← Search

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།

བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ།

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཟུང་འཇུག་ལམ་གྱི་ཤིང་རྟ།

p. 1

༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་ཟུང་འཇུག་ལམ་གྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

p. 2

ཨོཾ་སྭསྟི། རབ་འབྱམས་རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་གཟུགས། །རིགས་བརྒྱའི་ཁྱབ་བདག་དྲིན་ཅན་འཁོར་ལོའི་མགོན། །དཔལ་ལྡན་བླ་མ་སངས་རྒྱས་པདྨའི་ཞབས། །སྤྱི་བོའི་རྒྱན་དུ་བསྙེན་ནོ་བྱིན་གྱིས་རློབས། །ཟུང་འཇུག་སྐུ་བཞིའི་གོ་སར་བདེ་མྱུར་དུ། །དཀྲི་བའི་ལམ་བཟང་ཟབ་གཏེར་སྔོན་འགྲོའི་ཁྲིགས། །རྣམ་གསལ་འཇུག་བདེའི་ཤིང་རྟ་འདིར་འདྲེན་གྱི། །སྐལ་པར་ལྡན་རྣམས་སྤྲོ་བས་དེང་ཞུགས་ཤིག །[དེ་ཡང་གང་ཞིག་ཟབ་ལམ་གྱི་སྐལ་བ་དང་ལྡན་ཅིང་ཚེ་འདིར་ཟུང་འཇུག་སྐུ་བཞིའི་གོ་འཕང་མངོན་དུ་བྱེད་པར་འདོད་པའི་དགེ་བའི་ལས་འཕྲོ་སད་པ་

p. 3

རྣམས་ཐོག་མ་ཉིད་ནས་ལམ་འདི་ཁོ་ན་ལ་ནན་ཏན་དུ་བརྩོན་པར་བྱ་སྟེ། དེའི་ཚུལ་ལ་གཉིས། རྒྱུད་སྣོད་རུང་དུ་བྱེད་པ་ཐུན་སྤྱིའི་སྔོན་འགྲོ་དང་། རིམ་གཉིས་རྣལ་འབྱོར་བྱེ་བྲག་སྒོས་ཀྱི་སྔོན་འགྲོའོ། །][དང་པོ་ནི། བདེ་བའི་སྟན་ལ་འཁོད་དེ་ལུས་གནད་དྲང་པོར་བསྲང་། དུག་གསུམ་གྱི་རླུང་རོ་བསལ། ཤེས་པ་རྣལ་དུ་ཕབ་སྟེ་རང་བབ་ཀྱི་བསམ་གཏན་ལ་བློ་ཡོངས་སུ་ཕྱོགས་པས། རྩ་བའི་བླ་མ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་རྗེས་སུ་དྲན་པའི་ཡིད་མངོན་པར་བསྐུལ་ཏེ།] རང་མདུན་ནམ་མཁར་འཇའ་འོད་ཐིག་ལེའི་ཀློང་། །རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ནི། །རྣམ་པ་ཨོ་རྒྱན་མཚོ་

p. 4

སྐྱེས་རྡོ་རྗེ་འཆང་། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་བདེ་ཆེན་ཡུམ་དང་མཉམ་པར་སྦྱོར། །དགྱེས་འཛུམ་ཡེ་ཤེས་འོད་ཟེར་སྤྲོ་བའི་སྐུ། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས། །[ཞེས་བླ་མ་གསལ་བཏབ་ལ་མོས་གུས་གདུང་ཤུགས་དྲག་པོས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། འོད་གསལ་ཁོངས་ནས་འཆར་བར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། རྟོགས་པ་ནམ་མཁའ་དང་མཉམ་པར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས། དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། [ཞེས་གསོལ་བ་དྲག་ཏུ་བཏབ་པས།] མོས་གུས་སྟོབས་ཀྱིས་བླ་མའི་ཐུགས་རྒྱུད་བསྐུལ། །དགྱེས་པས་མི་བཟོད་བདེ་བའི་གར་དང་བཅས། །རང་གི་སྤྱི་བོར་བྱོན་ཏེ་བྱང་སེམས་སྤྲིན། །ཡེ་ཤེས་རྒྱལ་ཐབས་སྤྱི་

p. 5

བླུགས་དབང་བསྐུར་བས། །རྟོགས་གྲོལ་དུས་མཉམ་ཆེན་པོར་བྱིན་བརླབས་གྱུར། །[ཅེས་བརྗོད་ཅིང་བསམ་ལ་རིག་པ་འཛིན་མེད་ཀྱི་ངང་དུ་དར་གཅིག་མཉམ་པར་བཞག་གོ །འདི་ནི་ཐུན་ཐམས་ཅད་ཀྱི་སྔོན་དུ་གཅེས་ཏེ་བར་ཆད་ཞི་ཞིང་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ། །][གཉིས་པ་ལ་གཉིས། ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་ཀྱི་ཞིང་ས་སྦྱོང་བ་དང་། ཐུན་མིན་ཟབ་ལམ་ཕྲུགས་ལྔའི་ས་བོན་གདབ་པའོ། །དང་པོ་ནི། འདི་ལྟར་དལ་འབྱོར་གྱི་མི་ལུས་ནི་ཤིན་ཏུ་རྙེད་པར་དཀའ་ཞིང་། རྙེད་པ་འདིའང་མི་རྟག་པར་མྱུར་དུ་འཆི་བའི་དབང་དུ་འགྱུར། ཤི་ནས་ཀྱང་ཅང་མེད་དུ་མི་འགྲོ་བར་ལས་འབའ་ཞིག་གི་རྗེས་སུ་འབྲང་སྟེ་འཁོར་བར་འདུ་བྱེད། འཁོར་བ་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས་པས། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་ཅི་ནས་ཀྱང་ཐར་བ་ཞིག་བྱ། དེའི་ཆེད་དུ་དམ་པའི་ཆོས་རྣམ་པར་དག་པ་ཞིག་ད་ལྟ་ཉིད་ནས་བསྒྲུབ་པར་བགྱིའོ་སྙམ་པ་དང་། དེ་ལྟར་བསྒྲུབ་ནུས་པའང་བླ་མ་རིན་པོ་ཆེ་མཁྱེན་སྙམ་པའི་དད་པ་དང་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་དེ།] ན་མོ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ སྤྱི་གཟུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ གཏན་གྱི་སྐྱབས་གཅིག་དྲིན་ཅན་བླ་མ་རྗེ༔ མི་འབྲལ་སྤྱི་གཙུག་བདེ་ཆེན་འཁོར་ལོར་བཞུགས༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་

p. 6

ཤིག་བཀའ་དྲིན་མཚུངས་མེད༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ མི་ལུས་དོན་ལྡན་སྙིང་པོ་ལོན་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ༔ མི་རྟག་འཆི་བ་སྙིང་ནས་དྲན་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ལ༔ ཆགས་ཞེན་འཁྲི་བ་གཏིང་ནས་ཆོད་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ དགེ་སྡིག་ལས་ཀྱི་རྣམ་སྨིན་བསླུ་བ་མེད༔ བླང་དོར་གནས་ལ་མཁས་ཤིང་ཚུལ་ལྡན་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ [ཞེས་པ་རྣམས་ཀྱི་དོན་ཡིད་ལ་དྲན་ཅིང་ངག་ཏུ་ཅི་རིགས་བརྗོད་དོ། །][གཉིས་པ་ལྔ་ལས། དང་པོ་ཐར་པའི་ལམ་གྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། ཐོག་མར་སྐྱབས་ཡུལ་གསལ་གདབ་ལ།] སྣོད་བཅུད་དག་པའི་ཞིང་ཁམས་ཉམས་དགའི་དབུས། །དྲི་མེད་ཡིད་འོང་དྷ་ན་ཀོ་ཤའི་མཚོ། །

p. 7

དེ་དབུས་རིན་ཆེན་པད་སྡོང་འདབ་རྒྱས་པ། །ཡལ་ག་ལྔ་ལྡན་དབུས་ཀྱི་ཟེའུ་འབྲུའི་སྟེང་། །སངས་རྒྱས་ཀུན་དངོས་བླ་མ་ཐོད་ཕྲེང་རྩལ། །སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། །མཚན་དཔེའི་དཔལ་འབར་འཇའ་ཟེར་ཀློང་དུ་བརྗིད། །དབུ་གཙུག་དགོངས་པ་བརྡ་དང་སྙན་ཁུངས་བརྒྱུད། །བཀའ་བབས་ལུང་བསྟན་སྨོན་ལམ་དབང་བསྐུར་བརྒྱུད། །མཁའ་འགྲོ་གཏད་རྒྱ་རྟོགས་པ་དོན་བརྒྱུད་ཀྱི། །རིག་འཛིན་བརྒྱུད་པའི་བླ་མ་མ་ལུས་པ། །ཡས་རིམ་བཞིན་དུ་ཐོ་བརྩེགས་ཚུལ་གྱིས་ཚུལ། །ཕྱོགས་བཞིའི་པད་སྡོང་ཡལ་ག་རབ་རྒྱས་སྟེང་། །གཡས་སུ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ལ། །བསྐལ་བཟང་ཞིང་གི་སངས་རྒྱས་སྟོང་རྩ་སོགས། །ཕྱོགས་དུས་བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར། །རྒྱབ་ཏུ་འོད་ལྔའི་དྲྭ་མིག་མཛེས་པའི་ཀློང་། །ལུང་རྟོགས་དམ་ཆོས་གསུང་རབ་གླེགས་བམ་ཚུལ། །ཨ་ལི་ཀ་ལིའི་རང་སྒྲ་སྙན་པར་སྒྲོགས། །གཡོན་དུ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ། །འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་སོགས། །བྱང་སེམས་ཉན་རང་དགེ་འདུན་

p. 8

ཚོགས་ཀྱིས་བསྐོར། །མདུན་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཕྱི་རོལ་བར་མཚམས་ཁོར་ཡུག་ཐམས་ཅད་དུ། །རྒྱུད་གསུམ་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །མ་ལུས་སྤྲིན་ཕུང་གཏིབས་པ་བཞིན་དུ་འཁོད། །ཀུན་ཀྱང་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ཀྱིས། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བདག་སོགས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞུགས་པར་གྱུར། །[ཅེས་གསལ་བཏབ་ནས། དེ་དག་གི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་སྒོ་གསུམ་གུས་པ་ཆེན་པོས་བློ་གཏད་ལིང་བསྐྱུར་གྱི་སྒོ་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས།] ན་མོ༔ བདག་དང་མཐའ་ཡས་ཕ་མ་མཁའ་མཉམ་འགྲོ༔ ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔ [ཞེས་ཅི་ནུས་སུ་བྱའོ། །][གཉིས་པ་ཐེག་ཆེན་ལམ་གྱི་སྙིང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། སྐྱབས་ཡུལ་རྣམས་དཔང་པོར་གསོལ་ཏེ།] མཁའ་ཁྱབ་འགྲོ་ཀུན་བདག་

p. 9

གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཕྱིར་ཡེངས་མེད་བརྩོན་པའི་ཤུགས་བསྐྱེད་ནས། །ཟབ་མོའི་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །[ཞེས་སྨོན་འཇུག་གི་སེམས་བསྐྱེད་གསལ་འདེབས་བཞིན་པས] མགོན་པོ་སྲས་དང་བཅས་པ་བདག་ལ་དགོངས༔ ཚད་མེད་རྣམ་བཞིས་འགྲོ་དོན་དང་དུ་ལེན༔ བྱང་ཆུབ་སེམས་བཟུང་ཕར་ཕྱིན་དྲུག་ལ་བསླབ༔ དོན་གཉིས་ལྷུན་གྱིས་འགྲུབ་པའི་དཔལ་ཐོབ་ཤོག༔ [ཅེས་ཇི་ལྟར་རིགས་པ་བརྗོད་ཅིང་། བདག་གཞན་མཉམ་བརྗེའི་བློ་སྦྱོང་དང་བདེ་སྡུག་གཏོང་ལེན་གྱི་དམིགས་པའང་བྱ། ཐུན་གྱི་མཐར།] སྐྱབས་ཡུལ་རྣམས་ལས་བྱིན་རླབས་བདུད་རྩིའི་རྒྱུན། །དཀར་གསལ་འོད་ཟེར་རྣམ་པར་དཔག་མེད་བྱུང་། །བདག་གཞན་ལ་ཐིམ་སྒོ་གསུམ་སྒྲིབ་སྦྱངས་ནས། །སྐད་ཅིག་འོད་ཞུ་སྐྱབས་ཡུལ་རྣམས་ལ་ཐིམ། །སྐྱབས་ཡུལ་འཁོར་རྣམས་རིམ་ཞུ་གཙོ་བོར་འདུས། །གཙོ་བོ་མི་དམིགས་ཆོས་དབྱིངས་ཀློང་དུའོ། །[ཞེས་བསྡུས་ཏེ་མཉམ་པར་བཞག་གོ །][གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོར་སེམས་བསྒོམ་

p. 10

བཟླས་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱི་རྣམ་པར་མངོན་སུམ་དུ་བཞུགས་པར་གསལ་ལ། སྔར་བྱས་ཀྱི་སྡིག་པ་ལ་གནོང་འགྱོད་དྲག་པོ་བསྐྱེད་ཅིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་དམ་བཅའ་དང་། ཐུགས་ཀའི་སྔགས་ཕྲེང་ལས་བྱུང་བའི་བྱང་སེམས་བདུད་རྩིའི་རྒྱུན་གྱིས་རང་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་སྦྱོར་བར་བསམ་པ་སྟེ་སྟོབས་བཞིའི་གནད་དང་ལྡན་པས།] རང་གི་སྤྱི་བོར་པདྨ་ཟླ་གདན་ལ༔ བླ་མ་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ ཞི་འཛུམ་མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ གཡས་གཡོན་ཐབས་ཤེས་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྐུའི་ཆས་རྫོགས་སྐྱིལ་མོ་ཀྲུང་གིས་བཞུགས༔ པང་དུ་སྙེམས་མ་གྲི་ཐོད་འཛིན་པས་འཁྱུད༔ ཐུགས་ཀར་ཟླ་དཀྱིལ་ཧཱུྃ་མཐར་སྔགས་ཕྲེང་ལས༔ བྱང་སེམས་བདུད་རྩིའི་རྒྱུན་བབས་སྦྱོར་མཚམས་བརྒྱུད༔ བདག་གི་ཚངས་བུག་ནས་ཞུགས་ལུས་ཀུན་གང་༔ ཉམས་ཆག་སྡིག་ལྟུང་མ་ལུས་ཀུན་བྱང་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ སུ་པོཥྱོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔ ཧ་

p. 11

ཧ་ཧ་ཧ་ཧོཿ བྷ་ག་ཝན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱ༔ [ཞེས་ཅི་ནུས་སུ་བཟླས་པས། བདུད་རྩིའི་རྒྱུན་གྱིས་ལུས་ཀྱི་ནང་ཀུན་དཀར་ལྟེམ་གྱིས་གང་། སྡིག་སྒྲིབ་ཉམས་ཆག་ཐམས་ཅད་དག །ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་བསམ་པ་ཕྱི་ལྟར་སྒྲིབ་སྦྱོང་དང་། མཐར་མོས་གདུང་དྲག་པོས།] མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞི་དག་པར་མཛད་དུ་གསོལ། [ཞེས་གསོལ་བ་བཏབ་པས།] རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་བཀའི་གནང་བ་སྩལ་བར་མོས་ལ། སྡིག་སྒྲིབ་ཀུན་དག་ཤེལ་གོང་ལྟ་བུར་གྱུར༔ སླར་ཡང་འོད་དཀར་རྣམ་པར་མེར་གྱིས་ཞུ༔ བདག་སྣང་དང་འདྲེས་རྡོར་སེམས་

p. 12

སྐུ་རུ་གྱུར༔ སྣང་སྲིད་དག་པ་རབ་འབྱམས་རོལ་པར་བལྟ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ [ཞེས་སྤྱི་བོའི་རྡོར་སེམས་རང་ལ་ཐིམ་པས་རང་ཡང་རྡོ་རྗེ་སེམས་དཔའི་སྐུར་གྱུར་པར་མོས་ཏེ་སྣང་གྲགས་རྟོག་གསུམ་ལྷ་སྔགས་ཆོས་ཉིད་ཀྱི་རོལ་པར་བལྟ་ཞིང་ཡང་སྙིང་བཟླ་བ་ནང་ལྟར་སྒྲིབ་སྦྱོང་དང་། མཐར་ཐུག་ལྷ་སྔགས་ཀྱི་སྤྲོས་པའང་འོད་གསལ་དུ་བསྡུས་ཏེ་སྦྱང་བྱ་སྦྱོང་བྱེད་ཀྱི་རྟོག་ཚོགས་གདོད་ནས་དག་པ་རིག་སྟོང་དོན་གྱི་རྡོ་རྗེ་སེམས་དཔའི་རང་ཞལ་བལྟ་བ་ནི་གསང་བ་ལྟར་སྒྲིབ་སྦྱོང་བླ་ན་མེད་པའོ། །][བཞི་པ་མཐུན་རྐྱེན་ཚོགས་བསགས་མཎྜལ་འབུལ་བ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་བཏབ་པའི་སྤྱན་སྔར་དངོས་སུ་བཤམས་པའི་མཎྜལ་དཔེར་མཚོན་ནས། ཕྱི་ལྟར་སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱའི་བཀོད་པ། ནང་ལྟར་རང་ལུས་ཕུང་ཁམས་སྐྱེ་མཆེད་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་བཅས་པ། གསང་བ་ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ལྷུན་གྲུབ་སྐུ་དང་ཐིག་ལེའི་སྣང་བ་ཚད་མེད་པའི་རང་བཞིན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྣམས་ཐམས་ཅད་པའི་ཚུལ་གྱིས་འབུལ་བའི་འདུན་པ་དང་བཅས།] ཨོཾ་ཨཱཿཧཱུྃ༔ སྟོང་གསུམ་མི་མཇེད་བཀོད་པ་མཐའ་ཡས་དཔལ༔ བདག་ལུས་ལོངས་སྤྱོད་བསོད་ནམསས་དགེ་རྩར་བཅས༔ ཡོངས་རྫོགས་བཀོད་པ་མཛེས་ལྡན་མཎྜལ་འདི༔ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་

p. 13

འབུལ༔ ཞེས་ཅི་ནུས་སུ་ཕུལ་མཐར་ཚོགས་ཞིང་བདག་གཞན་སེམས་ཅན་རྣམས་ལ་ཐིམ་པས་ཚོགས་གཉིས་ཡོངས་སུ་རྫོགས་པར་བསམ་མོ། །[ལྔ་པ་ལམ་གྱི་མཐར་ཐུག་བྱིན་རླབས་བླ་མའི་རྣལ་འབྱོར་ནི། ཐོག་མར་དབང་རྟེན་གསལ་གདབ་པ་ལ།] ཨེ་མ་ཧོཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ བདེ་ཆེན་པདྨ་འོད་ཀྱི་གྲོང་ཁྱེར་དབུས༔ རང་ཉིད་མཚོ་རྒྱལ་མཁའ་སྤྱོད་དབང་མོ་ནི༔ དམར་གསལ་མཚན་དཔེས་རབ་མཛེས་གྲི་ཐོད་ཅན༔ སྣ་ཚོགས་དར་དང་རཏྣ་རུས་པས་བརྒྱན༔ པད་ཉིའི་བམ་རོའི་གདན་ལ་འདོར་སྟབས་བཞེངས༔ རིང་པའི་ཚུལ་གྱིས་སྟེང་གི་ནམ་མཁར་གཟགས༔ མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང༔ མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ བླ་མའི་ངོ་བོ་པདྨ་འབྱུང་གནས་སྐུ༔ དཀར་དམར་མདངས་ལྡན་གཟི་བརྗིད་འོད་ཕུང་འབར༔ གཞོན་ཚུལ་མཚན་དཔེ་རབ་རྫོགས་ཞི་མ་ཁྲོ༔ པད་ཞུ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ ཞབས་གཉིས་རོལ་སྟབས་ཁ་ཊྭྰཾ་མཆན་དུ་བརྟེན༔ སྣང་སྲིད་ཟིལ་གནོན་འཁོར་འདས་ཡོངས་ཀྱི་བདག༔ སྐུ་ཡི་རང་བཞིན་སངས་རྒྱས་

p. 14

ཞིང་ཀུན་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས༔ སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་བཞུགས༔ [ཞེས་ཐ་མལ་གྱི་ཤེས་པ་རང་འགགས་སུ་འགྲོ་བར་གསལ་བཏབ་ནས།] ཧཱུྃ༔ རྔ་ཡབ་གླིང་དབུས་ཟངས་མདོག་དཔལ་རིའི་རྩེ༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛ་སིདྡྷི་ཕ་ལ་ཧཱུྃ་ཨཱ༔ [ཞེས་བྱིན་དབབ་ཅིང་དམ་ཡེ་དབྱེར་མེད་དུ་བཞུགས་པར་མོས། ཚོགས་བསགས་པའི་སླད་དུ།] ཨོཾ་ཨཱཿཧཱུྃ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ༔ སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང༔ སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་འདི་དང་དགེ་བའི་རྩ་བ་

p. 15

ཀུན༔ འགྲོ་རྣམས་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ༔ [ཞེས་བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་བྱ། དེ་ཡང་རང་རྒྱུད་ལ་བྱིན་རླབས་འཇུག་པ་ནི་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རག་ལས་པས་ན། རང་གི་རྩ་བའི་དེ་ཉིད་སྐྱབས་ཀུན་འདུས་པའི་སྤྱི་གཟུགས་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་ཐག་ཆོད་པའི་ངེས་ཤེས་བསྐྱེད། བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་སྒོ་ནས།] ཀྱེ་ཧོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྱི་དཔལ་བླ་མ་རིན་པོ་ཆེ༔ མཐོང་བས་མ་རིག་མུན་པ་སེལ༔ ཐོས་པས་ཐེ་ཚོམ་དྲྭ་བ་གཅོད༔ དྲན་པས་དགོངས་རྒྱུད་རྟོགས་པ་འཕོ༔ རེག་པས་བྱིན་རླབས་དངོས་གྲུབ་སྟེར༔ བཀའ་དྲིན་བསམ་ན་བརྗོད་ལས་འདས༔ ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔ བཟོད་མེད་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་འདེབས་སོ་ཐུགས་རྗེས་དགོངས༔ བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་ཞེན་མེད་པར་ཁྱོད་ལ་འབུལ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ སྐྱབས་དང་སྐྱེལ་མ་མགོན་དང་དཔུང་༔ གཏན་གྱི་མགོན་པོ་ཁྱེད་ལས་མེད༔ བློ་སྙིང་བྲང་

p. 16

གསུམ་ལིང་གིས་བཀལ༔ སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དང་༔ མཐོ་དམན་གར་གཏོང་བླ་མ་མཁྱེན༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ ཁམས་གསུམ་འཁོར་བའི་བཙོན་ཁང་དུ༔ བཟོད་མེད་སྡུག་བསྔལ་གསུམ་གྱིས་གདུང༔ ཉམ་ཐག་ཟུག་རྔུ་ཁུར་མ་བཟོད༔ སྙིང་ནས་རྗེ་བཙུན་བླ་མར་འབོད༔ བདེ་འདོད་སྡུག་བསྔལ་ལས་ལ་བརྩོན༔ སྣང་བའི་ཡུལ་དུ་བདུད་ཀྱིས་བསླུས༔ ཞེན་པས་གཉིས་འཛིན་འཁྲུལ་པར་འཕྱན༔ དེ་འདྲའི་ལས་ངན་སྐལ་ངན་ལ༔ སྐྱབས་མགོན་ཁྱེད་ལས་སྐྱོབ་པ་སུ༔ གསོལ་བ་འདེབས་སོ་བླ་མ་རྗེ༔ ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་ཅན༔ བྱིན་གྱིས་རློབས་ཤིག་ནུས་མཐུ་ཅན༔ རྗེས་སུ་ཟུངས་ཤིག་སྤྱི་དཔལ་མཆོག༔ བློ་སྣ་ཆོས་ལ་བསྒྱུར་དུ་གསོལ༔ དབང་བཞི་བསྐུར་བར་མཛད་དུ་གསོལ༔ སྒྲིབ་བཞི་དག་པར་མཛད་དུ་གསོལ༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ དགོངས་རྒྱུད་བྱིན་རླབས་བདག་ལ་འཕོས༔ མ་རིག་མུན་པ་དྲུང་འབྱིན་ནས༔ གཟུང་འཛིན་འཁྲུལ་པའི་འཆིང་བ་ཁྲོལ༔ མཁྱེན་གཟིགས་ཡེ་

p. 17

ཤེས་མངོན་གྱུར་ཅིང་༔ ཆོས་ཟད་བློ་འདས་ཆེན་པོར་སྐྱོལ༔ ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ༔ འཇའ་ལུས་ཆེན་པོར་དབུགས་འབྱིན་མཛོད༔ [ཅེས་གསོལ་བ་ཕུར་ཚུགས་སུ་ཡང་ཡང་གདབ་པ་ནི་ཕྱི་གསོལ་འདེབས་ཀྱི་ཚུལ་དུ་སྒྲུབ་པའོ། །དེ་ནས་བླ་མའི་གནས་གསུམ་དུ་ཨོཾ་ཨཱཿཧཱུཾ་དཀར་དམར་མཐིང་གསུམ་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་པར་མོས་ལ། དེ་ལས་འཇའ་ཟེར་ཐིག་ལེ་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་གྲངས་མེད་ཉི་ཟེར་གྱི་རྡུལ་ལྟར་བྱུང་བ་རང་ལ་ཐིམ་པས་དབང་བྱིན་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་པ་དང་། སྐབས་སུ་ཕྱི་སྣོད་རྔ་ཡབ་ཟངས་མདོག་དཔལ་རིའི་ཕོ་བྲང་། ནང་བཅུད་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་ཐམས་ཅད་སྔགས་ཀྱི་རང་སྒྲ། སེམས་ཀྱི་འཕྲོ་འདུ་རང་གྲོལ་འོད་གསལ་དུ་ཤེས་པའི་ངང་ནས།] ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ [ཞེས་གསང་སྔགས་ཀྱི་སྙིང་པོ་འབྲུ་བཅུ་གཉིས་པ་ཉིད་རྩེ་གཅིག་ཏུ་བསྙེན། མཐར་དབང་བཞི་བླང་བ་སོ་སོའི་དམིགས་གནད་དང་སྦྱར་ཏེ།] བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་བྱུང་། རང་གི་སྤྱི་བོར་ཐིམ་པས་ལུས་རྩའི་སྒྲིབ་པ་སྦྱངས། སྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས། སྤྲུལ་

p. 18

སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་གློག་ཞགས་འཁྱུག་པ་ལྟར་བྱུང་། རང་གི་མགྲིན་པར་ཐིམ་པས་དག་རླུང་གི་སྒྲིབ་པ་སྦྱངས། གསུང་གསང་བའི་དབང་ཐོབ། དག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབས། ལོངས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུཾ་ལས་འོད་ཟེར་མཐིང་ནག་སྤྲིན་ཕུང་འཐིབ་པ་ལྟར་བྱུང་། རང་གི་སྙིང་གར་ཐིམ་པས་ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཡང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་ཞིག་བྱུང་། རང་གི་སྙིང་གར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག །ཚིག་དབང་རིན་པོ་ཆེ་ཐོབ། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས། ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །[ཞེས་དབང་བཞི་བླངས་ཏེ། འདི་ནི་ནང་བསྙེན་པའི་

p. 19

ཚུལ་གྱིས་སྒྲུབ་པ་དབང་བླང་བ་དང་བཅས་པའོ། །སླར་ཡང་མོས་གུས་ཀྱི་ཤུགས་བསྐྱེད་ལ།] ཁྱབ་བདག་སྐུ་བཞིའི་དབང་ཕྱུག །མཁྱེན་བརྩེ་ཐུགས་རྗེའི་གཏེར་ཆེན། །དྲན་པས་ཡིད་ཀྱི་གདུང་སེལ། །མཉམ་མེད་དྲིན་ཅན་གུ་རུ། །སྙིང་ནས་གསོལ་བ་འདེབས་སོ། །སྐད་ཅིག་འབྲལ་བ་མེད་པར། །རྗེས་བཟུང་བྱིན་གྱིས་བརླབས་ནས། །ཉིད་དང་དབྱེར་མེད་མཛོད་ཅིག །[ཅེས་གསོལ་བ་བཏབ་པས།] བླ་མ་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་འོད་ལྔའི་གོང་བུ་ཚོན་གང་བ་ཞིག་ཏུ་གྱུར་ཏེ་རང་གི་སྙིང་དབུས་སུ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་བསམ་ཞིང་། བློ་འདས་འོད་གསལ་རིག་སྟོང་གཉུག་མའི་གཤིས་ལུགས་བླ་མ་ཆོས་སྐུའི་རང་ཞལ་བལྟ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་སྟེ། འདི་ནི་གསང་བ་ལས་སྦྱོར་གྱི་ཚུལ་དུ་སྤྲོས་མེད་དོན་གྱི་བླ་མ་སྒྲུབ་པའོ། །རྗེས་ཐུན་ལས་ལྡང་བར་བརྩམ་པ་ན་སླར་ཡང་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་དུ་ལམ་གྱིས་སད་པར་བལྟས་ལ། [དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་

p. 20

གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་རིགས་བདག་བླ་མའི་ཞབས། །བདེ་ཆེན་འཁོར་ལོའི་རྒྱན་དུ་མི་འབྲལ་བར། །མོས་གུས་ལམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །] ཅེས་བསྔོ་སྨོན་དང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་བཟའ་བཏུང་གི་ཕུད་བདུད་རྩིའི་རང་བཞིན་དང་། གོས་ལྷ་རྫས་ཀྱི་ན་བཟར་བསམ་ལ་སྤྱི་བོའི་བླ་མ་ལ་འབུལ། ཚོགས་དྲུག་གི་སྣང་བ་གང་ཤར་ཐ་མལ་གྱི་རྟོག་པའི་རྗེས་སུ་མི་འབྲང་བར་ལྷ་སྔགས་ཡེ་ཤེས་ཀྱི་རིག་མདངས་བསྐྱང་། ནུབ་མོ་ཉལ་བའི་ཚེ་འོད་གསལ་ཟིན་པའི་གསོལ་བ་བཏབ་རྗེས་སྤྱི་བོའི་བླ་མ་ཚངས་བུག་ནས་བརྒྱུད་རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོན། དེའི་འོད་ཀྱིས་ལུས་ཀུན་གང་བ་ལ་

p. 21

སེམས་གཏད་དེ་འོད་གསལ་རིག་སྟོང་རྗེན་པ་ཐིམ་ལ་མ་རྨུག་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག །གལ་ཏེ་སད་ན་འཕྲོ་རྒོད་རྒྱ་འབྱམས་སོགས་བསམ་གཞིག་གི་འཕྲོ་བཅད་དེ་འོད་གསལ་གྱི་ངང་མདངས་བསྐྱངས་པས་གཉིད་ཀྱི་འོད་གསལ་དང་རྨི་ལམ་ཟིན་པ་འགྱུར་ལ། སླར་ཡང་ཐོ་རངས་ལྡང་བའི་ཚེ་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོའི་མདུན་མཁར་དགྱེས་བཞིན་དུ་བཞུག་པར་བསམ་པ་སོགས་སྔར་བསྟན་པ་བཞིན་ཉམས་སུ་བླང་། གཞན་ཡང་འཆི་བའི་དུས་ལ་བབས་ཚེ་འོད་གསལ་དབྱིངས་རིག་བསྲེས་ཏེ་མཉམ་པར་འཇོག་པ་ནི་འཕོ་བའི་མཆོག་ཡིན་ཅིང་། དེར་མ་ཐེབས་ཀྱང་བར་དོར་ཁྱེར་སོ་གསུམ་གྱི་རྣལ་འབྱོར་རྗེས་སུ་དྲན་པས་གྲོལ་བར་འགྱུར་སྟེ། རྣམ་པ་ཀུན་ཏུ་དད་མོས་དང་དམ་ཚིག་ཤིན་ཏུ་དག་པའི་སྒོ་ནས་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་གོང་ནས་གོང་དུ་སྤེལ་བ་ལ་བརྩོན་པར་བྱའོ། །དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་སོ་སོ་ལ་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར་འདི་ཉིད་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་བརྩོན་པ་དྲག་པོས་ཉམས་སུ་བླངས་པ་ལས། བསྐྱེད་རྫོགས་གཞན་གྱི་ཉམས་ལེན་ལ་ལྟོས་མི་དགོས་པར་རྔ་ཡབ་པདྨ་འོད་ཀྱི་ཞིང་དུ་དབུགས་

p. 22

དབྱུང་སྟེ་རིག་འཛིན་བཞིའི་བགྲོད་པ་མིག་འཕྲུལ་ལྟ་བུས་ཀུན་བཟང་ཡེ་ཤེས་བླ་མའི་ས་ལ་རེག་པར་འགྱུར་བ་ནི་ངེས་པའོ། །གང་ཞིག་སྲིད་པའི་མེ་འོབས་ཚ་གདུང་ལས། །རྣམ་པར་ཐར་འདོད་བློ་ལྡན་འགའ་མཆིས་ན། །ལམ་མཆོག་ལྗོན་པའི་དབང་པོ་འདི་བསྟེན་དང་། །བྱང་ཆུབ་གྲིབ་བསིལ་སྣུམ་པོས་འཚོ་བར་འགྱུར། །ལེགས་བྱས་མཐུ་ལས་མཁའ་ཁྱབ་སྐྱེ་འགྲོ་ཀུན། །ཟབ་ཆོས་འདི་ཡི་གདུལ་བྱ་ཉིད་གྱུར་ནས། །པདྨ་འོད་ཞིང་མཛེས་པའི་གྲོང་ཁྱེར་དེར། །ཕྱིར་མི་ལྡོག་པར་དགའ་བས་མྱུར་འཇུག་ཤོག །ཅེས་གཏེར་གསར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་བླ་རྫོགས་ཐུགས་གསུམ་སྤྱིའི་ཆོས་སྡེ་སྔོན་འགྲོའི་ངག་འདོན་ཟུང་འཇུག་ལམ་གྱི་ཤིང་རྟ་ཞེས་བྱ་བ་འདི་ནི། སྔར་བཀོད་པའི་ཁྲིགས་བསྡེབས་དེ་ཉིད་ཅུང་མི་གསལ་བར་བརྟེན་སླར་ཡང་འདོན་སྒོམ་བདེ་བའི་ངག་ཁྲིགས་འདི་ལྟར་བགྱི་བའི་འདུན་པའི་ཐོག །ཉེ་ཆར་ཀོང་ཡུལ་ལེན་རི་གསང་སྔགས་ཆོས་རྫོང་ནས་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེས་ལམ་འདིར་འཇུག་པ་དང་པོའི་ལས་ཅན་རྣམས་ལ་སྨན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་ཅིས་ཀྱང་གྲུབ་པར་གྱིས་ཤིག་ཅེས་ཡི་གེའི་ལམ་ནས་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལ་བརྟེན་ནས། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་བཞིར་སོན་པ་དབང་ཕྱུག་གི་ལོ་ཁྲུམས་སྟོད་ཉ་བའི་ཤེར་ཕྱོགས་ཀྱི་ཚེས་བཅུ་ཉེ་བའི་འདུ་བ་ཁྱད་པར་ཅན་གྱི་དུས་བཟང་པོ་ལ། སློབ་

p. 23

དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་སྒྲུབ་གནས་ཀྱི་རྒྱལ་པོ་སྟག་ཚད་སེང་གེ་བསམ་འགྲུབ་ཀྱི་ཀེའུ་ཚང་དུ་ལེགས་པར་སྦྱར་བ་སྟེ། འདིས་ཀྱང་ཟབ་ལམ་གྱི་ཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པ་དང་འབྲེལ་ཚད་མཚོ་སྐྱེས་བླ་མའི་ཞབས་དྲུང་དུ་སྐྱེ་བའི་སྐལ་པ་བཟང་པོ་ཅན་དུ་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་རིམ་ཐར་ལམ་སྣང་སྒྲོན།

ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ།

p. 24
p. 25

༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་རིམ་ཐར་ལམ་སྣང་སྒྲོན་ཞེས་བྱ་བ་བཞུགས་སོ། །
ག མྦྷི ར གུ ཧྱ ཊཱ ཀི ནི ཅི ཏྟ ཀ ནྟ རི ས མ ནྟ ཀ སྱ ན ཡ ཏི གོ ལཾ ནིཿ པ པྲ དཱི པ ན མ དི ཛ ཧ ར། །

p. 26

ཨོཾ་སྭསྟི། ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་རིམ་འཇུག་བདེར་བཀྲལ་བ་ཐར་ལམ་སྣང་བྱེད་ལེགས་བཤད་སྒྲོན་མེ་ཞེས་བྱ་བ། རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ངོ་བོར་བཞུགས་པ་དཔལ་ལྡན་བླ་མ་མཚོ་སྐྱེས་རྡོ་རྗེ་འཆང་དང་གཉིས་སུ་མེད་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །སྟོང་ཉིད་ཞི་བའི་དབྱིངས་ལས་མ་གཡོས་བཞིན། །སྙིང་རྗེ་སྒྱུ་མའི་གར་གྱིས་སྲིད་པ་འཛིན། །མཐའ་ལ་མི་

p. 27

གནས་ཟུང་འཇུག་རྡོ་རྗེ་ཅན། །ཁྱབ་བདག་དྲིན་ཅན་བླ་མར་ཕྱག་བགྱིའོ། །ཀུན་རྨོངས་ཉེས་བརྒྱའི་མུན་རུམ་འཕྱན་པ་ལས། །འཇིགས་རུང་ངན་འགྲོའི་གཡང་སར་མངོན་ཕྱོགས་པའི། །ཐར་འདོད་མགྲོན་པོ་གང་དག་བདེ་མྱུར་དུ། །ཞི་བའི་དགའ་ཚལ་མཆོག་དེར་དབུགས་དབྱུང་ཕྱིར། །ཟབ་དོན་ལམ་བཟང་རབ་གསལ་སྣང་བྱེད་ཀྱི། །ལེགས་བཤད་རིན་ཆེན་སྒྲོན་མེ་འདིར་སྤོར་ན། །བརྩམ་པ་མཐར་ཕྱིན་

p. 28

འབྲེལ་ཚད་དོན་དང་ལྡན། །མཐའ་ཡས་འགྲོ་ལ་ཕན་པའི་བཀའ་དྲིན་སྩོལ། །དེའང་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་རིམ་དོན་དུ་གཉེར་བའི་སྐལ་ལྡན་དག་འོངས་པ་ན། གང་དུ་འཆད་ཉན་བྱ་བའི་གནས་ཁང་བྱི་དོར་བྱ་ཞིང་ཆོས་སྨྲ་བ་ལ་སེང་གེ་དང་རིན་པོ་ཆེ་ལ་སོགས་པའི་ཁྲི་སྟན་བཟང་པོ་བརྩིག །གདུགས་དང་བླ་བྲེ་ཡོལ་བ་བྲེ། སྤོས་དང་མེ་ཏོག་མར་མེའི་ཕྲེང་བ། གསེར་དངུལ་གྱི་མཎྜལ་སོགས་མཆོད་པའི་བཀོད་པ་ཚར་དུ་དངར་བར་བཤམ། སྤོས་དང་རོལ་མོས་མདུན་ནས་བསུ་བ་སོགས་ཞེ་ས་དང་བསྟི་སྟངས་ལྡན་པར་བྱ། ཆོས་ཉན་པ་པོ་ཐམས་ཅད་ཀྱང་ལུས་ཀྱི་ཀུན་སྤྱོད་མགོ་དཀྲི་བ། མཚོན་ཆ་ཐོགས་པ། མཆིལ་ལྷམ་གྱོན་པ་སོགས་དང་། ངག་གི་ཅ་ཅོ་བཞད་གད། ཡིད་ཀྱིས་འཆད་པ་པོ་ལ་སྐྱོན་རྟོག་བརྙས་སེམས་སོགས་ཆོས་བརྒྱད་དང་ཉོན་མོངས་པས་ཀུན་ནས་སློང་བ་ཐམས་ཅད་སྤང་ལ་ལུས་དྲང་པོས་ལག་ཐལ་མོ་སྦྱར། ཡིད་ཀྱིས་བླ་མ་དང་དམ་པའི་ཆོས་འདི་ལྟ་བུ་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པར་ཤེས་པ་རྩེ་གཅིག་དོན་དུ་གཉེར་བའི་བློས་གཞན་དུ་མ་ཡེངས་པར་

p. 29

དད་གུས་ཆེན་པོ་བསྐྱེད། བག་ཡོད་གཙང་སྦྲ་དང་བཅས་པས་བསྟི་སྟངས་དང་ཅི་འབྱོར་པའི་ཡོན་དབུལ། བདག་པོས་བཟུང་བ་དང་མ་བཟུང་བའི་མཆོད་པའི་བྱེ་བྲག་ནམ་མཁའི་དབྱིངས་གང་བ་དང་རང་གི་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་ཆོས་ཀྱི་སྐུ་ཡོན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འབུལ། དེར་འདུས་པའི་སྐྱེ་བོ་ཐམས་ཅད་ལ་ཆགས་སྡང་ཕྲག་དོག་བྲེ་མོ་ངན་སྨྲ་སོགས་མི་བྱ་བར་དག་སྣང་འབའ་ཞིག་སྦྱང་བ་སོགས་མདོར་ན་མདོ་རྒྱུད་རིན་པོ་ཆེ་རྣམས་ལས་ཇི་སྐད་གསུངས་པའི་ཡོན་ཏན་རྒྱུད་ལ་བརྟེན་ཅིང་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་མི་འབྲལ་བའི་ངང་ནས་ཐོས་པའི་རྣམ་པ་ཚུལ་བཞིན་ལྡན་པས་མདུན་དུ་འཁོད་པ་ལ། འཆད་པ་པོ་སློབ་དཔོན་རང་ཉིད་ཀྱིས་ཀྱང་གཙང་སྦྲ་བཅས་ཀུན་སྤྱོད་དང་བ་འདྲེན་པར་བྱ་ཞིང་། ང་རྒྱལ་དང་ཁྱད་གསོད། སྙན་གྲགས་དང་ཁྱད་པར་འདོད་པ། རྙེད་བཀུར་དང་ཟང་ཟིང་ལ་ཆགས་པའི་བློ་སྤངས་ནས་བྱང་ཆུབ་མཆོག་གི་སེམས་བཟུང་སྟེ། སེམས་ཅན་ཐམས་ཅད་ཀྱིས་ཆོས་ཀྱི་མིག་རྙེད་པར་བྱ། ཡེ་ཤེས་ཀྱི་སྒྲོན་མེ་སྦར་བར་བྱ། སངས་རྒྱས་ཀྱི་ཆོས་ཡུན་

p. 30

རིང་དུ་གནས་པར་བྱ་སྙམ་དུ་བསམ་ཞིང་། རང་ཉིད་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བའི་སྤྱན་སྔར་ལྷ་དང་དྲང་སྲོང་རིག་འཛིན་འབྱུང་པོ་བྱེ་བ་སྙེད་གུས་པ་དང་བཅས་ནས་འཁོད་པ་རྣམས་ལ། རང་གི་གསུང་ཡན་ལག་དྲུག་ཅུ་དང་ལྡན་པའི་ཆོས་ཀྱི་སྒྲས་འཇིག་རྟེན་ཐམས་ཅད་ཁྱབ། སེམས་ཅན་ཀུན་གྱི་མ་རིག་པའི་མུན་པ་བསལ། ཆོས་ཀྱི་སྒོའི་གཟུངས་དང་སྤོབ་པ་ཏིང་ངེ་འཛིན་ཐོབ་པར་མོས་ལ། གཉིས་རྨུགས་རྣམ་གཡེང་གཏམ་ལབ་བྲེ་མོ་གཞོག་འཕྱས་བརྡ་མི་འཕྲོད་པ་སོགས་སྐྱོན་ཐམས་ཅད་སྤངས་ཏེ། དལ་བྲེལ་རན་ཞིང་གསལ་དག་སྙན་ལ་ལྷོད་ཆགས་པས་ཆོས་ཐུན་རིང་ཐུང་འཚམས་པ་དང་། ཁོང་ཁྲོ་བ་མེད་པས་ཉན་པ་པོ་རྣམས་ཡིད་མི་སུན་པར་བྱ་བ་སོགས་ཀྱི་སྒོ་ནས་འདི་སྐད་ཅེས་གདམས་པར་བྱ་སྟེ། འོ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་དྲངས་ཏེ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེ་ལ་ཅི་ནས་ཀྱང་བཞག་པར་བྱ། དེའི་ཆེད་དུ་དམ་པ་ཆོས་ཀྱི་བདུད་རྩི་ལེགས་པར་

p. 31

ནོད་དེ་ལམ་གྱི་རིམ་ལ་ཚུལ་བཞིན་དུ་བསླབ་པར་བགྱིའོ་སྙམ་པའི་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་པ་རབས་ཀྱི་རྒྱུད་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་ཉེ་བར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་ནི་བདུད་རྩི་འཐུང་བ་བཞིན། །རབ་ཏུ་དྭངས་ལ་དྲི་མེད་བློས། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོར་བཅས་ཏེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག་དང་བྲལ་བས་ལེགས་པར་གསན་དགོས་ཏེ། དེའང་སྐྱོན་གསུམ་ནི། སྣོད་ཁ་སྦུབས་པའི་ནང་དུ་བདུད་རྩིའི་ཆར་བབས་པའི་ཐིག་པ་གཅིག་ཀྱང་མི་འོང་བ་བཞིན་དུ། ཆོས་ལ་སྣང་བ་མི་གཏོད་པའམ་གཏོད་ཀྱང་གཉིད་རྨུགས་དང་རྩེད་འཇོ་དང་ཡིད་གཞན་དུ་འཕྲོ་བར་བྱེད་པ་དང་། ཞབས་རྡོལ་བའི་སྣོད་ས་ལ་ཡོད་རིང་ཆར་བབས་པའི་ཆུ་ཡོད་ཀྱང་བཏེགས་པ་ན་ཟགས་ནས་འགྲོ་བ་ལྟར། ཆོས་ཐོས་པ་ཐེང་རེ་དེ་ན་ཡོད་རིང་ཟིན་ཀྱང་ཡང་དང་ཡང་དུ་དྲན་པ་ལ་འདྲིས་པར་མ་བྱས་པས་བརྗེད་པར་འགྱུར་བ་དང་།

p. 32

དུག་ཅན་གྱི་སྣོད་དུ་ཆར་ཆུས་གང་བ་མཐོ་བར་གནས་ཀྱང་གང་གིས་ཀྱང་སྤྱད་དུ་མི་རུང་བ་ལྟར། ཉོན་མོངས་པའི་དབང་དུ་སོང་ན་སླར་ཡང་ཐོས་པས་རྒྱགས་པར་འགྱུར་བས་དེ་གསུམ་སྤང་བར་གདམས་པའང་། ཡུམ་བར་མ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་ཁྱོད་ལ་བཤད་དོ། །ཞེས་གསུངས་ཏེ། ཉོན་མོངས་པ་མེད་པར་ལེགས་པར་ཉོན། ཁ་མ་སྦུབ་པར་རབ་ཏུ་ཉོན། ཞབས་མ་རྡོལ་བར་ཡིད་ལ་ཟུངས། ཞེས་གདམས་པ་ཡིན་ནོ། །དྲི་མ་དྲུག་ནི། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིང་དང་། །ཕྱི་རོལ་རྣམ་གཡེང་ནང་དུ་སྡུད། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཅེས་པ་ལྟར། རང་གི་རིགས་རུས་ལ་སོགས་པའི་ཡོན་ཏན་ཅུང་ཟད་ལ་ང་རྒྱལ་བ། སློབ་དཔོན་དང་ཆོས་ལ་ཞེ་ཐག་པ་ནས་དད་ཅིང་གུས་པར་མི་བྱེད་པ། ཆོས་ཀྱི་ལམ་ལ་དོན་གཉེར་ཆེན་པོའི་འདུ་ཤེས་མེད་པ། ཕྱི་རོལ་གྱི་ཡུལ་ལ་སེམས་རྣམ་པར་གཡེང་བ། ཧ་ཅང་ཚོགས་དྲུག་ནང་དུ་སྡུད་པས་བཤད་པའི་སྒྲ་དོན་མི་གོ་བ། ངལ་བ་དང་སྐྱོ་བའི་སེམས་ཀྱིས་ཉན་པ་སྟེ། དྲི་མ་

p. 33

དྲུག་པོ་རབ་ཏུ་སྤང་ལ་ཡོན་ཏན་གྱི་ཚོགས་དང་ལྡན་པས་ཉན་པར་བྱ་དགོས་པའང་། ལག་བཟང་གིས་ཞུས་པའི་མདོ་ལས། ཆོས་སྨྲ་བའི་བླ་མ་ལ་རིན་པོ་ཆེའི་གཏེར་དུ་འདུ་ཤེས་པ་དང་། ཆོས་ལ་ཡིད་བཞིན་གྱི་ནོར་བུར་འདུ་ཤེས་པ་དང་། ཆོས་ཉན་པ་ལ་རབ་ཏུ་དཀོན་པར་འདུ་ཤེས་པ་དང་། ཆོས་འཛིན་ཅིང་བསམ་པ་ལ་གཅེས་པའི་དོན་ཡོད་པར་འདུ་ཤེས་པ་དང་། ཆོས་ལ་སོ་སོར་རྟོག་པ་ལ་ཚེ་རབས་བརྒྱར་མི་རྙེད་པར་འདུ་ཤེས་པ་དང་། ཆོས་འཚོལ་བ་སྤངས་པ་རྣམས་ལ་བདུད་རྩི་བོར་ནས་དུག་ལ་སྤྱོད་པར་འདུ་ཤེས་པ་དང་། ཉན་ཅིང་སེམས་པ་རྣམས་ལ་དོན་དང་བཅས་པར་འགྱུར་བའི་འདུ་ཤེས་བསྟན་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། ཡང་དག་པའི་འདུ་ཤེས་ལ་དྲན་པ་ཉེ་བར་བཞག་པ་དང་། ཐུགས་ཀྱིས་བསྒོམ་བྱ་རང་རེ་གནས་པའི་ཞིང་འདི་སངས་རྒྱས་ཀྱི་ཞིང་ཐམས་ཅད་ཀྱི་རྒྱན་དང་བཀོད་པ་དང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པའི་གཞི་ལ། གནས་ཁང་འདིའང་ཐ་མལ་པ་མ་ཡིན་པར་མཁའ་སྙིང་ནོར་བུའི་འབྱོར་པས་རབ་ཏུ་སྤྲས་པའི་ཐར་པ་ཆེན་པོའི་ཕོ་བྲང་ཡེ་ཤེས་

p. 34

རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་ཚད་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ། རྡོ་རྗེ་རིན་པོ་ཆེའི་ཁྲི་པདྨའི་རྒྱལ་པོའི་ཟེ་བ་ལ་ཞབས་བསྟེན་པའི་སློབ་དཔོན་ཉིད་ངོ་བོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ་དང་ཕྲིན་ལས་གཅིག་ཏུ་འདུས་པ་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་རང་གཟུགས། མཚན་ཐོས་པ་ཙམ་གྱིས་ཀྱང་འཁོར་བ་དང་ངན་སོང་ལས་སྒྲོལ་བའི་ཕྲིན་ལས་ཅན། སྲིད་དང་ཞི་བའི་དཔལ་མགོན་གཅིག་པུ་པ་ཡིན་པ་ལ། རྣམ་པ་ཀུན་བཟང་མཚོ་སྐྱེས་རྡོ་རྗེ་འཆང་ཡབ་ཡུམ་དུ་དངོས་སུ་གསལ་བའི་ཞལ་ནས་ཆོས་ཀྱི་ཚིག་རྣམས་དབྱངས་གསལ་ཡིག་འབྲུ་འོད་ཟེར་གྱི་རྣམ་པར་འཕྲོས། ཆོས་གསན་པ་པོ་ཕོ་རྣམས་འཇམ་དཔལ་རྣོན་པོ་དམར་སེར་ཨུཏྤ་ལའི་སྟེང་ན་རལ་གྲི་དང་པུསྟ་ཀ་འཛིན་པར་གསལ་བ་དང་། མོ་རྣམས་ལྷ་མོ་སྒྲོལ་མ་ལྗང་གུ་ཨུཏྤ་ལ་འཛིན་པར་གསལ་བའི་རྣ་བ་གཉིས་ཨུཏྤ་ལ་སྔོན་པོ་འདབ་མ་བཅུ་དྲུག་པར་གྱུར་པའི་ནང་དུ་ཞུགས། སྙིང་གི་པདྨོར་སིབ་སིབ་ཐིམ་པས་མ་རིག་པའི་མུན་པ་སངས། ཤེས་བྱའི་པདྨོ་རྒྱས།

p. 35

ཆོས་ཀྱི་དོན་རྣམས་གསལ་ལམ་ལམ་གོ་ཞིང་མི་བརྗེད་པའི་གཟུངས་ཀྱིས་ས་ལེར་འཛིན་པར་མོས་ལ་གསན་པར་ཞུ། གང་ཞིག་གསན་པར་བྱ་བའི་གདམས་པ་འདི་ལ་སྤྱི་དོན་རྣམ་པ་གཉིས་ཀྱི་སྒོ་ནས་སྟོན་ཏེ། ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་དང་། བསྟེན་ནས་ལམ་ལ་ཇི་ལྟར་འཇུག་པའི་རིམ་པའོ། །དང་པོ་ལ་གསུམ། བསྟེན་བྱ་སློབ་དཔོན་གྱི་མཚན་ཉིད། སྟེན་བྱེད་སློབ་མའི་མཚན་ཉིད། ཇི་ལྟར་བསྟེན་པའི་ཚུལ་ལོ། །དང་པོ་ནི། དེའང་བྱིས་པ་སོ་སོའི་སྐྱེ་བོ་རྣམས་རང་གི་བློ་སྟོབས་ཀྱིས་ཡང་དག་པའི་ལམ་གྱི་ཕྱོགས་ཙམ་དུའང་བགྲོད་པར་ནུས་པ་མ་ཡིན་པས། སྤྱིར་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ཁྱད་པར་ལམ་ལ་ཚུལ་བཞིན་འཇུག་ཅིང་ལེགས་པར་བགྲོད་པར་བྱེད་པའི་རྩ་བ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཐོག་མ་ཉིད་དུ་ལེགས་པར་བརྟག་ནས་བསྟེན་དགོས་ཏེ། དཔེར་ན་རྒྱུས་མེད་པའི་ལམ་དུ་ཞུགས་པ་ལ་རྒྱུས་ཤེས་ཀྱི་ལམ་མཁན་དང་། འཇིགས་སར་བགྲོད་པ་ལ་སྟོབས་ལྡན་གྱི་སྐྱེལ་མ་དང་། ཆུའི་ཕ་རོལ་དུ་བགྲོད་པ་ལ་གྲུ་འཛིན་པའི་མཉེན་པ་ཉིད་མེད་

p. 36

ཐབས་མེད་པ་བཞིན་ནོ། །དེ་ལྟར་ཡང་སྡོང་པོ་བཀོད་པ་ལས། ཐམས་ཅད་མཁྱེན་པ་ནི་དགེ་བའི་བཤེས་གཉེན་གྱི་གདམས་ངག་ལ་རག་ལས་སོ། །ཞེས་དང་། ཡུམ་ལས། བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཐོག་མ་ཉིད་དུ་དགེ་བའི་བཤེས་གཉེན་ལ་བསྙེན་པར་བྱ། བསྟེན་པར་བྱ། བསྙེན་བཀུར་བར་བྱའོ། །ཞེས་དང་། ཇི་སྐད་དུ། གདོས་པ་འཛིན་པ་མེད་པ་ནི། །གྲུ་ཡི་ཕ་རོལ་ཕྱིན་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་ན་སྲིད་མཐར་མིན། །ཞེས་སོགས་མཐའ་ཡས་པར་གསུངས་སོ། །དེ་ལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། ཐུན་མོང་དུ་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་ཀྱི་བསླབ་པ། ཏིང་ངེ་འཛིན་གྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་སྟེ་ལྷག་པའི་བསླབ་པ་གསུམ་གྱིས་རྒྱུད་ལེགས་པར་དུལ་བ། དེ་དག་གི་གནད་སྟོན་པའི་འདུལ་བ།

p. 37

མདོ་སྡེ། མངོན་པ་སྟེ་སྡེ་སྣོད་གསུམ་མང་དུ་ཐོས་པ་ལུང་གི་ཡོན་ཏན་དང་། གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་གཟིགས་ཤིང་རང་གིས་ཇི་ལྟར་གཟིགས་པ་ལྟར་ལུང་རིག་དང་སྦྱར་ཏེ་གདུལ་བྱའི་རྣ་བར་སྐྱེལ་བ་ལ་སྨྲ་མཁས་པ་དང་ལྡན་པ། རྙེད་བཀུར་ལ་མ་ལྟོས་པར་འགྲོ་བ་ཉམ་ཐག་པ་རྣམས་ལ་སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པ། གཞན་གྱི་དོན་སྒྲུབ་པ་ལ་རྩོལ་བ་དང་ལྡན་པའི་བརྩོན་འགྲུས། ཡང་ཡང་འཆད་པ་ལ་སྐྱོ་ངལ་མེད་པའི་དཀའ་སྤྱད་ཁུར་དུ་བཟོད་པའི་ཡོན་ཏན་དང་ལྡན་པ་ཞིག་དགོས་ལ། ཁྱད་པར་རྡོ་རྗེ་ཐེག་པའི་ལམ་ཡོངས་སུ་རྫོགས་པའི་སློབ་དཔོན་དུ་འོས་པ་ལ་ནི། བླ་མ་ལྔ་བཅུ་པ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཅིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །སྔགས་འཆད་མཁས་པའི་སློབ་དཔོན་ནི། །རབ་ཏུ་དང་ཞིང་དབང་པོ་དུལ། །ཅེས་གསུངས་པ་ལྟར། ལུས་བག་ཡོད་ཀྱིས་བསྡམས་པས་

p. 38

བརྟན་པ། ངག་བག་ཡོད་ཀྱིས་བསྡམས་པས་དུལ་བ། ཤེས་རབ་ཆེ་བས་བློ་གྲོས་དང་ལྡན་པ། གནོད་བྱེད་དང་། དཀའ་སྤྱད་དང་། ཟབ་མོའི་དོན་བསྒོམ་པ་ལ་བཟོད་པ་ཆེ་བ། སེམས་ཅན་ཀུན་ལ་ལྷག་བསམ་དག་པས་དྲང་བ། རང་གི་ཉེས་པ་ཐབས་ཀྱིས་མི་མངོན་པར་བྱེད་ཅིང་ཡོན་ཏན་མེད་བཞིན་དུ་ཡོད་པ་ལྟར་སྟོན་པའི་གཡོ་སྒྱུ་མེད་པས་ཡིད་བསྡམ་པ། སྔགས་དང་རྫས་སྨན་གྱི་སྦྱོར་བ་ལ་སོགས་པས་ཞི་རྒྱས་དབང་དྲག་གི་ལས་སྒྲུབ་པ་དང་རྒྱུད་ཀྱི་དེ་ཉིད་ལ་མཁས་པ། འགྲོ་བ་རྣམས་སྡུག་བསྔལ་གྱིས་གདུང་བ་ལས་སྒྲོལ་བར་འདོད་པའི་སྙིང་རྗེ་ཆེན་པོ་ཕར་ཕྱིན་ཐེག་པ་བ་རྣམས་ལས་ཀྱང་ལྷག་པོར་གྱུར་བ་ཞིག་སྟེ། སྔགས་བླ་མེད་ཀྱི་སྐབས་འདིར་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་དོན་དུ་གཉེར་དགོས་ཤིང་། དེའང་ཕར་ཕྱིན་ཐེག་པ་བ་དང་། རྒྱུད་སྡེ་འོག་མ་བ་རྣམས་ལྟར་བསྐལ་ཆེན་གྲངས་མེད་གསུམ་དང་། སྐྱེ་བ་བཅུ་དྲུག་དང་། བདུན་ལ་སོགས་པ་ཡུན་རིང་པོས་བྱང་ཆུབ་བསྒྲུབ་ན་དེའི་རིང་ལའང་འགྲོ་བ་རྣམས་སྡུག་བསྔལ་གྱིས་མནར་བ་མ་བཟོད་དེ། མྱུར་བ་མྱུར་བའི་བརྩོན་འགྲུས་དང་སྙིང་རྗེ་

p. 39

ཤུགས་དྲག་ཁྱད་པར་བ་ཞིག་གི་སྒོ་ནས་འཇུག་དགོས་པས་ན་ཤིན་ཏུ་བརྩེ་བའི་ཐུགས་རྗེ་ཅན། ནང་རིག་པའི་བསྟན་བཅོས་ལ་མཁས་ཤིང་དེ་ཉིད་བཅུ་ལ་བློ་སྦྱངས་པ། ཐིག་ཚོན་གྱིས་དཀྱིལ་འཁོར་འབྲི་བའི་ལས་དང་། གཞན་ལ་གསང་སྔགས་ཀྱི་ལམ་འཆད་པ་ལ་མཁས་པ། ཐེག་ཆེན་སྤྱི་དང་ཁྱད་པར་སྔགས་ཀྱི་ཐེག་པ་ལ་རབ་ཏུ་གུས་ཤིང་དད་པ་བརྟན་པས་རབ་ཏུ་དང་བ། ལོག་པའི་ཡུལ་ལ་གཡེང་བ་ཚར་གཅོད་པའི་སྒོ་ནས་སྒོ་གསུམ་བསྡམས་པས་དབང་པོ་དུལ་བ་སྟེ། སྒྱུ་འཕྲུལ་དྲྭ་བ་ལས། བརྟན་ཅིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ཞིང་གཡོ་སྒྱུ་མེད། །གསང་སྔགས་རྒྱུད་ཀྱི་སྦྱོར་ཤེས་པས། །དཀྱིལ་འཁོར་བྲི་བའི་ལས་བྱའོ། །དེ་ཉིད་བཅུ་ནི་ཡོངས་ཤེས་ཤིང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །ཐེག་པ་ཆེ་ལ་རྟག་དགའ་བ། །དེ་ནི་སློབ་དཔོན་ཡིན་པར་གསུངས། །ཞེས་སོ། །དེ་ཉིད་བཅུ་ནི་སློབ་དཔོན་ཀུན་དགའ་སྙིང་པོས། དཀྱིལ་འཁོར་དང་ནི་ཏིང་འཛིན་མཆོག །ཕྱག་རྒྱ་སྟངས་སྟབས་གདན་དང་ནི། །བཟླས་བརྗོད་སྦྱིན་སྲེག་དེ་ཉིད་མཆོད། །

p. 40

ལས་དང་སྦྱོར་བ་སླར་བསྡུ་བ། །དེ་ཉིད་བཅུ་ཞེས་ཡོངས་སུ་གྲགས། །ཞེས་སོགས་གསུངས་སོ། །དེ་དག་ལས་ཀྱང་ཁྱད་པར་མན་ངག་སྟོན་པའི་སློབ་དཔོན་གྱི་མཚན་ཉིད་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། མཁས་ཤིང་བྱ་བ་བྲལ་བ་དང་། །ཆོས་ཉིད་དོན་ལ་ཚད་ཕེབས་དང་། །འདོད་པའི་དོན་ལ་རྨོངས་པ་མེད། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་དང་། སློབ་དཔོན་ཆེན་པོས། ལམ་གྱི་རྩ་བ་རྡོ་རྗེ་སློབ་དཔོན་ནི༔ དམ་ཚིག་སྡོམ་པའི་ཀུན་སྤྱོད་རྣམ་པར་དག༔ ཐོས་པས་རབ་བརྒྱན་བསམ་པས་དེ་ཉིད་ཕྱེད༔ སྒོམ་པས་ཉམས་རྟོགས་ཡོན་ཏན་དྲོད་རྟགས་ལྡན༔ ཐུགས་རྗེའི་འཇུག་པས་སློབ་མ་རྗེས་འཛིན་པ༔ ཞེས་སོགས་མདོ་རྒྱུད་མན་ངག་རྣམས་ནས་རྒྱ་ཆེར་གསུངས་པའི་དོན་རྣམས་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོས་མཚན་ཉིད་བདུན་དུ་བསྡུ་བར་མཛད་པ་བཞིན་འདིར་འཆད་དེ། དེ་ལ་མཚན་ཉིད་དང་པོ་ནི། ཇི་སྙེད་དུ། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་སུ་

p. 41

སངས་རྒྱས་དངོས་དང་མཚུངས། །རབ་དད་སྲི་ཞུ་གུས་པའི་སྤྱི་བོས་བསྟེན། །ཞེས་གསུངས་པས། དེ་ཡང་ཚེགས་ཆུང་དུས་དོན་ཆེན་པོ་སྒྲུབ་པའི་ཐབས་ལ་མཁས་ཤིང་ཐུགས་རྗེ་སྐྱོ་ངལ་མེད་པས་གཞན་ཕན་དཔག་མེད་མཛད་པ། བདེ་བར་གཤེགས་པའི་གསུང་རབ་མདོ་རྒྱུད་ཀྱི་དོན་མང་དུ་ཐོས་པའི་མིག་ཡངས་ལ་དྲི་མ་མེད་པས་ཆོས་ཀྱི་མཛོད་ཁང་རྒྱ་ཆེ་བ། འགྲོ་བ་རྣམས་ཁ་ལོ་གྱེན་དུ་བསྒྱུར་བའི་ཕྲིན་ལས་ཚད་མེད་པས་ཐར་པའི་ལམ་སྣ་འདྲེན་པ། སྐུ་གསུང་ཐུགས་ལ་མི་དགེ་བའི་དྲི་མ་མེད་པས་སྐྱོན་ཐམས་ཅད་དང་བྲལ་ལ། རང་གཞན་གྱི་འདོད་པ་ཐམས་ཅད་སྐོང་བའི་ཡོན་ཏན་རྫོགས་པ་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ལྟ་བུའི་བླ་མ་ནི། དེང་སང་སྙིགས་མའི་དུས་འདིར་སངས་རྒྱས་དངོས་དང་མཚུངས་པས་རབ་ཏུ་དད་པའི་སྤྱི་བོས་བསྟེན་པར་གདམས་ཏེ། འཕགས་པ་ཡོན་ཏན་བཀོད་པའི་རྒྱལ་པོ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ནི་མཁས་པ་གསལ་བ་སྙིང་རྗེས་ཡོངས་སུ་བརླན་པར་བྱས་པ་དག་ལ་བསྟེན་པར་བྱའོ། །ཞེས་སོ། །མཚན་ཉིད་གཉིས་པ།

p. 42

རང་བཞིན་ཡོན་ཏན་རྫོགས་པའི་བླ་མ་ནི། །རིགས་བཟང་ངོ་ཚ་ཁྲེལ་ཡོད་དབང་པོ་ཚང་། །བྱམས་དང་སྙིང་རྗེ་ཤེས་རབ་རྒྱ་ཆེ་ཞིང་། །མང་ཐོས་སྒོ་གསུམ་དུལ་ཞིང་བཟོད་ཆེན་ལྡན། །གསོང་ཞིང་ངེས་ལ་གྱ་གྱུ་མེད་པ་སྟེ། །ཡིད་བཞིན་རིན་ཆེན་དད་བརྒྱའི་གཙུག་གིས་བསྟེན། །ཞེས་རིགས་ཀྱི་ཡོན་ཏན་རྒྱལ་རིགས་ལ་སོགས་པར་སྐྱེས་པས་ངོ་ཚ་དང་ཁྲེལ་འཛེམ་ཆེ་བ། སྐྱེ་བ་སྔ་མར་ཚོགས་བསགས་པས་དབང་པོ་ཚང་ཞིང་དག་པ། ཐེག་ཆེན་གྱི་རིགས་སུ་སྐྱེས་པས་བྱམས་པ་དང་སྙིང་རྗེ་ཆེ་བ། ཐེག་པ་མཆོག་གི་རང་བཞིན་ལ་མཁས་པས་བློ་ཡངས་པ། སྔོན་སྦྱངས་ཀྱི་ལས་འཕྲོ་སད་པས་སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ། གཟུང་འཛིན་དང་ཉོན་མོངས་པ་ཆུང་བས་དུལ་ཞིང་བཟོད་པ་དང་ལྡན་པ། ཆོས་ཀྱི་རྣམ་གྲངས་ཚོལ་བས་ཐོས་པའི་སྒོ་མང་བ། སྒོ་གསུམ་ངང་གིས་དུལ་བས་དྲང་ལ་གྱ་གྱུ་མེད་པ། དམན་པའི་སྤྱོད་ལམ་བོར་ནས་ཡང་དག་པའི་གནས་ལ་དད་པ་སྟེ། དགོངས་འདུས་ལས། རིགས་བཟང་སེམས་དལ་ཁོང་དུལ་དང་། །གཟི་ལྡན་བརྗིད་ཆེ་ཡུལ་མི་འཇུག །ཤེས་བྱའི་ཡོན་ཏན་ཟད་མི་

p. 43

ཤེས། །ཚད་མེད་ཡངས་པའི་བློ་གྲོས་དང་། རྐྱེན་ཐུབ་བཟོད་ལྡན་ཀུན་ཏུ་དྲང་། །གསོང་ཞིང་སྤྱོད་ལམ་གྱ་གྱུ་མེད། །འདུ་འཛི་དམན་པའི་ལས་རྣམས་སྤངས། །འཕྱོ་དང་གཡེང་བྲལ་དབེན་པ་བསྟེན། །འདི་དང་གང་ལྡན་དམ་པའི་འོས། །ཞེས་སོ། །མཚན་ཉིད་གསུམ་པ། སྲིད་ལས་རྣམ་གྲོལ་མཆོག་རབ་བླ་མ་ནི། །ཡུལ་དང་རྒྱང་བསྲིང་མི་ཆོས་རྒྱབ་ཏུ་བོར། །དགོས་མེད་རང་གཞན་ནོར་རྫས་ཞེན་པ་ཆུང་། །རྒྱུ་འབྲས་ཡིད་ཆེས་དགེ་སྡིག་བླང་དོར་བྱེད། །ཚེ་འདི་བློས་ཐོངས་ཡུན་གྱི་དོན་ཆེན་སྒྲུབ། །ཐེག་ཆེན་དོན་ལྡན་འགྲོ་དོན་ཐབས་མཁས་སྤྱོད། །བརྟགས་ཤིང་ངོ་མཚར་དཔལ་ལྡན་ཆོས་ཀྱི་རྗེ། །རྟག་ཏུ་འབྲལ་མེད་སྐྱོ་ངལ་མེད་པར་བསྟེན། །ཞེས་ཕ་ཡུལ་གྱི་འབྲེལ་ཐག་ཆོད་པས་ཡུལ་དང་རྒྱང་བསྲིང་བ། འཁོར་བ་སྡུག་བསྔལ་དུ་ཤེས་པས་མི་ཆོས་རྒྱབ་ཏུ་བོར་བ། དགོས་མེད་རྒྱུད་ལ་སྐྱེས་པས་ཟས་ནོར་ལ་ཆགས་ཞེན་ཆུང་བ། རྒྱུ་འབྲས་ལ་ཡིད་ཆེས་སྐྱེས་པས་དགེ་སྡིག་ལ་བླང་དོར་བྱེད་པ། ཚེ་འདི་སྤུན་པར་སྒྱུར་ནས་ཡུན་གྱི་དོན་ཆེན་སྒྲུབ་པ།

p. 44

ཐེག་ཆེན་དོན་དང་ལྡན་པས་འགྲོ་དོན་ཐབས་ལ་མཁས་པ་སྟེ། དགོངས་འདུས་ལས། དཔའ་བོ་མཐུ་ལྡན་རང་ཡུལ་སྤངས། །བདེན་སྨྲ་ཇི་སྐད་གསུངས་བཞིན་བྱེད། །རི་དྭགས་རྒྱལ་པོ་སེང་གེ་ལྟར། །བརྟགས་ཤིང་ཡོན་ཏན་བླར་ཆེ་བ། །སྡུག་བསྔལ་རྣམས་ལས་ཐབས་ཀྱིས་སྐྱོབ། །ཅེས་སོ། །མཚན་ཉིད་བཞི་པ། ཤེས་རབ་རྒྱ་ཆེ་སྐལ་བཟང་བླ་མ་ནི། །རིག་གནས་ཀུན་ལ་ཤེས་བྱའི་དཀྱིལ་འཁོར་རྒྱས། །ཐོས་བསམ་རྒྱ་ཆེ་གྲུབ་མཐའི་ཚིག་དོན་མཁས། །ལྟ་སྤྱོད་ཕུལ་བྱུང་གང་གིས་སྨད་དུ་མེད། །ལུང་རིག་དང་ལྡན་རང་བཟོ་གཟུ་ལུམ་མེད། །གདུལ་བྱའི་བློ་རིས་བརྟག་ནས་ཆོས་སྟོན་ཅིང་། །བྱང་ཆུབ་ལམ་འདྲེན་དེད་དཔོན་བློ་མིག་ཅན། །རིན་ཆེན་ཐར་གླིང་བགྲོད་དེ་གུས་པས་བསྟེན། །ཞེས་སྤྱིར་རིག་པའི་གནས་ལ་འབྱོངས་པས་ཤེས་བྱ་ལ་ཐོགས་པ་མེད་པ། བྱེ་བྲག་ཆོས་སྒོའི་ཐོས་བསམ་མང་བས་ཐེག་པ་ཐམས་ཅད་ཀྱི་ཚིག་དོན་རྟོགས་པ། ཁྱད་པར་ལྟ་སྤྱོད་ཕུལ་དུ་བྱུང་བས་ལོག་དམན་གྱི་གྲུབ་མཐའ་ལས་གྲོལ་བ། ལུང་རིག་གི་རྐྱ་བར་ནས་ཐོན་པས་ཆོས་ལ་རས་ཆོད་དང་གཟུ་ལུམ་

p. 45

མེད་པ། གདུལ་བྱའི་བློ་རིགས་བརྟག་ནས་བསྟན་པའི་ལམ་སྲོལ་དུ་འཛུད་པ། ཆོས་དང་ཆོས་མིན་ཕྱེད་པས་བདུད་དང་གོལ་ས་གཅོད་པ་ལ་མཁས་པ་སྟེ། འཕགས་པ་སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ཞེས་བྱ་བ་ནི་མི་དགེ་བ་སྤོང་ཞིང་དགེ་བ་ལ་སྦྱོར་བ། ཆོས་ཇི་ལྟ་བ་བཞིན་དུ་མ་ནོར་བར་སྟོན་ཅིང་བསྟན་པ་ལྟར་སྤྱོད་པ། རང་ཉིད་འཕགས་པའི་ནོར་བདུན་དང་ལྡན་ཅིང་བྱང་ཆུབ་ཚོལ་ལ་གཞན་ཡང་དེ་ལ་སྦྱོར་བའོ། །ཞེས་སོ། མཚན་ཉིད་ལྔ་པ། རིམ་བརྒྱུད་བྱིན་རླབས་ལྡན་པའི་བླ་མ་ནི། །གོང་མ་མཉེས་བྱས་གྲུབ་ཐོབ་བརྒྱུད་པ་འཛིན། །ཐུགས་མཛོད་ལོན་པས་སྙན་བརྒྱུད་གདམས་པར་ལྡན། །ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་ལ་མཁས། །སྒྲུབ་ལ་བརྩོན་པས་དངོས་གྲུབ་སྤྲིན་ཚོགས་བརྙེས། །གཞན་ཡང་བསྒྱུར་ནུས་ཐར་པའི་ལམ་སྣ་འདྲེན། །མདོ་རྒྱུད་བཀའ་བབས་དམ་ཚིག་གཙང་གྱུར་པ། །དེ་འདྲའི་མཁས་གྲུབ་དཔལ་མགོན་སྤྱི་བོས་བསྟེན། །ཞེས་བླ་མ་དགེ་བའི་བཤེས་གཉེན་མཉེས་པར་བྱས་པས་གྲུབ་ཐོབ་

p. 46

ཀྱི་བརྒྱུད་པ་ཟིན་པ། བླ་མའི་ཐུགས་མཛོད་བྲུས་པས་སྙན་བརྒྱུད་ཀྱི་གདམས་པ་མངའ་བ། གོང་མའི་ཕྱག་བཞེས་མཐོང་བས་དོན་གཉིས་སྒྲུབ་པ་ལ་མཁས་པ། རྟག་ཏུ་སྒྲུབ་ལ་བརྩོན་པས་དངོས་གྲུབ་ཀྱི་དོན་སྣ་ཐོབ་པ། གོང་མའི་བྱིན་རླབས་ཞུགས་པས་གཞན་སྣང་བསྒྱུར་བར་ནུས་པ། སྣ་ཚོགས་ཐབས་ལ་མཁས་པས་འགྲོ་བ་ཐར་པར་འདྲེན་པ། རང་རྒྱུད་ཆོས་དང་འདྲེས་པས་དཀོན་མཆོག་གསུམ་ཀ་ཚང་བ། རྒྱལ་བའི་བྱིན་གྱིས་བརླབས་པས་མདོ་རྒྱུད་ཀྱི་བཀའ་བབས་པ། གསང་སྔགས་ཀྱི་སྐལ་བ་ཆེ་བས་བཀའ་བབས་ཀྱི་དམ་ཚིག་གཙང་བ་སྟེ། སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱད་ཅིང་སྐྱོ་ངལ་ཆུང་། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །བརྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །

p. 47

གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་སོ། །མཚན་ཉིད་དྲུག་པ། ཐུགས་རྗེས་ལམ་སྣ་འདྲེན་པའི་བླ་མ་ནི། །བྱང་ཆུབ་སེམས་འབྱོངས་རྟག་ཏུ་གཞན་ཕན་སྤྱོད། །བྱིན་རླབས་བཞུགས་པས་གཞན་སྣང་བྱིན་གྱིས་རློབ། །ལྟ་སྒོམ་སྤྱོད་འབྲས་ཉམས་མྱོང་དྲོད་རྟགས་ལྡན། །ནུས་མཐུ་རབ་ལྡན་གདོན་བགེགས་བར་ཆད་སེལ། །ཐབས་མཁས་ཐར་ལམ་འགྲོ་བའི་འདྲེན་པའི་མཆོག །མཚུངས་མེད་འཇིག་རྟེན་རྒྱན་གྱུར་གུས་པས་བསྟེན། །ཞེས་ཐེག་ཆེན་གྱི་བསླབ་པ་འབྱོངས་པས་ཅི་བྱེད་གཞན་དོན་དུ་འགྱུར་བ། བླ་མའི་བྱིན་རླབས་ཞུགས་པས་གཞན་སྣང་བྱིན་གྱིས་རློབ་པར་ནུས་པ། གནས་ལུགས་ཀྱི་དོན་ལ་སྦྱངས་པས་ལྟ་སྒོམ་སྤྱོད་འབྲས་ལ་ཉམས་མྱོང་གི་དྲོད་རྟགས་ཐོབ་པ། རིག་པ་གནད་དུ་ཆུད་པས་ནུས་མཐུས་གདོན་བགེགས་དང་བར་ཆད་སེལ་བ། རྫུ་འཕྲུལ་ཐབས་ལ་མཁས་པས་ལོག་ལྟ་ཅན་དབང་དུ་སྡུད་པ། གཞན་དོན་ཐབས་ལ་མཁས་པས་འགྲོ་བའི་ལམ་སྣ་འདྲེན་པ་སྟེ། ངེས་བརྗོད་

p. 48

བླ་མ་ལས། བྱང་ཆུབ་སེམས་བརྟན་ཐབས་ལ་མཁས། །དེ་ཉིད་དོན་ལ་དྲོད་ཚད་ལྡན། །མཐུ་ལྡན་བགེགས་ཀྱིས་བརྫི་བ་མེད། །བྱིན་རླབས་བླ་མ་མཉེས་བྱས་པས། །རྡོ་རྗེ་སློབ་དཔོན་ཉིད་ཡིན་ནོ། །ཞེས་སོ། །མཚན་ཉིད་བདུན་པ། མཐར་ཐུག་སྙིང་པོའི་དོན་སྟོན་བླ་མ་ནི། །འབྲེལ་ཚད་རྣམ་གྲོལ་ཟབ་མོའི་ལམ་ལ་སྦྱོར། །ལམ་ཟབ་སྙིང་པོའི་རང་གནས་ཆོས་སྐུ་སྤྲོད། །བོགས་འདོན་ཟབ་མོས་ཉམས་རྟོགས་གོང་འཕེལ་བྱེད། །མཐར་ཕྱིན་རྟོགས་པས་གནས་ལུགས་གཞི་ལ་སྐྱེལ། །ཐབས་ལམ་ཟབ་མོས་གང་ཡང་ལམ་དུ་སྒྱུར། །གདམས་པ་མང་ལྡན་ཤེས་རྒྱུད་འགྲོལ་ལ་མཁས། །ཚེ་འདིར་འཁོར་བའི་ཆུ་བོའི་སྒྲོལ་ནུས་པ། །དེད་དཔོན་ཡིད་བཞིན་སྨན་པའི་རྒྱལ་པོ་ནི། །ཀུན་ལས་འཕགས་ཕྱིར་མཚུངས་མེད་གུས་པས་བསྟེན། །ཞེས་ཐུགས་རྗེ་ཚད་མེད་པས་འབྲེལ་ཚད་དོན་དང་ལྡན། ཐེག་པའི་རིམ་པ་ལ་མཁས་པས་ཐར་ལམ་གང་མོས་ལ་འགོད་པ། མས་འཛེག་ལམ་རིམ་ལ་མཁས་པས་བློ་དམན་དགེ་སྦྱོར་ལ་འཛུད་པ། ཐར་ལམ་གྱི་དམར་ཁྲིད་ཟབ་མོས་རང་གནས་ཀྱི་ཆོས་སྐུ་རང་ངོ་

p. 49

གཅེར་མཐོང་དུ་སྤྲོད་པ། རྩལ་འབྱོངས་ཀྱི་བོགས་འདོན་ཟབ་མོས་ཡོན་ཏན་གོང་འཕེལ་དུ་སྤོར་བ། མཐར་ཕྱིན་རྟོགས་པ་མངའ་བས་གདུལ་བྱར་ཡིན་ལུགས་ཀྱི་ཉམས་རྟོགས་སྐྱེད་པ། ཐབས་ལམ་ཟབ་མོ་མངའ་བས་གང་ཡང་ལམ་དུ་བསྒྱུར་བ། སྣ་ཚོགས་གདམས་པ་མང་བས་ཤེས་རྒྱུད་འགྲོལ་བར་མཁས་པ། མཐོང་ཐོས་མྱོང་བ་ཆེ་བས་གེགས་དང་གོལ་ས་གཅོད་པར་མཁས་པ། ཡང་རྩེའི་དགོངས་པ་མངའ་བས་ཤེས་རྒྱུད་མཐའ་དག་འགྲོལ་བར་བྱེད་པ་སྟེ། གསང་བ་ཡིད་བཞིན་མཆོག་གི་རྒྱུད་ལས། མཁས་ཤིང་གཞན་བདེ་བྱེད་ལ་བརྩོན། །མཐར་ཕྱིན་དོན་ལ་བློ་གྲོས་འབྱོར། །ལམ་གྱུར་ཤེས་རྒྱུད་འགྲོལ་ལ་མཁས། །བདུད་དང་གོལ་ས་གཅོད་ལ་མཁས། །བླ་མེད་སྙིང་པོ་བླ་མའི་ཆོས། །ཞེས་སོ། །དེ་ལས་ལྡོག་པ་སྐྱོན་ཅན་གྱི་བཤེས་གཉེན་བསྟེན་དུ་མི་རུང་བ་ནི། ལྔ་བཅུ་པ་ལས། སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལམ་བསྡམ་དང་། །སྤྱོམས་དང་བཅས་པ་བསྟེན་མི་བྱ། །ཞེས་དང་། ཀུན་མཁྱེན་ཆེན་པོས། ལོག་པའི་སྐྱོན་མང་སྡོམ་དང་དམ་ཚིག་

p. 50

འཆལ། །བྱམས་དང་སྙིང་རྗེ་ཤེས་རབ་ཐོས་པ་ཆུང་། །ལེ་ལོ་སྙོམས་ལས་མི་ཤེས་ང་རྒྱལ་ཆེ། །ཀོ་ལོང་གདུག་རྩུབ་ཉོན་མོངས་དུག་ལྔ་རགས། །ཚེ་འདི་དོན་གཉེར་ཕྱི་མ་རྒྱང་རིང་འཕེན། །ཆོས་ལྟར་སྟོན་ཡང་ཆོས་མིན་ཟོག་པོའི་རིགས། །མི་གཙང་ཕུང་པོ་ལྟ་བུའི་བླ་མ་ནི། །གདུལ་བྱའི་བུང་བ་མང་ཡང་རིང་དུ་སྤང་། །དད་ལྡན་ལོག་ལམ་ངན་འགྲོར་འཁྲིད་པས་ན། །ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །ཞེས་སྡོམ་པ་དང་དམ་ཚིག་ཉམས་ཤིང་སྙིང་རྗེ་དང་ཐོས་པ་ཆུང་བ། ལེ་ལོ་དང་ང་རྒྱལ་ཆེ་ལ་ཀོ་ལོང་དང་དུག་ལྔ་རགས་པ། ཚེ་འདིའི་འཁོར་དང་ཡོ་བྱད་དང་སྙན་གྲགས་དོན་དུ་གཉེར་བ། དབེན་པར་གནས་ཀྱང་འདུ་འཛི་དང་ཉོན་མོངས་པའི་ཆར་འབབ་ཅིང་ཕྱི་མ་རྒྱང་རིང་དུ་འཕེན་པ། རང་ལས་གཞན་པའི་ཆོས་དང་གང་ཟག་ཐམས་ཅད་ལ་སྐུར་པ་འདེབས་པ། ངག་ཏུ་ཆོས་ལྟར་མཁས་མཁས་སུ་སྟོན་ཡང་དོན་ལ་རང་སེམས་ལ་མ་ཕན་པར་ཚིག་དོན་འཛོལ་བས་ཟོག་པོའི་རིགས་ཞེས་བྱ་སྟེ། མི་གཙང་བ་ཕྱི་སའི་ཕུང་པོ་ལྟ་བུ་ལ་ཚོགས་མ་བསགས་པའི་འཁོར་སྦྲང་བུ་ལྟ་བུ་མང་དུ་འདུ་ཡང་དད་ལྡན་

p. 51

ཐར་པ་འདོད་པ་དག་ངན་འགྲོར་འཁྲིད་པས་ན་རིང་དུ་སྤང་དགོས་ཏེ། དཔེར་ན་ལོང་བས་ལོང་བ་འཁྲིད་པ་ན་མཐར་གཉིས་ཀ་གཡང་སར་ལྟུང་བ་ལས་འོས་མེད་པ་བཞིན་བླུན་པོ་ང་རྒྱལ་ཅན་གྱིས་རྨོངས་པ་རང་མཐོང་ཅན་ལ་ཆོས་སུ་རློམས་པའི་ཚིག་སྐམ་འཆད་པ་ན། རྒྱུད་གྲོལ་བའི་ཚབ་ཏུ་ལོག་ལྟའི་འཆིང་བས་ཕྱི་ཕྱིར་བསྡམས་ཏེ་ཐར་པའི་ལམ་ལས་ཕྱིར་ཕྱོགས་པར་འགྱུར་བས་སོ། །དེ་ལྟར་ཡང་སངས་རྒྱས་མཛོད་ཀྱི་མདོ་ལས། འཇིག་རྟེན་པའི་དགྲས་ནི་སྲོག་ཙམ་ཕྲོག་སྟེ་ལུས་འདོར་བ་ཙམ་དུ་ཟད་ཀྱི་ངན་འགྲོར་ལྟུང་བར་མི་བྱེད་དོ། །མི་གཏི་མུག་ཅན་ལོག་པའི་ལམ་ལ་ཞུགས་པས་ནི་དགེ་བ་དོན་དུ་གཉེར་བ་རྣམས་བསྐལ་པ་སྟོང་གི་བར་དུ་དམྱལ་བར་འཁྲིད་པར་བྱེད་དོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་དང་མཚན་མའི་ཆོས་ལ་སྤྱོད་ཅིང་ཕྱིན་ཅི་ལོག་གི་ཆོས་བསྟན་པའི་ཕྱིར་རོ། །འདི་ལྟར་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་པ་བས་ལོག་པར་འཁྲིད་པའི་ཆོས་བསྟན་པ་སྡིག་ཆེའོ་ཞེས་ང་སྨྲའོ། །ཞེས་སོ། །དེ་ལྟར་ཇི་སྐད་བསྟན་པའི་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་ལྡན་གྱི་བླ་མ་

p. 52

དམ་པ་ནི་མེ་ཏོག་གི་རྒྱལ་པོ་ཨུ་དུམ་ཝ་ར་ལྟར་དུས་ཀྱི་དབང་གིས་རྙེད་པར་དཀའ། གལ་སྲིད་རེ་རེ་ཙམ་རྙེད་ནའང་རང་སྣང་མ་དག་པའི་སེམས་ཅན་གྱིས་སྐྱོན་དུ་མཐོང་བ་སྔོན་བཅོམ་ལྡན་འདས་ལ་ལྷས་སྦྱིན་གྱིས་སྐྱོན་དུ་མཐོང་བ་སོགས་ཇི་སྙེད་ཅིག་བྱུང་བ་དང་འདྲ། ལྷག་པར་དེང་སང་གི་སྐྱེ་བོ་ཕལ་ཆེར་ལས་ངན་བསགས་པའི་སྐལ་མཉམ་ཅན་ཤ་སྟག་ཡིན་པས་སྐྱོན་ཡང་ཡོན་ཏན་དུ་མཐོང་ཞིང་ཡོན་ཏན་ཡང་སྐྱོན་དུ་མཐོང་། ཆོས་དང་མཐུན་ལ་ངོ་ལྐོག་ཐུབ་པ་སྣ་གཅིག་མེད་པའང་སྐྱེས་བུ་དམ་པར་མཐོང་བ་སོགས་ཡོད་པས་བརྟག་དཔྱད་ཇི་བཞིན་ཤེས་མཁན་དཀོན། ཁྱད་པར་གནས་ལུགས་ཟབ་མོའི་དོན་སྟོན་པ་ལ་བླ་མ་རྟོགས་པ་དང་ལྡན་པ་ཞིག་མེད་ན་སློབ་མའི་རྒྱུད་ལ་ཉམས་རྟོགས་མཐར་ཐུགས་པ་སྐྱེད་མི་ནུས་པས་དེ་ཉིད་རྩ་བར་བཟུང་བའི་ཡོན་ཏན་ཕལ་ཆེར་ལྡན་པའང་སངས་རྒྱས་དང་མཚུངས་པ་ཙམ་དུ་བལྟ་དགོས་ཤིང་། དྲུག་ཚན་རེ་ཚང་བ་དང་ཡོན་ཏན་ཤས་ཆེ་བ་ཙམ་ཡང་དམ་པར་བཟུང་ནས་བསྟེན་པར་བྱ་དགོས་པའི་ཚུལ། དོན་དམ་བསྙེན་པ་ལས། རྩོད་དུས་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་

p. 53

འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་བྱ་བའོ། །ཞེས་འབྱུང་བ་བཞིན་ནོ། །གཉིས་པ་སྟེན་བྱེད་སློབ་མའི་མཚན་ཉིད་ནི། བཞི་བརྒྱ་པ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བཤད། །ཅེས་པ་ལྟར། རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་སྡང་བའི་ཕྱོགས་ལྷུང་བྲལ་བས་བློ་གཟུ་བོར་གནས་པ། ཉེས་བཤད་དང་ལེགས་པར་བཤད་པའི་བླང་དོར་འབྱེད་ནུས་པའི་བློ་གྲོས་ཅན། དམ་པའི་ཆོས་ལ་དོན་གཉེར་ཆེན་པོ་དང་ལྡན་པ། ཆོས་སྨྲ་བ་པོ་ལ་ལེགས་པར་གུས་ཤིང་ཡིད་གཏོད་པ་བཅས་གཞིར་བཞག་ནས། དེའི་སྟེང་དུ་ཁྱད་པར་གྱི་ཡོན་ཏན་ནི། རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཞིང་སྒྲུབ་ལ་བརྩོན། །སློབ་དཔོན་ཇི་སྐད་གསུངས་བཞིན་བྱེད། །ཅེས་པས།

p. 54

བླ་མ་དང་གདམས་ངག་ལ་ཡིད་རབ་ཏུ་སྤྲོ་ཞིང་དོན་དུ་གཉེར་བ་དང་བའི་དད་པ། བསྒྲུབ་པའི་འབྲས་བུ་ལ་ཆེད་དུ་གདུང་བ་འདོད་པའི་དད་པ། ཐེ་ཚོམ་མི་བྱེད་པ་ཡིད་ཆེས་ཀྱི་དད་པ། ཉི་ཚེ་བའི་རྐྱེན་གྱིས་མི་འཕྲོག་པ་མཐར་ཐུག་གི་དད་པ་སྟེ་བྱིན་རླབས་འཇུག་པའི་རྒྱུ་ཚང་བ། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པ་ལ་ཕྱི་བཤོལ་དང་ཐང་ལྷོད་མེད་པའི་སྙིང་སྟོབས་ཀྱི་དམ་བཅའ་བརྟན་པ། གནས་ལུགས་ཟབ་མོའི་དོན་ལ་དཔྱོད་པའི་ཤེས་རབ་གསལ་བས་ཉམས་རྟོགས་སྐྱེ་སླ་བ། ཟས་གོས་སོགས་སྲིད་པའི་བདེ་འབྱོར་ལ་འཛིན་ཆགས་ཆུང་བ། བླ་མ་དང་ལྷག་པའི་ལྷ་ལ་ཕུ་དུད་ཆེ་བས་བྱིན་རླབས་འཇུག་པའི་སྒོ་ཚང་བ། གསང་སྔགས་ཀྱི་ལམ་ལ་ཐེ་ཚོམ་གྱི་སྒྲོ་འདོགས་ཆོད་པས་ཟབ་མོའི་སྤྱོད་པ་ལ་འཇུག་ནུས་པ། ཆགས་སྡང་རྨོངས་གསུམ་སོགས་ཐ་མལ་གྱི་རྣམ་རྟོག་ལ་སེམས་མི་འཇུག་པས་གཡེང་བ་དང་བྲལ་བ། རྩ་བ་དང་ཡན་ལག་གི་དམ་ཚིག་གཉེར་དུ་བླངས་པ་ལས་མི་འདའ་བའི་དམ་བཅའ་བརྟན་པ། ཟབ་མོའི་ལམ་བསྒོམ་པ་ལ་སྐྱོ་ངལ་མེད་ཅིང་བླ་མས་ཇི་ལྟར་གསུངས་པ་ལས་མི་འདའ་བ་སྟེ།

p. 55

ཀུན་མཁྱེན་ཆེན་པོས། སྐལ་བཟང་སློབ་མ་དད་དང་ཤེས་རབ་ཆེ། །བརྩོན་འགྲུས་བག་ཡོད་དྲན་དང་ཤེས་བཞིན་ལྡན། །བཀའ་ལས་མི་འདའ་སྡོམ་དང་དམ་ཚིག་བསྲུང་། །སྒོ་གསུམ་དུལ་ཞིང་སྙིང་རྗེ་ཕན་སེམས་ཆེ། །ཁོང་ཡངས་སྤྲོ་རིང་གཏོང་ཕོད་དག་སྣང་ཆེ། །བརྟན་ཅིང་མོས་གུས་ཆེ་བ་དེ་དག་གིས། །ཞེས་གསུངས་པ་ལྟར་མཚན་ཉིད་དེ་ལྡན་གྱི་སློབ་མ་ཉིད་འཆད་ཡུལ་དུ་བཟུང་བར་བྱའོ། །དེ་ལས་ལྡོག་པའི་སྐྱོན་ཅན་ནི། རང་ཤར་ལས། བཀུར་བསྟི་ཕུ་དུད་མི་བྱེད་ཅིང་། །གསང་སྔགས་འཆལ་བར་སྤྱོད་པ་དང་། །རིགས་བརྒྱུད་མེད་ཅིང་ངང་རྒྱུད་མེད། །ཤེས་རབ་ཆུང་བར་གྱུར་པ་དང་། །བཀའ་དྲིན་ཁྱད་དུ་གསོད་པ་དང་། །དོན་མེད་འཆལ་བར་གྱུར་པ་སྟེ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཞེས་དང་། ཀུན་མཁྱེན་གྱིས། གཞན་དུ་སྐལ་ངན་སློབ་མ་ཉེས་ཀུན་གཞི། །དད་དང་ངོ་ཚ་ཁྲེལ་མེད་སྙིང་རྗེ་ཆུང་། །རིགས་དང་རང་བཞིན་ཀུན་སྤྱོད་སྐལ་པ་ངན། །སེམས་དང་ལས་དང་ཉོན་མོངས་དུག་ལྔ་རགས། །ཆོས་དང་ཆོས་མིན་

p. 56

དགེ་སྡིག་བསླབ་པ་འཆལ། །སྡོམ་དང་དམ་ཚིག་མི་བསྲུང་གཉེན་པོ་མེད། །རབ་རྨོངས་བློ་གྲོས་ཆུང་ཞིང་དགང་དཀའ་བ། །ཁྲོ་དང་ཚིག་རྩུབ་འཕེལ་བ་དེ་དག་གིས། །བླ་མ་རི་དྭགས་ཆོས་ལ་གླ་རྩི་དང་། །རང་ལ་རྔོན་པ་ནན་ཏན་མདའ་འཕེན་དང་། །ཆོས་གྲུབ་འབྲས་བུ་གཞན་དུ་འཚོང་བའི་ཚུལ། །འདུ་ཤེས་ལོག་པ་ལྔ་ཡིས་བསྟེན་པ་ནི། །དམ་ཚིག་མེད་པས་འདི་ཕྱིར་སྡུག་བསྔལ་འཐོབ། །ལ་ལས་ཐོག་མར་མ་བརྟག་བབ་ཅོལ་འཇུག །གསར་ངས་ཡོན་ཏན་བརྗོད་ཅིང་ཕྱི་ནས་སྨོད། །ཁ་ཅིག་འདྲེས་མས་ངོ་ལྐོག་ངན་གཡོའི་ཚུལ། །ཟུར་གྱིས་བླ་མའི་ཉེ་འཁོར་སུན་འབྱིན་པ། །དེ་དག་གིས་ནི་འབྲས་བུ་མནར་མེད་ཉིད། །ཅེས་སྐལ་བ་ངན་པའི་སློབ་མ་ཉེས་པ་དུ་མའི་སྣོད་དུ་གྱུར་པ། དད་པ་དང་ངོ་ཚ་ཆུང་བ། ཁྲེལ་ཡོད་དང་སྙིང་རྗེ་ཆུང་བ། རིགས་དང་རང་བཞིན་ངན་པ། ཀུན་སྤྱོད་དང་སྐལ་བ་ངན་པ། སེམས་དང་ཉོན་མོངས་རགས་པ། དགེ་སྡིག་དང་བསླབ་པ་འཆལ་བ། སྡོམ་པ་དང་དམ་ཚིག་མི་བསྲུང་བ། ཉོན་མོངས་པའི་སྒོ་མི་བསྡམ་པས་གཉེན་པོ་ལ་རྨོངས་པ། ཤེས་རབ་ཆུང་ལ་མགུ་དཀའ་བ། ཁོང་ཁྲོ་དང་ཚིག་རྩུབ་ཉི་ཚེ་

p. 57

འཕེལ་བ། ཆོས་མིན་གྱི་བྱ་བ་ལ་ངང་གིས་བརྩོན་པ། སངས་རྒྱས་ཀྱི་བླ་འཚོང་། ཆོས་ཀྱི་རྐང་འདྲེན། དགེ་འདུན་གྱི་སྒབ་བརྡུམ་པ་དེ་དག་བླ་མ་ལ་ཆོས་འཚོལ་བ་ན། རང་ཉིད་རྣམ་པར་མ་ཞི་བས་ཀུན་ལ་འཚེ་ཞིང་ཁྱད་དུ་གསོད་པས་རྔོན་པ་དང་འདྲ་ལ། སློབ་དཔོན་ལས་འདི་ཁོ་ན་ལུང་བླང་གི་གཞན་དུ་ན་སྐྱོན་འདི་དང་འདིའང་ཡོད་པས་དུད་འགྲོ་དང་འདྲའོ་སྙམ་ཞིང་ཆོས་དེ་ཐོས་ཐོས་མོ་ཞིག་བྱས་ལ་གཞན་ལས་ཁྱད་དུ་འཕགས་པར་འདོད་པས་གླ་རྩི་ལྟ་བུ། ཆོས་དེ་ཐོས་པ་མ་རྫོགས་པར་གཞན་ལ་ངོ་དགའ་མ། ཁྱད་གསོད་དམ། ཡོ་བྱད་ཅུང་ཟད་ཀྱི་ཕྱིར་སྤོག་ཅིང་འཚོང་བ་ནི་ཚེ་འདིར་བཀྲ་མི་ཤིས། ཕྱི་མར་ངན་སོང་དུ་འཁྱམ་དགོས་པ་ཡིན་ཏེ། དམ་ཚིག་གསུམ་བཀོད་པའི་རྒྱུད་འགྲེལ་དུ། གསང་སྔགས་རྡོ་རྗེའི་སློབ་དཔོན་སྨོད། །ཆོས་ལ་དབང་ཟ་ནོར་དང་བརྗེ། །རིག་པས་དམ་ཚིག་མི་བསྲུང་བ། །དེ་དག་ཚེ་འདིར་ཚེ་ཐུང་ཞིང་། །དཔལ་དང་སྐལ་བ་བཟང་པོ་ཉམས། །མཁའ་འགྲོའི་ཆད་ལས་སྡུག་བསྔལ་ཞིང་། །ཕྱི་མར་ངན་སོང་ཉིད་དུ་ལྟུང་། །ཞེས་བཤད་དོ། །གཞན་ཡང་དང་པོར་བླ་མ་དང་སློབ་མའི་རྒྱུད་མ་བརྟག་པར་དཔོན་སློབ་ཏུ་བཟུང་།

p. 58

དེ་ནས་གསར་འགྲོགས་ཀྱིས་བཀུར་བསྟི་དང་རྙེད་པ་བྱས་ཀྱང་རྐྱེན་ཅུང་ཟད་ཀྱིས་ཁྲོས་ནས་འཕྱར་ཀ་དང་ཚིག་རྩུབ་བརྗོད། གཅིག་པུར་འདུག་ནའང་སྐྱོན་ཉི་ཚེ་སེམས་ཤིང་དེའི་ཉེ་འཁོར་བ་ཐམས་ཅད་སུན་འབྱིན་པ་དང་། ཁ་ཅིག་ངོར་བསྟོད་ཅིང་གུས་པའི་ཟོལ་དུ་འཆོས་ཀྱང་ཡིད་ལ་མ་དད་པ་དང་མི་གུས་པ་འཆང་ཞིང་ལྐོག་ནས་གཡོ་དང་སྒྱུས་བསླུ་བ་དེ་དག་ཀྱང་བླ་མ་སྨད་པའི་ཕྱིར་ཉེས་པ་ཚད་མེད་དེ། ལྔ་བཅུ་པ་ལས། མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བར་བརྟེན་པ་གང་ཡིན་པ། །སློབ་དཔོན་ལ་ནི་དམོད་པ་སྟེ། དེ་ལ་གནས་པར་ཡང་དག་བཤད། །ཅེས་སོ། །དེས་ན་བླ་མ་དང་སློབ་མ་དང་པོར་གྱ་ཚོམས་སུ་མི་འཇུག་པར་ལེགས་པར་བརྟག་དགོས་ཏེ། སྔ་མ་ལས། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་པོར་སློབ་དཔོན་དང་། །སློབ་མའི་འབྲེལ་བ་བརྟག་པར་བྱ། །ཞེས་གསུངས་ཤིང་། དེའང་ཡུན་ཐུང་དུས་མ་ཤེས་ན། བཤད་རྒྱུད་རྡོར་ཕྲེང་ལས། ལོ་ནི་བཅུ་གཉིས་བར་དུ་བརྟག །ཅེས་ཡུན་རིང་པོར་བརྟག་དགོས་པར་གསུངས། དེ་ལྟར་བརྟག་པའང་དབང་ཆོས་

p. 59

ཀྱིས་མ་འབྲེལ་གོང་དུ་ཡིན་གྱི། དབང་ཆོས་ཞུས་ཟིན་ནས་ཕམ་པ་བཞི་ཀ་ཚང་བ་ཞིག་ཡིན་ནའང་མོས་གུས་ཀྱི་ཡུལ་དུ་བྱ་བ་ལས་བརྟག་དཔྱད་དད་ལོག་སོགས་བྱ་མི་རུང་སྟེ། ཇི་སྐད་དུ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང་། །གལ་ཏེ་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱ་བླངས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། །གསུམ་པ་ཇི་ལྟར་བསྟེན་པའི་ཚུལ་ནི། མཚན་ཉིད་དེ་ལྡན་གྱི་སློབ་དཔོན་རྙེད་ནས་ཇི་ལྟར་བསྟེན་པའི་ཚུལ་ཡང་། ཉོན་མོངས་པའི་ནད་ཞི་བར་བྱ་བའི་ཕྱིར་ནད་པས་སྨན་པ་བསྟེན་པ་དང་། ཉེས་པའི་འཇིགས་པ་ལས་བསྐྱབ་པའི་ཕྱིར་དམངས་ཀྱིས་རྒྱལ་པོ་བསྟེན་པ་དང་། སྐྱེ་ཤིའི་འཕྲང་ལས་ཐར་བའི་ཕྱིར་མགྲོན་པོས་སྐྱེལ་མ་བསྟེན་པ་དང་། རང་གཞན་གྱི་དོན་གཉིས་འགྲུབ་པའི་ཕྱིར་ཚོང་པས་དེད་དཔོན་བསྟེན་པ་དང་། འཁོར་བའི་ཆུ་བོ་ལས་བརྒལ་བའི་ཕྱིར་གྲུ་པས་མཉེན་པ་བསྟེན་པ་ལྟར་བླ་མ་བསྟེན་པར་གསུངས་ཏེ། སྡོང་པོ་བཀོད་པའི་མདོ་ལས། རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ནད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་

p. 60

ལ་སྨན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྨན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་དམངས་ཀྱི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་འཇིགས་པ་མེད་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཚེ་བ་ཉེར་བར་ཞི་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་རྒྱལ་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་མགྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་མི་འཇིགས་པ་སྦྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་འཇིགས་པ་ཐམས་ཅད་ལས་སྒྲོལ་བའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་སྐྱེལ་མ་དཔའ་བོའི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་ཚོང་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་ཚོང་ཟོང་ཉེ་བར་འདུ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཁེ་སྤོགས་འགྲུབ་པའི་འདུ་ཤེས་

p. 61

བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་དེད་དཔོན་གྱི་འདུ་ཤེས་བསྐྱེད་པར་བྱའོ། །ཡང་རིགས་ཀྱི་བུ། ཁྱོད་ཀྱིས་བདག་ཉིད་ལ་གྲུ་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཆོས་ལ་གྲུའི་འདུ་ཤེས་བསྐྱེད་པར་བྱའོ། །ནན་ཏན་ཉམས་སུ་ལེན་པ་ལ་ཆུ་བོའི་ཕ་རོལ་ཏུ་ཕྱིན་པའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་མཉེན་པ་མཁས་པའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་དང་། རིགས་ཀྱི་བུ། ཁྱོད་ཀྱིས་དགེ་བའི་བཤེས་གཉེན་ལ་ཁུར་ཐམས་ཅད་ཀྱིས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། གནོད་པ་ཐམས་ཅད་ཀྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅོག་པ་སློབ་མ་ལྟ་བུའི་སེམས་དང་། ཅི་བསྒོ་བ་ཉན་པ་བྲན་གྱི་སེམས་དང་། དྲེག་པ་མེད་པ་ཁྱུ་མཆོག་རྭ་བཅད་པ་ལྟ་བུའི་སེམས་བསྐྱེད་པར་བྱའོ། །ཞེས་གསུངས་སོ། །དེ་ལ་ཇི་ལྟར་བསྟེན་པའི་ཐབས་ཇི་སྙེད་ཅིག་གསུངས་པ་ལས། འདི་བླ་མ་ལྔ་བཅུ་པའི་གཞུང་ལས་འབྱུང་བ་ལྟར་འཆད་པ་ལ་བརྒྱད་དེ། ཡོན་འབུལ་བ། སངས་རྒྱས་སུ་བལྟ་བ། བཀའ་བསྒྲུབ་པ། བླ་མའི་རྗེས་དང་འཁོར་

p. 62

ལ་ཇི་ལྟར་བྱ་བ། འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ། ལུས་ངག་གིས་བསྙེན་བཀུར་བའི་ཁྱད་པར། ང་རྒྱལ་སྤང་བ། རང་དབང་དུ་མི་འཇུག་པའོ། །དང་པོ་ནི། ཤིན་ཏུ་སྦྱིན་པར་དཀའ་བའི་རང་གི་བུ་དང་ཆུང་མ་དང་ལུས་ལོངས་སྤྱོད་ཐམས་ཅད་བླ་མ་ལ་ཕུལ་བའི་སྒོམས་བསྟེན་དགོས་ཏེ། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བས་སྨོས་ཅི་དགོས། །ཞེས་དང་། མཆོག་ཏུ་དང་བས་དུས་གསུམ་དུ། །མཎྜལ་མེ་ཏོག་ཐལ་སྦྱར་དང་། །ཞབས་ལ་སྤྱི་བོས་ཕྱག་འཚལ་བས། །སྟོན་པ་བླ་མ་བསྙེན་བཀུར་བྱ། །ཞེས་སོ། །དེས་ན་དུས་གསུམ་དུ་མེ་ཏོག་གི་ཚོམ་བུ་དང་བཅས་པའི་མཎྜལ་འགྲུབ་ན་དང་། མིན་ཀྱང་ཕྱི་ནང་གསང་བའི་མཎྜལ་འགྲུབ་ན་དང་། མིན་ཀྱང་ཕྱི་ནང་གསང་བའི་མཎྜལ་གྱི་རྣམ་བཞག་རྣམས་ངེས་པར་བྱས་ཏེ། དེ་ཐམས་ཅད་བླ་མ་ལ་འབུལ་བ་སྔོན་དུ་བཏང་ནས་ཕྱག་ལན་གསུམ་རེ་བཙལ་བར་བྱ་སྟེ། རྡོ་རྗེ་སྙིང་པོ་རྒྱན་ལས། བློ་ལྡན་རྡོ་རྗེ་སློབ་མ་ཡིས། །ཅི་སྟེ་བདེ་བ་ཀུན་འདོད་ན། །དད་མོས་སེམས་ཀྱིས་དབུལ་བར་བྱ། །ཡིད་ལ་གང་བསམ་མ་ཕུལ་ན། །ཡི་དྭགས་དམྱལ་

p. 63

བ་རྣམ་གཉིས་སུ། །ངེས་པར་སྐྱེ་སྟེ་བརླག་པར་འགྱུར། །ཞེས་གསུངས་པས། བླ་མ་ཇི་ལྟར་དགྱེས་པའི་དངོས་པོ་མ་ཕུལ་བའམ། འབུལ་བར་ཁས་བླངས་ནས་མ་ཕུལ་ན་ངེས་པར་ཡི་དྭགས་དང་དམྱལ་བར་སྐྱེ་བར་གསུངས་པས། སློབ་མས་ཀྱང་བླ་མ་ལ་ཇི་ལྟར་རིགས་པ་དབུལ་ཞིང་བླ་མས་ཀྱང་སློབ་མའི་སྲེད་པ་བཟློག་ཕྱིར་ངེས་པར་བླང་དགོས་ཏེ། སམྦྷུ་ཊར། གང་དང་གང་ཞིག་སྡུག་པའི་རྫས། །རེ་བ་མེད་པའི་སེམས་ཀྱིས་ནི། །དེ་དང་དེ་ཉིད་བླ་མར་འབུལ། །བླ་མའང་སྙིང་རྗེར་ལྡན་པས་ནི། །སློབ་མའི་ཞེན་པ་ལྡོག་པའི་ཕྱིར། །དེ་ལ་ཕན་པའི་བསམ་པས་བཟུང་། །ཞེས་གསུངས། དེ་ལྟར་ཕུལ་ན་སངས་རྒྱས་ཐམས་ཅད་ལ་རྟག་ཏུ་མཆོད་པས་མཉེས་པར་བགྱིས་པ་དང་འདྲ་བའི་ཚོགས་ངེས་པར་རྫོགས་ཏེ། འདི་ནི་སངས་རྒྱས་ཀུན་དང་འདྲ། །མི་ཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང་། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་དབུལ། །དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེར་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་

p. 64

གྲུབ་མཆོག་ཏུ་འགྲུབ། །ཞེས་དང་། ཡེ་ཤེས་དམ་པའི་རྒྱུད་ལས། བསྐལ་པའི་སངས་རྒྱས་མཆོད་པ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །འབྲུ་མར་ཐིག་པ་གཅིག་བྱུགས་ན། །བསོད་ནམས་ཕུང་པོ་ཁྱད་པར་འཕགས། །ཞེས་སོགས་གསུངས་སོ། །གཉིས་པ་སངས་རྒྱས་སུ་བལྟ་བ་ནི། རྡོ་རྗེ་སློབ་དཔོན་དེ་ཉིད་རྡོ་རྗེ་འཆང་དངོས་ཡིན་པ་ལ་ཡིན་པར་ཤེས་ཤིང་ཐེ་ཚོམ་དང་སོམ་ཉི་མེད་པས་བསྟེན་དགོས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ལས། རིགས་ཀྱི་བུ། དེ་བཞིན་གཤེགས་པ་ཐམས་ཅད་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་བཞིན་དུ་བལྟ་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ནི་བྱང་ཆུབ་ཀྱི་སེམས་དང་མཉམ་ཞིང་རྣམ་པ་གཉིས་སུ་དབྱེར་མ་མཆིས་སོ། །ཞེས་པས་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པར་འབྱུང་ཞིང་། དེ་ཉིད་ཀྱི་སྤྲུལ་པའི་གཟུགས་རྣམ་པར་གནས་པ་མཐོང་བའི་ལམ་དུ་མི་འགྱུར་བའི་དུས་སུ་དེའི་ལུས་ལ་རྣམ་པར་གནས་ནས་སེམས་ཅན་གྱི་དོན་མཛད་པར་གསུངས་སོ། །དེ་ལྟར་ཡང་རྡོ་རྗེ་སྙིང་པོ་རྒྱན་ལས། རྟག་ཏུ་བླ་མ་ལ་གུས་པའི། །

p. 65

སློབ་མས་བླ་མ་འདི་ལྟར་བལྟ། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །ཞེས་དང་། གཞན་ཡང་། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་གསུངས། དེས་ན་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད། སྤྱན་དང་ཡན་ལག་ལ་སོགས་པ་རྣམས་སའི་སྙིང་པོ་ལ་སོགས་པའི་ཉེ་སྲས་ཀྱི་ངོ་བོ། བ་སྤུ་རྣམས་དགྲ་བཅོམ་པ། རིགས་ལྔའི་སངས་རྒྱས་ཀྱི་དབུ་རྒྱན། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་གདན། གནོད་སྦྱིན་དང་དྲི་ཟ་ལ་སོགས་པའི་སྡེ་བརྒྱད་འབྱུང་པོ་སྟེ་དམ་ཅན་རྒྱ་མཚོའི་འོད་ཟེར་དང་ལྡན་པའི་རྣམ་པར་བལྟ་སྟེ། རྡོ་རྗེ་མཁའ་འགྲོར། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །ཡན་ལག་བྱང་ཆུབ་སེམས་དཔའ་སྟེ། །བ་སྤུ་རྣམས་ནི་དགྲ་བཅོམ་ཉིད། །སྤྱི་གཙུག་རིགས་ལྔའི་སངས་རྒྱས་ཏེ། །འཇིག་རྟེན་པ་ནི་ཞབས་ཀྱི་གདན། །འོད་ཟེར་གནོད་སྦྱིན་གསང་ལ་སོགས། །དེ་ལྟར་ཡོན་ཏན་རང་བཞིན་ལུས། །རྣལ་འབྱོར་ཅན་གྱིས་རྟག་ཏུ་བལྟ། །ཞེས་སོ། །དེས་ན་སྐུའི་གྲིབ་མ་ཙམ་འགོམ་ན་མཆོད་རྟེན་བཤིག་པ་དང་འདྲ་བའི་

p. 66

སྡིག་པ་འབྱུང་བས། ཞབས་བཅག་བཞུགས་གདན་བཟའ་སོགས་དང་། ཆིབས་པ། མཆོད་ཞལ་ལ་སོགས་པའི་ཉེར་སྤྱད། གདུགས་དང་བླ་བྲེ་ལ་སོགས་པའི་ཡོ་བྱད་རྣམས་འགོམ་པའང་དེ་དང་འདྲ་ཕྱིར་རྟག་ཏུ་འཛེམ་པར་བྱ་དགོས་ཏེ། མཆོད་རྟེན་བཤིགས་འདྲའི་སྡིག་འཇིགས་པས། །གྲིབ་མའང་འགོམ་པར་མི་བྱ་ན། །ལྷམ་དང་སྟན་དང་བཞོན་པ་སོགས། །འགོམ་མི་བྱ་བ་སྨོས་ཅི་དགོས། །ཞེས་དང་། གུར་ལས། བླ་མའི་གདུགས་དང་གྲིབ་མ་དང་། །བཅད་ལྷམ་སྟན་དང་སྔས་རྣམས་ལ། །རྨོངས་ཆེན་གང་ཞིག་འགོམ་བྱས་ན། །དེས་ནི་མི་རྣམས་སྤུ་གྲིར་ལྟུང་། །ཞེས་སྐུའི་གྲིབ་མ་ཙམ་འགོམ་པའང་ཉེ་བའི་མཚམས་མེད་དང་འདྲ་ཞིང་མནར་མེད་དུ་ལྟུང་བར་གསུངས་པས། མི་འགོམ་ཀ་མེད་ཀྱིས་འགྲོ་དགོས་པ་བྱུང་ན་དེ་ཉིད་ཀྱི་འོག་ནས་ཐོགས་མེད་དུ་འཛུལ་བའི་རྡོ་རྗེའི་ཤུགས་ཀྱི་འཇུག་པས་འགྲོ་བར་བསམ་ལ། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་བརྗོད་ན་ཉེས་པ་མི་བསྐྱེད་པར་རྒྱུད་ལས་གསུངས། དེ་ལྟར་གཉན་པ་ཅིའི་ཕྱིར་ཞེ་ན། ཡུལ་ཁྱད་པར་ཅན་ཡིན་པའི་ཕྱིར་ཏེ། དགོངས་འདུས་ལས། བསྐལ་

p. 67

པ་སྟོང་གི་སངས་རྒྱས་པས། །བླ་མ་གཉན་པར་ཤེས་པར་བྱ། །ཅི་ཕྱིར་ཞེ་ན་བསྐལ་པ་ཡི། །སངས་རྒྱས་མ་ལུས་ཐམས་ཅད་ཀུན། །བླ་མ་དག་ལ་བརྟེན་ནས་བྱུང་། །བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་སོ། །གསུམ་པ་བཀའ་བསྒྲུབ་པ་ནི། བླ་མས་ཇི་སྐད་གསུངས་པའི་དོན་ལ་དགའ་ཞིང་གུས་པའི་སེམས་ཀྱིས་བསྒྲུབ་དགོས། གལ་ཏེ་ཆོས་མིན་ལ་སོགས་པ་མི་རིགས་པའམ་རིགས་ཀྱང་བསྒྲུབ་མི་ནུས་པ་རྣམས་ལ་ཐུགས་མི་འཁྲུགས་པའི་བསེད་དཀྲོལ་ལེགས་པར་ཞུས་ཏེ་གནང་བ་ཞུ་བ་ལས་ཇི་མི་སྙམ་པར་བསྐྱུར་འཇོག་མི་རུང་སྟེ། བློ་གྲོས་ཆེན་པོས་དགའ་སེམས་ཀྱིས། །བླ་མའི་བཀའ་ནི་འབད་དེ་མཉན། །རིགས་པ་ཡི་ནི་མི་ནུས་ན། །མི་ནུས་དེ་ནི་ཚིག་གིས་སྦྱང་། །ཞེས་དང་། དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་གསུངས། གལ་ཏེ་ཆོས་མིན་གྱི་བྱ་བ་སོགས་མི་རུང་བའི་ལས་ཤིག་བསྒོ་ནའང་དགག་བྱ་དང་དགོས་པ་ལེགས་པར་བརྟག་སྟེ་བསྒྲུབ་པའམ་ཐུགས་ལ་འབབ་པར་དགོངས་ཁྲོལ་

p. 68

ཞུ་བ་ལས་གཅོག་ཏུ་མི་རུང་སྟེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་སྐྱོན་དང་བཅས་ན་ཡང་། །ཇི་སྐད་གསུངས་པ་ལྟར་བྱ་ན། །ཡང་དག་དོན་དུ་འགྱུར་བའི་ཕྱིར། །བསྒྲུབ་པར་བྱ་བ་སྨོས་ཅི་དགོས། །ཞེས་སོ། །བཞི་པ་བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བྱ་བ་ནི། རང་གི་སྲོག་ལ་གཅེས་སྤྲས་ཇི་ལྟར་བྱ་བ་ལྟར་བླ་མའི་ཕྱག་རྫས་ལ་བྱ་ཞིང་། བླ་མའི་སྲས་དང་ཕྱག་རྒྱ་མ་སོགས་དང་དེ་དང་འདྲ་བར་ཐུགས་བརྩེ་ཞིང་སྡུག་པའི་རིགས་ལ་བླ་མ་ལྟར་གུས་པར་བྱ། བླ་མའི་ཉེ་གནས་སོགས་ལའང་གཉེན་བཤེས་བཞིན་བརྩེ་བར་བྱ་དགོས་ཏེ། བླ་མའི་རྫས་ནི་སྲོག་ཇི་བཞིན། །དེ་ཡི་སྡུག་པའང་བླ་མ་བཞིན། །བླ་མའི་འཁོར་ནི་གཉེན་བཞིན་དུ། །མཉམ་པར་བཞག་པས་རྟག་ཏུ་བསམ། །ཞེས་དང་། སྙོམས་འཇུག་གསང་བའི་རྒྱུད་ལས། བླ་མའི་དཀོར་ལ་བརྣབ་སེམས་པ། །བསྐལ་པ་གཉིས་སུ་ཡི་དྭགས་གནས། །ཞེས་དང་། དཔུང་རྣམ་པར་བཟློག་པའི་རྒྱུད་ལས། བླ་མ་དང་ནི་དེ་ཡི་འཁོར། །ཁྲོ་བས་ཞེ་འགྲས་སུན་འབྱིན་པ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །མནར་མེད་གནས་སུ་འཚེད་པའོ། །

p. 69

ཞེས་སོ། །ལྔ་པ་འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ་ནི། ལུས་ཀྱི་ལས་སུ་བླ་མ་བཞེངས་པའི་ཚེ་ཉལ་བའམ་རང་གར་འདུག་པ། བཞུགས་པའི་ཚེ་རང་གར་ཉལ་བ། གནང་བ་ཐོབ་པའམ་དགོས་པ་ཁྱད་པར་ཅན་མེད་པར་སྔོན་ལ་འགྲོ་བ་དང་། བླ་མ་བཞུགས་གདན་ལ་མ་ཕེབས་གོང་གདན་ཁར་འགྲོ་བ་དང་། བླ་མ་ས་རྗེན་ལ་བཞུགས་དུས་སྟན་ལ་སྡོད་པ་དང་། བླ་མའི་སྐུ་དྲུང་དུ་ལག་པ་སྐེད་གཟིར་བྱེད་པ་དང་། ལུས་ཕན་ཚུན་དུ་གཅུ་བ་དང་། ཀྭ་བ་དང་རྩིག་པ་སོགས་ལ་བསྙེལ་བ་དང་། ལག་པའི་ཚིགས་པ་ནས་འཐེན་ཅིང་མཉེད་པས་སོར་མོའི་ཚིགས་དྲང་བ་དང་། སྐྱིལ་ཀླུང་རྒྱབ་བསྟན་ཏེ་འདུག་པ་དང་། རྐང་པ་བརྐྱང་ནས་འདུག་པ་དང་། ཐོད་བཅིངས་པ་དང་། དགོས་མེད་དུ་དབྱུག་པ་དང་མཚོན་ཆ་ཐོགས་པ་དང་། མཆིལ་སྣབ་དང་ལུད་པ་བག་མེད་དུ་འདོར་བ་དང་། ཚོགས་འཁོར་སོགས་ཆོས་ལྡན་གྱི་བྱ་བ་དང་གནང་བ་ཐོབ་པའི་སྐབས་མ་ཡིན་པར་གླུ་གར་བྱེད་པ་དང་རོལ་མོའི་རིགས་འབུད་དཀྲོལ་སོགས་གཏན་ནས་མི་བྱ་སྟེ། མལ་སྟན་འདུག་དང་སྔོན་འགྲོ་དང་། །གཙུག་ཏོར་དག་

p. 70

དང་བཅས་པ་དང་། །སྟན་ལ་རྐང་འཇོག་སྐེད་པར་ནི། །ལག་བཞག་དྲུང་དུ་མི་བྱའོ། །བླ་མ་དག་ནི་བཞུགས་བཞེད་ན། །ཉལ་དང་འདུག་པར་མི་བྱའོ། །རྟག་ཏུ་དེ་ཡི་བྱ་བ་ལ། །ལྡང་མཁས་ཕུན་སུམ་ཚོགས་པར་བྱ། །མཆིལ་མ་ལ་སོགས་འདོར་བ་དང་། །སྟན་ལ་རྐང་པ་བརྐྱང་བ་དང་། །འཆག་དང་རྩོད་པར་སྨྲ་བ་དག །བླ་མའི་མདུན་དུ་མི་བྱའོ། །ཡན་ལག་མཉེད་དང་གར་དག་དང་། །གླུ་དང་རོལ་མོ་མི་བྱ་ཞིང་། །བློ་དང་ལྡན་པས་ལུས་གཅུ་དང་། །ཀྭ་བ་སོགས་ལ་བརྟེན་མི་བྱ། །སོར་མོའི་ཚིགས་ནི་དྲང་མི་བྱ། །ཞེས་སོ། །ཡང་མཚན་མོ་དང་ཆུ་བརྒལ་བ་དང་འཇིགས་པ་ཡོད་པའི་ལམ་སོགས་སུ་བླ་མས་བཀའ་བསྒོ་ན་སྔོན་དུ་འགྲོ་བར་བྱ་སྟེ། མཚན་ཆུ་འཇིགས་བཅས་ལམ་དུ་ནི། །བསྒོ་བ་ཐོབ་ནས་མདུན་འགྲོ་བྱ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། མཚན་མོ་དང་ནི་ཆུ་བརྒལ་དང་། །གཅོང་རོང་དག་ཏུ་གནས་གྱུར་ན། །བཀའ་ལུང་གཉེར་དུ་གུམ་པའི་ཕྱིར། །མདུན་དུ་འགྲོ་བར་ཉེས་མི་འགྱུར། །ཞེས་གསུངས། སྟན་ལས་ལངས་འདུག་གི་དུས་སུའང་གུས་པས་བཏུད་དེ་བྱ་བ་ལས་ཇི་

p. 71

མི་སྙམ་པའི་སྣང་ཆུང་དང་ཧང་རྒྱག་ལྟ་བུར་བྱ་མི་རུང་སྟེ། བཏུད་དེ་སྟན་ལས་ལྡང་བ་དང་། །གུས་པ་ཡིས་ནི་འདུག་པར་བྱ། །ཞེས་སོ། །ངག་གི་ལས་སུ་ཀུ་རེ་བཞད་གད་དང་ལོང་གཏམ་འབྲེལ་མེད། ཟེར་རེ་ཟློས་སེ་རྫུ་དང་ཕྲ་མ་གཞན་ལ་སྨོད་པའི་ཚིག་ལ་སོགས་པ་མི་སྨྲ་སྟེ། བདེན་པ་ཡིན་ཀྱང་སྨྲ་བ་པོ་ལ་མི་དགེ་བ་ཆེན་པོ་འཐོབ་བོ། །ཅིའི་ཕྱིར་ན། བླ་མའི་ཐུགས་ཀྱིས་ཁྲེལ་བ་དང་འཁྲུགས་པར་འགྱུར་བའི་ཕྱིར་རོ། །བླ་མའི་ཐུགས་སྐད་ཅིག་ཙམ་འཁྲུགས་ཀྱང་ཉེས་པ་ཚད་མེད་དེ། རིམ་གསུམ་ལས། བག་མེད་ཚིག་དང་འབྲེལ་གྱུར་པ། །བླ་མའི་མདུན་དུ་བརྗོད་མི་བྱ། །ཐ་མལ་པ་ཞིག་ཁྲོས་ན་ཡང་། །ཉི་ཚེ་བ་ཡི་དམྱལ་བར་ལྟུང་། །བླ་མའི་ཐུགས་དང་འགལ་བ་གང་། །མནར་མེད་མུན་པ་མུན་ནག་ཏུ། །བསྐལ་པ་བརྒྱ་སྟོང་བྱེ་བར་འཚེད། །ཅེས་སོ། །ཡིད་ཀྱི་ལས་སུ་བླ་མའི་ནོར་རྫས་ལ་བརྣབ་སེམས་དང་། ཉེ་འཁོར་དང་སློབ་མ་དང་སྦྱིན་བདག་སོགས་ལ་གནོད་སེམས་སོགས་མི་བྱ་སྟེ། བླ་མས་བདག་ཏུ་བཟུང་བས་མི་མཉེས་སུ་འོང་བའི་ཕྱིར་རོ། །

p. 72

བླ་མས་དགོས་པའི་དབང་གིས་མཛད་སྤྱོད་ཞི་བའམ་རྩུབ་པ་དང་། འཇིག་རྟེན་དང་མཐུན་པར་འཇུག་པ་ཅུང་ཟད་ལ་ཁ་ཞེ་འཛོལ་བས་དེ་ནི་ནོར་ཞིང་དེ་ལྟར་མི་འཐད་སྙམ་པ་དང་། ཚིག་སྔ་ཕྱི་དང་བྱ་བ་ཅུང་ཟད་ལ་འགལ་འདུ་མང་པོ་མི་བསམ་སྟེ། ཡེ་ཤེས་གྲུབ་པ་ལས། བླ་མའི་རྫས་དང་འཁོར་རྣམས་དང་། །ཉེ་འཁོར་སུན་འབྱིན་བརྣབ་སེམས་སྤང་། །མཛད་པ་སྣ་ཚོགས་སེམས་ཅན་ལ། །ཕན་པའི་ཐབས་ཅན་འཕྲུལ་ཆེན་པོ། །དགོངས་སྤྱོད་རྒྱ་མཚོ་མཐའ་ཡས་ལ། །ཉེས་པས་ལོག་པར་བལྟ་བ་དོར། །ཞེས་སོ། །དྲུག་པ་བསྙེན་བཀུར་བའི་ཁྱད་པར་ནི། བླ་མ་ལ་སྐུ་ཁྲུས་འབུལ་བ་དང་སྐུ་བྱུགས་བྱེད་པ་སོགས་ཀྱི་དུས་སུ། དང་པོར་ལས་ལ་འཇུག་དུས་ཕྱག་གསུམ་འཚལ། གྲུབ་ཟིན་པའི་རྗེས་སུའང་ཕྱག་གསུམ་འཚལ་དགོས། བླ་མའི་མཚན་བརྗོད་ནའང་མཚན་ནས་དམར་འཆང་དུ་མི་བརྗོད་པར་རིག་འཛིན་ཆེན་པོའམ། རྗེ་བཙུན་དམ་པ་ཞེས་སམ། དཔལ་ལྡན་བླ་མ་གང་གི་ཞལ་སྔ་ནས་ཞེས་པ་ལྟ་བུའི་བསྔགས་པ་དང་བཅས་བརྗོད་དགོས་པ་ཡིན་ཏེ། རྐང་བཀྲུ་བ་དང་ལུས་བཀྲུ་དང་། །

p. 73

དྲིལ་དང་མཉེ་བ་ལ་སོགས་ལ། །ཕྱག་ནི་སྔོན་དུ་འགྲོ་བས་བྱ། །དེ་བཞིན་མཐར་ཡང་ཅི་བདེར་བྱ། །དེ་ཡི་མཚན་སྨོས་བརྗོད་ན་ནི། །མིང་མཐར་ཞལ་སྔ་ལྡན་པར་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་ཅན་གྱི་ཚིག་དག་བརྗོད། །ཅེས་སོ། །གཞན་ཡང་བླ་མར་སྟན་འདིང་བ་དང་། བསྟོད་ཅིང་ཐལ་མོ་སྦྱོར་བ་དང་། འབྱོན་པ་དང་བཞུད་པའི་ཚེ་ལྡང་ཞིང་བསུ་བ་དང་སྐྱེལ་བ་ལ་སོགས་པ་བྱ་སྟེ། འདུལ་བ་ལས། མཁན་པོ་མཐོང་མ་ཐག་ཏུ་སྟན་ལས་ལྡང་བར་བྱའོ། །ཞེས་བཤད་ཅིང་། མ་ལང་ན་ཚེ་རབས་ལྔ་བརྒྱར་འཕྱེ་བོར་སྐྱེ་བར་ལས་བརྒྱ་པར་གསུངས་སོ། །ལྡང་ཞིང་ཞབས་འབྲིང་བྱས་ན་མཚན་དཔེ་འཐོབ་སྟེ། མངོན་རྟོག་རྒྱན་འགྲེལ་ལས། བླ་མ་སྐྱེལ་བ་དང་བསུ་བ་ལ་སོགས་པ་ཉིད་ཀྱིས་ཕྱག་དང་ཞབས་ལ་འཁོར་ལོའི་མཚན་དང་ལྡན་པ་ཉིད་དང་། ཞེས་གསུངས་སོ། །བདུན་པ་ང་རྒྱལ་སྤང་བ་ནི། ནང་པར་སོགས་ཀྱིས་མཚོན་ཏེ་བླ་མ་ལ་ཐོག་མར་དེ་རིང་བདག་གིས་བྱ་བ་གང་བགྱི་ཞེས་པ་ལྟ་བུའི་བསླབ་སྟོན་ཞུ་ཞིང་། བསླབ་སྟོན་གནང་དུས་ལུས་བཏུད་ཐལ་མོ་སྦྱར་ཏེ་མ་ཡེངས་

p. 74

པར་ཉན། བསླབ་སྟོན་གནང་གྲུབ་པའི་རྗེས་སུའང་ཁ་རོག་པར་མི་འགྲོ་བར་ཇི་ལྟར་བཀའ་སྩལ་བ་བཞིན་དུ་བགྱིད་དོ་ཞེས་ཞུ། བྱ་བ་དེ་གྲུབ་ཟིན་ནས་འཇམ་ཞིང་ཐུགས་ལ་འབབ་པའི་ངག་གིས་འདི་ལྟར་བགྱིས་ཡོད་ལགས་ཞེས་ཞུ། སྐུ་ལོགས་སུ་གནས་པའི་ཚེའང་ལུད་པ་ལུ་བ་གླལ་བ་སྦྲིད་པ་དགོད་པ་སོགས་ལ་ཁ་བཀབ་ཅིང་མི་མཛེས་པ་མེད་པར་བྱ། རང་དབང་མ་བྱུང་ན་མ་གཏོགས་བླ་མ་མི་མཇལ་བའི་སར་མ་ཐོན་གྱི་བར་ཕྱི་འགྲོས་སུ་ཐལ་མོ་སྦྱར་ཏེ་འགྲོ། ཆོས་ཉན་པའི་དུས་སུ་འགྱིང་བག་སྒེག་ཆོས་སོགས་ང་རྒྱལ་སྤངས་ཏེ་དུལ་བར་འདུག་པ་དང་། གོས་ཚུལ་བཞིན་བགོས་ནས་པུས་མོ་ས་ལ་བཙུགས་ཐལ་མོ་སྦྱར་ཏེ་གསོལ་བ་ལན་གསུམ་ལ་སོགས་པར་གདབ། མདོར་ན་བརྙས་ཆོས་བག་མེད་ཀྱི་སྤྱོད་ལམ་སྐྱོན་དུ་དོགས་པ་དང་ཐེ་ཚོམ་ཟ་བའི་གནས་རྣམས་ཀྱང་སྤང་ཞིང་། བག་མ་གསར་པའི་ངང་ཚུལ་བཞིན་ཀུན་སྤྱོད་ཤིན་ཏུ་བསྡམས་ཏེ་དྲན་ཤེས་བག་ཡོད་རྣམས་ལེགས་པར་བསྒྲིམ་ནས་ཉན་དགོས་ཏེ། བླ་མ་ལ་ནི་བཀའ་སྩལ་ཞུ། །བཀའ་བཞིན་བགྱིད་ཅེས་བརྗོད་པར་བྱ། །ཐལ་མོ་སྦྱར་

p. 75

ཞིང་མ་ཡེངས་པར། །བླ་མས་བསྒོ་བ་ཉན་པར་བྱ། །དགོད་དང་ལུད་པ་ལ་སོགས་པ། །ལག་པས་ཀ་ནི་དགབ་པར་བྱ། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་དག་གིས་ནི་གདས་པར་བྱ། །མདུན་དུ་དུལ་བར་འདུག་པ་དང་། །གོས་སོགས་ཚུལ་ནི་བསྡམ་པ་དང་། །པུས་བཙུགས་ཐལ་མོ་སྦྱོར་བ་ཡིས། །ཉན་སོགས་འདོད་པས་གསོལ་གསུམ་གདབ། །ཅེས་དང་། བསྙེན་བཀུར་སྤྱོད་པ་ཐམས་ཅད་ལ། །ཡིད་ནི་ང་རྒྱལ་མེད་པར་བྱ། །ངོ་ཚ་འཇིགས་ཤིང་བསྡམ་པ་ཡིས། །བག་མ་གསར་པའི་ཚུལ་གནས་བྱ། །སྒེག་པ་ལ་སོགས་བྱ་བ་ཀུན། །སྟོན་པའི་མདུན་དུ་སྤང་བར་བྱ། །གཞན་ཡང་དེ་འདྲའི་བྱ་བ་ནི། །རང་གིས་བརྟག་ལ་དོར་བར་བྱ། །ཞེས་སོ། །བརྒྱད་པ་རང་དབང་དུ་མི་འཇུག་པའི་སྒོ་ནས་བསླབ་པ་ནི། ཡུལ་དེར་རང་གི་བླ་མ་བཞུགས་ན་རབ་གནས་དབང་བསྐུར་ཆོས་འཆད་སྦྱིན་སྲེག་སོགས་གང་ལའང་བསླབ་སྟོན་ཞུས་ནས་གནང་ན་བྱེད་མ་གནང་ན་མི་བྱེད། བླ་མའི་སྐུ་མདུན་དུ་བླ་མའི་ཞལ་སློབ་དང་རང་གི་སློབ་མར་ཆོས་མི་སྟོན།

p. 76

བླ་མ་བཞུགས་སར་རང་གི་སློབ་མས་ལྡང་བ་དང་ཕྱག་སོགས་བསྙེན་བཀུར་བྱེད་ན་མི་ལེན་ཅིང་། གལ་ཏེ་ཡུལ་དེར་དབང་བསྐུར་སོགས་གནང་བ་ཐོབ་ནས་བྱེད་ནའང་འབུལ་བ་གང་བྱུང་བླ་མ་ལ་ཕུལ་ནས། བླ་མས་ཀྱང་དེ་ལས་གང་འདོད་པ་ཞིག་བླངས་ཏེ་ལྷག་མ་ཕྱིར་གནང་ནས་ལོངས་སྤྱོད་དུ་འཇུག་སྟེ། རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང་། །སློབ་མ་བསྡུ་དང་བཅས་པ་རྣམས། །ཡུལ་དེར་བླ་མ་གནས་པ་ན། །རྗེས་མ་གནང་བར་མི་བྱའོ། །ཞེས་དང་། བླ་མའི་སློབ་མ་སློབ་མར་མིན། །སློབ་མའང་བླ་མའི་མདུན་དུ་མིན། །བསྙེན་བཀུར་དག་དང་ལྡང་བ་དང་། །ཕྱག་སོགས་བྱེད་པ་བཟློག་པར་བྱ། །ཞེས་དང་། སྤྱན་འབྱེད་སོགས་ལ་ཅི་ཐོབ་པ། །དེ་ཀུན་བླ་མ་དག་ལ་འབུལ། །དེ་ཡིས་སྟོབ་པ་བླངས་ནས་ནི། །གཞན་དག་ལ་ནི་ཅི་བདེར་བྱ། །ཞེས་སོ། །གཞན་ཡང་ལག་པས་འབུལ་དགོས་པའང་འབུལ་དུས་གུས་པས་བཏུད་དེ་ལག་གཉིས་ཀས་འབུལ། ཞུ་དུས་ཀྱང་དེ་བཞིན་བྱ་དགོས་ཏེ། སློབ་དཔོན་ལ་ནི་གང་འབུལ་དང་། །བླ་མས་ཀྱང་ནི་གང་

p. 77

སྩལ་པ། །དེ་ནི་བཏུད་དེ་ལག་གཉིས་ཀྱིས། །བློ་དང་ལྡན་པས་འབུལ་ཞིང་བླངས། །ཞེས་གསུངས། དེ་དག་ཀྱང་འགྲུབ་ན་ཕྱག་དང་བཅས་པས་བྱ་དགོས་པར་གསུངས་ཏེ། སམྦྷུ་ཊར། གང་ཞིག་བྱིན་པ་དེ་དང་དེར། །ཕྱག་བྱས་ནས་ནི་བླང་བར་བྱ། །ཞེས་སོ། །མདོར་ན་རྟག་ཏུ་དྲན་ཤེས་ཀྱིས་ཟིན་པས་བཤེས་གཉེན་བསྟེན་ཚུལ་ལ་ཁ་ཞེ་ངོ་ལྐོག་མེད་པས་བརྩོན་པ་དང་། རྡོ་རྗེའི་སྤུན་གྲོགས་རྣམས་ཀྱིས་ཚུལ་མིན་དུ་སྤྱོད་ན་དེ་ལ་ཕན་སེམས་ཀྱིས་བསེད་བཀྲོལ་བགྱིས་ཏེ་སྤྱོད་ངན་ལས་བཟློག་པར་བྱའོ། །དེ་ལྟར་ཡང་། དྲན་པ་བརྗེད་མེད་གྱུར་པ་ཡིས། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྤུན་གྱི་རང་སྤྱོད་ལས་འདས་པ། །དགའ་བས་ཕན་ཚུན་བཟློག་པར་བྱ། །ཞེས་གསུངས། གང་ཞིག་ན་བས་ཉལ་བ་སོགས་གནང་བ་མ་ཐོབ་པ་བྱེད་དགོས་བྱུང་ནའང་ལྷག་བསམ་མ་དག་པ་ལ་ཉེས་པ་མེད་དེ། ན་བས་བླ་མའི་བྱ་བ་ལ། །བཏུད་དེ་རྗེས་མ་གནང་བར་ཡང་། །བཀག་པ་རྣམས་ནི་སྤྱད་བྱས་ཀྱང་། །དགེ་སེམས་ཅན་ལ་སྡིག་མི་འགྱུར། །ཞེས་སོ། །

p. 78

དེ་དག་གི་དོན་མདོར་ཧྲིལ་གྱིས་དྲིལ་ན། རྟག་ཏུ་བླ་མ་དགྱེས་པའི་ཐབས་ལ་འབད་ཅིང་མི་མཉེས་པའི་རིགས་རྣམས་གཏན་ནས་སྤང་བར་བྱ་སྟེ། འདིར་མང་སྨྲ་བ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བ་ནི། །དེ་དང་དེ་ལ་འབད་དེ་བྱ། །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པ། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་དང་། སྙིང་པོ་རྒྱན་ལས། དེ་བས་ཐབས་ནི་ཐམས་ཅད་ཀྱིས། །རྡོ་རྗེ་འཛིན་པ་བླ་མ་མཆོག །རྗེས་སུ་མཐུན་པས་མཉེས་པར་བྱ། །དེ་མཉེས་སངས་རྒྱས་ཐམས་ཅད་མཉེས། །ཞེས་གསུངས། དེའང་རང་རེ་ལས་དང་པོ་པས་བླ་མ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སུ་མཐོང་བ་ཤུགས་ཀྱིས་དཀའ་ཞིང་། བླ་མ་དངོས་སུ་བཞུགས་པ་ཡིན་ན་སྐྱོན་རྟོག་གི་བློ་དེའང་རྐྱེན་དང་འཕྲད་ནས་ངེས་པར་འཆར་སླ་ལ་ཤུགས་དྲག་པ་ཞིག་འོང་སྟེ། བླ་མ་འདི་ཐུགས་གཏུམ་ཕྱག་དམ་གསར་འགྲོགས་ཆེ་སྙམ་པ་ལྟ་བུ་འཆར་བ་ན། འདི་འདྲ་མི་སྲིད་རང་སྣང་མ་དག་པའི་

p. 79

མཐོང་ཚུལ་ཡིན་སྙམ་དུ་དགག་དགོས་ཤིང་། མ་དད་པའི་བློ་སྐྱེས་པ་ཉིད་སྐད་ཅིག་གམ་ཐང་ཅིག་གམ་ཉིན་མཚན་མ་འདས་པར་བཤགས་དགོས་ཏེ། ཀུན་མཁྱེན་ཆེན་པོས། རྟག་ཏུ་བླ་མའི་ཡོན་ཏན་དྲན་བྱ་ཞིང་། །སྐྱོན་ལ་མི་རྟོག་མཐོང་ཡང་ཡོན་ཏན་བསམ། །རང་སྣང་ཡིན་ངེས་ཁོང་ལ་མི་མངའ་ཞེས། །སྙིང་ནས་བསམ་ཞིང་བཤགས་སྡོམ་གཉེན་པ་བསྟེན། །ཞེས་གསུངས། དེར་མ་ཟད་རྨི་ལམ་དུ་བླ་མའི་ཀུན་སྤྱོད་ལ་མ་དད་པ་ཤར་ནའང་གཉིད་སད་མ་ཐག་ཏུ་བཤགས་དགོས་པར་གསུངས་ཏེ། འཁོར་ལོ་ཆུབ་པ་རོལ་པ་ལས། གལ་ཏེ་རྨི་ལམ་ནང་དག་ཏུ། །བླ་མའི་སྐྱོན་དག་མཐོང་གྱུར་ན། །སད་མ་ཐག་ཏུ་བཤགས་པར་བྱ། །གལ་ཏེ་བཤགས་པ་མ་བྱས་ན། །འདིས་ཀྱང་མནར་མེད་རྒྱུ་འཕེལ་འགྱུར། །ཞེས་སོ། །གཞན་གྱིས་བླ་མའི་སྐྱོན་སྒྲོག་པ་ཐོས་ན་ཐབས་ཀྱིས་བཟློག་པར་བྱ། ནུས་པ་མེད་ན་རང་གི་རྣ་བ་མཛུབ་མོས་བཀག་ནས་བླ་མའི་ཡོན་ཏན་བསམ། མི་དེ་ལ་བསྟེན་འདྲིས་དང་བག་ཕེབས་པར་མི་བྱ་སྟེ། བདུད་རྩི་འབྱུང་བའི་རྒྱུད་ལས། རྡོ་རྗེ་སློབ་

p. 80

དཔོན་སྨོད་པ་ན། །ཞི་བའམ་མངོན་སྤྱོད་ལས་ཀྱིས་བཟློག །ནུས་པ་ཡོད་པར་མ་གྱུར་ན། །རྣ་ཆ་དྲན་པས་དགབ་པར་བྱ། །བསྟེན་པར་མི་བྱ་གཏམ་མི་བྱ། །གལ་ཏེ་དེ་དང་འདྲིས་གྱུར་ན། །ངན་སོང་དག་ཏུ་འཚེད་པར་འགྱུར། །ཞེས་སོ། །ལར་དེང་སང་དཔེར་ན་ཁྱི་བཟང་བ་ཙམ་ཞིག་ལའང་། ཁྱི་འདི་རྒྱུད་ལེགས་སྐད་བཟང་གཅན་གཟན་ལས་ཐུ་ཞེས་སོགས་ཀྱི་ཡོན་ཏན་དང་། རྟ་ཕྱུགས་སོགས་ལའང་ཡོན་ཏན་གྱི་བསྔགས་བརྗོད་དང་དྲིན་ཆེ་ཚུལ་སོགས་གླེང་མཁན་མང་མོད། ཆོས་སྟོན་པའི་བླ་མ་ལ་ཡོན་ཏན་གྱི་ཕྱོགས་ནས་འདི་ལ་སྐུ་ཡོན་འདི་དང་འདི་ལྟ་བུ་མངའ། བདག་ལ་བཀའ་དྲིན་འདི་ལྟ་བུ་ཆེ་བསམ་མཁན་ནི་ཉིན་སྐར་ལས་དཀོན་པར་སྣང་བས། ད་མཛུབ་མོ་ནང་བཀུག་གིས་ཞིབ་ཏུ་བསམ་ན་རང་རེས་བླ་མ་ལ་རྟ་ཕྱུགས་དང་ཁྱིའི་མཐོང་ཙམ་ཡང་མི་འཇོག་པར་འདུག་པས་དངོས་གྲུབ་འཐོབ་པའི་ཐབས་མེད། དེས་ན་བླ་མའི་ཡོན་ཏན་གྱི་ཆ་ཕྲ་མོ་ནས་ཀྱང་བསམ་ཞིང་གསལ་བཏབ། ཚིགས་བཅད་གཅིག་ཙམ་གྱི་ལུང་དང་ཇ་ཕོར་པ་གང་ཡན་གྱི་གནང་སྦྱིན། ཐ་ན་སྤྱན་གྱིས་གཟིགས་

p. 81

ཕྱོགས་ལེགས་ལ་ཚུན་ཆད་ཀྱི་བཀའ་དྲིན་ཡང་དྲན་པར་བྱ། དེའང་ལན་རེ་ཙམ་མ་ཡིན་པར་ཡང་དང་ཡང་བསམ་པས་མོས་གུས་འཕེལ་བར་འགྱུར་རོ། །དེ་ལྟར་ཟང་ཟིང་གི་ཞབས་ཏོག་གིས་ཚོགས་གཉིས་ཀྱི་བྲེ་ཁ་ཁེངས་པ་དང་། ལུས་ངག་གི་ཞབས་ཏོག་གིས་སྒོ་གསུམ་གྱི་སྒྲིབ་པ་འབྱང་བ་དང་། གཙོ་བོར་སྒྲུབ་པ་ཉམས་ལེན་གྱི་ཞབས་ཏོག་གིས་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྒོ་ནས་མཉེས་པ་བསྒྲུབ་པའི་ཐབས་ལ་འབད་པར་བྱའོ། །དེ་བཞིན་བགྱིས་པའི་ཕན་ཡོན་ཡང་བྱམས་པས་ཞུས་པའི་མདོ་ལས། གང་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པའི་སངས་རྒྱས་རྣམས་ཀྱི་རྣམ་པར་གྲོལ་བ་དང་ཡེ་ཤེས་མཐོང་བའི་ཕུང་པོ་ཇི་སྙེད་པ་ཐམས་ཅད་ཀྱང་དགེ་བའི་བཤེས་གཉེན་ཡོངས་སུ་བསྟེན་པར་བྱས་པ་ལས་བྱུང་བར་རིག་པར་བྱའོ། །བྱམས་པ། གཞན་ཡང་སེམས་ཅན་རྣམས་ཀྱི་ཕན་པ་དང་བདེ་བའི་དངོས་པོ་ཇི་སྙེད་པ་ཐམས་ཅད་ཀྱང་རང་གི་དགེ་བའི་རྩ་བ་ལས་བྱུང་ལ། དེའང་དགེ་བའི་བཤེས་གཉེན་ལས་བྱུང་བར་རིག་པར་བྱའོ། །ཞེས་དང་། གཙུག་ན་

p. 82

རིན་ཆེན་གྱིས་ཞུས་པའི་མདོ་ལས། ལྷའི་བུ། འདི་ལ་དགེ་བའི་བཤེས་གཉེན་བསྟེན་ཅིང་བཀུར་བསྟི་བྱས་པས་ནི་ཐམས་ཅད་དུ་སངས་རྒྱས་ཀྱི་ཞིང་དག་པ་མཐོང་བ་ཡིན་ནོ། །སྙིང་རྗེ་ཆེན་པོའི་ཏིང་ངེ་འཛིན་དམ་པ་ཐོབ་པ་ཡིན་ནོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་མི་འབྲལ་བ་ཡིན་ནོ། །སེམས་ཅན་རྣམས་ཡོངས་སུ་སྨིན་པ་འགྲུབ་པ་ཡིན་ནོ། །རེ་བ་ཐམས་ཅད་ཡོངས་སུ་རྫོགས་པ་འཐོབ་པ་ཡིན་ནོ། །ཞེས་དང་། ཀུན་མཁྱེན་ཆེན་པོས། དེ་ཡིས་དག་སྣང་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་བྱང་ཆུབ་སེམས་འབྱོངས་ཤིང་། །ཉམས་དང་རྟོགས་པ་རང་བཞིན་གོང་དུ་འཞེལ། །གཞན་དོན་དཔག་མེད་ཅི་བསམ་ཆོས་བཞིན་འགྲུབ། །ཅེས་སོགས་རྒྱ་ཆེར་གསུངས་སོ། །དེ་དག་གིས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་པའི་ཚུལ་མདོ་ཙམ་བཤད་ཟིན་ཏོ།། །།

གཉིས་པ་ལམ་ལ་ཇི་ལྟར་འཇུག་པའི་རིམ་པ་དངོས།

རྒྱུད་སྣོད་རུང་དུ་བྱེད་པ་ཐུན་སྤྱིའི་སྔོན་འགྲོ།

p. 83

༈ གཉིས་པ་ལམ་ལ་ཇི་ལྟར་འཇུག་པའི་རིམ་པ་དངོས་ལ་གཉིས། རྒྱུད་སྣོད་རུང་དུ་བྱེད་པ་ཐུན་སྤྱིའི་སྔོན་འགྲོ་དང་། རིམ་གཉིས་རྣལ་འབྱོར་བྱེ་བྲག་སྒོས་ཀྱི་སྔོན་འགྲོའོ། །དང་པོ་ནི།
དེའང་སྤྱིར་ཉམས་ལེན་གྱི་རིམ་པ་གང་ལ་འཇུག་ཀྱང་ཐོག་མར་སྐྱེ་བོའི་རྒྱུ་འགྲུལ་དང་སྒྲའི་གླག་ཅོར་སོགས་བསམ་གཏན་ལ་ཚེར་མ་མི་འབྱུང་བའི་གནས་དབེན་ཞིང་ཡིད་དང་མཐུན་པ་ཉིད་བསྟེན་པ་གལ་ཆེ་སྟེ། བསམ་གཏན་ཆོས་དྲུག་ལས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ཀྱང་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །བདག་ཉིད་གཅིག་པུར་གནས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །དེར་སྤང་བར་བྱ་བ་སྒོ་གསུམ་གྱི་མི་དགེ་བ་དང་ལུང་མ་བསྟན་གྱི་བྱ་བྱེད་ཐམས་ཅད་སྤང་དགོས་པར་མ་ཟད། བརྟན་པ་ཅུང་ཟད་མ་ཐོབ་ཀྱི་བར་དུ་ཏིང་ངེ་འཛིན་ལ་གནོད་ན་དགེ་བའི་བྱ་བའང་རེ་ཞིག་དོར་ནས། ཏིང་ངེ་འཛིན་བརྟེན་པའི་སྐྱོན་ལུས་ཀྱི་ངལ་དུབ་དྲག་ཤུལ་དང་། ངག་གི་ལོང་གཏམ། ཡིད་ཀྱི་རྣམ་རྟོག་རྒྱུན་བཅད་དེ་དལ་བ་གསུམ་བརྟེན་ནས་རྣལ་འབྱོར་ལ་གཞོལ་བར་བྱ་སྙམ་དུ་ཞེ་དམ་དྲག་པོ་བཅའ། དེའང་ཉེས་པ་ལྔའི་གཉེན་པོར་སྤོང་བའི་འདུ་བྱེད་བརྒྱད་དང་ལྡན་པའང་གདམས་ངག་བསྒོམས་པ་ལ་མེད་ཀ་མེད་ཀྱི་ཡན་ལག་ཡིན་པས་ངེས་པར་བྱ་དགོས་

p. 84

སོ། །དེ་ལ་ཉེས་པ་ལྔ་ནི། དབུས་མཐའ་ལས། ལེ་ལོ་དང་ནི་མན་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པས། ཉམས་ལེན་ལ་མི་སྤྲོ་བའི་ལེ་ལོ། བསྒོམ་བྱའི་ཚིག་དོན་བརྗེད་པ། བྱིང་རྒོད་ཀྱི་དབང་དུ་སོང་བ། དེ་གཉིས་བྱུང་ཚེ་གཉེན་པོ་མི་བསྟེན་པ། བྱིང་རྒོད་ཞི་ནས་ཀྱང་གཉེན་པོ་སྟོབས་ཆེས་ན་སྐྱོན་དུ་འགྱུར་བའོ། །དེ་དག་སེལ་བའི་འདུ་བྱེད་བརྒྱད་ནི། སྔ་མ་ལས། གནས་དང་དེ་ལ་གནས་པ་དང་། ཞེས་པས། ལེ་ལོའི་གཉེན་པོར་བསྒོམ་པ་ལ་ཡིད་འདུན་པ་སྟེ་གནས་དང་། དེ་ལ་གནས་པ་འབད་རྩོལ་གྱི་བརྩོན་འགྲུས་དང་། འདུན་པ་སྐྱེ་བའི་རྒྱུ་དད་པ་དང་། བརྩོན་འགྲུས་ཀྱི་འབྲས་བུ་སྒོ་གསུམ་ཤིན་ཏུ་སྦྱངས་ཤིང་ལས་སུ་རུང་བ་དང་བཞིའོ། །དམིགས་པ་བརྗེད་པའི་གཉེན་པོར་ཚིག་དོན་མི་བརྗེད་པའི་དྲན་པ། བྱིང་རྒོད་

p. 85

གཉིས་འབྱུང་མི་འབྱུང་རྟོག་པའི་ཤེས་བཞིན། བྱུང་ཚེ་སྤོང་བའི་གཉེན་པོ་མངོན་པར་འདུ་བྱེད་པ། ཧ་ཅང་གཉེན་པོ་སྟོབས་ཆེས་པའི་གཉེན་པོར་བཏང་སྙོམས་འདུ་མི་བྱེད་པ་དང་བརྒྱད་དོ། །དེ་ལྟར་ངེས་པའི་སྒོ་ནས་བདེ་བའི་སྟན་འཇམ་ཞིང་སྙོམས་པ་ལ་འཁོད་དེ་ལུས་གནད་རྣམ་སྣང་ཆོས་བདུན་ནམ་བདེ་ལུགས་སུ་དྲང་པོར་བསྲང་། ལར་ཁྲིད་རིམ་བསྒོམ་ཕྱིན་ཆད་སྤྱི་དང་བྱེ་བྲག་གི་ལུས་གནད་སྐབས་སུ་གང་བབས་བཅའ་བ་ལས། ལུས་ཉལ་བ་དང་བསྙེས་པ་སོགས་ཐ་མལ་དུ་ནམ་ཡང་སྡོད་མི་རུང་ངོ་། །དེའི་རྒྱུ་མཚན་ལུས་གྲོང་ཁྱེར་དང་འདྲ། རྩ་ལམ་སྲང་དང་འདྲ། རླུང་རྟ་དང་འདྲ། རྣམ་ཤེས་མི་ཞ་བོ་དང་འདྲ་བས་བྱེད་པ་བཅིངས་ན་སྲང་སྒོ་ཁེགས་པས་མི་རྟ་ནང་དུ་ཚུད་དེ་འགྲོར་མི་བཏུབ་པ་དང་འདྲ་སྟེ། དཔེར་ན་སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བཞིན། ལུས་མ་གཅུན་ན་སེམས་མི་གནས་པས་རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་ཞེས་བླ་མ་གོང་མ་རྣམས་ཀྱིས་ཟབ་མོའི་གདམས་ངག་གི་རྐང་དང་པོར་མཛད་དོ། །

p. 86

དེ་ནས་སྣ་བུག་གཡས་གཡོན་གཉིས་མཉམ་གསུམ་ནས་རླུང་རོ་ལན་རེ་བསལ་བའི་ཚེ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་མི་མཐུན་པའི་ཕྱོགས་ཐམས་ཅད་འུབ་ཀྱིས་འདུས་ནས་སྣ་སྒོའི་རླུང་དང་འགྲོགས་ཏེ་ཕྱིར་སང་སང་སོང་བས་ལུས་ཀྱི་ནང་ཀུན་བཤལ་བཏང་བ་ལྟར་དག་པར་གྱུར་སྙམ་དུ་བསམ། འདི་ནི་དཔེར་ན་བཅུད་བཟང་པོ་ཞིག་བླུག་པར་བྱེད་པ་ལ་སྔ་ལོགས་སུ་སྣོད་བཀྲུ་བཤལ་བྱེད་པ་ལྟ་བུའོ། །དེ་ནས་དར་ཅིག་དྲན་པ་རང་མལ་དུ་བཞག་པས་བསྒོམ་དོན་རྐྱེན་གྱིས་མི་འཕྲོག་པར་གསལ་ཐེབས་པའི་གཞི་ཐིངས་པ་ན། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོ་འདི་ཉིད་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སེམས་བསྐྱེད་དུང་བ་ཞིག་སྔོན་དུ་བཏང་རྗེས། རང་གི་སྨིན་མཚམས་ཐད་ཀྱི་མདུན་གྱི་ནམ་ཁར་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་མཚོ་སྐྱེས་རྡོ་རྗེ་འཆང་གི་ཆ་ལུགས་ཅན། སྐུ་

p. 87

མདོག་མཐིང་གསལ་མཚན་དཔེས་རབ་ཏུ་མཛེས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་རྡོ་དྲིལ་བསྣོལ་སྟབས་སུ་འཛིན་ཞིང་ཡུམ་མཚོ་རྒྱལ་དཀར་དམར་གཅེར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་སྟོང་ཡེ་ཤེས་སྒྱུ་མའི་སྐུ་ཅན་དགྱེས་པ་ཆེན་པོས་རང་ལ་དགོངས་ཏེ་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། རང་མདུན་ནམ་མཁར་འཇའ་འོད་ཐིག་ལེའི་ཀློང་། །རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་ནི། །རྣམ་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་འཆང་། །མཐིང་གསལ་རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས། །རང་འོད་བདེ་ཆེན་ཡུམ་དང་མཉམ་པར་སྦྱོར། །དགྱེས་འཛུམ་ཡེ་ཤེས་འོད་ཟེར་སྤྲོ་བའི་སྐུ། །རབ་འབྱམས་སྐྱབས་ཀུན་འདུས་པའི་ངོ་བོར་བཞུགས། །ཞེས་གསལ་བཏབ། བླ་མ་ཉིད་སངས་རྒྱས་དངོས་སུ་མཐོང་བའི་མོས་གུས་གདུང་ཤུགས་དྲག་ཏུ་བསྐྱེད་དེ་ཐལ་མོ་སྙིང་གར་སྦྱར་ལ། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་ཀུན་ཁྱབ་ཆོས་ཀྱི་སྐུ་ལ་གསོལ་

p. 88

བ་འདེབས། མ་རིག་མུན་པ་སེལ་བར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་གསོལ་བ་འདེབས། འོད་གསལ་ཁོངས་ནས་འཆར་བར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། རྟོགས་པ་ནམ་མཁའ་དང་མཉམ་པར་བྱིན་གྱིས་རློབས། བླ་མ་ལ་གསོལ་བ་འདེབས་སོ། བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས། དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་པས། བླ་མའི་ཐུགས་རྒྱུད་རང་དབང་མེད་པར་བསྐུལ་ཏེ་དགྱེས་པས་མི་བཟོད་པའི་རྣམ་འགྱུར་དང་བཅས་རང་གི་སྤྱི་བོར་བྱོན། དེ་མ་ཐག་ཡབ་ཡུམ་བདེ་བའི་ངོ་བོར་འོད་དུ་ཞུ་བའི་བྱང་སེམས་བདུད་རྩིའི་ཐིག་ལེ་ཚངས་བུག་ནས་ཞུགས་ཏེ་སྙིང་དབུས་སུ་ཐིམ་པས་རང་གི་སྒོ་གསུམ་བླ་མའི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་ཤིང་། མོས་གུས་སྟོབས་ཀྱིས་བླ་མའི་ཐུགས་རྒྱུད་བསྐུལ། །དགྱེས་པས་མི་བཟོད་བདེ་བའི་གར་དང་བཅས། །རང་གི་སྤྱི་བོར་བྱོན་ཏེ་བྱང་སེམས་སྤྲིན། །
ཡེ་ཤེས་རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་བས། །རྟོགས་གྲོལ་དུས་མཉམ་ཆེན་པོར་བྱིན་བརླབས་གྱུར། །ཅེས་བརྗོད་ཅིང་བསམ་ལ་རིག་པ་བཅོས་བསླད་དང་བྲལ་བའི་ངང་དུ་དར་ཅིག་མཉམ་པར་བཞག་གོ །འདི་ནི་ཐུན་ཐམས་ཅད་ཀྱི་སྔོན་དུ་གཅེས་ཏེ་ལམ་གྱི་བར་ཆད་ཞི་ཞིང་བྱིན་རླབས་མྱུར་དུ་འཇུག་པའི་དགོས་པ་ཡོད་དོ།། །།

གཉིས་པ་རིམ་གཉིས་རྣལ་འབྱོར་བྱེ་བྲག་སྒོས་ཀྱི་སྔོན་འགྲོ།

ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་ཀྱི་ཞིང་ས་སྦྱོང་བ།

དལ་འབྱོར་རྙེད་དཀའ་བར་བསམ།

p. 89

༈ གཉིས་པ་རིམ་གཉིས་རྣལ་འབྱོར་བྱེ་བྲག་སྒོས་ཀྱི་སྔོན་འགྲོ་ལ་གཉིས། ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་ཀྱི་ཞིང་ས་སྦྱོང་བ་དང་། ཐུན་མིན་ཟབ་ལམ་ཕྲུགས་ལྔའི་ས་བོན་གདབ་པའོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ་བར་བསམ་ལ། ཚེ་མི་རྟག་པར་བསམ་པ། འཁོར་བའི་ཉེས་དམིགས་བསམ་པ། ལས་རྒྱུ་འབྲས་མི་བསླུ་བར་བསམ་པའོ། །དང་པོ་ལའང་བཞི། དལ་འབྱོར་ངོས་བཟུང་བ། དེ་རྙེད་པར་དཀའ་བའི་རྒྱུ་མཚན། རྙེད་པ་དོན་ཆེ་བའི་ཚུལ། དེ་ལས་སྙིང་པོ་ལེན་དགོས་པར་བསམ་པའོ། །དང་པོ་ནི། འདི་ལྟར་མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་ནི་རྟེན་གྱི་ངོ་བོ་ཡིན་ལ། རང་འབྱོར་གཟུགས་རྒྱན་ལེགས་པ་ལྟ་བུ་ལྔ་

p. 90

དང་། གཞན་འབྱོར་སྣང་བའི་བྱེ་བྲག་གིས་གསལ་བ་ལྟ་བུ་ལྔ་ནི་དེའི་ཁྱད་པར་གྱི་ཆོས་ཏེ། ཕུན་སུམ་ཚོགས་པ་དེ་ལྟ་བུས་བརྒྱན་པའི་མི་ལུས་རིན་པོ་ཆེ་འདི་ནི་བྱང་ཆུབ་སྒྲུབ་པ་ལ་མེད་དུ་མི་རུང་བའི་རྟེན་ཡིན་ནོ། །དེ་ལ་མི་ཁོམ་པ་བརྒྱད་ནི། བརྒྱད་སྟོང་འགྲེལ་ཆེན་དུ། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོངས་པ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་པ་ལྟར། ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་དོས་དྲག་ཅིང་ལུས་རྟེན་ཤིན་ཏུ་ངན་པས་ཆོས་བྱེད་དུ་མི་ཁོམ། འདོད་ཁམས་ཀྱི་ལྷ་ནི་འདོད་ཡོན་ལ་ཆགས་པས་གཡེངས་ཏེ་སྐྱོ་ཤས་ཆུང་ཞིང་གཟུགས་དང་གཟུགས་མེད་ཀྱི་ལྷ་ཕལ་ཆེར་ཡང་ཏིང་ངེ་འཛིན་གྱིས་རྟག་ཏུ་མྱོས་པས་མི་ཁོམ། སངས་རྒྱས་ཀྱིས་སྟོངས་པའི་འཇིག་རྟེན་གྱི་ཁམས་སངས་རྒྱས་མ་བྱོན་པའི་སར་སྐྱེས་པ་དང་། སངས་རྒྱས་བྱོན་ཀྱང་ཆོས་མ་དར་བའི་ས་ཕྱོགས་མཐའ་འཁོབ་ཀླ་ཀློར་སྐྱེས་པ། ཆོས་དར་སར་སྐྱེས་ཀྱང་ཚེ་སྔ་ཕྱི་དང་ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ལོག་ལྟ་ཅན་དུ་སྐྱེས་པ། བླང་དོར་གྱི་གནས་ལ་

p. 91

འཇུག་ལྡོག་གི་ཤེས་རབ་མེད་པའི་གླེན་ལྐུག་ཅན་དུ་སྐྱེས་པ་རྣམས་ནི་མི་ཁོམ་པའི་གནས་བརྒྱད་ཡིན་ལ། དེའང་ངན་སོང་གསུམ་དང་ལྷ་ཚེ་རིང་པོ་ནི་མི་མ་ཡིན་པའི་མི་ཁོམ་པ་དང་གཞན་བཞི་ནི་མིའི་མི་ཁོམ་པ་ཡིན་ནོ། །དེ་ལྟར་མི་ཁོམ་པའི་གནས་བརྒྱད་དང་བྲལ་བ་ནི་དལ་བ་ཡིན་ཏེ། ནམ་མཁའ་རིན་པོ་ཆེའི་མདོ་ལས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོས་གསོལ་པ། བཅོམ་ལྡན་འདས་དལ་འབྱོར་ཇི་ལྟར་བལྟ་བར་བགྱི། བཀའ་སྩལ་པ། སེམས་རྣམ་པར་རྟོག་པས་དབྱེ་ན་བཅོས་ཏེ་གཡེང་བ་ནི་བྲེལ་བ་ཞེས་བྱའོ། །སེམས་རྣམ་པར་རྟོག་པ་ཞི་ནས་རང་བཞིན་དུ་གནས་པ་ནི་དལ་བ་ཞེས་བྱའོ། །ཞེས་དང་། སྡུད་པར། མི་ཁོམ་བརྒྱད་སྤངས་དེ་ཡིས་དལ་བ་རྟག་ཏུ་རྙེད། །ཅེས་གསུངས་སོ། །འབྱོར་བའི་ཆོས་བཅུ་ལས་རང་འབྱོར་ལྔ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་པས། སྤྱིར་མིའི་ལུས་ཉིད་ཐོབ། སྒོས་སུ་ཆོས་དར་བའི་ཡུལ་དབུས་སུ་སྐྱེས། སྒོ་ལྔ་སོགས་བླང་དོར་ཤེས་སུ་རུང་བའི་དབང་པོ་ཚང་། མཚམས་མེད་པའི་ལས་བྱས་པ་སོགས་

p. 92

ལས་ཀྱི་མཐའ་ལ་ལོག་པ། དཀར་ཆོས་ཐམས་ཅད་ཀྱི་འབྱུང་གནས་སངས་རྒྱས་དང་དེའི་གསུང་རབ་དམ་པའི་ཆོས་ལ་དད་པ་སྟེ་ལྔ་པོ་ནི་རང་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་མཐུན་རྐྱེན་ཡིན་པས་རང་འབྱོར་ཞེས་བྱའོ། །དེའང་མི་ཁོམ་པ་བརྒྱད་ལས་ལོག་པའི་དལ་བ་དང་རང་འབྱོར་ལྔ་ནི་གནད་གཅིག་གོ །གཞན་འབྱོར་ལྔ་ནི། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་པས། འཇིག་རྟེན་དུ་སངས་རྒྱས་འབྱོན་པ་ཨུ་དུམ་ཝ་རའི་མེ་ཏོག་ལས་ཀྱང་དཀོན་ནའང་ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཐར་ལམ་དམ་པའི་ཆོས་གསུངས། དེའི་བསྟན་པ་མ་ནུབ་པར་གནས། དེ་ཉིད་རྗེས་སུ་སྒྲུབ་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་ནུས་པ་སྟེ་ལྔ་ནི་གཞན་རྒྱུད་ཀྱིས་བསྡུས་ཤིང་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པས་གཞན་འབྱོར་ཞེས་བྱའོ། །དེའང་མདོ་ལས། འབྱོར་པ་ནི་སེམས་ཀྱི་རང་བཞིན་ཤེས་པ་བློ་ཡང་དག་པའི་དོན་ལ་འབྱོར་པ་ཞེས་བྱའོ། །ཞེས་སོ། །དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་

p. 93

མི་ལུས་འདི་ལྟ་བུ་རྙེད་པར་དཀའ་བ་ཐོབ་པ་ནི་མི་དབུལ་པོ་ལོང་བ་ཞིག་གིས་ནོར་བུ་རིན་པོ་ཆེའི་མཆོག་རྙེད་པ་བས་ཀྱང་ངོ་མཚར་ཆེ་ཕྱིར། འགྲོ་བ་རིགས་དྲུག་གི་སྲིད་པ་ན་འཁོར་བའི་གནས་ནས་དལ་འབྱོར་གྱི་ལུས་ཐོབ་པ་ལ་ཡིད་རབ་ཏུ་སྤྲོ་བས་དམ་པའི་ཆོས་བསྒྲུབ་པ་ལ་འབད་པར་རིགས་ཏེ། དལ་འབྱོར་བསྟན་པའི་མདོ་ལས། འདི་ལྟ་སྟེ། དཔེར་ན་ལོང་བ་ཞིག་གིས་ནོར་བུ་རིན་པོ་ཆེ་གཞི་མདོ་ནས་རྙེད་པ་ལྟར། འཁོར་བ་ན་རྒྱུ་བའི་སེམས་ཅན་མ་རིག་པའི་ལིང་ཏོག་གིས་ལྡོངས་པ་དག་གིས་མི་ཉིད་ཀྱི་དངོས་པོ་རྙེད་པ་ནི་མཆོག་ཏུ་དགའ་བ་སྟེ་ཁྱོད་ཀྱིས་རྟག་ཏུ་ལེགས་པའི་ཆོས་བསྒྲུབ་པར་བྱ་དགོས་སོ། །ཞེས་དང་། ཀུན་མཁྱེན་ཆེན་པོས། གྲོགས་དག་དལ་འབྱོར་རིན་ཆེན་སྙིང་པོའི་ལུས། །འགྲོ་དྲུག་ནང་ནས་རྙེད་པར་ཤིན་ཏུ་དཀའ། །ཇི་ལྟར་ལོང་བས་རིན་ཆེན་གཏེར་རྙེད་བཞིན། །རབ་ཏུ་དགའ་བས་ཕན་བདེ་བསྒྲུབ་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་དེ་ཉིད་རྙེད་པར་དཀའ་བའི་ཚུལ་ལ་གསུམ། རྒྱུའི་སྒོ་ནས་རྙེད་པར་དཀའ་བ། དཔེའི་སྒོ་ནས་རྙེད་པར་དཀའ་བ།

p. 94

གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བའོ། །དང་པོ་ནི། དེ་ལ་སེམས་ཅན་གྱི་ནང་ནས་སྤྱིར་མིའི་འགྲོ་བ་ཉུང་། སྒོས་སུ་ཛམ་བུའི་གླིང་པའི་མི་ཉུང་། ཡང་སྒོས་ཆོས་ལྡན་གྱི་མི་ལུས་ཉུང་བ་ནི་སྲིད་མཐའ་ཙམ་སྟེ། དེའི་རྒྱུ་མཚན། གང་དག་ངན་འགྲོའི་རྒྱུ་སྡིག་པ་བྱེད་པ་ནི་ཆེས་མང་སྟེ་མཐའ་མེད། བདེ་འགྲོའི་རྒྱུ་དགེ་བ་བྱེད་པ་ནི་ཤིན་ཏུ་ཉུང་། དེ་བས་ཀྱང་མི་ལུས་གཙང་མར་འཕེན་ཐུབ་པའི་ཚུལ་ཁྲིམས་བསྲུང་བ་ཆེས་རབ་ཏུ་དཀོན་པས་མི་ལུས་རྙེད་པར་དཀའ་སྟེ། དབུ་མ་ལ་འཇུག་པར། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་མངོན་མཐོའི་རྒྱུ་ཚུལ་ཁྲིམས་ཁོ་ནར་ངེས་པ་དང་། དེའང་དགེ་ཚོགས་རྒྱ་མཚོའི་དཔུང་དང་འགྲོགས་ཤིང་སྨོན་ལམ་དག་པས་མཚམས་སྦྱར་ན་དལ་འབྱོར་འཐོབ་པར་འགྱུར་ནའང་དེ་འདྲའི་བསོད་ནམས་གསོག་པ་དཀོན་པའི་ཕྱིར་ཏེ། ཞི་བ་ལྷས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་ཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་

p. 95

སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །ཅེས་གསུངས་སོ། །གཉིས་པ་དཔེའི་སྒོ་ནས་རྙེད་པར་དཀའ་བ་ནི། དེ་ལྟར་དལ་འབྱོར་གྱི་མི་ལུས་ཉིད་ཇི་ལྟར་རྙེད་དཀའ་བའི་དཔེ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱིས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱོད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེངས་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། །ཞེས་སོ། །གང་ལས་གསུངས་ན། མེ་ཏོག་གི་ཚོམས་ལས། སངས་རྒྱས་བཅོམ་ལྡན་འདས་རྣམས་འཇིག་རྟེན་དུ་འབྱུང་བ་རྙེད་པའང་དཀའོ། །མིར་གྱུར་པ་དང་དལ་བ་ཕུན་སུམ་ཚོགས་པ་འགྲུབ་པའང་རྙེད་པར་དཀའོ། །དེའི་ཕྱིར་དཔེ་ཞིག་བསྟན་པར་བྱ་སྟེ། ཤཱ་རིའི་བུ། དཔེར་ན་ས་ཆེན་པོ་འདི་རྒྱ་མཚོ་གཅིག་ཏུ་གྱུར་ཏེ། དེའི་ནང་ན་གཉའ་ཤིང་བུ་ག་གཅིག་པ་ཞིག་ཡོད་ལ། རུས་སྦལ་ཞར་བ་ཞིག་ཀྱང་

p. 96

ཡོད་དོ། རྒྱ་མཚོ་ཆེན་པོ་དེ་ལ་རླུང་ཡས་ལྡང་བ་དང་མས་ལྡང་བ་ཞེས་བྱ་བ་ལྡང་ལ། རུས་སྦལ་ཞར་བ་དེའང་ལོ་བརྒྱ་བརྒྱ་ན་ལན་གཅིག་ཕྱིར་འབྱུང་བ་རབ་ཏུ་མྱུར་བའི་གཉའ་ཤིང་གི་བུ་ག་གཅིག་པ་དེར་རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ན་ཕྱིར་འབྱུང་བའི་མགུལ་པ་ཆུད་པར་སྨྲ་ཡི། ལོག་པ་ལྟུང་བ་ལས་ཕྱིར་ཡང་མིར་འགྱུར་བ་ནི་དེ་ལྟ་མ་ཡིན་ཏེ། དེ་ལྟར་ལོག་པར་ལྟུང་བ་རྣམས་ཀྱིས་མིར་འགྱུར་བ་རབ་ཏུ་དཀའ་བ་ཡིན་ནོ། །ཞེས་སོ། །དེ་ལྟར་མི་ལུས་ཙམ་ཐོབ་པའང་དཀའ་ན་དལ་འབྱོར་དམ་པ་ཆོས་ལ་སྤྱོད་པ་ལྟ་ཅི་སྨོས་ཏེ། སྤྱོད་འཇུག་ལས། དེ་བཞིན་གཤེགས་པ་འབྱུང་བ་དང་། །དད་དང་མི་ལུས་ཐོབ་པ་དང་། །དགེ་གོམས་རུང་བ་འདི་ལྟ་བུ། །དཀོན་ན་ནམ་ཞིག་ཐོབ་པར་འགྱུར། །ཞེས་དང་། གཙུག་ན་རིན་པོ་ཆེས་ཞུས་པ་ལས། འདྲེན་པ་མཐོང་བ་ཤིན་ཏུ་རྙེད་པར་དཀའ། །ཞི་བའི་ཆོས་གསུངས་ཐོས་པའང་ཤིན་ཏུ་དཀའ། །དལ་འབྱོར་མིར་སྐྱེ་རྙེད་པར་ཤིན་ཏུ་དཀའ། །ཚུལ་ཁྲིམས་དད་པའང་རྟག་ཏུ་རྙེད་པར་དཀའ། །ཞེས་སོ། །གསུམ་པ་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་བ་ནི། འདི་ལྟར་སེམས་ཅན་གྱི་

p. 97

རིས་ན་ངན་སོང་གསུམ་གྱི་འགྲོ་བ་ནི་ཆེས་ཤིན་ཏུ་མང་སྟེ་ས་ཆེན་པོའི་རྡུལ་བཞིན་མཐའ་མེད། མཐོ་རིས་ཀྱི་འགྲོ་བ་ནི་ཤིན་ཏུ་ཉུང་སྟེ་སེན་མོའི་སྟེང་གི་རྡུལ་ཙམ་དུ་གསུངས་ཤིང་། ངན་སོང་གསུམ་གྱི་ནང་ནས་ཉུང་ཤོས་དུད་འགྲོ་དང་། དེ་ཡང་བྱིང་ནི་རྒྱ་མཚོ་ཆེན་པོར་གནས་ཤིང་བསམ་གྱིས་མི་ཁྱབ། ཁ་འཐོར་གྱིས་ཀྱང་ས་གཞི་རི་ཀླུང་བར་སྣང་ཐམས་ཅད་ཁེངས་པ་ཙམ། དེ་ལ་ལྟོས་ན་ལྷ་དང་མིའི་འགྲོ་བ་ནི་སྲིད་མཐའ་ཙམ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ལུང་ལས། དགེ་སློང་དག་ངན་སོང་བའི་འགྲོ་བ་ལ་ལྟོས། ཕྱི་ཕྱིར་མི་ཉིད་ཀྱི་དངོས་པོ་ཐོབ་པ་ནི་ཤིན་ཏུ་དཀའོ། །ཞེས་གསུངས། དེ་ལ་མི་ལུས་ཐོབ་པ་མང་ཡང་དམ་པའི་ཆོས་ལ་ཞུགས་པ་དཀོན་ཅིང་། དེ་བས་ཀྱང་ཐར་པའི་ལམ་མ་ནོར་བ་དང་འཕྲད་པ་དཀོན་ཏེ། ཕལ་ཆེར་ལས་ཀྱི་སྒྲིབ་པ་དང་བདུད་ཀྱིས་བསླུས་པའི་དབང་དུ་སོང་བས་ལམ་ལོག་པ་དང་དམན་པར་ཞུགས་པ་མང་བའི་ཕྱིར། སྡོང་པོ་བཀོད་པ་ལས། ཡང་དག་པའི་ཆོས་དང་འཕྲད་པ་ཡང་ཤིན་ཏུ་རྙེད་པར་དཀའོ། །ཞེས་སོ། །དེར་མ་ཟད་ངས་ཆོས་ཤིག་བྱའོ་སྙམ་པའི་བསོད་ནམས་ཀྱི་བློ་སྐད་ཅིག་མ་

p. 98

ཙམ་སྐྱེ་བའང་དཀའ་ལ། བློ་སྐྱེ་བ་དེ་ནི་སངས་རྒྱས་ཀྱི་ཐུགས་རྗེ་ཡིན་ཏེ། དཔེར་ན་མཚན་མོ་མུན་པའི་ནང་དུ་གློག་ལན་མང་དང་རྒྱུན་རིང་འགྱུ་བར་དཀའ་བ་བཞིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་། །ཞེས་སོ། །དེས་ན་ད་རེས་ཆོས་ལྡན་གྱི་མི་ལུས་འདི་འདྲ་རྙེད་པ་ནི་སྔོན་གྱི་བསོད་ནམས་ཀྱི་མཐུ་ལས་བྱུང་བས་ན། རྙེད་པར་དཀའ་བའི་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་གཏན་གྱི་བདེ་བའི་ཕྱིར་དུ་དམ་པའི་ཆོས་རྣམ་པར་དག་པ་ཞིག་ཅི་ནས་ཀྱང་བསྒྲུབ་པར་བྱའོ་སྙམ་དུ་བསམ་མོ། །གསུམ་པ་རྙེད་པ་དོན་ཆེ་བར་བསམ་པ་ལ་གསུམ། ཕན་བདེ་སྒྲུབ་པའི་རྟེན་དུ་གྱུར་པར་བསམ་པ། མི་ལས་འདས་པའི་ཡོན་ཏན་འཐོབ་པར་བསམ་པ། ཁེ་ཉེ་ན་གྱིས་ཕུང་ཚབ་ཆེ་བར་བསམ་པའོ། །དང་པོ་ནི། དེ་ལྟར་རྙེད་པར་དཀའ་བའི་མི་ལུས་དེ་ཐོབ་པ་ལ་དགོས་པ་ཅི་ཡོད་སྙམ་ན་ཕན་ཡོན་ཤིན་ཏུ་ཆེ་སྟེ། གནས་སྐབས་སུ་མཐོ་རིས་ཀྱི་བདེ་བ་ཕུན་སུམ་ཚོགས་པའི་དངོས་པོ་

p. 99

མཐའ་དག་བདེ་བླག་ཏུ་སྒྲུབ་ནུས། དེར་མ་ཟད་ཐེག་པ་འོག་མའི་མྱང་འདས་དང་བླ་ན་མེད་པའི་བྱང་ཆུབ་ཀྱང་སྒྲུབ་ནུས་ཤིང་། འདི་མ་ཐོབ་ན་ཐར་པ་ལྟ་ཅི་འཁོར་བའི་བདེ་བ་ཙམ་ཡང་སྒྲུབ་ཐབས་མེད་པས། དེས་ན་དགེ་བ་ཕྲན་ཚེགས་ནས་བརྩམས་ཏེ་དམ་པའི་ཆོས་འབའ་ཞིག་ལ་བརྩོན་པས་ནི་མངོན་མཐོ་དང་ངེས་ལེགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་མང་པོ་འཐོབ་པ་ཉིད། རིན་ཆེན་ཕྲེང་བ་ལས། འདི་ལྟར་རྟག་ཏུ་ཆོས་མཛད་ན། །འཇིག་རྟེན་ཀུན་དང་བདག་ཉིད་ལ། །ཉམས་བདེར་འགྱུར་བ་གང་ལགས་པ། །དེ་ཉིད་རེ་ཞིག་ཐོག་མ་ལགས། །ཆོས་ཀྱིས་བདེ་བར་གཉིད་ལོག་ཅིང་། །བདེ་བར་སད་པ་རྟག་ཏུ་འགྱུར། །ནང་གི་བདག་ཉིད་སྐྱོན་མེད་པས། །རྨི་ལམ་དག་ཀྱང་དགེ་བར་མཐོང་། །ཕ་མར་སྲི་ཞུ་ལྷུར་ལེན་དང་། །རིགས་ཀྱི་གཙོ་ལ་རིམ་གྲོ་དང་། །ལོངས་སྤྱོད་ལེགས་སྤྱོད་བཟོད་གཏོང་དང་། །ཚིག་འཇམ་ཕྲ་མ་མེད་བདེན་པའི། །བརྟུལ་ཞུགས་ཚེ་གཅིག་བྱས་པ་དེས། །ལྷ་ཡི་དབང་པོ་ཉིད་ཐོབ་ནས། །ད་དུང་དུ་ཡང་ལྷ་དབང་བགྱིད། །རིམ་གྱིས་སངས་རྒྱས་འགྲུབ་པར་འགྱུར། །ཞེས་དང་།

p. 100

སྡོང་པོ་བཀོད་པ་ལས། ཀྱེ་རིགས་ཀྱི་བུ། གང་ལ་དལ་བ་དང་འབྱོར་པ་ཡོད་པ་དེ་ལ་ནི་སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པའི་ཆར་ཆེན་པོ་ཡང་འབབ་སྟེ། གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་སྙེད་ཡོད་དོ། །ཞེས་སོ། །གཉིས་པ་མི་ལས་འདས་པའི་ཡོན་ཏན་འཐོབ་པར་བསམ་པ་ནི། གང་གི་ཚེ་ཐུབ་པ་བཅོམ་ལྡན་འདས་བྱང་ཆུབ་ཆེན་པོ་བརྙེས་པའི་རྟེན་དེ་ཡང་ཛམ་བུའི་གླིང་གི་མིའི་གཙོ་བོ་དལ་འབྱོར་གྱི་ལུས་རྟེན་བཟང་པོ་ཉིད་ཡིན་པས་ལྷ་བས་ལྷག་པ་ཞེས་སྨོས་ཏེ། མངོན་པར་བྱང་ཆུབ་པའི་མདོ་ལས། ལྷའི་གནས་སུ་མངོན་པར་བྱང་མི་ཆུབ་པ་ནི་གནས་རིས་ལ་ང་རྒྱལ་དུ་བྱེད་པས་བདེན་པ་མངོན་པར་མི་རྟོགས་པའི་ཕྱིར་དང་། དལ་བ་དང་འབྱོར་པ་ཕུན་སུམ་ཚོགས་པ་མི་ཉིད་ཁོ་ནར་གཟིགས་ནས་སེར་སྐྱའི་གནས་སུ་གཤེགས་ཏེ། ཞེས་སོ། །གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱང་མིའི་རྟེན་ལས་མྱུར་དུ་འགྲུབ་པར་གསུངས་ཏེ། རྒྱུད་ལས། གསང་སྔགས་རྒྱལ་པོ་རྨད་བྱུང་འདི། །མི་རྣམས་ཀྱིས་ནི་བརྩོན་བྱས་ན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །རྣལ་འབྱོར་དངོས་གྲུབ་གཞན་ཅི་སྨོས། །ཞེས་སོ། །གསུམ་པ་ཁེ་ཉེན་གྱིས་ཕུང་ཚབ་ཆེ་བར་

p. 101

བསམ་པ་ནི། ད་རེས་དལ་འབྱོར་གྱི་གྲུ་ལ་བརྟེན་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་བརྒལ་ཏེ་སྙིང་པོ་གཏན་འདུན་གྱི་ནོར་བུ་ལེན་པའི་ཐབས་ལ་རབ་ཏུ་སྒྲིན་ཞིང་མཁས་པར་གྱུར་ན་རྙེད་དཀའ་རྙེད་པ་ཉིད་ཤིན་ཏུ་དོན་ཆེ་བ་དབུལ་པོས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལས་ཀྱང་ལྷག་ཅིང་། སྙིང་པོ་མ་ལོན་ན་རིན་ཆེན་ནོར་བུའི་གླིང་ནས་ལག་སྟོང་དུ་ལྡོག་པ་བས་ཀྱང་ཕུང་ཚབ་ཆེ་སྟེ། ཙནྡྲ་གོ་མྰིས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པས། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་ཐོབ་ནས་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་དང་། སྤྱོད་འཇུག་ལས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་གསུངས་སོ། །དེས་ན་བདག་གིས་ད་རེས་མི་ལུས་རིན་པོ་ཆེ་ཐོབ་ཅིང་བླ་མ་དམ་པ་བསྟེན་ནས་ཟབ་མོའི་གདམས་པ་ཉམས་སུ་བླང་དུ་ཡོད་པ་འདི་རེ་དགའ། སྙིང་པོ་ལོན་པའི་ཐབས་ལ་འབད་པར་བྱའོ་སྙམ་དུ་བསམ་མོ། །བཞི་པ་དེ་ལས་སྙིང་པོ་ལེན་དགོས་

p. 102

པར་བསམ་པ་ལ་གསུམ། ཅི་ནས་ཆོས་ལ་བརྩོན་དགོས་པར་བསམ་པ། ཆོས་ཀྱི་རྩ་བ་སེམས་བསྲུང་དགོས་པར་བསམ་པ། མི་ལུས་རིན་པོ་ཆེའི་ཡོན་ཏན་ལ་བསམ་པའོ། །དང་པོ་ནི། རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བའི་དལ་འབྱོར་ཉིད་རྙེད་པར་གྱུར་ཅིང་། དེའང་ནད་སོགས་སྡུག་བསྔལ་གྱིས་མ་གཟིར་བ་དང་། གཞན་དབང་དུ་མ་གྱུར་པ་དང་། རང་དབང་ཐོབ་པའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་འགྲིགས་པའི་སྐབས་འདིར་དལ་འབྱོར་སྙིང་པོ་ལོན་པའི་ཐབས་ལ་འབད་དགོས་ཤིང་། མ་འབད་ན་དེད་དཔོན་ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ལག་སྟོང་ལོག་པ་བས་བླུན་ཏེ། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། མི་ཁོམ་པ་བརྒྱད་སྤངས་ཏེ་དལ་བ་ཕུན་སུམ་ཚོགས་པ་ཐོབ་པ་ནི་བརྒྱ་ལམ་དུ་ཟད་པས་ན། བག་ཡོད་པས་ལེགས་པར་བརྩོན་འགྲུས་རྩོམ་པར་གྱིས་ཤིག །ཕྱིས་འགྱོད་པར་འགྱུར་ཏ་རེ། ཞེས་དང་། སྤྱོད་འཇུག་ལས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་སོ། །གཉིས་པ་ཆོས་ཀྱི་རྩ་བ་སེམས་བསྲུང་དགོས་པར་

p. 103

བསམ་པ་ནི། དེའང་ཆོས་ཐམས་ཅད་སེམས་ལ་བརྟེན་ཅིང་སེམས་དལ་འབྱོར་གྱི་ལུས་ལ་བརྟེན་པ་ནི་རྟེན་དང་བརྟེན་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྟེ། སེམས་ནི་ཆོས་ཀྱི་རྩ་བར་གྱུར་ལ་དལ་འབྱོར་ནི་དེའི་རྟེན་ནམ་གྲོགས་སུ་གྱུར་པའི་ཕྱིར་སེམས་འདུལ་བ་ཁོ་ན་ལ་བསླབ་དགོས་པར་ཀླུ་སྒྲུབ་ཀྱིས། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཆོས་ཀྱང་སེམས་ལ་རག་ལས་དེ་ཡང་ནི། །དལ་འབྱོར་ལ་བརྟེན་རྟེན་ཅིང་འབྲེལ་བར་འབྱུང་། །རྒྱུ་དང་རྐྱེན་རྣམས་དུ་མ་ཚོགས་དུས་འདིར། །ཆོས་ཀྱི་གཙོ་བོ་རང་གི་སེམས་ཐུལ་ཅིག །ཅེས་སོ། །དེའང་ཚེ་འདི་དང་ཕྱི་མའི་གནས་སྐབས་ཀུན་ཏུ་འཇིགས་པ་དང་ཕོངས་པའི་སྡུག་བསྔལ་ཇི་སྙེད་འབྱུང་བ་རྣམས་ནི་དལ་འབྱོར་དོན་མེད་དུ་གཡེངས་པའི་ཉེས་པ་ལས་བྱུང་ལ། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་སྐྱིད་ཡོན་ཏན་ཐམས་ཅད་ནི་དལ་འབྱོར་ཆུད་མ་ཟོས་པ་ཁོ་ན་ལས་བྱུང་བ་སྟེ། སྡོང་པོ་བཀོད་པའི་མདོ་ལས། ཀྱེ་རིགས་ཀྱི་བུ། འཁོར་བ་ན་རྒྱུ་བ་གང་ཅི་ཡོད་པ་དེ་དག་ཀྱང་

p. 104

རང་གི་དལ་བ་དང་འབྱོར་པས་བརྒྱན་པའི་ལུས་རྙེད་པར་དཀའ་བ་ཉིད་སེམས་པ་མངོན་དུ་མ་བྱས་པར། མི་དགེ་བའི་བཤེས་གཉེན་གྱི་རྒྱུས་རྣམ་པར་འཁོར་ཏེ་སྡུག་བསྔལ་གྱི་མེས་གདུང་བར་བྱས་པ་ཡིན་གྱི། ཁོ་བོས་ནི་དལ་བ་དམ་པ་བསམ་པས་སྲིད་པ་ལས་རྣམ་པར་གྲོལ་བས། ཁྱོད་ཀྱིས་ཀྱང་དེ་ལྟར་བྱ་དགོས་སོ། །ཞེས་གསུངས་སོ། །གསུམ་པ་མི་ལུས་རིན་པོ་ཆེའི་ཡོན་ཏན་ལ་བསམ་པ་ནི། དེ་ལ་དམ་པའི་ཆོས་ཀྱི་སྒོ་བཟང་པོ་ཐོས་པ་དང་བསམ་པ་དང་རྣལ་འབྱོར་དུ་གནས་པས་རང་གི་རྒྱུད་བཏུལ་ནས། གཞན་དག་ཀྱང་དགེ་བ་ལ་བསྐུལ་ཞིང་ཐར་པའི་གོ་ཆ་ཆེན་པོ་བགོ་བ་ནི་དྲང་སྲོང་གི་རྒྱལ་མཚན་ཆེན་པོ་སྟེ། གོས་ཀྱི་ཆ་ལུགས་ཙམ་ལ་དྲང་སྲོང་གི་རྒྱལ་མཚན་དུ་བརྗོད་པ་ལྟ་བུ་མ་ཡིན་ནོ། །དེ་ལྟར་བརྩོན་པ་ནི་ཁྱིམ་པའི་གཟུགས་སམ་རབ་ཏུ་བྱུང་བ་གང་ཡིན་ཀྱང་མི་ལུས་རིན་པོ་ཆེ་ཞེས་བརྗོད་དེ། དཔལ་སྦས་ཀྱི་མདོ་ལས། དཔལ་སྦས། འདི་ལ་མང་དུ་ཐོས་པས་ཐོབ་པར་བྱེད། དེའི་དོན་སེམས་པར་བྱེད། ཉོན་མོངས་པ་མེད་པའི་སྒོམ་པས་རྣལ་འབྱོར་དུ་བྱེད། གཞན་དག་ཀྱང་དེ་ལ་བསྐུལ་བར་བྱེད་ན། དེ་ནི་ལྷ་དང་བཅས་པའི་

p. 105

འཇིག་རྟེན་ན་མཆོག་ཏུ་མཛེས་པས་དལ་འབྱོར་སྙིང་པོར་བྱེད་པ་ཞེས་བྱའོ། །དལ་འབྱོར་རིན་པོ་ཆེ་ཞེས་བྱའོ། །ཞེས་གསུངས་སོ། །དེ་ལྟ་བུའི་དལ་འབྱོར་རྙེད་པར་དཀའ་བའི་ཚུལ་ལ་ལེགས་པར་བསམ་ཞིང་རྒྱུད་འབྱོངས་པ་དེའི་ཕན་ཡོན་ཚད་མེད་ཀྱང་བསྡུ་ན། ཚེ་འདིའི་བྱ་བ་ཐམས་ཅད་དོན་མེད་དུ་ཤེས་ནས་དེ་ལ་མི་འཇུག་པ། ཕྱི་མའི་དོན་ལ་སེམས་པས་ཅི་བྱེད་ལས་འབྲས་དང་མི་འགལ་བར་སྤྱོད་པ། བརྩོན་འགྲུས་མེ་བཞིན་འབར་བས་རེས་འཇོག་མེད་པར་ཐོས་བསམ་སྒོམ་པའི་དོན་ལ་བརྩོན་པ། སྡིག་པའི་གྲོགས་ངན་སྤངས་ནས་རྟག་ཏུ་དགེ་ལ་སྤྱོད་པས་རང་ཉིད་དམ་པར་གནས་པ། འཁོར་བའི་འདོད་འདུན་བོར་ནས་དལ་བ་ཆུད་མི་གཟོན་པས་འཆི་དུས་དགའ་སྤྲོ་དང་བཅས་པས་འཕོ་བ། སེར་སྣའི་མདུད་པ་གྲོལ་ནས་སྤྱིན་པའི་ལམ་བརྒྱགས་བསགས་པས་གར་སྐྱེས་དབུལ་ཕོངས་དང་བྲལ་བ། ནོར་རྫས་ལ་ཞེན་པ་མེད་ཅིང་ཆོག་ཤེས་པས་རྟག་ཏུ་སྒོ་གསུམ་ཆོས་དང་མཐུན་པ། གང་ལའང་སྙིང་པོ་མེད་པར་རྟོགས་པས་ཆགས་ཞེན་གྱི་འཁྲི་བ་ཆོད་པ། ཐམས་ཅད་མི་རྟག་པར་ཤེས་པས་འཐབ་རྩོད་ཀྱི་ཟུག་

p. 106

རྔུ་མེད་ཅིང་ངང་རྒྱུད་ཁོངས་ནས་དགེ་བ། ཅིས་ཀྱང་དགོས་མེད་དུ་མཐོང་བས་མཐུན་འཇུག་ཆོས་བརྒྱད་ཀྱི་རྩིག་པ་འགྱེལ་བ། དམ་ཆོས་ཚུལ་བཞིན་བསྒྲུབ་པས་ཐར་པའི་ལམ་སྣ་ཟིན་ཅིང་མྱུར་དུ་སངས་རྒྱས་འགྲུབ་པ་ཡིན་ནོ། །དེས་ན་དལ་འབྱོར་གྱི་རང་བཞིན་རྙེད་པར་དཀའ་བ་དང་། རྙེད་པ་དོན་ཆེ་བའི་ཡོན་ཏན་ལ་ལེགས་པར་བསམ་སྟེ་ཚེ་འདིར་ལྟོས་ཀྱི་སྣང་བ་ཐམས་ཅད་གཉིད་ཐུན་གཅིག་གི་རྨི་ལམ་བཟང་ངན་ལྟར་ཡུན་ཐུང་ལ་སྙིང་པོ་མེད་པར་ཤེས་པའི་བློས་ལིང་གིས་བཏང་ནས། ཚེ་ཕྱི་མ་ཕན་ཆད་ཀྱི་དོན་ཆེན་གཏན་གྱི་འདུན་པ་མ་འགྲུབ་པའི་ཕྱིར་ད་ལྟ་མྱུར་བ་ཉིད་དུ་དལ་འབྱོར་སྙིང་པོ་ལེན་པའི་ཐབས་ལ་འབད་དགོས་ཤིང་། གལ་ཏེ་མ་འབད་ན་རྣམ་པ་མིའི་ལུས་སུ་སྣང་ཡང་དོན་དུ་བྱོལ་སོང་དང་ཁྱད་མེད་པས་མི་ལུས་ཙམ་པོ་པ་ཞེས་བྱ་སྟེ། སྲོག་མ་ཆད་ཀྱང་རོ། འདྲེས་མ་ཁྱེར་ཡང་སྨྱོན་པ། དབུགས་དང་མ་བྲལ་ཡང་བེམ་པོ་ཡིན། དེ་ལྟར་ཡང་སློབ་དཔོན་ཆེན་པོས་རྒྱལ་སྲས་ལྷ་རྗེར་གདམས་པའི་ཐ་ཚིག་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེས་པ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་

p. 107

ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ལོག་མ་གཏོང་གསུང་གི་སྲས༔ ཞེས་དང་། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ༔ རྙེད་པ་དོན་ཆེ་ཡིད་བཞིན་ནོར་བུ་འདྲ༔ ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར༔ བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད༔ ཅེས་གསུངས་པས། གྲུ་ཡོད་དུས་ཆུ་ལས་བརྒལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་དུས་དགྲ་འདུལ་དགོས་པ་དང་། ཆུ་ལུད་དྲོད་གཤེར་འཛོམ་དུས་ས་བོན་ཅི་ཐེབ་བྱེད་དགོས་པ་བཞིན། འདོད་དོན་ཁྱད་པར་ཅན་སྒྲུབ་ཏུ་རུང་བའི་རྟེན་ལན་གཅིག་ཐོབ་པ་འདི་ཉིད་སྔར་དོན་མེད་དུ་དེ་ཙམ་ཐལ། ད་ནི་དལ་འབྱོར་མདོ་མེད་དུ་མ་སོང་བར་སྐྱེ་བ་གཏན་གྱི་སོ་ནམ་རང་མགོ་འདོན་པའི་འདུན་གྲོས་སུ་དམ་པའི་ཆོས་གཤའ་མ་ཞིག་ཅི་ནས་ཀྱང་མི་བྱེད་རེ་ཤི་སྙམ་དུ་བསམ་ཞིང་། དེ་ལྟར་བསྒྲུབ་ནུས་པའང་བླ་མ་རིན་པོ་ཆེ་མཁྱེན་སྙམ་པའི་དད་པ་དང་ངེས་འབྱུང་གི་ཤུགས་དྲག་ཏུ་བསྐྱེད་དེ། ན་མོ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ སྤྱི་གཟུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་དཔལ༔ གཏན་གྱི་སྐྱབས་
གཅིག་དྲིན་ཅན་བླ་མ་རྗེ༔ མི་འབྲལ་སྤྱི་གཙུག་བདེ་ཆེན་འཁོར་ལོར་བཞུགས༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ༔ མི་ལུས་དོན་ལྡན་སྙིང་པོ་ལོན་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་གསོལ་བ་ཕུར་ཚུགས་སུ་གདབ་པར་བྱའོ།། །།

གཉིས་པ་འཆི་བ་མི་རྟག་པ་བསམ་པ།

p. 108

༈ གཉིས་པ་འཆི་བ་མི་རྟག་པ་བསམ་པ་ལ་གསུམ། ངེས་པར་འཆི་བར་བསམ་པ། ནམ་འཆི་ཆ་མེད་བསམ་པ། འཆི་བ་ལ་ཅིས་ཀྱང་མི་ཕན་པར་བསམ་པའོ། །དང་པོ་ལ་གསུམ། སྣོད་བཅུད་སྤྱིར་བསམ་ཡང་ངེས་པར་འཆི་བ། རྡོ་རྗེའི་སྐུ་སོགས་ལ་བསམ་ཡང་ངེས་པར་འཆི་བ། དཔེ་དོན་གང་ལ་བསམ་ཡང་ངེས་པར་འཆི་བར་བསམ་པའོ། །དང་པོ་ནི། དེ་ལྟར་ཤིན་ཏུ་རྙེད་པར་དཀའ་བའི་དལ་འབྱོར་གྱི་རྟེན་ཉིད་ཐོབ་ཟིན་ནས་མི་འཆི་བ་ཞིག་ཡིན་ན་དེ་ཀ་ཡིན་མོད་དེ་རྟག་པ་ཅུང་ཟད་ཀྱང་མེད་པས་ངེས་པར་འཆི། དེའང་མཐར་འཆི་བ་འོང་སྙམ་པ་ཙམ་ཀུན་ལ་ཡོད་ཀྱང་རེ་ཞིག་མི་འཆི་བར་རེ་བའི་བློ་

p. 109

དེ་འཆི་ཁ་ཚུན་ཆད་ལ་འབྱུང་། བློ་ངན་དེས་བསྒྲིབས་ནས་ཚེ་འདིའི་རྣམ་གཡེང་ལ་འབྱམས། ཕྱི་མའི་དོན་བསྒྲུབ་པ་ཕྱི་བཤོལ་ལེ་ལོའི་དབང་དུ་འགྲོ་བས་མི་རྟག་པ་བསྒོམ་དགོས་ཏེ། མི་རྟག་པའི་གཏམས་ལས། འདི་ལྟར་སྐྱེས་པ་ཐམས་ཅད་ཀྱི། །མདུན་ན་གནས་པ་འཆི་བ་སྟེ། །བདག་ཀྱང་དེ་ལས་མ་འདས་པས། །དེ་རིང་ཉིད་དུ་ཆོས་མཛོད་ཅིག །ཅེས་གསུངས། དེ་ལ་སྤྱིར་སྣོད་བཅུད་འཇིག་རྟེན་གྱི་བཀོད་པ་འབྱུང་བའི་ཁམས་སུ་སྣང་བ་འདི་དག་ཀྱང་རྒྱུ་རྐྱེན་ཚོགས་ཤིང་འདུས་པ་ཁོ་ནས་བྱས་པའི་ཆོས་ཡིན་པའི་ཕྱིར། མཐར་འཇིག་ཅིང་སྟོང་སྟེ་ནམ་མཁའ་གཅིག་ཏུ་འགྱུར་བའི་སྐབས་ཡོད་དེ། ཏིང་འཛིན་རྒྱལ་པོའི་མདོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ནོ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། བཤེས་སྤྲིང་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བའི་སྲེག་ལས་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །

p. 110

ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། །ཅེས་གསུངས། ལར་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་རང་རང་གི་ལས་ཀྱིས་ལུས་ཆེ་བ་དང་ཆུང་བ་དང་། བདེ་བ་དང་སྡུག་བསྔལ་བ་དང་། དགེ་བ་དང་མི་དགེ་བ་དང་། འབྱོར་པ་དང་རྒུད་པ་དང་། མཐོ་བ་དང་དམའ་བ་སོགས་བཟང་ངན་དུ་སྣང་བ་ཐམས་ཅད་ཚེ་རིང་བ་བསྐལ་པར་ཐུབ་ཀྱང་མཐར་འཆི། ཐུང་བ་སྐད་ཅིག་ལས་མེད་ཀྱང་མཐར་འཆི། བར་མ་ལོ་ཟླ་ཞག་ཏུ་ཐུབ་ཀྱང་མཐར་འཆི་བས་སྐྱེས་ཚད་ཐམས་ཅད་འཆི་བ་ཁོ་ན་ལས་མ་འདས་ཏེ། རྟ་དབྱངས་ཀྱིས། སའམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་ལ་ལ་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བའམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་སོ། །དེས་ན་སྲིད་པ་གསུམ་པོ་ཐམས་ཅད་མི་རྟག་པ་སྟོན་ཀའི་སྤྲིན་སྐད་ཅིག་ལ་འདུས་ཤིང་སྐད་ཅིག་ལ་བྱེར་བར་འགྱུར་བ་ལྟར་གཡོ་ཞིང་འཇིག་པ་དང་། ལས་བཟང་ངན་གྱི་དབང་གིས་འགྲོ་བའི་སྐྱེ་འཆིའི་ཁ་ལོ་ཡིད་བརྟན་མེད་པར་བསྒྱུར་བ་གར་མཁན་མཁས་པའི་གར་གྱི་འདུ་བྱེད་ལྟར་རྣམ་པར་འགྱུར་བ་དང་། སྐྱེ་བོ་རྣམས་ཀྱི་

p. 111

ཚེ་འགྲོ་བ་ནི་བར་སྣང་གི་གློག་འཁྱུག་པ་སྐད་ཅིག་ལ་ཡལ་བ་དང་རི་གཟར་གྱི་འབབ་ཆུ་ལྟར་ཡུན་ཐུང་དུར་མྱུར་བར་འགྲོ་བ་དང་། མཐིལ་དུ་བབས་ཟིན་པའི་ཆུ་བོ་སླར་ལྡོག་ཏུ་མེད་པ་ལྟར་ཚེ་ཟད་པ་གང་གིས་ཀྱང་བཟློག་ཏུ་མེད་པས་འཆི་བར་ངེས་ཏེ། རྒྱ་ཆེར་རོལ་པའི་མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་སོ། །གཉིས་པ་རྡོ་རྗེའི་སྐུ་སོགས་ལ་བསམ་ཡང་ངེས་པར་འཆི་བར་བསམ་པ་ནི། དེ་ལ་མི་མཇེད་ཀྱི་འཇིག་རྟེན་འདིར་བྱོན་པའི་སྟོན་པའང་རྣམ་པར་གཟིགས་དང་། གཙུག་ཏོར་ཅན་དང་། ཐམས་ཅད་སྐྱོབ་དང་། འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་དང་། ཤཱཀྱ་ཐུབ་པ་རྣམས་སྟོན་ཀའི་ཟླ་བ་ཉ་གང་བ་ལྟར་མཚན་དཔེའི་གཟི་འོད་འབར་བ་ལ། འཁོར་ཉན་ཐོས་དང་། བྱང་ཆུབ་སེམས་དཔའ་དང་། ཚངས་པ་དང་འཇིག་རྟེན་སྐྱོང་བ་ལ་སོགས་པ་སྐར་མའི་ཚོགས་ཀྱིས་བསྐོར་བ་ལྟར་བྱོན་ཏེ་སྐུ་འོད་ཟེར་གྱི་དཔལ་གྱིས་

p. 112

ལྷམ་མེ་བ་དང་། གསུང་ཅ་ཅོ་མེད་པས་ལྷན་ནེ་བ་དང་། ཐུགས་དྲི་མ་མེད་པས་ལྷང་ངེ་བར་གསལ་ཞིང་རྡོ་རྗེ་ལྟར་བརྟན་པ་རྣམས་ཀྱང་མྱ་ངན་ལས་འདས་ཤིང་། ཤཱཀྱའི་སྐྱེས་མཆོག་ལས་གཞན་པ་དག་གི་བསྟན་པ་ཡང་རིམ་གྱིས་ནུབ་པར་གྱུར་བ་ལ་ལྟོས་ན། ལྦུ་བ་ལྟར་སྙིང་པོ་མེད་པ་བདག་གི་ལུས་ལྟ་ཅིའི་ཕྱིར་རྟག་ཅེས་བསམ་དགོས་ཏེ། མི་རྟག་པའི་ཚོམས་ལས། མཚན་སྟོང་གི་འབར་བདེ་གཤེགས་སྙིང་པོའི་སྐུ། །བསོད་ནམས་བརྒྱ་ལས་གྲུབ་པའང་མི་རྟག་ན། །ལྦུ་བ་རྡོལ་འདྲ་ཡིད་བརྟན་མི་རུང་བའི། །རང་གི་ལུས་འདི་ངེས་པར་ཅིས་མི་འཇོག །འགྲོ་བའི་དོན་གཤེགས་རྒྱལ་བ་ཉི་མ་འདྲ། །དམ་ཆོས་མཛོད་ཀྱི་ཟླ་བ་ནུབ་ལ་ལྟོས། །རང་གི་ཕུན་ཚོགས་འཁོར་དང་ལོངས་སྤྱོད་ཀུན། །རྟག་པ་མེད་པ་ཉིད་དུ་མཁྱེན་འཚལ་ལོ། །ཞེས་སོ། །གང་དག་ཚངས་པ་དང་། དབང་ཕྱུག་དང་། ཁྱབ་འཇུག་དང་། བརྒྱ་བྱིན་དང་། རྒྱལ་ཆེན་བཞི་སོགས་འཇིག་རྟེན་སྐྱོང་བ་འོད་ཟེར་ཆེན་པོས་འཇིག་རྟེན་འགེངས་ཤིང་ཉི་མ་སྟོང་བས་ལྷག་པ། གཟི་བརྗིད་དང་བསོད་ནམས་ཀྱི་གྲགས་པས་གནམ་ས་ཀུན་ཏུ་ཁྱབ་པ། ས་འོག་ས་སྟེང་ས་བླའི་འཇིག་རྟེན་ཀུན་གྱི་གཙོ་བོར་

p. 113

གྱུར་ཅིང་འབྱོར་པ་དམ་པས་བརྒྱན་པའང་འཆི་བའི་སྐབས་ཡོད་དེ། འདུལ་བ་ལུང་ལས། དགེ་སློང་དག །འབྱོར་པ་འདི་དག་རྒུད་ཅིང་སྙིང་པོ་མེད་པ་ལ་ལྟོས། ངས་སྔོན་དྲན་པའི་འཁོར་བ་ན། ཚངས་པ་དང་། བརྒྱ་བྱིན་དང་། འཇིག་རྟེན་སྐྱོང་བ་ལ་སོགས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་མྱོང་ཡང་མ་ངོམས་བཞིན་དུ་ཚེ་འཕོས་ཏེ་ངན་སོང་དུ་གཞོལ་བར་གྱུར་ཏོ། །ཞེས་སོ། །གཞན་ཡང་ལྷ་དང་། ལྷ་མ་ཡིན་དང་། དཀའ་ཐུབ་གྲུབ་པ་དང་། རིགས་སྔགས་འཆང་བ་ཐམས་ཅད་འཆི་བའི་ཆོས་ཅན་ཏེ། དེ་ཉིད་ལས། བསམ་གཏན་གྲུབ་པའི་ལྷ་དང་མིའམ་ཅི། །ལྷ་མིན་དྲང་སྲོང་དཀའ་ཐུབ་དཔལ་འབར་བ། །རྒྱུན་རིང་བསྐལ་པར་གནས་པའང་མི་རྟག་ན། །མི་རྣམས་སྟོབས་མེད་ལྦུ་བ་རྡོལ་འདྲའི་ལུས། །སོ་སོར་འཇིག་ཅིང་འབྲལ་བ་སྨོས་ཅི་འཚལ། །ཞེས་སོ། །གླིང་བཞིའི་དབང་པོ་འཁོར་ལོས་སྒྱུར་བ་དང་། རྒྱལ་པོ་དང་། བློན་པོ་དང་། དགེ་སྦྱོང་དང་། བྲམ་ཟེ་དང་། ཁྱིམ་བདག་ལ་སོགས་པ་འགྲོ་བ་ཇི་སྙེད་པ་ཀུན་ཀྱང་འཆི་བ་ལས་མ་འདས་ཏེ། ཆེད་དུ་བརྗོད་པའི་ཚོམས་ལས། རིན་ཆེན་བདུན་ལྡན་རྒྱལ་པོ་

p. 114

དང་། །གཞན་ཡང་རྒྱལ་ཕྲན་བློན་པོ་དང་། །དགེ་སྦྱོང་བྲམ་ཟེ་ཁྱིམ་བདག་སོགས། །འགྲོ་བ་འདི་ཀུན་མི་རྟག་སྟེ། །རྨི་ལམ་འགྲོ་བ་ཇི་བཞིན་ནོ། །ཞེས་སོ། །གསུམ་པ་དཔེ་དོན་གང་ལ་གཞིག་ཀྱང་ངེས་པར་འཆི་བར་བསམ་པ་ནི། ཛམ་བུའི་གླིང་འདིར་ཡང་སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་དང་། དེ་ནས་ཉིས་ལྡན་དང་། སུམ་ལྡན་དང་། ད་ལྟ་རྩོད་ལྡན་གྱི་དུས་དང་བཞིར་འགྱུར་བ་དང་། མི་ཚེ་གཅིག་ལའང་བཙས་པ་བུ་ཆུང་གི་དུས་དང་། བྱིས་པ་གཞོན་ནུའི་དུས་དང་། དར་ལ་བབས་པའི་དུས་དང་། རྒས་ཤིང་འཁོག་པའི་དུས་དང་བཞིར་འགྱུར། ལོ་གཅིག་ལའང་དཔྱིད་ས་བོན་རྨོ་རྐོའི་དུས། དབྱར་ལོ་འདབ་རླན་རྒྱས་ཀྱི་དུས། སྟོན་འབྲས་བུ་བཅུད་རྫོགས་ཀྱི་དུས། དགུན་ས་སྐམ་རྡོ་འཁྱགས་ཀྱི་དུས་དང་བཞིར་འགྱུར་བས་མི་རྟག །ད་ལྟ་དགྲ་གཉེན་བར་མའི་སེམས་ཅན་ཐམས་ཅད་གནས་གཅིག་ཏུ་འདུས་སམ་འདུས་པར་མཐོང་བ་དེ་དག་ཀྱང་མི་རྟག་སྟེ། དཔེར་ན་ཚོང་འདུས་ཀྱི་སའམ། ལམ་གྱི་གཞི་མདོའམ། མགྲོན་ཁང་རྣམས་སུ་སྐྱེ་བོ་མང་པོ་འདུས་པ་དར་ཅིག་རྟག་རྟག་འདྲ་ཡང་མྱུར་དུ་སོ་སོར་གྱེས་པ་བཞིན་ནོ། །གཞན་ལྟ་

p. 115

ཞོག་རང་གི་གནས་ཁང་གཅིག་ཏུ་འདུས་པའི་ཚེ་སྟོད་ཀྱི་ཕ་མ་དང་། བཟའ་ཚོ་དང་། ཕྱུགས་ལུག་སྒོ་ཁྱི་དང་། ལོངས་སྤྱོད་སོགས་ལ་སོམས་དང་། དེ་དང་དེའི་དུས་ན་རྟག་རྟག་འདྲ་བས་བདག་ཏུ་ཞེན་ཅིང་འཐབ་རྩོད་དང་དགག་སྒྲུབ་བྱེད་ཀྱང་ད་ལྟ་དེ་དག་གང་ན་ཡོད། གཅིག་ཏུ་མེད་དེ་ལ་ལ་ཤི། ལ་ལ་སོང་། ལ་ལ་འདུ། ལ་ལ་འབྲལ་བ་ལ་ལྟོས། དེས་ན་གནས་གང་དུ་སྡོད། གྲོགས་སུ་དང་འགྲོགས། ལས་ཅི་བྱེད་ཀྱང་འབྲལ་བའི་འདུ་ཤེས་འབའ་ཞིག་ཡིད་ལ་བཞག་སྟེ་གང་ལའང་མི་འཐབ་མི་འཚེ་ཞིང་བཟོས་བླང་བ་ལ་འབད་པར་བྱ་སྟེ། ཚོམས་ལས། འདུས་པ་ཐམས་ཅད་འབྲལ་བས་ན། །གང་ལའང་ཡིད་བརྟན་མི་རུང་བས། །སྐྱེ་བོ་རྣམས་དང་བདག་ཉིད་ལ། །ཞེན་ཅིང་ཆགས་པ་མེད་པར་བྱ། །ཞེས་སོ། །གཞན་ཡང་རང་གི་ཚེ་སྟོད་དང་། བར་སྐབས་དང་། དེའི་གོང་ནས་སྟོངས་པའི་གྲོང་རྙིང་པ་དག་ལ་བསམ་ནས། འདི་དག་ནའང་སྔོན་འབྱོར་པ་དང་བདེ་བ་དང་སྐྱིད་ཅིང་ཉམས་དགའ་བའི་ལོངས་སྤྱོད་ཡོད་ཀྱང་མཐར་འདི་ལྟར་གྱུར། བདག་གི་གནས་ཁང་ནོར་རྫས་ཀྱང་འདི་ལས་མ་

p. 116

འདས་པས་བདག་གིས་འདི་འདོར། འདིས་བདག་འདོར་བས་འདི་དག་རང་དབང་ཡོད་རིང་ལ་ཆོས་ཕྱོགས་སུ་གཏོང་བར་བྱ། ཆོས་ལ་བཏང་བས་ཐར་པ་འགྲུབ་ངེས་སྙམ་དུ་བསམ་ལ་ལོངས་སྤྱོད་གཡོ་བ་སྙིང་པོ་མེད་པ་ལས་སྙིང་པོ་བླང་བར་བྱ་སྟེ། སྤྱོད་འཇུག་ལས། ཐམས་ཅད་གཏོང་བར་ཕྱམ་གཅིག་ལ། །བདག་བློ་མྱ་ངན་འདས་པ་མཆོག །ཅེས་སོ། །དེའང་ནོར་རྫས་ལ་སྤྱོད་དབང་མེད་པ་ཡོང་བས་ད་ལྟ་སྤྱོད་དབང་ཡོད་དུས་དགེ་བ་ལ་རང་གིས་བཏང་ན་ཕན་པ་ཆེར་འཐོབ་ཅིང་། ཤི་དུས་གཞན་ལ་ཁ་ཆེམས་འཇོག་པའི་ལུགས་བཞིན་བསྒྲུབས་ཀྱང་ཕན་པ་ཆུང་ལ། མལ་གྱི་ཐ་མར་ལྷུང་དུས་རང་གི་རྫས་ལ་གཞན་གྱིས་བགོ་བཤའ་མི་འཆམ་པ་ནི་སྡིག་པའི་རྩ་བར་འགྱུར་པའང་ཡིན་ནོ། །དེས་ན་རབ་ཏུ་བྱུང་ནས་ཆོས་ལ་སེམས་པ་རྣམས་ཀྱིས་ཆོས་ཀྱི་ཐོག་མར་འདོད་པ་ཆུང་བ་ལ་བསླབ་དགོས་ཏེ། སྔོན་གྱི་སློབ་དཔོན་མཁས་གྲུབ་དག་གིས་གསུང་ལས། འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ཅིང་། །འདོད་པ་ཟད་ན་འཕགས་པ་དངོས་ཡིན་པས། །རྟག་ཏུ་འདོད་པ་ཆུང་ལ་བསླབ་པར་བྱ། །ཞེས་གསུངས། ཚེ་འདི་ཉིད་ལའང་ཚེ་སྟོད་སྐྱིད་ཀྱང་ཚེ་སྨད་སྡུག་པར་འགྱུ་བ་སོགས་ལ་བསམ་ནས།

p. 117

འབྱོར་པ་རྒུད་པའི་ཆོས་ཅན། ལང་ཚོ་མི་རྟག་པའི་རང་བཞིན། གཉེན་གྲོགས་འབྲལ་བའི་ཆོས་ཅན། ཐམས་ཅད་ཡིད་བརྟན་མེད་པར་ཤེས་ནས་མི་རྟག་པའི་སྐྱོ་ཤས་བསྐྱེད་དེ། རྒྱ་ཆེར་རོལ་པ་ལས། འདོད་པའི་ཡོན་ཏན་འདི་དག་ཆུ་ཟླ་འདྲ། །གཟུགས་བརྙན་མཚུངས་ཤིང་བྲག་ཅ་འདྲ་བ་དང་། །མིག་ཡོར་དག་དང་གར་ལ་བལྟ་བ་དང་། །རྨི་ལམ་མཉམ་པར་སྐྱེས་བུས་ཤེས་པར་གྱིས། །ཞེས་དང་། མྱ་ངན་འདས་མདོ་ལས། དར་བ་ཡོད་ན་རྒུད་པ་ཡོད། །འདུས་པ་ཡོད་ན་འབྲལ་བར་འགྱུར། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་སོ། །གཉིས་པ་ནམ་འཆི་ཆ་མེད་པར་བསམ་པ་ལ་གསུམ། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་པ། འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ཆ་མེད་པ། ལུས་འདི་ཉམ་ཆུང་བས་ཀྱང་ནམ་འཆི་ཆ་མེད་པར་བསམ་པའོ། །དང་པོ་ནི། མཐར་འཆི་ཡང་རེ་ཞིག་མི་འཆི་བས་དེ་ཙམ་དུ་རིངས་ཅི་དགོས་སྙམ་ན། སྤྱིར་སྒྲ་མི་སྙན་པ་མ་གཏོགས་འགྲོ་བ་ཀུན་གྱི་ཚེ་ལ་ངེས་པ་མེད་ཅིང་ཁྱད་

p. 118

པར་ཛམ་བུའི་གླིང་པའི་ཚེ་ནི་ཤིན་ཏུ་མ་ངེས་པ་ཡིན་ཏེ། དང་པོར་ཚེ་ལོ་དཔག་མེད་ཐུབ་པའང་བྱུང་ཞིང་མཐར་ལོ་བཅུ་ལ་རིང་མཐའ་བྱེད་དགོས་པ་འབྱུང་བ་དང་། ད་ལྟ་རྒན་གཞོན་བར་མ་གང་ལའང་ནམ་འཆིའི་ངེས་པ་མེད་དེ། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་དང་། ཆེད་དུ་བརྗོད་པའི་ཚོམས་ལས། གང་གི་ནུབ་མོ་ཁོ་ན་ལས། །མངལ་དུ་དང་པོར་འཇུག་པའི་མི། །དེ་ནི་སྣོན་མེད་གོད་འགྱུར་ཞིང་། །སོང་བ་ལས་ཀྱང་བཟློག་པ་མེད། །སྔ་དྲོ་སྐྱེ་བ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །སྐྱེས་པ་བུད་མེད་མང་པོ་དག །དར་ལ་བབས་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདིང་བྲོད་ཅི་ཞིག་ཡོད། །ཁ་ཅིག་མངལ་དུ་འཆི་བར་འགྱུར། །དེ་བཞིན་ཁ་ཅིག་བཙས་པའི་སར། །ཁ་ཅིག་གོག་པོ་འགོག་ཙམ་ན། །དེ་བཞིན་ཁ་ཅིག་ལང་རྒྱུག་ན། །ལ་ལ་རྒན་དང་ལ་ལ་གཞོན། །ལ་ལ་དར་བ་བབས་པའི་མི། །རིམ་གྱིས་རབ་ཏུ་འགྲོ་འགྱུར་ཏེ། །འབྲས་བུ་སྨིན་པ་ལྷུང་བ་བཞིན། །ཞེས་སོ། །གལ་ཏེ་སྔོན་གྱི་

p. 119

ལེགས་བྱས་ཀྱིས་ཚེ་ལོ་དྲུག་ཅུ་བདུན་ཅུ་ཙམ་འཕང་དུ་སྲིད་ཀྱང་དེ་རིང་ནས་བརྩི་རྒྱུ་མིན་ཏེ། སྔར་དེ་ཙམ་འདས། ད་ཇི་ཙམ་ཐུབ་ཚོད་མི་དཔོགས། ཡང་སུམ་ཅུའམ་བཞི་བཅུ་ཙམ་ལས་མ་འཕང་བའང་འབྱུང་། དེང་སང་ནི་ཚེ་ཚད་སུམ་ཅུ་ཁ་རལ་ཉི་ཤུ་ཉེ་བའི་དུས་ཡིན་པས་ཚེ་ཚད་རྫོགས་ལོང་བྱུང་ཡང་དེ་ལས་ལྷག་པ་མི་ཐུབ། དེའང་དབུགས་འབྱུང་རྔུབ་ཉི་ཁྲི་ཆིག་སྟོང་གིས་ཞག་རེ་འཛད། ཞག་སུམ་ཅུས་ཟླ་བ། ཟླ་བ་བཅུ་གཉིས་ཀྱིས་ལོ་རེ་འཛད་ནས། ལོ་བཅུ་གཉིས་ལ་ལོ་སྐོར་དུ་བཏགས་པ་གསུམ་ཙམ་སོང་དུས་འཆི་བ་དུས་ལ་བབ་ཡོང་ན་སྐྱེས་ནས་ད་ལྟ་ཕན་ཆད་ལ་ཆུ་ཚོད་གཅིག་གི་ཡུན་ཙམ་ལས་མ་བྱུང་། གང་ནའང་མཐོང་ཐོས་ཀྱི་འགྲོ་བ་གློ་བུར་དུ་འཆི་བ་རྣམས་ལ་བརྟག་ན་རང་ཅག་ཀྱང་དེ་ལྟ་བུའི་ཆོས་ཅན་ལས་མ་འདས་ཤིང་། སང་དང་འོ་སྐོལ་གྱི་ཚེ་ཕྱི་མ་གཉིས་གང་སྔ་མི་ཤེས་པས་ཚེ་འདིའི་བྱ་བྱེད་ཀྱི་འཁྲི་བ་རྦད་ཀྱིས་ཆོད་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཀུན་མཁྱེན་ཆེན་པོས། ཚེ་འདི་མི་རྟག་

p. 120

འཇིམ་པའི་བུམ་པ་འདྲ། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་ལ་གང་འབྱུང་ངེས་པ་མེད་པས་ན། །དེ་རིང་ཉིད་ནས་དམ་པའི་ཆོས་མཛོད་ཅིག །ཅེས་སོ། །གཉིས་པ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་ནམ་འཆི་ཆ་མེད་པར་བསམ་པ་ནི། ཕྱི་རྐྱེན་མི་དང་དུད་འགྲོ་གདོན་བགེགས་ལ་སོགས་པས་འཚེ་བ། མེ་ཆུ་གཡང་ས་སོགས་འབྱུང་བའི་གནོད་པ། ནང་ལུས་ལ་ནད་རིགས་བཞི་བརྒྱ་རྩ་བཞི་ལ་སོགས་པ་མདོར་ན་འཆི་རྐྱེན་འདིས་མི་བྱེད་བྱ་བ་མེད་དེ། འཚོ་བའི་རྐྱེན་དུ་རེ་བའི་ཟས་གོས་དང་སྨན་སོགས་བརྟེན་པའང་འཆི་རྐྱེན་དུ་མི་འགྲོ་བའི་ཆ་མེད། དེས་ན་འཆི་བའི་རྐྱེན་ངན་བུ་ཡུག་འཚུབ་པ་ལྟ་བུའི་དབུས་སུ་བདག་གནས་པ་ཡིན་པས་ནམ་འཆི་ཆ་མེད་སྙམ་དུ་བསྒོམ་པར་བྱ་སྟེ། ཀླུ་སྒྲུབ་ཀྱིས། འཆི་བའི་རྐྱེན་ནི་མང་སྟེ། །གསོན་པ་ཡིན་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་དང་། དམ་པས། ཡེངས་པའི་བར་ལ་འཆི་བདག་བདུད་ཀྱིས་འཛིན། །ད་ལྟ་ཉིད་དུ་སྒྲུབས་ཤིག་དིང་རི་བ། །ཞེས་སོ། །གསུམ་པ་ལུས་

p. 121

འདི་ཉམ་ཆུང་བས་ཀྱང་ནམ་འཆི་ཆ་མེད་པར་བསམ་པ་ནི། རང་རེའི་ཚེ་སྲོག་འདི་ཆུའི་ཆུ་བུར་བཞིན་དུ་མི་རྟག །རྩྭ་རྩེའི་ཟིལ་པ་བཞིན་དུ་ཉམ་ཆུང་། རླུང་ནང་གི་མར་མེ་བཞིན་དུ་འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་། སྤྲིན་གསེབ་ཀྱི་གློག་བཞིན་དུ་ཡུན་ཐུང་སྟེ། རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་དང་། བཤེས་སྤྲིང་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་དབྱུང་དབུགས་རྔུབ་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་འཆི་རྐྱེན་མང་ཞིང་ཤིན་ཏུ་ཉམ་ཆུང་བ་དེ་ལྟ་བུའི་ཚོད་ལ་དཔགས་ན་གཉིད་ལོག་རིང་ལ་མ་ཤི་བར་སད་རྒྱུ་ཡོད་པ་དང་། དབུགས་ཕར་གཏོང་ཚུར་རྔུབ་ཀྱི་བར་ལའང་མི་འཆི་བ་ངོ་མཚར་ཆེ་ཞེས་གསུངས། དཔེར་ན་མར་མེ་འཆི་མ་རག་པ་ཞིག་རླུང་འཚུབ་ལངས་སར་ཁྱེར་ན་ད་ལྟ་རང་འཆི་མི་འཆི་ཆ་མེད་པ་ལྟ་བུའོ། །དེས་ན་སླད་མར་ཆོས་བྱའོ་སྙམ་དུ་ངང་བསྲིང་བྱ་བའི་སྐབས་མེད་པས་ལོ་ཕྱི་

p. 122

མ་ལ་མ་འགྱང་བར་ལོ་འདི་རང་ལ་བྱེད་དགོས། དེའང་ཟླ་བ་ཕྱི་མ་ལ་མ་འགྱང་བར་ཟླ་བ་འདི་རང་ལ་བྱེད་དགོས། དེའང་སང་དང་གནང་ལ་མ་འགྱང་བར་ད་ལྟ་རང་བྱེད་དགོས་ཏེ། ཚེ་ནི་སྙིམ་པའི་ནང་དུ་ཆུ་བླུགས་པ་ཐལ་མོའི་བར་ནས་འཛག་པ་མ་ཤེས་པར་ཟད་ཚར་བ་དང་འདྲ་སྟེ། སློབ་དཔོན་ས་ར་ཧས། དེ་རིང་དེ་བཞིན་དུ་ནི་སང་སྙམ་པའི། །སྐྱེས་བུ་ནོར་རྣམས་ཕུན་སུམ་ཚོགས་འདོད་པ། །སྙིམ་པ་ཆུ་ཡིས་གང་བ་འཛག་པ་ནི། །མི་མངོན་འདྲའོ་ཀྭ་ཡེ་བཞིན་བཟང་རྣམས། །ཞེས་དང་། སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་གསུངས། དེས་ན་དང་པོར་གཞོན་པའི་དུས་སུ་ནི་བསམ་པ་མ་རྙེད་པས་ཆོས་མ་བྱུང་། མཐར་རྒས་ནས་ཆོས་བྱེད་ལོ་བྱས་ཀྱང་ལུས་སེམས་ཀྱི་སྟོབས་ཟད་པས་བོགས་སྐྱེད་མི་འབྱུང་། དེའི་བར་གྱི་ཕྱེད་ནི་གཉིད་ཀྱིས་འདས། གཞན་ཡང་འགྲོ་འདུག་སོགས་དོན་མེད་རྣམ་གཡེང་སྣ་ཚོགས་ཀྱི་

p. 123

དབང་དུ་སོང་བས་ཆོས་བྱེད་པའི་སྐབས་ཅུང་ཟད་ལས་མི་འདུག་པས། ཚེ་འདིའི་ཕུན་ཚོགས་ཀྱི་བསླུ་བྲིད་ཐམས་ཅད་རྨི་ལམ་ཐུན་གཅིག་གི་བདེ་བ་ལྟར་སྙིང་པོ་མེད་པར་ངེས་ཤེས་བསྐྱེད་ནས་དམ་པའི་ཆོས་སྒྲུབ་པ་ལ་ནན་ཏན་དུ་བྱའོ། །གསུམ་པ་འཆི་བ་ལ་ཅིས་ཀྱང་མི་ཕན་པར་བསམ་པ་ལ་གསུམ། ལུས་ཀྱི་མི་ཕན་པར་བསམ་པ། ལོངས་སྤྱོད་ཀྱིས་མི་ཕན་པར་བསམ་པ། གཉེན་བཤེས་ཀྱིས་མི་ཕན་པར་བསམ་པའོ། །དང་པོ་ནི། དེ་ལྟར་འཆི་བའི་གནས་སྐབས་མངོན་དུ་གྱུར་པ་ན། མཛེས་སྡུག་ལང་ཚོ་ཕུལ་དུ་ཕྱིན་པའི་གཟུགས་བྱད་ཡོད་ཀྱང་མི་ཕན། དཔག་ཚད་མང་པོར་སླེབས་པའི་ལུས་བོང་ཤིན་ཏུ་ཆེ་ཡང་མི་ཕན། རི་རབ་པང་པར་འདེགས་ནུས་པའི་སྟོབས་ཤུགས་ཡོད་ཀྱང་མི་ཕན། དེ་བཞིན་དུ་ལུས་ངག་གི་རྫུ་འཕྲུལ་དང་། སྒྱུ་རྩལ་རིག་བྱེད་བཟོ་རིགས་སོགས་མཐའ་ཡས་པ་ཤེས་ཤིང་མཁས་ཀྱང་འཆི་བའི་ཚེ་ཕན་ཐོགས་པ་གཅིག་ཀྱང་མེད་པར་མ་ཟད་ལྷན་ཅིག་སྐྱེས་པའི་ལུས་འདིའང་ཤུལ་དུ་བོར་ནས་འགྲོ་དགོས་ཏེ། སྤྱོད་འཇུག་ལས། ལྷན་ཅིག་སྐྱེས་པའི་ཤ་རུས་དག །

p. 124

ཞིག་སྟེ་སོ་སོར་གྱེས་འགྱུར་ན། །མཛའ་བ་གཞན་ལྟ་སྨོས་ཅི་དགོས། །ཞེས་གསུངས། དེས་ན་ད་ལྟ་རང་གི་ལུས་ཞེས་རྟག་ཏུ་ང་དང་བདག་ཏུ་བཟུང་ནས་ཟས་དང་གོས་ཀྱིས་མཆོད། མཐུན་པར་རིམ་གྲོ་བསྟེན། གཞན་གྱིས་ཁ་ཟེར་བ་ཅུང་ཟད་ཙམ་ལའང་མི་དགའ་བས་ལན་དུ་སྨྲ་ཞིང་གནོད་པ་ལས་བསྲུང་བར་བྱེད་ཀྱང་། དེ་ཉིད་ལས། ལུས་འདི་ཐང་ཅིག་བརྙན་པོ་བཞིན། །ཞེས་གསུངས་པ་ལྟར། འཆི་བདག་གིས་བཅོམ་སྟེ་ལུས་སེམས་བྲལ་བའི་ཚེ་ན་ལུས་འདི་ཡང་ན་ནི་ཐིབས་འོག་དང་ས་འོག་ལྟ་བུར་སོང་ནས་འཇིག་ཅིང་སྲོག་ཆགས་འབུ་སྲིན་ལ་སོགས་པས་ཟ། ཡང་ན་ནི་ཆུ་ལ་བསྐུར་བས་ཆུས་ཁྱེར་ཏེ་ཉ་ལ་སོགས་པས་ཟ། ཡང་ན་ནི་དུར་ཁྲོད་དུ་བསྐྱལ་བས་བྱ་རྒོད་དང་གཅན་གཟན་ལ་སོགས་པས་ཟ། ཡང་ན་ནི་བདག་མེད་དུ་བོར་ཏེ་ཁྱི་ལ་སོགས་པས་ཟ་བའམ་རུལ་མྱགས་བམ་སྟེ་འབུ་སྦྲང་གིས་རུབ་ནས་ཟ། ཡང་ན་ནི་མེ་ལ་བསྲེགས་ཏེ་རུས་ཕྱེ་ཕྲན་བུ་ཞིག་ཏུ་འགྱུར་བ་ལས་མ་འདས་པས། འཆི་བའི་ཚེ་ཕན་མི་ཐོགས་པའི་ལུས་འདིའི་ཆེད་དུ་མི་དགེ་བ་སྣ་ཚོགས་ཤིག་བསགས་ནས་ཅི་བྱེད།

p. 125

འདོད་ཆགས་ཞེ་སྡང་ལ་སོགས་པའི་ལས་དང་ཉོན་མོངས་པ་ཐམས་ཅད་ཀྱང་གཙོ་བོར་ལུས་འདི་ལ་བརྟེན་ནས་བསགས་པ་ཤ་སྟག་ཡིན་ཅིང་། དེ་བཞིན་དུ་སྲོག་གཅོད་པ་དང་དགྲར་འཛིན་གྱི་ཞེ་སྡང་སྐྱེ་བ་སོགས་ཀྱང་གཙོ་བོར་ལུས་རང་ལ་བརྟེན་ནས་སྐྱེ་སྟེ། དཔེར་ན་མི་ཞིག་གིས་རང་ལ་ཚིག་ངན་སྨྲས་པ་ལྟ་བུས་ཁོང་ཁྲོ་སྐྱེས་ནའང་མི་དེས་རང་ལ་གཟུགས་འདི་ཡོད་པའི་དབང་གིས་གཏམ་སྨྲས་པ་ལ་ཁོང་ཁྲོ་སྐྱེས་པ་མ་གཏོགས་གཟུགས་མེད་ན་འདི་ནི་བདག་གི་དགྲའོ་སྙམ་པའང་མི་འབྱུང་ཞིང་། རླུང་སྒྲ་དང་བྲག་ཅ་ལྟ་བུས་རང་ལ་དམོད་ཚིག་བྱུང་ནའང་ཁོང་ཁྲོ་མི་སྐྱེ་བའི་ཕྱིར། སྔར་ཡང་ལུས་འདི་སྡུག་ཏུ་བཅུག །ཕྱིན་ཆད་ཀྱང་འཁོར་བ་དང་ངན་སོང་དུ་སྐྱེ་ཤི་ཡང་ཡང་སྟོན་པའི་ལས་གསོག་ཏུ་བཅུག་པ་ཡིན་པས་ལུས་འདིས་ཕན་རྒྱུ་ཅི་ཡང་མེད་སྙམ་དུ་དྲན་པར་བྱའོ། །དེ་ལྟར་ཡང་རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། ཕྱོགས་བཞི་ནས་རི་ཆེན་པོ་སྲ་བ་བརྟན་པ་སྙིང་པོ་དང་ལྡན་པ། མ་ཞིག་མ་གས་ལ་ཤིན་ཏུ་མཁྲེགས་པ། འཕན་མེད་པ། ལྷུན་སྟུག་པ་ཞིག་ནམ་ལ་

p. 126

རེག་ཅིང་ས་ལ་ལྡོག་སྟེ་རྩྭ་དང་ཤིང་དང་ཤིང་གེལ་པ་དང་ཡལ་ག་དང་ལོ་མ་ཐམས་ཅད་དང་། སྲོག་ཆགས་འབྱུང་པོ་ཐམས་ཅད་ཕྱེ་མར་འཐག་ཅིང་འོང་བ་ལ་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་བའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་བཟློག་པར་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། དེ་བཞིན་དུ་འཇིགས་པ་ཆེན་པོ་བཞི་པོ་འདི་དག་འོང་སྟེ། བཞི་གང་ཞེ་ན། རྒ་བ་དང་། ན་བ་དང་། འཆི་བ་དང་། རྒུད་པའོ། །རྒྱལ་པོ་ཆེན་པོ། རྒ་བས་ནི་དར་ལ་བབས་པ་འཇོམས་ཤིང་འོང་ངོ་། །ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་ངོ་། །རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་ངོ་། །འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལ་ནི་མགྱོགས་པས་འབྲོས་པའམ། སྟོབས་ཀྱིས་བཟློག་པའམ། ནོར་གྱིས་བསླུ་པས་སམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་བྱ་བ་སླ་བ་མ་ཡིན་ནོ། །རྒྱལ་པོ་ཆེན་པོ། འདི་ལྟ་སྟེ་དཔེར་ན། རི་དྭགས་ཀྱི་རྒྱལ་པོ་སེང་གེ་རི་དྭགས་ཀྱི་ནང་དུ་བཞུགས་ནས་རི་དྭགས་བཟུང་སྟེ་ཇི་ལྟར་འདོད་པ་བཞིན་དུ་དབང་བྱེད་དོ། །

p. 127

རི་དྭགས་དེ་ནི་སྟོབས་པོ་ཆེའི་ཁ་མི་བཟད་པས་དབང་མེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་བཞིན་འཆི་བདག་གི་གསལ་ཤིང་གིས་གཟུག་སྟེ་བརྒྱགས་པ་དང་ནི་བྲལ། མགོན་ནི་མེད། སྐྱབས་ནི་མེད། དཔུང་གཉེན་ནི་མེད། བཤེས་ནི་མེད། ཚིགས་ནི་འབྱེ་ཞིང་འབྲལ། ཤ་དང་ཁྲག་ནི་བསྐམ། ལུས་ནི་ནད་ཀྱིས་གདུང་། སྐོམ་ནི་སྐོམ། བཞིན་ནི་འགྱུར། རྐང་ལག་ནི་གཡོ་བ། ལས་ནི་མི་ནུས། མཐུ་ནི་མེད། ཁ་ཆུ་དང་སྣབས་དང་གཅིན་དང་ངན་སྐྱུགས་ཀྱིས་ལུས་ལ་གོས། མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་དག་ནི་འགག །སྐྱིགས་བུ་ནི་འབྱུང་། སྒྲ་ངར་ངར་པོ་ནི་འཐོན། སྨན་པས་ནི་བོར། སྨན་དང་ཁ་ཟས་དང་བཟའ་བ་དང་བཏུང་བ་ཐམས་ཅད་ཀྱིས་ནི་ཀླེས་ལ་བོར་ཏེ་འགྲོ་བ་གཞན་དུ་འགྲོ་བར་ཆས་པས། མལ་གྱི་ཐ་མར་ནི་ཉལ། ཐོག་མ་མེད་པའི་སྐྱེ་བ་དང་རྒ་བ་དང་འཆི་བའི་འཁོར་བའི་རྒྱུད་ནི་ནུབ། སྲོག་ནི་ཅུང་ཟད་ཅིག་ལུས། གཤིན་རྗེས་ནི་འཇིགས་ཤིང་སྐྲག །བྱུར་གྱི་དབང་དུ་ནི་སོང་། དབུགས་ཀྱི་རྒྱུ་བ་ནི་ཆད། ཁ་དང་སྣ་ནི་གདངས། སོ་ནི་གཙིགས། སྦྱིན་པ་སྦྱིན་ནོ་

p. 128

ཞེས་དེ་སྐད་ཅེས་གསོལ་བ་ནི་འདེབས། ལས་ཀྱིས་སྲིད་པ་ནས་སྲིད་པ་ལ་ནི་འཇུག །གཅིག་པུ་གཉིས་སུ་མེད་ཅིང་གྲོགས་ནི་མེད་དེ། འཇིག་རྟེན་འདི་ནི་འདོར། འཇིག་རྟེན་ཕ་རོལ་ནི་འགྲོ། སྐྱས་ཆེན་པོ་ནི་འདེགས། མུན་པ་ཆེན་པོར་ནི་ཞུགས། གཡང་ས་ཆེན་པོར་ནི་ལྟུང་། ཁྲོད་སྟུག་པོར་ནི་ཞུགས། དགོན་པ་ཆེན་པོར་ནི་འགྲོ། རྒྱ་མཚོ་ཆེན་པོས་ནི་ཁྱེར། ལས་ཀྱི་རླུང་གིས་ནི་བདས། ས་ཚུགས་མེད་པའི་ཕྱོགས་སུ་ནི་འགྲོ། གཡུལ་ངོ་ཆེན་པོར་ནི་འཇུག །གདོན་ཆེན་པོས་ནི་འཛིན། ནམ་མཁའ་ལ་ནི་འཆིལ། ཕ་དང་མ་དང་ཕུ་ནུ་དང་སྲིང་མོ་དང་བུ་དང་བུ་མོས་ནི་བསྐོར། དབུགས་ནི་འཆད། ནོར་བགོ་བཤའ་བྱ་ཞེས་ནི་ཟེར། ཀྱི་ཧུད་ཕ་ཀྱི་ཧུད་མ་ཀྱི་ཧུད་བུ་ཞེས་ནི་ཟེར། སྐྲ་ནི་ཞིག་སྟེ། སྦྱིན་པ་དང་དཀའ་ཐུབ་དང་ཆོས་འབའ་ཞིག་གྲོགས་སུ་གྱུར་པ་ན། ཆོས་མ་གཏོགས་པའི་སྐྱབས་གཞན་མེད། མགོན་གཞན་མེད། དཔུང་གཉེན་གཞན་མེད་དོ། །རྒྱལ་པོ་ཆེན་པོ། དེའི་ཚེ་དེའི་དུས་ན། ཆོས་ནི་གླིང་དང་གནས་དང་མགོན་དང་སྟོན་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟ་བུའི་དུས་ན། རང་ཉིད་མལ་ན་ཉལ་བཞིན་དུ་ཕྱི་མའི་སྣང་བ་

p. 129

ཉམས་སུ་མྱོང་སྟེ་ངན་སོང་དུ་འགྲོ་ན། དེ་གནས་ལ་འཇིག་པའི་སྣང་བ་འབྱུང་སྟེ་དེའི་ཚེ་ཆོས་མ་ཡིན་པ་ཅི་ཞིག་ཀྱང་སྐྱབས་སུ་འགྱུར་བ་མེད་དོ། །རྒྱལ་པོ་ཆེན་པོ། ཁྱོད་ཀྱིས་ལུས་འདི་ལྟར་ཡོངས་སུ་བསྲུངས། ལེགས་པར་ཡོངས་སུ་བཙས་པའང་འཆི་བའི་དུས་བྱེད་པར་འགྱུར་རོ། །ཡོན་ཏན་ཐམས་ཅད་དང་ལྡན་ཞིང་། ཡུན་རིང་པོར་བཟའ་བ་དང་བཅའ་བ་ལ་སོགས་པ་གཙང་མ་མང་པོས་ཚིམས་པར་བྱས་ཏེ་སྐྱེད་བསྐྱེད་པའང་། ཐ་མའི་མལ་ན་འདུག་པའི་ཚེ་སྨན་པས་བོར་ཞིང་ཐམས་ཅད་ཀྱིས་ཀླེས་ལ་བོར་ནས་ཡིད་མི་བདེ་བར་འཆི་བའི་དུས་བྱེད་པར་འགྱུར་ཏོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཀྱི་ལུས་བཀྲུས་ཤིང་བསྐུས་ཏེ་བདུག་པས་བདུགས། མེ་ཏོག་དྲི་ཞིམ་པོས་བགོས་ཀྱང་གདོན་མི་ཟ་བར་དྲི་མི་ཞིམ་པ་འབྱུང་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཀ་ཤི་ཀའི་རས་དང་དར་ལ་སོགས་པའི་གོས་བཟང་པོས་གཡོགས་ཀྱང་ཐ་མའི་མལ་ན་འདུག་པའི་ཚེ་དྲི་མ་ཅན་གྱོན་བཞིན་དུ་འཆི་བའི་དུས་བྱེད་ཅིང་གཅིག་པུར་སྒྲེན་མོར་འགྲོ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདོད་པའི་ཡོན་ཏན་སྣ་ཚོགས་པས་དགའ་

p. 130

བར་བྱས་ཀྱང་དེ་ཐམས་ཅད་སྤངས་ནས་འདོད་པས་མ་ངོམས་བཞིན་དུ་འཆི་བའི་དུས་བྱེད་པར་འགྱུར་རོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་ཁྱིམ་གྱི་ནང་ན་སྤོས་དང་མེ་ཏོག་དང་དར་གྱི་ལྔ་ལྡི་དང་སྟན་དང་གོས་སྣ་ཚོགས་པས་འབྱོར་ཞིང་། གཡས་གཡོན་དུ་སྔས་དང་བཅས་པའི་ཁྲི་ལ་ཉལ་ཡང་། བྱ་རོག་དང་ཝ་དང་མི་རོ་སྐྱུག་བྲོ་བ་དག་གིས་གང་བའི་དུར་ཁྲོད་ཆེན་པོར་བོར་ནས་ལུས་གཡོ་བ་མེད་ཅིང་ས་ལ་ཉལ་བར་གདོན་མི་ཟའོ། །རྒྱལ་པོ་ཆེན་པོ། འདི་ལྟར་ཁྱོད་གླང་པོ་ཆེ་དང་རྟའི་རྒྱབ་ལ་སོགས་པར་ཞོན་ནས་རོལ་མོའི་བྱེ་བྲག་སྙན་ཅིང་ཡིད་དུ་འོང་བས་དགའ་ཞིང་། རྒྱལ་མཚན་དང་གདུགས་ལ་སོགས་པ་བསྒྲེངས་ལ། རྒྱལ་པོ་དང་བློན་པོ་དང་མཛའ་བཤེས་རྣམས་ཀྱིས་སྙན་པར་བརྗོད་པས་བསྟོད་ཅིང་མདུན་གྱིས་བལྟས་ཏེ་འགྲོ་ཡང་། རིང་པོར་མི་ཐོགས་པར་མལ་དུ་ཤི་ནས་མི་བཞིས་བཏེག་སྟེ་ཕ་མ་དང་ཕུ་ནུ་ལ་སོགས་པས་ལག་པ་བཏེགས་ནས་བྲང་བརྡུང་ཞིང་མྱ་ངན་གྱིས་ནོན་ཏེ་གྲོང་ཁྱེར་གྱི་ལྷོ་སྒོར་ཕྱུངས་ནས་འབྲོག་དགོན་པར་སའི་འོག་ཏུ་འཇུག་གམ། བྱ་རོག་དང་བྱ་རྒོད་དང་ཝ་ལ་སོགས་པས་ཟོས་ཤིང་རུས་པ་དེ་དག་མེས་བསྲེག་གམ།

p. 131

ཆུར་འདོར་རམ། སའི་འོག་ཏུ་བཅུག་ཀྱང་རུང་། རླུང་དང་ཉི་མ་དང་ཆར་གྱིས་ཕྱེ་མར་བྱས་ཏེ་ཕྱོགས་ཕྱོགས་སུ་འཐོར་ཞིང་རུལ་བར་འགྱུར་རོ། །རྒྱལ་པོ་ཆེན་པོ། དེ་ལྟར་འདུ་བྱེད་ཐམས་ཅད་མི་རྟག་པ། དེ་ལྟར་མི་བརྟན་པའོ། །ཞེས་རྒྱ་ཆེར་གསུངས་པ་བཞིན་སྙིང་ནས་དྲན་པར་བྱས་ཏེ། ཚེ་འདིའི་བྱ་བ་གང་གིས་ཀྱང་མི་ཕན་པར་ཤེས་ནས་དམ་པའི་ཆོས་བསྒྲུབ་པ་ལ་ཉིན་མཚན་དུ་འབད་པར་བྱའོ། །གཉིས་པ་ལོངས་སྤྱོད་ཀྱིས་མི་ཕན་པར་བསམ་པ་ནི། དེ་ཡང་འཆི་བའི་ཚེ་བརྟེན་པའི་གནས་ཀྱིས་མི་ཕན་ཏེ། ལྷའི་གཞལ་ཡས་ཁང་ཡང་བཞག་ནས་འགྲོ། ས་བཙན་པོར་གབ་པས་ཀྱང་ཕན་པའི་གནས་མེད་དེ། འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་གང་ནའང་ཡོད་མིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་ནའང་མེད། །ལྷ་ཡུལ་ན་མེད་རི་སུལ་ན་ཡང་མེད། །ཅེས་སོ། །བསགས་པའི་ནོར་གྱིས་མི་ཕན་ཏེ། ལྷ་རྫས་ཀྱི་རིན་པོ་ཆེ། འཁོར་ལོས་སྒྱུར་བའི་རྒྱལ་སྲིད། ཕྱུག་པོའི་བང་མཛོད་ཐམས་ཅད་བཞག་ནས་འགྲོ་སྟེ། དེ་ཉིད་ལས། ལྗོན་ཤིང་རྡིབ་པར་གྱུར་པའི་

p. 132

ཚེ། །ཡལ་ག་ལོ་མས་ཅི་ཞིག་བྱ། །དེ་བཞིན་སྐྱེས་བུ་འཆི་བའི་ཚེ། །ཡོངས་སུ་བཟུང་བས་ཅི་ཞིག་བྱ། །ཞེས་སོ། །ཟས་གོས་ལོངས་སྤྱོད་ཀྱིས་མི་ཕན་ཏེ། ལྷའི་བདུད་རྩི་ཟིལ་མངར། པཉྩ་ལི་ཀའི་གོས་མཆོག །མིའི་ཟས་མཆོག་རོ་བརྒྱ། དར་ཟབ་རས་མཆོག་སྟེ། མདོར་ན་གཟུགས་མཛེས། སྒྲ་སྙན། དྲི་ཞིམ། རོ་བྲོ། རེག་བྱ་འཇམ་པོ་སྣ་ཚོགས་ཀྱིས་མི་ཕན་པར་ཚེའི་དུས་བྱེད་པ་ཉིད། རྒྱ་ཆེར་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་ན་བདེ་བྱེད་དང་། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོགས། །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་ཅན་ལ་གནོད་པ་མང་། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་དང་དུག་གི་ལོ་མ་འདྲ། །ཞེས་དང་། སྤྱོད་འཇུག་ལས། རྙེད་པ་མང་པོ་ཐོབ་གྱུར་ཏེ། །ཡུན་རིང་དུས་སུ་བདེ་སྤྱད་ཀྱང་། །ཆོམ་པོས་འཕྲོག་པ་ཇི་བཞིན་དུ། །སྒྲེན་མོ་ལག་པ་སྟོང་པར་འགྲོ། །ཞེས་སོ། །གསུམ་པ་གཉེན་བཤེས་ཀྱིས་མི་ཕན་པར་བསམ་པ་ནི། དེའི་ཚེ་འབྲེལ་བའི་གཉེན་གྱིས་མི་ཕན་ཏེ། གྲོགས་

p. 133

འཁོར་ལོས་སྒྱུར་བའི་རྒྱལ་པོ་རྙེད་ཀྱང་། ཆུང་མ་ལྷའི་བུ་མོ་ལྔ་བརྒྱས་བསྐོར་ཀྱང་། བུ་ཚ་ལྷའི་ཁྱེའུ་སྟོང་གིས་རྩེ་ཡང་། ཚ་ཞང་ལྷའི་དབང་པོ་ཡོད་ཀྱང་། སྲིད་སྡེ་ལྷ་མ་ཡིན་གྱི་དམག་མི་ཡོད་ཀྱང་། རྒྱལ་འབངས་གླིང་བཞི་ལྷ་ཡུལ་ཡོད་ཀྱང་། ནོར་རྫས་རིན་ཆེན་སྣ་བདུན་ཡོད་ཀྱང་། ཕ་ཁུ་ཚངས་པ་བརྒྱ་བྱིན་ཡོད་ཀྱང་། མཛའ་གྲོགས་རྒྱལ་ཆེན་རིས་བཞི་ཡོད་ཀྱང་། བྲན་གཡོག་ལྷ་བྲན་སྟོང་ཕྲག་ཡོད་ཀྱང་། དེ་དག་གིས་སྲོག་བཟུང་བའམ། ཕན་གདགས་པའམ། ཚེ་མཐུད་པའམ། ར་མདའ་བ་སྙག་པའམ། གྲོགས་བྱ་རུ་གང་ཡང་མེད་པར་རང་ཉིད་གཅིག་ཏུ་མར་གྱི་གསེབ་ནས་སྤུ་བཏོན་པ་ལྟར་བར་དོའི་འཕྲང་ལ་སུ་དང་ཡང་འགྲོགས་སུ་མེད་པར་འགྲོ་དགོས་ཏེ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོ་ལས། འཆི་བའི་དུས་ལ་བབས་པ་ན། །ཕ་མ་མ་ཡིན་གཉེན་འདུན་མིན། །བུ་དག་སྐྱབས་སུ་མི་འགྲོ་ཞིང་། །ལང་ཚོ་མ་ཡིན་སྟོབས་ཀྱང་མིན། །ཞེས་དང་། རྒྱ་ཆེར་རོལ་པ་ལས། འདི་ནས་གཞན་དུ་འཆི་འཕོ་བའི་དུས་བྱེད་ཚེ། །ཕོངས་ཤིང་སྡུག་པའི་སྐྱེ་བོ་རྣམས་དང་འབྲལ། །ཤི་ནས་ཕྱིར་མི་འོང་ཞིང་འཕྲད་མི་

p. 134

འགྱུར། །ཤིང་ལས་ལོ་འབྲུལ་འདྲ་ཞིང་ཆུ་རྒྱུན་འདྲ། །ཞེས་སོ། །ལུས་ཀྱི་དཔའ་རྩལ་གྱིས་མི་ཕན་ཏེ་འཆི་བའི་ཚེ་ཅིས་ཀྱང་མི་ཕན་པར་འགྲོ་དགོས། གཙོ་བོའི་གྲོས་ཀྱིས་མི་ཕན་ཏེ་གཏམ་དང་ཤགས་ཀྱིས་ལན་གདབ་ས་མེད། དཔའ་བོའི་རྩལ་གྱིས་མི་ཕན་ཏེ་འཐབ་ས་མེད། མགྱོགས་པའི་བང་གིས་མི་ཕན་ཏེ་འབྲོས་ས་མེད། མཚར་མོའི་བྱད་ཀྱིས་མི་ཕན་ཏེ་བསླུ་ས་མེད། དྲག་པོའི་ལས་ཀྱིས་མི་ཕན་ཏེ་བརྩམ་ས་མེད། ངན་པའི་གཡོ་སྒྱུས་མི་ཕན་ཏེ་འབྱོལ་ས་མེད་པར་གཅིག་པུར་འགྲོ་དགོས་ཏེ། འདུལ་བ་ལུང་ལས། འདི་ན་མཐུ་ཆེན་གནས་མཐོ་བར། །གནས་པའི་ལྷ་ཚེ་རིང་པོ་ཡང་། །ཚེ་ཟད་ཉམས་པར་འགྱུར་བས་ན། །འཆི་ལས་དེ་རིང་སུ་ཞིག་ཐར། །དཔའ་བརྟུལ་གྱིས་ཀྱང་སྐྱོབ་ནུས་མིན། །རྒྱལ་པོ་སྡོམ་བརྩོན་དཀའ་ཐུབ་དང་། །ལས་དང་བརྩོན་འགྲུས་བརྟུལ་ཕོད་དང་། །འཁོར་ཚོགས་རྒྱ་ཆེན་བློ་གྲོས་ཀྱིས། །འཆི་ལས་ཇི་ལྟར་ཐར་མི་ནུས། །ཞེས་སོ། །མཐུ་སྟོབས་དཔུང་གཉེན་གྱིས་མི་ཕན་ཏེ། ཚངས་པ་དང་བརྒྱ་བྱིན་དང་དབང་ཕྱུག་དང་ཁྱབ་འཇུག་དང་དྲང་སྲོང་དང་སྲེད་མེད་ཀྱི་བུ་ལ་

p. 135

སོགས་པ་མཐུ་སྟོབས་ཅན་རྣམས་ཀྱང་འཆི་བ་ལས་མ་འདས། གནོད་སྦྱིན་དང་སྲིན་པོ་དང་བདུད་དང་ཀླུ་ལ་སོགས་པ་རྣམས་ཀྱིས་མི་ཐར། སྨན་པ་དང་གཙུག་ལག་དང་མོ་པྲ་ལ་སོགས་པའི་ཐབས་ཀྱིས་མི་ཐར། གསང་སྔགས་རིག་སྔགས་རྫུ་འཕྲུལ་དང་མངོན་ཤེས་ལ་སོགས་པའི་ནུས་པས་མི་ཕན། ཕོ་ལྷ་དང་ཆོས་སྐྱོང་དང་མཁའ་འགྲོ་ལ་སོགས་པའི་སྲུང་མས་མི་སྐྱོབ། བཅུད་ལེན་དང་རྫས་དང་སྨན་གྱི་ནུས་པས་མི་ཕན་པར་འཆི་བ་ཡིན་ཏེ། དེ་ཉིད་ལས། མཐུ་ཆེན་ནུས་ལྡན་གྲགས་འབར་བ། །ཚངས་དང་བརྒྱ་བྱིན་ཁྱབ་འཇུག་དང་། །མུན་བྱེད་སྒྲ་ངན་སྐྱབས་སེང་བུ། །དེས་ཀྱང་འཆི་བ་བཟློག་མི་ནུས། །མཐར་བྱེད་པ་ལས་སྨན་དག་དང་། །རིག་སྔགས་ཀུན་ལས་དཔུང་དག་དང་། །ལྷ་དང་སྲུང་མ་རྟེན་འབྲེལ་དང་། །ནོར་དང་ཉེ་དུས་སྐྱོབ་མི་ནུས། །ཞེས་སོ། །དེ་ལྟ་བུའི་དཔེ་དང་གཏན་ཚིག་དུ་མའི་སྒོ་ནས་འགྲོ་འཆག་ཉལ་འདུག་ལ་སོགས་པའི་སྤྱོད་ལམ་ཀུན་ཏུ་འཆི་བ་འབའ་ཞིག་དྲན་པར་བྱས་ནས། གང་ཅི་མཐོང་ཞིང་ཐོས་ལ་དྲན་ཀྱང་མི་རྟག་པའི་རང་བཞིན། མི་རྟག་པའི་དཔེ།

p. 136

མི་རྟག་པའི་བསྐུལ་མར་ཤེས་པར་བྱ་སྟེ། སྤྱོད་འཇུག་ལས། ཉིན་མཚན་ཀུན་ཏུ་བདག་གིས་ནི། །འདི་ཉིད་འབའ་ཞིག་བསམ་པར་རིགས། །ཞེས་དང་། ཀུན་མཁྱེན་ཆེན་པོས། འགྲོ་ན་གོམ་པ་འདོར་བ་མི་རྟག་པས་སངས་རྒྱས་ཀྱི་ས་ལ་འགྲོ་བར་བསྐུལ་མ་གདབ། འདུག་ན་གནས་པ་མི་རྟག་པས་འགྱུར་མེད་ཀྱི་ས་ལ་གནས་པར་བསྐུལ་མ་གདབ། ལང་ན་འགྲེངས་པ་མི་རྟག་པས་མཉམ་ཉིད་ཀྱི་ངང་ལ་ལང་བར་བསྐུལ་མ་གདབ། བཟའ་བཏུང་སྤྱོད་ལམ་མི་རྟག་པས་ཏིང་ངེ་འཛིན་གྱི་ཟས་སུ་བསྐུལ་མ་གདབ། གནས་ཁང་མི་རྟག་པས་ཆོས་སྐུ་མཉམ་ཉིད་ཀྱི་ཕོ་བྲང་དུ་གནས་པར་བསྐུལ་མ་གདབ། བསྐུམ་པ་མི་རྟག་པས་འདུ་བྱེད་ཀྱི་བྱ་བ་བསྐུམ་པར་བསྐུལ་མ་གདབ། བརྐྱང་པ་མི་རྟག་པས་འཇིག་རྟེན་ལས་འདས་པའི་སྣང་བ་བག་ཡངས་སུ་བརྐྱང་པར་བསྐུལ་མ་གདབ། ཉལ་བ་མི་རྟག་པས་གནས་ལུགས་ཀྱི་ངང་ལ་ཉལ་བར་བསྐུལ་མ་གདབ། བགྲོད་ན་ལམ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འཇུག་པར་བསྐུལ་མ་གདབ། འཇིགས་པའི་དགྲ་མི་རྟག་པས་ཉོན་མོངས་པའི་དགྲ་ལས་རྒྱལ་བར་བསྐུལ་

p. 137

མ་གདབ། སྨྲ་བའི་ཚིག་མི་རྟག་པས་བཟླས་བརྗོད་དང་ཁ་ཏོན་ལ་བསྐུལ་མ་གདབ། བྱ་བྱེད་ཀྱི་སོ་ནམ་མི་རྟག་པས་རྟག་ཏུ་ཆོས་ལ་གནས་པར་བསྐུལ་མ་གདབ། ཁ་ཟས་བཏུང་བ་མི་རྟག་པས་ལྷའི་དཀྱིལ་འཁོར་མཆོད་པར་བསྐུལ་མ་གདབ། ནོར་རྫས་མི་རྟག་པས་འཕགས་པའི་ནོར་བདུན་གསོག་པར་བསྐུལ་མ་གདབ། ཆེ་བཙན་གྱི་སྙན་གྲགས་མི་རྟག་པས་རྟག་ཏུ་དམན་ས་བཟུང་བར་བསྐུལ་མ་གདབ། འདོད་ཡོན་མི་རྟག་པས་ཚོགས་གཉིས་ཀྱི་ལས་ལ་བསྐུལ་མ་གདབ། སེམས་ཅན་སྐྱེ་འགྲོ་མི་རྟག་པས་བྱང་ཆུབ་ཀྱི་ལམ་ལ་འགོད་པར་བསྐུལ་མ་གདབ། གློ་བུར་གྱི་འཆི་རྐྱེན་མི་རྟག་པས་འཆི་མེད་བཙན་ས་བཟུང་བར་བསྐུལ་མ་གདབ། ཁྲུས་དང་གཙང་སྦྲ་མི་རྟག་པས་སྟོབས་བཞིས་སྡིག་སྒྲིབ་སྦྱང་བར་བསྐུལ་མ་གདབ། དུག་ལྔའི་ཉོན་མོངས་མི་རྟག་པས་རང་བྱུང་གི་ཡེ་ཤེས་རྟོགས་པར་བསྐུལ་མ་གདབ། སྣང་བའི་འཇིག་རྟེན་མི་རྟག་པས་སངས་རྒྱས་ཀྱི་ཞིང་ཁམས་དག་པར་བསྐུལ་མ་གདབ། གྲགས་པའི་སྒྲ་སྐད་མི་རྟག་པས་ཆོས་ཀྱི་སྒྲ་དབྱངས་སྒྲོག་པར་བསྐུལ་མ་གདབ། དྲན་རིག་གི་རྣམ་རྟོག་མི་

p. 138

རྟག་པས་སྤངས་རྟོགས་ཀྱི་ཡེ་ཤེས་རྒྱས་པར་བསྐུལ་མ་གདབ། ཅེས་གསུངས་སོ། །དེ་ལྟར་མི་རྟག་པར་མ་བསམས་ན་སྐྱོན་ནི། ཚེ་འདིའི་དབང་ཁོ་ནར་སོང་ནས་ཁེ་དང་། གྲགས་པ་དང་། ཆགས་པ་དང་། ལེ་ལོ་དང་། སྡང་བ་དང་། གསོག་འཇོག་དང་། སྒྱིད་ལུག་དང་། རྩོད་པ་དང་། རེས་འགའ་བའི་ཆོས་ལས་མི་འབྱུང་ལ། དེས་ནི་མྱུར་དུ་འཁོར་བ་ལས་མི་ཐར་ཏེ། ཐ་མལ་གྱི་བྱ་བ་སྒྲུབ་པ་ལའང་རེས་འགའི་དལ་ཁོམ་གྱིས་མི་འགྲུབ་ན། ཐར་པའི་བྱང་ཆུབ་སྒྲུབ་པ་ལ་ནི་ལྟ་སྨོས་ཀྱང་ཅི་དགོས་ཏེ་བརྩོན་པ་དྲག་ལ་རྒྱུན་རིང་བས་སངས་རྒྱས་མ་ཐོབ་ཀྱི་བར་དུ་འབད་དགོས་སོ། །འདི་ལྟར་མར་མེད་མཛད་དང་ཤཱཀྱ་ཐུབ་པ་ལ་སོགས་པ་འདི་དག་དང་བདག་ཅག་དང་པོར་སེམས་ཅན་དུ་མཉམ་ཡང་ཁོང་རྣམས་བརྩོན་པའི་སྟོབས་ཀྱིས་སངས་རྒྱས། བདག་ཅག་བརྩོན་པ་མ་བསྐྱེད་པས་ད་དུང་ཡང་འཁོར་བར་འཁྱམས། སྔོན་སངས་རྒྱས་གྲངས་མེད་པ་བྱོན་ནས་མྱ་ངན་ལས་འདས་དེ་དག་གིས་ཀྱང་བདག་ཅག་གསོ་བའི་སྤྱོད་ཡུལ་དུ་མ་གྱུར་ནས། རང་གི་ལས་ཀྱིས་ད་ལྟ་འཁོར་བ་མཐའ་མེད་དུ་འཁྱམས་པའི་ཚུལ་བསམ་ལ། ད་རེས་ཀྱི་ཚེ་

p. 139

འདིས་ཐར་པའི་ལམ་སྣ་ཟིན་པར་བྱ་དགོས། ཚེ་འདིའང་དར་ཅིག་ཡུད་ཙམ་པ་གཡར་པོ་དང་འདྲ་བས་མི་རྟག་པར་བསམ་ནས་སྙིང་ནས་སྙིང་པོའི་ཆོས་བསྒྲུབ་པ་ལ་འབད་པར་བྱ་དགོས་ཏེ། སྤྱོད་འཇུག་ལས། དེང་ནས་བརྩོན་པ་མ་བྱས་ན། །འོག་ནས་འོག་ཏུ་འགྲོ་བར་འགྱུར། །སེམས་ཅན་ཐམས་ཅད་ཕན་མཛད་པའི། །སངས་རྒྱས་གྲངས་མེད་འདས་གྱུར་ཀྱང་། །བདག་ནི་རང་གི་ཉེས་པ་དེས། །གསོ་བའི་སྤྱོད་ཡུལ་མ་གྱུར་ཏོ། །ད་དུང་དེ་བཞིན་བདག་བྱེད་ན། །ཡང་ནས་ཡང་དུ་དེ་བཞིན་ཏེ། ཉིན་མཚན་ཀུན་ཏུ་འཆི་བ་མི་རྟག་པ་འབའ་ཞིག་བསྒོམ་པའི་ཡོན་ཏན་ནི། སྣང་བ་གང་ཡང་འཇིག་པར་མཐོང་བས་ཕྱི་ཡུལ་ལ་མི་ཞེན་པའི་བློ་གཏིང་ནས་སྐྱེ་བ་དང་། དགེ་བ་ལ་བརྩོན་འགྲུས་མེ་འབར་བ་འདྲ་བའི་བློ་སྐྱེ་བ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་སྐྲག་ཐུན་མོང་མ་ཡིན་པ་སྙིང་ནས་སྐྱེ་བ་དང་། འཆི་བའི་ཚེ་ཅིས་ཀྱང་མི་ཕན་པར་ཤེས་ནས་ཚེ་འདིའི་བྱ་བ་འདོར་བ་དང་། སྐད་ཅིག་ཙམ་ཡང་ཐ་མལ་སོས་

p. 140

དལ་དུ་མི་སྡོད་པར་སྒོ་གསུམ་ཆོས་ལ་སྤྱོད་པ་དང་། ལས་འབྲས་ཀྱི་སྨིན་སོ་མཐོང་བས་ངེས་འབྱུང་སྐྱོ་ཤས་སྐྱེ་བ་དང་། ནམ་འཆི་ངེས་མེད་དུ་ཤེས་པས་གང་ལའང་རེ་ལྟོས་མི་འཆའ་བ་དང་། སྔར་མེད་པའི་ཡོན་ཏན་མང་པོ་རྒྱུད་ལ་སྐྱེ་བ་དང་། རྟག་འཛིན་གྱི་བློ་ལས་ལྡོག་པ་དང་། དགྲ་གཉེན་ལ་ཆགས་སྡང་མེད་པ་དང་། རྟག་ཏུ་དགེ་བ་ལ་བརྩོན་པ་དང་། ཚེ་འདིའི་འཁྲུལ་སྣང་དུ་ཤེས་པ་དང་། བསོད་ནམས་ཡེ་ཤེས་ཀྱི་ཚོགས་གཉིས་རྫོགས་པ་སོགས་ཕན་ཡོན་གྱི་སྒོ་དཔག་ཏུ་མེད་པར་གསུངས་ཏེ། མྱ་ངན་ལས་འདས་པ་ལས། ཞིང་རྨོ་བ་རྣམས་ཀྱི་ནང་ནས་སྟོན་གྱི་ལོ་ཏོག་རྙེད་པ་ཉིད་མཆོག །རྗེས་ཐམས་ཅད་ཀྱི་ནང་ནས་ཁྱུ་མཆོག་གི་རྗེས་ཉིད་མཆོག །འདུ་ཤེས་ཐམས་ཅད་ཀྱི་ནང་ནས་མི་རྟག་པ་དང་འཆི་བའི་འདུ་ཤེས་ཉིད་མཆོག་གོ །འདིས་ནི་ཁམས་གསུམ་གྱི་འདུ་ཤེས་ཐམས་ཅད་བཟློག་པར་བྱེད་དོ། །ཞེས་སོ། །དེས་ན་སློབ་དཔོན་ཆེན་པོས། བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང་༔ ནམ་འཆི་ཆ་མེད་གློག་གི་རོལ་རྩེད་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔

p. 141

ཞེས་དང་། ཀླུ་སྒྲུབ་ཀྱིས། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་བཟློག་སླད་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་ལས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་དང་། དམ་པས། བྲེལ་དོན་ཚར་ནས་ཆོས་ལ་ཕྱིན་པ་མེད། །དྲན་པའི་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་གསུངས་པས། འཇིག་རྟེན་ལྟར་སྣང་གི་ཆོས་ཐམས་ཅད་མཆིལ་མའི་ཐལ་བ་ལྟར་རིང་དུ་བོར་ནས་དམ་པའི་ལྷ་ཆོས་རྣམ་པར་དག་པ་རྒྱལ་བ་སྲས་དང་བཅས་པས་ཇི་ལྟར་གདམས་པའི་ཚུལ་བཞིན་དུ་བསྒྲུབ་པར་བྱ། དེ་ལྟར་བསྒྲུབ་ནུས་པའང་བླ་མ་རིན་པོ་ཆེ་མཁྱེན་སྙམ་པའི་སྒོ་ནས། ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ༔ མི་རྟག་འཆི་བ་སྙིང་ནས་དྲན་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་གསོལ་བ་ནན་ཏན་དུ་གདབ་པར་བྱའོ།། །།

གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ།

p. 142

༈ གསུམ་པ་འཁོར་བའི་ཉེས་དམིགས་བསམ་པ་ལ་གསུམ། འཁོར་བའི་སྡུག་བསྔལ་སྤྱིར་བསམ་པ། རིགས་དྲུག་གི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ། སྡུག་
བསྔལ་གསུམ་གྱི་རང་བཞིན་སྒོས་སུ་བསམ་པའོ། །དང་པོ་ནི། དེ་ལྟར་ངེས་པར་འཆི་བས་ཚེ་འདིར་སྡོད་པའི་དབང་མེད། ཤི་བས་མི་ཆོག་སྐྱེ་བ་ལེན་དགོས། སྐྱེ་བ་ཞིག་བླང་ཕྱིན་ཆད་འཁོར་བའི་གནས་ལས་མ་འདས་ཏེ། འདུལ་བ་ལུང་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་མོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །ཞེས་དང་། སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པ་ལྟར། འགྲོ་བའི་གནས་རིས་དྲུག་པོ་འདིར་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བའི་རྒྱུས་གཅིག་ནས་གཅིག་ཏུ་སྐྱེ་ཞིང་འཁོར་བས་ན་འཁོར་བ་ཞེས་བྱ། དེའང་བདེ་བ་ཐོབ་པར་འདོད་ཀྱང་དེའི་རྒྱུ་དགེ་བ་མ་བསྒྲུབ། སྡུག་བསྔལ་འདོར་བར་འདོད་ཀྱང་དེའི་རྒྱུ་མི་དགེ་བ་ལ་ནན་གྱིས་ཞུགས་པས། དེའི་འབྲས་བུ་སྡུག་བསྔལ་གྱི་མཚན་ཉིད་རྣམ་པ་སྣ་ཚོགས་ཅན་མྱོང་ཡང་ད་དུང་

p. 143

བྲེད་མི་ཤེས་པར་དང་དུ་ལེན་པ། དཔེར་ན་ཆད་པས་བཅད་པའི་རྐུན་པོ་ལག་པ་བྲེགས་པ་ཞིག་གིས་ཡང་བརྐུས་ཏེ་མགོ་གཅོད་པའི་ཆད་པ་ལ་ཞུགས་པ་ལྟ་བུའོ། །དེ་ལྟར་ཡང་སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སོ། །ཇི་ལྟར་འཇོམས་ན། འདོད་པའི་ཡུལ་ལྔ་ལ་ཆགས་ཤིང་ཞེན་པའི་དབང་གིས་ཉོན་མོངས་པའི་མཐུ་རྒྱས་ཏེ་སྡུག་བསྔལ་དུ་འཇུག་པ་ནི་ཕྱེ་མ་ལེབ་མར་མེའི་འོད་ཀྱིས་གཟུགས་འདོད་ནས་ཕྱིན་པས་ཚིག་པ་དང་། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསད་པ་དང་། བུང་བ་སྦྲང་རྩིའི་འབྱུང་གནས་མེ་ཏོག་འཇིབས་པས་འབྱར་བའམ་ཁ་ཟུམ་ནས་ཤི་བ་དང་། ཉ་རྣམས་ཉ་པའི་ལྕགས་ཀྱུའི་རྩེའི་ཟས་ཀྱི་རོས་བསླུས་ཏེ་བསད་པ་དང་། གླང་པོ་ཆེ་བསིལ་བའི་རེག་བྱ་འདོད་ནས་མཚོར་ཞུགས་པས་ཤི་བ་ལྟ་བུ་སྟེ། དོ་ཧ་མཛོད་ཀྱི་གླུ་ལས། སྲིད་པའི་ཕྱག་རྒྱས་འགྲོ་བ་མ་ལུས་བསླུས། །ཞེས་དང་། ཀྱེ་ཧོ་རྨོངས་

p. 144

རྣམས་མདའ་བསྣུན་གྱིས་སྨྲས་པ། །ཉ་དང་ཕྱེ་ལེབ་གླང་ཆེན་བུང་བ་དང་། །འདིར་ནི་རི་དྭགས་བཞིན་དུ་བལྟ་བར་བྱོས། །ཞེས་སོ། །ཡུལ་ལྔ་པོ་ལས་ཉོན་མོངས་པ་སྐྱེ་ཞིང་དེའི་དབང་གིས་འཁོར་བ་མཐའ་མེད་པར་འཁྱམས་ཏེ། སེམས་ཅན་འདི་ཐམས་ཅད་ཕན་ཚུན་ཕ་མ་དགྲ་གཉེན་བཏང་སྙོམས་རེས་མོས་མ་བྱས་པ་གཅིག་ཀྱང་མེད། སེམས་ཅན་འདིའི་མ་ནི་འདིའོ། །འདིའི་མ་ནི་འདིའོ། །ཞེས་སེམས་ཅན་གཅིག་གི་མར་བརྒྱུད་པའི་གྲངས་ཀྱང་ས་ཆེན་པོ་འདི་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་དུ་དྲིལ་ཏེ་བགྲང་ནའང་ས་ཐམས་ཅད་ཟད་པར་འགྱུར་གྱི། སེམས་ཅན་རེ་རེའི་མ་བྱས་ཤིང་བརྒྱུད་པའི་གྲངས་མི་ཟད་པར་མདོ་ལས་གསུངས་པའི་དོན། མགོན་པོ་ཀླུ་སྒྲུབ་ཀྱིས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལངས་མི་འགྱུར། །ཞེས་གསུངས། དེ་ལྟར་འཁོར་བ་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་སྡུག་བསྔལ་གྱི་རྣམ་གྲངས་འདི་མ་མྱོང་བྱ་བ་མེད་དེ། དྲན་པ་ཉེར་གཞག་ལས། དགེ་སློང་དག་སྲིད་པའི་ཁམས་ལ་སྐྱོ་བར་གྱིས་ཤིག །

p. 145

དེ་ཅིའི་ཕྱིར་ཞེ་ན། ཐོག་མ་མེད་པའི་འཁོར་བ་ནས་འཁོར་བ་གང་གི་ཚེ། གྲོག་སྦུར་དུ་སྐྱེས་ཏེ་དོར་བའི་ལུས་ཀྱང་གཅིག་ཏུ་བསྡོམས་ཏེ་ཕུང་པོར་བྱས་ན་རིའི་རྒྱལ་པོ་རི་རབ་བས་དཔངས་ཆེས་མཐོ་ཞིང་། དུས་པའི་མཆི་མའང་རྒྱ་མཚོ་བཞིའི་ཆུ་ལས་ལྷག་གོ །དམྱལ་བ་དང་ཡི་དྭགས་སུ་གྱུར་པ་དེའི་ཚེ་ལན་གྲངས་དཔག་ཏུ་མེད་པ་ཞིག་འཐུངས་པའི་ཟངས་ཞུན་ཁོལ་མ་དང་། ཁྲག་དང་། ཆུ་སེར་དང་། རྣག་དང་། ངར་སྣབས་ཀྱང་འདི་ལྟར་གླིང་བཞིའི་ནང་ནས་རྒྱ་མཚོར་འབབ་པའི་ཆུ་ཀླུང་ཆེན་པོ་བཞི་བས་མང་ཞིང་། འདོད་པ་དག་གི་ཕྱིར་མགོ་དང་། མིག་དང་། ཡན་ལག་དང་། ཉིང་ལག་བཅད་པའང་གངྒྰའི་ཀླུང་གི་བྱེ་མ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་ན་ས་དང་། ཆུ་དང་། མེ་དང་། རླུང་གི་རྡུལ་ཤིན་ཏུ་ཕྲ་བ་སྙེད་ལས་འདས་པའི་གྲངས་དང་མཉམ་པར་གྱུར་ཏོ། །ཞེས་གསུངས་ཤིང་། གཞན་ཡང་འཁོར་བ་ན་སྤྱོད་པ་གང་གི་ཚེ་ས་དང་། ཆུ་དང་། རི་དང་། གླིང་དང་། ནམ་མཁའི་ཁམས་ཀྱི་ཡུལ་ཐམས་ཅད་དུའང་མ་ཕྱིན་པ་མེད་ཅིང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་།

p. 146

གྲུལ་བུམ་དང་། ལུས་སྲུལ་པོ་དང་། ཚངས་པ་དང་། བརྒྱ་བྱིན་དང་། འཁོར་ལོས་སྒྱུར་བའང་གྲངས་མེད་པ་བྱས་ཏེ་དེ་དག་གི་བདེ་བའང་མ་མྱོང་བ་མེད་ལ། སླར་ཡང་སྔོན་གྱི་ལས་དགེ་བའི་འབྲས་བུ་ཟད་པ་ངན་སོང་དུ་འཁོར་ཞིང་སྡུག་བསྔལ་གྱི་རྣམ་གྲངས་འདི་མ་མྱོང་བྱ་བ་མེད་པའང་མྱོང་བར་གྱུར་པ་འདི་ནི་ཤིན་ཏུ་ཡ་ང་བའི་གནས་ཏེ། མདོ་སྡེ་མངོན་པར་འབྱུང་བ་ལས། གང་གི་ཚེ་ན་དགའ་ལྡན་གནས་མཆོག་ནས། །འདྲེན་པ་སེང་གེའི་སྐྱེས་བུ་འཆི་འཕོ་སྟེ། །ལྷ་རྣམས་དག་ལ་ཚིག་ཏུ་སྨྲ་བ་ནི། །བག་མེད་མཐའ་དག་རྣམ་པར་སྤོངས་ཞེས་སྨྲ། །ལྷ་ཡི་དགའ་བ་རྣམ་མང་ཇི་སྙེད་པ། །དེ་ཀུན་ལས་དགེའི་རྒྱུ་ལས་བྱུང་བས་ན། །དེ་ལྟ་བས་ན་བྱས་པ་གཟོ་བར་གྱིས། །དགེ་བ་བསགས་པ་འདིར་ནི་འཛད་འགྱུར་ཏེ། །གང་དུ་མི་བདེའི་སྡུག་བསྔལ་མྱོང་གྱུར་ནས། །ངན་སོང་དག་ཏུ་ལྟུང་བར་འགྱུར་ཏ་རེ། །ཞེས་སོ། །དེའང་རྨི་ལམ་དུ་ནོར་དང་ཁང་ཁྱིམ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྷ་དང་མིའི་དབང་པོ་བྱེད་པ་ཞིག་རྨིས་པ་གཉིད་ལས་སད་པ་ན་མེད་པ་ཇི་ལྟ་བར་འགྱུར་བ་ནི། སྤྱོད་འཇུག་ལས། རྨི་ལམ་

p. 147

ཉམས་སུ་མྱོང་བ་བཞིན། །དངོས་པོ་གང་དང་གང་སྤྱད་པ། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །འདས་པ་ཐམས་ཅད་མཐོང་མི་འགྱུར། །ཞེས་པ་ལྟར། ཚེ་འཕོས་པ་ན་འགྱུར་བའི་རང་བཞིན་གྱི་ཕྱིར་ལྟར་སྣང་འཁོར་བའི་བདེ་བ་ལ་བློ་གཏད་མི་འདུག །དེས་ན་ད་རེས་ཀྱི་སྐྱེ་བ་འདིར་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར་ཏེ་གཏན་དུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ཅི་ནས་ཀྱང་བྱེད་དགོས་སྙམ་དུ་བསམ་མོ། །གཉིས་པ་རིགས་དྲུག་གི་སྡུག་བསྔལ་བྱེ་བྲག་ཏུ་བསམ་པ་ལ་གཉིས། ངན་སོང་གསུམ་གྱི་སྡུག་བསྔལ་བསམ་པ། མཐོ་རིས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ནི། དེ་ལྟར་འཁོར་བའི་གྲོང་ཁྱེར་དུ་ཁ་བརྒྱུད་པའང་བདེ་འགྲོ་དང་ངན་འགྲོ་གཉིས་ལས་མ་འདས། དེའང་ལས་དཀར་ནག་གིས་འཕངས་པའི་རྗེས་སུ་འགྲོ་ཞིང་ལས་ནི་རང་དབང་ཅན་མ་ཡིན་པར་སྐྱེས་བུ་བྱེད་པའི་རྗེས་སུ་འབྲེལ་བས་ན་བདག་གིས་མི་དགེ་བའི་ལས་ཇི་སྙེད་ཅིག་བསགས་པས། དེས་བདག་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཅི་འདྲ་ཞིག་མྱོང་བར་འགྱུར་སྙམ་དུ་བསམ་དགོས། དེའང་

p. 148

དཔལ་མགོན་ཀླུ་སྒྲུབ་ཀྱིས། རབ་ཏུ་ཚ་ཞིང་གྲང་བ་ཡི། །དམྱལ་བ་ཉི་མ་གཅིག་བཞིན་དྲན། །བཀྲེས་སྐོམ་དག་གིས་རིད་པ་ཡི། །ཡི་དྭགས་དག་ཀྱང་དྲན་པར་བྱ། །རྨོངས་པའི་སྡུག་བསྔལ་རབ་མང་བའི། །བྱོལ་སོང་བལྟ་ཞིང་དྲན་པར་བྱ། །དེའི་རྒྱུ་རྣམས་སྤང་བདེ་རྒྱུ་སྤྱད། །ཅེས་གསུངས་པ་ལྟར། དང་པོ་དམྱལ་བའི་སྡུག་བསྔལ་བསམ་པ་ལ་བཞི་ལས། དང་པོ་ཚ་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། དེ་ལ་གནས་ཀྱི་ཁྱད་པར། ལྕགས་སྲེགས་ཀྱི་ས་གཞི་རི་རོང་ངམ་གྲོག་ཅན་མེ་ལྕེ་ཁྲུ་གང་བ་ཙམ་རྟག་ཏུ་འབར་ཞིང་ཟངས་ཞུན་དང་འགྱུར་བྱེད་ཀྱི་ཁུ་བ་འབབ་པ། ལྕགས་སྲེགས་ཀྱི་སྡོང་པོ་མེ་འབར་བས་གཏམས་པ། གདུག་པའི་བྱ་དང་གཅན་གཟན་དང་དམྱལ་སྲུང་གཤེད་མ་མི་སྲུན་པ་དུ་མས་གང་བ། ལྕགས་སྲེགས་ཀྱི་རྩིག་པ་དང་མེ་འོབས་ཀྱིས་ཀུན་ནས་བསྐོར་བ། དམྱལ་མེ་དེའང་བསྐལ་པ་འཇིག་པའི་དུས་ཀྱི་མེ་ལས་ཚ་ཞིང་དེ་བས་འོག་མ་འོག་མ་བཞི་འགྱུར་གྱིས་ཚ་བར་བཤད་དོ། །དེར་སྐྱེ་བའི་བར་དོ་རྣམས་ཆར་རླུང་གིས་དེད་པས་གྲང་བའི་རྣམ་པར་ཤར་བའི་ཚེ་ཚ་དམྱལ་གྱིས་གནས་

p. 149

མཐོང་སྟེ། དེ་རུ་དྲོ་བར་ཤེས་ཤིང་སྲེད་པས་རྒྱུག་པས་དེར་ཚུད་པའི་སྐད་ཅིག་ལ་གཉིད་སད་པ་ལྟར་སྐྱེ་བ་ལེན་པར་འགྱུར་ཞིང་། དེའང་རིག་པ་ཚོར་བ་སྐྱེན་ཅིང་ལུས་འཇམ་ལ་མཉེན་པས་ལུས་སེམས་གཉིས་ཀའི་ཆ་ནས་བཟོད་སྲན་ཆུང་བས་ཀྱང་སྡུག་བསྔལ་ལྷག་པར་ཆེའོ། །སྡུག་བསྔལ་གྱི་ཁྱད་པར། ཡང་སོས་ནི་ལས་དབང་གིས་མཚོན་ཆ་སྣ་ཚོགས་ལག་ཏུ་བྱུང་སྟེ་ཕན་ཚུན་དགྲའི་འདུ་ཤེས་ཀྱི་ཞེ་སྡང་དྲག་པོས་བསྣུན་རེས་བྱས་པས་ཤིན་ཏུ་སྡུག་བསྔལ་བས་བརྒྱལ་ཞིང་། འགྱེལ་བ་ན་ནམ་མཁའ་ལས་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བའམ་རླུང་གྲང་མོ་ལངས་པས་སླར་ཡང་སོས་ཏེ་སྔ་མ་ལྟར་སྡུག་བསྔལ་དྲག་པོ་ལས་མ་ཟད་ཀྱི་བར་དུ་མྱོང་བའོ། །ཐིག་ནག་ནི་ལུས་ལ་དམྱལ་སྲུང་རྣམས་ཀྱིས་ཐིག་ནག་པོ་བཞིའམ་བརྒྱད་ལ་སོགས་པ་དུ་མ་བཏབ་ནས་དེའི་སྟེང་དུ་སོག་ལེས་འདྲལ་བ་དང་། སྟ་གྲི་ལ་སོགས་པས་གཤོག་ཅིང་གཅོད་པའི་སྡུག་བསྔལ་གྲུབ་ཟིན་མེད་པའོ། །བསྡུས་འཇོམ་ནི་དེར་སྐྱེས་པ་རྣམས་ཀྱི་ལུས་གཅིག་ཏུ་འདུས་པ་ནད་དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་ར་ལུག་དང་

p. 150

སྟག་སེང་ལ་སོགས་པའི་གདོང་པ་ལྟ་བུའི་བར་དུ་བཅུག་ནས་བཙིར་བས་བུ་ག་ཀུན་ནས་ཁྲག་གི་རྒྱུན་འབབ་པ་དང་། ཡང་འདུས་པ་ན་ལྕགས་ཀྱི་ཐོ་གཏུན་ཆེན་པོས་ཏིལ་བཞིན་དུ་འཚིར་བ་དང་། ལྕགས་སྲེགས་ཀྱི་ཕ་ཝང་ཆར་དུ་བབས་པས་བརྡུང་ཞིང་འཇོམས་པས་སྡུག་བསྔལ་བའོ། །ངུ་འབོད་ནི་འཇིགས་སྐྲག་གིས་བདེ་བའི་གནས་འཚོལ་བ་ན་ལྕགས་ཀྱི་ཁང་པ་མཐོང་སྟེ་དེར་ཞུགས་མ་ཐག་སྒོ་ཟུམ་ཞིང་ཕྱི་ནང་ཀུན་ཏུ་མེ་འབར་བས་བསྲེགས་པས་ངུ་ཞིང་འོ་དོད་འབོད་ཀྱང་སྐྱབས་མི་རྙེད་པས་སྡུག་བསྔལ་བའོ། །ངུ་འབོད་ཆེན་པོ་ནི་གཞན་སྔ་མ་དང་འདྲ་བ་ལས་ལྕགས་ཁང་ཉིས་རིམ་དུ་སྔར་བཞིན་བསྲེགས་པས་སྡུག་བསྔལ་ཤིན་ཏུ་དྲག་པོའི་མྱོང་བའོ། །ཚ་བ་ནི་ལུས་ལྕགས་ཀྱི་ཕྲུ་བ་དཔག་ཚད་དུ་མ་ཡོད་པ་མེ་འབར་བའི་ནང་དུ་ཉ་བཞིན་བསྲེག་པ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་གཤང་ལམ་ནས་སྤྱི་བོར་ཐལ་ཕྱུང་དུ་ཕུག་པས་ནང་ཁྲོལ་ཐམས་ཅད་ཚིག་བུ་ག་དང་བ་སྤུའི་ཁུང་བུ་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་སྲེགས་ཀྱི་ས་གཞི་ལ་བསྒྱེལ་ནས་ལྕགས་ཀྱི་ཐོ་བ་འབར་བས་བརྡུང་བའོ། །

p. 151

རབ་ཏུ་ཚ་བ་ནི་ལུས་ལྕགས་ཀྱི་གསལ་ཤིང་རྩེ་མོ་གསུམ་པ་མེ་འབར་བས་གཤང་ལམ་ནས་སྤྱི་བོ་དང་ཕྲག་པ་གཉིས་སུ་ཕུག་པ་བུ་ག་ཐམས་ཅད་ནས་མེ་འབར་བ་དང་། ལྕགས་ཀྱི་ལེབ་མ་འབར་བས་ལུས་དཀྲི་ཞིང་ལྕགས་ཟངས་འགྱུར་བྱེད་ཁོལ་མའི་ནང་དུ་སྤྱི་ཚུགས་སུ་འབྲས་བཞིན་བཙོས་པས་ཤ་ཁྲག་ཞིག་ནས་ཀེང་རུས་ཙམ་ལུས་པ་དང་། ལྕགས་ཀྱི་གཞི་ལ་བཀྲམ་པས་ཤ་ཁྲག་སྐྱེས་པ་ན་སླར་ཡང་འཚོད་པར་བྱེད་པའོ། །མནར་མེད་པ་ནི་ལུས་ལ་ལྕགས་ཀྱི་ས་གཞི་ལས་ཕྱོགས་ཐམས་ཅད་ནས་མེ་རབ་ཏུ་འབར་བ་འོངས་ཏེ་པགས་པ་ཤ་དང་རྒྱུས་པ་རུས་པ་རྐང་གི་བར་དུ་བསྲེག་ཅིང་མར་མེའི་སྙིང་པོ་བཞིན་དུ་ལུས་དང་མེ་དབྱེར་མི་ཕྱེད་པར་འབར་བས་སྨྲེ་ངག་འབྱིན་པ་ལས་སེམས་ཅན་དུ་མངོན་པ་ཙམ་དང་། ལྕགས་ཀྱི་ཞིབ་མར་འདག་མེ་འབར་བ་དང་ལྷན་ཅིག་རྔོད་པ་དང་། ལྕགས་སྲེགས་ཀྱི་རི་ཆེན་པོ་ལ་འབབ་འཛེག་བྱེད་དུ་འཇུག་པ་དང་། ལྕེ་ཕྱུངས་ཏེ་ལྕགས་སྲེགས་ཀྱི་གཞི་ལ་བརྒྱངས་ནས་ཕུར་པས་འདེབས་པ་དང་། པགས་པ་བཤུས་ནས་ལྕགས་སྲེགས་ཀྱི་གཞི་ལ་གན་རྐྱལ་དུ་འཇོག་པ་དང་། ཁ་

p. 152

འབྱེད་དཔྱད་ཀྱིས་ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་དང་ཟངས་ཞུན་བླུད་པས་ཁ་དང་ལྐོག་མ་དང་ནང་ཁྲོལ་ཐམས་ཅད་ཚིག་སྟེ་རེ་སྨད་ནས་ཕྱིར་ཐོན་པ་སོགས་སྡུག་བསྔལ་བཟོད་ཐབས་མེད་པ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་མངོན་པ་ལས། མི་རྣམས་ཀྱི་ལོ་ལྔ་བཅུ་ལ། །འདོད་པ་དག་གི་ལྷ་རྣམས་ལས། །འོག་མ་དག་གི་ཉིན་ཞག་གཅིག །དེས་ན་ཚེ་ལོ་ལྔ་བརྒྱའོ། །གོང་མ་གཉིས་ཀ་ཉིས་འགྱུར་རོ། །ཞེས་དང་། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །ཞེས་གསུངས་པས། མི་ལོ་ལྔ་བཅུ་ལ་རྒྱལ་ཆེན་རིགས་བཞི་ལྷའི་ཞག་གཅིག །དེས་རྩིས་པའི་རང་ལོ་ལྔ་བརྒྱ་ཐུབ། དེ་ཡོངས་རྫོགས་ཞག་གཅིག་ཏུ་བྱས་ཏེ་བརྩིས་པའི་ལོ་ལྔ་བརྒྱ་ནི་ཡང་སོས་པའི་ཚེ་ཚད་ཡིན་ལ། འོག་མ་རྣམས་ལོ་གྲངས་ཉིས་འགྱུར་ཉིས་འགྱུར་དུ་འཕེལ་ཞིང་ཞག་གྲངས་ཀྱང་ཉིས་འགྱུར་ཉིས་འགྱུར་གྱིས་རིང་བས་གོང་མ་གོང་མའི་བཞི་འགྱུར་འོག་མ་འོག་མ་ལ་ཡོད་པར་ཤེས་པར་བྱའོ། །གཉིས་པ་གྲང་དམྱལ་གྱི་སྡུག་བསྔལ་བསམ་པ་ནི། གནས་ཀྱི་ཁྱད་པར། ཉི་ཟླ་ལ་སོགས་པའི་སྣང་བ་མེད་པའི་མུན་ཁྲོད་

p. 153

གངས་དང་འཁྱགས་པའི་གཅོང་རོང་རླུང་དང་བུ་ཡུག་ཤིན་ཏུ་གྲང་བས་ཀུན་ཏུ་ཁྱབ་པ་རྣམས་སུ་ལུས་དང་ངག་གི་སྒྲའི་དོན་དང་མཐུན་པར་གྲང་བའི་སྡུག་བསྔལ་གོང་མ་གོང་མ་ལས་འོག་མ་འོག་མ་བདུན་འགྱུར་གྱིས་གྲང་བར་བཤད། དེར་སྐྱེ་བའི་བར་དོ་རྣམས་མེ་ནང་དུ་འཚིག་པ་ལྟ་བུའི་སྣང་བ་ཤར་བ་ན་གྲང་དམྱལ་གྱི་གནས་མཐོང་སྟེ་དེ་ལ་སྲེད་པས་རྒྱུག་པས་དེ་ཉིད་དུ་སྐྱེ་བ་ལེན་པར་འགྱུར་རོ། །སྡུག་བསྔལ་གྱི་ཁྱད་པར། ཆུ་བུར་ཅན་ནི་རླུང་དང་བུ་ཡུག་གི་གྲང་བས་བཏབ་པས་ལུས་ཆུ་བུར་ཧྲམ་ཧྲམ་པས་གང་བས་འཁུམས་ཏེ་སྡུག་བསྔལ་བའོ། །ཆུ་བུར་རྡོལ་བ་ཅན་ནི་གྲང་དྲག་པས་ཆུ་བུར་ཡང་རྨར་བརྡོལ་ཏེ་དེའི་ནང་ནས་སྐྱེས་པའི་ལྕགས་ཀྱི་འབུ་མཆུ་རྣོན་ཅན་གྱིས་པགས་པ་འདྲལ་ཞིང་ཞག་དང་ཆུ་སེར་འཛག་པའང་འཁྱགས་པར་སོང་བས་སྡུག་བསྔལ་བའོ། །ཨ་ཆུ་ཟེར་བ་ནི་སྐད་ཤིབ་ཤིབ་པོར་འབྲུ་ངག་ཅན་ཅུང་ཟད་ཙམ་ཐོན་པས་སྨྲེ་ངག་འདོན་པའོ། །ཀྱི་ཧུད་ཟེར་བ་ནི་དེ་བས་ཀྱང་གྲང་བས་འབྲུ་ངག་མི་ཐོན་པར་ཉེན་སྐད་ཕྲ་མོ་ཤིབ་ཤིབ་པོར་སོས་འདོན་པའོ། །སོ་ཐམ་ཐམ་པ་ནི་

p. 154

དེ་བས་ཀྱང་ཤིན་ཏུ་གྲང་བས་སྐད་མི་ཐོན་པར་ལུས་འདར་བས་སོ་ཐག་ཅིང་སོ་འདར་བརྡེབ་པའོ། །ཨུཏྤལ་ལྟར་གས་པ་ནི་དེ་བས་ཀྱང་གྲང་བའི་ལྷགས་པའི་ཤུགས་ཀྱིས་པགས་པ་སྔོན་པོར་གྱུར་ཏེ་ཁ་ལྔའམ་དྲུག་ཏུ་གྱེས་ཏེ་གས་པའོ། །པདྨ་ལྟར་གས་པ་ནི་སྔོ་བ་ལས་ཀྱང་ཐལ་བས་དམར་པོར་གྱུར་ཏེ་ཁ་བཅུའམ་དེ་ལས་མང་བར་གས་པའོ། །པདྨ་ལྟར་ཆེར་གས་པ་ནི་གྲང་བའི་མཐར་ཐུག་པས་པགས་པ་བསྡུས་ནས་ཤིན་ཏུ་དམར་བ་ཁ་བརྒྱའམ་སྟོང་ལ་སོགས་པར་གས་ནས་སྡུག་བསྔལ་བཟོད་ཐབས་མེད་པ་མྱོང་བ་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་མཛོད་ལས། ཏིལ་སྦྱངས་ནང་ནས་ལོ་བརྒྱ་ཞིང་། །ཏིལ་གཅིག་ཕྱུངས་པས་ཟད་གྱུར་པ། །ཆུ་བུར་ཅན་གྱི་ཚེ་ཚད་ཡིན། །གཞན་གྱི་ཚེ་ནི་ཉི་ཤུའི་འགྱུར། །ཞེས་པས། ཡུལ་མ་ག་དྷའི་ཁལ་བརྒྱད་ཅུ་འགྲོ་བའི་སྣོད་སྦྱངས་ཞེས་པ་ཏིལ་གྱིས་ཕྱུར་བུར་བཀང་སྟེ་ལོ་བརྒྱ་བརྒྱ་ན་ཏིལ་འབྲུ་རེ་རེ་ཕྱུངས་བས་ཏིལ་ཟད་པ་ཙམ་ཆུ་བུར་ཅན་གྱི་ཚེ་ཚད་དུ་བཤད། འོག་མ་རྣམས་ལ་རིམ་པས་ཉི་ཤུའི་འགྱུར་གྱི་འགྲོས་བརྩི་བས་ཚེ་ཚད་རྫོགས་ཚུལ་

p. 155

ཡིན་ནོ། །གསུམ་པ་ཉེ་འཁོར་བའི་སྡུག་བསྔལ་བསམ་པནི། མཛོད་ལས། བརྒྱད་པོ་ཀུན་ལས་ལྷག་བཅུ་དྲུག །དེ་དག་གི་ནི་ངོས་བཞི་ན། །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོ་ཡིན། །ཞེས་པ་ལྟར། ཚ་དམྱལ་བརྒྱད་པོ་ཐམས་ཅད་ཀྱི་ཕྱོགས་བཞི་པོ་རེ་རེ་ནའང་མེ་མ་མུར་ལ་སོགས་པ་བཞི་བཞི་ཡོད་པས་བཅུ་དྲུག་སྟེ། ཚ་དམྱལ་དངོས་གཞི་ལས་ཐོན་པའམ་དེ་ཉིད་དུ་སྐྱེས་ཀྱང་རུང་། ཕྱོགས་གང་དུ་བྲོས་ཀྱང་མེ་མ་མུར་གྱི་འོབས་བུས་ནུབ་ཙམ་དུ་ཚུད་དེ། དེར་རྐང་པ་བཞག་མ་ཐག་ཤ་པགས་ཐམས་ཅད་ཚིག་ཅིང་བཏེགས་མ་ཐག་འཚོ་བ་དང་། དེ་ལས་ཐར་བ་ནའང་རོ་མྱགས་ཀྱི་འདམ་རྫབ་ཤིན་ཏུ་དྲི་ང་བར་ལུས་བྱིང་བ་ན་སྲིན་བུ་མཆུ་རྣོན་ཁབ་འདྲ་བས་ཤ་པགས་རུས་པའི་བར་དུ་ཕུག་སྟེ་ཟ་བ་དང་། དེ་ལས་ཐར་ནས་ཀྱང་སྤུ་གྲི་སོ་རྣོན་གཏམས་པའི་ལམ་ལ་སླེབས་ཏེ་རྐང་པ་བཞག་མ་ཐག་དུམ་བུར་གཅོད་ཅིང་བཏེགས་མ་ཐག་སོས་པར་འགྱུར་བ་དང་། གོང་གི་སོགས་ཁོངས་ན་བསྡུས་པ་ནི། དེ་ལས་ཐར་ཡང་རལ་གྲི་ལོ་མའི་ནགས་ཚལ་དུ་

p. 156

སླེབས་ནས་གྲིབ་མ་ལ་འཁོད་པ་ན་ལས་རླུང་གིས་བསྐྱོད་པས་རལ་གྲི་རྣམས་ཆར་ལྟར་བབས་པས་ལུས་ཐམས་ཅད་གཅོད་ཅིང་འགྱེལ་བ་ན་ཁྱི་རྣམས་ཀྱིས་རུབ་ནས་ཟ་བ་དང་། དེ་ལས་ཐར་ཡང་གཅན་གཟན་གདུག་པ་ཅན་མང་པོས་དེད་པས་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་མཐོང་ནས་དེར་བྲོས་ཏེ་འབབ་འཛེག་བྱེད་ཚེ་ཚེར་མ་རྣོན་པོ་སོར་བཅུ་དྲུག་པ་ཡས་མན་དུ་བལྟ་བ་ལས་ལུས་ཁྲོལ་ཚགས་བཞིན་ཕུག་ནས་ཁྭ་ཏ་སོགས་བྱ་ལྕགས་མཆུ་ཅན་གྱིས་མིག་འདྲུ་ཞིང་ཤ་འཐོག་པ་སོགས་ཀྱིས་འཇིག་པར་བྱེད་པ་དང་། དེ་ལས་ཐར་ནས་ཚ་བས་གདུང་བས་ཆུ་ཀླུང་འབབས་པ་མཐོང་སྟེ་རྒྱུག་པ་ན་འགྱུར་བྱེད་ཀྱི་ཆུ་བོ་རབ་ཏུ་ཚ་བའི་ནང་དུ་ལྷུང་སྟེ། གཏིང་དུ་སོང་བ་ན་ཤ་རུས་བྲལ་ནས་རུས་པ་དཀར་སིང་གིས་སོང་སྟེང་དུ་ཐོན་ཚེ་ཤ་སྐྱེས་ཏེ་ཡང་ནུབ་པ་དང་། འབྲོས་པར་འདོད་ཀྱང་འགྲམ་ན་དམྱལ་སྲུང་མཚོན་ཆ་ཐོགས་པ་དག་གིས་འབྲོས་སུ་མི་སྟེར་བ་དང་། རེས་འགའ་ལྕགས་ཀྱུས་ཕྱིར་ཕྱུངས་ནས་གན་རྐྱལ་དུ་བཞག་སྟེ་ཅི་འདོད་ཅེས་དྲིས་པ་ན་བདག་གིས་ཅིའང་མི་ཤེས་མི་མཐོང་མོད་འོན་ཀྱང་བཀྲེས་ཤིང་སྐོམ་མོ། །ཞེས་བརྗོད་པ་ན་ཐོ་ལུམ་འབར་བ་དང་ཟངས་

p. 157

ཞུན་ཁོལ་མ་ཁར་བླུགས་པ་ལ་སོགས་པའི་སྡུག་བསྔལ་ཡོད་དོ། །དེ་དག་ལས་སྤུ་གྲི་དང་། ནགས་ཚལ། ཤལ་མ་ལི་རྣམས་རིགས་གཅིག་ཏུ་བསྡོམས་པས་ཉེ་འཁོར་བ་བཞིའོ། །འདི་དག་གི་ཚེ་ཚད་ངེས་བཟུང་མ་བཤད་ཀྱང་སོ་སོར་ལོ་བརྒྱ་སྟོང་དུ་མར་གནས་པས་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བའོ། །བཞི་པ་ཉི་ཚེ་བའི་སྡུག་བསྔལ་བསམ་པ་ནི། དེ་དག་གི་གནས་ནི་དམྱལ་བ་དངོས་གཞིའི་ཉེ་འཁོར་དང་རྒྱ་མཚོའི་འགྲམ་ས་འོག་དང་ས་སྟེང་ཆུ་སོགས་ངེས་མེད་དུ་གནས། སྡུག་བསྔལ་ནི་མེས་ཚིག་པ་དང་། འཁྱགས་ཤིང་གས་པ་དང་། གཤེད་མས་གསོད་ཅིང་ཟ་བ་དང་། ཉིན་མོ་བདེ་ཞིང་མཚན་མོ་སྡུག་བསྔལ་བ་དང་དེ་ལས་གོ་ལྡོག་པ་སོགས་སོ། །ཚེ་ཚད་ལ་ངེས་པ་མེད་དེ་གྲོ་བཞིན་སྐྱེས་དགེ་འདུན་སྲུངས་ཀྱི་རྟོགས་བརྗོད་ལས་འབྱུང་བ་ལྟ་བུའོ། །དེ་ལྟ་བུའི་སྡུག་བསྔལ་གྱི་གནས་དེ་དག་ཏུ་སྐྱེ་བའི་རྒྱུ་ནི་རང་གིས་ཉེས་པར་སྤྱོད་པ་ཉིད་ཁོ་ན་ཡིན་པས་བསྒྲིམ་སྟེ་སྤོང་བར་བྱ་དགོས་ཤིང་། གལ་ཏེ་མ་སྤང་ན་འཆད་འགྱུར་བཞིན་སྔར་ཡང་སྡིག་པའི་ལས་མང་དུ་བསགས་ད་

p. 158

དུང་ཡང་གསོག་པར་འགྱུར་བས། དམྱལ་བ་དང་ཚེ་འདིའི་བར་དུ་ནི་དབུགས་གྱུ་བ་འདི་ལས་མེད་པ་ཡིན་ན་ཡིད་བདེ་བར་གནས་པ་ག་ལ་རིགས་ཏེ། ཞི་བ་ལྷས། དམྱལ་བ་ཡི་ནི་ལས་བྱས་ནས། །ཅི་ཕྱིར་འདིར་ནི་བདེ་བར་གནས། །ཞེས་དང་། བཤེས་སྤྲིང་ལས། སྡིག་ཅན་དབུགས་དབྱུང་འགག་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་ཀུན་ཏུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་པས་ཀྱང་། །འཇིགས་པ་སྐྱེ་བར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་རྣམས་སྨོས་ཅི་འཚལ། །ཞེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ཡིན་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་མཆི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་པ་ཡིན་ནོ།། །།གཉིས་པ་ཡི་དྭགས་ཀྱི་སྡུག་བསྔལ་བསམ་པ་ནི། ཕལ་ཆེར་ཛམ་གླིང་

p. 159

འདིའི་འོདག་དཔག་ཚད་ལྔ་བརྒྱ་འདས་པ་ན་ཡོད་ཅིང་། ཁ་འཐོར་བ་ནི་ས་གཞི་རི་ཀླུང་ཐམས་ཅད་ལ་ཁྱབ་པ་ལྟ་བུར་ཡོད་དོ། །དེའང་དྲན་པ་ཉེར་གཞག་ལས་རིགས་སོ་དྲུག་ཏུ་གསུངས་ཀྱང་བསྡུ་ན། ཕྱིའི་སྒྲིབ་པ་ཅན། ནང་གི་སྒྲིབ་པ་ཅན། ཟས་སྐོམ་གྱི་སྒྲིབ་པ་ཅན་དང་གསུམ་ལས། ཕྱིའི་སྒྲིབ་པ་ཅན་ནི། བཀྲེས་སྐོམ་གྱིས་ཉེན་པས་ཁ་དང་ལུས་ཐམས་ཅད་བསྐམ་ཞིང་རིད་པ། མགྲིན་པ་དང་ཡན་ལག་ཕྲ་བ། སྐྲ་འཛིངས་པ། ཟས་སྐོམ་འཚོལ་ཕྱིར་ཀུན་ཏུ་རྒྱུག་ཀྱང་མ་རྙེད་ཅིང་གལ་ཏེ་རྒྱང་རིང་བོ་ནས་ཟས་ཀྱི་ཕུང་པོ་དང་། ཆུ་ཀླུང་དང་། ལྗོན་ཤིང་འབྲས་བུ་ཅན་ལ་སོགས་པ་མཐོང་ཡང་། དེར་ཕྱིན་པ་ན་ཟས་རྣམས་ཤུལ་ཙམ་ཡང་མེད་པར་ཡལ། ཆུ་ཀླུང་རྣམས་བསྐམ་པའམ་རྣག་ཁྲག་ཏུ་གྱུར། ལྗོན་ཤིང་རྣམས་འབྲས་བུ་མེད་པའི་སྡོང་དུམ་སྐམ་པོར་མཐོང་བ་དང་། དེ་ལྟར་མ་སོང་ཡང་སྐྱེས་བུ་མཚོན་ཆ་ཐོགས་པ་མང་པོས་བཀག་ཅིང་བསྲུང་བ་ལ་སོགས་པའི་སྡུག་བསྔལ་ཡོད་དེ། །ནང་གི་སྒྲིབ་པ་ཅན་ནི། འཕགས་པ་ཀླུས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་

p. 160

གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་པ་ལྟར། ཟས་སྐོམ་རྙེད་ཀྱང་ཁར་མི་ཚུད་ཅིང་། ཚུད་ཀྱང་ཟས་རྣམས་འགྲམ་ཕུགས་སུ་སྟོར། སྐོམ་རྣམས་ཁ་དུག་གིས་བསྐམ། ཅུང་ཟད་མིད་ཀྱང་མགྲིན་པ་ནས་མི་ཐར། ཐར་ཀྱང་ལྟོ་བ་མི་ཁེངས་པ་སོགས་ཀྱིས་བཟའ་བཏུང་མི་ནུས་པས་སྡུག་བསྔལ་བའོ། །ཟས་སྐོམ་གྱི་སྒྲིབ་པ་ཅན་ནི། བཟའ་བཏུང་ཁོང་དུ་སོང་ཚད་མེར་གྱུར་ནས་འབར་ཞིང་ནང་ཁྲོལ་སོགས་བསྲེག་པ་དང་། ལྗན་ལྗིན་ཟ་བ་ཞེས་གཤང་གཅི་དང་རྣག་ཁྲག་མཆིལ་སྣབས་སོགས་མི་གཙང་ཞིང་དྲི་ང་བ་དང་དུག་དང་མེ་འདག་སོགས་ངན་པ་དང་དུཿཁ་བསྐྱེད་པ་ཁོ་ན་ཟ་དགོས་པའོ། །དེ་ཐམས་ཅད་ཀྱང་རྟག་ཏུ་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་ཅིང་གོས་མེད་པས་ཚད་པས་འཚིག་པ་དང་། གྲང་བས་སྦྲེབས་པ་དང་། སོས་ཀ་ཟླ་བས་ཀྱང་འཚིག་ཅིང་དགུན་དུས་ཉི་མས་ཀྱང་གྲང་བར་བྱེད་པ་དང་། དབྱར་དུས་སྤྲིན་ཡང་མེ་ཆར་དུ་འབབ་པ་དང་། རྟག་ཏུ་འཚོལ་འགྲོས་ཀྱིས་ངལ་ཞིང་ཆད་པ་དང་། ཉམ་ཞན་པས་

p. 161

རུས་ཚིགས་འཁྲོགས་ཏེ་མེ་འབར་བ་དང་། ཕན་ཚུན་དགྲར་གྱུར་པས་འཆིང་བ་དང་བརྡེག་པ་དང་གསོད་པའི་འཇིགས་པ་དང་། གཏད་སོ་མེད་པར་འཇིགས་སྐྲག་ཆེན་པོས་འབྲོས་པ་སོགས་སྡུག་བསྔལ་དོས་དྲག་ཅིང་ཡུན་རིང་པོར་མྱོང་དགོས་པའོ། །ཚེ་ཚད་ཀྱི་ཁྱད་པར་མཛོད་ལས། ཟླ་བ་ཉིན་ཞག་གིས་ལྔ་བརྒྱ། །ཞེས་པས། མིའི་ཟླ་བ་གཅིག་ལ་ཞག་གཅིག་ཏུ་བྱས་པའི་རང་ལོ་ལྔ་བརྒྱ་ཐུབ་པ་དང་། བཤེས་སྤྲིང་ལས། ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་པས། ཡི་དྭགས་ལ་ལའི་ཚེ་ཚད་ལྔ་སྟོང་དང་ཁ་ཅིག་གི་ཚེ་ལོ་ཁྲི་ཡིན་པར་ཡང་བཤད་ཅིང་། དེའི་སྡུག་བསྔལ་གྱི་རྒྱུ་ནི་སེར་སྣ་འཇུར་གེགས་སོགས་ཡིན་པས་བླང་དོར་ལ་བསྒྲིམ་སྟེ་བག་ཡོད་པར་བྱའོ།། །།གསུམ་པ་དུད་འགྲོའི་སྡུག་བསྔལ་བསམ་པ་ནི། བྱིངས་དང་ཁ་འཐོར་བ་གཉིས་ལས། བྱིངས་ན་གནས་པ་རྒྱ་མཚོ་ཆེན་པོ་ན་ཡོད་དེ། སྐྱོབ་པའི་རྟེན་གནས་མེད་པས་རླབས་ཀྱིས་བདས་ཏེ་ངེས་མེད་དུ་འཁྱམས་ཕན་ཚུན་གཅིག་གིས་གཅིག་ཟ་སྟེ། ཆེ་བས་ཆུང་བ་མིད་པ་དང་ཆུང་བས་ཆེ་བའི་ལུས་ཕུག་ནས་ཟ་

p. 162

བ་དང་། ཀླུ་རྣམས་བྱེ་ཚན་གྱིས་ཉིན་རེ་བཞིན་བསྲེག་ཅིང་མཁའ་ལྡིང་གིས་ཟ་བ་སོགས་རྟག་ཏུ་དགྲ་འབྱུང་གི་དོགས་པའི་འཇིགས་སྐྲག་དང་སྡུག་བསྔལ་བཟོད་ཐབས་མེད་པའོ། །ཁ་འཐོར་བ་ལྷ་དང་མིའི་ཡུལ་ན་ཡོད་པ་འདི་རྣམས་ཡིན་ཏེ། མིས་བདག་ཏུ་མ་བཟུང་བ་རྣམས་ནི་དགྲ་འབྱུང་གི་དོགས་པའི་འཇིགས་སྐྲག་གིས་རྟག་ཏུ་མནར་བས་སེམས་ལ་བདེ་བ་མེད་ཅིང་། བྱ་དང་གཅན་གཟན་གྱིས་ཟ་བ་དང་། མི་རྣམས་ཀྱིས་དབང་མེད་དུ་གསོད་པ་དང་། མིས་བདག་ཏུ་བཟུང་བ་རྣམས་ནི་སྤུ་འབྱིད་པ་དང་། སྣ་འབིགས་པ་དང་། བྱ་གཅོད་པ་དང་། ཁུར་ལྕི་བས་མནར་བ་དང་། བརྡེག་ཅིང་བཀོལ་བ་དང་། ཤ་དང་ཁྲག་དང་པགས་པ་དང་རུས་པའི་ཕྱིར་གསོད་པ་དང་། གཞན་ཡང་སྤྱིར་གླེན་ཅིང་གཏི་མུག་པས་བླང་དོར་མི་ཤེས་པས་འཐོམས་ཏེ་སྡུག་བསྔལ་བ་དང་། བཀྲེས་སྐོམ་ཚ་གྲང་ངལ་དུབ་སོགས་དམྱལ་བ་དང་ཡི་དྭགས་ཀྱི་སྡུག་བསྔལ་ལ་འགྲན་པ་ཙམ་དུའང་ཡོད་པའོ། །དེ་ལྟར་ཡང་བཤེས་སྤྲིང་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། །

p. 163

ཞི་འགྱུར་དགེ་བ་སྤངས་བ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་ཟད་འབྱུང་། །ཁ་ཅིག་མུ་ཏིག་བལ་དང་རུས་པ་ཁྲག །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་རྣམས་ཀྱིས་བཏབ་སྟེ་བཀོལ། །ཞེས་གསུངས་སོ། །ཚེ་ཚད་ནི། དུད་འགྲོ་རྣམས་མཆོག་རིང་བསྐལ་པའོ། །ཞེས་ཚེ་རིང་བས་བསྐལ་པ་ཙམ་ཐུབ་ཅིང་ཐུང་བ་ངེས་མེད་དུ་བཤད་དོ། །དེ་ལྟར་ངན་འགྲོའི་སྡུག་བསྔལ་བསམ་པའི་ཚུལ་ཡང་། ད་ལྟ་མེ་ནང་དུ་མཛུབ་མོ་བཅུག་ནས་ཡུད་ཙམ་རེ་སྡོད་པ་དང་། དགུན་གྲང་སྒང་འཁྱགས་སྦུབས་སུ་གཅེར་བུར་སྡོད་པ་དང་། ཉིན་ཞག་ཁ་ཡར་བཟའ་བཏུང་མེད་པ་དང་། ལུས་ལ་སྦྲང་བུ་དང་འཇི་ཤིག་གིས་སོ་བཏབ་པ་ཙམ་ཡང་བཟོད་པར་དཀའ་ན། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་ཇི་ལྟར་བཟོད་སྙམ་དུ་ད་ལྟའི་རང་ཉམས་ལ་དཔགས་ནས་འཇིགས་སྐྲག་གི་སྐྱོ་ཤས་དང་ངེས་འབྱུང་དྲག་པོས་བསྐུལ་ནས་དལ་འབྱོར་དོན་ཡོད་པར་བྱའོ།། །།གཉིས་པ་མཐོ་རིས་ཀྱི་

p. 164

སྡུག་བསྔལ་བསམ་པ་ནི། བསོད་ནམས་ཆ་མཐུན་གྱི་དགེ་བའི་ལས་ལམ་ཆུང་འབྲིང་ཆེན་པོར་བསགས་པ་ལས། མི་དང་འདོད་ལྷ་དང་ཁམས་གོང་མའི་ལྷར་རིམ་པ་བཞིན་སྐྱེས་ནས་དེ་དང་དེའི་གནས་སྐབས་ཀྱི་བདེ་བ་ལ་སྤྱོད་པ་སྟེ། དེ་ལྟར་ན་ངན་སོང་དུ་བདེ་བའི་སྐབས་མེད་པས་བདེ་འགྲོ་ཐོབ་པའི་ཐབས་ལ་འབད་པར་བྱའོ་སྙམ་ན། མེ་ཆེ་ཆུང་གང་ཡིན་ཀྱང་སྲེག་བྱེད་ལས་མ་འདས་པ་བཞིན་དུ་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་པས་སྙིང་པོ་མེད། ངན་འགྲོ་ཙམ་དུ་མ་ཟད་མཐོ་རིས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པར་ཤེས་དགོས། དེ་ལ་མིའི་སྡུག་བསྔལ་བསམ་པ། ལྷ་མིན་གྱི་སྡུག་བསྔལ་བསམ་པ། ལྷའི་སྡུག་བསྔལ་བསམ་པ་དང་གསུམ་ལས། དང་པོ་ནི། སྐྱེ་བའི་ཐོག་མར་མའི་མངལ་དོག་ཅིང་མུན་ནག་དྲི་ང་བ་ཚ་གྲང་གི་འགྱུར་ལྡོག་བཟོད་དཀའ་བར་ཟླ་བ་གྲངས་ལོངས་ཀྱི་བར་དུ་སྡོད་དགོས་པ་དང་། དེ་ནས་མགོ་མཇུག་ལྡོག་སྟེ་བཙས་པ་ན་འཇུར་མིག་ནས་དྲངས་པ་ལྟ་བུ་དང་། རེག་པ་ན་ཚེར་ལྕག་བྲབ་པ་ལྟ་བུ་དང་། མི་གཙང་ཕྱིས་པའི་ཚེ་

p. 165

པགས་པ་བཤུས་པ་ལྟ་བུ་དང་། པང་དུ་བླངས་ཚེ་བྱིའུ་ཁྲས་ཁྱེར་བ་ལྟ་བུ་སོགས་ཀྱི་སྡུག་བསྔལ་ཡོད། རྒས་པའི་ཚེ་ཁ་དོག་ཉམས་པས་ལུས་ཀྱི་མདངས་མི་སྡུག་པ་སྔོ་ནག་ཐལ་ཁ། དབང་པོའི་བཀྲག་ཉམས། ལུས་སྒུར་ཞིང་ཡན་ལག་འཁྱོགས། ཤ་བསྐམ་ཞིང་པགས་པ་ལྷོད། གདོང་པ་གཉེར་མས་གང་། མགོ་དཀར་སོ་གོག །ལུས་ཀྱི་ནུས་མཐུ་ཉམས་པས་ལྡང་བ་དཀའ། འགྲོ་ན་འཁྱོར། འདུག་ན་བུབ། སྨྲ་ན་ལྡབ་ལྡིབ་ཏུ་འགྱུར། དབང་པོ་ཉམས་པས་མིག་མི་གསལ་ཞིང་རྣ་བ་འོན་ཟས་ཀྱི་རོ་མི་ཞིམ། ལོངས་སྤྱོད་ཉམས་པས་ཁ་ཟས་ཉུང་ན་བཀྲེས་མང་ན་མི་འཇུ་བ་སོགས་འདོད་ཡོན་ལ་སྤྱད་དུ་མེད་ཅིང་ཀུན་གྱི་ཡིད་དུ་མི་འོང་། ན་བའི་ཚེ་སྔོན་ལས་འཕྲལ་རྐྱེན་གྱིས་འབྱུང་བཞིའི་ཁམས་འཁྲུགས་པའི་ནད་ཀྱིས་ཟུག་རྔུ་ལྡང་ཞིང་ལུས་རྒུད། འདོད་པའི་བཟའ་བཏུང་དང་གཉིད་སོགས་ལ་སྤྱོད་དབང་མེད། མི་འདོད་པའི་སྨན་དང་དཔྱད་ཀ་འཛེམ་བྱ་སོགས་ལ་བརྟེན་དགོས་ཤིང་འཆི་བར་དོགས་པ་སོགས་ཀྱི་སྡུག་བསྔལ་མཐའ་ཡས། འཆི་བའི་ཚེ་སྨན་དཔྱད་

p. 166

རིམ་གྲོ་གང་གིས་མ་ཕན་པར་འབད་པས་བསྒྲུབས་པའི་ལོངས་སྤྱོད་སྙན་གྲགས་མངའ་ཐང་འཁོར་གྲོགས་ཐམས་ཅད་དང་། ཕངས་ཤིང་གཅེས་པའི་ལུས་ཀྱང་དབང་མེད་དུ་བཞག་སྟེ་གནད་གཅོད་ཀྱི་སྡུག་བསྔལ་དྲག་པོ་དང་བཅས་ཏེ་འཆི་བར་འགྱུར་རོ། །དེ་ལྟར་སྡུག་བསྔལ་གྱི་ཆུ་བོ་ཆེན་པོ་དེ་བཞི་པོ་མི་རྣམས་ཀྱི་སྤྱི་མཐུན་དུ་མྱོང་དགོས་པར་མ་ཟད་བྱེ་བྲག་གི་སྡུག་བསྔལ་ཡང་། སྡུག་བསྔལ་བཞི་པོ་དེ་དག་གི་བར་སྐབས་སུའང་ཚེ་འདིའི་བདེ་འབྱོར་མངའ་ཐང་ལོངས་སྤྱོད་སོགས་སྒྲུབ་པའི་དོན་དུ་ལུས་སྲོག་ཐད་ལ་བོར་ནས་དཀའ་བ་ཇི་སྙེད་སྤྱད་ཀྱང་འདོད་པའི་དོན་མ་འགྲུབ་པའི་སྡུག་བསྔལ་བཀྲེས་སྐོམ་ཚ་གྲང་མཁོན་གྱོད་མི་ཁ་རྒྱལ་པོའི་ཆད་པ་སོགས་མི་འདོད་པའི་རྐྱེན་ངན་ཐོག་ཏུ་འབབས་པའི་སྡུག་བསྔལ། བདེ་སྐྱིད་ལོངས་སྤྱོད་འཁོར་གྲོགས་མཛའ་བཤེས་སོགས་སྡུག་ཅིང་ཡིད་དུ་འོང་བའི་གཉེན་བྱམས་པ་དང་འབྲལ་བའི་སྡུག་བསྔལ། ནད་གདོན་བར་ཆད་དགྲ་ཇག་ཆོམ་རྐུན་མེ་ཆུ་གཅན་གཟན་སོགས་མི་སྡུག་ཅིང་ཡིད་དུ་མི་འོང་བའི་དགྲ་སྡང་བ་དང་འཕྲད་པའི་སྡུག་བསྔལ། མདོར་ན་འབྱོར་ལྡན་

p. 167

རྣམས་འཁོར་དང་ལོངས་སྤྱོད་ཇི་ཙམ་ཆེ་བ་དེ་ཙམ་དུ་བསྲུང་བའི་སྡུག་བསྔལ་ཡང་ཆེ་ལ། དབུལ་པོ་རྣམས་ཟས་གོས་ཡོ་བྱད་འདོད་པས་བཙལ་ཀྱང་མ་རྙེད་པར་ཕོངས་པའི་སྡུག་བསྔལ་ཡང་ཆེ་བ་སྟེ། སྐྱེས་རབས་ལས། གཅིག་ནི་བསྲུང་བས་ཉོན་མོངས་ལ། །གཉིས་པ་འཚོལ་བས་ཤ་ཐང་ངོ་། །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །གང་ནའང་དགའ་བ་མེད་པར་འགྱུར། །ཞེས་དང་། བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་ཏེ། །ཐ་མལ་རྣམས་ལ་ལུས་ཀྱིས་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་བཞིན་ནི་འཇོམས་པར་བྱེད། །ཅེས་གསུངས་པ་ལྟར་རང་ཅག་གི་མངོན་སུམ་དུ་གྱུར་པ་འདི་ཀས་མཚོན་པའོ།། །།གཉིས་པ་ལྷ་མིན་གྱི་སྡུག་བསྔལ་བསམ་པ་ནི། སྤྱིར་ལྷའི་ཕུན་སུམ་ཚོགས་པའི་དཔལ་རྣམས་མཐོང་བའི་ཚེ་དེ་ལ་ཕྲག་དོག་པས་ཡིད་ལ་མི་བཟོད་པའི་གདུང་བ་དྲག་པོ་རྟག་ཏུ་ཡོད་ཅིང་། བྱེ་བྲག་ཏུ་དུས་དུས་ན་ལྷ་དང་འཐབ་པ་ལས་ལྷ་མིན་རྣམས་བསོད་ནམས་ཀྱི་མཐུ་ཆུང་བས་གསོད་པ་དང་བརྡེག་པ་

p. 168

དང་ཡན་ལག་གཅོད་པ་དང་འདྲལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་འབྱུང་ཞིང་། དེའི་ཚེ་ལྷ་རྣམས་ནི་མགོ་བོ་དང་སྐེད་པ་མ་ཆད་ན་གནད་དུ་ཕོག་ཀྱང་སླར་འཚོ་ལ། ལྷ་མིན་ནི་མི་ལྟར་གནད་དུ་ཕོག་པས་འཆི་ཞིང་ཤི་བའི་གཟུགས་བརྙན་གསེར་གྱི་ས་གཞིའི་སྟེང་དུ་ཀུན་སྣང་ཞེས་པའི་མཚོ་ལ་ཤར་བས་དམག་མ་ལོག་པའི་གོང་ནས་ཉེ་དུ་རྣམས་མྱ་ངན་གྱིས་གདུང་བར་བཤད་ཅིང་། ལྷ་མིན་ཕལ་ཆེར་ནག་ཕྱོགས་པ་ཡིན་པས་ཆོས་ལ་མི་དགའ། འགའ་ཞིག་མོས་སུ་ཆུག་ཀྱང་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པས་ཁྱད་པར་རྟོགས་པའི་སྐལ་བ་མེད་དོ།། །།གསུམ་པ་ལྷའི་སྡུག་བསྔལ་བསམ་པ་ལ་གཉིས། འདོད་པའི་ལྷ་དང་། ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་བསམ་པའོ། །དང་པོ་ནི། འདོད་པའི་ལྷ་རྣམས་སྔར་འདོད་ཡོན་ལ་བག་མེད་པར་སྤྱད་པའི་བདེ་བས་བྲིད་དེ་ཚེ་ཟད་པ་མ་ཚོར་བ་ལ་སོང་ནས་འཆི་འཕོ་བ་ན། ལུས་ཀྱི་མདོག་མི་སྡུག་པ་དང་། སྟན་ལ་མི་དགའ་བ་དང་། མེ་ཏོག་གི་ཕྲེང་བ་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་སྔོན་མེད་པའི་རྡུལ་འབྱུང་བ་སྟེ། འཆི་

p. 169

ལྟས་ལྔ་ལྷའི་ཞག་བདུན་གྱི་གོང་དུ་འབྱུང་བས་འཆི་འཕོའི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་དང་། དེའི་ཚེ་རང་གི་ལྷ་མོ་དང་འཁོར་རྣམས་ཀྱིས་ཀྱང་སྤངས་ཏེ་ལྷ་གཞན་གྱི་དྲུང་དུ་སོང་བས་སྡུག་བསྔལ་ཆེར་བསྐྱེད་ཅིང་། ཁྱད་པར་ལྷའི་དཔལ་དང་འདོད་ཡོན་ལ་ཆགས་ཀྱང་དབང་མེད་དུ་འབྲལ་བར་ཤེས། ཤི་ནས་ཀྱང་ལྷར་སྐྱེ་བ་ནི་སྲིད་པ་ཙམ་སྟེ་མིར་སྐྱེ་བའང་ཉུང་། ཕལ་ཆེར་ངན་སོང་དུ་སྐྱེ་བས་དེའི་སྡུག་བསྔལ་བཟོད་དཀའ་བ་ཡུན་རིང་དུ་མྱོང་དགོས་པར་ཤེས་ནས་འོག་ཏུ་ལྟུང་བའི་སྡུག་བསྔལ་བཟོད་གླགས་མེད་པར་འགྱུར་བ་སྟེ། དྲན་པ་ཉེར་བཞག་ལས། ལྷ་ཡི་གནས་ནས་ལྟུང་བ་ན། །སྡུག་བསྔལ་རབ་ཏུ་སྐྱེ་བ་གང་། །དེ་ལ་སེམས་ཅན་དམྱལ་བ་ཡིས། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་དང་། བཤེས་སྤྲིང་ལས། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ཀྱང་། །ལས་ཀྱི་དབང་གིས་སླར་ཡང་ས་སྟེང་ལྷུང་། །འཁོར་ལོས་སྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་པ་ལྟར་རོ། །གཞན་

p. 170

ཡང་ལྷ་བསོད་ནམས་ཆེ་བ་རྣམས་ཀྱི་གཟི་བརྗིད་དང་འདོད་ཡོན་གྱི་དཔལ་མཐོང་བ་ན་བསོད་ནམས་ཆུང་བ་རྣམས་སེམས་ཁོང་དུ་ཆུད་ནས་སྤ་བཀོང་བར་འགྱུར་བ་དང་། མཐུ་ཆེ་བས་ཆུང་བ་རྣམས་གནས་ནས་སྐྲོད་པའི་སྡུག་བསྔལ་དང། ཁྱད་པར་རྒྱལ་ཆེན་བཞིའི་རིས་དང་སུམ་ཅུ་རྩ་གསུམ་པ་རྣམས་ལ་ལྷ་མ་ཡིན་དང་འཐབ་ཅིང་རྩོད་པ་དང་། ལུས་མཚོན་གྱིས་གཅོད་པ་དང་འདྲལ་བ་དང་གསོད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ཡོད་དོ།། །།གཉིས་པ་ཁམས་གོང་མ་གཉིས་ཀྱི་སྡུག་བསྔལ་བསམ་པ་ནི། གཟུགས་དང་གཟུགས་མེད་པ་དག་ནའང་སྡུག་བསྔལ་གྱི་སྡུག་བསྔལ་མངོན་གྱུར་པ་མེད་ཀྱང་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་རང་བཞིན་ལས་མ་འདས་པ་དང་། ཏིང་ངེ་འཛིན་གྱིས་མྱོས་པ་ལྟར་གྱུར་པས་སོ་སྐྱེ་རྣམས་ཡོན་ཏན་གོང་འཕེལ་དུ་འགྲོ་བ་མེད་ཅིང་ཏིང་ངེ་འཛིན་གྱི་རོ་མྱང་པས་རོ་མྱོང་ཅན་གྱི་ཏིང་ངེ་འཛིན་དང་འབྲལ་མི་ཕོད་ཅིང་དེས་རང་རང་གི་ཏིང་ངེ་འཛིན་ཉམས་ནས་འཆི་བའང་ཡོད། སྒོས་སུ་དེར་གནས་པའི་སོ་སྐྱེ་རྣམས་སྔོན་ལས་ཀྱི་འཕེན་པ་ཟད་པ་ན་སླར་ཡང་འདོད་པའི་ཁམས་སུ་སྐྱེ་བ་

p. 171

ལེན་ཏེ་སྔོན་མའི་རྟེན་འཇིག་པའི་ཏིང་ངེ་འཛིན་བསྒོམ་པའི་སྐབས་དང་། སྐབས་དེར་བསམ་གཏན་གཟུགས་མེད་ཀྱི་ཏིང་ངེ་འཛིན་ལ་ཉམས་བདེ་བདེ་འདྲ་བར་འདུག་ཀྱང་ཡིད་བརྟན་མེད་པར་ནམ་མཁར་འཕངས་པའི་མདའ་བཞིན་དུ་ཟག་བཅས་ཀྱི་བདེ་བའི་ཞེན་ཤུགས་ཟད་པ་ན་སླར་ངན་སོང་དུ་ལྟུང་བར་འགྱུར་ཏེ། བཤེས་སྤྲིངས་ལས། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བརྟེན་འཚལ་ལོ། །ཞེས་སོ། །དེས་ན་ཁམས་གསུམ་འཁོར་བའི་གནས་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན། གང་ན་གནས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། གང་ལ་སྤྱད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད་ལས་མ་འདས་ཏེ། རྒྱུད་བླ་མ་ལས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །དེ་ཡི་སྡུག་བསྔལ་རྟག་ཏུ་མི་མཚོན་རྒྱ་ཚྭ་ལ་སོགས་རེག་སྐྱེས་བཞིན། །ཞེས་གསུངས་པ་ལྟར་ཤེས་པར་

p. 172

བྱའོ།། །།གསུམ་པ་སྡུག་བསྔལ་གསུམ་གྱི་རང་བཞིན་སྒོས་སུ་བསམ་པ་ནི། སྤྱིར་འཁོར་བའི་སྡུག་བསྔལ་ལ་རྒྱུ་འབྲས་གཉིས་ཏེ། རྒྱུ་ལྷ་དང་མི་རྣམས་འཁོར་དང་ལོངས་སྤྱོད་ཕུན་སུམ་ཚོགས་ཀྱང་བསམ་པ་མི་དགེ་བས་ཟིན་པ་སྦྱོར་བ་སྡིག་པ་ལ་སྤྱོད་པ་རྣམས་སོ། །འབྲས་བུ་ངན་སོང་གསུམ་དང་། མཐོ་རིས་ཀྱི་བཀྲེན་ཕོངས་ཅན་དང་། ལུས་ནད་དང་སེམས་མྱ་ངན་གྱིས་ཟིན་པ་སོགས་སོ། །སྡུག་བསྔལ་དེ་ལ་མདོར་བསྡུ་ན་རྣམ་པ་གསུམ་སྟེ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལོ། །དང་པོ་ནི། དཔེར་ན་རྨ་ཁར་དུག་བཏབ་པ་བཞིན་ཚ་གྲང་བཀྲེས་སྐོམ་སོགས་ཚོར་བ་སྡུག་བསྔལ་ཐམས་ཅད་ཡིན་ཏེ། གཙོ་བོར་ངན་སོང་གསུམ་ནའོ། །གཉིས་པ་ནི། དཔེར་ན་གྲང་བའི་ཚེ་མེ་ལ་བརྟེན་པ་བཞིན་ཚེ་དང་ལོངས་སྤྱོད་སོགས་ཐ་ན་བསམ་གཏན་གྱི་བདེ་བ་ཚུན་ཆད་ཀྱི་ཚོར་བ་བདེ་བ་ཐམས་ཅད་ཡིན་ཏེ། གཙོ་བོར་མི་དང་འདོད་པའི་ལྷ་རྣམས་ནའོ། །གསུམ་པ་ནི། དཔེར་ན་སྐོམ་ནད་ཅན་ལན་ཚྭའི་ཆུ་འཐུང་བ་བཞིན་སྡུག་བསྔལ་དེ་གཉིས་ཀའི་གཞི་འདུ་བྱེད་ཉེ་

p. 173

བར་ལེན་པའི་ཕུང་པོ་འདི་ཀ་སྡུག་བསྔལ་ཐམས་ཅད་ཀྱི་བསྐྱེད་གཞི་ཡིན་ཅིང་། འདི་ལས་སྐྱེ་རྒ་སོགས་སྡུག་བསྔལ་ཐམས་ཅད་རིམ་ཅན་དུ་འབྱུང་ལ། ཚོར་བ་བཏང་སྙོམས་ཁོ་ན་དང་ལྡན་པའི་ཚེ་འདུ་བྱེད་ཀྱི་སྡུག་བསྔལ་ཁོ་ནའི་མིང་ཐོབ་པ་ཡིན་ཏེ། གཙོ་བོར་བསམ་གཏན་བཞི་ནའོ། །དེ་ལྟར་ཡང་མདོ་ལས། ཚོར་བ་གང་ཅི་ཡང་རུང་བ་དེས་ན་ཐམས་ཅད་སྡུག་བསྔལ་བའོ། །ཞེས་གསུངས་པའང་དེ་ལ་དགོངས་པའོ། །འདི་ལས་མཐར་ན་གཞན་གཉིས་ལས་ཐར་བ་མེད་དེ་སྡོང་པོ་མ་བཅད་ན་ཡལ་འདབ་བཅད་ཀྱིས་མི་ལང་བ་བཞིན་ནོ། །དེ་ཡང་ལས་རྣམ་འབྱེད་ལས། སྲིད་པའི་སྡུག་བསྔལ་ནི་བསིལ་བའི་སྐབས་མེད་པ་མེའི་འོབས་ལྟ་བུའོ། །འཇིགས་ཤིང་ཉམ་ང་བ་གཅན་གཟན་ཁྲོ་བོ་དང་མི་རྒོད་ཀྱི་ནང་ན་གནས་པ་ལྟ་བུའོ། །ཐར་པའི་གོ་སྐབས་དཀའ་བ་རྒྱལ་པོའི་ཁྲི་མུན་ལྟ་བུའོ། །ཡང་དང་ཡང་དུ་འབྱུང་བ་རྒྱ་མཚོའི་རླབས་ལྟ་བུའོ། །བདེ་འགྲོའི་སྲོག་འཇོམས་པ་དུག་ཧ་ལ་ལྟ་བུའོ། །ཞེས་སོ། །དེས་ན་ཁམས་གསུམ་འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་

p. 174

གཟེར་རྒྱུན་མི་ཆད་པའི་ནད་པ་ལྟར་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མ་མཆིས་པས། ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར་ད་རེས་འདི་ནས་ངེས་པར་ཐར་བ་ཞིག་བྱ་སྙམ་དུ་འཁོར་བ་ལ་ཞེ་ཐག་པ་ནས་སྐྱོ་བ་བསྐྱེད་དགོས་ཏེ། སློབ་དཔོན་ཆེན་པོས། འཇིག་རྟེན་བྱ་བར་རྩོན་ཡང་ཟིན་པ་མེད༔ ཆོས་ལ་འབད་ན་ལས་ཐབས་མྱུར་དུ་ཟིན༔ འཁོར་བའི་བྱ་བ་ལེགས་ཀྱང་ཐ་མར་འཕུང་༔ དམ་ཆོས་སྤྱད་པའི་འབྲས་བུ་ཉམས་མི་སྲིད༔ ལས་ཉོན་བག་ཆགས་ཐོག་མ་མེད་དུས་ནས༔ གོམས་ཤིང་རྒྱུད་ལ་བར་མེད་གསོག་པ་སྟེ༔ དེ་ཡི་དབང་གིས་འཁྲུལ་སྣང་འཁོར་བར་འཁྱམས༔ འདི་ཙམ་དུས་ན་ཐར་ཞེས་ཚད་བཟུང་མེད༔ འཆི་བའི་ཚེ་ན་དྲན་ཡང་རབ་ཏུ་འཕྱིས༔ མགོ་བོ་ཆད་ལ་སྨན་གྱིས་ཕན་མེད་བཞིན༔ དེ་ཕྱིར་འཁོར་བའི་སྡུག་བསྔལ་ཡོངས་ཤེས་ནས༔ ཞི་བའི་ལམ་ལ་ཡང་དག་འཛེག་པའི་ཕྱིར༔ བྱམས་དང་སྙིང་རྗེས་འགྲོ་ཀུན་རྗེས་སྐྱོང་ཞིང་༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གོམས་པར་མཛོད༔ ཅེས་གསུངས་པས། ལྟར་སྣང་ཚེ་འདིའི་བྱ་བ་ཐམས་ཅད་བློས་མ་ཐོང་ན་ཆོས་ཇི་ཙམ་བསྒྲུབ་ལོ་བྱས་ཀྱང་
ཡང་དག་པའི་ཆོས་སུ་གཏན་ནས་མི་འགྲོ་བས། དེས་ན་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་ཤེས་པའི་སྒོ་ནས་ཟིན་མེད་ཚེ་འདིའི་བྱ་བཞག་ཐམས་ཅད་བློས་ལིང་གིས་བཏང་སྟེ་དམ་པའི་ཆོས་རྣམ་པར་དག་པ་ཞིག་ཅི་ནས་ཉམས་སུ་ལེན་པར་བྱ། དེ་ལྟར་ནུས་པའང་བླ་མ་རིན་པོ་ཆེ་མཁྱེན་སྙམ་པའི་སྒོ་ནས། ཁམས་གསུམ་འཁོར་བ་སྡུག་བསྔལ་རང་བཞིན་ལ༔ ཆགས་ཞེན་འཁྲི་བ་གཏིང་ནས་ཆོད་པ་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་གསོལ་བ་གདབ་པར་བྱའོ།། །།

བཞི་པ་ལས་རྒྱུ་འབྲས་བསམ་པ།

p. 175

༈ བཞི་པ་ལས་རྒྱུ་འབྲས་བསམ་པ་ལ་གསུམ། ལས་འབྲས་སྤྱིར་བསམ་པ། རྣམ་གྲངས་བྱེ་བྲག་ཏུ་བསམ་པ། བདེན་བཞིའི་འགག་བསྡུ་བའོ། །དང་པོ་ནི། དེ་ལྟར་སྔར་བཤད་པ་བཞིན་ཚེ་མི་རྟག་པར་འཆི་བ་བདེན་མོད། འོན་ཏེ། མེ་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་སྐྱེ་བ་དག་ག་ལ་ཡོད། །ཅེས་པ་ལྟར་སླར་སྐྱེ་བ་ལེན་མི་དགོས་པའམ། དགོས་ཀྱང་འཁོར་བར་བདེ་སྡུག་མཐོ་དམན་ལས་ཀྱིས་བྱས་པ་མ་ཡིན་པར་བྱེད་པོ་གཞན་ཞིག་གམ། རང་དབང་ཅན་ནམ། དགེ་སྡིག་གང་བྱས་ཆུད་ཟ་བ་ལྟ་བུ་མ་

p. 176

ཡིན་ནམ། ཆོས་རང་བྱ་དགོས་སམ་སྙམ་ན། རྒྱུ་འབྲས་མི་བསླུ་བར་བྱེད་པ་པོ་ལ་སྨིན་པའི་ཚུལ། ལས་བརྒྱ་པ་ལས། ཨེ་མ་འཇིག་རྟེན་ལས་ལས་སྐྱེས། །བདེ་དང་སྡུག་བསྔལ་ལས་ཀྱིས་བྱས། །རྐྱེན་རྣམས་ཚོགས་ན་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །ཅེས་དང་ཡང་། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་དང་། ལས་རྣམ་པར་འབྱེད་པའི་མདོ་ལས། ཁྱིམ་བདག་ཏོའུ་ཏའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོས་གསོལ་པ། ཀྱེ་གཽ་ཏ་མ། རྒྱུ་རྐྱེན་གང་གིས་སེམས་ཅན་རྣམས་ཚེ་ཐུང་བ་དང་། རིང་བ་དང་། ནད་མང་བ་དང་། ཉུང་བ་དང་། མདོག་སྡུག་པ་དང་། མི་སྡུག་པ་དང་། དབང་ཆེ་བ་དང་། ཆུང་བ་དང་། རིགས་བཙུན་པ་དང་། དམན་པ་དང་། ལོངས་སྤྱོད་ཆེ་བ་དང་། ཆུང་བ་དང་། ཤེས་རབ་ཆེ་བ་དང་། ཆུང་བར་འགྱུར་བ་ཇི་ལྟར་ལགས། བཀའ་སྩལ་པ། བྲམ་ཟེའི་ཁྱེའུ། སེམས་ཅན་རྣམས་ནི་ལས་ལས་གྱུར་པ། ལས་ཀྱི་བགོ་སྐལ་ལ་སྤྱོད་པ། ལས་ཀྱི་སྐྱེ་གནས་

p. 177

ཅན། ལས་ལ་རྟོན་པ་སྟེ། དམན་པ་དང་། མཆོག་དང་། འབྲིང་པོ་དང་། མཐོན་པོ་དང་། དམའ་བ་དང་། ངན་པ་དང་། བཟང་པོ་རྣམས་སུ་རྣམ་པར་ཕྱེའོ། །སེམས་ཅན་རྣམས་ཀྱི་ལས་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། སྤྱོད་པ་སྣ་ཚོགས་ཀྱི་ལས་ནག་པོས་ནི་སེམས་ཅན་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་རྣམས་ཀྱི་ནང་དུ་སྐྱེའོ། །ལས་དཀར་པོས་ནི་ལྷ་དང་མི་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ། །ཞེས་སོ། །དེ་ལྟར་དགེ་བའི་ལས་ཀྱི་འབྲས་བུ་བདེ་བ་དང་། མི་དགེ་བའི་ལས་ཀྱི་འབྲས་བུ་སྡུག་བསྔལ་ཏེ་དཀར་ནག་གི་ལས་འབྲས་སོ་སོར་སྨིན་ཚུལ་བསམ་གྱིས་མི་ཁྱབ་པར་གསུངས་པས་སྤང་བླང་བྱེད་དགོས། ལས་དགེ་སྡིག་གང་ཡིན་ཀྱང་རུང་སྟེ་རྒྱུ་ལས་ཀྱི་དུས་ན་ཆུང་ངུ་ལས་མེད་ཀྱང་། འབྲས་བུ་རྣམས་སྨིན་གྱི་དུས་ན་འཕེལ་ཏེ་ཆེ། འགྱུར་ཆེ་ཤོས་བརྒྱ་འགྱུར་སྟོང་འགྱུར་དུ་འཕེལ། དེ་ལས་འགྱུར་ཆེ་བ་ལ་ཚད་བཟུང་དུ་མེད་དེ། ནས་སོགས་འབྲུའི་ས་བོན་གྱི་འཕེལ་སྐྱེད་བཞིན་ནོ། །དེས་ན་རང་གིས་བསགས་པའི་ལས་གཉེན་པོས་མ་བཅོམ་ན་འབྲས་བུ་མ་སྨིན་གྱི་བར་དུ་ཆུད་ཟ་

p. 178

བ་མི་སྲིད་པས་བླང་དོར་གྱི་གནས་ལ་གཟབ་པ་གལ་ཆེ་སྟེ། སློབ་དཔོན་ཆེན་པོས། ཚེ་རབས་མང་པོར་སྡུག་བསྔལ་རྒྱུར་འགྱུར་བའི༔ སྡིག་པས་ཚེ་འདིར་བདེ་བས་ཅི་ཞིག་བྱ༔ ཚེ་འདི་ཡུན་ཐུང་ལོ་ཟླ་འགའ་ཞིག་ཡིན༔ འཇིག་རྟེན་ཕྱི་མར་ཚད་བཟུང་མེད་པའི་ཕྱིར༔ སྐྱེ་བ་གཞན་དུ་སྡུག་བསྔལ་མི་འབྱུང་ཞིང་༔ བདེ་བའི་ཐབས་སུ་དགེ་སྡིག་བླང་དོར་བྱ༔ ཞེས་གསུངས་སོ། །གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བསམ་པ་ལ་གསུམ། མི་དགེ་བ་སྤང་བྱར་བསམ་པ། དགེ་བ་བསྒྲུབ་བྱར་བསམ་པ། ལུང་མ་བསྟན་དགེ་བར་བསྒྱུར་བའོ། །དང་པོ་ནི། དེའང་ལས་མི་དགེ་བ་ནི་རང་བཞིན་གྱིས་ཁ་ན་མ་ཐོ་བ་སུས་སྤྱད་ཀྱང་སྡིག་པར་འགྱུར་བ་དུག་གསུམ་དང་ང་རྒྱལ་ཕྲག་དོག་སེར་སྣ་ལ་སོགས་པ་རྩ་ཉོན་དང་ཉེ་ཉོན་ཉེས་སྤྱོད་ཀུན་ནས་སློང་ནུས་པ་རྣམས་དང་། དེ་དག་གིས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་མི་དགེ་བ་ཐམས་ཅད་དང་། བཅས་པའི་ཁ་ན་མ་ཐོ་བ་གང་གིས་སྡོམ་པ་བླངས་པ་དེ་ལས་ལོག་པར་སྤྱད་ན་སྡིག་པར་འགྱུར་བ་རྣམས་སོ། །དེས་ན་འཁོར་བའི་སྡུག་བསྔལ་ཐམས་ཅད་རྒྱུ་མི་དགེ་བ་ལས་བྱུང་ཞིང་། དེ་ལ་

p. 179

རྣམ་གྲངས་མང་ཡང་བླང་དོར་གྱི་གནས་ལ་གལ་ཆེ་བ་ཆེ་ལོང་ཙམ་དུ་བསྡུ་ན་བཅུ་སྟེ། མཛོད་ལས། དེ་ལས་ཆེ་ལོང་བསྡུས་ནས་ནི། །དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་བཤད་དོ། །ཞེས་གསུངས་པས། དེ་ལ་ལུས་ཀྱི་ལས་གསུམ་ལས། སྲོག་གཅོད་པ་ནི། སྲོག་གཅོད་འདོད་ཀྱིས་གསད་བྱ་མ་ནོར་བར་བསད་པ། མ་ཤི་བར་དུ་གསོད་སེམས་ལས་མ་ལྡོག་པའོ། །མ་བྱིན་པར་ལེན་པ་ནི། གཞན་གྱི་ནོར་རང་ལ་མ་བྱིན་པར་འཕྲོག་པའམ་བརྐུས་པ་སོགས་གང་ཡིན་ཀྱང་རུང་སྟེ་རང་གིས་ཐོབ་བློ་སྐྱེས་པའོ། །འདོད་པས་ལོག་པར་གཡེམ་པ་ནི། ཡུལ་མ་ཡིན་པ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད། བདུན་བརྒྱུད་ཚུན་ཆད་ཀྱི་ཉེ་དུ། གཞན་གྱི་གླ་རྔན་མ་སྦྱངས་པའི་སྨད་འཚོང་མ། ཕ་མ་དང་རྒྱལ་པོ་སོགས་གཞན་གྱིས་བསྲུངས་པ། ཚངས་སྤྱོད་ཀྱི་སྡོམ་པས་བསྲུངས་པ་རྣམས་སོ། །དུས་མ་ཡིན་པ་ནད་བུ་ཅན་དང་། མྱ་ངན་ཅན་དང་། སྦྲུམས་མ་དང་། ཟླ་མཚན་བབས་པ་དང་། ནམ་ཡང་འདོད་པས་མ་ངོམས་པ་སོགས་སོ། །

p. 180

གནས་མ་ཡིན་པ་མཆོད་རྟེན་དྲུང་དང་། གཙུག་ལག་ཁང་དང་། གྱོ་མོ་མང་པོའི་དབུས་དང་། བསྒྲོད་བྱ་ལ་གནོད་པའི་ས་གཞི་འབར་འབུར་སྲ་མཁྲེགས་ཅན་སོགས་སོ། །ལམ་མ་ཡིན་པ་སྐྱེ་གནས་ལས་གཞན་པའི་སྒོར་བརྟེན་པ་རྣམས་སོ། །དེ་དག་ནི་ཁྱིམ་པའི་དབང་དུ་བྱས་ཀྱི། ཚངས་སྤྱོད་པ་རྣམས་ནི་མི་ཚངས་པར་སྤྱོད་པ་ཅི་འདྲ་ཞིག་བརྟེན་ཀྱང་ལོག་གཡེམ་མོ། །དེ་སྐད་དུ་སྔ་མ་ལས། སྲོག་གཅོད་པ་ནི་བསམ་བཞིན་དུ། །མ་ནོར་བར་ནི་གཞན་བསད་པའོ། །མ་བྱིན་ལེན་པ་གཞན་གྱི་ནོར། །མཐུ་དང་འཇབ་བུས་བདག་གིར་བྱེད། །བསྒྲོད་མིན་བསྒྲོད་པར་འདོད་པ་ཡིས། །ལོག་པར་གཡེམ་པ་རྣམ་པ་བཞི། །ཞེས་སོ། །ངག་གི་ལས་བཞི་ལས། རྫུན་སྨྲ་བ་ནི། བསླུ་བ་སེམས་ཀྱི་འདུ་ཤེས་བསྒྱུར་ནས་ཤེས་བཞིན་དུ་མི་བདེན་པར་སྨྲས་ལ་ཕ་རོལ་པོས་དོན་གོ་བའོ། །འདི་ནི་ངག་གི་རིགས་བྱེད་ཙམ་དུ་མ་ཟད་ལུས་ཀྱི་བརྡས་ཀྱང་དེར་འགྱུར་བ་ཡོད་དོ། །ཕྲ་མ་ནི། མཐུན་པའི་གང་ཟག་གཉིས་དབྱེ་འདོད་ཀྱིས་དཀྲུགས་ཚིག་སྨྲས་ཤིང་ཕ་རོལ་གྱིས་དོན་གོ་བ་ནའོ། །ཚིག་རྩུབ་ནི། ཡུལ་གྱི་ཐོས་པར་དེའི་

p. 181

སྐྱོན་བརྗོད་པ་སོགས་ཞེ་ལ་ཕོག་པའི་ཚིག་དངོས་སུ་སྨྲས་པ་དེས་གོ་བའོ། །ངག་འཁྱལ་ནི། དེ་གསུམ་མ་ཡིན་པའི་གཞན་ཁ་གསག་གླུ་དང་ཟློས་གར་དམག་དང་ཚོང་དང་ཆགས་པའི་གཏམ་ལ་སོགས་པ་དང་། ལྟ་ལོག་གི་ཆོས་ཀྱི་གཏམ་སྨྲ་བ་སོགསས་སོ། །དེའང་སྔ་མ་ལས། རྫུན་ཚིག་འདུ་ཤེས་གཞན་བསྒྱུར་བའི། །ཚིག་དོན་མངོན་པར་གོ་བའོ། །ཕྲ་མ་ཕ་རོལ་དབྱེ་བའི་ཕྱིར། །ཉོན་མོངས་ཅན་གྱི་སེམས་ཀྱི་ཚིག །ཚིག་རྩུབ་མོ་ནི་མི་སྙན་པ། །ཉོན་མོངས་ཅན་ཀུན་བཀྱལ་པ་ཡིན། །ཞེས་སོ། །ཡིད་ཀྱི་ལས་གསུམ་ལས། བརྣབ་སེམས་ནི། གཞན་གྱི་གནས་ཁང་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་རྣམས་རང་གིར་བྱེད་འདོད་པའི་བསམ་པ་གཏིང་ཚུགས་པར་བྱེད་པའོ། །གནོད་སེམས་ནི། གཞན་ལ་གནོད་པར་བྱེད་འདོད་པས་སྡུག་བསྔལ་འབྱུང་བར་གྱུར་ཅིག་སྙམ་པའི་བསམ་པ་གཏིང་ཚུགས་པའོ། །ལོག་ལྟ་ནི། ལས་འབྲས་མི་བདེན་པ་དང་། ཚེ་སྔ་ཕྱི་དང་། དཀོན་མཆོག་གསུམ་སོགས་མེད་པར་འཛིན་པ་དམ་པོ་འཆང་བ་ཡིན་ནོ། །དེའང་སྔ་མ་ལས། བརྣབ་

p. 182

སེམས་ལོག་པས་གཞན་ནོར་ཆགས། །གནོད་སེམས་སེམས་ཅན་ལ་སྡང་བ། །དགེ་དང་མི་དགེ་མེད་བལྟ་བ། །ལོག་པར་ལྟ་བ་ཡིན་འདི་ལ། །ཞེས་སོ། །དེ་ལྟར་བཅུ་པོ་ནི་ལས་ལམ་རྫོགས་པའི་དབང་དུ་བྱས་ཀྱི། བསམ་བཞིན་མ་ཡིན་པར་ནོར་ཏེ་བསད་པ་སོགས་བཅུ་པོའི་ཕྱོགས་མཐུན་ཐམས་ཅད་ཀྱང་ནན་ཏན་དུ་སྤང་བར་བྱ་སྟེ། ཇི་སྐད་དུ། འདོད་ཆགས་ཞེ་སྡང་གཏི་མུག་བཅས། །དེས་བསྐྱེད་ལས་ནི་མི་དགེ་བའོ། །ཞེས་གསུངས་པ་ལྟར་རོ། །ཁྱད་པར་ཡང་དག་པའི་ཆོས་དང་དེ་སྟོན་པའི་དགེ་བའི་བཤེས་གཉེན་ལ་སོགས་པ་ཆོས་དང་མཐུན་པ་ལ་སྒྲོ་སྐུར་འདེབས་པ་ནི་ལོག་ལྟའི་ཕྱོགས་མཐུན་དུ་གསུངས་ཤིང་ཉེས་པ་ཚད་མེད་པའི་ཚུལ། བརྒྱད་སྟོང་པར། རབ་འབྱོར་ཆོས་ཀྱིས་ཕོངས་པར་འགྱུར་བའི་ལས་བསགས་པ་དེ་ནི་ངན་འགྲོ་ངན་སོང་ལོག་པར་ལྟུང་བ་རྣམས་སུ་སྐྱེ་ཞིང་། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་སྡུག་བསྔལ་ལོ། །ཞེས་དང་། རབ་ཏུ་ཞི་བ་རྣམ་པར་ངེས་པ་ཆོ་འཕྲུལ་གྱི་མདོ་ལས། བསྐལ་པ་དག་ནི་དུ་མར་ཡང་། །ལུས་ནི་དཔག་ཚད་ལྔ་བརྒྱར་འགྱུར། །དེ་ལ་མགོ་ཡང་ལྔ་བརྒྱ་སྟེ། །མགོ་རྣམས་

p. 183

རེ་རེ་དག་ལ་ཡང་། །ལྔ་བརྒྱའི་ལྕེ་ལས་ཉུང་མི་འགྱུར། །ལྕེ་གཅིག་ལ་ཡང་ཐོང་གཤོལ་ནི། །ལྔ་བརྒྱར་ཚང་སྟེ་མི་ཉུང་བར། །རབ་ཏུ་འབར་བས་རྨོ་བྱེད་དེ། །སྐུར་འདེབས་སྡིག་པའི་ལས་ཀྱིས་སོ། །ཞེས་སོ། །ཡང་ཡུལ་ལ་ལྟོས་ནས་མཚམས་མེད་ལྔ་དང་ཉེ་བ་ལྔ་སྟེ། ཕ་མ་དགྲ་བཅོམ་གསུམ་གསོད་པ། དགེ་འདུན་གྱི་དབྱེན། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ་དང་། མཆོད་རྟེན་བཤིག་པ། བྱང་སེམས་གསོད་པ། དགྲ་བཅོམ་མ་སུན་ཕྱུང་བ། སློབ་པ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ་སྟེ་ཉེ་བ་ལྔའོ། །ཡང་ཡུལ་དང་བྱ་བ་གཉིས་ཀ་ལ་ལྟོས་ནས་ལྕི་ཞིང་ལོག་པ་དང་བཅས་པའི་ཁ་ན་མཐོ་བ་ཉེར་བཞི་སྟེ། ལྕི་བ་བཅུ་དྲུག་ལས། ལོག་པའི་ལྕི་བ་བཞི་ནི། མཁས་པའི་གྲལ་གོང་། དགེ་སློབ་གི་ཕྱག །སྒྲུབ་པ་པོའི་ཟས། སྔགས་པའི་ནོར་རྣམས་སོ། །ཉམས་པའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་ཟོས་པ། ཉན་ཐོས་ཀྱི་འདུལ་ཁྲིམས། བྱང་སེམས་ཀྱི་བསླབ་པ།

p. 184

གསང་སྔགས་ཀྱི་དམ་ཚིག་ལས་ཉམས་པའོ། །སྨད་པའི་ལྕི་བ་བཞི་ནི། གཏི་མུག་གི་དབང་གིས་སྟོན་པའི་སྐུ་ལ་སྨད་པ། ང་རྒྱལ་དབང་གིས་མཁས་པའི་ཡོན་ཏན་ལ་སྨད་པ། ཕྲག་དོག་དབང་གིས་བདེན་པའི་ཚིག་ལ་སྨད་པ། ཕྱོགས་རིས་དབང་གིས་ཆོས་ལ་དགག་བསྒྲུབ་བགྱིས་པ་རྣམས་སོ། །བཀུར་བའི་ལྕི་བ་བཞི་ནི། མཚམས་མེད་པ་ལྔའི་ནང་ནས་ཁྲག་འབྱིན་པ་དང་། མི་དགེ་བ་བཅུའི་ནང་ནས་ལོག་ལྟ་དང་། མཉམ་པའི་ཆོས་ལ་ཁྱད་གསོད་བྱེད་པ་དང་། རང་བཞིན་མེད་པར་འགལ་འཛུག་པ་རྣམས་སོ། །ལོག་པ་བརྒྱད་ནི། དཀར་ནག་ཕྱོགས་ལ་སྨད་དང་བསྟོད། །དགེ་བ་ཅན་གྱི་ཐུགས་དཀྲུགས་དང་། །དད་པ་ཅན་གྱི་ཚོགས་བཅག་དང་། །བླ་མ་ལྷ་དང་མཆེད་ལྕམ་སྤང་དང་། །དཀྱིལ་འཁོར་གཉན་པོ་འདྲལ་དང་བརྒྱད། །འདི་དག་ལོག་པ་བརྒྱད་དུ་གསུངས། །ཞེས་སོ། །དེ་ལྟར་མི་དགེ་བ་དེ་དག་གི་འབྲས་བུ་ནི་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། མི་དགེ་བ་དེ་དག་ཀྱང་ཀུན་སློང་དང་ཡུལ་དུས་གྲངས་ལ་སོགས་པའི་བྱེ་བྲག་

p. 185

གིས་ཆེ་འབྲིང་ཆུང་གསུམ་དུ་འགྱུར་ལ། དེའང་ཆེ་བས་དམྱལ་བ། འབྲིང་གིས་ཡི་དྭགས། ཆུང་དུས་དུད་འགྲོར་སྐྱེས་ཏེ་སྔར་བཤད་པའི་སྡུག་བསྔལ་རྣམས་མྱོང་བར་འགྱུར་བ་ཡིན་ནོ། །དེའང་དྲན་པ་ཉེར་བཞག་ལས། རྣམ་པར་སྨིན་པ་འདི་དག་གི་ཆུང་དུས་ནི་དུད་འགྲོ་རྣམས་སུ་སྐྱེའོ། །འབྲིང་གིས་ནི་ཡི་དྭགས་རྣམས་སུ་སྐྱེའོ། །ཆེན་པོས་ནི་དམྱལ་བ་རྣམས་སུ་སྐྱེའོ། །ཞེས་སོ། །གཉིས་པ་རྒྱུ་མཐུན་ལ། མྱོང་བ་རྒྱུ་མཐུན་ནི། སྲོག་བཅད་པས་ཚེ་ཐུང་། བརྐུས་པས་ལོངས་སྤྱོད་ཆུང་། ལོག་གཡེམ་གྱིས་དགྲ་མང་། རྫུན་གྱིས་སྐུར་པ་མང་། ཕྲ་མས་གྲོགས་དང་འཁོན། ཚིག་རྩུབ་ཀྱིས་མི་སྙན་པ་ཐོས། ངག་འཁྱལ་གྱིས་ངག་མི་བཙན། བརྣབ་སེམས་ཀྱིས་རེ་བ་མི་འགྲུབ། གནོད་སེམས་ཀྱིས་འཇིགས་པ་བསྐྱེད། ལོག་ལྟས་གླེན་ཅིང་གཏི་མུག་པར་འགྱུར་རོ། །དེའང་རིན་ཆེན་ཕྲེང་བ་ལས། སྲོག་བཅད་པས་ནི་ཚེ་ཐུང་འགྱུར། །མ་བྱིན་བླངས་པས་ནོར་དང་འབྲལ། །བྱི་ཕོ་བྱས་པས་དགྲ་དང་བཅས། །རྫུན་དུ་སྨྲས་པས་སྐུར་པ་མང་། །

p. 186

ཕྲ་མ་ཡིས་ནི་བཤེས་དང་འབྲལ། །ཚིག་རྩུབ་པོས་ནི་མི་སྙན་ཐོས། །བཀྱལ་བ་ཡིས་ནི་ངག་མི་བཙུན། །བརྣབ་སེམས་ཡིད་ལ་རེ་བ་འཇོམས། །གནོད་སེམས་འཇིགས་པ་སྦྱིན་པར་བྱེད། །ལོག་པར་ལྟ་བས་ལྟ་ངན་ཉིད། །ཅེས་སོ། །བྱེད་པ་རྒྱུ་མཐུན་ནི། སྔར་ལས་གང་དང་གང་བྱས་པ་དེ་ལ་ཕྱིས་ཀྱང་དགའ་ཞིང་སྤྱོད་པའི་ལུས་སུ་སྐྱེ་བ་སྟེ། ལས་བརྒྱ་པ་ལས། དེ་མི་དགེ་བ་ཀུན་ཏུ་སྤྱོད་ལ་གོམས་ཤིང་འདྲིས་པར་བྱས་པས། ཕྱིར་ཡང་མི་དགེ་བ་ལ་བརྟེན། མི་དགེ་བ་ལ་སྤྱོད། མི་དགེ་བའི་རྗེས་སུ་འཇུག་པ་ཉིད་དུ་སྐྱེ་སྟེ། ཞེས་སོ། །གསུམ་པ་བདག་པོའི་འབྲས་བུ་ནི། ཕྱི་རོལ་གྱི་ཡུལ་ལ་སྨིན་པར་འགྱུར་ཏེ། སྲོག་གཅོད་ཀྱིས་འབྲུ་དང་སྨན་སོགས་མཐུ་ཆུང་། བརྐུས་པས་ལོ་ཉེས། ལོག་གཡེམ་གྱིས་ས་ཕྱོགས་རྡུལ་དང་ཁུག་སྣ་ཆར་རྡུལ་གྱིས་འཁྲིགས། རྫུན་གྱིས་ས་ཕྱོགས་དྲིང་ཞིང་ལྗན་ལྗིན་གྱིས་གང་། ཕྲ་མས་ས་གཞི་ཡང་ས་དང་ངམ་གྲོག་རད་རོད་དུ་འགྱུར། ཚིག་རྩུབ་ཀྱིས་ཐང་སྐྱ་བོ་དང་ཚེར་མ་དང་ཚྭ་སྒོ་ཅན་དུ་འགྱུར། ཀྱལ་པས་ནམ་ཟླ་དུས་བཞི་ཚུལ་མིན་དུ་འགྱུར།

p. 187

བརྣབ་སེམས་ཀྱིས་འབྲུ་ཉག་ཕྲ་བ་དང་ངན་པར་འགྱུར། གནོད་སེམས་ཀྱིས་རོ་བཅུད་བཟང་པོ་རྣམས་ངན་པར་འགྱུར། ལོག་ལྟས་འབྲུ་རྣམས་ཉུང་དུ་ནས་གཏན་མེད་ཀྱི་བར་དུ་འགྱུར་བ་སོགས་སོ། །དེ་ལྟར་རྒྱུ་མཐུན་དང་བདག་པོའི་འབྲས་བུ་འདི་རྣམས་སྐྱེ་བ་དེ་དང་ཕྱི་མའི་བར་སྐབས་མ་ངེས་པར་འབྱུང་བའོ། །གཉིས་པ་དགེ་བ་བསྒྲུབ་བྱར་བསམ་པ་ནི། སྤྱིར་གཉེན་པོ་བརྒྱད་ཁྲི་བཞི་སྟོང་སོགས་བསམ་གྱིས་མི་ཁྱབ་ཀྱང་། རགས་པ་ཆེ་ལོང་དུ་བསྡུ་ན་སྔར་བསྟན་པའི་མི་དགེ་བ་བཅུ་པོ་ཡིད་ཀྱིས་སྤངས་ནས་ལུས་ངག་གིས་སླར་ལོག་པའི་སྤོང་སེམས་སྤྱོད་ལམ་དང་བཅས་པ་ཡིན་ལ། དེའང་བསྒྲུབ་བྱ་སྒྲུབ་ཚུལ་ལ་ལྟོས་ནས་བཅུ་སྟེ། སེམས་ཅན་གྱི་སྲོག་སྐྱོབ་པ། མ་ཆགས་པར་སྦྱིན་པ་གཏོང་བ། ཚངས་སྤྱོད་ལ་གནས་པ་སྟེ་ལུས་ཀྱི་ལས་གསུམ། བདེན་པར་སྨྲ་བ། མི་མཐུན་པ་བསྡུམ་པ། ཞི་ཞིང་དེས་པར་སྨྲ་བ། གཞན་གྱི་ཡོན་ཏན་བརྗོད་པ་སྟེ་ངག་གི་བཞི། ཆོག་ཤེས་པ། གཞན་ལ་བྱམས་པ། ལས་འབྲས་ལ་ཡིད་ཆེས་པ་སྟེ་ཡིད་ཀྱི་ལས་གསུམ་མོ། །དེ་ལྟར་

p. 188

ཡང་ཡུམ་བར་མ་ལས། བདག་ཉིད་ཀྱང་སྲོག་གཅོད་པ་སྤངས་པ་ཡིན། ཞེས་པ་ལ་སོགས་པ་བཅུར་གསུངས་ཤིང་། རིན་ཆེན་ཕྲེང་བ་ལས། སྲོག་མི་གཅོད་དང་བརྐུ་སྤོང་དང་། །གཞན་གྱི་ཆུང་མ་སྤོང་བ་དང་། རྫུན་དང་ཕྲ་མ་རྩུབ་ཉིད་དང་། །མ་འབྲེལ་སྨྲ་བ་ཡང་དག་སྡོམ། །ཆགས་དང་གནོད་སེམས་མེད་པ་ལ། །ཉིད་ཀྱི་ལྟ་བ་ཡོངས་སྤོང་བ། །འདི་དག་ལས་ལམ་དཀར་བཅུ་སྟེ། །ཞེས་སོ། །ཡང་བསླབ་བྱར་སློབ་ཚུལ་ལ་ལྟོས་ནས་ཀྱང་བཅུ་སྟེ། དབུས་མཐའ་ལས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་འཛིན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ནི། །བསོད་ནམས་ཕུང་པོ་དཔག་ཏུ་མེད། །ཅེས་སོ། །ཐུན་མོང་རྒྱུད་ལ་བསྐུར་ཚུལ་ལ་ལྟོས་ནས་སྦྱིན་སོགས་ཕར་ཕྱིན་བཅུའོ། །དེ་ལྟ་བུའི་དགེ་བ་དེ་དག་ཕྲ་ཞིང་ཕྲ་བའང་ཁྱད་དུ་མི་གསོད་པར་དང་དུ་བླང་བར་བྱ་ཞིང་། དེ་ལ་མི་དགེ་བ་བཅུ་ཡིད་ཀྱིས་སྤོང་བའི་དོན་ནི། དེ་རྣམས་ཉེས་དམིགས་ཀྱི་སྐྱོན་ཅན་དུ་ཤེས་ནས་ནམ་དུའང་མི་འདོད་པ་ཡིན། ལུས་

p. 189

ངག་གིས་སླར་ལོག་པ་ནི། བཅུ་པོ་དེ་དག་རྒྱུན་དུ་མི་བྱ་བར་མ་ཟད་དེ་དག་བྱས་ན་གནས་སྐབས་སུ་ཁེ་ཆེ་ཞིང་འབད་མེད་དུ་བྱེད་ཐུབ་པའི་སྐབས་བྱུང་ཡང་ཡིད་ཀྱིས་སྤངས་པ་དེ་དྲན་པས་བྱ་བ་དེ་ལ་འཇུག་པར་མི་ནུས་པ་སྟེ། ལུས་ངག་གི་བདུན་པོ་ལ་ནི་འདི་གཉིས་ཀ་ཚང་དགོས་ལ། ཡིད་ཀྱི་གསུམ་ནི་ཡིད་ཀྱིས་སྤངས་པ་ཁོ་ནས་སོ། །མི་དགེ་བ་ལ་མི་རུང་བར་སེམས་པ་ནི་སྤོངས་སེམས་ཡིན་ལ། དེ་ལྟར་ཤེས་པ་ནི་ཀུན་རྫོབ་ཤེས་པ་མ་འཁྲུལ་བ་ཡིན་པས་གཉེན་པོར་འགྱུར་ཞིང་ཚུལ་ཁྲིམས་ཀྱི་ངོ་བོའང་ཡིན་ནོ། །སྤོང་སེམས་འཕེན་ཤུགས་ཆེ་བ་ཡོད་ན་གཉིད་རྨུག་དང་རྣམ་གཡེང་སོགས་ཀྱིས་བར་ཆོད་ཀྱང་། རྐྱེན་དེ་དམིགས་པའི་ཚེ་ཉེས་སྤྱོད་དུ་ཤེས་ནས་སྡོམ་པར་འགྱུར་རོ། །འདི་ནི་སྔར་གྱི་འཕེན་ཤུགས་དེའི་ས་བོན་གྱི་མཐུ་ལས་བྱུང་བ་ཡིན་ཏེ། དེའི་ཕྱིར་མི་དགེ་བཅུ་སྤོང་གི་སེམས་པ་ས་བོན་དང་བཅས་པ་ནི་དགེ་བ་བཅུའོ། །དེར་མ་ཟད་མདོར་ན་ལུས་ཀྱི་ལས་ཕྱག་བསྐོར་མཆོད་པ་སེམས་ཅན་དང་ཆོས་ཀྱི་དོན་དུ་འགྲོ་འོང་། ངག་གིས་ལས་བསྟོད་པ་བཟླས་བརྗོད་སེམས་ཅན་དང་ཆོས་ཀྱི་དོན་དུ་སྨྲ་

p. 190

བ་སོགས་དགེ་བས་ཀུན་ནས་བསླངས་པའི་ལུས་ངག་གི་བྱ་བྱེད་ཐམས་ཅད་དང་། ཡིད་ཀྱི་ལས་དད་གུས་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་རང་བཞིན་གྱི་དགེ་སེམས་སུ་གྱུར་ཚད་ནན་ཏན་དུ་བསྒྲུབ་པར་བྱ་སྟེ། མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་སྟེ། །ཞེས་པ་ལྟར་རོ། །དགེ་བ་དེ་དག་གི་འབྲས་བུའང་གསུམ་སྟེ། རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུའོ། །དང་པོ་ནི། དགེ་བ་དེ་དག་ཀྱང་སྦྱོར་དངོས་མཇུག་གསུམ་ཐམས་ཅད་དགེ་སེམས་ཀྱིས་ཟིན་པ་དང་མ་ཟིན་པ་ལས་དགེ་བའི་སྟོབས་ཆེ་འབྲིང་ཆུང་བ་གསུམ་དུ་འགྱུར་ཏེ། ཆེན་པོས་ནི་ཁམས་གོང་མའི་ལྷ་དང་། འབྲིང་གིས་འདོད་ལྷ་དང་། ཆུང་ངུས་མིར་སྐྱེ་བ་ཡིན་ནོ། །དགེ་བ་ཡིན་ཀྱང་བསམ་པ་མ་དག་པ་སོགས་ཀྱིས་ནི་ལྷ་མིན་དུ་སྐྱེ་བར་མདོ་ལས་བཤད་དོ། །གཉིས་པ་རྒྱུ་མཐུན་གྱི་འབྲས་བུ་ནི། སྔར་མི་དགེ་བ་བཅུའི་སྐབས་སུ་བཤད་པ་ཉིད་ལས་ལྡོག་ཕྱོགས་སུ་གྱུར་པ་སྟེ། རིན་ཆེན་ཕྲེང་བ་ལས། ཚེ་རིང་འབྱོར་པ་དགྲ་སྤངས་དང་། །

p. 191

བསྟོད་དང་གྲགས་མང་སྙན་པའི་གཏམ། །ཚིག་བཙུན་བསམ་པ་འགྲུབ་པ་དང་། །ཡིད་བདེ་བ་དང་བློ་གྲོས་འཕེལ། །འདི་དག་དགེ་བའི་རྒྱུ་མཐུན་བཅུ། །ཞེས་སོ། །གསུམ་པ་བདག་པོའི་འབྲས་བུ་ནི། སྔ་མ་ལས། མཐུ་ཆེ་ལོ་ལེགས་ཉམས་དགའ་བ། །མཐོ་དམན་སྙོམས་དང་ཞིང་ས་གཤིན། །རྩྭ་ཤིང་རྒྱས་དང་དུས་ཚིགས་རན། །འབྲུ་སྦོམ་རོ་ཞིམ་འབྲས་བུ་རྒྱས། །དགེ་བ་བཅུ་ཡི་བདག་འབྲས་ཡིན། །ཞེས་དང་། ཆོས་འདིས་དམྱལ་བ་ཡི་དྭགས་དང་། །དུད་འགྲོ་དག་ལས་རྣམ་གྲོལ་ཞིང་། །ལྷ་དང་མི་ཡི་ནང་དག་ཏུ། །བདེ་དཔལ་རྒྱལ་སྲིད་རྒྱས་པ་འཐོབ། །བསམ་གཏན་ཚད་མེད་གཟུགས་མེད་ནི། །ཚངས་སོགས་བདེ་བ་མྱོང་བར་བྱེད། །ཅེས་སོ། །དེའང་སྦྱོར་དངོས་རྗེས་གསུམ་ཐམས་ཅད་དུ་དགེ་སེམས་དང་བཅས་པ་ནི་མཐའ་གཅིག་ཏུ་དགེ་བའི་ལས་ཁོ་ན་ཡིན་པས་རྣམ་སྨིན་ཡང་བདེ་བ་ཁོ་ན་སྟེར་མོད། །གཞན་དུ་སྙན་གྲགས་འདོད་ནས་སྦྱིན་པ་གཏོང་བ་སོགས་བསམ་པ་གནག་ལ་སྦྱོར་བ་དཀར་བ་དང་། ཕན་འདོད་ཀྱིས་བརྡེག་

p. 192

བརྡུང་དང་མི་སྙན་པར་སྨྲ་བ་སོགས་བསམ་པ་དཀར་ལ་སྦྱོར་བ་གནག་པ་སྟེ། དེ་དག་གིས་ཀྱང་བདེ་སྡུག་སྤེལ་མར་སྐྱེད་པར་བཤད་པས། མཐའ་གཅིག་ཏུ་དཀར་བའི་ལས་ཁོ་ན་སྒྲུབ་པ་ལ་སྐྱོ་དུབ་མེད་པ་ཁྱིམ་བདག་སོ་ནམ་བྱེད་པ་ལྟ་བུ་དང་། རླབས་པོ་ཆེའི་དགེ་བ་ལ་དཔའ་མི་ཞུམ་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ་དང་། བར་མཚམས་མེད་པ་མགལ་མེའི་འཁོར་ལོ་བསྐོར་བ་ལྟར་བསླབ་པར་བྱའོ། །གསུམ་པ་ལུང་མ་བསྟན་པའི་ལས་དགེ་བར་བསྒྱུར་བ་ནི། ཀུན་སློང་དགེ་མི་དགེའི་བསམ་པ་གང་གིས་ཀྱང་མ་ཟིན་ཅིང་། འབྲས་བུ་བདེ་སྡུག་ལུང་བསྟན་དུ་མེད་པའི་ལས་ཟས་ཟ་བ་དང་འགྲོ་འཆག་ལ་སོགས་པའོ། །དེ་དག་གང་སྤྱད་ཀྱང་མདོ་དོན་མེད་པ་ལ་དུས་འདའ་བའི་ཕྱིར་དགེ་བར་བསྒྱུར་བ་གལ་ཆེ་བས། བདག་གིས་བཟའ་བཏུང་འགྲོ་འཆག་ལ་སོགས་པ་འདི་དག་གིས་འབྲས་བུ་མི་བསྐྱེད་ཅིང་འཁོར་བ་ལས་ཐར་བའི་རྒྱུར་མི་འགྲོ་བར་འདུག་ཅིང་དོན་མེད་དུ་དེ་ཙམ་ཟད་པ་ཕངས། ད་ཅི་ནས་ཀྱང་དགེ་བར་བསྒྱུར་བར་བགྱིའོ་སྙམ་དུ་སྒོ་གསུམ་གྱི་བྱ་བྱེད་ཐམས་ཅད་བྱང་ཆུབ

p. 193

ཀྱི་སེམས་ཀྱིས་ཟིན་པར་བྱ་སྟེ། བཞི་བརྒྱ་པ་ལས། བསམ་པ་བྱང་ཆུབ་སེམས་དཔའ་ལ། །དགེ་བའམ་གལ་ཏེ་མི་དགེའང་རུང་། །ཐམས་ཅད་དགེ་ལེགས་ཉིད་འགྱུར་ཏེ། །གང་ཕྱིར་ཡིད་བདེ་དབང་འགྱུར་ཕྱིར། །ཞེས་དང་། སྤྱོད་འཇུག་ལས། དེང་ནས་བརྩམས་ཏེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པ་ལྟར་ཡིན་པས་ཁ་ཕྱིར་བལྟས་སུ་མ་སོང་བར་བླ་རྩ་ནང་དུ་བཀུག་ནས་ཅི་བྱེད་དགེ་བའི་ལས་ལམ་དོན་ཡོད་པ་ཉིད་ལ་མཐའ་བསྐྱང་བར་བྱའོ།། །།གསུམ་པ་བདེན་པ་བཞིར་འགག་བསྡུ་བ་ནི། དེའང་བདེན་པ་ནི་མི་བསླུ་བའི་དོན་ཡིན་ལ། རྒྱུ་ལས་དང་ཉོན་མོངས་པའི་རྟེན་འབྲེལ་ལས་འབྲས་བུ་ཁམས་གསུམ་དུ་སྣང་བའང་རྒྱུ་འབྲས་བསླུ་བ་མེད་པའི་མཐུ་ལས་བྱུང་བ་སྟེ་འཁོར་བའི་བདེན་པའོ། །རྒྱུ་བྱང་ཆུབ་ཀྱི་ཕྱོགས་ལ་འབད་པས་འབྲས་བུ་རྣམ་པར་གྲོལ་བའི་གནས་ཐོབ་པའང་མི་བསླུ་བ་ཉིད་ཀྱིས་བདེན་པ་སྟེ་འཕགས་པའི་བདེན་པ་ཞེས་

p. 194

བྱའོ། །དེས་ན་སྤྱིར་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་བཞིར་འདུས་པས་ཐར་འདོད་རྣམས་ཀྱི་ཉམས་སུ་བླང་བྱའང་བདེན་པ་བཞིར་མ་འདུས་པ་མེད་དེ། དེའང་ཀུན་འབྱུང་དང་། སྡུག་བསྔལ་དང་། ལམ་དང་། འགོག་པ་སྟེ་བཞིའོ། །དང་པོ་ཀུན་འབྱུང་གི་བདེན་པ་ནི། གཞིའི་གནས་ལུགས་སྨྲ་བསམ་བརྗོད་མེད་སྟོང་པ་ཉིད་དུ་གནས་པ་ཉིད་ལྷན་ཅིག་སྐྱེས་པའི་མ་རིག་པས་ངོ་མ་ཤེས། ཀུན་ཏུ་བཏགས་པའི་མ་རིག་པས་རིས་སུ་བཅད་པས་ཕུང་པོ་ལ་བདག་ཏུ་བཟུང་བས་འཁྲུལ་ལོ། །ཕུང་པོ་ལ་བདག་འཛིན་ཞུགས་པས་ཡུལ་མཐུན་པ་ལ་བརྟེན་ནས་འདོད་ཆགས། མི་མཐུན་པ་ལ་བརྟེན་ནས་ཞེ་སྡང་། བར་མ་ལ་བརྟེན་ནས་གཏི་མུག་སྐྱེ། དུག་གསུམ་ལ་བརྟེན་ནས་དུག་ལྔ་སྐྱེ། དེ་ལ་ནི་ཀུན་ནས་ཉོན་མོངས་པའི་རྟེན་ཅན་གྱི་རྟོག་པ་ཞེས་བྱ་སྟེ། དཔེར་ན་དབྱར་གྱི་ས་གཞི་དང་འདྲ་བར་ལས་ཐམས་ཅད་སྐྱེ་ཞིང་འགྲུབ་པར་བྱེད། ལས་ལ་རྣམ་གྲངས་མང་ནའང་འཁོར་བར་འཕེན་བྱེད་ཀྱི་ལས་ནི་གསུམ་དུ་འདུ་སྟེ། བསོད་ནམས་མ་ཡིན་པའི་ལས། བསོད་ནམས་ཀྱི་ལས།

p. 195

། མི་གཡོ་བའི་ལས་སོ། །དེ་ལས་དང་པོས་ངན་འགྲོར་འཕེན། གཉིས་པས་འདོད་པའི་བདེ་འགྲོ་དང་། གསུམ་པས་ཁམས་གོང་མ་གཉིས་སུ་འཕེན་པར་བྱེད་དོ། །ལས་ཀྱི་དབྱེ་བ་ནི་གོང་དུ་བཤད་པ་བཞིན་ནོ། །དེས་ན་འཁོར་བའི་རྩ་བ་ཉོན་མོངས་པ་དེ་རང་རྒྱུད་ལ་ནམ་སྐྱེས་པ་ན་གཉེན་པོས་ཟིན་པར་བྱས་ནས་ལྡོག་པ་གལ་ཆེ་སྟེ། དམ་པས། ཉོན་མོངས་སྐྱེས་ཚེ་གཉེན་པོས་མ་སླེབས་ན། །ཆོས་ཀྱི་དགོས་པ་སྟོར་རོ་དིང་རི་བ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་སྡུག་བསྔལ་བདེན་པ་ནི། རྒྱུ་ཀུན་འབྱུང་སྟེ་ཉོན་མོངས་པ་དུག་གསུམ་དང་དུག་ལྔའི་ལས་ཀྱིས་འབྲས་བུ་ཁམས་གསུམ་འཁོར་བའི་གནས་སུ་འཁྱམས་ནས་འགྲོ་བ་རིགས་དྲུག་གི་ལས་དང་སྡུག་བསྔལ་བར་མེད་དུ་སྤྱོད་པས་རྟག་ཏུ་མནར་ཞིང་ཉམ་ཐག་པ་སྟེ། ལུང་རྣམ་འབྱེད་ལས། མི་གཙང་འདམ་ན་དྲི་ཞིམ་མེད། །དེ་བཞིན་འགྲོ་དྲུག་བདེ་བ་མེད། །འབར་བའི་འོབས་ན་བསིལ་བ་མེད། །སྲིད་པ་དག་ན་དགའ་བ་མེད། །ཅེས་པ་ལྟར་རོ། །མདོར་ན་སེམས་ཅན་ཐམས་ཅད་

p. 196

ཀྱི་སེམས་ཀྱི་རང་བཞིན་འོད་གསལ་བ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཅན་ཡིན་ཀྱང་། ཚུལ་བཞིན་མ་ཡིན་པར་ཡིད་བྱེད་ཀྱི་རྣམ་པར་རྟོག་པ་གློ་བུར་བའི་དྲི་མས་ཉོན་མོངས་པར་གྱུར་ཅིང་། དེས་ཀུན་ནས་བསླངས་པའི་ཟག་པ་དང་བཅས་པའི་ལས་ལ་སྤྱད་པས་འཁོར་བའི་ཕུང་ཁམས་སྐྱེ་མཆེད་རྣམས་གྲུབ་པ་སྟེ། རྒྱུད་བླ་མར། ཚུལ་བཞིན་མ་ཡིན་ཡིད་བྱེད་ཀྱིས། །ལས་དང་ཉོན་མོངས་རབ་ཏུ་ཕྱེ། །ལས་དང་ཉོན་མོངས་ཆུ་ལས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་འབྱུང་། །ཞེས་སོ། །དེའང་ལས་མི་དགེ་བ་དང་དགེ་བའི་ཁྱད་པར་གྱིས་ངན་འགྲོ་དང་བདེ་འགྲོ་སོ་སོའི་ཕུང་པོར་གྲུབ་སྟེ། རིན་ཆེན་ཕྲེང་བར། མི་དགེ་བ་ལས་སྡུག་བསྔལ་ཀུན། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །དགེ་བས་བདེ་འགྲོ་ཐམས་ཅད་དང་། །རྣམ་པ་ཀུན་ཏུ་བདེ་བ་དག །ཅེས་སོ། །དེས་ན་སྔར་བཤད་པའི་འཁོར་བའི་ཉེས་དམིགས་ཀྱིས་བསྐུལ་ནས་དགེ་བའི་ལས་ལ་སྤྲོ་ཤུགས་ཆེན་པོས་ཡིད་དྲངས་ཏེ་ཅི་ནུས་སུ་འབད་པར་བྱ་སྟེ། སྤྱོད་འཇུག་ལས། ཡིད་ལ་བསམ་པའི་དགེ་བྱས་པས། །གང་དང་གང་དུ་འགྲོ་འགྱུར་པ། །དེ་དང་དེར་

p. 197

ནི་དགེ་བ་དེས། །འབྲས་བུའི་ཡོན་གྱིས་མངོན་མཆོད་འགྱུར། །ཞེས་གསུངས་པ་ཡིན་ནོ། །གསུམ་པ་ལམ་གྱི་བདེན་པ་ནི། རྒྱུའི་རྐྱེན་ནི་རིགས་ཡིན་ལ་བདག་པོའི་རྐྱེན་ནི་བླ་མ་དམ་པ་སྟེ་དེས་བསྟན་པའི་དོན་ཉམས་སུ་བླངས་པ་ལས་འབྱུང་བའི་ཕྱིར་དང་། གཞི་ཇི་ལྟ་བ་བཞིན་རྟོགས་པ་བླ་མར་རག་ལས་པའོ། །ལམ་ཉམས་སུ་ལེན་པ་ནི་གང་ཟག་ལ་རག་ལས་ཤིང་། ལེན་བྱའི་ལམ་ནི་ཐབས་ཤེས་ཟུང་དུ་འབྲེལ་བའི་དགེ་བ་གང་ཞིག་རྣམ་པར་གྲོལ་བའི་འཇུག་ངོགས་སུ་གྱུར་པ་སྟེ། མདོ་ལས། ཐབས་དང་བཅས་པའི་ཤེས་རབ་ནི་ལམ་མོ། །ཤེས་རབ་དང་བཅས་པའི་ཐབས་ནི་ལམ་མོ། །ཞེས་དང་། ཆོས་མངོན་པ་ལས་ཀྱང་། ལམ་གང་གིས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། ཀུན་འབྱུང་སྤོང་བ་དང་། འགོག་པ་མངོན་དུ་བྱེད་པ་དང་། ལམ་བསྒོམ་པ་སྟེ་འདི་ནི་ལམ་གྱི་མཚན་ཉིད་མདོར་བསྡུས་པའོ། །ཞེས་གསུངས་སོ། །དེས་ན་རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་ལམ་གྱི་རིམ་པ་འདི་རྣམས་ལ་སོ་སོའི་དབང་པོ་དང་སྦྱར་ཏེ་ནན་ཏན་རྩེ་གཅིག་ཏུ་བསླབ་པ་ལས་རིམ་བཞིན་ཚོགས་སྦྱོར་

p. 198

མཐོང་སྒོམ་མཐར་ཕྱིན་པའི་ལམ་རྣམས་བགྲོད་པར་འགྱུར་ཏེ། འབྲས་བུ་ལག་ཏུ་ལོན་པ་ཉམས་ལེན་ལ་རག་ལས་པའི་ཕྱིར་རོ། །བཞི་པ་འགོག་པའི་བདེན་པ་ནི། འཁོར་བའི་ཆོས་ཐམས་ཅད་གོང་དུ་འགོག་པའི་གཞི་ནི་སྟོང་པ་ཉིད་ཡིན་ལ། དེའང་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་དེ་བཞིན་ཉིད་ཡོད་མེད་སོགས་སྤྲོས་པའི་མཐའ་ཐམས་ཅད་ལས་རྣམ་པར་གྲོལ་བ། ཆོས་ཉིད་སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པས་ཐ་དད་པ་མ་ཡིན་ཅིང་། ཆོས་ཉིད་འདུས་མ་བྱས་དང་ཆོས་ཅན་འདུས་བྱས་རྣམས་མཚན་ཉིད་མི་མཐུན་པས་གཅིག་པའང་མ་ཡིན་པ། རྟག་ཆད་སོགས་ཀྱི་མཐའ་ལས་འདས་པའི་དབྱིངས་འགྱུར་བ་མེད་པ་གང་ཡིན་པ་དེ་ནི་སྟོང་པ་ཉིད་དོ། །དེ་ཉིད་རྟོགས་བྱེད་ཀྱི་ལམ་ཉམས་སུ་བླངས་པས་ཀུན་འབྱུང་གི་བདེན་པ་དུག་གསུམ་དུག་ལྔ། དེས་ཀུན་ནས་བསླངས་པའི་ལམ་རྣམས་འགོག །འབྲས་བུ་སྡུག་བསྔལ་གི་ཕུང་པོ་དང་། དེ་ལ་བརྟེན་པའི་སྡུག་བསྔལ་རྣམས་འགོག་པ་སྟེ། མདོར་ན་རང་གི་རིག་པའི་སྟེང་གི་ཉོན་མོངས་པ་རྣམས་ས་བོན་དང་བཅས་པ་དབྱིངས་ཡལ་དབྱིངས་ནུབ་ཏུ་སྤངས་པ་ནི་འགོག་

p. 199

གཞི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཏེ་འགོག་བདེན་ཁྱད་པར་ཅན་ཡིན་པས་ཐར་པ་དང་མྱ་ངན་ལས་འདས་པ་ཐོབ་པ་ཞེས་བྱའོ། །དེས་ན་སྡུག་བསྔལ་བདེན་པའི་ངང་བཞིན་འགོག་བདེན། ཀུན་འབྱུང་བདེན་པའི་རང་བཞིན་ལམ་བདེན། འགོག་ལམ་སྤངས་རྟོགས་ངོ་བོ་དབྱེར་མེད་དོ་ཞེས་ཀྱང་གསུངས་སོ། །དེའང་དཔེར་མཚོན་ན། དད་སྐྱེད་བྱེད་ཀྱི་ཟས་དང་སྤྱོད་ལམ་ཉེས་པར་བརྟེན་པ་ནི་ཀུན་འབྱུང་། ནད་ཀྱི་ཟུག་རྔུས་མནར་བ་ནི་སྡུག་བསྔལ། དེ་ལ་ཟས་སྤྱོད་གཟབ་ཅིང་སྨན་དཔྱད་བརྟེན་པ་ནི་ལམ་བདེན། ནད་ཞི་ཞིང་སོར་ཆུད་པ་ནི་འགོག་བདེན་ནོ། །དེས་མཚོན་པའི། སེར་སྣ་འཇུར་གེགས་བྱེད་པ་ནི་ཀུན་འབྱུང་། འབུལ་ཞིང་ཕོངས་པར་གྱུར་པ་ནི་སྡུག་བསྔལ། མཆོད་སྦྱིན་གཏོང་བ་ནི་ལམ་བདེན། དེས་མ་འོངས་པ་ན་དབུལ་བའི་སྡུག་བསྔལ་སྤངས་པ་ནི་འགོག་པའི་བདེན་པའོ། །ཚུལ་དེ་ལྟར་རྒྱུ་འབྲས་ཀྱི་འགྲོས་སྦྱར་ཏེ་ཤེས་པར་བྱའོ། དེས་ན་ལས་འབྲས་བསླུ་བ་མེད་པའི་ཚུལ་ལ་བསམ་ནས་དགེ་བ་མཐའ་དག་བསྒྲུབ། སྡིག་པ་མཐའ་དག་འདོར། རང་གཞན་གང་གི་ཕྱིར་ཡང་སྡིག་མི་བྱ།

p. 200

ཐ་ན་མཁན་སློབ་དང་དཀོན་མཆོག་གི་ཆེད་དུའང་སྡིག་པ་བྱ་བར་མི་རིགས་ཏེ་རྣམ་སྨིན་བགོ་སྐལ་དེ་དག་གིས་མི་ལེན་པར། བཤེས་སྤྲིང་ལས། ཁྱོད་ཀྱིས་དགེ་སྦྱོང་བྲམ་ཟེ་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱིད་དེ། །དམྱལ་བའི་རྣམ་སྨིན་སྐལ་ནད་འགའ་མ་མཆིས། །སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་དེ། །འཆི་བའི་དུས་ལ་བབས་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །ཞེས་སོ། །དེའང་སྡིག་པ་ལས་ལྡོག་ཅིང་དགེ་བའི་སྟོབས་བསྐྱེད་དེ་ཐར་པ་བསྒྲུབ་པ་ལ་གཞན་གྱིས་ལག་སྤོད་དམ་སྒྲུབ་གྲོགས་གང་ཡང་བྱར་མེད་པས་དགེ་སྡིག་བླང་དོར་རང་ཁོ་ནས་བྱ་དགོས་པའང་། དེ་ཉིད་ལས། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་ཀྱི། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡི། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་སོ། །དེས་ན་ཇི་སྐད་བཤད་པའི་ལས་འབྲས་ཀྱི་ཚུལ་རྣམས་རང་རྒྱུད་ལ་

p. 201

སྦྱར་ཏེ་བླང་དོར་ཚུལ་བཞིན་ཉམས་སུ་ལེན་པས་ཚེ་འདི་དོན་ཡོད་པ་ཞིག་ཅི་ནས་ཀྱང་བྱ། དེ་ལྟར་ནུས་པའང་བླ་མ་རིན་པོ་ཆེ་མཁྱེན་སྙམ་པའི་སྒོ་ནས་དགེ་སྡིག་ལས་ཀྱི་རྣམ་སྨིན་བསླུ་བ་མེད༔ བླང་དོར་གནས་ལ་མཁས་ཤིང་ཚུལ་ལྡན་ཞིག༔ གསོལ་བ་འདེབས་སོ་བླ་མ་རིན་པོ་ཆེ༔ བྱིན་གྱིས་རློབས་ཤིག་བཀའ་དྲིན་མཚུངས་མེད་རྗེ༔ ཞེས་གསོལ་བ་ནན་ཏན་དུ་གདབ་པར་བྱའོ། །དེ་ལྟར་ཐུན་མོང་གི་སྔོན་འགྲོ་བཞི་པོ་འདི་ལ་རྡོ་རུས་ཅུང་ཟད་མ་འཕྲོད་ན། དངོས་གཞི་བསྐྱེད་རྫོགས་ཀྱི་ཉམས་ལེན་ཐམས་ཅད་ཆོས་བརྒྱད་ཀྱི་ཁ་སྣོན་ལས་མི་འོང་ཞིང་ཆོས་ཀྱིས་ཕན་མི་ཐོགས། ད་ལྟ་རང་རེ་ཆོས་བྱེད་པར་རློམས་པ་ཀུན་ཚེ་འདིའི་འཁྲི་བ་མ་ཆོད། འཁོར་བས་བློ་མ་ལོག །གཉེན་གྲོགས་འཁོར་གཡོག་ཟས་གོས་གཏམ་སྙན་སོགས་འདོད་པ་ཅུང་ཟད་ཀྱང་བློས་མ་ཐོངས་པའི་སྟབས་ཀྱིས་དགེ་སྦྱོར་གནད་དུ་མ་སོང་། ཆོས་པ་རང་རྒྱུད་འཛོལ། རང་སྐྱོན་མི་བརྟག་གཞན་སྐྱོན་བརྟག །ཡོན་ཏན་ཅུང་ཟད་རེས་རྒྱུད་ཁེངས། རྙེད་བཀུར་འདུ་འཛི་ལ་སེམས་ཤོར། དོན་མེད་

p. 202

གྱི་གླེང་བརྗོད་དང་བྱ་བྱེད་མང་། ཉོན་མོངས་པ་ཁ་མ་བྲི་བར་སྒྲུབ་པ་བྱས་ཡུན་གྱི་ལོ་ཟླ་བགྲང་། བསྒྲུབ་བྱ་ཆོས་དང་འཇིག་རྟེན་ཟུང་འཇུག་ཏུ་བསྒྲུབ་སྙམ་ཡང་གྲུབ་དོན་གཅིག་ཀྱང་མ་གྲུབ་པ་དེ་ཐོག་མ་ཉིད་ནས་ངེས་འབྱུང་ལ་བློ་དྲེད་པས་ལན། སྔོན་བྱོན་མཁས་གྲུབ་རྣམསས་ཀྱིས། ཆོས་དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ། །ཅེས་གསུངས་པའང་ཆོས་ཀྱི་རྩ་བ་ཚེ་འདི་བློས་བཏང་བ་ལ་ཐུག་པ་འདི་ལ་དགོངས་པ་ཡིན། དེས་ན་ཁ་ཕྱིར་བལྟས་མ་ཡིན་པར་ནང་དུ་ཆོས་དང་རང་སེམས་འདྲེས་པ་ཞིག་ལ་འབད་པར་བྱ་ཞིང་། དེ་ལྟར་བྱས་ཚེ་སེམས་རྒྱུད་ལ་ཆོས་ཀྱི་ཡོན་ཏན་ཅུང་ཟད་རེ་འཆར་བ་ན་གདམས་ངག་དེའང་ཟབ་པར་གོ་ནས་ཆོས་ལ་ངེས་ཤེས་སྐྱེ། དེ་ཙ་ན་བླ་མའི་ཐུགས་རྗེ་དང་བཀའ་དྲིན་དྲན་པས་མོས་གུས་ཀྱང་ཤུགས་ལས་འབྱུང་། དེས་ནི་ལམ་གྱི་ཡོན་ཏན་ཐམས་ཅད་མ་འབད་ཀྱང་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་རྣམས་ཀྱིས་རང་རྒྱུད་ཀྱི་ཞིང་ས་སྦྱོང་བ་འཁོར་བ་ལས་བློ་ལྡོག་པར་བྱེད་པའི་ཆོས་ཀྱི་རྣམ་གྲངས་བཞི་པོ་མདོ་ཙམ་བཤད་ཟིན་ཏོ།། །།

གཉིས་པ་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་སྔོན་འགྲོ་ཟབ་ལམ་ཕྲུགས་ལྔའི་ས་བོན་གདབ་པ།

ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ།

p. 203

༈ གཉིས་པ་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་སྔོན་འགྲོ་ཟབ་ལམ་ཕྲུགས་ལྔའི་ས་བོན་གདབ་པ་ལ་ལྔ་སྟེ། ལམ་གྱི་འཇུག་སྒོ་སྐྱབས་སུ་འགྲོ་བ། ལམ་གྱི་རྩ་བ་སེམས་བསྐྱེད་པ། ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ། ལམ་གྱི་མཐུན་རྐྱེན་ཚོགས་བསགས་པ། ལམ་གྱི་སྙིང་པོ་བླ་མའི་རྣལ་འབྱོར་བསྒོམ་པའོ། །དང་པོ་ལམ་ཐམས་ཅད་ཀྱི་འཇུག་སྒོར་གྱུར་པ་སྐྱབས་སུ་འགྲོ་བའི་ཚུལ་ལ་གཉིས། སྤྱིའི་གོ་དོན་ཅུང་ཟད་སྨོས་པ་དང་། སྐབས་ཀྱི་བསྒོམ་དོན་བློ་ལ་འགོད་པའོ། །དང་པོ་ལ་གཉིས། འཇུག་སྒོ་སྐྱབས་འགྲོའི་རྣམ་བཞག་དང་། འཇུག་བྱེད་དད་པའི་རང་བཞིན་དབྱེ་བའོ། །དང་པོ་ལའང་བདུན། སྐྱབས་སུ་འགྲོ་དགོས་པའི་རྒྱུན་ཚན་སྐྱབས་ཡུལ་ངོས་བཟུང་བ། དུས་ནམ་ཞིག་གི་བར། ཇི་ལྟར་སྐྱོབ་པའི་ཚུལ། སྐྱབས་སྡོམ་བླང་བའི་ཆོ་ག །དེའི་བསླབ་བྱ་བསྟན་པ། སྐྱབས་སུ་སོང་བའི་ཕན་ཡོན་ནོ ། །དང་པོ་ནི། སློབ་དཔོན་བི་མ་ལས། འཇིགས་དང་ཡོན་ཏན་དྲན་པས་འགྲོ། །ཞེས་གསུངས་པ་ལྟར། སྐྱབས་སུ་འགྲོ་དགོས་པའི་

p. 204

དོན་འཇིགས་པས་ཉེན་པ་སྟེ། རང་ལ་འཇིགས་པ་མེད་ཅིང་རང་དབང་ཐོབ་པར་ཡོད་ན་སུ་ལའང་སྐྱབས་འཚོལ་མི་དགོས་མོད། རང་ཅག་རྣམས་ནི་ཐོག་མ་མེད་པ་ནས་མ་རིག་པའི་མུན་པ་འཐོམ་སྟེ་འཇིགས་རུང་འཁོར་བའི་བཙོན་དོང་དུ་ཆུད་པ་འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུའང་མེད་པས་ན། འཇིགས་པ་ལས་བསྐྱབ་པའི་ཆེད་དུ་སྐྱོབ་ནུས་པའི་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་བའོ། །དེ་ལའང་གང་ཟག་གི་རིམ་པས་དབྱེ་ན་གསུམ་ལས། སྐྱེས་བུ་ཆུང་དུ་ནི་ངན་སོང་ལ་འཇིགས་ནས་མཐོ་རིས་ཀྱི་བདེ་འབྲས་འདོད་པས་སྐྱེལ་མའི་ཚུལ་གྱིས་འགྲོ་བ་སྟེ། རྒྱུ་འཇིགས་པ་དང་འདོད་པ་གཙོ་ཆེ་བའི་གང་ཟག་གྲུབ་མཐའ་ལ་མ་ཞུགས་པའམ་ཞུགས་ཀྱང་ཕྱི་རོལ་པའམ་ནང་པའི་ཁོངས་སུ་གཏོགས་ཙམ་གྱི་རིགས་ཅན་ནོ། །འབྲིང་ནི་འཁོར་བས་འཇིགས་ནས་རང་དོན་དུ་ཞི་བདེའི་ཐར་པ་འདོད་པས་འགྲོ་བ་སྟེ། རྒྱུ་སྔ་མ་གཉིས་ཀྱི་སྟེང་དུ་དད་པ་གཙོ་ཆེ་བ་ཉན་རང་གི་རིགས་ཅན་ནོ། །ཆེན་པོ་ནི་སྲིད་ཞིའི་འཇིགས་པས་ཉེན་ནས་མི་གནས་པའི་མྱང་

p. 205

འདས་འདོད་པས་འགྲོ་བ་སྟེ། རྒྱུ་སྔ་མ་གསུམ་གྱི་སྟེང་དུ་སྙིང་རྗེ་གཙོ་ཆེ་བ་ཐེག་ཆེན་གྱི་རིགས་ཅན་ནོ། །དེ་ལྟར་ཡང་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །སྐྱེས་བུ་དེ་ནི་ཐ་མར་ཤེས། །སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང་། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །རང་རྒྱུད་རྟོགས་པའི་སྡུག་བསྔལ་གྱིས། །གང་ཞིག་གཞན་གྱི་སྡུག་བསྔལ་ཀུན། །ཡང་དག་ཟད་པར་ཀུན་ནས་འདོད། །སྐྱེས་བུ་དེ་ནི་མཆོག་ཡིན་ནོ། །ཞེས་སོ། །དེ་ལྟར་སྐྱབས་སུ་འགྲོ་བའི་དགོས་པ་གཞན་ཡང་། ཇོ་བོ་རྗེས། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་པ་ལྟར་སྡོམ་པ་ཐམས་ཅད་གྱི་གཞི་རྟེན་མེད་དུ་མི་རུང་བ་དང་། ཕྱི་པ་དང་ནང་པའི་ཁྱད་པར་སྐྱབས་འགྲོ་ཡོད་མེད་ཀྱིས་འབྱེད་པ་དང་། སྐྱབས་སུ་མ་སོང་བར་འཁོར་བ་ལས་ཐར་པའི་ཐབས་མེད་པའོ། །གཉིས་པ་སྐྱབས་ཡུལ་

p. 206

ངོས་བཟུང་བ་ལ་གཉིས། རྒྱུ་དང་། འབྲས་བུའི་སྐྱབས་ཡུལ་ལོ། །དང་པོ་ལ་གཉིས། ཐུན་མོང་ཐེག་པའི་དང་། ཁྱད་པར་སྔགས་ཀྱི་སྐྱབས་ཡུལ་ལོ། །དང་པོ་ལའང་གཉིས། འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའོ། །དེའི་དང་པོ་ལའང་དམན་མཆོག་གཉིས་ལས། དང་པོ་དམན་པ་ནི། རི་དང་རྫོང་ལ་སོགས་པ་སེམས་མེད་དང་། ལྷ་སོགས་མི་མ་ཡིན་མཐུ་བོ་ཆེ་དང་། རྒྱལ་པོ་སོགས་མིའི་འགྲོ་བ་ཁ་དྲག་པ་རྣམས་སོ། །དེ་དག་གིས་འཁོར་བ་ལས་སྐྱོབ་པར་མི་ནུས་པས་ཡུལ་དམན་པ་སྟེ། རང་ཉིད་ཀྱང་འཁོར་བའི་བཙོན་ར་ལས་མ་ཐར་བའི་ཕྱིར་རོ། །དེ་ལྟར་ཡང་མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ལྗོན་ཤིང་དག་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་དག་ལ་བརྟེན་ནས་ནི། །འཇིགས་པ་ཀུན་ལས་ཐར་མི་འགྱུར། །ཞེས་སོ། །གཉིས་པ་ཡུལ་མཆོག་ནི། འཇིགས་སྐྱོབས་དང་ལེགས་སྨོན་ཙམ་ལ་བརྟེན་པ་བློ་འཇིག་རྟེན་པས་ཡུལ་དུ་བཞག་པའི་མཆོག་གསུམ་

p. 207

ལྟ་བུའོ། །གཉིས་པ་འཇིག་རྟེན་ལས་འདས་པའི་ཡུལ་ནི། རྣམ་གྲོལ་དོན་གཉེར་གྱི་སྐྱབས་ཡུལ་དཀོན་མཆོག་གསུམ་སྟེ། གནས་སྐབས་འཁོར་བའི་འཇིགས་པ་ལས་བསྐྱབས་ནས། མཐར་ཐུག་ངེས་ལེགས་ལ་འགོད་ནུས་པས་ན་བསླུ་བ་མེད་པའི་སྐྱབས་ཡིན་ཏེ། སློབ་དཔོན་ཆེན་པོས། འཁོར་བའི་དཔོན་འདི་ཇི་ལྟར་བཟང་ཡང་བསླུ༔ སྐྱབས་གནས་དཀོན་མཆོག་གསུམ་ལ་བསླུ་བ་མེད༔ ཅེས་གསུངས་པའི་ཕྱིར་རོ། །དེའང་དཀོན་མཆོག་གསུམ་ལ་ཐེག་པ་ཆེ་ཆུང་གི་དབྱེ་བས་ངོས་འཛིན་ཚུལ་མི་འདྲ་བ་ལས། འདིར་ཐེག་ཆེན་བླ་ན་མེད་པའི་ལུགས་ལ་གསུམ་སྟེ། མངོན་པར་རྟོགས་པའི་ཡུལ། འདུན་བཞག་གི་ཡུལ། དེ་ཁོ་ན་ཉིད་ཡུལ་ལོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དག་པ་གཉིས་ལྡན་མཐར་ཐུག་པ་དོན་གཉིས་ཕུན་སུམ་ཚོགས་པ། ཆོས་བརྗོད་བྱ་འགོག་པ་དང་ལམ་གྱིས་བསྡུས་པའི་ཟག་མེད་རྣམ་བྱང་གི་བདེན་པ་དང་རྗོད་བྱེད་གསུང་རབ་མིང་ཚིག་ཡི་

p. 208

གེར་སྣང་བ་སྟེ་ལུང་རྟོགས་གཉིས། དགེ་འདུན་དངོས་ས་ཆེན་པོ་ལ་བཞུགས་པའི་རྒྱལ་སྲས་བྱང་སེམས་འཕགས་པ་རིག་གྲོལ་གྱི་ཡོན་ཏན་ལྡན་པ་དང་རྗེས་མཐུན་ཐེག་ཆེན་ཚོགས་སྦྱོར་ལ་གནས་པ་དང་ཐེག་ཆུང་གི་ཉན་རང་འཕགས་པ་རྣམས་སོ། །གཉིས་པ་འདུན་བཞག་གི་ཡུལ་ནི། སངས་རྒྱས་ཀྱི་སྣང་བརྙན་བྲིས་འབུར་སོགས་སྐུ་གཟུགས་ཀྱི་རྣམ་པར་གྲུབ་བོ་ཅོག །ཆོས་གསུང་རབ་ཡི་གེ་སྣང་བའི་གླེགས་བམ་རྣམས། དགེ་འདུན་སོ་སྐྱེ་ལམ་ཞུགས་ཏེ་དགེ་འདུན་ཆུང་ངུ་དགེ་བསྙེན་དང་དགེ་ཚུལ། ཆེན་པོ་ནི་བསྙེན་པར་རྫོགས་པ་སྟེ་དགེ་སློང་གི་དགེ་འདུན་ཆེན་པོ་ཞེས་གྲགས་ཤིང་། དེའང་བཞིར་ལོངས་ནས་དགེ་འདུན་འདུས་པ་ཞེས་བྱའོ། །རིག་པ་འཛིན་པའི་དགེ་འདུན་ནི་རབ་ཏུ་བྱུང་བའམ་དགེ་བསྙེན་ཁྱིམ་པའང་རུང་སྟེ་སྔགས་ལམ་ལ་ཞུགས་ནས་དམ་ཚིག་ལ་གནས་པའོ། །དེ་དག་གང་ཡང་ཁྲིམས་དང་ལྡན་པ་ནི་འགྲོ་བའི་བསོད་ནམས་ཀྱི་ཞིང་ཡིན་པའི་ཕྱིར་རོ། །གསུམ་པ་དེ་ཁོ་ན་ཉིད་ཀྱི་སྐྱབས་ཡུལ་ནི། མཐར་ཐུག་

p. 209

གི་སྐྱབས་གནས་སངས་རྒྱས་ཁོ་ན་ཡིན་གྱི་གཞན་གཉིས་མ་ཡིན་ཏེ། ལུང་གི་ཆོས་རྣམས་བདེན་པ་མཐོང་བ་ན་སྤང་དགོས་པའི་ཕྱིར་དང་། བྱང་སེམས་ཉན་རང་གི་རྒྱུད་ཀྱི་རྟོགས་པའི་ཆོས་རྣམས་གོང་ནས་གོང་དུ་བོགས་དབྱུང་དུ་ཡོད་པས་མི་རྟག་ཅིང་བསླུ་བའི་ཕྱིར་དང་། དགེ་འདུན་དེ་དག་རང་ཡང་ད་དུང་ལམ་བགྲོད་བྱ་དང་བཅས་པས་ན་མཐར་ཐུག་པ་མེད་པའི་ཕྱིར་དང་། བག་ལ་ཉལ་བ་དང་རང་སའི་སྒྲིབ་པ་རྣམས་སངས་རྒྱས་ལ་མ་བརྟེན་པར་སྤང་མི་ནུས་པས་ན་འཇིགས་པ་དང་བཅས་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་སོ། །སངས་རྒྱས་ཀྱང་ཆོས་སྐུ་ཁོ་ན་ཡིན་ཏེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་སོ། །

p. 210

གཉིས་པ་ཁྱད་པར་སྔགས་ཀྱི་སྐྱབས་ཡུལ་ནི། རྡོ་རྗེ་ཐེག་པ་སྔགས་ཀྱི་ཚུལ་ལ་དེའི་སྟེང་དུ་ཁྱད་པར་དཀོན་མཆོག་བྱིན་རླབས་ཞུ་བའི་ཡུལ་བླ་མ། དངོས་གྲུབ་ཞུ་བའི་ཡུལ་ཡི་དམ། ཕྲིན་ལས་ཞུ་བའི་ཡུལ་མཁའ་འགྲོ་ཆོས་སྐྱོང་། དེའང་བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས། ཡི་དམ་ཞི་ཆགས་ཁྲོ་བོའི་རྣམ་པ་ཇི་ལྟར་བསྟན་ཀྱང་སངས་རྒྱས་ལོངས་སྤྲུལ་གྱི་རང་བཞིན། དེའི་སྔགས་རྒྱུད་ནི་ཐུན་མོང་མ་ཡིན་པའི་ཆོས། མཁའ་འགྲོ་ཆོས་སྐྱོང་ཁྱད་པར་གྱི་དགེ་འདུན་ཁོ་ནའི་ངོ་བོར་རྩལ་དུ་བཏོན་ནས་སྐྱབས་སུ་བཟུང་བའོ། །དེ་ལྟར་ཡང་སློབ་དཔོན་ཆེན་པོས། བྱིན་རླབས་རྩ་བ་བླ་མ་རྗེ༔ དངོས་གྲུབ་འབྱུང་གནས་ཡི་དམ་ལྷ༔ ལེགས་པར་བྱིན་རློབ་མཁའ་འགྲོ་མ༔ ཞེས་གསུངས་སོ། །གཉིས་པ་འབྲས་བུའི་ཡུལ་ནི། རང་སེམས་སྟོང་གསལ་ཟུང་འཇུག་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དུ་ཡེ་ནས་བཞུགས་པ་ཉིད་དཀོན་མཆོག་གསུམ་གྱི་རང་བཞིན་ཏེ། དེ་ཉིད་མངོན་དུ་འགྱུར་བའི་ཕྱིར་རྒྱུ་ལ་འཇུག་པའམ་

p. 211

གཙོ་བོར་རང་ལ་ལྷུན་གྲུབ་ཏུ་ཡོད་པས་སྐྱབས་གཞན་དུ་མི་བཙལ་བར། རང་སེམས་བཅོས་བསྒྱུར་བླང་དོར་མེད་པའི་ངང་ལ་རང་བབས་སུ་འཇོག་པ་ནི་འབྲས་བུའི་སྐྱབས་འགྲོ་སྟེ། ཡེ་ཤེས་གྲུབ་པ་ལས། ངག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་སོ། །ཞར་ལ་དཀོན་མཆོག་གི་སྒྲ་དོན་ནི། རཏྣ་ཞེས་པའི་སྒྲ་ལས་རིན་པོ་ཆེ་དང་ཆོས་མཐུན་པ་དྲུག་གིས་དཀོན་མཆོག་ཏུ་བཞག་སྟེ། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་པས། འབྱུང་བ་དཀོན་པར་ཆོས་མཐུན་པ་ནི། བསྐལ་པ་ཡོངས་སུ་འགྱུར་བ་མང་པོར་ཡང་འཇིག་རྟེན་ན་དགེ་བའི་རྩ་བ་མ་བསྐྲུན་པའི་སེམས་ཅན་རྣམས་དང་འཕྲད་པར་མི་འགྱུར་བའི་ཕྱིར་རོ། །དྲི་མ་མེད་པར་ཆོས་མཐུན་པ་ནི། རྣམ་པ་ཐམས་ཅད་དུ་སྐྱོན་གྱི་དྲི་མ་ཐམས་ཅད་དང་བྲལ་

p. 212

བའི་ཕྱིར་རོ། །མཐུ་དང་ལྡན་པར་ཆོས་མཐུན་པ་ནི། མངོན་པར་ཤེས་པ་དྲུག་ལ་སོགས་པའི་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་འཇིག་རྟེན་གྱི་རྒུད་པ་སེལ་བའི་ཕྱིར་རོ། །འཇིག་རྟེན་གྱི་རྒྱན་དུ་གྱུར་པ་ཆོས་མཐུན་པ་ནི། འགྲོ་བ་ཐམས་ཅད་ཀྱི་བསམ་པ་དགེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །རིན་པོ་ཆེ་བཅོས་མ་ལས་མཆོག་ཉིད་དུ་ཆོས་མཐུན་པ་ནི། འཇིག་རྟེན་ལས་འདས་པའི་ཡོན་ཏན་མངའ་བའི་ཕྱིར་རོ། །བསྟོད་སྨད་ལ་སོགས་པའི་རྐྱེན་གྱིས་འགྱུར་བ་མེད་པར་ཆོས་མཐུན་པ་ནི། ཆོས་ཉིད་འདུས་མ་བྱས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །གཞན་ཡང་དཀོན་མཆོག་གི་ཡོན་ཏན་ཞིབ་པར་རྗེས་དྲན་གྱི་མདོ་སོགས་ལས་ཤེས་པར་བྱའོ། །གསུམ་པ་དུས་ནམ་ཞིག་གི་བར་སྐྱབས་སུ་འགྲོ་བ་ནི། དུས་ཀྱི་ཁྱད་པར་སྤྱིར་འཇིག་རྟེན་པ་ཚེ་འདི་ཕྱིའི་རང་དོན་ཕྲ་མོ་མ་ཐོབ་ཀྱི་བར་དང་། ཉན་རང་གཉིས་ཇི་སྲིད་འཚོའི་བར་དུ་འགྲོ་བར་འདོད། འདིར་ཐེག་པ་ཆེན་པོ་ནི་བྱང་ཆུབ་མ་ཐོབ་ཀྱི་བར་དེ་སྲིད་དུ་འགྲོ་བ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །

p. 213

ཞེས་སོ། །བཞི་པ་ཇི་ལྟར་སྐྱོབ་པའི་ཚུལ་ནི། སངས་རྒྱས་ལ་མཐར་ཐུག་གི་སྐྱབས་དང་སྟོན་པ། དེས་བསྟན་པའི་དོན་ཉམས་སུ་བླངས་པས་འཇིགས་པ་ལས་ཐར་པའི་ཕྱིར་ཆོས་ལ་ལམ། དགེ་འདུན་ལ་ལམ་སྣ་འདྲེན་པའི་ཟླ་གྲོགས་ཞུ་ཞིང་དེ་བཞིན་དུ་སྐྱོབ་པ་ཡིན་ལ། གསང་སྔགས་ཀྱི་བླ་མ་ནི་མཆོག་གསུམ་གྱི་ཕྲིན་ལས་ཐམས་ཅད་མཛད་པས་དཀོན་མཆོག་ཀུན་འདུས་ཡིན་ཏེ། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་སེམས། །ཞེས་སོ། །ལྔ་པ་སྐྱབས་སྡོམ་བླང་བའི་ཆོ་ག་ནི། ཐོག་མར་དག་པའི་ཡུལ་དགེ་བའི་བཤེས་གཉེན་ལས་བླང་ལ། ཕྱིས་འཇིགས་པས་བསྐུལ་མ་བྱས་ཏེ་གློ་བུར་དུ་བླང་བ་དང་། དུས་དྲུག་ཏུ་བླང་བ་རྣམས་ཡུལ་རང་བློས་བསམ་པའི་མདུན་དུ་བླང་བ་སྟེ་སྐྱབས་སུ་འགྲོ་བ་ཡིན་ནོ། །དྲུག་པ་སྐྱབས་འགྲོའི་བསླབ་བྱ་བསྟན་པ་ལ་གཉིས། བསླབ་བྱ་དངོས་དང་། ཉམས་པའི་རྒྱུ་བཤད་པའོ། །དང་པོ་ལ་གཉིས། ཐུན་མོང་མ་ཡིན་པའི་བསླབ་བྱ་དང་། ཐུན་མོང་གི་བསླབ་

p. 214

བྱའོ། །དང་པོ་ལའང་དགག་པའི་བསླབ་བྱ་དང་། སྒྲུབ་པའི་བསླབ་བྱ་གཉིས་ལས། དང་པོ་ནི། དེ་ལྟར་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་རེ་ལྟོས་བཀལ་ནས་སྐྱབས་སུ་མི་བརྟེན་ཅིང་ཕྱག་མི་འཚལ་ཏེ། གནས་སྐབས་ཆོས་ལྡན་གྱི་བྱ་བ་འགའ་ཞིག་འཆོལ་བའི་ཕྱིར་ཕྱག་མཆོད་བྱས་པ་ཙམ་ལ་ནི་འགལ་བ་མེད་དོ། །ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་བརྡེག་པ་དང་འཆིང་བ་སོགས་གནོད་འཚེའི་བསམ་སྦྱོར་སྤངས་ཏེ་བརྩེ་བར་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྲེགས་ཅན་དངོས་སམ་ནང་པར་རློམ་ནའང་དཀོན་མཆོག་གསུམ་ལ་ཡིད་མི་ཆེས་པའི་སྡིག་ལྟ་ཅན་དང་འགྲོགས་པར་མི་བྱའོ། །དེ་ལྟར་ཡང་མྱང་འདས་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་འགྲོ་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུནལ་ཡང་སྐྱབས་འགྲོ་བ། །མུ་སྟེགས་ཅན་དང་འགྲོགས་མི་བྱ། །ཞེས་སོ། །གཉིས་པ་

p. 215

སྒྲུབ་པའི་བསླབ་བྱ་ནི། ཐ་ན་སྐུ་གཟུགས་ཀྱི་ཆག་དུམ་ཙམ་དང་། གསུང་རབ་ཚིགས་སུ་བཅད་པ་ཕྱེད་ཙམ་དང་། དགེ་འདུན་གྱི་ན་བཟའ་ལྷན་པ་སེར་པོ་བཏབ་པ་ཙམ་ལའང་གུས་པར་བྱ་དགོས་ན་གཞན་ལྟ་ཅི། དེས་ན་སངས་རྒྱས་ལ་སྐྱབས་སུ་སོང་ནས་སྐུ་གཟུགས་ཅི་འདྲ་ཞིག་ལའང་བརྙས་པ་སྤངས་ནས་གུས་པར་བྱ་སྟེ། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །ཅེས་སོ། །ཆོས་ལ་སྐྱབས་སུ་སོང་ནས་བཀའ་དང་དགོངས་པ་འགྲེལ་བའི་གླེགས་བམ་ཐམས་ཅད་ལ་ཕྱོགས་རིས་ཀྱིས་སྐུར་པ་འདེབས་པ་སོགས་ཀྱི་ལས་སྤངས་ནས་གུས་པར་བྱ་སྟེ། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱའི་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་སོ། །དགེ་འདུན་ལ་སྐྱབས་སུ་སོང་ནས་གང་ཟག་དག་པ་སྡོམ་བརྩོན་དང་སྡེ་སྣོད་འཛིན་པ་རྣམས་སུ་མ་ཟད་ཐ་ན་རབ་བྱུང་གི་རྟགས་ཙམ་འཛིན་པ་ཡན་ཆད་ལའང་བརྙས་པས་རིས་སུ་གཅོད་པ་སོགས་

p. 216

སྤངས་ནས་གུས་པར་བྱ་སྟེ། ལྷག་བསམ་བསྐུལ་བའི་མདོ་ལས། ཡོན་ཏན་འདོད་པ་ནང་ན་གནས་པ་ཡིས། །ཕ་རོལ་དག་གི་སྐྱོན་ལ་བརྟག་མི་བྱ། །བདག་ནི་ཁྱད་པར་འཕགས་ཤིང་བདག་མཆོག་ཅེས། །དེ་སྙམ་དུ་ནི་སེམས་བསྐྱེད་མི་བྱའོ། །རྒྱགས་འདི་བག་མེད་ཀུན་གྱི་རྩ་བ་སྟེ། །དགེ་སློང་དམན་ལ་བརྙས་པར་ཡོངས་མི་བྱ། །ཞེས་སོ། །གཉིས་པ་ཐུན་མོང་གི་བསླབ་བྱ་ལ་བཞི། ཁེ་ཇི་ལྟར་ཆེ་ཡང་དཀོན་མཆོག་མི་སྤོང་བ། ཅི་ལ་ཐུག་ཀྱང་སྐྱབས་གཞན་མི་འཚོལ་བ། རྟག་ཏུ་ཡོན་ཏན་དྲན་ཞིང་མཆོད་པ། ཕན་ཡོན་དྲན་པས་དུས་དྲུག་ཏུ་སྐྱབས་སུ་འགྲོ་བའོ། །དང་པོ་ནི། རང་གི་ལུས་སྲོག་དང་རྒྱལ་སྲིད་བྱ་དགའ་སོགས་ཇི་ལྟར་གཙིགས་སུ་ཆེ་བའི་དོན་དུའང་དཀོན་མཆོག་གསུམ་མི་སྤང་སྟེ། དེ་དག་གིས་ཚེ་འདིར་ཅུང་ཟད་བདེ་བ་ལས་གཞན་མེད་ལ། སྐྱབས་སུ་འགྲོ་བས་ནི་མངོན་མཐོ་དང་ལེགས་ཀྱི་ཡོན་ཏན་ཐམས་ཅད་འགྲུབ་པའི་ཕྱིར་ཏེ། འདུལ་བ་ལུང་ལས། ཁྱོད་ཀྱིས་སྲོག་དང་། རྒྱལ་སྲིད་དང་། ཐ་ན་བཞད་གད་ཀྱི་ཕྱིར་དུའང་

p. 217

དཀོན་མཆོག་གསུམ་སྤང་བར་མི་བྱའོ། །ཞེས་སོ། །གཉིས་པ་ཅི་ལ་ཐུག་ཀྱང་སྐྱབས་གཞན་མི་འཚོལ་བ་ནི། ནད་དང་སྡུག་བསྔལ་སོགས་རྐྱེན་ཅི་བྱུང་ཡང་དཀོན་མཆོག་གསུམ་ལ་བློ་གཏད་པ་ལས་འཇིག་རྟེན་པའི་ཐབས་གཞན་མི་འཚོལ་ཏེ། བི་མ་ལས། དུས་འདིར་རྐྱེན་རྣམས་ཅི་བྱུང་ཡང་། །མགོན་སྐྱབས་གཞན་དུ་བཙལ་བ་མིན། །ཞེས་སོ། །འོ་ན་ནད་ཀྱི་རིམ་གྲོར་སྔགས་བཟླ་ཀློག་འདོན་སྨན་དཔྱད་སོགས་ཀྱང་བྱ་མི་རིགས་སམ་ཞེ་ན། སྐྱོན་མེད་དེ། དེ་དག་ཆོས་དཀོན་མཆོག་གི་ཡན་ལག་ཡིན་པས་སྐུར་པ་མི་གདབ་པར་འབད་པར་བྱའོ། །གསུམ་པ་རྟག་ཏུ་ཡོན་ཏན་དྲན་ཞིང་མཆོད་པ་ནི། དེ་ལྟར་དཀོན་མཆོག་གསུམ་གྱི་ཡོན་ཏན་རྣམས་དུས་རྟག་ཏུ་དྲན་པའི་སྒོ་ནས་བྱ་བ་ཅི་བྱེད་ཀྱང་དཀོན་མཆོག་གི་ཞབས་ཏོག་ལ་བསླབ་ཅིང་གར་འགྲོའི་ཕྱོགས་ཀྱི་སངས་རྒྱས་ལ་ཕྱག་འཚལ་བ་དང་། བཀའ་དྲིན་དྲན་པས་རྟག་ཏུ་མཆོད་ཅིང་ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཡན་ཆད་ཀྱིས་ཀྱང་མཆོད་པ་ལ་བསླབ་པར་བྱ་སྟེ། སྔ་མ་ལས། ཆེ་བའི་

p. 218

ཡོན་ཏན་ཟས་དག་གིས། །རྟག་ཏུ་དྲན་ཅིང་མཆོད་པ་ཡིན། །ཞེས་སོ། །བཞི་པ་ཕན་ཡོན་དྲན་པས་སྐྱབས་འགྲོ་བྱ་བ་ནི། སྐྱབས་སུ་སོང་བའི་ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་གམ། གསུམ་མམ། ཐ་ནའང་ལན་རེ་ངེས་པར་སྐྱབས་འགྲོ་བྱ་སྟེ། སྔ་མ་ལས། རྒྱུན་གྱི་སྐྱབས་འགྲོ་བརྗོད་བྱ་བ། །དུས་དྲུག་རྒྱུན་གྱི་བསྐུལ་མ་ཡིན། །ཞེས་སོ། །ཉེ་འབྲེལ་འཁོར་གཡོག་སོགས་གཞན་ཐམས་ཅད་ཀྱང་ཅི་ནུས་ཀྱིས་སྐྱབས་སུ་འགྲོར་གཞུག་གོ། །གཉིས་པ་སྐྱབས་འགྲོ་ཉམས་པའི་རྒྱུ་བཤད་པ་ནི། དེའང་སྙིང་པོ་བྱང་ཆུབ་ཏུ་སངས་རྒྱ་བ་ན་ཆོ་གས་བླངས་བའི་དུས་ལས་འདས་པས་གཏོང་རྒྱུ་བཏགས་པ་བ་དང་། ལོག་པར་ལྟ་བ་སྐྱེས་ཏེ་དཀོན་མཆོག་གསུམ་སྤངས་པ་དང་། སྒྲུབ་མ་ནུས་ཏེ་སྐྱབས་འགྲོའི་བསླབ་པ་ཕུལ་བ་ནི་གཏོང་རྒྱུ་མཚན་ཉིད་པའོ། །ལྷ་གཞན་ལ་ཕྱག་བཙལ་བ་ལ་སོགས་པས་བསླབ་བྱ་ཅུང་ཟད་ཉམས་པ་ནི་དམན་པར་ཕྱོགས་པ་ཞེས་བྱ་སྟེ། དེ་དག་གི་ཉེས་པའང་རྒྱལ་པོ་རིགས་ལད་པ་ལྟར་ནང་པའི་

p. 219

ཁོངས་སུ་མི་ཚུད་པ་དང་། ཚོང་པ་སྐྱེལ་མས་བསླུས་པ་ལྟར་ཅི་བྱེད་འཇིགས་པ་དང་བཅས་པ་དང་། གྱང་འགྱེལ་བའི་རི་མོ་ལྔར་བསླབ་སྡོམ་ཐམས་ཅད་འཇིགས་པར་སླ་བ་དང་། དཔུང་གཉེན་དང་བྲལ་བའི་དམངས་ལྟར་འཚེ་བ་རྣམས་ཀྱིས་བརྫི་བར་སླ་བ་དང་། ཁྲིམས་ལས་འདས་པའི་སྐྱེ་བོ་ལྟར་དམ་བཅའ་ཉམས་པས་ངན་སོང་དུ་སྐྱེ་བ་ལ་སོགས་པའི་སྐྱོན་དུ་མ་ཡོད་པས། ཉམས་པའི་ཉེས་དམིགས་ལ་བསམས་ཏེ་འགྱོད་པས་བཤགས་ཤིང་ཕྱིན་ཆད་སྡོམ་སེམས་ཀྱིས་སླར་བླང་ན་སོར་ཆུད་པར་འགྱུར་བ་ཡིན་ནོ། །བདུན་པ་སྐྱབས་སུ་སོང་བའི་ཕན་ཡོན་ལ་བདུན། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པ། ངན་སོང་དུ་མི་ལྟུང་བ། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པ། ནད་ཉུང་ཞིང་ཚེ་རིང་བ། སྔར་བྱས་ཀྱི་ལས་སྒྲིབ་འབྱང་བ། རྒྱུ་ཚོགས་གཉིས་རྫོགས་པས་མྱུར་དུ་འཚང་རྒྱ་བའོ། །དང་པོ་ནི། ཚངས་པ་སོགས་ལ་སྐྱབས་འཆའ་བ་མུ་སྟེགས་ཀྱི་སྤྱོད་པ་ལས་ལོག་ནས་དཀོན་མཆོག་གསུམ་སྐྱབས་གནས་

p. 220

སུ་འཛིན་པས་ནང་པའི་གྲལ་དུ་ཚུད་པར་འགྱུར་བར་མཁས་པ་རྣམས་བཞེད་དེ། ཇི་སྐད་དུ། ཕྱི་པ་ནང་པ་སྐྱབས་འགྲོའི་ཁྱད། །ཅེས་སོ། །གཉིས་པ་ངན་སོང་དུ་མི་ལྟུང་བའི་ཕན་ཡོན་ནི། སྐྱབས་སུ་སོང་བས་ངན་སོང་གི་སྒོ་གཅོད་ཅིང་མཐོ་རིས་དང་ཐར་པའི་བདེ་བ་ལ་ཚེ་རབས་ཀུན་ཏུ་འགོད་པ་ནི་ལྷའི་བུ་ཕག་ཏུ་སྐྱེ་བར་འགྱུར་བ་སྐྱབས་འགྲོས་ལྡོག་པར་གསུངས་པ་བཞིན་ཏེ། ཕག་གི་རྟོགས་བརྗོད་ལས། གང་དག་སངས་རྒྱས་སྐྱབས་སོང་བ། །དེ་དག་ངན་འགྲོར་འགྲོ་མི་འགྱུར། །ཞེས་སོགས་སོ། །གསུམ་པ་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་ནི། སྐྱབས་སུ་འགྲོ་བ་ཉིད་ཀྱིས་སྡོམ་པའི་རྒྱུ་མྱང་འདས་ཀྱི་བསམ་པ་བརྟན་པར་བྱེད་པའི་ཕྱིར་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བ་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཅེས་སོ། །བཞི་པ་མི་དང་མི་མ་ཡིན་པའི་བར་ཆད་ཀྱིས་མི་ཚུགས་པའི་ཕན་ཡོན་ནི། དེའང་འཇིགས་པ་དང་ཉེར་འཚེ་ཐམས་

p. 221

ཅད་སྐྱབས་འགྲོས་སེལ་བའི་ཚུལ། མདོ་རྒྱལ་མཚན་དམ་པ་ལས། དགེ་སློང་དག །ཁྱོད་དགོན་པ་དང་། དུར་ཁྲོད་དང་། འབྲོག་སྟོང་པ་ལ་སོགས་པ་ན་འདུག་ཀྱང་རུང་། གསུམ་ལ་སྐྱབས་སུ་སོང་ཞིག་དང་། འཇིགས་པ་དང་། སྡུག་བསྔལ་བ་དང་། སྤུ་ཟིང་ཞེས་བྱེད་པ་དེ་དག་མེད་པར་འགྱུར་རོ། །ཞེས་དང་། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་སོ། །ལྔ་པ་ནད་ཉུང་ཞིང་ཚེ་རིང་བའི་ཕན་ཡོན་ནི། ལས་དང་བར་ཆད་ཀྱི་རྐྱེན་ལས་བྱུང་བའི་ནད་རྣམསས་ཞི་ཞིང་ཚེ་རིང་པོར་འཚོ་བའི་དཔལ་ཕུན་སུམ་ཚོགས་པའང་འཐོབ་པར་གསུངས་ཏེ། མདོ་སྡེ་རྒྱན་ལས། ཉེས་པར་སྤྱོད་པ་ཐམས་ཅད་དང་། རྒ་ན་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ཀྱིས་ཡོངས་སུ་སྐྱོབ། །འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་གནས་མིན་དང་། །འཇིག་ཚོགས་ཐེག་

p. 222

པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པ་ཡིན། །ཞེས་སོ། །དྲུག་པ་སྔར་བྱས་ཀྱིས་ལས་སྒྲིབ་འབྱང་བའི་ཕན་ཡོན་ནི། སྔོན་བསགས་ཀྱི་ལས་སྒྲིབ་མ་ལུས་པ་བསྲབས་ཤིང་ཟད་པར་འགྱུར་པའང་། ལྷས་བྱིན་དང་མ་སྐྱེས་དགྲ་སོགས་ཀྱིས་མཚམས་མེད་པའི་ལས་བྱས་པའང་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བས་ངན་སོང་ལས་ཐར་བར་གསུངས་པ་བཞིན་ནོ། །བདུན་པ་རྒྱུ་ཚོགས་གཉིས་རྫོགས་པས་མྱུར་དུ་འཚང་རྒྱ་བའི་ཕན་ཡོན་ནི། དད་པའི་ས་གཞིར་ཚོགས་གཉིས་ཀྱི་ཆར་ཆུས་ཁམས་ཀྱི་ས་བོན་གོང་དུ་འཕེལ་ཏེ་སངས་རྒྱས་ཀྱི་ལོ་ཏོག་སྨིན་པའང་། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་འཐོབ་པར་འགྱུར། །ཞེས་དང་། མདོ་པདྨ་དཀར་པོ་ལས། ངའི་བསྟན་པ་འདི་ལ་ཞུགས་པའི་དགེ་བསྙེན་ནམ། དགེ་སྦྱོང་ལྟར་བཅོས་པ་དེ་དག་ཀྱང་བསྐལ་པ་བཟང་པོ་འདི་ཉིད་ལ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་སྟེ་གཅིག་

p. 223

ཀྱང་ལྷག་མ་མི་ལུས་སོ། །ཞེས་གསུངས་པའང་སྐྱབས་སུ་སོང་བ་ལ་དགོངས་པ་ཡིན་ནོ། །གཞན་ཡང་དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ཡང་། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས་ཀྱང་། སྐྱབས་སོང་བསོད་ནམས་གཟུགས་མཆིས་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་གཞལ་བར་ག་ལ་ནུས། །ཞེས་སོགས་མཐའ་ཡས་པར་གསུངས་ཤིང་། དེའང་སྐྱབས་སུ་སོང་བས་རིམ་པ་ལྟར་མཐར་ཐུག་སངས་རྒྱས་འགྲུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་རྒྱ་མཚོ་འདུ་བའི་རྟེན་འབྲེལ་དུ་འགྱུར་བ་ཡིན་ནོ།། །།གཉིས་པ་འཇུག་བྱེད་དད་པའི་རང་བཞིན་དབྱེ་བ་ལ་བདུན། དད་པ་བསྐྱེད་དགོས་པའི་རྒྱུ་མཚན། དད་པའི་རྣམ་གྲངས། དད་པ་བསྐྱེད་ཚུལ། དད་པ་འཕེལ་འགྲིབ་ཀྱི་རྒྱུ་རྐྱེན། དད་པའི་ཁྱད་ཆོས། དད་པ་མེད་པའི་སྐྱོན། དད་པ་བསྐྱེད་པའི་ཕན་

p. 224

ཡོན་ནོ། །དང་པོ་ནི། དེ་ལྟར་སྐྱབས་སུ་འགྲོ་བ་སོགས་དཀར་ཆོས་ཐམས་ཅད་ཀྱི་རྩ་བ་ནི་དད་པ་ཁོ་ན་ཡིན་པས་ཐོག་མ་ཉིད་ནས་དད་པ་བསྐྱེད་པའི་ཚུལ་ལ་སློབ་པ་གལ་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། དད་ཅན་ཉིད་ཕྱིར་ཆོས་ལ་བསྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །དེ་ཡི་སྔོན་འགྲོ་དད་པ་ཡིན། །ཞེས་དང་། རྒྱུད་བླ་མ་ལས། རང་བྱུང་ཉིད་ཀྱི་དོན་དམ་ནི། །དད་པ་ཉིད་ཀྱིས་རྟོགས་བྱ་ཡིན། །ཞེས་སོ། །གཉིས་པ་དད་པའི་རྣམ་གྲངས་ནི། དེའང་སྤང་བླང་གི་ཡུལ་ལ་འཇུག་ལྡོག་དམིགས་པའི་བློ་རབ་ཏུ་དང་ཞིང་མ་འཁྲུགས་པ་ནི་དད་པའི་ངོ་བོ་སྟེ། དེ་ལ་དབྱེ་ན་གསུམ། དང་བ་དང་། འདོད་པ་དང་། ཡིད་ཆེས་ཀྱི་དད་པའོ། །དང་པོ་ནི། ཡུལ་གོང་མ་རྣམས་ཀྱི་ངོ་མཚར་བའི་ཡོན་ཏན་མཐོང་བའམ་ཐོས་པ་ལ་བརྟེན་ནས་གཡོ་སྒྱུའི་དྲི་མ་མེད་པར་དད་པའི་ཡིད་དགའ་བས་དྭངས་སང་ངེ་བར་གནས་པ་སྟེ། དཔེར་ན་ནོར་བུ་ཆུ་དྭངས་ཀྱིས་ཆུ་རྙོགས་སེལ་བ་ལྟར་བློའི་ཉེས་སྤྱོད་ཐམས་ཅད་དྭངས་བར་བྱེད་པའོ། །གཉིས་པ་འདོད་པའི་དད་པ་ནི།

p. 225

འཁོར་བའི་སྡུག་བསྔལ་སྤང་བར་འདོད་པ་དང་། ཐར་པའི་བྱང་ཆུབ་ཐོབ་པར་འདོད་པ་དང་། དེ་གཉིས་ཀྱི་རྒྱུ་བླང་དོར་ལ་འཇུག་ལྡོག་བྱེད་པར་འདོད་པ་སྟེ། དཔེར་ན་ནོར་འདོད་ཅན་ནོར་དོན་དུ་གཉེར་བ་ལྟར་དམ་པའི་ཆོས་དོན་དུ་གཉེར་བ་ལ་འཇུག་པར་བྱེད་པའོ། །གསུམ་པ་ཡིད་ཆེས་པའི་དད་པ་ནི། འཁོར་བའི་རྒྱུ་འབྲས་སྤང་བྱར་ཡིད་ཆེས་པ། འདས་པའི་རྒྱུ་འབྲས་བླང་བྱར་ཡིད་ཆེས་པ། ལུང་མ་བསྟན་རྣམས་དགོས་མེད་དུ་ཡིད་ཆེས་པ་སྟེ། དཔེར་ན་ལོ་ཏོག་ལ་ཡིད་ཆེས་པས་སོ་ནམ་ལ་འཇུག་པ་ལྟར་དམ་པའི་ཆོས་ལ་མི་བསླུ་བར་ཡིད་ཆེས་ནས་ཐེ་ཚོམ་མེད་པར་འཇུག་པའི་ངེས་ཤེས་ཐོབ་པའོ། །གསུམ་པ་དད་པ་བསྐྱེད་ཚུལ་ནི། དད་པ་མེད་ན་ཡོན་ཏན་གཞན་ཇི་ཙམ་མང་ཡང་ཕན་པ་མེད་དེ་གཟུགས་མཛེས་ཀྱང་མིག་མེད་པ་དང་འདྲ་བས་དད་པ་བསྐྱེད་པ་ལ་འབད་པར་བྱ། དེའང་དུས་བཞིར་མི་རྟག་པ་བསྒོམ་ལ་དད་པ་བསྐྱེད། ལས་འབྲས་ཕྲ་མོ་ནས་བསམ་ལ་དད་པ་བསྐྱེད། གང་ལའང་ཡོན་ཏན་དུ་བསམ་ནས་དད་པ་བསྐྱེད། ཆོས་ཀྱི་དཀོན་ཚུལ་ལ་བསམ་ཞིང་དད་པ་བསྐྱེད། །

p. 226

བླ་མའི་བཀའ་དྲིན་བསམ་ཞིང་དད་པ་བསྐྱེད། མཆེད་གྲོགས་ལ་དག་སྣང་བསམ་ཞིང་དད་པ་བསྐྱེད། སངས་རྒྱས་ཀྱི་ཡོན་ཏན་བསམ་ཞིང་དད་པ་བསྐྱེད། གཞན་ཐམས་ཅད་ངོ་མཚར་ཅན་ཤ་སྟག་ཏུ་བསམ་ནས་མཐོ་དམན་དང་ཕྱོགས་རིས་མེད་པར་དད་པ་བསྒོམ་ཞིང་རང་རྒྱུད་འདུལ་བ་གཅེས་སོ། །དེ་ལྟར་ཡང་ཀུན་མཁྱེན་ཆོས་རྗེས། བཙལ་བའི་ཐབས་ཀྱིས་དད་པ་མ་བསྐྱེད་ན། །དགེ་ལེགས་མི་འགྲུབ་གཏན་དུ་སྲིད་པར་འཁྱམ། །དེ་ཕྱིར་གང་དག་གང་ལ་བརྟེན་ནས་ཀྱང་། །དད་པ་བསྐྱེད་པའི་ཐབས་ལ་འབད་པར་བྱ། །ཞེས་གསུངས། དེའང་སྐྱེས་བུ་དམ་པ་དག་ནི་བརྟག་དཔྱད་སྔོན་དུ་འགྲོ་བས་དང་པོར་བླ་མ་དང་ཆོས་འཚོལ་བར་མཁས་ཤིང་། རྙེད་ནས་འགྱུར་ལྡོག་མེད་པའི་དད་པ་རི་རྒྱལ་ལྟ་བུ། འཕེལ་འགྲིབ་མེད་པ་ཉི་མ་ལྟ་བུ། ཁ་གཏིང་མེད་པ་རྒྱ་མཚོ་ལྟ་བུ། བྱས་ཡུས་མེད་པ་མ་ལྟ་བུ། མཐའ་དབུས་མེད་པ་ནམ་མཁའ་ལྟ་བུ། ཐང་ལྷོད་མེད་པ་གཞུ་བ་དུང་བའི་རྒྱུད་ལྟ་བུ། སྐྱོ་ངལ་མེད་པ་གྲུ་ཟམ་ལྟ་བུ། རྒྱུན་ཆད་མེད་པ་ཆུ་བོའི་གཞུང་ལྟ་བུ། གཞན་གྱིས་བསྒྱུར་བའམ་བཀའ་བཀྱོན་པ་

p. 227

སོགས་ཀྱིས་རྐྱེན་གྱིས་མི་འཕྲོགས་པ་ནམ་མཁའ་ལྟ་བུ། གུས་ཤིང་མཉེན་ལྕུག་དང་ཞེ་སས་བརྒྱན་པའི་དད་པ་དར་ཐག་ལྟ་བུ་སྟེ་ཆོས་བཅུ་དང་ལྡན་པས་བསྟེན་པ་ལྟར་བསླབ་པར་བྱའོ། །དེ་ལྟར་བསྐྱེད་པས་དད་པ་སྐྱེས་པའི་ཚད་ནི། འཁོར་བའི་འཁྲུལ་སྣང་ལ་ཡིད་བྱུང་བ་སྐྱུག་ནད་ཅན་གྱིས་ཟས་མཐོང་བ་ལྟ་བུ། བླ་མ་ལ་མོས་གུས་ཀྱིས་གདུང་བ་བུ་ཆུང་མ་ལ་གདུང་བ་ལྟ་བུ། ཐོས་བསམ་ལ་ནན་ཏན་ཆེ་བ་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ། བསླབ་པ་ལ་གཅེས་སྤྲས་བྱེད་པ་དབུལ་པོས་གསེར་གཡུ་རྙེད་པ་ལྟ་བུ། དགེ་སྦྱོར་ལ་ཉམས་སུ་ལེན་པར་སྤྲོ་བ་ཚོང་པ་གསེར་གླིང་དུ་ཕྱིན་པ་ལྟ་བུ། ཐེག་པ་ཐམས་ཅད་ལ་དད་པ་འདོད་པ་ཅན་ཚོང་འདུས་སུ་ཕྱིན་པ་ལྟ་བུ་འབྱུང་ལ། དེའི་དུས་སུ་རང་རྒྱུད་ཆོས་ཀྱིས་དུལ་ནས་ཆོས་དང་གང་ཟག་མ་འཛོལ་བ་བྱུང་བ་ཡིན་ནོ། །བཞི་པ་དད་པ་འཕེལ་འགྲིབ་ཀྱི་རྒྱུ་རྐྱེན་བསྟན་པ་ལ་གཉིས། དད་པ་འཕེལ་བའི་རྒྱུ་ལ་བསྟེན་ཅིང་གོང་དུ་སྤེལ་བ་དང་། དད་པ་འགྲིབ་པའི་རྐྱེན་ཤེས་པར་བྱས་ཏེ་སྤོང་བའོ། །དང་པོ་ནི། དད་པ་དེའང་བླ་མ་དམ་པ་མཚན་ཉིད་ལྡན་པ་སྙིང་ནས་

p. 228

བསྟེན་པ་ལས་འཕེལ། གྲོགས་ཁྱད་པར་ཅན་ཆོས་དང་རང་རྒྱུད་འདྲེས་པ་ལ་བརྟེན་ནས་འཕེལ། མདོ་རྒྱུད་ཟབ་མོ་བལྟས་པ་ལས་འཕེལ། འཆི་བ་ཡེངས་མེད་དུ་བསམ་པ་ལས་འཕེལ། ལས་རྒྱུ་འབྲས་ཀྱི་གཏམ་རྒྱུད་མཐོང་ཐོས་ལས་འཕེལ། ཟབ་མོའི་སྒོམ་སྒྲུབ་སྔར་བས་ཐུན་ཆེར་བྱས་པ་ལས་འཕེལ་ཏེ། གསང་བ་བསམ་གྱིས་མི་ཁྱབ་པ་ལས། དེས་ནི་ཉེས་པར་སྤྱོད་པ་རྣམས་ལ་མི་འཇུག་ཅིང་འཕགས་པ་རྣམས་ཀྱིས་བསྔགས་པའི་ལས་བྱེད་པའི་ཕྱིར་རོ། །ཞེས་སོ། །དེ་ལྟར་ཐམས་ཅད་རེ་རེ་ནས་ཉིན་རེ་བཞིན་གོང་དུ་སྤེལ་བ་ལ་བསླབ་པར་བྱའོ། །གཉིས་པ་དད་པ་འགྲིབ་པའི་རྐྱེན་ཤེས་པར་བྱས་ཏེ་སྤོང་བ་ནི། དམ་པའི་ཆོས་ལ་ཞུགས་དུས་བདུད་རྣམས་ཀྱིས་བར་དུ་གཅོད་པས་དེས་བྱིན་གྱིས་བརླབས་པ་ན་དད་པ་འགྲིབ་པར་གསུངས་ཏེ། རང་ལ་བདུད་ཞུགས་པའི་རྟགས་སུ་བླ་མ་དགེ་བའི་བཤེས་གཉེན་ལ་སྐྱོན་དུ་རྟོག་པ་དང་། ཆོས་མཛད་སྤྱིའི་སྐྱོན་ལ་རྟོག་པ་དང་། ཐ་མལ་གྱི་གྲོགས་དང་འགྲོགས་པ་དང་། ཉམས་ལེན་གྱི་བརྩོན་འགྲུས་འགྲིབ་པ་དང་། འདོད་ཡོན་རང་དགར་སྤྱོད་

p. 229

པ་དང་། དཀོན་མཆོག་ལ་མོས་གུས་མེད་པ་འབྱུང་སྟེ། བཟློག་པའི་ཐབས་ནི། བླ་མ་དང་དཀོན་མཆོག་མཆེད་གྲོགས་རྣམས་ཀྱི་ཡོན་ཏན་བསམ་ཞིང་ཆོས་བྱེད་ཐམས་ཅད་ལ་དག་སྣང་དང་མོས་གུས་བསྐྱེད། ཕ་རོལ་ངན་པར་མཐོང་བ་ནི་རང་ཉིད་མ་དག་པའི་རྟགས་ཏེ་དུང་སེར་པོར་མཐོང་བ་བཞིན་ནོ་སྙམ་དུ་རང་ལ་གྲོས་གདབ། འདོད་ཡོན་གྱི་ཉེས་དམིགས་དྲན་ཞིང་ཐ་མལ་པ་དང་མི་འགྲོགས། དད་པ་འགྲིབ་པ་དེ་བདུད་དུ་ཤེས་པར་བྱ་སྟེ། ཡུམ་ལས། བདུད་སྡིག་ཏོ་ཅན་ནི་ལས་དང་པོ་པ་དག་གི་མདུན་དུ་འོངས་ཏེ་མོས་པ་དག་ཀྱང་ཟློག་པར་བྱེད། བྱང་ཆུབ་སེམས་དཔའི་སྤྱོད་པ་དག་ཀྱང་ཕྱིར་ཕྱོགས་པར་བྱེད་དོ། །ཞེས་སོ། །ལྔ་པ་དད་པའི་ཁྱད་ཆོས་བསྟན་པ་ནི། གང་ལ་དད་པ་ཡོད་པའི་ཁྱད་ཆོས་ཇི་ལྟར་ཞེ་ན། དད་པ་ཡོད་ན་ཞིང་ས་གཤིན་པོ་དང་འདྲ་སྟེ་བྱང་ཆུབ་ཀྱི་མྱུ་གུ་རྒྱས་པར་འཁྲུངས། དད་པ་རྒྱ་མཚོའི་གཟིངས་དང་འདྲ་སྟེ་འཁོར་བའི་ཆུ་བོ་ལས་སྒྲོལ། དད་པ་སྐྱེལ་མ་བཟང་པོ་དང་འདྲ་སྟེ་ཉོན་མོངས་པའི་དགྲ་ལས་སྐྱོབ། དད་པ་བཞོན་པ་བཟང་པོ་དང་འདྲ་སྟེ་ཐར་

p. 230

པའི་གླིང་དུ་འདྲེན། དད་པ་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་འདོད་པ་ཐམས་ཅད་འགྲུབ། དད་པ་སྟོབས་ལྡན་དཔའ་བོ་དང་འདྲ་སྟེ་མི་དགེ་བ་ཀུན་ཚར་གཅོད་པར་བྱེད་པའོ། །དེས་ན་དད་པ་ནི་དམ་པའི་མཆོག་ཡིན་ཕྱིར་འཕགས་ནོར་བདུན་གྱིའང་དང་པོ་སྟེ་གང་ལ་དད་པ་ཉིད་ཡོད་པ་དེ་ནི་གཞན་ལས་ཁྱད་པར་འཕགས་ཀྱང་ཤིན་ཏུ་དཀོན་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པས་རྒྱལ་བའི་ཆོས་ལ་རབ་དགའ་སྐྱེ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པས་མི་ཁོམ་སྤང་ཞིང་དལ་བ་མཆོག །དད་པས་བདུད་ཀྱི་ལམ་ལས་ལྡོག་བྱེད་ཅིང་། །དད་པ་རྒྱལ་བའི་གོ་འཕང་ཐོབ་བྱེད་ཡིན། །གང་དག་འདི་འདྲའི་ཆོས་ལ་དད་བྱེད་པ། །དེ་དག་སོ་སོ་སྐྱེ་བོའི་ཚོགས་ན་དཀོན། །ཞེས་སོ། །དྲུག་པ་དད་པ་མེད་པའི་སྐྱོན་ནི། གང་ཞིག་དད་པ་མེད་པ་དག་ནི་ཆོས་ཀྱི་སྐལ་པས་ཕོངས་པས་སྐྱོན་དཔག་ཏུ་མེད་པ་ཉིད་དེ། རྒྱ་མཚོའི་གཏིང་གི་ཕ་ཝང་སྟེང་དུ་མི་འབྱུང་བ་ལྟར་དད་པ་མེད་ན་ཐར་པའི་སྐམ་སར་ཕྱིན་མི་སྲིད། མཉན་པ་མེད་པའི་གྲུས་ཕ་རོལ་ཏུ་མི་ཕྱིན་པ་ལྟར་དད་པ་མེད་ན་སྡུག་བསྔལ་གྱི་ཆུ་བོ་ལས་སྒྲོལ་

p. 231

མི་སྲིད། ལག་རྡུམ་གསེར་གླིང་དུ་ཕྱིན་ཀྱང་ལེན་མི་ཤེས་པ་ལྟར་དད་པ་མེད་ན་ཡོན་ཏན་རྒྱུད་ལ་ལོན་མི་སྲིད། ས་བོན་མེས་ཚིག་པ་ལས་མྱུ་གུ་མི་འབྱུང་བ་ལྟར་དད་པ་མེད་ན་བྱང་ཆུབ་ཀྱི་མྱུ་གུ་འཁྲུངས་མི་སྲིད། ལོང་བ་ལྷ་ཁང་དུ་ཕྱིན་པ་ལྟར་དད་པ་མེད་ན་ཆོས་ཀྱི་སྣང་བ་མཐོང་མི་སྲིད། སྤྱང་པོ་འཁོར་དོང་དུ་ཚུད་པ་ལྟར་དད་པ་མེད་ན་ཅི་བྱས་འཁོར་བའི་ལས་སུ་གྱུར་ནས་ནམ་ཡང་ཐར་པའི་བྱང་ཆུབ་འཐོབ་མི་སྲིད་པ་སྟེ། ཆོས་བཅུ་པའི་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལས། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་སོ། །བདུན་པ་དད་པ་བསྐྱེད་པའི་ཕན་ཡོན་ནི། དེ་ལྟར་དད་པ་བསྐྱེད་ཅིང་སྤེལ་བ་ལ་ཡོན་ཏན་ཚད་མེད་པའི་ཚུལ་ཡང་། དཀར་པོའི་ཆོས་ཐམས་ཅད་ཀྱི་གཞིར་གྱུར་པ་དང་། འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་བ་དང་། ཐར་པའི་ལམ་སྣ་ཟིན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྟག་ཏུ་དགོངས་པ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་དང་། ཤེས་རབ་དང་ལྡན་པ་དང་། སྐྱེ་བ་

p. 232

ཀུན་ཏུ་བླ་མ་དམ་པ་དང་། ཆོས་དམ་པ་དང་། གྲོགས་དམ་པ་རྣམས་སྐྱེས་མ་ཐག་པ་ནས་མཇལ་ཞིང་ཆོས་ལ་སྤྱོད་པ་དང་། དཀར་པོ་ལ་དགའ་བའི་ལྷས་བསྲུང་བ་དང་། བདེ་བར་གཉིད་དུ་འགྲོ་ཞིང་རྨི་ལམ་དུའང་བླ་མ་དང་དཀོན་མཆོག་མཇལ་ནས་ཆོས་ལ་སྤྱོད་པའི་སྣང་བ་བཟང་པོ་རྨི་ཞིང་བདེ་བར་སད་པ་དང་། ཅི་བསམ་པ་རྣམས་འགྲུབ་པ་དང་། བདེ་བར་ཚེའི་དུས་བྱེད་ཅིང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ལམ་སྣ་འདྲེན་པ་དང་། བར་དོའི་འཇིགས་པ་ཐམས་ཅད་མེད་པ་དང་། གང་དུ་སྨོན་པའི་གནས་སུ་སྐྱེ་ཞིང་དཀོན་མཆོག་གི་གདུང་འཚོབ་པ་དང་། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་ཕན་ཡོན་མཐའ་ཡས་པ་ཡིན་ནོ། །དེ་སྐད་དུ་དཀོན་མཆོག་སྒྲོན་མེ་ལས། གང་གིས་ཞིང་བཅུའི་རྡུལ་སྙེད་སེམས་ཅན་ལ། །བདེ་བ་ཀུན་གྱིས་བསྐལ་པར་བསྙེན་བཀུར་བས། །ཆོས་འདིར་དད་པའི་བསོད་ནམས་ཅི་འདྲ་བ། །ཁྱད་པར་འཕགས་པ་དེ་ཉིད་དེ་ལ་མེད། །ཅེས་སོ།། །།གཉིས་པ་སྐབས་ཀྱི་བསྒོམ་དོན་བློ་ལ་འགོད་པ་ནི། དབེན་པའི་གནས་སུ་བདེ་བའི་བསྟན་པ་ལུས་གནད་བདེ་

p. 233

ལུགས་སུ་འཁོད་སེམས་རྣལ་དུ་ཕབ་པ་ལ་དམིགས་པ་འདི་ལྟར་བསྒོམ་སྟེ། རང་ཉིད་གང་དུ་གནས་པའི་ས་ཕྱོགས་འདི་ཉིད་དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་ལ་ཁོད་སྙོམས་པ། མནན་ན་ནེམ་ཞིང་བཏེགས་ན་འཕར་བ། བདུད་རྩིའི་ཆུ་ཀླུང་། དཔག་བསམ་གྱི་ལྗོན་ཤིང་། མེ་ཏོག་སྣ་ཚོགས་དང་། གུར་གུམ་རྩྭ་ལྗང་གཞོན་ནུའི་ནེའུ་སེང་གིས་གཏམས་པ་ལ་ཅང་ཤེས་སྤུ་སྡུག་ངོམས་པའི་རི་དྭགས་སྣ་ཚོགས་བདེ་བར་བག་ཕེབས་པས་རྒྱུ་བ་སོགས། མདོར་ན་ཞིང་ཁམས་ཀྱི་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་ཤིན་ཏུ་མཛེས་ཤིང་ཉམས་དགའ་བའི་རང་བཞིན་ཅན་དུ་བསམ། དེའི་དབུས་སུ་དྲི་མེད་དྷ་ན་ཀོ་ཤའི་ཆུ་མཚོ་ཡན་ལག་བརྒྱད་དང་ལྡན་པ་འཁྱིལ་བ་ལ་ལྷའི་བྱ་སྐད་སྙན་པར་སྒྲོགས་པ་དུ་མས་གང་ཞིང་། མཚོ་མཐའ་རིན་པོ་ཆེ་སྣ་ཚོགས་ཀྱི་གྲམ་བུ་དང་གསེར་གྱི་བྱེ་མས་ཁེབས་པ། མཚོ་དཀྱིལ་དུ་རིན་པོ་ཆེ་ལས་གྲུབ་པའི་པདྨའི་སྡོང་པོ་རྩ་བ་གཅིག་ལ་ཡལ་ག་ཕྱོགས་བཞི་དབུས་ལྔར་གྱེས་པ་གདུགས་ལྟར་འཁྱིལ་ཞིང་རྩེ་མོ་ལོ་འདབ་ཕྱོགས་བཅུར་རྒྱས་པས་ནམ་མཁའི་ཁྱོན་གང་

p. 234

བ། མེ་ཏོག་དང་འབྲས་བུ་ཕུན་སུམ་ཚོགས་པས་རབ་ཏུ་དུད་པ། ཕན་ཚུན་གསེར་གྱི་ཐ་གུས་བྲེས་པ། མེ་ཏོག་གི་ཆུན་འཕྱང་དང་ཁ་དོག་སྣ་ཚོགས་པའི་དར་དཔྱངས། རིན་པོ་ཆེའི་དྲྭ་བ་དང་དྲྭ་བ་ཕྱེད་པ། གསེར་དངུལ་གྱི་དྲིལ་གཡེར་ལ་སོགས་པས་མཛེས་པར་སྤྲས་པ་ལས་རླུང་གཡོས་པ་ཙམ་གྱིས་ཆོས་ཀྱི་སྒྲ་སྐད་ལྷང་ལྷང་སྒྲོག་པ། དེའི་དབུས་ཀྱི་སྙིང་པོ་ལ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་མཐོ་ཞིང་ཡངས་པའི་ལྟེ་བར་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་གེ་སར་ཟེ་ཕོན་རྒྱས་པའི་སྟེང་དུ་ཉི་ཟླ་བརྩེགས་པའི་གདན་དང་བཅས་པ་གསལ་བཏབ། དེའི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་སྤྱི་གཟུགས་རང་གི་དྲིན་ཆེན་རྩ་བའི་བླ་མ་དེ་ཉིད་རྣམ་པ་གུ་རུ་སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། སྐུ་མདོག་དཀར་དམར་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ། གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོས་མཛེས་པ། ཞལ་ཁྲོ་འཛུམ་གཟིམ་མདངས་དང་ལྡན་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་པུས་མོ་གཡས་པའི་སྟེང་ནས་བསྡིག་སྟབས་སུ་འཛིན་ཅིང་། གཡོན་མཉམ་གཞག་

p. 235

བདུད་རྩའི་ཐོད་ཞལ་ཚེ་བུམ་དང་བཅས་པ་བསྣམས་པ། སྐུ་ལ་རྡོ་རྗེའི་གསང་གོས་དཀར་པོ། སྔགས་ཀྱི་ཕོད་ཀ་མཐིང་ནག །ཆོས་གོས་དམར་པོ་གསེར་གྱི་ཧ་རིས་ཅན། ཟ་འོག་དབང་མདོག་གི་བེར་ཆེན་རྣམས་བརྩེགས་མར་གསོལ་བ། དབུ་ལ་ཤ་བའི་སྙན་ཞུ་རྒོད་ལྡེམ་དར་སྣས་བརྒྱན་པས་བརྗིད་པ། མཆན་ཁུང་དུ་ཡུམ་ལྷ་ལྕམ་སྦས་པའི་ཚུལ་གྱི་ཁ་ཊྭཱྃ་ཀ་འཆང་བ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་འཇའ་ཟེར་འོད་ཕུང་དྭངས་མར་འཁྲིགས་པའི་ཀློང་དུ་རོལ་པ། ཐུགས་དགྱེས་ཤིང་བརྩེ་བས་བདག་སོགས་ལ་དགོངས་པས་ཕྱོགས་ཏེ་བཞུགས་པར་བསམ། དེའི་དབུ་གཙུག་ཏུ་པདྨ་ཉི་ཟླའི་གདན་ལ་ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ་སུམ་ལྡན་རྡོ་རྗེ་འཛིན་པའི་ཆ་བྱད་ཅན། སྐུ་མདོག་དཀར་སྨུག་ཅུང་ཟད་བསྒྲེས་ཉམས་དབུ་ལ་པཎ་ཞུ་དང་སྐུ་ལ་ཆོས་གོས་ཟ་བེར་གསོལ་བ། ཕྱག་གཡས་མཆོག་སྦྱིན་དང་གཡོན་ཐོད་པ་བདུད་རྩིས་བཀང་བ་བསྣམས་པ། སྐུ་སྐེད་དུ་གནམ་ལྕགས་ཀྱི་མགུལ་ཕུར་འཆང་ཞིང་ཞབས་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཁྲག་འཐུང་བདུད་འཇོམས་

p. 236

གླིང་པ་སྐུ་མདོག་སྨུག་པོ་ཞལ་རྒྱན་ཐུགས་ཀའི་རྒྱ་མདོར་སླེབས་པ། སྤྱན་འབྲུ་ཚུགས་ཧུར་ཉམས་ཅན། དབུ་སྐྲ་རལ་པ་སྤྱི་བོར་བཅིངས་པ་གླེགས་བམ་གྱིས་མཚན་ཅིང་ལྷག་མ་སིལ་བུར་གྲོལ་བ། ཟ་འོག་སྨུག་པོའི་འདུང་མ་དང་རས་དཀར་གྱི་འགན་སྦྱར་གསོལ་བ། དུང་ལོང་གི་སྙན་ཆ་དང་ཤེས་རབ་ཀྱི་རལ་གྲི་སྐེད་ལ་བརྟེན་པ། ཕྱག་གཡས་རྡོ་རྗེ་འགྱིང་སྟབས་ཀྱིས་གདེངས་ཤིང་གཡོན་གནམ་ལྕགས་ཀྱི་ཕུར་བུ་འདྲིལ་བ། ཞབས་གཡོན་ཅུང་ཟད་བརྐྱངས་པའི་རོལ་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་དམར། ཕྱག་གཡས་པས་ཐོད་རྔ་འཁྲོལ་སྟབས་དང་གཡོན་མཉམ་གཞག་བདུད་རྩིའི་ཀ་པཱ་ལ་བསྣམས་པ། དར་གྱི་སྨད་དཀྲིས་དང་ཅོད་པན་རིན་པོ་ཆེ་དང་རུས་པའི་རྒྱན་ཕྲེང་སོགས་རྣལ་འབྱོར་མའི་ཆ་བྱད་ཅན། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་སྤྱི་བོར་རྒྱལ་དབང་པདྨ་འབྱུང་གནས་རྒྱ་གར་པཎ་ཆེན་གྱི་ཆ་བྱད་ཅན། ཕྱག་གཡས་ཐུགས་ཀར་རྡོ་རྗེ་དང་གཡོན་མཉམ་གཞག་ཀ་པཱ་ལ་དང་ཚེ་བུམ་བསྣམས་པ། མཆན་གཡོན་དུ་ཁ་ཊྭཱྃ་ཀ་བརྟེན་ཅིང་

p. 237

ཞབས་ཡོན་ཅུང་ཟད་བརྐྱངས་པའི་རྒྱལ་པོ་རོལ་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་རིག་འཛིན་ཤྲཱི་སེང་ཧ་སྐུ་མདོག་སྔོ་སྐྱ་དབུ་ལ་པཎ་ཞུ་དམར་པོ་དང་། སྐུ་ལ་ཤ་གོས་སྔོན་པོ་ཆོས་གོས་རྣམ་གསུམ་གསོལ་བ། ཕྱག་གཡས་དཀུ་གཡས་པའི་ཐད་ཀའི་ས་ལ་བཙུགས་ཤིང་གཡོན་པུས་སྟེང་ས་གནོན། ཞབས་ཕྱེད་སྐྱིལ་གྱིས་བཞུགས་པ། དེའི་སྤྱི་བོར་སློབ་དཔོན་འཇམ་དཔལ་བཤེས་གཉེན་སྐུ་མདོག་སེར་ནག་སྔ་མ་བཞིན་པཎ་གྲུབ་ཆས་ཅན། ཕྱག་གཡས་སྐྱབས་སྦྱིན་དང་གཡོན་མཉམ་གཞག་ནོར་བུ་བསྣམས་པ། ཞབས་གཡས་ཅུང་ཟད་བརྐྱངས་པའི་རོལ་སྟབས་ཀྱིས་བཞུགས་པ། དེའི་སྤྱི་བོར་སྤྲུལ་སྐུ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་པོ་དབུ་ལ་གཙུག་ཏོར་སོགས་མཆོག་གི་སྤྲུ་སྐུའི་ཆ་བྱད་ཅན། ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་མཛད་ཅིང་ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ལོངས་སྐུ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་གསལ་ལོངས་སྤྱོད་རྫོགས་པའི་ཆས་ཅན། ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར་ཞིང་གཡོན་དྲིལ་བུ་དཀུར་བརྟེན་པ། ཞབས་རྡོ་རྗེའི་སྐྱིལ་

p. 238

ཀྲུང་གིས་བཞུགས་པ། དེའི་སྤྱི་བོར་ཆོས་སྐུ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་གསལ་གཅེར་བུ་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་ཅན། ཡུམ་ཀུན་ཏུ་བཟང་མོ་དཀར་གསལ་དང་མཉམ་པར་སྦྱོར་བ་སྟེ། ཐམས་ཅད་ཀྱང་རང་འོད་ཐིག་ལེ་འཇའ་གུར་གྱི་ཀློང་དུ་གཟི་བརྗིད་མཆོག་ཏུ་འབར་བཞིན་བཞུགས་པར་བསམ། གཞན་ཡང་བརྒྱུད་པའི་བླ་མ་ཐོ་བརྩེགས་སུ་བཞུགས་པ་རྣམས་ཀྱི་མཐའ་སྐོར་བར་སྣང་གི་ཆ་ལ་བཅོམ་ལྡན་འདས་རིགས་ལྔའི་སངས་རྒྱས་སོགས་ལོངས་སྤྱོད་རྫོགས་སྐུ་ཞི་བ་དང་ཁྲོ་བོའི་ཚུལ་ཅན་ཇི་སྙེད་པ་དང་། རྫོགས་ཆེན་སྟོན་པ་བཅུ་གཉིས་སོགས་མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་རྣམས་དང་། གསང་བའི་བདག་པོ་སོགས་རྒྱལ་བ་ས་བཅུ་རྒྱུན་མཐར་གནས་པའི་ཚུལ་འཆང་རྒྱལ་སྲས་ཐུ་བོ་རྣམས་དང་། དམ་པའི་རིགས་ཅན་དྲྭ་མ་ལྔ། སྐལ་ལྡན་རྒྱལ་པོ་ཛཿ མཁའ་འགྲོ་མ་བདེ་བའི་འཁོར་ལོ། བཀའ་བབས་ཀྱི་རིག་འཛིན་བརྒྱད། མཁས་པ་ཉེར་གཅིག་སོགས་རིག་འཛིན་བརྡའི་བརྒྱུད་པ་རྣམས་དང་། ཛམ་གླིང་རྒྱན་དྲུག །གྲུབ་ཆེན་བརྒྱད་ཅུ། རྗེ་འབངས་ཉེར་ལྔ། སྤྲུལ་སྐུ་གཏེར་སྟོན་བརྒྱ་རྩ་

p. 239

སོགས་གྲུབ་པ་མཆོག་གི་ས་ལ་གཤེགས་པའི་ཚོམ་བུ་འབུམ་ཕྲག་ཇི་སྙེད་པའི་ཚོགས་གང་ཟག་སྙན་ཁུང་གི་བརྒྱུད་པ་རྣམས་དང་བཅས་པ་གངས་རི་ལ་སྤྲིན་ཕུང་གཏིབས་པ་བཞིན་བཞུགས་པར་མོས། འདིར་དགོངས་བརྡ་སྙན་བརྒྱུད་ཀྱི་ངོས་འཛིན་ཚུལ་ཡང་། ཀུན་ཏུ་བཟང་པོ་ནས་རྡོ་རྗེ་སེམས་དཔའ་མ་ཕྱག་ན་རྡོ་རྗེ་ཡན་དགོངས་བརྒྱུད་དང་། དགའ་རབ་རྡོ་རྗེ་ནས་སློབ་དཔོན་ཆེན་པོའི་བར་བརྡ་བརྒྱུད། རྗེ་འབངས་གྲོགས་གསུམ་སོགས་ནས་རྩ་བའི་བླ་མའི་བར་ལ་སྙན་བརྒྱུད་ཅེས་བྱ་ཞིང་། གཏེར་བརྒྱུད་སྐབས་འདིར་ཁྱད་པར་གྱི་བརྒྱུད་པ་གསུམ་ཡང་ལྡན་པ་སྟེ། བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་གསུམ་ཀ་སྤྲུལ་སྐུ་གཏེར་སྟོན་ཆེན་པོ་ཉིད་ལ་ཚང་བ་དང་། བྱིན་རླབས་འཕོ་བའི་བཀའམ་རྟོགས་པ་དོན་གྱི་བརྒྱུད་པ་ནི་རྩ་བའི་བླ་མ་ལ་འདུས་པ་ཡིན་ནོ། །དེ་ནས་ཕྱོགས་བཞིར་གྱེས་པའི་ཡལ་ག་བཞི་ལ་སེང་ཁྲི་པདྨ་ཉི་ཟླ་བརྩེགས་པའི་གདན་མཐོ་ཞིང་རྒྱ་ཆེ་བ་རེ་རེ་གསལ་བཏབ་སྟེ། མདུན་གྱི་ཡལ་གའི་གདན་ལ་ཁྱད་པར་གྱི་སངས་རྒྱས་དཀོན་མཆོག་དཔལ་ཆེན་

p. 240

རྡོ་རྗེ་གཞོན་ནུ་ཡབ་ཡུམ་སོགས་རང་ཉིད་གང་ལ་མོས་པའི་རྩ་བའི་ཡི་དམ་གྱི་དཀྱིལ་འཁོར་ལ་རྒྱུད་སྡེ་བཞིའམ་དྲུག་གི་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་ཀྱི་ཡལ་ག་ལ་སྤྱི་ཁྱབ་ཀྱི་སངས་རྒྱས་དཀོན་མཆོག་རྒྱལ་བ་ཤཱཀྱ་སེང་གེ་ལ་བསྐལ་བཟང་གི་སངས་རྒྱས་སྟོང་སོགས་ཕྱོགས་བཅུ་གསུམ་གྱི་སངས་རྒྱས་ཆགས་བྲལ་མཆོག་གི་སྤྲུལ་སྐུའི་ཆ་བྱད་ཅན་རྣམས་ཀྱིས་བསྐོར་བ། གཡོན་གྱི་ཡལ་ག་ལ་སྤྱི་ཁྱབ་ཀྱི་དགེ་འདུན་དཀོན་མཆོག་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སོགས་ཉེ་བའི་སྲས་ཆེན་བརྒྱད་ལ་ཐེག་ཆེན་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་དང་། གནས་བརྟན་ཆེན་པོ་བཅུ་དྲུག་སོགས་ཐེག་ཆུང་ཉན་རང་གི་དགྲ་བཅོམ་འཕགས་པའི་དགེ་འདུན་ཚོགས་ཀྱིས་བསྐོར་བ། རྒྱབ་ཀྱི་ཡལ་གར་འོད་ཀྱི་དྲྭ་མིག་གི་ཀློང་ན་དམ་པའི་ཆོས་དཀོན་མཆོག་ཐུན་མོང་གསུང་རབ་ཡན་ལག་བཅུ་གཉིས་དང་། ཁྱད་པར་སྔགས་ཀྱི་རྒྱུད་སྡེ་རབ་འབྱམས་གླེགས་བམ་བརྩེགས་པའི་རྣམ་པ་ཅན་གྲངས་མེད་པ་རི་རབ་ཀྱི་ངོས་ལྟར་ཡངས་ཤིང་བརྗིད་པ་ལས་ཨ་ཀ་ལིའི་རང་སྒྲ་དིར་དིར་སྒྲོགས་ཏེ་བཞུགས་པ། དེ་དག་གི་བར་མཚམས་

p. 241

དང་ཕྱི་རོལ་གྱི་མཐའ་སྐོར་དུ་ཁྱད་པར་གྱི་དགེ་འདུན་དཀོན་མཆོག་གནས་ཡུལ་ཞིང་སྐྱོང་གི་དཔའ་བོ་མཁའ་འགྲོ་མའི་ཚོགས་དང་། རྒྱུད་གསུམ་གྱིས་བསྡུས་པའི་ཆོས་སྐྱོང་སྲུང་མ་དྲག་ཤུལ་མཐུ་སྟོབས་ཀྱི་རྩལ་འཆང་ཞིང་ཡེ་ཤེས་ཀྱི་སྤྱན་མངའ་བའི་ཚོགས་ཐམས་ཅད་དབྱར་གྱི་ན་བུན་གཏིབས་པ་ལྟར་བཞུགས་པར་བསམ་ཞིང་། སྐྱབས་ཡུལ་ཐམས་ཅད་ཀྱང་ཐུགས་རྗེ་ལ་བྲི་གང་དང་དགོངས་པ་ལ་མཐོ་དམན་མེད་པར་རྩ་བའི་བླ་མའི་ཐུགས་བདེ་སྟོང་ཡེ་ཤེས་ཆེན་པོ་འབའ་ཞིག་པའི་སྣང་ཆ་ལས་ཤར་བར་ཆག་ཆོད་པའི་ངེས་ཤེས་བསྐྱེད་དེ། སྣོད་བཅུད་དག་པའི་ཞིང་ཁམས་ཉམས་དགའི་དབུས། །དྲི་མེད་ཡིད་འོང་དྷ་ན་ཀོ་ཤའི་མཚོ། །དེ་དབུས་རིན་ཆེན་པད་སྡོང་འདབ་རྒྱས་པ། །ཡལ་ག་ལྔ་ལྡན་དབུས་ཀྱི་ཟེའུ་འབྲུའི་སྟེང་། །སངས་རྒྱས་ཀུན་དངོས་བླ་མ་ཐོད་ཕྲེང་རྩལ། །སྣང་སྲིད་ཟིལ་གྱིས་གནོན་པའི་ཆ་བྱད་ཅན། །མཚན་དཔེའི་དཔལ་འབར་འཇའ་ཟེར་ཀློང་དུ་བརྗིད། །དབུ་གཙུག་དགོངས་པ་བརྡ་དང་སྙན་ཁུང་བརྒྱུད། །བཀའ་བབས་ལུང་བསྟན་སྨོན་ལམ་དབང་

p. 242

བསྐུར་བརྒྱུད། །མཁའ་འགྲོ་གཏད་རྒྱ་རྟོགས་པ་དོན་བརྒྱུད་ཀྱི། །རིག་འཛིན་བརྒྱུད་པའི་བླ་མ་མ་ལུས་པ། །ཡས་རིམ་བཞིན་དུ་ཐོ་བརྩེགས་ཚུལ་གྱིས་བཞུགས། །ཕྱོགས་བཞིའི་པད་སྡོང་ཡལ་ག་རབ་རྒྱས་སྟེང་། །གཡས་སུ་བཅོམ་ལྡན་ཤཱཀྱའི་རྒྱལ་པོ་ལ། །བསྐལ་བཟང་ཞིང་གི་སངས་རྒྱས་སྟོང་རྩ་སོགས། །ཕྱོགས་དུས་བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར། །རྒྱབ་ཏུ་འོད་ལྔའི་དྲྭ་མིག་མཛེས་པའི་ཀློང་། །ལུང་རྟོགས་དམ་ཆོས་གསུང་རབ་གླེགས་བམ་ཚུལ། །ཨ་ལི་ཀ་ལིའི་རང་སྒྲ་སྙན་པར་སྒྲོགས། །གཡོན་དུ་སེམས་དཔའ་ཉེ་བའི་སྲས་བརྒྱད་ལ། །འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་སོགས། །བྱང་སེམས་ཉན་རང་དགེ་འདུན་ཚོགས་ཀྱིས་བསྐོར། །མདུན་དུ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ལ། །རྒྱུད་སྡེ་བཞི་དྲུག་ཡི་དམ་ཞི་ཁྲོའི་ལྷ། །གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །ཕྱི་རོལ་བར་མཚམས་ཁོར་ཡུག་ཐམས་ཅད་དུ། །རྒྱུད་གསུམ་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས། །མ་ལུས་སྤྲིན་ཕུང་གཏིབས་པ་བཞིན་དུ་འཁོད། །ཀུན་ཀྱང་མཁྱེན་བརྩེ་ནུས་པའི་ཡེ་

p. 243

ཤེས་ཀྱིས། །འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཅན། །བདག་སོགས་འགྲོ་ཀུན་འདྲེན་པའི་དེད་དཔོན་དུ། །ཐུགས་རྗེ་ཆེན་པོས་དགོངས་ཏེ་བཞུགས་པར་གྱུར། །ཅེས་རང་ཅག་རྣམས་ལ་དགོངས་པས་ཕྱོགས་ཏེ་བཞུགས་པར་གསལ་བཏབ་ནས། དེའི་མདུན་དུ་རང་གི་གཡས་སུ་ཚེ་འདིའི་ཕ། གཡོན་དུ་མ། མདུན་དུ་དགྲ་བགེགས། རྒྱབ་ཏུ་གཉེན་འཁོར། མཐའ་སྐོར་དུ་དགྲ་གཉེན་བར་མའི་འགྲོ་བ་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་ལྟར་ཁྲོམ་ཚོགས་སུ་གནས་པ་ཐམས་ཅད་ཀྱི་བྱང་རང་གིས་དྲངས་ཏེ། ལུས་གུས་པས་ཐལ་མོ་པདྨ་ཁ་འབུས་པ་ལྟ་བུ་སྤྱི་བོར་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་དག་ཅིང་སྙན་པ་འུར་དིར་དིར་འདོན། ཡིད་གུས་པས་ན་རུང་ཚ་རུང་ཤི་རུང་གསོན་རུང་། མཐོར་གཏོང་དམར་གཏོང་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་སྐྱབས་གནས་རེ་ས་གཞན་ན་མེད་དོ། །བླ་མ་དཀོན་མཆོག་གསུམ་པོ་ཁྱེད་རང་མཁྱེན་ནོ། །བདག་སོགས་འཇིགས་རུང་འཁོར་བའི་རྒྱ་མཚོ་

p. 244

ལས་ད་ལྟ་ཉིད་དུ་དྲང་དུ་གསོལ་སྙམ་པའི་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོས། ན་མོཿ བདག་དང་མཐའ་ཡས་ཕ་མ་མཁའ་མཉམ་འགྲོ༔ ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི༔ སྐད་ཅིག་མི་འབྲལ་བརྩེ་བས་རྗེས་སུ་ཟུངས༔ ཞེས་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པར་བློ་དང་འདྲེས་ངེས་སུ་འབད་ཅིང་། ཐུན་གྱི་རྗེས་སུ་སྐྱབས་ཡུལ་རྣམས་ཀྱི་ཐུགས་ཀ་ནས་བྱིན་རླབས་བདུད་རྩིའི་རང་བཞིན་ཅན་འོད་ཟེར་དཀར་པོ་ཟླ་གཞོན་འབུམ་ཕྲག་དུས་གཅིག་ལ་ཤར་བ་ལྟ་བུ་བྱུང་། བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྒོ་གསུམ་གྱི་སྡིག་སྒྲིབ་མ་ལུས་པ་དག་ལུས་འོད་ཀྱི་གོང་བུར་གྱུར་ནས་སྐྱབས་ཡུལ་རྣམས་ལ་ཐིམ། སྐྱབས་ཡུལ་ཡང་འཁོར་རྣམས་རིམ་གྱིས་གཙོ་བོ་ལ་འདུས་ཤིང་དེའང་བླ་མ་ལ་ཐིམ། རྩ་བའི་བླ་མའང་འོད་ཀྱི་གོང་བུར་གྱུར་པ་ནམ་མཁའི་དབྱིངས་སུ་འཇའ་ལྟར་ཡལ་བར་བསམ་ལ་སེམས་མ་བཅོས་པའི་ངང་དུ་མཉམ་པར་བཞག་སྟེ། སྐྱབས་ཡུལ་རྣམས་ལས་བྱིན་རླབས་བདུད་རྩིའི་རྒྱུན། །དཀར་གསལ་འོད་ཟེར་རྣམ་པར་དཔག་

p. 245

མེད་བྱུང་། །བདག་གཞན་ལ་ཐིམ་སྒོ་གསུམ་སྒྲིབ་སྦྱངས་ནས། །སྐད་ཅིག་འོད་ཞུ་སྐྱབས་ཡུལ་རྣམས་ལ་ཐིམ། །སྐྱབས་ཡུལ་འཁོར་རྣམས་རིམ་ཞུ་གཙོ་བོར་འདུས། །གཙོ་བོ་མི་དམིགས་ཆོས་དབྱིངས་ཀློང་དུའོ། །ཞེས་ཐུན་བསྡུས་ལ་བསྔོ་སྨོན་གྱི་རྒྱས་གདབ་སྟེ་སྤྱོད་ལམ་ལ་འཇུག །ནུབ་མོ་ཉལ་བའི་ཚེ་ན་སྐྱབས་ཡུལ་རྣམས་མ་བསྡུས་པར་དེ་ཉིད་ལ་མགོ་ཕྱོགས་པས་ཉལ་བར་མོས་ཏེ་མོས་གུས་བསྒོམ་བཞིན་པས་གཉིད་དུ་འགྲོ་བར་བྱ་བ་ནི་དམིགས་པའི་ཡན་ལག་གོ །དེ་ལྟར་སྐྱབས་སུ་འགྲོ་བ་ལ་ཁ་ཙམ་ཚིག་ཙམ་རྗེས་ཟློས་ཁོ་ནས་མི་ཆོག་སྟེ་དཀོན་མཆོག་གསུམ་ལ་ཞེ་གཏིང་ནས་བློ་ཁེལ་བ་ཞིག་དགོས། བློ་ཁེལ་ན་དཀོན་མཆོག་གི་ཐུགས་རྗེས་སྐྱོབ་མི་ནུས་པ་གཏན་ནས་མི་སྲིད། ཚེ་འདིར་ངེས་པར་སྨིན་དགོས་པའི་ལས་ངན་བཟློག་ཏུ་མེད་པ་ལ་དཀོན་མཆོག་གི་ཐུགས་རྗེ་འཕྲལ་ལ་རྡུགས་པ་ལྟར་སྣང་ཡང་དད་པ་མ་ལོག་ན་ཕུགས་སུ་ངེས་པར་སྐྱོབ། ད་ལྟ་རང་རེས་མི་འདོད་པའི་རྐྱེན་ཕྲ་མོ་རེ་བྱུང་ཙ་ན་དཀོན་མཆོག་ལ་ཐུགས་རྗེ་མི་འདུག་སྙམ་དུ་ཡི་ཆད་འབྱིན་པ་ནི་སྙིང་ནས་བློ་
མ་ཁེལ་བའི་རྟགས་ཏེ། གནས་སྐབས་སུ་དཀོན་མཆོག་གི་ཐུགས་རྗེ་མི་འབྱུང་བའང་རང་གིས་གསོལ་བ་མ་ཐེབ་པའི་སྐྱོན་དུ་ཟད། དེས་ན་སྐྱབས་འགྲོའི་ཁོངས་སུ་མདོ་སྔགས་ཀྱི་ལམ་རིམ་ཕལ་ཆེར་འདུ་ཡང་། སྐྱབས་འགྲོའི་ཉམས་ལེན་ཙམ་ཡང་ཇི་བཞིན་པ་རྒྱུད་ལ་མེད་པར་སྟོང་སྐད་མཐོན་པོར་སྒྲོགས་པ་ནི་ལམ་ནོར་གྱི་གཡང་ས་ཆེན་པོར་ཕྱོགས་པ་ཡིན་པས། དུས་རྟག་ཏུ་དཀོན་མཆོག་ལ་བརྟེན་པའི་ཆོས་སྤོང་གི་ལས་ངན་ཕྲ་མོ་ཙམ་མི་གསོག་ཅིང་། སྲོག་ལ་བབས་ཀྱང་སྐྱབས་འགྲོ་བློས་མི་གཏོང་བའི་སྒོ་ནས་གསོལ་འདེབས་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་པར་བྱའོ།། །།

ལམ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

p. 246

༈ གཉིས་པ་ལམ་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཚུལ་ལའང་གཉིས། སྤྱིའི་གོ་དོན་དང་། སྐབས་ཀྱི་བསྒོམ་དོན་ནོ། །དང་པོ་ལ་བདུན། སེམས་བསྐྱེད་ཀྱི་ངོ་བོ། རྣམ་གྲངས་དབྱེ་བ། དམིགས་པའི་ཁྱད་པར། སེམས་བསྐྱེད་པའི་ཚུལ། བླང་བའི་ཆོ་ག །བསླབ་བྱ་བསྟན་པ། ཕན་ཡོན་བཤད་པའོ། །དང་པོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་

p. 247

པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་སངས་རྒྱས་འདོད། །ཅེས་པས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་རང་ཉིད་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་སྟེ། དེའང་རྒྱུ་སངས་རྒྱས་ལ་དམིགས་པའི་དད་པ། སེམས་ཅན་ལ་དམིགས་པའི་སྙིང་རྗེ། བྱང་ཆུབ་སེམས་ཀྱི་ཕན་ཡོན་ཐོས་པ་སྟེ་གསུམ་ལས་བྱུང་བ། གྲོགས་སེམས་ཅན་མ་ལུས་པའི་དོན་གྱི་ཁུར་ཆེན་རང་ཉིད་ཁོ་ནས་ཁྱེར་བའི་ལྷག་བསམ་གྱི་སྙིང་སྟོབས་དང་ལྡན་པ། ངོ་བོ་འགྲོ་ཀུན་སྒྲོལ་ནུས་པའི་རྫོགས་བྱང་ཆུབ་ཐོབ་པར་འདོད་པའོ། །གཉིས་པ་རྣམ་གྲངས་དབྱེ་བ་ནི། སོ་སྐྱེ་མོས་སྤྱོད་ནས་སངས་རྒྱས་ཀྱི་བར་མཚམས་ཀྱིས་དབྱེ་བ་བཞི། དཔེས་བསྟན་པ་ཉེར་གཉིས་སོགས་ཡོད་ཀྱང་། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་གཉིས་པོ་འདི་གོ་སླ་ཞིང་གྲགས་ཆེ་སྟེ། དེའང་འགྲོ་བར་འདོད་པ་དང་མཚུངས་པར་སངས་རྒྱས་ཐོབ་འདོད་ནི་སྨོན་པ་དང་། འགྲོ་བཞིན་པ་ལྟར་སངས་རྒྱས་སྒྲུབ་པའི་ཐབས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ལ་བརྩོན་པ་ནི་འཇུག་པའི་

p. 248

སེམས་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་པས་ཤེས་པར་བྱ། །ཞེས་སོ། །གསུམ་པ་དམིགས་པའི་ཁྱད་པར་ནི། བྱང་ས་ལས། སེམས་བསྐྱེད་པ་དེ་ནི་བྱང་ཆུབ་ལ་དམིགས་པ་དང་། སེམས་ཅན་ལ་དམིགས་པའོ། །ཞེས་པ་ལྟར་ཐེག་པ་ཆེན་པོའི་ཡེ་ཤེས་ཚོལ་བར་དམིགས་པ་དང་། ཚད་མེད་པ་བཞི་ལ་དམིགས་པའོ ། བཞི་པ་སེམས་བསྐྱེད་པའི་ཚུལ་ནི། རྟེན་སྙིང་རྗེ་དང་བརྟེན་པ་བྱང་ཆུབ་ཀྱི་སེམས་ཟུང་དུ་འབྲེལ་བའི་སྨོན་འཇུག་གི་བདག་ཉིད་ཅན་ཏེ། དེ་ལ་སྨོན་པ་སེམས་བསྐྱེད་ནི། ཇི་ལྟར་རང་ཉིད་རྣམ་པ་ཀུན་ཏུ་སྡུག་བསྔལ་མི་འདོད་ཅིང་བདེ་བ་རྒྱ་ཆེར་འདོད་པའི་ཉམས་མྱོང་ལས་རྗེས་སུ་དཔག་སྟེ་ཕ་མར་གྱུར་པའི་འགྲོ་བ་རིགས་དྲུག་པོ་རྣམས་ཀྱང་དེ་ལྟར་འདོད་པ་མཚུངས་ལྡན་

p. 249

ཡིན་པའི་ཕྱིར། དེ་དག་ལུས་སེམས་བདེ་བ་དང་བདེ་བའི་རྒྱུ་བསོད་ནམས་བྱེད་པ་དང་ལྡན་ཅིང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་རྣམས་བྲལ་བ་བདག་ཁོ་ནས་བྱ་དགོས་པས་ན། མར་ཤེས་པས་དང་དུ་ལེན་འདོད་ཀྱི་བྱམས་པ་དང་། དེ་དག་སྲིད་ལམ་དུ་སྡུག་བསྔལ་བར་ཤེས་ནས་སྤང་དུ་མི་བཟོད་པའི་སྙིང་རྗེ་དང་། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཐོབ་པ་ལ་སྤྲོ་བའི་དགའ་བ་དང་། ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ཏེ། རྒྱུ་ལ་དམ་བཅའ་བ་དེ་བཞི་པོས་མཁའ་ཁྱབ་ཀྱི་འགྲོ་བ་དམིགས་ཡུལ་དུ་བྱས་ནས། འབྲས་བུ་ལ་དམ་བཅའ་བ་དེ་དག་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་བསམ་པས་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་དོ། །མིང་དོན་ནི། སེམས་ཅན་གྲངས་དང་རིས་སུ་ཆད་པ་མ་ཡིན་པར་ནམ་མཁའི་ཁམས་ཀྱི་མཐའ་ཇི་ཙམ་དུ་ཁྱབ་པའི་འགྲོ་བའི་ཁམས་རྣམས་དམིགས་ཡུལ་དུ་བྱས་པས་ན་ཚད་མེད་པའོ། །དབྱེ་བ་ནི། སྙིང་པོ་མཆོག་གི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་པས་མ་ཟིན་པའི་བྱམས་སོགས་བཞི་ནི་སྲིད་བདེའི་རྒྱུ་ཙམ་ཡིན་པས་

p. 250

ཚངས་པའི་གནས་པ་བཞི་ཞེས་བྱ་ཞིང་། དེ་བཞི་སེམས་བསྐྱེད་ཀྱིས་ཟིན་པ་ནི་མྱང་འདས་ཀྱི་རྒྱུ་བྱེད་པས་ཚད་མེད་བཞིའོ། །ཞེས་སོ། །སྐྱེད་བྱེད་ནི་རྐྱེན་བཞི་སྟེ། རང་བཞིན་གནས་རིགས་རྒྱུན་རྐྱེན། དགེ་བའི་བཤེས་གཉེན་བདག་པོའི་རྐྱེན། རང་རང་གི་ཡུལ་མངོན་གྱུར་དམིགས་པའི་རྐྱེན། ཕན་ཡོན་དང་ཉེས་དམིགས་མཐོང་བ་དེ་མ་ཐག་པའི་རྐྱེན་ནོ། །སྐྱེ་ཚུལ་ནི། སེམས་ཅན་ལ་བརྟེན་ནས་དམིགས་པ་དང་བཅས་པའི་ཚད་མེད་བཞི་སྐྱེ་ཞིང་། ཆོས་ཉིད་ལ་བརྟེན་ནས་དེ་དག་གི་རང་བཞིན་མ་སྐྱེས་པར་རྟོགས་པས་དམིགས་མེད་བཞི་པོ་སྐྱེ་བའོ། །གོ་རིམ་ནི། ཡུམ་བར་མ་ལས། དེ་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་བསྒོམ་པར་བྱའོ། །ཞེས་དང་། བརྟག་གཉིས་ལས། དང་པོར་བྱམས་པ་བསྒོམ་པར་བྱ། །གཉིས་པར་སྙིང་རྗེ་རྣམ་བསྒོམ་ཞིང་། གསུམ་པར་དགའ་བ་བསྒོམ་པར་བྱ། །ཀུན་གྱི་མཐར་ནི་བཏང་སྙོམས་སོ། །ཞེས་མདོ་རྒྱུད་མཐུན་པར་གསུངས་སོ། །འཇུག་པ་སེམས་

p. 251

བསྐྱེད་ནི། བསམ་པ་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་སངས་རྒྱས་ཀྱི་ས་ལ་འགོད་པར་བྱ་བའི་ཕྱིར་དུ་རང་ཉིད་མངོན་པར་རྫོགས་པར་འཚང་རྒྱ་བ་དོན་དུ་གཉེར་བའི་བློས། སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པར་བྱ་བ་སྟེ། མདོ་ལས། ལག་བཟང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མྱུར་དུ་མངོན་པར་རྫོགས་པར་བྱང་ཆུབ་པར་བྱ་བའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་དྲུག་པོ་འདི་དག་ལ་རྟག་པར་རྒྱུན་དུ་བསླབ་པར་བྱའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ལྔ་པ་བླང་བའི་ཆོ་ག་ནི། ཟབ་མོ་ལྟ་བའི་བརྒྱུད་སྲོལ། རྒྱ་ཆེན་སྤྱོད་པའི་བརྒྱུད་སྲོལ། ཁྱད་པར་སྔགས་ཀྱི་བརྒྱུད་ཚུལ་ལས་བྱུང་བ་རྣམས་ཏེ། བྱང་ཆུབ་སེམས་ཀྱིས་ཐུགས་དུལ་ཞིང་དེའི་བསླབ་པ་ལ་མཁས་པའི་བཤེས་གཉེན་གཞན་རྗེས་སུ་འཛིན་ནུས་པ་ལས་བླང་བའམ། དཀོན་མཆོག་གི་རྟེན་དང་། དམིགས་པས་བསམ་པའི་མདུན་ལས་བླང་བར་བྱའོ། །དྲུག་པ་བསླབ་བྱ་བསྟན་པ་ལ་གཉིས། བསླབ་བྱ་དངོས་དང་། ཉམས་པའི་རྐྱེན་བཤད་པའོ། །དང་པོ་ལ་གཉིས། སྨོན་པའི་བསླབ་བྱ་དང་། འཇུག་པའི་བསླབ་བྱའོ། །

p. 252

དང་པོ་ལའང་སྤྱི་དང་ཁྱད་པར་གཉིས་ལས། དང་པོ་སྤྱིར་དྲན་ཤེས་བག་ཡོད་བརྟེན་པ་ནི། འདི་ལྟར་བསླབ་པ་རྣམས་ཀྱི་གཙོ་བོ་རང་གི་སེམས་ཉོན་མོངས་པའི་ཚོགས་ལས་བསྲུང་བ་ཡིན་ལ། དེའང་དྲན་ཤེས་བག་ཡོད་དང་བྲལ་ན་དགེ་བ་ཉམས་ཤིང་མི་དགེ་བ་སྐད་ཅིག་ལ་འབྱུང་བའི་ཕྱིར། སྤྱོད་ལམ་དུས་དྲུག་ཀུན་ཏུ་དམ་པའི་ཆོས་ལ་བློ་འདྲིས་པའི་དངོས་པོ་མི་བརྗེད་པའི་དྲན་པ་དང་། དོན་ཡོད་མེད་ཀྱི་བྱ་བ་ངོས་ཟིན་པའི་ཤེས་བཞིན་གྱི་བྱ་རས་ཟིན་པར་སྤྱད་ནས། བདག་དམ་པའི་ཆོས་ཀྱི་སྒོར་ཞུགས་ཤིང་བྱང་ཆུབ་སེམས་དཔའི་རྗེས་སུ་སློབ་པ་ཡིན་པས་ཐ་མལ་པ་འདི་དག་དང་ནམ་ཡང་མི་མཚུངས་སྙམ་དུ་ཅི་ནས་སེམས་བསྲུང་བ་ལ་འབད་དགོས་ཏེ། ཞི་བ་ལྷས། སེམས་བསྲུང་འདོད་པ་རྣམས་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབས་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་ལྟར་ཐལ་མོ་སྦྱོར། །ཞེས་གསུངས་སོ། །གཞན་ཡང་རང་ངོ་ལ་ལྟོས་ནས་ཉོན་མོངས་སྤོང་བ་ངོ་ཚ་ཤེས་པ་དང་། གཞན་ངོ་ལ་ལྟོས་ནས་མི་དགེ་བ་བསྲུང་བ་ཁྲེལ་ཡོད་པ་སྟེ། འདི་གཉིས་དེ་བག་ཡོད་པའི་ངོ་བོ་ཡིན་ལ་དེ་ལ་

p. 253

གནས་ན་དགེ་ལེགས་ཐམས་ཅད་འགྲུབ་ཅིང་མ་གནས་ན་མི་འགྲུབ་པའི་ཚུལ། ཏིང་འཛིན་རྒྱལ་པོ་ལས། སྦྱིན་དང་ཚུལ་ཁྲིམས་དེ་བཞིན་བཟོད་ལ་སོགས། །དགེ་བའི་ཆོས་སུ་བརྗོད་པ་ཇི་སྙེད་པ། །ཀུན་གྱི་རྩ་བ་བག་ཡོད་འདི་ཡིན་ཏེ། །ཞེས་དང་། བཤེས་སྤྲིང་ལས། བག་ཡོད་བདུད་རྩིའི་གནས་ཏེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་སྩལ་ཏེ། །དེ་བས་ཁྱོད་ཀྱིས་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་སོ། །གཉིས་པ་ཁྱད་པར་དཀར་ནག་ཆོས་བརྒྱད་བླང་དོར་དུ་བྱ་བ་ལ། སྤང་བྱ་ནག་པོའི་ཆོས་བཞི་ནི། རྫུན་གྱིས་བླ་མ་སོགས་མཆོད་པར་འོས་པ་བསླུ་བ་དང་། འགྱོད་པ་མེད་པའི་གནས་ལ་གཞན་དག་འགྱོད་པ་བསྐྱེད་པ་དང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ལ་སྡང་སེམས་ཀྱིས་སྐྱོན་ནས་བརྗོད་པ་དང་། སེམས་ཅན་ལ་གཡོ་དང་སྒྱུས་སྤྱོད་པ་སྟེ། ཀུན་མཁྱེན་ཆེན་པོས། མཆོད་འོས་བསླུ་དང་འགྱོད་པ་མེད་ལ་བསྐྱེད། །དམ་པ་རྣམས་ལ་མི་སྙན་སྒྲོག་པ་དང་། །འགྲོ་བའི་ནང་ན་གཡོ་དང་སྒྱུས་སྤྱོད་

p. 254

བ། །ནག་པོའི་ཆོས་བཞི་ལགས་པས་སྤང་འཚལ་ལོ། །ཞེས་གསུངས། བསྒྲུབ་བྱ་དཀར་པོའི་ཆོས་བཞི་ནི། ཤེས་བཞིན་དུ་རྫུན་མི་སྨྲ་བ་དང་། ཐམས་ཅད་ཐེག་ཆེན་ཟབ་མོའི་ལམ་ལ་འགོད་པ་དང་། དམ་པ་རྣམས་ལ་གུས་ཤིང་བསྔགས་པ་བརྗོད་པ་དང་། སེམས་ཅན་ལ་ལྷག་བསམ་དག་པས་སྤྱོད་པ་སྟེ། ཇི་སྐད་དུ། དམ་པ་བསྟེན་ཅིང་ཡོན་ཏན་བསྔགས་པ་བརྗོད། །སེམས་ཅན་རྣམས་ནི་ཡང་དག་དགེ་ལ་བསྐུལ། །རྒྱལ་སྲས་རྣམས་ལ་སྟོན་པའི་འདུ་ཤེས་བསྐྱེད། །ལྷག་པའི་བསམ་པས་འགྲོ་ལ་ཕན་བདེ་བྱེད། །དཀར་པོའི་ཆོས་རབ་བཞི་པོ་བསྟེན་པར་མཛོད། །ཅེས་སོ། །གཉིས་པ་འཇུག་པའི་བསླབ་བྱ་ལ་གསུམ། རང་སྨིན་པར་བྱེད་པ་ཕར་ཕྱིན་དྲུག་ལ་བསླབ་པ། གཞན་སྨིན་པར་བྱེད་པ་བསྡུ་དངོས་བཞི་ལ་བསླབ་པ། དེ་གཉིས་ཀྱི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ལོ། །དང་པོ་ནི། བྱང་ཆུབ་སེམས་ཀྱི་བརྟུལ་ཞུགས་བླངས་ནས་རྒྱལ་བའི་སྲས་ཀྱི་སྤྱོད་པ་ལ་སློབ་པའི་གཙོ་བོ་ཕར་ཕྱིན་དྲུག་ལ་བསླབ་པར་བྱ་སྟེ། བཤེས་སྤྲིང་ལས། སྦྱིན་དང་ཚུལ་ཁྲིམས་

p. 255

བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པ་རྒྱལ་བའི་དབང་པོར་མཛོད། །ཅེས་པ་ལྟར་དྲུག་ལས། དང་པོ་སྦྱིན་པ་ནི། ངོ་བོ་ཆགས་པ་མེད་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བ། བྱེད་ལས་ཕ་རོལ་གྱི་དབུལ་བ་སེལ་བར་བྱེད་པ། ཀུན་སློང་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་དང་ལྡན་པ། གཏང་བྱ་ལ་དབྱེ་ན་གསུམ་ལས། དང་པོ་ཟང་ཟིང་གི་སྦྱིན་པ་ནི། བསམ་པ་དང་དངོས་པོ་དང་ཞིང་དང་ཐབས་ཏེ་མ་དག་པ་བཞི་དང་བྲལ་ལ་དག་པ་བཞི་དང་ལྡན་པས། ནང་གི་དངོས་པོ་རང་གི་ལུས་སུ་གཏོགས་པ་དང་། ཕྱིའི་དངོས་པོ་རང་ལ་བདོག་པའི་འབྱོར་པ་ལོངས་སྤྱོད་ཇི་སྙེད་པ་ཐམས་ཅད། ཁྱད་པར་དུ་བྱས་པའི་ཞིང་བཞི་ལ་བསམ་སྦྱོར་ཕུན་སུམ་ཚོགས་པས་སེར་སྣ་མེད་པར་རྩྭ་ལྟར་ཡོངས་སུ་གཏོང་བ་དང་། གཉིས་པ་མི་འཇིགས་པའི་སྦྱིན་པ་ནི། རྒྱལ་པོ་དང་གཅན་གཟན་དང་དགྲ་དང་ཆོམ་རྐུན་མེ་ཆུ་ནད་གདོན་སོགས་ཀྱི་འཇིགས་པས་ཉེན་པ་ལ། རང་གི་ནུས་པ་དང་སྦྱར་ཏེ་སོ་སོའི་

p. 256

གཉེན་པོ་གང་ལ་གང་འོས་སུ་སྐྱབས་ཀྱི་ཐབས་སྦྱིན་པས་འཇིགས་པ་དེ་ལས་དབུགས་འབྱིན་པར་བྱེད་པ་དང་། གསུམ་པ་ཆོས་ཀྱི་སྦྱིན་པ་ནི། གཞན་དད་ཅིང་རང་ཉིད་མི་ཉམས་པར་བྱ་ཕྱིར་རང་གི་སྒོ་གསུམ་གྱི་མ་དག་པ་སྤོང་ཞིང་དག་པ་གསུམ་ལྡན་གྱི་ཆོས་ལ་སྤྱོད་པས་དགེ་བའི་བཤེས་གཉེན་གྱི་འོས་སུ་འགྱུར་ཞིང་། དེས་གཞན་ཡང་མགུ་ཞིང་གུས་པས་སྣོད་བཅུད་ཀྱི་རྟེན་འབྲེལ་འཛོམ་པའི་དུས་ན། ཡུལ་ཆོས་འདོད་པ་རྣམས་ལ་བསམ་པ་ཟང་ཟིང་མེད་པའི་སེམས་ཀྱིས་སྣོད་དང་འཚམས་པར་ཐེག་པ་ཆེ་ཆུང་གི་ཆོས་སྟོན་པའི་ཐབས་ལ་མཁས་པས་གང་འོས་ཀྱི་ལམ་ལ་འགོད་པར་བྱའོ། །གཉིས་པ་ཚུལ་ཁྲིམས་ནི། ངོ་བོ་ལེན་པ་དང་བསྲུང་བས་བསྡུས་པའི་ཡོན་ཏན་བཞི་ལྡན། བྱེད་ལས་ཉེས་པའི་གདུང་བ་ཞི་བར་བྱེད་པ། ཀུན་སློང་ངེས་པར་འབྱུང་བས་བསྐུལ་བའི་བློ་བསླབ་པ་ལ་རབ་ཏུ་དང་ཞིང་མོས་པས་ཉེས་པ་སྤོང་སེམས་མཚུངས་ལྡན་དང་བཅས་པས། བསླབ་བྱ་ལ་དབྱེ་ན་གསུམ་ལས། དང་པོ་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནི། ཐུན་མོང་སོ་ཐར་རིས་བདུན། ཐུན་མོང་མ་ཡིན་པ་ཤིང་རྟ་

p. 257

གཉིས་ཀྱི་བཀའ་སྲོལ་ལས་བྱུང་བའི་བྱང་སྡོམ། ཁྱད་པར་སྔགས་ཀྱི་སྡོམ་པའི་བསླབ་བྱ་ཐམས་ཅད་ལེགས་པར་བསྲུང་ཞིང་སྒོ་གསུམ་གྱི་ཁ་ན་མཐོ་བའི་ལས་སུ་འགྱུར་བའི་ཉེས་སྤྱོད་ཀྱི་བསམ་སྦྱོར་རྒྱུན་བཅད་དེ་ཕྱིན་ཆད་བསྡམ་པ་དང་། གཉིས་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། ལུས་ངག་གི་བྱ་བ་དང་འབྲེལ་ཞིང་ཤེས་རབ་ཀྱིས་མ་ཟིན་པ་བཅས་ཀྱི་དགེ་བ་དང་། གཙོ་བོར་སེམས་ཀྱི་ཏིང་ངེ་འཛིན་དང་འབྲེལ་ཞིང་ཤེས་རབ་ཀྱིས་ཟིན་པ་ཟག་མེད་ཀྱི་དགེ་བའི་ཚོགས་ཅི་ནུས་ཀྱིས་བསྒྲུབ་པ་དང་། གསུམ་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། བྱང་ས་ལས་བྱ་བ་དོན་ལྡན་གྱི་གྲོགས་བྱེད་པ་སོགས་རྣམ་གྲངས་བཅུ་གཅིག་ཏུ་གསུངས་ཀྱང་། མདོར་ན་སྒོ་གསུམ་གྱི་བྱ་བ་ཅི་བྱེད་པ་ཐམས་ཅད་གཞན་སེམས་ཅན་ཁོ་ནའི་དོན་དུ་བྱེད་པར་ལྷག་བསམ་གྱི་འཕེན་པ་བཏང་ནས་དངོས་སུ་གཞན་ཕན་གྱི་བྱ་བ་ལག་ཏུ་ཅི་ལེན་བྱའོ། །གསུམ་པ་བཟོད་པ་ནི། ངོ་བོ་བཟང་ངན་གང་ལའང་དགག་སྒྲུབ་བྲལ་བའི་ཇི་མི་སྙམ་པ། བྱེད་ལས་ཁྲོས་ཤིང་འཁྲུགས་པའི་ཟུག་རྔུ་སེལ་བ།

p. 258

དོན་ཆེད་ལོག་སྒྲུབ་སོགས་གནོད་པའི་ཡུལ་གྱིས་རང་གི་ལྷག་པའི་བསམ་པ་ལ་ནམ་ཡང་མི་བརྫི་ཞིང་གཡོ་བ་མེད་པའི་ཕྱིར་བསྒོམ་པ་སྟེ། དེ་ལ་དབྱེ་ན་གསུམ། དང་པོ་གནོད་པ་ལ་ཇི་མི་སྙམ་པའི་བཟོད་པ་ནི། བདག་དང་བདག་གི་བའི་ཕྱོགས་ལ་བརྡེག་འཚོག་བརྐུ་འཕྲོག་གཤེ་སྐུར་སོགས་བྱེད་པ་ལ་ཁོང་ཁྲོ་བ་བྱུང་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར། །ཞེས་སོགས་ཀྱིས་དེའི་ཉེས་པ་དྲན་ཅིང་། གཞན་ཡང་འདུ་ཤེས་ལྔ་དང་བརྟག་པ་དགུའི་སྒོ་ནས་གནོད་པ་དེ་དག་ལ་ཇི་མི་སྙམ་པར་བཟོད་པ་དང་། གཉིས་པ་སྡུག་བསྔལ་དང་ལེན་གྱི་བཟོད་པ་ནི། བདག་གིས་བྱང་ཆུབ་སྒྲུབ་པའི་ཆོས་ཀྱི་ཕྱིར་དུ་སྒོ་གསུམ་ལ་བྱ་དཀའ་བའི་སྡུག་བསྔལ་ཆེན་པོ་ཇི་ལྟར་བྱུང་ཡང་སྤྲོ་བ་ཉམས་པ་མེད་པར་དགའ་བཞིན་དང་དུ་ལེན་པ་ནི། དཔེར་ན་ཚ་བ་དྲག་པོའི་སྡུག་བསྔལ་ཞི་སླད་དཔྱད་རྩུབ་མོ་བསྟེན་པ་བཞིན་འཁོར་བའི་གཡུལ་ངོ་བཟློག་ཅིང་ཉོན་མོངས་པའི་དགྲ་འཇོམས་པའི་དཔའ་བོ་

p. 259

ཆེན་པོ་ཡིན་པ་དང་། གསུམ་པ་ཆོས་ལ་ངེས་སེམས་ཀྱི་བཟོད་པ་ནི། དཀོན་མཆོག་གི་ཡོན་ཏན་སོགས་བསམ་གྱིས་མི་ཁྱབ་པའི་གནས་རྣམས་ལ་མོས་པ་དང་། ཁྱད་པར་ཡང་དག་པའི་དེ་ཁོ་ན་ཉིད་བདག་རྣམ་པ་གཉིས་ཀྱིས་སྟོང་པའི་གནས་ལུགས་སྤྲོས་བྲལ་ཟབ་མོ་ལ་སྐྲག་པ་མེད་པ་དང་མོས་ཤིང་ཁོང་དུ་ཆུབ་པར་བྱའོ། །བཞི་པ་བརྩོན་འགྲུས་ནི། ངོ་བོ་དགེ་བ་ལ་སྤྲོ་ཞིང་ལེ་ལོ་མེད་པ། བྱེད་ལས་དགེ་བའི་སྟོབས་གོང་དུ་འཕེལ་བ། རྒྱུ་སྔོན་གྱི་ལས་འཕྲོ་བཟང་པོས་སྙིང་སྟོབས་རླབས་ཆེན་དགེ་བའི་ཕྱོགས་སུ་སད་བ། དེས་བརྩོན་བྱ་ལ་དབྱེ་ན་གསུམ་ལས། དང་པོ་གོ་ཆའི་བརྩོན་འགྲུས་ནི། དུས་འདི་ནས་བཟུང་སྟེ་ཇི་སྲིད་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་ལ་མ་འཁོད་པ་དེ་སྲིད་དུ་བདག་གིས་བརྩོན་པ་སྐད་ཅིག་ཀྱང་མི་འདོར་སྙམ་དུ་དུས་རིང་བ་དང་བསྒྲུབ་དཀའ་བ་སོགས་ལ་ཞུམ་པ་མེད་པའི་གོ་ཆ་གྱོན་པ་དང་། གཉིས་པ་སྦྱོར་བའི་བརྩོན་འགྲུས་ནི། ཉོན་མོངས་སྤོང་བ་དང་། དགེ་བ་སྒྲུབ་པ་དང་། གཞན་དོན་བྱེད་པ་ལ་ཉིན་མཚན་ཀུན་ཏུ་སྐད་ཅིག་ཀྱང་གཡེལ་བ་མེད་པར་རྟག་གུས་

p. 260

ཀྱི་སྦྱོར་བས་མི་འཇོག་མི་ལྡོག་ང་རྒྱལ་དང་ཆོག་པར་མི་འཛིན་པའི་བརྩོན་འགྲུས་བརྩམ་པ་དང་། གསུམ་པ་གཞན་ཕན་གྱི་བརྩོན་འགྲུས་ནི། སེམས་ཅན་ལ་དངོས་སམ་བརྒྱུད་ནས་ཕན་པ་འགྲུབ་ན་རང་ཉིད་བསྐལ་པར་ངན་འགྲོར་གནས་དགོས་ནའང་སྐྱོ་ངལ་མེད་པའི་དགའ་སེམས་ཀྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །ལྔ་པ་བསམ་གཏན་ནི། ངོ་བོ་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གནས་པ། བྱེད་ལས་ཉོན་མོངས་པ་ཞི་བ། སྦྱོ་ར་བ་རང་གི་ཡིད་གཡོ་བ་དང་བཅས་པ་འདི་གནོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་ཡིན་ཕྱིར་རྣམ་རྟོག་ཞི་བའི་བདེ་བ་མངོན་པར་འདོད་པས། ལུས་འདུ་འཛི་སེམས་རྣམ་རྟོག་ལས་བསྲིང་ཞིང་འདོད་ཆུང་ཆོག་ཤེས་སོགས་རྒྱུ་བསྒྲུབ་པ་དང་། ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པ་སོགས་སྔོན་དུ་སོང་ནས། བསམ་གཏན་དངོས་ལ་དབྱེ་ན་གསུམ་ལས། དང་པོ་མཐོང་ཆོས་བདེར་གནས་ཀྱི་བསམ་གཏན་ནི། སེམས་གནས་ཐབས་དགུ་ལ་བརྟེན་ནས་རྣམ་རྟོག་ཀུན་དང་བྲལ་བའི་ལུས་སེམས་ཤིན་སྦྱང་གི་བདེ་བ་རོ་མྱོང་དང་རློམ་སེམས་མེད་པ་འཇིག་རྟེན་པའི་ལམ་

p. 261

དང་ཐུན་མོང་བར་གྱུར་པའི་བསམ་གཏན་ཡིན་ལ། དེ་ཉིད་ཡོན་ཏན་ཐམས་ཅད་སྐྱེ་བའི་རྟེན་ཡིན་པས་གཞིར་བཟུང་བར་བྱ་སྟེ། དེ་ལའང་བསམ་གཏན་དང་པོ་ནས་བཞི་པའི་བར་དུ་ཉེར་བསྡོགས་དང་དངོས་གཞིའི་ཁྱད་པར་རྣམས་ཡོད་དོ། །གཉིས་པ་ཡོན་ཏན་སྒྲུབ་པའི་བསམ་གཏན་ནི། བསམ་གཏན་དང་པོའི་དངོས་གཞི་ཡན་ཆད་ཐོབ་པར་བྱེད་པ་ལ་ཡིད་བྱེད་བདུན་གྱིས་འཇིག་རྟེན་པའི་ལྷག་མཐོང་བསྒྲུབ་དགོས་པས་མཉམ་བཞག་ཞི་གནས་དང་རྗེས་ཐོབ་ལྷག་མཐོང་གཙོར་བྱེད་པ་དང་བཅས། ཉན་རང་དང་ཐུན་མོང་བ་ཟད་པར་བཅུ་དང་ཟིལ་གནོན་དང་རྣམ་ཐར་བརྒྱད་ལ་སོགས་པ་དང་། ཐུན་མིན་ཉན་རང་གི་སྤྱོད་ཡུལ་ལས་འདས་པ་རྣམ་ཐར་དང་ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་རབ་ཏུ་བསྒྲུབས་པས་ཚོགས་སྦྱོར་མཐར་ཕྱིན་པའོ། །གསུམ་པ་སེམས་ཅན་དོན་བྱེད་ཀྱི་བསམ་གཏན་ནི། དེ་ནས་མཐོང་ལམ་ཡན་ཆད་དུ་འཕགས་པའི་ཏིང་ངེ་འཛིན་ཐོབ་པ་ཟག་མེད་དམ་དེ་བཞིན་གཤེགས་དགེའི་བསམ་གཏན་ཅེས་བྱ་སྟེ། དེའི་མཐུས་རྫུ་འཕྲུལ་གྱི་བཀོད་པ་མཐའ་

p. 262

ཡས་པས་གཞན་དོན་བཅུ་གཅིག་སོགས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཉིད་ལ་ཞུས་པ་སྟེ། རྒྱུད་བླར། བྱང་ཆུབ་སེམས་དཔའི་ཚུལ་འདི་ནི། །རྗེས་ཐོབ་སངས་རྒྱས་ཐམས་ཅད་དང་། །འགྲོ་བ་ཡང་དག་སྒྲོལ་བ་ལ། །འཇིག་རྟེན་ན་ནི་མཚུངས་པ་ཉིད། །ཅེས་སོ། །འདི་ཡན་ཆད་ཀྱི་ཕར་ཕྱིན་ཐམས་ཅད་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་ཅིང་ཞེན་པ་དང་རེ་བ་མེད་པ་དང་མཐར་མི་རྟོག་པའི་བསྔོ་བས་སྤེལ་ཞིང་སྟོང་ཉིད་དང་སྙིང་རྗེ་དག་པའི་ཐབས་དང་ལྡན་པ་ཁོ་ནའོ། །དྲུག་པ་ཤེས་རབ་ནི། ངོ་བོ་ཆོས་ཐམས་ཅད་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས། བྱེད་ལས་སྒྲིབ་གཉིས་ཀྱི་མུན་པ་སེལ་བ། དེ་ཉིད་དངོས་སངས་རྒྱས་ཀྱི་སས་བསྡུས་པ་ཡིན་ཀྱང་དེའི་རྒྱུའམ་རྗེས་མཐུན་སོ་སོར་རྟོག་པའི་བློ་གྲོས་ཀྱིས་བསྐྱེད་ཚུལ་ཡང་། ཀླུ་སྒྲུབ་ཀྱིས། ཤེས་རབ་རྒྱས་བྱེད་པ་ནི་ཐོས་པ་སྟེ། །བསམ་པ་དང་ནི་གཉིས་པོ་ཡོད་གྱུར་ན། །དེ་ལས་སྒོམ་པ་ཡང་ནི་རབ་ཏུ་འབྱུང་། །དེ་ལས་དངོས་གྲུབ་བླ་ན་མེད་པ་འཐོབ། །ཅེས་པ་ལྟར་གསུམ་དུ་དབྱེ་བ་ལས། དང་པོ་

p. 263

ཐོས་པའི་ཤེས་རབ་ནི། ཤེས་བྱ་མ་ལུས་པའི་ཆོས་ཀྱི་ཚིག་དོན་རྣམས་ཁོང་དུ་ཆུབ་པར་བྱ་བ་སྟེ། དེའང་སྒྲ་ཚད་བཟོ་གསོ་ལ་སོགས་པ་འཇིག་རྟེན་པའི་ཤེས་རབ་དང་། ལེགས་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་ཤེས་པ་ལ་འཇིག་རྟེན་ལས་འདས་པའི་ཤེས་རབ་ཅེས་འབྲས་མིང་རྒྱུ་ལ་བཏགས་པ་བཅས་གང་ལའང་མི་རྨོངས་པའི་ཐོས་པ་ཕྱོགས་མེད་དུ་བྱ། གཉིས་པ་བསམ་པའི་ཤེས་རབ་ནི། ཐོས་པ་དེའང་བླུན་པོ་དད་པའི་རྗེས་འབྲང་ཙམ་དུ་མ་བཞག་པར། ཚད་མའི་ལུང་། དངོས་སྟོབས་ཀྱི་རིག་པ། འགལ་མེད་ཀྱི་སྒྲུབ་བྱེད་སོགས་ཀྱིས་དྲང་ངེས་ལྡེམ་དགོངས་གང་དུ་ཞིབ་མོར་རྟོག་ཅིང་དཔྱོད་པས་དགོངས་པ་བཙལ་ཏེ་བསམ་པས་གཏན་ལ་ཕབ། གསུམ་པ་སྒོམ་པའི་ཤེས་རབ་ནི། སམ་པས་ངེས་པ་རྙེད་པའི་དོན་ཉིད་རང་རྒྱུད་ལ་ཚུལ་བཞིན་སྦྱོར་ཞིང་ཁྱད་པར་ལྟ་བའི་རྙེད་དོན་སྒོམ་པས་ཉམས་སུ་བླངས་ཏེ་ཚིག་དང་ཡིད་དཔྱོད་ཙམ་དུ་མ་ལུས་པར་གནས་ལུགས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་མངོན་སུམ་དུ་རྟོགས་པར་བྱའོ། །འདིར་ཕྱིན་

p. 264

དྲུག་གི་མཚན་ཉིད་ནི། བྱང་སེམས་ཀྱིས་བསྒྲུབ་པའི་བསླབ་བྱ་གང་ཞིག །ཁྱད་ཆོས་བཞི་དང་ལྡན་པའི་ཕྱིན་དྲུག་གིས་བསྡུས་པའི་དགེ་བ་མཐའ་དག་སྒྲུབ་པའི་སེམས་པ་མཚུངས་ལྡན་དང་བཅས་པའོ། །ཁྱད་ཆོས་བཞི་ནི། སྦྱིན་སོགས་རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ། གྲོགས་འཁོར་གསུམ་དུ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པ། བྱེད་ལས་གཞན་གྱི་འདོད་དོན་རྫོགས་པར་བྱེད་པ། དེས་གདུལ་བྱ་མཐར་ཐུག་བྱང་ཆུབ་གསུམ་གང་རུང་ལ་སྨིན་པར་བྱེད་པའོ། །རབ་དབྱེ་ནི། སྦྱིན་སོགས་དྲུག་པོ་རེ་རེའང་དྲུག་དྲུག་ཏུ་དབྱེ་ན། གཞན་སེམས་ཅན་ཕྱིན་དྲུག་ལ་འགོད་པ་ཕྱིན་དྲུག་སོ་སོའི་སྦྱིན་པ། རང་རང་གི་མི་མཐུན་ཕྱོགས་དང་བྲལ་བ་སོ་སོའི་ཚུལ་ཁྲིམས། རང་རང་གི་དཀའ་ཚེགས་ཀྱིས་མི་གཡོ་བ་སོ་སོའི་བཟོད་པ། སྤྲོ་དགའ་དང་བཅས་པས་འབད་ཅིང་སྤྱད་པ་སོ་སོའི་བརྩོན་འགྲུས། རང་རང་གི་དགེ་བའི་དོན་ལ་སེམས་རྩེ་གཅིག་ཏུ་གནས་པ་སོ་སོའི་བསམ་གཏན། འཁོར་གསུམ་དུ་མི་རྟོག་པས་དེ་དག་ལ་སྤྱོད་པ་སོ་སོའི་ཤེས་རབ་སྟེ་སུམ་ཅུ་རྩ་དྲུག་ཏུ་འགྱུར་བ་

p. 265

སོགས་མདོ་སྡེ་བསྐལ་བཟང་ལས་དབྱེ་བ་རྒྱ་ཆེར་གསུངས་སོ། །གྲངས་ངེས་ནི། མངོན་མཐོ་སྒྲུབ་པ་དང་ཉོན་མོངས་སྤོང་བ་ལ་ལྟོས་ཏེ་དྲུག་ཏུ་གྲངས་ངེས་པའང་། མདོ་སྡེ་རྒྱན་ལས། ལོངས་སྤྱོད་དང་ལུས་ཕུན་སུམ་ཚོགས་པ་དང་། །འཁོར་རྩོམ་ཕུན་སུམ་ཚོགས་པས་མངོན་མཐོ་དང་། །རྟག་ཏུ་ཉོན་མོངས་དབང་ཉིད་མི་འགྲོ་དང་། །བྱ་བ་རྣམས་ལ་ཕྱིན་ཅི་མ་ལོག་པའོ། །ཞེས་དང་། གཞན་དོན་བྱས་པས་རང་དོན་འགྲུབ་པ་ལ་ལྟོས་ཏེ་དྲུག་ཏུ་གྲངས་ངེས་པའང་། དེ་ཉིད་ལས། མི་ཕོངས་པ་དང་རྣམ་པར་མི་འཚེ་དང་། །རྣམ་འཚེ་བཟོད་དང་བྱ་བས་མི་སྐྱོ་དང་། །དགའ་བྱེད་ལེགས་པར་བརྗོད་པ་དེ་ཡི་ཕྱིར། །གཞན་གྱི་དོན་ནི་རང་གི་དོན་ཡིན་ནོ། །ཞེས་དང་། བསླབ་པ་གསུམ་ལ་ལྟོས་ཏེ་ཕར་ཕྱིན་དྲུག་ཏུ་གྲངས་ངེས་པའང་། དེ་ཉིད་ལས། བསླབ་གསུམ་དབང་དུ་མཛད་ནས་ནི། །རྒྱལ་བས་ཕ་རོལ་ཕྱིན་པ་དྲུག །ཡང་དག་བཤད་དེ་དང་པོ་གསུམ། །ཐ་མ་གཉིས་ཀྱིས་རྣམ་པ་གཉིས། །གཅིག་ནི་གསུམ་ཆར་ལ་ཡང་གཏོགས། །ཞེས་སོ། །དེའང་སྦྱིན་པས་ལོངས་སྤྱོད་ལ་ཆགས་པ་དང་

p. 266

བྲལ་བ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་འགྱུར་ལ། དེ་ལས་དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་དང་ལྡན་པར་འགྱུར་བས་བཟོད་པ་སྟེ། དེ་གསུམ་ནི་རྒྱུ་དང་ངོ་བོ་དང་ཁྱད་པར་གྱི་སྒོ་ནས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པར་འདུའོ། །བསམ་གཏན་ནི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་། ཤེས་རབ་ནི་ལྷག་པ་ཤེས་རབ་ཀྱི་བསླབ་པར་འདུ་ལ། བརྩོན་འགྲུས་ནི་གསུམ་ཀའི་གྲོགས་སུ་གྱུར་པ་ཡིན་ནོ། །གོ་རིམ་ངེས་པ་ནི། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་སྐྱེ་བས་རྒྱུ་དང་འབྲས་བུའི་རིམ་པ་དང་། སྦྱིན་པ་བས་ཚུལ་ཁྲིམས་མཆོག་ཏུ་གྱུར་པ་སོགས་རིམ་པས་མཆོག་དམན་གྱི་རིམ་པ་དང་། སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་རིམ་པས་ཕྲ་ཞིང་རྟོགས་པར་དཀའ་བས་ཕྲ་རགས་ཀྱི་རིམ་པ་སྟེ་གསུམ་ལ་ལྟོས་ནས་ངེས་པའང་། དེ་ཉིད་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །ཞེས་སོ། །བསྒྲུབ་ཚུལ་ནི། རྣམ་སྨིན་མི་རེ་པའི་སྦྱིན་པ་གཏོང་བ་དང་། བདེ་འགྲོ་ལ་མི་སྨོན་པའི་ཚུལ་ཁྲིམས་བསྲུང་

p. 267

པ་དང་། ཀུན་ལ་ཕྱོགས་རིས་མེད་པར་བཟོད་པ་བསྒོམ་པ་དང་། ཡོན་ཏན་ཐམས་ཅད་སྡུད་པའི་བརྩོན་འགྲུས་དང་། གཟུགས་མེད་པའི་ཁམས་བསལ་བའི་བསམ་གཏན་དང་། ཐབས་དང་མ་བྲལ་བའི་ཤེས་རབ་བསྒྲུབ་པར་བྱ་བ་སྟེ། དེ་ཉིད་ལས། རེ་བ་མེད་པའི་སྦྱིན་པ་དང་། །ཡང་སྲིད་མི་འདོད་ཚུལ་ཁྲིམས་དང་། །ཐམས་ཅད་ལ་ནི་བཟོད་པ་དང་། །ཡོན་ཏན་ཀུན་སྡུད་བརྩོན་འགྲུས་དང་། །དེ་བཞིན་བསམ་གཏན་གཟུགས་མེད་མིན། །ཤེས་རབ་ཐབས་དང་ལྡན་པ་ཡི། །ཕ་རོལ་ཕྱིན་པ་དྲུག་པོ་ལ། །བརྟེན་པ་རྣམས་ཀྱིས་ཡང་དག་སྦྱོར། །ཞེས་སོ། །ངེས་ཚིག་ནི། དེ་ཉིད་ལས། དབུལ་བ་སེལ་བར་བྱེད་པ་དང་། །བསིལ་བ་འཐོབ་དང་ཁྲོ་བཟོད་དང་། །མཆོག་ལ་སྦྱོར་དང་ཡིད་འཛིན་དང་། །དོན་དམ་ཤེས་པའི་ཕྱིར་བཤད་དོ། །ཞེས་པས། དབུལ་བ་སེལ་བས་སྦྱིན་པ། ཉོན་མོངས་པའི་གདུང་བ་བསིལ་ཞིང་སྐྱོབ་པས་ཚུལ་ཁྲིམས། ཁོང་ཁྲོ་བཟོད་པས་བཟོད་པ། སངས་རྒྱས་ཀྱི་ས་ལ་སྦྱོར་བས་བརྩོན་འགྲུས། སེམས་རྩེ་གཅིག་ཏུ་

p. 268

འཛིན་པས་བསམ་གཏན། ཆོས་ཉིད་དོན་དམ་པའི་རང་བཞིན་ཤེས་པས་ཤེས་རབ་ཅེས་བྱའོ། །དེའང་དམ་པ་དྲུག་དང་ལྡན་པར་ཉམས་སུ་བླང་དགོས་ཏེ། རྟེན་དམ་པ་བྱང་ཆུབ་ཀྱི་སེམས་དང་ལྡན་པ། དངོས་པོ་དམ་པ་སྦྱིན་སོགས་ཕྱོགས་རེ་མ་ཡིན་པར་ཐམས་ཅད་ལ་འཇུག་པ། ཆེད་དུ་བྱ་བ་དམ་པ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྦྱོར་བ། ཐབས་དམ་པ་འཁོར་གསུམ་དག་པའི་ཤེས་རབ་ཀྱིས་ཟིན་པ། བསྔོ་བ་དམ་པ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ། རྣམ་དག་དམ་པ་སྒྲིབ་གཉིས་ཀྱི་དངོས་གཉེན་དུ་སྤྱོད་པ་རྣམས་སོ། །གཉིས་པ་གཞན་སྨིན་བྱེད་བསྡུ་དངོས་བཞི་ལ་བསླབ་པའི་ཚུལ་ནི། དེ་ལྟར་འཇུག་པའི་བསླབ་པས་རང་རྒྱུད་ཡོངས་སུ་སྨིན་པར་གྱུར་ནས་གཞན་སྨིན་པར་བྱེད་དགོས་པས། དེའི་ཐབས་སམ་ལག་ལེན་གྱི་གཙོ་བོ་བསྡུ་དངོས་བཞི་ཡིན་ཏེ། སྔ་མ་ལས། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། །བདག་ཉིད་རྗེས་སུ་འཇུག་རྣམས་ཀྱིས། །སྙན་པར་སྨྲ་དང་དོན་སྤྱོད་དང་། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་པས་གོ་རིམ་དང་རྣམ་གྲངས་བསྟན། ཕན་པར་བྱེད་པའི་

p. 269

ཐབས་དང་ནི། །འཛིན་པར་བྱེད་དང་འཇུག་བྱེད་དང་། །དེ་བཞིན་རྗེས་སུ་འཇུག་བྱེད་པས། །བསྡུ་བའི་དངོས་པོ་བཞིར་ཤེས་བྱ། །ཞེས་པས་དགོས་ཆེད་དང་སྒྲ་དོན་སོགས་བསྟན་པ་དང་། པདྨ་སྤུངས་པ་ལས། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་སྤྱོད་པ་ཡིས་བག་ཕབ་སྟེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་པས་ཇི་ལྟར་བྱ་ཚུལ་ཡང་བསྟན་པ་ལྟར། ཐོག་མར་གདུལ་བྱ་སྣོད་ལྡན་འཁོར་དུ་མ་འདུས་པ་རྣམས་ལ་ཟང་ཟིང་གི་དངོས་པོ་ཇི་ལྟར་འོས་པ་སྦྱིན་པས་ལེགས་པར་བོས་ལ། འདུས་ནས་ཀྱང་བློ་ལ་འཐད་ཅིང་ཡིད་ལ་འབབ་པའི་དགེ་བའི་གཏམ་སྙན་པར་སྨྲ་བའི་ཚིག་གིས་ཡང་དག་པའི་ལམ་དུ་དྲང་། དྲངས་པ་དེ་དག་སླར་མི་ལྡོག་པར་ལམ་ལ་འཇུག་ཅིང་སྤྲོ་བ་བསྐྱེད་པའི་ཕྱིར་རང་ཡང་འཆད་བྱའི་ཆོས་ཀྱི་དོན་དང་མཐུན་པར་སྤྱོད་པས་བག་ཕབ་སྟེ། གདུལ་བྱའི་ཁམས་དང་དབང་པོའི་ཁྱད་པར་གྱི་དོན་དང་མཐུན་པར་ཐེག་པའི་ཆོས་སྒོ་སོ་སོར་བསྟན་པས་ལམ་ལ་འཇུག་པའི་གཏན་འདུན་

p. 270

གྱི་གྲོས་ཆེན་གདབ་པར་བྱ། དེ་བཞིའང་ཟང་ཟིང་དང་ཆོས་ཀྱི་སྦྱིན་པ་གཉིས་སུ་འདུ་བས། དེ་གཉིས་ཀྱིས་འགྲོ་བ་རྣམས་གནས་སྐབས་སུ་ཕན་པ་དང་མཐར་ཐུག་ཏུ་བདེ་བའི་དཔལ་བཟང་པོ་ལ་སྦྱོར་བར་བྱའོ། །གསུམ་པ་དེ་དག་གི་ཉམས་ལེན་སྙིང་པོར་དྲིལ་ཏེ་བློ་སྦྱོང་བའི་ཚུལ་ནི། བྱང་ཆུབ་སེམས་དཔའི་ཉམས་ལེན་ཀུན་སྙིང་པོའི་གནད་དུ་དྲིལ་ན་གསུམ་སྟེ། རྒྱུ་ལ་བློ་སྦྱོང་བ་བྱམས་པ་དང་སྙིང་རྗེ་དྲག་ཏུ་བསྒོམ། དངོས་ལ་སྤྱོད་པ་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་བླང་། སྤྱོད་པ་ལ་སྦྱོང་བ་དགེ་བ་གཞན་དོན་དུ་བསྔོ་ཞིང་བདེ་སྡུག་གཏོང་ལེན་ལ་འབད་པ་ཡིན་ཏེ། ཞི་བ་ལྷས། གང་ཞིག་བདག་དང་གཞན་རྣམས་ནི། །མྱུར་དུ་བསྐྱབ་པར་འདོད་པ་དེས། །བདག་དང་གཞན་དུ་བརྗེ་བྱ་བ། །གསང་བའི་དམ་པ་སྤྱད་པར་བྱ། །ཞེས་གསུངས་པ་ལྟར་བདག་གཞན་བརྗེ་བའི་བློ་སྦྱོང་ཟབ་མོ་ལ་བསླབ་པ་གལ་ཆེ། །དེའི་རྒྱུ་མཚན་ཡང་། འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་

p. 271

བྱུང་། །ཞེས་དང་། བདག་བདེ་གཞན་གྱི་སྡུག་བསྔལ་དག །ཡང་དག་བརྗེ་བར་མ་བྱས་ན ། སངས་རྒྱས་ཉིད་ནི་མི་འགྲུབ་ཅིང་། །འཁོར་བ་ན་ཡང་བདེ་བ་མེད། །ཅེས་རྣལ་མ་དང་ལྡོག་ཕྱོགས་ཀྱིས་བསྟན་པ་ལྟར་ཡིན་ལ། བརྗེ་ཚུལ། ཁེ་དང་རྒྱལ་ཁ་གཞན་ལ་སྦྱིན། །གྱོང་དང་བུབ་ཁ་རང་གིས་བླང་། །ཞེས་པའི་དོན་བཞིན་ཕ་མར་གྱུར་པའི་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མེད་ནས་བསགས་པའི་རྒྱུ་ལས་ཉོན་དང་། འབྲས་བུ་སྡུག་བསྔལ་གྱི་ཚོར་བ་ཇི་སྙེད་ཡོད་པ་ཐམས་ཅད་ཐེ་ཚོམ་མེད་པར་དགའ་བཞིན་སྤྲོ་བཞིན་པས་བདག་གི་ཁུར་དུ་བླང་བ་དང་། བདག་གི་རྒྱུད་ལ་ཚེ་རབས་ནས་བསགས་པའི་རྣམ་དཀར་དགེ་བའི་རྒྱུ་ཇི་སྙེད་ཡོད་པ་དང་། འབྲས་བུ་ལུས་སེམས་ལ་བདེ་སྐྱིད་ཀྱི་ཚོར་བ་ཅི་ཡོད་པ་ཐམས་ཅད་སེམས་ཅན་ཀུན་ལ་རེ་རེ་ནས་ཚང་བར་སྦྱིན་པའི་འདུན་པ་བྱ་བ་སྟེ། དེ་དག་ཀྱང་བློ་སྦྱོང་དོན་བདུན་མ་ལས། གཏོང་ལེན་གཉིས་པོ་སྤེལ་མར་སྦྱང་། །དེ་གཉིས་རླུང་ལ་བསྐྱོན་ཏེ་བྱ། །ཞེས་པ་ལྟར་འོག་གི་བསྒོམ་

p. 272

དོན་གྱི་སྐབས་སུ་འཆད་འགྱུར་བཞིན་ཉམས་སུ་ལེན་ཅིང་། ཁམས་བཟང་ངན་སྐྱིད་སྡུག་མཆོག་དམན་ཇི་ལྟར་བྱུང་ཡང་རྐྱེན་གྱིས་མི་འཕྲོག་པའི་གོ་ཆ་ཆེན་པོ་བགོས་ལ། སྙིང་རྗེ་གཞིར་བྱས་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་གནད་དུ་བསྣུན་ཏེ་སྐྱེས་བརྟན་གོང་འཕེལ་གྱི་སྒོ་ནས་གནས་ལུགས་དོན་དམ་པའི་སེམས་མཆོག་མངོན་དུ་འགྱུར་བ་ལ་བསླབ་པར་བྱའོ། །གཉིས་པ་སེམས་བསྐྱེད་ཉམས་པའི་རྐྱེན་བཤད་པ་ནི། དེ་ལ་སྨོན་སེམས་ཉམས་བྱེད་ནི་བདག་ལྟ་བུས་གཞན་དོན་མི་ནུས་སྙམ་དུ་སེམས་ཞུམ་པ་དང་། ལམ་གྱི་ཕན་ཡོན་མ་མཐོང་ཞིང་དཀའ་སྤྱད་ཀྱི་ཉེས་པ་མཐོང་བས་སྒྱིད་ལུག་པ་དང་། ཐེག་ཆེན་ལས་ཉན་ཐོས་ཀྱི་ལམ་མཆོག་ཏུ་བཟུང་ནས་དེར་ཞུགས་ན་གཏོང་བའོ། །འཇུག་སེམས་ཉམས་རྐྱེན་ནི། རྟེན་གཞི་སྨོན་སེམས་ཤོར་བ། འགལ་ཟླ་རྩ་ལྟུང་བྱུང་བ། སྤོང་རྐྱེན་བསླབ་པ་ཕུལ་བ་རྣམས་ཏེ། གང་ཡང་ཉམས་པའི་ཉེས་པ་ནི་སྔ་བསགས་ཟིན་གྱི་དགེ་བ་མངོན་གྱུར་ཉམ་སྨད་པས་ཕྱི་མར་བདེ་བ་མེད་ཅིང་ཐེག་ཆེན་དང་མི་འཕྲད་པ་དང་། དམ་བཅའ་ཉམས་

p. 273

པས་ཀུན་གྱིས་སྨད་པའི་གནས་སུ་འགྱུར་བ་དང་། ཉེས་པ་ལྕི་བས་ངན་འགྲོར་ཡུན་རིང་དུ་འཁྱམས་པར་འགྱུར་བའོ། །དེས་ན་ཉམས་མ་ཐག་ཏུ་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ་རྟེན་གྱི་དྲུང་ལ་སོགས་པར་བཤགས་སྡོམ་ཆོ་ག་བཞིན་བྱས་ཏེ་སེམས་སྡོམ་སླར་ཡང་བླངས་པས་སོར་ཆུད་པར་འགྱུར་བ་ཡིན་ནོ། །ཁ་ཅིག་གྲངས་ངེས་པར་འདོད་ཀྱང་འདིར་ངེས་པ་མེད་དེ། སྤོང་སེམས་དགེ་བ་ནམ་སྐྱེས་པ་ན་བྱང་སྡོམ་སྐྱེ་བར་འདོད་པའི་ཕྱིར། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་བརྗོད། །ཅེས་སོ། །བདུན་པ་ཕན་ཡོན་བཤད་པ་ལ་བདུན། དགེ་བ་གཞན་ལས་ཁྱད་དུ་འཕགས་པ། ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པ། བསོད་ནམས་གོང་དུ་འཕེལ་བ། ཡོན་ཏན་རྒྱ་ཆེ་བ། འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བ། རྩོམ་པ་ཐམས་ཅད་དོན་ཡོད་པ། འབྲེལ་ཚད་ཐར་པར་སྦྱོར་བའི་ཕན་ཡོན་ནོ། །དང་པོ་ནི། དེ་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་ཉིད་ནས་སྡིག་པའི་ཕུང་པོ་ཤིན་ཏུ་མི་བཟད་པའང་སྐད་ཅིག་གིས་གཞོམ་

p. 274

པར་བྱེད་པས་ན་དགེ་བ་གཞན་ལས་ཆེས་འཕགས་པའི་ཡོན་ཏན་དང་ལྡན་པ་སྟེ། སྤྱོད་འཇུག་ལས། དེ་ལྟས་དགེ་བ་ཉམ་ཆུང་ཉིད་ལ་རྟག །སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པ། །དེ་ནི་རྫོགས་པའི་བྱང་ཆུབ་སེམས་མིན་པ། །དགེ་གཞན་གང་གིས་ཟིལ་གྱིས་གནོན་པར་འགྱུར། །ཞེས་སོ། །གཉིས་པ་ཆོས་ཀྱི་རྩ་བར་གྱུར་པའི་ཕན་ཡོན་ནི། བྱང་ཆུབ་ཀྱི་སེམས་ནི་ལེགས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཏེ་སྲིད་པར་འཁོར་བའི་ཚེ་ནའང་བདེ་བའི་འབྲས་བུ་མང་ཞིང་། ཞི་བ་བྱང་ཆུབ་མཆོག་གིའང་རྒྱུ་གཅིག་པུ་ཉིད་དུ་གྱུར་པ་སྟེ། ཚངས་པས་ཞུས་པའི་མདོ་ལས། ཚངས་པ། འདི་ལ་ལྷག་པའི་བསམ་པ་བྱང་ཆུབ་ཀྱི་སེམས་གང་ཡིན་པ་དེ་ནི་ཆོས་ཐམས་ཅད་ཀྱི་རྩ་བར་གྱུར་པས་ས་བོན་ལྟ་བུའོ། །དེ་ཅིའི་ཕྱིར་ཞེ་ན། ས་བོན་ལས་ནི་མྱུ་གུ། ལོ་མ། མེ་ཏོག་དང་། འབྲས་བུ་འབྱུང་བ་དེ་བཞིན་དུ། ལྷག་པའི་བསམ་པ་ལས་ནི་ལྷ་དང་མིའི་ནང་དུ་བདེ་བ་དུ་མ་མྱོང་ཞིང་སླར་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་བྱེད་དོ། །ཞེས་སོ། །གསུམ་པ་

p. 275

བསོད་ནམས་གོང་དུ་འཕེལ་བའི་ཕན་ཡོན་ནི། སེམས་བསྐྱེད་པ་མ་ཉམས་པར་ཡོད་པས་མི་རྟོག་མཉམ་པར་བཞག་པའི་ཚེ་ནའང་ཤེས་རབ་ཐབས་དང་འབྲེལ་བ་དང་། གཉིད་དང་བརྒྱལ་བ་སོགས་འདུ་ཤེས་མེད་པའི་གནས་སྐབས་ནའང་བསོད་ནམས་རྒྱུན་མི་ཆད་པ་འབྱུང་བས་ན། བསོད་ནམས་ཆ་མཐུན་གྱི་དགེ་རྩ་ཆུ་ཤིང་ལྟར་འབྲས་བུ་ལན་གཅིག་ཕྱུངས་ནས་ཟད་པ་ལྟ་བུ་མ་ཡིན་པར་བྱང་ཆུབ་སྙིང་པོའི་བར་དུ་བདེ་འབྲས་འབྱིན་པས་མི་ཟད་ཅིང་གོང་དུ་འཕེལ་བ་ལྗོན་ཤིང་ཆེན་པོ་ལྟ་བུ་སྟེ། སྤྱོད་འཇུག་ལས། གང་ནས་བཟུང་སྟེ་སེམས་ཅན་ཁམས། །མཐའ་ཡས་རབ་ཏུ་དགྲོལ་བའི་ཕྱིར། །མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླངས་གྱུར་པ། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་འཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་དང་། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་

p. 276

བ་ཉིད། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་འགྱུར། །ཞེས་སོ། །བཞི་པ་ཡོན་ཏན་རྒྱ་ཆེ་བའི་ཕན་ཡོན་ནི། སེམས་བསྐྱེད་པས་སངས་རྒྱས་ཀྱི་ཆོས་དཔག་ཏུ་མེད་པ་འཛིན་པ་དང་། ཆོས་ཀྱི་རྣམ་པ་དུ་མ་སྣང་ཞིང་སངས་རྒྱས་ཀྱི་བྱིན་གྱིས་རློབ་པ་དང་། རྒྱལ་བ་རྣམས་ལ་མཆོད་པ་མཆོག་ཏུ་འགྱུར་བ་སོགས་ཡོན་ཏན་གྱི་ཚོགས་རྒྱ་ཆེན་པོ་དང་ལྡན་པ་སྟེ། གསང་བ་བསམ་གྱི་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་དང་། སྡོང་པོ་བཀོད་པ་ལས། མདོར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ལེགས་པ་ཡོད་པ་ཇི་ལྟ་བར་བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེགས་པ་དང་ཡོན་ཏན་ཡང་དེ་ཙམ་སྟེ། ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེའོ། །ཞེས་སོ། །ལྔ་པ་འཇིག་རྟེན་གྱི་མཆོད་སྡོང་དུ་འགྱུར་བའི་ཕན་ཡོན་ནི།

p. 277

སེམས་བསྐྱེད་པ་དང་ལྡན་པ་དེ་ནི་ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱི་མཆོད་སྡོང་ཆེན་པོར་གྱུར་པ་སྟེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་སོ། །དྲུག་པ་རྩོམ་པ་ཐམས་ཅད་དོན་ཡོད་པའི་ཕན་ཡོན་ནི། སེམས་བསྐྱེད་དང་ལྡན་པ་དེས་བྱ་བ་ལུང་མ་བསྟན་དང་། དགེ་བ་ཅི་སྤྱོད་པ་ཐམས་ཅད་སེམས་བསྐྱེད་མངོན་གྱུར་གྱིས་འཕྲལ་དུ་མ་ཟིན་ཀྱང་། ཐོབ་ལ་མ་ཉམས་པའི་སེམས་བསྐྱེད་ཀྱིས་ཟིན་པས་ཐར་པ་ཆ་མཆུན་གྱི་དགེ་རྩར་འགྱུར་བས་ན། རྩོམ་པ་ཐམས་ཅད་དོན་ཡོད་པ་འབའ་ཞིག་ཏུ་ངེས་པ་སྟེ། སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ། བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གང་དང་ལྡན་པ་དེའི་ལུས་དང་ངག་དང་སེམས་ཀྱི་རྩོམ་པ་ཐམས་ཅད་དོན་ཡོད་པ་སྟེ། རྟག་ཏུ་དགེ་བ་འབའ་ཞིག་ཏུ་རོ་གཅིག་པར་འགྱུར་རོ། །ཞེས་སོ། །བདུན་པ་

p. 278

འབྲེལ་ཚད་ཐར་པར་སྦྱོར་བའི་ཕན་ཡོན་ནི། བྱང་ཆུབ་སེམས་དཔའ་དེ་ནི་ཞིང་ཆེན་པོ་ཉིད་ཀྱི་ཕྱིར། གང་ཞིག་གིས་མ་དད་པས་ཁྲོ་ཞིང་གནོད་པ་བྱས་ནའང་གནས་སྐབས་ངན་སོང་མྱོང་ནས་མཐར་ཐུག་དེའི་ཐུགས་རྗེས་ངེས་པར་འཁོར་བ་མཐའ་ཅན་དུ་སྒྲོལ་ཞིང་། དད་པས་འབྲེལ་བའི་བསོད་ནམས་ནི་ལྷག་པར་འཕེལ་སྟོབས་ཆེ་བས་མྱུར་དུ་བྱང་ཆུབ་འཐོབ་སྟེ། དཀོན་མཆོག་བརྩེགས་པ་ལས། གང་ལ་ལ་ཞིག་གིས་བྱང་ཆུབ་སེམས་དཔའ་ལ་སྡིག་པའི་ལས་བྱས་པ་དག་ཀྱང་ལས་དེས་ངན་སོང་དུ་སོང་བ་ལས། སླར་ཡང་བྱང་ཆུབ་སེམས་དཔའ་དེས་བརྩོན་པ་ཆེན་པོས་ཐར་བར་བྱས་ཏེ། བླ་ན་མེད་པའི་བྱང་ཆུབ་ལ་འཇོག་གོ །ཞེས་དང་། སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་སོ། །མདོར་ན་བྱང་ཆུབ་སེམས་ཀྱི་བསོད་ནམས་དང་ཕན་ཡོན་གཞན་ཡང་ཚད་མེད་པའི་ཚུལ། སྡོང་པོ་བཀོད་པའི་ལེའུ་བཞི་བཅུ་རྩ་བཞི་པ་ལས། ནོར་བཟང་གིས་འཇམ་དཔལ་ལས་ཐུགས་བསྐྱེད་བླངས་ནས་དེའི་བསླབ་བྱ་

p. 279

བཙལ་བའི་ཕྱིར་ལྷོ་ཕྱོགས་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན། བྱམས་ཆེན་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་རྣམ་པར་སྣང་མཛད་ཀྱིས་བརྒྱན་པའི་སྙིང་པོ་ཅན་ཞེས་བྱ་བའི་ཁང་བཟང་ན་འཁོར་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དུ་མས་བསྐོར་བ་ལ་ཆོས་སྟོན་པ། ནོར་བཟང་གིས་དཔག་ཚད་ལྔ་བརྒྱའི་རྒྱང་ནས་མཐོང་སྟེ་དགའ་མགུ་རངས་པས་ཕྱག་བྱས་པ་བྱམས་པས་གཟིགས་ནས་ཕྱག་གཡས་པ་ནོར་བཟང་གི་སྤྱི་བོར་བཞག་སྟེ། འཁོར་རྣམས་ལ་ངོམས་པའི་ཚུལ་གྱིས་དེའི་བསྔགས་བརྗོད་པ། ལྟོས་ཤིག་བསམ་པ་ཡོངས་སུ་དག་པ་འདི། །ནོར་བཟང་ནོར་ནི་རབ་ཏུ་བརྟན་པའི་བུ། །བྱང་ཆུབ་སྤྱོད་པ་དམ་པ་ཡོངས་ཚོལ་ཞིང་། །མཁས་པ་ང་ཡི་དྲུང་དུ་ཉེ་བར་འོངས། །ཞེས་དང་། ལེགས་པར་འོངས་སམ་སྙིང་རྗེ་བྱམས་བྱུང་ཁྱོད། །བྱམས་པའི་དཀྱིལ་འཁོར་ཡངས་པར་ལེགས་འོངས་སམ། །ལེགས་པར་འོངས་སམ་བལྟ་ན་རབ་ཞི་བ། །སྤྱོད་པ་སྤྱད་ཚེ་དུབ་པར་མ་གྱུར་ཏམ། །ཞེས་སོགས་གསུངས་པ་དང་། །ནོར་བཟང་གིས་ཐལ་

p. 280

མོ་སྦྱར་ཏེ་ཞུས་པ། འཕགས་པ། བདག་བླ་ན་མེད་པའི་བྱང་ཆུབ་ཏུ་ཡང་དག་པར་ཞུགས་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཇི་ལྟར་ནན་ཏན་དུ་བགྱི་བ་མ་འཚལ་བས་བསྟན་དུ་གསོལ། ཞེས་ཞུས་པའི་ལན་དུ། རིགས་ཀྱི་བུ། ཁྱོད་ནི་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ། བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །འགྲོ་བ་ཐམས་ཅད་ཀྱི་ཆོས་དཀར་པོ་རྣམ་པར་འཕེལ་བར་བྱེད་པས་ཞིང་ལྟ་བུའོ། །ཉེས་པ་ཐམས་ཅད་བསྲེག་པས་བསྐལ་པའི་མེ་ལྟ་བུའོ། །མི་དགེ་བ་ཐམས་ཅད་ཟད་པར་བྱེད་པས་སའི་འོག་ལྟ་བུའོ། །དོན་ཐམས་ཅད་འགྲུབ་པས་ཡིད་བཞིན་གྱི་ནོར་བུའི་རྒྱལ་པོ་ལྟ་བུའོ། །འཁོར་བའི་ཆུ་བོ་ལ་རྒྱུ་བ་འདོན་པས་ལྕགས་ཀྱུ་ལྟ་བུའོ། །ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མཆོད་སྡོང་ལྟ་བུའོ། །བསམ་པ་ཐམས་ཅད་འགྲུབ་པས་བུམ་པ་བཟང་པོ་ལྟ་བུའོ། །ཞེས་པ་ནས་རྩི་དང་ནོར་བུའི་དཔེའི་བར་དུ་ཕྱེད་དང་སུམ་བརྒྱར་ཉེ་བའི་ཕན་ཡོན་དངོས་སུ་གསུངས་ནས། ཕན་ཡོན་

p. 281

དེ་དག་དང་གཞན་ཡང་ཚད་མེད་པ་དང་ལྡན་ནོ། །ཞེས་གསུངས་ཏེ་རྒྱས་པར་མདོ་ཉིད་དུ་བལྟ་བར་བྱའོ།། །།གཉིས་པ་སྐབས་ཀྱི་བསྒོམ་དོན་གསལ་གདབ་པ་ནི། སྒོ་གསུམ་རྣལ་དུ་ཕབ་ལ་འདི་ལྟར་བསམ་པར་བྱ་སྟེ། དེའང་ཕྱོགས་བཅུ་གང་ནས་གཞལ་ཀྱང་ནམ་མཁའི་མཐའ་ལ་ཚད་བཟུང་མེད་པ་ལྟར། འཇིག་རྟེན་གྱི་ཁམས་ལའང་མཐའ་དང་ཚད་གཞལ་མེད་པ་ཡིན། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་གོ་མཚམས་མེད་པར་ཁྱབ་ནས་ཡོད། བདག་དང་སེམས་ཅན་དེ་དག་གི་ཚེ་རབས་ཀྱི་ཆོག་མ་འདི་ནས་ཡིན་བྱ་བ་མེད་པའི་སྔ་རོལ་ནས་འཁོར་བར་འཁྱམས་ཏེ་སྐྱེ་བ་གྲངས་མེད་པ་ཞིག་བླངས། སྐྱེ་བ་བླངས་རེས་བཞིན་ཡང་ལུས་རེ་གྲུབ་ཅིང་། ལུས་རེ་བཞིན་ཕ་མ་རེ་བྱུང་བས་ན། སེམས་ཅན་དེ་དག་ཐམས་ཅད་ཀྱིས་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། དེའང་ལན་རེ་ཙམ་མ་ཡིན་པར་སེམས་ཅན་རེ་རེས་ཀྱང་ཕ་མ་ཡང་ཡང་བྱས་པ་ལ་གྲངས་མེད། བྱས་པའི་ཚེའང་དྲིན་ཆེན་པོ་ཤ་སྟག་ཡིན་ཏེ། ཚེ་འདིས་མཚོན་ན། དང་པོ་མའི་མངལ་དུ་ལུས་བསྐྱེད་པའི་ཚེའང་། མའི་ལུས་ཀྱི་ཟུངས་ཟད། བཀྲག་མདངས་

p. 282

ཤོར། ལྡང་འདུག་དཀའ། དབང་པོ་རྒུད། འདོད་པའི་བཟའ་བཏུང་ལ་སྤྱད་དབང་མེད། ཟླ་བ་ཐེམ་ནས་བཙས་པ་ནའང་། མའི་ཁ་རུས་མིན་པའི་རུས་མཚམས་ཐམས་ཐད་འབྱེད། གཤིན་ཡུལ་དུ་གོམ་ཕྱེད་བོར་དགོས་པ་བྱུང་ནའང་། ད་རུང་རང་ཉིད་མི་གཙང་བའི་འདམ་གྱི་སྲིན་བུ་འདྲ་བ་དེ་ཚམ་ཚོམ་མེད་པར་པང་དུ་བླངས། བྱམས་པའི་ལག་གིས་མི་གཙང་བ་ཕྱི་བ་སོགས་བྱ་སྤྱོད་ཀུན་ནས་གཅེས་པར་བསྐྱང་། བུ་ཆུང་ན་བ་བས་རང་ཉིད་འཆི་བ་འདམ། མངའ་ཐང་ལོངས་སྤྱོད་ཅི་ཡོད་བྱིན་ཀྱང་ཕངས་སེམས་དང་ཁོང་ཡུས་མེད་པ་དེ་ལྟར་ཚེ་རབས་ཀྱི་ཕ་མས་ཀྱང་དྲིན་གྱིས་བསྐྱངས་པ་ཡིན་མོད། དེས་ན་ཚེ་རབས་དང་ད་ལྟའི་ཕ་མ་ལ་ཉེ་རིང་དང་ཁྱད་པར་མེད་པས་ན། ད་འདི་ཐམས་ཅད་མ་རིག་པའི་མུན་པར་འཐོམ་ཞིང་ཉོན་མོངས་པས་ཡིད་དཀྲུགས་ཏེ་སྨྱོ། བླང་དོར་བལྟ་བའི་ཤེས་རབ་ཀྱི་མིག་དང་བྲལ་ཞིང་དགེ་བའི་བཤེས་གཉེན་གྱི་དམིགས་བུའི་ལོང་ཁྲིད་ནི་མེད། བསོད་ནམས་ཀྱི་འཁར་བ་བོར་ཞིང་ཐབས་ཤེས་ཀྱི་རྐང་པ་ཆག་པས་འཁོར་བའི་གཡང་ས་ལས་ཐར་པའི་དུས་མེད། འདོད་པ་བདེ་བ་འདོད་དེ་དེའི་ཐབས་ལ་རྨོངས་ནས་སྡུག་བསྔལ་གྱི་རྒྱུ་ཁོ་

p. 283

ན་བསྒྲུབ་ཅིང་ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའི་ལས་དབང་གིས་རྟག་ཏུ་སྡུག་བསྔལ་གྱི་རྒྱུ་འབྲས་ལ་སྤྱོད་པས་ཉམ་ཐག་པར་གྱུར་པའི་མ་རྒན་དྲིན་ཆེན་འདི་རྣམས་སྙིང་རྗེ་སྙམ་དུ་སྙིང་འགས་ལ་ཐུག་པའམ་བྲེད་ཤ་ཐོན་ཐོན་ཙམ་དུ་སྙིང་རྗེ་བསྐྱེད། ད་སྙིང་རྗེ་བ་ཙམ་དུ་བཞག་པས་མི་ཕན་ཏེ་འདི་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་དྲངས་ཏེ་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་མྱུར་དུ་འགོད་པ་བྱ་དགོས། དེའང་ད་ལྟ་བདག་ལ་ནུས་པ་མི་འདུག་པས་བདག་གིས་དེ་ལྟར་ནུས་པའི་སངས་རྒྱས་ཀྱི་གོ་འཕང་ཚེ་འདི་ཉིད་ལ་འཐོབ་པར་བྱ། དེའི་ཆེད་དུ་ཟབ་མོའི་ལམ་གྱི་རིམ་པ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་སྒོ་ནས། མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་བསྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཕྱིར་ཡེངས་མེད་བརྩོན་པའི་ཤུགས་བསྐྱེད་ནས། །ཟབ་མོའི་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །ཞེས་ཀུན་སློང་གསལ་བཏབ་ལ།

p. 284

སེམས་བསྐྱེད་དངོས་གཞིའི་སླད་དུ་སྐྱབས་ཡུལ་རྣམས་དཔང་པོར་གསོལ་ཏེ། སྔོན་གྱི་རྒྱལ་བ་སྲས་དང་བཅས་པས་སྨོན་པ་བྱང་ཆུབ་ཏུ་ཐུགས་བསྐྱེད་ནས་འཇུག་པ་བྱང་ཆུབ་སེམས་ཀྱི་བསླབ་པ་ལ་ཇི་ལྟར་བསླབ་པར་མཛད་པ་དེ་བཞིན་དུ། བདག་གིས་ཀྱང་ཕ་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚད་མེད་པ་བཞིས་ཀུན་ནས་བསླངས་ཏེ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ཅིང་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རིམ་པར་བསླབ་པར་བགྱིའོ་སྙམ་པའི་འདུན་པ་ཤུགས་དྲག་པོ་བསྐྱེད་ལ། ངག་ཏུ། མགོན་པོ་སྲས་དང་བཅས་པ་བདག་ལ་དགོངས༔ ཚད་མེད་རྣམ་བཞིས་འགྲོ་དོན་དང་དུ་ལེན༔ བྱང་ཆུབ་སེམས་བཟུང་ཕར་ཕྱིན་དྲུག་ལ་བསླབ༔ དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་ཐོབ་ཤོག༔ ཅེས་བརྒྱ་སྟོང་ལ་སོགས་པ་སྙིང་ཐག་པ་ནས་བརྗོད་ཅིང་། ཁྱད་པར་གཏོང་ལེན་གྱི་དམིགས་པ་ནི། རང་གི་དབུགས་ནང་དུ་རྔུབ་པ་དང་བསྟུན་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་ཅི་ཡོད་པ་ཐམས་ཅད་ནག་འུབ་ཀྱིས་བསྡུས། སྣ་སྒོ་ནས་ཞུགས། རང་གི་སྙིང་ནང་དུ་ཐིམ་པས་སེམས་ཅན་རྣམས་སྡིག་སྡུག་དང་གཏན་བྲལ་དུ་སོང་བར་

p. 285

བསམ། དབུགས་ཕྱིར་འགྲོ་བ་ན། རང་གི་བདེ་བ་དང་དགེ་བ་ཅི་ཡོད་པ་ཐམས་ཅད་ཟླ་ཟེར་ལྟ་བུའི་རྣམ་པས་སྣ་སྒོ་ནས་དཀར་ལམ་གྱིས་སོང་བ་སེམས་ཅན་ཐམས་ཅད་ལ་ཐིམ་པས་དེ་ཐག་ཏུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བསམ་ཞིང་དགའ་བའང་བསྒོམ། ངག་ཏུའང་། སྐྱིད་ན་དགེ་བ་ཚོགས་སུ་བསྔོ། །ཕན་བདེས་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་སྨིན། །སྡུག་བསྔལ་གྱི་རྒྱ་མཚོ་སྐེམ་པར་ཤོག །ཅེས་པ་ལྟ་བུའི་སྨོན་ལམ་ཅི་རིགས་རྒྱ་ཆེར་གདབ་ཅིང་བྱང་ཆུབ་ཀྱི་སེམས་དར་དྲག་ལ་ཡུན་རིང་བ་བསྒོམ་མཐར་སྐྱབས་ཡུལ་སྔར་བཞིན་བསྡུས་ལ། སེམས་བསྐྱེད་པའི་ཡུལ་སེམས་ཅན། སྐྱེད་པ་པོ་རང་ཉིད། བསྐྱེད་ཐབས་ཀྱི་ཀུན་སློང་གསུམ་ཀ་མི་དམིགས་པའི་ངང་དུ་མཉམ་པར་བཞག་གོ །དེ་ལྟར་ཀུན་རྫོབ་སེམས་བསྐྱེད་ཀྱི་ངོ་བོ་ནི་སྙིང་རྗེ་ཡིན་ཅིང་དེ་ལ་བརྟེན་ནས་དོན་དམ་པའི་སེམས་སྐྱེ་སྟེ། ཕ་དམ་པས། སྙིང་རྗེ་མ་སྐྱེས་ན་རྟོགས་པ་མི་སྐྱེ། ཉ་ཆུ་ལ་འོང་བ་ཡིན་སྐམ་ལ་མི་འོང་གསུངས་པ་ལྟར། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙིང་རྗེ་ཆེན་པོ་

p. 286

ལ་བརྟེན་ནས་དོན་དམ་པའི་གནས་ལུགས་ཕྱིན་ཅི་མ་ལོག་པར་རྟོགས་ནས་འོང་། དེ་ཙ་ན་མ་རྟོགས་པའི་སེམས་ཅན་ལ་བཅོས་མ་མིན་པའི་བྱང་སེམས་ཤུགས་ལ་འབྱོངས་ནས་སྒོ་གསུམ་གཞན་དོན་དུ་བཀོལ་ཐུབ་པ་དེ་འོང་བ་ཡིན། དེས་ན་རང་དོན་བྱེད་ཁོ་ན་ལས་གཞན་ཕན་གྱི་བསམ་པ་མི་སྐྱེ་ན་སེམས་བསྐྱེད་ཀྱི་རྩ་བ་འཆུག་པ་ཡིན་པས་བདག་གཞན་མཉམ་བརྗེའི་སེམས་བསྒོམ་པ་འདི་གལ་ཆེ། དེའང་བདག་དང་སེམས་ཅན་ཐམས་ཅད་བདེ་བ་འདོད་པར་མཉམ། སྡུག་བསྔལ་མི་འདོད་པར་མཉམ། ཆོས་ཉིད་རང་བཞིན་མེད་པར་ཡང་མཉམ་ཞིང་། བདག་གཅིག་པུ་ཡིན་ལ་གཞན་སེམས་ཅན་ནི་མང་པོ་ཡིན་པས་ཀྱང་མཉམ་པར་མ་ཟད་སེམས་ཅན་གཙོ་ཆེ། དེའི་ཕྱིར་སེམས་ཅན་རྣམས་སངས་རྒྱས་ལ་འགོད་འདོད་འདི་ཉིད་གོ་ཡུལ་ཙམ་དུ་མ་ལུས་པར་སེམས་ཐོག་ཏུ་ཁེ་ལ་ངེས་པ་ཞིག་དགོས། དེའི་བོགས་འདོན་དུ། བདག་ཉིད་གཅེས་པར་མི་འཛིན་ཅིང་སེམས་ཅན་གང་རུང་གཅིག་པུ་ཞིག་ཀྱང་ཤིན་ཏུ་གཅེས་པར་འཛིན་པས་དེ་དག་བདེ་བར་འགྱུར་བར་རིག་ན་དེའི་ཆེད་དུ་སྡུག་བསྔལ་དོས་དྲག་པ་

p. 287

ལའང་བདག་ཉིད་འཇུག་པར་སྤྲོ་བའི་བསམ་སྦྱོར་གྱིས་གཞན་ཕན་ཁོ་ན་ལྷུར་ལེན་པ་འབའ་ཞིག་བྱ། ཐ་ན་འགྲོ་འཆག་ཉལ་འདུག་ཡན་ཆད་ཀྱང་གཞན་དོན་དུ་སེམས་པས་མཚོན་བྱང་སེམས་སྤེལ་བའི་ཐབས་ཚོགས་གཉིས་རྒྱ་ཅི་ཆེ་ལ་བསླབ། སོ་སྐྱེའི་དབང་གིས་བྱང་སྡོམ་དང་འགལ་བའི་ཉེས་ལྟུང་མང་དུ་འབྱུང་བས་རབ་ཉིན་མཚན་དུས་དྲུག །འབྲིང་ཐུན་བཞིའི་ཐོག་མཐའ། ཐ་ནའང་ཉིན་དང་མཚན་ལན་རེར་བཤགས་སྡོམ་ངེས་པར་བྱེད་དགོས། ནད་གདོན་གྱིས་གནོད་པ། མི་ཁ་ཟུག་པ། ཉོན་མོངས་ཆེ་རུ་འགྲོ་བ་སོགས་བྱུང་ན་དེའི་སྟེང་དུ་སེམས་ཅན་ཐམས་ཅད་ཀྱི་མི་འདོད་པ་ཐམས་ཅད་བསྡུས་ཤིང་སྤུངས། སྡུག་བསྔལ་བྱུང་ན་སྔོན་ལས་སུ་ཤེས་པས་སེམས་སྡུག་མི་བྱ་བར་གཞན་གྱི་སྡུག་བསྔལ་བླང་། བདེ་སྐྱིད་བྱུང་ན་ལོངས་སྤྱོད་དབང་ཐང་དགེ་ཕྱོགས་སུ་བཏང་ཞིང་སྙོམས་ལས་སུ་མི་སྡོད་པར་ལུས་ངག་དགེ་ལ་བསྐུལ་ཞིང་སེམས་ཅན་ཐམས་ཅད་བདེ་སྐྱིད་དང་ལྡན་པར་སྨོན་ལམ་འདེབས། ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། གྱོད་ཁ་མཆུ། གྱོང་བུབ་ཁ། མི་འདོད་

p. 288

པ་ཅི་བྱུང་ཡང་གཞན་ལ་འཁོན་ཏུ་མི་འཛིན་པར་བདག་གཅེས་འཛིན་ཁོ་ནས་ལན་སྙམ་དུ་ལེ་ལན་རང་ལ་བདའ། དགྲ་གཉེན་བར་མ་ཐམས་ཅད་བློ་སྦྱོང་གི་རྟེན་སྡིག་སྒྲིབ་སྦྱོང་བའི་གྲོགས་ཡིན་པས་བཀའ་དྲིན་རེ་ཆེ་སྙམ་དུ་བསམ། རང་ལ་གཅེས་འཛིན་མེད་པར་གཞན་གྱིས་ཤེས་སུ་རེ་བའི་ཚིག་དང་སྤྱོད་པ་མི་བྱ། ཀུན་སྤྱོད་ཆོས་འདུལ་བ་དང་མི་མཐུན་པར་གཙང་སིང་ངེ་བྱ། གཞན་སྐྱོན་མི་བརྗོད། གཞན་སྐྱོན་མཐོང་བ་རང་སྣང་མ་དག་པར་ཤེས་དགོས། གཞན་གྱི་མཚང་འདྲུ། ཚིག་རྩུབ་བརྗོད་པ། མི་མ་ཡིན་པ་དྲག་སྔགས་བཟླ་བ་སོགས་ཀྱང་སྤང་། རང་ལ་བབ་པའི་བྱ་དཀའ་བ་གཞན་ལ་བསྒྱུར་བ་དང་། རང་གི་ཁག་ངན་གཞན་ལ་འགེལ་བ་སོགས་མི་བྱ། རང་ཕྱོགས་དང་མི་མཐུན་པ་ལ་ཕམ་ཁ་བྱུང་ན་དགའ་བ་དང་། དགྲ་ཤིན་ལེགས་བསམ་པ་དང་། གཞན་ལ་ན་ཚ་བྱུང་ན་རང་ལ་རྙེད་བཀུར་འོང་བསམ་པ་སོགས་ཀྱང་མི་རུང་། ཁམས་བཟང་ངན་དང་མི་ཁ་ཐུབ་མི་ཐུབ་མེད་པར་བྱང་ཆུབ་ཀྱི་སེམས་བསྒོམ་ཞིང་ངེས་ཤེས་ཆུང་བའི་རེས་འཇོག་སྤང་། དེའང་དགྲ་བགེགས་སོགས་སྙིང་རྗེ་སྐྱེ་དཀའ་བ་རྣམས་

p. 289

ལ་ཕུར་ཚུགས་སུ་བསྒོམ། ཉམས་སུ་ལེན་པ་རང་དོན་ཡིན་པས་དཀའ་སྤྱད་ཇི་ཙམ་བྱས་ཀྱང་གཞན་ལ་ཡུས་ཆེ་མི་འཚོང་། མཚང་འདྲུ་སྨ་ཕབ་གཤེ་སྐུར་བརྡེག་བརྡུང་སོགས་བྱེད་པ་ལ་ལན་མི་ལྡོག་སྙིང་རྗེ་བསྒོམ། ཅུང་ཟད་ཙམ་ལ་དགའ་མི་དགའི་རྣམ་འགྱུར་མི་སྟོན། རང་ལ་གནོད་པ་ཕྲ་མོའང་མི་བཟོད་ཅིང་གཞན་ལ་ཕན་པ་ཕྲ་མོའང་མི་ཐོགས་ན་སེམས་བསྐྱེད་པའི་དོན་གོ་སྟོར་བས་བདག་གཞན་མཉམ་བརྗེ་ལ་བློ་སྦྱོང་། མདོར་ན་ཐེག་པ་ཆེ་ཆུང་གི་ཆོས་ཐམས་ཅད་ཀྱི་དགོས་པ་ནི་བདག་འཛིན་འདུལ་བ་གཅིག་པུར་འདུས་པས། ཆོས་བྱས་བཞིན་བདག་གཅེས་འཛིན་ཇེ་ཆུང་དུ་འགྲོ་བ་ཞིག་དགོས། བདག་འཛིན་གྱི་གཉེན་པོར་མ་སོང་ན་ཆོས་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་ཆོས་སུ་འགྲོ་མི་འགྲོའི་རྩ་བ་འདི་ལ་ཐུག་པས། འདི་ཆོས་པ་སྲང་ལ་འདེགས་པའི་རྒྱ་མ་ཡིན་གསུངས། གཞན་དག་གིས་ཆོས་པ་ཚད་ལྡན་དུ་མཐོང་བའང་དཔང་པོ་ཡིན་རུང་མོད། རང་བློ་ལྐོག་གྱུར་འཇིག་རྟེན་ཕལ་པས་མི་རྟོགས། སྤྱོད་ལམ་ལེགས་པར་སྣ་རེས་ཀྱང་མགུ་བ་སྲིད། དེ་བས་རང་
གི་རང་ལ་མི་ཁྲེལ་བ་ཞིག་ཀྱང་། རྐྱེན་ངན་སྡུག་བསྔལ་ཅི་བྱུང་ཡང་ཡི་མུག་མི་སྐྱེ་བར་ཉམས་ལེན་གྱི་གྲོགས་སུ་སོང་ནས་རྒྱུན་དུ་ཡིད་བདེ་འབའ་ཞིག་འཆར་བ་བྱུང་ན་བྱང་ཆུབ་སེམས་ལ་བློ་འབྱོངས་པའི་རྟགས་ཡིན། འོན་ཀྱང་ཆོས་གནད་དུ་རྟགས་ཡིན་གྱི། སྦྱང་མི་དགོས་པའི་རྟགས་མིན་པས་སངས་མ་རྒྱས་ཀྱི་བར་དུ་གོང་འཕེལ་ལ་བསླབ་པར་བྱའོ།། །།

ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་ཁྲིད།

p. 290

༈ གསུམ་པ་ལམ་གྱི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་སྒོམ་ཁྲིད་ལའང་གཉིས། སྤྱིའི་གོ་དོན་དང་། སྐབས་ཀྱི་བསྒོམ་དོན་ནོ། །དང་པོ་ལ་གསུམ། སྡིག་པ་སྦྱོང་དགོས་པའི་རྒྱུ་མཚན། སྦྱོང་བྱེད་ཀྱི་ཐབས། སྦྱངས་པའི་ཕན་ཡོན་ནོ། །དང་པོ་ནི། དེའང་རང་ཅག་སོ་སོ་སྐྱེ་བོའི་རྒྱུད་ལ་འཁོར་ཚེ་ཐོག་མེད་ནས་བསགས་པའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཚན་པ་ཆེ་ཡོད་པས་སྤྱིར་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་བར་དུ་གཅོད་ཅིང་། ཁྱད་པར་དངོས་གཞིའི་ལམ་གྱི་ཉམས་མྱོང་དང་རྟོགས་པའི་ཡེ་ཤེས་ཚུལ་བཞིན་རྒྱུད་ལ་མི་སྐྱེ་བའི་གེགས་ནི་སྔོན་གྱི་སྡིག་པ་དང་བཅས་པའི་ལྟུང་བ་རྣམས་ཡིན་ལ།

p. 291

ལྷག་པར་གསང་སྔགས་ཀྱི་དམ་ཚིག་ལས་ཉམས་པས་ནི་ཚེ་འདིར་མི་འདོད་པ་དུ་མ་བསྐྱེད། ལམ་ལ་བར་དུ་བཅད་དེ་རྡོ་རྗེའི་དམྱལ་བར་ཟང་ཐལ་དུ་འགྲོ་བར་གསུངས་ཏེ། རྒྱུད་ལས། རྡོ་རྗེ་སྲིན་པོས་སྙིང་ཁྲག་འཐུང་བ་དང་། །ཚེ་ཐུང་ནད་མང་ནོར་ཡལ་དགྲས་འཇིགས་དང་། །མནར་མེད་དམྱལ་བ་ཤིན་ཏུ་སྐྱི་གཡའ་བར། །སྡུག་བསྔལ་མི་བཟད་ཡུན་རིང་གནས་པར་འགྱུར། །ཞེས་པས་ཁེ་ཉེན་ཤིན་ཏུ་ཆེ་བའི་ཕྱིར་ཉམས་པའི་ཉེས་པ་ཕྲ་མོ་ཙམ་བྱུང་ནའང་དེ་ཐག་ཏུ་བཤགས་དགོས་སོ། །དེ་ལ་དུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ལུས་ངག་ཏུ་དངོས་སུ་མ་ཐོན་པ་ནི་ཡིད་ཀྱི་ལས། རྣམ་འགྱུར་དངོས་སུ་ཐོན་པ་ནི་ལུས་ངག་གི་ལས་ཏེ། ཡིད་ནི་ལས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པས། ཇི་སྐད་དུ། འཇིག་རྟེན་ནག་པོར་འགྲོ་བའི་ཕྱིར། །ཡིད་ནི་དུག་གི་རྩ་བ་ཡིན། །ཞེས་གསུངས། སྡིག་པའི་ལས་ཀྱི་རྣམ་གྲངས་སྔར་རྒྱུ་འབྲས་ཀྱི་སྐབས་སུ་བཤད་པ་བཞིན་དང་། སྡོམ་པ་གསུམ་དང་འགལ་བའི་ཉེས་ལྟུང་གི་ཚོགས་རང་གིས་བགྱིས་པ་དང་། གཞན་

p. 292

ལ་བྱེད་དུ་བཅུག་པ་དང་། བྱས་པ་ལ་རྗེས་སུ་ཡི་རང་བས་བསྟོད་བསྔགས་བརྗོད་པ་སོགས་མདོར་ན་རང་རེ་རྣམས་ཀྱིས་སྐྱེ་བ་ཐོག་མེད་ནས་མ་ཤེས་མ་ཚོར་བས་བསགས་པའི་སྡིག་ལྟུང་རི་བོ་ཙམ་རེ་ཁུར་བའི་སྟེང་། ད་ལྟ་སྒོ་གསུམ་གྱི་བསམ་སྤྱོད་ཕལ་ཆེར་དུག་གསུམ་ཁོ་ནའི་དབང་གིས་སྡིག་སྒྲིབ་ཁ་སྣོན་དུ་བསགས་པ་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་ལས་ཐར་དུས་མེད་པ་འདི་བྱུང་བའོ། །དེའང་ཉེས་པ་གསང་ཞིང་སྦེད་ན་སྡིག་པའི་ས་བོན་དང་གཡོ་སྒྱུའི་ཆུ་ལུད་འཛོམ་པས་ཇེ་འཕེལ་དུ་འགྲོ་ཞིང་། སྐྱོན་དུ་ཤེས་པས་འཆག་མེད་ཀྱིས་གཞན་ལ་སྨྲེ་ཞིང་སྒྲོགས་ན་མི་འཕེལ་ཞིང་སྟོབས་ཆུང་དུ་འགྲོ་སྟེ་བདེན་པས་མཐའ་བསྡོམས་པ་ཞེས་བྱ། འགྱོད་བཤགས་དྲག་པོས་སྡིག་སྦྱོང་གི་ཐབས་ལ་བརྩོན་ན་སྡིག་ལྟུང་རྩད་ནས་བྱང་བ་ལ་ཚེགས་མེད། དེ་ལ་བདག་གིས་ཉེས་པ་འདི་དང་འདི་ལྟ་བུ་བྱས་སོ་ཞེས་པ་ནི་མཐོལ་བ་ཡིན་ལ། འགྱོད་པ་དྲག་པོས་སེམས་གདུང་བ་དང་བཅས་པ་ནི་བཤགས་པ་ཡིན། ཉེས་པ་དེ་འདྲ་དང་མི་ལྡན་པ་རྣམས་ལ་མཆོག་ཏུ་ངོ་མཚར་ཞིང་གུས་པ་དང་བཅས། རང་ཉིད་ཉེས་པར་བྱས་

p. 293

པས་སེམས་ཞུམ་ཞིང་ངོ་ཚའང་གསོང་པོར་སྨྲ་བས། ཁྱེད་རྣམས་ཐུགས་བརྩེ་བས་དགོངས་ཏེ་ལས་འདི་དག་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་པ་བཤགས་པའི་དོན་ཡིན་ཅིང་། སྙིང་ནས་གནོང་འགྱོད་ཀྱིས་བཤགས་ན་ལས་ལ་རང་བཞིན་མ་གྲུབ་པའི་གནད་ཀྱིས་འདག་པར་མི་འགྱུར་བ་འགའ་ཡང་མེད་དེ། མདོ་ལས། གང་གིས་བསྐལ་པ་དུ་མ་རུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་དང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སེར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོ། །གཉིས་པ་སྦྱོང་བྱེད་ཀྱི་ཐབས་ནི། དེའང་ཆོས་བཞི་བསྟན་པའི་མདོ་ལས། གང་གིས་བསྐལ་པ་དུ་མ་རུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་གཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐམས་ཅད་བྱང་བར་འགྱུར། །ཞེས་དང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལ། །ཕྱིས་ནས་བག་དང་ལྡན་པར་གྱུར་པ་དེ། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་སོ། །གཉིས་པ་སྦྱོང་བྱེད་ཀྱི་ཐབས་ནི། དེའང་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཐམས་ཅད་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་

p. 294

པར་སུན་འབྱིན་པ་དང་། གཉེན་པོ་ཀུན་ཏུ་སྤྱོད་པ་དང་། སོར་ཆུད་པའི་སྟོབས་དང་། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར། སྡིག་པ་བཤགས་པ་ལ་སྟོབས་བཞི་ཚང་དགོས་ཤིང་དེ་ཚང་ན་སྡིག་པའི་ཕུང་པོ་རི་རབ་ཙམ་ཡང་བཤགས་པ་ཚད་ལྡན་ལན་གཅིག་གིས་བྱང་བར་འགྱུར་བ་ཡིན་ནོ། །དེ་ལ་རྟེན་གྱི་སྟོབས་ནི། སྤྱིར་མཆོག་གསུམ་རྩ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་པ་རྟེན་གྱི་མཆོག་ཏུ་གྲུབ་མོད་ཀྱི། སྐབས་འདིར་རྟེན་ཁྱད་པར་བ་བླ་མ་རྡོ་རྗེ་སེམས་དཔའ་ཉིད་བསྔགས་པ་སྟེ། བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ནི་དོན་དམ་པར་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་གཅིག་ཏུ་འདུས་བའི་བདག་ཉིད་སྤྱི་དཔལ་ཆེན་པོ་གསང་ཆེན་རིགས་གཅིག་གི་ངོ་བོར་ཡོངས་སུ་གྲུབ་པ་ཡིན་ལ། ཀུན་རྫོབ་ཏུའང་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་དུས་སུ། གང་ཞིག་ངའི་མིང་ཐོས་པ་ཙམ་གྱིས་མཚམས་མེད་དུཿཁའི་ལས་ལ་སྤྱོད་པ་དང་། སྔགས་ཀྱི་དམ་ཚིག་ཉམས་ཆག་ཞིག་རལ་དུ་གྱུར་ནས་རྡོ་རྗེའི་དམྱལ་བ་ཆེན་པོར་ལྟུང་བའི་

p. 295

སྡིག་སྒྲིབ་ཅན་རྣམས་དེ་མ་ཐག་པར་བྱང་ཞིང་དག་པར་གྱུར་ཅིག །ཉེས་པ་ཅན་དེ་རྣམས་ཀྱི་རྩ་བར་བདག་གནས་ནས་དེའི་སྒྲིབ་པ་མཐའ་དག་བསལ་ཏེ་ཐར་པ་མཆོག་ལ་འགོད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་ཅིང་དམ་བཅས་པའི་མཐུས། ཤིན་ཏུ་འདག་པར་དཀའ་བའི་སྡིག་ལྟུང་ཚབ་པོ་ཆེའང་ཡུད་ཙམ་གྱིས་སྦྱོང་བར་བྱེད་ཅིང་། དེའི་ཡང་སྙིང་དེ་བཞིན་གཤེགས་པའི་ཡི་གེ་བརྒྱ་པ་ཞེས་མཚན་ཅུང་ཟད་བསྒྱུར་བས་ཧེ་རུ་ཀ་སོགས་ལྷ་རབ་འབྱམས་ཀྱི་ཡིག་བརྒྱར་འགྱུར་བས་ལྷ་སྔགས་གཉིས་ཀའི་ཆ་ནས་རིགས་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོར་རྒྱུད་ལུང་མང་པོ་ནས་ཡོངས་སུ་བསྔགས་པས་ན། སྔགས་ཀྱི་མན་ངག་ལ་ཞུགས་པ་ཀུན་གྱི་སྤྱི་ནོར་སྙིང་གི་ཐིག་ལེ་དམ་པར་གྱུར་པའོ། །དེས་ན་བླ་མ་རྡོ་རྗེ་སེམས་དཔའ་དངོས་སུ་གསལ་ཞིང་དེ་ལ་རྩེ་གཅིག་ཏུ་གུས་པས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་མི་གཏོང་བའི་སྒོ་ནས་སྔགས་དོན་བསམ་པ་ནི་རྟེན་གྱི་སྟོབས་སོ། །ཡིག་བརྒྱའི་སྔགས་དོན་ནི་གསོལ་འདེབས་ཐུགས་རྒྱུད་བསྐུལ་

p. 296

བའི་ཚིག་སྟེ་བོད་སྐད་དུ་ཤན་སྦྱར་ན། ཨོཾ། རབ་བསྔགས། བཛྲ་ས་ཏྭ་ས་མ་ཡ། རྡོ་རྗེ་སེམས་དཔའ་དམ་ཚིག་ནི། མ་ནུ་པཱ་ལ་ཡ་བཛྲ་སཏྭ། རྗེས་སུ་སྐྱོངས་ཤིག་རྡོར་སེམས་ཀྱེ། ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། ཁྱོད་ཀྱིས་བདག་ལ་བརྟན་པར་བཞུགས། སུ་ཏོཥྱོ་མེ་བྷ་ཝ། ཤིན་ཏུ་ཚིམ་པར་བདག་མཛོད་ཅིག །སུ་པོཥྱོ་མེ་བྷ་ཝ། ལེགས་པར་རྒྱས་པར་བདག་མཛོད་ཅིག །ཨ་ནུ་རཀྟོ་མེ་བྷ་ཝ། བདག་ལ་རྗེས་སུ་ཆགས་པར་མཛོད། སརྦ་སིདྡྷིམྨེ་པྲ་ཡཙྪ། དངོས་གྲུབ་ཐམས་ཅད་བདག་ལ་སྩོལ། སརྦ་ཀརྨ་སུ་ཙ་མེ། ལས་རྣམས་ཐམས་ཅད་ལ་ཡང་བདག །།ཙིཏྟཾ་ཤྲེ་ཡཾ་ཀུ་རུ། བདག་གི་སེམས་ནི་དགེ་བར་མཛོད། ཧཱུྃ། ཐུགས་སྲོག་ས་བོན། ཧ་ཧ་ཧ་ཧ་ཧ། ཚད་མེད་བཞི་དབང་བཞི་དགའ་བཞི་སྐུ་བཞི་བཅས་མཚོན། ཧོཿ དེ་ལ་དགྱེས་པའི་བཞད་སྒྲ། བྷ་ག་ཝཱ་ན་སརྦ་ཏ་ཐཱ་ག་ཏ། བཅོམ་ལྡན་དེ་བཞིན་གཤེགས་པ་ཀུན། བཛྲ་མཱ་མེ་མུཉྩ། རྡོ་རྗེས་བདག་ནི་མ་འདོར་ཅིག །བཛྲི་བྷ་ཝ། རྡོ་རྗེ་ཅན་དུ་མཛད་དུ་གསོལ། མ་ཧཱ་ས་མ་ཡ་སཏྭ། དམ་ཚིག་

p. 297

སེམས་དཔའ་ཆེན་པོ། ཨཱཿ གཉིས་མེད་དུ་སྦྱོར་བའི་དོན་ནོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི་མི་དགེ་བའི་གཉེན་པོར་དགེ་བ་ལ་སྤྱོད་པ་སྟེ། འདིར་ལྷ་བསྒོམ་སྔགས་བཟླ་སྡིག་སྒྲིབ་བཀྲུ་བའི་དམིགས་གནད་སོགས་ཡིན། སུན་འབྱིན་པའི་སྟོབས་ནི་སྔར་བྱས་ཀྱི་སྡིག་པ་ལ་ཁོང་དུ་དུག་སོང་བ་ལྟ་བུའི་འགྱོད་སེམས་དྲག་པོ་བསྐྱེད་པ་དང་། སོར་ཆུད་པའམ་སླར་ལྡོག་པའི་སྟོབས་ནི་ཕྱིན་ཆད་སྲོག་ལ་བབས་ཀྱང་བྱེད་རེ་སྙམ་པའི་སྡོམ་སེམས་དྲག་པོ་ཡིན་པས། སྟོབས་གཉིས་པོ་དེ་བཟླས་པའི་མཇུག་ཏུ་བདག་ནི་མི་ཤེས་སོགས་ཚིགས་བཅད་ལྷུག་གི་བཤགས་པ་བཏོན་ན་དེ་ལ་ཚང་ཞིང་། གལ་ཏེ་མ་བཏོན་ཀྱང་འགྱོད་སེམས་གཤའ་མ་ཞིག་སྐྱེས་ཕྱིན་ཆད་ཉེས་དམིགས་ཤེས་པས་སྡོམ་སེམས་ཤུགས་ལ་འབྱུང་བ་ཆོས་ཉིད་དོ། །དེས་ན་འོ་སྐོལ་རྣམས་གསང་སྔགས་ཀྱི་སྒོར་མ་ཞུགས་པ་ནི་སུའང་མེད་ཅིང་། ཞུགས་ཕྱིན་ཆད་དམ་ཚིག་མ་བསྲུང་ན་དམྱལ་བ་དང་བསྲུང་ན་སངས་རྒྱས་གཉིས་ལས་འགྲོ་ས་མེད། གསང་སྔགས་ཀྱི་དམ་ཚིག་ཕྲ་ཞིང་གྲངས་མང་

p. 298

ལ་བསྲུང་དཀའ་བས། ཇོ་བོ་རྗེ་ལྷ་གཅིག་ལྟ་བུས་སྔགས་ལ་ཞུགས་དུས་ཉེས་པ་ཅར་རྒྱག་ཉར་རྒྱག་བྱུང་གསུངས་ན། རང་རེ་གཉེན་པོ་ཆུང་བ། དྲན་པ་ཉམས་པ། སྡོམ་པའི་རྣམ་གྲངས་དང་ལྟུང་མཚམས་ཤེས་པའི་ཤེས་བཞིན་དང་མི་ལྡན་པ་རྣམས་ལ་ནི་ཉེས་ལྟུང་ཆར་བཞིན་འབབ་པར་གདོན་མི་ཟ་བས། ཉིན་རེ་བཞིན་རྡོ་རྗེ་སེམས་དཔའ་བསྒོམ་ནས་ཡི་གེ་བརྒྱ་པ་ཉི་ཤུ་རྩ་གཅིག་རེ་བཟླས་པས་ལྟུང་བ་བྱིན་གྱིས་བརླབས་པར་འགྱུར་ཏེ་ལྟུང་བའི་རྣམ་སྨིན་གོང་དུ་མི་འཕེལ་བར་བྱེད་ལ། ཡི་གེ་བརྒྱ་པ་འབུམ་ཕྲག་གཅིག་བཟླས་པས་ནི་ཉེས་ལྟུང་ཐམས་ཅད་རྩ་བ་ནས་འབྱིན་པར་སྙིང་པོ་རྒྱན་ལས་གསུངས་ཏེ། པད་དཀར་ཟླ་བའི་གདན་གནས་པའི། །རྡོ་རྗེ་སེམས་དཔའ་ལེགས་དམིགས་ཏེ། །ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་རེ་བཟླས་གྱུར་ན། །ལྟུང་སོགས་བྱིན་གྱིས་བརླབ་འགྱུར་ཕྱིར། །འཕེལ་བ་རུ་ནི་མི་འགྱུར་ཞེས། གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །རྟག་པར་དུ་ནི་ཉམས་སུ་བླང་། །འབུམ་ཕྲག་གཅིག་ཏུ་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་

p. 299

གསུངས། གལ་ཏེ་རང་ངོས་ནས་བསྐྱེད་རྫོགས་དང་དྲན་ཤེས་བརྟན་པ་སོགས་ཀྱིས་དམ་ཚིག་ལ་སྐྱོན་མ་འབྱུང་ཡང་། གཞན་རྩ་བའི་དམ་ཚིག་ཉམས་པ་དང་གཏམ་འདྲེས་པ་དང་། སྤྱོད་ལམ་འབྲེལ་བ་དང་། ཐ་ན་ལུང་པ་གཅིག་གི་ཆུ་ལ་བཏུང་བས་ཀྱང་ཟླས་ཉམས་དང་ཞོར་ཉམས་ཀྱི་ཉེས་པ་འབྱུང་སྟེ། རྒྱུད་ལས། ཉམས་དང་འགྲོགས་ཤིང་ཉམས་པ་སྐོང་བ་དང་། །ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་། །ཉམས་ལ་མི་འཛེམ་ཉམས་པ་དེ་དག་གི །ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། །ཅེས་དང་། གཞན་ཡང་། ཇི་ལྟར་འོ་མ་ཐིག་པ་གཅིག །རུལ་བས་ཐམས་ཅད་རུལ་བ་ལྟར། །རྣལ་འབྱོར་མས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུངས་བྱེད། །ཅེས་གསུངས། ཚུལ་བཞིན་བཤགས་ན་འདག་པའང་སྔགས་ཀྱི་དམ་ཚིག་ཉམས་པ་འདི་སླ་སྟེ། སོ་ཐར་གྱི་རྩ་ལྟུང་འཆབ་བཅས་གཅིག་བྱུང་ན་རྫ་བེའུ་ཆག་པ་དང་འདྲ་སྟེ་སླར་གསོ་བའི་ཐབས་མེད་པ་དང་། བྱང་སྡོམ་གྱི་རྩ་ལྟུང་རིན་པོ་ཆེའི་ཉེར་སྤྱད་ཆག་པ་དང་འདྲ་སྟེ་གཞན་

p. 300

རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ནས་གསོ་བར་རུང་བ་དང་། གསང་སྔགས་ཀྱི་ཉེས་ལྟུང་རིན་པོ་ཆེའི་ཉེར་སྤྱད་ཅུང་ཟད་ཞོམ་པ་དང་འདྲ་སྟེ་རང་གིས་ལྷ་སྔགས་ཏིང་ངེ་འཛིན་ལ་བརྟེན་ནས་ལྷག་མ་མེད་པར་སྦྱང་ནུས་པར་གསུངས་པ་ཡིན། དེའང་འཕྲལ་དུ་བཤགས་ན་འདག་སླ་ཞིང་ཡུན་ལོན་ནས་རིམ་པས་ཉེས་པ་འཕེལ་བས་བཤགས་དཀའ་རུ་འགྲོ། ལོ་གསུམ་འདས་ནས་བཤགས་ཀྱང་མི་འདག་པར་གསུངས་སོ། །གསུམ་པ་སྦྱངས་པའི་ཕན་ཡོན་ནི། དེ་ལྟར་བསྒོམ་བཟླས་འདི་ཉིད་གསང་སྔགས་བླ་མེད་ཀྱི་ནང་གི་ཁྲུས་ཡིན་པས་ཐུན་ཐམས་ཅད་ཀྱི་ཐོག་མར་སྦྱོར་ནའང་ཤིན་ཏུ་འབྲེལ་ཆགས་ཤིང་། གང་ལྟར་ཡང་དམིགས་པ་གཞན་དུ་མི་ཡེངས་ཤིང་ཐ་མལ་གྱི་སྨྲ་བ་དང་མ་འདྲེས་པར་དུས་གཅིག་ལ་ཡི་གེ་བརྒྱ་པ་ལན་བརྒྱ་རྩ་བརྒྱད་བཟླས་ན། སྔར་བྱས་ཀྱི་སྡིག་སྒྲིབ་ཉམས་ཆག་ཐམས་ཅད་ངེས་པར་འདག་པ་རྡོ་རྗེ་སེམས་དཔའ་ཉིད་ནས་ཞལ་གྱིས་བཞེས་པ་ཡིན་ཏེ། དྲི་མེད་བཤགས་རྒྱུད་ལས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་ཡང་སྙིང་ཉམས་ཆག་དང་རྟོག་སྒྲིབ་ཐམས་ཅད་

p. 301

སྦྱོང་བར་བྱེད་པ། ཡི་གེ་བརྒྱ་པ་ཞེས་བྱ་བ་བཤགས་པ་ཐམས་ཅད་ཀྱི་རྒྱལ་པོ་འདི་དུས་གཅིག་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་ན་ཉམས་ཆག་ཐམས་ཅད་བསྐངས་ཏེ་ངན་སོང་གསུམ་དུ་ལྟུང་བ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅས་ནས་འདོན་ན། མི་དེ་ཚེ་འདི་ལའང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་དམ་པར་དགོངས་ནས་སྲུང་སྐྱོབ་མཛད་ལ། ཤི་འཕོས་ནས་ཀྱང་བདེ་བར་གཤེགས་པ་རྣམས་ཀྱི་སྲས་ཀྱི་ཐུ་བོར་འགྱུར་བར་གདོན་མི་ཟའོ། །ཞེས་གསུངས། གཞན་ཡང་འདིའི་ཕན་ཡོན་ཚད་མེད་པའི་ཚུལ། དགོངས་པ་ཚིགས་གསུམ་པའི་རྒྱུད་ལས། རྡོ་རྗེ་སེམས་དཔའ་བསྒོམས་ནས་ནི། །སྔགས་ཀྱང་རབ་ཏུ་བཟླ་བྱེད་པ། །དེ་ཡི་སྡིག་ཀུན་བྱང་ནས་ནི། །རྡོ་རྗེ་སེམས་དཔའ་འདྲ་བར་འགྱུར། །ཞེས་དང་། རྡོ་རྗེ་སེམས་དཔའི་གླུའི་རྒྱུད་ལས། རང་བྱུང་ཐིག་ལེ་ཡི་གེ་བརྒྱ། །སངས་རྒྱས་ཀུན་གྱི་ས་བོན་ཏེ། །ཉམས་ཆག་ཐམས་ཅད་འཇོམས་པར་བྱེད། །ཅེས་དང་། གང་ཞིག་

p. 302

ཡི་གེ་བརྒྱ་པ་འཆང་། །དུས་མིན་འཆི་བ་ཉིད་དང་ནི། །ནད་དང་མྱ་ངན་མི་འབྱུང་ངོ། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །དབུལ་དང་སྡུག་བསྔལ་སོགས་མི་འབྱུང་། །དགྲ་རྣམས་ཀྱང་ནི་ཟད་པར་འགྱུར། །འདོད་པ་ཐམས་ཅད་རབ་ཏུ་འགྲུབ། །གང་ཞིག་ཡི་གེ་བརྒྱ་པ་འཆང་། །བུ་འདོད་པས་ནི་བུ་རྙེད་ཅིང་། །ནོར་འདོད་པས་ནི་ནོར་ཐོབ་འགྱུར། །ཡུལ་མེད་པས་ནི་ཡུལ་ཐོབ་འགྱུར། །གལ་ཏེ་ཚེ་ནི་རིང་འདོད་ན། །ཡི་གེ་བརྒྱ་པ་བཅང་བར་བྱ། །ཚེ་ཟད་གྱུར་པའང་བདེ་བར་ནི། །ལོ་ནི་སུམ་བརྒྱ་འཚོ་བར་འགྱུར། །ཚེ་འདི་བདེ་བར་འགྱུར་བ་དང་། །ཤི་འཕོས་བདེ་བ་ཅན་དུ་འགྲོ། །གང་ཞིག་ཡི་གེ་བརྒྱ་པ་འཛིན། །མཁའ་འགྲོ་འབྱུང་པོ་རོ་ལངས་དང་། །གྲིབ་གདོན་དང་ནི་བརྗེད་བྱེད་ཀྱིས། །འཚེ་བ་བྱེད་པར་མི་ནུས་སོ། །ལྟུང་བ་ཆེ་དང་ལྡན་རྣམས་ཀྱང་། །སངས་རྒྱས་ངེས་པར་མཐོང་བར་འགྱུར། །གསང་སྔགས་ཡི་གེ་བརྒྱ་བཟླས་ན། །བླུན་པོ་བློ་ནི་འཕེལ་འགྱུར་ལ། །སྐལ་ངན་རྣམས་ཀྱང་སྐལ་ལྡན་འགྱུར། །བྱུར་དང་སྡུག་བསྔལ་རྣམ་པར་འཇིག །མཚམས་མེད་ལྔ་

p. 303

དང་ལྡན་པ་ཡང་། །ཡི་གེ་བརྒྱ་བཟླས་བྱང་བར་འགྱུར། །སྐྱེ་བ་དེ་དང་དེ་དག་ཏུ། །འཁོར་ལོས་སྒྱུར་བའི་རིགས་ཅན་འགྱུར། །མཐར་ནི་ཐར་པར་གཞོལ་འགྱུར་ཞིང་། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ།། །།གཉིས་པ་སྐབས་ཀྱི་བསྒོམ་དོན་གསལ་གདབ་པ་ནི། རང་གཞན་རྣམས་ཀྱིས་འཁོར་ཚེ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྦྱོང་བའི་ཕྱིར་བླ་མ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་འཇུག་པར་བྱའོ་སྙམ་དུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། དེའང་རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དཀར་པོ་འདབ་མ་སྟོང་ལྡན་སྡོང་བུ་སོར་བཞིའི་ཚད་ཙམ་གྱི་རྩ་བ་རང་གི་ཚངས་བུག་ཏུ་ཟུག་ཅིང་། གེ་སར་ཟེ་ཕོན་རབ་ཏུ་རྒྱས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་ཧཱུཾ་ཡིག་དཀར་པོ་དྭངས་ལ་འཚེར་བ་ཞིག་གསལ། དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་འཕྲོས། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སེམས་ཅན་ཐམས་

p. 304

ཅད་ཀྱི་སྡིག་སྒྲིབ་སྦྱངས། འོད་ཟེར་ཚུར་འདུས་ཧཱུཾ་ལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རང་གི་དྲིན་ཆེན་རྩ་བའི་བླ་མ་ཉིད་རྣམ་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། ཉི་མ་ལྟར་འཚེར་བ། སྒེག་ཅིང་འཛུམ་ལ་རབ་ཏུ་རྒྱས་པའི་ཞལ་ཅན། མཚན་དཔེས་གཟི་བརྗིད་མཆོག་ཏུ་འབར་བ། ཞལ་གཅིག་ཕྱག་གཉིས་ཀྱི་གཡས་རྡོ་རྗེ་ལྔ་པ་ཐུགས་ཀར་གསོར་ཞིང་། གཡོན་དྲིལ་བུ་དཀུར་བརྟེན་པའི་ཚུལ་གྱིས་ཡུམ་ལ་འཁྱུད་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཐོན་མཐིང་རལ་པའི་ཐོར་ཚུགས་རིན་པོ་ཆེའི་སྐེད་ཆིངས་དང་ནོར་བུའི་རྩེ་བྲན་གྱིས་བརྒྱན་པ། དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྟོད་གཡོགས། པ་ཏི་ཁྲ་བོའི་སྨད་དཀྲིས། ཁ་དོག་སྣ་ཚོགས་པའི་ཅོད་པན། དར་མཐིང་ཁྲའི་ཟི་ལྡིར། གར་གྱི་ཕུ་དུང་སྟེ་དར་གྱི་ཆས་གོས་ལྔ་དང་། རིན་པོ་ཆེའི་དབུ་རྒྱན། སྙན་ཆ། མགུལ་ཆུ། སེ་མོ་དོ། ནུ་མའི་བར་སླེབས་པའི་དོ་ཤལ་ཐུང་ངུ་། མཆན། ཕྱག་གདུབ། ཞབས་གདུབ། སྐ་རག །

p. 305

དོ་[ལྟེ་འོག་གཡན་འཁོར་བ།] ཤལ་ཏེ་རིན་པོ་ཆེའི་རྒྱན་བརྒྱད་ཀྱིས་མཛེས་པར་སྤྲས་པ། པང་དུ་རང་འོད་ཀྱི་ཡུམ་རྡོ་རྗེ་སྙེམས་མ་དཀར་མོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་ཕྱག་རྒྱ་ལྔས་སྤྲས་མཆན། ཤིང་གྲི་གུག་དང་ཐོད་པ་འཛིན་པས་མགུལ་ནས་འཁྱུད་དེ་ཞབས་པདྨའི་སྐྱིལ་ཀྲུང་གིས་འཁྲིལ་བ་དང་མཉམ་པར་སྦྱོར་བ། གཉིས་ཀའང་མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར་བ་སྟེ་ཞི་བའི་ཉམས་དགུ་རྒྱས་པ། འོད་ཟེར་མཐའ་ཡས་མུ་མེད་པར་སྤྲོ་ཞིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་བཞུགས་པ། དེའི་ཐུགས་ཀར་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ཟེའུ་འབྲུའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དཀར་ཞིང་གསལ་བའི་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་སྟབས་སུ་ལང་བའི་ལྟེ་བ་ཁོང་གསེང་གི་དབུས་སུ་ཧཱུཾ་ཡིག་དཀར་པོ་གྱེན་ལང་གི་མཐར་མདུན་ནས་བརྩམས་ཏེ་ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟར་རང་སྒྲ་དང་བཅས་ཏེ་གཡས་སུ་འཁོར་བར་བསམ། དེ་ནས་ཚེ་རབས་ཐོག་མེད་ནས་

p. 306

བསགས་པའི་སྡིག་ལྟུང་གི་ཚོགས་ལ་གནོང་ཞིང་འགྱོད། ཕྱིན་ཆད་འཆི་བ་སྲོག་ལ་བབས་ཀྱང་མི་བགྱིད་སྙམ་པའི་འགྱོད་སྡོམ་གྱི་བསམ་པ་དྲག་པོ་བཅས། སྤྱི་བོའི་བླ་མ་རྡོ་རྗེ་སེམས་དཔའ་ཉིད་དུས་གསུམ་སངས་རྒྱས་ཡོངས་ཀྱི་ངོ་བོར་བལྟས་ལ་མོས་གུས་ཚད་མེད་མཆི་མ་འཁྲུགས་པ་ཙམ་བསྐྱེད་ནས། ཐུགས་ཀའི་སྔགས་ཕྲེང་ལ་ཀློག་པའི་ཚུལ་གྱིས་དམིགས་པ་གཏད་དེ་གཙོ་བོར་བླ་མ་རྡོ་རྗེ་སེམས་དཔའ་མཁྱེན་སྙམ་པས་གསོལ་འདེབས་ཀྱི་ཚུལ་དུ་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་ལས་བྱིན་རླབས་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་དངུལ་ཆུའི་ཁ་དོག་ལྟ་བུར་སྐྱ་ཆི་ལི་ལི་བབས། ཡབ་ཡུམ་གྱི་སྐུའི་དབྱིབས་བརྒྱུད་སྙོམས་པར་ཞུགས་བའི་སྦྱོར་མཚམས་ནས་ཐོན། པད་སྡོང་ལ་འཁྲིལ་བའི་ཚུལ་གྱིས་རང་གི་ཚངས་བུག་ནས་མར་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁྱབ་པས། ཡུར་ཆུ་དྲག་པོས་ཐལ་རྡུལ་བདས་པ་བཞིན་ནད་ཐམས་ཅད་རྣག་ཁྲག་ཆུ་སེར། གདོན་ཐམས་ཅད་སྲོག་ཆགས་འབུ་སྲིན། སྡིག་སྒྲིབ་ཐམས་ཅད་དུད་ཁུ་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་

p. 307

དང་བ་སྤུའི་བུ་ག་ཐམས་ཅད་ནས་ཉིལ་ཉིལ་ཕྱིར་ཐོན། ས་རིམ་པ་དགུའི་འོག་ཏུ་ཚེ་རབས་ཀྱི་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་རྣམས་གནས་པའི་ཁར་སོང་བས་ངོམས་ཤིང་ཚིམས། ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པར་མོས་ལ། རང་གི་སྤྱི་བོར་པདྨ་ཟླ་གདན་ལ༔ བླ་མ་རྡོ་རྗེ་སེམས་དཔའ་ཤེལ་གྱི་མདོག༔ ཞི་འཛུམ་མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ གཡས་གཡོན་ཐབས་ཤེས་རྡོ་རྗེ་དྲིལ་བུ་འཛིན༔ ལོངས་སྐུའི་ཆས་རྫོགས་སྐྱིལ་མོ་ཀྲུང་གིས་བཞུགས༔ པང་དུ་སྙེམས་མ་གྲི་ཐོད་འཛིན་པས་འཁྱུད༔ ཐུགས་ཀར་ཟླ་དཀྱིལ་ཧཱུཾ་མཐར་སྔགས་ཕྲེང་ལས༔ བྱང་སེམས་བདུད་རྩིའི་རྒྱུན་བབས་སྦྱོར་མཚམས་བརྒྱུད༔ བདག་གི་ཚངས་བུག་ནས་ཞུགས་ལུས་ཀུན་གང་༔ ཉམས་ཆག་སྡིག་ལྟུང་མ་ལུས་ཀུན་བྱང་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་སཏྭ་ཏེ་ནོ་པ་ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོཥྱོ་མེ་བྷ་ཝ༔ ཨ་ནུ་རཀྟོ་མེ་བྷ་ཝ༔ སརྦ་སིདྡྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་སུ་ཙ་མེ༔ ཙིཏྟཾ་ཤྲེ་ཡཾ་ཀུ་རུ་ཧཱུྃ༔

p. 308

ཧ་ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲཱི་བྷ་ཝ་མ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་བརྒྱ་སྟོང་ཁྲི་འབུམ་སོགས་ཅི་ནུས་ནན་ཏན་དུ་བཟླ་ཞིང་། ཐུན་གྱི་མཐར་ཐལ་མོ་སྦྱར་ཏེ། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཅེས་གསོལ་བ་བཏབ་པས། རང་ལུས་ཤ་ཁྲག་རུས་པ་མི་གཙང་ལྗན་ལྗིན་གྱི་དངོས་པོ་དང་བྲལ་བ་ཕྱི་ནང་ཟང་ཐལ་ཤེལ་གྱི་གོང་བུ་ལྟར་གྱུར་པའི་ནང་གི་ཆ་ཐམས་ཅད་བདུད་རྩིའི་རྒྱུན་དེས་དཀར་ལྟེམ་གྱིས་ཁེངས། སྡིག་སྒྲིབ་ཐམས་ཅད་སངས་རྒྱས་ཀྱིས་དག་པ་ལ། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་

p. 309

ཅད་དག་པ་ཡིན་ནོ་ཞེས་བཀའི་གནང་བ་སྩལ་བར་མོས། དེ་མ་ཐག་རྡོར་སེམས་ཡབ་ཡུམ་འོད་དཀར་པོའི་རྣམ་པར་མེར་གྱིས་ཞུ་སྟེ་རང་ལ་ཐིམ་པས། རང་ཉིད་ཀྱང་སྐད་ཅིག་དྲན་རྫོགས་སུ་སྔར་བསྒོམས་པ་ལྟ་བུའི་རྡོར་སེམས་ཡབ་ཡུམ་གྱི་སྐུར་ལམ་གྱིས་གྱུར་པའི་ཐུགས་སྲོག་ས་བོན་གྱི་མཐར་ཡང་སྙིང་འབྲུ་དྲུག་གིས་བསྐོར་བ་ལས་འོད་ཟེར་མཁའ་ཁྱབ་ཏུ་འཕྲོས། མ་དག་པའི་སྣང་ཞེན་བག་ཆགས་དང་བཅས་པ་སྦྱངས། ཕྱི་སྣོད་ཐམས་ཅད་འོག་མིན་མངོན་པར་དགའ་བའི་ཞིང་དང་། ནང་བཅུད་ཐམས་ཅད་རྡོ་རྗེ་སེམས་དཔའི་སྐུ་འབའ་ཞིག་ཏུ་གྱུར། དེ་ཐམས་ཅད་ཀྱི་ཞལ་ནས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་དིར་དིར་སྒྲོགས་པར་བསམ་ལ། སྡིག་སྒྲིབ་ཀུན་དག་ཤེལ་གོང་ལྟ་བུར་གྱུར༔ སླར་ཡང་འོད་དཀར་རྣམ་པར་མེར་གྱིས་ཞུ༔ བདག་སྣང་དང་འདྲེས་རྡོར་སེམས་སྐུ་རུ་གྱུར༔ སྣང་སྲིད་དག་པ་རབ་འབྱམས་རོལ་པར་བལྟ༔ ཨོཾ་བཛྲ་སཏྭ་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ་ཞིང་། མཐར་སྣོད་བཅུད་ཞིང་ཁམས་དང་ལྷ་སྐུར་གསལ་བ་ཐམས་

p. 310

ཅད་རང་འོད་དུ་ཞུ་ཞིང་འདུས་ཏེ་རང་ལ་ཐིམ། རང་ཡང་ཐུགས་སྲོག་ས་བོན་དང་དེའང་མས་རིམ་གྱིས་ན་དའི་བར་དུ་བསྡུས་ཏེ་ན་དའང་མི་དམིགས་པར་འོད་གསལ་སྟོང་པ་ཉིད་དུ་ཡལ་བར་བསམ་ལ། སྦྱང་བྱ་སྤྱོད་བྱེད་ཀྱི་རྟོག་ཚོགས་གདོད་ནས་དག་པ་བརྗོད་བྲལ་བདེ་བ་ཆེན་པོའི་ངང་ལ་ལྷོད་ཀྱིས་ཀློད་ནས་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །ཅེས་སོགས་ཀྱིས་དགེ་བ་བསྔོས་ཏེ་སྤྱོད་ལམ་ལ་འཇུག་གོ། །དེ་ལྟར་སྡིག་སྒྲིབ་དག་པའི་རྟགས་མ་བྱུང་གི་བར་དམིགས་པ་ཤིན་ཏུ་གཅུན་ལ་མ་ཡེངས་པར་བཟླ་དགོས་ཏེ། སློབ་དཔོན་ཆེན་པོས། གཞན་དུ་ཡེངས་པར་གྱུར་ན་ནི༔ བསྐལ་པར་བཟླས་ཀྱང་འབྲས་མི་འབྱིན༔ ཞེས་གསུངས། རྟགས་ནི་ཉམས་སམ་རྨི་ལམ་ཅི་རིགས་པར་འཁྲུ་ཞིང་སྐྱུགས་པ་དང་། ཁྲུས་བྱས་པ་དང་། གོས་དཀར་གྱོན་པ་དང་། ཆུ་ཆེན་བརྒལ་བ་དང་། མཁའ་ལ་འཕུར་བ་དང་། ཉི་ཟླ་ཤར་བ་སོགས་སྡིག་པ་དག་པའི་རྟགས་དང་།

p. 311

ལུས་ལས་རྡུལ་དང་རྣག་ཁྲག་ཆུ་སེར་འཐོན་པ་སོགས་ནད་བྱང་བའི་རྟགས་དང་། གྲོག་སྦུར་སོགས་སྲོག་ཆགས་ཕྲ་མོ་འཐོན་པ་གདོན་དོན་པའི་རྟགས་དང་། ཁྱད་པར་དངོས་སུ་རིག་པ་དྭངས་པ་དང་། ལུས་ཡང་བ་དང་། དད་པ་དང་ངེས་འབྱུང་རྩོལ་མེད་དུ་སྐྱེ་བ་ལ་སོགས་པ་འབྱུང་བའོ། །དེས་ན་སྤྱིར་ལས་འབྲས་ལ་ཡིད་ཆེས་གཤའ་མ་ཞིག་སྐྱེས་ན་སྡིག་པའི་ལས་ལ་འགྱོད་པ་མི་སྐྱེ་བའི་ཐབས་མེད་ཅིང་། དེ་ཙ་ན་བཤགས་པ་ཚད་ལྡན་ཞིག་ཀྱང་འོང་། དེས་རྒྱུད་དག་ནས་ཉམས་རྟོགས་བཟང་པོ་གོང་འཕེལ་དུ་སྐྱེ་བ་ཡིན་མོད་ཀྱང་། དེང་སང་རང་རེ་རྣམས་གཞི་ནས་སྒྲིབ་པ་སྦྱོང་བའི་འདུན་བརྩོན་མེད། ཡོད་དུ་ཟིན་ཀྱང་འདོན་པའི་རྗེས་རྒྱུག་ཁ་ཁྲལ་ཙམ་ལས་སྙིང་ནས་ཡིད་ཆེས་དང་གནོང་འགྱོད་སོགས་ཚད་ལྡན་མེད་སྟབས་ཉམས་རྟོགས་ཀྱི་ཡོན་ཏན་ཉིན་མོའི་སྐར་མ་དང་མཚུངས་པ་འདི་ཡིན་པས། ཅི་ནས་སྒྲིབ་སྦྱོང་གི་ཚུལ་འདི་གལ་ཆུང་དུ་མ་སོང་བར་གནད་དུ་ཁེལ་ངེས་ཀྱི་ཉམས་ལེན་ལ་བརྩོན་པར་བྱའོ།། །།

ལམ་གྱི་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་འབུལ་བ།

p. 312

༈ བཞི་པ་ལམ་གྱི་མཐུན་རྐྱེན་ཚོགས་བསགས་པ་མཎྜལ་འབུལ་བའི་ཚུགས་ལའང་གཉིས། སྤྱིའི་གོ་དོན་སྐབས་ཀྱི་བསྒོམ་དོན་ནོ། །དང་པོ་ལ་གཉིས། ཚོགས་གཉིས་ཀྱི་བྱ་བ་སྤྱིར་སྨོས་པ་དང་། མཎྜལ་གྱི་སྐབས་དོན་ཁྱད་པར་དུ་དབྱེ་བའོ། །དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་འདྲའི་ས་བོན་ཐམས་ཅད་ལས། །རྒྱུ་དང་འདྲ་བའི་འབྲས་བུ་འབྱུང་། །ས་བོན་མེད་པར་འབྲས་ཡོད་པ། །ཤེས་ལྡན་གང་གིས་སྒྲུབ་པར་ནུས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་རྒྱུ་འབྲས་འབྲེལ་བ་ཅན་དུ་གྲུབ་པས། བདེན་གཉིས་དབྱེར་མེད་ཀྱི་ལྟ་བས་གཞི་བཟུང་། ཚོགས་གཉིས་ཟུང་འབྲེལ་དུ་རྫོགས་པས་རྒྱུ་བྱས་ཏེ། ཆོས་སྐུ་དང་གཟུགས་སྐུའི་འབྲས་བུ་འབྱུང་བ་ཡིན་ཅིང་། དེའང་རིན་ཆེན་ཕྲེང་བ་ལས། གཟུགས་ཀྱི་སྐུ་དེ་མདོར་བསྡུ་ན། །བསོད་ནམས་ཚོགས་ལས་འབྱུང་བ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་པ་ལྟར། འབྲས་བུའི་མཐར་ཐུག་ཆོས་སྐུ་ཐོབ་པའི་རྒྱུ་མཐུན་ཞི་ལྷག་གིས་བསྡུས་པའི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། དེའང་བསོད་ནམས་ཀྱི་ཚོགས་བསགས་པ་ལ་

p. 313

རགས་ལས་ཏེ། མདོ་ལས། ཇི་སྲིད་ཚོགས་གཉིས་དམ་པ་དེ་ནི་མ་རྫོགས་པར། །དེ་སྲིད་སྟོང་ཉིད་དམ་པ་དེ་ནི་རྟོགས་མི་བྱེད། །ཅེས་དང་། གཞན་ཡང་། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་པ་བཞིན་ནོ། །གཉིས་པ་མཎྜལ་གྱི་སྐབས་དོན་ཁྱད་པར་དུ་དབྱེ་ལ་བརྒྱད། རྒྱུ་མཚན། ངོ་བོ། སྒྲ་དོན། འབུལ་ཚུལ་གྱི་དབྱེ་བ། ལག་ལེན་གྱི་ཁྱད་པར། དམིགས་པའི་རྣམ་གྲངས། འདུན་པ་ཇི་ལྟར་གཏོད་པ། དགོས་པ་ཕན་ཡོན་ནོ། །དང་པོ་མཆོད་པའི་གཙོ་བོ་མཎྜལ་ལ་བྱེད་པའི་རྒྱུ་མཚན་ནི། སྤྱིར་སྦྱིན་སོགས་ཕར་ཕྱིན་གྱིས་བསྡུས་པའི་བསོད་ནམས་བསགས་ཐབས་མཐའ་ཡས་པ་ཞིག་མཆིས་ཀྱང་། བྱ་སླ་ལ་དོན་ཆེ་བ་མཎྜལ་འབུལ་བ་ནི་ཞིང་དང་བསམ་པ་དངོས་པོ་གསུམ་ཤིན་ཏུ་རྒྱ་ཆེ་ཞིང་རྣམ་པར་དག་པའི་སྒོ་ནས་མཆོད་པ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ཡིན་ཏེ། ཞིང་ཕྱོགས་རེ་མ་ཡིན་པར་

p. 314

ཕྱོགས་བཅུ་གསུམ་དུས་གསུམ་གྱི་བླ་མ་དཀོན་མཆོག་ལ་དམིགས་པ་དང་། བསམ་པ་ཕྱོགས་རེ་མ་ཡིན་པར་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བས་མཁའ་ཁྱབ་ཀྱི་སེམས་ཅན་བསམ་འོག་ཏུ་བཅུག་པ་དང་། དངོས་པོ་ཕྱོགས་རེ་མ་ཡིན་པར་ནམ་མཁའི་མཐས་གཏུགས་པའི་ཞིང་དང་བཀོད་པའི་མཆོད་པ་བློས་བླངས་ཏེ་འབུལ་བའི་ཕྱིར་རྒྱ་ཆེ་ཞིང་། ཟང་ཟིང་གི་དངོས་པོ་གཞན་འབུལ་བ་ལྟ་བུའི་ངས་བྱས་ཀྱི་རློམ་སེམས་སོགས་སྦྱོར་དངོས་རྗེས་གསུམ་གྱི་དྲི་མ་མེད་པས་ཤིན་ཏུ་རྣམ་པར་དག་པ་ཡིན་པའི་ཕྱིར། ཇོ་བོ་རྗེས་ཀྱང་། ལག་པ་ནར་གྱིས་བརྐྱངས་པའི་ཚོགས་གསོག་ཅིག་ལ་མཎྜལ་ལས་བསོད་ནམས་ཆེ་བ་མེད་ཅེས་གསུངས། ཁྱད་པར་དོན་དམ་བསྙེན་པ་ལས། ཐུན་མཚམས་གསུམ་དུ་ཤིན་ཏུ་རྣམ་པར་དག་པ་ཡིས། །ཁ་དང་ལག་པ་རྐང་པ་དག་ནི་བཀྲུས་བྱས་ནས། །མེ་ཏོག་ཡང་དག་བླངས་ཏེ་བླ་མའི་སྤྱན་སྔར་ནི། །རྒྱལ་བ་རྣམས་ཀྱི་དཀྱིལ་འཁོར་ཤིན་ཏུ་ཟླུམ་པོ་བྱ། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མ་དམ་པ་ཞལ་མཇལ་བ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། བླ་མ་དྲན་པའི་

p. 315

དུས་སུའང་མཎྜལ་གྱི་མཆོད་པ་བྱས་པས་རྒྱལ་བ་ཐམས་ཅད་མཉེས་ཤིང་རང་གི་ཚོགས་གཉིས་རྫོགས་པའི་རྟེན་འབྲེལ་འགྲིགས་པར་འགྱུར་བ་སོགས། མཎྜལ་འདི་ལ་དགོས་གནད་ཁྱད་པར་འཕགས་པ་མང་དུ་ཡོད་པས་ན་མཆོད་པ་ཐམས་ཅད་ཀྱི་གཙོ་བོར་བསྔགས་པར་མཛད་པ་ཡིན་ནོ། །གཉིས་པ་འབུལ་བྱའི་ངོ་བོ་ནི། དཀྱིལ་འཁོར་དང་ཚོམ་བུ་ཙམ་གྱིས་མཚོན་བྱེད་དུ་བྱས་ནས། མདོ་ལྟར་ན། གླིང་བཞི་རི་རབ་བྱེ་བ་ཕྲག་བརྒྱས་མཚོན་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་མཆོད་སྤྲིན་སྣ་ཚོགས་པས་བཀང་སྟེ་བློས་ལིང་གིས་བླངས་ནས་བླ་མ་དཀོན་མཆོག་རབ་འབྱམས་རྒྱ་མཚོར་འབུལ་བ་ཡིན་ལ། སྔགས་ལྟར་ན། ཕྱི་འཇིག་རྟེན་གྱི་ཁམས་འདི་ལྟར་སྣང་བ་ཐམས་ཅད། ནང་རྡོ་རྗེའི་ལུས་ཀྱི་གནས་ལུགས་ལས་ཤར་ཞིང་། དེ་གཉིས་ཀྱང་གཞན་དཀྱིལ་འཁོར་གྱི་འཁོར་ལོར་ལྷུན་གྱིས་གྲུབ་ལ། གསུམ་ཀའང་དེ་ཁོ་ན་ཉིད་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དང་མི་འགྱུར་བའི་བདེ་བ་ཆེན་པོ་ཟུང་དུ་འཇུག་པའི་རྩལ་ལས་ཤར་བའི་གནས་ལུགས་གཉུག་

p. 316

མའི་རང་བཞིན་ཤེས་པས། མཆོད་པའི་རྣམ་པ་གཅིག་གི་གོ་ན་ཕྱི་ནང་གཞན་གསུམ་དེ་ཁོ་ན་ཉིད་ཀྱི་རང་བཞིན་ཅན་གྱི་རྡོ་རྗེའི་ཞིང་ཁམས་བདེ་སྟོང་གི་རོལ་མོ་རྣམ་པ་ཐམས་ཅད་པར་འཆར་བས་མཆོད་པའོ། །གསུམ་པ་སྒྲ་དོན་ནི། མཎྜ་ལའི་སྒྲ་ལས་དྲང་ན། སྙིང་པོའི་དཀྱིལ་དང་ལྡན་པའི་ཁོར་ཡུག་གམ་རྒྱན་གྱི་བཀོད་པ་འཛིན་པའི་ཕྱིར་སྐབས་འདིར་ཞིང་ཁམས་ལ་འཇུག་པ་སྟེ། རྟེན་དང་བརྟེན་པར་བཅས་པའི་སྣོད་བཅུད་ཡོངས་སུ་རྫོགས་པར་མཚོན་པ་ཡིན་ནོ། །བཞི་པ་འབུལ་ཚུལ་ཕྱག་ལེན་གྱི་དབྱེ་བ་ནི། སྒྲུབ་པའི་མཎྜལ་དང་མཆོད་པའི་མཎྜལ་གཉིས་སུ་གྲགས་པའི་ཡ་གྱལ་མཆོད་པའི་མཎྜལ་ལ། གསང་སྔགས་སྔ་འགྱུར་བའི་ལུགས་སུ་རི་རབ་གླིང་བཞི་ཉི་ཟླ་དང་བཅས་པའི་ཚོམ་བུ་བདུན་མ་ཉིད་གྲགས་ཆེ་ཞིང་། གཞན་བཅུ་གཅིག་པ། བཅོ་ལྔ་པ། སོ་བདུན་ལས་ཀྱང་རྒྱས་པར་སྤྲོས་པ་དང་། ཁྱད་པར་མན་ངག་རྫོགས་པ་ཆེན་པོའི་གཞུང་རྣམས་སུ། སྤྲུལ་སྐུའི་མཎྜལ་གོང་སྨོས་དང་། ལོངས་སྐུའི་མཎྜལ་ཚོམ་བུ་བརྒྱད་པ། ཆོས་སྐུའི་མཎྜལ་ཚོམ་བུ་ལྔ་པ་རྣམས་སུ་གསུངས། གསང་སྔགས་གསར་མའི་ཕྱོགས་སུ་

p. 317

རྒྱ་གཞུང་གི་ཁུངས་སློབ་དཔོན་སུ་ཙྰ་རི་ཏི་དང་། རྙོགས་མེད་དཔལ་གྱི་མཎྜལ་གྱི་ཆོ་ག་སོགས་མང་ཡང་། གཙོ་བོར་སློབ་དཔོན་ཆེན་པོ་སངས་རྒྱས་གསང་བ་དང་། ཀམྦ་ལ་སོགས་ཀྱིས་རི་རབ་གླིང་བཞི་གླིང་ཕྲན་རྒྱལ་སྲིད་སྣ་བདུན་གཏེར་བུམ་ཉི་ཟླ་སྟེ་ཚོམ་བུ་ཉེར་གསུམ་དུ་བཤད་ཅིང་། དེ་ལ་འཇམ་དཔལ་གྲགས་པས་གཏེར་བུམ་གྱི་ཚབ་ཏུ་རང་ལུས། རྙོགས་མེད་རྡོ་རྗེས་དབང་སྔོན་སོགས་གཏེར་ཐམས་ཅད་འབུལ་བའི་ཁྱད་ཆོས་ལས་ངོ་བོ་ཚོམ་བུ་ཉེར་གསུམ་མར་མཐུན། ཛེ་ཏྰ་རིས་ཚོམ་བུ་བཅུ་བདུན་དུ་བཤད་པས་སོགས་ལས་གྱེས་ཏེ་འདིར་ལུགས་སྲོལ་མང་བ་ལས། དུས་འཁོར་བ་རྣམས་ཀྱིས་ཚོམ་བུ་བདུན་མའི་སྟེང་དུ་སྒྲ་གཅན་དུས་མེ་བསྣན་པའི་དགུ་མ་དང་། ཉེར་གསུམ་མ་ལ་དེ་གཉིས་བསྣན་པའི་ཉེར་ལྔ་མ་གཉིས་སུ་མ་མཆིས་པར་རི་གླིང་གི་རྣམ་བཞག་སོགས་དུས་འཁོར་གྱི་ཕྱོགས་ཡིན་ལ། གཞན་ཚོམ་བུ་མང་ཉུང་གང་འདོད་ཀྱང་རི་གླིང་གི་རྣམ་བཞག་མདོ་སྔགས་ཐུན་མོང་བ་ཉིད་ཀྱི་ཕྱིར་མངོན་པ་མཛོད་ཀྱི་གནས་གསུམ་པ་དང་མཐུན་པར་བཞེད་པ་ཡིན། དེ་ལ་དེང་

p. 318

སང་མཎྜལ་རྒྱས་པའི་ཕྱོགས་སུ་གྲུབ་མཐའ་ཀུན་ལ་གྲགས་ཤིང་དར་རྒྱས་ཆེ་བ་ནི་ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པར་གྲགས་པ་ཚོམ་བུ་ཉེར་གསུམ་མའི་སྟེང་དུ་གླིང་བཞི་འབྱོར་པའི་ཁྱད་པར་བཞི། སྒེག་སོགས་ལྷ་མོ་བརྒྱད། གདུགས་དང་རྒྱལ་མཚན་བསྣན་པའི་ཚོམ་བུ་སོ་བདུན་མ་ཉིད་ཕྱག་ལེན་དུ་བསྟར་བ་ཤས་ཆེའོ། །ལྔ་པ་ལག་ལེན་གྱི་ཁྱད་པར་ནི། དེ་ལ་ཚོགས་ཁྱད་པར་ཅན་རྫོགས་པའི་ཕྱིར་དུ་མཆོད་པའི་ཆོ་གའི་ལག་ལེན་གྱི་ཁྱད་པར་རྣམ་པར་དག་པ་དང་ལྡན་དགོས་པ་ཡིན་ཏེ། མཎྜལ་གྱི་རྒྱུ་རབ་གསེར་དངུལ། འབྲིང་ཟངས་ལྕགས། ཐ་མ་རྡོ་ཤིང་རྣམས་དང་། ཚོམ་བུའི་རྒྱུ་རབ་རིན་པོ་ཆེ། འབྲིང་འབྲུའི་རིགས། ཐ་མ་མགྲོན་བུ་སོགས་སུ་གསུངས་པ་རྣམས་འབྱོར་པའི་ཁྱད་པར་གྱིས་ཇི་ཙམ་ལྕོགས་པ་བཀོད་པས་མཛེས་པ་དང་། ཚོམ་བུའི་རྒྱུར་བྱང་ཆུབ་སེམས་ཀྱིས་བརླན་པར་མཚོན་པའི་དྲི་བཟང་པོའི་ཆུས་གཤེར་བ། ཉེས་སྐྱོན་དང་བྲལ་བའི་རྟེན་འབྲེལ་དུ་རྡུལ་ལེགས་པར་ཕྱིས་པའི་གཞི་ལ། ཡོན་ཏན་ལྷུན་གྱིས་གྲུབ་པར་མཚོན་པའི་བ་བྱུང་གི་ཆུ་དྲི་བཟང་ལྡེ་གུར་སྦྱར་བས་

p. 319

ཆགས་ཆགས་གདབ་པ་ལ་ཚོམ་བུ་རྣམས་མ་འཆོལ་བར་བཀོད་དེ། ལུས་ངག་ཡིད་གསུམ་གཙང་དག་གུས་པ་དང་ལྡན་པས་འབུལ་བར་བྱའོ། །དྲུག་པ་ཞིང་ཁམས་རྒྱ་མཚོ་འབུལ་བའི་དམིགས་པའི་རྣམ་གྲངས་ནི། ཐོག་མར་མཆོད་པའི་མཎྜལ་ལག་གཡོན་དུ་ཐོགས། གཡས་པའི་ཁུ་ཚུར་མེ་ཏོག་བཅས་ཡིག་བརྒྱ་བརྗོད་བཞིན་པས་གཡས་བསྐོར་ལན་གསུམ་གྱིས་རྡུལ་ཕྱི་བའི་ཚེ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བར་དུ་གཅོད་པ་ཐམས་ཅད་བྱང་ཞིང་དག་པར་བསམ་པ་དང་། ཨོཾ་བཛྲ་བྷྰུ་མི་ཨཱཿཧཱུཾ་ཞེས་སོགས་བརྗོད་པའི་ཚེ། མཎྜལ་དབང་ཆེན་གསེར་གྱི་ས་གཞི་ཡངས་ཤིང་རྒྱ་ཆེ་ཁོད་སྙོམས་ལག་མཐིལ་ལྟར་གྱུར་པའི་དབུས་སུ་སྤོས་ཆུ་ཡན་ལག་བརྒྱད་ལྡན་གྱི་རྒྱ་མཚོ་འཁྱིལ་བར་བསམ། འོག་གཞི་རླུང་མེ་ཆུའི་དཀྱིལ་འཁོར་མ་བསྒོམ་ཡང་ཆོག །ཨོཾ་བཛྲ་རེ་ཁེ་སོགས་བརྗོད་ཚེ་མཐའ་སྐོར་དུ་འབྲུ་གཡོན་བསྐོར་ལྕགས་རིའི་ཚུལ་དུ་བཀྲམ་པ་དང་བསྟུན་རྟ་གདོང་མེ་ལྕེ་ཅན་གྱི་ལྕགས་རིའི་མུ་ཁྱུད་ཁོར་

p. 320

ཡུག་ཏུ་གྲུབ་པར་བསམ། འདིར་ཧཱུཾ་ཞེས་བརྗོད་ཚེ་དྲི་བཟང་གི་ཐིག་ལེའམ་མེ་ཏོག་གི་སྲུང་བ་དབུས་སུ་བཞག་པའང་ཡོད་མོད་ཀྱི་ཕྱག་བཞེས་འདིའི་ལུགས་སུ་མི་འབྱུང་། དེ་བཞིན་དུ་རི་རབ་སོགས་སོ་སོའི་ས་བོན་ལས་བསྐྱེད་པའང་ཡོད་ཀྱང་། འདིར་ཚོམ་བུ་རིམ་པར་བཀོད་པ་དང་ལྷན་ཅིག་རི་གླིང་སོགས་སྐད་ཅིག་གིས་གསལ་འདེབས་པ་ཡིན་ཏེ། རྒྱ་མཚོའི་དབུས་སུ་རི་རབ་ལྷུན་པོ་བང་རིམ་བཞི་ལྡན་དབྱིབས་གྲུ་བཞི་ཇེ་སྦོམས་སུ་སོང་བའི་ཁ་གདེངས་གཡེལ་བ། ཤར་ཤེལ། ལྷོ་བཻ་ཌཱུརྻ། ནུབ་པདྨ་རཱ་ག །བྱང་གསེར་ལས་གྲུབ་ཅིང་འོད་འབར་བས་ཕྱོགས་སོ་སོའི་མཚོ་དང་ནམ་མཁའ་གླིང་བཅས་དེའི་མདོག་ཏུ་སྣང་བ། དེའི་མཐར་སྔ་མའི་རི་ལས་ཕྱེད་ཕྱེད་ཀྱི་རིམ་པས་དམའ་བའི་གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག །རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་གསེར་གྱི་རི་བདུན་པོས་གྲུ་བཞིར་ཡོལ་ཐབས་སུ་བསྐོར་བའི་བར་རྣམས་སུ། འདུལ་བ་ལུང་ལས། བསིལ་དང་ཞིམ་དང་ཡང་དང་འཇམ། །དྭངས་དང་དྲི་མ་མེད་པ་དང་། །འཐུང་ན་ལྟོ་བར་བྱམས་པ་དང་། །མགྲིན་

p. 321

པ་ལ་ཡང་མི་གནོད་པ། །ཡན་ལག་བརྒྱད་ལྡན་ཆུར་འདོད་དོ། །ཞེས་པ་ལྟར་གྱི་ཡན་ལག་བརྒྱད་དང་ལྡན་པའི་རོལ་མཚོ་རྣམས་ཀྱིས་གང་བ་ལ་ཡིད་བཞིན་གྱི་ནོར་བུ་སོགས་ཀླུའི་དཔལ་འབྱོར་སྣ་ཚོགས་ཀྱིས་གང་བ། དེའི་ཕྱི་རོལ་ཤར་དུ་ལུས་འཕགས་པོའི་གླིང་ཟླ་གམ་གྱི་དབྱིབས། ལྷོར་ཛམ་བུའི་གླིང་སོག་ཁ། ནུབ་ཏུ་བ་ལང་སྤྱོད་ཟླུམ་པོ། བྱང་དུ་སྒྲ་སྙན་གྲུ་བཞི། ཁ་དོག་རི་རབ་ཀྱི་ཕྱོགས་མདོག་དང་ཆ་མཚུངས་པ། གླིང་ཆེན་བཞིའི་གཡས་གཡོན་དུ་ཤར་གྱི་ལུས་དང་ལུས་འཕགས། ལྷོའི་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཀྱི་གཡོ་ལྡན་དང་ལམ་མཆོག་འགྲོ། བྱང་གི་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་སྟེ་གླིང་ཕྲན་བརྒྱད་པོའང་གཙོ་གླིང་དང་མདོག་དབྱིབས་མཚུངས་ཤིང་རྒྱ་ཚད་ཕྱེད་ཕྱེད་ཀྱིས་དམན་པ། ཤར་གླིང་དུ་རྡོ་རྗེ་ཕ་ལམ། བཻ་ཌཱུརྻ། ཨིནྡྲ་ནྰི་ལ། མརྒད། མུ་ཏིག །གསེར་དངུལ། ཆུ་ཤེལ་སོགས་རིན་པོ་ཆེའི་རི་བོས་གང་བ། ལྷོ་གླིང་དུ་དགོས་འདོད་ཐམས་ཅད་ཆར་བཞིན་དུ་འབེབས་པའི་དཔག་བསམ་ལྗོན་ཤིང་གི་ནགས་ཚལ་ལྷུན་མཐུག་པ། ནུབ་གླིང་དུ་སྤུ་ཉག་རེ་རེ་ལས་ཀྱང་ཅི་

p. 322

འདོད་ཟད་མེད་དུ་འཇོ་བའི་བ་མོ་དང་གླང་པོའི་ཁྱུ་འཁྲིགས་པ། བྱང་གླིང་དུ་རོ་བརྒྱ་ནུས་པ་སྟོང་དང་ལྡན་ཅིང་ནད་གདོན་བཀྲེས་སྐོམ་སེལ་བའི་མ་རྨོས་པའི་ལོ་ཏོག་གིས་ཕྱུར་བུར་གཏམས་པ་རྣམས་དང་། ཁྱད་པར་གྱི་མཆོད་པ་དཔལ་ལྡན་འདུས་པ་ལས། ཞིང་འདི་འཁོར་ལོ་རིན་ཆེན་གྱིས། །མཁས་པ་དག་གིས་ཡོངས་བཀང་སྟེ། །དངོས་གྲུབ་འདོད་པ་སྦྱིན་པའི་ཕྱིར། །ཉིན་རེ་ཤེས་རབ་ཅན་གྱིས་དབུལ། །ཞེས་སོགས་ཀྱི་དོན་སློབ་དཔོན་རྣམས་ཀྱིས་འདིར་ཕྱག་ལེན་དུ་མཛད་པ། འཁོར་ལོས་སྒྱུར་བ་འཇིག་རྟེན་ན་འབྱུང་བའི་ཚེ་རྒྱལ་སྲིད་ཀྱི་དཔལ་འབྱོར་དུ་བསོད་ནམས་ཀྱི་མཐུ་ལས་གྲུབ་པའི་རིན་པོ་ཆེ་རྣམ་པ་བདུན་མདོ་སྡེ་རྒྱ་ཆེན་རོལ་པ་དང་། མངོན་འབྱུང་དང་། འདུལ་བ་ལུང་ལས་བཤད་པ་ལྟར། ཐོག་མར་འཁོར་ལོ་རིན་པོ་ཆེ་ནི། གསེར་སོགས་ལྷ་རྫས་ཀྱི་དྭངས་མ་ལས་གྲུབ་ཅིང་དབྱིབས་དང་ལྟེ་བ་ཤིན་ཏུ་ཟླུམ་པ། རྩིབས་སྟོང་རྣམ་པར་བཀྲ་བའི་མུ་ཁྱུད་དང་ལྡན་ལ་བཟོ་བོས་མ་བྱས་པར་རང་བྱུང་བ། ནམ་མཁའ་ལ་འཕགས་ཏེ་ཉི་མ་གཅིག་ལ་དཔག་ཚད་འབུམ་དུ་བགྲོད་ཅིང་གླིང་ཐམས་ཅད་ལ་དབང་བྱེད་

p. 323

པའི་ནུས་པ་དང་ལྡན་པ་སོགས་ཡོན་ཏན་གྱི་ཁྱད་པར་དུ་མ་མངའ་བ། ནོར་བུ་རིན་པོ་ཆེ། བཻ་ཌཱུརྻ་ཟུར་བརྒྱད་པ་མི་ཆེན་པོའི་བརླ་གང་ཙམ་པ། དྭངས་ལ་གསལ་བ། དེའི་འོད་ཀྱིས་ཁོར་ཡུག་དཔག་ཚད་གཅིག་ལ་སྣང་ཞིང་མཚན་མོའང་ཉིན་མོ་བཞིན་དུ་གསལ་བའི་ཁྱད་ཆོས་གསུམ་དང་། གཞན་ཡང་སྐོམ་པའི་ཚེ་ཡན་ལག་བརྒྱད་ལྡན་གྱི་ཆུ་འབྱུང་ལ། དཔག་ཚད་བརྒྱའི་ཁོར་ཡུག་ཏུ་ནད་དང་དུས་མ་ཡིན་པའི་འཆི་བ་མི་འབྱུང་བ་སོགས་ཀྱི་ཡོན་ཏན་དང་ལྡན་པ། བཙུན་མོ་རིན་པོ་ཆེ་ནི། རྣལ་རིགས་གཟུགས་དང་ཁ་དོག་མཛེས་ཤིང་ལྟ་ན་སྡུག་པ། ཁ་ནས་ཨུཏྤ་ལའི་ངད་དང་བ་སྤུའི་བུ་ག་ལས་ཙནྡན་གྱི་དྲི་བྲོ་བ། ལྤགས་པ་ཀ་ཙ་ལིནྡའི་གོས་ལྟར་རེག་ན་བདེ་བ། གྲང་བའི་ཚེ་དྲོ་ཞིང་དྲོ་བའི་ཚེ་བསིལ་བ། དགེ་བ་ལ་རྗེས་སུ་ཞུགས་ཤིང་ཁ་ན་མཐོ་བ་ཐམས་ཅད་དང་བྲལ་བ། བུད་མེད་ཀྱི་སྐྱོན་སུམ་ཅུ་རྩ་གཉིས་སྤངས་པའི་ཡོན་ཏན་གྱིས་འབྱོར་པ། བློན་པོ་རིན་པོ་ཆེ་ནི། མཁས་པ་གསལ་བ་ཡིད་གཞུངས་པ། ལྷའི་མིག་གིས་དཔག་ཚད་ཁོར་ཡུག་ཏུ་གཏེར་མཐོང་ནས་རིན་

p. 324

ཆེན་མང་པོ་རྩོལ་མེད་དུ་འབྱུང་ཞིང་ཟད་པ་མེད་པ། རྒྱལ་པོའི་བཀའ་ཉན་ཅིང་ལས་ལ་འཇུག་པ། རྒྱལ་པོའི་བསམ་པ་ཤེས་པས་མ་བསྒོས་ཀྱང་ལས་སྒྲུབ་ཅིང་གཞན་ལ་གནོད་པ་མེད་པ་སྟེ་ཡོན་ཏན་བཞི་དང་ལྡན་པ། གླང་པོ་རིན་པོ་ཆེ་ནི། རྐང་ལག་བཞི་མཇུག་མ་མཚན་མ་སྣ་ཞགས་ཏེ་ཡན་ལག་བདུན་པོ་ས་ལ་ལེགས་པར་གནས་པ། གཟུགས་ཆེ་ཞིང་མཛེས་ལ་ལྟ་ན་སྡུག་ཅིང་བརྟན་པ། མེ་ཏོག་ཀུ་མུ་ཏའི་མདངས་ལྟར་དཀར་ཞིང་མཁའ་ལ་འགྲོ་བ། རྒྱལ་པོ་མཐོང་ན་སེམས་མངོན་པར་དང་བ་སྟེ། དེ་ལའང་ཅང་ཤེས་པ། བཀའ་ལ་ཉན་པ། ཡན་ལག་བདུན་ཤིན་ཏུ་གནས་པ། ཕ་རོལ་གྱི་སྡེ་ལས་རྒྱལ་བ། ཆུ་དང་སྐམ་དང་བར་སྣང་ལ་གཡུལ་འགྱེད་ནུས་པ། ཉིན་གཅིག་ལ་ཛམ་གླིང་བསྐོར་ནུས་པ། རྒྱལ་པོ་གང་དུ་འགྲོ་འདོད་པ་དེར་མ་བསྐུལ་ཡང་འཇུག་པ། གཙུག་ན་གསེར་གྱི་རྒྱལ་མཚན་གྱིས་བརྒྱན་ཅིང་གསེར་གྱི་དྲྭ་བས་གཡོགས་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པ། རྟ་མཆོག་རིན་པོ་ཆེ། རྨ་བྱའི་མགྲིན་པའི་སྤུའི་ཁ་དོག་ལྟར་མཚར་ཞིང་ཡིད་དུ་འོང་བ། དབྱིབས་ཕུན་སུམ་ཚོགས་པ།

p. 325

ཐོ་རངས་ཁོ་ནར་ཐམས་ཅད་བསྐོར་ནས་སླར་ལྡོག་པའམ་ཉིན་གཅིག་ལ་ཛམ་གླིང་ལན་གསུམ་བསྐོར་ནུས་པ། ལུས་ལ་ནད་དང་གཅོང་མེད་པ། ནོར་བུའི་གཙུག་སོགས་མཚན་མ་བཟང་པོ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ། རྒྱལ་པོས་ཞོན་ཚེ་གུས་པར་བྱེད་པ། རྣམ་པར་འཕྲུལ་བའི་ཆོས་ཅན་གྱི་རྫུ་འཕྲུལ་དང་ལྡན་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པ། དམག་དཔོན་རིན་པོ་ཆེ་ནི། མཁས་ཤིང་གསལ་ལ་ཡིད་གཞུངས་པ། རྒྱལ་པོས་འདོད་པ་རྣམས་མ་བསྒོས་ཀྱང་སྒྲུབ་པ། དཔའ་རྩལ་གྱི་ཡོན་ཏན་རྫོགས་པ། རང་དོན་ལ་ཆོས་མ་ཡིན་པ་རྣམ་པར་སྤངས་པ། གཞན་དོན་གྱི་ངོ་དགར་མ་ཆགས་པས་རིགས་པའི་བྱ་བ་ཚུལ་བཞིན་དུ་བྱེད་པ། གཞན་ལ་གླགས་ལྟ་བའི་འགྲོ་ལྡོག་དང་དུས་ཚོད་ཤེས་པས་ཕས་རྒོལ་འཇོམས་པའི་མཐུ་སྟོབས་ཀྱི་དཔལ་མངའ་བ་སོགས་ཡོན་ཏན་བརྒྱད་དང་ལྡན་པ་སྟེ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན། རྡོ་རྗེ་དང་། འཐོན་ཀ་དང་། མརྒད་དང་། གསེར་དངུལ་ལ་སོགས་པ་འཛད་མེད་དུ་འཇོ་བའི་གཏེར་གྱི་བུམ་པ་བཟང་པོ་

p. 326

རྣམས་དང་། ཡོ་ག་དང་ཐུན་མོང་བར་གྱུར་བ་རྒྱལ་བ་རྣམས་ཟག་པ་མེད་པའི་བདེ་བས་དགྱེས་པ་བསྐྱེད་པའི་མཆོད་པ་ཕུལ་དུ་བྱུང་བ་ལྷ་མོ་བརྒྱད་ནི། སྒེག་མོ་དཀར་མོ་རྡོ་རྗེའི་ཁུ་ཚུར་གཉིས་དཀུར་བརྟེན་པ། ཕྲེང་བ་མ་སེར་མོ་མེ་ཏོག་དང་རིན་པོ་ཆེའི་རྒྱན་ཕྲེང་ཐོགས་པ། གླུ་མ་དཀར་དམར་པི་ཝཾ་སྒྲེང་ཞིང་དབྱངས་བདུན་ལ་སོགས་པའི་གླུ་དབྱངས་ལེན་པ། གར་མ་སྣ་ཚོགས་པའི་མདོག་ཅན་གར་སྟབས་ཀྱི་བྱེ་བྲག་དུ་མ་བསྒྱུར་བ། མེ་ཏོག་མ་དཀར་མོ་ཨུཏྤལ་སོགས་མེ་ཏོག་གི་ཆུན་པོ་བསྣམས་བ། བདུག་སྤོས་མ་སེར་མོ་ཨ་ག་རུ་དང་ཙནྡན་སོགས་དྲི་བཟང་པོ་འཐུལ་བའི་སྤོས་སྣོད་བཏེགས་པ། མར་མེ་མ་དམར་སྐྱ་ཉི་ཟླ་དང་མཚུངས་པའི་རིན་པོ་ཆེའི་སྒྲོན་མེ་འདེགས་པ། དྲི་ཆབ་མ་ལྗང་གུ་ག་བུར་དང་གུར་གུམ་ལ་སོགས་པ་ཆུ་གཙང་དང་སྦྱར་བས་བཀང་བའི་དུང་ཞལ་འཐོར་བ། བརྒྱད་ཀའང་མཉེན་ལྕུགས་འཁྲིལ་ལྡེམ་མཛེས་མཛུམ་ཡིད་འཕྲོག་པའི་རྣམ་འགྱུར་ཅན། དར་དང་རིན་པོ་ཆེ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ་རྣམས་དང་། གཞན་ཡང་ཤར་གླིང་གི་ནམ་མཁར་འོག་

p. 327

གཞི་རིན་པོ་ཆེ་མེ་ཤེལ་ལས་གྲུབ་ཅིང་མུ་ཁྱུད་གསེར་གྱི་ར་བས་བསྐོར་བ་དཔག་ཚད་ལྔ་བཅུ་རྩ་གཅིག་གི་ཁྱོན་དང་ལྡན་པའི་ཉི་མའི་དཀྱིལ་འཁོར། ནུབ་གླིང་གི་ནམ་མཁར་འོག་གཞི་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་ཅིང་མུ་ཁྱུད་དངུལ་གྱི་རབས་བསྐོར་བ་དཔག་ཚད་ལྔ་བཅུའི་ཁྱོན་དང་ལྡན་པའི་ཟླ་བའི་དཀྱིལ་འཁོར། གཉིས་ཀ་ལྷའི་འབྱོར་པའི་ཁྱད་པར་དང་ལྡན་པ། ལྷོ་གླིང་བྱང་གླིང་གཉིས་ཀྱི་སྟེང་གི་ཆར། ནོར་བུའི་ཏོག་དང་ལྡན་ཅིང་རིན་པོ་ཆེ་དུ་མས་བརྒྱན་པའི་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དཔའ་རྟགས་མཚན་མ་ཁྱད་པར་ཅན་གྱི་ཏོག་གི་སྤྲས་པའི་རིན་པོ་ཆེའི་ཡུ་བ་ལ་དར་ལྷབ་ལྷུབ་ཏུ་འཕྱར་བ་བཅས། རི་རབ་ཀྱི་སྟེང་གི་དབུས་སུ་རྣམ་པར་རྒྱལ་བའི་ཁང་བཟང་དང་བཅས་པའི་ལྟ་ན་སྡུག་གི་གྲོང་ཁྱེར། དེའི་ཕྱོགས་བཞིར་ཤིང་རྟ་སྣ་ཚོགས་སོགས་སྐྱེད་མོས་ཚལ་བཞི། མཚམས་བཞིར་ལྕོགས་བཞི། བྱང་ཤར་ན་ཡོངས་འདུ་ས་བརྟོལ། དེའི་དྲུང་དུ་ཨ་མོ་ལི་ཀའི་རྡོ་ལེབ། ལྷོ་ནུབ་ཏུ་ཆོས་བཟང་ལྷའི་འདུན་ས་སོགས་བཀོད་པའི་

p. 328

ཁྱད་པར་དང་ལྡན་པ། དེའི་སྟེང་གི་ནམ་མཁའ་ལ་རིམ་པར་གྱེན་དུ་རིན་པོ་ཆེའི་སྤྲིན་ལ་བརྟེན་པའི་འཐབ་བྲལ་དང་དགའ་ལྡན་སོགས་ལྷའི་འཇིག་རྟེན་དཔལ་འབྱོར་དཔག་ཏུ་མེད་པ། དེ་དག་གི་སྟེང་འོག་བར་མཚམས་རྣམས་སུ། རིན་པོ་ཆེའི་གདུགས། གསེར་ཉ། བུམ་པ། པདྨ། དུང་དཀར་གཡས་འཁྱིལ། དཔལ་བེའུ། རྒྱལ་མཚན་འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད། མེ་ལོང་། ལི་ཁྲི། དུང་དཀར། གི་ཝཾ། དྰུརྦ། བིལྦ། ཞོ། ཡུངས་ཀར་བཅས་བཀྲ་ཤིས་པའི་རྫས་བརྒྱད། རིན་པོ་ཆེའི་མལ་ཆ། ཁྲི། སྟན། རལ་གྲི། མཆིལ་ལྷམ། སྦྲུལ་ལྤགས། གོས་བཅས་ཉེ་བའི་རིན་པོ་ཆེ་བདུན། བཟང་པོ་དྲུག་སོགས་ནད་སེལ་སྨན་གྱི་རིགས་དུ་མ། བཅུད་ལེན་དང་གྲུབ་པའི་རྫས། བདུད་རྩིའི་བཅུད་དང་བུམ་པ་བཟང་པོ་སོགས་ཚེ་བསྲིང་བའི་རྫས་ཀྱི་བྱེ་བྲག །རལ་གྲི། ཨུསྟི། པི་ཝཾ། རོལ་མོ་སོགས་ཤེས་རབ་དང་སྙན་གྲགས་སྐྱེད་པའི་རྫས། འཇའ་འོད་མེ་ཏོག་གི་ཆར། སྤོས་ཆུའི་རྫིང་བུ། པདྨའི་ནགས་ཚལ། སྤྲུལ་པའི་བྱ་དང་རི་དྭགས་སོགས་ངོ་མཚར་བའི་མཆོད་

p. 329

པའི་ཡོ་བྱད། གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པའི་ཡོན་ཏན་ལྔ། ཞམ་རིང་རིམ་གྲོ་པ་ལྷའི་བུ་དང་བུ་མོ་དུ་མ་སོགས་པ་ལྷ་དང་མིའི་དཔལ་འབྱོར་བདེ་བའི་ཡོ་བྱད་མཐའ་དག་མ་ཚང་བ་མེད་པས་ཕྱུར་བུར་བཀང་བའི་འཇིག་རྟེན་གྱི་ཁམས་གཅིག་ཇི་ལྟ་བར་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་རབ་འབྱམས་རྣམས་ཀྱང་དེ་ལྟར་མཆོད་པའི་རྣམ་གྲངས་ཁྱད་པར་བ་དག་གིས་རབ་ཏུ་བཀང་སྟེ། མདོར་ན་སངས་རྒྱས་དང་ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་ཐར་དང་སྨོན་ལམ་དང་འདུན་པའི་སྟོབས་ལས་ཉེ་བར་བཀོད་ཅིང་རྣམ་པར་འཕྲུལ་པ་ལས་བྱུང་བ་ལྟ་བུའི་མཆོད་པའི་སྤྲིན་རབ་འབྱམས་རྒྱ་མཚོའི་རྡུལ་སྙེད་རྒྱ་དང་ཚད་ཡོངས་སུ་ཆད་པ་མེད་རྣམས་ཀྱིས། དུས་འཁོར་བ་ཇི་སྲིད་དུ་རྒྱུན་མི་འཆད་པར་མཆོད་པའི་འདུན་པ་རྒྱ་ཆེ་ཞིང་རྣམ་པར་དག་པས་ཁྱབ་དགོས་པ་ཡིན་ནོ། །བདུན་པ་དེ་ལྟར་འབུལ་བའི་དགོས་དོན་གྱི་འདུན་པ་ཇི་ལྟར་གཏོད་པ་ནི། སློབ་དཔོན་རྟ་དབྱངས་ཀྱིས། དགེ་བའི་རྩ་བ་བསྒྲུབས་པ་དེ་ཀུན་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་

p. 330

པའི་སེམས་པ་རྣམས་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་པ་ལྟར་བསོད་ནམས་ཀྱི་ལས་སུ་བྱ་བ་དེ་ཐམས་ཅད་ཀྱང་ཐབས་སྙིང་རྗེ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱིས་མ་ཟིན་ན་འཁོར་བའི་རྒྱུ་འབྲས་ཙམ་དུ་འགྱུར་ཞིང་། དེ་དག་ལས་ཀྱང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་ཟིན་པ་ཁོ་ན་གལ་ཆེ་བར། སྤྤྱོད་འཇུག་ལས། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཞན་མེད་པས། །དམིགས་པ་མེད་པར་རབ་ཏུ་ཞི། །ཞེས་གསུངས་པ་ལྟར། མཚན་མའི་རྣམ་པར་རྟོག་པ་གང་ཡང་ཡིད་ལ་མི་བྱེད། མཚན་མ་མེད་པའི་སྟོང་པ་ཉིད་ཀྱང་ཡིད་ལ་མི་བྱེད། མཚན་བཅས་ཀྱི་དངོས་པོ་དང་མཚན་མེད་ཀྱི་རྣམ་པ་གཉིས་ཀ་ལས་འདས་པ་ངོ་བོ་ཉིད་སྟོང་པ་ཉིད་ཀྱི་ངང་དུ་མི་གནས་པའི་ཚུལ་དུ་གནས་པས་བསོད་ནམས་ཀྱི་ཚོགས་རྣམ་པར་དག་པར་འགྱུར་བ་སྟེ། འདིར་མཚོན་ན། འཇུག་པ་ལས། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང་། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བྱ། །ཞེས་པ་ལྟར་

p. 331

ཞིང་ཁམས་འབུལ་བའི་ཡུལ། འབུལ་བྱའི་དངོས་པོ། འབུལ་མཁན་བདག་ཉིད་བཅས་གདོད་ནས་དངོས་མཚན་དུ་གྲུབ་པ་མེད་པས་སྤྲོས་པ་ཐམས་ཅད་དང་བྲལ་བ་འཁོར་གསུམ་རྣམ་པར་མི་རྟོག་པའི་རང་ངོ་ལ་མཉམ་པར་འཇོག་བཞིན་དུ། རྟེན་ཅིང་འབྲེལ་འབྱུང་གི་སྣང་ཆ་སྒྱུ་མ་ཙམ་གྱི་འཆར་སྒོ་མ་འགགས་པར་འབུལ་བ་ནི་ཤེས་རབ་ཀྱི་མིག་དང་ལྡན་པའི་སྦྱིན་སོགས་ཀྱི་ཚོགས་གཉིས་ཟུང་དུ་འཇུག་པའི་དགེ་རྩ་བླ་ན་མེད་པར་འགྱུར་བ་ཡིན་ནོ། །བརྒྱད་པ་དགོས་པ་ཁྱད་པར་ཅན་གྱི་ཕན་ཡོན་ནི། དེ་ལྟར་མཆོད་པའི་སྤྲིན་སྟོབ་པའི་ལྡོག་ཆ་ནས་བསོད་ནམས་དང་། མི་དམིགས་པའི་ཤེས་རབ་ཀྱིས་ཟིན་པའི་ལྡོག་ཆ་ནས་ཡེ་ཤེས་ཀྱི་ཚོགས་སུ་འགྱུར་བ་ཡིན་ལ། མཎྜལ་འདི་ཉིད་དངོས་པོ་ཆུང་ཡང་དམིགས་པ་དང་བསམ་པའི་ཐབས་ཁྱད་པར་ཅན་གྱིས་སྤེལ་བས་བསོད་ནམས་མཐའ་ཡས་པ་ཐོབ་པར་འགྱུར་ཏེ། མཎྜལ་གྱི་མདོ་ལས། །བ་ལྩི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་བྱ་བ་བྱེད་

p. 332

པ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་བོ། །ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །ཐུབ་པའི་མཎྜལ་ལེགས་བྱས་པའོ། །ཞེས་དང་། འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བརྗིད་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་དང་། ཀ་མ་ལ་ཤྰི་ལས། གླིང་བཞི་ཕུལ་བའི་བསོད་ནམས་ཀྱིས། །བདུད་བཞི་མ་ལུས་ཞི་བར་འགྱུར། །གླིང་ཕྲན་ཕུལ་བའི་བསོད་ནམས་ཀྱིས། །ཚད་མེད་བཞི་དང་ལྡན་པར་འགྱུར། །རིན་ཆེན་སྣ་བདུན་ཕུལ་བ་ཡིས། །འཕགས་པའི་ནོར་བདུན་ཐོབ་པར་འགྱུར། །གཏེར་ཆེན་ཕུལ་བའི་བསོད་ནམས་ཀྱིས། །མི་ཟད་ལོངས་སྤྱོད་འཕེལ་བར་འགྱུར། །ཉི་ཟླ་ཕུལ་བའི་བསོད་ནམས་ཀྱིས། །ལྟ་སྒོམ་སེམས་ལ་གསལ་བར་འགྱུར། །རིན་ཆེན་ཕུལ་བའི་བསོད་ནམས་ཀྱིས། །རང་བྱུང་

p. 333

ཡེ་ཤེས་ཐོབ་པར་འགྱུར། །མཎྜལ་གཅིག་ཕུལ་དྲུག་དང་ལྡན། །བསོད་ནམསས་ཚོགས་ནི་བསམ་མི་ཁྱབ། །དེས་ན་དེ་ལ་བརྩོན་པར་བྱ། །ཞེས་སོགས་རྒྱ་ཆེར་གསུངས་སོ།། །།གཉིས་པ་སྐབས་ཀྱི་བསྒོམ་དོན་གསལ་འདེབས་པ་ནི། སྒྲུབ་པའི་མཎྜལ་དམིགས་པ་བཅས་ལན་གསུམ་ཕྱིས་ལ་བ་བྱུང་དང་དྲིས་བྱུགས་པར་ཚོམ་བུ་ལྔ་ཚོམས་བཀོད་དེ་མདུན་སྟེགས་ཁེབས་ལྡན་གྱི་སྟེང་དུ་བཞུགས་སུ་གསོལ་ལ་འབྱོར་ན་མཆོད་པ་རྣམ་ལྔས་བསྐོར་བ་དམིགས་རྟེན་དུ་བྱས་ཏེ། མཎྜལ་དག་པའི་ཞིང་ཁམས་ཉམས་དགའི་དབུས། །ཞེས་སོགས་ཚོགས་ཞིང་སྐྱབས་འགྲོའི་སྐབས་བཞིན་གསལ་གདབ། སྒྲུབ་པའི་མཎྜལ་མི་འབྱོར་པའམ་རྒྱུན་ཁྱེར་ལྟ་བུའི་ཚེ་མཆོད་ཡུལ་རྣམས་མདུན་གྱི་ནམ་མཁར་བསྒོམ་པས་ཆོག །དེ་ནས་མཆོད་པའི་མཎྜལ་ལག་གཡོན་དུ་ཐོགས་ལ་འབུལ་ཚུལ་ལག་ལེན་མཐོང་བརྒྱུད་ལྟར་བཀོད་པས་དམིགས་རྟེན་དུ་མཚོན་ནས། ཕྱི་ལྟར་ན་དབང་ཆེན་གསེར་གྱི་ས་གཞི་ལ་བརྟེན་པའི་རི་རབ་གླིང་བཞི་ཉི་ཟླ་སོགས་སྣོད་ཀྱི་འཇིག་རྟེན་ལྷ་མིའི་འབྱོར་ཚོགས་

p. 334

བསམ་གྱིས་མི་ཁྱབ་པའི་བཅུད་ཀྱིས་ཡོངས་སུ་གཏམས་པ་དེ་འདྲ་བ་བྱེ་བ་ཕྲག་བརྒྱ་སྟེ་དུང་ཕྱུར་ལ་སྟོང་གསུམ་གྱི་འཇིག་རྟེན་ཞེས་བྱ་སྟེ། དེ་ལྟར་གྲངས་མེད་པའི་ཞིང་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱིས་བཀང་བ་མ་ཟད། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་ལོངས་སྤྱོད་ཕ་མ་གཉེན་འབྲེལ་དགེ་བའི་རྩ་བ་དང་བཅས་པ་ཐམས་ཅད་ལྟོས་པ་མེད་པར་འབུལ་བ་དང་། ནང་ལྟར་ན། རང་ལུས་ཕུང་པོ་ལྔ་ཁམས་ལྔ་སྐྱེ་མཆེད་དྲུག་གིས་བསྡུས་པ་མཎྜལ་དུ་ལྷུན་གྱིས་གྲུབ་པ་སྟེ། ལྤགས་པ་གསེར་གྱི་ས་གཞི། ཁྲག་བྱུག་པ། སྒལ་ཚིགས་རི་རབ། ཡན་ལག་བཞི་གླིང་བཞི། རྩ་རོ་རྐྱང་ཉི་ཟླ། བྱང་ཆུབ་ཀྱི་སེམས་ལྷ་མིའི་འབྱོར་ཚོགས་སོགས་རང་ལུས་སྣོད་བཅུད་ཀྱི་འཇིག་རྟེན་རིན་པོ་ཆེའི་འབྱུང་གནས་སུ་དམིགས་པ་དང་། གསང་བ་ལྟར་ན། འཁོར་འདས་ཀྱི་རྒྱུར་གྱུར་པའི་ཀུན་གཞི་གསེར་གྱི་ས་གཞི། དེ་ཉིད་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་དྲིའི་བྱུག་པ། རང་རིག་པ་རང་བྱུང་འོད་གསལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་རི་རབ། དེ་ལས་ཚད་བཞི་དང་དགའ་བ་བཞི་དང་ཡེ་ཤེས་བཞི་སོགས་འབྱུང་བ་

p. 335

གླིང་བཞི་གླིང་ཕྲན། ཐབས་ཤེས་ཟུང་དུ་འབྲེལ་བ་ཉི་ཟླ་ལ་སོགས་པར་ལྷུན་གྱིས་གྲུབ་པ་སྟེ། མདོར་ན་ཡུལ་ཆོས་ཀྱི་དབྱིངས་གཟོད་མ་ནས་རང་བཞིན་གྱིས་རྣམ་པར་དག་པ་མེ་ལོང་ཤིན་ཏུ་དྭངས་པ་ལྟ་བུའི་ངོས་ལ། རིག་པར་རང་བྱུང་གི་ཡེ་ཤེས་མི་འགྱུར་བའི་བདེ་བ་ཆེན་པོའི་རོལ་པ་ཅིར་ཡང་མ་འགགས་པའི་རྩལ་སྣང་གཟུགས་བརྙན་ལྟ་བུ་ནམ་མཁའི་མཐས་གཏུག་པར་ཁྱབ་པའི་མཆོད་པའི་སྤྲིན་ཆེན་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་སྨོན་ལམ་གྱི་སྟོབས་ལས་རྣམ་པར་འཕྲུལ་པ་ལྟར་མོས་ཤིང་དུ་འབུལ་བའི་འདུན་པ་དང་བཅས། ཐོག་མར་རྒྱ་པས་པ་སོ་བདུན་མ་ཚར་གང་ལྕོགས་ཀྱིས་སྣ་དྲངས་ཏེ། དཀྱུས་སུ་རི་རབ་གླིང་བཞི་ཉི་ཟླ་བཅས་མཚོན་པའི་ཚོམ་བུ་བདུན་མ་ཁོ་ན་འགོད་བཞིན་པས། ཨོཾ་ཨཱཿཧཱུཾ༔ སྟོང་གསུམ་མི་མཇེད་བཀོད་པ་མཐའ་ཡས་དཔལ༔ བདག་ལུས་ལོངས་སྤྱོད་བསོད་ནམས་དགེ་རྩར་བཅས༔ ཡོངས་རྫོགས་བཀོད་པ་མཛེས་ལྡན་མཎྜལ་འདི༔ ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ༔ ཞེས་བརྒྱ་སྟོང་

p. 336

ཁྲི་འབུམ་ལ་སོགས་པ་ཅི་ནུས་སྙིང་ཐག་པ་ནས་ཕུལ་ལ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་བར་མཛད་དུ་གསོལ་སྙམ་པའི་གསོལ་བ་གདབ། མཐར་སྒྲུབ་པའི་མཎྜལ་དུ་བསྒོམས་པའི་མཆོད་ཡུལ་རྣམས་ལས་འོད་ཟེར་འཕྲོས། བདག་སོགས་སེམས་ཅན་རྣམས་ལ་ཕོག་པས་ཚོགས་རྣམ་པ་གཉིས་ཡོངས་སུ་རྫོགས། ལྷ་རྣམས་འོད་དུ་ཞུ་སྟེ་རང་ལ་ཐིམ་པར་བསམ་ཞིང་འཁོར་གསུམ་མི་དམིགས་པའི་ངང་དུ་དར་ཅིག་མཉམ་པར་བཞག་རྗེས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་དགེ་བ་བསྔོ། ཚོགས་རྫོགས་པའི་རྟགས་སེང་ཁྲི་ལ་འདུག་པ་དང་། ཅོད་པན་བཅིངས་པ་དང་། སྐྱེ་བོ་མང་བོས་ཕྱག་འབུལ་བ་སོགས་ཉམས་སམ་རྨི་ལམ་ཅི་རིགས་བར་མ་བྱུང་གི་བར་དུ་འབད་ཅིང་། ཐུན་མཚམས་སུའང་ཕྱག་དང་མཆོད་པ་སོགས་སྒོ་དུ་མ་ནས་བསོད་ནམས་ཀྱི་ཚོགས་གསོག་པ་ལ་བརྩོན་པར་བྱའོ། །དེའང་

p. 337

གནས་ལུགས་ཟབ་མོའི་རྟོགས་ཚད་ལྡན་ཞིག་སྐྱེས་ན་ཚོགས་གསོག་སྒྲིབ་སྦྱོང་ཐམས་ཅད་དེའི་ཁོངས་སུ་འདུ་ཡང་། སྔོན་གྱི་བསགས་རྒྱབ་མེད་པར་རྟོགས་པ་ཚད་ལྡན་མི་སྐྱེ་ཞིང་བསགས་རྒྱབ་དང་ལས་འཕྲོ་ཡོད་པ་རེ་རེ་ཙམ་ལས་མེད། ཆོས་སྒོར་ཞུགས་ནས་དད་པ་ཐོབ་ཚད་ལ་དགེ་བའི་བག་ཆགས་རེ་རྒྱུད་ལ་ཡོད་པ་གཞིར་བཅས་ཀྱང་མེ་སྟག་ཕྲ་མོ་ལ་རྐྱེན་མེད་ན་འབར་དཀའ་བ་བཞིན་འཕྲལ་དུ་སད་མི་ནུས། དགེ་རྩ་མ་སད་བར་དུ་ཉམས་རྟོགས་ལ་བོགས་སྐྱེད་མི་འབྱུང་བས། ཚོགས་ཁྱད་པར་ཅན་གསར་དུ་བསྐྱེད་པ་དེས་དགེ་བའི་བག་ཆགས་སད་པའི་རྐྱེན་བྱེད་ཅིང་འཕྲལ་དུ་རྒྱུད་སྨིན་ནས་ཉམས་མྱོང་རླབས་ཆེན་སྐྱེ་བར་བྱེད་པ་ཡིན། དེས་ན་ནང་དུ་དད་པ་དང་ཤེས་རབ་ཡོད་ན་ཚོགས་གསོག་པའི་ཐབས་བསམ་གྱིས་མི་ཁྱབ་པ་གསུངས་ཕྱིར་ཡོ་བྱད་དང་ཆ་རྐྱེན་མེད་སྙམ་མི་དགོས་ཤིང་། བྱང་ཆུབ་སེམས་ཀྱིས་ཟིན་པའི་ཡན་ལག་བདུན་པ་ཕུལ་བ་ཁོ་ནས་ཀྱང་ཚོགས་གཉིས་ནམ་མཁའ་དང་མཉམ་པ་བྱར་ཡོད་དེ། དཀོན་མཆོག་ལ་ཐལ་མོ་ཡ་ཞིག་སྦྱར་བ་ལའང་གཟུགས་བཟང་ཞིང་

p. 338

འཁོར་མང་བ་སོགས་ཕན་ཡོན་བཅུར་གསུངས་པས་མཚོན་འདི་རིགས་ཤིན་ཏུ་མང་པོ་མདོ་སྡེ་ལས་རྣམ་འབྱེད་གསལ། སྔོན་གྱི་གྲུབ་བརྙེས་སྒྲུབ་བརྒྱུད་གོང་མ་རྣམས་ཀྱིས་ཆོས་སྤྱོད་ཀྱི་གཙོ་བོ་ཚོགས་གསོག་ཁོ་ན་ལ་མཛད་པའི་ལོ་རྒྱུས་མང་མོད། དེང་སང་རང་རེ་ཚོ་ལ་ནི་གཞི་ནས་ཚོགས་རྫོགས་དགོས་པའི་འདུན་པ་མེད། ཅུང་ཟད་རེ་ཡོད་དུ་ཟིན་ཀྱང་དད་པ་དང་བརྩོན་འགྲུས་ཆུང་བས་ཚོགས་བསགས་ལག་ལེན་དུ་ཐེབས་པར། སྐུ་གསུང་ཐུགས་རྟེན་རེ་ཡོད་པ་རྡུལ་གྱིས་གཡོགས། སྙིང་ཁམས་ཆེ་བ་ཚོས་རང་གི་ཞྭ་ཧྲུལ་གོས་ཧྲུལ་ཡན་ཆད་ཀྱི་ཞབས་སུ་བརྫང་། ཏིང་ཕོར་དང་མཆོད་སྟེགས་ཙམ་ཡོད་ནའང་ཐལ་བ་ཚོམ་མེར་ལུས། མགོ་ལུས་ཕྱི་བདར་ལ་སྙིང་པོར་འཛིན། སྟོང་ཉིད་སྙིང་རྗེས་ཀུན་ནས་བསླང་བའི་མེ་ཏོག་ཅིག་དཀོན་མཆོག་ལ་ཕུལ་མ་མྱོང་། ཡན་ལག་བདུན་པ་ཚར་གཅིག་བཏོན་མ་མྱོང་བར་རང་རེ་ལ་བསོད་ནམས་མི་འདུག་ཟེར་བར་སྣང་སྟེ། བསོད་ནམས་ཅི་ལ་འོང་། བསོད་ནམས་ཀྱི་རྒྱུར་ཚོགས་བསགས་དགོས་པར་གསུངས་ན། གསེར་དངུལ་དར་ཟབ་རྟ་ཕྱུགས་སོགས་
མི་ཕོངས་པ་ཡོད་བཞིན་དུ། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །ཟེར་ནས་ཐ་ན་མཆོད་འབྲུ་ཏིང་གང་དང་། མར་མེ་ཀོང་ཆུང་རེ་དང་། ཞལ་ཟས་མཛུབ་མོ་ཙམ་རེ་ལའང་ཟ་ཉན་པ་དེ་རང་གིས་ཟ། ཟ་མ་ཉན་པ་དེས་མཆོད་འབྲུ་སོགས་བྱེད་བཞིན་མཆོད་པ་ཆེན་པོ་བྱས་པར་རློམས་ཏེ་དཀོན་མཆོག་ལ་རྫུན་ཕུལ་བ་ཀུན་ལ་བསོད་ནམས་འོང་བར་ཨེ་འདུག །དེས་ན་རང་ལ་འབྱོར་ཚོད་ཀྱིས་ཚོགས་གསོག་ལ་འབད་པ་འདི་ཅིས་ཀྱང་གལ་ཆེ་བ་ཡིན་པས་དེ་ལྟར་བརྩོན་པར་བྱའོ།། །།

ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་བྱིན་རླབས་བླ་མའི་རྣལ་འབྱོར།

p. 339

༈ ལྔ་པ་ལམ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ་བྱིན་རླབས་བླ་མའི་རྣལ་འབྱོར་གྱི་ཚུལ་ལའང་གཉིས་ཏེ། སྤྱིའི་གོ་དོན་དང་། སྐབས་ཀྱི་བསྒོམ་དོན་ནོ། །དང་པོ་ལ་གསུམ། ལམ་གྱི་སྙིང་པོར་ངེས་ཤིང་བརྩོན་དགོས་པའི་རྒྱུ་མཚན། ཇི་ལྟར་ཉམས་སུ་ལེན་པའི་རྣམ་གྲངས་ཀྱི་དབྱེ་བ། དེ་ལྟར་ལམ་ལ་བརྩོན་པའི་དགོས་ཆེད་ཕན་ཡོན་ནོ། །དང་པོ་ནི། རིག་འཛིན་འདུས་པ་རྩ་བའི་བརྒྱུད་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །

p. 340

དགྲ་བཅོམ་ཉན་ཐོས་རང་རྒྱལ་དག །སོ་སོའི་སྐྱེ་བོ་དང་པོ་པའི། །ཡོན་ཏན་ཕུན་ཚོགས་མ་ལུས་པ། །གོང་མ་དག་ལ་བརྟེན་ནས་འབྱུང་། །ཞེས་གསུངས་པ་ལྟར། སྤྱིར་ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་དགེ་བའི་བཤེས་གཉེན་ལ་བརྟེན་ནས་འབྱུང་ཞིང་། ཁྱད་པར་གསང་སྔགས་ཟབ་མོའི་དངོས་གྲུབ་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་གི་གཞན་ནི་མ་ཡིན་ཏེ། གང་ཞིག་བླ་མ་ལས་དབང་བསྐུར་མ་ཐོབ་པར་གསང་སྔགས་ཉན་པ་ཙམ་གྱི་སྐལ་བའང་མེད་ལ། དབང་ཐོབ་ནས་ཀྱང་ཐུན་མོང་དང་ཐུན་མིན་གྱི་མན་ངག་རྣམས་བླ་མས་བསྟན་པ་ལས་ཤེས་དགོས་ཤིང་། དེ་ལྟར་མིན་པར་སྔགས་ལ་སྤྱད་ན་ཆོས་ལ་དབང་ཟ་བའི་ཉེས་པ་འབྱུང་བ་དང་། སྒྲུབ་པའི་འབྲས་བུ་ཆུད་ཟབ་བ་སོགས་སྐྱོན་ཤིན་ཏུ་ཆེ་བའི་ཕྱིར། སྔགས་ཀྱི་དངོས་གྲུབ་ཆེ་ཕྲ་ཇི་སྙེད་པ་བླ་མ་མཉེས་ནས་བྱིན་རླབས་ཞུགས་པ་ཁོ་ནས་ཐོབ་པར་བྱེད་པ་ཡིན་ཅིང་། ལས་ཕྲ་མོའི་སྒྲུབ་ཐབས་ཤིག་ཞུ་ནའང་ཡོན་སོགས་ཀྱིས་བླ་མ་མཉེས་པར་བྱས་པས་ཚེགས་མེད་པར་འགྲུབ་ཀྱི་དེ་ལས་ལྡོག་ན་ཉེས་པ་འབྱུང་ཚུལ་རྒྱུད་ལུང་ལོ་རྒྱུས་རྣམས་ལས་རྒྱ་

p. 341

ཆེར་འབྱུང་བ་ལྟར་རོ། །དེ་ལས་ཁྱད་པར་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཚིག་དང་དཔེ་ལས་འདས་པ་དོན་དམ་ལྷན་ཅིག་སྐྱེས་པའི་ལྟ་བ་ནི་བླ་མའི་མན་ངག་གིས་ངོ་སྤྲད་པའམ་དོན་བརྒྱུད་ཀྱི་བྱིན་རླབས་འཕོ་བ་ཁོ་ན་ལས་གཞན་གང་གིས་ཀྱང་མཚོན་པར་མི་ནུས་པའི་ཕྱིར། རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། ས་ར་ཧས། བླ་མ་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང་། ཀླུ་སྒྲུབ་ཀྱིས། རི་དབང་རྩེ་ནས་འགའ་ཞིག་ལྷུང་གྱུར་ན། །ལྟུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་སྙམ་ཡང་གྲོལ་བར་འགྱུར། །ཞེས་སོགས་བཀའ་དང་དགོངས་འགྲེལ་རྣམས་ནས་ཡང་ཡང་གསུངས་ཤིང་། དཔེ་ཇི་ལྟར་ན། ཉི་མ་ཡོད་ཀྱང་མཚམས་སྦྱོར་བའི་རྐྱེན་མེ་ཤེལ་མེད་ན་སྤྲ་བ་ལ་མེ་འབྱུང་ཐབས་མེད་པ་ལྟར། དུས་

p. 342

གསུམ་གྱི་སངས་རྒྱས་སྲས་བཅས་བཞུགས་སུ་ཟིན་ཀྱང་བླ་མ་མེད་ན་སློབ་མའི་རྒྱུད་ལ་ལྷའི་བྱིན་རླབས་དང་ཟབ་མོའི་རྟོགས་པ་འཇུག་པ་མེད་པས་ན། སྔོན་གྲུབ་ཐོབ་རིག་འཛིན་རྣམས་ཀྱིས་ཡི་དམ་ལྷའི་ཞལ་དངོས་སུ་བསྟན་ཚེ་སློབ་མ་ཕལ་གྱིས་ཡིད་ཆེས་ཆེར་བཟུང་བས་རྟེན་འབྲེལ་འཆུགས་ནས་དངོས་གྲུབ་མ་ཐོབ་པའི་ལོ་རྒྱུས་ལྟར། བླ་མ་ཉིད་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད། བྱིན་རླབས་ཀྱི་རྩ་བ། དངོས་གྲུབ་ཀྱི་འབྱུང་གནས། ཕྲིན་ལས་ཀྱི་གཞི་མ་ཡིན་ལ། དེར་མ་ཟད་རང་ཅག་གི་སྣང་ངོར་སངས་རྒྱས་རྣམས་ལས་ཀྱང་བླ་མ་བཀའ་དྲིན་ཆེས་ལྷག་སྟེ། ཅིའི་ཕྱིར་ཞེ་ན། བདག་ཅག་སངས་རྒྱས་དངོས་ཀྱི་ཞལ་བལྟ་བ་དང་གསུང་ཐོས་པའི་སྐལ་བས་ཕོངས་པའི་སྐབས་འདིར། རང་རྒྱུད་ལ་སངས་རྒྱས་ཀྱི་ཕྲིན་ལས་འཇུག་པའི་བདག་རྐྱེན་མཛད་ནས་སངས་རྒྱས་ཆོས་སྐུའི་ཞལ་བལྟ་བ་ལ་སྦྱོར་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཕྱིར་སངས་རྒྱས་ཀུན་ལས་ལྷག་པར་ངེས་སོ། །དེ་ལྟར་ཡང་ནམ་མཁའ་དྲི་མ་མེད་པའི་མདོ་ལས། ཀུན་དགའ་བོ། དེ་བཞིན་

p. 343

གཤེགས་པ་རྣམས་ནི་སེམས་ཅན་ཐམས་ཅད་ལ་སྣང་བའང་མ་ཡིན་གྱི། དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་བས་ཆོས་སྟོན་ཅིང་ཐར་པའི་ས་བོན་འདེབས་པའི་ཕྱིར། དེ་བཞིན་གཤེགས་པ་རྣམས་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིག །ཅེས་དང་། ཁྱད་པར་སྔགས་ཀྱི་ཐེག་པ་འདིར་རྡོ་རྗེ་སློབ་དཔོན་གྱི་སྐུ་གསུང་ཐུགས་ལ་དཀྱིལ་འཁོར་གྱི་ལྷ་ཐམས་ཐད་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས། དེ་ལ་མ་གུས་པར་བརྙས་པའམ་གུས་པས་མཆོད་ན་དཀྱིལ་འཁོར་གྱི་འཁོར་ལོ་ཐམས་ཅད་ལ་དེ་ལྟར་བྱས་པར་འགྱུར་བས་ཁེ་ཉེན་གཉིས་ཀ་གཞན་ལས་ཆེས་ཆེ་བར། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང་། །དེ་ཡིས་ང་ལ་བརྙས་བྱས་པས། །ངས་ནི་དེ་ཀུན་དུས་སུ་སྤང་། །ཞེས་དང་། ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། དེའང་བླ་མ་དེ་དངོས་གནས་ལ་སོ་སོའི་སྐྱེ་

p. 344

བོའམ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་གང་ཡིན་ཀྱང་། རང་གིས་སངས་རྒྱས་སུ་བསྒོམ་ནས་གསོལ་བ་འདེབས་ནུས་ན་སངས་རྒྱས་བྱང་སེམས་སམ་ཡི་དམ་གྱི་ལྷ་དངོས་དང་ཁྱད་པར་གཏན་ནས་མེད་དེ་བྱིན་རླབས་ཀྱི་འབྱུང་ཁུངས་མོས་གུས་ཡིན་པའི་ཕྱིར། བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་གང་ལ་འཇུག་ཀྱང་ཐོག་མར་བླ་མའི་བྱིན་རླབས་ལམ་དུ་བྱེད་དགོས་པ་ཁོ་ན་ལ། བྱིན་རླབས་མ་ཞུགས་བར་དུ་ལམ་གཤའ་མ་རྒྱུད་ལ་མི་སྐྱེ་བས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ཞིག་ལ་སློབ་མ་དམ་ཚིག་ངང་ལྡན་པ་ཞིག་གིས་མོས་གུས་སྙིང་ཕུར་བཙུགས་ན་ཐབས་གཞན་མེད་ཀྱང་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་གསུངས། བླ་མར་མོས་གུས་མེད་ན་ཡི་དམ་རྒྱུད་སྡེ་དྲུག་གི་བསྙེན་སྒྲུབ་ཚད་དུ་འཁྱོལ་ཡང་མཆོག་གི་དངོས་གྲུབ་རྩ་བ་ནས་མི་འཐོབ། ཐུན་མོང་གི་དངོས་གྲུབ་ཚེ་སྒྲུབ་ནོར་སྒྲུབ་དབང་སྡུད་སོགས་མང་པོ་ཞིག་ཀྱང་ཕལ་ཆེར་མི་འགྲུབ་ལ། ཅུང་ཟད་འགྲུབ་པ་སྲིད་ནའང་དཀའ་ཚེགས་ཆེན་པོས་སྒྲུབ་དགོས་པས་ལམ་མི་ཟབ་པ་ཡིན། མོས་གུས་ཕྱིན་ཅི་མ་ལོག་པ་ཞིག་རྒྱུད་ལ་སྐྱེས་ན་

p. 345

ལམ་གྱི་གེགས་སེལ་བོགས་འདོན་དང་མཆོག་ཐུན་གྱི་དངོས་གྲུབ་ཐམས་ཅད་གཞན་ལ་མི་ལྟོས་པར་འགྲུབ་པས་ན་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཞེས་བྱའོ། །དེ་ལྟར་མོས་གུས་ཀྱི་གསོལ་འདེབས་ལམ་དུ་བྱ་བའི་ཡུལ་རང་ལ་དངོས་སུ་བཀའ་དྲིན་མཆོག་ཏུ་སྩོལ་བའི་བླ་མ་ཉིད་ཡིན་པས་སྐུའི་རྣམ་པ་ཇི་ལྟར་བསྒོམ་ཡང་རུང་མོད། ཕྱོགས་དུས་རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་སྣང་བ་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་བསྒོམ་ཞིང་བསྙེན་ན་ལམ་གྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཤུགས་ཀྱིས་སེལ་ཞིང་དོན་གཉིས་བསམ་རྒུ་ཡིད་བཞིན་དུ་འགྲུབ་པའི་གནད་ཀྱིས་ཆེས་ཟབ་སྟེ། མཁའ་འགྲོ་མཚོ་རྒྱལ་གྱི་ཞལ་ནས། སྤྱིར་ཡང་མ་འོངས་བོད་ཡུལ་སེམས་ཅན་རྣམས༔ བླ་མའི་སྐལ་བ་པདྨ་འབྱུང་གནས་ཡིན༔ གང་ཟག་ཡོངས་ཀྱིས་བླ་མ་བསྒྲུབ་ལ་བརྩོན༔ རང་རང་བླ་མ་པདྨའི་རྣམ་པར་བསྒྱུར༔ བྱིན་རླབས་ཐུགས་རྗེས་ལྷག་ཏུ་ཆེ་བར་འབྱུང་༔ ཐུགས་སྒྲུབ་རྒྱས་བསྡུས་ཡོངས་ཀྱི་གཞུང་ལྟར་བསྒྲུབ༔ ཚེ་གཅིག་སངས་རྒྱས་མ་འགྲུབ་ཁོ་

p. 346

མོས་མནའ༔ ཞེས་དང་། རྡོ་རྗེའི་གསུང་ལས། གང་ཞིག་ལས་ཅན་སྐྱེས་བུ་དད་པ་ཅན༔ བདག་ལ་གདུང་བའི་སེམས་ཀྱིས་གསོལ་བ་ཐོབ༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ ཞེས་དང་། གསང་ཐེམས་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་མཐོང་རྒྱལ་བ་ཐམས་ཅད་མཐོང་༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཅེས་དང་། གཞན་ཡང་རཏྣའི་ཚེས་བཅུ་བསྐུལ་ཐབས་ལས། མཆི་མ་འཁྲུགས་པའི་གསོལ་བ་ཐོབ། བྱིན་རླབས་ཆུ་བོའི་གཞུང་བཞིན་འབབ༔ ཐམས་ཅད་ཉམས་འབར་བྱིན་ཕེབས་ཚེ༔ ང་ཉིད་དངོས་སུ་བྱོན་པའི་རྟགས༔ དེ་ཚེ་བྱོན་པར་ཐེ་ཚོམ་མེད༔ ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔ བོད་ཀྱི་རྒྱལ་སྔགས་བུ་སློབ་ལ༔ བྱུང་ཅོག་ཟླ་བའི་ཚེས་བཅུ་ལ༔ ང་ཉིད་འབྱོན་པར་དབུ་བསྙུང་བཞེས༔ པདྨ་འབྱུང་གནས་གཞན་མི་བསླུ༔ ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔ ལས་སུ་རུང་བའི་བློ་ཡོད་ན༔ འདི་ལྟར་ང་ཡི་ཚེས་བཅུ་ལ༔ བརྩོན་ཞིང་གསོལ་བ་འདེབས་པའི་བུ༔ འཁོར་བར་བཏང་

p. 347

ན་ངས་ཤེས་ཀྱི༔ གློ་སྙིང་བྲང་གསུམ་ང་ལ་གཏོད༔ ཕྱི་རབས་ང་ལ་བློ་གཏད་མི༔ སྨོན་ལམ་འབྲེལ་བའི་རྗེས་འཇུག་ལ༔ ཡིད་ཆེས་ཐེ་ཚོམ་བསལ་བའི་ཕྱིར༔ གསལ་བར་ཞལ་ད་འདི་ལྟར་བཀོད༔ དོན་ལ་ང་ལ་གཤེགས་བཞུགས་མེད༔ འགྲོ་འོང་གཉིས་ལས་འདས་མོད་ཀྱང་༔ ཀུན་རྫོབ་བག་ཆགས་གཉིས་སྣང་ལ༔ ང་ཉིད་མཁའ་སྤྱོད་ཡུལ་དུ་བཞུགས༔ ལུས་རྒྱ་འཁོར་བའི་བག་ཆགས་དང་༔ དག་བྱ་སྒྲིབ་གཉིས་མ་དག་པས༔ ཀུན་གྱིས་ང་ཡི་ཞལ་མི་མཐོང་༔ ཉོན་མོངས་སྒྲིབ་པ་དག་པའི་ཚེ༔ པདྨ་ང་ཉིད་དངོས་སུ་མཐོང་༔ ཚིགས་བཅད་གླེང་མོ་བྱ་རྒྱུ་ཡོད༔ རྣལ་འབྱོར་ལམ་པའི་དུས་སུ་ཡང་༔ ཉམས་སམ་རྨི་ལམ་ཚུལ་དུ་མཇལ༔ དོན་ལ་དགེ་སེམས་གང་སྐྱེས་ཤིང་༔ སྙིང་རྗེ་དཔག་མེད་སྐྱེས་པ་དང་༔ སྐད་ཅིག་ལྷང་ངེར་དྲན་པ༔ དེ་ཡང་ང་དང་མཇལ་བ་ཉིད༔ གང་ཟག་མོས་པའི་བློ་ཡོད་ན༔ ང་ཡི་ཐུགས་རྗེ་རྒྱུན་ཆད་མེད༔ དོན་ལ་ང་ལ་འགྲོ་འོང་མེད༔ རང་གི་ལས་དང་སྒྲིབ་པ་གཉིས༔ དེ་ཉིད་ནམ་དག་ང་དང་མཇལ༔ སྨོན་ལམ་ཀུན་རྫོབ་གདུལ་བྱའི་དོར༔ སྲིན་ཡུལ་བཞུགས་པ་

p. 348

བདེན་མོད་ཀྱང༔ ཐུགས་རྗེ་རྒྱུན་ཆད་མེད་པའི་ཕྱིར༔ སུ་མོས་རྩ་ན་ང་ཉིད་འདུག༔ དེ་ལས་མང་དུ་མི་བཤད་ཀྱི༔ ཚིག་གི་སྦུན་རོ་ཡིན་པའི་ཕྱིར༔ དོན་ལ་གློ་སྙིང་ང་ལ་ཁོལ༔ ཆེ་རིགས་ཆེ་དང་ཆུང་རིགས་ཆུང་༔ རང་གི་མོས་གུས་དང་བསྟུན་ནས༔ བྱིན་རླབས་འཇུག་པར་ཐེ་ཚོམ་མེད༔ ཅེས་གསུངས་ཕྱིར། འོ་སྐོལ་གདོང་དམར་མུན་པའི་རྒྱལ་ཁམས་སུ་སྐྱེས་པའི་འགྲོ་བ་རྣམས་ལ་སངས་རྒྱས་གཞན་ལས་ལྷག་པའི་བཀའ་དྲིན་ཅན་ནི་གུ་རུ་རིན་པོ་ཆེ་ཡིན་ཅིང་། དེ་ཉིད་སྒོམ་སྒྲུབ་གསོལ་བ་བཏབ་པས་རྩ་གསུམ་རྒྱལ་བ་རབ་འབྱམས་ལ་དེ་ལྟར་བྱས་པར་འགྱུར་ལ། རྟག་ཏུ་རྗེས་བཟུང་བྱིན་གྱིས་བརླབ་པར་ཞལ་གྱིས་བཞེས་པ་ཉིད་ནམ་ཡང་མི་བསླུ་བ་རྡོ་རྗེའི་གསུང་གི་ཐ་ཚིག་ཟབ་མོ་ཡིན་པས། སྙིང་ནས་ཡིད་ཆེས་ཀྱི་ངེས་ཤེས་དྲག་པོས་གཡར་དམ་དུ་བྱའོ། །གཉིས་པ་ཇི་ལྟར་ཉམས་སུ་ལེན་པའི་རྣམ་གྲངས་ཀྱི་དབྱེ་བ་ལ་གཉིས། སྤྱིར་མོས་གུས་ལམ་དུ་ཁྱེར་ཚུལ་དང་། བྱེ་བྲག་བྱིན་རླབས་བསྙེན་པའི་རིམ་པའོ། །དང་པོ་ནི། སྔོན་གྱི་དམ་པ་གོང་མའི་གསུང་ལས། བླ་མ་སངས་རྒྱས་སུ་མཐོང་ན་

p. 349

སངས་རྒྱས་ཀྱི་བྱིན་རླབས་འཇུག །བྱང་ཆུབ་སེམས་དཔའ་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སྐྱེའི་དགེ་བའི་བཤེས་གཉེན་བཟང་པོ་ཙམ་དུ་མཐོང་ན་དེ་དང་མཐུན་པའི་བྱིན་རླབས་འཇུག་ཅིང་། མོས་གུས་གཏན་ནས་མེད་ན་བྱིན་རླབས་ཀྱང་ཡེ་མི་འཇུག་པར་གསུངས། དེས་ན་མོས་གུས་བསྐྱེད་པའི་ཚུལ་ལ་བཞི་སྟེ། རང་གི་རྩ་བའི་བླ་མ་འདི་ལས་ལྷག་པའི་སངས་རྒྱས་ཀྱང་གཞན་ན་མེད་དེ་ཕྱོགས་བཅུ་དུས་གསུམ་གྱི་དཀོན་མཆོག་མ་ལུས་པ་འདུས་པའི་ངོ་བོ་བླ་མ་ཡིན་ཅིང་། དཀོན་མཆོག་གི་ཡོན་ཏན་ལ་མུ་མཐའ་མེད། ད་ལྟ་ཕྱོགས་རྣམས་ཀུན་ཏུ་འགྲོ་བའི་དོན་མཛད་པའི་སྐྱེས་བུ་དམ་པ་རྣམས་དང་། ཉི་ཟླ། རྩི་སྨན། གྲུ་ཟམ་ཚུན་ཆད་ཀྱང་བླ་མའི་རྣམ་རོལ། རང་ལ་གཞན་གྱིས་དབང་ལུང་ཁྲིད་དང་འབྲི་ཀློག་སློབ་པ་དགེ་བའི་རྐྱེན་བྱེད་པ་ཡན་ཆད་བླ་མའི་སྒྱུ་འཕྲུལ་དུ་མོས་ཏེ་མདོར་ན་སངས་རྒྱས་དངོས་སུ་ཐག་བཅད་པ་དང་གཅིག །འདས་པའི་སངས་རྒྱས་གྲངས་མེད་པ་དང་། ད་ལྟ་ཕྱོགས་བཅུ་ཀུན་

p. 350

ན་བཞུགས་པའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་སོགས་དང་། མཁས་ཤིང་གྲུབ་པ་བརྙེས་པའི་རིག་འཛིན་གོང་མ་བསམ་གྱིས་མི་ཁྱབ་པ་རྣམས་མངོན་ཤེས་རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་དང་ངོ་མཚར་ཆེ་ཡང་ཐ་ན་རྨི་ལམ་ཙམ་དུ་ཞལ་མཇལ་ཞིང་གསུང་ཐོས་པའི་སྐལ་བ་མེད་པ་མ་ཟད། གལ་ཏེ་མཇལ་ཡང་བླ་མའི་མཛད་པ་ལས་ལྷག་པ་གང་ཡང་མཛད་དུ་མེད། རྩ་བའི་བླ་མས་ནི་ཚེ་ལུས་གཅིག་ལ་འཚང་རྒྱ་བའི་ཐབས་ཚང་ལ་མ་ནོར་བའི་མན་ངག་སྟོན་པས་ན་ལུས་སྲོག་རྡུལ་དུ་བརླག་ཀྱང་བཀའ་དྲིན་འཁོར་ཐབས་མེད་དོ་སྙམ་པ་དང་གཉིས། ཆོས་དང་ཟང་ཟིང་གི་གནང་སྦྱིན་སོགས་ཐུགས་ལ་བཏགས་པའི་ཚེ་བླ་མ་དྲན་ལ་འགྱང་ནས་བརྗེད་པ་དང་། ན་ཚ་རྐྱེན་ངན་སོགས་སྡུག་བསྔལ་བྱུང་དུས་བླ་མ་དྲན་ལ་བདེ་ཞིང་སྐྱིད་དུས་མི་དྲན་པ་ལྟ་བུ་མིན་པར། འགྲོ་འཆག་ཉལ་འདུག་སྐྱིད་སྡུག་གང་གི་སྐབས་སུའང་བསམ་རྒྱུ་བླ་མ་ལས་མེད་པར་ཡང་ཡང་དྲན་པ་དང་གསུམ། བླ་མ་དྲན་པའི་ཚེ་ནའང་། སྐྱབས་སུ་མཆིའོ་ཟེར་བ་ཙམ་མམ་གསོལ་འདེབས་སད་སུད་རེ་བཏོན་ནས་ཚར་བར་བརྩི་བ་ལྟ་བུ་མ་ཡིན་པར། ལུས་བ་

p. 351

སྤུ་གཡོ་མིག་མཆི་མ་འཁྲུགས་པའི་གདུང་ཤུགས་ཀྱིས། རིག་པ་འཕྲལ་དུ་བསྒྱུར། ཐ་མལ་གྱི་སྣང་བ་འགོག །ཉམས་གཏད་མེད་སྐྱེ་ནུས་པའི་གདུང་ཤུགས་དྲག་པོ་དང་བཞི་འཛོམ་ན་བྱིན་རླབས་རྒྱུད་ལ་འཇུག་ཅིང་རྟོགས་པ་གློ་བུར་དུ་སྐྱེད་ནུས་པའི་མོས་གུས་ཚད་ལྡན་ཡིན་ནོ། །གཞན་ཡང་མོས་གུས་ལམ་དུ་འགྲོ་བའི་ཡན་ལག་བཞི་ཡོད་དེ། བླ་མ་ལ་སྐྱོན་གྱི་རྣམ་པར་མཐོང་ན། སངས་རྒྱས་ཡེ་ཤེས་ཀྱིས་འཇམ་དཔལ་ཁྱིམ་བཙུན་བུ་སྨད་ཅན་དུ་གཟིགས་པའི་ཚེ་མ་དད་པའི་རྣམ་རྟོག་སྐྱེས་པས་མཆོག་གི་དངོས་གྲུབ་ལ་བར་དུ་བཅད་པ་ལྟར། རང་གི་སེམས་རྒྱུད་མ་དག་པས་ལན། སངས་རྒྱས་ལ་སྐྱོན་ཅིག་ག་ལ་ཡོད། གང་མཛད་མཛད་དུ་ཆུག་བསམ། མི་ཚངས་པར་སྤྱོད་པ་དང་རྫུན་གསུངས་པ་སོགས་མཐོང་ནའང་འདི་ཀ་གདུལ་བྱ་འདུལ་ཐབས་བླ་ན་མེད་པ་ཞིག་ཡིན་ཏེ་འོང་། ཐབས་འདིས་སེམས་ཅན་མང་པོ་ཞིག་སྨིན་གྲོལ་ལ་འགོད་པར་ངེས་པས། གཞན་དག་ཚུལ་ཁྲིམས་གཙང་མ་བསྲུང་བ་ལས་བརྒྱ་འགྱུར་སྟོང་འགྱུར་གྱིས་འདི་ངོ་མཚར་ཆེ། གཡོ་སྒྱུ་ཚུལ་འཆོས་མཛད་པ་

p. 352

འདི་ཁོ་ནས་ཀྱང་དམ་པའི་ཀུན་སྤྱོད་དུ་ཐེ་ཚོམ་མེད་སྙམ་དུ་བསྒོམ། ཁྱད་པར་རང་ལ་བཀའ་བཀྱོན་བྱུང་ན་ལས་ངན་འཛད། ཕྱག་འཇུག་གནང་ན་གདོན་བགེགས་འབྲོས། བདག་ལ་ཐུགས་བརྩེ་བས་འཇིག་རྟེན་ན་ཕས་བུ་ལ་བྱ་བ་བཞིན་ཟོལ་འགྲོགས་མི་མཛད་པ་འདི་བཀའ་དྲིན་ཆེ་སྙམ་དུ་བསམ། ཐུགས་མི་གཏད་པ་དང་མི་དགྱེས་པའི་རྣམ་འགྱུར་ལྟར་སྣང་ན་རང་གི་ལས་སྒྲིབ་མ་དག་པས་ལན་སྙམ་དུ་སྒྲིབ་སྦྱོང་བྱ་བ་དང་། བླ་མའི་སྐུ་གསུང་ཐུགས་ཀྱི་ཞབས་ཏོག་བསྒྲུབ་པ་སོགས་དགྱེས་པའི་ཐབས་ལ་འབད་དེ་མདོར་ན་བླ་མའི་སྐྱོན་ལ་མི་རྟོག་པ་དང་གཅིག །གྲུབ་ཐོབ་གོང་མའི་ཞལ་ནས། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་བཤན་པ་མཛད་ན་ཡང་། །དེ་ཀས་འཚེངས་ཤིང་དེ་ཀ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང་། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང་། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། །རྫུན་གྱིས་གཞན་མགོ་བསྐོར་བ་ན། །བརྡ་

p. 353

ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་པའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང་། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོའི་ཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། །རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུང་བཏགས་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང་། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་གསུངས་པ་ལྟར་ཅི་མཛད་ཡོན་ཏན་དུ་ཤེས་པ་དང་གཉིས། བླ་མ་ལ་མོས་གུས་བསྒོམ་པ་དེས་ཚེ་འདིར་ཐུགས་དགྱེས་མི་དགྱེས་ལ་མི་ལྟོས་པ་ལྟ་ཞོག །མཆོག་གི་དངོས་གྲུབ་ཨེ་ཐོབ་ཀྱི་རེ་བའང་མེད་པར། ཐུགས་རྗེས་འཛིན་རུང་མ་འཛིན་རུང་། དངོས་གྲུབ་ཐོབ་རུང་མ་ཐོབ་རུང་། རང་ལ་བྱ་རྒྱུ་མོས་གུས་ལས་མེད་པར་རེ་དོགས་འགོག་པའི་ཐག་ཆོད་དང་གསུམ། འཇིག་རྟེན་ནའང་ཡ་རབ་འདོད་པ་དག་གིས་རང་དཔོན་ལ་ངོ་ལྐོག་མེད་པའི་ཞེ་ས་ཇི་ཙམ་བྱེད་ནུས་པར་འདུག །དེ་ནི་ཚེ་འདི་པའི་ལོ་ཤས་ཙམ་གྱི་དོན་ཡིན། བླ་མ་ནི་འདི་ཕྱི་ཚེ་རབས་ཀུན་ཏུ་

p. 354

བྱང་ཆུབ་མ་ཐོབ་ཀྱི་བར་བདེ་ལེགས་ཡོན་ཏན་ཆེ་ཕྲ་ཇི་སྙེད་པའི་འབྱུང་གནས་ཉིད་ཕྱིར། རང་ལ་ཆོས་ཀྱི་ཡོན་ཏན་ཅི་འོང་བླ་མ་ཁོ་ནའི་སྐུ་དྲིན་ཡིན་པས་ལུས་ངག་ཡིད་གསུམ་གྱི་བྱ་བྱེད་ཐམས་ཅད་བླ་མའི་ཞབས་ཏོག་ཏུ་དམིགས། བླ་མའི་སྐུ་ཚེ་མཛད་ཕྲིན་རྒྱས་པར་སྨོན་པ་ཚུན་ཆད་ཀྱིས་མཉེན་གཤིན་པའི་བསམ་པ་མི་འབྲལ་བ་དང་བཞི་སྟེ། དེ་ལྟ་བུའི་མོས་གུས་བསྐྱེད་པའི་ཚུལ་ལ་བསླབ་ཅིང་། ལས་དང་པོ་པས་ཐོག་མ་ཉིད་ནས་བཅོས་མིན་གྱི་མོས་གུས་སྐྱེ་དཀའ་ཡང་། དང་པོ་བཅོས་མའི་མོས་གུས་ཀྱིས་གཞི་བཟུང་། བར་དུ་འདྲིས་པའི་མོས་གུས་ཀྱིས་རྒྱུན་བསྲིངས་ཏེ། མཐའ་མར་བཅོས་མིན་གྱི་མོས་གུས་གདིང་ཐོབ་པ་ན་རང་རྒྱུད་སྨིན་གྲོལ་དུ་མི་འགྱུར་ཀ་མེད་ཀྱི་གནས་སུ་ངེས་པའོ། །གཉིས་པ་བྱེ་བྲག་བྱིན་རླབས་བསྙེན་པའི་རིམ་པ་ལའང་གཉིས་ལས། དང་པོ་སྤྱིར་ནི། དེ་ལྟར་དགེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བར་གྱུར་པ་བླ་མ་མཚན་ཉིད་དང་ལྡན་པ་དེའི་དྲུང་དུ་བསྙེན་ནས་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་ཐུགས་མཉེས་པར་བྱས་ལ་སྨིན་གྲོལ་གྱི་གདམས་པ་

p. 355

ལེགས་པར་ནོད་ཅིང་བླ་མའི་ཐུགས་མཛོད་ལོན་པ་ནི་བསྙེན་པ་དང་། བླ་མའི་གདམས་ངག་ཕོག་པ་བཞིན་དུ་བསྐྱེད་རྫོགས་ཟབ་མོའི་དོན་རྩེ་གཅིག་ཉམས་སུ་བླངས་ནས་བླ་མའི་ཐུགས་དང་དབྱེར་མེད་ཀྱི་དགོངས་པ་ཐོབ་པ་ནི་སྒྲུབ་པ་དང་། རང་སེམས་གཉུག་མ་རྟོགས་པའི་དངོས་གྲུབ་ཐོབ་ནས་བསྟན་པ་དང་སེམས་ཅན་གྱི་དོན་ཇི་ལྟར་ནུས་པ་བཞིན་དུ་བྱེད་ཅིང་ཁྱད་པར་ཐེག་མཆོག་སྙིང་པོའི་བསྟན་པ་སྤེལ་བ་ནི་ལས་སྦྱོར་ཏེ། ཚུལ་དེས་རིག་འཛིན་གོང་མའི་ཐུགས་བཞེད་སྐོང་ཞིང་གདུང་འཛིན། རང་གིས་དངོས་གྲུབ་ཐོབ། གཞན་དོན་བྱས་པས་རང་ཡང་རིག་འཛིན་གྱི་གྲལ་ལ་གནས་པར་གྱུར་པའོ། །གཉིས་པ་ཁྱད་པར་དུ་ནི། ཕྱི་ལྟར་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་སྐྱབས་གནས་ཀུན་འདུས་ངེས་པ་རྙེད་པའི་སྒོ་ནས་དད་མོས་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱི་ཚུལ་དུ་བསྙེན་པ་དང་། ནང་ལྟར་ཐ་མལ་འཁྲུལ་ཞེན་གྱི་སྣང་གྲགས་རྟོག་ཚོགས་བླ་མའི་གསང་གསུམ་དག་པ་རབ་འབྱམས་ཀྱི་རོལ་པ་ཆེན་པོར་སྦྱངས་ནས་གསང་སྔགས་ཀྱི་ཚུལ་དུ་སྒྲུབ་པ་དང་། གསང་བ་ལྟར་

p. 356

མཐར་ཐུག་དེ་ཁོ་ན་ཉིད་དབང་དོན་གྱི་ཡེ་ཤེས་ལམ་དུ་བསླངས་ཏེ་འདོད་དོན་གྲུབ་པའི་མཐའ་འཛིན་པའི་ཚུལ་གྱིས་ལས་ལ་སྦྱོར་བ་སྟེ། དེའང་ཐོག་མར་གཞུང་ལྟར་དབང་རྟེན་མངོན་སུམ་དུ་གསལ་གདབ། བསགས་སྦྱོང་སྤེལ་གསུམ་གྱི་གནད་བསྡུས་པ་ཚོགས་བསགས་ཡན་ལག་བདུན་པས་རྒྱུད་སྦྱང་། དད་གུས་དྲག་པོས་གསོལ་བ་ཕུར་ཚུགས་སུ་གདབ་ཅིང་སྙིང་པོ་བཟླས་པས་ཐུགས་རྒྱུད་བསྐུལ། མཐར་ཕྱིན་རླབས་དབང་བཞིའི་ཡེ་ཤེས་ལམ་དུས་འོད་ཟེར་སྤྲོས་ཐིམ་གྱི་ཚུལ་དུ་བླང་། མོས་གུས་ཤུགས་ཀྱིས་འོད་དུ་ཞུ་ནས་རང་ལ་བསྟིམ། བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རང་གི་ཡིད་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་གཅིག་ཏུ་བསྲེས་ལ་རང་སྣང་རིས་མེད་ཆེན་པོའི་དགོངས་པའི་རང་ངོ་རྩོལ་བྲལ་ལྷུག་པར་བསྐྱང་ལ་མཉམ་པར་བཞག་གོ །འདིར་གསོལ་འདེབས་ཀྱི་ཡུལ་གསལ་གདབ་པ་ལའང་། ཡེ་ཤེས་པ་ལྟར་གཞན་ནས་སྤྱན་འདྲེན་པ་དང་། སྔར་ཡོད་གསལ་འདེབས་ཀྱི་ཚུལ་དུ་བསྒོམ་པ་གཉིས་དོན་ལ་ཁྱད་པར་མེད་དེ། མདོ་ལས། གང་ཞིག་རྒྱལ་བ་ཡིད་

p. 357

བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཅེས་སོ། །ཚོགས་བསགས་ཡན་ལག་བདུན་གྱི། དང་པོ་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བ་ནི། རང་གི་ལུས་བརྒྱ་སྟོང་གྲངས་མེད་པ་ཞིང་གི་རྡུལ་གྱི་གྲངས་སྙེད་དུ་སྤྲུལ་ཏེ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱང་རང་དང་ལྷན་དུ་ཕྱག་འཚལ་བར་བསམ་ཞིང་། ཇི་ལྟར་འཚལ་བའི་ཚུལ་ཡང་ཐར་པ་ཆེན་པོ་ལས། པདྨ་ཁ་འབུས་བྱེ་འདྲ་བར། །ལག་གཉིས་སྤྱི་བོར་ཐལ་སྦྱར་ཏེ། །ལུས་དཔག་མེད་པར་སྤྲིན་ཚོགས་ཀྱིས། །ཕྱོགས་བཅུའི་སངས་རྒྱས་ལ་ཕྱག་འཚལ། །ཞེས་པ་ལྟར་ལག་གཉིས་ཐལ་མོ་པདྨ་ཁ་འབུས་པ་བཞིན་སྦྱར་བ་གནས་གསུམ་དུ་བཞག་ཅིང་། ལུས་ཀྱི་མ་ལྔ་ས་ལ་ཕབ་སྟེ་ཕྱག་བྱ་བའོ། །འདི་ལ་མ་ལྔ་ས་ལ་ཕབ་སྟེ་བཏུད་པ་སྒུར་ཕྱག་ཏུ་གྲགས་པ་དང་། ལུས་ས་ལ་བརྡབ་སྟེ་ཐང་ཤ་བཅད་པ་བརྐྱང་ཕྱག་ཏུ་གྲགས་པ་གཉིས་ལས། སྔ་མ་ཉིད་ཐེག་པ་ཐུན་མོང་པའི་ཚུལ་དང་། ཕྱི་མ་དྲི་མེད་བཤགས་པའི་རྒྱུད་སོགས་ལས་བསྟན་པའི་དོན་བཞིན་སྔགས་ཁྱད་པར་བའི་ཚུལ་

p. 358

ཏེ། ཁོ་བོའི་བླ་མས་ཕྱི་མ་འདི་ཕྱག་ལེན་དུ་མཛད་དེ་སྒྲིབ་པ་འདག་སྟོབས་དང་ཕན་ཡོན་སོགས་འདི་ཁོ་ན་ཆེ་བ་ཡིན་གསུངས། དེའང་སྔོན་འགྲོ་བསགས་སྦྱོང་གི་སྐབས་སུ་སྐྱབས་འགྲོ་དང་སྦྲེལ་ཏེ་ཕྱག་འཚལ་བའི་ལག་ལེན་ཀྱང་ཡོད་པས་དེ་ལྟར་རུང་མོད། འོན་ཀྱང་ཕྱག་གི་ཁྲིད་དངོས་ནི་སྐབས་འདིར་ཡིན་པས་བླ་མའི་རྣལ་འབྱོར་དང་འབྲེལ་བར་ཕྱག་འཚལ་བ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་རོ། །དེ་ལྟར་ཕྱག་འཚལ་བའི་ཕན་ཡོན་ཀྱང་ལུང་རྣམ་འབྱེད་ལས། མདོག་བཟང་མཛེས་དང་ཚིག་བཙུན་དང་། །འཁོར་རྣམས་ཟིལ་གནོན་ལྷ་མི་དགའ། །དམ་པ་དང་འགྲོགས་གཟི་བརྗིད་ཆེ། །ལོངས་སྤྱོད་མཐོ་རིས་ཐར་པ་ཐོབ། །ཅེས་དང་། གུས་པ་ཆེན་པོས་ཕྱག་གཅིག་འཚལ་བའི་ཡན་ལག་ལྔས་ས་ལ་ནོན་པའི་རྒྱ་ཁྱོན་གྱི་དབང་ཆེན་གསེར་གྱི་ས་གཞི་ཡན་ཆད་ལ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འཐོབ་པར་གསུངས་སོ། །གཉིས་པ་སེར་སྣའི་གཉེན་པོ་མཆོད་པ་འབུལ་བ་ནི། དངོས་སུ་ཅི་འབྱོར་པའི་མཆོད་པ་འབག་བཙོག་སེར་

p. 359

སྣ་སོགས་ཀྱིས་མ་གོས་པར་བཤམས་པ་དམིགས་རྟེན་དུ་བྱས་ཏེ། ཡིད་ཀྱིས་རང་གི་ལུས་དང་ལོངས་སྤྱོད་ལྷ་དང་མིའི་ཡོ་བྱད་བདག་པོས་བཟུང་བ་དང་། མ་བཟུང་བ་དང་། ཏིང་ངེ་འཛིན་གྱི་རྣམ་རོལ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་མཐའ་ཡས་པ་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་བཞིན་ཡོངས་སུ་སྤྲོས་པས་མཆོད་པར་བྱ་སྟེ། དཀོན་མཆོག་ཏ་ལའི་མདོ་ལས། མེ་ཏོག་ཕལ་ཆེར་མེ་ཏོག་བླ་བྲེ་དང་། །མེ་ཏོག་བཀོད་པའི་འོད་ཟེར་རབ་བཀྱེ་སྟེ། །མེ་ཏོག་སྣ་ཚོགས་ཀུན་ཏུ་བཀྲམ་བྱས་ནས། །བདག་ཉིད་ཆེན་པོ་རྒྱལ་བ་སྲས་བཅས་མཆོད། །ལག་པའི་མཐིལ་ན་མཆོད་པ་བསམ་ཡས་རྣམས། །རྒྱལ་བ་གཅིག་ལ་མཆོད་པར་བྱེད་པ་ལྟར། །རྒྱལ་བ་མ་ལས་ཀུན་ལའང་དེ་བཞིན་ཏེ། །དྲང་སྲོང་ཏིང་འཛིན་རྣམ་འཕྲུལ་དེ་འདྲའོ། །ཞེས་གསུངས་པ་ལྟར་རོ། །དེས་ནི་ཚེ་རབས་ཀུན་ཏུ་འབྱོར་པ་ཕུན་སུམ་ཚོགས་པ་དང་ལྡན་ཅིང་ཀུན་གྱིས་མཆོད་འོས་སུ་འགྱུར་བ་ཡིན་ནོ། །གསུམ་པ་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པ་ནི། ཚེ་རབས་འཁོར་བ་ཐོག་མ་མེད་

p. 360

པ་ནས་ད་ལྟ་ཡན་ཆད་དུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་རང་བཞིན་དང་བཅས་པ་དང་ཁ་ན་མཐོ་བ་སོགས་སྡིག་ལྟུང་དམ་ཚིག་ཉམས་ཆག་མི་དགེ་བའི་ལས་ཅི་བསགས་པ་ཐམས་ཅད་ལ་གནོང་འགྱོད་དྲག་པོས་གཉེན་པོ་སྟོབས་བཞིའི་དག་པ་དྲན་པའི་ངང་ནས་བཤགས་པས། སྡིག་སྒྲིབ་ཐམས་ཅད་རང་གི་ལྕེ་ཐོག་ཏུ་ནག་ཕུང་གིས་འདུས་པ་ལ། ཚོགས་ཞིང་ལྷ་ཚོགས་ཀྱི་སྐུ་གསུང་ཐུགས་ལས་འོད་ཟེར་བྱུང་བ་ཕོག་པས་དྲི་མ་བཀྲུས་པ་བཞིན་དག་པར་བསམ་སྟེ། བྱམས་པ་སེང་གེའི་སྒྲ་ཆེན་པོས་ཞུས་པའི་མདོ་ལས། མི་ཤེས་པས་ནི་གང་བྱས་པའི། །སྡིག་པའི་ལས་ནི་བཤགས་པར་བགྱི། །མཁས་པས་ཉེས་པ་བཤགས་ནས་ནི། །ལས་དང་ལྷན་ཅིག་མི་གནས་སོ། །ཞེས་སོ། །དེས་ནི་མཐོ་རིས་དང་ཐར་པ་སྒྲིབ་ཅིང་ངན་སོང་དུ་སྡུག་བསྔལ་བར་བྱེད་པ་ལས་གྲོལ་ཏེ་དགེ་བའི་ཡོན་ཏན་ཐམས་ཅད་སྐྱེད་པར་འགྱུར་རོ། །བཞི་པ་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བ་ནི། རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་དོན་དུ་ཆོས་ཀྱི་འཁོར་ལོ་ཆེན་པོ་བསྐོར་བ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་

p. 361

རླབས་པོ་ཆེ། སེམས་ཅན་རྣམས་ཀྱི་བསོད་ནམས་དང་ཐར་པ་ཆ་མཐུན་གྱི་དགེ་བ་སོགས་རང་གཞན་རྣམས་ཀྱིས་དུས་གསུམ་དུ་བསགས་པའི་ཟག་བཅས་དང་ཟག་མེད་ཀྱི་དགེ་བའི་རྩ་བ་ཐམས་ཅད་ལ་སྙིང་ཐག་པ་ནས་དགའ་བ་ཆེན་པོས་རྗེས་སུ་ཡི་རང་བ་བསྒོམ་སྟེ། དེའི་ཕན་ཡོན་ཀྱང་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་པ་ལྟར་དགེ་རྩ་མཉམ་པའི་ཉིད་དུ་ཐོབ་པ་སོགས་བསོད་ནམས་ཚད་མེད་པའོ། །ལྔ་པ་གཏི་མུག་གི་གཉེན་པོ་ཆོས་འཁོར་བསྐོར་བར་བསྐུར་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་དགེ་བའི་བཤེས་གཉེན་ལ་སོགས་པ་གཞན་དོན་རླབས་པོ་ཆེའི་ཁུར་བཟོད་པ་རྣམས། འགྲོ་བའི་ལོག་སྒྲུབ་དང་སྐྱོ་ངལ་གྱིས་ཐུགས་སུན་ནས་ཆོས་མི་གསུང་བར་ཞི་བདེར་གཞོལ་བ་དག་གི་དྲུང་དུ། རང་ལུས་བྱེ་བ་སྟོང་གྲངས་མེད་པར་སྤྲུལ་ནས་འཁོར་ལོ་ནོར་བུ་ལ་སོགས་པ་ཕུལ་ཏེ། གདུལ་བྱ་གང་ལ་ཆོས་གང་གིས་འདུལ་བ་དེ་ལྟ་བུའི་ཆོས་འཁོར་རྒྱུན་

p. 362

དུ་བསྐོར་བར་གསོལ་བ་འདེབས་པ་སྟེ། དེས་ནི་ཆོས་སྤངས་པའི་སྒྲིབ་པ་འདག་ཅིང་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་རོ། །དྲུག་པ་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་ནི། ཞིང་ཁམས་འདི་དང་གཞན་དག་ཏུ་བླ་མ་དང་སངས་རྒྱས་བྱང་ཆུབ་སེམས་དཔའ་གང་དག་སེམས་ཅན་གྱི་དོན་མཛད་ཟིན་ནས་མྱ་ངན་ལས་འདའ་བར་བཞེད་པ་དེ་དག་གི་མདུན་དུ། སྔོན་དགེ་བསྙེན་ཙུནྡས་གསོལ་བ་བཏབ་པ་ལྟར་བདག་གི་ལུས་མང་པོར་སྤྲུལ་ཏེ་གསོལ་བ་བཏབ་པས། འཁོར་བ་མ་སྟོངས་ཀྱི་བར་དུ་བཞུགས་ན་སེམས་ཅན་གྱི་དོན་མཛད་པར་བསམ་སྟེ། དེས་ནི་ཚེ་ཐུང་བ་དང་། དུས་མ་ཡིན་པར་འཆི་བ་དང་། གཞན་གྱི་སྲོག་ལ་འཚེ་བའི་སྡིག་པ་འབྱང་ཞིང་ཚེ་དཔག་ཏུ་མེད་པ་ཐུབ་པར་འགྱུར་རོ། །བདུན་པ་ཐེ་ཚོམ་གྱི་གཉེན་པོ་བྱང་ཆུབ་ཏུ་བསྔོ་བ་ནི། ད་ལྟའི་དགེ་བ་འདིས་མཚོན་ནས་རང་གཞན་གྱིས་དུས་གསུམ་དང་འབྲེལ་བར་བསགས་པའི་དགེ་རྩ་ཐམས་ཅད་སྙིང་རྗེ་སེམས་ཅན་གྱི་དོན་དུ་ཤེས་རབ་ཀྱིས་བྱང་ཆུབ་ཆེན་

p. 363

པོའི་གོ་འཕང་འཐོབ་ཕྱིར་འཇམ་དཔལ་གཞོན་ནུའི་ཡོངས་བསྔོ་ལྟར་དམིགས་པ་མེད་པའི་རྒྱས་ཐེབས་པར་ཡོངས་སུ་བསྔོ་བར་བྱའོ། །དེ་ལ་བསྔོ་བའི་ཚུལ་འདི་གལ་ཤིན་ཏུ་ཆེ་བས་ཅུང་ཟད་དབྱེ་ན་གཉིས་ཏེ། བསྔོ་དགོས་པའི་རྒྱུ་མཚན་དང་། བསྔོ་བའི་ཐབས་སོ། །དང་པོ་ནི། དགེ་བའི་རྩ་བ་བསྒྲུབས་པ་རྣམས་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་གལ་ཆེ་སྟེ། དགེ་བ་བསགས་ཀྱང་མ་བསྔོས་ན་སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་འགྱུར། །ཞེས་ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་དྲག་པོ་སྐྱེས་པ་དང་ལོག་ལྟ་ལ་སོགས་པ་དགེ་བ་འཛད་པའི་རྒྱུ་འབའ་ཞིག་བྱུང་ན་དགེ་བ་འཛད་པར་འགྱུར་ལ། བྱང་ཆུབ་ཏུ་བསྔོས་པས་ནི་ནམ་ཡང་མི་འཛད་ཅིང་གོང་ནས་གོང་དུ་འཕེལ་བར་འགྱུར་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བློ་གྲོས་རྒྱ་མཚོ་འདི་ལྟ་སྟེ། དཔེར་ན་མཆིལ་མའི་ཐིག་པ་ཞིག་བྱེ་མའི་སྟེང་དུ་བོར་ན་མྱུར་དུ་སྐམ་པར་འགྱུར་རོ། །དེ་ཉིད་

p. 364

རྒྱ་མཚོ་ཆེན་པོར་བོར་ན་ནི་ཇི་སྲིད་རྒྱ་མཚོ་ཆེན་པོ་དེ་ཟད་ཅིང་སྐམ་པར་མ་གྱུར་པ་དེ་སྲིད་དུ་མཆིལ་མའི་ཐིག་པ་དེ་ཡང་མི་སྐམ་མོ། །བློ་གྲོས་རྒྱ་མཚོ། དེ་བཞིན་དུ་དགེ་བའི་རྩ་བ་བསྒྲུབས་པ་དེ་ཡང་འགྱོད་པ་དང་། ཕངས་པ་དང་། དམན་པ་དང་། ལོག་པར་བསྔོས་ན་ནི་འཛད་ལ། ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོར་བསྔོས་ན་མི་འཛད་ཅིང་གོང་ནས་གོང་དུ་འཕེལ་ལོ། །ཞེས་གསུངས་ཤིང་། དེར་མ་ཟད་དགེ་བ་དེ་སངས་རྒྱས་ཀྱི་རྒྱུར་ངེས་པར་འགྱུར་བའི་དགོས་པའང་ཡོད་དེ། ནམ་མཁའ་མཛོད་ཀྱི་མདོ་ལས། ཐ་དད་ཕྱོགས་ནས་ཆུ་ཀླུང་མང་པོ་དག །རྒྱ་མཚོ་ཆེར་འབབ་རོ་གཅིག་འགྱུར་བ་ལྟར། །ཐ་དད་ཕྱོགས་ནས་དགེ་བ་གང་བྱས་པ། །བྱང་ཆུབ་བསྔོས་པ་རྣམས་ཀྱང་རོ་གཅིག་འགྱུར། །ཞེས་གསུངས་པས། དགེ་བའི་རྩ་བ་རྣམས་ཡོངས་སུ་བསྔོ་བ་ཆེན་པོའི་རྒྱས་འདེབས་པ་གལ་ཆེ་ཞིང་། དེའང་འཕགས་པ་ཀླུ་སྒྲུབ་ཀྱིས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བར། །བཅོམ་ལྡན་ཁྱོད་

p. 365

ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པ་ལྟར་བསྔོ་བའི་ཐབས་ཁྱད་པར་ཅན་འདི་ནི་ཕྱི་རོལ་པ་ལ་མ་གྲགས་པས་ནང་པ་སངས་རྒྱས་པ་ཁོ་ནའི་ཁྱད་ཆོས་ཡིན་ལ། དེ་ལྟ་བུའི་བསྔོ་བ་མ་བྱས་ན། ཕལ་ཆེར་དོན་ཡོད་དོན་མེད་དང་། །རྣམ་ཀུན་དོན་ཡོད་ཤེས་པར་བྱ། །ཞེས་པས། མོས་པས་སྤྱོད་པའི་དགེ་བ་ཕལ་ཆེར་དོན་མེད་དུ་འགྲོ། ས་བརྒྱད་པ་ནས་སངས་རྒྱས་ཀྱི་སའི་བར་གྱི་དགེ་བ་ཐམས་ཅད་རྣམ་པ་ཀུན་ཏུ་དོན་ཡོད་པར་འགྲོ་སྟེ། དབུ་མ་བཞི་བརྒྱ་པ་ལས། བཅོམ་ལྡན་ཁྱོད་ཀྱི་གཡོ་བ་ལ། །རྒྱུ་མེད་འགའ་ཡང་ཡོད་མིན་ཏེ། །དབུགས་ཀྱང་སེམས་ཅན་ཐམས་ཅད་ལ། །ཕན་སླད་ཁོ་ན་ཡང་དག་འབྱུང་། །ཞེས་གསུངས་པས། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་དབུགས་ཕྱི་ནང་དུ་རྒྱུ་བའང་གཞན་དོན་ཁོ་ནར་འགྱུར་བའི་ཕྱིར་དོན་མེད་པ་སྐད་ཅིག་ཀྱང་ཡོད་པ་མིན་ལ། དེས་ན་མོས་པས་སྤྱོད་པའི་དགེ་བ་རྣམས་དོན་ཡོད་པར་བྱ་བའི་ཕྱིར་ཡོངས་སུ་བསྔོ་བར་བྱེད་དགོས་པ་ཡིན་ནོ། །གཉིས་པ་

p. 366

བསྔོ་བའི་ཐབས་ལ། བསྔོ་རྒྱུ། བསྔོ་ས། ཆེད་དུ་བྱ་བ། ཚུལ་ལམ་རྣམ་པ་དང་བཞིར་ཕྱེ་བ་ལས། དང་པོ་ནི། བསྔོ་རྒྱུ་དགེ་བའི་རྩ་བ་སྟེ། དེའང་དགེ་བ་ཞེས་རྣམ་སྨིན་བདེ་བ་བསྐྱེད་པར་བྱེད་པས་དང་། རྩ་བ་ཞེས་བདེ་བའི་རྒྱུ་བྱེད་པའི་ཕྱིར་ཏེ། ལོ་ཏོག་གི་རྒྱུ་ས་བོན་འདེབས་པ་བཞིན་ནོ། །དགེ་བ་དེའང་དུས་ནམ་བྱས་ཀྱང་། གང་ཟག་གང་གིས་བྱས་ཀྱང་། དངོས་པོ་ཇི་ལྟ་བུ་ཞིག་བྱས་ཀྱང་རུང་བདག་གིས་བསྔོ་བར་བྱ་རུང་བ་ཡིན་ཏེ། ཕལ་པོ་ཆེའི་མདོ་ལས། འགྲོ་ཀུན་དགེ་བ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་དེ་བཞིན་བྱེད་པ་དང་། །བཟང་པོ་ཇི་བཞིན་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོར་འགྱུར་བར་ཤོག །ཅེས་གསུངས་པ་ལྟར་རོ། །དགེ་བ་དེ་ལ་དབྱེ་ན་གསུམ་ཚན་ལྔ་ལས། དང་པོ་བྱེད་པ་གང་ཟག་གིས་ཕྱེ་བ་གསུམ་ནི། བདག་གིས་བྱས་པའི་དགེ་བ། གཞན་གྱིས་བྱས་པའི་དགེ་བ། གཉིས་ཀས་བྱས་པའི་དགེ་བ་དང་གསུམ། གཉིས་པ་དུས་ཀྱིས་ཕྱེ་བ་གསུམ་ནི། སྔར་བསྒྲུབས་པའི་དགེ་བ།

p. 367

ད་ལྟ་སྒྲུབ་བཞིན་པའི་དགེ་བ། སླད་ནས་བསྒྲུབ་འགྱུར་གྱི་དགེ་བ་དང་གསུམ། གསུམ་པ་ཇི་ལྟར་སྒྲུབ་ཚུལ་གྱིས་ཕྱེ་བ་གསུམ་ནི། ལུས་ཀྱིས་བྱས་པའི་དགེ་བ། ངག་གིས་བྱས་པའི་དགེ་བ། ཡིད་ཀྱིས་བྱས་པའི་དགེ་བ་དང་གསུམ། བཞི་པ་བསྒྲུབ་བྱ་བསོད་ནམས་ཀྱི་དངོས་པོས་ཕྱེ་བ་གསུམ་ནི། སྦྱིན་པ་ལས་བྱུང་བའི་དགེ་བ། ཚུལ་ཁྲིམས་ལས་བྱུང་བའི་དགེ་བ། སྒོམ་པ་ལས་བྱུང་བའི་དགེ་བའི་དངོས་པོ་དང་གསུམ། ལྔ་པ་རྣམ་པར་སྨིན་པས་ཕྱེ་བ་གསུམ་ནི། འཇིག་རྟེན་པ་དང་མཐུན་པའི་དགེ་བ། ཐར་པ་དང་མཐུན་པའི་དགེ་བ། ཐམས་ཅད་མཁྱེན་པ་དང་མཐུན་པའི་དགེ་བ་དང་གསུམ་སྟེ། དེ་ལྟར་གསུམ་ཚན་ལྔ་པོ་ཐམས་ཅད་འདིར་ཚང་དུ་རུང་ཞིང་། དེའི་ནང་ནས་ཀྱང་སྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་གཙོ་ཆེ་བ་ཡིན་ནོ། །གཉིས་པ་བསྔོ་ས་ནི། ཆགས་སྡང་གི་བློས་དགྲ་ཐུལ་བ་དང་ཆགས་ཡུལ་ཐོབ་པའི་ཆེད་དུ་སོགས་ཚེ་འདིའི་དོན་དུ་བསྔོ་བ་ནི་ལོག་པའི་བསྔོ་བ་དང་། ཕྱི་མར་ལྷ་མིའི་

p. 368

བདེ་འབྲས་འཐོབ་ཕྱིར་བསྔོ་བའང་དམན་པའི་བསྔོ་བ་ཡིན་པས། དེ་དག་ལ་དམིགས་ནས་བསྔོ་བར་མི་བྱ་སྟེ། མངོན་རྟོགས་རྒྱན་ལས། ཁམས་གསུམ་གཏོགས་པ་མ་ཡིན་དང་། །ཞེས་དང་། སྔར་དྲངས་པ་ལྟར་སློབ་དཔོན་རྟ་དབྱངས་ཀྱིས་ཀྱང་། དགེ་བའི་རྩ་བ་བསྒྲུབས་པ་དེ་དག་ཀྱང་། །གྲགས་དང་སྙན་དང་ལྷ་མིའི་བདེ་འབྲས་དང་། །རེ་བཅས་འཁོར་བའི་སེམས་པ་རྣམས་བྲལ་ཏེ། །འཇིག་རྟེན་འདས་པ་ཉིད་ཀྱི་རྒྱུར་བསྔོའོ། །ཞེས་པས། འཇིག་རྟེན་ལས་འདས་པ་ནི་མྱང་འདས་གསུམ་ཡིན་ཅིང་། དེ་ལས་ཉན་ཐོས་དང་རང་རྒྱལ་གྱི་མྱང་འདས་ཀྱང་ཐེག་ཆེན་གྱི་མྱང་འདས་ལ་ལྟོས་ནས་དམན་པའི་མྱང་འདས་ཡིན་ཕྱིར་དེ་ཡང་བསྔོ་བར་མི་བྱ་སྟེ། ཡུམ་བར་མ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི་སངས་རྒྱས་ཉིད་ཀྱིས་ཁོ་ནར་བསྔོ་བར་བྱ་ཡི། ཉན་ཐོས་དང་། རང་སངས་རྒྱས་དང་། དེ་ལས་གཞན་གྱི་སར་ཡང་བསྔོ་བར་མི་བྱ་སྟེ། ཞེས་གསུངས། དེས་ན་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱ་སྟེ། བཟང་སྤྱོད་ལས། ཐམས་ཅད་

p. 369

བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་དང་། ཡོངས་སུ་བསྔོ་བའི་མདོ་ལས། དགེ་བའི་རྩ་བ་འདི་དག་ཀྱང་སངས་རྒྱས་ཀྱི་སར་བསྔོའོ། །ཞེས་གསུངས་ཕྱིར། དེར་བསྔོས་པས་ནི་འབྲས་བུ་ལེགས་ན་རྩ་ཕུབ་ཞོར་ལ་འབྱུང་བ་ལྟར་ཚེ་རིང་བ་དང་། ནད་མེད་པ་དང་། རིགས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་སོགས་གནས་སྐབས་ཀྱི་བདེ་འབྲས་ཐམས་ཅད་ཤུགས་ལས་འབྱུང་བ་ཡིན་ནོ། །གསུམ་པ་ཆེད་དུ་བྱ་བ་ནི། རང་ཉིད་གཅིག་པུའམ་རང་གི་ཉེ་འབྲེལ་མཛའ་བཤེས་སོགས་འགའ་ཞིག་གི་ཆེད་དུ་བསྔོས་ན། དགེ་བའི་ཡོ་ལང་ཆེན་པོ་ཞིག་བསགས་སུ་ཟིན་ཀྱང་དོན་ཆུང་ངུར་བཏང་ནས་ཆུད་ཟོས་པར་འགྱུར་ཏེ། ཡུམ་བར་མ་ལས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་ཕྱིར་བསྔོ་ཡི། རང་གི་ཡོངས་སུ་ཐོབ་པ་ཙམ་གྱི་དོན་དུ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་སར་ལྟུང་བར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས་རང་གི་ཕ་མ་ལན་གྲངས་དཔག་མེད་བྱས་པའི་དྲིན་ཅན་ཤ་སྟག་

p. 370

ཡིན་པས། སེམས་ཅན་དེ་དག་བླ་ན་མེད་པའི་བྱང་ཆུབ་ཐོབ་ཕྱིར་བརྩེ་བའི་སྙིང་རྗེ་ཆེན་པོ་བསྐྱེད་ནས་བསྔོ་བར་བྱ་དགོས་ཏེ། སྤྱོད་འཇུག་ལས། ལུས་དང་དེ་བཞིན་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕངས་པ་མེད་པར་བཏང་བར་བྱ། །ཞེས་དང་། དངོས་སམ་ཡང་ན་བརྒྱུད་ཀྱང་རུང་། །སེམས་ཅན་དོན་ལས་གཞན་མི་སྤྱད། །སེམས་ཅན་ཁོ་ནའི་དོན་གྱི་ཕྱིར། །ཐམས་ཅད་བྱང་ཆུབ་རྒྱུར་བསྔོའོ། །ཞེས་གསུངས་སོ། །དེ་ལྟར་སེམས་ཅན་ཐམས་ཅད་ཀྱི་ཕན་བདེའི་དོན་དུ་བསྔོས་པས་ནི་དགེ་རྩ་ཆུང་དུའང་ཆེས་ཆེར་འཕེལ་བས་བསོད་ནམས་ཀྱི་ཚོགས་དཔག་ཏུ་མེད་པར་འགྱུར་ཏེ། སེམས་ཅན་ཚད་མེད་པ་ལ་དམིགས་པའི་བསོད་ནམས་ཀྱང་དེ་སྙེད་འབྱུང་བའི་ཕྱིར། རིན་ཆེན་ཕྲེང་བ་ལས། སེམས་ཅན་ཁམས་ནི་ཚད་མེད་དེ། །ཕན་འདོགས་དེ་ནི་དེ་འདྲའོ། །ཞེས་གསུངས། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དགེ་བ་ཐམས་ཅད་རང་རང་གི་འབྲས་བུ་རེ་ཕྱུངས་ནས་འཛད་པ་ཆུ་ཤིང་དང་འདྲ་ལ། །

p. 371

བྱང་ཆུབ་སེམས་ཀྱིས་ཟིན་པའི་དགེ་བ་ནི་དཔག་བསམ་གྱི་ལྗོན་ཤིང་ལྟར་འབྲས་བུ་འབྱིན་ནས་མི་མཛད་པར་བྱང་ཆུབ་སྙིང་པོའི་བར་དུ་གོང་འཕེལ་དུ་རྒྱས་པར་འགྱུར་བའི་ཕྱིར་ཏེ། སྔར་དྲངས་པ་ལྟར་སྤྱོད་འཇུག་ལས། དགེ་བ་གཞན་ཀུན་ཆུ་ཤིང་བཞིན་དུ་ནི། །འབྲས་བུ་བསྐྱེད་ནས་ཟད་པར་འགྱུར་བ་སྟེ། །བྱང་ཆུབ་སེམས་ཀྱི་ལྗོན་ཤིང་རྟག་པར་ཡང་། །འབྲས་བུ་འབྱིན་པས་མི་ཟད་འཕེལ་བར་བྱེད། །ཅེས་གསུངས། དེ་ལྟ་བུའི་གནད་ཀྱིས་མ་ཟིན་ན། མདོ་སྡེ་རྒྱན་ལས། ཕྱི་རོལ་རྐྱེན་གྱིས་མ་རྫོགས་དང་། །རང་སྦྱོར་ཕུན་ཚོགས་མེད་པའི་ཕྱིར། །བསམ་པ་རྣམ་པར་དག་པས་ཀྱང་། །ཚུལ་ཁྲིམས་ཕ་རོལ་ཕྱིན་མི་འགྱུར། །ཞེས་གསུངས་པ་ལྟར་རྣམ་པ་ཐམས་ཅད་མཁྱེན་པའི་རྒྱུར་མི་འགྱུར་ལ། ཐབས་ཤེས་ཁྱད་པར་གྱིས་ཟིན་པས་བསྔོས་ན་བཟང་པོ་བཞི་དང་ལྡན་པའི་བསྔོ་བར་ཡང་འགྱུར་ཏེ། དེ་ཉིད་ལས། དམིགས་པ་བཟང་དང་སྟོན་པ་བཟང་། །ཐབས་བཟང་བ་དང་ངེས་འབྱུང་དང་། །སྦྱོར་བ་བཟང་པོའི་

p. 372

བདག་ཉིད་ཀྱི། །ཡང་དག་སྨོན་ལམ་ཡིན་པར་བཤད། །ཅེས་གསུངས་པ་བཞིན་དེ་ལྟར་བློ་བཅོས་པ་གལ་ཆེའི། །བཞི་པ་ཚུལ་ལམ་རྣམ་པ་ནི། དོན་དམ་པར་ཆོས་ཐམས་ཅད་རང་བཞིན་མེད་པས་བསོད་ནམས་ཀྱང་འཁོར་གསུམ་ཡོངས་སུ་དག་པའི་ཚུལ་གྱིས་དམིགས་སུ་མེད་ལ། ཐ་སྙད་ཀུན་རྫོབ་ཏུ་གང་གིས་བྱེད་པ་པོ་དང་། གང་ལ་བྱ་བའི་ཡུལ་དང་། ཇི་ལྟར་བྱས་པའི་དགེ་བ་ཐམས་ཅད་ཀྱང་རྨི་ལམ་སྒྱུ་མ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཚུལ་གྱིས་བསྔོ་བ་སྟེ། ཡུམ་བར་མ་ལས། རབ་འབྱོར། ཆོསས་ཐམས་ཅད་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ། དགེ་བའང་རྨི་ལམ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་དང་། བཟང་པོས་ཞུས་པའི་མདོ་ལས། གང་གིས་སྦྱིན་པ་གང་ལ་སྦྱིན། །སྦྱིན་པ་ཇི་ལྟར་མི་དམིགས་པ། །སྦྱིན་པ་མཉམ་པ་དེ་ཉིད་ཀྱིས། །བཟང་པོ་ལ་ནི་ཡོངས་རྫོགས་ཤོག །ཅེས་གསུངས་ཤིང་། དེ་བཞིན་དུ་ལྗོན་པས་ཞུས་པའི་མདོ་ལས་ཀྱང་། མེ་ལོང་དཀྱིལ་འཁོར་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །བཞིན་གྱི་དཀྱིལ་འཁོར་

p. 373

སྣང་བ་ལྟར། །ལྗོན་པས་ཆོས་རྣམས་ཤེས་པར་གྱིས། །ཞེས་གསུངས་པའི་ཕྱིར། དམིགས་པ་ཞན་པས་དགེ་རྩ་བདེན་བདེན་པོར་ཤེས་པ་ནི་མི་བཟང་སྟེ། ཡུམ་ལས། དམིགས་པ་དང་བཅས་པའི་འདུ་ཤེས་ཅན་རྣམས་ལ་རྗེས་སུ་མཐུན་པའི་བཟོད་པ་ཡང་དཀའ་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། སྡུད་པ་ལས། ཇི་ལྟར་དུག་དང་འདྲེས་པའི་ཁ་ཟས་བཟང་ཟ་བ། །དཀར་པོའི་ཆོས་ལ་དམིགས་པའང་དེ་འདྲར་རྒྱལ་བས་གསུངས། །ཞེས་དང་། ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །འོན་ཏེ་མཚན་ན་ཡོད་ན་བྱང་ཆུབ་བསྔོ་བ་མིན། །ཞེས་གསུངས་པས་ན་དམིགས་པ་དང་ཞེན་པ་མེད་པའི་ཚུལ་གྱིས་བསྔོ་སྟེ། མངོན་རྟོགས་རྒྱན་ལས། དེ་ནི་དམིགས་མེད་རྣམ་པ་ཅན། །ཕྱིན་ཅི་མ་ལོག་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ལ་བསྔོ་བ་རང་གི་ངོ་བོ་ནི། དགེ་རྩ་བྱང་ཆུབ་ཏུ་འདུན་པ་བསྒྱུར་བའི་བློ་དང་། ཚིག་ཁྱད་པར་ཅན་གྱི་མཐུ་བསྡོམས་པ་སྟེ། འཇམ་དཔལ་

p. 374

ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་གསུངས། འོ་ན་བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་གང་ཞེ་ན། མཁས་པ་ཕལ་ཆེར་དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བཞེད་པའང་སྣང་མོད། རང་རེའི་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཀློང་ཆེན་པོའི་དགོངས་པ་ནི། རྒྱུ་དགེ་རྩ་སྔོན་དུ་སོང་ནས་ཚིག་དང་སྨོན་ལམ་བསྡོམས་པ་ནི་བསྔོ་བ་ཡིན་ལ། རྒྱུ་དགེ་རྩ་སྔོན་དུ་མ་སོང་བར་སྨོན་པ་ནི་སྨོན་ལམ་དུ་བཞེད། དེའང་གནས་གང་དུ་གང་ཟག་གང་གིས་བསྔོས་ན་འགྲུབ་པའི་རྒྱུ་ནི། བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ཅན་བཞུགས་པའི་གནས་སུ་ལྷག་བསམ་རྣམ་པར་དག་པ་དང་ལྡན་པའི་གང་ཟག་གིས་བསྔོས་ན་ཇི་ལྟར་སྨོན་པ་བཞིན་དུ་འགྲུབ་པར་འགྱུར་ཏེ། རིང་སྲེལ་ཅན་གྱི་མཆོད་རྟེན་དྲུང་། །བདེ་བར་གཤེགས་པའི་སྔགས་པས་འགྲུབ། །ཅེས་གསུངས་ཤིང་། གཞན་ཡང་ཇི་ལྟར་སྨོན་པ་དེ་ཁོ་ན་བཞིན་དུ་འགྲུབ་པར་བྱེད་

p. 375

པའི་དཔང་པོ་ནི། སྤྱོད་འཇུག་ལས། སངས་རྒྱས་བྱང་ཆུབ་སེམས་དཔའ་དག །ཀུན་ཏུ་ཐོགས་མེད་གཟིགས་ལྡན་པ། །དེ་དག་ཀུན་གྱི་སྤྱན་སྔ་ན། །བདག་ནི་རྟག་པར་གནས་སོ་ཞེས། །ཞེས་འབྱུང་བ་ལྟར་རྒྱལ་བ་སྲས་དང་བཅས་པ་ལ་ཆགས་ཐོགས་མེད་པའི་སྤྱན་མངའ་བས། བདག་ཅག་རྣམས་ཀྱི་བསམ་སྦྱོར་ཕུན་སུམ་ཚོགས་པ་འདི་དག་མཁྱེན་པར་འགྱུར་རོ་སྙམ་དུ་བླ་མ་དཀོན་མཆོག་ལ་དང་བའི་དད་པ། སེམས་ཅན་ཐམས་ཅད་ལ་སྙིང་རྗེའི་ཤུགས་ཆེན་པོ། དགེ་བའི་རྩ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བའི་འདུན་པ་དྲག་པོ་སྟེ། འདུ་ཤེས་གསུམ་དང་མ་བྲལ་བའི་ལྷག་བསམ་རྩེ་གཅིག་པའི་སྒོ་ནས་རང་གཞན་གྱི་དུས་གསུམ་དང་རྗེས་སུ་འབྲེལ་བའི་དགེ་ཚོགས་ཐམས་ཅད་གཅིག་ཏུ་བསྡུས་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་དཔའ་ཐམས་ཅད་ཀྱི་སྤྱན་སྔར་ཕུལ་ཞིང་མཐའ་ཡས་པའི་འགྲོ་བ་ཡོངས་ལ་བསྟབས་ཤིང་བསྔོས་པས་འགྲུབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཚོགས་བསགས་ཡན་ལག་བདུན་པའི་ཚུལ་མདོ་སྡེ་རྣམས་

p. 376

ལས་རྒྱས་བསྡུས་ཅི་རིགས་པ་ཕན་ཡོན་བཅས་ཡང་ཡང་གསུངས་ཤིང་། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དང་། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་གྱུར་པ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་གསུངས་སོ། །སྙིང་པོ་བཛྲ་གུ་རུའི་སྔགས་དོན་ནི། ཨོཾ་ཨཱཿཧཱུཾ་ཞེས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་བརྗོད་པས་ཐོག་དྲངས་ཏེ། བཛྲ་ནི་རྡོ་རྗེ་སྟེ་གཉིས་སྣང་མཚན་རྟོག་གི་སྤྲོས་པས་ནམ་ཡང་མི་ཕྱེད་པ་ཀུན་ཁྱབ་རིག་སྟོང་རྡོ་རྗེ་སྙིང་པོའི་ངོ་བོར་བཞུགས་པའི་ཕྱིར་ཆོས་ཀྱི་སྐུ་དང་། གུ་རུ་ནི་བླ་མ་སྟེ་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་ལྕི་བའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་མངོན་པར་བཀོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་། པདྨ་ནི་དེའང་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་མདངས་གསུང་རྡོ་རྗེ་བདེ་བ་ཆེན་

p. 377

པོ་པདྨའི་རིགས་མཆོག་བརྫུས་སྐྱེས་སྤྲུལ་པའི་སྐུའི་སྣང་བརྙན་དུ་རང་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས། སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་རང་རྩལ་མོས་གུས་སུ་དུང་ངེ་བའི་ངང་ནས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས་སིདྡྷི་ཞེས་དངོས་གྲུབ་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཧཱུཾ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་བར་མཛད་དུ་གསོལ་སྙམ་པའི་དོན་དྲན་པར་བྱ་བའི་སྒོ་ནས་བཟླ་བ་སྟེ། རིག་འཛིན་འདུས་པ་རྩ་བའི་རྒྱུད་ལས། བསྙེན་དུས་བླ་མ་སྤྱི་བོར་བསྒོམ། །གསོལ་འདེབས་ཚུལ་དུ་ཛཔྲ་འདི་བཟླ། །ཞེས་གསུངས་པའི་མན་ངག་གི་སྙིང་པོ་འདི་ཁོ་ནའོ། །བཟླས་པའི་ཕན་ཡོན་ཡང་། རྡོ་རྗེའི་གསུང་ལས། སྙིང་པོ་བདེ་གཤེགས་འདུས་པའི་སྔགས༔ རྒྱལ་བ་ཀུན་འདུས་དྲིལ་སྒྲུབ་ཡིན༔ ས་ནི་བཅོ་ལྔ་ལམ་ལྔ་ཡང་༔ ང་བསྒྲུབ་སིདྡྷི་བཟླས་པས་བགྲོད༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔

p. 378

གསུང་རབ་ཐམས་ཅད་བཀླགས་པ་དང་མཚུངས༔ ཞེས་དང་། འདིས་ནི་སྣང་སྲིད་གཡོ་བར་འགྱུར༔ དུས་གསུམ་རྒྱལ་བ་གཅིག་ཏུ་སྡུད༔ བླ་མ་ཀུན་དང་འདུ་བྲལ་མེད༔ འབྱུང་པོ་དྲེགས་པ་བརྒྱལ་ཞིང་འདར༔ མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ༔ དཔའ་བོ་ཕོ་ཚོགས་མོ་ཚོགས་ཀུན༔ རང་དབང་མེད་པར་མངོན་སུམ་འོང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྟེར༔ འདི་ཉིད་འགྲུབ་རྟགས་མེད་པ་ན༔ པདྨ་བདག་གིས་སེམས་ཅན་བསླུས༔ དེ་ཕྱིར་མ་འོངས་ལས་ཅན་བུ༔ སྙིང་ལ་ཆོངས་ཤིག་ས་མ་ཡ༔ ཞེས་དང་། པདྨ་འབྱུང་གནས་ཡང་སྙིང་འབྲུ་བཅུ་གཉིས༔ འབུམ་ཕྲག་བཅུ་གཉིས་འཁོར་བའི་ས་བོན་སྟོང་༔ འབུམ་ཕྲག་སོ་དྲུག་རིག་འཛིན་གྲལ་དུ་འཁོད༔ འབུམ་ཕྲག་བརྒྱ་ཡིས་པདྨ་དང་མཉམ༔ ཞེས་སོགས་གསུངས་སོ། །དབང་བཞི་བླང་བའི་དོན་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་ནས་དམ་ཚིག་ཉམས་ཆག་བྱུང་ན་གསོ་བ་དང་། བསྐྱེད་རྫོགས་རྫོགས་ཆེན་ལ་སོགས་པའི་ལམ་ཐམས་ཅད་བསྒོམ་པ་ལ་དབང་བ་དང་། གེགས་

p. 379

དང་གོལ་ས་མི་འབྱུང་བ་དང་། ཡོན་ཏན་གྱི་ཚོགས་གོང་ནས་གོང་དུ་འཕེལ་བ་ལ་སོགས་པ་ཐམས་ཅད་ཀྱི་རྩ་བ་སྨིན་བྱེད་དབང་ལ་ཐུག་པ་ཡིན་ཏེ། ཇི་སྐད་དུ། གསང་སྔགས་དབང་ལ་མ་བརྟེན་འགྲུབ་པར་མི་འགྱུར་ཏེ། །དཔེར་ན་མཉན་པ་ལག་སྐྱ་མེད་པ་བཞིན། །ཞེས་དང་། དབང་མ་བསྐུར་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མི་འབྱུང་། །ཞེས་གསུངས། དེའང་དང་པོ་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་དཀྱིལ་འཁོར་དུ་བཅུག་ནས་དབང་བསྐུར་བ་དེ་གཞིའི་དབང་ཡིན་ལ། བླ་མའི་རྣལ་འབྱོར་དང་ཡི་དམ་གྱི་དཀྱིལ་འཁོར་ལ་བརྟེན་ནས་གཞན་རྐྱེན་ལ་ལྟོས་པ་མེད་པར་རང་ཉིད་ཀྱིས་དབང་བཞི་ལེན་པ་ནི་ལམ་དབང་དང་མཐར་ཐུག་འབྲས་བུ་འོད་ཟེར་ཆེན་པོའི་དབང་ངམ་ཟབ་གསལ་གཉིས་མེད་ཀྱི་དབང་བསྐུར་ཐོབ་ནས་མངོན་པར་རྫོགས་པར་སངས་རྒྱས་པ་འབྲས་བུའི་དབང་ངོ་། །དེས་ན་དག་རྫོགས་སྨིན་གསུམ་གྱི་ཟབ་གནད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་པས་རྒྱུན་དུ་ལམ་དབང་བླང་བ་ལ་འདི་ཤིན་ཏུ་གལ་ཆེ་བ་ཡིན་ནོ། །གསུམ་པ་དེ་ལྟར་

p. 380

ལམ་ལ་བརྩོན་པའི་དགོས་ཆེད་ཕན་ཡོན་ནི། ཀུན་འདུས་རིན་པོ་ཆེའི་རྒྱུད་ལས། གང་གིས་བསྐལ་པ་འབུམ་ཕྲག་ཏུ། །ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་ཅུང་ཟད་དྲན་པ་མཆོག །བསོད་ནམས་འདི་ནི་ཕ་མཐའ་ཡས། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམ་པ་བས། །བླ་མ་སྐད་ཅིག་དྲན་པ་མཆོག །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག །ཅེས་དང་། ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྤྱི་བོའི་གཙུག་གམ་སྙིང་གི་དཀྱིལ། །ཡན་ལག་མཐིལ་དུ་གང་བསྒོམ་པ། །སངས་རྒྱས་སྟོང་གི་དངོས་གྲུབ་ཀྱང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། སྒྲོན་གསལ་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང་།

p. 381

སློབ་དཔོན་གྱི་བུ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །ཞེས་སོགས་མཐའ་ཡས་པར་གསུངས་སོ།། །།གཉིས་པ་སྐབས་ཀྱི་བསྒོམ་དོན་གསལ་འདེབས་པ་ནི། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་འགོད་པར་བྱ་བའི་སླད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས། རང་ཉིད་གནས་པའི་ས་ཕྱོགས་འདི་ཉིད་ཀྱིས་མཚོན་སྣང་བས་གར་ཁྱབ་ཐམས་ཅད་འོག་མིན་པདྨ་འོད་ཀྱི་གྲོང་ཁྱེར་མཚན་ཉིད་བཀོད་པ་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ། དེའང་རང་ལུས་ཐ་མལ་པར་བསྒོམ་ན་སྒྲིབ་པ་མ་དག་པ་ལ་བྱིན་རླབས་མི་འཇུག་པས་དབང་གིས་སྣོད་དུ་རུང་བ་དང་། བདེ་སྟོང་གི་ཡེ་ཤེས་བསྐྱེད་པ་དང་། རྗེས་སུ་འཛིན་པའི་རྟེན་འབྲེལ་གྱི་ཁྱད་པར་ལས། པདྨ་དང་ཉི་མ་བམ་རོ་བརྩེགས་པའི་གདན་གྱི་སྟེང་དུ་རང་

p. 382

རིག་པའི་ངོ་བོ་རང་བཞིན་གྱིས་འོད་གསལ་བ་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྣམ་པ་རྡོ་རྗེ་རྣལ་འབྱོར་མ་མཚོ་རྒྱལ་མཁའ་སྤྱོད་དབང་མོའི་སྐུར་གྱུར་པ་ནི། སྐུ་མདོག་དམར་གསལ་པདྨ་རཱ་གའི་ཁ་དོག་ལྟ་བུ་ཞི་མ་ཁྲོ་ཤིན་ཏུ་ཆགས་པའི་ཉམས་ཅན། བཞད་པའི་ཞལ་ཚེམས་ཕྲེང་ཟླ་བ་ལྟར་དཀར་ཞིང་མཆེ་བའི་མྱུ་གུ་བཞི་ཅུང་ཟད་གཙིགས་པ། མོས་གུས་ཀྱི་སྤྱན་གསུམ་བླ་མའི་ཐུགས་ཀར་རིངས་སྟབས་ཀྱིས་ཧྲིག་གེར་གཟིགས་ཤིང་གཞོན་ནུ་བཅུ་དྲུག་ལང་ཚོ་རྒྱས་པའི་ཉམས་འགྱུར་ཅན། ནུ་མ་འབུར་ཞིང་གསང་བའི་ཆུ་སྐྱེས་རྒྱས་པ། ཕྱག་གཉིས་གཡས་རྡོ་རྗེས་ཡུ་བ་བྱས་པའི་ཟངས་ཀྱི་གྲི་གུག་རྣ་ལྟག་གཡས་ཀྱི་ཐད་སོར་ངོམས་སྟབས་སུ་འཕྱར་ཞིང་། གཡོན་བྷནྡྷ་བདུད་རྩིས་བཀང་བ་དཀུ་ལ་བརྟེན་པའི་ཚུལ་གྱིས་བསྣམས་ཤིང་ཞལ་དུ་གསོལ་བ། ཞབས་གཉིས་གཡོན་ཅུང་ཟད་བརྐྱངས་པའི་འདོར་སྟབས་ཀྱིས་བདག་མེད་རོའི་སྙིང་གར་བརྫིས་པ། ཟར་མའི་མེ་ཏོག་ལྟ་བུའི་དབུ་སྐྲ་ཕྱེད་གྱེན་དུ་བཅིངས་པའི་རྩེ་མོར་ཡིད་བཞིན་གྱི་ནོར་བུ་འོད་འབར་བས་བརྒྱན་ཅིང་ཕྱེད་ལྕང་ལོ་སིལ་

p. 383

བུར་གྲོལ་བ། རིན་པོ་ཆེའི་དབུ་རྒྱན་མེ་ཏོག་གི་ཆུན་པོ་སྤེལ་བས་མཛེས་པ། འཁོར་ལོ། །རྣ་ཆ། གདུ་བུ། མགུལ་ཆུ། སྐ་རགས་ཏེ་རུས་པའི་ཕྱག་རྒྱ་ལྔ་དང་། བཻ་ཌཱུརྱ་དང་པདྨ་རཱ་ག་མུ་ཏིག་ལ་སོགས་པའི་རིན་པོ་ཆེའི་མགུལ་རྒྱན། མེ་ཏོག་སྣ་ཚོགས་པའི་ཕྲེང་བས་དོ་ཤལ་སྤྲས་པ། སྙན་ཆ་གསེར་གྱི་འཁོར་ལོ་དྲིལ་བུས་མཚན་པ་དང་། ཕྱག་ཞབས་གསེར་གྱི་གདུ་བུ་གཡེར་ཁ་འཁྲོལ་བ། དར་གྱི་ཅོད་པན་དང་དར་དཔྱང་ལྷབ་ལྷུབ་ཏུ་འཕུར་ལྡིང་གཡོ་བ། བལྟ་བས་མི་ངོམས་པའི་སྐུ་ཡེ་ཤེས་འོད་ལྔའི་ཟེར་མདངས་རབ་ཏུ་འཁྲུགས་པའི་ཀློང་དུ་སྣང་ལ་རང་བཞིན་མ་གྲུབ་པ་ནམ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་བཀྲ་ལམ་གྱིས་གསལ་བར་བསྒོམ། དེ་ནས་རང་གི་སྤྱི་བོའི་ཐད་ཀའི་མདུན་གྱི་ནམ་མཁར་ཡེ་ཤེས་ལྔའི་རང་མདངས་འཇའ་ཟེར་འོད་ལྔའི་གུར་ཁར་འཁྲིགས་པའི་ཀློང་ན་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་ཡངས་ཤིང་མཐོ་བ་ལྷ་རྫས་གོས་བཟང་གིས་བཀབ་པའི་ཁར་སྣ་ཚོགས་པདྨ་འདབ་མ་འབུམ་བརྡལ་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ།

p. 384

དྲིན་ཅན་རྩ་བའི་བླ་མ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་ཉིད་རྣམ་པ་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་ཆ་ལུགས་སུ་བཞུགས་པ་ནི། སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ། གཞོན་ནུ་ལོ་བརྒྱད་ལོན་པའི་ལང་ཚོ་ཅན་མཚན་དཔེ་ལྷུན་སྟུག་གཟི་བརྗིད་འོད་དུ་འབར་བ། དགྱེས་པའི་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་ལྡན་བརྩེ་བའི་སྤྱན་ཟླུམ་ལྟ་སྟངས་ཧྲིག་གེར་རང་ལ་གཟིགས་པ། ཕྱག་གཡས་སྡིགས་མཛུབ་དང་བཅས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀའི་སྟོད་དུ་འཛིན་ཅིང་། གཡོན་མཉམ་གཞག་གི་སྟེང་ན་ཡེ་ཤེས་བདུད་རྩིས་བཀང་བའི་ཀ་པཱ་ལ་དང་འཆི་མེད་ཚེའི་བུམ་བཟང་དཔག་བསམ་ཤིང་གི་ཁ་རྒྱན་ཅན་བསྣམས་པ། མཆན་ཁུང་གཡོན་དུ་ཡུམ་མནྡྷ་ར་བ་སྦས་པའི་ཚུལ་གྱིས་ཁ་ཊྭྰཾ་ཀ་རྩེ་གསུམ་པའི་རྣམ་པར་འཆང་བ་སྟེ། དེའང་ཆུ་ཤིང་གི་མཁར་བ་ལ་བརྟེན་པའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་བུམ་པ་དང་ཐོད་པར་རི་གསུམ་གྱིས་མཚན་ཅིང་རྭ་ལ་ལྕགས་ལུང་དགུ་དང་མགུལ་ཆིངས་དར་གྱི་ཅོད་པན་འཕུར་བ་ཌྰ་མ་རུ་དང་དྲིལ་གཡེར་གྱིས་སྤྲས་པ། སྐུ་ལ་ནང་དུ་

p. 385

རྡོ་རྗེའི་གསང་གོས་དཀར་པོ། དེ་སྟེང་སྔགས་ཀྱི་ཕོད་ཀ་མཐིང་ནག །ཆོས་གོས་དམར་པོ་གསེར་གྱི་པ་ཏྲ་རིས་ཅན། ཟ་འོག་གི་བེར་ཆེན་དབང་གི་མདོག་ཅན་རྣམས་བརྩེགས་མར་གསོལ་བ། དབུ་ལ་འདབ་ལྡན་པདྨ་མཐོང་གྲོལ་བརྗིད་པས་མཛེས་པ། ཞབས་གཉིས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པ་འཕྲོ་བ། སྐུ་མཚན་དཔེའི་གཟི་བརྗིད་དཔལ་དུ་འབར་བས་ལྷང་ངེ་། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོགས་པས་ལྷན་ནེ། ཐུགས་ཟབ་གསལ་གཉིས་མེད་མཁྱེན་བརྩེ་ནུས་པའི་ཡེ་ཤེས་ལྷམ་མེ་བ། སྐུའི་རང་བཞིན་གཅིག་གིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་མ་ལུས་ཁྱབ་ཅིང་། བ་སྤུའི་ཁུང་བུ་རེ་ནའང་ཞིང་ཁམས་རབ་འབྱམས་ཀྱི་བཀོད་པ་ཡོངས་སུ་རྫོགས་པ། སྒྱུ་མ་ལྟ་བུའི་སྐུ་ཅན་མཆོག་གསུམ་རྩ་གསུམ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་མངོན་སུམ་དུ་བཞུགས་པར་མོས་ལ། ཨེ་མ་ཧོཿ རང་སྣང་རྣམ་དག་དོན་གྱི་འོག་

p. 386

མིན་ཞིང་༔ བདེ་ཆེན་པདྨ་འོད་ཀྱི་གྲོང་ཁྱེར་དབུས༔ རང་ཉིད་མཚོ་རྒྱལ་མཁའ་སྤྱོད་དབང་མོ་ནི༔ དམར་གསལ་མཚན་དཔེས་རབ་མཛེས་གྲི་ཐོད་ཅན༔ སྣ་ཚོགས་དར་དང་རཏྣ་རུས་པས་བརྒྱན༔ པད་ཉི་བམ་རོའི་གདན་ལ་འདོར་སྟབས་བཞེངས༔ རིངས་པའི་ཚུལ་གྱིས་སྟེང་གི་ནམ་མཁར་གཟིགས༔ མདུན་གྱི་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་༔ མ་ཆགས་པདྨ་ཉི་ཟླའི་གདན་སྟེང་དུ༔ བླ་མའི་ངོ་བོ་པདྨ་འབྱུང་གནས་སྐུ༔ དཀར་དམར་དམངས་ལྡན་གཟི་བརྗིད་འོད་ཕུང་འབར༔ གཞོན་ཚུལ་མཚན་དཔེ་རབ་རྫོགས་ཞི་མ་ཁྲོ༔ པད་ཞུ་གསང་ཕོད་ཆོས་གོས་ཟ་བེར་གསོལ༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས༔ ཞབས་གཉིས་རོལ་སྟབས་ཁ་ཊྭཱྃ་མཆན་དུ་བརྟེན༔ སྣང་སྲིད་ཟིལ་གནོན་འཁོར་འདས་ཡོངས་ཀྱི་བདག༔ སྐུ་ཡི་རང་བཞིན་སངས་རྒྱས་ཞིང་ཀུན་ཁྱབ༔ ཞིང་ཁམས་རབ་འབྱམས་སྐུ་ཡི་དབྱིངས་སུ་རྫོགས༔ སྐྱབས་ཀུན་འདུས་པའི་བདག་ཉིད་ཆེན་པོར་བཞུགས༔ ཞེས་ཐ་མལ་གྱི་ཤེས་

p. 387

པ་རང་འགགས་སུ་འགྲོ་བར་གསལ་བཏབ། རང་གི་སྙིང་ག་ནས་མོས་གུས་ཀྱི་འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས། འོག་མིན་རྔ་ཡབ་པདྨ་འོད་ཀྱི་ཕོ་བྲང་དུ་རིགས་འདུས་མ་ཧཱ་གུ་རུའི་ཐུགས་ཀར་ཕོག་པས། དེ་མ་ཐག་སྐལ་ལྡན་གདུལ་བྱའི་ཤེས་རྒྱུད་བྱིན་གྱིས་རློབ་པའི་དུས་ལ་བབ་པར་མཁྱེན་ནས་འཁོར་རིག་འཛིན་དཔའ་བོ་མཁའ་དབྱིངས་འགྲོ་བྱེ་བ་འབུམ་གྱི་ཚོགས་དང་བཅས་ཏེ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པའམ་ཁ་བ་བུ་ཡུག་འཚུབས་པ་བཞིན་སྐད་ཅིག་གིས་བྱོན་པར་བསམ་ཞིང་། ཧཱུྃ༔ རྔ་ཡབ་གླིང་དབུས་ཟངས་མདོག་དཔལ་རིའི་རྩེ༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ རྗེ་བཙུན་བླ་མ་ཨོ་རྒྱན་སྤྲུལ་པའི་སྐུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ བརྒྱུད་འཛིན་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུཾ་ཨཱཿཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་མོས། དེ་ནས་རང་གི་ལུས་ཞིང་རྡུལ་སྙེད་དུ་སྤྲུལ་ཏེ་སེམས་ཅན་རྣམས་དང་ལྷན་ཅིག་པས་ཕྱག་འཚལ་བ་དང་།

p. 388

ཕྱི་ནང་གསང་བའི་མཆོད་སྤྲིན་མཐའ་ཡས་པ་སྤྲུལ་ཏེ་འབུལ་བ། ཉེས་བྱས་ལ་དུག་འཐུངས་པ་ལྟ་བུའི་འགྱོད་སྡོམ་གྱིས་མཐོལ་བཤགས། རྨད་དུ་བྱུང་བའི་མཛད་པ་ལ་སྙིང་ནས་དགའ་བས་རྗེས་སུ་ཡི་རང་བ། གཟུགས་སྐུ་མྱ་ངན་ལས་མི་འདའ་བར་འཁོར་བ་ཇི་སྲིད་དུ་བཞུགས་པར་གསོལ་བ་འདེབས་པ། ཟབ་གསང་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་བར་བསྐུལ་བ། འདིས་མཚོན་པའི་བདག་གཞན་གྱི་དགེ་བ་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་ཀྱི་དོན་བསམ་བཞིན་པས། ཨོཾ་ཨཱཿཧཱུཾ༔ སྐྱབས་གནས་ཀུན་འདུས་ཨོ་རྒྱན་བླ་མ་ལ༔ སྒོ་གསུམ་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ལུས་དང་ལོངས་སྤྱོད་ལྟོས་མེད་མཆོད་སྤྲིན་འབུལ༔ སྡིག་ལྟུང་དམ་ཚིག་ཉམས་ཆག་མཐོལ་ཞིང་བཤགས༔ ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་༔ སྙིང་པོ་དོན་གྱི་ཆོས་འཁོར་བསྐོར་བར་བསྐུལ༔ རྟག་པར་མྱ་ངན་མི་འདའ་བཞུགས་གསོལ་འདེབས༔ དགེ་བ་འདི་དང་དགེ་བའི་རྩ་བ་ཀུན༔ འགྲོ་རྣམས་བླ་མེད་བྱང་ཆུབ་འཐོབ་ཕྱིར་

p. 389

བསྔོ༔ ཞེས་ཚོགས་བསགས་ཅི་ནུས་སུ་བྱ། དེའང་རང་རྒྱུད་ལ་བྱིན་རླབས་འཇུག་པ་ནི་མོས་གུས་ཀྱི་རྟེན་འབྲེལ་ཁོ་ན་ལ་རགས་ལས་པས་ན། རྩ་བའི་བླ་མ་དེ་ཉིད་རབ་འབྱམས་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་མཆོག་གསུམ་ཀུན་འདུས། སྐུ་བླ་མ། གསུང་ཡི་དམ། ཐུགས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས། སྐུ་སྤྲུལ་སྐུ། གསུང་ལོངས་སྐུ། ཐུགས་ཆོས་སྐུ་སྟེ་སྐུ་གསུམ་ཀུན་འདུས་ཀྱི་རང་བཞིན་ཅན་དུ་བཞུགས་པའི་ཕྱིར་ཡོན་ཏན་གྱི་ངོས་ནས་སངས་རྒྱས་དང་མཉམ་ཞིང་། བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ལས་ཀྱང་ཆེས་ཆེར་ལྷག་པར་ཐག་ཆོད་པའི་ངེས་ཤེས་དྲག་པོས། བློ་སྣ་མོས་གུས་ཀྱིས་འཕྲོག་པས་ལུས་སེམས་ཚུགས་མི་ཐུབ་པའི་གདུང་ཤུགས་སྙིང་གི་དཀྱིལ། རྐང་གི་ཁོང་། རུས་པའི་གཏིང་ནས་དུང་དུང་བསྐྱེད་དེ། ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་རེ་ལྟོས་ལིང་གིས་བསྐྱུར་ལ། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་

p. 390

ཆིག་དྲིལ་དུ་འདེབས་པར་མོས་པས། ཀྱེ་ཧོཿ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ སྤྱི་དཔལ་བླ་མ་རིན་པོ་ཆེ༔ མཐོང་བས་མ་རིག་མུན་པ་སེལ༔ ཐོས་པས་ཐེ་ཚོམ་དྲྭ་བ་གཅོད༔ དྲན་པས་དགོངས་བརྒྱུད་རྟོགས་པ་འཕོ༔ རེག་པས་བྱིན་རླབས་དངོས་གྲུབ་སྟེར༔ བཀའ་དྲིན་བསམ་ན་བརྗོད་ལས་འདས༔ ཡོན་ཏན་ནམ་མཁའི་མཐའ་དང་མཉམ༔ བཟོད་མེད་གདུང་ཤུགས་དྲག་པོ་ཡིས༔ གསོལ་བ་འདེབས་སོ་ཐུགས་རྗེས་དགོངས་༔ བདག་ལུས་ལོངས་སྤྱོད་དགེ་རྩར་བཅས༔ ཆགས་ཞེན་མེད་པར་ཁྱོད་ལ་འབུལ༔ འདི་ནས་ཚེ་རབས་ཐམས་ཅད་དུ༔ སྐྱབས་དང་སྐྱེལ་མ་མགོན་དང་དཔུང་༔ གཏན་གྱི་མགོན་པོ་ཁྱེད་ལས་མེད༔ བློ་སྙིང་བྲང་གསུམ་ལིང་གིས་བཀལ༔ སྐྱིད་སྡུག་ལེགས་ཉེས་ཐམས་ཅད་དང་༔ མཐོ་དམན་གར་གཏོང་བླ་མ་མཁྱེན༔ བདག་ནི་ཚེ་རབས་ཐོག་མེད་ནས༔ མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ ཁམས་གསུམ་འཁོར་བའི་བཙོན་ཁང་དུ༔ བཟོད་མེད་སྡུག་བསྔལ་གསུམ་གྱིས་གདུང་༔ ཉམ་ཐག་ཟུག་རྔུ་

p. 391

ཁུར་མ་བཟོད༔ སྙིང་ནས་རྗེ་བཙུན་བླ་མར་འབོད༔ བདེ་འདོད་སྡུག་བསྔལ་ལས་ལ་བརྩོན༔ སྣང་བའི་ཡུལ་དུ་བདུད་ཀྱིས་བསླུས༔ ཞེན་པས་གཉིས་འཛིན་འཁྲུལ་པར་འཕྱན༔ དེ་འདྲའི་ལས་ངན་སྐལ་ངན་ལ༔ སྐྱབས་མགོན་ཁྱེད་ལས་སྐྱོབ་པ་སུ༔ གསོལ་བ་འདེབས་སོ་བླ་མ་རྗེ༔ ཐུགས་རྗེས་ཟུངས་ཤིག་བཀའ་དྲིན་ཅན༔ བྱིན་གྱིས་རློབས་ཤིག་ནུས་མཐུ་ཅན༔ རྗེས་སུ་ཟུངས་ཤིག་སྤྱི་དཔལ་མཆོག༔ བློ་སྣ་ཆོས་ལ་བསྒྱུར་དུ་གསོལ༔ དབང་བཞི་བསྐུར་བར་མཛད་དུ་གསོལ༔ སྒྲིབ་བཞི་དག་པར་མཛད་དུ་གསོལ༔ སྐུ་བཞི་ཐོབ་པར་མཛད་དུ་གསོལ༔ དགོངས་བརྒྱུད་བྱིན་རླབས་བདག་ལ་འཕོས༔ མ་རིག་མུན་པ་དྲུང་འབྱིན་ནས༔ གཟུང་འཛིན་འཁྲུལ་པའི་འཆིང་བ་ཁྲོལ༔ མཁྱེན་གཟིགས་ཡེ་ཤེས་མངོན་གྱུར་ཅིང་༔ ཆོས་ཟད་བློ་འདས་ཆེན་པོར་སྐྱོལ༔ ལྷུན་གྲུབ་གཞོན་ནུ་བུམ་པའི་སྐུ༔ འཇའ་ལུས་ཆེན་པོར་དབུགས་འབྱིན་མཛོད༔ ཅེས་ཇི་ཙམ་ནུས་པར་གསོལ་བ་ཕུར་ཚུགས་སུ་གདབ། དེ་ནས་བླ་མའི་སྨིན་

p. 392

མཚམས་སུ་འཁོར་ལོ་དཀར་པོ་རྩིབས་བརྒྱད་པའི་ལྟེ་བར་ཨོཾ་དཀར་པོ། ལྗགས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཨཱཿདམར་པོ། ཐུགས་ཀར་རྡོ་རྗེ་སྔོན་པོ་རྩེ་ལྔ་པའི་ལྟེ་བར་ཧཱུཾ་མཐིང་ག་རྣམས་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་པར་མོས་ལ། དེ་ལས་འཇའ་ཟེར་ཐིག་ལེ་ཐིག་ཕྲན་གྱི་ཀློང་དུ་སྐུའི་ཡོན་ཏན་བྱིན་རླབས་དངོས་གྲུབ་ཐམས་ཅད་པདྨ་འབྱུང་གནས་ཀྱི་སྐུའི་རྣམ་པ་ཆེ་བ་རི་རབ་ཙམ་ནས་ཆུང་བ་ཡུངས་འབྲུ་ཙམ་གྱི་བར་དང་། གསུང་གི་བྱིན་རླབས་ཐམས་ཅད་ཡི་གེའི་རྣམ་པ་ཨ་ལི་ཀ་ལི་བཛྲ་གུ་རུ་རྒྱ་ཡིག་བོད་ཡིག་གི་ཚུལ་ཁ་དོག་སྣ་ཚོགས་པ་དང་། ཐུགས་ཀྱི་བྱིན་རླབས་ཕྱག་མཚན་རྡོ་རྗེ་བྷནྡྷ་ཚེ་བུམ་ཁ་ཊྭཱྃ་ཀ་ལ་སོགས་པའི་རྣམ་པ་གྲངས་མེད་ཉི་ཟེར་གྱི་རྡུལ་ལྟར་བྱུང་བ་རང་གི་གནས་སོ་སོར་ཐིམ་པས་དབང་བྱིན་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་པ་དང་། ཡང་སྐབས་སུ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་རྔ་ཡབ་ཟངས་མདོག་དཔལ་རི་པདྨ་འོད་ཀྱི་ཕོ་བྲང་། ནང་བཅུད་ཀྱི་སེམས་ཅན་ཐམས་

p. 393

ཅད་ཨོ་རྒྱན་དཔའ་བོ་མཁའ་འགྲོའི་ཚོམ་བུ། སྒྲ་གྲགས་ཚད་ཐམས་ཅད་སྙིང་པོ་བཛྲ་གུ་རུའི་རང་སྒྲ། སེམས་ཀྱི་འཕྲོ་འདུ་རང་ཤར་རང་གྲོལ་འོད་གསལ་བདེ་བ་ཆེན་པོའི་རང་བཞིན་དུ་སད་པར་ཤེས་པའི་ངང་ནས། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་གསང་སྔགས་ཀྱི་སྙིང་པོ་འབྲུ་བཅུ་གཉིས་པ་ཉིད་ཉུང་མཐའ་འབྲུ་འབུམ་གྱི་བར་ཇི་ཙམ་ནུས་ནུས་སུ་གྲངས་བསགས། ཐུན་གྱི་མཐར་དབང་བླང་བ་ནི། བླ་མའི་གནས་གསུམ་སོ་སོའི་ཡི་གེ་ལས་འོད་ཟེར་སྤོས་རེང་གི་དུ་བ་ལྟ་བུ་ཡི་གེ་སོ་སོ་དང་འདྲ་བའི་ཁ་དོག་ཅན་བུན་མ་ཆད་པ་འཕྲོས། རང་གི་གནས་སོ་སོར་ཐིམ་པས་སྒྲིབ་བཞི་སྦྱངས་ནས་དབང་བཞི་རིམ་པར་ཐོབ་པར་བསམ་པ་སོགས་དམིགས་འདོན་ཟུང་དུ་འཇུག་པས། བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་སྐར་མདའ་ཆད་པ་ལྟར་བྱུང་། རང་གི་སྤྱི་བོར་ཐིམ་པས་ལུས་རྩའི་སྒྲིབ་པ་སྦྱངས། སྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས། སྤྲུལ་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །མགྲིན་པའི་

p. 394

ཨཱཿལས་འོད་ཟེར་དམར་པོ་གློག་ཞགས་འཁྱུག་པ་ལྟར་བྱུང་། རང་གི་མགྲིན་པར་ཐིམ་པས་ངག་རླུང་གི་སྒྲིབ་སྦྱངས། གསུང་གསང་བའི་དབང་ཐོབ། ངག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབས། ལོངས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ནག་སྤྲིན་ཕུང་འཐིབ་པ་ལྟར་བྱུང་། རང་གི་སྙིང་གར་ཐིམ་པས་ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབས། ཆོས་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག །སླར་ཡང་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོ་ཐིག་ལེ་ཁ་དོག་ལྔ་དང་ལྡན་པ་ཞིག་བྱུང་། རང་གི་སྙིང་གར་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག །ཚིག་དབང་རིན་པོ་ཆེ་ཐོབ། རྒྱལ་བ་ཐམས་ཅད་ཀྱི་ཡོན་ཏན་དང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབས། ངོ་བོ་ཉིད་སྐུའི་གོ་འཕང་གི་སྐལ་བ་རྒྱུད་ལ་བཞག་གོ །ཞེས་དབང་བཞི་བླང་། སླར་ཡང་

p. 395

མོས་གུས་ཀྱི་ཤུགས་དྲག་ཏུ་བསྐྱེད་ལ། ཁྱབ་བདག་སྐུ་བཞིའི་དབང་ཕྱུག །མཁྱེན་བརྩེ་ཐུགས་རྗེའི་གཏེར་ཆེན། །དྲན་པས་ཡིད་ཀྱི་གདུང་སེལ། །མཉམ་མེད་དྲིན་ཅན་གུ་རུ། །སྙིང་ནས་གསོལ་བ་འདེབས་སོ། །སྐད་ཅིག་འབྲལ་བ་མེད་པར། །རྗེས་བཟུང་བྱིན་གྱིས་བརླབས་ནས། །ཉིད་དང་དབྱེར་མེད་མཛོད་ཅིག །ཅེས་གསོལ་བ་བཏབ་པས། བླ་མ་དགྱེས་པ་ཆེན་པོས་ཞལ་འཛུམ་མདངས་སུ་བཞད་ཅིང་སྤྱན་རྗེས་ཆགས་སུ་གཡོ་བ་དང་བཅས་ཏེ་རང་གི་སྤྱི་བོར་བྱོན། དེ་མ་ཐག་གདན་ཁྲི་ནས་ཡར་འོད་དུ་ཞུ། དབུ་སྐྲ་ནས་མར་འོད་དུ་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་ཀྱི་གོང་བུ་ཞིག་ཏུ་གྱུར་པ་རང་གི་སྤྱི་བོ་ཚངས་བུག་གི་ལམ་ནས་བརྒྱུད་དེ་སྙིང་དབུས་སུ་ཐིམ་པར་མོས་ལ། བླ་མ་བདེ་བ་ཆེན་པོའི་ངོ་བོར་ཞུ་བ་འོད་ལྔའི་གོང་བུ་ཚོན་གང་བ་ཞིག་ཏུ་གྱུར་ཏེ་རང་གི་སྙིང་དབུས་སུ་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར། ཅེས་བློ་འདས་འོད་གསལ་རིག་སྟོང་གཉུག་མའི་གཤིས་

p. 396

ལུགས་བླ་མ་ཆོས་སྐུའི་རང་ཞལ་བ་ལྟ་བའི་ངང་དུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བར་བརྩམ་པ་ན་སླར་ཡང་སྣང་བ་ཅི་ཤར་བླ་མའི་སྐུའི་རྣམ་འགྱུར་སྣ་ཚོགས་པ། སྒྲ་རུ་གྲགས་ཚད་གསུང་གྲགས་སྟོང་ན་དའི་རང་སྒྲ། ཡིད་ཀྱི་འགྱུ་བྲན་ཅི་བྱུང་གར་ཤར་རྡོ་རྗེའི་ཡེ་ཤེས་ཀྱི་རང་རྩལ་དུ་བལྟས་ལ། དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །ཚེ་རབས་ཀུན་ཏུ་རིགས་བདག་བླ་མའི་ཞབས། །

p. 397

བདེ་ཆེན་འཁོར་ལོའི་རྒྱན་དུ་མི་འབྲལ་བར། །མོས་གུས་ལམ་གྱིས་ཐུགས་ཡིད་གཅིག་ཏུ་འདྲེས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་སྩོལ། །ཅེས་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་། འགྲོ་བའི་ཚེ་བླ་མ་གཡས་ཕྱོགས་ཀྱི་ནམ་མཁར་བཞུགས་པ་ལ་བསྐོར་བ་བྱེད་པར་མོས། ཟ་འཐུང་གི་ཚེ་བླ་མ་མགྲིན་པར་བཞུགས་པ་ལ་བཟའ་བཏུང་བདུད་རྩིར་ཞུ་བས་མཆོད་པར་མོས། སྨྲ་བརྗོད་ཐམས་ཅད་གསོལ་འདེབས་དང་། འགྲོ་འདུག་བྱ་བྱེད་བླ་མའི་ཞབས་ཏོག་ཡིན་པར་བསྒོམ། གནས་ཁང་དང་གོས་སོགས་གསར་པ་ལོངས་སྤྱོད་པའི་ཚེ་ནའང་གཞལ་ཡས་ཁང་དང་ལྷ་རྫས་ཀྱི་ན་བཟར་བསམ་པ་ལ་བླ་མ་ལ་དངོས་སམ་ཡིད་ཀྱི་སྒོ་ནས་འབུལ། ནུབ་མོ་ཉལ་བའི་ཚེ་འོད་གསལ་ཟིན་པའི་གསོལ་བ་བཏབ་རྗེས་སྤྱི་བོའི་བླ་མ་ཚངས་བུག་ནས་བརྒྱུད་རང་གི་སྙིང་པདྨ་འདབ་བཞིའི་རྣམ་པར་གནས་པའི་ནང་དུ་བྱོན་ཏེ་བཞུགས། སྐུའི་འོད་ཀྱིས་ལུས་དང་གནས་ཁང་བཅས་

p. 398

མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་གསལ་བར་གྱུར་པ་ལ་སེམས་གཏད་དེ། འོད་གསལ་རིག་སྟོང་རྗེན་པ་ཐིམ་ལ་མ་རྨུག་པའི་ངང་དུ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་གཉིད་ལོག །གལ་ཏེ་སད་ན་འཕྲོ་རྒོད་རྒྱ་འབྱམས་སོགས་བསམ་གཞིག་གི་འཕྲོ་བཅད་དེ་སྙིང་གའི་བླ་མ་ཁོ་ན་ལ་སེམས་གཏད་ནས་འོད་གསལ་གྱི་ངང་གདངས་བསྐྱངས་པས་རིམ་གྱིས་གཉིད་མཐུག་གི་འོད་གསལ་དང་རྨི་ལམ་ཟིན་པར་འགྱུར་ལ། སླར་ཡང་ཐོ་རངས་ལྡང་བའི་ཚེ་བླ་མ་དབུ་མའི་ལམ་བརྒྱུད་སྤྱི་བོའི་མདུན་མཁར་དགྱེས་བཞིན་དུ་བཞུགས་པ་ལ་མོས་གུས་གསོལ་འདེབས་སོགས་སྔར་བསྟན་པ་བཞིན་ཉམས་སུ་བླང་། གཞན་ཡང་ན་བའི་ཚེ་ནད་ན་སར་བླ་མའི་སྐུ་ཚོན་གང་བ་ལས་བདུད་རྩི་བབས། ནད་ཐམས་ཅད་བཀྲུས་ནས་དག །ནད་དེ་ཉིད་སྡིག་སྒྲིབ་སྦྱོང་བའི་ཐབས་སུ་བླ་མའི་བྱིན་རླབས་ལས་བྱུང་བར་མོས་ལ་དགའ་བ་བསྒོམ། གདོན་གྱི་ཆོ་འཕྲུལ་བྱུང་ནའང་བླ་མའི་ཕྲིན་ལས་ཀྱི་རོལ་པ་རང་ལ་དགེ་བའི་སྐུལ་མ་མཛད་པར་མོས། མདོར་ན་བདེ་སྐྱིད་བྱུང་ནའང་བླ་མའི་བྱིན་རླབས། སྡུག་བསྔལ་

p. 399

བྱུང་ནའང་བླ་མའི་ཐུགས་རྗེར་བསྒོམ་ནས་མོས་གུས་འཕེལ་བའི་རྟེན་དུ་བྱ་བ་མ་གཏོགས་སྤང་གཉེན་གཞན་དུ་མི་འཚོལ། ནམ་ཞིག་འཆི་བའི་དུས་ལ་བབས་པའི་ཚེ་ན་འོད་གསལ་དབྱིངས་རིག་བསྲེས་ཏེ་མཉམ་པར་འཇོག་པ་ནི་འཕོ་བའི་མཆོག་ཡིན་ཅིང་། ཡང་ན་རང་སེམས་ཐིག་ལེ་འོད་ཀྱི་གོང་བུ་བླ་མའི་ཐུགས་ཀར་བསྲེ་འཕོ་ལ་རྩལ་སྦྱངས་པས་གྲོལ་བར་འགྱུར་ལ། དེར་མ་ཐེབས་ཀྱང་བར་དོའི་སྐབས་སུ་འཁྲུལ་སྣང་རང་བཞིན་མེད་པར་ཤེས་ཏེ་བླ་མའི་མོས་གུས་ཀྱི་ལམ་ཁྱེར་རྗེས་སུ་དྲན་པ་ཙམ་གྱིས་ཐུགས་རྗེའི་མཐུ་ལས་དག་པའི་ཞིང་དུ་དབུགས་འབྱིན་པར་ངེས་པའོ། །ལམ་ཟབ་མོ་ཉམས་སུ་བླངས་པས་རྒྱུད་ལ་བྱིན་རླབས་ཞུགས་པའི་རྟགས་ནི་དངོས་ཉམས་རྨི་ལམ་རྣམས་སུ་ཅི་རིགས་པར་འབྱུང་བའི་ཚུལ་བླ་སྒྲུབ་ཀྱི་གཞུང་སྤྱི་ལྟར་དང་། ཁྱད་པར་བླ་མ་ལ་དད་མོས་སྔར་ལས་ཆེ་ཞིང་། དམ་ཚིག་གི་ཕྱིར་དུ་ལུས་སྲོག་འདོར་ནུས་པ་དང་། ཆོས་བརྒྱད་ཀྱི་སྣང་བ་བུན་ལོང་དུ་འགྲོ། ཚེ་འདི་བློས་ཐོངས་པས་གང་ལའང་རེ་དོགས་མང་པོ་མི་སྐྱེ། ཤེས་པ་

p. 400

གསལ་སྟོང་རྗེན་པར་བུད་ནས་རྟོགས་པ་ཐལ་ཐོལ་དུ་སྐྱེས་ན་མཆོག་གི་རྟགས་ཡང་དག་པ་ཡིན་ནོ། །དེ་ལྟར་སྤྱིར་ཉམས་ལེན་གང་ལའང་རྡོ་རུས་འཕྲོད་པའི་ཚེ་སྔོན་གྱི་ལས་ངན་བསླངས་ནས་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ། གདོན་བགེགས་ཆོ་འཕྲུལ། དགྲ་ཇག་ཆོམ་རྐུན། མི་ཁ་སྐུར་འདེབས། མ་ཉེས་ཁ་ཡོག་སོགས་མི་འདོད་པ་སྣ་ཚོགས་འབྱུང་སྲིད་དེ། སྣོད་བཀྲུས་ན་དྲི་མ་ལྡངས་པ་བཞིན་རྒྱུད་དག་པའི་ལྔ་སྟས་སུ་གསུངས་པས་དེའི་ཚེ་ཉམས་ལེན་རྐྱེན་ངན་གྱིས་མི་འཕྲོག་པའི་བརྩོན་འགྲུས་གོ་ཆ་ཆེར་བགོ །ལམ་རྟགས་ཀྱི་ཡོན་ཏན་ཐར་ཐོར་བྱུང་ནའང་དངོས་སམ་བདུད་ཀྱི་བར་ཆད་གང་ཡིན་འབྱེད་དཀའ་ཞིང་། དངོས་ཡིན་དུ་ཆུག་ཀྱང་མཆོག་འཛིན་སྐྱེས་ན་དེ་མ་ཐག་བདུད་ཀྱི་བར་ཆད་དུ་འགྲོ་བས་བཟང་པོ་ལ་མི་ཞེན་ངན་པ་ལ་མི་སྐྲག་པར་རེ་དོགས་ཐེ་ཚོམ་ཐམས་ཅད་སྤང་། ལམ་གྱི་སྐབས་སུ་གོལ་ས་ཤོར་ས་མང་དུ་གསུངས་ཀྱང་། གཙོ་བོར་བླ་མ་ལ་མཉམ་འགྲོགས་བྱེད། མཆེད་གྲོགས་ལ་དག་སྣང་ཆུང་། གྲུབ་མཐའ་གཞན་ལ་གཤེ་སྐུར་འདེབས།

p. 401

རང་ལ་ང་རྒྱལ་ཆེ། དམ་ཚིག་ལ་ངོ་ལྐོག་བྱེད། དུག་ལྔ་ཁ་ཡན་དུ་བཏང་། ལས་རྒྱུ་འབྲས་ལ་མི་བརྩི། ཁ་ལྟ་དང་སྟོང་སྐད་ཆེ། ཉམས་མྱོང་ཁྲོམ་དུ་སྒྲོག །མི་ཆོས་བླ་མའི་རྫུན་གྱིས་ཐུགས་དམ་གྱི་མཐིལ་བྱེད་པ་འདི་རྣམས་གོལ་ས་ཆེ་ཤོས་ཡིན་མོད་ཀྱི། རང་རང་ནི་བདུད་ཀྱི་བྱིན་གྱིས་བརླབས། གདུལ་བྱ་རྣམས་ནི་སྙིགས་དུས་ཀྱི་སྐལ་དམན་འབའ་ཞིག་ཏུ་སོང་བའི་སྟབས་ཀྱིས་ཆོས་ཀྱི་གནད་དོན་མི་ཤེས་པར་ཅལ་སྒྲོགས་ཁོ་ནའི་རྗེས་སུ་རྒྱུག་པ་མང་བས་གོལ་ཤོར་གྱི་འཕྲང་འདི་སངས་རྒྱས་དངོས་སུ་བྱོན་ཀྱང་ཁོག་དཀའ་བར་སྣང་། ཡང་བླ་མ་བསྟེན། ཡོན་ཏན་བསླབ། མཚམས་སྒྲུབ་བྱས། དཔེ་ཟབ་དགུ་མཇལ་ཡང་རང་རྒྱུད་ལ་སྣེ་གཅིག་ཀྱང་མ་ཕན་པར་གཤིས་ཀ་ཇེ་གྱོང་། ང་རྒྱལ་ཇེ་ཆེར་སོང་ནས་དག་སྣང་གི་མིག་འགྲིབ། གཞན་སྐྱོན་རྟོག་པ་ཁོ་ནས་དུས་འདའ་བ་ཞིག་འོང་བ་དེ་རིགས་ཆོས་དྲེད་དམ་ཉམས་ལས་ངན་ཏེ་བདུད་ཀྱིས་དངོས་སུ་བྱིན་གྱིས་བརླབས་པ་ཡིན། མདོར་ན་སྟོན་པ་བཀའ་དྲིན་ཅན་གྱིས། སྡིག་པ་ཅི་ཡང་མི་བྱ་སྟེ། །

p. 402

དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་པ་ལྟར་ཆོས་བྱས་པའི་འབྲས་བུ་དེ་ཧྲིལ་གྱིས་དྲིལ་ན་རང་སེམས་ཐུལ་བ་ཞིག་དགོས་པ་ཡིན་མོད་ཀྱང་། ཆོས་ཀྱི་ཕྱིར་དུ་གཞན་གནོད། བསྟན་པ་ལ་བསྙད་ནས་འཁྲུག་རྩོད། འགྲོ་དོན་ཁག་བཞག་གི་གཡོ་སྒྱུ་མགོ་བསྐོར་སོགས་ཆོས་ནས་མི་རུང་བར་གསུངས་པ་ཐམས་ཅད་དེང་སང་ཆོས་པ་ཀུན་ནས་ལག་ལེན་གྱི་གཙོ་བོར་བྱེད་པ་ཞིག་འོང་བས་དེ་ལྟ་བུའི་རྗེས་སུ་མི་འབྲང་། ཁྱད་པར་ཀླུ་སྒྲུབ་ཞབས་ཀྱིས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་པ་ལྟར་འཇིག་རྟེན་ཆོས་བརྒྱད་འདི་ནི་གཞན་ལྟ་ཅི་སྨོས། ཆོས་པ་ཚད་ལྡན་དུ་རློམ་པ་རྣམས་ཀྱི་རྒྱུད་ལའང་མ་ཚོར་བཞིན་དུ་གོས་པ་ཞིག་སྣང་བས་ཅི་ནས་བྱ་རས་ཟིན་པ་གལ་ཆེ། གཞན་ཡང་ཆོས་སྒྲུབ་པའི་སྡུག་བསྔལ་མི་བཟོད་

p. 403

པར་ཚེ་འདིའི་འདུན་མ་སྒྲུབ་པའི་དཀའ་སྤྱད་སྙིང་རུས་ནུས་པ་བཟོད་པ་གོ་ལོག །ཆོས་ལ་འདུན་པ་མི་བྱེད་པར་འཇིག་རྟེན་ཆོས་བརྒྱད་ལ་འདུན་པ་བྱེད་པ་འདུན་པ་གོ་ལོག །ཐོས་བསམ་སྒོམ་གསུམ་གྱིས་ཆོས་ཀྱི་རོ་མི་མྱོང་བར་ཟང་ཟིང་ལོངས་སྤྱོད་ཀྱི་རོ་མྱོང་བ་རོ་མྱོང་གོ་ལོག །རང་གཞན་སྡིག་པའི་ལས་ལ་སྙིང་རྗེ་མི་བྱེད་པར་ཆོས་ཕྱིར་དཀའ་ཐུབ་བྱེད་པ་ལ་སྙིང་རྗེ་བྱེད་པ་སྙིང་རྗེ་གོ་ལོག །རང་ལ་ལྟོས་པའི་མི་ཆོས་ལ་མི་བཀོད་པར་ཚེ་འདིའི་ཆེ་ཐབས་ལ་སྦྱོར་བ་གཉེར་སེམས་གོ་ལོག །དགེ་བ་བྱེད་པ་ལ་དགའ་བ་མི་བསྒོམ་པར་དགྲ་ལ་སྡུག་བསྔལ་བྱུང་ན་དགའ་བ་རྗེས་སུ་ཡི་རང་གོ་ལོག་སྟེ་དྲུག་པོ་དེ་སྤང་། དུས་རྟག་ཏུ་དམན་ས་བཟུང་ནུས་ན་ང་རྒྱལ་དང་ཕྲག་དོག་སྐྱེ་བའི་རྒྱུ་མེད། ང་རྒྱལ་མ་སྐྱེས་བར་དུ་གེགས་མི་འབྱུང་། བླ་མ་ལའང་འདི་ལས་ལྷག་པ་མེད་སྙམ་པ་དང་། ཆོས་མཛད་གཞན་རྣམས་ཀྱིས་འདི་ཙམ་མི་ཤེས་སྙམ་པ་སོགས་ནམ་ང་རྒྱལ་སྐྱེས་ཙ་ན་གེགས་འབྱུང་བ་ཡིན། སྤྱིར་སེམས་ཅན་གྱི་སྐྱོན་ལ་མི་བརྟག །

p. 404

མར་ཤེས་ཤིང་དྲིན་དྲན་པས་བྱམས་སྙིང་རྗེ་བསྒོམ། གོས་ཆོས་སྒོར་ཞུགས་ཚད་ཀྱི་སྐྱོན་ལ་མི་བརྟག །གྲུ་གཅིག་གི་མི་དང་འདྲ་བར་བལྟས་ལ་ཡོན་ཏན་ཁོ་ནར་བསམ་ཞིང་རྗེས་སུ་ཡི་རང་དང་མོས་གུས་བྱ། ཁྱད་པར་བླ་མའི་སྐྱོན་ལ་མི་བརྟག །ཅི་མཛད་ཡོན་ཏན་དུ་ཤེས་པས་མོས་གུས་དང་དག་སྣང་སྦྱོང་བ་ལ་འབད། གཞན་ཡང་འཕགས་པ་དད་པའི་སྟོབས་སྐྱེད་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་འཕྲོག་པ་དང་། མཆོད་རྟེན་ཐམས་ཅད་བཤིག་པ་བས། བྱང་ཆུབ་སེམས་དཔའ་གཅིག་སྨད་པ་ཉེས་དམིགས་ཆེ། བྱང་ཆུབ་སེམས་དཔའ་གཅིག་ལ་རྐྱེན་ཅི་ཡང་རུང་བས་བརྙས་པ་བསྐྱེད་དེ་སྤྱོས་ན་དམྱལ་བ་དུ་འབོད་དུ་ལུས་དཔག་ཚད་ལྔ་བརྒྱ་པར་མགོ་ཁ་ལྕེ་རྣམས་ལྔ་བརྒྱ་རེ་བྱས་པའི་ལྕེ་རེ་ལ་གཤོལ་ལྔ་བརྒྱ་ལྔ་བརྒྱས་རྨོད་པར་འགྱུར་རོ། །ཞེས་གསུངས་པས། སྤྱིར་སྐྱེས་བུ་དམ་པ་ལ་སྨོད་པའི་ཉེས་པ་དཔག་ཏུ་མེད། སྒོས་བྱང་ཆུབ་སེམས་དཔའ། ཡང་སྒོས་གསང་སྔགས་ཀྱི་རྣལ་

p. 405

འབྱོར་པ་ཡུལ་ཆེས་གཉན། དེའང་སྐྱེས་བུ་དམ་པ་དང་ནང་གི་རྣལ་འབྱོར་ལ་གནས་པ་གང་ན་སུ་ཡོད་མི་ཤེས། རྫོགས་པའི་སངས་རྒྱས་ཉག་གཅིག་མ་གཏོགས་གང་ཟག་གཞན་གྱིས་གང་ཟག་གི་ཚོད་མི་ཟིན་པར་གསུངས་པས། སུ་ཐོད་ཐོད་ལ་ངན་སྨྲས་དང་སྐུར་པ་བཏབ་ན་རང་གི་ཡོན་ཏན་ཕྱག་མས་འདེབས། གཞན་སྐྱོན་ལ་བརྟག་པ་དེས་རང་ཕུང་བ་ཆོས་ཉིད་ཡིན་པས་རང་སྐྱོན་འབའ་ཞིག་བརྟག་སྟེ་བློ་བཅོས། མཉམ་མེད་དྭགས་པོས། ལས་དང་པོ་པ་ཉོན་མོངས་དང་འཐབ་པའི་དུས་མིན། བྲོས་པའི་དུས་ཡིན། ཞེས་གསུངས་པས། རང་རེ་རྣམས་ད་ལྟ་ཉོན་མོངས་པ་ལམ་དུ་ཁྱེར་ནུས་པའི་ས་མཚམས་དེར་སླེབས་པ་མི་འདྲ་བས། ཁོང་ཁྲོ། ཕྲག་དོག །ང་རྒྱལ། ནག་ཆང་། ཐ་མ་ཁ། བག་མེད་རོ་ཉལ་སོགས་ལ་ཅི་ནས་བག་ཟོན་དགོས་ཤིང་། དེ་ལྟར་བྱུང་ན་རང་དྲིན་རང་ལ་ཆེ་བ་ཡིན། ཉོན་མོངས་ལམ་དུ་ཁྱེར་ནུས་ཞེས་པ་དེའང་སྔོན་བྱོན་རྒྱ་བོད་ཀྱི་གྲུབ་བརྙེས་ལྟ་བུ་ནང་ན་ཡེ་ཤེས་ཀྱི་རྩལ་རྫོགས་པའི་རང་རྟགས་ཕྱི་རོལ་དུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་ནུས་པ་ཞིག་ལ་

p. 406

བྱ་ཡི། རང་སེམས་རང་དབང་མ་ཐོབ་པའི་རང་རྟགས་ཉོན་མོངས་འཇོལ་ཉོག་ཏུ་སྤྱོད་པ་ཞིག་ལ་གསུངས་པ་མིན་པས་གོ་བ་མ་ལོག་པ་གལ་ཆེ། ཟས་གོས་ནོར་རྫས་སོགས་ཀྱང་འབད་མེད་དུ་འབྱོར་ན་མི་དགོས་པའི་ཁུལ་ཡང་མི་བྱེད་པར་ཆོས་མཐུན་དགོས་ཚོད་ལོངས་སྤྱད་པའི་ལྷག་མ་ཅི་ཡོད་བླ་མ་དཀོན་མཆོག་གི་ཞིང་དུ་བཏང་། མ་འབྱོར་ན་རྙེད་འཚོལ་ཚོང་སྐྱེད་སོགས་ཆེད་དུ་འབད་རྩོལ་ཀྱང་མི་བྱ་བར་གང་བྱུང་གང་ཉན་བྱ་སྟེ། ཆོས་སྙིང་ནས་བྱེད་པའི་མི་ལ་འཚོ་བ་ལྷས་སྦྱོར་བར་གསུངས། འདོད་པ་ལ་ཆོག་ཤེས་མེད་ན་མིང་དུ་ཆོས་པར་བཏགས་ཀྱང་དོན་ལ་ཟོབ་སྟོང་རང་ཡིན་པས་གང་ལའང་ཆོག་ཤེས་བརྟེན། ཕྱི་བཤོལ་དང་བཏང་སྙོམས་ནི་དགེ་བའི་ཕྱོགས་མཐའ་དག་ལ་བར་དུ་གཅོད་པ་ཆེ་ཞིང་། བློ་སྣ་རིང་དྲག་པ་དེས་ཆོས་རྒྱུད་ལ་མི་འབྱོར་བའི་རྒྱུ་བྱེད་པ་ཡིན་པས་བློ་སྣ་ཡང་ཡང་བསྟུང་། ཁྱད་པར་སྟོང་ཉིད་ཀྱི་གོ་བ་སྐམ་པོ་ལ་གདིང་བཅས་ཏེ་ཉམས་ལེན་ཁ་ཁྱེར་དུ་བྱས་ནས་རྩིང་ཆོས་སྨྱོ་སྤྱོད་དུ་སོང་ན་ལས་མ་དག་པ་ཁ་ཅིག་གིས་གྲུབ་ཐོབ་ཏུ་མཐོང་སྲིད་ཀྱང་རང་གཞན་གཉིས་ཕུང་

p. 407

གི་གཞི་ཆེན་པོ་ཡིན་པས་གཟབ་པ་གལ་ཆེ། རང་རྒྱུད་ལ་ཉམས་རྟོགས་ཅིའང་མེད་པའི་གང་ཟག་གིས་སེམས་ཅན་ལ་ཕན་བཏགས་ཀྱང་མི་ཐོགས་པའི་ཁར་རང་ལ་གནོད་པས་སྨན་ཆེན་པོའི་མྱུ་གུ་ཆུང་དུ་མི་བཅད་པར་བསྲུང་བའི་དཔེས་རང་ཉིད་ཉམས་ལེན་ལ་བརྩོན་པ་ཁོ་ན་བསྐྱེད་ཆེ། དྲོད་ཐོབ་ལ་བརྟན་པ་མ་ཐོབ་པའི་གང་ཟག་གིས་གཞན་ལ་ཕན་ཀྱང་རང་ལ་གནོད། ས་ཐོབ་ནས་རང་གཞན་གཉིས་ཀའི་དོན་འབད་མེད་དུ་འབྱུང་བར་གསུངས། མདོར་ན་རང་རྒྱུད་ཆོས་དང་མཐུན་པ་ལྷ་དང་བླ་མས་མི་ཁྲེལ་བ། རིག་འཛིན་གྲུབ་ཐོབ་གོང་མའི་རྣམ་ཐར་སྣ་རེའི་རྗེས་སུའང་ཅི་ནུས་ཀྱིས་འཇུག་པར་བྱས་ཏེ་དོན་གཉིས་ལྷུན་གྱིས་འགྲུབ་པའི་ཐབས་ལ་འབད་པར་བྱའོ། །དེ་རྣམས་ཀྱིས་ཐུན་མོང་མ་ཡིན་པ་ཟབ་ལམ་ཕྲུགས་ལྔའི་ས་བོན་གདབ་པ་ཁྱད་པར་གྱི་སྔོན་འགྲོའི་རིམ་པ་རྣམས་མདོ་ཙམ་བཤད་ཟིན་ཏོ།། །།དེ་ལྟར་ཆོས་ཟབ་མོ་འཆད་ཉན་གྱི་སྐབས་སུ་དཔོན་སློབ་གཉིས་ཀས་བཀའ་དྲིན་དྲན་པར་བྱ་སྟེ། དམ་པའི་ཆོས་ལ་སྤྱད་དུ་ཡོད་པས་དལ་འབྱོར་དོན་

p. 408

ལྡན་སྲིད་པ་ཧྲུལ་པོར་བྱས་པ་ནི། བདག་རྐྱེན་སངས་རྒྱས་དང་བླ་མ། དམིགས་པའི་རྐྱེན་དམ་ཆོས། དེ་མ་ཐག་པའི་རྐྱེན་ཆོས་ཀྱི་གྲོགས། ལྷན་ཅིག་བྱེད་རྐྱེན་ཕ་མ། བར་ཆད་མེད་པ་སྲུང་མ་དམ་ཅན་རྒྱ་མཚོའི་བཀའ་དྲིན་ལས་བྱུང་བ་ཡིན་པས་དེ་རྣམས་བཀའ་དྲིན་ལྷག་པར་ཆེའོ་སྙམ་པ་དང་། དེ་ཐམས་ཅད་ཀྱང་སངས་རྒྱས་ཀྱི་བསྟན་པ་གནས་པ་ལས་བྱུང་བའི་བཀའ་དྲིན་ཡིན་པས་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་གྱུར་ཅིག་སྙམ་དུ་བསམ། མཐར་ཆོས་འཆད་པ་པོ། ཉན་པ་པོ། བཤད་བྱའི་ཆོས་གསུམ་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་ཤེས་པ་དང་། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོས་དྲངས་ཏེ་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ། སློབ་མ་རྣམས་ཀྱིས་བསྟན་པ་རྒྱས་ཤིང་བསྟན་འཛིན་དར་བ་དང་། ཁྱད་པར་བླ་མའི་ཞབས་པད་བརྟན་ཅིང་ཡང་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྨོན་ལམ་སྙིང་ཐག་པ་ནས་གདབ་བོ། །དེ་ལྟར་དམ་པའི་ཆོས་འཆད་ཉན་བྱས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། ཆོས་བསྟན་པའི་ཕན་ཡོན་

p. 409

བྱམས་པ་སེང་གེའི་མདོ་ལས། གང་གཱའི་བྱེ་སྙེད་འཇིག་རྟེན་གསེར་དག་གིས། །བཀང་སྟེ་གང་ལ་སྦྱིན་པ་བྱིན་པས། །དུས་ངན་ཚེ་ན་ཚིགས་བཅད་གཅིག་བརྗོད་པ། །དེ་ཡི་ཕན་འདོགས་ཅི་འདྲ་དེ་ལ་མེད། །ཅེས་དང་། ཀུན་འདུས་རིག་པའི་མདོ་ལས། གསང་སྔགས་ཀྱི་ལྷའི་མཚན་རྣ་བས་ཐོས་པ་ཙམ་གྱིས་བསྐལ་པ་དགུ་བཅུ་རྩ་གསུམ་དུ་བསགས་པའི་སྒྲིབ་པ་ཐམས་ཅད་ཟད་པར་བྱེད་དོ། །གཟུངས་སྔགས་ཀྱི་སྒོ་ལན་རེ་བསྒྲགས་པས་ཀྱང་དེ་སྙེད་ཀྱི་ཕན་ཡོན་དཔག་ཏུ་མེད་པ་ཚད་མེད་པ་ཇི་སྙེད་འཛིན་པས་ན་ཆོས་སྟོན་པ་ལ་འབད་པར་བྱའོ། །ཞེས་དང་། ཀུན་མཁྱེན་ཆེན་པོས། སེམས་རབ་ཏུ་དང་བས་ཐར་པ་ལ་དམིགས་ཏེ་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པའི་རེ་ལྟོས་མེད་པར་ཆོས་སྟོན་པ་ལས་དྲན་པ་དང་། ཏིང་ངེ་འཛིན་དང་། སྤོབས་པ་དང་། ཉོན་མོངས་པ་ལས་རྣམ་པར་གྲོལ་བ་དང་། ཆོས་ཀྱི་མཛོད་འཛིན་པ་དང་། སངས་རྒྱས་ལས་ཆོས་ཐོས་པ་དང་། ལྷ་དང་མིའི་ཚོགས་ཀྱིས་བསྟོད་ཅིང་འདུན་པ་དང་། ལེགས་རྒུའི་བསམ་པ་ཐམས་ཅད་འགྲུབ་པ་དང་། ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་དང་མི་འབྲལ་བ་དང་། མྱུར་དུ་སངས་རྒྱས་ཐོབ་ནས་ཆོས་ཀྱི་ཆར་གྱིས་

p. 410

གདུལ་བྱ་སྨིན་པར་བྱེད་པ་དང་། རང་དང་གཞན་དོན་འགྲུབ་པར་འགྱུར་བ་ཉིད་ཐོབ་པར་འགྱུར་རོ། །ཞེས་གསུངས། ཆོས་ཉན་པའི་བསོད་ནམས་ཀྱང་སྲེད་མེད་ཀྱི་བུས་ཞུས་པའི་མདོ་ལས། རིགས་ཀྱི་བུ་ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། །ཤེས་རབ་དང་ལྡན་ན་ཉོན་མོངས་པ་ཞི་བར་འགྱུར་རོ། །ཉོན་མོངས་པ་རབ་ཏུ་ཞི་བ་ལ་ནི་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་དང་། མྱང་འདས་ལས། ཆོས་ཉན་པ་ལས་དད་པ་སྐྱེའོ། །དད་པས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མོས་ནས་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་བར་དུ་ཐོས་པས། དགེ་བའི་ཆོས་ཐམས་ཅད་ཐོབ་པ་ནི་ཐོས་པའི་རྒྱུ་ལས་བྱུང་བའོ། །ཞེས་སོགས་གསུང་རབ་རིན་པོ་ཆེ་རྣམས་ལས་མཐའ་ཡས་པར་གསུངས་པའི་དོན་བསྡུས། ཀློང་ཆེན་པས། ཤེས་རབ་དང་། ཏིང་ངེ་འཛིན་དང་། ཆོས་ཀྱི་རྒྱུན་ལ་སོགས་པའི་གཟུངས་དང་། སྤང་བླང་ཤེས་པའི་མིག་དང་། དགེ་བ་འཕེལ་ཞིང་མི་དགེ་བ་སྲབ་པ་དང་། ལྷ་དང་བཅས་པའི་འཇིག་རྟེན་གྱིས་བསྟོད་ཅིང་འདུན་པ་དང་། མ་རིག་པའི་མུན་པ་སངས་པ་དང་། ཤི་འཕོས་ནས་དག་པའི་ཞིང་གི་པདྨོ་ལ་བརྫུས་ཏེ་སྐྱེ་བ་དང་། སངས་རྒྱས་མཆོག་གི་སྤྲུལ་པ་ལས་

p. 411

ཆོས་ཐོས་པ་དང་། མྱུར་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་དམ་པ་བསྐོར་བ་ལ་སོགས་པ་ཕན་ཡོན་གྱི་སྒོ་ཚད་མེད་པ་སྙེད་ཡོད་དོ། །ཞེས་གསུངས་ཤིང་། དད་པས་ཆོས་ཉན་པ་ལྟ་ཅི་སྨོས་ཏེ། ཉན་པ་པོ་སྡུད་པའི་རོལ་མོའི་སྒྲ་ཐོས་པའང་འཁོར་བ་ལས་རྣམ་པར་གྲོལ་བའི་ཚུལ། གཎྜཱིའི་མདོ་ལས། དམ་ཆོས་བཤད་པའི་དུས་བསྟན་ཕྱིར། །རྔའམ་གཎྜཱི་བརྡུང་བའི་སྒྲ། །ཐོས་པས་བྱང་ཆུབ་ཐོབ་འགྱུར་ན། །ཉན་ཕྱིར་ལྷགས་པ་སྨོས་ཅི་དགོས། །ཞེས་སོ། །མདོར་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་ཆོས་ཀྱི་བྱ་བ་ལས་གལ་ཆེ་བའི་བགྱི་བ་ནི་འཇིག་རྟེན་ན་ཅིའང་ཡོད་པ་མ་ཡིན་པས་དམ་པའི་ཆོས་རབ་ཏུ་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པར་ཤེས་ཏེ་རྣམ་པ་ཀུན་ཏུ་ཆོས་འཆད་ཅིང་ཉན་པ་ལ་བརྩོན་པར་བྱ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། འཇིག་རྟེན་སངས་རྒྱས་འབྱུང་བ་བརྒྱ་ལམ་སྟེ། །མི་ཡི་ལུས་ནི་ཚོགས་ཀྱིས་རྙེད་ཡིན་ནོ། །ཀྱེ་མ་དད་པ་ནི་ཆོས་ཉན་པ། །འདི་འདྲ་བསྐལ་པ་བརྒྱར་ཡང་རྙེད་པར་དཀའ། །ཞེས་དང་། ཀུན་མཁྱེན་ཆེན་པོས། བསྟན་པ་ལ་ཞུགས་པའི་ཐོག་མར་ཉན་དགོས་ཏེ། འཁོར་འདས་ཀྱི་སྐྱོན་ཡོན་ཤེས་པས་བླང་

p. 412

དོར་ལ་འཇུག་པའི་ཕྱིར་རོ། །རང་རྒྱུད་སྦྱོང་བའི་ཚེ་ཉན་དགོས་ཏེ། གང་ལའང་རྨོངས་པ་བཟློག་པའི་ཕྱིར་རོ། །རྒྱུན་དུ་ཉམས་སུ་ལེན་པ་ནའང་ཉན་དགོས་ཏེ། དགེ་སྦྱོར་འཐས་པ་ལ་སོགས་པ་བོགས་འབྱིན་པའི་ཕྱིར་རོ། །ཤེས་རྒྱུད་མཐའ་དག་གྲོལ་བ་ལའང་ཉན་དགོས་ཏེ། ཐེ་ཚོམ་གྱིས་སྤྲོས་པ་གཅོད་པའི་ཕྱིར་རོ། །དེས་ན་ད་ལྟ་ལམ་ལ་དང་པོར་ཞུགས་པ་ནས་མཐར་ཕྱིན་གྱི་བར་དུ་རང་བས་ལྷག་པ་གལ་ཆེ་སྟེ། གོང་མ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པ་རྣམས་ལ་བློ་ཁ་ཕྱོགས་པ་དང་རང་གི་ཉམས་རྟོགས་གོང་དུ་བྱར་ཡོད་པའི་ཕྱིར་རོ། །དང་པོ་འདིས་ཆོག་ཅེས་གང་ཡང་རུང་བ་ཞིག་ལ་ཞེན་ནས་དབེན་པར་བསྒྲུབས་ཀྱང་མཐའ་མི་ཁྲོལ་བས། ལམ་གོལ་བ་དང་ལོག་པར་མི་ཚོར་རོ། །མིས་བལྟས་ན་ཆོས་བྱས་པར་སྣང་ཡང་། རང་ལ་སྐྱེད་ཅི་ཡང་མེད་པའི་ཕྱིར་རོ། །སྡོང་པོ་བཀོད་པ་ལས། རིགས་ཀྱི་བུ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་ན། ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཚོལ་བ་ལ་བསླབ་པར་བྱའོ་ཞེས་སོ། །ཞེས་གསུངས་པ་ལྟར་རོ། །དེས་ན་རང་ཉིད་ཐར་པའི་ལམ་ཡངས་ཤིང་བསྟན་པ་ཡུན་རིང་དུ་གནས་པའི་ཕྱིར་དང་། འགྲོ་བ་རྣམས་ཕན་པ་དང་བདེ་བའི་

p. 413

དཔལ་བཟང་པོ་ལ་འགོད་པར་བྱ་བའི་སླད་དུ། ཚུལ་འདི་བཤད་པ་དང་སྒྲུབ་པ་ལ་བརྟེན་ནས་ཀུན་བཟང་པདྨ་ཀ་རའི་ཕྲིན་ལས་མཁའ་ཁྱབ་ཏུ་བརྡལ་པར་བྱའོ།། །།སླར་སྨྲས་པ། ཇི་སྙེད་ཟབ་རྒྱའི་ཆོས་ཚུལ་མ་ལུས་པའི། །འཇུག་སྒོའི་རྩ་བར་གྱུར་པ་སྔོན་འགྲོའི་གཞུང་། །གདམས་པའི་སྙིང་པོ་ཡིད་བཞིན་དབང་གི་རྒྱལ། །སྐལ་བཟང་དད་པའི་གཙུག་གིས་ཅིས་མི་བསྟེན། །གྲུབ་བརྙེས་རིག་འཛིན་བྱེ་བ་གཤེགས་པའི་ཤུལ། །ལམ་བཟང་འདི་ལས་གཞན་དུ་མ་དམིགས་པས། །བརྩོན་པས་ཚུལ་བཞིན་ཉམས་སུ་བླངས་བྱས་ན། །དོན་ཆེན་གཏན་གྱི་སྲིད་མཆོག་ཟིན་པར་ངེས། །སྔོན་འགྲོར་གྲགས་ཀྱང་དངོས་གཞིའི་མཐར་ཐུག་པ། །གཅིག་ཆོག་ལམ་གྱི་གཞུང་ཤིང་འདི་མེད་པར། །ཟབ་ཟབ་བསྐྱེད་རྫོགས་མཐོན་པོའི་བཤད་ཡམ་ཀུན། །མགོ་མེད་བེམ་པོར་གྲོང་འཇུག་ངང་ཚུལ་བཞིན། །མང་དུ་ཐོས་ཀྱང་ཉམས་སུ་མ་བླངས་ན། །ཀིམ་པའི་འབྲས་བཞིན་དགོས་དུས་མི་སྟོངས་ཀྱི། །དམ་ཆོས་གོ་ཡུལ་ཙམ་ལ་གདིང་འཆའ་བ། །ཀྱེ་མ་གྲོགས་དག་རྣམ་རིག་སུ་ཡིས་བརྐུས། །དམ་པའི་མན་ངག་སྒྲོན་མེ་ཐོགས་

p. 414

བཞིན་དུ། །ད་ནི་སྙོམས་ལས་མལ་དུ་མི་མནལ་བར། །སྲིད་པ་ཉེས་བརྒྱའི་མུན་རུམ་མཐར་བསྐྲད་དེ། །དོན་གཉིས་སྣང་བ་སྦོར་བའི་དུས་འདི་ལགས། །དེ་ཡང་ལ་འུར་རྩོལ་བས་མ་འབད་ན། །འདི་ནི་དགྲ་ཆེན་འཆི་བདག་གླལ་བའི་ལྕེ། །ངེས་མེད་གློག་གི་གར་སྟབས་ལས་མྱུར་བས། །སྐྱེས་བུའི་འཚོ་བ་འཕྲོག་ལ་ལྷག་པར་རིངས། །ཡིད་འོང་དབེན་པའི་ནགས་ཚལ་ཉམས་དགའི་ངོགས། །ལྷུན་སྟུག་བྲག་རིའི་ཁང་བཟང་བཀོད་ལེགས་པར། །བསམ་གཏན་བདུད་རྩིས་མྱོས་པའི་དྲང་སྲོང་དེས། །འཆི་མེད་བདེ་ཆེན་བཙན་ས་ཟུངས་ཞེས་བསྐུལ། །དེ་སླད་དེ་ཡི་ལམ་བཟང་ཉེར་མཚོན་པའི། །སྔོན་འགྲོའི་རིམ་པ་ལེགས་པར་བཤད་པའི་གཏམ། །བརྒྱུད་ལྡན་བླ་མའི་གསུང་ངག་ལ་བརྟེན་ནས། །དོན་ཟབ་གནད་འདྲིལ་གོ་སླའི་ཁྲིད་དུ་སྤྲོས། །བློ་རྨོངས་གྱུར་ཀྱང་མཁས་དང་གྲགས་འདོད་སོགས། །རྙོགས་བཅས་ཀུན་སློང་ངན་པས་མ་སྦགས་ཕྱིར། །གཞན་ལ་ཕན་འདོད་ཁོ་ན་ལྷུར་བླངས་ནས། །ལྷག་བསམ་དག་པས་བརྗོད་འདིར་ནོངས་མེད་སྙམ། །འོན་ཀྱང་ཉེས་པར་བཤད་ཀུན་བདག་སྐྱོན་ཏེ། །རྣམ་སྨིན་རྩུབ་མོའི་རྒྱུ་རུ་མི་འགྱུར་

p. 415

ཞིང་། །ལེགས་བཤད་ཆ་རྣམས་བླ་མའི་བཀའ་དྲིན་ཏེ། །དམ་པའི་དགོངས་པ་སྐོང་ནུས་བྱིན་བརླབ་གསོལ། །ཚུལ་འདིར་འབད་ལས་བསོད་ནམས་གང་ཐོབ་པ། །དེས་ནི་འགྲོ་ཀུན་ཐེག་མཆོག་ལམ་སྲོལ་འདིར། །ཐོས་བསམ་སྒོམ་པའི་སྐལ་བཟང་རབ་ལྡན་ནས། །ཕུན་ཚོགས་དོན་གཉིས་ཡིད་བཞིན་ལྷུན་གྲུབ་ཤོག །བདག་ཀྱང་རང་འདོད་ཡིད་བྱེད་དང་བྲལ་ཏེ། །མཐའ་ཡས་འགྲོ་བའི་འདྲེན་པར་ཆས་པ་ལ། །རྒྱལ་སྲས་ཀུན་ཏུ་འཆང་དང་མཚུངས་པ་ཡི། །རླབས་ཆེན་ཕྲིན་ལས་རྒྱ་མཚོར་དབང་འབྱོར་ཤོག །ངོ་མཚར་ཟབ་གསང་བཀའ་སྲོལ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་བཀོད་ལས་འདིར། །གྲུབ་གཉིས་འདོད་རྒུའི་གྲུ་ཆར་རྟག་འཇོ་བས། །ས་གསུམ་ཕན་བདེའི་བཀྲ་ཤིས་རྒྱས་གྱུར་ཅིག །དེ་ལྟར་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་སྔོན་འགྲོའི་ཁྲིད་རིམ་འཇུག་བདེར་བཀྲལ་བ་ཐར་ལམ་སྣང་བྱེད་ལེགས་བཤད་སྒྲོན་མེ་ཞེས་བྱ་བ་འདི་ནི། སྔ་སོར་རང་གི་རྡོ་རྗེ་སློབ་བུའི་ཐུ་བོ་གསང་ཆེན་བསྟན་པའི་རྩ་ལག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེས་རབ་དཀར་

p. 416

ལྷའི་རེག་བྱ་བཟང་པོ་དང་བཀྲ་ཤིས་རྟགས་ཀྱིས་མཚན་པའི་རིན་པོ་ཆེའི་མཎྜལ་དང་བཅས་ཏེ་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་དང་། དེ་དང་མུ་མཐུད་དུ་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེས་ཀྱང་རང་རེའི་ཆོས་བརྒྱུད་ཀྱི་རྗེས་སུ་འབྲང་བ་རྣམས་ཀྱི་འཇུག་སྒོར་གཞན་ལ་ལྟོས་མ་དགོས་པའི་ཡིག་ཆ་འདུས་གསལ་ཞིག་ཅི་ནས་འབྲི་བར་འོས་ཞེས་ནན་ཏན་ཆེན་པོས་བསྐུལ་ཞིང་། གཞན་ཡང་དོན་དུ་གཉེར་བའི་བློ་གྲོས་ཅན་དུ་མས་སྔ་ཕྱིར་ཡང་ནས་ཡང་དུ་བསྐུལ་བ་ལ་བརྟེན་ནས། ཁྱབ་བདག་རྗེ་བཙུན་བླ་མ་དམ་པའི་ཞལ་ལུང་རྩ་བར་བཟུང་ཞིང་མཁས་གྲུབ་གོང་མ་རྣམས་ཀྱིས་ལེགས་པར་བཤད་པའི་ཆ་ཤས་ཇི་ལྟར་རིགས་པས་ཀྱང་གསལ་བར་བྱས་ཏེ། ཨཽ་ཌི་ཡཱ་ནའི་སློབ་དཔོན་ཆེན་པོའི་རིང་ལུགས་སྨྲ་བ་རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་དགེ་ལེགས་རྣམ་པར་རྒྱལ་བའི་སྡེས། རང་ལོ་བཞི་བཅུ་ཞེ་གསུམ་པའི་ཐོག་ཏུ་སོན་པ་མི་ཟད་པའི་ལོ་ཐ་སྐར་ཉ་བའི་ཤེས་རབ་ཀྱི་ཆ་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོ་ལ། ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ལྗོངས་ཀྱི་ཐིག་ལེ་བུ་ཆུ་གཏེར་གྱི་ལྷ་ཁང་རང་བྱུང་འཕགས་པའི་ཕོ་བྲང་ཉམས་དགའ་བའི་གནྡྷོ་ལར་ལེགས་པར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་

p. 417

གཞིར་གྱུར་ཅིག །སྭ་སྟི། ངོ་མཚར་ཟབ་ལམ་ཀུན་གྱི་ཡང་སྙིང༷་སྙིང༷་པོའི་གདམས་བཅུད་སྔོན་འགྲོའི་ཁྲིད་ཚུལ་མཆོག༷ ། མཆོག༷་གྱུར་གདུལ་བྱ་རྣམ་མང་ཀུན་དགའ༷་དགའ༷་ཆེན་མི་འཛད་ཆོས་སྦྱིན་འདོད་འཇོའི་ཕུལ༷། །ཕུལ༷་བྱུང་ལྷག་བསམ་དྲི་མེད་ཤེས་རབ༷་རབ༷་གསལ་རིག་འཛིན་དབང་མོའི་ལེགས་བྱས་དཔལ༷། །དཔལ༷་ལྡན་བླ་མའི་བཞེད་དོན་ལྷུན་གྲུབ༷་གྲུབ༷་གཉིས་འབྱོར་པས་འགྲོ་བའི་ཕྱུག་ཕྱིར་རོ། །སརྦ་དཱ་ཀ་ལྱྰ་ཎཾ་བྷ་བ་ཏུ།། །།

དག་སྣང་སྔོན་འགྲོའི་ངག་འདོན་བསྡུས་པའི་དམིགས་ཟིན་མདོར་བསྡུས།

p. 418
p. 419

དག་སྣང་སྔོན་འགྲོའི་ངག་འདོན་བསྡུས་པའི་དམིགས་ཟིན་མདོར་བསྡུས་བཞུགས་སོ། །ན་མོ་གུ་རུ་ཡེ། ཟབ་ལམ་སྔོན་འགྲོའི་རིམ་པ་འདི་ཉིད་ཉམས་སུ་ལེན་པ་ལ། ཐུན་མོང་དང་། ཐུན་མིན་གྱི་སྔོན་འགྲོ་གཉིས་ལས། དང་པོ་ཐུན་མོང་གི་སྔོན་འགྲོ་བློ་ལྡོག་རྣམ་བཞིའི་ངག་འདོན་བསྒོམ་རིམ་ལ། ན༵་མོ༵་ནི་ཕྱག་འཚལ་ལོ་ཞེས་པ་སྟེ། གང་ལ་ན་དུས་ནམ་དུའང་བསླུ་བ་མེ༵ད་པར་གཏ༵ན་གྱི༵་སྐྱབས་སམ་མགོན༵་པོ༵་མཆོག་ཏུ་གྲུབ་པ་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ༵་མ༵་རིན་པོ་ཆེ་ཉིད་མཁྱེ༵ན་ནོ་ཞེས་རྒྱུ་མཚན་ཤེས་པའི་སྒོ་ནས་གསོལ་བ་འདེབས་པ་སྔོན་དུ་འགྲོ་བས། འདི་ལྟར་དལ༵་འབྱོར༵་གྱི་ཡོན་ཏན་ཕུན་སུམ་ཚོགས་པས་བརྒྱན་པའི་ལུས་རྟེན་འདི༵་ལྟ་བུ་ནི༵་ཤི༵ན་ཏུ༵་ནས་ཀྱང་རྙེད༵་པ༵ར་དཀ༵འ་ལ། རྙེད་དུ་ཟིན་པའི་ལུས་རྟེན་སྐྱེས༵་ཚད༵་ཐམས་ཅད་ཡུན་དུ་མི༵་རྟག༵་པར་འཆི༵་བ༵འི་ཆོ༵ས་ཅ༵ན་ཁོ་ན་ཡི༵ན། དེའི་ཚེའི་ལུས་འདི་འདོར་བ་ཙམ་ལས་སེམས་ནི་དགེ༵་སྡིག༵་གང་བསགས་པའི་ལ༵ས་ཀྱི༵་རྗེས་སུ་འབྲང་སྟེ་རྒྱུ༵་འབྲ༵ས་བདེ་སྡུག་གི་ངང་ཚུལ་བསླུ༵་བ༵་མེ༵ད་པར་ཉམས་སུ་མྱོང་དགོས་ཤིང་། ཁ༵མས་གསུ༵མ་འཁོ༵ར་བའི་གནས་རིས་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག༵་བསྔ༵ལ་རྒྱ༵་མཚོ༵འི་རྦ་ཀློང་དུ་མུ་མཐའ་མེད་པར་མནར་བའི་རང་

p. 420

བཞིན་ཅན་ཏེ། དེ་ལྟ་བུའི་ང༵ང་ཚུལ་རྒྱུད་ལ་དྲ༵ན་ན༵ས་བད༵ག་གི་བློ༵་སེམས་དམ་པའི་ཆོ༵ས་ལ༵་འགྱུ༵ར་བ༵ར་ཤོ༵ག་ཅིག་ཅེས་འདོན་བསྒོམ་དུ་བྱའོ། །གཉིས་པ་ཐུན་མིན་གྱི་སྔོན་འགྲོ་ལ་བདུན་ལས། དང་པོ་སྐྱབས་འགྲོ་ནི། མདུན་གྱི་ནམ་མཁར་སྐྱབས་ཡུལ་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོ་རྩ་བའི་བླ་མ་ཉིད་གུ་རུ་རིན་པོ་ཆེའི་རྣམ་པར་མངོན་སུམ་དུ་བཞུགས་པར་མོས་ལ། དུས་འདི༵་ནས་བཟུ༵ང་སྟེ་ཇི་སྲིད་བྱ༵ང་ཆུ༵བ་སྙིང༵་པོ༵་མ༵་ཐོ༵བ་ཀྱི་བ༵ར་དུ། བླ༵་མ༵་དཀོ༵ན་མཆོ༵ག་གསུ༵མ་ལ༵་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་སྐྱབ༵ས་སུ༵་མཆི༵འོ་སྙམ་དུ་ཕྱག་འཚལ་བ་དང་བཅས་སྐྱབས་འགྲོ་བྱའོ། །གཉིས་པ་སེམས་བསྐྱེད་ནི། སྐྱབས་ཡུལ་དཔང་པོར་གསོལ་ཏེ། དུས་ད༵་ན༵ས་བཟུ༵ང་སྟེ༵་ཇི་སྲིད་འཁོ༵ར་བ༵་མ༵་སྟོ༵ང་གི་བ༵ར་དུ་མ༵་གྱུ༵ར་སེ༵མས་ཅ༵ན་ཀུ༵ན་གྱི༵་ཕ༵ན་བདེ༵་བསྒྲུ༵བ་པའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱིའོ་སྙམ་དུ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང་། གསུམ་པ་མཎྜལ་ནི། མཎྜལ་ཚོམ་བུ་དངོས་སུ་བཤམས་པ་དཔེར་མཚོན་ནས། ཚེ༵་ར༵བས་ཀུན༵་གྱི༵་ལུས༵་ད༵ང་ལོ༵ངས་སྤྱོད༵་དཔ༵ལ་ཡོན་དགེ་བའི་རྩ་བ་དང་བཅས་པ་བློས་བླངས་ཏེ་ཚོ༵གས་གཉིས༵་རྫོ༵གས་པའི་ཕྱི༵ར་དཀོ༵ན་མཆོ༵ག་གསུ༵མ་ལ༵་འབུ༵ལ་ལོ་

p. 421

སྙམ་དུ་མཎྜལ་འབུལ་ལོ། །བཞི་པ་རྡོར་སེམས་བསྒོམ་བཟླས་ནི། རང་ཉིད་ཐ་མལ་དུ་གནས་པའི་སྤྱི༵་བོ༵ར་རྩ་བའི་བླ༵་མ༵་དང་དཔལ་རྡོ༵་རྗེ་སེ༵མས་དཔའ་དབྱེར༵་མེ༵ད་དུ་བཞུགས་པ༵འི་སྐུ༵་ལུ༵ས་བྱང་སེམས་བདུ༵ད་རྩི༵འི་རྒྱུན༵་བ༵བས་པ་རང་གི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཀུན་གང་བས་སྡིག་སྒྲིབ༵་ཉམས་ཆག་ཐམས་ཅད་ལྷག་མེད་དུ་སྦྱང༵ས་པར་གྱུར༵་པར་བསམ་ལ་ཡིག་བརྒྱ་དང་ཡིག་དྲུག་ཅི་ནུས་སུ་བཟླས་མཐར། བླ་མ་རྡོ་རྗེ་སེམས་དཔས་དགྱེས་བཞིན་གནང་བ་སྩལ་བ་དང་ཆབ་གཅིག་འོ༵ད་དུ་ཞུ༵་ནས་བད༵ག་གི་སྣ༵ང་བ་ད༵ང་འདྲེ༵ས་པར་གྱུར་པར་བསམ་ལ་ཡིག་བརྒྱ་དང་ཡིག་དྲུག་ཅི་ནུས་སུ་བཟླས་མཐར། བླ་མ་རྡོ་རྗེ་སེམས་དཔས་དགྱེས་བཞིན་གནང་བ་སྩལ་བ་དང་ཆབ་གཅིག་འོ༵ད་དུ་ཞུ༵་ནས་བད༵ག་གི་སྣ༵ང་བ་ད༵ང་འདྲེ༵ས་ནས་རོ༵་གཅི༵ག་ཏུ་གྱུར༵་པར་བསམ་མོ། །ལྔ་པ་བླ་མའི་རྣལ་འབྱོར་ནི། རང་གི་མདུན་གྱི་ནམ་མཁ༵འ་རུ༵་དྲིན་ཆེན་རྩ༵་བ༵འི་བླ༵་མ༵་དེ་ཉིད་གུ་རུ་པ༵དྨ༵འི་སྐུར་བཞེ༵ངས་ཏེ་མངོན་སུམ་དུ་བཞུགས་པར་གྱུར༵་པར་བསམ་ལ། ཕྱོགས་བཅུ་དུས༵་གསུ༵མ་གྱི་སང༵ས་རྒྱས༵་མ༵་ལུ༵ས་པ་འདུ༵ས་པ༵འི་སྐུ་མཆོག་རྩ༵་བ༵འི་བླ༵་མ༵་དེ༵་ལ༵་སྙིང་ནས་གདུང་ཤུགས་དྲག་པོས་གསོ༵ལ་བ༵་འདེ༵བས་སོ། ཚེ་འདི༵་དང་ཕྱི༵་མ་བ༵ར་དོ༵་གསུ༵མ་དུ༵་འབྲལ་བ་མེད་པར་ཐུ༵གས་རྗེ༵ས་ཟུ༵ངས་ལ་དུ༵ས་གསུ༵མ་རྒྱུན༵་ཆད༵་མེ༵ད་པ༵ར་བྱི༵ན་གྱིས༵་རློ༵བས་ཤིག་ཅེས་གསོལ་བ་ཕུར་ཚུགས་སུ་གདབ། མཐར་ཐུགས་དམ་

p. 422

བསྐུལ་བའི་ཕྱིར་དུ་བཛྲ་གུ་རུའི་བཟླས་པ་ཅི་ནུས་ཀྱི་མཐར། བླ་མའི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པ་རང་ལ་ཐིམ་པས་སྒྲིབ་བཞི་དག་ནས་དབང་བཞི་ཡོངས་རྫོགས་ཐོབ་པར་བསམ་ལ་བཛྲ་གུ་རུ་ཀྰ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཞེས་དབང་བཞི་བླང་ངོ་། །དྲུག་པ་འཕོ་བ་ནི། བླ་མ་དང་གཉིས་སུ་མེད་པའི་མགོ༵ན་པོ༵་འོ༵ད་དཔ༵ག་མེ༵ད་ལ༵་གསོ༵ལ་བ༵་འདེ༵བས་སོ། །ཟ༵བ་ལ༵མ་འཕོ༵་བ༵་འབྱོ༵ངས་ཏེ་བདེ་བ་ཅན་དུ་སྐྱེ་བ༵ར་བྱིན༵་གྱིས༵་རློབ༵ས་ཤིག་ཅེས་གསོལ་འདེབས་ཅི་ནུས་དང་འཕོ་བའི་འདུན་པ་བྱའོ། །བདུན་པ་ལུས་སྦྱིན་ནི། ད༵་ནི༵་རང་གི་ལུ༵ས་ད༵ང་ལོ༵ངས་སྤྱོད༵་དུས་གསུམ་བསགས་པའི་དགེ༵་རྩར༵་བཅས༵་པ་ཐམས་ཅད་མ༵་གྱུར༵་འགྲོ༵་བ་ཀུན་ལ༵་ཕ༵ང་པ༵་མེ༵ད་པ༵ར་བཏང༵་སྟེ་བསྔོས་ལ་འགྲོ༵་བའི་དོ༵ན་རླབ༵ས་པོ་ཆེ༵་གེ༵གས་མེ༵ད་ཡིད་བཞིན་དུ་འགྲུ༵བ་པ༵ར་ཤོ༵ག་ཅིག་ཅེས་སྨོན་ལམ་གདབ། དེ་ཐམས་ཅད་ཀྱང་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་གྱི་རྒྱས་ཐེབ་པར་བྱའོ། །ཞེས་པའང་ཀོང་པོ་བྲག་གསུམ་ཕྱོགས་ཀྱི་སྒྲུབ་བརྩོན་བྱམས་པ་ཆོས་འཛིན་གྱིས་བསྐུལ་བའི་གཡར་ཁྲལ་དུ་ཛྙྰ་ནས་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པ་དགེ། །།

ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་འཕོ་བའི་གདམས་པ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་ཡིག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ།

p. 423

༄༅། །ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་འཕོ་བའི་གདམས་པ་མ་བསྒོམས་སངས་རྒྱས་ཀྱི་ཁྲིད་ཡིག་བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

p. 424

ཁྱབ་བདག་བླ་མ་མགོན་པོ་འོད་དཔག་ཏུ་མེད་པའི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ། །འདྲེན་པ་གཟི་བརྗིད་མཐའ་ཡས་བདེ་ལྡན་མགོན། །རྒྱལ་བ་རྒྱ་མཚོའི་རིགས་བདག་དེར་བཏུད་ནས། །མ་བསྒོམས་སངས་རྒྱས་མྱུར་ལམ་འཕོ་བའི་ཁྲིད། །ཐར་འདོད་སྐལ་བཟང་ངལ་གསོའི་སྐྱེས་སུ་སྦྱིན། །དེའང་གསང་ཆེན་རྡོ་རྗེ་ཐེག་པའི་རྒྱུད་དང་མན་ངག་ཀུན་གྱི་མཐར་ཐུག་དངོས་གཞིའི་ཉམས་ལེན་གྱི་ཆ་ལག་མ་བསྒོམས་པར་འཚང་རྒྱ་བར་བྱེད་པའི་གདམས་པ་ཟབ་མོ། སྙིགས་དུས་ཀྱི་སེམས་ཅན་ཚེ་ཐུང་ལ་ཉོན་མོངས་པ་རགས་པས་བསྐྱེད་རྫོགས་ཀྱི་གདམས་པ་ཐོབ་

p. 425

ཀྱང་རྣམ་པར་གཡེང་བའི་དབང་དུ་གྱུར་ཏེ་ཉམས་ལེན་འཕྲོ་ཅན་གྱུར་པ་དང་། སྡིག་པོ་ཆེ་མཚམས་མེད་པ་ལྔ་ལ་སྤྱོད་པའི་གང་ཟག་ཞིག་ཡིན་ཀྱང་། ལམ་འདི་དང་འཕྲད་ན་བཙན་ཐབས་སུ་གྲོལ་བར་འགྱུར་ཏེ། ཕུར་པའི་བཤད་རྒྱུད་ལས། འཆི་བ་ཞེས་ནི་རྣམ་རྟོག་སྟེ། མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། ཉེས་པ་ཀུན་གྱིས་གོས་པ་ནི། །འཕོ་བའི་སྦྱོར་བ་བྱས་པས་གྲོལ། །སྡིག་གིས་ཀུན་ནས་མི་གོས་ཏེ། །འཁོར་བའི་ཕ་རོལ་མཆོག་ཏུ་སྒྲོལ། །ཅེས་དང་། དམ་པས། འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་

p. 426

འབྱོར་སངས་ཆུང་རྒྱ་བ་ཡིན། །ཞེས་སོ། །དེས་ན་དེ་ལྟ་བུའི་གདམས་པ་ལ་གཉིས་ཏེ། ཉམས་ལེན་སྦྱོང་བ་དང་། ལས་ལ་སྦྱར་བའོ། །སྔ་མ་ལ་ཡང་། སྔོན་འགྲོ། དངོས་གཞི། རྗེས་གསུམ་གྱི། དང་པོ་སྔོན་འགྲོ་ནི། དབེན་པའི་གནས་སུ་རྣམ་པར་གཡེང་བ་ཐམས་ཅད་སྤངས་ནས་བདེ་ཞིང་རྒྱབ་ཅུང་ཟད་མཐོ་བ་ལ་ལུས་རྣམ་སྣང་གི་ཆོས་བདུན་དང་ལྡན་པས་ལེགས་པར་འཁོད་ནས། སྐྱབས་སུ་འགྲོ་བ་དང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་བསྒོམ་ཞིང་། བསགས་སྦྱོང་གི་ལས་དང་བླ་མའི་རྣལ་འབྱོར་ལ་བརྟེན་ནས་ཟབ་ལམ་འཕོ་བའི་གདམས་པ་མྱུར་དུ་འབྱོངས་པར་གསོལ་བ་གདབ་བོ། །གཉིས་པ་དངོས་གཞི་ནི། འདི་ལྟར་དམིགས་འདོན་ཟུང་དུ་འཇུག་པས། ཨོཾ་སྭ་བྷྰ་ཝ་ཤུདྡྷཿསརྦ་དྷ་རྨྰཿསྭ་བྷྰ་ཝ་ཤུདྡྷོ་྅ཧཾཿ ཞེས་བརྗོད་པ་ཙམ་གྱིས་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རྣམ་པར་དག་པའི་སྟོང་པ་ཆེན་པོའི་བདག་ཉིད་ངའོ་སྙམ་དུ་མཉམ་པར་བཞག །སྟོང་པའི་ངང་ལས་གནས་ཡུལ་འོག་མིན་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོར་ཡོངས་སུ་དག་པའི་དབུས་སུ་སྣ་ཚོགས་པདྨ་འདབ་བརྒྱད་དགྱེས་པའི་ཟེའུ་འབྲུར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་གཞི་ལུས་

p. 427

འདི་ཉིད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་རྗེ་བཙུན་རྡོ་རྗེ་འབྱོར་མའི་སྐུར་གྱུར་པ་ནི། སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མའི་འོད་ཀྱིས་འཁྱུད་པ་ལྟ་བུའི་གཟི་བརྗིད་ཅན། ཕྱག་གཡས་ཟངས་ཀྱི་གྲི་གུག་རྡོ་རྗེ་རྩེ་ལྔའི་ཡུ་བ་ཅན་ནམ་མཁར་འཕྱར་ཞིང་། གཡོན་ཐོད་པ་བདུད་བཞིའི་ཁྲག་གིས་བཀང་བ་ཐུགས་ཀར་བསྣམས་པ། བཅུ་དྲུག་ལོན་པའི་ཉམས་ལྡན་ལང་ཚོ་གསར་པས་མཛེས་པའི་ནུ་འབུར་ཟུང་གིས་སྒེག་ཅིང་གསང་བའི་པདྨོ་རྒྱས་པ། ཤིན་ཏུ་ཆགས་ཤིང་འཛུམ་པ་ལས་ཀྱང་ཡིད་ཙམ་ཁྲོ་བའི་ཉམས་ཀྱི་མཆེ་བའི་མྱུ་གུ་བཞི་ཅུང་ཟད་གཙིགས་པ། སྤྱན་གསུམ་ཕྱོགས་བཅུར་གཡོ་བས་གདུག་པ་ཅན་རྣམས་བག་འཁུམ་པར་བྱེད་པ། དབུ་སྐྲ་ཕྱེད་བཅིངས་པའི་ལྷག་མ་རྒྱབ་ཏུ་སིལ་བུར་གྲོལ་བ། དབུ་ལ་ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་ཅན་ལྔས་བརྒྱན་ཅིང་སྐུ་ལ་རུས་པའི་རྒྱན་དྲུག་གིས་མཛེས་པར་སྤྲས་པ། དྲི་མ་མེད་པའི་འོད་ཟེར་ཚད་མེད་པར་འཕྲོ་བའི་ཀློང་དུ་ཞབས་གཉིས་འདོར་སྟབས་སུ་བཞེངས་པ། སྣང་ལ་རང་བཞིན་མེད་པ་སྟོང་གསལ་འོད་ཀྱི་གུར་ཁང་དུ་གསལ་བའི་ལུས་དབུས་སུ་རྩ་དབུ་མ་བྱང་ཆུབ་ཀྱི་རྒྱུད་ལམ་ཕྱི་དཀར་ལ་ནང་དམར་བ་བར་བསྔོ་བ། སྦོམ་ཕྲ་མདའ་

p. 428

སྨྱུག་འབྲིང་པོ་ཙམ། ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ། ཏིལ་ཞུན་གྱི་མར་མེ་ལྟར་གསལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣ་སྤྱི་བོའི་ཚངས་པའི་བུ་གར་ཐལ་གྱིས་ཟུག་ཅིང་། མར་སྣ་ལྟེ་འོག་གཉེར་པོ་ཆེ་ལ་ཟུག །སྙིང་གའི་ཐད་དུ་སྨྱུག་ཚིག་ལྟ་བུར་འགགས་པའི་ནང་གི་སྟེང་དུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་ཁ་དོག་ལྔ་ལྡན་བྱ་མ་གསར་གྱི་སྒོ་ང་ཙམ་པ་གསལ་འཚེར་སྣུམ་ལ་འདྲིལ་བ་ཡང་ཞིང་གཡོ་བ་འཕུར་ལ་ཁད་པའི་རྣམ་པ་ཅན། དབུ་མའི་ཡར་སྣ་ཚངས་བུག་རྒྱ་མཐོང་ཁ་ཕྱེ་བ་ལྟ་བུའི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་སངས་རྒྱས་འོད་དཔག་ཏུ་མེད་པ་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་ལ་ཆོས་གིས་རྣམ་གསུམ་ཀླུབས་ཤིང་། ཕྱག་གཉིས་ལྟེ་འོག་མཉམ་གཞག་གི་ཕྱག་རྒྱ་མཛད་པ། པདྨ་དང་ཟླ་བའི་གདན་ལ་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཡོངས་སུ་རྫོགས་ཤིང་རྩ་བརྒྱུད་ཀྱི་བླ་མ་སྐྱབས་གནས་མ་ལུས་

p. 429

པ་འདུས་པའི་བདག་ཉིད་ཅན་འདྲེན་པའི་དེད་དཔོན་ཆེན་པོར་མངོན་སུམ་བཞིན་དུ་བཞུགས་པར་མོས་ཤིང་། དེ་ཉིད་གཞུང་ཚིག་གིས་གསལ་འདེབས་པར་འདོད་ན། ཨེ་མ་ཧོཿ རང་སྣང་རྣམ་དག་དོན་གྱི་འོག་མིན་ཞིང་༔ རང་ལུས་རྣལ་འབྱོར་དམར་མོ་གྲི་ཐོད་ཅན༔ ཞི་འཛུམ་དོར་སྟབས་མཚན་དཔེའི་ལང་ཚོས་མཛེས༔ སྐུ་དབུས་དབུ་མ་མདའ་སྨྱུག་འབྲིང་པོ་ཙམ༔ སྙིང་གའི་གནས་ནས་སྤྱི་བོར་ཐ་ལེར་ཟུག༔ རིགས་ཀྱི་བདག་པོ་སངས་རྒྱས་འོད་དཔག་མེད༔ དམར་གསལ་མཉམ་གཞག་སྐྱིལ་ཀྲུང་པད་ཟླར་བཞུགས༔ ཞི་འཛུམ་མཚན་དཔེ་རབ་རྫོགས་སྤྲུལ་སྐུའི་ཆས༔ སྐུ་ལ་བཀོད་པ་རྒྱལ་བའི་དཀྱིལ་འཁོར་རྫོགས༔ སྙིང་དབུས་རིག་པ་དྭངས་མའི་ཐིག་ལེར་གསལ༔ དབུ་མའི་ལམ་ནས་སྐར་མདའ་རྒྱུག་པ་བཞིན༔ སངས་རྒྱས་འོད་དཔག་མེད་པའི་ཐུགས་ཀར་འཕོ༔ ཞེས་གསལ་བཏབ་ལ། མོས་གུས་ཀྱི་གདུང་བ་དྲག་པོ་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་འདི་སྐད་དུ། ཆོས་སྐུ་ཀུན་བཟང་སྣང་བ་མཐའ་ཡས་ལ། །བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །ཟབ་ལམ་འཕོ་བ་འབྱོངས་པར་བྱིན་གྱིས་རློབས། །བདག་

p. 430

ནི་འདི་ནས་ཚེ་འཕོས་གྱུར་མ་ཐག །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །དེ་བཞིན་དུ་འགྲེལ་ལ། ལོངས་སྐུ་གར་དབང་ཐུགས་རྗེ་ཆེན་པོ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ༴ སྤྲུལ་སྐུ་སློབ་དཔོན་པདྨ་འབྱུང་གནས་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ༴ རྒྱལ་ཡུམ་ཌྰ་ཀི་ཡེ་ཤེས་མཚོ་རྒྱལ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ༴ གྲུབ་ཆེན་འབྲོག་བན་ཁྱེའུ་ཆུང་ལོ་ཙྰ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ༴ གཏེར་སྟོན་རིག་འཛིན་བདུད་འཇོམས་གླིང་པ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ༴ ཁྱབ་བདག་འགྱུར་མེད་ངེས་དོན་དབང་པོ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ༴ མཚུངས་མེད་དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ངག་འདོན་ཅུང་ཟད་རྒྱས་པར་སྤྲོས་པ་དང་། རྩ་གཞུང་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བའི་མགོན་པོ་པདྨ་འབྱུང༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་༴ བདག་ནི༴ བདེ་བ༴ མཚུངས་མེད་དྲིན་ཆེན་རྩ་བརྒྱུད་བླ་མ་ལ། །བཟོད་མེད༴ ཟབ་ལམ༴ བདག་ནི༴ བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་ངག་འདོན་ཅུང་ཟད་རྒྱས་པར་སྤྲོས་པ་དང་། རྩ་གཞུང་ནི། ཆོས་སྐུ་སྣང་མཐའ་ལོངས་སྐུ་སྤྱན་རས་གཟིགས༔ སྤྲུལ་སྐུ་འགྲོ་བའི་མགོན་པོ་པདྨ་འབྱུང༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཟབ་ལམ་

p. 431

འཕོ་བ་འབྱོངས་པར་བྱིན་གྱིས་རློབས༔ ཞེས་གསོལ་འདེབས་རྒྱས་བསྡུས་གང་ནུས་མཐར། རྣམ་ཤེས་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་སྐར་མདའ་འཕང་བ་ལྟར་སངས་རྒྱས་ཀྱི་ཐུགས་ཀར་འཕོས་པར་མོས་ཤིང་རླུང་དམིགས་སེམས་གསུམ་གྱེན་དུ་གཏད་ལ་ཕཊ་སྒྲ་བདུན་ནམ་ཉེར་གཅིག་སོགས་ཀྱིས་སྦར། འདིར་གཞན་ཡང་འཕོ་བ་འཇའ་ཚུགས་མ་དང་བསམ་པ་ལྷུན་འགྲུབ་མའི་འཕོ་བའི་གསོལ་འདེབས་སོགས་སྦྱར་བར་འདོད་ཀྱང་རུང་སྟེ་གདམས་པའི་ཆུ་བོ་གཅིག་ཏུ་འདྲེས་པ་ཡིན་ནོ། །དེ་ལྟར་ཡང་ཡང་སྦྱངས་པས་འབྱོངས་པའི་རྟགས་སུ་རབ་དྲན་མེད་དུ་འགྲོ་བ་དང་། འབྲིང་སྤྱི་བོ་ཟ་ཞིང་འབུར་བ་དང་། ཤུ་རྡོག་འབྱུང་བ་དང་། ཆུ་སེར་འཛག་པ་དང་། རླུང་གྱེན་དུ་བརྩེག་ཅིང་ནང་དུ་གནོན་དཀའ་བ་དང་། ཤེས་པ་གནད་དུ་མི་ཕེབས་པར་ཡེད་ཡེད་པ་སོགས་བྱུང་ན་འཇག་མ་འཛུགས་པ་སོགས་ཀྱིས་ཚད་ལ་འབེབས་པར་བྱ་ཞིང་། རྟགས་མངོན་སུམ་མ་བྱུང་གི་བར་དུ་བསྐྱར་ལ་འབད་པར་བྱའོ། །གསུམ་པ་རྗེས་ནི། ཐུན་མཚམས་སུ་ཊ་ཞེས་པའི་སྒྲས་རླུང་དམིགས་སེམས་གསུམ་སྙིང་གར་ཕབ། དེ་མ་ཐག་སྤྱི་བོའི་རིགས་བདག་སྣང་མཐའ་འོད་དམར་པོའི་རྣམ་པར་མེར་གྱིས་ཞུ་

p. 432

ནས་དབུ་མའི་ལམ་བརྒྱུད་སྙིང་དབུས་སུ་ཐིམ་པས་འཆི་མེད་ཚེ་ཡི་རིག་འཛིན་བརྙེས། ཚངས་བུག་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱིས་བཀག་པར་བསམ་ཞིང་ཚེ་བསྙེན་གང་འགྲུབ་བཟླས་མཐར། འཁོར་གསུམ་ཡོངས་སུ་དག་པའི་བསྔོ་བས་རྒྱས་གདབ་ཅིང་གནས་ལུགས་མ་བཅོས་པའི་ངང་དུ་མཉམ་པར་བཞག །རྟགས་ཐོན་ནས་མ་ཤིའི་བར་དུ་ཉིན་མཚན་གུང་གི་ཐུན་ལ་དམིགས་པ་མ་བརྗེད་ཙམ་དང་གསོལ་འདེབས་མ་ཆག་ཙམ་མ་གཏོགས་འབད་པ་ཆེར་བྱས་ན་དུས་མ་ཡིན་པར་ཚེའི་དུས་བྱེད་པར་འགྱུར་ཉེན་ཆེ་བས་མི་བྱ། ཚེ་སྒྲུབ་ལ་འབད་ཅིང་སྨོན་ལམ་གྱི་རིམ་པ་ལ་བརྩོན་པར་བྱའོ། །གལ་ཏེ་སྦྱང་དུས་དྲན་མེད་དུ་བརྒྱལ་བ་སོགས་བྱུང་ན། རྐང་མཐིལ་བརྡུང་བ་དང་། དྲོད་བདུགས་ཀྱིས་གསོ་བ་སོགས་བྱ་ཞིང་། དམིགས་པ་རྐང་པ་གཉིས་མཉམ་པར་གཤིབས་ཏེ་ལངས་པའི་མཐིལ་དུ་གསེར་གྱི་རི་རབ་ལྕི་ཞིང་འཐས་པ་རེས་མཐུར་དུ་འཐེན་པར་བསམ་ལ་གོམ་པས་བཅག་པ་དང་རྐང་མཐིལ་ལ་ཤེས་པ་དྲིལ་བས་སེལ་བར་ངེས་སོ། །གཉིས་པ་ལས་ལ་སྦྱར་བ་ལ་གཉིས། གཞན་ཕན་འགྲོ་དོན་གྱི་ཚུལ་དང་། རང་ཉིད་འཕོ་བའི་ཚུལ་ལོ། །དང་པོ་ནི། འགྲོ་བ་གང་ཡང་རུང་བ་ལས་ཀྱི་མཐའ་ཟད་

p. 433

ཤི་བར་གྱུར་པ་ན། དྲོད་མཐའ་ནས་དབུས་སུ་འདྲིལ་ཞིང་སྙིང་གའི་དྲོད་སྟོད་དུ་འཕྱུར་བ། ཡན་ལག་བཞིའི་འཕར་རྩ་འཕྲོ་ཆད་ཅིང་། རྦ་རླབས་གཉིས་ཀྱང་ཅུང་ཟད་རེ་ཙམ་ལས་ཆེར་འཕར་དུ་མི་བཏུབ་ལ། ཕྱི་དབུགས་ཆད་ནས་ཅུང་ཟད་སོང་བའི་ནང་དབུགས་ཀྱང་ཆད་མ་ཐག་པའི་མོད་དེ་ཉིད་ལ་ཕུང་པོ་བསྒུལ་བསྐྱོད་དང་འཕུར་བསུབ་མ་བྱས་པའི་སྐབས་དེར། ཚེ་འདས་དེའི་རྣ་བར་མཆུ་གཏད་དེ་སྐད་ཆེན་པོས་མིང་ནས་བོས་ལ། ཁྱོད་ཤི་བ་ཡིན་ནོ། །ཞེས་ལན་གསུམ་བརྡ་སྤྲད་དེ། ཁྱོད་ཚོ་འདིའི་སྣང་བ་ནི་ནུབ། ཕྱི་མའི་སྣང་བ་ནི་མ་ཤར། ད་ལྟ་བར་དོ་ཆོས་ཉིད་ཀྱི་ངང་དུ་གནས་པ་ལགས་པས་ངོ་ཤེས་པར་གྱིས་ཤིག །དེ་ཡང་ཁྱོད་འཆི་བའི་ཚེ་གཟུགས་ཀྱི་ཕུང་པོ་ཐིམ་པས་ཉམ་ཆུང་ཞིང་ནུས་པ་ཟད། མེ་ལོང་ལྟ་བུའི་ཡེ་ཤེས་ཐིམ་པས་སེམས་མི་གསལ་ཞིང་རབ་རིབ་ཏུ་འགྱུར། ས་ཁམས་ཐིམ་པས་ལུས་སྐམ་ཞིང་རེངས། མིག་དབང་ཐིམ་པས་མིག་མི་གསལ་ཞིང་བཞིན་འགྱུར། གཟུགས་ཁམས་ཐིམ་པས་ལུས་ཀྱི་མདངས་ཉམས། ཚོར་བའི་ཕུང་པོ་ཐིམ་པས་ལུས་ཀྱི་ཚོར་བ་ཆུང་། མཉམ་ཉིད་ཡེ་ཤེས་ཐིམ་པས་ཚོར་བ་གསུམ་མི་དྲན། ཆུ་ཁམས་ཐིམ་པས་ལུས་ཀྱི་

p. 434

རྡུལ་ཁ་ཆུ་ལ་སོགས་པ་སྐམ། རྣ་བའི་དབང་པོ་ཐིམ་པས་ཕྱི་ནང་གི་སྒྲ་མི་གསལ། སྒྲ་ཐིམ་པས་རང་གི་ལུས་ཀྱི་སྒྲ་མི་ཐོས། འདུ་ཤེས་ཀྱི་ཕུང་པོ་ཐིམ་པས་སེམས་ཅན་རྣམས་མི་དྲན། སོར་རྟོག་ཡེ་ཤེས་ཐིམ་པས་ཉེ་དུ་ལ་སོགས་མི་དྲན། མེ་ཁམས་ཐིམ་པས་ཟས་མི་འཇུ། སྣ་ཡི་དབང་པོ་ཐིམ་པས་སྟེང་རླུང་དལ་གྱིས་འགྲོ། དྲི་ཐིམ་པས་རང་གི་དྲི་མི་བྲོ། འདུ་བྱེད་ཀྱི་ཕུང་པོ་ཐིམ་པས་རང་གི་བྱ་བ་ཐམས་ཅད་འཇུག་པར་མི་འགྱུར། བྱ་གྲུབ་ཡེ་ཤེས་ཐིམ་པས་བྱ་བ་དང་དགོས་པ་མི་དྲན། རླུང་ཐིམ་པས་རླུང་གི་གནས་ནས་འཕོ། ལྕེ་དབང་ཐིམ་པས་ཐུང་ཞིང་སྦོམ་པར་འགྱུར། རོ་ཐིམ་པས་རོ་དྲུག་ཉམས་སུ་མི་མྱོང་། དེ་དག་ནི་རགས་པ་ཉི་ཤུ་ཐིམ་ཚུལ་ལོ། །དེ་ནས་ཕྲ་བ་ནང་གི་འབྱུང་བ་བཞི་ཐིམ་ཚུལ་ནི། ས་ཆུ་ལ་ཐིམ་པས་ཕྱི་རྟགས་ལུས་བསྒུལ་བསྐྱོད་མི་ནུས་ཤིང་ཟུངས་མི་ཐུབ། ལུས་ས་ལ་བྱིང་བ་སྙམ་བྱེད་པ་འཐེན་ཟེར་བ་སོགས་འབྱུང་། ནང་རྟགས་ཤེས་པ་དུ་བ་ལྟ་བུ་བན་བུན་ལང་ལོང་འཆར། ཆུ་མེ་ལ་ཐིམ་པས་ཕྱི་རྟགས་ཁ་ཆུ་དང་སྣ་ཆུ་ལ་སོགས་སྐམ། ནང་རྟགས་ཤེས་པ་སྨིག་རྒྱུ་ལྟ་བུ་གཡོ་ཞིང་མི་བརྟན་པ་འབྱུང་། ཆུ་མེ་ལ་ཐིམ་པས་ལུས་ཀྱི་དྲོད་ཆུང་དུ་འགྲོ་ཞིང་མཐའ་ནས་

p. 435

སྡུད། ནང་རྟགས་སྲིན་བུ་མེ་ཁྱེར་ལྟ་བུ་གསལ་ལམ་པ་འབྱུང་། རླུང་རྣམ་པར་ཤེས་པ་ལ་ཐིམ་པས་ཕྱི་རྟགས་དབུགས་རིང་རྒྱུ་ཞིང་ནང་དུ་སྡུད་མི་ཐུབ། ཅུང་ཟད་རེ་སྡུད་ཀྱང་ཐུང་ལ་རྩུབ་པར་སྡུད། ནང་རྟགས་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའི་གསལ་ལམ་པ་འབྱུང་། དེ་དག་ནི་ཕྲ་བ་འབྱུང་བཞི་ཐིམ་ཚུལ་ལོ། །དེ་ནས་དེའི་མོད་ལ་སྣང་མཆེད་ཐོབ་གསུམ་ཐོབ་ཚུལ་ནི། རྣམ་པར་ཤེས་པ་སྣང་བ་ལ་ཐིམ་པས་སྤྲིན་མེད་པའི་ནམ་མཁའ་ལ་ཟླ་འོད་ཤར་བ་ལྟ་བུའི་སྣང་བ་དཀར་ལམ་པ་འབྱུང་། ཞེ་སྡང་ལས་གྱུར་པའི་ཀུན་རྟོག་སོ་གསུམ་འགགས། སྣང་བ་མཆེད་པ་ལ་ཐིམ་པས་ནམ་མཁའ་ལ་ཉི་མ་ཤར་བ་ལྟ་བུའི་སྣང་བ་དམར་ལམ་པ་འབྱུང་། འདོད་ཆགས་ལས་གྱུར་པའི་ཀུན་རྟོག་བཞི་བཅུ་འགགས། མཆེད་པ་ཉེར་ཐོབ་ལ་ཐིམ་པས་ནམ་མཁའ་དག་པ་ལ་མུན་མཚམས་ཀྱི་སྨག་གིས་ཁྱབ་པ་ལྟ་བུའི་སྣང་བ་ནག་ལམ་པ་འབྱུང་ཞིང་དྲན་པ་ཉམས་ཏེ་ནག་ཐོམ་གྱིས་དྲན་མེད་དུ་འགྲོ། གཏི་མུག་ལས་གྱུར་པའི་ཀུན་རྟོག་བདུན་འགགས། དེ་ནས་དྲན་མེད་སངས་པ་ན་ཟླ་འོད་དང་ཉི་འོད་དང་མུན་པའི་སྨག་སྟེ་ནམ་མཁའ་བསླད་བྱེད་ཀྱི་རྐྱེན་དང་བྲལ་བའི་ཐོ་རེངས་དུས་ཀྱི་

p. 436

ནམ་མཁའ་གཡའ་དག་པ་ལྟ་བུ་ཞིག་འཆར་ཏེ་དེ་ནི་འཆི་བའི་འོད་གསལ་དངོས་གཞི་ཡིན་པས་ངོས་ཟིན་པར་གྱིས་ལ་དེའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་ངོ་སྤྲོད་ལ། ཆོས་པ་ཉམས་མྱོང་ཅན་ཐུགས་དམ་ལ་བཞུགས་པའི་རིགས་ཡིན་ན་སྐབས་འདིར་ཁོ་རང་གི་ཉམས་ལེན་དང་མཚམས་པའི་ངོ་སྤྲོད་བྱས་ལ་བཞག །སོ་སོ་སྐྱེ་བོ་ཕལ་པ་ཡིན་ན། སྐབས་འདིར་བར་དོ་དངོས་མིན་པས་ལས་ཀྱིས་ཁ་བསྒྱུར་དུ་མི་བཏུབ་ཅིང་ཕྱི་མའི་སྣང་བ་མི་འཆར། ཚེ་འདིའི་སྣང་བ་ནུབ་པའི་སྐབས་ཡིན་པས་འཕོ་བ་ཐེབས་སླ་ཞིང་། དུས་འདི་ལས་འགྱང་ན་བར་དོ་གཉིས་པ་ཕན་ཆད་ནས་ལས་ཀྱིས་བསྒྱུར་དུ་བཏུབ་ཅིང་རིམ་གྱིས་ཕྱི་མའི་སྣང་བ་འཆར་བས་འཕོ་བ་ཐེབས་བུལ་ཆུང་དུ་འགྲོ་བ་ཡིན་པས་སྐབས་འདིར་འཕོ་བ་གདབ་པ་ཤིན་ཏུ་གལ་ཆེའོ། །དེ་ལ་གདབ་པའི་ཐབས་ནི། དེ་ལྟར་ཁྱོད་ཀྱིས་ཐིམ་རིམ་ངོ་མ་ཤེས་ཤིང་འོད་གསལ་གྱི་ངང་ལ་མཉམ་པར་འཇོག་མི་ཐུབ་པར་འདུག་ན་ཁྱོད་རང་སེམས་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་རྩེ་གཅིག་ཏུ་སྒོམས་ཤིག །ཨོཾ་སྭ་བྷྰ་ཝ་སོགས་སྔར་སྦྱངས་པའི་དུས་ལྟར་དང་། མཇུག་ཏུ། ཕཊ་ཀྱི་བརྡ་སྦྱར་བའི་དུས་ཁྱོད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་ལུས་ལ་ཕྱི་མིག་མ་

p. 437

བལྟས་པར་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོས་ཤིག །ཅེས་ཐིམ་རིམ་དང་དམིགས་པ་རྣམས་ཚིག་ཟུར་མ་ཉམས་ཤིང་གསལ་གདངས་ཐོན་པར་དལ་བུས་ངོ་སྤྲད་ལ། གསོལ་འདེབས་ཀྱི་ཚེ་བདག་ནི་ཅེས་པའི་མལ་དུ་ཚེ་འདས་འདི་ནི་ཞེས་འདོན་པ་བསྒྱུར། དམིགས་ཡུལ་ལ་བཟོད་དུ་མེད་པའི་སྙིང་རྗེ་ཆེན་པོས་དྲངས་པའི་སེམས་རྩེ་གཅིག་ཏུ་གཏད་ནས་འཕོ་བ་བཏབ་པས། རང་ཉིད་གྲོགས་བཅས་མགོ་ན་བ་དང་། དམིགས་ཡུལ་གྱི་ཐོད་པ་གོགས་པ་དང་འབུར་བ་ཚེག་སྒྲ་འབྱིན་པ་དང་། ཁྲག་དང་ཆུ་སེར་འབབས་པ་སོགས་རྟགས་དངོས་སུ་འོང་བས་མ་བྱུང་གི་བར་དུ་བསྐྱར་ལ་གདབ། རྟགས་ཐོན་ནས་བསྔོ་བ་དང་སྨོན་ལམ་གྱིས་མཚམས་སྦྱར་བར་བྱའོ། །གཉིས་པ་རང་དོན་དུ་ལས་ལ་སྦྱར་བའི་ཚུལ་ནི། རང་ཉིད་འཆི་བའི་རྟགས་ཚང་ཞིང་དེ་ཉིད་ཀྱང་འཆི་བསླུའི་ཆོ་ག་སོགས་ཀྱིས་མ་བཟློག་པར་ངེས་པར་འཆི་བ་ལ་ཉེ་བའི་ཚེ་འཕོ་བར་བྱ་ཞིང་། འཆི་ལྟས་ཀྱི་ངེས་པ་བརྟན་པོ་མ་མཐོང་བར་བབ་ཅོལ་དུ་འཕོ་ན་རང་ཉིད་ཀྱི་ལྷ་རྣམས་བསད་པའི་ཉེས་པ་སོགས་ཀྱིས་དམྱལ་བར་སྐྱེ་བར་གསུངས་པས་དུས་མིན་དུ་འཕོ་མི་རུང་ངོ་། །དེ་ལ་ལྟས་བརྟགས་པའི་ཚུལ་

p. 438

ནི་གཞན་ལས་འབྱུང་བ་ལྟར་ཤེས་པར་བྱ་ཞིང་། འཆི་ལྟས་བྱུང་ན་འཆི་བ་བསླུ་བའི་ཐབས་སྣ་ཚོགས་བྱ། དེས་ཀྱང་མ་བཟློག་པར་ངེས་པར་འཆི་བའི་མཚན་མ་བརྟན་པོ་མཐོང་ན་རང་གི་ནོར་རྫས་རྣམས་བསོད་ནམས་གསོག་པའི་ཕྱོགས་སུ་བཏང་། འཁོར་དང་ལོངས་སྤྱོད་ལ་ཆགས་ཞེན་སྤང་། དམ་ཚིག་ཉམས་ཆག་བྱུང་བ་ལ་བཤགས་སྡོམ་དྲག་པོ་བྱ། ཡི་དམ་གྱི་བྲིས་སྐུ་སོགས་མདུན་དུ་བཀྲམ་ལ་ལྷའི་རྣལ་འབྱོར་ཅི་རིགས་བསྒོམ། ཡི་དམ་དང་བཀའ་སྲུང་ལ་གཏོར་མ་ཕུལ་ཏེ་འཆི་བ་ལམ་དུ་ལོངས་པར་གསོལ་བ་དྲག་ཏུ་གདབ། ཆགས་སྡང་སོགས་དུག་ལྔའི་རྟོག་པ་མཚམས་སྦྱོར་ངན་པ་ཐམས་ཅད་སྤངས་ལ་སྨོན་ལམ་བཟང་པོ་བཏབ། འོག་མིན་ནམ་གསང་སྔགས་སྤྱོད་པའི་རིག་འཛིན་གྱི་ཞིང་ཁམས་ཡིད་ལ་བྱ་ཞིང་། དེར་འཕོ་བའི་འཕེན་པ་དྲག་པོ་ཡང་བྱ། དེ་ནས་འཆི་བ་ལ་ཤིན་ཏུ་ཉེ་བའི་རྟགས་ཤར་བ་ན་ལས་སྦྱོར་དངོས་ནི། ལུས་གནད་སོགས་སྔར་སྦྱོང་བའི་སྐབས་ལྟར་བྱ་ཞིང་། གལ་ཏེ་ནད་ཀྱིས་མནར་བ་སོགས་ལུས་གནད་སྔར་ལྟར་འདུག་པར་དཀའ་ན་གྲོགས་ཀྱིས་སྐྱོར་བའམ། ཡང་ན་སེང་གེའི་ཉལ་སྟབས་བྱ་སྟེ། མགོ་བྱང་དུ་བསྟན། གློ་གཡས་ས་ལ་ཕབ།

p. 439

ལག་གཡས་འགྲམ་པ་གཡས་ལ་སྦྱར། ལག་གཡོན་བརླ་གཡོན་པའི་སྟེང་དུ་སྦུབས་ལ་བརྐྱང་། རྐང་པ་གཡས་འོག་དང་གཡོན་སྟེང་དུ་བཞག་པའི་ལོང་བུ་བརྩེགས་ཏེ་བརྐྱང་། བག་ཙམ་བསྐུམ་ལ་འཕོས་ཀྱང་ངེས་པར་རུང་ལ། དམིགས་པ་སྔར་ལྟར་ལས་རང་གི་ཚངས་བུག་རྒྱ་མཐོང་ཁ་ཕྱེ་བ་ལྟར་སྐྱ་སེང་ངེ་ཡོད་པ་རིགས་བདག་གི་འོག་སྒོ་དང་ཁ་སྦྱར་བར་བསྒོམ་ལ་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དེ་ཉིད་དབུ་མའི་ནང་བརྒྱུད་ནས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་ཀར་འཕོ་བར་དམིགས་པས་སྐྲ་གྱེན་དུ་ཐེན་ལ་ཕཊ་དྲག་པོ་ཉེར་གཅིག་གིས་ཚངས་བུག་ནས་སྐར་མདའ་འཕངས་པ་ལྟར་སངས་རྒྱས་ཀྱི་ཐུགས་ཀར་འཕོས་པའི་སྦྱོར་བ་བྱས་པས། འཕོ་ནུས་པའི་རྟགས་སུ་ཤེས་པ་ནག་ཐུམ་བྱེད་ཅིང་དབུགས་ནང་དུ་མི་འདུས་པར་ཕྱིར་ནར་གྱིས་འགྲོ། སྤྱི་གཙུག་ན་བ་དང་གཡའ་བ་འབྱུང་། དེ་ལྟར་མ་བྱུང་ན་རེ་ཞིག་ཚུར་དྲངས་ལ་ངལ་གསོས་ཏེ། སླར་ཡང་དམིགས་པ་གསལ་བཏབ་ལ་ཧིག་དྲག་པོ་སོགས་ཀྱིས་འཕོ། རྟགས་བྱུང་ན་གོང་ལྟར་ཕཊ་ཉེར་གཅིག་གིས་འཕོ། དེས་མ་འཕོས་ན་ཉེར་གཉིས་ནས་ཉེར་ལྔའི་བར་བརྗོད་པས་ངེས་པར་

p. 440

འཕོ་སྟེ། མཐར་མགོན་པོ་འོད་དཔག་མེད་ཀྱང་རང་ཉིད་གང་འདོད་པའི་ཞིང་དེའི་སངས་རྒྱས་ཀྱི་ཐུགས་ཀར་ཐིམ་པར་བསམ་པའམ། ཡང་ན་འོད་གསལ་རྫོགས་པ་ཆེན་པོའི་ངང་དུ་བསྡུ། ཡང་རང་ཉིད་ནད་དྲག་པོས་མནར་བ་སོགས་ཀྱིས་ཕཊ་སྒྲ་འབྱིན་པར་མི་ནུས་ན། རང་གིས་དམིགས་པ་དང་རླུང་དམིགས་སེམས་གསུམ་གྱེན་ཏུ་གཏད་ལ་འཕོ་བའི་འདུན་པ་དྲག་ཏུ་བྱ། གྲོགས་ཀྱིས་ཕཊ་དྲག་པོ་ཉེར་ལྔ་འམ་ཧིཀ་དྲག་པོ་ཉེར་ལྔ་སོགས་ཀྱིས་བསྐུལ་ཡང་རུང་སྟེ། དུས་ངེས་མེད་དུ་འཕོ་བ་སྦྱོང་བའི་སྐབས་ལས་འཆི་ཁར་འཕོ་བ་ལྷག་པར་ཐེབས་སླ་བར་བཤད་པའི་ཕྱིར་རོ། །གཞན་དེ་ལྟར་མི་ཤེས་པའི་མིའམ་དུད་འགྲོ་རྣལ་འབྱོར་པས་དམིགས་པ་ཁོ་ན་མ་གཏོགས་པ་ཡུལ་དེ་ལ་བརྡ་མ་སྤྲད་ཀྱང་ཐེབས་པ་མྱོང་བས་གྲུབ་ཅིང་། དེ་ཙམ་མི་ནུས་པ་ལ་ཡང་ཤི་བའི་ཚེ་སྤྱི་གཙུག་ལ་རེག་ཅིང་། སངས་རྒྱས་སྨན་པའི་རྒྱལ་པོ་དང་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ནས་བརྗོད་པ་ཙམ་གྱིས་ཀྱང་རྒྱལ་བའི་སྲས་པོ་བརྒྱད་ཀྱིས་བདེ་བ་ཅན་དུ་ཁྲིད་པར་གསུངས་ལ། མིན་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷའམ་བདེ་འགྲོ་གཞན་དུ་ངེས་པར་སྐྱེ་བར་གསུངས་སོ། །

p. 441

མྱུར་ལམ་སྙིང་པོ་མ་བསྒོམ་སངས་རྒྱས་ཆོས། །འཕོ་བའི་ཉམས་ལེན་ཤིན་ཏུ་གསལ་བྱས་པ། །འདི་ལས་འགྲོ་ཀུན་འཆི་བ་ལམ་ལོངས་ཏེ། །རང་གྲོལ་བདེ་ཆེན་རྒྱལ་བའི་གནས་ཐོབ་ཤོག །ཅེས་པའང་འཕགས་ཡུལ་ཟ་ཧོར་མཚོ་པདྨ་ཅན་ཕྱོགས་ཀྱི་དགེ་སྦྱོང་རྣལ་འབྱོར་སྤྱོད་པ་བསྟན་འཛིན་ཆོས་འཕེལ་གྱིས་བསྐུལ་བའི་ངོར། གཏེར་གཞུང་རྩ་བའི་དགོངས་དོན་བླ་མའི་མན་ངག་གིས་གསལ་བར་བྱས་ཏེ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས་ཡི་གེ་པ་ནི་རྣལ་འབྱོར་པ་རིག་བཟང་རྡོ་རྗེས་བགྱིས་པ་སྟེ། འདིས་ཀྱང་འབྲེལ་ཚད་འཆི་བ་ལམ་དུ་ལོངས་པའི་རྒྱུར་གྱུར་ཅིག། །།

རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན།

p. 442
p. 443

༄༅། །རི་ཆོས་བསླབ་བྱ་ཉམས་ལེན་དམར་ཁྲིད་གོ་བདེར་བརྗོད་པ་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ།། །།

p. 444

བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་དང་བདག་གི་རྗེས་འཇུག་རྣམས་ཀྱི་རྒྱུད་ལ་ཟབ་ལམ་གྱི་རྟོགས་པ་ཕྱིན་ཅི་མ་ལོག་པ་མྱུར་དུ་སྐྱེས་ནས་ཚེ་འདི་ཉིད་ལ་གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་ལ་འདིར་སྔོན་གྱི་སྨོན་ལམ་ལས་འཕྲོ་རྣམ་པར་དག་པས་མཚམས་སྦྱར་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་དང་དེ་སྟོན་པའི་བླ་མ་ལ་སྙིང་ནས་བློ་ཁེལ་ཞིང་ཉམས་ལེན་མཐར་སྐྱེལ་བར་འདོད་པའི་གང་ཟག་སྐལ་པ་ཅན་རྣམས་ཀྱི་འཇུག་སྒོར་རི་ཆོས་གནད་ཀྱི་བསླབ་བྱ་ཡང་གསང་རྫོགས་པ་ཆེན་པོའི་ཉམས་ལེན་དམར་ཁྲིད་ལག་

p. 445

བཅངས་སུ་གོ་བདེ་བར་འཆད་པ་ལ་སྤྱི་དོན་རྣམ་པ་གསུམ་གྱི་སྒོ་ནས་ཤེས་པར་བྱ་སྟེ། སྦྱོར་བ་ཆགས་ཞེན་གྱི་འཁྲི་བ་བཅད་ནས་བློ་ཆོས་ཕྱོགས་སུ་བཀོལ་ཏེ་རྒྱུད་སྦྱོང་ཚུལ། དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ། རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱབ་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱིས་བསྡུ་ཚུལ་ལོ། །དེ་ལས་དང་པོའི་དོན་ཅུང་ཟད་སྨྲ་བར་བྱའོ། །ཀྱེ་མ་འོ་སྐོལ་རྣམས་ཀྱི་སེམས་ཞེས་བྱ་བའི་རིག་རིག་ཏུར་ཏུར་པོ་འདི་ཀུན་བཟང་པོ་དང་དུས་མཉམ་དུ་དང་པོ་ཉིད་ནས་བྱུང་བ་ཡིན་ཀྱང་། ཀུན་ཏུ་བཟང་པོས་རང་དུ་མཁྱེན་པས་གྲོལ། རང་རེ་སེམས་ཅན་རྣམས་ཀྱིས་ངོ་མ་ཤེས་པས་འཁོར་བ་

p. 446

མཐའ་མེད་དུ་འཁྱམས། རིགས་དྲུག་གི་ལས་གྲངས་ལས་འདས་པ་ཞིག་བླངས། བྱས་པ་ཐམས་ཅད་དོན་མེད་དུ་སོང་། ད་རེས་མི་ལུས་བརྒྱ་ལ་ལན་གཅིག་ཐོབ་པའི་དུས་འདིར་འཁོར་བ་ངན་སོང་དུ་མི་སྐྱེ་བའི་ཐབས་ཤིག་མ་འགྲུབ་ན། ཤི་ནས་གར་སྐྱེ་ངེས་པ་མེད་ཅིང་། འགྲོ་བ་རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་ཁོ་ན་ལས་མ་འདས། མི་ལུས་འདི་ཡང་ཐོབ་པས་མི་ཆོག་སྟེ་ནམ་འཆི་ཆ་མེད་པས་ད་ལྟ་ཉིད་དུ་ཆོས་གཤའ་མ་ཞིག་བྱེད་དགོས། དེ་ཡང་འཆི་ཁར་མི་འགྱོད་ཅིང་རང་གིས་རང་ལ་མི་ཁྲེལ་བ་རྗེ་བཙུན་མི་ལ་ལྟ་བུ་ཞིག་དགོས་ཏེ། ང་མི་ལ་རས་པའི་ཆོས་ལུགས་ལ། །རང་གིས་རང་ལ་མ་ཁྲེལ་བ། །ཞེས་གསུངས། ཆོས་ལམ་དུ་འཇུག་པ་ལའང་ཆོས་གཟུགས་མཁན་སྤྱི་འགྲེས་ནི་མི་ཆོག་སྟེ། ཚེ་འདིར་ལྟོས་ཀྱི་བྱ་བཞག་འདོད་ཡོན་གྱི་འཁྲི་བ་ཐམས་ཅད་གཅོད་དགོས། དེ་མ་ཆོད་པར་བློ་སབ་སོབ་ཙམ་གྱིས་ཆོས་སྒོར་ལན་གཅིག་ཞུགས་ཀྱང་། ཕ་ཡུལ་ནོར་རྫས་གཉེན་བཤེས་མཛའ་གྲོགས་སོགས་ལ་ཆགས་ན། ཆགས་སེམས་དེས་རྒྱུ་དང་། ཆགས་ཡུལ་དེས་རྐྱེན་བྱས། མཚམས་སྦྱོར་བར་ཆད་བདུད་ཀྱིས་བྱས་ཏེ། སླར་ཡང་འཇིག་རྟེན་ཐ་མལ་པ་དང་འདྲེས་ནས་ལས་མཐའ་ལོག་པར་འགྱུར་པ་ཡིན། དེས་ན་གྱོང་ལྟོ་གོས་གཏམ་གསུམ་ལ་བསྐུར་ནས་འཇིག་རྟེན་ཆོས་

p. 447

བརྒྱད་ལ་མ་ཆགས་པར་རྩེ་གཅིག་ཏུ་ཆོས་ལ་བློ་སྒྲིལ་བར་བྱ་སྟེ། འཆི་བ་སྙིང་ཟུག་གི་དབེན་གནས་སུ། །ཞེན་པ་གཏིང་ལོག་གི་སྒྲུབ་པ་པོ། །ཚེ་འདི་བློས་བཏང་གི་སྐུ་མཚམས་བཅད། །སེམས་ཆོས་བརྒྱད་ཀྱི་མི་དང་མཇལ་འཕྲད་མེད། །ཅེས་རྒྱལ་བ་ཡང་དགོན་པ་ལྟ་བ་ཞིག་བྱེད་དགོས། དེ་མིན་ཆོས་བརྒྱད་དང་འདྲེས་པའི་ཆོས་དེ་དུག་དང་འདྲེས་པའི་ཁ་ཟས་བཟའ་བ་དང་མཚུངས་པས་ཕུད་ཚབ་ཤིན་ཏུ་ཆེ། ཆོས་བརྒྱད་དེའང་བསྡུ་ན་རེ་དོགས་གཉིས་སུ་འདུ་ལ་དེ་ཀ་དོན་ལ་ཆགས་སྡང་གཉིས་པོ་ཡིན། ནང་གི་ཆགས་སྡང་ཕྱི་རོལ་རྒྱལ་བསེན་གཉིས་སུ་བརྫུ་བས་བློ་ཆགས་སྡང་དང་མ་བྲལ་གྱི་རིང་ལ་རྒྱལ་བསེན་དང་མི་འབྲལ་བས་བར་ཆད་ལ་ཟད་པ་མི་འོང་། དེས་ན་ཞེ་ཕུག་ཏུ་ཆོས་བརྒྱད་ཚེ་འདིའི་རློམ་ཞེན་ཨེ་འདུག་རང་གིས་རང་ལ་ཡང་ཡང་བརྟག་ནས་སྐྱེན་དེ་འདོར་བ་ལ་ནན་ཏན་བྱ། ཆོས་བརྒྱད་ཞེ་ལ་བཅངས་ནས་ལྟར་སྣང་ཆོས་ལྟར་བཅོས་ཏེ་གཡོ་སྒྱུས་བསྒྲུབས་པའི་ཡོ་བྱད་ཀྱང་ལོག་པའི་འཚོ་བ་ཡིན། ཕ་ཡུལ་སྤངས་པས་ཆོས་ཕྱེད་གྲུབ་ཟེར་བ་ལྟར་ཕ་ཡུལ་རྒྱབ་ཏུ་བསྐྱུར་ནས་ཆ་མེད་ཀྱི་རྒྱལ་ཁམས་འགྲིམ། གཉེན་བཤེས་དང་བཟང་འབྲལ་བྱས་ཏེ་ཆོས་ཀྱི་བཤོལ་འདེབས་ལ་མི་ཉན། ནོར་རྫས་སྦྱིན་པར་བཏང་

p. 448

ནས་འཚོ་བ་བསོད་སྙོམས་གང་བྱུང་ལ་བརྟེན། འདོད་ཡོན་མཐའ་དག་ལང་ཤོར་གྱི་བར་ཆད་དུ་ཤེས་པར་བྱས་ལ་མི་འདོད་པའི་བློ་བསྐྱེད། ནོར་རྫས་ལྟ་བུ་ལའང་བག་ཙམ་གྱིས་ཆོག་ཤེས་པར་མ་བྱས་ན་གཅིག་བྱུང་གཉིས་དགོས་ཀྱི་རིང་ལ་འདོད་ཡོན་བསླུ་བྲིད་ཀྱི་བདུད་འཇུག་པ་ལ་ཚེགས་མེད། གཏམ་བཟང་ངན་གང་ལའང་བདེན་འཛིན་རེ་དོགས་དགག་བསྒྲུབ་མི་བྱེད་པར་མི་ཤི་བའི་ཤུལ་གྱི་གཏམ་བཞིན་ཅི་ལབ་རུང་ལབ་ཏུ་ཆུག །མཚན་ལྡན་གྱི་བླ་མ་མ་གཏོགས་བསླབ་བྱ་དྲང་པོར་བཤད་མཁན་ཕ་མ་ཡིན་ཀྱང་མི་ཡོང་བས་རང་ཚོད་རང་གིས་བཟུང་སྟེ་སྣ་ཐག་མི་ལ་མ་ཤོར་བར་བྱ། རྣམ་པ་ཙམ་དུ་ངང་རྒྱུད་རིང་བའི་སྒོ་ནས་ཀུན་གྱི་སྣ་མི་བསྲེག་པར་མཐུན་པས་འགྲོགས་ཤེས་པ་དང་། དོན་ལ་སྒྲུབ་པའི་གེགས་སུ་འགྲོ་ན་དྲག་ཞན་སུས་ཀྱང་བསྒུལ་མི་ནུས་པ་ལྕགས་ཀྱི་ཕ་བོང་ལ་དར་ཡུག་བཏགས་པ་འདྲ་ཞིག་དགོས། རླུང་གང་ནས་རྒྱབ་རྒྱབ་ལ་མགོ་གུག་གུག་བྱེད་པ་ལ་ཁའི་འཇགས་མ་འདྲ་བའི་མི་གཞི་སླ་མོ་དེས་མི་ཡོང་། སྒྲུབ་པ་ཉམས་ལེན་གང་ཡང་ཐོག་མར་བརྩམས་པ་ནས་མཐར་མ་ཕྱིན་གྱི་བར་དུ། སྟེང་ནས་ཐོག་བབས། འོག་ནས་མཚོ་བརྡོལ། ལོགས་ནས་བྲག་རལ། འཆི་བ་སྲོག་ལ་བབས་ཀྱང་དམ་བཅའ་བཤིག་རེ་སྙམ་དུ་ཞེ་མནའ་བོར་ལ་དེ་ཀ་བཞིན་དུ་

p. 449

མཐར་ཐོན་པའང་བྱེད། ཐུན་ཚོད། གཉིད་ཚོད། ཐ་ན་ཁམས་གསེང་ཟས་ཀྱི་ཚོད་སོགས་དང་པོ་རང་ནས་ལང་ཤོར་ལ་མ་བཏང་བར་རིམ་པས་སྲོལ་དུ་ཚུད་པར་བྱ། ལྷག་པར་སྤྲོས་བཅས་སྤྲོས་མེད་ཀྱི་དགེ་སྦྱོར་གང་ལའང་རེས་འཇོག་སྤངས་ལ་ས་སྟོང་ཐ་མལ་དུ་དར་གཅིག་ཀྱང་མ་ལུས་པའི་ཉམས་ལེན་བསྟར་རྐང་སྙོམས་པར་བྱེད། མཚམས་ཀྱི་ཚེ་སྦུག་སྒོ་འདག་སྦྱར་རམ་མིན་ཀྱང་གཞན་དང་གདོང་མི་འཕྲད། ངག་མི་གཏོང་། བྱ་ར་མི་བྱེད། སེམས་ཙབ་ཙུབ་ཀྱི་རྣམ་གཡེང་ཐམས་ཅད་ཅམ་གྱི་བཞག་ནས། རླུང་རོ་དོར། ལུས་གནད་ལེགས་པར་བཅའ། ཡིད་དྲན་རིག་གི་ཐོག་ཏུ་སྤང་ལ་བེ་ཕར་བཏབ་པ་ལྟར་སྐད་ཅིག་ཀྱང་གཡོ་མེད་དུ་སྡོད་ཚུག་པ་ཞིག་དགོས་ཏེ། ཕྱི་ནང་གསང་བའི་མཚམས་དམ་པ་ལས་རྟགས་དང་ཡོན་ཏན་ཐམས་ཅད་མྱུར་དུ་འབྱུང་བ་ཡིན། ད་རེས་ཁག་ཆེ་བས་ཁོང་དང་འཕྲད། ངག་ཀྱང་བཏང་། དེ་ཕྱིན་ནས་དམ་པོ་བྱའོ་སྙམ་པས་དེ་ལྟར་ཐལ་ན་སྒྲུབ་པའི་གཡང་ཤོར་ནས་ཇེ་ལྷོད་ཇེ་ལྷོད་ལ་འགྲོ། དེས་ན་ཐོག་མ་ཉིད་ནས་སྡོད་ཐག་རྦད་ཀྱིས་བཅད་ན་ཇེ་དམ་ཇེ་དམ་ལ་འགྲོ་ཞིང་སྒྲུབ་པ་བར་ཆད་ཀྱིས་མི་ཁྱེར་བ་ཡིན། གནས་ཀྱི་ཁྱད་པར་མཚན་ཉིད་བརྟག་ཐབས་མང་དུ་འབྱུང་ཡང་སྤྱིར་བཏང་གུ་རུ་རིན་པོ་ཆེ་སོགས་གྲུབ་ཐོབ་གོང་མའི་བྱིན་གྱིས་

p. 450

བརླབས་ཤིང་དམ་སེལ་ཅན་གྱིས་མ་བརྟེན་པ་དང་། ཤིན་ཏུ་དབེན་ཅིང་མཐུན་རྐྱེན་འཛོམ་སླ་བ་སོགས་རང་རང་གི་ཁམས་དང་བསྟུན་པ་འཐད། དུར་ཁྲོད་དང་གཉན་ཁྲོད་སོགས་གཞི་བདག་གདུག་པ་ཅན་གནས་པ་རྣམས་སུ་ཕྱི་ནང་གི་རྟེན་འབྲེལ་འགྲིགས་པ་མྱུར་བས་ནུས་པའི་རྩལ་གྱིས་ཆུན་ན་སྒོམ་ལ་བོགས་དེ་རང་ཆེ། མ་ཆུན་ན་བར་ཆད་ཀྱང་མང་། རྟོགས་པ་ཀློང་དུ་གྱུར་ཚེ་འགལ་རྐྱེན་ཐམས་ཅད་གྲོགས་སུ་འཆར་བ་ཡིན་པས་དེ་དུས་དུར་ཁྲོད་སོགས་སུ་གསང་སྤྱོད་བྱས་ན་ལྷག་པར་བཟང་། རྒྱུན་དུ་ཕྱི་ནང་གི་འདུ་འཛིའི་བྱ་བ་ཐམས་ཅད་བཏང་སྟེ་བྱར་མེད་དུ་གནས་པ་དོན་གྱི་དབེན་གནས་ཡིན། རྒྱུད་སྦྱོང་བ་དངོས་ལ། ཐུན་མོང་དུ་བློ་ལྡོག་རྣམ་པ་བཞི་དང་། ཐུན་མིན་སྐྱབས་སེམས་སྒྲིབ་སྦྱོང་ཚོགས་བསགས་རྣམས་ཁྲིད་ཡིག་བཞིན་རེ་རེ་ནས་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་ལ་ཉམས་ལེན་གྱི་སྲོག་ཏུ་བཟུང་ནས་བརྩོན་དགོས། དེ་མ་བྱས་ན་བསྒོམ་སྐྱེ་བ་བུལ། ཅུང་ཟད་སྐྱེས་ཀྱང་གེགས་སྡང་། རྟོགས་པ་གཤའ་མ་རྒྱུད་ལ་སྐྱེར་མི་བཏུབ་པས་བཅོས་མིན་གྱི་མོས་གུས་དྲག་པོས་གསོལ་བ་བཏབ་པས། ཇི་ཞིག་ནས་ཐུགས་རྒྱུད་ཀྱི་དགོངས་པ་འཕོས་ཏེ་རྟོགས་པ་ཁྱད་པར་ཅན་ཚིག་གིས་བརྗོད་དུ་མི་ནུས་པ་རང་གི་ནང་ནས་

p. 451

སྐྱེ་བར་ངེས་ཏེ། བླ་མ་ཞང་རིན་པོ་ཆེས། གནས་པ་བསྐྱང་བ། ཉམས་མྱོང་བསྐྱང་བ། ཏིང་ངེ་འཛིན་བསྐྱང་བ་ལ་སོགས་པ་མང་བར་གདའ་སྟེ། མོས་གུས་ཀྱི་སྟོབས་ལས་བླ་མའི་བྱིན་རླབས་ཀྱིས་རྟོགས་པ་ནང་ནས་སྐྱེ་བ་འདི་དཀོན་པར་གདའ། ཞེས་གསུངས། དེས་ན་རྫོགས་པ་ཆེན་པོའི་དོན་རྒྱུད་ལ་སྐྱེ་བ་སྔོན་འགྲོ་ལ་རག་ལས་པ་ཡིན་པས། རྗེ་འབྲི་གུང་པས། ཆོས་གཞན་དངོས་གཞི་ཟབ་པར་བྱེད་དེ། ངེད་འདིར་སྔོན་འགྲོ་ཟབ་པར་བྱེད། ཅེས་གསུངས་པའི་དགོངས་པའང་དེ་ལྟར་ཡིན་པར་གདའ་འོ། །གཉིས་པ་དངོས་གཞི་ལྟ་སྒོམ་སྤྱོད་པའི་སྒྲོ་འདོགས་བཅད་དེ་སྒྲུབ་པ་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ནི། ཐོག་མར་ཡིན་ལགས་ཤེས་པའི་ལྟ་བ་ལ། འདི་ལྟར་རང་གི་སེམས་ཉིད་དོན་དམ་གཤིས་ཀྱི་གནས་ལུགས་དེ་ཐ་སྙད་བློས་བཟོ་བཅོས་ཀྱི་མཚན་མ་ཐམས་ཅད་དང་བྲལ་བར་རིག་ཐོག་ཏུ་གཏན་ལ་ཕབ་པས། རིག་པ་རང་བྱུང་གི་ཡེ་ཤེས་སུ་རྗེན་པར་ཤར་བ་ལ། ཚིག་གིས་བརྗོད་དུ་མེད། དཔེས་མཚོན་དུ་མེད། འཁོར་བ་ན་ངན་དུ་མ་སོང་། འདས་པ་ན་བཟང་དུ་མ་སོང་། སྐྱེ་མ་མྱོང་། འགགས་མ་མྱོང་། གྲོལ་མ་མྱོང་། འཁྲུལ་མ་མྱོང་། ཡོད་མ་མྱོང་། མེད་མ་

p. 452

མྱོང་། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུའང་མ་ལྷུང་། མདོར་ན་ཡེ་ནས་དངོས་པོ་སྤྲོས་པའི་མཚན་མ་ཅན་དུ་ནམ་ཡང་གྲུབ་མ་མྱོང་བས་ངོ་བོ་ཀ་དག་སྟོང་ཉིད་བརྡལ་ཁྱབ་ཆེན་པོ། སྟོང་པའི་མདངས་མ་འགགས་པར་འཁོར་འདས་ཀྱི་ཆོས་ཁམས་རྒྱ་མཚོ་ཉི་མ་དང་ཉི་མའི་ཟེར་བཞིན་རང་སྣང་བས་ན་ཅང་མེད་བྱང་ཆད་དུ་སྟོང་མ་མྱོང་བས་རང་བཞིན་ཡེ་ཤེས་ཡོན་ཏན་ལྷུན་གྲུབ་ཆེན་པོ། དེ་ལྟར་སྣང་སྟོང་ཟུང་དུ་འཇུག་པའི་རིག་པ་སྐུ་གསུམ་གྱི་བདག་ཉིད་གདོད་མ་གཤིས་ཀྱི་གནས་ལུགས་འདི་གའི་ཡིན་ལུགས་ཇི་ལྟ་བ་བཞིན་ངོ་ཤེས་པ་ལ་བློ་འདས་རྫོགས་པ་ཆེན་པོའི་ལྟ་བ་ཟེར། སློབ་དཔོན་ཆེན་པོས། བློ་འདས་ཆོས་སྐུ་དེ་བཞིན་ཉིད། །ཅེས་གསུངས། འོ་སྐོལ་རྣམས་ཀུན་ཏུ་བཟང་པོའི་དགོངས་པ་ལ་མངོན་སུམ་དུ་སྦར་འཛིན་བྱེད་པ་ལགས་ཏེ་ཨ་རེ་དགའ་ན། རྒྱལ་བས་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིར་ཕྱེ་བ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་སྙིང་པོ་དེ་འདི་རང་ཡིན། འདི་ལས་འགྲོ་ས་སྐར་མ་གང་མེད། འདིའི་ཐོག་ཏུ་ཆོས་ཐམས་ཅད་ཀྱི་སྨར་ཐག་གཅོད་དགོས་པ་ཡིན་ནོ། །ད་དེ་ལྟ་བུའི་ལྟ་བ་ལ་ཐེ་ཚོམ་དང་སྒྲོ་འདོགས་ནང་ནས་ཆོད་པར་བྱས་ཏེ་དེའི་རྒྱུན་སྐྱོང་བ་ལ་སྒོམ་པ་ཟེར་བ་ཡིན། གཞན་གཏད་སོ་དང་བཅས་པའི་སྒོམ་པ་ཐམས་ཅད་བློས་བྱས་ཀྱི་རྟོག་སྒོམ་ཡིན་

p. 453

པས་ང་ཅག་དེ་འདྲ་མི་བྱེད། སྔར་གྱི་ལྟ་བ་དེ་ཀ་ཚུགས་མ་ཤོར་བའི་ངང་ལ་སྒོ་ལྔའི་ཤེས་པ་ཐམས་ཅད་རང་བབས་སུ་ཀློང་ནས་ལྷུག་པར་བཞག །འདིའོ་ཞེས་ཆེད་དུ་མི་བསྒོམ། བསྒོམ་ན་བློ་ཡིན་པས་བསྒོམ་རྒྱུ་ཅི་ཡང་མེད། ཡེངས་སུ་སྐད་ཅིག་ཀྱང་མི་འཇུག །རང་ཐོག་ཏུ་འཇོག་པ་དེ་ལས་ཡེངས་ན་འཁྲུལ་པ་དངོས་ཡིན་པས་མ་ཡེངས་པར་བྱ། རྟོག་པ་ཅི་ཤར་ཡང་འཆར་དུ་བཅུག་ལ། དེའི་རྗེས་སུ་ཡང་མི་འབྲང་། བཀག་ཀྱང་མི་བཀག །འོ་ན་ཇི་ལྟར་བྱ་ཞེ་ན། ཡུལ་གྱི་སྣང་བ་ཅི་ཤར་ཅིར་སྣང་ཐམས་ཅད་བུ་ཆུང་ལྷ་ཁང་ལ་བལྟ་བ་ལྟར་སྣང་ཆ་ལ་འཛིན་པ་མ་ཞུགས་པར་སོ་མར་བཞག་པས་ཆོས་ཐམས་ཅད་རང་ས་རང་ས་ན་བཟོ་མ་ཉམས། མདོག་མ་འགྱུར། བཀྲག་མ་ཡལ་བར་སྣང་ཡང་དེ་ལ་ཞེན་འཛིན་གྱི་རྟོག་པས་མ་བསླད་པས་སྣང་རིགས་ཐམས་ཅད་གསལ་སྟོང་གི་ཡེ་ཤེས་རྗེན་པར་འཆར་བ་ཡིན་ནོ། །ལར་ཆོས་ཟབ་ཟབ་དང་རྒྱ་ཆེ་ཆེའི་མིང་བཏགས་མང་པོ་ཞིག་གིས་བློ་དམན་ཀུན་མགོ་འཁོར་ཞིང་འདུག་པས། དོན་རྡོག་རྡོག་ཧྲིལ་ཧྲིལ་མཛུབ་ཚུག་ཏུ་བསྟན་ན། རྟོག་པ་སྔ་མ་འགགས། ཕྱི་མ་མ་ཤར་བར་དེར། ད་ལྟའི་ཤེས་པ་སོ་མ་བསྒྱུར་བཀོད་སྤུ་ཙམ་མ་སོང་བའི་གསལ་རིག་རྗེན་ནེ་བ་ཞིག་མི་འདུག་གེ། འོ་དེ་ཀ་རིག་པ་རང་གི་བཞུགས་ཚུལ་ཡིན། ཡང་

p. 454

རྟག་པར་དེ་ཁོ་ནའི་ངང་དུ་མི་གནས་པར་རྣམ་རྟོག་ཅིག་ཐོལ་གྱིས་འཆར་གྱི་མི་འདུག་གེ །དེ་རིག་པ་དེའི་རང་རྩལ་ཡིན། འོན་ཀྱང་དེ་ལྟར་ཤར་མ་ཐག་ནས་ངོ་མ་ཤེས་པར་རྣམ་རྟོག་རང་རྒྱུད་པར་འབྱམས་ན་འཁྲུལ་པ་ལུ་གུ་རྒྱུད་ཅེས་འཁོར་བའི་རྩ་བ་ཡིན། ཤར་མ་ཐག་ཏུ་ངོ་ཤེས་ཙམ་གྱིས་རྗེས་མཐུད་མེད་པར་རང་ཐོག་ཏུ་ཀློད་དེ་བཞག་ན་རྣམ་རྟོག་གང་ཤར་ཐམས་ཅད་རིག་པ་ཆོས་སྐུ་ཀློང་དུ་ཕྱམ་ཕྱམ་གྲོལ་བ་འདི་ག་ཁྲེགས་ཆོད་ཀྱི་ལྟ་སྒོམ་གཅིག་ཏུ་དྲིལ་བའི་ཉམས་ལེན་དངོས་གཞི་ཡིན། དགའ་རབ་རྡོ་རྗེས། གདོད་ནས་དག་པར་དབྱིངས་ཀྱི་ངང་ཉིད་ལས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས། འདི་ལ་རྡོ་རུས་གཏུགས་ཏེ་ཉིན་མཚན་ཡེངས་མེད་དུ་བསྒོམ་དགོས་པས་སྟོང་ཉིད་གོ་ཡུལ་དུ་མ་ལུས་པར་རིག་ཐོག་རང་དུ་སྤུངས་ཤིག །ད་ནི་སྒོམ་པ་དེ་ལ་སྤྱོད་པས་བོགས་དབྱུང་ཞིང་ཉམས་ལེན་གྱི་སྲང་དུ་གཞུག་ཚུལ་ལ། གཙོ་བོར་སྔར་བཤད་པ་ལྟར་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་དང་སྐད་ཅིག་ཀྱང་མ་བྲལ་བས་སྙིང་ནས་གསོལ་བ་ཕུར་ཚུགས་སུ་འདེབས་པ་འདི་མོས་གུས་དཀར་པོ་ཆིག་ཐུབ་ཅེས་བྱ་བ་ཡིན་ཏེ་གེགས་སེལ་བོགས་འདོན་གང་ལས་ཀྱང་འདི་ལྷག །ལམ་ཐམས་ཅད་བཙན་ཆོད་དུ་འགྲོ་བ་

p. 455

ཡིན། སྒོམ་སྐྱོན་བྱིང་ཞིང་རྨུག་ན་རིག་པ་ཧུར་ཕྱུངས། འཕྲོ་ཞིང་རྒོད་ན་ཤེས་པ་ཁོང་ཀློད། རྒྱུན་དུ་བསྒོམ་མཁན་གྱི་དྲན་རིག་ཏུར་ཏུར་པོ་དེས་ཆེད་དུ་གཅུར་བའི་འཇུར་དྲན་མ་ཡིན་པར་རང་ངོ་རང་ཤེས་མ་བརྗེད་ཙམ་པའི་དྲན་པས་ཟ་ཉལ་འགྲོ་འདུག་སྤྱོད་ལམ་མཉམ་རྗེས་གང་གི་སྐབས་སུའང་རྒྱུན་ཆགས་སུ་སྐྱོང་ཞིང་། བདེ་སྡུག་དང་ཉོན་མོངས་པའི་རྟོག་པ་སོགས་གང་ཤར་ཐམས་ཅད་ལ་རེ་དོགས་སྤོང་ལེན་གཉེན་པོས་གཞོམ་པ་སོགས་གཏན་ནས་མི་བྱེད་པར་ཁོ་རང་གི་ངོ་བོ་བདེ་སྡུག་གི་ཚོར་བ་ཇི་ལྟར་འདུག་པ་དེ་ཀ་རྗེན་ནེ། ཧྲིག་གེ །ཡེ་རེ་འཇོག་པ་སྟེ། ཐམས་ཅད་ལ་གནད་གཅིག་ལས་མེད་པས་བསམ་བློ་མང་པོས་མགོ་མ་འཁོར། སྤང་བྱའི་རྣམ་རྟོག་དང་ཉོན་མོངས་ཀྱི་སྟེང་དུ་གཉེན་པོའི་སྟོང་ཉིད་ལོགས་སུ་བསྒོམ་མི་དགོས་ཏེ། སྤང་བྱ་ཁོ་རང་རིག་པས་ངོས་ཟིན་པ་དང་མཉམ་དུ་སྦྲུལ་གྱི་མདུད་པ་ཞིག་པ་ལྟར་རང་གྲོལ་དུ་འགྲོ་བ་ཡིན། འོད་གསལ་རྡོ་རྗེ་སྙིང་པོའི་སྦས་དོན་གྱི་མཐར་ཐུག་འདི་ལྟ་བུ་ཕལ་ཆེར་གྱིས་ཚིག་ཏུ་སྨྲ་ཤེས་ཀྱང་ཉམས་སུ་བླང་མ་ཤེས་པར་ནེ་ཙོའི་ཁ་ཏོན་བཞིན་དུ་སོང་ནས་གདའ། འོ་སྐོལ་རྣམས་བསོད་ནམས་ཤིན་ཏུ་ཆེ་བ་ཡིན་ནོ། །ད་དུང་ལེགས་པར་སོམས་དང་གོ་རྒྱུ་ཡོད་དེ། རང་ཅག་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་འཁོར་བར་འཆིང་བྱེད་

p. 456

ཀྱི་དགྲ་མི་ཤ་བོ་གཟུང་འཛིན་གཉིས་པོ་འདི་ཡིན། ད་རེས་བླ་མའི་བཀའ་དྲིན་ལས་རང་གནས་ཀྱི་ཆོས་སྐུ་ངོ་འཕྲོད་པས་དེ་གཉིས་བྱ་སྤུ་མེ་ལ་བསྲེགས་པ་ལྟར་རྗེས་མེད་ཤུལ་མེད་དུ་གཏོང་བ་དེ་སྙིང་ཚིམས་པོ་མིན་ནམ། འདི་ལྟ་བུའི་མྱུར་ལམ་གདམས་ངག་ཟབ་མོ་ཐོབ་ནས་ཉམས་སུ་མ་བླངས་ན་ཡིད་བཞིན་གྱི་ནོར་བུ་རོའི་ཁ་ནང་དུ་བཅུག་པ་དང་འདྲ་སྟེ་རེ་ཕང་། སྙིང་མ་རུལ་བར་ཉམས་སུ་ལོངས་ཤིག །དེ་ཡང་ལས་དང་པོ་པའི་རིགས་ལ་རྣམ་རྟོག་ནག་པོ་ཁ་འབྱམས་ཀྱིས་དྲན་པ་ཡེངས་སུ་བཅུག་ཡོང་བས་རྣམ་རྟོག་བརྟད་འགྲིལ་མང་ཙམ་འོག་འགྱུར་སོང་རྗེས་སྐབས་ཤིག་ན་དྲན་པ་ཧྲིག་གེ་སླེབས་ནས་ང་ཡེངས་འདུག་སྙམས་པའི་འགྱོད་པ་སྐྱེ་ཡང་། དེ་ཚེ་རྣམ་རྟོག་སྔ་མའི་གཞུག་གཅོད་དང་ཡེངས་པ་ལ་འགྱོད་པ་སོགས་གང་ཡང་མི་བྱ་བར་དྲན་པ་ཧྲིག་གེ་སླེབས་པ་དེ་ཀའི་ཐོག་ཏུ་རང་བབས་གྱི་རྒྱུན་བསྐྱང་བ་ཁོ་ནས་ཆོག །རྣམ་རྟོག་ལ་ཆོས་སྐུར་བལྟ་མི་སྤང་ཟེར་བ་གྲགས་ཆེ་ཡང་ལྷག་མཐོང་གི་རྩལ་མ་རྫོགས་རིང་ཆོས་སྐུ་ཡིན་ལོ་ཙམ་གྱི་ངང་ནས་ཞི་གནས་ཧད་པོར་བཞག་ན་ཅི་ཡིན་འདི་ཡིན་མེད་པའི་བཏང་སྙོམས་ལུང་མ་བསྟན་གྱི་སྟབས་སུ་ཚུད་དོགས་ཡོད་པས། དེས་ན་དང་པོའི་རིང་རྣམ་རྟོག་གང་ཤར་ལ་ཅེར་གྱིས་བལྟས་ནས་བརྟག་དཔྱད་བསམ་ཞིག་ཅིར་ཡང་མི་བྱ་བར་རྣམ་རྟོག་ངོ་ཤེས་མཁན་རང་གི་ཐོག་ཏུ་མི་

p. 457

རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་ལྟར་སྣང་མེད་དུ་རྩིས་མེད་གཡས་ཆུང་དུ་འཇོག །དེ་ལྟར་བཞག་པ་ན་རྟོག་མེད་རང་བབས་སུ་གནས་བདོ་བའི་ཆ་དེའང་གློ་བུར་ཐོལ་བྱུང་དུ་བཤིག་པས་སྐད་ཅིག་མ་དེར་སེམས་ལས་འདས་པའི་ཡེ་ཤེས་རྗེན་ལྷན་ངེར་འཆར་བ་ཡིན། ལམ་གྱི་སྐབས་སུ་བདེ་གསལ་མི་རྟོག་གསུམ་གང་རུང་གི་ཉམས་དང་མ་འདྲེས་པ་ཞིག་མི་འོང་ཀྱང་མཆོག་འཛིན་ཞེན་རློམ་རེ་དོགས་སྤུ་ཙམ་མེད་པར་བཞག་ན་གོལ་ས་དེས་ཆོད། རྒྱུན་དུ་གཡེང་བ་སྤང་སྟེ་དྲན་འདུན་རྩེ་གཅིག་པས་བསྒོམ་པ་གལ་ཆེ། རེས་འཇོག་དང་གོ་ཡུལ་ལ་འབྱམས་ནས་ཞིག་ནས་ཕྱོགས་མགོ་ཙམ་ལ་རང་མཐོང་སྐྱེས་ཏེ་ཉམས་མྱོང་ལ་གདར་ཤ་མ་ཆོད་པར་ཁ་ཁྱེར་དང་ཚིག་ཁྱེར་ལ་མཁས་པ་ཙམ་གྱིས་མི་ཕན་ཏེ། རྫོགས་ཆེན་ལས། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། །ཞེས་དང་། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །ཞེས་པ་ལྟར་ཡུལ་གྱི་རྐྱེན་བཟང་ངན་ཕྲན་བུ་རེས་ཀྱང་སྒོམ་ཆེན་པ་བསླུས་ནས་རྐྱེན་ཐོག་ཏུ་འཆོལ་བ་མང་། སྒོམ་རྒྱུད་ལ་ཐེབས་ཀྱང་རྒྱུན་དུ་མ་བསྒོམ་ན་གདམས་ངག་ཟབ་མོ་དཔེ་ཆའི་ལོགས་ལ་ལུས་ཏེ་བློ་དྲེད་ཆོས་དྲེད་ཉམས་ལེན་དྲེད་ནས་སྒོམ་གཤའ་མ་སྐྱེ་དུས་མི་ཡོང་། སྒོམ་ཆེན་རྙིང་པ་ཉམས་ལེན་གསར་པའི་ངང་ནས་མགོ་བོ་བ་ཚྭ་ཁ་ལེར་གུམ་ཉེན་ཡོད་པས་ཤིན་ཏུ་གཟབ་དགོས་སོ། །དེ་ལྟར་རྒྱུན་རིང་བར་གོམས་

p. 458

པས་ཇི་ཞིག་ན་མོས་གུས་སོགས་རྐྱེན་གང་ཡང་རུང་བ་ཞིག་གིས་ཉམས་མྱོང་དེ་རྟོགས་པར་ན་འཕར་ནས་རིག་པ་རྗེན་ལྷག་གེར་མཐོང་། མགོ་ཤུབ་ཕུད་པ་བཞིན་གུ་ཡངས་ཕྱ་ལེན་འགྲོ། དེ་ནི་མ་མཐོང་བ་མཐོང་བའི་མཆོག་ཅེས་པ་ཡིན། འདི་ནས་རྣམ་རྟོག་སྒོམ་ལ་ཤར་ཏེ་གནས་འགྱུ་མཉམ་གྲོལ་དུ་འགྲོ་སྟེ། དེ་ཡང་དང་པོ་རྣམ་རྟོག་ངོ་ཤེས་པས་གྲོལ་བ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུ། བར་དུ་རྣམ་རྟོག་རང་གིས་རང་གྲོལ་བ་སྦྲུལ་གྱིས་མདུད་པ་ཞིག་པ་ལྟ་བུ། ཐ་མ་རྣམ་རྟོག་ཕན་མེད་གནོད་མེད་དུ་གྲོལ་བ་ཁང་སྟོང་གི་རྐུན་མ་ལྟ་བུ་རྣམས་རིམ་པར་འབྱུང་ཞིང་། ཆོས་ཐམས་ཅད་རང་རིག་གཅིག་པུའི་ཆོ་འཕྲུལ་དུ་ཐག་ཆོད་པའི་ཡིད་ཆེས་དྲག་པོ་ཞིག་ནང་ནས་སྐྱེ། སྟོང་ཉིད་སྙིང་རྗེའི་རྦ་ཀློང་འཁྲུགས། འཁོར་འདས་གཉིས་ལ་འདམ་ཁ་ཟད། སངས་རྒྱས་དང་སེམས་ཅན་བཟང་ངན་མེད་པར་རྟོགས། ཇི་ལྟར་བྱས་ཀྱང་བློ་བདེ་ཆོས་ཉིད་ཀྱི་ངང་ཁོ་ན་ལས་གཡོ་མི་ཤེས་པས་ཉིན་མཚན་བར་མེད་དུ་འབྱམས་ཀླས་པས་ན། རྫོགས་ཆེན་ནས། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། །ཅེས་པ་ལྟར་རྣལ་འབྱོར་པ་དེ་ལུས་ཐ་མལ་མི་རུ་སྣང་ཡང་སེམས་ཆོས་སྐུ་བྱ་རྩོལ་དང་བྲལ་བའི་དགོངས་པ་ལ་བཞུགས་པས་ས་ལམ་ཐམས་ཅད་བྱར་མེད་དུ་བགྲོད། མཐར་བློ་ཟད་ཆོས་ཟད་བུམ་པ་ཆག་པའི་ནམ་མཁའ་ལྟར་

p. 459

ལུས་རྡུལ་ཕྲན་དེངས། སེམས་ཆོས་ཉིད་དུ་དེངས། གདོད་མའི་གཞི་དབྱིངས་ནང་གསལ་གཞོན་ནུ་བུམ་པ་སྐུར་འཁྱིལ་བ་ཞེས་བྱ་བ་ཞིག་ཡོང་རྒྱུ་རེད་པ། འོ་དེ་ནི་ལྟ་སྒོམ་སྤྱོད་པ་མཐར་ཕྱིན་པས་ཐོབ་ཏུ་མེད་པའི་འབྲས་བུ་མངོན་དུ་གྱུར་པ་ཞེས་བྱ་བ་ཡིན། ཉམས་དང་རྟོགས་པའི་སོ་མཚམས་དེ་དག་ཀྱང་གོ་རིམ་ཅན་དང་། གོ་རིམ་དང་བྲལ་བ་དང་། གཅིག་ཅར་ཉིད་དུ་སྐྱེ་བའང་འབྱུང་བ་ནི་གང་ཟག་གི་དབང་པོའི་ཁྱད་པར་གྱིས་ཡིན་ཀྱང་འབྲས་བུའི་དུས་སུ་རྣམ་དབྱེར་མ་མཆིས་སོ། །སྤྱི་དོན་གསུམ་པ་རྗེས་ཐོབ་དམ་ཚིག་སྡོམ་པ་བསྐྱང་ཞིང་ཚེ་འདིའི་ལས་གཞུག་ཆོས་ཀྱི་བསྡུ་ཚུལ་ནི། དེ་ལྟར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་ལ་འབད་དུ་ཟིན་ཀྱང་རྗེས་ཐོབ་སྤྱོད་ལམ་ལ་ཐབས་མི་མཁས་པས་སྡོམ་པ་དང་དམ་ཚིག་ལས་ཉམས་པར་གྱུར་ན། གནས་སྐབས་སུ་ས་ལམ་གྱི་གེགས་དང་བར་ཆད་དུ་འགྱུར་ཞིང་མཐར་ཐུག་མནར་མེད་པའི་དམྱལ་བར་ལྟུང་ངེས་པའི་ཕྱིར་རྟག་ཏུ་དྲན་ཤེས་ཀྱི་བྱ་ར་དང་མ་བྲལ་བས་སྤང་བླང་ཕྱིན་ཅི་མ་ལོག་པ་ཞིག་ཅི་ནས་གལ་ཆེ་སྟེ། སློབ་དཔོན་ཆེན་པོས། ལར་ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས། དེས་ན་ཧད་པོའི་བློ་རྩིངས་སྤངས་ལ་རྒྱུ་འབྲས་ལ་ཞིབ་པར་སྤྱད། དམ་ཚིག་བཅས་སྡོམ་ཕྲ་ཞིང་ཕྲ་

p. 460

བ་ཡང་མ་ཉམས་པར་བསྲུང་ཞིང་ཉེས་ལྟུང་གི་དྲི་མས་མ་གོས་པར་བྱ། གསང་སྔགས་ཀྱི་དམ་ཚིག་ལ་རྣམ་གྲངས་མང་ཡང་བསྡུ་ན་རྩ་བའི་བླ་མའི་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཏུ་འདུ། བླ་མ་ལ་མིའི་འདུ་ཤེས་སྐད་ཅིག་ཙམ་སྐྱེས་པས་ཀྱང་དངོས་གྲུབ་ལོ་ཟླར་འགྱང་བར་གསུངས། དེ་ཅིའི་ཕྱིར་ཞེན་ཡུལ་གཉན་པའི་གནད་ཀྱིས་ཏེ། གང་ཕྱིར་རྡོ་རྗེ་འཛིན་པ་ཡིས། །དངོས་གྲུབ་སློབ་དཔོན་རྗེས་འབྲང་གསུངས། །ཞེས་སོ། །དེས་ན་གང་སུ་ཡང་རུང་སྟེ་དང་པོར་བླ་མར་མ་བཟུང་བར་དུ་ནི་རང་ཉིད་ལ་རང་དབང་ཡོད་ལ། བླ་མར་བསྟེན་ནས་དབང་དང་གདམས་ངག་གི་འབྲེལ་ཕན་ཆད་དམ་ཚིག་མི་བསྲུང་བའི་དབང་མེད་དེ། དབང་བཞིའི་མཇུག་ཏུ་བླ་མ་དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་བཏུད་ཏེ། དེང་ནས་བརྩམས་ཏེ་བདག་བྲན་དུ། །ཁྱེད་ལ་བདག་ནི་འབུལ་ལགས་ན། །ཁྱེད་ཀྱི་སློབ་མར་བཟུང་བ་དང་། །ཆ་ཤས་ཀྱང་ནི་སྤྱད་དུ་གསོལ། །ཅེས་ཁས་བླངས་པ་འདིས་རང་ཉིད་ཇི་ལྟར་ཆེ་ཞིང་བཙན་རུང་བླ་མ་ལ་གཉའ་ཤོར་ཟིན་པ་མ་ཡིན་ནམ། དེ་བཞིན་དུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་དམ་བཅས་ནས་དེ་ཕན་ཆད་གང་གསུངས་མི་བསྒྲུབ་པའི་དབང་ཨེ་ཡོད། རང་གིས་དམ་བཅས་པ་དེ་མ་བསྒྲུབ་ན་མིང་མ་སྙན་ཀྱང་མ་ཉམས་ཟེར་བ་ལས་འོས་མ་མཆིས།

p. 461

གཞན་ཡང་བླ་ཆེན་འཁོར་མང་བ། ནོར་ཕྱུག་པ། དབང་བཙན་པ། ཁ་ཐབས་བཟང་བ་རྣམས་ལ་དམ་ཚིག་ལྷག་པོར་བསྲུང་། དམན་ཆ་བཟུང་བའི་བླ་ཆུང་སྤྲང་པོའི་བརྟུལ་ཞུགས་ཅན་རྣམས་ལ་དམ་ཚིག་བསྲུང་མི་དགོས་པར་བཤད་པའང་མེད། གང་ལའང་ཁེ་ཉེན་གྱི་གནད་ཀ་གོ་བ་ཞིག་དགོས་པ་ལས་རྟ་རྒན་འཐོམ་ལངས་པ་བཞིན་བསྡད་པས་ཡོང་བ་མིན། དེ་ལྟར་དམ་ཚིག་བསྲུང་དགོས་པ་དེའང་བླ་མའི་དོན་དུ་འདུག་གམ་རང་གི་དོན་དུ་འདུག་སེམས་རྣལ་དུ་ཕོབ་ལ་བསམ་མནོ་སྨན་འཐག་འཐག་ཐོངས། བླ་མའི་དོན་དུའང་འདུག་ན་དེ་རིང་རང་ལ་ཅམ་གྱིས་བཞག་པས་ཆོག་སྟེ་དེ་མིན་རང་མགོར་རང་གིས་ཐལ་བ་འདེབས་མི་རིགས། མཆེད་གྲོགས་ཀྱི་དམ་ཚིག་སྤྱིར་བཏང་དུ་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་སོ་ཅོག་ལ་བཟང་པོར་བལྟ་ཞིང་དག་སྣང་སྦྱང་། གྲུབ་མཐའི་ཕྱོགས་ཁྱེར་དང་སྐུར་འདེབས་སོགས་སྤང་། བྱེ་བྲག་ཏུ་བླ་མ་གཅིག་དང་དཀྱིལ་འཁོར་གཅིག་གིས་བསྡུས་ཚད་རྡོ་རྗེའི་སྤུན་གྲོགས་ཡིན་པས་བརྙས་བཅོས་འགྲན་སེམས་ཕྲག་དོག་གཡོ་སྒྱུ་སོགས་སྤངས་ཏེ་སྙིང་ནས་མཛའ་ཞིང་གཅུག་པར་བྱ། སེམས་ཅན་ཐམས་ཅད་བདག་གི་ཕ་མ་དྲིན་ཅན་ཤ་སྟག་ཏུ་འདུག་པ་ལ་ཨ་ཙ་མ། འདི་རྣམས་འཁོར་བ་ཐར་མེད་ཀྱི་སྡུག་བསྔལ་དྲག་པོས་གཟིར་བ་ལས་བདག་གིས་མ་

p. 462

བསྐྱབ་ན་སུ་ཡིས་སྐྱོབ་སྙམ་དུ་ཤས་མི་བཟོད་པས་སྙིང་རྗེ་བསྒོམ་ལ་བློ་སྦྱོང་། སྒོ་གསུམ་ཅི་ནུས་ཀྱིས་ཕན་པ་འབའ་ཞིག་སྒྲུབ་ཅིང་དགེ་བ་ཐམས་ཅད་གཞན་དོན་དུ་བསྔོ། རྒྱུན་དུ་བསམ་དགོས་རྒྱུ་ཆོས་དང་བླ་མ། སེམས་ཅན་གསུམ་ལས་མེད་པས་བསམ་པ་དང་ལག་ལེན་མ་འཆོལ། རྟགས་དང་མིང་གི་རྟོགས་ལྡན་དང་གྲྭ་པ་རྣམས་ལ་མ་འགྲན་པར་མ་མགལ་ཁ་རུ་ཆུག་ལ་རང་སེམས་ཆུན། འདི་ག་གལ་ཆེ་ཤོས་ཞིག་ཡིན་པས་ལྐུག་བརྫུས་མ་འདེབས། གཞི་ནས་རང་དོན་ཚེ་ཕྱི་མ་ཁོ་ནར་བསམ་ན་ཆོས་ཟེར་བ་དེ་རང་གིས་བྱས་པ་ཞིག་དགོས་རྒྱུ་ལས། ཤི་ཚར་རྟིང་གཞན་གྱིས་བསྒྲུབས་པའི་དགེ་རྩ་ལ་རེ་དགོས་བྱུང་ན་ཕན་པ་དཀའ་བར་མཆིས་སོ། །དེས་ན་བློ་ཁ་ནང་དུ་བཀུག་སྟེ་སྦྱོར་བ་སྙིང་ནས་ངེས་པར་འབྱུང་བའི་བློས་ཚེ་དང་སྒྲུབ་པ་མཉམ་པའི་དྲན་འདུན་བརྩོན་འགྲུས་དྲག་པོས་གཞི་བཟུང་། དངོས་གཞི་ལྟ་སྒོམ་ཟབ་མོའི་ཉམས་ལེན་ལ་གནད་དུ་བསྣུན་ཏེ། རྗེས་ཐོབ་དམ་ཚིག་བསླབ་སྡོམ་གྱི་ཚུལ་ལ་སྤང་བླང་འགལ་མེད་དུ་སྤྱོད་པའི་ལག་རྗེས་སུ་ཡོན་ཏན་རང་དབང་མེད་པར་ནང་ནས་སྐྱེ་སྟེ། རྫོགས་པ་ཆེན་པོ་ནི་སྡིག་ཅན་བཙན་ཐབས་སུ་འཚང་རྒྱ་བའི་ལམ་ཡིན་པའི་ཕྱིར་རོ། །དེ་ལ་ཟབ་དྲག་པའི་དབང་གིས་བར་ཆད་ཀྱང་ཡོད་པས་ཁེ་ཆེ་སར་ཉེན་ཆེ་བ་དང་འདྲ། དེའི་རྒྱུ་མཚན་རང་གི་སྔོན་བསགས་ཀྱི་

p. 463

ལས་ངན་ཐམས་ཅད་གདམས་ངག་གི་ནུས་པས་སློང་བའི་རྟགས་སུ་ཕྱི་རོལ་དུ་བདུད་ཀྱི་བར་ཆད་ཆོ་འཕྲུལ་འབྱུང་བའང་། སྒྲུབ་གནས་དེར་ལྷ་འདྲེས་གཟུགས་སྟོན་པ་དང་། མིང་ནས་འབོད་པ་དང་། བླ་མར་བརྫུས་ནས་ལུང་སྟོན་པ་དང་། འཇིགས་སྐྲག་གི་ཆོ་འཕྲུལ་སྣ་ཚོགས་ཉམས་སམ་རྨི་ལམ་དུ་འབྱུང་བ་དང་། དངོས་སུའང་གཞན་གྱིས་བརྡེག་བཙོག་ཇག་རྐུན་སོགས་མ་ངེས་པར་འབྱུང་བ་དང་། སེམས་ཐོག་ཏུ་དོན་མེད་པ་སྡུག་བསྔལ་དྲག་པོ་མྱོང་བ་དང་། སྐྱོ་ཞིང་དུ་སྙིང་འདོད་པ་དང་། ཉོན་མོངས་དྲག་པོ་སྐྱེ་བ་དང་། མོས་གུས་བྱང་སེམས་སྙིང་རྗེ་བྲི་བ་དང་། རྣམ་རྟོག་དགྲར་ལངས་ཏེ་སྨྱོ་གྲབ་བྱེད་པ་དང་། ཕན་གཏམ་ལོག་པར་གོ་བ་དང་། རི་ཁྲོད་དུ་སྡོད་སྙིང་མི་འདོད་པར་དམ་བཅའ་གཏོང་སྙིང་འདོད་པ་དང་། བླ་མ་ལོག་ལྟ་སྐྱེ་བ་དང་། ཆོས་ལ་ཐེ་ཚོམ་ཟ་བ་སོགས་དང་། གཞན་ཡང་མ་ཉེས་ཁ་ཡོག་དང་། གྲགས་པ་ངན་པ་དང་། མཛའ་བོ་དགྲར་ལངས་པ་སོགས་ཕྱི་ནང་གི་རྐྱེན་མི་འདོད་པ་སྣ་ཚོགས་འབྱུང་བ་སྲིད། འོ་དེ་ཚོ་ལྷོངས་ཚད་ཡིན་པས་ངོ་ཤེས་པར་གྱིས་ཤིག །ཁེ་ཉེན་གྱི་སོ་མཚམས་འདི་ན་ཡོད། བར་ཆད་དེའང་གནད་ཀྱིས་ཟིན་ན་དངོས་གྲུབ་ཏུ་འགྱུར། དབང་དུ་སོང་ན་གེགས་སུ་འགྱུར། འདི་ལ་དམ་ཚིག་དག་ཅིང་མོས་གུས་ལྟེམ་བརྐྱང་མེད་

p. 464

པའི་སྙིང་རུས་ཅན་གྱིས་བླ་མ་ལ་བློ་གཏད། སྙིང་བཅོལ། ཅི་མཛད་ཁྱེད་ཤེས་ཀྱིས་གསོལ་བ་ཕུར་ཚུགས་སུ་གདབ། རྐྱེན་ངན་དེ་འདོད་ཐོག་ཏུ་ཁྱེར་ཏེ་ཉམས་ལེན་ལ་དྲག་ཏུ་འབད་པས། ཇི་ཞིག་ན་རྐྱེན་ཁོའི་ཕོ་ཚུགས་རང་ཞིག་ལ་སོང་ནས་ཉམས་ལེན་ལ་བོགས་ཐོན། སྣང་བ་བན་མ་བུན་དུ་འགྲོ། བླ་མ་དང་གདམས་ངག་ལ་སྔར་བས་ཀྱང་ཡིད་ཆེས་སྐྱེ། ད་ཕྱིན་ལྷོངས་བྱུང་ཡང་ཨའུ་རྩི་སྙམ་པའི་བློ་གདིང་རྙེད་དེ་འོང་། འོ་དེ་ནི་ཚར་ཚད་ཡིན་ཏེ་རྐྱེན་ལམ་དུ་ལོངས་པས་ཚར་ལྷོངས་འགྲིག་པ་ཡིན། ཨ་ལ་ལ། ཕ་རྒན་པ་རང་ཚོ་ལ་དགོས་རྒྱུ་ནི་དེ་རང་རེད། ཁ་ཟ་འདོད་ལ་སྒྱིད་པ་འདར་ཕྲིལ་ཕྲིལ་ཝ་མི་རོ་ལ་འཇབ་པ་ལྟར་མ་བྱེད་པར་བློ་སྟོབས་བསྐྱེད་ཅིག །ཡང་གང་ཟག་བསགས་རྒྱབ་དམན་པ། དམ་སྡོམ་ལྷོད་པ། ལོག་ལྟ་ཆེ་བ། ཐེ་ཚོམ་མང་བ། ཁས་ལེན་མཐོ་ལ་ཉམས་ལེན་ཞན་པའི་སྙིང་ལ་རྟུག་དྲི་ཁ་བ་ཚོས་བླ་མའི་གདམས་ངག་དཔེ་ཁྲིའི་སྟེང་དུ་བཞུགས་སུ་གསོལ། རྐྱེན་ངན་དེ་ལ་ཤི་སྤར་འཐམ་ནས་རྗེས་སུ་འབྲངས་པས་བདུད་ཀྱིས་གླག་རྙེད་དེ་ངན་འགྲོའི་ལམ་དུ་ཁྲིད་པར་མཆི། ཨ་ཁ་ཁ། དེ་འདྲ་མི་འབྱུང་བར་བླ་མ་ལ་གསོལ་བ་ཐོབ། དེ་ཡང་ངན་རྐྱེན་ལམ་དུ་ལྷོངས་པ་ནི་ཅུང་ཟད་སླ་མོད། བཟང་རྐྱེན་ལམ་དུ་ལྷོངས་པ་འདི་ཤིན་ཏུ་དཀའ་བས་རྟོགས་པ་མཐོན་པོར་རློམ་པ་དག་ཀྱང་ཚེ་འདིའི་ཆེ་ཐབས་འབའ་ཞིག་

p. 465

ལྷུར་ལེན་པ་རྣམ་གཡེང་ལྷའི་བུའི་བདུད་ཀྱི་འབངས་སུ་བཀོལ་དོགས་ཡོད་པས་ཤིན་ཏུ་གཟབ་དགོས། ཡར་འགྲོ་མར་འགྲོའི་ས་མཚམས་སྒོམ་ཆེན་སྲང་ལ་འདེགས་ས་འདི་ན་ཡོད་པས་གོ་བར་གྱིས། ནང་གི་རྟོགས་པའི་ཡོན་ཏན་གྱི་རྩལ་ཁ་མ་རྫོགས་བར་དུ་ཉམས་མྱོང་གི་ལོ་རྒྱུས་གང་ཐོད་ཐོད་ལ་བཤད་དུ་མི་རུང་བས་ཁ་ཚུམ། གཞན་ཡང་ལོ་མཚམས་ཟླ་མཚམས་ཀྱི་སྡུག་ཡུས་མ་འདྲེན་པར་མི་ཚེ་ཁོ་ན་ལ་ཚད་བཙུགས་ནས་ཉམས་ལེན་ལ་འབུང་། སྟོང་ཉིད་ཁ་ཁྱེར་གྱིས་བློ་བྲིད་ནས་ཀུན་རྫོབ་རྒྱུ་འབྲས་ཁྱི་དགེ་སྦྱོར་ཁྱད་དུ་མ་གསོད། གྲོང་ཆོག་འདྲེ་འདུལ་སོགས་ལྟོ་ཕྱིར་གྲོང་ཡུལ་དུ་ཡུན་རིང་མ་སྡོད། དོན་མེད་ཀྱི་ལས། དགོས་མེད་ཀྱི་གཏམ། ཕན་མེད་ཀྱི་བསམ་མནོ་རྣམས་ཉུང་དུ་ཆུག །ཟོག་དང་གཡོ་སྒྱུ་སོགས་ཆོས་འགལ་གྱིས་མི་མགོ་མ་བསྐོར། འདོད་ཡོན་ལ་ཞེན་པས་གཞོག་སློང་དང་ཁ་གསགས་སོགས་ཀྱིས་ལོག་འཚོ་མ་སྒྲུབ། ལྟ་སྤྱོད་མི་མཐུན་པ་དང་སྡིག་པའི་གྲོགས་མ་བསྟེན། རང་སྐྱོན་རང་གིས་ཐོན། གཞན་གྱི་སྐྱོན་མཚང་མ་བརྗོད། ཐ་མ་ཁའི་རིགས་ཐམས་ཅད་དམ་སྲིའི་འཕྲུལ་དུ་གསུངས་པས་སྙིང་ནས་སྤོངས། ཆང་འདི་དམ་རྫས་སུ་བརྟེན་བྱ་ཡིན་ཀྱང་ར་རོ་བ་ཙམ་དུ་བག་མེད་པར་མ་འཐུང་། དད་ཅན་གྱིས་བཀུར་སྟི་བསྒྲུབ་པ་དང་། དད་མེད་ཀྱིས་སྐུར་འདེབས་ངན་གཤོམ་སོགས་བཟང་འབྲེལ་

p. 466

ངན་འབྲེལ་གང་ཡང་ཁྱད་མེད་དུ་ལམ་དུ་ཁྱེར་ལ་སྨོན་ལམ་དག་པས་རྗེས་སུ་ཟུངས། དུས་ཀུན་ནང་དུ་རིག་པ་དཔའ་མ་ཞུམ་པར་གཟེངས་མཐོ་བའི་ངང་ནས་ཕྱིའི་སྤྱོད་ལམ་དམན་པའི་ས་བཟུང་། ཧྲུལ་བོའི་གོས་གྱོན། བཟང་ངན་འབྲིང་གསུམ་ཐམས་ཅད་གོང་དུ་ཁུར། འཚོ་བ་ངན་ངོན་ལ་བརྟེན་ནས་རི་ཁྲོད་དུ་སྡོད་ཚུགས་ཟུངས། བློ་རྩེ་སྤྲང་པོ་ལ་གཏོད། གྲུབ་ཐོབ་གོང་མའི་རྣམ་ཐར་ལ་ཡང་དཔེ་གྱིས། སྔོན་ལས་ལ་ཁག་མ་འགེལ་བར་ཆོས་མགོ་གཙང་སིང་ངེ་ཐོན་པ་རེ་གྱིས། འཕྲལ་རྐྱེན་ལ་ཁག་མ་འགེལ་བར་རྐྱེན་གང་བྱུང་གི་ཐོག་ཏུ་ཚུགས་ཐུབ་པ་རེ་གྱིས། མདོར་ན་རང་སེས་དཔང་པོར་བཞག་ནས་མི་ཚེ་ཆོས་ལ་དྲིལ་ཏེ་འཆི་དུས་བློ་ལྷག་མེད་པར་རང་གིས་རང་ལ་མ་ཁྲེལ་བ་ཞིག་གྱིས། ཉམས་ལེན་ཐམས་ཅད་ཀྱི་གནད་ཀ་དོན་ཡོད་དོ། །ནམ་ཞིག་འཆི་བའི་དུས་ལ་བབས་ཚེ་ནོར་རྫས་ཅི་ཡོད་སྤོང་དག་བྱས་ལ་ཁབ་གཅིག་ཙམ་ལའང་ཆགས་ཞེན་མེད་པར་བྱ། དེ་ཡང་རབ་འཆི་ཁར་བྲོད་པ་སྐྱེ་བ། འབྲིང་འཆི་བ་མི་འཚེར་བ། ཐ་མ་ཤི་ཡང་མི་འགྱོད་པ་བྱ་བ་ཡིན་པས། རྟོགས་པའི་འོད་གསལ་ཉིན་མཚན་ཁོར་ཡུག་ཏུ་སོང་ན་བར་དོ་མེད་དེ་ལུས་རྒྱ་ཞིག་པ་ཙམ་ཡིན། དེ་མིན་བར་དོར་གྲོལ་བའི་བློ་གདིང་འདུག་ན་གང་ལྟར་བྱས་ཀྱང་རུང་། དེ་ལྟར་མེད་ན་སྔར་ནས་འཕོ་བ་ཉམས་འགོ་ཚུད་པར་སྦྱངས་ཏེ་དུས་ལ་བབས་པའི་ཚེ་

p. 467

ལས་ལ་སྦྱར་བས་གང་དུ་མོས་པའི་ཞིང་ཁམས་སུ་འཕོས་ནས་དེར་ས་ལམ་གྱི་ལྷག་མ་བགྲོད་དེ་འཚང་རྒྱ་བར་འགྱུར་རོ། །དེས་ན་རང་རེའི་བརྒྱུད་པ་རིན་པོ་ཆེ་འདི་ལ་སྔོན་བྱུང་གི་ལོ་རྒྱུས་རྙིང་པ་ཙམ་མ་ཡིན་པར། དེང་སང་ཡང་ཁྲེགས་ཆོད་དང་ཐོད་རྒལ་གྱི་ལམ་ལས་རྟོགས་པ་མཐར་ཕྱིན་ཏེ་གདོས་བཅས་འཇའ་ལུས་འོད་ཀྱི་ཕུང་པོར་དེངས་བཞིན་པ་འདི་ག་ལྟར་ལ། ནོར་བུ་བོར་ནས་འཆིང་བུ་མི་འཚོལ་བར་གདམས་ཟབ་མཁའ་འགྲོའི་སྙིང་ཁྲག་འདི་ལྟ་བུ་དང་འཕྲད་པ་ནི་ཤིན་ཏུ་སྐལ་པ་བཟང་བ་ཡིན་པས་སེམས་ཀྱི་དཔང་བསྟོད་དེ་སྤྲོ་བ་བསྐྱེད་ལ་སྒོམས་ཤིག །དཔེ་འདིའང་རྗེས་འཇུག་རྣམས་ཀྱི་སྙིང་ནོར་དུ་ཟུངས་ཤིག་དང་ཕན་པ་ཆེན་པོ་འབྱུང་བར་སྲིད་དོ། །ཞེས་པའང་འོག་མིན་པདྨ་འོད་གླིང་གི་སྒོམ་གྲྭ་པ་རྣམས་ཀྱི་རི་ཆོས་ཉམས་ལེན་དུ་དམིགས་པའི་རྒྱུ་བྱས། མི་ཕྱེད་པའི་དད་གུས་ཀྱི་ནོར་ལྡན་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་བའི་རྐྱེན་བྱས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་གཏམ་བསླབ་བྱ་དམར་ཁྲིད་ཀྱི་ཚུལ་དུ་བརྗོད་པ་སྐལ་ལྡན་རྣམས་ཀྱི་རྒྱུད་ལ་རྟོགས་པའི་ཡེ་ཤེས་བཙན་ཐབས་སུ་སྐྱེ་བའི་རྒྱུར་གྱུར་ཅིག། །།

ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ།

p. 468
p. 469

༄༅། །ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །

p. 470

ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ངོ་བོ་གདོད་ནས་སྤྲོས་པ་ཀུན་བྲལ་འགྱུར་བ་མེད་པ་ཆོས་ཀྱི་སྐུ། །རང་བཞིན་མ་འགག་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ལྷུན་གྲུབ་ལོངས་སྤྱོད་རྫོགས། །ཐུགས་རྗེའི་རོལ་རྩལ་རྒྱུན་མི་འཆད་པའི་ཕྲིན་ལས་ཡོངས་ཤར་སྤྲུལ་པའི་སྐུ། །སྐུ་གསུམ་དབྱེར་མེད་རང་རིག་བླ་མ་མཚོ་སྐྱེས་རྡོ་རྗེ་སྙིང་དབུས་རོལ། །དགོངས་པ་ཆོས་ཉིད་ནམ་མཁའི་མཛོད་ཁང་ནས། །ངེས་གསང་གདམས་ཟབ་ནོར་བུའི་གཏེར་ཕྱུངས་ཏེ། །སྐལ་ལྡན་གདུལ་བྱའི་དཔལ་

p. 471

དུ་སྣང་མཛད་པ། །རིག་འཛིན་བདུད་འཇོམས་གླིང་པས་བདག་བློ་སྐྱོངས། །དམ་པའི་མན་ངག་ཟབ་དོན་བདུད་རྩིའི་བཅུད། །མཁྱེན་རབ་ཐུགས་ཀྱི་བུམ་པར་ལེགས་གཏམས་ནས། །སྐལ་བ་ཇི་བཞིན་གཞན་ལ་འགྱེད་མཁས་པ། །མཚུངས་མེད་བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོའི་ཆོས། །ཐུན་མིན་སྙིང་ཐིག་མཐར་ཐུག་ངེས་པའི་དོན། །རྡོ་རྗེ་སྙིང་པོའི་གསེང་ལམ་མན་ངག་ཆེའི། །དོན་འགྲེལ་ཟབ་དོན་སྙིང་པོ་འདི་ན་དབྱེ། །དེ་ལ་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པ་ཐེག་བརྒྱད་བློའི་གྲུབ་མཐས་མ་རེག་པས་ཀུན་གྱི་རྩེ་མོར་ཕྱིན་པ་ཡེ་ཤེས་རང་སྣང་བའི་ངོ་བོར་

p. 472

སངས་རྒྱས་པའི་རང་བཞིན་དུ་སྟོན་པའི་ཐོད་རྒལ་གྱི་གྲུབ་མཐའ་ཚིག་དང་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པའི་གདམས་པ་ཟབ་མོ་འདི་ཉིད་གསལ་བར་བྱེད་པ་ལ་དོན་གསུམ་སྟེ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་ནོ། །དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལའང་གསུམ། མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམས་པར་དམ་བཅའ་བའོ། །དང་པོ་མཚན་སྨོས་པ་ལའང་གང་ལས་བྱུང་བའི་གཞི། དེ་ལས་བྱུང་བའི་ཆོས་ཀྱི་མཚན་དང་གཉིས་ལས། དང་པོ་གང་ལས་བྱུང་བའི་གཞི་ནི། མ་ཧཱ་ཨ་ཏི་ཡོ་གའི་ཟབ་ཆོས་དགོངས་པ་ཀློང་རྡོལ་ལས། ཞེས་པའི་སྤྱིར་ན་སྒྲ་ཡི་ཚུལ་ལ་སྒྲ་གཅིག་དོན་མང་པོར་འཇུག་པ་སོགས་མཐའ་ཡས་པ་འདི་ཞེས་མཚོན་དུ་མི་བཏུབས་ཀྱང་དྲང་ཐད་དུ་བསྒྱུར་ན། མ་ཧཱ་ནི་ཆེན་པོ། ཨ་ཏི་ནི་ཤིན་ཏུ། ཡོ་ག་ནི་ཐེག་པའི་ཚུལ་དུ་འཇུག་སྟེ། གོང་འོག་མཚམས་སྦྱར་ན། ཡོ་ག་ལ་སོགས་པ་ཐེག་པ་འོག་མ་མཚན་བཅས་ཀྱི་ཆ་ཐམས་ཅད་ལས་རྣམ་པར་གྲོལ་བ་མཚན་མེད་ཤིན་ཏུ་རྣལ་འབྱོར་ཐེག་བརྒྱད་བློའི་གྲུབ་མཐའ་ལས་འདས་པས་ཀུན་གྱི་རྩེ་མོའམ་ཆེན་པོར་གྱུར་པ་སངས་རྒྱས་པའི་ལམ་ཐམས་ཅད་འདིར་རྫོགས་ཤིང་འདིར་བགྲོད་བྱེད་ཀྱི་ཆ་རྐྱེན་དུ་གྱུར་

p. 473

པས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་འདི་ཉིད་བསླབ་པ་དང་སྦྱངས་པའི་རིམ་པ་ལ་མ་ལྟོས་པར་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར་ཏེ་ཐུགས་རྒྱུད་དགོངས་པའི་དབྱིངས་ནས་རང་རྡོལ་དུ་བྱུང་བའོ། །གཉིས་པ་དེ་ལས་བྱུང་བའི་ཆོས་ཀྱི་མཚན་ནི། ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་བཅུད་ཀྱི་དྭངས་མ་མྱུར་ལམ་འཕོ་བ་ཆེན་པོའི་གདམས་པ་མ་བསྒོམ་སངས་རྒྱས་བཞུགས་སོ༔ ཞེས་པ་སྟེ། དེ་ཡང་ཤིན་ཏུ་གཏིང་ཟབ་ཅིང་རྒྱ་ཆེ་ལ་གསང་བ་ཟབ་མོ་གཉིས་དང་ལྡན་པའི་ཆོས་ནི་རྫོགས་པ་ཆེན་པོ་སྟེ། དེ་ལ་ཡང་སེམས་ཀློང་མན་ངག་གི་སྡེ་གསུམ་དུ་ཡོད་པ་ལས་འདིར་ཕྱི་མ་ཕྱི་མའི་ཡང་ཟབ་བཅུད་ཀྱི་དྭངས་མ་ལམ་གཞན་ལས་ཁྱད་པར་འཕགས་པ་ཚེ་གཅིག་གིས་ནང་དབྱིངས་གཞོན་ནུ་བུམ་སྐུར་གྲོལ་བའི་མྱུར་ལམ། མ་དག་སྙིགས་མའི་སྣང་བ་དྭངས་མ་འོད་གསལ་ཆེན་པོར་བཙན་ཐབས་སུ་འཕོ་བ་ལས་གཞན་པའི་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་པར་ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་གདམས་པ་ཁྱད་པར་ཅན་དེ་ལྟ་བུ་ཞིག་འདི་ན་ཡོད་ཅེས་པའོ། །གཉིས་པ་མཆོད་པར་བརྗོད་པ་ནི། རྡོ་རྗེ་ཕུང་པོའི་གྲོང་ཁྱེར་གྱི༔ སྒྱུ་འཕྲུལ་རོལ་པར་རང་ཤར་བའི༔ ཞི་ཁྲོ་རྡོ་

p. 474

རྗེ་དབྱིངས་ཀྱི་ལྷར༔ མི་ཕྱེད་དད་པས་གུས་ཕྱག་འཚལ༔ ཞེས་པ་སྟེ། རྒྱུད་གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ཅེས་དང་། གཞན་ཡང་། བདག་ལུས་ཕུང་ཁམས་སྐྱེ་མཆེད་ནི། །གདན་གསུམ་ཚང་བའི་ངོ་བོ་སྟེ། །ཞེས་པ་ལྟར་རང་ལུས་རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཉིད། ཕུང་ཁམས་གཤེགས་པ་གཤེགས་མ། དབང་ཡུལ་སེམས་དཔའ་སེམས་མ། ཡན་ལག་སྒོ་སྐྱོང་ཕོ་མོ་སོགས་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་གྱི་རང་བཞིན་ཏེ། དེ་ཡང་འཕྲལ་དང་སླད་ཀྱིས་བྱུང་བ་མ་ཡིན་པར་ཡེ་ཤེས་སྒྱུ་འཕྲུལ་གྱི་རོལ་པ་ཡེ་ནས་རང་བྱུང་རང་ཤར་དུ་གནས་པའི་ཚུལ། ཨོ་རྒྱན་ཆེན་པོས། ཡེ་ནས་རྒྱལ་བའི་དཀྱིལ་འཁོར་སྟེ། །རྩ་ཁམས་ལུས་ཀྱི་གཞལ་ཡས་སུ། །རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་ལྷ། །མ་བཙལ་ལྷུན་གྱིས་གྲུབ་པའོ། །ཞེས་གསུངས། དེ་ལྟར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཡེ་སངས་རྒྱས་པའི་བདག་ཉིད་ཅན་དང་། སོ་སོ་རང་རིག་པའི་ཡེ་ཤེས་གཉིས་དབྱེར་མེད་རོ་གཅིག་ཏུ་ཤེས་པ་ནི་བླ་ན་མེད་པའི་ཕྱག་འཚལ་བ་སྟེ། རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ཉིད་ལ་ནི་མར་

p. 475

བཞག་ལྟར། །རང་གི་ངང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་བརྩམ་པར་དམ་བཅའ་བ་ནི། ཨྸགྒནྼསྨརྒྱནྡ་རྒྱ་རྒྱརྒྱ༔ བདག་འདྲ་རིག་འཛིན་རྡོ་རྗེ་གཤོག་རྒོད་ངས༔ ཚེ་སྔོན་ཚོགས་སྨོན་ལས་འཕྲོ་དུས་འཛོམས་པའི༔ སྐལ་བཟང་སྐྱེས་བུ་ཁོ་ནའི་སྐལ་བ་རུ༔ མྱུར་ལམ་འཕོ་ཆེན་གདམས་པ་འདི་བསྟན་བྱ༔ ཞེས་པ་སྟེ། རང་སྣང་གི་སྟོན་པ་བདག་འདྲ་ཀུན་བཟང་མཚོ་སྐྱེས་རྡོ་རྗེའམ་རིག་འཛིན་རྡོ་རྗེ་གཤོག་རྒོད་རྩལ་གྱིས། ཚེ་རབས་ཐོག་མ་མེད་པའི་སྔོན་རོལ་ནས་ཚོགས་རྒྱ་ཆེན་པོས་བསགས་ཤིང་སྨོན་ལམ་རྒྱ་ཆེན་པོ་བཏབ་སྟེ་ཟབ་གསང་རྫོགས་པ་ཆེན་པོའི་ཆོས་ལ་ལས་འབྲེལ་བཞག་སྟེ་སྔོན་སྦྱངས་ཀྱི་ལས་འཕྲོ་སད་པའི་སྐྱེས་བུ་སྐལ་བ་བཟང་པོ་ཁོ་ནའི་སྤྱོད་ཡུལ་དུ། གྲངས་མེད་གསུམ་སོགས་ཡུན་རིང་ལ་མ་ལྟོས་པར་ཚེ་ལུས་གཅིག་གིས་མངོན་འཚང་རྒྱ་བའི་མྱུར་ལམ་འཕོ་བ་ཆེན་པོའི་གདམས་པ་འདི་ཉིད་བསྟན་པར་བྱའོ། །དེ་ལ་བསྟན་བྱའི་ཡུལ་གྱི་མཚན་ཉིད་ནི། དད་པ་དང་སྙིང་རྗེ་ཆེ་བ། བློ་བརྟན་ཅིང་སྒྲུབ་པ་ལ་བརྩོན་པ། ཤེས་རབ་དང་དག་སྣང་ཆེ་བ། ཉོན་མོངས་དང་ལོག་རྟོག་ཆུང་བ། ཁོག་ཡངས་ཤིང་གཞུང་བཟང་བ། གསང་

p. 476

ཐུབ་ཅིང་ངང་ཚུལ་བཟང་བ། ཟོལ་ཟོག་མེད་ཅིང་སྙིང་རུས་ཆེ་བ། བླ་མ་ལ་གུས་པས་བཀའ་བཞིན་དུ་བསྒྲུབ་པ། འཇིག་རྟེན་ལ་ཞེན་པ་ལོག་ཅིང་དམ་ཚིག་དང་སྡོམ་པ་ལ་གནས་པ་སྟེ། རིག་པ་རང་ཤར་ལས། དད་པའི་སྟོབས་དང་བརྩོན་འགྲུས་ཆེ། །ཤེས་རབ་ཆེ་ཞིང་འཛིན་ཆགས་མེད། །ཕུ་དུད་ཆེ་ཞིང་གསང་སྔགས་སྤྱོད། །རྟོག་མེད་སེམས་ལ་གཡེང་བ་མེད། །དམ་ཚིག་ལྡན་ཅིང་སྒྲུབ་ལ་བརྩོན། །ཞེས་གསུངས་པ་ལྟར་སྣོད་དང་ལྡན་པའི་སློབ་མ་དེ་ལྟ་བུ་རྣམས་ལ་ནི་གདམས་པ་ཟབ་མོ་སྦྱིན་པར་བྱ་ཞིང་། དེ་ལས་ལོག་པ་སྣོད་ངན་གྱི་མཚན་ཉིད་ནི། དྲིན་མི་བཟོ་ཞིང་ཤེས་རིག་ཆུང་བ། གསར་ངེས་དང་ཁ་གསག་ཆེ་བ། མདུན་དུ་བསྟོད་ཅིང་ལྐོག་ཏུ་གཤེ་བ། ཁ་མཁས་ཤིང་ལག་དམ་པ། བཟང་ཆུང་ཞིང་གཡོ་སྒྱུ་ཆེ་བ། བླ་མའི་བཀའ་གཅོག་ཅིང་བསྒོ་བ་ལ་མི་ཉན་པ། ཡོན་ཏན་མི་མཐོང་ཞིང་སྐྱོན་ལ་རྟོག་པ། དབྱེན་གཅུག་དང་ཕྲ་མ་ལ་དགའ་བ། རང་བསྟོད་དང་བྱས་ཡུས་རྩོད་པ། རིགས་རྒྱུད་དང་སྤྱོད་པ་ངན་པ། སྡོམ་པ་དང་དམ་ཚིག་འཆལ་བ། མཐོང་ན་སྐྱུག་ལོག་ཅིང་འགྲོགས་ན་ཞེ་སུན་པ་སྟེ། ཀློང་གསལ་ལས། སྣོད་དང་མི་ལྡན་སློབ་མ་ནི། །ཤེས་ཆུང་ཁ་གསག་གདོང་ལྟས་ཆེ། །མ་མཁས་ལག་དམ་གཡོ་སྒྱུ་ཆེ། །བླ་མའི་

p. 477

གསུངས་གཅོག་དྲིན་ལ་རྩོད། །ཡོན་ཏན་མི་མཐོང་སྐྱོན་ལ་རྟོག །རིགས་བརྒྱུད་ངང་རྒྱུད་ངན་པ་དང་། །བཀའ་དྲིན་ཁྱད་གསོད་རང་ལ་བསྟོད། །སྡོམ་དང་དམ་ཚིག་ཉམས་ལེན་འཆལ། །སློབ་མ་མ་བརྟག་སློབ་དཔོན་དགྲ། །ཉམས་སུ་མི་ལེན་གང་ཟག་ལ། །རྫོགས་པ་ཆེན་པོའི་དབང་པོ་ནི། །དོན་དམ་གདམས་པ་བསྟན་མི་བྱ། །ཞེས་སོགས་གསུངས་པ་ལྟར་ངེས་པར་སྤང་ཞིང་གདམས་པའི་མི་བསྟན་པ་ཉིད་དེ། གལ་ཏེ་བསྟན་ན་གདམས་པ་འཆལ་ནས་བྱིན་རླབས་ཆུང་དུ་འགྲོ་ཞིང་མཁའ་འགྲོའི་བཀའ་ཆད་འབྱུང་སྟེ་མཐར་ཐུག་དམྱལ་བར་འགྲོ་བའི་ཚུལ། ཀློང་གསལ་ལས། ཡང་གསང་བཅུད་ཀྱི་བདུད་རྩི་ནི། །སྣོད་ངན་རྣམས་སུ་བླུགས་གྱུར་ན། །སྣོད་འཆག་བཅུད་འབོ་དམྱལ་བར་འགྲོ། །ཞེས་སོ། །དེས་ན་སྣོད་མིན་ལོག་ལྟ་ཅན་རྣམས་ལ་ནི་གདམས་པ་དངོས་སུ་སྤེལ་བ་ལྟ་ཅི། ཐ་ན་རླུང་ཕྱོགས་ཙམ་ཡང་བསྒྲག་ཏུ་མི་རུང་བ་སོགས་ཤུགས་ཀྱིས་བསྟན་པ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་བགཞུང་གི་དོན་ལ་གཉིས། སྔོན་དུ་འགྲོ་བའི་ཆོས་དང་། དངོས་གཞིའི་རིམ་པའོ། །དང་པོ་སྔོན་དུ་འགྲོ་བའི་ཆོས་ལའང་གཉིས། སྤྱིའི་སྔོན་འགྲོ་དང་། བྱེ་བྲག་གི་སྔོན་འགྲོའོ། །དང་པོ་སྤྱིའི་སྔོན་འགྲོ་ནི། སྒོ་འདི་ཉམས་སུ་

p. 478

ལེན་པའི་སྐྱེས་བུ་ཡིས༔ འཁོར་འདས་སྟོང་ཉིད་ཆེན་པོར་འུབ་ཆུབ་པའི༔ རོལ་པ་ཆེན་པོར་མངའ་དབང་བསྒྱུར་བ་དང་༔ ཇི་ལྟ་ཇི་སྙེད་ཤེས་རབ་ཆེན་པོ་ཡིས༔ གནས་ལུགས་ཡིན་ལུགས་མངོན་བྱེད་བརྟན་ཐོབ་མཐར༔ ཞེས་པ་སྟེ། དེ་ལ་སྒོ་འདི་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱིས་འདི་ལྟར་གཏན་ལ་ཕབ་དགོས་ཏེ། དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མིང་མེད་པ་ལ་མིང་དུ་བཏགས། དངོས་པོ་མེད་པ་ལ་དངོས་པོར་བཟུང་། ཕན་གནོད་མེད་པ་ལ་ཕན་གནོད་དུ་སྣང་ཞིང་། རེ་དོགས་ཀྱི་བློ་རྒྱུན་ཆད་མེད་པར་སྐྱེས་ཏེ་གཟུང་བའི་ཡུལ་དུ་འཁྲུལ་པའི་ཚུལ་ནི། དཔེར་ན་རྨི་ལམ་དུ་བདེ་སྡུག་དང་འཇིགས་སྐྲག་ལ་སོགས་ཇི་ཙམ་རྨིས་ཀྱང་ཉིང་འཁྲུལ་གྱི་སྣང་བ་ལས་གཅིག་ཀྱང་མི་བདེན། མི་བདེན་བཞིན་དུ་རྨི་ལམ་ཉིད་རྨི་ལམ་དུ་ངོ་མ་ཤེས་པས་བདེ་སྡུག་ལ་སོགས་པ་མྱོང་བ་ལྟར། ད་ལྟའི་སྣང་བ་འདི་དག་ཀྱང་མི་བདེན་བཞིན་དུ་རང་སེམས་འཁྲུལ་པའི་སྣང་ངོར་ཤར་བ་ལས་གཞན་དུ་བདེན་པར་གྲུབ་པ་རྡུལ་ཙམ་ཡང་མེད། ནང་འཛིན་བྱེད་ཀྱི་སེམས་དེ་ཡང་བདེན་པར་གྲུབ་བམ་སྙམ་ནམ་ཡིན་ཏེ། དང་པོ་བྱུང་བའི་ཁུང་། བར་དུ་གནས་པའི་ས། ཐ་མ་འགྲོ་བའི་ཡུལ་ལས་འདས་པའོ། །སེམས་ཞེས་བྱ་བ་དོན་ལ་རྣམ་རྟོག་ཝལ་གྱིས་

p. 479

ཤར་ནས་སང་གིས་ཡལ་སྙམ་བྱེད་པ་འདི་མ་གཏོགས་ཅི་ཡང་མེད་དེ། དཔེར་ན་ནམ་མཁའི་སྟོང་པའི་ངང་ལས་སྤྲིན་ཐོལ་གྱིས་ཤར། འདི་སོང་མེད་པ་སྟོང་པའི་ངང་དུ་ཡལ་བ་ལྟར་གནས་ལུགས་སྟོང་པའི་ངང་ལས་རྣམ་རྟོག་གི་འགྱུ་བ་ཤར། འགྱུ་བ་དེ་ཉིད་སྟོང་པའི་ངང་དུ་རང་ཡལ་དུ་སོང་བ་ལ་སྐྱེ་འགག་གྲངས་སུ་བཏབ་པས་ཐམས་ཅད་འཁྲུལ། སྟོང་པ་ཅི་ཡང་མེད་པ་ལ་ཐོལ་སྐྱེས་ཀྱི་ཤེས་པ་སྐད་ཅིག་མས་ངའམ་བདག་ཏུ་འཛིན་པ་ལས་གང་ཟག་གི་བདག་བྱུང་བའོ། །དེས་ན་དེ་དག་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པར་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པ། དཔེར་ན་སྣོད་བཅུད་ནམ་མཁའ་གཅིག་གི་རོལ་པ་བཞིན་དུ་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པར་མངའ་དབང་བསྒྱུར་བ་ནི་ཇི་ལྟར་བ་མཁྱེན་པའི་ཤེས་རབ་དང་། དེའི་གནས་ལུགས་དང་ཡིན་ལུགས་མངོན་དུ་གྱུར་བ་ནི་ཇི་སྙེད་པ་གཟིགས་པའི་ཤེས་རབ་སྟེ། ཤེས་རབ་དེ་གཉིས་རྒྱུད་ལ་བརྟན་པ་ནི་ཤིན་ཏུ་གལ་ཆེའོ། །གཉིས་པ་བྱེ་བྲག་གི་སྔོན་འགྲོ་ལ་གཉིས། སྦྱོར་བ་གནས་ཀྱི་གནད་དང་། རུ་ཤན་དངོས་ལ་འཇུག་པའོ། །དང་པོ་སྦྱོར་བ་གནས་ཀྱི་གནད་ནི། སྒོ་གསུམ་མངོན་ཞེན་ལྡོག་ཕྱིར་དབེན་པའི་ས༔ མི་ཡི་རྒྱུ་འགྲུལ་མཐོང་ཚོར་

p. 480

མེད་པ་རུ༔ ཕྱིན་ཏེ་སྡེ་བརྒྱད་ཟོ་དོར་དྲེགས་པ་ཅན༔ བདེན་པའི་སྟོབས་དང་སྔགས་དང་ཕྱག་རྒྱས་བ་ཀུག༔ སྐྱེམས་དང་གཏོར་མ་འདོད་རྒུར་བསྒྱུར་ཏེ་ཕུལ༔ འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་བསྒྲུབ་པ་དང་༔ ས་ལམ་བར་ཆད་སེལ་བའི་གྲོགས་སུ་བསྐུལ༔ གླུད་དང་ལན་ཆགས་འབྲས་ཆན་བཏང་ནས་སུ༔ བགེགས་དང་ལོག་འདྲེན་བར་ཆད་བསྐྲད་བྱས་ཏེ༔ བསྲུང་བའི་འཁོར་ལོ་རིམ་པ་ལྔ་རུ་བསྐྱེད༔ ཞེས་པ་སྟེ། ལས་དང་བག་ཆགས་ཀྱིས་བསྐྱེད་པའི་སྒོ་གསུམ་གྱི་བྱ་བར་མངོན་ཞེན་ལྡོག་པ་དང་། གསང་སྔགས་ཀྱི་སྤྱོད་པ་ཟབ་མོ་གསང་ཐབས་སུ་སྦྱང་ཕྱིར་མི་སོགས་གཞན་གྱི་རྒྱུ་འགྲུལ་དང་མཐོང་ཚོར་མེད་པའི་གནས་དབེན་པར་ཕྱིན་ཏེ། ཡུལ་དེའི་སྡེ་བརྒྱད་ཟོ་དོར་དྲེགས་པ་ཅན་རྣམས་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པའི་སྟོབས་ཀྱིས་བཀུག་ནས། སྐྱེམས་དང་གཏོར་མ་སྦྱངས་སྤེལ་བསྒྱུར་གསུམ་གྱི་སྒོ་ནས་འདོད་རྒུར་སྤྲུལ་ཏེ། དེ་དག་གི་དབང་པོ་དྲུག་ཆུ་སྣོད་ལྟ་བུ་དབྱིངས་སུ་མ་ཞིག་གི་བར་དུ་འདོད་ཡོན་གྱི་ལོངས་སྤྱོད་གཟའ་སྐར་མཆེད་པ་ལྟར་རྒྱུན་མི་འཆད་པའི་རང་བཞིན་དུ་དམིགས་ནས་ཕུལ་བས། གྱ་ཚོམ་གྱི་སྤྱོད་པ་ལ་ཀོ་ལོང་དང་ཕྲག་དོག་མི་བྱེད་པར་འགལ་རྐྱེན་ཐམས་ཅད་བཟློག་ཅིང་མཐུན་རྐྱེན་བསྒྲུབ་པ་དང་ས་ལམ་གྱི་བར་ཆད་སེལ་བའི་གྲོགས་སུ་བསྐུལ་ཏེ་

p. 481

ཕྲིན་ལས་བཅོལ། གང་དག་དཀར་པོ་དགེ་བའི་ལས་བསྒྲུབ་པ་ལ་བར་དུ་གཅོད་པའི་གདོན་བགེགས་ཀྱི་རིགས་ལ་གླུད་དང་ཆང་བུ་འབྲས་ཆན་སོགས་ཀྱི་ཚིམས་པར་བྱས་ནས་སོ་སོ་རང་རང་གི་གནས་སུ་སོང་ཞིག་ཅེས་བཀའ་བསྒོ། གལ་ཏེ་བཀའ་དང་དམ་ལ་མི་གནས་པ་རྣམས་རང་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཁྲོ་ཆུང་ཐུན་མཚོན་མེ་དཔུང་གི་ཚོགས་སྤྲོས་ཏེ་མཐའི་ལྕགས་རི་ནག་པོའི་རྒྱབ་ཏུ་བསྐྲད། ཚུར་འདུས་ཡེ་ཤེས་ལྔའི་རང་གདངས་ལས་གྲུབ་པའི་སྲུང་བའི་འཁོར་ལོ་རིམ་པ་ལྔའི་ནང་དུ་ཚུད་དེ་གནས་པར་བསམ་མོ། །ལེའུའི་སྐབས་བསྡུ་བ་ནི། དེ་དག་སྔོན་འགྲོའི་རིམ་པའི་ལེའུ་སྟེ་དང་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་རུ་ཤན་དངོས་ལ་འཇུག་པ་ལ་གསུམ། ཕྱི་ལུས་ཀྱི་རུ་ཤན། ནང་ངག་གི་རུ་ཤན། གསང་བ་ཡིད་ཀྱི་རུ་ཤན་དབྱེ་བའོ། །དང་པོ་ཕྱི་ལུས་ཀྱི་རུ་ཤན་དབྱེ་བ་ལའང་གཉིས། སྤྱིར་རིགས་དྲུག་གི་གནས་སྦྱངས་བྱ་བ་དང་། བྱེ་བྲག་རང་ལུས་རྡོ་རྗེར་སྦྱངས་པའོ། དང་པོ་རིགས་དྲུག་གི་གནས་སྦྱངས་བྱ་བ་ལའང་གཉིས། ཕྱི་འགྲོ་དྲུག་གི་སྐྱེ་གནས་སྦྱང་བ་དང་། ནང་རིགས་དྲུག་གི་ས་བོན་སྦྱངས་པའོ། །དང་པོ་ཕྱི་འགྲོ་དྲུག་གི་སྐྱེ་གནས་སྦྱངས་པ་ལའང་། འགྲོ་དྲུག་གི་སྤྱོད་པ་བྱ་བ། དཀོན་མཆོག་གསུམ་གྱི་

p. 482

སྤྱོད་པ་བྱ་བ། ཐ་མ་འབྱོངས་པའི་ཚད་བསྟན་པ་དང་གསུམ་ལས། དང་པོ་འགྲོ་དྲུག་གི་སྤྱོད་པ་བྱ་བ་ནི། དེ་ནས་འཁོར་འདས་རུ་ཤན་འབྱེད་པ་ལ༔ ཕྱི་དང་ནང་དང་གསང་བ་རྣམ་གསུམ་ལས༔ དང་པོ་ཕྱི་ལྟར་རུ་ཤན་དབྱེ་བ་ལ༔ བླ་མ་སྤྱི་བོར་བསྒོམ་ཞིང་དབང་བཞི་བླང་༔ འགྲོ་བའི་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད༔ ཚེ་རབས་དུ་མའི་ལས་ངན་བག་ཆགས་ཀྱི༔ རྒྱུ་དང་འབྲས་བུ་སྡུག་བསྔལ་མྱོང་འགྱུར་ཀུན༔ སྦྱངས་ཏེ་རྣམ་མཁྱེན་ས་རུ་བགྲོད་སྙམ་ཞིང༔ དམྱལ་བ་ཡི་དྭགས་དུད་འགྲོ་རྣམ་གསུམ་དང་༔ ལྷ་མིན་ལྷ་དང་མི་དང་རྣམ་པ་གསུམ༔ མས་རིམ་བཞིན་དུ་ཡུལ་དང་སྡུག་བསྔལ་རྣམས༔ ཡིད་ལ་བྱས་ཏེ་སྡུག་བསྔལ་བློ་ཐོག་ཏུ༔ བླང་ཞིང་ལུས་དང་ངག་གི་རྣམ་འགྱུར་གྱིས༔ བྱ་སྤྱོད་རྣམ་པ་སྣ་ཚོགས་རིམ་བཞིན་སྤྱད༔ སླར་ཡང་ཡས་རིམ་དེ་ལྟར་ཡང་ཡང་བསྐྱར༔ དཀའ་ཚེགས་སྐྱོ་ངལ་གཅེས་འཛིན་ཁྱད་བསད་དེ༔ ལུས་ཀྱི་མཆོང་རྒྱུག་འགྲེ་ལྡོག་བྱ་བ་དང་༔ ངག་གི་ཀྭི་བསྭོ་ཅ་ཅོ་སྣ་ཚོགས་དང་༔ ཡིད་ཀྱི་དུག་ལྔ་དུག་གསུམ་རྣམ་རྟོག་ཚོགས༔ བཙན་ཐབས་ཉིད་དུ་སློང་བར་བྱ་བ་སོགས༔ མདོར་ན་ཡིད་ལ་གང་དྲན་སྤྱོད་པ་སྤྱོད༔ ཅེས་པ་སྟེ། དེ་ཡང་ཐལ་འགྱུར་ལས། འཁོར་འདས་རུ་ཤན་

p. 483

མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང་། །འབྲེལ་བ་ཆོད་པར་མི་འགྱུར་པས། །འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་པས། དང་པོ་ལུས་འདི་མ་རིག་པ་ལས་བསྐྱེད་པས་རྒྱུན་དུ་འཁོར་བར་འཁྱམས་ཏེ། ད་ཕན་ཆད་འཁོར་བར་མི་འཁྱམས་པར་བྱ་བའི་ཕྱིར་ལུས་དང་འཁོར་བ་རུ་ཤན་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །ཅེས་པས་ཐོག་མར་རང་རྒྱུད་ལ་བྱིན་རླབས་འཇུག་ཕྱིར་བླ་མའི་རྣལ་འབྱོར་བསྒོམ་ཏེ་གསོལ་བ་ཕུར་ཚུགས་སུ་བཏབ་ཅིང་དབང་བཞི་བླངས་ཏེ། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚེ་རབས་ཐོག་མ་མེད་པའི་དུས་ནས་བསགས་པའི་ལས་དང་བག་ཆགས་རྒྱུ་ཉོན་མོངས་དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་འབྲས་བུ་ངན་སོང་གསུམ་སོགས་སྡུག་བསྔལ་མྱོང་འགྱུར་ཐམས་ཅད་ད་ལྟ་ཉིད་དུ་སྦྱངས་ཏེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་ས་རུ་བགོད་པར་བྱའོ་སྙམ་དུ་སེམས་བསྐྱེད་ནས། དམྱལ་བ་ཚ་གྲང་། ཡི་དྭགས་བཀྲེས་སྐོམ། དུད་འགྲོ་བཀོལ་སྤྱོད། མི་སྐྱེ་རྒ་ན་འཆི། ལྷ་མིན་འཐབ་རྩོད། ལྷ་འཕོ་ལྟུང་གི་སྡུག་བསྔལ་རྣམས་རང་གི་རྒྱུད་ཐོག་ཏུ་བསམ་ལ། དེ་དག་གི་བདེ་སྡུག་གི་སྤྱོད་པ་དང་རྣམ་འགྱུར་སོགས་དཀའ་ཚེགས་སྐྱོ་ངལ་

p. 484

མེད་པར་བྱ། དེ་བཞིན་དུ་ངག་གིས་ཀྱང་ཐལ་འགྱུར་ལས། མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །ཅེས་པ་ལྟར་ཅ་ཅོའི་སྒྲ་སྐད་སྣ་ཚོགས་བླང་དོར་མེད་པར་སྒྲོགས་ཤིང་། ཡིད་ཀྱིས་ཀྱང་། འདས་རྗེས་ལས། ཡིད་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྡུག་བསྔལ་བློ་ལ་བླངས། །ཞེས་དང་། སངས་རྒྱས་སྲས་གཅིག་ལས། དགའ་དང་མི་དགའ་བདེ་སྡུག་བསྔལ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །དགེ་དང་མི་དགའ་ལ་སོགས་པའི། །བསམ་སྦྱོར་རྣམ་པ་སྣ་ཚོགས་བྱ། །ཞེས་པས་དུག་གསུམ་གྱི་རྣམ་རྟོག་སྣ་ཚོགས་བཙན་ཐབས་སུ་སློང་བར་བྱས་པས་སྒོ་གསུམ་ངལ་དུབ་ཀྱི་རྣམ་པ་ཤར་ཚེ་དེའི་ངོ་བོ་ལ་བལྟ་ཞིང་ངལ་གསོ། ཡང་དེ་ལྟར་ཡས་མས་རིམ་བཞིན་དུ་བསྐྱར་རོ། །གཉིས་པ་དཀོན་མཆོག་གསུམ་གྱི་སྤྱོད་པ་བྱ་བ་ནི། མཐར་ཡང་རང་ཉིད་ཤཱཀྱ་ཐུབ་པར་བསྒོམ༔ ས་གནོན་མཉམ་གཞག་སྐྱིལ་ཀྲུང་གིས་འདུག་སྟེ༔ རིགས་དྲུག་སེམས་ཅན་གཅིག་ཀྱང་མ་ལུས་པ༔ བྱང་སེམས་ཉན་རང་འཁོར་གྱི་རིམ་པར་གྱུར༔ དེ་དག་རང་རང་རྒྱུད་དང་མཐུན་པ་ཡི༔ གང་འདུལ་ཆོས་འཁོར་བསྐོར་བར་བསམ་ནས་སུ༔ ཤེར་ཕྱིན་སྙིང་པོ་ལ་སོགས་འདོན་པར་བྱ༔ ཞེས་པ་སྟེ། འདས་རྗེས་ལས། དཀོན་མཆོག་གསུམ་གྱི་

p. 485

སྤྱོད་པ་བྱ། །ཞེས་པས། མཐར་རང་ཉིད་ཤཱཀྱ་ཐུབ་པར་གསལ་ཏེ་ལག་གཉིས་ས་གནོན་དང་མཉམ་གཞག །རྐང་པ་སྐྱིལ་ཀྲུང་གིས་འདུག་སྟེ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཉན་རང་བྱང་སེམས་ཀྱི་ཚོགས་སུ་གྱུར་པ་ལ་རང་རྒྱུད་དང་བསྟུན་པའི་ཆོས་འཁོར་བསྐོར་བར་བསམ་ཞིང་ཤེར་ཕྱིན་སྙིང་པོ་སོགས་འདོན་པར་བྱའོ། །གསུམ་པ་འབྱོངས་པའི་ཚད་བསྟན་པ་ནི། ཁམས་གསུམ་འཁོར་བའི་གནས་ཡུལ་སྣང་བ་ཀུན༔ སྒྱུ་མ་སྨིག་རྒྱུ་རྨི་ལམ་ཇི་བཞིན་དུ༔ ཤེས་ནས་མངོན་ཞེན་ལྡོག་ཚེ་འབྱོངས་པའི་ཚད༔ ཅེས་པ་སྟེ། དེ་ལྟར་འབད་པས་ཁམས་གསུམ་འཁོར་བའི་སྣང་བ་ཐམས་ཅད་སྒྱུ་མ་དང་སྨིག་སྒྱུ་རྨི་ལམ་ལྟ་བུར་ཤེས་ནས་མངོན་ཞེན་ལྡོག་ཚེ་འབྱོངས་པའི་ཚད་ཡིནགཉིས་པ་ནང་རིགས་དྲུག་གི་ས་བོན་སྦྱང་བ་ལ་གསུམ། སྦྱང་གཞི་རིགས་དྲུག་གི་ས་བོན། སྦྱོངས་བྱེད་རྡོ་རྗེའི་འབྲུ་གསུམ། ཐ་མ་འབྱོངས་པའི་རྟགས་བསྟན་པའོ། །དང་པོ་སྦྱང་གཞི་རིགས་དྲུག་གི་ས་བོན་ནི། དེ་ནས་ནང་ལྟར་རུ་ཤན་དབྱེ་བ་ལ༔ སྤྱི་མགྲིན་སྙིང་ག་ལྟེ་བ་གསང་གནས་དང་༔ རྐང་མཐིལ་རྣམས་སུ་རིམ་པ་བཞིན་དུ་ནི༔ ལྷ་དང་ལྷ་མིན་མི་དང་

p. 486

བྱོལ་སོང་དང༔ ཡི་དྭགས་དམྱལ་བའི་ས་བོན་རིམ་པ་བཞིན༔ ཨ་དཀར་སུ་སེར་ནྲི་ལྗང་ཏྲི་དམར་ནག༔ པྲེ་ཡིག་ཐལ་སྐྱ་དུ་ཡིག་ནག་པོ་རྣམས༔ རང་མདོག་བག་ཆགས་ཐིག་ལེའི་ཀློང་དུ་བསྐྱེད༔ འོད་འཕྲོས་འགྲོ་དྲུག་སོ་སོའི་སྡུག་བསྔལ་དང་༔ སྡིག་སྒྲིབ་བག་ཆགས་གནས་ཡུལ་དང་བཅས་པ༔ མ་ལུས་བསྡུས་ཏེ་ས་བོན་རྣམས་ལ་བསྟིམ༔ ཞེས་པ་སྟེ། དེའང་བག་ཆགས་ཀྱི་ལུས་འདི་གྲུབ་ཙམ་ནས་རིགས་དྲུག་ཏུ་འཕེན་བྱེད་ཀྱི་ས་བོན་རྒྱུན་ཆགས་སུ་གནས་པ་དེའི་སྟེང་དུ་ལས་སྔ་མའི་རྗེས་ཆགས་ཤིང་ཕྱི་མ་ཉེ་བར་ལེན་པའི་རྐྱེན་བྱེད་པས་འཆི་བའི་ཚེ་ཡི་གེ་རྩ་ཁམས་དེ་རྣམས་གང་དུ་རླུང་སེམས་འདུས་པ་ལས་དེ་དང་དེར་འཕེན་པར་བྱེད་པའི་ཕྱིར། ད་ལྟ་ལམ་གྱི་གནས་སྐབས་ན་སྦྱོངས་ཚུལ་ཁྱད་དུ་འཕགས་པ་འདི་ནི་བླ་ན་མེད་པའི་ཐེག་པ་འདིའི་ཁྱད་ཆོས་ཡིན་ནོ། །དེ་ལ་དབྱེ་བ་དངོས་ནི། འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །ཞེས་སོ། །ས་བོན་དྲུག་ཇི་ལྟར་གནས་ན། ཀློང་གསལ་ལས། སྤྱི་བོ་མགྲིན་པ་སྙིང་ག་དང་། །ལྟེ་བ་གསང་བ་རྐང་མཐིལ་དུ། །ཨ་སུ་ནྲྀ་ཏྲི་པྲེ་དུ་གནས། །ཞེས་པ་ལྟར་རང་གི་ལུས་ཀྱི་སྤྱི་བོར་ཨ་དཀར་པོ་ལ་ལྷའི་བག་ཆགས། མགྲིན་པར་སུ་སེར་པོ་ལ་ལྷ་མ་ཡིན་གྱི་བག་ཆགས།

p. 487

སྙིང་ག་རྀནྲ་ལྗང་གུ་ལ་མིའི་བག་ཆགས། ལྟེ་བར་ཏྲི་དམར་ནག་ལ་དུད་འགྲོའི་བག་ཆགས། གསང་བར་པྲེ་ཐལ་སྐྱ་ལ་ཡི་དྭགས་ཀྱི་བག་ཆགས། རྐང་མཐིལ་དུ་དུ་ནག་པོ་ལ་དམྱལ་བའི་བག་ཆགས་རྣམས་འདུས་པའི་ངོ་བོ་རང་མདོག་གི་ཐིག་ལེའི་ཀློང་དུ་ཡོད་པར་བསྒོམ། དེ་དག་ལས་འོད་འཕྲོས་པས་འགྲོ་དྲུག་སོ་སོའི་སྡུག་བསྔལ་སྡིག་སྒྲིབ་བག་ཆགས་གནས་ཡུལ་དང་བཅས་པ་ཐམས་ཅད་བསྡུས་ཏེ་ས་བོན་རྣམས་ལ་ཐིམ་པར་བསམ་མོ། །གཉིས་པ་སྦྱོངས་བྱེད་རྡོ་རྗེའི་འབྲུ་གསུམ་ནི། སྦྱོངས་བྱེད་རྡོ་རྗེ་གསུམ་གྱི་ས་བོན་ནི༔ དཔྲལ་བར་ཨོཾ་དཀར་མགྲིན་པར་ཨཱ༔ དམར་པོ༔ སྙིང་གར་ཧཱུྃ་མཐིང་ལམ་ནི་འོད་འཕྲོས་པས༔ བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀུན༔ བསྡུས་ཏེ་ཡི་གེ་འབྲུ་གསུམ་ལ་ཐིམ་པས༔ འོད་དང་འོད་ཕུང་བསྐལ་པའི་མེ་ལྟར་འབར༔ ས་བོན་དྲུག་པོ་བག་ཆགས་དང་བཅས༔ རྩྭ་སྦུར་ཕྲ་མོར་དུས་མཐའི་མེ་མཆེད་བཞིན༔ རིམ་བཞིན་བསྲེགས་ཏེ་རྗེས་ཤུལ་ལྷག་མེད་དུ༔ སོང་མཐར་འོད་ཕུང་མེ་ཡི་རང་བཞིན་ཅན༔ ཆེར་མཆེད་ཁམས་གསུམ་སྲིད་པ་ཐམས་ཅད་ཀུན༔ སྐུ་གསུམ་མཉམ་བརྡལ་རོལ་པར་བསྲེག་བྱས་ཏེ༔ འཁྲུལ་མི་ཤེས་

p. 488

པའི་དབྱིངས་སུ་བརྟན་ཐོབ་བསམ༔ མཐར་ནི་སྤྲོས་པ་བྲལ་བའི་དབྱིངས་སུ་བཞག༔ བསྔོ་བ་དང་ནི་སྨོན་ལམ་རྒྱ་ཡིས་གདབ༔ འབྲུ་གསུམ་རྡོ་རྗེའི་བཟླས་པ་བདུན་འབུམ་བསྐྱལ༔ ཞེས་པ་སྟེ། སྔ་མ་ལས། རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་པས། སྦྱོངས་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ཡི་གེའི་རྣམ་པར་ཤར་བ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿ དམར་པོ། སྙིང་གར་ཧཱུྃ་མཐིང་ནག་རྣམས་བཀྲག་མདངས་གཟི་བརྗིད་དང་ལྡན་པར་བསྒོམ། དེ་ལས་འོད་ཟེར་འཕྲོས་པས་བླ་མ་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་བྱིན་ཐམས་ཅད་བསྡུས་ཏེ་འབྲུ་གསུམ་ལ་ཐིམ། འབྲུ་གསུམ་བཟླས་པའི་རྐྱེན་གྱི་དེ་ལས་བྱུང་བའི་འོད་ཟེར་གྱིས་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་རྩ་སྦུར་ཕྲ་མོ་ལ་དུས་མཐའི་མེ་མཆེད་པ་ལྟར་ཐུལ་ཐུལ་བསྲེགས་ཏེ་རྗེས་ཤུལ་ལྷག་མ་མེད་པར་སོང་མཐར་འོད་ཕུང་མེ་ཡི་རང་བཞིན་ཅན་དེ་ཉིད་ཆེར་མཆེད་ནས་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ནང་གཡོ་བ་བཅུད་ཀྱི་སེམས་ཅན་བར་འདོད་ཡོན་ལྔ་ཡི་ལོངས་སྤྱོད་རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་དངོས་མེད་དུ་བསྲེག་ནས། འདོད་ཁམས་སྤྲུལ་སྐུའི་

p. 489

རོལ་པ། གཟུགས་ཁམས་ལོངས་སྐུའི་རོལ་པ། གཟུགས་མེད་ཁམས་ཆོས་སྐུའི་རོལ་པ་སྟེ་སྐུ་གསུམ་མཉམ་བརྡལ་ཆོས་དབྱིངས་འཁྲུལ་མི་ཤེས་པའི་དབྱིངས་སུ་བརྟན་པ་ཐོབ་པར་བསམ་ལ། ཨོཾ་ཨཱཿཧཱུྃ་འབུམ་ཕྲག་བདུན་བཟླའོ། ཐུན་མཐར་སྤྲོས་དང་བྲལ་བའི་ངང་དུ་མཉམ་པར་བཞག་ཅིང་བསྔོ་སྔོན་བྱའོ། །གསུམ་པ་ཐ་མ་འབྱོངས་པའི་རྟགས་བསྟན་པ་ནི། ནམ་མཁའ་གཡའ་དག་ཉི་ཟླ་ཤར་བ་དང་༔ མཁའ་ལ་འཕུར་དང་དུང་དང་རོལ་མོ་སྒྲོགས༔ ཉམས་དང་རྟོགས་པའི་ཡོན་ཏན་གསར་དུ་སྐྱེ༔ དེ་དག་སྒྲིབ་པ་དག་པའི་ལྟས་སུ་འབྱུང་༔ ཞེས་པ་སྟེ་འབྱོངས་པའི་རྟགས་སུ་ནམ་མཁའ་གཡའ་དག་པ། ཉི་ཟླ་ཤར་བ། མཁའ་ལ་འཕུར་བ། དུང་དང་རོལ་མོ་སྒྲོགས་པ་སོགས་སྒྲིབ་པ་དག་པའི་ལྟས་སྣ་ཚོགས་དངོས་ཉམས་རྨི་ལམ་ཅི་རིགས་པར་འབྱུང་ཞིང་། ཉམས་རྟོགས་ཀྱི་ཡོན་ཏན་གསར་དུ་སྐྱེ་བ་དང་ཐ་མལ་གྱི་འཛིན་ཞེན་ཤུགས་ལ་འདག་པར་གྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་དབྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོངས། །ཞེས་དང་། དེ་ལྟར་ས་བོན་མ་ཟད་ན། །འཁོར་བའི་འབྲེལ་ཐག་ཆོད་མི་འགྱུར། །ཞེས་གསུངས་པས་རྒྱུ་ས་བོན་ཟད་ན་དེས་བསྐྱེད་ཀྱི་འབྲས་བུ་མི་འབྱུང་བ་བཞིན་

p. 490

ནོ། །ལེའུའི་སྐབས་བསྡུ་བ་ནི། རུ་ཤན་ནང་ལྟར་དབྱེ་བའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་རང་ལུས་རྡོ་རྗེར་སྦྱངས་པ་ལ་གཉིས། རྡོ་རྗེར་སྦྱང་བ་དངོས་དང་། ཕན་ཡོན་བསྟན་པའོ། །དང་པོ་རྡོ་རྗེར་སྦྱང་བ་དངོས་ནི། གསང་བ་ལྟར་དུ་རུ་ཤན་དབྱེ་བ་ལ༔ ལུས་ཀྱི་བྱ་བ་རྡོ་རྗེར་སྦྱང་བ་ནི༔ རང་ལུས་གནམ་ལྕགས་རྡོ་རྗེ་མེ་འབར་བ༔ རྩེ་གསུམ་ཡར་རྩེ་སྐུ་གསུམ་མཚོན་བྱེད་ལ༔ མར་རྩེ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ༔ སྐེད་པ་ལྷུན་གྲུབ་ཐབས་ཤེས་ཟུང་འཇུག་མཚོན༔ གསལ་ཞིང་ཐལ་མོ་སྤྱི་བོར་སྦྱར་བྱས་ཏེ༔ གྲུ་མོ་བསྒྲེང་ཞིང་རྐང་མཐིལ་ཁ་སྦྱར་ཏེ༔ པུས་མོ་བསྒྲད་ཅིང་གཞན་དུ་མི་ཡེངས་པར༔ དམིགས་པའི་གནད་ལ་འབད་ཅིང་གསལ་བར་བྱ༔ དཀའ་ཞིང་ངལ་དུབ་སྡོད་མི་ཚུགས་པའི་དུས༔ གན་རྐྱལ་ལོག་སྟེ་སྔར་བཞིན་དམིགས་གསལ་འབད༔ ཙོག་པུར་འདུག་སྟེ་སྔར་བཞིན་ཕྱག་རྒྱ་དང་༔ དམིགས་པའི་གནད་བཟུང་དེ་ལྟར་རེས་མོས་བསྐྱར༔ རྡོ་རྗེ་ཚྭ་ཚྭ་སྐར་ལྟར་འཁྲུགས་པ་ཡིས༔ སྔོན་ལས་འཕྲལ་རྐྱེན་ངན་པའི་རྒྱུས་བསྐྱེད་པའི༔ བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ཀུན༔ རྡུལ་དུ་བརླག་ཅིང་ཡུལ་མེད་ཆེན་པོར་བསྲེགས༔ ཞེས་པ་སྟེ། ཐལ་འགྱུར་ལས།

p. 491

རྡོ་རྗེའི་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་པས། དེ་ལ་རྡོ་རྗེའི་སྐྱིལ་ཀྲུང་ནི་རྐང་མཐིལ་གཉིས་སྤྲད་དེ་ལུས་དྲང་པོར་བསྲང་། པུས་མོ་བསྒྲད་ཅིང་གྲུ་མོ་བརྒྱངས་ནས་ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། སེམས་གཞན་དུ་མི་ཡེངས་པར་རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་སྔོན་པོ་མེ་འབར་བར་བསྒོམ་སྟེ། དེ་ཡང་ཡར་རྩེ་གསུམ་ནི་སྐུ་གསུམ་དང་། མར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་ཞིང་། སྐེད་པ་གཅིག་ཏུ་འདྲིལ་བ་ཐབས་ཤེས་ཟུང་འཇུག་གི་མཚོན་བྱེད་དུ་ཤེས་པར་བྱའོ། །དེས་དཀའ་ཞིང་སྡོད་མི་ཚུག་པའི་དུས་སུ་མཉམ་པ་ཉིད་ཀྱི་འདུག་སྟངས་གན་རྐྱལ་དུ་ལོག་སྟེ་སྔར་བཞིན་བྱ་བ་དང་། ཡང་མི་འགྱུར་རྡོ་རྗེའི་འདུག་སྟངས་ཙོག་པུར་འདུག་སྟེ་སྔར་བཞིན་ཕྱག་རྒྱ་དང་དམིགས་གསལ་ལ་འབད་པ་རྣམས་རེས་མོས་སུ་བསྐྱར། བར་སྐབས་སུ་རྡོ་རྗེ་ལས་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས་པས་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་བྱུང་བའི་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་དང་བཅས་པ་རྡུལ་དུ་བརླག་ཅིང་ཡུལ་མེད་ཆེན་པོར་བསྲེགས་པར་བསམ་མོ། །གཉིས་པ་ཕན་ཡོན་བསྟན་པ་ནི། གནད་དེས་ཕྱི་ནང་བར་ཆད་གེགས་སེལ་བྱེད༔ མཐར་ཐུག་ལུས་ཀྱང་སྐུ་ཡི་

p. 492

རོལ་པར་འཕོ༔ རྡོ་རྗེར་མཐོང་སྟེ་བགེགས་རྣམས་ཉེ་མི་ནུས༔ ཞེས་པ་སྟེ། དེ་ལྟར་སྦྱངས་པའི་དགོས་པ་གནས་སྐབས་སུ་གདོན་བགེགས་རྣམས་ཀྱིས་རང་ལུས་རྡོ་རྗེ་སྔོན་པོ་མེ་འབར་བར་མཐོང་ནས་ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། མཐར་ཐུག་ལུས་སྐུ་རྡོ་རྗེ་སྤྲུལ་པའི་སྐུར་གོ་འཕོས་པའི་དགོས་པ་ཡོད་དོ། །ལེའུའི་སྐབས་བསྡུ་བ་ནི། ལུས་ཀྱི་རུ་ཤན་དབྱེ་བའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་ནང་ངག་གི་རུ་ཤན་དབྱེ་བ་ལ་བཞི། རྒྱས་གདབ་པ། རྩལ་སྦྱང་བ། མཉེན་བཙལ་བ། ལམ་དུ་གཞུག་པའོ། །དང་པོ་རྒྱས་གདབ་པ་ལའང་། ཕྱི་སྣང་བར་རྒྱས་གདབ་པ་དང་། ནང་ཕུང་པོ་ལ་རྒྱས་གདབ་པ་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། དེ་ནས་ངག་སྦྱངས་པའི་རིམ་པ་ནི༔ རང་ཉིད་གསང་བ་ཕྱག་ན་རྡོ་རྗེར་བསྒོམ༔ ལུས་དང་བསྟུན་ཏེ་སྐུ་དང་སྲོག་སྙིང་གི༔ ཁ་དོག་དཀར་སེར་དམར་དང་མཐིང་གར་བསྒོམ༔ དང་པོ་ཕྱི་ཡི་སྣང་བར་རྒྱས་གདབ་པ༔ ཐུགས་ཀའི་ཧཱུྃ་ལས་ཧཱུྃ་ཡིག་དཔག་མེད་པ༔ ཁ་ནས་ཐོན་ཏེ་སྣོད་བཅུད་བརྟན་གཡོ་ཀུན༔ ན་བུན་འཐིབ་བཞིན་གང་ནས་མ་ལུས་པ༔ ཐམས་ཅད་ཡི་གེ་ཧཱུྃ་དུ་ཞུ་བསམ་ཞིང་༔ སྐད་ཆེར་སྙན་ལ་རིང་བས་ཧཱུྃ་གླུ་གྱེར༔ ཞེས་པ་སྟེ། དེ་ལ་ཐལ་འགྱུར་ལས།

p. 493

ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱོངས་ཉིད། །མཉེན་བཙལ་ལམ་དུ་ཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །ཞེས་པས་དང་པོ་རང་ཉིད་གསང་བདག་ཕྱག་ན་རྡོ་རྗེ་སྐུ་མདོག་སྔ་དྲོ་དཀར་པོ། ཉིན་གུང་སེར་པོ། དགུང་མོ་དམར་པོ། སྲོད་ལ་མཐིང་ནག་ཞལ་གཅིག་ཕྱག་གཉིས་ཀྱི་གཡས་པས་གནམ་ལྕགས་ཀྱི་རྡོ་རྗེ་ནམ་མཁར་ཕྱར་བ་གཡོན་པས་སྦྲུལ་ཞགས་ཐུགས་ཀར་འཛིན་ཅིང་ཞབས་གཉིས་པད་ཟླ་ཉི་མའི་གདན་ལ་གྱད་ཀྱི་འདོར་སྟབས་སུ་འགྱིང་བའི་སྐུ་ལ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་པར་གསལ་བའི་ཐུགས་ཀར་པད་ཟླ་ཉི་མའི་གདན་ལ་གནམ་ལྕགས་ཀྱི་རྡོ་རྗེའི་ལྟེ་བར་ཧཱུྃ་ཡིག་དུས་དང་བསྟུན་པའི་ཁ་དོག་ཅན་ལས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས། ཁ་ནས་ཐོན་ཏེ་སྣོད་བཅུད་ཀྱི་ཁམས་ཐམས་ཅད་ན་བུན་འཐིབ་པ་བཞིན་དུ་གང་བར་བསམ་ལ། ཧཱུྃ་ཧཱུྃ་ཧཱུྃ་ཞེས་སྙན་ལ་རིང་བར་བརྗོད་པས་སྣང་བ་ཐམས་ཅད་ཧཱུྃ་གི་རང་བཞིན་དུ་སོང་བར་བསམ་ཞིང་མ་ཡེངས་པར་བྱའོ། །དེས་ནི་ཕྱི་སྣང་བར་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྒྱས་གདབ་པ་ནི། སླར་ཡང་རང་གི་ལུས་ལ་རྒྱས་གདབ་ནི༔ བརྟན་གཡོའི་ཧཱུྃ་དུ་གྱུར་པ་ཐམས་ཅད་དང་༔ སྤྲོས་པའི་ཧཱུྃ་རྣམས་ཚུར་འདུས་ཁ་

p. 494

ནས་ཞུགས༔ ལུས་གང་ལུས་པོའི་ཧཱུྃ་ཡིག་རྡུལ་ཕྲན་གྱི༔ ཆ་ཙམ་འཚོགས་པའི་ཕུང་པོར་གསལ་ཏེ་གྱེར༔ མཐར་ནི་འཇའ་ཚོན་ནམ་མཁར་ཡལ་ལྟར་བསྡུ༔ ཞེས་པ་སྟེ སླར་ཡང་བརྟན་གཡོ་ཧཱུྃ་དུ་གྱུར་པ་དག་དང་ཕར་འཕྲོས་པའི་ཧཱུྃ་རྣམས་གཅིག་བྱུང་གཉིས་བྱུང་གིས་ཚུར་འདུས། ཁ་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་ཧཱུྃ་ཡིག་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པས་གང་བར་བསམ་ལ། ཧཱུྃ་ཞེས་རིང་བར་བརྗོད་ཅིང་མཐར་འཇའ་ཚོན་ནམ་མཁར་ཡལ་བ་ལྟར་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བསྡུའོ། །དེས་ལུས་ཀྱི་འབྱུང་བ་དག་ལྟེ་གདོས་བཅས་ཟག་མེད་དུ་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་རྩལ་སྦྱང་བ་ལ། ཕྱི་སྣང་བ་ལ་རྩལ་སྦྱང་བ་དང་། ནང་ཕུང་པོ་ལ་རྩལ་སྦྱང་བ་གཉིས་ལས། དང་པོ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། དེ་ནས་ཕྱི་ཡི་དངོས་པོ་ཐམས་ཅད་ཀུན༔ སྟོང་པར་བཤིག་པའི་རྩལ་ཆེན་སྦྱང་བ་ལ༔ རང་གི་སྙིང་གའི་ཧཱུྃ་མཐིང་ཁྲུ་གང་ཙམ༔ རྣོ་མྱུར་ཤུགས་དང་ལྡན་པ་ཞིག་འཕྲོས་ཏེ༔ མདུན་གྱི་རི་བྲག་ཐོག་རེག་རིམ་བཞིན་དུ༔ ཕྱི་ཐལ་ནང་ཐལ་ཟང་ཐལ་གྱིས་འབིག་ནས༔ གཞན་ཡང་རི་བྲག་དངོས་པོ་ཐོག་རེག་གི༔ རི་ཐང་རྫས་དང་དངོས་པོར་གྲུབ་བོ་ཅོག༔ ཕྱི་ཐལ་ནང་ཐལ་ཕུག་ཅིང་སྟོང་པར་སྦྱངས༔ སྣང་སྲིད་སྟོང་དབྱིངས་ནམ་

p. 495

མཁའི་རང་བཞིན་དུ༔ གསལ་བཞིན་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་བརྗོད༔ ཅེས་པ་སྟེ། རང་གི་སྙིང་ག་ནས་ཧཱུྃ་མཐིང་ནག་ཁྲུ་གང་བ་རྣོ་མྱུར་གྱི་ཤུགས་དང་ལྡན་པ་ཞིག་འཕྲོས་ཏེ། རི་བྲག་ལ་སོགས་དངོས་པོ་ཐོག་རེག་གི་རྣམ་པ་ཅན་ཕྱི་ཐལ་ནང་ཐལ་གྱིས་ཕུག་ཅིང་སྣང་སྲིད་སྟོང་དབྱིངས་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་ལ་ཧཱུྃ་སྒྲ་དྲག་ལ་བཅད་ཐོན་པར་བརྗོད། དེས་སྣང་བ་བདེན་མེད་དུ་ཤེས་པའི་དགོས་པ་ཡོད་དོ། །གཉིས་པ་ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སླར་ཡང་རང་གི་ལུས་ལ་རྩལ་སྦྱང་བ༔ ཧཱུྃ་དེ་ཚུར་འདུས་ལུས་ཀྱི་ཕྱི་ནང་ཀུན༔ ཕྱི་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག༔ མཐར་ནི་སྟོང་གཟུགས་འོད་ཀྱི་ཕུང་པོར་བསྒོམ༔ ཞེས་པ་སྟེ་ཡང་ཧཱུྃ་དེ་ཚུར་བྱུང་རང་གི་ལུས་ཕྱི་ཐལ་ནང་ཐལ་སྐོར་ཚེར་མེད་པར་ཕུག་སྟེ་རྡུལ་ཕྲན་དུ་དག་ནས། མཐར་སྟོང་གཟུགས་འོད་ཀྱི་ཕུང་པོར་གྱུར་པར་བསམ་ལ་ཧཱུྃ་དྲག་ལ་ཐུང་བར་བརྗོད། དེས་ནི་ནང་ཕུང་པོའི་ནད་གདོན་ཞི་བ་དང་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། དེ་ནས་མཉེན་བཙལ་མདུན་དུ་ཤིང་བུ་བཙུགས༔ རང་གི་སྙིང་གར་ཧཱུྃ་ཞིག་བསྒོམ་བྱས་ཏེ༔ མེ་ལས་མེ་སྟག་ཆད་པ་ཇི་བཞིན་དུ༔ ཧཱུྃ་ལས་ཧཱུྃ་ཡིག་ལུ་གུ་རྒྱུད་དུ་འབྲེལ༔ ཁ་

p. 496

ནས་ཐོན་ཏེ་ཤིང་བུའི་རྩར་སླེབ་ནས༔ གཡས་འཁོར་གྱིས་ནི་སྦྲུལ་འཁྱུད་ལྟར་དཀྲིས་ཏེ༔ ཧཱུྃ་ཡིག་སྔ་མ་དམིགས་རྟེན་རྩེར་ཕྱིན་ལ༔ ཤེས་པ་གཏད་དེ་ཧཱུྃ་གླུ་དལ་གྱིས་བརྗོད༔ སླར་ཡང་ལུགས་སུ་ལྡོག་སྟེ་སྙིང་གར་བསྡུ༔ ཞེས་པ་སྟེ། མདུན་དུ་ཤིང་བུ་ལ་སོགས་པའི་མཚན་མ་བཙུགས་ལ། རང་གི་སྙིང་གར་ཧཱུྃ་མཐིང་ནག་ཞིག་བསྒོམ། དེ་ལས་ཧཱུྃ་དེ་འདྲ་བ་འོད་ཟེར་གྱི་ཐག་པས་སྦྲེལ་བ་མང་པོ་ཁ་ནས་ཐོན་ཏེ་དམིགས་རྟེན་གྱི་རྩ་བ་ནས་སྦྲུལ་འཁྱུད་པ་ལྟར་གཡས་བསྐོར་དུ་དཀྲིས་ཏེ་ཧཱུྃ་ཡིག་སྔ་མ་རྩེ་མོར་འགྲེང་སྟབས་སུ་གནས་པ་ལ་ཤེས་པ་མདུང་ཚུགས་སུ་གཏད་ནས་ཧཱུྃ་གླུ་དལ་བར་སྙན་པའི་དབྱངས་ཀྱིས་བརྗོད། སླར་ཡང་རིམ་བཞིན་བཤིག་ནས་གཅིག་ལ་གཅིག་ཐིམ་གྱི་མཐར་རང་གི་སྙིང་གར་བསྡུས་ཏེ་ངལ་གསོ་བར་བྱའོ། །དེས་ནི་དམིགས་པ་གང་དུའང་བསྒྱུར་བཏུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་གཞུག་པ་ནི། དེ་ནས་ལམ་དུ་ཞུགས་པའི་རིམ་ལ༔ རང་ལུས་ཧཱུྃ་ཡིག་མཐོ་གང་ཙམ་དུ་གསལ༔ སྲིན་བུའི་འགྲོས་ཀྱིས་ས་སྟེང་ཀུན་ཏུ་འགྲོ༔ རིགས་དྲུག་གནས་ཉུལ་འོད་ཀྱིས་འགྲོ་ཀུན་བསྒྲལ༔ སླར་ཡང་དཔག་ཆེན་མདའ་འཕང་ཇི་བཞིན་དུ༔ དབུས་ཕྱོགས་སྟུག་པོ་བཀོད་དང་ཤར་མངོན་དགའ༔ ལྷོ་ཕྱོགས་དཔལ་ལྡན་ཞིང་དང་

p. 497

ནུབ་བདེ་ཆེན༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ༔ ཕྱིན་ནས་དེ་བཞིན་གཤེགས་པ་རིགས་ལྔ་ལ༔ བསྐོར་བ་བྱ་ཞིང་ཕྱག་འཚལ་མཆོད་པ་འབུལ༔ དབང་ཞུ་ལུང་ནོད་སངས་རྒྱས་ལུང་བསྟན་ཐོབ༔ དེ་དག་ཀུན་ལ་ཧཱུྃ་གླུ་དལ་གྱིས་བརྗོད༔ མཐར་ནི་བསྔོ་བ་སྨོན་ལམ་རྒྱ་ཡིས་བཏབ༔ ཞེས་པ་སྟེ། རང་ལུས་ཧཱུྃ་ཡིག་མཐིང་ག་མཐོ་གང་བ་གཅིག་གསལ་ལ། ཕར་འཁྱོགས་ཚུར་འཁྱོགས་སྲིན་བུའི་འགྲོས་ཀྱིས་མཐོང་ཡུལ་གྱི་རི་ལ་སོགས་པ་ནས་མི་མཐོང་བའི་ས་ཕྱོགས་རིགས་དྲུག་གི་ཡུལ་དང་བཅས་པ་ན་མགྲོན་པོ་དོན་གཉེར་བ་བཞིན་ཞུགས་ནས་ཧཱུྃ་གི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་སྦྱངས་ཞིང་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ། སླར་ཡང་དཔག་ཆེན་གྱི་མདའ་འཕང་བ་བཞིན་དུ་དབུས་ཕྱོགས་སྟུག་པོ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་རྣམ་པར་སྣང་མཛད་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་རྡོ་རྗེ་སེམས་དཔའ། ལྷོ་ཕྱོགས་དཔལ་ལྡན་མཛེས་པའི་ཞིང་ཁམས་སུ་རིན་ཆེན་འབྱུང་ལྡན། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྣང་བ་མཐའ་ཡས། བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སུ་བཅོམ་ལྡན་དོན་ཡོད་གྲུབ་པ་བཅས་ཀྱི་མདུན་དུ་ཕྱིན་ཏེ་ཕྱག་དང་བསྐོར་བ་ལན་

p. 498

གསུམ་བྱས། མཆོད་པ་ཕུལ་ཏེ་ཟབ་པ་དང་རྒྱ་ཆེ་བའི་དབང་ལུང་ནོད། སངས་རྒྱས་ཀྱི་ལུང་བསྟན་ཐོབ་སྟེ་སླར་ལྡོག་པར་བསམ་ལ་ཧཱུྃ་དལ་ལ་རིང་བར་བརྗོད། མཐར་བསྔོ་སྨོན་གྱི་རྒྱས་གདབ་བོ། །དེས་ནི་ཡུལ་གྱི་བག་ཆགས་སྦྱངས་ཤིང་ཞིང་ཁམས་འབྱོངས་པའི་རྟེན་འབྲེལ་དང་ངག་སྒྲིབ་དག་སྟེ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུར་གྲོལ་བའི་དགོས་པ་ཡོད་དོ། །ལེའུའི་སྐབས་བསྡུ་བ་ནི། དེ་དག་ངག་གི་རུ་ཤན་དབྱེ་བའི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ གུ་ཧྱ༔ གསུམ་པ་གསང་བ་ཡིད་ཀྱི་རུ་ཤན་དབྱེ་བ་ལ་གསུམ། རྣལ་དུ་དབབ་པ། སོར་གཞུག་པ། ཡོན་ཏན་བསྟན་པའོ། །དང་པོ་རྣལ་དུ་དབབ་པ་ནི། ཡིད་ཀྱི་རུ་ཤན་དབྱེ་བའི་རིམ་པ་ལ༔ མི་ཡི་རྒྱུ་འགྲུལ་མེད་པའི་གནས་དབེན་པར༔ ལུས་ནི་དུར་ཁྲོད་མི་རོ་ལྟ་བུ་རུ༔ གཡོ་འགུལ་མེད་པར་ཅི་བདེར་གནས་པ་དང༔ ངག་ནི་ལྐུག་པ་ལྟ་བུར་ཇི་བཞིན་དུ༔ སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ནས་བཞག༔ སེམས་ནི་སྤྲིན་མེད་ནམ་མཁའ་ཇི་བཞིན་དུ༔ བཅས་བཅོས་མེད་པར་ལྷོད་དེ་ཤིག་གེར་བཞག༔ ཅེས་པ་སྟེ། སྒྲོན་མེ་འབར་བ་ལས། འཁོར་འདས་རུ་ཤན་ཕྱེ་ནས་ནི། །ལུས་ངག་ཡིད་གསུམ་རྣལ་དུ་དབབ། །ཅེས་དང་འདས་རྗེས་ལས། དེ་ནས་ལུས་ངག་ཡིད་གསུམ་པོ། །རྣལ་དུ་དབབ་

p. 499

ལ་མཁས་པར་བྱ། །ཞེས་པས་དེའང་ལུས་ཀྱི་གནད་བཟང་ངན་བླང་དོར་ལས་འདས་པ་དུར་ཁྲོད་ཀྱི་མི་རོ་བཞིན་དུ་ཅི་བདེར་བཞག །ངག་སྨྲ་བརྗོད་བཟླས་པ་ཐམས་ཅད་སྤངས་ཏེ་ལྐུག་པ་ལྟར་བཞག །ཡིད་དྲན་བསམ་ཐམས་ཅད་བཀག་ལ་བཅས་བཅོས་མེད་པར་སྤྲིན་མེད་ཀྱི་ནམ་མཁའ་ལྟར་ལྷོད་དེ་ཤིག་གེར་འཇོག་པ་སྟེ་བྱ་བ་དང་བྱེད་པ་མེད་པའི་ངང་དུ་གནས་པའོ། །དེའང་ལུས་རྣལ་དུ་ཕེབས་པས་མི་འགུལ། ངག་རྣལ་དུ་ཕེབས་པས་སྨྲ་མི་འདོད། ཡིད་རྣལ་དུ་ཕེབས་པས་འཕྲོ་འདུའི་རྟོག་པ་རང་སར་ཞི་བའོ། །དེས་ནི་འབྱུང་བ་མི་འཁྲུགས་ཤིང་ནད་རྐྱེན་མི་འབྱུང་བས་རང་བཞིན་གྱི་བསམ་གཏན་ལ་གནས་པའི་དགོས་པ་ཡོད་དོ། །གཉིས་པ་སོར་གཞུག་པ་ནི། དེ་མཐར་རྣམ་སྣང་མཛད་ཀྱི་ཆོས་བདུན་ནས༔ ལྟ་སྟངས་སྣ་རྩེར་ཕབ་སྟེ་སྡོད་པ་དང་༔ སླར་ཡང་སྐྱིལ་ཀྲུང་དང་བཅས་མཉམ་གཞག་སྟེ༔ མིག་ནི་བར་སྣང་ཁམས་སུ་ཧ་རེ་བལྟ༔ དེ་ནས་ལངས་ཏེ་གྱད་ཀྱི་འདོར་སྟབས་བསྒྲད༔ སྡིགས་མཛུབ་སྟེང་གི་ནམ་མཁར་འཕང་ནས་སུ༔ ཤེས་པ་ནམ་མཁར་མདུང་ཚུགས་ཀྱིས་གཏད་དེ༔ ཧཱུྃ་སྒྲ་བསྒྲགས་ཤིང་མིག་ཀྱང་ནམ་མཁར་བསྒྲད༔ ཡང་གཅིག་སྡིགས་མཛུབ་གཡོན་གྱི་ནམ་

p. 500

མཁར་འཕང་༔ མིག་དང་ཤེས་པ་མཁའ་གཏད་རུ་ལུ་བསྒྲགས༔ དེ་བཞིན་སྔོན་འགྲོའི་སྤྱོད་པ་ཐམས་ཅད་ཀུན༔ ཞག་གྲངས་བརྒྱད་བཅུར་གནད་དུ་བསྣུན་ཏེ་བྱ༔ ཞེས་པ་སྟེ། དེའང་འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །དེས་ནི་གསུམ་པོ་སོར་ཆུད་ནས། །ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པས་དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ནི། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་ཁུ་ཚུར་བརླ་སྟེང་དུ་བཞག །རྒལ་ཚིག་དྲང་པོར་བསྲངས། དཔུང་པ་རྒོད་གཤོག་ལྟར་བརྒྱངས། ལྕེ་ཡ་རྐན་ལ་སྦྱར། མགྲིན་པ་ལྕགས་ཀྱུ་ལྟར་དགུག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁར་གདངས་ཟུམ་མཉམ་པར་བཞག་པ་ནི་རྣམ་སྣང་གི་ཆོས་བདུན་ཞེས་བྱ་བ་ཡིན་ལ། དེ་ཉིད་ཧ་ཅང་བསྡམ་མ་དྲག་པ་དང་ལྷོད་མ་དྲག་པའི་རན་པར་བཅའ་ཞིང་རྟོག་པ་བཟོ་མི་འཆོས་པར་བཞག་གོ །དེ་སྐད་དུ་ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་སོ། །གཉིས་པ་བྱང་ཆུབ་སེམས་དཔའི་ལྟ་སྟངས་ནི། སྐྱིལ་ཀྲུང་དང་བཅས་མིག་བར་སྣང་ལ་ཧད་པོར་བལྟ་ཞིང་སེམས་གང་དུ་ཡང་མི་གཡོ་བ་སྟེ། དེ་ཉིད་ལས། བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་

p. 501

ཉིད་ཐོབ་འགྱུར། །ཞེས་སོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། ལངས་ཏེ་རྐང་པ་གྱད་ཀྱི་འདོར་སྟབས་སུ་བསྒྲད། སྡིགས་མཛུབ་སྟེང་གི་ནམ་མཁའ་ལ་འཕང་། མིག་དང་ཤེས་པ་མདུང་ཚུགས་སུ་གཏད་དེ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་དྲག་ལ་ཐུང་བར་བརྗོད། ཡང་སྡིགས་མཛུབ་སོགས་གོ་ལྡོག་ཏེ་ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཞེས་དྲག་པོར་བརྗོད་ལ་སྣང་བའི་རྫུན་ཕུག་བརྡིབ་པའི་བརྟུལ་ཞུགས་ལ་རྩལ་སྦྱངས་ཤིང་སེམས་སྤྲོས་པ་དང་བྲལ་བར་བཞག་གོ །དེ་སྐད་དུ་ཀློང་གསལ་ལས། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་ཉན་ཐོས་ཀྱི་ལྟ་སྟངས་ཀྱིས་ལུས་ངག་ཡིད་གསུམ་མི་གནས་པ་གནས་པར་བྱེད། བྱང་ཆུབ་སེམས་དཔའི་ལྟ་སྟངས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོའི་ལྟ་སྟངས་ཀྱིས་བརྟན་པ་གྲོལ་བར་བྱེད་དོ། །དེ་ལྟར་སྔོན་འགྲོའི་སྤྱོད་པ་ཐམས་ཅད་ཞག་གྲངས་བརྒྱད་ཅུ་སོགས་ལ་བསྣུན་པ་གནད་དམ་པའོ། །གསུམ་པ་ཡོན་ཏན་བསྟན་པ་ནི། དེ་མཐུས་གནས་སྐབས་བར་ཆད་གེགས་སེལ་ཞིང་༔ མཐར་ཐུག་སྒོ་གསུམ་མ་དག་སྐྱོན་བྲལ་ནས༔ རྡོ་རྗེ་གསུམ་གྱི་རོལ་པར་སྨིན་གྲོལ་བྱེད༔ ཅེས་པ་སྟེ། དེ་ལྟར་སྦྱངས་པའི་དགོས་པ་གནས་སྐབས་སུ་གེགས་དང་བར་ཆད་ཐམས་ཅད་སེལ་ཞིང་། མཐར་

p. 502

ཐུག་སྒོ་གསུམ་མ་དག་པའི་སྐྱོན་དང་བྲལ་ཏེ་དག་པ་རྡོ་རྗེ་གསུམ་གྱི་རོལ་པར་སྨིན་ཅིང་གྲོལ་བར་བྱེད་དོ། །ལེའུའི་སྐབས་བསྡུ་བ་ནི། ཡིད་ཀྱི་རུ་ཤན་དབྱེ་བའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་དངོས་གཞིའི་རིམ་པ་ཉམས་སུ་ལེན་ཚུལ་ལ་དྲུག །སྒོ་གསུམ་གྱི་གནད་གཟིར་བ། གནད་གསུམ་གྱིས་འོད་གསལ་བལྟ་བ། སྒྲོན་མའི་རྣམ་པར་བཞག་པ། ཇི་ལྟར་ཉམས་སུ་ལེན་ཚུལ། ལམ་རྟགས་སྣང་བཞིའི་ས་མཚམས། མཐའ་རྟེན་གྱི་མན་ངག་བསྟན་པའོ། །དང་པོ་སྒོ་གསུམ་གྱི་གནད་གཟིར་བ་ལའང་། ལུས་ཀྱི་གནད། ངག་གི་གནད། ཡིད་ཀྱི་གནད་དང་གསུམ་ལས། དང་པོ་ལུས་ཀྱི་གནད་ནི། དངོས་གཞིའི་ཉམས་སུ་ལེན་པའི་རིམ་པ་ལ༔ འདུག་སྟངས་རྣམ་པ་གསུམ་གྱི་གནད་མཆིས་པའི༔ ཞེས་པ་སྟེ། དང་པོ་ལུས་འདུག་སྟངས་ཀྱི་ཆིངས་ཀྱིས་མ་བཅིང་ན་དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ལུས་ཀྱི་རྩ་ཁམས་ཐམས་ཅད་དུ་འཐོར་ནས་མངོན་དུ་མི་འགྱུར་བ། དཔེར་ན་སྦྲུལ་མ་གཅུས་ན་རྐང་ལག་མི་མངོན་པ་ལས་གཅུས་ན་སྣང་བ་བཞིན་དུ་ལུས་ཀྱི་གནད་འདི་ཤིན་ཏུ་གཅེས་ཏེ། ཀློང་གསལ་ལས། རིག་པ་ལུས་ལ་གནས་གྱུར་ཀྱང་། །འཁྲུལ་འཁོར་དག་གིས་མ་གཅུན་ན། །ཡེ་ཤེས་དབང་པོར་སྣང་མི་ནུས། །ཞེས་སོ། །དེ་ལ་གནད་

p. 503

དངོས་ནི། བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་ལས་མི་འདའ་བར་བྱེད་པ་སྟེ། ཐལ་འགྱུར་ལས། ལུས་ནི་སྐུ་གསུམ་བཞུགས་སྟངས་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་དང་། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་རྣམ་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་དང་། །དྲང་སྲོང་ལྟ་བུར་ཤེས་པར་བྱ། །ཞེས་པས་དང་པོ་སྤྲུལ་སྐུའི་བཞུགས་སྟངས་ནི། དང་པོ་རྐང་མཐིལ་སར་ཕབ་པུས་བྲང་སྦྱར༔ ལག་པའི་སོར་བསྣོལ་པུས་མོར་འཁྱུད་པ་དང་༔ དཔུང་བསྣོལ་མཆན་ཁུང་འཆད་པའི་མཐིལ་དང་སྤྲད༔ ཡང་ཅིག་ལྐོག་མ་ལག་རྒྱབ་ཁ་སྦྱར་ཏེ་༔ པུས་མོའི་སྟེང་དུ་གྲུ་མོ་བཙུག་ནས་སྡོད༔ དེ་ལ་སྤྲུལ་སྐུའི་ལམ་ཁྱེར་བྱ་བ་གནད༔ ཅེས་པ་སྟེ། དེ་ལ་རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པར་འདུག་ཅིང་ལག་པའི་སོར་མོ་བསྣོལ་བ་པུས་མོར་འཁྱུད་པ་དང་། ཡང་ལག་པ་བསྣོལ་ཏེ་མཆན་ཁུང་དང་ལག་མཐིལ་སྤྲད་དེ་སྡོད་པ་དང་། ཡང་ལྐོག་མ་དང་ལག་རྒྱབ་ཁ་སྦྱར་ཏེ་གྲུ་མོ་པུས་སྟེང་དུ་བཙུག་ནས་སྡོད་པའོ། །གཉིས་པ་ལོངས་སྐུའི་བཞུགས་སྟངས་ནི། རྐང་མཐིལ་ཕྱིར་ཕུལ་ཁ་སྦུབས་པུས་བྲང་སྦྱར༔ གྲུ་མོ་སར་བཙུག་ལག་མཐིལ་འགྲམ་པ་བཏེགས༔ ལོངས་སྤྱོད་རྫོགས་སྐུའི་ལམ་ཁྱེར་བྱ་བ་གནད༔ ཅེས་པ་

p. 504

སྟེ། ལུས་ཁ་སྦུབས་ཏེ་པུས་བྲང་སྦྱར་ནས་རྐང་པ་ཕྱིར་ཕུལ་གྲུ་མོ་གཉིས་ས་ལ་བཙུག་སྟེ་ལག་མཐིལ་གཉིས་ཀྱིས་ཨོལ་ཀོ་བསྟེན་ལ་སོར་མོ་འགྲམ་པ་ལ་སྦྱར་ཏེ་སྡོད་པའོ། །གསུམ་པ་ཆོས་སྐུའི་བཞུགས་སྟངས་ནི། ཡང་གཅིག་རྐང་གཉིས་མདུན་དུ་མཐིལ་སྤྲད་པའི༔ དབུས་སུ་རྡོ་རྗེ་ཁུ་ཚུར་སར་བཙུགས་ཏེ༔ རྒལ་རྒྱུད་དྲང་པོར་བསྲང་སྟེ་སྡོད་པ་ལ༔ ཆོས་སྐུའི་ལམ་ཁྱེར་བྱ་བ་གནད་དུ་ཤེས༔ ཞེས་པ་སྟེ། རྐང་མཐིལ་གཉིས་སྤྲད་དེ་པུས་མོ་ཕྱིར་བསྒྲད་པའི་ནང་དུ་ལག་པ་རྡོ་རྗེའི་ཁུ་ཚུར་ས་ལ་བཙུག་ཅིང་རོ་སྟོད་སེང་གེ་ལྟར་སིང་ངེ་བ་ལ་མཇིང་པ་ཡུད་ཙམ་གྱེན་དུ་བཏོད་དེ་འདུག་གོ །དེ་བཞིན་དུ་གཟིགས་སྟངས་ཡང་གསུམ་སྟེ། ལྟ་སྟངས་འདུག་སྟངས་དང་པོར་སྣ་རྩེར་ཕབ༔ གཉིས་པ་གཡས་གཡོན་མདུན་ཐད་དྲང་པོར་བལྟ༔ གསུམ་པ་གྱེན་དུ་བཟློག་སྟེ་བལྟ་བ་ཡིན༔ ཞེས་པ་སྟེ། ཐལ་འགྱུར་ལས། རྒྱང་ཞག་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པས་དེ་ལ་བཞུགས་སྟངས་དང་པོར་གཟིགས་སྟངས་ཐུར་དུ་ཕབ་པས་ཀུན་གཟིགས་ཀྱི་སྤྱན་དབྱེ་བ་འགྱུར། བཞུགས་སྟངས་གཉིས་པར་གཟིགས་སྟངས་ཟུར་ལ་གཏད་པས་ཀུན་མཁྱེན་གྱི་སྤྱན་དབྱེ་བར་འགྱུར། བཞུགས་སྟངས་གསུམ་པར་གཟིགས་སྟངས་གྱེན་དུ་ལྡོག་

p. 505

པས་ཀུན་ཁྱབ་ཀྱི་སྤྱན་དབྱེ་བར་འགྱུར་རོ། །དེ་ལྟར་བྱས་པའི་ཡོན་ཏན་ནི། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །དེ་ལྟར་མ་གཟིར་བའི་སྐྱོན་ནི། ཀློང་གསལ་ལས། ལུས་ཀྱི་གནད་ཀྱིས་མ་གཟིར་ན། །འབྱུང་ཚད་རླུང་ནི་མི་ཟིན་ཅིང་། །དེ་བཞིན་ལུས་ལ་དྲོད་མི་སྐྱེ། །རིག་པ་དངོས་སུ་སྣང་མི་ནུས། །ཞེས་སོ། །དེ་ལྟར་བཞུགས་སྟངས་གསུམ་པོ་ཧ་ཐང་བསྡམས་ཆེ་བ་མ་ཡིན་པར་ཆ་སོ་སོ་ནས་ལྷོད་ཆགས་པ་དང་རང་ལ་གང་བདེ་བ་དང་རན་པ་ཉིད་སྡོད་པ་ལས་གསུམ་ཀ་རྫོགས་དགོས་པ་ནི་མ་ཡིན་ནོ། །གཉིས་པ་ངག་གི་གནད་ནི། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟེན་པར་བྱ། །ཞེས་པས་འཁྲུལ་པའི་གཏམ་འགག་ཅིང་བརྗོད་མེད་ཀྱི་དོན་རྒྱུད་ལ་སྐྱེ་ཕྱིར་དང་པོ་སྨྲ་བཅད་

p. 506

ཡུན་ཐུང་བ་ལ་བསླབ། དེ་ནས་རིང་བར་བསླབ། དེ་ནས་ཆོས་སྤྱོད་ཙམ་ལས་ཚིག་གཅིག་ཀྱང་མི་སྨྲ། མཐར་བརྗོད་པ་མཐའ་དག་བཀག་ལ་ལྐུག་པ་ལྟར་གནས་པར་བྱའོ། །དེའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདས། །ཞེས་སོ། །དེ་ལྟར་མ་བྱས་པའི་སྐྱོན་ནི། དེ་ཉིད་ལས། ངག་གི་གནད་ནི་མ་གཟིར་ན། །བརྗོད་མེད་དོན་ནི་མི་རྟོགས་ཤིང་། །འཁྲུལ་པའི་གཏམ་གྱིས་དོན་ལ་བསྒྲིབ། །ཅེས་སོ། །གསུམ་པ་ཡིད་ཀྱི་གནད་ནི། ཀློང་གསལ་ལས། སེམས་ཉིད་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་མིག་དང་སེམས་མ་ཡེངས་པར་བལྟས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་རིག་པ་སྟོང་གསལ་དུ་འཆར་རོ། །དེའི་ཡོན་ཏན་ནི། ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་སོ། །མ་གཟིར་བའི་སྐྱོན་ནི། དེ་ཉིད་ལས། དེ་ལྟར་སེམས་ཀྱི་གནད་མེད་ན། །རིག་པ་ཡུལ་ལ་ལྡོག་པར་འགྱུར། །ཞེས་སོ། །གཉིས་པ་གནད་གསུམ་གྱིས་འོད་གསལ་ལྟ་བ་ལ། འཆར་བྱེད་སྒོ་ཡི་གནད། འཆར་གཞི་ཡུལ་གྱི་གནད། ཇི་ལྟར་འཆར་བ་

p. 507

རླུང་གི་གནད་དང་གསུམ་ལས། དང་པོ་འཆར་བྱེད་སྒོ་ཡི་གནད་ནི། སྒོ་གནད་མིག་ནི་ཕྱེད་བཙུམ་ཟིམ་བུར་བལྟ། ཞེས་པ་སྟེ། དེ་ཡང་མིག་ཧར་གྱིས་ཕྱེས་ཏེ་བལྟས་པས་མིག་གི་རྣོ་ཉམས་ཤིང་འོད་གསལ་གྱི་སྣང་བ་མངོན་དུ་མི་འགྱུར་བས་ན་ཕྱེད་བཙུམ་གྱིས་བལྟ་བར་བྱ་བ་ཡིན་ལ། སྒོའི་གནད་འབྱོངས་པའི་ཚད་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་པའོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། འོད་གསལ་འཆར་སླ་བའི་ཆེད་དུ་ཉིན་མོ་ཉི་མ་ལ་གྲུ་གང་རེག་པའི་སར་བལྟ་བ་དང་། མཚན་མོ་ཡང་མིག་ལ་ཚ་བའི་སྐྱོན་བསལ་བ་དང་འོད་གསལ་ལ་བརྟན་པ་ཐོབ་ཕྱིར་ཟླ་བ་ལའང་དེ་བཞིན་དུ་བལྟ་ཞིང་། མར་མེའི་སྟེང་དུ་བལྟས་པས་དང་པོ་དམར་སེར་རྩའི་ཆུན་པོ་གཤིབ་པ་ལྟ་བུ་ལས་མི་མཐོང་། བར་དུ་དབྱིངས་སྣང་དང་ཐིག་ལེ་འགུལ་འཕྲིག་གི་རྣམ་པར་འཆར་བ་ཡིན། ཐ་མ་དབྱིངས་སྣང་མཛེས་ཤིང་དྭངས་ལ་གསལ་བ་རྒྱ་ཆེ་བར་སྣང་བའོ། །གཞན་ཡང་། ཡི་གེ་མེད་པ་ལས། མིག་ནི་ནམ་མཁའི་ཁམས་སུ་བལྟ། །ཞེས་དང་། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་པས། ཡུལ་རྐྱེན་དང་བྲལ་བ་ནམ་མཁའ་སྟོང་པ། དབང་པོ་རྐྱེན་དང་བྲལ་བ་ཆུའི་སྒྲོན་མ། གནས་རྐྱེན་དང་བྲལ་བ་དྭངས་ཤིང་མཐོ་ལ་དབེན་པའི་གནས་སུ་

p. 508

སྔ་གྲོ་ནུབ་དང་ཕྱི་དྲོ་ཤར་ཕྱོགས་སུ་བལྟས་ཏེ་སྡོད་པ་དང་། དཀར་ཁུང་དང་གསལ་ལ་ལམ་ལ་བལྟས་པས་ཆོག་པ་ཡིན་ནོ། །གསུམ་པ་ཇི་ལྟར་འཆར་བ་རླུང་གི་གནད་ནི། རླུང་གནད་མཆུ་སོ་ཅུང་ཟད་མ་རེག་པའི༔ བར་ནས་དབུགས་ཀྱི་འབྱུང་འཇུག་དལ་བར་བསླབ༔ ཅེས་པ་སྟེ། དེ་ཡང་རླུང་ཞེས་བྱ་བ་ནི་གྱ་གྱུ་ཅན་རྣམ་རྟོག་གི་བཞོན་པར་གྱུར་ནས་བདེ་བར་གཤེགས་པའི་སྙིང་པོ་ཅན་ཡང་བསླུ་བར་འགྱུར་བས་ན་དེའི་རྒྱུ་འགག་པར་བྱེད་པའི་ཐབས་སུ་མཆུ་སོ་གཉིས་བག་ཙམ་མ་རེག་པ་བྱས་ཏེ། རླུང་སྣ་ལས་མི་གཏོང་བར་ཁ་ནས་དལ་བུས་འབྱུང་འཇུག་བྱེད་པ་ལ་བསླབ་པ་དང་ཡུད་ཙམ་ཕྱི་རུ་འདུ་བར་བྱའོ། །དེ་སྐད་དུ་ཀློང་གསལ་ལས། ཕྱི་ཡི་རླུང་ནི་དལ་ཞིང་སྙོམས། །ཡུད་ཙམ་ཕྱི་རུ་འདུས་པ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་སོ། །དེའི་གནད་ཀྱང་། ཤེས་པ་མངོན་གྱུར་ངང་ལ་གཡོ་མེད་སྡོད༔ དེ་དག་རླུང་རིག་དལ་བའི་གནད་དུ་མཆོག༔ ཅེས་པ་སྟེ། རིག་པ་གཡོ་མེད་ཀྱི་ངང་དུ་འདུག་པ་ནི་རླུང་རིག་དལ་བའི་གནད་མཆོག་ཏུ་གྱུར་པ་ཡིན་ནོ། །ད་ནི་མི་འགུལ་བ་གསུམ་གྱིས་གཞི་བཟུངས་ཏེ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་དགོས་པར་གདམས་པ་ནི། ལུས་མི་འགུལ་བར་དུར་ཁྲོད་རོ་བཞིན་སྡོད༔ ངག་ནི་མི་འགུལ་ལྐུག་པ་ལྟ་བུར་སྡོད༔ ཤེས་པ་མི་

p. 509

གཡོ་མངོན་གྱུར་ངང་དུ་བཞག༔ སྒོ་གསུམ་བྱ་བ་དགུ་ཕྲུགས་གནད་དུ་ཤེས༔ ཞེས་པ་སྟེ། དེ་ལྟར་ཉམས་སུ་ལེན་པའི་དུས་སུ་ལུས་མི་འགུལ་བ་དུར་ཁྲོད་ཀྱི་མི་རོ་ལྟ་བུར་སྡོད་པ་དང་། ངག་སྨྲ་བཅད་ལས་མི་འགུལ་བར་ལྐུག་པ་བཞིན་སྡོད་པ་དང་། སེམས་མ་བཅོས་པར་ཤེས་པ་འོད་གསལ་དུ་མཆེད་པ་མངོན་དུ་བྱེད་པའི་ངང་ལས་མི་འགུལ་བར་སྡོད་པའོ། །གཞན་ཡང་ལུས་ངག་ཡིད་གསུམ་གྱི་བྱ་བ་མ་བཏང་ན་ཉམས་ལེན་ལ་མི་གནས་པས་དགུ་ཕྲུགས་སུ་བཏང་སྟེ། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེས་པས། དེ་ལ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ་ལ་སོགས་སྣ་ཚོགས་པ་དང་། ནང་དམན་པའི་དགེ་བ་ཕྱག་དང་བསྐོར་བ་སོགས་དང་། གསང་བ་རྣམ་གཡེང་དང་འདུ་འཛི་སྤངས་ཏེ་གཅིག་པུར་གནས་པའོ། །ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་བཟླས་བརྗོད་ཁ་འདོན། གསང་བ་སྨྲ་བརྗོད་ཇི་སྙེད་པ་བཀག་ནས་ལྐུག་པ་ལྟ་བུར་གནས་པའོ། །ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་སྣ་ཚོགས། ནང་ཆོས་སྤྱོད་བློ་སྦྱོང་སྣ་ཚོགས། གསང་བ་རྣམ་རྟོག་འཕྲོ་འདུ་སྣ་ཚོགས་བཀག་ནས་དྲན་བསམ་

p. 510

རྣམ་རྟོག་དང་བྲལ་བར་གནས་པའོ། །དེ་ལྟར་བྱ་བ་བཏང་བའི་ཕན་ཡོན་ནི། ཀློང་གསལ་ལས། ལུས་ངག་འཁྲུལ་པ་རྒྱུན་ཆད་ནས། །ཡེ་ཤེས་རྒྱུད་ལ་གནས་པར་འགྱུར། །ཞེས་སོ། །མ་བཏང་བའི་སྐྱོན་ནི། དེ་ཉིད་ལས། བྱར་མེད་རྒྱུད་ལ་མ་གནས་ན། །རིག་པའི་དོན་ལ་རིག་པ་མེད། །ཅེས་སོ། །ལེའུའི་སྐབས་བསྡུ་བ་ནི། སྒོ་གསུམ་གྱི་གནད་བཤད་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ གུ་ཧྱ༔ གསུམ་པ་སྒྲོན་མེའི་རྣམ་བཞག་བསྟན་པ་ལ། གནས་ལུགས་གཞིའི་སྒྲོན་དྲུག །རྣལ་འབྱོར་ལམ་གྱི་སྒྲོན་བཞི། དེ་དག་རང་བྱུང་དུ་གནས་པའི་ཚུལ་བསྟན་པ་གསུམ་ལས། དང་པོ་གནས་ལུགས་གཞིའི་སྒྲོན་དྲུག་བསྟན་པ་ནི། གནས་ལུགས་གཞི་ཡི་སྒྲོན་མ་རྣམ་པ་དྲུག༔ ལུས་ཀྱི་དྭངས་མ་ཙིཏྟ་ཤ་ཡི་སྒྲོན༔ རྩ་ཡི་དྭངས་མ་ཀ་ཏི་ཤེལ་གྱི་སྦུག༔ སྒོ་ཡི་དྭངས་མ་རྒྱང་ཞགས་ཆུ་ཡི་སྒྲོན༔ འདི་གསུམ་སྣོད་ཀྱི་སྒྲོན་མ་རྣམ་གསུམ་སྟེ༔ ཕྱི་འབྱུང་དྭངས་མ་ནང་དབྱིངས་རྣམ་དག་དང་༔ ནང་འབྱུང་དྭངས་མ་ཐིག་ལེ་སྟོང་སྒྲོན་དང་༔ འཆར་གཞི་ཤེས་རབ་རང་བྱུང་སྒྲོན་མ་རྣམས༔ བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ཞེས་བྱ༔ ཞེས་པ་སྟེ། དེ་ཡང་སྤྱིར་ཐེག་པ་འདི་རང་ལམ་གྱི་རྩ་དང་ཐིག་ལེའི་བཤད་པ་ཞིག་ཡོད་པ་ཨ་ཏིའི་ཨ་ནུ་ཞེས་བྱ་བ་ཡིན་པས་དེའི་ངང་

p. 511

ཚུལ་ཤེས་དགོས་ཏེ། མ་དག་པའི་ཉོན་མོངས་རླུང་སེམས་རགས་པ་མངོན་གྱུར་གྱི་སྒོ་ཁ་དང་། ཕྲ་བ་ལྐོག་གྱུར་གྱི་སྒོ་སྣ་བུག་གཉིས་ཡིན་ཏེ། དེའི་རྒྱུ་ཚུལ་གློ་བ་ནི་རྩ་གྲོ་སོག་གི་སྦུ་གུ་ཙམ་ཞིག་འབྱུང་འཇུག་གི་རླུང་གིས་གང་བ་ལས་འཕེལ་བ་ཆེར་མཆེད་ན་ཚ་བའི་ནད་དང་། བྲི་བར་གྱུར་ན་གྲང་བའི་ནད་འབྱུང་ལ། དྲང་པོར་རྒྱུ་ཚེ་ཚ་གྲང་ཆ་སྙོམས་པར་འགྱུར་བ་དང་། སེམས་ཀྱི་རང་བཞིན་ཆོས་ཉིད་ཀྱི་གདངས་སྐྱེས་བུ་ཕྱེ་བོ་འདྲ་བ་དེ་རླུང་རྟ་རྒོད་ལོང་བ་ལྟ་བུ་དང་འདྲེས་ནས་རྣམ་པར་རྟོག་པ་རྩལ་སྒོ་ལྔའི་ཡུལ་ལ་ཤར་ནས་ལས་དང་ཉོན་མོངས་པའི་བྱེད་ལས་ཅན་ཏེ། དུར་ཁྲོད་ཕུང་པོར་རོལ་པ་ལས། སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ། །དེ་ལ་གཟུང་འཛིན་རྩལ་དུ་ཤར། །དབུགས་ལ་རྟ་བྱས་རྐྱེན་དང་འཕྲད། །ཅེས་སོ། །སྐབས་འདིར་བྱེ་བྲག་ཏུ་བཤད་པར་བྱ་བ་སྒྲོན་མ་རྣམ་པ་དྲུག་གི་དང་པོ་སྣོད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི། ཐལ་འགྱུར་ལས། ཙིཏྟ་རིན་ཆེན་གཞལ་ཡས་ན། །ཞེས་པ་ལྟར་ལུས་ཀྱི་དྭངས་མ་ཙིཏྟ་ཤའི་སྒྲོན་མའི་སྦུབས་སུ། དཀར་འཇམ་རྩའི་སྒྲོན་མ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ནི། གསེར་ཕྲེང་ལས། རིན་ཆེན་རྒྱ་མཚོར་འབྲེལ་བའི་རྩ། །དཀར་འཇམ་ཁོག་པ་སྟོང་པ་ནི། །ཐིག་ལེ་ཁྲག་གིས་མ་གོས་པར། །ཡེ་ཤེས་ཆེན་པོ་དེ་ནས་རྒྱུ། །ཞེས་པ་ལྟར་ལུས་

p. 512

དང་པོ་ཆགས་པའི་དུས་ན་ཆུའི་བྱེད་ལས་ཀྱིས་ཆགས་པའི་བསྐྱེད་བྱེད་ཀྱི་རྩའི་མདུད་པ་ན་སྒྲོན་མའི་སྤྱན་དང་འབྱུང་བའི་སྤྱན་གཉིས་སྔོན་དུ་ཆགས་ནས་འབྱུང་བའི་སྤྱན་ལས་ཕུང་པོར་གྲུབ་ཅིང་། སྒྲོན་མའི་སྤྱན་ལས་ཡེ་ཤེས་ཀྱི་འོད་སྣང་གསལ་བྱེད་མིག་གི་ཨ་འབྲས་ཀྱི་དཀྱིལ་ན་རྩ་བ་མེན་གྱི་རྭ་འདྲ་བ་རྩ་བ་ཕྲ་ཞིང་རྩེ་མོ་ཡངས་པ་གཉིས་ཆགས་ཏེ། དེ་ལ་དཀར་ནག་ཕྱེད་མ་ཆུའི་རང་བཞིན་དྭངས་ལ་གསལ་བ་བྱུང་བས་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་བྱ་བ་སྟེ། ངེས་ཚིག་ནི་རིག་ཆའི་གདངས་ཕྱི་རོལ་གྱི་ཡུལ་ལ་མཐོང་བས་རྒྱང་ཞེས་བྱ་ལ། མཐོང་བ་དེ་ཡང་སྐྱེས་བུ་ཡོད་མེད་ཀྱི་རྗེས་སུ་འཆིང་གྲོལ་བྱེད་པ་ན་ཞགས་པའི་སྒྲ་ཞུགས་པའོ། །གཉིས་པ་བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ནི། དབྱིངས་རྣམ་པར་དག་པའི་སྒྲོན་མ་ཞེས་བྱ་བ་འབྱུང་ལྔའི་སྙིགས་མ་དྭངས་མར་འཕོས་པའི་འོད་ལྔ་སྟེ། དེ་ཡང་མཁར་སྣང་གི་དྭངས་མ་མཐིང་ག་དང་སྔོ་སྐྱ། ཆུར་སྣང་གི་དྭངས་མ་དཀར་པོ་དང་སྐྱ་བོ། མེར་སྣང་གི་དྭངས་མ་དམར་པོ་དང་ཁམ་པ། སར་སྣང་གི་དྭངས་མ་སེར་པོ་དང་སེར་ནག །རླུང་སྣང་གི་དྭངས་མ་ལྗང་གུ་དང་ལྗང་སྐྱ། དེ་དག་དང་པོ་མ་དག་པའི་སྣང་བ་ལ་ཁ་དོག་ཇི་ལྟར་སྣང་བ་དེ་བཞིན་དབྱིངས་སུ་འཕོ་བའི་ཚེ་ཡང་སྣང་བའོ། །ངེས་ཚིག་ནི་འབྱུང་ལྔའི་དྭངས་མ་འོད་ལྔར་སྣང་བས་དབྱིངས་དང་། དངོས་ཞེན་

p. 513

དག་པས་རྣམ་པར་དག་པ། དེ་ལ་བརྟེན་ནས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་གསལ་བས་ན་སྒྲོན་མ་ཞེས་བྱའོ། །ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་ནི་ནང་འབྱུང་ལྔ་པོ་དྭངས་མར་འཕོས་པ་སྟེ། སེམས་ཀྱི་དྭངས་མ་མཐིང་ག །ཁྲག་གི་དྭངས་མ་དཀར་པོ། ཤའི་དྭངས་མ་སེར་པོ། དྲོད་ཀྱི་དྭངས་མ་དམར་པོ། དབུགས་ཀྱི་དྭངས་མ་ལྗང་གུ་སྟེ། དྭངས་མ་དེ་དག་མུ་ཁྱུད་ཀྱི་རྣམ་པར་སྣང་བས་ན་ཐིག་ལེ་སྟེ་དོན་ལ་ཟླུམ་པོ་གྲྭ་ཟུར་མེད་པ་རྨ་བྱའི་སྒོ་ང་ལྟ་བུ་ཞིག་གོ །ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། ཐིག་ནི་འགྱུར་བ་ཡོད་མ་ཡིན། །ལེ་ནི་ཁྱབ་ཅིང་ཡུལ་ལ་སྣང་། །སྟོང་པ་དངོས་པོ་མཚན་མ་མེད། །སྒྲོན་མས་མུན་སེལ་སྣང་བར་འགྱུར། །ཞེས་སོ། །དེ་ཡང་སྙིང་དབུས་ཀ་ཏི་ཤེལ་སྦུག་གི་ནང་ན་ཡོད་པ་ནང་གི་དབྱིངས་ཐིག་དང་། གཟིགས་སྟངས་ཀྱིས་གཅུན་པས་ཕྱིར་སྣང་བ་གདངས་ཀྱི་དབྱིངས་ཐིག་སྟེ་གཉིས་སུ་བཞེད་པ་ཡིན་ནོ། །ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་ནི། སྟོང་གསལ་འགག་པ་མེད་པའི་རིག་པ་བདེ་གཤེགས་སྙིང་པོ་སྒྲོན་མ་ལྔ་ཡི་འཆར་གཞིར་ཡེ་ནས་འབྲལ་མེད་དུ་གནས་པའོ། །སྣང་ཚུལ་གཟིགས་སྟངས་ཀྱིས་གཅུན་པས་ནང་གི་རིག་པ་ཤིན་ཏུ་དྭངས་ལ་ཡུལ་མེད་པ་ཞིག་ཉམས་སུ་མྱོང་བ་ཡིན། དེའི་རྩལ་ལས་ཡུལ་ཤེས་ཀྱི་

p. 514

ཤེས་རབ་རྣོ་ལ་མྱུར་བ་དང་ཚིག་དོན་ཀློང་རྡོལ་དུ་འབྱུང་བ་རྣམས་སོ། །ངེས་ཚིག་ནི། མུ་ཏིག་ཕྲེང་བ་ལས། ཤེས་པས་ཆོས་རྣམས་གཅིག་ཅར་རྟོགས། །རབ་ནི་ཀུན་གྱི་རྩེ་མོར་གྱུར། །རང་ནི་གཞན་ལྟོས་ཆོས་དང་བྲལ། །བྱུང་བས་མ་བཀག་ལྷུག་པར་སྣང་། །སྒྲོན་མས་འཆར་བྱེད་སྒོ་མ་འགགས། །ཞེས་སོ། །གཉིས་པ་རྣལ་འབྱོར་ལམ་གྱི་སྒྲོན་བཞི་བསྟན་པ་ནི། མདོར་ན་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་དང་༔ ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་དང་༔ ཤེས་རབ་རང་བྱུང་སྒྲོན་མ་དང་བཅས་པ༔ རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་སྟེ༔ ཞེས་བཤད་མ་ཐག་པའི་སྣོད་ཀྱི་སྒྲོན་མ་རྣམ་གསུམ་ལ་མིང་གསུམ་དུ་བརྗོད་ཀྱང་། དོན་ལ་རྩ་བ་སྙིང་། སྡོང་པོ་རྩ། འབྲས་བུ་མིག་སྟེ་གསུམ་ཀ་གཅིག་ཏུ་འདུ་ཕྱིར་རྒྱང་ཞགས་ཆུའི་སྒྲོན་མ་དང་། བཅུད་ཀྱི་སྒྲོན་མ་རྣམ་གསུམ་བཅས་བཞི་པོ་ནི་རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་བཞི་ཞེས་གནད་གཅིག་ཏུ་བསྡུས་ཏེ་ཉམས་སུ་ལེན་པ་ཡིན་ནོ། །གསུམ་པ་དེ་དག་རང་བྱུང་དུ་གནས་པའི་ཚུལ་བསྟན་པ་ནི། ཡེ་ནས་གནས་ལུགས་གཞི་ཡི་སྒྲོན་མ་དྲུག༔ སེམས་ཅན་ཀུན་ལ་རང་བྱུང་གནས་པ་ལ༔ མངོན་དུ་མ་གྱུར་བག་ལ་ཉལ་ནས་སོང་༔ ཞེས་པ་སྟེ། རང་ཤར་ལས། ཐིག་ལེ་

p. 515

སྟོང་པའི་སྒྲོན་མ་དང་། །རིག་པ་དབྱིངས་ཀྱི་སྒྲོན་མ་དང་། །ཤེས་རབ་རང་བྱུང་སྒྲོན་མ་དང་། །རྒྱང་ཞགས་ཆུ་ཡི་སྒྲོན་མ་རྣམས། །སེམས་ཅན་ཀུན་ལ་གནས་པའོ། །ཞེས་པ་ལྟར། གནས་ལུགས་གཞིའི་སྒྲོན་མ་རྣམ་པ་དྲུག་པོ་སེམས་ཅན་ཀུན་ལ་ཡེ་ནས་རང་བྱུང་དུ་གནས་ཀྱང་ཤེས་རབ་ཀྱི་མིག་ལྡོངས་ཏེ་མངོན་དུ་མ་གྱུར་པའོ། །ལེའུའི་སྐབས་བསྡུ་བ་ནི། གཞི་དང་ལམ་གྱི་སྒྲོན་མའི་ངང་ཚུལ་བསྟན་པའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ༔ གུ་ཧྱ༔ བཞི་པ་ཇི་ལྟར་ཉམས་སུ་ལེན་པའི་ཚུལ་བསྟན་པ་ལ་བཞི། འོད་གསལ་མངོན་དུ་བྱེད་པ། ཉམས་ལེན་སྲང་དུ་འཛུད་པ། ལམ་གྱི་གོལ་ས་བསྟན་པ། མྱུར་ལམ་གཞན་ལས་ཁྱད་པར་འཕགས་ཚུལ་ལོ། །དང་པོ་འོད་གསལ་མངོན་དུ་བྱེད་པ་ལའང་། འོད་གསལ་དངོས་དང་། ཉམས་ལེན་གྱི་གནད་བཤད་པ་གཉིས་ལས། དང་པོ་འོད་གསལ་དངོས་ལ་བསླབ་པ་ནི། ད་ནི་ཚུལ་བཞིན་ཤེས་པའི་ཤེས་རབ་ཀྱིས༔ མངོན་གྱུར་སྙིགས་མ་དྭངས་མར་སྦྱོང་བའི་ཐབས༔ བརྒྱུད་གསུམ་རིག་འཛིན་བླ་མ་དམ་པ་དང་༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས༔ འོད་ཕུང་འཇའ་སྤྲིན་ལྟ་བུའི་རྣམ་པ་རུ༔ ཐིབས་ཀྱིས་བྱུང་ནས་མིག་གི་ཨ་འབྲས་ནས༔ ཀ་ཏིའི་ལམ་

p. 516

ཞུགས་དབྱིངས་ཐིག་རོལ་པར་ཐིམ༔ ཆེར་མཆེད་རང་ལུས་ཕུང་ཁམས་སྐྱེ་མཆེད་དང་༔ ཕྱི་ནང་སྣོད་བཅུད་དངོས་པོ་ཐམས་ཅད་ཀུན༔ འོད་ཕུང་རྣམ་ལྔའི་རོལ་པར་མེར་གྱིས་ཞུ༔ ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པ་རུ༔ གསལ་ཞིང་ཡུན་གཅིག་མཉམ་པར་བཞག་པའི་མཐར༔ བསམ་བྱ་བསྒོམ་དམིགས་ཐམས་ཅད་ཆམ་བཞག་སྟེ༔ འོད་གདངས་མངོན་གྱུར་ལམ་བྱེད་བྱར་མེད་སྡོད༔ ཕྱི་ཡི་ནམ་མཁའ་སྟོང་དབྱིངས་ལས་གཞན་པའི༔ འོད་གདངས་ཅི་ཤར་གང་སྣང་ཐམས་ཅད་ཀུན༔ ནང་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྟེ༔ བཟང་ངན་རེ་དོགས་ཡིད་དཔྱོད་བཅས་བཅོས་སོགས༔ སྤངས་ཏེ་མངོན་གྱུར་ངང་ལ་ཆམ་གྱིས་བཞག༔ ཅེས་པ་སྟེ། ད་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་སྟེ་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ནས། མ་དག་སྙིགས་མའི་སྣང་བ་དྭངས་མ་འོད་གསལ་དུ་སྦྱོངས་པའི་ཐབས་ཟབ་མོ་ནི། དེ་ཡང་ཐོག་མར་བླ་མའི་རྣལ་འབྱོར་ལམ་གྱི་སྲོག་ཏུ་བཟུང་སྟེ་མོས་གུས་ཕྱག་རྒྱ་ཆེན་པོའི་ལམ་ཁྱེར་དང་མ་བྲལ་བའི་ངང་ནས་དབང་བཞི་བླངས་ཤིང་ཐུགས་ཡིད་བསྲེ་བ་ནི་རང་རྒྱུད་ལ་རྟོགས་པའི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བའི་ཐབས་

p. 517

རྨད་དུ་བྱུང་བ་ཡིན་པས་གཞུང་འདི་ཉིད་ཀྱི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ལྟར་ནན་ཏན་དུ་བྱའོ། །དེ་ནས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རིག་འཛིན་གྱི་ས་ལ་བཞུགས་པ་རྣམས་དང་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་ཕུང་ལྟ་བུའི་རྣམ་པར་ཐིབས་ཀྱིས་བྱུང་། མིག་གི་ཨ་འབྲས་ནས་ཞུགས་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གྱི་ལམ་བརྒྱུད་ནས་ནང་དབྱིངས་རྣམ་དག་གི་སྒྲོན་མར་ཐིམ་པས། འོད་མདངས་དེ་ཉིད་ཆེར་མཆེད་ནས་རང་ལུས་ཕུང་ཁམས་སྐྱེ་མཆེད་ཕྱི་ནང་སྣོད་བཅུད་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་འོད་ཕུང་རྣམ་ལྔའི་རོལ་པར་མེར་གྱིས་ཞུ་ནས་ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པར་འབྱམས་ཀླས་པའི་ངང་དུ་བསམ་བྱ་བསྒོམ་དམིགས་དང་བྲལ་བར་བཞག་སྟེ། ཕྱིའི་དབྱིངས་ནམ་མཁའ་སྟོང་གསལ་ལ་གོ་འབྱེད་པའི་དཀྱིལ་དུ་རིག་པ་ཐིམ་འགྲོ་བ་ལྟ་བུར་གཏད་པས། འོད་གདངས་སྔོ་རེ་བ་ཤིན་ཏུ་དག་པ་ཞིག་ཐོག་མར་སྣང་ལ། དེ་ལས་སྣང་བ་མཆེད་པའི་ཚུལ་དུ་འོད་ལྔའི་གདངས་ཁ་དོག་ལ་ཟ་འོག་ཁ་ཕྱེ་བ་ལྟ་བུར་འཇའ་ཡི་སྣམ་

p. 518

བུ་གྱེན་བསྒྲེང་དང་རྩིབ་ཤར་གྱི་རྣམ་པར་སྣང་བ་ནི་ནང་དབྱིངས་ཕྱིར་གསལ་བ་དབྱིངས་རྣམ་པར་དག་པའི་སྒྲོན་མ་སྟེ། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་སོ། །དེ་ལྟར་དབྱིངས་ཀྱི་ཀློང་དུ་ཐིག་ལེ་སྟོང་པའི་སྒྲོན་མ་ཀོ་མའི་ཆུ་ལ་རྡོ་བོར་བའི་རི་མོའི་རྣམ་པ་ལྟར་ཐིག་ཟླུམ་འོད་ལྔའི་མུ་ཁྱུད་ཅན་ལ་སོགས་པར་སྣང་ཞིང་། དེ་དག་གི་གོ་མཚམས་སུ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་མུ་ཏིག་བསྟར་ལ་རྒྱུས་པའམ་གསེར་ཀྱི་སྐུད་པ་ལྡིང་བ་ལྟར་སྣང་བ་ལ་ཤེས་རབ་ཀྱི་གདངས་ཞེས་བྱ་སྟེ། དེ་དག་དང་པོའི་གནས་སྐབས་ཕྲ་ཞིང་འཁྱོག་ལ་འགྲོ་འོང་གི་རྣམ་པ་ཅན་དུ་སྣང་ཞིང་རེས་གསལ་བ་དང་རེས་མི་གསལ་བ་སོགས་འབྱུང་བས། དེ་དག་གང་ལ་ཡང་བཟང་པོ་ཞེས་བླང་བྱ་ངན་པ་ཞེས་དོར་བྱ་ཨེ་འཆར་སྙམ་པའི་རེ་བ་མི་འཆར་སྙམ་པའི་དོགས་པ་སོགས་ཡིད་དཔྱོད་བཅས་བཅོས་ཐམས་ཅད་སྤངས་ཏེ་དབྱིངས་རིག་མི་འགྱུར་བའི་ངང་དུ་འཇོག་པ་གནད་དམ་པ་ཡིན། དེ་ལྟར་དབྱིངས་ཐིག་གི་སྣང་བ་དེ་དག་ཕྱི་ནས་ཤར་བ་མ་ཡིན་ཏེ། བལྟ་བ་ཕྱིར་བལྟས་ཀྱང་མཐོང་བ་ནང་མཐོང་བ་ཡིན་པའི་ཚུལ་རང་ལས་གཞན་གྱིས་མི་མཐོང་བ་དེས་སྟོན་ལ། དབྱིངས་ཕྱི་རུ་བཟུངས་རིག་པ་ནང་དུ་

p. 519

བཟུངས་ཏེ། ཕྱི་ནང་རང་རྒྱུད་དུ་མི་གོལ་བར་དབྱིངས་རིག་དབྱེར་མེད་ཀྱི་རོལ་པར་ཞེན་པ་མེད་པའི་བརྟུལ་ཞུགས་ལ་བསླབ་པར་བྱའོ། །གཉིས་པ་ཉམས་ལེན་གྱི་གནད་བཤད་པ་ནི། སྤྱིར་ན་འགྲོ་དྲུག་འཁྲུལ་པའི་སྣང་བ་རྣམས༔ ཤེས་པ་དང་པོ་ཡུལ་གྱི་རྣམ་པར་མཆེད༔ རྣམ་རྟོག་ཕྱི་མས་ཨ་འཐས་ཉེར་ལེན་པའི༔ ཕྱི་ནང་སྣོད་བཅུད་འདོད་ཡོན་ལྔ་རུ་འཐས༔ མངོན་པར་ཞེན་པའི་རྐྱེན་གྱིས་འཁྲུལ་པར་འཕྱན༔ ལམ་འདིར་བསྟེན་པས་ཤེས་པ་དང་པོ་ཉིད༔ དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་ཏེ༔ མ་དག་བསྐལ་པ་དབྱིངས་སུ་འཇིག་པ་ཡིན༔ གནད་དེ་ཤེས་པ་ཡང་དག་གནད་ཀྱི་མཆོག༔ ཅེས་པ་སྟེ། དེ་ལ་སྤྱིར་འགྲོ་བ་རྣམས་ཀྱི་ཤེས་པ་དང་པོ་ཉིད་ཕྱི་ནང་སྣོད་བཅུད་འདོད་ཡོན་གྱི་ཡུལ་དུ་རྣམ་པར་མཆེད་པ་ལ། རྣམ་རྟོག་ཕྱི་མས་ཨ་འཐས་ཉེ་བར་བླངས་ཏེ་མངོན་པར་ཞེན་པའི་རྐྱེན་གྱིས་འཁྲུལ་པའི་འཁོར་ལོར་ཁ་འཕྱན་པ་ཡིན་ལ། ཐོད་རྒལ་གྱི་ལམ་འདིར་བསྟེན་པའི་ཤེས་པ་དང་པོ་འོད་གསལ་དྭངས་མ་ཉིད་དུ་གོ་འཕོས་པས་ན་མ་དག་སྙིགས་མའི་བསྐལ་པ་དབྱིངས་སུ་འཇིག་པ་ཡིན་པའི་ཚུལ་ཤེས་པ་ནི་གནད་ཀྱི་མཆོག་ཏུ་བཟུང་བར་བྱའོ། །ལེའུའི་སྐབས་བསྡུ་བ་ནི། འབྱུང་བ་དྭངས་སྙིགས་ཀྱི་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ༔ ས་

p. 520

མ་ཡ༔ གུ་ཧྱ༔ གཉིས་པ་ཉམས་ལེན་སྲང་དུ་འཛུད་པའི་ཚུལ་ནི། འོག་གི་ལེའུ་བཅུ་གསུམ་པ་རུ་འཆད་པར་འགྱུར་བ་ཡིན་ནོ། །གསུམ་པ་ལམ་གྱི་གོལ་ས་བསྟན་པ་ནི། དེ་ལྟར་ཚུལ་བཞིན་རྟོགས་པར་མ་གྱུར་ན༔ ཇི་ལྟར་བསྒོམ་ཀྱང་གཟུང་འཛིན་ལམ་དུ་གོལ༔ དེ་ཕྱིར་ཁྲེགས་ཆོད་ལྟ་བ་གཏན་ཕབ་ནས༔ འཁོར་འདས་རང་སྣང་ཉིད་དུ་རྟོགས་ནས་སླར༔ རང་སྣང་སྣང་ཙམ་ཉིད་ནས་སྟོང་པ་ཉིད༔ ངོ་བོ་སྟོང་ལ་རང་བཞིན་རང་གསལ་ཅན༔ སྟོང་དང་གསལ་བ་ཡ་མ་བྲལ་བ་སྟེ༔ དཔེར་ན་རྙོགས་མ་དྭངས་པའི་ཆུ་བཞིན་དུ༔ ཆུ་དང་དྭངས་གསལ་ཐ་དད་མ་གྲུབ་པ༔ དེ་བཞིན་གཟུགས་བརྙན་སྣ་ཚོགས་འཆར་རུང་བ༔ ཆུ་ཉིད་ཀྱིས་ནི་གཟུགས་བརྙན་སྣང་བ་ལས༔ ཆུ་ལས་གཞན་པའི་གཟུགས་བརྙན་མེད་བཞིན་དུ༔ སེམས་ཉིད་སྟོང་པའི་རང་བཞིན་གསལ་བ་ལས༔ སྣ་ཚོགས་སྣང་བའི་ཆོས་ཀུན་ཤར་བ་སྟེ༔ སྣང་བ་སེམས་མིན་སེམས་ལས་གཞན་མ་ཡིན༔ ནམ་མཁའ་ཉིད་ཀྱིས་འཇའ་ཚོན་སྣང་བ་བཞིན༔ རྒྱུ་རྐྱེན་འཕྲད་པས་རྟེན་ཅིང་འབྲེལ་འབྱུང་སྟེ༔ ཤེས་པ་དང་པོ་ཡུལ་དུ་གྱུར་པ་ལ༔ རླུང་གི་འགྱུ་འཕྲིག་གཡོ་བའི་ཆོ་འཕྲུལ་སྟེ༔ མ་རིག་རྐྱེན་གསུམ་འཐས་པའི་བྱེད་ལས་ཀྱིས༔ གཞི་ཡི་རང་

p. 521

མདངས་ལྷུམས་སུ་བསྒྲིབ་པ་ལས༔ འོད་ཀྱི་གདངས་ལྔ་ཤར་ལ་དངོས་འཛིན་གྱི༔ བག་ཆགས་འཐས་པས་འབྱུང་བ་ལྔ་རུ་བསྒྲིབ༔ མདངས་ལྔ་དྭངས་མར་བསྒྲིབ་པས་ནང་འབྱུང་ལྔ༔ ནང་འབྱུང་སྙིམས་མར་འཐས་པའི་ཕྱི་འབྱུང་ལྔ༔ ལུགས་སུ་འབྱུང་སྟེ་འཁོར་བར་འདུ་བྱེད་ཅིང་༔ ལུགས་སུ་ལྡོག་ཏེ་སྟོང་ཁྱབ་དབྱིངས་སུ་འཇིག༔ ཅེས་པ་སྟེ། འདི་ལྟར་འཁོར་བར་འཁྱམས་པའི་གཞི་ནི་མ་རིག་པ་ལས་བྱུང་སྟེ། དེ་ཡང་ཤེས་པ་དང་པོ་ཡུལ་དུ་གྱུར་པ་ལ་འཛིན་པ་ལས་རླུང་གཡོ་བའི་ཆོ་འཕྲུལ་ལས་བརྟན་ཅིང་འཐས་པར་བྱས་པ་ནི་རྒྱུའི་མ་རིག་པ། རྒྱུ་དེ་ཉིད་ལས་འཕྲལ་བྱུང་གི་བག་ཆགས་སྣ་ཚོགས་འདུས་པ་ནི་སྣ་ཚོགས་འདུས་པའི་མ་རིག་པ། དེ་དག་དུས་འཛོམ་པ་ལས་འཁོར་བ་ཡོངས་སུ་གྲུབ་པ་ནི་དེ་མ་ཐག་པའི་མ་རིག་པ་སྟེ། དེ་དག་གི་བྱེད་ལས་ཀྱི་ངོ་བོ་ཤེས་རབ་དང་རྩལ་ཡེ་ཤེས་བསྒྲིབ་པས་གཞིའི་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ནང་མདངས་སུ་ནུབ་ནས་འཁོར་བའི་སྣང་སེམས་ཐམས་ཅད་ཤར་བ་སྟེ། དེ་ཡང་ཡེ་ཤེས་ལྔ་མ་རིག་པས་བསྒྲིབ་པའི་ཕྱི་གདངས་འོད་ལྔར་སྣང་བ་ནི་ནང་འབྱུང་དང་འབྱུང་ལྔའི་དྭངས་མ་འབྱུང་ཆེན། དེ་རྣམས་དངོས་འཛིན་བདེན་ཞེན་འཐས་པས་མ་དག་པའི་

p. 522

འབྱུང་ལྔར་སྣང་བ་ལ་ཕྱི་འབྱུང་དང་འབྱུང་ཕྲན་སྙིགས་མའི་སྣང་བ་ཞེས་བྱ་སྟེ། འཁྲུལ་པའི་གཞི་དེ་དག་གི་རྩལ་ལས་རྣམ་པར་ཤེས་པ་དང་ཉོན་མོངས་པའི་ཚོགས་རྣམས་མཆེད་དུ་འཁྲུལ་པ་ཡིན་ནོ། །དེ་ལྟར་འཁྲུལ་པའི་རྩ་བ་གཟུང་འཛིན་གཉིས་པོ་སྔར་བཤད་པ་ལྟར་གཏན་ལ་ཕབ་སྟེ་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་རང་བཞིན་རྫོགས་པ་ཆེན་པོར་ལ་བཟླ་བར་བྱ་སྟེ། དེ་ཡང་ངོ་བོ་ཀ་དག་གི་ཡེ་ཤེས་རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ། རང་བཞིན་འོད་གསལ་བའི་ཡེ་ཤེས་གཏིང་གསལ་སྒྲིབ་གཡོགས་དང་བྲལ་བའི་འཁོར་འདས་ཁྱབ་པར་བརྡལ་བ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་འགག་པ་མེད་པས་འཁོར་འདས་ཀྱི་འཆར་གཞིར་གནས་པའོ། །དེའང་གདོད་མའི་གནས་ལུགས་སྟོང་གསལ་སྤྲོས་པ་དང་བྲལ་བའི་རང་བཞིན་གང་དུའང་མ་གྲུབ་པ་མེ་ལོང་ལྟ་བུ་ལ། དེ་ཉིད་རིག་པ་དང་མ་རིག་པའི་རྣམ་པར་གཏོད་བྱེད་སོ་སོར་ཤར་བས། འཁོར་འདས་ཀྱི་གཟུགས་བརྙན་ཐ་དད་དུ་སྣང་། ཇི་ལྟར་སྣང་ཡང་ཆོས་ཉིད་ཀ་དག་གི་ངང་ལས་མ་འདས་ཤིང་། གདོད་མའི་གཞི་མེ་ལོང་ལྟ་བུ་བཟང་ངན་གང་དུའང་འགྱུར་བ་མེད་དེ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་

p. 523

དང་། ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །ཞེས་པས། སྤྱིར་ཤེས་བྱའི་གཤིས་སྣང་བའི་ཡུལ་དང་མ་འདྲེས་པ་ནི་ཕུང་པོ་ལྔའི་ཉེ་བར་ལེན་པས་རང་བཞིན་གྱི་རྣམ་པར་སྟོང་པ་ཉིད་ཡིན་ལ། དེ་ལྟར་སྟོང་པའི་མཚན་ཉིད་ཀྱང་ཐལ་བྱུང་གི་སྟོང་རྐྱང་དུ་བལྟ་བ་མ་ཡིན་པར་རང་བཞིན་འོད་གསལ་བའི་བདག་ཉིད་ཅན་ཏེ། ཤེས་རབ་སྙིང་པོ་ལས། གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །ཞེས་སོ། །དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་པས་སྒྲོ་བཏགས་པ་ཙམ་ལས་རང་ངོར་སྐྱོན་གྱིས་བྲི་བ་དང་ཡོན་ཏན་གྱིས་གང་བ་གཉིས་ཀ་མེད་པས་ན། འདིར་རང་བཞིན་རྫོགས་པ་ཆེན་པོའི་ལམ་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་འཆིང་གྲོལ་ལས་འདས་པའི་སྙིང་པོ་རིག་པའི་བདག་ཉིད་ཅན་ལ་སྐུ་དང་ཡེ་ཤེས་ཀྱི་ཆོས་ཁམས་མ་ལུས་པ་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གདོད་ནས་ཡེ་རྫོགས་ཆེན་པོ་ལས་མི་འདའ་བ་ནི་གྲུབ་པའི་མཐའ་ཆེན་པོ་ཡིན་ནོ། །དེ་

p. 524

ལྟ་བུའི་གནས་ལུགས་ལ་ངེས་པ་རྙེད་པར་མ་གྱུར་ན་ཇི་ལྟར་བསྒོམ་ཀྱང་གཟུང་འཛིན་གྱི་ལམ་དུ་གོལ་བར་འགྱུར་ཏེ། ཇི་སྐད་དུ། ཁྲེགས་ཆོད་གདིང་དང་མ་ལྡན་ན། །ཐོད་རྒལ་ཤར་ཡང་གཟུང་འཛིན་ཅན། །ཞེས་པའང་གནད་འདི་ལ་དགོངས་ནས་གསུངས་པ་ཡིན་པས་དང་པོ་ཁྲེགས་ཆོད་ཀྱི་ལྟ་བས་སྣང་སྲིད་འཁོར་འདས་ཐམས་ཅད་རིག་པ་གཅིག་ཏུ་ཐག་ཆོད་ཅིང་ངང་མངོན་དུ་གྱུར་པ་ལ་བསླབ་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་པར་ཤེས་པར་བྱའོ། །བཞི་པ་མྱུར་ལམ་གཞན་ལས་ཁྱད་དུ་འཕགས་ཚུལ་ནི། ངང་ཚུལ་རྟོགས་པའི་ཤེས་རབ་ཡེ་ཤེས་ཀྱིས༔ མ་དག་འཁོར་བའི་སྣང་ཞེན་ཐམས་ཅད་ཀུན༔ དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་པའི༔ འཕོ་བ་ཆེན་པོའི་མྱུར་ལམ་ལ་བརྟེན་པས༔ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི༔ ཐུགས་གསང་ཆོས་ཉིད་རོལ་པའི་ཀློང་ཆེན་པོ༔ མངོན་གྱུར་གྲོལ་ཐོབ་མྱུར་ལམ་སྙིང་པོའི་ཆོས༔ ལམ་དང་སྒྲུབ་པ་གཞན་ལས་ཁྱད་དུ་འཕགས༔ ཞེས་པ་སྟེ། དེ་ལྟར་ཚུལ་བཞིན་རྟོགས་པའི་ཤེས་རབ་དང་ཡེ་ཤེས་ཆེན་པོས་མ་དག་འཁོར་བའི་སྣང་ཞེན་ཐམས་ཅད་འོད་གསལ་དྭངས་མའི་དབྱིངས་སུ་འཕོ་བའི་གདམས་པ་འདི་ཉིད། འདས་པའི་སངས་རྒྱས་རྣམས་ཀྱི་གཤེགས་ཤུལ།

p. 525

མ་འོངས་པའི་སངས་རྒྱས་རྣམས་ཀྱིས་བསྒྲུབ་བྱ། ད་ལྟའི་སངས་རྒྱས་རྣམས་ཀྱི་བགྲོད་པ་གཅིག་པུའི་ལམ། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་ཀློང་ཆེན་མངོན་དུ་གྱུར་པ་ལ་གྲོལ་བའི་ཐ་སྙད་བཏགས་པ། ཐེག་པ་གཞན་དང་ལམ་མྱུར་བུལ་ཤིང་རྟ་དང་ཉི་ཟླའི་འགྲོས་ལྟར་ཁྱད་པར་ཆེ་བ་མན་ངག་ཨ་ཏི་ཡོ་གའི་ཟབ་ཆོས་འདི་ཉིད་ཁྲེགས་ཆོད་ལས་ཀྱང་ཁྱད་འཕགས་ཀྱི་ཆེ་བ་བདུན་དང་ལྡན་པ་སྟེ། དེ་ཡང་ཁྲེགས་ཆོད་ཀྱིས་རྡོ་རི་བྲག་ལ་སོགས་འཁྲུལ་སྣང་གི་ཡུལ་དག་པར་མི་ནུས་ལ། ཐོད་རྒལ་གྱིས་སྣང་བ་འོད་ལྔར་བྱེད་ལས་ཁྱད་པར་འཕགས། ཁྲེགས་ཆོད་དུ་རྩ་རླུང་འཛིན་རྩོལ་ཅན་བསྟེན་པས་གེགས་དང་གོལ་ས་མང་བ་ལས། ཐོད་རྒལ་གྱིས་དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱས་པས་དུག་གསུམ་གྱི་ལས་རླུང་རང་མལ་དུ་གསོད་པས་ཁྱད་པར་འཕགས། ཁྲེགས་ཆོད་ཀྱི་སྐྱོན་དང་ཡོན་ཏན་ལྐོག་ཏུ་གྱུར་པ་ལས། ཐོད་རྒལ་གྱིས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་གདངས་མངོན་དུ་མཐོང་བས་ཁྱད་པར་འཕགས། ཁྲེགས་ཆོད་ཀྱི་ལམ་བློ་དང་ཡིད་དཔྱོད་ཀྱི་ཡུལ་དུ་སོང་བས་ལམ་བསྒྲོད་འཕགས་ཤིན་ཏུ་བུལ་བ་ལས། ཐོད་རྒལ་དུ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་མ་བསྒོམ་རང་བྱུང་ལྷུན་གྲུབ་ཀྱི་ངང་དུ་

p. 526

ཡིན་པས་ས་ལམ་གཅིག་ཆར་དུ་བརྒལ་བས་ཁྱད་པར་འཕགས། རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་ཁྲེགས་ཆོད་ཀྱིས་སྟོང་གསལ་ཙམ་ལས་བལྟར་མེད་དུ་ཐག་གཅོད་པ། ཐོད་རྒལ་དུ་གནད་གཅུན་པས་ཡེ་ཤེས་ཀྱི་མཐོང་ཕྱེ་སྟེ་ཆོས་ཉིད་ཟེར་གདངས་ལ་མཐོང་བའི་ཁྱད་པར་འཕགས། ཁྲེགས་ཆོད་དུ་དབང་པོ་དྲུག་གི་སྒོམ་དག་པ་འཁྲུལ་སྣང་ལ་ཞེན་པ་སྤོང་བའི་དྭངས་འཚོལ་བ་ལ། ཐོད་རྒལ་དུ་དག་པ་འོད་གསལ་གྱི་སྒོ་ཡེ་ཤེས་ཀྱི་རླུང་གིས་ཕྱེ་བས་ཕྱི་ནང་ཟང་ཐལ་གྱི་དབང་པོས་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་སྒྲོན་མ་བཞིའི་སྣང་བ་ལ་ལོངས་སྤྱོད་པའི་ཁྱད་པར་འཕགས། ཁྲེགས་ཆོད་དུ་བརྩོན་འགྲུས་སྙིང་སྟོབས་དྲག་པོས་ཉམས་སུ་ལེན་པའི་སྐྱེས་བུ་གྲོལ་པའི་ས་ལ་ཕེབས་ནའང་ལུས་རྡུལ་ཕྲན་དུ་དེངས་པ་ལས་འོད་གསལ་དུ་མི་སྨིན་པ་ལས། ཐོད་རྒལ་གྱིས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་རླབས་པོ་ཆེའི་བདག་ཉིད་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་སངས་རྒྱས་པར་འགྱུར་བའི་ཁྱད་པར་འཕགས་པ་སྟེ། ཡོན་ཏན་དེ་དག་དང་ལྡན་པའི་ཐེག་མཆོག་བླ་ན་མེད་པ་འདི་ཉིད་ཀྱི་དོན་ཐེག་པ་གཞན་གྱིས་མི་མཐོང་སྟེ། སྒྲོན་མ་སྣང་བྱེད་ལས། དཔེར་ན་རི་རྒྱལ་རྩེར་ཕྱིན་ན། །དམའ་བའི་ལུང་རྣམས་མཐོང་བ་བཞིན། །འོག་མའི་རྒྱུད་དོན་ཇི་བཞིན་མཐོང་། །

p. 527

འོག་མས་གོང་མ་མཐོང་བ་མེད། །ཅེས་པ་ལྟར་མན་ངག་འདིས་ནི་ཐམས་ཅད་མཐོང་ཞིང་གྲོལ་བར་འགྱུར་བའི་ཚུལ་ཤེས་རབ་ཀྱི་མིག་ལྡན་དག་གི་རྟོགས་པར་བྱའོ། །ལྔ་པ་ལམ་རྟགས་སྣང་བཞིའི་ས་མཚམས་བསྟན་པ་ལ། ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་སྣང་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞི་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། དེ་ལྟར་རྩེ་གཅིག་ཉམས་ལེན་གནད་བསྣུན་པའི༔ བསྐྱེད་རིམ་ལྷུར་ལེན་བློ་ཡིས་འཆོས་པ་དང༔ ཁྲེགས་ཆོད་ལྟ་བུར་ལྐོག་ཏུ་མ་གྱུར་པར༔ ཤེས་རབ་མིག་ལ་ཡེ་ཤེས་སྤྱན་ཚུད་པའི༔ གཞི་ཡི་རང་བཞིན་ཡེ་ཤེས་ལྔ་ཡི་གདངས༔ དྭངས་མ་འོད་ལྔའི་ཆོས་ཉིད་མངོན་སུམ་དུ༔ སྣང་ཞིང་མངོན་གྱུར་ངང་ལ་ཆམ་བཞག་པས༔ སྒོ་གསུམ་གཡོ་མེད་ངང་དུ་བརྟན་ཐོབ་པས༔ རྡོ་རྗེ་གསུམ་གྱི་བྱིན་རླབས་ཞུགས་པ་ཡི༔ ལྟས་མཚན་ཚུལ་བཞིན་འབྱུང་སྟེ་ཆོས་ཉིད་ཀྱི༔ བདེན་པ་མངོན་དུ་མཐོང་ཞིང་རྣམ་གྲོལ་གྱིཿ ས་དང་ལམ་གྱི་དང་པོར་སླེབས་པ་ཡིན༔ ཁྲེགས་ཆོད་ལྟ་བ་ཇི་བཞིན་རྟོགས་ནས་སུ༔ ལམ་འདིའི་གནད་འགགས་ཇི་ལྟ་བ་བཞིན་དུ༔ ཤེས་ཏེ་ཕྱི་ཡི་རྐྱེན་གསུམ་ལ་བརྟེན་ནས༔ རྩེ་གཅིག་སྙིང་པོའི་སྒྲུབ་ལ་བརྩོན་

p. 528

པའི་མི༔ ཟླ་བ་དྲུག་གི་ངེས་པར་བརྟན་ཐོབ་ཅིང་༔ མངོན་སུམ་སྣང་བ་མཐོང་བའི་ཡོན་ཏན་གྱིས༔ ཕྱིན་ཆད་འཁོར་བར་མི་ལྡོག་གདེངས་ཐོབ་བོ༔ ཞེས་པ་སྟེ། དེ་ལྟར་ཉིན་མོ་ཆོས་སྐུའི་རྟེན་ཉི་མ། མཚན་མོ་ལོངས་སྐུའི་རྟེན་ཟླ་བ། ནང་ནུབ་སྤྲུལ་སྐུའི་རྟེན་ཨ་ལོ་ཀེར་བལྟས་ནས་ཉམས་ལེན་གནད་དུ་བསྣུན་པས། བསྐྱེད་རིམ་ལྟར་བཅས་བཅོས་དང་ཁྲེགས་ཆོད་ལྟར་མུན་བསྒོམ་མ་ཡིན་པར་ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད་དེ། གཞི་ཡི་རང་བཞིན་ཡེ་ཤེས་ལྔའི་རང་གདངས་མངོན་སུམ་དབང་པོའི་སྒོ་རུ་སྣང་བའི་ཕྱིར་ཆོས་ཉིད་མངོན་སུམ་ཞེས་བྱ་བ་སྟེ། དེའི་ཕྱི་རྟགས་སུ་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུར་ལྷུན་ཆགས་ཤིང་ངང་བརྟན་པ་དང་། ཐིག་ལེ་འོད་ཟླུམ་ཐིག་ཕྲན་གྱི་རྣམ་པ་ཉ་མིག་ཙམ་ལས་མཐེབ་སྐོར་ཙམ་དུ་སྣང་ཞིང་། དེ་དག་གི་གོ་མཚམས་སུ་རིག་པ་རྡོ་རྗེ་ལུག་རྒྱུད་རྟ་རྔའི་ཉག་ཕྲན་ཙམ་པ་རྩ་གནད་ཀྱིས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོགས་པ་ཐིག་ལེའི་གནད་ཀྱིས་གྲོལ་བའི་རྟགས་སུ་འཁྱོགས་འཚམས་སུ་ཐིག་ལེ་ཕྲ་མོ་ཟུང་འབྲེལ་ཡོད་པ། རླུང་གནད་ཀྱིས་གྲོལ་བའི་རྟགས་སུ་འགྲོ་འོང་གི་རྣམ་པ་ཅན་གསེར་སྐུད་ལྟ་བུའི་འོད་དང་ལྡན་པར་འཆར་རོ། །ནང་རྟགས་སུ་བུམ་དབང་གི་ནུས་པ་ལུས་ཀྱི་གདོས་པ་ལ་ཐེབས་པས་ལུས་དཀའ་ཞིང་ངལ་

p. 529

བའི་རྣམ་པས་འགུལ་སྙིང་མི་འདོད་པར་སྡོད་པ་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་དང་། ངག་སྨྲ་བརྗོད་མི་འདོད་པར་ལྐུག་པ་ལྟར་གནས་པ་དང་། སེམས་ཀྱི་རྣམ་རྟོག་དུམ་བུར་འཕྲོ་བའི་རྒྱུན་ཆད་ནས་གར་གཏད་དུ་སྡོད་ཚུགས་པ་མཁའ་འགྲོ་རྙི་ལ་ཟིན་པ་ལྟ་བུའོ། །འདིའི་དུས་སུ་ཕྱིན་ཆད་འཁོར་བར་མི་ལྡོག་པའི་གདེངས་ཐོབ་པས་མདོ་ལམ་གྱིས་དང་པོ་དང་། མ་དག་འཁྲུལ་པའི་སྣང་སེམས་ཐམས་ཅད་དྭངས་མ་འོད་གསལ་གྱི་རང་བཞིན་དུ་རྣམ་པར་སྨིན་ཏེ་མ་རིག་པ་རིག་པར་འཕོས་པས་ན་སྔགས་ལམ་དུ་རྣམ་པར་སྨིན་པའི་རིག་འཛིན་དོན་གྱིས་ཐོབ་པ་ཡིན། སྐབས་འདིར་འཆི་བའི་དབང་དུ་གྱུར་ནས་བར་ཆད་ནའང་རང་བཞིན་སྤྲུལ་པར་དབུགས་འབྱིན་པ་ནི། ཕྱིའི་དབྱིངས་སྣང་གི་རྟགས་དང་པོ་ཙམ་མཐོང་བས་མ་ཡིན་པར་ནང་དུ་ཤེས་རབ་ཀྱི་མིག་རྡུལ་དང་བྲལ་བའི་བདེན་པ་མཐོང་བའི་གནད་ཀྱིས་ཡིན་ཏེ། ཀློང་གསལ་ལས། རིག་པ་མངོན་སུམ་མཐོང་བ་ནི། །བདེན་པ་མཐོང་བའི་གནད་ཀྱིས་སུ། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །ལེའུའི་སྐབས་བསྡུ་བ་ནི། ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་དངས་ཐོབ་པའི་ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། གསང་

p. 530

སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་གྱིས༔ དེ་ལྟར་རྣལ་མའི་དོན་ལ་རྩེ་གཅིག་ཏུ༔ གནད་དུ་བསྣུན་པའི་ཕྱི་རྟགས་འོད་གསལ་གྱི༔ དབྱིངས་དང་ཐིག་ལེ་རིམ་བཞིན་གོང་འཕེལ་གྱི༔ ཚུལ་དུ་སྣང་སྟེ་གྲུ་ཆད་རྣམ་པ་ནས༔ དབྱིངས་སྣང་མཆོད་རྟེན་མདུང་རྩེ་རལ་གྲི་དང་༔ འཁོར་ལོ་རྡོ་རྗེ་པདྨ་རི་ལྡེ་དང་༔ མེ་ལོང་སྤྲིན་དཔུང་ལྟ་བུའི་རྣམ་པར་མཆེད༔ ཐིག་ལེ་ཉ་མིག་ཙམ་ནས་རིམ་པ་བཞིན༔ མཐེབ་གོར་དང་ནི་ཁམ་ཕོར་རྡ་ཆུང་དང་༔ ཤིང་རྟའི་འཕང་ལོ་ཕུབ་ཀྱི་རྦ་འཁོར་དང༔ ཤིན་ཏུ་ཆེ་བ་འདོམས་ཀྱིས་འཁོར་ཙམ་གྱི༔ བར་དུ་མཆེད་པ་འོད་ལྔའི་མུ་ཁྱུད་ཅན༔ མི་གཡོ་མི་འགུལ་ལྷན་ནེར་གནས་པ་སྣང་༔ རྡོ་རྗེ་ལུག་རྒྱུད་རྟ་རྔའི་ཉག་ཕྲན་ཙམ༔ གསེར་སྐུད་ལྟ་བུར་འོད་དང་ལྡན་པ་ལ༔ ཕྲ་ཞིང་འཁྱོགས་ལ་འགྲོ་འོང་རྣམ་པ་རུ༔ ཆོས་ཉིད་མངོན་སུམ་དུས་སུ་སྣང་བ་ནས༔ གོང་འཕེལ་དུས་སུ་ཅུང་ཟད་བརྟན་གྱུར་ཏེ༔ མུ་ཏིག་ཕྲ་མོ་བསྟར་ལ་བརྒྱུས་པ་བཞིན༔ སྨིན་ཏེ་རིམ་བཞིན་ཆེར་འཕེལ་ཇེ་བརྟན་འགྱུར༔ མཐར་ནི་ས་རྡོ་རི་བྲག་གཟུགས་བརྙན་ཀུན༔ མ་དག་སྣང་བ་རྡུལ་ཙམ་མི་མངོན་པར༔ དྭངས་མ་འོད་དང་འཇའ་ཚོན་རྣམ་པར་སྣང༔ དེ་ནི་ཕྱི་ཡི་འཕེལ་ཚད་རྫོགས་པ་ཡིན༔ ནང་རྟགས་ལུས་དང་རྩ་ཁམས་འཁྲུག་པ་ལས༔ གྱེན་རྒྱུ་སྲོག་འཛིན་མེ་

p. 531

མཉམ་ཁྱབ་བྱེད་དང་༔ ཐུར་སེལ་རླུང་འཕེལ་འགྲིབ་བྱུང་བ་ཡི༔ བྱེད་ལས་བདེ་སྡུག་ན་ཚ་ཟུག་རྡུ་དང་༔ ཟ་ཟི་བྱ་སྤྱོད་མ་ངེས་སྣ་ཚོགས་ཀྱི༔ སྤྱོད་པ་བྱེད་ཅིང་བརྟན་གནས་མེད་པ་ཡིན༔ ངག་ཀྱང་སྨྱོན་པ་རང་ཚིག་རྡོལ་བ་བཞིན༔ གླུ་དང་མགུར་མ་ལ་སོགས་ཆོས་ཚིག་དང་༔ འཇིག་རྟེན་ཐ་མལ་པ་ཡི་འཆོལ་ཚིག་རྣམས༔ མ་བསམ་བཞིན་དུ་རང་རྡོལ་འབྱུང་འགྱུར་ཏེ༔ སེམས་ཀྱང་སྨྱོན་པའུར་གྱིས་བསླང་བ་ལྟར༔ གཏད་མེད་འཛིན་མེད་བྱུང་རྒྱལ་ངང་གྱུར་ཏེ༔ འདུག་ཚེ་སྡོད་སྙིང་མི་འདོད་སྡོད་མི་ཚུགས༔ འགྲོ་ཚེ་འགྲོ་སྙིང་མི་འདོད་འདུག་པར་བསམ༔ ཉོན་ཡིད་བསླང་ནས་དུག་ལྔ་རེས་མོས་སུ༔ ཤིན་ཏུ་དྲག་ལ་ཤུགས་ཆེ་བ་རུ་ལྡང་༔ རེས་འགའ་སྙིང་རྗེ་ངེས་འབྱུང་རྩལ་འབར་ཏེ༔ དུ་སྙིང་འདོད་ཅིང་བཟོད་མེད་སྡུག་བསྔལ་འཆར༔ མ་དག་བསྐལ་པ་དབྱིངས་སུ་འཇིག་པའི་ལུས༔ མ་ངེས་ཉམས་སྣང་ཆལ་མ་ཆོལ་མར་འབྱུང་༔ ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན་སྣང་༔ མོ་རྩིས་སྨན་དཔྱད་ཀུན་ཀྱང་རབ་ཏུ་འཁྲུགས༔ དེ་དག་བདེན་མེད་ཉམས་ཀྱི་སྣང་བ་རུ༔ ཤེས་ཏེ་བདེན་ཞེན་མེད་པར་འཇོག་ནུས་ན༔ སྒྱུ་མ་རྨི་ལམ་ལྟ་བུར་རིམ་བཞིན་ཡལ༔ འདི་ཡི་ཡོན་ཏན་མངོན་སུམ་སྣང་བའི་དུས་

p. 532

རང་བཞིན་སྤྲུལ་པའི་སྐུ་རུ་དབུགས་འབྱིན་འགྱུར༔ གྲུ་ཆད་རྣམ་པར་ཤར་བའི་དུས་སྐབས་སུ༔ བར་དོ་མེད་པར་གྲོལ་འགྱུར་གདོན་མི་ཟ༔ འཕེལ་ཚད་རྫོགས་ཚེ་ལོངས་སྤྱོད་རྫོགས་སྐུར་གྲོལ༔ མདོར་ན་ས་མཚམས་འདི་ལ་བབས་པའི་ཚེ༔ འཁོར་བར་མི་ལྡོག་སྲིད་ལས་རྣམ་པར་རྒྱལ༔ ཞེས་པ་སྟེ། དེ་ཡང་གོང་བཞིན་ཉམས་ལེན་ལ་གནད་དུ་བསྣུན་པས་ནང་དུ་ཆོས་ཉིད་ཀྱི་ངོ་བོ་སྟོང་པར་མཐོང་བས། དེའི་གདངས་རང་བཞིན་གསལ་བའི་ཡེ་ཤེས་ཕྱི་རོལ་དུ་མི་འགྱུར་བར་གོང་དུ་འཕེལ་བས་ན་ཉམས་གོང་འཕེལ་ཏེ། ཕྱི་རྟགས་སུ་འོད་སྣང་ཆེར་མཆེད་དེ་དབྱིངས་སྣང་འོད་ལྔ་རྩིབས་ཤར་དང་། གྱེན་འགྲེང་དང་། ཟླུམ་འཁྲིགས་དང་། དྲྭ་བ་དྲ་ཕྱེད། མིག་མང་རིས། མཆོད་རྟེན། མདུང་རྩེ། པདྨ་སྟོང་ལྡན། རེ་ལྡེ། མེ་ལོང་། སྤྲིན་དཔུང་། རལ་གྲི། འཁོར་ལོ། རྡོ་རྗེ་ལྟ་བུ་སོགས་རྣམ་པ་མ་ངེས་པར་སྣང་ལ། ཐིག་ལེ་མཐེབ་སྐོར་ཙམ་ནས། ཁམ་ཕོར། རྔ་ཆུང་། ཤིང་རྟའི་འཕང་ལོ། ཕུབ་ཀྱི་རྦ་འཁོར། ཆེ་བ་འདོམས་ཀྱིས་འཁོར་ཙམ་དུ་འཕེལ་ཞིང་། རིག་པ་མུ་ཏིག་ཕྲ་མོ་བསྟར་ལ་བརྒྱུས་པ་ལྟར་རིམ་བཞིན་ཇེ་འཕེལ་དུ་འགྲོ་ཞིང་འདབ་ཆགས་འཕུར་སྐྱེན་པ་དང་། རི་དྭགས་རྩིབས་ལ་རྒྱུག་པ་དང་། ཤ་ར་ཎ་དལ་གྱིས་འགྲོ་བ་དང་། བུང་བ་མེ་ཏོག་ལ་ལྡིང་བ་ལྟ་བུར་

p. 533

ཇེ་དལ་དུ་འགྲོ་བ་ནི་ཅུང་ཟད་གོམས་པ་དང་། བར་དུ་གོམས་པའི་ཐ་སྙད་བཏགས་ཅིང་། མཆོག་ཏུ་གོམས་པའི་ཚད་ནི་གང་དུ་བལྟས་པའི་སྟོང་ཁམས་འོད་གསལ་གྱི་སྣང་བས་ཁྱབ་ཅིང་འགུལ་འཕྲིགས་མེད་པར་གནས་པ་སྟེ། སྒྲོན་མ་སྣང་བྱེད་ལས། སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་དཀྲིག་གི་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཞེས་སོ། །ནང་རྟགས་སུ་གསང་དབང་གི་ནུས་པ་རྩ་རླུང་ལ་ཐེབས་པའི་ལྟས་སུ་ལུས་དང་རྩ་ཁམས་ཐམས་ཅད་འཁྲུགས་ཏེ། སྙིང་ག་ནས་མགྲིན་པའི་བར་གྱི་ནང་རོལ་ཐམས་ཅད་ན་ཞིང་གྱེན་རྒྱུའི་རླུང་འཕེལ་བས་དང་ཀ་འགག་ནས་དབུགས་ཀྱི་རྒྱུ་ལམ་མི་བདེ་ཞིང་ཟས་སྐོམ་ཕྱིར་འཕེན་པ་སོགས་དང་། སྲོག་འཛིན་གྱི་རླུང་འཁྲུགས་པས་སེམས་ལས་སུ་མི་རུང་ཞིང་སྙིང་ན་བ་དང་། མེ་མཉམ་གྱི་རླུང་འཕེལ་བས་ལུས་ལ་ཚ་དྲོད་དྲག་པོ་འབར་ཞིང་འགྲིབ་ཚེ་གྲང་བས་གདུང་བ་དང་། ཁྱབ་བྱེད་ཀྱི་རླུང་འཕེལ་བས་ལུས་སྐྲངས་ཏེ་ཤ་རྒྱས་པ་དང་། འགྲིབ་ཚེ་མདངས་ཉམས་ནས་ཤ་སྐམ་པ་སོགས་དང་། ཐུར་སེལ་གྱི་རླུང་ལྡང་བས་དྲི་ཆུ་དང་གཤང་ལྕི་འགག་པ་དང་། འགྲིབ་ཚེ་རང་བཞིན་གྱིས་འཛག་པ་སོགས་མདོར་ན་མི་བདེ་བའི་ཟུག་རྔུ་སྣ་ཚོགས་འཆར་བ་དང་། ལུས་སྒེག་ཆོས་ངོ་ཚ་དང་བྲལ་ཏེ་སྐྱེས་

p. 534

བུ་ཆང་གིས་མྱོས་པ་ལྟ་བུར་བྱ་སྤྱོད་སྣ་ཚོགས་པས་སྡོད་མི་ཚུགས་པ་དང་། ངག་ཀྱང་སྨྱོན་པའི་ཅ་ཅོ་སྒྲོགས་པ་ལྟར་གླུ་དང་མགུར་མ་འཆོལ་ཚིག་ལ་སོགས་མ་ངེས་པའི་ཚིག་རང་རྡོལ་དུ་འབྱུང་བ་དང་། སེམས་ཀྱང་གཟའ་གཏད་མེད་པར་སྨྱོན་པ་འུར་ལངས་པ་ལྟར་གཏད་མེད་རྒྱ་འབྱམས་སུ་ཡན་པའོ། །གཞན་ཡང་འདུག་ཚེ་འགྲོ་སྙིང་འདོད་ཅིང་འགྲོ་ཚེ་སྡོད་སྙིང་འདོད་པ་དང་། ཉོན་ཡིད་བསླང་ནས་དུག་ལྔའི་རྟོག་པ་དྲག་ལ་ཤུགས་ཆེ་བའི་རེས་མོས་སུ་ལྡང་ཞིང་། འགའ་ཞིག་ངེས་འབྱུང་དང་སྙིང་རྗེའི་རྩལ་འབར་ནས་སྡུག་བསྔལ་གྱི་སྣང་བ་བཟོད་མེད་དུ་སྐྱེས་ཏེ་ངུ་སྙིང་འདོད་པ་དང་། ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ། ནང་སློང་ལུས་ཀྱི་ན་ཚ། གསང་སློང་སེམས་ཀྱི་བདེ་སྡུག་ལ་སོགས་མ་ངེས་པའི་ཉམས་རྟགས་སྣ་ཚོགས་ཆལ་ཆོལ་དུ་སྣང་ཞིང་། དེའི་ཚེ་མོ་རྩིས་སྨན་དཔྱད་བྱས་པས་ཤིན་ཏུ་འཁྲུགས་པའི་མཚན་མ་སོགས་འབྱུང་བས། འདིའི་དུས་སུ་དེ་དག་བདེན་མེད་ཉམས་ཀྱི་རྫུན་རིས་སུ་ཤེས་ནས་བདེན་ཞེན་སྤངས་ཏེ་རང་སར་བཞག་པས་སྒྱུ་མ་དང་རྨི་ལམ་ལྟ་བུར་ཡལ་དུ་འགྲོ་བ་ཡིན། དེ་རྣམས་ནི་མ་དག་སྙིགས་མའི་བསྐལ་པ་འོད་གསལ་དྭངས་མའི་དབྱིངས་སུ་འཇིག་པའི་ལྟས་སོ། །འདིའི་དུས་སུ་མདོ་ལམ་གྱི་ས་ལྔ་པ་དང་། འཁོར་བར་སྐྱེ་འཆིའི་སྣང་བ་

p. 535

ཐམས་ཅད་ཆོད་པས་སྔགས་ལམ་དུ་ཚེ་དབང་རིག་འཛིན་གྱི་ས་ཐོབ་པ་ཡིན་ནོ། །སྐབས་འདིར་མཚམས་ཆད་ནའང་གྲུ་ཆད་ཀྱི་རྣམ་པར་ཤར་བའི་དུས་སུ་ཚོམ་བུའི་སྣང་བ་ལ་གྲོལ་ནས་བར་དོ་མེད་པར་རང་བཞིན་སྤྲུལ་པར་དབུགས་འབྱིན། འཕེལ་ཚད་རྫོགས་ཚེ་ཆོས་ཉིད་བར་དོར་ལོངས་སྤྱོད་རྫོགས་སྐུར་གྲོལ་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་གྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོངས། །ཞེས་སོ། །སྐུ་ཤར་བ་གོང་འཕེལ་རྫོགས་པའི་རྟགས་སུ་བཤད་པས་ཚད་ཕེབས་ཀྱི་མགོ་ཟིན་པ་ཡང་དོན་གྱིས་བསྟན་ནོ། །ལེའུའི་སྐབས་བསྡུ་བ་ནི། གོང་འཕེལ་དང་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡ༔ གུ་ཧྱ༔ གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ལྟར་ཡང་ཡང་སྦྱངས་པའི་སྟོབས་བསྐྱེད་པས༔ རིག་པ་བཅུད་དུ་སྨིན་ཅིང་ཚད་ལ་ཕེབས༔ ཕྱི་རྟགས་དབྱིངས་སྣང་གཞལ་ཡས་ཁང་དུ་མཆེད༔ ཐིག་ལེ་ལྔ་ཚོམ་ཤར་བའི་ནང་དབུས་སུ༔ རིགས་ལྔའི་ཕྱག་རྒྱ་ཡར་ཕྱེད་གདོང་ཕྱེད་དུ༔ སྣང་ཞིང་ཆེར་སྨིན་སྐུ་རྐྱང་ཚང་བར་འཆར༔ མཐར་ནི་ཚོམ་བུ་ལྔ་ལྔར་ཤར་བའི་ནང་༔ རྣམ་སྣང་རྡོར་སེམས་རིན་འབྱུང་སྣང་མཐའ་ཡས༔

p. 536

དོན་ཡོད་གྲུབ་པ་ཡུམ་དང་བཅས་པ་ལ༔ འཁོར་ཀྱང་སེམས་དཔའ་སེམས་མ་བཞི་བཞིར་བཅས༔ མཛེས་ཤིང་སྐྱེ་མཆེད་རྒྱན་རྫོགས་རྣམ་པར་འཆར༔ རྡོ་རྗེ་ལུག་རྒྱུད་དཀར་སེར་དམར་ལྗང་གུ༔ མུ་ཏིག་བསྟར་ལ་རྒྱུས་པ་ལྟ་བུ་རུ༔ དྲྭ་བ་དྲྭ་ཕྱེད་རྣམ་པར་འཆར་བ་ཡིན༔ ནང་རྟགས་ལུས་ནི་ཟང་ཐལ་དྲི་མེད་ཀྱིས༔ དངོས་པོ་ཐོག་རེག་ཀུན་ལ་ཐོགས་པ་མེད༔ ངག་ནི་ཆོས་ཚིག་གཏམ་རྒྱུད་གླུ་མགུར་མ༔ རང་རྡོལ་བྱུང་སྟེ་གཞན་སྣང་དགེ་ལ་སྦྱོར༔ སེམས་ཉིད་ཡེ་ཤེས་ལྔ་རུ་གོ་འཕོས་ཏེ༔ སྤྲུལ་བསྒྱུར་སྐྱེ་འཇུག་རྣམས་ལ་རང་དབང་བསྒྱུར༔ འདི་དུས་གདུལ་བྱ་ཐེར་འབུམ་དང་བཅས་པ༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ས་རུ་གྲོལ༔ ཞེས་པ་སྟེ། དེ་ལ་རིག་པའི་ཡོན་ཏན་འཕེལ་བའི་ཆ་སྟོབས་སུ་གྱུར་པ་ལས་སྣང་བ་འོད་གསལ་དུ་སྨིན་ཅིང་ཚད་ལ་ཕེབས་པ་སྟེ། ཕྱི་རྟགས་སུ་དབྱིངས་ཀྱི་སྣང་བ་གཞལ་ཡས་ཁང་ལྟ་བུའི་ཀློང་དུ་ཐིག་ལེ་ལྔ་ཚོམ་གྱི་ནང་དུ་རྒྱལ་བ་རིགས་ལྔའི་སྐུ་དང་པོ་ཡར་ཕྱེད་དང་གདོང་ཕྱེད་དུ་སྣང་ཞིང་། བར་དུ་སྐུ་རྐྱང་དང་ཚང་བར་འཆར་བ་དང་། མཐར་རྣམ་སྣང་དཀར་པོ། རྡོར་སེམས་མཐིང་ག །རིན་འབྱུང་སེར་པོ། སྣང་མཐའ་དམར་པོ། དོན་གྲུབ་ལྗང་གུ་རྣམས་རང་རང་རིགས་ཀྱི་ཡུམ་དང་སེམས་དཔའ་

p. 537

སེམས་མ་བཞི་བཞིར་བཅས་པ་མཛེས་ཤིང་རྒྱན་རྫོགས་ཀྱི་རྣམ་པར་གཙོ་དང་འཁོར་གྱི་ཚོམ་བུ་ཐ་དད་པའི་དཀྱིལ་འཁོར་མུ་ཁྱུད་ཀྱི་ར་བ་དང་བཅས་པ་འཆར་ཞིང་། རིག་གདངས་རྡོ་རྗེ་ལུག་རྒྱུད་དཀར་སེར་དམར་ལྗང་དྲྭ་བ་དྲྭ་ཕྱེད་ཀྱི་རྣམ་པར་འཆར་རོ། །འདིའི་དུས་སུ་སྣང་བ་ཐམས་ཅད་དབྱིངས་དང་ཐིག་ལེ་ལྷ་སྐུའི་རོལ་པར་སྨིན་ཏེ་འབྱུང་ལྔའི་སྣང་བ་དབྱིངས་སུ་ནུབ་ནས་སྣང་སྲིད་དག་པ་རབ་འབྱམས་སུ་འཆར་བའི་གནས་སྐབས་ཡིན། ནང་རྟགས་སུ་ཤེར་དབང་གི་ནུས་པ་སེམས་དང་ཐིག་ལེ་རུ་ཕེབས་པས་རླུང་སེམས་གཉིས་ལ་རང་དབང་ཐོབ་ནས་གྲུབ་པ་བརྒྱད་ལ་མངའ་བརྙེས་པ་དང་། ལུས་འོད་གསལ་དུ་སྨིན་ནས་རི་བྲག་སོགས་ཐོག་རེག་གི་གནས་རྣམས་སུ་ཟང་ཐལ་དུ་འགྲོ་བ་གླང་པོ་ཆེ་འདམ་དུ་ཚུད་ཀྱང་རང་སྟོབས་ཀྱིས་བརྒལ་ནུས་པ་ལྟ་བུ་དང་། ངག་རྡོ་རྗེ་གསུང་གི་རོལ་པར་སྨིན་ཅིང་དག་ནས་ཅི་སྨྲས་ཐམས་ཅད་གྲུལ་བུམ་གྱིས་ཕྲུ་གུས་གླུ་ལེན་པ་ལྟར་གཞན་གྱི་རྣ་བར་སྙན་ཅིང་རྒྱུད་ལ་ཕན་ཐོགས་པ་དང་། རྒྱུ་རྐྱེན་ལ་མི་ལྟོས་པར་ཡང་དག་པའི་རྒྱུད་ལུང་མན་ངག་གི་ཆོས་ཚིག་ཐམས་ཅད་རང་རྡོལ་དུ་འབྱུང་། སེམས་ཉིད་ཡེ་ཤེས་ལྔ་རུ་གོ་འཕོས་ཏེ་རིག་པ་རང་ཐོག་ཏུ་སད་ཅིང་ཤེས་རབ་དང་ཡེ་ཤེས་ཀྱི་སྤྱན་ཚུད་པས་སྣང་སྲིད་འཁོར་འདས་ཐམས་

p. 538

ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་གསལ་འགྲིབ་མེད་པའི་མངོན་ཤེས་ཀྱིས་གཟིགས་ཤིང་ངར་འཛིན་མེད་པ་དང་། སྤྲུལ་བསྒྱུར་སྐྱེ་འཇུག་ལ་རང་དབང་བསྒྱུར་བས་གདུལ་བྱ་ཐེར་འབུམ་དང་བཅས་རྣམ་མཁྱེན་གྱི་ས་རུ་སྒྲོལ་བའོ། །འདི་དུས་སུ་མདོ་ལམ་གྱིས་བརྒྱད་པ་དང་། སྔགས་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཞེས་བྱ་བ་ཐོབ་པའོ། །འདིར་བར་དོ་མེད་པར་རང་གྲོལ་བ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་སོ། །ལེའུའི་སྐབས་བསྡུ་བ་ནི། རིག་པ་ཚད་ཕེབས་ཀྱི་ཚུལ་བསྟན་པའི་ལེའུའི་སྟེ་བཅུ་གཉིས་པའོ༔ ས་མ་ཡ༔ གུ་ཧྱཿ འདིར་གོང་དུ་སྨྲོས་པ་ཉམས་ལེན་སྲང་དུ་འཛུད་པའི་ཚུལ་བཤད་པ་ལ། སྤྲོས་བཅས་ཐུན་བཞིའི་རྣལ་འབྱོར། སྤྲོས་མེད་ཉིན་མཚན་ཁ་སྦྱར། བར་སྐབས་འཆི་བ་སྦྱངས་པ་དང་གསུམ་ལས། དང་པོ་སྤྲོས་བཅས་ཐུན་བཞིའི་རྣལ་འབྱོར་ལ་བསླབ་པ་ནི། ཀློང་གསལ་ལས། དགེ་སྦྱོར་སྲང་དུ་འཇུག་པའི་ཕྱིར། །ཐུན་བཞིའི་རྣལ་འབྱོར་ཉིད་ལ་བསླབ། །ཅེས་པས། དེ་ཡང་ཐོ་རངས་དང་པོ་ལ་བླ་མའི་རྣལ་འབྱོར་བསྒོམ། བར་པ་ལ་ཁྲེགས་ཆོད་བསྐྱང་། ཐ་མ་ལ་བདེ་སྟོང་གཏུམ་མོ་བསྒོམ། ནམ་ལངས་ནས་ཉི་ཤར་གྱི་བར་ལ་ཁ་

p. 539

ཏོན་སོགས་བྱའོ། །ཉི་ཤར་ནས་གུང་གི་བར་ཐོད་རྒལ་བསྒོམ། གུང་ལ་ཆོས་སྤྱོད་ཀྱི་རིགས་བྱ། ཕྱི་དྲོ་ལ་ཐོད་རྒལ་བལྟ། དགོང་མོར་གཏོར་བསྔོས་སོགས་བྱ། སྲོད་ཐུན་དང་པོར་འཆི་བ་མི་རྟག་པ་བསྒོམ། བར་པ་ལ་བསྐྱེད་རིམ་དང་བཟླས་པ་བྱ། གུང་ཐུན་ལ་གཉིད་འོད་གསལ་དུ་སྦ་བའི་ཏིང་ངེ་འཛིན་ལ་འཇུག །ཐམས་ཅད་ལ་ཐུན་མགོར་སེམས་བསྐྱེད། ཐུན་དངོས་དམིགས་མེད། ཐུན་འཇུག་བསྔོ་སྨོན་ཏེ་དམ་པ་གསུམ་གྱིས་ཟིན་པར་བྱའོ། །གཉིས་པ་སྤྲོས་མེད་ཉིན་མཚན་ཁ་སྦྱར་ལ་བསླབ་པ་ནི། བསྐལ་མང་གོང་ནས་བསོད་ནམས་རྒྱ་ཆེན་པོ༔ བསགས་དང་སྨོན་ལམ་བཟང་པོའི་སྟོབས་ལྡན་ཏེ༔ ཐེག་ཆེན་ཆོས་ལ་ལས་འབྲེལ་བཞག་པ་ཡི༔ སྐྱེས་བུ་སྐལ་པ་བཟང་པོ་ཉིན་སྐར་ཙམ༔ སྲིད་ན་ཉིན་མཚན་ཁ་སྦྱར་རིམ་པས་སྦྱངས༔ ཞེས་པ་སྟེ། འོད་གསལ་ཐོད་རྒལ་ཉག་གཅིག་ལ་བསླབ་པར་འདོད་པའི་སྤྱོད་ཡུལ་ཡིན་ཏེ། སྒྲོན་མ་སྣང་བྱེད་ལས། ཉིན་མཚན་ཁ་སྦྱོར་རིམ་ཐོབ་བཞིན། །ཞེས་སོ། །དེ་ཡང་ཇི་ལྟར་བསྒོམ་ན། ཉིན་དུས་འོད་གསལ་སྣང་བ་མངོན་བྱེད་ཅིང་༔ ཞེས་ཉིན་མོ་བྱ་བ་དགུ་ཕྲུགས་སུ་བཏང་ནས་ལུས་བཞུགས་སྟངས་དང་གཟིགས་སྟངས་ལས་མི་འགྱུར་བར་འོད་གསལ་གྱི་སྣང་བ་མངོན་དུ་བྱེད་པ་ལ་

p. 540

བསླབ། མཚན་མོ་ཆ་གསུམ་དུ་བྱས་པའི་སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། མཚན་མོ་ཉལ་ཚེ་ཤེས་བྱ་བུམ་པར་བསྡུ༔ ལུས་ནང་དབུ་མ་མཚན་ཉིད་བཞི་ལྡན་བསྒོམ༔ ལྟེ་བར་ཨ་ཐུང་དམར་པོ་གསལ་བ་ལས༔ གཏུམ་མོ་ཡེ་ཤེས་མེ་ལྕེ་རབ་མཆེད་པས༔ འཁོར་ལོ་བཞི་ཁྱབ་སྤྱི་བོའི་ཧཾ་ལ་ཕོག༔ ཧཾ་ལས་བདེ་སྟོང་བདུད་རྩིའི་ཆུ་རྒྱུན་བྱུང་༔ ལྟེ་བའི་ཨ་ཐུང་ཉིད་ལ་ཕོག་པ་ལས༔ མེ་དང་བདུད་རྩི་གཉིས་མེད་རབ་མཆེད་དེ༔ ནད་གདོན་ལས་ཉོན་སྡིག་སྒྲིབ་བག་ཆགས་བསྲེགས༔ རང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས༔ དབུ་མའི་སྦུབས་དང་མེ་ལ་ཤེས་པ་གཏད༔ གཞན་དུ་མི་འགྱུར་དེའི་ངང་གཉིད་ནས་སླར༔ ཞེས་པ་སྟེ། དྲང་སྲོང་གི་འདུག་སྟངས་དང་བཅས་རང་ལུས་འོད་ཀྱི་ཕུང་པོར་གསལ་བའི་དབུས་སུ་རྩ་དབུ་མ་དེ་ཉིད་ཕྱི་དཀར་ལ་ནང་དམར་བ་བར་མཐིང་ག་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ། པདྨའི་འདབ་མ་ལྟར་སྲབ་པ། རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ། ཏིལ་གྱི་མར་མེ་ལྟར་གསལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ། ཡར་སྣེ་སྤྱི་བོར་ཚངས་པའི་བུ་གར་ཟུག་ཅིང་མར་སྣེ་ལྟེ་འོག་སོར་བཞིའི་ཐད་དུ་ཁ་ཟུམ་པ། གཡས་སུ་རོ་མ་དཀར་མོ་དང་གཡོན་དུ་རྐྱང་མ་དམར་མོ་གཉིས་ཀྱི་མར་སྣེ་ལྟེ་འོག་ཏུ་དབུ་མར་ཟུག་ཅིང་ཡར་སྣེ་རྣ་ལྟ་གནས་གུག་སྟེ་སྣ་བུག་

p. 541

གཉིས་སུ་ཟུག་པ། རྩ་གསུམ་པོའི་འདུས་མདོར་ཤེས་རབ་སྟོང་ཉིད་ཡུམ་གྱི་ངོ་བོ་ཨ་ཐུང་དམར་པོ་རེག་བྱ་ཚ་བ་མེ་ཡི་རང་བཞིན་ཅན་སྐྱེར་ཚེར་བཅད་པ་ལྟ་བུའི་རྩེ་མོར་ནྰད་དང་བཅས་པ་གསལ། སྤྱི་བོ་ཚངས་པའི་བུ་གར་ཐབས་མཆོག་བདེ་ཆེན་ཡབ་ཀྱི་ངོ་བོ་ཧཾ་ཡིག་དཀར་པོ་མགོ་ཐུར་བསྟན་དུ་ཡོད་པར་བསྒོམ། རང་གི་སྣ་རྩེའི་ཐད་ཀྱི་ནམ་མཁར་སོར་བཅུ་གཉིས་ཀྱི་མཚམས་སུ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འདུས་པའི་ངོ་བོ་འོད་ཕུང་ལྗང་ནག་རླུང་གི་རང་བཞིན་ཅན་དུ་གསལ་ལ། སྣ་བུག་ནས་རླུང་རྡུབས་པ་དང་མཉམ་དུ་འོད་ཕུང་དེ་སྤོས་རིང་གི་དུད་པ་ལྟར་བྱུང་ནས་རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་བའི་ཨ་ཐུང་ལ་ཕོག་པའི་རྐྱེན་གྱིས་མེ་འབར་ཏེ་ལྟེ་བ་ནས་སྙིང་ག་མགྲིན་པ་སྤྱི་བོའི་བར་གྱི་རྩ་འཁོར་རྣམས་ཁྱབ། ཧཾ་ལ་ཕོག་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ངང་ནར་གྱིས་བྱུང་སྟེ་སྤྱི་མགྲིན་སྙིང་ག་ལྟེ་བ་རྣམས་སུ་བབས་པས། སྒྲིབ་བཞི་དག །དབང་བཞི་ཐོབ་ཅིང་། དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། བདུད་རྩི་ལྟེ་བའི་ཨ་ཐུང་ལ་ཕོག་པས་མེའི་གསོས་བྱས་ཏེ་བྱིན་རླབས་ཡེ་ཤེས་ཀྱི་རླུང་། གཏུམ་མོ་ཡེ་ཤེས་ཀྱི་མེ། བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་གསུམ་དབྱེར་མེད་དུ་གྱུར་པ་ཆེར་མཆེད་དེ། ཚེ་རབས་

p. 542

ཐོག་མ་མེད་པ་ནས་བསགས་པའི་སྒྲིབ་བག་ཆགས་ནད་གདོན་གཟུང་འཛིན་གཉིས་སུ་སྣང་བའི་རྟོག་ཚོགས་ཐམས་ཅད་ལྷག་མེད་དུ་བསྲེགས་ཏེ་རང་ལུས་དབུ་མ་མེ་དང་བཅས་པས་སྟོང་ཁམས་ཁྱབ་པར་བསྒོམ་ལ་བདེ་སྟོང་གི་ངང་དུ་བཞག །སླར་ཡང་དེ་ཉིད་ཇེ་ཕྲར་སོང་ནས་རང་ལུས་དང་དབུ་མ་སྔར་བཞིན་དུ་གྱུར་པར་བསམ་ཞིང་གཞན་དུ་མི་ཡེངས་པར་ཨ་ཐུང་ལ་སེམས་གཏད་དེ་གཉིད་ལོག་པར་བྱའོ། །གུང་ལ་ཤེས་བྱ་བུམ་པར་བསྡུ་བ་ནི། ནམ་ཕྱེད་ལོངས་སྐུའི་འདུག་སྟངས་ལ་བརྟེན་ཏེ༔ སྣ་རྩེར་ཐིག་ལེ་དཀར་པོ་ཞིག་གསལ་ཏེ༔ རང་གི་ལུས་ངག་ཡིད་གསུམ་འོད་དུ་ཞུ༔ ཆུ་ཉིད་ལ་ནི་ཆུ་བཞག་ཇི་བཞིན་དུ༔ སྣ་རྩེའི་ཐིག་ལེ་ཉིད་ལ་ཐིམ་བྱས་ཏེ༔ ཐིག་ལེ་མངོན་བྱེད་ངང་ནས་ཐུན་ཆུང་བཟུང༔ མཐར་ནི་དབུ་མ་སྔར་བཞིན་གསལ་བཏབ་སྟེ༔ སྙིང་གར་ཨ་དཀར་གསལ་འཚེར་འོད་འབར་བསྒོམ༔ དབུ་མའི་ཡར་སྣེ་དེ་བཞིན་ཨ་དཀར་པོ༔ དེ་གཉིས་བར་དུ་ཨ་དཀར་བཅུ་དགུ་ནི༔ འོད་དང་འོད་ཟེར་འབར་བའི་རང་བཞིན་ཅན༔ དཔེར་ན་ཉི་མའི་དཀྱིལ་འཁོར་ལྟ་བུར་གསལ༔ བརྒྱུད་གསུམ་བླ་མ་རྒྱ་མཚོ་མ་ལུས་པ༔ འོད་ཕུང་སྤྲིན་དཀར་རྣམ་པར་བསྡུས་ཏེ་ཐིམ༔ ཨ་ནི་རིམ་བཞིན་དང་པོ་མས་རིམ་དུ༔ གཉིས་པ་ཐིམ་སྟེ་གཉིས་ཀྱི་འོད་

p. 543

བཀྲག་མདངས་༔ འབར་བཞིན་རིམ་བསྡུས་སྙིང་གའི་ཨ་ལ་ཐིམ༔ ཨ་དཀར་ཉེར་གཅིག་བཀྲག་མདངས་གཟི་བརྗིད་འདུས༔ དབུ་མའི་ནང་ཀུན་འོད་ཀྱིས་གང་བ་ལ༔ ཤེས་པ་གཏད་དེ་གཉིད་དུ་ཕྱོགས་ནས་སུ༔ ཞེས་པ་སྟེ། གླང་ཆེན་ཉལ་སྟབས་དང་བཅས་དང་པོ་སྣ་རྩེར་ཐིག་ལེ་དཀར་པོ་ཞིག་གསལ་ཏེ་རང་གི་ལུས་ངག་ཡིད་གསུམ་འོད་དུ་ཞུ་ནས་མཆུ་ལ་ཆུ་ཐིམ་པ་བཞིན་དུ་སྣ་རྩེའི་ཐིག་ལེ་ལ་ཐིམ་པར་བསམ་ལ་ཅུང་ཟད་མཉམ་པར་བཞག །སླར་ཡང་རང་ལུས་དང་དབུ་མ་སྔར་བཞིན་གསལ་ལ་སྙིང་གར་ཨ་དཀར་པོ་བཀྲག་མདངས་འཚེར་བ་གཅིག་དང་། ཚངས་བུག་ཏུ་ཨ་དཀར་པོ་གཅིག །དེ་གཉིས་ཀྱི་བར་ཨ་ཝ་དྷུ་ཏིའི་ནང་ན་ཨ་དཀར་བཅུ་དགུ་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟར་གསལ་བ་ལས་འོད་ཟེར་འཕྲོས། བརྒྱུད་གསུམ་རིག་འཛིན་གྱི་བླ་མ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ཐམས་ཅད་འོད་ཕུང་སྤྲིན་དཀར་འཁྲིགས་པ་ལྟ་བུའི་རྣམ་པར་བསྡུས་ཏེ་ཐིམ་པའི་རྐྱེན་གྱིས་སྤྱི་བོའི་ཨ་དེ་འོག་གི་ཨ་ལ་ཐིམ་པས་གཉིས་ཀྱི་བཀྲག་མདངས་འབར། དེ་བཞིན་མས་རིམ་དུ་གཅིག་ལ་ཐིམ་གྱིས་མཐར་སྙིང་གའི་ཨ་གཅིག་ཏུ་གྱུར་པ་ལ་ཨ་ཉེར་གཅིག་གི་བཀྲག་མདངས་འབར་ཞིང་ཉི་མ་སྟོང་ལས་ལྷག་པའི་གཟི་བརྗིད་ཅན་དུ་གསལ་བའི་འོད་ཟེར་གྱིས་

p. 544

བདག་ལུས་སྣང་སྲིད་ཐམས་ཅད་མུན་ཁང་དུ་ཉི་མ་ཤར་བ་ལྟར་འོད་ལམ་མེར་སོང་བར་བསམ་ཞིང་ཨ་ལ་ཤེས་པ་གཏད་དེ་གཉིད་ལོག་པར་བྱའོ། །དེ་ནི་གཉིད་འོད་གསལ་དུ་སྦ་བའི་གནད་ཡིན་ནོ། །དེ་ནས་ཐོ་རངས་འབྱུང་ཁམས་དག་སྦྱོར་གྱི་གནད་ནི། ཐོ་རངས་འབྱུང་ཁམས་དག་སྦྱོར་བྱེད་པ་ལ༔ དང་པོ་མལ་ནས་ལངས་ཏེ་ཧ་ཞེས་སྒྲས༔ དབུགས་རིང་གསུམ་འཕང་དུག་གསུམ་ལས་ཀྱི་རླུང༔ ཁམས་ནག་དམར་དང་ནག་པོའི་རྣམ་པར་ཐོན༔ སྙིང་གའི་ཨ་ལས་མེ་ལས་མེ་སྟག་བཞིན༔ སྨིན་མཚམས་ཐད་ཀྱི་ནམ་མཁའ་སོར་ལྔའི་མཚམས༔ དང་པོ་ཨ་མཐིང་ནམ་མཁའི་རང་བཞིན་དུ༔ གཉིས་པ་ཨ་དཀར་ཆུ་ཡི་སྙིང་པོར་བསྒོམ༔ གསུམ་པ་སེར་པོ་ས་ཡི་རང་བཞིན་དང་༔ བཞི་པར་དམར་པོ་མེ་ཡི་སྙིང་པོ་དང་༔ ལྔ་པ་ལྗང་གུ་རླུང་གི་སྙིང་པོ་རྣམས༔ གསལ་ཏེ་ཤེས་པ་མིག་ལ་གཏད་ནས་སུ༔ མིག་ནི་ཨ་ཡིག་ཉིད་ལ་གཏད་དེ་སྡོད༔ མཐར་ནི་ཨ་ལས་རང་མདོག་འོད་འཕྲོས་ཏེ༔ རང་ལུས་ཕུང་ཁམས་སྣོད་བཅུད་སྣང་བ་ཀུན༔ འོད་ཞུ་མདུན་གྱི་ཨ་ཡིག་ཉིད་ལ་ཐིམ༔ ཨ་ཡིག་འོད་ཞུ་ནམ་མཁའ་ཆུ་དང་ནི༔ ས་མེ་རླུང་རྣམས་དྭངས་མར་འོད་དུ་ཞུ༔ ནམ་མཁས་གར་ཁྱབ་འབྱུང་བའི་ཁ་དོག་གི༔ འབྱུང་བའི་རྣམ་པར་

p. 545

བརྡལ་ཁྱབ་ཆེན་པོར་གསལ༔ དེའི་ངང་མཉམ་པར་བཞག་ཅིང་མཐར་ནི་ཡང༔ དམིགས་མེད་ངང་བཞག་བསྔོ་སྨོན་རྒྱ་ཡིས་བཏབ༔ ཅེས་པ་སྟེ། ཐོ་རངས་མལ་ནས་ལངས་མ་ཐག་ཏུ་ཧ་ཞེས་དབུགས་རིང་བ་གསུམ་བུས་ལ། དང་པོས་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུངས་ཁམ་ནག་གི་རྣམ་པར་ཐོན་པར་བསམ། གཉིས་པས་ཞེ་སྡང་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུང་དམར་ནག་གི་རྣམ་པར་ཐོན་པར་བསམ། གསུམ་པས་གཏི་མུག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་རླུང་སྔོ་ནག་གི་རྣམ་པར་ཐོན་པར་བསམ་ལ། རང་ལུས་ཕྱི་ནང་གསལ་འགྲིབ་དང་བྲལ་བཟང་ཐལ་འོད་ཀྱི་རང་བཞིན་དུ་གསལ་ཞིང་སེང་གེའི་འདུག་སྟངས་དང་བཅས། སྙིང་གའི་ཨ་ལས་ཨ་མཐིང་ནག་ཞིག་ཆད་དེ་སྨིན་མཚམས་ཐད་ཀྱི་ནམ་མཁའ་ལ་ལིང་ངེར་འདུག་པར་བསྒོམ། ཤེས་པ་མིག་ལ་གཏད་མིག་ཨ་ཡིག་ལ་གཏད་དེ་མ་བཅོས་པར་བཞག །མཐར་ཨ་ལས་འོད་ཟེར་བྱུང་སྟེ་རང་ལ་ཕོག་པས་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་སངས་ཀྱིས་དག་ནས་འོད་ཕུང་མཐིང་ག་ཞིག་ཏུ་གྱུར་ཏེ་མདུན་གྱི་ཨ་ལ་ཐིམ་པས་གཉིས་མེད་དུ་གྱུར། ཡང་དེ་ལས་འོད་ཟེར་འཕྲོས་པས་

p. 546

ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་དུ་ཞུ་ནས་ཨ་ལ་ཐིམ་པས་ཨ་ཡིག་དང་བཅས་པ་ནམ་མཁའ་སྔོ་ནག་གི་རང་བཞིན་དུ་གྱུར་པར་བསམ་ལ་འོད་གདངས་དེ་གའི་ངང་དུ་ཅིག་ནས་མཉམ་པར་འཇོག་ཅིང་མཐར་དམིགས་མེད་ཀྱི་ངང་ནས་བསྔོ་སྨོན་བྱའོ། །གཉིས་པ་ཨ་དཀར་ཆུ་ཡི་སྙིང་པོ། གསུམ་པ་ཨ་སེར་ས་ཡི་རང་བཞིན། བཞི་པར་ཨ་དམར་མེ་ཡི་སྙིང་པོ། ལྔ་པར་ཨ་ལྗང་རླུང་གི་རང་བཞིན་ཅན་དུ་བསྒོམ་པ་ལས་རང་མདོག་གི་འོད་ཟེར་འཕྲོ་བ་སོགས་རིགས་བགྲེས་ཏེ་སྦྱངས་པ་ལ་བརྩོན་ནོ། །གསུམ་པ་བར་སྐབས་སུ་འཆི་བ་སྦྱངས་པའི་མན་ངག་ནི། བར་སྐབས་འཆི་བ་སྦྱངས་པའི་མན་ངག་ནི༔ ལུས་ནི་སེང་གེའི་ཉལ་སྟབས་ཀྱིས་གནས་ཤིང་༔ འཆི་བའི་དུས་བབས་ཡིད་ལ་བྱས་ནས་སུ༔ ཤེས་པ་མིག་དང་མིག་ནི་ནམ་མཁར་བལྟ༔ ནམ་མཁའ་རྣམ་པར་དག་པའི་མཁའ་ཀློང་དུ༔ ད་ནི་མྱ་ངན་འདའོ་བསམ་ནས་སྡོད༔ ཡང་གཅིག་གླང་ཆེན་ཉལ་སྟབས་ཀྱིས་སྡོད་ཅིང་༔ བདག་ནི་ངེས་པར་འཆི་བའི་དུས་བབ་ཀྱི༔ དུས་དེ་ཡི་དལ་བྱས་ནས་ཞེན་ཆགས་སྤངས༔ ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཡིད་བྱེད་ཅིང་༔ གོང་བཞིན་ཤེས་པ་མིག་ལ་གཏད་ནས་སུ༔ མིག་གི་དབྱིངས་སྣང་མངོན་དུ་བྱེད་པ་དང་༔ མ་དག་སྣང་བ་དག་དབྱིངས་དྭངས་མ་རུ༔ གོ་འཕོས་ཟུང་

p. 547

འཇུག་ཆེན་པོར་འབྱམས་ཀླས་བཞག༔ སླར་ཡང་དྲང་སྲོང་ཙོག་པུ་གྱིས་སྡོད་ཅིང་༔ མ་དག་འཁོར་བའི་སེམས་དང་སྣང་བ་ཀུན༔ རྨི་ལམ་དབྱིངས་སུ་སད་པ་ཇི་བཞིན་དུ༔ རང་བཞིན་སྤྲུལ་སྐུའི་ཞིང་ཁམས་ཡིད་བྱེད་ཅིང་༔ དབྱིངས་སྣང་མངོན་བྱེད་སྤྲོས་པ་བྲལ་བར་བཞག༔ གནད་དེས་འཆི་བ་འོད་གསལ་ཆེན་པོར་འཕོ༔ རང་བཞིན་རྣམ་དག་ཞིང་དུ་འཕོ་ནུས་འགྱུར༔ ཞེས་པ་སྟེ། ལུས་སེང་གེའི་ཉལ་སྟབས་དང་བཅས་ད་ནི་བདག་འཆི་བའི་དུས་ལ་བབ་པ་ཡིན་པས་ནམ་མཁའ་རྣམ་པར་དག་པའི་ཀླུང་དུ་མྱ་ངན་ལས་འདའ་བར་བྱའོ་སྙམ་དུ་ཤེས་པ་མིག་ལ་གཏད་ཅིང་མིག་ནམ་མཁའ་ལ་གཏད་དུ་དབྱིངས་རིག་མི་འགྱུར་བའི་ངང་དུ་མཉམ་པར་འཇོག །ཡང་གླང་ཆེན་ཉལ་སྟབས་དང་བཅས་ཆགས་འཛིན་ཞེན་སེམས་ཐམས་ཅད་སྤངས་ནས་འཆི་བའི་དུས་བབ་ཡིད་ལ་བྱས་ཏེ་མ་དག་སྙིགས་མའི་སྣང་བ་དག་དབྱིངས་དྭངས་མར་གོ་འཕོས་ནས་སྐུ་དང་ཐིག་ལེའི་རོལ་པར་འབྱམས་ཀླས་པར་བསམ་ལ་དབྱིངས་སྣང་མི་འགྱུར་བའི་ངང་དུ་བཞག །ཡང་དྲང་སྲོང་ཙོག་པུར་འདུག་སྟེ་མ་དག་འཁྲུལ་པའི་སྣང་སེམས་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་ལྟར་རང་བཞིན་སྤྲུལ་པའི་ཞིང་ཁམས་སུ་མཆེད་པར་བསམ་ལ་དབྱིངས་སྣང་མངོན་དུ་བྱས་ཏེ་སྤྲོས་པ་དང་

p. 548

བྲལ་བར་བཞག་གོ །དེ་ལྟར་གནད་དུ་བསྣུན་པས་སྔ་མས་ཆོས་ཀྱི་སྐུར་སངས་རྒྱས། བར་པས་ལོངས་སྤྱོད་རྫོགས་སྐུར་དབུགས་འབྱིན། ཐ་མས་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཕོ་བར་འགྱུར་རོ། །ལེའུའི་སྐབས་བསྡུ་བ་ནི། འབྱུང་བ་ཟད་པའི་སྐྱེ་མཆེད་འགྲུབ་པ་དང་འཆི་བ་སྦྱངས་པའི་མན་ངག་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ༔ ས་མ་ཡ༔ གུ་ཧྱ༔ བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ལ། ཆོས་ཟད་བློ་འདས་ཀྱི་ཚུལ་དང་། གཞོན་ནུ་བུམ་སྐུར་གྲོལ་ཚུལ་གཉིས་ལས། དང་པོ་ཆོས་ཟད་བློ་འདས་ཀྱི་ངང་ཚུལ་བསྟན་པ་ནི། དེ་ལྟར་སྦྱངས་པའི་ཡོན་ཏན་མཐར་ཕྱིན་ཏེ༔ རིགས་ལྔའི་ཚོམ་བུར་རང་མདོག་རེས་མོས་སུ༔ ཤར་ནས་འོད་ཟེར་ཆེན་པོའི་དབང་ནོད་དེ༔ ཆོས་ཅན་སྣང་བ་ཆོས་ཉིད་ཆེན་པོ་རུ༔ ཟད་པས་མི་འཇིགས་གདེངས་ཆེན་བཞི་ཐོབ་སྟེ༔ སྤྲོས་བྲལ་རྣམ་ཐར་གསུམ་ལྡན་བཙུན་མོའི་མཁར༔ ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ངང་དུ་འབྱམས༔ ལུས་ནི་དུར་ཁྲོད་མི་རོ་ཇི་བཞིན་དུ༔ འཇིགས་པའི་ཡུལ་དང་འཇིགས་དང་དོགས་པ་མེད༔ ངག་ནི་བྲག་ལ་བྲག་ཆ་སྣང་བ་བཞིན༔ སྒྲ་རྣམས་ཀུན་གྱི་རྗེས་སུ་ཟློས་པ་ལ༔ འཛིན་དང་ཞེན་པ་མེད་པ་རང་རྡོལ་འོང་༔ ཡིད་དང་འཛིན་རྟོག་ཡེ་ཤེས་དབྱིངས་སུ་ཞིག༔ ཆབ་རོམ་གྲང་ལྷག་སྤུན་ཐག་

p. 549

དང་བྲལ་ཚེ༔ ཆུ་ཡི་རང་བཞིན་ཉིད་དུ་ཞིག་པ་བཞིན༔ གཟུང་འཛིན་གཉིས་ཀྱི་སྤུན་ཐག་དང་བྲལ་ཏེ༔ གདོད་མ་གཞི་ཡི་ངང་དུ་འབྱམས་ཀླས་སོ༔ ཞེས་པ་སྟེ། ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོང་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་རང་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་པས། ཕྱི་འཁྲུལ་སྣང་གི་ཆ་དང་ནང་འཁྲུལ་རྟོག་སེམས་དང་སེམས་བྱུང་གི་བག་ཆགས་ཐམས་ཅད་ཟད་པ་དང་གསང་བ་འོད་གསལ་གྱི་སྣང་བ་ཐམས་ཅད་ཀྱང་ཆོས་ཉིད་བརྗོད་དུ་མེད་པའི་དབྱིངས་སུ་ཟད་པས་ན་ཆོས་ཉིད་ཟད་པ་སྟེ། དེ་ལྟར་ཟད་པའི་རང་བཞིན་ལ་ཟད་ལུགས་གཉིས་ཀྱི། རིམ་གྱིས་ཟད་པ་ནི། སྣང་བཞི་ཚད་དུ་ཕྱིན་པ་གང་ཡིན་པ་དང་། བློ་མཆོག་གཅིག་ཅར་བ་རེ་ཙམ་ནི་མངོན་སུམ་གྱི་སྣང་བ་ཉིད་གོམས་སུ་བཅུག་པས་གོང་འཕེལ་དང་ཚད་ཕེབས་ཀྱི་རིམ་པ་ལ་མི་ལྟོས་པར་ཟད་པའང་ཡོད་དོ། །དེ་ལ་ཕྱི་རྟགས་སུ་དབྱིངས་དང་ཐིག་ལེ་ཟད་པའི་སྔ་ཐོག་ཏུ་དབྱིངས་ཀྱི་སྣང་བ་མཐིང་གའི་ཀློང་དུ་ཐིག་ལེ་མཐིང་ག་བསེ་ཕུབ་ཙམ་གྱི་ནང་དུ་མི་བསྐྱོད་པ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམ་དུ་ཤར་བའི་བར་མཚམས་སུ་རྡོ་རྗེ་ལུ་

p. 550

གུ་རྒྱུད་མཐིང་ནག་མུ་མེན་གྱི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་མཐིང་གའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་ཐིག་ལེ་མཐིང་ག་བཻཌཱུརྱའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་དཀར་གསལ་གྱི་ཀློང་དུ་ཐིག་ལེ་དཀར་པོ་བསེ་ཕུབ་ཙམ་གྱི་ནང་དུ་རྣམ་སྣང་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་ཤེལ་གྱི་ཕྲེང་བ་བརྒྱུས་པ་ལྟར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དཀར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དཀར་པོ་དུང་གི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་སེར་པོའི་ཀློང་དུ་ཐིག་ལེ་སེར་པོ་བསེ་ཕུབ་ཙམ་གྱི་ནང་དུ་རིན་འབྱུང་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་བར་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གསེར་གྱི་ཕྲེང་བ་ལྟ་བུར་ཆེ་བ་འོད་དང་ལྡན་པ་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་སེར་པོའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་སེར་པོ་གསེར་གྱི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་

p. 551

རྫོགས་པའི་རྗེས་སུ་དབྱིངས་སྣང་དམར་པོའི་ཀློང་དུ་ཐིག་ལེ་དམར་པོ་བསེ་ཕུབ་ཙམ་གྱི་ནང་དུ་སྣང་མཐའ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་བྱི་རུའི་ཕྲེང་བ་བརྒྱུས་པ་ལྟར་འཆར་ཞིང་། ལྷ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་དམར་པོ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་དམར་པོ་བྱི་རུའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བྱས་པ་འཆར་རོ། །དེ་རྫོགས་པའི་རྗེས་སུ་དབྱིངས་སྣང་ལྗང་གུའི་ཀློང་དུ་ཐིག་ལེ་ལྗང་གུ་བསེ་ཕུབ་ཙམ་གྱི་ནང་དུ་དོན་གྲུབ་ཡབ་ཡུམ་གཙོ་བོར་བཞུགས་པའི་འཁོར་བྱང་ཆུབ་སེམས་དཔའ་སེམས་མ་བཞི་དང་བཅས་པ་ལྔ་ཚོམས་སུ་ཤར་བའི་གོ་མཚམས་སུ་རྡོ་རྗེ་ལུ་གུ་རྒྱུད་གཡུ་ཡི་ཕྲེང་བ་ལྟར་དཀྲིས་ཤིང་འཁྱུད་པའི་རྣམ་པར་འཆར་ཞིང་། སྐུ་དེ་དག་གི་ཐུགས་ཀ་ནས་འོད་ཟེར་ལྗང་གུའི་སྣམ་བུ་རང་གི་སྙིང་གར་ཟུག་པའི་སྟེང་དུ་ཐིག་ལེ་ལྗང་གུ་གཡུ་ཡི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་བརྒྱན་པ་འཆར་རོ། །འོད་དེ་དག་ཤར་མ་ཐག་ཏུ་འོད་ཟེར་ཆེན་པོའི་དབང་ནོད་དེ་དུང་ཁང་དུ་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་ཐམས་ཅད་སྟེང་ཕྱོགས་ཀྱི་རྣམ་པར་སྣང་བའི་ཚེ་ན་སྣོད་བཅུད་སྣང་བ་ཐམས་ཅད་འོད་གསལ་དུ་

p. 552

དེངས་ནས་རང་ལུས་ཀྱང་འོད་ཀྱི་ཀློང་དུ་ལག་པའི་སོར་མོ་བཀྲམ་པ་ཙམ་ལས་མི་སྣང་ངོ་། །དེ་ནས་འོད་གསལ་གྱི་སྣང་བ་སྐུ་དང་ཐིག་ལེ་ཐམས་ཅད་སྤྲིན་ཕུང་དབྱིངས་སུ་ཡལ་བ་ལྟར་རིམ་གྱིས་ཡལ་ནས་དག་དང་མ་དག་པའི་སྣང་བ་ཐམས་ཅད་ཟད་པ་སྟེ། དོན་དམ་པར་གནམ་སྟོང་གི་ཟླ་བ་ཅི་ཡང་མེད་པ་ལྟར་སྣང་ཡང་རང་གི་ངོ་བོ་ཆེར་སོང་བ་དང་ཆུང་དུ་སོང་བ་གང་ཡང་མེད་པས་རང་གདངས་དབྱིངས་སུ་ནུབ་པ་ཤེལ་འོད་ནང་དུ་ནུབ་པ་ལྟ་བུའོ། །ནང་རྟགས་སུ་ཚིག་དབང་གིས་སེམས་དག་པས་ཀུན་གཞིའི་སྒྲིབ་པ་དབྱིངས་སུ་དེངས་ནས་མ་རིག་པ་གཞི་ལ་སངས། ཉོན་ཡིད་ཀྱི་ངར་འཛིན་རང་སར་ཞི་བས་གཟུང་འཛིན་གྱི་འཆིང་བ་གྲོལ། ཡུལ་འཛིན་གྱི་ཤེས་པ་ངོ་བོར་གྲོལ་བས་བློ་ཡི་ཟུང་ཟད། ཚོགས་བརྒྱད་ཀྱི་རྟོག་པ་ཡེ་ཤེས་སུ་འཕོས་ཏེ་སེམས་དང་སེམས་བྱུང་གི་རྟོག་པ་ཟད། མཆེད་གཞིའི་སེམས་རྟོག་ཟད་པས་མཆེད་པ་རང་ཡལ། ཡུལ་འཛིན་གྱི་ཤེས་པ་ཟད་པས་གཟུང་བའི་ཡུལ་ཟད། བདག་འཛིན་གྱི་རྒྱ་གྲོལ་ཏེ་ཟག་བཅས་ཀྱི་ཕུང་པོ་ཟད་པའོ། །འདིའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུའི་སྲོག་གཅོད་ཀྱི་གཤེད་མ་སྟོང་གིས་བསྐོར་ཀྱང་བག་ཚ་ཅུང་ཟད་ཙམ་ཡང་མེད་པ་དང་། ངག་བྲག་ཆ་ལྟ་བུར་སོང་ནས་སྒྲ་ཐམས་ཅད་རྗེས་སུ་

p. 553

ཟློ་བ་དང་། སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་རིག་པ་གདོད་མའི་མགོན་པོའི་དབྱིངས་སུ་འབྱམས་ཀླས་པའོ། །དེ་ལྟར་ཆོས་ཉིད་ཟད་པའི་དུས་སུ་མདོ་ལམ་གྱི་ས་བཅུ་པ་ལས་ཆེར་འཕགས་ཤིང་སྔགས་ལམ་དུ་ལྷུན་གྲུབ་རིག་འཛིན་གྱིས་མཆོག་དོན་གྱིས་ཐོབ་པ་ཡིན་ནོ། །ལེའུའི་སྐབས་བསྡུ་བ་ནི། ཆོས་ཟད་བློ་འདས་ཆེན་པོའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ༔ ས་མ་ཡ༔ གུ་ཧྱ༔ གཉིས་པ་གཞོན་ནུ་བུམ་སྐུར་གྲོལ་ཚུལ་ནི་༔ སླར་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཉིད༔ དབྱིངས་སུ་ཞིག་ཏེ་དྲི་མ་དང་བྲལ་ནས༔ ཇི་ལྟ་མཁྱེན་པའི་ཡེ་ཤེས་ཆེན་པོ་ཡི༔ ཆོས་ཉིད་དེ་བཞིན་ཉིད་ལ་མངའ་དབང་བསྒྱུར༔ ཇི་སྙེད་གཟིགས་པའི་ཡེ་ཤེས་མངོན་གྱུར་ཏེཿ སྐུ་དང་ཡེ་ཤེས་རོལ་པར་འབྱམས་ཀླས་པས༔ འཕོ་ཆེན་དང་ནི་འཇའ་ལུས་ཆེན་པོ་རུ༔ ཡང་དག་རྫོགས་པའི་སངས་རྒྱས་ཐོབ་པ་ཡིན༔ ཞེས་པ་སྟེ། ད་དུང་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་བག་ལ་ཉལ་བ་ལངས་ཏེ་མཁའ་ལ་གློག་འཁྱུག་པས་སྣང་བ་སྟོན་པ་བཞིན་དུ་རང་ལུས་འོད་ཀྱི་ཀློང་དུ་འོད་ལུས་ལག་སོར་བཀྲག་པ་ཙམ་དུ་སྣང་སྟེ། སྣང་སེམས་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སྔར་བཞིན་སྨྲ་བའི་སྐབས་

p. 554

འགའ་མཆིས་ཤིང་། དེ་ནས་ཞག་བཅུ་འམ་ཟླ་བ་གཅིག་གམ་བདུན་ནམ་བཅུ་གཉིས་ནས་ཤེས་སྒྲིབ་ཕྲ་བའི་ཕྲ་བ་དབྱིངས་སུ་དྭངས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་རྩལ་རྫོགས་ཏེ་ཀ་དག་གཞིའི་ཆོས་སྐུ་ལ་མངའ་དབང་བསྒྱུར། ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་རྩལ་རྫོགས་པས་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལ་མངའ་དབང་བསྒྱུར་ཏེ་འཕོ་ཆེན་གཞོན་ནུ་བུམ་སྐུར་སངས་རྒྱས་སྟེ། དེ་ཡང་སྐྱེ་འཆི་བ་སྒྲེས་རྒུད་ཐམས་ཅད་ལས་འདས་པས་གཞོན་ནུ། རང་ཉིད་ཡེ་ཤེས་ཀྱི་ཕུང་པོ་ལས་ཕྱི་རྒྱ་མ་རལ་བས་བུམ་པ། ཡེ་ཤེས་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པས་སྐུ་ཡང་དག་པའོ། །དེ་ལྟར་གྲོལ་བའི་དུས་སུ་དྭངས་མའི་ལུས་དེ་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟར་ཚེ་ཚད་ལ་མི་ལྟོས་པར་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་དུ་འབྱམས་ཀླས་པ་ནི་འཕོ་བ་ཆེན་པོའི་སྐུ་རུ་གྲོལ་བ་ཡིན། ལུས་ལ་འོད་ཁྲིགས་ཤིང་འོད་ཀྱི་ངང་དུ་ཡལ་བ་དང་། མཁའ་ལ་འཇའ་སྤྲིན་འཁྲིགས་པའི་འོད་ཀྱིས་སྣམ་བུས་དཀྲིས་ཤིང་འཇའ་ཚོན་གྱི་ངང་དུ་ཡལ་བ་ནི་འཇའ་ལུས་ཆེན་པོ་སྟེ། དེ་གཉིས་ནི་ལུས་སེམས་མ་བྲལ་བར་སངས་རྒྱས་པའོ། །ཡང་ལུས་སེམས་བྲལ་རྗེས་འཇའ་དང་འོད་ཀྱི་ངང་དུ་ཕུང་པོ་ལྷག་མ་མེད་པར་ཡལ་བ་ནི་འཇའ་ལུས་ཆུང་དུ་དང་། ཞག་གྲངས་བདུན་

p. 555

ཕྲག་ཚུན་ཆད་དུ་ལུས་ཀྱི་ལྟོས་པ་ཇེ་ཆུང་དུ་སོང་ནས་མཐར་སྐྲ་སེན་ཙམ་ལས་ལུས་རྡུལ་ཕྲན་དུ་དེངས་པ་ནི་འཕོ་བ་ཆུང་ངུ་ཞེས་བྱ་སྟེ། སྔ་མ་དབང་རབ་དང་བར་པ་གཉིས་དབང་འབྲིང་ཕྱི་མ་གཉིས་དབང་པོ་ཐ་མའི་གྲོལ་ལུགས་ཡིན་ནོ། །དྲུག་པ་མཐའ་རྟེན་གྱི་མན་ངག་བསྟན་པ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་པས། འདི་ལ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིས་གྲོལ་ཚད་བསྟན་པ་དང་བཞི་ལས། དང་པོ་མི་འགུལ་བ་གསུམ་གྱིས་གཞི་བཅའ་བ་ནི། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་དུ་ཕེབས་པའོ། །ཞེས་པས། ལུས་བཞུགས་སྟངས་ལས་མི་འགུལ་བས་རྩ་རླུང་རང་དལ། མིག་གཟིགས་སྟངས་ལས་མི་འགུལ་བས་སྣང་བའི་འཕེལ་འཛིན། སེམས་བཟོ་མེད་ལས་མི་འགུལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །

p. 556

ཞེས་པས། ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་རྟོག་འགག །རླུང་འཕེལ་མེད་དུ་སྡོད་པས་རྣམ་རྟོག་གཡོ་བའི་རྐྱེན་ཟད། སྣང་བ་འདར་འཕྲིག་མེད་པར་སྡོད་པས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་དོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་ནི། གསང་བ་སྒྲ་རྒྱུད་ལས། རབ་ལ་འཆར་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བ་ངེས་པ་སྟེ། །ཞེས་པ་ལྟར་དབང་རྣོན་བརྩོན་འགྲུས་ཅན་རབ་ལ་རྨི་ལམ་དབྱིངས་སུ་དག་ནས་འོད་གསལ་དུ་འཆར། འབྲིང་གི་རྨི་ལམ་རྨི་ལམ་དུ་ཤེས་ཏེ་སྤྲུལ་བསྒྱུར་གྱིས་འདའ། ཐ་མ་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་རྨི་བའོ། །ཞར་ལ་བར་ཆད་བདུད་ཀྱི་རྟགས། འཕེལ་འགྲིབ་ཉམས་ཀྱི་རྟགས། མི་འགྱུར་གསང་བའི་རྟགས་གསུམ་སྟོན་པ་ལ། དང་པོ་བར་ཆད་བདུད་ཀྱི་རྟགས་ནི། སྔར་བཤད་པ་པའི་ཉམས་སྣང་གོང་འཕེལ་གྱི་སྐབས་སུ་བར་ཆད་བདུད་ཀྱི་རྟགས་སྣ་ཚོགས་འབྱུང་སྟེ། ཕ་རོལ་གྱི་སེམས་ཤེས་པ་སྙམ་བྱེད་པ་དང་། ལུས་སྣ་ཚོགས་སུ་སྤྲུལ་ནུས་པའི་སྣང་བ་དང་། གྲིབ་མ་དང་མེ་ལོང་ལ་གཟུགས་བརྙན་གཉིས་སུ་འཆར་བ་རྣམས་བྱུང་ན་གུ་གུལ་གྱི་དུད་པས་བདུག་ཅིང་བདུད་རྩི་ཆེ་ཆུང་གིས་ལུས་བཀྲུས་ཏེ་ཡན་ལག་ལ་ལྡེར་ཚོ་རྙིང་པའི་འདག་པ་བྱུག་པས་སེལ་ལོ། །གཞན་

p. 557

ཡང་བགེགས་ཡི་དམ་གྱི་གཟུགས་སུ་བརྫུ་བ་དང་། སྣ་ཚོགས་ལས་ཀྱི་མཁའ་འགྲོ་མ་རྣམས་ཡེ་ཤེས་ཀྱི་མཁའ་འགྲོར་བརྫུས་ནས་གཟུགས་སྟོན་པ་དང་ལུང་སྟོན་པ་སོགས་འབྱུང་བས། དེ་ལ་བདེན་ཞེན་སྐྱེས་ནས་བསྒྲུབ་ན་བདག་ཉིད་མཁའ་འགྲོའི་དབང་དུ་གྱུར་ནས་འཁོར་བ་མཐའ་མེད་དུ་འཁྲུལ་པ་ཡིན་པས། དེའི་དུས་སུ་འཁོར་འདས་རང་སྣང་ལས་མི་གཞན་པའི་ཚུལ་ཤེས་ཏེ་ཞེན་མེད་ཀྱི་ངང་དུ་བཞག་པས་མཁའ་འགྲོ་མ་བདག་གི་དབང་དུ་གྱུར་ནས་གསང་བ་མཆོག་གི་དངོས་གྲུབ་མ་བཙལ་རང་བབས་སུ་ཐོབ་པར་འགྱུར་རོ། །གཞན་ཡང་རང་ཡི་དམ་དྲག་པོ་བསྒོམ་ནས་དྲག་སྔགས་བཟླས་པས་ཀྱང་བར་ཆད་ཐམས་ཅད་ངེས་པར་སེལ་བ་ཡིན་ནོ། །གཉིས་པ་འཕེལ་འགྲིབ་ཉམས་ཀྱི་རྟགས་ནི། རླུང་སེམས་འདུས་ཚུལ་གྱི་རྐྱེན་ལས་ཡིད་བརྟན་མི་རུང་བའི་ཏིང་འཛིན་གློ་བུར་དུ་སྐྱེ་བ་དང་། ནམ་མཁར་ལྷ་སྐུ་དང་འོད་སྣང་འཁྲིགས་པ་སོགས་མ་ངེས་པར་བྱུང་ན། རེས་འགའ་ཆུ་ཡི་དཀྱིལ་དུ་འདུག །ཤིང་གི་བྱང་བུ་སོར་བཅུ་དྲུག་པའི་བར་དུ་མཇིང་པ་ལྟམས་ནས་ལུས་ལ་ཙནྡན་གྱི་མར་ཁུས་བཀུ་མཉེ་བྱ་ཞིང་བསིལ་བའི་ཁ་ཟས་བསྟེན། སྐྱེ་མེད་ཀྱི་སྙིང་པོ་ཨ་བསྒྲངས་པ་སོགས་ཀྱིས་ཡང་དག་པའི་ལམ་དུ་སོར་ཆུད་པར་འགྱུར་རོ། །གསུམ་པ་མི་འགྱུར་

p. 558

གསང་བའི་རྟགས་ནི། ཕྱི་འབྱུང་བ་ལ་རང་དབང་བསྒྱུར་བས་ཇི་ལྟར་བསྒྱུར་ཀྱང་བསྒྱུར་བཏུབ་པ་དང་། ནང་འབྱུང་བ་ལ་རང་དབང་བསྒྱུར་པས་ལུས་ལ་གཉེར་མ་མེད་ཅིང་མེ་ལོང་གི་བྱད་ལྟར་དྭངས་པ་དང་། སྐྲ་དཀར་ནག་པོར་འགྱུར་ཞིང་སོའུ་སྐྱེ་བ་དང་། ལུས་ལ་རིགས་ལྔའི་ཕྱག་རྒྱ་དང་ཡི་གེ་བཀྲ་ཞིང་སྐྲ་སེན་སྐྱེ་བའི་རྒྱུན་ཆད་མེད་པ་དང་། ཕྱི་ནང་གི་སྲིན་བུ་ཐམས་ཅད་གྲོལ་བའི་རྟགས་སུ་ཤིག་སྲོ་མི་འབྱུང་བ་དང་། ལུས་ཤིང་བལ་ལྟར་ཡངས་ཤིང་དབུགས་ཀྱི་འགྲོ་འོང་མི་མངོན་པ་དང་། སྙིང་རྗེ་ཚད་མེད་པ་སྐྱེ་ཞིང་ཉོན་མོངས་པ་རང་རྒྱུད་དུ་མི་འཆར་བ་རྣམས་ནི་ཡང་དག་པའི་ལམ་མཐར་ཕྱིན་པའི་རྟགས་གོར་མ་འཕྱུག་པའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། སྣང་བ་ལ་རང་དབང་ཐོབ་པས་སྣང་སྲིད་གཏེར་དུ་བསྒྱུར་ཀྱང་འགྱུར་བ་དང་། སྐྱེ་བ་ལ་རང་དབང་ཐོབ་པས་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་སྤྲུལ་པའི་སྐུ་སུམ་སྟོང་འབྱུང་ཞིང་འགྲོ་དོན་བྱེད་པ་དང་། སྒྲོལ་བ་ལ་རང་དབང་ཐོབ་པས་མཚམས་མེད་ལྔ་སྤྱོད་པའི་སྡིག་པ་ཆེ་ལའང་རིག་པ་གཏད་པ་ཙམ་གྱིས་སྒྲོལ་ནུས་པའོ། བཞི་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི། རིན་ཆེན་སྤུངས་པ་

p. 559

ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མ་རྟོག་ཡེ་ཤེས་ཚད་ཀྱང་གཟུང་། །ཞེས་པས། རང་རིག་གདོད་མའི་མགོན་པོའི་གོ་འཕང་མངོན་དུ་གྱུར་པ་དེ་ལས་ཡུལ་རྐྱེན་ལ་མི་ལྟོས་པའི་ཕྱིར་སངས་རྒྱས་སུམ་སྟོང་གི་ཞལ་མཐོང་ཡང་དད་པ་ཅུང་ཟད་ཀྱང་མེད་པའི་གདིང་ཐོབ། རང་གཞི་ཆོས་སྐུ་མཚན་མ་དང་བྲལ་བའི་དབྱིངས་སུ་སད་པས་བདུད་དང་གཤེད་མ་འབུམ་གྱིས་བསྐོར་ཀྱང་བག་ཚ་བ་མེད་པའི་གདིང་ཐོབ། རང་ངོར་རང་གདིང་ཐོབ་པ་ལས་མྱང་འདས་རང་མཚན་མ་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་ཐོབ། རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ངང་དུ་གྲོལ་བས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཐོབ་པའོ། །དེ་ལྟར་རྣམ་པ་བཞི་ཚད་དུ་འཁྱོལ་ནས་མྱ་ངན་འདས་པ་ལའང་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། མངོན་པ་རྫོགས་པར་སངས་རྒྱས་པ་ལ་གཉིས་ལས། སྔ་མ་ནི་གོང་དུ་སྨོས་པ་ལྟར་ཕུང་པོ་ལྷག་མ་མེད་པར་གྲོལ་བ་དང་། ཕྱི་མ་ནི་འོད་དང་། སྒྲ་དང་། ས་གཡོ་བ་དང་། མི་ཤིགས་པའི་གདུང་དང་རིང་སྲེལ་རྣམས་གདུལ་བྱའི་ལྷག་མ་གྲོལ་བའི་ཆེད་དུ་སྣང་བའོ། །དེ་ཡང་ཆོས་ཀྱི་སྐུ་གཡོ་བ་མེད་པ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པ་ལས་གཟུགས་ཀྱི་སྐུ་གང་

p. 560

ལ་གང་འདུལ་ཐབས་སྣ་ཚོགས་ཀྱི་སྒོ་ནས། འགྲོ་ཁམས་རྒྱ་མཚོ་མ་སྟོངས་ཀྱི་བར་དུ་འགྲོ་བའི་དོན་མཛད་པ་ནི་ཟླ་བ་དང་ཆུ་ཟླ་ལྟ་བུ་ཡིན་ནོ། །ད་ནི་གནད་ཀྱི་འགག་དོན་བཤད་པས་མཐའ་བསྡུ་བ་ནི། ལམ་འདིར་འཇུག་པའི་སྐྱེས་བུ་ལས་ཅན་རྣམས༔ མི་ལོ་བཅུ་གཉིས་བར་མ་ཆད་པ་རུ༔ ཉམས་ལེན་གནད་དུ་བསྣུན་པ་གང་སུ་དག༔ འཇའ་ལུས་ཆོས་སྐུ་འགྲུབ་པའི་གཏན་ཚིག་གོ༔ ཞེས་པ་སྟེ། ཟབ་གསང་ཐེག་མཆོག་རྒྱལ་པོའི་ལམ་འདིར་བཞུགས་པའི་སྐྱེས་བུ་སྔོན་སྦྱངས་ཀྱི་ལས་འཕྲོ་དང་ལྡན་པ་དག་གིས། མི་ལོ་བཅུ་གཉིས་བར་མ་ཆད་པར་ཉམས་སུ་བླངས་པས་འཇའ་ལུས་ཆོས་ཀྱི་སྐུ་ངེས་པར་འགྲུབ་པ་ནི་མི་བསླུ་བའི་གཏན་ཚིག་ཀུན་བཟང་རྡོ་རྗེ་འཆང་གི་བཀའ་ཚད་མའོ། །ལེའུའི་སྐབས་བསྡུ་བ་ནི། ཆོས་ཟད་བློ་འདས་ཆེན་པོའི་ས་ལ་ཕེབས་པའི་མཐར་ཟླ་བ་གཅིག་གམ་བདུན་ནམ་བཅུ་གཉིས་ནས་སངས་རྒྱས་ཚུལ་བསྟེན་པའི་ལེའུ་སྟེ་བཅོ་ལྔ་པའོཿ ས་མ་ཡ༔ གུ་ཧྱ༔ དེ་ལྟར་དབང་པོ་རབ་དང་སྦྱངས་བརྩོན་ཕུལ་དུ་གྱུར་པ་རྣམས་ཀྱི་ཚེ་གཅིག་གིས་གདོད་མའི་གྲོལ་གཞིར་དབུགས་འབྱིན་པའི་ཐབས་བསྟན་པ་སོང་ནས། བརྩོན་འགྲུས་སྐལ་པ་འབྲིང་དང་ཐ་མར་གྱུར་པ་རྣམས་ཀྱིས་ཉམས་སུ་ལེན་བྱ་བར་དོ་རྣམ་པ་གསུམ་དང་སྐྱེ་བ་སྤྲུལ་སྐུའི་ཞིང་དུ་ངལ་གསོ་བའི་

p. 561

ཚུལ་གནས་ལུགས་རང་བྱུང་གི་རྒྱུད་སོགས་གཞུང་གཞན་དུ་བལྟ་བར་བྱའོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་གསུམ། ཟབ་ཆོས་གཉན་པོ་གཉེར་དུ་གཏད་པ། གསང་བ་ཆེན་པོའི་རྒྱས་བཏབ་པ། གང་གིས་གཏན་ལ་ཕབ་པའི་མཛད་བྱང་ངོ་། །དང་པོ་ཟབ་ཆོས་གཉན་པོ་གཉེར་དུ་གཏད་པ་ནི། བཀའ་སྲུང་དྲེགས་པ་གནོད་སྦྱིན་དམར་ནག་དང་༔ དབང་ཕྱུག་མ་ཧཱ་དེ་ཝ་ཉིད་ལ་གཏད༔ ཆོས་འདི་ཉམས་སུ་ལེན་པའི་སྐྱེས་བུ་རྣམསཿ ཀ་དག་ཀུན་ཏུ་བཟང་པོའི་ས་རུ་སྐྱོལ༔ བཀའ་ལོག་བསྟན་དགྲ་གདུག་པའི་སྙིང་ཁྲག་རོལ༔ དམ་ཉམས་ལག་ཏུ་མ་ཤོར་ཨ་ཐམ་རྒྱཿ ཞེས་པ་སྟེ། བསྟན་སྲུང་དྲེགས་པའི་གཙོ་བོ་གནོད་སྦྱིན་ཤན་པ་དམར་ནག་དང་དབང་ཕྱུག་མ་ཧཱ་དེ་ཝ་གཉིས་ལ་གཉེར་དུ་གཏད་དེ། ཟབ་ཆོས་འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་དག་གི་མི་འདོད་པའི་འགལ་རྐྱེན་ས་ལམ་གྱི་བར་ཆད་ཐམས་ཅད་སོལ་ལ་མཐུན་རྐྱེན་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབས་ཏེ་ཀ་དག་ཀུན་ཏུ་བཟང་པོའི་ས་རུ་གྲོལ་བའི་སྡོང་གྲོགས་གཉན་པོ་མཛད་པ་དང་། བཀའ་འགལ་དམ་ལོག་བསྟན་དགྲ་གདུག་པ་ཅན་རྣམས་ཀྱི་སྙིང་ཁྲག་དམར་པོ་ཧུབ་ཀྱིས་རོལ་པ་དེ་ལྟ་བུའི་དམ་ཉམས་ཀྱི་ལག་ཏུ་མ་ཤོར་བར་སྲུངས་ཤིག་ཅེས་ཐ་ཚིག་བསྒོས་པའོ། །གཉིས་པ་

p. 562

གསང་བ་ཆེན་པོའི་རྒྱས་བཏབ་པ་ནི། ས་མ་ཡ༔ རྒྱ་རྒྱ་རྒྱ༔ གསང་རྒྱཿ ཟབ་རྒྱཿ གུ་ཧྱཿ ཨྠྀིཿ ཞེས་པ་སྟེ། རྡོ་རྗེའི་དམ་ཚིག་གཉན་པོ་སྐུ་གསུང་ཐུགས་ཀྱི་རྒྱ་དང་། གསང་ཆེན་གཉིས་ལྡན་གྱི་རྒྱ་དང་། ཟབ་པ་ཆོས་ཀྱི་དབྱིངས་ཀྱི་རྒྱས་བཏབ་པའོ། །གསུམ་པ་གང་གི་གཏན་ལ་ཕབ་པའི་མཛད་བྱང་ནི། ཅེས་པ་འདི་ཉིད་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་མངོན་དགའ་དང་དགེ་དཔལ་དང་ངག་ཕྲིན་རྣམས་ཀྱིས་ཡང་ཡང་ནན་དུ་བསྐུལ་བའི་ངོར༔ ཡུལ་སྐྱོངས་རྫ་རྒྱལ་འཕན་པོའི་ཉེ་འདབས་སུ་རང་བཞིན་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཡིག་མེད་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བོ༔ ཞེས་པ་སྟེ། དེ་ལྟར་ཡང་ཟབ་བཅུད་ཀྱི་དྭངས་མ་འདི་ཉིད་རྒྱལ་དབང་པདྨ་མི་ཡི་ཟོལ་འཛིན་གཏེར་ཆེན་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱི་ཐུགས་གསང་འོད་གསལ་ནམ་མཁའི་སྒྲོམ་བུར་སྨོན་ལམ་ཟབ་མོའི་རྒྱས་བཏབ་པ་ཉིད་ཕྱིས་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་སྔོན་སྨོན་ལས་ཀྱིས་འབྲེལ་བའི་སློབ་བུ་དག་གིས་བསྐུལ་བའི་རྐྱེན་ལས། བསྒོམ་བྱུང་གི་ཤེས་རབ་ཀློང་ནས་རྡོལ་བའི་ཟབ་ཆོས་ཡི་གེ་མེད་པའི་སྐོར། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀློང་ཆེན་ཀུན་ཏུ་བཟང་མོའི་མཁའ་རུ་འགྲོ་འོང་གི་རྣམ་པ་ལྟར་

p. 563

དུ་སྣང་བ་མཁའ་འགྲོ་གསང་བའི་མཛོད་ཆེན་དགོངས་པའི་གཏེར་རྒྱ་ཟབ་མོ་ལེགས་པར་བཀྲལ་ཏེ་གཏན་ལ་ཕབ་པར་མཛད་པའོ། །སླར་སྨས་པ། དེ་ལྟར་ཡེ་ཤེས་ཀློང་ཆེན་ཡངས་མཛོད་ནས། །བྱུང་བའི་ཐེག་མཆོག་ཟབ་དོན་བདུད་རྩིའི་བཅུད། །ལེགས་བཤད་མན་ངག་རོལ་མཚོར་བསྐྱིལ་བ་འདི། །སྐལ་བཟང་གདུལ་བྱའི་ཚོགས་ཀྱིས་བརྟེན་བྱ་ཡིན། །ས་ལམ་མང་པོའི་ཡུན་ལ་མ་ལྟོས་པར། །ཚེ་ལུས་གཅིག་གིས་ནང་དབྱིངས་ཆོས་སྐུ། །ངེས་འགྲུབ་མྱུར་ལམ་སྙིང་པོ་འདི་ལྟ་བུར། །འཕྲད་པ་དེ་ཡང་སྔོན་གོམས་བརྟས་ལས་བྱུང་། རྟོག་གེས་རྒྱུད་བསླད་མཁས་རློམ་ཟོལ་ཟོག་ཅན། །སྙིང་པོའི་བསྟན་ལ་བཀུར་འདེབས་སྒྲོ་འདོགས་མཁན། །མེ་ཏོག་མདའ་ཅན་དུག་གིས་ཟིན་པ་ཡི། །ལྟོ་འགྲོས་ཅན་གྱི་རིགས་ལ་འདི་མ་འཚལ། །སྔོན་དགེའི་སྙིང་ཁམས་མཐོ་བའི་སྐྱེས་བུ་རྣམས། །དོན་བརྒྱུད་བྱིན་རླབས་ཕབ་ཀྱིས་ལེགས་དྲན་པའི། །མན་ངག་བདུད་རྩིའི་ཉིང་ཁུ་འདི་གསོལ་ལ། །ཆོས་ཟད་དབྱིངས་སུ་མྱོས་པའི་དགའ་སྟོན་མཛོད། །ཁོ་བོའི་སྟོང་ཉིད་ལྟ་བའི་ན་ཕྲ་ཞིང་། །སྣང་བཞིར་བསྒོམ་པའི་རྩལ་ཆེན་མ་རྫོགས་ཀྱང་། །སྔོན་སྦྱངས་མཐུ་ལ་ངེས་ཤེས་ཅུང་རྙེད་དེ། །འདི་ལྟའི་

p. 564

ཟབ་དོན་སྨྲ་བའི་སྤོབས་པ་ཐོབ། །དེ་ལྟ་ནའང་རང་བློ་རྨོངས་པའི་དྲིས། །ནོངས་པར་གྱུར་པའི་ཉེས་པ་གང་མཆིས་པ། །ལྷག་པའི་ལྷ་དང་ཌྰ་ཀི་ཆོས་སྐྱོང་ཚོགས། །ཡེ་ཤེས་སྤྱན་ལྡན་རྣམས་པ་བཟོད་པར་གསོལ། །འདིར་རྟེན་ལེགས་བྱས་དགེ་བའི་དངོས་པོ་དེས། །གསང་ཆེན་བསྟན་པའི་སྙིང་པོ་འོད་སྟོང་ཅན། །མི་ནུབ་གདུལ་བྱའི་མཁའ་ལ་རྟག་འཆར་ཏེ། །ཕན་བདེའི་པདྨོ་རྒྱས་པའི་བཙས་སུ་ཤོག །གདམས་ངག་འདི་ཡང་ཞུས་ལོ་ཐོབ་ལོ་ཙམ། །མ་ཡིན་ཚུལ་བཞིན་ཉམས་སུ་བླང་ནས་ཀྱང་། །རང་གཞན་དོན་གཉིས་འགྲུབ་པའི་གང་ཟག་གིས། །ནོར་འཛིན་ཀུན་ཁྱབ་སྲིད་མཐར་གནས་གྱུར་ཅིག །འདི་སྨྲ་པོ་ཡང་ཚེ་རབས་ཐམས་ཅད་དུ། །ཟབ་དོན་མན་ངག་གཏེར་གྱི་སྒྲོམ་བཟུང་ནས། །རླབས་ཆེན་ཕྲིན་ལས་མཁའ་དང་མཉམ་པ་ཡིས། །འགྲོ་ཀུན་གཞོན་ནུ་བུམ་སྐུའི་སར་འགོད་ཤོག །དེ་ལྟར་ཟབ་གསང་རྫོགས་པ་ཆེན་པོའི་ཡང་ཟབ་མྱུར་ལམ་འཕོ་ཆེན་གདམས་པའི་དོན་འགྲེལ་མན་ངག་རོལ་མཚོ་ཞེས་བྱ་བ་འདི་ནི། སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝའི་རྗེས་སུ་ཞུགས་པའི་སྐལ་བཟང་ཅན། སྤྲུལ་མིང་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུར་སོན་པ་རྔ་ཆེན་གྱི་ལོ། ནག་ཟླའི་དམར་ཕྱོགས་མཁའ་འགྲོ་འདུ་

p. 565

བའི་ཚེས་ལ་པདྨོ་རྣམ་པར་བཀོད་པའི་གྲོང་ཁྱེར་མཁན་པ་ལྗོངས་ཀྱི་ཆོས་གྲྭར་སྤེལ་བ་སྟེ། འདིས་ཀྱང་འོད་གསལ་རྡོ་རྗེ་སྙིང་པོའི་བསྟན་པ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།

རྫོགས་ཆེན་གསང་སྐོར་མན་ངག་ནམ་མཁའ་གསུམ་ཕྲུག་གི་གདམས་པ་ཤིན་ཏུ་ཟབ་པའི་མཐར་ཐུག

p. 566
p. 567

༄༅། །རྫོགས་ཆེན་གསང་སྐོར་མན་ངག་ནམ་མཁའ་གསུམ་ཕྲུག་གི་གདམས་པ་ཤིན་ཏུ་ཟབ་པའི་མཐར་ཐུག་བཞུགས་སོ། །

p. 568

གདོད་མའི་མགོན་པོ་རྩ་བའི་བླ་མ་བཀའ་དྲིན་ཅན་གྱི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདིར་རྫོགས་པ་ཆེན་པོ་མན་ངག་སྡེའི་བཅུད་ཕུར་ཐིག་ལེ་གསང་སྐོར་གྱི་ཉམས་ལེན་མཐར་ཐུག་པ་ནམ་མཁའ་གསུམ་ཕྲུག་གི་གདམས་པ་ཟབ་མོ་སྟོན་པ་ལས་བཅད་རྣམ་པ་དྲུག་གི་སྒོ་ནས་ཤེས་པར་བྱ་སྟེ། དང་པོ་ནམ་མཁའ་གསུམ་ངོས་འཛིན་པ་ནི། ཕྱིའི་ནམ་མཁའ་ནི་འབྱུང་བ་ལྔའི་ནང་ཚན་གྱི་ནམ་མཁའ་གློ་བུར་གྱི་དྲི་མས་མ་གོས་པར་དྭངས་གསལ་ལྷུན་གྲུབ་ཏུ་གནས་པའི་བར་སྣང་སྟོང་ཆ་འདི་ཡིན་ལ། ནང་གི་ནམ་མཁའ་ནི་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་ཞེས་དག་པའི་སྣང་བ་འཛིན་

p. 569

པར་བྱེད་པའི་རྩ་མིག་དབང་གི་སྒོ་ནས་སྙིང་དབུས་ཀྱི་རྩ་རྒྱ་མཚོ་གསེར་གྱི་ཉི་མ་དང་འབྲེལ་ནས་སྣང་བའི་ཤེས་པ་སོ་མ་ཡིན་ཅིང་། གསང་བའི་ནམ་མཁའ་ནི། ཡུལ་ཕྱི་ནང་གི་ནམ་མཁའ་གཉིས་ལ་ཁྱབ་བྱེད་ཀྱི་རྟེན་སྙིང་ཁ་ཆོས་ཀྱི་འཁོར་ལོའི་དབུས་སུ་གདོད་ནས་རྣམ་དག་འདུས་མ་བྱས་པ་ཆོས་ཉིད་སྟོང་གསལ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པའི་རིག་པ་སྤྲོས་བྲལ་གྱི་ངོ་བོར་བཞུགས་པ་དེ་ཉིད་དོ། །གཉིས་པ་ཇི་ལྟར་ཉམས་སུ་ལེན་ཚུལ་ནི། ཐོག་མར་རང་རིག་ཆོས་སྐུར་ངོ་སྤྲོད་པར་མཛད་པའི་རྩ་བའི་བླ་མ་ལ་བཅོས་མིན་གྱི་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ་ལ་

p. 570

ཐུགས་ཡིད་བསྲེས། རླུང་རོ་གསུམ་ཕྲུགས་སུ་བསལ། ལུས་གནད་གཙོ་བོར་རྣམ་སྣང་ཆོས་བདུན་བཅའ་ཞིང་སྐབས་སུ་སེམས་ཉིད་ངལ་གསོའི་ཚུལ་གྱི་བདེ་ལུགས་སུ་བཞག །སྒོ་གནད་མིག་ཧ་ཅང་བཙུམ་པའང་མ་ཡིན། ཧ་ཅང་གདངས་པའང་མ་ཡིན་པར་རང་བབ་འབྱེད་འཛུམ་བྲལ་ཞིང་ཅུང་ཟད་གྱེན་དུ་ཕྱོགས་པས་མིག་འབྲས་མི་འགུལ་བར་ཕྱིའི་ནམ་མཁའ་ལ་ཅེ་རེ་གཏད། སེམས་གནད་ཤེས་པ་མིག་ལ་གཏད། མིག་ནམ་མཁའ་ལ་གཏད། རྣམ་རྟོག་སྔོན་རྗེས་ད་ལྟ་གང་ལའང་དཔྱད་པ་མེད་པར་རང་བབ་ས་ལེར་བཞག །དེ་ལ་གནས་འཕྲོ་བདེ་རྩུབ་ཇི་ལྟར་ཤར་ཡང་མ་བཅོས་ཅོག་བཞག་གི་ངང་ལས་གཞན་པའི་ཙབ་ཙུབ་སྤངས་ཏེ་རང་ངོ་ཤེས་ཙམ་དེ་ཀ་སྐྱོང་། དེའང་ལུས་གཡོ་མེད་རི་བོ་ཅོག་བཞག །མིག་ཞེན་མེད་རྒྱ་མཚོ་ཅོག་བཞག །སེམས་བསམ་མེད་རིག་པའི་ཅོག་བཞག་སྟེ། ཅོག་བཞག་རྣམ་པ་གསུམ་གྱི་གནད་ལ་བརྟེན་ནས་ཆུ་བོའི་རྒྱུན་བཞིན་འབྲལ་བ་མེད་པར་བསྒོམ་པ་སྟེ། ཇི་སྐད་དུ། བསྒོམ་པ་མ་ཡིན་གོམས་པ་ཡིན། །གོམས་པ་ཀློང་དུ་གྱུར་ན་སྒོམ་པའི་མཆོག །ཅེས་པ་ལྟར་རོ། །གསུམ་པ་བོགས་འདོན་པ་ནི། ཉིན་མོ་ནམ་མཁའ་སྔོ་ཐིང་ངེ་བ་ལ་སེམས་གཞག་པ་ལྟར་མཚན་མོའང་དེ་བཞིན་དུ་

p. 571

མདུན་གྱི་ནམ་མཁའི་མུན་ནག་ཐིང་ངེ་བ་ལ་སེམས་གཡོ་མེད་དུ་བཞག །སྤྱིར་ཡང་སྤྲིན་དང་སེར་བུ་མི་སོགས་ཀྱི་རྒྱུ་འགྲུལ་སྒྲ་སྐད་གླག་གཅོར་གྱིས་བསྒོམ་མ་བདེ་བའི་ཚེ་དབེན་པའི་གནས་སུ་མུན་པའི་རྣལ་འབྱོར་ལ་བརྟེན་པའང་དོན་གྱི་ལེགས་ཤིང་། གཞན་ཡང་སྐབས་སུ་ལྟ་སྟངས་གཡས་གཡོན་གྱེན་མཐུར་ཐད་ཀར་རྣམས་སུ་བསྒྱུར། སྤྱོད་ལམ་གང་ཡང་འགྲོ་སྡོད་ཕྱག་བསྐོར་ཁ་ཏོན་གཏམ་སྨྲ་བ་སོགས་ཚོགས་ཀྱི་བྱ་སྤྱོད་སྣ་ཚོགས་དང་དགེ་སྦྱོར་འཇུར་པོ་བྱེད་ཅིང་། དེ་རྗེས་ནམ་མཁའ་གསུམ་དུ་བཞག་ཅིང་བསྐྱངས་པས་ཡུན་མི་རིང་བར་མཉམ་རྗེས་འདྲེས་པས་བོགས་ཐོན་པར་འགྱུར་རོ། །བཞི་པ་མཉམ་རྗེས་ཀྱི་མཚན་ཉིད་ནི། སྤྱིར་རང་རིག་ངོ་བོ་འོད་གསལ་ངོ་ཤེས་ཙམ་གྱི་ངང་ལ་རང་བབས་སུ་གནས་པ་དེ་མཉམ་བཞག་དང་། དེའི་ངོ་ཤེས་བྲལ་བ་ལ་རྗེས་ཐོབ་ཟེར་ཡང་རྗེས་ཐོབ་བཏགས་པ་ཡིན་ལ། འཕྲོ་བ་གཏད་ཡལ་རང་གྲོལ་ནི་རྗེས་ཐོབ་དངོས་ཡིན་ཅིང་དེ་མ་ཟད་མཉམ་བཞག་གི་ཆ་ཡང་ཡིན་ལ་མཉམ་རྗེས་རོ་གཅིག་ཅེས་བྱ། དེ་ཡང་མ་ཡེངས་པའི་ཁུལ་གྱི་དྲན་པ་ཡལ་ཡུལ་ལ་རྣམ་རྟོག་འོག་འགྱུ་ཟོམ་སྦྲེང་བ་དང་། མ་རྟོག་བྲང་བྲེང་ལ་ཕྲ་བ་མ་སློང་བ་ནི་མཉམ་གཞག་ཏུ་རློམ་ཡང་ཨ་ཐང་ཆད་དེ་མཉམ་རྗེས་

p. 572

ཚད་མར་གྱུར་པ་མིན། དེས་ན་མཉམ་གཞག་གི་མཚན་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་གསལ་རིག་ཏུ་འཆར་བ། རྗེས་ཐོབ་ཀྱི་མཚན་ཉིད་རྣམ་རྟོག་རང་ཤར་རང་གྲོལ་མཚོ་རླབས་མཚོར་ཞི་བ་ལྟ་བུ་སྟེ། མདོར་ན་མཉམ་གཞག་གཏད་མེད་ནམ་མཁའི་དབྱིངས་ལྟ་བུ་ལ། རྗེས་ཐོབ་སྒྱུ་མ་ལྟ་བུ་རང་བཞིན་གྱི་སྙིང་རྗེ་དང་འབྲེལ་བ་ཞིག་ཤར་ན་མཉམ་རྗེས་རྣལ་མ་ཡིན། དེ་ཡང་འདི་རྣལ་འབྱོར་གྱི་མཚན་ཉིད་དུ་གྱུར་པའི་སྣེ་ཟིན་པའི་མཉམ་རྗེས་ཡིན་ཅིང་། གཞན་ལས་དང་པོ་ནས་རྒྱུན་མཐའི་བར་མཉམ་རྗེས་ཀྱི་དབྱེ་བ་རེ་མཆིས་མོད། གང་ལྟར་རང་རེ་རྣལ་འབྱོར་པ་རྣམས་ཀྱིས་མཉམ་རྗེས་དབྱེར་མེད་ཉིན་མཚན་ཁོར་ཡུལ་མ་སོང་བར་དུ་འབད་དགོས་པར་གདའ། ལྔ་པ་ལམ་གྱི་ཚུལ་ངོ་སྤྲོད་པ་ནི། གནས་པའི་རྐང་ཚུགས་ནས། འགྱུ་རྟོག་བག་གིས་འཕྲི་བ་ནི་ལྟར་སྣང་གི་གནས་པ་ཡིན་ལ། གནས་པ་སྐྱེ་མེད་ལ་འགྱུ་བ་འགག་མེད་དུ་ངེས་ཤེས་གཏིང་ནས་སྐྱེ་ཤིང་གནས་འགྱུར་རོ་མཉམ་པ་ནི་སྒོམ་གཤའ་མ་སྐྱེས་པའི་སྣེ་ཟིན་པ་ཡིན། དེ་ཡང་ད་དུང་གནས་པའི་ཆ་སྟེ་ཆེ་ཞིང་གསལ་སྟོང་བདེ་བ་ཡིད་དཔྱོད་དང་བྲལ་བ་ལྟ་བུ་ལ། དོན་བསྒོམ་འདུན་ཡིད་ཤེས་གཉིས་སྣང་གི་ཆ་ཕྲ་མོ་གཡོ་བ་དང་བཅས་ཟག་བཅས་ཀྱི་ཡོན་ཏན་དུ་མ་སྒོ་གསུམ་ལ་བསྐྱེད་ནུས་

p. 573

པ་ནི་གནས་པའི་ཉམས་ཡིན་ལ། དེ་ནས་འོད་གསལ་གྱི་ཞེན་པ་ཞིག་སྟེ་ཡུལ་གཉེན་ཐ་དད་ཀྱི་འཛིན་པ་མེད་པ་ལྟ་བུ་ལ་བྱིང་རྨུག་འཕྲོ་རྒོད་ཀྱིས་མི་བརྫི་བར་རྣམ་རྟོག་དྲག་པོ་རང་ངོ་ལ་གསལ་ལྷག་པར་བཏབ་པ་ལྟར་གྱུར་ཅིང་སྟོང་པ་ཉིད་བདེ་བའི་གཤིས་དང་མ་བྲལ་བ་ནི་གཡོ་བའི་ཉམས། རིམ་པར་ཡུལ་གཉེན་ཐ་དད་དུ་འཛིན་པ་མེད་པ་མ་ཟད་སྣང་སེམས་རོ་མཉམ་ནས་བདག་གཞན་གྱི་འཛིན་པ་ཅི་རིགས་དབྱིངས་སུ་ཡལ་ཞིང་ཆོས་ཐམས་ཅད་བདེ་སྟོང་སྒྱུ་མ་ལྟ་བུར་ཤར་ནས་འཁོར་འདས་མ་ལུས་རིག་མདངས་སུ་རྟོགས་པ་ནི་མཉམ་པའི་ཉམས། མཐར་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་བརྗོད་དུ་མེད་པའི་ཀློང་དུ་ཐིམ་ནས་བྱ་རྩོལ་གྱི་སྤྲོས་པ་ཟད་དེ་ཟབ་ཞི་སྤྲོས་བྲལ་དུ་སྣང་ཞིང་ཅུང་ཟད་ཀྱི་ཟད་པར་ཟིལ་གནོན་ཐོབ་པ་ནི་ལྷུན་གྱིས་གྲུབ་པའི་ཉམས་ཏེ་འཕགས་པའི་གོ་འཕང་དངོས་ཐོབ་པའོ། །གཞན་ཡང་སྣང་བའི་འོད་གསལ་གྱི་ཆ་དུ་བ་སྨིག་སྒྱུ་མཁའ་ནང་ཐིག་ལེ་སོགས་འཁོར་འདས་ཀྱི་གཟུགས་བརྙན་རྣམ་པ་ཐམས་ཅད་པ་འཆར་ཞིང་། དེའང་ཐོག་མར་ཡུལ་ལྟར་དུ་སྣང་བ་དང་། རིམ་བཞིན་ཡུལ་སེམས་རོ་མཉམ་པའི་བློ་དང་། རོ་གཅིག་གི་ངེས་པ་གཏིང་ནས་ཚུགས་པ་དང་། དེ་ལྟར་གྱི་ཡང་ཞེན་པ་

p. 574

སྤངས་ཤིང་དེས་དྲངས་པའི་བདེ་བ་དང་སྟོང་པས་སྒོ་གསུམ་ཡོངས་སུ་སྦྱངས་པས། མཐར་རྩ་ཐིག་རླུང་ཁམས་རྣམ་པར་དག་ནས་མི་འགྱུར་བདེ་ཆེན་ཡེ་ཤེས་ཀྱི་སྐུ་མངོན་དུ་བྱེད་པར་འགྱུར་རོ། །དེ་བཞིན་ཐུན་མོང་མ་ཡིན་པ་སྣང་བའི་འོད་གསལ་ཆོས་ཉིད་མངོན་སུམ་ཐོད་རྒལ་གྱི་འཆར་ཚུལ་འདིར་མ་སྨོས་ཏེ། ཉམས་སུ་ལེན་པའི་སྐལ་ལྡན་རྣམས་ཀྱི་གསང་བ་སྙིང་ཐིག་ཟབ་མོའི་མན་ངག་གི་གཞུང་ལས་ཤེས་པར་བྱོས་ཤིག །དྲུག་པ་གེགས་བསལ་བ་ནི། ལས་དང་པོ་པས་ལུས་གནད་མ་འབྱོངས་པས་མི་བདེ་བ་དང་། ལྟ་སྟངས་ཀྱིས་མིག་ན་ཞིང་བསྒོམ་སྙིང་མི་འདོད་པ་བྱུང་ན། ཐོག་མར་དལ་བུའི་སྒོ་ནས་ངང་གིས་བསླབ། ཕྱིས་སྒྱིད་ངན་གྱི་དབང་དུ་མ་ཤོར་བར་མི་བདེ་བ་བྱུང་བ་བཟོད་སྲན་བསྐྱེད་དེ་ནན་ཏན་དུ་བསྒོམ་པས་ཇི་ཞིག་ནས་ལུས་གནད་ལྟ་སྟངས་བཅས་འབྱོངས་ཏེ་བདེ་བར་གྱུར། དེ་བཞིན་ཁ་ཅིག་ལ་རྣམ་རྟོག་ཟང་ཟིང་མང་པོ་ཆོད་དུ་མེད་པ་ལྟ་བུས་བསྒོམ་འདོར་སྙིང་འདོད་པའང་འབྱུང་སྲིད་པས། སྔར་འོག་འགྱུ་འབའ་ཞིག་ཏུ་ཤོར་བ་དེ་ངོས་ཟིན་པའི་འགོ་ཚུགས་པར་ཤེས་ནས་ཐུན་ཡུན་ཐུང་ལ་གྲངས་མང་བར་བསྒོམ། ཡང་སྐབས་སུ་འཕྲོ་བ་མེད་པ་ལྟར་བྱིངས་ནས་ལྟ་སྟངས་གྱེན་དུ་གཏོད་ཅིང་ཤེས་པ་ལ་ངར་བཏགས་ཏེ་སྒྲིམ།

p. 575

དེ་བཞིན་དུ་རྟོག་པ་ཧ་ཅང་རྒོད་ན་ལྟ་སྟངས་དམད་ཅིང་ཤེས་པ་གཏིང་ནས་ཀློད། འོན་ཀྱང་ནམ་མཁའ་གསུམ་ཕྲུག་གི་མན་ངག་འདིས་བྱིངས་རྨུག་གི་གེགས་རང་སར་སེལ་ཞིང་འཕྲོ་རྒོད་ངང་གིས་ཞི་བར་བྱེད་པའི་གདམས་པ་རང་གནད་ཀྱི་ཆེ་བ་ཡིན་པས། ཁོ་གནད་དུ་འགྲོ་བ་ཞིག་བསྒོམ་ཚེ་ཁོ་རང་གི་གེགས་རང་སར་སེལ་ནུས་པ་ཡིན། བདེ་གསལ་མི་རྟོག་པའི་མྱོང་བ་གང་ལའང་ཞེན་པ་ཆེ་ཆེས་པོ་མི་བྱེད་པར་རང་བབས་སུ་སྐྱོང་བ་དང་། སྟོང་གཟུགས་ཀྱི་སྣང་བར་ཡང་ཡུལ་འཛིན་བྲལ་བ་ཞིག་དགོས་ལ། གེགས་སེལ་མཐའ་དག་ནི་འདིར་སྨོས་ཀྱི་མི་ལང་བས། མྱོང་ལྡན་བླ་མའི་ཞལ་ལས་བླང་བར་བྱ་ཞིང་། ཁྱད་པར་གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོར་གྱུར་པ་ནི་རྩ་བའི་བླ་མ་ལ་མོས་གུས་སྙིང་དཀྱིལ་དུ་ཟུག་ནས་ལྟེམ་ཀྱང་མེད་པའི་གསོལ་འདེབས་བརྩོན་པ་ཁོ་ན་གལ་ཆེ། སྤྱིར་བླ་མ་ལ་མོས་གུས་མ་སྐྱེས་ན་སྒོམ་སྐྱེས་པའི་རེ་ཆེ་བྲལ། ལོག་ལྟ་ཅུང་ཟད་རེ་སྐྱེས་ཀྱང་ངན་སོང་གི་རྒྱུ་དྲག་པོ་འཕེལ་བས་ན། བླ་མའི་མོས་གུས་སྒོམ་གྱི་སྣ་འདྲེན་དང་གཞུང་ཤིང་དུ་ཤེས་པས་ཅི་མཛད་ལེགས་པར་མཐོང་ཞིང་ཅི་གསུང་མཚན་མར་འཛིན་པའི་སྒོ་ནས་ནན་ཏར་མོས་གུས་གསོལ་འདེབས་ལ་འབད།

p. 576

གཞན་ཡང་འགྲོ་བ་ལ་སྙིང་རྗེ་བྱང་ཆུབ་སེམས་དང་མི་འབྲལ་བ་དང་། འཇིག་རྟེན་འདི་སྣང་ལ་ཞེན་ལོག་དང་ཞེ་བཅད་ལྡན་ཞིང་། དམ་པའི་ཆོས་ལ་དཀའ་ཐུབ་ལམ་ཁྱེར་ནུས་པ་ཞིག་ཅིས་ཀྱང་དགོས། དེ་བཞིན་ལྟ་སྒོམ་གྱི་མན་ངག་ཟབ་མོའི་གནད་རྣམས་སྐྱེ་བོ་ཕལ་པ་ལ་ནི་སྨོས་ཀྱང་ཅི་འཚལ་ཏེ། བླ་མ་གཅིག་ཅིང་གདམས་པ་ལྷན་ཅིག་ཏུ་ཐོབ་པ་མ་ཡིན་པ་ལ་ཤིན་ཏུ་གསང་དགོས་ཤིང་། སྤྱོད་ལམ་ཀུན་དུ་དགེ་སྦྱོར་ཉམས་ལེན་སྐྱོང་དགོས་པ་གཞིར་བཅས། སྐྱེ་བོའི་ཁྲོད་དུ་ལུས་གནད་ལྟ་སྟངས་སོགས་མངོན་གྱུར་པ་སྤངས་ཤིང་། དུས་ཀུན་རང་སེམས་དམ་པའི་ཆོས་དང་ཞུ་དག་ཕེར་བས་རང་གིས་རང་ལ་མ་ཁྲེལ་བ་ཞིག་དགོས་པ་ཡིན། ཉམས་ལེན་གྱི་གནད་ཐམས་ཅད་དེར་འདུ་བ་ཡིན་ནོ། །ཞེས་པའང་སྐལ་ལྡན་གྱི་བུ་སློབ་འགའ་ལ་ཕན་པའི་ཕྱིར་བཀའ་གསང་རྫོགས་པ་ཆེན་པོའི་ཆོས་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བླ་མའི་མན་ངག་སྙན་བརྒྱུད་ཟབ་པ་ཡི་གེའི་རིས་སུ་བཏབ་པ་སྟེ། གདམས་ངག་ཚུལ་བཞིན་ཐོབ་ཅིང་ཉམས་སུ་ལེན་པའི་གང་ཟག་རྣམས་ལས། དྲེད་པོ་ཁ་ཆོས་མཁན་དང་དམ་ཉམས་ལྟ་ལོག་ཅན་གྱི་དཔེ་འདི་བལྟས་ན་དེའི་སྙིང་ཁྲག་སྲོག་བདག་མ་གཟའ་རྡོར་གསུམ་གྱིས་དཔའ་སྐྱེམས་སུ་རོལ་ཅིག །ས་མ་ཡ།

ནམ་མཁའ་སུམ་ཕྲུག་གི་གདམས་པ།

p. 577

ནམ་མཁའ་སུམ་ཕྲུག་གི་གདམས་པ་ལ། ཕྱིའི་ནམ་མཁའ་ནི་བར་སྣང་སྟོང་པའི་དབྱིངས་འདི་ག་རེད། ནང་གི་ནམ་མཁའ་ནི་ལུས་གནད་དང་ལྡན་པས་ཕྱིའི་ནམ་མཁའ་ལ་མིག་འབྲས་ཟུག་སོང་བ་ལྟར་གཏད་ནས་བཞག་པས་ནང་སེམས་ཉིད་རྣམ་པར་མི་རྟོག་པའི་ངང་དུ་ལྷན་ནེར་གནས་པ་དེ་རེད། དེ་ནི་གཞིའི་ཕྱོགས་འགོ་ཙམ་རིག་པ་ལས་ད་དུང་ཀུན་གཞིའི་རྣམ་ཤེས་ཀྱི་ངང་ལས་མ་འདས་པས་ན་རིག་པ་དངོས་གནས་དེ་ནི་མིན། ནང་གི་ནམ་མཁར་འཛིན་པའི་བློ་དང་ཉམས་ཞེན་གྱིས་བསླད་ཡོད་པ་རེད། ཕྱིའི་ནམ་མཁའ་སྣོད་བཅུད་དུ་སྣང་བ་འདི་ཐམས་ཅད་གཏོར་མ་སྡེར་དང་བཅས་པ། ཙི་ཙི་ཚང་དང་བཅས་པ་མེད་འགྲོ་དགོས་པ་མ་རེད། ནམ་མཁའ་སོགས་སུ་འཛིན་པའི་བློའམ་གཏད་སོ་དེ་ཞིག་འགྲོ་དགོས་པ་རེད། གསང་བའི་ནམ་མཁའ་ནི་མི་རྟོག་པའི་ངང་དེ་ལས་རིག་པའི་མཁྱེན་ཆ་སད་ནས་ཉམས་ཞེན་གྱི་ཤུན་པ་དང་བྲལ་བའི་རིག་པ་འོད་གསལ་ཁྱབ་བརྡལ་ཆེན་པོ་རང་ཤར་བའི་ངང་དུ་གནས་པ་དེ་རེད། དེའི་ཚེ་གསང་བའི་ནམ་མཁའ་མངོན་དུ་གྱུར་པ་རེད། སྤྱིར་སོ་སྐྱེ་རང་ག་མའི་དུས་ནས་ཕྱིའི་ནམ་མཁའ་ལ་ཆུ་བུར་མིག་གིས་བལྟས་ནས་མཉམ་པར་བཞག་པས་ནང་དང་གསང་

p. 578

བའི་ནམ་མཁའ་རང་ཤུགས་ཀྱིས་འདྲེན་ནུས་པ་ཡིན་གསུངས། དེས་ན། བསྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་པ། །ནམ་མཁའ་མིག་གིས་མཐོང་བ་ཙམ་གྱིས་ཆོག །ཅེས་བསྒོམ་པའི་ཚེ་ན་ཞེས་པས་ཕྱི་དང་ནང་གི་ནམ་མཁའ་བསྟན། ཅི་ཡང་མི་བསྒོམ་པ་ཞེས་པས་ནམ་ཞིག་མི་བསྒོམ་པའི་དུས་གསང་བའི་ནམ་མཁའ་བསྟན་པ་རེད་ཅེས་གསུངས། འདིའང་ཁྲག་འཐུང་བདུད་འཇོམས་གླིང་པའི་ཞལ་རྒྱུན་འཁྲུལ་མེད་བདག་གི་བླ་མའི་སྙན་བརྒྱུད་ཟིན་བྲིས་སུ་བཏབ་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

རྫོགས་ཆེན་ཁྲེགས་ཆོད་སྣང་སྦྱང་གི་བསྡུས་དོན་ས་བཅད།

p. 579

རྫོགས་ཆེན་ཁྲེགས་ཆོད་སྣང་སྦྱང་གི་བསྡུས་དོན་ས་བཅད་བཞུགས། ན་མོ་གུ་རུ་ཡེ། འདིར་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་གདམས་པ་མ་བསྒོམ་སངས་རྒྱས་ཀྱི་ཁྲིད་རིམ་འཆད་པ་ལ་དོན་གསུམ། ཁྲིད་ལ་འཇུག་པའི་རྒྱུ་བསྟན་པ། འཇུག་ཡུལ་གཞུང་གི་དོན་བཀྲོལ་བ། མཐར་ཕྱིན་མཇུག་གི་དོན་སྨོས་པའོ། དང་པོ་ཁྲིད་ལ་འཇུག་པའི་རྒྱུ་བསྟན་པ་ལ་གསུམ། མཚན་སྨོས་པ། མཆོད་པར་བརྗོད་པ། གླེང་སློང་བའོ། །དང་པོ་མཚན་སྨོས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ༴ གཉིས་པ་མཆོད་པར་བརྗོད་པ་ནི། ཁྱབ་བདག་གདོད་མའི་མགོན་པོ༴ གསུམ་པ་གླེང་སློང་བ་ནི། དུས་དེང་སང་སྙིགས་མ་ལྔ་བདོ་བའི༴ གཉིས་པ་འཇུག་ཡུལ་གཞུང་གི་དོན་བཀྲོལ་བ་དངོས་ལ་གཞི། ལྟ་བས་ཐག་བཅད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་བོགས་དབྱུང་བ། འབྲས་བུ་མངོན་དུ་གྱུར་ཚུལ་ལོ། །དང་པོ་ལྟ་བས་ཐག་བཅད་པ་ལ་བཞི། ཆོས་ཐམས་ཅད་སྟོང་ཉིད་བརྗོད་དུ་མེད་པར་གཏན་ལ་དབབ་པ། གཞི་དབྱིངས་རང་བྱུང་གི་ཡེ་ཤེས་གཅིག་པུར་འགག་བསྡམ་པ། འཁོར་འདས་ཕྱལ་བ་བར་མེད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་ཆིངས་སུ་བཅིང་བ། ཡེ་ནས་རྩོལ་མེད་རང་གསལ་ལྷུན་གྲུབ་ཆེན་པོར་ལ་བཟླ་

p. 580

བའོ། །དང་པོ་ཆོས་ཐམས་ཅད་སྟོང་ཉིད་བརྗོད་དུ་མེད་པར་གཏན་ལ་དབབ་པ་ལ་གཉིས། གང་ཟག་གི་བདག་མེད་གཏན་ལ་དབབ་པ་དང་། ཆོས་ཀྱི་བདག་མེད་གཏན་ལ་དབབ་པའོ། །དང་པོ་གང་ཟག་གི་བདག་མེད་གཏན་ལ་དབབ་པ་ལ་གསུམ། ཐོག་མར་བྱུང་བའི་ཁུངས། བར་དུ་གནས་པའི་ས། ཐ་མར་འགྲོ་བའི་ཡུལ་གཏན་ལ་དབབ་པའོ། དང་པོ་བྱུང་བའི་ཁུངས་ལ་བརྟག་པ་ནི། དང་པོ་གང་ཟག་གི་བདག་ཅེས་བྱ་བ༴ གཉིས་པ་བར་དུ་གནས་པའི་ས་ལ་བརྟག་པ་ནི། བར་དུ་གནས་པའི་ས་བཙལ་བ༴ གསུམ་པ་ཐ་མ་འགྲོ་བའི་ཡུལ་ལ་བརྟག་པ་ནི། དེ་བཞིན་དུ་ཐ་མ་འགྲོ་བའི་ཡུལ་དང་བདག་པོ༴ གཉིས་པ་ཆོས་ཀྱི་བདག་མེད་གཏན་ལ་དབབ་པ་ལ་བཞི། མིང་གི་གདགས་གཞི་བཙལ་བ། བདེན་དངོས་ཀྱི་རྟག་འཛིན་བཤིག་པ། ཕན་གནོད་ཀྱི་མཚང་ལ་རྒོལ་བ། རེ་དོགས་ཀྱི་རྫུན་ཕྲུག་བརྡིབ་པའོ། །དང་པོ་མིང་གི་གདགས་གཞི་བཙལ་བ་ལ་གཉིས། ཆོས་ཐམས་ཅད་མིང་དུ་བཏགས་པའི་དོན་བཙལ་ཏེ་སྟོང་པར་གཏན་ལ་དབབ་པ་དང་། སྟོང་པ་ལས་སྣང་ཕྱོགས་རྟེན་འབྲེལ་གྱི་རོལ་པར་འཆར་ཚུལ་ལོ། །དང་པོ་ཆོས་ཐམས་ཅད་མིང་དུ་བཏགས་པའི་དོན་བཙལ་ཏེ་སྟོང་པར་གཏན་ལ་དབབ་པ་ནི། མིང་ཐམས་ཅད་བཏགས་དོན་བཙལ་ན༴ གཉིས་པ་སྟོང་པ་

p. 581

ལས་སྣང་ཕྱོགས་རྟེན་འབྲེལ་གྱི་རོལ་པ་འཆར་ཚུལ་ནི། སླར་ཡང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ༴ གཉིས་པ་བདེན་དངོས་ཀྱི་རྟག་འཛིན་བཤིག་པ་ལ་གསུམ། ཀུན་ཁྱབ་འདུས་མ་བྱས་པའི་ནམ་མཁའི་ཆོས་བདུན་ལྡན་དུ་བསྟན་པ། འདུས་བྱས་ཀྱི་ཆོས་རྣམས་འགྱུར་བ་མེད་པའི་བདེན་དངོས་ཀྱིས་སྟོང་ཚུལ། སྟོང་པར་ཤེས་དགོས་པའི་རྒྱུ་མཚན་དོགས་གཅོད་བསྟན་པའོ། །དང་པོ་ཀུན་ཁྱབ་འདུས་མ་བྱས་པའི་ནམ་མཁའ་ཆོས་བདུན་ལྡན་དུ་བསྟན་པ་ནི། ཡང་རིག་འཛིན་བདུད་འདུལ་རྡོ་རྗེ༴ གཉིས་པ་འདུས་བྱས་ཀྱི་ཆོས་རྣམས་འགྱུར་བ་མེད་པའི་བདེན་དངོས་ཀྱིས་སྟོང་ཚུལ་ལ་གསུམ། སྟོང་ཚུལ་དངོས་དང་། དེ་ལ་ངེས་ཤེས་བསྐྱེད་ཕྱིར་རྨི་སྣང་དང་སྐྱེ་འཆིའི་འགྲོ་འོང་ལ་བརྟག་པ། གྲུབ་དོན་སྣང་ཙམ་དུ་ཐག་ཆོད་ཀྱི་ས་འཛིན་པའོ། །དང་པོ་སྟོང་ཚུལ་དངོས་ནི། རྫས་གཞན་གང་ལའང་མཚོན་གྱིས༴ གཉིས་པ་དེ་ལ་ངེས་ཤེས་བསྐྱེད་ཕྱིར་རྨི་སྣང་དང་སྐྱེ་འཆིའི་འགྲོ་འོང་ལ་བརྟག་པ་ནི། འདི་ལྟར་གཏན་ལ་ཕབ་པས་སྣང་བ༴ གསུམ་པ་གྲུབ་དོན་སྣང་ཙམ་དུ་ཐག་ཆོད་ཀྱི་ས་འཛིན་པ་ནི། ཡང་བདག་གིས་བླ་མ་ལགས༴ གསུམ་པ་སྟོང་པར་ཤེས་དགོས་པའི་རྒྱུ་མཚན་དོགས་གཅོད་བསྟན་པ་ལ་གསུམ། དངོས་འཛིན་སྐྱེ་གཞིའི་གཙོ་བོ་ལུས་ལ་ཞེན་པའི་ཉེས་དམིགས།

p. 582

དེ་ལྟར་གཏན་ལ་འབེབས་པ་ལ་ལོག་རྟོག་བསལ་བ། རྟོགས་བྱེད་ཤེས་རབ་ཀྱི་རྣམ་དབྱེ་དང་འབྲེལ་བར་གནད་ཀྱི་འགག་བསྡུ་བའོ། །དང་པོ་དངོས་འཛིན་སྐྱེ་གཞིའི་གཙོ་བོ་ལུས་ལ་ཞེན་པའི་ཉེས་དམིགས་ནི། ལུས་སུ་སྣང་བ་འདི་སྟོང་པར་མ་ཤེས༴ གཉིས་པ་དེ་ལྟར་གཏན་ལ་འབེབས་པ་ལ་ལོག་རྟོགས་བསལ་བ་ནི། ཡང་འདི་ལྟར་སྟོང་པར་ཤེས་ཀྱང༴ གསུམ་པ་རྟོགས་བྱེད་ཤེས་རབ་ཀྱི་རྣམ་དབྱེ་དང་འབྲེལ་བར་གནད་ཀྱི་འགག་བསྡུ་བ་ནི། དེ་ལྟར་སྣང་བ་ཐམས་ཅད་སྟོང་ཉིད་དུ༴ གསུམ་པ་ཕན་གནོད་ཀྱི་མཚང་ལ་རྒོལ་བ་ལ་གསུམ། ཕན་གནོད་མཚན་འཛིན་གྱི་རྟོག་པ་འབྱུང་བའི་རྒྱུ་ངོས་བཟུང་བ། ཕན་གནོད་དུ་སྣང་བའི་ཡུལ་གྱི་རང་བཞིན་ལ་བརྟག་པ། དེ་ལྟར་རྟོགས་པའི་ཆེ་བ་བསྟན་པའོ། །དང་པོ་ཕན་གནོད་མཚན་འཛིན་གྱི་རྟོག་པ་འབྱུང་བའི་རྒྱུ་ངོས་བཟུང་བ་ནི། ཡང་རེ་ཞིག་གི་དུས་སུ་གྲུབ་ཆེན་ས་ར་ཧའི༴ གཉིས་པ་ཕན་གནོད་དུ་སྣང་བའི་ཡུལ་གྱི་རང་བཞིན་ལ་བརྟག་པ་གཉིས། ཚེ་ཕྱི་མར་ཕན་གནོད་དུ་སྣང་བ་དགེ་སྡིག་ལ་བརྟག་པ། ཚེ་འདིར་ཕན་གནོད་དུ་སྣང་བ་ལྷ་འདྲེ་ལ་བརྟག་པའོ། །དང་པོ་ཚེ་ཕྱི་མར་ཕན་གནོད་དུ་སྣང་བ་དགེ་སྡིག་བརྟག་པ་ལ་གཉིས། བརྟག་ཚུལ་དངོས་དང་། བརྟག་དགོས་པའི་རྒྱུ་མཚན་ནོ། །དང་པོ་བརྟག་ཚུལ་དངོས་ནི། ཕན་བྱེད་ལུས་ངག་གི་དགེ་བ་

p. 583

ཐས་ཅད༴ གཉིས་པ་བརྟག་དགོས་པའི་རྒྱུ་མཚན་ནི། འདི་ལྟར་དགེ་བ་གཏན་ལ་མ་ཕབ་ན༴ གཉིས་པ་ཚེ་འདིར་ཕན་གནོད་དུ་སྣང་བ་ལྷ་འདྲེ་ལ་བརྟག་པ་ལ་གཉིས། བརྟག་ཚུལ་དངོས་དང་། འཁྲུལ་སྣང་ཉམས་ཀྱི་རྫུན་རིས་སུ་བསྟན་པོ། །དང་པོ་བརྟག་ཚུལ་དངོས་ནི། ཡང་ཕན་སྐྱོབས་ཀྱི་ལྷ་ཞེས་བྱ་བ་རྣམས༴ གཉིས་པ་འཁྲུལ་སྣང་ཉམས་ཀྱི་རྫུན་རིས་སུ་བསྟན་པ་ནི། མི་རྣམས་འཁྲུལ་པའི་དབང་གིས་རང་ལུས་སྟོད་སྨད་ལའང༴ བཞི་པ་རེ་དོགས་ཀྱི་རྫུན་ཕུག་བརྡིབ་པ་ལ་གསུམ། རེ་ཡུལ་སངས་རྒྱས་ཞིང་ཁམས་དང་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ། དོགས་ཡུལ་འཁོར་བའི་གནས་རིས་བདེ་སྡུག་དང་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ། དེ་ལྟར་རྟོགས་པའི་བསྔགས་པ་མིང་གི་ཆེ་བ་བརྗོད་པའོ། །དང་པོ་རེ་ཡུལ་སངས་རྒྱས་ཞིང་ཁམས་དང་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ་ལ་གསུམ། སངས་རྒྱས་ཞིང་དང་བཅས་པ་ལ་མཐར་འཛིན་ཞེན་པ་དགག་པ། དེ་ལ་སྒོ་ལྔ་ཡུལ་ལྔ་དང་བཅས་པར་བརྟག་སྟེ་བདེན་པའི་སྒྲོ་འདོགས་བཟློག་པ། ངེས་པ་དོན་གྱི་སངས་རྒྱས་ངོས་བཟུང་བའོ། །དང་པོ་སངས་རྒྱས་ཞིང་དང་བཅས་པ་ལ་མཐར་འཛིན་གྱི་ཞེན་པ་དགག་པ་ནི། ཡང་འོད་གསལ་དག་པའི་སྣང་ངོར་དཔལ་ཆེན་ཕྱག་

p. 584

ན་རྡོ་རྗེའི༴ གཉིས་པ་དེ་ལ་སྒོ་ལྔ་ཡུལ་དང་བཅས་པར་བརྟག་སྟེ་བདེན་པའི་སྒྲོ་འདོགས་བཟློག་པ་ནི། དེ་བཞིན་གཤེགས་པ་ཐེར་ཟུག་དང་བདེན་གྲུབ་ཏུ་ལྟབ༴ གསུམ་པ་ངེས་པ་དོན་གྱི་སངས་རྒྱས་ངོས་བཟུང་བ་ནི། ངེས་པའི་དོན་དུ་རང་གི་གཞི་ཀུན་ཏུ་བཟང་པོ་ནི༴ གཉིས་པ་དོགས་ཡུལ་འཁོར་བའི་གནས་རིས་བདེ་སྡུག་དང་བཅས་པ་ལ་བདེན་ཞེན་གྱི་རྫུན་ཕུག་བརྡིབ་པ་ནི། ཡང་འཁོར་བའི་གནས་རིས་གཞན་ཡོད་ཅིང་གྲུབ་སྟེ༴ གསུམ་པ་དེ་ལྟར་རྟོགས་པའི་བསྔགས་པ་མིང་གི་ཆེ་བ་བརྗོད་པ་ནི། དེ་ལྟར་འཁྲུལ་སྣང་གཏན་ལ་ཕབ་ནས་བདེན་མེད་སྟོང་པ༴ གཉིས་པ་གཞི་དབྱིངས་རང་བྱུང་གི་ཡེ་ཤེས་གཅིག་པུར་འགག་བསྡམས་པ་ལ། འགག་བསྡམ་ཚུལ་དངོས། དེ་ལས་གྲོལ་འཁྲུལ་གཉིས་སུ་སྣང་ཚུལ། གནད་ཀྱི་དོན་བསྡུ་བའོ། །དང་པོ་འགག་བསྡམ་ཚུལ་དངོས་ནི། དེ་ལྟར་བདག་གིས་ཡུན་རིང་པོར་གཏན་ལ་ཕབ་ནས༴ གཉིས་པ་དེ་ལས་གྲོལ་འཁྲུལ་གཉིས་སུ་སྣང་ཚུལ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་མདོར་བསྟན་པ་ནི། དེ་ནས་ཡང་ལོ་ཁྱིམ་བདུན་གྱི་རྗེས་སུ་རྨི་ལམ་དག་པའི་སྣང་ངོར༴ གཉིས་པ་རྒྱས་པར་བཤད་པ་ལ་གཉིས། གྲོལ་བ་མྱང་འདས་ཕྱོགས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་ཚུལ།

p. 585

འཁྲུལ་སྣང་འཁོར་བའི་རོལ་པ་གློ་བུར་དུ་མཆེད་ཚུལ་ལོ། །དང་པོ་གྲོལ་བ་མྱང་འདས་ཕྱོགས་ཀྱི་ཡོན་ཏན་རང་ཆས་སུ་ཡོད་ཚུལ་ལ་བཞི། གཞི་ལ་སྐུ་བཞི་ཡེ་ཤེས་ལྔ་རང་ཆས་སུ་རྫོགས་ཚུལ། ལམ་ལ་སྐུ་བཞི་ཡེ་ཤེས་ལྔ་རང་བབས་སུ་འཆར་ཚུལ། དེ་ལྟའི་ཡིན་ལུགས་མ་རྟོགས་པའི་ཤེས་པ་བཟོ་མེད་ལམ་བྱེད་གོལ་སར་བཤད་པ། རྟོགས་མ་རྟོགས་ཀྱི་རྣམ་དབྱེ་ཤེས་ཕྱིར་ཤེས་རབ་དང་སེམས་སེམས་བྱུང་ངོས་བཟུང་བའོ། །དང་པོ་གཞི་ལ་སྐུ་བཞི་ཡེ་ཤེས་ལྔ་རང་ཆས་སུ་རྫོགས་ཚུལ་ནི། གཞི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་ནི༴ གཉིས་པ་ལམ་ལ་སྐུ་བཞི་ཡེ་ཤེས་ལྔ་རང་བབས་སུ་འཆར་ཚུལ་ནི། དེ་ལྟར་རང་བྱུང་གི་སངས་རྒྱས་སུ་གྲོལ་བའི་ལམ་རིག་པ་ཡང༴ གསུམ་པ་དེ་ལྟའི་ཡིན་ལུགས་མ་རྟོགས་པའི་ཤེས་པ་བཟོ་མེད་ལམ་བྱེད་གོལ་སར་བཤད་པ་ནི། འདིའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མི་ཤེས་ཤིང༴ བཞི་པ་རྟོགས་མ་རྟོགས་ཀྱི་རྣམ་དབྱེ་ཤེས་ཕྱིར་ཤེས་རབ་དང་སེམས་སེམས་བྱུང་ངོས་བཟུང་བ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད༴ གཉིས་པ་འཁྲུལ་སྣང་འཁོར་བའི་རོལ་པ་གློ་བུར་དུ་མཆེད་ཚུལ་ལ་གསུམ། ཕྱི་འབྱུང་བ་ལྔའི་སྣང་བ་མཆེད་ཚུལ། ནང་ཚོགས་བརྒྱད་ཡུལ་སྣང་བཅས་པ་མཆེད་

p. 586

ཚུལ། དེའི་དོན་གྱི་གནད་བསྡུ་བའོ། །དང་པོ་ཕྱི་འབྱུང་བ་ལྔའི་སྣང་བ་མཆེད་ཚུལ་ནི། གཞི་ལ་རང་དབང་བསྒྱུར་བ་དག་པ་གཞིའི་སངས་རྒྱས༴ གཉིས་པ་ནང་ཚོགས་བརྒྱད་ཡུལ་སྣང་དང་བཅས་པ་མཆེད་ཚུལ་ནི། འཁྲུལ་པའི་གཞི་ལྔ་དེ་དག་གི་རྩལ་དུ་ཤར་བ༴ གསུམ་པ་དེའི་དོན་གྱི་གནད་བསྡུ་བ་ནི། འགའ་ཞིག་གིས་སྣང་བ་སེམས་སུ་འདོད་ཅིང༴ གསུམ་པ་གནད་ཀྱི་དོན་བསྡུ་བ་ནི། དེ་ལྟར་སྣང་སྲིད་འཁོར་འདས༴ གསུམ་པ་འཁོར་འདས་ཕྱལ་བ་བར་མེད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བར་ཆིངས་སུ་བཅིང་བ་ལ་གཉིས། སྣང་ཕྱོགས་ནས་སྣང་ཙམ་སྒྱུ་མ་ལྟ་བུར་ཕྱལ་བར་བསྟན་པ། སྟོང་ཕྱོགས་ནས་རང་བཞིན་བདེན་མེད་དུ་ཕྱལ་བར་བསྟན་པའོ། །དང་པོ་སྣང་ཕྱོགས་ནས་སྣང་ཙམ་སྒྱུ་མ་ལྟ་བུར་ཕྱལ་བར་བསྟན་པ་ནི། ཡང་དུས་རེ་ཞིག་གི་ཚེ་རིག་འཛིན་ཆེན་པོ་ཧཱུཾ་ཆེན་ཀྰ་རའི༴ གཉིས་པ་སྟོང་ཕྱོགས་ནས་རང་བཞིན་བདེན་མེད་དུ་ཕྱལ་བར་བསྟན་པ་ལ་གཉིས། ཆོས་ཉིད་གཅིག་གིས་ཆིངས་པའི་ཚུལ་གྱིས་མདོར་བསྟན་པ། ཇི་ལྟར་ཕྱལ་པའི་རྣམ་གྲངས་གསལ་བར་བསྟན་པས་རྒྱས་པར་བཤད་པའོ། །དང་པོ་ཆོས་ཉིད་གཅིག་གིས་ཆིངས་པའི་ཚུལ་གྱིས་མདོར་བསྟན་པ་ནི། མཚོ་ལ་གཟའ་སྐར་ཇི་ལྟར་མང་

p. 587

ཡང༴ གཉིས་པ་ཇི་ལྟར་ཕྱལ་བའི་རྣམ་གྲངས་གསལ་བར་བསྟན་པས་རྒྱས་པར་བཤད་པ་ལ་གསུམ། ཕན་གནོད་མཚན་མ་ལས་འདས་པའི་ངོ་བོར་ཕྱལ་བར་བསྟན་པ། མཐའ་བརྒྱད་སྤྲོས་བྲལ་གྱི་རང་བཞིན་དུ་ཕྱལ་བར་བསྟན་པ། རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་ཕྱལ་བར་བསྟན་པའོ། །དང་པོ་ཕན་གནོད་མཚན་མ་ལས་འདས་པའི་ངོ་བོར་ཕྱལ་པར་བསྟན་པ་ནི། སེམས་ཉིད་བདེ་གཤེགས་སྙིང་པོ་ཞེས་བྱ་བ་ནི༴ གཉིས་པ་མཐའ་བརྒྱད་སྤྲོས་བྲལ་གྱི་རང་བཞིན་དུ་ཕྱལ་བར་བསྟན་པ་ནི། གཞི་ཡི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ༴ གསུམ་པ་རྣམ་ཐར་སྒོ་གསུམ་གྱི་བདག་ཉིད་དུ་ཕྱལ་བར་བསྟན་པ་ནི། ཡང་སྟེང་འོག་ཕྱོགས་མཚམས་བར་དང་དུས་ལས་འདས་པས༴ བཞི་པ་ཡེ་ནས་རྩོལ་མེད་རང་གསལ་ཡོན་ཏན་ལྷུན་གྲུབ་ཆེན་པོར་ལ་བཟླ་ལ་གསུམ། ཐབས་ཤེས་དྲང་ངེས་ཀྱི་སྒོ་ནས་སྤྱིར་བསྟན་པ། ལྷུན་གྱིས་གྲུབ་པའི་ཡོན་ཏན་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ། དེ་ལྟར་རྟོགས་པའི་ཚུལ་ལ་ཡོན་ཏན་གྱི་ཁྱད་པར་རྫོགས་ཚུལ་ལོ། །དང་པོ་ཐབས་ཤེས་དྲང་ངེས་ཀྱི་སྒོ་ནས་སྤྱིར་བསྟན་པ་ནི། ཡང་འོད་གསལ་ཉམས་ཀྱི་སྣང་ངོར་འཇམ་དཔལ་སྨྲ་བའི་སེང་གེའི༴ གཉིས་པ་ལྷུན་གྱིས་

p. 588

གྲུབ་པའི་ཡོན་ཏན་གྱི་རྣམ་གཞག་བྱེ་བྲག་ཏུ་བཤད་པ་ལ་ལྔ། སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ། རིགས་ལྔ་ལྷུན་གྱིས་གྲུབ་ཚུལ། ཞིང་ཁམས་ལྔ་ལྷུན་གྱིས་གྲུབ་ཚུལ། སངས་རྒྱས་ལྔ་ལྷུན་གྱིས་གྲུབ་ཚུལ། མཁའ་འགྲོ་ལྔ་ལྷུན་གྱིས་གྲུབ་ཚུལ་ལོ། །དང་པོ་སྐུ་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། འཁོར་བའི་སྒོར་བསྟུན་ནས་དོན་དམ་ཀུན་རྫོབ་ཏུ་བསྟན་པ༴ གཉིས་པ་རིགས་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། འགྲོ་བ་རྣམས་རིགས་ལ་མངོན་པར་ཞེན་པ་དེ་དང་བསྟུན་ཏེ༴ གསུམ་པ་ཞིང་ཁམས་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། མི་རྣམས་ཡུལ་ལ་མངོན་པར་ཞེན་པའི་ཡུལ་དང་བསྟུན༴ བཞི་པ་སངས་རྒྱས་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། གཞི་དབྱིངས་ཁྱབ་བརྡལ་གྱི་རང་མདངས་ཁྱབ་བྱེད་ཀྱི་ཤེས་རབ༴ ལྔ་པ་མཁའ་འགྲོ་ལྔ་ལྷུན་གྱིས་གྲུབ་ཚུལ་ནི། དོན་གྱི་རྡོ་རྗེ་སྟོང་པ་ཉིད་ཀྱི་མཁའ་ལ༴ གསུམ་པ་དེ་ལྟར་རྟོགས་པའི་ཚུལ་ལ་ཡོན་ཏན་གྱི་ཁྱད་པར་རྫོགས་ཚུལ་ལ་གསུམ། དོན་དམ་པའི་ཆོ་གའི་ཡན་ལག་རྫོགས་ཚུལ། ཐེག་པ་རང་གི་མིང་གི་ཆེ་བ་རྫོགས་ཚུལ། རིམ་དགུའི་ཐེག་པའི་ཡོན་ཏན་ཡང་ལྡན་གྱི་ཚུལ་དུ་རྫོགས་ཚུལ་ལོ། །དང་པོ་དོན་དམ་པའི་ཆོ་གའི་ཡན་ལག་རྫོགས་ཚུལ་ལ་གཉིས། ཇི་ལྟར་རྫོགས་ཚུལ་དངོས་དང་། ཀུན་རྫོབ་ཐབས་ཀྱི་སྒོའི་བསྐྱེད་རིམ་བསྟན་པའི་

p. 589

དགོས་པའོ། །དང་པོ་ཇི་ལྟར་རྫོགས་ཚུལ་དངོས་ནི། དེ་ལྟར་གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ༴གཉིས་པ་ཀུན་རྫོབ་ཐབས་ཀྱི་སྒོའི་བསྐྱེད་རིམ་བསྟན་པའི་དགོས་པ་ནི། སླར་ཡང་བར་སྐབས་ཤིག་ཏུ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི༴ གཉིས་པ་ཐེག་པ་རང་གི་མིང་གི་ཆེ་བ་རྫོགས་ཚུལ་ནི། ཡང་རེ་ཞིག་གི་ཚེ་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཛ་ཊིའི༴ གསུམ་པ་རིམ་དགུའི་ཐེག་པའི་ཡོན་ཏན་ཡར་ལྡན་གྱི་ཚུལ་དུ་རྫོགས་ཚུལ་ནི། དེ་ལྟར་སྤྱིར་བཤད་ནས་བྱེ་བྲག་རིམ་དགུའི་ཐེག་པའི་ལམ་གྱི༴ རྩ་བའི་གཉིས་པ་བསྒོམ་པས་ཉམས་སུ་ལེན་ཚུལ་ལ་གཉིས། སྒོམ་པ་དམིགས་གཏད་དང་བྲལ་བའི་ཚུལ་སྤྱིར་བསྟན་པ། མཉམ་རྗེས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པའོ། །དང་པོ་སྒོམ་པ་དམིགས་གཏད་དང་བྲལ་བའི་ཚུལ་སྤྱིར་བསྟན་པ་ནི། སླར་ཡང་རིག་འཛིན་གྱི་རྒྱལ་པོ་ཤྲཱི་སེང་ཧའི༴ གཉིས་པ་མཉམ་རྗེས་ཀྱི་རིམ་པ་བྱེ་བྲག་ཏུ་བཤད་པ་ནི། དེའི་ངང་ཚུལ་ཤེས་ཏེ་ལུས་ཀྱི་སྒོ་ནས་བཟང་ངན་བར་གསུམ༴ རྩ་བའི་གསུམ་པ་སྤྱོད་པས་བོགས་དབྱུང་བ་ལ་གསུམ། ལྟ་སྤྱོད་ཕྱོགས་རེར་མི་འཆོལ་བའི་ཚུལ་ལ་བསླབ་པ། ལམ་གྱི་གོལ་ས་གཅོད་པ། ཡང་དག་པའི་སྤྱོད་ཚུལ་གཞན་བསྟན་པའོ། །དང་པོ་ལྟ་སྤྱོད་ཕྱོགས་རེར་མི་

p. 590

འཆོལ་བའི་ཚུལ་ལ་བསླབ་པ་ནི། སྤྱོད་པའི་གནད་ནི་ཐམས་ཅད་སྟོང་པ་ཉིད་ཡིན་པས༴ གཉིས་པ་ལམ་གྱི་གོལ་ས་གཅོད་པ་ལ་གཉིས། ཉམས་ཀྱི་གོལ་ས་ངོས་བཟུང་བ་དང་། སློང་གི་གོལ་ས་གཅོད་པའོ། །དང་པོ་ཉམས་ཀྱི་གོལ་ས་ངོས་བཟུང་བ་ནི། ཉམས་ཀྱི་སྣང་བ་ནི་སེམས་དང་ཤེས་རྒྱུད་སྔར་ལྟར་མ་ཡིན༴ གཉིས་པ་སློང་གི་གོལ་ས་གཅོད་པ་ནི། གཞན་ཡང་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན༴ གསུམ་པ་ཡང་དག་པའི་སྤྱོད་ཚུལ་གཞན་བསྟན་པ་ནི། ཡང་རེ་ཞིག་གི་ཚེ་རང་སྣང་དོན་གྱི་འོག་མིན༴ རྩ་བའི་བཞི་པ་འབྲས་བུ་མངོན་དུ་གྱུར་ཚུལ་ལ་གཉིས། འབྲས་བུ་གཏན་གྲོལ་གྱི་རིམ་པ་དངོས། དེའི་གནད་མི་འཆུག་པའི་གཟེར་ཤན་འབྱེད་ཀྱི་མན་ངག་གོ། །དང་པོ་འབྲས་བུ་གཏན་གྲོལ་གྱི་རིམ་པ་དངོས་ནི། དང་པོ་བསླབ་པ་ལ་བརྟེན་ནས་ཤེས་པ༴ གཉིས་པ་དེའི་གནད་མི་འཆུག་པའི་གཟེར་ཤན་འབྱེད་ཀྱི་མན་ངག་ལ་བཞི། སེམས་དང་རིག་པའི་ཤན་འབྱེད། ཡིད་དང་ཤེས་རབ་ཀྱི་ཤན་འབྱེད། རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་འབྱེད། ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་དོ། །དང་པོ་སེམས་དང་རིག་པའི་ཤན་འབྱེད་ནི། རིགས་ཀྱི་བུ་གཞི་མ་རིག་པ་རྩལ་རྣམ་པར་རྟོག་པ༴ གཉིས་པ་ཡིད་དང་ཤེས་

p. 591

རབ་ཀྱི་ཤན་འབྱེད་ནི། རྣམ་པར་རྟོག་པའི་ཆོ་འཕྲུལ་མཆེད་པའི་སྣང་བ༴ གསུམ་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་ཤན་འབྱེད་ནི། འདོད་ཡོན་གྱི་སྣང་བ་མཆེད་པའི་སྣང་ཡུལ༴ བཞི་པ་ཀུན་གཞི་དང་ཆོས་སྐུའི་ཤན་འབྱེད་པ་ལ་གཉིས། ཤན་འབྱེད་དངོས་དང་། གནད་ཀྱི་དོན་བསྡུ་བའོ། །དང་པོ་ཤན་འབྱེད་དངོས་ནི། གཞི་མ་རིག་པའི་དབང་གིས་ལུང་མ་བསྟན་དུ་སོང་བས༴ གཉིས་པ་གནད་ཀྱི་དོན་བསྡུ་བ་ནི། ཇི་ལྟར་རོལ་པ་དང་། ཆིངས་པ་དང་། ཁྱབ་པ་དང༴ རྩ་བའི་གསུམ་པ་མཐར་ཕྱིན་འཇུག་གི་དོན་སྨོས་པ་ནི། ཞེས་པ་འདི་ཡང་སྐྱེ་བ་དུ་མར་ལས་དང་སྨོན་ལམ༴ སོགས་ཀྱིས་ཡོངས་སུ་གྲུབ་པའོ། །ཞེས་པ་འདི་ཡང་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གྱིས་ཁྲིད་དཔོན་སྐབས་སུ་གོ་བདེའི་གསལ་བྱེད་དུ་བྲིས་ཤིག་པར་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།

སྣང་སྦྱང་ས་བཅད་མའི་ཀླད་ཀྱི་དོན་འགྲེལ།

p. 592
p. 593

ན་མོ་གུ་རུ་བཛྲ་དྷ་ར་ཡེ། འདིར་རང་བཞིན་རྫོགས་པ་ཆེན་པོའི་རང་ཞལ་མངོན་དུ་བྱེད་པའི་གདམས་པ་ཟབ་གསང་སྙིང་པོ་འདི་ཉིད་འཆད་པ་ལ། ཀླད་ཀྱི་དོན། གཞུང་གི་དོན། མཇུག་གི་དོན་དང་གསུམ། དང་པོ་ལའང་མཚན་སྨོས་པ། མཆོད་པར་བརྗོད་པ། བརྩམ་པར་དམ་བཅའ་བ་དང་གསུམ་ལས། དང་པོ་མཚན་སྨོས་པ་ནི། མེ་ཡི་རང་བཞིན་ཚ་བ་དང་། བུ་རམ་རང་བཞིན་མངར་བ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ལས་མ་འདས་པས་ན་ར༷ང་བཞི༷ན། འཁོར་འདས་ལམ་གསུམ་གྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་སེམས་ཀྱི་ཀློང་དུ་རྫོགས་པས་ན་རྫོ༷གས་པ༷། སྤང་རྟོགས་ཕྲིན་ལས་གསུམ་གྱི་བདག་ཉིད་ཆེན་པོར་རང་བྱུང་བས་ན་ཆེ༷ན་པོ༷། གཞི་ཀ་དག་སྐྱོན་དང་བྲལ་བ་ཆོས་སྐུའི་རང༷་ཞལ༷། གློ་བུར་གཟུང་འཛིན་གྱི་དྲི་མས་བསྒྲིབས་ནས་མངོན་དུ་མ་གྱུར་པ་དེ་ཉིད་མངོ༷ན་དུ༷་བྱེ༷ད་པ༷འི་གདམ༷ས་པ༷་ཟབ༷་མོ་གས༷ང་ཆེན་གཉིས་དང་ལྡན་ཅིང་ཆོས་ཐམས་ཅད་ཀྱི་སྙིང༷་པོ༷ར་གྱུར་པ་དེ་ལྟ་བུ་ཞིག་འདིར་ཡོད་པ་ལ་བཞུ༷གས་སོ༷་ཞེས་པའོ། །གཉིས་པ་མཆོད་པར་བརྗོད་པ་ལའང་གསུམ་

p. 594

ལས། དང་པོ་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་ཅིང་སྤྱིར་རྒྱལ་བ་ཀུན་གྱི་མཁྱེན་རབ་ཀྱི་ངོ་བོ་ཤེས་རབ་བསྐྱེད་པའི་ལྷ་ཡིན་ཅིང་། ཁྱད་པར་གཞུང་གི་བརྗོད་བྱ་ཤེས་རབ་ཀྱི་ཕྱོགས་གནས་ལུགས་དོན་དམ་པའི་བདེན་པ་ཐུན་མོང་མ་ཡིན་པའི་དོན་གཙོ་བོར་སྟོན་ཕྱིར་འཇམ་དཔལ་དབྱངས་ལ་ཕྱག་བྱ་བ་ནི། ན་མོ་གུ་རུ་མཉྫུ་ཤྲཱི་ཡེ། ཞེས་ལེགས་སྦྱར་གྱི་སྐད་དེ་ཉིད་བོད་སྐད་དུ་ཤན་སྦྱར་ན། ན་མོ་ནི་ཕྱག་འཚལ་ལོ། །གུ་རུ་ནི་བླ་མ། མཉྫུ་ཤྲཱི་ཡེ་ནི་འཇམ་དཔལ་ལ། ཞེས་པའི་དོན་གྱིས་ན་བླ་མ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོན༨ན༨ཞེས་པ་སྟེ། འདི་དག་ལ་ཀུན་རྫོབ་ཐབས་ཀྱི་ཆ་ལྟར་བཤད་པ་དང་། དོན་དམ་ཤེས་རབ་ཀྱི་ཆ་ལྟར་བཤད་པ་གཉིས་ལས། དང་པོ་ནི། གུ་རུའི་སྒྲ་ལས་བླ་མ་ཞེས་པ་ལུང་རྟོགས་ཡོན་ཏན་རྒྱ་མཚོའི་ཁུར་གྱིས་ལྕི་ཞིང་ཐུགས་སྒྲིབ་གཉིས་ཀྱི་དྲི་མའི་རྩུབ་རེག་དང་བྲལ་བས་འཇམ་པ་དང་། སྐུ་མཚན་དཔེ་བཟང་པོའི་དཔལ་དང་ལྡན་ཅིང་ཡན་ལག་དྲུག་ཅུའི་གསུང་དབྱངས་མངའ་བ་དེ་ལ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བ་དང་། གཉིས་པ་ལྟར་ན། གཞི་གནས་ལྷུན་གྲུབ་རིན་པོ་ཆེའི་ཡོན་ཏན་གྱི་ཁུར་ལྕི་ཞིང་། དེའི་ངོ་བོར་སྤྲོས་པའི་མཚན་མས་དབེན་ཕྱིར་འཇམ་པ་དང་། གཞི་སྣང་གཟུགས་

p. 595

སྐུའི་ཡོན་ཏན་གྱི་རྣམ་པར་འཆར་རུང་དུ་གནས་པས་ན་དཔལ་དང་། ཡེ་ཤེས་རླུང་གི་རང་གདངས་གསུང་རྡོ་རྗེའི་རྣམ་པར་གནས་པས་དབྱངས་ཞེས་བརྗོད་ལ། ཡུལ་གནས་ལུགས་དེ་དང་ཡུལ་ཅན་སོ་སོ་རང་རིག་པའི་ཡེ་ཤེས་གཉིས་དབྱེར་མེད་རོ་གཅིག་ཏུ་འདུས་པ་ལ་ཕྱག་གི་བརྡ་སྦྱར་བ་སྟེ། རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ཉིད་ལ་ནི་མར་བཞག་ལྟར། །རང་གི་ངང་གི་ཡེ་ཤེས་ནི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཅེས་གསུངས་པ་ལྟར་རོ། །གཉིས་པ་ཐེག་མཆོག་རྒྱལ་པོའི་སྟོན་པར་ཡོངས་སུ་གྲགས་པ་དེ་ལ་ཕྱག་འཚལ་བ་ནི། ཁྱབ་བདག་གདོད་མའི་སོགས་སྟེ། རིགས་ཐམས་ཅད་ཀྱི་སྤྲོ་གཞིར་གྱུར་པའི་ཁྱབ༷་བདག༷་ཆེན་པོར་མངོན་སངས་རྒྱས་ཤིང་། གདོ༷ད་མ༷འི་མགོ༷ན་པོའི༷་ཐུགས་ཡེ༷་ཤེ༷ས་ཀྱི༷་སྒྱུ༷་འཕྲུ༷ལ་ཆེན་པོའི་རོ༷ལ་པ༷་རྒྱལ་བ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ༷་སྐུ༷་གསུ༷མ་གྱི་བདག་ཉིད་དུ་འབད་རྩོལ་མེད་པར་ལྷུན༷་གྱིས་གྲུབ༷་པའི་དཔ༷ལ་དང་ལྡན་ཅིང་། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་བཀོད་པ་བས༷མ་གྱིས༷་མི་ཁྱབ་པའི་ཡོ༷ན་ཏན༷་རྒྱ་མཚོ་མཆོག༷་གི༷་རྟེན་གནས༷་སུ་གྱུར་པ་གང༷་ཡིན་པ་དེ་ལ༷་མི་ཕྱེད༷་དད༷་པས༷་ཕྱག༷་འཚ༷ལ་ལོ༷་ཞེས་དྲང་དོན་བརྡའི་སྟོན་པ་རྡོ་རྗེ་འཆང་ལ་ཕྱག་འཚལ་བ་སྟེ་བཤད་ཚུལ་དང་པོའི་དབང་དུ་

p. 596

བྱས་ལ། གཉིས་པ་ལྟར་ན། གཞི་དབྱིངས་འཁོར་འདས་ཀུན་ལ་ཁྱབ་པའི་བདག་ཉིད་ཅན་ཡེ་གདོད་མ་ནས་རང་མལ་དུ་གནས་པ་དེའི་ཡིན་ལུགས་མངོན་དུ་གྱུར་པས་སྲིད་ཞིའི་འཇིགས་པ་སྒྲོལ་བའི་མགོན་དུ་བཞུགས་ཤིང་། སྣང་ཆ་སྒྱུ་འཕྲུལ་གྱི་རོལ་པ་ངོ་བོ་སྟོང་པའི་ཆ་ནས་ཆོས་སྐུ། རང་བཞིན་འགགས་མེད་དུ་གསལ་བ་ལོངས་སྐུ། ཐུགས་རྗེའི་རྩལ་ལས་ཅིར་ཡང་འཆར་བས་སྤྲུལ་སྐུ་སྟེ། སྐུ་གསུམ་ལྷུན་གྱིས་གྲུབ་པའི་དཔལ་དང་ལྡན་པའི་ཕྱིར་ན་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་རྒྱ་མཚོ་མཆོག་གི་གནས་སུ་གྱུར་པ་ཡིན་ལ། ཕྱག་འཚལ་བའི་ཚུལ་ནི་གོང་གིས་རྟོགས་པར་བྱ་དགོས་སོ། །གསུམ་པ་ངོ་བོ་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དང་ཐ་མི་དད་པ་ཨོ་རྒྱན་ཆེན་པོ་བློ་ལྡན་མཆོག་སྲེད་རྩལ་ལ་ཕྱག་འཚལ་བ་ནི། མཁྱེན་རབ་དབང་ཕྱུག་སོགས་ཏེ། འདི་ལའང་བཤད་ཚུལ་གཉིས་ལས། དང་པོའི་དབང་དུ་བྱས་ན། མཁྱེན༷་རབ༷་ཀྱི་དབ༷ང་ཕྱུག༷་རྒྱ་བོད་རིག༷་འཛི༷ན་གྲུབ༷་བརྒྱའི༷་གཙོ་བོ་ཨོ༷་རྒྱ༷ན་གྱི་སློབ་དཔོན་ཆེ༷ན་པོ༷འི་བློ༷་མཁྱེན་རབ་ཀྱི་དཔལ་དང་ལྡ༷ན་ཅིང་། ཕུང་པོ་ལ་བདག་ཏུ་སྲེད་ཅིང་ཆགས་པ་བག་ལ་ཉལ་བཅས་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་བཅད་པས་སྲིད་པའི་མཐར་མ་ལྷུང་ཞིང་། སྙིང་རྗེས་ཆེན་པོས་སེམས་ཅན་ཐམས་ཅད་ལ་མཆོ༷ག་ཏུ་

p. 597

སྲེ༷ད་ཅིང་ཆགས་པས་དེ་དག་གི་དོན་སྒྲུབ་ཕྱིར་ཉན་རང་བཞིན་དུ་ཞི་བའི་མཐར་མ་ལྷུང་བ་སྟེ། རྒྱུད་བླ་མ་ལས། བདག་སྲེད་མ་ལུས་ཤེས་རབ་ཀྱིས་བཅད་དེ། །སེམས་ཅན་སྲེད་ཕྱིར་བརྩེ་ལྡན་ཞི་ཐོབ་མིན། །ཅེས་པ་ལྟར་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོའི་རྩ༷ལ་དང་ལྡན་པ་ཉིད་དངོ༷ས་དང་བརྒྱུད༷་པའི་བླ༷་མ༷འི་ངོ༷་བོ༷ར་སྙིང༷་དབུས༷་མི་ཤིགས་པའི་ཐིག་ལེའི་སྦྲུབས་སུ༷། ར༷ང་རི༷ག་བདེ་གཤེགས་སྙིང་པོའི་རང་བཞིན་རྣམ་པར་དག༷་པའི༷་འཁོར༷་ལོ༷ར་དབྱེར་མེད་དུ་དགྱེ༷ས་པ༷ར་རོལ༷་པ་སྟེ་ཕྱག་འཚལ་བ་དང་། གཉིས་པ་ལྟར་ན། གཞིའི་ངོ་བོ་རང་བྱུང་གི་ཡེ་ཤེས་ཆེན་པོའི་བདག་ཉིད་དུ་གནས་པས་ན་མཁྱེན་རབ་ཀྱི་དབང་ཕྱུག་དང་། རིག་གདངས་ལྷུན་གྲུབ་ཀྱི་ཡོན་ཏན་མཐའ་དག་འཛིན་པས་རིག་འཛིན། དེ་ནི་མངོན་དུ་གྱུར་བྱའི་གཙོ་བོ་ཡིན་ཕྱིར་གྲུབ་བརྒྱའི་གཙོ་བོ་དང་། གཞི་དབྱིངས་ཀྱི་མཁའ་ལ་རིག་པའི་ཡེ་ཤེས་རྟོགས་པས་ཨོ་རྒྱན། གློ་བུར་གྱི་སྒྲིབ་བྱེད་དང་བྲལ་ཏེ་འབྲས་བུ་མངོན་དུ་གྱུར་པ་ནི་བླ་ན་མེད་པས་ཆེན་པོ། གཞི་སྣང་གི་རྩལ་ཤེས་རབ་དང་སྙིང་རྗེ་འགོག་མེད་དུ་འཆར་བས་བློ་ལྡན་མཆོག་སྲེད་རྩལ་ཏེ། དངོས་བརྒྱུད་ཀྱི་བླ་མ་དག་ཀྱང་དེའི་ངོ་བོ་ལས་མ་འདས་པར་རྟོགས་པས་རང་རིག་དག་པའི་འཁོར་

p. 598

ལོར་དགྱེས་པར་རོལ་ཞེས་ཕྱག་གི་བརྡ་སྦྱར་བའོ། །དེ་ཡང་གཞི་དོན་མངོན་དུ་བྱེད་ལས་ལམ་གྱི་ཚུལ་བསྟན་ལ། ལམ་བསྒོམ་སྟོབས་ཀྱིས་གཞིའི་ཡོན་ཏན་མངོན་དུ་གྱུར་པ་ལས་འབྲས་བུ་གཞན་ན་མེད་པ་ཡང་ཤུགས་ཀྱིས་བསྟན་ཕྱིར་གཞི་ལམ་འབྲས་བུ་གསུམ་གྱི་ཚུལ་རྫོགས་པར་བསྟན་པ་ཡིན་ནོ། །དེས་ན་སྔ་ཕྱིའི་མཆོད་བརྗོད་གསུམ་པོ་དོན་དམ་གྱི་ཆ་དང་སྦྱར་ན་གནད་གཅིག་པ་ལྟ་བུར་སོང་ཡང་གོ་དོན་སློང་ཚུལ་གྱི་རྣམ་གྲངས་མི་འདྲ་བ་རེ་ཡོད་ཕྱིར་དོན་ལ་ངེས་པ་འདྲོང་ཚུལ་མི་འདྲ་བས་ན་ཟློས་སྐྱོན་དུ་མི་འགྱུར་རོ། །གསུམ་པ་བརྩམ་པར་དམ་བཅའ་བ་ནི། ཇི་སྙེད་རྒྱལ་རྣམས་སོགས་ཏེ། ཇི༷་སྙེད༷་པའི་རྒྱལ༷་བ་རྣམ༷ས་ཀྱི་དགོང༷ས་ཀློང༷་ཆོས་ཀྱི་དབྱིངས་སུ་དབྱེར༷་མེད༷་རོ་གཅིག་གི་ངང༷་དུ། བསླབ་པ་དང་སྦྱང་བ་ལ་མ་ལྟོས་པར་ཆོ༷ས་ཉིད༷་ནམ༷་མཁ༷འ་མཛོ༷ད་ཀྱི༷་བརྡ༷་རི༷ས་རང་བྱུང་དུ་གྲོལ་བ་ལ༷ས། མི༷་མི༷ན་རང་སྣང་གསང༷་བ་མཆོག༷་གི་སྟོན༷་པ༷ས་གདུལ་བྱའི་ལམ་གྱི་འཇུག་སྒོར་སྙན༷་བརྒྱུད༷་དུ༷་སྩ༷ལ་བ༷འི་རྨད༷་དུ་བྱུང༷་བའི་གདམ༷ས་པ༷་ཟབ་མོ་ཉིད་འདི༷་ན༷་འགོ༷ད་པར་བྱ་ཞེས་པའོ། །རྩ་བའི་ས་བཅད་གཉིས་པ་དང་གསུམ་པ་རྣམས་ནི་གཞུང་གིས་རྒྱས་པར་སྟོན་པར་འགྱུར་བའོ། །རང་རིག་སྐྱེ་མེད་ཡེ༷་ཤེས༷་ཉིད། །མི་འགྱུར་རྡོ༷་རྗེ༷འི་རང་

p. 599

བཞིན་དུ། །སྟོན་མཛད་ཟབ་གསང་སྙིང་པོ་ཡི། །གདམས་པའི་བཅུད་ལ་ལོངས་སྤྱོད་ཤོག །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཉུང་གསལ་གོ་བདེར་སྤེལ་བ་དགེ། །།

Pecha page