བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་གླེགས་བམ་བཞུགས་བྱང་ནོར་བུའི་དོ་ཤལ།
༄༅། །དྷཐགམྦྷིརཌཱཀིནཱིཙིཏྟཤྲཀྲསྱཔུསྟིཀཿཤཀལིམནཎིཀཧཱརབིཧརཏིསྨ། ༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་གླེགས་བམ་བཞུགས་བྱང་ནོར་བུའི་དོ་ཤལ་ཞེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི་སིངྔྷཾ། རྒྱལ་ཀུན་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་གར། །བསླུ་མེད་གཏན་གྱི་སྐྱབས་གཅིག་པདྨ་འབྱུང་། །གཞན་དུ་མི་འཚོལ་རང་རིག་གདོད་མའི་གཤིས། །འདུ་འབྲལ་མེད་པར་རྟོགས་པའི་ཕྱག་གིས་བསྙེན། །གང་བྱིན་བདུད་རྩིའི་འོད་སྣང་གིས། །བདག་བློའི་འདབ་རྒྱ་བཀྲོལ་བ་ལས། །གདམས་ཟབ་གེ་སར་འཛུམ་པའི་རྡུལ། །སྐལ་བཟང་བུང་བའི་དཔྱིད་དུ་སྨིན། །དེ་ཡང་ཁྲག་འཐུང་བདུད་འཇོམས་གླིང་བའི་སྐྱེ་སྲིད་དུ་ཁས་འཆའ་བའི་དུས་ངན་གྱི་ཟོག་པོ་འཇིགས་བྲལ་ཡེ་
ཤེས་རྡོ་རྗེའམ། མཚོ་སྐྱེས་བླ་མའི་ལུང་གིས་གར་དབང་འགྲོ་འདུལ་གླིང་པ་ཞེས་ནོར་སྐྱོང་རྒན་པོར་གདོང་ལྔའི་མིང་གིས་དབང་བསྐུར་བ་བདག །ཚེ་རབས་སྔ་མ་རྣམས་སུ་པད་འབྱུང་ཡབ་ཡུམ་གྱིས་བརྩེ་བས་རྗེས་སུ་བཟུང་བའི་གདུལ་བྱ་ཙམ་དུ་གཏོགས་པའི་ལས་འཕྲོ་ཅུང་ཟད་ལ་བརྟེན། གུ་རུ་ཡབ་ཡུམ་ལ་བཅོས་མ་མ་ཡིན་པའི་དད་པ་བརྟན་པོ་ལྷན་སྐྱེས་སུ་ཡོད་ཅིང་། མེས་པའི་ཉེར་ལེན་གྱིས་ཅུང་ཟད་བྱིན་གྱིས་བརླབས་པའི་མཚན་མའང་ཡང་ཡང་ཐོབ་པར་མ་ཟད་ཇི་སྐད་དུ། ཨོ་རྒྱན་བདེ་ཆེན་གླིང་པའི་གཏེར་ལུང་ལས།
མ་འོངས་བོད་ཡུལ་གངས་རི་རྩེ་དགུའི་ཤར༔ རང་བྱུང་ཕག་མོའི་གསང་བའི་ཞིང་ཁམས་སུ༔ རྗེ་ཡི་རིགས་ལས་འབྲོག་བན་རྣམ་རོལ་ནི༔ ཛྙཱ་ནའི་མིང་ལྡན་སྔགས་ཀྱི་བརྟུལ་ཞུགས་འཛིན༔ ཆ་ལུགས་མ་ངེས་བྱིས་སྤྱོད་ཤེས་རབ་ཅན༔ གཏེར་གསར་འབྱིན་ནམ་གཏེར་རྙིང་བསྟན་པ་སྐྱོང་༔ འབྲེལ་ཚད་རྔ་ཡབ་དཔལ་རིར་ཁྲིད་པ་འབྱུང་༔ ཞེས་པ་ལྟར། གཞོན་ནུའི་དུས་ནས་རང་སྐལ་གྱི་གཏེར་སྒྲོམ་མང་པོ་རྙེད་ཅིང་བདག་ཏུ་བཟུང་བའི་འཁྲུལ་སྣང་གྲངས་ལས་འདས་པ་མཐོང་ཞིང་། ཁྱད་པར་རང་ལོ་བཅུ་གསུམ་པར་གུ་རུ་དངོས་སུ་མཇལ་བའི་སྣང་ཉམས་ཞིག་གི་རྗེས་ཐོག་བུ་མོ་འགའ་ཞིག་རྩེད་མོའི་གྲོགས་ཀྱི་ཚུལ་དུ་ཡོད་པས་སྤྲོད་ཉམས་ལ་དངོས་སུ་ཤོག་སེར་བརྡ་ཡིག་ཅན་གྱི་བྱ ང་བུ་ཁ་ཤས་ལག་ཏུ་བབས་པ་སོགས་སྔ་ཕྱིར་ཡ་མཚན་ཅན་གྱི་ཆོ་འཕྲུལ་སྣ་ཚོགས་བྱུང་མོད། གནས་དུས་གྲོགས་འཁོར་སོགས་ཀྱི་རྟེན་འབྲེལ་གཞན་དབང་དུ་གྱུར་ཅིང་ཕྱི་ནང་གི་རྐྱེན་དུ་མས་ཡིད་ཕྱུངས་ཏེ་ཤོག་སེར་རྣམས་ཡུམ་ཆེན་ན་བཟའ་དཀར་མོར་ཕུལ། དེ་ནས་བཟུང་སྟེ་གཏེར་ཆོས་གོང་མ་རྣམས་ཀྱི་བསྟན་པ་སྐྱོང་གང་ཐུབ་ལས་གཏེར་གསར་འབྱིན་སྤེལ་གྱི་རེ་དོགས་རྩ་བ་ནས་བཅད་དེ་བག་ཡངས་ཞིག་པོའི་ངང་དུ་གནས་མུས་ལ། རང་ལོ་ཉེར་ལྔ་པ་
ས་འབྲུག་གྲོ་བཞིན་ཟླ་བའི་ཤར་ཕྱོགས་ཀྱི་ཚེས་བཅུའི་ཉིན་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེར་ཌཱ་ཀིས་བསྐུལ་བྱང་བྱུང་འདུག་པ་བཞིན་གློ་བུར་དུ་ངེད་ལ་མཁའ་འགྲོའི་སྒྲུབ་ཐབས་ཟབ་འདྲིལ་ཞིག་ད་ལྟ་ཉིད་དུ་འབེབས་གྲུབ་པ་དགོས་ཞེས་བསྐུལ་བར། རང་ཉིད་ནས་བདག་བསྐྱེད་རྒྱུན་ཁྱེར་ཙམ་ཞིག་འབྲི་འདུན་རུང་དེ་འཕྲལ་རྒྱུན་གྱི་རྩོམ་པ་དང་མི་འདྲ་བའི་གཞུང་འདིའི་ཚིག་དོན་མ་ལུས་བཀྲ་ལམ་མེར་ཡིད་ངོར་འཆར་བ་བྱུང་བས་དགོངས་གཏེར་གྱི་ཕྱོགས་སུ་གོ་ཡང་གཏེར་ཆོས་ཀྱི་མིང་མ་བཏགས་པར་གང་ཤར་བཅོས་བསླད་བྲལ་བར་སྟན་ཐོག་དེ་ཉིད་དུ་བྲིས་ནས་བྱིན། དེས་ཀྱང་ཡར་ཀླུང་ཤེལ་གྱི་བྲག་ཕུག་ཏུ་བསྒྲུབས་པ་བྱིན་རླབས་ཀྱི་མཚན་མ་བཟང་པོ་མཐོང་བས་ཡིད་ཆེས་ཏེ་ད་དུང་ཕྱི་ནང་གསང་བའི་སྒྲུབ་ཐབས་སོགས་ཕྲིན་ལས་ཆ་ཚང་བར་འབེབས་དགོས་ཀྱི་བསྐུལ་ནན་དྲག་པོས་རྣ་བའི་བུ་ག་ཡང་ནས་ཡང་དུ་གཙེར་བ་བཟོད་པ་མ་ནུས་ཏེ། རྩ་བའི་ཚིག་སྣེ་གང་ཤར་ས་བོན་ཙམ་དུ་སྤྲོས་ཤིང་ཡན་ལག་ཉེར་མཁོ་འགའ་ཞིག་ཁ་སྐོང་དུ་བསྡེབས། ཕྱིས་མི་དབང་ཐའི་ཇི་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེས་ལམ་འདིར་ལས་འཕྲོ་སད་པའི་ཐུགས་བསྐྱེད་ཀྱིས་ཟབ་ཆོས་བདག་པོར་ཞེས་པ་གང་གི་ཚེ་བསྙེན་པའི་མན་ངག་དང་ཁྲིད་ཡིག་སོགས་གསལ་བྱེད་འཇུག་པ་བདེ་བའི་ཡིག་
ཆ་མདོར་བསྡུས་ཀྱིས་བརྒྱན་ཏེ་ཉམས་ལེན་གནད་ཚང་དུ་སྤེལ་བར་བྱས་པའོ། །དེ་ལྟར་མཁའ་འགྲོ་ཐུགས་ཀྱི་ཐིག་ལེའི་ཆོས་ཚན་གྱི་རྣམ་གྲངས་ཇི་ལྟར་བཞུགས་པའི་ཚུལ་ལ། ཐོག་མར་གླེགས་བམ་བཞུགས་བྱང་ནོར་བུའི་དོ་ཤལ་ལྡེབ་༥ཡིས་ཐོག་དྲངས་ཏེ། ཟབ་ལམ་མཁའ་འགྲོའི་སྒྲུབ་པ་དངོས་གྲུབ་གཏེར་མཛོད་ལྡེབ་༨འདི་ཕྱི་ལྟར་མཚོ་རྒྱལ་གྱི་སྒྲུབ་པའོ། །ནང་ལྟར་ཀུ་རུ་ཀུལླེའི་སྒྲུབ་པ་དང་། དེའི་དབང་གི་སྦྱིན་སྲེག་བཅས་ལྡེབ་༡གསང་བ་སེདྷ་མུ་ཁའི་སྒྲུབ་པ་ལྡེབ་༡ཡང་གསང་ཁྲོས་མ་ནག་མོའི་སྒྲུབ་པ་ལྡེབ་༡ རྡོ་རྗེ་ཕག་མོའི་ཟབ་ཏིག་ལྡེབ་༣མཁའ་འགྲོའི་ཚེ་སྒྲུབ་ཟབ་མོ་ལྡེབ་༡གྲུབ་རྟགས་ལས་ཚོགས་ཟབ་མོ་ལྡེབ་༡༠ཞི་བའི་ལས་ཚོགས་ལྡེབ་༣རྒྱས་པའི་ལས་ཚོགས་ལྡེབ་༣ཚེའི་ལས་ཚོགས་ལྡེབ་༤བསྟན་སྲུང་ཨེ་ཀ་ཛ་ཊཱིའི་སྒྲུབ་ཐབས་ལྡེབ་༡བཅས་གཞུང་རྩ་བའི་སྐོར་རོ། །དེ་ལས་འཕྲོས་པ་ཡན་ལག་ཁ་སྐོང་གི་སྐོར་ལ། བརྒྱུད་འདེབས་བྱིན་རླབས་བཅུད་འབེབས་ལྡེབ་༡ལས་བྱང་བདེ་ཆེན་འདོད་འཇོ་ལྡེབ་༨རྒྱུན་ཁྱེར་ལྡེབ་༡སྐོང་བ་ལྡེབ་༢རྩ་གསུམ་སྤྱིའི་ཚོགས་བསྡུས་རྨི་ལམ་མ་ལྡེབ་༡ཉེར་མཁོ་རྩ་གསུམ་དམ་ཅན་སྤྱིའི་གཏོར་འབུལ་ལྡེབ་༤སྔགས་སྲུང་མའི་གཏོར་འབུལ་ལྡེབ་༢མ་དང་མཁའ་འགྲོའི་སྐོང་བཤགས་ཚིག་བདུན་ཡུམ་ཀ་
ལས་ཁོལ་དུ་ཕྱུངས་པ་ལྡེབ་༦མེ་མཆོད་ཀྱི་ཆོ་ག་ཞི་བའི་བདུད་རྩི་ལྡེབ་༤གྲིབ་སེལ་གྱི་ཆོ་ག་ཉེས་པའི་གདུང་སེལ་ལྡེབ་༣ཁྲུས་ཀྱི་ཆོ་ག་ཟླ་ཤེལ་བདུད་རྩི་ལྡེབ་༦སུན་ཟློག་གི་ཆོ་ག་བར་ཆད་གཡུལ་ཟློག་ལྡེབ་༤བཀྲ་ཤིས་གཏེར་བུམ་སྒྲུབ་པའི་མན་ངག་འདོད་འབྱུང་ནོར་བུ་ལྡེབ་༡༢ལོ་ཏོག་ལ་ཕན་པའི་མན་ངག་བདུད་རྩིའི་སྤྲིན་ཆེན་ལྡེབ་༦རབ་གནས་ཀྱི་ཆོ་ག་བཀྲ་ཤིས་ཆར་འབེབས་ལྡེབ་༨གནས་ལུང་གི་ཆོ་ག་ཐུགས་རྗེའི་ལྕགས་ཀྱུ་ལྡེབ་༥དམ་རྫས་བདུད་རྩིའི་སྒྲུབ་ཐབས་གྲུབ་པའི་བཅུད་ལེན་ལྡེབ་༥ཚེ་སྒྲུབ་ཀྱི་གསལ་བྱེད་ཚེ་དབང་དང་བཅས་པ་འཆི་མེད་འདོད་འཇོ་ལྡེབ་༧བླ་བསླུའི་ཆོ་ག་རིང་འཚོའི་དཔལ་སྟེར་ལྡེབ་༤འཆི་བསླུའི་ཆོ་ག་སྲོག་གི་ལྗོན་ཤིང་ལྡེབ་༥བརྟན་བཞུགས་འབུལ་བའི་ཆོ་ག་ཕན་བདེའི་འཛུམ་ཟེར་ལྡེབ་༥དེའི་ཆ་ལག་རྫས་བརྒྱད་འབུལ་བ་ལྡེབ་༢རྒྱས་པའི་སྲེག་བླུགས་ཀྱི་ཆོ་ག་འདོད་རྒུའི་སྤྲིན་ཕུང་ལྡེབ་༣མ་མོའི་འཁྲུགས་སྐོང་གི་ཆོ་ག་ཕྲིན་ལས་མྱུར་འགྲུབ་ལྡེབ་༥སྨིན་བྱེད་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་དོ་ཤལ་ལྡེབ་༧སྔོན་འགྲོའི་ངག་འདོན་ལྡེབ་༢སྔོན་འགྲོའི་དམིགས་ཁྲིད་ཟིན་བྲིས་སུ་བཏབ་པ་ལྡེབ་༡༢བསྙེན་པའི་གསལ་བྱེད་དངོས་གྲུབ་སྙེ་མ་ལྡེབ་༡༤རིམ་གཉིས་ཀྱི་ཁྲིད་ཡིག་དངོས་གྲུབ་
འདོད་འཇོ་ལྡེབ་༤༦རྫོགས་རིམ་ཕྱག་རྒྱའི་མན་ངག་གུད་སྦས་ལྡེབ་༡༩རྩ་རླུང་འཁྲུལ་འཁོར་ལག་ཁྲིད་ལྡེབ་༥ལོ་གསུམ་ཉམས་ལེན་གྱིས་བཅད་ལྡེབ་༢གཅོད་ཀྱི་ངག་འདོན་ཁ་སྐོང་དུ་བསྡེབས་པ་ལྡེབ་༡འཕོ་བའི་ཉམས་ལེན་ངག་འདོན་དུ་བསྡེབས་པ་ལྡེབ་༡གསར་སྒྲུབ་སེང་གདོང་མའི་ཚིགས་མཆོད་དངོས་གྲུབ་རོལ་མཚོ་ལྡེབ་༢གཏོར་དབང་བྱིན་རླབས་སྤྲིན་ཕུང་ལྡེབ་༡ཞི་བའི་སྦྱིན་སྲེག་བར་ཆད་ཀུན་སེལ་ལྡེབ་༢ཐུགས་ཐིག་གི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ལྡེབ་༡བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ་ལྡེབ་༥དང་། སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ་ལྡེབ་༥བཅས་ལེ་ཚན་གཉིས་པོ་བྱ་བྲལ་བུདྡྷའི་གསུང་ངོ་། ༈ །རིགས་བདག་ཡབ་ཀའི་སྐོར་ལ། མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་གི་རྩ་གཞུང་ལྡེབ་༨ཕྱི་ལྟར་ཨོ་རྒྱན་སྨན་གྱི་བླ་མར་སྒྲུབ་པ་ལྡེབ་༡འདི་དང་། ནང་ལྟར་ཨོ་རྒྱན་མཁའ་འགྲོ་ནོར་ལྷར་སྒྲུབ་པ་གཉིས་ཀྱི་དོན་བསྡུས་འོག་ཏུ་གསལ་བ་བཞིན་ཕྲིན་ལས་མདོར་བསྡུས་བཀླག་ཆོག་ཏུ་བཀོད་པར་བྱས། བླ་མ་དྲག་པོ་རྟ་ཕུར་ཟུང་འཇུག་གི་དྲིལ་སྒྲུབ་ལྡེབ་༢ཡང་གསང་བདུད་འདུལ་ཁྲོ་བོ་འཆོལ་བར་སྒྲུབ་པ་ཁ་སྐོང་བཅས་ལོགས་སུ་གསལ་ཞིང་། ཁ་སྐོང་ལ།
བརྒྱུད་འདེབས་དབང་བྱིན་ཆར་འབེབས་ལྡེབ་༡ཚེ་སྒྲུབ་མན་ངག་གནད་བྱང་ལྡེབ་༡དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་ཆུན་པོ་ལྡེབ་༨སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་བང་མཛོད་ལྡེབ་༤རྒྱུན་ཁྱེར་སྙིང་པོའི་བཅུད་དྲིལ་ལྡེབ་༡ཨོ་རྒྱན་སྨན་གྱི་བླ་མ་མཆོད་ཅིང་ཐུགས་དམ་བསྐུལ་བའི་ཆོ་ག་བདུད་རྩིའི་བུམ་བཟང་ལྡེབ་༤ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒོ་ནས་སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཆོ་ག་འདོད་རྒུའི་གྲུ་ཆར་ལྡེབ་༤དེའི་གཏེར་བུམ་བཅའ་ཚུལ་གྱི་ཟིན་བྲིས་ལྡེབ་༢བསེ་རག་རྫོང་ཐབས་ལྡེབ་༡སྨོན་ལམ་དང་བཀྲ་ཤིས་པདྨ་གཡང་འབུམ་ལས་ཁོལ་དུ་ཕྱུངས་པ་ལྡེབ་༢གཏོར་མའི་དཔེའུ་རིས་ལྡེབ་༣བཅས་བཞུགས་སོ། །དེ་ལྟར་སྙིང་པོའི་གདམས་སྐོར་འདི། །བཀའ་མ་མིན་ཏེ་གཏེར་མའང་མིན། །དག་སྣང་སྙན་བརྒྱུད་ལྟ་ཅི་ཞིག །རྣམ་རྟོག་འོག་འགྱུའི་རི་མོ་ཡིན། །རིག་ཁམས་ཀུན་གཞིའི་རྔ་བོ་ཆེ། །དོན་གཉེར་དབྱུག་གུས་བསྐུལ་བ་ལས། །རང་ཤར་ཆོས་ཀྱི་སྒྲ་བྱུང་བ། །གྲགས་སྟོང་སྐྱེ་མེད་མཚན་པ་བཞིན། །ཚུལ་འདིས་རང་དང་གཞན་གྱི་དོན། །འགྲུབ་པའི་ངེས་པ་མ་མཆིས་མོད། །སྙིང་ནས་ཡིད་ཆེས་བློ་ཡོད་ན། །མི་འགྲུབ་པ་ཡི་ངེས་པའང་ཅི། །གཞན་བསླུའི་སེམས་བསྐྱེད་མི་ལྡན་
ཕྱིར། ཆོས་མཐུན་སྨྲས་ལ་ཉེས་མེད་ཀྱི། །བླུན་པོ་མགུ་བའི་རེ་བ་དང་། །མཁས་པས་ཁྲེལ་གྱི་དོགས་པའང་མེད། །རེ་དོགས་མེད་པའི་སྨྱོན་པ་ངས། །ཡིན་མིན་མེད་པའི་གདམས་པ་བཀྲལ། །ཐེ་ཚོམ་མེད་པའི་སྐྱེ་བོ་འགས། །བསླུ་བ་མེད་པའི་འབྲས་ཐོབ་སྲིད། །ཅེས་ཀྱང་སྨྲས་སོ། །དགེའོ། །
ཟབ་ལམ་མཁའ་འགྲོའི་སྒྲུབ་པ་དངོས་གྲུབ་གཏེར་མཛོད།
ཟབ་ལམ་མཁའ་འགྲོའི་སྒྲུབ་པ་དངོས་གྲུབ་གཏེར་མཛོད་བཞུགས་སོ༔
བདེ་སྟོང་ཡེ་ཤེས་ཐིག་ལེའི་གཟུགས༔ ལྷན་སྐྱེས་མཁའ་འགྲོར་ཡོངས་བཏུད་ནས༔ དེ་ཉིད་སྒྲུབ་པའི་རྣལ་འབྱོར་ནི༔ ཤིན་ཏུ་བསྡུས་པའི་ཚུལ་གྱིས་བཤད༔ ས་མ་ཡ༔ དབེན་ཞིང་ཉམས་དགའ་བག་ཕེབས་ལ༔ མཁའ་འགྲོ་འདུ་བའི་གནས་རྣམས་སུ༔ སྐུ་གསུང་ཐུགས་ཀྱི་མཚན་མ་དང་༔ ཁྱད་པར་ཐོད་པ་མཚན་ལྡན་ནང་༔ བྱང་སེམས་ཨ་མྲྀ་ཏ་ཡིས་གཏམས༔ ལེ་བརྒན་དར་གྱིས་ལེགས་བཀབ་པ༔ དཀྱིལ་འཁོར་དབུས་སུ་བཀོད་ནས་ཀྱང་༔ ཕྱི་ནང་མཆོད་པའི་ཚོགས་ཀྱིས་བསྐོར༔ ཐོག་མར་སྔོན་འགྲོའི་རིམ་པ་ལ༔ མདུན་
མཁར་སྐྱབས་ཡུལ་གསལ་བཏབ་སྟེ༔ ན་མོ༔ རང་རིག་ཡེ་ཤེས་མཁའ་འགྲོ་མར༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ མ་རྟོགས་གཉིས་འཛིན་འཁྲུལ་པའི་བློ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ཞེས་པས་སྐྱབས་སོང་སེམས་བསྐྱེད་ནས༔ ཨ༔ ཀ་དག་གཏིང་གསལ་མཁའ་འགྲོ་མར༔ ཆོས་ཉིད་མངོན་སུམ་མཐོང་བས་འདུད༔ ཉམས་སྣང་གོང་དུ་འཕེལ་བས་མཆོད༔ རིག་པ་ཚད་ལ་ཕེབས་པར་བཤགས༔ ཆོས་ཉིད་ཟད་ལ་རྗེས་ཡི་རང་༔ བརྗོད་མེད་ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོར་བཞུགས་གསོལ་
འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ དེ་ལྟར་ཚོགས་བསགས་རྒྱུད་སྦྱངས་ཏེ༔ སྐྱབས་ཡུལ་ལྷ་རྣམས་རང་ལ་བསྡུ༔ བཀའ་བསྒོ་སྲུང་མཚམས་བཅད་པ་ནི༔ ཧཱུྃ༔ སྣང་སྲིད་དག་པ་རབ་འབྱམས་ལ༔ གཉིས་འཛིན་འཁྲུལ་པའི་མིང་ཡང་མེད༔ གློ་བུར་རྣམ་རྟོག་མ་རིག་བགེགས༔ བདག་མེད་ཆེན་པོར་མཚམས་བཅད་དོ༔ ངྷརྨ་ངྷཱ་ཏུ་རཀྵ་ཨ༔ རྡོ་རྗེའི་བྱིན་ཆེན་དབབ་པ་ནི༔ ཨ༔ ངོ་བོ་སྟོང་པའི་ཞིང་ཁམས་ནས༔ ཆོས་སྐུའི་མཁའ་འགྲོས་བྱིན་ཕོབ་ཅིག༔ རང་བཞིན་གསལ་བའི་ཕོ་བྲང་ནས༔ ལོངས་སྐུའི་མཁའ་འགྲོ༴ ཐུགས་རྗེ་ཀུན་ཁྱབ་གཞལ་ཡས་ནས༔ སྤྲུལ་སྐུའི་མཁའ་འགྲོས་བྱིན༴ སྐྱེ་མེད་དགོངས་ཉམས་ཡ་ལ་ལ༔ འགགས་མེད་སྔགས་སྒྲ་དི་རི་རི༔ སྣང་བ་འཇའ་སྐུར་ལམས་སེ་ལམ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབ་ལ༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ མཆོད་རྫས་བྱིན་གྱིས་བརླབ་པ་ནི༔ ཧཱུྃ༔ ཀུན་བཏགས་སྣ་ཚོགས་སྣང་བའི་ཆོས༔ ཡོངས་གྲུབ་མཆོད་པའི་ཕུང་
པོ་ནི༔ ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་ལས༔ ནམ་མཁའ་ལྟ་བུར་འཛད་པ་མེད༔ བཛྲ་སྥ་ཎ་ཁཾ༔ དེ་ནས་དངོས་གཞིའི་ལས་རིམ་ལ༔ དམ་ཚིག་དཀྱིལ་འཁོར་བསྒོམ་པ་ནི༔ ཨ༔ མ་བཅོས་ཀ་དག་དེ་བཞིན་ཉིད༔ ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རྩལ༔ སོར་རྟོག་ཡེ་ཤེས་ཡི་གེ་བཾ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་མ་དག་དངོས་འཛིན་སྦྱངས༔ སྣོད་བཅུད་བདེ་ཆེན་པདྨ་འོད༔ ངོ་མཚར་དག་པའི་གྲོང་ཁྱེར་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས༔ བདག་རྟོག་རྩད་གཅོད་གྲི་གུག་དང་༔ དངོས་གྲུབ་མཆོག་སྩོལ་ཐོད་པ་འཛིན༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ གཅེར་མོ་དར་དང་རིན་པོ་ཆེ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ སྤྱི་བོར་ཐབས་མཆོག་རིགས་ཀྱི་བདག༔ པདྨ་གར་དབང་ཐོད་ཕྲེང་རྩལ༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ འཇའ་འོད་ཟེར་ཐིག་ཀློང་དུ་བརྗིད༔ གདན་
གསུམ་སྐུ་ཡི་བཀོད་པ་ལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ མ་འདྲེས་ཏིལ་གོང་ཕྱུར་བཞིན་རྫོགས༔ གདོད་ནས་དག་མཉམ་ཆེན་པོར་གསལ༔ དབྱིངས་ནས་ཡེ་ཤེས་དགུག་པ་ནི༔ ཧཱུྃ༔ བདེ་ཆེན་སྐྱེ་མེད་ཕོ་བྲང་ནས༔ རང་བྱུང་འགགས་མེད་མཁའ་འགྲོའི་ཚོགས༔ ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་ལ༔ འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔ བཛྲ་སམཱ་ཛ༔ ཛཿ ཧཱུྃ་བྃ་ཧོ༔ དམ་ཡེ་གཉིས་མེད་ངོ་བོ་རུ༔ ཡོངས་གྲུབ་ཆེན་པོར་ང་རྒྱལ་བྱ༔ རང་ལས་སྤྲུལ་པའི་ལྷ་མོ་ཡིས༔ ཕྱག་མཆོད་བསྟོད་པ་བྱེད་པར་བསམ༔ ཧཱུྃ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ སྒོ་གསུམ་རྡོ་རྗེའི་ངོ་བོར་བཞུགས༔ མཁའ་འགྲོ་སེམས་ཀྱི་སྒྱུ་འཕྲུལ་གར༔ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏེ་བྃ་ལྷན༔ ན་མོ་ཧོཿ ཧོཿ ཡུལ་དྲུག་འདོད་ཡོན་བཀོད་པའི་ཆོས༔ སྣང་ཡང་འཛིན་པས་མ་བསླད་པར༔ ཡེ་གྲོལ་མཆོད་པའི་སྤྲིན་དུ་ཤར༔ བདེ་བ་ཆེན་པོའི་ངང་དུ་འབུལ༔ ཨོཾ་སརྦ་པཱུ་ཛ་མེ་གྷ་ཨཱཿཧཱུྃ༔ ཧཱུྃ༔ ཡེ་ནས་མ་བཅོས་རིག་པའི་གཤིས༔ བདེ་ཆེན་མཁའ་འགྲོའི་རང་བཞིན་ཏེ༔ མངོན་སུམ་ལྷུག་
པར་མཇལ་བའི་ངང་༔ ངོ་མཚར་ཆེན་པོས་ཕྱག་འཚལ་བསྟོད༔ ཡང་སྙིང་ཛཔྲ་ཀྱི་དགོངས་པ་ནི༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ བྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་བརྟན་གཡོའི་དངོས་ཀུན་ཁྱབ༔ སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་བལྟ༔ ཏིང་འཛིན་རྩེ་གཅིག་གཡོ་མེད་ངང་༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནིས་སིངྔྷི་ཧཱུྃ༔ གསལ་སྣང་གྱད་དུ་གྱུར་པ་ཡིས༔ སྔགས་ཀྱི་མན་ངག་བཞིན་དུ་བཟླ༔ རེས་འགའ་འབྱུང་འཇུག་གནས་གསུམ་དང་༔ སྦྱར་ཏེ་རྡོ་རྗེའི་བཟླས་པ་བྱ༔ རེས་འགའ་ཨ་ཧཾ་འབར་འཛག་གི༔ ཞུ་བདེས་དྲངས་པའི་བདེ་ཆེན་སྤེལ༔ རེས་འགའ་ལྷར་སྣང་སྤྲོས་པ་བཤིག༔ འོད་གསལ་འཕོ་འགྱུར་མེད་པའི་དབྱིངས༔ དོན་གྱི་མཁའ་འགྲོའི་རང་ཞལ་བལྟ༔ དེ་ནི་བཟླས་པ་ཀུན་གྱི་མཆོག༔ དེ་ལྟར་བརྩོན་པས་བསྒྲུབ་པའི་ཚེ༔ གྲངས་དུས་རྟགས་དང་སྦྱར་བ་ཡི༔ གྲུབ་པའི་མཚན་མ་མཐོང་བ་ན༔ དེ་མ་ཐག་ཏུ་དངོས་གྲུབ་བསྐུལ༔ ཧོཿ ཡེ་ཤེས་མཁའ་འགྲོའི་གསང་གསུམ་གྱི༔ དངོས་གྲུབ་བདུད་རྩིའི་དབྱིག་ཆེན་པོ༔
སྒྲུབ་མཆོག་བདག་ལ་སྩལ་ནས་ཀྱང་༔ སྒོ་གསུམ་རྡོ་རྗེར་སྨིན་གྲོལ་མཛོད༔ སརྦ་སིངྔྷི་ཕ་ལ་ཧོ༔ དམ་ཚིག་རྟེན་རྣམས་སྤྱི་བོར་བཀོད༔ དམ་རྫས་བདུད་རྩི་མྱང་ནས་སུ༔ ལྷ་དང་རྟོག་པ་དབྱེར་མེད་བསྲེ༔ དེས་ནི་དངོས་གྲུབ་མཆོག་ཐོབ་འགྱུར༔ རྗེས་འབྲེལ་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་དམ་ཚིག་རྫས་རྣམས་ཀུན༔ འབག་རྩོག་སེར་སྣས་མ་གོས་པར༔ གཙང་ཞིང་གྱ་ནོམ་ཚུལ་དུ་བཤམ༔ ཧཱུྃ༔ རང་རིག་རྩལ་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔ བཟའ་བཏུང་ལོངས་སྤྱོད་དམ་ཚིག་རྫས༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ འབྲུ་གསུམ་བརྗོད་པས་བྱིན་བརླབས་ཏེ༔ ཧཱུྃ༔ འོག་མིན་བདེ་ཆེན་པདྨ་འོད༔ ངོ་མཚར་ཞིང་ཁམས་བསམ་ཡས་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་འདུ་བར་གཤེགས༔ ཨེ་ཨཱ་ར་ལླི་ཧྲིཾ་ཕེཾ་ཛཿ ཞེས་པས་སྤྱན་དྲངས་ཚོགས་ཀྱི་རྫས༔ རིམ་པ་གསུམ་དུ་ལེགས་སྤྲོས་ལ༔ ཧོཿ སྣ་ཚོགས་སྣང་བ་ཕྱི་ཡི་ཚོགས༔ རང་བྱུང་འདོད་ཡོན་ནང་གི་ཚོགས༔ གཉིས་མེད་འཛིན་བྲལ་གསང་བའི་ཚོགས༔ བློ་འདས་གཉུག་
མའི་ངང་དུ་འབུལ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོཿ ཨ༔ ཡེ་གྲོལ་ཕྱལ་པའི་དམ་ཚིག་ལ༔ འགལ་དང་བཤགས་བྱ་མི་དམིགས་ཀྱང་༔ གློ་བུར་ལྟར་སྣང་འཁྲུལ་པའི་སྒྲིབ༔ ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨཱཿཧཱུྃ༔ གཟུང་འཛིན་རྟོག་པའི་རུ་དྲ་ཀུན༔ བདག་མེད་རིག་པའི་མཚོན་གྱིས་བསྒྲལ༔ མཉམ་པ་ཉིད་ཀྱི་དབྱིངས་སུ་བསྟབ༔ ཞེན་མེད་བདེ་བ་ཆེན་པོར་རོལ༔ ཨ་ཨ་ཨ༔ བར་པ་ནང་གི་སྲེག་བླུག་ཏུ༔ རྣལ་འབྱོར་ལྡན་པས་ལོངས་སྤྱོད་དེ༔ ལྷག་མ་གསོག་འཇོག་མེད་པར་བསྡུས༔ རྡོ་རྗེ་བདུད་རྩིའི་ཞལ་ཆབ་སྦྲེང་༔ ཨོཾ་ཨཱཿཧཱུྃ༔ ཕེཾ༔ ཀུན་སྣང་འདོད་ཡོན་ལྷག་གཏོར་འདི༔ ཀུན་རྟོག་ལྷག་སྡུད་མགྲོན་ལ་འབུལ༔ མ་རིག་འཁྲུལ་པར་གོལ་བའི་དཔུང་༔ གཞི་ལ་དག་པའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾཏ་ཁཱ་ཧི༔ ཞེས་བརྗོད་ཕྱི་རོལ་ཟ་ལམ་སར༔ བསྐྱལ་ལ་རྡོ་རྗེའི་རིགས་གཅིག་ཏུ༔ སྐྱེ་བའི་སྨོན་ལམ་ཡང་དག་གདབ༔ ཐུན་མཚམས་རྟག་ཆད་མཐའ་བསལ་ཕྱིར༔ ཧོཿ རིག་པར་རང་ཤར་ཚད་མའི་ལྷ༔ གཉིས་མེད་བློ་འདས་ཆེན་པོར་བརྡལ༔ སླར་ཡང་
ཟུང་འཇུག་སྒྱུ་མའི་རྩལ༔ སྣོད་བཅུད་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ མཐའ་གཉིས་སྤྲོས་པས་མི་ཕྱེད་པའི༔ བློ་འདས་མི་ཤིགས་མཁའ་འགྲོའི་དལ༔ བྱུང་རྫོགས་ཆེན་པོའི་དགོངས་པ་ཡིས༔ ཅིར་སྣང་དག་པ་ལམ་དུ་ཁྱེར༔ མཇུག་ཏུ་དགེ་ཚོགས་འཕེལ་རྒྱས་ཕྱིར༔ བསྔོ་སྨོན་བྱ་ཞིང་ཤིས་པ་བརྗོད༔ ཧོཿ དུས་གསུམ་བསགས་པའི་དགེ་ཚོགས་ཀུན༔ དམིགས་མེད་མཐའ་བྲལ་ཀློང་དུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ དག་མཉམ་ཆེན་པོར་སངས་རྒྱས་ཤོག༔ རྩ་གསུམ་མཁའ་འགྲོའི་བྱིན་རླབས་མཐུས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འགལ་རྐྱེན་ཀུན་ཞི་བསམ་དོན་འགྲུབ༔ འགྲོ་ཁམས་དོང་སྤྲུགས་བཀྲ་ཤིས་ཤོག༔ གཞན་ཡང་རྟེན་འབྲེལ་ཟབ་མོས་མཚམས༔ སྦྱར་ལ་དགའ་བའི་ཉམས་བསྐྱང་ངོ་༔ དེ་ལྟར་ཟབ་མོའི་ལམ་འདི་ལ༔ ཐེ་ཚོམ་བྲལ་བས་བསྒྲུབ་གྱུར་ན༔ དངོས་ཉམས་རྨི་ལམ་གང་རུང་དུ༔ མངོན་སུམ་ལྷ་ཞལ་མཐོང་བ་དང་༔ ཆུ་ཆེན་བརྒལ་དང་རི་རྩེར་འཛེག༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན༔ མཁའ་ལ་ཐོགས་མེད་འགྲོ་བ་དང་༔ གསང་རྫས་བདུད་རྩི་
ཁོལ་ཞིང་ལུད༔ ཁྱད་པར་འོད་གསལ་དགོངས་པའི་གདིང་༔ འཕོ་འགྱུར་མེད་པའི་བརྟན་ཐོབ་ནས༔ འོག་མིན་ཌཱ་ཀིའི་ཚོགས་རྣམས་དང་༔ སྐལ་བ་མཉམ་པ་ཁོ་ནའོ༔ ས་མ་ཡ༔ གང་ཞིག་དབང་གིས་སྨིན་འདོད་ན༔ དད་བརྩོན་ལྡན་པའི་སློབ་བུ་ཉིད༔ ཁྲུས་བྱས་གེགས་ཕྲལ་རྒྱུད་སྦྱངས་ཏེ༔ ལུས་སྣང་མཁའ་འགྲོའི་རང་བཞིན་ཏེ༔ བྱིན་ཕབ་བརྟན་པར་བྱས་ནས་ཀྱང་༔ བདེ་སྐྱོད་བུམ་པ་སྤྱི་བོར་བཞག༔ ཨོཾ༔ རང་བྱུང་བདེ་སྐྱོང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་སྣང་ལྷ་སྐུར་སྨིན་གྱུར་ཅིག༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གསང་རྫས་བདུད་རྩི་ངག་ཏུ་བྱིན༔ ཨ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་བྱང་སེམས་རྒྱུན༔ རྩ་ཁམས་དྭངས་བཅུད་ཀྱིས་གཏམས་པས༔ ངག་རླུང་སྔགས་སུ་དག་གྱུར་ཅིག༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿ མེ་ལོང་སྙིང་གར་གཏང་ནས་སུ༔ ཧཱུྃ༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དགའ་བ་བཞི་ལ་ཡང་དག་བསྟེན༔ ཟུང་འཇུག་མཉམ་པར་སྦྱོར་བ་ཡིས༔ ཡིད་ཐིག་ཆོས་སྐུར་
གྲོལ་གྱུར་ཅིག༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཧྲཱིཿ ཡེ་ཤེས་དག་པའི་སེམས་ཉིད་འདི༔ རང་བྱུང་མཁའ་འགྲོའི་ངོ་བོ་སྟེ༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་གསང་བའོ༔ ངྷརྨ་ངྷཱ་ཏུ་ཨ་ཨ་ཨ༔ དགོངས་པའི་དྲོད་གཏད་རིག་ཉམས་བསྐྱང་༔ མཇུག་ཏུ་ཁས་བླང་ཡོན་འབུལ་ཞིང་༔ དགའ་སྟོན་ཤིས་པས་མཚམས་སྦྱར་བྱ༔ ས་མ་ཡ༔ སྨོན་ཅིང་དམ་ལྡན་སྒྲུབ་པ་པོས༔ ཐོག་མར་བུམ་དབང་དང་འབྲེལ་བའི༔ བསྐྱེད་རིམ་གོམས་པར་གྱུར་ལ་བསླབ༔ རྟེན་དང་བརྟེན་པའི་བཀོད་པ་ཀུན༔ སྣང་བའི་ཡུལ་དུ་གཟུགས་གྲུབ་ལ༔ ཞེན་པའི་ཡུལ་དུ་མ་གྲུབ་པ༔ མེ་ལོང་ནང་གི་གཟུགས་བརྙན་དང་༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ གསལ་ལ་མ་འདྲེས་མངོན་སུམ་དུ༔ ཡུལ་གྱིས་མི་འཕྲོག་ཚད་དུ་བསྒོམ༔ ཆོས་སྐུའི་གཤིས་ལ་ཞལ་ཕྱག་སོགས༔ སྤྲོས་པའི་མཚན་མས་དབེན་མོས་ཀྱི༔ མ་དག་སྣང་ཞེན་འཁྲུལ་བློའི་ངོར༔ སྤྲོས་པ་ཅན་དུ་ཉེར་བསྟན་པའི༔ དག་པའི་ཚུལ་ཡང་དྲན་བྱ་ཞིང་༔ འབྲས་བུའི་དུས་ཀྱི་ཡུམ་ཆེན་མོ༔ སྐྱོན་སྤངས་ཡོན་ཏན་ཀུན་
བདག་ཉིད༔ ང་ཡིན་སྙམ་དུ་ངེས་ཤེས་བསྐྱེད༔ བཟླས་པའི་སྐབས་སུ་སྔགས་ཕྲེང་ལ༔ རྩེ་གཅིག་སེམས་བཟུང་སྣང་གྲགས་རྟོག༔ ལྷ་སྔགས་ཆོས་ཉིད་ཁྱེར་སོའི་ངང་༔ བསྙེན་པའི་རིམ་པ་གྲངས་རྫོགས་ནས༔ རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྤྱི་བོའི་རིགས་བདག་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་དབང་བྱིན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ རང་གི་གནས་བཞིར་ཐིམ་པ་ཡིས༔ དབང་བསྐུར་རྣམ་བཞིའི་བྱེད་ལས་ཀྱིས༔ བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང་༔ བསམ་ཞིང་བསྙེན་སྒྲུབ་ཆིག་དྲིལ་སྔགས༔ དྲོད་རྟགས་མཐོང་གི་བར་དུ་བཟླ༔ ལས་ལ་སྦྱོར་ཚེ་ཐུགས་ཀ་ནས༔ འོད་ཟེར་དཀར་སེར་དམར་མཐིང་འཕྲོས༔ སྤྲོ་བསྡུའི་སྦྱོར་བས་བཞི་སོགས་ལས༔ གང་ཡིན་མྱུར་དུ་སྒྲུབ་བསམ་ཞིང་༔ ཤཱིནྟཾ་ཀུ་རུ་སྭཱཧཱ༔ པུཥྚིཾཀུ་རུ་ཨོཾ༔ ཝཱ་ཤཾ་ཀུ་རུ་ཧོ༔ མཱ་ར་ཡ་ཕཊ༔ དེ་ལྟར་ཤམ་བུ་སྦྱར་ཏེ་བཟླ༔ གསང་བའི་དབང་གི་ལམ་ཁྱེར་དུ༔ ལུས་གནད་ཆུན་བཙལ་རླུང་རོ་བསལ༔ བུམ་པ་ཅན་གྱི་སྦྱོར་བ་དང་༔ བསྟུན་ཏེ་འགོག་དང་རྡོར་བཟླས་བྱ༔
ཐོག་མར་ཡུན་ཐུང་གྲངས་མང་ནས༔ རིམ་བཞིན་གོམས་པ་མངོན་གྱུར་ཚེ༔ འགྲོ་འོང་རླུང་སེམས་རྒྱུ་བ་ཀུན༔ འཕོ་མེད་དབུ་མའི་སྦུབས་སུ་བཅིང་༔ གཞན་ཡང་ཤེར་དབང་དང་འབྲེལ་བའི༔ ལམ་ཁྱེར་ཞུ་བདེའི་སྦྱོར་བ་ལ༔ རང་ལུས་སྟོང་རའི་གུར་ཁྱིམ་དབུས༔ རྩ་གསུམ་འཁོར་ལོ་བཞི་དང་བཅས༔ གསལ་བའི་སྤྱི་བོར་ཐབས་ཀྱི་ཆ༔ ཧཾ་ཡིག་ཟླ་བ་ཞུན་མའི་མདངས༔ ལྟེ་འོག་ཤེས་རབ་ཨ་ཐུང་དམར༔ འབར་ཞིང་སྲེག་པའི་རྣམ་པ་ཅན༔ བྱིན་རླབས་རླུང་གིས་བསྐུལ་བ་ལས༔ ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ༔ སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན༔ བསྲེག་སྦྱངས་ཧཾ་ལས་བདུད་རྩི་དྲངས༔ འཁོར་ལོའི་གནས་གཞིར་སོན་པ་ལས༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ བདེ་བ་ཆེན་པོ་ཉམས་མྱོང་ནས༔ སླར་ཡང་མས་བརྟན་སྦྱོར་བ་ཡིས༔ ལྷན་ཅིག་སྐྱེས་དགའི་བདེ་བ་ལ༔ རྟོག་མེད་སེམས་བཟུང་གོམས་པ་ན༔ ཕོ་ཉའི་ལམ་ལ་བརྟེན་ནས་སུ༔ ཟུང་འཇུག་ཡེ་ཤེས་བླ་མེད་བསྒྲུབ༔ ཁྱད་པར་ཚིག་དབང་དང་འབྲེལ་ལམ༔ མཆོག་ཏུ་མི་འགྱུར་བདེ་བ་ཆེ༔ ཀ་དག་རྩོལ་བྲལ་དགོངས་པ་ནི༔ དུས་གསུམ་རྟོག་
པས་མ་བསླད་པའི༔ དྲི་མེད་རིག་པ་ཀུན་ཏུ་བཟང་༔ ངོ་བོ་སྤྲོས་བྲལ་ཧད་དེ་བ༔ རང་བཞིན་རང་གསལ་ལམ་མེ་བ༔ ཐུགས་རྗེ་ཀུན་ཁྱབ་ཕྱོགས་ལྷུང་བྲལ༔ གསལ་སྟོང་དབྱེར་མེད་ཟང་ཐལ་ལེ༔ མ་བཅོས་རིག་སྟོང་རྗེན་པའི་གཤིས༔ བློ་འདས་ཆེན་པོའི་རང་བཞིན་བདེ༔ ཆོས་སྐུ་ཡུམ་ཆེན་ངོ་བོར་གནས༔ དེ་ཚེ་ཅི་ཤར་ཅིར་སྣང་ཡང་༔ ཆོས་ཉིད་གཉུག་མའི་ངང་ཉིད་ལས༔ གཞན་དུ་རྡུལ་ཙམ་གཡོས་པ་མེད༔ བཟང་ངན་རེ་དོགས་ཡུལ་ལས་འདས༔ གང་ཤར་ཤུགས་འབྱུང་ལྷུག་པའི་ངང་༔ འཆིང་གྲོལ་མེད་པའི་སྤྱོད་པ་སྤྱད༔ ཙིཏྟ་མི་ཤིགས་ཐིག་ལེ་རུ༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་སྦུབས༔ རིག་པ་དྲི་མེད་ཡེ་ཤེས་ནི༔ དཀར་འབྱམས་རྩ་ཡི་ལམ་ནས་བརྒྱུད༔ རྒྱང་ཞགས་དབང་པོའི་སྒོ་རུ་སྣང་༔ སྐུ་གསུམ་བཞུགས་སྟངས་ལ་བརྟེན་ནས༔ གཟིགས་སྟངས་ཙཀྵུའི་གནད་གཟིར་ཏེ༔ དབྱིངས་རིག་སྨིན་མཚམས་མཁའ་ལ་ཁྲིད༔ ལུག་རྒྱུད་ཨར་ལ་གཏད་པ་ཡིས༔ འོད་ལྔའི་ཐིག་ལེ་ནས་བརྩམས་ཏེ༔ མཁའ་ཁྱབ་རིག་པ་ཚད་ལ་ཕེབས༔ གང་ཚེ་ཆོས་ཉིད་བརྗོད་མེད་ཀློང་༔ སྤྲོས་པ་
ཐམས་ཅད་ཉེར་ཞི་ནས༔ འཇའ་ལུས་འཕོ་ཆེན་མཆོག་འགྲུབ་འགྱུར༔ ཨེ་མ་མཁའ་འགྲོ་སྒྲུབ་པའི་ཐབས༔ ཚིག་ཉུང་དོན་འདྲིལ་བྱིན་རླབས་ལྡན༔ ཟབ་ལམ་སྙིང་པོར་གྱུར་པ་འདི༔ ལས་འཕྲོ་ཅན་གྱི་དཔལ་དུ་ཤོག༔ ས་མ་ཡ་ཨ་ཏི་གུ་ཧྱ༔ ཞེས་པའང་སྐལ་ལྡན་གྱི་སྐྱེས་བུ་འཁྲུལ་ཞིག་རྡོ་རྗེས་བསྐུལ་བའི་རྐྱེན་ལས། དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོའི་བྱིན་རླབས་ཀྱི་སྣང་བ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་ཤར་གྱི་རྟོག་པ་ཡི་གེའི་གཟུགས་སུ་འདུ་བགྱིས་པའོ། །མངྒལཾ།། །།
མཁའ་འགྲོའི་ནང་སྒྲུབ་སྲོག་གི་ཐིག་ཀུ་རུ་ཀུལླེའི་སྒྲུབ་པ།
[མཁའ་འགྲོའི་ནང་སྒྲུབ་སྲོག་གི་ཐིག༔ ཀུ་རུ་ཀུལླེའི་སྒྲུབ་པ་ནི༔] རང་སེམས་མ་བཅོས་སྟོང་པའི་རྩལ༔ རིག་པ་ཧྲཱི༔ ཡིག་འཕྲོ་འདུ་ལས༔ རང་ཉིད་དབང་མཛད་ངྷཱ་ཀི་ནཱི༔ དམར་སེར་ཉི་མ་འཆར་ཁའི་མདོག༔ བཅུ་དྲུག་ལང་ཚོ་མཛེས་ཆགས་ཉམས༔ པདྨའི་ལྕགས་ཀྱུ་ཞགས་པ་འཛིན༔ གཅེར་མོ་ཨུཏྤལ་རཏྣས་བརྒྱན༔ པད་ཉིར་གར་གྱི་འགྱུར་བག་བཅས༔ བདེ་དྲོད་འོད་ཕུང་ཀློང་དུ་རོལ༔ ཐུགས་ཀར་ཉི་སྟེང་ཧྲཱིཿདམར་མཐར༔ སྔགས་ཀྱི་བསྐོར་ལས་འབར་བའི་འོད༔ དཔག་མེད་ཞིང་ཀུན་ཁྱབ་པར་འཕྲོས༔ བརྟན་གཡོའི་དངོས་ཀུན་དབང་བསྡུས་ནས༔ ཐུགས་སྲོག་ལ་ཐིམ་གཟི་བྱིན་བསྐྱེད༔ བདེ་སྟོང་འགྱུར་མེད་ལྷན་ཅིག་སྐྱེས༔ རང་གྲོལ་རང་དབང་ཐོབ་པར་བསམ༔ ཨོཾ་ཀུ་རུ་ཀུལླེའི་ཧྲཱིཿ སྭཱཧཱ༔ ཞེས་བཟླས་ཀ་དག་ཀློང་དུ་བཞག༔ རིག་པ་གཡོ་མེད་ལྟ་བའི་གདིང་༔ འཕོ་འགྱུར་བྲལ་བའི་གཤིས་ལུགས་སུ༔ འཛིན་མེད་རང་གྲོལ་བརྟན་ཐོབ་ན༔ སྲིད་ཞིའི་ཆོས་ཀུན་དབང་དུ་འགྱུར༔ ཐུན་མོང་ལས་ལ་སྦྱོར་བ་ནི༔ ཐུགས་ཀའི་འོད་དམར་ལྕགས་ཀྱུ་ཡིས༔ དམིགས་བྱའི་སེམས་རྒྱུད་དབང་མེད་དུ༔ རབ་བསྐུལ་བདག་ལ་ཆགས་གདུང་གིས༔ སྐད་ཅིག་མདུན་དུ་ལྷག་པའི་མོད༔ འོད་ཞུ་ཐིག་ལེ་དམར་པོ་ནི༔ ཡུངས་འབྲུ་ཙམ་
གྱུར་སྙིང་གའམ༔ གསང་བར་ཐིམ་པས་གཉིས་མེད་བསམ༔ ཧྲཱིཿཡི་གོང་དུ་ཤམ་འདི་གདགས༔ ཆེ་གེ་མོ་ཝཱ་ཤཾ་ཀུ་རུ༔ མཚན་མའི་རྟགས་དང་སྦྱར་ཏེ་བཟླ༔ དམིགས་པའི་གནད་ཀྱིས་ཟིན་པ་ན༔ བརྒྱ་བྱིན་ཚངས་པའི་བུ་མོ་ཡང་༔ དབང་དུ་འདུ་བར་ཐེ་ཚོམ་མེད༔ ས་མ་ཡ༔ ཁྱད་པར་མེ་ཡི་སྦྱོར་བ་ལ༔ བརྟེན་ནས་དབང་གི་ཕྲིན་ལས་ནི༔ ལས་དང་མཐུན་པའི་ཐབ་ཁུང་དུ༔ ཡེ་ཤེས་མེ་ལྷ་ངྷཱ་ཀི་ནཱི༔ གསལ་གདབ་དྲངས་བསྟིམ་མཆོད་ཅིང་བསྟོད༔ སྤྱི་ཡི་སྲེག་རྫས་འབྲུ་མར་དང་༔ འབྲུ་སྨན་ལ་སོགས་གང་འབྱོར་བ༔ ཁྱད་པར་ཆགས་སྐྱེད་ཡིད་བསྒྱུར་རྫས༔ དམིགས་བྱའི་བྱང་སེམས་རཱུ་པར་བཅས༔ བྱིན་བརླབས་རྩ་བའི་སྔགས་ཤམ་དུ༔ ཆེ་གེ་མོ་ཝཱ་ཤཾ་ཀུ་རུ་ཧྲཱི༔ ཞེས་པས་བརྒྱ་སྟོང་ཁྲི་འབུམ་སོགས༔ དབུལ་ཞིང་འདོད་དོན་ཕྲིན་ལས་བཅོལ༔ རཱུ་པ་དམིགས་བྱ་དངོས་སུ་བསམ༔ སྔགས་དང་ཏིང་ངེ་འཛིན་གྱིས་གཟིར༔ རང་དབང་མེད་པར་དབང་འདུས་ཏེ༔ དྭངས་མའི་སྲོག་དང་རོ་གཅིག་བསྲེ༔ སྐད་ཅིག་འདའ་བའི་གནས་མེད་བསམ༔ མེ་ལྷ་རང་དང་གཉིས་མེད་པར༔ མི་འགྱུར་ལྟ་བའི་ངང་ལ་བཞག༔ དེས་ནི་ཡིད་ལ་ཅི་འདོད་པ༔ དབང་དུ་འདུ་བར་ཐེ་ཚོམ་མེད༔ ཟབ་པའི་མན་ངག་མཐར་ཐུག་གོ༔ ས་མ་ཡ༔
མཁའ་འགྲོའི་གསང་སྒྲུབ་ཟབ་པའི་བཅུད་སེང་ཧ་མུ་ཁའི་སྒྲུབ་པ།
མཁའ་འགྲོའི་གསང་སྒྲུབ་ཟབ་པའི་བཅུད༔ སེང་ཧ་མུ་ཁའི་སྒྲུབ་པ་ནི༔ མི་དམིགས་སྟོང་པའི་ངང་ཉིད་ལས༔ པད་ཉི་བྱད་མ་སྡེ་བརྒྱད་ཁྲིར༔ རང་རིག་ཧཱུྃ་དམར་འཕྲོ་འདུ་ལས༔ བདུད་འདུལ་ཁྲོས་མ་སེང་གེའི་གདོང་༔ དམར་ནག་གཏུམ་རྔམས་འཇིགས་པའི་གཟུགས༔ གཡུ་རལ་གྱེན་བརྫིས་སེང་ཆུང་འཕྲོ༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན༔ མཆན་གཡོན་རྡོ་རྗེ་ཁ་ཊྭཱྃ་བརྟེན༔ དུར་ཁྲོད་ཆས་གོས་རུས་རྒྱན་སྤྲས༔ ཡེ་ཤེས་བསྐལ་མེ་འབར་བའི་ཀློང་༔ གར་སྟབས་འགྱིང་བག་ཚུལ་གྱིས་རོལ༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ སྲོག་གི་སྙིང་པོ་ཧཱུྃ་དམར་མཐར༔ སྔགས་ཀྱི་ཕྲེང་བ་ལྕགས་སྲེག་མདངས༔ མགལ་མེ་ལྟ་བུར་འཁོར་བ་ལས༔ འོད་ཟེར་མེ་དཔུང་ཚྭ་ཚྭ་འཕྲོས༔ དགྲ་བགེགས་བྱད་མ་རྦོད་གཏོང་ཀུན༔ ལུས་ངན་ཐལ་བའི་གཞོབ་ཏུ་བསྲེག༔ རྣམ་ཤེས་མི་དམིགས་ཀ་དག་ངང་༔ འོད་གསལ་ཡེ་ཤེས་འཁོར་ལོར་བསམ༔ དྲག་མོའི་ངན་སྔགས་བཅུ་བཞི་པ༔ གནམ་ལྕགས་ཐོག་རྒོད་འཁྲུགས་པ་ལྟར༔ མི་ཚིག་བར་མ་ཆད་པར་བཟླ༔ ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མཱ་ར་ཡ་ཕཊ༔ སྲུང་དང་ཟློག་དང་ཚར་གཅོད་པ༔ གང་ཡང་སྔགས་འདི་ཁོ་ནས་ཏེ༔ སྟོང་གསུམ་རྦོད་གཏོང་བརླག་བྱེད་པའི༔ ཆིག་ཤུར་དུག་གྲི་ནག་མོའི༔ ས་མ་ཡ༔
བདེ་ཆེན་ལྷན་སྐྱེས་ཌཱ་ཀི་ནཱི་ཡང་གསང་རྡོ་རྗེ་རྣལ་འབྱོར་མ།
བདེ་ཆེན་ལྷན་སྐྱེས་ཌཱ་ཀི་ནཱི༔ ཡང་གསང་རྡོ་རྗེ་རྣལ་འབྱོར་མ༔ ཁྲོས་མ་ནག་མོར་སྒྲུབ་པའི་ཐབས༔ མན་ངག་དོན་གྱི་མཐར་ཐུག་ནི༔ ཨ༔ རྣམ་ཐར་གསུམ་ལྡན་སྟོང་པ་ཉིད༔ བདེ་ཆེན་འོད་གསལ་སྙིང་རྗེའི་གདངས༔ ཟུང་འཇུག་རིག་པ་བྃ་མཐིང་ནག༔ དེ་ལས་འབར་བའི་འོད་ཟེར་གྱིས༔ ཁམས་གསུམ་རྟོག་པའི་ཞེན་སྣང་སྦྱངས༔ སྣང་སྲིད་ཆོས་ཀྱི་འབྱུང་གནས་ཆེ༔ རང་བྱུང་དུར་ཁྲོད་གཞལ་ཡས་དབུས༔ ཆགས་མེད་པདྨ་ཉི་ཟླའི་སྟེང་༔ བདག་ཉིད་རྒྱལ་ཀུན་བསྐྱེད་པའི་ཡུལ༔ རྡོ་རྗེ་ཁྲོས་མ་ནག་མོར་ཤར༔ དུས་ཀྱི་མུན་ལྟར་གནག་པའི་སྐུ༔ ཁྲོ་ཆགས་སྒེག་པའི་ལང་ཚོ་ཅན༔ གྲི་གུག་དང་ནི་ཐོད་ཁྲག་འཛིན༔ བརྐྱང་བསྐུམ་གར་གྱི་སྟངས་སྟབས་ཀྱིས༔ རྟོག་མེད་བམ་རོའི་གདན་ལ་རོལ༔ རུས་པའི་ཕྱག་རྒྱ་རྣམ་ལྔ་དང་༔ དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྗིད༔ མཆན་གཡོན་ཐབས་ཀྱི་ཁ་ཊྭཱྃ་འཆང་༔ དབུ་སྐྲ་གྱེན་བརྫིས་རལ་གསེབ་ན༔ ཕག་ཞལ་ངུར་སྒྲས་ས་གསུམ་གཡོ༔ ཡེ་ཤེས་བསྐལ་མེ་འབར་བའི་ཀློང་༔ སྲིད་གསུམ་ཟིལ་གནོན་ཆེན་པོར་བཞུགས༔ གནས་ལྔར་རིགས་ལྔའི་ཕག་མོ་རྣམས༔
རང་རྟགས་རྒྱན་རྫོགས་གར་གྱིས་རོལ༔ རྡོ་རྗེ་ལུས་ཀྱི་གྲོང་ཁྱེར་དུ༔ གནས་གསུམ་དཔའ་བོ་མཁའ་འགྲོ་མ༔ འབུམ་ཕྲག་ཡངས་པའི་བཀོད་པ་ཀུན༔ མ་བསྐྱེད་ཡེ་ནས་ལྷུན་རྫོགས་དང་༔ ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ བྃ་མཐར་སྔགས་ཀྱིས་བསྐོར་བ་ལས༔ འོད་འཕྲོས་འཁོར་འདས་དྭངས་བཅུད་བསྡུས༔ བདག་ཐིམ་ཆེ་བའི་གཟི་བྱིན་བསྐྱེད༔ ཅིར་སྣང་ཡེ་ཤེས་ཕྱག་རྒྱར་སད༔ གྲགས་སྟོང་སྔགས་སྒྲས་འཇིག་རྟེན་གཡོ༔ བདེ་ཆེན་མཆོག་ཏུ་མི་འགྱུར་བ༔ འོད་གསལ་དགོངས་པའི་རྩལ་རྫོགས་བསམ༔ ཨོཾ་བཛྲ་ཀྲོ་ངྷི་ཀ་ལི་བྃ་ཧ་རི་ནི་ས་ཧཱུྃ་ཕཊ༔ དམིགས་བསལ་གནད་དང་ལྡན་པ་ཡིས༔ བཟླས་པ་ཆུ་བོའི་རྒྱུན་ལྟར་བརྩོན༔ ཀུན་རྫོབ་སྣང་ཆ་བསྐྱེད་པའི་ལ༔ དོན་དམ་སྟོང་ཉིད་ཆེན་པོར་བཟླ༔ གཡོ་མེད་དགོངས་པའི་གདིང་ཐོབ་ཚེ༔ དོན་གྱི་ཁྲོས་མ་མངོན་དུ་འགྱུར༔ ས་མ་ཡ༔ ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་ཟབ་མོ་དགོངས་པའི་གཏེར་གྱི་ཆོས་སྡེ་མཐར་ཐུག་པ་སྟེ་མི་ལོ་ཉེར་གསུམ་འདས་པ་ལྕགས་ཕོ་སྟག་གི་ལོ་སྨིན་དྲུག་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུ་ལ་བཀའ་རྒྱ་བཀྲོལ་ཏེ་སྐལ་ལྡན་གཅིག་ལ་ཆིག་བརྒྱུད་དུ་གདམས་པའོ། །བཀྲ་ཤིས༎ ༎
རྡོ་རྗེ་ཕག་མོའི་ཟབ་ཏིག
རྡོ་རྗེ་ཕག་མོའི་ཟབ་ཏིག་བཞུགས༔ དངོས་གྲུབ་ཀུན་གྱི་རྩ་བ་སྟེ༔ གསང་བའི་ལམ་གྱི་མཐར་ཐུག་པ༔ ཤེས་རབ་དབྱིངས་ཀྱི་ཡུམ་ཆེན་མོ༔ རྡོ་རྗེ་ཕག་མོ་བསྒྲུབ་པ་ནི༔ སྐད་ཅིག་སྟོང་ཉིད་སྒྱུ་མའི་འཕྲུལ༔ ས་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང་༔ རང་ལུས་གཞལ་ཡས་ཆོས་འབྱུང་དབུས༔ སེམས་ཉིད་དག་པ་ཕག་མོའི་སྐུ༔ དམར་གསལ་ཉི་མ་བྱེ་བའི་མདངས༔ རྩ་ཞལ་འཛུམ་ཁྲོ་ཆགས་ཉམས་བཞད༔ སྟེང་ཞལ་ཕག་གདོང་གཡས་ཕྱོགས་པའི༔ དཔྲལ་བར་གཡུང་དྲུང་འཁོར་བས་མཚན༔ ཕྱག་གཡས་རྡོ་རྗེའི་གྲི་གུག་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་འཛིན༔ མཆན་གཡོན་ཁ་ཊྭཱྃ་བརླ་ལ་བརྟེན༔ ཌཱ་མ་རུ་དང་དར་དཔྱང་གཡོ༔ དབུ་སྐྲ་ནག་པོ་སིལ་བུར་གྲོལ༔ རྡོ་རྗེའི་ཕྲེང་བ་ལ་བརྒྱུས་པའི༔ ཐོད་སྐམ་ལྔ་ཡི་ཅོད་པན་བཅིངས༔ ཁྲག་འཛག་མི་མགོ་སོ་གཉིས་དང་༔ གསེར་གྱི་དྲིལ་བུ་སྤེལ་བ་ཡི༔ དོ་ཤལ་དག་ནི་མཛེས་པར་འཕྱང་༔ རུས་པའི་འཁོར་ལོ་རྣ་ཆ་དང་༔ མགུལ་ཆུ་གདུ་བུ་རྣམས་ཀྱིས་བརྒྱན༔ གཅེར་བུ་བཅུ་དྲུག་ལོན་པ་ལྟར༔ ལང་ཚོ་དར་ལ་བབས་པའི་ཚུལ༔ ནུ་མ་འབུར་ཞིང་པདྨོ་རྒྱས༔ ཞབས་གཡོན་བརྐྱང་པའི་གར་སྟབས་
ཀྱིས༔ པད་ཉི་བམ་རོའི་གདན་ལ་རོལ༔ ཡེ་ཤེས་བསྐལ་མེ་འབར་བའི་དབུས༔ ཁམས་གསུམ་དབང་སྡུད་ཆེན་མོར་བཞུགས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ སྙིང་གར་ཆོས་འབྱུང་ཟུར་དྲུག་པའི༔ ལྟེ་བར་ཉི་སྟེང་བྃ་ཡིག་མཐར༔ སྔགས་ཕྲེང་མགལ་མེ་ལྟར་འཁོར་བ༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ རྒྱལ་མཆོད་འགྲོ་བའི་སྡིག་སྒྲིབ་སྦྱང་༔ བརྟན་གཡོའི་དྭངས་བཅུད་ཀུན་བསྡུས་ཏེ༔ རང་ཐིམ་བདེ་བ་ཆེན་པོ་ཡི༔ ཡེ་ཤེས་མཆོག་ལ་དབང་འབྱོར་བསམ༔ ཨོཾ་བཛྲ་ཝཱ་རཱ་ཧི་ཧྲཱི་ཧཱུྃ་ཕཊ་སྭཱ་ཧཱ༔ ཡིད་དང་ངག་དང་འགོག་པ་ཡི༔ བཟླས་པ་དག་ལ་རབ་ཏུ་བརྩོན༔ གསལ་བདེ་མི་རྟོག་གང་འདོད་བཞིན༔ སྙིང་གསང་ལྟེ་བར་སྔགས་འཁོར་ལས༔ སྤོ་ཞིང་བཟླ་བ་མཆོག་ཏུ་ཤིས༔ ཐུན་མཚམས་གཏོར་མས་ཐུགས་དམ་བསྐང་༔ རྒྱས་པར་གསང་བའི་ཚོགས་འཁོར་ལ༔ བརྟེན་ནས་དགའ་བཞིའི་བདེ་ཆེན་སྤེལ༔ སྣང་གྲགས་སེམས་ཀྱིས་བསྡུས་པའི་ཆོས༔ དོན་དམ་ཕག་མོའི་རང་བཞིན་ཏེ༔ ཕག་མོ་ཉིད་ཀྱང་གདོད་མ་ནས༔ ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ༔ ངོ་ཤེས་གདིང་ཐོབ་མངོན་གྱུར་པ༔ ཕག་མོའི་དངོས་གྲུབ་ཡང་དག་གོ༔ ས་མ་ཡ༔ [ཁོ་བོ་གར་དབང་འགྲོ་འདུལ་
གླིང་པ་རྡོ་རྗེ་དྲག་པོ་རྩལ་གྱི་སྙིང་གི་ཏི་ཀ་མཐར་ཐུག་པ་ལས་ལྡན་གྱི་ཤེས་རབ་མ་གཅིག་ལ་ཆིག་བརྒྱུད་དུ་གདམས་པ་ཨྠྀི༎ ༎༈ ཨོཾ་སྭསྟི། [ཕག་མོའི་ཟབ་ཏིག་ཉམས་སུ་ལེན་པ་ལ། ཐོག་མར་སྦྱོར་བའི་ཆོས་ནི།] རང་ཉིད་སྐད་ཅིག་གིས་རྡོ་རྗེ་རྣལ་འབྱོར་མའི་སྐུར་གྱུར་པའི་མིག་གཉིས་ཉི་ཟླ་དང་མིག་འབྲས་རྡོ་རྗེར་འབར་བའི་འོད་ཟེར་གྱིས་བགེགས་ཐམས་ཅད་ཚར་བཅད་པ་གྱུར། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་རྭ་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་དཔུང་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོས་བཅིངས་པར་གྱུར། [ཅེས་སྲུང་མཚམས་བཅད།] རང་གི་སྤྱི་བོར་རྩ་བའི་བླ་མ་ཧེ་རུ་ཀ་དང་རྡོ་རྗེ་རྣལ་འབྱོར་མ་གཉིས་སུ་མེད་པ་སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོར་བཞུགས་པར་གྱུར། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཛིན། །གསོལ་བ་འདེབས་སོ་བྱིན་གྱིས་རློབས། །[ལན་གསུམ།] བླ་མ་རྡོ་རྗེ་རྣལ་འབྱོར་མ། །དཀོན་མཆོག་གསུམ་ལས་སྐྱབས་སུ་མཆི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བླ་མ་རྡོ་རྗེ་མཁའ་འགྲོ་མ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དུག་ལྔ་ཟད་མཛད་མཁའ་འགྲོ་ལྔ། །ཞི་རྒྱས་དབང་དྲག་ཚར་
གཅོད་པའི། །བདག་གི་ལས་ཀྱི་འབྲས་བུ་རྣམས། །ད་ལྟ་ཉིད་དུ་མཆིས་པར་མཛོད། །བདག་གིས་དགེ་བ་གང་བྱས་པ། །སེམས་ཅན་ཀུན་གྱི་དོན་དུ་བསྔོ། །སུ་ཡིས་དམ་པའི་ཆོས་སྤྱོད་པ། །དེ་དག་ཀུན་ལ་རྗེས་ཡི་རང་། །མཆོག་ཏུ་གསང་བ་སྔགས་ཀྱི་ལམ། །བདག་གི་རྒྱུད་ལ་བརྟེན་པར་བགྱི། །[ལན་གསུམ།] ཚོགས་ཞིང་རྣམས་རང་ལ་ཐིམ་པར་གྱུར། [ཅེས་བསོད་ནམས་ཀྱི་ཚོགས་དང་།] ཨོཾ་སྭ་བྷཱ་ཝ་ཤུངྔྷཿ སརྦ་དྔྷརྨ་སྭ་བྷཱ་ཝ་ཤུདྡྷོ་྅་ཧཾ། [ཞེས་སྣོད་བཅུད་ཕུང་ཁམས་ཐམས་ཅད་མི་དམིགས་པར་བསྒོམ་པ་ཡེ་ཤེས་ཀྱི་ཚོགས་བསགས། ཐུན་མཚམས་སུ་གཏོར་མ་འབུལ་བར་འདོད་ན།] རཾ་ཡཾ་ཁཾ་[གིས་བསྲེག་གཏོར་བཀྲུས།] ཨོཾ་ཨཱཿཧཱུྃ་[ལན་གསུམ་གྱིས་བྱིན་བརླབ།] འཁོར་འདས་ཐམས་ཅད་རྗེ་བཙུན་མ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་དང་བཅས་པའི་རྣམ་པར་ཕེཾ། [ཞེས་སྤྱན་དྲངས།] ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་[བསམ་ལ། རྩ་སྔགས་མཐར།] ཨེ་ཨ་རལླི་ཨོཾ་ཨཱཿཧཱུྃ་བ་ལིཾ་ཏ་ཁཱ་ཧི་ཁཱ་ཧི། [ལན་གསུམ་མམ་བདུན་གྱིས་ཕུལ་ལ།] ཨརྒྷཾ་[ནས་]ཤཔྡའི་[བར་གྱིས་མཆོད། འབྲུ་གསུམ་གྱིས་ནང་མཆོད་ཕུལ།] སྟོང་ཉིད་སྙིང་རྗེ་དབྱེར་མེད་པ༔ ཁམས་གསུམ་པ་ཡི་ངོ་བོ་ཉིད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ རྡོ་རྗེ་ཕག་མོ་ཁྱོད་ལ་བསྟོད༔ དམ་རྫས་གཏོར་མ་འདི་བཞེས་ལ༔ མཆོག་
དང་ཐུན་མོང་དངོས་གྲུབ་སྩོལ༔ [ཅེས་བསྟོད། ཡིག་བརྒྱས་ནོངས་པ་བཤགས་ནས།] བཛྲ་མུ༔ [ས་མགྲོན་གཤེགས་སུ་གསོལ། བཟླས་པའི་མཐར།] སྣང་གྲགས་ལྷ་སྔགས་ཡེ་ཤེས་སྤྲིན། །ཆོས་དབྱིངས་ཀློང་ཆེན་ཡངས་པར་བསྡུ། །མ་འགག་སྒྱུ་འཕྲུལ་དྲྭ་བའི་གར། །རྡོ་རྗེ་ཕག་མོའི་ངོ་བོ་ལྡང་། །ཨོཾ་ཨཱཿཧཱུྃ། ཞེས་བསྡུ་ལྡང་བྱ] དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་ཕག་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །ཇི་ལྟར་ལྷ་མོ་ཁྱོད་ཉིད་དང་། །བདག་ནི་རབ་ཏུ་མཉམ་སྦྱར་ཕྱིར། །འདི་ནས་འཇིག་རྟེན་འོག་ཏུ་ཡང་། །མཁའ་འགྲོ་མ་ཡི་གཟུགས་ཅན་དུ། །བདག་ཉིད་འབྱུང་ཞིང་འགྱུར་བར་ཤོག །བདེ་ཞིང་བདེ་བ་བརྟན་པ་དང་། །བདེ་བ་ཆེན་པོར་བདག་འགྱུར་ཤོག །[ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཤིས་པ་བརྗོད་པས་ཀྱང་བདེ་ལེགས་སུ་བྱའོ། །ཞེས་པའང་ཛྙཱ་ནས་སོ༎ ༎]
མཁའ་འགྲོའི་ཚེ་སྒྲུབ་ཟབ་མོ།
[མཁའ་འགྲོའི་ཚེ་སྒྲུབ་ཟབ་མོ་ཨྠྀི༔ མཁའ་འགྲོ་ཚེ་ཡི་སྒྲུབ་པ་ནི༔ ཌཱ་ཀིའི་མཎྜལ་དབུས་ཉིད་དུ༔ རིན་ཆེན་བུམ་པ་བཅུད་ལྡན་བཤམ༔ ཚེ་གལ་མཆོད་པ་བཟང་པོས་བསྐོར༔] བདག་མདུན་ཡེ་ཤེས་མཁའ་འགྲོ་ཡི༔ ཐུགས་ཀར་རྒྱ་གྲམ་གྱིས་བསྡམས་པའི༔ ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿ འོད་འབར་ཉི་ཟླའི་ཁ་བྱེ་ནས༔ ནམ་མཁའི་མཐའ་ཁྱབ་སྤྲོས་པ་ཡིས༔ རང་གི་བླ་ཚེ་ཆད་ཉམས་དང་༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་དང་༔ བདེ་ཆེན་ཡེ་ཤེས་རྒྱས་པར་[བསམ༔ རྩ་སྔགས་ཤམ་དུ༔] ཨཱ་ཡུརྫྙཱ་ན་ཚེ་བྷྲུྃ༔ [ཞེས་བཟླ་ཐུན་མཚམས་ཚེ་འགུགས་བསྐུལ༔] ཧྲཱིཿ པདྨ་རྣམ་པར་རྒྱས་པའི་ཞིང་༔ བདེ་ཆེན་འབར་བ་དབང་གི་དལ༔ ཟླ་གམ་ཚེ་ཡི་ཕོ་བྲང་ནས༔ འཆི་མེད་ཡེ་ཤེས་དྷཱ་ཀིནཱི༔ རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་དང་༔ ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ དེང་འདིར་ཐུགས་དམ་རྒྱུད་བསྐུལ་ལོ༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་འཁྱམས་དང་ཡར་བ་དང་༔ འབྱུང་པོས་བརྐུས་ཤིང་འཕྲོག་པ་རྣམས༔ དྲེགས་པ་རང་རང་ལ་གནས་ཁུག༔ ས་ཆུ་མེ་རླུང་ནམ་མཁའི་
བཅུད༔ ཤ་ཁྲག་དྲོད་འབུགས་སེམས་ལ་བསྟིམ༔ སྐྱེ་འགྲོའི་ཚེ་བསོད་དཔལ་ཡོན་སྟོབས༔ རྩ་གསུམ་རྒྱལ་བའི་བྱིན་རླབས་དབྱིག༔ དྲང་སྲོང་རིག་འཛིན་གྲུབ་པའི་ཚེ༔ མ་ལུས་སྒོ་གསུམ་ཐིག་ལེར་སྡུས༔ རྒས་མེད་ལང་ཚོའི་གཟི་མདངས་སྐྱེད༔ ནད་མེད་བདེ་བའི་དགའ་བ་སྤེལ༔ འཆི་མེད་རྡོ་རྗེ་སྲོག་རྩ་ཚུགས༔ སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ༔ མི་ཤིགས་གཞོན་ནུ་བུམ་པ་སྐུའི༔ རྟག་པ་དམ་པའི་དངོས་གྲུབ་སྩོལ༔ [ཞེས་བསྐུལ་བདུད་རྩིས་ལུས་ལང་བའི༔ དྭངས་མ་ཧྲཱིཿལ་འདུས་ནས་སུ༔ གྭའུ་ཁ་འགྲིགས་རྒྱ་གྲམ་གྱི༔ རྭ་མདུད་འོད་ཀྱི་ཐག་པས་བསྡམས༔ མི་ཤིགས་རྡོ་རྗེའི་སྲོག་འགྲུབ་བསམ༔] བྷྲུྃ༔ ཚེ་ཡི་དངོས་གྲུབ་དྭངས་མའི་བཅུད༔ མི་ཤིགས་ཙིཏྟའི་དཀྱིལ་དུ་སྦ༔ འགྱུར་མེད་དབྱིངས་ཕྱུག་ཡུམ་གྱི་ཀློང་༔ གཞོམ་ཞིག་བྲལ་བར་རྒྱས་གདབ་བོ༔ ངྷརྨ་ངྷཱ་ཏུ་ཨ་ཨ་ཨ༔ [ཞེས་པས་རྒྱས་གདབ་པར་བྱ༔ རྟགས་མཐོང་ཚེ་བུམ་སྤྱི་བོར་བླངས༔] ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཚེ་ཡི་བདག༔ སྒྲིབ་པའི་དྲི་མ་ཀུན་བྲལ་བ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲུྃ་ཧཱུྃ༔ [ཐབས་ཤེས་རྫས་རོལ་ཤིས་པ་སྤེལ༔ དེས་ནི་རྡོ་རྗེའི་ཚེ་དང་ནི༔ རྒས་མེད་ལང་ཚོ་ཡུང་དྲུང་ལུས༔ རྡོ་རྗེའི་སྲོག་རྩ་འགྲུབ་པར་འགྱུར༔ ས་མ་ཡ༔]
མཁའ་འགྲོ་མཚོ་རྒྱལ་གྱི་གྲུབ་རྟགས་ལས་ཚོགས་ཟབ་མོ།
མཁའ་འགྲོ་མཚོ་རྒྱལ་གྱི་གྲུབ་རྟགས་ལས་ཚོགས་ཟབ་མོ་བཞུགས་སོ༔
མཁའ་འགྲོ་མ་གུས་པས་འདུད༔ ཡང་ཟབ་མཁའ་འགྲོའི་སྙིང་ཐིག་ལས༔ ཁྱད་པར་གྱི་ལས་ཚོགས་ཉི་ཤུ་རྩ་གཅིག་བསྟན་པ་ནི༔ གོང་དུ་མཁའ་འགྲོའི་བསྙེན་སྒྲུབ་ཚད་དུ་བསྐྱལ་ཞིང་དྲོད་རྟགས་བརྙེས་པའི་རྣལ་འབྱོར་པས༔ མཁའ་འགྲོའི་ང་རྒྱལ་བརྟུལ་ཞུགས་ཀྱི་སྤྱོད་པ་བྱ་བ་ལ༔ འཇིག་རྟེན་ལྷ་འདྲེ་དྲག་པོ་དམ་ལ་འདོགས་ཤིང་ལས་ལ་བཙུད་པ་ནི༔ ལྷ་སྲིན་གར་གནས་པའི་རྟེན་དེ་ནས་ས་བླངས་ལ་གཟུགས་བཅོས༔ གཏོར་མ་བྱིན་ནས༔ རང་མཁའ་འགྲོ་མཚོ་རྒྱལ་གྱིང་རྒྱལ་བསྒོམས་ལ༔ བཾ་ཧ་རི་ནི་ས་ངྷེ་ཝ་ཡཀྴ་ཧཱུྃ༔ ཀ་ལ་ས་མ་ཡ་སྟྭཾ༔ ཞེས་བཟླས་པས་ལྷ་འདྲེ་གདུག་པ་ཅན་གང་
ཡིན་ཡང་དམ་ལ་ཐོགས་ཤིང་ལས་ལ་འཁོལ་ལོ༔ ཟབ་རྒྱ༔ བླ་མ་མཁའ་འགྲོའི་རྣལ་འབྱོར་པས༔ དོན་འགྲུབ་བམ་མི་འགྲུབ་རྟག་པ་ནི༔ རང་གི་སྔས་སུ་མཁར་བའི་སྣོད་དུ་ཆུ་གཙང་མའི་ནང་དུ་འོ་མ་བླུགས་ཏེ༔ རང་མཚོ་རྒྱལ་དཀར་མོ་ཉི་མའི་སྤྱན་དཔྲལ་བར་ཡོད་པར་བསམ་ལ༔ བྃ་ཧ་རི་ནི་ས་ཆུ་བུར་མིག་གི་སྒོ་སོལ༔ ཙཀྵུ་སྭཱ་ཧཱ༔ ཞེས་སྟོང་ཕྲག་བཟླས་ནས་མིག་ལ་ཆུ་བྱུག༔ ཁོང་དུ་མིད༔ ཁྲུས་བྱས་ཏེ་ཉལ་བས༔ རབ་མིག་གིས་མཐོང་༔ འབྲིང་ལུང་སྟོན༔ ཐ་མ་རྨི་ལམ་དུ་བརྡ་རྟགས་སྣ་ཚོགས་འབྱུང་ངོ་༔ མཁའ་འགྲོ་ལ་གསོལ་བ་གདབ་བོ༔
ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་བས༔ པྲ་དབབ་པར་འདོད་ན༔ བུ་མོ་གཙང་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་ལ་ཁྲུས་བྱ༔ དེ་མཁའ་འགྲོ་དམར་མོ་སྤྱན་གསུམ༔ དཔྲལ་བའི་སྤྱན་གྱིས་སྲིད་གསུམ་མཐོང་བ་གཅིག་ཏུ་བསྒོམས་ལ༔ བྃ་ཧ་རི་ནི་ས༔ གང་གོ་ལི༔ ཆུ་བུར་མིག་གི་སྒོ་ཕྱེས་ཤིག༔ ཅེས་ནས་ལ་བཟླས་ནས་གཏོར་བས་ལེགས་ཉེས་ཐམས་ཅད་མཐོང་བར་འགྱུར་རོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ལུས་བསྒྱུར་བར་འདོད་ན༔ ས་ལ་ཕག་པའི་གཟུགས་ལ་སོགས་པ་གང་འདོད་བྱས་ལ། བྃ་ཧ་རི་ནི་ས༔ ས་གེ་ཡ༔ ཞེས་བརྒྱ་རྩ་བཟླས་ཤིང་གང་དུ་བསྒྱུར་བའི་དམིགས་པ་གཏད་དེ་ལན་གསུམ་འདྲེས་པས་གང་འདོད་པའི་གཟུགས་སུ་འགྱུར་རོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཕ་རོལ་གྱི་ཤེས་པ་བསྒྱུར་འདོད་ན༔ རང་རྡོ་རྗེ་ཕག་མོར་བསྒོམས་པའི་ཐུགས་ཀར་མཚོ་རྒྱལ་དམར་མོ་རུས་རྒྱན་ཅན་བསྒོམས་ལ༔ བྃ་ཧ་རི་ནི་ས༔ ཨ་མྲྀ་ཏཾ་ཀ་ལ༔ ཞེས་བཟླ་ཞིང་ཕག་མོའི་ད་ཀྱི་ངུར་ནས༔ ཕ་རོལ་ལ་རིག་པ་གཏད་པས་ཤེས་པ་འགྱུར་རོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཆོས་སྨྲ་བའི་ཚེ༔ རང་གི་ལྕེ་པདྨ་འདབ་བཞིར་ཡི་གེའི་རང་སྒྲ་སྒྲོགས་པར་བསམ་ལ༔ བྃ་ཧ་རི་ནི་ས༔ ངྷྭརྨ་སརྦ་
སྨྲས་སོ༔ ཞེས་བརྒྱ་རྩ་བཟླས་པས་ཆོས་གང་བཤད་ཕ་རོལ་གྱི་ཡིད་ལ་འཇུག་ཅིང་བྱིན་གྱིས་བརླབ་བོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ སྐྱེས་པ་འགུགས་པར་འདོད་ན༔ གྲོག་ལ་གང་བྱེད་ཀྱི་གཟུགས་བྲིས་ལ༔ སྙིང་གར་འཁོར་ལོ་རྩིབས་དྲུག༔ རྩ་སྔགས༔ མུ་ཁྱུད་ལ་ཤམ༔ དབུས་སུ་མིང་ནྲྀཿབྲིས་ལ༔ རང་མཚོ་རྒྱལ་འགུགས་བྱེད་དམར་མོར་གསལ་ལ༔ བྃ་ཧ་རི་ནི་ས༔ ཆེ་གེ་མོ་ཨཱ་ཀཪྴ་ཡ་ཛཿཛ༔ ཞེས་བསྒྲུབས་ནས་རྟགས་བྱུང་བ་དང་འཁོར་ལོ་ལག་མཐིལ་དུ་དྲིལ་བས་གང་ལ་བྱས་པ་ཁུག་པར་འགྱུར་རོ༔ བུད་མེད་འགུགས་པར་འདོད་ན༔ འཁོར་ལོ་གོང་ལྟར་མིང་ཡིག་བྲིས་ལ༔ བྃ་ཧ་རི་ནི་ས༔ རྨར་ཆེ་གེ་མོ་ཨ་ཀཪྴ་ཡ་ཧྲཱི༔ ཞེས་བསྒྲུབས་ནས་འཁོར་ལོ་དྲིལ་ཏེ་མོས་མཐོང་སར་ཕྱིན་པས་མྱུར་དུ་ཁུག་པར་འགྱུར་རོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཆང་འགུགས་པར་འདོད་ན༔ ཐོད་པ་ཆང་གིས་བཀང་བ་ལ་བདུད་རྩི་བླུགས་ནས༔ བླ་མ་མཁའ་འགྲོ་ལ་མཆོད་བསྟོད་གསོལ་བ་བཏབ༔ བྃ་ཧ་རི་ནི་ས༔ སུ་ར་སིངྔྷི་ཕ་ལ་ན་མ༔ ཞེས་བཟླས་པས་ཆང་ཁོལ་དུ་འོང་བས༔ རང་མཚོ་རྒྱལ་གྱི་སྤྱི་བོར་བླ་མ༔ སྙིང་གར་ཡི་དམ༔ ལྟེ་བར་མཁའ་འགྲོ་
བསམ་ལ་ཧུབ་གསུམ་བཏུང་༔ ལྷག་མ་བདུད་རྩི་རིལ་བུར་བྱས་ལ་ལུས་ལ་བཅང་༔ དཔྲལ་བར་བྱུགས་ལ༔ བྃ་ཧ་རི་ནི་ས༔ སྨི་ཏི་ཟུང་༔ ཞེས་བཟླས་པས་ཆང་མང་དུ་འདུའོ༔ གོང་གི་རིལ་བུ་དེ་ཕབ་དང་བསྲེས་ནས་ཆང་བཙོས་ན༔ ཆང་ཞིམ་ཞིང་ཆང་ཟད་པ་མེད་པར་འབྱུང་ངོ་༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ མི་འདུ་བར་འདོད་ན༔ ཚོགས་དང་གཏོར་མ་བཟང་པོ་བཤམ༔ མཁའ་འགྲོ་ལ་གསོལ་བ་གདབ༔ བྃ་ཧ་རི་ནི་ས༔ ངྷཱ་ཀི་ཨོ་ཏྲུཾ་ཨེ་ཀ་ས་ར༔ ཞེས་བཟླ་ཞིང་ལག་མཐིལ་དུ་འཁོར་ལོ་བྲིས་ནས་བསྔགས་ཏེ་མི་ལ་བསྟན་པས་ཁྲོམ་འདུའོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ མཁའ་འགྲོ་མ་དང་མི་མ་ཡིན་དབང་དུ་བསྡུ་བར་འདོད་ན༔ དུར་ཁྲོད་དུ་འགྲོ་ནས་གཅེར་བུར་བྱས་ཏེ༔ རྐང་དུང་འབུད༔ རང་མཚོ་རྒྱལ་དུ་བསམ་ལ༔ བྃ་ཧ་རི་ནི་ས༔ བྷ་རི་ཧ་ས་ཛཿ ཞེས་བཟླས་ཤིང་ཁྲག་གཏོར་བས༔ མི་མ་ཡིན་རྣམས་སྤྲིན་བཞིན་དུ་འདུ་ཞིང་གང་བཅོལ་བ་ཉན་ནོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ཟས་ནོར་འདུ་བར་འདོད་ན༔ ནང་ནུབ་ཟས་སྣ་ཆུ་དང་རིན་པོ་ཆེ་རྣམས་སྲེག་ཅིང་༔ མེ་མཁའ་འགྲོའི་ཚོགས་སུ་བསམ་ལ༔ བྃ་ཧ་རི་ནི་ས༔ བ་སུ་ངྷ་ན་ཁ་ངྷེ་རཏྣ་པུཥྚིཾ་ཀུ་རུ་
སྭཱ་ཧཱ༔ ཞེས་མཆོད་པས་ཟས་ནོར་གཏེར་བརྡོལ་བ་ལྟར་འབྱུང་ངོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་བས༔ ཚོང་རྒྱལ་བར་འདོད་ན༔ མཁའ་འགྲོ་ལ་གསོལ་བ་བཏབ་ནས༔ བྃ་ཧ་རི་ནི་ས༔ སྨ་ས་ར་ས་ཀུ་རུ༔ ཞེས་ཁོའི་ནོར་དེ་ལ་སྔགས་ཉེར་གཅིག་བཏབ་པས་ཚོང་རང་རྒྱལ་བར་འགྱུར་རོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ ནོར་བསྒྲུབ་པར་འདོད་ན༔ ཐོད་པ་མཚན་ལྡན་དུ་མ་གཅིག་ནང་དུ་རིན་པོ་ཆེ་འབྲུ་དར་ཟབ་སྣ་ཚོགས་ཀྱིས་བཀང་ལ༔ མཁའ་འགྲོ་མཆོད་ཅིང་གསོལ་བ་བཏབ་སྟེ༔ བྃ་ཧ་རི་ནི་ས༔ བ་སུ་པུཥྚིཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་པས་ནོར་ཕྱུག་པར་འགྱུར་རོ༔ ཨྠྀི༔ མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ གྲུབ་རྟགས་བསྟན་འདོད་ན༔ དང་པོ་མཁའ་སྤྱོད་སྒྲུབ་པ་ནི༔ སྐྱེ་བ་བདུན་པའི་ཁྲག་དང་༔ ཤ༔ རུས་པ༔ སྨན་སྣ་ཚོགས་བསྲེས་ལ་རིལ་བུ་བྱས་ཏེ་ཐོད་པ་བཀང་ནས༔ བྃ་ཧ་རི་ནི་ས༔ ཨེ་ཀ་པཱ་ལ༔ ཞེས་འབུམ་ཕྲག་བཟླས་པས་རིལ་བུ་མང་དུ་འཕེལ་ཞིང་འཕུར་རོ༔ དེ་ཁར་བཅུག་པས་མཁའ་སྤྱོད་འགྲུབ༔ ཚེ་ཉི་ཟླ་དང་མཉམ་མོ༔ ཨྠྀི༔ ས་སྤྱོད་བསྒྲུབ་ན༔ གནས་དབེན་པར་དོང་གྲུ་གསུམ་བྲུས་ལ་རང་དེར་འདུག༔ མཁའ་འགྲོ་
མཚོ་རྒྱལ་ཡེ་ཤེས་ཀྱི་སྤྱན་ཅན༔ སྤྱན་ས་འོག་ཏུ་གཟིགས་པར་བསྒོམས་ལ༔ བྃ་ཧ་རི་ནི་ས༔ ཨ་མན་བྷ་ག༔ ཞེས་བཟླས་པས༔ དང་པོ་བྱོལ་སོང་༔ དེ་ནས་དམྱལ་བ་སོགས༔ དེ་ནས་ས་འོག་གི་གཏེར་ཐམས་ཅད་མཐོང་སྟེ་དབང་བསྒྱུར་བར་འགྱུར་རོ༔ ཨྠྀི༔ མེས་མི་ཚིག་པར་འདོད་ན༔ བྃ་ཧ་རི་ནི་ས༔ ཨགྣེ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་མེར་མཆོངས་ཀྱང་མི་ཚིག་གོ༔ ཆུས་མི་བྱིང་བར་འདོད་ན༔ བྃ་ཧ་རི་ནི་ས༔ པ་ནི་པུས་ཏིང་ཀུ་རུ་ཡི་སྭཱ་ཧཱ༔ ཞེས་ཆུས་མི་བྱིང་ངོ་༔ གཡང་རྦབ་ཀྱི་ཉེས་པ་མི་འོང་བར་འདོད་ན༔ བྃ་ཧ་རི་ནི་ས༔ ཡྃ་པ་ར་ཎཱ་ཡ་སྭཱ་ཧཱ༔ གཡང་ལ་མཆོངས་ཀྱང་མི་སྐྱོན་ནོ༔ མགོ་མི་ཆག་པར་འདོད་ན༔ བྃ་ཧ་རི་ནི་ས་ཧཱུྃ༔ ཞེས་མགོ་བརྡབས་དེ་འབོལ་བར་བསྒོམས་པས་མི་སྐྱོན་ནོ༔ གངས་སོགས་འཁྱག་པའི་སྟེང་དུ་ཉལ་ན༔ རླུང་དགང་ནས་བཟུང་ལ་གཏུམ་མོ་སྦར༔ བྃ་ཧ་རི་ནི་ས༔ རྃ་རྃ༔ ཞེས་འཁྱག་མེད་བསྒོམ་མོ༔ དེ་ལྟར་བརྟུལ་ཞུགས་གང་བྱེད་ཀྱང་མཁའ་འགྲོའི་རྟགས་ཚད་རྫོགས་པར་བསྒྲུབ་པ་གལ་ཆེའོ༔ མཁའ་འགྲོ་མའི་བརྟུལ་ཞུགས་ཀྱི་གྲུབ་རྟགས་ལས་ཚོགས་ཉེར་གཅིག་པ་ཨྠྀི༔ གུ་ཧྱ༔ མཁའ་འགྲོའི་ལས་ཚོགས་ཐོར་བུ་སྣང་སྲིད་དབང་བསྒྱུར་བསྟན་པ་ནི༔ བསྙེན་
པ་ཚད་དུ་སྐྱོལ་ཞིང་མཁའ་འགྲོ་གྲུབ་པའི་རྣལ་འབྱོར་པས༔ དང་པོ་ཞི་བའི་ལས་ཚོགས་ནི༔ རྒྱལ་པོའི་ཆད་པ་ལ་སོགས་འཇིགས་པ་དྲག་པོ་བྱུང་ན༔ རྒྱ་ཤུག་དང་ཙན་དན་གྱི་ལོ་མ་ལ༔ བྃ་ཧ་རི་ནི་ས་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས༔ མཚོ་རྒྱལ་མཁའ་འགྲོ་མ་ལ་གསོལ་བ་བཏབ་སྟེ༔ ཨ་མ༔ རྒྱལ་པོའི་ཆད་པའི་འཇིགས་པ་དང་༔ ཕ་རོལ་པའི་དམག་ཚོགས་དང་༔ མེ་དང་༔ ཆུ་དང་༔ གཅན་གཟན་དང་༔ སྦྲུལ་གདུག་པ་ཅན་དང་༔ མུ་གེ་དང་༔ དུས་མ་ཡིན་པའི་འཆི་བའི་འཇིགས་པ་དང་༔ འཇིགས་པ་བརྒྱད་ལས་ཐར་བར་གྱུར་ཅིག༔ བཟློག་པར་འགྱུར་ཅིག༔ ཞི་བར་གྱུར་ཅིག༔ ཅེས་བྱས་པས་འཇིགས་པ་བརྒྱད་ལས་ཐར་བར་འགྱུར་རོ༔ ཨྠྀི༔ རྒྱས་པའི་ལས་སྦྱོར་ནི༔ བུམ་པར་ཆུ་དང་༔ རིན་པོ་ཆེ་དང་༔ སྨན་དང་༔ འབྲུ་ལ་སོགས་པ་བླུགས་ལ༔ བྃ་ཧ་རི་ནི་ས་ས་པུས་ཏིང་ཀུ་རུ་ཨཱ་ཡུཿསིངྔྷི་སྭཱ་ཧཱ༔ ཞེས་འབུམ་ཕྲག་གཅིག་བཟླས་ནས་ནངས་རེ་བཞིན་དུ༔ རང་ངམ་འཁོར་སོགས་གང་དགོས་ཀྱིས་ཁྲུས་བྱས་ཤིང་བཏུང་ན་ཚེ་དང་༔ འཁོར་དང་༔ ནོར་དང་༔ ལོངས་སྤྱོད་ལ་སོགས་པ་
རྒྱས་པར་འགྱུར་རོ༔ ཨྠྀི༔ དབང་གི་ལས་ནིཿ མེ་ལོང་གི་སྟེང་དུ་བྱང་སེམས་དཀར་དམར་དང་༔ སིནྡྷུ་རས་བྃ་ཧ་རི་ནི་ས་ཡི་གེ་བྱས་ཏེ༔ དེའི་སྟེང་དུ་རྫས་དེ་གསུམ་གྱི་རིལ་བུ་ཐུམ་བོར་བཞག་ལ༔ བྃ་ཧ་རི་ནི་ས༔ པ་ཤཾ་ཀུ་རུ༔ ཨཱ་བེ་ཤ་ཨཱ༔ ཞེས་འབུམ་ཕྲག་བཟླས་ནས༔ ལས་སྦྱོར་ནམ་དགོས་དུས་སྨིན་མཚམས་སུ་ཐིག་ལེ་བྱས་པས༔ འགྲོ་བ་ཐམས་ཅད་ཀྱིས་རྒྱལ་པོའམ༔ སློབ་དཔོན་ནམ༔ ཕ་མ་ལྟ་བུར་མཐོང་ནས་མོས་ཏེ༔ མོས་པ་རྣམ་པ་བཞིས་དབང་དུ་འདུས་པ་འགྱུར་རོ༔ ཨྠྀི༔ དྲག་པོའི་ལས་ཀྱིས་དགྲ་བསད་པ་ནི༔ རབས་ཆད་ཀྱི་ཐོད་པར་དགྲའི་ལིངྒ་བཅུག་སྟེ༔ དགུག་གཞུག་བྱས་ནས༔ ཉུང་དཀར་ལ་བསྔགས་ཏེ་ཐུན་བརྡེག་གོ༔ བྃ་ཧ་རི་ནི་ས་ཨ་ཀ་ས་མ་ར་ཙ་ཕཊ༔ ཆེ་གེ་ཨུཾ་མཱ་ར་ཡ་རྦད༔ ཅེས་ཐུན་དྲག་ཏུ་བརྡེབས་པས་ཐོད་ལིང་འཚག་པར་འོང་ངོ་༔ དེ་ནས་སྦྱིན་སྲེག་གི་དུག་ཤིང་གི་མེ་ལ་བསྲེགས་པས་མྱུར་དུ་གུམ་མོ༔ དགྲ་བོ་འགུགས་པར་འདོད་ན༔ དུར་ཁྲོད་ཀྱི་རས་ལ་དགྲ་བོའི་རཱུ་བར་ཁྲག་གིས་བྲིས་ལ༔ སྙིང་གར་ཡི་གེ་ནྲྀ་ཛཿབྲི༔ ངག་ནས་བྃ་ཧ་རི་ནི་ས་ཆེ་གེ་ཨཾ་ཀུ་ཤ་ནི་ཛ་ཛཿ ཞེས་བཟླས་ཤིང་ལིངྒ་ལ་འགུགས་གཞུག་བྱས༔ ལིངྒ་
བྲུབ་ཁུང་དུ་བཅུག་ལ༔ ཉུང་དཀར་ཐུན་གྱིས་བྲབ་པས་དགྲ་དངོས་སུ་དགུག་ནུས་སོ༔ ཨྠྀི༔ དགྲ་བཅིངས་པ་ནི༔ དགྲ་བགེགས་གང་ཡིན་ལིངྒ་བྲིས་ལ༔ སྙིང་གར་ནྲྀ་ཛཿཛཿནན༔ ཅེས་བྲིས་ལ་བལ་ནག་ཕྱིན་ཀ་ལོག་ཏུ་སྐུད་པས་བྱད་དུ་གཞུག༔ བྃ་ཧ་རི་ནི་ས༔ མོན་ངྷ་ཆིངས༔ ཞེས་བཟླ་ཞིང་ཉུང་ནག་གི་ཐུན་གྱིས་བྲབ༔ ལིངྒ་མལ་འོག་ཏུ་མནན་ན་དགྲ་བོ་གང་ལ་བྱས་པ་གྲུ་གུ་ཐུལ་དུ་འཆིང་བར་འགྱུར་རོ༔ ཨྠྀི༔ དགྲ་བགེགས་བསྐྲད་པར་འདོད་ན༔ གུ་གུལ་དང་ནིམ་པ་སྦྱར་ལ༔ དགྲ་བགེགས་ཀྱི་ལིངྒ་བྲིས་ཏེ༔ རྫས་ཀྱི་དུད་པ་བཏང་ཞིང་༔ བྃ་ཧ་རི་ནི་ས༔ གརྫ་ཡ་ཕཊ༔ ཅེས་སྟོང་བཟླས་པས་དགྲ་ཡུལ་ནས་ཕྱུང་ཞིང་༔ བགེགས་གནས་ནས་བསྐྲད་པར་འགྱུར་རོ༔ ཨྠྀི༔ དགྲའི་དམག་དཔུང་རེངས་པར་འདོད་ན༔ རྒྱ་ཤུག་གི་ལོ་མའམ་གྲོ་ག་ལ་དགྲའི་མིང་བྲིས་ལ༔ དམག་གི་མདུན་དུ་བསྲེག་ཅིང་༔ བྃ་ཧ་རི་ནི་ས༔ ཧ་ཀ་ལི་ཧཱུྃ་ཕཊ༔ ཅེས་བཟླས་པས་དམག་དང་དགྲ་གང་ཡིན་ཀྱང་རུང་སྟེ་རེངས་པ་འགྱུར་རོ༔ ཨྠྀི༔ དགྲ་བགེགས་ཡུལ་ནས་ཕུང་བ་ནི༔ དགྲ་བགེགས་ཀྱི་ལིངྒ་བྲིས་ལ༔ ཚེར་མའི་ཤིང་ལ་ཉུང་ནག་བསྲེས་ཏེ༔ བྃ་ཧ་རི་ནི་ས༔
ཆེ་གེ་སྤོ་ཏ་ཡ་སྤོ་ཏ་ཡ་ཕཊ༔ ཅེས་ཐལ་བ་ཕྱོགས་ཐམས་ཅད་དུ་གཏོར་ཞིང་རླུང་ལ་བསྐུར་ན༔ དགྲ་བགེགས་ཡུལ་བུད་ནས་མི་ཆགས་སོ༔ ཨྠྀི༔ མཐུན་གཉིས་སམ༔ དགྲའི་ནང་ངམ། གྲོང་ཁྱེར་གྱི་ནང་དབྱེ་བར་འདོད་ན༔ ཤིང་གླ་བའི་བྱང་བུ་ལག་མཐིལ་དང་མཉམ་པའི་དུམ་བུ་ཟླུམ་པོ་གཉིས་ལ༔ ལྡོང་རོས་ཀྱི་འཁོར་ལོ་རྩིབས་བཞི་པར་ཧ་རི་ནི་ས༔ དབུས་ཀྱི་ལྟེ་བར་དགྲའི་མིང་བྲིས༔ མཐར་སྲོག་མཱ་ར་ཡ་ཕྱེས་ཕྱེས་བྲིས༔ རང་གིས་བྃ་ཧ་རི་ནི་ས༔ སྲོག་མཱ་ར་ཡ་ཕྱེས་ཕྱེས༔ ཞེས་བཟླ་ཞིང་འཁོར་ལོ་གཉིས་དྲག་ཏུ་བརྡབ་ན་དགྲ་ནང་འཁྲུགས༔ མཐུན་གཉིས་བྲལ་བར་འགྱུར་རོ༔ ཨྠྀི༔ གཡུལ་ལས་རྒྱལ་བར་འདོད་ན༔ ཕུངས་དང་ལྕགས་ཕྱེ་འསྲེས་ལ༔ བྃ་ཧ་རི་ནི་ས༔ ཨ་མྲྀ་ཀ་ར་ལ་ཕཊ༔ ཅེས་བཟླས་ཏེ་ས་དེ་གཏོར་ན་གཡུལ་ལས་རང་རྒྱལ་ལོ༔ ཨྠྀི༔ མཚོན་གྱི་མི་ཚུག་པ་འདོད་ན༔ བྃ་ཧ་རི་ནི་ས༔ དུར་མོ་ཡ་མི་ལ་སྭཱ་ཧཱ༔ ཞེས་སྔགས་དེ་སྟོང་ཕྲག་དགུ་བཟླས་ནས་ཉུང་ཀར་འབྲུ་བདུན་དང་ལྷན་ཅིག་ལུས་ལ་བཏགས་ན་མཚོན་གྱིས་མི་ཚུགས་སོ༔ ས་ལ་བཟླས་ཏེ་གཏོར་ན་ཕ་རོལ་གྱི་མཚོན་ཁ་ཆིང་བར་འགྱུར་རོ༔ ཨྠྀི༔ རྒྱལ་པོའི་དམག་དཔུང་བཟློག་པར་འདོད་ན༔ ཐོད་པ་
སྦྱར་མའི་ནང་དུ་སྔགས་ཀྱི་འཁོར་ལོ་བྲིས་ཏེ༔ བྃ་ཧ་རི་ནི་ས༔ ས་སྨ་ར་ས་ཀུ་རུ་སྭཱ་ཧཱ༔ ཞེས་འབུམ་ཕྲག་བཟླས་ཏེ༔ རྔ་བརྡུངས་པས་རྒྱལ་པོའི་དམག་དཔུང་ཐམས་ཅད་ལས་རང་རྒྱལ་ལོ༔ ཨྠྀི༔ དགྲ་བོ་སྨྱོ་བར་འདོད་ན༔ སྨྱོ་འབོག་གི་ཁྲག་གིས་དགྲ་ཡི་ལིངྒ་བྲིས་ལ༔ དུག་ཆུས་བྱུག༔ སྨྱོས་ནས་ཤི་བའི་སྙིང་དུ་བཅུག་ལ༔ བྃ་ཧ་རི་ནི་ས༔ ཨུན་མན་ཏ་ཡ་ཕཊ༔ ཅེས་ཐང་ཕྲོམ་གྱིས་བྲབ་པས་གང་ལ་བྱས་པ་སྨྱོ་བར་འགྱུར་རོ༔ དགྲ་ལྐུགས་པར་འདོད་ན༔ དགྲའི་ལིངྒ་མིང་རུས་བྲིས་ཏེ་ལྐུགས་པའི་ལྕེར་བཅུག་ལ༔ ཉུངས་ནག་དང་གུ་གུལ་གྱིས་བྲབ་བོ༔ བྃ་ཧ་རི་ནི་ས༔ ཀྲི་ཝ་སྟྭམ་བྷ་ཡ་ནན༔ ཞེས་ཆུ་མིག་ལྐུགས་པར་ལིངྒ་མནན་ན་དགྲ་ཁ་ལྐུགས་པར་འགྱུར་རོ༔ དགྲ་བགེགས་སྲེག་པ་ནི༔ དུག་ཤིང་གི་མེ་ལ་དགྲ་བགེགས་ཀྱི་ལིངྒ་དང་༔ མར་ནག༔ ཀེ་ཚེ་དང་གཏོར་མ་བཅས་བསྲེགས་ཏེ༔ བྃ་ཧ་རི་ནི་ས༔ ཆེ་གེ་མོ་ཛྭ་ལ་རཾ་རཾ༔ ཞེས་རྫས་དང་ལིངྒ་རེ་རེ་ལ་བདུན་རེ་བཟླས་ཏེ༔ ཉི་ཤུ་རྩ་གཅིག་རེ་བསྲེག་ན་དགྲ་བགེགས་ཐམས་ཅད་བརླག་པ་འགྱུར་རོ༔ ཨྠྀི༔ དགྲ་བགེགས་མནན་པར་འདོད་ན༔ ཐོད་པ་མཚན་ངན་དུ་དགྲ་བགེགས་ཀྱི་ལིངྒ་བཅུག་ནས་
མཁར་ནག་གིས་བཅིངས་ནས་དགུག་གཞུག་དྲག་ཏུ་བྱས་ཏེ༔ བྃ་ཧ་རི་ནི་ས༔ ཆེ་གེ་མོ་མཱ་ར་ཡ་སྟྭམ་བྷ་ཡ་ནན༔ ཞེས་སྟོང་ཁྲི་བཟླས་ནས་དུར་ཁྲོད་དང་༔ མཆོད་རྟེན་རྨང་ངམ༔ ལྷ་ཁང་གི་ཐེམ་འོག་ཏུ་མནན་ནོ༔ རྟ་བྲོ་བྱས་པས་དགྲ་བགེགས་གང་ཡང་གནོན་པར་འགྱུར་རོ༔ ཨྠྀི༔ ཕ་རོལ་གྱི་རྦོད་གཏོང་དང་བྱད་ཁ་བཟློག་པར་འདོད་ན༔ དགྲ་ཡི་ལིང་ག་བྲིས་ནས་སྙིང་ཁར་མཚོན་ཕུར་སོར་བརྒྱད་གདབ་སྟེ༔ བྃ་ཧ་རི་ནི་ས་རྦོད་གཏོང་སརྦ་ཟློག༔ ཆེ་གེ་མོ་ལ་རྦད༔ ཅེས་ཉིན་ཞག་ཕྲུགས་གཅིག་ཏུ་བཟླས་ཤིང་༔ ལིངྒ་ཐོད་པ་མཚན་ངན་དུ་བཅུག་ལ༔ རང་གི་མལ་འོག་ཏུ་སྦས༔ དེས་ཟོར་ཁ་རང་གཤེད་དུ་བཟློག་པར་འགྱུར༔ ཨྠྀི༔ ལྟས་ངན་པ་དང་རྨི་ལམ་ངན་པ་བཟློག་ན༔ དམར་གཏོར་གཙོ་འཁོར་ལྔ་བཤམས་ལ༔ མཁའ་འགྲོ་མ་ལ་གསོལ་བ་གདབ་སྟེ༔ བྃ་ཧ་རི་ནི་ས༔ ཨ་པ་ན་ཡ་ཟློག་བྷྱོ༔ ཅེས་བཟླས་ནས་ཕྲིན་ལས་བཅོལ༔ གཏོར་མ་ཕྱོགས་ངན་དུ་འཕང་ན་རྨི་ལམ་ངན་པ་ལྟས་ངན་ལ་སོགས་པ་མི་མཐུན་པ་ཐམས་ཅད་བཟློག་པར་འགྱུར་རོ༔ ཨྠྀི༔ ལམ་དུ་ཞུགས་པའི་དགྲ་ཇག་བཟློག་ན༔ དགྲ་གཟུགས་ཐེམ་པའི་ཕྱི་རོལ་ལམ༔ ལམ་དུ་བྲིས་ལ༔ དེའི་སྙིང་ཁར་རྐང་པ་བཞག་ལཿ
བྃ་ཧ་རི་ནི་ས༔ ཨངྐུ་ཤ་ཏྲཱུཾ་མཱ་ར་ཡ་ནན༔ ཞེས་ཉེར་གཅིག་རེ་བཟླས་ནས་དགྲ་བོ་རི་རབ་ཀྱིས་ནོན་པར་བསམ་ལ་འགྲོ་བས་འཇིགས་པ་མི་འབྱུང་ངོ་༔ ཨྠྀི༔ ཡམས་ནད་དང་བགེགས་བཟློག་ན༔ དམར་གཏོར་ཁྲག་བྱུག་པ་གཅིག་བཤམས་ལ༔ མཁའ་འགྲོ་མ་ལ་གསོལ་བ་བཏབ་ནས༔ བྃ་ཧ་རི་ནི་ས༔ འབྱུང་པོ་མ་མ་ཤ་ཟློག༔ ཅེས་བཟླས་ནས་གཏོར་མ་ཟོར་དུ་འཕངས་པས༔ མ་མོའི་ཡམས་ནད་དང་འབྱུང་པོ་ཐམས་ཅད་བཟློག་གོ༔ ཨྠྀི༔ འཕྲལ་དུ་ནད་པ་ལ་བྱིན་རླབས་བྱེད་ན༔ དམར་གཏོར་གཅིག་བཅོས་ཏེ་མཁའ་འགྲོ་ལ་གསོལ་བ་གདབ་ནས༔ བྃ་ཧ་རི་ནི་ས་བྷ་ལིན་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བརྒྱ་སྟོང་གིས་ཕུལ་ནས༔ ཨ་མ་ཨ་ཀ་ས་མ་ར་ཙ་ཕཊ༔ ཅེས་གཏོར་མ་ནད་པའི་སྟེང་དུ་བསྐྱུར་བས་ཕན་ནོ༔ རྟེན་འབྲེལ་བརྟག་པ་ནི༔ སྣོད་མ་ཆག་ཅིང་༔ གཏོར་རྩེ་ཕར་དང་གཡས་གཡོན་དུ་བསྟན་ན་བཟང་༔ སྣོད་ཆག་ཅིང་གཏོར་རྩེ་རང་ལ་བསྟན་ན་ངན་པས་བསྐྱར་རོ༔ ཨྠྀི༔ གུ་ཧྱ༔ ཡང་མི་རྒོད་ཇག་པ་བཅིང་བར་འདོད་ན༔ རྐང་པ་གཡོན་པའི་ལྷམ་སྒྲོགས་ལ་མདུད་པ་གཅིག་བྱ༔ མི་རྒོད་དགྲ་བོ་ཐམས་ཅད་ལྕགས་
ཁང་སྒོ་མེད་ནང་དུ་ཚུད་པ་བསམ༔ རྐང་གཡོན་འོག་ནས་ས་སྤར་བླངས་ལ་འགྲོ་བའི་ཕྱོགས་སུ་གཏོར༔ མགྲོན་གཞན་དང་གནས་ཁང་སོགས་བསྲུང་ན་བྱེ་མ་ལ་བསྔགས་ནས་གཏོར༔ དང་པོ་གོང་བསྙེན་ཁྲི་འབུམ་བྱ༔ དེ་ནས་ནམ་དགོས་ལས་ལ་སྦྱར༔ ལམ་ལམ་ཁ་ལ་ཆིངས་ཆིངས༔ ལམ་ལམ་ཁ་ལ་སྒྲོག་སྒྲོག༔ དགྲ་བོའི་ལུས་ཆིངས་ཆིངསཿ དགྲ་བོའི་ངག་ཆིངས་ཆིངས༔ དགྲ་བོའི་ཡིད་ཆིངས་ཆིངས༔ དགྲ་བོ་ཧོ་པ་ལ་ཧོ་པ་ལ༔ ཟབ་བོ༔ རྨ་ཁྲག་གཅོད་ན༔ ཁྱི་སྤུ་གཏུབ་ལ་མར་དང་བསྲེག་ནས་རྨ་ཁར་བྱུག༔ བྷེ་ཞ་ར་ཎ་འུབ་འདུས་སོང་༔ ཟབ་བོ༔ དུད་འགྲོའི་བརྣང་སྔགས་ནི༔ བརྣང་ཟས་དེ་ཉར་བསྒོམ༔ སྔགས་ཆུ་དང་ཕུ་བཏབ་པ་དུང་དུ་བསྒོམ་ལ༔ ཛ་྅་དུང་ཁ་ལ་ཤད་ཤད་སྭཱ་ཧཱ༔ ཟབ་བོ༔ ལིང་ཏོག་སྔགས་ནི༔ ལིང་ཏོག་ཉ་དང་སྔགས་ཆུ་བྱར་བསྒོམ༔ བྱས་ཉ་སད་པར་བསྒོམ་ལ༔ ཨོཾ་ཧ་ར་ལིང་སྭཱ་ཧཱ༔ ཟབ་བོ༔ སྐྲང་རིགས་དང་གཉན་རིགས་ཐབ་བམ་ཁྲག་ཆོད་ཀྱི་གདམས་པ་ནི༔ རྨ་སྐྲང་གང་ཡིན་དེ་མེ་རུ་བསྒོམ༔ སྔགས་ཆུ་དང་སྔགས་ཐུལ་རྒྱག་པ་ཆུར་བསྒོམ༔ ཆུས་མེ་བསད་པར་བསྒོམ་ལ༔ ཨོཾ་ཏྲི་ཧྲཱི་ཐེབ་ཐེབ་ཐབ་སོད༔ གཞོབ་སོད༔ ཡ་མ་སོད༔ ཡ་ཁྱི་སོད༔ བྲམ་
ཟེ་ནག་པོ་གཉན་སོད༔ ཟབ་བོ༔ ཁྱི་སྨྱོན་སྔགས་ནི༔ ཟན་ཤྭ་བ་སྔགས་ལ་བཏང་༔ སྔགས་ཆུ་དང་གཉིས་ཀ་བྱའོ༔ ཨོཾ་ཀ་ཀ་ཀི་ཀི་ཅ་ཅ་ཅི་ཅི་སྐྱ་རེངས་མཆེ་བའི་དབལ་སོད༔ ཟབ་བོ༔ བུད་མེད་དང་དུད་འགྲོའི་བུ་མ་ཐོན་ན༔ མར་གྱི་རིལ་བུ་དང་སྔགས་ཆུ་ཁོང་དུ་བཏང་༔ བུད་མེད་ལ་མར་བསྔགས་ཏེ་སྤྱི་བོའི་འཛུམ་དུ་བསྐུ༔ རིལ་བུ་དང་སྔགས་ཆུ་ཧ་ཅང་མང་ན་ནང་ཁྲོལ་བཤལ་དོགས་ཡོད༔ སྔགས་ནི༔ ཨོཾ་ཀ་ཀ་མའི་ལམ་ཕྱེས༔ ཀི་ཀི་མའི་ལམ་ཕྱེས༔ ཤྭ་ནི་མའི་ལམ་ཕྱེས༔ འབྱུང་བ་ལྔ་ཡི་ལམ་ཕྱེས༔ ཐུམ་ཤག༔ རྒྱུག་ཤག༔ ཟབ་བོ༔ ཡང་ཤ་མ་མཐོན་ན༔ སྤྱང་བྲུན་བྱ་བལ་མ་ཆང་དང་སྦྱར་ལ་སྔགས་འདི་བཏབ༔ ཏྲ་ནི་ཏྲ་ནི་ཤག་ཕྱུངས༔ ཞེས་ཁོང་དུ་བཏང་བས་ཕན༔ ཟབ་བོ༔ ཡང་བུད་མེད་དང་དུད་འགྲོའི་ནུ་མ་མ་བདེ་ན༔ ཨོཾ་སུམ་པ་མ་མ་ཛི་ཏ་ན་སྭཱ་ཧཱ༔ མར་རྙིང་པ་སྔགས་ལ་བྱུགས་པས་ཕན་ནོ༔ ཟབ་བོ༔ ལྷོགས་པའི་སྔགས་ནི༔ གོང་བསྙེན་ཁྲི་ཚོ་བྱེད༔ དགོས་དུས་སྔགས་ཆུ་བཏུང་ཞིང་སྔགས་ཐུལ་བཏབ་པས་ཕན༔ ཨ་ཀ་ར་ཙ་སོད༔ ཡ་མ་ཙ་སོད༔ སྤུ་གྲིས་ཆོད་ཆོད༔ སྤུ་གྲིས་རྦད་རྦད༔ ལྷོག་པ་སྤུན་དགུའི་སྲོག་ལ་ཐུམ་ཧྲིལ་
ཧྲིལ༔ ཟབ་བོ༔ ནད་ངན་གྱི་བསྲུང་བ་ནི༔ ཐོ་རངས་དྲི་ཆུ་བར་པ་ལ་སྔགས་ཅི་མང་བཏབ༔ བུ་ག་དགུ་ལ་ཐིག་ལེ་བྱ་ཞིང་ཁོང་དུ་བཏང་༔ ཨོཾ་ལི་ཏྲི་ཡཀྴ་ཧཱུྃ༔ ཟབ་བོ༔ སོ་སྲིན་གདམས་ངག་ནི༔ རྒྱ་ཐང་ཕྲོམ་ལ་བསྔགས་ནས་མཁར་གོང་མེར་བསྲེགས་པའི་སྟེང་དུ་བླུགས་ལ་བདུག༔ མཆིལ་མ་ཕོས་པས་སྲིན་བུ་དངོས་སུ་འདོན་པར་འགྱུར༔ ཨོཾ་སྨག་སོད༔ རྨུགས་སོད༔ སོ་སྲིན་སོད༔ ཆུད་ཕྱུ་ཊ་སོགས༔ སྭཱ་ཧཱ༔ སོ་རྩ་འཇིབས་ཤིང་མཆིལ་མ་དོར༔ སྣབ་ཙང་ལ་བདུག༔ དེ་ནས་ཁ་གླ་ཆུས་བཤལ༔ ཟབ་བོ༔ ཆུ་འགགས་བཅོས་ཐབས་ནི༔ སྲུང་སྐུད་དཀར་ཁྲ་མདུད་པ་གསུམ་བྱས་སྔགས་བརྒྱ་རྩ་བརྒྱད་བཏབ་ནས་རྐེ་ལ་བཏགས༔ སྔགས་ཆུ་བསྐོལ་གྲང་བྱ་ཞིང་ཁོང་དུ་བཏང་༔ ཨོཾ་ཤར་ཤར་ཤརཿ ནར་ནར་ནར༔ ཆུ་ཆོ་ལེ་སྭཱ་ཧཱ༔ ཟབ་བོ༔ རིམས་ནད་ཀྱི་སྔགས་ལ༔ ཨ་དམར་པོ་ཁྲག་ཁྲིག་སོད༔ འདི་བརྒྱ་རྩ་རེ་མ་ཆག་ན་རིམས་ནད་ཀུན་ལ་ཟབ་བོ༔ ཤ་དུག་ལ་སོགས་དུག་རིགས་སྤྱི་འཇོམས་སྔགས་ནི༔ སྔགས་ཆུ་བྱ་ཞིང་༔ ཤ་དུག་ལ་ཆང་དང་དོམ་མཁྲིས་བསྔགས་ཏེ་ཁོང་དུ་བཏང་༔ ཨོཾ་ཧྲཱིཿནི་ཨ་གྷུ་ལ་ཀ་ཐ༔ འདི་དབུགས་མ་ཆད་གོང་དུ་སླེབ་པས་ཆོག་
གོ༔ ཟབ་བོ༔ ཨྠྀི༔ མཁའ་འགྲོ་གསང་བའི་མཛོད་ཀྱི་ཆོས་སྡེ་ལས་ཉེར་མཁོའི་ལས་ཚོགས་འགའ་ཞིག་ཁོལ་འདོན་དུ་གཏན་ལ་ཕབ་པ་སྟེ༔ འཇིགས་བྲལ་ཡེ་ཤེསས་རྡོ་རྗེས་སོ། །ཤུ་བྷཾ༎ ༎
མཁའ་འགྲོའི་ཞི་བའི་ཕྲིན་ལས་ཀྱི་སྦྱོར་བ་ཟབ་མོ།
མཁའ་འགྲོའི་ཞི་བའི་ཕྲིན་ལས་ཀྱི་སྦྱོར་བ་ཟབ་མོ་ཨྠྀི༔ དང་པོ་དུག་ཞི་བ་ནི༔ རང་ཉིད་མཁའ་འགྲོ་མར་གསལ་བའི་སྙིང་གའི་བྃ་ལ་སེམས་གཏད་པས༔ དེ་ལས་འོད་ཟེར་བདུད་རྩིའི་རྣམ་པ་འབའ་ཞིག་བྱུང་སྟེ་རྩ་གནས་རྣམས་ལ་ཁྱབ༔ དེ་ལས་ཀྱང་བདུད་རྩི་ཆེར་འཕེལ་བས་ལུས་ཀྱི་ནད་ཐམས་ཅད་གང་༔ དུག་གི་ནད་དང་གནོད་པ་དང་སྡུག་བསྔལ་ཐམས་ཅད་སྦྱངས༔ ལུས་སེམས་བདེ་བས་ཚིམ༔ སླར་ཡང་བ་སྤུའི་ཁུང་བུ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས༔ སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བརྟན་གཡོའི་དུག་ཐམས་ཅད་ཞི་བར་བསམ་ལ༔ རྩ་སྔགས་ཀྱི་མཐར༔ ཧྲིཾ་ནི་ཀུ་ལ་ཁ་ཋ་ཋ་སརྦ་བི་ཥ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་བཟླས་པས་རང་གཞན་གྱི་དུག་ཐམས་ཅད་ཞི་བར་འགྱུར་ལ༔ ཨ་རུ་ལྕགས་རྩི་བླངས་པ་ལ་གཞི་བྱས༔ རེ་རལ༔ འོམ་བུ༔ སྤང་སྤོས༔ ཧོང་ལེན༔ རུ་རྟ༔ ཅོང་ཞི༔ བྲག་ཞུན་གྱི་ཕྱེ་མ་རྣམས་ཤིང་སྔོན་དང་ཆར་ཉུངས་ཁཎྜ་དང་སེ་འབྲུའི་ཁུ་བར་འདམ་བཏགས་རིལ་བུར་དྲིལ་བ་ལ་སྔགས་ཀྱིས་བཏབ་པ་ཁོང་དུ་བཏང་བས་སྦྱར་བ་དང་གྱུར་པ་ལས་བྱུང་བའི་དུག་དང་༔ ཁོང་ནད་ཐམས་ཅད་ཀྱི་གཉེན་པོ་བླ་ན་མེད་པའོ༔ གཉིས་པ་
རིམས་བཞི་པ་ནི༔ སྙིང་གའི་བྃ་ལས་འོད་ཟེར་མེ་ལྕེ་ལྟ་བུ་འཕྲོས་པའི་རྩེ་ལས་ཕག་རྒོད་ནག་པོ་འཇིགས་སུ་རུང་བ་ཉི་ཟེར་གྱི་རྡུལ་ལྟར་འཕྲོས༔ ནད་རིམས་དལ་ཡམས་ཀྱི་བདག་པོ་བདག་མོ་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱི་མནན༔ གདུག་ཅིང་གཏུམ་པ་ཐམས་ཅད་ཞལ་དུ་དམར་ཆོམ་ཆོམ་གསོལ་ནས་ལྷག་མེད་དུ་སྦྱངས༔ ཚུར་འདུས་ཕག་གི་རབ་གསུམ་རིམ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པས་སྲུང་བ་མཚམས་ཀྱི་ལས་མཛད་པར་བསམ་ལ༔ རྩ་སྔགས་ཀྱི་མཐར༔ བཛྲ་བྷི་ཧུ་ར་ཙ་ཀ་ན་ནེར་སེང་ཡེར་རྦད་སརྦ་ཛྭ་ར་པྲ་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བཟླས་པས་གཉན་རིམས་འགོ་ནད་དལ་ཡམས་ཐམས་ཅད་ཞི་བ་དང་སྲུང་བར་འགྱུར་ལ༔ སྤྲུ་མ་ནག་པོ་དྲི་ཆུ་བར་པ་སྔགས་ཀྱིས་བཏབ་པས་འདམ་འཐག་བྱས་པ་གཙོ་བོར་བཟུང་ནས༔ ཤུ་དག་ནག་པོ༔ ཕུར་མོང་ནག་པོ༔ སྤང་རྩི་ནག་པོ༔ འཛིམ་པ་ནག་པོ༔ སྟག་ཤ་ནག་པོ༔ རེ་ལྕགས་ནག་པོའི་མེ་ཏོག༔ མིང་ཅན་ནག་པོ༔ གླ་བ་ནག་པོའི་རྩི་དང་བཅས་པ་ཨ་རུ་དང་རུ་རྟ་དང་གི་ཝཾ་གི་ཆུས་འདམ་རྟགས་མུ་ཟི་ནག་པོའི་དྲི་ཐོན་པར་བྱས་ལ་རིལ་བུར་དྲིལ་བ་སྔགས་ཀྱིས་བཏབ་སྟེ་བྱུག་པ་དང་༔ བདུག་པ་དང་༔
འཆང་བ་དང་༔ ཁོང་དུ་བཏང་བས་གཉན་རིམས༔ གག་ལྷོག༔ འབྲུམ་པ༔ རྒྱུ་གཟེར༔ དམར་བཤལ་སོགས་སྲུང་བ་དང་འཇོམས་པའི་གཉེན་པོ་བླ་ན་མེད་པའོ༔ ཐོ་རངས་དུས་དྲི་ཆུ་བར་མ་ལ་སྔགས་བཏབ་སྟེ་སྣ་བུ་གནས་རྔུབས་པས་ཀྱང་རང་སྲུང་བའི་མཆོག་གོ༔ གསུམ་པ་གཟའ་ཀླུའི་ནད་ཞི་བ་ནི༔ སྙིང་གའི་བྃ་ལས་འོད་ཟེར་འཕྲོས༔ ཕྱག་གཡས་ཀྱི་གྲི་གུག་ལ་ཕོག༔ དེ་ལས་རྡོ་རྗེ་གཏུམ་པོ་མཐིང་ནག་རྡོ་རྗེ་དང་སྡིགས་མཛུབ་མཛད་པ་ཁྱུང་ཆེན་རིགས་ལྔའི་སྤྲུལ་པ་སྤྲོ་བའི་ཚོགས་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས༔ སྟེང་གདོན་གཟའ་དང་འོག་གདོན་ཀླུ་བདུད་ནག་པོའི་ཚོགས་ཐམས་ཅད་དབང་དུ་བསྡུས༔ ཟིལ་གྱིས་མནན༔ གདུག་ཅིང་གཏུམ་པའི་རིགས་ཐམས་ཅད་ཕྱག་གི་རྡོ་རྗེས་ཐལ་བར་བརླག༔ ཡེ་ཤེས་ཀྱི་མེས་བསྲེགས༔ སྤྲུལ་པའི་ཁྱུང་ཆེན་རྣམས་ཀྱིས་ཞལ་དུ་གསོལ་ནས་ལྷག་མེད་དུ་བཅོམ་པར་བསམ་ལ༔ རྩ་སྔགས་ཀྱི་མཐར༔ བཛྲ་ཙཎྜཁྲཾ་ག་རུ་ཌ་ཧེ་ཧཾ་སེ་ན་ག་དུ་ཙྪནྡེ་ཙྪནྡེ་མི་ལི་མི་ལི་བྷནྡྷ་བྷནྡྷ་སརྦ་གྲ་ཧ་ནཱ་ག་ནི་བིཥ་པྲ་ཤ་མ་ན་རཀྵ་རཀྵ་སྭཱ་ཧཱ༔ ཞེས་བཟླས་པས་གཟའ་ཀླུ་གདུག་པ་ཅན་ཐམས་ཅད་ཞི་ཞིང་སྲུང་བར་འགྱུར་རོ༔
རྫས་སྦྱོར་བྱེད་ན༔ ཁྱུང་ཆེན་ལྔ༔ རྡོ་རྗེ་གསུམ༔ [གཟའ་བདུད་རྡོ་རྗེ། ཀླུ་བདུད་རྡོ་རྗེ།] ཐལ་དཀར་རྡོ་རྗེ། གུ་གུལ་དཀར་ནག༔ དངུལ་ཆུ་དང་མུ་ཟི་སེར་ནག༔ ཉུངས་དཀར༔ ཉ་ཕྱིས༔ ཁྱུང་སྐྱུགས། རྡོ་རྒྱུས༔ སྤང་སྤོས༔ ཤིང་མངར༔ རྒྱ་སྣག༔ ཀྱི་ལྕེ༔ སྔོ་རྡོ་རྗེ་མཆུ༔ ནུས་པ་དང་ལྡན་པའི་དྲི་ཆེན་རྣམས་ཀྱི་ཕྱེ་མ་སེང་ལྡེང་དམར་པོའི་ཁཎྜས་འདམ་བཏགས་རིལ་བུར་དྲིལ་བ་བྱུག་བདུག་འཆང་བ་དང་ཁོང་དུ་བཏང་བས་གཟའ་ཀླུ་འབྱུང་པོའི་གདོན་དང་མཛེ་ཤུ་རྨ་འབྲས་ཞྭ་ཁུམས་རེངས་པ་སོགས་ཀྱི་གཉེན་པོ་བླ་ན་མེད་པའོ༔ བཞི་པ་གྲིབ་དང་མི་གཙང་བ་སེལ་བ་ནི༔ རང་གི་ཐུགས་ཀའི་བྃ་ལས་འབྱུང་བ་ལྔའི་རང་བཞིན་ཡེ་ཤེས་ཀྱི་རང་རྩལ་འོད་ཟེར་ཁ་དོག་ལྔ་ལྡན་དུ་འཕྲོས་པས་ལུས་ཀྱི་ཕྱི་ནང་ཉེ་འཁོར་དང་བཅས་པ་ཐམས་ཅད་ཁྱབ༔ གྲིབ་དང་མི་གཙང་བའི་ནད་གདོན་བར་ཆད་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེགས༔ རླུང་གི་གཏོར༔ ཆུས་སྦྱངས༔ སས་མནན༔ ནམ་མཁའ་སྟོང་ཉིད་ཀྱི་ངང་དུ་བསྟིམས་པར་བསམ་ལ༔ སྔགས་མཐར༔ ཁ་ཪྑཛི་ཪྑ་ཡི་མ་ན་སེ་ཨེ་ཤུདྡྷེ་ཤུདྡྷེ༔ ཡྃ་ཧོ་ཤུདྡྷེ་ཤུདྡྷེ༔ རྃ་ཧོ་ཤུདྡྷེ་ཤུདྡྷེ༔ བྃ་ཧོ་ཤུདྡྷེ་ཤུདྡྷེ༔ ལོཾ་ཧོ་ཤུདྡྷེ་ཤུདྡྷེ༔ ཨེ་ཡྃ་རྃ་བྃ་ལོཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ༔ ཞེས་བཟླས་པས་
གནས་གྲོགས་ཟས་གོས་བྱད་གདོན་སོགས་ལ་བརྟེན་པའི་གྲིབ་དང་མི་གཙང་བ་དང་དེས་བསྐྱེད་པའི་ནད་ཡམས་ཐམས་ཅད་འཕྲལ་དུ་ཞིབ་དང་སྲུང་བར་འགྱུར་རོ༔ གནས་ཆེན་རྣམས་སུ་སྐྱེས་པའི་བཟང་ཤིང་སྨན་སྤོས་ཀྱི་རིགས་ལ་གཞི་བྱས་ཏེ༔ ག་བུར༔ གུར་གུམ༔ གི་ཝཾ༔ ཤུ་དག༔ ཙནྡན་དཀར་དམར༔ ཨ་གར་དཀར་ནག༔ གུ་གུལ་དཀར་ནག༔ ཆུ་ཤེལ༔ རྒྱ་སྤོས༔ སྤང་སྤོས༔ བྲག་སྤོས༔ བྲག་ཚན༔ གཡའ་ཚན༔ སྤང་ཚན༔ མཁན་དཀར་རྣམས་ཀྱི་ཕུར་མ་ཚུལ་བཞིན་བསྒྲུབས་པའི་བུམ་ཆུས་བྲན༔ སྔགས་ཀྱི་བཏབ་པ་བྱུག་བདུག་འཆང་བས་ཀྱང་གྲིབ་དང་མི་གཙང་བའི་གནོད་པ་སྲུང་ཞིང་ཞི་བའི་མཆོག་གོ༔
མཁའ་འགྲོའི་རྒྱས་པའི་ཕྲིན་ལས་ཀྱི་སྦྱོར་བ་ཟབ་མོ།
མཁའ་འགྲོའི་རྒྱས་པའི་ཕྲིན་ལས་ཀྱི་སྦྱོར་བ་ཟབ་མོ་ཨྠྀི༔ དང་པོ་ནོར་སྒྲུབ་པ་ནི༔ དཔལ་ཆེན་གྱི་ཐོད་པ་བཀྲ་ཤིས་པའི་ལག་ནས་བྱུང་བ་སྨན་དང་དྲིས་བྱུག༔ རིན་ཆེན་ལྔ༔ དར་སྣ་ལྔ༔ འབྲུ་སྣ་ལྔ༔ སྙིང་པོ་ལྔ༔ བཟའ་བཏུང་ལྔ༔ [ཟན། ཁུར་བ། ཤ །ཆང་། ལ་ཕུག །]གཞན་ཡང་དཔལ་ཅན་གྱི་རྫས་ཇི་སྙེད་པ་ཁྲོལ་བུ་དང་རིལ་བུས་བཀང་༔ དར་གྱིས་ཁ་བཅད་ལ་སྟེགས་བུར་བཤམ༔ མཆོད་ཚོགས་དཔུང་བསྐྱེད༔ བདག་དང་མདུན་རྟེན་ལྷར་གསལ་བའི་སྒྲུབ་མཆོད་ཚུལ་བཞིན་དུ་བྱ༔ བཟླས་པའི་སྐབས་སུ་བདག་གི་ཐུགས་སྲོག་ལས་འོད་ཟེར་ཉི་མ་འཆར་ཁའི་མདངས་ཅན་འཕྲོས༔ མདུན་རྟེན་ལྷར་གསལ་བའི་ཐུགས་རྒྱུད་བསྐུལ༔ དེ་ལས་རྡོ་རྗེ་ཕོ་ཉ་མོའི་ཚོགས་མཁའ་ཁྱབ་ཏུ་འཕྲོས༔ སྲིད་པ་དང་ཞི་བའི་ཕྱྭ་གཡང་ལོངས་སྤྱོད་ཐམས་ཅད་བསྡུས༔ བདག་དང་མདུན་རྟེན་ལ་ཐིམ༔ གནས་ཁང་ཡུལ་ཕྱོགས་ཐམས་ཅད་ཕྱུར་བུར་ཁེངས་པས་དཔལ་འབྱོར་ཟད་མི་ཤེས་པར་བསམ་ལ༔ རྩ་སྔགས་མཐར༔ སརྦ་ཇི་བྷེ་མོ་ཧེ་བ་སུ་སིངྔྷི་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་གཙོ་བོར་བཟླ༔ སྐབས་སུ༔ ཨོཾ་ངྷ་ར་ངྷ་ར་ངྷི་རི་ངྷི་རི་ཨུཥྞི་ཥ་ནན་ཁ་ངྷི་རཏྣ་བ་སུ་སིངྔྷི་སྡུས་སྡུས་མ་ནོ་ཧ་ར་
ཧཾ་སྭཱ་ཧཱ༔ ཞེས་བཟླ༔ གཏོར་ཚོགས་སོགས་ཀྱིས་མཆོད༔ ཐུགས་དམ་བསྐུལ་བ་ནི༔ ཨོཾ༔ བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡུམ༔ འདོད་རྒུའི་དངོས་གྲུབ་མཆོག་སྩོལ་མ༔ མཁའ་འགྲོ་རྒྱ་མཚོའི་འཁོར་དང་བཅས༔ རྣལ་འབྱོར་གདུང་བས་གསོལ་འདེབས་ཅན༔ ཐུགས་རྗེའི་ཡེ་ཤེས་ཕྱོགས་བརྒྱར་སྤྲོས༔ སྣོད་ཀྱི་དྭངས་མ་བཅུད་ཀྱི་གཡང་༔ འཁོར་འདས་ཀུན་གྱི་དཔལ་དང་སྟོབས༔ ཕུན་སུམ་ཚོགས་པའི་དངོས་གྲུབ་ཀུན༔ ཐོགས་པ་མེད་པར་གནས་འདིར་སྡུས༔ དཔལ་འབྱོར་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཅེས་ཡང་ཡང་བསྐུལ་ཞིང་སྔགས་བཟླ༔ དེ་ལྟར་བརྩོན་པས་དངོས་ཉམས་རྨི་ལམ་དུ་དགེ་བའི་མཚན་མ་མཐོང་ན་དངོས་གྲུབ་བླང་ཞིང་༔ མདུན་བསྐྱེད་རྟེན་དང་བརྟེན་པར་བཅས་པ་ཡོངས་སུ་གྱུར་པ་ལས་དངོས་གྲུབ་ཀྱི་རྫས་ཡིད་བཞིན་ནོར་བུའི་སྙིང་པོར་བསམ་ལ་བརྟན་བཞུགས་ཤིང་བརྗོད་བྱ༔ མཛོད་ཀྱི་ཕུགས་སུ་བཀུར་སྟི་དང་བཅས་ཏེ་བཞག༔ སྒྲུབ་པའི་རིལ་བུ་སོགས་སྒྲུབ་རྫས་ཀྱི་ཆ་ཤས་གཏེར་བུམ་དུ་བསྩལ་ལ་གནས་ཁང་དང་རྒྱབ་རི་དཔལ་ཅན་སོགས་སུ་སྦས་པས་གནས་སྐབས་སུ་དབུལ་ཕོངས་ཞི༔ དཔལ་འབྱོར་ལོངས་སྤྱོད་འཕེལ༔
སྲིས་རྨེ༔ འབྱོར་པ་ངང་གིས་འདུ༔ མཐར་ཐུག་ནམ་མཁའ་མཛོད་ཀྱི་ཡོ་བྱད་ལ་དབང་སྒྱུར་བར་འགྱུར་རོ༔ སྒྲུབ་རྫས་དང་ཐོད་པ་སོགས་མ་རྙེད་ན་རྟེན་གཏོར་ནོར་བུ་འབར་བའི་དབྱིབས་ཅན་རིན་ཆེན་འབྲུ་སྨན་དར་ཟབ་བཟའ་བཏུང་བཟང་པོས་བསྐོར་བ་ལ་བརྟེན་ནས་བསྒྲུབ་ཀྱང་རུང་ངོ་༔ གཉིས་པ་ཤེས་རབ་སྒྲུབ་པ་ནི༔ མདུན་དུ་མཎྜལ་ཐོད་ལེ་སྐོར་གྱིས་ཆོས་འབྱུང་ཟུར་དྲུག་མུ་ཁྱུད་དང་བཅས་པ་ལྟེ་བ་དང་ཟུར་དྲུག་རྩིབས་མཆན་བཅས་ལ་ཧྲཱིཾཿརེ་བྲི༔ དེའི་དབུས་སུ་ཤུ་དག་དཀར་པོ༔ རྩིབས་དང་མཆན་རྣམས་ལ་ཆུ་ཤེལ༔ ཙནྡན་དཀར་པོ༔ སྤང་རྒྱན་དཀར་པོ༔ ཅུ་གང་༔ རུ་རྟ༔ ཨ་རུ་ར༔ སྤང་སྤོས༔ གུར་གུམ༔ གི་ཝཾ༔ དབང་ལག༔ ན་ལེ་ཤཾ༔ ཤིང་མངར་རྣམས་ཁྲོལ་བུར་སྤུངས༔ བགེགས་བསལ༔ ཁྲུས་ནས་དབྱུང་༔ བདག་གི་རྣལ་འབྱོར་ལ་གནས་པའི་ཐུགས་སྲོག་ཧྲཱིཾཿཡིག་དཀར་པོར་གསལ་བ་ལས་འོད་ཟེར་འཕྲོས༔ འཁོར་འདས་ཀྱི་ཡེ་ཤེས༔ གཟུངས༔ བློ་གྲོས༔ སྤོབས་པ༔ སྟོབས་རྩལ༔ ནུས་མཐུ༔ དྭངས་བཅུད་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་སྤྱན་དྲངས༔ མདུན་གྱི་རྫས་ལ་
ཐིམ་པས་ཁ་དོག་དྲི་རོ་ནུས་མཐུ་ཕུན་སུམ་ཚོགས་པར་བསམ་ལ་ཧྲཱིཾཿའབའ་ཞིག་གིས་ཟླས་པ་ཁྲི་དང་༔ སྒྲུབ་སྔགས་ཀྱི་ཤམ་བུར་དབྱངས་གསལ་དང་༔ ཨོཾ་པི་ཙུ་པི་ཙུ་པྲཛྙཱ་ཝརྔྷ་ནི་ཛྭ་ལ་ཛྭ་ལ་མེ་ངྷ་ཝཪྡྷཱ་ནི་རི་ངྷི་རི་བུངྔྷི་ཝཪྡྷཱ་སྭཱ་ཧཱ༔ ཞེས་པའང་ཇི་ལྟར་རིགས་པ་བཟླས་པས་བྱིན་གྱིས་བརླབ༔ དེ་ནས་ལེགས་པར་བཏགས་ལ་བ་དམར་པོའི་འོ་མ་དང་༔ ར་དཀར་པོའི་འོ་མ༔ སྦྲང་རྩི་བཅས་ཀྱིས་རིལ་བུར་དྲིལ༔ རིན་པོ་ཆེའམ་ཐོད་པའི་སྣོད་དུ་བསྩལ༔ དར་དཀར་པོས་ཁ་བཅད་དེ་སྒྲུབ་པའི་དཀྱིལ་འཁོར་གྱི་དབུས་སུ་བཞག༔ མཆོད་གཏོར་སོགས་བཤམ༔ བདག་བསྐྱེད་དང་མདུན་གྱི་རིལ་བུ་ལྷར་གསལ་བཏབ་ནས་སྒྲུབ་མཆོད་ཚུལ་བཞིན་གྱི་མཐར་བཟླས་པའི་སྐབས༔ རང་གི་ཐུགས་སྲོག་ལ་འོད་ཟེར་འཕྲོས༔ མདུན་གྱི་རིལ་བུ་ལྟར་གསལ་བའི་ཐུགས་སྲོག་ལ་ཐིམ༔ དེ་ལས་འོད་ཟེར་ལྕགས་ཀྱུ་ཧྲཱིཾཿཡི་གེ་རྣམ་པས་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་མཁྱེན་བརྩེ་ནུས་པ༔ གཟུངས་དང་སྤོབས་པའི་ཡེ་ཤེས༔ འཇིག་རྟེན་པའི་བློ་གྲོས་སྟོབས་རྩལ་ནུས་མཐུ༔ ཉི་ཟླ་ནོར་བུ་སྨན་ལ་སོགས་པའི་དྭངས་བཅུད་ཐམས་ཅད་རང་དབང་མེད་པར་
བསྡུས་ཏེ་བདག་མདུན་ལ་ཐིམ་པས་ཡེ་ཤེས་ཀྱི་གཟི་བྱིན་མཆོག་ཏུ་འབར་བར་བསམ་ལ་ཧྲཱིཾཿཁྲི་ཕྲག་གསུམ་དང་༔ སྔགས་རིང་ཡང་ཇི་ལྟར་ནུས་པ་བཟླ༔ ཐུན་མཚམས་རྣམས་སུ་གཏོར་ཚོགས་སོགས་བྱ༔ འོད་དང་སྒྲ་སོགས་རྟགས་མཐོང་བའམ་བཟླས་གྲངས་རྫོགས་པ་ན་དངོས་གྲུབ་བླང་༔ ལྷ་འོད་དུ་ཞུ་བ་སྨན་གྱི་རིལ་བུ་མཐོང་ཐོས་དྲན་རེག་ཐམས་ཅད་བློ་དང་ངག་གི་དངོས་གྲུབ་སྩོལ་བའི་ནུས་པ་དང་ལྡན་པར་བསམ༔ བརྟན་བཞུགས་ཤིས་བརྗོད་སོགས་བྱ༔ ར་བ་བཞིའི་ཚེས་གཅིག་ནས་བརྩམས་ཏེ་ཐོ་རངས་ཀྱི་དུས་སུ་ཟླ་བ་གསུམ་སོགས་བསྟེན་པས་ཚེ་དང་ལང་ཚོའི་བཅུད་ལེན་དུ་འགྱུར༔ གཟི་བྱིན་འབར༔ དབྱངས་སྙན༔ བློ་རྣོ༔ དྲན་པ་གསལ༔ ཡིད་གཞུངས༔ བསླབས་དང་མ་བསླབ་པའི་ཤེས་བྱ་ཐམས་ཅད་ཐོགས་མེད་དུ་ཤེས༔ གཟུངས་དང་སྤོབས་པ་ཐོབ༔ མཐར་ཐུག་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཁོང་དུ་ཆུད་པར་འགྱུར་རོ༔
འཆི་མེད་མཁའ་འགྲོའི་ཚེའི་ལས་ཚོགས་ཟབ་མོ།
འཆི་མེད་མཁའ་འགྲོའི་ཚེའི་ལས་ཚོགས་ཟབ་མོ་ཨྠྀི༔ འཆི་མེད་ཌཱ་ཀིའི་ལས་ཚོགས་ནི༔ བསྙེན་སྒྲུབ་ཐེམ་པའི་རྣལ་འབྱོར་པ༔ བྱང་ཆུབ་སེམས་བསྐྱེད་དམ་ལྡན་པས༔ རང་གཞན་དོན་དུ་འདི་ལྟར་བརྩམ༔ ས་མ་ཡ༔ དེ་ལ་དང་པོ་བྲིས་སྐུ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ བླ་མ་ཚེའི་གྲུབ་བརྙེས་སྐུ་ཚེ་རིང་པོར་བཞུགས་པའི་ན་བཟའ་འམ་ཕྱག་ནས་བྱུང་བའི་རས་ལ་རས་འདུལ་ལེགས་པར་བྱ༔ ལྷ་བཟོ་དམ་ཚིག་ཅན་ལང་ཚོ་དར་ལ་བབས་པས་བྲིས་སྐུ་མངོན་རྟོགས་ལྟར་ལ་ཕྱག་གཡས་གྲི་གུག་གི་ཚབས་སུ་མདའ་དར་གཡོབ་པའི་ཚུལ་གྱིས་འཛིན་པ་འབྲི༔ དེ་ཡང་ཚོན་གྱི་རྒྱུར་གུ་རུ་ཡབ་ཡུམ་གྱི་བྱང་སེམས༔ ཚེ་རྫས༔ བདུད་རྩི་ཆོས་སྨན་རྣམས་བསྲེ༔ ཕྲག་གོང་གཡས་གཡོན་དུ་ཉི་ཟླའི་དཀྱིལ་འཁོར་ལ་པདྨ་འདབ་མ་དྲུག་པའི་ལྟེ་བར་བྃ༔ འདབ་མ་དྲུག་ལ་འཿ ཨཿ ཤཿ སཿ མཿ ཧཿ རྣམས་བྲི༔ གདན་གྱི་འོག་ཏུ་སྣ་ཚོགས་རྡོ་རྗེ༔ རྒྱབ་ཏུ་རྣམ་པར་རྒྱལ་བའི་མཆོད་རྟེན་གྱི་བུམ་པར་བྷྲུྃ༔ བང་རིམ་ལ་རྩ་སྔགས་ཚེ་ཤམ་ཅན་དང་༔ དབྱངས་གསལ་རྟེན་སྙིང་སོགས་བཀོད༔ དབྱངས་གསལ་རྟེན་སྙིང་སོགས་བཀོད༔ ར་བ་བཞི་གང་རུང་གི་ཚེས་བརྒྱད་དམ་བཅོ་ལྔ་
ལ་མཆོད་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་རབ་ཏུ་གནས་པས༔ སྐུ་ལས་འོད་འཕྲོ་བ་དང་༔ ཉམས་དགའ་བ༔ བྱིན་ཆགས་པ་སོགས་ཡེ་ཤེས་ཕེབས་པའི་ལྟས་བྱུང་ན༔ མཐོང་ཚད་ཚེའི་བར་ཆད་ཞི༔ ཡེ་ཤེས་རྒྱས་པར་འགྱུར་རོ༔ དེ་ལྟ་བུའི་བྲིས་སྐུ་དེ་ཉིད་དམ་ཚིག་དང་ལྡན་པས་ཕྱག་མཆོད་ཀྱི་ཡུལ་དུ་བྱ༔ སྒྲུབ་པའི་ཚེ་མདུན་དུ་དགྲམ༔ དུས་བཟང་ལ་མར་མེ་གཙོ་བོར་གྱུར་པའི་མཆོད་ཚོགས་ཕུལ་ན༔ ཚེའི་འཕྲང་གེགས་ཐམས་ཅད་གྲོལ་ཞིང་༔ ཚེའི་རིག་འཛིན་ཐོབ་པར་ཐེ་ཚོམ་མེད་དོ༔ ས་མ་ཡ༔ གཉིས་པ་བཏགས་གྲོལ་གྱི་འཁོར་ལོ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ གྲོ་གའམ་རས་སམ་ཤོག་གུ་གཙང་མར་འཁོར་ལོའི་ལྟེ་བར་རྡོ་རྗེ་རྩེ་ལྔ་བྃ་ཧ་རི་ནི་སས་མཚན་པ༔ མུ་ཁྱུད་ལ་ཨོཾ་ཨཱཿཧཱུྃ་བྃ་ཛྙཱ་ཌཱ་ཀི་ནཱི་ཨ་ཡུརྫྙཱ་ན་སརྦ་སིངྔྷི་ཕ་ལ་ཧཱུྃ་བྷྲུྃ༔ དེའི་ཕྱི་རིམ་ལ་པདྨ་འདབ་བཞིར་ཤར་ནས་བརྩམ་སྟེ༔ ཧ་བཛྲ་ཌཱ་ཀི་ནཱི་ཨ་ཡུརྫྙཱ་ན༴ རི་རཏྣ་ཌཱ་ཀི་ནཱི་ཡུརྫྙཱ་ན༴ ནི་པདྨ་ཌཱ་ཀི་ནཱི་ཡུརྫྙཱ་ན༴ ས་ཀརྨ་ཌཱ་ཀི་ནཱི་ཡུརྫྙཱ་ན༴ ཞེས་རིགས་བཞིའི་སྔགས༔ བར་མཚམས་སུ་བཏགས་གྲོལ་འབྲུ་དྲུག༔ དེའི་ཕྱི་རོལ་མུ་ཁྱུད་ལ་ཚེ་འགུགས་
སྔགས༔ དེའི་ཕྱི་རོལ་པད་འདབ་ཉེར་ལྔར་ཞེན་ཟློག་རང་བྱུང་ཡི་གེ་ཉེར་ལྔ༔ དེའི་ཕྱི་རོལ་དུ་དབྱངས་གསལ་རྟེན་སྙིང་འདོད་གསོལ་སོགས་དང་རྡོ་ར་མེ་རི་བྲི༔ ཚེ་རྫས་དང་བདུད་རྩིས་བྱུགས༔ རབ་གནས་ཚུལ་བཞིན་དུ་བྱ༔ དར་སྣ་ལྔས་དྲིལ་ནས་སྤྱི་བོའམ་མགུལ་ལ་སོགས་པར་འཆང་བས༔ ཚེ་བགེགས་ཞི༔ ཚེ་བསོད་ཡེ་ཤེས་རྒྱས༔ ལུས་དེ་ཉིད་ཀྱིས་གྲོལ་ཏེ་འཆི་བའི་ཚེ་ན་རོ་ལ་འཇའ་འོད་འཁྲིགས་པ་སོགས་ཕན་ཡོན་དཔག་ཏུ་མེད་དོ༔ ས་མ་ཡ༔ གསུམ་པ་ཟ་ཡིག་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ གྲོ་ཤོག་གཙང་མ་ལ་སྔགས་འདི་བྲིའོ༔ ཚེ་རྫས་དང་བདུད་རྩིས་བྱུགས༔ རབ་ཏུ་གནས༔ ར་བ་བཞིའི་ཡར་ངོ་ལ་བདུན་རེའམ་ནང་རེ་བཞིན་རེ་རེ་ཟོས་པས་ཚེ་བསྲིང་༔ ལུས་སྲ་ཞིང་ནད་མེད༔ དབང་པོ་དྭངས་པར་འགྱུར་རོ༔ ས་མ་ཡ༔ བཞི་པ་སྨན་གྱི་བཅུད་ལེན་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ ཕོ་ཅོང་སོགས་ཅོང་ཞི་བཟང་པོ་ནས་ཙམ་དུ་བརྡུང་༔ ཆུ་གཙང་གིས་ཡང་ཡང་བཤལ༔ འབྲིའི་འོ་མས་འདམ་བཏགས་བྱ༔ དབང་ལག་སོར་མོ་ལྔ་པ་ཁོ་ན་ཆུ་བསིལ་ནས་བཀྲུ༔ མིའམ་འབྲིའི་འོ་མར་ཁུ་བ་རང་ཐིམ་ལན་དགུར་བཙོ༔ ཆང་གིས་སྦོལ༔ དེ་གཉིས་ཆ་མཉམ་པ་ལ་འབྲས་གསུམ་བཟང་དྲུག་རྩ་བ་ལྔ་
རྩི་བཞི་སོགས་ཚེ་རྫས་དང་ཆོས་སྨན་ཁ་ཚར་སྦྱར༔ འོ་མའི་ཁཎྜ་མངར་གསུམ་བཅས་རིལ་བུ་ལུག་རིལ་ཙམ་དུ་དྲིལ༔ ཐོད་པ་བཟང་པོར་བླུགས་ལ་ལྷར་བསྐྱེད་དེ་ཚུལ་བཞིན་དུ་བསྒྲུབ༔ ཁྱད་པར་གྱི་སྔགས༔ བྃ་ཧ་རི་ནི་ས་མ་ཧཱ་པཉྩ་ཨ་མྲྀ་ཏ་ར་སཱ་ཡ་ན་ཨཱ་ཡུརྫྙཱ་ནས་སརྦ་སིངྔྷི་ཧཱུྃ་ཧྲཱིཿཋཱ༔ ཞེས་ཁྲི་འབུམ་སོགས་བཟླས༔ རྟགས་བྱུང་བ་ན་ལྷ་རིལ་བུར་བསམ་ལ་ཡར་ངོ་ཚེས་གཅིག་ནས་རགས་པའི་བཟའ་བཏུང་རྒྱུན་བཅད་ལ་ཐོ་རང་༔ གུང་༔ སྲོད་ཀྱི་དུས་སུ་རིལ་བུ་རེ་རེ་ཆང་ངམ་ཆུ་བསྐོལ་ཚ་མོས་དབུལ༔ ཚེ་སྒྲུབ་ཀྱི་སྒོམ་བཟླས་དང་རླུང་སྦྱོར་འཁྲུལ་འཁོར་རྒྱུན་མི་འཆད་པར་འབད༔ བདུན་རེ་བརྟེན་པས་ལོ་རེའི་ཚེ་གེགས་སེལ༔ ཡུན་དུ་བརྟེན་ན་རྡོ་རྗེའི་ལུས་སུ་འགྱུར་རོ༔ ས་མ་ཡ༔ ལྔ་པ་བླ་བསླུ་བའི་ཆོ་གས་ཚེ་བསྲིང་བ་ནི༔ དཀྱིལ་འཁོར་དང་སྒྲུབ་རྫས་ཚུལ་བཞིན་བཤམས་པའི་དབུས་སུ་བླ་རྟེན་ཚེ་འཁོར་དང་བླ་གཡུ་འོད་འབར་བ་བཞག༔ དེའི་མདུན་དུ་རྟེན་འབྲེལ་བརྟག་པའི་ཕྱིར་བླ་ལུག་སྐྱེ་མཆེད་དོད་པར་བཅོས་པའི་ཁོངས་སུ་ཚེ་འགུགས་ཀྱི་སྔགས་དང་བསྒྲུབ་བྱའི་མིང་བཅུག་པ་བླ་ཕོར་དུ་བཞག་པ་རིན་པོ་ཆེའི་
སྣོད་ཆུ་གཙང་གིས་དགང་བའི་ནང་དུ་བཅུག༔ ཉེ་ལོགས་སུ་འབྲུ་སྣའི་ངར་ཕྱེ་འབྲུ་སྨན་དཀར་མངར་བསྲེས་པ་ལས་བླ་གླུད་ལུང་ཏང་གི་མིག་སོགས་རྫས་དང་ལྡན་པ་མཛེས་བརྗིད་ཅན་ལ་དཀོར་ཆ་སྣ་ཚོགས་པས་བསྐོར་བ་དང་༔ བསྒྲུབ་བྱའི་དྲི་མ་དང་བསྲེས་པའི་ངར་གླུད་ཆངས་བུ་མང་དུ་འདུ་བྱ༔ ལས་གཞུང་བསྲང་ལ་ཚེ་སྔགས་གང་མང་བཟླས་པས་ནུས་ལྡན་དུ་བསྒྲུབ༔ ཡང་གླུད་རྣམས་བྱིན་གྱིས་བརླབས་ནས༔ མགྲོན་དགུག༔ ཁ་འབར་མའི་སྔགས་རྒྱས་གླུད་གཏོར་ཚིམས་པར་བསྔོ༔ སྐབས་སུ་བླ་འགུགས་ཀྱི་སྔགས་དང་བདེན་སྟོབས་བརྗོད་པས་བླ་ལུག་བསྐོར་བས་བླ་རྟེན་ལ་ཁ་ཕྱོགས་པས་སྡོད་ན་བླ་ཁུག་པ་ཡིན་པས༔ ལམ་བསྟན་ལ་མདོས་གླུད་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཀྱི་སར་རྒྱང་རིང་དུ་བསྐྱལ༔ སྲུང་འཁོར་བསྒོམ༔ བསྒྲུབ་བྱ་ལ་ཚེ་དབང་བསྐུར༔ བླ་རྟེན་མགུལ་དུ་གདགས་པས་བླ་ཚེ་ཉམས་པ་སོར་ཆུད་ཅིང་ཚེ་འཕེལ་བར་འགྱུར་རོ༔ ས་མ་ཡ༔ དྲུག་པ་འཆི་བ་བསླུ་བ་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ ཚེའི་སྒྲུབ་དཀྱིལ་གྱི་མདུན་དུ་སྐུ་གླུད་བཟང་པོ་རྒྱན་ལྡན་དང་༔ གྲངས་གསོག་གི་གླུད་
ཕྲན་ཆངས་བུ་སོགས་མང་དུ་བཤམ༔ ལས་གཞུང་བསྲངས་ལ་ཚེ་བསྙེན་སྟོང་ཕྲག་ལས་མི་ཉུང་བར་བཟླ༔ དེ་ནས་གླུད་རྫས་བྱིན་གྱིས་བརླབ༔ མགྲོན་དགུག༔ སྔགས་དང་གྱེར་གྱིས་བསྔོ༔ སྐབས་སུ་བདེན་སྟོབས་བརྗོད༔ ལོ་གྲངས་སོགས་རྫོགས་པ་ན་ལམ་བསྟན༔ ཡངས་རྣམས་རྒྱང་རིང་དུ་བསྐྱལ༔ མཚམས་བཅད་སྲུང་འཁོར་བསྒོམ༔ བསྒྲུབ་བྱ་ལ་ཚེ་དབང་བསྐུར་བའམ་ཚེ་འགུགས་རྒྱས་གདབ་ནན་ཏན་དུ་བྱས་ལ་བཀྲ་ཤིས་རྒྱས་པར་བརྗོད༔ དེས་ནི་དུས་མ་ཡིན་པའི་འཆི་བ་ངེས་པར་བསླུ་ཞིང་ནད་གདོན་བར་ཆད་ཐམས་ཅད་ལས་གྲོལ་བར་འགྱུར་རོ༔ ས་མ་ཡ༔ བདུན་པ་སྔགས་མདུད་ལ་བརྟེན་ནས་ཚེ་བསྲིང་བ་ནི༔ གཞོན་ནུ་མའི་བཀལ་བའི་སྲད་བུའམ་དར་དམར་པོ་ལ་རྡོ་རྗེའི་མདུད་པ་གསུམ་བྱ༔ ཚེ་བསྙེན་མཐར༔ ཧྲཱིཿཧ་ཡ་གྲི་ཝ་ཤུ་ཀྲ་བྷིནྡྷུ་བྷནྡྷ་བྷནྡྷ་བཛྲ་ཨཱ་ཡུ་ཥེ་རཀྵ་ཧཾ༔ ཞེས་བརྒྱ་རྩ་བརྒྱད་ཀྱིས་བསྔགས་ཏེ་མགུལ་ལམ་དཔུང་པར་བཏགས་ན་ཚེའི་བར་ཆད་བསྲུང་ཞིང་ཚེ་འཕེལ་བར་འགྱུར་རོ༔ ས་མ་ཡ༔ དེ་རྣམས་ནི་རྫས་སྔགས་ཏིང་ངེ་འཛིན་གྱི་རྟེན་འབྲེལ་ལ་བརྟེན་ནས་ཚེ་བསྲིང་བའི་རིམ་
པ་ཐུན་མོང་གི་མན་ངག་ཡང་དག་པའོ༔ དེ་ནས་ཐུན་མོང་མ་ཡིན་པ་ཁྱད་པར་གྱི་ཚེ་སྒྲུབ་པའི་གདམས་པ་མཐར་ཐུག་པ་ནི༔ ཚེ་ལམ་གྱི་ཕྱག་རྒྱ་མ་པདྨ་ཅན་གྱི་བདེ་བའི་བཅུད་བསྡུ་བ་ལ་བརྟེན་ནས་འཆི་མེད་ཡེ་ཤེས་རྡོ་རྗེ་དྭངས་མའི་སྲོག་བསྒྲུབ་པ་སྟེ༔ གུད་དུ་སྦས་པའི་མན་ངག་མཁའ་འགྲོའི་སྲོག་གི་རྒྱ་ཅན་ལས་ཤེས་སོ༔ ས་མ་ཡ་གུ་ཧྱ༔
སྔགས་ཀྱི་སྲུང་མ་སྒྲུབ་པ།
སྔགས་ཀྱི་སྲུང་མ་སྒྲུབ་པ་ནི༔ སྲོག་ལ་དབང་ཐོབ་རྣལ་འབྱོར་པས༔ དུར་ཁྲོད་ལ་སོགས་ལས་མཐུན་སར༔ བདུད་རྩི་ལྔས་བྱུགས་སྟེགས་བུ་ལ༔ རོ་སོལ་ཆོས་འབྱུང་པདྨ་བྲི༔ དེ་དབུས་སྲོག་རྟེན་བ་ལིཾ་ཏ༔ ཐུན་མོང་ཁྱད་པར་དམ་ཚིག་རྫས༔ གཞུང་བཞིན་ཚོགས་པར་འདུ་བྱས་ལ༔ གྲུ་གསུམ་དམར་ནག་མེ་རླུང་འཁྲུགས་པའི་དབུས༔ པདྨ་ཉི་ཟླ་བམ་རོའི་གདན་གྱི་སྟེང་༔ བྷྱོ་ལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྐུ་མདོག་སྨུག་ནག་ཞིང་དབྱུག་ཙིཏྟ་བསྣམས༔ དཔྲལ་ན་མིག་གཅིག་ཞལ་ན་ཚེམས་གཅིག་མ༔ བྲང་ན་ནུ་གཅིག་ལྕགས་ཀྱི་རལ་གཅིག་གཟེང་༔ འཇིགས་བྱེད་ཆེན་མོ་རྔམས་པའི་གར་གྱིས་རོལ༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པ་བྱ༔ དམིགས་པའི་གནད་གཟིར་སྨྲ་བཅད་ཀྱིས༔ ཧཱུྃ་མ་མ་ཨེ་ཀ་ཛཱ་ཊི་ས་མ་ཡ་ཧྲིང་ཧྲིང་ཛ་ཛཿ ཞག་ནི་གསུམ་མམ་ལྔའམ་བདུན༔ བཟླས་ཚེ་སྒོ་བརྡུང་འཚུབ་མ་འཕྱོ༔ བུད་མེད་མང་འདུ་འོ་དོད་འབོད༔ གཏོར་མར་མེ་འབར་དྲག་མོའི་གཟུགས༔ རྨི་ལམ་ཉམས་སམ་དངོས་སུ་མཐོང་༔ དེ་ནས་རྦད་ཅིང་གསོད་པ་སོགས༔ གང་འདོད་ལས་ལ་མཁས་པས་སྦྱར༔ ཐུན་མཚམས་
ཤ་ཁྲག་གཏོར་མ་བསྔོ༔ འཁོར་ལྕུགས་བཤགས་ལ་བླ་རྡོ་བཅང་༔ དམ་ཚིག་ལྡན་ན་གྲིབ་བཞིན་འགྲོགས༔ ཁྲོས་མ་གསང་བའི་ཏི་ཀ་སྟེ༔ བརྒྱུད་འཛིན་སྙིང་འདྲའི་བུ་གཅིག་ལས༔ མང་དུ་སྤེལ་ན་རང་ཉིད་བརླག༔ དེ་ཕྱིར་འདི་ལ་གཅེས་པར་ཟུངས༔ ས་མ་ཡ༔
ཟབ་ལམ་མཁའ་འགྲོ་སྒྲུབ་པའི་བརྒྱུད་འདེབས་བྱིན་རླབས་བཅུད་འབེབས།
༄༅། །ཟབ་ལམ་མཁའ་འགྲོ་སྒྲུབ་པའི་བརྒྱུད་འདེབས་བྱིན་རླབས་བཅུད་འབེབས་ཞེས་བྱ་བ་བཞུགས་སོ། །སྲིད་ཞིའི་ཁྱབ་བདག་འཆི་མེད་སྣང་མཐའ་ཡས། །སྙིང་རྗེའི་གཏེར་མངའ་པདྨ་ཀུན་ཏུ་འཆང་། །སྤྲུལ་པའི་སྐུ་མཆོག་མཚོ་སྐྱེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །ཌཱ་ཀིའི་གཙོ་མོ་དབྱིངས་ཕྱུག་མཚོ་རྒྱལ་ཡུམ། །གདམས་པའི་མཛོད་འཛིན་འབྲོག་བན་ལོ་ཙཱ་བ། །དགོངས་བརྒྱུད་བྱིན་ཐོབ་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །རབ་འབྱམས་དངོས་གྲུབ་མཆོག་སྩོལ་ཡི་དམ་ལྷ། །རྟེན་འབྲེལ་སྒྱུ་མའི་གར་མཁན་མཁའ་འགྲོའི་ཚོགས། །ཕྲིན་ལས་ཐོགས་མེད་དམ་ཅན་ཆོས་སྐྱོང་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག །རིམ་གཉིས་ལམ་ལས་བསྙེན་སྒྲུབ་མཐའ་རུ་ཕྱིན། །རྣམ་བཞིའི་བགྲོད་པ་མིག་འཕྲུལ་ལྟར་བགྲོད་ནས། །རྨད་བྱུང་རྡོ་རྗེ་བཙུན་མོའི་ས་ཐོབ་ཤོག །ཅེས་པའང་བསྐུལ་བ་པོའི་བཞེད་པ་སྐོང་ཕྱིར་ཛྙཱ་ནས་སོ། །སརྦ་མངྒལཾ༎ ༎
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་ལས་བྱང་བདེ་ཆེན་འདོད་འཇོ།
༄༅། །ཌཱཀྐིགམྦྷིརསཐཱཙིཏྲགཪྦྷསྱཀརྨཤུདྡྷམ་ཧེཥྚདོཧནེཏིསྨ། །
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་ལས་བྱང་བདེ་ཆེན་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི། མི་འགྱུར་སྟོང་ཉིད་མཛེས་མའི་ལང་ཚོ་ནི། །ཟུང་འཇུག་བདེ་ཆེན་རྡོ་རྗེར་ཆགས་པའི་གར། །རྣམ་པ་ཀུན་གྱི་མཆོག་ལྡན་མཚོ་རྒྱལ་མས། །ཡིད་ལ་ལྷན་སྐྱེས་དགའ་བའི་བཀའ་དྲིན་སྩོལ། །གང་གི་རྣལ་འབྱོར་དྲན་ཙམ་གྱིས། །གྲུབ་གཉིས་འདོད་རྒུར་འཇོ་མཐོང་ནས། །སྒྲུབ་ཅིང་མཆོད་པའི་ཐབས་ཀྱི་ཚུལ། །འཇུག་བདེའི་ཁྲིགས་སུ་བསྡེབས་ལ་སྤྲོ། །[དེ་ཡང་ཟུང་འཇུག་མཆོག་གི་ཡེ་ཤེས་བདེ་བླག་ཏུ་བསྐྱེད་ཅིང་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་ཟབ་ལམ་མཁའ་འགྲོ་ཐུགས་ཀྱི་ཐིག་ལེའི་རྣལ་འབྱོར་འདི་ཁོ་ན་ཡིན་ཏེ། དེའི་ཚུལ་ཉམས་སུ་ལེན་པར་འདོད་པས། ཐོག་མར་ཇི་སྐད་དུ། དབེན་ཅིང་ཉམས་དགའ་བག་ཕེབས་ལ༔ མཁའ་འགྲོ་འདུ་བའི་གནས་རྣམས་སུ༔ ཞེས་དང་༔ མཚན་ཉིད་ལྡན་པའི་གནས་སུ་ཕྱིན༔ ས་ཡི་ཆོ་ག་ལ་སོགས་བྱ༔ དཀྱིལ་འཁོར་
བཞེངས་ཤིང་སྒྲུབ་རྫས་བཀྲམ༔ མཆོད་གཏོར་དམ་རྫས་བག་དྲོ་བཤམ༔ མཚན་ཉིད་དང་ལྡན་པའི་གནས་སུ་སྒྲུབ་པའི་ཁང་པ་བྱི་དོར་གྱིས་མཛེས་པར་བྱ། གང་དུ་བྱ་བའི་གཞི་དེར་གཏོར་མ་དཀར་དམར་གཉིས་བཤམ་ལ།] རང་ཉིད་སྐད་ཅིག་གིས་བདུད་འདུལ་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་[པར་མོས།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་བྷྲཱུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་གྱུར་པར་[བསམ་ཞིང་།] ཨོཾ་ཨཱཿཧཱུྃ[གིས་བྱིན་བརླབ།] བྷུ་མི་པཱ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ [ས་ཞིང་སྐྱོང་གཞི་བདག་རྣམས་སྤྱན་དྲངས། དཀར་གཏོར།] སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱ་སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་གན་ཁཾ་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ།
གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་སྩལ་དུ་གསོལ། །[ཅེས་པས་གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ] སརྦ་བྷུ་ཏ་ཨཱ་ཀཪྵ་ཡ་ཛཿ[ས་ལན་ཆགས་ཀྱི་མགྲོན་རྣམས་བཀུག][གཏོར་མ་གཉིས་པ།] སརྦ་བིགྷྣཱཾན་ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱོ[སོགས་ནས་]གྲྀཧྞ་དཾ་བ་ལིཾ་ཏེ་སྭཱ་ཧཱ། [ཞེས་ལན་གསུམ་གྱིས་བསྔོས་ལ།] ཧཱུྃ༔ སྣང་སྲིད་དག་པ་རབ་འབྱམས་ལ༔ གཉིས་འཛིན་འཁྲུལ་པའི་མིང་ཡང་མེད༔ གློ་བུར་རྣམ་རྟོག་མ་རིག་བགེགས༔ བདག་མེད་ཆེན་པོར་མཚམས་བཅད་དོ༔ ངྷརྨ་དྷཱ་ཏུ་རཀྵ་ཨ༔ [ཞེས་ཚམ་རྔམས་དྲག་པོས་བསྐྲད་ནས་སྲུང་བའི་འཁོར་ལོས་བཅིངས་པར་བསྒོམ། དེ་ནས་དཀྱིལ་འཁོར་འདུ་བྱ་བ་ནི། ཇི་སྐད་དུ། ཚོང་དུས་དང་ནི་སྨད་འཚོང་དང་༔ ཕོ་མོ་ཉལ་པོ་བྱས་པའི་སས༔ སྟེགས་བུ་སྐྱེ་གནས་དབྱིབས་སུ་བརྩིག༔ ཅེས་པ་བཞིན་དངོས་སུ་བརྩིག་པའམ། ལག་ལེན་བདེ་ཁྱད་དེར་མོས་པའི་སྟེགས་བུ་མདའ་གང་གྲུ་བཞི་པར་བདུད་རྩི་ལྔ་དང་ཅུ་གང་སིནྡྷུ་ར་ཆ་དང་སྦྱར་བས་ཆག་ཆག་གདབ། དེའི་ཁར་རྡུལ་ཚོན་དམར་པོ་ཤས་ཆེ་བའི་ཆོས་འབྱུང་བསྣོལ་མ་ཕྱི་སྐོར་དུ་པད་ཕྲེང་རྡོ་ར་མེ་རི་རྣམས་ཀྱིས་བསྐོར་ཞིང་། ཆོས་འབྱུང་གི་ཟུར་དྲུག་ཏུ་དགའ་འཁྱིལ་དཀར་པོ་རེ་རེ། ལྟེ་བར་དགའ་བ་འཁྱིལ་བ་བྃ་ཡིག་གིས་མཚན་པའི་རྣམ་པར་བྲི་བ་ནི་འདོད་ཁམས་རྣམ་དག་སྐུ་སྤྲུལ་སྐུའི་དཀྱིལ་འཁོར། དེའི་དབུས་སུ་མཉྫིའི་ཁར་ཐོད་པ་དུམ་བུ་གཅིག་པའི་ནང་དུ་ཆོས་འབྱུང་བསྣོལ་མ་དགའ་འཁྱིལ་ས་བོན་དང་བཅས་པ་བྲིས་ལ་རླན་གྱིས་མི་འཇིག་པ་བྱས་པའི་ནང་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་
བཀང་ལ་དར་དམར་བརྒྱད་ལྟེབ་ཀྱིས་ཁ་བཀབ་པ་ནི་གཟུགས་ཁམས་རྣམ་དག་གསུང་ལོངས་སྐུའི་དཀྱིལ་འཁོར། དེའི་སྟེང་དུ་མེ་ལོང་བདུད་རྩིས་བརླན་ཞིང་སིནྡྷུ་གསེང་རས་ཀྱིས་ཁྱབ་པར་བརྡལ་བ་ལ་ཐོད་ནང་གི་དཀྱིལ་འཁོར་ཇི་ལྟ་བ་བཞིན་བྲིས་པ་འགོད་པ་ནི་གཟུགས་མེད་གནས་དག་ཐུགས་ཆོས་སྐུའི་དཀྱིལ་འཁོར་ཏེ། དེར་སྨྱུག་མའི་སྒྲོམ་ལ་བརྟེན་པའི་དར་དམར་གྱི་གུར་ཕུབ། དཀྱིལ་འཁོར་གྱི་མཐའ་སྐོར་དུ་པདྨའི་སྣོད་ལ་སོགས་པར་གཏོར་མ་དམར་པོ་ཟླ་གམ་གྱི་དབྱིབས་ཅན་ཤ་ཆང་གིས་སྦྲན་པ། བདུད་རྩི། རཀྟ། ཆུ་གཉིས་ཉེར་སྤྱོད་ལྔ། གཞན་ཡང་དམ་ཚིག་གི་རྡོ་རྗེ་དྲིལ་བུ་ཐོད་རྔ་རྐང་གླིང་ཧསྟ་གསུར་ཆེན་སོགས་ཐུན་མོང་དང་ཁྱད་པར་གྱི་མཆོད་པ་མཁའ་འགྲོ་མཉེས་པའི་དམ་རྫས་སུ་འོས་པ་རྣམས་མཐོང་བ་བརྒྱུད་པའི་ལག་ལེན་བཞིན་དུ་བཤམ་པར་བྱ་བ་རྣམས་ནི་སྦྱོར་བའོ། །དེ་ནས་དངོས་གཞིའི་ཐོག་མར་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། སྒྲུབ་པ་པོ་བདེ་བའི་སྟན་ལ་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ།] མདུན་གྱི་ནམ་མཁར་བླ་མ་དང་། །ཡེ་ཤེས་མཁའ་འགྲོ་དབྱེར་མེད་པ། །སྐྱབས་ཡུལ་ཀུན་འདུས་ངོ་བོར་བཞུགས། ༈ །ན་མོ༔ རང་རིག་ཡེ་ཤེས་མཁའ་འགྲོ་མར༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ མ་རྟོགས་གཉིས་འཛིན་འཁྲུལ་པའི་བློ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ [ལན་གསུམ། ཚོགས་བསགས་པ་ནི།] ཨ༔ ཀ་ངག་གཏིང་གསལ་མཁའ་འགྲོ་མར༔ ཆོས་ཉིད་མངོན་སུམ་མཐོང་བས་འདུད༔ ཉམས་སྣང་གོང་དུ་འཕེལ་བས་མཆོད༔ རིག་པ་ཚད་ལ་ཕེབས་པར་བཤགས༔ ཆོས་ཉིད་ཟད་ལ་རྗེས་ཡི་རང་༔ བརྗོད་མེད་
ཆོས་འཁོར་བསྐོར་བར་བསྐུལ༔ འཕོ་བ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ [ཞེས་ཚོགས་བསགས་མཐར།] ཚོགས་ཞིང་རང་ཐིམ་དབྱེར་མེད་དང་། །སྒྲིབ་དག་བྱིན་གྱིས་བརླབས་པར་གྱུར། །[བྱིན་དབབ་པ་ནི། སྤོས་དང་རོལ་མོའི་བརྡས་བསྐུལ་ཏེ།] ཨོཾ་ཨཱཿཧཱུྃ༔ ཨ་ལ་ལ་ཧོཿ ས་མ་ཡ་ཧོཿ ས་མ་ཡ་སྟྭཾ༔ ཨ༔ ངོ་བོ་སྟོང་པའི་ཞིང་ཁམས་ནས༔ ཆོས་སྐུའི་མཁའ་འགྲོས་བྱིན་ཕོབ་ཅིག༔ རང་བཞིན་གསལ་བའི་ཕོ་བྲང་ནས༔ ལོངས་སྐུའི་མཁའ་འགྲོས་བྱིན༴ ཐུགས་རྗེ་ཀུན་ཁྱབ་གཞལ་ཡས་ནས༔ སྤྲུལ་སྐུའི་མཁའ་འགྲོས༴ སྐྱེ་མེད་དགོངས་ཉམས་ཡ་ལ་ལ༔ འགགས་མེད་སྔགས་སྒྲ་དི་རི་རི༔ སྣང་བ་འཇའ་སྐུར་ལམས་སེ་ལམ༔ སྣང་སྲིད་གཞིར་བཞེངས་བྱིན་ཕོབ་ལ༔ གློ་བུར་འཁྲུལ་པའི་བར་ཆད་སོལ༔ འདུ་འབྲལ་མེད་པར་དབང་སྐུར་ཅིག༔ ཛྙཱ་ན་ཨ་བེ་ཤ་ཡ་ཨ༔ ཧཱུྃ་ཧཱུྃ་ཧཱུྃ༔ [མཆོད་རྫས་བརླབ་པ་ནི།] ཧཱུྃ༔ ཀུན་བཏགས་སྣ་ཚོགས་སྣང་བའི་ཆོས༔ ཡོངས་གྲུབ་མཆོད་པའི་ཕུང་པོ་ནི༔ ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་ལས༔ ནམ་མཁའ་ལྟ་བུར་འཛད་པ་མེད༔ བཛྲ་སྥ་ར་ཎ་ཁཾ༔ [ཞེས་མཁའ་ཁྱབ་ཏུ་སྤེལ། དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།] ཨ༔ མ་བཅོས་ཀ་དག་དེ་བཞིན་ཉིད༔ ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རྩལ༔ སོར་རྟོག་ཡེ་ཤེས་ཡི་
གེ་བྃ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་མ་དག་དངོས་འཛིན་སྦྱངས༔ སྣོད་བཅུད་བདེ་ཆེན་པདྨ་འོད༔ ངོ་མཚར་དག་པའི་གྲོང་ཁྱེར་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས༔ བདག་རྟོག་རྩད་གཅོད་གྲི་གུག་དང་༔ དངོས་གྲུབ་མཆོག་སྩོལ་ཐོད་པ་འཛིན༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ གཅེར་མོ་དར་དང་རིན་པོ་ཆེ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ སྤྱི་བོར་ཐབས་མཆོག་རིགས་ཀྱི་བདག༔ པདྨ་གར་དབང་ཐོད་ཕྲེང་རྩལ༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ འཇའ་འོད་ཟེར་ཐིག་ཀློང་དུ་བརྗིད༔ གདན་གསུམ་སྐུ་ཡི་བཀོད་པ་ལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ མ་འདྲེས་ཏིལ་གོང་ཕྱུར་བཞིན་རྫོགས༔ གདོད་ནས་དག་མཉམ་ཆེན་པོར་གསལ༔ [ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ཐོད་རྔ་སོགས་རོལ་མོ་དབྱངས་དང་སྦྱར་ཏེ།] ཧཱུྃ༔ བདེ་ཆེན་སྐྱེ་མེད་ཕོ་བྲང་ནས༔ རང་བྱུང་འགགས་མེད་མཁའ་འགྲོའི་ཚོགས༔ ཐུགས་རྗེས་གཟུགས་ཀྱི་སྐུར་བཞེངས་ལ༔ འདིར་གཤེགས་དབང་བསྐུར་བྱིན་ཆེན་ཕོབ༔ བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོ༔ [ཞེས་གནས་གསུམ་གྱི་མཁའ་
འགྲོ་མ་ཐམས་ཅད་སྤྲིན་འཐིབས་པ་བཞིན་དུ་བྱོན་པར་བསམ་ལ༔ བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི།] ཧཱུྃ༔ དབྱིངས་ནས་སྤྱན་དྲངས་ཡེ་ཤེས་པ༔ སྒོ་གསུམ་རྡོ་རྗེའི་ངོ་བོར་བཞུགས༔ མཁའ་འགྲོ་སེམས་ཀྱི་སྒྱུ་འཕྲུལ་གར༔ ལྷན་ཅིག་སྐྱེས་ལ་ཕྱག་འཚལ་ལོ༔ ས་མ་ཡ་ཏིཥྠ་ལྷན༔ ན་མོ་ཧོཿ [མཆོད་པ་འབུལ་བ་ནི།] ཧོཿ ཡུལ་དྲུག་འདོད་ཡོན་བཀོད་པའི་ཆོས༔ སྣང་ཡང་འཛིན་པས་མ་བསླད་པར༔ ཡེ་གྲོལ་མཆོད་པའི་སྤྲིན་དུ་ཤར༔ བདེ་བ་ཆེན་པོའི་ངང་དུ་འབུལ༔ ཨོཾ་སརྦ་པཱུ་མེ་གྷ་ཨཱཿ ཧཱུྃ༔ ཡེ་ནས་མ་བཅོས་རིག་པའི་གཤིས༔ བདེ་ཆེན་མཁའ་འགྲོའི་རང་བཞིན་ཏེ༔ མངོན་སུམ་ལྷུག་པར་མཇལ་བའི་ངང་༔ ངོ་མཚར་ཆེན་པོས་ཕྱག་འཚལ་བསྟོད༔ [བཟླས་པ་བྱ་བ་ནི། གསལ་བརྟན་དག་དྲན་དང་ལྡན་པས།] ཐུགས་ཀར་ཉི་ཟླའི་གྭའུའི་སྦུབས༔ བྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་བརྟན་གཡོའི་དངོས་ཀུན་ཁྱབ༔ སྣང་གྲགས་རྟོག་པའི་ཆོས་རྣམས་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་བལྟ༔ ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སིངྔྷི་ཧཱུྃ༔ [ཞེས་བཟླས་པའི་སྐྱོན་ཐམས་ཅད་སྤང་ལ་ཏིང་ངེ་འཛིན་རྩེ་གཅིག་པས་བཟླ་བ་ནི་བསྙེན་པའོ། །]རང་གི་ཐུགས་ཀའི་སྔགས་ཕྲེང་ལས༔ འོད་ཟེར་མཆོད་པའི་ཚུལ་དུ་འཕྲོས༔ སྤྱི་བོའི་རིགས་བདག་ཐུགས་རྒྱུད་བསྐུལ༔ སྐུ་གསུང་ཐུགས་ཀྱི་དབང་བྱིན་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ རང་གི་གནས་བཞིར་ཐིམ་པ་
ཡིས༔ དབང་བསྐུར་རྣམ་བཞིའི་བྱེད་ལས་ཀྱིས༔ བདེ་ཆེན་ཡེ་ཤེས་ཉམས་སུ་མྱོང་༔ [ཞེས་སྤྲོ་བསྡུའི་དམིགས་གནད་དང་སྦྱར་ཏེ་གོང་བཞིན་བཟླ་བ་ནི་སྒྲུབ་པའོ། །]ཐུགས་སྲོག་ལས་བྱུང་འོད་ཟེར་སྤྲིན། །ནམ་མཁའ་གང་བར་རབ་འཕྲོས་པས། །གང་འདུལ་ཞི་རྒྱས་དབང་དྲག་གི །ཕྲིན་ལས་ཐམས་ཅད་སྒྲུབ་པར་གྱུར། །[ཅེས་བསྒོམ་ལ་སྔགས་ཤམ་དུ།] ནད་གདོན་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཨོཾ༔ ཁམས་གསུམ་སྣོད་བཅུད་ཝཱ་ཤཾ་ཀུ་རུ་ཧོཿ གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ [ཅེས་སོ་སོར་སྦྱར་ཏེ་བསྙེན་སྒྲུབ་ཀྱི་འགྲོས་བཞིན་བཟླ་བ་ལས་སྦྱོར་རོ། །ཐུན་མཚམས་སུ་གཏོར་མ་ལ་སྨན་རག་སྦྲན་ཅིང་།] རཾ་ཡཾ་ཁཾ་[གིས་བསང་།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་གྱིས་བརླབ། བསྙེན་སྔགས་མཐར།] མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ།] ཧཱུྃ༔ བདེ་ཆེན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་ལོས་སྒྱུར་བ་སྟོབས་ཆེན་མོ༔ དངོས་གྲུབ་ཕྲིན་ལས་ཀུན་གྱི་བདག༔ ཆོས་དབྱིངས་འོག་མིན་མཁའ་སྤྱོད་ཞིང་༔ ཨོ་རྒྱན་གནས་སུ་རྟག་ཏུ་བཞུགས༔ ཞིང་དང་སྐུ་ཡི་བཀོད་པའི་ཚོགས༔ རེ་རེ་ལ་ཡང་མཁའ་འགྲོ་འབུམ༔ གར་གྱི་རྣམ་འགྱུར་བསམ་ལས་འདས༔ འགྱུར་བ་མེད་པའི་མཁའ་འགྲོ་འབུམ༔ གསུང་
དབྱངས་ནམ་མཁའ་ཁྱབ་པ་ལ༔ ཚངས་པའི་གླུ་ལེན་མཁའ་འགྲོ་འབུམ༔ རྟོག་མེད་རྣམ་ཐར་གསུམ་དབྱིངས་ལས༔ ཐུགས་རྗེ་རོལ་པའི་མཁའ་འགྲོ་འབུམ༔ རྒྱན་དང་ཡོན་ཏན་ལོངས་སྤྱོད་ལས༔ བསམ་མི་ཁྱབ་པའི་མཁའ་འགྲོ་འབུམ༔ འགྲོ་བའི་དོན་མཛད་ཕྲིན་ལས་བཞི༔ ལྷུན་གྱིས་གྲུབ་པའི་མཁའ་འགྲོ་འབུམ༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་བདུད་རྩི་རཀྟ་དང་༔ འདོད་ཡོན་གཏོར་མའི་མཆོད་པ་བཞེས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ [ཞེས་ཅང་ཏེའུ་སོགས་རོལ་མོའི་སྒྲ་དང་བཅས་པས་གཏོར་མ་ནམ་མཁར་འབུལ་ལོ། །དེ་ནས་ཁྱད་པར་གྱི་དམ་ཚིག་ཚོགས་ཀྱི་འཁོར་ལོས་མཆོད་པ་ནི། ཇི་སྐད་དུ། རྣལ་འབྱོར་ཕོ་མོ་དབེན་པར་ཚོགས༔ ཤིན་ཏུ་རྒྱན་གྱིས་བརྒྱན་ནས་སུ༔ མ་ད་ན་དང་བཱ་ལ་སོགས༔ དམ་ཚིག་རྫས་རྣམས་འདུ་བྱས་ལ༔ ཞེས་པ་ལྟར་དཀྱིལ་འཁོར་གྱི་སྣམ་ལོགས་སུ་དར་རས་ལ་ཆོས་འབྱུང་བསྣོལ་མ་དམར་པོ་བྲིས་པའི་ཁར་མ་ད་ན་སོགས་བཏུང་བའི་བྱེ་བྲག་དང་། དགའ་བ་འཁྱིལ་བ་དཀར་པོ་བྲིས་པའི་ཁར་བཱ་ལ་སོགས་བཟའ་བའི་དམ་རྫས་རྣམས་བཀོད། བདུད་རྩིས་བསང་གཏོར་བྱས་ལ།] ཧཱུྃ༔ རང་རིག་རྩལ་ལས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས༔ བཟའ་བཏུང་ལོངས་སྤྱོད་དམ་ཚིག་རྫས༔ ཡེ་ཤེས་བདུད་རྩིའི་ངོ་བོར་གྱུར༔ ཨོཾ་ཨཱཿཧཱུྃ༔ [ལན་གསུམ་གྱིས་བྱིན་བརླབ། ཚོགས་ཞིང་སྤྱན་དྲང་བ་ནི། སྤོས་
བཏུལ་ཞིང་ཐོད་རྔ་སོགས་རོལ་མོ་དབྱངས་དང་བཅས་པས།] ཧཱུྃ༔ འོག་མིན་བདེ་ཆེན་པདྨ་འོད༔ ངོ་མཚར་ཞིང་ཁམས་བསམ་ཡས་ནས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས༔ འདོད་ཡོན་ཚོགས་ཀྱི་འདུ་བར་གཤེགས༔ དབུ་སྐྲ་ཐོར་ཚུགས་ཤིགས་སེ་ཤིག༔ རུས་པའི་རྒྱན་ཆ་ཁྲ་ལ་ལ༔ དར་གྱི་ཅོད་པན་པུ་རུ་རུ༔ ཌཱ་རུ་ཅང་ཏེ་ཁྲོ་ལོ་ལོ༔ གཡེར་ཁ་དྲིལ་བུ་སི་ལི་ལི། བརྡ་སྐད་བཤུག་གླུ་ཀྱུ་རུ་རུ༔ འཁྲིལ་སྦྱོར་བདེ་ཉམས་གར་སྟབས་བསྒྱུར༔ རྡོ་རྗེའི་གླུ་དང་ཛཔྲ་དབྱངས་ལྡིར༔ ཐུགས་ཀྱི་དགོངས་པ་འོད་གསལ་དབྱིངས༔ རྣལ་འབྱོར་ཕོ་མོའི་འདུ་བ་ལ༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ ཚོགས་ཁང་རང་བཞིན་སྤྲུལ་པའི་ཞིང་༔ འདོད་ཡོན་རྡོ་རྗེའི་དམ་ཚིག་རྫས༔ ཅིར་སྣང་ལྷ་དང་སྔགས་ཀྱི་སྒྲ༔ ཡེ་ཤེས་ཆེན་པོར་བྱིན་ཕོབ་ཅིག༔ ཨེ་ཨ་རལླི་ཧྲཱིཾ་པྱྀཕེཾ་ཛཿ [ཞེས་སྤྱན་དྲངས། ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ཏེ། དང་པོ་མཆོད་པ་ནི།] ཧོཿ སྣ་ཚོགས་སྣང་བ་ཕྱི་ཡི་ཚོགས༔ རང་བྱུང་འདོད་ཡོན་ནང་གི་ཚོགས༔ གཉིས་མེད་འཛིན་བྲལ་གསང་བའི་ཚོགས༔ བློ་འདས་གཉུག་མའི་ངང་དུ་འབུལ༔ གྷ་ཎ་ཙཀྲ་པཱུ་ཛ་ཧོཿ [བར་པ་བཤགས་པ་ནི།] ཨ༔ ཡེ་གྲོལ་ཕྱལ་པའི་དམ་ཚིག་ལ༔ འགལ་དང་བཤགས་བྱ་མི་དམིགས་ཀྱང་༔ གློ་བུར་ལྟར་སྣང་འཁྲུལ་པའི་སྒྲིབ༔
ཚོགས་ཀྱི་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་བསྟབ་ནི། ཚོགས་ཆ་གསུམ་པ་དེའི་འདོད་ཡོན་གྱི་ལྷ་མོ་རང་ལ་བསྡུས་ནས། ཎྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུྃ་བྃ་ཧོཿ[ས་དགྲ་བགེགས་བཀུག་ཅིང་བསྟིམ་སྟེ།] ཧཱུྃ༔ གཟུང་འཛིན་རྟོག་པའི་རུ་དྲ་ཀུན༔ བདག་མེད་རིག་པའི་མཚོན་གྱིས་བསྒྲལ༔ མཉམ་པ་ཉིད་ཀྱི་དབྱིངས་སུ་བསྟབ༔ ཞེན་མེད་བདེ་བ་ཆེན་པོར་རོལ༔ ཨ་ཨ་ཨ༔ [ཞེས་བསྒྲལ་ཞིང་སྟོབ། འདིར་ཐུགས་དམ་སྐོང་ཞིང་ཉམས་ཆག་བཤགས་པའི་རིམ་པ་གཞན་སྦྱར་བར་འདོད་ནའང་སྤྲོས་པས་ཆོག་གོ །དེ་ནས་ལས་ཀྱི་རྡོ་རྗེས་ཐབས་ཤེས་ཀྱི་རྫས་རྣམས་ལག་པ་པདྨའི་གར་གྱིས་སྟོབ་ཅིང་། ལེན་པས་རྡོ་རྗེའི་གར་གྱིས་བླངས་ཏེ་བདེ་སྟོང་གཉིས་མེད་ཟུང་འཇུག་ཏུ་སྦྱོར་བའི་ཚུལ་གྱིས་འདོད་ཡོན་ལ་ཚིམས་པར་ལོངས་སྤྱད་དེ་ཉམས་སྦར། སྤྲོ་ན་རྡོ་རྗེའི་གླུ་ཡང་བྱ་སྟེ།] འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ནི་འཁོར་ལོའི་རང་བཞིན་དུ་གནས་ཀྱི། །ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེས་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱའོ། །གང་གིས་དོན་དམ་པ་ནི་མ་བསྒོམས་པར། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །[ཞེས་པའི་ཤླཽ་ཀ་གཉིས་སོ་སོའི་མཐར།] ཨ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛེས་མས་བླངས་ནས་བདེ་བ་ཆེ་ལ་མནོས། །[ཞེས་དྲུག་འགྱུར་དུ་བླང་ངོ་། ལྷག་མ་གཏོང་བ་ནི། ཚོགས་ལ་རོལ་པའི་ལྷག་མ་བསྡུས་པའི་ཁར་ཕུད་
ལྷག་བསྣན་ལ་བདུད་རྩིའི་ཞལ་ཕྲུ་སྦྲེང་ཞིང་།] ཨོཾ་ཨཱཿཧཱུྃ་[བསམ། ཕེཾ་ཞེས་འབར་བའི་རྒྱས་ལྷག་མགྲོན་རྣམས་སྤྱན་དྲངས་ལ།] ཀུན་སྣང་འདོད་ཡོན་ལྷག་གཏོར་འདི༔ ཀུན་རྟོག་ལྷག་སྡུད་མགྲོན་ལ་འབུལ༔ མ་རིག་འཁྲུལ་པར་གོལ་བའི་དཔུང་༔ གཞི་ལ་དག་པའི་ཕྲིན་ལས་མཛོད༔ ཨོཾ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ [ཞེས་ཕྱི་རོལ་དུ་འབུལ།] མཁའ་འགྲོ་མ་ཡི་གྲོང་ཁྱེར་དུ། །ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས། །བདག་གཞན་འགྲོ་བ་མ་ལུས་པ། །དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག །[ཅེས་སྨོན་ལམ་གྱི་རྒྱས་གདབ། འདིར་གཞུང་དུ་གཏོར་སྐྱོང་མི་འབྱུང་བས་མ་བཏང་ཀྱང་ཆད་པར་མི་འགྱུར་མོད། སྤྲོས་པ་ལ་དགའ་ན་རིགས་མཐུན་གྱི་ཆོ་ག་ལས་བླངས་ཏེ་བྱའོ། །དེ་ནས་དངོས་གྲུབ་བླང་བ་ནི།] ཧོཿ ཡེ་ཤེས་མཁའ་འགྲོའི་གསང་གསུམ་གྱི༔ དངོས་གྲུབ་བདུད་རྩིའི་དབྱིག་ཆེན་པོ༔ སྒྲུབ་མཆོག་བདག་ལ་སྩལ་ནས་ཀྱང་༔ སྒོ་གསུམ་རྡོ་རྗེར་སྨིན་གྲོལ་མཛོད༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས། །རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ། །འགགས་མེད་གསུང་གི་དཀྱིལ་འཁོར་ནས། །མི་ཤིགས་དབྱངས་ཀྱི་དངོས་གྲུབ་སྩོལ། །འཁྲུལ་མེད་ཐུགས་ཀྱི་དཀྱིལ་འཁོར་ནས། །འོད་གསལ་མཆོག་གི་དངོས་གྲུབ་སྩོལ། །བསམ་ཡས་ཡོན་ཏན་དཀྱིལ་འཁོར་ནས། །འདོད་འབྱུང་ཡིད་བཞིན་དངོས་གྲུབ་སྩོལ། །ཐོགས་
མེད་ཕྲིན་ལས་དཀྱིལ་འཁོར་ནས། །གང་འདུལ་འགྲོ་དོན་དངོས་གྲུབ་སྩོལ། །ཐུན་མོང་ལས་བཞིའི་དངོས་གྲུབ་སྩོལ། །ཁྱད་པར་དབང་བཅུའི་དངོས་གྲུབ་སྩོལ། །བླ་མེད་མཆོག་གི་དངོས་གྲུབ་སྩོལ། །སརྦ་སིངྔྷི་ཕ་ལ་ཧོཿ [ཞེས་བསྐུལ་ཏེ་ཀ་པཱ་ལའི་བདུད་རྩི་རོལ། མེ་ལོང་གི་སིནྡྷུ་ཕྱིས་ཏེ་སྙིང་གར་ཐིག་ལེ་བྱའོ། །སླར་ཡང་གཏང་རག་གི་དོན་དུ་མཆོད་ཅིང་བསྟོད་ནས། ནོངས་པ་བཤགས་པ་ནི།] ཧོཿ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ མཆོད་དང་ཏིང་འཛིན་ཕྲིན་ལས་སོགས༔ ཚུལ་བཞིན་མ་བགྱིས་ནོངས་པ་ཀུན༔ འོད་གསལ་གཉུག་མའི་ངང་དུ་བཤགས༔ ཨ་ཨ་ཨ༔ [རྟག་ཆད་ཀྱི་མཐའ་བསལ་བ་ནི།] ཧོཿ རིག་པ་རང་ཤར་མཚན་མའི་ལྷ༔ གཉིས་མེད་བློ་འདས་ཆེན་པོར་བརྡལ༔ སླར་ཡང་ཟུང་འཇུག་སྒྱུ་མའི་རྩལ༔ སྣོད་བཅུད་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ [ཞེས་སྒོ་གསུམ་མཁའ་འགྲོའི་སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྒྱས་གདབ། དགེ་བ་བསྔོ་བ་ནི།] ཧོཿ དུསགསུམ་བསགས་པའི་དགེ་ཚོགས་ཀུན༔ དམིགས་མེད་མཐའ་བྲལ་ཀློད་དུ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ བདག་མཉམ་ཆེན་པོར་སངས་རྒྱས་ཤོག༔ ཤིས་པར་བྱ་བ་ནི། རྩ་གསུམ་མཁའ་འགྲོའི་བྱིན་རླབས་མཐུས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱི༔ འགལ་རྐྱེན་ཀུན་ཞི་བསམ་དོན་འགྲུབ༔ འགྲོ་ཁམས་དོང་སྤྲུགས་བཀྲ་ཤིས་ཤོག །[ཅེས་མེ་ཏོག་གི་ཆར་དབབ་པས་ཀུན་ཏུ་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ། །ཚུལ་དེ་ལྟ་བུའི་སྒོ་ནས་ཉམས་སུ་བླངས་
པའི་ཡོན་ཏན་ནི། ཇི་སྐད་དུ། དེ་ལྟར་སྦྱོར་དངོས་རྗེས་གསུམ་གྱི༔ ངེས་རྫོགས་ཉམས་སུ་བླང་བ་ན༔ བླ་མེད་འབྲས་བུ་ཐོབ་པར་འགྱུར༔ མོས་སྒོམ་བསྙེན་སྒྲུབ་ཙམ་བགྱིས་ཀྱང་༔ དངོས་གྲུབ་སྣ་རེ་ངེས་པར་ཐོབ༔ ཚུལ་མཐུན་ཚོགས་འཁོར་རེ་རེ་ཡིས༔ ལམ་རྟགས་ཡོན་ཏན་གོང་དུ་སྤར༔ རྗེས་མཐུན་དག་པའི་མཆོད་པ་ཡིས༔ ཉམས་པ་སྐོང་ཞིང་ཚོགས་ཆེན་རྫོགས༔ དེར་འདུས་སྡིག་པ་ཀུན་བྱང་ནས༔ ཐར་པའི་འབྲས་བུ་ཐོབ་པར་འགྱུར༔ དད་མེད་ཉམས་པ་རྣམས་ལ་མིན༔ ཤིན་ཏུ་མོས་པས་ཉམས་པའང་གསོ༔ དངོས་གྲུབ་སྣོད་དུ་འགྱུར་བར་ངེས༔ ཞེས་གདམས་པ་ནི་མི་བསླུ་བའི་ཚད་མ་ཉིད་དུ་ངེས་པའོ། །ལྷན་ཅིག་སྐྱེས་མའི་ཉེ་རྒྱུ་གང་། །མྱུར་བདེའི་འཇུག་ངོགས་གཅིག་པུ་སྟེ། །དེ་ཡི་ཐབས་ཚུལ་སྙིང་པོའི་བཅུད། །སྐལ་བཟང་འདོད་འཇོའི་དཔྱིད་དུ་ཕྱེས། །དགའ་བཞིས་རྣམ་པར་རྩེན་པ་འོག་མིན་ཞིང་། །མཁའ་སྤྱོད་གྲོང་ཁྱེར་མཛེས་པའི་དོ་ར་རུ། །ཤེས་རབ་དགའ་མས་བདག་སོགས་མདུན་བསུས་ཏེ། །ཧེ་རུ་ཀ་དང་ལྷན་ཅིག་གར་བྱེད་ཤོག །ཅེས་པའང་ཆོས་ཀྱི་བདག་པོར་གྱུར་པའི་སྐལ་ལྡན་རྣམས་ཀྱི་ཉམས་བཞེས་འཇུག་པ་བདེ་བའི་ཕྱིར་རྩ་བའི་གཞུང་ལ་གསལ་བྱེད་ཁ་སྐོང་གིས་ཅུང་ཟད་བརྒྱན་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཉི་མའི་ལོ་མགོ་ཉ་བའི་ཤེས་རབ་ཀྱི་ཆའི་ཌཱ་ཀི་འདུ་བའི་དུས་བཟང་པོར་ངོ་མཚར་བསམ་རྒུ་འགྲུབ་པའི་གནྡྷོ་ལ་འོག་མིན་བདེ་བ་ཆེན་པོའི་ཕོ་བྲང་དུ་སྦྱར་བ་ཟུང་འཇུག་ཡེ་ཤེས་མཁའ་འགྲོ་མའི་གོ་འཕང་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ།། །།]
མཁའ་འགྲོ་ཐུགས་ཐིག་གི་རྒྱུན་ཁྱེར།
[༄༅། །མཁའ་འགྲོ་ཐུགས་ཐིག་གི་རྒྱུན་ཁྱེར་ནི།] ན་མོ༔ རང་རིག་ཡེ་ཤེས་མཁའ་འགྲོ་མར༔ འདུ་འབྲལ་མེད་པར་སྐྱབས་སུ་མཆི༔ མ་རྟོགས་གཉིས་འཛིན་འཁྲུལ་བའི་བློ༔ རང་གྲོལ་ཆེན་པོར་སེམས་བསྐྱེད་དོ༔ ཨཿ མ་བཅོས་ཀ་དག་དེ་བཞིན་ཉིད༔ ལྷུན་གྲུབ་ཀུན་སྣང་སྙིང་རྗེའི་རྩལ༔ སོར་རྟོག་ཡེ་ཤེས་ཡི་གེ་བྃ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ འོད་འཕྲོས་མ་དག་དངོས་འཛིན་སྦྱངས༔ སྣོད་བཅུད་བདེ་ཆེན་པདྨ་འོད༔ ངོ་མཚར་དག་པའི་གྲོང་ཁྱེར་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ རང་ཉིད་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས༔ བདག་རྟོག་རྩད་གཅོད་གྲི་གུག་དང་༔ དངོས་གྲུབ་མཆོག་སྩོལ་ཐོད་པ་འཛིན༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ གཅེར་མོ་དར་དང་རིན་པོ་ཆེ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ སྤྱི་བོར་ཐབས་མཆོག་རིགས་ཀྱི་བདག༔ པདྨ་གར་དབང་ཐོད་ཕྲེང་རྩལ༔ རྡོ་རྗེ་དྲིལ་འཛིན་ལོངས་སྐུའི་ཆས༔ འཇའ་འོད་ཟེར་ཐིག་ཀློང་དུ་བརྗིད༔ གདན་གསུམ་སྐུ་ཡི་བཀོད་པ་ལ༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ མ་འདྲེས་ཏིལ་གོང་ཕྱུར་བཞིན་རྫོགས༔
གདོད་ནས་དམ་ཡེ་དབྱེར་མེད་པའི༔ ཐུགས་ཀར་ཉི་ཟླའི་གའུའི་སྦུབས༔ བྃ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ འོད་འཕྲོས་བརྟན་གཡོའི་དངོས་ཀུན་ཁྱབ༔ སྣང་གྲགས་རྟོག་པའི་ཚེས་རྣམས་ཀུན༔ ལྷ་སྔགས་ཡེ་ཤེས་རོལ་པར་བལྟ༔ ཨོཾ་ཛྙཱ་ནཌཱ་ཀི་ནཱི་བྃ་ཧ་རི་ནི་ས་སིངྔྷི་ཧཱུྃ༔ [ཞེས་ཅི་ནུས་བཟླས་མཐར།] རིག་པ་རང་ཤར་མཚན་མའི་ལྷ༔ གཉིས་མེད་བློ་འདས་ཆེན་པོར་བརྡལ༔ སླར་ཡང་ཟུང་འཇུག་སྒྱུ་མའི་རྩལ༔ སྣོད་བཅུད་ཡེ་ཤེས་རོལ་པར་ཤར༔ ཨོཾ་ཨཱཿཧཱུྃ༔ [བསྔོ་སྨོན་ཤིས་བརྗོད་བྱའོ། །ཞེས་པའང་བསོད་ནམས་རྣམ་རྒྱལ་གྱི་ངོར་ཛྙཱ་ནས་སོ༎ ༎]
མཁའ་འགྲོའི་བསྐང་བསྡུས་པདྨའི་རྒྱུད་མང་།
[༄༅། །མཁའ་འགྲོའི་བསྐང་བསྡུས་པདྨའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །]ཧྲཱིཿ ཚོགས་ཁང་བདེ་ཆེན་པདྨ་འོད། །རྣལ་འབྱོར་བདེ་ཆེན་སྒྲུབ་པ་པོ། །དམ་རྫས་བདེ་ཆེན་བདུད་རྩི་ཆེ། །རྨད་བྱུང་བདེ་ཆེན་སྤྲིན་ཕུང་འཕྲོ། །མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས། །ཐུགས་དམ་བདེ་ཆེན་དབྱིངས་སུ་བསྐང་། །རིགས་ཀུན་ཁྱབ་བདག་འོད་མི་འགྱུར། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །འགྲོ་བ་ཀུན་འདུལ་སྙིང་རྗེའི་གཏེར། །སྤྱན་རས་གཟིགས་ཀྱི༴ འཁོར་འདས་ཟིལ་གནོད་ཐོད་ཕྲེང་རྩལ། །པདྨ་གར་དབང་༴ དཀྱིལ་འཁོར་གཙོ་མཆོག་དབྱིངས་ཕྱུག་ཡུམ། །ཡེ་ཤེས་མཚོ་རྒྱལ༴ གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གར། །འབུམ་ཕྲག་མཁའ་འགྲོའི་ཐུགས༴ ཐོགས་མེད་ཕྲིན་ལས་རྫུ་འཕྲུལ་བདག །དམ་ཅན་ཆོས་སྲུང་༴ རྡོ་རྗེ་ཐེག་པའི་དམ་ཚིག་དང་། །འགལ་བའི་ཉམས་ཆག་ཅི་མཆིས་བཤགས། །ཕྱི་ནང་གསང་བའི་བར་ཆ་གེགས། །འཕོ་མེད་འོད་གསལ་ཀློང་དུ་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཚེ་འདིར་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་ངག་དབང་སྐལ་ལྡན་རྡོ་རྗེས་བསྐུལ་ངོར་ཛྙཱ་ནས་སྤེལ་བ་དགེ། །།]
ཚོགས་བསྡུས་ཐུགས་ཐིག
༄༅། །ཧྲཱིཿ ཚོགས་ཁང་སྤྲུལ་པའི་ཞིང་ཁམས་ཆེ། །ཚོགས་རྫས་ཟག་མེད་ལོངས་སྤྱོད་གཏེར། །འདོད་ཡོན་རྒྱན་གྱི་དམ་ཚིག་འདིས། །གནས་གསུམ་མཁའ་འགྲོ་རྒྱ་མཚོའི་ཚོགས། །འབུམ་ཕྲག་ཌཱ་ཀིའི་ཐུགས་དམ་བསྐང་། །གསང་གསུམ་དང་འགལ་ཉམས་ཆག་བཤགས། །རྩ་རླུང་ཐིག་ལེའི་བར་ཆད་སོལ། །དཔའ་བོ་མཁའ་འགྲོའི་སུན་ཁ་ཟོག །འབར་བ་གསུམ་གྱི་ཡེ་ཤེས་སྤོར། །འདུ་བ་གསུམ་གྱི་རྟེན་འབྲེལ་སྒྲིགས། །ཟུང་འཇུག་བདེ་ཆེན་ཕྱག་རྒྱ་ཆེའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །[ཞེས་པའང་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེའི་གསུང་གི་ངོར་ཛྙཱ་ནས་སོ༎ ༎]
ཚོགས་བསྡུས་ཐུགས་ཐིག
༁ྃ་རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ དབྱིངས་ཀྱི་བྷནྡྷར་རིག་པའི་ཚོགས་གཏོར་བཤམས༔ སྒྲོན་དྲུག་འཇའ་ཟེར་ཐིག་ལེའི་འདོད་ཡོན་བཀྲ༔ ངོ་མཚར་བསམ་མི་ཁྱབ་པའི་དམ་ཚིག་འདིས༔ རང་རིག་རྩ་བ་གསུམ་གྱི་ལྷ་ཚོགས་ལ༔ གཉིས་མེད་མཉམ་པའི་ངང་དུ་མཆོད་པ་འབུལ༔ རྟོག་པའི་གྲྭ་ཟུར་ཐིག་ལེ་ཆེན་པོར་བཤགས༔ གཟུང་འཛིན་དགྲ་བགེགས་སྐྱེ་མེད་དབྱིངས་སུ་སྒྲོལ༔ འཁྲུལ་སྣང་གཞི་ཐོག་སད་པའི་ཕྲིན་ལས་སྒྲུབས༔ ལྷུན་གྲུབ་སྣང་བཞིའི་ཡེ་ཤེས་མཐར་ཕྱིན་ནས༔ ཀ་དག་གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ [ཅེས་པའང་རང་ལོ་སུམ་ཅུ་རྩ་གསུམ་པ་མེ་བྱི་ཟླ༡ཚེས་༡༧ལ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ཁམས་འདུས་ཀྱི་རིམ་གྲོར་རྫོགས་ཆེན་པ་འཁྲུལ་ཞིག་རྡོ་རྗེས་མཁའ་འགྲོའི་ཚོགས་སྐོང་བརྒྱ་ཕྲག་བསྒྲུབས་པའི་ནུབ་ཀྱི་ཐོ་རང་རྨི་ལམ་དུ་བུད་མེད་ཞིག་གིས་ཚིག་འདི་ལྷང་ལྷང་འདོན་པར་ཐོས་པ་གཉིས་སད་པ་ནའང་མ་བརྗེད་པར་འདུག་པས་འཁྲུལ་སྣང་གི་རི་མོ་ཡི་གེར་བཏབ་པ་སྟེ། དེའི་ཕྱིར་ཉིན་ནས་ནད་ལས་གྲོལ་བའི་དགེ་མཚན་ཀྱང་བྱུང་ངོ་།། །།]
རྩ་གསུམ་དམ་ཅན་སྤྱིའི་གཏོར་འབུལ་རྒྱུན་ཁྱེར་སྙིང་པོར་དྲིལ་བ།
༄༅། །རྩ་གསུམ་དམ་ཅན་སྤྱིའི་གཏོར་འབུལ་རྒྱུན་ཁྱེར་སྙིང་པོར་དྲིལ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་བཛྲ་ངྷར་ཡེ། [ཤ་ཆང་གི་དམ་རྫས་གཙོ་བོར་གྱུར་པའི་མཆོད་གཏོར་བཤམས་ལ་བདུད་རྩིས་བྲན། རང་ཉིད་ཡི་དམ་ལྷའི་ང་རྒྱལ་ལ་གནས་པས། རཾ་ཡཾ་ཁཾ་གིས་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བ་གྱུར། །ཨོཾ་ཨཱཿཧཱུྃ་ཧོཿ[ས་བརླབ།] ཧཱུྃ་ཧྲཱིཿ རབ་འབྱམས་སྐུ་གསུམ་རྒྱལ་བའི་ཞིང་ཁམས་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །ཐམས་ཅད་ཐུགས་རྗེའི་དབང་གིས་འདིར་གཤེགས་ཤིག །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ངྷེ་ཝ་ངྷཱ་ཀི་ནཱི་སརྦ་ངྷརྨ་པཱ་ལ་བ་སུ་དེ་བ་ནི་ངྷི་པ་ཏི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ [ཞེས་པས་
སྤྱན་དྲང་།] ཛཿ ཧཱུྃ་བྃ་ཧོཿས་མ་ཡ་ཏིཥྠ་ནྟུ། [ཞེས་བཞུགས་སུ་གསོལ།] ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་འཚལ་ཞིང་ལན་གནང་བར་བསམ]། ཧཱུྃ། དངོས་སུ་འབྱོར་དང་ཏིང་འཛིན་ལས་བྱུང་བའི། །ཉེར་སྤྱོད་འདོད་ཡོན་སྨན་རཀ་གཏོར་ཚོགས་སོགས། །ནམ་མཁའ་རབ་འབྱམས་གང་བའི་མཆོད་པའི་སྤྲིན། །འབུལ་ལོ་བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ངྷེ་ཝ་ངྷཱ་ཀི་ནཱི་ཤྲཱི་ངྷརྨ་པཱ་ལ་བ་སུ་དེ་བ་ནི་ངྷི་པ་ཏི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་[ནས་]ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧྲཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྤྱིར་མཆོད། བྱེ་བྲག་ཏུ།] ལྷ་རྣམས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར་[བསམ་ལ། རྡོ་རྗེ་ཐལ་
མོ་ཁ་གྱེན་དུ་ཕྱེ་ཞིང་སེ་གོལ་གཏོགས་པ་དང་བཅས།] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ངྷེ་ཝ་ངྷཱ་ཀི་ནཱི་སརྦ་ངྷརྨ་པཱ་ལ་བ་སུ་དེ་བ་ནི་ངྷི་པ་ཏི་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ།] ཧཱུྃ་ཧྲཱིཿ བྱིན་རླབས་སྤྲིན་ཕུང་རིག་འཛིན་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་རྨད་བྱུང་དཔའ་བོ་མཁའ་འགྲོ་ལ། །གུས་པས་བསྟོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཧཱུྃ། བདེ་ཆེན་ཐབས་མཆོག་དཔའ་བོ་ལེགས་ལྡན་ནག །ཕྱག་བཞི་དཔལ་མགོན་སྡེ་ལྔ་དབང་ཕྱུག་ཆེ། །ཤན་དམར་ཁྱབ་འཇུག་རྡོར་ལེགས་བདུད་མགོན་སོགས། །མགོན་པོ་ཕོ་རྒྱུད་ཚོགས་ལ་ཕྱག་འཚལ་བསྟོད། །ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་རལ་གཅིག་མ། །རང་བྱུང་རྒྱལ་མོ་དུར་ཁྲོད་མ་མོ་དང་། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་བརྟན་མ་སོགས། །སྣང་སྲིད་མ་མོའི་ཚོགས་ལ་ཕྱག་འཚལ་བསྟོད། །གཉིས་མེད་ཡེ་ཤེས་མ་ནིང་སྟོབས་པོ་ཆེ། །སྡེ་དཔོན་སུམ་ཅུ་ཕུར་སྲུང་ལྕམ་དྲལ་སོགས། །གནོད་སྦྱིན་ནོར་ལྷ་གཏེར་དང་གཞི་ཡི་བདག །དཀར་ཕྱོགས་སྐྱོང་བ་ཀུན་ལ་ཕྱག་འཚལ་བསྟོད། །སོ་སོའི་ཐུགས་དང་མཐུན་པའི་གཏོར་མ་དང་། །མཁོ་རྒུའི་འདོད་ཡོན་རྒྱ་མཚོ་འདི་བཞེས་ལ། །རྩ་བརྒྱུད་བླ་མས་བཀའ་བསྒོས་དམ་བཞག་ལྟར། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །ཞི་བའི་མཆོག་
སྩོལ་རྒྱས་པའི་གཟི་མདངས་སྐྱེད། །དབང་གིས་ཟིལ་གནོན་དྲག་པོས་དགྲ་བགེགས་ཐུལ། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དང་། །འགྲོ་ཀུན་བདེ་སྐྱིད་འཕེལ་བའི་ཕྲིན་ལས་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་གསོལ། སྐོང་བ་དམིགས་བསལ་དུ་བགྱིད་པ་སྤྲོ་ན།] ཧཱུྃ། རྔམ་བརྗིད་དུར་ཁྲོད་རོལ་པའི་གཞལ་ཡས་དབུས། །དགྲ་བགེགས་བསྒྲལ་བའི་དྲག་པོའི་ཉེར་སྤྱོད་དང་། །མཆོད་རྫས་རྟེན་རྫས་སྐོང་རྫས་སྒྲུབ་པའི་རྫས། །འདོད་རྒུའི་འབྱོར་པ་ཟད་མི་ཤེས་པ་འདིས། །ལེགས་ལྡན་ཕྱག་བཞི་དཔལ་མགོན་སྡེ་ལྔ་དང་། །དབང་ཕྱུག་ཤན་དམར་ཁྱབ་འཇུག་བདུད་མགོན་སོགས། །ཕོ་རྒྱུད་མགོན་པོའི་ཚོགས་ཀྱིས་ཐུགས་དམ་བསྐང་། །རྡོ་རྗེ་སྲིན་པོའི་མཐུ་ཡིས་བདུད་དཔུང་ཐུལ། །ཨེ་ཀ་ཛཱ་ཊི་རང་བྱུང་དཔལ་འབར་མ། །དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་ལྔ་སོགས། །སྣང་སྲིད་མ་མོ་བྱེ་བའི་ཐུགས་དམ་བསྐང་། །ཐུགས་རྗེ་ཆགས་པའི་ཤུགས་ཀྱིས་དགྲ་བགེགས་སྒྲོལ། །དཔལ་མགོན་མ་ནིང་སྡེ་དཔོན་སུམ་ཅུ་དང་། །ཕུར་སྲུང་ལྕམ་དྲལ་སྣང་སྲིད་འབྱུང་པོའི་ཚོགས། །དཀར་ཕྱོགས་སྐྱོང་བ་ཡོངས་ཀྱི་ཐུགས་དམ་བསྐང་། །སངས་རྒྱས་བསྟན་སྲུང་བསྟན་དགྲ་ཆོམ་ལ་ཕོབ། །རྣམ་སྲས་ཛམ་ལྷ་ཡབ་ཡུམ་ཚོགས་ཀྱི་བདག །རྡོ་རྗེ་བདུད་འདུལ་གནོད་སྦྱིན་འབུམ་ཕྲག་དང་། །
རིན་ཆེན་གཏེར་འཆང་རྒྱ་མཚོའི་ཐུགས་དམ་བསྐང་། །ཚེ་སྲིང་དཔལ་སྐྱེད་འདོད་རྒུའི་འབྱོར་པ་སྤེལ། །མདོར་ན་བརྒྱུད་གསུམ་རིག་འཛིན་བླ་མ་ཡི། །སྤྱན་སྔར་ཁས་བླངས་ཆོས་སྲུང་ནོར་ལྷའི་ཚོགས། །ཐུགས་དམ་དགྱེས་བསྐང་རྣལ་འབྱོར་བདག་ཅག་གི །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །[ཅེས་དང་། ཆོས་སྐྱོང་སྒོས་ཀྱི་བསྐང་གསོལ་གཞན་སྦྱར་བར་འདོད་ན་ཡང་འདིར་བྱ། མཐར་འབུལ་གཏོར་ལ་བདུད་རྩིས་བྲན་ཅིང་།] ཨོཾ་ཨཱཿཧཱུྃ་ཧོཿ གཏོར་མ་དགྲ་བགེགས་ཀྱི་ཤ་ཁྲག་ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར་པར་[བསམས་ལ།] ཧཱུྃ། བདེ་ཆེན་ཐབས་མཆོག་མགོན་པོ་ཧེ་རུ་ཀ །ཤེས་རབ་དབྱིངས་ཀྱི་ཐིག་ལེ་རལ་གཅིག་མ། །ཟུང་འཇུག་དབུ་མར་ཤར་བའི་མ་ནིང་ནག །རྒྱུད་གསུམ་དྲེགས་ཚོགས་འཁོར་བཅས་འདིར་གཤེགས་ཤིག །དགྲ་བགེགས་ཤ་རི་ཁྲག་མཚོའི་གཏོར་མ་ནི། །ཡེ་ཤེས་བདུད་རྩིའི་རང་བཞིན་འདོད་ཡོན་གཏེར། །དགྱེས་རྒུར་འཆར་བའི་རྨད་བྱུང་མཆོད་པའི་སྤྲིན། །སྔར་མཛད་ལེགས་པའི་གཏང་རག་ཆེན་པོར་འབུལ། །ད་བཅོལ་ལས་ཀྱི་གསལ་འདེབས་གཉེན་པོར་བཞེས། །སངས་རྒྱས་བསྟན་སྲུང་བསྟན་འཛིན་སྐུ་ཚེ་སྲིངས། །དགེ་འདུན་སྡེ་སྐྱོང་འཇིག་རྟེན་ཕན་བདེ་སྤེལ། །ཁྱད་པར་བདག་ཅག་དཔོན་སློབ་ཡོན་
མཆོད་ལ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཆར་བཞིན་ཕོབ། །ཞི་རྒྱས་དབང་དང་མངོན་སྤྱོད་ལ་སོགས་པ། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །ཅེས་སྤོས་དང་རོལ་མོའི་མཚོན་པས་གཙང་སར་ཕུལ། མགྲོན་ཡེ་ཤེས་པ་རྣམས་རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་སུ་གསོལ། འཇིག་རྟེན་པ་རྣམས། གཙྪ་གཙྪ་སྭ་བྷཱ་ཝ་ནཱཾ་གྱིས་རང་གནས་སུ་བཏང་། དགེ་བ་བསྔོ་ཞིང་ཤེས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་རང་གཞན་རྣམས་རྒྱུན་གྱི་གཏོར་ཆོག་འཇུག་པ་བདེ་བའི་ཕྱིར། དངོས་གྲུབ་བརྙེས་པའི་རིག་འཛིན་རྣམས་ཀྱི་གསུང་ལས་བཏུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ༎ ༎
མ་མོ་སྔགས་ཀྱི་སྲུང་མའི་གཏོར་འབུལ་སྙིང་པོར་དྲིལ་བ།
༄༅། །མ་མོ་སྔགས་ཀྱི་སྲུང་མའི་གཏོར་འབུལ་སྙིང་པོར་དྲིལ་བར་བཞུགས། ༈ ཨོཾ་སྭསྟི། [ཟབ་ལམ་མཁའ་འགྲོ་ཐུགས་ཀྱི་ཐིག་ལེའི་བཀའ་སྲུང་ཡེ་ཤེས་ཀྱི་མ་མོའི་གཏོར་ཆོག་བྱ་བར་འདོད་པས། གཙང་མའི་སྣོད་དུ་གཏོར་མ་གྲུ་གསུམ་ཤ་ཁྲག་གིས་བརྒྱན་པ་དང་སྨན་རཀ་གཉེར་སྤྱོད་སོགས་མཆོད་རྫས་རྣམས་ཚོགས་པར་བཤམ་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ། མདུན་རྟེན་]སྭ་བྷཱ་ཝ[ས་སྦྱང་།] མདུན་དུ་ཀེང་རུས་གྲམ་ཁྲོད་ཁྲག་མཚོའི་ཀློང་། །གྲུ་གསུམ་དམར་ནག་མེ་རླུང་འཁྲུགས་པའི་དབུས༔ པདྨ་ཉི་ཟླ་བམ་རོའི་གདན་གྱི་སྟེང་༔ བྷྱོ་ལས་དཔལ་ལྡན་སྔགས་ཀྱི་སྲུང་མ་ནི༔ སྐུ་མདོག་སྨུག་ནག་ཞིང་དབྱུག་ཙིཏྟ་བསྣམས༔ དཔྲལ་བར་མིག་གཅིག་ཞལ་ན་ཚེམས་གཅིག་མ༔ བྲང་ན་ནུ་གཅིག་ལྕགས་ཀྱི་རལ་གཅིག་གཟེངས༔ འཇིགས་བྱེད་ཆེན་མོ་རྔམ་པའི་གར་གྱིས་རོལ༔ དགྲ་གདོན་བགེགས་ཀྱི་སྲོག་དབུགས་འཕྲོག་པར་བྱེད༔ གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །[ཅེས་གསལ་བཏབ་ལ།] བྷྱོ། བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །
དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེ་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་བསྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱི། །སྲིང་མོ་དམ་ཅན་ད་ཚུར་བྱོན། །ཏྲག་རཀྴ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི། བཛྲ་ས་མཱ་ཛ༔ ཛཿཧཱུྃ་བྃ་ཧོཿ [ཞེས་སྤྱན་དྲངས།] ས་མ་ཡ་ཏིཥྠ་ནྟུ[ས་བཞུགས་སུ་གསོལ།] ཏྲག་རཀྴ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས།] ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་[བར་གྱིས་ཕྱི་མཆོད་དང་།] མ་ཧྲཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཧཱུྃ་མ་མ་ཨེ་ཀ་ཛཱ་ཊི་ས་མ་ཡ་ཧྲིང་ཧྲིང་ཛ་ཛཿ ས་པ་རིཝཱ་ར་ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།] བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ནས། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་གཟུགས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགས། །འཇིགས་བྱེད་ཆེན་མོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་བར་སྤྱན་གཅིག་སྲིད་གསུམ་ཁོངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་
མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །[ཞེས་བསྟོད་ཅིང་།] སྔགས་སྲུང་མ་མོ་ཐུགས་དམ་དགྱེས་བསྐང་ནས། །གསང་ཆེན་བསྟན་པ་དར་ཞིང་རྒྱས་པ་དང་། །བདག་ཅག་འགལ་རྐྱེན་ཀུན་ཞི་མཐུན་པའི་རྐྱེན། །མ་ཚང་མེད་འབྱོར་བསམ་དོན་ལྷུན་གྲུབ་མཛོད། །[ཅེས་ཕྲིན་ལས་བཅོལ། གཏོར་མ་སྟོབ་ལ་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་རྟེན་ལ་བསྟིམ་ཞིང་དམ་ཚིག་པ་རང་ལ་བསྡུ། དགེ་བསྔོ་དང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་རྒྱུན་གྱི་གཏེར་ཆོག་འཇུག་པ་བདེ་བར་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ༎ ༎]
མཁའ་འགྲོ་འདུས་པའི་སྐོང་བཤགས།
མཁའ་འགྲོ་འདུས་པའི་སྐོང་བཤགས་བཞུགས་སོ༔
༁ྃ་[བདེ་ཆེན་ལྷན་ཅིག་སྐྱེས་མར་འདུད༔ སྙིགས་དུས་ཉོན་མོངས་དར་ལ་དྲག༔ བསྟན་དང་སྔགས་ཀྱི་སྒོར་ཞུགས་ཀྱང་༔ བཀའ་བཞིན་མི་སྒྲུབ་ལོག་པར་སྤྱོད༔ སྲུང་སྔོམ་གཡེལ་ཞིང་བསླབ་ཁྲིམས་ཉམས༔ དམ་མེད་གསང་སྔགས་བོན་དུ་གྱེར༔ སྒྲུབ་པའི་རྟགས་མེད་ནུས་མཐུ་དམན༔ གདིང་དང་མི་ལྡན་ལས་སྦྱོར་རྩོམ༔ དེ་ཡིས་སྣང་སྲིད་མ་མོ་དང་༔ ལྷ་སྲིན་སྡེ་བརྒྱད་ཐམས་ཅད་འཁྲུགས༔ སྣོད་བཅུད་དཔལ་འབྱོར་རིམ་བཞིན་འཇོམས༔ དེ་ཚེ་ཐབས་མཆོག་འདིར་འབད་ན༔ ཕན་བདེའི་འབྲས་བུ་སྟེར་བར་འགྱུར༔ ས་མ་ཡ༔ དེ་ཡང་དབེན་པའི་གནས་མཆོག་ཏུ༔ རྟེན་དང་མཆོད་རྫས་ཅི་འབྱོར་བཤམ༔ རིན་ཆེན་སྣོད་དམ་བྷནྡྷ་རུ༔ ཚིལ་ཆེན་གཙོར་གྱུར་མར་མེ་དང་༔ མཚན་ལྡན་ཐོད་པར་ཆང་གིས་བཀང་༔ ར་ས་ཡཱ་ནའི་ཕབ་དང་སྦྱར༔ ཤ་ཆེན་ཆོས་སྨན་འབྲུ་
ཕྱེ་ལས༔ བམ་གྱི་གཟུགས་བརྙན་སྐྱེ་མཆེད་རྫོགས༔ བཟའ་བཅའ་བཏུང་བའི་ཚོགས་རྫས་དང་༔ ཕྱི་ནང་འབྱུང་བའི་ཁྲག་སྣ་སོགས༔ མཁའ་འགྲོ་མཉེས་པའི་དམ་རྫས་རྣམས༔ གོ་རིམ་བཞིན་དུ་ལེགས་པར་བཤམ༔ རྒྱས་པར་སྤྲོ་ན་སྤྱི་བཞིན་དུ༔ སྐོང་བའི་མདོས་གཏོར་དག་ཀྱང་བཞེངས༔ ཕྲིན་ལས་གཞུང་བསྲང་ཚོགས་མཆོད་འབུལ༔] རཾ་ཡཾ་ཁཾ་[གིས་མི་གཙང་སྦྱང་༔] ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ བྷྲཱུྃ་ལས༔ སྣང་གསལ་མར་མེ་བདུད་རྩི་སྨན༔ མཚན་ལྡན་བམ་ཆེན་ལོངས་སྤྱོད་ཚོགས༔ དམར་ཆེན་རཀྟ་མཐུན་པའི་རྫས༔ ངོ་བོ་ཡེ་ཤེས་རོལ་པ་ལས༔ རྣམ་པ་འཁོར་འདས་མ་མོ་རྣམས༔ ཐུགས་དམ་དགྱེས་སྐོང་མཆོད་པའི་སྤྲིན༔ ཟག་མེད་ནམ་མཁའ་མཛོད་དུ་གྱུར༔ [སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབ༔
གུ་གུལ་ཚིལ་ཆེན་དུད་པ་བཏང་༔ ཐོད་རྔ་རྐང་གླིང་དབྱངས་ཀྱིས་བསྐུལ༔ མོས་གུས་གདུང་ཤུགས་རྩལ་བསྐྱེད་ལ༔] ཧྲཱིཿཧཱུྃ༔ དགོངས་སུ་གསོལ་ལོ་མཁའ་འགྲོའི་ཚོགས༔ བཞེངས་ཤིག་སྐུ་གསུམ་བདེ་ཆེན་རྒྱལ༔ འོག་མིན་མཁའ་སྤྱོད་གནས་ནས་བཞེངས༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ དམ་ཚིག་གསང་བའི་གནས་མཆོག་འདིར༔ ཡེ་ཤེས་ལས་དང་འཇིག་རྟེན་གྱི༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ མོས་པའི་བུ་ལ་བརྩེར་དགོངས་ནས༔ དགྱེས་པའི་གདན་ལ་བརྟན་པར་བཞུགས༔ ཐུགས་དམ་གཉན་པོ་དུས་འདིར་བསྐང་༔ གཡར་དམ་དགོངས་ལ་ཚངས་པར་སྩོལ༔ ཧྲཱིཿ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ བརྟེན་སྒྲུབ་མཆོད་ཅིང་སྐོང་བའི་རྫས༔ ངོ་མཚར་བཀོད་པའི་སྤྲིན་ཆེན་འཁྲིགས༔ བཞེད་རྒུའི་འདོད་ཡོན་ཆར་དུ་འབེབས༔ ཞུན་ཆེན་སྣང་གསལ་ཉི་ལྟར་འབར༔ ཡེ་ཤེས་ཟེར་གྱིས་འཁོར་འདས་ཁྱབ༔ བདུད་རྩི་སྨན་ཕུད་རྒྱ་མཚོར་བསྐྱིལ༔ ཟག་མེད་བདེ་བའི་རྦ་རླབས་གཡོ༔ མཚན་ལྡན་བམ་ཆེན་ནུས་བཅུད་ལྡན༔ དམ་ཚིག་རྫས་མཆོག་ལྷུན་གྱིས་གྲུབ༔ ཞལ་ཟས་ཚོགས་མཆོད་རི་ལྟར་སྤུངས༔ བཟའ་བཅའ་བཏུང་བ་རོ་བརྒྱ་ལྡན༔ དམར་ཆེན་རཀྟ་ལྦུ་ཕྲེང་འཕྱོ༔ ཁམས་གསུམ་ཆགས་པའི་བཅུད་དུ་འཁྱིལ༔ མཉེས་རྫས་སྣ་ཚོགས་
གཅལ་དུ་བཀྲམ༔ ཡིད་མཐུན་ལོངས་སྤྱོད་ཟད་མི་ཤེས༔ རིག་རྩལ་དགོངས་པའི་ཏིང་འཛིན་གྱིས༔ ཆོས་དབྱིངས་ཁྱབ་པར་སྤེལ་བ་འདིས༔ དབྱིངས་ཕྱུག་ངྷཱ་ཀི་འཁོར་བཅས་ཀྱི༔ ཐུགས་དམ་མཉན་པོ་བསྐང་གྱུར་ཅིག༔ ཧོཿབདག་ཅག་གསང་སྔགས་སྒོར་ཞུགས་ཀྱང་༔ ལས་ཀྱི་དབང་གིས་སྙིགས་དུས་སྐྱེས༔ གཉེན་པོའི་སྟོབས་ཆུང་དུག་ལྔ་ཧྲག༔ རྩ་བ་ཡན་ལག་དམ་ཚིག་ལ༔ འགལ་ཉམས་འདས་རལ་ཅི་མཆིས་པ༔ གནོད་འགྱོད་དྲག་པོས་བསྐང་ཞིང་བཤགས༔ རྒྱལ་བའི་བསྟན་ལ་ཞུགས་བཞིན་དུ༔ སྐྱབས་འགྲོའི་བསླབ་བྱ་ཡལ་བར་དོར༔ སོ་ཐར་སྡོམ་པ་ཁྱད་དུ་བསད༔ སྲུང་སྡོམ་མ་ནུས་འདུལ་ཁྲིམས་འཆལ༔ ཐེག་ཆེན་ལྟ་བའི་གནད་མ་རྟོགས༔ སྨོན་འཇུག་བསླབ་པ་རྒྱང་དུ་བསྲིང་༔ གསང་སྔགས་ཕྱི་ནང་དཀྱིལ་འཁོར་དུ༔ དམ་ཚིག་བཟུང་ཡང་ལེ་ལོས་གཡེང་༔ བཀའ་གཞུང་བཞིན་དུ་མ་སྤྱད་པས༔ ཐུན་མོང་སྤྱི་ཡི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ སྣང་གསལ་མར་མེས་ཐུགས་དམ་བསྐང་༔ ལོངས་སྐུ་ཡེ་ཤེས་མཁའ་འགྲོ་རྣམས༔ བདུད་རྩི་སྨན་གྱིས་ཐུགས་དམ་བསྐང་༔
སྤྲུལ་སྐུ་ལྷན་སྐྱེས་ངྷཱ་ཀི་རྣམས༔ མཚན་ལྡན་བམ་གྱིས་ཐུགས་དམ་བསྐང་༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་རྣམས༔ ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ ཡང་སྤྲུལ་སྣང་སྲིད་མ་མོ་རྣམས༔ དམར་ཆེན་རཀྟས་ཐུགས་དམ་བསྐང་༔ གཙོ་འཁོར་སྤྲུལ་པར་བཅས་པ་རྣམས༔ སྣ་ཚོགས་མཆོད་པས་ཐུགས་དམ་བསྐང་༔ བསྐང་ངོ་བཤགས་སོ་ཚངས་པར་སྩོལ༔ རྡོ་རྗེ་སློབ་དཔོན་དཀྱིལ་འཁོར་གྱི༔ བདག་པོར་མ་ཤེས་མི་རུ་བཟུང་༔ ལོག་པར་བལྟས་ཤིང་སྙིང་ནས་དམད༔ ཐུགས་དང་འགལ་བའི་ལས་ངན་བསགས༔ མཆེད་གྲོགས་སྤུན་ལ་དགྲ་རུ་བལྟས༔ ངན་སེམས་འཕྱ་སེམས་རྡེག་ཅིང་བཙོགས༔ བརྐུ་འཕྲོག་ངན་ཏུ་སྨྲས་ལ་སོགས༔ ཁྱད་པར་སྐུ་ཡི་དམ་ཚིག་ལ༔ ཉམས་ཆགས་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་མཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་རྣམས༔ [སོགས་འགྲེ།] ལྷ་དང་དཀྱིལ་འཁོར་མ་གསལ་ཞིང་༔ ལས་སོགས་ཕྱག་རྒྱ་རྣམ་པ་བཞི༔ ཚུལ་བཞིན་སྒོམ་པ་རྔོ་མ་ཐོགས༔ ཛཔྲ་དང་བཟླས་བརྗོད་རྒྱུན་ཆད་ཅིང་༔ བསྙེན་སྒྲུབ་ལོ་ཟླའི་དུས་ལས་འདས༔ ཚོགས་གཏོར་སྐོང་བའི་ཆོ་ག་རྣམས༔ དུས་སུ་མ་བྱས་ལེ་ལོས་གཡེང་༔ གསུང་གི་དམ་ཚིག་གཉན་པོ་ལ༔ ཉམས་ཆག་འགལ་
འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།] དམ་མ་འདྲེས་དང་ཉམས་པ་ལ༔ སྤྱི་ཡི་གསང་བ་ཚིག་ཏུ་ཟག༔ བར་གསང་རྣམ་བཞིའི་སྤྱོད་ལམ་རྩིང་༔ གསང་བར་འོས་པ་མངོན་ཏུ་ཕྱུངས༔ གསང་བར་གཉེར་གཏད་རྗེན་པར་སྨྲས༔ བཀའ་གསང་གཉན་རྣམས་གཞུང་བཞིན་དུ༔ མ་སྤྱད་འཆོལ་བར་གྱུར་ལ་སོགས༔ རྡོ་རྗེ་ཐུགས་ཀྱི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།] སྤྱད་བྱ་རྣམ་ལྔ་གཞན་དོན་དུ༔ ཐབས་ཀྱིས་ཟིན་པར་སྤྱད་མ་ནུས༔ མི་སྤངས་ལྔ་པོ་རིགས་ལྔ་རུ༔ མ་རྟོགས་ཉོན་མོངས་རང་གར་སྤྱད༔ བདུད་རྩི་ལྔ་ལ་མཚན་མར་བཟུང་༔ དང་དུ་མ་བླངས་གཙང་དམེར་བལྟས༔ ཤེས་བྱ་སྐུ་དང་ཡེ་ཤེས་ཀྱི༔ དཀྱིལ་འཁོར་ལྔ་རུ་སྦྱོར་མ་ཤེས༔ བསྒྲུབ་བྱ་རིགས་ལྔ་གཡེལ་མེད་དུ༔ མ་བསྒྲུབ་འབྲས་བུ་འགྱངས་ལ་སོགས༔ ཡན་ལག་དམ་ཚིག་ཉེར་ལྔ་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉེན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།] སློབ་དཔོན་བཀའ་བཅགས་མཆེད་ལ་གཙེས༔
གཟུངས་མ་སྤྱད་ཅིང་དཀོར་ལ་འབགས༔ དད་ཅན་ཚོགས་བཅག་གསང་བ་འཆད༔ མཚན་ལྡན་སྣོད་ལྡན་སྤང་བླང་འཛོལ༔ རང་གཞན་མཚམས་བྲལ་དབང་རྟགས་དོར༔ རྫས་ངན་བསྲེལ་ཅིང་དམ་རྫས་སྤངས༔ དཀྱིལ་འཁོར་དཀྲུག་ཅིང་གཞན་ལ་གཤེ༔ སྡིག་ཅན་སྐྱེ་བོའི་མཐུ་ཟློག་བྱས༔ བྱིང་རྒོད་དབང་གྱུར་བཟླས་བརྗོད་གཡེལ༔ དོན་རྟགས་ཐབས་ཤེས་ཡ་བྲལ་སོགས༔ སྒྲུབ་པ་ལྷག་པའི་དམ་ཚིག་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་མཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་སོགས་འགྲེ། ཕུང་ཁམས་ལྷ་རུ་མ་གསལ་ཞིང་༔ སྣོད་བཅུད་དཀྱིལ་འཁོར་འདུ་ཤེས་བྲལ༔ སྨྲ་བརྗོད་སྔགས་སུ་ཁྱེར་མ་ཤེས༔ རླུང་དང་གཏུམ་མོའི་རྣལ་འབྱོར་གཡེལ༔ ཕྱག་རྒྱ་མ་བསྟེན་ཐིག་ལེ་ཉམས༔ སྣང་སྲིད་བདེ་བ་ཆེར་མ་སྨིན༔ བློ་འདས་ཆོས་ཉིད་ཁྱབ་གདལ་ལ༔ ཞེན་འཛིན་རྟོག་པས་དགག་སྒྲུབ་བྱས༔ མདོར་ན་བླ་མེད་དབང་བཞི་པོའི༔ མཉམ་རྗེས་བཟའ་བཅའ་བསྲུང་བ་ཡི༔ དམ་ཚིག་རྣམས་ལས་འགལ་བ་དང་༔ ལྟ་སྒོམ་སྤྱོད་པ་དམ་ཚིག་བཞི༔ འབྲལ་མེད་ཉམས་སུ་མ་ལོན་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།]
ཁྱད་པར་རྡོ་རྗེ་མཁའ་འགྲོ་མའི༔ རྒྱུད་ལུང་མན་ངག་ལས་གསུངས་པ༔ མཆོག་གསུམ་ཕྱག་རྒྱ་རྣམ་བཞི་སྤངས༔ སྦྱིན་པ་མ་བཏང་ཐེག་གསུམ་དམད༔ ཚོགས་གཏོར་མཆོད་འབུལ་རྒྱུན་བཅད་སོགས༔ སྤྱི་ཡི་དམ་ལས་འགལ་བ་དང་༔ མཉམ་པ་ཆེན་པོར་རིས་སུ་བཅད༔ རྟོག་པའི་སྣ་བསྐྱིལ་དགག་སྒྲུབ་བྱས༔ དམ་རྫས་བཅུ་པོ་ཡལ་བར་དོར༔ ལས་རྒྱ་མ་བསྟེན་བདེ་ཆེན་ཉམས༔ འདུ་འཛིར་གཡེང་ཞིང་དབེན་གནས་སྤངས༔ ཞི་རྒྱས་དབང་དྲག་བརྟུལ་ཞུགས་དང་༔ མེ་མཆོད་གླུ་གར་མ་བགྱིས་སོགས༔ ཁྱད་པར་དམ་ཚིག་ཉམས་པ་དང་༔ དུག་ལྔ་མཁའ་འགྲོ་རིགས་ལྔ་ཡི༔ རང་བཞིན་ཡེ་ནས་ཡིན་པ་ལ༔ ཨ་འཐས་འཁྲུལ་པས་རང་གར་བཟུང་༔ ཉོན་མོངས་དབང་གྱུར་ལྟ་སྤྱོད་དམན༔ རིག་པའི་རྩལ་ཆུང་བླང་དོར་བྱས༔ ཐོག་བརྫིས་མ་ནུས་ཡ་ངས་ཁྱེར༔ ཕྱག་རྒྱ་ལྔ་དང་ཁ་ཊྭཱྃ་ཀ༔ ཅང་ཏེའུ་དྲིལ་གླིང་ཀ་པཱ་ལ༔ ཚུལ་བཞིན་མ་བསྟེན་ཐ་མལ་གྱི༔ ཆས་དང་རྒྱན་གོས་བཅངས་ལ་སོགས༔ ལྷག་པའི་དམ་ཚིག་མཉན་པོ་ལ༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།] ལྟ་བས་ཆོས་ཉིད་འཕང་མ་ཆོད༔ སྤྱོད་པས་དབྱིངས་སུ་ལ་མ་དོར༔ མཆོད་ཚོགས་སྐོང་བ་
དུས་ལས་འདས༔ ཉམས་ཆག་བཤགས་པ་ཚད་ལས་ཡོལ༔ སེར་སྣའི་དབང་གིས་འབྱོར་ཚོགས་ཆུང་༔ ཕུད་ལ་གཞོལ་ཅིང་ལྷག་ལ་འཕྲིས༔ སྒོམ་སྒྲུབ་བསྔོས་པའི་ཡོ་བྱད་བསྒྱུར༔ དཀོན་མཆོག་དཀོར་ལ་ཐུབ་ཆོད་སྤྱད༔ སྐུ་དགྲར་གྱུར་པའི་སྔགས་ཟློག་བྱས༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐངས༔ ཉམས་ལ་ཆོས་བཤད་ཟས་ནོར་བླངས༔ གྲོགས་ངན་ཉམས་པའི་སྐྱོན་དབང་གིས༔ ཉམས་ཤིང་ཆག་པའི་གནས་གྱུར་སོགས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔ ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།] མདོར་ན་བླ་མེད་གསང་སྔགས་ཀྱི༔ དཀྱིལ་འཁོར་གཉན་པོའི་སྒོར་ཞུགས་ཏེ༔ དམ་ཚིག་ཚུལ་བཞིན་ནོས་པ་ལས༔ རྟོགས་པས་ཀློང་དུ་མ་གྱུར་ཅིང་༔ དགོངས་སྤྱོད་ཟབ་མོའི་གདིང་མ་ཐོབ༔ མ་ཤེས་མ་རིག་འཁྲུལ་པ་དང་༔ བག་མེད་ལེ་ལོའི་དབང་གྱུར་ཏེ༔ ཁས་བླངས་དམ་དུ་བཅས་པ་ཡི༔ སྡོམ་པ་དམ་ཚིག་བརྟུལ་ཞུགས་སོགས༔ འདའ་དཀའ་རྡོ་རྗེའི་གཡར་དམ་ལས༔ ཟླ་དང་ཞོར་གྱིས་ཉམས་པ་དང་༔ ཚོར་དང་མ་ཚོར་རྐྱེན་དབང་གིས༔ ཚེ་འདིར་མི་མཐུན་བར་གཅོད་དང་༔ ཡུན་གྱི་སྒྲིབ་པར་འགྱུར་བ་ཡི༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ མཐོལ་བཤགས་ཐུགས་དམ་གཉན་པོ་བསྐང་༔
ཆོས་སྐུ་དབྱིངས་ཀྱི་[སོགས་འགྲེ།] གཞན་ཡང་དངོས་འབྱོར་ཡིད་སྤྲུལ་གྱི༔ ཉེར་སྤྱོད་ལྔ་དང་འདོད་ཡོན་རྒྱན༔ དུར་ཁྲོད་དྲག་པོའི་རྫས་ཆེན་དང་༔ ཤ་ཁྲག་རུས་པའི་བ་ལིང་ཏ༔ བདུད་རྩི་སྨན་དང་རཀྟ་ཁྲག༔ གླུ་གར་རོལ་མོ་ལོངས་སྤྱོད་ཚོགས༔ སྦྱོར་སྒྲོལ་གསང་བའི་བརྟུལ་ཞུགས་སོགས༔ རྟེན་རྫས་སྒྲུབ་རྫས་སྐོང་བའི་རྫས༔ མཆོད་རྫས་མཐུན་པའི་དམ་ཚིག་གིས༔ མཁའ་འགྲོ་འདུས་པའི་ལྷ་ཚོགས་རྣམས༔ ཐུགས་དམ་གཉན་པོ་དགྱེས་པར་བསྐང་༔ གཡར་དམ་གཉན་པོ་སོར་ཆུད་ནས༔ ཡེ་ཤེས་དབྱིངས་ཀྱི་ཡུམ་ཆེན་རྣམས༔ ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས༔ ལས་བྱེད་སྤྲུལ་པའི་མཁའ་འགྲོ་རྣམས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ འཇིག་རྟེན་སྣང་སྲིད་མ་མོ་རྣམས༔ ཇི་ལྟར་བསྒོམ་པའི་ཕྲིན་ལས་སྒྲུབས༔ རྩ་རླུང་ཐིག་ལེའི་རྟོག་སྒྲིབ་སྦྱོངས༔ སྡེ་བརྒྱད་མཁའ་འགྲོའི་སུན་མ་ཟློག༔ གཟུང་འཛིན་འཁྲུལ་པ་དབྱིངས་སུ་སྟིམས༔ ཐུན་མོང་ལས་དང་དངོས་གྲུབ་སྒྲུབས༔ བདེ་ཆེན་མཆོག་གི་ཡེ་ཤེས་སྐྱེད༔ ལྷན་སྐྱེས་ཕྱག་རྒྱ་ཆེན་པོ་ཡི༔ གོ་འཕང་ཚེ་འདིར་འགྲུབ་པར་མཛོད༔ མ་རིག་དབང་གྱུར་སྤྱོད་ངན་གྱིས༔ མ་མོ་མཁའ་འགྲོ་ཁྲོས་པ་ཀུན༔ ཀ་དག་ཆེན་པོའི་ངང་དུ་ཞི༔ འཁྲུགས་པ་དགྲ་དང་བགེགས་ལ་
སྒྱུར། མི་ནད་ཕྱུགས་ནད་དལ་ཡམས་སོགས༔ དུས་ཀྱི་འཁྲུགས་པ་ཕྱིར་ལ་ཟློག༔ ལོ་ཉེས་སད་སེར་མིང་མེད་ཅིང་༔ འཇིག་རྟེན་ཕན་བདེས་སྐྱོང་བར་མཛོད༔ ཡེ་ཤེས་སྤྱན་ལྡན་མཁའ་འགྲོའི་ཚིགས༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ བསྐངས་ཤིང་བཤགས་པས་དགྱེས་དགོངས་ཏེ༔ ཕྲིན་ལས་ཐོགས་མེད་བསྒྲུབ་པར་མཛོད༔ [ཅེས་བརྗོད་རོལ་མོའི་སྒྲ་དང་བཅས༔ ཕུད་གཏོར་ནམ་མཁའི་དབྱིངས་སུ་འཐོར༔ ཉམས་པའི་རྒྱུ་དང་འབྲས་བུ་བཅས༔ ལྟ་བས་སྐྱེ་མེད་དབྱིངས་སུ་བསྐྱལ༔ དགོངས་པའི་གདིང་གི་ཟིལ་གྱིས་མནན༔ དག་ཚངས་ཆེན་པོར་ངེས་ཤེས་བསྐྱེད༔ བསམ་བཞིན་ཐོགས་མེད་འགྲུབ་པར་འགྱུར༔ ས་མ་ཡ༔ མཁའ་འགྲོ་འདུས་པའི་སྐོང་བཤགས་འདི༔ ཚུལ་བཞིན་ལན་གཅིག་བགྱིས་པས་ཀྱང་༔ རྣལ་འབྱོར་ཕོ་མོའི་ཉམས་ཆག་བསྐང་༔ དམ་ཚིག་འགལ་ཉམས་སོར་ཆུད་ནས༔ ཡིད་ལ་ཅི་འདོད་དངོས་གྲུབ་ཐོབ༔ ནད་ཡམས་དུས་འཁྲུགས་ལོ་ཉེས་སོགས༔ མ་མོ་མཁའ་འགྲོའི་འཚུབས་འགྱུར་ཞི༔ རྒྱལ་ཁམས་ཐམས་ཅད་བདེ་བ་སོགས༔ གནས་སྐབས་མཐར་ཐུག་ཐམས་ཅད་དུ༔ དོན་ཆེན་བླ་མེད་འགྲུབ་པར་གྱུར༔ ཚིག་ཉུང་དོན་ཟབ་བདུད་འདྲིལ་བ༔ ངྷཱ་ཀི་གསང་བའི་ཏནྟྲའི་དོན༔ འོད་གསལ་བརྡ་ཡི་རི་མོར་ཟུངས༔ སྣོད་བཅུད་སྙིགས་མས་བཅོམ་པའི་ཚེ༔ སྨོན་གྱི་སྨོན་ལམ་སད་པ་ཡི༔ ལས་ཅན་དགོངས་པའི་རྒྱ་ཁྲོལ་ནས༔ གཞན་ཕན་ཡུན་རིང་འབྱུང་བར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་མེ་མཆོད་ཀྱི་ཆོ་ག་མདོར་བསྡུས་ཞི་བའི་བདུད་རྩི།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་མེ་མཆོད་ཀྱི་ཆོ་ག་མདོར་བསྡུས་ཞི་བའི་བདུད་རྩི་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་མེ་མཆོད་མདོར་བསྡུས་ཏེ་བྱ་བར་འདོད་པས། ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་སྟེང་དུ་རྡུལ་ཚོན་དཀར་པོས་ཐབ་ཁུང་ཇི་ལྟར་འཚམས་པ་ཟླུམ་པོར་བསྐོར་བ་ལ་པདྨ་འདབ་བརྒྱད་ལྟེ་བར་རྡོ་རྗེས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བཞི་རེ་བསྐོར་བ་མེ་རི་གཡས་བསྐོར་དུ་འབར་བ་དང་རྡོ་རྗེའི་ཕྲེང་བ། དེ་རྒྱབ་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་དཀར་པོ་གཅལ་དུ་བཀྲམ། འཕྲལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབ་སྟེགས་དཀར་པོ་ཟླུམ་པོའི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ། ཚེར་མ་མེད་པའི་བུད་ཤིང་ཟླུམ་པོར་བརྩིག །རང་གི་གཡོན་ཕྱོགས་སུ་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་
དཀར་ཟླུམ་རྒྱན་ལྡན། གཡས་ཕྱོགས་སུ་བསྲེག་རྫས་ཡམ་ཤིང་བ་ལུ་སོགས་འོ་མ་ཅན་གྱི་ཤིང་མཐེའུ་ཆུང་གི་ཚད་སོར་བཅུ་གཉིས་པ་སྦྲང་དང་འོ་མ་མར་ཁུས་ཉུག་པ། མར་དཀར་གྱི་ཁུ་བ། ཏིལ་དཀར་པོ། འབྲུ་སྣ། གོས་སྣ་སོགས་ཅི་འབྱོར་པ་དང་། མདུན་དུ་རྡོར་དྲིལ། དགང་བླུགས། བསང་ཆུ་རྣམས་བཞག །སྒྲུབ་པ་པོ་ཆས་གོས་དཀར་པོ་བགོས་ཏེ་འཇམ་པའི་སྟན་ལ་ཁ་ཤར་དུ་ཕྱོགས་པས་འཁོད་དེ་ལྷའི་རྣལ་འབྱོར་ལ་གནས་པས་བསང་ཆུ་སྔགས་ཀྱིས་བྱིན་བརླབ། སྔགས་དང་ཕྱག་རྒྱས་དམ་ཚིག་གསུམ་དྲན་པར་བྱས་ལ་རྡོ་དྲིལ་བཟུང་། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཆུ་འཐོར་ཞིང་།] རཾ་ཡཾ་ཁཾ[གིས་སྦྱང་།] སྟོང་པའི་ངང་ལས་བསྲེག་རྫས་ཀུན། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་
མཁའ་འགྲོ་དགྱེས་སྐོང་རྫས། །དཔག་མེད་འདོད་ཡོན་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ་[ལན་གསུམ་གྱིས་བྱིན་བརླབ།] ཨོཾ་ཨགྣེ་ཛྭ་ལ་རཾ། [ཞེས་མེ་དུ་བ་མེད་པར་འབར་བ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །]ཧཱུྃ་ཧཱུྃ་ཧཱུྃ་[བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར།] ཧཱུྃ[ལན་བདུན་གྱིས་བླུགས་གཟར་གྱི་མར་ཁུས་མེ་གསོ། ཐབ་རྟ་སྔགས་ཀྱིས་བསང་] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་རང་མདུན་དུ། །ཧཱུྃ་ལས་ཞི་བའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་རྫོགས་པ། །མེ་ཕུང་དཀར་གསལ་འབར་བའི་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ [ཞེས་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ།] མཁའ་འགྲོ་དགྱེས་པའི་ལྗགས་དང་ནི། །གཟར་བུའི་ཁ་ལ་རཾ་གྱིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །སྣ་ཚོགས་དངོས་གྲུབ་སྟེར་བར་གྱུར། །[ཅེས་དམིགས་ལ་རྩ་སྔགས་ཀྱིས་དགང་བླུགས་བདུན་ལ་སོགས་པས་འབུལ་ཞིང་།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་ཆོས་སྲིད་གཉིས་བསྡུས་ཀྱི་དམ་ཚིག་ཉམས་ཆག་ཉེས་ལྟུང་མ་དང་མཁའ་འགྲོའི་བཀའ་ཆད་ཀྱི་གནས་སུ་གྱུར་པ་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཅེས་གསོལ་ལ་མེ་པྲ་བརྟག །དེ་ནས་ཡམ་ཤིང་དང་མར་ཁུ་ལ་སོགས་པའི་བསྲེག་
རྫས་གཞན་རྣམས།] ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནི་ས་ཧཱུྃ་ཛྭ་ལ་རཾ་སིངྔྷི་ཧོཿ [ཞེས་པ་ཁོ་ནས་འབུལ་ཞིང་། སྤེལ་ཚིག་ཀྱང་གོང་བཞིན་ལས།] མ་དང་མཁའ་འགྲོའི་བཀའ་ཆད་ཀྱི་གནས་སུ་གྱུར་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། [ཞེས་སྦྱར། རྫས་རྣམས་རྫོགས་མཐར་ཡུངས་དཀར་ལ་རྩ་སྔགས་བཟླས་པ་ཐབ་ཏུ་འཐོར་ཞིང་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ།] དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཉམས་ཆགས་སྡིག་སྒྲིབ་ནད་གདོན་བར་ཆད་ཐམས་ཅད་ལྷག་མེད་དུ་སངས་ཀྱིས་བསལ་བར་[མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ལ་མཆོད་ཅིང་བསྟོད། གཏོར་མ་རྩ་སྔགས་ལ།] ཨེ་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [བཏགས་པ་ལན་གསུམ་གྱིས་དབུལ་ཞིང་།] ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་ལོས་བསྒྱུར་བ་སྟོབས་ཆེན་མོ༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་བདུད་རྩི་རཀྟ་དང་༔ འདོད་ཡོན་གཏོར་མའི་མཆོད་པ་བཞེས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་
བཞི་མྱུར་དུ་སྒྲུབས༔ [ཞེས་འདོད་དོན་གསོལ།] མཁའ་འགྲོ་མ་ཡི་གྲོང་ཁྱེར་དུ། །བསྲེག་བླུགས་དམ་ཚིག་ལས་འགལ་ཞིང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཉེས་པའི་ཚོགས་རྣམས་བཟོད་མཛད་གསོལ། །[ཞེས་དང་ཡིག་བརྒྱས་ནོངས་པ་བཤགས།] ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་མུ༔ [ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་རང་ལ་བསྡུས་ཏེ་ལྟེ་བའི་ཙཎྜ་ལཱིའི་ངོ་བོར་བཞུགས་པར་མོས། མེ་རང་ཞིར་བཏང་བའམ་འོ་མ་དང་དྲིའི་ཆུས་གཞིལ་ལ་ཐལ་སོལ་རྣམས་ཆུ་ཀླུང་དུ་སྦྱང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་སིངྔྷི་རསྟུ།། །།]འདི་ལ་དམིགས་བསལ་གྱི་བསྲེག་རྫས་སུ་གཟི་བརྗིད་ཉམས་པ་ཞི་བར་ཙན་དན་དཀར་པོ། མདངས་ཉམས་པ་ཞི་བར་མེ་ཏོག་སྣ་ཚོགས། ཁ་དོག་ཉམས་པ་ཞི་བར་དར་སྣ་ཚོགས། འབྱོར་པ་ཉམས་པ་ཞི་བར་མར། སྡིག་པ་ཞི་བར་ཏིལ། ཉམས་རྟོགས་མི་འཕེལ་བ་ཞི་བར་ཆང་། དམ་སྡོམ་ཉམས་པ་ཞི་བར་སྤོས། ཚེ་ཉམས་པ་ཞི་བར་དཱུརྦ། བསོད་ནམས་ཉམས་པ་ཞི་བར་འབྲས། འབྲུ་ནོར་ཉམས་པ་ཞི་བར་སོ་བ། བདེ་བ་ཉམས་པ་ཞི་བར་ཟས་མཆོག །མི་གཙང་བ་ཞི་བར་ཀུ་ཤ །བགེགས་ཞི་བར་ཡུངས་དཀར་དང་ཤ་ཁྲག་ཚིལ་གསུམ། འོག་གདོན་གྱི་འཚེ་བ་ཞི་བར་རྨ་བྱའི་མདོངས། སྦྱོར་ངན་ཞི་བར་ལན་ཚྭ། ཤུགས་ཉམས་པ་ཞི་བར་ནས། ལོངས་སྤྱོད་ཉམས་པ་ཞི་བར་འོ་མ། སྟོབས་ཉམས་པ་ཞི་བ་སྲན་མ་དང་རིན་ཆེན་སྣ་ཚོགས། རིམས་ཞི་བར་
གྲོ། མི་མོས་པ་ཞི་བར་མངར་གསུམ། ནད་ཞི་བར་སྨན་སྣ་ཚོགས། རིགས་བརྒྱུད་མི་འཕེལ་བ་ཞི་བར་ཤིང་ཏོག་སྣ་ཚོགས། ས་ལམ་གྱི་ཡོན་ཏན་མི་འཕེལ་བ་ཞི་བར་འབྲུ་མར་རྣམས་སྐབས་སུ་གང་བབས་གཙོ་ཆེར་སྦྱོར་བ་གནད་དུ་ཆེ་ཞིང་། དེའི་ཚེ་སྤེལ་ཚིག་ཀྱང་དཔེར་ན།] བདག་ཅག་དཔོན་སློབ་འཁོར་དང་བཅས་པར་མ་དང་མཁའ་འགྲོའི་བཀའ་ཆད་ལ་བརྟེན་པའི་བར་ཆད་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་གཟི་བརྗིད་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤིནྟཾ་ཀུ་རུ་སྭཱ་ཧཱ། [ཞེས་པ་ལྟ་བུ་འགྲེས་སྦྱོར་ཤེས་པར་བྱའོ།། །།]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་གྲིབ་སེལ་གྱི་ཆོ་ག་མདོར་བསྡུས་ཉེས་པའི་གདུང་སེལ།
[༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་གྲིབ་སེལ་གྱི་ཆོ་ག་མདོར་བསྡུས་ཉེས་པའི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །]ན་མོ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་ལ་བརྟེན་ནས་མཁའ་འགྲོའི་གྲིབ་སེལ་མདོར་བསྡུས་བྱ་བར་འདོད་ན། གུང་དུ་མཁའ་འགྲོའི་མཆོད་གཏོར་སྨན་རཀ་ཉེར་སྤྱོད་ཚོགས་ཀྱི་ཡོ་བྱད་བཅས་བཤམས། ཕྱོགས་གང་བདེར་བུམ་པ་མགུལ་ཆིངས་ཁ་རྒྱན་དང་ལྡན་པར་དྲིའི་ཆུ་དང་ཉེར་ལྔ་ཆོས་སྨན་སྦྱར་བས་བཀང་བ་དང་། སྣོད་གཅིག་ཏུ་འབྲང་རྒྱས་ཕྱེད་དཀར་ཕྱེད་ནག་གི་དཀར་པོའི་ངོས་སུ་མར་མེ་ལྔ་དང་ནག་པོའི་ངོས་སུ་ཁྲག་ཀོང་ལྔས་བརྒྱན། སྣོད་ནག་པོར་གྲིབ་བདག་བུད་མེད་ནག་མོ་གཡས་དར་ནག་དང་གཡོན་ཕྱགས་ཤིང་ཐོགས་པ་ལྔ་འབུར་རམ་སྤར་དུ་བཏབ་པ་ལ་གཏོར་ཆུང་ནག་པོ་ལྔ་དང་ཤ་ཁྲག་མཐེབ་ཀྱུ་ཆང་བུ་འབྲུ་ནག་སོགས་ཀྱིས་བསྐོར། ཟོར་ཀོང་ཟུར་གསུམ་དཔལ་འབར་བཙུག་པ་དང་། ཁྲུས་གཞོང་མེ་ལོང་སོགས་ཉེ་བར་བདོག་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པ་གྲུབ་མཚམས་སུ།] བུམ་པ་རང་བྱུང་གཞལ་ཡས་ནང་། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས། །སྐུ་ལས་བདུད་རྩིའི་རྒྱུན་བབས་པས། །གྲིབ་སེལ་དག་བྱེད་རྒྱ་མཚོར་གྱུར། །[སྙིང་པོ་དང་།] བཾ་ཧ་རི་ནི་ས་ཨ་ཨ་ཨ་ཤུདྡྷེ་ཤུདྡྷེ་སྭཱ་ཧཱ། [ཞེས་བཏགས་པ་ཅི་འགྲུབ་བཟླ། ཚོགས་བྱིན་རླབས་མཆོད་པ་སྐོང་བཤགས་བསྒྲལ་བསྟབ་ཡན་གྲུབ་ན། བསྒྲུབ་བྱ་མདུན་དུ་འཁོད། འབྲང་རྒྱས་དཀར་པོའི་མར་མེ་སྤར་བ་བུ་མོ་གཙང་
མས་བསྒྲུབ་བྱའི་སྤྱི་བོར་བཟུང་ལ།] ཁྱེད་རང་གི་སྤྱི་བོའི་མར་མེ་ལྔ་པོ་མཁའ་འགྲོ་སྡེ་ལྔར་གསལ་བ་ལ་ཡེ་ཤེས་པ་བསྟིམས་ཤིང་མཆོད་བསྟོད་གསོལ་བ་བཏབ་པས། སྐུ་ལས་ཡེ་ཤེས་ལྔའི་རང་བཞིན་གྱི་འོད་ཟེར་མེ་ཕུང་ཁ་དོག་ལྔ་ལྡན་འཕྲོས་ཏེ། ཁྱེད་རང་གི་རྒྱུ་དུག་ལྔ་དང་འབྲས་བུ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ལྷག་མེད་དུ་བསྲེགས་ཤིང་སྦྱངས་པར་མོས་ཤིག །ཧྲཱིཿ ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ སྨན་རཀ་གཏོར་གསུམ་མཆོད་པ་འབུལ༔ ཡེ་ཤེས་མར་མེས་ཐུགས་དམ་བསྐང་༔ བག་མེད་ཉམས་ཆག་འགལ་འཁྲུལ་བཤགས༔ གྲིབ་དང་མི་གཙང་དབྱིངས་སུ་སོལ༔ [ཅེས་ཚར་གསུམ་མམ་བདུན་ལ་སོགས་པ་དང་། གོང་གི་སྔགས་ཅི་འགྲུབ་བརྗོད་ལ་འབྲང་རྒྱས་ཡར་གཞི་ལ་བསྟན་ཏེ་བཞག །ཡས་ལ་ཆབ་བྲན་ཏེ།] རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཟུགས་བརྙན་རྣམས་གྲིབ་ཀྱི་བདག་མོ་ནག་མོ་དར་ནག་གི་འཇོལ་བེར་ཅན། གཡས་ངར་ནག་དང་གཡོན་ཕྱགས་ཤིང་ཐོགས་པ། འཁོར་གཡོག་དུ་མས་བསྐོར་བ། ཡས་སྟགས་རྣམས་འདོད་རྒུ་འཛད་མེད་དུ་འཇོ་བའི་དཀོར་ཆ་ཤ་རི་ཁྲག་མཚོ་བདུད་རྩིའི་རྒྱ་མཚོ་
དཔག་ཏུ་མེད་པར་གྱུར། ན་མཿསརྦ་[སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་བརྗོད་པས་བྱིན་བརླབ་ལ།] ཀྱེེ༔ གྲིབ་བདག་ཐམས་ཅད་སྤྱན་འདྲེན་གྱི༔ གཟུགས་ལ་དབྱེར་མེད་དམ་ལ་གནས༔ ཤ་ཁྲག་བདུད་རྩིའི་རྒྱ་མཚོ་དང་༔ དཀོར་ཆ་སྣ་ཚོགས་འདི་བཞེས་ལ༔ གྲིབ་བདག་རྣམས་ཀྱིས་གྲིབ་སོལ་ཅིག༔ ཀེག་ཟློག་རྣམས་ཀྱིས་ཀེག་ཟློག་ཅིག༔ ཅེས་བརྗོད་ལ་འབྲང་རྒྱས་ནག་པོའི་ཁྲག་ཀོང་དུ་བསྒྲུབ་བྱའི་མཆིལ་མདོར་ལ་མདོས་ནང་དུ་འབུལ། ཆུ་སྦྲེང་ཞིང་[སམྦྷ་རའི་སྔགས་ལན་བདུན་དང་།] ཁྱེད་ཅིག་ཁྱེད་ཅིག་སྟོབས་ལྡན་རྣམས༔ འདོད་སྲེད་ཆགས་དང་ཞེན་པ་དང་༔ དྲན་དང་མཐོང་རེག་བཟུང་བ་ཀུན༔ བརྟུལ་ཞིག་ཀློད་ཅིག་ད་ཁྲོལ་ཅིག༔ [ཅེས་བརྗོད། སླར་ཡང་འབྲུ་ནག་སོགས་ཀྱིས་གསོལ་ལ་གོང་གི །]ཀྱེེ༔ གྲིབ་བདག་ཐམས་ཅད་[སོགས་ནས་འདིའི་བར་ལོ་གྲངས་སམ་ཚར་གྲངས་གང་འོས་ལོང་སྐབས་དང་བསྟུན་ལ་མཐར།] བྷྱོ༔ གྲིབ་བདག་ཐམས་ཅད་དགྲ་ལ་བྷྱོ༔ མི་གཙང་གྲིབ་རྣམས་ཁྱོད་ཀྱིས་ལོངས༔ རྐྱེན་དང་བར་ཆད་ཁྱོད་ཀྱིས་ཟློག༔ གྲིབ་ཟོར་ནག་པོ་དགྲ་ལ་རྒྱོབ༔ གྲིབ་དང་མི་གཙང་བ་ཐམས་ཅད་བྷྱོ་བྷྱོ་ཟློག་ཟློག༔ [ཅེས་དང་དྲག་སྔགས་བརྗོད་པས་ཡས་རྣམས་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཕྱོགས་སུ་
བསྐྱལ། ཀོང་ཟོར་གྱི་དཔལ་འབར་སྦར་བ་མདོས་ཀྱི་རྗེས་སུ་འཕང་ལ།] བྷྱོ༔ ཡེ་ཤེས་མཁའ་འགྲོ་མཐུ་རྩལ་ཅན༔ ཕྱག་ན་ཡེ་ཤེས་མེ་ཟོར་བསྣམས༔ སྟོང་གསུམ་གང་བའི་གྲིབ་རྣམས་བསྲེགས༔ ཡེ་ཤེས་མེ་ཡིས་མཚམས་ཆོད་ཅིག༔ ཛྙཱ་ན་ཛྭ་ལ་རཾ༔ [དེ་ནས་ཁྲུས་བུམ་དང་མེ་ལོང་ཐོགས་ལ།] མདུན་གྱི་ནམ་མཁའ་འབྱུང་བའི་ལྷ་མོ་ལྔ་དང་ཐ་དད་མེད་པ་ཡེ་ཤེས་ཀྱི་མཁའ་འགྲོ་རིགས་ལྔའི་ཕྱག་ན་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་བཀང་བ་བསྣམས་ནས་ཁྱེད་རང་ལ་ཁྲུས་གསོལ་བས་ལུས་ངག་ཡིད་གསུམ་གྱི་རྒྱུད་ལ་ཡོད་པའི་སྡིག་སྒྲིབ་མི་གཙང་བའི་དྲི་མ་ཐམས་ཅད་སངས་ཀྱིས་དག །ལུས་ཤེལ་གོང་ཕྱིས་པ་ལྟར་གྱུར་པའི་མོས་པ་མཛོད། ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཐུགས་དམ་ཅན༔ ཕྱག་ན་བདུད་རྩིའི་བུམ་པ་བསྣམས༔ བདག[ཞེས་དང་། གོང་གི་སྔགས་མཐར།] ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ [ཞེས་བཏགས་པ་བརྗོད་བཞིན་ཁྲུས་བྱ་ཞིང་ཁོང་དུ་བླུད།] ནམ་མཁའ་མེད་པར་གྱུར་ན་ཡང་༔ སྔགས་ཀྱི་དངོས་གྲུབ་མེད་མི་འགྱུར༔ ལྷ་དང་དྲང་སྲོང་གིས་བཤད་པའི༔ རིག་སྔགས་བསླུ་
བར་མི་འགྱུར་ན༔ འདོད་ཆགས་བྲལ་བས་བྱས་པ་ཡི༔ གསང་སྔགས་སྦྱོར་བས་བསླུས་པ་ནི༔ མ་བྱུང་འབྱུང་བར་མི་འགྱུར་རོ༔ སྔགས་དང་རྟེན་འབྲེལ་མི་བསླུ་ཞིང་༔ ཏིང་འཛིན་ནུས་པ་བསམ་མི་ཁྱབ༔ དཀོན་མཆོག་གསུམ་དང་རྩ་གསུམ་གྱི༔ བདེན་པ་ཆེན་པོའི་མཐུ་སྟོབས་ཀྱིས༔ ནད་གདོན་གྲིབ་དང་མི་གཙང་ལས༔ དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག༔ ཛ་ཡ་ཛ་ཡ་སུ་ཛ་ཡ༔ [ཞེས་དང་ཤིས་པ་རྒྱས་པར་བརྗོད་ཅིང་མེ་ཏོག་འཐོར། དེ་ནས་ཚོགས་ལ་རོལ་བ་སོགས་ཕྲིན་ལས་ཀྱི་རྗེས་རིམ་རྣམས་མཐར་དབྱུང་བས་འགྲུབ་བོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་རྣལ་འབྱོར་པ་འཁྲུལ་ཞིང་རྡོ་རྗེའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་པ་སིངྔྷི་རསྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་ཁྲུས་ཀྱི་ཆོ་ག་མདོར་བསྡུས་ཟླ་ཤེལ་བདུད་རྩི།
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་ཁྲུས་ཀྱི་ཆོ་ག་མདོར་བསྡུས་ཟླ་ཤེལ་བདུད་རྩི་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་དག་བྱེད་ཁྲུས་ཀྱི་ཆོ་ག་མདོར་བསྡུས་ཏེ་བྱ་བར་འདོད་པས། སྟེགས་བུ་པདྨ་འདབ་བཞིས་མཚན་པའི་ལྟེ་བར་ཁྲུས་བུམ་རྒྱུན་འབབས་གཙང་མའི་ཆུ་དང་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་དང་བཅས་པ་འགོད། མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ཉེ་ལོགས་ཅི་བདེ་བར་རྡོ་དྲིལ། གུལ་ཡུངས། མེ་ཏོག་གི་སྣོད་སོགས་ཉེར་མཁོའི་ཡོ་བྱད་ཚང་བར་འདུ་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་པ། རཾ་ཡཾ་ཁཾ་གིས་བསང་སྦྱང་། རྣམ་དག་ཆོས་དབྱིངས་དང་ཉིད་ལས༔ རང་བྱུང་མཆོད་པའི་ཕུང་པོ་ནི༔ ཀུན་བཟང་མཆོད་པའི་སྤྲིན་ལྟ་བུས༔ དཔག་ཡས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཤཔྡ་ཨཱཿཧཱུྃ་གི་
བར་གྱིས་བརླབ། བུམ་པ་ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་། །བྷྲུྃ་ལས་རིན་ཆེན་བུམ་པ་ཆེ། །ཚད་དང་མཚན་ཉིད་ཡོངས་རྫོགས་ཤིང་། །བདུད་རྩིའི་བཅུད་ཀྱིས་གང་བའི་དབུས། །པདྨ་འདབ་བཞིའི་ལྟེ་བ་རུ། །ནམ་མཁའི་ལྷ་མོ་སྐུ་མདོག་མཐིང་། །ཤར་དུ་ཆུ་ཡི་ལྷ་མོ་སྔོ། །ལྷོ་རུ་ས་ཡི་ལྷ་མོ་སེར། །ནུབ་ཏུ་མེ་ཡི་ལྷ་མོ་དམར། །བྱང་དུ་རླུང་གི་ལྷ་མོ་ལྗང་། །བདེ་གཤེགས་ཡུམ་ལྔའི་ངོ་བོར་བཞུགས། །ཀུན་ཀྱང་དར་དང་རིན་ཆེན་བརྒྱན། །རང་མདོག་བདུད་རྩིའི་བུམ་པ་བསྣམས། །སྔགས་ཀྱི་རང་སྒྲ་སྒྲོགས་པ་ཡི། །གནས་
གསུམ་ཡི་གེའི་འཕྲོ་འདུ་ལས། །ཡེ་ཤེས་སྤྱན་དྲངས་དབྱེར་མེད་ཐིམ། །ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཡེ་ཤེས་ལྔ་ཡི་བདུད་རྩི་ཡིས། །དུག་ལྔའི་དྲི་མ་སྦྱོང་མཛད་པ། །འབྱུང་ལྔ་དབྱིངས་ཀྱི་ལྷ་མོ་ལྔར། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། །ལྷ་མོ་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་རང་རང་གི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་དང་། སྐུའི་ཆ་ཐམས་ཅད་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། །ཨོཾ་ཨཱཿཧཱུྃ། ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡྃ་ཧོ་ཤུདྡྷེ་ཤུདྡྷེ། རྃ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། ལྃ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡྃ་རྃ་བྃ་ལྃ་ཤུདྡྷེ་ཤུདྡྷེ་ཨ་ཨ་ཨ་སྭཱ་ཧཱ། ཞེས་བརྒྱ་རྩ་བརྒྱད་བཟླས་ལ་སླར་ཡང་མཆོད་ཅིང་བསྟོད། རིགས་ཀྱི་ཡུམ་ལྔས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་འདོད་དོན་གསོལ། དེ་ནས་བསྒྲུབ་བྱ་མདུན་དུ་འཁོད་པར། ཐོག་མར། སློབ་དཔོན་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བ་དང་བུམ་པའི་ནང་དུ་བདེ་གཤེགས་ཡུམ་ལྔའི་ངོ་བོ་འབྱུང་བ་ལྔའི་ལྷ་མོ་རྣམས་ཀྱི་ཕྱག་ན་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་ཁྲུས་བྱས་པས། ཁྱེད་རང་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་
མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་བར་ཆད་གྲིབ་དང་མི་གཙང་བའི་ཕྱོགས་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཁྲུས་བུམ་ཐོགས་ལ། ཧཱུྃ༔ བུམ་པ་མཐིང་བུམ་དྲི་མེད་ནང་༔ ཆོས་དབྱིངས་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་གཏི་མུག་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང་༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ [སྔགས་ཀྱི་མཐར།] ནད་ཐམས་ཅད་ཤཱིནྟཾ་ཀུ་ཏུ་སྭཱ་ཧཱ། གདོན་ཐམས་ཅད་ཤཱིནྟཾ༴ རིམས་ཐམས་ཅད༴ ཉེ་བར་འཚེ་བ་ཐམས་ཅད༴ འཐབ་འཁོན་ཐམས་ཅད༴ བྱད་བྱུར་ཐམས་ཅད༴ སྡུག་བསྔལ་ཐམས་ཅད༴ གནས་གྲིབ་ཐམས་ཅད༴ ལུས་གྲིབ་ཐམས་ཅད༴ ཟས་གྲིབ་ཐམས་ཅད༴ གོས་གྲིབ་ཐམས་ཅད༴ དམེ་གྲིབ་ཐམས་ཅད༴ ནལ་གྲིབ་ཐམས་ཅད༴ ཡུག་གྲིབ་ཐམས་ཅད༴ མཛེ་གྲིབ་ཐམས་ཅད༴ རོ་གྲིབ་ཐམས་ཅད༴ དམ་ཚིག་ཉམས་ཆག་ཉེས་ལྟུང་གི་གྲིབ་ཐམས་ཅད༴ ཧཱུྃ༔ བུམ་པ་གསེར་བུམ་དྲི་མེད་ནང་༔ མཉམ་ཉིད་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱི་ཁྲུས་བགྱིས་པས༔ ཉོན་མོངས་ང་རྒྱལ་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་
གཙང་དང་༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ [སྔགས་དང་སྤེལ་ཚིག །]ཧཱུྃ༔ བུམ་པ་དངུལ་བུམ་དྲི་མེད་ནང་༔ མེ་ལོང་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་ཞེ་སྡང་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང་༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ [སྔགས་དང་སྤེལ་ཚིག །]ཧཱུྃ༔ བུམ་པ་ཟངས་བུམ་དྲི་མེད་ནང་༔ སོར་རྟོག་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་འདོད་ཆགས་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང་༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ [སྔགས་དང་སྤེལ་ཚིག །]ཧཱུྃ༔ བུམ་པ་གཡུ་བུམ་དྲི་མེད་ནང་༔ བྱ་གྲུབ་ཡེ་ཤེས་ཆུ་ཡིས་གཏམས༔ བདུད་རྩིའི་རྒྱུན་གྱིས་ཁྲུས་བགྱིས་པས༔ ཉོན་མོངས་ཕྲག་དོག་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང་༔ སྡུག་བསྔལ་རྒྱུ་འབྲས་དག་པར་ཤོག༔ [སྔགས་སྤེལ་ཚིག་དང་བཅས་པས་བཀྲུ།] རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཟླ་བའི་གདན་ལ་ཨོཾ་ཨཱཿཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ཁྱེད་རང་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། ནད་
གདོན་བར་ཆད། གྲིབ་དང་མི་གཙང་བའི་ཚོགས་བཀྲུས་པས་མ་དག་པའི་ལྷག་མ་ཐམས་ཅད་ཕྱག་བདར་མཁས་པའི་བྱེད་ལས་བཞིན་དུ་བྱབས་ཏེ་མདུན་གྱི་ཁྲུས་ཁུ་ལ་ཐིམ་པའི་མོས་པ་མཛོད། ཧཱུྃ༔ ཀུ་ཤ་དག་བྱེད་དྲི་མེད་རྫས༔ རྨ་བྱས་དུག་གི་ནུས་པ་འཇོམས༔ རྟེན་འབྲེལ་རྫས་དང་རིག་པའི་སྔགས༔ ཏིང་འཛིན་རླུང་གི་ཤུགས་འཆང་བས༔ སྒོ་གསུམ་ཉོན་མོངས་ལས་བྱུང་བའི༔ ནད་གདོན་གྲིབ་དང་མི་གཙང་དང་༔ སྡུག་བསྔལ་རྒྱུ་འབྲས་ཐམས་ཅད་ཀུན༔ ཆོས་ཀྱི་དབྱིངས་སུ་བྱང་གྱུར་ཅིག༔ [སྔགས་ཀྱི་མཐར།] ཨ་པ་ན་ཡེ་སྭཱ་ཧཱ། [ཞེས་གདགས་པ་དང་བཅས་ལུས་ལ་བསྐོར་ཞིང་ཁྲུས་ཁུའི་ནང་དུ་བྱབས། སྐབས་འདིར་གླུད་གཏོར་གཏོང་ན། བསྒྲུབ་བྱའི་དྲི་མ་དང་བསྲེས་པའི་གླུད་གཏོར་དཀོར་ཆ་དྲི་གོས་སོགས་འདུ་བྱས་པར་ཁྲུས་ཁུ་བླུགས་ལ།] རཾ་ཡཾ་ཁཾ། སྟོད་པའི་ངང་ལས་གླུད་གཏོར་འདོད་པའི་ཡོན་ཏན་ཟད་མི་ཤེས་པ་ནམ་མཁའ་གང་བར་གྱུར། ཨོཾ་ཨཱཿཧཱུྃ༔ [ལན་གསུམ་གྱིས་བརླབ།] ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་དབྱིངས་ཕྱུག་ཡེ་ཤེས་མཁའ་འགྲོའི་ཚོགས་ཀྱི་བདེན་པ་དང་། བདེན་པ་ཆེན་
པོའི་བྱིན་གྱི་རླབས་ཀྱིས་གྲིབ་བདག་མ་མོ་མཁའ་འགྲོ་སྡེ་བརྒྱད་འབྱུང་པོའི་ཚོགས་དང་བཅས་པ་ཐམས་ཅད་གླུད་ཀྱི་གཏོར་མ་ལེན་པའི་ཕྱིར་དུ་འདིར་མཆིས་པར་གྱུར་ཅིག །ཊཱཀི་ཧཱུྃ་ཛཿ ཛ་ཧཱུྃ་བྃ་ཧོཿ [ཞེས་དགུག །]ཧཱུྃ། ངར་གྱི་གླུད་བཟང་རིན་ཆེན་འདི། །ལུས་ངག་ཡིད་གསུམ་འདི་ལ་ཚང་། །སྐྱེ་མཆེད་བཅུ་གཉིས་འདི་ལ་ཚང་། །རྣམ་ཤེས་ཚོགས་བརྒྱད་འདི་ལ་ཚང་། །མི་བས་གླུད་བཟང་ཡ་ལ་ལ། །བཟའ་བས་ཁ་གྲོ་ཐིབས་སེ་ཐིབ། །རྣལ་འབྱོར་བསྲུང་བྱ་འཁོར་བཅས་ཀྱི། །ཚེ་སྲོག་གླུད་དུ་འདི་འབུལ་གྱི། །བཟུངས་པ་དང་ནི་བཅིངས་པ་དང་། །བསྡམས་པ་རྣམས་ནི་གྲོལ་བར་མཛོད། །ཚེ་སྲོག་བར་ཆད་མ་བྱེད་ཅིག །གནོད་ཅིང་འགལ་བར་མ་བྱེད་པར། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཀྱེེ། གྲིབ་བདག་གླུད་བདག་ཕོ་མོ་རྣམས། །གྲིབ་གླུད་རྒྱན་ལྡན་འདི་ལོངས་ལ། །བཟུངས་པ་ཐོང་ལ་བཅིངས་པ་ཁྲོལ། །བདག་དང་རྒྱུ་སྦྱོར་འཁོར་བཅས་ལ། །གནོད་ཅིང་སྡིག་པར་མ་བྱེད་ཅིག །[ཅེས་དང་། ཚར་གྲངས་གསོག་ན།] སམྦྷར་[སོགས་ཀྱིས་བསྔོ་ཞིང་བསྐྱར། མཐར་ཏིང་ལོ་སྦར་ཞིང་གླུད་ཁ་བསྒྱུར་ལ།] ཧཱུྃ༔ ང་ནི་རྡོ་རྗེ་ཁྲོས་མ་སྟེ༔ ཁམས་གསུམ་ཐམས་ཅད་ཟིལ་གྱིས་གནོན༔ སྲིད་གསུམ་ཐམས་ཅད་བྲན་དུ་འཁོལ༔ འཁོར་འདས་
ཀུན་གྱི་བདག་མོ་ཡིན༔ ཉོན་ཅིག་བགེགས་དང་ལོག་པར་འདྲེན༔ ལུས་ངག་སེམས་ལ་གནོད་བྱེད་པ༔ གྲིབ་དང་མི་གཙང་སྡུག་བསྔལ་དང་༔ ནང་དལ་བདག་པོ་བདག་མོ་ཀུན༔ མི་བས་དགའ་བའི་གླུད་གཏོར་དང་༔ ནམ་མཁའ་མཛོད་དུ་བྱིན་བརླབས་པའི༔ བཟའ་བཏུང་འདོད་ཡོན་འདི་ཁྱེར་ལ༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ གནོད་ཅིང་འཚེ་བའི་བསམ་སྦྱོར་སྤོངས༔ བསྡམས་པ་ཀློད་ལ་མནན་པ་ཐེག༔ གྲིབ་དང་མི་གཙང་སྡུག་བསྔལ་སོགས༔ ཞི་དང་ཕན་པའི་སེམས་བསྐྱེད་ལ༔ རང་རང་གནས་སུ་མྱུར་དུ་སོང་༔ གལ་ཏེ་མི་ཉན་འཚེ་བྱེད་ན༔ རྡུལ་ཕྲན་བཞིན་དུ་བརླག་པར་གྱུར༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ [ཅེས་དང་། དྲག་སྔགས་]སུམྦྷ་ནི[ས་བསྐྲད། གུ་གུལ་གྱིས་དུག །ཡུངས་དཀར་གྱིས་བྲབ། གླུད་གཏོར་འདྲེ་ལྔ་སྡོད་སའི་ཕྱོགས་སམ་ཆུ་བོ་ཆེན་པོའི་གཞུང་དུ་བསྐྱལ།] སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལས་རྡོ་རྗེ་དེ་འདྲ་བ་དཔག་ཏུ་མེད་པ་སྤྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་བླུགས་སུ་གྱུར་ཏེ་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་གླགས་མི་རྙེད་པར་སྲུང་བར་བྱས་པའི་མོས་པ་མཛོད། [རྡོ་རྗེ་ཐོགས་ལ།] ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མའི༔ གཉིས་མེད་ཡེ་ཤེས་ལས་
བྱུང་བ༔ རྡོ་རྗེ་དྲྭ་བའི་སྤྲིན་ཆེན་པོ། ཕྱི་ནང་ཀུན་ཏུ་ཁྱབ་པར་འཕྲོས༔ ལུས་ལ་རྡོ་རྗེའི་གོ་ཆས་གཡོགས༔ ལུས་ཀྱི་ནད་གདོན་སྡུག་བསྔལ་དང་༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་རཀྵ་ཧཱུྃ༔ ངག་ལ་རྡོ་རྗེས་བྱིན་བརླབས་པས༔ ངག་གི་ནད་གདོན་སྡུག་བསྔལ་དང་༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་རཀྵ་ཧཱུྃ༔ ཡིད་ལ་རྡོ་རྗེས་རྒྱས་བཏབ་པས༔ ཡིད་ཀྱི་ནད་གདོན་སྡུག་བསྔལ་དང་༔ གྲིབ་དང་མི་གཙང་ཐམས་ཅད་ཀུན༔ བྱང་ཆུབ་བར་དུ་རཀྵ་ཧཱུྃ༔ [ཞེས་དང་། སྔགས་ཀྱི་མཐར་སྤེལ་ཚིག་ལ་]རཀྵ་རཀྵ་[བཏགས་པའི་རྡོ་རྗེས་བསྐོར་ཞིང་གནས་གསུམ་དུ་རེག །]ནམ་མཁའ་གང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ལྷ་དང་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས་ཀྱིས་ཤིས་པ་བརྗོད་པའི་གླུ་དབྱངས་དི་རི་རི་སྒྲོག་ཅིང་མེ་ཏོག་མནྡྷ་རའི་ཆར་ཆེན་པོ་ཕབས་པས་དགེ་ལེགས་ཀྱི་སྣང་བས་ས་གསུམ་ཀུན་ཏུ་ཁྱབ་པར་བྱས་པའི་མོས་པ་མཛོད། [ཅེས་མཚམས་སྦྱར་ལ་ཤིས་བརྗོད་ཇི་ལྟར་རིགས་པར་བྱས་ནས་བསྒྲུབ་བྱ་རྣམས་རང་གནས་སུ་བཏང་ངོ་། །ཡང་སྐབས་འགའ་ཞིག་ཚེ་སྣོད་བཅུད་སྤྱི་ལ་འཁྲུས་བྱ་བར་འདོད་ན།] དེ་བཞིན་གཤེགས་པ་སྲས་དང་བཅས་པ་ནམ་མཁའ་གང་བས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པ་སྣོད་བཅུད་ཐམས་ཅད་ལ་ཁྲུས་མཛད་པས་
དག་པ་རྡོ་རྗེའི་ཞིང་ཁམས་སུ་གྱུར་པར་[བསམ་ལ།] ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ མེ་ལོང་ཡེ་ཤེས་རང་བཞིན་གྱིས༔ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ [སྔགས་མཐར།] ཉོན་མོངས་པ་ཞེ་སྡང་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ ཆོས་དབྱིངས་ཡེ་ཤེས་རང་བཞིན༴ ཉོན་མོངས་གཏི་མུག་ལས༴ མི་མཐུན་ཕྱོགས་ཀུན་ཞི༴ [སྔགས་དང་།] ཉོན་མོངས་པ་གཏི་མུག་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ༴ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས༴ མཉམ་ཉིད་ཡེ་ཤེས་རང་བཞིན༴ ཉོན་མོངས་ང་རྒྱལ་ལས༴ མི་མཐུན་ཕྱོགས་ཀུན་ཞི་གྱུར་ཅིག༔ [སྔགས་དང་།] ཉོན་མོངས་པ་ང་རྒྱལ་ལས་གྱུར་པའི་བརྟན་གཡོའི་རྟེན་འབྲེལ༴ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི༴ སོར་རྟོག་ཡེ་ཤེས་རང་བཞིན༴ ཉོན་མོངས་འདོད་ཆགས་ལས༴ མི་མཐུན་ཕྱོགས་ཀུན༴ [སྔགས་དང་།] ཉོན་མོངས་པ་འདོད་ཆགས་ལས་གྱུར་པའི་བརྟན་གཡོའི་རྟེན༴ ཧཱུྃ༔ བདུད་རྩིའི་ཆུ་བོ་ཁྲུས་ཀྱི་རྫིང་༔ བྱ་གྲུབ་ཡེ་ཤེས་རང་བཞིན་གྱིས༔ ཉོན་མོངས་ཕྲག་དོག་ལས་གྱུར་པའི༔ མི་མཐུན་ཕྱོགས་ཀུན་
ཞི་གྱུར་ཅིག༔ [སྔགས་དང་།] ཉོན་མོངས་པ་ཕྲག་དོག་ལས་གྱུར་པའི་བརྟན་གཡོའི་རྟེན༴ ཧཱུྃ༔ རང་བྱུང་ཡེ་ཤེས་བདུད་རྩིའི་ཆུས༔ བརྟན་གཡོའི་རྒུད་པ་ཀུན་སྦྱངས་ནས༔ ཀློང་ལྔའི་དབྱིངས་ལས་རིག་པས་གདངས༔ རྟག་ཏུ་བཀྲ་ཤིས་འཕེལ་གྱུར་ཅིག༔ [ཅེས་སྔགས་དང་རྟེན་འབྲེལ་སྙིང་པོ་བརྗོད་བཞིན་དུ་བཀྲུས་མཐར། ཕུན་སུམ་ཚོགས་པ་སོགས་ཀྱིས་ཐོག་དྲངས་ཏེ། ལྷ་རྣམས་མཁའ་ལས་མེ་ཏོག་ཆར་ཆེན་འབེབས། །ཀླུ་རྣམས་ས་གཞི་ཐམས་ཅད་འབྱོར་པས་བཀང་། །]མི་རྣམས་ཕུན་ཚོགས་བདེ་སྐྱིད་དཔལ་ལ་སྦྱོར། །བསམ་དོན་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །[ཅེས་སོགས་ཤིས་བརྗོད་རྒྱ་ཆེར་སྤེལ་བས་བདེ་ལེགས་སུ་བྱ། རྗེས་སུ་བུམ་པའི་ལྷ་ལ་མཆོད་ཅིང་བསྟོད། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར།] བཛྲ་མུཿ [ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་ཀྱི་ཉེར་བསྡུ་བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་བས་གྲུབ་བོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་༧མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་པ་སིངྔྷི་རསྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་སུན་ཟློག་གི་ཆོ་ག་མདོར་བསྡུས་བར་ཆད་གཡུལ་ཟློག
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་སུན་ཟློག་གི་ཆོ་ག་མདོར་བསྡུས་བར་ཆད་གཡུལ་ཟློག་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་སུན་ཟློག་གི་ཆོ་ག་མདོར་བསྡུས་ཏེ་བྱ་བར་འདོད་པས། གུང་དུ་རྩ་བའི་མཆོད་གཏོར་སྨན་རཀ་གཉེར་སྤྱོད་རྣམས་དང་། མཁའ་འགྲོའི་དཔལ་གཏོར་གཙོ་འཁོར་ལྔ་རྒྱན་ལྡན། དེ་མདུན་དམའ་བར་དམར་གཏོར་གཙོ་འཁོར་ལྔ་ཤ་ཁྲག་གིས་བརྒྱན་པ། བསྒྲུབ་བྱའི་འདྲ་གླུད་ཡས་སྟགས་ཅི་འབྱོར་བས་བསྐོར་ལ། ཟོས་གཏོར་རྩང་དམར་མཚེ་ཡུངས་ཀྱིས་བརྒྱན་པ་བཅས་བཤམ་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཚོགས་ཀྱི་བསྒྲལ་བསྟབ་ཡན་གྲུབ་པ་དང་བསང་ཆུ་འཐོར་ཞིང་] རཾ་ཡཾ་ཁཾ་གི[ས་སྦྱངས།] སྟོང་པའི་ངང་ལས་རིན་པོ་ཆེ་དང་པདྨ་ལ་སོགས་པའི་སྣོད་རྣམས་སུ་ཕྱི་ནང་གསང་བའི་མཆོད་རྫས་སྐོང་
རྫས། བདུད་རྩི་དང་རཀྵའི་རྒྱ་མཚོ། ཤ་ཁྲལ་གཏོར་མའི་རི་བོ། ཕུང་ཁམས་སྐྱེ་མཆེད་རྫོགས་པའི་འདྲ་གླུད། དགོས་འདོད་དཀོར་ནོར་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཡེ་ཤེས་ལས་དང་འཇིག་རྟེན་པ་ཐམས་ཅད་མཉེས་ཤིང་ཚིམས་པར་བྱེད་ནུས་པའི་མཆོད་སྤྲིན་འཇིག་རྟེན་ཀུན་ཏུ་རྒྱས་པར་གང་བར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། སྤོས་དཀར་གྱི་དུད་པ་འཐུལ་ཞིང་ཅང་ཏེའུ་རྐང་གླིང་སོགས་རོལ་མོའི་སྒྲ་དང་བཅས་ཏེ།] ཧཱུྃ༔ ཉི་ཤུ་རྩ་བཞིའི་གནས་མཆོག་དང་༔ དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས༔ མ་ཚོགས་མཁའ་འགྲོ་སྤྱན་
འདྲེན་གྱི༔ བདེ་ཆེན་གར་སྟབས་ཤིགས་སེ་ཤིག༔ རུས་རྒྱན་གཡེར་ཁ་ཁྲོ་ལོ་ལོ༔ ཅང་ཏེའུ་རོལ་མོ་དི་རི་རི༔ རྣལ་འབྱོར་གདུང་བས་འབོད་ལགས་ན༔ ད་ལྟ་ཉིད་དུ་གཤེགས་སུ་གསོལ༔ བཛྲ་ས་མཱ་ཛ༔ ཏིཥྠ་ལྷན༔ [སྨན་རཀ་སྦྲེང་ལ།] ཧཱུྃ༔ སངས་རྒྱས་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ སངས་རྒྱས་མཁའ་འགྲོའི་སུན་མ་ཟློག༔ གཏི་མུག་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཧཱུྃ༔ རྡོ་རྗེ་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསལ་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ རྡོ་རྗེ་མཁའ་འགྲོའི་སུན་མ་ཟློག༔ ཞེ་སྡང་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཧཱུྃ༔ རིན་ཆེན་མཁའ་འགྲོ་འབུམ་སྡེ་ཡིས༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཧཱུྃ༔ པདྨ་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་
མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ པདྨ་མཁའ་འགྲོའི་སུན་མ་ཟློག༔ འདོད་ཆགས་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ ཧཱུྃ༔ ཀརྨ་མཁའ་འགྲོ་འབུམ་སྡེ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ ཀརྨ་མཁའ་འགྲོའི་སུན་མ་ཟློག༔ ཕྲག་དོག་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ [ཞེས་དང་། བསྡུ་ན།] ཧཱུྃ༔ ཡེ་ཤེས་མཁའ་འགྲོ་སྡེ་ལྔ་ཡིས༔ ཕྱི་ནང་གསང་བའི་མཆོད་པ་བཞེས༔ སྨན་རཀ་གཏོར་མས་ཐུགས་དམ་བསྐང་༔ མཁའ་འགྲོ་རྣམས་ཀྱི་སུན་མ་ཟློག༔ དུག་ལྔའི་བར་ཆད་དབྱིངས་སུ་སོལ༔ དུས་མིན་འཆི་བ་བཟློག་ཏུ་གསོལ༔ [ཞེས་ལོ་གྲངས་སོགས་ཚར་གང་འོས་བསགས། དེ་ནས་]སམྦྷ་[རའི་སྔགས་ལན་བདུན་བརྗོད་ལ།] བྷྱོ༔ སངས་རྒྱས་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱིས་ཐུགས་དམ་བསྐང་༔ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔
བྷྱོ༔ རྡོ་རྗེ་ཤུགས་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་[སོགས་ཚིག་རྐང་ལྔ་གོང་བཞིན་སྦྱར།] བྷྱོ༔ རིན་ཆེན་ཤུགས་འགྲོ་འཁོར་བཅས་ཀྱིས༔ [སོགས།] བྷྱོ༔ པདྨ་ཤུགས་འགྲོ་འཁོར་བཅས༴ སོགས། བྷྱོ༔ ཀརྨ་ཤུགས་འགྲོ༴[སོགས་དང་། བསྡུ་ན།] བྷྱོ༔ ལས་ཀྱི་མཁའ་འགྲོ་འཁོར་བཅས་ཀྱིས༔ ཤ་ཁྲག་གཏོར་མའི་མཆོད་པ་བཞེས༔ སྐུ་གླུད་རྒྱན་གྱི་ཐུགས་དམ༴ སྣང་སྲིད་ལྷ་འདྲེའི་སུན་མ་ཟློག༔ རྨི་ལམ་ལྟས་ངན་དར་ཐག་སྡུས༔ རྐྱེན་ངན་བར་ཆད་བཟློག་ཏུ་གསོལ༔ [ཞེས་ཚར་གྲངས་གོང་ལྟར་བསགས། མཐར།] སྣང་སྲིད་ལྷ་འདྲེས་ཡས་ལོངས་ལ༔ ལས་ཀྱི་མཁའ་འགྲོ་དབྱིངས་སུ་གཤེགས༔ སྣང་སྲིད་ལྷ་འདྲེ་གནས་སུ་དེངས༔ སརྦ་ཨུ་ཙ་ཏ་ཡ་ཕཊ༔ [ཅེས་བརྗོད་ལ་གཏོར་གླུད་རྣམས་རི་བོའི་རྩེར་བསྐྱལ་བར་གསུངས། ཤར་དང་ཤར་ལྷོ་རྣམས་སུ་མི་སྐྱེལ། དེ་ནས་གཏོར་ཟོར་བཏེགས་ལ།] ཧཱུྃ༔ གཏུམ་ཆེན་ལས་ཀྱི་ཕོ་ཉའི་ཚོགས༔ རྔམས་པའི་སྐུར་བཞེངས་དགྲ་བགེགས་སྒྲོལ༔ གཏོར་ཟོར་འབར་བའི་མཚོན་ཆ་འདིས༔ ལས་ཀྱི་མི་མཐུན་རྐྱེན་རྣམས་ཟློག༔ མ་ཧཱ་ཤ་རི་བྷྱོ་ཟློག༔ [ཅེས་གནོད་པའི་ཕྱོགས་སུ་འཕེན། ལས་
བྱང་ལྟར་སྲུང་འཁོར་བསྒོམ།] ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཚེ་ཡི་བདག༔ སྒྲིབ་པའི་དྲི་མ་ཀུན་བྲལ་བ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ [ཞེས་ཚེ་འགུགས་བསྐུལ་ཞིང་ཤིས་པ་བརྗོད། དེ་ནས་ཚོགས་ལ་རོལ་བ་སོགས་ཕྲིན་ལས་ཀྱི་རྗེས་རིམ་རྣམས་མཐར་དབྱུང་བས་འགྲུབ་བོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ། རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་པ་ཛ་ཡནྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བཀྲ་ཤིས་གཏེར་བུམ་སྒྲུབ་པའི་མན་ངག་འདོད་འབྱུང་ནོར་བུ།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བཀྲ་ཤིས་གཏེར་བུམ་སྒྲུབ་པའི་མན་ངག་འདོད་འབྱུང་ནོར་བུ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བཀྲ་ཤིས་རྟེན་འབྲེལ་ཆེན་པོའི་གཏེར་བུམ་སྒྲུབ་པའི་ལས་ཀྱི་རིམ་པ་ལ་འཇུག་པར་འདོད་པས། སའི་ལྷ་མོ་ལ་བརྟེན་ནས་ས་བཅུད་དཔལ་གཡང་སྤེལ་བ་དང་། ཀླུ་ནོར་རྒྱས་ལ་བརྟེན་ནས་སྣོད་བཅུད་དཔལ་འབྱོར་བསྐྱེད་པ་གཉིས་ཀྱི།] [དང་པོ་ནི། རིན་པོ་ཆེའམ་རྫའི་བུམ་པ་ཡུལ་གྱི་བྲེ་གང་ཤོང་བ་ལས་མི་ཆུང་བའི་ནང་དུ། བཀྲ་ཤིས་ཤིང་ཡོངས་སུ་གྲགས་པའི་གནས་ཆེན་རྣམས་ཀྱི་རྡོ་ཤིང་གི་ཕྱེ་མ། མཚོ་དང་ཆུ་ཆེན་རྣམས་ཀྱི་ཆུ་སྣ། རིན་ཆེན་ཕྱེ་མ། ཀླུ་སྨན་ཚད་ལྡན། གི་ཝཾ། དཀར་གསུམ། མངར་གསུམ། འབྲུ་སྣའི་ཕྱེ་མ། དར་སྣ་ཚོགས་ཀྱི་ཕྱེ་མ་བསྲེས་པའི་འདག་པ་ལས་ལྷ་མོའི་གཟུགས་སོར་བཞི་པ་གསེར་མདོག་ཕྱག་གཉིས་ནོར་བུ་དང་བུམ་པ་འཛིན་པ། ཞི་འཛུམ་དར་དང་རིན་པོ་ཆེའི་རྒྱན་ཅན། ཞབས་སྐྱིལ་
ཀྲུང་པདྨའི་གདན་ལ་བཞུགས་པར་འཆོས་ལ་ཚོན་རྩི་ལེགས་པར་བཏང་བའི་དབུ་གཙུག་ཏུ་སངས་རྒྱས་ཀྱི་རིང་བསྲེལ། ཐུགས་ཀར།] ཨོཾ་ཙི་རི་ཙི་རི༔ ཙུ་རུ་ཙུ་རུ༔ ཀུ་རུ་ཀུ་རུ༔ དོ་ཙུ་དོ་ཙུ༔ སྭཱ་ཧཱ་སྭཱ་ཧཱ༔ བྷ་ཤ་བྷ་ཤ་སྭཱ་ཧཱ༔ [ཞེས་གསེར་གྱིས་བྲིས་པ་བཅུག །ནང་དུ་ཀླུ་སྨན། རིན་ཕྱེ། དཀར་གསུམ། སྤོས་གཙང་། འབྲུ་སྣ། དར་སྣས་བཀང་། ཕྱག་གི་བུམ་པར་ཡང་སྔགས་སྔ་མ་དང་རིན་པོ་ཆེས་བཀང་བར་གསུངས་ཀྱང་མ་ཤོང་ན་]བྷྲཱུྃ་[ཡིག་ཙམ་དང་རིན་ཆེན་ཕྱེ་མ་བླུགས། རབ་གནས་བསྐྱེད་བསྟིམས་བཟླས་པ་ཅི་འགྲུབ་དང་ཤིས་བརྗོད་བྱས་ལ་དར་སྣས་དྲིལ་ཏེ་བུམ་པའི་དབུས་སུ་གཞུག །དེ་ལྟར་མི་འགྲུབ་པས་ཤུག་པ་སོགས་བཟང་ཤིང་གི་བྱང་བུ་རྩ་རྩེ་མ་ནོར་བའི་མདུན་ངོས་སུ་བརྟན་མའི་སྐུ་དང་རྒྱབ་ངོས་སུ་གཟུངས་སྔགས་བྲི་བ་དང་། ཅིས་ཀྱང་མི་འགྲུབ་པའི་འབྱོར་པ་
དམན་པས་གཟུངས་སྔགས་སོགས་ཀྱི་ཤོག་དྲིལ་ཙམ་གཞུག་པས་ཀྱང་རུང་ཞིང་། གང་ལྟར་ཡང་།] མི་འཛད་ཡུན་གྱི་གཏེར་མཛོད་ཅིག །[ཅེས་དང་། རྟེན་འབྲེལ་སྙིང་པོ།] འབད་དང་རྩོལ་བས་མ་གོས་པ། [ཞེས་སོགས་བཀྲ་ཤིས་]སུ་པྲ་ཏིཥྠ[ས་མཐའ་བརྒྱན་པ་བཅས་གསེར་རམ་མཚལ་ལ་རིན་ཆེན་ཕྱེ་མ་བཏབ་པས་བྲིས་པའི་ཤོག་དྲིལ་དར་གྱི་ན་བཟའ་ཅན་མགོ་མཇུག་མ་ལོག་པར་བཞག །]གོང་དུ་སྨོས་པའི་རྫས་ཐམས་ཅད་དང་བུམ་རྫས་ཉེར་ལྔའི་ཕྱེ་མ་རྣམས་མོ་གསར་རིགས་བཟང་གི་ནུ་ཞོ་དང་བ་དཀར་མོ་དང་དམར་ཟལ་གྱི་འོ་མས་སྦྲུས་ལ་རིལ་བུ་བརྒྱ་དང་རྩ་བརྒྱད་བྱས་པ་དང་། ཆོས་སྨན་སོགས་བྱིན་རྟེན། སྒྲུབ་གཏོར་གྱི་དུམ་བུ། གོང་གི་རྫས་ཁྲོལ་བུར་བྱས་པ་དང་འབྲུ་སྣ། དྲི་བཟང་གི་ཤིང་ཕྱེ་རྣམས་ཀྱིས་ལག་ཚགས་དམ་པར་བཀང་ལ་དར་སེར་པོས་ཁ་བཅད་དེ་མགྲིན་པ་དམ་པར་བཅིང་། མདུན་རྟགས་པདྨའམ་ནོར་བུ་འབར་བས་མཚན་པར་བྱ། དེ་ལྟར་བཅས་གྲུབ་ནས་སྦྱོངས་ཁྲུས་ཚད་ལྡན་བྱས་ལ་སྟེགས་གཙང་མའི་དབུས་སུ་མེ་ཏོག་གི་ཚོམ་བུ་བཀྲམ་པར་བུམ་པ་འགོད། མདུན་དུ་དཀར་མངར་སྦྱར་བའི་གཏོར་མ་དང་། མཐར་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ་ལ། ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལ་གནས་པས་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། བུམ་པ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་གཞལ་ཡས་ཁང་ཉམས་དགའ་བ། རྩི་ཤིང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ལྗོན་ཤིང་ལ། རིན་པོ་ཆེའི་
དགོས་འདོད་འཕྲོ་བའི་གསེབ་ནས་བྱ་རིགས་སྣ་ཚོགས་ཀྱི་སྐད་སྙན་སྒྲོགས་ཤིང་རི་དྭགས་རྩེ་འཇོ་བྱེད་པ། རིན་པོ་ཆེ་དང་འབྲུ་བཅུད་ཟས་ནོར་ལྷ་ཀླུ་མིའི་ལོངས་སྤྱོད་ཟད་མི་ཤེས་པས་ཡོངས་སུ་གང་བ། དེའི་དབུས་སུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་སའི་ལྷ་མོ་བརྟན་མ་སྐུ་མདོག་སེར་པོ་འོད་ཟེར་འཕྲོ་བ། རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་དང་ལྡན་ཅིང་མཛེས་པའི་གཟུགས་ཅན། ཕྱག་གཡས་ནོར་བུ་དང་གཡོན་བུམ་པ་བསྣམས་པ། ཞབས་གཉིས་སེམས་མའི་སྐྱིལ་ཀྲུང་གིས་བཞུགས་པ། མཐའ་བསྐོར་དུ་ལྷ་ཀླུ་གཉན་དང་ས་བདག་གཞི་བདག་ཕོ་མོའི་ཚོགས་ཀྱིས་བསྐོར་བ། གཙོ་འཁོར་རྣམས་ཀྱི་གནས་གསུམ་འབྲུ་གསུམ་ལས་འོད་ཟེར་འཕྲོས་པས་སའི་ལྷ་མོ་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ཞིང་།] ཧོཿ གསོན་ཅིག་དགོངས་ཤིག་མངོན་ཤེས་ཅན། །ཡེ་ཤེས་སྤྱན་དང་ལྡན་པ་པོ། །བྱང་ཆུབ་སེམས་མ་རྫུ་འཕྲུལ་ཅན། །ལྷ་མོ་བརྟན་མ་དགོངས་སུ་གསོལ། །ལྷ་འདྲེ་ཡིད་ཀྱི་མངོན་ཤེས་ཅན། །ཡུལ་ཕྱོགས་འདི་ལ་གནས་པ་ཡི། །ཀླུ་གཉན་ས་བདག་དགོངས་སུ་གསོལ། །དེ་རིང་བདག་དང་ཡོན་བདག་གི །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་ལེགས་ཚོགས་རྒྱས་པའི་ཕྱིར། །གཏེར་
བདག་ཁྱེད་རྣམས་སྤྱན་འདྲེན་ན། །ཐུགས་རྗེའི་དབང་གིས་གཤེགས་སུ་གསོལ། །རིན་ཆེན་སྣ་ཚོགས་གཏེར་བུམ་ལ། །སྐུ་ཡི་རྟེན་དང་གནས་མཛོད་ཅིག །ཡུལ་ཕྱོགས་འདི་རུ་དུས་རྟག་ཏུ། །ལོ་ལེགས་འབྲུ་དང་རྩྭ་རྣམས་འཕེལ། །ས་བཅུད་དཔལ་གཡང་རྒྱས་པ་དང་། །བདག་ཅག་དཔོན་སློབ་ཡོན་མཆོད་ཀྱི། །ཁ་འཛིན་རྒྱབ་བརྟེན་སྟོང་གྲོགས་མཛོད། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །ཨོཾ་པྲཱྀ་ཐཱི་དེ་ཝི་སརྦ་བྷྲཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། བཛྲ་ས་མཱ་ཛཿ ཛཿ ཧཱུྃ་བྃ་ཧོཿ ཏིཥྠ་ལྷན། ས་མ་ཡ་སྟྭཾ། ས་མ་ཡ་ཧོ༔ [ཞེས་སྤྱན་དྲངས་ཤིང་བསྟིམ། མཆོད་གཏོར་རྣམས་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་སུ་ལྷ་རྫས་ལས་གྲུབ་པའི་མཆོད་རྫས་དང་གཏོར་མ་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་[བསམ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་མམ་བདུན་གྱིས་སྤེལ་ཏེ།] ཧོཿ ཟག་མེད་བདེ་བ་སྐྱེད་པའི་རྫས། །ཐུགས་ལ་བཞེད་རྒུར་འཆར་བ་ཡི། །མཆོད་གཏོར་ལོངས་སྤྱོད་འདི་བཞེས་ལ། །འདོད་རྒུའི་དཔལ་འབྱོར་རྒྱས་པ་དང་། །ས་བཅུད་འཕེལ་བའི་དངོས་གྲུབ་སྩོལ། །ཨོཾ་པྲཱྀ་ཐཱི་དེ་ཝཱི་སརྦ་བྷྲཱུ་མི་ཏི་ས་པ་རི་
ཝཱ་ར་ཨརྒྷཾ་[ནས་]ཤཔྡ་སརྦ་པཱུ་ཛ་ཨཱཿ ཧཱུྃ། [ཞེས་དང་།] ཨོཾ་པྲཱྀ་ཐཱི་དེ་ཝི་སརྦ་བྷྲཱུ་མི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ།] ས་བརྒྱད་ལ་གནས་སེམས་མ་ཆེ། །སྟོང་གསུམ་འཇིག་རྟེན་ས་ཡི་བདག །ས་ཡི་ལྷ་མོ་བརྟན་མ་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་གནོད་པ་ཞི་བ་དང་། །ས་བཅུད་དཔལ་གཡང་རྒྱས་པར་མཛོད། །འདོད་རྒུའི་དངོས་གྲུབ་སྩལ་དུ་གསོལ། །[ཞེས་བསྟོད་ཅིང་འདོད་དོན་གསོལ།] རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཚུན་ཆད་ཀྱི་སྣོད་བཅུད་ཀྱི་རྒུད་པ་ཐམས་ཅད་བསལ། དཔལ་དང་གཟི་བྱིན་བསྐྱེད། བཅུད་དང་དྭངས་མ་ཐམས་ཅད་བསྡུས་ཏེ་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་ས་བཅུད་དང་དགེ་མཚན་ཐམས་ཅད་འཕེལ་བའི་ནུས་པ་དང་ལྡན་པར་གྱུར་བའི་[མོས་པས།] ཨོཾ་པྲཱྀ་ཐཱི་ཝཱི་སརྦ་སིངྔྷི་སྭཱ་ཧཱ། [ཞེས་གཙོ་བོར་བཟླ་ཞིང་། སྤྲོ་ན།] ཨོཾ་ཙི་རི་ཙི་རི་[སོགས་
གོང་གི་བརྟན་མའི་རིག་པ་དང་།] ཨོཾ་ཨ་ཀ་ནི་ནི་ཀ་ནི་ཨ་བྷི་ལ་མཎྜལ་ལ་མ་ཡེ་སྭཱ་ཧཱ། [ཞེས་ཉེས་སེལ་གྱི་སྔགས་ཀྱང་ཅི་རིགས་པ་བཟླས་མཐར། སྔར་བཞིན་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། ཡི་གེ་བརྒྱ་པ་ལན་གསུམ་དང་།] མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་གསོལ། །[ཞེས་ནོངས་པ་བཤགས། རྟེན་འབྲེལ་སྙིང་པོ་བཟླས་པོ་མེ་ཏོག་ཐོགས་ལ།] ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོ་ལ་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་ཞིང་། ཡུལ་ཕྱོགས་འདི་རུ་བཀྲ་ཤིས་པ་དང་། བདེ་ལེགས་དཔལ་གྱི་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྠ་བཛྲ་
ཡེ་སྭཱ་ཧཱ། [ཞེས་མེ་ཏོག་འཐོར།] ཐམས་ཅད་ནམ་མཁའི་མཛོད་བཞིན་དུ། །ལོངས་སྤྱོད་ཟད་པ་མེད་པར་ཤོག །རྩོད་པ་མེད་ཅིང་འཚེ་མེད་པར། །རང་དབང་དུ་ནི་སྤྱོད་པར་ཤོག །ལྷ་ཡང་དུས་སུ་ཆར་འབེབས་ཤིང་། །ལོ་ཏོག་ཕུན་སུམ་ཚོགས་པར་ཤོག །རྒྱལ་པོ་ཆོས་བཞིན་བྱེད་པ་དང་། །འཇིག་རྟེན་དག་ཀྱང་དར་བར་ཤོག །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག ཉིན་མོ་བདེ་ལེགས་མཚན་མོ་བདེ་ལེགས། ཉི་མའི་གུང་ཡང་བདེ་ལེགས་ཤིང་། ཉིན་མཚན་རྟག་ཏུ་བདེ་ལེགས་པ། དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །[ཅེས་སོགས་བསྔོ་སྨོན་དང་ཤིས་པ་བརྗོད་པས་དགེ་ལེགས་སུ་བྱ། དེ་ལྟ་བུའི་སྒྲུབ་པ་ཞག་བདུནནི་དུས་ཀྱི་ཚད་ཡིན་ལ། རྟགས་ནི་བུད་མེད་མཛེས་མ་རྒྱན་ཅན་གྱིས་ཟས་ནོར་ལ་སོགས་སྟེར་བ་དང་། གཏམ་བཟང་པོ་སྨྲ་བ་སོགས་དགེ་བའི་ལྟས་སྤྱི་དང་མཐུན་པར་འབྱུང་བ་སྟེ། གང་ལྟར་ཡང་སྒྲུབ་པ་ཐེམ་ནས་ཡུལ་གྱི་དབུས་སམ། མཁར་གྱི་རྩེའམ། ཞིང་ས་བཟང་པོའི་དཀྱིལ་སོགས་གང་དུ་སྦ་བའི་སར་རླན་གྱི་མི་འཇིག་པའི་ཆས་དང་བཅས་ལག་ཚག་དམ་པར་བྱས་ལ་གཞུག་ཅིང་།] ཧཱུྃ༔ འབྱུང་བ་ལྔ་ནི་སངས་རྒྱས་དངོས༔ ས་ཡི་ལྷ་མོ་མཁའ་ཕྱེས་ཤིག༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ སྒྲུབ་པ་
ལས་ཀྱི་གཏེར་སྦའོ༔ རིན་ཆེན་བུམ་པའི་གཏེར་སྦའོ༔ སྙིང་པོ་ལྔ་ཡི་གཏེར་སྦའོ༔ དར་སྣ་ལྔ་ཡི་གཏེར་སྦའོ༔ སྨན་སྣ་ལྔ་ཡི་གཏེར་སྦའོ༔ འབྲུ་སྣ་ལྔ་ཡི་གཏེར་སྦའོ༔ རིན་ཆེན་ལྔ་ཡི་གཏེར་སྦའོ༔ དམ་རྫས་གཏོར་མའི་གཏེར་སྦའོ༔ ཆུ་བོ་བཞི་ཡི་གཏེར་སྦའོ༔ རི་རྒྱལ་ལྷུན་པོའི་གཏེར་སྦའོ༔ ཧཱུྃ༔ ཡིད་བཞིན་གཏེར་ཆེན་འདི་སྦས་པས༔ རྣལ་འབྱོར་བདག་ཅག་འཁོར་བཅས་དང་༔ ཡུལ་རིས་ས་ཕྱོགས་འདི་དག་ཏུ༔ གཏེར་མཆོག་ཁྱེད་ཀྱི་བྱིན་རླབས་ཀྱིས༔ འདོད་ཡོན་ལྔ་ལ་ལོངས་སྤྱོད་ཤོག༔ སྙིང་པོ་ལྔ་ཡི་གཏེར་སྦས་པས༔ སྐུ་ལྔ་ལྷུན་གྱིས་གྲུབ་པར་ཤོག༔ དར་སྣ་ལྔ་ཡི་གཏེར་སྦས་པས༔ ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ སྨན་སྣ་ལྔ་ཡི་གཏེར་སྦས་པས༔ ནད་ཀྱི་བསྐལ་པ་ཞི་བར་ཤོག༔ འབྲུ་སྣ་ལྔ་ཡི་གཏེར་སྦས་པས༔ མུ་གེའི་བསྐལ་པ་ཞི་བར་ཤོག༔ རིན་ཆེན་ལྔ་ཡི་གཏེར་སྦས་པས༔ རིན་ཆེན་གཏེར་ལ་ལོངས་སྤྱོད་ཤོག༔ ལྕགས་སོགས་མཚོན་གྱི་གཏེར་སྦས་པས༔ མཚོན་གྱི་བསྐལ་པ་ཞི་བར་ཤོག༔ དམ་རྫས་གཏོར་མའི་གཏེར་སྦས་པས༔ མི་ཟད་ཟས་ནོར་འཕེལ་བར་ཤོག༔ ཆུ་བོ་བཞི་ཡི་གཏེར་སྦས་པས༔ ཆར་ཆུ་དུས་སུ་འབབ་པ་དང་༔ ལོ་ཕྱུགས་རྟག་ཏུ་འཕེལ་བར་ཤོག༔ རི་རྒྱལ་
ལྷུན་པོའི་གཏེར་སྦས་པས༔ ཡིད་བཞིན་རེ་བ་སྐོང་བ་དང་༔ བསམ་པ་ཐམས་ཅད་འགྲུབ་གྱུར་ཅིག༔ རྡོ་རྗེ་རིན་ཆེན་པདྨ་ལས༔ ཕྱག་རྒྱ་ལྔ་ཡི་རྒྱས་གདབ་བོ༔ སྐུ་གསུང་ཐུགས་ཀྱི་རྒྱས་བཏབ་བོ༔ ཚེ་དབང་ཕུན་སུམ་ཚོགས་པར་ཤོག༔ བསོད་ནམས་དམ་པ་ཐོབ་གྱུར་ཅིག༔ བཛྲ་ཨཱ་ཡུ༔ སིངྔྷི་བྷྲཱུྃ༔ སྭ་སྟི་བྷྲཱུྃ་མངྒལཾ༔ [ཞེས་བརྗོད་ཅིང་། རྡོ་ལེབ་ལ་རིགས་ལྔའི་ཕྱག་མཚན་བྲིས་པས་སྟེང་ནས་བཀབ་སྟེ་བརྟན་ཅིང་འཐས་པར་བྱ། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ་བཀྲ་ཤིས་རྒྱས་པར་སྤེལ། དེས་ནི་བརྟན་གཡོའི་རྟེན་འབྲེལ་ལོག་པའི་རྒུད་པ་ཞི་ཞིང་། ས་བཅུད་དཔལ་གཡང་འབྱོར་པ་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་རོ། །][གཉིས་པ་ཀླུ་ནོར་རྒྱས་ལ་བརྟེན་ནས་སྣོད་བཅུད་དཔལ་འབྱོར་བསྐྱེད་པའི་གཏེར་བུམ་སྒྲུབ་ཚུལ་ནི། ར་བ་བཞིའི་ཡར་ངོ་གཟའ་སྐར་ཤིག་ཤིང་ཁྱད་པར་ཀླུ་ཐེབས་ཡོད་ཅིང་ཀླུ་ལྡོག་མེད་པའི་དུས་སུ། རིན་པོ་ཆེའམ་བཀྲ་ཤིས་པའི་ས་ལས་བྱས་པའི་རྫ་བུམ་སོ་བཏང་བ་ཡུལ་གྱི་བྲེ་གང་ཤོང་བ་ཡན་ཆད་ལས་མི་ཆུང་བ་རྩི་དཀར་པོ་མདུན་རྟགས་པདྨ་ནོར་བུ་སོགས་ཀྱིས་མཚན་པའི་ནང་དུ། རིན་ཆེན་ཀླུ་སྨན་དཀར་དམར་ཆུ་སྣ་རྣམས་བསྲེས་པའི་སྤྲ་ཚིལ་ལམ་ཁམ་ས་ལས་ཀླུ་ནོར་རྒྱས་སོར་བརྒྱད་པ་སྟོད་མི་ལ་སྨད་སྦྲུལ་མཇུག་འཁྱིལ་བ་ཕྱག་གཡས་རིན་པོ་ཆེ་དང་གཡོན་ཨུཏྤལ་བསྣམས་པ། སྦྲུལ་མགོའི་གདེངས་ཀ་བདུན་ཡོད་པ། ཡུམ་སོར་བདུན་པ་ཐལ་སྦྱར་ནོར་བུ་བསྣམས་པ་སྦྲུལ་མགོའི་གདེངས་ཀ་ལྔ་ལྡན་མི་
ལུས་སྦྲུལ་མཇུག །གཉིས་ཀ་དར་དང་རིན་པོ་ཆེས་བརྒྱན་ཅིང་སྐུ་མདོག་སེར་པོ་བྱ། ཡབ་ལ་གི་ཝཾ་དང་སྤྲ་ཚིལ་མ་འཛོམ་ན་གཉིས་ཀ་ལ་སྦྲང་རྩི་བྱུགས། གྲོ་གའམ་ཆུ་ཤོག་ལ་རྒྱ་སྣག་གཙང་མས།] ཨོཾ་ཝ་རུ་ཎ་ཡེ་ཧཱུྃ་སྭཱ་ཧཱ༔ ཕུ༔ ཨོཾ་བ་སུ་ཀི་མཾ་སྭཱ་ཧཱ༔ ཨོཾ་ཝ་རུ་ཎ་ཡེ་སྭཱ་ཧཱ༔ ཨོཾ་ནཱ་ག་རཱ་ཛ་བ་སུ་པུཥྚིཾ་སརྦ་མངྒལཾ་སྭཱ་ཧཱ༔ ཕུ༔ [ཞེས་བྲིས་པ་ཡུམ་གྱི་ནང་དུ་གཞུག །གཉིས་ཀའང་མཇུག་ནས་དྲིལ་ཏེ་དར་སེར་པོས་དྲིལ་ནས་མགོ་གཞུག་མ་ལོག་པར་བཅུག །ཡབ་ཡུམ་གཉིས་ཞལ་སྦྱར་གྱི་ཚུལ་དུ་བུམ་པའི་དབུས་སུ་བཞག །འབུར་སྐུ་མ་འགྲུབ་ན་བཟང་ཤིང་གི་བྱང་བུ་རྩ་རྩེ་མ་ལོག་པ་གཉིས་ལ་ཚད་སོགས་སྔ་མ་དང་འདྲ་བའི་ཀླུ་ཡབ་ཡུམ་བྲིས་ཏེ་གི་ཝཾ་དང་སྦྲང་རྩིས་བྱུགས། ཞལ་སྦྱར་དུ་བསྡམས་ལ་དར་སེར་པོས་དྲིལ་ཏེ་བཞག །སྐུ་གཟུགས་ཚད་ལྡན་མི་འགྲུབ་ན་དཀྱུས་སུ་གཟུངས་དྲིལ་ཁོ་ན་གཞུག་པ་ཉིད་ལག་ལེན་བདེ་ཞིང་དོན་ལ་གནས་ཕྱིར་ལེགས་པས། རྒྱ་ཤོག་ལ་གསེར་རམ་མཚལ་སྣག་གཙང་མས།] ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་མཾ་སིངྔྷི་ཧཱུྃ་ཛཿ ནཱ་ག་རཱ་ཙ་བུངྔྷ་བྷ་ག་ཝཱ་ན་ནཱ་ག་རཱ་ཙ་ས་རྦ་ཧེ་ལོ་སིངྔྷི་ཕ་ལ་པུཥྚིཾ་ཀུ་རུ་ཧཱུྃ་ཧཱུྃ་ཧཱུྃ༔ ནཱ་ག་རཱ་ཙ་སརྦ་ཨཱ་ཡུ༔ རཏྣ་སིངྔྷི་ཧཱུྃ༔ རཏྣ་ངྷེ་ཝ་ཨཱ་ཡུཿ རཏྣ་སིངྔྷི་སིངྔྷི་སརྦ་པཱ་ཤཾ་ཀུ་རུ་ཧཱུྃ་ཧཱུྃ་ཛཿ ཡུལ་ཁམས་གནས་ཁང་འདི་རུ་མི་ནད་ཕྱུགས་ནད་རིམས་ནད་གོད་ཡམས་གོད་ཁ་སད་སེར་བཙའ་འབུ་མུ་གེ་མཚོན་
འཁྲུག་དམག་ཇག་དགྲ་རྐུན་མི་ཁ་སོགས་མི་མཐུན་པའི་ཕྱོགས་རིས་ངན་པ་ཐམས་ཅད་ཞི་ཞིང་ཚེ་བསོད་དཔལ་འབྱོར་རླུང་རྟ་བླ་གཟའ་ཁ་རྗེ་དབང་ཐང་མི་ཕྱུགས་ཡུལ་ཁམས་འབྲུ་ནོར་ལོངས་སྤྱོད་ཐོས་བསམ་སྒོམ་གསུམ་ཉམས་རྟོགས་ཀྱི་ཡོན་ཏན་ལེགས་ཚོགས་བཀྲ་ཤིས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་དངོས་གྲུབ་རྒྱུན་མི་ཆད་པར་འབྱུང་བར་མཛད་དུ་གསོལ། [ཞེས་དབུ་ཅན་ཚེག་མེད་དུ་བྲིས་ལ། གསེར་ལིང་མའམ་ཆུ་རྒྱུན་འབབ་བཟང་པོའི་རྡེའུ་ལ་གསེར་གྱི་]ཕུཿ[བྲི་ཞིང་།] ཕུ་[ཡིག་དང་]ཨོཾ་ཞལ་སྦྱར་ཏེ་གཡས་བསྐོར་དུ་དཀྲིས་པ་གོང་གི་སྐུ་རྒྱུའི་རྫས་རྣམས་སུ་སྤྲ་ཚིལ་ལམ་མར་དང་སྦྱར་ཏེ་ནོར་བུའི་དབྱིབས་སུ་བཅོས་པའི་ནང་དུ་གཞུག་པ་ཉིད་བཀྲ་ཤིས་པའི་ཚིགས་བཅད་ཀྱིས་དྲིལ་པ་མདུན་རྒྱབ་མ་ནོར་བར་བུམ་པར་གཞུག །སྐུ་དང་གཟུངས་བསྒྲིལ་གང་བྱེད་ཀྱང་བུམ་པའི་ནང་དུ་ལུང་པ་གསུམ་ལྔ་བདུན་དགུ་བཅུ་གཅིག་མན་ཆད་ཀྱི་བཙན་ཕྱུགས་འཕན་པོ་གནས་ཆེན་དགོན་སྡེ་བཀྲ་ཤིས་པའི་ས་དང་འབྲུ་སྣ་བླངས་ལ། སྲན་མ་ཡུངས་དཀར་ནག་བྲ་བོ་སོགས་མ་འདྲེས་པ། སྨན་སྣ་ཚོགས་པ་ལ་དུག་རིགས་གླ་རྩི་ཁྱུང་སྡེར་ཚ་བ་གསུམ་སོགས་མ་འདྲེས་པ། རིན་ཆེན་སྣ་ལྔ་ལ་ལྕགས་ར་གན་ཞ་ཉེ་སོགས་མ་འདྲེས་པ། ཤ་ཆང་སྒོག་བཙོང་མ་འདྲེས་པའི་ཟས་སྣ་དང་། ཤིང་ཏོག་གི་རིགས་གང་འཛོམ། དར་སྣ་གོས་སྣ་དང་ཀླུ་སྨན་གང་མང་། ཚྭ་དང་མངར་གསུམ་དཀར་གསུམ་རྣམས་དང་།
བ་དཀར་ར་དཀར་འོ་མ་མོ་གསར་རིགས་བཟང་གི་ནུ་ཞོ་རྣམས་རིལ་བུར་བྱས་པས་བུམ་པ་ཁེངས་པར་བཀང་ལ་དར་དཀར་པོས་ཁ་བཅད་དེ་མགྲིན་པ་དམ་པར་བཅིང་། སྦྱོང་ཁྲུས་སྤྱི་མཐུན་ཡིད་ཆེས་པར་བྱས་ལ། གཙང་མའི་སྟེགས་བུ་རས་དཀར་དྲི་མ་མེད་པའི་ཁེབས་ལྡན་གྱི་ཁར་འབྲས་ཀྱི་ཚོམ་བུ་དགུ་བཀོད་པའི་དབུས་སུ་འགོད། མདུན་དུ་གཏོར་མ་དཀར་མངར་ཀླུ་སྨན་གྱིས་བྲན་པ་དང་། ཆུ་གཉིས་ཉེར་སྤྱོད་ལྔ་རྣམས་གཙང་ཞིང་མཛེས་པར་བཤམ། སྒྲུབ་པ་པོ་ཤ་ཆང་སྤངས་ཏེ་གཙང་སྦྲ་དང་ལྡན་པའི་ངང་ནས་བདག་གི་རྣལ་འབྱོར་ལ་གནས་པས། བུམ་རྫས་བྱིན་བརླབ་པ་ནི།] སྭ་བྷཱ་ཝ་[ལན་གསུམ་གྱིས་སྦྱང་།] སྟོང་པའི་ངང་ལས་གཏེར་ཆེན་པོའི་བུམ་པ་བཟང་པོ་མགྲོན་རྣམས་དགྱེས་རྒུར་རོལ་པའི་གནས་ཡུལ། འཛད་པ་མེད་པའི་ལོངས་སྤྱོད། ན་བ་གསོ་བའི་སྨན། ཤི་བ་སློང་བའི་བདུད་རྩི། འདོད་ཡོན་ནམ་མཁའ་མཛོད་ཀྱི་སྤྲིན་ཕུང་། སངས་རྒྱས་ཀྱི་མཐུ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལས་གྲུབ་པ་འཁོར་བ་ཇི་སྲིད་རྒྱུན་མི་ཆད་པའི་རང་བཞིན་དུ་གྱུར་པར་[བསམ་ཞིང་།] ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་[སོགས་ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་བདུན་གྱིས་བརླབ། མདུན་རྟེན་བསྐྱེད་པ་ནི། བསང་སྦྱང་།] སྟོང་པའི་ངང་ལས་བྷྲཱུྃ་ལས་བུམ་པ་ཡངས་ཤིང་རྒྱ་ཆེ་བའི་ནང་ཕུན་སུམ་ཚོགས་པའི་ཞིང་གི་བཀོད་པ་དང་ཟད་མི་ཤེས་པའི་མཐུན་རྫས་སྣ་ཚོགས་ཀྱིས་གང་བ། རིན་པོ་ཆེའི་གླིང་ཀླུའི་ཕོ་བྲང་
ཉམས་དགའ་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཕུཿལས་ཀླུ་རྒྱལ་ནོར་རྒྱས་སྐུ་མདོག་སེར་པོ་འཁོར་ལོས་སྒྱུར་བའི་ཆ་བྱད་ཅན། སྟོད་མི་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ་སྦྲུལ་མགོའི་གདེངས་ཀ་བདུན་དང་ལྡན་ཅིང་ཕྱག་གཡས་ནོར་བུ་རིན་པོ་ཆེ་དང་། གཡོན་ཨུཏྤལ་བསྣམས་པ། དེའི་མདུན་དུ་ཡུམ་ཀླུ་མོ་ནོར་བུའི་ཅོད་པན་ཅན་སྐུ་མདོག་སེར་པོ་སྟོད་མི་ལ་སྨད་སྦྲུལ་མཇུག་ཅན་སྦྲུལ་མགོའི་གདེངས་ཀ་ལྔ་དང་ལྡན་ཅིང་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་འཛིན་པ། ཡབ་ཡུམ་གཉིས་ཀ་དགྱེས་ཤིང་འཛུམ་པའི་སྐུར་གསལ་བའི་མཐར་ཀླུ་ཆེན་བརྒྱད་དང་། ཡུལ་ཕྱོགས་འདིར་གནས་ཀྱི་ཀླུ་གཉན་ས་བདག་དང་བཅས་པ་རྣམས། རང་རང་གི་ཡུམ་སྲས་བློན་འབངས་འཁོར་ཚོགས་གྲངས་མེད་ལོངས་སྤྱོད་དང་བཅས་པ་བསམ་གྱིས་མི་ཁྱབ་པར་གྱུར། རང་ཉིད་ཡི་དམ་གྱི་ཐུགས་སྲོག་ས་བོན་དང་མདུན་གྱི་ཀླུའི་ཐུགས་ཀར་ཕུཿཡིག་གིས་མཚན་པ་ལས་འོད་ཟེར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཀློང་ནས་ཀླུ་རྒྱལ་ནོར་རྒྱས་ཡབ་ཡུམ་སྲས་བློན་འབངས་འཁོར་ཕོ་བྲང་ལོངས་སྤྱོད་དང་བཅས་པ་རྣམས་བསྒོམས་པ་དང་འདྲ་བ་སྤྱན་དྲངས་ནས་བུམ་ནང་དུ་ཐིམ་པར་གྱུར་པར་
[བསམ་ལ། སྤོས་དཀར་འཐུལ་ཞིང་ལྕགས་ཀྱུའི་རྒྱ་དང་བཅས་ཏེ།] མཐའ་ཡི་རྒྱ་མཚོ་ཆེན་པོ་དང་༔ གཤེར་དང་འབྱུང་བར་རྟེན་བཅས་པའི་༔ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ འཁོར་དང་བཅས་པ་སྤྱན་འདྲེན་ནོ༔ པདྨ་དཀར་པོའི་གདན་ལ་བཞུགས༔ ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་མཾ་སིངྔྷི་ཧཱུྃ་ཛཿ ས་པ་རི་ཝཱ་ར་ས་མ་ཡ་ཛཿཛཿ ཛ་བྃ་ཧཱུྃ་ཧོཿ [ཞེས་ལན་གསུམ་གྱིས་བཀུག་སྟེ་བུམ་ནང་དུ་བསྟིམ།] ནཱ་ག་རཱ་ཙ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྠ་ལྷན་གྱིས་བཞུགས་སུ་གསོལ། ན་མོ་པུ་རུ་ཤ་ཡ་ཧོཿ [ཞེས་ཕྱག་བྱ།] ཨོཾ་ལས་ཀླུ་རྣམས་དགྱེས་སྐྱེད་པའི། །མཆོད་སྤྲིན་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་སྥ་ར་ཎ་ཁཾ། དྭངས་བསིལ་རྙོགས་མེད་ཡོན་ཆབ་དང་། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་དང་། །ཙནྡན་ནགས་ཀྱི་སྤོས་དཀར་དྲིའི། །དགེ་ཞིང་མུན་འཇོམས་ནོར་བུའི་འོད། །སྤོས་དང་སྨན་སྦྱར་ཆུ་གཙང་དང་། །དཀར་གསུམ་མངར་གསུམ་གཙང་མའི་ཟས། །སིལ་སྙན་རོལ་མོ་བསྟོད་པའི་དབྱངས། །རིན་ཆེན་སྣ་བདུན་གཏེར་དང་བརྒྱད། །ཁྲུས་ཀྱི་རྫིང་བུ་དཔག་བསམ་ཤིང་། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །ཀླུ་ཡི་རྒྱལ་པོ་ནོར་རྒྱས་ནི། །བཙུན་མོ་སྲས་དང་བཅས་ལ་འབུལ། །གནས་འདིར་ཀླུ་ནད་མི་འབྱུང་ཞིང་། །བཀྲ་ཤིས་ལོངས་སྤྱོད་རྒྱས་པར་མཛོད། །ཨོཾ་ནཱ་ག་
རཱ་ཙ་བ་སུ་ཀི་མཾ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས་]ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། སྨན་དང་དར་ཟབ་འབྲས་བུའི་ཚོགས༔ ཀླུ་རྒྱལ་འཁོར་བཅས་དགྱེས་བྱེད་ཅིང་༔ ཀླུ་ཡི་ནད་ཀུན་ཞི་བའི་སྨན༔ ཆོས་དང་གང་འདོད་ཆར་པ་བཞིན༔ ཀླུ་ཡིས་འབད་མེད་ལྷུན་གྲུབ་ཤོག༔ ཨོཾ་ནཱ་ག་རཱ་ཙ་ཤུདྡྷེ་བྷ་ག་ཝན༔ ན་མོ་རཏྣ་ཏྲ་ཡ་ཡཱ་ཧ་ཧ་ཧུ་ཧུ༔ ཨ་མྲྀ་ཏ་བི་ཤུདྡྷེ་སྭཱ་ཧཱ༔ ཨོཾ་ཨ་ཀཱ་རོ་[གསུམ་གྱི་གཏོར་མ་བྱིན་བརླབ།] ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་མཾ་སིངྔྷི་ཧཱུྃ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཁཱ་ཧི་ཁཱ་ཧི༔ [ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ།] ཀླུ་རྒྱལ་འཁོར་དང་བཅས་པས་མཆོད་སྦྱིན་གྱི་གཏོར་མ་འདི་བཞེས་ལ། འདོད་པའི་དངོས་གྲུབ་ཐམས་ཅད་མྱུར་བ་ཉིད་དུ་སྩོལ་ཞིང་། བདེ་ལེགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་བར་མཛད་དུ་གསོལ། [ཞེས་འདོད་དོན་གསོལ།] གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པ་མཐའ་དག་འཇོམས་མཛད་པ། །བསྟན་ལ་རབ་དགའ་མཐུན་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །[ཅེས་བསྟོད།] ཀླུ་རྒྱལ་འཁོར་བཅས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་ཕུཿཡིག་སེར་པོ་སྔགས་ཀྱིས་གཡས་སུ་བསྐོར་བ། རང་གི་ཐུགས་ཀ་ནས་འོད་ཟེར་བདུད་རྩིའི་རང་བཞིན་ཅན་འཕྲོས། མདུན་བསྐྱེད་འཁོར་དང་[
བཅས་པ་ལ་ཕོག་པས་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། བརྟན་གཡོའི་དྭངས་བཅུད་མ་ལུས་པ་བསྡུས་ནས་མདུན་གྱི་རྟེན་རྫས་རྣམས་ལ་ཐིམ་པས་སྣོད་བཅུད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར་པའི་[མོས་པས།] ཨོཾ་ནཱ་ག་རཱ་ཙ་བ་སུ་ཀི་མཾ་སིངྔྷི་ཧཱུྃ་ཛཿ [ཞེས་གཙོ་བོར་བཟླ་ཞིང་། སྐབས་སུ།] ནཱ་ག་རཱ་ཙ་བུངྔྷ་བྷ་ག་ཝཱ་ན་[སོགས་གོང་གི་ལས་སྔགས་བཏགས་པའང་བཟླ། ཐུན་མཐར་སྤྲོ་ན།] ཏདྱ་ཐཱ། ངྷཱ་ར་ཎི་ངྷཱ་ར་ཎི་ཨུངྔྷ་ར་ཎི། སཾ་པྲ་ཏིཥྛི་ཏེ་བི་ཛ་ཡ་བ་རྞས་ཏྱ་པྲ་ཏི་ཛྙཱ་ས་ཧ་ར། ཛྙཱ་ན་པ་ཏི། ཨུད་པ་ད་ནི་བི་ནཱ་མ་ནི། ཨ་བྷི་ཥིཉྩ་ནི། ཨ་བྷི་བྱ། ཧཱ་ར་ཤུ་བྷཱ་བ་ཏི། ཨ་ཛིམ། ཨེ་ཧི་ཀུ་མ་པཱ་ལ། བཱ་ཧ་ཧ་ཀླེ་ཤཱ་ན། ངྷུ་ན་པཱ་པཾ། ཤོ་ངྷཱ་ཡ་མཱརྒ་ན། ནི་ར་ཧི་ཀ་ངྷརྨ་ཏ་ཤཱུངྔྷ་ལོ་ཀ་བི་ཏི་མར་རི་རཱ་དུ་ཁཿ ཤ་མ་ནས་སརྦ་བུངྔྷ་ཨ་བ་ལོ་ཀ་ན་ཨ་ངྷིཥྛི་ཛྙཱ་ན་བྷེ་སྭཱ་ཧཱ། [ཞེས་ཀླུ་ལ་བདེ་བ་སྦྱིན་པའི་གཟུངས་སྔགས་ཀྱང་ཅི་ནུས་བཟླས་ལ། དབྱངས་གསལ་རྟེན་སྙིང་ལན་གསུམ་གྱིས་ཁ་བསྐང་། སྔར་བཞིན་མཆོད་ཅིང་བསྟོད་ལ།] ཨེ་མ༔ དད་དང་འབྱོར་ལྡན་ཀླུ་ཡི་ཚོགས༔ མ་ལུས་འཁོར་དང་བཅས་པ་ལ༔ དགྱེས་པ་བསྐང་ཕྱིར་འདོད་ཡོན་འབུལ༔ ནད་སེལ་སྨན་གྱི་རིགས་རྣམས་འབུལ༔ ཀླུ་རྒྱལ་འདོད་པ་ཚིམས་གྱུར་ཅིག༔ ཁྱོད་ལ་ཕྲིན་ལས་
བཅོལ་བ་ནི༔ འཇིག་རྟེན་ཁམས་འདིར་ཆར་འབེབས་ཤིང་༔ འབྲུ་དང་མི་ནོར་འཕེལ་བར་མཛོད༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱི༔ འདོད་ཡོན་འབྱོར་བ་འཕེལ་བ་དང་༔ ཆེ་བཙུན་བཟང་རྒུ་དབང་སྡུས་ཤིག༔ གྲགས་པའི་དཔལ་འབྱོར་ཐོབ་པ་དང་༔ སྙན་པས་འཇིག་རྟེན་ཁྱབ་པར་མཛོད༔ འཇིག་རྟེན་ཁམས་ཀྱི་སྐྱེ་འགྲོ་ཡི༔ ལུས་སེམས་ཀླུ་ཡི་མཐུས་བསྐྱེད་པས༔ གཞན་སེམས་རང་དབང་མེད་པར་ཆོམ༔ མཆོད་ཅིང་སྒྲུབ་པའི་འདོད་དོན་སྩོལ༔ ཕྲིན་ལས་མྱུར་དུ་མ་བསྒྲུབ་ན༔ ཡེ་ཤེས་ལྷ་ཡི་ཐུགས་དང་འགལ༔ ཀླུ་རྒྱལ་དམ་ཚིག་ཉམས་ཏ་རེ༔ དེ་བས་གང་བཅོལ་ཕྲིན་ལས་རྣམས༔ མྱུར་དུ་སྒྲུབས་ཤིག་ས་མ་ཡ༔ [ཞེས་ཕྲིན་ལས་བཅོལ། ཡི་གེ་བརྒྱ་པ་སྔོན་དུ་འགྲོ་བས།] མ་འབྱོར་པ་དང་[སོགས་ཀྱི་ནོངས་པ་བཤགས། རྟེན་སྙིང་བཟླས་པའི་མེ་ཏོག་ཐོགས་ལ།] ན་མོ། དཀོན་མཆོག་རྩ་གསུམ་ཆོས་སྐྱོང་སྲུང་མ་ལྷག་བསམ་རྣམ་པར་དག་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་ཀླུའི་རྒྱལ་པོ་ཆེན་པོ་ནོར་རྒྱས་ཡབ་ཡུམ་སོགས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་ཁྱེད་རྣམས་རཏྣའི་ཕོ་བྲང་ལོངས་སྤྱོད་འཛད་པ་མེད་པའི་རྟེན་འདི་ལ་དགྱེས་པར་བཞུགས་ཏེ་སའི་ཕྱོགས་འདིར་འདོད་པའི་
དངོས་གྲུབ་མཐའ་དག་སྩོལ་བ་དང་། ཀོ་ལོང་རུ་ང་ཕྲག་དོག་མ་མཛད་པར་བཀྲ་ཤིས་དང་བདེ་ལེགས་ཕུན་སུམ་ཚོགས་པར་མཛད་དུ་གསོལ། ཨོཾ་སུ་པྲ་ཏིཥྛི་བཛྲ་ཡེ་སྭཱ་ཧཱ། [ཞེས་མེ་ཏོག་འཐོར་བས་བརྟན་བཞུགས་བྱ།] ཨོཾ་ནཱ་ག་ས་པ་རི་ཝཱ་ར་གཙྪ། [ཞེས་པས་མགྲོན་ཐབས་ཀྱི་ཀླུ་གཤེགས་འོས་རྣམས་རང་གནས་སུ་བཏང་།] ཨོཾ་ག་རུ་ཎ་ཧཾ་ས་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ། [ཞེས་པས་ནག་ཕྱོགས་པའི་ཀླུ་རྣམས་བསྐྲད། གཞན་ཡང་ཐུན་བར་རྣམས་སུ་ཀླུ་གཏོར་སོགས་ལ་འབད་ཅིང་ཇི་ཙམ་ནུས་པར་བསྒྲུབ་བོ། །སྒྲུབ་པ་ཐེམ་ནས་ལས་ལ་སྦྱོར་བ་ནི། སྤྱིར་ས་གནད་གྲགས་ཆེན་བཀྲ་ཤིས་ཤིང་གཉན་ས་ཀུན་དང་། གཙུག་ལག་ཁང་། མཆོད་རྟེན་སོགས་ལ་སྦས་ན་བཀྲ་ཤིས་ཤིང་བསམ་དོན་མཐའ་དག་འགྲུབ། མངའ་ཐང་ལོངས་སྤྱོད་རྒྱས་པ་སོགས་ཕན་ཡོན་ཤིན་ཏུ་ཆེ་ཞིང་། བྱེ་བྲག་རང་གི་ཁྱིམ་རྒྱས་པར་འདོད་ན་མཛོད་ཕུག །གྲོང་ཁྱེར་རྒྱས་པར་འདོད་ན་གྲོང་ཁྱེར་དབུས། སད་སེར་བསྲུང་ན་ས་མདོ་གཉན་ས་ཆར་པ་འབེབ་པར་འདོད་ཆུ་མིག་རྣམས་སུ་སྦས་པས་དོན་འགྲུབ། གནས་དགོན་གདན་ས། གྲོང་ཁྱེར། སྡེ་དཔོན། ཁྱིམ་གཞིས་སོགས་ཉམས་གུད་གསོ་བར་འདོད་ན་གནས་དེའི་ཕྱོགས་བཞི་དབུས་དང་ལྔ་ལ་སྦས་ན་ཉམས་པ་སོར་ཆུད་ཅིང་སྔར་བས་ཀྱང་བསོད་ནམས་ལོངས་སྤྱོད་རྒྱས་པར་འགྱུར། གནས་དགོན་གྲོང་ཁྱེར་སོགས་ཀྱི་ཆུ་མིག་ཁ་ཤར་ལྟ་ཡོད་ན་རིན་ཆེན་ཕྱེ་མ་བསྲེས་པའི་རྫས་བུམ་ནང་ཀླུ་ཆེན་ཡབ་ཡུམ་གཟུགས་ཀྱི་སྙིང་གར་ཕུཿདང་སྙིང་པོ་འདོད་གསོལ་བྲིས་པ་གཞུག །ཀླུ་སྨན་གཙོས་བུམ་པའི་རྫས་རྣམས་
དང་བྱང་ཚྭ་དཀར་པོ་བསླད་མེད་ཀྱིས་བཀང་། སྒྲུབ་པ་ཚུལ་བཞིན་བྱས་པ་དེ་ཆུ་མིག་ཀླུའི་ཕོ་བྲང་དུ་གསལ་ནས་སྦས་ན་ཅི་འདོད་པའི་དངོས་གྲུབ་འབྱུང་། ཆུ་མིག་ལྐུགས་པ་ལ་སྦས་ན་ཆུ་རྒྱས། ཆུ་སྐམ་པ་དང་ཉམས་པ་རྣམས་ཀྱང་འདི་བཞིན་བྱས་ན་ཆུ་རྒྱས་ཤིང་ལེགས་ཚོགས་འཕེལ་བར་གསུངས་པས་སོ་སོའི་སྐབས་ཐོབ་བཞིན་ཤེས་པར་བྱས་ནས། གཙུག་ལག་ཁང་དང་ཕོ་བྲང་། ཁང་ཁྱིམ་སོགས་ལ་ཤ་ཆང་གི་དྲི་མ་མེད་པར་ཁྲུ་གང་ཡན་ཆད་ཀྱི་རྩིག་པའི་གསེབ་ཏུ་བླུགས་ཏེ་མདུན་ཤར་དུ་བསྟན་ལ་སྦ། ཆུ་མིག་ཞིང་དཀྱིལ་སོགས་སུ་ཀླུ་རྟེན་ལྟ་བུ་བརྩིགས་པའི་དབུས་སུ་རྡོ་སྒྲོམ་གྱི་ནང་ཆུ་རྡེལ་གཙང་མས་བཀང་བའི་དབུས་སུ་མདུན་ཤར་དུ་བསྟན་ཏེ་སྦ། གང་གི་ཚེ་ནའང་ཁྲུས་བྱ་ཞིང་གོས་གསར་པ་གྱོན། དུང་འབུད་ལ།] ཨོཾ། བུམ་པ་ཀླུ་ཡི་གཞལ་ཡས་ཁང་། །རྒྱ་མཚོ་ཆེན་པོའི་གཏིང་རུམ་འདིར། །ཀླུ་རྒྱལ་འཁོར་དང་བཅས་པ་རྣམས། །རྟག་ཏུ་བརྟན་པར་བཞུགས་ནས་ཀྱང་། །ཀླུ་གཡང་དངོས་གྲུབ་སྩལ་དུ་གསོལ། །ཀླུ་ཡི་འཕན་གཡང་ཕྱུག་གཡང་དང་། །ཀླུ་ཡི་བཀྲག་དང་གཟི་མདངས་གཡང་། །ཀླུ་ཡི་ཆུས་སྲིད་བཀྲ་ཤིས་གཡང་། །བསོད་ནམས་ཕུན་ཚོགས་ཆུ་ཡི་གཡང་། །སྟོན་ཟླ་འབྲིང་པོའི་ཉ་གསུམ་ལ། །ཀླུ་ཡི་དངོས་གྲུབ་དམ་པ་སྩོལ། །ཕྱུག་གཡང་དར་གཡང་སྐྱིད་གཡང་རྣམས། །ཁུ་ཡེ་ཕྱྭ་དང་གཡང་དུ་བྱོན། །ཀླུ་ཡི་བཀྲ་ཤིས་བསམ་མི་ཁྱབ། །བཀྲ་ཤིས་དེས་ཀྱང་བཀྲ་ཤིས་ཤོག །ཀླུ་
རྣམས་ཆུས་སྲིད་དབང་ཐང་ཆེ། །བཀྲ་ཤིས་དེས་ཀྱང་འདིར་འབྱུང་ཤོག །ཀླུ་ཆེན་ནོར་རྒྱས་དངོས་གྲུབ་མཚོ། །གནས་འདིར་འགྲུབ་པའི་བཀྲ་ཤིས་ཤོག །རྒྱ་གར་རྒྱལ་པོའི་རྒྱལ་སྲིད་དང་། །རྒྱ་ནག་རྒྱལ་པོའི་དཔལ་འབྱོར་དང་། །ཧོར་གྱི་རྒྱལ་པོའི་མཐུ་སྟོབས་སོགས། །འཛམ་གླིང་ཀུན་གྱི་ཕུན་ཚོགས་བཅུད། །ཐམས་ཅད་གནས་འདིར་འདུ་བར་ཤོག །བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །བཀྲ་ཤིས་དེ་ཡི་བཀྲ་ཤིས་ཤོག །ཨོཾ་སརྦ་ཤ་བ་རི་པུ་རུ་སིངྔྷི་ཧཱུྃ། ནཱ་ག་སིངྔྷི་ཕ་ལ་སྭསྟི་སྭསྟི། [ཞེས་བརྗོད་ཅིང་། གཡམ་པས་ཐོག་བཀབ་བྱི་བ་སོགས་སྲོག་ཆགས་ཀྱི་གནོད་པ་དང་ཆུས་མི་འཇིག་པའི་ལན་ཚག་དམ་པར་བྱ། རྩིག་གསེབ་ལྟ་བུར་སྒོར་ཉི་ཟླ་མཆོད་རྟེན་སོགས་བཀྲ་ཤིས་པའི་མཚན་མ་བྲི། ཤིས་བརྗོད་རྒྱས་པར་སྤེལ། མཆོད་གཏོར་བྱ་ཁྱིས་མི་ཟ་བར་བྱ། ཀླུ་ཐེབས་སྐབས་སོགས་སུ་མཆོད་པ་ལ་བརྩོན་པར་བྱའོ། །དེ་ལྟར་བསྒྲུབ་པས་སྣོད་བཅུད་ཀྱི་རྒུད་པ་མ་ལུས་པ་ཞི་ཞིང་། དཔལ་འབྱོར་ལེགས་ཚོགས་བསམ་པའི་དོན་ཐམས་ཅད་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་གསོལ་བ་བཏབ་པ་ལྟར་འབད་མེད་ལྷུན་གྲུབ་ཏུ་འཇོ་བོར་འགྱུར་བ་ཡིན་ནོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དཔལ་ལྡན་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་
རིགས་འདུས་པདྨའི་ཞལ་ལུང་དྲི་མ་མེད་པའི་མན་ངག་ལ་བརྟེན་ནས་ལག་ལེན་འཇུག་པ་བདེ་བའི་ངག་ཁྲིགས་སུ་བསྡེབས་པ་སིངྔྷི་རསྟུ།། །།]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་ལོ་ཏོག་ལ་ཕན་པའི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་སྤྲིན་ཆེན།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་ལོ་ཏོག་ལ་ཕན་པའི་མན་ངག་སྙིང་པོ་བསྡུས་པ་བདུད་རྩིའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་ལོ་ཏོག་ལ་ཕན་པའི་མན་ངག་ལག་ཏུ་བླང་བར་འདོད་པས། ཐོག་མར་ཆར་འབེབས་པ་ལ། འབྱུང་ཁམས་ཆུ་ནང་འཕྲད་སོགས་གཟའ་སྐར་འཕྲོད་སྦྱོར་ཤིས་པའི་ནམ་ལངས་ཀླུ་གནས་ངེས་པའི་མཚོའམ་ཆུ་མིག་ཏུ་ཕྱིན་ལ་ཁྲུས་དང་གཙང་སྦྲ་ཤིན་ཏུ་ཆེ་བར་བྱ། ཆར་འབེབས་པའི་སེམས་བསྐྱེད་བཟང་པོས་དངུལ་ལམ་རྫའི་བུམ་པ་གཙང་མར་ཀླུ་སྨན་དང་འོ་ཆབ་ཀྱིས་བཀང་བ་ཀླུ་ཤིང་གིས་ཁ་བརྒྱན་པའི་མདུན་དུ་མཆོད་གཏོར་བཤམ་ལ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། མདུན་གྱི་བུམ་པ། ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བུམ་པ་ཀླུའི་ཕོ་བྲང་ཉམས་དགའ་ཞིང་ཡིད་དུ་འོང་བའི་ནང་དུ་བུམ་རྫས་དེ་ཉིད་ཡི་གེ་ཕུཿ དཀར་པོ་ལས་འོད་ཟེར་དཀར་པོ་
དཔག་ཏུ་མེད་པ་འཕྲོས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པས་དེ་དག་ན་གནས་པའི་ཀླུའི་རིགས་ཐམས་ཅད་ཀྱི་སྲོག་གི་སྙིང་པོ་བསྡུས་ཏེ་ཕུཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ཀླུ་བདུད་དཀར་པོ་གངས་ཀྱི་རི་བོ་ལ་ཉི་མ་ཤར་བ་ལྟར་དཀར་ཞིང་གསལ་ལ་འོད་ཟེར་འཕྲོ་བ་ཞི་ཞིང་འཛུམ་ལ་གུས་པའི་ངང་ཚུལ་ཅན། ཞལ་གཅིག་ཕྱག་གཉིས་པ། སྦྲུལ་མགོ་དགུའི་གདེངས་ཀ་དང་ལྡན་ཅིང་། ཡིད་བཞིན་ནོར་བུའི་དབུ་རྒྱན་ཅན། ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར་དུ་ནོར་བུ་རིན་པོ་ཆེ་འཛིན་པ། སྟོད་ལྷའི་རྣམ་པ་ལ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ།
རང་འདྲ་བའི་འཁོར་བརྒྱ་ཕྲག་དང་། གཞན་ཡང་ཀླུ་དང་ས་བདག་གི་རིགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པ། རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་བདུད་རྩིའི་རང་བཞིན་ཟླ་བ་ལྟར་དཀར་ཞིང་བསིལ་བའི་རེག་བྱ་དང་ལྡན་པ་དཔག་ཏུ་མེད་པ་འཕྲོས། ཀླུ་དང་ས་བདག་འཁོར་དང་བཅས་པ་ལ་ཕོག་པས་ཐུགས་རྒྱུད་བསྐུལ། སྦྲུལ་མཇུག་རྣམས་ཀྱིས་རྒྱ་མཚོ་ཁྱི་ལི་ལི་དཀྲུགས་པས་རྦ་རླབས་དྲག་ཏུ་འཁྲུག་ཅིང་། ས་གཞི་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ན་བུན་དང་། ཆར་སྤྲིན་ནག་ཐིབ་ཐིབ་དང་། གློག་དམར་འཁྱུགས་ཤིང་འབྲུག་སྒྲ་སྒྲོག །དབང་པོའི་སྒོ་དང་བ་སྤུའི་བུ་ག་རྣམས་ནས་ཀྱང་བདུད་རྩིའི་རླངས་པ་ན་བུན་གྱི་ཚུལ་དུ་འཁྲིགས། དེ་ཐམས་ཅད་ལས་ཆར་གྱི་རྒྱུན་བསམ་གྱིས་མི་ཁྱབ་པ་འུར་འུར་དིར་དིར་དུ་འབབས་པས་རྩི་ཤིང་ནགས་ཚལ་མེ་ཏོག་ལྗང་པ་ཐམས་ཅད་མཆོག་ཏུ་རྒྱས་པར་གྱུར་པར་[བསམ་ཞིང་། རྩ་སྔགས་མཐར།] ཨོཾ་ནཱ་ག་ལེ་ལེ་ཧཱུྃ༔ ནཱ་ག་ལེ་ལེ༔ དྲཾ་པ་ལེ་ལེ༔ ནཱ་ག་རཱ་ཛ་ཧཱུྃ་ཕཊ༔ [ཅེས་བཏགས་པ་སྟོང་རྩ་དང་། དེའི་མཐར།] བྷ་རི་ཤ་ཡ༔ པྲ་ཏ་ཡ༔ དྲག་ཏུ་ཕོབ༔ ནཱ་ག་རཱ་ཛ་ཕྲོམ་ཕྲོམ་ཧྲིལ་ཧྲིལ་ཤར་ཤར་ཕོབ༔ དྲག་ཏུ་ཕོབ༔ མྱུར་དུ་ཕོབ༔ [ཅེས་སྦྱར་བ་བརྒྱ་ཕྲག་
གསུམ་སོགས་བཟླ། དེའི་ཚེ་ཀླུ་རྣམས་ཀྱིས་སྔགས་འུར་དིར་གྱིས་སྒྲོག་པར་བསམ། ངག་བཅད་ཤིན་ཏུ་དམ་པར་བྱ། དེ་ལྟར་བཟླས་པ་ཚར་བ་དང་། ཀླུ་ལ་ཀླུ་གཏོར་ཅི་ནུས་སུ་བཏང་།] མ་འབྱོར་བ་དང་[སོགས་ཀྱིས་ནོངས་པ་བཤགས།] ནཱ་ག་རཱ་ཛ་ས་པ་རི་ཝཱ་ར་གཙྪ༔ [ཞེས་པས་ཀླུ་དང་ས་བདག་རྣམས་རང་རང་གི་གནས་སུ་གཤེགས། །བུམ་པའི་རྫས་རྣམས་ཀླུའི་ནད་གསོ་ཞིང་དགོས་འདོད་འབྱུང་བའི་བདུད་རྩིར་གྱུར་པར་བསམ་ལ། ཆུ་མིག་དང་ཀླུ་རྟེན་སོགས་ལ་གཏོར་ཞིང་གནས་མིན་དུ་མ་ཟགས་པར་བྱའོ། །ཐུན་མཚམས་ཐམས་ཅད་དུ་རང་ངམ་གཞན་གྱིས་བསང་མཆོད་དང་གསེར་སྐྱེམས་གཏང་། ཀླུ་གཏོར་ཅི་མང་བྱ། ཀླུ་གཏེར་སྦ། སྤྲིན་ཆེན་དང་སྤང་སྐོང་སོགས་བཀླག །ཁྱད་པར་སྤྲིན་བསྡུ་བའི་དམིགས་བཟླས་ནི།] རང་ལྷག་པའི་ལྷར་གསལ་བ་དེ་ཉིད་སྐད་ཅིག་གིས་གཡུ་འབྲུག་སྔོན་པོ་ཆེ་ཞིང་བརྗིད་པའི་རྣམ་པར་གྱུར་པ་ལས་དེ་ལྟ་བུའི་འབྲུག་ཆེ་ཆུང་བསམ་གྱིས་མི་ཁྱབ་པ་འཕྲོས། སྟེང་འོག་བར་མཚམས་མེད་པར་ཁྱབ་པའི་བ་སྤུའི་ཁུང་བུ་ལས་སྤྲིན་དང་ཕུན་ཚོགས་འཐིབས་ཤིང་འབྲུག་སྒྲ་སྙན་པར་སྒྲོག །དབང་པོའི་སྒོ་རྣམས་ནས་གློག་འོད་འཁྱུག་ཅིང་འཁྲུགས་པ་ལས་ཆར་གྱི་རྒྱུན་དྲག་ཏུ་འབེབས་པར་[བསམ་ལ།] ཨོཾ་སབ་སབ་ཧཱུྃ་སོབ་སོབ་ཧཱུྃ༔ [ཞེས་སྟོང་ཕྲག་སོགས་བཟླ། འབྲུག་བསྐུལ་བ་ནི། དམིགས་པ་དེ་དང་མ་བྲལ་བའི་ངང་།] ཨོཾ་ཏྲ་ཞི་ཞིབ༔
ཀྱི་ཆི་བར་ན་སོ་བི་ཤ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ [སུམ་བརྒྱ་སོགས་བཟླ། གཞན་ཡང་ཡུལ་དེའི་སྐྱེ་བོ་ཕོ་མོ་སོགས་གང་ཡོད་པ་རིགས་གསུམ་མགོན་པོ་དང་ཐོད་ཕྲེང་རྩལ་གྱི་སྙིང་པོ་འུར་འདོན་དུ་བཅུག །སྐབས་སྐབས་སུ་གསོལ་འདེབས་ཀྱི་རིམ་པའང་གང་ཤེས་བྱའོ། །རླུང་གནོན་ནི།] རང་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་རླུང་ལྷ་རླུང་བདག་དང་བཅས་པ་རང་དབང་མེད་པར་བཀུག་སྟེ་ཞབས་ཀྱི་གདན་ཁྲིའི་འོག་ཏུ་ཆོས་འབྱུང་ཡངས་ཤིང་རྒྱ་ཆེ་བ་གོ་སྐབས་མེད་པའི་ནང་དུ་ཚུད་ནས་ཐིབ་ཐིབ་གནོན་པར་[བསམ་ལ།] ཨོཾ་ཆར་ཡ་ཆུར་ཡ་བཱ་ཡུ་སྟྭཾ་བྷ་ཡ་ནན༔ [ཞེས་སྟོང་ཕྲག་གཅིག་བཟླ། རླུང་ནོན་པའི་ཚེ་མི་དམིགས་པར་བསམ། ཡང་བར་སྣང་ནས་འབབ་ཀྱང་ས་གཞིར་ཆེར་མི་ཕན་པ་ལྟ་བུ་ནི་དམ་སྲི་འབྱུང་པོའི་བར་ཆད་ཡིན་པས་གླུད་གཏོར་ཅི་མང་བསྔོ། གཞན་ཡང་ཞི་དྲག་གི་ཐབས་ཇི་ལྟར་རིགས་པ་བྱ། རྗེས་ཐོབ་ཐམས་ཅད་དུ་དགེ་བ་བསྔོ། སྨོན་ལམ་གདབ། བཀྲ་ཤིས་རྒྱ་ཆེར་བརྗོད། དེ་ལྟར་འབད་པ་ཞག་གསུམ་བདུན་ཕན་ཆད་ཆར་གྱི་རྒྱུན་ཆེན་པོ་འབེབ་པར་འགྱུར་རོ། །][སད་སྲུང་བ་ནི། གོང་དུ་བཤད་པའི་མན་ངག་མཐའ་དག་དང་། ཁྱད་པར་དུས་རྒྱུན་དུ་བདག་བསྐྱེད་སྔོན་དུ་འགྲོ་བས། སྤྲིན་སྡུད་ཀྱི་དམིགས་བཟླས་ཁོ་ན་གཙོ་བོར་བྱ། ཐུན་མཚམས་རྣམས་སུ་གཏོར་མ་བརྒྱ་རྩ། བསང་གསུར་གཞི་བདག་གཏོར་མ་དང་། གསེར་སྐྱེམས་སོགས་ལ་འབད། དུས་བཟང་རྣམས་སུ་དཀོན་མཆོག་ལ་མཆོད་པ་དང་། སྦྱོང་བ་གསུམ་སྔོན་དུ་འགྲོ་བས་ཡུལ་ཁྲུས་སོགས་ལ་འབད་པས་སད་
ཀྱི་འཇིགས་པ་ལས་གྲོལ་བར་འགྱུར་རོ། །]༈ [སེར་བ་སྲུང་བ་ནི། འཕྲལ་དུ་གདོང་ཟློག་དང་། ཡུན་དུ་སྲུང་བ་གཉིས་ལས།] [དང་པོ་ནི། སེར་སྤྲིན་བྱུང་བ་ན་དེའི་ཕྱོགས་སུ་ཁ་བལྟས་ཏེ།] ཁྲོམ་[ཞེས་བརྗོད་པས།] རང་སྐད་ཅིག་གིས་ལས་གྱི་བྱ་ཁྱུང་འཇིགས་སུ་རུང་བ་སྟོང་གསུམ་ཁྱབ་པའི་སྐུ་ལས་མེ་འོད་ཕྱག་མཚན་ཕོ་ཉའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་སེར་བ་སེར་བདག་དང་བཅས་པ་སྐད་ཅིག་གིས་རང་དབང་མེད་པར་རྒྱང་རིང་དུ་བསྐྲད་པར་[བསམ་ལ།] ཨོཾ་བཛྲ་པཱ་ཎི་ཧཱུྃ༔ ཨོཾ་བཛྲ་ཙཎྜམ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ ཁྲཾ་བཛྲ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུྃ་ཕཊ༔ ཁྲོཾ་ཧྲཱིཿ ཧཱུྃ་བྷྱོ་ཕཊཿ བྷ་རི་ཤ་ཡ་ཟློག་ཟློག་སྒྱུར་སྒྱུར་ཕཊ། [ཅེས་དང་ཧཱུྃ་རིང་དྲག་ཏུ་བརྗོད་ཅིང་སྡིགས་མཛུབ་དང་སྡང་མིག་གིས་གཟིར། ཚབས་ཆེར་བྱུང་ན་འོག་ནས་བཤད་པའི་རྫས་སྣའི་དུད་པ་བཏང་། ཡུངས་དཀར་གྱི་ཐུན་དང་། ཕུར་པས་གཟིར།] ཨོཾ་ག་རུ་ཌ་ཧཾ་སེ་ཧེ་ཙ་ལེ་ཙ་ལེ་སྭཱ་ཧཱ༔ ཨོཾ་ཧེ་ཧེ༔ ཏིཥྠ་ཏིཥྠ༔ བྷནྡྷ་བྷནྡྷ༔ ངྷཱ་ར་ངྷཱ་ར་ཡ༔ ནི་རུནྡྷ་ནི་རུནྡྷ༔ སེར་བ་སེར་བདག་དང་བཅས་པ་ཨཱུརྞ་མི་ཎི་སྭཱ་ཧཱ༔ [ཞེས་དྲག་ཏུ་བཟླའོ། །][གཉིས་པ་ཡུན་དུ་སྲུང་བ་ལ། རྫས་ནི། གླ་རྩི་ནག་པོ། མུ་ཟེ་ནག་པོ། ཤུ་དག་ནག་པོ། གུ་གུལ་ནག་པོ། ཨ་རུ་ར་ནག་པོ། བོང་ང་ནག་པོ། སྤྲུ་པ་ནག་པོ། ཤིང་ཀུན་ནག་པོ། སྒོག་གཅིག་མ། གྲུབ་ཐོབ་ཀྱི་དྲི་ཆེན། རྟ་ནག་པོའི་བོན། ཡུང་བ། ཐར་ནུ་སྟེ་རྫས་སྣ་བཅུ་གསུམ་རིལ་བུར་བྱ། སྐྱེར་པའི་ཕུར་
པ་སོར་བརྒྱད་པ་ལ།] ཁྲོམ་ཧཱུྃ་ཧྲཱིཿ [བྲི། ཤིང་བྱང་ལའང་སྔགས་དེ་དང་། གོང་གི་སྔགས་རྣམས་ཀྱི་མཐར།] ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵ་རཀྵ༔ [ཞེས་བྲི། རྡོ་འཁོར་ལ་ལྟེ་བར།] ཁྲོམ་ཧཱུྃ་ཧྲཱིཿ [མུ་ཁྱུད་དང་པོ་ལ་གོང་སྔགས་འདོད་གསོལ་དང་བཅས་པ། གཉིས་པ་ལ།] ཨཿཡཿམཿདུཿརུཿཙཿཤཿནཿ ས་མ་ཡ༔ ཡུལ་ཕྱོགས་འདི་ལ་སེར་བ་སྲུངས་ཤིག་རཀྵ༔ རཀྵ༔ [གསུམ་པ་ལ་]ཨཱ་ལི། [བཞི་པ་ལ་]ཀཱ་ལི། ལྔ་པ་ལ་རྟེན་འབྲེལ་སྙིང་པོ་རྣམས་ཡི་གེ་དབུ་ཅན་ཚེག་མེད་དུ་བྲི། དེ་ཐམས་ཅད་ལ་རྫས་སྣ་བཅུ་གསུམ་བྱུགས་ཤིང་ཆུས་མི་གནོད་པའི་བྲ་རྩི་བཏང་། རྫས་རྣམས་ཐུམ་བུར་བྱས་ཏེ་ཕུར་པ་ལ་འདོགས། དེ་ནས་དེ་རྣམས་མདུན་དུ་བཀོད་ལ། བདག་བསྐྱེད་ཡི་དམ་སྔོན་དུ་འགྲོ་བས། རྫས་དང་སྔགས་རྣམས་དབུས་སུ་ཕྱག་རྡོར། གཡས་སུ་བྱ་ཁྱུང་། གཡོན་དུ་རྟ་མགྲིན། མཐའ་བསྐོར་ཀུན་ཏུ་སྤྲུལ་པའི་ཁྲོ་བོ་བསམ་གྱིས་མི་ཁྱབ་པས་བསྐོར་བར་བསྐྱེད་ལ་ཡེ་ཤེས་པ་བསྟིམ། མཆོད་བསྟོད་བྱ། གོང་གི་སྔགས་རྣམས་བརྒྱ་རྩ་དང་། ཁྲོམ་ཧཱུྃ་ཧྲཱིཿ [ཞེས་པའི་སྲོག་སྔགས་སྟོང་ཕྲག་སོགས་བཟླས་པའི་མེ་ཏོག་གིས་གཏོར། རབ་གནས་བརྟན་བཞུགས་བྱ། ལྷ་འོད་དུ་ཞུ་ནས་ཡིག་འབྲུའི་རྣམ་པར་བཞུགས་པར་བསྒོམ། དེ་ལྟར་སྒྲུབ་པ་ཅི་ནུས་སུ་བྱས་ནས། དངོས་གཞི་གཟའ་སྐར་བཟང་པོ་ཉིན་ཡུལ་དེའི་ཕྱོགས་བཞི་དབུས་དང་ལྔར་ཐོ་མི་ཚད་ཙམ་བརྩིགས་པའི་སྟེང་དུ་ཤིང་བྱང་བཙུག །དེའི་མདུན་དུ་རྡོ་འཁོར་བཞག་ཅིང་ཕུར་པའང་གཟིར། གསེར་སྐྱེམས་བསང་མཆོད་ཡུལ་ལྷ་གཞི་བདག་ལ་བཀའ་བསྒོ་ཕྲིན་བཅོལ་སྔོན་དུ་འགྲོ་བས་གོང་དུ་བཤད་པ་ལྟར་བསྐྱེད་བསྟིམ་བཟླས་པ་
རབ་གནས་བརྟན་བཞུགས་ཤིས་བརྗོད་སོགས་རྒྱས་པར་བྱ། དེ་ནས་བཟུང་དུས་རྒྱུན་དུ་ཡི་དམ་གྱི་སྒོམ་བཟླས་དང་། ཆོས་སྐྱོང་ལ་སྐོང་བཤགས། བསང་གསེར་སྐྱེམས་སོགས་མ་ཆག་པར་བྱས་པས་ངེས་པར་ཐུབ་བོ། །][ཞར་བྱུང་ཐོག་སྲུང་ནི།] རང་ལུས་སྐད་ཅིག་གིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་རྭ་གདེངས་པ་ལས་ཡེ་ཤེས་ཀྱི་མེ་འབར་བའི་སྟེང་གི་ནམ་མཁའ་ཐམས་ཅད་གསེར་གྱི་འཁོར་ལོ་རྩིབས་སྟོང་དང་ལྡན་པའི་དབུས་སུ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་། རྩིབས་རྣམས་ལ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྣམས་ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ། འོག་གི་ཆ་ཐམས་ཅད་མཚོ་ཆེན་པོ་སྔོ་ཞིང་མེར་བ། ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་རྭ་གུར་མེ་འབར་བས་གོ་སྐབས་མེད་པར་གཏམས་པར་[བསམ་ལ།] ནི་ནཱ་ག་ཛ་མུནྟི་ཨ༔ [ཞེས་ཡིད་ཀྱིས་བཟླས་པ་ལ་སེམས་མི་གཡོ་བར་བཟུང་བས་ངེས་པར་ཐུབ་བོ། །]༈[ཐོག་སྲུང་ན། མཐིང་ཤོག་ལ་གསེར་གྱིས་ཆོས་འབྱུང་ཟུར་དྲུག་པའི་དབུས་སུ་གོང་གི་སྔགས་ཤམ་དུ།] འཆང་བ་ལ་སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་གནམ་ལྕགས་ཐོག་གི་འཇིགས་པ་ཐམས་ཅད་རཀྵ་རཀྵ༔ [ཟུར་དྲུག་ལ། མདུན་དུ་རཀྵ་རྒྱབ་ཏུ་ཨོཾ། གྲྭ་བཞིར་ཤར་ལྷོ་ནས་གཡས་བསྐོར་དུ།] ཧ་བྃ་ཏ་ཀྵ་[ཞེས་བྲིས། རང་སྔགས་དང་]ཡེ་ངྷརྨཱ་[བརྒྱ་རྩས་རབ་གནས་བྱ་ཞིང་། རིན་པོ་ཆེ་སྣ་ལྔ་དང་ལྷན་ཅིག་ཏུ་འཆང་ན་
ངེས་པར་སྲུང་ཞིང་། ཁང་པ་དང་གུར་སོགས་ལ་བཏགས་པས་ཀྱང་ཐུབ་བོ། །]༈[ལོ་ཏོག་བཙའི་གནོད་པ་བསྲུང་བ་ནི། སྐམ་བཙའ་ལ། ཆུ་སྣ་ཅི་མང་དང་། ཁྱད་པར་ཆར་ཆུ་གངས་ཆུ། ཆུ་བོ་ཆེན་པོའི་གཞུང་ཆུ། ར་དཀར་མོ་དང་། བ་དམར་མོའི་འོ་མ་ལ་ཀླུ་སྨན་བསྲེས་ནས་གཙང་སྦྲ་དང་བཅས་པས་ངག་བཅད་ལ་སྔགས་འདི་བཏབ་བོ།] ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཧཱུྃཿ ཨོཾ་ནཱ་ག་བུམ་པ་ཤིག༔ ཛཿཏྲི་ཆུ་མ༔ བྲ་བ་ཙད་ནས་དྲོངས༔ ནཱ་ག་རཱ་ཙ་ཁ་ཐཾ༔ [ཞེས་ཁྲི་འབུམ་སོགས་ཅི་ནུས་བཟླས་པས་བསྒྲུབ། དེ་ནས་ཁྱེའུ་ལོ་བརྒྱད་པ་དང་། བུ་མོ་ལོ་བཅུ་གཉིས་མ་གཉིས་ཀྱིས་ཤིང་ལོས་ཞིང་རྣམས་ལ་སྔགས་ཆུ་གཏོར། རློན་བཙའ་ལ། གོང་གི་སྔགས་ཆུ་ཕྱེ་མ་དང་། རིན་པོ་ཆེ་སྣ་ལྔའི་ཕྱེ་མ་དང་བསྲེས་ནས་སྔགས་ཅི་མང་བཏབ་ལ་སྐྱེས་པ་ཁྱི་འབྲུག་གླང་ལུག་གི་ལོ་པས་གཏོར། དེ་གཉིས་ཀའི་ཞིང་ས་རྒྱ་ཆེ་བས་མཐར་ཆགས་སུ་གཏོར་མ་ཐུབ་ན། ཞིང་རེ་རེ་ནས་དབུས་དང་ཕྱོགས་བཞིར་གཏོར། དམིགས་པ་ནི།] རང་ཐུགས་རྗེ་ཆེན་པོར་གསལ་བའི་ཕྱག་གཡས་མཆོག་སྦྱིན་ལས་བདུད་རྩིའི་ཆུ་རྒྱུན་དཔག་ཏུ་མེད་པ་བབས། ལོ་ཡམས་ཀྱི་ནད་བཙའི་གནོད་པ་ཐམས་ཅད་ཤྭ་རྦུད་ཆེན་པོས་སྦུར་མ་དེད་པ་ལྟར་བཀྲུས་ནས་ས་རིམ་པ་དགུའི་འོག་ཏུ་སོང་བར་[བསམ་ལ། ཡིག་དྲུག་འུར་འདོན་བྱ། སྔགས་ཀྱི་ཁྱད་པར་གཞན་ཡང་།] ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ སརྦ་ཁཾ་ཡེར་ཁཾ་ཡེར་བྱི་ལ་སྭཱ་ཧཱ༔ [རྫས་གོང་བཞིན་ལ་བཏབ་ཀྱང་ཆོག་གོ །དེས་མ་ཕན་ན་བཙའ་བདའ་བའི་མན་ངག་སོགས་
གཞན་དུ་ཤེས་པར་བྱའོ། །]༈ [གཞན་ཡང་ལོ་ཏོག་ལ་འབྱུང་པོ་དང་ལན་ཆགས་ཀྱི་ཆོ་འཕྲུལ་འབུ་སྲིན་གྱི་འཚེ་བ་བྱུང་ན། ཐོག་མར་ལན་ཆགས་གཏོར་མ་མང་དུ་གཏང་། དེ་ནས་བྱེ་མ་གཙང་མ་དང་། གཙང་ཆབ་བུམ་པ་གང་ལ་ག་བུར་དྲི་ཐོན་བཏབ་པ་ལ་སྔགས་འདི་ཁྲི་ཕྲག་བཟླས་ནས་བསྒྲུབ་བོ། །]རང་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྔགས་ཀྱི་འོད་ཟེར་རྫས་ལ་ཐིམ་པས་ནུས་པ་མཆོག་ཏུ་གྱུར། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ན་ག་ཛ་ཛཿ མ་ནུ་ཛ་ཛཿ འབུ་སྲིན་ཛ་ཛཿ ཞེས་དང་། བཛྲ་བ་ན་ཁཾ་ཐཱུཾ་རིལ་རྦད་སྭཱ་ཧཱ༔ [ཞེས་པའང་བཟླ། དེ་ནས་ཞིང་ལ་ས་བོན་མ་བཏབ་གོང་ནས་བ་དམར་གྱི་ལྕི་བ་དང་ཤིང་སྣའི་དུད་པ་བཏང་། དེ་རྗེས་ཁྱེའུ་ལོ་བརྒྱད་པ་གཅིག་གིས་བྱེ་མ་དང་། བུམ་ཆུ་གཏོར། སླར་ཡང་རྣམ་འཇོམས་སོགས་ཀྱིས་བསྒྲུབས་པའི་བུམ་ཆུ་དང་། རྟེན་བྱིན་ཅན་ལ་ཁྲུས་གསོལ་བའི་ཆུ་དང་། ས་སྣ་ཆུ་སྣ་བྱིན་ཅན་ཡང་ཡང་གཏོར་བས་ཐུབ་བོ། །]༈[བྱི་བ་དང་རི་བོང་སོགས་ཀྱི་གནོད་པ་བསྲུང་ན། ཡུངས་དཀར་དང་། རོ་བསྲེགས་པའི་ཐལ་བ་ལ།] ཏེ་པ་ཏེ་པ་ཀྲི་ནེ་ཛ་ལི་བྷྱོ༔ [ཞེས་པས་བསྡག་ཅིང་བྱེ་མ་དང་བསྲེས་ལ་ཞིང་གི་མཐའ་དབུས་ཁྱབ་པར་གཏོར་བས་ཐུབ་བོ། །]༈[བྱིའུའི་གནོད་པ་བསྲུང་ན། གྲོ་གའམ་ཤུག་པའི་བྱང་བུ་ལ་སྔགས་བྲི། གཙང་པོའི་བྱེ་མ་ལ་སྔགས་མང་དུ་བཏབ། བྱང་བུ་དང་བྱེ་མ་ཁྱི་དང་བུད་མེད་ཀྱིས་མ་མཐོང་བར་ནམ་ཐོ་རངས་ཁྱེར་ལ། བྱང་བུ་ཞིང་གི་དབུས་སུ་གཟུག །བྱེ་མ་གཏོར། སྔགས་ནི།] ཨོཾ་ཀྱུ་མ་ལེ་ཀྱུ་མ་ལེ་འབྱུང་
པོ་བྱིའུའི་མཆུ་ཁ་གཞན་ལ་སྒྱུར་ཅིག༔ [ཡང་ན།] ཨོཾ་ཏིང་ཤེ་ཏིང་ཤེ་ཕུར་ལོང་གནོད་བྱེད་བྱེའུ་ཁ་ཆིང་ཤིག༔ [གཉིས་ཀའམ་གང་རུང་བྲི་བཟླས་བྱ། བྲི་བའི་ཚེ་དབུ་ཅན་ཚེག་མེད་དུ་བྲིའོ། །]༈[ཁང་ཁྱིམ་དང་ལོ་ཏོག་ལ་བྱི་བའི་གནོད་པ་བསྲུང་ན། ཡུངས་དཀར་ལ།] ཨོཾ་ནཱ་ག་ཤ་བ་ནན། ཨོཾ་ར་ཤུ་ཙུ་རུ་ཙུ་རུ་སྭཱ་ཧཱ༔ [ཞེས་མང་དུ་བཏབ་ནས་བྱི་ཁུང་ལ་གཏོར་བས་བྱི་བ་རྣམས་རིང་དུ་འབྲོས་པས་འགྱུར་རོ། །]༈[ལོ་ལེགས་པའི་མན་ངག་ལུད་ཀྱི་སྦྱོར་བ་ནི། བདུད་རྩི་འོད་ལྡན། ཕུག་རོན་གྱི་བྲུན། ས་རུལ། འབའ་ཆ། ཕབ་རྣམས་བུ་མོ་ལོ་བརྒྱད་མའི་དྲི་ཆུ་དང་སྦྱར་བ་ལ།] ཨོཾ་ཨཱཿདྷ་རི་རཏྣ་ཛ་བྷེ་མོ་ཧེ་སིངྔྷི་སྭཱ་ཧཱ༔ [ཞེས་ཞག་གསུམ་དུ་བསྔགས་པས་ལུད་ལ་བྲན། ས་བོན་ལའང་མར་ནག་དང་སྦོལ་ནས་གོང་ལྟར་སྔགས་སྟོང་ཚོ་གཅིག་བཏབ་པས་བཙའ་སད་འབུ་གསུམ་སོགས་ཀྱི་གནོད་པ་ལས་སྲུང་ཞིང་། སྙེ་མ་ཆེ་བ་དང་། འབྲུ་སྣུམ་པ་སོགས་ལོ་ཏོག་ཕུན་སུམ་ཚོགས་པར་འབྱུང་བར་འགྱུར་རོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཚད་མར་གྱུར་པའི་གཞུང་རྣམས་ལས་ཟབ་འདྲིལ་འཇུག་བདེ་སྙིང་པོ་དྲིལ་བའི་ཚུལ་གྱིས་སྦྱར་བ་སིངྔྷི་རསྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་རབ་གནས་ཀྱི་ཆོ་ག་མདོར་བསྡུས་བཀྲ་ཤིས་ཆར་འབེབས།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་རབ་གནས་ཀྱི་ཆོ་ག་མདོར་བསྡུས་བཀྲ་ཤིས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་རབ་གནས་ཀྱི་ཆོ་ག་མདོར་བསྡུས་ཏེ་བྱ་བར་འདོད་པས། གནས་བྱའི་རྟེན་གྱི་མདུན་དུ་སྒྲུབ་དཀྱིལ་ཚུལ་བཞིན་དུ་བཞེངས་པའི་གཡས་སུ་མངའ་དབུལ་གྱི་མཎྜལ་དང་། ཞལ་ཟས་དང་གདུགས་སེར་པོས་བརྒྱན་པའི་མཐར་དཀར་མངར་ཤིང་ཏོག་སོགས་ཀྱིས་བསྐོར་བའི་ཙཱ་རུའི་བཟའ་བ། ཉེར་སྤྱོད་སོགས་མཆོད་པའི་བྱེ་བྲག་ཇི་ལྟར་འབྱོར་བ། གཡོན་དུ་བུམ་གདན་པདྨ་འདབ་བརྒྱད་ཀྱི་ཁར་ཁྲུས་བུམ་བཅུད་ལྡན། གཞན་ཡང་གུལ་ཡུངས་སྦྱོང་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བཟླས་པའི་རྗེས་སུ་ཁྲུས་བུམ་བསང་སྦྱང་།] སྟོང་པའི་ངང་
ལས་པད་ཟླའི་སྟེང་དུ་བྷྲུྃ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་བདུད་རྩིའི་བཅུད་ཀྱིས་གང་བའི་དབུས་སུ་སྔགས་ཀྱི་ཕྲེང་བ་འོད་ཟེར་ཀུན་ཏུ་འཕྲོ་བ་ལས་དྲི་མ་སྦྱོང་བའི་མཐུ་ལྡན་གྱི་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་[བསམ་ཞིང་། ཁྲུས་སྔགས་]ཨ་བྷི་ཥེ་ཀ་[ཅི་འགྲུབ་བཟླ། གུ་གུལ་དང་། ཡུངས་ཀར་ཀྱང་ལས་སྔགས་ཀྱིས་བརླབ། དངོས་གཞིའི་ཐོག་མར་བགེགས་སྦྱོང་བའི་སླད་དུ་སྦྱོང་ཆས་རྣམས་གཡས་གཡོན་དུ་བསྐོར་ཞིང་།] ཨོཾ་སརྦ་བིགྷྣན་ན་མཿསརྦ་[སོགས་ལན་གསུམ་གྱིས་ཞི་བ།] སུམྦྷ་ནི་[གསུམ་གྱིས་ཕྱེད་མ།] བཛྲ་མ་ཧཱ་ཤྲཱི་ཧེ་རུ་ཀོ་྅་ཧཾ།
རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྲོ་མོ་འཇིགས་སུ་རུང་བའི་སྐུར་གྱུར་པར་མོས་པའི་ང་རྒྱལ་གྱིས། ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་རིག་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་རྣམ་པར་དག་ཅིང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་སའི་ཕྱོགས་འདིར་རྡོ་རྗེ་འཛིན་པ་བདག་གིས་སེམས་རྣམ་པ་གཉིས་བསྐྱེད་དེ། གནས་སྐབས་སུ་འཇིག་རྟེན་གྱི་ཁམས་ལ་ཕན་པ་རྒྱ་ཆེན་པོ་བསྒྲུབ་པ་དང་། མཐར་ཐུག་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་འབྲས་བུ་ཐོབ་པར་བྱ་བའི་ཆེད་དུ་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ལ་རབ་ཏུ་གནས་པར་བགྱི་བ་ལ་བར་དུ་གཅོད་ཅིང་གླགས་བལྟ་བའི་འབྱུང་པོ་གདུག་པ་ཅན་གཡོག་དང་འཁོར་དུ་བཅས་པ་རྣམས་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་
པར་འགྱུར་ཏ་རེ། [ཞེས་དང་། དྲག་སྔགས་ཡུངས་ཐུན་རོལ་མོའི་ཚམ་རྔམས་བཅས་ཕྱི་རོལ་དུ་བསྐྲད་པ་ནི་དྲག་པོས་སྦྱོང་བའོ། །དེ་ནས་ཁྲུས་བྱ་བའི་སླད་དུ་ཐོག་མར་དཀྱིལ་འཁོར་སོགས་དང་རྟེན་རིང་བསྲེལ་ཅན་གྱི་གཟུགས་བརྙན་ཤར་བའི་མེ་ལོང་ལ་ཁྲུས་གསོལ་ཞིང་།] ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་བྲེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བའི་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། [ཁྲུས་རས་ཀྱིས་ཕྱིས་ཤིང་།] དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བགོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཀཱ་ཡི་བི་ཤོ་ངྷ་ན་ཡེ་སྭཱ་ཧཱ། [ཁྲུས་ཆུ་དེ་ཉིད་སླར་ཡང་བུམ་པར་བླུགས་པས་རྟེན་གསར་པ་རྣམས་དངོས་སམ་གཟུགས་བརྙན་ལ་ཁྲུས་གསོལ་ཞིང་།]
འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་[སོགས་དང་། སྤྲོ་ན་ཕར་ཕྱིན་དྲུག་གི་ཁྲུས་ཚིག་ཀྱང་བརྗོད།] དེ་དག་སྐུ་ལ་[སོགས་ཀྱིས་སྔར་བཞིན་སྐུ་ཕྱི། དྲི་ལྔས་ཐུགས་ཀར་བྱུགས་ཤིང་] སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་གྱུར་པའི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཨོཾ་བཛྲ་གནྡྷེ་སྭཱ་ཧཱ། [ན་བཟའ་དང་རྒྱན་འབུལ་ལ།] དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཨོཾ་བཛྲ་ཝ་སྟྲཱ་ཡེ་སྭཱ་ཧཱ། [ཞེས་དང་།] སྤྲོ་ན་རྗེས་འབྲེལ་དུ་ཤིས་བརྗོད་ཇི་ལྟར་རིགས་པའང་བྱ། རྟེན་བསྐྱེད་པའི་སླད་དུ་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་སྐད་ཅིག་གིས༔ ལྷ་སྐུའི་ཕྱག་རྒྱའི་རྣམ་པ་ཀུན༔ སེང་གེས་བཏེགས་པའི་རིན་ཆེན་ཁྲི༔ སྣ་ཚོགས་པད་ཉི་ཟླ་བའི་སྟེང་༔ ཨོཾ་ལས་འཁོར་ལོ་ཨོཾ་གྱིས་མཚན༔
དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན༔ སྐུ་ཡི་རྡོ་རྗེའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ རྣམ་པར་སྣང་མཛད་བཅོམ་ལྡན་འདས༔ དཀར་གསལ་འཁོར་ལོ་དྲིལ་བུ་འཛིན༔ རང་འོད་སྙེམས་མ་ཡུམ་དང་སྦྱོར༔ གསུང་རྟེན་རིག་པ་གླེགས་བམ་ཀུན༔ རྨ་བྱས་བཏེགས་པའི་རིན་ཆེན་ཁྲི༔ སྣ་ཚོགས་པད་ཉི་ཟླ་བའི་སྟེང་༔ ཧྲཱིཿལས་པདྨ་ཧྲཱིཿཡིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཕྱོགས་དུས་རྒྱལ་བ་སྲས་བཅས་ཀུན༔ གསུང་གི་རྡོ་རྗེའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ སྣང་བ་མཐའ་ཡས་བཅོམ་ལྡན་འདས༔ དཀར་དམར་པདྨ་དྲིལ་བུ་འཛིན༔ རང་འོད་གོས་དཀར་ཡུམ་དང་སྦྱོར༔ ཐུགས་རྟེན་ཕྱག་མཚན་མཆོད་རྟེན་སོགས༔ གླང་པོས་བཏེགས་པའི་རིན་ཆེན་ཁྲི༔ སྣ་ཚོགས་པད་ཉི་ཟླ་བའི་སྟེང་༔ ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན༔ དེ་ལས་འཕྲོས་པའི་འོད་ཟེར་གྱིས༔ ཕྱོགས་དུས་རྒྱལ་བ་སྲས་
བཅས་ཀུན༔ ཐུགས་ཀྱི་རྡོ་རྗེའི་ལྷ་ཚོགས་ཀྱི༔ རྣམ་པར་སྤྱན་དྲངས་དབྱེར་མེད་ཐིམ༔ དེ་ཉིད་ཡོངས་གྱུར་སྐད་ཅིག་གིས༔ མི་བསྐྱོད་རྡོ་རྗེ་བཅོམ་ལྡན་འདས༔ མཐིང་གསལ་རྡོ་རྗེ་དྲིལ་བུ་འཛིན༔ རང་འོད་དབྱིངས་ཕྱུག་ཡུམ་དང་སྦྱོར༔ ཀུན་ཀྱང་དར་དང་རིན་ཆེན་བརྒྱན༔ རྡོ་རྗེ་པདྨའི་སྐྱིལ་ཀྲུང་གིས༔ སྣང་སྟོང་འོད་ལྔའི་ཀློང་ན་བཞུགས༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚོན༔ རྡོ་རྗེ་གསུམ་གྱི་ངོ་བོ་རུ༔ གདོད་ནས་དག་ཅིང་ལྷུན་གྱིས་གྲུབ༔ ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི༔ རྩ་གསུམ་རྒྱལ་བ་རབ་འབྱམས་ལྷ༔ ནམ་མཁའ་གང་བར་སྤྱན་དྲངས་གྱུར༔ [སྤོས་བཏུལ་ལ།] ཨོཾ༔ རང་བཞིན་ཆོས་སྐུའི་ངང་ཉིད་ལས༔ རྣམ་རོལ་མ་འགགས་ཅིར་ཡང་འཆར༔ བདེ་གཤེགས་པདྨ་རྡོ་རྗེའི་རིགས༔ མ་ལུས་ལུས་པ་མེད་པ་དང་༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀུན༔ དོན་དམ་གཤེགས་བཞུད་ལས་འདས་ཀྱང་༔ ཀུན་རྫོབ་སྒྱུ་འཕྲུལ་དྲྭ་བའི་ཚུལ༔ གནས་འདིར་མྱུར་དུ་གཤེགས་སུ་གསོལ༔ དམ་ཚིག་ཕྱག་རྒྱའི་རྟེན་མཆོག་ཀུན༔ ཡེ་ཤེས་
ཆེན་པོར་བྱིན་གྱིས་རློབས༔ དབྱེར་མེད་ལྷག་པར་གནས་པ་ཡིས༔ འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་མཛོད༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་བཛྲ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིཿ [ཞེས་རོལ་མོ་དང་བཅས་པ་སྤྱན་དྲངས།] རཏྣ་པདྨ་སཱུ་རྱ་ཙནྡྲ་ཨཱ་ས་ན་ཏིཥྠ་ལྷནཿ [གྱིས་བཞུགས་སུ་གསོལ།] ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿ ཨོཾ་བཛྲ་པཱ་ཤ་ཧཱུྃ། ཨོཾ་བཛྲ་སྥོ་ཊ་བེ་ཤ་ཡ་ཧོཿ [ཞེས་པས་དགུག་གཞུག་བཅིང་མཉེས་དགྱེས་པ་བསྐྱེད།] རྟེན་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ག །དེའི་འོད་ཟེར་གྱིས་རྡོ་རྗེ་གསུམ་གྱི་ལྷ་ཚོགས་སྤྱན་དྲངས་ནས་ཡིག་འབྲུ་གསུམ་ལ་ཐིམ་པས་དེ་བཞིན་གཤེགས་པ་རྣམས་ཀྱི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་[བསམ་ལ། རྡོ་རྗེའི་ཕྱག་རྒྱ་གནས་གསུམ་དུ་རེག་པའམ་མེ་ལོང་དུ་ཤར་བའི་གཟུགས་ལ་རེག་ཅིང་།] ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ༔ [དེ་བཞིན་དུ་]ཝཱ་ཀ་[དང་།] ཙིཏྟ་[སོགས་ཀྱིས་རྒྱས་གདབ། དབང་བསྐུར་བའི་སླད་དུ།] རང་གི་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་གི་ལྷ་དེ་བཞིན་གཤེགས་པ་རིགས་ལྔ་སྲས་དང་བཅས་པ་ནམ་མཁའ་གང་བར་སད་
པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་ལྡན་པས་ཡེ་ཤེས་ལྔའི་ཆུ་རྒྱུན་གྱིས་མངོན་པར་དབང་བསྐུར་བར་[བསམ་ཞིང་།] ཇི་ལྟར་བལྟམས་པ་[སོགས་ནས།] དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་མི་བསྐྱོད་པ་བདག་པོར་གྱུར་པའི་རིགས་ལྔས་དབུ་བརྒྱན་པར་གྱུར། ཧཱུྃ་ཨོཾ་ཏྲཱཾ་ཧྲཱིཿཨཱཿ པཉྩ་ཀུ་ལ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཏུ་མཾ། [ཞེས་དབུ་རྒྱན་གྱིས་དབང་བསྐུར།] ཨོཾ་ཏྲུཾ། [ཞེས་གོ་བགོས།] ཨོཾ་བཛྲ་ཏུ་ཥྱ་ཧོཿ [ཞེས་རྡོ་རྗེ་ཐལ་མོས་མཉེས་པར་བྱ། སྤྱན་དབྱེ་བའི་སླད་དུ་གསེར་ཐུར་རམ་རྡོ་རྗེ་དབྱེ་ཚུལ་དང་བཅས།] ཧོཿ སངས་རྒྱས་རྣམས་ཀྱི་ཡེ་ཤེས་སྤྱན༔ སྒྲིབ་པའི་དྲི་མ་ཀུན་བྲལ་ཡང་༔ སེམས་ཅན་དོན་དུ་རབ་དབྱེ་བས༔ འགྲོ་ཀུན་ཡེ་ཤེས་སྤྱན་ལྡན་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཙཀྵུཿ པྲ་བར་ཤ་ཡ་ཕཊ༔ ཡེ་ཤེས་སྤྱན་གྱིས་སེམས་ཅན་ཐམས་ཅད་ལ་གཟིགས་པར་གྱུར་ཅིག །[ཞེས་དབྱེ། རྟེན་བསྒྱུར་བའི་སླད་དུ་རྡོ་རྗེ་དང་བཅས་པའི་ཐལ་མོས་རྟེན་དངོས་སམ་གཟུགས་བརྙན་ལ་རེག་ཅིང་སེ་གོལ་གྱིས་སྒྲས་མཚན་ཏེ།] ཨོཾ༔ སངས་རྒྱས་
རྣམས་ཀྱི་ཡེ་ཤེས་སྐུ༔ འཕོ་འགྱུར་མཚན་མ་ལས་འདས་ཀྱང་༔ གདུལ་བྱའི་བསམ་པ་ཇི་བཞིན་དུ༔ གང་འདུལ་གཟུགས་སུ་སྣང་མཛད་གསོལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ [ཞེས་པས།] བསྐྱེད་པའི་ལྷ་ཡོངས་སུ་གྱུར་པ་རྟེན་སོ་སོའི་རྣམ་པར་གྱུར་པར་[བསམ། མངའ་དབུལ་བ་ལ། མཆོད་པས་མངའ་དབུལ་བའི་ཕྱིར་མཆོད་རྫས་བྱིན་བརླབ་ལ།] དཔག་མེད་ནམ་མཁའི་ཁམས་ཉིད་ལས། །མཆོད་སྤྲིན་བསམ་ཡས་ལྷུན་གྲུབ་པ། །རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ། །གུས་པའི་བློ་ཡིས་དབུལ་བར་བགྱི། །ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ བསྟོད་པས་མངའ་དབུལ་བའི་ཕྱིར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །[ཞེས་སོགས་ཇི་ལྟར་འོས་པའི་མཐར།] ཕྱག་བྱར་འོས་པ་[སོགས་ཀྱིས་བསྟོད། ཙཱ་རུའི་བཟའ་བས་མངའ་དབུལ་བའི་ཕྱིར་ལྷ་བཤོས་ཆབ་ཀྱིས་བྲན་ཅིང་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བྱིན་གྱིས་བརླབས་པ་བཏེགས་ལ།] ཞལ་ཟས་རོ་བརྒྱ་ལྡན་ཅིང་ཡིད་འཕྲོག་པ། །ལེགས་སྦྱར་འདི་ནི་རྒྱལ་བ་སྲས་བཅས་ལ། །དད་པས་ཕུལ་བས་འགྲོ་བ་འདི་དག་ཀུན། །འབྱོར་ལྡན་ཏིང་འཛིན་ཟས་ལ་སྤྱོད་པར་ཤོག །ཅེས་དབུལ།
སྔགས་ཀྱིས་མངའ་དབུལ་བའི་ཕྱིར་རྟེན་ལ་གཟུངས་ཐག་སེར་པོ་བཏགས་པའི་སྣེ་མོ་སློབ་དཔོན་གྱིས་བཟུང་ལ། གནས་བྱའི་རྟེན་རྣམས་ཀྱི་ཐུགས་ཀར་ཟླ་བ་ལ་གནས་པའི་སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྟེན་སོ་སོའི་རྣམ་པར་བྱོན་ནས་དེ་ལ་བཞུགས་པར་[བསམ་ཞིང་།] སུ་པྲ་ཏིཥྠ་[དང་།] ཡེ་ངྷརྨ་[ཅི་ནུས་བཟླ། མེ་ཏོག་གི་འབྲུ་རེ་རེ་ནས་རྟེན་འབྲེལ་སྙིང་པོའི་ཡིག་འབྲུ་གསེར་འོད་འབར་པའི་རྣམ་པར་གྱུར་པའི་མོས་པས་འཐོར་ཞིང་ཤིས་པ་བརྗོད། གསོལ་བ་གདབ་པའི་སླད་དུ་ཡི་གེ་བརྒྱ་པ་སྔོན་དུ་འགྲོ་བས།] ཇི་སྲིད་ས་ཆུ་མེ་དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་མཛོད། །འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །འགྲོ་བའི་དོན་དུ་བཞུགས་ནས་ཀྱང་། །ནད་མེད་ཚེ་དང་དབང་ཕྱུག་དང་། །མཆོག་རྣམས་ལེགས་པར་སྩལ་དུ་གསོལ། །[ཞེས་དང་།] ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་
མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་རྩལ་དུ་གསོལ། [ཞེས་ལན་གསུམ་གྱིས་གསོལ་བ་གདབ། བཀྲ་ཤིས་ཀྱིས་མངའ་གསོལ་བའི་ཕྱིར་རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས།] ཕུན་སུམ་ཚོགས་པ་ལ་[སོགས་པའི་ཤིས་བརྗོད་རྒྱ་ཆེར་སྤེལ་ལ། མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་སྙན་པར་སྦྱར། སྲུང་མ་བསྒོ་བའི་སླད་དུ་སྤྱིར་ནང་དུ་རྡོ་རྗེའི་ཆོས་སྐྱོང་རྣམས་དང་། ཕྱི་རོལ་དུ་ཕྱོགས་སྐྱོང་འབྱུང་པོ་རྣམས་ལ་གཏོར་མ་འབུལ་བའི་ཆོ་ག་ཇི་ལྟར་རིགས་པ་བྱ་ཞིང་། བྱེ་བྲག་གནས་རྟེན་གང་ལ་གཉེར་གཏད་པར་འདོད་པ་དེ་ཉིད་ཀྱི་གཏོར་མ་ཟུར་དུ་བཤམས་ནས་ཕུལ། དམ་ཚིག་གི་རྡོ་རྗེ་སྤྱི་བོར་རེག་པར་མོས་པས།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། [ཅེས་དམ་ལ་བཞག །]རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཁྱེད་རྣམས་ཀྱིས། རྟེན་འདི་རྣམས་ཀྱི་སྲུང་མ་དང་ཡོན་བདག་གྱིས་ལ་འདི་དག་དངོས་དང་དཀོར་ཆ་ལ་མི་སྲུན་པར་བགྱིད་པ་རྣམས་ཚར་གཅོད་
ཅིང་བསྲུང་བ་དང་སྐྱོབ་པའི་མེལ་ཚེ་གཡེལ་བ་མེད་པ་དང་། མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱུན་མི་འཆད་པར་འབྱུང་བའི་ཕྲིན་ལས་མཛོད་ཅིག །[ཅེས་གཉེར་གཏད་པས་ཞལ་གྱིས་བཞེས་པར་བསམ། མཐའ་རྒྱས་པར་བྱ་བའི་སླད་དུ་ཙཱ་རུའི་བཟའ་བ་དང་ཚོགས་ཀྱི་ཞལ་ཟས་ལ་ལོངས་སྤྱད། ཡོན་བདག་བསྒོ་བར་འདོད་ནའང་འདིར་བྱ། དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཀྱི་ཆེད་དུ་ཡོངས་སུ་བསྔོ་བས་རྒྱས་གདབ་ཅིང་། ཤིས་བརྗོད་དང་དགའ་སྟོན་གྱི་རིམ་པ་ཇི་ལྟར་ནུས་པ་བཞིན་རྒྱ་ཆེར་སྤེལ་ལོ། །]༈ [འཕྲོས་དོན་ཉེ་བར་མཁོ་བ་འགའ་ཞིག་འཆད་ན། སྲུང་འཁོར་རབ་གནས་ལ། འཁོར་ལོ་པདྨ་རྡོར་མེ་སོགས་གང་ཡིན་དང་། ཡིག་འབྲུ་རྣམས་ལྷ་རང་རང་གི་འོད་དཔག་མེད། མིང་སྤེལ་རྣམས་བསྲུང་བྱ་གང་ཡིན་དེར་བལྟ། རྡོ་དྲིལ་རིགས་ལྔ་པོ་གང་གི་རྡོ་དྲིལ་ཡིན་ཀྱང་རྡོ་རྗེ་ནི་རྣམ་སྣང་སོགས་ཡབ་ལྔ་དང་། དྲིལ་བུ་སྤྱན་མ་སོགས་ཡུམ་ལྔ། བགྲང་ཕྲེང་གི་མདུད་འཛིན་སོ་སོའི་གཙོ་བོ་དང་། གཞན་རྣམས་རང་རང་གི་འཁོར། རིགས་ལྔའི་ཅོད་པན་སོགས་རིན་པོ་ཆེའི་རྒྱན་རྣམས་རིན་ཆེན་འབྱུང་ལྡན། གོ་ཁྲབ་དང་རལ་གྲི་སོགས་ཁྲོ་བོ་ཧཱུྃ་མཛད། གྲུ་དང་ཟམ་པ་སོགས་ལས་རིགས་ཀྱི་ཁྲོ་བོ། རྒྱལ་མཚན་ནི་རྣམ་པར་སྣང་མཛད། ནོར་བུའི་རིགས་རྣམས་རྣམ་ཐོས་སྲས། སྐྱེད་མོས་ཚལ་རྣམ་སྣང་། རྫིང་དང་ཁྲོན་པ་སོགས་ངོ་བོ་རྣམ་སྣང་ལ་རྣམ་པ་ཆུ་ལྷར་གསལ་བ་སྟེ། དེ་དག་གང་ལའང་རང་ཉིད་ལྷའི་རྣལ་འབྱོར་
དང་ལྡན་པས། དེའི་གེགས་བསང་སྦྱང་། སྟོང་པའི་ངང་ལས་སོ་སོའི་དམ་ཚིག་པར་བསྐྱེད། ཡེ་ཤེས་པ་དགུག་བསྟིམ་རྒྱས་གདབ་དབང་བསྐུར་ནས་མཆོད་བསྟོད་བྱས་ལ་རང་སྔགས་བཟླ། དེ་ཞུ་བ་ལས་སོ་སོའི་དངོས་པོར་གྱུར་པར་བསམ་ལ་བརྟན་བཞུགས་དང་བཀྲ་ཤིས་བྱ། གདུགས་སོགས་མཆོད་པའི་ཡོ་བྱད་མང་པོ་ཞིག་ནི་རང་རང་གི་གཟུགས་ཀྱིས་དགོས་པ་སྒྲུབ་ནུས་སུ་ཡུན་རིང་པོར་བྱིན་གྱིས་བརླབས་པའི་བསམ་པས། རབ་གནས་ཀྱི་སྔགས་མང་དུ་བཟླས་ནས་བཀྲ་ཤིས་བརྗོད་པ་ཙམ་གྱིས་དོན་འགྲུབ།] [ཡང་རྟེན་རྙིང་ཞིང་ཞིག་རལ་དུ་གྱུར་པ་གསོ་བ་སོགས་ལ་ཨརྒའི་ཆོ་ག་བྱེད་ན། རྟེན་གྱི་མདུན་དུ་མཆོད་པ་རྒྱས་པར་བཤམ། བདག་གི་རྣལ་འབྱོར་དང་ལྡན་པས་རྟེན་ལ་མཆོད་པས་མཆོད། སྤྱི་སྒོས་ཀྱི་སྲུང་མ་དང་གཞི་བདག་ལ་གཏོར་མ་ཕུལ་ནས་བཀའ་བསྒོ། བྱང་ཆུབ་ཀྱི་སེམས་བསྐྱེད་ལ།] རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས། །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །ཐུགས་རྗེའི་བདག་ཉིད་ཅན་རབ་གནས། །མགོན་པོ་བདག་ནི་སྤོ་བར་འཚལ། །[ཞེས་ལན་གསུམ་གྱིས་སྙན་གསན་ཕབ། ནང་པར་རྟེན་གྱི་དྲུང་དུ་མཆོད་གཏོར་གསར་པ་རྒྱ་ཆེར་བཤམ་ནས་སྙན་གསན་ཕབ་པའི་བར་སྔར་བཞིན་བྱས་རྗེས། དེའི་མདུན་དུ་མེ་ལོང་གཡའ་དག་པ་བཞག་ལ་རྟེན་གྱི་གཟུགས་བརྙན་འཆར་དུ་བཅུག །དེ་ནས།] བདག་གི་ཐུགས་ཀ་ནས་འོད་
ཟེར་ལྕགས་ཀྱུ་ལྟ་བུ་སྤྲོས་པས་རྟེན་གྱི་ལྷ་དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་མེ་ལོང་གི་གཟུགས་ལ་ཐིམ་པར་[བསམ་ལ།] ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ [ཞེས་དགུག་གཞུག་བཅིང་མཉེས་རྟེན་གྱི་ལྷ་མེ་ལོང་གི་གཟུགས་བརྙན་དང་གཉིས་མེད་དུ་གྱུར་པ་ཡིག་བརྒྱས་བརྟན་པར་བྱས་ལ་མཆོད་པ་བསྟོད་དང་བཀྲ་ཤིས་ཀྱིས་མངའ་གསོལ་ཏེ། དར་དམར་པོས་དྲིལ་ལ་རྒྱབ་ཕྱོགས་སུ་མདུད་ཅིང་རྒྱས་གདབ། དབུ་ཞབས་མི་ལོག་པའི་མཚན་མ་བྱས་ནས་མཆོད་གྲལ་དུ་བཞུགས་སུ་གསོལ་ཏེ་བཀུར་བསྟི་བྱ། རྟེན་གསར་པ་གྲུབ་ནས་རབ་གནས་དངོས་གཞིའི་རྟེན་བསྐྱེད་ཀྱི་རྗེས་སུ་སྔར་གྱི་མེ་ལོང་དེའི་མདུན་དུ་ཁ་ཕྱེ་ལ་རྟེན་རྙིང་པའི་དམ་ཡེ་གསར་པའི་དམ་ཚིག་པ་ལ་སྒོ་བ་བཞིའི་སྔགས་རྒྱས་དགུག་གཞུག་བཅིང་མཉེས་བྱས། སླར་ཡེ་ཤེས་པ་སྤྱན་འདྲེན་སོགས་ཆོ་གའི་དཀྱུས་བཞིན་དུ་བྱ། སྔར་གྱི་རྟེན་རྙིང་པ་དེ་ཉིད་དམད་པའི་ཉེས་པར་མི་འགྱུར་བའི་སྲི་ཞུས་ཇི་ལྟར་འོས་པའི་གནས་སུ་སྦྱང་བར་བྱའོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཚད་མར་གྱུར་པའི་གཞུང་ལ་བརྟེན་ནས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་སིངྔྷི་རསྟུ།། །།]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་གནས་ལུང་གི་ཆོ་ག་མདོར་བསྡུས་ཐུགས་རྗེའི་ལྕགས་ཀྱུ།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་གནས་ལུང་གི་ཆོ་ག་མདོར་བསྡུས་ཐུགས་རྗེའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་གནས་ལུང་གི་ཆོ་གས་གཤིན་པོ་རྗེས་སུ་འཛིན་པར་འདོད་པས། རྩ་བའི་དཀྱིལ་འཁོར་གྱི་མདུན་དུ་དམིགས་བྱའི་གཟུགས་བརྙན་ནས་མིང་ཡིག་ནྲྀ་དང་བཅས་པ་བྲིས་པའི་བྱང་བུ་དྲི་རྟེན་དང་ལྷན་ཅིག་པདྨའི་སྟན་ལ་བཞག །དེ་དང་ཉེ་བར་སྦྱང་ཆས། བྲབ་རྫས། ཟས་གཏད་རྣམས་དང་། རང་གི་མདུན་དུ་དྲི་བཟང་དང་བདུད་རྩིའི་ཆུས་བཀང་བའི་ཁྲུས་བུམ་སོགས་འོག་ཏུ་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ནས། ལས་གཞུང་གི་བཟླས་པ་ཡན་ཚར་བའི་རྗེས་སུ། ཁྲུས་བུམ་བསང་སྦྱང་།] སྟོང་པའི་ངང་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་རྫོགས་པའི་ནང་དུ་སྡིག་སྒྲིབ་སྦྱོང་བའི་
མཐུ་དང་ལྡན་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་བོས་ཡོངས་སུ་གང་བར་[བསམ་ཞིང་། གཟུངས་ཐག་ལ་འཇུས་ཏེ་རྩ་སྔགས་ཤམ་དུ།] ཨོཾ་ད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་པ་ཙ་པ་ཙ་སརྦ་པྲེ་ཏ་ཀ་ག་ཏི་ཧེ་ཏུ་ཧཱུྃ་ཕཊ། ཨོཾ་མ་ཐ་མ་ཐ་སརྦ་ཏིཪྻ་ཀ་ག་ཏི་ཧེ་ཏུཾ་ཧཱུྃ་ཕཊ། ཨོཾ་སརྦ་པཱ་པཾ་བི་ཤུདྡྷེ་ཧཱུྃ་ཕཊ། [ཅེས་སྒྲིབ་སྦྱོང་གི་སྔགས་སྦྲེལ་བ་ཅི་ནུས་བཟླ་ཞིང་། བྲབ་རྫས་ཡུངས་ཀར་ལའང་བསྔགས་ཏེ་བཞག །དེ་ནས་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པདྨའི་གདན་ལ་མིང་བྱང་ནྲྀ་ལས་ཚེ་འདས་ཀྱི་གཟུགས་ཀྱི་རྣམ་པ་ཇི་ལྟ་བར་གྱུར་པར་མོས་ལ། ལྕགས་ཀྱུའི་རྒྱ་དང་སྙིང་གའི་ས་བོན་ལས་བྱུང་བའི་འོད་ཀྱིས་རྣམ་ཤེས་བཀུག་
པར་[བསམ་ཞིང་།] དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་ཡེ་ཤེས་ཀྱི་མཁའ་འགྲོའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་གྱིས་རླབས་ཀྱིས། ཚེ་ལས་འདས་པ་འདི་ཞེས་བྱ་བའི་རྣམ་པར་ཤེས་པ་ཁམས་གསུམ་དང་སྐྱེ་གནས་བཞི་སོགས་གང་ན་གནས་ཀྱང་སྐད་ཅིག་གིས་འདིར་མཆིས་པར་གྱུར་ཅིག ཨོཾ་བཛྲ་ཨཱ་ཀཪྵ་ཡ་ཛཿས་རྣམ་ཤེས་དང་སརྦ་པཱ་པཾ་ཨཱ་ན་ཡ་ཧཱུྃ་གིས་སྡིག་པ་བཀུག་ནས། ཛཿཧཱུྃ་བྃ་ཧོཿ[ས་རྣམ་ཤེས་ཨ་དཀར་པོའི་རྣམ་པས་རྟེན་ལ་ཐིམ་པར་བསམ། བགེགས་སྦྱོང་བའི་སླད་དུ་གཏོར་མ་རྟེན་ལ་བསྐོར་ཞིང་།] ཨོཾ་སརྦ་བིགྷྣན་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་[སོགས་གསུམ་གྱིས་ཞི་བ། ཏིང་ལོ་དང་ཆང་བུ་བསྐོར་ཞིང་།] ཨོཾ་སུམྦྷ་ནི་[སོགས་གསུམ་གྱིས་ཕྱེད་མ། བདེན་སྟོབས་སྔར་བཞིན་བརྗོད་པའི་མཐར།] ཚེ་ལས་འདས་པ་གསོན་གྱི་དུས་སུ་ཚེ་ལ་བར་དུ་གཅོད་ཅིང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པའི་གདོན་བགེགས་ཐམས་ཅད་གཏོར་མ་འདིས་ཚིམས་པར་གྱིས་ལ་འདིར་མ་གནས་པར་གཞན་དུ་དེངས་ཤིག །གལ་ཏེ་མི་འགྲོ་ན་ཁྲོ་བོ་ཡེ་ཤེས་ཀྱི་རྡོ་རྗེ་མེ་རབ་ཏུ་འབར་བ་འདིས་
ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་ཏ་རེ། [ཞེས་དང་དྲག་སྔགས་བཟླ་ཞིང་། གུ་གུལ་གྱིས་བདུག །ཡུངས་ཐུན་གྱི་བྲབ། རོལ་མོའི་སྒྲ་དྲག་པོ་དང་བཅས་པས་གཏོར་མ་ཕྱི་རོལ་དུ་དོར་བ་ནི་དྲག་པོས་སྦྱོང་བའོ། །དེ་ནས་སྡིག་པ་ཕྲལ་བའི་སླད་དུ།] བདག་ཉིད་ཡེ་ཤེས་མཁའ་འགྲོ་མར་གསལ་བའི་ལག་གཡས་ཀྱི་སོར་མོ་ལྔ་ལ་ཧྲཱིཿར་ཙ་ཧྲི་ཡ་གཡོན་གྱི་སོར་མོ་ལྔ་ལ་མ་ཧ་རི་ནི་ས་རྣམས་ཀྱིས་མཚན་པ་རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་བཅུར་གྱུར་པར་[བསམ་ལ།] ཨོཾ་སུ་ར་ཏ་སྟྭཾ། [ཞེས་ཐལ་མོ་སྦྱར།] བཛྲ་ཨཉྫ་ལི་[ས་སོར་མོ་བསྣོལ།] བཛྲ་བྷནྡྷ་བཾ་[ཞེས་བཅིངས་པས། རིགས་ལྔའི་མཁའ་འགྲོ་ཡབ་ཡུམ་རྣམས་མཉམ་པར་སྦྱོར་བར་བསམ་ལ། རྩ་སྔགས་མཐར། བཛྲ་བྷནྡྷ་ཏྲ་ཐ་སརྦ་པཱ་པཾ་པྲ་བེ་ཤ་ཡ་ཕཊ། ཅེས་བརྗོད་ཅིང་། ཕྱག་རྒྱ་བཀྲལ་ཏེ་རྟེན་ལ་བྱབས་བས། ལྷ་རྣམས་མཉམ་པར་སྦྱོར་བའི་སྐུ་ལས་འོད་ཟེར་ཉི་འོད་ལྟ་བུ་འཕྲོས། དམིགས་ཡུལ་གྱི་ལུས་ལ་རེག་པས་སྡིག་སྒྲིབ་ཐམས་ཅད་སྦྱར་བར་བསམ། བསྔགས་པའི་བྱེ་མ་དང་ཡུངས་ཀར་བྲབ་ཅིང་། རྩ་སྔགས་ལ། ཨོཾ་ད་ཧ་ད་ཧ་སོགས་སྒྲིབ་སྦྱོང་གི་སྔགས་བཏགས་པ་བཟླས་པས། སྡིག་སྒྲིབ་ཐམས་ཅད་ཉི་མས་བ་མོ་ཞུ་བ་བཞིན་དག་པར་[བསམ། ཁྱུས་ཀྱིས་སྡིག་པ་སྦྱོང་བའི་སླད་དུ། ཁྲུས་བུམ་གྱིས་མིང་བྱ་སོགས་རྟེན་ལ་
བཀྲུ་ཞིང་།] ཧཱུྃ། ཡེ་ཤེས་ཆུ་བོ་ཁྲུས་ཀྱི་རྫིང་། །དུག་གསུམ་སྒྲིབ་པ་དག་བྱེད་འདིས། །ཚེ་འདས་ཁྱོད་ལ་ཁྲུས་གསོལ་བས། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཤོག །ཕ་རོལ་ཕྱིན་དྲུག་ཁྲུས་ཀྱི་ཆུ། །བདུད་རྩིའི་ཆུ་ཡིས་ཁྲུས་བྱས་པས། །རྒྱུད་དྲུག་བག་ཆགས་གཏན་སྦྱངས་ནས། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཤོག །ཡེ་ཤེས་ལྔ་ལྡན་བདུད་རྩིའི་ཆུས། །དུག་ལྔའི་དྲི་མ་ཀུན་བཀྲུས་པས། །ཕུང་པོ་ལྔ་པོ་གནས་གྱུར་ནས། །ཡེ་ཤེས་ལྔ་རུ་ལྷུན་གྲུབ་ཤོག །[ཅེས་ཚིགས་སུ་བཅད་པ་རེ་རེའི་མཐར་རྩ་སྔགས་ལ་སྒྲིབ་སྦྱོང་གི་སྔགས་བཏགས་པ་བཟླ་ཞིང་བཀྲུ། དེ་ནས་རིགས་དྲུག་གིས་ས་བོན་བག་ཆགས་དང་བཅས་པ་སྦྱོང་བའི་སླད་དུ།] ཚེ་ལས་འདས་པས་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་སྤྱི་བོར་ཨ་དཀར་པོ། མགྲིན་པར་སུ་མཐིང་བ། སྙིང་གར་ནྲྀ་ལྗང་གུ། ལྟེ་བར་ཏྲི་སེར་པོ། གསང་གནས་སུ་པྲེ་དམར་པོ། རྐང་མཐིལ་ན་དུ་ནག་པོ་རྣམས་ཀྱི་རྣམ་པར་གནས་པ། སྦྱོང་བྱེད་རིག་པའི་ཡེ་ཤེས་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རྣམས་གསལ་འཚེར་དྭངས་པའི་འོད་ཟེར་ཀུན་ཏུ་འཕྲོ་ཞིང་འབར་བར་གྱུར། བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་གནས་གསུམ་གྱི་ས་བོན་ལ་ཕོག །དེ་ལས་
ཡེ་ཤེས་ཀྱི་མེ་འབར་བས་རིགས་དྲུག་གིས་ས་བོན་བག་ཆགས་དང་བཅས་པ་ལྷག་མེད་དུ་བསྲེགས་པར་[བསམ་ལ། འབྲུ་གསུམ་བརྒྱ་རྩ་བརྒྱད་བཟླས་པས།] དེ་ལྟར་རིགས་དྲུག་གི་ས་བོན་བག་ཆགས་དང་བཅས་པ་རྣམས་སྦྱངས་པའི་དྭངས་མ་བྃ་ཡིག་གི་རྣམ་པར་གྱུར་པ་ལས་ཚེ་འདས་ཉིད་ཡེ་ཤེས་མཁའ་འགྲོའི་སྐུར་གྱུར་[པར་བསམ།] རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་དབང་ལྷ་ནམ་མཁའ་གང་བར་སད་པ་རྣམས་ཀྱིས་བཀྲ་ཤིས་པའི་རྣམ་རོལ་དུ་མ་དང་བཅས་པས་རང་བྱུང་བདེ་སྐྱོང་གི་བུམ་པ་བྱང་སེམས་བདུད་རྩིའི་རྒྱུན་གྱིས་གང་བས་མངོན་པར་དབང་བསྐུར་བར་[བསམ་ལ།] ཧོཿརང་བྱུང་བདེ་སྐྱོང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བདེ་ཆེན་ཡེ་ཤེས་མངོན་གྱུར་ཤོག༔ [རྩ་སྔགས་དང་།] ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ༔ ཞེས་དབང་བསྐུར་བས་སྒོ་གསུམ་ཐ་མལ་དུ་འཛིན་པའི་དྲི་མ་སྦྱངས། རྡོ་རྗེ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས། དབང་ལྷ་རྣམས་ཀྱང་སློབ་མ་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྠ་བཛྲ་ཡེ་སྭཱ་ཧཱ། [ཞེས་མེ་ཏོག་འཐོར། མདུན་དུ་བཟའ་བཏུང་སྣ་ཚོགས་བཤམ་པ་]རཾ་ཡཾ་ཁཾ་[གིས་བསང་
སྦྱང་།] འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པས་ནམ་མཁའ་གང་བར་[བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབས་ནས།] ཚེ་འདས་རིགས་ཀྱི་བུ་ཁྱོད་ལ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་དང་། །རོ་བདའ་འཇམ་འཁྲིལ་རེག་བྱ་སོགས། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །བདེ་བ་ཆེན་པོའི་རྒྱན་དུ་འབུལ། །དབང་པོའི་སྤྱོད་ཡུལ་དམ་པར་ནི། །མ་ཆགས་ཚིམས་པར་ལོངས་སྤྱད་ནས། །བདེ་ཆེན་ཡེ་ཤེས་རྒྱས་པར་ཤོག [ཅེས་བསྔོ། དེས་ཀྱང་བདག་གིར་བཟུང་ནས་ལུས་ལོངས་སྤྱོད་དགེ་ཚོགས་དང་བཅས་པ་འཁོར་གསུམ་ཡོངས་དག་གི་མཆོད་སྤྲིན་ཆེན་པོར་སྤྲོས་ཏེ་དཀྱིལ་འཁོར་ལྷ་ལ་མཆོད་པར་བསམ་ཞིང་།] དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས། །ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་ལ། །ཚེ་འདས་སྒོ་གསུམ་མཆོད་པ་འབུལ། །ཁམས་གསུམ་སྐྱེ་མེད་དབྱིངས་སུ་སྒྲོལ། །རང་བཞིན་གདོད་ནས་དག་པ་ལ། །ཚོགས་གཉིས་ཟུང་འཇུག་ཕྲིན་ལས་ཀྱིས། །བར་དོར་འཁྱམས་པའི་འགྲོ་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་མྱུར་དུ་དྲོངས། །[ཞེས་གསོལ་བ་བཏབ་པས།] དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་ཚད་མེད་པའི་ཐུགས་རྗེའི་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། ཚེ་འདས་ཀྱི་རྣམ་པར་ཤེས་
པའི་དྭངས་མ་རྡུལ་བྲལ་ཡེ་ཤེས་ཀྱི་ཆ་བྃ་ཡིག་གི་རྣམ་པར་གྱུར་པ་སྤྱི་བོ་ནས་དྲངས་ཏེ་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པར་[བསམ། སྙིགས་མ་ལས་ཉོན་བག་ཆགས་དང་བཅས་པའི་ཕུང་པོ་ཡེ་ཤེས་ཀྱི་མེས་བསྲེག་པར་བསམ་ཞིང་།] ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཐབ་ཁུང་དུ། །བདག་འཛིན་ཕུང་པོའི་བུད་ཤིང་ལ། །ཤེས་རབ་ཡེ་ཤེས་མེ་སྦར་ཏེ། །ཚེ་འདས་ཉོན་མོངས་བག་ཆགས་བསྲེག །འདི་ནི་སྐྱེ་འགགས་སྨོན་པ་དང་། །གནས་མེད་མཚན་མ་མེད་པའི་མེ། །འདི་ནི་རང་བྱུང་ཡེ་ཤེས་མེ། །བདག་འཛིན་མཚན་མའི་རྟོག་པ་བསྲེག །དོན་ལ་བསྲེག་བྱ་སྲེག་བྱེད་ཀུན། །བྱ་རྩོལ་མེད་པར་ཡེ་སངས་རྒྱས། །འབད་མེད་ལྷུན་གྲུབ་ཆོས་ཀྱི་སྐུ། །རང་བྱུང་ཡེ་ཤེས་དེར་སྣང་ངོ་། །[རྩ་སྔགས་མཐར།] ཨགྣེ་ཛྭ་ལ་རྃ། [ཞེས་མེ་སྦར་ལ་ཟག་བཅས་ཀྱི་ཕུང་པོ་ཟག་མེད་དུ་སྦྱོང་ཞིང་། མེ་པྲ་ལས་དམིགས་ཡུལ་གྱི་སྡིག་པ་དག་མ་དག་གི་མཚན་མའང་བརྟག །]པདྨ་འདམ་གྱིས་མ་གོས་ལྟར། །སྲིད་གསུམ་དྲི་མས་མ་གོས་པ། །སྲིད་པའི་པདྨོ་ལས་བྱུང་བའི། །བདེ་བ་ཅན་དུ་སྐྱེ་བར་ཤོག །[ཅེས་སྨོན་ལམ་རྒྱ་ཆེར་གདབ། སཱཙྪར་བསྒྲུབ་པ་ནི། རུས་བུའམ་བྱང་རོའི་སྟེང་དུ་ཟླ་བ་ལ་གནས་པའི་ཨ་ཡིག་དཀར་པོ་འོད་ཟེར་འཕྲོ་བ། དེ་ལས་
ཡེ་ཤེས་ཀྱི་བདུད་རྩི་བབས་པས་སྡིག་སྒྲིབ་ཐམས་ཅད་སྦྱངས་པར་བསམ་ནས་རྩ་སྔགས་དང་སྒྲིབ་སྦྱོང་གི་སྔགས་མང་དུ་བཟླས་པའི་དྲི་བཟང་གི་ཆུས་བཀྲུས་ནས། སྒྲིབ་སྦྱོང་གི་ཤམ་བུ་ཅན་གྱི་རྩ་སྔགས་བཟླ་བཞིན་སཱཙྪ་གདབ་པར་བྱའོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་པ་སིངྔྷི་རསྟུ།། །།]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་དམ་རྫས་བདུད་རྩིའི་སྒྲུབ་ཐབས་མདོར་བསྡུས་གྲུབ་པའི་བཅུད་ལེན།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་དམ་རྫས་བདུད་རྩིའི་སྒྲུབ་ཐབས་མདོར་བསྡུས་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་དམ་རྫས་བདུད་རྩིའི་སྒྲུབ་པ་མདོར་བསྡུས་ཏེ་བྱ་བར་འདོད་པས། རྩ་བར། མཆོག་གི་ཕྲིན་ལས་རྨད་པོ་ཆེ༔ བདུད་རྩི་རིལ་བུའི་སྒྲུབ་པ་ནི༔ སྐྱེ་བདུན་གྲུབ་པ་ཐོབ་པ་ཡི༔ ཤ་ཆེན་གཙོ་གྱུར་སྒྲོན་མ་ལྔ༔ བླ་མ་ཡབ་ཡུམ་བྱང་ཆུབ་སེམས༔ གཙོར་གྱུར་ལྕགས་ཀྱུ་རྣམ་པ་ལྔ༔ གཞིར་བྱས་གཞན་ཡང་སེལ་མེད་པའི༔ བདུད་རྩིའི་ཕབ་གཏའ་མ་ད་ན༔ སྦྱར་ཞིང་འདྲེས་པར་བསྒྱུར་བྱས་ལ༔ འབྲས་གསུམ་བཟང་དྲུག་རྟག་ངུ་གསུམ༔ ག་བུར་གི་ཝཾ་སིནྡྷུ་ར༔ ཅུ་གང་བྲག་ཞུན་ཅོང་ཞི་དང་༔ རྩ་བ་ལྔ་དང་དབང་པོ་ལག༔ ཤིང་ཚ་ཤུ་དག་སྤང་གི་སྤོས༔ མ་ནུ་རུ་རྟ་པྲི་ཡང་ཀུ༔ ཨུཏྤལ་ཙནྡན་དམར་པོ་སོགས༔ སེར་དང་དམར་བ་ཤས་ཆེ་ཞིང་༔ མངར་སྐྱུར་
ལན་ཚྭའི་རོ་ལྡན་ཕྱེ༔ ཞེས་པ་ལྟར། ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པའི་སྨན་སྣ་རྣམས་བསགས་ལ། རྡོ་རྗེ་གཏུན་དུ་འཐག་ཅིང་། སྔགས་ཀྱི་མཐར། ཨོཾ་ཨོཾ་ཨོཾ། ཞེས་བརྗོད་པས་སྦྱང་། དར་གྱི་འདོ་ལེར་བཙག་ཅིང་། སྔགས་མཐར།] ཨཱཿཨཱཿཨཱཿ [ཞེས་པས་སྤེལ། ཆང་སྣ་། ཆུ་སྣ། འོ་མ། རིན་པོ་ཆེའི་ཆུས་སྦོལ་ཞིང་། སྔགས་མཐར།] ཧཱུྃ་ཧཱུྃ་ཧཱུྃ། [ཞེས་པས་བསྒྱུར། དམ་རྫས་སྔ་མའི་རྒྱུན་སེལ་མེད་པ་དང་། ཕབས་ཀྱིས་བྲན་ཅིང་འདྲེས་པར་དཀྲུགས་ལ། སྔགས་མཐར།] ཧོཿཧོཿཧོཿ [ཞེས་པས་དབྱེར་མེད་དུ་བྱ། དངོས་བསྟན་བདུད་རྩི་རིལ་བུར་སྒྲུབ་པའི་དགོངས་པ་ཡིན་ཀྱང་། བདུད་རྩི་ཕྱེ་མར་བྱས་པའང་མི་འགལ་བས་སྨན་རྣམས་དྲིལ་བུས་གཞལ་ཞིང་དར་གྱི་སྒྱེའུར་བླུགས་ལ་བྷནྡྷ་མཚན་ལྡན་ཁ་སྦྱོར་གྱི་ནང་དུ་གཏམས། བགེགས་བསལ་
ཞིང་ཁྲུས་ཀྱིས་སྦྱང་། ཅོད་པན་དང་རྡོ་དྲིལ་གྱིས་བརྒྱན་ཏེ་དཀྱིལ་འཁོར་དབུས་སུ་ལྡིང་ཁྲིའི་ཁར་བཀོད་ལ་གཟུངས་ཐག་བཏགས། འོག་ཏུ་དྲོད་འབེབས་ཀྱི་མར་མེ་སྦར། འབྱོར་ན་འཕན་གདུགས་རྒྱལ་མཚན་ཚར་དུ་དངར་བས་བརྒྱན། དངོས་གཞི་ཕྲིན་ལས་ཀྱི་གཞུང་དཀྱུས་ལྟར་བསྲངས་ཏེ་བདག་བསྐྱེད་ཀྱི་བཟླས་པ་གྲུབ་མཚམས། མདུན་རྟེན།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་སྐད་ཅིག་གིས༔ དམ་ཚིག་སྒྲོལ་མ་རླུང་དཀྱིལ་དང་༔ གོས་དཀར་འབར་བ་མེ་ཡི་སྟེང་༔ སྤྱན་མའི་རང་བཞིན་ཐོད་སྒྱེད་གསུམ༔ དེ་སྟེང་དབྱིངས་ཕྱུག་ཀ་པཱ་ལ༔ ཡངས་ཤིང་རྒྱ་ཆེའི་ནང་ཁོངས་སུ༔ མཱ་མ་ཀི་ཡི་བདུད་རྩིའི་བཅུད༔ ཤ་ལྔའི་རི་བོ་ལྷུན་མཐོར་བརྩེགས༔ བདུད་རྩི་ལྔ་ཡི་རྒྱ་མཚོར་འཁྱིལ༔ ཐབས་ཤེས་ཡི་གེ་འབྲུ་བཅུ་དང་༔ དབྱངས་གསལ་འབྲུ་གསུམ་འོད་འབར་མཚན༔ བདག་ཉིད་ཡེ་ཤེས་མཁའ་འགྲོ་ཡི༔ ཐུགས་སྲོག་ལས་བྱུང་འོད་ཟེར་གྱིས༔ འོད་དུ་ཞུ་ཞིང་བསྐོལ་བ་ལས༔ ཁ་དོག་དྲི་རོ་ནུས་པའི་བཅུད༔ རྨད་བྱུང་བདུད་རྩིའི་རྒྱ་མཚོའི་དབུས༔ པདྨ་ཉི་ཟླའི་གདན་སྟེང་དུ༔ བྃ་ཡིག་ཡོངས་གྱུར་སྐད་ཅིག་གིས༔ རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ [ཞེས་སོགས་ཀྱིས་སྨན་དམ་ཚིག་པར་བསྐྱེད་ཅིང་། ཡེ་ཤེས་པ་དྲངས་བསྟིམ་ཕྱག་མཆོད་བསྟོད་པའི་བར་གཞུང་བཞིན་བྱས་ལ། གཟུངས་ཐག་བླངས་ཏེ།]
རང་གི་ཐུགས་ནས་སྔགས་ཀྱི་ཕྲེང་༔ གཟུངས་ཐག་རྡོ་རྗེའི་ལམ་ལས་བརྒྱུད༔ མདུན་བསྐྱེད་ཐུགས་ཀར་ཉི་ཟླའི་སྦུབས༔ བྃ་མཐར་སྔགས་ཀྱིས་མཚན་པར་ཐིམ༔ བདེ་བ་ཆེན་པོའི་ཉམས་འབར་བས༔ ཡེ་ཤེས་འོད་ཟེར་མཁའ་ཁྱབ་འཕྲོས༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་དང་༔ གནས་གསུམ་དཔའ་བོ་མཁའ་འགྲོ་ཡི༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ རྣམ་པར་གྲོལ་བའི་བྱང་ཆུབ་སེམས༔ བདེ་ཆེན་ཡེ་ཤེས་བདུད་རྩི་དང་༔ འཁོར་འདས་བརྟན་གཡོའི་དྭངས་མའི་བཅུད༔ ཆར་བཞིན་བབས་ནས་ཞལ་དུ་ཞུགས༔ སྐུ་ཡི་ནང་གང་གཟི་བྱིན་འབར༔ ཐུགས་སྲོག་སྔགས་ཕྲེང་དག་ལས་ཀྱང་༔ བདུད་རྩིའི་རྒྱུན་བབས་རོ་གཅིག་ཏུ༔ མཁའ་དབྱིངས་པདྨ་ཟེའུ་འབྲུ་ལས༔ རྒྱུན་མི་ཆད་པར་དྲག་ཏུ་བབས༔ དམ་ཚིག་གསང་བའི་རྫས་ལ་ཐིམ༔ མཐོང་ཚོར་མྱོང་དང་རེག་པ་ཀུན༔ གྲོལ་བ་མཆོག་གི་དཔལ་སྟེར་བའི༔ ཡེ་ཤེས་བདུད་རྩིའི་ཕུང་པོར་གྱུར༔ [རྩ་སྔགས་ཤམ་བུར།] མ་ཧཱ་སུ་ཁ་བཛྲ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ [ཞེས་གཙོ་བོར་བཟླ། ཐུན་མཚམས་སུ་ལས་སྔགས་བཟླ་ཞིང་ཐུན་བྲབ་པས་བལྟ་ཉན་གྱི་ཉུ་ལེ་ཚར་བཅད་ནས། སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ལ།] ཧཱུྃ༔ འོག་མིན་རྡོ་རྗེ་
བཙུན་མོའི་ཞིང་༔ མཁའ་ཁྱབ་ཡེ་ཤེས་འཁོར་ལོ་དང་༔ ཧེ་རུ་ཀ་ཡི་གནས་དང་ཡུལ༔ དུར་ཁྲོད་བརྒྱད་ན་བཞུགས་པ་ཡི༔ བཅོམ་ལྡན་བཛྲ་ཌཱ་ཀི་ནཱི༔ གནས་གསུམ་དཔའ་བོ་རྣལ་འབྱོར་མ༔ ཇི་སྙེད་འདུས་པའི་ཚོགས་ཆེན་པོ༔ ཐུགས་དམ་བསྐུལ་ལོ་དབྱིངས་ནས་བཞེངས༔ སྐུ་ཡི་གར་སྟབས་གློག་ལྟར་འཁྱུགས༔ གསུང་གི་ཛཔྲ་དབྱངས་སྔགས་སྒྲ་སྒྲོགས༔ ཐུགས་ཀྱི་ཡེ་ཤེས་རྩལ་བསྐྱེད་ལ༔ ཡོན་ཏན་བདེ་ཆེན་འོད་ཟེར་དང་༔ ཕྲིན་ལས་ཕོ་ཉ་ཕྱོགས་བཅུར་སྤྲོས༔ རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱི༔ མཁྱེན་བརྩེ་ནུས་པའི་ཡེ་ཤེས་དང་༔ སྙོམས་འཇུག་ཟག་མེད་བདུད་རྩིའི་བཅུད༔ འབྱུང་བ་ལྔ་ཡི་དྭངས་མ་དང་༔ ལྷ་ཀླུ་མི་ཡི་ཚེ་བསོད་སྟོབས༔ གཟི་བརྗིད་དཔལ་དང་ནུས་བཅུད་ཀུན༔ ཐོགས་པ་མེད་པར་གནས་འདིར་བསྡུས༔ འཁོར་འདས་དབྱེར་མེད་བྱིན་ཆེན་ཕོབ༔ དམ་ཚིག་སྒྲུབ་པའི་རྫས་ལ་སྟིམས༔ མཐོང་ཚོར་མྱོང་རེག་གྲོལ་བ་ཡི༔ བདེ་ཆེན་རྡོ་རྗེའི་གཟི་བྱིན་སྤོར༔ ལས་དང་ཡེ་ཤེས་དངོས་གྲུབ་ཀུན༔ ལྷུན་གྱིས་གྲུབ་པའི་དབང་མཆོག་སྐུར༔ སྣོད་བཅུད་རྡོ་རྗེ་བཙུན་མོ་ཡི༔ རྟེན་དང་བརྟེན་པར་བྱིན་རློབས་ཤིག༔ ཨོཾ་སརྦ་ཛྙཱ་ན་ཌཱ་ཀི་ནཱི་ཡེ་མ་ཧཱ་སུ་ཁ་སིངྔྷི་ཨཱ་བེ་ཤ་ཡ་ཨ་ཨཱཿ [ཞེས་བྱིན་དབབ།]
ཧཱུྃ་ཧཱུྃ་ཧཱུྃ་[གིས་བྱིན་བསྡུ། བར་སྐབས་སུ་སྐོང་བཤགས་དང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་སྤེལ། དེ་ལྟར་ཐུན་བཞིའི་དྲུག་ཏུ་བཅད་ལ་བརྩོན་པས་བསྒྲུབས་པས། ཇི་སྐད་དུ། བདུན་ཕྲག་གཅིག་གམ་གསུམ་དུ་བརྩོན༔ ཁ་དོག་དྲི་རོ་བཟང་དང་འཕེལ༔ སྒྲ་འོད་མེ་ཏོག་ཆར་འབེབས་སོགས༔ གྲུབ་པའི་རྟགས་མཚན་མཐོང་བར་འགྱུར༔ ཞེས་པ་ལྟར་གྲུབ་པའི་མཚན་མ་དགེ་བ་མཐོང་བའམ། ཞག་གྲངས་བདུན་ཕྲག་སོགས་དུས་ཀྱི་ངེས་པ་རྫོགས་ནས་དངོས་གྲུབ་ལེན་པའི་ཚུལ་ནི། ཐོག་མར་དངོས་གྲུབ་བསྐུལ་བའི་དོན་དུ་སྔགས་ཀྱི་མཐར།] ཀཱ་ཡ་ཝཱ་ཀ་ཙིཏྟ་སིངྔྷི་ཕ་ལ་ཧཱུྃ༔ [ཞེས་བཏགས་པ་མང་དུ་བཟླས་མཐར།] ཨོཾ་བོ་ངྷི་ཙིཏྟ་ཀཱ་ཡ་ཝཱ་ཀ་ཙིཏྟ་མ་ཧཱ་ས་མ་ཡ་ཧོཿ [ཞེས་རིག་པའི་མེ་ཏོག་དོར། སྨན་གྱི་ཕོ་བྲང་རང་གི་སྤྱི་བོར་བླངས་ལ།] ཧཱུྃ༔ མཆོག་གི་དམ་ཚིག་བླ་ན་མེད། །དངོས་གྲུབ་ཀུན་གྱི་དབྱིག་ཆེན་པོ། །རྡོ་རྗེ་བཙུན་མོའི་ཡེ་ཤེས་ཀྱིས། །སྐུ་གསུང་ཐུགས་སུ་དབང་སྐུར་རྩོལ། །[རྩ་སྔགས་མཐར།] ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨཱ་ཡུར་སིངྔྷི་ཕ་ལ་ཨ་བྷི་ཥིཉྩ་ཏུ་མཱཾ། [ཞེས་བརྗོད་ཅིང་གནས་གསུམ་དུ་གཏུགས། སློབ་མ་ཡོད་ནའང་དབང་བསྐུར།] བདུད་རྩི་བདེ་བ་ཆེན་པོ་ཡེ་ཤེས་མཁའ་འགྲོ་རང་ལ་ཐིམ་པར་[བསམ།] ཨ་ཧོ་མ་ཧཱ་སུ་ཁ་ཧོཿ [ཞེས་རྟོགས་པ་བརྗོད་ལ།] བཛྲ་པྲ་བེ་ཤ་ཡ་ཕཊ་[ཀྱིས་རྒྱ་དགྲོལ།] སརྦ་པཉྩ་ཨ་མྲྀ་ཏ་ཨ་བེ་ཤ་ཡ་ཨཱཿ [ཞེས་པས།] བདུད་རྩིའི་
དྭངས་མ་དཀར་དམར་མཐིང་གའི་འོད་ཀྱི་རྣམ་པས་རང་ལ་ཐིམ་པར་[བསམ། ནང་མཆོད་དང་སྦྱར་ལ།] རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི། །ར་ས་ཡཱ་ན་སྨན་ཆེན་པོ། །འཆི་མེད་གསང་བའི་བདུད་རྩི་འདི། །མཉམ་པའི་དམ་ཚིག་མཆོག་ཏུ་རོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་སྨན་མཆོད་ཕུལ་བའི་རྗེས་སུ།] བདུད་རྩི་སྙིང་པོ་ཅན་གྱི་དབུས། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡི་གེ་གསུམ་གྱི་རྣམ་པ་ཅན། །དམ་ཚིག་ཕྱག་རྒྱ་གཉན་པོས་བླངས། །[སྔགས་མཐར།] ཀཱ་ཡ་སིངྔྷི་ཨོཾཿ ཝཱ་ཀ་སིངྔྷི་ཨཱཿ ཙིཏྟ་སིངྔྷི་ཧཱུྃ། [ཞེས་གནས་གསུམ་དུ་ཐིག་ལེ་བྱས་ལ་མྱང་ཞིང་སློབ་མ་ལའང་སྦྱིན། རྗེས་ཀྱི་བྱ་བ་རྣམས་གཞུང་ལྟར་མཐའ་རྒྱས་སུ་བྱའོ། །དེ་ལྟར་བསྒྲུབ་པའི་ཕན་ཡོན་ཀྱང་། ཇི་སྐད་དུ། བཅོམ་ལྡན་རྡོ་རྗེ་བཙུན་མོ་ཡི༔ གྲོལ་བའི་ཕྲིན་ལས་ཤུགས་ཕྱུང་བ༔ བདུད་རྩི་མཆོག་འདི་འབྲེལ་ཚད་ཀུན༔ གནས་སྐབས་ཚེ་སྲིང་ཉམས་ཆག་སྐོང་༔ ཡིད་འཕྲོག་དབང་འགྱུར་ནད་གདོན་ཞི༔ གཏུམ་ཆེན་དྲག་པོའང་ལྷན་ནེར་འགྱུར༔ མཐར་ཐུག་མཐོང་ཚོར་མྱོང་དང་རེག༔ ཧེ་རུ་ཀ་དང་སྤྱོད་ཡུལ་མཉམ༔ དཔའ་བོ་མཁའ་འགྲོའི་འདུ་བ་ཐོབ༔ བདེ་ཆེན་ཡེ་ཤེས་རྩོལ་མེད་སྐྱེ༔ ཚེ་གཅིག་རྣམ་གྲོལ་ཆེ་ལ་སྦྱོར༔ ཞེས་སོགས་རྒྱ་ཆེར་འབྱུང་བ་ལྟར་རོ། །ཞེས་པའང་གྲོལ་བ་བཞིའི་ཕྲིན་ལས་མཁའ་ཁྱབ་ཏུ་སྤེལ་ཞིང་རང་གཞན་རྣམས་འཆི་མེད་ཡེ་ཤེས་དྭངས་མའི་སྲོག་
བསྒྲུབ་པའི་ཆ་རྐྱེན་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཤར་ཕྱོགས་ང་ཕོད་ལྟ་ན་སྡུག་གི་སྐྱེད་མོས་ཚལ་དུ་གྲོ་བཞིན་ཟླ་བའི་ཤེས་རབ་ཀྱི་ཆའི་རྒྱལ་བ་དང་པོ་ལ་རྩ་བའི་མན་ངག་འཇུག་བདེའི་ལག་ལེན་གྱིས་རྣམ་པར་བཀྲལ་ཏེ་སྤེལ་བ་སིངྔྷི་རསྟུ།། །།]
ཟབ་ལམ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་གསལ་བྱེད་ཚེ་དབང་དང་བཅས་པ་འཆི་མེད་འདོད་འཇོ།
༄༅། །ཟབ་ལམ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་གསལ་བྱེད་ཚེ་དབང་དང་བཅས་པ་འཆི་མེད་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཚེ་སྒྲུབ་ཀྱི་ཕྲིན་ལས་ལ་འཇུག་པར་འདོད་པས། དཀར་ཕྱོགས་ཀྱི་དུས་ཚེས་དགེ་བར་བཀྲ་ཤིས་ཡིད་འོང་གི་གནས་སུ་སྟེགས་གཙང་མར་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་བཀོད་པའི་ཁར། མཉྫི་ལ་ཚེའི་འབྲང་རྒྱས་བུམ་གཟུགས་མ་རྒྱན་ལྡན་བཞག་པའི་གཡས་གཡོན་དུ་ཚེ་བཅུད་ཕུར་མ་བསྲེས་པའི་ཚེ་རིལ་དང་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། མདུན་དུ་སྨན་རཀ་གཏོར་གསུམ་དང་ཕྱི་མཆོད་ཕྲེང་ཚར་དུ་བཤམ། གཏོར་ཚོགས་ཀྱི་ཡོ་བྱད་ཉེ་བར་མཁོ་བ་རྣམས་དང་། ལས་བུམ་སོགས་འདུ་བྱས་ལ། ཕྲིན་ལས་ཀྱི་གཞུང་དཀྱུས་ལྟར་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྒོམ་པ་ལས། ལྷ་བསྐྱེད་ཀྱི་ཕྱག་མཚན།] བདག་རྟོག་
རྩད་གཅོད་གྲི་གུག་དང་༔ [ཞེས་པའི་ཚབས་སུ།] ཚེ་བཅུད་འགུགས་པའི་མདའ་དར་དང་༔ [ཞེས་བསྒྱུར། སྤྱན་འདྲེན་ནས་བསྟོད་པའི་བར་དུ་སོང་ནས།] བདག་མདུན་ཡེ་ཤེས་མཁའ་འགྲོ་ཡི༔ ཐུགས་ཀར་རྒྱ་གྲམ་གྱིས་བསྡམས་པའི༔ ཉི་ཟླའི་གྭའུའི་དབུས་སུ་ཧྲཱིཿ འོད་འབར་ཉི་ཟླའི་ཁ་བྱེ་ནས༔ ནམ་མཁའི་མཐའ་ཁྱབ་སྤྲོས་པ་ཡིས། རང་གི་བླ་ཚེ་ཆད་ཉམས་དང་༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་ཀུན༔ འོད་ཟེར་བདུད་རྩིའི་རྣམ་པར་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་ཐིམ༔ འཆི་མེད་ཚེ་ཡི་དངོས་གྲུབ་དང་། བདེ་ཆེན་ཡེ་ཤེས་རྒྱས་པར་
གྱུར༔ [ཞེས་དམིགས་ལ། རྩ་སྔགས་ཤམ་བུར།] ཨ་ཡུརྫྙཱ་ན་ཚེ་བྷྲཱུྃ༔ [ཞེས་བཏགས་པ་ཅི་འགྲུབ་བཟླ། ཐུན་མཐར་ཚེ་འགུགས་པ་ནི་མདའ་དར་གཡབ་ལ།] ཧྲཱིཿ པདྨ་རྣམ་པར་རྒྱས་པའི་ཞིང་༔ བདེ་ཆེན་འབར་བ་དབང་གི་དལ༔ ཟླ་གམ་ཚེ་ཡི་ཕོ་བྲང་ནས༔ འཆི་མེད་ཡེ་ཤེས་ངྷཱ་ཀི་ནཱི༔ རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་དང་༔ ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ དེང་འདིར་ཐུགས་དམ་རྒྱུད་བསྐུལ་ལོ༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་འཁྱམས་དང་ཡར་བ་དང་༔ འབྱུང་པོས་བརྐུས་ཤིང་འཕྲོག་པས་རྣམས༔ དྲེག་པརརང་རང་ལག་ནས་ཁུག༔ ས་ཆུ་མེ་རླུང་ནམ་མཁའི་བཅུད༔ ཤ་ཁྲག་དྲོད་དབུག་སེམས་ལ་སྟིམས༔ སྐྱེ་འགྲོའི་ཚེ་བསོད་དཔལ་ཡོན་སྟོབས༔ རྩ་གསུམ་རྒྱལ་བའི་བྱིན་རླབས་དབྱིག༔ དྲང་སྲོང་རིག་འཛིན་གྲུབ་པའི་ཚེ༔ མ་ལུས་སྒོ་གསུམ་ཐིག་ལེར་སྡུས༔ རྒས་མེད་ལང་ཚོའི་གཟི་མདངས་སྐྱེད༔ ནད་མེད་བདེ་བའི་དགའ་བ་སྤེལ༔ འཆི་མེད་རྡོ་རྗེའི་སྲོག་རྩ་ཚུགས༔ སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ༔ མི་ཤིགས་གཞོན་ནུ་བུམ་པ་སྐུའི༔ རྟག་པ་དམ་པའི་དངོས་གྲུབ་སྩོལ༔
[ཞེས་ཚེ་ཛཔྲ་དང་བཅས་པས་བསྐུལ། ཐུན་མཚམས་ཀྱི་གཏོར་འབུལ་སོགས་དང་ཚོགས་མཆོད་ཡོད་ན་བསྒྲལ་བསྟབས་ཀྱི་བར་དུ་གྲུབ་པ་དང་།] ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་དབང་ཆེན་རྟ་མགྲིན་དམར་པོ་ཐོད་དབྱུག་དང་མེ་ཞགས་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་མོས་ཏེ། ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ༔ [ཅེས་བརྒྱ་རྩ་བཟླས་མཐར།] ལྷ་འོད་དུ་ཞུ་བ་བུམ་ཆུ་དང་དབྱེར་མེད་དུ་གྱུར་པར་[བསམ། རིག་པའི་མེ་ཏོག་དོར་ལ་གནང་བ་ནོད། སློབ་མ་རྣམས་སྒོ་དྲུང་དུ་བོས་ལ།] ཇི་ལྟར་བལྟམས་པ་[སོགས་ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱ། ནང་དུ་ཞུགས་ནས་བགེགས་གཏོར་བྱིན་གྱིས་བརླབས་པ་བསྔོས་ཏེ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། གྲལ་དུ་འཁོད་པར་མེ་ཏོག་བཀྲམ་བསྡུ་བྱས་ལ།] འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཆི་མེད་ཡེ་ཤེས་མཁའ་འགྲོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཚེའི་དབང་བསྐུར་ཟབ་མོ་གསན་པར་བགྱིའོ་སྙམ་པའི་ཐུགས་བསྐྱེད་གསལ་ཐོབ་ལ་གསན་མཛོད། དེའང་ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པས། འཁོར་བར་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པར་
མ་མཐོང་བས། །དེས་ན་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཡང་དག་བརྩམ། །ཞེས་གསུངས་པ་ལྟར། ཆོས་ལྡན་དལ་འབྱོར་གྱི་རྟེན་བཟང་ཡུན་དུ་འཚོ་བའི་ཐབས་ལ་བརྩོན་པ་ནི་འཇིག་རྟེན་འདི་ན་དོན་དུ་གཉེར་བྱའི་གཙོ་བོ་ཡིན་ལ། དེའི་ཐབས་ཚུལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྣམ་གྲངས་མཐའ་ཡས་པ་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་གསང་སྔགས་བླ་མེད་ཀྱི་བསྐྱེད་རྫོགས་ལ་བརྟེན་ནས་རྡོ་རྗེའི་ཚེ་སྒྲུབ་པ་རྣམས་ཡིན་ཅིང་། འདིར་དེ་དག་གི་ནང་ནས་ཟབ་པའི་ཕུལ་དུ་ཕྱིན་པ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཀུན་ཏུ་བཟང་མོ་ཉིད་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོའི་སྐུར་བསྟན་པ་དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་ཟླ་བ་ཚེ་སྦྱིན་མའི་མན་ངག་མཁའ་འགྲོ་ཐུགས་ཀྱི་ཐིག་ལེའི་གསང་མཛོད་ཀྱི་ཆ་ཤས་ལས་འཕྲོས་པའི་ཟབ་ཆོས་དངོས་གྲུབ་ཀྱི་ཚན་ཁ་མ་བྲི། བྱིན་རླབས་ཀྱི་གཟི་བྱིན་མ་ཉམས། མཁའ་འགྲོའི་ཁ་རླངས་མ་ཡལ་བ་འདི་ཉིད་ཀྱི་སྒོ་ནས་ཚེ་དབང་བསྐུར་བ་ལ། བདག་ཉིད་སློབ་དཔོན་གྱི་བྱ་བ་རྣམས་སོང་གྲུབ་པ་ལགས་པས། ཁྱེད་རང་རྣམས་ཀྱིས་བགྱི་བར་འོས་པ་ལ་ཐོག་མར་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། [ཞེས་མཚམས་
སྦྱར་ལ་མཎྜལ་འབུལ་དུ་གཞུག །]བླ་མ་དང་ཡེ་ཤེས་མཁའ་འགྲོ་དབྱེར་མི་ཕྱེད་པ་ལ་མོས་གུས་གདུང་ཤུགས་དྲག་པོས་ཐལ་མོ་མེ་ཏོག་དབང་བཅས་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དགའ་ཆེན་སྟོན་པ་མཆོག་གཅིག་པུ༔ བླ་མ་འཆི་མེད་མཁའ་འགྲོ་མས༔ བདག་ལ་བརྩེ་བས་ཉེར་དགོངས་ནས༔ ཡེ་ཤེས་ཚེ་ཡི་དབང་བསྐུར་སྩོལ༔ [ལན་གསུམ།] དེ་ནས་རྒྱུད་རྣམ་པར་དག་པ་བྱ་བའི་སླད་དུ༔ བླ་མ་དང་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་གཉིས་སུ་མེད་པ་ལ་རྩ་གསུམ་ཚེ་ཡི་ལྷ་ཚོགས་ནམ་མཁའ་གང་བའི་འཁོར་དང་བཅས་ཏེ་བཞུགས་པའི་སྤྱན་སྔར། བདག་གཞན་མཁའ་ཁྱབ་ཀྱི་ཡིད་ཅན་མཐའ་དག་འདི་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། སྨོན་པ་དང་འཇུག་པའི་བསམ་སྦྱོར་བརྟན་པོས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་བསྐྱེད་པ་དང་། གསང་སྔགས་བླ་མེད་རྡོ་རྗེ་ཐེག་པའི་སྡོམ་པ་བརྟུལ་ཞུགས་དམ་ཚིག་རྣམས་ཚུལ་བཞིན་བླངས་ནས་ལེགས་པར་བསྲུང་བར་བགྱིའོ་སྙམ་པའི་ཡིད་ཀྱིས་འདིའི་རྗེས་ཟློས། ཡེ་ཤེས་མཁའ་འགྲོ་སྐྱབས་ཀྱི་མཆོག་ཏུ་བཟུང་༔ འགྲོ་
བའི་དོན་དུ་སྨོན་འཇུག་སེམས་བསྐྱེད་ཅིང་༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་གསང་སྔགས་ཀྱི༔ དམ་ཚིག་སྡོམ་པ་རྟག་ཏུ་བསྐྱང་བར་བགྱི༔ [ལན་གསུམ།] དེ་ནས་དབང་གི་གཞི་འགོད་པ་ལ་ཡེ་ཤེས་པ་དབབ་པའི་དོན་དུ་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་དག་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་ཐམས་ཅད་རང་བཞིན་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། རང་ཉིད་གནས་པའི་གོ་སར་སྣ་ཚོགས་པདྨ་ཉི་མ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རིག་པའི་ངོ་བོ་བྃ་ཡིག་དཀར་དམར་འོད་འབར་བ། དེ་ཡོངས་སུ་གྱུར་པ་ལས་ཁྱེད་རང་རྣམས་སྐད་ཅིག་གིས་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་ཆེན་མཚོ་རྒྱལ་དབང་མོ་སྐུ་མདོག་དཀར་དམར་དུང་ལ་ཕོ་ཚོས་བྱུགས་པ་ལྟ་བུ། ཞི་ཞིང་འཛུམ་ལ་རྗེས་སུ་ཆགས་པའི་ཉམས་ཅན། སྤྱན་ཟུང་ལྟ་སྟངས་ཐད་ཀར་གཟིགས་པ། ནུ་མ་འབུར་ཞིང་གསང་བའི་ཆུ་སྐྱེས་རྒྱས་པ། ཕྱག་གཡས་པས་མདའ་དར་རྣ་ལྟག་གཡས་ཀྱི་ཐད་སོར་གཡོབ་པའི་ཚུལ་གྱིས་འཛིན་ཅིང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་དཀུ་ལ་བརྟེན་ཚུལ་གྱིས་བསྣམས་པ། དབུ་སྐྲ་ཐོར་ཚུགས་སུ་བཅིངས་པའི་རྩེ་
མོར་ནོར་བུས་བརྒྱན་ཅིང་ལྷག་མ་སིལ་བུར་གྲོལ་བ། དར་གྱི་ཅོད་པན་དང་དར་དཔྱང་ལྷབ་ལྷུབ་ཏུ་གཡོ་བ། རུས་པ་དང་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བས་བརྒྱན་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་འོད་ཟེར་སྣ་ཚོགས་འབར་བའི་ཀློང་ན་བཞུགས་པའི་སྤྱི་བོར་རིགས་བདག་པདྨ་གར་དབང་ལོངས་སྐུའི་ཆས་ཅན་རྡོ་དྲིལ་འཛིན་པས་མཚན་པ། སྐུའི་གནས་ཐམས་ཅད་དུ་རྩ་གསུམ་ཚེ་ལྷ་རབ་འབྱམས་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟར་བཞུགས་པའི་གནས་གསུམ་དུ་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས་མཚན་པ་གསལ་ཐོབ་ཅིག །སློབ་དཔོན་ཀྱང་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་མར་གསལ་བ་ལ་མོས་གུས་བསྐྱེད་པས། ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པར་བཅས་
པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པས་རྒྱུད་བྱིན་གྱིས་རློབས་པའི་མོས་འདུན་མཛོད་ཅིག །[འབེབས་པའི་རྫས་དང་རོལ་མོ་དབྱངས་ཀྱི་བསྐུལ་ལ། ལས་གཞུང་གི་བྱིན་འབེབས་དང་ཚེ་བསྙེན་མཐར།] བཛྲ་ཨཱ་བེ་ཤ་ཡ་ཨ་ཨ། [བཏགས་པ་དྲག་ཏུ་བརྗོད་ལ་དབབ།] དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་བརྟན་པར་གྱུར་པའི་མོས་པར་མཛོད། ཏིཥྠ་བཛྲ། [རྒྱ་གྲམ་མགོར་བཞག །]དེ་ནས་ཚེ་འགུགས་པའི་སླད་དུ་དམིགས་པ་འདི་ལྟར་དུ་མཛོད། མོས་གུས་ཀྱི་སྟོབས་དང་གདུང་ཤུགས་ཀྱིས་ཐུགས་དམ་བསྐུལ་བས་སློབ་དཔོན་ཚེ་བདག་ཡེ་ཤེས་ཀྱི་མཁའ་འགྲོ་མའི་ཐུགས་ཀ་དང་ཕྱག་གཡས་པའི་མདའ་དར་ལས་ལྷ་མོ་མགྱོགས་མའི་སྤྲུལ་པ་ཡང་སྤྲུལ་ཉི་ཟེར་གྱི་རྡུལ་ལྟ་བུ་འཕྲོས། ཁྱེད་རང་གི་བླ་ཚེ་སྲོག་དབུགས་གདོན་བགེགས་ཀྱིས་བརྐུས་འཕྲོག་ཆད་ཉམས་ཡར་བ་ཐམས་ཅད་དང་། སྣོད་ཀྱི་འཇིག་རྟེན་འབྱུང་བ་བཞིའི་བཅུད་དང་དྭངས་མ། བཅུད་ཀྱི་སེམས་ཅན་ལྷ་ཀླུ་མིའི་ཚེ་བསོད་དཔལ་འབྱོར། རྩ་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་མཁྱེན་བརྩེ་ནུས་པའི་བྱིན་རླབས་ཐམས་ཅད་བདུད་རྩིའི་རྒྱུན་དང་། འཇའ་འོད་ཟེར་ཐིག་གི་རྣམ་པར་
བསྡུས་ཏེ་ཁྱེད་རང་རྣམས་ཀྱི་བ་སྤུའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་འཆི་མེད་ཚེའི་དངོས་གྲུབ་ཐོབ། མདུན་གྱི་ཚེ་རྫས་རྣམས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། [ཅེས་མདའ་དར་གཡབ་ལ།] ཧྲཱིཿ པདྨ་རྣམ་པར་རྒྱས་པའི་ཞིང་༔ [སོགས་ཚེ་འགུགས་གོང་བཞིན་གྱེར།] དེ་ལྟར་ཚེ་འགུགས་ཤིང་བཅུད་བསྡུས་ནས། ཚེའི་བུམ་པ་འདི་ཉིད་འཆི་མེད་ཡེ་ཤེས་ཀྱི་མཁའ་འགྲོ་བདེ་ཆེན་རྒྱལ་མོའི་རྣམ་པ། ཕྱག་གཡས་པའི་མདའ་དར་ལས་ལྷ་མོ་མགྱོགས་མའི་སྤྲུལ་པ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་སྤྱན་དྲངས། ཕྱག་གཡོན་གྱི་བྷནྡྷའི་ནང་དུ་ཞུགས་ཤིང་འཁྱིལ་བ་ལས་འཆི་མེད་ཚེའི་བདུད་རྩི་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ཚངས་པའི་བུ་ག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་། དུས་མ་ཡིན་པའི་འཆི་བ་བག་ཆགས་དང་བཅས་པ་བྱུང་། འཆི་མེད་ཚེ་འདི་དངོས་
གྲུབ་ཐོབ། དྭངས་མ་སྙིང་གི་དབུས་སུ་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་ཧྲཱིཿའི་ཁོག་པར་ནྲྀ་ཡིག་ཨས་མཚན་པ་ལ་ཐིམ་པས་རྡོ་རྗེའི་སྲོག་འགྲུབ་པའི་མོས་པ་མཛོད། [ཚེའི་འབྲང་རྒྱས་ཐོགས་ལ།] ཧཱུྃ༔ ཡེ་ཤེས་མཁའ་འགྲོ་ཚེ་ཡི་བདག༔ སྒྲིབ་པའི་དྲི་མ་ཀུན་བྲལ་བ༔ སྐྱེ་འཆི་མེད་པ་རྡོ་རྗེའི་སྐུ༔ འཆི་མེད་ཚེའི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་ཡུརྫྙཱ་ན་ཚེ་བྷྲཱུྃ་ཧཱུྃ༔ [ཞེས་སྤྱི་བོར་བཞག །མེ་ཏོག་འཐོར་ལ།] ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་བ་མེད་པ་རྡོ་རྗེའི་ཚེ་ལ་མངའ་བརྙེས་པར་གྱུར་ཅིག །[ཅེས་བརྗོད།] ཐབས་ཀྱི་རྫས་ཚེའི་རིལ་བུ་མྱང་བས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཚེ་དང་ལང་ཚོ་ལ་དབང་ཐོབ་པའི་མོས་པ་མཛོད། [ཚེ་རིལ་ཐོགས་ལ།] ཧོཿ ཐབས་མཆོག་བདེ་ཆེན་ཚེའི་རིལ་བུ། །མི་འགྱུར་ཡེ་ཤེས་ཐིག་ལེར་ཤར། །དེ་རིང་ཁྱོད་ཀྱིས་བཟའ་བར་བྱ། །འདི་ཟོས་ཚེ་ལ་དབང་བ་ཡི། །རིག་འཛིན་འགྲུབ་པར་གདོན་མི་ཟ། །[ཞེས་ལག་གཡས་སུ་བྱིན།] ཤེས་རབ་ཀྱི་རྫས་ཚེའི་ཛ་གད་མྱང་བས་ཤེས་རབ་སྟོང་པ་ཉིད་གཞོམ་
མེད་གཉུག་མའི་སྲོག་ལ་མངའ་བརྙེས་པའི་མོས་པ་མཛོད། [ཚེ་ཆང་ཐོགས་ལ།] ཧོཿ ཤེས་རབ་སྟོང་ཉིད་ཚེའི་བདུད་རྩི། །མི་ཤིགས་དྭངས་མའི་བཅུད་དུ་འཁྱིལ། །དེ་རིང་ཁྱོད་ཀྱིས་བཏུང་བར་བྱ། །འདི་མྱང་ཚེ་ལ་དབང་བ་ཡི། །རིག་འཛིན་འགྲུབ་པར་གདོན་མི་ཟ། །[ཞེས་ལག་གཡོན་དུ་བྱིན།] ཚེ་མདའ་འདི་ཉིད་སྤྱི་བོར་བཀོད་པའི་རྐྱེན་གྱིས་དེ་ལས་འཕྲོས་པའི་སྣ་ཚོགས་རྡོ་རྗེའི་རྡུལ་ཕྲ་མོ་གྲངས་མེད་པས་ཁྱེད་རང་རྣམས་ཀྱི་ལུས་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ནས་ཕྱིན་ཆད་བགེགས་དང་བར་ཆད་གང་གིས་ཀྱང་མི་ཚུགས་པའི་ང་རྒྱལ་དང་བཅས། གདོད་ནས་སྐྱེ་འཆིའི་མཚན་མ་མ་གྲུབ་པའི་འཆི་མེད་གཉུག་མའི་རང་ངོ་ལ་མཉམ་པར་འཇོག་པར་ཞུ། [ཚེ་མདའ་ཐོགས་ལ།] བྷྲཱུྃ༔ ཚེ་ཡི་དངོས་གྲུབ་དྭངས་མའི་བཅུད། མི་ཤིགས་ཙིཏྟའི་དཀྱིལ་དུ་སྦ༔ འགྱུར་མེད་དབྱིངས་ཕྱུག་ཡུམ་གྱི་ཀློང་༔ གཞོམ་ཞིག་བྲལ་བར་རྒྱས་གདབ་བོ༔ ངྷརྨ་ངྷཱ་ཏུ་ཨ་ཨ་ཨ༔ [ཞེས་བརྗོད་ལ་སྤྱི་བོར་རྒྱ་གྲམ་དུ་བཞག །བཀྲ་ཤིས་རྒྱས་པར་བརྗོད། ཚེ་དབང་གྲངས་གསོག་ཏུ་བསྐུར་ན། མཎྜལ། གསོལ་འདེབས། བྱིན་འབེབས། ཚེ་འགུགས་ནས་རྒྱས་གདབ་པར་བསྐྱར་བ་རྒྱས་པ། ཚེ་འགུགས་མན་ཆད་བསྐྱར་
བ་འབྲིང་པོའོ། དངོས་གཞི་ཚེ་འབྲང་ཚེ་རིལ་ཚེ་ཆང་ཙམ་བསྐྱར་བ་བསྡུས་པའི་ཕྱག་བཞེས་ཏེ་སོ་སོའི་མོས་པའམ་ལོངས་ཁྱབ་དང་བསྟུན་པས་འཐུས། མཐར།] དེ་དག་གིས་འཆི་མེད་མཁའ་འགྲོའི་ཐུགས་ཐིག་དང་རྗེས་སུ་འབྲེལ་བར་ཚེའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་སྟེ། ཇི་སྐད་དུ། བསྙེན་པ་ཐེམས་པའི་རྣལ་འབྱོར་པས༔ གཞན་ལ་ཚེ་ཡི་དབང་བསྐུར་ན༔ ཚེ་ཟད་ཡིན་ཀྱང་ལོ་རེ་བསྲིང་། དུས་ཀྱི་འཆི་བའང་བཟློག་ནུས་ན༔ དུས་མིན་བར་ཆད་སྨོས་ཅི་དགོས༔ ཞེས་བསྔགས་པ་དོན་དང་ལྡན་པ་ལགས་པས་ངེས་ཤེས་དྲག་པོས་འདི་ཉིད་གཡར་དམ་དུ་འཆའ་བས་མཚོན་སྤྱི་དང་བྱེ་བྲག་གི་དམ་ཚིག་རྣམས་ཚུལ་བཞིན་བསྲུང་བའི་བློས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་[སོགས། དམ་ཚིག་ཁས་བླང་། གཏང་རག་མཎྜལ་ལུས་འབུལ། དགེ་བསྔོ་སྤྱི་ལྟར་བྱ། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་གཏོང་། དམ་ཅན་གཏོར་སྐྱོང་། གཏང་རག་གི་མཆོད་བསྟོད་བཟོད་གསོལ། ཡེ་ཤེས་པ་བརྟན་བཞུགས། བདག་བསྐྱེད་ཉེར་བསྡུ། བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་བས་འགྲུབ་བོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་པ་བདེ་བའི་གསལ་བྱེད་དུ་སྤེལ་བ་སིདྡྷི་རསྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་རིང་འཚོའི་དཔལ་སྟེར།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་རིང་འཚོའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བླ་བསླུའི་ཆོ་ག་མདོར་བསྡུས་ཏེ་བྱ་བར་འདོད་པས། གུང་དུ་མཁའ་འགྲོའི་དཀྱིལ་འཁོར་ཚེ་རྟེན་བཅས་ལེགས་པར་བཤམས་པའི་མདུན་སོགས་ཕྱོགས་གང་བདེར། རིན་པོ་ཆེའི་སྣོད་ཆུ་སྣས་བཀང་བར་བླ་ལུག་ཕོ་མོའི་སྐྱེ་མཆེད་དོད་པར་བཟོས་པའི་ཁོག་པར་གྲོ་གའམ་ཤོག་གུར་གསེར་རམ་མཚལ་གྱིས་བསྒྲུབ་བྱའི་མིང་བྱང་བྲིས་པ་དང་། བླ་གཡུ་འོད་འབར་བ། ནས་དཀར་ལོ་གྲངས་བཅས་དར་དམར་གྱིས་དྲིལ་བ་བཅུག་སྟེ་བཞག་པ་དང་། ཉེ་ལོགས་སུ་བསྒྲུབ་བྱའི་འདྲ་གླུད་ཆང་བུ་ཏིང་ལོ་འཕན་བཀྲ་སོགས་ཡས་སྟག་ཅི་འབྱོར་པས་བསྐོར་བ་བཅས་འདུ་བྱས་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཚེ་སྒྲུབ་ཀྱི་བཟླས་པ་དང་།] ཨོཾ་རྫབ་རྫབ་
རྫུབ་རྫུབ་བྷ་དྲ་སློང་སློང་ནྲྀ་ཁུག་ཛ་ཛཿ [ཞེས་བཏགས་པ་ཅི་མང་བཟླས་མཐར་ཚེ་འགུགས་བསྐུལ། ཡས་ལ་བསང་ཆུ་འཐོར་ཞིང་།] རཾ་ཡཾ་ཁཾ་[གིས་སྦྱངས།] སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བསྲུང་བྱའི་འདྲ་གླུད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ། དགོས་འདོད་དཀོར་ནོར་གྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་མགྲོན་རྣམས་མཉེས་ཤིང་ཚིམས་པར་བྱེད་ནུས་པའི་མཆོད་སྤྲིན་འཇིག་རྟེན་ཀུན་ཏུ་རྒྱས་པ་གང་བར་[བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ།] ན་མོ། མཆོག་གསུམ་རྩ་གསུམ་བྱིན་རླབས་དང་།
ཁྱད་པར་ཚེ་བདག་ཌཱ་ཀིའི་མཐུས། །དམིགས་བྱའི་བླ་ཚེ་བརྐུ་འཕྲོག་བྱེད། །ལན་ཆགས་གདོན་ཀུན་འདིར་ཁུག་ཅིག །[སྔགས་ཤམ་དུ།] སརྦ་ལོ་ཀ་གྷྣན་ཨ་ཀཪྵ་ཡ་ཛ་ཛཿ [ཞེས་ལན་གསུམ་སོགས་ཀྱིས་མགྲོན་བཀུག་སྟེ་དགའ་ཞིང་གུས་པས་མདུན་དུ་འཁོད་པར་བསམ།] བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ། །[ཞེས་དང་།] སམྦྷ་ར་[ལན་བདུན་སོགས་ཀྱིས་བསྔོས་ལ།] ཧཱུྃ། ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང་། །དྲན་དང་གཟུང་དང་བསམ་དང་རེག །ལྷོད་དང་ཞི་དང་གྲོལ་བར་མཛོད། ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་གྱི། །སྟེང་འོག་ཕྱོགས་མཚམས་བླ་བདུད་ནི། །ཕྱོགས་སྐྱོང་འབྱུང་པོ་གདོན་གྱི་ཚོགས། །སྤར་སྨེ་ལོ་སྐོར་ས་བདག་སྡེ། །ཕྱོགས་དུས་གནས་ཤིང་རྒྱུ་བ་ཡི། །སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཚོགས། །གཉུག་མར་གནས་དང་གློ་བུར་ལྷག །སྔོན་ལས་འཕྲལ་རྐྱེན་ལས་གྱུར་པའི། །རྒྱུ་སྦྱོར་ཡོན་གྱི་བདག་པོ་ཡི། །བླ་ལ་བརྐུ་ཞིང་ཚེ་ལ་རློམས། །སྲོག་ལ་གནོད་པའི་གདོན་བགེགས་རིགས། །མ་ལུས་འཁོར་དང་བཅས་པ་ལ། །
རྒྱུ་སྦྱོར་མིའུ་བསླུ་བའི་ཕྱིར། །ངར་མི་སྣ་ཚོགས་རྒྱན་གྱིས་མཛེས། །ཏིང་འཛིན་སྔགས་རྒྱས་བྱིན་བརླབས་པས། །ཁམས་དང་སྐྱེ་མཆེད་ལྷུན་གྱིས་གྲུབ། །བཀྲག་མདངས་གཟི་མདངས་འོད་ཟེར་འབར། །འདོད་ཡོན་དཀོར་ཆ་མ་ཚང་མེད། །འཛད་མེད་ནམ་མཁའ་མཛོད་དུ་འཁྱིལ། །ཕུན་ཚོགས་བདེ་སྐྱིད་དྭངས་རེ་སྤྲོ། །མི་ལས་ཆེས་ལྷག་གླུད་བཟང་འདི། །སྣང་སྲིད་ལྷ་འདྲེའི་ཕྱག་ཏུ་འབུལ། །འབུལ་བ་བདག་གིས་མ་ནོར་ལ། །བཞེས་པ་ཁྱོད་ཀྱིས་མ་ནོར་ཅིག །ཞི་ཞིང་ཕན་པའི་སེམས་ཀྱིས་ནི། །བུ་ལོན་ལན་ཆགས་བྱང་བ་དང་། །འཁོན་དགྲས་འཁྲུགས་པ་འདུམ་པ་དང་། །གནོད་འཚེ་གདུག་རྩུབ་ཞི་ནས་ཀྱང་། །བླ་ཚེ་བརྐུས་ཕྲོག་ཡར་བ་ཀུན། །ད་ལྟ་ཉིད་དུ་སོར་ཆུད་དེ། །ཞི་དང་བཀྲ་ཤིས་བདེ་ལེགས་མཛོད། །[ཅེས་ལོ་གྲངས་སོགས་ཅི་རིགས་བསགས་རྗེས།] རང་གི་ཐུགས་ཀའི་འོད་ཟེར་བདུད་རྩིའི་རང་བཞིན་དཀར་པོ་འཕྲོས། གདོན་བགེགས་རྣམས་ལ་ཕོག་པས་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་བྱས། འོད་ཟེར་ཚུར་འདུས་པས་བླ་ཚེ་ཉམས་པ་ཐམས་ཅད་འོད་
དང་ཐིག་ལེ་ཡི་གེའི་རྣམ་པར་རྟེན་དང་བསྒྲུབ་བྱར་ཐིམ་པས་བླ་ཚེ་སོར་ཆུད། བཀྲག་མདངས་རྒྱས་ཤིང་བརྟན་གཡོའི་ཚེ་བཅུད་ཐོབ་པར་[བསམ་ལ། མདའ་དར་གཡབ་ཅིང་ཚེ་འགུགས་མཐར་གོང་གི་སྔགས་ཅི་རིགས་བཟླ།] ན་མོ། མཆོག་གསུམ་རྩ་བ་གསུམ་གྱི་བྱིན་རླབས་དང་། །དྲང་སྲོང་རིག་འཛིན་ལྷ་ཡི་བདེན་ཚིག་དང་། །རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པ་ཡིས། །རྟེན་འབྲེལ་ལེགས་ཉེས་མ་འདྲེས་གསལ་གྱུར་ཅིག །[ཅེས་དང་། རྟེན་འབྲེལ་སྙིང་པོ་བཟླ་བཞིན་བླ་ལུག་བསྐོར་བས་ལན་གཅིག་མ་ཡིན་པར་རྟེན་ལ་ཁ་ཕྱོགས་ན་ཁུག་པའི་རྟགས་སོ། །དེ་ནས་གླུད་རྫོང་བཏབ་ལ་མཚན་བཞིའི་སྔགས་ཀྱིས་བསྔོས་ཏེ། ཁྱེར་ཅིག་སོགས་ཤླཽ་ཀའི་མཐར།] མཆོད་སྦྱིན་གནས་འདིར་གང་ལྷག་པའི། །འབྱུང་པོ་ས་འོག་རྒྱུ་བ་དང་། །གང་ཡང་ས་སྟེང་འཁོད་པ་དང་། །ས་བླར་རྒྱུ་བ་གང་ཡིན་རྣམས། །མགུ་བར་གྱིས་ལ་རང་གནས་སུ། །ཐམས་ཅད་ཐ་དད་འགྲོ་བར་གྱིས། །སརྦ་བྷུ་ཏ་གཙྪ། [ཞེས་པས་གཤེགས་གསོལ་དང་ཆབ་གཅིག་ཡས་གླུད་རྣམས་ཆུ་བོའི་གཞུང་ངམ་འདྲེ་ལྔ་གནས་པའི་ཕྱོགས་སུ་བསྐྱལ། སླར་ཡང་ཚེ་འགུགས་བསྐུལ་ལ་བླ་རྟེན་རྣམས་བསྲུང་བྱའི་ལག་ཏུ་གཏད་དེ་རྒྱུན་དུ་འཆང་བར་གདམས་ཤིང་། སྤྲོ་ན་ཚེ་དབང་ཡང་བསྐུར། བཀྲ་ཤིས་རྒྱས་པར་བརྗོད།
དེ་ནས་ཕྲིན་ལས་རྗེས་ཀྱི་ལས་རིམ་རྣམས་མཐར་དབྱུང་བས་འགྲུབ་བོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དོན་གཉེར་ཅན་དུ་མའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་པས་སིདྡྷི་རསྟུ། །སརྦ་མངྒལཾ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་མདོར་བསྡུས་སྲོག་གི་ལྗོན་ཤིང་།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་མདོར་བསྡུས་སྲོག་གི་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་འཆི་བ་བསླུ་བའི་ཆོ་ག་མདོར་བསྡུས་ཏེ་བྱ་བར་འདོད་པས། གུང་དུ་མཁའ་འགྲོའི་དཀྱིལ་འཁོར་ཚེ་རྟེན་བཅས་ལེགས་པར་བཤམས་པའི་མདུན་དུ། འབྱུང་ལྔའི་རྟེན་འབྲེལ་མཚོན་པའི་ས་སྦྱིན་བཟང་པོ་དང་འབྲུ་སྣའི་ངར་ཕྱེ་ལ། ཚ་སྣ་གསུམ། དར་ལྗང་གུ། ཤེལ་རང་བྱུང་། གཞན་ཡང་འབྲུ་སྨན་དཀར་མངར་བཅས་བསྲེས་པ་ལས་བསྒྲུབ་བྱའི་འདྲ་གླུད་སྐྱེ་མཆེད་དོད་པ་ལུང་ཏང་གི་མི་སོགས་རྫས་དང་ལྡན་པ་གཟི་བརྗིད་ཅན་ལ། ནམ་མཁའ་དང་རྒྱང་བུ་བཙུག །མདའ་བཀྲ། འཕང་བཀྲ། ཤིང་རིས། གཏོར་མ། ཏིང་ལོ། ཆང་བུ། ཤ་ཆང་། འབྲུ་སྣ་དར་ཟབ་བྱ་གཅན་རི་དྭགས་གཡུང་དྭགས་ཀྱི་གཟུགས་སོགས་དཀོར་ཆ་
སྣ་ཚོགས་པས་བསྐོར་བ་དང་སོ་སོའི་ལུས་ཀྱི་དྲི་མ་དང་བསྲེས་པའི་གླུད་ཕྲན་ཆང་བུ་རིལ་བུ་བཅས་མང་དུ་འདུ་བྱས་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་ཚེ་སྒྲུབ་ཀྱི་བཟླས་མཐར་ཚེ་འགུགས་བསྐུལ། དེ་ནས་ཡས་ལ་བསང་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ་[གིས་མ་དག་པའི་དངོས་པོ་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་བསམ་ཞིང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་གྱིས་བརླབ། བྱེ་བྲག་ཏུ་སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ་པ་ལ། ཆོས་ཉིད་རྣམ་དག་ནི། ཐལ་མོ་ཁོང་སྟོང་དུ་སྙིང་གར་སྦྱར་ཏེ།] ཨོཾ་སྭབྷཱ་ཝ་ཤུདྡྷཿ སརྦ་ངྷརྨཱཿ སྭབྷཱ་ཝ་ཤུདྡྷོ྅ཧཾ༔ [ལན་གསུམ་མམ་བདུན་བརྗོད།] རྫས་རྣམས་རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་དུ་གྱུར། [ནམ་མཁའ་མཛོད་ནི།
ཐལ་མོ་ཁོང་སྟོང་དུ་སེན་མོ་རྩེ་སྤྲད་པའི་ཚིག་རྣམས་བཅག་པ་སྨིན་མཚམས་སུ་བཞག་ལ།] ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾཁཾསྭཱཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་པར་[བསམ། བདུད་རྩི་ཐབས་སྦྱོར་ནི། ཐལ་མོ་ཁ་སྦྱར་བ་ཕྱིར་བསྐྱེད། མཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་བཞག་ལ།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར་པར་[བསམ། རྒྱལ་ཆེན་ཤུགས་ལྡན་ནི། གཡས་རྡོ་རྗེ་ཁུ་ཚུར་བཅང་བའི་མཛུབ་མོ་སྒྲེང་། གཡོན་པས་གནོན་བྱས་ལ།] ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་[བསམ། ཡེ་ཤེས་སྐར་མདའ་ནི། གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་ཞིང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་པའི་ཚུལ་བྱས་ལ།] ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿ ས་མནྟ་སྥ་ར་ཎ་རསྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ཐམས་ཅད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་[བསམ། དབང་སྒྱུར་འཁོར་ལོ་ནི། ལག་གཉིས་ཀྱི་སོར་མོ་ནང་དུ་བསྣོལ་ནས་མཁྲིགས་མ་སྦྱར། མཐེ་བོང་གཉིས་གཤིབ་སྟེ་གྱེན་ལ་སྤྱི་བོར་བཞག་ནས།] ན་མཿས་མནྟ་བུདྔྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་ནི་
མ་ཧཱ་ས་མ་ཡ་སྭཱཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་[བསམ། དེ་ལྟར་སྔགས་རྣམས་ལན་གསུམ་མམ་བདུན་བརྗོད་པའི་ཕྱག་རྒྱ་བཀྲོལ་བ་ན་སེ་གོལ་བྱའོ། །]ན་མོ་བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །[ཅེས་བདེན་པའི་སྟོབས་བརྗོད། མགྲོན་དགུག་པ་ནི།] ཧཱུྃ༔ དཀོན་མཆོག་གསུམ་གྱི་ལྷ་ཚོགས་དང་༔ སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན༔ ཆོས་ཅན་ཆོས་ཉིད་བདེན་པའི་མཐུས༔ བསྒྲུབ་བྱའི་བླ་རྐུ་སྲོག་ལ་འཇབ༔ ཚེ་དང་མདངས་འཕྲོག་འབྱུང་པོའི་ཚོགས༔ ཞི་བའི་སེམས་ཀྱིས་འདིར་ཁུག་ཅིག༔ བདག་གི་བསྒོ་བའི་བཀའ་ལ་ཉོན༔ ཕན་པའི་སེམས་ཀྱིས་གནས་པར་གྱིས༔ ཊ་ཀི་ཧཱུྃ་ཛ༔ སརྦ་བིགྷྞན་ཨཾ་ཀུ་ཤ་ཡ་ཛ་ཛཿ [ཞེས་ལན་གསུམ་སོགས་ཀྱིས་མགྲོན་བཀུག་སྟེ་དགའ་ཞིང་གུས་པས་མདུན་དུ་འཁོད་པར་བསམ། གླུད་ཀྱི་སྨྲེང་ནི།] ཧཱུྃ༔ སྟོང་གསུམ་ཁམས་ན་གནས་བཅས་ཤིང་༔ སྟེང་འོག་བར་གསུམ་འཁོད་པ་ཡི༔ ལྷ་ཀླུ་ས་
བདག་མཐུ་བོ་ཆེ༔ སྤར་སྨེ་ལོ་ཟླ་དུས་ཚོད་དང་༔ འབྱུང་ལྔ་ལ་དབང་དྲེགས་པ་ཅན༔ བདུད་དང་གཤིན་རྗེ་མན་ཆད་ནས༔ ཡི་དྭགས་ཕྲ་མོ་ཡན་ཆད་རྣམས༔ རྒྱུ་སྦྱོར་སྦྱིན་པའི་བདག་པོ་ལ༔ སྔོན་ལས་འཕྲལ་རྐྱེན་གང་ཡང་རུང་༔ བླ་ལ་རྐུ་ཞིང་སྲོག་ལ་རྔམས༔ ཚེ་ལ་བར་དུ་གཅོད་པ་ཀུན༔ ཆོས་ཉིད་བདེན་པའི་བཀའ་ལ་ཉོན༔ རིན་ཆེན་འབྲུ་མཆོག་ངར་གྱི་མི༔ ནམ་མཁའི་སེམས་ལ་ཞོ་ཤའི་སྙིང་༔ དུང་གི་རུས་ལ་བསེ་ཡི་ཤ༔ མཚལ་གྱི་ཁྲག་ལ་མེ་ཡི་དྲོད༔ རླུང་གི་དབུགས་ལ་ཆུ་ཡི་ཁམས༔ ཟེར་མོའི་སྐྲ་ལ་མུ་ཏིག་ཀླད༔ ལོང་ཏང་མིག་ལ་མགྲོན་བུའི་སོ༔ ལེ་བརྒན་ལྕེ་ལ་དབང་པོའི་ལག༔ ཟངས་ལྕགས་རྐང་ལག་དར་ཟབ་གོས༔ རིན་ཆེན་རྒྱན་ཆ་དཀོར་ཆའི་ནོར༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ གཟུགས་མཛེས་གོམ་སྟབས་ལམ་སེ་ལམ༔ སྨྲ་མཁས་ངག་སྙན་ཀྱུ་རུ་རུ༔ སེམས་ནི་རྟོག་དཔྱོད་ཧྲིགས་སེ་ཧྲིག༔ བཅས་བཅས་དེ་ནི་བརྡར་བརྡར་ནས༔ སྐྱེས་པ་དམག་ལ་ཆས་པ་འདྲ༔ བརྒྱན་བརྒྱན་དེ་ནི་སྤུངས་སྤུངས་ནས༔ ན་ཆུང་བག་མར་ཆས་པ་འདྲ༔ བཙལ་བཙལ་དེ་ནི་བསགས་བསགས་ནས༔ རྒྱལ་པོའི་བང་མཛོད་
དབྱེ་བ་འདྲ༔ དེ་འདྲའི་གླུད་བཟང་ངོ་མཚར་ཅན༔ མི་བས་གླུད་འདི་མི་དགའ་རྒྱུ༔ དངོས་ལས་ཡོན་ཏན་དུ་མས་འཕགས༔ ནོར་ལས་དཀོར་འདིས་མི་རྔམས་རྒྱུ༔ ཅི་འདོད་འབྱུང་ཞིང་ཟད་མི་ཤེས༔ མང་པོ་ཏིང་འཛིན་མཐུ་ཡིས་སྤྲུལ༔ སོ་སོར་ཐོབ་པ་སྔགས་ཀྱིས་སྤེལ༔ ཕྱག་རྒྱས་འཐབ་རྩོད་ཉེ་རིང་མེད༔ ཕུང་ཁམས་སྐྱེ་མཆེད་མཛེས་ཤིང་བརྗིད༔ ནམ་མཁའ་འོད་ལྔའི་པ་ཏྲ་འཁྱིལ༔ ལུས་ངག་ཡིད་གསུམ་རྒྱངས་བུས་མཚོན༔ ཐབས་ཤེས་ཕོ་མོའི་གདོང་པ་དང་༔ མདའ་བཀྲ་འཕང་བཀྲ་ལྡེམས་སེ་ལྡེམ༔ ཤིང་རིས་སྲིད་པའི་མིག་བསྒྱུར་ཆེ༔ དཀོར་ཆ་འདོད་ཡོན་བསམ་མི་ཁྱབ༔ དེ་བས་མདོས་གླུད་བཟང་པོ་འདི༔ དགའ་ཞིང་མགུ་བས་ད་ལོངས་ལ༔ ཞི་ཞིང་མཛའ་བའི་སེམས་ཀྱིས་ནི༔ སྦྱིན་བདག་བླ་སྲོག་ཚེ་གསུམ་ལ༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་གློད་ལ་མནན་པ་ཐེག༔ ཚེ་དང་བསོད་ནམས་རྒྱས་པ་དང་༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ [ཅེས་གྱེར་ལ།] བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་། །འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་
འཚལ་ལོ། །[ཞེས་དང་།] སམྦྷ་ར་[ལན་བདུན་སོགས་ཀྱིས་བསྔོས་ཏེ།] ཀྱེ༔ སྲིད་གསུམ་འདི་ན་སུ་ཡང་རུང་༔ བསྒྲུབ་བྱའི་ཚེ་ལ་བར་གཅོད་པའི༔ སྔོན་ལས་འཕྲལ་རྐྱེན་གདོན་བགེགས་རིགས༔ འཆི་བདག་གཤིན་རྗེ་མན་ཆད་ནས༔ ཐེའུ་རང་ཕྲ་མོ་ཡན་ཆད་ཀུན༔ བྱམས་པའི་སེམས་ཀྱིས་གནས་འདིར་འདུས༔ དགའ་བའི་མིག་གིས་གླུད་ལ་ལྟོས༔ སྙིང་རྗེ་མ་གདུང་བུ་ཡི་ཚུལ༔ ཚེ་རབས་འབྲེལ་བའི་བདེན་པ་སོམས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་གྱིས༔ བྱིན་རླབས་རྟེན་འབྲེལ་ནུས་པའི་རྫས༔ མི་བས་དགའ་བའི་གླུད་བཟང་པོ༔ ཕུང་ཁམས་སྐྱེ་མཆེད་ཡོངས་སུ་རྫོགས༔ འདོད་ཡོན་རྒྱ་མཚོའི་གཏེར་ཆེན་འདི༔ ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི༔ ཤ་རིན་ཁྲག་ཚབ་སྲོག་གི་གླུད༔ མཐུན་པའི་རྫས་སུ་ད་ལོངས་ཤིག༔ སྲེད་དང་ཆགས་དང་ཞེན་པ་སྤོངས༔ དྲན་དང་བཟུང་དང་བསམ་དང་རེག༔ ཞི་དང་གློད་ལ་གྲོལ་བར་མཛོད༔ བཀྲ་ཤིས་བདེ་ལེགས་མཛད་དུ་གསོལ༔ [ཞེས་བརྒྱ་རྩའམ་ལོ་གྲངས་སོགས་ཚར་ཅི་རིགས་བསགས་ཤིང་། སྐབས་སུ་བསྙེན་སྔགས་ཚེ་ཤམ་ཅན་མང་དུ་བཟླས།] ན་མོཿ ཡེ་ཤེས་མཁའ་འགྲོའི་
བདེན་པ་དང་༔ རིག་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ འབྱུང་པོ་གདུག་པའི་ཚོགས་རྣམས་ཀུན༔ མདོས་དང་གླུད་ཀྱིས་རབ་ཏུ་ཚིམས༔ ཕན་བདེ་བྱང་ཆུབ་སེམས་དང་ལྡན༔ སྦྱིན་བདག་བླ་ཚེ་རང་སོར་ཆུད༔ ཚེ་བསོད་དཔལ་འབྱོར་བདེ་ལེགས་འཕེལ༔ ཉིན་མཚན་རྟག་ཏུ་བཀྲ་ཤིས་ཤོག༔ [ཅེས་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་གྲངས་རྫོགས་པ་ན་ལམ་བསྟན་པ་ནི། མདོས་ཡས་ཁ་ཕྱིར་བསྒྱུར། མར་མེ་སྤང་ཞིང་རྫོང་བཏབ་ལ།] ཧཱུྃ༔ ད་ནི་གཤེགས་སོ་སོ་སོར་གཤེགས༔ ད་ནི་བཞུད་དོ་རང་གནས་བཞུད༔ ཡས་གླུད་བཟང་པོ་འདི་ཁྱེར་ལ༔ དགའ་ཞིང་བྱམས་པའི་སེམས་བསྐྱེད་ནས༔ ཕྱི་མིག་མ་བལྟ་བདེ་བར་དེངས༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ བདག་ཉིད་ཁྲོས་མ་རྣལ་འབྱོར་མ༔ སྤྲུལ་པའི་ཁྲོ་མོའི་ཚོགས་བཅས་ཀྱིས༔ ཁྱེད་རྣམས་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ སརྦ་བིགྷྣཱཾན་གཙྪ༔ [ཞེས་དང་། དྲག་སྔགས་དང་ཐུན་གྱིས་གཟིར། མདོས་གླུད་ཆུ་བོའི་གཞུང་ངམ་འདྲེ་ལྔ་བདུད་གཅོད་ཀྱི་སེར་རྒྱང་རིང་དུ་བསྐྱལ། སྲུང་འཁོར་བསྒོམ། བསྒྲུབ་བྱ་ལ་སྤྲོ་ན་ཚེ་དབང་བསྐུར་བའམ། ཚེ་འགུགས་བསྐུལ་ལ་རྒྱས་གདབ་
ཅིང་བཀྲ་ཤིས་རྒྱས་པར་བརྗོད། དེ་ནས་ཕྲིན་ལས་རྗེས་ཀྱི་ལས་རིམ་རྣམས་མཐར་དབྱུང་བས་འགྲུབ་བོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་བཀླག་ཆོག་ཏུ་བསྡེབས་པ་སིདྡྷི་རསྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་མདོར་བསྡུས་ཕན་བདེའི་འཛུམ་ཟེར།
༄༅། །ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་མདོར་བསྡུས་ཕན་བདེའི་འཛུམ་ཟེར་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཕྲིན་ལས་དང་འབྲེལ་བར་ཡུལ་ཁྱད་པར་ཅན་ལ་བརྟན་བཞུགས་ཀྱི་རིམ་པ་མདོར་བསྡུས་པའི་ཚུལ་གྱིས་འབུལ་བར་འདོད་པས། ཟླ་བ་ཡར་ངོའི་དུས་ཚེས་བཟང་པོར་གནས་ཁང་ཕྱག་བདར་བྱ་ཞིང་བཀོད་པས་མཛེས་པར་བརྒྱན་པའི་གུང་དུ་སེང་གེའི་ཁྲི་ཕུན་སུམ་ཚོགས་པ་སྟན་དཀར་རྡོ་རྗེ་ནོར་བུ་གཡུང་དྲུང་གི་རི་མོས་མཚན་པས་བཀབ་པ་དང་། དེའི་མདུན་དུ་མཆོད་པའི་བྱེ་བྲག །ཉེ་ལོགས་གང་བདེར་རྩ་བའི་དཀྱིལ་འཁོར་ཚེ་རྟེན་བཀྲ་ཤིས་ཀྱི་ཡོ་བྱད་དང་བཅས་པ། མཁའ་འགྲོའི་དཔལ་གཏོར་ལྔ་ཚོམ་པད་འདབ་མཐེབ་ཀྱུ་རིལ་བུས་བརྒྱན་པ་དང་གསེར་སྐྱེམས། སྐུ་གླུད་རྒྱན་ལྡན་དཀོར་ཆ་སྣ་ཚོགས་པས་གཏམས་པ། གཞན་ཡང་ཚོགས་ཀྱི་ལོངས་སྤྱོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། སྔ་བར་ལངས་ཏེ་རྩ་
བའི་ཕྲིན་ལས་ཀྱི་གཞུང་བསྲང་ནས་ཚེ་བསྙེན་གང་མང་དང་བཅས་ཚོགས་སྐོང་གྲུབ་ཀྱི་བར་སྔོན་དུ་སོང་ནས། ཉི་མ་འཆར་ཀའི་དུས་དང་འགྲིགས་ན་མཆོག་ཏུ་ལེགས་ཤིང་གང་ལྟར་ཡང་སྔ་དྲོའི་ཆར་གང་ལ་གསོལ་བ་འདེབས་བྱའི་སློབ་དཔོན་ཉིད་རོལ་མོ་སོགས་བཀུར་སྟི་དང་བཅས་ཏེ་སྤྱན་དྲངས་ནས་མངོན་པར་བཤམས་པའི་ཁྲི་ལ་བཞུགས་སུ་གསོལ་ཏེ། ལས་བུམ་གྱིས་ཁྲུས་གསོལ་ཞིང་།] ཨོཾ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། །ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་
གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ། །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཨོཾ་ཧཱུྃ་ཏྲྃ་ཧྲཱིཿ ཀཱ་ཡ་བི་ཤོ་ངྷ་ན་ཡ་སྭཱཧཱ། [དེ་ནས་བསུན་མ་རྣམས་ལ་འགལ་རྐྱེན་ཟློག་པའི་སླད་དུ་མཆོད་གཏོར་སྐུ་གླུད་དང་བཅས་པ།] རཾ་ཡཾ་ཁཾ་[གིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་བཅུད་ཟག་པ་མེད་པའི་སྟེང་དུ་ཨོཾ་དཀར་པོ། ཨཱཿདམར་པོ། ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ་[ལན་གསུམ།] འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། [ཞེས་བྱིན་བརླབས་ཏེ།] ཀྱེ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང་། །ཐུགས་བདེ་ཆེན་གྱིས་རབ་མྱོས་སྤྲིན་ཕུང་བཞིན། །དེང་འདིར་གཤེགས་བདག་གི་
ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། དེ་ཟག་མེད་བདུད་རྩིར་སྦར་ཏེ་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །སྒོས་རིགས་ལྔའི་མཁའ་འགྲོའི་བསུན་མ་ཟློག །བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང་། །ཆོས་ཟབ་དོན་གྱིས་གྲངས་མེད་གདུལ་བྱའི་འགྲོ། །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །[ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་པས་ནུབ་ཕྱོགས་སུ་ཕུལ། དེ་ནས་སློབ་དཔོན་གདན་ཁྲི་དང་བཅས་པ་ལས་སྔགས་ཀྱིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བ་རྡོ་རྗེ་དང་གཡུང་དྲུང་གིས་མཚན་པའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་ཧྲཱིཿདམར་པོ་ལས་རྡོ་རྗེ་སློབ་དཔོན་ཨོ་རྒྱན་པདྨ་གར་དབང་ཚེ་དཔག་མེད་སྐུ་མདོག་བྱེ་རུའི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དྭངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་
བདུད་རྩིས་གང་བའི་བུམ་པ་བསྣམས་པ། དར་དང་རིན་པོ་ཆེས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར། བདག་མདུན་རྡོ་རྗེ་སློབ་དཔོན་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་འོད་ཟེར་ཉི་མ་འཆར་ཀའི་མདངས་ལྟ་བུར་བཀུག་སྟེ་ཐུགས་ཀར་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་དབང་འབྱོར་པར་[བསམ་ལ། མདའ་དར་གཡབ་ཅིང་།] ཧྲཱིཿ པདྨ་རྣམ་པར་རྒྱས་པའི་ཞིང་༔ བདེ་ཆེན་འབར་བ་དབང་གི་དལ༔ ཟླ་གམ་ཚེ་ཡི་ཕོ་བྲང་ནས༔ འཆི་མེད་ཡེ་ཤེས་ངྷཱ་ཀི་ནི༔ རིགས་ཀྱི་མཁའ་འགྲོ་འབུམ་ཕྲག་དང་༔ ཡང་སྤྲུལ་ཕོ་ཉ་མགྱོགས་མའི་ཚོགས༔ གྲངས་མེད་ཉི་ཟེར་རྡུལ་ལྟར་འཁྲིགས༔ དེང་འདིར་ཐུགས་དམ་རྒྱུད་བསྐུལ་ལོ༔ སྒྲུབ་མཆོག་རྡོ་རྗེ་སློབ་དཔོན་གྱི༔ བླ་ཚེ་འཁྱམས་དང་ཡར་བ་དང་༔ འབྱུང་པོས་བརྐུས་ཤིང་འཕྲོག་པ་རྣམས༔ དྲེགས་པར་རང་རང་ལ་གནས་ཁུག༔ ས་ཆུ་མེ་རླུང་ནམ་མཁའི་བཅུད༔ ཤ་ཁྲག་དྲོད་དབུགས་སེམས་ལ་སྟིམས༔ སྐྱེ་འགྲོའི་ཚེ་བསོད་དཔལ་ཡོན་སྟོབས༔ རྩ་གསུམ་རྒྱལ་བའི་བྱིན་རླབས་དབྱིག༔ དྲང་སྲོང་རིག་འཛིན་གྲུབ་པའི་
ཚེ༔ མ་ལུས་སྒོ་གསུམ་ཐིག་ལེར་སྡུས༔ རྒས་མེད་ལང་ཚོའི་གཟི་མདངས་སྐྱེད༔ ནད་མེད་བདེ་བའི་དགའ་བ་སྤེལ༔ འཆི་མེད་རྡོ་རྗེའི་སྲོག་རྩ་ཚུགས༔ སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ༔ མི་ཤིགས་གཞོན་ནུ་བུམ་པ་སྐུའི༔ རྟག་པ་དམ་པའི་དངོས་གྲུབ་སྩོལ༔ [ཞེས་ཚེ་སྔགས་རོལ་མོ་དང་བཅས་པས་ཚེ་འགུགས། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་ཚེ་བུམ་ཕྱག་ཏུ་ཕུལ་ལ།] ཨོཾ༔ འཆི་མེད་རྡོ་རྗེ་མཁའ་འགྲོ་མའི༔ མི་འགྱུར་སྐུ་ཡི་ཡེ་ཤེས་ཚེ༔ དེང་ཁྱོད་དབུ་མའི་ཐིག་ལེར་སྟིམས༔ སྐུ་ཡི་རྡོ་རྗེར་མཛད་དུ་གསོལ༔ [སྔགས་མཐར།] ཀཱ་ཡ་སིདྡྷི་ཨོཾ༔ ཨཱཿ འཆི་མེད་རྡོ་རྗེ་མཁའ་འགྲོ་མའི༔ རྡོ་རྗེའི་གསུང་གི་ཡེ་ཤེས་ཚེ༔ དེང་ཁྱོད་སྲོག་གི་སྙིང་པོར་སྟིམས༔ གསུང་གི་རྡོ་རྗེར་མཛད་དུ་གསོལ༔ [སྔགས་མཐར།] ཝཱ་ཀ་སདྡྷི་ཨཱ༔ ཧཱུྃ༔ འཆི་མེད་རྡོ་རྗེ་མཁའ་འགྲོ་མའི༔ རྡོ་རྗེའི་ཐུགས་ཀྱི་ཡེ་ཤེས་ཚེ༔ དེང་ཁྱོད་གཉུག་མའི་དབྱིངས་སུ་སྟིམས༔ ཐུགས་ཀྱི་རྡོ་རྗེར་མཛད་དུ་གསོལ༔ [སྔགས་མཐར།] ཙིཏྟ་སིདྡྷི་ཧཱུྃ༔ [ཞེས་དང་།] སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་ཏུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་
གྱུར་ཅིག །[ཅེས་མེ་ཏོག་འཐོར། ཚེ་རིལ་ཕུལ་ལ།] ཧོ། ཐབས་མཆོག་བདེ་ཆེན་ཚེའི་རིལ་བུ། །མི་འགྱུར་ཡེ་ཤེས་ཐིག་ལེར་ཤར། །དེ་རིང་ཁྱེད་ཀྱིས་གསོལ་བར་བྱ། །འདི་གསོལ་ཚེ་ལ་དབང་བ་ཡི། །རིག་འཛིན་འགྲུབ་པར་གདོན་མི་ཟ། །[ཞེས་དང་།] ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོ་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཚེ་ནང་ཕུལ་ལ། ཧོ། ཤེས་རབ་སྟོང་ཉིད་ཚེའི་བདུད་རྩི། །མི་ཤིགས་དྭངས་མི་བཅུད་དུ་འཁྱིལ། །དེ་རིང་ཁྱོད་ཀྱིས་གསོལ་བར་བྱ། །འདི་གསོལ་ཚེ་ལ་དབང་བ་ཡི། །རིག་འཛིན་འགྲུབ་པར་གདོན་མི་ཟ། །ཞེས་དང་། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་བརྟེན་ནས་ཤེས་རབ་སྟོང་ཉིད་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག །[ཚེ་མདའ་ཕུལ་ལ།] བྷྲུྃཿ ཚེ་ཡི་དངོས་གྲུབ་དྭངས་མའི་བཅུད༔ མི་ཤིགས་ཙིཏྟའི་དཀྱིལ་དུ་སྦ༔ འགྱུར་མེད་དབྱིངས་ཕྱུག་ཡུམ་གྱི་ཀློང་༔ གཞོམ་གཞིག་བྲལ་བར་རྒྱས་གདབ་བོ༔ ངྷརྨ་ངྷཱ་ཏུ་ཨ་ཨ་ཨཿ [ཞེས་རྒྱས་བཏབ་ཅིང་མེ་ཏོག་འཐོར། སླར་ཡང་ལྷག་བསམ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་སྒོལ་བ་ནན་ཏན་དུ་གདབ། དེ་ནས་བཀྲ་ཤིས་རྫས་བརྒྱད་དང་། རྒྱལ་སྲིད་རིན་པོ་ཆེ་སྣ་
བདུན་རྣམས་སྤྱི་ལྟར་འབུལ།] ཕུན་སུམ་ཚོགས་པ་[ལ་སོགས་པའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ལ་མེ་ཏོག་གི་ཆར་དབབ་ཅིང་རོལ་མོའི་སྒྲ་སྙན་ལ་ཡུན་རིང་བས་བདེ་ལེགས་སུ་བྱ། ཕྲིན་ལས་རྗེས་ཀྱི་ལས་རིམ་རྣམས་གཞུང་བཞིན་མཐར་དབྱུང་བས་ལེགས་པར་འགྲུབ་བོ། །ཞེས་པའང་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཅིང་ཕྲིན་ལས་ཀྱི་སྣང་བ་རྟག་ཁྱབ་ལྷུན་གྱིས་འགྲུབ་པའི་ཆ་རྐྱེན་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་སིདྡྷི་རསྟུ༎ ༎]
བརྟན་བཞུགས།
༄༅། །སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བས། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རྡོ་རྗེ་སློབ་དཔོན་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་ཆེད་དུ་མེ་ལོང་གི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ནི་སྒྲིབ་པ་དག་གྱུར་ཅིག །[དེ་བཞིན་དུ། གླང་པོ་ཆེས་སྲུང་གིས་སྨན་གི་ཝཾ་ཕུལ་བས།] གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྡུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །[ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བས།] ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་གྱུར་ཅིག །[བྲམ་ཟེ་ཀུཎྜ་ལཱིས་རྩྭ་དཱུརྦ་ཕུལ་བས།] དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་
ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལ་བ་ཕུལ་བས། བིལ་བ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །[ལྷའི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བས།] དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །[སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བས།] ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །[གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བས།] ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །[ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན།] ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་པའི། །འཁོར་ལོ་རིན་ཆེན་
དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུཪྻ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིག་ཤོག །གཟུགས་མཛེས་ལྟ་ན་སྡུག་ཅིང་ཚུལ་བཟང་མ། །པགས་པའི་མདོག་ལེགས་འཇམ་ཞིང་དྲི་མཆོག་ལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པ། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རེངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་དང་ཀུན་ནས་འོང་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་
བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཅེས་རྒྱལ་སྲིད་སྣ་བདུན་ཕུལ་ཏེ་མངའ་གསོལ་བར་བྱའོ༎ ༎
ཟབ་ལམ་མཁའ་འགྲོའི་ཚེ་སྒྲུབ་དང་འབྲེལ་བ་རྒྱས་པའི་སྲེག་བླུགས་ཀྱི་ཆོ་ག་མདོར་བསྡུས་འདོད་རྒུའི་སྤྲིན་ཕུང་།
༄༅། །[ཟབ་ལམ་མཁའ་འགྲོའི་ཚེ་སྒྲུབ་དང་འབྲེལ་བ་རྒྱས་པའི་སྲེག་བླུགས་ཀྱི་ཆོ་ག་མདོར་བསྡུས་འདོད་རྒུའི་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། །]ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [ཟབ་ལམ་མཁའ་འགྲོའི་ཚེ་སྒྲུབ་དང་འབྲེལ་བར་རྒྱལ་པའི་སྲེག་བླུགས་མདོར་བསྡུས་ཏེ་བྱ་བར་འདོད་པས། ཤིས་པའི་ས་ལས་ཐབ་སྟེགས་གྲུ་བཞི་པའི་ངོགས་སུ་རྡུལ་ཚོན་སེར་པོས་ཐབ་ཁུང་ཁྲུ་གང་གྲུ་བཞི་པའི་ལྟེ་བར་རིན་པོ་ཆེས་མཚན་པ། དེ་རྒྱབ་མཆུ་དང་ཁ་ཁྱེར་སོར་བརྒྱད་རེ་བཅད་པར་མི་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་རིན་པོ་ཆེའི་ཕྲེང་བ། དེ་རྒྱབ་ཟུར་བཞིར་ཟླ་ཕྱེད་རྡོ་རྗེ་རེ་རེ་མགོ་ཕྱིར་བསྟན་དུ་བྲིས་ལ་མེ་ཏོག་སེར་པོ་གཅལ་དུ་བཀྲམ། འཕྲལ་མགྱོགས་ལྟ་བུར་བྲིས་ཐབ་མི་འགྲུབ་ན་ཐབ་སྟེགས་སེར་པོ་གྲུ་བཞི་པའི་དབུས་སུ་མེ་ཏོག་སེར་པོའི་ཚོམ་བུ་གཅིག་བཀོད་པས་ཀྱང་རུང་། གང་ལྟར་ཡང་དེར་ཡམ་ཤིང་གི་རྒྱུ་ལས་བྱུང་བའི་ཤིང་ཁྲུ་གང་བ་གྲུ་བཞིར་བརྩིག །རང་གི་གཡོན་ཕྱོགས་སུ་མཆོད་གཏོར་སྨན་རཀ་ཆུ་གཉིས་ཉེར་སྤྱོད། འབུལ་གཏོར་སེར་པོ་གྲུ་བཞི་པད་འདབ་ཅན་རྒྱན་ལྡན། གཡས་ཕྱོགས་སུ་བསྲེག་རྫས་ཡམ་ཤིང་སྟར་གའམ་ཤུག་པ་སོགས་འབྲས་བུ་ཅན་གྱི་ཤིང་མཐེ་བོང་གི་ཚད་ཁྲུ་གང་པ་སྦྲང་དང་མར་ཁུས་ཉུག་པ། འབྲུ་མར་གྱི་ཁུ་བ། རིན་ཆེན། འབྲུ་སྣ། གོས་སྣ་སོགས་ཅི་འབྱོར་པ་དང་། མདུན་དུ་རྡོར་དྲིལ། དགང་བླུགས་བསང་ཆུ་རྣམས་བཞག །སྒྲུབ་པ་པོ་ཆས་གོས་སེར་པོ་བགོས་ཏེ་འཇམ་པའི་སྟན་ལ་ཁ་བྱང་དུ་ཕྱོགས་པས་བཟང་པོའི་འདུག་སྟངས་ཀྱིས་འཁོད་དེ་ལྷའི་རྣལ་འབྱོར་ལ་གནས་པས་བསང་ཆུ་སྔགས་ཀྱིས་བྱིན་བརླབ་ལ། ཨོཾ་མ་ཧཱ་བཛྲ་ཧཱུྃ་[གིས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གཎྜེ་ཨཱཿ [ས་དྲིལ་བུ་དཀུར་བསྟེན།]
ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་བ་ཨཏྨ་ཀོ་྅་ཧཾ། [གིས་རྡོ་དྲིལ་བསྣོལ་བའི་ཁྱུད་རྒྱ་དང་བཅས་དམ་ཚིག་གསུམ་བཟུང་།] མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་བརླབ། བསྲེག་རྫས་ལ་བསང་ཆུ་འཐོར་ཞིང་། རཾ་ཡཾ་ཁཾ་[གིས་སྦྱང་།] སྟོང་པའི་ངང་ལས་བསྲེག་རྫས་ཀུན། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་མཁའ་འགྲོ་དགྱེས་སྐོང་རྫས། །དཔག་མེད་འདོད་ཡོན་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ་[ལན་གསུམ་གྱིས་བྱིན་བརླབ།] ཨོཾ་ཨགྣེ་ཛྭ་ལ་རཾ་[ཞེས་མེ་དུ་བ་མེད་པར་འབར་བ་གཡས་སུ་བསྐོར་ནས་ཐབ་ཏུ་བཅུག །]ཧཱུྃ་ཧཱུྃ་ཧཱུྃ་[བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྤར།] ཧཱུྃ་[ལན་བདུན་གྱིས་བླུགས་གཟར་གྱི་མར་ཁུས་མེ་གསོ། ཐབ་རྟ་སྔགས་ཀྱིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་རང་མདུན་དུ། །བྷྲཱུྃ་ལས་རྒྱས་པའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་རྫོགས་པ། །མེ་ཕུང་སེར་གསལ་འབར་བའི་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ [ཞེས་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་དུ་བཏང་ལ།] མཁའ་འགྲོ་དགྱེས་པའི་ལྗགས་དང་ནི། །གཟར་བུའི་ཁ་ལ་རཾ་གྱིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །སྣ་ཚོགས་དངོས་གྲུབ་སྟེར་བར་གྱུར། །[ཅེས་དམིགས་ལ་རྩ་སྔགས་ཀྱིས་དགང་བླུགས་བདུན་ལ་སོགས་པ་འབུལ་ཞིང་།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་
བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སོགས་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། [ཅེས་གསོལ་ལ་མེ་པྲ་བརྟག །དེ་ནས་ཡམ་ཤིང་དང་མར་ཁུས་ལ་སོགས་པའི་བསྲེག་རྫས་གཞན་རྣམས།] ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བྃ་ཧ་རི་ནིས་ཧཱུྃ་ཛྭ་ལ་རཾ་སིདྡྷི་ཧོཿ [ཞེས་པ་ཁོ་ནས་འབུལ་ཞིང་། སྤེལ་ཚིག་ཀྱང་གོང་བཞིན་ལས།] མཐུན་རྐྱེན་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་ཏུ་ཨོཾ། [ཞེས་སྦྱར། རྫས་རྣམས་རྫོགས་མཐར་ཡུངས་དཀར་ལ་རྩ་སྔགས་བཟླས་པ་ཐབ་ཏུ་འཐོར་ཞིང་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ།] དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་བཞེས་ཏེ་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་གསེར་མདོག་འདོད་རྒུ་རིན་པོ་ཆེའི་རང་བཞིན་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ཚེ་བསོད་དཔལ་ཡོན་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་ཡིད་བཞིན་རྩོལ་མེད་དུ་འགྲུབ་པར་[མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ལ་མཆོད་ཅིང་བསྟོད། གཏོར་མ་རྩ་སྔགས་ལ།] ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [བཏགས་པ་ལན་གསུམ་གྱིས་དབུལ་ཞིང་།] ཧཱུྃ༔ བཅོམ་ལྡན་རྡོ་རྗེ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་ལོས་བསྒྱུར་བ་སྟོབས་ཆེན་མོ༔ ཡེ་ཤེས་དང་ནི་ལས་ལ་གྲུབ༔ འཁོར་གྱི་
མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་བདུད་རྩི་རཀྟ་དང་༔ འདོད་ཡོན་གཏོར་མའི་མཆོད་པ་བཞེས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ [ཞེས་འདོད་དོན་གསོལ།] མཁའ་འགྲོ་མ་ཡི་གྲོང་ཁྱེར་དུ། །བསྲེག་བླུགས་དམ་ཚིག་ལས་འདས་ཤིང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཉེས་པའི་ཚོགས་རྣམས་བཟོད་མཛད་གསོལ། །[ཞེས་དང་ཡིག་བརྒྱས་ནོངས་པ་བཤགས།] ཨོཾ་ཛྙཱ་ན་ཌཱ་ཀི་ནཱི་བཛྲ་མུཿ [ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་རང་ལ་བསྡུས་ཏེ་ལྟེ་བའི་ཙཎྜ་ལཱིའི་ངོ་བོར་བཞུགས་པར་མོས། མེ་རང་ཞིར་བཏང་སྟེ་ཐལ་སོལ་རྣམས་བང་མཛོད་དུ་སྦ། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་གྱིས་སྦྱར་བ་སིདྡྷི་རསྟུ།། །།]༈ [འདི་ལ་དམིགས་བསལ་གྱི་བསྲེག་རྫས་སུ། ཚེ་རྒྱས་པ་ལ་དཱུརྦ། ཤེས་རབ་རྒྱས་པ་ལ་དྲི་བཟང་པོ་དང་ལྡན་པའི་མེ་ཏོག་སེར་པོ། བསོད་ནམས་རྒྱས་པ་ལ་ཟས་མཆོག །འབྱོར་པ་རྒྱས་པ་ལ་རིན་ཆེན་དར་ཟབ་འབྲུ་སྣ། རིགས་བརྒྱུད་རྒྱས་པ་ལ་ཤིང་ཏོག་སྐྱོན་མེད་པ། མཆོག་གི་དངོས་གྲུབ་གཙོ་བོར་བྱེད་ན་བདུད་རྩི་ཆོས་སྨན་དང་མ་དཱ་ན་སིནྡྷུ་ར་རྣམས་བསྲེས་པའི་ཟས་མཆོག་སོགས་སྐབས་སུ་གང་བབས་གཙོ་ཆེར་སྦྱོར་བ་གནད་དུ་ཆེ་ཞིང་། དེའི་ཚེ་སྤེལ་
ཚིག་ཀྱང་དཔེར་ན།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ཚེ་རིང་བ་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ། [དེ་བཞིན་དུ།] ཤེས་རབ་ཕུན་སུམ་ཚོགས་པ༴ འབྱོར་པ་ཕུན་སུམ་ཚོགས་པ༴ ཆོས་དང་རིགས་ཀྱི་བརྒྱུད་འཛིན་ཕུན་སུམ་ཚོགས་པ། [ཞེས་པ་ལྟ་བུ་འགྲེས་སྦྱོར་ཤེས་པར་བྱའོ༎ ༎]
དཔལ་ལྡན་སྔགས་ཀྱི་སྲུང་མའི་མདོས་ཀྱི་ལས་རིམ་དང་འབྲེལ་བར་མ་མོའི་འཁྲུགས་སྐོང་གི་ཆོ་ག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ།
༄༅། །དཔལ་ལྡན་སྔགས་ཀྱི་སྲུང་མའི་མདོས་ཀྱི་ལས་རིམ་དང་འབྲེལ་བར་མ་མོའི་འཁྲུགས་སྐོང་གི་ཆོ་ག་མདོར་བསྡུས་ཕྲིན་ལས་མྱུར་འགྲུབ་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [དཔལ་ལྡན་སྔགས་ཀྱི་སྲུང་མའི་མདོས་ཀྱི་ལས་རིམ་དང་འབྲེལ་བར་མ་མོའི་འཁྲུགས་སྐོང་གི་ཆོ་ག་མདོར་བསྡུས་ཏེ་བྱ་བར་འདོད་པས། ཉེར་དགུ་སོགས་ཁྱད་པར་ཅན་གྱི་དུས་སུ་གང་དུ་བྱ་བའི་གནས་གཙང་མར་སྟེགས་བུ་ལ་འབྲུ་སྣའི་ཕྱེ་རིན་ཆེན་དྲི་སྨན་ཁྲག་ཆང་སོགས་བསྲེས་པའི་ཟན་ལས། རི་རབ་བང་རིམ་བཞི་པའི་སྟེང་དུ་མཁར་གྲུ་གསུམ་རྡོ་རྗེའི་ཏོག་ཅན། རྩེ་མོར་སྐུ་ཙཀ །གདུགས་ནས་རྒྱང་མདའ་འཕང་། ཕོ་གླུད་མོ་གླུད། ཁྲམ་ཤིང་མདུང་། ནལ་བུའི་རྒྱལ་མཚན། བ་དན། སྙིང་། ཡུངས་དཀར། དེར་ཚོན། སྔགས་བྱང་། བྱ་ཁྲི། ཟ་ལེ། འབྲི། ཙ་ར། ཞིང་དབྱུག །ལྕགས་སྦྱང་། འདོད་ཡོན་ལྔ་སོགས་མཆོད་རྫས། རིན་ཆེན་རྒྱན། ངར་གླུད། བཤོས་བུ་དམར་པོ། མར་མེ་བཅས་དཀོར་ཆ་སྣ་ཚོགས་པས་གཏམས་
པ་དང་། དེའི་མདུན་དུ་མཆོག་གཏོར། གཡས་གཡོན་དུ་སྨན་རཀ །ཕྱི་ནང་གི་ཉེར་སྤྱོད་རྣམས་ལེགས་པར་བཤམ། གཞན་ཡང་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་འདུ་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། རྫས་རྣམས་བྱིན་གྱིས་བརླབ་པ་ནི།] རཾ་ཡཾ་ཁཾ། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མདོས་ཀྱི་མ་དག་པའི་དངོས་འཛིན་ཐམས་ཅད་བསྲེགས་གཏོར་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་རབ་བང་རིམ་བཞི་པ་ཕྱི་ནང་གསང་བའི་མཐུན་རྫས་ལོངས་སྤྱོད་ཀྱི་དཀོར་ནོར་བསམ་གྱིས་མི་ཁྱབ་པས་ནམ་མཁའ་གང་བར་གྱུར། ཨོཾ་ན་མཿ
སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭ་ཧཱ། བཛྲ་སྥ་ར་ཎ་ཁཾ། [ཞེས་སྤེལ། དེ་ནས་མདུན་བསྐྱེད་མངོན་རྟོགས་ནས་ཕྱག་མཆོད་བསྟོད་པའི་བར་དུ་བཏང་ལ། ཁྱད་པར་མདོས་ཀྱི་བསྐང་བ་ནི།] བྷྱོ༔ སྣང་སྲིད་གདོད་ནས་ཡུམ་གྱི་ཀློང་༔ མ་མོ་མཁའ་འགྲོའི་དཀྱིལ་འཁོར་ལ༔ འཕོ་འགྱུར་མཚན་མ་ལས་འདས་ཤིང་༔ ཞི་བ་ཆེན་པོར་རྟག་གནས་ཀྱང་༔ ལྷན་སྐྱེས་ཀུན་བརྟག་མ་རིག་གི༔ རྒྱུ་འབྲས་རྟེན་འབྲེལ་ལ་བརྟེན་ནས༔ རང་རྒྱུད་དུག་ལྔ་འཁྲུགས་པ་ལས༔ མ་མོ་འཁྲུགས་པའི་ཆོ་འཕྲུལ་སྟོན༔ སྣོད་ཀྱི་འབྱུང་བ་རྒུད་པར་བྱེད༔ བཅུད་ཀྱི་སེམས་ཅན་རྣམ་རྟོག་སྒུལ༔ མི་ཕྱུགས་ནད་ཡམས་སྤྲིན་ལྟར་འཁྲིགས༔ ལོ་ཉེས་སད་སེར་འཐབ་རྩོད་ལྡང་༔ དེ་དག་ཐམས་ཅད་འབྱུང་བའི་རྒྱུ༔ བཅས་དང་རང་བཞིན་སྡིག་པའི་ལས༔ བག་མེད་འཆོལ་བར་སྤྱོད་པ་ཡིས༔ དམ་གྲིབ་མི་གཙང་ཕོག་ལས་བྱུང་༔ སྡིག་པའི་ལས་རྣམས་འགྱོད་པས་བཤགས༔ དམ་ཚིག་ཉམས་པ་མདོས་ཀྱིས་བསྐང་༔ ཉམས་གྲིབ་བདུད་རྩིའི་ནུས་པས་སྦྱངས༔ ཐུགས་དང་འགལ་བ་དབྱིངས་སུ་མཐོལ༔ བྷྱོ༔ སྔོན་ཚེ་བསྐལ་པའི་ཐོག་མ་ལ༔ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡིས༔ གཉིས་འཛིན་
རུ་ཏྲ་བསྒྲལ་བའི་ཕྱིར༔ མ་མོ་ཁྱེད་དུ་སྤྲུལ་པརམཛད༔ ཡང་དག་ཉིད་དུ་རྒྱལ་ཀུན་ཡུམ༔ རྣམ་པ་རག་གདོང་ཁྲོ་མོའི་གཟུགས༔ དམ་ཚིག་ཅན་གྱི་སྲུང་མ་ཁྱོད༔ དེ་རིང་བདག་ལ་དགོངས་སུ་གསོལ༔ ཀུན་ཁྱབ་ཆོས་དབྱིངས་རོལ་པ་ལས༔ འགགས་མེད་སྒྱུ་མའི་རྣམ་རོལ་ནི༔ རིན་ཆེན་ལས་གྲུབ་རི་ཡི་རྒྱལ༔ བང་རིམ་བཞི་ལྡན་གླིང་བཞི་དང་༔ གླིང་ཕྲན་གསེར་རི་རོལ་མཚོར་བཅས༔ ལྷ་མིའི་འབྱོར་པ་བསམ་ཡས་པས༔ ཡོངས་སུ་གང་བའི་འཇིག་རྟེན་འདིས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང་༔ སྔགས་སྲུང་ཁྲོས་མའི་ཐུགས་དམ་བསྐང་༔ འཁོར་ཚོགས་ཕོ་ཉའི་ཐུགས་དམ་བསྐང་༔ ཡེ་ཤེས་དབྱིངས་ཀྱི་མ་མོ་ལ༔ ཁྲོ་དང་འཁྲུགས་པ་མི་མངའ་ཡང་༔ རྣམ་འགྱུར་འཇིག་རྟེན་མ་མོའི་ཚོགས༔ ཁྲོས་ཤིང་འཁྲུགས་པ་ཞི་བ་དང་༔ དགྱེས་པ་ཆེན་པོའི་ཕྲིན་ལས་ཀྱིས༔ ནད་དང་གནོད་པ་དབྱིངས་སུ་སྦྱོངས༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ དབུས་སུ་གྲུ་གསུམ་ཐོད་པའི་མཁར༔ རྔམ་བརྗིད་གདུགས་དང་རྒྱལ་མཚན་བསྒྲེངས༔ ཞིང་ལྤགས་བླ་བྲེ་དོན་སྙིང་དང་༔ རྒྱུ་རློན་འཕྱང་འཕྲུལ་རྡོ་རྗེའི་ཏོག༔ དུར་ཁྲོད
གནས་ཆོགས་ཉམས་དགའ་བས༔ དབྱིངས་ཀྱི་མ་མོའི་ཐུགས་དམ་བསྐང་༔ སྔགས་སྲུང་ཁྲོས་མའི༴ འཁོར་ཚོགས་ཕོ་ཉའི༴ ཡེ་ཤེས་དབྱིངས་ཀྱི་མ་མོ་ལ༔ ཁྲོ་དང་འཁྲུགས་པ་[སོགས་འགྲེ།] མཐིང་ནག་ནམ་མཁའ་རྒྱང་བུ་དང་༔ ཕོ་གླུད་མདའ་བཀྲ་མོ་གླུད་འཕང་༔ རུ་མཚོན་བ་དན་རལ་གྲི་དང་༔ ཁྲམ་ཤིང་ཡུངས་དཀར་དར་མཚོན་སྤུང་༔ མཛེས་སྡུག་རྒྱན་ཆ་དུ་མ་ཡིས༔ དབྱིངས་ཀྱི་མ་མོའི༴ སྔགས་སྲུང་ཁྲོས་མའི༴ ཡེ་ཤེས་དབྱིངས་ཀྱི་མ་མོ་སོགས། བྱ་ནག་ཁྱི་དང་ས་ལེ་འབྲི༔ ཙ་ར་ཤེལ་གོང་གྲངས་མེ་དང་༔ སྐུ་གཟུགས་སྔགས་བྱང་ནལ་བུའི་སྙིང་༔ ཞིང་དབྱུག་ལྕགས་སྤྱང་ཕོ་ཉ་དང་༔ མཐུན་པའི་དམ་རྫས་ཐམས་ཅད་ཀྱིས༔ དབྱིངས་ཀྱི་མ་མོའི༴ སྔགས་སྲུང་ཁྲོས་མའི༴ འཁོར་ཚོགས་ཕོ་ཉའི༴ ཡེ་ཤེས་དབྱིངས་ཀྱི་མ་མོ་སོགས། སྤོས་དང་མེ་ཏོག་སྣང་གསལ་དྲི༔ ཞལ་ཟས་རོལ་མོ་འདོད་ཡོན་ལྔ༔ དཔལ་གྱི་གཏོར་མ་ཛ་གད་ཆང་༔ རཀྟ་ཤ་སྣ་སྙིང་སྣ་དང་༔ དགྱེས་པའི་དམ་རྫས་སྣ་ཚོགས་ཀྱིས༔ དབྱིངས་ཀྱི་མ་མོའི༴ སྔགས་སྲུང་ཁྲོས༴ འཁོར་ཚོགས་ཕོ་ཉའི༴ ཡེ་ཤེས་དབྱིངས་ཀྱི་མ་མོ༴ སོགས། རིན་
ཆེན་ངར་གླུད་བཤོས་བུ་དང་༔ བཟའ་དང་བཅས་དང་བཏུང་བའི་ཚོགས༔ གོས་རྒྱན་རིན་ཆེན་འབྲུ་སྣ་དང་༔ ལྷ་མིའི་དཀོར་ནོར་འདོད་ཡོན་ནི༔ དཔག་མེད་ནམ་མཁའི་ཁམས་གང་བས༔ དབྱིངས་ཀྱི༴ སྔགས་སྲུང་༴ འཁོར་ཚོགས་ཕོ་ཉའི༴ ཡེ་ཤེས་དབྱིངས་ཀྱི་མ་མོ་ལ༔ ཁྲོ་དང་འཁྲུགས་པ་མི་མངའ་ཡང་༔ རྣམ་འགྱུར་འཇིག་རྟེན་མ་མོའི་ཚོགས༔ ཁྲོས་ཤིང་འཁྲུགས་པ་ཞི་བ་དང་༔ དགྱེས་པ་ཆེན་པོ་ཕྲིན་ལས་ཀྱིས༔ ནད་དང་གནོད་པ་དབྱིངས་སུ་སྦྱོངས༔ ཚེ་དང་བསོད་ནམས་སྙན་གྲགས་སྤེལ༔ བཀྲ་ཤིས་བདེ་ལེགས་ཕུན་ཚོགས་མཛོད༔ སྔགས་སྲུང་མ་མོ་འཁོར་བཅས་ཀྱི༔ ཐུགས་དམ་གཉན་པོ་བསྐངས་གྱུར་ནས༔ རྣལ་འབྱོར་ཉམས་ཆག་བྱང་བ་དང་༔ རྣམ་བཞིའི་ཕྲིན་ལས་སྒྲུབ་པར་མཛོད༔ བདུད་དཔུང་དགྲ་བགེགས་ཚར་བཅད་ནས༔ ཐེག་མཆོག་བསྟན་པ་རྒྱས་པ་དང་༔ ཕྲིན་ལས་དུས་ལས་མ་གཡེལ་ཞིག༔ [ཅེས་ཐུགས་དམ་བསྐང་། བཤགས་པ་ནི།] བྷྱོ། སྔགས་སྲུང་ཁྲོ་མོ་མ་མོའི་གཙོ། །འཁོར་བཅས་བདག་ལ་དགོངས་སུ་གསོལ། །བདག་ནི་མ་རིག་རྨོངས་དབང་གིས། །དམ་རྫས་མ་ཚང་མཆོད་གཏོར་གཡེལ། །སྒྲུབ་པ་གཡེལ་ཞིང་ལེ་ལོས་
ནོངས། །གསང་བ་སྤེལ་ཞིང་ཉམས་དང་འདྲེས། །དེ་སོགས་ཐུགས་དང་འགལ་བ་རྣམས། །དོ་ནུབ་ཁྱོད་ཀྱིས་བསྐང་ཞིང་བཤགས། །ལྟ་བ་ཉམས་པ་མདོས་ཀྱིས་བསྐང་། །སྒོམ་པ་ཉམས་པ་མདོས་ཀྱིས་བསྐང་། །སྤྱོད་པ་ཉམས་པ་མདོས་ཀྱིས་བསྐང་། །སྲིད་པའི་མདོས་ཀྱིས་ཐམས་ཅད་བསྐང་། །མདོས་ཀྱི་མི་ཚངས་གང་ཡང་མེད། །བདག་ཅག་རྒྱུ་སྦྱོར་འཁོར་བཅས་ཀྱི། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །མཐུན་རྐྱེན་འདོད་པ་མཐའ་དག་སྒྲུབས། །བླ་མེད་བྱང་ཆུབ་ཐོབ་པར་མཛོད། །[ཅེས་དང་ཡི་གེ་བརྒྱ་པས་ནོངས་པ་བཤགས། ཕྲིན་ལས་གསོལ་བ་ནི།] བྷྱོ། ཡེ་ཤེས་མ་མོ་མཁའ་འགྲོ་འཁོར་བཅས་རྣམས། །རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་ཆེར་མཐོ་ཞིང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་དང་། །ཁམས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ལྡན་ཞིང་། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །[ཅེས་འདོད་དོན་གསོལ། དེ་ནས་འཛུག་མདོས་ཀྱི་སྐོང་བ་ཡིན་ན་ཐུགས་དམ་སྤྱན་རྟེན་དུ་བརྟན་པར་འཇོག །ཉམས་ཆག་སྐོང་བ་སོགས་ལས་གློ་བུར་བར་གནས་གཙང་མ་གང་འོས་སུ་བསྐྱལ། ནད་རིམ་བཟློག་པའམ་དགྲ་བགེགས་སྒྲོལ་བ་སོགས་དགོས་པ་ཁྱད་པར་ཅན་གྱི་ཚེ་ན་ཟོར་
དུ་བསྐུལ་བ་སྟེ་སྐབས་ཐོབ་བཞིན་ལག་ལེན་གྱི་དམིགས་ཕྱེད་ཤེས་པར་བྱའོ། །དེ་ལྟར་འབད་པས་མ་མོ་འཁྲུགས་པའི་ཉེས་པ་སོགས་མི་མཐུན་པའི་འགལ་རྐྱེན་ཐམས་ཅད་མྱུར་དུ་ཞི་ཞིང་འདོད་པའི་ཕྲིན་ལས་མ་ལུས་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟའོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་བཞེད་པ་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལ་བརྟེན་ནས་ཁ་སྐོང་འཇུག་བདེ་ཀླག་ཆོག་ཏུ་བསྡེབས་པ་སིདྡྷི་རསྟུ༎ ༎]
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྨིན་བྱེད་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་དོ་ཤལ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྨིན་བྱེད་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་དོ་ཤལ་ཅེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི། རྒྱལ་ཀུན་དགྱེས་པར་རོལ་པའི་མཁའ། །ཆོས་རྣམས་འབྱུང་གནས་དབྱིངས་ཕྱུག་མར། །རོ་མཉམ་རྟོགས་པས་འདིར་བཏུང་ནས། །སྐལ་བཟང་ལམ་གྱི་འཇུག་སྒོ་དབྱེ། །[དེ་ཡང་ཟབ་མོའི་ལམ་ལ་དད་མོས་དམ་ཚིག་དང་ལྡན་པའི་གདུལ་བྱ་ཐུན་མོང་དུ་མ་གྱུར་པ་རྣམས་གསང་བའི་དཀྱིལ་འཁོར་གཉན་པོར་བཅུག་སྟེ་རྒྱུད་སྨིན་ཅིང་གྲོལ་བར་བྱེད་པའི་ཚུལ་ལ། མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་བཟང་པོར་གནས་ཁང་རྟེན་དང་རྒྱན་གྱི་བཀོད་པས་མཛེས་པར་བྱས་པའི་གུང་དུ་སྟེགས་བུ་ཁེབས་ལྡན་གྱི་སྟེང་། རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་ཟླ་གམ་དམར་པོ་སྒོ་གཅིག་པ་མདུན་བསྟན་གྱི་ལྟེ་བར་ཆོས་འབྱུང་དམར་པོ་དགའ་འཁྱོལ་བྃ་ཡིག་གིས་མཚན་ཅིང་ཕྱི་
རོལ་པདྨ་རྡོར་མེ་རིས་བསྐོར་བ་ཚུལ་བཞིན་བྲིས་པ་ལེགས་པར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་མེ་ཏོག་དམར་པོའི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་བྷནྡྷ་མཚན་ལྡན་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་ལ་དར་དམར་བརྒྱད་ལྟེབ་ཀྱིས་ཁ་བཀག །དེ་སྟེང་མེ་ལོང་སིནྡྷུ་ར་བརྡལ་བར་ཆོས་འབྱུང་བྃ་གྱིས་མཚན་པ་ཅན་བྲིས་པ་དང་། ལྟེ་བར་རང་བྱུང་གི་ཤེལ་རྡོ་བཅས་བཀོད་ལ་དར་དམར་གྱི་ལྡིང་གུར་ཕུབ། མདུན་རྒྱབ་གང་བདེར་སྨན་རཀ་གཏོར་མ་དང་། མཐའ་སྐོར་དུ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། གཞན་ཡང་ལས་བུམ་དང་ཚོགས་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། རྩ་བའི་ཕྲིན་ལས་ཀྱི་གཞུང་བསྲང་སྟེ་ཕྱག་མཆོད་བསྟོད་པའི་བར་དུ་བཏང་། ཐ་མལ་གྱི་སྣང་ཞེན་མཁའ་འགྲོའི་རོལ་པ་ཡེ་ཡིན་ངང་བཞག་
ཆེན་པོར་ལ་བཟླ་བ་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གསལ་འདེབས་པ་ལས་བདག་མདུན་གྱི་སྤྲོས་པ་མི་དགོས་ཀྱང་། ལས་དང་པོ་སློབ་དཔོན་རྟོགས་དགོངས་ཀྱིས་མི་ཆུན་ན་སྤྱི་མཐུན་མདུན་རྟེན་གྱི་གོ་སར་ཛཔྲ་ཁང་དབྱེ། དམིགས་གནད་དང་བཅས་བསྙེན་སྒྲུབ་ཀྱི་བཟླས་པ་ཅི་ནུས་དང་།] རང་བྱུང་བདེ་སྐྱོང་བྷནྡྷ་འབར་བའི་གཞལ་ཡས་ཁང་དུ་བཅུད་རྫས་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་རོལ་པར་གསལ་བའི་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན་བབས་པས་ཐོད་པ་ཡོངས་སུ་གང་བར་[བསམ་ལ། བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་བྱ།] ལས་བུམ་གྱི་ནང་དུ་པད་ཉིའི་གདན་ལ་དབང་ཆེན་རྟ་མགྲིན་དམར་པོ་ཐོད་དབྱུག་དང་མེ་ཞགས་འཛིན་པ་ཁྲོ་བོའི་ཆས་ཐམས་ཅད་རྫོགས་པའི་སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་[མོས་ཏེ།] ཨོཾ་ཧ་ཡ་གྲཱྀ་ཝ་ཧཱུྃ་ཕཊ༔ [ཅེས་བརྒྱ་རྩ་བཟླ། མཐར་ཐོད་པ་དང་ལས་བུམ་གཉིས་ཀར་དུང་ཆོས་ཀྱིས་མཆོད་ཡོན་ཕུལ་ལ།] ཨོཾ་ཨཱཿཧཱུྃ། ལྷ་འོད་དུ་ཞུ་བ་བཅུད་དང་དབྱེར་མེད་དུ་གྱུར་པར་[བསམ། ཚོགས་བྱིན་རླབས་ནས་ཐ་མའི་བར་དུ་བཏང་། རིག་པའི་མེ་ཏོག་དོར་ནས་སློབ་མ་གཞུག་པར་གནང་བ་ནོད། དེ་ནས་སློབ་མ་རྣམས་ལ་ལས་བུམ་གྱི་ཆུས་ཁྲུས་བྱ། བགེགས་གཏོར་བསྔོས་ཏེ་བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ་བསྡུ་བྱས་ལ།] འོ། ནམ་མཁའ་དང་མཉམ་པའི་
སེམས་ཅན་ཐམས་ཅད་དབྱིངས་ཕྱུག་རྡོ་རྗེ་བཙུན་མོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ཏེ་དོན་རིམ་གཉིས་ཀྱི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པའི་ཐུགས་བསྐྱེད་རྣམ་པར་དག་པ་དང་ལྡན་པས་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི། སྤྱིར་རྡོ་རྗེ་ཐེག་པའི་ཚུལ་ལ་ཡི་དམ་དུ་འཆའ་བའི་སྒྲུབ་པ་པོ་རྣམས་ཀྱིས་བསྒྲུབ་བྱ་ལྷག་པའི་གཙོ་བོ་ནི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཉིད་ཡིན་ཏེ། དོན་དུ་ལྷ་ཡབ་ཡུམ་ལ་བཟང་ངན་མེད་ཀྱང་དག་བྱ་དག་བྱེད་ཀྱི་དབང་དུ་བྱས་ན་ཤེས་རབ་རྩ་བ་ཡིན་ཅིང་ཐབས་ཡན་ལག་ཡིན་པ་དང་། བདེ་བ་ཆེན་པོ་ཡང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པས་སྒྲུབ་དགོས་པ་དང་། བདག་ཉིད་ཧེ་རུ་ཀའི་རྣལ་འབྱོར་དང་མ་བྲལ་ཡང་ཕོ་ཉ་མོ་རྣམས་བདག་གི་རྡོ་རྗེ་སློབ་དཔོན་དུ་འགྱུར་བའི་ཕྱིར། དེ་ལྟར་བསྟེན་པས་དམ་ཚིག་ཉམས་ཆག་ཐམས་ཅད་སྐོང་ཞིང་ཐུན་མོང་དང་མཆོག་གི་དངོས་གྲུབ་བདེ་བླག་ཏུ་འགྲུབ་པར་བྱེད་པ་ཡིན། དེའང་ཆོས་སྐུ་དོན་གྱི་མཁའ་འགྲོ་སངས་རྒྱས་ཐམས་ཅད་སྐྱེད་པར་མཛད་པའི་ཡུམ་སྤྲོས་བྲལ་ཤེས་རབ་ཀྱི་ཕ་རོལ་ཏུ་
ཕྱིན་མ་ཉིད། ལོངས་སྐུ་རྟགས་ཀྱི་མཁའ་འགྲོ་དབྱིངས་ཕྱུག་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་གཅིག་དང་དུ་མའི་ཚུལ་དུ་སྟོན་ཅིང་། དེ་ལས་སྤྲུལ་སྐུ་བརྡའི་མཁའ་འགྲོ་ཞིང་སྔགས་ལྷན་སྐྱེས་རིགས་ལྔའི་ཚོགས་ཞིང་གི་རྡུལ་དང་མཉམ་པར་སྣང་བ་སྟེ། དེ་དག་གི་རྒྱུད་དང་སྒྲུབ་ཐབས་གདམས་ངག་གི་བཀའ་སྲོལ་གསང་སྔགས་གསར་རྙིང་རྣམས་སུ་ཅི་རིགས་པར་བྱོན་པ་ལས། འདིར་ནི་དུས་གསུམ་མཁྱེན་པ་པདྨ་སམྦྷ་ཝའི་ཐུགས་བཅུད། འབྲོག་བན་རྣམ་རོལ་བདུད་འཇོམས་འགྲོ་འདུལ་གླིང་པ་རྩལ་གྱིས་འོད་གསལ་དབྱིངས་ཀྱི་སྒྲོམ་བུ་རང་བྱུང་རིག་པའི་ཆོ་འཕྲུལ་གྱིས་རྒྱ་བཀྲོལ་བ་ལས་མངོན་པར་སྣང་བའི་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་འཕགས་པའི་ཟབ་ལམ་མཁའ་འགྲོའི་དཀྱིལ་འཁོར་དུ་སྨིན་བྱེད་དབང་བསྐུར་གྱི་སྙིང་པོ་བསྒྲུབ་པ་ལ། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་ཡེ་ཤེས་མཁའ་འགྲོ་དབྱེར་མེད་པའི་དྲུང་དུ་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་མཛོད། [ཅེས་མཎྜལ་འབུལ་དུ་གཞུག །]ཐལ་མོ་མེ་ཏོག་དང་བཅས་པས་གསོལ་
བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧོཿ མཁའ་འགྲོ་ཀུན་གྱི་དཀྱིལ་འཁོར་གཙོ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ༔ གཞུག་ཅིང་དབང་མཆོག་བསྐུར་དུ་གསོལ༔ [ལན་གསུམ།] སྐྱབས་ཡུལ་བླ་མ་ཡེ་ཤེས་ཀྱི་མཁའ་འགྲོ་གདོད་ནས་རང་དང་ལྷན་ཅིག་སྐྱེས་པའི་གནས་ལུགས་ཉིད་ཚུལ་བཞིན་རང་ངོ་ཤེས་པས་སྐྱབས་སུ་འགྲོ་བ་དང་། འཁོར་འདས་མཉམ་ཉིད་ཡེ་དག་ཆེན་པོའི་ཀློང་དུ་སྤང་བླང་བྱ་རྩོལ་ལས་འདས་པར་རང་ཡན་དུ་ལ་བཟླ་བ་དོན་གྱི་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ན་མོཿ རང་རིག་ཡེ་ཤེས་[སོགས་ལན་གསུམ།] གདོད་མའི་ཡེ་གཞི་ཀ་དག་གཏིང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མས་བསམ་བརྗོད་དང་བྲལ་བའི་ཡེ་ཤེས་སྐུ་གསུམ་མཁའ་འགྲོའི་དཀྱིལ་འཁོར་དུ་བཞུགས་པ་ལས། རྒྱང་ཞགས་ཆུའི་སྒྲོན་མས་མཚམས་སྦྱར་ཏེ་རྟེན་ཐིག་ལེ་སྟོང་པའི་སྒྲོན་མས་མཚན་པའི་དག་པ་དབྱིངས་ཀྱི་སྒྲོན་མའི་ཀློང་དུ། བརྟེན་པ་རིག་གདངས་སྤྲུལ་པའི་ལྷ་རྡོ་རྗེ་ལུ་གུ་རྒྱུད་དབང་པོའི་མངོན་སུམ་དུ་མཐོང་བ་ལྟ་བ་མཇལ་བའི་ཕྱག་འཚལ་བ་དང་། དེ་ལས་འཇའ་ཚོན་ཟེར་ཐིག་ཉམས་སྣང་
གོང་དུ་འཕེལ་བའི་མཆོད་སྤྲིན་རྒྱ་མཚོས་མངོན་པར་མཆོད་པ་དང་། སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་སུ་རང་ཤར་བའི་རིག་པ་ཚད་ཕེབས་ཆེན་པོའི་ངང་དུ་འཁོར་གསུམ་གཟུང་འཛིན་གྱི་སྡིག་ལྟུང་ཐམས་ཅད་བཤགས་པ་དང་། ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་པའི་དག་པ་གཉིས་ལྡན་གྱི་འབྲས་བུ་ཟག་མེད་ཡེ་ཤེས་ཀྱི་ཚོགས་ཆེན་ཡོངས་སུ་རྫོགས་པ་ལ་རྗེས་སུ་ཡི་རང་བ་དང་། བརྗོད་མེད་རྡོ་རྗེ་ནཱ་དའི་དབྱངས་ཀྱིས་དུས་གསུམ་དུས་མེད་རྟག་པ་རྒྱུན་གྱི་འཁོར་ལོར་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར་བ་དང་བསྐུལ་བ་དང་། ཕྱིར་གསལ་འཕོ་ཆེན་འཇའ་ལུས་རྡོ་རྗེའི་སྣང་བརྙན་སྲིད་པ་ཇི་སྲིད་དུ་གཞོམ་མེད་གཉུག་མའི་ངོ་བོར་བཞུགས་སུ་གསོལ་བ་དང་། དེ་ལྟ་བུའི་ཟག་མེད་ཡེ་ཤེས་ཀྱི་དགེ་ཚོགས་སྒྲིབ་གཉིས་རྩད་ནས་དག་པ་འོད་གསལ་གཞོན་ནུ་བུམ་པ་སྐུའི་ཀློང་དུ་ཆོས་ཀྱི་དབྱིངས་ལ་མི་བསྔོ་བར་ཤེས་པའི་ཚུལ་གྱིས་ཡོངས་སུ་བསྔོ་བ་སྟེ། ཁྱད་པར་ཅན་གྱི་དོན་དྲན་བཞིན་པས་འདིའི་རྗེས་ཟློས་མཛོད། ཨཿ ཀ་དག་གཏིང་གསལ༴ [སོགས་ལན་གསུམ།] ཨ་ཏི་ཁྱབ་བརྡལ་ཡེ་གྲོལ་ཆེན་པོར་མཚན་མའི་བསྲུང་སྡོམ་མི་དམིགས་ཀྱང་། གཟུང་འཛིན་གྱི་སྒྲོགས་སུ་ཆུད་པའི་མེད་
སྣང་འཁོར་བའི་འགྲོ་རྣམས་བསྒྲལ་སླད་རྡོ་རྗེ་ཐེག་པ་སྤྱི་དང་ཁྱད་པར་གྱི་དམ་ཚིག་གཉན་པོ་ཚུལ་བཞིན་དུ་བཟུང་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ཧོཿ ཡེ་ཤེས་མཁའ་འགྲོ་འཁོར་དང་བཅས༔ བརྩེ་བས་བདག་ལ་དགོངས་སུ་གསོལ༔ མེད་པ་དང་ནི་ཕྱལ་པ་དང་༔ གཅིག་པུ་ལྷུན་གྱིས་གྲུབ་པར་རྫོགས༔ གསང་བ་ཐུགས་ཀྱི་དམ་ཚིག་རྣམས༔ སྲོག་གི་ཕྱིར་ཡང་མི་བཏང་ངོ་༔ [ལན་གསུམ། རྡོ་རྗེ་སྤྱི་བོར་བཞག་ལ།] ཧོཿ ཤིན་ཏུ་སྐལ་པ་བཟང་པོའི་བུ༔ མཁའ་འགྲོའི་དམ་ཚིག་གཉན་པོ་འདི༔ སྲོག་གི་ཕྱིར་ཡང་མི་གཏོང་ཞིང་༔ གསང་བ་གཞན་ལ་མ་སྨྲ་ཞིག༔ བཛྲ་ས་མ་ཡ་རཀྵ་ཧཱུྃ༔ དེ་ནས་དབང་གི་གཞི་འགོད་པའི་སླད་དུ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་ལེགས་པར་གཅུན་ལ་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །སྐད་ཅིག་དྲན་རྫོགས་རང་ཉིད་ལས༔ ཁྱོད་རང་ཡེ་ཤེས་མཚོ་རྒྱལ་མ༔ བདེ་སྟོང་དབྱེར་མེད་དཀར་དམར་མདངས༔ མཚན་དཔེའི་ལང་ཚོ་མཆོག་ཏུ་འབར༔ ཐིག་ལེ་ཉག་གཅིག་ཞི་འཛུམ་ཞལ༔ ཐབས་ཤེས་ཟུང་འཇུག་ཕྱག་གཉིས་ཀྱིས༔ བདག་རྟོག་རྩད་གཅོད་གྲི་གུག་དང་༔ དངོས་
གྲུབ་མཆོག་སྩོལ་ཐོད་པ་འཛིན༔ པདྨ་ཉི་ཟླའི་གདན་སྟེང་དུ༔ ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས༔ གཅེར་མོ་དར་དང་རིན་པོ་ཆེ༔ མེ་ཏོག་ཕྲེང་བ་དུ་མས་བརྒྱན༔ སྙིང་གར་གཡུང་དྲུང་བྃ་གྱིས་མཚན༔ བླ་མ་མཁའ་འགྲོའི་གནས་གསུམ་ནས༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་སྤྲོས༔ སློབ་མའི་ལུས་ཀྱི་ནང་ཁེངས་ཤིང་༔ གཡུང་དྲུང་ཡིག་འབྲུ་གཡོན་དུ་འཁོར༔ བྱིན་རླབས་གཟི་བྱིན་འབར་བར་གྱུར༔ [ཅེས་དམིགས་ལ་འབེབས་པའི་རྫས་དུད་བདུག་ཅིང་། ཐོད་རྔ་རོལ་མོའི་སྒྲས་བསྐུལ་ཏེ།] ཨཿ ངོ་བོ་སྟོང་པའི་སོགས་[ལམ་བྱང་གི་བྱིན་འབེབས་མཐར་སྙིང་པོ་ལ།] བཛྲ་ཨཱ་བེ་ཤ་ཨ་ཨཿ [ཞེས་བཏགས་པ་དྲག་ཏུ་བརྗོད་པས་བྱིན་དབབ།] དེ་ལྟར་བྱིན་ཕབ་པའི་ཡེ་ཤེས་པ་དེ་ཉིད་ཁྱེད་རང་དམ་ཚིག་པ་དང་དབྱེར་མེད་དུ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲཿ [ཞེས་རྡོ་རྗེ་རྒྱ་གྲམ་དུ་བཞག །]དེས་དབང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ནས། དབང་དངོས་གཞི་ལ་སྤྲོས་བཅས་སྤྲོས་མེད་སོགས་རྣམ་གྲངས་བཞི་རིམ་པར་འབྱུང་བས་འདུན་པ་འདི་ལྟར་དུ་མཛོད། རང་བྱུང་བདེ་སྐྱོང་སྟོང་པ་ཉིད་ཀྱི་དབྱིངས་ལས་བཅུད་རྫས་ཡེ་ཤེས་རང་གསལ་གྱི་རྒྱུན་བྱུང་བ་ལུས་ལ་ཞུགས་པས། གདོས་བཅས་ཀྱི་དྲི་མ་བཀྲུས། ཟག་མེད་
འཇའ་འོད་ཀྱི་རང་བཞིན་དུ་གྱུར་པར་མོས་ཤིག །[བྷནྡྷ་སྤྱི་བོར་བཞག་ལ།] ཨོཾ༔ རང་བྱུང་བདེ་སྐྱོང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་སྣང་ལྷ་སྐུར་སྨིན་གྱུར་ཅིག༔ [སྙིང་པོ་དང་།] ཀཱ་ཡ་ཨ་བྷིཥིཉྩ་ཨོཾ༔ དེས་སྤྲོས་བཅས་བུམ་པའི་དབང་ཐོབ། རྩ་ཁམས་རྣམ་པར་དག །ཆོས་ཉིད་མངོན་སུམ་ལྟ་བ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །སློབ་དཔོན་ཡེ་ཤེས་མཁའ་འགྲོ་མ་རང་འོད་པདྨ་གར་གྱི་དབང་ཕྱུག་དང་མེ་མཉམ་པར་སྦྱོར་བའི་ཐིག་ལེ་ནཱ་དའི་གསང་སྔགས་ངག་ལ་ཞུགས་པས། འཕོ་བཅས་ཀྱི་དྲི་མ་བཀྲུས། རླུང་གཞོམ་མེད་དུ་ཐིམ་པར་མོས་ཤིག །[གསང་རྫས་བདུད་རྩི་སྦྱིན་ལ།] ཨཱཿ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་བྱང་སེམས་རྒྱུན༔ རྩ་ཁམས་དྭངས་བཅུད་ཀྱིས་གཏམས་པས༔ ངག་རླུང་སྔགས་སུ་དག་གྱུར་ཅིག༔ [སྙིང་པོ་དང་།] ཝཱ་ཀ་ཨ་བྷིཥིཉྩ་ཨཱཿ དེས་སྤྲོས་མེད་གསང་བའི་དབང་ཐོབ། རླུང་ཁམས་རྣམ་པར་དག །ཉམས་སྣང་གོང་དུ་སྤེལ་བ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་
པ་ཡིན་ནོ། །དབྱིངས་སྟོང་ཉིད་སྤྲོས་བྲལ་གྱི་ཤེས་རབ་མར་ཁྱེད་རང་རིག་པའི་ཡེ་ཤེས་ཐབས་མཆོག་སྙོམས་འཇུག་གི་རོལ་པ་ལས་ལྷན་ཅིག་སྐྱེས་པའི་བདེ་བ་ཡིད་ལ་ཞུགས། གཟུང་འཛིན་གྱི་དྲི་མ་བཀྲུས། ཐིག་ལེ་འོད་གསལ་དུ་དྭངས་པར་མོས་ཤིག །[མེ་ལོང་གཏད་ཅིང་སྙིང་གར་སིནྡྷུ་རས་ཐིག་ལེ་བཀོད་ལ།] ཧཱུྃ༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དགའ་བ་བཞི་ལ་ཡང་དག་བསྟེན༔ ཟུང་འཇུག་མཉམ་པར་སྦྱོར་བ་ཡིས༔ ཡིད་ཐིག་ཆོས་སྐུར་གྲོལ་གྱུར་ཅིག༔ [སྙིང་པོ་དང་།] ཙིཏྟ་ཨ་བྷིཥིཉྩ་ཧཱུྃ༔ དེས་རབ་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཐིག་ལེ་རྣམ་པར་དག །རིག་པ་ཚད་དུ་ཕེབ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །རྡོ་རྗེ་སེམས་དཔའི་མེ་ལོང་འདི་ཉིད་ངོ་བོ་གང་དུའང་མ་གྲུབ། རྐྱེན་དང་འཕྲད་པས་འོད་སྣང་སྣ་ཚོགས་སུ་ཤར་བས་མཚོན་བྱེད་དུ་བྱས་ནས། ཀ་དག་ཁྲེགས་ཆོད་ཀྱི་ལྟ་བ་རིག་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུ། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པ་ཡུལ་རྐྱེན་ལ་བརྟེན་ནས་སྣང་བཞི་གོང་དུ་འཕེལ་བ་ལྟ་སྒོམ་ཟུང་འཇུག་ཏུ་ཉམས་སུ་བླངས་པས་ཀུན་བཟང་གི་དགོངས་པ་རྒྱུད་ལ་ཞུགས། གཞི་སྣང་གི་དྲི་མ་དག །གཞོན་ནུ་བུམ་པ་
སྐུར་ནང་གསལ་དུ་འཁྱིལ་བར་མོས་ཤིག །[ཤེལ་རྡོ་མིག་ལམ་དུ་བསྟན་ལ།] ཧྲཱིཿ ཡེ་ནས་དག་པའི་སེམས་ཉིད་འདི༔ རང་བྱུང་མཁའ་འགྲོའི་ངོ་བོ་སྟེ༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་གསང་བའོ༔ [སྙིང་པོ་དང་།] ངྷརྨ་ངྷཱ་ཏུ་ཨ་ཨ་ཨཿ དེས་ཤིན་ཏུ་སྦྲོས་མེད་རིག་པ་རྩལ་གྱི་དབང་ཐོབ། མ་རིག་པའི་དྲི་མ་དག །ཆོས་ཉིད་ཟད་སར་སྐྱེལ་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །[ཞེས་བསྐུར།] དེས་ཤིན་ཏུ་སྦྲོས་མེད་རིག་པ་རྩལ་གྱི་དབང་ཐོབ། མ་རིག་པའི་དྲི་མ་དག །ཆོས་ཉིད་ཟད་སར་སྐྱེལ་བ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །[ཞེས་བསྐུར།] དེ་དག་གིས་སྨིན་བྱེད་ཀྱི་དབང་བསྐུར་བ་སོང་ནས་གྲོལ་བྱེད་ཀྱི་གདམས་ཁྲིད་འབོགས་པ་ལ་དབང་བཞིའི་རིམ་པ་དང་སྦྱར་བའི་ལམ་བཞིའི་ངེས་པ་ནི་འདི་ལྟ་སྟེ། སྨིན་ཅིང་དམ་ལྡན་[སོགས་ནས།] འཕོ་ཆེན་མཆོག་འགྲུབ་འགྱུར༔ [ཅེས་པའི་བར་གསལ་དག་སྙན་པའི་སྒོ་ནས་གོ་བརྡ་འཕྲོད་ངེས་པར་བཀླག །]དེ་རྣམས་ཀྱི་སྒོ་ནས་ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་དབང་བསྐུར་གདམས་ཁྲིད་དང་བཅས་སྨིན་གྲོལ་ཚང་སྤྲུགས་སུ་ཕུལ་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་རྣམས་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་[སོགས་ལན་གསུམ།] དེ་ལྟར་ལེགས་པར་ཐོབ་པའི་གཏང་
རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་ཐམས་ཅད་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་[སོགས་ལན་གསུམ།] དེ་ལྟར་སྨིན་གྲོལ་ཟབ་མོ་གསན་པ་ལས་བྱུང་བའི་དགེ་བའི་རྩ་བའང་མཁའ་མཉམ་གྱི་སེམས་ཅན་རྣམས་ལ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་གནང་བ་དང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་བསྒྲུབ་པར་ཞུ། བསོད་ནམས་འདི་ཡི་ཐམས་ཅད་གཟིགས་པ་ཉིད། །[སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་གཞུང་བཞིན་མཐའ་རྒྱས་སུ་བྱའོ། །ཟབ་ལམ་མཁའ་འགྲོའི་སྨིན་གྲོལ་ཁྲིགས། །གསལ་བར་བརྗོད་འདིས་འགྲོ་བ་ཀུན། །རྡོ་རྗེ་བཙུན་མོ་ཉིད་གྱུར་ནས། །མཁའ་སྤྱོད་གྲོང་ཁྱེར་མཛེས་བྱེད་ཤོག །ཅེས་པའང་རྣམ་པར་དགེ་བའི་ཐུགས་བསྐྱེད་ཀྱི་ཕྲིན་ལས་ཕུལ་དུ་བྱུང་བས་མངོན་པར་མཐོ་བ་མི་རྗེ་ཚེ་རིང་དཔལ་འབྱོར་བཟང་པོའི་གསུང་གིས་ཡང་ཡང་རྗེས་སུ་བསྐུལ་བ་ལས། ཟབ་མོའི་ལམ་གྱི་བཀའ་བབས་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨིན་ཟླའི་ཡར་ངོ་རྒྱལ་བ་གསུམ་པའི་དུས་ཀྱི་སྔ་དྲོའི་ཐུན་གཅིག་ལ་གྲུབ་པར་སྤེལ་བ་སྟེ། གངས་རིའི་ཁྲོད་ཀྱི་ལྷོ་ཕྱོགས་མོན་ཡུལ་སྤ་གྲོ་རིན་སྤུངས་ཀྱི་སྐྱེད་མོས་ཚལ་ཉམས་དགའ་བའི་གནས་སུའོ། །སརྦ་དཱ་མངྒ་ལ་སིནྡྷུ་རསྟུ།། །།]
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་བཞུགས་སོ། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། [དེའང་ཐུན་མོང་བློ་ལྡོག་རྣམ་བཞིས་རྒྱུད་སྦྱོང་བ་སྔོན་དུ་འགྲོ་བས། ཐོག་མར་སྐྱབས་སུ་འགྲོ་བ་ནི།] མདུན་མཁར་དཔག་བསམ་རྒྱས་པའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་སངས་རྒྱས་རང་བཞིན་ཏེ༔ རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ སྐྱབས་ཡུལ་རྒྱ་མཚོའི་ངོ་བོར་བཞུགས༔ ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་འཛིན་པ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ [སེམས་བསྐྱེད་པ་ནི།] ཧོཿ མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ བདག་གིས་ཡོངས་སུ་བསྐྱེད་པར་བགྱི༔ [རྡོར་སེམས་བསྒོམ་བཟླས་ནི།] རང་གི་སྤྱི་བོར་པད་ཟླའི་སྟེང་༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་
རྡོ་རྗེའི་ལྟེར༔ ཧཱུྃ་མཐར་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་[སོགས་ཡིག་བརྒྱ་བཟླས་མཐར།] རྡོར་སེམས་འོད་ཞུ་རང་ཐིམ་[བསམ། མཎྜལ་འབུལ་བ་ནི།] ཁམས་གསུམ་སྣོད་བཅུད་སྣང་སྲིད་ཆོས༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ རཏྣ་མ་ངྷ་ལ་པཱུ་ཛ་ཧོཿ [བླ་མའི་རྣལ་འབྱོར་ནི།] རྣམ་དག་ཡེ་ཤེས་འོད་གུར་ཀློང་༔ རང་ཉིད་མཚོ་རྒྱལ་ངྷཱ་ཀི་མའི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ དམར་གསལ་རྡོར་དྲིལ་འཁྱུད་སྟབས་རོལ༔ མཚན་དཔེའི་གཟི་བྱིན་འབར་བའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་འཛུམ་འོད་ཟེར་ལྷམ་མེར་བཞུགས༔ ཀྱེ་ཀྱེ་བླ་མ་ཐོད་ཕྲེང་རྩལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ [ཞེས་ཅི་ནུས་བཟླས་མཐར།] བླ་མའི་
སྐུ་ཡི་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔ རང་གི་གནས་བཞིར་ཐིམ་པ་ཡིས༔ སྒྲིབ་བཞི་དག་ནས་དབང་བཞི་ཐོབ༔ བླ་མ་རང་ཐིམ་དབྱེར་མེད་པར༔ བདེ་ཆེན་འོད་གསལ་ངང་དུ་གྱུར༔ དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པ་ཤོག །[ཅེས་བསྔོ་སྨོན་དང་ཤིས་པ་བརྗོད་དོ། །ཞེས་པའང་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ངག་འདོན་ཁོ་ན་སྙིང་པོར་དྲིལ་ཏེ་སྦྱར་བ་སིངྔྷི་རསྟུ། མངྒ་ལཾ༎ ༎]
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་དམིགས་ཁྲིད་ཟིན་བྲིས་སུ་བཏབ་པ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་དམིགས་ཁྲིད་ཟིན་བྲིས་སུ་བཏབ་པ་བཞུགས་སོ། །
༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཡེ། དེ་ལ་འདིར་ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པའི་སྔོན་འགྲོའི་ཁྲིད་ཀྱི་རིམ་པ་ལ་གཉིས་ཏེ། ཐུན་མོང་དང་། ཁྱད་པར་གྱི་སྔོན་བགྲོའོ། །དང་པོ་ལའང་བཞི་ལས། ཐོག་མར་དལ་འབྱོར་རྙེད་པར་དཀའ་བའི་ཁྲིད་ནི། ཇི་སྐད་དུ་སློབ་དཔོན་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་གྱུར་བ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་ནས་ཡང་དག་འབྱོར་པ་ག་ལ་འགྱུར། ཞེས་གསུངས་པ་ལྟར། འདི་བཞིན་བསམ་པར་བྱ་སྟེ། དེ་ཡང་
བདག་ངན་སོང་གསུམ་དུ་སྐྱེས་ན་ནི་སྡུག་བསྔལ་གྱིས་བྲེལ་ཏེ་ལུས་མི་ཁོམ། ལྐུག་པར་སྐྱེས་ན་ཚིག་དོན་གྱི་བརྡ་སྤྲོད་པའི་ནུས་པ་མེད་པས་ངག་མི་ཁོམ། ལྷ་ཚེ་རིང་པོ། མཐའ་འཁོབ། སངས་རྒྱས་ཀྱིས་སྟོངས་ཏེ་མུན་པའི་བསྐལ་པ། ལོག་ལྟ་ཅན་དང་བཞིར་སྐྱེས་ན་ཡིད་མི་ཁོམ་པ་ལས། བདག་དེ་བརྒྱད་པོ་གང་དུའང་མ་སྐྱེས་པས་དལ་བ་བརྒྱད་ཐོབ་འདུག་སྙམ་དུ་བསམ། དལ་བ་དེའི་ཁྱད་པར་གྱི་ཆོས་འབྱོར་པ་བཅུ་དང་ཡང་ལྡན་ཏེ། བདག་མིའི་ནང་དུ་ནི་སྐྱེས། དེ་ཡང་ཡུལ་དབུས་སུ་སྐྱེས། དབང་པོ་སྒོ་ལྔ་ཚང་། དགེ་བ་ལ་ཡིད་འདུན། བསྟན་པ་ལ་དད་པས་ལས་
མཐའ་མ་ལོག་པ་སྟེ་རང་ལ་ལྟོས་པ་ལྔ། སངས་རྒྱས་འཇིག་རྟེན་དུ་བྱོན། དེས་ཆོས་གསུངས། དེའི་བསྟན་པ་མ་ནུབ་པར་གནས། དེའི་རྗེས་སུ་ཞུགས་པའི་གང་ཟག་ཀྱང་ཡོད། དེས་ཀྱང་སྙིང་རྗེས་གཞན་རྗེས་སུ་འཛིན་པས་གཞན་ལ་ལྟོས་པ་ལྔ་སྟེ། འབྱོར་བ་བཅུ་ཡང་ལེགས་པར་ཚང་། དེ་ལྟར་དལ་འབྱོར་བཅོ་བརྒྱད་ཚང་བའི་རྟེན་འདི་ནི་ཤིན་ཏུ་རྙེད་པར་དཀའ་བ་སྟེ། དེའི་རྒྱུ་མི་ལུས་འཕེན་ཐུབ་ཀྱི་ཚུལ་ཁྲིམས་བསྲུང་བ་འཇིག་རྟེན་ན་དཀོན་པར་སྣང་བའི་ཕྱིར་རྒྱུའི་སྒོ་ནས་རྙེད་པར་དཀའ། རྒྱ་མཚོ་ཆེན་པོ་རླུང་གིས་གཡེངས་པའི་གཉའ་ཤིང་གི་བུ་ག་གཅིག་པའི་བུ་གར་ལོ་བརྒྱ་བརྒྱ་ན་སྙེང་སྙེང་ལན་རེ་བྱེད་པའི་རུས་སྦལ་གྱི་མགྲིན་པ་ཚུད་པ་དང་འདྲ་བས་དཔེའི་སྒོ་ནས་རྙེད་པར་དཀའ། དབྱར་དུས་ཀྱི་དུད་འགྲོས་ས་གཞི་རི་ཀླུང་ཁེངས་པ་འདིའི་ཚོད་ན་མི་ལུས་སྲིད་པ་ཙམ་དུ་འདུག་པས་གྲངས་ཀྱི་སྒོ་ནས་རྙེད་པར་དཀའ་སྙམ་དུ་བརྟག །རྙེད་པ་ཕན་ཡོན་ཆེ་ཚུལ་ལ་ཡང་བསམ་སྟེ། རྒྱལ་བ་ཀུན་ཀྱང་རྟེན་འདི་ལ་བརྟེན་ནས་སངས་རྒྱས་ཤིང་རྒྱ་བར་འགྱུར་བའི་ཕྱིར། དབུལ་པོས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་པ་ལྟར་བདག་གིས་དལ་འབྱོར་དང་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པ་འདི་ཁ་རྗེ་རེ་ཆེ། ད་འདི་མདོ་མེད་དུ་མ་ལུས་
པར་དམ་པའི་ཆོས་ལ་རྩེ་གཅིག་ཏུ་བསླབ་སྟེ་དལ་འབྱོར་སྟོང་ལོག་ཏུ་མ་སོང་བར་བྱའོ་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གཉིས་པ་ཚེ་མི་རྟག་པའི་ཁྲིད་ནི། རྒྱ་ཆེར་རོལ་པའི་མདོ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། རྙེད་པར་དཀའ་ཞིང་རྙེད་ན་དོན་ཆེན་པོ་དང་ལྡན་པའི་མི་ལུས་རིན་པོ་ཆེ་འདི་ཐོབ་ཀྱང་ཡུན་རིང་པོར་མི་གནས་ཏེ། འཆི་འམ་མི་འཆི་སྙམ་པའི་ཐེ་ཚོམ་མེད་པར་སྐྱེས་ཕན་ཆད་ཐམས་ཅད་འཆི་ངེས་ཅན་ཡིན་ལ། དེ་ཡང་རྒན་གཞོན་བར་མའི་གོ་རིམ་མ་ངེས་པར་འཆི་སྟེ། རླུང་ནང་གི་མར་མེ་ལྟར་འགལ་རྐྱེན་མང་བ་དང་། ཆུའི་ལྦུ་བ་ལྟར་མི་བརྟན་པ་དང་། ཤིང་རྩེར་གནས་པའི་བྱ་ལྟར་ནམ་འཆི་ཆ་མེད་པའི་ཕྱིར་རོ། །གཞན་ཡང་ལྟག་ཆུ་ཆད་པའི་རྫིང་བུ་མཐིལ་རྡོལ་བ་ལྟར་ཚེ་འདི་བསྣོན་མ་མེད་ཅིང་འབྲིད་པ་དང་བཅས་པས་མྱུར་དུ་མི་རྟག །ནགས་མཐའ་མེས་བསྐོར་བའི་དབུས་ཀྱི་སྤྲེའུ་ལྟར་འདི་ལས་ཐར་བ་གང་ནའང་མེད། མདོར་ན་དོ་ནུབ་རང་ཡང་འཆི་མི་འཆི་ཅི་ཆ། དེ་ཕྱིར་དོན་ཆུང་གི་
རྣམ་གཡེང་བྱ་བྱེད་ཐམས་ཅད་བཤོལ་ཏེ་ཚེ་གཞུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདི་ལ་ཕྱི་མའི་རྒྱགས་ཕྱེ་ཚགས་སུ་ཚུད་པའི་ཆོས་བཤའ་མ་སྙིང་ནས་མི་བྱེད་རེ་ཤི་སྙམ་དུ་དྲག་ཏུ་བསམ་པར་བྱའོ། །གསུམ་པ་ལས་རྒྱུ་འབྲས་ཀྱི་ཁྲིད་ནི། རྒྱལ་པོ་ལ་གདམས་པའི་མདོ་ལས། དུས་ཀྱིས་བསྙེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །ཞེས་གསུངས་པ་ལྟར། དེ་ཡང་འཆི་བ་བདེན་མོད། ཤི་ཡང་ཆོས་རང་བྱ་མི་དགོས་སོ་སྙམ་ན། ཤི་ནས་ཅང་མེད་དུ་འགྲོ་ན་ལྟ་དེ་ལྟར་ཡིན་ཀྱང་ཅང་མེད་དུ་མི་འགྲོ་སྟེ། དཔེར་ན་ས་བོན་མངར་བ་བཏབ་ན་འབྲས་བུ་མངར་བ་དང་། ས་བོན་ཁག་པ་ལས་འབྲས་བུ་ཁག་པ་སྨིན་པ་བཞིན། མི་དགེ་བའི་ལས་བཅུ་སྤྱད་པས་ངན་སོང་གསུམ་སོགས་སྡིག་ཏོའི་ལས་ཀྱི་སྡུག་བསྔལ་མྱོང་འགྱུར་གནས་སུ་སྐྱེས། དགེ་བའི་ལས་བཅུ་སྤྱད་པས་གནས་སྐབས་སུ་མཐོ་རིས་ལ་སོགས་པའི་བདེ་བ་རྣམས་ཐོབ་ཅིང་། མཐར་ཐུག་ཐར་པ་ལ་སྦྱོར་བའི་སྟེགས་བྱེད་པའི་ཕྱིར། མི་དགེ་བའི་ལས་བཅུ་ཕྲ་ཞིང་ཕྲ་བ་ནས་དུག་བཞིན་སྤང་། དགེ་བའི་ལས་རྣམས་འཆི་གསོས་ཀྱི་སྨན་བཞིན་དུ་བསྟེན། འགྲོ་
འཆག་ཉལ་འདུག་སོགས་དགེ་སྡིག་གང་དུའང་ལུང་མ་བསྟན་པ་རྣམས་དགེ་བའི་ལས་ལ་བསྒྱུར་ཏེ། དལ་འབྱོར་ཐོབ་པའི་དུས་འདིར་བྱ་བ་བྱས་པ་རྣམས་མདོ་མེད་དུ་མ་སོང་བ་ཞིག་བྱའོ་སྙམ་དུ་དྲག་ཏུ་བསམ་མོ། །བཞི་པ་འཁོར་བའི་ཉེས་དམིགས་ཀྱི་ཁྲིད་ནི། མདོ་ལས། སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་འབར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་བ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །ཞེས་གསུངས་པ་ལྟར། དེ་ཡང་མི་དགེ་བའི་ལས་ཀྱིས་ངན་འགྲོ་རྣམས་སུ་སྐྱེས་ཀྱང་ཅི་ཏོ་སྙམ་ན། དེ་ནི་ད་ལྟ་གཉའ་ཐོག་ཏུ་མ་བྱུང་བའི་སྦད་ཁམ་ཡིན། དེའི་རྒྱུ་མཚན་འདི་ལྟར་བསམ་ན་ཤེས་པར་འགྱུར་ཏེ། དེ་ལ་དམྱལ་བའི་སྡུག་བསྔལ་ནི། ཚ་དམྱལ་རྣམས་ལྕགས་སྲེགས་ཀྱི་ས་གཞི་རབ་ཏུ་འབར་བའི་གནས་སུ་ཡང་སོས་ཀྱི་སེམས་ཅན་རྣམས་ནི་ཕན་ཚུན་དགྲར་མཐོང་སྟེ་རྡེག་རེས་ཀྱིས་ཡང་ཤི་ཡང་སོས་དང་། ཐིག་ནག་ནི་ལུས་ལ་ཐིག་ནག་པོ་བཏབ་སྟེ་སོག་ལེ་དང་སྟྭ་རེ་སོགས་
ཀྱིས་གཤག་པ་དང་། བསྡུས་འཇོམས་ནི་རི་ར་ལུག་གི་གདོང་པ་འདྲ་བའི་བར་དུ་ཏིལ་བཞིན་འཚིར་བ་དང་། ངུ་འབོད་ནི་ཉམ་ཐག་ནས་བདེ་བའི་ནགས་འཚོལ་བ་ན་ལྕགས་ཁང་མེ་འབར་བའི་ནང་དུ་ཚུད་ནས་སྒོ་ཟུམ་སྟེ་བསྲེག་པ་དང་། ངུ་འབོད་ཆེན་པོ་ནི་ལྕགས་ཁང་ཉིས་རིམ་དུ་བསྲེག་པ་དང་། ཚ་བ་ནི་ལྕགས་ཁྱིམ་མེ་འབར་བར་བསྲེག་ཅིང་མདུང་རྩེ་གསུམ་པས་བསྣུན་པ་དང་། རབ་ཏུ་ཚ་བ་ནི་ལྕགས་ཟངས་ཁྲོ་ཆུ་ཁོལ་མར་འཚོད་ཅིང་ལྟོ་བ་ནས་མེ་འབར་བ་དང་། མནར་མེད་ནི་ལྕགས་ཁང་མེ་འབར་བར་ལུས་སྡོང་བུ་ལྟར་བསྲེག་པ་ན་སྐད་ངན་ཙམ་ཐོས་པ་ལས་སེམས་ཅན་ཡོད་པར་ཤེས་པ་མ་གཏོགས་མེའི་ཕུང་པོ་ཁོ་ནར་འབར་བ་དང་། དེ་ནས་ཐོན་ཏེ་བྲོས་པ་ན། དེའི་ཕྱོགས་བཞི་ན་མེ་མ་མུར་གྱི་འོབས་དང་། རོ་མྱངས་ཀྱི་འདམ་དང་། མཚོན་ཆའི་ཐང་དང་། ཐལ་ཚན་གྱི་ཆུ་བོ་རབ་མེད་རྣམས་ཀྱིས་ཀུན་ནས་བསྐོར་བའི་ནང་དུ་ཚུད་དེ་སྡུག་བསྔལ་མི་བཟོད་པ་བསྐལ་པར་མྱོང་བར་འགྱུར་ལ། གྲང་དམྱལ་རྣམས་ནི། སྣང་བ་མེད་པའི་མུན་ཁྲོད། ཁ་ཆར་ན་བུན་རླུང་དང་འཁྱག་པའི་གཙོང་རོང་ཆེན་པོའི་ཁྲོད་དུ། ལུས་གྲང་བས་ཉེན་ནས་ཆུ་བུར་གྱིས་གང་བ་དང་། ཆུ་བུར་རྡོལ་བ་དང་། གྲང་དྲག་ནས་སོ་ཐམ་
ཐམ་པ་དང་། ཨ་ཆུ་དང་ཀྱི་ཧུད་ཀྱི་སྡུག་སྐད་འདོན་པ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པའི་སྡུག་བསྔལ་ཡུན་རིང་པོར་མྱོང་དགོས་ཏེ། ད་ལྟ་ཚ་གྲང་གི་རེག་བྱ་ཅུང་ཟད་རེ་ཡང་མི་བཟོད་ན། ཚ་དམྱལ་དང་གྲང་དམྱལ་གྱི་སྡུག་བསྔལ་དེ་ལྟ་བུ་བཟོད་པར་འདུག་གམ་སྙམ་དུ་བསམ་མོ། །ཡི་དྭགས་ཀྱི་གནས་ནའང་སྡུག་བསྔལ་བསམ་གྱིས་མི་ཁྱབ་སྟེ། ཕྱིའི་སྒྲིབ་བ་ཅན་རྣམས་ནི། བཀྲེས་སྐོམ་གྱིས་ཉེན་པས་ཡུལ་ཀུན་ཏུ་རྒྱུག་ཀྱང་བཟའ་བཏུང་གང་ཡང་མི་རྙེད་ཅིང་མི་མཐོང་ལ། མཐོང་ཡང་གཤིན་རྗེའི་སྐྱེས་བུས་བསྲུང་བ་དང་། ཆུ་མཐོང་ནས་རྗེས་སྙེགས་པས་སྐམ་པ་དང་། ནགས་མཐོང་ནས་ཕྱིན་པས་སོལ་བའི་ཕུང་པོར་འགྱུར་བ་སོགས་སྡུག་བསྔལ་བཟོད་གླག་མེད། ནང་གི་སྒྲིབ་པ་ཅན་རྣམས་ནི། བཟའ་བཏུང་དང་པོར་མི་རྙེད། ཅུང་ཟད་རྙེད་པ་ཟོས་པ་ན་ལུས་ཀྱི་ནང་དུ་མེ་འབར་ཏེ་ནང་རོལ་ཐམས་ཅད་བསྲེག་པ་སོགས་བརྗོད་ཀྱིས་མི་ལང་། སྤྱི་མཐུན་གྱི་སྒྲིབ་པ་ཅན་ནི། སྤྱིར་ཁྱབ་པའི་སྡུག་བསྔལ་དབུལ་ཕོངས་འཇིགས་དངངས་ཉམ་ང་བའི་གནས་སུ་མགོན་སྐྱབས་མེད་པ་སོགས་མཐའ་ཡས་ཏེ། ད་ལྟ་ཉིན་གཅིག་གི་བཀྲེས་སྐོམ་
ཡང་མི་བཟོད་ན། དེ་ལྟ་བུའི་སྡུག་བསྔལ་བཟོད་པར་འདུག་གམ་སྙམ་དུ་བསམ། དུད་འགྲོ་ལའང་སྡུག་བསྔལ་མང་སྟེ། ཆེ་བས་ཆུང་བ་ཟ་བ། ཆུང་བས་ཆེ་བ་འབིགས་པ། གཅིག་ལ་མང་པོས་རུབ་ནས་ཟ་ཞིང་། མང་པོ་གཅིག་ཁོ་ནས་གསོན་ཟས་བྱེད་པ་སོགས་བཀོལ་སྤྱོད་བརྡེགས་འཚོགས་དང་། ཐུན་མོང་དུ་གླེན་ལྐུག་གི་སྡུག་བསྔལ་སོགས་བསམ་གྱིས་མི་ཁྱབ། མི་རྣམས་ལའང་སྐྱེ་རྒ་ན་འཆི་འབྱོར་རྒུད་ལ་སོགས་པའི་སྡུག་བསྔལ། ལྷ་མིན་ལའང་རང་བཞིན་གྱིས་ལྷའི་དཔལ་ལ་ཕྲག་དོག་སྐྱེས་ཏེ་དུས་རྟག་ཏུ་འཐབ་རྩོད་དང་གསོད་གཅོད་འབའ་ཞིག་གི་སྡུག་བསྔལ། འདོད་ལྷ་རྣམས་ལའང་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལ་ཉ་བྱེ་ཚན་ལ་འདྲེ་བ་ལྟ་བུར་ལྷའི་ཞག་བདུན་དུ་མྱོང་དགོས་པ་དང་། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་གཉིས་ནི་དར་ཅིག་བདེ་ཡང་ལས་དེ་ཟད་ནས་སླར་ཡང་འོག་ཏུ་ལྷུང་སྟེ་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་མྱོང་བར་འགྱུར་བའི་ཕྱིར། ཁམས་གསུམ་འཁོར་བའི་གནས་འདི་ནི་མཐོ་དམན་གང་དུ་སྐྱེས་ཀྱང་ཟུག་གཟེར་རྒྱུན་མི་ཆད་པའི་ཆད་པ་ལྟར་བདེ་བའི་སྐབས་ཅིས་ཀྱང་མི་འདུག་པས། ཅི་ནས་ཀྱང་ཁམས་གསུམ་འཁོར་བའི་བཙོན་དོང་འདི་ནས་ངེས་པར་ཐར་བ་ཞིག་བྱ་སྙམ་དུ་ཡང་ནས་
ཡང་དུ་བསམ་པར་བྱའོ། །གཉིས་པ་ཁྱད་པར་གྱི་སྔོན་འགྲོ་ལ་ལྔ་ལས། དང་པོ་སྐྱབས་སུ་འགྲོ་བའི་ཁྲིད་ནི། སློབ་དཔོན་ཆེན་པོས། སྲིད་པའི་སྡུག་བསྔལ་འཆིང་བ་ལས་གྲོལ་བའི༔ སྐྱབས་གནས་དཀོན་མཆོག་གསུམ་ལས་གཞན་ཡོད་མིན༔ དེ་ཕྱིར་དཀོན་མཆོག་སྐྱབས་བརྟེན་མཆོག་ཏུ་ལྷག༔ མདུན་གྱི་མཁའ་ལ་སྐྱབས་ཡུལ་གསལ་བྱས་ལ༔ སྙིང་ཁོང་རུས་པའི་གཏིང་ནས་སྐྱབས་སོང་སྟེ༔ སྤང་བྱ་ཀུན་སྤང་བླང་བྱ་དང་དུ་ལེན༔ སྐྱབས་ཡུལ་ལྷ་ཚོགས་རང་དང་གཉིས་མེད་བཞག༔ ཅེས་གསུངས་པས། འཁོར་བའི་བཙོན་ར་འཇིགས་སུ་རུང་བར་ལས་ཉོན་གྱི་ཞགས་པ་དམ་པོས་བཀྱིགས་ཤིང་། བཟོད་གླག་མེད་པའི་སྡུག་བསྔལ་གྱི་ཆད་པ་དྲག་པོས་རྟག་ཏུ་མནར་བ་འདི་ལས་སྐྱོབ་ནུས་པ་ནི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་མ་གཏོགས་གཞན་སུ་ཡང་མི་འདུག་པས། དེ་ཕྱིར་དཀོན་མཆོག་གསུམ་ཁོ་ན་ལ་སྐྱབས་དང་རམ་ཟླ་ཞུ་སྙམ་དུ་ཞེ་ཐག་པ་ནས་བསམ་ལ་སྐྱབས་སུ་འགྲོ་བར་བྱ་སྟེ། དེའི་ཚུལ་ནི། ས་གཞི་ཐམས་ཅད་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ། ལག་མཐིལ་ལྟར་མཉམ་པ། དེའི་དབུས་སུ་དཔག་
བསམ་གྱི་སྡོང་པོ་ཡལ་ག་ལོ་འདབ་མེ་ཏོག་འབྲས་བུ་ཕུན་སུམ་ཚོགས་པ་རབ་ཏུ་རྒྱས་པས། རང་གི་མདུན་གྱི་ནམ་མཁའ་ཁྱབ་པའི་དབུས་ཀྱི་སྙིང་པོ་ལ། སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པདྨ་དང་ཉི་ཟླའི་སྟེང་དུ། ངོ་བོ་དྲིན་ཅན་རྩ་བའི་བླ་མ་ཉིད་རྣམ་པ་མཚོ་སྐྱེས་རྡོ་རྗེ་འཆང་གི་ཆ་ལུགས་ཅན། སྐུ་མདོག་མཐིང་གསལ་མཚན་དཔེས་རབ་ཏུ་མཛེས་ཤིང་དར་དང་རིན་པོ་ཆེས་བརྒྱན་པ། ཕྱག་གཉིས་རྡོ་དྲིལ་བསྣོལ་སྟབས་སུ་འཛིན་པས་ཡུམ་མཚོ་རྒྱལ་དཀར་དམར་གཅེར་མོ་གྲི་ཐོད་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྣང་སྟོང་ཡེ་ཤེས་སྒྱུ་མའི་སྐུ་ཅན་དགྱེས་པ་ཆེན་པོས་རང་ལ་དགོངས་ཏེ་མངོན་སུམ་བཞིན་དུ་བཞུགས་པར་མོས་ཤིང་། དེ་ཉིད་མཆོག་གསུམ་རྩ་གསུམ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་ཤེས་པས། མདུན་མཁར་དཔག་བསམ་རྒྱས་པའི་དབུས༔ ཞེས་སོགས་ཀྱིས་གསལ་གདབ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ་ལ་སོགས་ཏེ་ས་གཞི་ཐམས་ཅད་དགྲ་གཉེན་དང་ཕྱོགས་རིས་མེད་པའི་རིགས་དྲུག་གི་སེམས་ཅན་ས་ཆེན་པོའི་དྲེག་པ་ལྟར་གང་བར་བསམ་ནས། རང་གིས་བྱང་དྲངས་ཏེ། དེ་ཐམས་ཅད་ཀྱང་ལུས་གུས་པས་
ཐལ་མོ་སྦྱར། ངག་གུས་པས་སྐྱབས་འགྲོའི་ཚིག་འུར་དིར་དིར། ཡིད་གུས་བས་ན་རུང་། ཚ་རུང་། ཤི་རུང་། གསོན་རུང་། སྐྱིད་རུང་། སྡུག་རུང་། མཐོ་རུང་། དམའ་རུང་། སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་། དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དེ་སྲིད་དུ་རེ་ས་ལྟོས་ས་སྐྱབས་གནས་དམ་པ་ཁྱེད་ལས་གཞན་ན་མེད་དོ་སྙམ་དུ་ཡིད་ཁྱེད་ཤེས་ཀྱི་དད་པ་བརྟན་པོའི་སྒོ་ནས། ངག་ཏུ། ན་མོཿ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ ཞེས་སོགས་སྐྱབས་འགྲོ་བརྒྱ་སྟོང་སོགས་བློ་དང་འདྲེས་ངེས་འབད་ནས། མཐར་སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སང་གིས་དག །སེམས་ཅན་ཐམས་ཅད་བྱི་ཁྱུ་ལ་རྡོ་འཕང་པ་ལྟར་འུར་དིར་གྱིས་དག་པ་མཁའ་སྤྱོད་ཀྱི་གནས་སུ་སོང་། སྐྱབས་ཡུལ་རྣམས་འོད་དུ་ལྟེམ་གྱིས་ཞུ་ནས་རང་ལ་བསྟིམ་སྟེ་དགེ་བ་བསྔོ། མཚན་མོ་ཉལ་བའི་ཚེ་སྐྱབས་ཡུལ་མ་བསྡུས་པར་དཔག་བསམ་ཤིང་གི་རྩ་བ་ལ་སྔས་གཏད་དེ་སྐྱབས་ཡུལ་ལ་མོས་གུས་བསྒོམ་བཞིན་པས་ཉལ་བར་བསམ་མོ། །གཉིས་པ་སེམས་བསྐྱེད་པའི་ཁྲིད་ནི། སློབ་དཔོན་ཆེན་པོས། ཁམས་
གསུམ་འགྲོ་ཀུན་ཕ་མ་གཉེན་དང་དགྲར༔ མ་གྱུར་མེད་པས་ཕྱོགས་འཛིན་སྤངས་བྱས་ལ༔ བདེ་ལྡན་སྡུག་བསྔལ་དང་བྲལ་སྨོན་པ་ཡིས༔ ལམ་དུ་ཞུགས་ལ་སྔོན་དུས་མ་གྲོལ་བའི༔ འགྲོ་བའི་འདྲེན་པར་སེམས་བསྐྱེད་བདེ་སྡུག་བརྗེ༔ སྙིང་ནས་ཚད་མེད་སྙིང་རྗེས་སྐྱོང་བར་བྱ༔ ཞེས་གསུངས་པས། ད་ལྟ་རང་ཅག་གཉེན་ལ་ཆགས་ཤིང་། དགྲ་ལ་སྡང་བའི་སེམས་འདི་མི་རིགས་ཏེ། ཚེ་རབས་སྔ་མ་མང་པོར་དགྲ་འདིས་ཀྱང་གཉེན་བྱས་ལ། གཉེན་འདིས་ཀྱང་དགྲ་བྱས། ད་ལྟའི་གནས་སྐབས་སུའང་དགྲས་ཀྱང་རྟག་ཏུ་མི་གནོད་ཅིང་རེས་འགའ་ཕན་འདོགས་པའང་སྲིད་ལ། གཉེན་འདིས་ཀྱང་རེས་འགའ་གནོད་པ་སྐྱེལ་ཞིང་། སེམས་སྡུག་བསྔལ་ཐམས་ཅད་གཉེན་ཁོ་ན་ལ་བརྟེན་ནས་བྱུང་། མ་འོངས་པ་ན་གཉེན་དགྲ་དང་། དགྲ་གཉེན་དུ་འགྱུར་པའང་སྲིད་པའི་ཕྱིར། རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་སེམས་སྤངས་ཏེ་བཏང་སྙོམས་ལ་གནས་པར་བྱའོ་སྙམ་དུ་བསམ། དེ་ནས་ད་ལྟའི་མའི་བྱ་བ་ལ་ལེགས་པར་བརྟག་སྟེ། འདིས་བདག་ལུས་ལ་འཁྲིས་པ་ནས་ད་ལྟའི་བར་དུ་མ་རང་ལས་ཀྱང་གཅེས་པར་བསྐྱངས་པས་དྲིན་ཆེ་བ་བཞིན་དུ། ཕྱོགས་བཅུ་གང་ནས་
གཞལ་ཀྱང་ནམ་མཁའ་ལ་མཐའ་མེད་པ་ལྟར་འཇིག་རྟེན་གྱི་ཁམས་ལ་མཐའ་མེད། དེ་ཐམས་ཅད་རིགས་དྲུག་གི་སེམས་ཅན་གྱིས་བར་མཚམས་མེད་པར་ཁྱབ། སེམས་ཅན་དེ་ཐམས་ཅད་ཀྱིས་ཀྱང་བདག་གི་ཕ་མ་མ་བྱས་པ་ནི་གཅིག་ཀྱང་མེད། བྱས་རེས་ཀྱིས་འདི་ལྟ་བུར་བསྐྱངས་པས་དྲིན་ཆེ་སྙམ་དུ་བྱམས་པ་བསྒོམ། དེ་ལྟར་བདག་གི་མ་དྲིན་ཅན་མཐོ་རིས་ཀྱིས་བདེ་བ་ལ་སྤྱོད་པ་རྣམས་ལ་དམིགས་ཏེ། འདི་དང་རྟག་ཏུ་མི་འབྲལ་ཞིང་འདི་བས་ཀྱང་ད་དུང་སྐྱིད་པར་གྱུར་ཅིག་སྙམ་དུ་དགའ་བ་བསྒོམ། ཁྱད་པར་དུ་དྲིན་ཅན་མ་འདི་རྣམས་ཤེས་རབ་ཀྱི་མིག་ལོང་བས་དགེ་སྡིག་གི་བླང་དོར་མི་ཤེས། དམིགས་བུའི་བཤེས་གཉེན་མེད་པས་ལམ་མཁན་དང་བྲལ། ཐབས་ཤེས་ཀྱི་རྐང་པ་ཆག་པས་ངན་འགྲོའི་ཕྱོགས་སུ་གོམ་པ་འདོར། མདུན་ནས་བརྟེན་པའི་བསོད་ནམས་ཀྱི་མཁར་བ་མེད་པས་སྡིག་པའི་ལས་འབའ་ཞིག་ལ་སྤྱོད། མདོར་ན་ཐམས་ཅད་བདེ་བར་འདོད་པ་གཅིག་ཀྱང་། ཐབས་མི་མཁས་པས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་འབའ་ཞིག་ལ་སྤྱོད་པ་འདི་རྣམས་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་དྲག་ཏུ་བསྒོམ། ད་དྲིན་ཅན་གྱི་མ་འདི་རྣམས་ཀྱི་དྲིན་ལན་གྱི་ཁུར་དེ་བདག་ལ་བབས་པར་འདུག་པས་འདི་
རྣམས་འཁོར་བ་སྡུག་བསྔལ་ལས་དྲངས། ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བདག་གིས་མྱུར་དུ་འགོད་པར་བྱའོ་སྙམ་དུ་བློ་སྟོབས་བསྐྱེད། ད་ལྟ་དེའི་ནུས་པ་བདག་ལ་མི་འདུག་པས། འགྲོ་ཀུན་སྒྲོལ་བར་ནུས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་ལམ་ཟབ་མོ་ཉམས་སུ་བླང་བར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། ངག་ཏུ། ཧོཿ མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ ཞེས་སོགས་དོན་བསམ་བཞིན་པས་བརྒྱ་སྟོང་ལ་སོགས་པར་བརྗོད་ཅིང་། དབུགས་ནང་དུ་འཇུག་པ་ན། སེམས་ཅན་རྣམས་ཀྱི་སྡིག་པ་དང་སྡུག་བསྔལ་བདག་ལ་སྨིན་པར་གྱུར་ཅིག །དབུགས་ཕྱིར་འགྲོ་བ་ན། བདག་གི་དགེ་བ་དང་བདེ་བ་རྣམས་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་སྙམ་དུ་བསམ་སྟེ། བདེ་སྡུག་བརྗེ་བའི་གཏོང་ལེན་གྱི་དམིགས་པ་བྱ། མཐར་སེམས་ཅན་རྣམས་མི་དམིགས་པའི་ངང་དུ་མཉམ་བཞག་བྱས་ཏེ་བསྔོ་བ་བྱའོ། །གསུམ་པ་རྡོར་སེམས་བསྒོམ་བཟླས་ཀྱི་ཁྲིད་ནི། སློབ་དཔོན་ཆེན་པོས། ཚེ་རབས་ཀུན་ཏུ་བསགས་པའི་སྡིག་སྒྲིབ་དང་༔ ལས་ཉོན་མི་དགེ་ཐམས་ཅད་ཡོངས་བྱང་ཕྱིར༔ བླ་མ་ཀུན་བཟང་རྡོ་རྗེ་སེམས་དཔའ་བསྒོམ༔ ཞེས་གསུངས་པས། ཚེ་
འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་སྦྱོང་བར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་འཇུག་པར་བྱ་སྟེ། དེ་ཡང་རང་ལུས་ཐ་མལ་དུ་གནས་པའི་སྤྱི་བོར་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་ཡིག་དཀར་ཞིང་དྭངས་ལ་འཚེར་བ། དེ་ལས་འོད་འཕྲོས་འཕགས་པ་མཆོད། སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུར་འདུས་ཧཱུྃ་ཐིམ། དེ་ཡོངས་སུ་གྱུར་པ་ལས་རྩ་བའི་བླ་མ་དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་དུང་ལྟར་དཀར་བ། ནོར་བུ་ཆུ་ཤེལ་ལྟར་དྭངས་པ། ཉི་མ་ལྟར་འཚེར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་གཡས་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། ཞབས་སེམས་དཔའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ཐུགས་པདྨ་དཀར་པོ་འདབ་མ་བརྒྱད་པའི་རྣམ་པར་གྱེས་པའི་ཟེའུ་འབྲུའི་དབུས་སུ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དཀར་ཞིང་གསལ་བའི་ཤེལ་གྱི་རྡོ་རྗེ་ལྔ་པ་འགྲེང་སྟབས་སུ་བསླང་བའི་དབུས་སུ་ཧཱུྃ་ཡིག་དཀར་པོ་གྱེན་དུ་ལངས་པའི་མཐར་མདུན་ནས་བརྩམས་ཏེ།
ཡི་གེ་བརྒྱ་པའི་ཡིག་འབྲུ་རྣམས་དངུལ་ཆུའི་མདོག་ལྟ་བུ་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བར་བསམ། དེ་ནས་སྡིག་སྒྲིབ་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོ་དང་ལྡན་པས། སྤྱི་བོའི་རྡོ་རྗེ་སེམས་དཔའ་ལ་དད་གུས་ཚད་མེད་པའི་སྒོ་ནས་ཡིག་བརྒྱ་བཟླས་པས། ཐུགས་ཀའི་སྔགས་ཕྲེང་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་དངུལ་ཆུའི་ཁ་དོག་ལྟ་བུ་སྐྱ་ཆི་ལི་ལི་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་པས་ཡུར་ཆུ་དྲག་པོས་ཐལ་བ་བརྡས་པ་ལྟར་ནད་གདོན་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་རྣག་ཁྲག་སྲོག་ཆགས་ཕྲ་མོའི་རྣམ་པར་གཤང་ལམ་དང་ཆུ་ལམ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཕྱིར་ཐོན་པའི་རྗེས་སུ། ལུས་ཀྱི་ཆ་ཐམས་ཅད་བདུད་རྩི་དཀར་པོ་དེས་མེར་གྱིས་ཁེངས་པར་བསམ་ལ། རང་གི་སྤྱི་བོར་པད་ཟླའི་སྟེང་༔ ཞེས་སོགས་ནས། མ་ཧཱ་ས་མ་ཡ་སཏྭ་ཨཱ༔ ཞེས་ཡི་གེ་བརྒྱ་པ་བརྒྱ་སྟོང་ཁྲི་འབུམ་ལ་སོགས་པར་བཟླ་ཞིང་། བཟླས་པའི་ཐུན་གྱི་མཇུག་ཏུ་སྤྲོ་ན། མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །ཞེས་སོགས་ཀྱིས་ཞེ་ཐག་པ་ནས་བཤགས་པའི་འདུན་པ་ཤུགས་དྲག་པོས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་ཐུགས་དགྱེས་ཏེ་ཞལ་འཛུམ་པ་མཛད་ནས། རིགས་
ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཐམས་ཅད་དག་པ་ཡིན་ནོ། །ཞེས་གསུངས་ཤིང་རྡོར་སེམས་འོད་དུ་ཞུ་ནས་རང་ལ་ཐིམ་སྟེ། བརྗོད་བྲལ་བདེ་བ་ཆེན་པོའི་ངང་དུ་ལྷོད་ཀྱིས་ཀློང་ལ་བཞག་ཅིང་མཐར་བསྔོ་བ་བྱའོ། །བཞི་པ་ཚོགས་གསོག་མཎྜལ་ལ། མེ་ཏོག་གི་ཚོམ་བུ་རྒྱས་པར་སུམ་ཅུ་རྩ་བདུན་དང་དཀྱུས་སུ་བདུན་ལག་ལེན་ལྟར་བཀོད་དེ། མཆོད་པའི་ཡུལ་སྐྱབས་ཡུལ་ལྟར་མདུན་གྱི་ནམ་མཁར་གསལ་བཏབ་ལ། ཕྱི་ལྟར་རི་རབ་གླིང་བཞི་རི་མཚོ་མུ་ཁྱུད་ཉི་ཟླ་སོགས་སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་བྱེ་བ་ཕྲག་བརྒྱའི་བཀོད་པ། ནང་ལྟར་རང་ལུས་ཕུང་ཁམས་སྐྱེ་མཆེད་དུས་གསུམ་ལོངས་སྤྱོད་དགེ་ཚོགས་དང་བཅས་པ། གསང་བ་ཆོས་དབྱིངས་འོད་གསལ་རྡོ་རྗེའི་སྙིང་པོའི་ཞིང་ཁམས་ལྷུན་གྲུབ་སྐུ་དང་ཐིག་ལེའི་སྣང་བ་ཚད་མེད་པའི་རང་
བཞིན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་རྣམ་པ་ཐམས་ཅད་པའི་ཚུལ་གྱིས་འབུལ་བའི་འདུན་པ་དང་བཅས་པས། ངག་ཏུ། ཁམས་གསུམ་སྣོད་བཅུད་སྣང་སྲིད་ཆོས༔ ཞེས་སོགས་བརྒྱ་སྟོང་ལ་སོགས་པ་བརྗོད་ཅིང་། ལུས་ཀྱི་ལས་སུ་ཚོམ་བུ་དགོད་པ། ཡིད་ཀྱི་ལས་སུ་དམིགས་པ་བསྒོམ་པ་རྣམས་ཕྲུགས་སུ་བྱས་ཏེ་འབུལ། མཐར་ཚོགས་ཞིང་མཆོད་རྫས་ཀྱི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་བདེ་བ་ཆེན་པོའི་ངང་དུ་དར་ཅིག་བཞག་ནས་བསྔོ་བ་བྱའོ། །ལྔ་པ་བྱིན་རླབས་མྱུར་འཇུག་བླ་མའི་རྣལ་འབྱོར་གྱི་ཁྲིད་ནི། སློབ་དཔོན་ཆེན་པོས། བདེ་གཤེགས་ཀུན་འདུས་ཐར་པའི་ལམ་མཁན་མཆོག༔ མཆོད་ཡུལ་གཙོ་བོར་བླ་མར་གསོལ་གདབ་བྱ༔ སྒོ་གསུམ་དད་པས་གསོལ་འདེབས་མཆི་མ་སློང་༔ བླ་མས་བྱིན་རླབས་སྒྲིབ་དག་དབང་བཞི་ཐོབ༔ ཐུན་མཐར་བླ་མ་བདག་ཐིམ་མི་དམིགས་བཞག༔ ཅེས་གསུངས་པས། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་དབུས་སུ། རང་ཉིད་གཞི་ལུས་མཚོ་རྒྱལ་དཀར་དམར་གྲི་ཐོད་ཅན་གཅེར་མོ་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། ཞབས་པད་ཟླའི་སྟེང་དུ་མཉམ་པའི་བཞེངས་
སྟབས་ཀྱིས་གནས་པའི་སྤྱི་བོར། དྲི་མ་མེད་པས་དག་ཅིང་མི་སྒྲིབ་པར་གསལ་བའི་ཡེ་ཤེས་ལྔའི་རང་མདངས་འོད་ལྔ་འཁྲུག་པའི་ཀློང་ན་སེང་ཁྲི་པདྨ་ཉི་ཟླའི་གདན་ལ་དྲིན་ཅན་རྩ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ནས་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། སྐུ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གསུང་ཡན་ལག་དྲུག་ཅུའི་ཆོས་སྒྲ་སྒྲོག་པ། ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་པ་རང་ལ་དགྱེས་པའི་ཞལ་འཛུམ་མདངས་དང་ལྡན་པ། ཤིན་ཏུ་དྭངས་པའི་སྐུ་ལས་དྲི་མ་མེད་པའི་འོད་ཟེར་མཐའ་ཡས་པ་སྤྲོ་བ། སྒྱུ་མ་ལྟ་བུའི་སྐུ་ཅན་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོར་ལྷམ་མེར་བཞུགས་པར་བསམ་ལ། རྣམ་དག་ཡེ་ཤེས་འོད་གུར་ཀློང་༔ ཞེས་སོགས་ཀྱིས་གསལ་བཏབ། དེ་ཡང་བླ་མ་ནི་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ། སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཀུན་འདུས་ཀྱི་རང་བཞིན་ཅན་ཡིན་པར་མ་ཟད། བདག་ལ་སངས་རྒྱས་
རྣམས་ཀྱི་ཞལ་མཇལ་བ་དང་གསུང་དངོས་སུ་ཐོས་པའི་སྐལ་བ་མེད་པའི་དུས་འདིར། དེ་རྣམས་ཀྱིས་མཛད་རྒྱུ་བླ་མ་དམ་པས་མཛད་དེ་རང་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་སྟེར་བར་མཛད་པ་པོ་ཡིན་པའི་ཕྱིར། རང་རེའི་སྣང་ངོར་སངས་རྒྱས་ཀུན་ལས་ཀྱང་ལྷག་ཅིང་བཀའ་དྲིན་ཆེ་སྙམ་དུ་བློ་སྣ་མོས་གུས་སུ་ཧྲིལ་གྱིས་དྲིལ་ཏེ། ཅི་མཛད་ཁྱེད་ཤེས་ཀྱི་རེ་ལྟོས་ལིང་གིས་བསྐྱུར་ལ། རང་གིས་བྱང་དྲངས་ཏེ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཚིག་གཅིག་མགྲིན་གཅིག་ཏུ་གདུང་བ་དྲག་པོས་གསོལ་བ་འདེབས་པར་མོས་པས། ཀྱེ་ཀྱེ་བླ་མ་ཐོད་ཕྲེང་རྩལ༔ ཞེས་སོགས་གསོལ་འདེབས་ཇི་ཙམ་ནུས་པ་དང་། ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སོགས་ཀྱི་བསྙེན་པ་བརྒྱ་སྟོང་ལ་སོགས་པ་མང་དུ་བཟླས་པའི་མཐར་དབང་བླང་བ་ནི། བླ་མའི་དཔྲལ་བར་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་དཔྲལ་བར་ཐིམ་པས་ལུས་སྒྲིབ་སྦྱངས། བུམ་དབང་ཐོབ། སྐུ་རྡོ་རྗེ་སྤྲུལ་པའི་སྐུའི་གོ་འཕང་མངོན་དུ་བྱས། ཨཱཿ ལས་འོད་ཟེར་དམར་པོ་འཕྲོས།
རང་གི་མགྲིན་པར་ཐིམ་པས་ངག་སྒྲིབ་སྦྱངས། གསང་དབང་ཐོབ། གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུའི་གོ་འཕང་མངོན་དུ་བྱས། ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས། རང་གི་སྙིང་གར་ཐིམ་པས་ཡིད་སྒྲིབ་སྦྱངས། ཤེར་དབང་ཐོབ། ཐུགས་རྡོ་རྗེ་ཆོས་ཀྱི་སྐུའི་གོ་འཕང་མངོན་དུ་བྱས། ལྟེ་བའི་ཧྲཱིཿ ལས་རང་མདོག་གི་འོད་ཟེར་འཕྲོས། རང་གི་ལྟེ་བར་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་སྦྱངས། དབང་བཞི་པ་ཐོབ། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུའི་གོ་འཕང་མངོན་དུ་བྱས་པར་བསམ་མོ། །སླར་ཡང་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པས། བླ་མ་ཤིན་ཏུ་དགྱེས་པའི་ཉམས་ཀྱིས་བཞུགས་པ་ཉིད་གདན་ཁྲི་ནས་ཡར་འོད་དུ་ཞུ། དབུ་སྐྲ་ནས་མར་འོད་དུ་ཞུ་སྟེ་ཐུགས་ཀའི་ཐད་དུ་འོད་ཀྱི་གོང་བུ་གཅིག་ཏུ་གྱུར་པ་རང་གི་སྤྱི་བོ་ཚངས་བུག་ནས་བརྒྱུད་སྙིང་དབུས་སུ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་གྱུར་པར་མོས་ཤིང་། བླ་མའི་སྐུ་ཡི་གནས་བཞི་ནས༔ ཞེས་སོགས་ཀྱིས་དབང་བླངས་མཐར་རང་སེམས་བླ་མ་དང་དབྱེར་མེད་པའི་ངང་ལ་དར་ཅིག་མཉམ་པར་གཞག་རྗེས། དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་ཀྱིས་
བསྔོ་བ་ཤིས་བརྗོད་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་གྱི་རོལ་པར་ལམ་དུ་ཁྱེར་བས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དོན་ཡོད་པར་བྱའོ། །དེ་ལྟར་སྔོན་འགྲོ་བསགས་སྦྱོང་གི་རིམ་པ་རྣམས་སོ་སོར་ཉམས་ཀྱི་མྱོང་བ་ཐོན་ཐོན་གྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་གནད་ཐུན་མོང་མ་ཡིན་པ་ཁོ་ནར་ངེས་པས་ན་འདི་ཉིད་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་བརྩོན་པ་དྲག་པོས་ཉམས་སུ་བླངས་པ་ལས། བྱིན་རླབས་བཙན་ཐབས་སུ་འཕོ་བའི་སྟོབས་ཀྱིས་དངོས་གྲུབ་རྣམ་གཉིས་བདེ་བླག་ཏུ་འགྲུབ་པར་གདོན་མི་ཟ་བ་ཡིན་ནོ། །ཞེས་པའང་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེས་དོན་གཉེར་ཆེན་པོས་བསྐུལ་བ་ལ་བརྟེན་ནས། དམིགས་རིམ་གྱི་ངོ་བོ་ཙམ་གོ་བདེ་སྙིང་པོར་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆོས་ཐུན་འགའ་ཞིག་གི་བར་གསེང་ལ་ཟིན་བྲིས་སུ་བཏབ་པ་གདུལ་བྱ་ཡོངས་ལ་ཕན་པ་ཆེན་པོའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ།། །།
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་དངོས་གྲུབ་སྙེ་མ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བསྙེན་པའི་གསལ་བྱེད་དངོས་གྲུབ་སྙེ་མ་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭསྟི། མི་འགྱུར་ལྷན་སྐྱེས་བདེ་བ་ནི། །དབྱིངས་ཕྱུག་པདྨོ་ལས་འབྱུང་ཕྱིར། །ཟུང་འཇུག་རྟོགས་པས་འདིར་མཆོད་ནས། །གང་དེ་བསྙེན་པའི་མན་ངག་སྤྲོ། །འདིར་ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བསྙེན་སྒྲུབ་ལས་གསུམ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་འདུས་གསལ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གཉིས། བསྙེན་ཐབས་ཀྱི་ལག་ལེན་དངོས་བཤད་པ། གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་བཀྲ་ཤིས་ཤིང་རང་དབང་དུ་གྱུར་པའི་སྒྲུབ་ཁང་ཕྱག་བདར་གྱིས་གཙང་བར་བྱས།
སྟན་ནང་ཚངས་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི། གོ་ཡུལ་བདེ་ན་རང་ཉིད་ཁ་ནུབ་ཏུ་ཕྱོགས་པར་འཁོད་པའི་མདུན་དུ་དམིགས་རྟེན་གྱི་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཀྲམ། མཚམས་གཡོག་སྨན་པ་འཚོ་ཆས་སོགས་ཉེར་མཁོའི་ཡོ་བྱད་མཚམས་ཁོངས་སུ་ཆུག་དགོས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱས་ལ། གཟའ་ཚེས་སོགས་དུས་ཚོད་དགེ་ཞིང་ཤིས་པ་ན་དབུ་བཟུང་སྟེ། ཐོག་མར་བསྙེན་པ་དངོས་གཞི་མ་ཚུགས་པའི་ཞག་བདུན་ཕྲག་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་ལ། དགོངས་ཐུན་དེར་རང་ཉིད་སྐད་ཅིག་གིས་བདུད་འདུལ་ཡེ་ཤེས་ཌཱ་ཀིར་གསལ་
བའི་ང་རྒྱལ་གྱིས་གཞི་བདག་ལ་གཏོར་མ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་ལ་གཏོར་མ་བྱིན་ནས་ཐུན་བྲབ་དང་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་བཟླས་པས་བསྐྲད་ལ་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། དེ་ནུབ་བམ་སང་ཐོ་རངས་ནས་བཟུང་དལ་འབྱོར་རྙེད་དཀའ་བསམ་ཞིང་འཆི་བ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས། སྐྱབས་འགྲོ། སེམས་བསྐྱེད། ཡིག་བརྒྱ། མཎྜལ། བླ་མའི་རྣལ་འབྱོར་རྣམས་ཁྲིད་ཡིག་ལས་འབྱུང་བ་བཞིན་ཐུན་བཞིར་བཅད་ནས་སེམས་རྒྱུད་དང་ཅི་འདྲེས་སུ་བྱེད། གྲོགས་བློ་དང་མཐུན་པ་གཞན་ཡོད་ན། གསུང་སྒྲོག །ཆུ་གཏོར། ཉེའུ་འདོན། སྲོག་བསླུ། སཱཙྪ་འདེབས་པ་སོགས་རྒྱབ་དཔུང་གི་དགེ་བ་ཅི་ནུས་བསྒྲུབ་པར་བསྐུལ་བས་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་སོགས་ཀྱི་དགོས་པ་ཡོད་ཅིང་། ལོང་ཆུང་ནས་མ་གྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར། དེ་ནས་མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་འགྲིག་ན་རབ། གང་ལྟར་ཡང་བསྙེན་པ་དངོས་ལ་འཇུག་རྒྱུའི་དགོངས་ཐུན་དེར་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས་གཞི་བགེགས་ཀྱི་གཏོར་མ་སྔར་བཞིན་བཏང་ནས་བགེགས་བསྐྲད་
ནན་ཏན་དུ་བྱས་ཏེ་ནང་མཚམས་བཅད། སྒོ་དྲུང་དུ་ཐོ་བརྩིགས་པ་ལ་རྒྱལ་ཆེན་བཞིའི་སྐུ་དང་སྔགས་བྱང་བཙུག །མདུན་དུ་མཆོད་གཏོར་བཤམས་པ་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྒྱལ་པོ་ཆེན་པོ་སྡེ་བཞི་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྡེ་བཞི་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿས་གཉིས་སུ་མེད་པའི་བསྟིམ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཨོཾ་དྷྲྀ་ཥྚ་རཥྚ་ཡ་སྭཱ་ཧཱ། ཨོཾ་བཻ་རུ་ཌྷ་ཀ་ཡ་སྭཱ་ཧཱ། ཨོཾ་བེ་རུ་པཱ་ཀྵ་ཡ་སྭཱ་ཧཱ། ཨོཾ་བཻ་ཤྲཱ་མ་ཎ་ཡེ་སྭཱ་ཧཱ། ཞེས་སྔགས་སོ་སོའི་མཐར། ཨེ་དཾ་བ་ལིངྷ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། ཟབ་ཅིང་རྒྱ་ཆེ་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །
སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཏིཥྠ་བཛྲ། ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་སོ་སོ་ནས་རྒྱལ་ཆེན་སྡེ་བཞི་རང་རང་གི་རྒྱལ་ཐབས་ཀྱི་དཔུང་དང་བཅས་པས་བསྲུང་བར་བསམ། དེ་ནས་སྲུང་འཁོར་གྱི་དམིགས་པར་རང་གི་ཐུགས་ཀ་ནས་འོད་ཟེར་རྡོ་རྗེའི་རང་བཞིན་ཅན་སྤྲོས་པ་ལས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་རྡོ་རྗེའི་ས་གཞི་བ་དྲྭ་བ་གུར་བླ་བྲེ་ཕྱི་རོལ་དུ་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བ་དང་བཅས་པས་བཅིངས་ཏེ་བར་ཆད་གང་གིས་ཀྱང་གླག་མི་རྙེད་པར་བསམ། དོན་དམ་པར་བར་དུ་བཅད་བྱ་གཅོད་བྱེད་ཐམས་ཅད་གཟུང་འཛིན་སེམས་ཀྱི་འཁྲུལ་ངོར་སྣང་བ་ཙམ་སྟེ། སེམས་ཉིད་ཡེ་ནས་སྟོང་གསལ་བདེ་བ་ཆེན་པོའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་མ་གྲུབ་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་བླ་ན་མེད་པའོ། །སྲུང་འཁོར་འདི་དག་མཚམས་གྲོལ་རྒྱུའི་ཐུན་ཐ་མའི་མཐར་མ་གཏོགས་མི་བསྡུ་ཞིང་། ཐུན་མགོ་ཐམས་ཅད་དུའང་བར་ཆད་མི་འཇུག་པའི་ཕྱིར་གསལ་འདེབས་བསྐྱར་མ་རེ་བྱ། འདི་ནས་བཟུང་མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་ཆུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་མི་བྱ་བ་སོགས་འོག་
ཏུ་སྨོས་པ་ལྟར་མཚམས་ཀྱི་སྤང་བླང་ཐམས་ཅད་ཚུལ་བཞིན་དུ་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་སྤངས་ཏེ། ད་རེས་བཟླས་པ་འདི་མ་གྲོལ་གྱི་བར་ལ་རྐྱེན་གང་གི་ཡང་དབང་དུ་མི་གཏོང་། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་དུ་སོང་བ་ལ། ད་ལྟ་ལྷག་པའི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་སྐལ་པ་བཟང་བས་འབད་རྩོལ་དྲག་པོ་བྱ་སྙམ་དུ་ཞེ་དམ་འཆའ། དེ་ལྟར་ངེས་པར་བྱས་ནས། ཐོག་མར་བཅས་བཤམ་བྱ་བ་ནི། དམ་ཚིག་གི་བྲིས་སྐུའི་མདུན་དུ་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མ་འབྱོར་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་དང་སིནྡྷུ་རས་སྦགས་པས་ཚོམ་བུ་གཅིག་བཀོད། དེ་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་དུམ་བུ་གཅིག་པ་ཆང་དང་མངར་གསུམ་ཆོས་སྨན་སྦྱར་བས་བཀང་ལ་དར་དམར་བརྒྱད་ལྟེབས་ཀྱིས་ཁ་བཀབ། དེ་སྟེང་མེ་ལོང་སིནྡྷུ་རས་བརྡལ་བར་ཆོས་འབྱུང་བྃ་གྱིས་མཚན་པ་བྲིས་པའི་ལྟེ་བར་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ་བཀོད་ལ་སྟེང་དུ་དར་དམར་གྱིས་ལྡིང་གུར་ཕུབ། མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་དམར་པོ་རྒྱན་སྤྲོས་ཅན་དང་། གཡས་
གཡོན་དུ་ཆོས་སྐྱོང་སྤྱི་སྒོས་ཀྱི་གཏོར་མ་དང་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་རམ་བསྐོར་བཤམ་གང་བ་དེ། རྗེས་འབྲེལ་ཚེ་སྒྲུབ་སྦྱོར་བར་འདོད་ཚེ་འབྲང་དང་ཚེ་རིལ་ཆང་མདའ་དར་བཅས་བཤམ། རང་གི་མདུན་དུ་ནང་མཆོད། རྡོ་དྲིལ། ཌཱ་མ་རུ། མེ་ཏོག་གི་སྣོད་རྣམས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱའོ། །གཉིས་པ་དངོས་གཞི་ལ། བསྙེན་པ། སྒྲུབ་པ། ལས་སྦྱོར་གསུམ་གྱི། དང་པོ་ནི། དེ་ནས་བྱིན་དབབ་པ་དང་མཆོད་རྫས་བྱིན་རླབས་དཀྱུས་ལྟར་བྱས་ལ། དཀྱིལ་འཁོར་བསྒོམ་པ་ནི། ཨ་ཞེས་ཆོས་ཉིད་སྐྱེ་བ་མེད་པའི་སྒྲ་གདངས་ཀྱིས་མ་དག་པའི་སྣང་བ་ཐམས་ཅད་དབྱིངས་སུ་དག །འདི་ལྟར་སྣང་བའི་ཆོས་ཐམས་ཅད་གདོད་ནས་རྣམ་པར་དག་པ་ཀ་དག་རང་བྱུང་གི་ཡེ་ཤེས་སོ་སྙམ་པའི་ང་རྒྱལ་བསྒོམ་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་ལྷུན་གྲུབ་ཀུན་སྣང་གི་རོལ་རྩལ་སྒྱུ་མ་ལྟ་བུའི་སྙིང་རྗེ་བསྒོམ་པ་ཀུན་ཏུ་སྣང་བ་ཏིང་ངེ་འཛིན། སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་རང་རིགས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་བྃ་ཡིག་དཀར་དམར་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་བསྒོམ་པ་རྒྱུའི་ཏིང་
ངེ་འཛིན། དེ་ལས་འཕྲོས་པའི་འོད་ཟེར་གྱིས་སྣོད་བཅུད་ཐ་མལ་དུ་སྣང་བའི་ཞེན་རྟོག་ཐམས་ཅད་མི་དམིགས་པར་སྦྱངས། སྟོང་པའི་ངང་ལས་མི་ཤིགས་པ་རྡོ་རྗེ་སྲུང་བའི་རྭ་གུར་ཡེ་ཤེས་ཀྱི་མེ་དཔུང་འབར་བར་འཁྲིགས་པས་ཁོར་ཡུག་ཐམས་ཅད་ཁྱབ་པའི་ནང་དུ་སྣོད་ཀྱི་འཇིག་རྟེན་པདྨ་འོད་ཀྱི་ཞིང་ཁམས་ཆེན་པོར་གསལ་བའི་དབུས་སུ་བདེ་ཆེན་དབང་གི་ཕོ་བྲང་ཟླ་གམ་སྒོ་གཅིག་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ལྟེ་བར་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་རྒྱུའི་བྃ་ཡིག་འོད་འབར་བ་ལ་སེམས་བསྲེ། དེ་ལས་འོད་ཟེར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་གདོད་མའི་མི་ཤིགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་སད། འོད་ཟེར་རྣམས་བྃ་ལ་འདྲེས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་མཚོ་རྒྱལ་སྤྱི་བོའི་རིགས་བདག་དང་བཅས་པ་གཞུང་ཚིག་ལྟར་གསལ་གདབ་ཅིང་། ཕུང་ཁམས་སྐྱེ་མཆེད་ཐམས་ཅད་གདན་གསུམ་ཚང་བའི་དཀྱིལ་འཁོར་གྱི་འཁོར་ལོར་མ་བསྐྱེད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པའི་ཚུལ་ལ་ངེས་ཤེས་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ་པ། ཕྱག་མཆོད་བསྟོད་པ་རྣམས་དཀྱུས་བཞིན་རྫོགས་པར་བྱས་རྗེས། དམིགས་པའི་གཙོ་བོ་ལྷའི་སྣང་ཞེན་ལ་བསླབ་སྟེ། རྣམ་
པ་སྤྱི། བྱེ་བྲག ང་རྒྱལ། དག་དྲན་རྣམས་རེ་རེ་ནས་སེམས་འཛིན་ཅིང་། གཙོ་བོར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་གཞག །དེས་སྐྱོ་བའམ་བཟླས་པ་ལ་འཇུག་པ་ན། འོག་ཏུ་སྨོས་པ་ལྟར་ཕྲེང་བ་བྱིན་གྱིས་བརླབ་ནས། རང་གི་ཐུགས་འོད་ལྔར་འཁྱིལ་བའི་ཀློང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྦུབས་སུ་སྲོག་གི་སྙིང་པོ་བྃ་ཡིག་དཀར་དམར་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བར་གསལ་གདབ། དེ་ལས་བྱུང་བའི་འོད་ཀྱིས་སྣང་བ་ཐམས་ཅད་ལྷ། གྲགས་པ་ཐམས་ཅད་སྔགས། དྲན་རྟོག་ཐམས་ཅད་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོར་གནས་པ་ལས་གཡོ་བ་མེད་པའི་ངང་ནས། བཟླས་པའི་སྐྱོན་ཐམས་ཅད་སྤངས་ལ་ཆུ་བོའི་རྒྱུན་བཞིན་དུ་བཟླ་ཞིང་། རེས་འགའ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་འགོག་བཟླས་དང་རྡོ་རྗེའི་བཟླས་པ་ཡང་བྱ། མཐར་ཐུན་བསྡུ་བ་ན། ལྷ་སྔགས་ལ་སོགས་པ་མཚན་མའི་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལངས་ནས་བསྔོ་སྨོན་བྱ། དེ་ནས་སྲོད་ཐུན་ཀྱང་སྐྱབས་སེམས་ནས་
བཟུང་ཐུན་བསྡུ་བའི་བར་སྔར་ལྟར་ལས། ཐུན་མཐར་གཏོར་བསྔོ་སོགས་དགེ་སྦྱོར་ཁྲིགས་གཞན་རྣམས་ཀྱང་བྱ། ཚོགས་མཆོད་ལྕོགས་ན་ཉིན་རེ་བཞིན་སྲོད་ཐུན་ལ་མ་ཆག་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཉིན་དང་པོ་དང་། གྲོལ་བའི་ཉིན་ཕྱི་མ། ཡར་མར་གྱི་ཚེས་བཅུ་སྟོང་བརྒྱད་གསུམ་རྣམས་ལ་ངེས་པར་ཆག་ཏུ་མི་རུང་པས་འདིར་ཚོགས་མཆོད་ཕུལ་ལ་ལྷག་མ་གཏར་བཟུང་། ཆད་བརྟན་རྒྱུན་དུ་མི་དགོས་པས་གཏང་རག་གཟོད་གསོལ་སོགས་མཐའ་དབྱུང་། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གའི་བྃ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། ཐོ་རངས་ལ་བབས་པ་ན་ནམ་མཁའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྔགས་སྒྲ་དང་ཌཱ་དྲིལ་གྱི་སྒྲས་གཉིད་སད་པར་བསམ་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོང་ཞིང་། སྐྱབས་སེམས་ཡན་ལག་བདུན་པ་ནས་ཐུན་མཚམས་ཀྱི་བར་སྔར་བཞིན་གྱིས་སྔ་དྲོ་ཐུན་གཉིས་ཏེ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང་། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང་། འོན་ཀྱང་འདི་ལ་ངག་འདོན་སོགས་
ཀྱི་སྤྲོས་པ་ཉུང་བས་ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ལ་ཕན་པའི་ཕྱིར་དེ་ལྟར་བྱས་པ་ཉིད་ལེགས་ཤིང་། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་ནི་འབྲུ་འབུམ་ནས་འབུམ་ཕྲག་བཞིའི་བར་དང་། དུས་ནི་ཟླ་བ་གཅིག་ནས་དྲུག་གི་བར་དང་། མཚན་མ་ནི་དངོས་ཉམས་རྨི་ལམ་དུ་ཞལ་མཐོང་ཞིང་ལུང་སྟོན་པ་སོགས་གཞུང་གསལ་ལྟར་འགྲུབ་པའི་རྟགས་མཐོང་གི་བར་རོ། །གཉིས་པ་སྒྲུབ་པ་ནི། དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ལ་འཇུག་པ་ན། མཆོད་གཏོར་སོགས་རྒྱས་པར་བཤམ་ལ། རྟེ་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་ནས་བདག་མདུན་དབྱེར་མེད་དུ་བསྒོམ་སྟེ། བསྙེན་པའི་བཟླས་པ་ཁྱུགས་ཙམ་སོང་རྗེས། སྤྱི་བོའི་རིགས་བདག་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿལྗང་སེར་རྣམས་འོད་འབར་བས་མཚན་པར་བསྒོམ། རང་གི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་མཆོད་པའི་ཚུལ་དུ་འཕྲོས། རིགས་བདག་གི་ཐུགས་ཀར་ཕོག་པས་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཉམས་ཆག་ཉེས་ལྟུང་ཐམས་ཅད་སྦྱངས། དགྱེས་པ་ཆེན་པོའི་དམ་ཚིག་མཆོག་ཏུ་གྱུར།
བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་བས་རྗེས་སུ་ཆགས་པའི་ཉམས་འགྱུར་གྱིས་དགོངས་ཏེ་བཞུགས་པའི་གནས་བཞིའི་ཡི་གེ་ལས་རང་མདོག་གི་འོད་ཟེར་བདུད་རྩིའི་རང་བཞིན་ཅན་དཔག་ཏུ་མེད་པར་བྱུང་བ་རང་གི་གནས་བཞིར་ཐིམ་པས་དབང་བཞིའི་བྱེད་ལས་ཀྱི་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། ལུས་སེམས་ཟག་མེད་ཀྱི་བདེ་བས་ཡོངས་སུ་ཁྱབ་པར་མོས་པས་བཟླས་པ་ལ་ཆིག་དྲིལ་དུ་བརྩོན། ཚོགས་གཏོར་རྒྱས་པར་བྱ་ཞིང་ཐུན་གཅོད་ཚུལ་ནི་བསྙེན་པ་དང་འདྲ། རིམ་པ་དེ་ལྟ་བུས་གྲངས་མཚན་ནི་སྔར་བཞིན་དང་། དུས་ནི་མཐའ་ཡང་བདུན་ཕྲག་གསུམ་གྱི་ངེས་པ་དང་ལྡན་པར་བྱའོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་གྲངས་དུས་མཚན་མའི་སྒྲུབ་པ་གང་རུང་ཐེམ་པའི་རྗེས་ལ་ཕྲིན་ལས་བཞི་སྒྲུབ་ཀྱི་དམིགས་བཟླས་སྦྱོར་ཏེ། དེའང་ཞག་བཅུ་ལ་མཚོན་ན་ལས་བཞི་ཆ་བགོས་པ་ལས་རེ་རེ་ལ་ཞག་གཉིས་དང་ཐུན་གཉིས་རེ་འབྱུང་ཞིང་། ཡང་ན་ཐོ་རངས་ཞི་བ། སྔ་དྲོ་རྒྱས་པ། དགོངས་མོ་དབང་། སྲོད་ལ་དྲག་པོ་སྟེ་དུས་སོ་སོ་སྡང་སྦྱར་ཡང་ལེགས། གང་ལྟར་ཐུན་གྱི་གཅོད་ཚུལ་སོགས་སྔར་བཞིན་ལ། བསྙེན་སྒྲུབ་ཀྱི་དམིགས་བཟླས་ཁྱུག་ཙམ་སོང་རྗེས། རང་གི་ཐུགས་ཀ་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་
བུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་བའི་དུག་བཅིལ། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་ལ་རྩ་སྔགས་ཤམ་བུར། ནད་གདོན་སྡིག་སྒྲིབ་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་བ་བཟླ། དེ་བཞིན་དུ་འོད་ཟེར་སེར་པོ་འཕྲོས་པས་བདག་གཞན་གྱི་ཚེ་དཔལ་བསོད་ནམས་མཐའ་དག་རྒྱས་པར་བསམ་ཞིང་སྔགས་ཤམ། ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང་། འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཕོའི་སྙིང་ག་དང་མོའི་གསང་གནས་ནས་རང་དབང་མེད་པར་བཀུག་སྟེ་མོས་ཤིང་ཆགས་པས་བདག་གི་ཞབས་དྲུང་དུ་འཁོད་པའི་འོད་དམར་པོ་ཞུ་ནས་རང་ལ་ཐིམ་པས་དབང་དུ་འདུས་པར་བསམ་ཞིང་སྔགས་ཤམ། མཁས་གསུམ་སྣོད་བཅུད་ཝ་ཤཾ་ཀུ་རུ་ཧོཿ ཞེས་དང་། འོད་ཟེར་མཐིང་ནག་མཚོན་ཆ་ལྟ་བུ་ཚ་ཞིང་རྩུབ་པ་ཐོག་ལྟར་འཕྲོས་པས་དགྲ་བགེགས་བར་ཆད་ཐམས་ཅད་ཐལ་བར་བརླག་ཅིང་ཚུར་འདུས་རང་ལ་ཐིམ་པས་ལུས་ཀྱི་ནད་གདོན་བར་ཆད་དམིགས་མེད་དུ་སྦྱངས་པར་བསམ་ཞིང་སྔགས་ཤམ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཕཊ༔ ཅེས་སྦྱར་བ་སྟེ། འདི་རྣམས་ཀྱི་གྲངས་ཚད་སྤྱིར་
ཆ་སྙོམས་པ་དང་། དམིགས་བསལ་གྱི་ལས་སྒྲུབ་པར་འདོད་ན་དེ་ཉིད་མང་དུ་བཟླ། མཚན་མའི་རྟགས་སྤྱི་དང་མཚུངས་པའོ། །ཞར་བྱུང་བཀྲ་ཤིས་པའི་རྟེན་འབྲེལ་དུ་མཐའ་རྒྱས་ཚེའི་སྒྲུབ་པ་སྦྱོར་བར་འདོད་ན། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས། ཐུན་དང་ཆོ་གའི་ཁྲིགས་རིམ་སྔར་བཞིན་ལས། བསྙེན་སྒྲུབ་ལ་གསུམ་གྱི་བཟླས་པ་ཁྱུགས་ཙམ་སོང་རྗེས། ཟུང་བྱང་ལྟར། བདག་མདུན་ཡེ་ཤེས་མཁའ་འགྲོ་ཡི༔ ཞེས་སོགས་ཀྱིས་དམིགས་པ་གསལ་བཏབ་ལ་སྔགས་ཚེ་ཤམ་ཅན་གཙོ་བོར་བཟླ། ཐུན་མཐར་མདའ་དར་དམར་པོ་གཡབ་ཅིང་ཚེ་འགུགས་བསྐུལ་ལ་རྒྱས་གདབ་བྱ། འདི་ལ་སྤྱིར་ཇི་ཙམ་མང་ན་ལེགས་ཤིང་། གྲངས་གཙོར་བྱེད་ན་འབུམ་ཕྲག་ལས་མི་ཉུང་བ་དང་། ཞག་གཙོ་བོར་བྱེད་ན་ཞག་བདུན་ལས་མི་ཉུང་བར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་བཅས་ཐེམས་པའི་ཐོར་ཐུན་ནམ་སྔ་དྲོའི་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། །རིན་པོ་ཆེའི་སྣོད་དུ་དཀར་མངར་སྤོད་དང་ཆོས་སྨན་སོགས་བསྲེས་པའི་རྒྱུ་ལས་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་གྱི་མཐའ་སྐོར་དུ་ཚེ་རིལ་གྱིས་གཏམས་པ་དཀྱིལ་འཁོར་མདུན་དུ་བཤམས། གཞན་ཡང་
ཚོགས་རྫས་བཟའ་བཅའ་བཏུང་བའི་རིགས་གང་འབྱོར་གྱིས་བསྐོར། ལས་བྱང་གི་མཚམས་གཅོད་སྐབས་སྒྲུབ་རྫས་ལ་བགེགས་བསྐྲད་པའི་དམིགས་བྱེད། ལྷ་བསྐྱེད་སྐབས་རང་དང་མདུན་གྱི་བྷནྡྷ་བདུད་རྩི་དང་གཏོར་མ་བཅས་ངོ་བོར་རིག་པའི་མདངས་རྩ་ལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པར་ཡེ་ཤེས་པ་ལྷན་ཅིག་ཏུ་བསྟིམ། བཟླས་པ་ཅུང་ཟད་མཐར་སྲུང་མའི་གཏོར་བསྔོ་ཚོགས་མཆོད་ལྷག་མ་ཡན་གྲུབ་པ་དང་། ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་པས་འཁོན་བཅུགས་སྦྱངས་ནས། ཧོཿ དགོངས་ཤིག་ཡེ་ཤེས་མཁའ་འགྲོ་དགོངས༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབ༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་བར་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་དངོས་གྲུབ་ཁྱད་པར་དུ་བསྐུལ་ལ༔ མདུན་གྱི་མཁའ་འགྲོའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་
ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པར་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ། འཁོར་འདས་བརྟན་གཡོའི་མཐུ་དཔལ་གཟི་བརྗིད་ཚེ་བཅུད་ཐམས་ཅད་ཀྱང་འོད་ཟེར་སྣ་ཚོགས་པའི་རྣམ་པར་འདུས་ཏེ་དངོས་གྲུབ་ཀྱི་རྫས་ལ་ཐིམ་པས་ཟག་མེད་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང་། སྒྲུབ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར། ཧོཿ ཡེ་ཤེས་མཁའ་འགྲོའིི་གསང་གསུམ་གྱི༔ ཞེས་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་ཛཔྲ་ཤམ་ཝ་ཅན་བཟླ་བཞིན་དུ་སྒྲུབ་རྫས་བྷནྡྷ་མེ་ལོང་གཏོར་མ་ཚེ་འབྲང་རྣམས་གནས་གསུམ་དུ་གཏུགས་ལ་དབང་བླང་། མཁའ་འགྲོ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་དེ་ཉིད་དུ་ཐོབ་པར་མོས་ལ། ཐོད་པའི་བདུད་རྩི་དང་གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་མྱང་། ཚེ་རིལ་ཆང་དང་འབྲང་རྒྱས་སོགས་རྫས་ཐམས་ཅད་ལ་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྤྱིན། དེ་ནས་ཁ་སྐོང་སྦྱིན་སྲེག་དང་གཏང་རག་གི་ཚོགས་སྐོང་རྒྱས་པར་བྱེད་ན་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་སྔར་རྒྱུན་
ལྟར་བྱ། དེ་ཙམ་གྱིས་གྲུབ་པར་བྱེད་ན་གོང་གི་ལྷག་ཆོག་སྐབས་གཏར་བཟུང་བའི་ལྷག་གཏོར་རྣམས་ལྷན་དུ་གཏོང་ཞིང་ཆད་མདོ་བསྐྱང་བ་མན་ཆད་འོག་ཏུ་སྨོས་པ་ལྟར་བྱས་པས་གྲུབ། བཟླས་པ་གཙོར་བཏོན་གྱི་བསྙེན་སྒྲུབ་ལ་ཁ་སྐོང་ཤིན་ཏུ་གལ་ཆེ་བས། སྤྲོས་པ་ཆུང་བར་འདོད་ན་བཟླས་པས་ཁ་བསྐང་བ་སྟེ། དེའང་གཞུང་བཟླས་འབུམ་ལ་ཁྲི། ཁྲི་ལ་སྟོང་། སྟོང་ལ་བརྒྱ། བརྒྱ་ལ་བཅུ་སྟེ། བཟླས་པའི་གྲངས་ཀྱི་བཅུ་ཆ་འགྲོ་བར་བྱ། སྤྲོས་འབྱོར་ཆེ་ན་ཁ་སྐོང་སྦྱིན་སྲེག་བྱ་སྟེ། སྒྲུབ་པ་གྲུབ་པའི་ཕྱི་དྲོའམ་ཕྱིར་ནངས་ནས་དབུ་བརྩམས་ཏེ་ཉམས་ཆག་སྦྱོང་བའི་སླད་དུ་ཞི་བ་ཁོ་ན་དང་གྲངས་ཚད་བཤད་མ་ཐག་པ་ལྟར་ལ། སྒྲུབ་པ་པོ་གཅིག་པུས་གྲངས་གསོག་པར་དཀའ་བས་ཆོག་གྲོགས་དམ་གཙང་མང་དུ་འཚོགས་པ་ལ་གྲངས་བཟུང་ན་ལེགས་ཤིང་། དེ་ལྟར་གྲུབ་ན་ལས་གང་བརྩམ་མྱུར་དུ་འགྲུབ་པ་སོགས་ཀྱི་དགོས་པ་མང་དུ་མཆིས་པས་དེའི་ཚུལ་ནི་ལོགས་སུ་ཤེས་པར་བྱ། དེ་ལྟར་བསྙེན་སྒྲུབ་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་འབྱོར་རྒྱས་པར་བཤམས་ལ་ཚོགས་སྐོང་རྒྱས་པར་བཏང་། ལྷག་ཆོགས་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་
གོམ་པ་བདུན་ཅུའི་སར་སྐྱེལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། ཆད་མདོའི་གཏོར་མ་གསར་པའང་བཤམས་ཏེ་ཆོས་སྐྱོང་གཞི་བདག་གི་གཏོར་མ་དང་སྔར་གྱི་གཏའ་གཏོར་བཅས་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ་ཞིང་བཤལ་ཆུས་བརྟན་མ་བསྐྱང་། གཏོར་གཞོང་ཁ་སྦུབས་པ་རི་རབ་ཏུ་གསལ་བའི་འོག་ཏུ་བར་ཆད་དམ་སྲི་སྒབ་འདྲེ་འབྱུང་པོ་ཐམས་ཅད་མནན་པར་བསམ་ལ་བྲོ་བརྡུང་། མཆོད་པ་ཁ་གསོས་ཏེ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་རྗེས། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས་སུ་པྲ་ཏིཥྠས་མེ་ཏོག་འཐོར་ཞིང་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཉུག་མའི་སྐུར་ལྡངས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བར་མོས། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་ནན་ཏན་དུ་གདབ། ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་དབབ། དེ་ནས་སྒོ་དྲུང་དུ་མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབ་ཅིང་སྔགས་ཀྱི་ཕུལ་ནས། ཧཱུྃ༔ རྒྱལ་པོ་ཆེན་པོ་སྡེ་བཞི་པོ༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རགས་མཆོད་གཏོར་འདི་
བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུཿ ཞེས་གཤེགས་གསོལ་བྱས་ལ་སྒོ་བྱང་བསྡུ། དེ་ནས་བགས་ཀྱིས་མཚམས་གསེང་སྟེ་ཞག་ཤས་གཞན་དུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། བྲིས་སྐུ་ཐོད་པ་མེ་ལོང་རྣམས་མི་འབྲལ་བར་དམ་ཚིག་གི་རྟེན་དུ་འཆང་། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང་། མིག་ཉི་ཟླ་ལ་བལྟ་བ་དང་། གོམ་པ་གྱེན་དུ་འདོར་བ་སོགས་མཚམས་གྲོལ་བའི་རྟེན་འབྲེལ་གྱི་སྒོ་བཟང་དུ་བསྒྲིགས་པར་བྱའོ། །གཉིས་པ་གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པ་ནི། སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་ནི་བླ་མའི་བྱིན་རླབས་ལ་རག་ལས་ཤིང་དེ་ཡང་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པའི་ཕྱིར་བླ་མ་ཉིད་བསྒྲུབ་བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་དང་། དམ་ཚིག་མི་ལྡན་ན་གསང་སྔགས་མི་འགྲུབ་པས་རྩ་བ་དང་ཡན་ལག་གི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་བྱ་ཞིང་ཐུན་མཚམས་སུ་བཤགས་སྦྱང་ལ་འབད། མཚམས་ཡུན་རིང་ཐུང་དང་ཐུན་བཞིའམ་གཉིས་སོགས་ཀྱི་བཅད་ཁྲིགས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་
ཚགས་སུ་མ་ཚུད་པ་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང་། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་པ་རྣམས་ཐོག་མ་ནས་དམིགས་འོག་ཏུ་འཇུག་ཅིང་། ལར་ནས་དམ་བཅའི་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བ་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡོམ་དྲག་པ་མ་ཡིན་པ་དང་། རྗེས་ནས་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་པས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པ་བྱེད། ཐོག་མར་ཕྱི་ནང་གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་ལ་གྲོལ་གྱི་བར་དུ་ཆོས་འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏོར་མཆོད་ལྷག་སོགས་བྱིན་གྱིས་བརླབས་པའི་རྫས་ཕྱིར་མི་གཏོང་། གཞན་དང་ཕར་ཚུར་གདོང་མི་འཕྲད་ཅིང་ངག་མི་སྨྲ། ཕྱི་ནང་མི་འགྲུལ། ཡོ་བྱད་གཏོང་ལེན་མི་བྱེད། ཁྱད་པར་རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་འཇུག །གཞན་གྱི་དེ་དག་
རང་གིས་མི་སྤྱད། ལྷག་པར་དམ་ཚིག་ཉམས་པའི་ཕྲིན་ཡིག་ཀ་ཅ་ཟས་གོས་སོགས་རླུང་ཕྱོགས་ཙམ་ཡང་འཕྲད་དུ་མི་འཇུག །རྟགས་མཚན་དང་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་མི་བཤད་བྱིན་གྱིས་མ་བརླབ་པའི་ཆུས་ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲེག །མལ་ས་མི་སྤོ། སྟན་མི་སྤྲུགས། སྒྲུབ་ཁང་གི་གད་རོ་ཕྱིར་མི་དོར། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང་། རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་ཏོན་དགེ་སྦྱོར་རིགས་ཀྱང་སྒྲུབ་པ་ཆགས་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་འདི་ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་ཆབ་ལྡན་གྱི་ཁྲུས་བུམ་དུ་སྨེ་བརྩེགས་སོགས་བསྐྱེད་བཟླས་སྤྱི་དང་། ཁྱད་པར་ཡེ་ཤེས་མཁའ་འགྲོ་མ་ལ་འཁོར་འབྱུང་བཞིའི་ལྷ་མོས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པར་མོས་ལ། སྔགས་ཤམ་དུ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཏགས་པ་ཅི་འགྲུབ་བཟླས་པས་ཁྲུས་བྱ་ཞིང་། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་དགོས་ན་ཁྲུས་ཆུ་བསང་གཏོར་དང་གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་
གདོང་དུ་ཤེས་པ་བྱིང་འཐིབ་ཚིག་པ་གཉིད་ཡེར་བ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་དུ་ལོངས་མི་སྤྱོད། མཚམས་རལ་བ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་བགེགས་སྐྲོད་ནན་ཏན་དང་རྒྱལ་ཐོག་སོ་ཞིང་སྲུང་འཁོར་བསྒོམ། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་བཏང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་སྒྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ་ཞིང་ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་བས་འབད་པ་དོན་མེད་དུ་འགྲོ་བ་ཡིན། སྐབས་རེར་ཚིག་པ་ཟ་བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །ཤེས་པ་འཕྱོ་ཞིང་ཡེངས་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང་། བྱིང་འཐིབ་ཉོབ་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་སྤྱི་ལ་བྷོ་དྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེ་བར་བཤད་ཅིང་། འདིར་དབང་གི་རིགས་ལ་
ཙན་དན་དམར་པོའི་ཕྲེང་བ་ཡང་ཤིས། གང་ཡང་བཟླས་པའི་ཐོག་མར་ཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ་བ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་བའི་མདོ་འཛིན་གཙོ་མོ་རིགས་བདག་དང་བཅས་པ་ལ། ཕྲེང་རྡོག་རྣམས་འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ་ཕྲག་གི་ཚུལ་གྱིས་ཡོངས་སུ་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པར་མོས་ལ། སྙིང་པོ་དང་། ཨོཾ་རུ་ཙི་ར་མ་ཎི་པྲ་བརྔྷ་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་མཐར། ལྷ་རྣམས་འོད་དུ་ཞུ་བ་ཕྲེང་བའི་རྣམ་པར་གྱུར་པར་བསམ་ཞིང་། རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། དེ་ལྟར་བྱིན་གྱིས་བརླབས་པའི་ཕྲེང་བ་ཉིད་འགོམ་ཡུག་དང་ཕལ་གྱིས་མཐོང་རེག་མེད་པར་བཅང་། སྔགས་ཀྱི་སྒྲ་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུང་ཉམས་པ། གློ་ལུ་བ་དང་གླལ་བ་སྦྲིད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང་། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང་། སྒྲུབ་པ་ཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་གྱི་སྒང་ལ་འགྲོ་འདུག་འགུལ་
བསྐྱོད་གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པའི་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེང་ཐམས་ཅད་སྤངས། ཐུན་མཚམས་རྣམས་སུ་ཡང་ལྷའི་གསལ་སྣང་མ་བྲལ་བས་བཟླས་པ་གང་འགྲུབ་བྱེད་ཅིང་གྲངས་སུ་མི་རྩི། བཟའ་བཏུང་གང་ཡང་འབྲུ་གསུམ་གྱིས་བྱིན་བརླབ་ལ་ཚོགས་འཁོར་གྱི་ཚུལ་དུ་ལོངས་སྤྱོད། བྱ་བ་གང་ལ་འཇུག་ཀྱང་དྲན་པའི་རྩིས་ཟིན་པས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་ཞིག་ཅིས་ཀྱང་དགོས། དུས་གསུམ་གྱི་རྣམ་རྟོག་ཆུ་གཉེར་ལྟ་བུ་ཐོལ་སྐྱེས་དེ་ཀ་དྲན་པས་ཆེར་བཟུང་དུ་བྱས་ནས་ལུས་མི་གཡོ། ངག་མི་སྨྲ། སེམས་མི་ཡེངས་པར་རྩེ་གཅིག་པས་ལྷ་སྐུར་རེག་མཐོང་ཡོད་པ་ལྟ་བུར་གསལ་ཐུབ་ཀྱང་སྣང་སྟོང་རིག་རྩལ་ཙམ་དུ་བལྟ་ཞིང་། གང་ལྟར་བསྒོམས་ཀྱང་མི་གསལ་བ་བྱུང་ཡང་སེམས་ལས་ལྷ་སྐུ་ལོགས་སུ་མེད་པར་ཐག་བཅད་དེ་ཡིད་མི་གཡེང་བར་བསྒོམ། ལར་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བཏགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པ་ལ་སླར་བཅོས་མས་རྒྱས་འདེབས་མི་དགོས། རིག་
པའི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་ཅིར་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། ཇི་སྐད་དུ་བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་མདངས་སྐྱོང་། །ཞེསགསུངས་པ་ལྟར། ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད་པའི་སྒོ་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཉམས་ལེན་གྱི་རིམ་པ་ལ་གནད་དུ་བསྣུན་པས། འབྲས་བུ་ཕྱི་དུས་སུ་མི་ལྟོས་པར་ཚེ་འདི་ཉིད་ལ་ཟུང་འཇུག་ལྷན་ཅིག་སྐྱེས་མའི་གོ་འཕང་མངོན་དུ་བྱེད་པར་འགྱུར་བ་ནི་ངེས་པའོ། །དངོས་གྲུབ་འདོད་པའི་སྐལ་བཟང་གིས། །དངོས་གྲུབ་ལམ་ཟབ་འདིར་འབྱུར་ཕྱིར། །དངོས་གྲུབ་སྙེ་མ་ལ་བརྟེན་ནས། །དངོས་གྲུབ་སྙིང་པོ་བསྒྲུབ་པར་བྱོས། །ཐབས་མཆོག་རིག་པ་གར་གྱི་དབང་། །ཤེས་རབ་དབྱིངས་ཀྱི་
དགའ་མ་རུ། །འདུ་འབྲལ་མེད་པར་རྟག་རྩེན་པས། །དངོས་ཀུན་བདེ་བ་ཆེར་སྡོམ་ཤོག །ཅེས་པའང་དབུ་རུ་ལྷ་ལྡན་ར་ས་འཕྲུལ་སྣང་གི་བྱང་འདབས་བསམ་འགྲུབ་ཕོ་བྲང་གི་གནྡྷོ་ལ་ནས་ལམ་འདིར་ལས་འཕྲོ་སད་པའི་ཆོས་ཀྱི་བདག་པོར་སྨོན་ལམ་གྱིས་འབྲེལ་བ་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེས་ལྷ་རྫས་རིན་པོ་ཆེའི་སྐྱེས་གྱ་ནོམ་པ་དང་བཅས་ཏེ་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལ་བརྟེན་ནས། སྔགས་བན་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྣ་ཚོགས་ཀྱི་ལོ་དབང་ཆེན་སྤྲེལ་ཟླའི་ཡར་ངོའི་ཚེས་བཅུ་ལ་མཆིམས་ཀྱི་ཀོང་ཡུལ་ལྗོན་པ་བུ་ཆུ་བདེ་ཆེན་སྟེང་གི་བསྟི་གནས་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་གྲུབ་གཉིས་འདོད་རྒུར་འཇོ་བའི་རྒྱུར་གྱུར་ཅིག །སརྦ་ཀ་ལྱཱ་ཎཾ་བྷ་ཝ་ཏུ།། །།
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཀྱི་ཁྲིད་ཡིག་དངོས་གྲུབ་འདོད་འཇོ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཀྱི་ཁྲིད་ཡིག་དངོས་གྲུབ་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི། མཆོག་ཏུ་མི་འགྱུར་བདེ་བ་ཆེ། །རང་བཞིན་ལྷན་སྐྱེས་མཛའ་ན་མོ། །གནས་གསུམ་མཁའ་འགྲོའི་དབང་ཕྱུག་དེར། །ཟུང་འཇུག་རྟོགས་པའི་ཕྱག་གིས་བསྙེན། །གང་གི་ཕྱག་རྒྱ་ལ་བརྟེན་ནས། །ཟབ་མྱུར་རིམ་བཞིའི་རྣལ་འབྱོར་གྱིས། །སྐལ་ལྡན་དངོས་གྲུབ་མཆོག་གི་གཏེར། །འདོད་འཇོའི་དཔལ་འདི་བདག་གིས་སྦྱིན། །དེ་ལ་འདིར་ལས་དང་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དབྱིངས་ཡུམ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལུང་མན་ངག་མཐའ་ཡས་པ་རྣམས་ཀྱི་ཟབ་བཅུད་གཅིག་ཏུ་དྲིལ་བ་མཁའ་འགྲོ་ཐུགས་ཀྱི་ཐིག་ལེའི་རིམ་གཉིས་ཀྱི་ལམ་ཟབ་མོས། དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྐལ་ལྡན་
གྱི་སློབ་མ་མཆོག་གི་གོ་སར་བདེ་མྱུར་དུ་ཁྲིད་པའི་ཚུལ་འདི་ལ་དོན་གསུམ་སྟེ། རྒྱུད་སྦྱོང་བ་སྔོན་འགྲོའི་ཁྲིད། རིམ་གཉིས་སྒོམ་པ་དངོས་གཞིའི་ཁྲིད། ལམ་དུ་བྱ་བ་རྗེས་ཀྱི་ཁྲིད་དོ། །དང་པོ་ནི། ཐུན་མོང་བློ་ལྡོག་རྣམ་བཞིས་བློ་ཁ་ཆོས་ལ་བསྒྱུར་བ་དང་། ཐུན་མིན་སྐྱབས་འགྲོ། སེམས་བསྐྱེད། སྒྲིབ་སྦྱོང་། ཚོགས་བསགས། བླ་མའི་རྣལ་འབྱོར་བཅས་ཀྱི་དམིགས་ཁྲིད་ལོགས་སུ་བཤད་པ་ལྟར་འབད་ཅིང་། སྔོན་འགྲོའི་གཞི་ཐིངས་ན་དངོས་གཞིའི་ཁྲིད་བཏབ་ཀྱང་རྒྱུད་ལ་ཡོན་ཏན་མི་སྐྱེ། ཅུང་ཟད་སྐྱེས་ཀྱང་མི་བརྟན་ཅིང་མཐར་མི་ཕྱིན་པས། དེས་ན་སྔོན་འགྲོ་རྣམས་ཐོག་མར་མཐར་ཕྱིན་པར་
བསླབ་བོ། །གཉིས་པ་རིམ་གཉིས་སྒོམ་པ་དངོས་གཞིའི་ཁྲིད་ནི། སྤྱིར་རིམ་པ་གཉིས་ལ་རྣལ་འབྱོར་བཞིས་བསྡུས་པ་སྟེ། དེའང་འདུས་པའི་རྒྱུད་ཕྱི་མ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང་། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་སྦྱང་གཞི་དང་སྦྱང་བྱ་ལ་ལྟོས་ནས་སྦྱོང་བྱེད་རིམ་པ་གཉིས་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཀུན་གྱི་དགོངས་པར་གནས་པ་སྟེ། བྱིས་པ་སོ་སོ་སྐྱེ་བོའི་ལོག་པའི་རྣམ་པར་རྟོག་པས་ཀུན་ཏུ་བཏགས་ཏེ་གློ་བུར་དུ་བཅོས་པའི་སྣོད་བཅུད་ཐ་མལ་དུ་འཛིན་ཅིང་ཞེན་པའི་འཁྲུལ་པ་གློ་བུར་བ་སྦྱོང་བ་ལ་བསྐྱེད་པའི་རིམ་པ་དང་། ཐོག་མ་མེད་པ་ནས་ལྷན་ཅིག་སྐྱེས་པའི་མ་རིག་པས་གཟུང་བ་དང་འཛིན་པར་སྣང་ཞིང་འཕོ་བའི་བག་ཆགས་ས་བོན་བཅས་སྦྱོང་བ་ལ་རྫོགས་པའི་རིམ་པ་གཉིས་སུ་གསུངས་ཤིང་། སོ་སྐྱེའི་གནས་སྐབས་སུ་བསྐྱེད་རིམ་གྱི་ལམ་དང་། འཕགས་པའི་གནས་སྐབས་སུ་རྫོགས་རིམ་གྱི་ལམ་གཙོ་ཆེ་བར་བསྟེན་དགོས་པ་དང་། སྐྱེ་བ་ཀུན་རྫོབ་བདེན་པ་བསྐྱེད་རིམ་གྱིས་སྦྱོང་ཞིང་། འཆི་བ་དོན་དམ་བདེན་པ་རྫོགས་རིམ་གྱིས་སྦྱོང་དགོས་པ་དང་། དབང་བཞིའི་ལས་བུམ་དབང་གི་ལམ་བསྐྱེད་རིམ་དང་། གོང་མ་གསུམ་གྱི་ལམ་རྫོགས་རིམ་མཚན་བཅས་མཚན་
མེད་ལ་འབད་དགོས་པ་དང་། ལས་བཞི་གྲུབ་པ་བརྒྱད་སོགས་བསྐྱེད་རིམ་གྱིས་འགྲུབ་ཅིང་། ཕྱག་རྒྱ་ཆེན་པོ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་རྫོགས་རིམ་གྱིས་འགྲུབ་པ་དང་། མཆོག་གི་དངོས་རྒྱུ་རྫོགས་རིམ་གྱི་ཡེ་ཤེས་ཁྱད་པར་ཅན་བསྐྱེད་པ་ལའང་ཐོག་མར་ལྷན་ཅིག་བྱེད་པའི་རྐྱེན་བསྐྱེད་རིམ་ལ་བརྟེན་ནས་སེམས་དུལ་བར་བྱེད་དགོས་པའང་རྡོ་རྗེ་སྙིང་འགྲེལ་ལས། དང་པོ་ཞིང་རྣམས་སྦྱོང་དོན་དུ། །གོ་ཊ་པ་རྣམས་འདེབས་བྱེད་ཅིང་། །ཕྱིས་ནས་སྦྱངས་པའི་ཞིང་ལ་ནི། །སཱ་ལུའི་ས་བོན་འདེབས་པ་བཞིན། །ཞེས་དང་། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །ཅེས་གསུངས་པ་ལྟར། དཔེར་ན་ས་བོན་ཉིད་འབྲས་བུའི་ཉེ་བར་ལེན་པའི་རྒྱུ་དངོས་ཡིན་ཀྱང་། དེ་ལ་ཞིང་ས་གཤིན་པོ་དང་ཆུ་ལུད་སོགས་ལྷན་ཅིག་བྱེད་རྐྱེན་རྣམས་མེད་ན་མི་འབྱུང་བའི་རྒྱུ་ཡིན་པ་ལྟར། ཐོག་མར་བསྐྱེད་རིམ་གྱིས་རྒྱུད་དུལ་བར་བྱས་པ་ལ་བདེ་སྟོང་ཡེ་ཤེས་ཆེན་པོའི་རྫོགས་རིམ་གྱི་རྣལ་འབྱོར་དང་ལྡན་པས་མཆོག་གི་འབྲས་བུ་བདེ་བླག་ཏུ་སྨིན་པ་ཡིན་ནོ། །དེ་ལའང་ཡོ་ག་རྣམ་པ་གསུམ་ལས། བསྐྱེད་པ་མ་ཧཱ་ཡོ་ག་གཞི། རྫོགས་པ་ཨ་ནུ་ཡོ་ག་ལམ། རྫོགས་ཆེན་ཨ་ཏི་ཡོ་ག་འབྲས་
བུའི་ཚུལ་གྱིས་དབང་པོ་དམན་འབྲིང་མཆོག་གི་རིམ་པ་དང་མཐུན་པའི་བསྐྱེད་རྫོགས་ཀྱི་སྒོམ་རིམ་རྒྱས་འབྲིང་བསྡུས་པའི་ཚུལ་སོ་སོར་འབྱུང་བ་ལས། འདིར་ནི་ཤེས་རབ་མ་རྒྱུད་ཀུན་གྱི་ཡང་ཟབ། བསྐྱེད་པའི་རིམ་པ་མ་ཧཱ་དང་མཐུན་ཅིང་། རྫོགས་པའི་རིམ་པ་ཨ་ནུ་དང་འབྲེལ་ལ། ཁྱད་པར་གྱི་ཉམས་ལེན་ཨ་ཏིའི་མན་ངག་ཏུ་སྟོན་པས་ན་ནང་རྒྱུད་སྡེ་གསུམ་ཀའི་དགོངས་ཉམས་གཅིག་ཏུ་འདྲིལ་བའི་ཟབ་ལམ་ཁྱད་དུ་འཕགས་པ་ཉིད་སྟོན་པ་སྟེ། དེ་ལ་བཞི། ཐུན་མོང་དབྱིབས་ཀྱི་རྣལ་འབྱོར། ཟབ་པ་སྔགས་ཀྱི་རྣལ་འབྱོར། ཁྱད་པར་བདེ་བའི་རྣལ་འབྱོར། མཐར་ཐུག་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །དང་པོ་ནི། རྩ་བར། ཐོག་མར་བུམ་དབང་དང་འབྲེལ་བའི༔ བསྐྱེད་རིམ་གོམས་པར་གྱུར་ལ་བསླབ༔ ཅེས་པས། ཐ་མལ་གྱི་སྣང་ཞེན་སྐྱོང་བར་བྱེད་པ་བསྐྱེད་རིམ་སྟེ། འདི་ལ་གཉིས། རྣལ་འབྱོར་དངོས་དང་། དེའི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ། སྐུ་ཕྱག་རྒྱའི་རྣལ་འབྱོར། གསུང་བཟླས་པའི་རྣལ་འབྱོར། ཐུགས་འོད་གསལ་གྱི་རྣལ་འབྱོར་རོ། །དང་པོ་ལ་གསུམ། དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ། ལྷའི་སྣང་ཞེན་ལ་བསླབ་པའོ། །དང་པོ་ལའང་གཉིས། རྒྱུ་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་པ་དང་།
འབྲས་བུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམ་པའོ། །དང་པོ་ལ་གསུམ་ལས། དེ་ཏིང་ནི། ལུས་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད། རླུང་རོ་བསལ་ལ་དལ་བར་བཞག །སེམས་རང་བབ་ལྷུག་པའི་ངང་ནས། ཨ་ཞེས་ཆོས་ཉིད་སྐྱེ་བ་མེད་པའི་སྒྲ་གདངས་ཀྱིས་མ་དག་པའི་སྣང་ཆ་ཐམས་ཅད་དབྱིངས་སུ་ཡལ། འདི་ལྟར་སྣང་བའི་འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་མ་ནས་མ་སྐྱེས་ཤིང་རྣམ་པར་དག་པ་གཉུག་མ་བྱང་ཆུབ་སེམས་ཀྱི་དབྱིངས་ཀུན་ཏུ་བཟང་མོའི་རང་བཞིན་ནོ་སྙམ་དུ་ཤེས་པར་བྱས་ལ་མཉམ་པར་བཞག །དེ་ཡང་བསྐྱེད་རིམ་གྱི་དམིགས་པའི་གཙོ་བོ་ཐམས་ཅད་ལ་དག་རྫོགས་སྨིན་གསུམ་ཚང་དགོས་པས། འདིས་འཆི་སྲིད་སྦྱོང་ཞིང་དག་པར་བྱེད། ཆོས་སྐུ་མངོན་དུ་བྱེད་པའི་ས་བོན་གསོས་ཐབས་པས་འབྲས་བུ་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །ལམ་གོང་མ་རྫོགས་རིམ་གྱི་དོན་གྱི་འོད་གསལ་རྒྱུད་ལ་སྐྱེ་བའི་གཞི་འདིང་བས་སྨིན་བྱེད་དུ་འགྲོ། འདིར་ཡང་འཆི་སྲིད་དག་པ་ཆོས་སྐུའོ་ཞེས་གཞི་འབྲས་སྦྲེལ་བའི་ང་རྒྱལ་ཡང་བྱ་སྟེ། འོག་མ་རྣམས་ལའང་འགྲེ་ཤེས་པར་བྱའོ། །གཉིས་པ་ཀུན་སྣང་ནི། ནམ་མཁའ་ལས་འཇའ་ཚོན་ཤར་བ་ལྟར། དེ་ཏིང་སྤྲོས་བྲལ་གྱི་
ངང་ལས་དེ་ལྟར་མ་རྟོགས་པའི་འགྲོ་བ་འདི་ཀུན་སྣང་ཡང་བདེན་པས་སྟོང་པ་སྒྱུ་མ་ལྟ་བུའི་ཡུལ་ལ་འཛིན་མེད་སྒྱུ་མ་ལྟ་བུའི་སྙིང་རྗེ་ཆེན་པོས་ཁྱབ་པར་སྣང་བས་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱའོ་སྙམ་དུ་བསྒོམ། འདིས་བར་དོ་སྦྱོང་། འབྲས་བུ་ལོངས་སྐུར་རྫོགས་པར་བྱེད་པའི་རྟེན་འབྲེལ་སྒྲིག །འོད་གསལ་ལས་ཟུང་འཇུག་གི་ལྷར་ལྡང་བའི་རྒྱུ་སྙིང་རྗེ་ཆེན་པོའི་གཞི་འདིང་། གསུམ་པ་རྒྱུ་ཏིང་ནི། སྟོང་པ་ཉིད་དང་སྙིང་རྗེ་ཆེན་པོ་ཟུང་དུ་འཇུག་པའི་རང་རིག་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་བྃ་ཡིག་དཀར་དམར་བདེ་གསལ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་ནམ་མཁའ་ལ་སྐར་ཆེན་ཤར་བ་ལྟར་ལྷག་གིས་གསལ་བར་བསྒོམ་ཞིང་། དེ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས་གསལ་བརྟན་གྱི་ཉམས་མ་སྐྱེས་ཀྱི་བར་དུ་བསྒོམ། འདིས་སྐྱེ་གནས་སུ་འཇུག་ཀ་མའི་སྲེད་བཅས་ཀྱི་ཤེས་པ་སྦྱོང་། འབྲས་བུ་ལོངས་སྐུ་ལས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་ཡེ་ཤེས་ཀྱི་ལྷ་སྐུར་བཞེངས་པའི་གཞི་འདིང་ངོ་། །གཉིས་པ་ལ་གསུམ་སྟེ། སྲུང་འཁོར་སྒོམ་པ། རྟེན་གྱི་དཀྱིལ་འཁོར་སྒོམ་པ། བརྟེན་པ་ལྷའི་དཀྱིལ་འཁོར་སྒོམ་པའོ། །དང་པོ་ནི། རྒྱུའི་བྃ་ཡིག་ལས་འོད་ཟེར་འཕྲོས་པས་གཞོམ་མེད་རྡོ་རྗེའི་ས་གཞིར་གུར་
མཐོ་ཞིང་ཡངས་པའི་ནང་དུ་རྡོ་རྗེའི་བླ་བྲེ་དང་། ཕྱི་རོལ་རྡོ་རྗེའི་དྲྭ་བ་འཕྱང་ཞིང་རྡོ་རྗེའི་ཕྲེང་བས་བཅིངས་པ། རྩེ་མོར་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ། དེ་དག་ལས་ཡེ་ཤེས་ཀྱི་མེ་དཔུང་མཐའ་མེད་དུ་འབར་བས་ཅིས་ཀྱང་མི་ཤིགས་པར་བསྒོམ། འདིས་སྐྱེ་སྲིད་ཕྱི་མར་འཇུག་པའི་སྐྱེ་གནས་ཀྱི་འགལ་རྐྱེན་བར་ཆད་མེད་པར་སྦྱོང་། འབྲས་དུས་སུ་བདུད་བཞི་བཅོམ་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་རྩ་རླུང་ཐིག་ལེའི་གེགས་དང་གོལ་ས་ཆོད་པའི་གཞི་འདིང་། གཉིས་པ་ནི། སྲུང་འཁོར་གྱི་ནང་དུ་རྒྱུའི་བྃ་ཡིག་ལས། ཨེ། ཡཾ། རཾ། བཾ། ལཾ། སུཾ་རྣམས་འོག་ཏུ་ཆད་པ་ལས། ནམ་མཁའ། རླུང་། མེ། ཆུ། སའི་དཀྱིལ་འཁོར་རི་རབ་དང་བཅས་པ། དེའི་སྟེང་དུ་རྡོ་རྗེའི་ས་རྡུལ་ཆགས་པས་རྡོ་རྗེའི་ར་བའི་ནང་ཚུན་ཆད་ཀྱི་འོག་གཞི་ཐམས་ཅད་ཁོད་སྙོམས་པར་བརྡལ་བའི་དབུས་སུ་རིན་པོ་ཆེའི་རང་བཞིན་ཅན་གྱི་པདྨ་འདབ་མ་གྱེས་པའི་ལྟེ་བ་ཟླུམ་པོ་ལེབ་ཆགས་ཀྱི་སྟེང་དུ་ཉི་མའི་དཀྱིལ་འཁོར་གེ་སར་གྱི་རྒྱ་དང་མཉམ་པ། དེའི་དབུས་སུ་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པ་རྣམས་རེ་རེ་ནས་རིམ་བཞིན་བསྒོམ། འདི་རྣམས་ཀྱིས་སེམས་ཅན་རྣམས་གང་དུ་སྐྱེ་བའི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གཞི་འབྱུང་ལྔ་རི་རབ་དང་
བཅས་པར་གྲུབ་པ་དེ་སྦྱོང་། འབྲས་དུས་སུ་སངས་རྒྱས་རྣམས་གང་དུ་འཚང་རྒྱ་བའི་ཞིང་ཁམས་ཡུམ་ལྔའི་མཁའ་མཚོན་པ་ཆོས་ཀྱི་དབྱིངས་སུ་རྫོགས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་འབྱུང་ལྔ་རི་རབ་དང་བཅས་པ་རྩ་འཁོར་ལྔ་དང་དབུ་མ། པད་ཉི་རྒྱ་གྲམ་ནི་རྩ་འཁོར་དང་རླུང་ཐིག་སྟེ། དེ་རྣམས་མཉེན་ཅིང་དུལ་བའི་གཞི་འདིང་། སྣ་ཚོགས་རྡོ་རྗེའི་སྟེང་དུ་རྒྱུའི་བཾ་ལས་བྷྲཱུྃ་ཡིག་ཆད་པ་ཡོངས་སུ་གྱུར་པ་ལས། བདེ་ཆེན་དབང་གི་ཕོ་བྲང་ཟླ་གམ་སྒོ་གཅིག་པ། སྒོ་ཁང་རྟ་བབས་རིམ་བཞི་ཆོས་འཁོར་གདུགས་ཀྱི་མཛེས་པ། རྩིག་པ་རིམ་ལྔའི་སྟེང་དུ་ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་རྣམས་དང་འདོད་སྣམ་ལ་རྡོ་རྗེའི་རིག་མ་རྣམས་ཀྱིས་འདོད་ཡོན་གྱི་མཆོད་སྤྲིན་སྤྲོ་བ། རྒྱལ་མཚན་བ་དན་རྔ་ཡབ་ཆུན་འཕྱང་སོགས་ཡེ་ཤེས་རང་སྣང་གི་རྒྱན་དང་བཀོད་པ་དཔག་ཏུ་མེད་པས་སྤྲས་པ། དབུས་ཕྱུར་བུ་རྡོ་རྗེ་ནོར་བུའི་ཏོག་མངོན་པར་མཐོ་ཞིང་ཡེ་ཤེས་འོད་ལྔའི་ཐིག་ལེ་གཅིག་ཏུ་འཁྱིལ་བ། ཕོ་བྲང་གི་ནང་ཆོས་འབྱུང་བསྣོལ་མའི་ཀློང་དུ་འོད་ཀྱི་དགའ་བ་འཁྱིལ་བའི་ལྟེ་བར་སྣ་ཚོགས་པདྨ་དང་ཉི་མ་ཟླ་བའི་གདན་རྣམས་བརྩེགས་མར་གསལ་གདབ། གཞལ་ཡས་ཁང་གིས་སེམས་ཅན་རྣམས་གང་དུ་རྒྱུ་ཞིང་སྤྱོད་པའི་ཁང་ཁྱིམ་
དང་། གདན་པདྨ་ཉི་ཟླས་མའི་མངལ་ཁུ་ཁྲག་དང་བཅས་པར་སྲེད་ལེན་གྱི་བག་ཆགས་སྦྱོང་། འབྲས་དུས་སུ་ཡེ་ཤེས་རང་སྣང་གི་གཞལ་ཡས་ཁང་མངོན་དུ་གྲུབ་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་གཞལ་ཡས་ཁང་གིས་རྩ་ཐིག་རླུང་གསུམ་རོ་གཅིག་ཏུ་འདྲེས་པའི་སེམས་གསལ་སྟོང་བདེ་བའི་ཆ་དང་། གདན་པདྨ་སྤྱི་བོའི་རྩ་འཁོར། ཉི་མ་ནི་གཏུམ་མོ། ཟླ་བ་ནི་དེར་ཁུ་བ་ལུགས་ལྡོག་ཆ་བཅུ་དྲུག་པ་རྫོགས་པ་མི་འགྱུར་བའི་བདེ་ཆེན་ཐོབ་པའི་གཞི་དང་། གསུམ་པ་ནི། རྒྱུའི་བྃ་ཡིག་གདན་སྟེང་དུ་བབས་པ་འོད་འབར་བ་ལ་སེམས་བསྲེ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་གདོད་མའི་མི་ཤིགས་པ་རྡོ་རྗེ་བཙུན་མོའི་ངོ་བོ་སད། འོད་ཟེར་རྣམས་བྃ་ལ་འདྲེས། དེ་ཡོངས་སུ་གྱུར་པ་ལས་རང་ཉིད་ཡེ་ཤེས་མཚོ་རྒྱལ་གྱི་སྐུར་བཞེངས་པ་སྟེ། འདིས་མངལ་དུ་དཀར་དམར་ཚོགས་པ་ལ་བར་དོའི་ཤེས་བཞུགས་པ། ཕ་མའི་འདུ་འཕྲོད་ཀྱིས་འགྱུར་བའི་གནས་སྐབས་ལྔ་ཉམས་སུ་མྱོང་ནས་ཁུ་རྡུལ་སེམས་གསུམ་འདྲེས་པ། རླུང་བཅུས་ལུས་རིམ་གྱིས་གྲུབ་པས་དབང་པོ་རྣམས་རྫོགས་ནས་བཙས་པའི་སྦྱོང་། འབྲས་བུ་སངས་རྒྱས་རྣམས་གང་འདུལ་གྱི་སྤྲུལ་སྐུར་བཞེངས་པ་ན་ལྷུམས་ཞུགས་དང་བལྟམས་
པའི་མཛད་པ་སྟོན་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་སྤྲོ་བསྡུ་ནི་ཞུ་བདེ་ལས་བྱུང་བའི་བདེ་སྟོང་། སྐུ་རྫོགས་པ་ནི་དེ་ལས་མི་འགྱུར་བའི་བདེ་སྟོང་ལྷན་སྐྱེས་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་གཞི་འདིང་བའོ། །དེའང་རང་ཉིད་ཀུན་བཟང་དབྱིངས་ཕྱུག་རྡོ་རྗེ་རྣལ་འབྱོར་མ་ཡེ་ཤེས་མཚོ་རྒྱལ་ཏེ་སྐུ་གསུམ་དབྱེར་མེད་གཟུགས་སྐུའི་རྣམ་པར་ཤར་བ། ཞལ་གཅིག་ཕྱག་གཉིས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཞི་ཞིང་འཛུམ་ལ་ཤིན་ཏུ་ཆགས་པའི་ཉམས་ཅན། སྤྱན་ཟུང་ལྟ་སྟངས་ཐད་ཀར་གཟིགས་པ། ནུ་མ་འབུར་ཞིང་གསང་བའི་ཆུ་སྐྱེས་རྒྱས་པ། ཕྱག་གཡས་པས་རྡོ་རྗེས་མཚན་པའི་གྲི་གུག་རྣ་ལྟག་གཡས་ཀྱི་ཐད་སོར་ནང་བསྟན་དུ་འཛིན་ཅིང་། གཡོན་པས་ཐོད་པ་བདུད་རྩིས་བཀང་བ་དཀུ་ལ་བརྟེན་པའི་ཚུལ་གྱིས་བསྣམས་པ། དབུ་སྐྲ་ཐོར་ཚུགས་སུ་བཅིངས་པའི་རྩེ་མོར་ཡིད་བཞིན་ནོར་བུ་འོད་འབར་བས་བརྒྱན་ཅིང་ལྷག་མ་ལྕང་ལོ་སིལ་བུར་གྲོལ་བ། རིན་པོ་ཆེའི་དབུ་རྒྱན་དང་མེ་ཏོག་གི་ཕྲེང་བས་མཛེས་པ། དར་གྱི་ཅོད་པན་དར་དཔྱང་ལྷབ་ལྷུབ་ཏུ་གཡོ་བ། བཻ་ཌཱུརྱ་དང་པདྨ་རཱ་ག་མུ་ཏིག་ལ་སོགས་པའི་རིན་པོ་ཆེའི་མགུལ་ཆུ་དང་། མེ་ཏོག་སྣ་ཚོགས་པའི་ཕྲེང་བས་དོ་ཤལ། སྤྱི་བོར་འཁོར་ལོ། སྙན་རྒྱན། ཕྱག་ཞབས་
ཀྱི་གདུ་བུ། མགུལ་རྒྱན། སྐ་རགས་བཅས་རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་ཏེ་བཞུགས་པའི་སྐུ་ལས་ཡེ་ཤེས་ཀྱི་རང་འོད་འཇའ་ཟེར་ཐིག་ལེ་མེར་མེར་ཤིག་ཤིག་མུ་མཐའ་མེད་པར་འཕྲོ་བ། སྤྱི་བོར་པདྨ་ཉི་ཟླའི་གདན་ལ་རིགས་ཀྱི་བདག་པོ་པདྨ་གར་དབང་ཐོད་ཕྲེང་རྩལ་དམར་གསལ་ཁྲོ་འཛུབ་རྗེས་སུ་ཆགས་པའི་ཉམས་ཅན། ཕྱག་གཉིས་རྡོ་དྲིལ་ཐུགས་པར་བསྣོལ་སྟབས་སུ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། དར་དང་རིན་པོ་ཆེ་སོགས་ལོངས་སྤྱོད་རྫོགས་པའི་ཆ་ལུགས་ཡོངས་སུ་རྫོགས་པ། འཇའ་ཟེར་འོད་ཕུང་འཁྲིགས་པའི་ཀློད་དུ་བཞུགས་པར་གསལ་གདབ། འདིས་བྱིས་པ་དེ་སྒོ་གསུམ་གྱི་ནུས་རྩལ་ནར་སོན་པ་སྦྱོང་། འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མི་ཕྱེད་པ་བརྙེས་པའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་ཁུ་རྡུལ་རླུང་གསུམ་འགགས་པའི་དྭངས་མ་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་། གཉིས་པ་ཡེ་ཤེས་པ་སྤྱན་དྲང་ཞིང་བསྟིམ་པ་ནི། སྙིང་གའི་འོད་ཀྱིས་བསྐུལ་བས་སངས་རྒྱས་ཐམས་ཅད་ཆོས་སྐུ་འགྱུར་བ་མེད་པ་ལས་གཟུགས་སྐུ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་གྱི་རྣམ་པར་བཞེངས་པ་ཆུ་ལ་ཆུ་བཞག་པ་ལྟར་དམ་ཚིག་
པ་ལ་གཉིས་མེད་དུ་བསྟིམ་ནས། དམ་ཡེ་ལ་མཆོག་དམན་དུ་འཛིན་པའི་ཞེན་རྟོག་སྤངས་ཏེ་སྒོམ་ཞིང་། འདིས་བྱིས་པ་དེ་རང་དང་རིགས་མཐུན་གྱི་འགྲོ་བ་སྔ་མ་རྣམས་དང་བློ་གྲོས་ཀྱི་ནུས་པ་མཉམ་པར་གྱུར་པའི་ཞེན་པ་སྦྱོང་། འབྲས་བུ་སངས་རྒྱས་པའི་ཚེ་སངས་རྒྱས་ཐམས་ཅད་དང་ཡེ་ཤེས་མཉམ་པ་ཉིད་དུ་འགྱུར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་ཚེ་དཔེའི་འོད་གསལ་གྱིས་དོན་གྱི་ཡེ་ཤེས་མཚོན་པ་ད་ང་། འཁོར་འདས་གཉིས་མེད་ཀྱི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་གཞི་འདིང་བའོ། །གསུམ་པ་ལྷའི་སྣང་ཞེན་ལ་བསླབ་པ་ལ་གསུམ། རྣམ་པ་གསལ་བ། ང་རྒྱལ་བརྟན་པ། རྣམ་དག་དྲན་པའོ། །དང་པོ་ནི། རྟེན་དང་བརྟེན་པའི་བཀོད་པ་ཀུན༔ སྣང་བའི་ཡུལ་དུ་གཟུགས་གྲུབ་ལ༔ ཞེན་པའི་ཡུལ་དུ་མ་གྲུབ་པ༔ མེ་ལོང་ནང་གི་གཟུགས་བརྙན་དང་༔ ནམ་མཁའ་ལས་ནི་འཇའ་ཚོན་བཞིན༔ གསལ་ལ་མ་འདྲེས་མངོན་སུམ་དུ༔ ཡུལ་གྱིས་མི་འཕྲོག་ཚད་དུ་བསྒོམ༔ ཞེས་པས། ཐ་མལ་མ་དག་པའི་སྣང་བ་རགས་པ་ལྡོག་པའི་ཕྱིར་སྒོམ་པ་སྟེ། ཐོག་མར་སྤྱན་གཉིས་ཁོ་ན་ལ་སེམས་འཛིན། དེའི་གཟུགས་དབྱིབས་ཁ་དོག་ཤིན་ཏུ་གསལ་བ་དང་། གཡས་གཡོན་གྱི་སྙན་གཉིས། ཤངས། ཞལ། ཞལ་རས་ཡོངས་རྫོགས་ནས་རིམ་གྱིས་སྐུ། ཕྱག་མཚན་
རྒྱན་ཆ་ལུགས། ཞི་ཆགས་ཀྱི་ཉམས་འགྱུར་སོགས་རེ་རེ་ནས་གསལ་བཏབ་སྟེ་སེམས་བྱིང་རྨུགས་འཕྲོ་རྒོད་ཀྱིས་དབང་དུ་མི་བཏང་བར་བསྒོམ་བྱ་དེ་ཉིད་ལ་བློ་བར་མ་ཆད་དུ་འཇུག །ཐོག་མར་གསལ་སྣང་སྐྱེས་པ་དང་འཕྲོ་འཇོག་ཅིང་སླར་དམིགས་པ་ལ་འཇུག་པ་སོགས་སྣ་མ་སུན་པའི་ཐུན་ཐུང་ལ་གྲངས་མང་བ་བྱ། གོམས་ནས་རིམ་པར་ཐུན་ཇེ་རིང་དུ་བཏང་ལ། ཐུན་རིང་ཐུང་ཇི་ཙམ་བཅད་པ་དེའི་ཐོག་མཐའ་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་ཏིང་ངེ་འཛིན་རྩེ་གཅིག་པས་འཁྱོངས་པ་གལ་ཆེ་བ་ནི། ཕྱི་ནས་བཤད་པའི་རྫོགས་རིམ་རྣམས་ལའང་གོ་དགོས་སོ། །དེ་ལྟར་བསྒོམས་པས་ཕྲ་བ་ཆ་ཤས་ནས་རགས་པ་སྐུ་ཡོངས་རྫོགས་ཀྱི་བར་དུ་གསལ་སྣང་སྐྱེས་པ་ན་ལྷའི་སྐུ་དེ་ཉིད་དྭངས་གསལ་རྙོགས་པ་མེད་པ་ཆུ་སྣོད་དྭངས་པར་ཤར་བའི་ཟླ་གཟུགས་ལྟ་བུ། སྣང་ལ་རང་བཞིན་མ་གྲུབ་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ། ཁ་དོག་སོ་སོར་གསལ་ཡང་དངོས་མཚན་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུ་ལ་བློ་བཞག །ལས་དང་པོ་པས་གསལ་སྣང་ཐོན་དཀའ་ཡང་མོས་པ་རྩེ་གཅིག་པས་སྒོམ་པ་དང་། བྲིས་སྐུ་ལེགས་པོ་སོགས་ལྟ་ཞིང་སེམས་བཟུང་བ་བྱས་པས་རིམ་གྱིས་གསལ་སྣང་འགྲུབ་པར་འགྱུར་རོ། །གཉིས་པ་ང་རྒྱལ་ལ་
བསླབ་པ་ནི། འབྲས་བུའི་དུས་ཀྱི་ཡུམ་ཆེན་མོ༔ སྐྱོན་སྤངས་ཡོན་ཏན་ཀུན་བདག་ཉིད༔ ང་ཡིན་སྙམ་དུ་ངེས་ཤེས་བསྐྱེད༔ ཅེས་པས། རང་ཉིད་ཐ་མལ་དུ་ཞེན་པའི་བདག་འཛིན་སྤངས་ལ། དྲི་མ་ཐམས་ཅད་སྤངས་ཤིང་ཡོན་ཏན་མ་ལུས་པ་རྫོགས་པ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་དབྱིངས་ཕྱུག་མཁའ་འགྲོའི་ཚོགས་རྗེ་ཡེ་ཤེས་མཚོ་རྒྱལ་དེ་ཉིད་ངའོ་སྙམ་དུ་བཅོས་མིན་གྱི་ང་རྒྱལ་བསྐྱེད་ལ་གསལ་སྣང་དང་ང་རྒྱལ་བརྟན་པོ་ཟུང་དུ་འཇུག་པས་གཟུང་འཛིན་ཐ་མལ་པའི་སྣང་ཞེན་འགོག་ནུས་པ་བྱུང་ན་སྔགས་ཀྱི་ཞི་གནས་ཀྱི་རྩ་བ་ཚུགས་པ་ཡིན་ནོ། །སྤྱིར་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ལྷ་སྣང་གསལ་མིན་གང་ལྟར་བདག་ཉིད་ཡེ་ཤེས་མཁའ་འགྲོ་དངོས་ཡིན། དེའི་ཡོན་ཏན་དང་ཕྲིན་ལས་ཐམས་ཅད་བདག་ལ་རྫོགས་པའོ་སྙམ་པའི་ང་རྒྱལ་དང་མ་བྲལ་བས་བྱིན་རླབས་ཐོག་མེད་དུ་འབྱུང་བར་གསུངས་སོ། །གསུམ་པ་དག་དྲན་ལ་བསླབ་པ་ནི། ཆོས་སྐུའི་གཤིས་ལ་ཞལ་ཕྱག་སོགས༔ སྤྲོས་པའི་མཚན་མས་དབེན་མོད་ཀྱི༔ མ་དག་སྣང་ཞེན་འཁྲུལ་བློའི་ངོར༔ སྤྲོས་པ་ཅན་དུ་ཉེར་བསྟན་པའི༔ དག་པའི་ཚུལ་ཡང་དྲན་བྱ་ཞིང་༔ ཞེས་པས། དོན་དམ་ཡེ་
ཤེས་དབྱིངས་ཀྱི་རང་བཞིན་ལ་སྤྲོས་པའི་མཚན་མ་མི་མངའ་ཡང་། ཀུན་རྫོབ་གདུལ་བྱའི་སེམས་ཅན་དྲང་བའི་སླད་དུ་གང་འདུལ་དེར་སྟོན་གྱི་རྣམ་པར་ཤར་བ་ཉིད་ངེས་པར་བྱས་ཏེ། ཞལ་གཅིག་ཆོས་དབྱིངས་ཐིག་ལེ་ཉག་གཅིག །ཕྱག་གཉིས་ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བ། མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ཟུང་དུ་འཇུག་པའི་རང་བཞིན་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། དོན་དམ་དབྱིངས་ལ་འགྱུར་བ་མེད་པས་ཞི་ཞིང་འགྲོ་ལ་རྗེས་སུ་བརྩེ་བས་འཛུམ་ཞིང་ཆགས་པའི་ཉམས་ཅན། དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པས་སྤྱན་ཟུང་ལྟ་སྟངས་ཐད་ཀར་གཟིགས་པས་འོད་གསལ་ཆོས་ཉིད་མངོན་སུམ་ངོ་སྤྲོད་པའི་བྱིན་རླབས་འབེབས་པ། གཟུང་འཛིན་གྱི་ཞེན་སྣང་དབྱིངས་སུ་གཅོད་པས་གཡས་གྲི་གུག་གདེངས་ཤིང་། སྒྲུབ་པ་པོ་ལ་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས་སྩོལ་བས་གཡོན་པས་བདུད་རྩིའི་ཐོད་པ་བསྣམས་པ། ཉོན་མོངས་པའི་གདུང་བ་ལས་རྣམ་པར་གྲོལ་བས་དར་དཔྱངས་དང་ཅོད་པན། དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ཤིང་གཞན་དག་དགེ་བ་ལ་འགོད་པས་དབུ་སྐྲ་ཐོར་ཅོག་ཏུ་བཅིངས་པའི་ལྷག་མ་མཐུར་དུ་གྲོལ་བ། ཆེ་བའི་ཡོན་
ཏན་འགྲན་ཟླ་དང་བྲལ་ཞིང་འདོད་རྒུ་ལྷུན་གྱིས་གྲུབ་པས་ཡིད་བཞིན་ནོར་བུས་དབུར་བརྒྱན་པ། འདོད་ཡོན་མ་སྤངས་ཡེ་ཤེས་ཀྱི་རྒྱན་དུ་ཤར་བས་རིན་པོ་ཆེ་དང་མེ་ཏོག་ཁ་དོག་སྣ་ཚོགས་པས་བརྒྱན་པ། ཕྱག་རྒྱ་ལྔ་ནི་ཡེ་ཤེས་ལྔ་སྟེ། འཁོར་ལོ་ཆོས་དབྱིངས། རྣ་ཆ་སོར་རྟོག །མགུལ་ཆུ་མཉམ་ཉིད། གདུ་བུ་མེ་ལོང་ལྟ་བུ། སྐ་རགས་བྱ་འགྲུབ་པ་སྟེ་ཡེ་ཤེས་ལྔ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་བརྡ་སྟོན་པས་གཡེར་ཁའི་ཕྲེང་བ་དཔྱངས་པ། དོན་དམ་བདེན་པས་མྱང་འདས་ཀུན་རྫོབ་བདེན་པས་འཁོར་བའི་མཐའ་ལ་མཉམ་པར་གནས་པས་ཞབས་གཉིས་མཉམ་སྟབས་སུ་བཞེངས་ཏེ་བཞུགས་པ། ནང་གསལ་ཐིམ་ལ་མ་རྨུགས་པའི་ཡེ་ཤེས་ཀྱི་རང་གདངས་ཕྱིར་གསལ་འགགས་མེད་དུ་འཆར་བས་འོད་དང་ཟེར་ཐག་ཐིག་ལེ་ཁ་དོག་ལྔ་ལྡན་དུ་འཁྲིགས་པ། འཁོར་བ་ན་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པས་གདན་སྣ་ཚོགས་པདྨ། རྡུལ་གྱི་ཆོས་དག་པ་ཉི་མ། ཁུ་བའི་ཆོས་དག་པ་ཟླ་བའི་དཀྱིལ་འཁོར་རྣམས་དང་། ཤེས་རབ་དབྱིངས་ཀྱི་ཕྱག་རྒྱ་ཐབས་མཆོག་རིག་པའི་ཡེ་ཤེས་དང་མི་འབྲལ་བའི་རིགས་བདག་པདྨ་གར་དབང་ཐོད་ཕྲེང་རྩལ། དེའང་རྒྱལ་བ་རྣམས་ཀྱི་གསུང་རྡོ་རྗེ་པདྨའི་རིགས་སུ་སྣང་བས་སྐུ་མདོག་དམར་གསལ། སེམས་
ཅན་ལ་རྗེས་སུ་བརྩེ་ཞིང་དབང་དྲག་གི་ཕྲིན་ལས་ཀྱིས་འདུལ་བའི་བརྡར་ཁྲོ་འཛུམ་ཆགས་པའི་ཉམས་ཅན། ཐབས་ཤེས་བདེ་སྟོང་ཟུང་དུ་འཇུག་པའི་ཕྱག་གཉིས་རྡོ་དྲིལ་འཁྱུད་སྟབས། སྲིད་ཞིའི་མཐའ་ལ་མི་གནས་པའི་ཞབས་རྡོ་རྗེའི་སྐྱིལ་ཀྲུང་། འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་གྱིས་སྤྲས་པ། ཡེ་ཤེས་ལྔའི་རང་གདངས་འཇའ་འོད་ཟེར་ཐིག་འཁྲིགས་པའི་ཀློང་དུ་རོལ་པ་སྟེ་བརྟེན་པའི་དང་། དེས་མཚོན་ནས་རྟེན་གཞལ་ཡས་ཁང་སོགས་གཞི་འབྲས་ཀྱི་དག་པ་ལ་དཔགས་ནས་ལམ་དུས་ལའང་དག་དྲན་ཇི་ལྟར་ནུས་ནུས་སུ་སྦྱར་ཞིང་། མདོ་འགག་ནི། གཉུག་མ་ཆོས་ཉིད་ཀྱི་སྟེང་ན་སངས་རྒྱས་ཀྱི་ཡོན་ཏན་རྣམས་རང་བཞིན་ལྷུན་གྲུབ་ཏུ་བཞུགས་པ་ལས། ཡོན་ཏན་གང་དག་གང་ཞིག་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ངོ་བོར་གདོད་ནས་དག་པ་དེར། ཏིང་ངེ་འཛིན་གྱིས་སྒོམ་པའི་རྟེན་བརྟེན་པ་དེའང་རྣམ་པར་དག་པར་མོས་དགོས་པ་ཡིན་ནོ། །དེ་ཡང་དག་དྲན་ནི་མངོན་རྟགས་ནམ་སྒོམ་པའི་ཚེ་དྲན་པར་བྱ་དགོས་མོད། ཁྱད་པར་སྐབས་འདིར་དག་པ་དེ་རྣམས་ལ་དེ་དང་དེར་མོས་པ་ཤུགས་དྲག་པོ་རེ་བཞག་པའི་མཐར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བའི་ཏིང་ངེ་འཛིན་
ལ་རྩེ་གཅིག་ཏུ་འཇོག །དེ་རྣམས་ལ་གསལ་བརྟན་གྱི་མྱོང་བ་ཐོན་མཚམས་ནས་ཏིང་ངེ་འཛིན་གྱི་རྩལ་སྦྱང་བའི་ཕྱིར་ཕྲ་བའི་གནས་ལ་བསླབ་སྟེ། རྟེན་གཞལ་ཡས་ཁང་ཡུངས་འབྲུ་ཙམ་གྱི་ནང་དུ་བརྟེན་པ་ལྷ་སྟོང་གསུམ་གྱི་འཇིག་རྟེན་ཙམ་དང་། གཞལ་ཡས་ཁང་སྟོང་གསུམ་ཙམ་གྱི་ནང་དུ་ལྷ་ཡུངས་འབྲུ་ཙམ་སྒོམ་པ་སོགས་ཆེ་ཆུང་མ་ངེས་པ་ལ་རྩལ་སྦྱངས་པས། གཞལ་ཡས་ཁང་ཡུངས་འབྲུ་ཙམ་པ་ཆེར་མ་སོང་ཞིང་ལྷ་སྟོང་གསུམ་ཙམ་དུ་སྒོམ་པ་ཡང་ཆུང་ངུ་མ་སོང་ཡང་དོག་པ་དང་མི་འཚམས་པའི་སྐྱོན་མེད་པ་དང་། ཡང་རྟེན་སྟོང་གསུམ་ཙམ་པ་ཆུང་ངུ་མ་སོང་ཞིང་ལྷ་ཡུངས་འབྲུ་ཙམ་པ་ཆེར་མ་སོང་བར་ཆེ་ཆུང་གི་སྐྱོན་མེད་པར་འཚམས་པ་སོགས་ཇི་ལྟར་བསྒོམས་ཀྱང་བདེ་བ་ནམ་མཁའ་ལ་མདུང་བསྐོར་བ་ལྟ་བུའི་ཏིང་ངེ་འཛིན་གྱིས། སྣང་བ་ཐམས་ཅད་ལྷ་སྐུའི་རོལ་པ་སྤྲོ་བ་སོགས་རྩལ་སྣང་གོང་འཕེལ་གྱིས་བོགས་ཕྱུངས་པས། མ་དག་པའི་ལས་སྣང་འདི་ཐམས་ཅད་དག་པ་ལྷ་སྐུར་བསྒྱུར་བའི་ཏིང་ངེ་འཛིན་ལ་འབད་པར་བྱའོ། །དེ་ལྟར་ལྷའི་སྣང་ཞེན་ལ་བསླབ་པའི་དམིགས་སྐོར་རྣམས་དང་། རྣམ་པ་བྱེ་བྲག་སོ་སོ་ལ་སེམས་འཛིན་པ་རྣམས་གོ་རིམ་འདི་ཁོ་ན་ལྟར་མཐའ་གཅིག་ཏུ་དགོས་པ་མ་ཡིན་པས། གང་སེམས་བཟུང་སླ་ས་ནས་བཟུང་བས་ཆོག་ཅིང་། འོན་ཀྱང་
སྔར་ཏིང་ངེ་འཛིན་གྱི་མྱོང་བའི་སྣེ་མ་ཟིན་པ་ཡིན་ན་ཐོག་མར་རྣམ་པ་ལ་སེམས་འཛིན་པ་གཙོ་བོར་བཏོན་ཏེ། དེས་ལྷ་སྐུའི་གསལ་སྣང་ལ་རྩེ་གཅིག་ཏུ་སེམས་ཟིན་པས་ཞི་གནས་གྲུབ་པ་ཞིག་དགོས། དེའི་ཚེ་བསམ་གཏན་གྱི་སྐྱོན་ཡང་། གལ་ཏེ་རྣམ་རྟོག་ཆིག་སྐྱེར་བ་འཕྲོ་ན་འཕྲོ་རྦད་ཆོད་ཀྱིས་བསྒོམ། ལུ་གུ་རྒྱུད་དུ་འཕྲོ་ན་རིག་པ་འཇུར་མིག་ནས་འདོན། འདོད་ཡོན་གྱིས་སེམས་གཡེང་ན་ཉེས་དམིགས་བསམ། བསྒོམ་པས་སྐྱོ་ཞིང་འཚེར་ན་ཏིང་ངེ་འཛིན་གྱི་ཕན་ཡོན་བསམ་སྟེ་སྤྲོ་བ་བསྐྱེད་པ་སོགས་སྐྱོན་འཕྲལ་འཕྲལ་དུ་བསལ་ནས་བསྒོམ། ལྷ་སྐུའི་གསལ་སྣང་ལ་སེམས་ཟིན་པའི་ཚེ། དེ་ཉིད་ལ་ཐུན་ཆུང་གྲངས་མང་བས་སྣ་མ་འགྲོགས་པར་བྱས་ཏེ་མཉམ་པར་འཇོག་ཅིང་། ཞག་བདུན་ཙམ་གྱི་བར་ཞག་རེ་བཞིན་ཐུན་ཇེ་རིང་ལ་གཏོང་བ་དང་། ཐུན་མཚམས་སུའང་ལྷའི་གསལ་སྣང་དེ་ཉིད་སྐྱོང་ཅི་ཐུབ་བྱ། ཡང་ཞག་བདུན་གྱི་བར་ཐུན་ཇེ་ཆུང་ལ་གཏོང་ཞིང་ཐུན་མཚམས་སུའང་གསལ་སྣང་མ་བྲལ་བར་སྐྱོང་བ་སོགས་ཐུན་གྱི་སྐྱེ་འབྲི་ཡང་ཁམས་ཚོད་དང་སྦྱར་ནས་བསླབ། གལ་ཏེ་རྒོད་ཅིང་འཕྲོ་ན་ལྟ་སྟངས་ཟིམ་མེ་བ་ལ་རང་བབས་སུ་བཞག །རིག་པའང་མཐུར་དུ་སྨད་ཅིང་ཤེས་པ་ཁོང་ཀློད། ཟས་བཅུད་དང་ཅུང་ཟད་མང་བ་བརྟེན།
ས་དམའ་བའམ་དྲོ་སར་འདུག །ཡང་དབྱིངས་ན་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས་ཏེ་རིག་པ་ལ་ཧུར་བཏོན་ནས་མཁའ་ལ་བལྟ། ཁ་ཟས་བསིལ་ཞིང་ཉུང་བ་དང་། གནས་མཐོ་ཞིང་བསིལ་བའམ་མཐོངས་དཀར་སར་འདུག་པས་སེལ། སྤྱིར་འཕྲོ་རྒོད་ལ་འཆི་བ་མི་རྟག་པ་དང་འཁོར་བའི་སྡུག་བསྔལ་བསམ་ལ་སྐྱོ་བ་བསྐྱེད་དེ་ཅིས་ཀྱང་དགོས་པ་མེད་སྙམ་དུ་ཡང་ཡང་བསམ། བྲིས་སྐུ་ལྟ་བུ་དམིགས་རྟེན་ཡིད་དུ་འོང་བ་ཞིག་ལ་སེམས་སྒྲིམས་ཏེ་ཅུང་ཟད་བཞག་རྗེས། དེ་ལ་མི་བལྟ་བར་ཤེས་པ་ཁོང་ཀློད་དེ་བཞག་པས་སེལ། བྱིང་བ་ལ་གྲུབ་ཐོབ་གོང་མ་རྣམས་ཀྱི་རྣམ་ཐར་ངོ་མཚར་ཅན་མང་པོ་དྲན་པས་སྤྲོ་བ་བསྐྱེད། ལྷ་སྐུའི་ཆ་ཤས་ཀྱི་རྣམ་པ་རེ་རེ་ནས་དམིགས་པ་གཏད་ཅིང་དམིགས་རྟེན་ཡང་ཡང་སྤོས་ནས་བསྒོམ་པས་ངེས་པར་སེལ། བྱིང་རྒོད་མེད་པར་གནས་ན་བཟོ་བཅོས་མེད་པར་བསྐྱང་བར་བྱ། ཡང་སྔ་ཐུན་ནམ་གུང་ཐུན་འགོ་ལ་ཉམས་བཟང་ཞིང་། ཕྱི་ཐུན་ནམ་ཐུན་གཤམ་ལ་ངན་ན། ཆུ་ཟད་པའི་རྫིང་ལྟར་ཁམས་ཀྱིས་མ་ལྕོགས་པ་ཡིན་པས་ཁམས་གསོ་ཞིང་ཀློད་ནས་བསྒོམ། སྔ་ཐུན་ནམ་ཐུན་འགོ་ལ་ངན་ཕྱི་ཐུན་ནམ་ཐུན་གཤམ་ལ་བཟང་ན། ཡུར་བས་ཆུ་མ་འདྲོངས་པ་ལྟར་སྦྱོར་བརྩོན་ཆུང་བ་ཡིན་པས་རིག་པ་འཇུར་མིག་ནས་བཏོན་ལ་ཤེས་པ་དྲུངས་སུ་
བཅུག་སྟེ་བསྒོམ་ཞིང་། འདི་དག་གི་གནད་འོག་མ་རྣམས་སུའང་ཤེས་པར་བྱའོ། །དེ་ལྟར་འབད་པས་ཐོག་མར་ཡིད་ཀྱི་ཡུལ། བར་དུ་དབང་པོའི་ཡུལ། མཐར་རེག་པའི་ཡུལ་དུ་གསལ་ཞིང་བརྟན་པ་ན། ཡུལ་གསུམ་གྱད་དུ་གྱུར་པ་ཞེས་བྱ་སྟེ། གསལ་བའི་ཚད། གསལ་ལེ། སང་ངེ་། ལྷག་གེ། ལྷང་ངེ་བ་བཞི་དང་། བརྟན་པའི་ཚད། མི་གཡོ། མི་འགྱུར། མངོན་པར་མི་འགྱུར། ཅིར་ཡང་བསྒྱུར་དུ་བཏུབ་པ་བཞི་སྟེ་གསལ་བརྟན་གྱི་ཚད་བརྒྱད་ཐོབ་པའི་ཚེ་སྣང་བ་ལྷའི་དཀྱིལ་འཁོར་དང་འདྲེས་པ་ཡིན་ནོ། །གཉིས་པ་གསུང་བཟླས་པའི་རིམ་པ་ལ་གསུམ། བསྙེན་པ། སྒྲུབ་པ། ལས་སྦྱོར་རོ། །དང་པོ་ནི། རང་གི་ཐུགས་འོད་ལྔར་འཁྱིལ་བའི་ཀློང་དུ་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྦུབས་སུ་སྲོག་གི་སྙིང་པོ་བྃ་ཡིག་དཀར་དམར་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བས་གཡོན་སྐོར་དུ་བསྐོར་བ་གསལ་བཏབ་ལ་སེམས་བཟུང་། དེ་ལ་གསལ་སྣང་བ་བརྟན་པ་ན་ངག་གིས་བཟླས་པའི་རྐྱེན་གྱིས་ས་བོན་སྔགས་ཕྲེང་དང་བཅས་པ་ལས་ཡེ་ཤེས་ཀྱི་འོད་ཟེར་ཉི་མའི་ཟེར་ཐག་ལྟ་བུ་འཕྲོས། བརྟན་གཡོའི་དངོས་པོ་ཀུན་ལ་ཁྱབ་པས་གཟུང་འཛིན་གྱི་ཞེན་རྟོག་དྲི་མ་མཐའ་དག་སྐད་ཅིག་ལ་སྦྱངས། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་ཡེ་ཤེས་རྡོ་རྗེའི་གོ་འཕང་ལ་
བཀོད། སྣང་བ་ཐམས་ཅད་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་སྐུ། གྲགས་པ་ཐམས་ཅད་མི་ཤིགས་སྔགས་ཀྱི་རང་སྒྲ། དྲན་རྟོག་བདེ་ཆེན་ཡེ་ཤེས་ཀྱི་རོལ་པར་གྱུར་ནས་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷན་སྐྱེས་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་རྫོགས་པར་བསམ་ལ་བསྙེན་སྔགས་བཟླ། གྲངས་ཚད་འབུམ་ཕྲག་བཅོ་ལྔ་ནས་བཞིས་མཐའ་བརྟེན་པ་དང་། དུས་ཟླ་བ་དྲུག་ནས་གཅིག་གི་བར་དང་། མཚན་མའི་བསྙེན་པ་ནི་རྟགས་མཐོང་གི་བར་རོ། །གཉིས་པ་སྒྲུབ་པ་ནི། སྤྱི་བོའི་རིགས་བདག་གི་དཔྲལ་པར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ལྟེ་བར་ཧྲཱིཿལྗང་སེར་རྣམས་འོད་འབར་བས་མཚན་པར་བསྒོམ། རང་གི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་མཆོད་པའི་ཚུལ་དུ་འཕྲོས། རིགས་བདག་གི་ཐུགས་ཀར་ཕོག་པས་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ། ཉམས་ཆག་ཉེས་ལྟུང་ཐམས་ཅད་སྦྱང་། དགྱེས་པ་ཆེན་པོའི་དམ་ཚིག་མཆོག་ཏུ་གྱུར། བདེ་བའི་ཡེ་ཤེས་བཟོད་མེད་དུ་འབར་ནས་རྗེས་སུ་ཆགས་པའི་ཉམས་འགྱུར་གྱིས་དགོངས་ཏེ་བཞུགས་པའི་གནས་བཞིའི་ཡི་གེ་ལས་རང་མདོག་གི་འོད་ཟེར་བདུད་རྩིའི་རང་བཞིན་ཅན་དཔག་ཏུ་མེད་པར་བྱུང་བ་རང་གི་གནས་བཞིར་ཐིམ་པས་
དབང་བཞིའི་བྱེད་ལས་ཀྱིས་དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས། ལུས་སེམས་ཟག་མེད་ཀྱི་བདེ་བས་ཡོངས་སུ་ཁྱབ་པར་བསམ་ལ་བཟླ་ཞིང་། གྲངས་དུས་མཚན་མའི་ཚུལ་ཡང་སྔར་བཤད་པ་བཞིན་ནོ། །བསྙེན་སྒྲུབ་ཀྱི་བཟླས་པའི་སྐབས་རྣམ་པར་རྟོག་པས་མི་གཡེང་བར་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་གྱིས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལ་དམིགས་པའི་གསལ་སྣང་བརྟན་པོས་བཟླས་པ་སྐྱོན་དང་བྲལ་བར་བཟླས་པས་ངག་ལ་སྔགས་ཀྱི་གཟེར་ཐེབས་པར་བྱའོ། །གསུམ་པ་ལས་སྦྱོར་ནི། དུས་གྲངས་རྟགས་ཚད་གང་ཡང་རུང་བའི་བཟླས་པ་མཐར་ཕྱིན་ནས་དམིགས་པ་དང་སྔགས་ཀྱི་ཤམ་བུས་ཁ་བསྒྱུར་བ་སྟེ། དེ་ལ་བཞི། དང་པོ་ཞི་བའི་ལས་ནི། ཐོ་རངས་ཀྱི་དུས་སུ་ཁ་ཤར་དུ་བལྟས་ལ། རང་ཉིད་བདེ་ཆེན་ཡེ་ཤེས་མཁའ་འགྲོ་སྐུ་མདོག་སྟོན་ཟླ་ལྟར་དཀར་བ། ཐུགས་སྲོག་སྔགས་ཕྲེང་རྣམས་ཀྱང་ཤེལ་ལྟར་དཀར་བ་ལས་འོད་ཟེར་ཟླ་ཤེལ་ལྟར་དཀར་ཞིང་བདུད་རྩིའི་རང་བཞིན་དཔག་ཏུ་མེད་པ་བརྟན་གཡོ་ཁྱབ་པར་འཕྲོས་པས། རང་གཞན་རྣམས་ཀྱི་སྡིག་སྒྲིབ་ཉེས་ལྟུང་ནད་གདོན་བར་ཆད་སོགས་མི་མཐུན་གནོད་པའི་ཕྱོགས་ཐམས་ཅད་མུན་པ་ལ་ཉི་མ་ཤར་བ་ལྟར་སངས་ཀྱིས་བསལ་ནས་ཞི་བར་བསམ་ཞིང་རྩ་སྔགས་ལ་ལས་སྔགས་བཏགས་
པ་བཟླ། གཉིས་པ་རྒྱས་པའི་ལས་ནི། ཉི་ཤར་ལ་ཁ་བྱང་དུ་བལྟས་ཏེ། རང་ཉིད་ས་བོན་སྔགས་ཕྲེང་དང་བཅས་པ་གསེར་བཙོ་མའི་མདངས་ལྟར་སེར་བ་ལས་འོད་ཟེར་ཛམྦུའི་ཆུ་བོའི་གསེར་མདོག་ལྟ་བུ་འཕྲོས་པས། བདག་གཞན་ཀུན་གྱི་ཚེ་དང་བསོད་ནམས། དཔལ་འབྱོར་སྙན་གྲགས། ཉམས་རྟོགས་ཡེ་ཤེས་སོགས་ལེགས་ཚོགས་ཡོན་ཏན་མ་ལུས་པ་འཕེལ་ཞིང་རྒྱས་པར་བསམ་ལ་རྩ་སྔགས་ལས་ཤམ་ཅན་བཟླ། གསུམ་པ་དབང་གིས་ལས་ནི། དགོངས་མོ་ཁ་ནུབ་ཏུ་བལྟས་ལ། རང་ཉིད་ས་བོན་སྔགས་ཕྲེང་དང་བཅས་པ་བྱེ་རུའི་སྡོང་པོར་ཏིལ་མར་གྱིས་བྱུགས་པ་ལྟར་དམར་བ་ལས་རྗེས་ཆགས་ཀྱི་འོད་ཟེར་དམར་པོ་པདྨ་རཱ་གའི་མདངས་ལྡན་འཕྲོས་པས་ཁམས་གསུམ་བརྟན་གཡོའི་དྭངས་བཅུད། ཁྱད་པར་སྲིད་པ་གསུམ་གྱི་དཔལ་འབྱོར་ཕུན་ཚོགས། རླུང་སེམས་སྣང་བ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་འུབ་ཀྱིས་བསྡུས་ནས་རང་ལ་ཐིམ་པས་སྣང་སེམས་རང་དབང་དུ་འདུས་པར་བསམ་ལ་རྩ་སྔགས་ལས་ཤམ་བཏགས་པ་བཟླ། བཞི་པ་དྲག་པོའི་ལས་ནི། སྲོད་ཀྱི་དུས་ཁ་ལྷོར་བལྟས་ཏེ། རང་ཉིད་ས་བོན་སྔགས་ཕྲེང་དང་བཅས་པ་མཐིང་ནག་དུས་ཀྱི་མུན་པ་ཆེན་པོའི་ཁ་དོག་ལྟ་བུ་ལས་མེ་ཕུང་དང་མཚོན་ཆའི་རང་བཞིན་ཀྱི་འོད་ཟེར་ཚ་ཞིང་
རྩུབ་ལ་རྣོ་ཞིང་ངར་བ་ཁྲོ་ཆུང་གི་ཚྭ་ཚྭ་སེར་རྒོད་བབས་པ་ལྟར་འཕྲོས་པས། བདག་གཞན་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གཟུགས་ཅན་གྱི་དགྲ། གཟུགས་མེད་ཀྱི་བགེགས། བར་དུ་གཅོད་པའི་ལོག་འདྲེན་འབྱུང་པོ་གདུག་པ་ཐམས་ཅད་སྐད་ཅིག་ཉིད་ལ་ཚར་བཅད། གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་ཆོས་ཀྱི་དབྱིངས་སུ་བཅོམ་པར་བསམ་ལ་རྩ་སྔགས་ལས་སྔགས་སྤེལ་བ་བཟླ། འདི་རྣམས་ཀྱི་གྲངས་ཚད་སྤྱིར་བསྙེན་སྒྲུབ་ཀྱི་བཞི་ཆ་ལོངས་པ་སོགས་ཆ་སྙོམས་པའམ། དམིགས་བསལ་གྱི་ལས་གང་བསྒྲུབ་པར་འདོད་པ་ཉིད་མང་དུ་བཟླ་ཞིང་། མཚན་མའི་རྟགས་སྤྱི་དང་མཐུན་པའོ། །འཕྲོ་འདུའི་ཏིང་ངེ་འཛིན་མེད་ན་དམིགས་གཏད་ཕྱོགས་གཅིག་གིས་འདོད་པའི་དོན་མི་འགྲུབ་པས་ཕྲིན་ལས་རྣམ་པ་བཞི་གང་འདོད་སྒྲུབ་པ་ལ་འཕྲོ་འདུའི་གཟེར་ཐེབས་པར་བྱའོ། །འདི་དག་གིས་འཁོར་བར་མིང་ཚིག་ཡི་གེའི་རྣམ་རྟོག་དང་ངག་གི་ཞེན་པ་སྦྱོང་། འབྲས་བུ་གསུང་གཞོམ་མེད་ནཱ་དའི་དབྱངས་སུ་རྫོགས་པས་གདུལ་བྱ་ཆོས་འཁོར་བསྐོར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་སྐབས་སུ་རླུང་དག་པར་བྱེད་པའི་གཞི་འདིང་ངོ་། །གསུམ་པ་ཐུགས་འོད་གསལ་གྱི་རྣལ་འབྱོར་ནི། ཐུན་བསྡུ་བ་ན། རང་གི་ཐུགས་ཀ་ནས་འོད་
ཟེར་འཕྲོས། སྣང་སྲིད་བརྟན་གཡོ་ཐམས་ཅད་ལ་ཁྱབ། སྣོད་གཞལ་ཡས་ཁང་དང་བཅུད་ལྷའི་སྐུར་དག་པར་བྱས། དེ་ཐམས་ཅད་རིམ་པར་འོད་དུ་ཞུ་ཆོས་འབྱུང་ལ་ཐིམ། དེ་རང་ལ། རང་ཡང་མཐའ་ནས་དབུས་སུ་འདུས་ཏེ་ཐུགས་ཀའི་བྃ་ཡིག་ལ་ཐིམ། དེའང་གྱེན་ལ་རིམ་གྱིས་ཐིམ་སྟེ་མཐར་ཐིག་ལེ་དང་། དེའང་ནཱ་ད་ཤིན་ཏུ་ཕྲ་བར་གྱུར་པ་ལ་སེམས་བཟུང་། དེའང་མི་དམིགས་པར་ཡལ་བར་མོས་ལ་བློ་ལས་འདས་པའི་གནས་ལུགས་ཀ་དག་གི་ངང་དུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་ཆུ་ལས་རླབས་གཡོས་པ་བཞིན་བདེ་རླུང་སེམས་གསུམ་དབྱེར་མེད་པའི་གཉུག་མའི་ལྷ་སྐུར་ལམ་གྱི་གསལ་བཏབ། གཟུགས་སྣང་ལྷ། སྒྲ་གྲགས་སྔགས། དྲན་རིག་ཐུགས་འོད་གསལ་ཆེན་པོའི་རང་བཞིན་ཐམས་ཅད་ཡེ་ཤེས་ཆེན་པོའི་འཁོར་ལོར་མོས་ལ་དྲན་ཤེས་དང་མ་བྲལ་བས་ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ལམ་དུ་ཁྱེར་བ་བྱའོ། །འདིས་འདུ་བྱེད་ཀྱི་ཐ་མ་འཇིག་ཅིང་ལྡང་བ་སྦྱོང་སྟེ། སྣོད་བཅུད་སྲུང་འཁོར་གཞལ་ཡས་རྣམས་ལྷ་དམ་ཚིག་སེམས་དཔའ་ལ་བསྡུ་བ་ནི་རགས་པ་ཐིམ་པ། དམ་ཚིག་སེམས་དཔའ་སྙིང་གའི་བྃ་ལ་བསྡུ་བའི་བར་སྣང་གསུམ། དེ་ཡང་བསྡུ་བ་འོད་གསལ་སྟེ་འཁོར་བར་སྐྱེ་བ་ལས་སླར་ཡང་འཆི་བ་དང་དེ་
ལས་བར་སྲིད་དུ་ལྡང་བ་སྦྱོར། འབྲས་དུས་སུ་གཟུགས་སྐུ་ཆོས་ཀྱི་སྐུའི་དབྱིངས་སུ་བསྡུ་ཞིང་སླར་ཡང་རྒྱུན་མི་ཆད་པར་འཆར་བའི་རྟེན་འབྲེལ་སྒྲིག །རྫོགས་རིམ་གྱི་དུས་དོན་གྱི་འོད་གསལ་ལ་བསྒྲུབས་ནས་ཟུང་འཇུག་གི་ལྷ་སྐུར་ལྡང་བའི་གཞི་འདིང་བའོ། །དེ་ལྟར་བསྐྱེད་པའི་རིམ་པ་ཀུན་ལ་རྟེན་དང་བརྟེན་པར་བཅས་པའི་རྣམ་པར་སྣང་བ་ཐམས་ཅད་སྣང་དུས་ཉིད་ནས་བདེན་དངོས་སུ་གྲུབ་པ་མེད་པ་ཆུ་ཟླའམ་མེ་ལོང་དུ་ཤར་བའི་གཟུགས་བརྙན་ལྟར་ངོ་བོ་སྟོང་པ་ཉིད་དུ་ཤེས་ཤིང་། སྟོང་བཞིན་དུ་རང་མདངས་འགག་པ་མེད་པ་ལྷའི་དཀྱིལ་འཁོར་དུ་ལམ་མེར་སྣང་བས། སྣང་སྟོང་ཟུང་འཇུག་ཡེ་ཤེས་སྒྱུ་མའི་རྣམ་པར་རོལ་པ་ཅིར་ཡང་མ་ཡིན་པས་ཅིར་ཡང་འཆར་བ། དེ་ཐམས་ཅད་ཀྱང་གདོད་མ་ནས་སྐྱེ་འགག་འཕོ་འགྱུར་བྲལ་བའི་རང་རིག་རང་གསལ་གཉུག་མ་གཤིས་ཀྱི་གནས་ལུགས་ལས་གཞན་དུ་མ་གྲུབ་པར་རྟོགས་པའི་ངང་བཞག་ཆེན་པོར་གོམས་པ་བརྟན་པས། བསྐྱེད་རྫོགས་དབྱེར་མེད་ཡེ་ཤེས་ཆེན་པོའི་སྐུར་ལ་ཟློས་ཏེ་ལྷ་དང་ཆོས་ཉིད་རོ་མཉམ་དུ་སྨིན་པའི་དགོངས་པ་མི་འགྱུར་བའི་གཟེར་ཐེབས་པར་བྱའོ། །དེ་ལྟ་བུའི་གདིང་ཐོབ་པས་ཡེ་ཤེས་ལྷའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་རོ་གཅིག་ཏུ་འདྲེས་ནས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ།
ཡེ་ཤེས་ཆེན་པོའི་རྩལ་འབྱོང་། ཕྲིན་ལས་སྣ་ཚོགས་ལ་རང་དབང་སྒྱུར་བར་འགྱུར་རོ། །གཉིས་པ་ཡོན་ཏན་བསྟན་པ་ནི། དེ་ལྟར་བསྐྱེད་རིམ་བསྒོམ་པ་དང་བཟླས་པ་ཚུལ་བཞིན་ཏུ་བྱས་པའི་འབྲས་བུ་སྤྱིར་ནི། ཇི་སྐད་དུ། དེ་ལྟར་བསྙེན་སྒྲུབ་བཟླས་པ་ཡིས༔ རབ་ཏུ་མཁའ་འགྲོའི་དངོས་ཞལ་མཐོང་༔ གསུང་ཐོས་བདེ་ཆེན་ཡེ་ཤེས་འཐོབ༔ འབྲིང་དུ་དེ་རྣམས་ཉམས་སུ་སྟེ༔ ཐ་མ་རྨི་ལམ་ཚུལ་དུ་འཆར༔ གཞན་ཡང་བུད་མེད་ཚོགས་མང་འདུ༔ ཆགས་དང་དགའ་བས་ཟས་ནོར་སྟེར༔ མེ་ཏོག་སྨན་ལྗོངས་ཉམས་དགར་རྩེ༔ བརྡ་ཡི་གླུ་ལེན་རོལ་མོ་འཁྲོལ༔ ཕྱག་མཚན་དམ་ཚིག་རྫས་མང་རྙེད༔ དེ་ལྟའི་རྨི་ལམ་མཐོང་བ་དང་། དངོས་སུ་ཉམས་དགའ་བག་ཕེབས་ཤིང་༔ ཟབ་གསང་ཤེས་རབ་རྩོལ་མེད་འཆར༔ རྡོ་རྗེའི་མགུར་གླུ་ཐོགས་པ་མེད༔ མཐོང་ཚད་ཉམས་འུར་སྣང་བ་འགྱུར༔ ནང་ནུབ་བཟའ་བཏུང་ཉིན་མོར་མི༔ མཚན་མོར་མཁའ་འགྲོ་འདུ་བ་དང་༔ ལུས་བདེ་ངག་ནུས་སེམས་རྟོགས་འབར༔ གཞན་རྒྱུད་བྱིན་རླབས་རྩོལ་མེད་འབྱུང་༔ ལུས་ཀྱང་རླུང་རྒྱུ་མི་ཚོར་ཞིང་༔ རྟོགས་པ་བརྟན་པོའི་དྲོད་ཐོབ་འགྱུར༔ དེ་ལྟར་བྱུང་ན་ཐུན་མོང་དང་༔ མཆོག་གི་དངོས་གྲུབ་དཀའ་བ་མེད༔ དེ་ཕྱིར་བརྩོན་པས་བསྒྲུབ་པར་བྱ༔ ཞེས་དང་
དེ་ལྟར་ཟབ་མོའི་ལམ་འདི་ལ༔ ཐེ་ཚོམ་བྲལ་བས་སྒྲུབ་གྱུར་ན༔ དངོས་ཉམས་རྨི་ལམ་གང་རུང་དུ༔ མངོན་སུམ་ལྷ་ཞལ་མཐོང་བ་དང་༔ ཆུ་ཆེན་བརྒལ་དང་རི་རྩེར་འཛེག༔ མེ་ཏོག་དཀར་པོའི་ཚལ་དུ་ཕྱིན༔ མཁའ་ལ་ཐོགས་མེད་འགྲོ་བ་དང་༔ གསང་རྫས་བདུད་རྩི་ཁོལ་ཞིང་ལུད༔ ཁྱད་པར་འོད་གསལ་དགོངས་པའི་གདིང་༔ འཕོ་འགྱུར་མེད་པའི་བརྟན་ཐོབ་ནས༔ འོག་མིན་ཌཱ་ཀིའི་ཚོགས་རྣམས་དང་༔ སྐལ་བ་མཉམ་པ་ཁོ་ནའོ༔ ཞེས་གདམས་པ་ལྟར། ཁྱད་པར་སྣང་སྲིད་གཞིར་བཞེངས་ཆེན་པོའི་བསྐྱེད་རིམ་གྱི་གསལ་སྣང་མཐར་ཕྱིན་པས་ཐ་མལ་གྱི་སྣང་ཞེན་ལྷའི་འཁོར་ལོར་དག །སྤྱན་དང་མངོན་ཤེས་འགྲུབ། རྫུ་འཕྲུལ་ལ་དབང་བསྒྱུར། རྣམ་པར་སྨིན་པའི་རིག་འཛིན་ཚེ་འདིར་འགྲུབ་བར་འགྱུར་རོ། །གཉིས་པ་ཟབ་པ་སྔགས་ཀྱི་རྣལ་འབྱོར་ནི། གཞུང་འདི་ཉིད་དུ་བཤད་པའི་རྫོགས་རིམ་གྱི་རྣལ་འབྱོར་ཐམས་ཅད་ཀྱི་རྩ་བར་གྱུར་པ་སྟེ། དེ་ལ་གཉིས། རྣལ་འབྱོར་དངོས་དང་། དེ་ཉིད་བསྒོམ་པའི་ཡོན་ཏན་བཤད་པའོ། །དང་པོ་ནི། གསང་བའི་དབང་གི་ལམ་ཁྱེར་དུ༔ ལུས་གནད་ཆུན་བཙལ་རླུང་རོ་བསལ༔ བུམ་པ་ཅན་གྱི་སྦྱོར་བ་དང་༔ བསྟུན་ཏེ་འགོག་དང་རྡོར་བཟླས་བྱ༔ ཐོག་མར་ཡུན་ཐུང་གྲངས་
མང་ནས༔ རིམ་བཞིན་གོམས་པ་མངོན་གྱུར་ཚེ༔ འགྲོ་འོང་རླུང་སེམས་རྒྱུ་བ་ཀུན༔ འཕོ་མེད་དབུ་མའི་སྦུབས་སུ་བཅིང་༔ ཞེས་པས། བདེ་ཞིང་འབོལ་བའི་གདན་ལ་འཁོད། ལུས་གནད་བསྲང་ལ་རྣམ་སྣང་གི་ཆོས་བདུན་དང་ལྡན་པར་བྱ། སྣ་བུག་གཡས་གཡོན་དབུས་གསུམ་ནས་རླུང་རོ་ལན་གསུམ་ཕྱིར་བུས་ཏེ་ཐོག་མ་ནས་བསགས་པའི་སྡིག་སྒྲིབ་ནད་གདོན་བགེགས་དང་བར་ཆད་མ་ལུས་པ་སངས་ཀྱིས་དག་པར་མོས། དེ་ནས་ཐོག་མར་ཕྱི་ལུས་ཀྱི་སྟོང་ར་བསྒོམ་པ་ནི། རང་ཉིད་གཙོ་མོ་ཡེ་ཤེས་མཁའ་འགྲོ་ཞལ་ཕྱག་ཁ་དོག་གོང་དུ་སྨོས་པ་ལྟར་ཤིན་ཏུ་གསལ་ཞིང་བརྟན་པའི་སྐུ་ལུས་ཀྱི་ནང་དར་དཀར་གྱི་གུར་ཕུབ་པ་ལྟར་སྟོང་སང་ངེ་བ་ལ་སེམས་བཟུང་། དེ་ལ་གསལ་སྣང་བརྟན་པ་དང་ནང་རྩའི་སྟོང་ར་བསྒོམ་པ་ནི། ལུས་ཀྱི་དབུས་སུ་རྩའི་གཙོ་མོ་ཨ་ཝ་ངྷུ་ཏི་ཡར་སྣ་སྤྱི་བོ་དང་མར་སྣ་ལྟར་འོག་ཏུ་ཟུག་པ། དྲང་བ་སྨྱུག་མ་ལྟ་བུ། སྲབ་པ་པདྨའི་འདབ་མ་ལྟ་བུ། དྭངས་པ་ཏིལ་མར་གྱི་མར་མེ་ལྟ་བུ། ཁ་དོག་དཀར་གསལ་ཤེལ་དཀར་གྱི་ཀྭ་བ་བཙུགས་པ་ལྟ་བུ། ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟ་བུ་ལ་ཡུན་རིང་སེམས་བཟུང་། དེ་ལ་གསལ་སྣང་བརྟན་པ་ན་གསང་བ་ཐིག་ལེའི་སྟོང་ར་ནི། སྙིང་གར་དབུ་མའི་ནང་དུ་ཆོས་འབྱུང་དམར་པོ་གདེངས་ཀ་གཡེལ་བ་
གྱེན་དུ་བསྟན་ཅིང་རྩ་བ་ཕྲ་མོ་ཐུར་དུ་ཟུག་པའི་ནང་དུ་ཟླ་བའི་གདན་ལ་མི་ཤིགས་པའི་ཐིག་ལེ་བྃ་ཡིག་དཀར་པོའི་རྣམ་པ་ཅན་བདེ་ཕྲི་ལེར་གནས་པ་ལས་བདེ་ཆེན་གྱི་འོད་ཟེར་འཕྲོ་བས་དབུ་མའི་ནང་ཁྱབ་ཅིང་བདེ་བས་གང་བར་བསམ་ལ་སེམས་ཅི་གནས་སུ་བཟུང་། དེའི་ངང་ལས་དབང་པོ་སྒོ་ལྔའི་རྣམ་པར་ཤེས་པ་ཕྱི་རོལ་གྱི་ཡུལ་སོ་སོར་འཕྲོ་བར་བརྩམ་པ་ན་དེ་མ་ཐག་ཏུ་དྲན་ཤེས་ཀྱིས་ཟིན་པར་བྱས་ཏེ། ཡུལ་དུ་སྣང་ཙམ་པ་དེ་ལས་ཞེན་འཛིན་གྱི་རྟོག་པ་སྤངས་ཏེ་སྙིང་གའི་བྃ་ཡིག་དཀར་པོ་ལ་སེམས་རྩེ་གཅིག་ཏུ་གཏད། དེ་ལ་མི་གནས་ན་འཇམ་རླུང་བུམ་པ་ཅན་ཇི་ཙམ་ནུས་པ་གཡོ་མེད་དུ་བཅིངས་ཤིང་སྙིང་གའི་ཡི་གེ་ལ་སེམས་བཟུང་ཞིང་ཡིད་བཟླས་བྱ། དེ་ལྟར་མི་བདེ་བ་མེད་མེད་ཀྱི་བར་རླུང་བཟུང་ནས་ཅུང་ཟད་མི་བདེ་སྙམ་བྱེད་པ་ན་སྣ་སྒོ་གཉིས་ནས་ཐོག་མར་སྤུ་མི་འགུལ་བའི་ཚོད་ཙམ་ལས་བར་དུ་ཤུས་བསྐྱེད་ཅིང་མཐར་སངས་ཀྱིས་འཕང་། དེ་ལ་ཅུང་ཟད་གོམས་པ་ན། རླུང་འཇུག་གནས་ལྡང་གསུམ་ཡི་གེ་འབྲུ་གསུམ་གྱི་གདངས་སུ་མོས་པ་རླུང་སྔགས་སྟོང་པ་གསུམ་དབྱེར་མི་ཕྱེད་པ་ཤེས་པའི་སྒོ་ནས། དབུགས་རང་བབས་ཀྱི་འཇུག་གནས་ལྡང་གསུམ་ལ་སེམས་མ་ཡེངས་པར་གཏད་དེ། ནང་དུ་འཇུག་པའི་ཚེ་ཨོཾ།
གནས་པའི་ཚེ་ཨཱ༔ ཕྱིར་ལྡང་བའི་ཚེ་ཧཱུྃ་གི་སྒྲ་གདངས་སུ་ཤེས་པའི་སྒོ་ནས་སྐད་ཅིག་ཀྱང་མ་ཡེངས་པར་བཟླ་བར་བྱ། དེ་ཡང་རླུང་ནང་དུ་འདུས་ནས་འགག་པ་ལ་ཕྱོགས་པའམ་འགགས་ནས་སྤོས་དྲི་ཞིམ་པོས་སློང་བ་སོགས་ཐབས་ཀྱིས་བསལ་བར་བྱ་ཞིང་། དེ་ལ་མྱོང་བ་ཐོན་ནས་རྡོར་བཟླས་བུམ་པ་ཅན་སྦྱོར་བ་བཞི་ལྡན་གྱི་སྟེང་ནས་བྱ་སྟེ། རླུང་རོ་བསལ་ལ་ཕྱིར་ཅུང་ཟད་བཟུང་བའི་སྐབས་འོག་སྒོ་བསྡམ་ནས་ཐུར་སེལ་ཅན་ཟད་འཐེན། སྟེང་རླུང་ཨོཾ་གྱི་སྒྲར་མོས་ལ་ནར་གྱིས་རྡུབས་ཏེ་ལྟེ་བར་སྐྱུར་ཐབས་སུ་མནན། འོག་རླུང་ཡར་དྲངས་ཏེ་ཁ་སྦྱོར་དུ་འཆིང་ཞིང་བཟུང་ནས་གནས་པའི་བར་ཨཱཿཞེས་པའི་སྒྲ་གདངས་སུ་མོས། ཅུང་ཟད་མི་བདེ་ན་རྡུབས་ཆུང་དང་འཐེན་གནོན་བྱ། མི་ཐུབ་པ་ནི་ཧཱུྃ་གདངས་ལ་ཡིད་གཏད་དེ་དལ་བུས་ཕྲ་ལ་རིང་བའི་ཤུགས་ཀྱིས་ཕྱིར་འཕང་། དེ་ལྟ་བུས་བུམ་ཅན་ཆེ་འབྲིང་ཆུང་གསུམ་གང་རུང་མ་འགྲུབ་ཀྱི་བར་དུ་འབད་པར་བྱའོ། །དེ་ལྟར་གོང་གི་འགོག་བཟླས་དང་འདིར་རྡོར་བཟླས་གཉིས་པོ་རེས་མོས་སམ་གནད་དུ་གང་འགྲོ་ལ་རྩེ་གཅིག་ཏུ་གཅུན། དེ་ལྟར་སྒོམ་པའི་སྐབས་དང་སྐབས་སུ་རེས་མོས་ལྟ་བུ་དང་། མཐར་ཐུག་འཇོག་པའི་ཚེ་རྗེས་གཞིག་གི་རྣལ་འབྱོར་འདི་ལྟར་བསྒོམ་པར་བྱ་སྟེ། སྙིང་གའི་བྃ་ཡིག་ལས་
འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། བརྟན་པ་སྣོད་དང་གཡོ་བ་བཅུད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཁྱབ། དེ་ཐམས་ཅད་བདེ་བ་ཆེན་པོའི་ངོ་བོར་འོད་དཀར་དམར་མདངས་ལྡན་གྱི་རྣམ་པར་ཞུ་ཞིང་འདུས་ཏེ་རང་གི་སྨིན་མཚམས་བརྒྱུད་དབུ་མའི་ཡར་རྩེ་ནས་ཞུགས་ཤིང་སྙིང་གའི་རྗེས་གཞིག་གི་རྣལ་འབྱོར་འདི་ལྟར་བསྒོམ་པར་བྱ་སྟེ། སྙིང་གའི་བྃ་ཡིག་ལས་བྃ་ཡིག་ལ་ཐིམ། བདེ་བ་ཆེན་པོའི་ཡེ་ཤེས་ནམ་ཡང་མི་གཡོ་མི་འགྱུར་བར་བརྟན་པར་གྱུར་པའི་མོས་པས་འཇམ་རླུང་བཟུང་། རང་ཉིད་ལྷར་གསལ་བའང་སྟོད་སྨད་ནས་རིམ་གྱིས་འདུས་ཏེ་དབུ་མ་ལ་ཐིམ། དེ་ཆོས་འབྱུང་ལ་ཐིམ། དེ་ཟླ་གདན་དང་། དེ་བྃ་ལ་ཐིམ། དེའང་མས་རིམ་གྱིས་ཐིམ་སྟེ་མཐར་ན་དཱ་སྐྲ་རྩེ་ཙམ་ལ་སེམས་འཛིན། དེའང་དབྱིངས་སུ་ཡལ་ནས་ལྷན་སྐྱེས་བདེ་བ་སྟོང་ཉིད་འོད་གསལ་རྣམ་པར་མི་རྟོག་བཟུང་དུ་འཇུག་པའི་སྨྲ་བསམ་བརྗོད་བྲལ་གྱི་ཡེ་ཤེས་ཆེན་པོའི་ངང་དུ་མཉམ་པར་བཞག །དེ་ལས་ལྡང་བ་ན་སླར་ཡང་ཆུ་ལས་ཆུ་རླབས་གཡོས་པ་ལྟར་རང་ཉིད་གཉུག་མའི་ལྷ་སྐུར་ལམ་གྱིས་གསལ། ཕྱི་སྣོད་གཞལ་ཡས་ཁང་། ནང་བཅུད་ཡེ་ཤེས་ཀྱི་མཁའ་འགྲོའི་རང་བཞིན་དུ་རྣམ་པར་དག་པའི་ཡེ་ཤེས་ཀྱི་འཁོར་ལོར་ལྡང་ལ་སྤྱོད་ལམ་བྱའོ། །གཉིས་པ་དེའི་ཡོན་ཏན་བཤད་པ་ནི། དེ་ལྟར་ཡང་ནས་ཡང་དུ་གོམས་
ཤིང་གསལ་སྣང་རྩེ་གཅིག་ཏུ་བརྟན་པས་དབུ་མའི་མདུད་པ་གྲོལ་ནས་ཁ་བྱེ། རླུང་སེམས་དེར་འདུ་བའི་ཕྱིའི་རྟགས་དུ་བ་སྨིག་རྒྱུ་མེ་ཁྱེར་ལ་སོགས་པའི་སྣང་ཉམས་དང་། རྟགས་ཅན་ནང་དུ་བདེ་གསལ་མི་རྟོག་པ་ལ་སོགས་པའི་ཤེས་ཉམས་དུ་མ་འཆར། ཞི་གནས་ཀྱི་བསམ་གཏན་མཐར་ཐུག་པ་འགྲུབ་པར་འགྱུར་བ་སོགས་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་འབྱུང་བའི་ཚུལ་ནི། ཇི་སྐད་དུ། རྩེ་གཅིག་གོམས་པས་དབུ་མ་བྱེ༔ རླུང་སེམས་འདུ་བའི་ཕྱི་ནང་གི༔ རྟགས་དང་རྟགས་ཅན་མངོན་དུ་ཤར༔ བསམ་གཏན་མཆོག་ཏུ་འགྲུབ་པར་འགྱུར༔ ལས་ཀུན་ཚིག་ཙམ་བརྗོད་པས་འགྲུབ༔ ལུས་བདེ་ཡང་རྩལ་སྟོབས་དང་ལྡན༔ དུས་མིན་འཆི་དང་བར་ཆད་ཞི༔ ཚེ་རིང་རྒས་སྲ་དབང་པོ་གསལ༔ གོམས་པ་བརྟན་པས་འཆི་མེད་འགྲུབ༔ ཅེས་གསུངས་སོ། །གསུམ་པ་ཁྱད་པར་བདེ་བའི་རྣལ་འབྱོར་ནི། གཞན་ཡང་ཤེར་དབང་དང་འབྲེལ་བའི༔ ལམ་ཁྱེར་ཞུ་བདེའི་སྦྱོར་བ་ལ༔ རང་ལུས་སྟོང་རའི་གུར་ཁྱིམ་དབུས༔ རྩ་གསུམ་འཁོར་ལོ་བཞི་དང་བཅས༔ གསལ་བའི་སྤྱི་བོར་ཐབས་ཀྱི་ཆ༔ ཧཾ་ཡིག་ཟླ་བ་ཞུན་མའི་གདངས༔ ལྟེ་འོག་ཤེས་རབ་ཨ་ཐུང་དམར༔ འབར་ཞིང་སྲེག་པའི་རྣམ་པ་ཅན༔ བྱིན་རླབས་རླུང་
གིས་བསྐུལ་བ་ལས༔ ཡེ་ཤེས་མེ་འབར་རྩ་འཁོར་ཁྱབ༔ སྒོ་གསུམ་ཆ་མཉམ་སྡིག་སྒྲིབ་ཀུན༔ བསྲེག་སྦྱངས་ཧཾ་ལས་བདུད་རྩིའི་དྲངས༔ འཁོར་ལོའི་གནས་བཞིར་སོན་པ་ལས༔ དགའ་མཆོག་ཁྱད་པར་ལྷན་སྐྱེས་ཀྱི༔ བདེ་བ་ཆེན་པོ་ཉམས་མྱོང་ནས༔ སླར་ཡང་མས་བརྟན་སྦྱོར་བ་ཡིས༔ ལྷན་ཅིག་སྐྱེས་དགའི་བདེ་བ་ལ༔ རྟོག་མེད་སེམས་བཟུང་གོམས་པ་ན༔ ཕོ་ཉའི་ལམ་ལ་བརྟེན་ནས་སུ༔ ཟུང་འཇུག་ཡེ་ཤེས་བླ་མེད་སྒྲུབ༔ ཅེས་པས། འདི་ལ་གཉིས། གཏུམ་མོའི་རྣལ་འབྱོར་དང་། ཕྱག་རྒྱའི་རྣལ་འབྱོར་རོ། །དང་པོ་ལ་གསུམ། དྲོད་སྐྱེས་པ། བདེ་བ་སྤེལ་བ། ཡན་ལག་གི་ཆོས་ལྔ་བསྟན་པའོ། །དང་པོ་ནི། ལུས་གནད་ཙོག་པུར་རྒལ་ཚིག་དྲང་པོར་བསྲང་ཞིང་རྐང་ལག་གཉིས་བསྣོལ་མར་བསྡམས་པའི་མེ་ཐབ་དྲུག་ཆིངས་བཅའ། དམིགས་པའི་གནད་རང་ཉིད་ཡེ་ཤེས་མཁའ་འགྲོའི་སྐུའི་སྟོང་རར་གསལ་བའི་དབུས་དྲང་པོར་རྩ་དབུ་མ་ཁ་དོག་སྔོན་པོ་མཚན་ཉིད་བཞི་ལྡན། ཡར་སྣེ་སྤྱི་བོ་དང་མར་སྣེ་ལྟེ་འོག་སོར་བཞིའི་མཚམས་སུ་ཧད་པོར་ཡོད་པ། གཡས་སུ་རོ་མ་དཀར་མོ་དང་གཡོན་དུ་རྐྱང་མ་དམར་མོ་གཉིས་དབུ་མ་ལས་ཕྲ་བ་སུམ་གཤིབས་སུ་ཡོད་པའི་རོ་རྐྱང་གི་ཡར་སྣེ་སྤྱི་བོ་ནས་ཐུར་དུ་གུག་སྟེ་སྣ་བུག་གཡས་གཡོན་
དུ་དེང་ངེ་ཟུག་པ། མར་སྣེ་གཉིས་ལྟེ་འོག་དབུ་མའི་ནང་དུ་གྱེན་ལྡོག་གིས་ཆུད་པ། དེ་ལས་འཁོར་ལོའི་རྩ་འདབ་རྣམས་སྦུ་གུས་སང་ངེ་བའི་རྣམ་པ་ཅན་བསྐྱེད་པ་སྟེ། དེ་ཡང་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ཁ་མར་བལྟ་གདུགས་རྩིབས་ལྟ་བུ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པ་ཡར་བལྟ་གདུགས་འདེགས་ལྟ་བུ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་མར་བལྟ་གདུགས་རྩིབས་ལྟ་བུ། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ་གདུགས་རྩིབས་གན་རྐྱལ་དུ་གནས་པ་ལྟ་བུ། རྩ་འདབ་དེ་ཐམས་ཅད་ཀྱང་ཁ་དོག་དམར་སྐྱ་དྭངས་གསལ་སྦུབས་སྟོང་གི་རྣམ་པ་ཅན་དུ་སྒོམ། དེ་ལྟར་གསལ་ཐེབས་པ་དང་། སྤྱི་བོའི་འཁོར་ལོའི་ལྟེ་བར་ཧཾ་ཡིག་དཀར་པོ་བདུད་རྩིའི་རང་བཞིན་མགོ་ཐུར་དུ་བསྟན་པ། སྙིང་གའི་འཁོར་ལོའི་ལྟེ་བར་བྃ་ཡིག་དཀར་ལ་དམར་བའི་མདངས་ཆགས་པ། ལྟེ་འོག་ཏུ་གཏུམ་མོ་ཡེ་ཤེས་ཀྱི་མེ་རཾ་ཡིག་དམར་ས་ལེ་བའི་རྣམ་པ་ལེགས་པར་གསལ་གདབ། ཐུན་མགོར་རླུང་རོ་དགུ་ཕྲུགས་སུ་འབུད། ཐུན་ཕྱི་མ་རྣམས་ལ་ལན་གསུམ་རེ་བསལ། སྦྱོར་བ་བཞི་ལྡན་གྱི་བུམ་ཅན་ལྟེ་འོག་ཏུ་བཅིང་། སྣ་བུག་གཡོན་ནས་ནང་དུ་རྡུབས་པའི་རླུང་རྣམས་རོ་རྐྱང་གཉིས་བརྒྱུད་ལྟེ་འོག་ཏུ་སོང་བས་གཏུམ་མོའི་རྃ་ལས་མེ་
ལྕེ་ཤིན་ཏུ་ཕྲ་བ་གཅན་གཟན་གྱི་སྤུ་རྩེ་ཙམ་གློག་གི་ཟེར་མ་གཡོ་བ་ལྟ་བུ་འོད་དམར་ཆེམ་ཆེམ་འཁྱུགས་པ་བྱུང་། ལྟེ་བའི་གནས་སུ་སླེབས་པས་ལྟེ་བའི་འཁོར་ལོ་མེས་གང་། རྩ་འཁོར་དེས་གར་ཁྱབ་ཀྱི་སྙིགས་མའི་ཁམས་ཐམས་ཅད་རང་སར་སྐམ། དྭངས་མ་དངུལ་ཆུའི་མདོག་ལྟ་བུ་འཕེལ་བས་རྩ་འཁོར་གང་བར་དམིགས། རྟགས་ཐོན་བྱེད་སྐབས་འདི་ལ་དྲོད་ཀྱི་སྣེ་ཅུང་ཟད་མ་རྙེད་བར་དུ་སྦྱངས། དྲོད་སྐྱེས་རིམ་གྱིས་མེ་ལྕེ་འཁོར་ལོ་རྣམས་སུ་ཡར་བསྲིང་ཞིང་མེའང་ཇེ་སྦོམ་དུ་དགོས་པ་ཤེས་པར་བྱ། དེ་ནས་རླུང་སྔར་ལྟར་བཟུང་བས་མེ་སྙིང་གར་སླེབས། རྩ་འཁོར་མེས་གང་། དེའི་ཐད་ཀྱི་སྙིགས་མ་སྐམ་དྭངས་མ་འཕེལ། དེ་བཞིན་དུ་མགྲིན་པ་དང་། སྤྱི་བོའི་བར་དུ་སླེབས་པས་རྩ་འཁོར་ཐམས་ཅད་མེ་འོད་ཚ་ངད་ཀྱིས་ཁྱབ། སྙིགས་མ་སྐམ། དྭངས་མ་འཕེལ། མཐར་ལུས་ཀྱི་ནང་ཐམས་ཅད་མེ་འོད་དང་ཚད་པའི་ངད་ཀྱིས་ཁྱབ་ཅིང་གང་། བ་སྤུའི་བུ་ག་ནས་ཕྱིར་འཕྲོས་པས་མཐོང་ཡུལ་ཐམས་ཅད་མེས་གང་བའི་ཀློང་དུ་རང་གི་ལུས་དམར་མཐིང་ལྕགས་སྲེགས་ཀྱི་མདོག་ལྟ་བུ། དངོས་པོ་གང་ལ་རེག་ཀྱང་སྐད་ཅིག་གིས་ཐལ་བར་བྱེད་ནུས་པ་ཤིན་ཏུ་ཚ་བའི་ངད་པ་དང་ལྡན་པར་བསྒོམས་ལ་རླུང་བཟུང་། སླར་མེ་ལྕེ་ལས་
ཀྱང་རྒྱ་ཆེ་བར་མཆེད་ཅིང་འཕྲོས་པས་ཕྱི་སྣོད་ནང་བཅུད་ཐམས་ཅད་ཡེ་ཤེས་མེ་ཕུང་ཚ་དབལ་དང་ལྡན་པའི་ཀློང་ཆེན་པོ་གཅིག་ཏུ་འཁྱིལ་བར་བསྒོམ་ལ་རླུང་བཟུང་། མཐར་དེ་དག་ཐམས་ཅད་ཚུར་འདུས་རང་གི་ལུས་ལ་ཞུགས། ལུས་ཀྱི་ནང་གང་བའི་མེ་རྣམས་ཀྱང་ལྟེ་བའི་རཾ་ལ་ཐིམ་པས་ནུས་པའི་སྟོབས་བསྐྱེད་དེ་སྔར་ལས་ཀྱང་འབར་བའི་ཤུགས་དང་འོད་ཟེར་གཟི་བརྗིད་ཆེས་ཆེ་བར་བསྒོམ། དེ་ལ་ཐུན་གཅིག་བྱ། ཡང་རླུང་བུམ་པ་ཅན་བཟུང་སྟེ་ལྟེ་འོག་གཏུམ་མོ་སྦར་བ་ནས་བརྩམས་མེའི་སྤྲོ་བསྡུ་གོང་སྨོས་ལྟར་རྫོགས་པར་བྱས་ལ་རྩེ་གཅིག་ཏུ་རྩལ་སྦྱངས། འདིའི་སྐབས་སུ་འཁྲུལ་འཁོར་ཡན་ལག་བཞི་ཆ་ཆ་ནས་བསྒྲིམ། རྐང་པའི་སོར་མོ་བསྐུམ། སྐབས་སྐབས་ལྟོ་བ་སྒལ་བ་ལ་གཅེར་ཅིང་བརྡབ་པ་ལན་ཁ་ཤས་བྱ། ཐུན་མཚམས་དང་ནུབ་མོ་ཉལ་བའི་སྐབས་སུ་མེ་ཐམས་ཅད་ལྟེ་འོག་གི་མེ་ལ་བསྡུས་ཏེ་རཾ་ཡིག་མེ་འབར་ལ་སེམས་བསྲེས་ནས་བཞག །སྤྱོད་ལམ་ཐམས་ཅད་དུ་མེ་དམིགས་དེ་ཉིད་མ་བརྗེད་པའི་དྲན་འཛིན་གྱི་རྟེན་བྱས་ལ་སྲན་བཙུགས་ནས་བསྒོམས་པས་དྲོད་ཀྱི་ཡེ་ཤེས་མ་སྐྱེས་པ་བསྐྱེད་ཅིང་སྐྱེས་པ་ལ་བརྟན་པ་ཐོབ་པར་འགྱུར་རོ། །དེའི་འབྲས་བུའང་། ཇི་སྐད་དུ། འདི་ནི་བདུན་ཕྲག་གཅིག་གཉིས་གསུམ༔ ཉམས་དང་སྦྱར་ཏེ་
བསྒོམ་པ་ཡིས༔ ཕྱི་ནང་དྲོད་སྐྱེ་གོས་མི་དགོས༔ གངས་ཁྲོད་གཅེར་བུར་སྡོད་ཀྱང་ཚུགས༔ ནད་རྙིང་བྱང་ཞིང་གསར་མི་འབྱུང་༔ རྫུ་འཕྲུལ་མངོན་ཤེས་ཅི་རིགས་འཐོབ༔ མཐར་གྱིས་རྡོ་རྗེའི་ལུས་འགྲུབ་བོ༔ ཞེས་སོ། །དེ་ཡན་ཆད་ཀྱི་རྣལ་འབྱོར་གསུམ་པོའི་སྒོམ་རིམ་ཉམས་སུ་བླངས་པས་སྔགས་ཀྱི་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་བགྲོད་པར་འགྱུར་ཏེ། དབྱིབས་ཀྱི་རྣལ་འབྱོར་གྱི་ཚོགས་ལམ་ཆུང་དུ། སྔགས་ཀྱི་རྣལ་འབྱོར་གྱིས་འབྲིང་པོ། གཏུམ་མོ་དྲོད་ཀྱི་རྣལ་འབྱོར་གྱིས་ཆེན་པོ་མཐར་ཕྱིན་པར་འགྱུར་བ་ཡིན་ནོ། །གཉིས་པ་བདེ་བ་སྤེལ་བ་ནི། ལུས་གནད་སྟོང་ར་ཡིག་འབྲུ་སོགས་དམིགས་པའི་གཞི་སྔ་མ་ལྟར་ལ། རླུང་རོ་བསལ། བུམ་ཅན་གྱི་རླུང་བཟུང་བས་ལྟེ་བའི་གཏུམ་མོ་རཾ་ཡིག་ལས་མེ་ལྕེ་ཕྲ་ཞིང་འཁྱུགས་པ་བྱུང་། གཡས་རོ་མའི་རྩ་ལས་བརྒྱུད་དེ་སྣ་བུག་གཡས་པ་ནས་ཕྱིར་ཐོན། མེ་འོད་ཀྱིས་ནམ་མཁའི་དབྱིངས་ཁྱབ་ཅིང་གང་། ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་རྩ་གསུམ་རྒྱལ་བ་རབ་འབྱམས་རྒྱ་མཚོའི་ལྷ་ཚོགས་རྣམས་དང་། ཁྱད་པར་གནས་གསུམ་གྱི་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་ཤངས་བུག་གཡོན་པ་ནས་ཞུགས། སྐུ་ལུས་ཀྱི་ནང་
ཐམས་ཅད་གང་བས་བདེ་བ་ཆེན་པོའི་ཉམས་བསམ་གྱིས་མི་ཁྱབ་པར་འབར། ཟག་མེད་བདེ་ཡེ་ཤེས་ཀྱི་རྒྱུན་བདུད་རྩིའི་རྣམ་པར་སྤྱན་དྲངས་ཏེ་རང་གི་སྣ་བུག་གཡོན་པ་བརྒྱུད་དེ་སྤྱི་བོའི་ཧཾ་ཡིག་ལ་ཐིམ་པས་རྩ་བ་གསུམ་གྱི་ཐུགས་རྗེ་བྱིན་རླབས་མ་ལུས་བཞུགས་ནས་གཟི་བརྗིད་ཀྱི་དཔལ་རབ་ཏུ་འབར་བར་བསམ། སླར་ཡང་རླུང་སྦྱོར་གྱིས་བསྐུལ་བས་གཏུམ་མོ་ཡེ་ཤེས་ཀྱི་མེ་དབུ་མའི་ནང་ནས་གྱེན་དུ་འབར་བས་འཁོར་ལོ་བཞི་མེས་གང་། སྤྱི་བོ་བདེ་བ་ཆེན་པོའི་ཐིག་ལེ་ཧཾ་ཡིག་ལ་རེག་པས་དེ་ལས་བདེ་བའི་རང་བཞིན་གྱི་བདུད་རྩི་དཀར་པོའི་རྒྱུན་ཐག་ལྟ་བུ་ནར་གྱིས་བབས། སྤྱི་བོའི་རྩ་འཁོར་དཀར་མེར་གྱིས་གང་། དགའ་བའི་ཡེ་ཤེས་སྐྱེས་པར་བསམ་ལ་ངོས་བཟུང་། དེ་ལས་མགྲིན་པར་བབས། རྩ་འཁོར་གང་། མཆོག་དགའི་ཡེ་ཤེས་སྐྱེས། སྙིང་གར་བབས། རྩ་འཁོར་གང་། ཁྱད་པར་དགའ་བའི་ཡེ་ཤེས་སྐྱེས། ལྟེ་བར་བབས། རྩ་འཁོར་གང་། ལྷན་སྐྱེས་དགའ་བ་བཅས་ལུགས་འབྱུང་ཡས་བབས་ཀྱི་དགའ་བཞིའི་ཡེ་ཤེས་མཐར་ཐུག་སྐྱེས་པར་བསམ། བདེ་བ་དངོས་སུ་སྐྱེས་ན་རེ་རེ་བཞིན་བདེ་བའི་རང་ངོར་བལྟས་ལ་སྟོང་ཉིད་དང་བསྲེ། མཐར་ལྟེ་བའི་རྃ་ལ་རེག་པས་ལྕགས་སྲེག་ལ་སྣུམ་ཐིག་ཕོག་པ་ལྟར་མེ་ལྕེ་དམར་ཁྱུག་གེ་
འབར། བདུད་རྩི་ཐིག་ལེ་གྱེན་ལ་ལྡོག་སྟེ་ལྟེ་བའི་འཁོར་ལོ་གང་བས་དགའ་བ། སྙིང་གར་མཆོག་དགའ། མགྲིན་པར་ཁྱད་དགའ། སྤྱི་བོ་གང་བས་ལྷན་སྐྱེས་ཏེ་ལུགས་ལྡོག་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་མཐར་ཐུག་སྐྱེས་པར་བསམ་ལ་རང་ངོ་བསྐྱང་། མཐར་ལུས་ཀྱི་ནང་གང་བའི་དྭངས་མ་ཐམས་ཅད་སྙིང་གའི་བྃ་ཡིག་ལས་ཐིམ་པས་བདེ་རླུང་སེམས་གསུམ་དབྱེར་མེད་ཡེ་ཤེས་ཆེན་པོར་རོ་མཉམ་དུ་གྱུར་པར་བསམ་ལ་འཇམ་རླུང་བཟུང་། དབྱིངས་རིག་བསྲེས་ལ་གནས་ལུགས་མ་བཅོས་པའི་རང་བབས་གཉུག་མ་གཤིས་ཀྱི་ངང་བསྐྱང་ལ་ཅི་གནས་སུ་མཉམ་པར་བཞག །འདི་ལ་གོམས་པ་བརྟན་ན་དགའ་བ་བཞིའི་ཉམས་མྱོང་གིས་སྣང་མཆེད་ཐོབ་པ་ཉེར་ཐོབ་ཀྱི་སྟོང་བཞིའི་ཡེ་ཤེས་རྗེས་མཐུན་པ་དྲངས་ཏེ་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་ནམ་མཁའ་ལྟ་བུའི་ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བར་འགྱུར་རོ། །འདིའི་ཡོན་ཏན་ནི། དེ་ལྟར་བརྩོན་པས་དགའ་བཞི་ཡིས༔ སྟོང་བཞིའི་ཡེ་ཤེས་རྗེས་མཐུན་འདྲེན༔ སྲོག་དང་འཛིན་པའི་མཐུ་གྲུབ་པས༔ སྣང་བ་ཐམས་ཅད་བདེ་བར་འཆར༔ བདེ་གསལ་མི་རྟོག་རང་ཤར་འབྱུང་༔ སྤྱན་དང་མངོན་ཤེས་ལ་སོགས་པའི༔ དྲོད་དང་རྩེ་མོའི་ཡེ་ཤེས་འདྲེན༔ རྩ་རླུང་ཐིག་ལེར་རང་དབང་ཐོབ༔ ཅེས་
གསུངས་ཏེ་རྣལ་འབྱོར་གྱི་རིམ་པ་འདིས་ན་སྦྱོར་ལམ་དྲོད་དང་རྩེ་མོའི་བར་དུ་བགྲོད་པའང་བསྟན་ཏོ། །གསུམ་པ་ཡན་ལག་གི་ཆོས་ལྔ་ནི། གཏུམ་མོ་ཉིད་ཉམས་ལེན་གྱི་གཞིར་བཟུང་ནས་དེའི་ཡན་ལག་གི་རྣལ་འབྱོར་དུ་བྱ་བ་སྟེ་དེ་ལ་ལྔ། སྒྱུ་ལུས། རྨི་ལམ། འོད་གསལ། འཕོ་བ། བར་དོའོ། །དང་པོ་སྒྱུ་ལུས་ཀྱི་རྩལ་སྦྱོང་བ་ནི། རླུང་དང་གཏུམ་མོའི་རྣལ་འབྱོར་མཐར་ཕྱིན་པའི་གང་ཟག་གིས་བདེ་རླུང་སེམས་ཟུང་དུ་འཇུག་པ་དག་པའི་སྒྱུ་ལུས་དང་། མ་དག་པའི་ཆོས་རྣམས་སྒྱུ་མའི་ཚུལ་དུ་སྦྱོར་བར་གསུངས་པའི་ཉམས་ལེན་ཟབ་པའི་གནད་ནི། ལུས་ཀྱི་སྟོང་ར་དབྱིབས་ཀྱི་རྣལ་འབྱོར་གྱི་སྐབས་སུ་བཤད་པ་ལྟར་གསལ་གདབ། རླུང་བུམ་པ་ཅན་བཟུང་ནས་སྤྱི་བོའི་བླ་མ་ལ་སེམས་གཏད་པས། དེ་ལས་མེའི་འོད་ཟེར་འཇའ་ཚོན་གྱི་མདངས་ཅན་བྱུང་། ཞུ་བདེའི་རང་བཞིན་ཅན་རང་ལུས་ལ་ཕོག་པས་སྒྱུ་མ་འཇའ་ཚོན་ལྟ་བུའི་ལྷའི་སྐུར་གྱུར། འོད་ཟེར་ཕྱི་རོལ་དུ་འཕྲོས་ནས་སྣོད་བཅུད་བརྟན་གཡོ་ཐམས་ཅད་ལ་ཁྱབ་པས་དེ་དག་རྣམས་ཀྱང་ངོ་བོ་བདེ་བ་ཆེན་པོ། རྣམ་པ་སྒྱུ་མའི་རང་བཞིན་གྱི་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ་ལམ་ལམ་ཤར་བར་བསམ་ལ་བདེ་རླུང་སེམས་གསུམ་གཅིག་ཏུ་དྲིལ་ལ་ཡུན་རིང་སེམས་བཟུང་། མཐར་དེ་ཐམས་ཅད་མེ་ལོང་ལ་
ཧས་བཏབ་པ་ལྟར་རིམ་གྱིས་འདུས་ནས་རང་ལ་ཐིམ། རང་ཉིད་འོད་གསལ་གྱི་དབྱིངས་སུ་བསྡུ། ཡང་སྒྱུ་མའི་སྐུར་ལྡངས་ཤི་སྔར་ལྟར་སྦྱངས་པས་དག་པའི་སྒྱུ་ལུས་འབྱོང་། ཕྱིའི་ཚོགས་དྲུག་གི་ཡུལ་དུ་དགྲ་གཉེན་བར་མའི་སྣང་བ་སོགས་གང་དུ་ཆགས་སྡང་རྨོངས་གསུམ་གྱི་རྟོག་པ་གང་ཤར་ཐམས་ཅད་དཔེ་བརྒྱད་ཀྱིས་མཚོན་པའི་སྒྱུ་མའི་རང་གཟུགས། སྣང་སྟོང་དབྱེར་མེད་ཀྱི་ལྷ་སྐུའི་རང་བཞིན་དུ་རྩལ་སྦྱང་ཞིང་ལམ་དུ་བསླང་ནས་མ་དག་པའི་སྒྱུ་ལུས་འབྱོང་། ཏིང་ངེ་འཛིན་ལ་བོགས་འདོན་པའི་ཆེད་དུ། སྔ་དྲོ་ཉི་མ་འཆར་བའི་དུས་སུ་ཁ་ནུབ་ཏུ་བལྟ། མདུན་དུ་ཤེལ་ལམ་མེ་ལོང་དྭངས་པ་ཞིག་བཙུགས། བར་དུ་ཆུ་སྣོད་དྭངས་པ་བཞག །མཁའ་འགྲོའི་སྐུ་མཚར་བ་བྲིས་པ་ཞིག་མེ་ལོང་ལ་འཆར་དུ་བཅུག །སྣང་སྟོང་ཟུང་འཇུག་སྒྱུ་མའི་སྐུར་ཤེས་པར་བྱས་ལ་སེམས་རྩེ་གཅིག་ཏུ་བཟུང་། སེམས་ཟིན་པ་ན་ལྷ་སྐུ་དེ་ལྟ་བུ་གྲངས་མེད་པ་སྤྲོས་ཏེ་སྣོད་བཅུད་ཐམས་ཅད་ལྷའི་རང་བཞིན་དུ་གསལ་བར་བལྟས་པས་རྩལ་སྦྱང་། འཛིན་རྟོག་གི་རྣམ་པ་གང་སྐྱེས་ཀྱང་བདེན་ཞེན་མ་ཞུགས་པར་སྒྱུ་མའི་རང་བཞིན་ཏུ་ཤེས་པས་ཕཊ་བརྗོད་ཅིང་རྦད་ཀྱིས་བཅད་དོ། །གཉིས་པ་རྨི་ལམ་གྱིས་ཚད་འཛིན་པ་ནི། ཉིན་མོ་ཅིར་སྣང་ཐམས་ཅད་རྨི་ལམ་ཡིན་
སྙམ་པའི་དྲན་འདུན་རྒྱུན་ཆགས་སུ་བྱ། ནུབ་མོ་ཉལ་ཁར་ལུས་གནད་ཙོག་པུའི་ངང་བུམ་ཅན་གྱི་རླུང་སྦྱོར་བྱ། སྤྱི་བོའི་བླ་མ་ལ་སེམས་གཏད། རྨི་ལམ་མྱུར་དུ་ཟིན་པར་བྱ་སྙམ་པའི་འདུན་པ་དང་གསོལ་འདེབས་དྲག་ཏུ་བྱས་པས་སྣོད་བཅུད་འོད་དུ་ཞུ་ནས་རང་ལ་ཐིམ། རང་ཉིད་བླ་མའི་མགྲིན་པར་ཐིག་ལེ་དམར་པོ་ཤིན་ཏུ་ཕྲ་བ་བདེ་གསལ་གྱི་རང་བཞིན་ཅན་ལ་སེམས་གཏད། འདི་རྨི་ལམ་རྨི་བ་ཡིན་སྙམ་དུ་བསམ། དེ་ནས་ཐིག་ལེ་ཁོ་ན་ལ་སེམས་བཟུང་བ་ལས་རྣམ་རྟོག་གཞན་གྱིས་བར་མ་ཆོད་པར་བྱ། འཇམ་རླུང་བཟུང་ནས་གཉིད་ལོག་པས་རྨི་ལམ་རྨིས་པ་དང་རྨི་ལམ་ཡིན་སྙམ་དུ་ངོ་ཤེས་པ་འབྱུང་། ལན་ཁ་ཤས་ཀྱིས་ཟིན་པར་དཀའ་ཡང་གཉུག་བསྲིངས་ནས་ཉིན་མཚན་སྤེལ་མར་བསྒོམ་ན་འཇིགས་སྐྲག་ལྟ་བུ་ལ་བརྟེན་ནས་ཟིན་ཅིང་དེ་ནས་ནམ་འདོད་དུ་ངོ་ཤེས་པ་འབྱུང་། ཟིན་པ་བརྟན་པ་ཐོབ་ནས་ཆེ་ཆུང་བཟང་ངན་གཟུགས་དབྱིབས་སོགས་སྣ་ཚོགས་སུ་བསྒྱུར་ཞིང་སྦྱང་བ་དང་། གཅིག་ལས་དུ་མ་སྤེལ་ཞིང་བསྡུ་བ་དང་། སྤྲུལ་བསྒྱུར་སྣ་ཚོགས་པས་ཞིང་ཁམས་ལྟ་ཞིང་ཆོས་ཉན་པ་སོགས་རིམ་པར་སྦྱང་། མཐར་སྒྱུ་ལུས་དང་བསྲེས་ལ་ལྷ་སྐུར་ལྡང་། འོད་གསལ་དང་བསྲེས་ཏེ་མི་རྟོག་གཉུག་མའི་ངང་དུ་བཞག །ཉིན་གྱི་སྣང་བ་ཤར་ཚད་དང་
ཁྱད་པར་འཇིགས་སྐྲག་གི་རྟོག་པ་གློ་བུར་བ་ནམ་སྐྱེས་རྨི་ལམ་ཡིན་སྙམ་པའི་འདུན་པ་དྲག་ཏུ་བྱ། ཤེལ་ལམ་མེ་ལོང་དྭངས་ལ་གཟུགས་བརྙན་མ་ངེས་པ་འཆར་དུ་གཞུག་ཅིང་རྨི་ལམ་ཡིན་སྙམ་དུ་བསམ། མཚན་མོ་རྨི་ལམ་རྨིས་པ་དྲན་དུ་བཅུག་ལ་མདངས་དེ་ལྟར་རྨིས་ཀྱང་ངོ་མ་ཤེས། དོ་ནུབ་ཅི་ནས་ཀྱང་རྨི་ལམ་ལ་རྨི་ལམ་དུ་ངོས་ཟིན་པར་བྱ་སྙམ་འཕེན་པ་དྲག་ཏུ་བཏང་། སྣང་བ་ལ་བདེན་ཞེན་སྤང་། རྟོག་པ་གང་ཤར་ངོས་ཟིན་པར་བྱས་ལ་སྣང་སྟོང་བདེན་མེད་བུན་ལང་ངེ་བའི་ངང་དུ་རྩལ་སྦྱང་། ཞིང་ཁམས་ལྟ་བའི་སྐབས་རྣམས་ཉིན་མོ་འདུན་པ་དྲག་ཏུ་བྱ་བ་གནད་དོ། །གསུམ་པ་འོད་གསལ་གྱི་གནས་ལུགས་མངོན་དུ་བྱ་བ་ནི། གནས་ཤིན་ཏུ་དབེན་པར་ལུས་ངག་ཡིད་གསུམ་དལ་བར་བྱས་ལ་གཉུག་མའི་ཤེས་པ་བཟོ་མེད་དུ་བསྐྱང་བ་ལ་ནན་ཏན་བྱ། དམིགས་པ་རང་ཉིད་ལྷར་གསལ་གདབ་ལ་སྙིང་གའི་བྃ་ཡིག་ལ་སེམས་གཏད་ཅིང་བུམ་ཅན་གྱི་རླུང་སྦྱོར་བྱ། སྣོད་བཅུད་ཐམས་ཅད་བདེ་ཆེན་གྱི་ངོ་བོར་ཞུ་ནས་རང་ལ་ཐིམ། རང་སྤྱི་བོའི་ཐོད་ཕྲེང་རྩལ་ལ་ཐིམ། དེའི་ཐུགས་ཀར་བྃ་ཡིག་དཀར་གསལ་ཕྲ་མོ་སྤུས་བྲིས་པ་ལྟ་བུ་གསལ་ལྷག་གེ་བ་འོད་ཀྱིས་ལུས་གང་བ་ལ་སེམས་གཏད། མཐར་ཅིར་ཡང་མི་རྟོག་པའི་ངང་དུ་བཞག་པས་ཕྲ་རགས་སྒོ་གསུམ་
གྱི་རྟོག་པ་འགགས་ནས་མ་བཅོས་པའི་རིག་པ་རྗེན་ལྷང་གིས་ཤར་བའི་ངང་དུ་བཞག །ཉིན་མོ་དེ་ལ་ཡང་ཡང་སྦྱང་། ཉལ་ཁར་ལུས་གནད་ཙོག་བུར་བྱས་ལ་སྔར་གྱི་དམིགས་པ་དེ་དྲག་ཏུ་གཅུན་ཅིང་བྃ་ཡིག་ལ་སེམས་གཏད་པའམ། མི་རྟོག་པའི་ངང་ལ་གཉིད་དུ་འགྲོ་བར་བྱས་པས་གོམས་ནས་ངོས་ཟིན་ཅིང་སྲབ་མཐུག་གི་འོད་གསལ་འཆར་བ་རྣམས་ངོ་ཤེས་ཏེ་ཏིང་ངེ་འཛིན་ལ་འཇོག་ནུས་པ་འབྱུང་། འདིའི་སྐབས་སུ་དམ་ཚིག་ཉམས་ཆགས་བཤགས། དབང་ཡང་ཡང་ལེན། གསང་བའི་ཁྲུས་ཆུ་འཐོར་འཐུང་བྱ། དགོངས་མོ་ཚིལ་ཆེན་གྱི་ཞུན་མར་སྦར་བ་མཁའ་འགྲོའི་དཀྱིལ་འཁོར་དུ་བསྐྱེད་བསྟིམ་མཆོད་བསྟོད་བཟླས་པ་བྱས་ལ་འོད་གསལ་ཟིན་པའི་གསོལ་བ་གདབ། མེ་ལོང་དྭངས་པའི་ལྟེ་བའི་བྃ་ཡིག་ཕྲ་མོ་བྲིས་པ་མཚན་མོ་མར་མེའི་སྣང་བས་གསལ་བ་ལ་ཡིད་མིག་རླུང་གསུམ་རྩེ་གཅིག་ཏུ་གཏད། གཉིད་དུ་འགྲོ་ཁར་ལྷག་པར་སེམས་བཟུང་། འོད་གསལ་སྦྱོང་བའི་སྐབས་སུ་དམ་ཉམས་དང་གྲིབ་ཅན་གྱི་མི་དང་ཟས་གོས་ལ་ཤིན་ཏུ་འཛེམ། བཅུད་ལྡན་གྱི་བཟའ་བཏུང་ཁྲིགས་བཅད་ཉུང་དུ་བསྟེན། མཁའ་འགྲོ་ལ་ཤ་ཆེན་གྱི་སྤོས་དང་ཚོགས་མཆོད་ཡང་ཡང་འབུལ། ཉིན་མོ་གཉིད་མི་ལོག །བྱང་སེམས་ཅུང་ཟད་ཀྱང་མི་ཉམས་པར་བྱ་བ་རྣམས་གནད་དུ་ཆེའོ། །བཞི་
པ་གང་དུ་འཕོ་བས་མཚམས་སྦྱོར་བ་ནི། ཐོག་མར་སྦྱར་བ་ལ། ལུས་གནད་བསྲང་། མཁའ་འགྲོའི་སྐུ་སྟོང་ར་དང་རྩ་དབུ་མ་གསལ་གདབ། འདི་ལ་རྟེན་མེད་དུ་འཕོ་ན་སྤྱི་བོར་ལྷ་གསལ་མི་དགོས། རྟེན་ཅན་དུ་འཕོ་བར་འདོད་ན་སྤྱི་བོར་རིགས་ལ་གདབ། དབུ་མའི་ནང་སྙིང་གའི་ཐད་དུ་སྨྱུག་མའི་ཚིགས་པ་བཞིན་དུ་ཟླ་བའི་དཀྱིལ་འཁོར་གྱིས་ཁྲིགས་ས་བཀག་པའི་སྟེང་དུ་རང་གི་རླུང་སེམས་དབྱེར་མེད་པའི་ངོ་བོ་བྃ་ཡིག་དཀར་པོ་ལ་རླུང་གི་རང་བཞིན་སྔོ་མདངས་ཆགས་པ་འཕར་ལིང་ལིང་བྱེད་པ་ལ་སེམས་གཏད་ཅིང་འདུན་པ་དྲག་ཏུ་གཅུན། བུམ་ཅན་གྱི་རླུང་སྦྱོར་བྱས་པས་རླུང་དབུ་མའི་ནང་ནས་ཡར་སོང་། སྙིང་གའི་ཟླ་དཀྱིལ་ལ་རེག་པའི་རྐྱེན་གྱིས་ཐིག་ལེ་ཡར་གྱིས་འཕར། འོག་རླུང་བསྐྱོད་སྟེང་རླུང་ཕྱིར་བཏང་། མིག་གྱེན་དུ་ལྡོག་པ། ཧི་ཀ་བརྗོད་པས་ཚངས་བུག་ནས་སྐར་མདའ་ལྟར་སོང་། རྟེན་མེད་ལ་ནམ་མཁའ་དང་འདྲེས། རྟེན་ཅན་ལ་རིགས་བདག་གི་ཐུགས་ཀར་རེག་ཙམ་བྱས་ནས་སླར་སྤྱི་བོའི་དབུ་མ་ནས་མར་བྱོན། སྙིང་གར་སྔར་ལྟར་འཁོད། ཡང་སྤར་བ་སོགས་ཐུན་རེ་ལ་བརྒྱ་རྩ་ལས་མི་ཉུང་བར་རྟགས་མ་ཐོན་བར་དུ་སྦྱང་། ཐུན་མཚམས་རྣམས་སུ་བྃ་ཡིག་མར་བྱུང་། ལྟེ་འོག་
ཏུ་ལྕི་ཐིང་གིས་གནས། ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས། འདི་ལ་རླུང་གནད་ཆུན་པ། དམིགས་པ་རྩེ་གཅིག་པ། རླུང་དང་ལུས་སྟོད་དུ་སྒྲིམ་པ་གལ་ཆེ། དུས་རྟག་ཏུ་ངེས་འབྱུང་སྐྱོ་ཤས་བསྐྱེད། དུག་གསུམ་དང་ཆོས་བརྒྱད་ཀྱི་རྗེས་སུ་མི་འབྲང་བར་ཅིས་ཀྱང་དགོས་མེད་ཀྱི་བློ་སྣ་བསྟུང་བ་རྣམས་གནད་དོ། །ལས་ལ་སྦྱར་བ་ནི། རང་འཆི་བར་ངེས་པའི་སྐབས་སུ་ལུས་ལོངས་སྤྱོད་མཛའ་བཤེས་གང་ལའང་སྙིང་པོ་མེད་པར་ཤེས་ནས་ཅི་ལའང་མ་ཆགས་པར་བྱ། འབྱོར་པ་གང་ཡོད་བླ་མ་དཀོན་མཆོག་ལ་བསྔོས་ཏེ་གང་ལའང་མ་ཞེན་པར་རྒྱལ་བས་གསུངས་པའི་འདུ་ཤེས་བཅུ་ཡིད་ལ་བྱ། སྔར་གྱི་དམིགས་པ་རྣམས་གསལ་བཏབ་སྟེ་བྃ་ཡིག་གི་ཐིག་ལེ་ཕྱིར་མི་འབེབས་པར་ཡང་ནས་ཡང་དུ་སྤར། རྟེན་མེད་ལ་དབྱིངས་རིག་བསྲེས་ཏེ་མཉམ་པར་བཞག །རྟེན་ཅན་ལ་ཡིག་འབྲུ་བླ་མའི་ཐུགས་ཀར་ཐིམ། དེ་ཉིད་མཁའ་སྤྱོད་དམ་བདེ་བ་ཅན་དུ་གཤེགས་པར་མོས་ལ་ཞིང་ཁམས་དང་དེའི་བདག་པོ་ཡིད་ལ་བྱས་ཏེ་སྤྲོ་དུང་ངེ་བའི་ངང་ནས་རིག་པ་སྤྲོ་བསྡུ་དང་བྲལ་བར་འཇོག་གོ །ལྔ་པ་བར་དོར་གྲོལ་བར་བྱ་བ་ནི། ད་ལྟའི་སྣང་བ་འདི་ཐམས་ཅད་བར་དོའི་གནས་སྐབས། གྲོགས་རྣམས་ཀྱང་བར་དོའི་སེམས་ཅན་ཁོ་ན་ཡིན་སྙམ་དུ་ཡང་ནས་ཡང་
དུ་ཐག་བཅད་ལ་སྦྱང་། ཡིད་ཆེས་པ་ན་རང་ཉིད་རླུང་སེམས་ཅན་ཙམ་ལས་གྲུབ་པའི་ཡེ་ཤེས་མཁའ་འགྲོའི་སྐུར་གསལ་གདབ། དེ་ལས་བདེ་སྟོང་གི་རང་བཞིན་ཅན་གྱི་འོད་ཟེར་མུ་མཐའ་མེད་པ་འཕྲོས་ཏེ་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་བདག་གཞན་ཏུ་ཞེན་པའི་འཛིན་པ་དང་དུག་གསུམ་གྱི་རྟོག་པ་ཐམས་ཅད་སལ་གྱིས་སྦྱང་། གཟུགས་སྣང་ཐམས་ཅད་བདེ་རླུང་སེམས་གསུམ་དབྱེར་མི་ཕྱེད་པའི་ཡེ་ཤེས་མཁའ་འགྲོའི་སྐུ་སྣང་སྟོང་། སྒྲར་གྲགས་པ་ཐམས་ཅད་རང་བྱུང་རྡོ་རྗེའི་སྔགས་གྲགས་སྟོང་། དྲན་རྟོག་ཐམས་ཅད་འོད་གསལ་ཡེ་ཤེས་རིག་སྟོང་དུ་ལམ་གྱིས་ཤར་བར་བསམ་ལ་སེམས་བཟུང་། བར་དོའི་འདུན་པ་དྲག་ཏུ་བྱ། རྟོག་པ་གང་ཤར་རྡོ་རྗེ་གསུམ་དང་བསྲེ། །འདོད་ཆགས་བདེ་སྟོང་། ཞེ་སྡང་གསལ་སྟོང་། གཏི་མུག་རིག་སྟོང་། ང་རྒྱལ་ལྷར་སྣང་ངམ་མི་རྟོག་པ། ཕྲག་དོག་དག་སྣང་དང་བསྲེ་ཞིང་གོང་དུ་འཕོ་བ་དང་སྒྱུ་ལུས་སོགས་ལམ་དུ་ཁྱེར་ལ་རྩལ་སྦྱངས་པས་ཆེད་དུ་བསྒོམ་མི་དགོས་པར་ཤུགས་ཀྱིས་འཆར་ན་བར་དོ་ཆོད་པར་འགྱུར། སྤྱིར་དུས་རྟག་ཏུ་ཚེ་འདིའི་སྣང་བ་ལ་ཆགས་ཞེན་འཛིན་འཁྲིས་སྤངས་ནས། ནམ་འཆི་ངེས་མེད་དང་བར་དོའི་འདུན་པ་དུང་ངེ་བ་དང་མ་བྲལ་བར་བྱས་པས་
མྱུར་དུ་འབྱོངས་པར་འགྱུར་རོ། །གཉིས་པ་ཕྱག་རྒྱའི་རྣལ་འབྱོར་ལ་གཉིས། ཆོས་ཀྱི་ཕྱག་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱའོ། །དང་པོ་ལའང་གཉིས། རང་ལུས་ཐབས་ལྡན་དང་། གཞན་ལུས་ཕོ་ཉ་ལ་བརྟེན་པའོ། །དང་པོ་ནི། གོང་དུ་བཤད་པའི་རྣལ་འབྱོར་རྣམས་ལ་ཉམས་མྱོང་ཇི་ལྟར་རིགས་པ་སྐྱེས་ནས་འདི་ཉིད་ཀྱི་ཉམས་ལེན་ལ་འཇུག་པ་ན། བདེ་བའི་སྟན་ལ་བསམ་གཏན་གྱི་ཆོས་དང་ལྡན་པས་འཁོད་དེ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཐོད་ཕྲེང་རྩལ་སྐུ་མདོག་པདྨ་རཱ་གའི་མདངས་ལྟ་བུ། ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ། སྒེག་ཅིང་ཆགས་པའི་ཉམས་ཅན་གཟི་བརྗིད་འབར་བ། དར་དང་རིན་པོ་ཆེ་རུས་པའི་རྒྱན་གྱིས་སྤྲས་ཤིང་པདྨ་དང་ཟླ་བའི་གདན་ལ་ཕྱེད་སྐྱིལ་གྱིས་བཞུགས་པར་གསལ་གདབ། དེའི་སྐུ་ཕྱི་གསལ་ནང་གསལ་འོད་ཀྱི་རང་བཞིན་ཅན་གྱི་དབུས་སུ། རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ། གཡས་གཡོན་དུ་རོ་རྐྱང་གཉིས། འཁོར་ལོ་བཞི། ལྟེ་འོག་ནས་རྩ་གསུམ་སྦུབས་གཅིག་ཏུ་འདྲེས་ཏེ་རྡོ་རྗེ་ནོར་བུའི་རྩེ་མོར་ཟུག་པ། འཁོར་ལོ་བཞིའི་ཐད་རྣམས་སུའང་རྩ་གསུམ་སྦུབས་གཅིག་ཏུ་གྱུར་པ་ལས་རྩ་འདབ་རྣམས་གདུགས་རྩིབས་ལྟར་གྱེས་པ། སྤྱི་བོའི་རྩ་འཁོར་གྱི་སྟེང་དུ་བྱང་སེམས་
ཐིག་ལེའི་རང་བཞིན་ཧཾ་མགོ་མཐུར་བསྟན་དང་། འཁོར་ལོའི་ལྟེ་བར་ཧཾ་གྱེན་བསྟན་དཀར་པོ། མགྲིན་དབུས་ཨོཾ་དམར་པོ། སྙིང་དབུས་ཧཱུྃ་སྔོན་པོ། ལྟེ་དབུས་ཨཱཿདམར་སེར། གསང་གནས་སུ་ཧོཿལྗང་གུ། ནོར་བུའི་རྩ་བར་ཨཱཿ སྐེད་པར་ཧཱུྃ། རྩེ་མོར་ཨོཾ་ཡིག་འོད་འབར་བ། རྩ་འདབ་རྣམས་ཡུལ་ཉེར་བཞིའི་རྩ་ཕྲན། རྐང་ལག་བཞི་དང་ཚིགས་ཆེན་བཞི་རྣམས་ལ་ལྷའི་ངོ་བོ་ཐིག་ལེ་བདེ་བའི་རང་བཞིན་དཀར་དམར་གྱི་མདངས་ལྡན་རེ་གསལ་གདབ། བུམ་ཅན་གྱི་རླུང་སྦྱོར་བྱས་པས་རྩ་ཁམས་ཐིག་ལེ་དང་བཅས་པ་བདེ་བའི་རང་བཞིན་དུ་ཕྲིལ་གྱིས་སོང་བར་བསམ་ལ་བདེ་ཉམས་སྦར་ཅིང་སྟོང་ཉིད་ཀྱི་རྒྱས་འདེབས། དེ་ནས་རང་གི་མདུན་དུ་སྔར་འདྲིས་པ་ལྟ་བུའི་བུ་མོ་ཡིད་དུ་འོང་ཞིང་ལང་ཚོ་རྒྱས་པ། དྲན་པ་ཙམ་གྱི་བདེ་བ་བཟོད་མེད་དུ་གཡོ་ནུས་པ་ཞིག་གིས་ཆགས་པའི་རྣམ་འགྱུར་སྟོན་པར་བསམ། ས་མ་ཡ་སྟྭཾ། ཞེས་ཆགས་པའི་བརྡས་བསྐུལ་བས། ས་མ་ཡ་ཧོཿ ཞེས་ལན་བཏབ། རཱ་ག་ཡ་ཧོཿ ཞེས་སྦྱོར་བའི་བརྡས་བསྐུལ་བས། རཱ་ག་ཡཱ་མི། ཞེས་ལན་བཏབ་སྟེ་ཟིམ་བུའི་མིག་གིས་ལྟ། སིད་དང་ཧ་ལ་སོགས་པའི་སྒྲ་དབྱུང་། རེག་ཅིང་འོ་བྱ་བ་དང་། མཆུ་དང་ལྕེ་འཇིབ་པ་སོགས་ཆགས་པ་
ཆེས་ཆེར་བསྐུལ་ཏེ་གསང་རྩ་ངོམ་ཞིང་པང་དུ་སླེབས་པ་ན། སྐད་ཅིག་གིས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དཀར་དམར་རྗེས་ཆགས་ཀྱི་ཉམས་རྒྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། སྣང་སྟོང་སྒྱུ་མ་ལྟ་བུའི་འོད་ཀྱི་སྐུར་རྩ་འཁོར་ཡི་གེ་དང་བཅས་པ་གསལ་གདབ། གསང་བའི་པདྨོའི་དབུས་སུ་རྩ་མཛེས་པའི་རྩེར་ཨ་ཡིག་གིས་མཛེས་པར་གསལ། ཛཿཞེས་རེག །ཧཱུྃ་གིས་འཁྱུད། བྃ་ཞེས་སྤྲད། ཐབས་ཁྱད་པར་ཅན་འདི་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལྷན་ཅིག་སྐྱེས་པའི་བདེ་བ་མངོན་དུ་བྱའོ་སྙམ་པའི་སེམས་བསྐྱེད་གསལ་བཏབ་ལ། ཧོཿཞེས་ཡབ་ཀྱིས་གསོར། ཡུམ་གྱིས་བསྐྱོད་པའི་བདེ་བ་བསྐུལ་བས་སྤྱི་བོའི་ཧཾ་ལས་བྱང་ཆུབ་སེམས་ཀྱི་རྒྱུན་བབས། རྩ་ཁམས་གཞན་གྱི་དྭངས་མ་རྣམས་ཀྱང་འདུས་ཏེ་སྨིན་མཚམས་ཡན་གྱི་དབུ་མའི་ནང་གང་། དགའ་བའི་ཡེ་ཤེས་སྐྱེས། ཆེར་འཕེལ་ནས་དེའི་རྩ་ཁམས་ཐམས་ཅད་ལ་ཁྱབ་པས་དགའ་བ་མཐར་ཕྱིན་པར་བསམ་ལ་སྤྱི་བོའི་བུམ་ཅན་གཅུན། རྣམ་པར་མི་རྟོག་པའི་ངང་ལ་རེ་ཞིག་བཞག་པ་ནི་ཕྱི་མ་རྣམས་ལའང་འགྲེ། དེ་ནས་རིམ་པར་མགྲིན་པར་བབས་པས་མཆོག་དགའ། སྙིང་གར་བབས་པས་ཁྱད་དགའ། ལྟེ་གསང་ནས་ནོར་བུའི་རྩེ་མོར་སོན་པས་ལྷན་
སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཉམས་སུ་མྱོང་བ་ཁྱབ་ཅིང་བརྟན་པར་མོས། དེའི་ཚེ་ཡབ་ཡུམ་གཉིས་ཀྱི་རྩ་དབུ་མ། རླུང་ལྡང་འཇུག །ཐིག་ལེ་དཀར་དམར། དབྱིངས་དང་ཡེ་ཤེས་ཞལ་སྦྱོར་བ་སྟེ་ཁ་སྦྱོར་བཞིའི་བདེ་སྟོང་གི་ཡེ་ཤེས་མངོན་དུ་བྱས་པར་བསམ་པ་ནི་ཡས་བབ་རྒྱུའི་དགའ་བ་བཞིའོ། །དེ་ནས་དྭངས་མ་ཏིལ་འབྲུ་ཙམ་ཡང་མ་ཉམས་པར་དེ་མ་ཐག་གྱེན་ལ་དྲངས་དགོས་པས་རྐང་ལག་གི་ཉྭ་བཞི་སྒྲིམ། སོར་ཚིག་རྣམ་བསྐུམ། ལྟེ་བ་སྒལ་པར་བརྡབ། ལྕེ་རྩེ་དང་མིག་གྱེན་དུ་ཕྱོགས་པ་ལུས་འཁྲུལ་འཁོར་གྱི་འདྲེན་དང་། གསང་རླུང་གྱེན་དུ་དྲང་། ཧཱུྃ་རིང་དང་ཧིག་གི་སྒྲ་བྱ་བ་ངག་གདངས་ཀྱི་འདྲེན་དང་། ཤེས་པ་སྤྱི་བོའི་ཧཾ་ལ་གཏད། ཐིག་ལེ་རྣམས་སོག་སྦུབ་ནས་ཆུ་དྲངས་པ་ལྟར་དཀར་ཕྲི་ལི་ལི་གྱེན་ལ་བཙན་ཐབས་སུ་ལྡོག་པར་བསམ་པའི་དམིགས་པ་རྩེ་གཅིག་པ་ཡིད་འདྲེན་གྱི་གནད་གསུམ་དང་ལྡན་པས། ལྟེ་བ། སྙིང་ག །མགྲིན་པ། སྤྱི་བོའི་ཧཾ་ཡིག་གི་བར་དུ་རིམ་གྱིས་བརྟན་པས་དགའ་མཆོག་ཁྱད་དགའ་ལྷན་སྐྱེས་ཏེ་མས་བརྟན་འབྲས་བུའི་དགའ་བཞི་ཉམས་སུ་མྱོང་བར་མོས། འཁོར་ལོ་སོ་སོར་བུམ་པ་ཅན་དྲག་ཏུ་གཅུན། སེང་གེ་རྣམ་རོལ་གྱི་འཁྲུལ་འཁོར་སོགས་ཀྱིས་རྩ་ཁམས་ཐམས་ཅད་ལ་ཁྱབ་པར་དགྲམ། ཧཾ་ཡིག་ལ་
རྟེན་བྱས་ཏེ་བདེ་རླུང་སེམས་གསུམ་དབྱེར་མེད་པའི་ཀ་དག་དེ་ཁོ་ན་ཉིད་ཀྱི་ངང་ལ་ཡུན་རིང་དུ་མཉམ་པར་གཞག་གོ །གཉིས་པ་གཞན་ལུས་ལ་བརྟེན་པ་ནི། རང་ལུས་ཐབས་ལྡན་ལ་བརྟེན་ནས་དབབ་འདྲེན་དགྲམ་གསུམ་རང་དབང་ཐོབ། བདེ་སྟོང་ཟག་མེད་ཀྱི་ཉམས་མྱོང་ཁྱད་པར་ཅན་སྐྱེས། དྲོད་ཐོབ་པའི་རྣལ་འབྱོར་བས་བདེ་བའི་བོགས་དབྱུང་ཞིང་དཔེའི་ཡེ་ཤེས་མངོན་དུ་བྱ་བའི་ཕྱིར་ལས་ཀྱི་ཕྱག་རྒྱ་ལ་བསླབ་པ་ནི། བླ་མ་དང་ཡི་དམ་ལྷས་ལུང་བསྟན་པའམ། པདྨ་ཅན་སོགས་མཚན་ཉིད་དང་ལྡན་པའི་རིག་མ་ལེགས་པར་བརྟག །རྫས་སྔགས་ཏིང་ངེ་འཛིན་གྱིས་དགུག་ཅིང་དབང་དུ་བྱ། ཕྱི་དྲངས་ངེས་ཀྱི་ཆོས་བཤད། ནང་དབང་བསྐུར་ཅིང་དམ་ཚིག་ཕོག །གསང་བ་བསྐྱེད་རྫོགས་ཀྱི་ཏིང་ངེ་འཛིན་ལ་བསླབ་པས་རྒྱུད་སྦྱང་། དེ་ནས་སྐབས་སུ་བབས་པ་ན་ཡབ་ཡུམ་གཉིས་ཀས་ཁྲུས་དང་བཀུ་མཉེ་བྱ། བཅུད་ལྡན་ཟས་སྨན་གྱིས་ཁམས་སྤེལ། གནས་ཤིན་ཏུ་དབེན་པར་གདན་འབོལ་ཞིང་བདེ་བ་ལ་འཁོད། གཟུགས་ལ་བལྟ་བ་སོགས་འདོད་ལྔ་ལ་བསླབས་པས་ཆགས་པའི་མདངས་བསྐྱེད་ཅིང་བདེ་བ་བསླང་། དངོས་གཞི་རང་ཉིད་རྡོ་རྗེ་ཐོད་ཕྲེང་རྩལ་རྩ་འཁོར་ཡི་གེ་དང་བཅས་པ་གསལ་བཏབ་པ་ཆགས་པའི་བརྡས་བསྐུལ་བ་ནས་བརྩམ་དབབ་
འདྲེན་དགྲམ་ཞིང་ཀ་དག་གི་དབྱིངས་སུ་བསྐྱལ་བའི་བར་རང་ལུས་ཐབས་ལྡན་སྐབས་སུ་ཇི་སྐད་བཤད་པའི་རིམ་པ་ལ་ཡང་ནས་ཡང་དུ་སྦྱངས་པས། ཐབས་ཤེས་ཀྱི་རྩ་རླུང་ཐིག་ལེ་ཁ་སྦྱར་བ་ལས་བྱུང་བའི་བདེ་བས་མཉམ་རྗེས་ཁོར་ཡུག་ཏུ་སེམས་རྒྱུད་གང་། ཡུལ་སྣང་སྟོང་པའི་འོད་གསལ་རྩོལ་མེད་དུ་འཆར། བདེ་སྟོང་གཟུང་འཇུག་མཚོན་བརྗོད་ལས་འདས་པའི་ཡེ་ཤེས་དཔེའི་ཚུལ་དུ་ཤར་ནས་སྦྱོར་ལམ་ཆོས་མཆོག་ལ་སླེབ་པ་ཡིན་ནོ། །དེ་དག་ཀྱང་ཐུགས་རྒྱུད་ནམ་མཁའ་ཀློང་ཡང་ལས། །དེ་ལྟར་དང་པོ་རང་ལུས་དང་། །དེ་ནས་རིམ་པར་གཞན་ལུས་ལ། །བརྟེན་ནས་ལམ་གྱི་རྩལ་སྦྱང་ཞིང་། །གཉིས་མེད་དབྱིངས་སུ་བསྲེ་བར་བྱ། །དེ་དང་ཡང་དག་ངེས་ལྡན་པའི། །སྣ་ཚོགས་ལས་ཀྱི་རིམ་པ་ཡང་། །མངོན་ཤེས་ལ་སོགས་ལས་ལ་སྦྱར། །གཏན་ལ་འབེབས་ནས་གཞན་དོན་སྤྱད། །འབྲས་བུ་སྐུ་གསུམ་ངང་དུ་བསྐྱལ། །ཅེས་སོགས་ཀྱིས་ཉམས་སུ་ལེན་ཚུལ་དྲོད་རྟགས་ཀྱི་རིམ་པ་དང་བཅས་པ་རྒྱས་པར་བསྟན་ཅིང་། དགོས་པ་དང་ཡོན་ཏན་ཀྱང་། འདོད་དང་འདོད་ཆགས་རྣམ་བྲལ་ཡང་། །འདོད་ཆགས་ཉིད་ལས་མ་གཡོས་པར། །འདོད་ཆགས་རང་སར་དེ་གྲོལ་ཞིང་། །ཆགས་པས་
ཆགས་པ་དབང་དུ་སྟེ། །ཆགས་པས་སེམས་ཅན་རང་གྲོལ་འགྱུར། །དེ་བས་འདོད་ལ་ཆགས་བྲལ་བ། །རང་བབས་ཆགས་པ་མེད་པར་འཆར། །ཆགས་པའི་འབྲས་བུ་བདེ་གསལ་ནས། །མི་རྟོག་ཡེ་ཤེས་ཏིང་འཛིན་སྐྱེ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །དེང་དུས་སྔགས་ལ་སྤྱོད་པ་རྣམས་ཀྱིས་ཚད་ལྡན་ཉམས་སུ་ལོན་པ་ཤིན་ཏུ་དཀོན་པས་འདིར་ས་བཅད་ཙམ་ལས་རྒྱས་པར་མ་སྤྲོས་པས་རྟོགས་པར་འདོད་ན་རིགས་མཐུན་གྱི་གཞུང་གཞན་དང་བླ་མའི་ཞལ་ལས་བླང་བར་བྱའོ། །གཉིས་པ་ཡེ་ཤེས་ཀྱི་ཕྱག་རྒྱ་ནི། རྒྱུད་ལས། བདེ་སྟོང་ཟག་པ་མེད་པ་ཡི། །ཡེ་ཤེས་རང་ས་ཟིན་པའི་གནད། །གཤིས་ལ་གཡོ་བ་མེད་བཞིན་དུ། །བཅས་བཅོས་བཟོ་མེད་ལྷུག་པའི་ཀློང་། །རང་གསལ་ཉིད་དུ་གནས་པར་བཞག །ཅེས་སོགས་ཀྱིས་བསྟན་པའི་དོན་བཞིན། ལས་ཀྱི་ཕྱག་རྒྱའི་ཉེ་རྒྱུ་ལ་བསྟེན་ཏེ་བདེ་བས་ཐབས་བྱས་ནས་དྲངས་པའི་མཚོན་བྱེད་དཔེའི་ཡེ་ཤེས་གཞོན་ནུ་མའི་བདེ་བ་དང་། ལྐུགས་པའི་རྨི་ལམ་ལྟར་སོ་སོར་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་ཡང་སྨྲར་མི་བཏུབས་པ། ཡིད་ཆེས་ཡོད་ཀྱང་འདི་ཞེས་དམིགས་སུ་མེད་པ་དེ་ཉིད་ཁོ་ན་ལ་རྟེན་བྱས་ཏེ། མཚོན་བྱ་བརྟེན་པ་དོན་དམ་པའི་བདེན་པ་རང་བྱུང་གཉུག་མ་གཤིས་ཀྱི་གནས་
ལུགས་སུ་ལ་བཟླ་བའི་ཚུལ་འོག་ཏུ་སྨོས་པ་བཞིན་ཀ་དག་ཁྲེགས་ཆོད་ཀྱི་བསམ་གཏན་ལ་མཉམ་པར་བཞག་པ་ལས། རྩ་རླུང་ཐིག་ལེ་སྒྲིབ་བྲལ་དྭངས་མར་སྨིན། དོན་དམ་ལྷན་ཅིག་སྐྱེས་པའི་བདེ་ཆེན་གྱི་ཡེ་ཤེས་འཕོ་འགྱུར་མེད་པ་བརྟན་ནས་ཆོས་ཉིད་ཀྱི་བདེན་པ་མཐོང་། སློབ་པའི་ཟུང་འཇུག་ལ་སྦྱོར། འདོད་ན་མྱུར་དུ་མཐར་ཐུག་རྡོ་རྗེ་གསུམ་གྱི་སྐུ་དང་ཡེ་ཤེས་འགྲུབ་པར་འགྱུར་ཏེ། ཇི་སྐད་དུ། མཆོག་ཏུ་མི་འགྱུར་ཏིང་འཛིན་གྱིས༔ དོན་གྱི་ལྷན་སྐྱེས་མངོན་དུ་འགྱུར༔ བདེན་མཐོང་སློབ་པའི་འོད་གསལ་ཆེ༔ ཇི་བཞིན་གྲུབ་པའི་རིག་འཛིན་ནི༔ འདོད་ན་མྱུར་དུ་མཐར་ཐུག་གི༔ འབྲས་བུ་སྐུ་དང་ཡེ་ཤེས་འཐོབ༔ ཅེས་དང་། ཐུན་མོང་གི་དངོས་གྲུབ་ཞོར་ལ་འབྱུང་བའི་ཚུལ་ཡང་། རྒྱུད་ལས། གནས་སྐབས་ཡུལ་གྱི་འབྲས་བུ་ཡང་། །ཚེ་ལ་དབང་འབྱོར་ཐོབ་པ་དང་། །ལོངས་སྤྱོད་ཉིད་ལ་དབང་འབྱོར་བ། །ཐུན་མོང་གང་དང་གང་དག་རྣམས། །རྩོལ་མེད་རང་བྱུང་ལྷུག་པར་རོ། །ཞེས་གསུངས་སོ། །བཞི་པ་མཐར་ཐུག་ཡེ་ཤེས་ཀྱི་རྣལ་འབྱོར་ལ་གཉིས། གཞི་ཀ་དག་ཆོས་ཟད་དུ་ལ་ཟླ་བ་ཁྲེགས་ཆོད་དང་། ལམ་ལྷུན་གྲུབ་འོད་གསལ་དུ་འགག་སྡོམ་པ་ཐོད་རྒལ་ལོ། །
དང་པོ་ནི། ཁྱད་པར་ཚིག་དབང་དང་འབྲེལ་ལམ༔ མཆོག་ཏུ་མི་འགྱུར་བདེ་བ་ཆེ༔ ཀ་དག་རྩོལ་བྲལ་དགོངས་པ་ནི༔ དུས་གསུམ་སྟོག་པས་མ་བསླད་པའི༔ དྲི་མེད་རིག་པ་ཀུན་ཏུ་བཟང་༔ ངོ་བོ་སྤྲོས་བྲལ་ཧད་དེ་བ༔ རང་བཞིན་རང་གསལ་ལམ་མེ་བ༔ ཐུགས་རྗེ་ཀུན་ཁྱབ་ཕྱོགས་ལྷུང་བྲལ༔ གསལ་སྟོང་དབྱེར་མེད་ཟང་ཐལ་ལེ༔ མ་བཅོས་རིག་སྟོང་རྗེན་པའི་གཤིས༔ བློ་འདས་ཆེན་པོའི་རང་བཞིན་འདི༔ ཆོས་སྐུ་ཡུམ་ཆེན་ངོ་བོར་གནས༔ དེ་ཚེ་ཅི་ཤར་ཅིར་སྣང་ཡང་༔ ཆོས་ཉིད་གཉུག་མའི་ངང་ཉིད་ལས༔ གཞན་དུ་རྡུལ་ཙམ་གཡོས་པ་མེད༔ བཟང་ངན་རེ་དོགས་ཡུལ་ལས་འདས༔ གང་ཤར་ཐུགས་འབྱུང་ལྷུག་པའི་ངང་༔ འཆིང་གྲོལ་མེད་པའི་སྤྱོད་པ་སྤྱད༔ ཅེས་པས། འདི་ལ་གསུམ། ལྟ་བས་ཐག་གཅོད་པ། སྒོམ་པས་ཉམས་སུ་ལེན་པ། སྤྱོད་པས་རྗེས་བསྐྱང་བའོ། །དང་པོ་ལའང་གསུམ། ཞི་གནས་བཙལ་བ། ལྷག་མཐོང་བསྐྱེད་པ། ཟུང་འཇུག་ཏུ་ངོ་སྤྲད་པའོ། །དང་པོ་ནི། སྐྱེ་བོའི་འདུ་འཛི་དང་གླག་ཅོར་ལ་སོགས་པ་མེད་པའི་གནས་དབེན་པར་སྟན་བདེ་བ་ལ། ལུས་གནད་རྣམ་སྣང་གི་ཆོས་བདུན་དྲང་པོར་བསྲང་ཞིང་ཆ་ཆ་ནས་ཧྲིལ་གྱིས་བསྒྲིམ།
ངག་གནད་རླུང་རང་སོར་བཞག །སེམས་ཀྱི་གནད་སྔར་འདི་བྱས། ཕྱིས་འདི་བྱེད། ད་ལྟ་འདི་ཡིན་འདི་མིན་སོགས་སེམས་ལ་ལས་གང་ཡང་མི་འཆོལ་བར་དུས་གསུམ་གྱི་སྤྲོས་པ་བཅད་དེ་བཟོ་མེད་ཡེངས་མེད་དུ་འཇོག །དེ་ལ་གནས་ན་དེས་ཆོག །གལ་ཏེ་མི་གནས་ན་མདུན་གྱི་ནམ་མཁར་རྡོ་རྗེ་ཐོད་ཕྲེང་རྩལ་ལྟ་བུའི་ལྷ་སྐུ་ཆེ་ཆུང་ཇི་ལྟར་རིགས་པ་ཞིག་བསྒོམ་ལ། གསལ་ཡེ་རེ་བྱུང་བ་དང་ཧ་ཅང་ཚིར་ཟིན་མི་བྱེད་པར་ལྷ་སྐུའི་སྣང་བ་ལམ་མེ་བ་དེ་ཀ་ལ་ཆེ་རེ་བལྟས་ཏེ་བཟོ་མེད་ཡེངས་མེད་དུ་ཀློད་དེ་འཇོག །དེ་ལའང་གནས་དཀའ་ན་ལྷ་སྐུའམ། ཡིག་འབྲུའམ། ཤིང་བུ་རྡེའུ་ལྟ་བུ་དངོས་པོ་ཕྲ་རགས་གང་རུང་ཞིག་མདུན་དུ་དངོས་སུ་བཞག་སྟེ། དེ་ལ་མིག་འབྲས་མི་འགུལ་ཞིང་རྫི་མ་མི་འཐབ་པར་ཆེ་རེ་ལྟ་སྟངས་གཏད་ནས་སེམས་ཀྱིས་ལེགས་ཉེས་སྤུ་རིས་སོགས་གང་ཡང་ཡིད་ལ་མི་བྱེད་ཅིང་། ཅི་ཡང་མི་སེམས་མི་བསྒོམ་པར་ཁྲེས་སེ་བོར་ལ་འཇོག །དེའི་ངང་ལས་རྣམ་རྟོག་གི་འཆར་སྒོ་ཅི་བྱུང་ཡང་མཐུང་དུ་མི་གཞུག་པར་རྟེན་སླན་ཏེ་ཅིར་ཡང་མི་བསྒོམ་མི་འཛིན་པར་རྟོག་མེད་སིང་ངེ་མ་ཡེངས་པར་བཟུང་ངོ་། །གལ་ཏེ་བྱིང་ན་ལྟ་སྟངས་གཏོད། ལུས་གྲིམ་ཆ་འཚོལ། ཤེས་པ་ལ་ངར་བཏགས།
རིག་པ་ཧུར་བཏོན་ཏེ་རྩེ་གཅིག་ཏུ་བལྟ། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། ཞེ་གཏིང་ནས་ཀློད་ལ་རང་བབས་སུ་འཇོག་གོ །དེ་བཞིན་དུ་སྒྲ་ལྷང་ངེ་བ་དང་། དྲི་ཆིལ་ལེ་བ་སོགས་དང་། དབུགས་རང་བབས་ཀྱི་འབྱུང་འཇུག་གནས་གསུམ་ལ་ཤེས་པ་གཏད་ཙམ་མ་གཏོགས་ཅི་ཡང་མི་བསམ་པར་ཀློད་དེ་འཇོག་པའམ། ཡང་ན་རྟེན་མེད་དུ་ཧད་དེ་འཇོག་པ་སོགས་གང་རུང་གཅིག་གི་སྟེང་དུ་བཞག་པས་ཆོག་ཅིང་། དེ་ལྟར་བསྒོམས་པས་ཐོག་མར་རྣམ་རྟོག་གི་འཆར་སྒོ་མང་དུ་འགྲོ་བ་སྙམ་བྱེད་ཀྱང་སྟོན་ཡོན་དུ་མ་བལྟས་པར་རྒྱུན་བསྲིངས་ལ་བསྒོམས་པས་ཆ་ཆ་ནས་ཞི་སྟེ་ལུས་སེམས་ལ་བདེ་བ་སྐྱེ་ཞིང་མདོག་སྣུམ། ངག་སྨྲ་བ་ཉུང་ཞིང་ཚིག་འཇམ། གང་ལ་སེམས་བཟུང་སར་རྟོག་མེད་དུ་གནས་པ་ལས་ལྡང་མི་ནུས་ཤིང་གཡོ་མི་འདོད་པ་འདྲ་བར་ཆམ་གྱིས་འགྲོ་བས་རྩེ་གཅིག་ཏུ་གནས་པ་ཞིག་འོང་སྟེ། དེ་ཙ་ན་ཞི་གནས་གོམས་པའི་རྟགས་ཡིན་ནོ། །གཉིས་པ་ལྷག་མཐོང་བསྐྱེད་པ་ལ་གཉིས་ལས། དང་པོ་ཕྱི་གཟུང་བ་ཡུལ་མེད་ནམ་མཁའ་ལྟ་བུར་གཏན་ལ་འབེབས་པ་ནི། དེ་ལྟར་སྣང་ལ་བཏགས་པའི་ཚེ་སྣང་གྲགས་འཁོར་འདས་ཀྱི་ཆོས་འདི་དག་རང་གི་བློས་བཀོད་བློ་ལ་ཤར་བ་མ་གཏོགས་ལོགས་ན་དོན་བདེན་པར་གྲུབ་
པ་ཞིག་རྡུལ་ཙམ་ཡང་མེད་དེ། སྣང་ནི་སྣང་། བདེན་ནི་མི་བདེན། འདི་ག་སྒྱུ་མའི་འཁྲུལ་འཁོར་རྨི་ལམ་གྱི་སྣང་བ་ལྟར་མེད་བཞིན་དུ་སྣང་བ་སང་སེང་འལ་འོལ་ཙམ་དུ་བལྟ་ཞིང་། དེ་ཡང་བཏགས་པ་ཙམ་ལས་རང་བཞིན་ཡོད་མེད་སྤྲོས་པའི་ཡུལ་ལས་འདས་པས་དོན་ལ་སྒྱུ་མར་འཛིན་པ་ཙམ་ཡང་མི་དམིགས་པར་ཐག་བཅད་དེ། ཡུལ་གྱི་སྣང་བ་གང་ཤར་ཡང་དེ་གའི་རང་ངོ་ལ་ཅེར་གྱིས་བལྟས་པས་སྣང་བ་མ་འགགས་ལ། དེར་འཛིན་གྱི་བློ་དྲི་མ་དང་བྲལ་བའི་གསལ་སྟོང་འཛིན་མེད་ནམ་མཁའ་ལྟ་བུར་རྗེན་སང་གིས་འཆར་བས་དེའི་ངང་ལ་རང་བབས་སུ་འཇོག་ཏུ་བཅུག་གོ །གཉིས་པ་ནང་འཛིན་སེམས་རྩ་བྲལ་དུ་གཏན་ལ་འབེབས་པ་ནི། ཁ་ནང་དུ་ཕྱོགས་ཏེ་རང་གི་སེམས་མི་འཆར་དགུ་འཆར་སྣ་ཚོགས་སུ་འཕྲོ་ཞིང་རྟོག་པ་ཁྱོད། དང་པོ་གང་ནས་འོང་། ད་ལྟ་གང་ན་གནས། མཐའ་མ་གང་དུ་འགྲོ། དབྱིབས་ཅི་འདྲ། ཁ་དོག་ཇི་ལྟར་འདུག་ཅེས་སྐད་ཅིག་ཀྱང་མ་ཡེངས་པར་ཕུ་འདེད་མདའ་འདེད་ཀྱིས་རིག་པ་རྐྱང་འདེད་དུ་བལྟར་བཅུག་པས། སེམས་མ་མཐོང་ཟེར་ན། འོ་ན་གྱུ་གྱུ་བ་ཐོལ་གྱིས་སྐྱེས་པ་དེ་ཀ་ལ་ལྟོས་དང་ཅི་འདྲ་འདུག །ལྟ་མཁན་དེ་རང་ག་སུ་ཡིན་པར་འདུག་ཅེས་
རྩད་གཅོད་དུ་བཅུག་པས། དངོས་མེད་གཅིག་འདུག་ཟེར་ན། ཐལ་བ་རླུང་གིས་ཁྱེར་བ་ལྟར་ཅང་མེད་གཅིག་འདུག་གམ་ཅི་འདྲ་འདུག་ཅེས་ནན་ཏན་དུ་བལྟར་བཅུག །དེ་ལྟར་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་ཅི་འདྲ་འདུག་ཞིབ་ཏུ་བལྟས་པས། བལྟ་མཁན་དང་ལྟ་རྒྱུ། མཐོང་མཁན་དང་མཐོང་རྒྱུ་སོགས་གང་ཡང་མ་མཐོང་། བཙལ་ཞིང་དཔྱད་པས་ཅི་ཡང་མ་རྙེད་པའི་ངང་དེར། གང་དུ་ཡང་ངོས་བཟུང་དཔྱད་ར་མེད་པར་ནམ་མཁའ་ལྟར་སང་ངེ་བ། ཡང་ཆམ་མེ་བ། བྱ་རྒྱུ་ཟད་པ། བྱ་ཐབས་རྡུགས་པས་བྱ་བྱེད་ཐམས་ཅད་དང་བྲལ་བ། གསལ་རིག་རྗེན་ནེ་བ་ཞིག་འཆར་ན། ཆད་པ་ངལ་གསོ་བ་ལྟར་དེ་ཀའི་རང་ལུགས་སུ་ལྷོད་ཀྱིས་ཀློད་ལ་འཇོག་ཏུ་བཅུག །དེ་ལྟར་བཞག་པས་དྲན་བསམ་གང་ཡང་མེད་ཅིང་གདངས་བདེ་བ་དང་བཅས་པ་མ་འགགས་པར་སྣང་བ་ཐམས་ཅད་འཛིན་མེད་རང་བབས་སུ་ཁྲོལ་ལེ་ཤིག་གེ་བུན་ནེ་བའི་ངང་ལ་མཉམ་པར་འཇོག་ཏུ་བཅུག་གོ །གསུམ་པ་ཞི་ལྷ་ཟུང་འཇུག་ཏུ་བསྒོམ་པ་ནི། ཡུལ་ལ་བློ་སྣང་ངམ། བློ་ལ་ཡུལ་སྣང་ལྟ་བུ་གང་ཤར་ཡང་འདྲ་སྟེ། གང་ཤར་དེ་ཀ་ལ་ཅེར་གྱིས་བལྟས་པས། རྫིང་བུར་ཟླ་གཟུགས་ཤར་དུས་ཆུ་དང་ཟླ་
གཟུགས་ཐ་མི་དད་པ་ལྟར་ཕ་གར་སྣང་བ་མ་འགགས་ལ། ཚུ་གར་དེར་འཛིན་གྱི་དྲི་མ་དང་བྲལ་བའི་སྣང་སེམས་དབྱེར་མེད་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ་ཞིག་འཆར་བས། དེ་ཀའི་ངང་ལ་རྟོག་དཔྱོད་ཀྱི་ཚོལ་འཕྲོ་གང་ཡང་མི་བྱ་བར་རང་བབས་སུ་ཅེ་རེ་བལྟ། བདེ་ལུགས་སུ་ཤིགས་སེ་ཤིག །རྗེས་མེད་དུ་སང་ངེ་སྐྱུར། རྒྱ་ཡན་དུ་ཆལ་ལེ་བརྡལ། མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་ལ་རང་སོར་ལྷོད་ཀྱིས་ཀློད། དེའི་ཚེ་ཚོགས་དྲུག་གི་ཡུལ་སྣང་ཡང་འཛིན་པ་མེད་པ་རང་གསལ་རྗེན་པར་ལྷག་གེ་བ། ནང་སེམས་ལ་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མེད་པ་རང་སངས་སུ་རྗེན་ནེ་བ། བར་རང་སར་གནས་ཀྱང་གཉེན་པོས་མ་བཅིངས་པར་བར་མེད་དུ་ཧ་རེ་བ་སྟེ། ཡུལ་བཟང་ངན་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་གྱི་བློ་མ་ཞུགས་པར་སལ་ལེ་སང་ངེ་བའི་རིག་པའི་ཆ་དེ་ཅར་ཕོག་ཏུ་ངོས་བཟུང་ལ་ཟང་ཐལ་རྗེན་པར་སྐྱོང་བ་ནི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཏེ། ཡིན་ལུགས་ཡེ་སངས་རྗེན་པ་རང་བྱུང་གི་ཡེ་ཤེས་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་ནས་འཁོར་བ་ཆོས་སྐུར་སངས་པས་རེ་དོགས་གཉིས་འཛིན་དང་བྲལ་བའི་འབྲས་བུ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་
ཞེས་བྱའོ། །དེ་ཡང་རིག་ཀྱང་མི་འཕྲོ། གསལ་ཡང་མི་འཛིན། མི་རྟོག་ཀྱང་རིག་པའི་གདངས་ཡུལ་སྣང་མ་འགགས་པས་འདོད་གཟུགས་གཟུགས་མེད་ཀྱི་སེམས་གསུམ་ལས་གྲོལ་ཞིང་། མཉམ་པར་བཞག་དུས་སེམས་སྤྲོ་བསྡུ་མེད་པར་ལྷན་ནེར་གནས་པ་མི་རྟོག་པ་སྟོང་པའི་ཆ་དེ་ཞི་གནས་དང་། རིག་པ་གསལ་དག་རྗེན་སང་ངེ་བར་གསལ་བས་སྣང་བའི་ཆ་དེ་ལྷག་མཐོང་སྟེ། ཟུང་འཇུག་ཏུ་སྒོམ་པ་ཡིན་ནོ། །དེ་ཡང་འདི་ལྟར་སེམས་ཀྱི་གཤིས་སྐྱེ་འགག་གནས་གསུམ་དང་དབྱིབས་ཁ་དོག་སོགས་གང་དུ་ཡང་མ་གྲུབ་པའི་སྐྱེ་མེད་སྤྲོས་པ་དང་བྲལ་བའི་སྟོང་ཧད་དེ་བ་དེ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་ཆོས་ཀྱི་སྐུ། དེ་ལྟར་སྟོང་བདོ་བའི་ཚེ་ན་རང་མདངས་འགགས་པ་མེད་པས་སལ་ལེ་བ། ཡེར་རེ་བ། ལམ་མེ་བར་འཆར་བ་དེ་ནི་རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ། དེ་ལྟར་གསལ་བཞིན་པ་ལ་སྟོང་། སྟོང་པའི་ངོ་བོ་གསལ་བ། གཉིས་སུ་མེད་པའི་རང་རྩལ་ཚོགས་དྲུག་གི་སྣང་བ་སྣ་ཚོགས་སུ་ཤར་བའི་ཚེ་ནའང་། ངོ་བོ་ཉིད་ལས་ནམ་ཡང་མི་གཡོ་བ་ནི་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་སྤྲུལ་པའི་སྐུ། དེ་གསུམ་རྣམ་པ་ཐ་དད་དུ་སྣང་ཡང་ངོ་བོ་དབྱེར་མི་ཕྱེད་པས་གཅིག་ཏུ་འདུས་པ་ནི་ངོ་བོ་ཉིད་ཀྱི་སྐུ་ཀུན་བཟང་
ཡུམ་ཆེན་མོའི་རང་བཞིན་ནོ། །གཞན་ཡང་སེམས་རྟོག་མེད་ཀྱི་ཆ་དེ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། སྣ་ཚོགས་སུ་གསལ་བ་དེ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས། དེ་གཉིས་དབྱེར་མེད་པ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཅེས་ཀྱང་བྱའོ། །ཧྲིལ་གྱིས་དྲིལ་ན་སྔ་ཕྱིའི་དྲན་རྟོག་བསམ་མནོས་བཅོས་བསླད་མ་བྱས་པའི་ད་ལྟར་གྱི་རིག་པ་ངོ་བོ་ངོས་བཟུང་ལས་འདས་པ། རང་གསལ་རང་བྱུང་གདོད་ནས་མི་འགྱུར་བའི་ཡེ་ཤེས། བློ་འདས་ཀྱི་གནས་ལུགས་ཝ་ལེ་སང་ངེ་ཕྱམས་གདལ་ཆེན་པོ་ཉིད་ཀ་དག་རང་བྱུང་གི་ཡེ་ཤེས་སུ་ཤེས་པ་ནི་ངོ་རང་ཐོག་ཏུ་འཕྲོད་པ། དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་སྐད་ཅིག་མ་ཧྲིག་གེ་སང་ངེར་གནས་པ་དེ་ལ་བཞི་ཆ་གསུམ་བྲལ་ཅེས་བྱ་སྟེ། དེ་ཉིད་ཁོ་ན་ལས་རྒྱལ་བའི་དགོངས་པ་གཞན་དུ་མེད་པར་རྟོགས་པ་ནི་ཐག་གཅིག་ཐོག་ཏུ་བཅད་པ། དེ་ལྟར་ངོ་འཕྲོད་ཅིང་ཐག་ཆོད་ཀྱི་ངེས་ཤེས་སྐྱེས་ཕྱིན་ཆད། བསྒོམ་མ་མྱོང་དང་འབྲལ་མ་མྱོང་། །མི་བསྒོམ་དོན་དང་མི་འབྲལ་བ། །ཞེས་པའི་དོན་བཞིན་ཅིར་ཡང་མི་སྒོམ་ཞིང་གནས་ལུགས་ཀྱི་དོན་དང་ནམ་ཡང་མི་འབྲལ་བས་གཟུང་འཛིན་རྣམ་རྟོག་གི་མཚན་མ་ཇི་ལྟར་ཤར་ཡང་
གཤིས་སྐྱེ་འགག་མེད་པས་སྦྲུལ་མདུད་རང་གྲོལ་བ་ལྟར། རིག་པའི་ནམ་མཁར་སེམས་ཀྱི་སྤྲིན་ཚོགས་ཤར་ཡང་ཕན་གནོད་མི་བྱེད་པར་རང་ཤར་རང་གྲོལ་གྱི་གནད་རིག་ནས་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་དྲན་རྟོག་རྗེས་མེད་བྱུང་ཚོར་གཞིར་ཐིམ་ལ་སོང་བ་ནི་གདིང་གྲོལ་ཐོག་ཏུ་བཅའ་བ་ཞེས་བྱ་སྟེ། དེ་ལྟ་བུའི་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་དགོངས་པ་བླ་ན་མེད་པའི་གདིང་བཟུང་བར་བྱའོ། །གནད་མདོར་བསྡུ་ན། ཀུན་མཁྱེན་ཆོས་རྗེས། ལྟ་བ་ཡེ་གྲོལ་དུ་རྟོགས་ཀྱང་སྒོམ་པ་ཡིན་ཐོག་ཏུ་མ་བཞག་ན་འཁོར་བའི་འཁྲུལ་སྣང་ལྡོག་མི་སྲིད་པས། རིག་པ་གཤིས་ཐོག་ཏུ་གོམ་པ་གནད་དུ་ཆེའོ། །ཞེས་གདམས་པ་ལྟར་རོ། །གཉིས་པ་སྒོམ་པས་ཉམས་སུ་ལེན་པ་ནི། དེ་ལྟར་གང་ཤར་ལ་བཅས་བཅོས་མེད་པར་དེ་གའི་རང་ངོ་ལ་ཆེར་གྱིས་བལྟས་ཏེ། རང་བབས་སུ་ཅེ་རེ། བདེ་ལུགས་སུ་ཤིག་གེ །རྗེས་མེད་དུ་སང་ངེ་། རྒྱ་ཡན་དུ་ཆལ་ལེ། མཐའ་བྲལ་དུ་ལྷོད་དེ། འཛིན་མེད་དུ་ཁྲོལ་ལེར་བཞག །དེ་ཡང་རྣམ་པར་རྟོག་པའི་ཕྲེང་བ་མཐོ་དམན། བདེ་སྡུག །ལེགས་ཉེས། བླང་དོར་སོགས་ཆོས་ཇི་ལྟར་སྣང་། གང་ལྟར་ཤར་ཡང་། ཅི་ཤར་གང་སྣང་གི་རང་ངོ་ལ་ཆེ་རེ་བལྟས་པ་ན་ཕྱི་ནང་བར་སོགས་ཐ་
སྙད་ཀུན་ལས་གྲོལ་བ་ནམ་མཁའ་ལྟ་བུར་འཆར་བས་དེ་ཀའི་ངང་དུ་བཟོ་མེད་དུ་འཇོག་པ་སྟེ། ནམ་མཁའ་ཆེ་ལས། སྔར་རྗེས་མི་དཔྱད་འདས་པའི་འདུ་ཤེས་དོར། །ཕྱིས་སྔོན་མི་བསུ་ཡིད་ཀྱི་འབྲེལ་ཐག་བཅད། །བར་དུ་འཛིན་མེད་ནམ་མཁའི་ངང་དུ་བཞག །ཅེས་སོ། །དེ་ལ་བསྒོམ་ཚུལ་རྣམ་པ་གསུམ་གྱིས་བོགས་དབྱུང་བ་ལས། དང་པོ་སྟོང་པ་ནམ་མཁའ་ལྟ་བུར་བསྒོམ་ཚུལ་ནི། ལུས་མི་གཡོ་བ་ཆོས་བདུན་བཅའ། དབང་པོ་རྫིང་བུའི་ཟླ་གཟུགས་ལྟར་མ་འགགས་རང་གསལ་དུ་བཞག་ནས། གང་སྣང་ཅེར་གྱིས་བལྟས་ཏེ་ཕྱི་ནང་བར་མེད་ཧར་སང་ངེ་། བུན་ནེ། ཤིག་གེ་ལྟ་སྟངས་གཅུན་ལ་བཞག་གོ །གསལ་བ་མེ་ལོང་ལྟ་བུའི་བསྒོམ་ཚུལ་ནི། གང་སྣང་རང་གསལ་འཛིན་མེད་ཀྱི་ངང་དུ། སལ་ལེ། ཝལ་ལེ། ཡེ་རེ་བཞག་གོ །འཆར་བ་རྦ་རླབས་ལྟ་བུའི་བསྒོམ་ཚུལ་ནི། རྣམ་རྟོག་འགྱུས་སམ་འགྱུར་བཅུག་སྟེ། །འགྱུ་བ་གང་ཤར་དེའི་ངོ་བོ་ལ་ཆེར་གྱིས་བལྟས་པས་རྦ་རླབས་ཆུར་ཐིམ་པ་ལྟར་འཛིན་མེད་དུ་ཁྲོལ་གྱིས་འགྲོ་སྟེ། དེ་ཁོ་ནས་གནས་འགྱུར་བསྲེས་ཏེ་བོགས་དབྱུང་ངོ་། །དེ་ཡང་དང་པོས་མི་རྟོག་པ་དང་། གཉིས་པས་བདེ་བ། གསུམ་པས་གསལ་བའི་བོགས་འདོན་དུ་འགྲོ།
དེ་ལྟར་གནས་པ་ཞི་གནས། གསལ་བ་ལྷག་མཐོང་། དབྱེར་མེད་པས་ཟུང་འཇུག་སྟེ། གཞི་རྫོགས་ཡེ་གྲོལ་སྐུ་བཞིའི་ངོ་བོར་མངོན་པར་བྱང་ཆུབ་པ་ཞེས་བྱའོ། །གསུམ་པ་སྤྱོད་པས་རྒྱུན་བསྐྱང་བ་ནི། སྔར་ལྟ་བ་ལ་ཟླའི་སྐབས་ཆོས་ཐམས་ཅད་སྒྱུ་མའི་སྣང་བ་ལྟར་མེད་པ་གསལ་སྣང་ཙམ་དུ་ཐག་ཆོད་མོད་ཀྱི། འོན་ཀྱང་སྤྱོད་པ་ཤན་འབྱེད་ཀྱི་སྐབས་འདིར་ཤེས་པར་བྱ་བ་ལ། ཇི་སྲིད་བདག་འཛིན་གྱི་རྟོག་པ་དབྱིངས་སུ་མ་ནུབ་ཀྱི་བར་དེ་སྲིད་དུ་མེད་བཞིན་དུའང་ལས་ཀྱི་འབྲས་བུ་མི་བསླུ་བར་འབྱུང་བ་ཡིན་པས། རང་གི་རྟོགས་པའི་གདིང་ཚད་དང་བསྟུན་ཏེ་འོག་ཏུ་སྨོས་པ་ལྟར་སྤྱོད་པ་དུས་ཚོད་དང་འབྲེལ་བར་བསླབ་པ་ཡིན་ནོ། །གཉིས་པ་ལམ་ལྷུན་གྲུབ་འོད་གསལ་དུ་འགག་སྡོམ་པ་ཐོད་རྒལ་གྱི་རིམ་པ་ནི། ཙིཏྟ་མི་ཤིགས་ཐིག་ལེ་རུ༔ རྣམ་དག་དབྱིངས་ཀྱི་སྒྲོན་མའི་སྦུབས༔ རིག་པ་དྲི་མེད་ཡེ་ཤེས་ནི༔ དཀར་འབྱམས་རྩ་ཡི་ལམ་ནས་བརྒྱུད༔ རྒྱང་ཞགས་དབང་པོའི་སྒོ་རུ་སྣང་༔ སྐུ་གསུམ་བཞུགས་སྟངས་ལ་བརྟེན་ནས༔ གཟིགས་སྟངས་ཙཀྵུའི་གནད་གཟིར་ཏེ༔ དབྱིངས་རིག་སྨིན་མཚམས་མཁའ་ལ་ཁྲིད༔ ལུག་རྒྱུད་ཨར་ལ་གཏད་པ་ཡིས༔ འོད་ལྔའི་ཐིག་ལེ་ནས་བརྩམས་ཏེ༔ མཁའ་
ཁྱབ་རིག་པ་ཚད་ལ་ཕེབས༔ གང་ཚེ་ཆོས་ཉིད་བརྗོད་མེད་ཀློང་༔ སྤྲོས་པ་ཐམས་ཅད་ཉེར་ཞི་ནས༔ འཇའ་ལུས་འཕོ་ཆེན་མཆོག་འགྲུབ་འགྱུར༔ ཞེས་པས། འདི་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགུ་ཕྲུགས་བཏང་། །ཞེས་པས་སྒོ་གསུམ་གྱི་བྱ་བ་གཏོང་བ་སྟེ། ལུས་ཀྱི་བྱ་བ་ཕྱི་འཇིག་རྟེན་འཁྲུལ་བའི་བྱ་བྱེད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ། གསང་བ་སྒུལ་བསྐྱོད་ཙམ་ཡང་སྤངས་ཏེ། བསམ་གཏན་གྱི་འདུག་སྟངས་ལས་མི་གཡོ་བའོ། །ངག་གི་བྱ་བ་ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ། ནང་ཁ་ཏོན་བཟླས་བརྗོད་སོགས། གསང་བ་རླུང་འགྲོ་འོང་ཙམ་ཡང་སྤངས་ནས་སོ་མར་འཇོག་པའོ། །ཡིད་ཀྱི་བྱ་བ་ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག །ནང་ཐོས་བསམ་གྱི་ཚིག་རྟོག་དང་སེམས་འཛིན་གྱི་དམིགས་པ་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་མི་རྟོག་པའི་ངང་ལ་གནས་པར་བྱ་བའོ། །གཉིས་པ་དངོས་གཞི་ལ་གཉིས་ཏེ། སྒོ་གསུམ་གྱི་གནད་གཟིར་བ་དང་། གནད་གསུམ་ལ་བརྟེན་
ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པའོ། །དང་པོ་ལ་གསུམ་ལས། ལུས་ཀྱི་གནད་ལ་བལྟ་སའི་གནས་ཀྱི་ཁྱད་པར། ས་དམའ་བས་ནམ་མཁའ་མཐོང་རྒྱ་ཆུང་བ་དང་། ཅུང་ཟད་མཐོ་བས་མཐོང་རྒྱ་འབྲིང་དང་། མཐོ་ཞིང་མཐོང་རྒྱ་ཆེ་བ་དང་གསུམ། ཁམས་ཀྱི་ཁྱད་པར། ལུས་ཀྱི་འབྱུང་བ་ཚ་ཤས་ཆེ་བ་དང་། ཚ་གྲང་སྙོམས་པ་དང་། གྲང་ཤས་ཆེ་བ་དང་གསུམ། ཤེས་པའི་ཁྱད་པར་བྱིང་བ་དང་། བྱིང་རྒོད་རེས་འཇོག་དང་། རྒོད་པ་ཤས་ཆེ་བ་དང་གསུམ་སྟེ། དེ་རྣམས་ལ་རིམ་པ་ཇི་ལྟ་བར་ཆོས་ལོངས་སྤྲུལ་པའི་བཞུགས་སྟངས་གསུམ་རང་རང་གི་གཟིགས་སྟངས་དང་བསྟུན་པ་གཅེས་སོ། །དེ་ལ་ཆོས་སྐུའི་འདུག་སྟངས་སེང་གེ་ལྟ་བུ་ནི། ལུས་འགྱིང་ཚུགས་སུ་འདུག་ལ་རྐང་མཐིལ་སྤྲད་པ་ས་ལ་ཕབ། པུས་མོ་ཕྱིར་སྐྱེད། ལག་སོར་བསྒོངས་ཏེ་ས་ལ་ཕབ་ནས་ལག་ངར་བསྲང་། རོ་སྟོད་སེང་ལ་བོར་ནས་རྩལ་མཇིང་བ་ལ་བསྐུར་བའོ། །དེས་ནི་ལས་རླུང་འགགས་ཏེ་ཡེ་ཤེས་ཀྱི་རླུང་འཕེལ་ཞིང་ཆོས་ཉིད་ཀྱི་སྣང་བ་ལྷུག་པར་འཆར་རོ། །ལོངས་སྐུའི་འདུག་སྟངས་གླང་ཆེན་ལྟ་བུ་ནི། ཁ་སྦུབ་ཏུ་པུས་བྲང་སྦྱར། རྐང་སོར་ཕྱིར་འཕུལ། ལག་པའི་གྲུ་མོ་ས་ལ་བཙུགས་ནས་ལག་མཐིལ་གྱིས་ཨོལ་
ཀོ་བརྟེན་པའི་སོར་མོ་འགྲམ་པ་ལ་སྦྱར། མཇིང་པ་ཅུང་ཟད་གྱེན་ལ་བཏེགས་པའོ། །དེས་གཡོ་བྱེད་ཀྱི་རྟོག་པ་ནུབ་ནས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་ལ་གནས་པར་འགྱུར་རོ། །སྤྲུལ་སྐུའི་འདུག་སྟངས་དྲང་སྲོང་ཙོག་པུ་ལྟ་བུ་ནི། རྐང་མཐིལ་གཉིས་ས་ལ་ཕབ་ནས་ལོང་བུ་གཉིས་གཤིབས་པས་ཙོག་པུར་འདུག །སྒལ་ཚིགས་དྲང་པོ་དང་མཇིང་པ་ཐད་ཀར་བསྲང་། ལག་བསྣོལ་བས་མཁལ་ཁུང་ངམ་པུས་མོ་ལ་བསྐོར་རོ། །དེས་འབྱུང་བ་སྙོམས་ཤིང་ངལ་བས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་ལ་གནས་པར་འགྱུར་རོ། །ངག་གི་གནད་ནི། ཉིན་རེ་བཞིན་སྨྲ་བ་ཇེ་ཉུང་ལ་བསླབ་ནས་གཞན་དང་འཁྲུལ་བའི་གཏམ་གླེང་བ་སྤངས་ཏེ། ཁ་ཏོན་སྔགས་བཟླ་ཙམ་མ་གཏོགས་མི་བརྗོད། མཐར་དེ་ཡང་བཀག་སྟེ་ཅི་ཡང་མི་སྨྲ་བར་ལ་ཟླ་བར་བྱའོ། །ཡིད་ཀྱི་གནད་ནི། ཕྱིའི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་དབང་པོ་མི་འགྱུར་བར་མདུང་ཚུགས་སུ་གཏད་ནས། སེམས་དུས་གསུམ་གྱི་དྲན་བསམ་འཕྲོ་འདུའི་རྟོག་པ་དང་ཕྲལ་ལ། མ་བཅོས་ངོས་བཟུང་དང་བྲལ་བའི་ངང་ལས་མི་གཡོ་བར་བསླབ་པར་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་
རྣམས་ངེསཔར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་བསླབ་དང་གནས་པ་དང་། །ལ་ཟླ་བརྟན་པར་བྱ་བའོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་སོ། །གཉིས་པ་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་ལ་གཉིས་ཏེ། གནད་གསུམ་གྱིས་རང་ཐོག་ཏུ་དབབ་པ་དང་། མངོན་སུམ་གྱིས་རང་ངོ་སྤྲད་པའོ། །དང་པོ་ལ་གསུམ་ལས། འཆར་བྱེད་སྒོའི་གནད་ནི་གཟིགས་སྟངས་གསུམ་གང་རུང་ལས་མི་འགུལ་བར་བྱ་བ་སྟེ། ཆོས་སྐུའི་གཟིགས་སྟངས་མིག་གཉིས་ཡིད་ཙམ་གྱེན་ལ་ལྡོག་པས་སྨིན་ཕྲག་གི་ནམ་མཁའ་ལ་བལྟ། ལོངས་སྐུའི་གཟིགས་སྟངས་མིག་གཉིས་ཐད་ཀ་ལས་ཡིད་ཙམ་མནན་པས་གཡས་གཡོན་གྱི་མཁའ་ལ་ཟུར་གྱིས་བལྟ། སྤྲུལ་སྐུའི་གཟིགས་སྟངས་མིག་ཡིད་ཙམ་མཐུར་ལ་ཕབ་ནས་ཕྱེད་བཙུམ་ཟིམ་བུས་མཁའ་ལ་བལྟའོ། །དེ་ཐམས་ཅད་ལ་མིག་ཧ་ཅང་མ་བསྒྲིམས་པར་ཁོང་དལ་ལ་ཀློད་པས་ནམ་མཁའི་མཐོངས་ལས་མི་འགྱུར་བར་བལྟ་བ་གནད་དོ། །འཆར་གཞི་ཡུལ་གྱི་གནད་ནི། ཡུལ་སྤྲིན་དང་བསིར་བུ་སོགས་སྒྲིབ་བྱེད་དང་བྲལ་བའི་ནམ་མཁའ་དྭངས་པ་ལ་ཉི་མར་རྒྱབ་ཕྱོགས་
ནས་སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་ཀྱི་དུས་སུ་ཉི་མའི་འོག་ཏུ་ཁྲུ་གང་ཙམ་གཞལ་བའི་ནམ་མཁའ་ལ་གཏད་པར་བྱ་ཞིང་། སྤྱིར་ཆོས་སྐུའི་རྟེན་ཉི་མ། ལོངས་སྐུའི་རྟེན་ཟླ་བ། སྤྲུལ་སྐུའི་རྟེན་མར་མེ་རྣམས་གང་རུང་ལ་བལྟ་བའོ། །རླུང་རིག་གི་གནད་ནི། རླུང་གནད་འགྲོ་འོང་ཁ་ལས་དལ་བུས་རྒྱུ་བའང་ཅུང་ཟད་ཕྱིར་འཕངས་ལ་འཇོག་ཅིང་། རིག་པ་ནམ་མཁའི་དཀྱིལ་ལས་གཞན་དུ་མ་ཡེངས་པར་བལྟས་པས། ཐོག་མར་དཀར་ཟིང་ཟིང་དང་ཕྲ་ཕྲོ་ལས་དབྱིངས་སྣང་ལུ་གུ་རྒྱུད་དང་བཅས་པ་འཆར་ཏེ། དེ་དུས་དབྱིངས་ཀྱི་ར་བར་ལུག་རྒྱུད་བཅུག་ནས་འགུལ་འཕྲིག་མེད་པརའཛིན་པ་ནི་གནད་དོ། །དེ་དག་ཀྱང་ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉི་དང་། །རླུང་དང་རིག་པའི་གནད་ཉིད་བརྟེན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་བྲལ་བས་ཡེ་ཤེས་འགྲུབ། ཅེས་དང་། སངས་རྒྱས་སྲས་གཅིག་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་གཞག་ཅིང་འབྲལ་མི་བྱ། །ཞེས་གསུངས་སོ། །གཉིས་པ་མངོན་སུམ་
གྱི་རང་ངོ་སྤྲོད་པ་ནི། དེ་ལྟར་གནད་ཀྱིས་མཐོང་བའི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་སྣང་ཐིག་ལེས་བརྒྱན་པ་དེ་ནི་ཁམས་བདེ་བར་གཤེགས་པའི་སྙིང་པོའམ་དང་པོའི་སངས་རྒྱས་ཡེ་ནས་རང་ལ་ཡོད་པའི་རང་གདངས་དེ་རིང་ནས་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཞེས་བྱ་སྟེ། རང་བྱུང་བསྟན་པའི་རྒྱུད་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང་། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པས། རང་ངོ་རང་གིས་མཐོང་བ་ལ་དགའ་བ་སྐྱེད་ཅིག །རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་སོ་སོ་རང་རིག་གི་དོན་ཡེ་ནས་གནས་པའི་སྣང་བ་དེ་རིང་མཐོང་བ་ཡིན་ནོ། །དེ་ལྟར་ཡང་ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་བ་ཡི་སངས་རྒྱས་སོ། །ཞེས་དང་། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་དར་ཤ་ཆོད་པའོ། །ཞེས་གསུངས་སོ། །གསུམ་པ་རྗེས་ལ་གཉིས་ཏེ། དེ་ལྟར་ཉམས་སུ་བླངས་པས་སྣང་བཞིའི་འཆར་ཚུལ་ངོས་བཟུང་བ་དང་། མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱ་བའོ། །དང་པོ་ལ་བཞི་ལས། ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི། སྔར་
བཤད་པ་ལྟར་སྒོ་གསུམ་གྱི་གནད་གཟིར་ཞིང་། སྒོ་ཡུལ་རླུང་གི་གནད་གསུམ་གཅུན་པ་སྟེ། དེ་ལྟར་གནད་དྲུག་ལྡན་དུ་ཉམས་སུ་བླངས་པས། སོ་སོ་རང་རིག་གི་ཡེ་ཤེས་བདེ་བར་གཤེགས་པའི་ཁམས་སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་བཞུགས་པའི་གདངས་དཀར་འབྱམས་རྩའི་ལམ་ལས་བརྒྱུད་དེ། རྒྱང་ཞགས་ཆུའི་སྒྲོ་ནས་མིག་གི་སྒོར་མཐོང་ནས། ཕྱི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་འཇའ་འམ་རྨ་བྱའི་མདོངས་ལྟ་བུ་འཆར་ཞིང་། དེའི་ནང་དུ་ཐིག་ལེ་སྟོང་སྒྲོན་མུ་ཁྱུད་ཅན་གྱི་ཐིག་ལེ་དམར་ཟླུམ་མཐེབ་ལོང་ཙམ་པ་ལས། གྲངས་གཅིག་གཉིས་སོགས་རིམ་པར་མཆེད་པའི་ནང་དུ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་རྟ་རྔ་ལ་མདུན་པ་བཏབ་པའམ། གསེར་སྐུད་དང་། མུ་ཏིག་གི་ཕྲེང་བ་དང་། མེ་ཏོག་གི་ཆུན་པོ་ལྟ་བུ་ཅུང་ཟད་འཕར་གཡོ་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་གཏད་ནས་བློ་ས་གང་དུའང་མི་འཛིན་ཅིང་། དེའི་ངང་ལས་མི་གཡོ་བར་ཆེ་རེ་བལྟས་པས་ཤེས་རབ་རང་བྱུང་གི་སྒྲོན་མ་ཁོང་ནས་འཆར་བར་འགྱུར་རོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ནས་ངེས་
འཐོན་ནས། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་གསུངས་ཏེ། ཐིག་ལེ་གསུམ་འབྲེལ་གྱི་སྣང་བ་ཚུན་ཆད་ཆོས་ཉིད་མངོན་གསུམ་གྱི་སྣང་བ་ཡིན་ལ། དེ་ཡང་གཤིས་དོན་དམ་རིག་པའི་ངོ་བོ་ཉིད་ཀྱི་རང་གདངས་ཐིག་ལེ་ཉག་གཅིག་དབང་པོའི་མངོན་སུམ་གྱིས་མཐོང་ཞིང་། དེ་ལྟར་མཐོང་བས་ཆོས་ཉིད་ཡིད་དཔྱོད་དང་བྲལ་བར་འགྱུར་ཏེ། དེ་ལས། ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། སྔར་ལྟར་བརྩོན་པས་ཉམས་སུ་བླངས་པས། དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམ་གྱིས་གོམས་པ་ན་དབྱིངས་རིག་སྨིན་མཚམས་ཀྱི་སོར་བཞི་ལས་བྲལ་ཏེ་ནམ་མཁར་འཐོན་ནས། དབྱིངས་སྣང་འཇའ་འོད་ཟླུམ་འཁྲིགས་ཀྱི་ནང་དུ་ཐིག་ལེ་ལྔ་ཚོམས་གསལ་འཚེར་འབར་བ་དང་བཅས་པ་རྟག་ཏུ་སྣང་ཞིང་། འོད་ལྔའི་སྣང་བ་ཟ་འོག་གི་གུར་ཁྱིམ་ལྟ་བུ་དང་། གྱེན་བསྒྲེང་། རྩིབས་ཤར། དྲྭ་བ། པདྨ། མིག་མང་རིས་སོགས་ཡུལ་སྣང་ཐམས་ཅད་གང་བའི་བར་དུ་ཇེ་རྒྱས་དང་། ཐིག་ལེ་ཡང་མེ་ལོང་དང་། ཁམ་ཕོར་དང་། བསེ་ཕུབ་ཙམ་གྱི་བར་དུ་ཇེ་ཆེ་དང་། ལུག་རྒྱུད་ཀྱང་
ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའི་སྐུ་གཙུག་ཏོར་ནས་རིམ་པར་ཕྱེད་སྐུ་དང་། སྐུ་རྐྱང་གི་བར་དུ་གྲངས་མེད་པ་ཡབ་རྐྱང་གི་རྣམ་པར་ཤར་ནས། འགུལ་འཕྲིག་མེད་པར་གནས་ཤིང་། འདི་དག་གི་དུས་ན་ཕྱི་སྣང་བ། ནང་ཕུང་པོ། གསང་བ་རྟོག་པ་སྐྱོད་བྱེད་ཀྱི་རླུང་ཟད་པས། ཕྱིའི་སྣང་རྐྱེན་གྲོགས་སུ་འཆར། ནང་འཁྲུལ་པའི་ཡིད་དཔྱོད་དང་བྲལ། གསང་བ་མི་རྟོག་པའི་ངང་ལ་གནས་པ་སྟེ། འདི་ནས་མ་དག་པའི་འཁྲུལ་སྣང་རིམ་གྱིས་ནུབ་ནས། དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བས་གོང་འཕེལ་གྱི་སྣང་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། གོང་དུ་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །ཅེས་གསུངས་ཤིང་། འདི་དུས་ཤི་ན་ཆོས་ཉིད་བར་དོར་གྲོལ་བར་འགྱུར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དེ་ལྟར་གོམས་པས་ས་རྡོ་རི་བྲག་སོགས་མ་དག་པའི་སྣང་བ་ཐམས་ཅད་ནུབ་ནས། ལྔ་ལྡན་འོད་ཀྱི་སྣང་བས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁེངས་ཏེ། མུ་ཁྱུད་ལྔ་ལྡན་གྱི་ཐིག་ལེ་རེ་རེའི་ནང་དུའང་། རིགས་ལྔ་ཡབ་ཡུམ་ཟུང་འབྲེལ་གྱི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པས་ཞི་ཁྲོ་རིགས་ལྔ་རིགས་བརྒྱ་ལ་
སོགས་པའི་སྣང་བ་འཇིག་རྟེན་གྱི་ཁམས་གར་བལྟས་ཐམས་ཅད་ཁེངས་པར་འཆར་ཞིང་། དེ་དག་གི་ཐུགས་ཀ་ནས་ཤིན་ཏུ་ཕྲ་བའི་འོད་ཀྱི་ཟེར་ཐག་རང་གི་སྙིང་གར་འབྲེལ་བར་སྣང་ལ། དེའི་ཚེ་ཕྱི་ཡུལ་སྣང་ཡེ་ཤེས་སུ་ཤར་བས་ལོངས་སྐུའི་ཞིང་དུ་སྣང་། ནང་སྒྱུ་ལུས་འོད་ཕུང་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །དེ་ལྟར་ཕྱི་ནང་གི་རགས་པའི་དངོས་པོ་ཟད་དུས། གསང་བ་རླུང་སེམས་ཚད་ལ་ཕེབས་པས་རིག་པ་གང་ལའང་ཚུད་པའི་རྟགས་སུ་བེམ་པོ་ལ་རིག་པ་གཏད་ཀྱང་འགུལ་ཞིང་སྐད་འབྱིན་པ་དང་། ཉོན་མོངས་པ་རང་གྲོལ་བས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་དེ། འཁྲུལ་སྣང་ཐམས་ཅད་ནུབ་ནས་ཡེ་ཤེས་ཀྱི་སྣང་བ་རྒྱས་པས་སྤྱན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་ལ་དབང་འབྱོར་པ་ཐོབ། མདོར་ན་གདོས་བཅས་ཀྱི་སྣང་བ་དབྱིངས་སུ་དག་ནས་སྐུ་དང་ཞིང་ཁམས་གཏན་ལ་བེབས་པ་ནི་རིག་པ་ཚད་ཕེབས་ཀྱི་སྣང་བའོ། །དེ་ལྟར་ཡང་ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཞེས་དང་། ཀློང་གསལ་ལས་ཀྱང་། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས་པའི་ཕྱིར་རོ། །བཞི་པ་ཆོས་ཉིད་ཟད་
པའི་སྣང་བ་ནི། སྔར་བཞིན་ཉམས་སུ་བླངས་པས་རིམ་གྱིས་སྣང་བ་ཆོས་ཉིད་ཀྱི་དབྱིངས་སུ་ཐིམ་ནས། ཆོས་ཉིད་གང་དུའང་བསམ་བརྗོད་བྲལ་བ་ལ་ཆོས་ཉིད་ཟད་པ་ཞེས་བྱ་སྟེ། སྔར་གྱི་རྟགས་རྣམས་ཟད་ནས་ཅང་མེད་དུ་སོང་བ་མ་ཡིན་ཀྱང་། གདོས་བཅས་དང་སེམས་ཀྱི་སྤྲོས་པ་ཟད་དེ། ལུས་སེམས་གཉིས་མེད་འོད་ཀྱི་རང་བཞིན་དུ་འདྲེས་པ་ཐུགས་རྗེའི་ཟེར་ཐག་ལ་འདུས་ཏེ་རིགས་ལྔའི་ཐུགས་ཀར་ཐིམ་པས་སློབ་ལམ་གྱི་མཐར་ཕྱིན་ཏེ། ངོ་བོ་ཀ་དག་གི་སྣང་བ་མཐོང་དུ་ཉེ་བའོ། །ཟད་ལུགས་ནི། སྐུ་དང་ཞིང་ཁམས་ཀྱི་སྣང་བ་ཐམས་ཅད་ཀྱང་འགྱུར་མེད་རང་གསལ་འཆར་གཞི་མ་འགགས་པས་དོན་ལ་བྲི་གང་མེད་པ་ལས། གདངས་དབྱིངས་སུ་རང་ཐིམ་པའི་ཚེ་སྟོང་དང་མི་སྟོང་དང་འདི་ཡིན་འདི་མིན་སོགས་ཐ་སྙད་ཀྱིས་བཏགས་པའི་གྲུབ་མཐའི་འཛིན་ཆོས་ཐམས་ཅད་དང་། གདངས་ཕྱིར་གསལ་ཉིད་ནང་དབྱིངས་སུ་ཐིམ་པའི་ཚུལ་གྱིས་ཕྱི་ཉམས་སྣང་གི་འཕེལ་བ་ཀུན་ཟད་ཅིང་། ནང་སྒྱུ་ལུས་ཟད་དེ་འོད་སྐུར་ཡལ་བས། དེའི་ཚེ་འོད་ཀྱི་ནང་ན་ལག་པའི་སོར་མོ་ཙམ་སྣང་བ་ལས་གཞན་གདོས་བཅས་སུ་སྣང་བ་གང་ཡང་མེད་པ་དང་། ངག་རླུང་ཟད་པས་སྒྲ་ཐམས་ཅད་གཞོམ་མེད་ཀྱི་
རང་སྒྲར་ཡལ་བར་འགྱུར་ཞིང་། གསང་བ་གཡོ་བྱེད་ཀྱི་རླུང་ཟད་པས་འཁྲུལ་པའི་རྟོག་ཚོགས་ཀྱི་ཉོན་མོངས་པ་ཐམས་ཅད་རང་དག་ནས་གཞོན་ནུ་བུམ་པ་སྐུའི་ཞིང་དུ་གྲོལ་ཏེ་ཐོག་མའི་གཞི་དབྱིངས་སུ་ལ་ཟླ་བའོ། །དེའི་ངང་ལས་རྟེན་དེ་ཉིད་ཀྱིས་འགྲོ་དོན་མཛད་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུར་བཞེངས་ནས། སྐྱེ་བ་དང་འཇུག་པ་ལ་དབང་བ་གཉིས་ཀྱིས་དོན་མཛད་དོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། ཅེས་དང་། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོག་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་དང་། དེ་ལྟར་ལུས་འབྱུང་རྒྱུན་ཟད་ནས་ཟག་བཅས་ཕུང་པོ་མི་སྣང་བར། ཚེ་འདི་ཉིད་ལ་འཚང་རྒྱའོ། །ཞེས་སོ། །འདི་ནི་ཆོས་ཉིད་ཟད་པའི་སྣང་བ་ཡིན་ཏེ། ལམ་འདི་ལ་ཞུགས་ནས་བརྩོན་པ་རབ་ཀྱིས་བསྒོམ་ན་ལོ་གསུམ་དང་ཟླ་བ་བདུན་གྱི་དུས་ལས་མི་འདའ་བར། ཕྱི་སྣང་བ། ནང་སྒྱུ་ལུས། གསང་བ་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་རིག་པའི་གཤིས་ཐོག་ཏུ་དེངས་ནས་འཇའ་ལུས་
འཕོ་མེད་རྡོ་རྗེའི་སྐུ་མངོན་དུ་མཛད་པ་ཡིན་ནོ། །གཉིས་པ་མཐའ་རྟེན་བཞིའི་མན་ངག་གིས་གོམས་པར་བྱ་བ་ལ་བཞི་སྟེ། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདིང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། ལུས་མི་འགུལ་བ་བཞུགས་སྟངས་གསུམ། མིག་མི་འགུལ་བ་གཟིགས་སྟངས་གསུམ། རླུང་རིག་མི་འགུལ་བ་དལ་ཞིང་བཅོས་སླད་མེད་པས་དབྱིངས་སྣང་ལས་མི་འདའ་བ་སྟེ། འདི་གསུམ་སྤྱིར་ཉམས་ལེན་དང་མ་བྲལ་བ་དང་། ཁྱད་པར་ཆོས་ཉིད་མངོན་སུམ་གྱིས་དུས་སུ་གཅེས་སོ། །གཉིས་པ་ནི། དེ་ལྟར་བསྒོམས་པས་ཕྱི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར། ནང་ཕུང་པོ་སྡོད་པས་འཁྲུལ་པའི་བྱ་བ་དང་བྲལ། གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་རང་འགགས་སུ་འགྲོ་སྟེ། འདི་དག་གཙོ་བོར་ཉམས་གོང་འཕེལ་གྱི་དུས་སུ་གཅེས་སོ། །འདི་དུས་ཚད་རྨི་ལམ་གྱིས་བཟུང་བ་དང་། རྟགས་ལུས་ངག་ལ་འཆར་བ་གཉིས་འབྱུང་སྟེ། དང་པོ་རྨི་ལམ་བཟང་པོ་རྨི། བར་དུ་རྨི་ལམ་ཟིན། ཐ་མར་འོད་གསལ་གྱི་དབྱིངས་སུ་ནུབ་ནས་རྨི་ལམ་རྒྱུན་ཆད་དོ། །རྟགས་ནི་
ཆོས་ཉིད་མངོན་སུམ་གྱི་དུས་ན། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ། ངག་ལྐུག་པ་ལྟ་བུ། སེམས་བྱ་རྙི་ལ་ཟིན་པ་ལྟ་བུའོ། །ཉམས་གོང་འཕེལ་གྱི་དུས་སུ། ལུས་སྐྱེས་བུ་ནད་ཀྱིས་ཐེབས་པ་ལྟ་བུ། ངག་སྨྱོན་པའི་ཚིག་ལྟ་བུ། སེམས་རྩི་དུག་གིས་ཐེབས་པ་ལྟ་བུའོ། །རིག་པ་ཚད་ཕེབས་ཀྱི་དུས་སུ། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་ལྟ་བུ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟ་བུ། སེམས་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུའོ། །ཆོས་ཉིད་ཟད་པའི་དུས་སུ། ལུས་བར་སྣང་གི་འཇའ་ཚོན་ལྟ་བུ། ངག་བྲག་ཅའི་སྒྲ་ལྟ་བུ། སེམས་ན་བུན་བར་སྣང་ལ་དེངས་སུ་ཉེ་བ་ལྟ་བུའོ། །གསུམ་པ་ནི། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་གདོས་བཅས་ཀྱི་ལུས་འོད་གསལ་དུ་གྲོལ། གསང་བ་རླུང་སེམས་ལ་དབང་ཐོབ་པས་ཉོན་མོངས་པ་ཡེ་ཤེས་སུ་གྲོལ་ལོ། །འདི་དག་གཙོ་བོར་རིག་པ་ཚད་ཕེབས་ཀྱི་དུས་ན་འབྱུང་ངོ་། །བཞི་པ་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ། མར་འཁོར་བར་ལྷུངས་ཀྱི་དོགས་པ་དང་། མི་ལྷུང་དུ་རེ་བ་བཞི་ལས་གྲོལ་བ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་རྟོག་ཡེ་ཤེས་
ཚད་ཀྱང་བཟུང་། །ཞེས་སོ། །དེ་ལྟར་ཉམས་ལེན་དངོས་གཞི་ལ་ཞུགས་པ་ནས་བརྩམས་ཏེ། བརྩོན་འགྲུས་རབ་ཀྱིས་ལོ་གསུམ་དང་ཟླ་བ་བདུན་ནམ་གཅིག །འབྲིང་གིས་ལོ་ལྔ་དང་ཟླ་བ་ལྔ་ཞག་དྲུག །ཐ་མས་ཀྱང་ལོ་བདུན་དང་། ཟླ་བ་བཅུ་གཅིག་ན་ཆོས་ཉིད་གདོད་མའི་ས་ལ་ལྷག་མེད་དུ་གྲོལ་ནས་རང་ས་ཟིན་པར་གདོན་མི་ཟ་བ་ཡིན་ནོ། །དེ་དག་གིས་དབང་རབ་ཚེ་འདིར་གྲོལ་ཚུལ་བསྟན་པ་སྟེ། འབྲིང་བར་དོར་གྲོལ་ཚུལ་དང་། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་གྲོལ་ཚུལ་རྣམས་ནི་རྫོགས་པ་ཆེན་པོའི་མན་ངག་སྤྱི་ལྟར་ཤེས་པར་བྱའོ། །ཞར་བྱུང་དགེ་སྦྱོར་སྲང་འཇུག་གི་མན་ངག་ལ། ཉིན་མཚན་གྱི་ཆ་ལ་ཉིན་མོ་དུས་གཅིག་དང་། མཚན་ལ་གསུམ་དུ་ཕྱེ་བས་བཞི་སྟེ། ཉིན་དུས་སྣང་བ་རྒྱས་འདེབས་པའི་མན་ངག་གིས། མཉམ་གཞག་ཏུ་འོད་གསལ་རྣམ་པར་མི་རྟོག་པ་ནམ་མཁའ་ལྟ་བུའི་ངང་ལ་བཞག་ཅིང་། རྗེས་ཐོབ་ཏུ་ལྷ་སྐུ་སྒྱུ་མ་ལྟ་བུའི་ཁྱེར་སོའམ་ཡང་ན་དག་པའི་སྒྱུ་ལུས་སྣང་བ་ལྷ་སྐུར་གསལ་བ་ཉིད་འོད་གསལ་དུ་སྦྱང་བས་རྩལ་འདོན་ཅིང་། མཚན་དུས་ཡེ་ཤེས་གནད་དུ་བསྣུན་པའི་མན་ངག་ལ་གསུམ་ལས། དང་པོ་སྲོད་དུས་ཤེས་པ་ནང་དུ་བཟུང་བ་ནི། ལུས་
གནད་བཅའ། འཇམ་རླུང་བུམ་པ་ཅན་གྱིས་དབུ་མའི་ནང་གི་ལྟེ་བའི་ཨ་ཐུང་སྦར་བའི་སྤྱི་བོའི་ཧཾ་བཞུ་སྟེ་སྙིང་གར་བབས་པའི་ཐིག་ལེ་ལ་སེམས་བཟུང་བས་ལྷན་སྐྱེས་ཀྱི་ཡེ་ཤེས་བདེ་སྟོང་གི་ངང་འཆར་རོ། །གཉིས་པ་ནམ་གུང་ཤེས་བྱ་བུམ་པར་དྲིལ་བ་ནི། སྙིང་པདྨ་དམར་པོ་འདབ་མ་བཞི་པའི་ནང་དུ་ཨ་དཀར་པོ་འོད་འབར་བ་ཞིག་ལ་སེམས་གཏད་དེ། སྙིང་གར་འཇམ་རླུང་ཁ་སྦྱོར་དུ་བཟུང་ནས་གཞོག་གཡས་ཕབ་པ་སེང་གེའི་སྟབས་ཀྱིས་ཉལ་བས་གཉིད་འཐུག་འོད་གསལ་དུ་འཆར་རོ། །གསུམ་པ་ཐོ་རངས་རིག་པར་རང་གསལ་གདབ་པ་ནི། ཐོ་རངས་ལངས་ཏེ་སེང་གེའི་འདུག་སྟངས་ཀྱིས་ཧ་ཞེས་དབུགས་རིང་བ་གསུམ་ཕྱིར་བུས་ལ་བཟུང་ཞིང་། དེའི་ཚེ་སྙིང་གའི་ཨ་དེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན། སྤྱི་བོའི་སྟེང་འདོམ་གང་ཙམ་གྱི་ནམ་མཁར་ལིང་ངེ་འདུག་པ་ལ་སེམས་གཏད་དེ། རླུང་ཕྱིར་བཟུང་བའི་ངང་ལ་བཞག་པས་གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་འཆར་རོ། །རྩ་བའི་གསུམ་པ་རྗེས་ཀྱི་རྣལ་འབྱོར་ལམ་དུ་བྱ་བའི་ཚུལ་ནི། དེ་ལྟར་རྡོ་རྗེ་ཐེག་པའི་ལམ་གྱི་གཞི་རྟེན་བུམ་པ། གསང་བ། ཤེར་ཡེ། བཞི་པ་སྟེ་ཟབ་མོ་དབང་བཞིའི་ལམ་མཆོག་ཟབ་ལ་གནད་འདྲིལ་
བ་དབྱིབས་སྔགས་བདེ་བ་ཡེ་ཤེས་ཀྱི་རྣལ་འབྱོར་བཞི་པོ་གང་ཟག་རིམ་སྐྱེས་པས་སྔོན་འགྲོ་ནས་བཟུང་། དངོས་གཞིའི་ཉམས་ལེན་ཐམས་ཅད་སྔ་མ་རྣམས་ལ་ཉམས་མྱོང་སྐྱེས་ནས་ཕྱི་མ་ལ་རིམ་གྱིས་འཇུག །ཐོད་རྒལ་བས་མོས་པ་དང་འཚམས་པར་ཅི་རིགས་ཉམས་སུ་བླང་། གཅིག་ཅར་བ་ལ་བླ་མའི་རྣལ་འབྱོར་གྱི་རྗེས་སུ་རིག་པ་གཅེར་མཐོང་དུ་ངོ་སྤྲད་ལ་དེ་ཀའི་རྒྱུན་བསྐྱངས་པས་ཆོག །ལས་དང་པོ་པས་ཐུན་བཞིའམ་དྲུག་སོགས་བཅད། ཡུན་ཐུང་ལ་གྲངས་མང་བ་དང་དམིགས་པ་མ་ཡེངས་པར་རྩེ་གཅིག་ཏུ་གསལ་བ་གལ་ཆེ། ཐུན་མཐར་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བས་དགེ་བ་ཡོངས་སུ་བསྔོ་བས་སྤེལ་ཞིང་སྨོན་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་མང་དུ་གདབ། ཐུན་མཚམས་སུ་ཉམས་མྱོང་ངོ་བོ་མ་ཤོར་བར་དྲན་པའི་རྩིས་ཟིན་པར་བྱས་ནའ་བཏུང་ཡེ་ཤེས་བདུད་རྩི་ལུས་དཀྱིལ་གྱི་ལྷ་ལ་ཕུལ་བ་ནང་གི་ཚོགས་འཁོར་དུ་ལོངས་སྤྱད། ཉལ་བའི་ཚེ་སྙིང་གའི་བྃ་ཡིག་ལ་སེམས་བཟུང་། ལྡངས་པའི་ཚེ་སྟོང་ཉིད་འོད་གསལ་གྱི་ངང་ལས་སྒྱུ་མ་ལྟ་བུའི་སྐུར་བཞེངས། བློ་འདས་ཀྱི་ལྟ་བ་
རྟོགས་ཀྱང་རྒྱུ་འབྲས་ཀྱི་བླང་དོར་ཕྲ་ཞིབ་ནས་སྤྱད། ཐ་མལ་གྱི་སྣང་ཞེན་འཛིན་པ་རྦད་ཀྱིས་བཅད་ལ་སྣང་བ་ལྷ། གྲགས་པ་སྔགས། དྲན་རྟོག་ཆོས་སྐུའི་རོལ་པར་ལམ་དུ་ཁྱེར། རླུང་གི་དམ་ཚིག་ཏུ་བར་རླུང་ཐད་ཀར་བཟུང་། གཏུམ་མོའི་དམ་ཚིག་ཏུ་ལྟར་བའི་མེ་དམིགས་ཀྱི་འབར་སྣང་ལ་སེམས་བརྟན་པར་བྱ། ཐིག་ལེའི་དམ་ཚིག་ཏུ་བདེ་བའི་ངང་ཉམས་ཀྱི་ངོ་བོ་བསྐྱང་བ་རྣམས་དང་དུས་རྟག་ཏུ་མ་བྲལ་བ་གལ་ཆེ། དེ་ལྟ་བུའི་ཉམས་ལེན་ལ་རྩེ་གཅིག་ཏུ་བརྩོན་ཅིང་གནད་དུ་འགྲོ་བའི་ཚེ་མེ་འབར་བའི་སྔོན་དུ་དུད་པ་འབྱུང་བ་བཞིན་སྔོན་གྱི་སྡིག་སྒྲིབ་བསླངས་ནས། ཕྱི་འབྱུང་བ་ལུས་འཁྲུགས་ཀྱི་གེགས། ནང་རྩ་རླུང་ཐིག་ལེ་བསམ་གཏན་བྱིང་རྒོད་ཀྱི་གེགས། གསང་བ་ཏིང་ངེ་འཛིན་སེམས་འཁྲུགས་ཀྱི་གེགས་སོགས་ཉམས་འཇམ་རྩུབ་མཐོ་དམན་ཤིན་ཏུ་མང་པོ་འབྱུང་བར་འགྱུར་ལ། གང་ལྟར་བྱུང་ཡང་རེ་དོགས་དགག་སྒྲུབ་ཅིའང་མི་བྱ་བར་ཞེན་འཁྲིས་ཀྱི་མདུད་པ་བཅད། ཉམས་མྱོང་དང་བསྲེས་ནས་གྲོགས་སུ་ཁྱེར་ལ་ལམ་དུ་བསླང་། རིག་པའི་རང་ཚུགས་མ་ཤོར་བར་ངོ་བོ་བསྐྱངས་པས་སྦྲུལ་མདུད་རང་སར་ཞིག་པ་ལྟར་གེགས་རྣམས་རང་གྲོལ། ཉམས་མྱོང་ན་འཕར་བར་འགྱུར་རོ། །ཉམས་ལེན་དེ་རྣམས་
ཀུན་གྱི་བོགས་འདོན་དུ་འཁོར་བ་ལ་ངེས་འབྱུང་གི་སྐྱོ་ཤས་ཆེན་པོ་བསྐྱེད། སེམས་ཅན་ལ་སྙིང་རྗེ་ཤས་མི་བཟོད་པའི་བྱང་སེམས་བསྒོམ། གེགས་སེལ་བོགས་འདོན་ཐམས་ཅད་ཀྱི་རྒྱལ་པོ་བླ་མའི་མོས་གུས་ཁོ་ན་ཡིན་པས་བླ་མ་ཉིད་རྩ་གསུམ་ཀུན་འདུས་ཀྱི་ངོ་བོར་ཐག་བཅད། ཚད་བཟུང་མེད་པའི་གདུང་ཤུགས་ཀྱི་མོས་གུས་དྲག་པོ་རྩལ་དུ་བཏོན། ཞེན་འཁྲིས་མེད་པའི་འོ་དོད་ཀྱིས་གསོལ་བ་གདབ། གནས་ལུགས་མ་བཅོས་པའི་ངང་དུ་ཐུགས་ཡིད་བསྲེ། སྣང་སྲིད་གཞིར་བཞེངས་ཡོངས་གྲུབ་ལྷུན་རྫོགས་ཆེན་པོའི་བསྐྱེད་རིམ་དང་བདེ་རླུང་སེམས་གསུམ་དབྱེར་མི་ཕྱེད་པ་ཟུང་འཇུག་ཆེན་པོའི་རྟོགས་པ་སྤེལ་ནས་དབྱིབས་ཀྱི་རྣལ་འབྱོར་ལ་བོགས་འདོན། མུན་པའི་ཁང་བུར་བྱེད་པ་བཅིངས་པའི་བཙན་ཐབས་ཀྱི་སྦྱོར་བ་ལ་བརྟེན་ནས། ཡུལ་དབང་ཤེས་གསུམ་ནང་དུ་སྡུད་ཅིང་ཉིན་མཚན་གྱི་རྟགས་སྣང་གསལ་ལ་བརྟན་པར་བྱས་ཏེ་སྔགས་ཀྱི་རྣལ་འབྱོར་ལ་བོགས་འདོན། རང་ལུས་འབྱོངས་ནས་གཞན་ལུས་ལ་རང་དབང་ཐོབ་པའི་རྣལ་འབྱོར་པས་ཚེ་ལམ་གྱི་ཕྱག་རྒྱ་པདྨ་ཅན་གྱི་དྭངས་བཅུད་ལེན་པའི་ཐབས་ཟབ་མོས་འཆི་མེད་རྡོ་རྗེའི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐུ་བསྒྲུབ། རྒྱས་འདེབས་ཕྱག་རྒྱ་ཆེན་
པོའི་རྣལ་འབྱོར་ལ་བོགས་འདོན་ཅིང་ཉམས་རྟོགས་བརྟན་མི་བརྟན་བརྟག་པའི་སླད་དུ། དུར་ཁྲོད་ལ་སོགས་པའི་གནས་གཉན་ཅིང་འཇིགས་ལ་ཡ་ང་བའི་གནས་སུ་ཕྱིན་ཏེ་རྒྱུད་ནས་གསུངས་པའི་བརྟུལ་ཞུགས་ཀྱི་སྤྱོད་པ་བརྩམས་པར་གསུངས་ཀྱང་། ནུས་པའི་གདིང་དང་མི་ལྡན་པས་ཕུང་པོ་གཟན་བསྒྱུར་གྱི་བདུད་གཅོད་བྱ། རྣམ་རྟོག་གང་སྐྱེས་ཐམས་ཅད་སྟོང་པ་ཉིད་ཀྱི་དབྱིངས་སུ་བསྐྱལ། བདག་ཏུ་རྟོག་པའི་སྙེམ་པ་རྩད་ནས་བཅད། སྤྱིར་གནས་ལུགས་ལ་བརྟན་པ་ཅི་རིགས་ཐོབ་པའི་གང་ཟག་གིས་སྣང་བ་ལ་རྩིས་གདབ་མེད་པ་བུ་ཆུང་ལྟ་བུའི་སྤྱོད་པ་དང་། བརྟན་པ་འབྲིང་དུ་ཐོབ་པས་རེ་དོགས་ཀྱི་འཆིང་བ་མེད་པས་གང་ཤར་ཐད་ཀར་གཅོད་པ་སྨྱོན་པ་ལྟ་བུའི་སྤྱོད་པ་དང་། བརྟན་པ་ཆེར་ཐོབ་པས་གང་ལའང་འཇིགས་སྐྲག་དང་བག་ཚ་མེད་པ་སེང་གེ་ལྟ་བུའི་སྤྱོད་པས་གནས་དང་ཡུལ་རྣམས་སུ་བགྲོད་ཅིང་བརྟུལ་ཞུགས་ཀྱི་སྤྱོད་པ་རྒྱ་མཚོས་དེར་གནས་པའི་དཔའ་བོ་དང་མཁའ་འགྲོ་མ་རྣམས་དང་ལྷན་ཅིག་ཏུ་སྤྱོད་པའི་མཐུ་ཐོབ་ནས་འོག་མིན་མཁའ་སྤྱོད་ཆེན་པོའི་ཞིང་དུ་ལྷན་སྐྱེས་རྡོ་རྗེ་བཙུན་མོའི་གོ་འཕང་ལ་དབང་བསྒྱུར་ཏེ་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་པར་འགྱུར་རོ། །ཟབ་ལམ་ཀུན་གྱི་སྙིང་པོའི་ཕུལ། །རྣལ་འབྱོར་བཞི་ཡི་
རིམ་པ་ལ། སྐལ་ལྡན་བདེ་མྱུར་དཀྲི་བའི་ཚུལ། །མདོ་ཙམ་འདིར་ནི་གསལ་བར་བྱ། །ཟུང་འཇུག་བདེ་ཆེན་མཚོ་རྒྱལ་ཡུམ། །ཁ་སྦྱོར་བདེ་བའི་ཡེ་ཤེས་སྐུ། །འགྲོ་བ་ཀུན་གྱིས་ཡོངས་ཐོབ་ནས། །མཁའ་སྤྱོད་གྲོང་ཁྱེར་མཛེས་བྱེད་ཤོག །ཅེས་པའང་ལམ་འདི་ལས་དངོས་གྲུབ་ཀྱི་སྐལ་བཟང་ཐོབ་པའི་རྣལ་འབྱོར་པ་འཁྲུལ་ཞིག་རྡོ་རྗེས་རིང་མོ་ཉིད་ནས་དོན་གཉེར་ཆེན་པོས་ཡང་དང་ཡང་དུ་བསྐུལ་བ་བློ་ཡུལ་དུ་སིམས་པའི་ཐོག །ང་ཕོད་ལོང་པོ་པདྨ་ཆོས་གླིང་གི་སློབ་དཔོན་ཨོ་རྒྱན་གསང་སྔགས་བསྟན་འཛིན་གྱི་ཞལ་སྔ་ནས་ཀྱང་ཚུལ་འདིའི་ཕྲིན་ལས་སྤེལ་བའི་ཐུགས་བསྐྱེད་ལྷུར་བཞེས་པ་དང་བཅས་ཏེ་ནན་ཆེར་བསྐུལ་བར་མཛད་པ་དང་། ཉེ་ཆར་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེས་ཐུགས་དམ་ཉམས་བཞེས་ཀྱི་སྙིང་པོ་གཅིག་ཏུ་དགོངས་ཏེ་ལྡོག་པར་མི་བཟོད་པའི་བཀའི་བསྐུལ་མ་ནན་ཆགས་སུ་སྩལ་བས་མཚམས་སྦྱར་ཏེ། རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་དགུར་སོན་པ་སྣ་ཚོགས་ཀྱི་ལོ་ཆུ་སྟོད་ཉ་བའི་ཡར་ངོའི་ཚེས་བཅུ་ལ། ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་ནགས་ཁྲོད་བུ་ཆུ་བདེ་ཆེན་སྟེང་གི་བསྟི་གནས་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་གྲུབ་གཉིས་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ།། །།
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་ཁྲིད་ཡིག་ལས་འཕྲོས་པ་རྫོགས་རིམ་ཕྱག་རྒྱའི་མན་ངག་གུད་དུ་སྦས་པ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་ཁྲིད་ཡིག་ལས་འཕྲོས་པ་རྫོགས་རིམ་ཕྱག་རྒྱའི་མན་ངག་གུད་དུ་སྦས་པ་བཞུགས་སོ། །
༄༅། །ཨོཾ་སྭསྟི། ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རྫོགས་རིམ་ཕྱག་རྒྱའི་རྣལ་འབྱོར་བདེ་བ་ཆེན་པོའི་ཡེ་ཤེས་སྒྲུབ་བའི་མན་ངག་གུད་དུ་སྦས་པ་གསལ་བར་འཆད་པ་ལ་གསུམ། སྦྱོར་བ་གསང་ཐུར་ལ་བསླབ་པ། དངོས་གཞི་ཤེས་རབ་མར་བསླབ་པ། རྗེས་གེགས་སེལ་གྱི་རིམ་པའོ། །དང་པོ་གསང་ཐུར་ལ་རྒྱབ་ཐུར་མདུན་ཐུར་གཉིས་ཀྱི། དང་པོ་རྒྱབ་ཐུར་སྟོན་པ་ལ། ཐུར་མའི་རྒྱུ་དང་། ཚད་དང་། རབ་གནས། སྦྱོང་ཐབས། བཅུད་ལེན་དང་ལྔ་ལས། དང་པོ་རྒྱུ་ནི། བྱ་རྒོད་ཀྱི་རྐང་ངམ་སྨྱུག་མ་ལས་བྱས་པ། ཚད་ནི་སྦོམ་ཕྲ་མཛུབ་མོ་ཙམ། སྦྱོང་ཐུར་ལ་སོར་བཞི། ལམ་ཐུར་
ལ་མཐོ་གང་། རབ་གནས་ནི་རྟེན་འབྲེལ་སྙིང་པོས་བྱ། བཞི་པ་སྦྱོང་ཐབས་ལ་ལྔ། རླུང་བཤལ། ཆུ་བཤལ། གྲང་བཤལ། ཚ་བཤལ། དུག་བཤལ་ལོ། །དང་པོ་རླུང་བཤལ་ནི། སྦྱང་ཐུར་ལ་མར་གྱིས་བྱུགས་ནས་སྲིན་ཞལ་དུ་གཞུག །ལུས་གནད་གླིང་བཞི་མཐའ་སྡུད་བྱ། དམིགས་པ་རང་ཉིད་ཡི་དམ་གྱི་སྐུར་གསལ་བའི་ནང་དུ། དྷུ་ཏི་འོད་ཀྱི་སྦུ་གུ་སྦ་ལྕགས་ཙམ། སྤྱི་བོ་གསང་གནས་ཀྱི་བར་དུ་ཤེད་དེ་ཟུག་པ། ཡར་མར་གྱི་སྣེ་བུ་ག་དྲང་ཤད་དེ་ཧ་རེ་ཡོད་པར་དམིགས། དེ་ནས་སྣོད་བཅུད་ཐམས་ཅད་འོད་ལྔར་ལྟེམ་གྱིས་ཞུ་ནས་གསང་བའི་སྦུགས་སུ་ཞུགས། སྤྱི་གཙུག་ནས་
ཕྱུར་ཕྱུར་ཐོན་པ་བསམ་ལ། སྟེང་རླུང་དྲག་ཏུ་བྱུང་། འོག་རླུང་ཐུབ་ཚད་འཐེན། རྒྱུ་ཞབས་སྒལ་པ་ལ་སྦྱར། ཉྭ་བཞི་བསྒྲིམ། མིག་གྱེན་དུ་བགྲད། ལྕེ་ཡ་རྐན་ལ་སྦྱར། མི་ཐུབ་པ་ན་ནང་དུ་རྔུབ། སྣོད་བཅུད་ཐམས་ཅད་འོད་ལྔར་ཞུ་སྟེ་སྤྱི་བོ་ནས་ཞུགས་གསང་གནས་ཀྱི་བུ་ག་ནས་ཕྱུ་རུ་རུ་ཐོན་པར་བསམ་ལ། མིག་ཐུར་དུ་བགྲད། ལུས་ཤེད་ཐམས་ཅད་ཐུར་དུ་ཕྱུང་། འདི་དུས་འོག་རླུང་སྒྲ་བཅས་སུ་སོང་ཡང་སྐྱོན་མེད། དེ་ལྟར་ཐུན་བཞིར་ནན་ཏན་དུ་སྦྱངས་པས། འོག་རླུང་འཐེན་དུས་སྣ་སྒོར་ཐུར་སེལ་གྱི་དྲི་བྲོ་ཞིང་། སྟེང་དུ་མནན་དུས་སྣ་ནས་སྤོས་དྲི་རྔུབ་པ་འོག་སྒོར་བྲོ་ནུས་ན་སྟེང་འོག་གི་རླུང་འདྲེས་པ་ཡིན་ནོ། །ཕན་ཡོན་ཀྱང་། ཐུར་སེལ་རླུང་ནི་རྟ་རྔ་ཙམ། །ལན་གཅིག་དྲོངས་པ་གྱུར་པ་ཡིས། །ངན་འགྲོ་ཐམས་ཅད་རབ་བཅོམ་ནས། །བར་དོའི་གྲོང་ཁྱེར་དེས་མི་མཐོང་། །ཞེས་སོ། །གཉིས་པ་ཆུ་བཤལ་ནི། རྡུལ་མེད་པའི་ཆུ་གཙང་མ་ཤ་དྲོད་ཙམ་བསྲོ་ལ། སྣུམ་ཐུར་མགོ་གསུམ་ཙམ་གྱིས་ཀ་ལི་བཀང་། ལམ་ཐུར་མར་གྱིས་བྱུག་པ་སོར་བཞི་སྲིན་ལམ་དུ་བཅུག །མཚམས་སུ་དར་གྱིས་བཅིང་། ལུས་ཐུར་དུ་སྒུར་ནས་པུས་མོ་དང་གྲུ་མོ་ས་ལ་བཙུགས། ལམ་ཐུར་མར་སྣེ་ཀ་ལིའི་ནང་དུ་འཕྲོད་པར་བྱ། དེ་ནས་ཆུ་དེ་ཡེ་
ཤེས་ཀྱི་བདུད་རྩི་བསིལ་བའི་རང་བཞིན་དུ་བསམ་ལ། གོང་ལྟར་འོག་རླུང་དྲག་ཏུ་འཐེན་ལ་རྔུབ། ཕོ་སྐོར་ཕོ་བརྡབ་བྱས་ལ་ཕྱིར་འདོན་པ་ཡང་ཡང་བྱའོ། །གསུམ་པ་གྲང་བཤལ་ནི། ཆང་སྐྱུར་རྙིང་པ་མ་ཡལ་བ་ལ། ཨ་བར་སྐྱུར་གསུམ། རྒྱ་ཚྭ། གཡེར་མ། ལྕམ་ཚ། རྒྱ་ལྕམ་འབྲས་བུ། དུར་བྱིད། ཐར་ནུ། ཆུ་རྩ། བྱང་ཁྲ་རྣམས་ཞིབ་པར་བཏུལ་བ་སྦྱར་ལ་གོང་ལྟར་རྔུབ་ཅིང་ཕོ་སྐོར་ཕོ་བརྡབ་བྱས་ལ་ཕྱིར་འདོན་ནོ། །བཞི་པ་ཚ་བཤལ་ནི། གར་ཆང་རྙིང་པར། མར་རྙིང་གི་ཁུ་བ། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། ཤིང་ཚྭ། ལྒ་སྐྱ། པི་པི་ལིང་། ཕོ་བ་རིལ། སེ་འབྲུ། སུཀྨེལ། ཤིང་ཀུན་རྣམས་སྦྱར་བའི་སྨན་ཐུན་གསུམ་ཙམ་སྦྱར་ལ། དམིགས་པ་ནི་ཡེ་ཤེས་ཀྱི་བདུད་རྩི་ཚ་ཞིང་རྩུབ་པའི་རང་བཞིན་ཅན་དུ་བསམ་ལ་བཏང་། ཕོ་སྐོར་སོགས་གོང་དང་འདྲའོ། །ལྔ་པ་དུག་བཤལ་ནི། བཙན་དུག །ཐར་ནུ། དུར་བྱིད། ཤིང་ཀུན་རྣམས་ཞིབ་པར་བཏུལ་ལ། དང་པོ་སྨན་ཐུན་གསུམ་ཙམ་ཆུར་སྦྱར་ལ་བཏང་། ཕོ་སྐོར་དང་ཕོ་བརྡབ་བྱ་ཞིང་ལྷག་མ་མ་ལུས་པར་ཕྱིར་འཕོ། དེ་ལ་གོམས་ནས་ཐུན་གཉིས་དང་གསུམ་སོགས་དགུའི་བར་དུ་སྤེལ་ཤེས་པར་བྱའོ། །ལྔ་པ་བཅུད་
ལེན་ནི། དུག་རིགས་སྤངས་པའི་ཤ་དང་རུས་པ་རྐང་ཚིལ་བཟང་པོ་གང་རྙེད་གདུས་པའི་ཁུ་བར། དྭངས་མ་ལྔ་སྦྱོར་བཏབ་པ་བྲེ་དོ་ཙམ་མམ། རླུང་ནུས་ཀྱིས་གང་དྲངས་ཙམ་བཏང་ལ་ཕྱིར་མི་འཕོ་བ་རང་སར་བཞག་པས། འོག་སྒོ་རུབ་ཅིང་ལུས་ཟུང་རྒྱས་ཏེ་ལོ་ཟླ་ཙམ་ལ་འཚོ་བ་མི་དགོས་པར་འབྱུང་སྟེ། རི་ཁྲོད་འགྲིམ་པའི་གདམས་པ་ཁྱད་པར་ཅན་ནོ། །གཉིས་པ་མདུན་ཐུར་རམ་རྡོ་རྗེ་འཐུང་གི་གདམས་པ་ལ་བཞི། དང་པོ་སྦྱང་བ། བར་དུ་ཚད་པ། ཐ་མ་ལས་ལ་སྦྱར་བ། མ་གྲུབ་ན་སྤོགས་པའོ། །དང་པོ་སྦྱོང་བ་ནི། རྒྱབ་ཐུར་གྱི་ལག་ལེན་ལ་དབང་འབྱོར་བས། ལུས་གནད་རླུང་སྦྱོར་དམིགས་པ་རྣམས་སྔར་དང་འདྲ་ལ། དང་པོ་རྡོ་རྗེ་ལ་མར་དཀར་གྱིས་བྱུག་ནས་ཉི་མ་ལ་བསྲོ་ཞིང་མཉེ་སྟེ། ལས་སུ་རུང་བ་དང་འོག་ཏུ་མི་གཞིལ་བར་སྟེང་དུ་རྒྱ་མཚོའི་འགྲམ་ལ་སྦྱར་ཏེ་བཞག །ཡང་གཟིམས་པ་དང་སྔར་ལྟར་མཉེ་ཞིང་བསྲོ་ཙམ་བྱ། དེ་ནས་ལྕམ་པའི་མྱུ་གུ་མཐོ་གང་ཙམ་ཤུན་པ་རྩུབ་མོ་དེ་བཤུས། དེ་རྡོ་རྗེ་སྦུབས་སུ་སོར་བཞི་ཙམ་བཅུག་སྟེ། རླུང་འཐེན་པའི་ཚེ་ནང་དུ་ནུབ་པ་དང་། མནན་པའི་ཚེ་ཕྱིར་རྒྱང་གིས་ཐོན་ན་འབྱོངས་པ་ཡིན། ན་ཚ་ཅུང་ཟད་བྱུང་ཡང་སྐྱོན་མེད་པས་བསྲན། སྐབས་སུ་མཉེ་བ་གོང་ལྟར་བྱ།
ཆུ་འགག་ན་རྒྱ་ཚྭ་བཏང་ཞིང་ཡོས་ཚན་གྱིས་བསྲོའོ། །གཉིས་པ་བར་དུ་ཚད་པ་ནི། དེ་ནས་མདུན་ཐུར་རབ་ཟངས་ལྕགས། འབྲིང་སྨྱུག་མ། ཐ་མ་ཤིང་སྦུ་གུ་ཅན། རིང་ཐུང་རང་མཐོ་གང་། སྦོམ་ཕྲ་གྲོ་སྲོག་ཙམ། ཤིན་ཏུ་འཇམ་ལ་དྲང་བར་བྱས་ཏེ། རྡོ་རྗེ་ལ་མི་གནོད་པའི་ཐབས་ཀྱིས་རྩ་བའི་བར་དུ་རིམ་གྱིས་ཕུལ་ནས་སྟེང་རླུང་མནན་པས། གསང་སྒོར་སྤུ་འགུལ་ནུས་ན་འབྱོངས་པ་ཡིན་ནོ། །གསུམ་པ་ཐ་མ་ལས་ལ་སྦྱར་བ་ནི། ངང་པའི་སྒོ་ངའམ་ལྒང་ཕུག་ལྟ་བུའི་ནང་དུ། ཆུ་དང་འོ་མ་བསྲེས་པ་ཤ་དྲོད་ཙམ་དུ་ཀ་ར་ཅུང་ཟད་བཏབ་པ་དྲང་། དེ་ནས་འོ་མ་གཅིག་པུ་ལ་བཟང་དྲུག་དང་པད་རག་བཏབ་ནས་དྲངས་པས། འོ་མ་སྣ་བུག་ཏུ་དཀར་རྒྱང་ངེར་དྲངས་པ་དང་། མནན་པའི་དུས་གང་དྲངས་པ་དེ་ཕྱིར་འབྱིན་ནུས་ན་སྟེང་འོག་གི་རླུང་ལ་རང་དབང་ཐོབ་པའི་རྟགས་ཡིན། ཆུ་དང་འོ་མ་གང་དྲངས་པ་དེ་ནང་དུ་མི་བཞག་པར་ཕྱིར་བཏོན། འདིའི་དུས་མཚན་ལྡན་གྱི་དམར་ཆ་ལེན་པར་ནུས་ཏེ། བརྩོན་འགྲུས་དང་ལྡན་ན་ཡུན་རིང་པོར་མི་ཐོགས་པར་རྟགས་མངོན་སུམ་དུ་འཆར་བའི་གདམས་པའོ། །བཞི་པ་མ་གྲུབ་ན་སྤོགས་པ་ནི་ཞལ་ལས་ཤེས་པར་བྱའོ། །གཉིས་པ་དངོས་གཞི་ཐབས་ཤེས་ཁ་སྦྱོར་བསླབ་པ་ལ་
གཉིས། ཕོ་ཁྲིད་ཉི་མའི་བཅུད་སྡུད་དང་། །མོ་ཁྲིད་ཟླ་བའི་མདངས་ལེན་ནོ། །དང་པོ་ནི། རྡོ་རྗེ་ཆུ་འཐུང་དང་ལག་པའི་འདུ་བྱེད་ལ་བརྟེན་ནས་རང་ལུས་ཐབས་ལྡན་ལ་གོམས་པ་སྔོན་དུ་སོང་བའི་རྣལ་འབྱོར་པས། ལས་ཀྱི་ཕྱག་རྒྱ་དངོས་ལ་བདེ་བ་རྩལ་སྦྱོང་བའི་སྐབས་སུ་བབས་པ་ན། ཐོག་མར་བདེ་སྟེར་ཤེས་རབ་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བཙལ་བར་བྱ་སྟེ། དེའང་ལུས་མཛེས་ཤིང་ཡིད་དུ་འོང་བ། སྟོད་སྨད་རྒྱས་ཤིང་སྐད་པ་ཕྲ་བ། ནུ་མ་འབུར་ལ་བྷ་ག་དམ་ཞིང་རུབ་པ། གནས་གསུམ་སྐུ་གསུང་ཐུགས་ཀྱི་སྨེ་བ་ཅན། ཁྱད་པར་མཆན་ཁུང་གཡས་ན་དཀར་པོ་གཅིག་ཐུབ་ཀྱི་སྨེ་བ་ཡོད་པ། ལུས་དང་པདྨ་ལ་དྲི་ཤིན་ཏུ་ཞིམ་པར་མནམ་པ། ངག་འཇམ་ལ་སྙན་པ། དྲང་པོར་སྨྲ་ཞིང་། གསང་སྔགས་ཀྱི་ཆོས་ཟབ་མོ་རླུང་ཕྱོགས་ཙམ་གཞན་ལ་མི་བསྒྲག་པ། བློ་ཆེ་ཞིང་ཤེས་རབ་དང་སྙིང་རྗེ་ཆེ་བ། ཁྱད་པར་དུ་སྒྲུབ་པ་པོ་དང་། གསང་སྔགས་ཀྱི་ཆོས་ལ་དད་ཅིང་མོས་པ། སྦྱོར་བ་ལ་མཁས་ཤིང་བདེ་བ་ཆེ་བ། པདྨས་རྡོ་རྗེ་ལ་གཞིབ་པར་ཤེས་པ། དེ་ལྟ་བུའི་ཕྱག་རྒྱ་མཚན་ཉིད་ཐམས་ཅད་ཚང་བ་རྙེད་ན་རབ་དང་། མིན་ཀྱང་དེ་དང་ཆ་འདྲ་བ་བཙལ་ཏེ་རང་དབང་དུ་བྱས་ལ་ཁྲུས་དང་བཀུ་མཉེ་བྱ་ཞིང་རོ་ཙ་བའི་
བཅུད་ལེན་གྱིས་ཁམས་སྤེལ་བ་སྔོན་དུ་འགྲོ་བས། དབེན་པའི་གནས་སུ་བདེ་བའི་སྟན་ལ་འཁོད་ནས། ཕན་ཚུན་གཟུགས་ལ་བལྟ་བ། ཆགས་པའི་གཏམ་མཉན་པ། ལུས་ཀྱི་དྲི་ཞིམ་པོ་བསྣོམ་པ། ཟས་ཞིམ་མངར་གྱི་ལུམ་བུ་སྟེར་བ། ལུས་ཀྱི་ཆ་ཤས་རྣམས་དང་གསང་བའི་གནས་ལ་རེག་པ་སྟེ་བསླབ་པ་ལྔས་བདེ་བ་བསླང་། ཡུམ་གྱི་དབུས་རྩ་རྙེད་པའི་རྟེན་འབྲེལ་བྱས་ཏེ། རང་ལུས་ཐབས་ལྡན་གྱི་སྐབས་སུ་བཤད་པ་བཞིན་འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་སྙོམས་པར་ཞུགས་ལ། རུས་སྦལ་གྱི་ནུར་འགྲོས་ལྟར་དལ་བུས་བསྐྱོད། བདེ་བ་ཆེ་ན་བསྐྱོད་འཕྲོ་བཤོལ་ཏེ་ངོ་ཐོག་ཏུ་འཇོག །བདེ་བ་ཅུང་ཟད་ཡལ་བ་དང་སྲུབས་ལ་དགའ་བཞིའི་ཡེ་ཤེས་ངོས་བཟུང་། གོམས་ཤས་ཆུང་བ་རྣམས་ཀྱི་དགའ་བ་གསུམ་པ་ནས་མི་དབབ་པར་འདྲེན་འགྲེམ་གྱི་འཁྲུལ་འཁོར་བྱ། དེ་ཡང་དབབ་མ་ཐག་ཏུ་འཛིན། བཟུང་མ་ཐག་ཏུ་འདྲེན། དྲངས་མ་ཐག་ཏུ་དགྲམ་མོ། །ཅུང་ཟད་གོམས་ནས་བདེ་བ་རྩལ་རྫོགས་པའི་ཚེ་འཛིན་འདྲེན་དགྲམ་པ་རྣམས་བྱ། གོམས་སྟོབས་ཆེར་སོང་ནས་ཐིག་ལེ་པདྨར་དབབ། ཡུམ་གྱི་དྭངས་མ་དང་མཉམ་དུ་འདྲེན་ནུས་ཏེ། རང་གི་དཀར་ཆ་ནི་བདེ་བ་རྒྱས་པའི་ཚེ་ངོ་
ཐོག་ཏུ་ལྷོད་ནས་བཞག་པས་འཛིན་འདྲེན་དགྲམ་པ་འགྲུབ་བོ། །དམར་ཆ་འདྲེན་ན་ཟླ་མཚན་ཟླ་དུས་སུ་འབབ་ཚེ། དྲི་མི་ཞིམ་པ་མནམ་པ་དང་། ཁ་དོག་སེར་ནག་དཀར་བ་ནི་འདྲེན་དུ་མི་རུང་། ཚོས་ཁུའམ་མཚལ་ཁུ་ལྟ་བུར་འབབ་དུས་སུ་དྲང་། འདྲེན་དུས་རྩ་ཁ་འབྱེད་སྡོམ་གྱི་རྫས་བརྟེན་ནས་རྡོ་རྗེ་ཆུ་འཐུང་གི་སྐབས་ལྟར་ཧཱུྃ་གི་སྒྲ་དང་བཅས་པས་དྲང་། དྲོངས་རྟགས་རྡོ་རྗེ་མགོ་འཁྱོག་པ་དང་། ལུས་ཚ་ཆིལ་གྱིས་འབྱུང་བ། ཡུམ་གྱིས་མི་བཟོད་པའི་རྣམ་གྱུར་སྟོན་ན་དྲོངས་པ་ཡིན་པས་འགྲེམ་པའི་འཁྲུལ་འཁོར་ལ་འབད། འདྲེན་དཀའ་ན་གསང་བའི་སྦུ་གུ་བཅུག་ལ་དྲང་། དེས་ཀྱང་མ་དྲོངས་ན་ཞལ་གྱི་གདམས་པ་ལས་ཤེས་དགོས་སོ། །གཉིས་པ་མོ་ཁྲིད་ཟླ་བའི་མདངས་ལེན་ལ་གཉིས། སྦྱོར་བ་པདྨ་རླུང་འབྱིན་དང་། དངོས་གཞི་ཐབས་ཀྱི་བདེ་ཆེན་སྒྲུབ་པའོ། །དང་པོ་ལ་བཞི། པདྨ་རླུང་འབོད། པདྨ་ཁ་སྡོམ། པདྨ་ཐེར་འབུད། པདྨ་སྐད་འདོན་ནོ། །དང་པོ་པདྨ་རླུང་འབོད་ལ་འབོད་ཆུང་དང་འབོད་ཆེན་གཉིས་ལས། དང་པོ་ནི། རྒྱབ་ཐུར་གྱི་རིམ་པ་ཚར་ནས། ལག་གཉིས་བསྣོལ་བས་པུས་མོ་བསྐོར། ལུས་ཙོག་པུ་པུས་འཁྱུད་ཀྱིས་བསྡམ། མགོ་བོ་སྒུར་ལ། སྟེང་རླུང་དྲག་ཏུ་དབྱུང་ཞིང་འོག་རླུང་ཅི་ནུས་སུ་འཐེན་
ལ་བགྲད་འབེབས་བྱ། གཉིས་པ་འབོད་ཆེན་ནི། རྐང་མཐིལ་གཉིས་ཁ་སྤྲད་ལ་བྷ་གའི་མདུན་དུ་བཞག །ལག་གཉིས་བསྣོལ་ཏེ་རྐང་མགོ་གཉིས་ལ་བསྡོམ། འོག་རླུང་ཅི་ཐུབ་འཐེན་ལ་ཕོ་སྐོར་ཡང་ཡང་བྱ། སྟེང་རླུང་གང་ཐུབ་འཐེན་ལ་དྲག་འབེབས་ཅི་ནུས་རྒྱག །དེ་རྗེས་སུ་ལུས་སྤྲུགས་བྱས་ལ་མཉམ་པར་བཞག་གོ །གཉིས་པ་པདྨ་ཁ་སྡོམ་ནི། རྒྱུན་དུ་གསང་བའི་སྐྱིལ་ཀྲུང་བྱས་ལ་ཁུ་ཚུར་བརླ་སྟེང་བསྒྲེང་། སྟེང་རླུང་མནན་ཞིང་འོག་རླུང་འཐེན་ཏེ་རྫས་སྦྱོར་ལ་བརྟེན། གསུམ་པ་པདྨ་ཐེར་འབུད་ནི། འོག་སྒོ་ཀློད་ལ་སྟེང་འོག་གི་རླུང་ཐུར་དུ་ཕུལ་བས། བ་རུ་ཤའི་གནོད་པ་བྱུང་ཡང་གླག་མི་རྙེད་དེ། ནང་དུ་ཆུད་ཀྱང་ཕྱིར་འབུད་ནུས་སོ། །བཞི་པ་པདྨ་སྐད་འདོན་ནི། མདུན་ཐུར་བྱ་རྒོད་རྐང་ངམ་མི་ཡི་རྐང་དུང་མཐོ་གང་སོར་བཞི་ཡོད་པ་ལ་མར་གྱིས་བྱུག་ནས་པདྨར་གཞུག །པད་སྐྱིལ་ཀློད་ནས་རྐང་མགོ་མཐོ་གང་ཙམ་གྱི་སར་བཞག་སྟེ་ལག་གཉིས་ཀྱིས་བཟུང་། རླུང་འཐེན་དྲག་ཏུ་བྱས་ལ་རྒྱ་མཚོ་བསྐོར། འདི་དུས་གྲུ་མོ་གཉིས་ཀྱིས་མཁལ་རྩ་བསྡམ་པ་གལ་ཆེ། དེ་ལྟར་སྦྱངས་པས་འོག་རླུང་འཐེན་ཚེ་འོ་མ་སྣ་བུག་ཏུ་དྲངས་ནུས་ལ། སྟེང་རླུང་མནན་དུས་རྐང་དུང་ཕྱིར་འབྱིན་ནུས་ན། རྐང་དུང་འབུད་པ་སོགས་འགྲུབ་པ་སྟེ་
ཐེ་ཚོམ་དང་བྲལ་བའི་གདམས་པའོ། །ནུས་པ་དུས་ཙམ་ཐོབ་ཕྱིན་འོག་སྒོ་བདེ་བ་ཆེན་པོའི་ཉམས་ལེན་ལ་འཇུག་པར་བྱའོ། །གཉིས་པ་ཐབས་ཀྱི་བདེ་ཆེན་སྒྲུབ་པ་ནི། པདྨ་རླུང་འབྱིན་དང་འབོལ་ལའི་གདམས་པ་གོམས་པའི་རྣལ་འབྱོར་མས། ཐབས་གྲོགས་དཔའ་བོ་མཚན་ཉིད་དང་ལྡན་པ་བཙལ་ལ། འདུ་ཤེས་གསུམ་ལྡན་གྱི་ངང་ནས་བདེ་བ་སྐྱིད་པའི་སྤྱོད་པ་ལ་བསླབ། ཆགས་པ་གཡོ་བའི་རྟགས་ཤར་བ་དང་སྙོམས་པར་འཇུག །བདེ་ཤིག་ཤིག་བྱུང་བ་དང་སྤྱོད་འཕྲོ་བཤོལ་ལ་དགའ་བའི་ཡེ་ཤེས་ངོས་བཟུང་། དེ་བཞིན་དུ་མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་ལ་སེམས་བཟུང་། ཡབ་བདེ་བ་རྒྱས་པའི་དུས་སུ་ངལ་མི་གསོ་བར་དྲག་ཏུ་སྤྱོད་བཅུག །ཐིག་ལེ་ཆིལ་གྱིས་བྱུང་བ་དང་འདྲེན་ཅིང་དགྲམ་པ་ལ་འབད། དེ་རྗེས་དྭངས་སྙིགས་འབྱེད་པ་ནི། རྐང་མཐིལ་གཉིས་སྤྲད་དེ་བྷ་གའི་མདུན་དུ་བཞག །ལག་པ་གཉིས་བསྣོལ་ཏེ་རྐང་མགོ་གཉིས་ལ་བཟུང་། འོག་རླུང་ཀློད་ལ་སྟེང་རླུང་དྲག་ཏུ་མནན་ནས་དྲག་འབེབས་བྱས་ལ་ཐིག་ལེའི་སྙིགས་མ་སྐྱ་ཉོ་ལེར་བྱུང་བ་དང་གཡང་མོའི་སྤྲུགས་སྟངས་བྱ། དེས་ནི་དྭངས་མ་ལུས་ལ་ཁྲེམ་ཞིང་སྙིགས་མ་ཕྱིར་འཕོ་བར་བྱེད་དོ། །འདི་ལ་གོམས་ཤས་ཆེ་བར་མ་བྱུང་གི་བར་དུ་ཁྱད་དགའ་ཙམ་
ལས་མི་དབབ་པར་ཡབ་དང་བྲལ་ཏེ་འཛིན་འདྲེན་དགྲམ་པ་ལ་འབད། གོམས་སྟོབས་ཆེར་སོང་ནས་སྐྱེ་བོ་ཆགས་སྲེད་ཀྱིས་གདུང་བ་རྣམས་ལ་བློ་ཆེན་སྟོབས་ལྡན་མའི་སྒོ་ནས་ལུས་སྦྱིན་པར་བཏང་ངོ་། །རྩ་བའི་གསུམ་པ་རྗེས་གེགས་སེལ་གྱི་རིམ་པ་བསྟན་པ་ལ་གསུམ། ལུས་རྩའི་གེགས་སེལ། ངག་རླུང་གི་གེགས་སེལ། སེམས་ཐིག་ལེའི་གེགས་སེལ་ལོ། །དང་པོ་ལུས་རྩའི་གེགས་སེལ་བསྟན་པ་བྱ་བ་ལ། སྤྱིར་ལུས་ངག་ཡིད་གསུམ་ལ་གེགས་འབྱུང་བའི་རྒྱུ་ནི་གསང་སྔགས་བླ་མེད་ཀྱི་ཉམས་ལེན་ལ་བརྩོན་འགྲུས་ཕུར་ཚུགས་ཆེ་བ་ལས་འབྱུང་། དེ་ཡང་ཉམས་སུ་ལེན་པ་ལ་གེགས་འབྱུང་བའང་ལམ་གྱི་ཡོན་ཏན་སྐྱེ་བ་ཡིན་པས་སྐྱོན་དུ་མི་བལྟ་ཞིང་། གེགས་ཀྱི་དབང་དུ་མ་སོང་བར་གེགས་སེལ་གྱི་གདམས་པ་ལ་འབད་དགོས་ཏེ། གེགས་མེད་པ་ལ་ཡོན་ཏན་སྐྱེ་བ་མི་སྲིད་ལ། གེགས་སྣ་རེ་སེལ་ན་ཡོན་ཏན་གྱི་རིམ་པ་གོང་འཕེལ་དུ་འགྲོ་བའོ། །ཉམས་ལེན་མེད་པའི་གང་ཟག་གི་རྒྱུད་ལ་མི་བདེ་བ་དུ་མ་འབྱུང་བ་ནི་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་ནད་གདོན་ཡིན་པས་གེགས་དང་སློང་ཞེས་མི་ཟེར་རོ། །སྤྱིར་རྩ་སྐམ་ན་ལུས་སྐམ། རྩ་ཞ་ན་ལུས་ཞ་བ་སོགས། རྩ་ལ་སྐྱོན་ཇི་ལྟར་བྱུང་བ་བཞིན་
ལུས་ལ་སྐྱོན་འབྱུང་བའི་ཕྱིར། རྩའི་སྐྱོན་གེགས་མ་སེལ་ན་རླུང་སེམས་གནད་ལ་མི་ཕེབས། དེ་མ་ཕེབས་ན་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་རྒྱུད་ལ་མི་སྨིན་པས་རྩའི་སྐྱོན་གེགས་བསལ་བ་གལ་ཆེའོ། །རྩ་ལ་སྐྱོན་འབྱུང་བའི་རྒྱུ་ནི། སྤྱོད་ལམ་དྲག་ཤུལ་གྱི་ལས་དང་། གཡང་ལ་ལྷུང་བའམ། རྟིབ་ཀྱི་གནོན་པ་སོགས་དང་། རླུང་མ་བཟུང་བར་འཁྲུལ་འཁོར་བྱས་པ། བཟའ་བཏུང་སྤྱོད་ཉེས་བྱས་པ་སོགས་ལས་འབྱུང་། སྐྱོན་ཞུགས་པའི་རྟགས་ནི། ལུས་སྤྲིད་པ་དང་། ཁོལ་བ་དང་། ཟ་བ་དང་། ཚ་བ་དང་། གཟེར་བ་དང་། ལུས་སྤྱི་ཁྱབ་ཏུ་ན་བ་དང་། ཉམས་རྨི་ལམ་ལ་མི་མིན་གྱི་བར་ཆད་བྱེད་པ་དང་། ཤ་ལྷག་དང་ཤུ་བ་མཛེར་པ་ཞ་རེངས་སོགས་མི་འདོད་པ་དུ་མ་འབྱུང་། དེ་སེལ་བའི་ཐབས་ལ་འཁྲུལ་འཁོར་དང་སྨན་ནོ། །དང་པོ་རྩ་ཆད་ན། ལུས་ཀྱི་སྟོད་སྨད་ནས་གང་ཡིན་དེ་རུ་རླུང་སྐྱིལ་བ་སྟོང་རའི་དམིགས་པ་དང་རྣམ་སྣང་ཆོས་བདུན་བྱ། གར་མ་བདེ་སར་འཕུར་སུབ་བྱེད། རང་གི་མི་སླེབས་ས་ཡིན་ན་གྲོགས་ལ་འཕུར་དུ་གཞུག །རྗེས་སུ་མི་བསྐྱོད་པ་ངར་མ་ཡལ་བ་བྱུག་པས་སེལ་ལོ། །རྩ་སྐམ་ན་ལུས་ལ་གཡའ་ཟ་ཞིང་ཡན་ལག་སྐམ་པ་འབྱུང་སྟེ། ལུས་སེམས་སྐྱིལ་ཀྲུང་མཉམ་གཞག་གི་ངང་ནས་རླུང་བཟུང་
ལ། དང་པོ་ལག་མཐིལ་གཉིས་དྲོད་དང་ལྡན་པར་འཕུར། དེ་ནས་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་དུ་དྲོད་ཕེབས་པར་འཕུར། ཡང་རྐང་མཐིལ་ནས་སྤྱི་བོའི་བར་དུ་འཕུར་ལ། སྤྱི་བོར་སླེབ་པ་དང་རླུང་རོ་ཕྱུང་ཞིང་ལུས་ཀུན་སི་ལི་ལི་སྤྲུག །དེས་རྩ་སྐམ་པའི་གེགས་སེལ་ཞིང་ལུས་སྟོབས་རྒྱས་སོ། །རྩ་འཆུས་ན། དང་པོ་ཉལ་ནས་རླུང་རོ་འདོན་པ་ཁ་ཡར་བྱ། དེ་ནས་འཇམ་རླུང་བཟུང་ལ་ལུས་ཀུན་གཡས་གཅུ་གཡོན་གཅུ་མང་དུ་བྱ་ཞིང་། མཐར་ལུས་སེམས་གཡོ་མེད་དུ་མཉམ་པར་བཞག །སྐབས་སུ་མང་དུ་འཆུས་སར་འཕུར་བ་ལན་འགའ་བྱས་པས་སེལ་ལོ། །རྩ་འཁྲུགས་ན། ལུས་སམ་ལག་པ་འདར་བ་འབྱུང་སྟེ། དང་པོ་ལུས་ཅི་བདེར་བཞག་ལ་ལུས་ཐམས་ཅད་འཕུར་སུབ་ཡམ་ཙམ་བྱ། དེ་ནས་གན་རྐྱལ་དུ་ཉལ་ནས་ལག་པ་གཉིས་ཀྱིས་གཞུ་སྲ་ཚན་ཅན་འགེང་ཚུལ་རེས་མོས་གསུམ་གསུམ་བྱ། རྐང་པ་ཡང་དེ་བཞིན་ཤེས། དེ་ནས་རྐང་ལ་གནམ་དུ་བརྐྱང་ཞིང་སྙིང་གར་བསྐུམ་པ་དང་པོ་དལ་ཞིང་ཇེ་དྲག་ཇེ་དྲག་ཉེར་གསུམ་བྱས་ལ་ཟོ་ཀློད། ཧ་རིང་གིས་རླུང་རོ་ཕྱུངས་ན་སེལ་ལོ། །རྩ་འདར་བ་ནི་ཕལ་ཆེར་ཉལ་སྟབས་མ་བདེ་བས་རྩ་ཡི་ནང་དུ་ཁྲག་དང་ཆུ་སེར་གྱི་རྒྱུ་འགྲུལ་
ཆད་པ་ལས་འབྱུང་། དེ་བསལ་བ་ནི་སྤྱོད་ལམ་ཐམས་ཅད་ཀློད་ལ་འཇམ་རླུང་བཟུང་། སྡོད་པའི་དུས་སུ་གདན་འབོལ་བར་རྣམ་སྣང་ཆོས་བདུན་བྱ། ཉལ་དུས་སངས་རྒྱས་གཟིམ་ཚུལ་གྱིས་རླུང་རིག་སྨིན་མཚམས་སུ་ཐིག་ལེ་དཀར་པོ་ལ་གཏད། གོས་དྲོད་ཅན་གྱོན་ལ་སད་པའི་དུས་ཀྱང་དྲན་པས་ཟིན་པར་བྱས་ཏེ་ཚུལ་མིན་གྱི་ཉལ་སྟབས་སྤང་བ་ཞག་བདུན་གྱིས་སོར་ཆུད་དོ། །རྩ་རེངས་པ་དང་ཞ་འཁུམས་རྣམས་ལ་རླུང་བུམ་པ་ཅན་བཟུང་། ཕྱིང་པ་སྣུམ་ཚོས་ཅན་མེ་ལ་བསྲོས་པ་གང་ན་སར་བླན་པ་ཡང་ཡང་བསྐྱར་ན་ཕན་ནོ། །རྩ་གེགས་དེ་ཐམས་ཅད་ལ་བཀུ་བྱུག་བྱེད་པ་དང་། འཁྲུལ་འཁོར་ཇི་ལྟར་རིགས་པ་བྱས་པས་ཕན། སྨན་བཅོས་ནི། རྩ་གེགས་དེ་རྣམས་ཐམས་ཅད་ལ། ཨ་རུ་གསེར་མདོག །རྒྱ་ཚྭ། སྤོས་དཀར། ལི་ག་དུར། རྒྱ་མཚོ་གསེར་བྱེད། ཨ་འབྲས། འཇམ་འབྲས། སྲ་འབྲས། དབང་ལག །སྤུ་ཤེལ། གཟེ་མ། ཤུ་གུ་ཚེར་མ་ཅན་གྱི་འབྲུ་གུ། བ་ལུ་དཀར་པོ། སེང་ལྡེང་དམར་པོ་རྣམས་ཞིབ་པར་བཏུལ་ལ་ཐོ་རེངས་བསྟེན། སྤྱོད་ལམ་ཐམས་ཅད་ཤིན་ཏུ་དལ་བར་བྱ། སྔོ་རིགས་ཤ་རུལ་ཆང་སྐྱུར་སྤོད་སྣ་རྣམས་སྤངས་པས། རྩའི་གེགས་སྔ་མ་སེལ་ཞིང་ཕྱིས་མི་འཇུག་པའི་གདམས་པའོ། །
གཉིས་པ་ངག་རླུང་གི་གེགས་སེལ། དང་པོ་སྲོག་འཛིན་གྱི་རླུང་ནི། རྩ་དབུ་མའི་ནང་དུ་ཀུན་གཞི་རྣམ་པར་ཤེས་པ་དང་མཉམ་དུ་གཡོ་བ་མེད་པར་གནས། རླུང་དེ་གཞན་དུ་ལོག་ན་འཆི་བར་བྱེད་ལ། མིན་ཀྱང་སྨྱོ་བརྒྱལ་ལ་སོགས་མ་རུངས་པ་མང་པོ་བསྐྱེད་པར་འགྱུར། རླུང་གི་ནང་ནས་སྲོག་འཛིན་གྱི་རླུང་འདི་སྟོབས་ཆེ་བ་ཡིན་ཏེ། འདི་ལ་སྐྱོན་མ་ཞུགས་ན་རླུང་གཞན་གྱི་གེགས་རང་བཞིན་གྱིས་སེལ་ལོ། །སྤྱིར་སྲོག་རླུང་འདིའི་གེགས་སེལ་བ་ལ་ཧཱུྃ་ཕཊ་འདྲེ་བརྡུང་གི་སྤྱོད་པ་ཙབ་ཙུབ་མི་བྱ་བར། སྒོ་གསུམ་གྱི་སྤྱོད་ལམ་ཐམས་ཅད་ཅི་བདེར་སྤྱོད་ཅིང་སྣ་མི་བསྐྱིལ། སྐབས་སུ་སྙིང་དཀྱིལ་དུ་བླ་མ་བསྒོམ་ཞིང་རང་དང་དབྱེར་མེད་བསྲེ། རླུང་མི་འཛིན་པར་མཉམ་པར་བཞག་པའི་ངང་དུ་ཡུན་རིང་ཀློད་པས་སྲོག་འཛིན་གྱི་རླུང་ལོག་པ་སེལ་ལོ། །དང་པོ་སྲོག་འཛིན་གྱི་རླུང་རེངས་ན། ལུས་ཤིང་གིས་དཀར་བ་ལྟར་ཡ་ཡོ་དང་དགྱེ་དགུ་མི་ཤེས་པ་འབྱུང་། བཅོས་ཐབས་ནང་ཚང་ཅན་གྱི་གདན་ལ་བུམ་ཅན་གྱི་རླུང་དང་ཐོག་འབེབས་བྱ། རང་གིས་མ་ནུས་ན་གོས་སྟན་གྱི་ཁར་གྲོགས་ཐབས་ལྡན་བཞིས་བསྐྱག་ཕབ་བྱེད་དུ་བཅུག །བཤང་ལམ་དང་རྡོ་རྗེའི་བར་དུ་ཕྱིང་པ་སྣུམ་ཚོས་ཅན་ཚ་མོས་བསྲོ། དེ་དུས་ཞྭ་
གོས་དྲོན་པོ་གྱོན་ལ་ལུས་གནད་འཁོར་ལོ་བཞི་སྦྱོར་རམ་གླིང་བཞི་མཐའ་སྡུད་བྱའོ། །སྨན་གྱིས་བཅོས་པ་ནི། ཆང་བཟང་པོར་བུ་རམ་དང་ཛཱ་ཏི་བཏབ་པ་བསྐོལ་ནས་བཏང་། ཤ་ཆེན་བདུག །ས་དམའ་ཞིང་ཁ་ནག་སར་སྡོད། ཀུ་ཅོ་དང་ཐུག་ཆོམ་རོལ་མོ་སོགས་མི་བྱ། དེས་སྲོག་རླུང་ངེས་པར་སེལ་ལོ། །སྲོག་འཛིན་གྱི་རླུང་འཁྲུགས་ན། སྲོག་རྩ་དང་བྲང་མདུན་རྒྱབ་ན་ཞིང་སེམས་མི་བདེ། སྙིང་འཕར། ཧུ་ཤུ་འབྱིན། ཕྱི་མིའི་རྡོག་སྒྲ་སོགས་ཀྱང་སེམས་ལ་གནོད་པ་འབྱུང་། དེ་སེལ་བ་ལ་འབོལ་གྱི་སྟེང་དུ་རྡོ་རྗེ་སྐྱིལ་ཀྲུང་བཅའ། ཁུ་ཚུར་གཉིས་དཔྱིའི་ཐད་ཀར་ས་ལ་བཙུག །འཇམ་རླུང་བཟུང་ཞིང་བརྡབ་ཆུང་ཡང་ཡང་བྱ། རང་གིས་མ་ནུས་ན་གྲོགས་ཀྱིས་སྣམ་ཕྱར་དུ་བཞག་ནས་རན་ཙམ་རྡེབ་བཅུག །སྨན་ནི་ཨ་བར་སྐྱུར་གསུམ། ཛཱ་ཏི། ཨ་ག་རུ། ཕྱུགས་ཆེན་གྱི་སྲེ་ལོང་རྣམས་ཁྲམ་ཁྲུམ་བརྡུང་། དེ་རས་དཀར་དྲི་མེད་དུ་བསྟུམས་ལ་ཆང་གར་སླ་རན་པར་ཕུལ་གསུམ་གྱི་ནང་ཕུལ་གང་མ་རེད་བར་དུ་གདུ། ངར་ཅུང་ཟད་ཡལ་བ་དང་བཏང་ཞིང་གོས་དྲོ་བར་གྱོན་ལ་རྡུལ་ཐོན་པར་བྱས་པས་སེལ་ལོ། །སྲོག་འཛིན་གྱི་རླུང་འཁྱམས་པ་ལ། རླུང་དང་རྣམ་ཤེས་ནང་དུ་སྡུད་མི་ཤེས་པར་ཕྱི་རུ་ཧད་དེ་འཕྱོ་བ་དང་། དྲན་
མེད་དུ་བརྒྱལ་བ་སོགས་འབྱུང་སྟེ། བཅོས་ཐབས་ནི། རྣམ་སྣང་ཆོས་བདུན་དང་ལྡན་པའི་ངང་ནས་སྒོ་གསུམ་ཀློད་ལ་མཉམ་བཞག་བསྐྱང་། སྐབས་སུ་དྲག་རླུང་མིན་པ་འཇམ་རླུང་ལ་བརྟེན། སྨན་ནི་ཨ་རུ་ར་ནག་པོ། སྙིང་ཞོ་ཤ །ཛཱ་ཏི། ཕོ་རིལ། པི་པི་ལིང་། གོ་སྙོད། ཤ་ཆེན། ཤིང་ཀུན་རྣམས་བུར་ཆང་དུ་སྦྱར་ནས་བཏང་། རྡུལ་ཐོན་པའི་གོས་ཀྱིས་ཡིབ་ན་སེལ་ལོ། །སྤྱིར་སྲོག་རླུང་གི་སྐྱོན་འདི་རྣམས་ལ་གསོ་རིག་པ་རྣམས་ཀྱིས་རྒྱལ་པོའི་གནོད་པར་ངོས་བཟུང་སྟེ། རྒྱལ་ནད་མ་ཡིན་ལ་ཉམས་ལེན་ཅན་ལ་ཉམས་ལེན་གྱི་རྟགས་ཡིན་པས་སྨན་པ་སྤང་དགོས། གཉིས་པ་ཐུར་སེལ་གྱི་རླུང་ནི། ལྟེ་བ་རྩ་གསུམ་འདུས་མདོ་མན་ཆད་ལ་གནས། བྱེད་ལས་ནི་དྲི་ཆེན་དྲི་ཆུ་ཁམས་དཀར་དམར་གྱི་འབྱིན་སྡུད་བྱེད། ཁྱད་པར་དུ་སྤྱི་གཙུག་ནས་གསང་བའི་བར་གྱི་བདེ་བ་གཡོ་བར་བྱེད་དོ། །གེགས་ཞུགས་པའི་རྟགས་སུ། དང་པོ་ཐུར་སེལ་གྱི་རླུང་འཚང་བ་ལ། གྱེན་རྒྱུ་དང་བསྡོངས་ནས་སྨད་དུ་འཚང་ནས་འོག་རླུང་མི་ཐོན་ཞིང་སྦོས་པ་དང་རྩ་ཆུ་འགགས་པ་འབྱུང་སྟེ། དེ་མྱུར་དུ་མ་བཅོས་ན་སྲོག་ལ་ཉེན་པའི་ཕྱིར། སྟན་དྲོ་འཇམ་གྱི་ཁར་ལུས་གནད་གླིང་བཞི་མཐའ་སྡུད་བྱས་ལ་
སྟེང་རླུང་ཆིལ་གྱིས་མནན། ཧཱུྃ་གི་སྒྲ་དང་བཅས་པས་འོག་རླུང་ནར་གྱིས་དྲངས། རྒྱུ་ཞབས་སྒལ་པ་ལ་སྦྱར། དེ་ལྟར་སྟེང་འོག་གི་རླུང་མནན་འཐེན་རེས་མོས་སུ་བྱ། སྐབས་སུ་ཟོ་ཀློད་ལ་ངལ་གསོ་བར་བྱའོ། །སྨན་བཅོས་ནི་ཚ་བ་གསུམ་དང་ཅོང་ཞི་ལྔ་འགྱུར་ཆང་དུ་བསྐོལ་བ་སྐམ་པོའི་ཕྱེ་མ། ཨ་རུ་ར་དང་སྒ་སྐྱའི་ཐང་གིས་འཕུལ་ལ་གོས་དྲོན་མོར་བྱས་པས་སེལ་ལོ། །ཐུར་སེལ་གྱི་རླུང་འཁྲུག་ན། ལུས་བདེ་མི་བདེ་རེས་མོས་དང་། དྲི་ཆེན་དྲི་ཆུ་བཤལ་སྡོམ་བྱེད། ཕོ་བ་ཚ་རླབས་དང་སྐབས་སུ་འཁྱག་སྣང་ཤར། དེ་སེལ་བའི་ཐབས་ནི། ལྟེ་འོག་ཏུ་ཕྱིང་སྣམ་མེ་ལ་བསྲོས་པའི་ཕ་རྡོ་རང་གི་མགོ་ཙམ་བཅུག་པའི་སྟེང་དུ་ཁ་སྦུབ་ཏུ་ཉལ་ཞིང་། རྐང་པ་བརྐྱང་བསྐུམ་རེ་མོས་ཀྱིས་རྟིང་པ་འཕོངས་ལ་རན་པར་བརྡུང་། ལག་པ་གཉིས་ཀྱིས་ཨོག་མ་འདེགས། དེས་ཀྱང་མ་ཕན་ན་གྲོགས་ཤེད་ལྡན་གཅིག་གིས་རྐང་པ་གཉིས་ཕྲག་པར་བཀལ་ནས་ཁུར་ཏེ། རྒྱབ་གཉིས་སྤྲད་ལ་དྲག་ཏུ་འཕག་བཅུག །སླར་ཡང་གོང་ལྟར་ཁ་སྦུག་ཏུ་ཉལ་ནས་ཨ་འདངས་བརྒྱད་པ་མན་ཆད་ཁུ་ཚུར་གྱིས་རན་པར་བརྡུང་བཅུག །སྐབས་སུ་ལུས་ཐམས་ཅད་འཕུར་སུབ་བྱ་ཞིང་རླུང་རོ་སེལ་ལོ། །སྨན་ནི། པི་པི་ལིང་། ཀ་ཀོ་ལ། རྒྱམ་ཚྭ། ལྒ་
སྐྱ། འུ་སུ། སེ་འབྲུ། ཤིང་ཚ་རྣམས་བཏུལ་བས་བདུན་འགྱུར་གྱི་ཅོང་ཞི་ནས་ཙམ། ཨ་རུ་ར་གསེར་མདོག་ཤ་རུས་དང་བཅས་པ་བརྡུངས་ནས། ཆུ་ཕུལ་ཕྱེད་དུ་གདུས་ནས་སྐམ་ལ་ཞིབ་པར་བྱས་ཏེ་ཆུ་སྐོལ་གྱིས་ཕུལ། རིག་མ་དྲོད་ལྡན་གྱི་ཕོ་བ་དང་སྦྱར་བས་སེལ་ལོ། །ཐུར་སེལ་གྱི་རླུང་སྟོང་ན། འོག་རླུང་མི་ཐུབ། ཁོག་སྨད་ལྗི། སྨད་ཀྱི་རྩ་རྒྱུས་རྣམས་དང་། ཕོ་བ་གཡས་གཡོན་མདུན་སོགས་ན་ཞིང་གཟེར་བ་འོང་། བཅོས་ཐབས་ཙོག་པུར་པུས་འཁྱུད་ཀྱི་འཇམ་རླུང་བཟུང་། སྲིན་ལམ་དབྱེ་བཙུམ་མང་པོ་བྱས་པས་ཕན། སྨན་ལ་ལྒ་སྐྱ། ཕོ་བ་རིལ། པི་པི་ལིང་། རྒྱ་ཚ། ཤིང་ཚ། ཛཱ་ཏི་རྣམས་བཏུལ་ལ་རུས་ཐང་ཞག་མེད་ཀྱིས་ཕུལ། བཅུ་དྲུག་མདོ་ལ་རྭ་ཚུག་དང་ཕོ་བར་བསྲོས་བྱས་པས་སེལ་ལོ། །གསུམ་པ་གྱེན་རྒྱུའི་རླུང་ནི། མདུན་ཕྱོགས་ཀྱི་རྩ་ནས་མགྲིན་པར་རྒྱུ་ཞིང་། བྱེད་ལས་ནི་སྨྲ་བརྗོད་གླུ་དབྱངས་ཅ་ཅོ་རྣམས་བྱེད། གལ་ཏེ་རླུང་དེ་ལོག་ན་ནད་ཕལ་ཆེར་བསྐྱེད་པའི་རྒྱུ་བྱེད་པའོ། །དང་པོ་ཐུར་སེལ་གྱི་རླུང་དང་བསྡོངས་ནས་སྟོད་དུ་འཚངས་ན། རྟགས་ནི་རོ་སྟོང་གཟེར་ཞིང་སྐད་མི་ཐོན། དབུགས་ཁ་རྒོད། འོག་སྒོ་དབྱེ་བཙུམ་མི་ཤེས་པ་འོང་།
དེ་མ་བཅོས་ན་མྱུར་དུ་འཆི་བར་འགྱུར། བཅོས་ཐབས་ནི། སྟེང་རླུང་མི་བཟུང་བར་འོག་སྒོ་དྲག་ཏུ་བསྡམ། སྐབས་སུ་འོག་སྒོ་ཀློད་ལ་འབེབས་བྱ། རང་གིས་མ་ནུས་ན་གྲོགས་གཉིས་ཀྱིས་སྣམ་ཕྱར་སྟེང་དུ་བཞག་ནས་རན་པར་བརྡབ། སྨན་ནི་ཤ་ཆེན་གྱི་གདུང་ཐང་སྨན་ཚ་བ་གསུམ་བཏབ་ལ་བཏང་། དེ་རྗེས་ཆང་གར་མ་བསྐོལ་བ་ཅུང་ཟད་བཏང་། གོས་དྲོ་བར་གྱོན་ལ་རྡུལ་ཐོན་པས་སེལ་ལོ། །གྱེན་རྒྱུའི་རླུང་འཁྲུག་ན། རོ་སྟོང་ལྕགས་ཕུར་བཏབ་པ་ལྟར་གཟེར། གོང་མ་དང་ཆ་འདྲ་ཞིག་འབྱུང་སྟེ། མི་ནོར་བའི་རྟགས་སུ་འོག་སྒོ་དབྱེ་བཙུམ་ཤེས། གཟེར་ཟུག་གོང་མ་བས་ཆུང་། སེལ་ཐབས་གང་དུ་ན་བའི་གཟེར་མིག་དེ་རུ་གྲུ་གུ་ཁུ་ཚུར་ཙམ་ཞིག་བཅིངས་ཏེ། གྲོགས་ཤེད་ལྡན་ཞིག་གིས་པང་གིས་བཏབ་ལ་དྲག་ཏུ་སྤྲུག་ཅིངས་ལ་དལ་བུས་བཞག །སྐབས་སུ་རོ་སྟོད་ན་སར་ཁུ་ཚུར་གྱིས་རན་པར་བརྡུང་། བཀུ་མཉེ་བྱས་ལ་འཕུར། རླུང་བུམ་པ་ཅན་བཟུང་། སྨན་བཅོས་ནི། མི་ནོར་གྱི་རུས་ཁུར། ཛཱ་ཏི། ཨ་ག་རུ། སྒོག་སྐྱ། ཁ་རུ་ཚ་རྣམས་བཏབ་ལ་བཏང་། ངེས་སེལ་བར་འགྱུར་རོ། །གྱེན་རྒྱུའི་རླུང་སྟོང་པ་ལ། མགོ་འཐོམ་པ་དང་སྟོད་མི་བདེ།
རླུང་ནུས་ཆུང་། བྱང་ཁོག་སྟོང་ཧད་དེ་བ་འབྱུང་། བཅོས་ཐབས་གདན་དྲོ་འཇམ་གྱི་སྟེང་དུ་ཙོག་པུ་སྒོམ་འཁྱུད་ཀྱིས་རླུང་བུམ་པ་ཅན་བཟུང་། རླུང་འབྱིན་འཇུག་གི་ཚེ་ཤིན་ཏུ་དལ་བར་བསླབ། སྨན་ནི་ཛཱ་ཏི། ཨར་ནག །སུཀྨེལ། རུ་རྟ། ཤིང་ཀུན་རྣམས་ཞིབ་པར་བཏུལ་ལ། སིང་པོ་ཚ་མོས་ཕུལ། གོས་དྲོན་མོ་གྱོན། ཟས་བཅུད་ཅན་བསྟེན་ན་སེལ་བར་འགྱུར་རོ། །བཞི་པ་མེ་མཉམ་གྱི་རླུང་ནི། ཕོ་བ་ལ་གནས་འཆའ་ཞིང་བཟའ་བཏུང་དྭངས་སྙིགས་འབྱེད་པར་བྱེད། དེ་ལོག་ན་འཁྲུ་སྐྱུག་དང་མ་ཞུ་ཕོ་ནད་ཐམས་ཅད་སྐྱེད་པར་བྱེད། དེ་ཡང་མེ་མཉམ་གྱི་རླུང་གང་བའི་རྟགས་ནི། སྟོང་སྦོས་བྱེད་ཅིང་དང་ཀ་འགག །བཀྲེས་པའི་དུས་སུ་ན་བར་བྱེད། སྨན་པས་བད་ཀན་མྱག་བྱེད་ཕོ་བར་འཁྱིལ་བར་ངོས་བཟུང་སྟེ། འདི་ནི་མེ་མཉམ་གྱི་རླུང་ཕོ་བར་འཁྱིལ་བ་ཡིན། དེ་བཅོས་པའི་ཐབས་ནི། བདེ་བའི་གདན་ལ་སྐྱིལ་ཀྲུང་ལག་གཉིས་པུས་མོའི་སྟེང་དུ་བཀབ་ལ། འཛིན་རླུང་གསར་རྙིང་བརྗེ། ཕོ་སྐོར་མང་དུ་བྱ། རྗེས་སུ་རླུང་བཟུང་ལ་ལག་གཉིས་ཀྱིས་ཕོ་བ་དྲག་ཏུ་འཕུར། སྒྲེགས་པ་འདོན་པར་བྱའོ། །སྨན་ནི། སེ་འབྲུ། སུཀྨེལ། ཙི་ཏྲ་ཀ །པི་པི་
ལིང་། ལྒ་སྐྱ། ཚ་ལ་རྣམས་བཏུལ་བ་ཆུ་བསྐོལ་གྱིས་ཕུལ། དེས་ནི་སྟོང་སྒྲགས་མང་པོའམ་སྐྱུག་པ་འབྱུང་སྟེ་དེས་སེལ་བར་འགྱུར་རོ། །མེ་མཉམ་གྱི་རླུང་ལྷུང་ན། ཚ་ལྷུང་གི་རྟགས་ནི། སྒྲ་མེད་དུ་འཁྲུ། འཁྲུ་མདོག་ཡང་སེར་པོའམ་དུད་ཁུ་ལྟ་བུའམ། ཁྲག་ཏུ་འཁྲུ་བའམ། ཆུ་རུ་འཁྲུ་ཞིང་ཅུང་ཟད་གཟེར། གྲང་རླུང་ནི་ཕོ་བ་སྒྲོག་ཅིང་སྒྲ་དང་བཅས་ཏེ་འཁྲུ། འཁྲུ་མདོག་ཀྱང་ཟས་གང་ཟོས་ཀྱི་མདོག་ཏུ་འབྱུང་། སྐབས་སུ་བེ་སྣབས་ལྟ་བུར་འབྱུང་། དེ་སེལ་ཐབས་རྣམ་སྣང་ཆོས་བདུན་བཅའ་ལ་རླུང་བུམ་པ་ཅན་བཟུང་། ཕོ་བ་གཡས་གཡོན་དུ་སྐོར་བ་མང་དུ་བྱ། དེ་ནས་ལག་པ་གྲུ་མོར་བཟུང་ཞིང་བསྣོལ་ཏེ་སྨིན་མཚམས་སུ་བཏེགས་ལ་ཕོ་ཁར་བརྡེག །དེ་ཡང་དང་པོ་དལ་བུས་བྱ། དེ་ནས་ཇེ་དྲག་ཇེ་དྲག་ཏུ་རྡེག་པ་ཤེས། དེ་ཚེ་རླུང་དགང་བ་གནང་ཡིན། དེ་ནས་ཕོ་བ་དྲག་ཏུ་འཕུར་ལ་འོག་སྒོ་འཐེན་ཕུལ་བྱེད། སྨན་ནི་ཚ་ལྷུང་ལ་ཨ་རུ། སུར་ནག །ཙོད། རྙ་ལོ། ཁ་རུ་ཚ། བྲག་ཞུན། རྒྱམ་ཚ་རྣམས་ཆུ་བསྐོལ་དྲོ་འཇམ་གྱིས་ཕུལ། གྲང་ལྷུང་ལ། སྨན་ཚ་བ་གསུམ། ཁ་རུ་ཚ། ལྕ་བའི་འབྲས་བུ་རྣམས་ཨ་རག་གམ་ཆང་གིས་ཕུལ་ལོ། །འདི་ལ་སྨན་པ་རྣམས་ཀྱིས་ཕོ་བའི་མཁྲིས་པར་ངོས་འཛིན་པ་
འབྱུང་སྟེ། འདི་ནི་མེ་མཉམ་ཀྱི་རླུང་སྟོབས་ཉམས་པ་ཡིན་ནོ། །ནད་ཟུག་སེལ་ཡང་འཁྲུ་བ་མ་ཆོད་ན། འབྲས་ཚོད་དུ་རམ་ཕྱེ་བཏབ་པའམ། མོན་ཆ་ར་དང་དན་དྲིག་གི་ཐང་། ཚ་ལྷུང་ལ་དྲོ་འཇམ། གྲང་ལྷུང་ལ་ཚ་ངར་མ་ཡལ་བས་ཕུལ་ན་སེལ་ལོ། །ལྔ་པ་ཁྱབ་བྱེད་ཀྱི་རླུང་ནི། གཡས་ཕྱོགས་རོ་མ་དང་འབྲེལ་ནས་ལུས་ཀྱི་ཚིགས་པ་ཐམས་ཅད་ལ་གནས། བྱེད་ལས་ནི་ལུས་ཀྱི་སྟོབས་བསྐྱེད་ཅིང་འགྲོ་འདུལ་ལ་སོགས་པའི་ལས་བྱེད། གལ་ཏེ་རླུང་དེ་ལོག་ན། ཞ་འཁུམ་རེངས་པ་སོགས་ཀྱི་གེགས་སྐྱེད་པར་བྱེད། དང་པོ་ཁྱབ་བྱེད་ཀྱི་རླུང་རེངས་པའི་རྟགས་ནི། ཡན་ལག་གློ་བུར་དུ་རེངས་པ་དང་། འཁུམ་པ་དང་། སྦྲིད་པ་དང་། ཀླད་ཡུ་འཁོར་བ་སོགས་འབྱུང་། དེ་སེལ་བའི་ཐབས་ལ་འབོལ་གྱི་སྟེང་དུ་རྐང་པ་ཤད་ཀྱིས་བརྐྱངས་ལ་འདུག་སྟེ། ཧ་རིང་གི་རླུང་རོ་ཕྱུང་ལ་གསར་པ་དལ་གྱིས་རྔུབ་ཅིང་ལུས་ཐམས་ཅད་འཕུར་སུབ་བྱ། རྗེས་བཀུ་མཉེ་བྱ་ཞིང་རླུང་མི་བཟུང་བར་ངལ་གསོ། སྨན་ནི་ལྒ་དམར། དྲོད་སྨན་རིལ་འཇོང་གཉིས། ལྕེ་ཚ་རྣམས་ཆང་གིས་ཕུལ། བཟའ་བཏུང་དྲོད་བཅུད་ཅན་བསྟེན་པས་སེལ་ལོ། །ཁྱབ་བྱེད་ཀྱི་རླུང་སྟོང་ན། ལུས་འདར་བ། ཁ་སོ་སྦྲིད་པ། ལུས་
སྤྱིའི་ཤེད་ཆུང་། དབང་པོ་མི་གསལ་བར་ཟ་ཟི་བྱེད། དེ་སེལ་ཐབས་ལ། བདེ་རླུང་ཕོ་བར་བསྐྱིལ་བ་ལ་ལུས་ཀྱི་སྤྱི་བོ་ནས་རྐང་མཐིལ་བར་དུ་འཕུར་སུབ་བྱ། ས་གྱེན་ཐུར་ཅུང་ཟད་ཡོད་སར་རླུང་སྦྱོར་ངང་ནས་རྒྱུག་མཆོང་མང་དུ་བྱ། སྐབས་སུ་རྩལ་ཤུགས་དང་རྩེད་མོའི་རྣམ་འགྱུར་གྱིས་ཁམས་གསེང་ངོ་། །སྨན་ནི་ར་མོ་ཤག །ཀ་ནི་ཀ་ཤ་ཀ་ངྷ། མཚེ། ཤུག་འབྲུ། སྒོག་པ། དབང་ལག་རྣམས་ཀྱི་ཞུན་ཆུ་བཅད་པ། བུ་རམ་མར་དཀར་སྦྱར་བས་བརྟེན། བད་ཀན་ཆེ་ན་བུ་རམ་ཚབས་སུ་སྦྲང་རྩི་དང་སྦྱར། དྲོད་བཅུད་དང་ལྡན་པའི་ཟས་གོས་བསྟེན་པར་བྱས་ན་སེལ་ལོ། །ཁྱབ་བྱེད་ཀྱི་རླུང་འཁྲུགས་ན། ལྤགས་པ་རྣམས་བརྩེད་ཞིང་བྲང་བྲུམ་བྱེད། ལུས་འདར་ཞིང་བ་སྤུ་ཟེར་བ། ཡན་ལག་གི་རྩ་རྒྱུས་རྣམས་ན་ཞིང་རྐང་ལག་བརྐྱང་བསྐུམ་བྱེད་སྙིང་འདོད། ལུས་ཐམས་ཅད་ཁབ་ཀྱིས་བཙག་པ་ལྟར་ཚ་ཙག་ཙག་བྱེད་པ་འབྱུང་། སེལ་བའི་ཐབས། སྟན་བདེ་ལ་ཆེ་བར་བསྡད་ནས། ལག་གཉིས་ཀྱིས་དང་པོ་པུས་མོ་འཕུར། དེ་ནས་བརླ་གཉིས། རྩིབས་ལོགས་གཉིས། བྲང་། ལག་པ་གཡས་གཡོན། མཇིང་པ། མགོ་རྣམས་འཕུར་བའི་རྗེས་ལ་སེངྒེ་རྣམ་རོལ་བྱ། རླུང་རོ་འབྱིན་པ་དང་མཉམ་
དུ་ལག་པ་སོར་མོ་དང་བཅས་པ་སྤྲུག །མཐར་ལངས་ཏེ་ལག་གཉིས་འཕྲད་ཤིང་ལ་བཟུང་ནས། རྐང་པ་རེས་མོས་ཀྱིས་སྤྲུག་པ་བྱས་རྗེས། རྐང་མགོ་མིན་པར་བསོད་སྣམ། མཐར་རས་ཀྱིས་དམ་ལྷོད་རན་པར་དཀྲིས་ཤིང་། རང་གིས་རླུང་དྲག་ཏུ་བཟུང་ནས། གྲོགས་ཤིག་གིས་ཕྱིང་པ་བླིང་བ་ལྟར་དལ་བུས་སྒྲིལ་ཏེ། ལུས་ཐམས་ཅད་རྡུལ་ཞུམ་གྱིས་འབྱུང་ཞིང་དབང་པོ་དྲན་མེད་བརྒྱལ་བ་དང་བཞག་ལ། དཀྲིས་པ་ཀློད་ཅིང་རྡུལ་ཆུ་རྣམས་ཕྱེ་ཞིབ་ཀྱིས་བྱུག་ལ་འཕྱི། དེ་ནས་རླུང་མི་བཟུང་བར་སྒོ་གསུམ་ཟོ་ཀློད་པར་བྱའོ། །སྨན་གྱིས་འཆོས་པ་ལ། ཕྱུགས་ཆེན་གྱི་སེ་ལོང་བསྐོལ་བ་དྲོ་འཇམ་ནད་ཚབ་དང་བསྟུན་ལ་བཏང་། དེ་ནས་ཨ་བར་སྐྱུར་གསུམ། བ་ཤ་ཀ །ཨ་ཀྲོང་། འབྲས་བུ་གསུམ། ཧོང་ལེན་རྣམས་ཚ་ཤས་ཆེ་ན་སྦྲང་། གྲང་ཤས་ཆེ་ན་བུ་རམ་དང་སྦྱར་ལ་བཏང་། བཟའ་བཏུང་བསིལ་དྲོད་སྙོམས་པར་བརྟེན། ལུས་མི་བསྐྱོད་པས་བཀྲུ་ཞི་བཀུ་མཉེ་བྱ། དེ་ལྟར་རྩ་བའི་རླུང་ལྔའི་གེགས་སེལ་རྣམས་ལ་སྔ་གོང་ནས་གོམས་པར་བྱས་ལ་བཅོས་ཉེས་སུ་མ་སོང་བ་གལ་ཆེ། སྐབས་སུ་གཏུམ་མོའི་འཁྲུལ་འཁོར་རྣམས་བྱས་པས་ཀྱང་སེལ་བར་འགྱུར་རོ། །གསུམ་པ་སེམས་
ཐིག་ལེའི་གེགས་སེལ་ལ། དང་པོ་ཐིག་ལེ་ནད་ཀྱིས་སྐམ་པ་ནི། ཉམས་ལེན་གྱི་འཕྲོ་ལ་ནད་ཀྱིས་ཡུན་རིང་དུ་སྦྱང་བའམ། གློ་བུར་གྱི་ནད་དྲག་པོ་ཐེབ་པའི་རྐྱེན་གྱིས་ཐིག་ལེ་སྐམ་སྟེ། ལུས་ཀྱི་མདངས་ཉམས། ཤ་སྐམ། ཤེད་ཆུང་། སྐོམ་དད་ཆེ་བར་འབྱུང་། དེ་སེལ་ཐབས་ནི་བུམ་པའི་རླུང་གིས་སྦྱོར་བའི་བསྐྱེད་རིམ་ལྷའི་རྣལ་འབྱོར་གྱིས་ཐིག་ལེ་སྤེལ། འོ་མ་བསྐོལ་བར་གངས་སྦལ་གྱི་ཤ་བཏབ་ནས་བཏང་། ཡིད་དུ་འོང་བའི་གཟུངས་མ་དང་ཆགས་པ་གསོ་བའི་གཏམ་བྱ། ཁམས་མི་དབབ་པར་དབང་པོ་སྦྱོར་བས་སེལ་ལོ། །ཐིག་ལེ་གདོན་གྱིས་སྐམ་པ་ནི། རྣལ་འབྱོར་པ་ལ་མི་གཙང་བའི་གྲིབ་ཀྱིས་ཕོག་པས་མཁའ་འགྲོ་གཡེལ། བསེན་མོའི་རིགས་ཐིག་ལེ་ལ་ཞུགས་ནས་ལུས་སྔ་མ་བས་ཀྱང་ཇེ་ངན་དུ་སོང་། དབང་པོ་འཐིབ། ཤེས་པ་གཡེངས། ཁམས་ཉོག །ལུས་ལྕི་བར་འབྱུང་སྟེ། ཡི་དམ་གྱི་ང་རྒྱལ་བསྐྱེད་ནས་དྲག་སྔགས་བཟླས་ན་སེལ་ལོ། །ཐིག་ལེ་བཟའ་བཏུང་གིས་སྐམ་པ་ནི། ལན་ཚྭ་ཚོད་མེད་དུ་བརྟེན་པ། ཟྭ་ཚོད་དང་སྔོ་ངད་ལ་སོགས་ཡུན་རིང་ཟོས་པ། མར་ཁུ་འོ་མ་དང་སྣུམ་ཚིག་གི་རིགས། རྗེན་ཟས་ཡུན་རིང་དུ་སྤྱད་པས་བྱེད་དེ། དེའི་རྟགས་སུ་དབང་
པོ་འཐིབ། ལུས་ཀྱི་བཀྲག་ཡལ། ཤེས་པ་འཕྱོ། རྐང་ལག་གི་མཐིལ་སྐམ། དང་ཀ་འགག །ཆགས་པ་མི་སྐྱེ། གསང་རྡོར་ལས་སུ་མི་རུང་། དེ་སེལ་བ་ལ་གནོད་རྐྱེན་དེ་རྣམས་སྤངས་ཤིང་ཟས་བཅུད་ཅན་རྣམས་ཁམས་དང་འཕྲོད་པར་བརྟེན་པས་སེལ་ལོ། །ཐིག་ལེ་སྤྱོད་ལམ་གྱིས་སྐམ་པ་ནི། ཉིན་མཚན་དུ་གཉིད་ལོག་པ། རྟ་རྒྱུག་དང་དྲག་ཤུལ་གྱི་ལས་བྱས་པ། མེ་ཆེན་པོས་ཚིག་པར་བསྲོས་པ་སོགས་ཀྱིས་འབྱུང་། སེལ་བའི་ཐབས་ལ་གོང་དུ་བཤད་པའི་སྤྱོད་ལམ་རྣམས་སྤངས། གཞུང་ལུགས་དང་མཐུན་པའི་སྤྱོད་ལམ་རྣལ་མར་བྱ། སྐམ་པའི་རིགས་དེ་དག་ཐམས་ཅད་ལ་ཕན་པའི་སྨན་ནི། བ་ལུ་དཀར་པོའི་ལོ་མ། ཤུག་གུ་ཚེར་མ་ཅན། མཚེ། འོམ་བུ། མཁན་དཀར། སྲོ་ལོ། སྤང་སྤོས། བུར་སྦྲང་ཆུ་བཅད་པ་རྣམས་ལྡེ་གུར་སྦྱར་ནས་ཐོ་རེངས་བྱ་སྒོང་ཙམ་རེ་བཟའ། རིག་མའི་བཀུ་མཉེ་དང་། ཐིག་ལེ་འཕེལ་བའི་སྤྱོད་ལམ་དམིགས་པ་རྣམས་ལ་འབད། གོང་དུ་བཤད་པའི་གདོན་རྐྱེན་རྣམས་སྤངས་ལ་ལུས་མ་འཁྱག་པར་བྱ། བརླན་གཤེར་ལ་འཛེམ་ན་ཐིག་ལེ་སྐམ་པ་སོར་ཆུད་ནས་ལུས་སྟོབས་རྒྱས་པར་
འགྱུར་རོ། །ཐིག་ལེ་རུལ་བ་ནི། འཁྲུལ་འཁོར་དང་དགེ་སྦྱོར་གྱི་འབད་རྩོལ་ཆུང་ཞིང་། ཟས་བཅུད་ཅན་དང་ཆང་བག་མེད་དུ་བཏུང་བ། ཉིན་པར་གཉིད་ལོག་པ་སོགས་ཀྱིས་བྱེད། དེ་མ་བཅོས་ན་མཛེ་དང་དམུ་ཆུར་འགྱུར། དེའི་རྟགས་སུ་དང་པོ་ཆགས་པ་སྐྱེ། སྦྱོར་བ་བརྩམ་པ་དང་རྡོ་རྗེ་ལས་སུ་མི་རུང་། ལུས་ལ་ཤ་རུལ་མནམ། ཁམས་ཀྱི་མདོག་རྣག་ལྟ་བུར་རང་བཞིན་གྱིས་འཛག །ཉིན་མཚན་མེད་པར་གཉིད་བྲོ། གེགས་དེ་སེལ་བ་ལ། ཕྱག་བསྐོར་ལ་སོགས་ཤེད་མི་བསྐྱེད་པའི་ལས་མང་པོ་བྱ། སྨན་དཔྱད་ནས་འབྱུང་བ་ལྟར་བད་ཀན་རྩ་བཤལ་བཏང་། ཕྱི་དྲོའི་ཁ་ཟས་ལོ་ཟླ་ཙམ་རིག་པས་དཔྱད་ལ་བཏང་། དེའི་ཚེ་ལུས་བདེ་ཞིང་སྣང་བ་བདེ་དུས་སུ་ཕྱག་རྒྱ་མ་ལ་ཁམས་ཡང་ཡང་དབབ། དེ་ནས་ག་བུར། གུར་གུམ། ཙནྡན་དཀར་དམར། ཅུ་གང་། ཨ་རུ་ར་རྣམས་ལེགས་པར་བཏུལ། དེ་དང་ཆ་མཉམ་པའི་ཅོང་ཞི་འོ་མར་བཙོས་པའི་ཕྱེ་མ་དང་བསྲེས་ལ་ཐོ་རེངས་སུ་བཏང་། མེ་དང་ཉི་མ་ལ་ཡུན་རིང་མི་བསྲོ། དེས་སེལ་བར་འགྱུར་རོ། །ཐིག་ལེ་ཆུ་སེར་དུ་སོང་བའི་གེགས་ནི། ཐིག་ལེ་བསྐྱིལ་བ་ཙམ་ལ་བརྟེན་ནས་ལུས་ལ་མ་ཁྲེམ་པ་ལས་
འབྱུང་། དེའི་རྟགས་སུ་མདོག་སེར། ཆགས་སྲེད་རྒྱས། ཐིག་ལེ་འཛིན་འདྲེན་མི་ནུས། ལུས་ཤིན་ཏུ་ལྗི་ཞིང་ཟ་བ་དང་སྤྲིད་པར་བྱེད། རླུང་སེར་མི་ཐུབ། སྐྲ་དང་སྨིན་མ་བྱི། སྔར་ལྟར་མཛེའམ་དམུ་ཆུར་འགྱུར། དེ་སེལ་བའི་ཐབས་ལ་ཐིག་ལེ་འབར་འཛག་གི་དམིགས་པ་དང་འཛིན་འདྲེན་གྱི་རླུང་སྦྱོར་ལ་འབད། སེངྒེ་རྣམ་རོལ་གྱིས་ཡང་ཡང་དགྲམ། སྐབས་སུ་རིག་མ་ལ་ཁམས་དབབ་པས་སེལ་ལོ། །སྨན་ནི་སེང་ལྡེང་། སྲོ་མ་རཱ་ཙ། མགྲོན་བུ། ཤ་རུ། དུར་ཁྲོད་རྣམས་བསྲེག་པའི་ཐལ་བ། ཙི་ཏྲ་ཀ །སྤོས་དཀར། སྦུར་ལེན་རྣམས་བཏུལ་ཞིང་། གུ་གུལ་ཆུ་ལ་སྦྱང་བ་བླུགས་ནས་འདམ་ཐག་བྱ། དེ་རིལ་བུ་སྲན་མ་ཙམ་དུ་སྒྲིལ་ལ་གྲིབ་སྐམ་བྱ། རིལ་བུ་ལྔ་ལྔ་རེ་མཚེ་དང་སེང་ལྡེང་ཐང་གིས་ཕུལ་ལ་ལྟོ་སྟོང་ལ་བརྟེན་པས་སེལ་ལོ། །གལ་ཏེ་དེས་ཀྱང་མ་སེལ་ན། རྒྱ་ཚྭ། རྒྱམ་ཚྭ། ཁ་རུ་ཚྭ། སྡིག་སྲིན། མཚལ་དཀར། དན་རོག །སེང་ལྡེང་། ཉི་དགའ། པི་པི་ལིང་རྣམས་ཆང་གིས་ཕུལ། ཚ་ཤས་ཆེ་ན་ཁ་རུ་ཚྭ་ཆུ་བསྐོལ་གྱིས་ཕུལ་ལ་ཞག་ཉེར་གཅིག་ཙམ་བསྟེན། དེ་ནས་རྒྱ་མཚོ་གསེར་བྱེ། ཡུང་བ་སེར་པོ། སྐྱེར་པའི་
བར་ཤུན། རྒྱ་སྐྱེགས། ཞུ་མཁན། གླ་རྩི། གུ་གུལ། ཤིང་ཀུན། ཨ་རུ་ར། བྱང་བ་དུག་ཤོག་ཕུད་པ་དགུ་རྣམས་རྩི་བཞིན་བཏགས་ལ། བ་ཆུའི་ཁཎྜས་རིལ་བུ་དན་རོག་གི་ལྡོག་པོ་ཙམ་སྦྱར་བ། ལྕམ་པ། གཡེར་མ། སྡིག་སྲིན། གཟེ་མ་བཞིའི་ཐད་གིས་རིལ་བུ་དགུ་རེ་ཕུལ་ལ་ནང་མ་གསུམ་ཙམ་བཏང་། སྐབས་སུ་ལུས་དྲི་ཆུས་བཀྲུ་ཞིང་མར་དཀར་གྱིས་བྱུག །ཚ་བ་ལ་གཟེ་མའི་ཚབས་སུ་རྒྱ་ཁུར་བཏང་། ལུས་མ་འཁྱགས་པར་གོས་ཀྱིས་ཡིབ། སྐྱུག་བྲོ་ན་སྣ་ལ་བང་ཟན་བྱུག །དང་གར་རྡོ་གྲང་རླན་ལ་ཙོག་པུར་སྡོད། རྒྱུ་ཞབས་ན་ན་ཚ་བ་ལ་སྦང་སྐམ། གྲང་བ་ལ་ཡོས་བདུག་བྱའོ། །དེས་ནི་ཆུ་སེར་ཐམས་ཅད་བཤལ་ཏེ་འོང་། བཤལ་ཐེབས་གསུམ་གསུམ་ལ་ཆུ་བསྐོལ་སུན་རེ་བཏང་། ཧ་ཅང་ཟུག་ཆེ་ཞིང་འགྲིམ་དཀའ་བར་བྱུང་ན། རྒྱ་ཚ་དང་ཨ་རུ་རྩེར་ཉུང་གི་ཐང་བཏང་ངོ་། །སྨན་རིལ་དགུ་བས་མང་ཉུང་ལུས་ཉམས་དང་སྨན་ལྟོ་ཆེ་ཆུང་གི་ཤེས། ནད་ཚབ་ཆེ་ན་ལན་གསུམ་གསུམ་བསྐྱར། འབྲིང་ན་གཉིས། ཆུང་ན་གཅིག་གིས་ཆོག །ཚ་བ་ལ་བསིལ་དྲོད་སྙོམས་པའི་བཟའ་བཏུང་དང་། གྲང་བ་ལ་དྲོད་བཅུད་ཅན་གྱི་ཟས་བསྟེན་
པ་སྨན་གཞུང་སྤྱི་དང་མཐུན་པ་བྱས་པས་སེལ་བར་འགྱུར་རོ། །ཐིག་ལེ་ཉམས་པའི་གེགས་ནི། བཟའ་བཏུང་ཞག་གཅིག་དཀའ་ཐུབ་ཆེ་བ་དང་། སྲེད་པའི་དབང་གིས་ཕྱག་རྒྱ་མ་ལ་ཁམས་ཡང་ཡང་དབབ་པའི་སྐྱོན་གྱིས། མདོག་ཤོར། སྐྲ་དང་བ་སྤུ་གཟིང་། ལུས་དྲི་ངན་ཀུན། སེམས་མི་བདེ། དེ་བཅོས་ཐབས་ནི། བླ་མ་ཁྱད་པར་ཅན་ལ་གསང་སྔགས་ཀྱི་དབང་བཞི་ཞུ། ཚོགས་དང་སྐོང་བཤགས་བྱ། ཐིག་ལེ་སྤེལ་བ་དང་དགྲམ་པའི་དམིགས་པ་དང་འཁྲུལ་འཁོར་ལ་འབད། སྨན་ནི། འོ་མ་བསྐོལ་བའི་ནང་དུ་གངས་སྦལ་གྱི་ཤ་བཏབ་པ་བཏང་། བཟའ་བཏུང་དྲོད་བཅུད་དང་ལྡན་པ་བསྟེན་པས་གེགས་སེལ་ལོ། །ཐིག་ལེ་ཟག་པའི་གེགས་ལ། དང་པོ་བག་ཆགས་ཀྱི་འཛག་པ་ནི། རྨི་ལམ་དུ་སྔར་འདྲིས་ཀྱི་ཡིད་དུ་འོང་བའི་བུད་མེད་དང་འཕྲད་ནས་ཉལ་པོ་བྱས་པ་རྨིས་པས་འཛག །དེ་མ་བཅོས་ན་གནས་སྐབས་སུ་ལུས་སྟོབས་ཞན། མཐར་ཐུག་ཚེ་ལ་གཟན་པར་འགྱུར་བས། དེ་སེལ་ཐབས་ཆགས་པ་སྐྱེ་བའི་ཡུལ་དེ་ཡང་ཕྱི་ལྤགས་དང་སེན་མོ་བ་སྤུ་ཐམས་ཅད་ཀྱང་ཤིན་ཏུ་མི་སྡུག་པའི་རྣམ་པ། ནང་ཁྲག་རྣག་ཆུ་སེར་ལ་སོགས་མི་གཙང་
བའི་རྫས་དུ་མས་གང་བ། བར་རྩ་དང་ཆུ་རྒྱུས་ཀྱི་དྲ་བས་འབྲེལ་ཞིང་མྱུར་དུ་འཇིག་པའི་རང་བཞིན་ཅན་དུ་བལྟས་ལ། བདག་འདོད་ཆགས་རང་རྒྱུད་པར་སོང་བ་འདི་ཆེས་མ་ལེགས། འདོད་ཆགས་ཀྱི་རྟོག་པ་འདི་དང་མ་བྲལ་ན་ཐར་པ་ཐོབ་པའི་དུས་མ་མཆིས། བྱང་ཆུབ་ཀྱི་ལམ་དུ་མི་འགྲོ། བདེ་ལེགས་ཀྱི་འབྲས་བུ་མི་སྨིན། ས་ལམ་གྱི་ཡོན་ཏན་མི་སྐྱེ་བའི་ཕྱིར། འདོད་ཆགས་ཀྱི་ལས་ངན་པ་དེ་སྐད་ཅིག་ཙམ་ཡང་དྲན་པར་མི་བྱ་བསམ་ལ། རླུང་རོ་རྙིང་པ་སངས་ཀྱི་འབུད། གསར་པ་དལ་གྱི་བཟུང་ཞིང་། སྤྱི་བོར་བླ་མ་བསྒོམ་ལ་གསོལ་བ་ཕུར་ཚུགས་སུ་གདབ། ཡང་མཚན་ལྡན་གྱི་ཕྱག་རྒྱ་ཡིན་ན་ཡིད་དུ་མི་འོང་བ་བསྒོམ་དུ་མི་རུང་བའི་ཕྱིར། གཟུངས་མ་དེ་འོད་ཟེར་དུ་ལྷགས་ནས་རྡོ་རྗེའི་སྦུབས་སུ་ཞུགས་ཏེ་སྙིང་གར་ཐིམ། ཆགས་པ་དེ་རང་སེམས་བདེ་བ་ལས་ཕྱི་ན་མེད་པའི་བདེ་ཆེན་སྒྱུ་མ་ལྟ་བུར་ཡང་ཡང་བསྒོམས་པས་སེལ་ལོ། །ཐིག་ལེ་གདོན་གྱིས་འཛག་པ་ལ། ཤི་སྐྲ་ལ་མདུད་པ་གསུམ་བྱས་ནས་སྔགས་ནི། ཨོཾ་བཛྲ་ཀྲོ་ངྷ་རཀྵ་དམ་སྲི་སྲོག་ལ་ཧུར་ཐུམ་རྦད། ཅེས་བཏབ་ནས་རྡོ་རྗེར་དཀྲི། རྡོ་རྗེ་ལྕགས་སྲེག་གི་ཕུར་པ་མེ་ལྕེ་ལྷབ་ལྷབ་འབར་བ་ཞིག་ཏུ་
གྱུར་པར་བསྒོམ། སྐབས་སུ་གཏུམ་མོའི་མེ་དམིགས་ཀྱི་ངང་ནས་སྤྱི་བོ་མ་གཏོགས་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་མེ་འུར་འུར་འབར་བས། གནོད་པ་བྱེད་པའི་གདོན་བགེགས་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསྒོམ། རླུང་རོ་དབྱུང་བའི་ཚེ་གདོན་བགེགས་གང་ཡིན་པ་དེ་མཐའི་ལྕགས་རིའི་རྒྱབ་ཏུ་གཏོར་བར་དམིགས་པས་ཀྱང་སེལ་ལོ། །ཡང་གསང་རྡོར་བཀྲུས་པའི་དྲི་ཆུས་ཟན་སྦྲུས་ཤིང་དབང་པོའི་རྡོ་རྗེ་གསུམ་བཅོས་ཏེ་ཁྱི་དཀར་ནག་ཁྲ་གསུམ་ལ་བྱིན་པས་ལོ་གསུམ་བསྲུང་ནུས་སོ། །ཐིག་ལེ་ནདཀྱིས་འཛག་པ་ནི། རྡོ་རྗེ་ལས་སུ་མི་རུང་བཞིན་རང་བཞིན་ནུ་རུ་རུ་འབྱུང་བ་དང་། དྲི་ཆུ་དང་བསྡོངས་ནས་འབབ་པ་ལ་སོགས་བཅོས་ཐབས་ནི། འཛིན་འདྲེན་དགྲམ་པའི་འཁྲུལ་འཁོར་ལ་ནན་ཏན་བསྐྱེད། སྨན་ལ་རྒྱ་ཚྭ། ཨ་འབྲས། འཇམ་འབྲས། སྲ་འབྲས། གསེར་གྱི་བྱེ་མ། སྡིག་སྲིན། སེ་འབྲུ། སུཀྨེལ། གི་ཝཾ། རྡོ་དྲེག །པི་པི་ལིང་། དོམ་མཁྲིས་རྣམས་བུ་རམ་དང་སྦྱར་ལ་ལན་མང་དུ་བཏང་། ཟས་གོས་དྲོད་བཅུད་བསྟེན། རླན་ལ་འཛེམ། སྐབས་སུ་བཀུ་མཉེ་བྱས་ན་ཕན། དེས་ཀྱང་མ་ཐུབ་ན། རང་གི་
གྲུ་མོས་སླེབ་པའི་མཁལ་ཁུང་གཉིས་དང་། ཨ་འོ་དང་བཅུ་དགུ་པའི་གཡས་གཡོན་ཚོན་རེ་གཞལ་བའི་སར་མེ་བཙའ་བཞག་པས་སེལ་བར་འགྱུར་རོ། །ཐིག་ལེ་ཁམས་འཁྲུགས་པས་འཛག་པ་ནི། ལྗིད་ཅན་པང་ཁུར་བྱས་པའམ། བརྡབ་པའམ། དྲག་ལས་སམ། བུད་མེད་ལ་སྤྱོད་དྲག་པའི་དབང་གིས། གསང་སྦུབ་གཟེར་ཞིང་ཚ་བ། དྲི་ཆུའི་ཁམས་ཀྱི་ནང་དུ་ཁྲག་དང་འདྲེས་མར་འབྱུང་། དམིགས་པ་དང་འཁྲུལ་འཁོར་གྱིས་ནད་སེལ་བ་དཀའ་བས། སྨན་ནི། ཨ་བར་སྐྱུར་གསུམ། བཙོད། འབྲི་མོག །རྙ་ལོ། ཞུ་མཁན། ལྕམ་པ། གཟེ་མ། ལི་ག་དུར་རྣམས་ཀྱི་ཐང་ནད་ཚབ་དང་བསྟུན་ལ་གསུམ་ལྔ་བདུན་གྱི་བཏང་ལུགས་བྱ། དེ་རྗེས་ཕྱུགས་ཆེ་ཆུང་གི་སྲེ་ལོང་དང་རྟའི་ཉྭ་གཞུག་གི་ཐང་བཏང་། དེ་ནས་ཨ་རུ་ར་གསེར་མདོག །གཡག་རྒོད་མཁྲིས་པ། རྙ་ལོ་མེ་ཏོག །རྡོ་བྲེག །བྲག་ཞུན། ཛཱ་ཏི་རྣམས་བུར་སྦྲང་དང་སྦྱར་བའི་སྨན་མར་བཏང་། ཤ་རུལ་དང་ཆང་སྐྱུར་ལ་སོགས་ཁམས་ལ་གནོད་པའི་ཟས་སྤང་། ལུས་ངག་ཡིད་གསུམ་ཟོ་ཀློད་ལ་མཉམ་པར་བཞག་པས་སེལ་ལོ། །ཐིག་ལེའི་རྩ་སྒོ་ཀློད་པས་འཛག་པ་ནི། ཆགས་པ་གཡོ་བའི་རྐྱེན་ཅུང་ཟད་ཙམ་ལ་བརྟེན་
ནས། གསང་རྡོར་ལས་སུ་མི་རུང་དུས་ཀྱང་བདེ་བ་དང་བཅས་ཏེ་འབབ། དེས་ལུས་ལ་ནད་རྐྱེན་མང་། སྐྲ་དཀར་དང་གཉེར་མ་སོགས་འབྱུང་སྟེ། འདི་ཡང་འཁྲུལ་འཁོར་དང་དམིགས་པས་སེལ་བ་དཀའ་ལ། སྨན་གྱིས་བཅོས་ཐབས་ནི། ཕོ་མོ་རང་མཐུན་གྱི་ཅོང་ཞི་བསྲེ་བ་བ་འོར་བཏུལ་བ་དང་། དབང་ལག་འོ་མར་བཙོས་པའི་ཆ་མཉམ་གྱི་ལྡེ་གུར། དོམ། ཕྱི་བ། བྱ་རྒོད། སྤྲེའུ། འབྲོང་། ཉ་རྣམས་ཀྱི་མཁྲིས་པ། ཨ་རུ་ར་གསེར་མདོག །གི་ཝཾ་རྣམས་ལེགས་པར་བཏུལ་ལ་རིལ་བུ་སྲན་མ་ཙམ་དུ་བསྒྲིལ་ནས་གྲིབ་སྐམ་བྱ། ནང་ནུབ་རིལ་བུ་གསུམ་གསུམ་ཟླ་རེར་བརྟེན་པས་ལོ་རེ་ཐུབ། ལོ་གཅིག་བརྟེན་ན་གེགས་སེལ་བར་འགྱུར་རོ། །གཡེར་མ་ལྕམ་པ་ཟྭ་ལ་སོགས་པའི་རྩ་སྒོ་འབྱེད་པར་འགྱུར་བའི་རིགས་རྣམས་སྤངས་ཤིང་། ཚངས་པར་སྤྱོད་པའི་སྤྱོད་པ་ལ་གནས་པར་གལ་ཆེའོ། །གེགས་སེལ་འདི་རྣམས་ཉམས་ལེན་ལ་མཁས་ཤིང་གོམས་པས་ཆུ་བོ་དལ་ལ་འབབ་པ་ལྟ་བུའི་སྐྱེས་བུ་ཡང་རབ་འགའ་ལ་མི་དགོས་མོད། དེ་མ་ཡིན་པར་བློ་རབ་འབྲིང་ཐ་མའི་རིགས་གང་ལའང་ཉེ་བར་མཁོ་བའི་གདམས་པ་ཟབ་མོ་སྟེ་ཡིད་བཞིན་གྱི་ནོར་བུ་ལས་ཀྱང་གཅེས་
པར་བཟུང་འཚལ་ལོ། །ཅེས་ཟབ་ལ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཀྱི་ཁྲིད་ཡིག་དངོས་གྲུབ་འདོད་འཇོ་ལས་བདེ་བ་ཆོས་ཀྱི་ཕྱག་རྒྱའི་རྣལ་འབྱོར་གྱི་མན་ངག་གུད་དུ་སྦས་པ་གསལ་རྗེན་ལྷན་ཐབས་ཀྱི་ཚུལ་དུ་སྤྲོས་པ་འདི་ནི། རེབ་ཀོང་ཕྱོགས་ཀྱི་སྔགས་སྐྱེས་ཤེས་རབ་རྡོ་རྗེས་བརྩོན་པ་ཆེན་པོས་ཡང་ཡང་དུ་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཁའ་འགྲོའི་གསང་མཛོད་ཟབ་རྒྱའི་བཅུད་ཕྱུངས་ཏེ་བྲིས་པ་སྐལ་ལྡན་རྣམས་ལ་བདེ་ཆེན་མཆོག་གི་དངོས་གྲུབ་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ༎ ༎
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རྫོགས་རིམ་རྩ་རླུང་འཁྲུལ་འཁོར་གྱི་ལག་ཁྲིད།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རྫོགས་རིམ་རྩ་རླུང་འཁྲུལ་འཁོར་གྱི་ལག་ཁྲིད་བཞུགས། །
༄༅། །ཨོཾ་སྭསྟི། ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རྫོགས་རིམ་རླུང་དང་གཏུམ་མོ་ཕྱག་རྒྱའི་རྣལ་འབྱོར་བཅས་ཀྱི་གེགས་སེལ་བོགས་འདོན་མན་ངག་འཁྲུལ་འཁོར་བྱ་བའི་རིམ་པ་ལ་གསུམ་གྱི། ཐོག་མར་ལུས་ཀྱི་རྩ་ཁམས་དུལ་སྦྱོང་གི་འཁྲུལ་འཁོར་ལ་ལྔ་ལས། དང་པོ་ནི། ཆོས་བདུན་ཐོག་སྦྱོར་བ་བཞི་ལྡན་གྱི་རླུང་འཛིན་བཞིན་པས། ལག་གཉིས་ཁུ་ཚུར་བརླ་རྩ་ནས་པུས་སྟེང་བར་ཐུར་དུ་བཤད་ཅིང་། དེ་ནས་ཁུ་ཚུར་སྦུབས་པ་སྟ་ཟུར་གཡས་གཡོན་ནས་གྱེན་དུ་ཤད་དེ་ནུ་སྟེང་ནས་གདོང་ཐད་འཕང་ལ་དེ་ཐོག་ནས་ལག་གཉིས་ཁུ་ཚུར་སྙིང་གར་བསྣོལ་ཏེ་བཀྲོལ་བ་དང་ཆབ་གཅིག་
སྐྱིལ་ཀྲུང་ཡང་བཤིག །འདི་མན་གྱི་སྐྱིལ་ཀྲུང་བཤིག་ཚུལ་ཐམས་ཅད་འདིས་འགྲེ། དེ་ནས་སེམས་དཔའི་སྐྱིལ་ཀྲུང་བྱས་ཏེ་ལག་གཉིས་ཁུ་ཚུར་ནང་བསྐོར་གྱིས་གྲུ་མོས་རྩིབས་ལོགས་གཉིས་པོ་བརྡུང་བ་ལན་གསུམ་རེ། དེ་ནས་ལག་གཉིས་ཐལ་མོ་ནང་བསྐོར་གྱིས་གཡོན་བརྐྱང་པའི་དཔུང་སྟེང་ནས་གཡས་ཀྱིས་མར་ཤད་ཅིང་སོར་རྩེ་ནས་མཆན་ཁུང་བར་ཡང་ཤད་དེ་མཆན་ཁུང་དུ་སྒྲ་བཅས་ཆུན་བཙལ་བ་ལན་གསུམ་དང་། གཡོན་པས་གཡས་པ་ལའང་དེ་ལྟར་ལན་གསུམ། དེ་ནས་ཁུ་ཚུར་གཉིས་ནང་བསྐོར་གྱིས་མདུན་མཁར་འཕང་མ་ཐག་ལག་གཉིས་ཐལ་མོ་ཐག་སྒྲ་དང་
བཅས་བརྡབ་ལ་མཐིལ་གཉིས་འཕུར། དེ་ནས་མིག་གཉིས་འཕུར། དེ་ནས་ལག་གཉིས་མཐེ་བོང་དང་དཔྲལ་བ་གཡས་གཡོན་སོ་སོར་བཞག་ཅིང་སོར་མོ་གཞན་རྣམས་བརྐྱང་མ་ལས་མཐེ་བོང་མ་བཏེགས་པར་གཡོན་པའི་མཛུབ་མོ་གཡོན་གྱི་རྒྱབ་ཕྱོགས་སུ་འཇོག་པ་དང་། གཡས་ཀྱི་མཛུབ་མོ་གཡོན་པའི་མཐེ་བོང་རྩར་འཇོག་པ་མཐོ་འཇལ་བའི་ཚུལ་ལན་གསུམ། དེ་ནས་པད་སྐོར་བཅས་གདོང་དང་ལུས་ཀྱི་དཀུ་གཡས་གཡོན་ཐམས་ཅད་འཕུར། དེ་ནས་མཆན་རྡེབ་འཕར་སྟངས་དབང་བཅས་གཡོན་ཕྱོགས་སུ་ཉལ་ལ་ལག་གཡོན་ཁུ་ཚུར་ནུ་གཡོན་སྟེང་དང་། རྐང་གཡས་གཡོན་ཕྱོགས་སུ་བརྐྱང་སྟེ་ལག་གཡས་ཁུ་ཚུར་པུས་སྟེང་མ་རེག་ཙམ་དུ་ཅུང་ཟད་བཞག །དེ་ནས་ལག་གཉིས་པད་སྐོར་བཅས་བརླ་གཡས་པའི་སྟེང་ནས་མར་ལ་སོར་རྩེའི་བར་དང་། སོར་རྩེ་ནས་ཡར་ལ་སྒྱིད་ཁུང་བར་ཤད་པ་ལན་གསུམ། ཡང་གཡས་ཕྱོགས་སུ་ཉལ་ལ་རྐང་གཡོན་གཡོན་ཕྱོགས་སུ་བརྐྱང་བ་སོགས་དེས་འགྲེ། མཐར་མཆན་ཚག་བཅས་འབེབས་ཆུང་གསུམ་དང་། བར་འབེབས་གསུམ། འབེབས་ཆེན་གསུམ་བརྡབ་མཐར་ཆོས་བདུན་ཐོག་རླུང་བཏང་ལ་ངལ་གསོ། འོག་མ་རྣམས་ལའང་དེས་འགྲེ། གཉིས་
པ་ནི་སྐྱིལ་ཀྲུང་བཤིག་མ་ཐག་འཕར་སྟངས་ཀྱིས་ཙོག་པུའི་ཐོག་ལག་གཉིས་ཁུ་ཚུར་བསྣོལ་འགྲོལ་བཅས་པུས་སྟེང་། བརླ་སྟེང་། བརླ་རྩ། པུས་མོའི་བར། དཔྲལ་བ་བཅས་ལ་བཞག་མཐར། མཆན་བརྡབ་ཀྱིས་བར་འབེབས་གསུམ་དང་འབེབས་ཆེན་གསུམ། གསུམ་པ་ནི། སྐྱིལ་ཀྲུང་ཐོག་ཁུ་ཚུར་བསྐོར་བརྒྱང་ལན་གཅིག་ནས་ཐལ་མོ་ཐག་སྒྲ་བཅས་སོར་མོ་རྣམས་བསྣོལ་བཞིན་པར་བྲང་ལ་བརྡབ་ཅིང་། སླར་བྲང་ཐད་ནས་བརྐྱང་ལ་ཕྱིར་བསྟན་དང་། ཡང་བྲང་ལ་བརྡབ་པ་སོགས་ལན་གསུམ་མཐར་གོང་བཞིན་སྐྱིལ་ཀྲུང་བཤིགས་ལ་འབེབས་ཆུང་གསུམ། བཞི་པ་ནི། སྐྱིལ་ཀྲུང་ཐོག་ཁུ་ཚུར་བསྐོར་བརྒྱང་གིས་ལག་གཉིས་སྙིང་གར་བསྣོལ་ཞིང་བཀྲོལ་ལ་པུས་སྟེང་དུ་འཇོག་ཅིང་ཕོ་བ་གཡས་གཡོན་ལན་གསུམ་གསུམ་བསྐོར་མཐར་སྐྱིལ་ཀྲུང་བཤིག་སྟེ་བར་འབེབས་གསུམ། ལྔ་པ་ནི། གོང་བཞིན་སྐྱིལ་ཀྲུང་བཤིག་མ་ཐག་ལག་གཉིས་ཐལ་མོ་ཕྱིར་བསྟན་པ་མདུན་དུ་བརྐྱང་བ་དང་སྦྲགས་རྐང་གཉིས་མདུན་དུ་ཤུགས་ཀྱིས་བརྐྱངས་ཏེ་རྟིང་པའང་ཅུང་ཟད་བརྡབ་ཉམས་བྱས་པ་ལན་གསུམ། དེ་ནས་ཡར་ལངས་པ་དང་ལག་གཉིས་བརྐྱངས་པའི་
ཐལ་མོ་བརླ་གཡས་གཡོན་སོ་སོར་བརྡབ་པ་དང་ལྷན་དུ་རྒྱབ་འགྲོས་གསུམ་གྱི་རྗེས་ལ་རྐང་ལག་གཉིས་མདུན་ཕྱོགས་སུ་བརྐྱངས་པའི་བརྐྱང་འབེབས་གསུམ་བྱའོ། །གཉིས་པ་དངོས་གཞི་འདྲེན་གྱི་འཁྲུལ་འཁོར་ལའང་ལྔ་ལས། དང་པོ་ནི། སྐྱིལ་ཀྲུང་ཐོག་ལག་གཉིས་ཁུ་ཚུར་བསྐོར་བརྒྱང་གིས་པུས་སྟེང་དུ་འཇོག་ཅིང་། ལུས་ཅུང་ཟད་རྒུ་ཞིང་དགྱེ་ཉམས་ཀྱིས་ངག་ནས་ཧཱུྃ་སྙན་ལ་རིང་བ་བཞིས་སྟོང་འདྲེན་མཐར་གོང་བཞིན་སྐྱིལ་ཀྲུང་བཤིག་ལ་བར་འབེབས་གསུམ། གཉིས་པ་ནི། ཁུ་ཚུར་བསྐོར་བརྒྱང་གིས་སྐྱིལ་ཀྲུང་བཤིག་ལ། རྐང་གཡས་འོག་ཏུ་བྱས་པའི་པུས་སྟེང་གཡོན་པའི་པུས་པ་བཞག་ལ་བསྣོལ། དེ་བཞིན་ལག་གཉིས་ཀྱང་བསྣོལ་བས་རྐང་མཐེབ་སོ་སོར་བཟུང་ལ་གོང་བཞིན་ཧཱུྃ་གདངས་ཀྱིས་འདྲེན་ལན་བཞིའི་རྗེས། རྐང་གཉིས་དེ་གར་བཞག །ལག་གཡས་སྟེང་དུ་བྱས་པ་བསྣོལ་བས་ལག་ངར་སོ་སོར་བཟུང་ལ་ལུས་གཡས་གཅུས་གསུམ་དང་གཡོན་གཅུས་གསུམ་རེའི་མཐར་ཡར་ལངས་ཏེ་རྡོ་རྗེའི་གཅུས་འབེབས་ལན་གསུམ། གསུམ་པ་ནི། གོང་བཞིན་སྐྱིལ་ཀྲུང་བཤིག་ལ་ཡར་ལངས་ཏེ། ལག་གཉིས་གཡས་གཡོན་དུ་བརྐྱང་ལ། རྐང་གཡས་ཀྱི་མཐིལ་གདན་ཁར་བརྡབ་པ་ལན་
གསུམ། དེ་བཞིན་གཡས་གཡོན་གོ་བརྗེས་ཏེ་རྐང་གཡོན་གྱི་མཐིལ་བརྡབ་པ་ལན་གསུམ། ཡང་སྔར་བཞིན་གཡས་པས་བརྡབ་པ་ལན་གསུམ་མཐར་འབེབས་ཆེན་གསུམ། བཞི་པ་ནི། ཁུ་ཚུར་བསྐོར་བརྒྱང་མཐར་ལག་གཉིས་སྙིང་གར་བསྣོལ་ལ་ཕྱིར་བཀྲོལ་བ་པུས་སྟེང་དུ་འཇོག །ལུས་ཅུང་ཟད་དགྱེ་ཉམས་ཀྱིས་ངག་ནས་ཧཱུྃ་ཞེས་པའི་གདངས་ཀྱིས་སྟོང་འདྲེན་ལན་གསུམ་མཐར་སྐྱིལ་ཀྲུང་བཤིགས་ཏེ་བར་འབེབས་གསུམ། ལྔ་པ་ནི། གོང་བཞིན་སྐྱིལ་ཀྲུང་བཤིག་ལ་ཡར་ལངས་ཏེ་ལུས་བསྲང་ཐོག་རྒྱབ་ཏུ་དགྱེ་ཞིང་མདུན་དུ་རྒུ་བ་ལན་གསུམ་དང་། ལག་གཉིས་ཁུ་ཚུར་དཀུར་བརྟེན་ཏེ་གཡས་སུ་ལན་གསུམ་གཅུ་བ་དང་། དེ་བཞིན་གཡོན་དུ་ལན་གསུམ་གཅུས་མཐར་རྒུར་འབེབས་གསུམ་བྱའོ། །རྗེས་དགྲམ་པའི་འཁྲུལ་འཁོར་ལ་གསུམ་ལས། དང་པོ་ནི། སྐྱིལ་ཀྲུང་བཤིག་མཐར་རྐང་ལག་གི་མཐིལ་བཞི་གདན་ཁར་ཕབ་སྟེ་ལུས་ཤུགས་ཀྱིས་ལན་གསུམ་སྤྲུགས་མཐར་གན་རྐྱལ་དུ་ཉལ་ལ་ལག་གཉིས་སྙིང་གར་ཐལ་སྦྱར་དང་། རྐང་གཉིས་སྒྱིད་པ་འཕོང་ལ་སྦྱར་ཏེ་པུས་མོ་རོང་ངེར་བྱས་ལ་གཡས་སྒྲིལ་གཡོན་སྒྲིལ་ལན་གསུམ་རེའི་མཐར། བར་
འབེབས་གསུམ། འབེབས་ཆེན་གསུམ། རྡོ་རྗེ་ཐོག་འབེབས་གསུམ། གཉིས་པ་ནི། ཡར་ལངས་ཏེ་ཙོག་པུར་ལག་གཉིས་ལག་ངར་བསྣོལ་བ་པུས་མོ་གཡས་གཡོན་ལ་བཀབ་ཅིང་། སླར་གན་རྐྱལ་དུ་ཉལ་ནས་རྐང་ལག་གཡས་པ་གཉིས་ནམ་མཁར་བསྒྲེང་ལ་སྤྲུགས། ཡར་ལངས་ལ་ལག་གཉིས་སྔར་བཞིན་དང་། གཡོན་པའི་རྐང་ལག་གཉིས་པོའང་གོང་བཞིན་སྤྲུགས། ཡང་ཡར་ལངས་ལ་ལག་གཉིས་སྔར་བཞིན་དང་། གན་རྐྱལ་དུ་ཉལ་ཏེ་རྐང་ལག་བཞི་པོ་ནམ་མཁར་བསྒྲེང་ཞིང་སྤྲུགས་མཐར་བར་འབེབས་གསུམ་དང་། འབེབས་ཆེན་གསུམ། གསུམ་པ་ནི། སྐྱིལ་ཀྲུང་ཐོག་ཁུ་ཚུར་བསྐོར་བརྒྱང་གིས་ལག་གཉིས་ཀྱི་སོར་མོ་རྣམས་མཐེ་བོང་ནས་རིམ་བཞིན་མགྲིན་པའི་འཕར་རྩ། རྣ་བ། མིག །སྣ། ཁ་བཅས་བསྲུབས་ཏེ་མགོ་ལུས་གཡས་བསྐོར་གསུམ་དང་གཡོན་བསྐོར་གསུམ་རྫོགས་མཐར་སྐྱིལ་ཀྲུང་བཤིག །ཧར་གྱིས་ལང་བ་དང་ལག་གཉིས་སྙིང་གར་བསྣོལ་ལ་ཙོག་པུར་བསྡད། དེ་ཐོག་ལ་གཉིས་ཁུ་ཚུར་གྱེན་བསྟན་པུས་སྟེང་བཞག་མཐར་ལག་གཉིས་སྙིང་གར་བསྣོལ་འགྲོལ་ཆབ་གཅིག་བར་འབེབས་བརྡབ་ལ་ཨེ་ཝཾ་ཞེས་བརྗོད་པ་ལན་གསུམ།
དེ་རྗེས་འབེབས་ཆུང་རེ་བཅས་ཕཊ་ཉེར་གཅིག་དང་། མཐར་བཀྲ་ཤིས་བསྐོར་འབེབས་བཅས་བྱའོ། །ཞེས་པའང་པད་གླིང་ཕག་མོའི་ཟབ་ཁྲིད་ལས་ཁོལ་འདོན་ཁ་སྐོང་དུ་བསྡེབས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཀྱི་རྣལ་འབྱོར་སྟན་ཐོག་གཅིག་ཏུ་ལོ་གསུམ་ཕྱོགས་གསུམ་གྱི་ངེས་པས་ཉམས་སུ་ལེན་པ།
༄༅། །ཨོཾ་སྭསྟི། ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཀྱི་རྣལ་འབྱོར་སྟན་ཐོག་གཅིག་ཏུ་ལོ་གསུམ་ཕྱོགས་གསུམ་གྱི་ངེས་པས་ཉམས་སུ་ལེན་པ་ལ། ཐོག་མར་ཕྱི་མཚམས་བཅད་དེ་བློ་ལྡོག་རྣམ་བཞིའི་དམིགས་རིམ་སྔོན་དུ་འགྲོ་བས་ཕྱག་དང་སྐྱབས་འགྲོ་སྦྲགས་མ་འབུམ། སེམས་བསྐྱེད་འབུམ། ཡིག་བརྒྱ་འབུམ། མཎྜལ་འབུམ། བླ་མའི་རྣལ་འབྱོར་བྱེ་བ་རྣམས་སོ་སོར་ཁ་སྐོང་བཅས་ལ་ཁྱོན་ཟླ་བ་དྲུག །དེ་ནས་ནང་མཚམས་བཅད་དེ་ཐུན་མོང་དབྱིབས་ཀྱི་རྣལ་འབྱོར་ལ། གསལ་བརྟག་དག་གསུམ་གྱི་དམིགས་པ་གཙོ་བོར་བྱས་ཏེ་བསྙེན་པ་ཟླ་བ་གསུམ། སྒྲུབ་པ་ཟླ་བ་གསུམ། ལས་སྦྱོར་ལས་བཞི་སོ་སོར་ཞག་བདུན་རེ་དང་ཕྱེད་རེ་བརྩིས་པས་ཁྱོན་ཟླ་བ་གཅིག་བཅས་དེ་ཡན་གྱིས་སྔོན་འགྲོ་བསྐྱེད་རིམ་ཡོངས་དྲིལ་ལོ་གཅིག་དང་ཟླ་བ་གཅིག་སོང་། དེ་ནས་རྫོགས་རིམ་ཟབ་པ་སྔགས་ཀྱི་རྣལ་འབྱོར་ལ། སྟོང་ར་གསུམ་དང་འཇམ་རླུང་བུམ་པ་ཅན་ལ་ཟླ་བ་གཅིག །འབྲུ་གསུམ་རྡོར་བཟླས་ལ་ཟླ་བ་ཕྱེད། རྡོར་བཟླས་བུམ་པ་ཅན་སྦྱོར་བ་བཞི་ལྡན་ལ་ཟླ་ཕྱེད། ཁྱད་པར་བདེ་བའི་རྣལ་འབྱོར་ལ། གཏུམ་མོ་དྲོད་སྐྱེད་པ་ལ་ཟླ་བ་གཅིག །བདེ་བ་སྤེལ་བ་ལ་ཟླ་བ་གཅིག །ཡན་ལག་ཆོས་ལྔའི་སྒྱུ་ལུས་ཟླ་ཕྱེད། རྨི་
ལམ་ཟླ་ཕྱེད། འོད་གསལ་ཟླ་ཕྱེད། འཕོ་བ་ཟླ་ཕྱེད། བར་དོ་ཟླ་ཕྱེད། དེ་ནས་ཕྱག་རྒྱའི་རྣལ་འབྱོར་ལ། རང་ལུས་ཐབས་ལྡན་ཟླ་བ་གཅིག་དང་ཕྱེད་བཅས་མཚན་བཅས་རྫོགས་རིམ་སྐོར་ལ་ཁྱོན་ཟླ་བ་བརྒྱད། འདིར་གཞན་ལུས་ཕོ་ཉའི་ལམ་ལ་ནུས་ཚད་དང་སྦྱར་བ་ལས་ཡུན་ཚད་མེད་ཅིང་ཉམས་སུ་ལེན་ནུས་པའི་བརྩོན་འགྲུས་ཅན་དཀོན་པས་འདིར་ཁྲིགས་སུ་མ་བཅད་ལ། གལ་ཏེ་ཉམས་སུ་ལེན་ན་མན་ངག་བཞིན་ལག་ཏུ་བླངས་ཏེ་དུས་ཡུན་སྤེལ། དེ་ནས་མཐར་ཐུག་ཡེ་ཤེས་ཀྱི་རྣལ་འབྱོར་ལ། སྔོན་འགྲོ་རྫོགས་ཆེན་སྤྱི་གཞུང་ནས་ལེན་དགོས་པས་འདིར་མདོར་བསྡུས་གསང་ཁྲིད་བཀའ་རྒྱ་མ་ལྟར། ལུས་རྡོ་རྗེ་སྦྱོར་བ་ལ་ཟླ་བ་གཅིག །ངག་ཧཱུྃ་སྦྱང་ལ། རྒྱས་གདབ། རྩལ་སྦྱང་། གཉེན་བཙལ། གཉེན་བཙལ། ལམ་ཞུགས་སོ་སོར་ཞག་བདུན་རེ་དང་ཉིན་ཕྱེད་རེ་བརྩིས་ཟླ་བ་གཅིག །ཡིད་སྦྱང་ཟུར་དུ་མ་བྱས་ཀྱང་རུང་བས། དངོས་གཞི་ཞི་གནས་ལ་ཞག་བཅུ། ལྷག་མཐོང་ལ་ཞག་བཅུ། ཟུང་འཇུག་ལ་ཞག་བཅུ་སྟེ་ཁྱོན་ཟླ་བ་གཅིག །སྟོང་པ་ནམ་མཁའ་ལྟ་བུ། གསལ་བ་མེ་ལོང་ལྟ་བུ། འཆར་བ་རྦ་རླབས་ལྟ་བུ་སྟེ། སྒོམ་ཚུལ་གསུམ་གྱིས་བོགས་དབྱུང་སྟེ་ཁྲེགས་ཆོད་ཁོ་ན་ལ་ཟླ་བ་བདུན། བཞུགས་སྟངས་དང་གཟིགས་སྟངས་སོགས་ཀྱི་གནད་
གཅུན་ཏེ་ཐོད་རྒལ་ལ་ཟླ་བ་བདུན། མཐའ་རྒྱས་ཚེ་སྒྲུབ་དང་ཁ་སྐོང་མེ་མཆོད་བཅས་ལ་ཟླ་བ་གཅིག་སྟེ། ཚད་མེད་རྫོགས་རིམ་མཐའ་རྒྱས་བཅས་ལ་ཁྱོན་ལོ་གཅིག་དང་ཟླ་བ་དྲུག །དེས་སྤྱིར་བཏང་ལོ་གསུམ་ཕྱོགས་གསུམ་གྱི་ཉམས་ལེན་ལག་ཁྲིད་ཡོངས་སུ་ཚང་ཞིང་། གོང་གི་བསྐྱེད་རྫོགས་སོ་སོར་ལམ་རྟགས་དང་བསྟུན་པའི་སྨིན་སློབ་ལ་ནི་རང་རང་གི་དད་བརྩོན་དང་སྐལ་བའི་ཁྱད་པར་གྱི་རྗེས་སུ་འགྲོ་བས་ན་མཐའ་གཅིག་ཏུ་ངེས་པ་མ་ཡིན་ནོ། །ཞེས་པའང་སྒྲུབ་བརྩོན་བླ་མ་འཆི་མེད་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
མཁའ་འགྲོའི་ཟབ་ཁྲིད་ཀྱི་ཆ་ལག་ཏུ་ཕུང་པོ་གཟན་བསྐྱུར་གྱི་རིམ་པ་མདོར་བསྡུས་སུ་བྱ་བ།
༄༅། །[མཁའ་འགྲོའི་ཟབ་ཁྲིད་ཀྱི་ཆ་ལག་ཏུ་ཕུང་པོ་གཟན་བསྐྱུར་གྱི་རིམ་པ་མདོར་བསྡུས་སུ་བྱ་བར་སྤྲོ་ན། སྐྱབས་སེམས་སྔོན་དུ་འགྲོ་བས།] ཕཊ༔ རང་སེམས་མ་བཅོས་ཁྲོས་མ་ནག༔ ཚངས་པའི་ལམ་ནས་རྒྱངས་ཀྱིས་ཐོན། འོད་གསལ་དབྱིངས་ཀྱི་ནམ་མཁའ་ལ༔ རིག་པ་རང་སྣང་ཕྱག་རྒྱར་ཤར༔ ཕྱག་གཡས་རྡོ་རྗེའི་གྲི་གུག་གིས༔ རང་ལུས་ཕུང་པོ་དུམ་བུར་གཏུབ༔ སྟོང་གསུམ་དང་མཉམ་ཐོད་པའི་ནང་༔ ཡེ་ཤེས་བདུད་རྩིའི་རྒྱ་མཚོར་བསྐྱིལ༔ རླངས་པ་འདོད་ཡོན་ལྔ་ལྡན་པའི༔ མཆོད་སྤྲིན་མཁའ་དང་མཉམ་པར་སྤེལ༔ ཟག་མེད་བདེ་བ་ཆེན་པོའི་རྫས༔ འཕེལ་འགྲིབ་བྲལ་བའི་རྒྱན་དུ་ཤར༔ ཨོཾ་ཨཱཿཧཱུྃ༔ ཕཊ༔ སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན༔ གདོད་ནས་རྣམ་གྲོལ་ཕྱག་རྒྱ་ཆེ༔ འོད་གསལ་སྒྱུ་མའི་རོལ་པ་ལས༔ སྲིད་ཞི་ཅིར་ཡང་སྣང་བའི་མགྲོན༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ༔ འགྲོ་འོང་མེད་པའི་དགོངས་པར་བརྡལ༔ ཐམས་ཅད་རོ་མཉམ་ཆེན་པོའི་ངང་༔ དཀོན་མཆོག་རྩ་གསུམ་རྒྱ་མཚོ་མཆོད༔ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་༔ བགེགས་རིགས་ལན་ཆགས་ཚིམ་ཕྱིར་སྦྱིན༔ རིགས་དྲུག་སྙིང་
རྗེའི་ཚོགས་ལ་བསྔོ༔ ཟག་མེད་བདུད་རྩིའི་མཆོད་སྦྱིན་གྱིས༔ དགྱེས་ཤིང་མཉེས་ནས་རབ་ཚིམས་ཏེ༔ བསོད་ནམས་ཚོགས་ཆེན་ལྷུན་གྱིས་གྲུབ༔ ཡེ་ཤེས་འོད་གསལ་རྩོལ་མེད་ཤར༔ འཁོར་གསུམ་མཚན་མ་ལས་འདས་པའི༔ གདོད་མའི་གནས་ལུགས་མངོན་གྱུར་ཤོག༔ ཕཊ༔ ཅེས་བརྗོད་ལ་དམིགས་མེད་དུ་བཞག་གོ །ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་བཞེད་པ་སྐོང་ཕྱིར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རིགས་མཐུན་གྱི་གཞུང་ལས་བླངས་ཏེ་ངག་འདོན་ཁ་སྐོང་དུ་བསྡེབས་པའོ།། །།
མཁའ་འགྲོའི་ཟབ་ཁྲིད་སྐབས་ཀྱི་ཡན་ལག་གི་ཆོས་ལྔའི་ནང་ཚན་འཕོ་བའི་ཉམས་ལེན་ངག་འདོན་དུ་བསྡེབས་པ།
༄༅། །[མཁའ་འགྲོའི་ཟབ་ཁྲིད་སྐབས་ཀྱི་ཡན་ལག་གི་ཆོས་ལྔའི་ནང་ཚན་འཕོ་བའི་ཉམས་ལེན་ངག་འདོན་དུ་བསྡེབས་པ་ནི། སྐྱབས་སེམས་སྔོན་དུ་འགྲོ་བས།] རང་ལུས་ཡེ་ཤེས་མཁའ་འགྲོའི་སྐུ། །སྟོང་གསལ་འོད་ཀྱི་གུར་ཁྱིམ་དབུས། །དབུ་མ་མདའ་སྨྱུག་འབྲིང་པོ་ཙམ། །མར་སྣ་ལྟ་འོག་ཚིག་གིས་འགག །ཡར་སྣ་སྤྱི་བོར་ཐལ་ལེར་ཧར། །དྲང་སྲབ་སྣུམ་གསལ་མཚན་ཉིད་རྫོགས། །དེ་ནང་སྙིང་དབུས་ཟླ་བའི་སྟེང་། །རླུང་སེམས་དབྱིངས་མེད་བྃ་ཡིག་དཀར། །ལིང་ལིང་འཕར་བའི་ཉམས་འགྱུར་ཅན། །སྤྱི་གཙུག་བདེ་ཆེན་རྒྱ་མཐོང་ཁར། །འདྲེན་མཆོག་རིགས་ཀྱི་བདག་པོ་ནི། །དགྱེས་འཛུམ་བརྩེ་བས་དགོངས་ཏེ་བཞུགས། །མོས་གུས་དྲག་པོས་གསོལ་བཏབ་པས། །བྃ་ཡིག་དབུ་མའི་ལམ་བརྒྱུད་དེ། །ཚངས་པའི་སྒོ་ནས་ཤར་གྱིས་ཐོན། །སྤྱི་བོའི་རིགས་བདག་ཐུགས་ཀར་ཐིམ། །དབྱེར་མེད་རོ་གཅིག་ངང་དུ་གྱུར། །[ཅེས་གསལ་བཏབ་ལ།] དབྱིངས་འོད་གསལ་ཆོས་སྐུའི་ཀློང་ཡངས་ལས། །གདངས་འགགས་མེད་བདེ་ཆེན་པདྨ་འོད། །དཔལ་སྤྲུལ་པའི་ཞིང་ཁམས་ཉམས་དགའ་བར། །མགོན་བླ་མ་ཨོ་རྒྱན་ཐོད་ཕྲེང་རྩལ། །སྐྱབས་དཀོན་མཆོག་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །
བདག་མཐར་པའི་ལམ་སྟོན་ཆེན་པོར་བཞུགས། །ཡིད་སྙིང་ནས་གུས་པས་གསོལ་འདེབས་ན། །སེམས་ཐིག་ལེ་བྃ་དཀར་འོད་ལྔའི་མདངས། །སྟེང་ཚངས་པའི་ལམ་ནས་ནམ་མཁར་ཐོན། །རྗེ་ཁྱོད་ཀྱི་ཐུགས་རྗེའི་ཡེ་ཤེས་དང་། །དབྱིངས་འོད་གསལ་ངང་དུ་རོ་གཅིག་ཤོག །[ཅེས་དང་། ཧི་ཀ་ཅེས་རྣམ་ཤེས་བྃ་ཡིག་སྤར་ཏེ་རིགས་བདག་གི་ཐུགས་ཀའམ་ཞབས་ལ་རེག་པར་བསམ་ཞིང་སེམས་བཟུང་། །ཀ་ཞེས་པས་མར་བབས་ནས་སྙིང་དབུས་སུ་གནས་པར་བསམ་ལ་རྩལ་སྦྱང་། མཐར།] སྤྱི་བོའི་རིགས་ཀྱི་བདག་པོ་ཉིད། །འོད་དམར་རྣམ་པར་མེར་གྱིས་ཞུ། །སྙིང་དབུས་སྲོག་ཡིག་དབྱེར་མེད་འདྲེས། །འཆི་མེད་རིག་འཛིན་འགྲུབ་པར་འགྱུར། །[ཅེས་ཚངས་བུག་སྣ་ཚོགས་རྡོ་རྗེས་བཀག་པར་མོས་ལ་བསྔོ་སྨོན་བྱ། ལས་ལ་སྦྱོར་བའི་སྐབས་སུ། ཀ་ཞེས་བྃ་ཡིག་མར་མེ་འབེབས་པ་ཙམ་ཁྱད་པར་རོ། །ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །ཤུ་བྷཾ༎ ༎]
མཁའ་འགྲོ་སེང་གདོང་མའི་ཚོགས་མཆོད་དངོས་གྲུབ་རོལ་མཚོ།
༄༅། །མཁའ་འགྲོ་སེང་གདོང་མའི་ཚོགས་མཆོད་དངོས་གྲུབ་རོལ་མཚོ་བཞུགས་སོ། །༄༅། །[མཁའ་འགྲོ་སེང་གདོང་མའི་ཚོགས་མཆོད་བྱ་བ་ལ། ཚོགས་རྫས་རྣམས་རཾ་ཡཾ་ཁཾ་གིས་བསང་སྦྱང་།] ཚོགས་གཞོང་བྷནྡྷའི་སྣོད་ཡངས་སུ། །ཚོགས་རྫས་ཤ་ལྔ་བདུད་རྩི་ལྔ། །རྡོ་རྗེ་བཟའ་བའི་དམ་ཚིག་རྫས། །འདོད་ཡོན་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱིས་བྱིན་བརླབས། ཚོགས་ཞིང་སྤྱན་འདྲེན་པ་ནི།] ཧཱུྃ། འོག་མིན་ཆོས་དབྱིངས་ཕོ་བྲང་དང་། །དུར་ཁྲོད་དྲག་པོའི་གནས་མཆོག་ནས། །བདུད་འདུལ་མཁའ་འགྲོ་སེང་གདོང་མ། །སྤྲུལ་འཁོར་མ་མོ་འབུམ་སྡེའི་ཚོགས། །ལོངས་སྤྱོད་ཚོགས་ཀྱི་འདུ་བར་གཤེགས། །བཛྲ་སེཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི༔ ཛཿཧཱུྃ་བྃ་ཧོཿ [ཚོགས་དང་པོ་འབུལ་བ་ནི།] ཧཱུྃ། བླ་མེད་མཆོག་གི་དམ་ཚིག་རྫས། འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །ཚོགས་ཀྱི་མཆོད་པ་དམ་པ་འདི། །ཐུགས་དམ་དབང་གི་བཞེས་སུ་གསོལ། །སརྦ་ག་ཎ་ཙཀྲ་པཱུ་ཛ་ཧོཿ [བར་པ་བཤགས་སྐོང་ནི།] ཧོཿ བདག་ཅག་མ་རིག་འཁྲུལ་པ་ཡིས། །ཡེ་ཤེས་ངྷཱ་ཀིའི་ལྷ་ཚོགས་ཀྱི། །ཐུགས་དང་འགལ་བའི་ཉེས་ལྟུང་ཀུན། །མཐོལ་བཤགས་ཚངས་པའི་དངོས་གྲུབ་སྩོལ། །[ཡིག་བརྒྱ་བརྗོད། ཐ་མ་བསྒྲལ་བསྟབ་ནི།] ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཨཱ་ཀཪྵ་
ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཧཱུྃ་བྷྱོ། བདུད་འདུལ་སེང་ཧ་མུ་ཁ་ཡི། །ཕྲིན་ལས་ཡོངས་རྫོགས་དུས་ལ་བབ། །དགྲ་བགེགས་བྱད་མའི་ཚོགས་རྣམས་ཀྱི། །གཟུགས་ཕུང་ཐལ་བའི་རྡུལ་དུ་རློག །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར། །སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། ཙྪིནྡྷ་ཙྪིནྡྷ་བྷིནྡྷ་བྷིནྡྷ་ཧ་ཧེ་ཕཊ། བྷྱོ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས། །སེང་གདོང་ལྷ་ཚོགས་ཞལ་དུ་བསྟབ། །རྔམས་ཤིང་དགྱེས་པར་བཞེས་ནས་ཀྱང་། །མངོན་སྤྱོད་ཕྲིན་ལས་ཡོངས་རྫོགས་མཛོད། །ཨོཾ་བཛྲ་སེཾ་ཧ་མུ་ཁ་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་བསུ་ཏ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། [འདིར་ཚོགས་ལ་རོལ་མཐར་ལྷག་མར་ཞལ་ཆབ་སྦྲེང་ལ།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] བྷྱོ། ལྷག་ལ་དབང་བའི་དྲེགས་ཚོགས་ཀུན། །དམ་རྫས་ཚོགས་ལྷག་འདི་བཞེས་ལ། །ཕྱི་ནང་བར་ཆད་ཞི་བ་དང་། །ཕྲིན་ལས་རྣམ་བཞི་འགྲུབ་པར་མཛོད། །ཨོཾ་ཨུ་ཙྪིཥྚ་ལིཾ་ཏ་ཁ་རཾ་ཁཱ་ཧི། [ཞེས་གཙང་གསང་འབུལ། ཆད་ཐོ་བསྒྲག་པ་ནི།] བྷྱོ། དཔལ་གྱི་སྤྱན་སྔར་དམ་བཅས་པའི། །གསང་སྔགས་བཀའ་ཡི་སྲུང་མ་རྣམས། །མཆོད་གཏོར་བཞེས་ལ་དགྲ་བགེགས་སྒྲོལ། །ཁྱད་པར་ཀླ་ཀློའི་འཚེ་བྱེད་ཟློག །རྣམ་བཞིའི་ཕྲིན་ལས་འགྲུབ་པར་མཛོད། །[བཤལ་ཆུས་བརྟན་མ་སྐྱོང་བ་ནི།] ཧཱུྃ། བོད་ཁམས་སྐྱོང་བའི་བརྟན་མའི་ཚོགས། །འདིར་
བྱོན་བཤལ་ཆུའི་བདུད་རྩི་བཞེས། །གངས་ཅན་འགྲོ་ཀུན་བདེ་བ་དང་། །བསྟན་པ་དར་བའི་ཕྲིན་ལས་མཛོད། །མ་མ་ཧྲིང་ཧྲིང་ཨ་མྲྀ་ཏ་པཱུ་ཙ་ཧོཿ [རྟ་བྲོ་ནི།] ཧཱུྃ་བྷྱོ། བདུད་འདུལ་དྲག་མོའི་དཀྱིལ་འཁོར་དུ། །དབྱིངས་ཕྱུག་ཁྲོས་མའི་རྡོ་རྗེའི་བྲོས། །བར་ཆད་དམ་སྲི་འབྱུང་པོ་ཀུན། །སྐྱེ་མེད་ཆོས་ཀྱི་དབྱིངས་སུ་མནན། །ཨོཾ་ཨཱཿཧཱུྃ་སྟྭམྦྷ་ཡ་ལཾ་ནན། [གཏང་རག་མཆོད་བསྟོད་མཐར།] ཧོཿ དོན་དམ་གཟོད་ནས་སྤྲོས་བྲལ་ལ། །གཟུང་འཛིན་མཚན་མ་ལས་འདས་ཀྱང་། །ཀུན་རྫོབ་གློ་བུར་འཁྲུལ་བའི་ཚོགས། །འཁོར་གསུམ་དམིགས་མེད་དབྱིངས་སུ་བཤགས། །[ཡིག་བརྒྱ་བཟླ། བསྡུ་ལྡང་ནི།] ཨ། སེམས་ཉིད་སྐྱེ་བ་མེད་པ་ལས། །སྐྱེ་བའི་ཆོ་འཕྲུལ་དཀྱིལ་འཁོར་ལྷ། །མཁའ་ལ་འཇའ་ཚོན་ཡལ་བ་ལྟར། །འོད་གསལ་གཉུག་མའི་ཀློང་དུ་ཐིམ། །ཨ་ཨ་ཨ། ལྷ་ཉིད་རང་ལ་རང་ཉིད་ལྷ། །རང་བཞིན་ཀ་དག་ངང་ལ་གནས། །བདག་ཉིད་གཉུག་མའི་ངྷཱ་ཀི་ནཱི། །སྣང་སྲིད་ཞིང་ཁམས་ཆེན་པོར་བལྟ། །ཨོཾ་ཨཱཿཧཱུྃ། [བསྔོ་སྨོན་ནི།] དགེ་འདིས་བདག་གཞན་འགྲོ་བ་ཀུན། །བདུད་འདུལ་ཡུམ་ཆེན་ངྷཱ་གི་མའི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །[བཀྲ་ཤིས་ནི།] ཨོཾ། འཁོར་ལོས་བསྒྱུར་བའི་ཡུམ་ཆེན་
མོ། །བདུད་འདུལ་ངྷཱ་ཀིའི་མཐུ་སྟོབས་ཀྱིས། །དེང་འདིར་རྒུད་པ་ཀུན་ཞི་ནས། །རྟག་ཏུ་དཔལ་གནས་བདེ་ལེགས་ཤོག །[ཅེས་སོགས་ཀྱིས་མཐའ་རྒྱས་པར་བྱའོ། །ཞེས་པའང་ཆོས་ཀྱི་བདག་པོ་འཁྲུལ་ཞིག་རྡོ་རྗེའི་ངོར་བདུད་འཇོམས་འགྲོ་འདུལ་གླིང་པས་སོ། །ཛ་ཡནྟུ༎ ༎]
བདུད་འདུལ་དྲག་མོའི་གཏོར་དབང་བྱིན་རླབས་སྤྲིན་ཕུང་།
༄༅། །[བདུད་འདུལ་དྲག་མོའི་གཏོར་དབང་བྱིན་རླབས་སྤྲིན་ཕུང་བཞུགས། །སེང་གདོང་མའི་གཏོར་དབང་བྱེད་པར་འདོད་ན། གཏོར་མ་ལྷ་བསྐྱེད་ནས་བཟླས་པ་ཅི་ནུས་བྱ། སློབ་མ་ལ་ཁྲུས་བྱ་ཞིང་བགེགས་བསལ། མཎྜལ་འབུལ།] ཧོཿ སློབ་དཔོན་འཁོར་ལོའི་གཙོ་མོ་དགོངས། །བདག་ལ་བདུད་འདུལ་ཌཱ་ཀི་མའི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས། །ཡོངས་སུ་སྨིན་པར་མཛད་དུ་གསོལ། །[ལན་གསུམ་གྱིས་གསོལ་བ་བཏབ།] སློབ་མ་སྐད་ཅིག་གིས་ཡེ་ཤེས་ཌཱ་ཀི་སེང་གདོང་མའི་སྐུར་གསལ་བར་གྱུར། གཏོར་མ་བདུད་འདུལ་དྲག་མོའི་ཡེ་ཤེས་ཀྱི་སྐུ་དངོས་སུ་གསལ་བ་ལས་དབང་བསྐུར་བའི་ཚེ་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་བྱུང་། ཁྱེད་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཆིག་རྫོགས་སུ་ཐོབ་པར་མོས་ཤིག །[གཏོར་མ་ཐོགས་ལ།] ཧཱུྃ་བྷྱོ༔ ཀུན་ཏུ་བཟང་མོ་གནམ་ཞལ་དབྱིངས་ཕྱུག་མ༔ དྲག་ཏུ་ཁྲོས་པ་ངྷཱ་ཀི་སེང་གེའི་གདོང་༔ འབུམ་ཕྲག་མཁའ་འགྲོ་ཕྲ་མེན་ཚོགས་དང་བཅས༔ བར་ཆད་བདུད་ཚོགས་འདུལ་ཕྱིར་དབྱིངས་ནས་བཞེངས༔ སྐལ་ལྡན་སློབ་མ་རིགས་ཀྱི་བུ་རྣམས་ལ༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་ཏུ་གསོལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར་དུ་གསོལ༔ ཡོན་ཏན་ཕྲིན་ལས་རྫོགས་པར་མཛད་དུ་གསོལ༔
ཨོཾ་བཛྲ་ངྷཱ་ཀི་སིཾ་ཧ་མུ་ཁ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཛྙཱ་ན་སརྦ་སིངྔྷི་བ་ལིཾ་ཏ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་གནས་གསུམ་དུ་བཞག །]མཐར་གཏོར་མའི་ལྷ་འོད་དུ་ཞུ་ནས་སློབ་མ་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་[མོས་ལ། གཏོར་ཟན་དངོས་གྲུབ་ཏུ་བྱིན། བཟླས་ལུང་སྤྲོ་ན།] སློབ་དཔོན་བདུད་འདུལ་དྲག་མོའི་ཐུགས་ཀའི་སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་འོད་ཟེར་གྱི་ཕུང་པོ་འབར་བཞིན་བྱུང་ཁྱེད་རང་ལྷར་གསལ་བའི་སྙིང་གར་ཉི་སྟེང་ཧཱུྃ་གི་མཐར་གཡོན་བསྐོར་དུ་མགལ་ལེ་ལྟར་འཁོར་བ་ལས་འོད་ཟེར་དཔུང་གི་ཚྭ་ཚྭ་དཔག་ཏུ་མེད་པ་འཕྲོས་པས་བར་གཅོད་བྱད་མ་ཐམས་ཅད་གཞོབ་ཐུལ་གྱིས་བསྲེག་པར་མོས་ལ་འདིའི་རྗེས་ཟློས། ཨཿཀཿསཿམཿརཿཙཿཤཿདཿརཿསཿམཿརཿཡཿཕཊ༔ [ལན་གསུམ། མཐར་ཤིས་པ་བརྗོད་ཅིང་དམ་ཚིག་བསྒྲག་བཟུང་སོགས་སྤྱི་ལྟར་བྱའོ། །ཞེས་པའང་འཁྲུལ་ཞིག་རྡོ་རྗེའི་ངོར་འགྲོ་འདུལ་གླིང་པས་སོ༎ ༎]
བདུད་འདུལ་སེང་གདོང་མའི་སྦྱིན་སྲེག་བར་ཆད་ཀུན་སེལ།
༄༅། །[བདུད་འདུལ་སེང་གདོང་མའི་སྦྱིན་སྲེག་བར་ཆད་ཀུན་སེལ་བཞུགས། །༄༅། །ཌཱ་ཀི་སེང་གདོང་མའི་ཞི་བའི་སྦྱིན་སྲེག་ནི། ཐབ་དཀྱིལ་ཟླུམ་པོའི་དབུས་སུ་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད་ལ། བུད་ཤིང་ཟླུམ་པོ་བརྩིག་ལྟེ་བ་མེ་ཚད་བཅའ། མཆོད་གཏོར་སྨན་རཀ་ཉེར་སྤྱོད། བསྲེག་རྫས། ཡམ་ཤིང་། མར་ཁུ། ཏིལ་དཀར། འབྲུ་སྣ། གོས་སྣ་སོགས་ཅི་འབྱོར་བཤམས། དགང་བླུགས་སོགས་མཁོ་བའི་ཡོ་བྱད་རྣམས་འདུ་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས། མཆོད་རྫས་རྣམས་ལས་བྱང་ལྟར་བྱིན་རླབས། བསྲེག་རྫས་ལ་བསང་ཆུ་འཐོར་ཞིང་།] རཾ་ཡཾ་ཁཾ་གི[ས་སྦྱང་།] སྟོང་པའི་ངང་ལས་བསྲེག་རྫས་ཀུན། །ངོ་བོ་ཟག་མེད་བདུད་རྩི་ལ། །རྣམ་པ་མཁའ་འགྲོ་དགྱེས་སྐོར་རྫས། །དཔག་མེད་འདོད་ཡོན་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱིས་བྱིན་བརླབ།] ཨོཾ་ཨགྣེ་ཛྭ་ལ་རཾ། [ཞེས་མེ་དུ་བ་མེད་པར་འབར་བ་ཐབ་ཏུ་བཅུག །]ཧཱུྃ་ཧཱུྃ་ཧཱུྃ་[བརྗོད་ཅིང་རླུང་གཡབ་ཀྱིས་མེ་སྦར།] ཧཱུྃ་[ལན་གསུམ་གྱིས་བླུགས་གཟར་གྱི་མར་ཁུས་མེ་གསོ། ཐབ་རྟ་སྔགས་ཀྱིས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་རང་མདུན་དུ། །ཧཱུྃ་ལས་ཞི་བའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཡོངས་རྫོགས་པ། །མེ་ཕུང་དཀར་གསལ་འབར་བའི་དབུས། །སྣ་ཚོགས་པདྨ་ཉི་མའི་སྟེང་། །བདུད་འདུལ་ཁྲོས་མ་སེང་གེའི་གདོང་། །དཀར་གསལ་ཁྲོ་འཛུམ་བརྗིད་པའི་གཟུགས། །གཡུ་རལ་གྱེན་
བརྫེས་སེང་ཆུང་འཕྲོ། །ཕྱག་གཉིས་གྲི་གུག་ཐོད་ཁྲག་འཛིན། །མཆན་གཡོན་རྡོ་རྗེའི་ཁ་ཊྭཱཾ་བརྟེན། །དུར་ཁྲོད་ཆས་གོས་རུས་རྒྱན་སྤྲས། །ཡེ་ཤེས་བསྐལ་མེ་འབར་བའི་ཀློང་། །གར་སྟབས་འགྱིང་བག་ཚུལ་གྱིས་རོལ། །སྤྲུལ་པ་ཡང་སྤྲུལ་ཕོ་ཉ་མོ། །བསམ་གྱིས་མི་ཁྱབ་སྐར་ལྟར་འཁྲུགས། །གནས་གསུམ་འོད་ཀྱིས་ཡེ་ཤེས་པ། །སྐད་ཅིག་ཉིད་ལ་སྤྱན་དྲངས་གྱུར། །ཧཱུྃ་བྷྱོ། ཨོཾ་ངྷཱ་ཀི་སེཾ་ཧ་མུ་ཁ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛ་ཧཱུྃ་བཾ་ཧོཿ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿ ཨོཾ་བཛྲ་ཨརྒྷཾ་[སོགས་ནས་]ཤཔྡ་པྲ་ཏཱིཙྪ་སྭཱཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ར་རཀྟ་བ་ལིཾ་ཏ་ཁཱ་ཧི། ཧཱུྃ། གཏུམ་དྲག་དུས་མཐའི་མེ་ལྟར་འབར། །དབྱིངས་ཀྱི་ཡུམ་ཆེན་སེང་གེའི་ཞལ། །རབ་འབྱམས་གནས་དང་ཡུལ་གྱི་བདག །མཁའ་འགྲོའི་ཚོགས་དང་བཅས་ལ་བསྟོད། །[དགང་བླུགས་འབུལ་བ་ནི།] མཁའ་འགྲོ་དགྱེས་པ་ལྗགས་དང་ནི། །གཟར་བུའི་ཁ་ལ་རཾ་གྱིས་མཚན། །བདུད་རྩིའི་རྒྱུན་གྱིས་རབ་མཉེས་ཏེ། །སྣ་ཚོགས་དངོས་གྲུབ་སྟེང་བར་གྱུར། །[ཅེས་དམིགས་ལ་
རྩ་སྔགས་ཀྱིས་དགང་བླུགས་བདུན་ལ་སོགས་པ་འབུལ་ཞིང་།] བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་སྤྱི་དང་ཁྱད་པར་ཕ་རོལ་བསམ་སྦྱོར་ངན་པའི་འབྲས་བུ་བྱད་ཕུར་རྦོད་གཏོང་སྣང་སྲིད་ལྷ་འདྲེའི་ཟ་ཁ་ཟུག་པ་སོགས་བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། [ཅེས་འདོད་དོན་གསོལ། དེ་ནས་ཡམ་ཤིང་དང་མར་ཁུ་ལ་སོགས་པའི་བསྲེག་རྫས་གཞན་རྣམས།] ཨོཾ་ཛྙཱ་ན་ངྷཱ་ཀི་ནཱི་ཌཱ་ནཱི་སེཾ་ཧ་མུ་ཁ་བྃ་ཧ་རི་ནི་ས་ཧཱུྃ་ཛྭ་ལ་རཾ་སིངྔྷི་ཧོཿ[ཞེས་པ་ཁོ་ནས་འབུལ་ཞིང་། སྤེལ་ཚིག་ཀྱང་གོང་བཞིན་ལས།] བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། [ཞེས་སྦྱར་ལ། རྫས་རྣམས་རྫོགས་མཐར་ཡུངས་ཀར་རྩ་སྔགས་བཟླས་པ་ཐབ་ཏུ་འཐོར་ཞིང་དགང་བླུགས་སྐབས་ལྟར་ཕྲིན་ལས་གསོལ།] དེ་ལྟར་བསྲེག་རྫས་བདུད་རྩིའི་དྭངས་མ་དགྱེས་པ་ཆེན་པོས་མཉེས་ཤིང་ཚིམས་ནས་འབར་བའི་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་བདག་གཞན་གྱི་ནད་གདོན་སྡིག་སྒྲིབ་བར་ཆད་བྱད་ཕུར་རྦོད་གཏོང་སོགས་བཀྲ་མི་ཤིས་པའི་ཕྱོགས་ཐམས་ཅད་ལྷག་མེད་དུ་སངས་ཀྱིས་བསལ་བར་[མོས། སླར་ཡང་གོང་བཞིན་དགང་བླུགས་ལན་གསུམ་དུ་ཕུལ་ལ་མཆོད་ཅིང་བསྟོད། གཏོར་མ།] ཨོཾ་ཛྙཱ་ཌཱ་ཀི་ནཱི་སེཾ་ཧ་མུ་ཁ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྷ་
ཁ་ཁ་ཁཱ་ཧི་ཁཱ་ཧི། [བཏགས་པ་ལན་གསུམ་གྱིས་འབུལ་ཞིང་།] ཧཱུྃ༔ བཅོམ་ལྡན་བདུད་འདུལ་མཁའ་འགྲོ་མ༔ སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ༔ ཡོངས་རྫོགས་མཁའ་འགྲོ་ཀུན་གྱི་གཙོ༔ འཁོར་ལོས་བསྒྱུར་བ་སྟོབས་ཆེན་མོ༔ ཡེ་ཤེས་དང་ནི་ལས་ལས་གྲུབ༔ འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ༔ ཀུན་ཀྱང་བདུད་རྩི་རཀྟ་དང་༔ འདོད་ཡོན་གཏོར་མའི་མཆོད་པ་བཞེས༔ ཕྱི་ནང་གསང་བའི་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་མྱུར་དུ་སྒྲུབས༔ [ཞེས་འདོད་དོན་གསོལ།] མཁའ་འགྲོ་མ་ཡི་གྲོང་ཁྱེར་དུ། །བསྲེག་བླུགས་དམ་ཚིག་ལས་འདས་ཤིང་། །ཆོ་ག་ལྷག་ཆད་འགལ་འཁྲུལ་སོགས། །ཉེས་པའི་ཚོགས་རྣམས་བཟོད་མཛད་གསོལ། །[ཞེས་དང་ཡིག་བརྒྱས་ནོངས་པ་བཤགས།] ཨོཾ་ཛྙཱ་ཌཱ་ཀི་ནཱིབཛྲ་མུཿ [ས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་རང་ལ་བསྡུས་ཏེ་ལྟེ་བའི་ཙཎྜ་ལཱིའི་ངོ་བོར་བཞུགས་པར་མོས། མེ་རང་ཞིར་བཏང་བའམ་འོ་མ་དང་དྲིའི་ཆུས་གཞིལ་ལ་ཐལ་སོལ་རྣམས་ཆུ་ཀླུང་དུ་སྦྱང་། དགེ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་ཆོས་ཀྱི་བདག་པོ་འཁྲུལ་ཞིག་རྡོ་རྗེའི་ངོར་བདུད་འཇོམས་འགྲོ་འདུལ་གླིང་པས་སོ། །ཛ་ཡནྟུ༎ ༎]
མཁའ་འགྲོའི་ཐུགས་ཐིག་གི་ལམ་རིམ་དང་སྦྱར་བའི་སྨོན་ལམ།
༄༅། །[མཁའ་འགྲོའི་ཐུགས་ཐིག་གི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ནི།] ཧོཿ བླ་མ་ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་དུ། །བདག་གིས་ཚོགས་གཉིས་བསོད་ནམས་ཅི་བསགས་པ། །མ་ལུས་མཁའ་ཁྱབ་འགྲོ་བ་ཡོངས་ལ་བསྔོ། །ཀུན་ཀྱང་བླ་མེད་འབྲས་བུ་ཐོབ་གྱུར་ཅིག །དེང་བཟུང་བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། །ཁྱབ་བདག་བླ་མ་ཡུམ་ཆེན་ལྷག་པའི་ལྷ། །དབྱེར་མེད་སྐྱབས་ཀྱི་མཆོག་ཏུ་མི་འབྲལ་བར། །དགོངས་བརྒྱུད་བྱིན་རླབས་སྙིང་ལ་འཕོ་བར་ཤོག །བསགས་སྦྱོང་ལམ་གྱིས་རང་རྒྱུད་ཞིང་ས་དུལ། །དབང་བཞིའི་རིམ་པས་ཐར་པའི་ས་བོན་ཐེབས། །དམ་ཚིག་དག་པས་ལམ་གྱི་གེགས་ལས་གྲོལ། །མོས་བརྩོན་དྲག་པོས་ཉམས་ལེན་བོགས་ཐོན་ཤོག །བསྐྱེད་རིམ་གསལ་བས་ཐ་མལ་སྣང་ཞེན་དག །རང་བྱིན་བརླབས་ཀྱིས་གཏུམ་མོའི་བདེ་དྲོད་འབར། །ཞུ་བདེའི་སྦྱོང་བས་ཕོ་ཉའི་དགའ་བ་འབྱོངས། །བློ་འདས་དགོངས་པས་ཆོས་ཉིད་དོན་རྟོགས་ཤོག །ཀ་དག་རིག་པ་ཟང་ཐལ་རྗེན་པར་ཤར། །ལྷུན་གྲུབ་སྣང་བཞིའི་ས་ལམ་བཙན་ཐབས་བགྲོད། །རང་དོན་ཀུན་བཟང་ཆོས་སྐུའི་རྒྱལ་ས་ཟིན། །གཞན་
དོན་གཟུགས་སྐུས་འཁོར་བ་དོང་སྤྲུགས་ཤོག །[ཅེས་པའང་རྟོགས་ལྡན་ཀུན་བཟང་ཀློང་གྲོལ་གྱིས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ༎ ༎]
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་བདག་འཇུག་ངག་འདོན་བདེ་ཆེན་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་གུ་ར་ཝེ། [འདིར་ཡང་ཟབ་དགོངས་པའི་གཏེར་ཁ་མཁའ་འགྲོའི་ཐུགས་ཐིག་གི་རིམ་གཉིས་ཉམས་སུ་ལེན་པའི་སྒྲུབ་པ་པོ་རྣམས་ཀྱིས་སློབ་མ་ལ་དབང་བསྐུར་བའི་སྔོན་དུ་དགོས་པ་ཁོ་ན་ཙམ་མིན་པར་ཡར་མར་གྱི་ཚེས་བཅུ་སོགས་དུས་བཟང་ཁྱད་པར་ཅན་རྣམས་སུ་སྔགས་སྡོམ་གསོ་བའི་ཡན་ལག་ཏུ་མེད་མི་རུང་བ་ལམ་དུས་ཀྱི་དབང་བདག་འཇུག་ལེན་པའི་ཚུལ་ནི། སྦྱོར་བ་མཚན་མའི་དཀྱིལ་འཁོར་བཞེངས་ཏེ་བདག་མདུན་བུམ་གསུམ་ཐ་མི་དད་ཀྱི་ཚུལ་དུ་ལས་བྱང་གི་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པའི་བར་བཏང་ནས་བུམ་པའི་བཟླས་དམིགས། གཟུངས་ཐག་བླངས་ལ།] རང་གི་ཐུགས་ནས་སྔགས་ཀྱི་ཕྲེང་༔ རྡོ་རྗེའི་གཟུངས་ཐག་ལས་བརྒྱུད་དེ༔ ཐོད་པའི་ལྷ་ཚོགས་ཐུགས་རྒྱུད་
བསྐུལ༔ བདེ་སྟོང་རོལ་པའི་འོད་ཟེར་སྤྲིན༔ མཁའ་ཁྱབ་ཀུན་ཏུ་སྣང་བ་ཡིས༔ འཕགས་མཆོད་འགྲོ་བའི་དོན་ཀུན་བསྒྲུབས༔ ཚུར་འདུས་ཐུགས་ཀྱི་དཔལ་བེར་འཁྱིལ༔ སྐུ་དང་སྔགས་ལས་བདུད་རྩིའི་རྒྱུན༔ དཔག་མེད་བྱུང་ནས་ཐོད་པའི་བཅུད༔ དངོས་གྲུབ་ཀུན་གྱི་སྙིང་པོར་གྱུར༔ [ཞེས་གསལ་བཏབ་ནས་བསྙེན་སྒྲུབ་ཚིག་དྲིལ་གྱི་བཟླས་པ་ཅི་འགྲུབ་མཐར་མཆོད་བསྟོད་བྱ། ལས་བུམ་ལ་དམིགས་ཏེ།] ལས་བུམ་ནང་དུ་པད་ཉིའི་སྟེང་༔ པདྨ་རྟ་མགྲིན་སྐུ་མདོག་དམར༔ ཕྱག་གཉིས་པདྨ་དྲིལ་བུ་འཛིན༔ དུར་ཁྲོད་ཆས་རྫོགས་དོར་སྟབས་བཞུགས༔ སྐུ་ལས་རྡོ་རྗེ་བདུད་རྩིའི་རྒྱུན༔ བབས་པས་བུམ་པ་གང་བར་གྱུར༔ ཨོཾ་ཧྲཱིཿ
པདྨནྟ་ཀྲྀ་ཏ་སརྦ་བི་གྷྣཱཾ་ཧ་ན་ཧ་ན་ཧཱུྃ་ཕཊ༔ [ཅེས་ཅི་རིགས་བཟླ། མཐར་ཐོད་པ་དང་ལས་བུམ་གཉིས་ཀར་དུང་ཆོས་ཀྱིས་མཆོད་ཡོན་ཕུལ་ལ།] ཨོཾ་ཨཱཿཧཱུྃ། ལྷ་ཉིད་འོད་དུ་ཞུ་བ་ལས། །སོ་སོའི་བཅུད་དང་དབྱེར་མེད་གྱུར་[བར་བསམ། གཏོར་མ་དང་ཚོགས་བྱིན་རླབས་ནས་ཐ་མའི་བར་བཏང་། བདག་འཇུག་དངོས་ལ།] ཇི་ལྟར་བལྟམས་པ་[སོགས་ཀྱིས་ལས་བུམ་གྱི་ཆུས་ཁྲུས་བྱ།] སུམྦྷ་ནི[འི་སྔགས་དང་གུལ་ཡུངས་རོལ་མོའི་ཚམ་རྔམས་བཅས་བགེགས་བསྐྲད།] ངྷརྨ་ངྷཱ་ཏུ་རཀྵ་ཨཿ[ས་སྲུང་འཁོར་བསྒོམ།] ས་གཞི་སྤོས་ཆུས་[སོགས་ཀྱིས་མཎྜལ་ཕུལ་ལ།] ཨོཾ་ཨཱཿཧཱུྃ། ཨཱ་ཁཾ་བཱི་ར་ཧཱུྃ་[གིས་མིག་དར་འཆིང་ཚུལ་དང་མེ་ཏོག་བླང་། གསོལ་གདབ་ནི།] དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་སྟོན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་མཆོག་གི་གྲོང་ཁྱེར་དུ། །མགོན་པོས་བདག་ནི་གཞུག་ཏུ་གསོལ། །[ལན་གསུམ།] བུ་ཁྱོད་སུ་ཡིན་ཅི་ལ་དགའ། །སྐལ་བཟང་བདག་ནི་བདེ་ཆེན་མཆོག་ལའོ། །དེ་ཡིས་ཁྱོད་ལ་ཅི་ཞིག་བྱ། །སངས་རྒྱས་མཆོག་གི་རྣལ་འབྱོར་རོ། །[ཞེས་པས་དྲི་ལན་བྱ།] བྷྲཱུཾ་ཛྙཱ་ན་བྲ་བེ་ཤ་ཡ་ཕཊ་[ཀྱིས་སྒོ་དབྱེ།] ཛཿཧཱུྃ་བྃ་ཧོཿ[ས་ནང་དུ་གཞུག
སྙིང་མགྲིན་སྤྱི་བོ་རྣམས་སུ་རེག་སྟེ།] ཨོཾ་ན་མ་སྟེ་ཧཱུྃ། ཨོཾ་ན་མཱ་མི་ཧཱུྃ། ཨོཾ་ན་མོ་ན་མ་ཧཱུྃ་[གིས་ཕྱག་བྱ།] ཁྱོད་ཉིད་རྣལ་འབྱོར་གྲོང་ཞུགས་ནས། །རྣལ་འབྱོར་མ་ཡི་ཡེ་ཤེས་ནི། །གང་ཡིན་ཁྱོད་ལས་སྦྱིན་བྱེད་ན། །དེ་བདག་རྡོ་རྗེ་སློབ་དཔོན་གྱི། །དམ་ཚིག་གང་ཡིན་ཁྱོད་ཀྱིས་སྲུངས། །བཛྲ་ས་མ་ཡ་ཧཱུྃ་[གིས་རྡོ་རྗེ་སྙིང་གར་རེག །]ཨ་མྲྀ་ཏ་ཨུ་ད་ཀ་ཧཱུྃ་[གིས་དམ་ཆུ་མྱང་། ཡེ་ཤེས་དབབ་པ་ནི།] རང་ཉིད་སྐད་ཅིག་གིས་བདེ་ཆེན་མཚོ་རྒྱལ་དབང་མོ་རྩ་གསུམ་འཁོར་ལོ་ལྔ་འོད་ཀྱི་རང་བཞིན་ཅན་དུ་གསལ་བའི་ལྟེ་བར་གཡུང་དྲུང་དམར་པོ་གྲྭ་བཞིར་ཧ་རི་ནི་ས་ལྟེ་བར་བྃ་ཡིག་གིས་མཚན་པ། རྐང་པའི་འོག་ཏུ་ཡྃ་ལས་རླུང་། སུམ་མདོར་རྃ་ལས་མེ། སློབ་དཔོན་གྱི་ཐུགས་ཀའི་འོད་ཀྱིས་བསྐུལ་བས། རླུང་གཡོས་མེ་སྦར། ལྟེ་བའི་གཡུང་དྲུང་གཡོན་དུ་འཁོར་བ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་ཞིང་དང་། ཁྱད་པར་དཔལ་རི་པདྨ་འོད་ཀྱི་གཞལ་ཡས་ཁང་ཆེན་པོ་ནས་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྡོ་ཚན་ལ་ཁ་བ་བབས་པ་ལྟར་སིབ་སིབ་ཐིམ་པས་བདེ་བ་ཆེན་པོའི་ངང་དུ་གྱུར་[པར་མོས་ལ། སྤོས་རོལ་དབྱངས་བཅས།] ཨོཾ་ཨཱཿཧཱུྃ། ཨ་ལ་ལ་ཧོཿ[སོགས་ལས་བྱང་གི་བྱིན་འབེབས་མཐར།] བྃ་ཧ་རི་ནིས་ཨཱ་བེ་ཤ་ཡ་ཨ་ཨ་། [བཏགས་པ་དྲག་ཏུ་བརྗོད་ལ་དབབ། རྡོ་རྗེ་མེ་ཏོག་དང་བཅས་པ་སྤྱི་བོར་བཞག་ལ།]
ཏིཥྛ་བཛྲ་ས་བརྟན། །ཨོཾ་པཱུཥྤེ་པྲ་ཏཱིཙྪ་ཧོཿ[ས་མེ་ཏོག་དོར་ཞིང་།] ཨོཾ་པྲ་ཏི་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བ་ལ་ཏིཥྛ་ཨོཾ་[གྱིས་མགོ་བོར་འཆིང་།] ཨོཾ་ཛྙཱ་ཙཀྵུཿཔྲ་བེ་ཤ་ཡ་ཕཊ་[ཀྱིས་གདོང་གཡོགས་བཀྲོལ་ཚུལ་བྱ། ཡེ་ཤེས་མཁའ་འགྲོའི་ཕྱི་དང་ནང་དང་སྙིང་པོའི་དཀྱིལ་འཁོར་རྣམས་མཐོང་བར་གྱུར། དེ་ནས་དངོས་གཞིའི་སླད་དུ་མཎྜལ་ཕུལ།] དཔའ་བོ་དཔའ་མོ་དབང་ལྷ་མོ། །རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་དུ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །རྡོ་རྗེ་མི་ཕྱེད་གསུམ་གྱི་དབང་། །དེ་རིང་བདག་ལ་སྩལདུ་གསོལ། །[ལན་གསུམ། བུམ་དབང་ནི།] བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དབང་ལྷ་ནམ་མཁའ་གང་བར་སྤྱན་དྲངས་ནས་བཀྲ་ཤིས་པའི་རྣམ་པ་དུ་མ་དང་བཅས་རྡོ་རྗེ་བདེ་སྐྱོང་གི་སྣོད་ཡེ་ཤེས་བདུད་རྩིས་གང་བས་སྤྱི་བོ་ནས་མངོན་པར་དབང་བསྐུར་བར་གྱུར། བྷནྡྷའི་[བུམ་པ་སྤྱི་བོར་བླངས་ལ།] ཨོཾ༔ རང་བྱུང་བདེ་སྐྱོང་གཞལ་ཡས་ན༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ལུས་སྣང་ལྷ་སྐུར་སྨིན་གྱུར་ཅིག༔ [སྙིང་པོ་དང་།] ཀཱ་ཨ་བྷི་ཥིཉྩ་ཨོཾཿ [རྡོ་རྗེའི་རྭ་རྩེས་བདུད་རྩི་སྤྱི་བོར་བླུགས།] སྐུ་གང་སྒྲིབ་དག་ནུས་པ་བཞག །ཆུ་ལྷག་གྱེན་དུ་འཁྱིལ་བ་ལས། །རྡོ་རྗེ་སེམས་
དཔས་དབུ་བརྒྱན་གྱུར། །ཛཿཧཱུྃ་བྃ་ཧོཿ[ས་དབང་ལྷ་རང་ལ་བསྟིམ།] དེ་ལྟར་ན་བྲིས་པའི་མཚན་མ་སྤྲུལ་སྐུའི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་སྨིན་པར་བྱས། བསྐྱེད་རིམ་བསྒོམ་པ་ལ་དབང་། སྐུ་རྡོ་རྗེ་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་བྱས་པའོ། །[གསང་དབང་ནི།] བླ་མ་དང་དཀྱིལ་འཁོར་གྱི་གཙོ་མོ་དབྱེར་མེད་པ་རང་འོད་ཀྱི་ཡབ་དང་སྙོམས་པར་ཞུགས་པའི་བྱང་ཆུབ་ཀྱི་སེམས་བདུད་རྩི་ལྕེ་ཐོག་ཏུ་བཞག་པར་གྱུར། [གསང་ཐོད་ཐོགས་ལ།] ཨཱཿ ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་བྱང་སེམས་རྒྱུན༔ རྩ་ཁམས་དྭངས་བཅུད་ཀྱིས་གཏམས་པས༔ ངག་རླུང་སྔགས་སུ་དག་གྱུར་ཅིག༔ [སྙིང་པོ་དང་།] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ [དཀྱིལ་འཁོར་གྱི་ཐོད་པའི་བདུད་རྩི་མྱང་།] དེ་ལྟར་ན་ཀུན་རྫོབ་བྱང་སེམས་ཐོད་པ་བདུད་རྩི་ལོངས་སྐུའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་སྨིན་པར་བྱས། རྫོགས་རིམ་རྩ་རླུང་གཏུམ་མོ་བསྒོམ་པ་ལ་དབང་། གསུང་རྡོ་རྗེ་ལོངས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །[ཤེས་དབང་ནི།] རང་ཉིད་སྐད་ཅིག་གིས་པདྨ་གར་དབང་ཐོད་ཕྲེང་རྩལ་དུ་གསལ་བ་ལ་བླ་མ་དཀྱིལ་འཁོར་གྱི་གཙོ་མོའི་ཐུགས་ཀ་ནས་རང་འདྲའི་རིག་མ་མཚན་ཉིད་དང་ལྡན་པ་ཞིག་རྣམ་པར་སྤྲོས་ཏེ་ཐར་པ་བསྟེན་
པར་བསྐུལ་བར་གྱུར། [མེ་ལོང་བླངས་ལ།] ཧཱུྃ༔ བདེ་བ་ཆེན་པོའི་ཡེ་ཤེས་ནི༔ དགའ་བ་བཞི་ལ་ཡང་དག་བསྟེན༔ ཟུང་འཇུག་མཉམ་པར་སྦྱོར་བ་ཡིས༔ ཡིད་ཐིག་ཆོས་སྐུར་གྲོལ་གྱུར་ཅིག༔ [སྙིང་པོ་དང་།] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [སྲིན་ལག་གིས་སིནྡྷུ་སྙིང་གར་བྱུགས།] དེ་ལྟར་ན་སིནྡྷུ་ར་རྡོ་རྗེ་ཡེ་ཤེས་ཆོས་སྐུའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་སྨིན་པར་བྱས། ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཐུགས་རྡོ་རྗེ་ཆོས་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །[དབང་བཞི་པ་ནི། ཤེལ་རྡོ་བཟུང་ལ།] ཧྲཱིཿ ཡེ་ནས་དག་པའི་སེམས་ཉིད་འདི༔ རང་བྱུང་མཁའ་འགྲོའི་ངོ་བོ་སྟེ༔ སྨྲ་བསམ་བརྗོད་མེད་ཡེ་ཤེས་ཆེ༔ སངས་རྒྱས་ཀུན་གྱི་གསང་བའོ༔ [སྙིང་པོ་དང་།] ངྷརྨ་ངྷཱཏུ་ཨ་ཨ་ཨ༔ [ཞེས་དགོངས་པ་བསྐྱང་།] དེ་ལྟར་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཤིན་ཏུ་སྤྲོས་མེད་རྣམ་ཐར་གསུམ་ལྡན་ངོ་བོ་ཉིད་སྐུའི་དཀྱིལ་འཁོར་དུ་དབང་བཞི་པ་ཐོབ། སྒོ་གསུམ་སྨིན་པར་བྱས། དབྱིངས་རིག་ཟུང་འཇུག་བསྒོམ་པ་དང་། ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པའོ། །[རྗེས།] གཙོ་བོས་ཇི་ལྟར་[སོགས། དེང་ནས་བརྩམས་ཏེ་སོགས། གཏང་རག་གི་མཎྜལ་སྔར་ལྟར་ཕུལ་ཚོགས་ལ་རོལ་བ་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བཀྲ་ཤིས་པར་ཕྲིན་ལས་ལྟར་མཐར་དབྱུང་ངོ་། །འདིའི་སྒོ་ནས་
སློབ་མ་རྗེས་སུ་བཟུང་ན་སྔ་འགྱུར་སྤྱིའི་བཞེད་སྲོལ་ལྟར་དོན་དབང་གི་སྨིན་བྱེད་དུའང་འགྱུར་བས་མཚམས་སྦྱོར་ཇི་ལྟར་རིགས་པ་དང་བཅས་འདི་ཁོ་ན་ལྟར་བསྒྲུབས་པས་ཆོག་ཅིང་སྤྲོ་ན་དབང་བཞི་པའི་མཐར་ཚེ་དབང་བཅས་བསྐུར་ན་སྐབས་སུ་བབ་ཅིང་ལེགས་པར་འགྱུར་རོ། །ཞེས་པའང་གཞན་ལ་དབང་བསྐུར་བའི་སྔོན་དང་མར་ངོའི་དུས་མཆོད་སོགས་ཀྱི་ཚེ་རང་ཉིད་ལ་འདོད་པ་འཇོ་བའི་ཆ་རྐྱེན་དང་སྐལ་མཉམ་གཞག་ལའང་ཕན་པའི་བློས་རིགས་མཐུན་ཁུངས་ལྡན་གྱི་གསུང་ལ་བརྟེན་ནས་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་རྣམ་རྒྱལ་ཆུ་སྦྲུལ་ཟླ༡༢ཚེས༢༤ལ་གདན་ས་ཆེན་པོ་དཔལ་ལྡན་དྭགས་ལྷ་སྒམ་པོར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ནཾ་བྷ་བ་ཏུ། །]
ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ།
༄༅། །ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ་ཞེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི། གང་གི་དྲིན་གྱིས་སྲིད་ཞིའི་འཇི༵གས། །རྣམ་འཕྲོག་སྤྲོས་བྲ༵ལ་ཡེ༵་ཤེ༵ས་བྱིན། །སྟེར་མཛད་རྡོ་རྗེ་ཅན་ཞབས་པད། །བསྙེན་ནས་སྔོན་འགྲོའི་ཁྲིགས་འདིར་སྤེལ། །[དེ་ཡང་སྐལ་བ་དང་ལྡན་པའི་གང་ཟག་ཚེ་འདིར་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ཐོག་མ་ཉིད་དུ་སྔོན་འགྲོའི་རིམ་པ་ལ་འཇུག་པར་བྱ་སྟེ། དེའི་ངག་འདོན་ལ་གསུམ། ཐུན་ལ་འཇུག་པའི་སྔོན་འགྲོ། ཐུན་མོང་གི་སྔོན་འགྲོ་བློ་ལྡོག་བཞི། ཁྱད་པར་གྱི་སྔོན་འགྲོ་བསགས་སྦྱོང་ལྔའོ། །][དང་པོ་ནི། སྒོ་གསུམ་རྣལ་དུ་དབབ། སྤྱི་བོར་བླ་མ་བསྒོམས་ལ་མོས་གུས་གདུང་ཤུགས་དྲག་པོས།] དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན་ནོ། །
བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །[ཞེས་གསོལ་བ་བཏབ་མཐར་བླ་མ་རང་ལ་བསྡུས་ཏེ་དར་ཅིག་མཉམ་པར་གཞག །འདི་ཐུན་ཐམས་ཅད་ཀྱི་འགོ་འཛིན་དུ་གལ་ཆེ་སྟེ་རྒྱུད་སྣོད་དུ་རུང་ཞིང་བར་ཆད་ཞི་ནས་བྱིན་རླབས་མྱུར་བའི་དགོས་པ་ཡོད་དོ། །][གཉིས་པ་རང་རྒྱུད་ཀྱི་ཞིང་ས་སྦྱོང་བ་བློ་ལྡོག་རྣམ་བཞིའི་ངག་འདོན་ནི། དམིགས་ཁྲིད་བཞིན་འདོན་བསྒོམ་ཟུང་དུ་འཇུག་པས།] བདག་གི་དལ་འབྱོར་རྟེན་བཟང་འདི༔ ཕྱིས་ནས་ཡང་ཡང་རྙེད་དཀའ་བས༔ ད་རེས་བླ་མེད་ཀུན་བཟང་གི༔ གོ་འཕང་བསྒྲུབས་ཏེ་གཞན་དོན་བྱ༔ ད་ལྟའི་རིན་ཆེན་ལུས་འདི་ཡང་༔ འཆི་བདག་བདུད་ཀྱི་དགྲ་སྡང་བས༔ ནམ་འཆི་ངེས་པར་མི་
གདའ་ཡི༔ བདག་གཞན་མི་རྟག་ཚུལ་འདི་བལྟ༔ འཁོར་བའི་གནས་འདིར་གར་སྐྱེས་ཀྱང་༔ བདེ་བའི་གོ་སྐབས་མ་མཆིས་པས༔ སྲིད་པའི་བདེ་ལ་མི་བལྟ་བར༔ མྱ་ངན་འདས་པའི་ལམ་དུ་འཇུག༔ དལ་འབྱོར་ལུས་འདི་དོན་ལྡན་ཕྱིར༔ ཉོན་མོངས་དུག་གསུམ་མི་དགེ་སྤོང་༔ དགེ་བའི་ལས་ལ་འབད་པ་བསྐྱེད༔ སྒོ་གསུམ་དམ་ཚིག་སྡོམ་པ་བསྲུང་༔ [ཞེས་ངེས་འབྱུང་གི་བློ་བསྐྱེད་དོ། །][གསུམ་པ་ཁྱད་པར་གྱི་སྔོན་འགྲོའི་ངག་འདོན་ལ་ལྔ་ལས། དང་པོ་སྐྱབས་འགྲོ་ནི།] མདུན་མཁར་དཔག་བསམ་རྒྱས་པའི་དབུས༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ རྡོ་རྗེ་འཆང་གི་ཆ་ལུགས་ཅན༔ མཚོ་རྒྱལ་ཡུམ་དང་མཉམ་པར་སྦྱོར༔ སྐུ་ནི་དགེ་འདུན་གསུང་དམ་ཆོས༔ ཐུགས་ནི་སངས་རྒྱས་རང་བཞིན་ཏེ༔ རྩ་གསུམ་རྒྱལ་བ་འདུས་པའི་དངོས༔ སྐྱབས་ཡུལ་རྒྱ་མཚོའི་ངོ་བོར་བཞུགས༔ [ཞེས་སྐྱབས་ཡུལ་ཀུན་འདུས་ནོར་བུའི་ལུགས་སུ་གསོལ་གདབ་ལ།] ན་མོ༔ བདག་སོགས་འགྲོ་ཀུན་བྱང་ཆུབ་བར༔ དཀོན་མཆོག་གསུམ་གྱི་ངོ་བོ་ཉིད༔ བླ་མ་རྡོ་རྗེ་འཛིན་པ་ལ༔ མི་ཕྱེད་གུས་པས་སྐྱབས་སུ་མཆི༔ [གཉིས་པ་སེམས་བསྐྱེད་
ནི། སྐྱབས་ཡུལ་དཔང་པོར་གསོལ་ཏེ།] ཧོཿ མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར༔ བླ་མེད་བྱང་ཆུབ་མཆོག་གི་སེམས༔ བདག་གིས་ཡོངས་སུ་བསྐྱེད་པར་བགྱི༔ [མཐར་སྐྱབས་ཡུལ་གྱི་སྐུ་ལས་འོད་ཟེར་བྱུང་བ་རེག་པ་ཙམ་གྱིས་བདག་གཞན་གྱི་སྡིག་སྒྲིབ་ཐམས་ཅད་སངས་ཀྱིས་དག་ནས། བྱ་ཁྱུ་འུར་རྡོས་དཀྲོག་པ་བཞིན་ཐམས་ཅད་དག་པ་མཁའ་སྤྱོད་དུ་ཡུད་ཀྱིས་སོང་། སྐྱབས་ཡུལ་བླ་མ་འོད་དུ་ཞུ་ནས་རང་ལ་བསྟིམ་སྟེ་མཉམ་པར་བཞག་གོ །][གསུམ་པ་རྡོར་སེམས་བསྒོམ་བཟླས་ནི།] རང་གི་སྤྱི་བོར་པད་ཟླའི་སྟེང་༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དུང་མདོག་ཞལ་གཅིག་ཕྱག་གཉིས་པ༔ རྡོར་དྲིལ་འཛིན་པས་ཡུམ་ལ་འཁྱུད༔ དར་དང་རིན་ཆེན་རྒྱན་གྱིས་བརྒྱན༔ ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ལྟེར༔ ཧཱུྃ་མཐར་ཡིག་བརྒྱའི་ཕྲེང་བས་བསྐོར༔ དེ་ལས་བྱང་སེམས་བདུད་རྩིའི་རྒྱུན༔ བབས་པས་སྡིག་སྒྲིབ་ཉེས་ལྟུང་ཀུན༔ དག་ཅིང་དྲི་མ་མེད་པར་གྱུར༔ ཨོཾ་བཛྲས་ཏྭ་ས་མ་ཡ་མ་ནུ་པཱ་ལ་ཡ༔ བཛྲ་ས་ཏྭ་ཏེ་ནོ་པ་ཏིཥྠ་དྲྀ་ཌྷོ་མེ་བྷ་ཝ༔ སུ་ཏོ་ཥྱོ་མེ་བྷ་ཝ༔ ཨ་ནུ་ར་ཀྟོ་མེ་བྷ་ཝ༔ སུ་པོ་ཥྱོ་མེ་བྷ་ཝ༔ སརྦ་སིངྔྷི་མྨེ་པྲ་ཡཙྪ༔ སརྦ་ཀརྨ་
སུ་ཙ་མེ་ཙིཏྟཾ་ཤྲེ་ཡ༔ ཀུ་རུ་ཧཱུྃ༔ ཧ་ཧ་ཧ་ཧ་ཧོ༔ བྷ་ག་ཝཱན༔ སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ༔ བཛྲཱི་བྷ་བ་མ་ཧཱ་ས་མ་ཡ་ས་ཏྭ་ཨཱ༔ [ཞེས་ཅི་ནུས་བཟླ། མཐར།] མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༔ དམ་ཚིག་ལས་ནི་འགལ་ཞིང་ཉམས༔ བླ་མ་མགོན་པོས་སྐྱབས་མཛོད་ཅིག༔ གཙོ་བོ་རྡོ་རྗེ་འཛིན་པ་སྟེ༔ ཐུགས་རྗེ་བརྩེ་བའི་བདག་ཉིད་ཅན༔ འགྲོ་བའི་གཙོ་ལ་བདག་སྐྱབས་མཆི༔ སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ཞིང་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། [ཞེས་གསོལ་བ་བཏབ་པས།] རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས། རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གསུངས་ཤིང་འོད་དུ་ཞུ་ནས་རང་ལ་ཐིམ་པར་[བསམ་ལ་མཉམ་པར་བཞག་གོ །][བཞི་པ་མཎྜལ་ནི། ཚོགས་ཞིང་སྔར་ལྟར་གསལ་བའི་སྤྱན་སྔར།] ཁམས་གསུམ་སྣོད་བཅུད་སྣང་སྲིད་ཆོས༔ བདག་ལུས་ལོངས་སྤྱོད་དགེ་ཚོགས་བཅས༔ ཀུན་བཟང་མཆོད་སྤྲིན་ཆེན་པོར་འབུལ༔ བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ༔ རཏྣ་མ་ངྷ་ལ་
པཱུ་ཛ་ཧོཿ [ཞེས་འབུལ་མཐར་ཚོགས་ཞིང་མཆོད་པའི་མཎྜལ་དང་བཅས་པ་ཧཱུྃ་གི་རྣམ་པར་རང་ལ་བསྡུས་ནས་འཁོར་གསུམ་མི་དམིགས་པའི་ངང་དུ་བཞག་གོ །][ལྔ་པ་བླ་མའི་རྣལ་འབྱོར་ནི།] རྣམ་དག་ཡེ་ཤེས་འོད་གུར་ཀློང་༔ རང་ཉིད་མཚོ་རྒྱལ་ངྷཱ་ཀི་མའི༔ སྤྱི་བོར་པདྨ་ཉི་ཟླའི་སྟེང་༔ རྩ་བའི་བླ་མ་ཐོད་ཕྲེང་རྩལ༔ དམར་གསལ་རྡོར་དྲིལ་འཁྱུད་སྟབས་རོལ༔ མཚན་དཔེའི་གཟི་བྱིན་འབར་བའི་སྐུ༔ དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་གིས༔ དགྱེས་འཛུམ་འོད་ཟེར་ལམ་མེར་བཞུགས༔ [ཞེས་ཚོགས་རྟེན་གསལ་གདབ་ལ།] ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིངྔྷི་ཧཱུྃ༔ [ཞེས་སྤྱན་དྲངས་ཤིང་དམ་ཡེ་དབྱེར་མེད་དུ་བྱ། ཚོགས་བསགས་པའི་སླད་དུ་ཕྱག་འཚལ་བ་དང་བཅས།] ཧྲཱིཿ རྒྱལ་ཀུན་ངོ་བོ་བླ་མ་ལ། །སྒོ་གསུམ་གུས་པར་ཕྱག་འཚལ་ལོ། །ཕྱི་ནང་མཆོད་སྤྲིན་རྒྱ་མཚོས་མཆོད། །
ཐོག་མེད་ནས་བསགས་སྡིག་ལྟུང་བཤགས། །རྣམ་དཀར་ཚོགས་ལ་རྗེས་ཡི་རང་། །ཟབ་རྒྱས་ཆོས་འཁོར་བསྐོར་བཞིན་དུ། །མྱ་ངན་མི་འདའ་བཞུགས་གསོལ་འདེབས། །དགེ་བ་སེམས་ཅན་ཡོངས་ལ་བསྔོ། །བླ་མེད་གོ་འཕང་མཆོག་ཐོབ་ཤོག །[ཅེས་ཡན་ལག་བདུན་པ་འབུལ། དེ་ནས་མོས་གུས་གདུང་ཤུགས་རྩེ་གཅིག་པས། སྤྲོ་ན་བླ་མ་སྐུ་གསུམ་མའི་གསོལ་འདེབས་བྱ། གང་ལྟར་ཡང་།] ཀྱེ་ཀྱེ་བླ་མ་ཐོད་ཕྲེང་རྩལ༔ སྙིང་ནས་གུས་པས་གསོལ་བ་འདེབས༔ བྱིན་གྱིས་རློབས་ཤིག་བར་ཆད་སོལ༔ དབང་བཞི་སྐུར་ཅིག་དངོས་གྲུབ་སྩོལ༔ [ཞེས་གསོལ་འདེབས་དང་།] ཨོཾ་ཨཱཿཧཱུྃ་མ་ཧཱ་གུ་རུ་སརྦ་སིངྔྷི་ཧཱུྃ༔ [ཞེས་བཟླས་བརྩེ་གཅིག་ཏུ་བྱས་མཐར། སླར་གོང་ལྟར་གསོལ་བ་བཏབ་ཅིང་དབང་བཞི་བླང་བ་ཚིག་ཕྱིར་སེམས་གཞོལ་ཏེ།] བླ་མའི་སྐུ་ཡི་གནས་བཞི་ནས༔ འོད་ཟེར་དཀར་དམར་མཐིང་ལྗང་འཕྲོས༔ རང་གི་གནས་བཞིར་ཐིམ་པ་ཡིས༔ སྒྲིབ་བཞི་དག་ནས་དབང་བཞི་ཐོབ༔ [ཅེས་བླངས་ཏེ། སླར་མོས་གུས་གདུང་ཤུགས་དྲག་པོའི་ཡིད་ཀྱིས་གསོལ་བ་བཏབ་པས།] བླ་མ་རང་ཐིམ་དབྱེར་མེད་པར༔ བདེ་ཆེན་འོད་གསལ་ངང་དུ་གྱུར༔ [ཅེས་རིག་སྟོང་གཉུག་མའི་ངང་མདངས་བསྐྱངས་ནས་དེ་ཁོ་ན་ཉིད་
ལ་མཉམ་པར་བཞག །ཐུན་ལས་ལྡང་བ་ན།] དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྤྱི་བོར་པདྨའི་གདན་བཞུགས་ལ། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ནས། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །[ཅེས་བསྔོ་སྨོན་སྤྱི་དང་ཟངས་མདོག་དཔལ་རིའི་སྨོན་ལམ་སོགས་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུའང་སྣང་གྲགས་རྟོག་གསུམ་བླ་མའི་གསང་བ་གསུམ་གྱི་རོལ་པར་ལམ་དུ་ཁྱེར་བས་སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་དོན་ཡོད་པར་བྱའོ། །དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་ཚིག་བཤར་ཙམ་དུ་མ་སོང་བར་སོ་སོར་མྱོང་བ་དང་རྟགས་ཐོན་ཐོན་གྱི་བར་དུ་འབད་ཅིང་། བསགས་སྦྱོང་རྣམས་ཀྱི་གྲངས་ཀྱི་དབང་དུ་ཡང་། སྐྱབས་སེམས། ཡིག་བརྒྱ། མཎྜལ། ཡན་ལག་བདུན་པ་དང་སྒྲགས་བརྐྱང་ཕྱག །གསོལ་འདེབས་ཤླཽ་ཀ་རྣམས་འབུམ་ཐེར་རེ་ཁ་སྐོང་བཅས་དང་།
གསོལ་འདེབས་ཀྱི་བསྙེན་པ་འབུམ་ཐེར་བཅུས་མ་མཐའ་བརྟེན་པ་བརྩོན་པ་དྲག་པོས་ཉམས་སུ་བླངས་པ་ལས། བྱིན་རླབས་བཙན་ཐབས་སུ་འཕོ་བའི་སྟོབས་ཀྱིས་ཡོན་ཏན་ཁྱད་པར་ཅན་སྐྱེ་བ་ལ་ཚེགས་མེད་ཅིང་བརྟེན་པར་འགྱུར་རོ། །སྲིད་ལམ་དུབ་པའི་འགྲོ་ཇི་སྙེད། །ཟབ་མོའི་སྐས་ཀ་འདི་འཛེགས་ནས། །གོ་འཕང་མཆོག་གི་ཁང་ཟང་དུ། །ངལ་གསོའི་དབུགས་ཆེན་འབྱིན་ཐོབ་ཤོག །ཅེས་ཟབ་ལམ་མཁའ་འགྲོའི་ཐུགས་ཐིག་གི་སྔོན་འགྲོའི་ངག་འདོན་ཕན་བདེའི་ངལ་འཚོ་ཞེས་བྱ་བ་འདི་ནི་གཏེར་གཞུང་དུ་མི་གསལ་བ་རྣམས་རྡོ་རྗེའི་གསུང་གཞན་ནས་འབྲེལ་བསྡེབས་ཏེ་འདུས་གསལ་གྱི་ཁྲིགས་སུ། པདྨའི་རྒྱལ་ཚབ་རྡོ་རྗེ་འཛིན་པ་དུ་མའི་འབངས་སུ་གྱུར་པའི་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་དཔལ་དྭགས་ལྷ་སྒམ་པོའི་དབེན་གནས་སུ་སྦྱར་བ་སྟེ། འདིས་ཀྱང་འབྲེལ་ཚད་ཀུན་བཟང་པད་འབྱུང་ཡབ་ཡུམ་གྱི་གོ་འཕང་མཆོག་ལ་འགོད་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།]
མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག
༁ྃ༔ མ་ཧཱ་གུ་རུའི་གསང་སྒྲུབ་མཚོ་སྐྱེས་ཐུགས་ཐིག་བཞུགས་སོ༔
[དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཆོག༔ འཆི་མེད་རིག་འཛིན་ཐོད་ཕྲེང་རྩལ༔ གང་དེ་བསྙེན་ཅིང་བསྒྲུབ་པའི་ཚུལ༔ སྦྱོར་དངོས་རྗེས་ཀྱི་རིམ་པས་བསྟན༔ ས་མ་ཡ༔ ཐོག་མར་སྦྱོར་བའི་རྣལ་འབྱོར་ལ༔ སྐྱབས་སུ་འགྲོ་བའི་རིམ་པ་ནི༔] ན་མོ༔ གདོད་མའི་གནས་ལུགས་མི་ཤིགས་པ༔ འོད་གསལ་ཐིག་ལེ་ཆེན་པོའི་དབྱིངས༔ འཕོ་འགྱུར་བྲལ་བ་གཉུག་མའི་ལྷར༔ རང་བབ་ངང་ནས་སྐྱབས་སུ་མཆི༔ [བྱང་ཆུབ་མཆོག་སེམས་བསྐྱེད་པ་ནི༔] ཧོཿ མ་རྟོགས་གཉིས་འཛིན་འཁྲུལ་པའི་གཟུགས༔ མེད་བཞིན་སྣང་བ་འགྲོ་བའི་ཁམས༔ རང་རིག་ཆེན་པོར་རོ་མཉམ་པས༔ རང་གྲོལ་ཕྱམ་བརྡལ་སེམས་བསྐྱེད་དོ༔ [ཡན་ལག་བཅུ་པས་ཚོགས་བསགས་ནི༔] ཨ༔ རིག་
སྟོང་ཁྱབ་བརྡལ་བླ་མ་གཤེགས༔ འཕོ་འགྱུར་བྲལ་བའི་གདན་ལ་བཞུགས༔ མཉམ་ཉིད་རོལ་པའི་ཕྱག་གིས་འདུད༔ སྣང་སྲིད་གཞིར་བཞེངས་མཆོད་པ་འབུལ༔ རང་ངོ་མ་ཤེས་མཐོལ་ལོ་བཤགས༔ འདུ་འབྲལ་མེད་ལ་རྗེས་ཡི་རང་༔ གྲགས་སྟོང་ན་དའི་ཆོས་འཁོར་བསྐོར༔ ལྷུན་གྱིས་གྲུབ་པར་བཞུགས་གསོལ་འདེབས༔ དགེ་ཚོགས་ཀ་དག་དབྱིངས་སུ་བསྔོ༔ གཞོན་ནུ་བུམ་སྐུར་བྱང་ཆུབ་ཤོག༔ [བཀའ་བསྒོ་སྲུང་མཚམས་བཅད་པ་ནི༔] ཧྲཱིཿ ང་ནི་ཡེ་ནས་ཁྲོ་བོའི་རྒྱལ༔ སྣང་སྲིད་འབར་བའི་ཕྱག་རྒྱར་ཤར༔ ཉོན་ཅིག་བདག་ལྟའི་བགེགས་ཀྱི་ཚོགས༔ རང་བྱུང་རྒྱན་གྱི་གླུད་གཏོར་ལོངས༔
སྐྱེ་བ་མེད་པའི་དབྱིངས་སུ་དེངས༔ ཡེ་སྲུང་ཆེན་པོར་མཚམས་བཅད་དོ༔ ཨོཾ་ཤྲཱི་བཛྲ་ཀྲོ་ངྷ་ཧཱུྃ་ཧཱུྃ་ཧཱུྃ༔ ངྷརྨ་ངྷཱ་ཏུ་རཀྵ་ཨ༔ [རྡོ་རྗེའི་བྱིན་ཆེན་དབབ་པ་ནི༔] ཧཱུྃ༔ རང་སྣང་དག་པ་དཔལ་གྱི་རི༔ བདེ་ཆེན་འབར་བའི་ཞིང་ཁམས་ནས༔ འཆི་མེད་རང་བྱུང་པདྨའི་ཞལ༔ རྩ་གསུམ་རྒྱ་མཚོའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་དགོངས་པ་བསྐྱོད༔ རྨད་བྱུང་གསང་བའི་གནས་མཆོག་འདིར༔ རྡོ་རྗེའི་བྱིན་ཕོབ་དབང་ཆེན་བསྐུར༔ མི་མཐུན་བགེགས་དང་བར་ཆད་སོལ༔ ངོ་མཚར་རྟགས་དང་མཚན་མ་སྟོན༔ སྒྲུབ་པའི་འབྲས་བུ་མཆིས་པར་མཛོད༔ ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་ངྷེ་ཝ་ངྷཱ་ཀི་ནཱི་ཛྙཱན་ཨ་བེ་ཤ་ཡ་ཨ་ཨ༔ [ཕྱི་ནང་མཆོད་བྱིན་བརླབ་པ་ནི༔] ཧོཿ ཏིང་འཛིན་ནམ་མཁའ་མཛོད་ཀྱི་འཕྲུལ༔ ཕྱི་ནང་གསང་བའི་མཆོད་སྤྲིན་ནི༔ རྨད་བྱུང་འདོད་ཡོན་དམ་ཚིག་རྫས༔ ཡེ་ཤེས་རྒྱན་གྱི་རོལ་མོར་འཆར༔ ཛྙཱ་ན་ཙཀྲ་སྥ་ར་ཎ་ཁཾ༔ [དེ་དག་སྦྱོར་བའི་རྣལ་འབྱོར་རོ༔] [གཉིས་པ་དངོས་གཞིའི་རྣལ་འབྱོར་ལ༔ དམ་ཚིག་དཀྱིལ་འཁོར་གསལ་བ་ནི༔ ཨ༔ མ་བཅོས་ཆོས་དབྱིངས་སྤྲོས་དང་བྲལ༔ འགགས་མེད་བདེ་ཆེན་སྙིང་རྗེའི་སྤྲིན༔ རྒྱུ་ཡི་ཧྲཱིཿཡིག་འོད་དུ་འབར༔ འོད་འཕྲོས་སྣོད་བཅུད་ཞེན་རྟོག་སྦྱངས༔ སྣང་བའི་དངོས་ཀུན་པདྨ་འོད༔ བདེ་ཆེན་དག་པའི་གྲོང་ཁྱེར་ཆེ༔ ཚད་དང་
མཚན་ཉིད་ཡོངས་རྫོགས་དབུས༔ སྣ་ཚོགས་པདྨའི་ལྟེ་བ་རུ༔ ཐབས་ཤེས་ཉི་ཟླའི་གདན་གྱི་སྟེང་༔ ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས༔ རང་ཉིད་པདྨ་ཐོད་ཕྲེང་རྩལ༔ འཆི་མེད་མཚོ་སྐྱེས་རྡོ་རྗེར་ཤར༔ ཟག་མེད་བདེ་སྟོང་དཀར་དམར་མདངས༔ བཅུ་དྲུག་གཞོན་ཚུལ་ལང་ཚོས་སྒེག༔ མཐའ་བྲལ་ཐིག་ལེར་འཁྱིལ་བའི་ཞལ༔ ཁྲོ་འཛུམ་རྗེས་སུ་ཆགས་པའི་ཉམས༔ སྣང་སྟོང་ཟུང་འཇུག་ཕྱག་གཉིས་ཀྱིས༔ འཁོར་འདས་ཟིལ་གནོན་རྡོ་རྗེ་དང་༔ ཏིང་འཛིན་གཡོ་མེད་ཐོད་པ་འཛིན༔ པང་དུ་རང་འོད་མནྡྷ་ར༔ མདའ་དར་ཚེ་བུམ་འཛིན་པས་འཁྱུད༔ མཐའ་གཉིས་ལས་འདས་ཞབས་ཟུང་ནི༔ རྡོ་རྗེའི་སྐྱིལ་མོ་ཀྲུང་དང་བཅས༔ དགྱེས་མཉམ་བདེ་བ་ཆེན་པོར་རོལ༔ དབུ་སྐྲ་ཐོར་ཚུགས་ནོར་བུའི་ཏོག༔ དར་དང་རིན་ཆེན་རུས་རྒྱན་སོགས༔ ལོངས་སྤྱོད་ཡོངས་རྫོགས་རྒྱན་གྱིས་སྤྲས༔ འཇའ་ཟེར་དྭངས་མར་འཁྲིགས་པའི་ཀློང་༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་ཀུན༔ གདོད་ནས་དག་མཉམ་ལྷའི་འཁོར་ལོར༔ མ་བསྐྱེད་ཡེ་ནས་རང་ཤར་བའི༔ ལྷུན་གྲུབ་དཀྱིལ་འཁོར་ཆེན་པོར་རྫོགས༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ ཨ་བྷི་ཥིཉྩ་ཨཏྨ་ཀོཉཧཾ༔ [ཡེ་ཤེས་དཀྱིལ་འཁོར་བསྟིམ་པ་ནི༔] ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་
སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཧྲཱིཿ བདེ་ཆེན་པདྨ་དྲྭ་བའི་ཞིང་༔ རྔ་ཡབ་དཔལ་རིའི་ཕོ་བྲང་ནས༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས༔ བརྒྱུད་འཛིན་གདུང་བས་སྤྱན་འདྲེན་ན༔ ཐོགས་མེད་ཐུགས་རྗེའི་རྫུ་འཕྲུལ་གྱིས༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས༔ དབང་བསྐུར་བྱིན་ཕོབ་དངོས་གྲུབ་སྩོལ༔ བཛྲ་ས་མ་ཡ་ཨ་བེ་ཤ་ཡ་ཨ་ཨ་ཨ༔ ཧོཿ དམ་ཚིག་སྣང་བའི་དཀྱིལ་འཁོར་དུ༔ ཡེ་ཤེས་སྟོང་པར་དག་པའི་ལྷ༔ ཟུང་འཇུག་འདུ་འབྲལ་མེད་པའི་ངང་༔ དགྱེས་མཉམ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྠ་ལྷན༔ [ངོ་མཚར་ཕྱག་མཆོད་བསྟོད་པ་ནི༔] ན་མོ༔ མ་བཅོས་འདུས་མ་བྱས་པའི་གཤིས༔ དག་པ་རབ་འབྱམས་དབྱིངས་ཀྱི་རྒྱན༔ བདེ་ཆེན་བརྡ་ཡི་སྐུར་སྣང་བ༔ དཀྱིལ་འཁོར་ལྷ་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཨོཾ༔ གདོད་ནས་དག་པའི་སྣོད་བཅུད་རྣམས༔ མཆོད་པའི་ཕུང་པོར་ལྷུན་གྱིས་གྲུབ༔ ལོངས་སྤྱོད་མཆོག་གི་འཁོར་ལོ་ཆེ༔ བདེ་བ་ཆེན་པོའི་རྒྱན་དུ་རོལ༔ མ་ཧཱ་
སརྦ་པཱུ་ཛ་ཧོཿ ཧཱུྃ༔ ཡེ་ཤེས་ཚད་མེད་བདུད་རྩིའི་རྒྱུན༔ སྲིད་གསུམ་ཆགས་པ་བསྡུས་པའི་ཁྲག༔ སྣང་སྲིད་བཅུད་དྲིལ་བ་ལིང་ཏ༔ འདོད་ཡོན་དམ་ཚིག་ཆེན་པོར་རོལ༔ མ་ཧཱ་པཉྩ་རཀྟ་བ་ལིང་ཏ་ཁཱ་ཧི༔ ཧཱུྃ༔ བདེ་ཆེན་བདེ་སྦྱོར་ཆགས་པ་ཆེ༔ ཡེ་ཤེས་རང་གསལ་སྒྲོལ་བ་ཆེ༔ ཟུང་འཇུག་ཤིན་ཏུ་རྣམ་དག་ཆེ༔ འདི་ནི་མཆོག་གི་མཆོད་པ་ཆེ་ཧོ༔ ཧཱུྃ༔ མ་བཅོས་སྤྲོས་བྲལ་ཆོས་ཀྱི་སྐུ༔ བདེ་ཆེན་ལྷུན་གྲུབ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཐབས་མཁས་སྤྲུལ་པའི་གར༔ འཆི་མེད་མཚོ་སྐྱེས་རྡོ་རྗེར་བསྟོད༔ མཚན་དཔེ་རབ་རྫོགས་རྡོ་རྗེ་སྐུ༔ འགགས་མེད་རང་བྱུང་ཚངས་དབྱངས་གསུང་༔ ཡེ་ཤེས་བསམ་མི་ཁྱབ་པའི་ཐུགས༔ པདྨ་ཐོད་ཕྲེང་རྩལ་ལ་བསྟོད༔ ཕ་མཐའ་ཡས་པའི་ཡོན་ཏན་གཏེར༔ རྩོལ་མེད་ཕྲིན་ལས་ཆགས་ཐོག་བྲལ༔ དགོས་འདོད་ཡིད་བཞིན་ཆར་འབེབས་པ༔ རྩ་གསུམ་འདུས་པའི་ངོ་བོར་བསྟོད༔ ཡང་སྙིང་ཛཔྲ་ཀྱི་རྣལ་འབྱོར་ནི༔ རང་ཉིད་པདྨ་ཐོད་ཕྲེང་གི༔ སྙིང་དབུས་དག་པའི་འོད་ཁྱིམ་སྦུབས༔ ཡེ་ཤེས་སེམས་དཔའ་རྡོ་རྗེའི་ལྟེར༔ ཏིང་འཛིན་སེམས་དཔའ་ཧྲཱིཿཡིག་མཐར༔ རྩ་བའི་སྔགས་ཀྱིས་བསྐོར་བ་ལས༔ འབར་བའི་འོད་ཟེར་མཁའ་ཁྱབ་འཕྲོས༔ ཐ་
མལ་སྣང་ཞེན་མ་ལུས་སྦྱངས༔ ཡེ་ཤེས་ཆེན་པོའི་རོལ་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ ཏིང་འཛིན་ལྡན་པའི་རྣལ་འབྱོར་པས༔ སྔགས་ཀྱི་མན་ངག་བཞིན་དུ་བཟླ༔ རྡོ་རྗེ་ཚེ་དང་ལང་ཚོ་དག༔ སྒྲུབ་པར་འདོད་ན་ཐུགས་ཀ་ནས༔ ལྷ་མོ་མགྱོགས་མའི་སྤྲུལ་པ་དང་༔ འོད་ཟེར་སྤྲོ་བསྡུའི་དམིགས་གནད་ཀྱིས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིངྔྷི་ཛྙཱན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿ [མ་ཡེངས་ཆུ་བོའི་རྒྱུན་བཞིན་བཟླ༔ རྟགས་མཐོང་དངོས་གྲུབ་བླང་བ་ནི༔] ཧཱུྃ༔ བདེ་ཆེན་རྒྱལ་བའི་དཀྱིལ་འཁོར་པ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ ད་ལྟ་བདག་དང་གཉིས་སུ་མེད༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ རྣལ་འབྱོར་ལུས་ལ་གཟི་བྱིན་ཕོབ༔ འགགས་མེད་གསུང་གི་གསང་བ་ནས༔ རྣལ་འབྱོར་ངག་ལ་ནུས་པ་སྐྱེད༔ འཁྲུལ་མེད་ཐུགས་རྗེའི་ཡེ་ཤེས་ཀྱིས༔ རྣལ་འབྱོར་ཡིད་ལ་རྟོགས་པ་སྤོར༔ རྡོ་རྗེའི་ཚེ་དང་བསོད་ནམས་གཏེར༔ རབ་འབྱམས་ལས་སོགས་ཐུན་མོང་དང་༔ ཁྱད་པར་མཆོག་གི་དངོས་གྲུབ་ཆེ༔ འཇའ་ལུས་དྭངས་མའི་སྐུར་སྨིན་མཛོད༔ སརྦ་སིངྔྷི་ཕ་ལ་ཧོ༔ [ཞེས་བརྗོད་དངོས་གྲུབ་རྫས་ལ་རོལ༔ དེ་དག་དངོས་གཞིའི་རྣལ་འབྱོར་རོ༔] [གསུམ་པ་རྗེས་ཀྱི་རིམ་པ་ལ༔ འདོད་ཡོན་ཚོགས་ཀྱི་མཆོད་པ་ནི༔ ཐབས་ཤེས་དམ་ཚིག་རྫས་རྣམས་བསགས༔] ཧཱུྃ༔ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་བག་ཆགས་བསྲེག་
གཏོར་བཀྲུས༔ སླར་ཡང་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས༔ ཟག་མེད་བདུད་རྩིའི་ཕུང་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ཧཱུྃ༔ བཞེངས་ཤིག་རྩ་གསུམ་འདུས་པའི་ལྷ༔ བསྐྱོད་ཅིག་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ཁང་སྤྲུལ་པའི་གཞལ་ཡས་འདིར༔ འདོད་ཡོན་ཚོགས་ཀྱི་འདུ་བར་བྱོན༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ གླུ་ལེན་གར་སྟབས་ཤིགས་སེ་ཤིག༔ རབ་འབྱམས་ནམ་མཁའི་ཁམས་བཀང་སྟེ༔ དགྱེས་པའི་གར་གྱིས་གཤེགས་སུ་གསོལ༔ ཨེ་ཨ་རལླི་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛ་ཛ༔ ཨོཾ༔ འདོད་པའི་ཡོན་ཏན་བླ་ན་མེད༔ བདེ་བ་ཆེན་པོའི་འོད་ཟེར་འཕྲོ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ སརྦ་ག་ཎ་ཙ་ཀྲ་ཛ་ཧོ༔ ཨ༔ ཚེ་རབས་སྔོན་ནས་ད་ལྟའི་བར༔ རྨོངས་དང་བག་མེད་དབང་གྱུར་པས༔ ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ༔ འདོད་ཡོན་མཆོད་པས་བསྐང་ཞིང་བཤགས༔ ས་མ་ཡ་ཤུདྡྷེ་ཨ༔ ཧཱུྃ༔ མ་རིག་གཟུང་འཛིན་རྟོག་པའི་བདུད༔ རྡོ་རྗེ་ཁྲོས་པའི་མཚོན་གྱིས་བསྒྲལ༔ དྭངས་མ་ཆོས་ཀྱི་དབྱིངས་སུ་སྦྱངས༔ སྙིགས་མ་ཚོགས་ཀྱི་དཀྱིལ་འཁོར་འབུལ༔ སརྦ་ནྲྀ་ཏྲི་མཱ་ར་ཡ་ཕཊ་ཁཱ་ཧི༔ [ལོངས་སྤྱོད་ཚོགས་ལ་རོལ་བ་ནི༔ ནང་གི་སྲེག་བླུག་
མཆོག་ཏུ་སྤེལ༔ ཁྱད་པར་བདེ་ཆེན་གསང་བའི་ཚོགས༔ གཞུང་བཞིན་ཉམས་སུ་ཡང་དག་བསྟར༔ ལྷག་མའི་གཏོར་མ་བསྔོ་བ་ནི༔] ཕེཾ༔ མཁའ་འགྲོ་གིང་དང་དབང་ཕྱུག་མ༔ འབར་མ་ལ་སོགས་ཕོ་ཉའི་ཚོགས༔ ལྷག་མའི་ལོངས་སྤྱོད་འདི་གསོལ་ལ༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་ཐ་ཚིག་ཇི་བཞིན་དུ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ མ་མ་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ [བཀའ་ཡི་ཆད་མདོ་བསྒྲག་པ་ནི༔] ཧཱུྃ༔ བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡི༔ བཀའ་ཉན་དམ་ཅན་སྲུང་མའི་ཚོགས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ སྔོན་གྱི་ཁས་བླངས་མ་གཡེལ་བར༔ སྙིང་པོའི་བསྟན་དང་བསྟན་འཛིན་སྐྱོང་༔ ཉམ་ངའི་དགྲ་བགེགས་རྡུལ་དུ་རློག༔ བཅོལ་བའི་ལས་རྣམས་འགྲུབ་པར་མཛོད༔ [བཤལ་ཆུས་བརྟན་མ་བསྐྱང་བ་ནི༔] བྷྱོ༔ འཇིག་རྟེན་སྐྱོང་བ་མ་དང་སྲིང་༔ ཆེ་ཞེ་བརྟན་མ་འཁོར་དང་བཅས༔ བཤལ་ཆུའི་བདུད་རྩི་འདི་གསོལ་ལ༔ སྔོན་ཚེ་པདྨའི་བཀའ་ལུང་བཞིན༔ བོད་ཁམས་བདེ་བའི་ཕྲིན་ལས་སྒྲུབས༔ སརྦ་ངྷཱ་ཀི་ནཱི་མཧཱ་པཱུ་ཛ་ཁཱ་ཧི༔ [དཔལ་གྱི་རྟ་བྲོ་བརྡུང་བ་ནི༔] ཧཱུྃ༔ རྣམ་ཐར་གསུམ་གྱི་ཨེ་ཁང་དུ༔ མཚན་མར་འཛིན་པའི་དམ་སྲི་བྲུབ༔ བརྡལ་ཁྱབ་རྫོགས་པ་ཆེན་པོ་མནན༔ འཁོར་འདས་མཉམ་ཉིད་མ་གྱུར་པར༔ ནམ་ཡང་ལྡང་བའི་སྐབས་
མེད་དོ༔ སྟྭམྦྷ་ཡ་ནན༔ [རྟག་ཆད་སྤྲོས་མཐའ་བསལ་བ་ནི༔] ཧོཿརང་ལས་ཤར་བའི་དཀྱིལ་འཁོར་ལྷ༔ རྟེན་དང་བརྟེན་པའི་སྣང་ཆ་ཀུན༔ མཐའ་བྲལ་ཆོས་དབྱིངས་བརྗོད་མེད་ཀློང་༔ མ་བཅོས་མཉམ་པ་ཉིད་དུ་བརྡལ༔ ཨ་ཨ་ཨ༔ [བསྔོ་སྨོན་ཤིས་པ་སྤེལ་བ་ནི༔] དུས་གསུམ་དགེ་ཚོགས་གང་བསགས་པ༔ དམིགས་མེད་ཆོས་དབྱིངས་ཀློང་དུ་བསྔོ༔ ཀུན་ཀྱང་མི་གནས་གདོད་མའི་བབ༔ འདུ་འབྲལ་མེད་པར་སངས་རྒྱས་ཤོག༔ ངོ་བོ་ཀ་དག་བློ་ལས་འདས༔ རང་བཞིན་ལྷུན་གྲུབ་ཡེ་ཤེས་ཆེ༔ ཐུགས་རྗེ་སྣ་ཚོགས་འཆར་བའི་སྤྲིན༔ བདེ་བ་ཆེན་པོའི་བཀྲ་ཤིས་ཤོག༔ [དེ་དག་རྗེས་ཀྱི་རྣལ་འབྱོར་རོ༔ ས་མ་ཡ༔ མ་ཧཱ་གུ་རུ་ཐོད་ཕྲེང་རྩལ༔ རྩ་གསུམ་ཀུན་འདུས་དཀྱིལ་འཁོར་དུ༔ སྐལ་ལྡན་སློབ་མ་གཞུག་འདོད་ན༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དབུས༔ སྒྲུབ་གཏོར་རིན་ཆེན་འབར་བ་ནི༔ སྐུ་ཙཀ་དར་གདུགས་རྒྱན་ལྡན་བཤམ༔ འཆི་མེད་ཚེ་ཡི་དབང་སྤྲོ་ན༔ ཚེ་འབྲང་ཚེ་རིལ་ཚེ་ཆང་དང་༔ མདའ་དར་ལ་སོགས་འདུ་བྱས་ཏེ༔ སྒྲུབ་པའི་དཀྱིལ་འཁོར་གཞུང་བསྲངས་ལ༔ བདག་མདུན་དབྱེར་མེད་གཅིག་ཏུ་བསྒྲུབ༔ སློབ་མ་ཁྲུས་བྱས་བགེགས་བསལ་ཞིང་༔ སྲུང་བའི་
གུར་བསྒོམ་མཎྜལ་ཕུལ༔] ཀྱེ་ཧོཿ རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ བདེ་ཆེན་གསང་བའི་དཀྱིལ་འཁོར་དུ༔ གཞུག་ཅིང་སྨིན་པར་མཛད་དུ་གསོལ༔ [དེ་ལྟར་ལན་གསུམ་གསོལ་བཏབ་མཐར༔ སྐྱབས་སེམས་ཚོགས་བསགས་རྒྱུད་སྦྱངས་ཏེ༔ སློབ་བུ་མི་དམིགས་སྟོང་པའི་ངང་༔ རིགས་འདུས་བླ་མ་ཐོད་ཕྲེང་རྩལ༔ ཡབ་ཡུམ་གཉིས་མེད་སྐུར་བསྒོམ་ནས༔ རྡོ་རྗེའི་བྱིན་ཆེན་ནན་དུ་དབབ༔ ཡེ་ཤེས་བརྟན་པར་བྱས་ནས་སུ༔ དཔལ་གྱི་གཏོར་མ་ཐོད་ཕྲེང་རྩལ༔ དངོས་སུ་གསལ་བ་སྤྱི་བོར་བཞག༔] ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ བུམ་དབང་ལུས་ལ་བསྐུར་བ་དང་༔ བགེགས་དང་ལོག་འདྲེན་བར་ཆས་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ [རྩ་སྔགས་དང་༔] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [དཔལ་གཏོར་མགྲིན་པར་བཞག་བྱས་ལ༔] ཧཱུྃ༔ ཨོ་རྒྱན་ཡུལ་གྱི༴ པདྨ་གེ་སར༴ ཡ་མཚན༴ པདྨ༴ འཁོར་དུ༴ ཁྱེད་ཀྱི་རྗེས༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ གསང་དབང་དག་ལ་
བསྐུར་བ་དང་༔ བགེགས་དང་ལོག་འདྲེན༴ མཆོག་དང་ཐུན་མོང༴ [རྩ་སྔགས་དང་༔] ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ དཔལ་གཏོར་སྙིང་གར་བཞག་ནས་སུ༔ ཧཱུྃ༔ ཨོ་རྒྱན༴ པདྨ༴ ཡ་མཚན༴ པདྨ༴ འཁོར་དུ༴ ཁྱེད་ཀྱི༴ བྱིན་གྱིས༴ གནས༴ སྒྲུབ་མཆོག་སྐལ་ལྡན་སློབ༴ ཤེར་དབང་ཡིད་ལ་བསྐུར༴ བགེགས་དང༴ མཆོག་དང༴ [རྩ་སྔགས་དང་༔] ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ [སླར་ཡང་གཏོར་མ་གནས་བཞིར་བཞག༔] ཧཱུྃ༔ ཨོ་རྒྱན༴ པདྨ༴ ཡ་མཚན༴ པདྨ་འབྱུང༴ འཁོར་དུ༴ ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན༴ ཚིག་དབང་སེམས་ལ༴ བགེགས་དང་༴ མཆོག་དང༴ [རྩ་སྔགས་དང་༔] སརྦ་ཨ་བྷི་ཥིཉྩ་ཧྲཱིཿ [ཞེས་བསྐུར་མཐར་ནི་གཏོར་མའི་ལྷ༔ འོད་ཞུ་སློབ་མ་རྣམས་ལ་ཐིམ༔ ལྷ་དང་དབྱེར་མེད་གྱུར་བསམ་ཞིང་༔ གཏོར་ཟན་བདུད་རྩི་དངོས་གྲུབ་ཏུ༔ བྱིན་ལ་ཤིས་བརྗོད་མེ་ཏོག་འཐོར༔ ཞར་བྱུང་ཚེ་ཡི་དབང་སྦྱིན་ན༔ ཚེ་བཅུད་བསྡུ་བའི་དམིགས་གནད་ཀྱིས༔ མདའ་དར་གཡབ་ཅིང་ཐུགས་དམ་བསྐུལ༔] ཧྲཱིཿ པདྨ་དྲྭ་བ་ཚེ་ཡི་ཞིང་༔ བདེ་བ་ཆེན་པོའི་ཕོ་བྲང་ནས༔ ཚེ་བདག་འཆི་མེད་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་ལྷ་ཚོགས་རྣམས༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་སླད༔ དབྱིངས་ནས་བསྐུར་བཞེངས་བྱིན་ཆེན་ཕོབ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔
བླ་ཚེ་ཆད་ཉམས་ཡར་བ་ཁུག༔ སྣོད་བཅུད་འབྱུང་བའི་དྭངས་མ་སྡུས༔ རྣལ་འབྱོར་སྲོག་གི་ཀྭ་བ་ཚུགས༔ སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བའི༔ རྟག་པ་དམ་པའི་ཚེ་དབང་སྩོལ༔ [ཅེས་བསྐུལ་ཚེ་ཡི་སྔགས་ཀྱང་བཟླ༔ ཚེ་བུམ་འབྲང་རྒྱས་སྤྱི་བོར་བཞག༔] ཧྲཱི༔ བཀྲ་ཤིས་བུམ་པ་ཚེ་ཡི་དལ༔ ལྷ་དང་གཉིས་མེད་འོད་དུ་འབར༔ དེང་འདིར་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ [ཚེ་ཆང་བདུད་རྩི་བཏུང་གཞུག་ལ༔] ཧྲཱིཿ ཚེ་ཡི་དངོས་གྲུབ་འདུས་པའི་རྫས༔ འཆི་མེད་བདུད་རྩི་ཨ་མྲྀ་ཏ༔ སྐལ་ལྡན་བུ་ཡིས་ལོངས་སྤྱད་པས༔ ཨ་ཡུ་ཚེ་ཡི་དབང་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ [ཚེ་རིལ་གཏད་ཅིང་བཟར་གཞུག་ལ༔] ཧྲཱིཿ སྲིད་ཞིའི་དྭངས་མ་བསྡུས་པ་ཡི༔ བཅུད་ལེན་ཚེ་ཡི་རིལ་བུ་འདི༔ སྐལ་ལྡན་བུ་ཡིས་ལོངས་སྤྱད་པས༔ མི་འགྱུར་ཚེ་ཡི་དཔལ་ཐོབ་ཤོག༔ ཨ་ཡུརྫྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ [སྤྱི་བོར་མདའ་དར་རྒྱ་གྲམ་དགོད༔] ཨཿ འཁོར་འདས་ཚེ་ཡི་དྭངས་བཅུད་རྣམས༔ མི་ཤིགས་ཐིག་ལེ་ཧྲཱིཿལ་བསྡུ༔ དེའང་བརྗོད་མེད་ཀ་དག་ཀློང་༔ གཞོམ་གཞིག་བྲལ་བར་རྒྱས་གདབ་བོ༔ ངྷརྨ་ངྷཱ་ཏུ་ཨ་ཨ་ཨ༔ [ཞེས་པས་རྒྱས་གདབ་ཤིས་བརྗོད་སྤེལ༔ དམ་ཚིག་ཁས་བླང་ཡོན་འབུལ་ཞིང་༔ དགའ་སྟོན་བསྔོ་བས་མཚམས་སྦྱར་བྱ༔ ས་མ་ཡ༔ དེ་ལྟར
ཐུགས་སྒྲུབ་བྱེ་བའི་གནད༔ ཡོངས་དྲིལ་སྙིང་པོའི་ལམ་ཟབ་འདི༔ ལས་འཕྲོ་ཅན་གྱི་སྤྱོད་ཡུལ་དུ༔ གྱུར་ཏེ་ཕན་པ་བླ་མེད་ཤོག༔ ཅེས་པའང་སྔོན་གོམས་ཀྱི་ལས་འཕྲོ་དུས་སུ་སད་པ་ཆོས་བདག་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་སྡེའི་བཞེད་པ་སྐོང་བའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་ཤར་གྱི་རྟོག་པའི་དུམ་བུ་ཡི་གེར་འདུ་བགྱིས་པའོ། །མངྒལཾ། །]
ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ལས་མ་ཧཱ་གུ་རུ་ཕྱི་ལྟར་ཨོ་རྒྱན་སྨན་གྱི་བླ་མར་སྒྲུབ་པ།
༄༅། །ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ལས༔ མ་ཧཱ་གུ་རུ་ཕྱི་ལྟར་ཨོ་རྒྱན་སྨན་གྱི་བླ་མར་སྒྲུབ་པ་བཞུགས༔ སྙིགས་དུས་ཚེ་ཐུང་ནང་མང་ཞིང་༔ གློ་བུར་ཡམས་ཐབས་དྲག་པོ་ཡིས༔ སྲོག་འཕྲོས་འཇིགས་པས་སྡུག་བསྔལ་ན༔ ང་ཉིད་སྨན་གྱི་བླ་མར་བསྒྲུབ༔ སྟོང་ཉིད་ངང་ལ་སྙིང་རྗེའི་རྩལ༔ རིག་པ་ཧྲཱིཿཡིག་མཐིང་གར་ཤར༔ འཕྲོ་འདུས་ཡོངས་འགྱུར་སྐད་ཅིག་གིས༔ རང་ཉིད་སྨན་གྱི་བླ་མ་ནི༔ མཐིང་གསལ་བཻ་ཌཱུརྱ་ཞུན་མའི་མདངས༔ ཁྲོ་འཛུམ་བརྒྱད་གཉིས་ལང་ཚོ་ཅན༔ ཕྱག་གཡས་རྣམ་རྒྱལ་ཨ་རུ་ར༔ གཡོན་པས་བྷནྡྷ་ཚེ་བུམ་འཛིན༔ སྦས་ཡུམ་ཁ་ཊྭཱྃ་གཡོན་ནས་འཁྲིལ༔ གསང་ཕོད་ཆོས་གོས་བེར་ཕྱམ་ཀླུབས༔ པད་ཞྭ་སྒྲོ་དར་རིན་ཆེན་བརྒྱན༔ ཡེ་ཤེས་འོད་ལྔ་འབར་བའི་ཀློང་༔ པདྨ་ཉི་ཟླར་རོལ་སྟབས་བཞུགས༔ གནས་ལྔར་རིག་པའི་ཡེ་ཤེས་ལྔ༔ ཐོད་ཕྲེང་སྡེ་ལྔའི་རྣམ་པར་གསལ༔ མཐའ་སྐོར་བདེ་གཤེགས་མཆེད་བརྒྱད་དང་༔ སྨན་སྐྱོང་སྲུང་མ་རིག་འཛིན་ཚོགས༔ དཔག་མེད་སྤྲིན་ཕུང་གཏིབས་བཞིན་རོལ༔ ཐུགས་ཀའི་རྡོ་རྗེ་ཐོད་ཕྲེང་རྩལ༔ མི་བསྐྱོད་རིག་པའི་ཡེ་ཤེས་ཀྱི༔ ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ༔
མཐའ་མར་གསང་སྔགས་རྒྱལ་པོས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་བ་མཆོད༔ དབང་བྱིན་དངོས་གྲུབ་མ་ལུས་བསྡུས༔ རང་ཐིམ་ཆེ་བའི་ཡོན་ཏན་བསྐྱེད༔ བདག་གཞན་དུག་གསུམ་རྒྱུ་འབྲས་ཀྱི༔ ནད་གདོན་སྡུག་བསྔལ་ཀུན་ཞི་ནས༔ བདེ་ཆེན་ཡེ་ཤེས་རྒྱས་པར་བསམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཻ་ཥ་ཛྱ་ར་ཛ་སརྦ་སིངྔྷི་ཕ་ལ་ཧཱུྃ་ཨཱཿ ཞེས་བཟླ་ཐུན་མཚམས་གསོལ་བ་གདབ༔ དུས་གསུམ་རྟོག་པས་མ་བསླད་པའི༔ ཐ་མལ་ཤེས་པ་སོ་མ་འདི༔ སྨན་པའི་རྒྱལ་པོའི་དགོངས་པ་སྟེ༔ དེ་ཉིད་ངང་ལ་མཉམ་པར་བཞག༔ རྗེས་ཐོབ་སྙིང་རྗེ་དྲག་པོ་ཡིས༔ རང་འདོད་འཁྲི་བ་རྦད་བཅད་དེ༔ གཞན་ཕན་ཁོ་ན་དང་དུ་ལེན༔ དེས་ནི་རང་གཞན་དོན་གཉིས་འགྲུབ༔ ས་མ་ཡ༔ གུ་ཧྱ༔ ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཟབ་མོ་དགོངས་པའི་གཏེར་ནས་བརྡོལ་ཏེ་མི་ལོ་ཉེར་གསུམ་འདས་པ་ལྕགས་ཕོ་སྟག་གི་ལོའི་སྣྲོན་ཟླའི་མཁའ་འགྲོ་འདུ་བའི་ཚེས་ལ་འཚོ་བྱེད་བསམ་གཏན་ཏིང་འཛིན་གྱིས་རྟེན་འབྲེལ་བཟང་པོའི་སྒོ་འཕར་ཕྱེས་ཏེ་གཏན་ལ་ཕབ་པའོ།། །།བཀྲ་ཤིས༎ ༎
བླ་མ་དྲག་པོ་རྟ་ཕུར་ཟུང་འཇུག་གི་དྲིལ་སྒྲུབ་ཟབ་མོ།
༄༅། །བླ་མ་དྲག་པོ་རྟ་ཕུར་ཟུང་འཇུག་གི་དྲིལ་སྒྲུབ་ཟབ་མོ་ཨྠྀི༔ ཕྱི་ནང་བར་ཆད་དཔུང་ལས་རྣམ་རྒྱལ་ཏེ༔ མཐུ་རྩལ་ཡོན་ཏན་དངོས་གྲུབ་ཐོབ་འདོད་ན༔ རང་ཉིད་དབང་དྲག་རྟ་མཆོག་ཀཱི་ལར་བསྒྲུབ༔ ཨ༔ བློ་འདས་བརྗོད་བྲལ་སྟོང་དབྱིངས་ཀ་དག་ངང་༔ འགག་མེད་སྒྱུ་མ་སྙིང་རྗེ་ཆེན་པོའི་སྤྲིན༔ རིག་པ་རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ བདག་ཉིད་དབང་དྲག་རྟ་མཆོག་ཀཱི་ལ་ཡ༔ སྨུག་ནག་དམར་མཐིང་དབུ་གསུམ་ཕྱག་དྲུག་པ༔ དང་པོའི་ཕྱག་གཉིས་རལ་གྲི་སྦྲུལ་ཞགས་གདེངས༔ གཟའ་ཀླུ་གདུག་ཅན་འབྱུང་པོ་ཕྱེ་མར་འཐག༔ བར་པས་རྡོ་རྗེ་ལྕགས་སྡིག་འབར་བ་འཛིན༔ རྒྱལ་བསེན་ཀླད་འགེམ་སྙིང་ཁྲག་ཧུབ་ཀྱིས་འདྲེན༔ ཐ་གཉིས་རི་རབ་ཕུར་བུ་འདྲིལ་ཞིང་འདེབས༔ དམ་སྲི་སྲི་གདོན་སྲོག་སྙིང་ཐལ་བར་འབྱིན༔ དབུ་གཙུག་རྟ་ཞལ་རྡོ་རྗེའི་དབྱངས་སུ་མཚེར༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ ཕག་མོ་མཐིང་ནག་གྲི་ཐོད་འཛིན་དང་སྦྱོར༔ ཞབས་གཉིས་རབ་བགྲད་པད་ཉིར་བདུད་བཞི་བརྫིས༔ ཁྲོ་གཏུམ་མི་བཟད་གར་དགུའི་ཉམས་འགྱུར་འབར༔ དུར་ཁྲོད་ཆས་རྫོགས་བསྐལ་མེའི་ཀློང་དུ་རོལ༔ སྤྱི་བོར་ཡེ་ཤེས་ཁྱུང་དམར་འཕུར་ལྡིང་
གཡོ༔ རིགས་བདག་པདྨ་ཚེ་དཔག་མེད་ཡབ་ཡུམ༔ རོལ་རྩལ་རྩ་གསུམ་རྒྱལ་བའི་སྤྲིན་ཕུང་འཕྲོ༔ སྣང་གྲགས་དབང་དྲག་འབར་བའི་དཀྱིལ་འཁོར་ཆེ༔ གདོད་ནས་དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཐུགས་དབུས་ཡེ་ཤེས་སེམས་དཔའ་རྡོ་རྗེའི་ལྟེར༔ ཏིང་འཛིན་སེམས་དཔའ་ཧཱུྃ་དམར་མཐའ་སྐོར་དུ༔ སྔགས་ཕྲེང་ལྕགས་སྲེག་མདོག་ཅན་སྒྲར་བཅས་འཁོར༔ དེ་ལས་འོད་ཟེར་ཚྭ་ཚྭ་འབར་ཞིང་འཁྲུགས༔ རང་ལུས་ནད་གདོན་སྡིག་སྒྲིབ་མ་ལུས་སྦྱང་༔ འཕགས་མཆོད་འགྲོ་བའི་སྒྲིབ་བསལ་ལོག་འདྲེན་བརླག༔ འཁོར་འདས་དྭངས་བཅུད་ནུས་མཐུ་འོད་དམར་ཚུལ༔ རབ་བསྡུས་བདག་ཐིམ་ཆེ་བའི་གཟི་བྱིན་བསྐྱེད༔ མི་ཤིགས་རྡོ་རྗེ་གསུམ་གྱི་ཕྱག་རྒྱར་སད༔ ཨོཾ་ཨཱཿཧཱུྃ༔ ཨ་རྩིག་ནི་རྩིག་ན་མོ་བྷ་ག་ཝ་ཏེ་ཧ་ཡ་གྲི་ཝ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྞན་བཾ་ཧཱུྃ་ཕཊ༔ ཅེས་བཟླ་རིག་པ་གཏད་མེད་ངང་དུ་བཞག༔ ཡེ་ཡིན་པདྨ་ཁྲག་འཐུང་ཀཱི་ལ་ཡ༔ རང་བྱུང་གདོད་མའི་དབྱིངས་སུ་ལ་བཟླས་པས༔ གཉིས་སྣང་འགལ་རྐྱེན་གཡུལ་ལས་རབ་རྒྱལ་ངེས༔ ས་མ་ཡ་གུ་ཧྱ༔ [ཞེས་པའང་སྐལ་ལྡན་པདྨ་ཀློང་གྲོལ་གྱིས་བསྐུལ་བའི་རྐྱེན་ལས། འཇིགས་བྲལ་དཔའ་བོ་འགྲོ་འདུལ་གླིང་པས་ཐོལ་བྱུང་དུ་བྲིས་པའོ།། །།]
༄༅། །[སྐྱབས་སེམས་ནི།] རང་རིག་དོན་གྱི་དབང་ཆེན་ཧེ་རུ་ཀ །ཡེ་ཡིན་ལྷུན་གྲུབ་ངང་ནས་སྐྱབས་སུ་བཟུང་། །གཉིས་རྟོག་དུག་ལྔའི་རང་གཟུགས་གདོན་བགེགས་དཔུང་། །རང་གྲོལ་བདེ་ཆེན་ཀློང་དུ་སྒྲོལ་སེམས་བསྐྱེད། །[བསྡུ་ལྡང་བསྔོ་སྨོན་ནི།] སྣང་སྲིད་ལྷ་སྔགས་དག་པ་རབ་འབྱམས་ངང་། །ཆོས་ཉིད་བྱ་རྩོལ་བྲལ་བའི་ངང་དུ་ཨ། །རིག་རྩལ་མ་འགག་ཧེ་རུ་ཀ་ཡི་སྐུ། །མི་གཡོ་མི་ཤིགས་རྡོ་རྗེ་གསུམ་དུ་སད། །བདག་གིས་དབང་ཆེན་དྲག་པོ་ཀཱི་ལ་ཡའི། །རྣལ་འབྱོར་ཟབ་དོན་ལ་བརྩོན་དགེ་ཚོགས་ཀྱིས། །འགྲོ་ཀུན་ཡི་དམ་དྲག་པོའི་སྐུར་སྨིན་ནས། །བར་ཆད་བདུད་ལས་རྣམ་རྒྱལ་དཔལ་ཐོབ་ཤོག །[ཛྙཱ་ནས་སོ༎ ༎]
ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་བརྒྱུད་འདེབས་དབང་བྱིན་ཆར་འབེབས།
༄༅། །[ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་བརྒྱུད་འདེབས་དབང་བྱིན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །]རང་བྱུང་གདོད་མའི་མགོན་པོ་ཚེ་མཐའ་ཡས། །མ་འགགས་སྙིང་རྗེའི་རང་གཟུགས་གྲུ་འཛིན་བདག །ཟུང་འཇུག་སྤྲུལ་པའི་སྐུར་སྣང་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །བདེ་ཆེན་གྲུབ་པའི་རྒྱལ་མོ་མཁར་ཆེན་བཟའ། །ཟབ་གསང་གདམས་པའི་མཛོད་འཆང་འབྲོག་བན་རྗེ། །ཀློང་ལྔ་བརྡ་འགྲོལ་བདུད་འཇོམས་འགྲོ་འདུལ་གླིང་། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །དབང་གིས་རྒྱུད་སྨིན་རྣམ་དག་དམ་ཚིག་ལྡན། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་ཆོས་བཞིན་འབྱོར། །རིམ་གཉིས་ལམ་ལས་ཟུང་འཇུག་མངོན་གྱུར་ཏེ། །འགྲོ་ཁམས་དོང་སྤྲུགས་ཕྲིན་ལས་མཐར་ཕྱིན་ཤོག [ཅེས་པའང་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་ཚེ་སྒྲུབ་མན་ངག་གནད་བྱང་།
༄༅། །ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་ཚེ་སྒྲུབ་མན་ངག་གནད་བྱང་བཞུགས་སོ། །༄༅། །ཨོཾ་སྭསྟི། [འཆི་མེད་པདྨ་ཐོད་ཕྲེང་རྩལ་ཉིད་རྡོ་རྗེའི་ཚེ་སྒྲུབ་པ་གཙོ་བོར་བཏོན་ཏེ་ཉམས་སུ་ལེན་པ་ནི། ཚེ་དལ་བཀྲམ་ལ་ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་མདུན་དབྱེར་མེད་དུ་བསྐྱེད། བཟླས་པའི་སྐབས་སུ་བབ་པ་ན།] རང་གི་སྙིང་གར་འོད་ལྔའི་ཀློང་། །ཕ་ལམ་ལས་གྲུབ་རྡོ་རྗེའི་ལྟེར། །ཉི་ཟླའི་གའུ་ཁ་སྦྱོར་སྦུབ། །སྲོག་གི་སྙིང་པོ་ཧྲཱིཿདཀར་དམར། །བླ་ཚེ་མི་འགྱུར་ཨནྲྀས་མཚན། །མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལ་ལྔ་ལྡན་འོདཟེར་ནི། །ནམ་མཁའ་ཁྱབ་པར་རབ་འཕྲོས་པས། །ཕྱི་སྣོད་འབྱུང་ལྔའི་དྭངས་མ་བཅུད། །ནང་བཅུད་སྐྱེ་འགྲོའི་ཚེ་བསོད་དཔལ། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྟོབས། །དབང་བྱིན་དངོས་གྲུབ་མ་ལུས་པ། །འུབ་ཀྱིས་བསྡུས་ནས་རང་ལུས་དང་། །སྙིང་གའི་དྭངས་སྲོག་ལ་ཐིམ་པས། །བླ་ཚེ་སྲོག་དབུགས་ཉམས་པ་གསོས། །གནས་པ་འཕེལ་རྒྱས་མི་ཉམས་བརྟན། །འཕོ་འགྱུར་སྐྱེ་འཇིག་དང་བྲལ་བའི། །རྡོ་རྗེའི་སྲོག་ལ་རང་དབང་ཐོབ། མདུན་གྱི་ཚེ་རྫས་ལ་ཐིམ་པས། །འཆི་མེད་བདུད་རྩིའི་དབྱིག་ཏུ་གྱུར། །[ཅེས་དམིགས་ལ་ཚེ་བསྙེན་བཟླ། ཐུན་མཚམས་སུ། རང་གི་ཐུགས་ཀ་ནས་ལྷ་མོ་མགྱོགས་མ་མདའ་དར་ཚེ་བུམ་འཛིན་པ་གྲངས་མེད་པ་སྤྲོས་ཏེ་འཁོར་འདས་
ཀྱི་ཚེ་བཅུད་བསྡུ་བའི་དམིགས་པ་དང་བཅས་ཚེ་འགུགས་བསྐུལ། ཚེའི་དྭངས་བཅུད་ཐམས་ཅད་མཚོ་ལ་སྦྲང་ཆར་འབབ་པ་ལྟར་རང་ལུས་ལ་སིབ་སིབ་ཐིམ་ཞིང་དྭངས་མ་སྙིང་གའི་ཚེ་རྟེན་སྲོག་ཡིག་ལ་འུབ་ཀྱིས་འདྲིལ། ཉི་ཟླའི་གྭའུ་ཁ་འགྲིགས་པའི་ཕྱི་ནས་འོད་ཟེར་རྡོ་རྗེའི་ཕྲེང་བས་རྒྱ་གྲམ་དུ་བསྡམས་ཏེ་ཅིས་ཀྱང་མི་ཤིགས་པར་བསམ་ལ་རྒྱས་གདབ་བྱ། ཚུལ་དེ་ལྟ་བུས་སྒྲུབ་པ་ཐེམས་ན་ཚེ་འབྲང་ལྷར་གསལ་བ་ལས་དངོས་གྲུབ་བླང་། ལྷ་རང་ལ་བསྟིམ་ལྷ་བདག་དབྱེར་མེད་གཉུག་མ་མི་ཤིགས་པའི་ངོ་བོར་མཉམ་པར་བཞག །ཐབས་ཤེས་ཀྱི་དམ་རྫས་ལ་ལོངས་སྤྱོད་དེ་དགའ་སྟོན་ཤིས་པ་སྤེལ་བས་བདེ་ལེགས་སུ་བྱའོ། །རྒྱུན་གྱི་ཉམས་ལེན་ལ་མདུན་རྟེན་གྱི་སྤྲོས་པ་མི་དགོས་པས་རང་ཉིད་ཁོ་ན་ལ་སྤྲོ་བསྡུའི་དམིགས་གནད་བྱས་པས་འགྲུབ་ཅིང་། ཁྱད་པར་ཡང་ཟབ་ཀྱི་ཚེ་སྒྲུབ་ལ་ལྷ་སྔགས་ཀྱི་སྤྲོས་པའང་དོར་ནས་རང་ལུས་སྟོང་གསལ་འཛིན་མེད་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་བཞིན་པས། འཁོར་འདས་ཀྱི་དྭངས་བཅུད་ཐམས་ཅད་ནམ་མཁའི་རང་བཞིན་དུ་སྔོ་མེར་གྱིས་དྲངས་ཏེ་ལྟོ་བར་བསྐྱིལ་བས་འཆི་མེད་ཚེའི་རིག་འཛིན་བརྟན་པར་བསམ་ཞིང་ནམ་མཁའ་ཟས་སུ་བཟའ་བའི་རྣལ་འབྱོར་ལ་བསླབ་པས་རིམ་གྱིས་རྡོ་རྗེའི་ལུས་སུ་འགྲུབ་པར་གསུངས་སོ། །ཞེས་པའང་མཁྱེན་རྟོགས་ནུས་པའི་བདག་ཉིད་བླ་མ་བསོད་ནམས་བཟང་པོས་ལྷ་རྫས་གསེར་གྱི་མཎྜལ་དང་བཅས་ཏེ་བསྐུལ་བའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གནས་དུས་དགེ་བའི་སྔ་དྲོའི་ཆར་བྲིས་པ་ཨ་ཡུ་སིངྔྷི་རསྟུ།། །།]
ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་ཆུན་པོ།
༄༅། །ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་དབང་བསྐུར་མཚམས་སྦྱོར་གྱིས་བརྒྱན་པ་པདྨའི་ཆུན་པོ་ཞེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི། [ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་སྒོ་ནས་སློབ་མ་རྗེས་སུ་འཛིན་པར་འདོད་པས། སྦྱོར་བ་སྟེགས་བུ་ཁེབས་ལྡན་གྱི་དབུས་སུ་རིན་པོ་ཆེའི་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་གཏོར་མ་རིན་ཆེན་འབར་བ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ་དང་། མདུན་དུ་ཚེ་བུམ་འབྲང་རྒྱས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར་རྣམས་དགོད། མཆོད་རྫས་སྨན་རཀ་གཏོར་མ་དང་ཉེར་སྤྱོད་སོགས་སྤྱི་ལྟར་བཤམས་ལ། ཕྲིན་ལས་ཀྱི་གཞུང་བསྲངས་ཏེ་བདག་མདུན་འོད་ཟེར་སྤྲོ་བསྡུའི་དམིགས་གནད་དང་བཅས་རྩ་བའི་བཟླས་པ་གང་འགྲུབ་མཐར།] རང་གི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དང་ལས་བྱེད་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། རང་དང་བསྒྲུབ་བྱའི་བླ་ཚེ་ཆད་
ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ། རང་དང་མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པར་[མོས་ལ། ཚེ་ཛཔྲ་གང་མང་བཟླ། ལས་བུམ་རྟ་སྔགས་ཀྱིས་བརླབས། ཚོགས་ཀྱི་མཆོད་པ་དང་ཏིང་ངེ་འཛིན་གྱི་དབང་བླང་བ་བཅས་གྲུབ་ནས། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསྐྲད་ཅིང་སྲུང་འཁོར་བསྒོམས། མེ་ཏོག་བཀྲམ་བསྡུ་བྱས་ལ།] འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རིགས་འདུས་འཆི་མེད་པདྨ་ཐོད་ཕྲེང་རྩལ་གྱི་གོ་འཕང་ལ་འགོད་པར་བྱ།
དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་གསན་ཏེ་ལམ་རིམ་པ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པར་བགྱིའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེའང་གསང་ཆེན་འོད་གསལ་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་འཚང་རྒྱ་བའི་ལམ་གྱི་ནང་ནས་ཟབ་པའི་སྙིང་པོར་གྱུར་པ་དབང་རྣོན་སྔོན་སྦྱངས་ལས་འཕྲོ་སད་པ་རྣམས་ཀྱི་འཇུག་སྒོར་བླ་མ་ཐུགས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ནས་རིམ་གཉིས་ཉམས་སུ་ལེན་པའི་ཚུལ་རྒྱ་ཆེར་གསུངས་ཤིང་མཆོག་ཏུ་བསྔགས་པར་མཛད་པ་བཞིན། རྒྱལ་བ་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་གཟུགས་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱིས་སྙིགས་མའི་སྐྱེ་འགྲོའི་གདུང་སེལ་དུ་སྩལ་བ་ཟབ་ལམ་བླ་མ་སྒྲུབ་པའི་གདམས་སྲོལ་གྱི་ཁྱད་པར་ཇི་སྙེད་ཅིག་མཆིས་པ་ལས། འདིར་འབྲོག་བན་ལོ་ཙཱ་བའི་ཐུགས་བཅུད། སྤྲུལ་པའི་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའམ་བདུད་འཇོམས་འགྲོ་འདུལ་གླིང་པ་རྩལ་གྱི་འོད་གསལ་དགོངས་པའི་གཏེར་མཛོད་ལས་བྱོན་པ་ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ཅེས་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་རྩ་བའི་དབང་བསྐུར་ཟབ་མོ་
བསྒྲུབ་པར་བགྱི་བ་ལ། བདག་ཉིད་ཀྱི་བགྱི་འོས་རྣམས་སྔོན་དུ་གྲུབ། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་དབང་བསྐུར་གསན་པའི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་འབུལ་འཚལ། [ཅེས་མཎྜལ་ཕུལ།] ཕྱག་སྙིམ་པ་མེ་ཏོག་དང་བཅས་ཐལ་མོ་སྦྱོར་ལ་གསོལ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ༔ བདག་ཅག་སྐལ་ལྡན་སློབ་བུ་རྣམས༔ བདེ་ཆེན་གསང་བའི་དཀྱིལ་འཁོར་དུ༔ གཞུག་ཅིང་སྨོན་པར་མཛད་དུ་གསོལ༔ [ལན་གསུམ།] མདུན་གྱི་ནམ་མཁར་བླ་མ་འཆི་མེད་ཐོད་ཕྲེང་རྩལ་ལ་ཕྱོགས་དུས་སྐྱབས་ཡུལ་རྒྱ་མཚོས་བསྐོར་བ་མངོན་སུམ་དུ་སད་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པས་འདིར་རྗེས་ཟློས། ན་མོ༔ གདོད་མའི་གནས་ལུགས་[སོགས་ལན་གསུམ།] མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་རིགས་འདུས་ཐོད་ཕྲེང་རྩལ་གྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ལམ་ཟབ་མོའི་སྒོར་ཞུགས་ཏེ་ཚུལ་བཞིན་ཉམས་སུ་བླང་བར་བགྱིའོ་སྙམ་པ་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས། ཧོཿ མ་རྟོགས་གཉིས་
འཛིན་[སོགས་ལན་གསུམ།] སྐྱབས་ཡུལ་རྩ་གསུམ་རྒྱ་མཚོའི་སྤྱན་སྔར་བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཚོགས་བསགས་པ་འདིའི་རྗེས་ཟློས། ཨ༔ རིག་སྟོང་ཁྱབ་བརྡལ་བླ་མ་གཤེགས༔ [སོགས་ལན་གསུམ།] དེ་ནས་དབང་གི་གཞི་དགོད་པ་ཡེ་ཤེས་ཀྱི་བྱིན་དབབ་པའི་སླད་དུ་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། [ལས་སྔགས་དང་།] སྭ་བྷཱ་ཝ[ས་བསང་སྦྱངས།] ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་མ་དག་པའི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་ཀྱི་ངང་ལས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་སྐད་ཅིག་གིས་རིགས་འདུས་པདྨ་ཐོད་ཕྲེང་རྩལ་གྱི་སྐུར་གྱུར་པ་ནི། སྐུ་མདོག་དཀར་དམར་གཞོན་ནུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན། མཛེས་འཛུམ་རྗེས་སུ་ཆགས་པའི་ལང་ཚོས་སྒེག་པ། གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་གི་ཕྱག་རྒྱས་བདུད་རྩིའི་ཀ་པཱ་ལ་དང་འཆི་མེད་ཚེའི་བུམ་པ་བསྣམས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་སྣ་ཚོགས་པདྨ་ཉི་ཟླའི་གདན་ལ་བཞུགས་པ། པང་དུ་ཡུམ་མནྡྷ་ར་བ་དཀར་མོ་མདའ་དར་ཚེ་བུམ་འཛིན་པས་མགུལ་ནས་འཁྱུད་པ་དང་མཉམ་པར་སྦྱོར་ཞིང་།
དར་དང་རུས་པ་དང་རིན་པོ་ཆེ་སོགས་ལོངས་སྤྱོད་རྫོགས་པའི་རྒྱན་གྱིས་སྤྲས་པ། སྣང་སྲིད་འཇའ་ཟེར་ཐིག་ལེ་དྭངས་མར་འཁྲིགས་པའི་ཀློང་ན་ཡེ་ཤེས་སྒྱུ་མའི་སྐུ་ཅན་དུ་ལམ་གྱིས་གསལ་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་གསལ་ཐོབ། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ཉིད་དཀྱིལ་འཁོར་མངའ་བདག་རིགས་འདུས་པདྨ་ཐོད་ཕྲེང་རྩལ་དངོས་ཡིན་སྙམ་པའི་མོས་གུས་ཀྱི་གདུང་བ་དྲག་ཏུ་བསྐྱེད་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་བསམ་གྱིས་མི་ཁྱབ་པ་འཕྲོས་པས་ཕྱོགས་བཅུའི་ཞིང་རབ་འབྱམས་རྣམས་དང་། ལྷོ་ནུབ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་རྩ་གསུམ་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་རྣམས་ལ་ཕོག །ཐུགས་དམ་གྱི་རྒྱུད་རང་དབང་མེད་པར་བསྐུལ་ཏེ་ཡེ་ཤེས་པའི་ལྷ་ཚོགས་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་མོས་ཤིག །[ཅེས་འབེབས་རྫས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་ཚིག་བདུན་མ་སོགས་
སྤྱན་འདྲེན་དང་རྩ་སྔགས་ལ།] ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨ༔ [ཞེས་བཏགས་པ་མང་དུ་བརྗོད་ལ་དབབ།] དེ་ལྟར་བྱིན་དབབས་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་སྙིང་པོའི་བར་དུ་བརྟན་པར་བྱས་པར་མོས་ཤིག །ཏིཥྠ་བཛྲ། [ཞེས་མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཀོད།] དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞིའི་དབང་བསྐུར་བའི་སླད་དུ་གཏོར་སྣོད་རང་བྱུང་པདྨ་བྷཉྫའི་གཞལ་མེད་ཁང་ཆེན་པོར་གཏོར་མ་རིགས་འདུས་འཆི་མེད་པདྨ་ཐོད་ཕྲེང་རྩལ་རབ་འབྱམས་རྩ་གསུམ་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བའི་བདག་ཉིད་དུ་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་སྐུ་བུམ་པའི་དབང་གིས་ལུས་རྡོ་རྗེ་སྐུའི་རོལ་པར་བྱིན་གྱིས་བརླབས་པའི་མོས་པ་མཛོད། [དཔལ་གྱི་གཏོར་ཆེན་བཏེགས་ལ།] ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་
མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ བུམ་དབང་ལུས་ལ་བསྐུར་བ་དང་༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ [རྩ་སྔགས་དང་།] ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ [ཞེས་སྤྱི་བོར་བཞག །]ཡང་གཏོར་མ་ལྷར་གསལ་བའི་མགྲིན་པའི་ཨཱཿལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གསང་བའི་དབང་གིས་ངག་རྡོ་རྗེ་གསུང་གི་རོལ་པར་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཧཱུྃ༔ ཨོ་རྒྱན༴པདྨ༴ ཡ་མཚན༴ པདྨ༴ འཁོར༴ ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ གསང་དབང་ངག་ལ་བསྐུར་བ་དང་༔ བགེགས་དང་༴ མཆོག་དང་༴ རྩ་སྔགས་དང་༴ ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ [ཞེས་མགྲིན་པར་བཞག །]ཡང་གཏོར་མ་ལྷར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ཡིད་རྡོ་རྗེ་ཐུགས་ཀྱི་རོལ་པར་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཧཱུྃ༔ ཨོ་རྒྱན༴པདྨ༴ ཡ་མཚན༴ པདྨ༴
འཁོར་དུ༴ ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ ཤེས་དབང་ཡིད་ལ་བསྐུར་བ་དང་༔ བགེགས་དང་༴ མཆོག་དང་༴ [རྩ་སྔགས་དང་།] ཙིཏྟ་ཨ་བྷི་ཥིཉྩིཉྩ་ཧཱུྃ༔ [ས་སྙིང་གར་བཞག །]ཡང་གཏོར་མ་ལྷར་གསལ་བའི་གནས་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་གནས་བཞིར་ཐིམ་པས་དབང་བཞི་པའི་རིམ་པས་ཟུང་འཇུག་ངོ་བོ་ཉིད་སྐུའི་རོལ་པར་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཧཱུྃ༔ ཨོ་རྒྱན༴ པདྨ༴ ཡ་མཚན༴ པདྨ་འབྱུང་༴ འཁོར་དུ༴ ཁྱེད་ཀྱི༴ བྱིན་གྱིས༴ གནས་མཆོག༴ སྒྲུབ་མཆོག་སྐལ་ལྡན་སློབ་བུ་ལ༔ ཚིག་དབང་སེམས་ལ་བསྐུར་བ་དང་༔ བགེགས་དང་༴ མཆོག་དང་༴ [རྩ་སྔགས་དང་།] སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་གནས་བཞིར་བསྐུར།] ཛཿཧཱུྃ་བྃ་ཧོཿ གཏོར་མའི་ལྷ་ཚོགས་དགྱེས་པ་ཆེན་པོས་འོད་དུ་ཞུ་བ་ཁྱེད་རང་རྣམས་ལ་ཐིམ་པས་ལྷ་དང་གཉིས་སུ་མེད་པར་བྱིན་གྱིས་བརླབ། གཏོར་ཟན་ཟག་མེད་ཀྱི་བདུད་རྩིར་འཁྱིལ་བ་མགྲིན་པར་མྱང་བས་མཆོག་ཐུན་མོང་གི་དངོས་གྲུབ་སྟན་ཐོག་དེ་ཉིད་དུ་ཐོབ་པར་གྱུར་པའི་མོས་པ་མཛོད། [ཅེས་གཏོར་མའི་རས་
མ་བདུད་རྩི་དང་སྦྱར་ཏེ་སྤྱིན།] དེ་རྣམས་ཀྱིས་རྩ་བའི་དབང་བསྐུར་གྲུབ་ནས་རྗེས་འབྲེལ་བཀྲ་ཤིས་འཆི་མེད་ཚེའི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ། སློབ་དཔོན་བདེ་གཤེགས་རིགས་འདུས་འཆི་མེད་ཐོད་ཕྲེང་རྩལ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་ལྡན་དང་ལས་བྱེད་ལྷ་མོ་མགྱོགས་མའི་ཚོགས་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས། ཁྱེད་རང་རྣམས་ཀྱི་བླ་ཚེ་ཆད་ཉམས་ཡར་བ་དང་། འབྱུང་བ་བཞིའི་དྭངས་མ། འཁོར་འདས་ཀྱི་བཅུད་དང་དགེ་མཚན་ཐམས་ཅད་འཆི་མེད་ཚེའི་བདུད་རྩི་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ། ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་ལ་ཐིམ་པས་རྡོ་རྗེ་ཚེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། [མདའ་དར་གཡབ་ལ།] ཧྲཱིཿ པདྨ་དྲྭ་བ་ཚེ་ཡི་ཞིང་༔ བདེ་བ་ཆེན་པོའི་ཕོ་བྲང་ནས༔ ཚེ་བདག་འཆི་མེད་ཐོད་ཕྲེང་རྩལ༔ རབ་འབྱམས་རྩ་གསུམ་ལྷ་ཚོགས་རྣམས༔ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་སླད༔ དབྱིངས་ནས་སྐུར་བཞེངས་བྱིན་ཆེན་ཕོབ༔ རིག་འཛིན་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་ཆད་ཉམས་ཡར་
བ་ཁུག༔ སྣོད་བཅུད་འབྱུང་བའི་དྭངས་མ་བསྡུས༔ རྣལ་འབྱོར་སྲོག་གི་ཀྭ་བ་ཚུགས༔ སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི༔ རྟག་པ་དམ་པའི་ཚེ་དབང་སྩོལ༔ [ཅེས་དང་རྩ་སྔགས་བརྗོད།] ཚེའི་འབྲང་རྒྱས་འདི་ཉིད་རིགས་འདུས་འཆི་མེད་ཐོད་ཕྲེང་རྩལ་རྩ་གསུམ་འདུས་པའི་ངོ་བོར་བཞུགས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་སྤྱན་དྲངས་ཤིང་དབང་བསྐུར་བ་ལ་བརྟེན་ནས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་བག་ཆགས་དང་བཅས་པ་སྦྱངས་ཏེ་སྐུ་རྡོ་རྗེ་འགྱུར་བ་མེད་པའི་ཚེ་དབང་ལུས་ལ་ཐོབ་པའི་མོས་པ་མཛོད། [ཚེ་འབྲང་ཐོགས་ལ།] ཧྲཱིཿ བཀྲ་ཤིས་བུམ་པ་ཚེ་ཡི་དལ༔ ལྷ་དང་གཉིས་མེད་འོད་དུ་འབར༔ དེང་འདིར་བུ་ལ་དབང་བསྐུར་བས༔ མི་འགྱུར་རྡོ་རྗེའི་ཚེ་ཐོབ་ཤོག༔ ཨ་ཡུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་སྤྱི་བོར་བཞག །]འཁོར་འདས་བརྟན་གཡོའི་དྭངས་བཅུད་ཐམས་ཅད་འཆི་མེད་བྱང་ཆུབ་སེམས་ཀྱི་བདུད་རྩིར་འཁྱིལ་བ་འདི་ཉིད་མགྲིན་པར་བཞག་ཅིང་མྱང་བ་ལ་བརྟེན་ནས་ལས་རླུང་གི་འཆིང་བ་དབུ་མའི་དབྱིངས་སུ་གྲོལ་ཏེ་གསུང་རྡོ་རྗེ་འགགས་པ་མེད་པའི་ཚེ་དབང་ངག་ལ་ཐོབ་པའི་མོས་པ་མཛོད། [ཚེ་ཆང་ཐོགས་ལ།] ཧྲཱིཿ ཚེ་ཡི་དངོས་གྲུབ་འདུས་པའི་རྫས༔ འཆི་མེད་བདུད་རྩི་ཨ་མྲྀ་ཏ༔ སྐལ་ལྡན་བུ་ཡིས་
ལོངས་སྤྱད་པས༔ ཨ་ཡུ་ཚེ་ཡི་དབང་ཐོབ་ཤོག༔ ཨ་ཡུ་ཛྙཱན་ཨ་བྷི་ཥིཉྩི་ཧཱུྃ༔ [ཞེས་མགྲིན་པར་བཞག་ཅིང་སྦྱིན།] སྲིད་ཞིའི་དྭངས་བཅུད་འདུས་པའི་རིལ་བུ་འཆི་མེད་ཚེ་ལྷ་འདུས་པའི་ངོ་བོ་འདི་ཉིད་སྙིང་གར་བཞག་ཅིང་མྱང་བ་ལ་བརྟེན་ནས་སྙིང་དབུས་མི་ཤིགས་དྭངས་མའི་ཐིག་ལེ་ཡེ་ཤེས་རྡོ་རྗེའི་སྲོག་དང་རོ་གཅིག་ཏུ་འདྲེས་ཏེ་ཐུགས་རྡོ་རྗེ་འཁྲུལ་པ་མེད་པའི་ཚེ་དབང་སེམས་ལ་ཐོབ་པའི་མོས་པ་མཛོད། [ཚེ་རིལ་ཐོགས་ལ།] ཧྲཱིཿ སྲིད་ཞིའི་དྭངས་མ་བསྡུས་པ་ཡི༔ བཅུད་ལེན་ཚེ་ཡི་རིལ་བུ་འདི༔ སྐལ་ལྡན་བུ་ཡིས་ལོངས་སྤྱད་པས༔ མི་འགྱུར་ཚེ་ཡི་དཔལ་ཐོབ་ཤོག༔ ཨ་ཡུ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ [ཞེས་སྙིང་གར་བཞག་ཅིང་སྦྱིན།] དེ་ལྟར་ཚེའི་དབང་བསྐུར་བས་ཚེ་མི་ཤིགས་པའི་རྡོ་རྗེ། མི་འགྱུར་བའི་གཡུང་དྲུང་། མི་ནུབ་པའི་རྒྱལ་མཚན་དུ་བྱས་ཏེ་འཆི་བ་མེད་པའི་དངོས་གྲུབ་ཐོབ་པར་གྱུར་པ་ལ། སླར་ཡང་ཚེ་མདའ་རིན་ཆེན་འབར་བ་སྤྱི་བོར་རྒྱ་གྲམ་དུ་བཀོད་པས་ལུས་ཐམས་ཅད་རྡོ་རྗེའི་གོ་ཆས་ཞུ་ལུགས་སུ་བགོས་ཏེ་ཚེ་སྲོག་རྡོ་རྗེའི་བྲག་ལྟར་བརྟན་པར་བྱས་པ་དང་ལྷན་ཅིག་འོད་གསལ་གཉུག་མའི་ངོ་བོ་ལ་མཉམ་པར་བཞག་པས་ཅིས་ཀྱང་མི་ཆོད་མི་ཤིགས་པ་འཆི་མེད་གདོད་མའི་མགོན་པོའི་གནས་ལུགས་མངོན་དུ་གྱུར་པར་
མོས་ཤིག །ཨཿ འཁོར་འདས་ཚེ་ཡི་དྭངས་བཅུད་རྣམས༔ མི་ཤིགས་ཐིག་ལེ་ཧྲཱིཿལ་བསྡུ༔ དེའང་བརྗོད་བྲལ་ཀ་དག་ཀློང་༔ གཞོམ་གཞིག་བྲལ་བར་རྒྱས་གདབ་བོ༔ ངྷརྨ་ངྷཱ་ཏུ་ཨ་ཨ་ཨ༔ [ཞེས་མདའ་དར་སྤྱི་བོར་རྒྱ་གྲམ་དུ་བཀོད།] ཡེ་ངྷ[ས་ཐོག་དྲངས་ཤིས་བརྗོད་རྒྱས་པར་སྤེལ་ལ།] དེ་རྣམས་ཀྱིས་ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་སྒོ་ནས་བྱིན་རླབས་རྩ་བའི་དབང་བསྐུར་ཚེ་དབང་དང་བཅས་པ་ལེགས་པར་གྲུབ་པ་ཡིན་པས། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཐམས་ཅད་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར་[སོགས་ལན་གསུམ། གཏང་རག་གི་དོན་དུ་མཎྜལ་ཕུལ།] སླར་ཡང་སྒོ་གསུམ་ལོངས་སྤྱོད་དང་བཅས་པ་ལྟོས་མེད་དུ་འབུལ་སྙམ་པས་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་[སོགས་ལན་གསུམ།] དེ་ལྟར་དབང་ཐོབ་པ་ལས་བྱུང་བའི་དགེ་བའང་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་མཛོད། བསོད་ནམས་འདི་ཡིས་[སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་གྱེས། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་དང་གཏོར་མ་བསྐྱང་། གཏང་རག་གི་མཆོད་བསྟོད་བཟོད་གསོལ་བརྟན་བཞུགས་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བར་མཐར་དབྱུང་བས་གྲུབ་བོ། །ཡང་ཚེ་དབང་ཁོལ་འདོན་དུ་བསྐུར་བ་འདོད་ན། སྦྱོར་བའི་སྐབས་ཚེ་འབྲང་མཎྜལ་གྱི་དབུས་སུ་འགོད་པ་ཙམ་ལས་གཞན་
རྣམས་འདྲ་ཞིང་། མཚམས་སྦྱོར་སྐབས།] འོ། ནམ་མཁའ་དང་མཉམ་པའི་[སོགས་ནས།] འགོད་པར་བྱ། དེའི་ཆེད་དུ་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་གསན་པ་བགྱིའོ་སྙམ་པའི་ཀུན་སློང་རྣམ་པར་དག་པ་གསལ་བཏབ་ནས་གསན་འཚལ། དེའང་ཇི་སྐད་དུ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པའི་ཞལ་ནས། །འཁོར་བ་སྲོག་ལས་གཅེས་པ་ནི། །འགའ་ཡང་ཡོད་པར་མ་མཐོང་བས། །དེས་ན་མྱུར་དུ་ཐབས་མང་པོས། །འཆི་བ་བསླུ་བ་ཡང་དག་བརྩམ། །ཞེས་གསུངས་པ་ལྟར་དགེ་ལེགས་ཀྱི་ཡོན་ཏན་མ་ལུས་པ་བསྐྱེད་པའི་གཞི་མ་དལ་འབྱོར་གྱི་ལུས་རྟེན་འདི་ཉིད་ཡུན་དུ་འཚོ་བའི་ཐབས་ལ་འབད་པ་ནི་འཇིག་རྟེན་འདི་ན་དོན་དུ་གཉེར་བྱའི་གཙོ་བོ་ཡིན་ལ། དེའི་ཚུལ་ཡང་ཇི་སྙེད་གཅིག་མཆིས་པ་ལས། འདིར་འབྲོག་བན་ལོ་ཙཱ་བའི་ཐུགས་བཅུད། སྤྲུལ་པའི་རིག་འཛིན་ཆེན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའམ་བདུད་འཇོམས་འགྲོ་འདུལ་གླིང་པ་རྩལ་གྱི་འོད་གསལ་དགོངས་པའི་གཏེར་མཛོད་ལས་བྱོན་པ་ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་ཅེས་ངོ་མཚར་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པའི་ཆོས་སྡེ་དང་རྗེས་སུ་འབྲེལ་བར་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་བསྒྲུབ་པར་བགྱི་བ་ལ། [ཞེས་
བསྒྱུར། ཡེ་ཤེས་དབབ་པའི་རྗེས་སུ།] དེ་རྣམས་ཀྱིས་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་ནས། དངོས་གཞི་དབང་བསྐུར་བ་ལ། ཐོག་མར་ཚེ་འགུགས་ཤིང་བཅུད་བསྡུ་བའི་སླད་དུ་[སོགས་གོང་གི་དཀྱུས་བཞིན་ལས། མཐར།] དེ་རྣམས་ཀྱིས་ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་དང་འབྲེལ་བར་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ལེགས་པར་གྲུབ་པ་ཡིན་པས། [ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །དེ་ལྟར་དབང་བསྐུར་མཚམས་སྦྱོར་མདོར་བསྡུས་ཀྱིས་བརྒྱན་ཏེ་ངག་འདོན་བཀླག་ཆོག་ཏུ་བཀོད་པ་འདིའང་སྤྲུལ་པའི་སྐུ་མཆོག་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་གྲུབ་ཀྱི་བཞེད་པ་སྐོང་བའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་ཟླའི་ཡར་ངོ་བཟང་པོ་གཉིས་པའི་དུས་ཚེས་དགེ་བར་སྦྱར་བའི་ཡི་གེ་པ་ནི་ཆོས་མཛད་བླ་མ་འགྱུར་མེད་བསྟན་འཛིན་རྡོ་རྗེས་མཛད་པ་སིངྔྷི་རསྟུ།། །།]
ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་བང་མཛོད།
༄༅། །ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་དང་འབྲེལ་བར་སྦྱིན་སྲེག་གི་ཆོ་ག་འདོད་རྒུའི་བང་མཛོད་ཅེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭསྟི། [འདིར་ལས་ཀྱི་ཁ་སྐོང་ཞིང་འདོད་པའི་ཕྲིན་ལས་མྱུར་དུ་སྒྲུབ་པར་བྱེད་པ་མཆོད་སྦྱིན་སྲེག་བླུགས་ཀྱི་ཆོ་ག་ཤིན་ཏུ་བསྡུས་པའི་ཚུལ་གྱིས་བཤད་པ་ལ་གཉིས་ཏེ། སྐབས་དོན་ཞི་བའི་སྦྱིན་སྲེག་དང་། དེ་ཉིད་ལས་གཞན་ལ་ཁ་བསྒྱུར་བའི་ཚུལ་ལོ། །དང་པོ་ནི། ཟླ་བའི་དཀར་ཕྱོགས་ཀྱི་སྔ་དྲོའི་ཆར་ཤིས་པའི་གནས་སུ་ཐབ་སྟེགས་བ་བྱུང་དང་དྲི་བཟང་གིས་ཆག་ཆག་བཏབ་པར་རྡུལ་ཚོན་གྱི་དཀྱིལ་འཁོར་པདྨ་དཀར་པོ་འདབ་མ་བརྒྱད་པ་ལྟེ་བར་རྡོ་རྗེ་རཾ་ཡིག་གིས་མཚན་པ་བྲི། དེར་སྲོག་ཆགས་མེད་པའི་འོ་མ་ཅན་གྱི་ཤིང་སྐམ་པོས་ཟླུམ་པོར་བརྩིག །རང་གི་གཡས་ངོས་ཀྱི་མཆོད་སྟེགས་ཁར་གཏོར་མ་དང་སྨན་རཀ་ཉེར་སྤྱོད། གཡོན་གྱི་རྫས་སྟེགས་སུ་འོ་མ་ཅན་གྱི་ཡམ་ཤིང་སོར་བཞི་པ་དང་། ཞུན་མར།
ཏིལ། འབྲུ་སྣ་རིན་པོ་ཆེ་དར་ཟབ་སོགས་དང་། ཁྱད་པར་སྡིག་སྒྲིབ་ཞི་བ་ལ་ཏིལ་སོགས་གང་གཙོ་བོར་བྱེད་པའི་རྫས་ཉིད་མང་དུ་བསགས་ལ་བཤམ་ཞིང་། དགང་བླུགས་སོགས་འདིར་དགོས་པའི་ཡོ་བྱད་རྣམས་ཚོགས་པར་བྱས་ལ། བདག་ཉིད་ལྷའི་རྣལ་འབྱོར་ལ་གནས་པས་ཞི་ཞིང་དགའ་བའི་སེམས་ཀྱིས་ཤར་དུ་ཕྱོགས་པར་སྐྱིལ་ཀྲུང་གིས་གཙང་མའི་སྟན་ལ་འཁོད་དེ། མཆོད་སྲེག་གི་རྫས་རྣམས། རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རིན་པོ་ཆེའི། །སྣོད་མཆོག་བཟང་ཞིང་རྒྱ་ཆེའི་ནང་། །འབྲུ་གསུམ་འོད་དུ་ཞུ་བ་ལས། །མཆོད་རྫས་སྲེག་རྫས་འདོད་ཡོན་ཚོགས། །ཟག་མེད་བདུད་རྩིའི་རང་བཞིན་ཅན། །དཔག་ཡས་ནམ་མཁའི་
ཁམས་གང་གྱུར། །ཨོཾ་ཨཱཿཧཱུྃ། [ཞེས་ལན་གསུམ་གྱིས་བྱིན་བརླབས། བཀྲ་ཤིས་པའི་ལག་ནས་བྱུང་བའི་མེ་གཡས་སུ་བསྐོར་ཞིང་།] ཨོཾ་ཨགྣ་ཡེ་ཛྭ་ལ་རཾ་[གྱིས་མེ་སྦར་ལ་མར་ཁུས་ཀྱང་གསོ། ཐབ་ལས་སྔགས་ཀྱི་བསང་།] སྭ་བྷཱ་ཝ[ས་སྦྱང་།] མི་དམིགས་སྟོང་པའི་ངང་ཉིད་ལས། །རང་མདུན་ཞི་བའི་ཐབ་ཁུང་ནི། །ཚད་དང་མཚན་ཉིད་ཐམས་ཅད་ཀུན། །ཡོངས་རྫོགས་དྭངས་ཤིང་སྒྲིབ་མེད་ཀྱི། །འོད་ཟེར་རབ་ཏུ་འཕྲོ་བའི་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །མཚོ་སྐྱེས་རྡོ་རྗེ་ཐོད་ཕྲེང་རྩལ། །ཟག་མེད་བདེ་སྟོང་དཀར་དམར་མདངས། །[ཞེས་སོགས་ལྷ་བསྐྱེད་ནས་བསྟོད་པའི་བར་ལས་བྱང་བཞིན་སོང་མཐར།] ལྷ་རྣམས་དགྱེས་པའི་ཞལ་གྱི་ལྗགས། །རྡོ་རྗེ་ཧཱུྃ་གིས་མཚན་པ་ཡིས། །སྲེག་རྫས་བདུད་རྩིའི་རྒྱུན་དྲངས་ཏེ། །གསོལ་བས་རབ་མཉེས་བྱིན་རླབས་བཅུད། །འོད་ཟེར་ཟླ་ཤེལ་རྣམ་པར་འཕྲོས། །རང་གཞན་འཁོར་བཅས་ལ་ཐིམ་པས། །ཉེས་ཚོགས་མ་ལུས་ཞི་བར་གྱུར། །[ཞེས་གསལ་བཏབ་ནས། སྙིང་པོ་ལ།] ཛྭ་ལ་རཾ་ཤིནྟཾ་ཀུ་རུ་སྭཱཧཱ། [ཞེས་བཏགས་པས་རྫས་རྣམས་རིམ་པར་ཐབ་ཏུ་འབུལ་ཞིང་།] བདག་གི་མཆོད་རྫས་འདི་བཞེས་ལ། །ནད་གདོན་སྡིག་སྒྲིབ་བར་ཆད་སོགས། །
མི་མཐུན་ཉེས་པའི་ཚོགས་ཐམས་ཅད། །ཞི་བའི་ཕྲིན་ལས་མཛད་དུ་གསོལ། །[ཅེས་འདོད་དོན་ཀྱང་གསོལ། ཚུལ་དེ་ལྟ་བུས་གྲངས་རྣམས་རྫོགས་པ་ན། གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་ལ།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །[ཅེས་སོགས་དང་།] བཛྲ་མུཿ[ས་ཡེ་ཤེས་པ་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུ་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་བརྒྱན། མེ་རང་ཞིར་བཏང་བའམ་ལོང་མེད་ན་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་ཆུ་བོར་སྦྱང་ངོ་། །གཉིས་པ་དེ་ཉིད་ལས་གཞན་ལ་བསྒྱུར་བའི་ཚུལ་ནི། སྦྱོར་བའི་སྐབས་ཐབ་སྟེགས་ཀྱི་དཀྱིལ་འཁོར་རྒྱས་པ་ལ་གྲུ་བཞི་སེར་པོ་རིན་པོ་ཆེས་མཚན་དང་། དབང་ལ་ཟླ་གམ་དམར་པོ་ལྕགས་ཀྱུས་མཚན་པ་དང་། དྲག་པོ་ལ་གྲུ་གསུམ་མཐིང་ནག་རལ་གྲིས་མཚན་པ་བྲི། རྩིག་ཤིང་རྒྱས་པ་དང་དབང་ལ་འབྲས་བུ་ཅན་གྱི་ཤིང་གིས་གྲུ་བཞི་དང་ཟླ་གམ་དུ་བརྩིག་ཅིང་། དྲག་པོ་ཚེར་མ་ཅན་གྱི་ཤིང་གིས་གྲུ་གསུམ་དུ་བརྩིག །ཡམ་ཤིང་ཡང་རྒྱུ་དེ་དང་མཚུངས་པ་ལས་རྒྱས་པ་ལ་ཁྲུ་གང་། དབང་ལ་མཛུབ་གང་། དྲག་པོ་ལ་སོར་བཅུ་གཉིས་པ་བཅས་རང་རང་གི་དབྱིབས་ཅན་དུ་བྱ། སྲེག་རྫས་གོང་ལྟར་ལས་རྒྱས་པར་འབྲུ་སྨན་རིན་པོ་ཆེའི་རིགས་སེར་པོ་དང་། དབང་ལ་དམར་པོའི་རིགས། དྲག་པོར་འབྲུ་ནག་ལིང་ག་སོགས་འདུ་བྱ། [ཆོ་ག་དངོས་གཞིའི་སྐབས་རྒྱས་པར་མེ་རྒྱལ་རིགས། དབང་ལ་སྨད་འཚོང་མ། དྲག་པོར་གདོལ་བཤན་གྱི་ལག་ནས་བྱུང་བས་སྤར།
ཐབ་བསྐྱེད་སྐབས།] རང་མདུན་ཞི་བའི་ཐབ་ཀྱི་མལ་དུ། རྒྱས་པའི། དབང་གི །དྲག་པོའི། [ཞེས་དང་།] འོད་ཟེར་ཟླ་ཤེལ་སོགས་[ཚིག་རྐང་གསུམ་གྱི་མལ་དུ། རྒྱས་པ་ལ།] འོད་ཟེར་གསེར་མདོག་རྣམ་པར་འཕྲོས། །རང་གཞན༴ ཚེ་བསོད་མ་ལུས་རྒྱས་པར་གྱུར། །[ཅེས་དང་། དབང་ལ།] འོད་ཟེར་པད་རག་རྣམ་པར་འཕྲོས། །རང་གཞན༴ ཁམས་གསུམ་མ་ལུས་དབང་འདུས་གྱུར། [ཅེས་དང་། དྲག་པོ་ལ།] འོད་ཟེར་མཚོན་ཆའི་རྣམ་པར་འཕྲོས། །སྡང་བྱེད་དགྲ་བགེགས་ལ་ཕོག་པས། །གནོད་འཚེའི་གདུག་རྩུབ་ཚར་བཅད་གྱུར། [ཅེས་དང་། སྤེལ་སྔགས།] པུཥྚིཾ་ཀུ་རུ་ཨོཾ༔ ཝ་ཤཾ་ཀུ་རུ་ཧོཿ མཱ་ར་ཡ་ཕཊ། [ཅེས་སོ་སོར་སྦྱར་བས་འབུལ་ཞིང་། འདོད་གསོལ་སྐབས་རྒྱས་པར།] བདག་གི་མཆོད༴ ཚེ་བསོད་དཔལ་འབྱོར་ཡོན་ཏན་སོགས། །མཐུན་རྐྱེན་ལེགས་ཚོགས་མ་ལུས་པ། །རྒྱས་པའི་ཕྲིན་ལས༴ [དབང་ལ།] བདག་གི༴ ཆེ་བཙན་ལྷ་འདྲེ་མི་ལ་སོགས། །རླུང་སེམས་སྣང་བ་མ་ལུས་པ། །དབང་དུ་འདུ༴ [དྲག་པོར།] བདག་གི༴ དགྲ་བགེགས་དམ་སྲི་འབྱུང་པོ་སོགས། །གནོད་ཅིང་འཚེ་བའི་རིགས་ཐམས་ཅད། །ཚར་གཅོད་ཕྲིན༴
ཞེས་བསྒྱུར། །མཐར་རྒྱས་པའི་[མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། དབང་གི་མེ་ཆང་གིས་གཞིལ་ཏེ་ཐལ་སོལ་རླུང་ལ་བསྐུར། དྲག་པོའི་དུག་ཁྲག་གིས་གཞིལ་ཏེ་ཐལ་སོལ་ལམ་རྒྱ་གྲམ་སོགས་སུ་མནན། གཞན་ཆོ་གའི་ཆིངས་ཞི་བ་ཁོ་ནས་ཕྱི་མ་གསུམ་ཀར་འཕྲུལ་ཤེས་པར་བྱ་བ་ཡིན་ནོ། །ཞེས་པའང་སྤྲུལ་པའི་སྐུ་མཆོག་འཇིགས་མེད་ཆོས་དབྱིངས་ནོར་བུའི་གསུང་གིས་བསྐུལ་བའི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྟན་ཐོག་གཅིག་ཏུ་ཤར་མར་སྦྱར་བ་ལས་ཡི་གེ་པ་ནི་ཆོས་མཛད་ཀུན་བཟང་བསྟན་དར་གྱིས་བགྱིས་པ་སིངྔྷི་རསྟུ༎ ༎]
ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་རྒྱུན་ཁྱེར་སྙིང་པོའི་བཅུད་དྲིལ།
༄༅། །ཟབ་ལམ་མཚོ་སྐྱེས་ཐུགས་ཐིག་གི་རྒྱུན་ཁྱེར་སྙིང་པོའི་བཅུད་དྲིལ་བཞུགས་སོ། །[སྐྱབས་སེམས་སྔོན་དུ་འགྲོ་བས།] ཨ། སྟོང་ཉིད་དབྱིངས་ལས་སྙིང་རྗེའི་གདངས། །རང་རིག་ཧྲཱིཿལས་འོད་འཕྲོས་པས། །སྣོད་བཅུད་ཀུན་སྦྱངས་འོད་གསལ་དང་། །ཡུལ་སྣང་བདེ་ཆེན་པདྨ་འོད། །མཚན་ཉིད་ཡོངས་རྫོགས་ཕོ་བྲང་དབུས། །སྣ་ཚོགས་པདྨ་ཉི་ཟླའི་སྟེང་། །ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་འཆི་མེད་ཐོད་ཕྲེང་རྩལ། །དཀར་དམར་མདངས་ལྡན་གཞོན་ཚུལ་མཛེས། །ཁྲོ་འཛུམ་རྗེས་ཆགས་ལང་ཚོས་སྒེག །ཕྱག་གཉིས་རྡོ་རྗེ་ཐོད་པ་འཛིན། །ཞབས་ཟུང་སྐྱིལ་མོ་ཀྲུང་གིས་བཞུགས། །རང་འོད་མནྡྷ་ར་བ་ནི། །མདའ་དར་ཚེ་བུམ་འཛིན་དང་སྦྱོར། །སྣ་ཚོགས་དར་དང་རིན་པོ་ཆེ། །སྟག་ཤམ་རུས་པའི་རྒྱན་གྱིས་སྤྲས། །འཇའ་འོད་ཟེར་ཕྲེང་ཀློང་དུ་རོལ། །གདོད་ནས་དམ་ཡེ་དབྱེར་མེད་པའི། །ཐུགས་དབུས་འོད་ཀྱི་གུར་ཁྱིམ་སྦུབས། །གསེར་རྡོར་རྩེ་ལྔའི་ལྟེ་བ་རུ། །དྭངས་མའི་སྲོག་ཡིག་ཧྲཱིཿ དཀར་དམར། །དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་རབ་འཕྲོས་པས། །རྒྱལ་བ་མཆོད་ཅིང་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་བདེ་ལ་
བཀོད། །འཁོར་འདས་ཚེ་བསོད་དྭངས་བཅུད་ཀུན། །འོད་ཟེར་བདུད་རྩིའི་རྣམ་པ་རུ། །ཏིང་འཛིན་ཧྲཱིཿར་ཐིམ་གཟི་བྱིན་འབར། །སྣང་བ་ལྷ་དང་སྒྲ་གྲགས་སྔགས། །དྲན་རྟོག་ཆོས་ཉིད་གཉུག་མའི་ངང་། །བདེ་ཆེན་ཡེ་ཤེས་རོལ་པར་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ ལྷར་སྣང་མི་དམིགས་འོད་གསལ་ཆེ། །སྤྲོས་བྲལ་ཀ་དག་ཀློང་དུ་བརྡལ། །སླར་ཡང་མཁའ་ལ་འཇའ་ཚོན་བཞིན། །རྡོ་རྗེ་གསུམ་གྱི་ཕྱག་རྒྱར་སད། །[མཐར་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་དོ། །ཞེས་པའང་སྐུ་ཞབས་རྡོ་རྗེ་རིག་འཛིན་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་སུ་གྱུར་ཅིག །མངྒལཾ༎ ༎]
ཨོ་རྒྱན་སྨན་གྱི་བླ་མ་མཆོད་ཅིང་ཐུགས་དམ་བསྐུལ་བའི་ཆོ་ག་བདུད་རྩིའི་བུམ་བཟང་།
༄༅། །ཨོ་རྒྱན་སྨན་གྱི་བླ་མ་མཆོད་ཅིང་ཐུགས་དམ་བསྐུལ་བའི་ཆོ་ག་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་པདྨ་ཀ་ར་ཡེ། [ཨོ་རྒྱན་སྨན་གྱི་བླ་མ་མཆོད་ཅིང་ཐུགས་དམ་བསྐུལ་བའི་ཕྲིན་ལས་ལ་འཇུག་པར་འདོད་པས། བཀྲ་ཤིས་པའི་སྟེགས་བུར་ཨོ་རྒྱན་སྨན་བླའི་སྣང་བརྙན་བྱིན་རླབས་ཅན་བྲིས་འབུར་གང་ཡང་རུང་བ་བསོད་ནམས་ཀྱི་ཞིང་དུ་བཞུགས་སུ་གསོལ་བའི་སྤྱན་སྔར་ཕྱི་ནང་གི་མཆོད་པ་ཇི་ལྟར་འབྱོར་བ་གཙང་ཞིང་བཀོད་པས་མཛེས་པར་བཤམ། གལ་ཏེ་རྟེན་མ་འཛོམ་ན་མཎྜལ་ལ་འབྲུ་དཀར་དྲི་བཟང་གིས་གཤེར་བས་ཚོམ་བུ་འགོད་པ་དང་། རྒྱུན་གྱི་ཉམས་ལེན་ལྟ་བུར་རྟེན་ཡིད་ཀྱིས་བསྒོམ་པས་ཀྱང་རུང་ངོ་། །དེ་ནས་ཐོག་མར་སྐྱབས་སུ་འགྲོ་བ་ནི།] ན་མོཿ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་
དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ [ལན་གསུམ། སེམས་བསྐྱེད་པ་ནི།] སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབ་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ [ལན་གསུམ་ཚོགས་བསགས་པ་ནི།] བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་༔ སྨིན་གྲོལ་
གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ [མཆོད་རྫས་བྱིན་བརླབ་པ་ནི།] ཧྲཱིཿ རཾ་ཡཾ་ཁཾ་གིས་མ་དག་དངོས་ཀུན་སྦྱངས། །སྟོང་པའི་ངང་ལས་རིན་ཆེན་སྣོད་ཡངས་པར། །ཕྱི་ནང་གསང་བའི་མཆོད་པའི་ལོངས་སྤྱོད་ཚོགས། །བསམ་གྱིས་མི་ཁྱབ་མཁའ་དབྱིངས་གང་བར་གྱུར། །ཨོཾ་ཨཱ་ཧཱུྃ། བཛྲ་སྥ་ར་ཎ་ཁཾ། [རྟེན་བསྐྱེད་པ་ནི།] ཤཱུ་ནྱ་ཏྣ[ས་བསང་སྦྱང་།] ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །གནས་ཡུལ་བདེ་ཆེན་ལྟ་ན་སྡུག་གི་ཞིང་། །ཡིད་འཕྲོག་རཏྣའི་གཞལ་མེད་ཁང་ཆེན་པོ། །ངོ་མཚར་ཀུན་བཟང་མཆོད་སྤྲིན་གཏིབ་པའི་དབུས། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །བླ་མ་ཨོ་རྒྱན་སྨན་པའི་རྒྱལ་པོ་ནི། །རབ་མཛེས་ནོར་བུ་བཻ་ཌཱུར་ཞུན་མའི་མདངས། །སྒེག་འཛུམ་བརྗིད་ཆགས་མཚན་དཔེའི་ལང་ཚོ་ཅན། །ཕྱག་གཡས་མཆོག་སྦྱིན་རྣམ་རྒྱལ་ཨ་རུ་ར། །གཡོན་པས་མཉམ་གཞག་བྷནྡྷ་ཚེ་བུམ་བསྣམས། །མཆན་གཡོན་ཁ་ཊྭཱཾ་རྒྱན་ལྡན་མཛེས་པར་བསྒྲེང་། །སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམ་དང་། །དབུ་ལ་
འདབ་ལྡན་ཤེའུའི་སྙན་ཞུས་བརྗིད། །སྙན་ཆ་མགུལ་རྒྱན་རིན་ཆེན་དོ་ཤལ་གཡོ། །ཞབས་གཉིས་རོལ་སྟབས་འཇའ་ཟེར་ཀློང་དུ་བཞུགས། །སྐུ་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས། །རབ་འབྱམས་སྨན་སྲུང་མཁའ་འགྲོའི་སྤྲིན་ཕུང་འཕྲོ། །དྲན་པ་ཙམ་གྱིས་སྡུག་བསྔལ་འཇིགས་འཕྲོག་པ། །ཟུང་འཇུག་སྒྱུ་འཕྲུལ་རྡོ་རྗེའི་རོལ་པར་ཤར། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འཕྲོས་པའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །[སྤྱན་འདྲེན་པ་ནི།] ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཛྲ་ས་མ་ཡ་ཛ་ཛཿ [བཞུགས་གསོལ་ནི།] ཧྲཱིཿ རིན་ཆེན་
ཕོ་བྲང་ཉམས་རེ་དགའ། །བཞུགས་པའི་གནས་སུ་དྭངས་རེ་སྤྲོ། །ཨོ་རྒྱན་སྨན་གྱི་བླ་མའི་ཚོགས། །དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས། །ས་མ་ཡ་ཏིཥྠ་ལྷན། [ཕྱག་འཚལ་ནི།] ན་མོ། སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ། །ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི། །སྨན་གྱི་བླ་མར་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ [མཆོད་པ་ནི།] ཧྲཱིཿ ཨོ་རྒྱན་སྨན་གྱི་བླ་མའི་ཚོགས། །གདུང་བ་དྲག་པོས་གསོལ་འདེབས་ཀྱི། །ལྷ་རྫས་ཕྱི་ཡི་མཆོད་པ་འབུལ། །འདོད་ཡོན་ནང་གི་མཆོད་པ་འབུལ། །གཉིས་མེད་གསང་བའི་མཆོད་པ་འབུལ། །ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ། །མ་ཧཱ་སརྦ་པཱུ་ཛ་ཧོཿ [བསྟོད་པ་ནི།] ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །[ཛཔྲ་བཟླས་ནི།] ཐུགས་ཀར་ཟླ་སྟེང་རྡོ་རྗེའི་ནང་ཁོངས་ལྟེར། །ཧྲཱིཿམཐར་སྔགས་ཕྲེང་མཐིང་མདོག་འབར་བས་བསྐོར། །དེ་ལས་འོད་འཕྲོས་འགྲོ་བའི་ནད་རྣམས་བསལ། །
ཚུར་འདུས་བདག་ཐིམ་བྱིན་རླབས་མཆོག་ཐོབ་གྱུར། །ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིངྔྷི་ཕ་ལ་ཧཱུྃ་ཨཱཿ [ཞེས་རྩ་སྔགས་དང་།] ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻཌཱུཪྻ་པྲ་བྷ་རཱ་ཛ་ཡ༔ ཏ་ཐཱ་ག་ཏ་ཡ༔ ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ༔ ཏདྱ་ཐཱ༔ ཨོཾ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ་མ་ཧཱ་བྷཻ་ཥ་ཛྱེ་བྷཻ་ཥ་ཛྱེ༔ རཱ་ཛས་མུཏྒ་ཏེ་སྭཱཧཱ༔ [ཞེས་གཟུངས་སྔགས་ཅི་འགྲུབ་བཟླ། གསོལ་བ་འདེབས་པ་ནི།] སེམས་ཅན་སྒྱུ་ལུས་འཇིགས་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ [ཞེས་ཚར་གྲངས་གང་འོས་མཐར།] ཨོ་རྒྱན་སྨན་གྱི་བླ་མ་དགོངས་སུ་གསོལ། །ཁྱེད་ལ་མཆོད་བསྟོད་གསོལ་བ་བཏབ་པའི་མཐུས། །རྒྱན་བསྟན་དར་ཞིང་བསྟན་འཛིན་མངའ་ཐང་རྒྱས། །འཇིག་རྟེན་བདེ་ཞིང་ནད་མུག་མཚོན་འཁྲུགས་ཞི། །དུག་གསུམ་རྒྱུ་འབྲས་ཉེས་པ་རྩད་ནས་བཅོམ། །ཁྱད་པར་བདེ་གཤེགས་
རྣམས་ཀྱི་སྨོན་ལམ་དང་། །ཐུགས་དམ་ཞལ་བཞེས་བདག་སོགས་སེམས་ཅན་གྱིས། །མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། །[ཞེས་འདོད་དོན་གསོལ།] མདུན་གྱི་བླ་མ་སྨན་གྱི་བླ། །དགྱེས་པས་འོད་ཞུ་རང་ལ་ཐིམ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དང་། །དབྱེར་མེད་ཆེན་པོར་བྱིན་བརླབ་གྱུར། །[ཅེས་མདུན་རྟེན་རང་ལ་བསྡུས་ཏེ་མཉམ་པར་བཞག །]དགེ་བ་འདི་ཡིས་མྱུར་དུ་བདག །སྨན་པའི་རྒྱལ་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །[ཅེས་དགེ་བ་བསྔོ།] ལྷ་མིའི་སྟོན་པ་སྨན་པའི་རྒྱལ་པོ་སྟེ། །བཅོམ་ལྡན་འཇིག་རྟེན་གསུམ་ན་སྐྱབས་མཛད་པ། །དུག་གསུམ་ནད་སེལ་ཨོ་རྒྱན་སྨན་གྱི་བླ། །བཻ་ཌཱུཪྻ་ཡི་འོད་ཀྱི་བཀྲ་ཤིས་ཤོག །[ཅེས་སོགས་བཀྲ་ཤིས་རྒྱ་ཆེར་སྤེལ་བས་བདེ་ལེགས་སུ་བྱའོ། །ཞེས་པའང་རང་གཞན་རྣམས་འབྱུང་བ་འཁྲུགས་པའི་ཉེས་པ་སོགས་གནས་སྐབས་དང་མཐར་ཐུག་གི་རྒུད་པ་ཐམས་ཅད་སེལ་བའི་ཆ་རྐྱེན་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྷ་ལྡན་ར་ས་འཕྲུལ་སྣང་གི་ཤར་ཕྱོགས་ང་ཕོད་ལྟ་ན་སྡུག་གི་གཞལ་མེད་ཁང་དུ་གྲོ་བཞིན་ཟླ་བའི་ཡར་ངོའི་རྒྱལ་བ་གསུམ་པའི་དུས་ཚེས་བཟང་པོར་ཤར་མར་སྤེལ་བ་སིངྔྷི་རསྟུ༎ ༎]
བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒོ་ནས་སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཆོ་ག་འདོད་རྒུའི་གྲུ་ཆར།
༄༅། །བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྒོ་ནས་སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཆོ་ག་འདོད་རྒུའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་པདྨ་ཀ་ར་ཡེ། [བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ལ་བརྟེན་ནས་སྲིད་ཞིའི་ཕྱྭ་གཡང་འགུགས་པའི་ཕྲིན་ལས་ལ་འཇུག་པར་འདོད་པས། བཀྲ་ཤིས་པའི་སྟེགས་བུར་ཚུལ་བཞིན་འདུ་བྱས་པའི་གཏེར་ཆེན་པོའི་བུམ་པ་དང་། གཡང་བཤོས་ནོར་བུ་འབར་བས་མཚན་པ་རྒྱན་སྤྲོས་ཅན་ལ། ཕྱི་ནང་གི་མཆོད་པ། གཡང་རྫས་རྟེན་རྫས་སྣ་ཚོགས་པས་བསྐོར་བ་ལེགས་པར་བཤམ། ནམ་མཁའ་མཛོད་ཀྱི་གཏེར་དུ་བྱིན་གྱིས་བརླབ། ཤུ་ནྱ་ཏཱ[ས་བསང་སྦྱང་།] ཆོས་རྣམས་མི་དམིགས་སྟོང་པའི་ངང་ཉིད་ལས། །གནས་ཡུལ་བདེ་ཆེན་པདྨོ་བཀོད་པའི་ཞིང་། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོ། །འདོད་རྒུའི་འབྱོར་པ་སྤྲིན་དུ་གཏིབ་པའི་དབུས། །སྣ་ཚོགས་པདྨ་ཉི་ཟླའི་གདན་གྱི་སྟེང་། །བླ་མ་ཨོ་
རྒྱན་གཏེར་གྱི་བདག་པོ་ནི། །རབ་མཛེས་ཛམ་བུ་ཆུ་གསེར་ཞུན་མའི་མདངས། །སྒེག་འཛུམ་བརྗིད་ཆགས་མཚན་དཔེའི་ལང་ཚོ་ཅན། །ཕྱག་གཡས་ཡིད་བཞིན་དབང་གི་རྒྱལ་པོ་དང་། །གཡོན་པས་ནོར་བུ་སྐྱུག་པའི་ནེའུ་ལེ་འཛིན། །མཆན་གཡོན་རིན་ཆེན་རྒྱལ་མཚན་མཛེས་པར་བསྒྲེང་། །སྐུ་ལ་གསང་ཕོད་ཆོས་གོས་བེར་ཕྱམ་དང་། །དབུ་ལ་འདབ་ལྡན་ཤེའུའི་སྙན་ཞུས་བརྗིད། །སྙན་ཆ་མགུལ་རྒྱན་ནོར་བུའི་དོ་ཤལ་གཡོ། །ཞབས་གཉིས་རོལ་སྟབས་འཇའ་ཟེར་ཀློང་དུ་བཞུགས། །སྐུ་ལ་རྩ་གསུམ་རྒྱལ་བའི་དཀྱིལ་འཁོར་རྫོགས། །རབ་འབྱམས་མཁའ་འགྲོ་ནོར་ལྷའི་སྤྲིན་ཕུང་འཕྲོ། །དྲན་པ་ཙམ་གྱིས་དབུལ་
བའི་འཇིག་འཕྲོག་པ། །ཟུང་འཇུག་སྒྱུ་འཕྲུལ་རྡོ་རྗེའི་རོལ་པ་ཤར། །དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས། །འཕྲོས་པའི་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །[སྤྱན་འདྲེན་པ་ནི།] ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ། །ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས། །འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གནས་མཆོག་འདི་རུ་བྱིན་ཕོབ་ལ། །སྒྲུབ་མཆོག་བདག་ལ་དབང་བཞི་སྐུར། །བགེགས་དང་ལོག་འདྲེན་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །བཛྲ་ས་མ་ཡ་ཛ་ཛཿ [བཞུགས་གསོལ་ནི།] ཧྲཱིཿ རིན་ཆེན་ཕོ་བྲང་ཉམས་རེ་དགའ། །བཞུགས་པའི་གནས་སུ་དྭངས་རེ་སྤྲོ། །ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས། །དགྱེས་ཤིང་བྱིན་གྱིས་རློབ་ཕྱིར་བཞུགས། །ས་མ་ཡ་ཏིཥྠ་ལྷན། [ཕྱག་འཚལ་ནི།] ན་མོ། སྐྱེ་འགགས་འགྱུར་མེད་ཕྲིན་ལས་རྫོགས། །རང་བྱུང་ཐུགས་རྗེས་འགྲོ་རྣམས་སྒྲོལ། །ཡིད་བཞིན་དངོས་གྲུབ་ཆར་འབེབས་པའི། །བླ་མ་ནོར་ལྷར་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [མཆོད་པ་ནི།] ཧྲཱིཿ ཨོ་རྒྱན་
མཁའ་འགྲོ་ནོར་ལྷའི་ཚོགས། །གདུང་བ་དྲག་པོས་གསོལ་འདེབས་ཀྱི། །ལྷ་རྫས་ཕྱི་ཡི་མཆོད་པ་འབུལ། །འདོད་ཡོན་ནང་གི་མཆོད་པ་འབུལ། །གཉིས་མེད་གསང་བའི་མཆོད་པ་འབུལ། །བ་ལིཾ་རྒྱན་གྱི་མཆོད་པ་འབུལ། །སྨན་རཀ་བདུད་རྩིའི་མཆོད་པ་འབུལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །ཏིང་འཛིན་རྩེ་གཅིག་མཆོད་པ་འབུལ། །མ་ཧཱ་སརྦ་པཱུ་ཛ་ཧོཿ [བསྟོད་པ་ནི།] ཧྲཱིཿ མ་བཅོས་སྤྲོས་བྲལ་བླ་མ་ཆོས་ཀྱི་སྐུ། །བདེ་ཆེན་ལོངས་སྤྱོད་བླ་མ་ཆོས་ཀྱི་རྗེ། །པད་སྡོང་ལས་འཁྲུངས་བླ་མ་སྤྲུལ་པའི་སྐུ། །སྐུ་གསུམ་རྡོ་རྗེ་འཆང་ལ་ཕྱག་འཚལ་བསྟོད། །[ཛཔྲ་བཟླ ས་ནི།] ཐུགས་ཀར་ཉི་སྟེང་ནོར་བུའི་ནང་ཁོངས་ལྟེར། །ཧྲཱིཿམཐར་སྔགས་ཕྲེང་གསེར་མདོག་འབར་བས་བསྐོར། །དེ་ལས་འོད་འཕྲོས་སྲིད་ཞིའི་དྭངས་བཅུད་བསྡུས། །བདག་མདུན་ལ་ཐིམ་འདོད་རྒུ་ཆར་འབེབས་གྱུར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་སརྦ་བ་སུ་རཏྣ་སིངྔྷི་ཕ་ལ་ཧཱུྃ་ཨཱཿ [ཞེས་བཟླ། གཡང་འགུགས་ནི། མདའ་དར་གཡབ་ལ།] ཧྲཱིཿ རང་བྱུང་བདེ་ཆེན་དྭངས་མ་འཇའ་གུར་ཀློང་། །ངོ་མཚར་བཀྲ་ཤིས་འཁྱིལ་བའི་གནས་མཆོག་འདིར། །བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས། །ཕྱྭ་གཡང་
ཐོགས་མེད་འགུགས་པའི་ཕྲིན་ལས་མཛོད། །བརྒྱུད་གསུམ་རིག་འཛིན་བླ་མའི་བྱིན་རླབས་བཅུད། །རབ་འབྱམས་ཡི་དམ་ཞི་ཁྲོའི་དངོས་གྲུབ་གཏེར། །མཁའ་འགྲོ་སྲུང་མའི་ཕྲིན་ལས་ནུས་རྩལ་ཀུན། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །འཆི་མེད་རིག་འཛིན་གྲུབ་པའི་སྐུ་ཚེ་དང་། །སངས་རྒྱས་བྱང་སེམས་རྫུ་འཕྲུལ་སྨོན་ལམ་མཐུ། །འཇིག་རྟེན་ཆེ་རྒུའི་བསོད་ནམས་མངའ་ཐང་ཀུན། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །སྟེང་ཕྱོགས་ལྷ་ཡི་གཟུགས་བཟང་དགའ་བདེའི་དཔལ། །བར་ཕྱོགས་མི་ཡི་ཆོས་སྲིད་རྣམ་དཔྱོད་དང་། །འོག་ཕྱོགས་ཀླུ་གཡང་དཔལ་འབྱོར་ཡིད་བཞིན་ནོར། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །བརྒྱུད་འཛིན་སྲིད་དང་འཛད་མེད་ལོངས་སྤྱོད་དཀོར། །རིན་ཆེན་ནོར་དབྱིག་ལྷ་རྫས་དར་ཟབ་གོས། །བང་མཛོད་འབྲུ་དང་རྐང་བཞི་ཕྱུགས་ཀྱི་ཚོགས། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །དགྲ་བླའི་གོ་མཚོན་དཔའ་བརྟན་འབྱོར་པའི་དཔུང་། །མངའ་རིས་འཁོར་འབངས་གདུལ་བྱ་སྙན་གྲགས་སྟོབས། །མདོར་ན་བརྟན་གཡོའི་ཕུན་ཚོགས་ཇི་སྙེད་ཀུན། །དེ་རིང་བཀྲ་ཤིས་གནས་འདིར་གཡང་དུ་ལེན། །རྨ་གཡང་འོད་ཀྱི་ཉི་ཟླ་དགུང་ནས་ཤར། །ཉེས་རྒུད་དབུལ་ཕོངས་
མུན་པ་དྲུང་ནས་ཕྱུངས། །འགྲིབ་མེད་རྟག་པ་དམ་པའི་སྣང་བ་ཡིས། །ཕན་བདེའི་དགའ་ཚལ་བཞད་པའི་གཡང་ཁུག་ཅིག །སརྦ་རཏྣ་སིངྔྷི་ཕ་ལ་ཧོཿ [དངོས་གྲུབ་བླང་བ་ནི།] ཧྲཱིཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་དཀྱིལ་ཡངས་ནས། །རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན། །བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷ་ཡི། །སྐུ་གསུང་ཐུགས་དང་མཉམ་སྦྱོར་དངོས་གྲུབ་མཆོག །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པའི་དཔལ། །བུམ་པ་བཟང་པོ་དཔག་བསམ་ནོར་བུའི་ཚུལ། །ད་ལྟ་ཉིད་དུ་བདག་ལ་སྩལ་དུ་གསོལ། །[རྩ་སྔགས་མཐར།] སརྦ་སིངྔྷི་ཕ་ལ་ཨ་ལ་ལ་ཧོཿ [ཞེས་དངོས་གྲུབ་བླངས། ཡེ་ཤེས་པ་བརྟན་བཞུགས་བྱ། བཀྲ་ཤིས་རྒྱ་ཆེར་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུའི་བཞེད་པ་བཞིན་རང་གཞན་རྣམས་ལ་འདོད་རྒུའི་དངོས་གྲུབ་རེ་བ་བཞིན་འཇོ་བའི་ཆ་རྐྱེན་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཀོང་ཡུལ་ལྗོན་པའི་ཚལ་གྱི་བྱང་ཕྱོགས་ལེན་རི་བདེ་བ་ཆེན་པོའི་ཡང་དབེན་བཀྲ་ཤིས་སྣང་བ་འཁྱིལ་བའི་ཕོ་བྲང་དུ་གྲོ་བཞིན་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉི་མ་འཆར་ཁའི་དུས་སྟོན་བཟང་པོར་ཤར་མར་བྲིས་པ་སིངྔྷི་རསྟུ།། །།]
ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་རྟེན་རྫས་གཏེར་བུམ་བཅའ་ཚུལ།
༄༅། །[ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་རྟེན་རྫས་གཏེར་བུམ་བཅའ་ཚུལ་ནི།] རིན་པོ་ཆེའམ་རྫའི་བུམ་པ་སྐྱོན་བྲལ་ཡུལ་གྱི་བྲེ་གང་ཤོང་བ་ལས་མི་ཆུང་བ་ཁ་དོག་སེར་པོར་བསྒྱུར་ལ་བཀྲ་ཤིས་པའི་རྟགས་སམ་ནོར་བུ་འབར་བ་བྲིས་པའི་ནང་གི་དབུས་སུ། འབྱོར་ན་མཁའ་འགྲོ་ནོར་ལྷའི་སྐུ་བྲིས་འབུར་གང་རིགས་ལ། ལྷའི་བླ་རྡོ་དུང་། ཀླུའི་ཆུ་ཤེལ། མིའི་གཡུ། གནོད་སྦྱིན་གྱི་ཕ་ཝ་ལོང་བུ། མགྲོན་བུ་བུམ་བཅས་ལྷན་ཅིག་དར་དམར་སེར་གྱི་ན་བཟས་དྲིལ་ཏེ་བརྟན་པར་གཞུག །གང་ལྟར་ཡང་རྒྱ་ཤོག་ལ་གསེར་རམ་མཚལ་གྱིས་རྩ་སྔགས་མཐར། བླ་མ་ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་འཁོར་དང་བཅས་པ་རྣམས་བཀྲ་ཤིས་པའི་རྟེན་རྫས་འདི་རྣམས་ལ་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སྦྱིན་པའི་བདག་པོས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ལ་ཚེ་བསོད་དཔལ་འབྱོར་ཕྱྭ་གཡང་ལོངས་སྤྱོད་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་གསོལ་དང་། འབད་དང་སྩོལ་བས་
མ་གོས་སོགས་ཤིས་བརྗོད། ཡེ་ངྷརྨཱ་དང་། སུ་པྲ་ཏིཥྠ་བཅས་སྦྲེལ་ལ་བྲིས་པར་ཆོས་སྨན་དང་དྲི་བཟང་གིས་བྱུགས་པའི་ཤོག་དྲིལ་ན་བཟའ་སེར་པོ་དང་བཅས་པ་བཅུག་རྫས་ནི། རིན་པོ་ཆེ་སྣ་ཚོགས། དར་རས་ཟས་སྣའི་ཕུད། རྟ་ཕྱུགས་ཀྱི་སྤུ་སྣ། སྨན་སྣ་ཤིང་ཏོག་མེ་ཏོག་སྣ་ཚོགས། འབྲུ་སྣའི་ཕུད། དཀར་གསུམ། མངར་གསུམ། གནས་ཆེན་རྣམས་དང་གཙུག་ལག་ཁང་དང་ཕོ་བྲང་སོགས་བཀྲ་ཤིས་པའི་གནས་རྣམས་ཀྱིས་རྡོ་ཆུ་ཤིང་གང་ཚོགས། བུམ་རྫས་ཉེར་ལྔ། ཞིང་ས་བཟང་པོའི་ས་སྣ། ཆུ་ཆེན་མང་པོའི་ཆུ་སྣ། མཚོ་ཆེན་གྱི་བྱེ་མ། དགེ་འདུན་སྡེ་ཆེན་དང་རྒྱལ་པོ་ཆེན་པོའི་ཐབས། ཚེ་རིང་འབྱོར་ལྡན་བསོད་ནམས་ཅན་གྱི་ལག་ནས་བྱུང་བའི་ནོར་སྣ་རྣམས་བསགས། ཕྱེད་ཁྲོལ་བུར་བཞག །ཕྱེད་ཞིབ་པར་བཏགས་ལ་བ་དམར་མོའི་འོ་མས་རིལ་བུར་དྲིལ། དེ་རེ་རེའང་ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་དངོས་སུ་གྱུར་པར་བསམ་ལ། ཨོཾ་སརྦ་རཏྣ་ཙིཏྟ་བ་སུ་སིངྔྷི་ཧཱུྃ་ཛཿཛཿ ཞེས་མང་དུ་བཟླས་པས་བྱིན་བརླབ། རྫས་ཁྲོལ་བུ་རྣམས་དང་རིལ་བུ་བཅས་ཀྱིས་ལེགས་པར་བཀང་ལ་དར་རས་སེར་པོའམ་དཀར་པོས་
ཁ་བཅད་དེ་ཚོན་སྐུད་ཀྱིས་བཅིངས་པར་རང་ངམ་སྦྱིན་བདག་རྟགས་ཀྱིས་རྒྱས་གདབ། སྦྱོང་ཁྲུས་རྒྱས་བསྡུས་གང་རིགས་བྱས་ལ་རྟེན་དུ་འཇོག་གོ །དངོས་གཞིའི་སྐབས་བུམ་པ་དེ་ཉིད་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་ཡུལ་མདུན་རྟེན་གྱི་རྩ་བ་ཡིན་པས་སྒྲུབ་པའི་ཚེ་འཁོར་འདས་ཀྱི་ཕྱྭ་གཡང་བསྡུ་བསྟིམ་བྱ། སྒྲུབ་པ་གྲུབ་ནས་ལྷ་མི་གཤེགས་པར་བརྟན་བཞུགས་བྱས་ཏེ་གཡང་སྒྲོམ་དང་མཛོད་ཕུག་ཏུ་བཞུགས། བུམ་པ་མང་དུ་བཅའ་སྒྲུབ་ཐུབ་ན་གཞན་རྣམས་སོ་སོར་སྦས་པས་སྦ་ཡུལ་དང་མཐུན་པའི་ཡོན་ཏན་སོ་སོར་འབྱུང་སྟེ། ཇི་སྐད་དུ། གཏེར་བུམ་ཡུལ་གྱི་དབུས་རི་འཕན་བཟང་ལ་སྦས་ན་ཡུལ་ཕྱོགས་ཐམས་ཅད་ལ་ཕན་པའི་རྟེན་འབྲེལ་བླ་ན་མེད་པར་འགྱུར་རོ། །ཁང་པའི་དབུས་སུ་སྦས་ན་གནས་ཁང་བཀྲ་ཤིས་ལོངས་སྤྱོད་དགེ་བར་འགྱུར་རོ༔ ཐབ་ཀྱི་དཀྱིལ་དུ་སྦས་ན་ཟས་ནོར་ལོངས་སྤྱོད་འདུ་ཞིང་སྲིས་སྨེ་བར་འགྱུར་རོ༔ ཞིང་ས་བཟང་པོ་ལ་སྦས་ན་ལོ་ཏོག་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་རོ༔ ཆུ་མིག་བཟང་པོའམ་མདུན་རི་ལ་སྦས་ན་ཆར་ཆུ་འབེབས་ཤིང་བཞོན་ཆུ་རྒྱས་པར་འགྱུར་རོ༔ རྟ་ཕྱུགས་ཀྱི་
བྲེས་ལ་སྦས་ན་གོད་ཁ་རྒྱུན་ཆད་ཅིང་རྒབ་འཕེལ་བར་འགྱུར་རོ༔ ཞེས་འབྱུང་བ་ལྟར་རོ། །ཞེས་པའང་ཚུལ་འདི་ལག་ཏུ་ལེན་པ་རྣམས་ལ་ཉེ་བར་མཁོ་བའི་སེམས་ཀྱིས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
བླ་མ་ནོར་ལྷའི་གཡང་ཆོག་དང་འབྲེལ་བར་བསེ་རག་རྫོང་ཐབས་མདོར་བསྡུས།
༄༅། །[བླ་མ་ནོར་ལྷའི་གཡང་ཆོག་དང་འབྲེལ་བར་བསེ་རག་རྫོང་ཐབས་མདོར་བསྡུས་ལ། སྣོད་ཚུར་བླང་མི་དགོས་པའི་ནང་དུ་འབྲུ་ཟན་ལ་མི་རྒན་ཐལ་སྐྱ་སྣོད་སྟོང་ཁུར་བཟས་སློང་བའི་རྣམ་པ་ཅན། བྱིས་པ་གཅེར་བུ་དུ་མས་བསྐོར་བའི་མདུན་དུ་མར་མེ། ཞོ་ལད། ཆང་སྐྱུར། སྦང་མ། སྤྲ་བ། རུས་པ། ཚྭ་སྒོག་རམ་གསུམ་སོགས་བསེ་རག་ཆགས་པའི་ཡས་སྟགས་སྣ་ཚོགས་མི་ཕྱུགས་ཀྱི་དྲི་གླུད་ཆང་བུ་ཟན་རིལ་བརྒྱ་རྩ་བརྒྱད་སོགས་དང་། འོ་ཆབ་བཅས་འདུ་བྱས་ལ། ཡས་རྣམས་སྔགས་དྲུག་ཕྱག་དྲུག་གིས་བྱིན་བརླབ་ནས།] ཀྱེེ༔ རི་བོ་ཆེན་པོ་ལྷོ་ཡི་ཕྱོགས༔ འཛམ་བུ་གླིང་གི་འཇིག་རྟེན་ཁམས༔ སྣ་ཚོགས་ལས་ཀྱི་གྲོང་ཁྱེར་གྱི༔ མཐའ་དབུས་ཕྱོགས་མཚམས་གར་བཞུགས་ཀྱང་༔ ལྟོག་འགོང་བསེ་རག་རྒྱལ་པོ་ལ༔ བསེ་རག་སྡེ་ཚོགས་འཁོར་གྱིས་བསྐོར༔ རྫོངས་ཡས་མཆོད་སྦྱིན་བཞེས་པའི་ཕྱིར༔ བསྐྱེད་པའི་གནས་འདིར་མྱུར་དུ་གཤེགས༔ བོས་པའི་མགྲོན་ལ་ས་མཱ་ཛཿ གཟུགས་དང་གཉིས་མེད་བརྟན་པར་བཞུགས༔ [ཞེས་མགྲོན་བཀུག །མཚན་བཞི་དང་]སམྦྷ་ར[ས་ཆངས་བུ་རིལ་བུ་བརྒྱ་རྩ་བརྒྱད་སོགས་བསྔོས་ཤིང་འོ་ཆབ་སྦྲེང་མཐར།] ཧཱུྃ༔ སེར་སྣ་རང་རྒྱུད་འཛིན་པའི་གཟུགས༔ དབུལ་སྲི་བསེ་རག་ལྟོག་འགོང་ནི༔ མི་རྒན་ཉམ་ཐག་སྣོད་སྟོང་ཁུར༔ བསེ་རག་འབུམ་གྱི་འཁོར་གྱིས་བསྐོར༔ ཡོད་ལ་མི་དགའ་མེད་ལ་དགའ༔ གང་ལ་
མི་དགའ་སྟོང་ལ་དགའ༔ ནོར་སྒྲུབ་བྱེད་ལ་རྒབ་འདྲེར་སྡང་༔ སྣོད་བཅུད་མངའ་ཐང་ཉམས་པར་བྱེད༔ བློ་ཉེས་ཚོང་ཉེས་མི་ཁ་བཏང་༔ བཟའ་བཏུང་གོས་རྒྱན་སྲིས་ལ་བརྐུ༔ ཁྱད་པར་ལན་ཆགས་རྗེས་སུ་སྙེགས༔ དེ་རིང་རྟེན་དང་གཉིས་མེད་བཀུག སྔགས་དང་ཕྱག་རྒྱ་ཏིང་འཛིན་མཐུས༔ ཡིད་དང་མཐུན་པའི་ལོངས་སྤྱོད་རྫས༔ ཟད་མེད་ནམ་མཁའི་མཛོད་དུ་བསྔོས༔ སེར་སྣའི་ལན་ཆགས་ངན་པ་སྦྱངས༔ དབུལ་བའི་སྡུག་བསྔལ་ཞི་བར་བྱས༔ ད་ནི་འདུག་པའི་གནས་མེད་ཀྱི༔ ཡས་འདི་ལོངས་ལ་གཞན་དུ་སོང་༔ གླིང་ཆེན་གཞན་གྱི་ཕྱོགས་སུ་སོང་༔ གླིང་བར་མུན་པའི་ནང་དུ་སོང་༔ གླིང་མཐའ་རྒྱ་མཚོའི་ངོགས་ལ་སོང་༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ རྩ་གསུམ་ལྷ་ཚོགས་ཐུགས་ཁྲོས་ནས༔ རྡུལ་ཕྲན་བཞིན་དུ་བརླག་པར་འགྱུར༔ དེ་བས་དེ་ལྟ་ཕྱིར་དེངས་ཤིག༔ [དྲག་སྔགས་བརྗོད་ཅིང་གནས་ཁང་ཀུན་གྱི་སྒོ་འགག་བསྐོར། གུ་གུལ་དང་རྡོ་ཐུན་གྱིས་དེད། ཁང་ཁྱིམ་མི་མཐོང་བའི་སར་ཆུ་བོ་ཆེན་པོ་རང་ཡུལ་དུ་མི་ལྡོག་པའི་གཞུང་དུ་བོར། བསྲུང་འཁོར་བརྟན་པར་བསྒོམ་ལ་ཕྲིན་ལས་དངོས་གཞིར་འཇུག་གོ །ཞེས་པའང་རིགས་མཐུན་ལས་ཁོལ་ཕྱུངས་ཁ་སྐོང་དུ་བསྡེབས་པ་སྟེ་བཛྲ་ཛྙཱ་ནས་སོ།། །།]
པདྨ་གཡང་འབུམ་ཡིད་བཞིན་ནོར་བུ་ལས་ཁོལ་དུ་བྱུངས་པའི་སྨོན་ལམ་དང་བཀྲ་ཤིས།
༄༅། །[པདྨ་གཡང་འབུམ་ཡིད་བཞིན་ནོར་བུ་ལས་ཁོལ་དུ་བྱུངས་པའི་སྨོན་ལམ་དང་བཀྲ་ཤིས་ནི།] ན་མོ༔ སངས་རྒྱས་ཆོས་དང་དགེ་འདུན་དང་༔ རྩ་བ་གསུམ་གྱི་བདེན་པ་དང་༔ ནོར་ལྷ་གཡང་ལྷ་ལ་སོགས་པ༔ འཇིག་རྟེན་སྐྱོང་བའི་མཐུ་སྟོབས་ཀྱིས༔ རྒྱུ་སྦྱོར་ཡོན་གྱི་བདག་པོ་རྣམས༔ བསོད་ནམས་རི་བོ་བརྟན་པར་ཤོག༔ མི་གཡང་སྟོབས་རྩལ་འཕེལ་བར་ཤོག༔ ཕྱུགས་གཡང་བཀྲག་བཅུད་རྒྱས་པར་ཤོག༔ ཉི་ཟླ་བཞིན་དུ་གསལ་བར་ཤོག༔ དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་ཀུན༔ རྒྱ་ཆེ་ས་གཞི་ལྟ་བུར་ཤོག༔ དགོས་འབྱུང་ནོར་བུ་ལྟ་བུར་ཤོག༔ ཟིལ་གནོན་སེང་གེ་ལྟ་བུར་ཤོག༔ རྒྱུན་རིང་ཆུ་བོ་ལྟ་བུར་ཤོག༔ མི་འཕེལ་ཁང་ཁྱིམ་གང་བར་ཤོག༔ ནོར་འཕེལ་བར་མཛོད་གང་བར་ཤོག༔ རྟ་འཕེལ་བྲིས་ཁང་གང་བར་ཤོག༔ ཕྱུགས་འཕེལ་ལྷས་མལ་གང་བར་ཤོག༔ རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀུན༔ སྦྱིན་པའི་ཕར་ཕྱིན་རྫོགས་པར་ཤོག༔ བསོད་ནམས་ཡེ་ཤེས་རྒྱས་པར་ཤོག༔ བླ་མེད་བྱང་ཆུབ་
མྱུར་ཐོབ་ཤོག༔ སིངྔྷི་སིངྔྷི་བྷྲུྃ་སྭཱ་ཧཱ༔ ཨོཾ༔ ཕུན་སུམ་ཚོགས་པ་བླ་མེད་དཀོན་མཆོག་གསུམ༔ བཀྲ་ཤིས་ཀུན་གྱི་འབྱུང་གནས་བཀྲ་ཤིས་པ༔ གྲགས་པའི་བཀྲ་ཤིས་འཇིག་རྟེན་ཡོངས་ལ་ཁྱབ༔ དགེ་ལེགས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག༔ ཝཱ་ར་ཎ་སཱི་ཉམས་དགའ་བདེ་སྐྱིད་ལྡན༔ ཡུལ་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ གྲོང་ཁྱེར་སེར་སྐྱ་དཔལ་དང་ཡོན་ཏན་རྒྱས༔ གྲོང་རྡལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ལྷས་བསྟན་ཁབ་ཏུ་ཆོས་དང་འབྱོར་པས་གང་༔ ཁང་ཁྱིམ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་པོ་ཟས་གཙང་འཁོར་ལོས་བསྒྱུར་བའི་རིགས༔ སྐྱེས་པ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ བཙུན་མོ་སྒྱུ་འཕྲུལ་རྒྱལ་བ་སྐྱེད་པའི་ཡུམ༔ བུད་མེད་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་བུ་དོན་གྲུབ་ལེགས་པའི་དཔལ་ཀུན་འབྱོར༔ ལྷ་སྲས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ས་འཚོ་གྲགས་འཛིན་ཡོན་ཏན་དམ་པས་བརྒྱན༔ བཙུན་མོ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཅང་ཤེས་བསྔགས་ལྡན་སྤྲིན་གྱི་ཤུགས་ཆེན་འཆང་༔ རྟ་མཆོག་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔
ནཻ་རཉྫ་ན་མེ་ཏོག་འབྲས་བུས་བརྒྱན༔ སྐྱེད་ཚལ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཡངས་པ་ཅན་དུ་འབྲུ་ནོར་ལོངས་སྤྱོད་འཕེལ༔ ས་ཕྱོགས་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྡོ་རྗེ་གདན་དུ་ཐུབ་པ་མངོན་སངས་རྒྱས༔ གནས་རྟེན་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ བྱ་རྒོད་སྤུངས་རིར་ཐེག་ཆེན་ཆོས་འཁོར་བསྐོར༔ ཆོས་ར་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ རྒྱལ་བྱེད་ཚལ་དུ་འཕགས་པའི་དགེ་འདུན་འདུ༔ དགོན་སྡེ་འདིར་ཡང་དེ་བཞིན་བཀྲ་ཤིས་ཤོག༔ ཉིན་མོ་བཀྲ་ཤིས་བདེ་བའི་ཉི་མ་ཤར༔ མཚན་མོ་བཀྲ་ཤིས་སྐྱིད་པའི་ཟླ་བ་གསལ༔ ཉིན་མཚན་བཀྲ་ཤིས་བདེ་སྐྱིད་ཕྱྭ་གཡང་འཕེལ༔ བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་ཤོག༔ སྭསྟི་སྭསྟི་བྷྲུྃ་བྷྲུྃ་སྭཱ་ཧཱ༔