ་བྱེད་ཀྱང་བརྟག་ན་རིག་ཅིང་བདེ་དྲོད་སྐྱེ། ཐིམ་པའི་རྟགས་སུ་རླུང་རྒྱུ་བ་འགག་ཅིང་བདེ་དྲོད་འབར། དེ་ནས་རླུང་ལས་སུ་རུང་བས་བདེ་དྲོད་རྒྱུན་ཆད་མེད་པར་འབར་བ་འོང༌། གསང་བའི་རྟགས་སེམས་རང་བཞིན་གྱིས་བདེ་གསལ་མི་རྟོག་སྟོང་བ་ཟུང་དུ་འཇུག་པའི་ཏིང་འཛིན་འཆར། དེ་ཡང་རླུང་སེམས་གཉིས་སུ་མེད་པའི་གནད་ཀྱིས་རླུང་ཇི་ལྟར་ཟིན་པ་བཞིན་དུ་སེམས་གནས་ཀྱང་ཇེ་རིང་དང༌། མཐར་རླུང་ཐིམ་པའི་ཚེ་ན་ཏིང་ངེ་འཛིན་ཁོར་ཡུག་ཏུ་གནས་པ་འབྱུང་ཞིང༌། སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ལ་དབང་འབྱོར་བར་འགྱུར། ཐུན་མོང་གི་ཡོན་ཏན་ཀྱང༌། བདེ་དྲོད་འབར་བས་རླུང་གོས་སུ་གྱོན་པ་སྟེ་མི་འཁྱགས། རླུང་ཟས་སུ་ཟ་བས་བཀྲེས་གདུང་སེལ། རླུང་རྟར་ཞོན་པས་ལུས་ཡང་ཞིང་མགྱོགས། རླུང་བཅུད་ལེན་དུ་སོང་བས་རྒས་པ་མེད་ཅིང་ལུས་སྟོབས་རྒྱས་པ་དང་ཚེ་རིང༌།
འབྱུང་བ་སྙོམས་པས་ནད་མི་འབྱུང༌། ནང་དུ་རླུང་སེམས་འདུས་པའི་རྟེན་འབྲེལ་གྱིས་ཕྱིའི་སྣང་བ་དབང་དུ་འདུ་ཞིང་མངོན་ཤེས་འཆར་བ་སོགས་ཀྱི་ཡོན་ཏན་འབྱུང་བ་ཡིན་ནོ། །ཞར་ལ་དབང་པོ་ཐ་མ་རྫས་ཀྱི་གཏུམ་མོ་ནི། གཡག་རྒོད་ཀྱི་མཁྲིས་པ་དྲོད་མ་ཡལ་བ་ལ་སྨན་ཚ་བ་གསུམ། སྔོ་ཚ་བ་གསུམ། ཛཱ་ཏི། རྒྱ་གཡེར། ཆང་ཕབ་རྣམས་བཏབ་ལ་སྐམ། ཕྱེ་མ་ཞིབ་མོ་ཚིལ་ཆེན་དང་ཨ་རག་གིས་རིལ་བུ་དྲིལ། དེ་ཉིད་ལྷར་བསྐྱེད་ཅིང་སྔགས་བཟླ། ལྷ་འོད་དུ་ཞུ་བའི་རིལ་བུ་ཆང་བཟང་པོ་དང་སྦྱར་ཏེ་བཏུང༌། རླུང་སྦྱོར་དང་འཁྲུལ་འཁོར་བྱ། གོང་གི་རྫས་ཀྱི་ཕྱེ་མ་སྣུམ་དང་སྦྱར་ཏེ་དབང་པོའི་སྒོ་དང་རྨེན་བུ་མ་གཏོགས་པར་བྱུགས་ཤིང་བཀུ་མཉེ་དྲག་ཏུ་བྱས་པས་རྩོལ་མེད་དུ་དྲོད་སྐྱེ་བར་འགྱུར་རོ། །གཉིས་པ་ཞུ་བདེའི་རྣལ་འབྱོར་ཁམས་གསུམ་རོལ་པའི་མན་ངག་ལ་གསུམ། རང་ལུས་ཐབས་ལྡན་ལ་བསླབ་པ། གཞན་ལུས་ཕོ་ཉ་ལ་བསྟེན་པ། ཐུན་མོང་དུ་གེགས་སེལ་བོགས་འདོན་བསྟན་པའོ། །དང་པོ་རང་ལུས་ཐབས་ལྡན་ལ་བསླབ་པ་ནི། རྩ་བའི་གཞུང་བཞིན་སྟེང་སྒོ་འཇུ་འདུལ་གྱི་
རྣལ་འབྱོར་ལ་ཉམས་མྱོང་ཇི་ལྟར་རིགས་པ་སྐྱེས་ནས་འདི་ཉིད་ཀྱི་ཉམས་ལེན་ལ་འཇུག་པ་ན། བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། རང་ཉིད་སྐད་ཅིག་གིས་སེམས་ཀྱི་ངོ་བོ། བདེ་བའི་རང་བཞིན། དྭངས་མ་རླུང་གི་རང་རྩལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཧེ་རུ་ཀ་རྗེས་སུ་ཆགས་པའི་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང༌། ཁྲོ་ཆགས་སྒེག་པའི་གཟི་བྱིན་མཆོག་ཏུ་འབར་བ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་འཁྱུད་སྟབས་སུ་བསྣམས་པ། དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། པདྨ་དང་ཉི་མའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་གདབ། དེ་ལྟ་བུའི་སྐུ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཡར་སྣ་སྤྱི་བོར་ཟུག་པ། གཡས་གཡོན་དུ་རོ་རྐྱང་གཉིས་ཡར་སྣ་སྣ་བུག་ཏུ་ཟུག་ཅིང༌། མར་སྣ་གསང་གནས་ཀྱི་འཁོར་ལོའི་འོག་ཏུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་ཏེ་རྡོ་རྗེ་ནོར་བུའི་རྩེ་མོར་ཟུག་པ། འཁོར་ལོ་ལྔའི་ཐད་རྣམས་སུ་རྩ་གསུམ་སྦུབས་གཅིག་ཏུ་གྱུར་པ་ལས་རྩ་འདབ་སོ་སོ་གདུགས་ཀྱི་རྩིབས་མ་ལྟར་གསལ་བ། སྤྱི་བོའི་
རྩ་འཁོར་གྱི་སྟེང་དུ་བྱང་སེམས་ཐིག་ལེའི་རང་བཞིན་ཧྃ་མགོ་ཐུར་བསྟན་དང༌། འཁོར་ལོའི་ལྟེ་བར་ཧྃ་གྱེན་བསྟན་དཀར་པོ། མགྲིན་དབུས་ཨོཾ་དམར་པོ། སྙིང་དབུས་ཧཱུྃ་སྔོན་པོ། ལྟེ་དབུས་ཨཱཿདམར་སེར། གསང་གནས་སུ་ཧོཿ ལྗང་གུ། ནོར་བུའི་རྩ་བར་ཨཱཿ སྐེད་པར་ཧཱུྃ། རྩེ་མོར་ཨོཾ། རྩ་འདབ་རྣམས་ལ་ལྷའི་ངོ་བོ་བདེ་བའི་རང་བཞིན་ཐིག་ལེ་དཀར་དམར་འོད་འབར་བ་རེས་མཚན་པར་གསལ་གདབ། བུམ་ཅན་གྱི་རླུང་སྦྱོར་བྱས་པས་རྩ་ཁམས་ཐིག་ལེ་དང་བཅས་པ་ཐམས་ཅད་བདེ་བའི་རང་བཞིན་དུ་ཕྲིལ་གྱིས་སོང་བར་བསམ་ལ་བདེ་ཉམས་སྦར་ཞིང་སྟོང་ཉིད་ལ་བློ་བཞག དེ་ནས་རང་གི་མདུན་དུ་སྔར་འདྲིས་པ་ལྟ་བུའི་ཡིད་དུ་འོང་བའི་བུ་མོ་ལང་ཚོ་དར་ལ་བབས་པ། ཆགས་པའི་ཉམས་རྒྱས་པ། དྲན་པ་ཙམ་གྱིས་བདེ་བ་བཟོད་མེད་དུ་གཡོ་ནུས་པ་ཞིག་གིས་ཆགས་པའི་ཉམས་འགྱུར་ཅི་རིགས་སྟོན་པར་བསམ། ས་མ་ཡ་སྟྭཾ། ཞེས་ཆགས་པའི་བརྡས་བསྐུལ་བར། ས་མ་ཡ་ཧོཿ ཞེས་ལན་གདབ། སླར་ཡང་རཱ་ག་ཡ་ཧོཿ ཞེས་སྦྱོར་བའི་བརྡས་བསྐུལ་བར། རཱ་ག་ཡ་མི།
ཞེས་ལན་བཏབ་སྟེ། མཆོག་ཏུ་དགའ་བའི་མིག་ཟིམ་བུར་ལྟ་བ། སིད་དང་ཧ་ལ་སོགས་པའི་སྒྲ་དབྱུང་བ། དྲི་ཞིམ་པོས་ཁྱབ་པ། ཡན་ལག་དང་ཉིང་ལག་ལ་རེག་ཅིང་འོ་བྱ་བ། མཆུ་དང་ལྕེ་འཇིབ་པ་སོགས་ཀྱིས་ཆགས་པ་ཆེས་ཆེར་བསྐུལ་ཏེ། ཆུ་སྐྱེས་མཆོག་ཏུ་རྒྱས་པའི་གསང་རྩ་ངོམ་ཞིང་བདུད་རྩིའི་ཟིལ་པ་དང་བཅས་ཏེ་པང་དུ་སླེབས་པ་ན། སྐད་ཅིག་གིས་འཁོར་ལོ་རྒྱས་འདེབས་མ་དམར་མོ་རྗེས་ཆགས་ཀྱི་ཉམས་འགྱུར་མཆོག་ཏུ་རྒྱས་ཤིང༌། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣང་སྟོང་ཟུང་འཇུག་འོད་ཀྱི་སྐུར་ལམ་གྱིས་གྱུར་པ་ལ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་གདབ། གསང་བའི་པདྨོའི་དབུས་སུ་རྩ་མཛེས་པའི་རྩེར་ཨ་ཡིག་གིས་མཚན་པར་མོས་ལ། ཛཿཞེས་པས་ལུས་ཀྱི་ཆ་ཤས་རྣམས་རེག ཧཱུྃ་ཞེས་པས་ལག་པ་དང་བརླ་འཁྱུད། བྃ་ཞེས་པས་མཁའ་གསང་དམ་དུ་སྤྲད། ཐབས་ཁྱད་པར་ཅན་འདི་ཁོ་ན་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་བྱའོ་སྙམ་པས་བྱང་ཆུབ་ཀྱི་སེམས་གསལ་བཏབ་ལ། ཧོཿཞེས་ཡབ་ཀྱིས་གསོར། ཡུམ་གྱིས་བསྐྱོད་པས་བདེ་བ་ཆེར་གཡོས་ཏེ། སྤྱི་
བོའི་ཧཾ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། རྩ་ཁམས་གཞན་གྱི་དྭངས་མ་རྣམས་ཀྱང་ལྷན་ཅིག་ཏུ་འདུས་ཏེ་སྨིན་མཚམས་ཡན་གྱི་དབུ་མའི་ནང་གང་བས་དགའ་བའི་ཡེ་ཤེས་སྐྱེས། དེ་ལས་ཆེར་འཕེལ་ཏེ་སྨིན་མཚམས་ཡན་ཆད་ཀྱི་རྩ་ཁམས་ཐམས་ཅད་ལ་ཁྱབ་པས་དགའ་བ་མཐར་ཕྱིན་པར་བསམ་ཞིང༌། སྤྱི་བོའི་བུམ་པ་ཅན་དྲག་ཏུ་གཅུན། མཐར་རྣམ་པར་མི་རྟོག་པའི་ངང་ལ་རེ་ཞིག་བཞག་པ་ནི་ཕྱི་མ་རྣམས་ལའང་འགྲེ། དེ་བཞིན་དུ་བྱང་སེམས་མགྲིན་པར་བབས་པས་མཆོག་ཏུ་དགའ་བ། སྙིང་གར་བབས་པས་ཁྱད་པར་གྱི་དགའ་བ། ལྟེ་གསང་གི་རྩ་འཁོར་བརྒྱུད་ནས་ནོར་བུའི་རྩེ་མོའི་བར་སོན་པས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་བ་ཁྱབ་ཅིང་བརྟན་པར་མོས། དེའི་ཚེ་ཡབ་ཡུམ་གཉིས་ཀྱི་རྩ་དབུ་མ། རླུང་ལྡང་འཇུག ཐིག་ལེ་དཀར་དམར། དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བ་སྟེ་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ་པ་ནི་ཡས་བབས་རྒྱུའི་དགའ་བ་བཞིའོ། །དེ་ནས་དྭངས་མ་ཏིལ་འབྲུ་ཙམ་ཡང་མ་ཉམས་པར་དེ་མ་ཐག་གྱེན་དུ་དྲང་དགོས་པས། རྐང་ལག་གི་ཉྭ་བཞི་སྒྲིམ་ཞིང་སོར་
ཚིག་རྣམས་བསྐུམ། ལྟོ་བ་སྒལ་པར་བརྡབ། ལྕེ་རྩེ་དང་མིག་གྱེན་དུ་ཕྱོགས་པ་ལུས་འཁྲུལ་འཁོར་གྱི་འདྲེན་དང༌། གསང་རླུང་གྱེན་དུ་དྲང་ཞིང་ཧཱུྃ་རིང་གི་སྒྲ་བྱ་བ་ངག་གདངས་ཀྱི་འདྲེན་དང༌། ཤེས་པ་སྤྱི་བོའི་ཧཾ་ལ་གཏད་པས་ཐིག་ལེ་རྣམས་སོག་སྦུབས་ནས་ཆུ་དྲངས་པ་ལྟར་དཀར་ཕྲི་ལི་ལི་གྱེན་ལ་བཙན་ཐབས་སུ་ལྡོག་པར་བསམ་པ་ཡིད་དམིགས་པའི་འདྲེན་ཏེ། གནད་གསུམ་དང་ལྡན་པའི་སྒོ་ནས་དྲངས་པས། ལྟེ་བ་མན་ཆད་དུ་བརྟན་པས་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་པར་གྱི་དགའ་བ། སྤྱི་བོའི་ཧྃ་ཡིག་གི་བར་དུ་སོན་པས་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ་མས་བརྟན་འབྲས་བུའི་དགའ་བ་བཞི་ཉམས་སུ་མྱོང་ནས་ཁྱབ་ཅིང་བརྟན་པར་བསམ། འཁོར་ལོ་སོ་སོར་བུམ་པ་ཅན་དྲག་ཏུ་གཅུན། སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་གྱིས་ཡུར་བ་ནས་ཞིང་ས་ལ་ཆུ་འགྲེམས་པ་ལྟར་རྩ་ཁམས་ཐམས་ཅད་ལ་ཁྱབ་པར་དགྲམ། ཧཾ་ཡིག་ལ་རྟེན་བཅས་ཏེ་རང་སེམས་བདེ་བ་གསུམ་དབྱེར་མི་ཕྱེད་པའི་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག་གོ །དེ་ལྟར་ནན་ཏན་དུ་བསྒོམས་པས་བདེ་དྲོད་རླུང་ཐིག་གི་
ཉམས་རྩལ་ཆེར་འབར་ཞིང་ཅུང་ཟད་འབྱོངས་པའི་མཚན་མ་མཐོང་བ་ན། བོགས་འདོན་ཤཁ་མཟི་འཁྲུལ་འཁོར་ལ་བསླབ་པ་ནི། སྟན་བདེ་བར་རྐང་པ་སེམས་སྐྱིལ་དང༌། ལག་གཉིས་རྡོ་རྗེའི་ཁུ་ཚུར་བཅང་པ་བུས་སྟེང་དུ་བཞག་ལ་འཁོད། དམིགས་གནད་རྣམས་གོང་ལྟར་ལ་དམིགས་བསལ་སཀ་ཁི་ཤཁ་ཁཞར་སྦྱོར་ཡུམ་དང༌། རོས་པོ་ཤྐ་ཐེ་ཟི་བྷ་གར་བསམ། ཤཁ་ཁ་ཞར་ཏིལ་མར་རམ་རླན་གྱིས་སྦག་པ་སྠོ་སྖེ་ཤ་ཟགྱུཐ་མཟི་ཚེ་ཡབ་ཡུམ་ལིངྒ་བྷ་གར་བཅུག་པར་བསམ་ཞིང༌། སངས་རྒྱས་བྱང་སེམས་ཐམས་ཅད་བདེ་བའི་སྒྲས་སྤྱན་དྲངས། རང་གི་འཁོར་ལོ་ལྔར་བཞུགས་པ་ལ་བདེ་བ་བླ་མེད་མཆོག་གི་མཆོད་པ་ཕུལ་བས་རྟག་ཏུ་མཉེས་ཤིང་སྤྱོད་པར་མོས་ལ་དལ་བུས་བསྐྱོད། དེའང་བདེ་བ་ཆུང་ན་རྡོ་རྗེའི་སྺེ་པོ་དང༌། འབྲིང་ན་རྔེཐ་མ། ཆེ་ན་སྺ་ཕ་ཏར་ཕའུཀ་རྣེ་བསྐྱོད་ཅིང་དགའ་བ་བཞི་རེ་རེ་བཞིན་ངོས་བཟུང་ལ་བསྐྱང༌། ལས་དང་པོ་པས་ནི་མགྲིན་པར་སླེབ་པ་ཙམ་ལ་ཚོད་བཟུང་སྟེ་ཉམས་སུ་བླང༌། དེ་ལ་གོམས་ནས་སྙིང་ག་དང་ལྟེ་བར་དལ་གྱིས་རིམ་འགྲོས་སུ་དབབ། མཐར་འབྱོངས་ནས་
ཆེར་བསྐྱོད་དེ་བྱང་སེམས་རྡོ་རྗེ་ནོར་བུའི་རྩེ་མོར་སླེབས་པ་ན་གོང་བཞིན་འདྲེན་དགྲམ་གྱི་རླུང་དང་འཁྲུལ་འཁོར་ལ་བརྟེན་ནས་ཐིག་ལེ་འཕོ་མེད་དུ་བཅིང་སྟེ་སླར་ལུགས་ལྡོག་གི་དགའ་བཞིའི་མཐར་ཐུག་པའི་བདེ་སྟོང་གི་ངང་བསྐྱང་ངོ༌། །དེའང་གཞན་ལུས་བསྟེན་པའི་འོས་སུ་མ་གྱུར་པའི་རྣལ་འབྱོར་པ་ཚངས་སྤྱོད་ཀྱི་སྡོམ་པ་དཀའ་ཐུབ་ལ་གནས་པ་དག་གིས་སམ། སྔགས་ལམ་པ་ཡིན་ཀྱང་གནས་དུས་ཀྱིས་གཞན་ལུས་བསྟེན་པ་སྐབས་སུ་མ་བབས་པ་དག་གིས་ལམ་འདི་ཁོ་ན་ཉམས་སུ་བླངས་པས་ཀྱང་འགྲུབ་ལ། འདི་ཉིད་ལ་བརྟན་པ་ཐོབ་ན་གཞན་ལུས་བསྟེན་པར་གེགས་མི་འབྱུང་ཞིང་གནད་དུ་འགྲོ་བའི་ཕྱིར་གཞན་ལུས་ཀྱི་སྔོན་འགྲོར་བཞག་པ་ཡིན་ནོ། །གཉིས་པ་གཞན་ལུས་ཕོ་ཉའི་ལམ་ལ་བསླབ་པ་ནི། རང་ལུས་ཀྱི་ཉམས་ལེན་ལ་གོམས་པ་བརྟན་པོ་ཐོབ་ནས་ལས་ཀྱི་ཕྱག་རྒྱ་དངོས་ལ་སློབ་པ་ན། ཐོག་མར་གཞན་ལུས་དཀྱིལ་འཁོར་འཁོར་ལོ་ནི་ཕོ་ཉའི་མགྱོགས་ལམ་ཡིན་པས་བསྟེན་བྱའི་ཡུལ་མ་ནོར་བར་བཙལ་བ་གལ་ཆེ་སྟེ། མཚན་ངན་བསྟེན་ན་ཡོན་ཏན་མི་འཕེལ་གྱི་སྟེང་དུ་སྐྱོན་མང་དུ་སྐྱེད་པས་ན་ནུས་པ་མ་ཐོབ་ཀྱི་བར་དུ་སྤང་
དགོས་པ་ཡིན། དེའང་པདྨ་ཅན་ནི་རྩ་བཟང་བས་བདེ་བ་ལྷག་པར་སྐྱེད་ཅིང་ཆོས་ཉིད་གསལ་བས་རབ་ཡིན་ལ། རི་མོ་ཅན་དང་དུང་ཅན་མ་དང་གླང་སྣ་ཅན་དང་རི་དྭགས་མ་བཞི་ནི་རྩ་སྔ་མ་ལས་དམན་པས་འབྲིང་དུ་བཤད། དེ་ལ་པདྨ་ཅན་གྱི་མཚན་ཉིད་ནི། ཕྱི་རྟགས་བཞིན་རས་ཟླུམ་པོ་སྔོ་སང་ངམ་པདྨའི་མདོག་ཅན། སྐྲ་སེར་ཞིང་ལི་བ། རུས་སྦལ་ལྟར་ཆུ་ཞེང་གབ་པའི་ལུས་དབྱིབས་ཅན། བྲང་མཛེས་ལ་ནུ་མ་སྲ་ཞིང་མཁྲེགས་པ། ནང་རྟགས་སུ་ལྟེ་བར་གྱེན་དུ་འགྲེང་པའི་གཉེན་མ་སྟེ་རི་མོ་གསུམ་ཡོད་པ། གསང་རྟགས་སུ་གསང་རྩ་པད་སྣལ་ལྟར་ཕྲ་ཞིང་འབྱེད་འཛུམ་བྱེད་པས་རྒྱུན་དུའང་རེས་འགའ་རཀྟ་འོ་མའི་མདོག་ཏུ་སྣང་བ་ནི་མཆོག་གྱུར་པདྨའི་རིགས་སོ། །རི་མོ་ཅན་ནི། རྒྱུད་ཁྲོ་ཞིང་གཏུམ་ལ་ནུ་མའི་གཏིང་ཟབ་པ། ལུས་ཀྱི་བོང་ཐུང་ལ་བྱིན་པ་རི་དྭགས་ལྟར་ཕྲ་ཞིང་གསུས་པ་རྒྱས་པས་སྐེད་པ་སྦོམ་པ། སྐྲ་བཟང་ལ་དཔྲལ་བར་གཉེར་མ་གྱེན་འགྲེང་ཡོད་པ། གསང་རྩ་རི་མོ་ལྟར་ཕྲ་བ་སྟེ་ལས་ཀྱི་རིགས་སོ། །དུང་ཅན་མ་ནི། ལུས་བོང་ཧ་ཅང་རིང་བའམ་ཐུང་བ་མ་ཡིན་པས་འཚམས་ཞིང་
བཞིན་རས་ཡིད་དུ་འོང་བ། སྐྲ་ནག་ལ་རིང་བ་དང་སྣའི་རྩེ་མོའང་ལེབ་མོར་མིན་པར་རིང་ཞིང་ནུ་མ་རྒྱས་ལ་མཁྲེགས་པ། གསང་རྩ་དུང་ལྟར་འཁྱིལ་བ་སྟེ་རིན་ཆེན་རིགས་སོ། །གླང་སྣ་ཅན་ནི། ལུས་བོང་ཆེ་ཞིང་བྱིན་པ་སྦོམ་པ། སྐྲ་ངན་ལ་བཞིན་རས་ཀྱི་གདངས་གསལ་བ། ངོ་ཚ་ཆུང་བའི་ཆགས་པ་དང་ལྡན་ལ་ལུས་ལས་ཆང་དྲི་མནམ་པ། གསང་རྩ་གླང་ཆེན་སྣ་ལྟར་བལྟབས་པ་སྟེ་སངས་རྒྱས་རིགས་སོ། །རི་དྭགས་ཅན་མ་ནི། བཞིན་མདོག་དཀར་ལ་དམར་བའི་མདངས་ཅན་རི་དྭགས་ལྟ་བུའི་མིག་མཛེས་པ། དཔྲལ་བ་དབྱེས་ཆེ་ཞིང་སྐྲ་རྩུབ་པ་སྤྱོད་ལམ་ཧ་ཅང་དལ་བའམ་བྲེལ་བ་མིན་པར་སྙོམས་ཞིང་ནུ་མ་ཟླུམ་ལ་འཁྱིལ་བ། གསང་རྩ་རི་དྭགས་ཀྱི་རྩི་ལྟ་བུས་བཀབ་པ་སྟེ་རྡོ་རྗེའི་རིགས་སོ། །དེ་ལྟར་རིགས་རྣམ་པ་ལྔ་པོ་རེ་རེ་ལའང་ཕྱི་ནང་གསང་རྟགས་རྫོགས་མ་རྫོགས་ཁྱད་པར་གྱིས་རབ་འབྲིང་ཐ་མ་གསུམ་གསུམ་དུ་འགྱུར་བ་ཡིན་ལ། གང་ཡང་སྤྱིར་ཕྱིའི་མཚན་ཉིད་ནི། གཟུགས་མཛེས་ཤིང་ཡིད་དུ་འོང་བ། ལུས་ཀྱི་ཆ་དང་ཁའི་དྲི་ཞིམ་པ། ངག་སྙན་ཅིང་སྤྱོད་འགྲོས་ཞིབ་པ། མཐོང་བ་ཙམ་གྱིས་སྙིང་དུ་སྡུག་ཅིང་བདེ་བ་སྐྱེ་བ་དང༌། ནང་གི་
མཚན་ཉིད་ནི། པདྨའི་ཤ་རྒྱས་ཤིང་འབུར་བ། ཁ་རུབ་ཅིང་དམ་ལ་ཟེའུ་འབྲུ་རྒྱས་པ། དྲོད་རླན་ཆེ་ཞིང་རྡོ་རྗེ་སྡོམ་འཇིབ་ཤེས་པ། པདྨའི་སྟེང་དུ་རྡོ་རྗེས་རེག་མི་བཟོད་ཅིང་སྐད་ངན་འདོན་པ། ཅུང་ཟད་བསྲུབ་ན་ལུས་འདར་ཞིང་དངངས་པ་དང༌། གསང་བའི་མཚན་ཉིད་ནི། དད་པ་ཆེ་བས་རྣལ་འབྱོར་པ་དང་དམ་པའི་ཆོས་ལ་མོས་པ། ཤེས་རབ་ཆེ་བས་ཆོས་དང་ཆོས་མིན་ཤན་འབྱེད་ཤེས་པ། བློ་ཁོག་ཆེ་བས་གསང་སྔགས་ཀྱི་སྤྱོད་པ་བློར་ཤོང་བ། གསང་ཚིག་ཐུབ་པས་གསང་བའི་ལྟ་སྤྱོད་གཞན་དུ་མི་འཆལ་བ། མིག་སེར་ཆུང་བས་རྣལ་འབྱོར་པ་ལ་སྐྱེ་བོས་སྒྲོ་སྐུར་མི་འབྱུང་བ། སྙིང་ཉེ་ཞིང་ཁྲེལ་ཆེ་བས་ཅི་གསུངས་བཀའ་བཞིན་སྒྲུབ་ཅིང་ཞབས་ཏོག་ལ་བརྩོན་པ། ལུས་ཚུགས་ཐུབ་ཅིང་བློ་བརྟན་པས་གཞན་གྱིས་བསྒྱུར་དཀའ་བ། འདོད་པའི་སྒྱུ་རྩལ་ལ་མཁས་པས་བདེ་བ་དབང་མེད་དུ་འདྲེན་ནུས་པའོ། །ན་ཚོད་ཀྱང་ལོ་བཅུ་དྲུག་ནས་རབ། ཉི་ཤུ་ནས་འབྲིང༌། ཉེར་ལྔ་ནས་ཐ་མར་བཤད་ལ། མདོར་བསྡུ་ན། གཟུགསདང་ལང་ཚོ་དར་ལ་བབས་པ། དམེ་ཅན་གདོལ་ཤན་ཡུག་
གྲིབ་སོགས་ཀྱིས་མ་གོས་པ། ལྷག་པར་དམ་ཚིག་ཉམས་པའི་མི་དང་མ་འཕྲད་པ། སྒྲུབ་པ་པོ་རང་ཉིད་ལ་གུས་ཤིང་སྙིང་བརྩེ་བ། གསང་བ་མཆོག་གི་ཀུན་སྤྱོད་ལ་མི་སྐྲག་ཅིང་མོས་པ་བརྟན་པ། སྒོ་གསུམ་འཆལ་བར་མ་ཤོར་ཞིང་གསང་ཐུབ་པ། མཐོང་བའམ་དྲན་པ་ཙམ་གྱིས་ཀྱང་བདེ་བ་རྩོལ་མེད་དུ་སྐྱེད་ནུས་པ། ཆགས་པ་ཆེ་ཞིང་སྦྱོར་ཐབས་ལ་མཁས་པ་སྟེ་དེ་རྣམས་ནི་མེད་དུ་མི་རུང་བའི་མཚན་ཉིད་ཡིན་ནོ། །དེ་ལྟ་བུ་ལེགས་པར་བརྟགས་ལ་རྙེད་ནས་རང་བཞིན་གྱིས་མ་ཁུག་ན། འགུག་པའི་ཐབས་རྫས་ཀྱི་རྟེན་འབྲེལ་དང༌། སྔགས་བཟླ་བ་དང༌། ཏིང་ངེ་འཛིན་གྱི་སྦྱོར་བ་རྣམས་མན་ངག་གཞན་ནས་འབྱུང་བ་ལྟ་བུས་བཀུག་སྟེ་རང་དབང་དུ་བྱ། དབང་དུ་གྱུར་ནས་རྒྱུད་སྦྱོང་བའི་ཕྱིར། ཕྱི་དྲང་བ་དང་ངེས་པའི་དོན་གྱི་ཆོས་བཤད། ནང་ཟབ་མོའི་དབང་བསྐུར་ཞིང་དམ་ཚིག་ལ་གནས་པར་བྱ། གསང་བ་བསྐྱེད་རྫོགས་ཀྱི་མན་ངག་ཕོག་སྟེ་ཉམས་མྱོང་ཅི་རིགས་མ་སྐྱེས་ཀྱི་བར་དུ་སྒོམ་དུ་གཞུག །དེ་ནས་སྟ་གོན་གྱི་རིམ་པ་ལ། ཡབ་ཡུམ་གཉིས་ཀ་ཁྲུས་དང་བཀུ་མཉེ་བྱ། རོ་ཙ་བའི་སྨན་གྱི་བཅུད་ལེན་དང༌། ཁ་ཟས་བཟང་པོས་ཁམས་སྤེལ། དབེན་
པའི་གནས་ཡིད་དུ་འོང་བར་འབོལ་ཞིང་བདེ་བའི་སྟན་ལ་འཁོད། གཟུགས་ལ་བལྟ་བ་དང༌། དགོད་པ་ལ་སོགས་པའི་གཟུགས་ཀྱི་བདེ་བ་ལ་བསླབ། དེའི་ངོ་བོ་སྟོང་ཉིད་དུ་ཉམས་བསྐྱང༌། དེ་བཞིན་དུ་ཆགས་པའི་གཏམ་གླེང་བ་སོགས་སྒྲ་ལ་བསླབ། ལུས་ཀྱི་དྲི་ཞིམ་པོ་སྣོམ་པ་སོགས་དྲི་ལ་བསླབ། མཆུ་དང་ལྕེ་འཇིབ་པ་སོགས་རོ་ལ་བསླབ། འཁྱུད་པ་དང༌། ཙུམྦྷ་ན་དང༌། ནུ་མ་མཉེ་བ། གསང་བའི་གནས་ལ་རེག་པ་སོགས་རེག་བྱ་ལ་བསླབ། དེ་ཐམས་ཅད་ཀྱིས་བདེ་དྲོད་སྐྱེས་པའི་ངོ་བོ་སྟོང་པ་ཉིད་དུ་རོ་མཉམ་པའི་ངང་བསྐྱང༌། དེ་ནི་བསླབ་པ་ལྔས་བདེ་བ་བསླང་བའོ། །དེ་ནས་དངོས་གཞི་ཆགས་པའི་བརྡ་དང་ལན་གྱིས་བསྐུལ། གོང་བཞིན་རང་ཉིད་རྡོ་རྗེ་གཞོན་ནུ་དང༌། རིག་མ་འཁོར་ལོ་རྒྱས་འདེབས་མའི་སྐུར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་བ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་གཅིག་པ་ལྟེ་བར་ཧཱུྃ་དང་བུ་གར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨཱཿལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཟེའུ་འབྲུར་ཨཱཿདང་སྣ་རྩེར་མཱུྃ་གྱིས་མཚན་པ་སྔགས་ཀྱི་འདུ་ཤེས། ཡབ་ཡུམ་ཐབས་ཤེས་སྙོམས་འཇུག་རྩ་རླུང་ཐིག་ལེ་ཁ་སྦྱོར་བདེ་སྟོང་
དཔེའི་ཡེ་ཤེས་ལ་བརྟེན་ནས་ཟུང་འཇུག་དོན་གྱི་ཡེ་ཤེས་རྡོ་རྗེ་གཞོན་ནུའི་གོ་འཕང་བསྒྲུབ་སྟེ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལ་གནས་པས་ཐ་མལ་པའི་འདོད་ཆགས་རྣམ་རྟོག་གི་རྒྱུན་བཅད། ཡབ་རྡོ་རྗེ་སྐྱིལ་ཀྲུང་གི་པང་དུ་ཡུམ་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་ཞིང༌། ཡབ་ཀྱི་ལག་གཉིས་ཡུམ་གྱི་སྐེད་པ་དང༌། ཡུམ་གྱི་ལག་གཡས་ཀྱིས་ཡབ་ཀྱི་མགུལ་དང་གཡོན་པས་སྐེད་ནས་འཁྱུད་ཅིང་རྡོ་རྗེ་ལས་རུང་པདྨར་དལ་བུས་བཅུག་སྟེ་སྙོམས་པར་འཇུག་པའམ། གཞན་ཡང་པདྨ་ཅན་ལ་སྟེང་ནས་སྦྱོར་བ་དང༌། རི་མོ་ཅན་ལ་རྒྱབ་ནས་དང༌། དུང་ཅན་མ་ལ་འདེགས་པའི་ཚུལ་གྱིས་དང༌། གླང་སྣ་ཅན་ལ་ཕན་ཚུན་མཉམ་པར་ལྟ་བས་དང༌། རི་དྭགས་ཅན་ལ་འོག་ནས་སྦྱོར་བའི་འཁྲིག་ཐབས་གཙོ་བོར་བྱ་བ་སོགས་མཐའ་གཅིག་ཏུ་མ་ངེས་པར་གཡས་རོལ་གཡོན་རོལ་མདུན་ནས་རོལ་བ་ལ་སོགས་པ་འདོད་པའི་སྒྱུ་རྩལ་གྱི་རྩེ་འཇོ་མིག་འཕྲུལ་ལྟ་བུས་སྙོམས་པར་འཇུག་ཅིང༌། སྦྱོར་ཐབས་ཀྱི་བྱེ་བྲག་རེ་རེས་བདེ་བའི་ཡེ་ཤེས་མི་འདྲ་བ་རེ་རེ་འདྲེན་ནུས་པར་བྱ། དེ་ལ་དགོས་པའི་གནད་བཞི་ལས། དང་
པོ་དབབ་པ་ལ་མཁས་པ་དལ་བུ་རུས་སྦལ་གྱི་འགྲོས་ལྟ་བུ་ནི། མཁའ་གསང་སྤྲད་ནས་དྲག་ཏུ་མི་ཤོར་བར་དལ་བུས་བསྲུབ་ལ། བདེ་བ་གཡོ་བ་ན་བསྲུབ་འཕྲོ་བཤོལ། ཡང་བདེ་བ་ཆད་ན་བསྲུབ་སྟེ། དེ་ལྟར་ལན་བཞིའམ་ལྔ་སོགས་ཇི་ཙམ་འོས་པ་བསྐྱོད་པས་སྔར་རང་ལུས་ཀྱི་སྐབས་བཞིན་འཁོར་ལོ་ལྔར་རིམ་གྱིས་དབབ་སྟེ་བྱང་སེམས་ནོར་བུའི་བུམ་པའི་མཐར་ཐུག་པར་ཕབ་ནས་ཁ་སྦྱོར་ལྷན་སྐྱེས་ཀྱི་བདེ་བ་མྱང་རྗེས། བར་དུ་བཟུང་བ་ལ་མཁས་པ་རྫ་སྣོད་ཐེམ་བུས་བཀག་པ་ལྟ་བུ་ལ། སྟེང་རླུང་མནན་པས་འོག་རླུང་ཤུགས་ཀྱིས་འགོག་པ་རིལ་པ་ཞབས་ཚག་ཅན་ལྟར་གསུས་པ་སྒལ་ཚིག་ལ་སྦྱར། མིག་བགྲད། སྙིང་གའི་ཐད་དབུ་མའི་ནང་དུ་དྭངས་མ་མི་ཤིགས་པའི་ཐིག་ལེ་རྩ་བའི་བླ་མའི་ངོ་བོ་ལ་སེམས་གཏད། དེས་མ་ཟིན་ན་ཆོས་ཐམས་ཅད་ནམ་མཁའ་ལྟ་བུ་ངོ་བོ་མ་གྲུབ་པའི་སྟོང་ཉིད་དང་རང་སེམས་སྐད་ཅིག་གིས་བསྲེས་ལ་ཕཊ་ཅེས་རིག་པ་མཁར་བཞག །དེས་ཀྱང་མ་ཟིན་ན་ཤཁ་མཟི་པདེཕ་པཚུཕ་ཀྱིས་གསང་བའི་མགྲིན་པ་ཕཝིས་ནེ་རྩ་ལམ་དགག །དེས་མི་ཟིན་མི་སྲིད་དོ། །ཟིན་ནས་ལྡོག་པ་ལ་མཁས་
པ་བཙན་ཐབས་ཀྱི་སྦྱོར་བས་སྐྱེན་པོའི་མདའ་ལྟར་རང་གནས་སུ་འཕང་བ་ལ། འདྲེན་པའི་གནད་གསུམ་དང་ལྡན་པས་འཁོར་ལོ་ལྔ་མས་བརྟན་དུ་དྲངས་ཤིང༌། སྤྱི་བོར་བླ་མ་ཡབ་ཡུམ་ཐིག་ལེ་ཧྃ་ཡིག་བདེ་བའི་ངོ་བོར་བཞུགས་པ་ལ་སེམས་དྲག་ཏུ་གཏད་པས་མི་དྲོང་མི་སྲིད་དོ། །དྲོངས་ནས་མཐར་འགྲེམས་པ་ལ་མཁས་པ་ཞིང་པས་ཡུར་བ་ལ་ཆུ་དྲངས་པ་ལྟ་བུ་ལ། རླུང་ཕྱིར་འཛིན་གྱིས་ལག་གཉིས་ཀྱི་མཐེ་བོས་རྣ་བ་གཉིས། མཛུབ་མོས་མིག་གཉིས། གུང་མོས་སྣ་བུག་གཉིས། སྲིན་མཛུབ་དང་མཐེའུ་ཆུང་བཞིས་མཆུ་བསྡམ་ལ་སྟེང་རླུང་མ་རྔུབ་པར་མནན་ནས། མགོ་ལུས་ལྷག་གིས་གཡས་སྐོར་གསུམ། གཡོན་སྐོར་གསུམ་བྱ། རྗེས་སོར་མོ་རྣམས་བཀྲོལ་ལ་ཧ་སྤྲུགས་ལན་གསུམ་བྱ་བ་ནི་སེང་གེའི་རྣམ་རོལ་གྱི་སྦྱིན་ཤུགས་འགྱེད་པ་ལྟ་བུའོ། །གཞན་ཡང་འགྲེམས་པའི་རླུང་གནད་རིན་པོ་ཆེའི་ལན་ཚར་ལྟ་བུའི་འཁྲུལ་འཁོར་བདུན་ནི། ལུས་རྒུར། ལངས་ལ་ལག་པས་རྐང་མཐེབ་སོ་སོར་བཟུང༌། རྐང་ལག་བར་དུ་རྐང་གང་བཞག །དམིགས་བ་གོང་ལྟར་ལ་ཐིག་ལེ་སྤྱི་བོར་བསྐྱལ་བ་དེ་རྩ་གསུམ་འཁོར་ལོ་བཞི་བརྒྱུད་ནས་ལུས་ཐམས་ཅད་ལ་
ཁྲེམས་བར་བསམ་ཞིང༌། ངག་ཏུ་ཧ་ཧ་ཞེས་རླུང་འདོན། རླུང་ཟད་པ་ན་མིག་གྱེན་ལ་ལྡོག །ལྟག་པ་དགྱེ། ལྕེ་ཡ་རྐན་ལ་སྦྱར། ཉྭ་བཞིའི་ཤ་སྒྲིམ། ལྟོ་བ་སྒལ་ཚིག་ལ་སྦྱར། མཐར་ཁ་ནས་རླུང་དྲག་ཏུ་འདོན་ཅིང་ལུས་ཐམས་ཅད་ལན་གསུམ་སྤྲུགས་པ་ནི་སེང་གེའི་བཞད་ཚུལ་ཞེས་བྱའོ། །ཡང་ལུས་རྒུར། ཁུ་ཚུར་བརླ་སྟེང་དུ་བཞག །ཧཱུྃ་ཧཱུྃ་ཞེས་སྣ་ནས་རླུང་སྣོམ་ཚུལ་གྱིས་གཡས་གཡོན་ནས་གཅུ། དབུས་སུ་དྲང༌། ནང་དུ་འཐེན། ལྟོ་བ་སྦྱར། གང་བ་དང་སླར་འཕུལ། ལུས་ཐམས་ཅད་སྤྲུགས་པ་ནི་ཝ་མོའི་སྣོམ་ཚུལ་ཞེས་བྱའོ། །ཡང་ལུས་རྒུར། ལག་པ་རྐང་པའི་བར་དུ་གན་རྐྱལ་བཞག །སྟེང་འོག་གི་རླུང་བཟུང་བ་ཁ་སྦྱར་སྤྲུགས་ཅིང་སྒྱུར་བ་ལན་གསུམ་བྱ་བ་ནི་འཚའ་མོའི་སྐྱིལ་ཚུལ་ཞེས་བྱའོ། །ཡང་རྐང་མཐིལ་མཉམ་པར་བཞག །སོར་མོ་བཙུག །ལག་གཉིས་ཁུ་ཚུར་པུས་སྟེང་དུ་བཞག །སྟོང་འདྲེན་དྲག་པོས་རྒྱུ་ཞབས་ཡར་འཐེན་ཞིང༌། ངག་ཏུ་ཧྲཱིཾ་ཧྲཱིཾ་ཞེས་བརྗོད། ཁུ་ཚུར་ཡར་གཞོག་དྲུད་མཆན་ཁུང་འོག་ཏུ་སླེབས་ནས། སླར་མར་གཞོག་དྲུད་
པུས་སྟེང་དུ་བཞག རླུང་རྫོགས་པ་ན་ལྟོ་བ་སྤྲུགས་པ་ནི་རི་དྭགས་སྤུངས་ཚུལ་ཞེས་བྱའོ། །ཡང་ལུས་རྒུར། རྐང་པའི་བར་དུ་མཐོ་གང་འོང་བར་བྱ། ལག་གཉིས་མཐེ་བོང་ཁུ་ཚུར་བཅང༌། སྟེང་རླུང་ལན་གཅིག་མནན་རྗེས་ངག་ནས་ཧ་རིང་རྗེས་སུ་ཧག་ཧས་དབྱུང་ཞིང༌། རྒྱུ་ཞབས་སྒལ་ཚིགས་ལ་སྦྱར་བ་ལན་གསུམ་དང༌། མཐར་ལུས་ཐམས་ཅད་ལན་གསུམ་སྤྲུགས་པ་ནི་སྟག་མོའི་སྐྱུག་སྟངས་ཞེས་བྱའོ། །ཡང་ལུས་རྒུར། རྐང་པའི་བར་དུ་ཁྲུ་གང་ཡོད་པར་བྱས་ལ། སྟེང་འོག་གི་རླུང་ཁ་སྦྱར་བཟུང༌། ལས་ཐམས་ཅད་སིལ་སིལ་སྤྲུགས་པ་ལན་གསུམ་བྱ། དབྱིངས་རིག་བསྲེ་བ་ནི་གཡང་མོའི་སྤྲུགས་སྟངས་ཞེས་བྱའོ། །ཡང་ལུས་རྒུར། རྐང་ལག་སོ་སོར་དྲང་པོར་བཙུག །བར་དུ་ཁྲུ་གང་ལྷག་ཙམ་ཡོད་པར་བྱ། རླུང་སྟེང་འོག་ཁ་སྦྱར་བཟུང༌། རྟིང་པ་གཡས་པ་བརླ་གཡས་པའི་རྩར་སྦྱར་ཞིང་ཤད་ཀྱི་བརྐྱང་བ་ལན་གསུམ། གཡོན་པ་ལའང་དེ་འདྲ་ལན་གསུམ། སླར་གན་རྐྱལ་དུ་ཉལ་ནས་རྩིབ་ལོགས་གཡས་གཡོན་སར་ཕབ་ལ་འགྲེ། དེ་རྗེས་རྐང་ལག་བཞི་ལྷན་ཅིག་བརྐྱང་བརྡབ་བྱ་བ་དང༌། སྒལ་
ཚིགས་སར་ཕབ་པའི་ལུས་འཕར་བ་ལན་གསུམ་བྱ། དེའི་ཚེ་སེམས་དང་རླུང་མི་ཤིགས་པའི་ཐིག་ལེར་དྭངས་པ་ནི་གྱི་ལིང་གི་འཕྲ་ཚུལ་ཞེས་བྱའོ། །དེ་ལྟར་རླུང་དང་འཁྲུལ་འཁོར་དམིགས་པའི་སྦྱོར་བས་འདྲེན་ལྡོག་བྱས་པའི་ཐིག་ལེའི་བདེ་བ་ལུས་གནད་རྩ་ཁམས་ཐམས་ཅད་དུ་ཁྱབ་པར་བཀྲམ་རྗེས་སུ་ལུས་སེམས་ཁོང་ཀློད། བདེ་བའི་རང་ངོ་ལ་བལྟས་པས་གང་དུའང་འཛིན་པ་མེད་པ་ནམ་མཁའ་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྲོལ། སྟོང་པའི་རྩལ་མ་འགག་པར་བདེ་བ་ཆེན་པོར་ཤར། རྣམ་པ་བདེ་བ་དང་ངོ་བོ་སྟོང་པ་ཡ་བྲལ་མ་ཡིན་པར་དབྱེར་མེད་ཟུང་དུ་འཇུག་པའི་ཡེ་ཤེས་ངོས་བཟུང་ལ། ཟག་བཅས་བདེ་བ་རྟོག་པའི་རོ་མྱོང་བས་ཟག་ཏུ་མི་གཞུག་པར་ཟག་མེད་དྭངས་མའི་ཐིག་ལེ་སྙིང་ག་མི་ཤིགས་པའི་མཛོད་དུ་སྦས་ཏེ་བརྗོད་བྲལ་ཀ་དག་གི་ངང་ལ་ཡུན་རིང་དུ་མཉམ་པར་བཞག་གོ །འདིར་རྣལ་འབྱོར་མས་ཉམས་ལེན་མོ་ཁྲིད་ཀྱི་ཁྱད་པར་ལ། རླུང་དང་གཏུམ་མོ་ཞུ་བདེའི་ཚུལ་རྣམས་གོང་དང་འདྲ་བ་ལས། རང་ལུས་ཀྱི་སྐབས་ཡིད་དུ་འོང་བའི་དཔའ་བོ་མཛེས་ལྡན་མདུན་དུ་ཡོད་པར་དམིགས་པ་ལ་རྩལ་སྦྱར་ཞིང༌། བོགས་འདོན་ཕོཤ་
ཤཟི་སྦྱོར་བ་ལག་ཏུ་ལེན་ཚུལ་ནི་ཞལ་ལས་ཤེས། ཐབས་ཀྱི་གྲོགས་བསྟེན་པ་སྐབས་སུ་བབས་ན། ལམ་ལ་གནས་ཤིང་དམ་ཚིག་མ་ཉམས་པ་དང༌། ཕྱི་ནང་གསང་བའི་མཚན་ཉིད་ཐབས་ལམ་གྱི་གཞུང་ནས་བཤད་པ་ལྟར་ལེགས་པར་ཚང་བའི་དཔའ་བོ་རབ་བླ་མའི་ཚུལ་དུ་དད་པ་དང་བཅས་ཏེ་བསྟེན། ཡོན་ཏན་ཕྱེད་ཙམ་ལྡན་པ་འབྲིང་མཆེད་པོ་མཛའ་བོའི་ཚུལ་དུ་བརྩེ་གདུང་དང་བཅས་ཏེ་བསྟེན། ཡོན་ཏན་སུམ་ཆ་ཙམ་ལྡན་པ་ཐ་མ་མཛེས་ལྡན་བྲན་གྱི་ཚུལ་དུ་བྱམས་སེམས་དང་བཅས་ཏེ་བསྟེན། གང་ཡང་འདུ་ཤེས་གསུམ་དང་མཁས་པ་བཞིའི་གནད་ཀྱིས་བདེ་བ་ཉམས་དང་སྦྱར་ཏེ་ཚོད་འཛིན་གྱིན་དབབ། ཕེབས་པ་ན་བཟུང་བའི་གནད་རབ་ལྟ་བས་འཛིན་པ་ཀ་དག་གི་ངོ་བོ་བདེ་སྟོང་ཐུག་ཕྲད་དུ་བསྐྱང༌། འབྲིང་རླུང་སྦྱོར་གྱིས་འཛིན་པ་བར་རླུང་ཐད་ཀར་བརྒྱང་ལ། དཔྲལ་བའི་དཀྱིལ་དུ་གཡུང་དྲུང་དམར་པོ་གཡས་སྐོར་དུ་འཁྱིལ་བ་ལ་དམིགས་པ་གཏད། ཐ་མ་ཐེམ་བུས་བཟུང་བ་སྤུ་དཀར་ནག་མཚམས་ཀྱི་སུར་མ་ཞོཐ་པེཐ་ཀྱི་གསུང་པ་ཤཁ་མཟི་པཚུཕ་པོ་ཕ་ཡིར་ཚིར་གྱིས་མནན་པ་དང༌། དམིགས་པ་སྤྱི་བོའི་བླ་མ་ཡབ་ཡུམ་སྦྱོར་བ་བྱེད་པ་ལ་གཏོད།
དེས་བདེ་བ་འཛག་མེད་དུ་འཆིང༌། དེ་ནས་འདྲེན་པ་དང་དགྲམ་པ་སོགས་རྩོལ་བ་མི་ཞན་པར་བྱ། གཞན་ཡང་ལུས་ཀྱི་རྩ་མདུད་རྣམས་དྭངས་མས་གང་བའི་བདེ་བ་རྒྱས་ཆེས་པས་འཛག་པ་སྙམ་བྱེད་ན། རླུང་སྟོང་འདྲེན་དྲག་པོའི་སྒོ་ནས་རྐང་མཐིལ་སྤྲད། ལག་པ་སོར་མོ་བསྣོལ་བས་རྐང་མགོ་བསྡམས་ཏེ་རྐང་པས་མར་འཐེན། ལག་པས་སྟེང་དུ་འཐེན། རྒྱ་མཚོ་རི་རབ་ལ་སྦྱར། ཨོལ་ཀོས་ཨོལ་མདུད་མནན། ཉི་ཟླ་གྱེན་ལ་ལྡོག །རོ་འཛིན་སྟེང་དུ་བསྐྱོད། དམིགས་པ་བྷ་གའི་ནང་ནས་ཁམས་དཀར་དམར་འདྲེས་པ་དབུ་མའི་ལམ་བརྒྱུད་སྤྱི་བོའི་བླ་མ་ཡབ་ཡུམ་ལ་མཆོད་པའི་ཚུལ་གྱིས་ཕུལ་བར་བསམ་ཞིང་རླུང་ནང་དུ་བཟུང༌། རྗེས་གདན་ལ་རྐང་པ་དང་འཕོང་རེ་མོས་སུ་བརྡབ་ཅིང་སྤྲུགས། ཀ་དག་གི་ངང་ལ་ཡུན་རིང་དུ་བཞག །དེས་བདེ་བ་ལུས་ལ་ཁྲེམས་ཤིང་བདེ་བའི་ཟུག་གཟེར་གྱི་ནད་ཞི་བར་ངེས་པ་སྟེ་མོ་ཁྲིད་ཉམས་ལེན་གྱི་ཁྱད་པར་རོ། །ཡང་རང་གི་དྭངས་མ་འདྲེན་པ་ལ་དབང་ཐོབ་པའི་རྣལ་འབྱོར་པས་མཚན་ལྡན་ཤེས་རབ་མའི་ཉི་མ་དྲང་བའི་གདམས་པའང་མཆིས་མོད་ཀྱི། དེང་སང་
དཀྱུས་ཀྱིས་ཉམས་སུ་མི་ལོན་པས་འདིར་མ་སྤྲོས་ལ། སྐབས་སུ་བབས་ན་མན་ངག་གཞན་ལས་རྟོགས་པར་བྱའོ། །གསུམ་པ་གེགས་སེལ་བོགས་འདོན་གྱི་རིམ་པ་ལ་གསུམ། རྟེན་གྱི་གེགས་སེལ། ཉམས་པའི་གེགས་སེལ། ཉམས་ལེན་གྱི་གེགས་སེལ་བོགས་འདོན་ནོ། །དང་པོ་རྟེན་གྱི་གེགས་སེལ་ནི། ཕྱག་རྒྱ་བརྟག་ནོར་བས་རིགས་ངན་ཤ་ཟ་མ། ཁྲག་འཐུང་མ། རྐང་འཇིབ་མ། བཅུད་འཕྲོག་མ། ཕྲ་མེན་མའི་རིག་སོགས་དང་འཕྲད་པ་དང༌། ཕྱག་རྒྱ་སྔོན་ནས་རང་དམ་གཞན་ལ་དམ་ཚིག་ཉམས་པ་དང༌། མཛེ་མོ་དང༌། ཡུག་ས་མ་དང༌། དམེ་མོ་ལ་སོགས་པ་བསྟེན་པས་རང་གི་ཐིག་ལེ་དང་བྱང་ཆུབ་ཀྱི་བར་གཅོད་དུ་འགྱུར། ལྷ་སྲུང་ཁྲོས་ཤིང་འཁྲུགས་ཏེ་སྐྱོན་ཐམས་ཅད་སྐྱེད་པར་བྱེད་པས་ན་ཐོག་མ་ནས་ཕྱག་རྒྱ་བརྟག་པ་མ་ནོར་བ་གལ་ཤིན་ཏུ་ཆེ། གལ་ཏེ་ནོར་བའམ། ཐུག་ཕྲད་སྟབས་ཉེས་ཀྱིས་ཕྱག་རྒྱ་བསྟེན་ཉེས་ན་དེ་ཉིད་སྤང་སྟེ། ཚོགས་སྐོང་། ཞི་བའི་སྦྱིན་སྲེག ཡིག་བརྒྱའི་བཟླས་པ་སོགས་བཤགས་སྦྱང་དང་གྲིབ་སེལ་ལ་འབད། སླར་ཕྱག་རྒྱ་མཚན་ལྡན་འབད་པས་བཙལ་ནས་
ཉམས་ལེན་ལ་འབད་འབུང་སྔ་མ་བས་བདུན་འགྱུར་གྱིས་ཆེ་བ་བྱ་དགོས་སོ། །གཉིས་པ་ཉམས་པའི་གེགས་སེལ་ནི། རང་དང་རིག་མ་ལྷར་གསལ་མ་ཐེབས་པ་སོགས་འདུ་ཤེས་གསུམ་ལས་ཉམས་པས་ཐ་མལ་དུ་གྱུར་པ་དང༌། དགའ་བཞིའི་ཡེ་ཤེས་ངོས་མ་ཟིན་པས་འདོད་ཆགས་རང་ག་མར་སོང་བ་དང༌། འདོད་སྲེད་ཆགས་སྣང་འཚོ་བའི་བདེ་བ་ལ་བློ་ཕྱོགས་པས་ཟག་བཅས་འཇིག་རྟེན་པའི་བདེ་བར་སོང་བ་རྣམས་ནི་སྔར་ལྟར་བཤགས་སྡོམ་བྱ་ཞིང་ཉམས་ལེན་ལ་འབད། ཁྱད་པར་བདེ་བའི་རྟེན་བྱང་སེམས་ཡིན་པས་ཡུངས་འབྲུ་ཙམ་ཞིག་ཀྱང་མ་ཉམས་པ་གལ་ཆེ། བྱང་སེམས་ཐིག་ལེ་དེ་ལ་དྭངས་སྙིགས་གཉིས་ལས། སྙིགས་མ་ནི་དངོས་སུ་འབྱུང་བའི་སྐྱ་ལྷུག་ལྷུག་འདི་ཡིན་ལ། དྭངས་མ་ནི་དེའི་གསེབ་ན་དཀར་ལ་འཚེར་བ་ཉུང་འབྲུ་ཙམ་ལ་མིག་གི་འབྲས་བུ་འདྲ་བ་དྲུག་ཡོད། དེ་ཉིད་མ་ཡི་ཁུ་བ་རྒྱ་སྐྱེགས་ཀྱི་མེ་ཏོག་གམ་ཟིལ་པ་འདྲ་བ་ཆུང་ཞིང་སྣུམ་པ་དང་འཕྲད་པས་སྲིད་པའི་ས་བོན་སྐྱེད་པར་བྱེད་དོ། སྙིགས་མ་དཀར་ལྷུག་གེ་བ་དེ་ནི་མོའི་བྷ་ག་ནས་ཕྱིར་འབོའོ། །རྣལ་འབྱོར་པས་ཐིག་ལེ་ཐམས་ཅད་བཟུང་དགོས་པ་
ཡང་དྭངས་མ་དངུལ་ཆུ་ལྟ་བུ་དེ་ཤོར་གྱིས་དོགས་པས་སྙིགས་མའང་འཛིན་དགོས་པར་བྱུང་བའོ། །གལ་ཏེ་སྙིགས་མ་ཤོར་བ་བྱུང་ན་ཡང་དྭངས་མ་བཟུང་བའི་དམིགས་པ་ནི། སྨིན་མཚམས་མཛོད་སྤུ་གཡུང་དྲུང་དམར་པོ་གཡོན་དུ་འཁྱིལ་བའི་སྟེང་དུ་ཐིག་ལེ་དྲུག་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་འོད་འཚེར་རེ་འདུག་པ་ལ་ཤེས་པ་དྲག་ཏུ་གཏད། དེས་སྙིགས་མ་ཉམས་ཀྱང་དྭངས་མ་མི་ཉམས་པའི་དགོས་པ་ཡོད། དྭངས་མ་མ་ཉམས་པའི་རྟགས་ནི་སྣའི་རྩེ་མོ་ན་སྣུམ་ཞག་ཆིལ་ལེ་འདུག་པའོ། །ཡབ་ཡུམ་གཉིས་ལོག་ལྟ་སོགས་དམ་ཚིག་ཉམས་ན་འཆོར་བས་ཁྲུས་དང་བསྐང་བཤགས་བྱ་ཞིང་དབང་བླང་། གལ་ཏེ་ཡུལ་དུས་ནད་གདོན་ལ་སོགས་པས་དབང་མེད་དུ་ཉམས་ན་དེ་ཉིད་དུ་ཁས་བཏུང་བའམ་མདུན་ཐུར་གྱིས་དྲངས། བཤགས་སྡོམ་གོང་ལྟར་བྱ། ཁམས་གསོ་བ་དང༌། ཐིག་ལེ་སྤེལ་བ་དང༌། སྟོབས་བསྐྱེད་པ་རོ་ཙའི་རྫས་སྨན་གང་ཟབ་ཡུན་དུ་བསྟེན་ནོ། །གསུམ་པ་ཉམས་ལེན་གྱི་གེགས་སེལ་ནི། ཐིག་ལེ་འབེབས་དུས་མ་གཟབ་ན་མྱུར་དུ་འཆོར་བས་ཤིན་ཏུ་གཟབ། སྙོམས་འཇུག་སྲུབ་སྦྱོར་དལ་བུས་ཚོད་འཛིན་གྱིས་བྱ། བདེ་བ་མགོ་
གཡོས་ཙམ་ན་ངལ་གསོ། ཕྱག་རྒྱ་མ་རྩ་བཟང་ན་གཟབ་མི་དགོས་པར་ཤུགས་ཀྱིས་ལམ་དུ་འགྲོ་བ་འོང༌། ཟིན་ནས་མྱུར་དུ་མ་ལྡོག་ན་ཆུ་དང་བསྡོངས་ནས་འཛག་པས་གྲང་ཤུམ་དང་མཁལ་སྐེད་ཀྱི་ནད་དུ་འགྱུར། ལྡོག་ནས་མྱུར་དུ་མ་དྲང་ན་ནད་སྣ་ཚོགས་སུ་འགྱུར། དྲངས་ནས་མྱུར་དུ་མ་བཀྲམ་ན་འབྲས་དང༌། འབྲུམ་བུ་དང༌། ཤུ་ཐོར་གྱི་ནད་དུ་འགྱུར། ཡང་ན་མཛེ་དང་འདྲ་བ་དང༌། མེ་དབལ་དང༌། ཤ་བཀྲ་སོགས་འབྱུང༌། རྩ་ལམ་བྱེར་ན་འབྲས་དང་སྐམ་ཤུ་སོགས་པགས་པའི་ནད་སྣ་ཚོགས་འབྱུང༌། ཆུ་སོར་ལྷུང་ན་གྲང་བ་བསྐྱེད། ཆུ་འགག་དང་གྲང་བསིལ་འབྱུང་ཞིང་ཐིག་ལེ་འཛག །ཐིག་ལེ་སྐམ་པ་དང་རུལ་བར་གྱུར་ན་སྐྱོན་ཆེ་བས་སེལ་ཐབས་ལ་འབད་པ་གལ་ཆེ། ཐིག་ལེ་རུལ་བའི་རྒྱུ་ནི་མ་ཁྲེམས་པ་ཡིན་པས་དེ་དབྱུང་བའི་ཐབས་རྩ་སྦྱོང་དང་སླར་ཐིག་ལེ་གསོ་བ་རོ་ཙའི་སྨན་ཡུན་རིང་དུ་བསྟེན། ཐིག་ལེ་སྐམ་པ་ནི་ལུས་སྟོབས་ཉམས་པ་ལས་བྱུང་བས་བཅུད་ལེན་སྨན་མར་ལ་སོགས་པ་བསྟེན། དང་པོ་གང་གི་གེགས་བྱུང་ཡང་དེའི་ཐད་སོར་སྟོང་ར་དང་ཁྲོལ་ཚག་བསྒོམ་ཞིང་རླུང་བུམ་
པ་ཅན་བཟུང་ལ་ནད་ཐམས་ཅད་སྤྱི་བོ་དང་བ་སྤུའི་བུ་ག་རྣམས་ནས་དུ་བ་དང་རླངས་པའི་རྣམ་པས་སྔོ་དམར་ཕྱུར་ཕྱུར་ཐོན་པར་བསམ། ཅིའི་ཕྱིར་ན་སྣང་སེམས་དོན་གཅིག་པའི་གནད་ཀྱིས་ཤིན་ཏུ་ཕན་པར་འགྱུར། རླུང་བུམ་ཅན་གྱི་རྗེས་སུ་དམིགས་པ་གོང་ལྟར་བཅས་ངག་ཏུ་ཧ་ཧ་ཞེས་རླུང་ཕྱིར་འདོན་པ་མན་ངག་གོ །སྤྱི་སྟོད་དུ་ཐིག་ལེའི་གེགས་གང་བྱུང་ཡང་གཏུམ་མོ་འབད་དེ་སྒོམ་པ་ཡུན་བསྲིང་ལ་བྱ། སྨད་དུ་ཐིག་ལེའི་གེགས་གང་བྱུང་ཡང་ཕྱག་རྒྱ་མཚན་ལྡན་བསྟེན་ནས་སྙོམས་འཇུག་འཛིན་འདྲེན་འགྲེམས་པ་སོགས་ལ་འབད། ཁྱད་པར་ཀ་དག་གི་གནད་མ་ཤེས་པར་དམིགས་པ་མཚན་མ་ཅན་ཁོ་ནས་འཛིན་འདྲེན་དགྲམ་གསུམ་གང་བྱས་ཀྱང་དམིགས་པ་གར་གཏད་དུ་རླུང་འདྲིལ། དེར་ཐིག་ལེ་འདྲིལ་འགྲོ་བས་ཕུགས་སུ་ནད་དང་གེགས་མང་བའི་རྒྱུ་མཚན་དེ་ཡིན། ཀ་དག་ལ་རྩེ་གཅིག་ཏུ་གནས་ནུས་ན་འཛིན་འདྲེན་འགྲེམས་གསུམ་རྩོལ་མེད་དུ་འགྲུབ་པའི་གནད་གཅིག་ཆོག་ཡིན་པས་ལྟ་བ་ཀ་དག་གི་ངང་ལ་མཉམ་པར་འཇོག་པ་གལ་ཆེ། གཞན་ཡང་ཐིག་ལེ་རྒྱས་དྲག་པས་རྡོ་རྗེ་ཤིང་ལྟར་རེངས་ན་འཁྲུལ་འཁོར་མང་དུ་བྱས་པས་སེལ། དེས་མ་སེལ་ན་ལས་ཀྱི་ཕྱག་རྒྱ་བསྟེན་
ནས་འདྲེན་འགྲེམས་ཀྱི་འཁྲུལ་འཁོར་མང་དུ་བྱས་པས་སེལ། དེས་མ་སེལ་ན་ཕྱག་རྒྱ་མ་བུ་མི་འབྱུང་བའི་དུས་སུ་བྷ་གའི་ནང་དུ་ཡི་དམ་གྱི་ལྷ་ཚོགས་དམིགས་ནས་དེ་ལ་མཆོད་པ་ཕུལ་བའི་ཚུལ་གྱིས་བཏང༌། དེ་ནས་རིག་མའི་མཁའ་ནས་རབ་ལྕེས་ལེན། འབྲིང་ཐུར་མས་བླངས་ཏེ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་ནས། རྡོ་རྗེའི་ལུས་ཀྱི་ལྷ་གསལ་བཏབ་སྟེ་དེ་ལ་མཆོད་པའི་ཚུལ་གྱིས་ཁ་ནས་མིད། དེ་ལྟར་བྱས་པས་ལྟུང་བ་མི་འབྱུང་ཞིང་ལུས་སྟོབས་མི་འཆོར་བའི་དགོས་པ་ཡོད། ཡང་རྒྱལ་བསེན་འདྲེ་མོ་གདུག་པ་ཅན་གྱི་རིགས་དང༌། གཞི་བདག་གི་གནོད་པས་ཐིག་ལེ་དངོས་སུ་འཆོར་ན། གང་ཟག་ནུས་པ་ཅན་གྱི་བདུད་རྩི་དང༌། པད་རག །གུ་གུལ། གོ་རོ་ཙ་ན། ཉུངས་དཀར་བསྲེགས་པའི་ཐལ་བ། ཨ་མྲྀ་ཏ། ཁྱི་ནག་གི་བྲུན་རྣམས་དར་དམར་པོའི་ཁུད་དུ་བསྟུམས་ལ་སྔགས་འདི་གདབ། ཨོཾ་བཛྲ་ཀརྨ་རཀྵ་ཛྭ་ལ་རྃ། སརྦ་ཏྲི་ཁྲི་ཧུར་ཐུམ་རྦད། ཅེས་བརྒྱའམ་སྟོང་བཟླས་པས་རྡོ་རྗེ་ལ་དཀྲི། དེས་ཐུབ་པར་འགྱུར་ཏེ་ཤིན་ཏུ་ཟབ། ཡང་ན་རྡོ་རྗེ་ལྕགས་ཀྱི་ཕུར་པ་མེ་འབར་བར་བསྒོམ་སྟེ། རོ་གོས་དུམ་
བུས་དྲིལ་ན་ཡང་ཐུབ། ཡུམ་ལ་ཆགས་པའི་མདངས་ཀྱིས་འཆོར་ན། ཡུམ་འོད་དུ་ཞུ་བ་གསང་བས་རྔུབས་ཏེ་བདག་གི་སྙིང་གར་ཐིམ། ཆགས་པ་རང་སེམས་བདེ་སྟོང་ལས་ཕྱིན་མེད་པས་བདེན་མེད་སྒྱུ་མ་ལྟ་བུར་ཡང་ཡང་བསྒོམ་ཞིང༌། ཆོས་ཉིད་ཀ་དག་གི་ངང་ལ་མཉམ་པར་བཞག་པས་སེལ་བར་འགྱུར། ལུས་གྲང་བ་ཆེ་བས་འཆོར་ན། རྩ་བ་ལྔའི་སྨན་མར་ལ་སུཀྨེལ་ཐུན་གཉིས། པད་རག་ཐུན་གསུམ། ཚ་བ་གསུམ་ཐུན་རེ་རེ། དེ་རྣམས་བུ་རམ་དང་སྦྱར་ནས་ཟོས་ན་ཐུབ་ངེས། ཡང་གསའ་ལ་སོགས་པ་གཅན་གཟན་དྲོད་ཅན་གྱི་པགས་པ་སྐེད་ལ་དཀྲིས་པས་ཀྱང་ཐུབ། ཟས་ཀྱིས་འཆོར་ན་ཟས་ངན་པ་གང་གནོད་པ་སྤང༌། རང་གི་བདུད་རྩི་བཟའ། མེ་ཏོག་གཡུ་ལོའི་རྩ་བ་ཞིབ་ཏུ་བུ་བཏགས་ནས། འོ་མར་བཏབ་སྟེ་ལྟོ་སྟོང་ལ་འཐུང༌། སྦྲང་ལ་རྟག་ཏུ་ངུ་དང༌། དབང་ལག་བཏབ་སྟེ་བཟའོ། །ཐིག་ལེ་མི་ཉམས་ཤིང་མི་འཛག་པར་བྱེད་པ་ལ། རྡོ་ཁབ་ལེན། སྔོ་རྟག་ངུ། མེ་ཏོག་གཡུ་ལོ། རང་གི་ཐིག་ལེ་དང་བཞི་རའི་འོ་མ་ལ་སྦྱར་ནས་གདུ། ལྟོ་སྟོང་ལ་འཐུང་ཞིང་རྐང་མཐིལ་ལ་བྱུག་པས་ཐིག་ལེ་ཉམས་པའི་གེགས་སེལ་བར་
ངེས། རྡོ་རྗེ་ལས་སུ་མི་རུང་བའི་གེགས་སེལ་ལ། མོན་སྲན་འདྲེའུ། གཟེ་མ། ད་བྱིད་གསུམ་བ་དམར་པོའི་འོ་མ་ལ་སྦྱར་ནས་ལྟོ་སྟོང་ལ་འཐུང༌། སྨན་དེ་གསུམ་ཕུག་རོན་གྱི་བྲུན་དང་སྦྱར་ཏེ་གསང་རྡོར་ལ་བྱུག་ནས་ལས་ལ་སྦྱར་བས་འགྲུབ། ཡང་ལྕམ་པའི་རྩ་བ། མོན་སྲན། ཁྱི་དཀར་པོའི་རྡོ་རྗེ་སྐམ་པོ་དང་སྦྱར་ནས་རྡོ་རྗེ་ལ་ཟླ་བ་དྲུག་གི་བར་དུ་བྱུག་ན་ཤིན་ཏུ་ལས་སུ་རུང་བར་འགྱུར། ཡང་བའི་འོ་མ་ཤིང་མངར་བུ་རམ་དང་སྦྱར་ཏེ་ལྟོ་སྟོང་ལ་འཐུང་ན་ནམ་དགོས་སུ་དོན་འགྲུབ། ཡང་སྦྲང་རྒོད། ཁྱི་དཀར་པོའི་རྡོ་རྗེ། ཤིང་ཀུན་བཅས་མར་དཀར་ལ་སྦྱར་ཏེ། ཨོཾ་བྷི་རི་དྷ་རི་ཙི་རི་ཨ་ཨ་ཤུམ་ཤིག་སྭཱ་ཧཱཿ ཞེས་ཅི་མང་བཟླས་པས་བསྔགས་ཏེ་གསང་རྡོར་ལ་བྱུག་ན་ལོ་དགུ་བཅུ་ལོན་པས་ཀྱང་མཚན་ལྡན་བརྒྱ་ཕྲག་རེ་ལ་སྤྱོད་པར་ནུས། ཡང་ལུག་རུ་མེ་ཏོག་གྲིབ་བསྐམ་བྱས། ཨ་རུ་ར་རྒྱ་གར་མ་དང་སྦྱར་ཏེ་ཞིབ་པར་བཏགས་པ་འོ་མ་དང་སྦྱར་ནས་ནངས་མ་རེ་བཞིན་བཏུང་ནའང་ཡོན་ཏན་གོང་དང་འདྲ། ཡང་རྟག་ཏུ་ངུ༌། ག་བུར། བུ་རམ། གུར་གུམ། མཚལ། ཤིང་མངར།
ཕུག་རོན་གྱི་བྲུན། ཁྱི་དཀར་པོའི་རྡོ་རྗེ། ལྕམ་པ། གཡེར་མ། རྒྱ་ཚ་རྣམས་ཞིབ་པར་བཏུལ་བ་སྦྲང་རྒོད་དང་སྦྱར་ཏེ་རྡོ་རྗེ་ལ་བསྐུས་ནས་ཕྱག་རྒྱ་དང་མཉམ་དུ་སྦྱོར་ན་མོའི་སྙིང་ལ་ཟིན་ཏེ་འབྲལ་མི་ཕོད་དོ། །ལྷག་པར་དུ་ཡང་ཚེའི་གེགས་སེལ་ལ། རླུང་སྦྱོར་གྱིས་ཚེ་བསྲིང་བ་ནི། དུས་ཐོ་རངས་སམ་དྲོ་གོང་ཟས་རྙིང་པ་ཞུ་ནས་གསར་པ་མ་ཟོས་ཀྱི་བར་ལ། ལུས་ཆོས་བདུན་བཅའ། མིག་ནམ་མཁའ་ལ་བལྟ། འོག་རླུང་བསྐུམ། སྟེང་རླུང་རྔུབ་བཞིན་མཆིལ་མ་མིད་པ་དང་ལྷན་དུ། དམིགས་གནད་ཕྱིའི་ནམ་མཁའ་ཐམས་ཅད་སྔོ་མེ་རེ་རེ་བདག་གི་ལྟེ་བར་འདུས་པར་བསམ་ལ་ཁ་སྦྱོར་དུ་བཟུང༌། ཡང་ཕྱིར་དལ་བུས་བཏང་སྟེ་སྔོ་ན་ར་ར་དུ་བ་ལྟར་སོང་བ་བར་སྣང་ལ་ཡལ་ཏེ་ཕྱིའི་ནམ་མཁའ་ཡངས་ཕྱད་དེ་སོང་བར་བསམ། ཡང་རྔུབ་སྟེ་སྔར་བཞིན་རང་གི་ལྟེ་བར་འདུས་པས་སྔོ་མེ་རེ་རེ་ཁེངས་པ་ལ་སེམས་བཟུང༌། དེ་ལྟར་ཡང་ཡང་སྦྱངས་པས་ཟས་ཀྱི་ཞེན་པ་ཆུང་བ་དང༌། སེམས་བདེ་ཞིང་ཁམས་དྭངས་པ་དང༌། རིག་པ་གསལ་ཞིང་བདེ་གསལ་མི་རྟོག་པའི་ཉམས་འཆར་བ་སོགས་ཐུན་མོང་གི་རྟགས་ཀྱང་དུ་མ་འབྱུང་ལ། འདི་
ནི་ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཏེ། གནས་སྐབས་སུ་ཚེ་ཟད་པའི་འཆི་བ་ཡང་བསླུ་ཞིང༌། ཚེ་རིང་བ་དང༌། ནད་དཀོན་པ་དང༌། སེམས་ཟག་པ་ལས་གྲོལ་བ་སོགས་ཕན་ཡོན་དཔག་ཏུ་མེད་དོ། །ཁྱད་པར་ཞུ་བདེའི་སྒོ་ནས་ཚེ་བསྲིང་བ་ནི། རྣལ་འབྱོར་པ་ལ་འཆི་ལྟས་བྱུང་ཚེ་འཆི་བསླུའི་གདམས་པ་གང་ཉམས་སུ་བླངས་ཀྱང་བསླུར་མི་བཏུབ་པའི་མཚན་མ་མཐོང་ན། ཕྱག་རྒྱ་པདྨ་ཅན་ཡིན་ངེས་པ་བཙལ། སྨིན་པར་བྱ་བ་སོགས་སྦྱོར་དངོས་ཀྱི་ལག་ལེན་གོང་ལྟར་ལ། ཁྱད་པར་རང་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་རྡོར་སེམས་ཚེ་བདག་འོད་ཀྱི་སྐུ་མི་ཤིགས་པའི་ཐིག་ལེའི་རང་བཞིན་ཅན་གྱི་ཐུགས་ཀར་མི་འགྱུར་བའི་སྲོག་ཧཱུྃ་མཐིང་ནག་གི་མཐར་འདྲེན་པའི་སྲོག་ཀཱི་ལ་ཡའི་སྔགས་ཕྲེང་དམར་པོས་བསྐོར་བ། ཧཱུྃ་གི་ཁོག་པ་རུ་གནས་པའི་སྲོག་ཨ་ཡིག་དམར་པོའི་མཐར་བཏགས་པའི་སྲོག་རང་མིང་གིས་བསྐོར་བར་བསམ། ཕྱག་རྒྱའི་གསང་བའི་རྩ་མན་ངག་ལྟར་བཙལ། རྙེད་པ་ན་སྙོམས་པར་ཞུགས་ཏེ་ཕྱག་རྒྱའི་རྩ་སྣེ་རང་གི་རྡོ་རྗེའི་བུ་གར་ཚུད་ངེས་པར་བཅུག་ལ་དལ་བུས་བསྐྱོད་ཅིང་
བདེ་བ་འབར་བའི་ཚེ། བདེ་བའི་སྒྲས་བསྐུལ་བས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྣ་བུག་གི་རླུང་ཕྱིར་རྒྱུ་བ་དང་ལྷན་དུ་ཕྱིར་འཕྲོས། སྣོད་བཅུད་ཐམས་ཅད་ཨ་དམར་པོ་དང་སྔགས་ཕྲེང་གི་རྣམ་པར་གྱུར་པ་བཀུག །རང་གི་སྣ་བུག་གི་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་འུབ་ཀྱིས་དྲངས་ནས་ས་བོན་སྔགས་ཕྲེང་མིང་ཡིག་རྣམས་ལ་སིབ་སིབ་ཐིམ་པར་བསམ་ཞིང༌། ལུས་སྙོམས་འཇུག །ངག་བཟླས་པ། ཡིད་དམིགས་གནད་བཅས་རྣམ་གསུམ་ཡ་མ་བྲལ་བར་ཉམས་སུ་བླང་། རེས་ཁམས་གསུམ་སྣོད་བཅུད་མ་ལུས་པ་རང་གི་ཁར་འུབ་ཀྱིས་རྔུབ་སྟེ་ལྟེ་བར་བསྐྱིལ་བར་བསམ་ལ་ཁ་རླུང་གིས་གང་བར་རྔུབས་ཤིང་སྙོམས་འཇུག་བྱ། མཐར་བྱང་སེམས་འཕོ་མེད་དུ་བཅིང་ནས་འཛིན་འདྲེན་འགྲེམས་པའི་རླུང་དམིགས་འཁྲུལ་འཁོར་སོགས་སྔར་ལྟར་འབད། ཐུན་མཚམས་རྣམས་སུ་རང་རྡོ་རྗེ་གཞོན་ནུར་གསལ་བའི་མིག་རྡོ་རྗེའི་མིག་ཏུ་བསམ་ལ་ནམ་མཁར་གཏད་དེ་དབྱིངས་རིག་བསྲེ། དུས་རྒྱུན་དུ་སྙིང་དབུས་རླུང་སེམས་ཐིག་ལེ་དྭངས་མའི་ངོ་བོ་མི་ཤིགས་པའི་ཐིག་ལེ་འོད་འབར་བ་ལ་མ་ཡེངས་པར་སེམས་གཏད།
ནས་མཉམ་པར་བཞག་གོ །འདི་ལྟར་ཉམས་སུ་བླངས་པས་ངེས་པར་འཆི་བདག་གི་བདུད་ལས་རྒྱལ་ཏེ་རྡོ་རྗེ་གཞོན་ནུའི་ཚེ་དང་ལང་ཚོ་འགྲུབ་པར་འགྱུར་རོ། །སྤྱིར་གསང་སྔགས་ཟབ་མོ་སྒྲུབ་པའི་སྐབས་སུ་གཙོ་བོར་དུས་རྟག་ཏུ་སྟོན་པ་རྡོ་རྗེ་སློབ་དཔོན་གྱི་ཐུགས་མཉེས་ཤིང༌། གསང་བའི་དམ་ཚིག་གི་སྤང་བླང་མཐའ་དག་ཚུལ་བཞིན་དུ་འབད་པས་གེགས་དང་གོལ་ས་ཐམས་ཅད་ཤུགས་ཀྱིས་ཉུང་ཞིང༌། ཉམས་ལེན་ལ་བོགས་ཐོན་པར་འགྱུར་བ་ཡིན་ལ། དེ་ལས་ལྡོག་ན་དངོས་གྲུབ་མེད་ཀྱི་སྟེང་དུ་བར་ཆད་དང་ཉེས་པ་དུ་མའི་རྒྱུ་རུ་འགྲོ་བ་དང༌། ཁྱད་པར་ཐབས་ལམ་གྱི་མན་ངག་དང་ལག་ལེན་འདི་དག་ཤིན་ཏུ་གསང་བའི་སྒོ་ནས། སྐྱེ་བོའི་ཡ་གའི་གནས་དང༌། བླ་མ་མཆེད་གྲོགས་ཀྱི་ཞབས་འདྲེན་དུ་མི་འགྲོ་བ་གཅེས་ཏེ། དུག་གིས་ལྟོ་ཡོང་བ་རྨ་བྱ་ལས་མེད་པས་ཀུན་ལ་བསྟན་པར་མི་བྱ། གལ་ཏེ་སྣོད་མིན་ལ་ཚིག་ཙམ་ཟག་ཀྱང་སྔགས་བདག་སྲུང་མའི་ཚོགས་ཀྱིས་བཀའ་ཆད་དྲག་པོ་འབེབས་པར་གདོན་མི་ཟ་བ་ཡིན་ནོ། །དེ་ལྟར་ཕོ་ཉའི་ལམ་ལས་འབར་བཞུ་ཁྱད་པར་བའི་ཉམས་ལེན་ལ་གནད་དུ་བསྣུན་
པས་འབྱོངས་པའི་རྟགས་ཀྱང༌། ཐུན་མོང་དུ་ལུས་ལ་བདེ་དྲོད་འབར། ནད་དཀོན་ཅིང་རྒས་པ་སྲ། བཀྲག་མདངས་དང་གཟི་བརྗིད་ཆེ། སྣང་བ་ཟིལ་གྱིས་ནོན། ལྷ་འདྲེའི་གནོད་པས་མི་ཚུགས། འབར་བ་གསུམ་དང་འདུ་བ་གསུམ་འབད་མེད་དུ་འབྱུང༌། ཕྲིན་ལས་གང་བརྩམ་པ་འགྲུབ། འབྱུང་བ་ལྔ་ལ་རང་དབང་སྒྱུར། ངག་བདེན་ཚིག་འགྲུབ་པས་མཐུ་བཙན། རྐྱེན་གང་ལ་བརྟེན་ཀྱང་བདེ་བར་འཆར། ཤེས་རབ་ཕྱོགས་མེད་དུ་རྒྱས། འཁྲུལ་རྟོག་དག་ནས་ཟག་མེད་ཀྱི་ཡེ་ཤེས་མངོན་དུ་མཐོང༌། གསང་སྤྱོད་ཀྱི་འདུ་བར་འབྲེལ་ཚད་ཀུན་ཀྱང་ཕྱི་རོལ་གནས་ཡུལ་གྱི་ཞིང་ན་རོལ་པའི་དཔའ་བོ་རྣལ་འབྱོར་མ་ལྷན་སྐྱེས་མཁའ་འགྲོའི་ཚོགས་དང་སྐལ་བ་མཉམ་པར་འགྱུར་བ་དང༌། མཆོག་གི་དངོས་གྲུབ་ཟག་མེད་ཀྱི་བདེ་བའི་མཐར་ཐུག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཀྱི་སྐུ་འཐོབ་པ་སྟེ། དེའང་བརྩོན་པ་རབ་ཚེ་འདིར་རྡོ་རྗེའི་སྐུ་འགྲུབ། འབྲིང་བར་དོ་ནས་མཁའ་སྤྱོད་དུ་འགྲོ། ཐ་མ་སྐྱེ་བ་གཅིག་གིས་འཚང་རྒྱ། ཡང་ཐ་དམ་ཚིག་མ་ཉམས་ན་སྐྱེ་བ་བདུན་ནས་ཟུང་འཇུག་གི་གོ་འཕང་མཐར་ཕྱིན་པར་འགྱུར་རོ། །གསང་སྔགས་མྱུར་
བདེའི་ལམ་ཟབ་བདུད་རྩིའི་བཅུད། །སྐལ་དམན་ཡི་དྭགས་མགྲིན་པར་ཚུད་དཀའ་ཡང༌། །མོས་པ་ལམ་བྱེད་སྲིད་མཐའ་མ་བཀག་ཕྱིར། །དཔེ་ཁྲིད་རྒྱུན་ཙམ་གནས་པར་རེ་བློས་སྤེལ། །དུས་ཀྱི་མཐར་ཡང་རྡོ་རྗེའི་ལམ་མཆོག་གང༌། །སྐལ་བཟང་འཇུག་ངོགས་གཅིག་ཏུ་ཡོངས་སྣང་ཞིང༌། །དེ་ལས་ཁ་སྦྱོར་ཡེ་ཤེས་བདེ་བ་ཆེའི། །རྒྱལ་ཐབས་རང་དབང་ཉིད་དུ་བསྒྱུར་བྱེད་ཤོག །ཅེས་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས་བྱང་སེམས་ཕུར་བུའི་མན་ངག་གི་སྦས་དོན་ཟབ་ཁྲིད་ལྷུག་པར་བཀྲལ་བ་རིག་འཛིན་ཌཱ་ཀིའི་ཐུགས་བཅུད་བཀའ་རྒྱ་མ་འདི་ནི། རྒྱ་གར་དབང་ཕྱོགས་ཀྱི་སྔགས་བཙུན་ངག་དབང་ཚུལ་ཁྲིམས་དང༌། མོན་གྱི་སྔགས་སྟོན་པདྨ་དབང་ཆེན་སོགས་དོན་གཉེར་ཅན་དུ་མས་སྔ་ཕྱིར་ནན་ཏན་ཆེན་པོས་བསྐུལ་བ་ལ་བརྟེན་ནས། ཐབས་ལམ་གསང་བའི་ཟབ་གནད་རྣམས་ལ་མྱོང་གོམས་ཀྱི་བག་ཆགས་སད་པས་མི་དང་མི་མ་ཡིན་པའི་གཞོན་ནུ་མའི་ཚོགས་དང་དགའ་མགུར་རྩེ་བའི་བརྟུལ་ཞུགས་ཀྱི་སྤོབས་པ་དགེ་བ་འཇིགས་བྲལ་
ཆགས་ཆེན་དགའ་བའི་ལང་ཚོ་རྡོ་རྗེ་སྙེམས་པའི་སྡེའམ། ཡོངས་གྲགས་སུ་བདུད་འཇོམས་སྤྲུལ་སྐུར་བརྗོད་པའི་རྗེ་རིགས་ཀྱི་སྔགས་རྒན་ཀུན་ཏུ་རྒྱུས། ཡུལ་རྒྱ་བོད་མཚམས་ཀྱི་རོང་ཆེན་ཀ་པཱ་ལ་སྤུངས་པར་གྲགས་པའི་རི་སུལ་ཙན་དན་ལྗོན་བཟང་དཀྲིགས་པའི་སྐྱེད་མོས་ཚལ་གྱི་སྨན་ལྗོངས་མེ་ཏོག་བཀྲ་བའི་ལྡིང་ཁང་དུ། རང་ལོ་ལྔ་བཅུ་ང་ལྔར་སོན་པ་ནོར་འཛིན་ཁམས་ཀྱིས་སྒེག་པའི་ནོར་སྲུང་གི་ལོ་སྟོན་གྱི་ཟླ་བ་འབྲས་བུ་བཅུད་དུ་སྨིན་པའི་དུས་ཀྱི་ཆར་ལེགས་པར་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་ཁ་ཀུ་རེ་ལུང་གི་སྒོམ་ཆེན་པདྨ་ཀློང་གྲོལ་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ལམ་སྙིང་པོའི་རིང་ལུགས་ཡུན་དུ་རྟག་ཅིང་སྐལ་པ་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ། །འདི་ཉིད་མན་ངག་ཚུལ་བཞིན་མ་ཐོབ་ཅིང་དམ་ཉམས་དཔེ་ཁྱེར་མཁན་གྱིས་བལྟས་ན་དེའི་སྙིང་ཁྲག་སྔགས་བདག་སྲུང་མའི་ཚོགས་ཀྱིས་དཔའ་སྐྱེམས་སུ་རོལ་ཅིག་ས་མ་ཡ།། །།
ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་ལས་འཕྲོས་པ་ཡན་ལག་ཆོས་ལྔའི་ཉམས་ཁྲིད་ཟབ་ལམ་སྙིང་པོ།
༄༅། །ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་ལས་འཕྲོས་པ་ཡན་ལག་ཆོས་ལྔའི་ཉམས་ཁྲིད་ཟབ་ལམ་སྙིང་པོ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། མ་དག་གཉིས་བསྡུས་འཁྲུལ་རྟོག་ལྕགས་ཁམས་གང༌། །མཉམ་ཉིད་བདེ་ཆེན་མཆོག་གི་གསེར་སྦྱང་དུ། །མངོན་པར་བསྒྲུབ་མཛད་བླ་མ་ཧེ་རུ་ཀས། །ཅིར་སྣང་ཡེ་ཤེས་འཁོར་ལོར་རྟག་འཆར་མཛོད། །འདིར་ཕུར་པ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་ལས་འཕྲོས་པའི་ལམ་གྱི་ཡན་ལག་གཞན་སྟོན་པ་ལ། དེའང་གཏུམ་མོ་དང་ཞུ་བདེའི་རྣལ་འབྱོར་ཉིད་སྒྲིབ་རྩ་སྙོམས་འཇུག་འཕོ་བའི་གནས་སྐབས་སྦྱོང་ཞིང་ལྷན་སྐྱེས་ཀྱི་ཡེ་ཤེས་སྐྱེད་པའི་ཕྱིར་ལམ་གྱི་གཞུང་ཤིང་ཡིན་
པས་མཉམ་བཞག་གི་ཉམས་ལེན་དངོས་གཞིར་བྱས་ཏེ། རྗེས་ཐོབ་ཏུ་ཉིན་མཚན་གྱི་རྣལ་འབྱོར་དང་མཚམས་སྦྱོར་གྱི་གདམས་པ་རྣམས་སོ་སོའི་ངོ་སྐལ་བཞིན་སྦྱང་དགོས་པས་ན། དེ་ལ་ལྔ། ཉིན་མོའི་རྣལ་འབྱོར་སྒྱུ་ལུས། མཚན་མོའི་རྣལ་འབྱོར་འོད་གསལ་དང་རྨི་ལམ། མཚམས་སྦྱོར་གྱི་གདམས་པ་འཕོ་བ་དང་བར་དོའོ། །དང་པོ་ཉིན་མོའི་རྣལ་འབྱོར་སྒྱུ་ལུས་ཀྱི་རྩལ་སྦྱོང་བའི་གདམས་པ་ནི། དེའང་ཉིན་མོའི་རྗེས་ཐོབ་ཐ་མལ་འཁྲུལ་པའི་གནས་སྐབས་ཐམས་ཅད་སྒྱུ་ལུས་ཀྱིས་སྦྱངས་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་བློ་འབྱོངས་
པར་བྱ་དགོས་པས། འདི་ལ་གཉིས་ལས། དང་པོ་མ་དག་སྒྱུ་ལུས་ནི། ཁམས་གསུམ་སྣོད་བཅུད་ཀྱི་དངོས་པོ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱིས་མཚོན་ནས་མེད་བཞིན་དུ་སྣང་ལ་བདེན་པར་མ་གྲུབ་པས་དཔེ་དེ་དག་ལྟ་བུར་ཤེས་པར་བྱ་སྟེ། བརྒྱད་ནི། བདེན་པར་མ་གྲུབ་ཀྱང་བྱ་བྱེད་དངོས་པོ་ཚང་བར་སྣང་བ་སྒྱུ་མ། འཁྲུལ་པས་བསླད་པའི་སེམས་ཙམ་དུ་སྣང་བ་རྨི་ལམ། གདོས་བཅས་སུ་མ་གྲུབ་པས་ཕྱི་ནང་གང་དུའང་མེད་པ་མིག་ཡོར། སྐད་ཅིག་གིས་གཡོ་བ་སྨིག་སྒྱུ། གཅིག་གིས་གར་ཡང་ཁྱབ་པ་ཆུ་ཟླ། རྒྱུ་རྐྱེན་ལས་སྐད་ཅིག་གིས་སྐྱེ་འགགས་བྱེད་པ་བྲག་ཆ། སྣང་ཡང་ངེས་པ་མེད་པ་དྲི་ཟའི་གྲོང་ཁྱེར། གཅིག་དང་དུ་མར་སྣང་བ་སྤྲུལ་པ་རྣམས་ཏེ། དེ་བཞིན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་བཞིན་དུ་ཉེ་བར་སྣང་བ་སྒྱུ་མའི་ལུས་ཅན་ཡིན་པར་ཤེས་པའི་སྒོ་ནས། ཕྱིའི་ཚོགས་དྲུག་གི་ཡུལ་དུ་དགྲ་གཉེན་བར་མའི་སྣང་བ་སོགས་གང་དུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་གང་ཤར་ཐམས་ཅད་དཔེ་བརྒྱད་ཀྱིས་མཚོན་པའི་སྒྱུ་མའི་རང་གཟུགས་སྣང་སྟོང་དབྱེར་མེད་དུ་ཡང་ཡང་བལྟ་ཞིང་ལམ་དུ་བསླང༌། དེ་ལ་
རྩལ་སྦྱོང་བའི་ཕྱིར། དབེན་པའི་གནས་སུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་འཆང་གི་ཆ་ལུག་ཅན་དུ་བསྒོམ་ལ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། སྣང་བ་སྒྱུ་མར་འབྱོངས་བར་བྱིན་གྱིས་བརླབ་ཏུ་གསོལ། སྒྱུ་ལུས་ལྷ་སྐུར་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ཟུང་འཇུག་ཡེ་ཤེས་རྡོ་རྗེའི་སྐུ་ཚེ་འདི་ཉིད་ལ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ཕུར་ཚུགས་སུ་གདབ། དེ་ནས་མདུན་དུ་མེ་ལོང་གི་ནང་དུ་རང་གི་གཟུགས་འཆར་དུ་བཅུག དེ་ལ་ཆེ་བསྟོད་ངན་སྨད་ཅི་བྱས་ཀྱང་དགའ་སྡུག་མེད། དེ་བཞིན་དུ་ཚེ་འདིའི་སྣང་བ་ཐམས་ཅད་འཁྲུལ་པའི་རང་གཟུགས་སུ་ངེས་ཏེ། རྨི་ལམ་གྱི་སྣང་བའམ། སྒྱུ་མའི་རྫས་སྔགས་སམ། མེ་ལོང་གི་གཟུགས་བརྙན་ལྟར། སྣང་ཙམ་ཉིད་ལས་བདེན་པར་གྲུབ་པ་ནི་མེད། འདུས་བྱས་ཐམས་ཅད་བདེན་མེད་སྒྱུ་མའི་རང་བཞིན་ཡིན་ནོ་བསམ་ལ། དེ་རྨི་ལམ་དང་བསྲེ། རྨི་ལམ་བར་དོ་དང་བསྲེ། སྒྱུ་མའི་སྣང་བ་རྨི་
ལམ་དང་འདྲེས་སམ་མ་འདྲེས་བརྟག་པའི་ཕྱིར། ཕྱོགས་རིས་མེད་པའི་རྒྱལ་ཁམས་སུ་འགྲིམ། ངོ་ཤེས་མེད་པའི་མི་ཡུལ་དུ་འཁྱམས་ནས། ཚ་གྲང་སྐྱིད་སྡུག་གི་སྣང་བ་ཅི་ཤར་རྣམས་ལ་གཟུང་འཛིན་གྲུབ་བམ་མ་གྲུབ་བལྟ། སྣང་ལ་འཛིན་མེད་སྒྱུ་མ་ལྟ་བུར་ཕྱལ་ཕྱལ་འགྲོ་ན་འབྱོངས་པ་ཡིན། བོགས་དོན་དུ་ཆགས་སྡང་གི་ངོར་འཆོར་ན་དབེན་པའི་གནས་སུ་རྩེ་གཅིག་གནད་དུ་བསྣུན། དགེ་སྦྱོར་གྱི་གྲོགས་སུ་འགྲོ་ན་སྤྱོད་ལམ་སྣ་ཚོགས་སྤྱད། གྲོགས་སུ་ཁྱེར་མི་ནུས་ན་སྟན་དྲོད་མ་ཡལ་བར་ཉམས་སུ་ལེན། སྲོག་སྩོལ་གྱི་རླུང་ལ་ནན་ཏན་དུ་བྱ་སྟེ། འདི་ནི་སྣང་བའི་རྫུན་ཕུག་རྡིབ་ཅིང་འཁྲུལ་བའི་ཕུ་ཐག་ཆོད་པའི་གདམས་པ་ཡིན་པས་ཅི་ནས་འབད་པ་གཅེས་སོ། །གཉིས་པ་དག་པའི་སྒྱུ་ལུས་ནི། འདི་ལྟར་སྣང་བ་ཐམས་ཅད་ལོགས་སུ་མ་གྲུབ་པ་སེམས་ཀྱི་འདུ་བྱེད་ཙམ་དུ་ཤར་བ་དང༌། སེམས་དེའང་གདོད་ནས་རང་བྱུང་སྣང་སྟོང་ཟུང་འཇུག་གི་ལྷ་སྐུར་བལྟ་བ་སྟེ། དེ་ཡང་གཟུགས་རྫོགས་པ་དང༌། གསལ་ཞིང་མ་འདྲེས་པ་དང༌། གཅིག་གིས་ཀུན་ལ་ཁྱབ་པ་སྟེ་ཁྱད་པར་གསུམ་ལྡན་དུ་སྒོམ་པར་བྱ། དེ་ལ་ལུས་ཀྱི་སྟོད་ར་གསལ་བཏབ།
རླུང་བུམ་པ་ཅན་གྱི་སྦྱོར་བ་དང་བཅས་སྤྱི་བོར་བླ་མ་བསྒོམས་པ་ལ་སེམས་གཏད་པས། དེ་ལས་འོད་ཟེར་འཇའ་ཚོན་ལྟ་བུ་ཞུ་བདེའི་རང་བཞིན་ཅན་བྱུང༌། རང་ལུས་ལ་རེག་པ་ཙམ་གྱིས་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟར་སྒྱུ་མ་འཇའ་ཚོན་ལྟ་བུའི་ལྷའི་སྐུར་གྱུར། སླར་ཡང་འོད་ཟེར་དེས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས། བརྟན་གཡོའི་དངོས་པོ་མཐའ་དག་ངོ་བོ་བདེ་བ་ཆེན་པོ། རྣམ་པ་སྒྱུ་མའི་རང་བཞིན་གྱི་ཡི་དམ་ལྷའི་དཀྱིལ་འཁོར་དུ་ལམ་ལམ་ཤར་བར་བསམ་ཞིང༌། བདེ་རླུང་སེམས་གསུམ་གཅིག་ཏུ་དྲིལ་ལ་ཡུན་རིང་སེམས་བཟུང༌། མཐར་དེ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་ལྟར་རིམ་གྱིས་འདུས་ནས་རང་ལ་ཐིམ། རང་ཉིད་འོད་གསལ་གྱི་དབྱིངས་སུ་བསྡུ། ཡང་སྒྱུ་མའི་སྐུར་ལྡངས་ཤིང་སྔར་ལྟར་སྦྱང༌། ཏིང་ངེ་འཛིན་ལ་བོགས་འདོན་པའི་ཆེད་དུ། སྔ་དྲོ་ཉི་མ་ཤར་བའི་ཚེ་ཁ་ནུབ་ཏུ་བལྟ། རང་གི་མདུན་དུ་མེ་ལོང་དྭངས་པ་ཞིག་བཙུག བར་དུ་ཆུ་དྭངས་པ་བཞག ཡི་དམ་གྱི་སྐུ་འགྱིང་ལོག་ཏུ་བྲིས་པ་འཆར་དུ་བཅུག འཇའ་ཤེལ་མིག་ལ་བཀབ། ངོ་བོ་སྟོང་པ། རྣམ་
པ་གསལ་བ། སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུར་ཤེས་པར་བྱས་ལ་སེམས་རྩེ་གཅིག་ཏུ་བཟུང༌། སེམས་ཟིན་པ་ན་དེ་ལྟ་བུའི་ལྷ་སྐུ་གྲངས་མེད་པ་སྤྲོས་ཏེ་སྣོད་བཅུད་ཐམས་ཅད་ལྷའི་རང་བཞིན་དུ་གསལ་བར་བལྟས་པས་རྩལ་སྦྱང༌། འཛིན་རྟོག་གི་རྣམ་པ་གང་སྐྱེས་ཀྱང་བདེན་ཞེན་མ་ཞུགས་པར་སྒྱུ་མའི་རང་བཞིན་དུ་ཤེས་པས་ཕཊ་བརྗོད་ཅིང་རྦད་ཀྱིས་བཅད། དེ་ལྟར་སྤྲོ་བསྡུ་འཇུག་ལྡང་ལ་ཡང་ཡང་གོམས་ནས་མཐར་རླུང་དབུ་མར་ཐིམ་པས་སྟོང་པ་གསུམ་མམ་བཞི་དྲངས་ཏེ། དེའི་ཉེར་ཐོབ་བམ་འོད་གསལ་གྱི་མཐར་རླུང་སེམས་ཙམ་ལས་གྲུབ་པའི་ཡེ་ཤེས་ཀྱི་ཕྱག་རྒྱར་ལྡངས་པས་སློབ་པའི་ཟུང་འཇུག་འགྲུབ་པ་རྣམ་དག་སྒྱུ་ལས་དང༌། དེ་དག་མཐར་ཕྱིན་པ་ལས་དྲི་མ་ཐམས་ཅད་དང་བྲལ་བ་མི་སློབ་པའི་ཟུང་འཇུག་ཡེ་ཤེས་ཀྱི་སྤྱོད་ཡུལ་སྒྱུ་མ་ལྟ་བུའི་བདེ་བར་རོལ་པ་ནི་མཐར་ཐུག་གི་སྒྱུ་ལུས་ཏེ་གྲུབ་པའི་འབྲས་བུའོ། །གཉིས་པ་གཉིད་མཐུག་གནས་སྐབས་ཀྱི་དྲི་མ་སྦྱོང་བ་འོད་གསལ་གྱི་གདམས་པ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་གདོད་མ་ནས་སྤྲོས་པའི་མཐའ་དང་བྲལ་བས་ངོ་བོ་སྟོང་ལ་རྣམ་པ་འགགས་མེད་ཅིར་ཡང་གསལ་བ་ཡིན་པ་ལ་ཡིན་
པར་ཤེས་པའི་ཏིང་འཛིན་བརྟན་པ་གཞིར་བྱས་ནས། གནས་ཤིན་ཏུ་དབེན་པར་ལུས་ངག་ཡིད་གསུམ་དལ་བར་བྱས་ལ་གཉུག་མའི་ཤེས་པ་བཟོ་མེད་དུ་བསྐྱང་བ་ལ་ནན་ཏན་བྱ། བུམ་ཅན་གྱི་རླུང་སྦྱོར་དང་བཅས་པ་རང་ཉིད་ལྷར་གསལ་གདབ་ཅིང་སྙིང་གའི་ཧཱུྃ་ཡིག་ལ་སེམས་རྩེ་གཅིག་ཏུ་གཏད། སྣོད་བཅུད་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོར་ཞུ་ནས་རང་ལ་ཐིམ། རང་ཐུགས་ཀའི་ཧཱུྃ་ཡིག་མཐིང་གསལ་ཕྲ་མོ་སྤུས་བྲིས་པ་ལྟ་བུ་གསལ་ལྷག་གེ་བ་འོད་ཀྱིས་ལུས་གང་བ་ལ་སེམས་གཏད། མཐར་ཅིར་ཡང་མི་རྟོག་པའི་ངང་ལ་ཕྲ་རགས་སྒོ་གསུམ་གྱི་རྟོག་པ་འགགས་ནས་མ་བཅོས་པའི་རིག་པ་རྗེན་ལྷང་གིས་ཤར་བའི་ངང་དུ་བཞག ཉིན་མོ་དེ་ལ་ཡང་ཡང་སྦྱང༌། ཉལ་ཁར་ལུས་གནད་ཙོག་པུར་བྱས་ལ་སྔར་གྱི་དམིགས་པ་དེ་དྲག་ཏུ་གཅུན་ཅིང༌། ཁྱད་པར་སྙིང་གའི་ཧཱུྃ་ཡིག་དྭངས་མ་མི་ཤིགས་པའི་ཐིག་ལེ་ལ་སེམས་རྩེ་གཅིག་ཏུ་མཉམ་པར་བཞག་པས་རྐྱེན་བྱས། སྔར་གྱི་ཉམས་མྱོང་གིས་རྒྱུ་བྱས་ཏེ། དབུ་མར་རླུང་སེམས་ཅུང་ཟད་འདུས་པ་ལས་འབྱུང་བ་རིམ་པར་ཐིམ་པའི་རྟགས་སྣང་ཕྲ་མོ་དུ་བ་ལ་སོགས་པ་འཆར། རྣམ་ཤེས་སྣང་བ་
ལ་ཐིམ་སྟེ་རྟོག་པ་རགས་པ་འགགས་པས་དཀར་ལམ་ཟླ་འོད་ལྟ་བུ་ཤར་བ་ནི་སྟོང་པ། སྣང་བ་མཆེད་པ་ལ་ཐིམ་སྟེ་ཕྲ་བའི་རྟོག་པ་འགགས་པས་དམར་ལམ་ཉི་འོད་ལྟ་བུ་ནི་ཤིན་ཏུ་སྟོང་པ། མཆེད་པ་ཉེར་ཐོབ་ལ་ཐིམ་པས་རྟོག་པ་ཕལ་ཆེར་འགགས་པ་ནག་ལམ་མཚམས་ཀྱི་སྨག་ལྟ་བུ་ནི་སྟོང་པ་ཆེན་པོ། ཉེར་ཐོབ་འོད་གསལ་ལ་ཐིམ་སྟེ་རླུང་སེམས་ཐམས་ཅད་འགགས་པས་ཐོ་རངས་ཀྱི་སྟོན་གནམ་སློང་བྱེད་རྐྱེན་གསུམ་དང་བྲལ་བ་ལྟ་བུ་ནི་ཐམས་ཅད་སྟོང་པ་སྟེ། སྟོང་བཞི་སོ་སོའི་ཐད་དུ་ངོས་ཟིན་པར་བྱ་ཞིང་ཁྱད་པར་བཞི་པ་འོད་གསལ་གྱི་ངང་ཅི་གནས་སུ་བསྐྱང༌། རྒྱུན་དུ་འོད་གསལ་མི་རྟོག་པའི་ངང་ལ་གཉིད་དུ་འགྲོ་བར་བྱས་པས་གོམས་ནས་ངོས་ཟིན་ཅིང་སྲབ་མཐུག་གི་འོད་གསལ་འཆར་བ་རྣམས་ངོ་ཤེས་ཏེ་ཏིང་ངེ་འཛིན་ལ་འཇོག་ནུས་པ་འབྱུང༌། བོགས་འདོན་དུ་དགོང་མོ་ཚིལ་ཆེན་གྱི་ཞུན་མར་གསལ་པོར་སྦར་བ་བླ་མ་ཡི་དམ་དབྱེར་མེད་དུ་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱས་ལ། གཉིས་འཛིན་གྱི་འཁྲུལ་པ་ཞིག་པར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་སྣང་འོད་གསལ་དུ་འཆང་བར་བྱིན་གྱིས་བརླབ་ཏུ་གསོལ། འོད་གསལ་ཁོར་ཡུག་ཏུ་འདྲེས་
པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འོད་གསལ་ཟིན་པའི་གསོལ་བ་དྲག་ཏུ་གདབ། མེ་ལོང་དྭངས་པའི་ལྟེ་བར་ཧཱུྃ་ཡིག་ཕྲ་མོ་བྲིས་པ་མཚན་མོ་མར་མེའི་སྣང་བས་གསལ་བ་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད། གཉིད་དུ་འགྲོ་ཁར་ལྷག་པར་སེམས་བཟུང༌། འདིའི་སྐབས་སུ་དམ་ཚིག་ཉམས་ཆག་བཤགས། དབང་ཡང་ཡང་ལེན། གསང་བའི་ཁྲུས་ཆུས་འཐོར་འཐུང་ཉེ་རེག་བྱ། དམ་ཚིག་ཉམས་ཆག་ཅན་གྱི་མི་དང་ཟས་གོས་ལ་ཤིན་ཏུ་འཛེམ། བཅུད་དང་ལྡན་པའི་བཟའ་བཏུང་ཉུང་ངུ་རེ་ཁྲིགས་སུ་བཅད་ལ་བསྟེན། ཤ་ཆེན་གྱི་སྤོས་དང་ཚོགས་གཏོར་གྱིས་ཡི་དམ་ལྷག་པར་མཆོད། ཉིན་མོ་གཉིད་མི་ལོག ཁམས་ཐིག་ལེ་ཅུང་ཟད་ཀྱང་མ་ཉམས་པར་བྱ་བ་རྣམས་གནད་དོ། །དེ་ལྟར་ནན་ཏན་དུ་བསྒོམ་ནས་ཉམས་མྱོང་དེའི་རྒྱུན་ཉིན་མཚན་ཁ་སྦྱོར་དུ་དྲངས་པ་ལས། ལམ་དུས་སྲབ་མཐུག་ཉམས་རྟོགས་ཀྱིས་ཕྱེ་བའི་དཔེའི་འོད་གསལ་ལ་བརྟན་པ་ཐོབ་པའི་རྒྱུ་ལ་བརྟེན་ནས་མཐར་ཐུག་དོན་གྱི་འོད་གསལ་རྩལ་མེད་དུ་འཆར་ཞིང་རང་དབང་ཐོབ་པར་འགྱུར་རོ། །གསུམ་པ་བག་ཆགས་ཉིང་འཁྲུལ་གྱི་དྲི་མ་སྦྱོང་བ་རྨི་
ལམ་གྱི་གདམས་པ་ནི། སྤྱིར་གཉིད་ཀྱི་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ཐོབ་ཏུ་རྨི་ལམ་འཆར་བར་རྩོམ་ན་སྐད་ཅིག་གིས་སྒྱུ་ལུས་ཀྱི་ལྷ་སྐུར་ལྡང་བ་ཡིན་ཀྱང༌། ནུབ་མོ་གཉིད་མཐུག་འོད་གསལ་དུ་འཆར་མ་ནུས་པར་རླུང་རོ་རྐྱང་དུ་ཤོར་ནས་མགྲིན་པའི་རྩར་རྒྱུས་ཏེ་བག་ཆགས་ཀྱི་ལུས་ལ་ཉིང་འཁྲུལ་གྱི་སྣང་བ་ཤར་བ་ནི་རྨི་ལམ་གྱི་གནས་སྐབས་ཡིན་པས་འདི་ཉིད་སྦྱོང་བའི་ཐབས་ལ་འབད་པར་བྱ་སྟེ། དེའང་ཉིན་མོ་ཅིར་སྣང་ཐམས་ཅད་རྨི་ལམ་རྨི་བ་ཡིན་སྙམ་པའི་དྲན་འདུན་རྒྱུན་ཆགས་སུ་བསྟེན། ནུབ་མོ་ཉལ་ཁར་ལུས་གནད་ཙོག་པུའི་ངང་བུམ་ཅན་གྱི་རླུང་སྦྱོར་བྱ། སྤྱི་བོར་རྩ་བའི་བླ་མ་བསྒོམ་ལ་སེམས་གཏད། རྨི་ལམ་མྱུར་དུ་ཟིན་པར་བྱ་སྙམ་པའི་འདུན་པ་དང་བཅས་མོས་གུས་དྲག་པོས། བདག་གིས་རྨི་ལམ་ལ་རྨི་ལམ་དུ་ཤེས་པར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་གྱི་རང་རྩལ་འབྱོངས་པར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་དུ་སྤྲུལ་བསྒྱུར་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ། རྨི་ལམ་ལ་རང་དབང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་འདེབས་དྲག་ཏུ་བྱས་པས་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་བླ་མའི་
མགྲིན་པའི་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་བདེ་གསལ་གྱི་རང་བཞིན་ཅན་ལ་སེམས་གཏད། འདི་རྨི་ལམ་རྨི་བ་ཡིན་སྙམ་དུ་བསམ། ཐིག་ལེ་ཁོ་ན་ལ་སེམས་བཟུང་བ་ལས་རྣམ་རྟོག་གཞན་གྱིས་བར་མི་ཆོད་པར་བྱ། འཇམ་རླུང་བཟུང་ནས་གཉིད་ལོག་པས་རྨི་ལམ་རྨིས་པ་དང་རྨི་ལམ་ཡིན་སྙམ་དུ་ངོ་ཤེས་པ་འབྱུང༌། ལན་ཁ་ཤས་ཀྱིས་ཟིན་པར་དཀའ་ཡང་གཉུག་བསྲིངས་ནས་ཉིན་མཚན་སྤེལ་མར་བསྒོམ་ཞིང༌། ཉིན་གྱི་སྣང་བ་ཤར་ཚད་དང་ཁྱད་པར་འཇིགས་སྐྲག་གི་རྟོག་པ་གློ་བུར་བ་ནམ་སྐྱེས་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ། ཤེལ་ལམ་མེ་ལོང་དྭངས་པ་ལ་གཟུགས་བརྙན་མ་ངེས་པ་འཆར་དུ་གཞུག་ཅིང་རྨི་ལམ་ཡིན་སྙམ་དུ་བསམ། མཚན་མོ་རྨི་ལམ་གང་རྨིས་ཡིད་ལ་གསལ་ཚད་དྲན་དུ་བཅུག་ལ། མདང་རྨི་ལམ་དེ་ལྟར་རྨིས་ཀྱང་ངོ་མ་ཤེས། དོ་ནུབ་ཅི་ནས་ཀྱང་རྨི་ལམ་ལ་རྨི་ལམ་དུ་ངོས་ཟིན་པར་བྱ་སྙམ་པའི་འཕེན་པ་དྲག་ཏུ་བཏང༌། སྣང་བ་ལ་བདེན་ཞེན་སྤང༌། རྟོག་པ་གང་ཤར་ངོས་ཟིན་པར་བྱས་ལ་སྣང་སྟོང་བདེན་མེད་བུན་ལོང་ངེ་བའི་ངང་དུ་རྩལ་སྦྱང༌། ཞིང་ཁམས་ལྟ་བའི་འདུན་པ་དྲག་ཏུ་བྱ། དེ་ལྟར་
ཡང་ཡང་བསྒོམས་པས་ཐོག་མར་འཇིགས་སྐྲག་ལྟ་བུ་ལ་བརྟེན་ནས་ཟིན་ཅིང་དེ་ནས་ནམ་འདོད་དུ་ངོ་ཤེས་པ་འབྱུང༌། ཟིན་པའི་དུས་སུ་རྨི་ལམ་གྱི་སྣང་བ་འདི་གར་བསྒྱུར་ཡིན། མེ་ཆུ་གཡང་སའི་འཇིགས་པ་རྣམས་ལ། རྨི་ལམ་གྱི་མེས་མི་ཚིག ཆུས་མི་ཁྱེར། གཡང་ལ་མི་ལྷུང་སྙམ་དུ་ཐེན་ཐོགས་མེད་པར་བསྲེ། དེ་བཞིན་དུ་གཅན་གཟན་འདྲེ་སྲིན་འཇིགས་པ་སོགས་ལའང་རྩལ་སྦྱང༌། མེ་ལ་ཆུ། ཆུ་ལ་མེ། བདུད་ལ་ལྷ། ལྷ་ལ་བདུད། གཅིག་ལ་བཅུ། བཅུ་ལ་བརྒྱ། བརྒྱ་ལ་སྟོང་དུ་བསྒྱུར། བྱ་གཅན་སོགས་ལ་ཞོན་ནས་དག་པའི་ཞིང་ཉུལ་བ། སངས་རྒྱས་བྱང་སེམས་ཀྱི་ཞལ་བལྟ་ཞིང་ཆོས་ཉན་པ། ཉི་ཟླ་ཞོན་ནས་གླིང་བཞི་བསྐོར་བ། རྒོལ་བ་གང་བྱུང་གི་གཉེན་པོར་སྤྲུལ་པ་སོགས་བྱ། མཐར་སྒྱུ་ལུས་དང་བསྲེས་ལ་ལྷ་སྐུར་ལྡང༌། འོད་གསལ་དང་བསྲེས་ཏེ་མི་རྟོག་གཉུག་མའི་ངང་དུ་བཞག་པ་ལ་བསླབ། རྨི་ལམ་ཟིན་ཀྱང་སྤྲུལ་བསྒྱུར་གྱི་ནུས་སྟོབས་ཞན་ན་རླུང་རྩོལ་ལ་འབད་པ་གལ་ཆེ། མདོར་ན་མཚན་མོའི་རྨི་ལམ་གྱི་སྣང་བ་དེ་ཉིན་མོའི་དགེ་སྦྱོར་དང་བསྲེ། ཉིན་མོའི་དགེ་སྦྱོར་གྱི་སྣང་བ་དེ་མཚན་མོའི་རྨི་ལམ་
དང་བསྲེ། ཉིན་གྱི་དགེ་སྦྱོར་མཚན་གྱི་རྨི་ལམ་དུ་མི་སླེབ་ན། བར་དོ་རུ་དགེ་སྦྱོར་གྱི་རྩིས་ཟིན་པའི་རེ་བ་ཟད་པའི་ཕྱིར། ཉིན་མཚན་འདྲེས་པའི་ཉམས་ལེན་ལ་བརྩོན་པ་གཅེས་སོ། །དེས་གནས་སྐབས་སུ་འཁྲུལ་སྣང་གི་བདེན་ཞེན་ལྡོག་ཅིང་མཐར་ཐུག་བར་དོ་ལོངས་སྐུ་དང་སྐྱེ་བ་སྤྲུལ་སྐུ་མངོན་དུ་བྱེད་པར་འགྱུར་རོ། བཞི་པ་འདའ་ཀ་མའི་མཚམས་སྦྱོར་མན་ངག་འཕོ་བའི་གདམས་པ་ནི། གང་ཟག་ལེ་ལོ་ཅན་གདམས་ངག་ཐོབ་ལ་ཉམས་སུ་བླངས་ཀྱང་ཚེ་འདིར་རྟོགས་པའི་གདིང་མ་ཐོབ་ཅིང་གོམས་པ་མངོན་དུ་མ་གྱུར་ན། ལམ་གྱི་ཆད་མཐུད་འཆི་ཁར་ཡེ་ཤེས་གོང་དུ་འཕོ་བའི་མན་ངག་ལ་བསླབ་པར་བྱ་སྟེ། དེའང་སྤྱིར་རབ་འཆི་བ་དོན་དམ་བདེན་པ་འོད་གསལ་གྱི་ངང་དུ་འཕོ་བ་དང༌། འབྲིང་བར་དོ་ཡང་དག་པའི་ཀུན་རྫོབ་སྒྱུ་ལུས་ཀྱི་ལྷ་སྐུར་འཕོ་བ་དང༌། ཐ་མ་བསྐྱེད་རིམ་དུ་འཕོ་བ་བཅས་གསུམ་དུ་གསུངས་པ་ལས་འདིར་བསྟན་བྱ་ཕྱི་མ་སྟེ། གསོན་དུས་སུ་ལེགས་པར་སྦྱངས་ནས་འཆི་ཁར་ལས་ལ་སྦྱར་བར་བྱ་དགོས་པས། ཐོག་མར་སྦྱང་བ་ལ། ལུས་གནད་བསྲང༌། རང་ལུས་ཡི་དམ་གྱི་ལྷ་སྐུ་སྟོང་ར་རྩ་དབུ་མ་
བཅས་གསལ་གདབ། འདི་ལ་རོ་རྐྱང་གཉིས་ལས་རྩ་འཁོར་གྱི་དམིགས་པ་མི་དགོས། མིག་གཉིས། རྣ་བ་གཉིས། སྣ་བུག་གཉིས། ཁ། འོག་སྒོ་གཉིས་བཅས་འཁོར་བའི་སྒོ་དགུ་པོ་ཧཱུྃ་ཡིག་རེས་བཀག་པར་མོས། དབུ་མའི་ཡར་སྣེ་ཚངས་བུག་ནས་ཐར་པའི་སྒོ་གཅིག་རྒྱ་མཐོངས་ཁ་ཕྱེས་པ་ལྟར་ཡོད་པའི་སྟེང་དུ། རིགས་བདག་བླ་མ་རྡོ་རྗེ་འཆང་གི་ཚུལ་དུ་བཞུགས་པར་གསལ་གདབ། དབུ་མའི་ནང་སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་པ་ལྟར་ཟླ་བའི་དཀྱིལ་འཁོར་གྱིས་ཁྲིགས་སེ་བཀག་པའི་སྟེང་དུ་རང་གི་རླུང་སེམས་དབྱེར་མེད་པའི་ངོ་བོ་ཐིག་ལེ་དཀར་པོ་རླུང་གི་རང་བཞིན་སྔོ་མདངས་ཆགས་པ་འཕར་ལིང་ལིང་བྱེད་པ་ལ་སེམས་གཏད་ཅིང་འདུན་པ་དྲག་ཏུ་གཅུན། སྤྱི་བོའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས། ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། འཕོ་བས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས། མི་ལྡོག་བཙན་ས་ཟིན་པར་བྱིན་གྱིས་རློབས། ཞེས་དང༌། སྤྲོ་ན། འགྱུར་མེད་དབྱིངས་ཀྱི་མགོན་པོ་སོགས་བརྒྱུད་འདེབས་རྐང་པ་གསུམ་སོ་སོའི་རྗེས་སུ། བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཟབ་
ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །ཞེས་སྦྱར་ལ་གྲངས་གང་ལྕོགས་བསྐྱར་ནས་གསོལ་བ་ཕུར་ཚུགས་སུ་བཏབ་མཐར། བུམ་ཅན་གྱི་རླུང་སྦྱོར་བྱས་པས་རླུང་དབུ་མའི་ནང་ནས་ཡར་སོང༌། སྙིང་གའི་ཟླ་དཀྱིལ་ལ་རེག་པའི་རྐྱེན་གྱིས་ཐིག་ལེ་ཡེར་གྱིས་འཕར། འོག་རླུང་བསྐྱོད་སྟེང་རླུང་ཕྱིར་བཏང༌། མིག་གྱེན་དུ་ལྡོག་ལ། ཕཊ་བརྗོད་པས་ཚངས་བུག་ནས་སྐར་མདའ་ལྟར་སོང༌། རིགས་བདག་གི་ཐུགས་ཀར་རེག་ཙམ་བྱས་ནས། སླར་ཨ་ཞེས་བརྗོད་པས་སྙིང་གར་སྔར་ལྟར་འཁོད། ཡང་སྤར་བ་སོགས་ཐུན་རེ་ལ་བརྒྱ་རྩ་ལས་མི་ཉུང་བར་རྟགས་སྤྱི་དང་མཐུན་པ་མ་ཐོན་བར་དུ་སྦྱང༌། ཐུན་མཚམས་རྣམས་སུ་ཐིག་ལེ་མར་བྱུང༌། སྙིང་གར་ལྕི་ཐིང་གིས་གནས། བླ་མའམ་འོད་ཕུང་བདུད་རྩིའི་རྣམ་པར་ཞུ་ནས་དབུ་མའི་ལམ་བརྒྱུད་སྙིང་གའི་ཐིག་ལེ་ལ་ཐིམ། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས། འདི་ལ་རླུང་གནད་ཆུན་པ། དམིགས་པ་རྩེ་གཅིག་པ། རླུང་དང་ལུས་སྟོད་དུ་སྒྲིམས་པ་རྣམས་གལ་ཆེ། དུས་རྟག་ཏུ་ངེས་འབྱུང་སྐྱོ་ཤས་བསྐྱེད། ཆགས་སྡང་རྨོངས་གསུམ་གྱི་རྟོག་པའི་རྗེས་སུ་མི་
འབྲང༌། ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་བསྟུང༌། ལུས་ལོངས་སྤྱོད་མཛའ་ཤེས་གང་ལའང་ཡིད་མི་འཕྲེང༌། དམ་ཚིག་དང་སྡོམ་པ་ཤིན་ཏུ་དག་པར་བྱ། རང་གང་ལ་མོས་པའི་ཞིང་ཁམས་ཀྱི་བཀོད་པ་ཡིད་ལ་བྱས་ཏེ་དེར་འཕོ་བའི་འདུན་པ་དང་སྤྲོ་བ་རྩེ་གཅིག་ཏུ་བྱའོ། །དེ་ནས་ལས་ལ་སྦྱོར་བ་ནི། རང་འཆི་བའི་རྟགས་ཚང་ཞིང་བསླུ་བའི་ཐབས་ཀྱིས་མ་བཟློག་པའི་ཚེ། འདུན་པ་རྩེ་གཅིག་པས་སྔར་གྱི་དམིགས་པ་རྣམས་གསལ་བཏབ་སྟེ་ཐིག་ལེ་ཕྱིར་མི་འབེབས་པར་ཡང་ནས་ཡང་དུ་བླ་མའི་ཐུགས་ཀར་སྤར། མཐར་བླ་མ་ཉིད་འོག་མིན་མཁའ་སྤྱོད་དུ་གཤེགས་པར་མོས་ལ་ཞིང་ཁམས་དང་དེའི་བདག་པོ་ཡིད་ལ་བྱས་ཏེ་སྤྲོ་དུང་ངེ་བའི་ངང་ནས་རིག་པ་སྤྲོ་བསྡུ་དང་བྲལ་བར་འཇོག་གོ །དེས་ནི་རབ་དག་པ་མཁའ་སྤྱོད་ཀྱི་ཞིང་དུ་བགྲོད་དེ་ལམ་གྱི་ལྷག་མ་རྫོགས་ནས་མཆོག་ཐོབ་པ་དང༌། འབྲིང་སྔགས་སྤྱོད་ཀྱི་རྟེན་བཟུང་ནས་སྐྱེ་བ་དག་པར་བརྒྱུད་དེ་དངོས་གྲུབ་ཐོབ་པ་དང༌། ཐ་མ་མཐོ་རིས་སུ་སྐྱེས་ནས་ལམ་སྣ་ཟིན་ཏེ་རིམ་པས་ཐར་བ་ལ་སྦྱོར་བར་འགྱུར་རོ། །ཞར་ལ་དབང་པོ་ཐ་མ་རྫས་ཀྱི་འཕོ་བའི་གདམས་པ་ནི། སྔོ་རྟག་ངུ༌།
རྡོ་ཁབ་ལེན། མགྲོན་བུ་བསྲེགས་པའི་ཐལ་བ། སྨན་དང་སྔོའི་ཚ་བ་གསུམ། རྒྱ་གཡེར། ཤིང་ཀུན། རྒྱ་ཚྭ། བྱང་སེམས་དཀར་དམར་རྣམས་དང༌། ཁྱད་པར་སྐྱེ་བདུན་གྱི་གདུང༌། རིང་བསྲེལ། བདུད་རྩི་ཆེན་པོ་རྣམས་སྦྲང་རྒོད་ཀྱིས་རིལ་བུ་དྲིལ་བའམ་ཕུར་མ་བྱ། ཐོད་པ་མཚན་ལྡན་གྱི་ནང་དུ་བླུགས། ཡི་དམ་བསྐྱེད་བསྟིམ་བྱས་ལ། རྩ་སྔགས་ཤམ་དུ། ཛྙཱ་ན་པྲ་ཝེ་ཤ་ཡ་ཕཊ། ཅེས་བཏགས་པ་མང་དུ་བཟླས་པས་འོད་དང་དུ་བ་འཕུལ་བ་སོགས་རྟགས་བྱུང་ན་ངེས་པར་འགྲུབ་པ་ཡིན། གང་ལྟར་ཡང་ལྷ་འོད་དུ་ཞུ་བའི་རྫས་སུ་བསམ། དབུགས་ཆད་པའི་སྐབས་སྤྱི་བོར་ཆང་བཟང་པོ་དང་སྦྱར་ནས་བྱུགས་པས་རྣམ་ཤེས་ཚངས་བུག་ནས་ཐོན་ཏེ་མཁའ་ལ་སྤྱོད་པའམ་མཐོ་རིས་ཀྱི་རྟེན་སོགས་སྐལ་བ་དང་མཚུངས་པར་འཕོ་བར་གསུངས་སོ། །ལྔ་པ་སྲིད་པའི་བར་དོར་གྲོལ་བར་བྱ་བའི་གདམས་པ་ནི། དེའང་འཆི་བའི་ཚེ་ལུགས་ལྡོག་གི་འོད་གསལ་ངོས་མ་ཟིན་པས་ལུགས་འབྱུང་ཐམས་ཅད་སྟོང་པ་ལས་ཉེར་ཐོབ་སོགས་སུ་ལྡང་ཞིང་རང་བཞིན་བརྒྱད་ཅུའི་རྟོག་པ་སྐྱེས་པའི་ཚེ་བར་དོའི་ཡིད་ལུས་
མིང་གཞི་འདུས་པའི་ཕུང་པོར་གྲུབ་ནས་འཁྲུལ་སྣང་ལ་སྤྱོད་པ་སྟེ། དེའི་ཚེ་སྔར་གྱི་གདམས་ངག་གི་གནད་དྲན་པས་མཚམས་སྦྱོར་བ་བར་དོ་སྦྱོང་བའི་ཐབས་ལ་བརྩོན་དགོས་པས། དེ་ལ་ད་ལྟའི་ཉིན་གྱི་སྣང་བ་འདི་ཐམས་ཅད་བར་དོའི་གནས་སྐབས། གྲོགས་རྣམས་ཀྱང་བར་དོའི་སེམས་ཅན་ཁོ་ན་ཡིན་སྙམ་དུ་བསམ། ང་ཤི་བ་ཡིན་པར་འདུག ཤི་ནས་བར་དོ་ཤར་བ་ཡིན་པར་འདུག་པས། བར་དོ་ལ་བར་དོ་རུ་ངོ་ཤེས་པར་བྱ། ཤེས་ནས་གྲོལ་བར་བྱ་སྙམ་པའི་ངང་ནས། བླ་མ་སྤྱི་བོར་བསྒོམ་ལ། འཆི་ཁ་བར་དོ་འོད་གསལ་ཆོས་སྐུ་རུ་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ཉིད་བར་དོ་ལོངས་སྤྱོད་རྫོགས་སྐུར་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། སྲིད་པ་བར་དོ་སྐྱེ་བ་སྤྲུལ་སྐུར་དབུགས། འབྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ། སྣང་ཚད་བར་དོ་ཁོ་ནར་ཐག་བཅད་ལ་ཡང་ནས་ཡང་དུ་སྦྱང༌། དེ་ལ་ཉམས་སྐྱེས་པ་ན། རང་ཉིད་བར་དོའི་རླུང་སེམས་ཙམ་དང་དབྱེར་མི་ཕྱེད་པའི་ཡི་དམ་གྱི་སྐུར་གསལ་གདབ། དེ་ལས་བདེ་སྟོང་གི་རང་བཞིན་ཅན་གྱི་འོད་ཟེར་མུ་མཐའ་མེད་པ་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་
ལ་ཁྱབ་པས། བདག་གཞན་དུ་ཞེན་པའི་འཛིན་པ་དང་དུག་གསུམ་གྱི་རྟོག་པ་ཐམས་ཅད་སལ་གྱིས་སྦྱངས། གཟུགས་སྣང་ཐམས་ཅད་བདེ་རླུང་སེམས་གསུམ་དབྱེར་མི་ཕྱེད་པའི་ཡི་དམ་ལྷའི་སྐུ་སྣང་སྟོང༌། སྒྲར་གྲགས་པ་ཐམས་ཅད་རང་བྱུང་རྡོ་རྗེའི་སྔགས་གྲགས་སྟོང༌། དྲན་རྟོག་ཐམས་ཅད་འོད་གསལ་ཡེ་ཤེས་ཐུགས་རིག་སྟོང་དུ་ལམ་གྱིས་ཤར་བར་བསམ་ལ་སེམས་བཟུང༌། རྟོག་པ་གང་ཤར་རྡོ་རྗེ་གསུམ་དང་བསྲེ། འདོད་ཆགས་བདེ་སྟོང༌། ཞེ་སྡང་གསལ་སྟོང༌། གཏི་མུག་རིག་སྟོང༌། ང་རྒྱལ་ལྷར་སྣང་ངམ་མི་རྟོག་པ། ཕྲག་དོག་དག་སྣང་དང་བསྲེ་ཞིང༌། གོང་གི་སྒྱུ་ལུས་དང་འཕོ་བ་སོགས་ལམ་དུ་ཁྱེར་ལ་རྩལ་སྦྱངས་པས། ཆེད་དུ་བསྒོམ་མི་དགོས་པར་ཤུགས་ཀྱིས་འཆར་ན་བར་དོ་ཆོད་པར་ངེས་སོ། །སྤྱིར་དུས་རྟག་ཏུ་ཚེ་འདིའི་སྣང་ཤས་ལ་བློ་ལྡོག །ཞེན་འཁྲིས་བསྐྱུང༌། ནམ་འཆི་ངེས་མེད་དང༌། བར་དོའི་འདུན་པ་དུང་ངེ་བ་དང་མ་བྲལ་བར་བྱས་པས་མྱུར་དུ་འབྱོངས་པར་འགྱུར་ལ། དེས་བར་དོ་རུ་འཁྲུལ་སྣང་བདེན་མེད་དུ་ཤེས་ནས་ཉམས་ལེན་གྱི་འཕྲོ་མཐུད་པས་དག་པའི་ཞིང་ཁམས་
སོགས་སུ་མཚམས་སྦྱར་ཏེ་སྐྱེ་བ་སྤྲུལ་སྐུར་འགྲུབ་པ་དང༌། དབང་པོ་ཤིན་ཏུ་ཐ་མས་ཀྱང་འདུན་པ་རྩིར་གྱིས་བཟུང་ལ་མོས་གུས་སྙིང་རྗེ་ཞེན་ལོག་སོགས་ཤུགས་བསྐྱེད་པས་སྐྱེ་གནས་ངན་པའི་མངལ་སྒོ་ཁེགས་ཏེ་ཆོས་ལྡན་གྱི་ལུས་རྟེན་བཟང་པོར་དབུགས་འབྱིན་པར་འགྱུར་རོ། །དེ་ལྟར་གོང་གི་ཉམས་སུ་བླང་བ་ཐམས་ཅད་ཀྱི་སྔོན་དུ་བྱང་ཆུབ་སེམས་བསྐྱེད་ཅིང༌། མཇུག་ཏུ་བསྔོ་སྨོན་གྱིས་རྒྱས་གདབ། ཐུན་མཚམས་རྣམས་སུའང་དྲན་པའི་རྩིས་བཟུང་སྟེ་དངོས་གཞིའི་ཉམས་མྱོང་གི་རྒྱུན་ལམ་དུ་ཁྱེར། རྣམ་པ་ཀུན་ཏུ་ཐབས་ལམ་གྱི་རྟོགས་པ་ཐམས་ཅད་བླ་མའི་བྱིན་རླབས་ཁོ་ན་ལས་བྱུང་བ་ཡིན་པས་བཟོད་མེད་ཀྱི་མོས་གུས་དྲག་པོ་རྒྱུན་ཆགས་སུ་བརྟེན་ལ་ནན་ཏར་དུ་གསོལ་བ་བཏབ་ཅིང་ཐུགས་ཡིད་བསྲེས་པས་ས་ལམ་གྱི་ཡོན་ཏན་ཐམས་ཅད་དབྱར་གྱི་མྱུ་གུ་ལྟར་རྒྱས་པར་འགྱུར་བ་ཡིན་ནོ། །སད་རྨིའི་གནས་སྐབས་འདའ་ཀའི་མཚམས་སྦྱོར་བཅས། །ཐབས་མཆོག་གདམས་པའི་སྙིང་པོ་གསལ་བྱས་པ། །འདི་ལས་སྐལ་བར་ལྡན་རྣམས་བདེ་མྱུར་དུ། །ཟུང་འཇུག་ཡེ་ཤེས་སྙིང་པོ་མངོན་བྱེད་ཤོག །ཅེས་ཕུར་པ་བདུད་འཇོམས་
གནམ་ལྕགས་སྤུ་གྲིའི་རྫོགས་རིམ་རྩ་རླུང་ཐིག་ལེའི་མན་ངག་ལས་འཕྲོས་པ་ཡན་ལག་གི་ཆོས་ལྔའི་ཉམས་ཁྲིད་ཟབ་ལམ་སྙིང་པོར་དྲིལ་བ་འདིའང༌། རྒྱ་གར་དབང་ཕྱོགས་ཀྱི་དགེ་སྦྱོང་ངག་དབང་ཚུལ་ཁྲིམས་དང༌། མོན་གྱི་སྔགས་སྟོན་པདྨ་དབང་ཆེན་སོགས་དོན་གཉེར་ཅན་དུ་མས་ཡང་དང་ཡང་དུ་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ནོར་སྲུང་གི་ལོ་དབྱུག་གུ་ཟླ་བའི་ཉ་ལ་བསྟི་གནས་བཀྲ་ཤིས་སྣང་བའི་དགའ་ཚལ་དུ་སྦྱར་བ་དོན་དང་ལྡན་པར་གྱུར་ཅིག། སརྦ་དཱ་མངྒ་ལཾ།། །།
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན།
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ། ཁྱབ་བདག་བླ་མ་རིག་སྟོང་རྡོ་རྗེ་གཞོན་ནུའི་ངོ་བོ་ཉིད་ལ་ཕྱག་འཚལ་ལོ། །སེམས་ཉིད་ངོ་བོ་ཀ་ནས་དག་པ་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །རང་བཞིན་མི་འགག་གཞི་སྣང་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་དཔལ། །དབྱེར་མེད་ཟུང་འཇུག་ཐུགས་རྗེའི་ཡེ་ཤེས་ཀུན་ཁྱབ་འདུས་མ་བྱས་པའི་གཤིས། །རང་བྱུང་རིག་པ་གདོད་མའི་མགོན་པོ་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །ཤིན་ཏུ་ཟབ་ཅིང་བརྟག་དཀའ་ནམ་མཁའི་གནས། །སྤངས་གཉེན་
མཐའ་ལས་ཡོངས་གྲོལ་རྫོགས་པ་ཆེ། །སུ་འཕྲད་བཙན་ཐབས་གྲོལ་བའི་གདམས་ངག་ཕུལ། །འོད་གསལ་སྣང་བ་མཆོག་གི་དགའ་སྟོན་སྤྲོ། །དེ་ལ་འདིར་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་གདབ་པའི་རིམ་པ་ཨ་ཏི་ཡང་གསང་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོ་སྟོན་པ་ལ་གཉིས་ཏེ། ཟབ་ལམ་བསྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད་དང༌། ཟབ་ལམ་བསྒོམ་པ་དངོས་ལ་འཇུག་པ་དངོས་གཞིའི་ཁྲིད་དོ། །དང་པོ་ལའང་གཉིས། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོང་བ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོས་
གནས་ལུགས་གཏན་ལ་དབབ་པའོ། །དང་པོ་ནི། རྒྱུད་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་གསུངས་ཏེ། དེའང་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡིན་ཅིང༌། དེ་རྒྱུད་ལ་སྐྱེད་པ་ལ། ཐོག་མར་ཕྱི་སྣོད་ནང་བཅུད་རང་ལུས་བཅས་མྱུར་དུ་མི་རྟག་ཅིང་འཇིག་པའི་ཚུལ་ལ་བློ་སྦྱང༌། དེའི་རྟེན་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བ་དང༌། ལས་འབྲས་ནམ་ཡང་བསླུ་བ་མེད་པས་ཤི་བའི་འོག་ཏུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཡུན་རིང་ལ་དོས་དྲག་པ་མྱོང་འགྱུར་ལ་བསམ་སྟེ་ལྟར་སྣང་གི་བདེ་བ་སྙིང་པོ་མེད་པ་ལ་ཞེན་ལོག་དང༌། སྲིད་འབྱོར་མཐའ་དག་ལས་ངེས་པར་འབྱུང་བའི་བློ་ཤུགས་དྲག་པོས། དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་རྩ་བ་གསུམ་ལ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ། རྒྱུ་ཀུན་རྫོབ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་ཅིང༌། འབྲས་བུ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང༌། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་སྟོབས་བཞི་ཚང་བའི་སྒོ་ནས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་འབད། མཐུན་རྐྱེན་ཚོགས་གཉིས་ཟུང་འབྲེལ་དུ་སྤེལ་བ་ཕྱི་ནང་གསང་བའི་མཎྜལ་འབུལ། བྱིན་རླབས་
བཙན་ཐབས་སུ་འཇུག་པའི་སླད་དུ་བཅོས་མིན་མོས་གུས་ཀྱི་ཤུགས་དྲག་པོས་བླ་མའི་རྣལ་འབྱོར་ལ་དགེ་སྦྱོར་གྱི་གཙོ་བོར་བཏོན་ནས་ཉམས་སུ་བླང་བར་བྱ་སྟེ། དེ་དག་གི་ཚུལ་ནི་གཞན་ལས་ཤེས་ཤིང༌། སྐབས་འདིར་མ་ཐོག་མ་ནས་རྩ་བའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ནོད་ལ་ཐུན་མོང་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་མཐའ་དག་སྲོག་བཞིན་དུ་བསྲུང་བ་ལ་བརྩོན་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པ་ལ་གསུམ། །འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ། རྣལ་དུ་དབབ་པའོ། །དང་པོ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༌། །འབྲེལ་བ་ཆོད་པར་མི་འགྱུར་བས། འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས། རང་རེ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་གནས་སྐབས་གློ་བུར་འཁྲུལ་པའི་སྣང་ཞེན་གྱིས་བསྒྲིབས་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་སྡུག་བསྔལ་གྱི་རྣམ་པ་གྲངས་ཀྱིས་མི་ཆོད་པ་ཞིག་མྱོང་བ་ལས། ད་རེས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ནས་ཕྱིན་ཆད་འཁོར་བར་སྐྱེ་བའི་
གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་དབྱེ་ན། འཁོར་བའི་ལས་སྣང་དང་རྣམ་པ་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་བརྟོལ་ནས་ཕྱིན་ཆད་འཛིན་ཞེན་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཅེས་གསུངས་པ་ལྟར། རི་ངོགས་ལུང་སྟོང་སོགས་མིས་རྒྱུ་འགྲུལ་མེད་པའི་གནས་དབེན་པར་སོང་སྟེ་གཞི་བདག་ལ་གཏོར་མ་བྱིན་ནས། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། དམྱལ་བ་ལ་ཚ་གྲང༌། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས་རིགས་དྲུག་གི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང༌། ལུས་ཀྱི་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེའི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་སྤྱད་པས། ངལ་དུབ་འགྱུ་བ་སྤུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་བལྟ་ཞིང་ངལ་གསོ། ཡང་ལུས་
ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་དང༌། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་བྱས་ལ་རྗེས་ཤེས་ཀྱི་རང་ངོ་བསྐྱང་ངོ༌། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་དགག་སྒྲུབ་མེད་པ་དང༌། ངག་བླ་མའི་གདམས་ངག་གི་ཚིག་དོན་ལ་སྒོམ་བྱུང་གི་ཤེས་རབ་འཆར་བ་དང༌། སེམས་གསལ་སྟོང་འགག་མེད་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་རྣམས་མ་བྱུང་གི་བར་དུ་སྦྱང་ངོ༌། དེའི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་དོ། །གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས། ཕྱི་ལྟར་རུ་ཤན་དབྱེ་བས་ཕྱི་འཁྲུལ་བའི་རྐྱེན་སྣང་ཟད་ཀྱང༌། ནང་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས་དེ་དང་དེའི་ནུས་པ་སད་པར་བྱས་ཏེ་འབྲས་བུ་རིགས་དྲུག་གི་འཁོར་རྒྱུན་ཆོད་པར་མི་འགྱུར་བས་དེ་ཆོད་པར་བྱ་བའི་ཕྱིར་ཏེ། དེ་ལ་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་
ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པ་ལྟར། སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ། སྦྱང་བྱ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུག་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པ་རྣམ་པ་སོལ་དོང་དུ་དུ་བ་འཕྱུར་བ་ལྟར་བསམ་ཞིང༌། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རྣམ་པ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་སོང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་འབུམ་ཚོ་བདུན་དབྱངས་སྙན་པོས་བཟླའོ། །དེས་སྡིག་པ་དག་པའི་རྟགས་
དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ཞིང་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཛིན་ཞེན་དག །ལས་བདེ། ངག་སྙན། སེམས་གསལ་སྟོང་མི་རྟོག་པའི་ཉམས་སྐྱེ་བར་འགྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོང༌། །གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་སོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པས། དེའང་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། རྐང་མཐིལ་གཉིས་སྦྱར་ཏེ་སོར་མོ་བཅུ་ས་ལ་བཙུགས། པུས་མོ་ཕྱིར་བསྒྲད། སྒལ་ཚིག་དྲང་པོར་བསྲང༌། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱང༌། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་ཕྱུངས་ནས་སྒྲིམས་ཏེ། རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པ་འབྱུང༌། མི་ལྕོགས་པ་ན་ལུས་རང་བབས་སུ་ཁྲེས་སེ་སྐྱུར་ལ་སེམས་གཏད་མེད་ཀྱི་
ངང་དུ་བཞག་གོ །དེའང་རྡོ་རྗེའི་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང༌། མར་རྩེ་གསུམ་སྐུ་གསུམ། སྐེད་པ་གཅིག་ཏུ་འདྲིལ་བ་ཐབས་ཤེས་དབྱེར་མི་ཕྱེད་པ་མཚོན་པའོ། །དེའི་དགོས་པའང་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང༌། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་དག་གི་སྔོན་འགྲོ་ལ་བཞི་སྟེ། ཐལ་འགྱུར་ལས། ངག་ནི་ཧཱུཾ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ལ་གཉིས་ཀྱི། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ལུས་གནད་ཆོས་བདུན་བཅས་ཏེ། སྙིང་གར་ཧཱུཾ་སྔོན་པོ་ཞིག་བསྒོམ་པ་གསལ་སྣང་ཐོན་པར་བྱས་ནས་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུཾ་གསུམ་གཅིག་ཏུ་བསྲེས་ཏེ་ཧཱུཾ་གི་གླུ་སྙན་ལ་རིང་བར་བླངས་པས། སྙིང་གའི་ཧཱུཾ་ལས་ཧཱུཾ་ཡིག་མང་པོ་ཐོལ་ཐོལ་བྱུང༌། སྣ་བུག་གཡས་ནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུཾ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུཾ་གི་རང་བཞིན་དུ་སོང་བར་བསམ་ཞིང་དེ་ལྟར་འཆང་བ་ནི་རྒྱས་ཐེབས་པའོ། །དེས་ནི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །ཡང་ནང་ཕུང་
པོ་ལ་རྒྱས་གདབ་པ་ནི། །སྔར་ལྟར་ཧཱུཾ་བརྗོད་པས་ཕྱི་རོལ་གྱི་ཧཱུཾ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས། ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་རླུང་བཟུང༌། ལུས་ཧཱུཾ་གིས་གང་བར་རྩོལ་མེད་དུ་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ན་རྒྱས་ཐེབས་པའོ། །དེས་ནི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ལ་གཉིས་ཀྱི། ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། སྙིང་གའི་ཧཱུཾ་ཡིག་སྔར་ལྟར་གསལ་བ་ལས་ཧཱུཾ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམས་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་ཕྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་ཧཱུཾ་དྲག་པོ་ངར་དང་ལྡན་པར་བརྗོད། སྣང་བ་ཐམས་ཅད་ཧཱུཾ་གི་རང་བཞིན་ལས་སང་སེང་དངོས་མེད་དུ་དག་བར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུཾ་བརྗོད་པས་ཧཱུཾ་ཡིག་མཚན་ཉིད་བཞི་ལྡན་དེས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཐལ་ཕྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང༌། ལུས་ཀྱི་ཤ་ཁོལ་བུར་འཕར་ཞིང་ན་བ་དང་ལུས་ཆུ་
ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ནི་ཕུང་པོ་འཇའ་ལུས་འོད་གསལ་དུ་འགྲོ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། །མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་བཙུགས་ཏེ། ཧཱུཾ་སྙན་ཅིང་རིང་པོར་བརྗོད་པས་སྙིང་གའི་ཧཱུཾ་ལས་ཧཱུཾ་གི་ཕྲེང་བ་བར་མ་ཆད་དུ་བྱུང་བ་དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་དང་དར་གཅིག་ཀློད་ལ་ངལ་གསོ། ཡང་རིམ་བཞིན་བཤིག་ནས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུཾ་ལ་རྫོགས་པར་བསྟིམ་ནས་ངལ་གསོ། དེ་ལྟར་རླུང་སེམས་ཧཱུཾ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱངས་པས་དེ་བཞིན་ལམ་དུ་ལོངས་པས་རྣམ་རྟོག་གི་དར་ཞི་ནས་སེམས་ཤིན་སྦྱངས་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དོན་དོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུཾ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོགས་མཚམས་སུ་ཅུང་ཟད་ངལ་གསོ་ཞིང༌། རྒྱང་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་དུ་སོང་བར་བསམ་ཞིང་ཧཱུཾ་དྲག་པོར་བརྗོད་ལ་རང་བབས་སུ་ངལ་གསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ལ་ངལ་གསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་
པའི་ཉམས་མཐོ་དམན་ཅན་དུ་སྐྱེ་ཞིང༌། མཐར་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པ་འཆར་རོ། །དེས་ནི་ལུས་ངག་ཡིད་གསུམ་ཡང་དག་པའི་ལམ་སྲོལ་དུ་ཆུག་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་བོགས་ཆོད་དུ་སྐྱེ་བས་དེའི་རང་ངོ་བསྐྱང༌། དེ་དག་གི་དགོས་པའང་ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང༌། །མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གང་ལས་བྱུང༌། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིགས་ཏེ་བཙལ་བས་ཨེ་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་ནས་བཙལ་བས་རྙེད་དམ། གལ་ཏེ་སྟོང་པ་ལས་
བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཨེ་རྙེད། མདོར་ན་བཙལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས། ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད་ཅིང་བསྐྱར་རོ། །གཉིས་པ་གནས་ས་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟག་ཅིང་དཔྱད་པས་དེ་དག་གང་དུའང་མ་གྲུབ་ན། རྟོགས་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས། ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོས་ལ་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟག་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུའང་འགྲོ་བའི་ཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་དག་གི་དགོས་པའང་ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་
ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང༌། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་རྣལ་དུ་དབབ་པ་ལ་གཉིས། རྣལ་དབབ་དངོས་དང༌། སོར་གཞུག་པའོ། །དང་པོ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་གསུངས་པས། དེ་ལྟར་སྔར་བཤད་པའི་འཁོར་འདས་རུ་ཤན་དབྱེ་བ་སོགས་ཐ་མལ་བག་ཆགས་ཀྱི་ཞེན་སྣང་ཕྲ་རགས་གང་ཡང་ཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་ཅི་ལའང་མི་རྟོག་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའི་དོན་དང༌། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་པའི་དོན་ཏེ། དཔེར་ན་ཆུ་རྙོགས་མ་ཅན་དེ་ཉིད་གཡོ་མེད་དུ་བཞག་ན་དྭངས་པར་འགྱུར་བ་བཞིན་ནོ། །དེ་ལ་བདེ་བའི་མལ་དུ་ལུས་སེམས་སྐྱིལ་ལམ་ཙོག་པུ་སོགས་གང་བདེ་རང་བབས་སུ་བསྒུལ་བསྐྱོད་མེད་པར་བཞག །ངག་སྨྲ་བརྗོད་ལྟ་ཅི་རླུང་ལའང་བཟོ་བཅོས་མེད་པར་བཞག །སེམས་མི་དགེ་བ་དང་ལུང་མ་བསྟན་དུ་མ་ཟད་དགེ་བའི་རྣམ་པར་རྟོག་པ་ཙམ་ཡང་བཏང་ནས་རང་བབས་སུ་བཞག་པས། སྒོ་གསུམ་གཞི་ཐོག་ཏུ་དྭངས་
པར་འགྱུར་ཏེ་བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ནོ། །དེས་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུགས་ཤིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གཉིས་པ་སོར་གཞུག་པ་ནི། ཀློང་གསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་གཞུག །ཅེས་གསུངས་པས། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་བར་མ་དང་རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་པ་ལ་བསླབ་པར་བྱ་བ་ཡིན་ཏེ། རལ་གྲིའི་འཕྲུལ་འཁོར་ཤེས་པར་འདོད་པས་དང་པོར་ཤིང་གི་རལ་གྲི་ལ་བསླབ་པ་བཞིན་ནོ། །དེ་ལ་འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ནི། ལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་རླུང་གི་འགྲོ་འོང་རང་བབས་སུ་བཞག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་ཧྲིག་གེར་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་བསྡུ་བར་རང་སོར་བཞག་པས་རྐྱེན་སྣང་
རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། གཞན་སྔར་ལྟར་ལས་མིག་བར་སྣང་ལ་ཧྲིག་གེར་བསྒྱུར་ནས་ཧད་པོས་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་གསལ་ལ་མ་འགག་པར་ཤར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ་སྟེ། བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལ་ལངས་ཏེ་གོམ་པ་གྱ་ཚོམས་སུ་འདོར། མིག་གཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་དེ་ཙམ་དུ་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་ཡང༌། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་
འགྲུབ། །ཅེས་གསུངས་པས། ཉན་ཐོས་ཀྱིས་སྒོ་གསུམ་རང་བཞིན་དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་ཅིང༌། དེ་དག་གི་དགོས་པའམ་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་ལ་སྲོལ་དུ་འཇུག་པ་ཡིན་ནོ། །དེ་ལྟར་སྒོམ་པའི་ཚེ་ཡིད་སྤྲོ་ཞིང་འཇུག་ན་གེགས་ཆུང་ལ་བོགས་ཆེ་བས་བསྒོམ། སུན་ཅིང་མི་སྤྲོ་ན་བསྒོམས་ཀྱང་གེགས་སུ་འགྱུར་ཏེ་ཕྱིས་སྒོམ་གྱིས་སྣ་སུན་ནས་ངན་ལང་དུ་འགྲོ་བས་ཅུང་ཟད་ངལ་གསོས་ནས་རིམ་གྱིས་གོམས་པ་ལ་འཇུག་པར་བྱའོ། །དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ་གསུམ་སྟེ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་པ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་བསྟན་པའོ། །དང་པོ་ནི། དེའང་བློ་ཡངས་ལ་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་གང་ཟག་གིས། རིག་པའི་ཡེ་ཤེས་དྲི་མ་མེད་པའི་ཕུར་པ། ཆོས་དབྱིངས་སྤྲོས་བྲལ་གྱི་ཡུལ་ལ། སོར་བཞག་རྩིས་གདབ་དང་བྲལ་བའི་ཐབས་ཀྱིས་དབྱིངས་ཡེ་གཉིས་
མེད་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་གདབ་པས། རྣམ་པར་རྟོག་པས་འཁོར་བར་འཁྱམས་པའི་སྐྱོན་ལས་གྲོལ་ཏེ་མཚན་རྟོག་ཆོས་ཉིད་དུ་གྲོལ་བའི་གདིང་ཚད་དང་ལྡན་པས་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པ་སྟེ། དེ་ལ་གཉིས། ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷོངས་སུ་ཕུད་པས་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་ལོ། །དང་པོ་ནི། གཞུང་རྩ་བར། བདག་མེད་རྟོགས་པའི་ཤེས་རབ་ཉིད༔ མངོན་གྱུར་ཆེན་པོ་གཞི་བྱས་ཏེ༔ འཁོར་འདས་འུབ་ཆུབ་རོལ་པ་ཡི༔ ཁྱབ་བརྡལ་རིག་སྟོང་རྫོགས་པ་ཆེ༔ ཐེག་པ་ཀུན་གྱི་འབྲས་བུར་གནས༔ མཐར་ཐུག་གྲོལ་ས་འདིར་ལ་ཟླ༔ ལྟ་བས་བསམ་དང་སྒོམ་རྒྱུ་སྟོར༔ མ་བཅོས་རང་བྱུང་ཆེན་པོ་རུ༔ ཡེ་གྲོལ་ཉིད་ལ་ཆམ་གྱིས་ཞོག༔ རང་གྲོལ་རྒྱལ་པོ་ཧེ་རུ་ཀ༔ སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི༔ བདག་ཉིད་ཆེན་པོ་དེ་ཀའོ༔ ཞེས་གསུངས་པས། འདི་ལ་བཞི། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད་པ། ཉིན་
མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་བ། སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན་པ། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་ཚུལ་ལོ། །དང་པོ་ནི། །རྒྱུད་ལས། ལྟ་བ་རྟོག་བྲལ་མ་འཁྲུལ་བ། །རྡོ་རྗེ་གཞོན་ནུའི་དགོངས་པ་ཡིན། །ཅེས་དང༌། ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་ངོ་བོ་རིག་སྟོང༌། རང་བཞིན་གསལ་སྟོང༌། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི། དང་པོ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ནི། རིག་པའི་ངོ་བོ་དངོས་པོ་དང་མཚན་མར་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པ། གཞི་མེད་རྩ་བ་དང་བྲལ་བས་འདིའོ་ཞེས་བརྗོད་དུ་མེད་པ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་གྱི་ཡུལ་ལས་འདས་པ། བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཀྱི་ཕྱིར་བློའི་སྤྱོད་ཡུལ་མ་ཡིན་པ། ཡེ་གདོད་མ་ཉིད་ནས་རང་བཞིན་གྱིས་སྟོང་པའི་གཤིས་སམ་རང་བབས། འཁྲུལ་གྲོལ་གཉིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ་ཅིང་མྱང་འདས་ཞེས་པའང་ལྟོས་ནས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པ་སྟེ། ཀློང་དྲུག་པ་ལས།
སྟོང་པ་ཡུལ་གྱི་སྤྲོས་པ་མེད། །ཅེས་སོ། །གཉིས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི། ངོ་བོ་ཀ་དག་སྨྲ་བསམ་བརྗོད་བྲལ་དེ་ཉིད་གསལ་མདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ། ནམ་མཁའི་དབྱིངས་ལས་ཉི་མའི་འོད་ཟེར་ཕྱོགས་མེད་དུ་ཁྱབ་པ་བཞིན་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་བཞུགས་པ་སྟེ། དེའང་རྟེན་དང་བརྟེན་པའི་རྣམ་པ་ཅན་མ་ཡིན་པར་ནམ་མཁས་སྣོད་བཅུད་རྣམས་ལ་ཁྱབ་པ་ལྟར་མཐའ་གང་ལའང་མི་གནས་ཤིང་ཀུན་དང་དབྱེར་མེད་པའི་ཚུལ་དུ་འཁོར་འདས་གཉིས་ཀར་རྒྱ་ཆད་དང་ཕྱོགས་ལྷུང་གིས་རིས་སུ་བཅད་པ་མེད་པར་གནས་ཏེ། སྔ་མ་ལས། གསལ་བ་ཡོད་མེད་མཐའ་ལས་འདས། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཅེས་སོ། །གསུམ་པ་ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི། ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་དེ་གཉིས་ཀྱང་གཅིག་དང་དུ་མའི་སྤྲོས་པ་ཀུན་ལས་འདས་ཤིང༌། གདོད་ནས་དབྱེར་མེད་ཟུང་དུ་འཇུག་པ་མར་མེ་དང་མར་མེའི་འོད་ལྟ་བུ་སུས་ཀྱང་བཅོས་ནས་འདུས་མ་བྱས་པའི་རང་བབས་ཀྱི་གནས་ལུགས་སྣ་ཚོགས་སྣང་བའི་འཆར་གཞིར་མ་འགག་པར་རང་སྣང་བ་སྟེ། དེ་ནི་ཡུལ་དང་ཡུལ་ཅན་དུ་བརྟགས་
ནས་བལྟར་མེད་པས་ན་བློ་ལས་འདས་པ་ལྟ་བ་ཀུན་གྱི་རྒྱལ་པོ་གོང་ན་མེད་པའི་ཕྱིར་གནས་པ་གཞིའི་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ངོ༌། །ཞེས་གསུངས་སོ། །གཉིས་པ་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་བ་ལ་གཉིས། དོན་ཉམས་སུ་ལེན་པ་དང༌། ངོ་གཅེར་ཕོག་ཏུ་སྤྲད་པའོ། །དང་པོ་ནི། ཚིག་གསུམ་གནད་དུ་རྡེག་པའི་སྒོ་ནས་རང་གི་རིག་པ་ཆོས་སྐུ་དྲི་མ་མེད་པར་རྟོགས་པར་བྱེད་པ་སྟེ། དེ་ལ་ངོ་རང་ཐོག་ཏུ་སྤྲད་པ་ནི། ད་ལྟར་གྱི་ཤེས་པ་བཅོས་སླད་མཉེན་པོ་དང་བྲལ་བ། ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་མཚན་མར་མ་གྲུབ་པ། སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ་ཝ་ལེ་སང་ངེ་ཕྱམ་མེར་གནས་པ་འདི་ཉིད་ཆོས་སྐུ་ཀ་དག་གི་དགོངས་པ་བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ཞེས་བྱ་བར་ངོ་ཤེས་པར་བྱའོ། །ཐག་གཅིག་ཐོག་ཏུ་བཅད་པ་ནི། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་གྱི་ངང་ལ་མི་གཡོ་བས་གནས་པ་སྟེ། དེའང་དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟར་
གྱི་ཤེས་པ་གང་དུའང་བཅོས་སླད་བྲལ་བའི་ངང་དུ་རིག་པའི་གདངས་མ་འགགས་པར་ཆུ་རྙོགས་པ་དྭངས་པ་དང་འདྲ་བའི་ངང་ལ་ཆེད་དུ་རྩོལ་བས་མ་བསྒྲིམས། ཡེངས་པ་ཕྱལ་བར་མ་ཤོར་བར། ཐ་མལ་གྱི་རིག་པ་སོར་བཞག་གཅིག་པུ་རིག་གེ་སང་ངེ་ཡེར་རེ་ཝལ་ལེར་བཞག་པར་བྱའོ། །གདིང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལྟར་ངང་དྭངས་སྤྲོས་པ་དང་བྲལ་བ་རྒྱ་མཚོ་དྭངས་པ་ལྟ་བུའི་ངང་ལ་བཞག་པའི་དུས་སུ། ཐ་མལ་གྱི་ཤེས་པ་ཡུལ་ཐོག་ཏུ་འཕྲོ་ཡང་རང་ཤར་རང་གྲོལ་དུ་བསྟན་པ་རྦ་རླབས་ཆུར་ཐིམ་པ་ལྟ་བུ་སྟེ། ཤར་དུས་ཉིད་ནས་བཅོས་བསླད་མེད་པའི་ངང་དུ་ཀློད་པས། དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞི་ཐིམ་ལ་སོང་བ་ནི་སྐྱེ་མེད་རང་གྲོལ་ཞེས་བྱ་སྟེ། རང་ཤར་རིས་མེད་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་གདིང་འཆོས་པའོ། །གཉིས་པ་ངོ་གཅེར་ཕོག་ཏུ་སྤྲད་པ་ལ་གཉིས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང༌། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། དབེན་པའི་གནས་སུ་ཚོགས་གཏོར་རྒྱ་ཆེར་བཤམས་པས་མཆོད་ཅིང་གསོལ་བ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ་ལུས་གནད་དྲང་པོར་བསྲང༌། ངོ་སྤྲོད་འདེབས་པ་
པོ་བསྒོམ་གཞིར་བྱས་ནས་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ཕོག་ལ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་གིས་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་དུས་ད་ལྟ་ཉིད་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ཅིག་བྱས་ལ། སྤོས་དང་གུ་གུལ་སྲེག་ཅིང་བླ་མས་ཌཱ་དྲིལ་འཁྲོལ་བ་དང་བཅས། འགྱུར་མེད་དབྱིངས་ཀྱི་མགོན་པོ་ཀུན་ཏུ་བཟང༌། །རང་བྱུང་སྒྱུ་འཕྲུལ་རིགས་ལྔ་ཧེ་རུ་ཀཿ ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །ཞེས་སོགས་ནས། མཁའ་འགྲོ་དམ་ཅན་གཏེར་སྲུང་བཅས་རྣམས་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །འཁོར་འདས་དག་མཉམ་ལྟ་བའི་གདིང་ཆེན་ཐོབ། །མ་བཅོས་རང་བབས་སྒོམ་པའི་རྩལ་ཆེན་རྫོགས། །བྱར་མེད་བྱུང་རྒྱལ་སྤྱོད་པའི་བོགས་ཆེན་འབྱོངས། །
གཉུག་མ་ལྷུན་གྲུབ་འབྲས་བུའི་མཐར་ཕྱིན་ཤོག །ཅེས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབ་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངང་དུ་ཤེས་པ་ཀློད་ལ་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལ་ལྷོད་ཀྱིས་ཀློད་པས་རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས། མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་བསལ་བཞག་མེད་པར་རང་བབས་སུ་བསྐྱང་དུ་གཞུག་གོ །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་ཉམས་མྱོང་བོགས་ཆོད་དུ་སྐྱེ་བའི་ཕྱིར་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ་གསུམ། གནས་པ། འགྱུ་བ། ཟུང་འཇུག་གི་དགོངས་པ་ངོ་སྤྲད་པའོ། །དང་པོ་དོན་སྐྱེ་མེད་དུ་རྩད་བཅད་ནས་གནས་ཐོག་ཏུ་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ངོ་སྤྲད་པ་ནི། སློབ་མ་རྣམས་སྔར་
ལྟར་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་བཞི་ཆ་སུམ་བྲལ་གཤིས་གང་དུའང་མ་གྲུབ་ཅིང༌། མདངས་བདེ་ཆེན་དུ་མ་འགགས་ལ། རྩལ་སྣ་ཚོགས་སུ་སྣང་ཡང་ངོ་བོ་སྨྲ་བསམ་བརྗོད་མེད་བློའི་སྤྱོད་ཡུལ་ལས་འདས་པའི་རིག་པ་གསལ་ལེ། ཡེར་རེ། ཧྲིག་གེ །རྗེན་ནེ། སང་དེ་བ་འདི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིན་པས་དེ་བཅར་ཕོག་ཏུ་ངོས་ཟུངས་ལ་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་བརྡ་སྤྲད། དེ་ལྟར་བཞག་པས་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་ནས་བྱ་བྱེད་དྲན་རྟོག་ཐམས་ཅད་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པར་འཆར་ཏེ། མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། རྟག་ཆད་ཀྱི་འཕྲད་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླ་བའོ། །དེ་ལྟར་ཡང་གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སང་ངེ་གསལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ༌། །ཞེས་གསུངས་པ་ལྟར་རོ། །གཉིས་
པ་རྩལ་སྣང་འགག་མེད་དུ་གཏན་ལ་ཕབ་ནས་འགྱུ་ཐོག་ཏུ་སྤང་གཉེན་མེད་པར་རང་གྲོལ་དུ་ངོ་སྤྲད་པ་ནི། སེམས་ཉིད་བདེ་གསལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་སྣང་དྲན་རིག་འཕྲོ་འདུ་གང་ཤར་དེ་ག་ཕྱིའི་སྣང་བ་མ་འགགས་ལ། ནང་འཛིན་ཞེན་གྱི་གཉེན་པོས་མ་བཅིངས་པའི་སྟེང་དུ་སྔ་ཕྱི་བསུ་སྐྱེལ་དང༌། སྤང་བླང་དགག་སྒྲུབ་སོགས་གང་གིས་ཀྱང་བཅོས་བསླད་མེད་པའི་རིག་པ་གཅེར་བུ་ཧར་སངས་རྗེན་པ། གསལ་རིག་དེ་ཀའི་ངང་མདངས་རང་བབས་སུ་བསྐྱངས་པས་རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་ལྟར་གང་ཤར་གྱི་རྟོག་པ་ཐམས་ཅད་མ་སྤངས་མ་བསྒྱུར་བར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་འགྱུར་བའི་ཕྱིར། དེའང་ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་སྒྱུ་མའི་སྐྱེས་བུ་ལྟར་ཆགས་ཞེན་གྱི་རྩིས་གདབ་མེད་པར་གནས་པ་དང་། ནང་སྣ་ཚོགས་སུ་སྣང་ཡང་ཞེན་འཛིན་མེད་པ་བུ་ཆུང་གི་ཤེས་པ་ལྟར་འདི་ཞེས་ངོས་བཟུང་མེད་པར་གནས་པས་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་ལན་ཚྭ་ཆུར་ཐིམ་པ་ལྟར་རང་ཞི་རང་སངས་ལ་སོང་བས་ཅིར་སྣང་རང་གྲོལ་ཞེས་བྱ་བ་ཡིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །
ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གནས་འགྱུ་ངོ་བོ་དབྱེར་མེད་དུ་ཐག་བཅད་ནས་ཟུང་འཇུག་ཏུ་གང་ཤར་རིག་པ་རྗེན་པར་ངོ་སྤྲད་པ་ནི། སྒོ་གསུམ་རང་བཞིན་ལྷུག་པར་གནས་པའི་ངང་ལས་རྩལ་སྣང་མ་འགགས་པའི་རྣམ་རྟོག་ཇི་སྙེད་ཅིག་འཆར་ཡང་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཤིང༌། གནས་པའི་རང་རྩལ་འགག་པ་མེད་པར་འཕྲོ་བའི་ཕྱིར། དེ་ལྟར་གནས་པ་དང་འཕྲོ་བའི་རང་བཞིན་གཉིས་སུ་མེད་ཅིང་དབྱེར་མེད་པ་སྟེ། དེའང་གནས་འགྱུ་ངོ་བོ་ལྟོས་བཞག་ཅན་མ་ཡིན་པའི་གནད་ཀྱིས་ཚོགས་དྲུག་གི་སྣང་བ་གང་གི་ཕྱོགས་སུའང་མ་ལྷུངས་པར་རིག་པ་རྗེན་པར་བཞག་པས། རྣམ་རྟོག་ཆེ་ཕྲ་ཐམས་ཅད་ཐོལ་སྐྱེས་ཐོལ་ནུབ་འཁྱགས་རོམ་ཆུར་ཞུ་བའམ་ན་བུན་ནམ་མཁར་ཡལ་བ་ལྟར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་གཡོ་བར་ཤེས་པར་བྱའོ། །དེ་ལྟར་ཡང་རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་བཞིན། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡིན་པས། ཇི་ལྟར་
བྱས་ཀྱང་ཆོས་ཉིད་ཀྱི་ངང་མདངས་ལས་མ་འདས་པ་ཡིན་པས། གནས་པ་མི་བསང༌། འཕྲོ་བ་མི་དགག །མཉམ་པ་མི་སྒྲུབ་སྟེ། གང་ཤར་རིག་པའི་ཆོ་འཕྲུལ་ལས་མི་འདའ་བའི་ཕྱིར། མདོར་ན་ལུང་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལ་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པའི་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་བར་ཞོག །ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་བ་ཡང༌། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང༌། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་གསུངས་པ་ལྟར། བཟོ་བཅོས་མེད་པར་རང་བབས་སུ་ཀློད་པས་དགག་སྒྲུབ་བླང་དོར་རེ་དོགས་མེད་པའི་ཞེ་ཆལ་པ་ཞིག་འཆར་ཏེ། དེ་ནི་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ངོ་ཤེས་པར་བྱའོ། །འདི་ངོས་ཟིན་པ་ན་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་ཐམས་ཅད་དུ་རང་རིག་རང་གསལ་རང་བབས་ལ་ཅེ་རེ་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སང་གིས་
འཆར་ཏེ། དེ་རྩོལ་མེད་ཆུ་བོའི་རྒྱུན་བཞིན་དུ་འཇུག་པའི་དྲན་འདུན་གྱིས་བསྐྱང་བ་སྟེ། དེ་དག་གིས་ནི་ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་དགག་སྒྲུབ་བླང་དོར་རེ་དོགས་མཚན་འཛིན་ལས་འདས་པར་ངོ་སྤྲད་པའོ། །དེའང་སྐལ་པ་དང་ལྡན་པའི་གང་ཟག་གིས་དོན་ཉམས་སུ་བླངས་པའི་རྒྱུད་ཐོག་ཏུ་བླ་མས་ངོ་སྤྲོད་ཐེབས་པར་བཏབ་པས་གནས་ལུགས་ཟབ་མོའི་དོན་ལ་སྒྲོ་འདོགས་ཆོད་ཅིང་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་བརྟན་པ་མྱུར་དུ་ཐོབ་པར་འགྱུར་ཞིང༌། བསྒོམ་དོན་ལ་མྱོང་བ་མ་སྐྱེས་པར་གོ་ཡུལ་དུ་སོང་བ་རྣམས་ལ་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སླར་ཡང་དམིགས་རིམ་རྣམས་ལ་མྱོང་བ་ཐོན་ཐོན་གྱི་བར་འབད་ནས་བསྒོམ་ཞིང༌། ཉམས་རྟོགས་སྐྱེས་རིམ་དང་བསྟུན་ནས་ངོ་སྤྲོད་བཏབ་པས་རིམ་གྱིས་ཉམས་མྱོང་གི་སྣེ་ཟིན་པར་འགྱུར་རོ། །གཞན་ཡང་སྐབས་འདིར་ཤེས་པར་བྱ་བའི་གནད་ནི། དེ་ལྟར་མཉམ་པར་བཞག་པའི་ཚེ་ན་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་དང༌། རེས་འགའ་ཧ་ཆད་དེ་བ་ལ་གནས་ཤིང༌། རེས་མི་གནས་པ་དང༌། གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེགས་པ་ཞིག་འབྱུང་བས། དེ་དག་གང་ཡང་གནས་པར་རྩོམ་པ་ཡིན་ཅིང༌། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེགས་
པས། དེ་ལ་ཤེས་པ་མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས་མཐར་རྟོག་པ་མཐུ་རྡུགས་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བས་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིང་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་བསྒྲིམས་ཤིང་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་བཏོན་པས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ། ཞེ་གཏིང་ནས་ཀློད། རང་བབས་སུ་འཇོག་གོ །ཡང་སྐབས་རེ་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་བ་ཡིན་ནོ། །གསུམ་པ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན་པ་ནི། །དེ་ལྟར་ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་ན་སྒོ་གསུམ་གྱི་སྤྱོད་ལམ་གང་རུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་ནམ་ཡང་
མ་གཡོས་ཏེ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་ནམ་མཁའི་ཀློང་ལས་མི་འདའ་བ་བཞིན་ནོ། །དེས་ན་འཁྲུལ་གྲོལ་གྱི་རེ་དོགས་མེད་པས་ཚོགས་དྲུག་གི་ཡུལ་ལ་དེར་འཛིན་གྱིས་མི་ཞེན་པར་ཐུག་ཕྲད་རང་གྲོལ་གང་དགར་རྒྱ་ཡན་དུ་བཏང༌། སྣང་བཏགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་དུ་འུབ་ཆུབ་པར་ཐག་བཅད། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་བླང་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མས་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་མེད་པས་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ་ཐ་མལ་ཁ་ཡན་དུ་འབྱམས་ཤིང༌། བཅོས་མའི་བློས་མི་བསྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་དུ་འབྲལ་བ་མེད་པས་ན་གང་ཟག་ཐ་མལ་པའི་ཚུལ་ལས་རིང་དུ་འདས་ཏེ། སྤྱོད་ལམ་ཇི་ལྟར་སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བས། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་མར་མེའི་རྩེ་མོ་བཞིན་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་
བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་ཚུལ་ནི། དེ་ལ་འབྲས་བུའི་ངོ་བོ་ནི་རིག་སྟོང་ཆོས་ཀྱི་སྐུ་སྟེ། ཡེ་གྲོལ་དུ་འདུག་པས་ང་གདོད་བསྐྱར་ནས་གྲོལ་རྒྱུ་མེད་པར་ཡིད་ཆེས། རང་གྲོལ་དུ་འདུག་པས་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་ཆོད། ཡང་གྲོལ་དུ་འདུག་པས་གྲོལ་ཐོག་ཉིད་ལས་སྤང་བླང་མི་དགོས་པར་གདིང་བཅས་ཏེ། སོར་བཞག་རིག་སྟོང་རྗེས་མེད་ཀྱི་ངང་ལ་ཡེ་ཡིན་རྫོགས་པ་ཆེན་པོར་ཐག་བཅད་ནས་བཟོ་མེད་རེ་དོགས་དང་བྲལ་བར་རང་བཞག་པས། བློ་བདེ་ཆོས་ཉིད་དུ་གྲོལ་བ་ཆོས་སྐུ་རང་གནས་ཆེན་པོར་ལ་ཟློ་བ་ནི་གཉུག་མ་ལྷུན་གྲུབ་ཆེན་པོ་གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་བྱ་བའོ། །དེ་ལྟར་ཡང་རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རིག་པ་ཡེ་ཤེས་ཕུར་པ་དེ། །ལྷད་གིས་རྟོགས་ན་ཐེབས་པ་ཡིན། །འབྲས་བུ་ཆོས་སྐུ་སྐྱེ་མེད་ཐོབ། །མ་ཐེབས་མ་བཏབ་འཁོར་བར་འཁྱམས། །ཞེས་གསུངས་སོ། །མདོར་ན་རང་རིག་མ་བཅོས་པའི་གནས་ལུགས་འདི་
ཉིད་གདོད་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་སུ་ཐག་བཅད་ནས། གཉུག་མ་ཡེ་གྲོལ་གྱི་ཐོག་ཏུ་གཉེན་པོས་བསྐྱར་གྲོལ་མ་དགོས་པའི་གདིང་བཅའ་བའི་སྒོ་ནས་རྩལ་སྦྱོང་སྟེ། དེའང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །། ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པ་ལྟར། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདིང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ། རིག་པ་ཟང་ཐལ་ལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ་སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ལྟར་ཤར་ཡང་ཡུལ་དང་ཡུལ་ཅན་དུ་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མ་གོས་པ་དང་མཚུངས་པ་རྒྱ་མཚོ་ཅོག་བཞག་གི་སྒོམ་པ། རིག་པའི་དྭངས་ཆ་མེ་ལོང་ལྟ་བུར་ཆོས་ཅན་མཚན་མ་ཅིར་སྣང་ཡང་དགག་སྒྲུབ་བྲལ་བར་སྣང་ཤེས་རོ་མཉམ་ཡན་པར་བཞག་པ་སྣང་བ་ཅོག་བཞག་གི་སྤྱོད་པ། རིག་པ་ཟང་ཐལ་ངོས་བཟུང་མེད་པ་ལ་བློས་བཟོ་བཅོས་དང་འཛིན་ཞེན་གང་ཡང་མི་བྱ་བར་རང་གྲོལ་ཀློང་ཡངས་ཆེན་པོའི་དགོངས་
པར་རང་གནས་སུ་བཞག་པ་ནི་རིག་པ་ཅོག་བཞག་གི་འབྲས་བུ་སྟེ། དེ་ལྟར་ཅོག་བཞག་གི་གནད་བཞི་དང་ལྡན་པ་ལས། ཀ་དག་ཟང་ཐལ་གདོད་མའི་ཆོས་དབྱིངས་ཀུན་ཏུ་བཟང་པོའི་གྲོལ་གཞི་བྱང་ཆུབ་སྙིང་པོའི་ས་ལ་ཕྱི་དུས་སུ་མི་ལྟོས་པར་ད་ལྟ་ཉིད་ནས་ཕྱིན་པར་འགྱུར་རོ། །དེ་རྣམས་ཀྱིས་ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ཁྲིད་རིམ་དངོས་གཞི་བཤད་ཟིན་ཏོ། ༈ །དོན་གཉིས་པ་བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་གྱི་ཁྲིད་སྟོན་པ་ནི། ཙིཏྟའི་དབུས་སུ་གསང་བའི་ལམ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ སྙིང་མིག་འབྲེལ་བ་ནང་གི་མཁའ༔ ཉི་མ་དང་ནི་འོད་བཞིན་དུ༔ ཕྱི་རུ་གསལ་བའི་ཡེ་ཤེས་ནི༔ འོད་ཐིག་ལུ་གུ་རྒྱུད་དུ་སྣང་༔ འོད་ནི་དབྱིངས་ལ་དྭངས་མ་ཐིག༔ རིག་ཆ་རྡོ་རྗེ་ལུ་གུ་རྒྱུད༔ ནང་གདངས་དབྱིངས་སུ་བསྲེ་ཞིང་ཀློད༔ རྩེ་གཅིག་ཉམས་ལེན་ལ་གོམས་མཐུས༔ འོད་སྣང་བརྟན་པ་མངོན་སུམ་ལ༔ གསལ་བརྟན་ཡར་འཕེལ་ཉམས་གོང་འཕེལ༔ ལྷ་སྐུར་སྨིན་པ་ཚད་དུ་ཕེབས༔ སྒོ་ཡུལ་འཛིན་ཟད་བློ་
འདས་ཏེ༔ ཡང་དག་རྫོགས་སངས་རྒྱས་ཐོབ་བོ༔ ཞེས་གསུངས་པས། འདི་ལ་གསུམ། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་བ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟན་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགྲ་ཕྲུགས་བཏང༌། །ཞེས་གསུངས་པ་ལས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་བསྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་དོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང༌། དེས་ནི་སྒོ་གསུམ་གནས་པ་དང༌། བརྟན་པ་དང༌། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་
བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོན་ངོ་སྤྲོད་པའོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ཕེབས་པར་བསྟུན། །ཞེས་གསུངས་པ་ལས། དངོ་པོ་ལུས་ཀྱི་གནད་ནི། སྔ་མ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་གསུངས་ཞིང༌། དེའི་ཚུལ་ཡང་མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང༌། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཙོག་པུར་རྐང་མཐིལ་སྤྲད། པུས་མོ་ཕྱིར་བསྒྲད། ལག་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་སར་དྲང་པོར་བཙུགས། རོ་སྟོད་གསེངས་ཏེ་མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་སྨིན་ཕྲག་སྟེང་གི་ནམ་མཁའ་ལ་ཧད་པོར་མི་འགུལ་བར་བལྟ་བའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ལུས་ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་
སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིག་དྲང་པོར་བསྲངས་ནས་མགོ་གྱེན་དུ་དགྱེ་ཙམ་བྱས་ཏེ། ཐད་ཀའི་ནམ་མཁའ་ལ་ཟུར་མིག་ཧྲིལ་གྱིས་བལྟ་བའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་པ་གཉིས་པུས་མོ་ལ་བསྐོར། རྒལ་ཚིག་དྲང་པོར་བསྲངས་ཏེ། མིག་ཅུང་ཟད་ཕབ་ལ་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པས་གནས་སྐབས་སུ་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་ཏེ། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ཏེ། །ཆོས་ཀྱི་མིག་གིས་མཐོང་བར་གྱུར། །ཞེས་གསུངས་པས། རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང༌། ཐབས་
ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གི་གནད་ནི། །འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང༌། །གནས་པ་བརྟེན་ཅིང་ལ་ཡང་ཟླ། །ཞེས་གསུངས་པས། དང་པོ་འཁྲུལ་པའི་གཏམ་བཀག་ནས་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། བར་དུ་ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། མཐར་ལག་གི་བརྡ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བར་ལ་ཟླའོ། །དེ་ལྟར་བྱས་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསུམ་པ་སེམས་ཀྱི་གནད་ནི། །ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་དང༌། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །ཅེས་གསུངས་པས། རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ། དབང་པོ་མི་འགྱུར་བ་མདུད་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་པས། ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་
གེར་འཆར་བར་འགྱུར་རོ། །དེ་ལྟར་ཡང་ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས། དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང༌། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་གསུངས་པ་ལས། དང་པོ་འཆར་བྱེད་སྒོའི་གནད་ནི། །སྔ་མ་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང༌། ཇི་ལྟར་ན། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས། དེའང་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་གནས་པའི་ཟེར་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་ནས་མིག་གི་སྒོར་འོད་རྩའི་ལམ་ནས་འཆར་བས། ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུར་བྱ་སྟེ། དེ་ལྟར་ཡང༌། ཙཀྵུ་
ཟིམ་བུས་སཱུརྱར་བལྟ། །ཤར་གྱི་རྒྱ་དཀར་བཞིན་དུ་གསལ། །ཞེས་པས། ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་བལྟས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་གྱི་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་ན་ནང་གི་དབྱིངས་རིག་མཐོང་། དེས་དབང་པོ་བར་སྣང་ལ་འཁྲིད་ཅིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ། །དེ་ཡང་བལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབ་པས་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་སྤྲིན་དང་བསིར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང༌། གཞན་ཡང་ཉིན་མོ་ཆོས་སྐུའི་རྟེན་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བལྟ་བ་དང༌། མཚན་མོ་ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་དུ་གཏད་ཅིང༌། ནང་ནུབ་སྤྲུལ་སྐུའི་རྟེན་མར་མེའི་དཀྱིལ་ནས་གཞན་དུ་ཁྲིད་དེ་བལྟ་བ་གནད་དོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། །ཞེས་དང༌། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་
སྟོང་པ། དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་ལ་དབེན་པའོ། །གསུམ་པ་རླུང་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། ཅེས་གསུངས་པས། རླུང་དལ་བ་མ་བརྟེན་ན་རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་རྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ཅུང་ཟད་ཙམ་བྱ་སྟེ། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །བཞི་པ་རིག་པའི་གནད་ནི། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང༌། །དངོས་སྣང་དལ་བ་ཉིད་ཀྱིས་བརྟན། །ཞེས་གསུངས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་
ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་གསལ་བའི་འོད་ལྔར་ཡང༌། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང༌། །ཞེས་གསུངས་པ་ལྟར་དང༌། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང༌། དེའང་ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང༌། མུ་ཏིག་གི་ཕྲེང་བ་དང༌། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་སྒྱུ་ལྟར་འལ་འོལ་མི་གསལ་བ་འགུལ་འཁྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཆེ་རེ་གཏད་ནས་ཡིན་མིན་གྱི་དཔྱད་པ་སོགས་རྣམ་རྟོག་གིས་མ་བསླད་པར། བལྟ་མཁན་གྱི་རིག་པ་དེས་རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང༌། ཅི་སྟེ་འོད་གསལ་གྱི་སྣང་བ་མི་གསལ་བའམ་གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན། དེའི་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུར་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་གཏད། བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་བལྟས་པས། ཕྱི་
སྣང་བ་མ་འགགས་ཤིང༌། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས། འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་སྟེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་ཉམས་སྣང་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བ་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྦྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་གྲུབ་པའོ། །གསུམ་པ་དེ་ཉིད་ངོ་སྤྲད་པ་ལ་གསུམ། ངོ་སྤྲོད་དངོས་དང༌། སྤྲོ་བ་བསྐྱེད་པ། རྣལ་འབྱོར་བཞིས་ཉམས་ལེན་གནད་དུ་བསྣུན་པའོ། །དང་པོ་ནི། ངོ་སྤྲོད་ཀྱི་གནས་ཕྱོགས་ཕྱེད་པར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ། ཚོགས་གཏོར་བཤམས་པས་མཆོད་ཅིང་གསོལ་བ་གདབ་པ་དང་བྱིན་འབེབས་རྣམས་སྔར་ལྟར་བྱས་ནས། སློབ་མ་རྣམས་སྒོ་གསུམ་གྱི་གནད་འཆིང་དུ་བཅུག །སྔར་བཞིན་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱཻ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་སྔར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་
ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། དེའང་ངོ་སྤྲད་བྱ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་རྒྱུའི་རྒྱུད་སོགས་བཤད་པ་དེ་འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད། སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང༌། གནད་རྣམ་པ་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། མིག་རྒྱང་ཞག་ས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་ནམ་མཁའ་རྣམ་དག་སྒྲོན་མའི་མདངས་བྱད་བཞིན་དུ་ཤར་བ་ནི་ནམ་མཁའི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་གསལ་ཞིང་དྭངས་པར་སྣང་བ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེའང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པའོ། །
ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ནི་ཤེས་པར་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་རང་ཡིན་ནོ། །དེའང་ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ། འདི་ཁོ་ན་གདོད་མའི་མགོན་པོ་ཀུན་བཟང་འོང་མི་འགྱུར་བ་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །ཤེས་པ་ཙམ་གྱིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང༌། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་གསུངས་པས། ཡེ་ནས་འདུས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་
གྱི་དཀྱིལ་འཁོར་ཞལ་མཐོང་བ་ཡིན་པས་སྒོམ་པ་ལ་བརྩོན་པར་གྱིས་ཤིག །ཅེས་ངོ་སྤྲད་དོ། །གཉིས་པ་སྤྲོ་བ་བསྐྱེད་པ་ནི། འོ། རིགས་ཀྱི་བུ་འདི་ལྟར་མཐོང་བ་འདི་རང་བྱུང་གི་རིག་པ་ཐིག་ལེ་ཉག་གཅིག་ཆོས་ཉིད་མངོན་སུམ་གྱི་སྣང་བ་ཞེས་བྱ་བ་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ཀྱི་ཞལ་མངོན་སུམ་དུ་མཇལ་བ་ཞེས་བྱའོ། །སྐུ་གསུམ་ཡེ་ཤེས་ལྔ་མངོན་དུ་གྱུར་པ་ཞེས་བྱའོ། །ལས་རང་བག་ཆགས་སྡིག་སྒྲིབ་མ་རིག་པ་ཐམས་ཅདང་དག་པ་ཞེས་བྱའོ། །ཉོན་མོངས་པ་ཆོས་ཉིད་དུ་ཤར་བ་ཞེས་བྱའོ། །ལས་རང་སྐལ་བར་ལྡན་པ་ཞེས་བྱའོ། །བསོད་ནམས་ཀྱི་ཚོགས་རྫོགས་པ་ཞེས་བྱའོ། །སངས་རྒྱས་ཐམས་ཅད་ཀྱི་དབང་དུས་གཅིག་ལ་ཐོབ་པ་ཞེས་བྱའོ། །རིག་པ་རྩལ་གྱི་དབང་ཐོབ་པ་ཞེས་བྱའོ། །དུས་དེ་རིང་ནས་དཔལ་ཀུན་ཏུ་བཟང་པོ་རིགས་ལྔའི་སངས་རྒྱས་དང་ཁྱོད་ལ་ཁྱད་པར་རྡུལ་ཙམ་ཡང་མེད་དོ་། གསང་བ་སྤྱོད་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁའ་བལྟ། །དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །མཉམ་པར་བཞག་ཅིང་འབྲལ་མི་བྱ། །དེ་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་པ་དག་ནི་མཉམ་པའོ། །ཞེས་གསུངས་པའི་དོན་ལགས་པས་ངེས་ཤེས་
སྦྲོ་བ་རྒྱ་ཆེན་པོ་སྐྱེད་ཅིག །ཅེས་བསྔགས་པ་བརྗོད་ལ་སྤྲོ་བ་བསྐྱེད་དོ། །དེ་ལྟར་ངོ་སྤྲད་པས་གནས་སྐབས་སུ་ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་དུ་མཐོང་ཞིང་། མཐའ་ཐུག་མངོན་སུམ་མཐོང་བའི་གནད་ཀྱིས་ཚོའི་བར་ཆོད་ཀྱང་རང་བཞིན་སྦྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་འགྱུར་རོ། །གསུམ་པ་རྣལ་འབྱོར་བཞིས་ཉམས་ལེན་གནད་དུ་བསྣུན་པ་ལ་བཞི། ཉིན་མོ་སྣང་བ་རང་རྒྱས་འདེབས་པ། སྲོད་ལ་དབང་པོ་གནས་སུ་བསྡུ་བ། ནམ་གུང་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་རང་གསལ་གདབ་པའོ། །དང་པོ་ནི། མཉམ་བཞག་དང་རྗེས་ཐོབ་གང་གི་སྐབས་སུའང་ཤེས་རིག་སོ་མ་རང་ཚུགས་མ་ཤོར་བས་ཅི་སྣང་ཅི་ཤར་ཐམས་ཅད་གཉིས་མེད་ཡེ་གྲོལ་གྱི་དགོངས་པ་ཟང་ཐལ་བློ་འདས་ཆེན་པོར་ལ་བཟླ། དེ་ལྟར་མི་ལྕོགས་པའི་སྐབས་ཀྱང་ཤེས་པ་རྒྱ་ཡན་དུ་མ་ཤོཪ་བར་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྩལ་སྦྱོང་ཞིང་དེའང་ཀ་དག་གི་དབྱིངས་སུ་སྐྱེལ་བ་ལ་བསླབ་པར་བྱའོ། །གཉིས་པ་སྲོདལ་དབང་པོ་གནས་སུ་བསྡུ་བ་ནི། སྤྲུལ་སྐུའི་འདུག་སྟངས་བཅས་ཏེ། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་ཕྱི་དཀར་ལ་ནང་དམར་བའམ། ཡང་ན་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་མདའ་སྨྱུག་ཙམ་སྤྱི་བོ་ནས་གསང་གཉིས་ཀྱི་བར་དྲང་ཐལ་ལེར་གནས་པའི་ནང་གི་ལྟེ་བའི་ཐད་དུ་པདྨ་
དམར་པོ་འདབ་མ་བཞི་པའི་དབུས་སུ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་མེའི་རང་བཞིན་ཅན། དབུ་མའི་ཡས་སྣར་ཧྃ་དཀའ་པོ་མགོ་ཐུར་བསྟན་སྣུམ་ལ་འདྲིལ་བ་བདེ་བའི་རང་བཞིན་འཛག་ལ་ཁད་པ་ཞིག་བསྒོམ། དེ་ལྟར་བདེ་དྲོད་ཀྱི་གཞི་བཅའ་བའི་དམིགས་པ་ལ་སེམས་ཅུང་ཟད་བཟུང་ནས། རླུང་རོ་ལན་གསུམ་བསལ། སྟེང་རླུང་དལ་གྱིས་རྔུབ། འོག་རླུད་གྱེན་དུ་འཐེན་པས། ལྟེ་བའི་ཨ་ཐུང་ལས་མེ་དམར་ཁྱུག་གེ་འབར། སྤྱི་བོའི་ཧྃ་ལ་རེག །ཧྃ་ལས་བྱང་སེམས་བདེ་བའི་རྒྱུན་ནར་གྱི་བབས་པས་མེའི་གསོས་བྱས། མེ་ཆེར་འབའ་བས་ལས་དང་བག་ཆག་ཐམས་ཅད་བསྲེགས། ཟླ་བ་བདུད་རྩིར་ཞུ་བའི་དྭངས་མས་དབུ་མ་དང་ལུས་ཀྱི་རྩ་ཁམས་ཐམས་ཅད་གང་། བདེ་དྲོད་ཀྱི་ཡེ་ཤེས་ཁྱད་པར་བ་སྐྱེས་པ་ལ་སེམས་རྩེ་གཅིག་ཏུབཟུང་སྟེ་བུམ་ཅན་ནམ། མི་ནུས་ན་བར་རླུང་ཅི་ནུས་སུ་བཟུང་ངོ་། །གསུམ་པ་ནམ་གུང་ཤེས་བྱ་བུམ་པར་གཞུག་པ་ནི། ལོངས་སྐུའི་འདུག་སྟངས་སམ་གཞོག་གཡས་ཕབ་བར་གསུངས་ཤིང་། དཀྱུས་སུ་དྲང་སྲོང་ཅོག་པུའི་སྟབས་ཀྱིས་ཉལ་བར་བཞེད་ལ་གང་ལྟར་ལུས་ཀྱི་དབུས་སུ་དབུ་མ་སྔར་ལྟར་གསལ་བའི་སྙིང་གར་པདྨ་མང་པོ་འདབ་མ་བཞི་པ་ཁ་ཅུང་ཟད་བྱེ་བའི་དབུས་སུ་ཨ་ཡིག་དཀར་པོ་འོད་འབར་བ་ཞིག་བསྒོམ་ལ་སེམས་དར་གཅིག་བཟུང་།
ཡང་སྤྱི་བོར་ཨ་དཀར་པོ་ཞིག་གསལ། དེ་ནས་ཨ་གཉིས་ཀྱི་བར་དུ་ཨ་དཀར་པོ་ཤིན་ཏུ་ཕྲ་བ་ཉེར་གཅིག་ཕྲེང་བ་བརྒྱུས་པ་ལྟར་གནས་པར་བསམས་ལ། བུམ་ཅན་ནམ་འཇམ་རླུང་རང་བབས་ཀྱི་ངང་ནས་ཅི་ནུས་སུ་བསྒོམ། གཉིད་དུ་འགྲོ་ཁར་ཨ་རྣམས་རིམ་གྱིས་སྙིང་གའི་ཨ་ལ་ཐིམ། དེ་ནས་སྤྱི་བོའི་ཨ་དེ་ཡང་སྙིང་གའི་ཨ་ལ་སིབ་ཀྱིས་ཐིམ། སྙིང་གའི་ཨ་དེ་ཉིད་པདྨ་ཁ་ཟུམ་པའི་ནང་དུ་བུམ་ནང་གི་མ་མེ་ལྟར་གནས་པར་བསམ་ཞིང་། རྨི་ལམ་འཛིན་པའི་འདུན་པ་དང་བཅས་ཏེ་སེམས་གྲིམས་ལྷོད་རན་པའི་ངང་ནས་གཉིད་དུ་འགྲོ་བར་བྱ། གལ་ཏེ་གཉིད་མ་བྱུང་བའམ་རྣམ་རྟོག་ཤར་ན་སྤང་བླང་བས་སྐྱེལ་དགག་སྒྲབ་མི་བྱ་བར་ཨ་ལ་སེམས་གཏད། གཉིད་མཐུག་པོ་མིན་པའི་གཉིད་དང་རྨི་ལམ་གྱི་བར་དེར་མི་དང་ཁང་ཁྱིམ་སོགས་རྣམ་རྟོག་གི་སྣང་བར་རི་ཞིག་འབྱུང་བ་དེ་རྨི་ལམ་གྱི་རྒྱུ་ཡིན་པས་ན་མིག་མི་འབྱེད་པར་དེ་རྨི་ལམ་ཡིན་སྙམ་པའི་འདུན་པ་གཏད་ལ་ཨ་ཁོ་ནར་སེམས་བཟུང་ཞིང་ངེས་ཟིན་པར་བྱས་པས་དཔེ་ཁབ་མིག་ཏུ་སྐུད་པ་ཆུད་པ་ལྟར་མུ་འབྱོར་ཞིང་ཟིན་སླ་བ་ཡིན། དེ་ལས་ཇི་ཞིག་ན་གཉིད་མཐུག་པོའི་སྐབས་ཀྱི་སྟོང་པའི་ཡེ་ཤེས་རྨི་ལམ་མེད་པར་གསལ་སྟོང་ནམ་མཁའ་ལྟ་བུ་ལྷག་གེར་འཆར་ན་དེའི་ཉམས་མ་ཤོར་བའི་ངང་ནས་ལྷ་སྐུ་སྒྱུ་མ་ལྟ་བུའི་སྐུར་ལྡང་བ་ལ་བསླབ།
རྨི་ལམ་རྨིས་ན་དེ་ཉིད་ཨ་ལ་བསྡུ་ཞིང་གོང་ལྟར་བསྒོམས་པས་འོད་གསལ་རང་བྱུང་གི་ཡེ་ཤེས་འཆར་བར་འགྱུར་རོ། །བཞི་པ་ཐོ་རངས་ཡེ་ཤེས་རང་གསལ་གདབ་པ་ནི། །གཉིད་སད་མ་ཐག་སེང་གེའི་འདུག་སྟངས་བཅས་ཏེ། མིག་བར་སྣང་ལ་གཏད་དེ་ཧ་སྒྲ་གསུམ་བུས་པས་སྙིང་གའི་པདྨ་ཁ་བྱེ་བའི་ནང་ནས་ཨ་དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན། གཞུག་པ་ཙམ་གྱི་ནམ་མཁའ་ལ་ལིང་ངེ་འདུག་པ་ལ་སེམས་གཏད་དེ་རླུང་ཅུང་ཟད་ཕྱིར་འཛིན་བྱ། ཤེས་པ་ཡེར་ཞིང་རྒོད་ན་ཕྱིར་ཕབ་སྟེ་སྙིང་ནང་དུ་འདུག་པ་ལ་སེམས་གཏད་ཅིང་ལྟ་སྟངས་ཕབ། ཡང་བྱིང་ན་སྔར་ལྟར་བསྒོམས་པས་བྱིང་རྒོད་དང་བྲལ་བའི་ཏིང་ངེ་འཛིན་བཟང་པོ་སྐྱེའོ། །དེ་ལྟར་རྣལ་འབྱོར་བཞིའི་རིམ་པས་ཉམས་སུ་བླངས་པས་བདེ་གསལ་མི་རྟོག་པའི་ཡེ་ཤེས་ཆུ་བོའི་རྒྱུན་བཞིན་འཆར་ཞིང་མངོན་པར་ཤེས་པ་ལ་སོགས་པ་འགྲུབ། བྱ་རྩོལ་བྲལ་བ་ཀུན་བཟང་གི་ཀློང་ཆེན་པོར་མྱུར་དུ་གྲོལ་བར་འགྱུར་རོ། །གསུམ་པ་རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པ་ལ་གསུམ། སྣང་བཞིའི་འཆར་སྒོ་ངོས་བཟུང་བ། མཐའ་བརྟེན་བཞིའི་གོམས་ཚུལ་བཤད་པ། འབྲས་བུའི་གྲོལ་ཚུལ་བསྟན་པའོ། །དང་པོ་ལ་བཞི་སྟེ། ཀློང་གསལ་ལས། སྣང་བཞིའི་འཆར་ཚུལ་མ་ཤེས་ན། །ས་ཟིན་མེད་པའི་སྐྱོན་ཉིད་འབྱུང་། །སྣང་བ་བཞི་རུ་ཤེས་པར་བྱ། །
ཞེས་གསུངས་པས། དང་པོ་ཆོས་ཉིད་མངོམ་སུམ་གྱི་སྣང་བ་ནི། གོང་དུ་བསྟན་པ་བཞིན་ལུས་ངག་ཡིད་ཀྱི་འཕྲུལ་འཁོར་དང་། སྒོ་ཡུལ་རླུང་རིག་གི་གནད་བཞིས་གཅུན་པས། རྒྱང་ཞགས་ཆུའི་སྒྲོན་མ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་འཇའ་གུར་རམ་རྨ་བྱའི་མདོངས་ལྟ་བུའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་འོད་ཟླུམ་ཐིག་ཕྲན་ཅན་ཤར་བའི་དབུས་སུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་གསལ་ལ་མ་ཡེངས་པར་བཅིངས་ཏེ་བལྟས་པས། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལྷག་གེར་སྐྱེས་པའི་ངང་ལ་མི་གཡོ་བར་བཞག་པའི་ཤེས་པ་གསལ་ལ་དྭངས་པ་ཀ་དག་ལྷུན་གྲུབ་དབྱེར་མེད་ཀྱི་ངོ་བོ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་གདོད་མའི་གཞི་ལ་ང་ལྟར་གྱི་སྣང་སེམས་གྲོལ་བར་བྱེད་པ་སྟེ། རིག་པ་དབྱིངས་ཀྱི་ར་བར་ཚུད་པས་ཐིག་ལེ་སུམ་འབྲེལ་གྱི་སྣང་བ་དབང་པོའི་མངོན་སུམ་དུ་མཐོང་བ་ཚུན་ཆད་ཆོས་ཉིད་མངོན་སུམ་གྱི་སྣང་བའོ། །དེའང་ཙིཏྟ་རིན་པོ་ཆེའི་སྦུབས་འོར་ལྔ་འདུས་པའི་ཕོ་བྲང་ན། གདོད་མའི་མགོན་པོ་འོད་མི་འགྱུར་བ། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་རིག་པའི་སྙིང་པོ་ཅན་ནང་གསལ་དུ་བཞུགས་པའི་གདངས་སྐུ་དང་ཞིང་ཁམས་ཚད་མེད་པའི་སྣང་བ་ལ་དབང་འབྱོར་བས་འོག་མིན་ཆེན་པོར་སངས་རྒྱས་པ་ཞེས་བྱ་སྟེ། དེ་ཡང་
དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པ་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཐོང་བས་གནས་སྐབས་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་འཁྱོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དེའང་གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམ་གྱི་གོམས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང༌། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང༌། གྱེན་སྒྲེང༌། རྩིབས་ཤར། དྲྭ་བ། དྲྭ་ཕྱེད། པདྨ། མིག་མང་རིས། ཉི་ཟླ། མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ལ། ཐིག་ལེ་ཡང༌། སྲན་མ་ཙམ་དང༌། མེ་ལོང་དང༌། ཁམ་ཕོར་དང༌། བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་ཇེ་ཆེ་དང༌། རིག་པ་ལུ་གུ་རྒྱུད་ཀྱང༌། སྐར་མདའ་འཕྲོ་བ་ཙམ་དང༌། འདབ་ཆགས་འཕུར་རྐྱེན་པ་དང༌། རི་དྭགས་རྩིབས་ལ་རྒྱུག་པ་དང༌། ཤ་ར་ཎ་དལ་གྱིས་རྒྱུག་པ་དང༌།
་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ་སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་གནས་པ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང༌། །ཞེས་གསུངས། དེ་ལ་སློབ་དཔོན་བི་མ་ལ་མི་ཏྲས་ནི། དབྱིངས་སྣང་ཟླུམ་འཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་ཉམས་གོང་འཕེལ་གྱི་མཐོང་སྣང་དུ་མཛད་ནས། ལྷ་སྐུ་ཤར་བ་ཕན་ཆད་རིག་པ་ཚད་ཕེབས་སུ་བཞེད་ནའང༌། འདིར་ནི་སློབ་དཔོན་ཆེན་པོ་པདྨའི་དགོངས་པ་སྟེ། བཏགས་གྲོལ་དོན་ཁྲིད་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་བའི་དུས་ནས་ཐིག་ལེའི་ནང་དུ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེའང་འདིར་འོད་སྣང་གྱེན་སྒྲེང་གི་ཚེ་ཐུར་དང༌། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང༌། གྲུ་གསུམ་ལ་ཐུར་དུ་གཅུན་པར་ཡང་བཤད་དོ། །དེ་ལྟར་གོང་འཕེལ་གྱི་སྣང་བ་མཐོང་བས་གནས་སྐབས་ཉམས་
སྣང་གི་ཡོན་ཏན་རྣམས་ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བར་འགྱུར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་དག་སྟེ་འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་ནམ་མཁའ་གང་བར་འཆར་ཞིང༌། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས། དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང༌། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་ནས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས་སོ། །དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་
ཞིང་ན་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་ཅིང༌། སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས་སོ། །དེས་གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པས། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་
བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་པས། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེའང་ལུས་མི་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེའང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། སྒྲོན་མ་མ་འགུལ་བས་སེམས། སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །དེའང་ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལ་འོད་གསལ་གྱི་སྣང་བ་འགགས་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱངས་པས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་
བཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བ་ཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེས་པས། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་བསྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལའང་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་སྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་བྱི་དོར་དང་རྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་
པ་ལྟར་ཟུང་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཅིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུང་ཟད་དེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་སྐད་ཅིག་ལ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། ཕུང་པོའི་སྣང་བ་འགགས་ནས་གདོས་བཅས་སུ་མི་སྣང་བས། སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་རིག་པ་གཏད་པས་སྣང་བདེ་ཀུན་རང་ལོག་སྟེ། སྣང་བྱེད་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པས་མི་སོགས་སེམས་ཅན་རིག་པ་བཅུག་ན་མཚམས་མེད་པ་
ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱ་སྟེ། དེའང་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་གནད་ཀྱིས་སོ། །དེའི་ཚེ་བོམ་པོ་ལ་རིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་ནུས་པ་འོང་ངོ༌། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་དང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང༌། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་ལྔ་བྱས་པ་ཡང་རང་དང་མཉམ་དུ་འཚང་རྒྱ་སྟེ། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང༌། །ཞེས་པས། ཡར་གྱི་གདིང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང༌། མ་ཐོབ་ཀྱི་དོགས་པ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདིང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང༌། ལྟུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་
པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གིས་གནས་སྐབས་སུ་ཐད་སོའི་དོན་རྣམས་འགྲུབ་ཅིང༌། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་བ་སྟེ། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་གི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གཉིས། ཐུན་མོང་དང༌། ཁྱད་པར་གྱི་གྲོལ་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང༌། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར། ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཁྱད་པར་གྱི་གྲོལ་ཚུལ་ནི། དེ་ཉིད་ལས། ཡང་དག་པར་རྫོགས་པ་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས།
ཉོན་མོངས་པ་ཕྲ་རགས་དང་འབྱུང་ལུས་ཀྱི་གདོས་པ་ཐམས་ཅད་དག་ནས་ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང༌། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱིས་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ཁྲིད་རིམ་དངོས་གཞི་བཤད་ཟིན་ཏོ། ༈ །སྤྱི་དོན་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ལ་གསུམ་སྟེ། ངོ་བོ། དབྱེ་བ། སོ་སོའི་ལམ་ཁྱེར་རོ། །དང་པོ་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང༌། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་འཁྲུལ་པའི་བར་དོ་ཡིན་ལ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང༌། འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། །
གཉིས་པ་དབྱེ་བ་ལ་བཞི། སྐྱེ་གནས་སམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་བར་དོ། སྲིད་པའི་བར་དོའོ། དང་པོ་རང་བཞིན་གྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པའི་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིང་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའི་ལམ་ཁྱེར་ནི། བར་དོ་རེ་ལ་དཔེ་དོན་གཉིས་གཉིས་ཀྱིས་སྟོན་ཏེ། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུ་ནི། བླ་མ་དམ་པ་ལ་བརྟེན་ནས་དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་བསྒོམས་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཉམས་མྱོང་རིག་ཐོག་ཏུ་སྤྲོས་པའི་སྒྲོ་འདོགས་ཆོད་ནས་འབྲས་བུ་མངོན་དུ་བྱེད་པའོ། །གཉིས་པ་འཆི་ཁའི་བར་དོ་ལ་གསལ་འདེབས་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་བསྒོམས་པའི་གདམས་པ་སྐབས་འདིར་བློ་ལ་གསལ་གདབ་པ་སྟེ། འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམ་རྣམས་ལ་གདམས་པའི་གནད་བློ་དོར་
གསལ་བཞིན་དུ་མིག་འོད་སྣང་ལ་བལྟ་ཞིང་རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས། ད་ལྟའི་འོད་གསལ་སྐྱེལ་མ་ལྟ་བུ་དང་། བར་དོའི་འོད་གསལ་སུན་མ་ལྟ་བུ་གཉིས། ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པར་ལྟར། སྔ་ཕྱིའི་འོད་གསལ་མ་བུ་འཕྲོད་ནས་གདོད་མའི་དབྱིངས་སུ་གྲོལ་བའོ། །གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་འཆར་བ་རྣམས་ཐིམ་ཚུལ་ལྔའི་སྒོ་ནས་ངོས་ཟིན་པར་བྱ་བ་སྟེ། ཐོག་མར་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་ཚེ་རིག་པའི་འོད་རྩལ་ཞུགས་ནས་སྐད་ཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལ་མཐའ་དབུས་མེད་པར་འཆར། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དེའི་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའ་ཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་རྣམས་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་
རྣམས་འཆར། དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང་། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པའི་ཞིང་ཁམས་འཆར་རོ། །དེའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ངོ་ཤེས་པས་གྲོལ་བའོ། །དེའང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་དབང་པོའི་རིམ་པས་རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་འཆར་བ་དུས་མཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུན་གྲུབ་ཀྱི་སྣང་བར་གྲོལ་ཞིང་། སྣང་བའི་འཆར་ཚུལ་ཀྱང་གང་དུ་གྲོལ་བ་ཡན་ཆད་འཆར་ལ། དེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ཏེ། དེ་དག་གང་དུ་གྲོལ་ཀྱང་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ། བཞི་པར་གྲོལ་ཐོག་ནས་སེམས་ཅན་གྱི་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནང་གསལ་བུམ་སྐུར་བཞུགས་སོ། །སྐད་ཅིག་དེ་དག་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཀྱང་མཐའ་གཅིག་ཏུ་མི་ངེས་ཏེ། བསམ་གཏན་གྱི་ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་པའི་བར་གྱི་གོམས་ཆ་རིང་ཐུང་ཡིན་པའི་
ཕྱིར་རོ། །བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་ལ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ཀྱི་ལམ་དུ་འཇུག་པ་སྟེ། དེ་ཡང་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་པ་དང༌། གོམས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞན་སྟོབས་ཀྱིས་སྔ་ཕྱིའི་འོད་གསལ་གཉིས་ཤར་ནུབ་དུས་མཉམ་པས། རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་ལ་སོང་སྟེ་རྣམ་སྨིན་ལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ནས་བར་དོའི་ཡིད་ལུས་གྲུབ་སྟེ། སྣང་བ་ཐམས་ཅད་བན་བུན། ཟ་ཟི་ཕྱད་ཕྱོད། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་སྣ་ཚོགས་འཆར་ཞིང༌། འབྱུང་བཞིའི་དངོས་པོ་གང་ལའང་ཐོགས་མེད་དུ་འཇུག་ནུས་པའི་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ། སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབང་པོ་རྣོ་ལ་དྲན་པ་གསལ་བ། རིགས་མཐུན་གྱི་འགྲོ་བ་གཞན་ལྷ་མིག་དག་པས་མཐོང་བ། སྔར་གོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བར་ཤེས་པའི་ཚེ། སྔར་གྱི་གདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་
ཐམས་ཅད་རང་ངོ་ཤེས་ནས། དེའང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང་གཟུང་འཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་རྟོགས་པས་གྲོལ་བ་དང༌། བློ་འབྲིང་རྣམས་ཡི་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལ་བ་དང༌། བློ་ཐ་མས་དག་པའི་ཞིང་ཡིད་ལ་བསམས་ནས་མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁར་སྐར་མདའ་འཕངས་པ་ལྟར་དག་ཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་བའོ། །དེར་མ་གྲོལ་ན་ཕྱི་མའི་མངལ་སྒོ་ངན་པ་སྤངས་ཏེ་བཟང་པོའི་འཕྲོ་མཐུད་པ་ནི། གང་དུ་སྐྱེ་འགྱུར་གྱི་ཕ་མ་དེ་ཉིད་བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པའི་མའི་མངལ་དུ་པད་ཉི་ཟླ་སྟེང་ཧཱུཾ་ཡིག་དཀར་པོ་ཞིག་བསམ་ལ། དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླང་བའི་རྟེན་འདི་ལ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམས་པ་དེ་ཉིད་མངལ་གྱི་ཧཱུཾ་ལ་ཐིམ་པར་བསམ་ཞིང་སྤྲོས་བྲལ་གྱི་ངང་དུ་བཞག་
པས། ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་ལྡན་པ་སྦྱངས་པའི་ལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པས་ཚེ་དེ་ཉིད་དམ་བར་དོར་ངེས་པར་འཚང་རྒྱ་བ་ཡིན་ནོ། ༈ །སྤྱི་དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱ་བའི་མན་ངག་ལ་གསུམ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་ཚུལ་ལོ། །དང་པོ་ནི། མངོན་སུམ་གྱི་སྣང་བ་ལ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་རྨི་ཞིང་སེམས་བདེ་གསལ་མི་རྟོག་པའི་ཏི་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེས། སྐབས་སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་བསམ་ལ་རིག་པ་འོད་ཀྱི་གོང་བུ་མིག་ནས་འཐོན་ཏེ་གཙོ་བོའི་ཐུགས་ཀར་འཕངས་པར་བྱ་ཞིང༌། མཚན་དུས་ཉལ་ཚེ་ཐོ་སྐོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང༌། ལུས་གཞལ་ཡས་ཁང་དང༌། སྙིང་པདྨ་ཉི་ཟླའི་དབུས་ན་རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་པར་ངེས་སོ། །གཉིས་པ་བར་དོའི་དུས་སུ་འཕོ་བ་ནི། རང་སྣང་བར་དོའི་འོད་གསལ་ནུབ་
དུས་རང་ཉིད་ཀྱིས་བར་དོ་ངོ་ཤེས་པ་འབྱུང་བས། དེའི་ཚེ་སྔར་གྱི་དམིགས་པ་དེས་འཕོས་པས་སྐྱེ་བའོ། །དེའང་ཆོས་ཉིད་བདེན་པའི་བྱིན་རླབས་དང༌། རིག་འཛིན་བླ་མ་རྣམས་ཀྱི་ཐུགས་རྗེ་ལས་དེ་ལྟར་འབྱུང་བ་ཡིན་ལ། བར་དོའི་ཡིད་ལུས་གང་དུ་བསམ་པར་ཕྱིན་ནུས་པའི་རྫུ་འཕྲུལ་ཡོད་པའི་གནད་ཀྱིས་སོ། །འདིར་ཁ་ཅིག་བེམ་རིག་བྲལ་མ་ཐག་སྐྱེ་བ་དང༌། ཁ་ཅིག་འོད་གསལ་ནུབ་པ་དང་དུས་མཉམ་དུ་སྐྱེ་བ་དང༌། ཁ་ཅིག་སྲིད་པའི་བར་དོ་ལ་འཐོན་ནས་རྨི་ལམ་ལྟར་ཡད་ཡུད་ཞག་བདུན་ལ་སོགས་པར་གནས་པ་ལས། རྨི་ལམ་སད་པའི་ཚུལ་གྱིས་མངོན་དགའ་སོགས་གང་དུ་མོས་པའི་དག་ཞིང་ཁམས་སུ་བརྫུས་ཏེ་སྐྱེ་བར་གསུངས། དེ་དག་ནི་གོམས་ཤུགས་རབ་འབྲིང་ཐ་མའི་དབང་གིས་བྱས་པའོ། །གསུམ་པ་སྤྲུལ་སྐུའི་ཞིང་དུ་གྲོལ་ཚུལ་ནི། དེ་ལྟར་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང༌། གསུང་ཐོས། དབང་བསྐུར། ལུང་ནོད། དབུགས་དབྱུང༌། ལུང་བསྟན། གཟེངས་བསྟོད་རྣམས་ཐོབ་ནས། ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་གདོད་མའི་གཞི་ལ་སྐད་ཅིག་གིས་གྲོལ་བ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་
བཞིན་དུ། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པར་རོལ་པ་ནི་མཁའ་དབྱིངས་ཀྱི་ཟླ་བ་དྭངས་པའི་ཆུ་སྣོད་ཇི་སྙེད་པར་འཆར་བ་ལྟ་བུ་དང༌། འགྲོ་བའི་དོན་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་འཆད་པ་ཉིད་དོ། །ཞར་བྱུང་གདམས་ངག་ལག་ལེན་གྱི་གནང་བསྟན་པ་ལ་གཉིས། སྤྱིའི་རྣམ་པར་བཞག་པ་དང༌། དངོས་ཀྱི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། སྤྱིར་རྫོགས་པ་ཆེན་པོའི་ལུགས་འདིའི་གདམས་ངག་གི་འདེབས་ལུགས་གསུམ་དུ་བཞེད་དེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ཚང་སྤྲུགས་སུ་གདབ་པའོ། །དང་པོ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་རིམ་པ་མྱོང་བ་ཐོན་པར་སྔོན་དུ་སོང་ནས། དངོས་གཞི་ངོ་སྤྲོད་དེ། རྗེས་རྒྱབ་ཆོས་ཀྱིས་ཡིད་ཆེས་པར་བྱེད་པའོ། །གཉིས་པ་ནི། ལས་འཕྲོ་སད་པ་ཁ་ཅིག་ལ་སྙེ་མ་མགུལ་པ་ནས་འཆང་བ་ལྟར་དབང་གི་རྗེས་ལ་ངོ་སྤྲད་ནས་ཉམས་སུ་ལེན་པ་སྟེ། དེའང་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ཁོ་ན་སྟོན་པར་བྱེད་པའོ། །གསུམ་པ་ནི། དུས་མཐའི་ཚེ་འཆི་ཁའི་མི་དེ་མགྲོན་པོ་ལམ་ཞུགས་ལྟ་བུ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ལྟ་བུ། ལས་སྣང་འཁྲུལ་པའི་
འཆར་ཚུལ་ངོ་མ་ཤེས་ན་དགྲར་ལྡང་བའི་ཚད་ཡོད་ཅིང༌། ངོ་ཤེས་ན་གྲོགས་སུ་འཆར་བའི་ཚད་ཡོད་པས། དུས་དེར་ངོ་སྤྲོད་ཚད་ལུགས་སུ་འདེབས་པར་གསུངས་སོ། །[原告看不清485页]དེའང་ཕྱི་མ་གཉིས་པོ་ས་བཅད་དང་པོའི་ལོངས་སུ་འདུ་བ་ཡིན་ནོ། །གཉིས་པ་ལག་ལེན་དངོས་ཀྱི་དབྱེ་བསྡུ་བཤད་པ་ནི། རྫོགས་རིམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། ཐོག་མར་ཐུན་གྱི་སྔོན་འགྲོ་ནས་བརྩམས་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་ཚོགས་བསགས་རྣམས་དང་། ཐུན་མོན་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ནས་བཟུང་དངོས་གཞི་ཁྲེགས་ཆོད་དང་ཐོད་རྒལ་གྱི་མན་ངག་འདིར་ཇི་སྐད་བསྟན་པའི་རིམ་པ་རྣམས་ཁྲིད་རྐང་རེ་རེ་ནས་རྒྱུད་ལ་མྱོང་བ་མ་སྐྱེས་ཀྱི་བར་དུ་བསྒོམ་རིམ་བཞིན་སྟོན་ཅིང༌། མན་ངག་གི་རྒྱབ་ཆོས་གཞན་ཇི་ལྟར་རིགས་པས་ཀྱང་ཁོག་བཀྲོལ་ཏེ་ཟབ་དོན་སྨར་ཁྲིད་གནད་ཐོག་ཏུ་དྲིལ་ནས་བཅད་པར་བྱའོ། །ཡང་རྫོགས་རིམ་གཞན་གྱིས་རྒྱུད་སྦྱངས་ཟིན་པའི་གང་ཟག་ལམ་འདིའི་དངོས་གཞི་ལ་འཇུག་པར་སྤྲོ་ན། ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་ཇི་ལྟར་འོས་པ་ནས་སྒོ་གསུམ་གྱི་སྔོན་འགྲོ་ནས་བརྩམས་ཁྲེགས་ཆོད་དངོས་ལ་འཇུག་པས་ཆོག་ཅིང༌། ཁྲེགས་ཆོད་ལེགས་པར་སྔོན་དུ་མ་སོང་བ་ལ་ཐོད་རྒལ་རྐྱང་པ་ནམ་ཡང་སྟོན་དུ་མི་རུང་ལ། དབང་པོའི་སྒོ་མི་
གསལ་བ་ལྟ་བུ་ཐོད་རྒལ་གྱི་སྣོད་དུ་མི་རུང་བ་ལའང་ཁྲེགས་ཆོད་ཁོ་ན་ཤིན་ཏུ་སྟོན་པར་རུང་བ་ཡིན་ནོ། །མདོར་ན་གང་ཡང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱི་དབྱེ་བསྡུའི་གནས་རྣམས་ལ་འདྲིས་པར་བྱའོ། །ཐེག་དགུའི་རྩེ་རྒྱལ་ཟབ་གསང་ཨ་ཏི་ཞེས། །རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ་བཟང་མཆོག །གང་དེའི་མན་ངག་རྒྱ་མཚོའི་ཡང་སྙིང་བཅུད། །ཐར་འདོད་ཡིད་ཀྱི་གདུང་སེལ་ཉིད་དུ་མཚོན། །བསོད་ནམས་དྲི་མ་མེད་ལས་འགྲོ་ཀུན་གྱི། །འགྱུར་བཅས་གློ་བུར་འཁྲུལ་པའི་སྒྲིབ་པ་ཀུན། །འོད་གསལ་སྣང་བའི་སྦུབས་སུ་རབ་སངས་ཏེ། གདོད་མའི་གཞི་ལ་འཁོར་བ་དོང་སྤྲུགས་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། གསང་ཆེན་རྫོགས་པ་ཆེན་པོའི་ལམ་ལས་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བ་ལས། རྗེས་སུ་འཇུག་པའི་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། བག་ཡངས་རང་གྲོལ་སྒྱུ་མའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་
རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཤེས་རབ་ཀྱི་ཆའི་ཌཱ་ཀི་འདུ་བའི་དུས་བཟང་པོ་ལ། སྦས་ཡུལ་མཁན་པ་ལྗོངས་ཀྱི་བསྟི་གནས་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་ཟབ་ལམ་གྱི་སྣོད་དུ་གྱུར་ཏེ་ཀུན་བཟང་རྡོ་རྗེ་གཞོན་ནུའི་རྒྱལ་ཐབས་མཆོག་ལ་མྱུར་དུ་དབུགས་ཆེན་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།
རྡོ་རྗེ་ཕུར་བུའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་གྱི་རྣམ་བཤད་མདོར་བསྡུས་ཟབ་དོན་རྒྱ་མཚོའི་དགའ་སྟོན།
༄༅། །རྡོ་རྗེ་ཕུར་བུའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་གྱི་རྣམ་བཤད་མདོར་བསྡུས་ཟབ་དོན་རྒྱ་མཚོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། འཕོ་འགྱུར་དང་བྲལ་གཉུག་མའི་རྡོ་རྗེ་སེམས། །འཁོར་འདས་ཐལ་འབྱིན་ཕུར་བུའི་ངོ་བོ་རུ། །ཡོངས་བཞུགས་དོན་གྱི་ཧེ་རུ་ཀར་བཏུད་ནས། །སྨོན་པའི་ཚིག་གི་རྣམ་བཤད་མདོ་ཙམ་དབྱེ། །དེའང་རྡོ་རྗེ་ཕུར་བུའི་ལམ་གྱི་རིམ་པ་དང་སྦྱར་བའི་སྨོན་ལམ་ཟབ་མོ་འདི་ཉིད་ཀྱི་གོ་དོན་ཅུང་ཟད་གླེང་བ་ལ་གཉིས་ཏེ། བསྔོ་བྱའི་དགེ་རྩ་ངོས་བཟུང་བ་དང༌། དེ་ཉིད་ཇི་ལྟར་བསྔོ་བའི་ཚུལ་ལོ། །དང་པོ་ནི། ཧོཿ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །དུས་གསུམ་བསགས་པའི་དགེ་ཚོགས་ཇི་སྙེད་ཀུན། །ཞེས་པ་སྟེ། ཧོཿ ཞེས་ངོ་མཚར་བའི་ཚིག་གིས་ཐོག་དྲངས་ནས། ཤིན་ཏུ་བླ༷་ན་མེ༷ད་པ་འོག་མིན་
གས༷ང་བ་མཆོ༷ག་གི༷་དཀྱི༷ལ་འཁོ༷ར་སྣང་སྲིད་གཞིར་བཞེངས་དག་མཉམ་ལྷའི་ཕྱག་རྒྱ་ཆེན་པོར་ཡོངས་སུ་སད་པའི་སྤྱན་སྔ་འདི༷ར། རང་གཞན་སྐྱེ་འགྲོ་རྣམས་ཀྱིས་འདས་དང་མ་འོངས་ད་ལྟ་སྟེ་དུ༷ས་གསུ༷མ་གྱི་གནས་སྐབས་ཀུན་ཏུ་ཡུལ་དགེ་བ་ལ་སྤྲོ་བའི་སེམས་ཀྱིས་མངོན་པར་དྲངས་ཏེ་སྒོ་གསུམ་ཆིག་དྲིལ་དུ་བརྩོན་པས་བསྒྲུབས་ནས་བས༷གས་པའི༷་དགེ༷་བ་རྣམ་པར་དཀར་བའི་ཚོ༷གས་ཇི༷་སྙེ༷ད་པ་ཀུ༷ན་ཏེ། ཕལ་པོ་ཆེ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང༌། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་གང༌། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་གཉིས། རང་དོན་འབྲས་བུ་ལམ་གྱི་ཆེད་དུ་བསྔོ་བ་དང༌། གཞན་དོན་འཁོར་བ་
དོང་ནས་སྤྲུགས་པའི་དོན་དུ་བསྔོ་བའོ། །དང་པོ་ལ། མཐར་ཐུག་འབྲས་བུའི་ཆེད་དུ་བསྔོ་བ་དང༌། གནས་སྐབས་ལམ་གྱི་ཆེད་དུ་བསྔོ་བ་གཉིས་ལས། དང་པོ་ནི། མི་དམིགས་བདེ་ཆེན་བྱང་ཆུབ་སེམས་ཀྱི་ཀློང༌། །སྲིད་པ་རྡོ་རྗེ་ཕུར་བུ་འགྲུབ་ཕྱིར་བསྔོ། །ཞེས་པ་སྟེ། དེ་ལྟ་བུའི་དགེ་བའི་རྩ་བ་དེའང་ཀུན་རྫོབ་སྤྲོས་པའི་སྣང་ངོར་སྒྲོ་བཏགས་པ་ཙམ་ལས་དོན་དམ་པར་བསྔོ་བྱའི་དགེ་རྩ་དང༌། བསྔོ་བ་པོ་བདག་དང༌། བསྔོ་བའི་ཡུལ་སེམས་ཅན་གང་ཡང་མ་གྲུབ་ཅིང་བརྗོད་བྱའི་ཐ་སྙད་ཙམ་ཡང་མི༷་དམི༷གས་པས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་བདེ༷་བ་ཆེ༷ན་པོ་འོད་གསལ་བྱ༷ང་ཆུ༷བ་སེ༷མས་ཀྱི༷་རོལ་པ་འཁོར་འདས་མཉམ་ཉིད་རྫོགས་པ་ཆེན་པོའི་ཀློ༷ང་དམ་གཤིས་ལུགས་སྲི༷ད་པ༷་རྡོ༷་རྗེ༷་ཕུ༷ར་བུ༷འི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་ཉིད། གློ་བུར་གྱི་དྲི་མ་ལས་གྲོལ་ཏེ་རང་གནས་ཆོས་སྐུའི་ཡོན་ཏན་མངོན་དུ་གསལ་བའམ་འགྲུ༷བ་པའི་ཕྱིར༷་འགྱུར་བའི་ཆོས་ཀྱི་དབྱིངས་སུ་མི་བསྔོ་བར་ཤེས་པས་རང་བབས་སུ་འཇོག་པ་ལ་བསྔོ༷་བའི་ཐ་སྙད་དུ་བྱས་པའོ། །དེ་ལྟར་ཡང་རྒྱན་སྟུག་པོ་བཀོད་པར། བདེ་གཤེགས་སྙིང་པོའི་ཁམས་དགེ་བ། །བསྔོས་པར་གྱུར་ན་འབྲས་བུ་འབྱིན། །ཞེས་གསུངས། ཕྱིར་དགེ་རྩ་གང་ལའང་མཚན་འཛིན་གྱི་བློ་དང་བཅས་པས་
བསྔོ་བར་མི་ཆུད་ཅིང༌། དེ་སྤངས་ན་བསྔོ་བ་མཚན་ཉིད་པ་ཡིན་པའི་ཚུལ། སྡུད་པ་ལས། གལ་ཏེ་མཚན་མར་བྱེད་ན་བྱང་ཆུབ་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཞེས་སོགས་གསུངས་པ་བཞིན་ནོ། །གཉིས་པ་ལ་གཉིས། ལམ་སྤྱིའི་ཆེད་དུ་བསྔོ་བ་དང༌། ལམ་གྱི་མན་ངག་བྱེ་བྲག་ཏུ་བསྔོ་བའོ། །དང་པོ་ལའང༌། ལམ་རྩ་བའི་དོན་དུ་བསྔོ་བ་དང༌། ལམ་གྱི་ཡན་ལག་གི་དོན་དུ་བསྔོ་བ་གཉིས་ཀྱི། དང་པོ་ནི། དབང་གི་ཆུ་བོས་བདག་རྒྱུད་རབ་ཏུ་སྨིན། །གཞུང་བཤད་ཆུ་བོས་བསྒོམ་བྱ་གཏན་ལ་ཕེབས། །གདམས་པའི་ཆུ་བོས་ཉམས་ལེན་རང་བྱན་ཚུད། །མན་ངག་ཆུ་བོ་གནད་ཀྱི་གཟེར་ཐེབས་ཤོག །ཅེས་པ་སྟེ། དེའང་ཆུ་བོ་བཞི་འདུས་ཀྱི་སྒོ་ནས་རྟོགས་པར་བྱ་དགོས་པ་ལས། གསང་སྔགས་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབ༷ང་གི༷་ཆུ༷་བོ༷་སྐུར་བྱེད་ངོ་སྤྲོད་དང་བཅས་པས་བད༷ག་རྒྱུ༷ད་ར༷བ་ཏུ༷་སྨི༷ན་ཅིང༌། རྩ་བ་གཞུང༷་བཤ༷ད་ཆུ༷་བོ༷་འགྲེལ་ཊཱིཀ་གཏོང་ཐུན་དང་བཅས་པས་བསྒོ༷མ་བྱ༷འི་གནས༷་ལུགས་ཚུལ་བཞིན་གཏ༷ན་ལ༷་ཕེ༷བས་པ་དང༌། ཟབ་གནད་གདམ༷ས་པའི༷་ཆུ༷་བོ༷་མངོན་རྟོགས་ལག་ལེན་དང་བཅས་པ་ལ་གོམས་ཤིང་འདྲིས་པས་ཉ༷མས་ལེ༷ན་ལ་ར༷ང་བྱ༷ན་ཚུ༷ད་ནས། མ༷ན་ང༷ག་གི་ཆུ༷་བོ༷་དྲིས་ལེན་གེགས་སེལ་དང་བཅས་པ་ལ་ཕུ་ཐག་ལེགས་པར་ཆོད་པས་ཟབ་
མའི་གན༷ད་ཀྱི༷་གཟེ༷ར་ཐེ༷བས་པར་ཤོ༷ག་ཅིག་ཅེས་པའོ། །དེ་ཡང་དགེ་རྩ་འདིས་དེ་དང་དེ་ལྟ་བུར་གྱུར་ཅིག་ཅེས་བསྔོ་སྨོན་གཞི་མཐུན་དུ་བྱ་བའི་དོན་ཚིག་མཐའ་གཞན་རྣམས་ལའང་ཤེས་པར་བྱའོ། །གཉིས་པ་ནི། ཐབས་ཀྱི་སྤྱོད་པས་ལམ་གྱི་བོགས་ཆེན་འབྱོངས། །ཐལ་འབྱིན་དགོངས་པས་དབང་གི་གདེང་ཚད་བརྙེས། །སྙིང་རྗེས་བསྒྲལ་བའི་དམ་ཚིག་ཚད་དུ་འཁྱོལ། །འབར་བའི་ཕྲིན་ལས་འབྲས་བུའི་མཐར་ཕྱིན་ཤོག །ཅེས་པ་སྟེ། དེ་ལ་གཉིས་མེད་ལྟ་བ། རླབས་ཆེན་ཐབས། གདུག་པ་འདུལ་བའི་སྤྱོད་པ་སྟེ་ཐབ༷ས་ཀྱི༷་སྤྱོ༷ད་པ༷་རྒྱ་མཚོས་ལྟ་སྒོམ་ལ༷མ་གྱི༷་བོ༷གས་ཆེ༷ན་འབྱོ༷ངས་པ་དང༌། སྣང་སྲིད་ཕུར་བུ་ཐ༷ལ་འབྱི༷ན་དགོ༷ངས་པ༷ས་སངས་རྒྱས་རྣམས་ཀྱི་ཕྲིན་ལས་དུས་གཅིག་ལ་རྫོགས་པའི་དབ༷ང་ཆེན་ཆེ་བའི་མཆོག་གི༷་གོ་འཕང་ཁམས་གསུམ་ཡོངས་སུ་སྒྲོལ་བའི་གདི༷ང་ཚ༷ད་མངོན་དུ་བརྙེ༷ས་ནས། སྤྱིར་འགྲོ་བ་ཐམས་ཅད་སྙི༷ང་རྗེ༷འི་བློས་མི་གཏོང་ཞིང༌། སྒོས་ཞིང་བཅུར་གྱུར་པའི་དགྲ་བགེགས་རྣམས་ལས་ངན་པའི་ལམ་ལས་བཙན་ཐབས་སུ་བཟློག་སྟེ་སངས་རྒྱས་ཀྱི་ས་ལ་བསྒྲ༷ལ་བར་བྱ་བ༷འི་ད༷མ་ཚི༷ག་གི་མཆོག་ཉིད་ཚ༷ད་དུ་འཁྱོ༷ལ་ཏེ། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འབ༷ར་བ༷འི་རྒྱལ་བ་སྐུ་གསུམ་གྱི་ཕྲི༷ན་ལ༷ས་མ་བཙལ་ལྷུན་གྱིས་གྲུབ་པ་འབྲ༷ས་བུ༷འི་མཐ༷ར་ཐུག་རྡོ་རྗེ་གཞོན་ནུའི་ས་ལ་ཕྱི༷ན་པར་ཤོ༷ག་ཅིག་པའོ། །གཉིས་པ་ལ་བཞི། ཐུགས་རྗེའི་ཕུར་
བུ། མཚན་མའི་ཕུར་བུ། བྱང་སེམས་ཕུར་བུ། རིག་པའི་ཕུར་བུ་ཐེབས་པར་སྨོན་པའོ། །དང་པོ་ནི། ཐུགས་རྗེའི་ཕུར་བུ་རྒྱུད་དྲུག་ཡུལ་ལ་ཐེབས། །བསྐྱེད་པའི་རིམ་པས་ཐ་མལ་སྣང་ཞེན་སྦྱངས། །གདན་གསུམ་མི་ཤིགས་རྡོ་རྗེ་འཁོར་ལོས་གཏམས། །སྲིད་བཅུད་ཡེ་ཤེས་ཁྲོ་བོར་ཡོངས་གྲུབ་ཤོག །ཅེས་པ་སྟེ། ཐུ༷གས་རྗེ༷་ལྷ་སྐུར་སྤྲུལ་པའི་ཕུ༷ར་བུ༷་རྒྱུ༷ད་དྲུག་གིས་བསྡུས་པའི་ཁམས་གསུམ་སེམས་ཅན་གྱི་ཡུལ༷་ལ༷་ཐེབ༷ས་པས། གསལ་སྟོང་བསྐྱེ༷ད་པའི༷་རི༷མ་པ༷ས་སྣོད་བཅུད་ཐ༷་མ༷ལ་དུ་སྣ༷བ་བའི་ཞེ༷ན་པ་སྦྱ༷ངས་ནས། ཕུང་ཁམས་དབང་ཡུལ་ཡན་ལག་གད༷ན་གསུ༷མ་མི༷་ཤི༷གས་བདེ་ཆེན་རྡོ༷་རྗེ༷་གཞོན་ནུའི་དཀྱིལ་འཁོར་གྱི་འཁོ༷ར་ལོ༷ས་རབ་ཏུ་གཏ༷མས་ཏེ། སྣང་སྲི༷ད་སྣོད་བཅུ༷ད་ཐམས་ཅད་ཡེ༷་ཤེ༷ས་ཁྲོ༷་བོ༷་ཆེན་པོའི་ཕྱག་རྒྱར་ཡོ༷ངས་སུ་གྲུབ་པར་ཤོ༷ག་ཅིག་པའོ། །གཉིས་པ་ནི། མཚན་མའི་ཕུར་བུ་དགྲ་དང་བགེགས་ལ་ཐེབས། །ཚད་མེད་སྙིང་རྗེའི་ལྕགས་སྐྱུས་ཉེར་དྲངས་པའི། རྨད་བྱུང་ཚེ་ཁྲུས་བསྒྲལ་འདྲེན་སྦྱོར་བ་ཡིས། །མ་དག་ཞིང་བཅུའི་གནས་ངན་རྒྱུན་བཅད་ཤོག །ཅེས་པ་སྟེ། མཚ༷ན་མ༷་རྫས་ཀྱི་ཕུ༷ར་བུ་ཉམས་པ་བདུན་ལྡན་གྱི་དགྲ༷་ད༷ང་བརྣག་པའི་གདོན་བགེ༷གས་ལ༷་ཐེ༷བས་པས། དམིགས་པའི་ཡུལ་ལ་ཚ༷ད་མེ༷ད་པའི་སྙི༷ང་རྗེ༷འི་འཇུག་པ་ལྕ༷གས་ཀྱུ༷་རྣོན་པོ་ལྟ་བུས་ཉེ༷་བར་དྲ༷ངས་པ༷འི་སྟོབས་
ལས། སྒྲོལ་བའི་ལས་ཐབས་རྨ༷ད་དུ་བྱུ༷ང་བ་གཟས་པོའི་ཚེ་བསོད་བདག་གི་ཚེའི་གསོས་སུ་བསྟིམས་པ་ཚེ༷་ལུང་དང༌། ཁོའི་ལས་ངན་བག་ཆགས་ཐམས་ཅད་ཡེ་ཤེས་འོད་ཀྱིས་སྦྱོང་བ་ཁྲུ༷ས་ལུང་དང༌། རྟེན་དང་བརྟེན་པའི་ཕུང་པོ་བསྒྲ༷ལ་ནས་རྣམ་ཤེས་འོག་མིན་དུ་འདྲེ༷ན་པ་གནས་ལུང་སྟེ། དེ་ལྟ་བུའི་མན་ངག་གི་སྦྱོ༷ར་བ་ཟབ་མོའི་མཐུ་ཡི༷ས་མ༷་དག༷་པའི་གདུལ་བྱ་ཞི༷ང་བཅུ༷་ཚང་བའི་འགྲོ་བ་ཐམས་ཅད་རྡོ་རྗེའི་དམྱལ་བ་ཆེན་པོ་སོགས་སྐྱེ་གན༷ས་ང༷ན་པའི་ལམ་དུ་ལྟུང་པའི་ལས་ཀྱི་རྒྱུ༷ན་རྩ་བ་ནས་བཅ༷ད་པར་ཤོ༷ག་ཅིག་པའོ། །གསུམ་པ་ནི། བྱང་སེམས་ཕུར་བུ་ཡུམ་གྱི་མཁའ་ལ་ཐེབས། །ཕོ་ཉའི་ལམ་ལས་རྩ་རླུང་ཐིག་ལེའི་འགྲོས། །འཕོ་མེད་དྷཱུ་ཏིའི་སྦུབས་སུ་རབ་བཅིངས་ཏེ། །བཅུ་དྲུག་དགའ་བའི་ཡེ་ཤེས་མཐར་སོན་ཤོག །ཅེས་པ་སྟེ། ཀུན་རྫོབ་རྒྱུའི་ཐིག་ལེ་བྱ༷ང་ཆུབ་སེ༷མས་ཀྱི་ཕུ༷ར་བུ༷་མཚན་ཉིད་དང་ལྡན་པའི་ཡུ༷མ་གྱི༷་གསང་བ་བྷ་གའི་མཁ༷འ་ལ༷་ཐེ༷བས་པས། ཕོ༷་ཉ༷་བདེ་བ་ཆེན་པོའི་ལ༷མ་ལ༷ས་འཆིང་བྱེད་རྩ༷འི་མདུད་པ་གྲོལ། འགྲོ་འོང་རླུང་གི་རྒྱུ་བ་དག །ཐི༷ག་ལེ༷་ བྱང་སེམས་ཀྱི་འགྲོ༷ས་འཕོ༷་མེ༷ད་དབུ་མ་དྷཱུ༷་ཏཱི༷འི་སྦུ༷བས་སུ༷་ར༷བ་ཏུ་བཅི༷ངས་ན༷ས། རྒྱུ་དང་འབྲས་བུའི་དགའ་བ་བཅུ༷་དྲུ༷ག་གི་རིམ་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་དག༷འ་བ༷འི་ཡེ༷་ཤེ༷ས་ཀྱི་མཐ༷ར་སོ༷ན་པར་ཤོ༷ག་ཅིག་པའོ། །བཞི་པ་ནི།
རིག་པའི་ཕུར་བུ་ཆོས་དབྱིངས་ལྷུམས་སུ་ཐེབས། གནས་པ་གཞི་ཡི་རྡོ་རྗེ་ཕུར་བུ་ཉིད། །བགྲོད་པ་ལམ་གྱི་ཕུར་བུས་མཚམས་སྦྱར་ནས། །གྲུབ་པ་འབྲས་བུའི་ཕུར་བུར་མངོན་རྫོགས་ཤོག །ཅེས་པ་སྟེ། རི༷ག་པ་ཡེ་ཤེས་དྲི་མ་མེད་པ༷འི་ཕུ༷ར་བུ༷་ཆོ༷ས་དབྱི༷ངས་སྤྲོས་པ་དང་བྲལ་བའི་ལྷུ༷མས་སུ༷་ཐེ༷བས་པས། ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་དག་རང་བྱུང་གི་ཡེ་ཤེས་གན༷ས་པ༷་གཞི༷་ཡི༷་རྡོ༷་རྗེ༷་ཕུ༷ར་བུ༷་འཁོར་འདས་ཆོས་སྐུ་ཉག་གཅིག་གི་རང་བཞིན་དུ་ལྷུན་གྱིས་གྲུབ་པ་དེ་ཉི༷ད། སྟོང་གསལ་འགག་པ་མེད་པའི་རིག་པ་བགྲོ༷དཔ༷་ལ༷མ་གྱི༷་ཕུ༷ར་བུ༷་སྐུ་གསུམ་རང་གསལ་གྱི་དགོངས་པ་ཡུལ་སེམས་གཉིས་མེད་རྫོགས་པ་ཆེན་པོའི་ངང་དུ་ཕྱམ་བརྡལ་གྱི་ཏིང་ངེ་འཛིན་རང་བབས་སུ་ཀློང་པས་མཚ༷མས་སྦྱར་ན༷ས། སེམས་ཉིད་གློ་བུར་གྱི་དྲི་མ་དང་བྲལ་བ་དག་པ་གཉིས་ལྡན་གྲུ༷བ་པ༷་འབྲ༷ས་བུ༷འི་ཕུ༷ར་བུ༷་སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་ཆེན་པོར་མངོ༷ན་དུ་རྫོ༷གས་པར་ཤོ༷ག་ཅིག་པའོ། །རྩ་བའི་གཉིས་པ་ནི། །སྣང་བའི་ངོ་བོ་བཛྲ་ཀུ་མཱ་ར། སྟོང་པའི་རང་བཞིན་དཱིཔྟ་ཙཀྲའི་དབྱིངས། །ཟུང་འཇུག་ཐུགས་རྗེ་རྟག་ཁྱབ་ཕྲིན་ལས་ཀྱིས། །འགྲོ་ཁམས་ཐིག་ལེ་གཅིག་ཏུ་བཟླུམས་གྱུར་ཅིག །ཅེས་པ་སྟེ། ཇི་ལྟར་སྣ༷ང་བ༷འི་འཆར་ཆ་ཐམས་ཅད་གདོད་ནས་ངོ༷་བོ༷་ཉིད་ཀྱིས་རྣམ་པར་དག་ཅིང་
རང་མདངས་འགག་མེད་དུ་ཤར་བའི་ཡེ་ཤེས་བ༷ཛྲ༷་ཀུ༷་མཱ༷་ར༷་སྟེ་རྡོ་རྗེ་གཞོན་ནུའི་རང་བཞིན་དང༌། སྣང་ཆའི་གཤིས་གང་དུའང་མ་གྲུབ་པས་སྟོ༷ང་པ༷འི་ར༷ང་བཞི༷ན་དཱི༷པྟ༷་ཙ༷ཀྲ༷་ཞེས་འཁོར་ལོ་རྒྱས་འདེབས་མའི་མཁའ་དབྱི༷ངས་ཏེ། ཡེ་ནས་དབྱིངས་དང་ཡེ་ཤེས་གཉིས་མེད་ཟུ༷ང་དུ་འཇུ༷ག་པའི་རང་རྩལ་བརྩེ་བའི་ཐུ༷གས་རྗེ༷་ཆེན་པོ་ཀུན་ཏུ་རྟག༷་ཅིང་ཡོངས་ལ་ཁྱ༷བ་པའི་ཕྲི༷ན་ལ༷ས་འབད་མེད་འདོད་རྒུར་འཇོ་བའི་སྟོབས་ཀྱི༷ས། སྲིད་པ་གསུམ་གྱིས་བསྡུས་པའི་འགྲོ༷་ཁ༷མས་རྒྱ་མཚོ་མ་ལུས་པ་ཐམས་ཅད་ཆོས་དབྱིངས་ཐི༷ག་ལེ༷་ཉག་གཅི༷ག་གི་ཀློང་ཆེན་པོར་འུབ་ཏུ༷་བཟླུ༷མས་པའམ་གྲོལ་བར་གྱུ༷ར་ཅི༷ག་ཅེས་པའོ། །འདི་རྣམས་ཀྱི་དོན་ཞིབ་པར་རྩ་བའི་རྒྱུད་དང་བཤད་འགྲེལ་མན་ངག་གི་གནད་རྣམས་ལས་རྟོག་པར་བྱ་ཡི། འདི་རེ་ཞིག་དེ་ཙམ་མོ། །ཐལ་འབྱིན་ལམ་གྱི་རིམ་པ་དང་སྦྱར་བའི། །སྨོན་པའི་ཚིག་གི་གོ་དོན་འབྲུ་འགྲེལ་ཙམ། །སྨྲས་པ་འདིས་ཀྱང་འགྲོ་ཀུན་ལམ་འདི་ལས། །ཟུང་འཇུག་གོ་འཕང་མྱུར་དུ་མངོན་བྱེད་ཤོག །ཅེས་རང་ཉིད་ཀྱིས་བརྩམས་པའི་རྡོ་རྗེ་ཕུར་བུའི་ལམ་རིམ་གྱི་སྨོན་ཚིག་འདི་ལ་འབྲུ་གཉེར་བའི་རྣམ་པར་བཤད་པ་ཞིག་གྱིས་ཞེས་གཏེར་འབྱིན་རིག་པ་འཛིན་པའི་ཁྱུ་མཆོག་མི་འགྱུར་བདེ་བའི་རྡོ་རྗེའི་གསུང་གིས་ཆོས་བདག་སྤྲུལ་པའི་
སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་སྡེར་བསྐུལ་བར་མཛད་པ་བཞིན་དེ་ཉིད་ཀྱི་ཞལ་སྔ་ནས་རྗེས་སུ་བསྐུལ་བ་ལས། ལྷ་རིགས་ཀྱི་བནྡྷེ་རིགས་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།
ཕུར་སྒྲུབ་སྨན་སྒྲུབ་སྦྲེལ་མའི་སྐབས་ཀྱི་ཡོ་བྱད་གྲབ་ཤོམས་ཟིན་ཐོ།
ཕུར་སྒྲུབ་སྨན་སྒྲུབ་སྦྲེལ་མའི་སྐབས་ཀྱི་ཡོ་བྱད་གྲབ་ཤོམས་ཟིན་ཐོ་ལ། ཉིན་དང་པོར། ས་ལྷའི་དཀར་གཏོར། གཞི་བདག་དཀར་གཏོར་དང་གསེར་སྐྱེམས། ཉེར་སྤྱོད་སྒོར་མཆོད། བུམ་གཏེར། བ་བྱུང་དང་དྲི་ཆུའི་དུང་ཞལ། བགེགས་གཏོར། གུ་གུལ། ཡུངས་ཐུན། དབང་མཆོག་གི་ཕུར་པ་དང་ཕུར་གདན། རྒྱལ་ཆེན་སྡེ་བཞིའི་ཐོ་བྱང་རྒྱལ་མཚན་ཅན། མཆོད་གཏོར་དཀར་ཟླུམ་མཐེབ་རིལ་ཅན་བཞི། གྲུ་གསུམ་དམར་པོ་མཐེབ་ཀྱུ་ཅན་གཉིས། ཤིང་ཁྲོལ་དུ་ཉེར་སྤྱོད་ཕྲེང་ཚར། བས་བུམ་སོགས་མདུན་ཆས། གསེར་སྐྱེམས་ཡོ་བྱད། གཡབ་དར། ལིངྒ། སྲས་ཕུར། རོ་གཡམ་ལ་རྒྱ་གྲམ་རི་གླིང་བྲིས་པས། སཱཙྪ་ནག་པོ། སྒོ་བྱང་གཤིན་རྗེ་དང་འཁྱིལ་བའི་སྐུ། ཕུར་བུ་རེ་རེ། ཁྲོ་བཅུའི་སྦམ་ཕུར། ཕུར་གདན་བཅུ། ཐོ་བ། མ་ཏྲཾ། ཁྲག་ཆེན་བདུད་རྩི་ལྔ་དྲི་སྦྱར་གྱི་ཐོད་ཞལ་བཅས། ༈ །ཉིན་གཉིས་པར་སྦྱོང་ཆས། ཁྲུས་བུམ། མེ་ལོང༌། ཁྲུས་གཞོང༌། ཁྲུས་དར། གུལ་ཡུངས་རཀྟ། སྣོད་གཅིག་ཏུ་གཙོ་ཕུར། ༡ ཡུམ་ཕུར། ༢ སྲས་ཕུར། ༥ ཁྲོ་ཕུར། ༡༠ ཡུམ་ཕུར། ༡༠ ཟ་གསོད། ༢༠ སྲས་ཕུར། ༢༡ ལས་བཞིའི་ཕུར་པ། ༤ སྒོ་མ། ༤ ཕུར་སྲུང་རྩང་ཕུར། ༡༦ དབང་མོའི་རྩང་ཕུར་བཅས་པར་ཡུངས་དཀར་ཐུམ་བུ་དང་ཅོད་པན་ཅན། སྨན་གྱི་ཕོ་བྲང༌། གཟུངས་རྡོར། དམུ་ཐག །མཐིང་དམར་
དཀར་བའི་སྒྲོམ་ཡོལ། ཚངས་པའི་ཕོ་བྲང་གི་གདུགས་ལ་ཚངས་པ་བརྒྱ་བྱིན་གྱི་སྐུ། རྔ་ཡབ་དཀར་པོ། ཀུ་ཤུའི་ཆུན་པོ། རྒྱུ་སྐར་ཉེར་བརྒྱད་ཀྱི་ཙཀླི། མེ་ལོང་བཅུ་ལ་མཚལ་གྱིས་ཁྲོ་བཅུའི་སྔགས་བྲིས་པ་བཅས། ཟངས་གཞོང་དུ་ཀ་པཱ་ལ་ལྔ་ཚོམས་སུ་རིགས་ལྔའི་བདུད་རྩི་ལྔ། དེའི་མཚམས་བཞིར་རིན་པོ་ཆེའི་སྣོད་དུ། འོ་མ། རིན་ཆེན་ཕྱེ་མ། ཆང༌། ཆུ་བཅས། རྣམ་བུམ་སྐུ་ཙག་ཅན། གསང་ཐོད་ཆོས་སྨན་མངར་གསུམ་ཆང་གི་བཀང་བ་དར་དམར་ཁེབས་ལྡན། མེ་ལོང་སིནྡྷུ་ར་བརྡལ་བ་རྩ་སྔགས་བྲིས་པ། གཞུང་པོད་གླེགས་བམ། ཤེལ་རྡོ། སྒྲུབ་གཏོར་སྐུ་ཙཀ་དར་གདུགས་ཅན། ཚེ་འབྲང༌། ཚེ་རིལ། ཚེ་ཆང༌། མདའ་དར། རལ་གྲི། ༤ མདའ་དར་མེ་ལོང་ཅན། ༤ ཚོན་སྐུད་དྲྭ་བ། འཕན། ༤ རྒྱལ་མཚན། ༤ མ་ཏྲཾ། ཁྲོ་བཅུའི་ཕུར་བུ། ཞི་དྲག་གི་ཉེར་སྤྱོད། ༢ འདོད་ཡོན་ལྔ། རིན་ཆེན་བདུན། བཀྲ་ཤིས་རྫས་བརྒྱད་བཅས་ཀྱི་ཙཀླི། རྩ་བའི་མཆོད་གཏོར། དམ་ཅན་གཏོར་སྤུང༌། ཆད་མདོ། བརྟན་མ། སྨན་རཀ་སོ་སོའི་རྫས་ལྡན། ལས་བཞིའི་འབྲང་རྒྱས། ལྕགས་ཧོམ་ཉུལ་ལེའི་ལིངྒ། ཐུན་རྫས། ཕུར་སྲུང་བསྐུལ་གཏོར་ཐུན་གཏོར་རྩད་མར་མེ་རིས་བརྒྱན་པ། དར་གྱི་ལྡ་ལྡི། སློབ་དཔོན་མདུན་ཆས། ནང་མཆོད་རྡོར་དྲིལ། ལས་བུམ། ཌཱ་མ་རུ། འབྲུ་བཟེད། གཡབ་དར། བདག་འཇུག་ཆས། རྣམ་བུམ། གཟུངས་རྡོར།
རིགས་ལྔ་དར་དཔྱང་བཅས། མངའ་གསོལ་སྐྱེམས་མར་གྱི་ཟེ་པྲོག་བཅས། གླང་ཀོ །མི་ལྤགས། སྟག་ཤམ། སྦྲུལ་ཆུན། ཐོད་ཕྲེང་ཚར་གསུམ་བཅས་ཀྱི་ཙཀླི། ཐལ་ཆེན་དང་ས་དཀར་བསྲེས་པ། ཁྲག་ཆེན་དང་མཚལ་བསྲེས་པ། ཞག་ཆེན་དང་ས་སེར་བསྲེས་པ། དར་སྣ་ལྔའི་གཡབ་རྡོར་བཅས། ༈ དངོས་གཞིར་ཉིན་བསྟར། བགེགས་གཏོར། དམ་ཅན་རྒྱུན་གཏོར། ཚོགས། ཟན་ལིང་ཆད་བརྟན། རྒྱལ་ཆེན་དང་སྒོ་བྱང་གི་མཆོད་གཏོར་བཅས། སྨན་སྲུང་སྤྱན་འདྲེན་གྱི་མདའ་དར། སྤོས་དཀར། ཧསྟའི་གཡབ་དར། བསྒྲལ་ཆས། ལས་ཕུར། སྒྲོལ་གྲི། ཐོ་བ། ཧོམ་གཟར། བྲུབ་ཁུང༌། ཐུན་རྫས་བཅས།། །།