བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ།
རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ལས་བྱང་འཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན།
༄༅། །བཛྲསྱདྷརྨཔཱལསྱབརོདྷསརྦེཥཱངྐདཱིརྨོཙཀརྨབིཀཱིཌཱིཏསྱོཏཱབནཱམབིཧརཏིསྨ།
༄༅། །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ལས་བྱང་འཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
༄༅། །རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱི་ལས་བྱང་ཕྲིན་ལས་རྣམ་པར་རོལ་བའི་དགའ་སྟོན་ཅེས་བྱ་བ། ཤྲཱི་བི་ཛ་ཡནྟུ། མི་སྲུན་དཔའ་བའི་ལང་ཚོས་ཡོངས་སྒེག་རབ་འབར་སྐུ་ནི་འཇིགས་རུང་བཟོད་དཀའི་གཟི་བྱིན་ཅན། །རྡོ་རྗེའི་གད་རྒྱང་གཤུང་པོར་རྒོད་པ་གཤེ་བའི་གསུང་སྒྲ་དྲག་ཤུལ་ང་རོ་འབྲུག་སྟོང་ལྡིར། །སྙིང་རྗེ་ཁྲོས་པ་མི་གཡོ་རྔམས་བརྗིད་སྤྲོས་བྲལ་ཐུགས་མཆོག་བདེ་ཆེན་མཁའ་ཁྱབ་ཞི་བའི་དབྱིངས། །ཇི་སྙེད་ཁྲག་འཐུང་རོལ་པའི་ཚོགས་ཀྱི་འཁོར་ལོས་སྒྱུར་རྒྱལ་ཧེ་རུ་ཀ་དཔལ་བླ་མས་སྐྱོངས། །རྒྱལ་བའི་བསྟན་སྲུང་ཆེན་པོ་རྣམས། །ཚུལ་བཞིན་བསྟེན་ཅིང་
མཆོད་པ་ལས། །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་ཀྱི། །རུ་མཚོན་དགུང་དུ་ཅིས་མི་སྒྲེང་། །[དེའང་ལྷག་པའི་ལྷ་དང་སྲུང་མའི་དམ་དུ་འཆའ་བའི་སྒྲུབ་པ་པོས་བསྟན་སྲུང་ཆེན་པོ་རྣམས་མཆོད་ཅིང་ཕྲིན་ལས་གསོལ་བར་སྐབས་སུ་བབས་པ་ན། ཐུན་མོང་གི་མཆོད་རྫས་གཏོར་མ་སྤྱན་གཟིགས། ཁྱད་པར་གྱི་སྒྲུབ་རྫས་གསང་རྟེན་བླ་རྡོ་སོགས་སོ་སོའི་སྒྲུབ་ཐབས་ཀྱི་མན་ངག་ཕྱག་ལེན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པ་བཞིན་ཚོགས་པར་བྱ་ཞིང་། འདིར་ཆོ་ག་དངོས་ཀྱི་ཕྲིན་ལས་རྣམས་དཀྱུས་གཅིག་ཏུའམ་སྐབས་བབས་ཁོལ་འདོན་བྱས་ཆོག་པའི་དབང་དུ་བཏང་སྟེ་ངག་འདོན་གྱི་རིམ་པ་ཁོ་ན་ཕྱོགས་གཅིག་ཏུ་བསྡེབས་པར་བྱ་བ་ལ། ཐོག་པར་སྤྱིར་གཅེས་
པ་ཆོ་གའི་སྔོན་འགྲོ་དང་དངོས་གཞིའི་ཆིངས་ནི། རྩ་བ་གསུམ་གྱི་རྣལ་འབྱོར་གང་ལ་བརྟེན་པའི་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་རྫས་རྣམས་བྱིན་གྱིས་བརླབ་པ་ནི།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] བདག་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པ་ཡེ་ཤེས་ཀྱི་མེ་རླུང་ཆུར་གྱུར་པས་མཆོད་རྫས་ཀྱི་ཉེས་སྐྱོན་དངོས་འཛིན་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སྟོང་པའི་ངང་ལས་གནས་ཁང་འོག་མིན་གསང་ཆེན་རོལ་པའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་རིན་པོ་ཆེ་དང་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་སོགས་ལྷ་རྫས་ཕྱིའི་མཆོད་སྤྲིན་དང་། ཁྲག་གི་མཆོད་ཡོན། དུག་ཆུའི་ཞབས་བསིལ། དབང་པོའི་མེ་ཏོག །ཚིལ་ཆེན་གྱི་དུད་སྤྲིན། ཞུན་ཆེན་གྱི་སྒྲོན་མེ། མཁྲིས་པའི་དྲི་ཆབ། མཱཾ་སའི་ཞལ་ཟས། ཐོད་རྔའི་རོལ་མོ་སོགས་རང་བྱུང་ནང་གི་དམ་རྫས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ་ཁྲག་འཐུང་ཁྲོ་བོའི་དཀྱིལ་འཁོར་གྱི་འཁོར་ལོའི་ཞིང་ཐམས་ཅད་དུ་ཁྱབ་པར་འཆར་བས་ནམ་མཁའི་མཐའ་ཀླས་པར་གང་བར་[བསམ་ལ།] ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ། [དེ་བཞིན་དུ་སྦྱར་ཏེ] པ་དྱཾ་[ནས།] ཤཔྡའི་[བར་དང་།]
རཱུ་པ་[ནས།] དྷརྨཱ་དྷརྟུའི་[བར་གྱིས་ཕྱི་ནང་གི་མཆོད་པ་རྣམས་བརླབས། བདུད་རྩི་བསང་སྦྱང་།] སྟོང་པའི་ངང་ལས་སྨན་སྣོད་བྷནྡྷ་འབར་བའི་གཞལ་ཡས་ནང་དུ་བཅུད་རྫས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་ཤིང་ཞུ་བ་ལས་བྱང་སེམས་དཀར་དམར་རོ་གཅིག་པའི་རང་བཞིན་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའི་བདུད་རྩིའི་རྒྱ་མཚོས་ཡོངས་སུ་གང་བར་[བསམ་ལ།] ཨོཾ་ཨཱཿཧཱུྃ་མཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་བདུན་རྗོད། རཀྟ་བསང་སྦྱང་། སྟོང་པའི་ངང་ལས་དམར་གྱི་དུང་ཆེན་འབར་བའི་སྣོད་དུ་ར་ལས་ཁམས་གསུམ་འཁོར་བའི་བག་ཆགས་ཀྱི་ཞེན་སྣང་རྩད་ནས་བཅད་པའི་ཆགས་མེད་རཀྟའི་རྒྱ་མཚོ་རྦ་རླབས་མཁའ་ལ་འཕྱོ་ཞིང་གཡོ་བ་ཟེགས་མ་ལས་ཞིང་ཆེན་གྱི་ལྷུ་དུམ་འཁྲུགས་པར་བསམ་ལ། ཨོཾ་ཨཱཿཧཱུྃ་མཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་བདུན། གཏོར་མ་བསང་སྦྱང་།] སྟོང་པའི་ངང་ལས་ལྕང་ལོར་བཅས་པའི་ཀ་པཱ་ལ་སྟོང་གསུམ་དང་མཉམ་པའི་ནང་དུ་གཏོར་མ་ཤ་ལྔ་བདུད་རྩི་ལྔའི་རང་བཞིན་ལྷུན་པོ་ལྟར་སྤུངས་པ་ལས་འདོད་ཡོན་གྱི་ལྷ་མོ་གྲངས་མེད་པར་འཕྲོ་བས་ཟག་པ་མེད་པའི་མཆོད་སྤྲིན་རྒྱུན་མི་འཆད་པར་སྤྲོ་བའི་བདག་ཉིད་ཅན་དུ་གྱུར་པར་[བསམ་ལ།] ཨོཾ་ཨཱཿཧཱུྃ་མཧཱ་བ་ལིཾ་ཏ་ཏེ་ཛྭ་མ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་
ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་བདུན་དང་།] བཛྲ་སྥ་ར་ཎ་ཁཾ། [ཞེས་ཕྱི་ནང་གསང་བའི་འདོད་ཡོན་གྱི་དངོས་པོ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་གྱི་རོལ་པར་སྤེལ་ལོ། །དེ་ནས་བླ་མ་ཡི་དམ་སྤྱིའི་གཏོར་འབུལ་ནི།] རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་ཕྱོགས་བཅུར་བཞུགས་པའི་བླ་མ་རིག་འཛིན་རྒྱ་མཚོའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་མཁའ་ཁྱབ་ཀྱི་འཁོར་ལོར་སད་པར་[བསམ་ཞིང་།] ཧཱུྃ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་ངང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་རོལ་ཅིང་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་བྷ་ག་བཱ་ན་མཧཱ་ཀཱ་རུ་ཎི་ཀཱ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཛཿཧཱུྃ་བཾ་ཧོ། [ཞེས་པས་སྤྱན་དྲངས་ལ། མཆོད་པ་ནི།] ཧཱུྃ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ཨོཾ་ཨཱཿཧཱུྃ་གུ་རུ་མཎྜ་ལ་དེ་བ་ག་ཎ་ས་པ་རི་ཝཱ་རེ་བྷྱཿ བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ་[ནས།] ཤཔྡའི་[བར་གྱིས་ཕྱི་མཆོད་དང་།] བཛྲ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [ཞེས་སྨན་རཀ་སྟོབ། རྡོ་རྗེའི་ཐལ་མོ་ཁ་གྱེན་དུ་ཕྱེས་ལ།] ལྷ་རྣམས་ཀྱི་ལྗགས་ཧཱུྃ་
ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ཞིང་། གོང་གི་སྔགས་མཐར།] ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་གྲྀ་ཧྞནྟུ་མ་མ་སརྦ་སིདྡྷིམྨེ་པྲ་ཡཙྪཿ [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། བསྟོད་པ་ནི།] གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་ལོ། །ཧཱུྃ། མཐིང་ནག་མི་བཟད་སྲིན་པོའི་གཟུགས། །གར་གུའི་ཉམས་ལྡན་རྔམ་ཞིང་ཁྲོ། །གཏུམ་ཆེན་ཉི་མ་འབུམ་གྱི་གཟི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །རབ་འཇིགས་ཧ་ཧ་ཧཱུྃ་ཕཊ་ཀྱི། །རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །རྡོ་རྗེའི་གད་མོས་ས་གསུམ་གཡོ། །ཁྲོ་རྒྱལ་གསུང་ལ་ཕྱག་འཚལ་བསྟོད། །མི་དམིགས་ཁྱབ་བརྡལ་ཟབ་གསལ་བ། །སྤྲོས་པ་ཀུན་བྲལ་ཡེ་ཤེས་ཆེ། །སྨྲ་བསམ་བརྗོད་མེད་རྡོ་རྗེའི་ཐུགས། །ཁྲོ་རྒྱལ་ཐུགས་ལ་ཕྱག་འཚལ་བསྟོད། །ཕྱག་བྱར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་ཕྱག་
འཚལ་ལོ། །[ཞེས་བསྟོད་ཅིང་།] མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །ནད་མེད་ཚེ་དང་དབང་ཕྱུག་དང་། །དཔལ་དང་གྲགས་དང་སྐལ་པ་བཟང་། །ལོངས་སྤྱོད་རྒྱ་ཆེར་ཀུན་ཐོབ་ཅིང་། །ཞི་དང་རྒྱས་ལ་སོགས་པ་ཡི། །ལས་ཀྱི་དངོས་གྲུབ་བདག་ལ་སྩོལ། །དམ་ཚིག་ཅན་གྱིས་བདག་ལ་སྲུངས། །དངོས་གྲུབ་ཀུན་གྱི་སྡོང་གྲོགས་མཛོད། །དུས་མིན་འཆི་དང་ནད་རྣམས་དང་། །གདོན་དང་བགེགས་རྣམས་མེད་པར་མཛོད། །རྨི་ལམ་ངན་དང་མཚན་མ་ངན། །བྱ་བྱེད་ངན་པ་མེད་པར་མཛོད། །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བའི་གནས། །ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །[ཅེས་འདོད་དོན་གསོལ། དེ་ནས་དངོས་ཞི་དམ་ཅན་སོ་སོའི་ཕྲིན་ལས་ལ་འཇུག་པར་བྱའོ།། །།]༈ [དེ་དག་ཐམས་ཅད་ཀྱི་མཐར་གཏེར་བདག་སྤྱིའི་གཏོར་འབུལ་ནི།] རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་གཏེར་གྱི་བདག་པོ་འཁོར་བཅས་སྤྱན་དྲངས་པར་[བསམ་ཞིང་།] ཧཱུྃ། སྔོན་ཚེ་པདྨ་འབྱུང་གནས་སྤྱན་སྔ་རུ། །ཟབ་གཏེར་སྲུང་མར་ཞལ་བཞེས་དམ་ཚིག་ཅན། །མཐུ་
ཆེན་གཏེར་གྱི་བདག་པོ་ཆེན་པོ་རྣམས། །རང་རང་གཡོག་འཁོར་བཅས་པ་འདིར་གཤེགས་ཤིག །ནི་དྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་[ནས།] ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། ནི་དྷི་པ་ཏི་ས་པ་རི་ཝཱ་ར་ཨི་དམ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ཧཱ་པཉྩ་ཨ་མྲྀ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་ཉེར་སྤྱོད་སྨན་རཀ་གཏོར་མ་རྣམས་ཕུལ།] ཟབ་གཏེར་སྲུང་མའི་དབང་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ།] ཧཱུྃ། དུས་གསུམ་རྒྱལ་བའི་བཀའ་སྡོད་དཔའ་བོ་ཆེ། །རིག་འཛིན་ཀུན་གྱི་ཅི་བགྱིའི་དམ་ཚིག་ཅན། །ཟབ་གཏེར་བསྟན་པ་བསྲུང་བར་དམ་མནོས་པའི། །གཏེར་གྱི་བདག་པོ་འཁོར་དང་བཅས་པ་བསྟོད། །[ཅེས་བསྟོད། གཞི་བདག་སྤྱི་གཏོར་ནི། གཏོར་མ་]ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པར་[བསམ་ལ།] ཨོཾ་ཨཱཿཧཱུྃ་ཧོཿ[ལན་གསུམ།] བྷུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] བྷུ་མི་པ་ཏི་ས་པ་རི་ཝཱ་ར་ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་
ཨཱ་དྱ་ནུཏྤནྣ་ཏྭ་ཏ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱ་ཧཱ། [ལན་གསུམ་གྱི་གཏོར་མ་དང་།] ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཁཱ་ཧི། [ཞེས་ཕྱི་ནང་གིས་མཆོད།] གཞི་བདག་གཉུག་མར་གནས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་[སོགས་གོང་བཞིན་དང་།] གཞི་བདག་ཆེན་པོ་ཁྱེད་རྣམས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །[ཞེས་སོགས་ཀྱིས་འདོད་པའི་ཕྲིན་ལས་གསོལ་ལོ། །]༈ [དེ་ནས་གཙོ་བོ་སྤྱི་དྲིལ་གྱི་བཟླས་པ་བྱ་བར་འདོད་ན།] མགོན་པོ་ལྕམ་དྲལ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་ལ་སོགས་པའི་མཐར་རང་རང་གི་སྲོག་སྔགས་རིགས་ཀྱི་ཁ་དོག་ཅན་གྱིས་བསྐོར་བ། བདག་བསྐྱེད་ཀྱི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་ཕོག་པས་ཐུགས་ཀྱི་རྒྱུད་རབ་ཏུ་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་[མོས་ལ།] ཨོཾ་བཛྲ་ཧེ་རུ་ཀ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ཧེ་རུ་ཀ་ཏྭེ་ནོ་པ་ཏིཥྠ། དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། སརྦ་སིངྔྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲི་ཡཾཿཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿབྷ་ག་ན་སརྦ་ཏ་ཐཱ་ག་ཏ། ཧེ་རུ་ཀ་མཱ་མེ་མུཉྩ། ཧེ་རུ་ཀོ་བྷ་ཝ་མཧཱ་ས་མ་
སཏྭ་ཨཱཿཧཱུྃ་ཕཊ༔ [ཅེས་ཧེ་རུ་ཀའི་ཡིག་བརྒྱ་དང་གོང་ནོན་གྱི་བཟླས་པ་སྔོན་དུ་འགྲོ་བས།] ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་དྷ་ཧཱུྃ་ཕ་ཊ༔ [ཅེས་ལེགས་ལྡན་ཚོགས་བདག་གོ །]ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ། [ཕྱག་བཞི་པ་ཡབ་ཡུམ་སྦྲེལ་མའོ། །]ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། [མ་ནིང་ངོ་། །]ཨོཾ་མ་མ་ཨེ་ཀ་ཛཱ་ཊི་ཏྲ་ཀ་རཀྴ་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། [སྔགས་སྲུང་ངོ་། །]ཨོཾ་མ་ཧཱ་དེ་ཝ་ཧྲིཾ་ཧ་ར་ནི་ས་པཱ་ཤཾ་ཀུ་རུ་ཧོཿ [ལྷ་ཆེན་ནོ། །]ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ [ཤན་དམར་རོ། །]ཧྲཱིཿཤག་རུ་རག་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛ་ཛཿ [གཟའ་བདུད་དོ། །]ཨོཾ་བཻ་ཤྲ་མ་ཎ་ཡེ་སྭཱ་ཧཱ། [རྣམ་སྲས་སོ། །]ཨོཾ་བཛྲ་ས་ངྷུ་ས་མ་ཡ་བྷ་ག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་ས་ངྷུ་ཏྲི་ཛཿཧཱུྃ་བཾ་ཧོཿ [རྡོར་ལེགས་སོ། །]ཨོཾ་མ་ཧཱ་ཀ་ལ་ཡ་ཤཱ་ས་ན། ཨུ་པ་ཧ་རི་ཎེ། ཨེ་ཥ་ཨ་པཤྩི་མ་ཀཱ་ལོ་ཨ་ཡཾ་ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀཱ་རི་ནཾ། ཡ་དི་པྲ་ཏི་ཛྙཱ་སྨ་ར་སི་ཏ་དཱ། ཨི་དཾ་དུཥྚཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དི་ན་མེ་ཀེ་ན་ཧཱུྃ་ཕཊ། [ཞེས་གཙོ་འཁོར་ཐུན་མོང་སྟེ། ཇི་ཙམ་ནུས་པ་བཟླས་པའི་མཐར།] ཨོཾ་ཤྲཱི་བཛྲ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། [ནས།] ཤཔྡའི་པྲ་ཏཱིཙྪ་
སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཁཱ་ཧི། [ཞེས་མཆོད།] ཧཱུྃ། དྲག་པོ་སྐུ་ལྔ་རྒྱལ་བའི་བཀའ་སྡོད་མཆོག །ཡེ་ཤེས་ལྔ་ལྡན་རྒྱལ་བ་རིགས་ལྔའི་འཁོར། །ཕྲིན་ལས་བདུད་འདུལ་དགྲ་བགེགས་ཀུན་གྱི་གཤེད། །ལེགས་ལྡན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འབར་བའི་དཀྱིལ་འཁོར་གསན་ཅིང་དགོངས་སུ་གསོལ། །ཕྱི་ནང་གསང་བའི་མཆོད་པས་དགྱེས་པར་མཛོད། །དམ་ཚིག་འགལ་འཁྲུལ་ཉམས་ཆག་མཐོལ་ཞིང་བཤགས། །ཐུན་མོང་མཆོག་གི་དངོས་གྲུབ་སྩལ་དུ་གསོལ། [ཞེས་བསྟོད་ཅིང་འདོད་པའི་དོན་ལ་གསོལ་བ་གདབ་བོ། །དེ་ནས་བསྐང་རྫས་བྱིན་གྱིས་བརླབ་པ་ནི།] ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲཱུཾ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་བ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་གྱུར། ན་མཿསརྦ་ཏ་ཏཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་
སྭཱཧཱ། [ལན་གསུམ་དང་།] བཛྲ་སྥར་ཎ་ཁཾ། [ཞེས་པས་བྱིན་བརླབས་ཏེ་ཟད་མི་ཤེས་པར་སྤེལ་ལ། སྐོང་བ་རྣམས་སོ་སོའི་གཞུང་བཞིན་དུ་བྱ་ཞིང་། མཐར་བཤགས་པ་ནི།] ཧོཿ རང་བཞིན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེའི་དབང་གིས་འབར་བའི་སྐུར་བཞེངས་པ། །རྒྱལ་བའི་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ཅག་བླུན་རྨོངས་མ་རིག་འཁྲུལ་བའི་ཡིད། །ལས་དང་ཉོན་མོངས་བག་ཆགས་ཀྱིས་དཀྲུགས་པས། །ལྷ་ཁྱོད་བསྙེན་ཅིང་བསྒྲུབ་པར་དམ་བཅས་ཀྱང་། །སྐུ་ཡི་ཕྱག་རྒྱ་མ་གསལ་དོན་མ་རྟོགས། །སྔགས་ཀྱི་བཟླས་བརྗོད་མ་དག་ལྷག་ཆད་འཁྲུག །ཡིད་ཀྱི་ཏིང་འཛིན་བྱིང་རྒོད་རྟོག་པས་བསླད། །དམ་རྫས་མ་ཚང་རྟེན་རྫས་མ་ཚོགས་དང་། །རྒྱུ་ཆུང་ཕུད་ཉམས་འབག་བཙོག་དྲི་མས་གོས། །དུས་ཀྱི་མཆོད་གཏོར་འགྱངས་ཤིང་ཆག་པ་དང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་འབུམ། ༼ཚ༽བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག་པ་སོགས། །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རབ་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས། །མཐོལ་བཤགས་བཟོད་པ་དང་དུ་
བཞེས་ནས་ཀྱང་། །ཉམས་ཆག་སྒྲིབ་པའི་ཚོགས་རྣམས་ཀུན་བྱང་སྟེ། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །[ཞེས་དང་ཡི་གེ་བརྒྱ་པས་ཐུགས་དམ་མ་བསྐང་བ་རྣམས་བཤགས་པར་བྱའོ། །དེ་ནས་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་གསོལ་བ་ནི།] ཧཱུྃ། རྒྱལ་བའི་བསྟན་སྲུང་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་རྣམས་ལ། །ཕྲིན་ལས་རབ་འབྱམས་གསོལ་དང་བསྐུལ་བའི་ཕྱིར། །མཆོད་སྤྲིན་རྒྱ་མཚོ་བསྟབས་པས་དགྱེས་གྱུར་ཏེ། །ཀུན་བཟང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་པདྨ་འབྱུང་། །མཆོག་གི་ས་བརྙེས་རྡོ་རྗེའི་རིག་འཛིན་ཚོགས། །རིམ་པར་བྱོན་པའི་རྩ་བརྒྱུད་བླ་མ་ཡིས། །རྒྱུད་གསུམ་དམ་ཅན་དྲེགས་པའི་དཔུང་ཚོགས་རྣམས། །ཕྱི་ནང་གསང་བའི་འདོད་ཡོན་རྒྱ་མཚོས་མཆོད། །བསྙེན་ཅིང་བསྒྲུབས་ནས་དབང་བསྐུར་དམ་བཞག་པའི། །ཞལ་བཞེས་ཐུགས་དམ་གཡེལ་བར་མ་མཛད་པར། །སྲིད་ཞིའི་ཕུན་སུམ་ཚོགས་ཀུན་འབྱུང་བའི་གཞི། །རྒྱལ་བའི་བསྟན་པ་སྤྱི་དང་ཁྱད་པར་དུ། །གསང་ཆེན་རྡོ་རྗེ་སྙིང་པོའི་རིང་ལུགས་མཆོག །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་པར་མཛོད། །
ལུང་རྟོགས་ཆོས་ཚུལ་བཤད་སྒྲུབ་ལ་བསྟེན་ནས། །ལེགས་སྐྱོང་འགྲོ་བའི་མགོན་དང་བཤེས་གྱུར་པ། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་རབ་བསྲིངས་ཏེ། །མཛད་ཕྲིན་ནམ་མཁའི་ཕ་མཐར་བརྡལ་བར་མཛོད། །བསླབ་པ་གསུམ་གྱིས་ཐུགས་རྒྱུད་ལེགས་གཏམས་ཤིང་། །འཁོར་ལོ་གསུམ་གྱིས་དོན་གཉིས་རབ་བསྒྲུབས་ཏེ། །དཀོན་མཆོག་གསུམ་གྱི་ཕྲིན་ལས་གདུང་འཛིན་པའི། །དགེ་འདུན་སྡེ་རྣམས་དབྱར་མཚོ་ལྟར་འཕེལ་མཛོད། །ཆོས་སྐྱོང་རྒྱལ་པོའི་དབུ་འཕང་དགུང་དུ་བསྙེགས། །ཆོས་ལྡན་ཆབ་སྲིད་དར་རྒྱས་བརླིང་བ་དང་། །སྡིག་ལས་བཟློག་ཅིང་དགེ་ལ་གཞོལ་བ་ཡི། །བློ་གྲོས་ཡར་ཟླ་བཞིན་དུ་འཕེལ་བར་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུགས་རྩོད་སོགས། །མི་མཐུན་དུས་ཀྱི་རྒུད་པ་ཡོངས་ཞི་ནས། །སྣོད་བཅུད་ཕན་བདེའི་ལེགས་ཚོགས་རབ་འཕེལ་བས། །བདེ་སྐྱིད་རྫོགས་ལྡན་དཔལ་གྱིས་འཚོ་བར་མཛོད། །བསྟན་དང་འགྲོ་བའི་བདེ་སྐྱིད་འཇོམས་བྱེད་པ། །མི་དང་མི་མིན་ནག་ཕྱོགས་ཀླ་ཀློའི་དཔུང་། །མིང་རུས་རྡུལ་ཕྲན་ཙམ་ཡང་མ་མཆིས་པའི། །དྲག་པོའི་གར་གྱིས་ས་གསུམ་
གཡོ་བར་མཛོད། །ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །མངོན་མཐོ་ངེས་ལེགས་བར་གཅོད་ཕྱི་ནང་རྐྱེན། །ནད་གདོན་འཇིགས་བརྒྱད་རྨི་ལྟས་མཚན་ངན་སོགས། །མི་མཐུན་ཕྱོགས་ཀུན་དབྱིངས་སུ་ཞི་བར་མཛོད། །ཚེ་དང་བསོད་ནམས་དཔལ་འབྱོར་མངའ་ཐང་སྟོབས། །སྙན་གྲགས་ལོངས་སྤྱོད་བུ་སློབ་བརྒྱུད་འཛིན་དང་། །ཐོས་བསམ་སྒོམ་པ་ཉམས་རྟོགས་ཡོན་ཏན་སོགས། །ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛོད། །འཇིག་རྟེན་ཁམས་ཀྱི་ཕུན་ཚོགས་ཇི་སྙེད་དང་། །གཟུགས་ཅན་གཟུགས་མེད་ལྷ་འདྲེ་མི་ལ་སོགས། །ཚེ་བཙན་འགྲོ་བའི་རླུང་སེམས་སྣང་བ་ཀུན། །ཐོགས་པ་མེད་པར་དབང་དུ་བསྡུ་བར་མཛོད། །ཕ་རོལ་བྱད་མ་རྦོད་གཏོང་བསམ་སྦྱོར་ངན། །ལོག་པར་འཁུ་བའི་དམ་ཉམས་དགྲ་དང་བགེགས། །བདུད་སྡེའི་དཔུང་རྣམས་ཕྱིར་ཟློག་རང་གཤེད་ཕོབ། །ཚར་གཅོད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཁ་སྨྲས་གླེང་གཞི་དགྲ་ཇག་ཆོམ་རྐུན་དང་། །འབྱུང་བཞི་ཉམ་ངའི་གནོད་འཚེ་སྐྱོབ་པ་སོགས། །གཞི་བྱེས་ཉེ་རིང་འགྲོ་འདུག་ཐམས་ཅད་དུ། །མི་འབྲལ་ལུས་དང་གྲིབ་བཞིན་
སྐྱོང་བར་མཛོད། །རྩ་བརྒྱུད་བླ་མས་ཇི་ལྟར་བསྒོས་པ་དང་། །བདག་གིས་གསོལ་བའི་འདོད་དོན་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབས་ནས་དགྱེས་པའི་ཞལ། །སྤྲིན་བྲལ་ཟླ་བ་ལྟ་བུར་སྣང་བར་མཛོད། །སེམས་ཉིད་གདོད་མའི་བསྟན་སྲུང་རེ་དོགས་དྲིས། །བསླད་མིན་མཐའ་བྲལ་བདེ་ཆེན་མངོན་གྱུར་ནས། །ཕྲིན་ལས་རྣམ་བཞིས་འགྲོ་བའི་རེ་སྐོང་བའི། །དངོས་གྲུབ་རྒྱ་མཚོའི་དཔལ་གྱིས་འབྱོར་བར་མཛོད། ༈ །དཔལ་ལྡན་མགོན་པོ་ལྕམ་དྲལ་འཁོར་བཅས་པ། །མཐུན་པའི་རྫས་འདིར་རྟེན་བཅས་དགྱེས་བཞུགས་ནས། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་ཞི་མཐུན་རྐྱེན་བསམ་དོན་སྒྲུབས། །ཆོས་འཁོར་འདི་ཡི་བསྟན་པ་སྡེ་དང་བཅས། །ཁྱོད་ལ་གཏད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །མཐུ་རྩལ་ནུས་བསྐྱེད་འགལ་བྱེད་ཆོམ་ལ་ཕོབ། །འདོད་དོན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད། [ཅེས་ལས་ཀྱི་གཉེར་གཏད་པར་བྱའོ།། །།]
དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས།
[དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་ཕྲིན་ལས་ནི། སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] བདག་གི་ཐུགས་ཀའི་ཧཱུྃ་ལས་བཾ་འཕྲོས་ཏེ་མདུན་དུ་ཆད་པ་ལས། བཾ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ། ཀྟའི་རྒྱ་མཚོ་རྦ་རླབས་འཁྲུག་ཅིང་ཞིང་ཆེན་གྱི་ལང་ལོང་འཕྱོ་བའི་དབུས་སུ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་དུར་ཁྲོད་ཆེན་པོའི་གནས། མ་མོ་འདུ་བའི་གླིང་། དུག་ཤིང་ནགས་ཚལ་སྟུག་པོའི་ལྗོངས། མི་བཟད་པའི་སྤྲིན་གཏིབས་ཤིང་། དྲག་པོའི་གློག་འོད་འཁྱུག་པ། རྒྱོབ་སོད་ཀྱི་འབྲུག་སྒྲ་ཁོལ་ཞིང་། གནམ་ལྕགས་ཨུཏྨོ་དང་མཚོན་ཆའི་ཆར་འབེབས་པ། ཁྲག་གི་ཆུ་རྒྱུན་འབབ་ཅིང་ཚིལ་བུའི་འབྲུམ་ཆགས་པ། མི་རོ་གསར་རྙིང་སྣ་ཚོགས་གཅལ་དུ་བཀྲམ་ཞིང་རོ་ལངས་གར་རྩེ་བ། བྱ་ཤ་ཟན་སྣ་ཚོགས་འཕུར་ཞིང་ལྡིང་བ། གཅན་གཟན་གཏུམ་པོ་རྣམས་ངར་སྐད་སྒྲོག་པས་རྒྱུག་ཅིང་འདྲིལ་བ། རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་གནས་སུ་ཁྲག་དང་ཤ་ཆེན་རྐང་དང་ཚིལ་བུ་ཀླད་པ་དང་ལྷ་བ་རྣག་དང་ཆུ་སེར་རྣམས་ཀྱིས་གང་བའི་འོབས་རིམ་གྱིས་ཡོངས་སུ་བསྐོར་བའི་དབུས་སུ་ཐུགས་ཀའི་ཧཱུྃ་ལས་བྷྲཱུཾ་
འཕྲོས། བྷྲཱུཾ་བི་ཤྭ་བི་ཤུདྡྷེ་བཛྲ་ཛྙཱ་ནཎྜ་ལ་བྷྲཱུཾ། དེ་ཡོངས་སུ་གྱུར་པ་ལས་དུར་ཁྲོད་རོལ་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་རྨང་གཞི་ལྕགས་ལས་བྱས་པའི་སྟེང་དུ་ཤར་སྟག་གི་ཐོད་པ། ལྷོར་མིའི་ཐོད་པ། ནུབ་རྟའི་ཐོད་པ། བྱང་བྱའི་ཐོད་པས་རྩིག་པ། སྲིན་པོའི་ཐོད་པའི་ཁ་བད་ཅན། ཉི་ཟླ་གཟའ་སྐར་གྱི་འོད་འཕྲོ་བ། རྒྱུ་མའི་དྲྭ་ཕྱེད། ཀེང་རུས་ཀྱི་ཀ་གདུང་། རྐང་དང་རྩིབས་མའི་དྲལ་ཕྱམ། ཞིང་ལྤགས་ཀྱིས་ཐོག་ཕུབ་པའི་རྩེར་རྡོ་རྗེའི་ཏོག་གིས་མཚན་པ། སྒོ་བཞི་ལྕགས་ཀྱི་སྒོ་གླེགས་དང་རུས་པའི་རྟ་བབས་ཀྱིས་བརྒྱན་པ། མི་རོའི་རྒྱལ་མཚན། ཞིང་ཆུང་གི་འཕན་གདུགས། རོ་སྐྲའི་རྔ་ཡབ། གློ་སྙིང་གིས་འཕྱར་འཕྲུལ་སོགས་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་ནང་ཁྲག་ཞག་འཁྲུག་པའི་དབུས་སུ་ལྕགས་མཁར་ནག་པོ་གྲུ་གསུམ་ལྔ་སྒྲོམ་ཐོད་པའི་དྲྭ་བས་བསྐོར་བའི་གྲུ་གསུམ་དབུས་མའི་ནང་དུ་རྡོ་རྗེ་བྲག་ཆེན་གཏམས་པའི་གཞི་ལ། པདྨ་དང་ཉི་མའི་སྟེང་དུ་མི་རོ་དང་རྟ་རོ་ལ་གནས་པའི་ཧཱུྃ་ལས་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། སྥ་ར་ཎ་ཕཊ། དེ་ལས་འོད་ཟེར་འཕྲོས་པས་དགྲ་བགེགས་གདུག་པ་ཅན་
ཐམས་ཅད་ཚར་བཅས། སཾ་ཧ་ར་ཎ་ཧཱུྃ། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཨོཾ་བྷུརྐུར་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་མགོན་པོ་ལེགས་ལྡན་ནག་པོ་ཆེན་པོ་རྡོ་རྗེ་སྲིན་པོའི་གཟུགས་ཅན། སྐུ་མདོག་མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཞལ་གདངས་ཤིང་མཆེ་བ་གཙིགས་པའི་གྲྭ་ནས་ཁྲག་འཛག་པ། ལྗགས་འདྲིལ་ཞིང་དྲག་པོའི་རྐན་སྒྲ་རྡེབ་པ། ཁྲོ་གཉེར་བསྡུས་པའི་ཤངས་ནས་འཐོར་བྱེད་ཀྱི་རླུང་སྒྲ་འབྱིན་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་ལྡོག་པ། དབུ་སྐྲ་དང་སྨ་ར་སྨིན་མ་ཁམ་ནག་གྱེན་དུ་འབར་བ་ལས་སྐར་ཆེན་གྱི་འོད་འཕྲོ་བ། ཕྱག་གཡས་འབར་བའི་གྲི་གུག་དང་གཡོན་གདུག་པ་ཅན་གྱི་ཁྲག་གིས་གང་བའི་ཐོད་པ་ཐུགས་ཁར་སྟེང་འོག་ཏུ་འཛིན་པ། མཆན་གཡས་སུ་ཙནྡན་གྱི་བིང་ཆེན་གཟིར་བའི་བིང་སྟོད་ནས་ལྷ་དམག་འབུམ་དང་། བིང་སྨད་ནས་བདུད་དམག་ཉི་ཁྲི་ཆིག་སྟོང་འགྱེད་པ། སྐུ་ལ་དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་གསེར་སྐེད་ནོར་བུའི་མིག་
ཚངས་ཅན་བཅིངས་པ། ཐོད་པ་སྐམ་པོ་ལྔ་རིགས་ལྔའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུ་དང་རྡོ་རྗེའི་དོ་ཤལ་འཕྱང་བ། ཡན་ལག་སྦྲུལ་གྱིས་དཀྲིས་ཤིང་མི་ལྤགས་ཀྱི་སྟོད་གཡོགས་སོགས་དུར་ཁྲོད་འཇིགས་པའི་ཆས་ཅན། སག་ཏྭིའི་ལྷམ་ཡུ་རིང་གསོལ་ནས་གཡོན་བརྐྱང་བའི་སྟབས་ཀྱིས་འགྱིང་ཞིང་བརྗིད་པས་དགྲ་བགེགས་རྣམས་བརྫིས་པ། གཏུམ་ཞིང་མི་བསྲུན་པའི་ཉམས་ཅན། སྤྱི་བོར་བྱ་ཁྱུང་ནག་པོ་འཕུར་ཞིང་ལྡིང་བ། སྟ་ཟུར་གཉིས་ལ་སེང་གེ་རལ་པ་སྤྲུག་པ། རྩིབས་ལོགས་ལ་འཕར་དྲེད་འཁྱུགས་པ། ཞབས་ལས་སྟག་འཕྲོ་བ། ཡེ་ཤེས་ཀྱི་མེ་ཕུང་འབར་བའི་ཀློང་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་བདག་ཉིད་ཅན་དུ་བཞུགས་པའོ། །རཀྴ་ཀྲོ་དྷཱི་ཤྭ་རཱི་རཀྨོ་ཧཱུྃ། གཡོན་དུ་ཉི་མ་དང་རོའི་གདན་ལ་ཡུམ་ཀྲོ་དྷཱི་ཤྭ་རཱི་མ་སྐུ་མདོག་སྔོན་མོ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། རལ་པ་མཐུར་དུ་གཏིབས་པའི་གསེབ་ནས་མེ་སྟག་འཕྲོ་བ། ཞིང་གི་ལྤགས་པས་སྟོད་གཡོགས་ཤིང་ཉི་ཟླ་གཟའ་སྐར་དང་འཇའ་འོད་འཁྲུག་པ།
སྟག་ལྤགས་དང་རེ་ལྡེའི་སྨད་དཀྲིས་ཅན། སྦྲུལ་ནག་གི་འཕྱང་འཕྲུལ་དང་ཆུ་སྲིན་གྱི་ཐོད་པས་བརྒྱན་པ། གཡས་སྦྲུལ་ཞགས་དང་། གཡོན་ཐོད་སྐྱོགས་རུས་བཅུད་རྐང་ཀླད་དང་འབྲུ་མར་ཁྲག་ཆང་གིས་གང་བ་རོལ་ཞིང་སྟོབ་པ། གཡས་སུ་ལས་ཀྱི་མགོན་པོ་མདོག་ནག་ཅིང་མི་སྡུག་པའི་གཟུགས་ཅན། སྐྲ་ཁམ་པ་གྱེན་དུ་བརྗེས་པ། གཡསགྲི་གུག་དང་གཡོན་ཐོད་ཁྲག་ཐོགས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཀའ་ནོད་པའི་ཚུལ་གྱིས་གནས་པའོ། །ཕྱོགས་བཞིའི་ཤར་གྱི་ལྕགས་མཁར་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་གནས་པའི་ཧཱུྃ་མཐིང་ག་ལས། ཀྲོ་དྷ་ཛྭ་ལ་ས་མ་ཡ། ཁྲོ་ཆེན་བཛྲ་ཀིངྐ་ར་སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་མཚོན་ཆའི་འཁོར་ལོ་བསྐོར་ཞིང་དམིགས་པའི་མགོ་ལུས་འདྲལ་བ། གཡོན་ཐོད་པ་དགྲ་བོའི་སྙིང་ཁྲག་གིས་གང་བ་ཞལ་དུ་གསོལ་བ། མི་ལྤགས་ཀྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་སྨད་དཀྲིས་ཅན། སྦྲུལ་དང་ཐོད་པས་བརྒྱན་པ། གྲི་ཐོགས་གིང་ཆེན་བཅུ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ལྷོའི་
ལྕགས་མཁར་དུ་དགྲ་བགེགས་ཀྱི་གདན་ལ་ཡ་དམར་ནག་ལས། ཡཀྴ་ཛྭ་ལ་ས་མ་ཡ། གནོད་སྦྱིན་ཟངས་མདོག་དམར་ནག་ཁ་གདངས་ཤིང་རྐན་སྒྲ་རྡེབ་པ། སྡང་མིག་གིས་དགྲ་དཔུང་སྲེག་ཅིང་རལ་པ་དམར་པོ་སྤྲིན་ལྟར་གཏིབས་པ། གཡས་གསེར་གྱི་སྤུ་གྲི་འཕྱར་ཞིང་གཡོན་བསེ་གདུང་འཛིན་པ། ཡུམ་བསེ་གདོང་ཟངས་མགྲིན་ཅན་དམར་ནག་འཇའ་ཚོན་གྱི་གོས་ཅན་བྱད་ཐག་དང་ནད་རྐྱལ་ཐོགས་པ། བསེའི་གྱད་ཆེན་བཞི། བསེ་མོ་བཞི། མི་དམར་ཤན་པ་བཞི་བཅུ་རྩ་གཉིས་སོགས་ལས་བྱེད་དྲེགས་པའི་ཚོགས་ཀྱིས་བསྐོར་བ། ནུབ་ཀྱི་ལྕགས་མཁར་དུ་པད་ཉི་དགྲ་བགེགས་ཀྱི་གདན་ཛཿདམར་ནག་ལས། རཀྴ་ཛྭ་ལ་ས་མ་ཡ། གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་གཏུམ་རྔམས་འཁྲུགས་པའི་ཉམས་ཅན། གཡས་གྲི་གུག་འཕྱར་བའི་རྩེ་ལས་སྐྱིན་ཐང་གི་འཁོར་ལོ་བསྐོར་ཞིང་གཡོན་ཐོད་ཕྲག་རྔུབ་ཅིང་ཆུ་སྲིན་གྱི་ཞགས་པར་འཕེན་པ། སྐུ་སྨད་སྦྲུལ་དུ་འཁྱིལ་ཞིང་། ཞིང་གི་གཡང་གཞི་དང་ཐོད་སྦྲུལ་གྱི་ཕྲེང་བ་སོགས་འཇིགས་པའི་ཆས་ཀྱིས་བརྒྱན་པ། སྲིད་
མོ་གདོང་མོ་བཞི། གཟའ་ཆེན་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས་སྲིད་གསུམ་དྲེགས་པའི་ཚོགས་ཀྱིས་བསྐོར་བ། བྱང་གི་ལྕགས་མཁར་དུ་མ་མཐིང་ནག་ལས། ཙིཏྟ་ཛྭ་ལ་ས་མ་ཡ། འདོད་ཁམས་བདག་མོ་རེ་མ་ཏཱི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་ཉམས་ཅན། ཞལ་གདམས་ཤིང་མཆེ་བ་གཙིགས་པའི་བ་ར་དུ་མི་རོ་རེངས་པོ་གསོལ་བ། དྲག་པོའི་རྐན་སྒྲ་རྡེབ་ཅིང་ཤངས་ནས་ནད་ཀྱི་ན་བུན་འཐུལ་བ། ལྟེ་བ་ནས་ཉི་མ་འཆར་ཞིང་སྤྱི་བོར་ཟླ་བ་ཚེས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་གྱི་དོ་ཤལ་ཅན། སྙན་གཡས་ལ་སེང་གེ་དང་གཡོན་པ་སྦྲུལ་དང་དྲིལ་བུས་བརྒྱན་པ། གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་ནད་རྐྱལ་དགྲ་ལ་འགྱེད་པ། མི་ལྤགས་ཀྱི་སྟོད་གཡོགས་དང་རེ་ལྡེའི་སྨད་དཀྲིས་སྦྲུལ་གྱི་སྐེ་རགས་ཅན་དྲེལ་རྟ་རྐང་གསུམ་སྲིན་པོའི་ཐོད་པའི་སྒ་དང་སྦྲུལ་གྱི་གོང་སྨེད་ཅན་ལ་ཆིབས་ནས་རཀྟའི་རྒྱ་མཚོར་རོལ་པ། ནད་ཀྱི་རྐྱལ་པ། ཚོན་གྱི་དྲུ་གུ། ཤོ་རྡེའུ་དཀར་ནག །བདུད་ཀྱི་ཁྲམ་བམ་སྟེ་སྤྲུལ་པའི་མཚོན་ཆ་ལྔ་འཆང་བ། ནག་མོ་འབུམ་སྡེའི་འཁོར་དང་བཅས་ཏེ་རླུང་ནག་འཚུབས་མའི་དབུས་ན་བཞུགས་པའོ། །
དེའི་ཕྱི་རོལ་གྱི་བཙོན་ཁང་བཅུ་དྲུག་ལ་ཀོོ་རཱི་མ་སོགས་མ་མོ་ཆེན་མོ་བརྒྱད་དང་། སིཾ་ཧ་ལ་སོགས་ཕྲ་མེན་མ་བརྒྱད། ཁྱམས་ཀྱི་ཁོར་ཡུག་ལ་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། གྲྭ་བཞིར་སྐེམ་མ་སོགས་གྲུ་འདེགས་མ་བཞི། སྒོ་བཞིར་བརྩོན་མོ་སོགས་སྒོ་སྲུང་བཞི། གཞན་ཡང་སླས་དང་བྱི་མོ་བྲན་མོ་རུ་འདྲེན་གྱི་ཕོ་ཉ་སོགས་ཅི་བགྱིའི་བཀའ་ཉན་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཕྱིའི་འོབས་མཁར་རྣམས་ན་འབུ་དང་འབུ་ཆེན་སྦྲང་མ་དང་སྦྲ་རྒོད་བུང་བ་དང་དུག་སྦྲུལ་སྡོམ་དང་སྡེག་བ་ལ་སོགས་པས་དགྲ་བོའི་ཤ་རུས་གཡེང་ཞིང་རོལ་པ། ཀང་ཀ་རུ་རྩེ་འུག་པ་དང་ཁྲ་རྒོད་ཁྭ་ཏ་སོགས་བྱ་ཟན་མང་པོ་འཕུར་ཞིང་ལྡིང་བས་ནམ་མཁའ་གང་བ། ལྕེ་སྤྱང་དང་སེང་གེ་སྟག་གཟིག་དོམ་དྲེད་འཕར་པ་ལ་སོགས་པ་གདུག་པའི་གཅན་གཟན་སྣ་ཚོགས་ངར་སྐད་དང་བཅས་པས་ཤ་ཟ་ཞིང་ལང་ལོང་དུ་འཕྱོ་བས་ས་གཞི་ཁྱབ་པ། གཞན་ཡང་སྤྲུལ་པ་དང་ཡང་སྤྲུལ་ཕོ་ཉ་ལས་བྱེད་སྡེ་བརྒྱད་དྲེགས་པ་དམག་ཚོགས་བསམ་གྱིས་མི་ཁྱབ་པའི་ཚོགས་ཐམས་ཅད་ཀྱང་ཕྲིན་ལས་འདོད་རྒུར་བསྒྱུར་ཞིང་སྒྲུབ་པ་པོའི་རེ་བ་སྐོང་བས་ནམ་མཁའ་བར་སྣང་
ས་གཞི་ཐམས་ཅད་ཡོངས་སུ་གང་བར་[བསམ། སྤྱན་འདྲེན་པ་ནི།] གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། དུར་ཁྲོད་ཆེན་པོ་བརྒྱད་སོགས་རང་བཞིན་གྱི་གནས་ནས་དཔལ་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོ་འཁོར་དང་བཅས་པ་ཐམས་ཅད་མདུན་གྱི་ནམ་མཁར་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་[བསམ་ལ། ལག་པའི་མཁྲིག་མ་བསྣོལ་ལ་མཐེའུ་ཆུང་གཉིས་སྦྲེལ་མཛུབ་མོ་ལྕགས་ཀྱུ་ལྟར་བྱས་ལ།] ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ་ཕཊ། ཨོཾ་བྷུར་ཀུར་མ་ཧཱ་ཀཱ་ལ་ཡ་ས་མ་ཡ་ཧྲིཾ་ཧྲིཾ་ཨཾ་ཀུ་ཤ་ཛ་ཛཿ [ཞེས་བརྗོད་ཅིང་རྐང་གླིང་གིས་དྲངས་པའི་རོལ་མོ་དང་། ཧ་སྟིའི་གཡབ་དར། སྦྱར་སྤོས་ཀྱི་དུད་སྤྲིན་དབྱངས་ཀྱི་འབྱུང་བ་དང་བཅས་པས།] ཧཱུྃ། ལང་ཀ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་དམར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་ན། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་
བསྐོར་བའི་ཚེ། །མིང་གིས་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་དྷི་ཤྭ་རཱི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིན། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟྭཾ། ཨ་ཀཪྵ་ཡ་ཧཱུྃ་ཛཿ ཨེ་ཨཱ་ར་ལླཱི་ཧྲིཾ་ཧྲིཾ་ཛཿཛཿ [ཞེས་པས་སྤྱན་དྲངས། བཞུགས་སུ་གསོལ།] ཧཱུྃ། རྡོ་རྗེ་བྲག་ཆེན་གཏམས་པ་དང་། །ཉི་ཟླ་པདྨ་རིན་ཆེན་ཁྲི། །བམ་ཆེན་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་བཅས་བཞུགས་སུ་གསོལ། །ཧཱུྃ། བཀའ་དང་བསྟན་པ་བསྲུང་བར་ཞལ་བཞེས་པའི། །བདུད་འདུལ་དབང་ཕྱུག་མ་ཧཱ་ཀཱ་ལའི་ཚོགས། །སྲིན་ཡུལ་ལངྐ་པུ་རི་ཡི། །གྲོང་ཁྱེར་གཏན་ནས་བརླག་མཛད་ཅིང་། །ལྷ་མ་ཡིན་གྱི་བུ་མོ་ནི། །གློག་སྤྲིན་འདུལ་བར་ཞལ་བཞེས་པའི། །ལྷ་ཆེན་མགོན་
པོ་ནག་པོ་ཁྱོད། །སྤྱན་འདྲེན་འདིར་སྤྱོན་བརྟན་པར་བཞུགས། །རྡོ་རྗེ་སྲིན་པོའི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་མ་གཡེལ་བར། །གསང་བ་མཆོག་གི་དཀྱིལ་འཁོར་འདིར། །ཕྲིན་ལས་མཛད་ཕྱིར་བཞུགས་སུ་གསོལ། །ཨོཾ་བྷུ་ར་ཀུ་ར་མ་ཧཱ་ཀཱ་ལ་པདྨ་ཀྲོ་ངྷཱི་ཤྭ་རཱི་ནག་མོ་ཏིང་ལཾ་ས་མ་ཡ་སྟྭཾ་ཏིཥྛ་བཛྲ། [ཞེས་བཞུགས་སུ་གསོལ། དམ་ལ་བཞག་པ་ནི། དམ་ཚིག་གི་རྒྱ་བཅིང་སྟེ་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ལྗགས་ལ་བྱིན་པར་མོས་ལ།] ཨོཾ་རུ་ལུ་རུ་ལུ་བྷྱོ་ཧཱུྃ་ཕཊ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ལེགས་ལྡན་ཚོགས་ཀྱི་བདག་པོ་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས། ཀུན་བཟང་རྡོ་རྗེ་འཆང་ཆེན། རྒྱལ་ཚབ་སྟོན་པ་རིགས་ལྔ། གསང་བདག་ཕྱག་ན་རྡོ་རྗེ། སྐལ་ལྡན་རྒྱལ་པོ་ཛཿ སློབ་དཔོན་སྠི་ར་མ་ཏི། མདོ་མཁན་དྷརྨ་བོ་དྷི། བལ་པོ་བ་སུ་དྷ་ར། གནུབས་ཆེན་སངས་རྒྱས་ཡེ་ཤེས། གནུབས་ཡོན་ཏན་རྒྱ་མཚོ། ཉང་ཤེས་རབ་མཆོག །ཉང་ཡེ་ཤེས་འབྱུང་གནས། བདེ་གཤེགས་ཟུར་མེས་དབོན་གསུམ་ནས་ཉེ་བར་བཟུང་སྟེ་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་
དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྡོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་གྱི་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་འཕྲིན་ལས་མཛོད་ཅིག །[ཅེས་དམ་ཚིག་གི་གཉེར་གཏད་ཅིང་། སླར་ཡང་།] ཧཱུྃ། སྔོན་ཚེ་དཔལ་ཆེན་ཁྲོ་བོའི་རྒྱལ། །བདུད་འདུལ་རྡོ་རྗེ་སྲིན་པོ་ཡིས། །དྲེགས་པ་བཅོམ་ནས་སྒྲིབ་པ་སྦྱངས། །དབང་བསྐུར་མིང་བཏགས་སྲོག་སྙིང་ཕུལ། །ཆོ་འབྲང་ཀུན་ལ་དམ་ཚིག་སྦྱིན། །བསྟན་པ་ཡོངས་སུ་བསྲུང་བར་བྱས། །ཕྱི་ཡི་མཚན་ནས་བོས་པའི་ཚེ། །དཔལ་མགོན་ལེགས་ལྡན་ནག་པོ་ཆེ། །ནང་གི་མཚན་ནས་བོས་པའི་ཚེ། །བདུད་འདུལ་དུར་ཁྲོད་སྒྲོལ་བའི་གིང་། །གསང་བའི་མཚན་ནས་བོས་པའི་ཚེ། །[
སྒྲོལ་བྱེད་རྡོ་རྗེ་དྲག་པོ་རྩལ། །མནའ་བོར་ཁས་བླངས་མ་གཡེལ་བར། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མཛོད། །སྐུ་གསུང་ཐུགས་སུ་བདག་སྦྱར་བའི། །ཕོ་བྲང་དཀྱིལ་འཁོར་མངའ་བདག་འདིར། །དཔལ་མགོན་དྲེགས་པའི་ཚོགས་རྣམས་ཀུན། །རྟག་ཏུ་དམ་ཚིག་ཚུལ་བཞིན་གྱིས། །ཨོཾ་ཨཱཿཧཱུྃ། ཨོཾ་བཛྲ་ཨ་མྲྀ་ཏ་ཡ་ཧི་སརྦ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ། ས་མ་ཡ་ཧོ། ས་མ་ཡ་སྟྭཾ། [ཞེས་དམ་ཚིག་གསོལ་བཏབ་ལ་བདུད་རྩི་འཐོར་ཞིང་བདག་གིས་ཀྱང་མྱང་། ཕྱག་འཚལ་བ་ནི།] ཧཱུྃ། ལྷ་མིན་དམག་ཚོགས་གཡུལ་བཟློག་ཅིང་། །ལྷ་དམག་དཀར་པོའི་དབུགས་འབྱིན་པའི། །ལེགས་ལྡན་ནག་པོ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བསོད་ནམས་གཟི་བརྗིད་འཕགས་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཚོགས་ཆེནརྫོགས་ལ་ཕྱག༴ སྤྱོད་པ་རླབས་ཆེན་འཕགས་ལ༴ དྲག་ཤུལ་མཐུ་ཆེན་ལྡན་ལ༴ ཕ་རོལ་ཕྱིན་བཅུ་མངའ་ལ༴ སྒྲིབ་པ་རྣམ་གཉིས་དག་ལ༴ བདག་མེད་གཉིས་རྟོགས་ཁྱོད་ལ༴ སྟོན་པའི་ལུང་བསྟན་ཐོབ་ལ༴ སྔོན་གྱི་རྒྱལ་བ་རྣམས་དང་དགོངས་པ་གཅིག །རིག་འཛིན་གྲུབ་ཐོབ་རྣམས་དང་བྱིན་རླབས་གཅིག །མ་མོ་མཁའ་འགྲོ་
རྣམས་དང་དམ་ཚིག་གཅིག །ལྷ་སྲིན་སྡེ་བརྒྱད་རྣམས་དང་མཐུ་རྩལ་གཅིག །སྔོན་གྱི་དྲང་སྲོང་རྣམས་དང་སྨོན་ལམ་གཅིག །ཚོགས་བདག་ཁྱོད་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ [ཞེས་ཕྱག་བྱའོ། །མཆོད་པ་འབུལ་བ་ལ། སྤྱི་དང་ཁྱད་པར་གཉིས་ལས། དང་པོ་ནི།] སྟོང་གསུམ་འདིའམ་སྟོང་གསུམ་གཞན་དག་ན། །མེ་ཏོག་ཕྲེང་བ་ལ་སོགས་རིན་ཆེན་དབྱིག །ལ་དུ་ལ་ཕུག་ལ་སོགས་ཡིད་བཞིན་ཟས། །ཐང་སྐྱེས་ཆུ་སྐྱེས་ལ་སོགས་ལོངས་སྤྱོད་རྐྱེན། །འཆི་མེད་བདུད་རྩི་ལ་སོགས་དམ་ཚིག་ཆུ། །གུ་གུལ་ཚིལ་ཆེན་ལ་སོགས་བདུག་པའི་སྤྲིན། །ཞུན་ཆེན་མར་མེ་ལ་སོགས་སྣང་གསལ་མཆོག །བཤོས་གཙང་བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་པའི། །རིམ་གསུམ་མཆོད་པས་ཚོགས་བདག་མཉེས་གྱུར་ཅིག །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་བཛྲ་པུཥྤེ་དྷུ་པེ་ཨ་ལོ་ཀེ་གནྡྷེ་ནཻ་ཝི་དྱ་ཤཔྡ་པཱུ་ཛ་ཧོཿ བཛྲ་རཱུ་པ་ཤཔྡ་གནྡྷེ་ར་ས་སྤཪྴེ་པཱུ་ཨཱཿཧཱུྃ། [ཞེས་མཆོད། གཉིས་པ་ཁྱད་པར་གྱི་མཆོད་པ་ལ་བཞི་ལས། བདུད་རྩིའི་མཆོད་པ་ནི།] ཧཱུྃ། ལྕང་ལོ་ཅན་གྱི་མ་ཧཱ་བྷཉྫ་རུ། །བྱང་ཆུབ་སེམས་དང་མ་ཧཱ་རཀྟ་དང་། །དྲི་ཆེན་དྲི་ཆུ་ཤ་ཆེན་རྣམ་པ་ལྔ། །གཉིས་མེད་སྦྱར་བའི་
པཉྩ་ཨ་མྲྀ་ཏ། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མཆོད་བཞེས་དམ་སྐོང་དབང་དང་དངོས་གྲུབ་སྩོལ། །མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་དང་། གཞན་ཡང་།] ལུང་དང་མན་ངག་ཤེས་རྒྱུད་གབ་སྤས་པའི། །ངེས་པའི་ལུང་སྟོན་དུས་གསུམ་བླ་མ་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྷ་ཚོགས་ལ། །རྣམ་དག་བདུད་རྩིའི་དམ་རྫས་མཉེས་མཆོད་འབུལ། །ཐུགས་རྗེས་བརྩེར་དགོངས་དབང་དང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། ཚོགས་རྗེ་ཚོགས་བདག་དཔལ་ལྡན་ཧེ་རུ་ཀ །འབར་བའི་རྒྱལ་པོ་ཁྲག་འཐུང་ལྷ་ཚོགས་ལ། །རྣམ་དག་བདུད་རྩིའི༴ ཐུགས་རྗེས་བརྩེར་དགོངས༴ སརྦ་པཉྩ༴ རྣལ་འབྱོར་བསྟན་པ་བསྲུང་བར་ཞལ་བཞེས་པའི། །དཔལ་ལྡན་མགོན་པོ་ཡབ་ཡུམ་འཁོར་བཅས་ལ། །རྣམ་དག༴ ཐུགས་རྗེས༴ སརྦ༴ གིང་དང་གནོད་སྦྱིན་སྲིན་པོ་མ་མོ་དང་། །བཀའ་སྡོད་ལས་བྱེད་དྲེགས་པའི་ཚོགས་རྣམས་ལ། །རྣམ་དག༴ ཐུགས་རྗེས༴ སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། [ཞེས་མཐེབ་སྲིན་ཉི་ཟླའི་ག་འུས་ལྷ་སོ་སོར་རྐང་འཐོན་དུ་འབུལ། རཀྟའི་མཆོད་པ་ནི།] ཧཱུྃ། མ་ཧཱ་རཀྟ་དགྲ་བགེགས་བསྒྲལ་བའི་ཁྲག །མཱུ་ལ་རཀྟ་རང་བྱུང་པདྨའི་ཁྲག །ཆུ་དང་མ་འདྲེས་
དྭངས་མའི་ཁྲག་གི་མཚོ། །ཞིང་ཆེན་ཞིང་ཆུང་རྦ་ཀློང་འཁྲུགས་པ་འདི། །ནག་པོ་ཆེན་པོ་འཁོར་དང་བཅས་ལ་འབུལ། །མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [གཏོར་མའི་མཆོད་པ་ནི།] ཧཱུྃ། སྣོད་ཀྱི་འཇིག་རྟེན་ཡངས་པའི་གཏོར་གཞོང་དུ་། །བཅུད་ཀྱི་སེམས་ཅན་ཐམས་ཅད་གཏོར་མར་སྦྱར། །ལྕགས་ཀྱུ་ལྔ་དང་སྒྲོན་མའི་དམ་ཚིག་རྫས། །རིས་སུ་མ་ཆད་བཟའ་བཏུང་ལོངས་སྤྱོད་ཚོགས། །ལེགས་ལྡན་ནག་པོ་འཁོར་དང་བཅས་ལ་འབུལ། །དམ་ཚིག་བཞིན་དུ་བཞེས་ནས་ཕྲིན་ལས་མཛོད། །མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི། [ཞེས་དང་། ཁྱད་པར་དུ། མགོན་པོ་ཡབ་ཡུམ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གཏོར་མ་བདུད་རྩིའི་བཅུད་དྲངས་ཤིང་གསོལ་བས་ཚིམས་ཤིང་དགྱེས་པར་བསམ་ལ། གཙོ་འཁོར་སོ་སོའི་སྔགས་ཀྱི་མཐར།] ཨི་དཾ་བ་ལིང་ཏ་གྲྀཧྣ་ཁ་ཁ་ཁཱ་ཧི་ཁཱ་ཧི་བྷུཉྫ་རཀྟ་པི་པ་ཏོ་ས་མ་ཡ་སྭཱཧཱ། [ཞེས་ལན་བདུན་གྱིས་ཕུལ་བའི་མཐར།] དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། ཡུམ་ཆེན་ཀྲོ་དྷཱི་
ཤྭ་རི། ཁྲོ་བོ་བཛྲ་ཀིངྐ་ར། གནོད་སྦྱིན་ཟངས་མདོག་རྒྱལ་པོ། སྲིན་པོ་གཟའ་བདུད་ཆེན་པོ། མ་མོ་འདོད་ཁམས་བདག་མོ། བཀའ་སྡོད་མ་མོ་མཁའ་འགྲོ། ཕོ་ཉ་ལས་བྱེད་ཤ་ཟ་བཤན་པ་སོགས་འདུས་པ་ཆེན་པོའི་རྣལ་འབྱོར་ཕོ་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ། ཁྱད་པར་གྱི་མཆོད་པ་ནི། གཏོར་མ་ལ་རཀྟ་བྲན་ཏེ།] རང་གི་ཐུགས་ཀ་ནས་ཚ་ཞིང་རྩུབ་པའི་འོད་ཟེར་འཕྲོས་པས་མགོན་པོ་འཁོར་བཅས་ཀྱི་རྒྱུད་བསྐུལ། སྤྲུལ་པའི་ཕོ་ཉ་རྣམས་ཀྱིས་ཞིང་བཅུར་གྱུར་པའི་དགྲ་བགེགས་ཐམས་ཅད་གཏོར་མ་ལ་བསྟིམ་པར་[བསམ་ལ། བདེན་སྟོབས་བརྗོད་དེ་དགུག་བསྟིམ་བྱ།] ཨོཾ་ཨཱཿཧཱུྃ་[གིས་ཤ་ཁྲག་འདོད་ཡོན་བདུད་རྩིའི་རང་བཞིན་དུ་སྤེལ་ལ།] ཧཱུྃ། རྣལ་འབྱོར་ཀུན་གྱི་དཔལ་མགོན་མཆོག །མ་ཧཱ་ཀཱ་ལ་མཐུ་རྩལ་ཅན། །དཀའ་ཐུབ་ནག་པོ་ཚུར་གསོན་ཅིག །ལེགས་ལྡན་ནག་པོ་མ་རུངས་པ། །ཤ་ཁྲག་དམར་གྱི་མཆོད་པ་བཞེས། །རང་གི་རྒྱལ་སྲིད་ལ་གནས་ཏེ། །གཞན་གྱི་སྡེ་རྣམས་ཕམ་མཛད་པ། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །རོལ་ཅིག་དགོངས་ཤིག་དམ་
ཚིག་གཙོ། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཧཱུྃ། མངའ་བདག་ཆེན་པོ་མ་རུངས་པ། །རྡོ་རྗེ་སེམས་དཔའི་སྤྲུལ་པ་སྟེ། །ཁྲོ་བོའི་རྒྱལ་པོ་གིང་ཆེན་པོ། །མངའ་བདག་བདུད་ཀྱི་རྒྱལ་པོ་བཞེངས། །བསྟོད་ཅིང་མཐུན་པའི་རྫས་འདི་འབུལ། །སྔོན་གྱི་བསྐལ་པ་དང་པོ་ལ། །ཁས་བླངས་དམ་བཅས་མནའ་བོར་བའི། །དམ་བཅའ་ཐ་ཚིག་མ་འདའ་ཞིག །སྔོན་དུ་རིག་འཛིན་གོང་མས་བསྒྲུབས། །ད་ལྟ་རྣལ་འབྱོར་བདག་སྒྲུབ་ཀྱིས། །སོ་སོའི་མོས་པ་ཐ་དད་པའི། །དམ་རྫས་མཆོད་པ་འདི་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་མ་ཧཱ་མཱཾ་ས་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་གོ་རོ་ཙ་ན་ཁཱ་ཧི། མ་ཧཱ་སུ་ཏ་ཁཱ་ཧི། མ་ཧཱ་ཙིཏྟ་ཁཱ་ཧི། མ་ཧཱ་ཨ་མྲྀ་ཏ་ཁཱ་ཧི། ཨི་དཾ་དྷུ་པེ། གནྡྷེ། ནཻ་ཝི་དྱ། བ་ལིཾ་ཏ་པི་པ་ཏོ་ཧོཿ [ཞེས་རྐང་ཐོན་དུ་མཆོད་པར་བྱའོ། །བསྟོད་པ་བྱ་བ་ནི།] ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་ཆེན་པོ་ནི། །དུར་ཁྲོད་བདག་པོ་སྒྲོལ་བའི་གིང་། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། །ཧཱུྃ། དུར་ཁྲོད་ཆེན་པོ་རབ་འཇིགས་པའི། །སྲིན་ཡུལ་པུ་རི་ནག་པོའི་དཀྱིལ། །ལང་ཀའི་ཡུལ་གྱི་གྲོང་བརྡལ་ན། །ཀོ་ཀ་
ཐར་དམར་རྒྱ་མཚོའི་དོ། །དབུས་ཀྱི་རི་བོ་མ་ལ་ཡ། །དྲག་ཤུལ་བྱན་ལག་ལྗོངས་ཀྱི་རི། །གནམ་ལྕགས་ཡོད་པའི་རྩེ་མོ་ནི། །ཆོས་འཛིན་རིགས་ཀྱི་སྒྲུབ་གནས་ཏེ། །རྡོ་རྗེ་ཐབས་ཀྱི་ལྟ་བའི་ཡུལ། །དུག་ཤིང་ནགས་ཚལ་སྟུག་པོའི་ཚལ། །གནམ་ལྕགས་ཨུཏྨོ་ཆར་བཞིན་འབབ། །གསུར་ཆེན་དུད་པ་སྤྲིན་ལྟར་གཏིབས། །རྣག་ཁྲག་ཆུ་སེར་མཚོ་རུ་བསྐྱིལ། །ཤ་རུས་ཕུང་པོ་རི་ལྟར་སྤུངས། །ལྕེ་སྤྱང་ལིང་དུ་རུབ་ཅིང་འདྲལ། །བྱ་གཅན་མང་པོ་འཕུར་ཞིང་ལྡིང་། །དུར་ཁྲོད་མཁའ་འགྲོ་འདུ་བའི་ཡུལ། །རབ་ཏུ་འཇིགས་པའི་གནས་མཆོག་ན། །དྲག་པོའི་སྐུ་མཁར་ལྡེམས་སེ་ལྡེམ། །ཤར་ཕྱོགས་བམ་རི་སྟག་ཐོད་མཁར། །སྟག་ཐོད་འཛུམ་མདངས་མུ་ལུ་ལུ། །ལྷོ་ཕྱོགས་བམ་རི་མི་ཐོད་བརྩིགས། །མི་ཐོད་སྤྱུགས་པ་ཙེ་རེ་རེ། །ནུབ་ཕྱོགས་བམ་རི་རྟ་ཐོད་བརྩིགས། །རྟ་ཐོད་འཚེར་སྒྲ་ལྷངས་སེ་ལྷང་། །བྱང་ཕྱོགས་བམ་རི་བྱ་ཐོད་བརྩིགས། །བྱ་ཐོད་ཚེག་སྒྲ་དི་རི་རི། །སྲིན་པོའི་ཐོད་པའི་ཁ་བད་ཅན། །ལས་ཀྱི་འོད་ཟེར་དཔལ་ཐོག་འཕྲོ། །ངོས་ལ་ང་རྒྱལ་གློག་དམར་འཁྱུག །རྩེ་ལ་དུར་བྱ་ནག་པོ་ལྡིང་། །རུ་མཚོན་ནག་པོ་པུ་རུ་རུ། །གནམ་
ལྕགས་འབར་བའི་སྒོ་མོ་གསལ། །འཇིགས་པའི་སྐུ་མཁར་ནང་ཤེད་ན། །རྟ་རོ་མང་པོ་གཅལ་དུ་བཀྲམ། །མི་རོ་མང་པོ་ཁྲི་རུ་བརྩིགས། །མི་རོ་རྟ་རོའི་གདན་སྟེང་ན། །ཧཱུྃ། མངའ་བདག་བདུད་ཀྱི་རྒྱལ་པོ་བཞུགས། །གསང་བདག་ཕྱག་ན་རྡོ་རྗེ་ཡིས། །ཕྲིན་ལས་དྲག་པོའི་དབང་བསྐུར་བས། །ཁྱད་པར་མཆོག་གི་སྐུ་བྱུང་བ། །ཚོགས་ཀྱི་བདག་པོ་མཐུ་བོ་ཆེ། །ཚོགས་བདག་མགོན་པོར་བཏགས་པ་ནི། །དྲེགས་པའི་གཙོ་བོ་མཛད་པའི་རྟགས། །བར་སྣང་ཁམས་ན་བཞུགས་པ་ནི། །རྡོ་རྗེ་གཤོག་པའི་སྟོབས་ལྡན་རྟགས། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །ལག་ཏུ་རྡོ་རྗེ་གཏད་པ་ནི། །སྔོན་བྱུང་དགེ་སློང་ཐུབ་དཀའ་དང་། །ཐུགས་རྗེའི་ཐབས་ཀྱིས་འབྲེལ་བའི་རྟགས། །མ་ཧཱ་ཀཱ་ལར་བཏགས་པ་ནི། །ཁས་བླངས་དོན་ལས་མི་འགྱུར་རྟགས། །ལེགས་ལྡན་ནག་པོར་བཏགས་པ་ནི། །རྣལ་འབྱོར་ཕོ་ཉ་མཛད་པའི་རྟགས། །མངགས་བྱེད་ཆེན་པོར་བཏགས་པ་ནི། །བཅོལ་བའི་ལས་རྣམས་མཛད་པའི་རྟགས། །ལངྐའི་ཡུལ་ན་བཞུགས་པ་ནི། །ལྷ་སྲིན་བྲན་དུ་ཁོལ་བའི་རྟགས། །མ་ལ་ཡ་རུ་བཞུགས་པ་ནི། །དྲག་ཤུལ་སྟོབས་དང་ལྡན་པའི་རྟགས། །ཐང་
དམར་རྒྱ་མཚོར་བཞུགས་པ་ནི། །ཀླུ་རྣམས་དབང་དུ་སྡུད་པའི་རྟགས། །བསྙེན་པའི་ཚུལ་གྱིས་བཀའ་སྡོད་པ། །གང་གསོལ་ལས་རྣམས་གཡེལ་མེད་རྟགས། །རྡོ་རྗེའི་བྲག་ལ་བཞུགས་པ་ནི། །འཁོར་བའི་སྐྱོན་གྱིས་མ་གོས་རྟགས། །མི་རོའི་གདན་ལ་བཞུགས་པ་ནི། །མ་ཚོགས་དབང་དུ་སྡུད་པའི་རྟགས། །མཐིང་ནག་བེར་ཆེན་གསོལ་བ་ནི། །རྣལ་འབྱོར་བུ་བཞིན་སྐྱོང་བའི་རྟགས། །རྡོ་རྗེའི་ཕྲེང་བས་བརྒྱན་པ་ནི། །ལས་བྱེད་རྡོ་རྗེར་དབང་བསྐུར་རྟགས། །ཙན་དན་དབྱུག་པ་བསྣམས་པ་ནི། །ཁམས་གསུམ་རྡུལ་དུ་རློག་པའི་རྟགས། །མཚོན་ཆ་གྲི་གུག་བསྣམས་པ་ནི། །སྡང་བྱེད་དགྲ་སྲོག་གཅོད་པའི་རྟགས། །ཐོད་རློན་དམར་ཆེན་བསྣམས་པ་ནི། །དམ་ཉམས་སྙིང་ཁྲག་འཐུང་བའི་རྟགས། །མཐིང་ནག་ཁྲོ་གཏུམ་རྔམས་པ་ནི། །མངོན་སྤྱོད་དྲག་པོའི་ལས་མཛད་རྟགས། །སྦྱོར་ཡུལ་སྐུ་ལ་འཁྲིལ་བ་ནི། །ཐབས་ཤེས་ཟུང་འཇུག་བརྙེས་པའི་རྟགས། །ཞབས་ལ་སྟག་མོ་འཁྱུག་པ་ནི། །གནོད་སྦྱིན་ལས་ལ་འགྱེད་པའི་རྟགས། །རྩིབས་ལོགས་འཕར་དྲེད་འཁྱུག་པ་ནི། །ཟ་བྱེད་ཕོ་ཉར་འགྱེད་པའི་རྟགས། །སྟ་ཟུར་སེང་ཆེན་རྔམས་པ་ནི། །གིང་
ཚོགས་ཕོ་ཉ་འགྱེད་པའི་རྟགས། །དབུ་ལ་ཁྱུང་གི་བརྒྱན་པ་ནི། །གཟའ་གདོང་ཕོ་ཉར་འགྱེད་པའི་རྟགས། །གདུག་པའི་རྒྱན་རྣམས་ལྡན་པ་ནི། །རྫུ་འཕྲུལ་དཔག་ཡས་ངོ་མཚར་རྟགས། །བདུད་འདུལ་དབང་ཕྱུག་ནག་པོ་ཆེ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རྩེ་གཅིག་སྒྲུབ་པའི་གྲོགས་མཛོད་ལ། །ཕ་ལྟར་སྐྱོབ་ཅིང་བུ་ལྟར་འགྲོགས། །མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་། །མ་གཡེལ་བཅོལ་བའི་ལས་མཛད་ཕྱིར། །མི་མངོན་དབྱིངས་ནས་སྐུ་བཞེངས་ལ། །གདུག་པའི་དགྲ་བགེགས་བསྒྲལ་བ་དང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོ། གཡོན་གྱི་ཕྱོགས་ནས་སྐུ་བྱུང་བ། །ཉེ་གནས་ཀྲོ་དྷཱི་ཤྭ་རི་མ། །གཏུམ་པའི་སྲིན་མོ་འཇིགས་ཚུལ་ཅན། །ཞལ་གཅིག་ཕྱག་གཉིས་ཐལ་བའི་མདོག །ཁྲག་རལ་དམར་པོ་མུན་ལྟར་གཏིབས། །རལ་པའི་གསེབ་ནས་མེ་སྟག་འཕྲོ། །སྐུ་སྟོད་ཞིང་ཆེན་གཡང་གཞི་གསོལ། །ཉི་ཟླ་གཟའ་སྐར་འཇའ་ཚོན་འཁྲུགས། །སྐུ་སྨད་སྟག་ལྤགས་རེ་ལྡེ་ལ། །སྦྲུལ་ནག་ཆུ་སྲིན་ཐོད་པས་བརྒྱན། །གཡས་པ་སྦྲུལ་ཞགས་ཡབ་ལ་འཁྱུད། །གཡོན་པ་ཐོད་སྐྱོགས་ཁྲག་གིས་བཀང་། །རུང་བཅུད་རྐང་མར་ཀླད་པ་ལ། །འབྲུ་ཆར་ཆང་དང་
སྦྱར་བ་དག །རྟག་པར་རང་གིས་ལོངས་སྤྱོད་ཅིང་། །ཡབ་ལ་སྟོབ་ཅིང་དགྲ་ལ་འཕེན། །འཇིགས་པའི་མ་མོ་ཁྱོད་ལ་བསྟོད། །སྔོན་གྱི་དམ་བཅའ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། ཧཱུྃ། ཤར་ཕྱོགས་ཐོད་མཁར་འཇིགས་པ་དང་། །ཁྲོ་བོའི་རྒྱལ་པོ་ཀིང་ཀ་ར། །སྐུ་མདོག་མཐིང་ནག་འཇིགས་ཚུལ་ཅན། །ཕྱག་གཡས་མཚོན་ཆའི་འཁོར་ལོ་བསྐོར། །གཡོན་པ་ཐོད་རློན་སྙིང་ཁྲག་འཐུང་། །གྲི་ཐོགས་གིང་ཆེན་འཁོར་གྱིས་བསྐོར། །གསང་བའི་བདག་པོས་དབང་བསྐུར་ནས། །རྡོ་རྗེ་ཆོས་ཞེས་མིང་བཏགས་པ། །མཐུ་སྟོབས་རྩལ་ལྡན་ཁྱོད་ལ་བསྟོད། །བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ལྷོ་ཕྱོགས་བསེ་སྡོང་ལྕགས་མཁར་ན། །ཡབ་གཅིག་གནོད་སྦྱིན་ཟངས་མདོག་ནི། །སྐུ་མདོག་དམར་ནག་བརྗིད་པ་ལ། །དབུ་ལ་རྒྱ་མདུད་འཁོར་ལོ་བརྩེགས། །རལ་པ་དམར་པོ་སྤྲིན་ལྟར་གཏིབས། །སྤྱན་དམར་དམ་ཉམས་དགྲ་ལ་ལྡོག །འཇིགས་པའི་ཞལ་ནི་བསྒྲད་པ་ལ། །མཆེ་བ་གནམ་ལྕགས་དགུ་ཁྲིས་གཏམས། །སྐུ་ལ་ཤུན་གྱི་གཡང་གཞི་གསོལ། །གཡས་པ་གསེར་
གྱི་རལ་གྲི་འཕྱར། །གཡོན་པ་བསེ་མདུང་དམར་པོ་བསྣམས། །བ་དན་དམར་པོ་གློག་ལྟར་འཁྱུག །འཇིགས་སུ་རུང་དང་དཔའ་བྱད་ཅན། །ཡུམ་ཆེན་བསེ་གདོང་ཟངས་མགྲིན་ཅན། །བཀའ་ཉན་གྱད་ཆེན་ལྷ་སྲིན་བརྒྱད། །བསེ་མོ་གིང་ཆེན་ལས་ལ་འགྱེད། །གཏུམ་ཆེན་དྲེགས་པའི་ཚོགས་ལ་བསྟོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཧཱུྃ། ནུབ་ཕྱོགས་དྲག་པོའི་ལྕགས་མཁར་ན། །ཁྱབ་འཇུག་ཆེན་པོ་ཀུན་ཏུ་རྒྱུ། །འཇིགས་བྱེད་ཆེན་པོ་རཱ་ཧུ་ལ། །ལུས་པོ་གཅིག་ལ་མགོ་བོ་དགུ། །མགོ་ལུས་མེད་པར་མིག་གིས་གང་། །རོ་སྟོད་སྲིན་པོ་རོ་སྨད་སྦྲུལ། །འཇིགས་པའི་སྐུ་མདོག་དུད་ཀ་ལ། །གཡས་པས་གྲི་གུག་དགྲ་སྲོག་གཅོད། །གཡོན་གྱི་ཞགས་པས་བླ་སྲོག་འཆིང་། །ཉི་མ་ཟླ་བ་ལྟོ་རུ་ཟ། །ཉི་མའི་རྗེས་གཅོད་ཤར་དུ་རྒྱུ། །ཟླ་བའི་རྗེས་གཅོད་ནུབ་ཏུ་རྒྱུ། །ཉིན་མོ་རྒྱུ་བས་བླ་སྲོག་སྡུད། །མཚན་མོ་རྒྱུ་ཞིང་སྲོག་དབུགས་གཅོད་དང་། །གཟའ་གདོང་སྲིན་པོའི་དམག་ཚོགས་འགྱེད། །དམག་དཔོན་ཆེན་པོ་ཁྱོད་ལ་བསྟོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །བྷྱོ། བྱང་ཕྱོགས་ཁྲག་མཚོ་མེར་བའི་ནང་། །དུག་རླངས་འཁྱིལ་བའི་བསེ་མཁར་
ན། མ་གཅིག་གཉན་གྱི་རེ་མ་ཏི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །ཁྲག་གི་རལ་པ་མུན་ལྟར་གཏིབས། །སྤྱི་བོའི་གཙུག་ན་ཟླ་བས་བརྒྱན། །ལྟེ་བའི་དབུས་ནས་ཉི་མ་འཆར། །སྲིད་པའི་བླ་རྐུ་ཚེ་སྲོག་འཕྲོག །སྙན་ཆ་སེང་སྦྲུལ་དྲིལ་བུས་བརྒྱན། །ཐམས་ཅད་ཟིལ་གནོན་གདུག་པ་འདུལ། །སྐུ་སྟོད་ཞིང་གི་གཡང་གཞི་ལ། །རུས་ཕྲེང་ཁྲག་དང་ཞག་གིས་བརྒྱན། །སྐུ་སྨད་རེ་ལྡེའི་ཤམ་ཐབས་ལ། །སྦྲུལ་དང་ཐོད་རློན་དྲིལ་བུ་བརྒྱན། །ཆིབས་སུ་དྲེལ་རྟ་རྐང་གསུམ་ཆིབས། །གཡས་ན་གཤིན་རྗེའི་ཁྲམ་བམ་འཕྱར། །གཡོན་ན་ནད་ཀྱི་རྐྱལ་པ་བསྣམས། །བཙན་གྱི་ཤྭ་རྡེལ་ཕྱོགས་བཅུར་འཕེན། །ནད་ཀྱི་རྐྱལ་པ་དགྲ་ལ་རྡེབ། །མ་ཚོགས་འབུམ་སྡེའི་འཁོར་གྱིས་བསྐོར། །འདོད་ཁམས་བདག་མོ་ཁྱོད་ལ་བསྟོད། །བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །གཞན་ཡང་མགོན་པོའི་བཀའ་འཁོར་ན། །བློན་པོ་དམག་དཔོན་སྡེ་དཔོན་དང་། །རུ་འདྲེན་ཕོ་ཉ་མངག་པར་བཅས། །ཅི་བགྱིའི་བཀའ་ཉན་ཐོ་ཉའི་ཚོགས། །སྤྲུལ་པ་ཡང་སྤྲུལ་འཁོར་དང་བཅས། །དམ་རྫས་མཆོད་པའི་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་
སྒྲུབ་པར་མཛོད། །[ཅེས་སོགས་ཀྱིས་རྒྱ་ཆེར་བསྟོད་དོ། །འདིར་བཟླས་པར་བྱ་བར་འདོད་ན་སྒྲུབ་ཐབས་ཀྱི་གཞུང་བཞིན་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་ཇི་ལྟར་རིགས་པ་བཟླས་པའི་མཐར་སླར་ཡང་མཆོད་ཅིང་བསྟོད་དེ་འདོད་དོན་གསོལ་ལོ། །དེ་ནས་ཚོགས་ཀྱི་མཆོད་པ་ནི། བདག་བསྐྱེད་གང་ལ་བརྟེན་པ་དེའི་གཞུང་བཞིན་དུ་བྱ་བའམ། ཡང་ན་ཚོགས་རྫས་རྣམས་བདུད་རྩི་ལྟར་བྱིན་གྱིས་བརླབས།] བླ་མེད་མཆོག་གི་མཆོད་པ་དམ་པ་ནི། [སོགས་ཀྱིས་ཕུད་དང་པོ་མཆོད། བར་པ་སྐོང་བཤགས་དང་འབྲེལ་བས་སྐོང་རྫས་བྱིན་གྱིས་བརླབས་ལ] ཧཱུྃ། བདག་ནི་རིག་འཛིན་སྒྲུབ་པ་པོ། །དམ་ལ་གནས་ཤིང་ལྷ་ལ་འཕྲེང་། །ཁྱོད་ནི་སྲུང་མ་མཐུ་རྩལ་ཅན། །སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ། །བསྟན་པ་བསྲུང་བར་ཞལ་བཞེས་པའི། །ཁྱེད་ཀྱི་དམ་བཅའ་གཉན་པོ་དེ། །ད་ལྟ་རྣལ་འབྱོར་བདག་བསྐུལ་ན། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །མ་ཧཱ་ཀཱ་ལ་གནས་འདིར་བྱོན། །ལེགས་ལྡན་ནག་པོ་གནས༴ དུར་ཁྲོད་སྒྲོལ་གིང༴ རྡོ་རྗེ་སྒྲོལ་བྱེད༴ ས་བཅུའི་དབང་ཕྱུག༴ རིག་འཛིན་སྲུང་མ༴ རྣལ་འབྱོར་དགྲ་ལྷ༴ ཚོགས་བདག་ཆེན་པོ༴ བོས་སོ་ཆོས་སྐྱོང་སྙན་མ་སྲ། །གཡབ་པོ་ལེགས་ལྡན་སྤྱན་མ་རྟུལ། །བསྒྲུབ་བོ་ཚོགས་བདག་གོང་མ་གཡེལ། །བསྐུལ་
ལོ་བདུད་རྒྱལ་མཐུ་མ་ཆུང་། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །བསྐང་ངོ་བསྐལ་པས་ཐུགས་དམ་བསྐང་། །ཧཱུྃ། མེ་ཏོག་སྤོས་དང་མར་མེ་དྲི། །ཞལ་ཟས་རོལ་མོའི་བྱེ་བྲག་དང་། །འཕན་གདུགས་ལྷབ་ལྷུབ་སྣ་ཚོགས་ཀྱིས། །ལེགས་ལྡན་འཁོར་བཅས་ཐུགས་དམ་བསྐང་། །ཤ་ཆེན་ལྔ་ནི་རི་ལྟར་སྤུངས། །བདུད་རྩི་ལྔ་ནི་མཚོ་ལྟར་བསྐྱིལ། །ཡེ་ཤེས་ལྔ་ལྡན་དམ་རྫས་འདིས། །དཔལ་མགོན་འཁོར་བཅས༴ ཤ་ཆེན་ཁྲག་དང་དབང་པོ་ལྔ། །ཚིལ་ཆེན་ཞུན་མར་མཁྲིས་པ་དང་། །གཡང་གཞི་ལྷབ་ལྷུབ་རྐང་གླིང་སྒྲས། །དཔལ་མགོན༴ དམར་ཆེན་བཟའ་བཅའི་གཏོར་མ་དང་། །འབྲུ་བཅུད་བདུད་རྩིའི་བཏུང་བའི་རྒྱུན། །ཁྱད་པར་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན༴ གླིང་བཞི་གླིང་ཕྲན་རི་རབ་དང་། །རིན་ཆེན་བདུན་དང་བཀྲ་ཤིས་རྫས། །འདོད་ཡོན་ལྔ་ཡི་མཆོད་པ་ཡིས། །དཔལ་མགོན༴ གཡག་ནག་རྟ་ནག་ཁྱི་ནག་དང་། །ལུག་ནག་བྱ་ནག་ལ་སོགས་པ། །བརྟེན་པའི་དམ་རྫས་སྣ་ཚོགས་ཀྱིས། །དཔལ་མགོན་འཁོར་བཅས་ཐུགས་དང་བསྐང་། །ཀྱེེ། དཔལ་ལྡན་མ་ཧཱ་ཀཱ་ལ་
དང་། །རིག་འཛིན་རྣལ་འབྱོར་བདག་ཅག་གཉིས། །རྟག་ཏུ་མི་འབྲལ་འགྲོགས་པའི་ཕྱིར། །རྟེནགཏོར་ཆེན་པོས་ཐུགས་དམ་བསྐང་། །ཕྲིན་ལས་གཉན་པོ་བསྐུལ་བའི་ཕྱིར། །རྒྱུན་གཏོར་ནར་མས་ཐུགས༴ དམ་ཚིག་གཉན་པོ་བསྲེ་བའི་ཕྱིར། །བདུད་རྩི་སྨན་གྱིས༴ རཀྟ་སྐོམ་དུ་འཐུང་བའི་ཕྱིར། །དམར་ཆེན་ཨརྒྷས༴ ལོངས་སྤྱོད་དམར་ལ་བྱེད་པའི་ཕྱིར། །ཤ་ཁྲག་བཤོས་བུས༴ ཐ་མལ་སྣང་ཞེན་སྦྱོང་བའི་ཕྱིར། །བསྐྱེད་རིམ་གསལ་བས༴ ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར། །བཟླས་བརྗོད་སྔགས་ཀྱིས༴ མཆོག་གི་དངོས་གྲུབ་སྒྲུབ་པའི་ཕྱིར། །ཏིང་འཛིན་མཆོག་གིས༴ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར། །གདུང་སེམས་དད་པས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས༴ སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ཕྱིར། །མཐིང་ནག་བེར་གྱིས༴ དམ་ཉམས་དགྲ་བགེགས་བསྒྲལ་བའི་ཕྱིར། །ཕྱག་མཚན་མཚོན་ཆས༴ རྣལ་འབྱོར་སྲུང་སྐྱོབ་མགོན་མཛད་ཕྱིར། །སྲ་བརྟན་གོ་ཡིས༴ མཐུན་པའི་དག་རྫས་ཡིན་པའི་ཕྱིར། །དམ་རྫས་རྟེན་བཞིས༴ གསང་བའི་
དམ་རྫས་ཡིན་པའི་ཕྱིར། །གྲི་རྒོད་སྙིང་གིས༴ ཐུགས་དམ་གཉན་པོ་བཀང་བ་ཡིས། །ཚོགས་བདག་འཁོར་བཅས་མཉེས་གྱུར་ཅིག །ཀྱེེ། དགོངས་ཤིག་མགོན་པོ་ཐོད་ཕྲེང་ཅན། །རྒྱལ་བའི་བཀའ་ལ་མི་ཉན་མེད། །ཟབ་མོའི་དོན་ལ་མི་སེམས་མེད། །མནའ་དང་ཁྲིམས་ལ་མི་བརྟེན་མེད། །ཟས་དང་སྐོམ་ལ་མི་ཆགས་མེད། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །དོ་ནུབ་ཉམས་ཆགས་མ་ལུས་བསྐང་། །དོ་ནུབ་ཞིག་རལ་མ་ལུས་གསོ། །དོ་ནུབ་ལྷ་ལ་བཤགས་པ་བྱེད། །དོ་ནུབ་ལྷ་ལ་སེམས་འཁོན་སྦྱོང་། །དོ་ནུབ་ཉེས་པར་ཁས་ཀྱང་ལེན། །དོ་ནུབ་མཉེས་པའི་ཟས་ཤིག་འདྲེན། །དོ་ནུབ་མཛའ་བའི་གཞུང་ཞིག་སྲོང་། །དོ་ནུབ་བྱམས་པའི་ལན་ཅིག་ལྡོན། །དོ་ནུབ་སྔ་མའི་གཏང་རག་གཏོང་། །དོ་ནུབ་ཕྱི་མའི་ཞུ་སྐྱེམས་འབུལ། །དོ་ནུབ་ཁྱོད་ཀྱི་ཐུགས་དམ་བསྐང་། །མ་ཧཱ་ཀཱ་ལའི་ཐུགས་དམ༴ ལེགས་ལྡན་ནག་པོའི་ཐུགས༴ ཚོགས་བདག་ཆེན་པོའི༴ དུར་ཁྲོད་བདག་པོའི༴ སྒྲོལ་གིང་ཆེན་པོའི༴ ཀྲོ་དྷཱི་ཤྭ་རིའི༴ ལས་མགོན་ནག་པོའི༴ ཀྲོ་དྷ་ཁྲོ་བོའི༴ ཡཀྴ་
གནོད་སྦྱིན༴ རཀྴ་སྲིན་པོའི༴ འདོད་ཁམས་བདག་མོའི༴ དུར་ཁྲོད་མ་ཚོགས༴ འཁོར་ཚོགས་རྒྱ་མཚོའི༴ ཕོ་ཉ་ཕྱག་བརྙན༴ ཡང་སྤྲུལ་འབུམ་སྡེའི་ཐུགས་དམ་བསྐང་། །བསྐང་ངོ་བཤགས་སོ་ཐུགས་དམ་ཅན། །དམ་ཅན་ཐུགས་དམ་བསྐངས་གྱུར་ནས། །བདག་གི་ཉམས་ཆག་བྱང་བར་མཛོད། །དངོས་གྲུབ་བསྒྲུབ་ལ་བར་གཅོད་པའི། །འགལ་རྐྱེན་བར་ཆད་ཞི་བ་དང་། །མཐུན་རྐྱེན་བསམ་པ་ཐམས་ཅད་སྒྲུབས། །རྟག་ཏུ་ཐུགས་དམ་མ་གཡེལ་བར། །བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །[ཅེས་བསྐང་། བཤགས་པ་བྱ་བ་ནི།] ཧོཿ ཡོན་ཏན་ལྷུན་རྫོགས་དངོས་གྲུབ་སྩོལ་མཛད་པའི། །རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཁྲོ་བོའི་རྒྱལ། །ལེགས་ལྡན་ནག་པོ་འཁོར་བཅས་དགོངས་སུ་གསོལ། །ཐེག་ཆེན་གསང་སྔགས་བླ་མེད་སྒོར་ཞུགས་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས། །རྟག་ཏུ་བསྲུང་ཞིང་སྡོམ་པར་ཁས་བླངས་ནས། །ཉམས་ཆག་འགལ་འཁྲུལ་ནོངས་པ་མཐོལ་ལོ་བཤགས། །ཐུན་བཞིའི་རྣལ་འབྱོར་བསྒོམ་པར་ཁས་བླངས་ནས། །ཐ་མལ་ལས་ལ་
ཡེངས་པ་མཐོལ༴ བདེ་གཤེགས་ཐུགས་རྒྱུད་བསྐུལ་བར་ཁས་བླངས་ནས། །དོན་མེད་ལོང་གཏམ་སྨྲས་པ༴ དམིགས་མེད་ཡེ་ཤེས་བསྒོམ་པར་ཁས་བླངས་ནས། །དུག་གསུམ་རྟོག་པའི་དབང་གྱུར༴ ཕྱི་ནང་གསང་རྟེན་འཛུག་པར་ཁས་བླངས་ནས། །དགོས་པའི་དམ་རྫས་མ་ཚང༴ རྟག་ཏུ་མཆོད་བསྟོད་བསྙེན་པར་ཁས་བླངས་ནས། །སྙོམས་ལས་ལེ་ལོས་ཡེངས་པ༴ མན་ངག་སྦས་ནས་བསྒྲུབ་པར་ཁས་བླངས་ནས། །གསང་བའི་གཉེར་ཁ་འཆོལ་བ༴ དམ་རྫས་ཕུད་ཀྱིས་མཆོད་པར་ཁས་བླངས་ནས། །འབགས་བཙོག་ཉམས་པར་གྱུར་པ༴ རྒྱལ་བའི་བཀའ་བཞིན་བསྒྲུབ་པར་ཁས་བླངས་ནས། །གཟུ་ལུམ་རས་ཆོད་བགྱིས་པ༴ ཟོལ་མེད་དམ་ཚིག་བསྲུང་བར་ཁས་བླངས་ནས། །ཉམས་གྲིབ་སྐྱོན་གྱིས་ཕོག་པ༴ སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི། དམ་ཚིག་འགལ་བ་མ་ལུས་སོ་སོར་བཤགས། །མཐོལ་བཤགས་འབུལ་ལོ་ཚངས་པར་མཛད་ནས་ཀྱང་། །དངོས་གྲུབ་མཆོག་གིས་བདག་རྒྱུད་གཏམས་པར་མཛོད། །[ཅེས་དང་ཡེ་གེ་བརྒྱ་པ་མང་དུ་བཟླའོ། །དེ་ནས་ཚོགས་ཐ་མ་དང་
འབྲེལ་བར་དྲག་པོའི་ཕྲིན་ལས་སྤྱི་ཙམ་དུ་སྒྲུབ་པ་ནི། ཚོགས་ཟན་དམིགས་བྱའི་གཟུགས་སུ་བཅས་པའམ་མོས་ཏེ།] རང་གི་སྙིང་ག་ནས་སྤྲོས་པའི་ཕོ་ཉ་རྣམས་ཀྱིས་གནོད་བྱེད་དགྲ་བགེགས་ཐམས་ཅད་བཀུག་ནས་བསྟིམ་པར་བསམ་ཞིང་། བདེན་པའི་སྟོབས་བརྗོད་དེ་དགུག་གཞུག་བྱས་ནས་དྲག་སྔགས་ཀྱི་མཐར། གནོད་བྱེད་ཨཱ་ཀཪྵ་ཡ་ཛ་ཛཿཧཱུྃ་བཾ་ཧོཿ [ཞེས་དགུག་གཞུག་བྱ། མཚོན་ཆས་གདབ་ཅིང་།] ཧཱུྃ། དུར་ཁྲོད་སྒྲོལ་གིང་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མ་རུངས་པ། །རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར། །ཁྲམ་ལ་བཏབ་པའི་དགྲ་བགེགས་རྣམས། །མཱ་ར་ཡ་ཡི་ལས་བཅོལ་གྱིས། །ཚེ་སྲོག་ཧུར་ཐུམ་མྱུར་དུ་སྒྲོལ། །རོལ་ཅིག་དགོངས་ཤིག་དམ་ཚིག་ཅན། །ཁྱོད་ཀྱི་དམ་ཚིག་དུས་ལ་བབ། །ཞེ་སྡང་དྲེགས་པའི་འཁོར་ཚོགས་རྣམས། །སེམས་ཅན་གདུག་པའི་སྲོག་འཕྲོག་ལ། །ཤ་ལ་ཟོ་ཞིག་ཁྲག་ལ་འཐུང་། །དམ་ཉམས་དགྲ་བོ་མྱུར་དུ་སྒྲོལ། །མཱ་ར་ཡ་ཡི་དུས་ལ་བབ། །[གཞི་སྙིང་བསྒྲིལ་བའི་སྔགས་ཀྱི་མཐར། །]སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད། [ཅེས་ལིང་ག་དུ་མ་བུར་གཏུབས་པའི་ཤ་ཁྲག་བདུད་རྩིར་སྤེལ་བ་ཞལ་དུ་སྟོབ་ཅིང་] ཧོཿ དུས་གསུམ་བདེ་གཤེགས་རྒྱལ་བའི་ཞལ་དུ་ཁ་རཾ་ཁཱ་ཧི། བཅོམ་ལྡན་རྡོ་རྗེ་
སྲིན་པོའི་ཞལ༴ དཔལ་མགོན་ལེགས་ལྡན་ནག་པོའི༴ ཡུམ་ཆེན་ཁྲོ་མོའི་དབང་ཕྱུག༴ བཀའ་སྡོད་དྲེགས་པ་རྣམ་བཞིའི༴ ཕོ་ཉ་འཁོར་ཚོགས་རྒྱ་མཚོའི༴ དུག་གསུམ་ཤ་ཁྲག་མཆོད་པ་བཞེས་ཤིག་ཁ་རཾ་ཁཱ་ཧི། བཞེས་ཤིག་རོལ་ཅིག་དགྱེས་པར་རོལ་ཅིག་ཁ་རཾ་ཁཱ་ཧི། མ་ཧཱ་མཱཾ་ས་རཀྟ་ཀེཾ་ནི་རི་ཏི་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། [ཞེས་སྟོབ་པ་བྱ། དེ་ནས་ཚོགས་ལ་རོལ་ཅིང་ལྷག་མ་བསྔོ་བ་སོགས་སྤྱི་ལྟར་བྱ་ཞིང་། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་ལས་རྣམས་ཀྱང་གཞུང་བཞིན་བྱའོ། །འདི་ནི་སྤྱི་མདོ་དགོངས་པ་འདུས་པའི་མདོ་དང་། སྒྱུ་འཕྲུལ་བཤད་རྒྱུད་ཐལ་བ་དང་། སྒོས་རྒྱུད་མཚོན་ཆ་མངོན་པར་རོལ་པ་སོགས་ཀྱིས་དངོས་བསྟན་རྒྱུད་མགོན་ཆེན་པོར་ཡོངས་སུ་གྲགས་པ་སྟེ། འདིའི་དབང་བཀའ་རྒྱས་པ་གཙང་ཤོད་པ་བློ་གྲོས་རྒྱལ་མཚན་གྱི་ཡིག་ཆ་དང་། འབྲིང་པོ་དང་བསྡུས་པའི་ཆོ་ག་སྒྲུབ་ཐབས་འདོད་འཇོའི་བུམ་བཟང་ལས་འབྱུང་བ་བཞིན་ཤེས་པར་བྱའོ།། །།]
དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཕྲིན་ལས།
[དཔལ་ལྡན་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་ཕྲིན་ལས་ནི། སྦྱོར་བའི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་བའི་དྲག་པོའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་རྫོགས་པའི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ལས་རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་ནག་པོ་ཆེན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་ཅིང་འཇིགས་སུ་རུང་བ་ཞལ་གཅིག་ཕྱག་བཞི་པ། ཐུང་ཞིང་སྦོམ་ལ་གསུས་ཁྱིམ་ཆེ་བ། ཁྲོ་གཉེར་དང་བཅས་པའི་ཞལ་གདངས་ཤིང་མཆེ་བ་དྲག་ཏུ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། སྨིན་མ་དང་ཨག་ཚོམ་དམར་སེར་མེ་ལྕེ་ལྟར་འབར་ཞིང་འཁྲུགས་པ། ཕྱག་དང་པོ་གཉིས་ཀྱིས་དགྲ་སྙིང་གིས་མཚན་པའི་གྲི་གུག་དང་ཐོད་ཁྲག་སྟེང་འོག་ཏུ་འཛིན་པས་ཡུམ་ལ་
འཁྱུད་པ། འོག་མ་གཉིས་ཀྱིས་རལ་གྲི་མེ་འབར་བ་དང་ཁ་ཊྭཱཾ་ཀ་ཕྱར་བ། དབུ་སྐྲ་ཁམ་ནག་གྱེན་དུ་བརྫེས་ཤིང་། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་ཅན། རུས་པའི་རྒྱན་དྲུག་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་སྣ་ཚོགས་པའི་ཅོད་པན་དང་སྟག་གི་པགས་པའི་ཤམ་ཐབས་འཕྱང་བ། དཔའ་ཞིང་མི་སྡུག་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཧེ་རུ་ཀའི་ཅོད་པན་ཅན། མཁའ་ལྡིང་བྱ་ཁྱི་ལྕེ་སྤྱང་ལ་སོགས་པ་སྤྲུལ་པའི་ཕོ་ཉ་གྲངས་མེད་དུ་སྤྲོ་བ། ཞབས་གཉིས་རྒྱལ་པོ་རོལ་པའི་འདུག་སྟངས་ཀྱིས་བཞུགས་པའི་པང་དུ་མ་ལས་ཡུམ་ཙཎྡི་ཀ་དམར་ནག་གཡས་གྲི་གུག་དང་གཡོན་ཐོད་ཁྲག་ཡབ་ལ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔ་དང་སྦྲུལ་དང་ཐོད་པའི་ཕྲེང་བས་སྤྲས་པ། གཉིས་ཀའང་དྲག་ལ་རྔམས་པའི་ཆ་ལུགས་ཅན་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་རྩིབས་བརྒྱད་ལ་ཤར་དུ་ཧཱུྃ་ལས་ལས་ཀྱི་མགོན་པོ་བྱ་རོག་གདོང་ཅན་མཐིང་ནག་གྲི་གུག་དང་ཐོད་ཁྲག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་ཅན་བྱ་རོག་ལ་ཞོན་པ། ལྷོར་ར་ལས་འབར་མ་ནག་མོ་རྩེ་
གསུམ་དང་ཐུན་ཁྲག་འཕེན་པ་ཟ་འོག་གི་གོས་ཅན་བྱ་རོག་ལ་ཞོན་པ། ནུབ་ཏུ་ཧཱུྃ་ལས་ཤ་ཟ་སེང་གདོང་མཐིང་ནག་མདུང་དང་དམར་གཏོར་ཐོགས་པ་དར་ནག་པོའི་བེར་གྱོན་ནས་རྟ་ནག་ལ་ཞོན་པ། བྱང་དུ་ཡ་ལས་གཟའ་བདུད་སྨུག་ནག་མགོ་བོ་དགུ་པ་ཆུ་སྲིན་གྱི་ཞགས་པ་དང་རྭའི་མདའ་གཞུ་འཛིན་པ་སྐུ་སྨད་སྦྲུལ་དུ་འཁྱིལ་བ། ཤར་ལྷོར་ར་ལས་ཚངས་པ་དཀར་པོ་དར་མདུང་དང་མཚོན་ཆའི་འཁོར་ལོ་བསྐོར་བ་རྟ་དཀར་ལ་ཞོན་པ། ལྷོ་ནུབ་ཏུ་ཡ་ལས་གཤིན་རྗེ་དམར་ནག་སྤུ་གྲི་དང་ཞགས་པ་འཛིན་པར་དམར་ལ་ཞོན་པ། ནུབ་བྱང་དུ་ཙ་ལས་རྡོ་རྗེ་ལེགས་པ་སྔོན་པོ་རྡོ་རྗེ་དང་དགྲ་སྙིང་འཛིན་པ་གདོང་ལྔ་ལ་ཞོན་པ། བྱང་ཤར་དུ་དུ་ལ་གནོད་སྦྱིན་ནག་པོ་བེར་ཀ་དང་དགྲ་སྙིང་ཁྱེར་བ་བདུད་རྟ་ལ་ཞོན་པའོ། །དེ་ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་མི་སྡུག་པའི་གཟུགས་ཅན། ཐོད་སྐམ་ལྔའི་ཅོད་པན་དང་། ཁྲག་འཛག་པའི་མགོ་བོའི་དོ་ཤལ། རྒྱུ་མའི་ག་ཤ་ལ་སོགས་པ་དུར་ཁྲོད་ཀྱིས་ཆས་སྣ་ཚོགས་ཀྱིས་བརྒྱན་པ། གཞན་ཡང་དེ་དག་གི་ཕྱི་རོལ་གྱི་ཤར་དུ་ནག་པོ་སྟོང་། ལྷོར་ཤ་ཟ་འབུམ། ནུབ་ཏུ་མ་མོ་བྱེ་བ། བྱང་དུ་གནོད་སྦྱིན་ཁྲི་སོགས་དམ་ཅན་རྒྱ་
མཚོའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་འོག་མིན་རྣམ་སྣང་ཆེན་པོའི་ཕོ་བྲང་། རྡོ་རྗེ་གདན། ན་ལེནྡྲ། དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྦྱན་དྲངས་པར་བསམ་ལ།] ཧཱུྃ། ཡུལ་གྱི་མིང་ནི་རྒྱ་གར་རྡོ་རྗེ་གདན། །དུར་ཁྲོད་མིང་ནི་རབ་འཇིགས་བསིལ་བའི་ཚལ། །བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས། །རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས། །དད་པ་དམ་ཚིག་དབང་གིས་སྤྱན་འདྲེན་ན། །ཚུར་གཤེགས་ཚུར་གཤེགས་མ་ཧཱ་ཀཱ་ལ་ཆེ། །ཡེ་ཤེས་མགོན་པོ་ཡབ་ཡུམ་འཁོར་དང་བཅས། །ལས་ཀྱི་མགོན་པོ་འཇིགས་བྱེད་བྱ་རོག་གདོང་། །མ་གཅིག་ལྷ་མོ་འབར་མ་ནག་མོ་དང་། །དཔལ་ལྡན་ཕྲིན་ལས་མགོན་པོ་སེང་གེའི་གདོང་། །ཤ་ཟ་སྲིན་པོ་གཏུམ་ཆེན་རཱ་ཧུ་ལ། །སྒྲོལ་གིང་གཤིན་རྗེ་བཙན་དང་གནོད་སྦྱིན་ཚོགས། །བསྟན་པ་བསྲུང་བའི་སླད་དུ་སྤྱན་འདྲེན་ན། །སྔོན་གྱི་ཐུགས་དམ་གཉན་པོ་རྗེས་དགོངས་ལ། །དུར་ཁྲོད་བརྒྱད་སོགས་ཞིང་ཁམས་རྒྱ་མཚོ་ནས། །
མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོཿ [ཞེས་སྤྱན་དྲངས།] ཧཱུྃ། སངས་རྒྱས་བསྟན་པ་བསྲུང་པའི་མཐུ་རྩལ་ཅན། །མ་ཧཱ་ཀཱ་ལ་ཡབ་ཡུམ་འཁོར་དང་བཅས། །དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར། །གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྠནྟུ། [ཞེས་བཞུགས་སུ་གསོལ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་རྡོ་རྗེ་ནག་པོ་ཆེན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ། སློབ་དཔོན་སངས་རྒྱས་གཉིས་པ། མངའ་བདག་ཉང་ཉི་མ་འོད་ཟེར། ཁྲག་འཐུང་བདུད་འདུལ་གླིང་པ་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་དང་།] ཨོཾ་བཛྲ་ས་མ་ཡ་རཀྵནྟུ་པཉྩ་ཨ་མྲྀ་ཏ་ད་ཀ་ཋ་ཋ་ཋ་ཧཱུྃ། [ཞེས་དམ་ཚིག་གི་གཉེར་གཏད།] ཧཱུྃ། ཆོས་སྐུ་འགྱུར་མེད་དཔལ་ལྡན་ནག་པོ་ཆེ། །ཕྲིན་ལས་ལྷུན་གྲུབ་དཔའ་བརྗིད་ཕྱག་བཞི་པ། །དགྲ་བགེགས་ཀུན་འདུལ་ཆོས་སྐྱོང་ཡོངས་ཀྱི་རྗེ། །མགོན་པོ་
འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱི་ཙྪ་ཧོཿ [ཞེས་ཕྱག་བྱ།] ཧཱུྃ། ཡེ་ཤེས་མགོན་པོ་རྡོ་རྗེ་ནག་པོ་ཆེ། །གཏོར་ལེན་མ་མོ་མཁའ་འགྲོ་གིང་གི་ཚོགས། །དམ་ཅན་སྲུང་མ་མ་ལུས་འཁོར་བཅས་ལ། །ཡོན་ཆབ་བདུག་སྤོས་མེ་ཏོག་མར་མེ་དྲི། །བཤོས་གཙང་སྒྲ་སྙན་ལ་སོགས་མཆོད་པ་འབུལ། །ནས་འབྲས་གྲོ་དང་ཏིལ་དང་སྲན་ཆན་དང་། །ཁམ་བུ་སྟར་ཁ་ཅོ་ལེ་ཉོ་ལེ་སོགས། །ཡིད་འོང་མཆོད་པའི་བྱེ་བྲག་སྣ་ཚོགས་འབུལ། །བསད་པའི་ཤ་དང་བསྲེག་པའི་གསུར་ལ་སོགས། །དཀར་གསུམ་མངར་གྱིས་བརྒྱན་པའི་གཏོར་མ་འབུལ། །ཤ་ལྔ་བདུད་རྩི་ལྔ་དང་ཞལ་ཟས་སོགས། །ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་འབུལ། །བདུད་རྩི་སྨན་དང་རཀྟ་དམར་གྱི་མཚོ། །བཤོས་སུ་གསེར་སྐྱེམས་རང་རང་མཐུན་པའི་རྫས། །རྣམ་མང་མཆོད་པའི་དམ་རྫས་འདི་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་མྱུར་དུ་འགྲུབ་པར་མཛོད། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་[ནས།] ཤཔྡའི་[བར་གྱིས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] མགོན་པོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་
ཏེ་གསོལ་བར་[བསམ་ལ།] [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།] དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་ལེགས་ལྡན་རྡོ་རྗེ་སྲིན་པོ་ཕྱག་བཞི་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་གསོལ། བསྟོད་པ་ནི།] ཧཱུྃ། མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོ་ཐུགས་རྗེའི་སྐུར་སྤྲུལ་པ། །མ་རུངས་འདུལ་མཛད་མ་ཧཱ་ཀཱ་ལའི་གཙོ། །དྲག་པོའི་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞིར་ལྡན། །ཁྲོ་གཉེར་གསུས་འཕྱང་མཆེ་བ་རྣམ་པར་གཙིགས། །སྨིན་མ་ཨག་ཚོམ་སེར་ཞིང་དམར་བའི་མདངས། །གཟི་བརྗིད་རབ་འབར་སྐུ་ལ་ཕྱག༴ ཁྲོས་པའི་ཆ་བྱད་སྤྱན་གསུམ་བགྲད་པ་ཡིས། །འཇིག་རྟེན་ལྷ་ཆེན་མ་ལུས་
ཟིལ་གྱིས་གནོན། །ཞལ་གདངས་ལྗགས་འདྲིལ་བགེགས་ཚོགས་བསྲེག་མཛད་པའི། །ང་རོ་འཇིགས་པའི་གསུང་ལ༴ རྟོག་མེད་རྣམ་གྲོལ་མཉམ་པར་ཐུགས་གནས་ཀྱང་། །ཆགས་མེད་སྙིང་རྗེས་འགྲོ་དོན་མཛད་པའི་ཚུལ། །བྱམས་པ་ཆེན་པོས་སྒྲུབ་མཆོག་བུ་བཞིན་སྐྱོང་། །མི་གནས་བདེ་ཆེན་ཐུགས་ལ༴ སྐྱོན་ལས་ཡོངས་གྲོལ་ཡོན་ཏན་མཐར་ཕྱིན་རྟགས། །ཐོད་པ་སྐམ་རློན་རིན་ཆེན་རྒྱན་གྱིས་བརྒྱན། །ཉོན་མོངས་ཀླུ་དང་ལོག་ལྟ་འཇོམས་མཛད་ཚུལ། །སྦྲུལ་གྱིས་རྣམ་བརྒྱན་སྟག་ལྤགས་ཤམ་ཐབས་གསོལ། །རྫུ་འཕྲུལ་མཐུ་སྟོབས་བྱིན་རླབས་ཤུགས་དང་ལྡན། །ཡོན་ཏན་མཆོག་སྟེར་ཁྱོད་ལ༴ རྟོག་པ་རབ་གཅོད་ཉམས་པའི་སྙིང་འབྱིན་པའི། །གྲི་གུག་རལ་གྲི་གཡས་པའི་ཕྱག་ན་བསྣམས། །ཆོས་རྣམས་བདེ་བར་རྟོགས་པའི་ཐོད་ཁྲག་དང་། །ཁ་ཊྭཱཾ་ཀ་ལས་བདུད་རྩིའི་རྒྱུན་འབབས་གཡོན། །ཚར་གཅོད་རྗེས་འཛིན་སྐུ་གསུམ་དངོས་གྲུབ་སྩོལ། །ཕྲིན་ལས་ཐོགས་མེད་ལྡན་ལ༴ ཁྲོས་པའི་ཉམས་དང་སྒྲ་སྐད་དྲག་པོ་ཡིས། །བཀའ་ཉན་ལས་བྱེད་མ་མོ་ཌཱ་ཀི་དང་། །གིང་དང་གཤིན་རྗེ་ཤ་ཟ་མ་ལུས་ཚོགས། །རང་དབང་མེད་པར་དབང་སྡུད་ཕོ་ཉར་འགྱེད། །འགལ་བྱེད་ཚོགས་
རྣམས་མྱུར་དུ་བརླག་མཛད་པའི། །དྲག་པོ་སྒྲོལ་བྱེད་གཙོ་ལ་ཕྱག་འཚལ་བསྟོད། །[ཅེས་དང་།] ཧཱུྃ། ཆོས་དབྱིངས་སྐྱེ་མེད་ངང་ལས་མ་གཡོས་ཀྱང་། །ཐབས་ཀྱིས་གདུག་པ་མ་ལུས་འདུལ་བའི་ཕྱིར། །དྲག་པོ་འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ། །རྡོ་རྗེ་ནག་པོ་ཆེ་ལ་ཕྱག་འཚལ་བསྟོད། །གསང་བའི་དགྱེས་སྤྱོད་མ་གཅིག་ཙཎྡི་ཀ །གཅེར་བུ་སྐྲ་གྲོལ་སྟོང་གསུམ་གར་བསྒྱུར་མ། །གྲི་གུག་དབང་སྡུད་ཐོད་ཁྲག་འཁོར་བ་སྟོངས། །དཔལ་ལྡན་དབྱིངས་ཀྱི་མ་མོར༴ ཧཱུྃ། སྔོན་ཚེ་ཁྲག་འཐུང་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་ཁས་བླངས་པའི། །སྲིན་པོའི་གཟུགས་ཀྱིས་གདུག་པ་ཀུན་འདུལ་བ། །ལས་མགོན་བྱ་རོག་གདོང་ཅན་སྐུ་ལ་བསྟོད། །ནག་པོའི་ལས་མཛད་མཁའ་འགྲོ་ཀུན་གྱི་གཙོ། །མི་བསྲུན་གཟུགས་འཆང་དགྲ་ལ་དུག་ནད་འབེབས། །ཤ་ཟ་ཁྲག་འཐུང་གཏུམ་མོ་རབ་འབར་མ། །འབར་མ་བྱ་ཞོན་ནག་མོའི་སྐུ་ལ༴ བཀའ་ཉན་ལས་བྱེད་སངས་རྒྱས་བསྟན་པ་སྲུང་། །ཐུགས་དམ་དབང་གིས་སྒྲུབ་མཆོག་བུ་བཞིན་སྐྱོང་། །དྲག་ཤུལ་སྟོབས་ཀྱིས་བསྟན་དགྲ་རྩད་ནས་གཅོད། །དཔལ་མགོན་སེང་གདོང་ཅན་ལ༴ དྲག་ཤུལ་སྟོབས་ཀྱིས་སྲིན་པོའི་གཟུགས་སྤྲུལ་པ། །
སྲིད་གསུམ་དབང་སྡུད་མགོ་ལུས་མིག་གིས་གང་། །དམ་ཉམས་ཀུན་སྒྲོལ་སྡེ་བརྒྱད་དམག་དཔོན་མཛད། །གཟའ་བདུད་རཱ་ཧུ་ལ་ལ༴ འཇིག་རྟེན་ལས་ལས་གྲུབ་པའི་དྲག་རྩལ་ཅན། །དྲག་སྔགས་དམོད་པ་དྲག་པོའི་མཚོན་ཆ་ཡིས། །ཞིང་བཅུའི་སྲོག་དབུགས་འདྲལ་བའི་མཐུ་བོ་ཆེ། །ལས་བྱེད་དྲེགས་པ་བཞི་ལ༴ གཞན་ཡང་ནག་པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི་ལ་སོགས། །འཁོར་ཚོགས་སྡེ་དང་དཔུང་དང་ཕོ་ཉར་བཅས། །གྲངས་མེད་ཡིད་བཞིན་འཁོར་ལོར་འཆར་ལ་བསྟོད། །ཅེས་བསྟོད། [བཟླས་པ་བྱ་བ་ནི།] མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་[བསམ་ལ།] ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ [ཅེས་གཙོ་བོ་དང་།] ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ། [ཡབ་ཡུམ་སྦྲེལ་མའོ། །གཞན་ཡང་འཁོར་སྔགས་བཟླ་བར་འདོད་ནའང་སྒྲུབ་ཡིག་གི་གཞུང་བཞིན་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] ཧཱུྃ། ཆོས་དབྱིངས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི། །རྣམ་མང་རོལ་པ་ལས་བྱུང་མཆོད་པའི་སྤྲིན། །
ཁྲག་ཆེན་རྒྱ་མཚོ་ཞག་གི་ལྦུ་ཕྲེང་ཅན། །གནག་པའི་ཆུ་སྐྱེས་ལང་ཚོ་མི་སྡུག་འཇིགས། །གསུར་ཆེན་དུད་པའི་སྤྲིན་ཕུང་ལང་ལོང་གཡོ། །ཞུན་ཆེན་སྒྲོན་མེའི་འོད་ཀྱིས་སྟོང་གསུམ་འགེངས། །ཁྲག་ཞག་བྱུག་པ་ག་བུར་དྲི་ངད་ལྡང་། །ཤ་རུས་བཟའ་བའི་ཚོགས་རྣམས་རོ་བརྒྱར་ལྡན། །ཡན་ལག་འབུམ་ལྡན་དབྱངས་ཀྱི་ང་རོ་སོགས། །ཟག་མེད་མཆོག་གི་འདོད་ཡོན་ལོངས་སྤྱོད་ཀྱིས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །སྣ་ཚོགས་འདོད་ཡོན་གཏོར་ཆེན་རི་ལྟར་སྤུངས། །ཁྲག་ཞག་བདུད་རྩིའི་བཏུང་བ་རྒྱ་མཚོར་བསྐྱིལ། །མཱཾ་ས་དོན་སྙིང་ནང་རོལ་རྫ་ལྟར་ལྷགས། །བདའ་ཞིང་བསུང་བའི་ཁ་ཟས་གཡོས་སུ་སྦྱར། །སྨན་སྤོས་རྩི་བཅུད་ནོར་དབྱིག་ཇི་སྙེད་དང་། །ཡིད་འཕྲོག་ཕྱག་རྒྱར་སྦྱོར་བའི་དམ་ཚིག་སོགས། །མཐུན་པའི་རྫས་ཀྱི་དཔག་ཡས་མཁའ་བཀང་ནས། །ཡེ་ཤེས་མགོན་པོ་འཁོར་བཅས༴ སྣ་ཚོགས་རྒྱན་སྤྲས་རྟ་ནག་རླུང་ལྟར་འཕྱོ། །གཡག་རོག་ཞོལ་ཆེན་སྤྲིན་རུམ་ལྟར་འགྱིང་ཞིང་། །བདུད་ལུག་སྤྱི་དཀར་ལྕགས་རྭ་འཁྱིལ་བ་ཅན། །ཁྱི་ནག་དོམ་བུ་འདུར་ཞིང་ཁྲག་རྗེས་གཅོད། །གནམ་ལྕགས་མཆུ་ལྡན་བྱ་ནག་འཕུར་
ཞིང་ལྡིང་། །དགྲ་བགེགས་སྲོག་ལ་འཇབ་པའི་བྱ་གཅན་སོགས། །ཞིང་ཀུན་དོག་པོར་བྱེད་པའི་རྟེན་རྣམས་ཀྱིས། །ཡེ་ཤེས༴ རབ་འཇིགས་དྲག་པོའི་གཞལ་མེད་རྔམས་ཤིང་བརྗིད། འབོད་པའི་གཡབ་དར་སྣ་ཚོགས་ལྷབ་ལྷུབ་གཡོ། །དུར་ཁྲོད་དྲག་པོའི་རྒྱན་ཕྲེང་ཚར་དུ་དངར། །སྣ་ཚོགས་དར་སྣས་དཔྱངས་པའི་བྱ་རྒོད་མདའ། །གྲི་གུག་རལ་གྲི་བེང་སོགས་ཕྱག་མཚན་དང་། །གནག་པའི་ཞྭ་གོས་གཟུགས་རྟེན་གཏོར་མ་སོགས། །བཞེད་རྒུ་ཚང་བའི་འབྱོར་བ་ཇི་སྙེད་ཀྱིས། །ཡེ་ཤེས༴ དཔའ་བོ་གཡུལ་དུ་མཚོན་གྱིས་བསད་པའི་སྙིང་། །འཁྲུལ་མེད་སྲོག་གི་འཁོར་ལོས་བཀང་བ་དང་། །རང་བྱུང་རྟེན་རྡོ་གྲུ་གསུམ་ནལ་བུའི་སྙིང་། །བཟང་པོའི་སྨན་དང་རིན་ཆེན་འབྲུ་སྣ་ལྔ། །གྲི་ལྕགས་མདེའུ་ཟགས་ཁབ་སྲོག་སྙིང་བཅས། །སྟག་གཟིགས་རས་མ་ལེ་བརྒན་དར་ཚོན་སོགས། །སྤྱི་དང་ཁྱད་པར་གསང་བའི་རྟེན་རྣམས་ཀྱིས། །ཡེ་ཤེས༴ སྲིད་ཞིའི་འབྱོར་ཚོགས་རྒྱ་མཚོས་གང་བ་ཡི། །གླིང་བཞི་རི་རབ་རོལ་མཚོར་བཅས་པ་དང་། །བུམ་བཟང་དཔག་བསམ་ཤིང་དང་འདོད་འཇོའི་བ། །མ་རྨོས་ལོ་ཐོག་བསམ་འཕེལ་རིན་ཆེན་གཏེར། །སྣ་ཚོགས་ནོར་དབྱིག་གོ་མཚོན་དཔའ་བོའི་ཆས། །ཤིས་པའི་
རྟགས་རྫས་རིན་ཆེན་བདུན་ལ་སོགས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁྱོན་གང་བས། །ཡེ་ཤེས་མགོན་པོ་འཁོར་བཅས་ཐུགས་དམ་བསྐང་། །ཆོས་ཀྱི་དབྱིངས་ལས་ཁྲག་འཐུང་དཔའ་བོའི་སྐུར། །བསྟན་ཀྱང་གདོད་ནས་དག་པའི་རང་སེམས་དང་། །དབྱེར་མེད་རང་ངོ་ཤེས་པའི་རྣལ་འབྱོར་སོགས། །བསྐྱེད་རྫོགས་ལམ་གྱི་རིམ་པས་ཐུགས་དམ་བསྐང་། །གཉིས་མེད་བདེ་བ་ཆེན་པོར་དགྱེས་གྱུར་ཏེ། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་དང་། །ཐུབ་པའི་བསྟན་པ་སྤྱི་དང་ཁྱད་པར་དུ། །རྡོ་རྗེ་ཐེག་པའི་རིང་ལུགས་རྒྱས་པར་མཛོད། །[ཅེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་བདུད་འདུལ་གླིང་པའི་གཏེར་བྱོན་ཟབ་དོན་གསང་བ་སྙིང་ཐིག་གི་དཔལ་མགོན་ཕྱག་བཞི་པའི་བཀའ་སྲོལ་གཙོ་བོར་བྱས་ཏེ་བཀོད་མོད་ཀྱི། མངའ་བདག་ཉང་རིན་པོ་ཆེས་མཁོ་མཐིང་ལྷ་ཁང་ནས་སྤྱན་དྲངས་པའི་མགོན་པོ་མེ་འབར་མར་གྲགས་པའི་ཆོས་སྐོར་ཡང་འདི་དང་ཚིག་དོན་མཐུན་པར་བྱོན་པས་ཆུ་བོ་གཅིག་འདྲེས་སུ་འགྱུར་བ་ཡིན་ཅིང་། སྲོག་དབང་གི་ཆོག་སྔ་མ་ལ་མོས་ན་གཏེར་གཞུང་བཞིན་དང་། ཕྱི་མ་ནི་འདོད་འཇོའི་བུམ་བཟང་ལས་ཤེས་པར་བྱའོ།། །།]
དཔལ་མགོན་མ་ནིང་ནག་པོའི་ཕྲིན་ལས།
[དཔལ་མགོན་མ་ནིང་ནག་པོའི་ཕྲིན་ལས་ནི། སྦྱོང་བའིཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་ཁང་ཆེན་པོར་སྣ་ཚོགས་པདྨ་དང་ཉི་མ་ལ་གནས་པའི་ཧཱུྃ་མཐིང་ནག་ཡོངས་སུ་གྱུར་པ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་སྐུ་མདོག་མཐིང་ནག་གཏུམ་ཞིང་ཁྲོས་པའི་ཉམས་ཅན་ཞལ་གཅིག་ཕྱག་གཉིས་པ། གཡས་འབར་བའི་རུ་མཚོན་རྣོན་པོ་གནམ་དུ་འཕྱར་ཞིང་། གཡོན་གདུག་པ་ཅན་གྱི་སྙིང་དང་ཞགས་པ་འཛིན་པ། སྤྱན་གསུམ་དམར་ལ་ཟླུམ་པ། ཞལ་མཆེ་བ་གཙིགས་ཤིང་ལྗགས་འདྲིལ་བ། སྦྲུལ་ནག་པོའི་རལ་པ་མཐུར་དུ་འཕྱང་བ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་ཅན། སྙིང་ཕྲེང་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ། དར་ནག་གི་འཇོལ་བེར་བརྩེགས་མར་གསོལ་ཞིང་། གསེར་སྐེད་དང་མི་ལྤགས་རློན་པའི་སྐ་རགས་ཅན། ཙནྡན་གྱི་བིང་ཆེན་སྐེད་ལ་བཙུགས་པའི་སྒོ་གསུམ་ནས་སྤྲུལ་པའི་དམག་དཔུང་འགྱེད་པ། ཁ་དོག་སྣ་ཚོགས་པའི་ཅོད་པན་ལྷབ་ལྷུབ་དང་འཇིགས་པའི་རྒྱན་ཐམས་ཅད་ཀྱིས་ཀླུབས་པ། གཡོན་བརྐྱང་གིས་རོའི་གདན་ལ་བཞུགས་པ། དེའི་གཡོན་དུ་
ཡུམ་དཔལ་འབར་མ་དཀར་མོ། གཡས་ཤེལ་གྲི་འཕྱར་ཞིང་། གཡོན་ཐོད་ཁྲག་གཙོ་ལ་སྟོབ་པ་མ་མོའི་ཆས་ཅན་རོལ་པའི་སྟབས་ཀྱིས་འགྱིང་བ། གཡས་སུ་ལས་མགོན་སྲོག་བདུད་ནག་པོ་གྲི་གུག་དང་ལྕགས་པར་བཟུང་ནས་མདའ་གཞུ་འགེང་ཞིང་ཁ་ཊྭཱཾ་གྲུ་མོར་བཀལ་བ་སྟག་རལ་དང་གཟིག་ཤུབ་བཏགས་ནས་བྲ་ནག་རྟིང་དཀར་ལ་ཆིབས་པ། དེའི་ཕྱི་རོལ་གྱི་རྩིབས་དྲུག་ལ་མདུན་ནས་གཡས་བསྐོར་དུ་རིམ་པ་བཞིན་སྐུའི་མགོན་པོ་སྟག་གཞོན་ནག་པོ་གཡས་ཙནྡན་གྱི་བིང་ཆེན་གསོར་ཞིང་གཡོན་བདུད་ཀྱི་ཞགས་པ་ཐོགས་ནས་དཔའ་གཏུམ་སྟག་ལ་ཞོན་པ། གསུང་གི་མགོན་པོ་བིང་དམར་སྨུག་གཡས་ཙནྡན་གྱི་བིང་འཕྱར་ཞིང་གཡོན་བདུད་རྩིའི་ལྕགས་པར་འཛིན་པ། ཐུགས་ཀྱི་མགོན་པོ་གྲི་གུག་མཐིང་ནག་གཡས་གྲི་གུག་མཁའ་ལ་འཕྱར་ཞིང་གཡོན་ཐོད་ཁྲག་འཛིན་པ། ཡོན་ཏན་གྱི་མགོན་པོ་ལེགས་ལྡན་ནག་པོ་གཡས་རིན་པོ་ཆེ་དང་གཡོན་ཐོད་ཁྲག་འཛིན་པ་སེང་གེ་ལ་ཞོན་པ། ཕྲིན་ལས་ཀྱི་མགོན་པོ་ཏྲག་ཤད་མཐིང་ནག་གཡས་བེང་གསོར་ཞིང་གཡོན་དགྲ་སྙིང་བསྣམས་པ་བྲ་ནག་རྟིང་དཀར་ལ་ཆིབས་པ། ལྔ་ཀའང་མི་བཟད་པའི་ཁྲོ་བོ་གཏུམ་དྲག་འཇིགས་པའི་
ཉམས་ཅན་དར་ནག་གི་འཇོལ་བེར་དང་དུར་ཁྲོད་རོལ་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཏེ་བམ་གྱི་ཁར་བཞུགས་པ། འདོད་ཁམས་དབང་ཕྱུག་རེ་མ་ཏཱི་ནག་མོ་སྐེམ་ཞིང་རིད་ལ་གཏུམ་པའི་གཟུགས་ཅན་གཡས་ཁྲམ་ཤིང་འཕྱར་ཞིང་གཡོན་བྷཉྫ་བཟུང་བའི་མཆན་ན་ནད་རྐྱལ་ཐོགས་པ་མ་མོའི་ཆས་བརྒྱད་ཀྱིས་སྤྲས་ཏེ་རྫུ་འཕྲུལ་དྲེལ་རྟའི་སྟེང་ན་བཙན་སྐྱིལ་གྱིས་བཞུགས་པ། གཞན་ཡང་རུ་འདྲེན་གྱི་དམག་དཔོན་སྡེ་བཞི། བཀའ་སྡོད་དྲེགས་པ་སྡེ་བརྒྱད། མྱུར་མགྱོགས་ཀྱི་ཕོ་ཉ་ལས་བྱེད་སོགས་སྲིད་གསུམ་དྲེགས་པའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོས་ཤིང་འཁྲུགས་པའི་ཉམས་ཅན་མི་སྡུག་པའི་རྒྱན་སྣ་ཚོགས་པས་བརྒྱན་ཅིང་འབར་བའི་མེའི་ཕྲེང་བ་དྲག་པོར་འཁྲུགས་པའི་དབུས་ན་གནས་པའོ། །ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་རྔ་ཡབ་གླིང་ཕྲན། མ་ལ་ཡ་གནམ་ལྕགས་འབར་བའི་རི་བོ། ཨུ་ཙ་ལ་ཡི་དུར་ཁྲོད་ཆེན་པོ་རྣམས་ནས་དཔལ་ཡེ་ཤེས་ཀྱི་མགོན་པོ་མ་ནིང་ནག་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་པར་བསམ་ཞིང་།] ཧཱུྃ། དད་པ་དང་
ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ལྷ་ཆེན་པོ། །མ་ཧཱ་ཀཱ་ལ་མཐུ་བོ་ཆེ། །གསང་བའི་ཁྲོ་རྒྱལ་སྟོབས་པོ་ཆེ། །མ་ནིང་ནག་པོ་ཀུན་གྱི་རྗེ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །འོག་མིན་གནས་མཆོག་དམ་པ་དང་། །གསང་ཆེན་ལྷུན་གྲུབ་གཙུག་ལག་ཁང་། །དུར་ཁྲོད་རབ་འཇིགས་གཞལ་ཡས་ནས། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །ལྷ་ཆེན་དཔལ་འབར༴ ལེགས་ལྡན་ནག་པོ༴ ཚོགས་བདག་ཆེན་པོ༴ མ་ནིང་ནག་པོ༴ སྲོག་བདུད་ནག་པོ༴ མཁའ་འགྲོའི་གཙོ་མོ༴ མགོན་པོ་སྡེ་ལྔ༴ སྲིང་གཅིག་ཆེན་མོ༴ མཐུ་ཆེན་སྡེ་བརྒྱད༴ བདུད་འདུལ་དམག་ཚོགས༴ ཡེ་ཤེས་མགོན་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿཛཿཧཱུྃ་བཾ་ཧོ། [ཞེས་སྤྱན་དྲངས་ལ།] ཧཱུྃ། དུར་ཁྲོད་རབ་འཇིགས་རྔམས་པའི་གཞལ་ཡས་དབུས། །སྣ་ཚོགས་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རུ་དྲ་ཕོ་མོ་བསྣོལ་བའི་གདན་ཁྲི་ལ། །ཁྲོ་རྒྱལ་མ་ནིང་འཁོར་བཅས་བཞུགས་སུ་གསོལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་ས་མ་ཡ་ཏིཥྠནྟུ། [ཞེས་བཞུགས་སུ་གསོལ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་ཡེ་ཤེས་ཀྱི་
མགོན་པོ་མ་ནིང་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་ཧེ་རུ་ཀ་དཔལ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། གུ་རུ་ཆོས་ཀྱི་དབང་ཕྱུག །རིག་འཛིན་པདྨ་གླིང་པ། འཇའ་ཚོན་ཧཱུྃ་ནག་མེ་འབར་ནས་དྲིན་ཆེན་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་དམ་ཚིག་གི་གཉེར་གཏད།] ཧཱུྃ། མཉམ་མེད་མཐུ་མངའ་གཏུམ་ཆེན་མེ་ལྟར་འབར། །མ་རུངས་འཇོམས་མཛད་བདུད་དཔུང་ཐལ་བར་རློག །མཐར་བྱེད་གཞོན་ནུ་འཇིགས་པའི་གད་རྒྱངས་ཅན། །མ་ཧཱ་ཀཱ་ལ་ཁྱོད་ལ་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོ། པྲ་ཏཱིཙྪ་ཧོ། [ཞེས་ཕྱག་བྱ།] ཧཱུྃ། དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་དགོངས། །ཁྱེད་ལ་དགྱེས་པའི་མཆོད་པ་འབུལ་བ་ནི། །ཐོད་ཆེན་བྷནྡྷ་རློན་པའི་སྣོད་མཆོག་ཏུ། །བ་ལིང་གཏོར་མའི་མཆོད་པ་རོངས་སེ་རོང་། །བདུད་རྩི་སྨན་གྱི་མཆོད་པ་བྲེངས་སེ་བྲེང་། །རཀྟ་དམར་གྱི་ཨརྒྷཾ་ཆི་ལི་ལི། །ཛ་གད་གསེར་སྐྱེམས་བཏུང་བ་མེ་རེ་རེ། མཱཾ་ས་ཤ་ཆེན་གསུར་དུད་ཐུ་ལུ་ལུ། །བྷནྡྷ་རུས་པའི་ཚོགས་ནི་ཁྲ་ལ་ལ། །བཟའ་དང་བཅའ་དང་བཏུང་བའི་བྱེ་བྲག་དང་། །
གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ལྔ་ལྡན་མཆོད་པ་སྣ་ཚོགས་ཀུན། །དཔལ་མགོན་མ་ནིང་ནག་པོ་འཁོར་བཅས་ལ། །དང་བའི་བློ་ཡིས་འབུལ་ལོ་བཞེས་སུ་གསོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་པ་རི་ཝཱ་ར་པུཥྤེ་[ནས།] ཤཔྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱཙྪི་སྭཱ་ཧཱ། [ཞེས་དང་། ཁྱད་པར་དུ།] མགོན་པོ་འཁོར་བཅས་ཀྱི་ལྗགས་ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།] དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨོན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ་དཔལ་མགོན་མ་ནིང་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི།] ཧཱུྃ། འཇིག་རྟེན་འདས་པའི་དུས་ན་མངོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རུ་དྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་
ལས་མཛད་ལ་ཕྱག་འཚལ་བསྟོད། །དཔལ་ཆེན་མངོན་སྤྲུལ་ནག་པོ་ཆེན་པོའི་སྐུ། །འཆོལ་བའི་ཁྲོ་རྒྱལ་མ་ནིང་དགྲ་བགེགས་གཤེད། །ལྷ་ཆེན་དཔལ་འབར་ཆོས་སྐྱོང་ཡོངས་ཀྱི་རྗེ། །དམག་དཔོན་ཆེན་པོའི་སྐུ་ལ་ཕྱག༴ དུར་ཁྲོད་ཐོད་མཁར་མེ་རླུང་འཚུབས་དཀྱིལ་ན། །རྣལ་འབྱོར་དཔལ་མགོན་ཁྱོད་ཀྱི་ཆ་ལུགས་ནི། །སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། །སྐུ་གསུམ་ལྡན་ཕྱིར་སྤྱན་གསུམ་གྱེན་ཐུར་གཟིགས། །རབ་བརྗིད་ཁྲོ་གཉེར་གསུམ་ལྡན་གཏུམ་ལ་རྔམས། །ཞལ་གདངས་མཆེ་གཙིགས་དྲག་པོའི་རྐན་སྒྲ་རྡེབ། །རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །སྦྲུལ་ནག་རལ་པ་ནག་པོས་ས་གཞི་ཁྱབ། །གཡས་པ་རུ་མཚོན་གཡོན་པ་སྙིང་ཞགས་བསྣམས། །ཙནྡན་བེང་ཆེན་སྐེད་བཙུགས་ལྷ་དམག་འགྱེད། །ཐོད་པ་སྐམ་རློན་སྙིང་ཕྲེང་སྦྲུལ་ཆུན་སྤྲས། །དར་ནག་བེར་གསོལ་གསེར་སྐེད་མི་ལྤགས་བཅིངས། །བམ་ཆེན་གདན་ལ་ཞབས་གཉིས་འདོར་སྟབས་བགྲད། །ལེགས་ལྡན་ནག་པོའི་སྐུ་ལ༴ ཧཱུྃ། ལས་ལ་ཆས་ཚེ་སྲོག་བདུད་ཆ་ལུགས་འཛིན། །སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར། །དམག་དཔོན་བཞི་འགྱེད་སྤྱན་བཞིས་ལྷུ་ཚིགས་བརྒྱན། །སྟག་
རལ་གཟིགས་ཤུབ་བཏགས་ནས་རྟ་ནག་ཞོན། །བདུད་མདས་དགྲ་སྙིང་གཟིར་འདེབས་གླིང་བཞིར་རྒྱུག །སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འབར། །ཁ་ཊྭཱཾ་གྲི་གུག་ལྕགས་པར་ཐོགས་ནས་སུ། །སྣང་སྲིད་ཕོ་རྒྱུད་ཐམས་ཅད་ཕོ་ཉར་འགྱེད། །ཅི་བཅོལ་ལས་རྣམས་སྐད་ཅིག་ཡུད་ལ་བསྒྲུབ། །རྟག་ཏུ་གྲོགས་མཛད་མགོན་པོ་ནག་པོ་ཆེ། །མ་བསྐུལ་བར་ཡང་བརྣག་པའི་དགྲ་བགེགས་སྒྲོལ། །ལྟག་ན་སྤྱན་གཅིག་མ་ཚོགས་དབང་དུ་སྡུད། །གར་བསྐུལ་ས་རུ་མི་རོ་རགས་སུ་འཚེར། །བཟློག་པས་མི་བཟློག་སྔགས་བཟློག་མཁན་གྱི་གཤེད། །གཙུག་ལག་ཁང་སྲུང་དཀོར་རྐུན་རྩད་ནས་གཅོད། །བསྟན་པ་གཉན་སྲུང་བཀའ་ཡི་བྱ་ར་བ། །དྲེགས་པ་ཀུན་འདུལ་ཁྱོད་ལ༴ ཧཱུྃ། དཔལ་ལྡན་ལས་ཀྱི་མགོན་པོ་ནི། །མཐིང་ནག་གྲི་གུག་ལྕགས་པར་ཐོགས། །ཁ་ཊྭཱཾ་བདུད་མདས་དགྲ་སྙིང་གཟིར། །རྟ་ནག་ཞོན་ནས་རྒྱུག་ལ་བསྟོད། །མ་ཅིག་ལྷ་མོ་དཔལ་འབར་མ། །སྤུ་གྲི་འཕྱར་ཞིང་ཀླད་ཁྲག་ལྡག །།མི་ལྤགས་གོས་གྱོན་ཐོད་ཕྲེང་འཕྱང་། །ཨུ་མ་དཱི་ཝའི་སྐུ་ལ་བསྟོད། །ཧཱུྃ། སྐུ་ལས་སྤྲུལ་པའི་མགོན་པོ་ནི། །ནག་པོ་སྟ་གཞོན་མི་བཟད་པ། །ཙནྡན་བེང་གསོར་བདུད་ཞགས་འཕེན། །གཏུམ་པོ་འཇིགས་བྱེད་
ཁྱོད་ལ་བསྟོད། མ་འགགས་གསུང་གི་རོལ་པའི་རྩལ། །བེང་ཆེན་དམར་སྨུག་ཁྲོས་པའི་ཞལ། །ཙནྡན་བེང་དང་ལྕགས་པར་འཛིན། །བདུད་འདུལ་མཐུ་ཆེན་ཁྱོད་ལ༴ ཐུགས་ཀྱི་སྒྱུ་མ་ཆེན་པོའི་འཕྲུལ། །ལྷ་མིན་གཡུལ་བཟློག་ནག་པོ་ཆེ། །ཕྱག་ན་གྲི་གུག་ཐོད་ཁྲག་བསྣམས། །ཁྲག་འཐུང་དཔའ་བོ་ཁྱོད་ལ༴ ཡོན་ཏན་མགོན་པོ་ལེགས་ལྡན་ཆེ། །གཏུམ་དྲག་བཟོད་དཀའི་གཟི་བརྗིད་ཅན། །མཐིང་ནག་རིན་ཆེན་ཐོད་ཁྲག་འཛིན། །གདུག་པ་འདུལ་མཛད་ཁྱོད་ལ༴ ཕྲིན་ལས་དྲག་ཤུལ་ཆེན་པོའི་རྩལ། །ཏྲག་ཤད་བདུད་མགོན་མ་རུངས་པ། །ཙནྡན་བེང་དང་དགྲ་སྙིང་འཛིན། །དགྲ་བགེགས་གཤེད་མ་ཁྱོད་ལ༴ འདོད་ཁམས་དབང་ཕྱུག་རེ་མ་ཏཱི། །ལག་ན་ཁྲམ་ཤིང་ཐོད་པ་འཛིན། །དྲེལ་རྟ་ཞོན་ནས་སྟོང་གསུམ་ཉུལ། །ནག་མོ་སྟོང་གི་གཙོ་ལ་བསྟོད། །ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅའ་ཇི་བཞིན་ད་ལྟ་འདིར། །བསྟན་པ་སྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པར་བགྱི། །[ཞེས་བསྟོད། བཟླས་པ་བྱ་བ་ནི།] མགོན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་
བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་པར་[བསམ་ལ།] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུྃ་ཕཊ། [ཅེས་བཟླ་ཞིང་། གཞན་ཡང་འཁོར་སྔགས་བཟླ་བར་འདོད་ན་སྒྲུབ་ཡིག་གི་གཞུང་བཞིན་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] ཧཱུྃ། རྣམ་དག་དབྱིངས་ལས་མ་གཡོས་ཀྱང་། །ཐུགས་རྗེས་ཁྲོ་བོའི་སྐུར་སྟོན་ཅིང་། །བདུད་དཔུང་འཇོམས་མཛད་ཧེ་རུ་ཀ །མཐུ་ཆེན་དཔའ་བོའི་ཐུགས་དམ་བསྐང་། །མིག་སྨན་མདངས་ཅན་རྟ་མཆོག་སོགས། །ཕྱི་ཡི་རྟེན་གྱི་ཐུགས༴ འདོད་ཡོན་བྱ་རོག་རྒྱལ་མཚན་བཅས། །ནང་གི་རྟེན་གྱིས་ཐུགས༴ གྲི་སྙིང་སྲོག་གི་འཁོར་ལོ་སོགས། །གསང་བའི་རྟེན་གྱིས་ཐུགས༴ འབོད་པའི་དམ་རྫས་ཡིན་པའི་ཕྱིར། །གཡབ་དར་ནག་པོས༴ གཤེགས་པའི་དམ་རྫས་ཡིན་པའི་ཕྱིར། །དབྱིངས་རྔ་རོལ་མོས༴ གནས་ཀྱི་དམ་རྫས་ཡིན་པའི་ཕྱིར། །ཐོད་མཁར་འབར་བས༴ བཞུགས་པའི་དམ་རྫས་ཡིན་པའི་ཕྱིར། །པད་ཉི་རོ་ཡིས༴ རྒྱན་གྱི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྨན་གྱིས༴ ངོམས་པའི་དམ་རྫས་ཡིན་པའི་ཕྱིར། །
དམར་ཆེན་རཀྟས༴ ཚིམ་པའི་དམ་རྫས་ཡིན་པའི་ཕྱིར། །དཔལ་གྱི་གཏོར་མས༴ མཐུན་པའི་དམ་རྫས་ཡིན་པའི་ཕྱིར། །སྣ་ཚོགས་ནོར་གྱིས༴ བརྟེན་པའི་དམ་རྫས་ཡིན་པའི་ཕྱིར། །གཟུགས་རྟེན་བླ་རྡོས×བཟའ་བའི་དམ་རྫས་ཡིན་པའི་ཕྱིར། །ཤ་ཆེན་སྣ་ལྔས༴ བཏུང་བའི་དམ་རྫས་ཡིན་པའི་ཕྱིར། །བདུད་རྩི་སྣ་ལྔས༴ མཆོད་པའི་དམ་རྫས་ཡིན་པའི་ཕྱིར། །སྲིད་ཞིའི་འབྱོར་པས༴ སྐུ་ཡི་ཐུགས་དམ་བསྐང་བའི་ཕྱིར། །ཕྱག་རྒྱ་གསལ་རྫོགས༴ གསུང་གི་ཐུགས་དམ་བསྐང་བའི་ཕྱིར། །རླུང་སྔགས་བཟླས་པས༴ ཐུགས་ཀྱི་ཐུགས་དམ་བསྐང་བའི་ཕྱིར། །ཏིང་འཛིན་བརྟན་པས༴ ཡོན་ཏན་ཐུགས་དམ་བསྐང་བའི་ཕྱིར། །འདོད་ཡོན་མཁོ་རྒུས༴ ཕྲིན་ལས་ཐུགས་དམ་བསྐང་བའི་ཕྱིར། །ལས་སྦྱོར་འབད་པས༴ བསྐང་ངོ་གསོལ་ལོ་ཐུགས་དམ་བསྐང་། །དཔལ་འབར་མ་ཧཱ་ཀཱ་ལ་དང་། །སྤྲུལ་པ་རྣམ་ལྔ་མཐུ་ཆེན་བརྒྱད། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །ཐུགས་དམ་གཉན་སྐོངས་དངོས་གྲུབ་སྩོལ། །[ཞེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་ཆོས་དབང་། རྡོར་གླིང་། རཏ་གླིང་། པད་གླིང་། འཇའ་ཚོན་པ་རྣམས་ཀྱི་མ་ནིང་གི་བཀའ་སྲོལ་ཆུ་བོ་གཅིག་ཏུ་
འདྲེས་པ་སྟེ། སྲོག་དབང་གི་ཆོ་ག་སྤྱི་ཁྱབ་འདོད་འཇོའི་བུམ་བཟང་བཞིན་དང་། གཞན་དུ་སོ་སོའི་མོས་པ་དང་སྦྱར་ཏེ་བྱས་པས་འགྲུབ་བོ།། །།
མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས།
༄༅། །[མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས་ནི། སྦྱོར་བའི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་དུར་ཁྲོད་ཆེན་པོའི་དབུས་སུ་ཡཾ་ལས་བསྐལ་པའི་མེ་རླུང་དམར་ནག་འབར་ཞིང་འཚུབས་པའི་ཀློང་དུ་ར་ལས་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པ། ཀེཾ་ལས་རུས་པའི་རི་རབ་འཛིངས་སྟབས་སུ་བརྩིགས་པའི་སྟེང་དུ་བྷྲུཾ་ལས་བྷཉྫ་འབར་བའི་གཞལ་ཡས་ཁང་རྒྱ་ཁྱོན་ཚད་མེད་པ་འཇིགས་ཤིང་རྔམས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་དབུས་སུ་པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་ཏྲག་ཡིག་སྨུག་ནག་ཡོངས་སུ་གྱུར་པ་ལས། དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་དུད་སྤྲིན་འཁྲིགས་པ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་གཏུམ་མི་བཟད་པའི་གཟུགས་ཅན། དཔྲལ་བའི་དབྱིངས་ན་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་གཟིར་ཞིང་བལྟ་བ། ཞལ་རབ་ཏུ་གདངས་ཤིང་ཟླ་ཚེས་ལྟ་བུའི་མཆེ་བ་གཅིག་ཐུར་དུ་གཙིགས་པ། ལྗགས་འདྲིལ་ཞིང་ཧཱུྃ་དང་བྷྱོའི་ང་རོ་དྲག་པོ་སྒྲོག་པ། རལ་པ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟིངས་པ། ཐུགས་ཀ་ན་བདུད་རྩིའི་རྒྱུན་འཛག་པའི་ནུ་མ་གཅིག་འཕྱང་བ། ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་
འཕྱར་ཞིང་། གཡོན་དགྲ་སྙིང་དང་ལྕགས་སྤྱང་ཁྲ་ཐབས་སུ་འགྱེད་པ། ཐོད་པ་སྐམ་པོའི་ཅོད་པན་དང་དོ་ཤལ་ཅན། མི་ལྤགས་ཀྱི་གཡང་གཞི་དང་འཇའ་སྤྲིན་གྱིས་སྟོད་གཡོགས་ཤིང་སྟག་གི་ལྤགས་པའི་ཤམ་ཐབས་འཕྱང་བ། ཕྱག་རྒྱ་ལྔས་བརྒྱན་ཏེ་གཡོན་བརྐྱང་བའི་གར་སྟབས་ཀྱིས་རོའི་གདན་ལ་རོལ་པ། འཁོར་སྤྲུལ་པའི་མ་མོ་རྣམ་གསུམ། སྦྱོར་སྒྲོལ་སྲོག་གཅོད་ཀྱི་གིང་གསུམ། ཡེ་ཤེས་ཀྱི་མ་མོ་ལྔ། རྗེ་མོ་བཅུ་བཞི། སྨན་མོ་ལྔ་བཅུ་རྩ་བརྒྱད་སོགས་སྣང་སྲིད་མ་མོའི་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། མ་མོའི་མདུན་དུ་བྷྱོ་ལས་བཤན་པ་སྲོག་སྒྲུབ་ནག་མོ་རྔམས་ཤིང་ཁྲོས་པ། གཡས་ཆུ་གྲི་རྣོན་པོ་འཕྱར་ཞིང་། གཡོན་དགྲ་བོའི་གློ་སྙིང་ཟ་བ། མི་ལྤགས་ཀྱི་གོས་དང་ཐོད་རུས་སྦྲུལ་གྱིས་བརྒྱན་ཅིང་སྲིད་པའི་རླུང་ནག་ཞོན་པ། གཡས་ན་ལྕེ་སྤྱང་གདོང་མ། གཡོན་ན་ཝ་གདོང་མ། མདུན་ན་འུག་གདོང་མ་སོགས་ཤ་ཟ་དང་མ་མོ་འབུམ་སྡེས་བསྐོར་བ། མ་མོའི་གཡས་སུ་ཏྲི་ལས་གཟའ་བདུད་རཱ་ཧུ་ལ་སྨུག་ནག་མགོ་བོ་དགུ་པ་ཕྱག་བཞིའི་དང་པོ་གཉིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་མདའ་གཞུས་དགྲ་སྙིང་གཟིར་བ། ལུས་ཀུན་མིག་གིས་
གང་ཞིང་རོ་སྨད་སྦྲུལ་དུ་འཁྱིལ་བ། དུར་ཁྲོད་འཇིགས་པའི་ཆས་ཅན་གཟའ་དང་གདོང་མོ་རྒྱུ་སྐར་སོགས་འཇིགས་བྱེད་དྲེགས་པའི་ཚོགས་ཀྱི་བསྐོར་བ། མ་མོའི་རྒྱབ་ཏུ་ཀྵ་ལས་གནོད་སྦྱིན་བཤན་པ་དམར་ནག་ཞལ་གཅིག་ཕྱག་བཞི་པ། གཡས་གཉིས་གྲི་གུག་དང་རལ་གྲི། གཡོན་གཉིས་ཐོད་པ་དང་སྦྲུལ་ཞགས་འཛིན་པ། དར་དམར་གྱི་བེར་དང་དུར་ཁྲོད་ཀྱི་ཆས་ཅན་མཁའ་ལྡིང་ལ་ཞོན་པ། ལས་བྱེད་ཕོ་ཉ་སྡེ་བརྒྱད་སོགས་ཤ་ཟ་བཤན་པའི་ཚོགས་ཀྱིས་བསྐོར་བ། མ་མོའི་གཡོན་དུ་ཏྲི་ལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་དམར་པོ། ཕྱག་གཡས་རྡོ་རྗེས་དགྲ་མགོ་གཟིར་ཞིང་། གཡོན་མི་སྙིང་འཛིན་པ། དར་དཀར་གྱི་བེར་དང་བརྗིད་པའི་ཆས་ཅན་ར་སྐྱེས་ཁམ་པ་ལ་ཞོན་པ། འཁོར་གིང་ཆེན་སྡེ་བཞི་ལྷ་བཙན་བདུད་ཀྱི་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་དགྱེས་སྡེ་མོ་བཅུ་གཉིས་ཟ་བྱེད་མཆེ་བ་ཅན་སོགས་དྲེགས་པའི་ཚོགས་ཀྱིས་བསྐོར་བ། གཞན་ཡང་ཕྱིའི་ཁོར་ཡུག་ལ་ཡེ་ཤེས་དང་ལས་ལས་གྲུབ་པའི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ཕོ་ཉ་ལས་བྱེད་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བསྐོར་བ། ཐམས་ཅད་ཀྱང་འཇིགས་ཤིང་རྔམས་པའི་གཟུགས་འཆང་ཞིང་ཕྲིན་ལས་འདོད་རྒུར་བསྒྱུར་བས་སྒྲུབ་པ་པོའི་རེ་འདོད་ཡིད་བཞིན་དུ་སྐོང་བའི་ཚུལ་གྱིས་གནས་པའོ། །
ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཐུགས་ཀའི་ཧཱུཾ་ལས་འོད་ཟེར་འཕྲོས་པས་ཆོས་དབྱིངས་ཡུམ་གྱི་མཁའ། ལྷོ་ཕྱོགས་རྒྱ་མཚོའི་གླིང་། རི་རབ་ཀྱི་རྩེ། དུར་ཁྲོད་ཆེན་པོ་བརྒྱད་སོགས་གྲུབ་པའི་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཁམས་ཐམས་ཅད་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་པར་བསམ་ཞིང་།] བྷྱོ། བདེ་ཆེན་ཀུན་བཟང་ཡུམ་གྱི་མཁའ། །རང་བྱུང་ཡེ་ཤེས་སྤྲོས་བྲལ་དབྱིངས། །དམིགས་མེད་ཆོས་སྐུའི་དཀྱིལ་འཁོར་ནས། །ཐུགས་རྗེས་སྤྲུལ་པའི་སྐུར་བཞེངས་མ། །མཁའ་འགྲོ་ཀུན་གྱི་གཙོ་མོ་ཆེ། །སྲིད་གསུམ་དབང་བསྒྱུར་རལ་གཅིག་མ། །གསང་སྔགས་བཀའ་སྲུང་སྒྲོལ་བའི་ཡུམ། །སྨུག་ནག་ཁྲོས་མ་གཤེགས་སུ་གསོལ། །དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་མ་གཅིག་ཀྱེ། །མིང་པོ་རྡོ་རྗེས་དེང་འབོད་ཀྱིས། །སྲིང་མོ་དམ་ཅན་ད་ཚུར་བྱོན། །བྷྱོ། དུར་ཁྲོད་གནས་ནས་མཁའ་འགྲོ་མ། །མི་བསྲུན་བཤན་པ་གཤེགས་སུ་གསོལ། །བར་སྣང་ཁམས་ནས་འཇིགས་བྱེད་གཙོ། །ཁྱབ་འཇུག་ཆེན་པོ༴ ཧེ་ཆེན་བརྡལ་ནས་སྒྲོལ་བའི་གིང་། །གནོད་སྦྱིན་ཆེན་པོ༴ དམ་ཚིག་གནས་ནས་ཐིག་ལེ་རྩལ། །རྡོ་རྗེ་ལེགས་པ༴ བསྟན་པ་
སྐྱོང་བའི་དམ་ཅན་རྣམས། །སོ་སོའི་མངག་གཞུག་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །ཕྲིན་ལས་བསྒྲུབ་ཕྱིར་གཤེགས་སུ་གསོལ། །ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛཿཛཿ ཏྲག་རཀྴ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ [ཞེས་སྤྱན་དྲངས་ལ།] ཧཱུཾ། ཆོས་ཀྱི་དབྱིངས་ནས་བཞེངས་པ་ནི། །སྨུག་ནག་ཁྲོས་མ་རག་གདོང་མ། །སྔགས་ཀྱི་སྲུང་མ་འཁོར་དང་བཅས། །འདིར་བཤམས་འབར་བའི་གདན་ལ་བཞུགས། །ཏྲག་རཀྴ་ས་མ་ཡ་ཏིཥྛནྟུ། [ཞེས་བཞུགས་སུ་གསོལ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། དཔལ་སྔགས་སྲུང་ཁྲོས་མའི་རྒྱལ་མོ་འཁོར་དང་བཅས་པ་རྣམས་ཀྱིས། ཆོས་སྐུ་ཀུན་ཏུ་བཟང་པོ། སྟོན་པ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་དགའ་རབ་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། རིག་འཛིན་ཤྲཱི་སེང་ཧ། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་པདྨ་འབྱུང་གནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནས་དྲིན་ཅན་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་དམ་ཚིག་གི་གཉེར་གཏད།] ཧཱུཾ། དཔལ་ལྡན་ཡེ་ཤེས་མཁའ་འགྲོའི་གཙོ། །སྔགས་སྲུང་མ་མོར་རལ་
གཅིག་མ། །མཐུ་ཆེན་དྲེགས་པ་ཆེན་པོ་བཞི། །འཁོར་དང་བཅས་ལ་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། [ཞེས་ཕྱག་བྱ།] ཧཱུཾ། རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །མེ་ཏོག་ཕྲེང་མཛེས་བདུག་སྤོས་སྤྲིན་ཕུང་གཡོ། །འོད་འབར་སྣང་གསལ་དྲི་ཆབ་ལྦུ་ཕྲེང་བཞད། །རོ་བརྒྱའི་ཞལ་ཟས་སྙན་བརྗིད་རོལ་མོ་འཁྲོལ། །ཤ་རུས་དོན་སྙིང་ནང་རོལ་སྣ་ཚོགས་དང་། །རྨད་བྱུང་བདུད་རྩི་རཀྟ་བཏུང་བའི་མཚོ། །འདོད་ཡོན་བཟའ་བཅའི་གཏོར་མ་བསམ་མི་ཁྱབ། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་འཇམ་ལྷ་མིའི་མཆོད་སྤྲིན་ཇི་སྙེད་ཀྱིས། །མཆོད་དོ་དགྱེས་པར་རོལ་ལ་ཕྲིན་ལས་མཛོད། །ཨོཾ་ཏྲག་རཀྴ་ས་པ་རི་ཝཱ་ར་པུཥྤེ་[ནས།] ཤཔྡ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། [ཞེས་དང་། ཁྱད་པར་དུ།] མ་མོ་འཁོར་བཅས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛ་ཛཿ ས་པ་རི་ཝཱ་ར་ཨི་དཾ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ཞིང་།] དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་སྨུག་ནག་ཁྲོས་མའི་རྒྱལ་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་
ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི།] བྷྱོ། བསྐལ་པའི་མེ་ལྟར་འབར་བའི་དུར་ཁྲོད་ན། །ཤིན་ཏུ་གསོད་པའི་སྨུག་ནག་ཁྲོས་མ་ནི། །ནམ་མཁའི་ལུས་ཅན་ལྷོ་སྤྲིན་གོས་སུ་གྱོན། །ཙིཏྟ་ཟ་ཞིང་དམ་ཉམས་སྙིང་ཁྲག་འདྲེན། །ཞིང་ཆུང་དབྱུག་པས་དགྲ་སྙིང་ཚལ་པར་འགེམས། །འཇིགས་བྱེད་ཆེན་མོ་རལ་པའི་ཐོར་ཚུགས་ཅན། །དཔྲལ་ན་མིག་གཅིག་སྲིད་གསུམ་ཁུངས་ནས་འབྱིན། །ཞལ་ན་ཚེམས་གཅིག་དགྲ་བོའི་སྲོག་གཅོད་མ། །བྲང་ན་ནུ་གཅིག་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཤ་ཁྲག་ལོངས་སྤྱོད་དམར་གཏོར་འདི་གསོལ་ལ། །དམ་ཚིག་དབང་གིས་དམ་ཉམས་གཤེད་མ་མཛོད། །མ་མོ་སྲོག་ལ་དགྱེས་ཕྱིར་འདི་གསོལ་ལ། །བདག་གིས་བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད། །དམ་ཚིག་དུས་ལ་བབ་བོ་ས་མ་ཡ། །བྷྱོ། དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །མངོན་པར་བསྟོད་ཀྱིས་དམ་མ་འདའ། །གྲུ་གསུམ་ཡུམ་གྱི་མཁའ་དབྱིངས་ནི། །སྐུ་མདོག་མཐིང་ནག་འབར་བ་ནི། །འགྱུར་མེད་དོན་དམ་ཐུགས་ཆུད་རྟགས། །རལ་པའི་ཐོར་ཚུགས་བཅིངས་པ་ནི། །ཁམས་གསུམ་དབང་དུ་སྡུད་པའི་རྟགས། །ཕྱག་
གཡས་ཞིང་ཆེན་དབྱུག་པ་ནི། །འགྲོ་དྲུག་རྩད་ནས་གཅོད་པའི་རྟགས། །གཡོན་པས་སྤྱང་མོ་ཁྲ་ཐབས་འགྱེད། །དགྲ་བགེགས་མྱུར་དུ་འདྲེན་པའི་རྟགས། །ཐུགས་ལས་སྤྱང་མོ་དགུ་འབུམ་འཕྲོ། །སྟོང་ཁམས་དགྲ་བོ་སྒྲོལ་བའི་རྟགས། །ཞབས་གཉིས་དོར་སྟབས་བགྲད་པ་ནི། །ཐབས་དང་ཤེས་རབ་སྦྱོར་བའི་རྟགས། །ནག་མོ་གདུག་པའི་སྲོག་འཕྲོག་མ། །མངོན་པར་བསྟོད་ཀྱི་མཐུ་མ་ཆུང་། །བྷྱོ། སྨུག་ནག་ཁྲོས་མ་རལ་གཅིག་མ། །ཞིང་དབྱུག་འཕྱར་ཞིང་དགྲ་སྙིང་ཟ། །འཇའ་སྤྲིན་གོས་གྱོན་མི་ལྤགས་འཕྱང་། །སྔགས་སྲུང་ཆེན་མོ་ཁྱོད་ལ་བསྟོད། །དཔལ་ལྡན་བཤན་པ་མི་བསྲུན་མ། །གཅེར་མོ་དོན་སྙིང་ཟ་ཞིང་རྒྱུག །དགྲ་བགེགས་མྱོས་བྱེད་རིམས་ནད་འབེབས། །ནམ་གྲུ་ནག་མོ་ཁྱོད་ལ་བསྟོད། །གཏུམ་ཆེན་གཟའ་བདུད་སྲིན་པོའི་གཟུགས། །མགོ་དགུ་རྒྱལ་མཚན་སྦྲུལ་ཞགས་དང་། །མདའ་གཞུ་འགེངས་ཞིང་ཐོག་སེར་འབེབས། །སྡེ་བརྒྱད་དམག་དཔོན་ཁྱོད་ལ༴ སྒྲོལ་གིང་བཤན་པ་དམར་ནག་ནི། །གྲི་ཐོད་འཛིན་ཅིང་རལ་གྲི་གདེངས། །བསྟན་དགྲའི་སྙིང་འབྱིན་སྦྲུལ་ཞགས་འཕེན། །གནོད་སྦྱིན་ཆེན་པོ་ཁྱོད་ལ༴ དམ་ཅན་སྐྱེས་བུ་གིང་གི་བདག །
དམར་ནག་རྡོ་རྗེ་དགྲ་སྙིང་འཛིན། །ཟ་འོག་བེར་གྱོན་ར་སྐྱེས་ཞོན། །མཐུ་ཆེན་དྲེགས་པ་ཁྱོད་ལ༴ མ་ཐོགས་མྱུར་བའི་རྫུ་འཕྲུལ་གྱིས། །དཀར་ཕྱོགས་བསྟན་པ་ལེགས་སྐྱོང་ཞིང་། །ནག་ཕྱོགས་བདུད་སྡེ་ཚར་གཅོད་པའི། །བཀའ་སྡོད་ཕོ་ཉ་ཀུན་ལ་བསྟོད། །[ཅེས་བསྟོད། བཟླས་པ་བྱ་བ་ནི།] མ་མོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་རང་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་བསམ་ལ། ཨོཾ་མ་མ་ཨེ་ཀ་ཛཱ་ཊི་ཏྲག་རཀྴ་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། [ཞེས་གཙོ་མོའོ། །]ཨོཾ་ཁྱི་ཁ་ལེ་ནག་མོ་སོད་སྲོག་མ་ཏི་སོད་སྙིང་ཁ་ཁ་བཾ་ཡ་མ་སོད་ཙ་བཾ་བི་ཏི་མུ་སོད་གྷ་ཡ་སད་ནྲི་ཡ་སོད་རཀྨོ་ཎི་ར་རྦུད། [ཅེས་སྲོག་སྒྲུབ་མའོ། །]ཧྲཱིཿ ཤ་ཀ་རུ་རཀ་རཾ་ན་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ཡོ་གེ་ཤ་ལ་ཛ་ཛཿ[ཞེས་གཟའ་བདུད་དོ། །]ཨོཾ་ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ཏྲི་གྷྲཾ་བྷྱོ་པུར་ཛ་དྷྲི་ཀ་ཧ་ལ་གྷན་ཙ་ཡ་ཛ་ཛཿ[ཞེས་གནོད་སྦྱིན་ནོ། །]ཨོཾ་བཛྲ་སཱ་ངྷུ་ས་མ་ཡ་ཧས་བྱ་ཧུས་བྱ་གླེ་གད་ཨེ་བྷག་ཤ་ཡ་ཛཿ [ཞེས་དམ་ཅན་གྱི་སྔགས་ཏེ། གཙོ་འཁོར་གྱི་འགྲོས་དང་སྦྱར་ལ་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་ཕྲིན་ལས་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] བྷྱོ། ཡེ་ཤེས་
མ་མོ་ཁྲག་འཐུང་ཡུམ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །འཁོར་བཅས་མཐུན་པའི་དམ་རྫས་ཀྱིས། །ཐུགས་དམ་བསྐང་ཞིང་ཉམས་ཆག་བཤགས། །ཁྲག་ཞག་འཁྲུགས་པའི་ཨརྒྷཾ་དང་། །དབང་པོ་ལྔ་ཡི་མེ་ཏོག་དང་། །གསུར་ཆེན་སྤོས་ཀྱི་དུད་སྤྲིན་དང་། །ཞུན་ཆེན་སྒྲོན་མེས་ཐུགས་དམ་བསྐང་། །མཁྲིས་ཆེན་བདུད་རྩིའི་དྲི་ཆབ་དང་། །ཤ་ཁྲག་རུས་པའི་ཞལ་ཟས་དང་། །རྐང་གླིང་ཐོད་རྔའི་རོལ་མོ་སོགས། །མཐུན་པའི་རྫས་ཀྱིས་ཐུགས་དམ༴ སྣ་ཚོགས་སྙིང་དང་ཁྲག་སྣ་འབུམ། །བཙོས་དང་རྗེན་ཤ་དཀར་མངར་བཅུད། །མྱོས་བྱེད་ཛ་གད་འབྲུ་སྨན་དབྱིག །འདོད་ཡོན་མཆོད་པས་ཐུགས༴ བྱ་ནག་ཁྱི་དང་ཟ་ལེ་འབྲི། །ཙ་ར་ལུག་དང་དྲེའུ་རྣམས། །མཛེས་སྡུག་རྣམ་བཀྲའི་རྒྱན་ཆ་ཅན། །འབུམ་ཕྲག་མང་པོས༴ སྐུ་གཟུགས་སྔགས་བྱང་རྩེ་གསུམ་མདུང་། །རྦ་ལྕག་ཚིགས་གསུམ་རང་བྱུང་མཚལ། །བྱང་སེམས་ནལ་བུའི་རྒྱལ་མཚན་སྙིང་། །ཤ་ཁྲག་སྙིང་སྣས༴ གཏོར་ཆེན་སྨན་ཕུད་སྤྱི་བླུགས་ཞྭ། །རྨ་བྱའི་རྒྱལ་མཚན་ལེ་བརྒན་གུར། །བམ་ཆེན་སྣེལ་མོའི་མགོ་ལྤགས་སོགས། །སྲོག་འཁོར་བླ་རྡོས༴ རྔམས་བརྗིད་ཐོད་མཁར་དུར་ཁྲོད་གནས། །དཔལ་གྱི་ཆས་གོས་རྒྱན་ཕྲེང་དང་། །སྣ་ཚོགས་དཀོར་ནོར་སྤྱན་གཟིགས་སོགས། །འདོད་
ཡོན་མཁོ་རྒུས༴ གཞན་ཡང་མཐུན་པའི་དམ་ཚིག་རྫས། །ལྷ་མིའི་འབྱོར་ཚོགས་མཆོད་པའི་སྤྲིན། །དངོས་བཤམས་ཡིད་ཀྱི་རྣམ་རོལ་ལས། །གང་བཞེད་དེ་དེར་འཆར་བས་བསྐང་། །ཁྱད་པར་ཁྱོད་སྐུ་སྣང་སྟོང་སྐུ། །གསལ་བརྟན་གྲགས་སྟོང་སྔགས་སུ་སྦྱར། །བདེ་སྟོང་ཐུགས་ཀྱི་དཀྱིལ་འཁོར་དུ། །རང་རིག་འདུ་འབྲལ་མེད་པར་བསྐང་། །ངོ་བོ་དུས་གསུམ་རྒྱལ་ཀུན་ཡུམ། །རྣམ་པ་སྔགས་སྲུང་ཁྲག་འཐུང་ཚུལ། །གདུལ་དཀའ་འདུལ་བའི་མཐུ་རྩལ་ཅན། །སྨུག་ནག་ཁྲོས་མའི་ཐུགས་དམ་བསྐང་། །ཡེ་ཤེས་མ་མོའི་ཐུགས༴ ཁྲག་འཐུང་ཡུམ་གཅིག༴ སྔགས་སྲུང་ཁྲོས་མའི་ཐུགས༴ ཨེ་ཀ་ཛཱ་ཊིའི་ཐུགས༴ སྤྲུལ་པ་རྣམ་གསུམ་གིང་ཆེན་གསུམ། །ཕོ་ཉ་ཡེ་ཤེས་འཇིག་རྟེན་དང་། །དམ་ཚིག་ཤ་ཟའི་མཁའ་འགྲོ་མ། །འབུམ་ཕྲག་འཁོར་བཅས་ཐུགས་དམ༴ བཤན་པ་སྲོག་སྒྲུབ་གཟའ་བདུད་དང་། །སྒྲོལ་གིང་རྡོ་རྗེ་ལེགས་པ་རྣམས། །ལྕམ་དྲལ་བཀའ་སྡོད་ཕོ་ཉར་བཅས། །འཁོར་དང་བཅས་པའི་ཐུགས་དམ་བསྐང་། །དམ་ཅན་ཐུགས་དམ་དགྱེས་བསྐང་ཞིང་། །བདག་ཅག་ཉམས་ཆག་བྱང་བ་དང་། །ཞི་རྒྱས་དབང་དྲག་
ཕྲིན་ལས་བཞིའི། །དངོས་གྲུབ་ཆེན་པོ་གྲུབ་པར་མཛོད། །[ཅེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་ཁྲོས་མ་གསང་བའི་རྒྱུད་སོགས་ཨ་ཏི་དང་མ་ཧཱའི་རྒྱུད་ཀྱི་དངོས་བསྟན་མན་ངག་སྙིང་ཐིག་ཆེན་མོ་དང་འབྲེལ་ཆགས་སུ་བྱུང་བ་ཀུན་མཁྱེན་ཆོས་རྗེའི་བཀའ་སྲོལ་ལས་བྱོན་པ་ཉིད་གཙོ་བོར་བྱས་པ་སྟེ། གཏེར་ཁ་གཞན་ཐམས་ཅད་ཀྱི་སྤྲོ་གཞི་ཡང་འདི་ཁོ་ན་ཡིན་པས། ཚུ་འདིས་ཀུན་ལ་ཁྱབ་པར་འགྱུར་བ་ཡིན་ཅིང་། སྲོག་དབང་གི་ཆོ་ག་ནི་འདོད་འཇོའི་བུམ་བཟང་ལས་ཤེས་པར་བྱའོ༎ ༎]
ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྲིན་ལས།
༄༅། །[ལྷ་ཆེན་དབང་ཕྱུག་ཆེན་པོའི་ཕྲིན་ལས་ནི། སྦྱོར་བའི་རིམ་པ་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་རང་གི་མདུན་དུ་བྷྲུཾ་ལས་བྱུང་བའི་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་ཟླ་གམ་སྒོ་གཅིག་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་འོད་ཟེར་ཀུན་ནས་འབར་བའི་དབུས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་པོ་མཆོག་ཏུ་འབར་བ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། ཁམས་གསུམ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས་ནས་འོད་ཟེར་དམར་པོའི་རྣམ་པས་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། ཤིན་ཏུ་སྒེག་པའི་ལང་ཚོ་ཅན་ཁྲོ་འཛུམ་ཆགས་པའི་ཉམས་འགྱུར་མཆོག་ཏུ་གསལ་བ། གཡས་ཁམས་གསུམ་སྐད་ཅིག་གིས་འགུགས་པའི་ལྕགས་ཀྱུ་རྣོན་པོ་འཕྱར་ཐབས་སུ་འཛིན་ཅིང་། གཡོན་སྣང་སྲིད་བྲན་དུ་འཆིང་བའི་ཉི་ཟེར་གྱི་ཞགས་པ་འཛིན་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་འདོར་སྟབས་ཀྱིས་བཞུགས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཟུར་ཕུད་
ལ་ཟླ་བ་ཚེས་པས་བརྒྱན་ཅིང་ལྟེ་བར་ཉི་མ་ངོམས་པ། གཅེར་བུ་ལིང་ག་དམར་པོ་བསྒྲེང་ཞིང་ཆགས་པའི་ཟིལ་པ་འཁྲིགས་པ། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་སེར་པོ། དབང་རྒྱལ་དམར་པོ། ཕ་རོལ་དཔུང་འཇོམས་ལྗང་སྔོན་རྣམས་ཀྱི་ཕྲེང་བས་དོ་ཤལ་སྤྲས་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ཅོད་པན་འཕུར་བ། དེའི་གཡོན་དུ་ཡུམ་ཨུ་མ་དཱེ་ཝི་དམར་གསལ་མཛེས་འཛུམ་ལང་ཚོ་རྒྱས་པའི་ཉམས་ཅན། གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་གཏེར་གྱི་བུམ་བཟང་འཛིན་པ། གཅེར་མོ་སྐྲ་གྲོལ་ཞིང་པདྨའི་ཆུན་པོས་ཐོད་རྒྱན་ཅན། དར་གྱི་ཅོད་པན་དང་ཨུཏྤལ་དམར་པོའི་དོ་ཤལ་གྱིས་སྤྲས་པ། དགྱེས་ཆགས་འཛུམ་པའི་རྣམ་འགྱུར་དང་བཅས་ཏེ་ཡབ་ལ་ཟུར་མིག་བལྟ་བའི་ཚུལ་གྱིས་ཞབས་གཉིས་ཡབ་ཀྱི་སྐུ་ལ་བརྟེན་ནས་བཞེངས་སྟབས་སུ་གནས་པ། ཕྱོགས་ཀྱི་འདབ་མ་བཞི་ལ་གསང་བའི་ཌཱ་ཀི་ཤར་དུ་འགུགས་བྱེད་མ། ལྷོ་རུ་འཆིང་བྱེད་མ། ནུབ་ཏུ་རྨོངས་བྱེད་མ། བྱང་དུ་མྱོས་བྱེད་མ་སྟེ། བཞི་ཀའང་དབང་གི་མདོག་ཅན་རང་རྟགས་ཀྱི་ཕྱག་མཚན་འཛིན་ཅིང་དར་གྱི་ཅོད་པན་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞི་འཛུམ་ཆགས་པའི་ཉམས་ཅན་འགྲེང་སྟབས་སུ་འཁོད་པ། གཞན་ཡང་
ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་ཞིང་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་དབུས་ན་སྒྲུབ་པ་པོའི་ཕྲིན་ལས་འདོད་རྒུར་སྒྲུབ་པའི་ཚུལ་གྱིས་བཞུགས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་སོ་སོའི་ས་བོན་གྱིས་མཚན་པ་དང་། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྟེང་ཕྱོགས་ཚངས་པའི་གནས་དང་རྒྱ་མཚོ་ཆེན་པོའི་འགྲམ་སོགས་རང་བཞིན་གྱི་གནས་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་[བསམ་ཞིང་།] ཧྲཱིཿཛཿ དད་པ་དང་ནི་དམ་ཚིག་གིས། །འབོད་དོ་བསྒྲུབ་བོ་ལྷ་ཆེན་པོ། །མ་ཧཱ་དཱེ་ཝ་ལྕམ་དྲལ་འཁོར། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །དབང་ཕྱུག་ཆེན་པོ་གཤེགས་སུ༴ ཨུ་མ་དཱེ་ཝི་གཤེགས་སུ༴ ལས་བྱེད་མ་བཞི༴ འཁོར་ཚོགས་རྒྱ་མཚོ༴ རྣལ་འབྱོར་གདུང་བས་ཁྱོད་བསྐུལ་ན། །སྒྲུབ་པའི་ལས་ལ་མ་གཡེལ་བར། །ཚངས་པའི་གནས་དང་རྩུབ་འགྱུར་ཚལ། །རྒྱ་མཚོའི་གླིང་སོགས་གར་བཞུགས་ནས། །ཐོགས་མེད་རྫུ་འཕྲུལ་སྟོབས་ཤུགས་ཀྱིས། །དམ་ཚིག་མཆོག་གི་ཕོ་བྲང་འདིར། །སྐད་ཅིག་ཉིད་ལ་གཤེགས་ནས་ཀྱང་། །
དགྱེས་པའི་ཞལ་སྟོན་ཕྲིན་ལས་མཛོད། །ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿ [ཞེས་སྤྱན་དྲངས།] ཧྲཱིཿ ཏིང་འཛིན་འཕྲུལ་གྱི་གནས་མཆོག་འདིར། །གསལ་སྣང་འགྱུར་མེད་བདེ་ཆེན་ཀློང་། །རབ་མཛེས་མཐོ་བའི་གདན་ཁྲི་ལ། །དབང་ཕྱུག་འཁོར་བཅས་བཞུགས་སུ་གསོལ། །ཛཿཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། [ཞེས་བཞུགས་སུ་གསོལ།] ཨོཾ་བཛྲ་ས་མ་ཡ་རཀྵ་ཧཱུཾ་ཕཊ། ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་ཀུན་བཟང་སྣང་བ་མཐའ་ཡས། གར་དབང་ཐུགས་རྗེ་ཆེན་པོ། སློབ་དཔོན་པདྨ་འབྱུང་གནས། མ་གཅིག་ཡེ་ཤེས་མཚོ་རྒྱལ། སྤྲུལ་སྐུ་གཏེར་ཆེན་པོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱིས་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་དམ་ཚིག་གི་གཉེར་གཏད།] ཧྲཱིཿ དངོས་སུ་འབྱོར་དང་ཏིང་འཛིན་ལས། །བྱུང་བའི་མཆོད་པའི་སྤྲིན་ཕུང་ནི། །ཡོན་ཆབ་ཞབས་བསིལ་མེ་ཏོག་ཚལ། །བདུག་སྤོས་སྣང་གསལ་དྲི་བཟང་ཆབ། །ཞལ་ཟས་སིལ་སྙན་རོལ་མོའི་དབྱངས། །འདོད་པའི་ཡོན་ཏན་རྣམ་པ་ལྔ། །འཆི་མེད་བདུད་རྩི་རཀྟའི་རྒྱུན། །བཟའ་བཅའི་གཏོར་མ་ལྷུན་པོར་སྤུངས། །བཀྲ་ཤིས་
རྫས་རྟགས་རྒྱལ་སྲིད་བདུན། །སྣ་ཚོགས་དཀོར་ནོར་རིན་ཆེན་དབྱིག །ཟག་མེད་བདེ་སྦྱོར་དགའ་བཞིའི་རོ། །མཆོག་གི་དམ་ཚིག་བླ་ན་མེད། །དགྱེས་པར་དགོངས་ལ་བཞེས་ནས་སུ། །བདག་གི་འདོད་དོན་ཡོངས་སྒྲུབ་མཛོད། །ཨོཾ་མ་ཧཱ་དཱེ་ཝ་ས་པ་རི་ཝཱ་ར་ཨརྒྷཾ[ནས།] ཤཔྡའི་[བར་གྱིས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ལྷ་ཆེན་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨོཾ་མ་ཧཱ་དཱེ་ཝ་ཛཿ ཨུ་མ་དཱེ་ཝཱི་ཧྲིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།] བསྟན་སྲུང་དྲེགས་པའི་གཙོ་བོ་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ།] ཧྲཱིཿ ཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས། །གང་འདུལ་ཐབས་མཁས་སྤྲུལ་བསྒྱུར་རོལ་པ་ལས། །ཁམས་གསུམ་དབང་མཛད་བདག་པོའི་སྐུར་བཞེངས་པ། །དྲང་སྲོང་ལྷ་ཡི་བླ་མ་ཁྱོད་ལ་བསྟོད། །དྲི་མེད་པདྨ་རཱ་གའི་ལྷུན་པོའི་སྤོར། །སྣང་བྱེད་ཉི་གཞོན་འབུམ་གྱིས་འཁྱུད་པས་
ཀྱང་། །མི་མཚོན་བདེ་ཆེན་ཉམས་བརྒྱའི་ལང་ཚོ་ཅན། །འཇིག་རྟེན་གསུམ་གྱི་རྗེ་བོ་ཁྱོད་ལ་བསྟོད། །ཟག་མེད་ཆགས་པས་མྱོས་པའི་རྣམ་འགྱུར་དང་། །ལྷན་ཅིག་ཕྱག་མཚན་འབར་བའི་འཕྲུལ་འཁོར་གྱིས། །ས་གསུམ་སྐྱེ་འགྲོའི་བློ་ཡིད་དབང་མེད་དུ། །སྐད་ཅིག་ཙམ་གྱིས་འགུགས་ཤིང་འཆིང་ལ་བསྟོད། །འགྲན་མེད་ཆེ་བཙན་རྒྱལ་པོ་ཁྱོད་ཞབས་ལ། །དྲེགས་པའི་ལྷ་ཆེན་ཡོངས་ཀྱིས་ཕྱག་བྱས་ཤིང་། །ལྷ་མིན་གཡུལ་ཟློག་ལྷ་དམག་དབུགས་འབྱིན་མཛད། །སྟོན་པའི་བཀའ་སྡོད་བསྟན་སྐྱོང་གཙོ་ལ་བསྟོད། །ཤེས་རབ་ཨུ་མའི་བདེ་ལ་རྟག་རོལ་ཞིང་། །གསང་བའི་ཌཱ་ཀི་མ་བཞི་ལས་ལ་འགྱེད། །ཐུགས་རྗེའི་དབང་གིས་ཆོ་འཕྲུལ་ཅིར་ཡང་སྟོན། །མཐུ་ཆེན་མ་ཧཱ་དཱེ་ཝའི་ཚོགས་ལ་བསྟོད། །[ཅེས་བསྟོད། བཟླས་པ་བྱ་བ་ནི།] ལྷ་ཆེན་གྱི་ཐུགས་ཀར་ཟླ་བ་ཕྱེད་པའི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་[བསམ་ལ།] ཨོཾ་མ་ཧཱ་དཱེ་ཝ་ལོ་ཀི་ཤྭ་ར་ཧྲིཾ་ཧྲིཾ་ཕེཾ་ཛཿ [ཞེས་འབོད་སྔགས་དང་།] ཨོཾ་མ་ཧཱ་དཱེ་ཝ་ཛཿ ཨུ་མ་དཱེ་ཝི་ཧྲིཾ་ཧ་རི་ནི་ས་པཱ་ཤཾ་
ཀུ་རུ་ཧོཿ [ཞེས་སྤྱི་དྲིལ་སྒྲུབ་སྔགས་ཏེ། ཅི་ནུས་སུ་བཟླས་པའི་མཐར་མཆོད་ཅིང་འདོད་དོན་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] ཧྲཱིཿ བདེ་གཤེགས་ཀུན་གྱི་སོར་རྟོག་ཡེ་ཤེས་གསུང་། །འགྲོ་ལ་རྗེས་སུ་ཆགས་པའི་སྒྱུ་ཐབས་ཀྱིས། །འཇིག་རྟེན་དྲེགས་པ་ཡོངས་ཀྱི་རྗེ་བོའི་སྐུར། །རབ་བཞེངས་ལྷ་ཆེན་འཁོར་བཅས་ད་ཚུར་བྱོན། །ངོ་མཚར་ཏིང་འཛིན་རོལ་མོའི་རྩེ་འཇོ་ལས། །ནམ་མཁའ་མཛོད་ཀྱི་སྒོ་འཕར་ལེགས་ཕྱེས་པས། །མི་འཛད་འདོད་ཡོན་ཀུན་བཟང་མཆོད་སྤྲིན་གྱིས། །རབ་འབྱམས་ཞིང་ཀུན་བཀང་བས་ཐུགས་དམ་བསྐང་། །བསུང་ཞིམ་དམ་རྫས་སྤོས་སྤྲིན་རབ་དཀྲིགས་ཤིང་། །ལེ་བརྒན་མདངས་འཛིན་དར་གྱི་གཡབ་མོ་འདོར། །རྩེ་གཅིག་གདུང་བས་འབོད་བསྐུལ་སྙན་འགྱུར་ངག །རོལ་མོ་དབྱངས་དང་སྦྱར་བས་ཐུགས་དམ་བསྐང་། །པདྨ་རཱ་གའི་རྒྱུ་མཆོག་ལས་གྲུབ་པའི། །ཡིད་འོང་གཞལ་མེད་ཁང་བཟང་ཟླ་གམ་དབྱིབས། །ཕུལ་བྱུང་རྒྱན་དང་བཀོད་པ་ཁྱད་པར་ཅན། །རབ་མཛེས་ཕོ་བྲང་རྟེན་གྱིས༴ དྭངས་བསིལ་མཆོད་ཡོན་རྣམ་བཀྲའི་མེ་ཏོག་ཚལ། །ངད་ལྡན་བདུག་པ་མུན་སེལ་སྒྲོན་མེའི་འོད། །དྲི་བཟང་ཆུ་ཀླུང་རོ་བརྒྱའི་ཞལ་ཟས་སྤུངས། །སྙན་བརྗིད་རོལ་མོའི་སྒྲ་ཡིས༴ མཛེས་
སྡུག་གཟུགས་དང་སྙན་འཇེབས་སྒྲ་དབྱངས་རྒྱུན། །དྲི་ཞིམ་བྱུག་པ་སྣ་ཚོགས་རོ་བདའི་ཟས། །སྲབ་འཇམ་རེག་བྱ་ལྷ་ཡི་མལ་ཆ་སོགས། །འདོད་པའི་ཡོན་ཏན་རྒྱ་མཚོས༴ རིན་ཆེན་རྣམ་བདུན་བཀྲ་ཤིས་རྫས་རྟགས་བརྒྱད། །མ་རྨོས་ལོ་ཐོག་གཏེར་གྱི་བུམ་པ་བཟང་། །འདོད་འཇོའི་བ་མོ་དཔག་བསམ་ལྗོན་པའི་ཤིང་། །སྣ་ཚོགས་རིན་ཆེན་དབྱིག་གིས༴ འཆི་མེད་བདུད་རྩི་དམར་ཆེན་རཀྟའི་མཚོ། །འདོད་རྒུའི་གཏོར་ཆེན་མཱཾ་ས་དཀར་མངར་བཅུད། །འབྲས་ཆེན་ཁུར་པ་ཤིང་ཏོག་ལ་དུ་དང་། །མྱོས་བྱེད་ཛ་གད་བཏུང་བས༴ ཁྱད་པར་དམ་ཚིག་མཆོག་གི་བྲིས་སྐུ་ཆེ། །གླེགས་བམ་སྔགས་བྱང་ལས་མཐུན་བགྲང་ཕྲེང་མཛེས། །ལེ་བརྒན་དར་གྱིས་བརྒྱན་པའི་ལྕགས་ཀྱུ་དང་། །སྣང་བྱེད་ཟེར་ལྡན་ཞགས་པས༴ ཡབ་ཡུམ་སྲོག་གི་ཙཀྲ་བླ་རྡོ་དང་། །བླ་རྟེན་ཕུར་བུ་ལྷ་འདྲེ་མི་ཡི་སྲོག །རང་བྱུང་བྱེ་རུ་ཡིད་བསྒྱུར་རྫས་སོགས་ཀྱིས། །རབ་གཏམས་གསང་བའི་རྟེན་གྱིས༴ གཞན་ཡང་མཐུན་པའི་སྤྱན་གཟིགས་དཀོར་ཆ་སོགས། །ཕྱི་ནང་གསང་བ་བསྙེན་སྒྲུབ་མཆོད་སྐོང་རྫས། །བརྟན་དང་གཡོ་བའི་ལེགས་ཚོགས་ཇི་སྙེད་པ། །གྲངས་མེད་འདོད་རྒུར་འཆར་བས༴ ངོ་བོ་ཀ་ནས་དག་པ་གདོད་མའི་གཤིས། །
རང་བཞིན་མ་འགགས་ལྷུན་གྲུབ་འོད་གསལ་དབྱིངས། །ཐུགས་རྗེ་ཀུན་ཁྱབ་ཆོས་ཉིད་རོལ་པའི་རྒྱན། །སྣང་སྲིད་གཞིར་བཞེངས་དགོངས་པས་ཐུགས་དམ་བསྐང་། །སྟོང་པ་ཉིད་དང་ཟུང་འཇུག་བདེ་བ་ཆེ། །གཉིས་མེད་ཀློང་དུ་ཐུགས་དམ་དགྱེས་བསྐང་ནས། །བདག་གི་འདོད་པའི་དོན་རྣམས་མ་ལུས་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་གཙོ་བོར་བདུད་འཇོམས་ཟབ་གཏེར་གྱི་གཞུང་ལས་སྙིང་པོའི་བཅུད་བསྡུས་པ་སྟེ། བྱང་གཏེར་དང་། ལས་འབྲེལ་རྩལ། གཏེར་བདག་གླིང་པ་བཅས་ཀྱི་ལྷ་ཆེན་ཀྱང་ཆུ་བོ་གཅིག་འདྲེས་སུ་འགྱུར་ཞིང་། སྲོག་དབང་གི་ཆོ་ག་སོ་སོའི་གཞུང་ལས་ཤེས་སོ།། །།]
གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས།
༄༅། །[གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ནི། སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལ་མདུན་གྱི་ས་གཞི་དུར་ཁྲོད་འཇིགས་སུ་རུང་བ། རོ་གསར་རྙིང་སྣ་ཚོགས་ཕུང་པོར་སྤུངས་ཤིང་གཅལ་དུ་བཀྲམ་པ། ཁྲག་གིས་སྦགས་པའི་རོ་ལང་དང་ཤ་ཟ་རྣམས་དགོད་ཅིང་གར་རྩེ་བ། མ་རུངས་པའི་སྲོག་ཆགས་གདུག་པ་ཅན་རྣམས་ངུ་འབོད་ཀྱི་སྒྲ་དང་བཅས་པས་ལང་ལོང་དུ་འཕྱོ་ཞིང་རོ་ལ་ཟ་བ། མི་སྲུན་ལས་ཀྱི་བཤན་པ་འབུམ་སྡེ་ཀུན་ཏུ་རྒྱུ་ཞིང་ཉམས་པ་ཅན་རྣམས་འགུགས་འཆིང་གསོད་གཅོད་ཀྱི་ལས་བྱེད་པ། སྟེང་ན་དུག་གི་སྤྲིན་ནག་འཁྲིགས་པའི་གསེབ་ནས་འབྲུག་སྒྲ་དྲག་པོ་དང་བཅས་ཏེ་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱོགས་ཐམས་ཅད་ནས་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཁྲུགས་པའི་མཐའ་ལྕགས་རི་ནག་པོས་ཡོངས་སུ་བསྐོར་བ། དེའི་དབུས་སུ་བྷྲཱུྃ་ལས་དབང་དྲག་རོལ་པའི་ཕོ་བྲང་ཆེན་པོ་དྲག་པོའི་རྒྱན་དང་བཀོད་པ་ཚད་མེད་པས་སྤྲས་པ། ནང་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་བཻཌཱུརྱའི་བྲག་དང་སྣ་ཚོགས་པདྨའི་ཟེའུ་འབྲུ་ཉི་མ་དང་དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་
གདན་ལ་རབ་འཇིགས་ཟངས་ཀྱི་ཁྱུང་དམར་སྤུ་གྲིའི་སྒྲོ་གཤོག་ཅན་རྔམས་སྟབས་སུ་འཕུར་ལྡིང་གཡོ་བའི་སྟེང་དུ་ཧཱུྃ་ཡིག་དམར་ནག་ཀྵཿཧྲཱིཿས་མཚན་པ་ཅན་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར་ཞིང་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞི་པ། ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་རྣོ་དཀར་གྱི་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཡོ་བ། སྨར་ལས་མེའི་ཚྭ་ཚྭ་འཕྲོ་ཞིང་སྨིན་མར་བསྐལ་པའི་གློག་སྟོང་འཁྱུག་པ། ཕྱག་གཡས་དང་པོས་རལ་གྲི་མེ་འབར་བ་ཀླད་ལ་ཕྱར་ཞིང་གཡོན་དང་པོས་གདུག་པ་ཅན་གྱི་དོན་སྙིང་དང་རྒྱུ་ཞགས་འཛིན་པ། འོག་མ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། ཁྲག་གི་རལ་པ་གྱེན་དུ་བརྫེས་ཤིང་ཐོད་པ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། དར་དམར་གསེར་བཀྲའི་བེར་ཆེན་གསོལ་ཞིང་སྟག་གི་ལྤགས་པའི་ཤམ་ཐབས་ཅན། རུས་པ་དང་སྦྲུལ་གྱི་ཆུན་པོ་སོགས་དུར་ཁྲོད་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་
བཞུགས་པའི་པང་དུ་ཡུམ་མཆོག་གསོད་བྱེད་སྙིང་འབྱིན་མ་དམར་མོ་གཡས་ལྕགས་ཀྱུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དགྲ་བོའི་དོན་སྙིང་ཞལ་དུ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔས་སྤྲས་ཤིང་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། གཉིས་ཀའང་གཏུམ་རྔམས་བཟོད་པར་དཀའ་བའི་ཚུལ་ཅན་དྲག་པོའི་གད་རྒྱང་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་རྒྱལ་ཆེན་སྟག་གི་གདོང་ཅན་དཀར་པོ། ལྷོ་རུ་གཤིན་རྗེ་གཟིག་གི་གདོང་ཅན་སྔོན་པོ། ནུབ་ཏུ་བཙན་རྗེ་དོམ་གྱི་གདོང་ཅན་དམར་ནག །བྱང་དུ་བདུད་པོ་འབྲོང་གི་གདོང་ཅན་ནག་པོ། ཤར་ལྷོར་སྲིན་པོ་ནེ་ཙོའི་གདོང་ཅན་དུད་ཁ། ལྷོ་ནུབ་ཏུ་ལྷ་མོ་རྨ་བྱའི་གདོང་ཅན་ལྗང་ནག །ནུབ་བྱང་དུ་གཟའ་བདུད་ཤང་ཤང་གདོང་ཅན་དུད་ཁ། བྱང་ཤར་དུ་ཀླུ་བདུད་གསེར་མག་གདོང་ཅན་མཐིང་ནག །ཐམས་ཅད་ཀྱང་གཡས་རང་མདོག་གི་དར་མདུང་ཕྱར་ཞིང་གཡོན་སྙིང་དང་རྒྱུ་ཞགས་ཐོགས་པ། དར་བེར་གྱོན་ཅིང་སྟག་
རལ་གཟིག་ཤུབ་བཅང་སྟེ་རྟ་ལ་ཞོན་པ། དེ་མཐར་ལས་བྱེད་ཕོ་ཉ་སྡེ་བརྒྱད་ཤ་ཟ་བཤན་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་ཐམས་ཅད་ཀྱང་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན། ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པའི་ཚུལ་གྱིས་གནས་པའོ། །[ཞེས་གསལ་གདབ། སྤྱན་འདྲེན་པ་ནི།] དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས། འོག་མིན་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་དུར་ཁྲོད་སོགས་རང་བཞིན་གྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ཞིང་། ཤ་ཆེན་དང་གུ་གུལ་སོགས་སྦྱར་བའི་སྤོས་བསྲེག །རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་། གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས།] ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ། རི་བོ་མ་ལ་ཡ་ཡི་རྩེར༔ རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ དགྲ་བགེགས་བསྒྲལ་
བར་ཞལ་བཞེས་པའི༔ དྲེགས་པའི་སྡེ་དཔོན་མཐུ་བོ་ཆེ༔ སྲོག་བདུད་ཆེན་པོ་གཤེགས་སུ་གསོལ༔ མཐུ་རྩལ་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ ཆེ་བཙན་དྲེགས་པ་བྲན་དུ་ཁོལ༔ ཤིན་ཏུ་མི་བསྲུན་དགྲ་བོའི་གཤེད༔ དམར་པོ་མི་སྲུན་གཤེགས་སུ་གསོལ༔ [ཞེས་དང་། གཞན་ཡང་།] ཧཱུྃ་ཀྵཿརྣམ་དག་ཆོས་དབྱིངས་སྤྲོས་བྲལ་ངང་ཉིད་ལས། །ཡེ་ཤེས་ཐུགས་རྗེ་ཁྲོས་པའི་གར་བསྒྱུར་བ། །རྡོ་རྗེ་ཐེག་པའི་བསྟན་སྲུང་མཐུ་བོ་ཆེ། །གནོད་སྦྱིན་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །པདྨ་དབང་གི་ཕོ་ཉ་དྲག་རྩལ་ཅན། །མ་རུང་ཞིང་བཅུའི་སྲོག་བདག་བཤན་པ་ཁྱོད། །ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བ་སོགས། །དགྱེས་རྒུར་རོལ་པའི་གནས་ནས་ད་ཚུར་གཤེགས། །སྔོན་ཚེ་གསང་བདག་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར། །གསང་ཆེན་བསྟན་དང་བསྟན་འཛིན་སྡེ་དང་བཅས། །སྐྱོང་བའི་ཕྲིན་ལས་མཛད་ཕྱིར་ད་ཚུར་བྱོན། །དམ་ཚིག་གནས་འདིར་རིག་འཛིན་བདག་ཅག་གིས། །
རྩེ་གཅིག་གདུང་བའི་ཡིད་ཀྱིས་ཁྱོད་འབོད་ན། །ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་ཕོ་ཉར་བཅས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་གཤེགས་སུ་གསོལ། །ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿཛཿཧཱུཾ་བཾ་ཧོཿ [ཞེས་སྤྱན་དྲངས་པས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ། བཞུགས་སུ་གསོལ་བ་ནི།] ཧཱུྃ། དུར་ཁྲོད་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་དང་བཅས་པ་རྣམས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། [ཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ། དམ་ལ་བཞག་པ་ནི།] རང་ཉིད་ཡི་དམ་གྱི་སྙེམས་པ་བརྟན་པོས་གནོད་སྦྱིན་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག་བདུད་རྩི་ལྗགས་ལ་བསྟིམ་པར་[མོས་ཏེ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དབང་དྲག་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ། སློབ་དཔོན་པདྨ་ཐོད་ཕྲེང་། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། གར་དབང་བདུད་འཇོམས་དཔའ་བོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་
པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་དམ་ཚིག་གི་གཉེར་གཏད་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་བསྒྲུབ་པའི་བཀའ་ནོད་པར་བསམ། ཕྱག་བྱ་བ་ནི།] ཧཱུྃ། སངས་རྒྱས་བསྟན་པ་གཉན་པོ་སྲུང་མཛད་ཅིང་། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་པའི། །གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་ལ། །རྩེ་གཅིག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་བྱ། མཆོད་པ་འབུལ་བ་ནི།] ཧཱུྃ། འཇིགས་བྱེད་དབང་དྲག་ཆེན་པོ་འཁོར་བཅས་ལ། །དགྱེས་པའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །ཉམས་པའི་སྙིང་ཁྲག་མཆོད་ཡོན་རྒྱ་མཚོར་འཁྱིལ། །དུག་ཁྲག་མྱོས་བྱེད་ཞབས་བསིལ་རྫིང་བུར་གཏམས། །དབང་པོ་སྣ་ལྔའི་མེ་ཏོག་ཚར་དུ་དངར། །སྣ་ཚོགས་ཤ་ཆེན་གསུར་དུད་སྤྲིན་ཕུང་གཡོ། །ཞུན་ཆེན་མར་ནག་སྒྲོན་མེ་འོད་དུ་འབར། །མཁྲིས་ཆེན་ཁྲག་ཞག་དྲི་ཆབ་རྦ་ཀློང་འཁྲིགས། །ཤ་རུས་དོན་སྙིང་ཞལ་ཟས་ལྷུན་པོར་སྤུངས། །ཐོད་རྔ་དྲག་པོའི་རོལ་མོས་ས་གསུམ་གཡོ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་མ་ད་ན། །ཁམས་གསུམ་ཆགས་པ་བསྡུས་པའི་
དམར་ཆེན་ཁྲག །མཆོག་གི་ལོངས་སྤྱོད་འདོད་རྒུའི་བ་ལིཾ་ཏ། །ཕུང་པོ་མ་ཚང་མེད་པའི་དམ་ཚིག་རྫས། །རབ་འབྱམས་ནམ་ཁའི་ཁྱོན་ཀུན་བཀང་སྟེ་འབུལ། །བརྩེ་བས་བཞེས་ནས་མཐུན་པའི་དངོས་གྲུབ་སྩོལ། །ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་མ་ཧཱ་ཤ་ཤཱ་ན་པཱུ་ཙ་ཨརྒྷཾ། པཱདྱཾ། པུཥྤཾ། ངྷུཔཾ། དིཔཾ། གྷནྡྷཾ། ནཻདྱཾ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། [ཞེས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [ཞེས་སྨན་རཀ་སྟོབ། བྱེ་བྲག་ཏུ] གནོད་སྦྱིན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམ་ཞིང་དགྱེས་པར་[བསམ་ལ། རྩ་སྔགས་ཀྱི་མཐར།] ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་བཏགས་པ་བདུན་ནམ་གསུམ་གྱི་གཏོར་མ་ཕུལ་ཏེ།] བསྟན་སྲུང་དྲེགས་པའི་གཙོ་བོ་དྲག་ཤུལ་མཐུ་སྟོབས་ཀྱི་དབང་ཕྱུག་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག །ཡུམ་མཆོག་གསོད་བྱེད་སྙིང་འབྱིན་མ། བཀའ་ཉན་ལས་མཁན་སྡེ་བརྒྱད། སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་གསོལ། བསྟོད་པ་བྱ་བ་ནི།] ཧཱུྃ། བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ །གདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་
མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་ཁྱོད་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གཟུགས། །གནོད་སྦྱིན་སྲིན་པོ་ཚོགས་པའི་སྲས་གཅིག་པོ། །སྐུ་མདོག་དམར་ནག་ཁྲོ་བོའི་ཚུལ་འཆང་བ། །འཇིགས་པའི་མེ་འོད་འཕྲོ་ལ་ཕྱག་འཚལ་བསྟོད། །རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ། །ཐོད་སྐམ་རིན་ཆེན་འབར་བས་དབུ་ལ་བརྒྱན། །ཁྲོས་པའི་སྡང་མིག་ཕྱོགས་མཚམས་ཀུན་ཏུ་བལྟ། །ཤངས་ནས་དུད་སྤྲིན་འཁྲིགས་ལ་ཕྱག་འཚལ་བསྟོད། །རྔམས་པའི་ཞལ་གདངས་ར་བརྣོན་མཆེ་བ་གཙིགས། །གྲྭ་ནས་ཁྲག་འཛག་དུག་གི་ཁ་རླངས་འཐུལ། །གློག་དམར་འཁྱུག་པ་ལྟ་བུའི་ལྗགས་བསྐྱོད་པས། །དམ་ཉམས་སྙིང་ཁྲག་འཐུང་ལ༴ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་གིས། །སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད། །གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས། །བསྟན་དགྲའི་ཤ་རུས་གསོལ་ལ༴ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ། །སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་བསྡུད། །དར་དམར་འཇོལ་བེར་ཐོད་སྦྲུལ་རིན་ཆེན་སོགས། །དྲག་པོའི་ཆ་
ལུགས་རྫོགས་ལ༴ གསང་བའི་དགྱེས་སྤྱོད་གསོད་བྱེད་སྙིང་འབྱིན་མ། །ལྕགས་ཀྱུ་ཐོད་ཁྲག་འཛིན་དང་གཉིས་མེད་རྩེ། །དྲག་པོའི་ང་རོ་འབྲུག་གི་སྒྲ་བསྒྲགས་པས། །ཁམས་གསུམ་གཡོ་ཞིང་འཁྲུག་ལ༴ མེ་ཁྱུང་དམར་པོ་སྤུ་གྲེའི་སྒྲོ་གཤོག་ཅན། །ཆིབས་ནས་སྟོང་གསུམ་སྐད་ཅིག་ཡུད་ཀྱིས་བསྐོར། །གླིང་བཞིར་རྒྱུག་ཅིང་མཚོན་གཟེར་དགྲ་ལ་འདེབས། །མྱུར་མགྱོགས་བླ་རྐུན་ཆེན་པོ་ཁྱོད་ལ་བསྟོད། །མཁའ་ལ་སྐྱོད་ཚེ་སྟོང་གསུམ་ཁུ་སྒྲས་འགེངས། །དུར་ཁྲོད་དམག་ཚོགས་བསྡུས་ནས་དགྲ་བོ་སྒྲོལ། །གར་ཕེབས་ས་རུ་མི་རོ་རགས་སུ་འཚེར། །སྲོག་བདུད་ལས་ཀྱི་བཤན་པ་ཁྱོད་ལ་བསྟོད། །ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་བཀོལ། །དམ་ཉམས་བསྒྲལ་ནས་རྣལ་འབྱོར་ཕྲིན་ལས་མཛོད། །གར་རྦད་ས་རུ་དམ་ཉམས་ཐལ་བར་བརླག །ཕུང་བྱེད་མི་ཟན་ཁྱོད་ལ༴ རབ་འཇིགས་སྤྲུལ་པའི་ཕོ་ཉ་ལས་མཁན་བརྒྱད། །བཀའ་ཉན་སྣང་སྲིད་ལྷ་སྲིན་དྲེགས་པའི་སྡེ། །ཤ་ཟ་བཤན་པའི་དམག་དཔུང་རླུང་ལྟར་འཚུབས། །གནོད་སྦྱིན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། [ཅེས་བསྟོད། བཟླས་པ་བྱ་བ་ནི།]གནོད་སྦྱིན་ཆེན་པོའི་
ཐུགས་ཀར་ཉི་མ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནག་ཀྵཿཧྲཱིཿས་མཚན་པ་ཅན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་[མོས་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས།] ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱི་ཏྲི་ཧཱུྃ་ཛཿ ཞེས་བཟླ། འདི་ནི་ཐུན་མོང་རྒྱུན་གྱི་བསྙེན་སྔགས་ཏེ་སྤྱི་ཙམ་དུ་འདི་ཁོ་ནས་ཆོག་ལ། ལས་ཁྱད་པར་བ་དང་འབྲེལ་བ་སྤུ་གྲི་གཅིག་ཤུར་ལ་སོགས་པའི་སྔགས་ཐུན་མོང་མ་ཡིན་པ་རྣམས་མན་ངག་ལས་ཤེས་སོ། །བཟླས་པའི་མཐར།] ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས།] ཤཔྡའི་[བར་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་མཆོད།] ཧཱུྃ། བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ །གདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་འཁོར་དང་བཅས་ལ་བསྟོད། །ཐུགས་རྗེ་ཐུགས་དམ་གཉན་པོ་མ་གཡེལ་བར། །ཟབ་གསང་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །རྣལ་འབྱོར་བསམ་པའི་རེ་བ་
ཡོངས་གང་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་གསོལ། ཐུགས་དམ་སྐོང་བ་ནི། བསྐང་རྫས་བྱིན་གྱིས་བརླབས་ལ།] ཧཱུྃ། ཁྲག་འཐུང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །སྙིང་རྗེ་ཆེན་པོས་མི་བཟད་ཁྲོས་པའི་གར། །འཇིགས་བྱེད་གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་བར་བགྱི། །ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་གཤིས། །མ་འགགས་རང་བྱུང་ཀུན་བཟང་རྣམ་རོལ་ལས། །ཡོངས་ཤར་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་གིས། །མཁའ་ལམ་དོག་པོར་བྱས་པས་ཐུགས་དམ་བསྐང་། །ཚིལ་ཆེན་དམ་རྫས་སྤོས་ཀྱི་དུད་སྤྲིན་དང་། །དབང་མདོག་དར་གྱི་གཡབ་མོ་ལྷབ་ལྷུབ་གཡོ། །གདུང་བའི་ང་རོས་འབོད་བསྐུལ་སྙན་བརྗིད་གདངས། །རོལ་མོའི་སྒྲ་དང་སྦྱར་བས་ཐུགས་དམ་བསྐང་། །དུར་ཁྲོད་ཐོད་མཁར་ཞིང་གི་བླ་བྲེ་བྲེས། །རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་འཕྱང་འཕྲུལ་རྒྱན། །མི་མགོའི་ཏོག་དང་རོ་སྐྲའི་རྔ་ཡབ་སོགས། །འཇིགས་རུང་གནས་ཀྱི་བཀོད་པས་ཐུགས༴ ཁྲག་གི་ཨརྒྷཾ་དུག་ཆུའི་ཞབས་བསིལ་རྒྱུན། །དབང་ལྔའི་མེ་ཏོག་ཚིལ་གསུར་ཞུན་མེ་སྦར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །རྐང་གླིང་དུར་ཁྲོད་རོལ་མོས་ཐུགས་དམ༴
དངོས་གྲུབ་འགུགས་པའི་ལྕགས་ཀྱུ་རྣམ་པ་ལྔ། །ཡེ་ཤེས་གསལ་བའི་སྒྲོན་མེ་ལྔ་དང་སྦྱར། །བྱང་ཆུབ་སེམས་དངོས་འཆི་མེད་ར་སཱ་ཡ། །ཛ་གད་དཔའ་བོའི་བཅུད་ཀྱིས༴ འབྱུང་བ་བཅུད་བསྡུས་རྔམས་དང་གདུང་བའི་དམར། །པདྨ་མུ་ལ་གུ་ཧྱ་རཀྟ་ཆེ། །ཞིང་བཅུའི་སྲོག་རྩ་བཅད་པའི་སྙིང་གི་ཁྲག །ལྦུ་ཕྲེང་དོ་ཤལ་གཡོ་བས༴ ལྕང་ལོར་བཅས་པའི་བྷནྡྷའི་སྣོད་ཡངས་པར། །ཉམས་པའི་ཤ་རུས་ལས་བྱུང་དམར་གྱི་བཤོས། །འདོད་རྒུ་འཇོ་བའི་རྟེན་གྱི་དམ་ཚིག་རྫས། །ལྷུན་པོའི་གཏོས་ལྟར་སྤུངས་པས་ཐུགས༴ རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་བའི་རྫས། །མཐུན་པའི་དམ་རྫས་ཡིད་འཕྲོས་སྤྱན་གཟིགས་དཀོར། །བལྟ་བས་མི་ངོམས་ལྷ་མིའི་འབྱོར་པའི་ཕུལ། །གྲངས་མེད་འདོད་རྒུར་འཆར་བས༴ གནམ་ལྕགས་རལ་གྲི་མེ་རིའི་ཚྭ་ཚྭ་འཕྲོ། །རེག་ན་གཅོད་པའི་གྲི་གུག་རྣོ་ངར་ཅན། །དམ་ཉམས་དགྲ་བོའི་དོན་སྙིང་རྒྱུ་རློན་ཞགས། །ཐོད་པ་ཁྲག་གིས་བཀང་བས༴ གསེར་གྱི་ཧ་རིས་བཀྲ་བའི་དར་དམར་བེར། །དཔའ་བོའི་རྟགས་ཀྱི་མཚན་མ་དུར་ཁྲོད་ཆས། །ཟགས་ཀྱི་བྱ་ཁྱུང་སྤུ་
གྲིའི་སྒྲོ་གཤོག་ཅན། །རྔམས་བརྗིད་རྒྱན་དང་བཞོན་པས་ཐུགས༴ དམ་ཚིག་བྲིས་སྐུ་སྔགས་ཀྱི་ཕྱག་རྒྱ་ཆེ། །ཡབ་ཡུམ་སྲོག་འཁོར་བླ་རྡོ་བྱ་དམར་སྙིང་། །བླ་རྟེན་ཕུར་བུ་དམ་རྫས་ལེ་བརྒན་དར། །ཁྱད་འཕགས་གསང་བའི་རྟེན་གྱིས་ཐུགས༴ སྣང་སྟོང་རྩ་གནས་སྒྱུ་འཕྲུལ་ཕྱག་རྒྱའི་སྤྲིན། །གྲགས་སྟོང་རླུང་སྔགས་མི་ཤིགས་ན་དའི་དབྱངས། །རིག་སྟོང་ཐིག་ལེ་འོད་གསལ་བདེ་བ་ཆེ། །མཉམ་རྫོགས་ཁྱབ་བརྡལ་རོལ་པས་ཐུགས་དམ་བསྐང་། །སྣང་ཆ་བསྟན་སྲུང་དྲེགས་པའི་ཚུལ་ཤར་ཡང་། །ཆོས་ཉིད་མི་འགྱུར་ཐིག་ལེ་ཉག་གཅིག་ཀློང་། །དོན་དམ་འདུ་འབྲལ་མེད་པའི་དམ་ཚིག་གིས། །གཉིས་མེད་དགྱེས་པ་ཆེན་པོ་བསྐང་གྱུར་ཏེ། །རྟག་རུ་གཡེལ་བ་མེད་པའི་ཕྲིན་ལས་ཀྱིས། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །རྣལ་འབྱོར་བདག་གིས་ཇི་ལྟར་གསོལ་བའི་དོན། །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །[ཅེས་བསྐང་། བཤགས་པ་བྱ་བ་ནི།] ཧཱུྃ། རྒྱལ་བ་ཀུན་གྱི་མཐུ་སྟོབས་དྲག་པོའི་སྐུ། །གཏུམ་ཆེན་གནོད་སྦྱིན་ཆེན་པོར་རྣམ་རོལ་པ། །ཡབ་ཡུམ་བཀའ་སྡོད་འཁོར་དང་བཅས་
པ་རྣམས། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། །བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །[ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླ། ཕྲིན་ལས་གསོལ་བ་ནི།] ཧཱུྃ། དབང་དྲག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །ཕྲིན་ལས་གཉན་པོ་གསོལ་ཞིང་བསྐུལ་བ་ནི། །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད། །ཁྱད་པར་རྣལ་འབྱོར་བདག་ཅག་དཔོན་སློབ་ལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་། །རྣལ་འབྱོར་སྡང་དགྲ་
གསོད་ལ་མཐུ་མ་ཆུང་། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་འདོད་པའི་ཕྲིན་ལས་ནན་ཏན་དུ་གསོལ་ལོ། །མཐར་གཏོར་མ་སྟོབ་པ་ནི།] ཧཱུྃ། ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས། །གནོད་སྦྱིན་ཆེན་པོ་མཐུ་རྩལ་ཅན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །ལྷ་སྲིན་དམག་ཚོགས་ཁྲོམ་དང་བཅས། །ཧ་ཧ་ཧཱུྃ་ཧཱུྃ་སྒྲ་སྒྲོགས་ཤིང་། །གནས་འདིར་གཤེགས་ལ་གྲོགས་སུ་དགོངས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོག་གི་གཏོར་མ་འདི། །སྔར་བཅོལ་ལེགས་པའི་བརྡའ་རུ་འབུལ། །ཕྱི་བཅོལ་ལས་ཀྱི་གསོས་སུ་འབུལ། །དགྱེས་ཤིང་ཚིམ་པར་རོལ་ནས་ཀྱང་། །དེང་འདིར་བཅོལ་བའི་ཕྲིན་ལས་མཛོད། །གསང་སྔགས་བསྟན་པ་ཁྱོད་ཀྱིས་སྲུངས། །རིག་འཛིན་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྡོང་གྲོགས་ཁྱོད་ཀྱིས་མཛོད། །མི་མཐུན་བར་ཆད་ཁྱོད་ཀྱིས་སོལ། །མཐུན་རྐྱེན་ལེགས་ཚོགས་ཁྱོད་ཀྱིས་སྤེལ། །འདོད་རྒུ་དབང་དུ་ཁྱོད་ཀྱིས་སྡུས། །གདུག་ཅན་དགྲ་བགེགས་ཁྱོད་ཀྱིས་ཐུལ། །གྲགས་པའི་རུ་མཚོན་ཁྱོད་ཀྱིས་ཕྱོར། །མདོར་ན་བདག་གི་བསམ་པའི་དོན། །
བཅོལ་བའི་ལས་རྣམས་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབ་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །[ཅེས་ཕུལ་ལ་ཕྲིན་ལས་བཅོལ། སླར་ཡང་གཏང་རག་གི་མཆོད་བསྟོད་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་བདུད་འཇོམས་ཟབ་གཏེར་གྱི་བཀའ་སྲོལ་ཉིད་གཙོ་བོ་བྱས་ནས་བཀོད་མོད་ཀྱི། ལས་འབྲེལ་རྩལ་དང་། རཏྣ་གླིང་པའི་ཤན་དམར་ཡང་དོན་གྱིས་ཆུ་བོ་གཅིག་འདྲེས་སུ་འགྱུར་བ་ཡིན་ཅིང་། སྲོག་དབང་གི་ཆོ་ག་གཏེར་གཞུང་བཞིན་ཤེས་པར་བྱའོ།། །།]
དྲང་སྲོང་གཟའ་བདུད་ཆེན་པོའི་ཕྲིན་ལས།
[དྲང་སྲོང་གཟའ་བདུད་ཆེན་པོའི་ཕྲིན་ལས་ནི། སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་བྱུང་བའི་སྲུང་འཁོར་གྱི་ནང་མི་བཟད་པའི་དུར་ཁྲོད་ཆེན་པོས་བསྐོར་བའི་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཨེ་ལས་གྲུ་གསུམ་མཐིང་ནག་མཁའ་དང་མཉམ་པའི་ལྟེ་བར་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཏྲི་དུ་བའི་མདོག་ཅན་ཡོངས་སུ་གྱུར་པ་ལས་གཟའ་བདུད་ཆེན་པོ་རཱ་ཧུ་ལ་སྐུ་མདོག་དུད་ཁ་མགོ་དགུ་བྱ་རོག་གི་ཞལ་དང་བཅུ། རྩ་ཞལ་གཤིན་རྗེ་ཁྲོས་པའི་ཞལ་གསུམ་ལྗང་ནག་དུད་ཁ། བར་ཞལ་བདུད་ཀྱི་ཞལ་གསུམ་མཐིང་དམར་ལྗང་བ། སྟེང་ཞལ་ལྷའི་ཞལ་གསུམ་ལྗང་དམར་དཀར་བ། ཞལ་རེ་རེ་ལ་དམར་ཟླུམ་སྡང་མིག་གཟིར་བའི་སྤྱན་གསུམ་གསུམ་དང་ལྡན་པ། ཤིན་ཏུ་རྔམས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་ལྟར་འཁྱུག་ཅིང་འཇིགས་པའི་ང་རོ་སྒྲོགས་པས་དགྲ་བགེགས་ཆེམས་ཆེམས་གསོལ་བ། སྨིན་མ་ཨག་ཚོམ་དང་བ་སྤུའི་རྩེ་ནས་མེ་སྟག་འཕྲོ་བ། སྲིད་གསུམ་མཐའ་དག་གཟིགས་པའི་མིག་གིས་ལུས་ཀུན་གང་ཞིང་ཁོངས་ནས་འཁྲུགས་པའི་ཉམས་ཅན། ཕྱག་བཞིའི་དང་པོ་གཉིས་
ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་རལ་གྲིའི་ཡུ་བ་ཅན་དང་སྦྲུལ་ཞགས། འོག་མ་གཉིས་རྭའི་མདའ་གཞུ་འགེང་ཞིང་སྐུ་སྨད་སྦྲུལ་མཇུག་ཏུ་འཁྱིལ་བ། ཞིང་ཆེན་གྱི་སྟོད་གཡོགས་དང་སྟག་ལྤགས་ཀྱི་ཤམ་ཐབས་དཀྲིས་པ། ཐོད་པ་སྐམ་པོའི་ཅོད་པན་དང་ཁྲག་འཛག་པའི་མི་མགོ་རྒྱུ་མ་ལ་བརྒྱུས་པའི་དོ་ཤལ་འཕྱང་བ། ཀླུ་རིགས་ལྔའི་སྦྲུལ་ཆུན་སོགས་འབར་བའི་ཆས་ཐམས་ཅད་ཀྱིས་བརྒྱན་པ། གར་དགུའི་ཉམས་ཅན་ཉི་མ་འབུམ་གྱི་གཟི་བརྗིད་འབར་བ། གཡས་སུ་ཛ་ལས་ཡབ་རྡོ་རྗེ་སྲིན་པོ་མཐིང་ནག་མགོ་བོ་དགུ་པ་དབྱུག་ཐོ་དང་ཁྲག་མཚོ་བསྣམས་པ་ཞེ་སྡང་རུས་པའི་ཁྲི་ལ་བཞུགས་པ། གཡོན་དུ་ཕུ་ལས་ཡུམ་རྡོ་རྗེ་གློག་འགྱུ་དམར་ནག་མགོ་བོ་དགུ་པ་སྦྲུལ་ཞགས་དང་ཁྲག་མཚོ་བསྣམས་པ་འདོད་ཆགས་ཁྲག་མཚོའི་ཀློང་ན་བཞུགས་པ། དེ་རྣམས་ཀྱི་ཕྱི་རོལ་ཕྱོགས་མཚམས་བརྒྱད་དུ་དགྲ་བགེགས་ཀྱི་གདན་ལ། ནུབ་ཏུ་མ་ལས་ལྗང་སྔོན་ཆེན་པོ་ལྗང་ནག་ཞགས་པ་དང་ལྕགས་སྒྲོགས་འཛིན་པ་མ་མོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་ལྷོར་ཙ་ལས་དྲང་སྲོང་དཀར་སེར་སྦྲུལ་ཞགས་དང་ཏྲི་ཤུལ་འཛིན་པ་དགྲ་ལྷའི་དམག་ཚོགས་ཀྱིས་བསྐོར་བ། བྱང་དུ་དུ་ལས་
བདུད་པོ་རོག་ཏི་མཐིང་ནག་སྦྲུལ་དང་བདུད་ཞགས་འཛིན་པ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ལྷོ་ནུབ་ཏུ་ལས་བིཥྚི་པ་ཏྲ་དམར་པོ་སྦྲུལ་དང་སྤུ་གྲི་འཛིན་པ་སྲིན་པོའི་དམག་ཚོགས་ཀྱིས་བསྐོར་བ། ཤར་དུ་ཨ་ལས་བིཥྞུ་རཱ་ཛ་དུད་ཁ་ཆུ་སྲིན་དང་སྟག་མགོ་འཛིན་པ་དམུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། ནུབ་བྱང་དུ་ཡ་ལས་དུ་བ་མཇུག་རིང་མཐིང་ནག་སྤུ་གྲི་དང་ཐོད་ཁྲག་འཛིན་པ་གཤིན་རྗེའི་དམག་ཚོགས་ཀྱིས་བསྐོར་བ། ལྷོར་ན་ལས་ཁྱབ་འཇུག་ཆེན་པོ་སེར་ནས་སྦྲུལ་ཞགས་དང་ཆུ་སྲིན་འཛིན་པ་ཀླུ་བདུད་ཀྱི་དམག་ཚོགས་ཀྱིས་བསྐོར་བ། བྱང་ཤར་དུ་ཤ་ལས་སྒྲ་གཅན་འཛིན་དུད་ཁ་ཆུ་སྲིན་དང་ཁྲམ་ཤིང་འཛིན་པ་སྡེ་བརྒྱད་ཀྱི་དམག་ཚོགས་ཀྱི་བསྐོར་བ། ཐམས་ཅད་ཀྱང་གཏུམ་ཞིང་ཁྲོས་པ་སྲིན་པོའི་གཟུགས་ཅན་མགོ་བོ་དགུ་པ། ལུས་ཀུན་མིག་གིས་གང་ཞིང་འཇིགས་པ་ཆ་བྱད་རྫོགས་པ་གཙོ་བོ་ལྟ་བུའོ། །དེའི་ཕྱི་རོལ་གྱི་ཤར་དུ་མ་ལས་སྟག་སྲིང་ཟོར་བའི་གདོང་ཅན་དཀར་སེར་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོར་ར་ལས་བམ་སྲིད་དྲེད་ཀྱི་གདོང་ཅན་སེར་ནག་ཐོད་དབྱུག་དང་སྦྲུལ་ཞགས་འཛིན་པ། ནུབ་ཏུ་ཙ་ལས་ཀོང་སྲིང་བ་
ལང་གི་གདོང་ཅན་དམར་ནག་དགྲ་སྟ་དང་ཞགས་པ་འཛིན་པ། བྱང་དུ་ཤ་ལས་འབྲོག་སྲིང་ཆུ་སྲིན་གྱི་གདོང་ཅན་ལྗང་ནག་རི་རབ་ཀླད་ལ་བསྐོར་བ། བཞི་ཀའང་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ཞིང་གི་གདན་ལ་རོལ་བ། གཞན་ཡང་དེ་དག་གི་ཕྱི་རོལ་ཏུ་གཙང་རིས་ཀྱི་མགོན་པོ་བདུད་ཅུ་རྩ་ལྔ་ལ་སོགས་ཏེ་སྲིད་གསུམ་འབྱུང་པོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ་ཟ་ཟ་རྔམ་རྔམ་འཕྱོང་ཞིང་རྒྱུག་པའི་ཚུལ་ཅན་མྱུར་མགྱོགས་ཀྱི་རྫུ་འཕྲུལ་ཆེན་པོའི་རྩལ་གྱིས་དུས་མཐའི་མེ་རླུང་འཁྲུགས་པའི་ཀློང་ན་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྷོ་ནུབ་ལངྐ་པུ་རི་སྲིན་པོའི་གྲོང་ཁྱེར། དབུ་རུ་ཞྭའི་ལྷ་ཁང་ལ་སོགས་པ་རང་བཞིན་གར་བཞུགས་ཀྱི་གནས་ནས་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] ཧཱུཾ། རྡོ་རྗེའི་འཆང་དབང་ཐུགས་ཀྱི་སྤྲུལ་པ་ལས། །ཡང་སྤྲུལ་མི་བཟད་འབར་བའི་སྐུར་སྟོན་པ། །གཟའ་མཆོག་ཆེན་པོ་འཇིགས་བྱེད་རཱ་ཧུ་ལ། །ངང་ཉིད་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག །སྙིགས་དུས་མི་བཟད་ལྔ་བརྒྱའི་
ཐ་མ་འདིར། །སྣ་ཚོགས་ཐབས་ཀྱིས་གདུག་པ་འདུལ་དོན་དུ། །ཐུགས་ཉིད་ཞི་བ་ཆོས་དབྱིངས་རྣམ་དག་ཀྱང་། །དྲག་གཏུམ་མི་བཟད་འབར་བའི་སྐུར་བཞེངས་ཤིག །ཞེ་སྡང་འདོད་ཆགས་འབར་བའི་དཀྱིལ་འཁོར་ནས། །མཐུ་ཆེན་ཀླུ་སྲིན་ཡབ་ཡུམ་གཤེགས་སུ་གསོལ། །སྲིད་པ་གསུམ་སོགས་ཞིང་ཁམས་རྒྱ་མཚོ་ནས། །སྤྲུལ་པའི་གཟའ་ཆེན་སྡེ་བརྒྱད༴ ཕྱོགས་བཞི་ནམ་མཁའ་ཡངས་པའི་དཀྱིལ་འཁོར་ནས། །སྲིང་མོ་གདོང་མོ་མཆེད་བཞི༴ གཞན་ཡང་བཀའ་སྡོད་སྤྲུལ་པ་ཕོ་ཉའི་ཚོགས། །རང་རང་ཞིང་ནས་གནས་འདིར་གཤེགས་སུ་གསོལ། །ཧཱུཾ། ནམ་མཁའ་དབྱིངས་ཀྱི་ཕོ་བྲང་ནས། །གཟའ་བདུད་འཁོར་དང་བཅས་པ་རྣམས། །སྐུ་མདོག་དུད་ཀ་ཙེ་རེ་རེ། །དགྱེས་པའི་གད་རྒྱངས་ཡ་ལ་ལ། །དར་ནག་དུ་མཚོན་ཕྱ་ར་ར། །མི་རྐང་གླིང་བུ་དི་རི་རི། །སྤྱན་སྟོང་མེ་དཔུང་འུ་རུ་རུ། །བཤུགས་པའི་གླུ་ལེན་ཀྱུ་རུ་རུ། །རྔམ་པའི་ང་རོ་དི་རི་རི། །དཔལ་གྱི་བྲོ་ཆེན་ཆེམས་སེ་ཆེམ། །འཇིགས་པའི་གླུ་ལེན་ཙེ་རེ་རེ། །གློག་དམར་ཞགས་པ་ཁྱུགས་སེ་ཁྱུག །ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན། །ཕོ་བྲང་རབ་མཛེས་གཞལ་ཡས་འདིར། །
གཟའ་བདུད་འཁོར་བཅས་གཤེགས་སུ་གསོལ། །ཧྲཱི་ཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲཾ་མ་ཧ་ཧ་ག་ཤ་ལ་ཛ་ཛཿ བཛྲ་ས་མཱ་ཛཿ ཞེས་སྤྱན་དྲངས། ཧཱུཾ། འཇིགས་བྱེད་ཆེན་པོ་གཟའ་མཆོག་རཱ་ཧུ་ལ། །སྲིད་བཞི་སྡེ་བརྒྱད་འཁོར་དང་བཅས་པ་རྣམས། །ཉི་ཟླ་པདྨ་ཞིང་ཆེན་གདན་སྟེང་དུ། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་ས་མ་ཡ་ཏིཥྛ་ལྷན། [ཞེས་བཞུགས་སུ་གསོལ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། དྲང་སྲོང་གཟའ་བདུད་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྱབ་བདག་རྡོ་རྗེ་འཆང་དབང་། སངས་རྒྱས་རིན་ཆེན་སྙིང་པོ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། པདྨ་ལས་འབྲེལ་རྩལ། ཤྭ་བ་རྒྱལ་སྲས་ལེགས་པ། རིག་འཛིན་ཀུ་མཱ་རཱ་ཛ། ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་དམ་ཚིག་གི་གཉེར་གཏད།] ཧཱུཾ། ཆེ་བའི་ཆེ་མཆོག་འཇིགས་བྱེད་རཱ་ཧུ་ལ། །མཐུ་སྟོབས་རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ། །དྲེགས་པ་ཕོ་མོ་མིང་
སྲིང་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་འཚལ་ལོ། །ཨོཾ་ཀེ་ཏ་ཀེ་ཏ་རཱ་ཧུ་ལ་པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་བྱ།] ཧཱུཾ། ཕོ་བྲང་རབ་མཛེས་གཞལ་ཡས་འདིར། །འབྲུ་བཟང་སྣ་ཚོགས་བཤོས་བུ་བརྩིགས། །དར་ཟབ་མང་པོ་རྒྱན་དུ་བཏགས། །འབྲུ་བཅུད་མངར་མོ་སྐྱེམས་སུ་འབུལ། །རྟ་དང་རྔ་མོང་བྱ་ཡི་ཚོགས། །གསེར་དངུལ་དར་ཟབ་གཡུ་ཡི་ཚོགས། །ཤ་ཆང་དཀར་དམར་མཆོད་པ་རྣམས། །གཟའ་བདུད་འཁོར་དང་བཅས་ལ་འབུལ། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །བ་ལིཾ་རྒྱན་གྱི་གཏོར་མ་འབུལ། །དམ་རྫས་བདུད་རྩིའི་མཆོད་པ་འབུལ། །རཀྟ་དམར་གྱི་མཆོད་པ་འབུལ། །ཆུ་སྣ་སྟོང་གི་མཆོད་པ་འབུལ། །མེ་ཏོག་སྟོང་གི་མཆོད་པ་འབུལ། །གསུར་ཆེན་དུད་པའི་མཆོད་པ་འབུལ། །ཞུན་ཆེན་མར་མེའི་མཆོད་པ་འབུལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །རྐང་གླིང་རོལ་མོའི་མཆོད་པ་འབུལ། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །ཤ་རུལ་ཁྲག་རུལ་ཉ་རུལ་དང་། །བཙོས་དང་རྗེན་ཤ་སྣ་ཚོགས་དང་། །ར་མཆིན་ལ་སོགས་ཤ་ཁྲག་ཚོགས། །དཀར་གསུམ་ཀླུ་སྨན་ག་བུར་བཅས། །སྟག་དོམ་བ་གླང་ཉ་
ཡི་སྙིང་། །ཤ་སྣ་སྙིང་སྣ་ཁྲག་སྣ་ཡིས། །གཟའ་བདུད་ཡབ་ཡུམ་འཁོར་བཅས་མཆོད། །གསོལ་ཅིག་རོལ་ཅིག་དགྱེས་པར་མཛོད། །ཨོཾ་རཱ་ཧུ་ལ་ས་པ་རི་ཝཱ་རེ་བྷྱཿ ཨརྒྷཾ་[ནས།] ཤཔྡའི་[བར་གྱིས་ཐུན་མོང་ཉེར་སྤྱོད།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་བདུད་རྩི་དང་།] མ་ཧཱ་རཀྟ་ཁ་ཁ་ཁཱ་ཧི་ཁཱ་ཧི[ཞེས་རཀྟ་སྟོབ།] གཟའ་བདུད་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཧྲཱིཿ ཤག་རུ་རག་རཾ་ན་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲཾ་ཧ་ཧེ་ཡོ་གེ་ཤ་ལ་ཛ་ཛཿ ས་པ་རི་ཝཱ་ར་ཨ་དིཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།] དྲང་སྲོང་གཟའི་དགེ་བསྙེན་ཆེན་པོ་རཱ་ཧུ་ལ། དགྱེས་སྡེ་གདོང་མོ་མཆེད་བཞི། ཕོ་ཉ་གཟའ་ཆེན་རྣམ་བརྒྱད། སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་དྲེགས་པའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ།] ཧཱུཾ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་
གཉན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་ལྷ་ཐུགས་དམ་ཅན། །དམ་ཉམས་སྲོག་གཅོད་གཙོ་ལ་བསྟོད། །ཧྲཱིཿ ཁྱབ་འཇུག་ཆེན་པོ་སྒྲ་གཅན་འཛིན། །འཇིགས་པའི་ལུས་ལ་འབར་བའི་ཀློང་། །ཞལ་དགུ་ཕྱག་བཞི་རྔམས་པ་སྟེ། །འཇིག་རྟེན་ཁམས་ཀྱི་དྲག་རྩལ་ཅན། །གནམ་ལྕགས་ཐོག་གི་བདག་པོ་སྟེ། །སྐྱིན་ཐང་སེར་བ་འབེབས་པའི་གཙོ། །སྤྲུལ་པ་ཆེན་པོ་རྫུ་འཕྲུལ་ཅན། །རི་རབ་སྟེང་ན་ལྷ་ཡི་གཙོ། །རྒྱ་མཚོའི་གཏིང་ན་ཀླུ་ཡི་བདག །བར་སྣང་ཁམས་སུ་སྡེ་བརྒྱད་རྗེ། །དབུ་དགུ་སྲིད་པ་གསུམ་གྱི་བདག །མགོ་གཅིག་ལྷ་མིན་ཁྲོས་པའི་ཞལ། །ཉི་མ་ཟླ་བ་གྲིབ་མས་གནོན། །གཅིག་ནི་བཞད་ཅིང་རྒོད་པའི་ཞལ། །དགྱེས་པས་བཀའ་ཡི་བྱ་བ་བྱེད། །གཅིག་ནི་ཁྲོས་པ་སྲིན་པོའི་གདོང་། །གདུག་པའི་དགྲ་བགེགས་ཟས་སུ་ཟ། །གཅིག་ནི་རྔམས་བྱེད་ཟ་བྱེད་གདོང་། །གནམ་ལྕགས་མེ་ཡི་ཐོག་ཆེན་འབེབས། །གཅིག་ནི་འཇིགས་བྱེད་མ་རུངས་པ། །ཚ་གྲང་འཐབ་པའི་རྐན་སྒྲ་རྡེབ། །གཅིག་ནི་འཁྲུགས་བྱེད་དྲག་པོའི་ཞལ། །གཡོ་འགུལ་ཆེན་པོའི་སེ་རབ་འབེབས། །གཅིག་ནི་གཏུམ་ཆེན་ཡེ་ཤེས་ཞལ། །མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད། །གཅིག་ནི་སྟོབས་ཆེན་རྫུ་འཕྲུལ་ཞལ། །
སངས་རྒྱས་བསྟན་པ་སྲུང་བར་བྱེད། །གཅིག་ནི་ཞི་བ་ལྷ་ཡི་ཞལ། །སྒྲུབ་པ་པོ་ལ་དངོས་གྲུབ་སྟེར། །སྟེང་གི་ཕྱོགས་ན་བྱ་རོག་ཞལ། །དཀོན་མཆོག་དབུ་འཕང་བསྟོད་པ་བྱེད། །གློག་འདྲ་རལ་གྲི་ཞགས་པ་ཡིས། །སྡང་བྱེད་དགྲ་བོའི་སྐྱེ་བརྒྱུད་གཅོད། །ཆུ་སྲིན་ཞགས་པ་གཡུག་པ་ཡིས། །སྲིད་པ་གསུམ་ཡང་དབང་དུ་སྡུད། །རྭ་ཡི་མདའ་གཞུ་བསྣམས་པ་ཡིས། །དམིགས་པའི་དགྲ་བགེགས་རྩད་ནས་གཅོད། །སྤྱན་སྟོང་མེ་དཔུང་སྡང་མིག་གིས། །དགྲ་དང་བགེགས་ལ་འབྲུ་ཚུགས་བལྟ། །སྐུ་སྨད་ས་ལ་བརྡབས་པ་ཡིས། །འཇིག་རྟེན་གཡོ་འགུལ་འདེགས་པར་བྱེད། །ཞལ་ནས་ཧཱུཾ་དང་ཕཊ་སྒྲོགས་པས། །དྲེགས་པ་ཕོ་མོ་དབང་དུ་སྡུད། །སྐུ་མདོག་དུད་ཁ་འཇིགས་པ་ཡིས། །ཁམས་གསུམ་སྐྱེ་འགྲོ་ཟིལ་གྱིས་གནོན། །སྤྲུལ་པའི་གཟའ་བདུད་ནག་པོ་ཁྱོད། །འཇིག་རྟེན་ཁམས་ན་འགྲན་ཟླ་མེད། །བདུད་དང་དྲེགས་པ་བྲན་དུ་འཁོལ། །ལས་སུ་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་རྣལ་འབྱོར་སྐྱོང་མཛད་པའི། །མཐུ་སྟོབས་ཅན་ལ་ཕྱག་འཚལ་བསྟོད། །ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །མི་བཟད་དྲག་གཏུམ་
རྔམས་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །[ཅེས་བསྟོད། བཟླས་པ་བྱ་བ་ནི།] གཟའ་བདུད་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་ཏྲི་ཡིག་ལ་སོགས་པའི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབ་པར་[བསམ་ལ།] ཧྲཱིཿ ཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ཤ་ལ་ཛ་ཛཿ [ཞེས་ཇི་ལྟར་རིགས་པ་བཟླས་པའི་མཐར་འདོད་དོན་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] ཧཱུཾ། ཕྱི་ནང་གསང་བའི་མཆོད་པ་དང་། །དམར་ཆེན་རྒྱན་གྱི་གཏོར་མ་དང་། །ཞལ་ཟས་ཚོགས་ཀྱི་མཆོད་པ་དང་། །ཤ་སྣ་སྙིང་སྣའི་མཆོད་པ་ཡིས། །གཟའ་མཆོག་ཆེན་པོའི་ཐུགས་དམ་བསྐང་། །བསྐང་བའི་དངོས་གྲུབ་སྩལ་དུ་གསོལ། །འབྲུ་བཟང་ལྷ་བཤོས་ཤ་ཆེན་སྤོས། །ཚིལ་ཆེན་སྣང་གསལ་རོལ་མོའི་ཚོགས། །སྐུ་གླུད་སྤྱན་གཟིགས་མང་པོ་དང་། །དམ་རྫས་རྒྱན་གྱི་གཏོར་མ་ཡིས། །གཟའ་བདུད་ཡབ་ཡུམ་ཐུགས་དམ་བསྐང་། །རཀྟ་དམར་གྱི་ཨརྒྷཾ་གྱིས། །ལྗང་སྔོན་དྲག་པོའི་༴ ཤ་ཆེན་རི་རབ་བརྩེགས་
པ་ཡིས། །བདུད་པོ་རོག་ཏིའི༴ བསད་ཁྲག་རྦ་ཀློང་འཁྲུགས་པ་ཡིས། །ཁྱབ་འཇུག་ཆེན་པོའི༴ སྤོས་དང་སྣང་གསལ་རོལ་མོ་ཡིས། །དྲང་སྲོང་དཀར་སེར༴ བམ་ཆེན་བཅད་འཕྲོར་ལྡན་པ་ཡིས། །བིཥྚི་པ་ཏྲའི༴ ཏི་ར་ཞིང་ཆེན་སྤུངས་པ་ཡིས། །ཧ་ལི་ཀ་ལའི༴ དམར་དང་གསུར་ཆེན་དུད་པ་ཡིས། །དུ་བ་མཇུག་རིང་༴ སྤྱན་གཟིགས་ཚོགས་ཀྱི་འཁོར་ལོ་ཡིས། །སྒྲ་གཅན་འཛིན་གྱི༴ ཤ་ཁྲག་དམར་ཆེན་གཏོར་མ་ཡིས། །སྲིང་མོ་བཞི་ཡི༴ གདུགས་དང་རྒྱལ་མཚན་རོལ་མོ་ཡིས། །གཟའ་ཆེན་བརྒྱད་ཀྱི༴ གཡོས་དང་ཁ་ཟས་སྣ་ཚོགས་ཀྱིས། །རྒྱུ་སྐར་ཉེར་བརྒྱད༴ ཤ་སྣ་སྙིང་སྣ་འབུམ་ཕྲག་གིས། །ལྷ་སྲིན་སྡེ་བརྒྱད་ཐུགས༴ བསྐང་ངོ་བསྐང་ངོ་གཟའ་ཆེན་རྣམས། །ཐུགས་དམ་གཉན་པོ་སྐོང་བར་མཛོད། །ཆོས་སྐྱོང་གཟའ་བདུད་འཁོར་བཅས་ལ། །རིག་འཛིན་རྣལ་འབྱོར་བདག་ཅག་གིས། །དགའ་དང་གུས་པས་ཕྱག་འཚལ་ནས། །མོས་ཤིང་དང་བས་མཆོད་པ་འབུལ། །རྣལ་འབྱོར་ཉམས་ཆག་སྐོང་བར་མཛོད། །[ཅེས་བསྐང་བ་བྱ། མཐར་གཏོར་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་ལས་འབྲེལ་རྩལ་གྱི་མན་ངག་སྙིང་ཐིག་གི་བཀའ་སྲོལ་ལས་བྱོན་པ་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་ཡིག་ཆ་ལས་སྙིང་པོར་བྲིལ་བ་སྟེ། སྲོག་དབང་གི་ཆོ་གའང་འདོད་འཇོའི་བུམ་བཟང་བཞིན་ནོ༎ ༎]
རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཕྲིན་ལས།
༄༅། །[རྒྱལ་ཆེན་རྣམ་ཐོས་སྲས་ཀྱི་ཕྲིན་ལས་ནི། སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ་བྷྲུཾ་ལས་རིན་པོ་ཆེའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་དང་ལྡན་པ་ཕྱོགས་བཞིར་ཀ་བ་ཉིས་སྟོང་ལྔ་བརྒྱ་ལྔ་བརྒྱས་བཏེགས་པའི་ཁོར་ཡུག་གིས་བསྐོར་བའི་ཤར་ཤེལ། ལྷོར་བཻ་ཌཱུརྱ། ནུབ་པདྨ་རཱ་ག །བྱང་ཛམ་བུ་ཆུ་བོའི་གསེར་ལས་གྲུབ་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་པ་རྒྱན་ཐམས་ཅད་ཀྱིས་སྤྲས་པའི་དབུས་སུ་རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་སུམ་བརྩེགས་སུ་ཡོད་པ། ས་འོག་ཏུ་གཏེར་གྱི་ཁང་པ་བཅོ་ལྔ་དང་བཅས་ཤིང་། ཁོར་ས་རིམ་པ་གསུམ་གྱིས་བསྐོར་བའི་དང་པོའི་ཕྱོགས་མཚམས་བརྒྱད་དུ་ཁང་བཟང་བརྒྱད་ཀྱིས་མཛེས་པ། དེ་དག་གི་ཕྱི་རོལ་ཏུ་རིན་པོ་ཆེའི་ཕུང་པོ། དཔག་བསམ་གྱི་ལྗོན་ཤིང་། མ་རྨོས་པའི་ལོ་ཐོག །གཏེར་གྱི་བུམ་བཟང་། ཁྲུས་རྫིང་མེ་ཏོག་དང་ལྡན་པ་རྣམས་སྤེལ་མར་གནས་པའི་ཕྱི་ནས་རིན་པོ་ཆེའི་ར་བ་གྲུ་བཞི་པས་བསྐོར་བ། ཕོ་བྲང་དབུས་མའི་ནང་དུ་སྣ་ཚོགས་པདྨ་དང་ཉི་མ་སེང་གེ་ལ་གནས་པའི་བཻ་སེར་པོའི་འཕྲོ་འདུ་ལས་རྒྱལ་པོ་ཆེན་པོ་རྣམ་ཐོས་
སྲས་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། གཡས་རིན་པོ་ཆེའི་རྒྱལ་མཚན་སྒྲེང་ཞིང་གཡོན་ནོར་བུ་སྐྱུག་པའི་ནེའུ་ལེ་འཛིན་པ། བརྗིད་བག་དང་བཅས་པའི་སྐུ་ལ་ལྷའི་དར་སྣ་ཚོགས་པའི་ན་བཟའ་ལྷབ་ལྷུབ་ཏུ་གསོལ་ཞིང་། རིན་པོ་ཆེའི་ཐོར་ཚུགས་དབུ་རྒྱན་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་གཡོན་བརྐྱང་པའི་རོལ་པའི་སྟབས་ཀྱིས་སེང་གེ་དཀར་མོ་ཉལ་སྟབས་སུ་གནས་པའི་སྟེང་ན་བཞུགས་པ། ཉི་མ་འབུམ་གྱི་གཟི་བརྗིད་ཅན་ནམ་མཁའི་མཛོད་ལ་མངའ་བརྙེས་ཤིང་སྐྱེ་རྒུ་རྣམས་ཕོངས་པ་ལས་སྒྲོལ་བ། ཕྲག་གོང་ཉི་ཟླས་བརྒྱན་པ། བཙུན་མོ་སྲས་དང་ཕོ་ཉའི་ཚོགས་ཀྱིས་བསྐོར་བ། ཕྱོགས་མཚམས་ཀྱི་ཁང་བརྩེགས་བརྒྱད་ཀྱི་ཤར་ནས་རིམ་པ་བཞིན། ཛམ་བྷ་ལ་སེར་པོ་རིན་པོ་ཆེ་འཛིན་པ། ཡང་དག་ཤེས་སེར་པོ་གསེར་གྱི་གྲི་རིང་འཛིན་པ། གང་བ་བཟང་པོ་སེར་པོ་བུམ་པ་འཛིན་པ། འབྲོག་གནས་ནག་པོ་རིན་པོ་ཆེའི་མདུང་འཛིན་པ། ནོར་བུ་བཟང་པོ་དཀར་པོ་ནོར་བུ་འཛིན་པ། ལྔས་རྩེན་སེར་སྐྱ་ཁང་བརྩེགས་འཛིན་པ། ཀུ་བེར་ནག་པོ་རལ་གྲི་འཛིན་པ། འཇམ་པོ་འཁྱིལ་བ་དཀར་པོ་གྲི་ཕུབ་འཛིན་པ་སྟེ། ཐམས་ཅད་ཀྱང་
གཡོན་གཏེར་གྱི་ནེའུ་ལེ་བསྣམས་ཤིང་རང་མདོག་དང་མཚུངས་པའི་རྟ་ལ་ཆིབས་པ། བརྗིད་ཅིང་དཔའ་བ་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཁོར་ས་བར་མ་ན་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ། ཁོར་ས་ཐ་མ་ན་ལྷ་མ་སྲིན་སྡེ་བརྒྱད་སོགས་ཅི་བགྱིའི་ཕོ་ཉ་བསམ་གྱིས་མི་ཁྱབ་པའི་ཚོགས་རྣམ་འགྱུར་སྣ་ཚོགས་པའི་གཟུགས་དང་ཆ་ལུགས་ཅན་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བས་འདོད་པའི་དངོས་གྲུབ་ཆར་བཞིན་དུ་འབེབས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་འཁོད་པར་གྱུར། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ། ཧཱུཾ་ལས་འོད་ཟེར་འཕྲོས་པས་ལྕང་ལོ་ཅན་གྱི་ཕོ་བྲང་ནས་རྒྱལ་པོ་ཆེན་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] བཻ། རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །བདག་གིས་གདུང་བས་སྤྱན་འདྲེན་ན། །ཐབས་དང་ཐུགས་རྗེའི་བདག་ཉིད་ཅན། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །བཙུན་མོ་བློན་འབངས་འཁོར་དང་བཅས། །ཤཱཀྱའི་བསྟན་པ་བསྲུང་སླད་དུ། །ཐུགས་དམ་དབང་གིས་གཤེགས་སུ་གསོལ། །
ཨོཾ་བཻ་ཤྲ་མ་ཎ་ཡེ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ [ཞེས་སྤྱན་དྲངས་ལ།] ཧཱུཾ། རི་རབ་ཆེན་པོའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །གནོད་སྦྱིན་རྒྱལ་པོ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། [ཞེས་བཞུགས་སུ་གསོལ།] གསང་བདག་གནོད་སྦྱིན་འཁོར་དང་བཅས། །དམ་ཚིག་ཅན་གྱི་ལྷ་ཚོགས་ལ། །གཉིས་མེད་དང་བའི་ཚུལ་གྱིས་ནི། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་བྱ།] ཧཱུཾ། གསང་བདག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །སྤོས་དང་མེ་ཏོག་མར་མེ་ཞལ་ཟས་དང་། །སིལ་སྙན་རྔ་ཆེན་བྱུག་པ་མཆོད་པའི་སྤྲིན། །ལྷ་མོའི་ལོངས་སྤྱོད་འཛད་མེད་འདོད་རྒུའི་གཏེར། །རབ་འབྱམས་ནམ་མཁའི་ཁྱོན་རྣམས་ཡོངས་གང་བ། །འབུལ་ལོ་འདོད་པའི་ལས་འབྲས་མཆིས་པར་མཛོད། །ཨོཾ་བཻ་ཤྲ་མ་ཎ་ས་པ་རི་ཝཱ་ར་བྷྱཿ པུཥྤེ་[ནས།] ཤཔྡ་པཉྩ་ཀཱ་མ་གུ་ཎ་པྲ་ཏཱིཙྪ་སྭཱ་ཧཱ། [ཞེས་མཆོད།] ཁྱད་པར་དུ་རྒྱལ་ཆེན་འཁོར་བཅས་ཀྱི་ལྗགས་རིན་པོ་ཆེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ས་པ་རི་ཝཱ་ར་ཨི་དམ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི།
[ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས།] བསྟན་པའི་བཀའ་སྲུང་ཆེན་པོ་རྒྱལ་ཆེན་རྣམ་མང་ཐོས་སྲས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིན་ལས་བཅོལ།] བཻ། ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་རྒུའི་ཆར་འབེབས་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་བསོས་པོ་ལ་བསྟོད། །དྲི་མེད་འཛམ་བུའི་གསེར་ཞུན་ལན་སྟོང་དུ། །བྱེད་པོས་པིར་གྱིས་ལྷུན་པོར་བྱུགས་པས་ཀྱང་། །མཚོན་མིན་སྟོང་ཕྲག་ཉི་མའི་ལང་ཚོ་ཅན། །གཏེར་བདག་བྱེ་བའི་ཅོད་པན་ཁྱོད་ལ་བསྟོད། །གངས་རིའི་མཛེས་པ་འཕྲོག་བྱེད་གདོང་ལྔའི་ཁྲིར། །རབ་བརྗིད་གར་གྱིས་རྣམ་རོལ་ཡིད་བཞིན་གྱི། །རྒྱལ་མཚན་སྒྲེང་ཞིང་ནོར་སྐྱུ་ནེའུ་ལེ་ལས། །འདོད་རྒུའི་ཆར་འབེབས་ཁྱོད་ལ་ཕྱག་འཚལ་བསྟོད། །དར་ཟབ་ན་བཟའ་རིན་ཆེན་རྒྱན་ཕྲེང་དང་། །ལྷ་རྫས་ཅོད་པན་གྱིས་མཛེས་ལྷབ་ལྷུབ་གཡོ། །ནོར་སྦྱིན་འབུམ་སྡེའི་དབུས་ན་ལྷམ་མེ་བ། །ཤཱཀྱའི་བསྟན་སྲུང་གཙོ་ལ་ཕྱག་འཚལ༴ ཟག་མེད་བདེ་
བའི་དཔལ་སྟེར་བཙུན་མོ་བཞི། །བཀའ་ཡི་བློན་པོ་གཏེར་གྱི་བདག་པོ་བརྒྱད། །ཅི་བགྱིའི་ཕོ་ཉ་མངག་གཞུག་སྡེ་དཔུང་སོགས། །འཁོར་ཚོགས་རྒྱ་མཚོའི་ཚོགས་ལ་ཕྱག་འཚལ་བསྟོད། །[ཅེས་བསྟོད། བཟླས་པ་བྱ་བ་ནི།] རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱི་ཐུགས་ཀར་ཉི་མ་ལ་གནས་པའི་བཻ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་སྒྲུབ་པར་[བསམ་ལ།] ཨོཾ་བཻ་སྭཱ་ཧཱ། [གཙོ་བོའི་སྙིང་པོའོ། །]ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། [ཉེ་བའི་སྙིང་པོའོ། གཞན་ཡང་འཁོར་སྔགས་བཟླ་བར་འདོད་ན་སྒྲུབ་ཡིག་གི་གཞུང་བཞིན་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་འདོད་དོན་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] བཻ། ས་བརྒྱད་དབང་ཕྱུག་རིན་ཆེན་གཏེར་གྱི་བདག །འགྲོ་བའི་དབུལ་ཕོངས་བསལ་མཛད་སེམས་དཔའ་ཆེ། །ཆོས་སྐྱོང་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འཁོར་བཅས་ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་། །ཁོར་ཡུག་བཅས་པའི་འཇིག་རྟེན་ཁྱོན་གང་བའི། །མཐོ་རིས་འབྱོར་པ་འདོད་རྒུར་འཇོ་བའི་དཔྱོད། །སྨན་སྤོས་རྩི་བཅུད་ཤིང་ཏོག་སྣ་ཚོགས་དང་། །ངོ་མཚར་མཆོད་སྤྲིན་རྒྱ་མཚོས་ཐུགས་དམ་བསྐང་། །རིན་ཆེན་ཁང་བཟང་གཏེར་དང་ནོར་བུས་སྤྲས། །ཕུན་ཚོགས་འདོད་པའི་
ལོངས་སྤྱོད་སྤྲིན་ཕུང་གཏིབས། །གོས་སྔོན་སྟོད་གཡོགས་ལུང་ཐང་ཕྲེང་བ་སོགས། །གསང་ཆེན་དམ་ཚིག་གཉན་པོས་ཐུགས༴ ཅང་ཤེས་རྟ་མཆོག་གཉིས་འཐུང་འདོད་འཇོའི་བ། །མཛེས་སྡུག་རྒྱན་གྱིས་སྤྲས་པ་ཇི་སྙེད་དང་། །ཡིད་བཞིན་འདོད་འཇོའི་གཏེར་གྱི་སྒྲོམ་བུ་སོགས། །མི་ཟད་ནམ་མཁའ་མཛོད་ཀྱིས༴ བདུད་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་སྒྲེང་། །སྐུ་གཟུགས་རྟེན་གཏོར་སྲོག་འཁོར་བླ་རྡོ་དང་། །རིན་ཆེན་ཡ་ལད་སྤྱན་གཟིགས་དཀོར་ཆ་སོགས། །དཔག་གཡས་ནམ་མཁའ་གང་བས་ཐུགས་དམ་བསྐང་། །གཞན་ཡང་སྲིད་ཞིའི་འདོད་ཡོན་ཅི་མཆིས་པ། །ཁྱོད་ཀྱི་བཞེད་པ་གང་ཡིན་དེ་དག་ཀུན། །འབུལ་གྱིས་བདག་ཅག་འཁོར་དང་བཅས་རྣམས་ཀྱི། །བསམ་པའི་རེ་བ་གང་བའི་མཆོག་སྩོལ་ཅིག །[ཅེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ། །འདི་ནི་བཀའ་གཏེར་གཉིས་ལྡན་རྣམ་སྲས་སེར་ཆེན་སྤྲིན་གསེར་མར་གྲགས་པ་སྟེ། བརྗོད་བདེ་བའི་ཕྱིར་བསྟོད་པ་དང་སྐོང་བ་རྣམས་དངོས་རོལ་ཕྱག་མཚན་བཞི་པའི་ལས་བྱང་ལས་བླངས་ཏེ་ཅུང་ཟད་ཁ་བསྒྱུར་བ་ཡིན་ལ། རྗེས་གནང་གི་ཆོ་ག་ནི་འདོད་འཇོའི་བུམ་བཟང་བཞིན་ནོ།། །།]
དམ་ཅན་སྐྱེས་བུ་ཆེན་པོའི་ཕྲིན་ལས།
༄༅། །[དམ་ཅན་སྐྱེས་བུ་ཆེན་པོའི་ཕྲིན་ལས་ནི། སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་།] སྟོང་པའི་ངང་ལས་མདུན་དུ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཕ་ཝཾ་ལོང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་ནག་འཁྲིགས་ཤིང་འབྲུག་སྒྲ་དྲག་པོ་དང་བཅས་པས་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་ནས་རླུང་ནག་འཚུབས་མར་འཁྱིལ་ཞིང་མཐའ་ལྕགས་རི་ནག་པོས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་སྟོབས་ལྡན་སེང་གེ་དཀར་མོ་བརྗིད་པའི་སྟེང་དུ་ཏྲིཿལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། རབ་ཏུ་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་དམར་ལྟར་བསྐྱོད་ཅིང་དུག་གི་ཁ་རླངས་འཐུལ་བ། དམར་ཟླུམ་ཁྲག་ཏུ་ཁོལ་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་ཆུའི་རླབས་བཞིན་འཁྲུགས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཉམས་པའི་མགོ་བོར་གཟིར་ཞིང་། གཡོན་གདུག་པ་ཅན་གྱི་དོན་སྙིང་འཛིན་ཅིང་ཞལ་དུ་གསོལ་བ། དར་སྔོན་གྱི་གོས་དང་དར་དམར་གྱི་འཇོལ་བེར་ལྷབ་
ལྷུབ་ཏུ་མནབས་པ། དབུ་ལ་ཐང་ཞུ་དམར་པོ་རྡོ་རྗེའི་ཏོག་དང་ལེ་བརྒན་གྱིས་བརྒྱན་པ། ཞབས་ལ་སག་ལྷམ་གསོལ་ཞིང་། རབ་མཛེས་རྣོ་བའི་འཁོར་གསུམ་སྐེད་ལ་བརྟེན་ཏེ་ཁྲོ་གཏུམ་འཇིགས་རྔམས་བལྟར་མི་བཟོད་པའི་ཚུལ་དུ་གནས་པ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་རྨེ་རུ་ཙེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ་སྟེ་བཀའ་སྡོད་གིང་ཆེན་སྡེ་བཞི། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་སོགས་དགྱེས་སྡེ་བརྟན་མ་བཅུ་གཉིས། སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་རྣམས་དང་། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་བ། རྒྱབ་ན་ལྕགས་སྦྱང་འུར་བ་འབྲང་བ་སྟེ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་
ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་མ་རུང་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་སྒྲུབ་པ་པོའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པའི་ཚུལ་གྱིས་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཏྲི། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་རི་བོ་མ་ལ་ཡ་དང་། ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་སོགས་ནས་དམ་ཅན་སྐྱེས་བུ་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ཞིང་། དར་གྱི་གཡབ་མོར་ཚིལ་སྤོས་དཀར་སོགས་སྦྱར་བའི་སྤོས་སྤྲིན་རོལ་མོ་དབྱངས་དང་བཅས་ཏེ།] ཀྱེེ། རྒྱལ་བ་ཤཱཀྱའི་བསྟན་པ་ལ། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བསྟན་པ་སྲུང་བའི་མཐུ་རྩལ་ཅན། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །ཉི་མ་ནུབ་ལ་མངའ་མཛད་ཅིང་། །གནམ་ས་ཕྱེད་ཀྱི་བདག་པོ་སྟེ། །ཛམ་བུ་གླིང་གི་སྐྱེས་གཅིག་པུ། །དགྲ་ལྷ་ཆེན་པོ་གཤེགས་སུ་གསོལ། །ངོ་བོ་གསང་བདག་པདྨ་དབང་། །རྣམ་པ་དྲེགས་པའི་སྡེ་དཔོན་ཚུལ། །སྙིང་ཐིག་གཉན་པོའི་རྒྱུད་སྲུང་མཆོག །གཏེར་བདག་རྒྱལ་པོ་གཤེགས་སུ་གསོལ། །
གཙུག་ལག་ཆོས་འཁོར་དབེན་གནས་དང་། །གནས་མཆོག་དམ་པ་གར་བཞུགས་ཀྱང་། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་སཱ་ངྷུ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ [ཞེས་སྤྱན་དྲངས་ལ།] ཧཱུྃ། དམ་ཅན་སྐྱེས་བུ་འཁོར་དང་བཅས། །དེང་གི་གནས་མཆོག་དམ་པ་འདིར། །དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །བདག་གི་ཕྲིན་ལས་ཡོངས་འགྲུབ་མཛོད། །བཛྲ་ས་མ་ཡ་ཏིཥྛནྟུ། [ཞེས་བཞུགས་སུ་གསོལ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་ཀྱིས། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། གཏེར་སྟོན་རིག་འཛིན་ཆེན་པོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་དམ་ཚིག་གི་གཉེར་གཏད།] ཧཱུྃ། རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །སྨོན་ལམ་དབང་གིས་ཅིར་ཡང་སྟོན། །དགྲ་འདུལ་སྐྱེས་མཆོག་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ། །[ཞེས་ཕྱག་བྱ།] ཧཱུྃ། དམ་ཅན་འཁོར་དང་བཅས་པ་ལ། །དགྱེས་པའི་མཆོད་པ་འབུལ་
བ་ནི། །ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་། །ནང་མཆོད་བདུད་རྩི་རྣམ་ལྔ་དང་། །གསང་མཆོད་སྨན་རཀ་གཏོར་གསུམ་དང་། །ར་ཡི་དབང་པོ་རྣམ་པ་ལྔ། །སིལ་སྙན་གླུ་གར་རོལ་མོའི་དབྱངས། །སྣ་ཚོགས་མཆོད་པ་དམ་པ་འབུལ། །བདག་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་དངོས་གྲུབ་སྩོལ། །བཛྲ་སཱ་ངྷུ་ས་མ་ཡ་ས་པ་ར་ཝཱི་ར་ཨརྒྷཾ་[ནས།] ཤཔྡའི་བར་གྱིས་[ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] དམ་ཅན་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨོཾ་བཛྲ་སཱ་ངྷུ་ས་མ་ཡ་བྷ་ག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་ངྷུ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས། བསྟན་པའི་བཀའ་སྲུང་ཆེན་པོ་སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ།] ཧཱུྃ། རྡོ་རྗེ་འཛིན་པའི་བཀའ་ཉན་ཐ་ཚིག་ཅན། །དབང་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་ལས་སྤྲུལ། །སྨོན་ལམ་དབང་གིས་སངས་རྒྱས་བསྟན་པ་སྲུང་། །
དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །རྨུ་བདུད་བཤོས་པའི་སྲས་གཅིག་མཐུ་བོ་ཆེ། །སྐུ་མདོག་དམར་ནག་རབ་ཏུ་ཁྲོས་པའི་ཞལ། །རྡོ་རྗེ་གཟིར་ཞིང་དགྲ་སྙིང་ཞལ་དུ་གསོལ། །སྒྲོལ་བྱེད་གིང་ཆེན་དཔའ་བོ་ཁྱོད་ལ་བསྟོད། །དར་དམར་བེར་ཆེན་སག་ལྷམ་སག་ཞུ་གསོལ། །རྣོ་གཅོད་འབར་བའི་འཁོར་གསུམ་སྐེད་ལ་བསྟེན། །སེང་གེ་ཆིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར། །ཐོགས་མེད་རྫུ་འཕྲུལ་སྟོབས་ལྡན་ཁྱོད་ལ་བསྟོད། །ནོར་བདག་དགྲ་ལྷའི་གཙོ་བོ་ཁྱོད་ལ་བསྟོད། །རྡོ་རྗེ་ཅན་དང་པདྨ་འབྱུང་གནས་ཀྱིས། །དམ་བཏགས་དབང་བསྐུར་གསང་བའི་མཚན་ཡང་གསོལ། །གསང་སྔགས་ཟབ་མོའི་བསྟན་པའི་གཉེར་ཁ་འཛིན། །རིན་ཆེན་གཏེར་གྱི་བདག་པོ་ཁྱོད་ལ་བསྟོད། །བཀའ་སྡོད་མཆེད་ཟླ་དགྱེས་སྡེ་ཟ་བྱེད་ཚོགས། །ལས་བྱེད་རུ་འདྲེན་ཞུབ་ཅན་དམག་གི་དཔུང་། །སྡོང་ཟླ་སྤྲུལ་པ་ཕྱག་བརྙན་བསམ་ལས་འདས། །སྐྱེས་མཆོག་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །[ཅེས་བསྟོད། བཟླས་པ་བྱ་བ་ནི།] དམ་ཅན་
ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབས་པར་[བསམ་ལ།] ཨོཾ་བཛྲ་སཱ་ངྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་ངྷུ་ཏྲི་ཛཿ ཛཿ ཧཱུྃ་བྃ་ཧོཿ [ཞེས་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་འདོད་དོན་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ།] ཧཱུྃ། གསང་བདག་དཔའ་པོ་པདྨ་ཐོད་ཕྲེང་གི །བཀའ་ཉན་དགྲ་ལྷའི་རྒྱལ་པོ་རྫུ་འཕྲུལ་ཅན། །དམ་ཅན་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །འཁོར་བཅས་ཐུགས་དམ་དབྱིངས་སུ་བསྐང་བར་བགྱི། །རླུང་ནག་འཚུབས་མ་འཁྱིལ་བའི་ཀློང་དཀྱིལ་ན། །ཁྲག་ཆེན་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས། །ཁྲོ་ཆུས་བསྡམས་པའི་ཕ་ཝང་ལོང་བུའི་མཁར། །མཐོ་ཞིང་རབ་ཡངས་བལྟ་བར་མི་བཟོད་ལ། །ལོག་ལྟ་བསད་པའི་ལུས་ཀྱི་ཀ་གདན་སྒོ། །ཀ་གདུང་དྲལ་གྲབ་ཤ་ཁྲག་ཐོག་ལེབ་ཅན། །མངོན་པར་བཀྲ་བའི་འཇའ་ཚོན་འོད་ཟེར་འཕྲོ། །ཞིང་ཆེན་བླ་བྲེ་བྲེས་ཤིང་ཐོད་པ་དང་། །རྒྱུ་རློན་སྙིང་ཕྲེང་དྲྭ་ཕྱེད་དོ་ཤ་འཕྱང་། །ར་སྐྱེས་མི་ལྤགས་རྒྱལ་མཚན་ཕྱར། །གསར་རྙིང་རོ་དང་དུམ་བུ་
ནང་ཁྲོལ་དང་། །སྐྲ་ཚིལ་ཀླད་པ་རྐང་སོགས་ལང་ལིང་བཀྲམ། །ཀེཾ་རུས་སྟོང་ཕྲག་བསྣོལ་བའི་ཁྲི་ཆེན་བཤམས། །ལྕགས་རི་ནག་པོས་བསྐོར་བའི་ཕོ་བྲང་སྟེང་། །ནམ་མཁའ་ཁྱབ་པར་ཁེབས་པའི་དུག་གི་སྤྲིན། །ཚ་གྲང་རླུང་འཁྲུགས་དྲག་པོའི་ང་རོ་སྒྲོག །འཇིགས་ཆེན་གནམ་ལྕགས་རྡོ་རྗེའི་སེར་ཆེན་འབེབས། །གཤིན་རྗེའི་གྲོང་ཁྱེར་གསར་དུ་ལྷགས་པ་བཞིན། །རབ་འཇིགས་དུར་ཁྲོད་རྒྱན་གྱིས་ཀླུབས་པ་འདིས། །དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས་དམ་བསྐང་། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གླུ་གར་སྙན་པའི་དབྱངས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔས། །དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས༴ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམ་པ་བདུན། །རིན་ཆེན་སྨན་སྣ་དར་ཟབ་སྙིང་པོ་ལྔ། །འཕན་གདུགས་རྒྱལ་མཚན་བ་དན་རུ་མཚོན་གྱིས། །དམ་ཅན་སྐྱེས་བུ༴ བདུད་རྩི་སྨན་མཆོད་རཀྟའི་ཨརྒྷཾ་དང་། །རྟེན་གཏོར་རྟག་གཏོར་མཆོད་པའི་བ་ལིཾ་ཏ། །ཇ་ཆང་འོ་མ་གསེར་སྐྱེམས་ཕུད་རྒོད་ཀྱིས། །དམ་ཅན་སྐྱེས་བུ༴ དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་ཡི་རིགས། །འདབ་ཆགས་གཅན་གཟན་རི་
དྭགས་གཡུང་དྭགས་སོགས། །ལྷ་མིའི་དཔལ་འབྱོར་རྨད་དུ་བྱུང་བ་ཡིས། །དམ་ཅན༴ སྟག་གཟིགས་གུང་སོགས་གཡང་གཞིའི་རིགས་གྱུར་དང་། །རྒྱན་དང་བཀོད་པའི་ཁྱད་པར་རྣམ་མང་སོགས། །སྤྱན་གཟིགས་དཀོར་ཆ་དཔག་ཏུ་མེད་པ་ཡིས། །དམ་ཅན༴ ཁྲབ་རྨོག་རལ་གྲི་མདའ་མདུང་ཕུབ་ལ་སོགས། །སྲ་བརྟན་རྣོ་གཅོད་འབར་བའི་གོ་མཚོན་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དོན་སྙིང་གིས། །དམ་ཅན༴ གནམ་ལྕགས་ཐོ་ཆེན་གསེར་གྱི་རྡོ་རྗེ་དང་། །མགར་གྱི་རྦུད་པ་ལྷབ་ལྷུབ་དམར་ནག་བེར། །ར་སྐྱེས་སེང་གེ་རྒྱན་གྱིས་སྤྲས་པ་ཡིས། །དམ་ཅན༴ སྐུ་གཟུགས་བླ་རྡོ་སྲོག་གི་འཁོར་ལོ་དང་། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་ཟངས་མའི་ཁབ། །མེ་ལོང་དུད་འབུ་འུག་སྒྲོའི་མདའ་དར་གྱིས། །དམ་ཅན༴ ར་ཡི་དབང་པོ་རྣམ་ལྔ་ར་ཡི་ལྤགས། །ར་ཤ་ར་ཁྲག་ར་ཚིལ་གསུར་དུད་སོགས། །ཁྱད་པར་མཉེས་པའི་མཆོད་རྫས་སྣ་ཚོགས་ཀྱིས། །དམ་ཅན༴ གསང་བའི་མདོས་ཆེན་ཕུན་ཚོགས་ནོར་གྱི་དབྱིག །བརྟེན་སྒྲུབ་སྐོར་བའི་དམ་རྫས་ཕྱི་ནང་གསང་། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་
བས། །དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་རབ་ཏུ་བསྐང་གྱུར་ཏེ། །དགྱེས་པའི་འཛུམ་ཞལ་ཡར་ངོའི་ཟླ་ལྟར་སྟོན། །རྟག་ཏུ་བརྩེར་དགོངས་སྲུང་སྐྱོབ་མ་གཡེལ་བར། །ཇི་ལྟར་བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད། །[ཅེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ།། །།]༈ [ཡང་དམ་ཅན་མགར་ནག་གི་ཕྲིན་ལས་ཀྱི་ཁྱད་པར་ནི།] སྟོང་པའི་ངང་ལས་[སོགས་ནས།] པདྨ་དང་ཉི་མའི་གདན་ལ་ར་སྐྱེས་ཁམ་པ་རྭ་ལ་སྐར་ཁུང་སུམ་བརྩེགས་དང་ལྡན་པའི་སྟེང་དུ་ཏྲི་ནག་པོ་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོས་པའི་ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། ལྗགས་གློག་དམར་ལྟར་བསྐྱོད་ཅིང་དུག་གི་ཁ་རླངས་འཐུལ་བ། དམར་ཟླུམ་ཁྲག་ཏུ་ཁོལ་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་ཆུའི་རླབས་བཞིན་འཁྲུགས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཕྱག་གཡས་པས་གནམ་ལྕགས་ཀྱི་ཐོ་ཆེན་ཀླད་ལ་བསྐོར་ཞིང་། གཡོན་ན་མགར་གྱི་སྦུད་པ་ནག་པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསེར་
གྱི་རྡོ་རྗེའི་རི་མོ་ཅན་དགུ་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐེད་རིན་ཆེན་སྐ་རགས་སུ་བཅིངས་པ། ཞལ་ནས་རྡོ་རྗེ་འཛིན་པ་བདག་གིས་ལས་ཅི་བགྱི་ཞེས་ཟེར་ཞིང་། སོད་ཅིག་དང་རྒྱོབ་ཅིག་ལ་སོགས་པའི་སྒྲ་སྒྲོགས་པ། དེའི་འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ་[སོགས་གོང་བཞིན་དང་། བསྟོད་པའི་ཚེ་ཤློ་ཀ་དང་པོའི་རྗེས་སུ།] འཁོར་བའི་སྐྱོན་གྱིས་མ་གོས་སྐུ་མདོག་ནག །ལོག་ལྟ་འདུལ་ཕྱིར་སྐུ་ལ་བེར་ནག་གསོལ། །འགྲོ་དྲུག་དབྱིངས་སུ་སྒྲོལ་ཕྱིར་སྤྱན་རྩ་དམར། །དགྲ་བགེགས་འདུལ་ཕྱིར་སྨིན་མ་ཨག་ཚོམ་སེར། །ཉོན་མོངས་སྲེག་ཕྱིར་ཞལ་ནས་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབས་མ་འཁྱིལ་བ་ཡིས། །འཁོར་བའི་ཉོན་མོངས་ལོག་ལྟ་འཇོམས་པར་བྱེད། །ཁྲོས་པའི་རྐན་སྒྲ་དྲག་པོར་བརྡབས་པ་ཡིས། །ལོག་པར་འདྲེན་པའི་བགེགས་རྣམས་སྔངས་བྱེད་ཅིང་། །དམ་ཉམས་དགྲ་བོའི་ཚོགས་རྣམས་ཁྱུར་མིད་བགྱིད། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་གྱི་རྦུད་པ་བསྣམས། །ར་ལ་ཆིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར། །སྲིད་གསུམ་གདུག་པའི་ཚོགས་
རྣམས་མ་ལུས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བ་ནག་པོ་ཁྱོད་ལ་བསྟོད། །བཀའ་སྡོད་མཆེད་[ཟླ་སོགས་གཞན་རྣམས་གོང་དང་འདྲའོ། །འདི་ནི་བྱང་གཏེར། རཏ་གླིང་། འཇའ་མཚོན་པ། བདུད་འཇོམས་རྣམས་ཀྱི་གཏེར་བྱོན་བཀའ་སྲོལ་གྱི་གནད་གཅིག་ཏུ་འདུས་པ་སྟེ། སྲོག་དབང་སྤྱི་ཁྱབ་འདོད་འཇོའི་བུམ་བཟང་བཞིན་ནམ་རང་རང་གི་མོས་ཁྱད་དང་བསྟུན་ཏེ་ལུགས་སོ་སོར་འཇུག་པ་ཆོག་གོ། །།]
ཞིང་སྐྱོང་བདུད་མགོན་ཆེན་པོའི་གསོལ་ཕྲིན་འབར་བའི་གློག་ཕྲེང་།
༄༅། །ཞིང་སྐྱོང་བདུད་མགོན་ཆེན་པོའི་གསོལ་ཕྲིན་འབར་བའི་གློག་ཕྲེང་ཞེས་བྱ་བ། ༈ ན་མོ་བཛྲ་མ་ཧཱ་ཀྲོ་ངྷ་ཡ། [དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་བརླབས་ཏེ།] རང་ཉིད་དཔལ་ཆེན་པོའི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་བདུད་མགོན་ཞིང་སྐྱོང་འཁོར་བཅས་སྤྱན་དྲངས་པར་[བསམ་ཞིང་།] ཧཱུཾ་བྷྱོ། དཔལ་ཆེན་ཁྲག་འཐུང་ཧེ་རུ་ཀའི། །ཕྲིན་ལས་སྤྲུལ་པ་མཐུ་རྩལ་ཅན། །སངས་རྒྱས་བསྟན་སྲུང་ཀུན་གྱི་གཙོ། །བདུད་མགོན་ཆེན་པོ་སེང་གེའི་གདོང་། །ཡབ་ཡུམ་ལས་མཁན་སྤྲུལ་འཁོར་བཅས། །ཙ་རི་ཏྲ་དང་པདྨ་བཀོད། །གནས་ཡུལ་དུར་ཁྲོད་གར་བཞུགས་ནས། །སྐད་ཅིག་ཉིད་ལ་འདིར་གཤེགས་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུཾ་ཕཊ་ཏྲི་ཧྲཱིཾ་ཛཿ ངྷཱ་ཀི་ནཱི་སི་ན་ར་མ་ཧཱུཾ་ཕཊ་ཏྲི་ཧྲཱིཾ་ཛཿ ཡ་མ་ཝཱ་ཙ་དུ་ཏྲི་ཕུ་ཏྲི་ཧཱུཾ་ཕཊ། །ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཧཱུཾ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། [ཞེས་སྤྱན་དྲངས་ཏེ་བཞུགས་སུ་གསོལ།] ཧཱུཾ། ཁྱོད་ལ་དགྱེས་པའི་མཆོད་སྤྲིན་ནི། །དྲག་པོའི་ཉེར་སྤྱོད་འདོད་ཡོན་ལྔ། །སྨན་གཏོར་རཀྟ་ཚོགས་མཆོད་དཀོར། །བརྗིད་པའི་བེར་ཆེན་མགྱོགས་པའི་ཆིབས། །སྲ་བའི་གོ་ཆ་རྣོ་བའི་མཚོན། །ཕྱི་ནང་གསང་བའི་དམ་ཚིག་རྫས། །དངོས་སུ་
འབྱོར་དང་ཡིད་ཀྱིས་སྤྲུལ། །ནམ་མཁའ་མཛོད་དུ་སྤེལ་ཏེ་མཆོད། །ཨོཾ་བཛྲ་ཨརྒྷཾ་[ནས།] ཤཔྡའི་[བར་གྱི་ཉེར་སྦྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ། གོང་གི་རྩ་སྔགས་མཐར།] ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།] དཔལ་བདུད་མགོན་ནག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་འདོད་དོན་གསོལ།] ཧཱུཾ། ཆོས་དབྱིངས་སྐྱེ་མེད་ངང་ལས་ཁྲོས་པའི་སྐུ། །འབར་བའི་གར་གྱིས་དམ་ཉམས་ཐལ་བར་རློག །འཇིགས་བྱེད་ཆེན་པོ་གསང་སྔགས་སྲུང་མའི་གཙོ། །ཞིང་སྐྱོང་བདུད་མགོན་སེང་གདོང་ཁྱོད་ལ་བསྟོད། །གཏུམ་ཆེན་ནག་པོ་འཇིགས་གཟུགས་སེང་གེའི་གདོང་། །ཞལ་གདངས་མཆེ་གཙིགས་ཁྲོ་གཉེར་སྡང་མིག་གཡོ། །གཡུ་རལ་གྱེན་བརྫེས་སེང་ཆུང་སྐར་ལྟར་འཁྲུགས། །དར་ནག་བེར་གསོལ་རུ་མཚོན་དམར་གཏོར་འཛིན། །བདུད་རྟ་བཅིབས་ནས་བདུད་དམག་གཡབ་ཅིང་སྡུད། །ཡུམ་ཆེན་བདུད་མོ་སེང་གདོང་ཁྲག་རལ་ཅན། །རྩེ་གསུམ་དགྲ་སྙིང་འཛིན་ཅིང་མེ་རྟ་བཅིབས། །ལས་
མཁན་བམ་རོ་ཕོ་མོ་སྤྲེའུའི་གཟུགས། །སྤྱི་ཚུགས་རྐང་པས་གཏོར་ཁྱེར་དགྲ་ལ་འཕེན། །བཀའ་ཉན་ལས་བྱེད་ཤ་ཟ་ལྷ་མ་སྲིན། །སྡེ་བརྒྱད་དྲེགས་པའི་དམག་དཔུང་རླུང་ལྟར་འཚུབས། །དཔལ་འབར་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །སྔོན་གྱི་ཞལ་བཞེས་ཐ་ཚིག་མ་བསྙེལ་བར། །གསང་ཆེན་བསྟན་དང་བསྟན་འཛིན་བུ་ལྟར་སྐྱོངས། །བསྟན་དགྲ་དམ་ཉམས་སྐད་ཅིག་ཉིད་ལ་སྒྲོལ། །ཆོས་སྲིད་མཐུན་རྐྱེན་ལེགས་ཚོགས་དགུང་དུ་སྤོར། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་རྣམས་ལ། །རྟག་ཏུ་སྲུང་སྐྱོང་སྡོང་གྲོགས་མ་གཡེལ་བར། །གང་བཅོལ་ཕྲིན་ལས་མྱུར་དུ་འགྲུབ་པར་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། གཏོར་མགྲོན་རང་གནས་སུ་གཤེགས་པའམ་རྟེན་ལ་བསྟིམས་ནས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་བསྐུལ་བའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ༎ ། །]
ཞིང་སྐྱོང་དུ་ཁྲོད་མ་མོའི་གསོལ་ཕྲིན་དམ་ལྡན་རེ་སྐོང་།
༈ [ཞིང་སྐྱོང་དུ་ཁྲོད་མ་མོའི་གསོལ་ཕྲིན་དམ་ལྡན་རེ་སྐོང་ཞེས་བྱ་བ།]༈ ན་མོ་བཛྲ་བྷ་ར་ཧེ་ཡ། [དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་བརླབས་ཏེ།] རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་དེ་ཝཱི་ཀོ་ཊ་ལ་སོགས་པ་ཉེ་བའི་ཞིང་
ཐམས་ཅད་ནས་བསྟན་སྲུང་མ་མོ་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ཞིང་།] བྷྱོ༔ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད༔ དུར་ཁྲོད་གནས་ནས་སྐུ་བཞེངས་ཤིག༔ བརྩེ་བའི་ཐུགས་ཀྱིས་གནས་འདིར་བྱོན༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ བརྗོད་བྲལ་འགྱུར་མེད་ཀློང་ཡངས་ནས༔ ཡེ་ཤེས་རང་སྣང་རོལ་པའི་ཡུམ༔ དུར་ཁྲོད་ལྷ་མོ་སྐུར་བཞེངས་ཤིག༔ དུས་ལ་བབ་ཀྱིས་ད་ཚུར་བྱོན༔ ཨོཾ་ཤྨ་ཤ་ན་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་ཤྨ་ཤ་ན་པ་ཏི་ས་པ་རི་ཝཱ་ར་བྷྱཿ ཨརྒྷཾ་[ནས།] ཤཔྡའི་[བར་གྱིས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཨོཾ་མ་མ་ར་ལི་པྲ་མ་ཀ་ལི་ཡེ་ཛ་ཛཿ ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།] དཔལ་ལྡན་ཞིང་སྐྱོང་དུར་ཁྲོད་ཀྱི་མ་མོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། [སོགས་ཀྱིས་ཕྲིནལས་བཅོལ།] ཧཱུཾ༔ དུར་ཁྲོད་ལྷ་མོ་ཆེན་མོ་ཁྱོད༔ སྐུ་ནི་མི་རྫུ་དགུ་རུ་རྫུ༔ ཆིབས་སུ་དྲེད་མོ་ཁམས་ནག་ཆིབས༔ མདོག་ནག་ཞལ་གདངས་སྤྱན་
བགྲད་མ༔ རལ་པ་བསིགས་པས་ས་གཞི་ཁེབས༔ ཕྱག་གཡས་ཞིང་ཆེན་རྒྱལ་མཚན་འཕྱར༔ གཡོན་པས་ནལ་བུའི་དོན་སྙིང་ཟ༔ གནད་ནས་དྲག་ཏུ་བསྐུལ་བའི་ཚེ༔ གཅན་གཟན་བཞི་པོ་ཕོ་ཉར་འགྱེད༔ ནོར་ལ་ངན་ཞིང་དཀོར་ལ་དད༔ ལས་ལ་མྱུར་བའི་མ་མོ་ཁྱོད༔ དུར་ཁྲོད་རྒྱུ་བ་མི་བསྲུན་གཟུགས༔ སྲིད་པའི་མ་མོ་ཆོ་འཕྲུལ་ཅན༔ གླིང་བཞི་བསྐོར་ཞིང་མི་ལྤགས་གྱོན༔ དམ་ཉམས་དགྲ་ཡི་སྲོག་གཅོད་མ༔ དཀོར་ནོར་ཁབ་དང་སྐུད་པ་ཙམ༔ མ་བཞག་དྲག་པོའི་ཡུས་ཀྱིས་ལོངས༔ རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས༔ གར་བཞུགས་གནས་དང་དགོན་པའི་རིགས༔ བཅོལ་ལོ་གཏད་དོ་ཁྱོད་ཀྱིས་སྲུངས༔ སྔ་དགྲ་བྱས་པའི་རྩ་བ་ཆོད༔ ཕྱི་དགྲ་སེམས་པ་དྲུང་ནས་ཕྱུངས༔ ད་ལྟའི་དགྲ་བོ་རྡུལ་དུ་རློག༔ རྡོ་རྗེ་མཐུ་ཡི་ཞགས་ནག་དེ༔ བསྟན་པ་བཤིག་པའི་རྐེ་ལ་ཐོབ༔ དགྲ་བྱེད་ཕ་ཁུ་ཡིན་ཀྱང་སྒྲོལ༔ དམ་ཉམས་སློབ་མ་ཡིན་ཀྱང་སོད༔ དུར་ཁྲོད་ཞིང་སྐྱོང་ཌཱ་ཀིའི་གཙོ༔ སྣང་སྲིད་དབང་དུ་བསྡུས་མཛད་ལ༔ བདག་ཅག་ཆོས་མཛད་སྒྲུབ་པ་པོའི༔ ཆོས་ཀྱི་མཐུན་རྐྱེན་
རྟག་ཏུ་སྦྱོར༔ མི་མཐུན་བདུད་ཀྱི་ཟང་ཟིང་རྣམས༔ སྐད་ཅིག་མ་བཏང་ཐུགས་རྗེ་ཅན༔ དཀོར་བདག་ཆེན་མོ་ཁྱོད་ཉིད་ཀྱིས༔ བཅོལ་བའི་ཕྲིན་ལས་སྒྲུབ་པའི་དུས༔ དགྲ་བོའི་ཡུལ་དང་སྒོ་དྲུང་དུ༔ ཀུན་གྱིས་ཐོས་པའི་འོ་དོད་བོས༔ ལྟས་ངན་ཟད་མི་ཤེས་པ་སྟོན༔ དགྲ་བོའི་ཡུལ་ཁམས་སྟོངས་སུ་ཆུག༔ རྒྱལ་བའི་བསྟན་པ་བསྲུང་བའི་ཕྱིར༔ རྣལ་འབྱོར་ཆེ་བ་ཐོན་པར་མཛོད༔ [ཅེས་བསྟོད་ཅིང་ཕྲིན་ལས་བསྐུལ། མགྲོན་རང་གནས་སུ་གཤེགས་པའམ་རྟེན་ལ་བསྟིམ་ནས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་ཉང་སྟོན་ཆེན་པོའི་གཏེར་མའི་གཞུང་ལས་རྒྱུན་གཏོར་འཇུག་བདེ་སྙིང་པོར་དྲིལ་བ་སྟེ་བཛྲ་བྷ་ཡ་ཛྙཱ་ནས་སོ༎ ། །]
དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་མཆོད།
༈ [དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་མཆོད་ནི།] ན་མོ་བཛྲ་ཀྲོ་ངྷ་ཡ། [འདིར་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་བཀའ་སྲུང་དྲེགས་པའི་སྡེ་དཔོན་སུམ་ཅུའི་གསོལ་མཆོད་བྱ་བར་འདོད་པས། སྣོད་གཙང་མར་དཔལ་བཤོས་འཁོར་སུམ་ཅུ་མཐེབ་ཀྱུས་བསྐོར་བ་ཤ་ཁྲག་སོགས་བཟའ་བཅས་སྣ་ཚོགས་པས་བརྒྱན་པ་བཤམ་ལ། རང་ཉིད་དཔལ་ཆེན་པོའི་སྙེམས་པས་གཏོར་མ་བསང་སྦྱང་བྱིན་གྱིས་བརླབས་ཏེ།] རང་ཉིད་དཔལ་ཆེན་གསལ་བའི་ཐུགས་ཀའི་ཧཱུཾ་གི་འོད་ཟེར་གྱིས་དྲེགས་པའི་སྡེ་དཔོན་སུམ་ཅུའི་འཁོར་དང་བཅས་པ་སྤྱན་དྲངས་པར་[བསམ་ལ། གསུར་ཆེན་གྱི་སྤོས་དང་རྐང་གླིང་གི་སྒྲས་མཚོན་པར་སྤྱན་དྲང་བ་ནི།] ཧཱུཾ། སྔོན་ཚེ་
དཔལ་ཆེན་ཧེ་རུ་ཀའི། །སྤྱན་སྔར་ཁམས་བླངས་དམ་བཅས་པའི། །དྲེགས་པའི་སྡེ་དཔོན་སུམ་ཅུ་པོ། །སོ་སོའི་བཀའ་ཉན་ཕོ་ཉར་བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱིས། །མ་ཐོགས་རིངས་པའི་ཚུལ་གྱིས་ནི། །ཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ། །ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། [ཞེས་པས་སྤྱན་དྲངས།] ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ ས་པ་རི་ཝཱ་ར་ཨརྒྷཾ་[ནས།] ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱའི་[བར་གྱིས་ཕྱི་མཆོད་ཕུལ།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཨོཾ་བཛྲ་སརྦ་དུཥྚཾ་ཨེ་ཛ་བྷྱོ༔ ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་གསུམ་གྱིས་གཏོར་མ་ཕུལ་ལ།] མཐུ་སྟོབས་ཀྱི་དབང་ཕྱུག་དྲེགས་པའི་སྡེ་དཔོན་སུམ་ཅུ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་[སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི།] ཧཱུཾ༔ བདེ་གཤེགས་བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲེགས་པའི་ཚུལ་དུ་སྐུར་སྟོན་པ། །མཐུ་ཆེན་སྡེ་དཔོན་སུམ་ཅུའི་ཚོགས་ལ་
བསྟོད། །དབང་ཕྱུག་ཨུ་མ་གཤིན་རྗེ་གསོད་བྱེད་ནག །སྲིད་རྒྱལ་རལ་གཅིག་བསྐོས་རྗེ་རེ་མ་ཏཱི། །པེ་ཧར་ཚངས་པ་སྐུ་ལྷ་རཱ་ཧུ་ལ། །གློག་ཕྲེང་ཁྲག་མིག་མེ་དབལ་མོན་མོ་ནག །མ་ཧཱ་ཀ་ལ་རྡོ་རྗེ་བདུད་འདུལ་ཆེ། །ནག་པོ་བཀྲག་མེད་ཀཱ་ལ་ཡཀྴ་དང་། །ཤམ་པོ་ཐོག་གི་བུ་ཡུག་གུ་རུམ་ཙེ། །བྲག་བཙན་གནམ་ཐེ་ཡམ་ཤུད་བི་ནཱ་ཡ། །ནག་མོ་མགྱོགས་བྱེད་ཀླུ་བདུད་ཡཀྴ་ནག །སྡེ་དཔོན་སུམ་ཅུ་རང་རང་ཕོ་ཉར་བཅས། །དམ་རྫས་རྒྱན་གྱི་གཏོར་མ་འདི་བཞེས་ལ། །འདོད་པའི་ལས་འབྲས་མྱུར་དུ་མཆིས་པར་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། གཙྪས་གཏོར་མགྲོན་རང་གནས་སུ་གཤེགས། གཏོར་མ་གཙང་སར་འབུལ་ལོ། །ཞེས་པ་འདི་འགྱུར་མེད་རྡོ་རྗེས་སོ།། །།]
ཕུར་སྲུང་དམ་ཅན་བཅུ་དྲུག་གི་གཏོར་མའི་ཆོ་ག་ཕྲིན་ལས་དགའ་སྟོན།
༈ [ཕུར་སྲུང་དམ་ཅན་བཅུ་དྲུག་གི་གཏོར་མའི་ཆོ་ག་ཕྲིན་ལས་དགའ་སྟོན་ཅེས་བྱ་བ།]༈ ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། [རྡོ་རྗེ་ཕུར་བུའི་བཀའ་སྲུང་མཐུ་ཆེན་དམ་ཅན་བཅུ་དྲུག་གི་གསོལ་མཆོད་བྱ་བར་འདོད་པས། སྣོད་གཙང་མར་བཤོས་འཁོར་བཅོ་ལྔ་མཐེབ་ཀྱུས་བསྐོར་བ་ཤ་ཁྲག་སོགས་མཐུན་རྫས་སྣ་ཚོགས་པས་བརྒྱན་པ་བཤམ་ལ། བསང་སྦྱང་བྱིན་གྱིས་བརླབས་ཏེ།] རང་ཉིད་དཔལ་ཆེན་པོའི་ཐུགས་ཀའི་ཧཱུཾ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་ཕུར་སྲུང་དམ་ཅན་ལྕམ་དྲལ་འཁོར་བཅས་སོ་སོའི་གནས་ནས་སྤྱན་དྲངས་པར་[བསམ་ཞིང་།
གསུར་ཆེན་གྱི་སྤོས་དང་རྐང་གླིང་སྤྱུགས་པས་དྲངས་པའི་རོལ་མོའི་སྒྲ་དང་བཅས་པས།] ཧཱུཾ། ཁྲག་འཐུང་དཔལ་ཆེན་ཀཱི་ལ་ཡའི། །བསྟན་པ་སྲུང་བའི་དམ་ཚིག་ཅན། །མ་མོ་བཅུ་གཉིས་གིང་ཆེན་བཞི། །རང་རང་སྤྲུལ་འཁོར་ཕོ་ཉར་བཅས། །སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །མ་ཐོགས་མྱུར་དུ་གནས་འདིར་བྱོན། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧཱ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པ་རི་ཝཱར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ [ཞེས་སྤྱན་དྲངས།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ངྷཱ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པ་རི་ཝཱ་ར་ཨརྒྷཾ་[ནས།] ཤཔྡའི་[བར་གྱིས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧཱ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་པ་རི་ཝཱར་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།] ཕྲིན་ལས་མྱུར་མགྱོགས་ཀྱི་བདག་པོ་ཕུར་སྲུང་ལྕམ་དྲལ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དམ་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་འདོད་དོན་གསོལ། [བསྟོད་པ་ནི།] ཧཱུཾ། སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པ། །རྣལ་འབྱོར་བུ་བཞིན་སྐྱོང་
བའི་དམ་ཚིག་ཅན། །ལྕམ་དྲལ་བཀའ་སྡོད་སྤྲུལ་པར་བཅས་ལ་བསྟོད། །ཤྭ་ན་མཐིང་ནག་སྤྱང་གདོང་ཐོད་དབྱུག་དང་། །ལྕགས་ཕུར་འདྲིལ་ཞིང་ལྕགས་སྤྱང་མགོ་དགུ་ཞོན། །སྲི་ཁ་སེར་མོ་འཕར་གདོང་ལྕགས་ཀྱུ་དང་། །གསེར་ཕུར་འདྲིལ་ཞིང་གསེར་འཕར་ལྕེ་བརྒྱད་ཞོན། །སྲི་ལ་དམར་མོ་ཝ་གདོང་རྡོ་རྗེ་དང་། །ཟངས་ཕུར་འདྲིལ་ཞིང་ཝ་མོ་རྐང་གསུམ་ཞོན། །ཀུ་ཀུ་ལྗང་མོ་ཁྱི་གདོང་ཞིང་ཆུང་དང་། །གཡུ་ཕུར་འདྲིལ་ཞིང་གཡུ་ཁྱི་རལ་ཅན་ཞོན། །ཤྭ་ན་མཆེད་བཞི་འདིར་སྤྱོན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རེ་ཏཱི་མཐིང་ནག་མེ་ལོང་ཁ་ཊྭཱཾ་འཛིན། །གཡང་གཞི་གསོལ་ཞིང་དྲེལ་རྟ་རྐང་གསུམ་ཞོན། །རེ་ཛ་སེར་ནག་རྨ་བྱའི་འཇའ་ཐུལ་གསོལ། །གསེར་ཟོར་གཡུ་སྒྲོམ་འཛིན་ཅིང་ཡུ་མོ་ཞོན། །རེ་ཛུ་དམར་ནག་རེ་ལྡེའི་ལྭ་བ་གསོལ། །ལྕགས་ཀྱུ་ཐོད་ཁྲག་འཛིན་ཅིང་ཆུ་གླང་ཞོན། །རེ་ཛི་ལྗང་ནག་ཆུ་དར་ལྭ་བ་གསོལ། །ཁྲམ་ཤིང་གྲུ་གུ་འཛིན་ཅིང་རྔ་མོང་ཞོན། །བདག་ཉིད་མ་བཞི་འདིར་སྤྱོན༴ རྣལ་འབྱོར་བཅོལ་བའི༴ ཡ་བྱིན་མཐིང་ནག་དར་སྔོན་བེར་ཆེན་གསོལ། །ལྕགས་ཀྱུ་གདབ་
ཕུར་འཛིན་ཅིང་གཡུ་འབྲུག་ཞོན། །དེ་བྱིན་སེར་མོ་དར་ནག་བེར་ཆེན་གསོལ། །གསེར་ཞགས་བྱི་ཐུར་འཛིན་ཅིང་ཆུ་སྲིན་ཞོན། །བསྭེ་བྱིན་དམར་ནག་དར་དམར་འཇོལ་བེར་གསོལ། །ལྕགས་སྒྲོག་མཆོག་ཕུར་འཛིན་ཅིང་གློག་ཞགས་ཞོན། །ཕག་བྱིན་ལྗང་ནག་དར་སྔོན་བེར་ཆེན་གསོལ། །དྲིལ་བུ་ཕུར་པ་འཛིན་ཅིང་ཆུ་རྟ་ཞོན། །ས་བདག་མཆེད་བཞི་འདིར་སྤྱོན༴ རྣལ་འབྱོར༴ དུང་གིང་དཀར་པོ་སྤྱང་དཀར་སློག་པ་གསོལ། །ཤེལ་གྲི་ཤེལ་ཕུར་འཛིན་ཅིང་སེང་གེ་ཞོན། །ལྕགས་གིང་སྔོ་ནག་དར་ནག་བེར་ཆེན་གསོལ། །རལ་གྲི་ལྕགས་ཕུར་འཛིན་ཅིང་ལྕགས་སྤྱང་ཞོན། །བསྭེ་གིང་དམར་ནག་དབང་གི་བསྭེ་ཁྲབ་གསོལ། །ཟངས་གྲི་ཟངས་ཕུར་འཛིན་ཅིང་མེ་རྟ་ཞོན། །ཏ་ཀི་ནག་པོ་མེ་དབལ་ལྕགས་ཁྲབ་གསོལ། །གྲི་གུག་ཐོད་ཁྲག་འཛིན་ཅིང་ལྕེ་སྤྱང་ཞོན། །གིང་ཆེན་སྡེ་བཞི་འདིར་སྤྱོན༴ རྣལ་འབྱོར༴ དམ་ཅན་བཅུ་དྲུག་ཕོ་ཉ་ཡང་འཁོར་བཅས། །འདོད་ཡོན་རྒྱ་མཚོའི་ལོངས་སྤྱོད་འདི་གསོལ་ལ། །སྔོན་གྱི་ཐུགས་དམ་ཞལ་བཞེས་མ་གཡེལ་བར། །རྡོ་རྗེ་ཕུར་པའི་བསྟན་
དང་བསྟན་འཛིན་སྐྱོང་། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་མ་ལུས་སྒྲུབས། །གདུག་ཅན་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །ཇི་ལྟར་གསོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། མགྲོན་རྣམས་རྟེན་ལ་བསྟིམས་པའམ་རང་གནས་སུ་གཤེགས། མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་རྒྱུན་གྱི་གཏོར་ཆོག་འཇུག་པ་བདེ་བའི་དབང་དུ་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།]
སྨན་བཙུན་བཀྲ་ཤིས་ཚེ་རིང་མའི་གསོལ་ཕྲིན་འདོད་འཇོའི་དགའ་སྟོན།
༈ [སྨན་བཙུན་བཀྲ་ཤིས་ཚེ་རིང་མའི་གསོལ་ཕྲིན་འདོད་འཇོའི་དགའ་སྟོན་ཅེས་བྱ་བ།]༈ ན་མོ་པདྨ་ཀ་ར་ཡེ། [མཐུན་པའི་བཤོས་བུ་རྒྱན་ལྡན་དང་དམ་རྫས་སྐྱེམས་ཕུད་སོགས་མཆོད་རྫས་གཙང་ཞིང་མཛེས་པར་བཤམས་པ་བྱིན་གྱིས་བརླབས་ཏེ།] རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྨན་བཙུན་ཚེ་རིང་མཆེད་ལྔ་འཁོར་བཅས་སྤྱན་དྲངས་པར་[བསམ་ཞིང་། སྤོས་སྤྲིན་རོལ་མོ་དབྱངས་དང་སྦྱར་ནས།] ཀྱེ། ཉི་མ་ནུབ་ཕྱོགས་ཕ་ཀི་ན། །མཐོན་མཐིང་རྒྱལ་མོའི་གངས་ཀྱི་རི། །རབ་མཛེས་ལྷ་ཡི་ཁང་བཟང་ཆེ། །འཇའ་འོད་འཁྲིགས་པའི་ལྡིང་གུར་ནས། །སྨན་བཙུན་བཀྲ་ཤིས་ཚེ་རིང་མ། །མཛེས་སྡུག་ལྷ་མོ་མཆེད་སྡེ་ལྔ། །རིགས་ཀྱི་ཚོམ་བུ་འབུམ་ཕྲག་བཅས། །རྣལ་འབྱོར་གདུང་བས་སྤྱན་
འདྲེན་ན། །ཐུགས་རྗེ་ཐུགས་དམ་མ་གཡེལ་བར། །བརྩེ་བས་དགོངས་ཏེ་ད་ཚུར་བྱོན། །ཨོཾ་བཛྲ་ངྷཱ་ཀི་ནཱི་ཨ་ཡུ་ཥེ་ཤྭ་རི་ས་པ་རི་ཝཱ་ར་ཨེ་ཧྱེ་ཧི། ས་མ་ཡ་ཧོཿ ས་མ་ཡ་སྟྭཾ། ངོ་མཚར་དམ་ཚིག་ཕོ་བྲང་འདི། །བཞུགས་པའི་གནས་སུ་དྭངས་རེ་སྤྲོ། །ཡིད་འོང་མཛེས་མ་མཆེད་འཁོར་བཅས། །ཉེ་བའི་གྲོགས་སུ་བག་ཕོབ་ཅིག །ཨ་ལ་ལ་ཧོ། དྲི་མེད་ཡི་གར་ལེགས་འོངས་པའི། །སྨན་ཆབ་ཨརྒྷཾ་ཞབས་བསིལ་རྒྱུན། །མཛེས་པའི་པད་ཚལ་བསུང་ཞིམ་སྤོས། །མུན་སེལ་སྒྲོན་མེ་དྲི་བཟང་ཀླུང་། །རོ་བདའི་ཞལ་ཟས་སྙན་འཇེབས་སྒྲ། །འཆི་མེད་བདུད་རྩི་སྨན་རཀ་བཅུད། །རྒྱན་ལྡན་ཚོགས་གཏོར་གཙང་སྦྱར་སྐྱེམས། །སྤྱན་གཟིགས་དཀོར་ནོར་མཐུན་པའི་རྫས། །བཟང་རྒུའི་ལོངས་སྤྱོད་མ་ཚང་མེད། །མི་ཟད་འདོད་ཡོན་སྤྲིན་ཆེན་པོ། །དགའ་ཞིང་གུས་པས་འབུལ་ལ་གསན། །དགྱེས་ཤིང་བརྩེ་བས་བཞེས་སུ་གསོལ། །ཨོཾ་བཛྲ་ངྷཱ་ཀི་ནཱི་ཨཱ་ཡུ་ཥེ་ཤྭ་རི་ས་པ་རི་ཝཱ་ར་ཨརྒྷཾ་[ནས།] ཤཔྡ་པཉྩ་ཨ་མྲྀ་ཏ་རཀྟ་མ་ཧཱ་སུ་ཁ་པཱུ་ཛ་ཧོཿ [ཞེས་སྤྱིར་མཆོད་ནས།] ཨོཾ་བཛྲ་ངྷཱ་ཀི་ནཱི་ཨཱཡུ་ཥེ་ཤྭ་རི་ས་པ་
རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་བས་དགྱེས་ཤིང་ཚིམ་པར་བསམ་ལ།] ཀྱེེ། མི་འགྱུར་འོད་གསལ་དབྱིངས་ཀྱི་ཡུམ། །ཟུང་འཇུག་བདེ་ཆེན་ཡེ་ཤེས་མདངས། །རྣམ་བཅས་སྤྲུལ་པའི་གར་བསྒྱུར་མ། །ངྷཱ་ཀིའི་དབང་ཕྱུག་ཁྱོད་ལ་བསྟོད། །དཀར་གསལ་ཡིད་འོང་མཛེས་འཛུམ་སྐུ། །གཞོན་ཚུལ་འཆི་མེད་ལང་ཚོས་སྒེག །ཕྱག་གཡས་རྡོ་རྗེ་མདའ་དར་གཡོབ། །གཡོན་པས་ཚེ་ཡི་བུམ་བཟང་འཛིན། །དར་དང་རིན་ཆེན་རྒྱན་གྱིས་སྤྲས། །མི་འཇིགས་རྩལ་ལྡན་སེང་གེའི་ཁྲིར། །ལྷུན་ཆགས་འགྱིང་བག་སྟབས་ཀྱིས་བཞུགས། །རྩལ་སྣང་སྒྱུ་མར་འཆར་བའི་དཔྱིད། །མཐིང་གི་ཞལ་བཟང་པྲ་ཡི་བདག །མི་གཡོ་ཀློང་བཟང་ཟས་ཀྱི་བདག །ཅོད་པན་མགྲིན་བཟང་ནོར་གྱི་བདག །ཏལ་དཀར་འགྲོ་བཟང་ཕྱུགས་ཀྱི་བདག །སྲིད་གསུམ་སྨན་མོ་ཌཱ་ཀི་ནཱི། །འབུམ་ཕྲག་ཡངས་པའི་ཚོགས་དང་བཅས། །གང་འདུལ་རྣམ་འགྱུར་ཅིར་ཡང་ངོམས། །གཏེར་བདག་ཆེན་མོ་འཁོར་བཅས་ལ། །གུས་པས་མཆོད་ཅིང་བསྟོད་པར་བགྱི། །རྒྱལ་དབང་པདྨ་ཐོད་ཕྲེང་གི །བཀའ་ལུང་ཐ་ཚིག་
རྗེས་དགོངས་ལ། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །དཔལ་ལྡན་བླ་མའི་སྐུ་ཚེ་བསྲིང་། །སྣོད་བཅུད་འཇིག་རྟེན་ཕན་བདེ་སྤེལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས། །བུ་གཅིག་པོ་ལ་མ་བཞིན་དུ། །རྟག་ཏུ་གཡེལ་བ་མེད་པར་སྐྱོངས། །འཇིགས་དང་བར་ཆད་ཀུན་ལས་སྐྱོབས། །ཚེ་བསོད་དཔལ་འབྱོར་འཁོར་སློབ་སྤེལ། །ཉམས་རྟོགས་ཡོན་ཏན་གོང་དུ་སྤོར། །མདོར་ན་ལས་དང་དངོས་གྲུབ་སོགས། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཐོགས་མེད་མྱུར་དུ་འགྲུབ་ནས་ཀྱང་། །བཀྲ་ཤིས་ཕུན་སུམ་ཚོགས་པར་མཛོད། །[ཅེས་བསྟོད་ཅིང་འདོད་དོན་ཕྲིན་ལས་བཅོལ། མགྲོན་རྣམས་རྟེན་ལ་བསྟིམས་པའམ་རང་གནས་སུ་གཤེགས་ལ་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་རང་ཉིད་ཀྱིས་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་གསོལ་བར་སྐབས་སུ་བབས་པའི་དུས་ཤིག་ན་སྦྱར་བ་སྟེ་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི་མཆོད་ཕྲིན་འདོད་པའི་རེ་སྐོང་།
༈ [སྨན་བཙུན་རྡོ་རྗེ་གཡུ་སྒྲོན་མའི་མཆོད་ཕྲིན་འདོད་པའི་རེ་སྐོང་ཞེས་བྱ་བ།]༈ ན་མོ་པདྨ་སམྦྷ་ཝེ། [མཐུན་པའི་བཤོས་བུ་རྒྱན་ལྡན་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་ལེགས་པར་བཤམས་ལ་བྱིན་གྱིས་བརླབས་ཏེ། རང་གི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་སྤྲིན་
དཀར་དག་པའི་ཕོ་བྲང་སོགས་རང་བཞིན་གྱི་གནས་ནས་སྨན་བཙུན་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ཞིང་། སྤོས་སྤྲིན་རོལ་མོའི་སྒྲ་དང་སྦྱར་བའི་དབྱངས་ཀྱིས།] ཀྱེེ། ཆོས་དབྱིངས་འགྱུར་མེད་སྤྲོས་བྲལ་ལས། །འགག་མེད་རྣམ་རོལ་ཌཱ་ཀི་ནཱི། །ཡེ་ཤེས་མ་མོ་ལྷན་ཅིག་སྐྱེས། །སྤྲུལ་པའི་གར་གྱིས་གཤེགས་སུ་གསོལ། །གནས་མཆོག་ཨོ་རྒྱན་སྤྲུལ་པའི་ཞིང་། །རྒྱ་གར་རྒྱ་ནག་བལ་བོད་ཀྱི། །དབེན་གནས་ཆོས་འཁོར་གར་བཞུགས་ནས། །དགྱེས་ཤིང་བརྩེ་བས་གཤེགས་སུ་གསོལ། །ཁྱད་པར་གངས་ཅན་རྩེ་ལྔའི་རི། །ནགས་ཚལ་མེ་ཏོག་ཐོད་བཅིངས་ཅན། །དཀར་ཕྱོགས་སྲུང་མ་འདུ་བའི་ཞིང་། །གསང་མཆོག་དངོས་གྲུབ་འབྱུང་བའི་གནས། །དགྱེས་ཤིང་བཞུགས་པའི་ཞིང་ཀུན་ནས། །སྨན་བཙུན་ཆེན་མོ་མཆེད་ལྔ་དང་། །བརྟན་མ་སྨན་ཕྲན་འབུམ་ཕྲག་བཅས། །མཆོད་སྦྱིན་གནས་འདིར་སྤྱན་འདྲེན་གཤེགས། །ཨོཾ་བཛྲ་པྲ་མོ་ཧ་ཧྲིཾ་ཧྲིཾ་སྭཱ་ཧཱ། །པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ [ཞེས་སྤྱན་དྲངས།] ཀྱེེ། མ་གཅིག་ལྷ་མོ་གཡུ་སྒྲོན་མ། །འདིར་བྱོན་དམ་ཚིག་རྟེན་ལ་བཞུགས། །
གཉིས་མེད་མཉམ་པར་ཕྱག་བགྱིད་ན། །བླང་དོར་མེད་པའི་དབྱིངས་སུ་རོལ། །བཛྲ་ས་མ་ཡ་ཨཱ་ས་ན་ཏིཥྛནྟུ། ཨ་ཏི་པུ་ཧོ། པྲ་ཏཱིཙྪ་ཧོ། [ཞེས་བཞུགས་སུ་གསོལ་ལ་ཕྱག་བྱ།] ཀྱེེ། སྣ་ཚོགས་སྣང་བ་རིག་པའི་རྩལ། །ཅིར་ཡང་འཆར་བ་སྒྱུ་མའི་དངོས། །ཏིང་འཛིན་སྔགས་དང་ཕྱག་རྒྱ་ཡིས། །མཆོད་སྤྲིན་འདོད་ཡོན་བཞེད་རྒུར་སྤེལ། །དྭངས་བསིལ་ཨརྒྷཾ་ཞབས་བཀྲུའི་རྫིང་། །མཛེས་པའི་མེ་ཏོག་སྤོས་སྤྲིན་གཏིབས། །སྣང་གསལ་མར་མེ་དྲི་ཆབ་ཀླུང་། །རོ་བརྒྱའི་ཞལ་ཟས་རོལ་མོ་འབུལ། །འཆི་མེད་བདུད་རྩི་རཀྟའི་བཅུད། །བ་ལིང་བཟའ་བཅའ་བཏུང་བའི་ཚོགས། །མ་ཚང་མེད་པའི་འདོད་ཡོན་ལྔ། །མཐུན་པའི་ལོངས་སྤྱོད་རྐྱེན་དུ་འབུལ། །འཇོ་སྒེག་གར་དང་སྙོམས་འཇུག་རོ། །འཁོར་གསུམ་བདེ་བ་ཆེན་པོར་ཤར། །སྣ་ཚོགས་འདོད་ཡོན་སེམས་ཀྱི་རྒྱན། །དྭངས་མ་མི་ཤིགས་དབྱིངས་སུ་རོལ། །བཟང་རྒུའི་སྤྱན་གཟིགས་ནམ་མཁའ་གང་། །མཁོ་རྒུའི་ལོངས་སྤྱོད་རྒྱ་མཚོར་བསྐྱིལ། །བཞེད་རྒུའི་མཆོད་པར་ལྷུན་གྱིས་གྲུབ། །ཀུན་ཏུ་ཚིམ་ཞིང་དགྱེས་པར་མཛོད། །
ཨོཾ་པཉྩ་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། མ་ཧཱ་སུ་ཁ་པཱུ་ཛ་ཧོཿ [ཞེས་མཆོད་ཅིང་།] ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། །ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་བས་དགྱེས་པར་བསམ་ལ།] ཀྱེེ། ཀ་དག་སྤྲོས་བྲལ་ཆོས་སྐུའི་གཤིས། །མ་འགག་གསལ་གདང་ཉམས་བརྒྱའི་དཔྱིད། །རྣམ་རོལ་སྤྲུལ་སྐུའི་ཆོ་འཕྲུལ་རྩལ། །ཆུ་ཟླའི་གར་བཞིན་སྟོན་ལ་བསྟོད། །དཀར་གསལ་ཡིད་འོང་གཞོན་ཚུལ་མཛེས། །འདོད་སྟེར་ནོར་བུ་མེ་ལོང་འཛིན། །ལྷབ་ལྷུབ་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་གྱིས་སྤྲས་ལ་བསྟོད། །རང་འདྲའི་སྨན་མོ་མཆེད་སྡེ་བཞི། །བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ། །དྲེགས་ལྡན་ཡོངས་ཀྱི་རྗེ་མོར་སྟོན། །མཐུ་སྟོབས་ཐོགས་མེད་ཁྱོད་ལ་བསྟོད། །ངོ་བོ་རྒྱལ་ཡུམ་ལྷན་ཅིག་སྐྱེས། །རང་བཞིན་རིགས་ལྔའི་མཁའ་འགྲོར་ཤར། །ཐུགས་རྗེའི་རྣམ་རོལ་སྨན་བཙུན་ལ། །མཆོད་ཅིང་བསྟོད་དོ་དམ་ཚིག་དགོངས། །ཀྱེེ། ཚངས་པ་ལྷ་ཡི་འཇིག་རྟེན་ན། །ལྷ་མོ་མེ་ཏོག་མནྡྷ་ར། །དཔག་མེད་ལྷ་ཡིས་བསྟོད་པ་ནི། །འཇིག་རྟེན་གསུམ་དབང་མཛད་པ་
མོ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །བདག་གི་རེ་བ་གྲུབ་པར་མཛོད། །སྔོན་ཚེ་ཀུན་བཟང་པདྨ་འབྱུང་། །ཉང་བན་ཀུན་མཁྱེན་ཆེན་པོ་སོགས། །རིག་འཛིན་བརྒྱུད་པའི་སྤྱན་སྔ་རུ། །ཁས་བླངས་གཡར་དམ་རྗེས་སུ་དགོངས། །གསང་ཆེན་རྫོགས་པ་ཆེན་པོ་ཡི། །བསྟན་དང་དེ་འཛིན་སྐྱོང་བ་ལ། །གཡེལ་བ་མེད་པའི་དམ་ཚིག་རྣམས། །དེ་རིང་བདག་གིས་བསྐུལ་ལགས་སོ། །ཀྱེེ། དམ་རྫས་རྒྱན་གྱི་གཏོར་མ་དང་། །མཐུན་པའི་ལོངས་སྤྱོད་སྣ་ཚོགས་ཀྱིས། །གསོལ་ལོ་མཆོད་དོ་སྨན་བཙུན་མ། །དགྱེས་ཤིང་ཚིམ་པར་གྱུར་ནས་ཀྱང་། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །བུ་གཅིག་པོ་ཡི་མ་བཞིན་དགོངས། །ཕུ་ནུ་སྲིང་གཅིག་ཇི་བཞིན་དང་། །མཛའ་ཞིང་ཡིད་གཅུག་གཉེན་བཞིན་སྐྱོངས། །སངས་རྒྱས་བསྟན་པ་གཉན་པོ་སྲུངས། །དཔལ་ལྡན་བླ་མའི་ཕྲིན་ལས་སྒྲུབས། །འཇིག་རྟེན་ཁམས་ཀྱི་བདེ་སྐྱིད་སྤེལ། །ཕྱི་ནང་འགལ་རྐྱེན་བར་ཆད་སོལ། །ཆོས་དང་སྲིད་ཀྱི་རིགས་བརྒྱུད་སྤེལ། །ཚེ་སྲོག་མི་འགྱུར་ཀ་བ་ཚུགས། །ཕུན་ཚོགས་དཔལ་འབྱོར་རྒྱས་པ་དང་། །སྲིད་གསུམ་དབང་དུ་
བསྡུ་བར་མཛོད། །ཉམས་པའི་བདུད་དགྲ་ཐལ་བར་རློག །ཐེག་མཆོག་བསྟན་པའི་སྙིང་པོ་འདིའི། །བཤད་སྒྲུབ་ཕྱོགས་དུས་ཐམས་ཅད་དུ། །དར་ཞིང་རྒྱས་ལ་སྨིན་པ་སོགས། །ཇི་ལྟར་བསྒོ་བའི་ལས་རྣམས་ཀུན། །སྐད་ཅིག་ཉིད་ལ་སྒྲུབ་པར་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་བསྐུལ། མགྲོན་རྟེན་ལ་བསྟིམས་པའམ་རང་གནས་སུ་གཤེགས་ལ་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་གསོལ་བའི་ཕྱིར་ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་རིག་འཛིན་གཏེར་བདག་གླིང་པའི་གསུང་གི་བཅུད་བསྡུས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །།]
བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་ཕྲིན་འདོད་འཇོའི་སྙེ་མ།
༈ [བོད་སྐྱོང་བརྟན་མ་བཅུ་གཉིས་ཀྱི་གསོལ་ཕྲིན་འདོད་འཇོའི་སྙེ་མ་ཞེས་བྱ་བ།]༈ ན་མོ་པདྨ་ཀ་ར་ཡེ། [དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་བརླབས་ཏེ། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་དམ་ཅན་བརྟན་མ་བཅུ་གཉིས་འཁོར་དང་བཅས་པ་སོ་སོའི་གནས་ནས་སྤྱན་དྲངས་པར་བསམ་ཞིང་།] ཧཱུཾ། ཚོགས་དང་བཀའ་ཡི་ཚོགས་བཅས་ཉིད། །ཁྲག་འཐུང་དེ་བཞིན་ནམ་མཁའི་སྐུ། །ཚུར་གཤེགས་ཚུར་གཤེགས་སྐྱོང་མ་རྣམས། །འདིར་སྤྱོན་དམ་སྐོང་ཕྲིན་ལས་མཛོད། །ཨོཾ་ཨེ་ཧྱེ་ཧི་ཌཱ་ཀི་ནཱི་ས་པ་རི་ཝཱ་ར་ས་མ་ཡ་ཛ་ཛཿ ཛཿཧཱུཾ་བཾ་ཧོཿ [ཞེས་སྤྱན་དྲངས།] བཛྲ་པུཥྤེ་[ནས།]
ཤཔྡའི་[བར་གྱིས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཨོཾ་མ་མ། ཁ་ཁ། ལ་ལ། ལེ་ལེ། ཏཱ་ཏཱ། ཏེ་ཏེ། ཁ་རཀྨ། མ་མ་སྲིང་འགྲོ་མ་ཧཱུཾ་བྷྱོ་ཧཱུཾ། ས་པརི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ།] བྷྱོ། བྱང་གི་གནམ་མཚོ་ཕྱུག་མོ་གསང་བའི་མཚན། །བདག་ཉིད་ཆེན་མོ་རྡོ་རྗེ་ཀུན་གྲགས་མ། །སྐུ་མདོག་མཐིང་ནག་བདུད་ཀྱི་བེར་ནག་གསོལ། །ཆུ་སྲིན་རྒྱལ་མཚན་དང་ནི་མེ་ལོང་འཛིན། །འབྲོང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །མགོ་ཡུལ་ཇོ་མོ་ལྷ་རི་གསང་བའི་མཚོན། །དཔལ་ལྡན་ཧ་རི་རྡོ་རྗེ་གཡའ་མ་སྐྱོང་། །སྐུ་མདོག་སྔོ་ལྗང་དར་གྱི་ན་བཟའ་གསོལ། །ཤང་ལང་དང་ནི་ཞགས་པ་བསྣམས་ནས་སུ། །རྐྱང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བྲིན་གྱི་བཀྲ་ཤིས་ཚེ་རིང་གསང་བའི་མཚན། །གངས་ཀྱི་ཡུམ་ཆེན་རྡོ་རྗེ་ཀུན་ཏུ་བཟང་། །སྐུ་མདོག་དཀར་མོ་དར་གྱི་ན་བཟའ་གསོལ། །རྡོ་རྗེ་རྩེ་ལྔ་ཚེ་བུམ་བསྣམས་ནས་ནི། །སེང་གེ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཡར་འབྲོག་མཚོ་བདག་ཆེན་མོ་གསང་བའི་མཚན། །འབྲོག་ཆེན་འཁོར་འདུལ་རྡོ་རྗེ་བགེགས་ཀྱི་གཙོ། །སྐུ་མདོག་ལྗང་ནག་
དར་གྱི་ན་བཟའ་གསོལ། །རུ་མཚོན་རྩེ་ལྔ་དང་ནི་ཞགས་པ་བསྣམས། །དྲེལ་རྟ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བདུད་ཀྱི་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི་ཐུགས་དམ་དམ་ཚིག་བརྩེར་དགོངས་ལ། །བྲན་དང་གཡོག་འཁོར་མང་པོའི་ཚོགས་དང་བཅས། །ལྷབ་ལྷུབ་རིན་ཆེན་མང་པོའི་རྒྱན་དང་བཅས། །འདིར་གཤེགས་དམ་སྐོངས་མཆོད་སྦྱིན་གཏོར་མ་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ལྷ་ཕུ་གངས་དཀར་མ་ནི་གསང་བའི་མཚན། །གངས་དཀར་ཤ་མེད་རྡོ་རྗེ་སྤྱན་གཅིག་མ། །སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ། །ཟོར་བ་དང་ནི་ཞགས་པ་ཐོགས་ནས་སུ། །ཤ་བ་ཆིབས་ནས་བསྟན་པའི་བྱ་ར་མཛད། །རོང་གི་ཇོ་མོ་ཁ་རག་གསང་བའི་མཚན། །ཁ་རག་ཁྱུང་བཙུན་རྡོ་རྗེ་དཔལ་གྱི་ཡུམ། །སྐུ་མདོག་དམར་སེར་དར་གྱི་ན་བཟའ་གསོལ། །ཌཱ་མ་རུ་དང་མེ་ལོང་བསྣམས་ནས་ནི། །ཁྱུང་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །རྨ་ཆེན་སྤོམ་རའི་སྲིང་གཅིག་གསང་བའི་མཚན། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །སྐུ་མདོག་དཀར་གསལ་དར་ཟབ་ན་བཟའ་གསོལ། །བེ་ཅོན་དང་ནི་རིན་ཆེན་གཞོང་པ་འཛིན། །
འཕར་བ་ཆིབས་ནས་བསྟན་པའི་བྱ་ར་མཛད། །བྱང་སྟོད་དམར་གྱི་མཚོ་བདག་གསང་བའི་མཚན། །གསེར་ཆེན་མཁའ་ལྡིང་རྡོ་རྗེ་རླུང་མོ་ནི། །སྐུ་མདོག་སེར་མོ་དར་གྱི་ན་བཟའ་གསོལ། །བེ་ཅོན་དང་ནི་མཁར་གཞོང་བསྣམས་ནས་ནི། །རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད། །གནོད་སྦྱིན་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི༴ བྲན་དང་༴ ལྷབ་ལྷུབ༴ འདིར་གཤེགས༴ རྣལ་འབྱོར༴ ཀོང་པོའི་ཀོང་བཙུན་དེ་མོ་གསང་བའི་མཚན། །ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་། །སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ། །མདའ་དར་དང་ནི་རིན་ཆེན་སྒྲོམ་བུ་འཛིན། །རྟ་མཆོག་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཨེ་གཉལ་ར་མདོའི་སྤོ་ན་གསང་བའི་མཚན། །བཙན་ལ་ལ་རོ་རྡོ་རྗེ་སྨན་གཅིག་མ། །སྐུ་མདོག་དཀར་ལྗང་དར་གྱི་ན་བཟའ་གསོལ། །ལྷབ་ལྷུབ་དར་དང་དངོས་གྲུབ་འབྲང་རྒྱས་བསྣམས། །མཛོ་མོ་ཆིབས་ནས་བསྟན་པའི་བྱ་ར་མཛད། །གཙང་གི་ཇོ་མོ་ནགས་རྒྱལ་གསང་བའི་མཚན། །སྨན་བཙུན་ཨུག་ཆོས་རྡོ་རྗེ་གཡར་མོ་བསིལ། །སྐུ་མདོག་དམར་སེར་དར་གྱི་ན་བཟའ་གསོལ། །རིན་ཆེན་འབར་
བ་སྒྲ་སྙན་ཏིང་ཤགས་བསྣམས། །ཤ་ཡུ་ཆིབས་ནས་བསྟན་པའི་བྱ་ར་མཛད། །ཕུད་ཀྱི་ཇོ་མོ་གཡུ་ཏིང་གསང་བའི་མཚན། །གཡུ་ཡི་དྲིལ་བུ་རྡོ་རྗེ་ཟུ་ལེ་མ། །སྐུ་མདོག་ལྗང་སེར་དར་གྱི་ན་བཟའ་གསོལ། །སྙན་པའི་དྲིལ་བུ་རིན་ཆེན་པདྨ་བསྣམས། །སྟག་ལ་ཆིབས་ནས་བསྟན་པའི་བྱ་ར་མཛད། །སྨན་བཙུན་བུ་མོ་ཆེན་མོ་ཁྱེད་བཞི་ཡང་། །སྔོན་གྱི༴ བྲན་དང་༴ ལྷབ་ལྷུབ༴ འདིར་གཤེགས༴ རྣལ་འབྱོར༴ བརྟན་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས། །བྲན་གཡོག་འཁོར་བཅས་གཏོར་མ་འདི་ལོངས་ལ། །རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི། །བར་ཆད་དགྲ་བགེགས་ནད་དང་གནོད་པའི་ཚོགས། །མི་མཐུན་ཕྱོགས་རྣམས་ཞི་དང་བཟློག་པ་དང་། །རྒྱུ་སྦྱོར་རྐྱེན་ངན་བཟློག་པའི་ཕྲིན་ལས་མཛོད། །ཁྱད་པར་པདྨ་ཐོད་ཕྲེང་བཀའ་བསྒོས་ལྟར། །སོ་ཁ་སྲུངས་ལ་ཀླ་ཀློའི་འཚེ་བ་ཟློག །སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤིང་། །བོད་ཁམས་མཐའ་དབུས་རྟག་ཏུ་བདེ་བར་མཛོད། །[ཅེས་དམ་ཚིག་བསྐུལ་ཞིང་ཕྲིན་ལས་ཀྱི་གཉེར་གཏད། མགྲོན་རྣམས་རྟེན་ལ་བསྟིམས་པའམ་རང་གནས་སུ་གཤེགས་ལ་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་གཏེར་ཁ་
གོང་འོག་གི་གཞུང་ལས་འཇུག་བདེ་སྙིང་པོར་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །།]
བྲག་བཙན་སྲོག་གི་བཤན་པའི་གསོལ་ཁ་ཡིད་བཞིན་ལྷུན་གྲུབ།
༈ [བྲག་བཙན་སྲོག་གི་བཤན་པའི་གསོལ་ཁ་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ་ནི།] སངས་རྒྱས་ཀུན་གྱི་གསང་བ་འཛིན། །པདྨ་འབྱུང་གནས་ལ་བཏུད་དེ། །གང་གི་ཟབ་གཏེར་སྲུང་མའི་གཙོ། །དགྱེས་བྱེད་ནམ་མཁའི་མཛོད་འདི་སྤྲོ། །གནས་གཙང་མར་གཏོར་མ་གསེར་སྐྱེམས། ཕྱེ་མར། རྟེན་དང་མཐུན་པའི་སྤྱན་གཟིགས་སོགས་ཉེར་མཁོའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། བདག་གི་རྣལ་འབྱོར་བཟླས་པ་དང་བཅས་པ་ཆོ་ག་བཞིན་དུ་གྲུབ་ནས། [མཆོད་གཏོར་བྱེ་བྲག་པ་རྣམས་བསང་སྦྱང་།] སྟོང་པའི་ངང་ལས་མཆོད་རྫས་རྣམས་ལྷ་དང་མིའི་ལོངས་སྤྱོད་བཟང་ཞིང་མཁོ་རྒུ་སྣ་ཚོགས་པས་ནམ་མཁའ་གང་བར་དམིགས་ལ་[ནམ་མཁའ་མཛོད་ཀྱི་རིག་པ་ལན་བདུན་སོགས་བརྗོད་པས་བྱིན་གྱི་བརླབ་ལ། སྤོས་བཏུལ་ཞིང་རོལ་མོ་དང་བཅས་པའི་གདུང་དབྱངས་ཀྱིས།] ཧཱུྃ། ཁྲོ་གཏུམ་དྲེགས་པ་ཀུན་གྱི་གཙོ། །དགྲ་བོའི་སྲོག་གི་ཇག་པ་སྟེ། །བསྟན་པའི་སྲུང་མ་ཐུགས་དམ་ཅན། །མཐུ་ཆེན་བཙན་རྒོད་དྲེགས་པའི་ཚོགས། །མཆིམས་ཕུའི་ནགས་འདབ་བདེ་ཆེན་འབངས། །པུ་རིའི་བྲག་རྫོང་ཀོང་རོང་ནས། །རིག་འཛིན་པདྨའི་བཀའ་ཉན་པའི། །བཙན་རྒོད་མཆེད་བདུན་སྤྱན་འདྲེན་ནོ། །སྟོབས་ཆེན་མ་རུངས་དྲེགས་པའི་དཔུང་། །ཕོ་ཉ་བྲན་དང་གཡོག་འཁོར་བཅས། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །འདིར་
གཤེགས་འདིར་བྱོན་ཕྲིན་ལས་མཛོད། །ཙཿཏྲིག་ནན་བཛྲ་ས་མཱ་ཛཿ ཀྱེེ། བཙན་རྒོད་དྲེགས་པའི་དཔུང་ཚོགས་རྣམས། །དམ་ཚིག་གཙང་མའི་གནས་མཆོག་འདིར། །ཡིད་སྤྲུལ་མཐུན་པའི་གདན་ཁྲི་ལ། །དགྱེས་ཤིང་བརྟན་པརབཞུགས་སུ་གསོལ། །བཛྲ་ས་མ་ཡ་ཨཱ་ས་ན་ཏིཥྛནྟུ། །ཁྱེད་ལ་དགྱེས་པའི་མཆོད་སྤྲིན་ནི། །མེ་ཏོག་ཚལ་དང་བདུག་པའི་སྤྲིན། །སྣང་གསལ་སྒྲོན་མེ་བྱུག་པའི་མཚོ། །བཟའ་བཅའི་འདོད་ཡོན་རོ་བརྒྱའི་བཅུད། །རྔ་སིལ་གདུང་བའི་དབྱངས་སྙན་གླུ། །འཆི་མེད་བདུད་རྩི་རཀྟའི་སྐྱེམས། །བ་ལིཾ་ཤ་ཁྲག་བཞེད་རྒུའི་གཏེར། །འབུལ་ལོ་དགྱེས་པའི་ཞལ་སྟོན་ཅིག །ཨོཾ་མ་ཧཱ་པཱུ་ཛ་པྲ་ཏཱིཙྪ་ཧོཿ ཧཱུྃ། བརྗིད་པའི་གཡག་རྒོད་མྱུར་མགྱོགས་རྟ། །དགྲ་བོའི་རྗེས་གཅོད་བྱ་དང་ཁྱི། །མཐུན་པའི་ལོངས་སྤྱོད་རྒྱ་མཚོ་ཡིས། །བཙན་རྒོད་མཆེད་བདུན་ཐུགས་དམ་བསྐང་། །རྣོ་བའི་རལ་གྲི་མདའ་གཞུ་མདུང་། །སྲ་བའི་གོ་ཆ་རྨོག་དང་ཕུབ། །བཟང་རྒུའི་སྤྱན་གཟིགས་སྣ་ཚོགས་ཀྱིས། །བཙན་རྒོད་མཆེད་བདུན་ཐུགས་དམ་བསྐང་། །དམ་ཚིག་གསེར་སྐྱེམས་ཕྱེ་མར་སྤོས། །དག་བྱེད་བསངས་ཀྱི་དུད་སྤྲིན་གཏིབས། །མཛེས་པའི་བ་དན་ལྷབ་ལྷུབ་སྒྲེང་། །
བཙན་རྒོད་མཆེད་བདུན་ཐུགས་དམ་བསྐང་། །ཧཱུཾ། འགྱུར་མེད་ཀ་དག་རིག་པའི་རྩལ། །ལྷུན་གྲུབ་ཡེ་ཤེས་འཆར་སྒོའི་མདངས། །སྤྲུལ་པའི་སྒྱུ་འཕྲུལ་དམ་ཚིག་ཅན། །རིག་འཛིན་བཀའ་སྡོད་ཁྱོད་ལ་བསྟོད། །ཁྲག་མདོག་བཟོད་པར་དཀའ་བའི་གཟུགས། །སྲིད་གསུམ་འཇིགས་པའི་ཤུགས་འཆང་བ། །དཔའ་བོ་བསེ་ཡི་ཡ་ལད་ཅན། །དྲག་ཤུལ་སྟོབས་ལྡན་ཁྱོད་ལ་བསྟོད། །ཕྱག་གཡས་མདུང་དམར་སྒྲེང་བའི་དཔལ། །ཉམས་པའི་སྙིང་ལ་བཏབ་ནས་གསོད། །གློག་ལྟར་འཁྱུག་པའི་ཞགས་པ་ཡིས། །དགྲ་བགེགས་འཆིང་ཞིང་བསྡོམ་ལ་བསྟོད། །གཞན་ཡང་སྤྲུལ་པའི་ཆོ་འཕྲུལ་ནི། །གཅིག་ཏུ་ངེས་པ་མ་མཆིས་ཏེ། །རེས་འགའ་བཙན་རྒོད་དྲག་པོའི་ཆས། །བསྟན་དགྲའི་དཔུང་ཚོགས་འཇོམས་ལ་བསྟོད། །སྐབས་འགར་དགེ་བསྙེན་གཞོན་ནུའི་ཚུལ། །སྒྲུབ་པ་པོ་ཡི་སྟོང་གྲོགས་བྱེད། །གནོད་སྦྱིན་བརྗིད་པའི་ཆ་ལུགས་ཅན། །འདོད་རྒུའི་ཆར་ཆེན་འབེབས་ལ་བསྟོད། །དམ་ཅན་བཙན་རྒོད་མཐུ་བོ་ཆེ། །བཀའ་སྡོད་ཕོ་ཉར་བཅས་པ་རྣམས། །མཆོད་དོ་བསྟོད་དོ་རྗེས་དགོངས་
ལ། །ཅི་བསམ་ཡིད་བཞིན་འགྲུབ་པར་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ལ་རང་གནས་སུ་གཤེགས། གཏོར་མ་གཙང་སར་འབུལ་ལོ། །བཙན་རྒོད་བྲག་བཙན་དམར་པོའི་གསོལ་མཆོད་ཉུང་ངུར་བསྡུས་པ་ཡིད་བཞིན་ལྷུན་གྲུབ་ཅེས་བྱ་བ་འདི་ནི་འདོད་པའི་ཕྲིན་ལས་བསྐུལ་ཕྱིར་འགྱུར་མེད་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།]
རྒྱལ་གསོལ་དཔག་བསམ་ཡོངས་འདུ།
༈ [རྒྱལ་གསོལ་དཔག་བསམ་ཡོངས་འདུ་ནི།] ཀྱེེ། སྲིད་པའི་བདག་པོ་མཐུ་བོ་ཆེ། །ཆོས་འཁོར་སྐྱོང་བའི་དམ་ཚིག་ཅན། །ཚངས་པའི་གིང་ཆེན་པེ་ཧ་ར། །རྣམ་རོལ་སྐུ་ལྔར་འཆར་བའི་འཕྲུལ། །བཙུན་མོ་བཀའ་ཡི་བློན་པོ་དང་། །མངགས་གཞུག་མཛད་པ་བསམ་མི་ཁྱབ། །དྲེགས་པའི་དམག་གི་སྡེར་བཅས་པ། །འདིར་སྤྱོད་དམ་ཚིག་སྟན་ལ་བཞུགས། །དགྱེས་པའི་མཆོད་སྤྲིན་འདོད་དགུའི་དཔྱིད། །དྭངས་བསིལ་ཞལ་སྐྱེམས་ཞབས་བཀྲུའི་རྫིང་། །རྣམ་བཀྲའི་ཉེར་སྤྱོད་རྒྱལ་སྲིད་བདུན། །དཔའ་བོའི་ཛ་གད་རཀྟའི་མཚོ། །འདོད་དགུའི་གཏོར་ཆེན་མཐུན་པའི་རྟེན། །སྤྱན་གཟིགས་དཀོར་ཆ་ནོར་དབྱིག་སོགས། །སྲིད་ཞིའི་འབྱོར་པ་ཇི་སྙེད་ཀུན། །མི་འཛད་ནམ་མཁའི་མཛོད་དུ་འབུལ། །ཀྱེེ། ཆོས་འཁོར་སྐྱོང་བའི་རྒྱལ་པོ་ཆེ། །རིག་འཛིན་ཡོངས་ཀྱིའབངས་
གཅིག་པུ། །མཐིང་ནག་མི་སྡུག་ཁྲོས་པའི་གཟུགས། །ཞི་ཁྲོའི་ཉམས་བརྒྱར་འཆར་ལ་བསྟོད། །དོམ་ནག་སློག་པ་ཟབ་བེར་དང་། །དར་ནག་འཐིབས་ཞུ་མཛེས་པར་གསོལ། །ཞགས་པས་འཆིང་ཞིང་སྤུ་གྲི་འཕྱར། །བ་ལང་སྣ་རིངས་བཅིབས་ལ་བསྟོད། །ངོ་བོ་ཆུ་ཟླའི་རོལ་གར་བཞིན། །སྐུ་ལྔར་འཆར་བའི་ལི་བྱིན་ཧར། །སྡེ་བརྒྱད་ཀུན་གྱི་སྡེ་དཔོན་ཏེ། །ཤཱནྟི་རོ་ཟན་མ་དང་རྩེ། །ནང་བློན་པུ་ཏྲ་བྷ་ཏྲ་དང་། །སྲིན་མོ་གནོད་སྦྱིན་ཙི་མ་ར། །རུ་འདྲེན་གར་མཁན་སྐྱོ་སངས་འབག །དྲེགས་པའི་དཔུང་དང་བཅས་ལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨ་ཡིས། །བྲག་དམར་དཔལ་གྱི་ཟབ་ཡངས་ཀྱི། །སྲུང་མར་སྤྱན་དྲངས་དམ་ལ་བཞག །ཆོས་འཁོར་ཀུན་གྱི་སྲུང་མར་གཏད། །རིག་འཛིན་ཡོངས་ཀྱི་འབངས་སུ་བསྐོས། །བསྟན་པ་སྲུང་བའི་ཕོ་ཉར་མངགས། །ཞིང་བཅུ་སྒྲོལ་བའི་ཤན་པར་བྱས། །སྔོན་གྱི་ཐ་ཚིག་རྗེས་དགོངས་ལ། །བདག་ཅག་ཡོན་མཆོད་འཁོར་བཅས་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྤེལ། །གཉེར་བ་སྐྱོངས་ལ་བཅོལ་བ་སྒྲུབས། །འདོད་པའི་ལས་འབྲས་མཆིས་
པར་མཛོད། །[ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོའི་གསོལ་ཁ་ཤླཽ་ཀར་བཅད་པ་བཅུ་གཅིག་པ་འདི་ནི་འགྱུར་མེད་རྡོ་རྗེས་ཆོས་སྐྱོང་ཉིད་དགྱེས་པའི་སྣང་བ་མཐོང་ནས་བྲིས་པའོ།། །།]༈ [གནོད་སྦྱིན་ཆེན་པོའི་གསོལ་ཁའི་སྒྲུབ་ཐབས་ནི།] ཧྲཱིཿ པདྨ་ཙཎྜ་མ་ཧཱ་ཀྲོ་ངྷ་ཧ་ཡ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། [མཆོད་གཏོར་ལེགས་པར་བཤམས་ནས་བྱིན་བརླབས་ཏེ། རོལ་པ་སྐྱ་བདུན་གྱི་ལས་བྱང་ནི། དྲེགས་པ་རང་རྒྱུད་ཡིན་པས་བསྐྱེད་མི་དགོསཿ བདག་ཉིད་རྟ་མགྲིན་དབང་ཆེན་དུ་གསལ་བའི་ཐུགས་ཀའི་ཡི་གེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་ཏེ༔ སོ་སོའི་གནས་ནས་སྤྱན་དྲང་བ་ནི༔ སྤོས་དང་ཕྱེ་མར་བསྲེག་ཅིང་༔ དར་དམར་པོ་གཡབ་ལ༔ གདུང་བའི་ང་རོས་འབོད་པ་ནི༔] ཀྱེེ༔ ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་སྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤཱུ་ལ་ཏྲཱི་བཛྲ་ས་མ་ཡ་ཛཿ བྷྱོ༔ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ ཀྱེེ༔ སྐྱེས་བུ་རོལ་པ་མཆེད་བདུན་ནི༔
ཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པ༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་མཆོག་དང་༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ་པུཥྤེ་ངྷཱུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝི་དྱཱ་ཤཔྡ་པཱུ་ཙ་ཧོ༔ ཀྱེེ༔ སྐྱེས་བུའི་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱོད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང་༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང་༔ སྡེ་བརྒྱད་བསྡོངས་ཟླའི་ཐུགས་དམ་བསྐང་༔ དཀོར་སྲུང་དམ་ལྡན་ཐུགས་དམ་བསྐང་༔ ལས་བྱེད་ཕོ་ཉའི་ཐུགས་
དམ་བསྐང་༔ བྷྱོ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང་༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང་༔ ལས་བྱེད་བཤན་པ་རོལ་ལོ་ལོ༔ བཤུག་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང་༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང་༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང་༔ སྐུ་ལ་བསྡོ་བའི་རིགས་བརྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་འདྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་སྐྱེད༔ ཡལ་ཡོལ་བྲི་གོལ་མ་མཛད་ཅིག༔ ངོ་སྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐངས་གྱུར་ལ༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔ [ཞེས་ཕུད་གཙང་ཕྱོགས་བཅུར་གཏོར་ཞིང་གསོལ་ལོ༔ བྲག་བཙན་མཆེད་བདུན་གྱི་གསོལ་ཀའི་ལས་བྱང་པདྨ་ཐོད་ཕྲེང་རྩལ་གྱིས་མཛད་པ་རྗེའི་སྐུ་ལྷར་བསྔགས་པའོ༔ སྱ། མྱ། ཡྱ། ༔ རྒྱ། རྒྱ། རྒྱ། ༔ པདྨ་དབང་ཆེན་གྱི་བཀའ་སྲུང་ངོ་།། །།]
གཉན་ཆེན་ཐང་ལྷའི་མཆོད་ཕྲིན།
༈ [གཉན་ཆེན་ཐང་ལྷའི་མཆོད་ཕྲིན་ནི༔ དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་སློབ་དཔོན་པདྨ་འབྱུང་གནས་མཐའ་འཁོར་བོད་ཡུལ་དུ་བྱོན་པའི་དུས་སུ་བོད་ཀྱི་ལྷ་སྲིན་
ཐམས་ཅད་ཀྱིས་མཐོ་འཚམས་ཏེ་ཐང་ལྷ་ཡར་ཞུར་གྱིས༔ སློབ་དཔོན་ལ་ཁ་བ་ཕབ༔ ཞབས་ལ་བུ་ཡུག་འཚུབས༔ རྨུགས་པས་ཤུལ་ལམ་བཀག་པ་ལ༔ སློབ་དཔོན་པདྨ་ཐུགས་ཁྲོས་ཏེ་ཕྱག་ན་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་པས༔ ལྷ་སྲིན་ཐམས་ཅད་བྲེད་ཅིང་འདུས་པའི་ཚེ༔ དེའི་དུས་སུ་ཐང་ལྷ་ཡར་ཞུར་བཏུལ་ནས་དམ་ལ་བཏགས་སོ༔ སློབ་དཔོན་གྱིས་གསུངས་པ༔ ལྷ་ཆེན་ཐང་ལྷ་ཡར་ཞུར་ཁྱོད་ཀྱི་སྲོག་གི་སྙིང་པོ་གང་ཡིན༔ ནུས་པའི་འཕྲིན་ལས་ཅི་ཡོད་གསུངས་པས༔ ཐང་ལྷས་སྲོག་གི་སྙིང་པོར་རང་དབང་མེད་པར་ཕུལ་བ༔ ཨོཾ་བཛྲ་ཐང་ཀར་མུན་ཉིང་ཁུ་ཤ་ལི་ཨ་ཛཿཛཿ ས་མ་ཡ་ཧཱུཾ་ཕཊ། དེ་ནས་གསང་མཚན་ཕུལ་བ་ནི༔ རྡོ་རྗེ་འབར་བ་རྩལ་ས་མ་ཡ་ཧཱུཾ་ཛཿ ཀྱེེ་སློབ་དཔོན་ཆེན་པོ་ལགས༔ བདག་གི་འཕྲིན་ལས་ནི་སྨྱོ་བའི་འདྲེ་འདུལ་ཞིང་སྡང་བའི་དགྲ་སྲོག་གཅོད༔ ཅེས་ཞུས་སོ༔ ཡང་ཐང་ལྷས་ན་རེ༔ སློབ་དཔོན་ཉིད་ཀྱི་བཀའ་བཞིན་མི་ཉན་པའི་དབང་མེད་ཀྱི༔ བདག་ལ་ཟས་སྐལ་ཞིག་སྩོལ་ཅིག་ཅེས་ཞུས་པས༔ ཁྱོད་ཀྱི་ཟས་སྐལ་ཇི་ལྟར་ཡིན༔ ཐང་ལྷས་ཞུས་པ༔ བདག་དངོས་ཀྱི་ཟས་སྐལ་ནི་འབྲུའི་ཟན་སོར་བཅུ་གཉིས་པ་ཟུར་གསུམ་པ་གསེར་གཡུ་བྱུ་རུ་རིན་པོ་ཆེ་སྣ་ལྔ་བརྡར་ལ༔ བརྔན་ཆ་གཅིག་གཞང་ལུགས་གཅིག་དང་༔ ཆང་ཕུད་གཙང་མ༔ སྦྲ་ཕྱིང་གཙང་མའི་སྟེང་དུ་བཞག་ལ༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་ཨ་མྲྀ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་སྭཱ་ཧཱ༔ ཞེས་གསོལ་ཅིག་ཟེར་ནས་ཐང་ལྷ་མི་སྣང་བར་གྱུར་ཏོ༔ དེ་ནས་སློབ་དཔོན་གྱིས་ཤེལ་གྱི་རྔ་ཆུང་ཕྱག་ཏུ་བསྣམས་ནས་ཕྱི་རབས་ཀྱི་དོན་དུ་འདི་སྐད་གསུངས་སོ༔] ཧཱུྃ༔ ཡེ་ཤེས་གཞལ་ཡས་བསྐྱེད་ཅིང་རྒྱ་མ་ཆུང་༔ སེང་
གེ་གླང་ཆེན་ཁྲི་བཤམས་དཔང་མ་དམའ༔ ཉི་ཟླ་པདྨའི་གདན་བཏིང་བཀྲག་མ་ཞན༔ ཡེ་ཤེས་ལྷ་མཆོག་བསྙེན་ཅིང་རྒྱང་མ་རིང་༔ འཇིག་རྟེན་སྲུང་མ་སྒྲུབ་ཀྱི་མཐུ་མ་ཆུང་༔ འདིར་གཤེགས་ཉི་ཟླའི་གདན་ལ་བཞུགས་སུ་གསོལ༔ རྡོ་རྗེ་འབར་བ་རྩལ༔ ས་མ་ཡ་ཛཿཛ༔ ཧཱུྃ༔ སྐུ་ལྷའི་ཡབ་སྨོས་པ༔ འོད་དེ་གུང་རྒྱལ་ལགས༔ སྐུ་ལྷའི་ཡུམ་སྨོས་པ༔ གཡུ་བྱ་གཤོག་གཅིག་ལགས༔ སྐུ་ལྷ་ཉིད་སྨོས་པ༔ ཡར་ཞུར་གཉན་གྱི་ལྷ༔ བཞུགས་ཡུལ་མཚན་གསོལ་བ༔ འདམ་ཤོད་སྣར་མོ་ལགས༔ ཁྲི་རྒོད་གཡུ་ལྗང་འཁྲིལ༔ དབྱར་སྔོ་དགུན་ཡང་སྔོ༔ བཞུགས་ཡུལ་ཉམས་ཏེ་དགའ༔ དགྱེས་སོ་ལྷ་ཡི་ཡུལ༔ མི་ཆོས་མཚན་གསོལ་བ༔ ཐང་ལྷ་ཡར་ཞུར་ལགས༔ ལྷ་ཆོས་མཚན་གསོལ་བ༔ དྲི་ཟའི་རྒྱལ་པོ་ནི༔ ཟུར་ཕུད་ལྔ་པ་ལགས༔ གསང་བའི་མཚན་གསོལ་བ༔ རྡོ་རྗེ་འབར་བ་རྩལ༔ སྐུ་ལ་ཅི་གསོལ་ན༔ དར་དཀར་རལ་ཀ་གསོལ༔ ཆིབས་སུ་ཅི་ཆིབས་ན༔ ལྷ་རྟ་ངང་དཀར་ཆིབས༔ ཁམས་གསུམ་ཀུན་ཏུ་རྒྱུ༔ མདོག་དཀར་འོད་ཟེར་འབར༔ གཡས་པས་རྦ་ལྕག་འཕྱར༔ མ་བདུན་ལས་ལ་འགྱེད༔ གཡོན་པས་ཤེལ་ཕྲེང་འདྲེན༔ ཐུགས་དམ་དབྱིངས་སུ་ཟློ༔
སྤྲུལ་པ་ཅི་འགྱེད་ན༔ ལྷ་དམག་འབུམ་སྡེ་འགྱེད༔ བྲན་གཡོག་འཁོར་དང་བཅས༔ འདིར་བྱོན་ཕྲིན་ལས་མཛོད༔ དམ་ཅན་ཀུན་གྱི་ལྷ༔ དམ་མེད་ཀུན་གྱི་གཤེད༔ མནའ་ཟན་ཀུན་གྱི་བདུད༔ རྣལ་འབྱོར་ཀུན་གྱི་དཔལ༔ སྒྲུབ་མཆོག་བདག་གི་གྲོགས༔ ཕྲིན་ལས་སྐལ་ཕོག་པ༔ སྨྱོ་བའི་འདྲེ་འདུལ་ཞིང་༔ སྡང་བའི་དགྲ་སྲོག་གཅོད༔ མགྱོགས་སུ་རྟ་གཏོད་ཀྱི༔ རྨིག་ཐོག་ཟོར་མ་ལྕི༔ རྣོ་རུ་མཚོན་རྡོར་གྱི༔ རྩེ་མོ་དབལ་མ་ཞན༔ ཅི་དང་དོ་བསྡོ་ན༔ དོ་ཐག་ཆད་ཏ་རེ༔ མགྱོགས་དང་དཀྱུས་མཉམ་ན༔ དཀྱུས་ཐོག་ཤོར་ར་རེ༔ སྡང་དགྲས་ཁྱེར་ར་རེ༔ བྱམས་ཀྱིས་སྐྱོང་ཏ་རེ༔ དུས་ལ་བབ་བོ་ས་མ་ཡ༔ དམ་ཚིག་རྗེས་སུ་དྲན་པར་གྱིས༔ ལས་ལ་བབ་བོ་བགེགས་ཀྱི་རྒྱལ༔ བཅོལ་བའི་ཕྲིན་ལས་སྒྲུབ་པར་མཛོད༔ དབུས་གཙང་རུ་བཞིའི་ཡུལ་ལྷ་ཁྱོད༔ ཆོས་སྐྱོང་རྒྱལ་པོ་ལྷ་ཡི་སྲས༔ ཁྲི་སྲོང་ལྡེའུ་བཙན་སྐུ་ལྷ་ཡིན༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་དམ་ཚིག་ཅན༔ ད་ལྟ་ཅི་བསྒོའི་ལས་རྣམས་ཉོན༔ ཕྱི་རབས་བསྟན་པའི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཀྱི༔ རྗེས་སུ་འཇུག་པའི་
སྔགས་འཆང་དང་༔ ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི༔ ལྷ་རྒྱུད་ཆགས་པའི་རྗེ་རིགས་རྣམས༔ མཐོ་མཐོ་དགུང་ལ་རེག་པ་དང་༔ དམའ་དམའ་བུ་བཞིན་སྐྱོང་བར་གྱིས༔ བོད་ཁམས་རུ་བཞི་ཕྱུགས་བཞིན་སྐྱོངས༔ བསམ་ཡས་ལྷ་ཁང་དཀོར་བཞིན་སྲུངས༔ བསྐལ་པ་ཐ་མའི་སེམས་ཅན་ལ༔ ཁྱོད་ཀྱིས་སྲུང་སྐྱོབས་མི་བྱེད་ན༔ དང་པོ་བྱང་ལམ་བར་པ་རུ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ སྲོག་སྙིང་གཟིར་བ་མི་དྲན་ནམ༔ བར་དུ་བསམ་ཡས་ཧས་པོ་རིར༔ དབང་ཆེན་པདྨ་ཧེ་རུ་ཀས༔ དབང་དུ་བསྡུས་པ་མི་དྲན་ནམ༔ ཐ་མ་རི་རྒྱལ་བཀྲ་བཟང་གི༔ རྩེ་མོར་ལྷ་སྲིན་ཀུན་བསགས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ དམ་ཚིག་ཕོག་པ་མི་དྲན་ནམ༔ ང་ནི་པདྨ་འབྱུང་གནས་ཡིན༔ ཁྱོད་ནི་གཉན་ཆེན་ཐང་ལྷ་ཡིན༔ ཡུལ་ནི་དབུས་གཙང་རུ་བཞི་ཡིན༔ བྱིན་རླབས་སྤྲིན་ལྟར་ཐིབས་སེ་ཐིབ༔ ཐུགས་རྗེ་ཆེ་ལྟར་ཤ་ར་ར༔ དམ་ཚིག་མདངས་ལྡན་ཡ་ལ་ལ༔ ཐང་ལྷ་གཉན་པོ་གཤེགས་སུ་གསོལ༔ སྐུ་ལྷ་གཉན་པོ་འཁོར་བཅས་ལ༔ བརྗིད་ལྡན་བཟང་རིས་བཤོས་ཀྱིས་མཆོད༔ གཡའ་ཆུ་
གངས་ཆུ་གཙང་མས་མཆོད༔ དྲི་ཞིམ་སྤོས་དཀར་དུད་པས་མཆོད༔ གསེར་དངུལ་རིན་ཆེན་ལྔ་ཡིས་མཆོད༔ རྔོན་ཆ་དར་དང་ཟ་འོག་མཆོད༔ གསང་ལུག་འབྲས་དཀར་གཙང་མས་མཆོད༔ ཨོཾ་བཛྲ་ཐང་ཀ་ར་མུན་ཉིང་ཁུ་ཤ་ལི་ཨ་མྲྀ་ཏ་སྭཱ་ཧཱ༔ [ཞེས་དགུང་སྔོན་མཐོངས་སུ་མཆོད་དོ༔ དེའི་དུས་སུ་ཕྱག་ན་རྡོ་རྗེ་བསྒོམ༔ རྔ་ཆུང་དལ་གྱིས་བརྡུངས་ལ་དང་པོ་སེངྒེ་མཆོངས་མཆོད་ཀྱི་དབྱངས་ཀྱིས་བསྐུལ༔ རྗེས་སུ་དཔའ་བོ་དབྱངས་གླུས་དམ་ཚིག་བསྒྲགས་ཤིང་མཆོད༔ མགོན་དང་སྲུང་མ་བྱེད༔ གཉན་ཆེན་ཐང་ལྷའི་མཆོད་ཕྲིན་རྫོགས་སོ༔]
དྲག་ཤུལ་དབང་པོའི་མཆོད་ཕྲིན་ཧཱུཾ་གི་ང་རོ།
༈ [དྲག་ཤུལ་དབང་པོའི་མཆོད་ཕྲིན་ཧཱུཾ་གི་ང་རོ་ཞེས་བྱ་བ།]༈ ཧཱུཾ། ང་ནི་དབང་དྲག་ཧེ་རུ་ཀ །འཁོར་འདས་ཀུན་གྱི་རྗེ་བཙན་ཡིན། །ང་ཡི་དབང་དུ་མ་གྱུར་པའི། །སྣང་སྲིད་དྲེགས་པ་སུ་ཞིག་ཡོད། །ཧཱུཾ། དབང་ཆེན་ཐུགས་ཀྱི་སྤྲུལ་པ་མཆོག །ཁྲག་འཐུང་དྲག་ཤུལ་དབང་པོ་ཆེ། །འཇིགས་བྱེད་མི་ཟད་འཁོར་ཚོགས་བཅས། །བསྟན་པ་བསྲུང་ཕྱིར་ད་ཚུར་བྱོན། །ཧཱུཾ། དུར་ཁྲོད་རོལ་པའི་ཕོ་བྲང་འདིར། བཞུགས་པའི་གནས་སུ་བརྗིད་རེ་ཆགས། །འབར་བའི་ཕོ་ཉ་མཐུ་རྩལ་ཅན། །ཉེ་བའི་གྲོགས་སུ་བག་ཕོབ་ཅིག །ཧཱུཾ། དངོས་བཤམས་
མཆོད་པ་དཔངས་རེ་མཐོ། །ཡིད་སྤྲུལ་ལོངས་སྤྱོད་ལྷུན་ཏེ་སྟུག །དགྱེས་རྒུའི་དམ་རྫས་མ་ཚང་མེད། །ཨ་ལ་ལ་ཧོ་བཞེས་སུ་གསོལ། །ཧཱུཾ། ཉམས་པའི་སྲོག་རྩ་བཅད་པ་ཡི། །སྙིང་ཁྲག་རྦ་ཀློང་འཁྲུགས་པ་འདི། །དཔའ་བའི་སྐྱེམས་སུ་བདག་འབུལ་གྱི། །དགྱེས་ཤིང་རྔམས་པས་ཁྱེད་བཞེས་ཤིག །ཧཱུཾ། བསྟན་དགྲའི་སྲོག་གི་ཇག་པ་སྟེ། །སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ལྷ། །མཐུ་ཆེན་ཤན་པའི་གཙོ་བོ་ལ། །མངོན་པར་བསྟོད་དོ་ལས་མ་གཡེལ། །ཧཱུཾ། གསང་ཆེན་བསྟན་དང་བསྟན་འཛིན་ལ། །ལོག་པར་འཁུ་བའི་བདུད་དགྲའི་ཚོགས། །མ་ལུས་ཁྱོད་ཀྱི་ཟས་སྐལ་དུ། །གཏད་པ་ཡིན་ནོ་ཤོར་ར་རེ། །ཧཱུཾ། གདུག་པའི་སེམས་འཆང་དམ་སྲིའི་རིགས། །གཟུགས་ཅན་ཐམས་ཅད་སོད་ལ་ཤོག །གཟུགས་མེད་ཐམས་ཅད་བརླག་ལ་ཤོག །མིང་ཙམ་མེད་པར་གྱིས་ལ་ཤོག །ཧཱུཾ། ཕྲིན་ལས་འདི་ལས་ཁྱོད་གཡེལ་ན། །སྔོན་གྱི་ཐ་ཚིག་གང་དུ་གཉན། །བསྟན་པ་འཇིག་ལ་ཐུག་ཏ་རེ། །དེ་བས་མྱུར་དུ་རྩལ་ཤུགས་ཕྱུངས། །ཧཱུཾ། མདོར་ན་རིག་འཛིན་བདག་ཅག་གི །ཡིད་ལ་
བརྣག་པའི་དོན་ཐམས་ཅད། །དུས་འདི་ཉིད་ལ་བསྒྲུབ་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །[ཅེས་པའང་སྐྱབས་རྗེ་ཀཿཐོག་དགེ་རྩེ་མཆོག་སྤྲུལ་རིན་པོ་ཆེའི་བཞེད་པ་སྐོང་བའི་སླད་དུ། སྔ་འགྱུར་རྙིང་མའི་སྔགས་ནག་རལ་པ་ཅན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་སྦྱར་བ་ཛ་ཡནྟུ།། །།]
དམ་ཅན་སྤྱིའི་གཏོར་འབུལ།
༄༅། །[དམ་ཅན་སྤྱིའི་གཏོར་འབུལ་ལ། ཐོག་མར་མགྲོན་བསྡུ་བ་ནི།] རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས་དཔལ་ཡེ་ཤེས་ཀྱི་མགོན་པོ་སོགས་དམ་ཅན་ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས་པ་ཐམས་ཅད་རང་བཞིན་ཆོས་ཀྱི་དབྱིངས་ལས་སྒྱུ་འཕྲུལ་གྱི་རོལ་པ་ཞི་ཁྲོའི་ཉམས་དུ་མར་འཆར་བ་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པའི་བཀོད་པ་ཆེན་པོ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་པར་བསམ་ཞིང་།] ཧཱུྃ། ཆོས་དབྱིངས་མཁའ་ལྟར་དག་པའི་དབྱིངས། །མི་གཡོ་འོག་མིན་ཉམས་དགའི་གནས། །རྡོ་རྗེ་གདན་དང་ན་ལེནྡྲ། །དུར་ཁྲོད་བརྒྱ་དང་ཉེར་བཞིའི་ཡུལ། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །དཔལ་ལྡན་མགོན་པོ་ལྕམ་དྲལ་ནི། །བཀའ་སྡོད་དམ་ཅན་རྒྱ་མཚོར་བཅས། །བདག་གི་དད་པས་སྤྱན་འདྲེན་ན། །སྔོན་གྱི་ཞལ་བཞེས་དམ་བཅས་ལྟར། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །ཨོཾ་ཤྲཱི་བཛྲ་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་ལ།] ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་
པ་སྲུང་མཛད་དམ་ཚིག་ཅན། །ལྕམ་དྲལ་བཀའ་སྡོད་འཁོར་དང་བཅས། །འདིར་ནི་དགྱེས་པར་བཞུགས་སུ་གསོལ། །ཛཿཧཱུྃ་བཾ་ཧོཿས་མ་ཡ་ཨ་ས་ན་ཏིཥྛནྟུ། [ཞེས་བཞུགས་སུ་གསོལ། སྲུང་མ་རྣམས་ཀྱི་སྤྱི་བོར་རྡོ་རྗེ་དང་བདུད་རྩི་ལྗགས་ལ་བྱིན་པར་མོས་ཏེ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། [ཅེས་དམ་ལ་བཞག །]ཧཱུཾ། ཐུན་མོང་ཁྱད་པར་བླ་ན་མེད། །ཕྱི་ནང་གསང་བའི་མཆོད་སྤྲིན་ནི། །དངོས་བཤམས་ཡིད་ལས་བྱུང་བ་དག །ནམ་མཁའ་གང་བར་སྤྲོས་ཏེ་མཆོད། །ཨོཾ་ཤྲཱི་བཛྲ་ངྷརྨ་པ་ལ་ས་པཱ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། [དེ་བཞིན་དུ་སྦྱར་ཏེ།] པཱདྱཾ། པུཥྤེ། ངྷུ་པེ། ཨཱ་ལོ་ཀེ །གྷནྡྷེ། ནཻཝཱིདྱ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། [ཞེས་ཉེར་སྦྱོད་དང་།] མ་ཧཱ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ལྷ་རྣམས་ཀྱི་ལྗགས་ཧཱུཾ་ལས་བྱུང་བའི་རྡོ་རྗེའི་སྦུ་གུ་ཅན་གྱི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ་རྡོ་ཐལ་ཁ་གྱེན་དུ་ཕྱེ་ནས།] ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུཥྨ་ཀྲོ་ངྷ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ཨེ་ཀ་ཛཱ་ཊི་གུ་ཎ་ཧྲཱི་ད་ཧཱུཾ་ཕཊ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཧྱ་རཾ་སིདྡྷི་ཧཱུཾ་ཕཊ། ཨོཾ་རོ་རུ་ཨེ་ཀ་ཛཱ་ཊི་སྙིང་ཁ་རཀྨོ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཛཿཛཿ ཨོཾ་མ་ཧཱ་དཱེ་ཝ་ཛཿ ཨུ་མ་
དཱེ་ཝཱི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོ། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲཱིཿཏྲི་ཧཱུཾ་ཛཿ ཧྲཱིཿ ཤག་རུ་རཀ་རཾ་ནཱ་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱ་ཧཱ། ཨོཾ་བཛྲ་སཱ་ངྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་ངྷུ་ཏྲི་ཛཿ ཛཿཧཱུཾ་བཾ་ཧོཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་སིང་ཝཱ་མུ་ཁ་སི་ན་ར་མ་ཧཱུཾ་ཕཊ། ཨོཾ་མ་མ་ར་ལི་པྲ་མ་ཡ་ཀཱ་ལི་ཡེ་ཛ་ཛཿ ཨོཾ་བཛྲ་སརྦ་དུ་ཥྚཾ་ཨེ་ཛ་བྷྱོ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མོ་ཧ་གྷ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ཧཱུཾ། ཨོཾ་བཛྲ་ངྷཱ་ཀི་ནཱི་ཨཱཿཡུ་ཥེ་ཤྭ་རི་ཧྲཱིཿ ཨོཾ་བཛྲ་པྲ་མོ་ཧ་ཧྲཱིཾ་ཧྲཱིཾ་སྭཱ་ཧཱ། རཱ་ཛ་སིདྡྷི་ས་མ་ཡ་ཛ༔ ཨོཾ་ནཱ་ག་ཙནྟི་ཙ་ར་ར་ཏྲི་ཀིང་ཀ་ར་ཡཀྴ་ཡཀྴ་ས་མ་ཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿཛཿ [ཞེས་སྙིང་པོ་ཀུན་གྱི་མཐར།] ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་བཏགས་པ་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།] དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། གཙུག་ལག་ཁང་དང་དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རྣལ་འབྱོར་ཡོངས་ཀྱི་དགྲ་ལྷ། བདུད་དཔུང་སྒྲོལ་བའི་དཔའ་བོ། བསྟན་པའི་བཀའ་སྲུང་ཆེན་པོ། ལེགས་ལྡན་རྡོ་རྗེ་སྲིན་པོ་ཚོགས་ཀྱི་བདག་པོ། ནག་པོ་ཆེན་པོ་ཕྱག་བཞི་པ། དཔལ་མགོན་
མ་ནིང་ནག་པོ། མ་མོ་སྔགས་ཀྱི་སྲུང་མ། ལྷ་ཆེན་དབང་ཕྱུག་ཆེན་པོ། གནོད་སྦྱིན་བཤན་པ་དམར་ནག །ཁྱབ་འཇུག་དུག་གི་སྤུ་གྲི། རྒྱལ་ཆེན་རྣམ་མང་ཐོས་སྲས། དམ་ཅན་རྡོ་རྗེ་ལེགས་པ། ཞིང་སྐྱོང་བདུད་མགོན་སེང་གདོང་། དཔལ་ལྡན་དུར་ཁྲོད་ཀྱི་མ་མོ། དྲེགས་པའི་སྡེ་དཔོན་སུམ་ཅུ། ཕུར་སྲུང་དམ་ཅན་ལྕམ་དྲལ། ལྷ་སྨན་ཚེ་རིང་མཆེད་ལྔ། སྨན་བཙུན་རྡོ་རྗེ་གཡུ་སྒྲོན། སྤྲུལ་པའི་རྒྱལ་ཆེན་སྐུ་ལྔ། བཙན་རྒོད་འབར་བ་སྤུན་བདུན་ལ་སོགས་ཏེ་དམ་པ་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་སོགས་ཀྱིས་ཕྲིན་ལས་གསོལ། [བསྟོད་པ་ནི།] ཧཱུཾ། འཇིགས་བྱེད་ཁྲག་འཐུང་དཔལ་ལྡན་ནག་པོ་ཆེ། །བདུད་དཔུང་མཐར་བྱེད་དུར་ཁྲོད་སྒྲོལ་བའི་གིང་། །སྒྲུབ་པོའི་རེ་སྐོང་ལེགས་ལྡན་ཚོགས་ཀྱི་བདག །རྒྱལ་བའི་བཀའ་སྡོད་མཐུ་ཆེན་ཁྱོད་ལ་བསྟོད། །མི་འགྱུར་རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །ཡེ་ཤེས་ཆེན་པོས་ཐུགས་རྗེའི་སྐུ་སྤྲུལ་པ། །མ་རུང་འདུལ་མཛད་
མ་ཧཱ་ཀཱ་ལའི་གཙོ། །དྲག་པོ་སྟོབས་ལྡན་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིག་རྟེན་འདས་པའི་དུས་ནས་མངོན་བྱུང་བ། །ཆེ་མཆོག་ཧེ་རུ་ཀ་དཔལ་སྐུ་གསུམ་རྫོགས། །སྲིད་རྩའི་བདག་འཛིན་རཱུ་ཏྲ་སྡེ་གསུམ་འདུལ། །རྩལ་ཆེན་ཕྲིན་ལས་མཛད་ལ་ཕྱག་འཚལ་བསྟོད། །ཀུན་བཟང་ཐུགས་ཀྱི་སྤྲུལ་པ་ཁྲག་འཐུང་ཡུམ། །ཡེ་ཤེས་མ་མོ་རྡོ་རྗེ་རལ་གཅིག་མ། །གསང་སྔགས་བཀའ་ཡི་སྲུང་མ་མཐུ་མོ་ཆེ། །སྡེ་ལྔ་འཁོར་ཚོགས་ཕོ་ཉར་བཅས་ལ་བསྟོད། །ཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས། །གང་འདུལ་ཐབས་མཁས་སྤྲུལ་བསྒྱུར་རོལ་པ་ལས། །ཁམས་གསུམ་དབང་མཛད་བདག་པོའི་སྐུར་བཞེངས་པ། །དྲང་སྲོང་ལྷ་ཡི་བླ་མ་ཁྱོད་ལ་བསྟོད། །བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ །གདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་ཐུགས་ལས་སྤྲུལ་པའི་སྲས། །འཇིགས་བྱེད་མི་བཟད་སྡེ་བརྒྱད་དྲེགས་པའི་གཙོ། །དྲག་ཤུལ་ཕྲིན་ལས་
ཀུན་སྒྲུབ་རཱ་ཧུ་ལ། །སྲིད་བཞི་སྡེ་བརྒྱད་འཁོར་དང་བཅས་ལ་བསྟོད། །ས་བརྒྱད་དབང་ཕྱུག་སེམས་དཔའ་རིན་ཆེན་མང་། །ནམ་མཁའི་མཛོད་མངའ་དབུལ་བའི་གདུང་བ་འཕྲོག །ཡིད་བཞིན་འདོད་རྒུའི་ཆར་འབེབས་དཔག་བསམ་ཤིང་། །རྣམ་མང་ཐོས་སྲས་ངལ་གསོས་པོ་ལ་བསྟོད། །རྡོ་རྗེ་འཛིན་པའི་བཀའ་ཉན་ཐ་ཚིག་ཅན། །དབང་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་ལས་སྤྲུལ། །སྨོན་ལམ་དབང་གིས་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །ཆོས་ཉིད་སྐྱེ་མེད་དབྱིངས་ལས་ཁྲོས་པའི་སྐུ། །འབར་བའི་གར་གྱིས་དམ་ཉམས་ཐལ་བར་རློག །འཇིགས་བྱེད་ཆེན་པོ་གསང་སྔགས་སྲུང་མའི་གཙོ། །ཞིང་སྐྱོང་བདུད་མགོན་སེང་གདོང་ཁྱོད་ལ་བསྟོད། །མི་འགྱུར་བདེ་ཆེན་ཆོས་དབྱིངས་ངང་ཉིད་ལས། །མ་རུང་འདུལ་ཕྱིར་དྲག་མོའི་སྐུར་སྟོན་མ། །སྒྱུ་འཕྲུལ་རྡོ་རྗེའི་གར་མཛད་མ་མོའི་གཙོ། །རྒྱལ་བའི་བསྟན་སྲུང་གཙོ་ལ་ཕྱག་འཚལ་བསྟོད། །བདེ་གཤེགས་བཀའ་ཡི་བསྟན་པ་བསྲུང་བའི་ཕྱིར། །ངང་ཉིད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་། །གཟུགས་སྐུ་དྲགས་པའི་ཚུལ་དུ་
སྐུར་སྟོན་པ། །མཐུ་ཆེན་སྡེ་དཔོན་སུམ་ཅུའི་ཚོགས་ལ་བསྟོད། །སྔོན་ཚེ་སློབ་དཔོན་པདྨ་ཐོད་ཕྲེང་གི །སྤྱན་སྔར་ཕུར་པའི་སྲུང་མར་ཞལ་བཞེས་པ། །རྣལ་འབྱོར་བུ་བཞིན་སྐྱོང་བའི་དམ་ཚིག་ཅན། །ལྕམ་དྲལ་བཀའ་སྡོད་སྤྲུལ་པ་བཅས་ལ་བསྟོད། །འོད་གསལ་རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །རྣམ་འགྱུར་ཐབས་མཁས་ཞིང་སྐྱོང་སྨན་མོའི་ཚུལ། །བདེ་ཆེན་ཡེ་ཤེས་བསྐྱེད་མཛད་ཌཱ་ཀི་མ། །ཚེ་རིང་མཆེད་ལྔ་སྤྲུལ་འཁོར་བཅས་ལ་བསྟོད། །རྡོ་རྗེ་གཡུ་སྒྲོན་ཤིན་ཏུ་མཛེས་པའི་སྐུ། །དཀར་གསལ་གངས་རིའི་ངོས་ལ་ཉི་ཤར་འདྲ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་མཛད། །མཆེད་ལྔ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །འགྱུར་མེད་དབྱིངས་ལས་འབར་བའི་སྐུར་བཞེངས་པ། །འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ། །དམ་ཉམས་རྩད་གཅོད་ལེགས་ཉེས་གཉེར་ཁ་འཛིན། །རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས་ལ་བསྟོད། །དཀྱིལ་འཁོར་སློབ་དཔོན་པདྨ་སམྦྷ་ཝའི། །བཀའ་ཉན་དམ་ཚིག་རྗེས་དགོངས་གཏེར་གྱི་བདག །མཐུ་རྩལ་ཐོགས་མེད་རྣམ་བཞིའི་ཕྲིན་ལས་ཀྱིས། །དམ་ལྡན་རེ་སྐོང་བཙན་རྒོད་ཁྱོད་ལ་བསྟོད། །[ཅེས་བསྟོད་དོ།། །།]
རྗེས་གཏོར་མ་སྟོབ་པ།
༄༅། །[རྗེས་གཏོར་མ་སྟོབ་པ་ལ། ཐོག་མར་དམིགས་བྱ་དགུག་པ་ནི།] ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ ཆོས་ཀྱི་བཀའ༴ དགེ་འདུན་གྱི་བཀའ༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན༴ ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན༴ ཁྱད་པར་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་བཀའ་སྡོད་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་བསྟན་དང་འགྲོ་བའི་སྤྱི་དགྲ། ཁྱད་པར་རིག་པ་འཛིན་པ་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་སྔ་དགྲ་ལག་གིས་བརྡར་བ། ཕྱི་དགྲ་ཡིད་ལ་སེམས་པ། ད་དགྲ་ཐད་དུ་འཛུགས་པའི་གཟུགས་ཅན་སྡང་བའི་དགྲ་དང་། གཟུགས་མེད་གནོད་བྱེད་བགེགས་ཀྱི་ཚོགས་དང་བཅས་པ་ཐམས་ཅད་སྲིད་པ་གསུམ་གྱི་ཁོངས་གར་གནས་གར་བྲོས་ཀྱང་སྐད་ཅིག་ཡུད་ཙམ་ལ་དམིགས་པའི་རྟེན་འདི་ལ་ཁུག་ཅིག །[རྩ་སྔགས་]ཤཱ་ས་ནའི་མཐར་
ནྲྀ་ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ [ཞེས་བསྟིམ།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བརླབ།] ཨོཾ་མ་ཧཱ་ཀཱ་ལ་ཡ། ཤཱ་ས་ན་ཨུ་པ་ཧཱ་རི་ཎི། ཨེ་ཥ་ཨ་པཉྩི་མ་ཀ་ལོ་ཨ་ཡཾ། ཨི་དཾ་རཏྣ་ཏྲ་ཡ་ཡཱ་ཨ་པ་ཀཱ་རི་ཎེ་ཡ་དི་པྲ་ཏཱི་ཛྙཱ་སྨ་ར་སི་ཏ་དཱ་ཨི་དཾ་དུཥྚན་ཁ་ཁ་ཁཱ་ཧི་ཁཱ་ཧི། མར་མར། གྲྀཧྞ་གྲྀཧྞ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ་ད་ནི་མེ་ཀེ་ན་ཧཱུཾ་ཕཊ་ཧཱུཾ། ས་པ་རི་ཝཱ་ར་[སོགས་ལན་གསུམ་གྱིས་ཕུལ་ལ།] ཧཱུཾ། ཆོས་ཀྱི་དབྱིངས་ནས་འབར་བའི་སྐུར་བཞེངས་པ། །མཐུ་སྟོབས་དབང་ཕྱུག་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས། །འཁོར་བཅས་ཐུགས་དམ་དབང་གིས་འདིར་གཤེགས་ཤིག །ཕྱི་ནང་གསང་མཆོད་སྨན་རཀ་བ་ལིཾ་ཏ། །དགྲ་བགེགས་ཤ་ཁྲག་ལ་སོགས་མཁོ་རྒུའི་རྫས། །སོ་སོའི་ཐུགས་ལ་ཅི་བཞེད་དེར་འཆར་བའི། །རྨད་བྱུང་དགྱེས་པའི་མཆོད་སྤྲིན་ཆེན་པོ་འདི། །སྔར་མཛད་ལེགས་པའི་ལས་ཀྱི་གཏང་རག་དང་། །སླད་ནས་གཡེལ་བ་མེད་པའི་ཕྲིན་ལས་བཞིའི། །འདོད་པའི་དངོས་གྲུབ་སྩོལ་སླད་འབུལ་ལགས་ན། །དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ནས་ཀྱང་། །བསྟན་དང་འགྲོ་བའི་ཕན་བདེ་
ཀུན་སྤེལ་ཞིང་། །ཁྱད་པར་བདག་ཅག་དཔོན་སློབ་འཁོར་བཅས་རྣམས། །ནད་མེད་པ་དང་མི་འགྱུར་ཚེ་སྲོག་དཔལ། །གྲགས་དང་འབྱོར་པ་རྒྱ་མཚོས་མཐོ་བ་དང་། །མ་རུང་བདུད་དགྲའི་རྒོལ་བ་ཀུན་ཞི་ཞིང་། །རྣམ་མང་ཕྲིན་ལས་རྒྱ་མཚོ་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཕྱོར། །བྱང་ཆུབ་བར་དུ་སྲུང་ཞིང་སྐྱོང་བར་མཛོད། །[ཅེས་གཏོར་མ་སྟོབ་ཅིང་འདོད་དོན་གསོལ། སླར་ཡང་གཏང་རག་གི་དོན་དུ།] ཨོཾ་ཤྲཱི་བཛྲ་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། [ནས།] ཤཔྡའི་[བར་གྱིས་མཆོད་ཅིང་།] ཧེ་རུ་ཀ་དཔལ་སྤྱན་སྔ་རུ། །དམ་བཅས་ཇི་བཞིན་ད་ལྟ་འདིར། །བསྟན་པ་བསྲུང་ཞིང་སྐྱོང་མཛད་པའི། །དམ་ཅན་ཀུན་ལ་བསྟོད་པ་བགྱི། །[ཞེས་བསྟོད། བཟོད་གསོལ་ནི།] མ་རྙེད་ཡོངས་སུ་མ་ཚང་དང་། །གང་ཡང་ནུས་པ་མ་མཆིས་པས། །འདིར་ནི་བགྱི་བ་གང་ནོངས་པ། །དེ་ཀུན་ཁྱོད་ཀྱིས་བཟོད་མཛད་རིགས། །གང་ཡང་བདག་ཅག་ལས་དང་པོ་པའི་རྟེན་གྱི་གང་ཟག་བྱིང་བ་དང་རྒོད་པའི་དབང་དུ་གྱུར་པས་ཏིང་ངེ་འཛིན་མ་གསལ་བ་དང་། ཚོགས་མ་དག་པ་དང་། ཛཔྲ་བཟླས་ཉུང་ཞིང་ཆོ་ག་ལྷག་ཆད་དུ་
གྱུར་པ། མཆོད་པའི་ཡོ་བྱད་དམན་པ་ལ་སོགས་པ་སྲུང་མའི་དབང་པོ་ཁྱེད་རྣམས་ཀྱི་ཐུགས་དང་འགལ་བའི་རྐྱེན་དུ་གྱུར་པ་གང་ལགས་པ་དེ་དག་ཐམས་ཅད་བཟོད་པར་མཛད་དེ་ཆོས་དབྱིངས་ཀ་དག་ཆེན་པོའི་ཀློང་དུ་ལྷག་ཆད་ཁ་བསྐང་བར་མཛད་དུ་གསོལ། [ཞེས་དང་ཡི་གེ་བརྒྱ་པས་ནོངས་པ་འཆགས། རྟེན་ཡོད་ན།] ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུ་ཡང་སྐུ་གཟུགས་ཀྱི་རྟེན་འདི་རྣམས་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་རྣམས་ཇི་སྲིད་འབྱུང་བ་བཞིའི་གནོད་པས་མ་ཞིག་གི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། [ཞེས་བརྗོད་ཅིང་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། རྟེན་མེད་ན།]ཨོཾ། ཁྱེད་ཀྱིས་
སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿ [སེ་གོལ་གྱི་སྒྲ་དང་བཅས་པས།] ཡེ་ཤེས་པ་རྣམས་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་བདག་ཉིད་དང་གཉིས་སུ་མེད་པར་མོས། འཇིག་རྟེན་པའི་འཁོར་རྣམས། གཙྪ་གཙྪ་སྭ་བྷཱ་ཝཱ་ནཾ། གྱིས་རང་གནས་སུ་བཏང་། དགེ་བ་འདི་ཡིས་མྱུར་དུ་བདག །ཧེ་རུ་ཀ་དཔལ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་དགེ་བ་བསྔོ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་འཁོར་ལོའི་མགོན། །གསང་གསུམ་འགྱུར་མེད་བདེ་ཆེན་རྡོ་རྗེའི་སེམས། །འགྲོ་ལ་ཕན་བདེའི་མཆོག་སྩོལ་དཔག་བསམ་ཤིང་། །རྩ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུའི་མཁའ་ལ་གྲངས་མེད་གཟུགས་སྐུའི་སྤྲིན། །ཞི་ཁྲོ་ཉམས་བརྒྱའི་རོལ་པར་འཆར་བ་ལས། །དངོས་གྲུབ་འདོད་རྒུ་ཆར་དུ་བསྙིལ་མཛད་པའི། །ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཧེ་རུ་ཀ་དཔལ་སྙིང་རྗེའི་རོལ་གར་ནི། །གཏུམ་ཆེན་བཟོད་པར་དཀའ་བའི་གཟི་བརྗིད་
ཀྱིས། །ནག་པོའི་རྩ་ལག་སྡེར་བཅས་མཐར་མཛད་པའི། །དཔལ་འབར་མ་ཧཱ་ཀཱ་ལའི་བཀྲ་ཤིས་ཤོག །རྒྱལ་བའི་བཀའ་སྡོད་མི་བཟད་དྲག་ཤུལ་ཅན། །བདུད་དཔུང་ཚར་གཅོད་སྒྲུབ་མཆོག་བུ་བཞིན་སྐྱོང་། །ཕྲིན་ལས་རྣམ་བཞིས་བསྟན་པ་སྲུང་མཛད་པའི། །དམ་ཅན་རྒྱ་མཚོའི་ཚོགས་ཀྱི་བཀྲ་ཤིས་ཤོག །[ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དུ་མས་ཕྱོགས་དུས་ཀུན་ཏུ་བདེ་ལེགས་ཀྱི་སྣང་བས་ཁྱབ་པར་བྱའོ།། །།]༈[སླར་སྨྲས་པ། །]ཉམས་པའི་ཀླད་ཁྲག་དྲོན་མོ་རྔམས་ཟས་སུ། །བགྱིད་ལ་མཐར་བྱེད་བདག་པོས་བསྒྲུན་མིན་པ། །མཐུ་ཆེན་དམ་ཅན་རྒྱ་མཚོའི་ཕྲིན་ལས་གང་། །གསང་བསྟན་རིང་ལུགས་སྐྱོང་བའི་བཙས་སུ་སྤེལ། །ཚུལ་འདིར་སྔོན་ཆད་མཁས་དང་གྲུབ་རྣམས་ཀྱིས། །སོ་སོའི་བཞེད་གཞུང་ཇི་བཞིན་མང་བཀྲལ་མོད། །འོན་ཀྱང་རང་བློའི་མོས་མཐའ་མ་བཀག་ཕྱིར། །སླར་ཡང་བསྡེབས་འདི་ལྷག་བསམ་དག་པས་སོ། །དམ་ཉམས་གཤེད་དུ་ཤར་བའི་དྲག་རྩལ་ཅན། །དམ་ཚིག་ལྡན་ལ་ལུས་དང་གྲིབ་མའི་ཚུལ། །འགྲོགས་པའི་སྡོང་གྲོགས་གཡེལ་བ་མེད་ལས་འདིར། །དོན་གཉིས་
ཕྱོགས་ལས་རྣམ་རྒྱལ་དཔལ་གྱུར་ཅིག །[དེ་ལྟར་རྡོ་རྗེ་ཆོས་སྐྱོང་བའི་སྲུང་མ་རྣམས་ཀྱིས་ལས་བྱང་བསྐང་གསོལ་གྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་ཕྲིན་ལས་རྣམ་པར་རོལ་པའི་དགའ་སྟོན་ཅེས་བྱ་བ་འདི་ཡང་། རང་གི་རིགས་ཆོས་ཀྱི་བརྒྱུད་འཛིན་རྣམས་ལ་ཉེ་བར་མཁོ་ཞིང་ཕན་པའི་ཕྱིར། སྔ་འགྱུར་བསྟན་པ་རྒྱ་མཚོའི་ཤིང་རྟ་མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲངས་ཏེ། ལྷ་རིགས་ཀྱི་སྔགས་པ་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ལྔ་བཅུ་ང་གཅིག་པའི་ཐོག་ཏུ་སོན་པ་ཤིང་ཁམས་ཤུགས་འཆང་གི་ལོ། ཉིན་བྱེད་དབང་པོ་ཀཪྚའི་ཁྱིམ་དུ་སྤྱད་པ་ཆུ་སྟོད་ཉ་བའི་ཐབས་ཀྱི་ཆའི་རྫོགས་པ་དང་པོ་རེས་གཟའ་གཏུམ་དྲག་དམག་དཔོན་རྒྱུ་སྐར་དབོའི་དགའ་མར་རོལ་པ་སྟོབས་ལྡན་སྦྱོར་བའི་ཉི་མ་ལ། ཡུལ་གངས་ཅན་གྱི་རྡོ་རྗེ་གདན་དབུ་རུ་ར་ས་འཕྲུལ་སྣང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་འདུན་ས་ཆེན་པོར་ལེགས་པར་སྦྱར་བ་འདི་ཡོངས་སུ་དགེ་ཞིང་། སྔ་འགྱུར་གསང་ཆེན་བསྟན་པའི་རུ་མཚོན་དགུང་དུ་བསྙེགས་པའི་ཆ་རྐྱེན་མཆོག་ཏུ་ཡང་དག་པར་གྱུར་ཅིག །སརྦ་དཱ་མངྒ་ལ་ཛ་ཡནྟུ༎ ༎]
མ་མོ་སྔགས་ཀྱི་སྲུང་མའི་མཆོད་ཕྲིན་དམ་ལྡན་ལུས་ལ་གྲིབ་འཁོར།
༄༅། །[མ་མོ་སྔགས་ཀྱི་སྲུང་མའི་མཆོད་ཕྲིན་དམ་ལྡན་ལུས་ལ་གྲིབ་འཁོར་ཞེས་བྱ་བ་བཞུགས་སོ། །]༈ ན་མོ་བཛྲ་ཧེ་རུ་ཀ་ཡེ། [འདིར་མ་མོ་སྔགས་ཀྱི་སྲུང་མའི་ཕྲིན་ལས་ལ་འཇུག་པར་འདོད་པས། ཐོད་པའམ་རིན་པོ་ཆེའི་སྣོད་དུ་དམར་གཏོར་ཁྲག་གིས་བྱུག་ཅིང་མེ་རི་དང་ཙིཏྟ་ཞིང་དབྱུག་གིས་བརྒྱན་པ་དང་། སྨན་ཕུད་རཀྟ་ཉེར་སྤྱོད་སོགས་མཆོད་རྫས་རྣམས་ཚོགས་པ་བཤམས། བདག་ཉིད་ཡི་དམ་གྱི་སྙེམས་པ་དང་ལྡན་པའི་ངང་ནས་མཆོད་གཏོར་བྱིན་གྱིས་བརླབ་ལ། རྟེན་བསྐྱེད་པ་ནི།] ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ། སྟོང་པའི་ངང་ལས་མདུན་གྱི་ནམ་མཁར་རབ་འཇིགས་དུར་ཁྲོད་ཆེན་པོའི་དབུས་སུ་གྲུ་གསུམ་སྨུག་ནག་མཁའ་དང་མཉམ་པའི་ལྟེ་བར་པདྨ་དང་ཉི་མ་དགྲ་བགེགས་ཀྱི་གདན་ལ་བྷྱོ་ཡིག་ཡོངས་སུ་གྱུར་པ་ལས་དཔལ་མ་མོ་སྔགས་ཀྱི་སྲུང་མ་སྐུ་མདོག་སྨུག་ནག་ཞལ་གཅིག་ཕྱག་གཉིས་པ་མི་བཟད་ཤིན་ཏུ་ཁྲོས་པའི་ཉམས་ཅན། དཔྲལ་བར་ཡེ་ཤེས་ཀྱི་སྤྱན་གཅིག་དམར་ཟླུམ་སྡང་མིག་ཏུ་གཟིར་ཞིང་རབ་ཏུ་གདངས་པའི་ཞལ་ལས་ཟླ་ཚེས་ལྟ་བུའི་མཆེ་གཅིག་ཐུར་དུ་གཙིགས་པ། དབུ་སྐྲ་ཁམ་ནག་ཐུར་དུ་གྲོལ་བའི་དབུས་ན་ལྕགས་ཀྱི་རལ་པ་ཉག་གཅིག་གྱེན་དུ་གཟིངས་པ། བདུད་རྩིའི་རྒྱུན་བཟང་འཛག་པའི་དཀར་འཛིན་དང་པདྨོ་རྒྱས་
པ། ཕྱག་གཡས་ཞིང་གི་དབྱུག་པ་ཀླད་ལ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་པས་དགྲ་སྙིང་དམར་རློན་བསྣམས་པའི་མཛུབ་མོ་ལས་གཡུ་སྤྱང་འགྱེད་པ། མི་ལྤགས་ཀྱི་གཡང་གཞི་ལྡིང་སྟབས་སུ་གྱོན་ཅིང་མགོ་བོའི་ཕྲེང་བ་དང་ཕྱག་རྒྱ་ལྔས་སྤྲས་ཏེ། ཞབས་གཉིས་གཡོན་བརྐྱང་གི་གར་སྟབས་ཀྱིས་མེ་དཔུང་རབ་ཏུ་འབར་བའི་དབུས་ན་རོལ་པ། འཁོར་དུ་ཡེ་ཤེས་དང་འཇིག་རྟེན་གྱི་དྲེགས་པ་ཕོ་རྒྱུད་མོ་རྒྱུད་ལས་བྱེད་ཕོ་ཉའི་དམ་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་། ཐམས་ཅད་ཀྱང་ཕྲིན་ལས་འདོད་རྒུར་བསྒྲུབ་པའི་ཚུལ་གྱིས་གནས་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་། རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་འོག་མིན་ཆོས་ཀྱི་དབྱིངས་སོགས་གནས་ཡུལ་དགྱེས་པར་སྤྱོད་པའི་ཞིང་ཁམས་ནས་ཡེ་ཤེས་ཀྱི་མ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས་པར་བསམ་ཞིང་གདུང་བའི་དབྱངས་དང་བཅས་ཏེ།] བྷྱོ༔ ནམ་མཁའ་ས་ཆུ་མེ་རླུང་དང་༔ འཁོར་འདས་སྟོང་པའི་དབྱིངས་ཆེན་མོ༔ ཨེ་ཀ་ཙ་ཏི་འཁོར་དང་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ དབྱིངས་ལས་གཟུགས་
ཀྱི་སྐུར་བཞེངས་ཤིག༔ མ་མ་ཨེ་ཀ་ཙ་ཏི་ཏྲ་ཀ་རཀྴ་བཛྲ་ས་མ་ཡ་ཛ་ཛཿ [ཞེས་སྤྱན་དྲངས།] བྷྱོཿ འཁོར་འདས་ཡོངས་ཀྱི་སྤྱི་རྗེ་མོ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ ཡེ་ཤེས་དང་ནི་འཇིག་རྟེན་གྱི༔ བཀའ་སྲུང་ཕོ་མོ་ལྷ་འདྲེར་བཅས༔ སྐུ་ཡི་དབྱིངས་སུ་བསྡུས་ནས་སུ༔ དུ་མ་རོ་གཅིག་ཉིད་དུ་བཞུགས༔ ས་མ་ཡ་ཏིཥྛ་ལྷན༔ [ཞེས་བཞུགས་སུ་གསོལ།] བྷྱོ༔ ཆོས་དབྱིངས་ཡུམ་གྱི་མཁའ་ཀློང་ནས༔ གསང་སྔགས་བསྟན་པའི་སྲུང་མ་རུ༔ སྐུར་བཞེངས་མ་མོ་རལ་གཅིག་མ༔ འཁོར་དང་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་འཚལ།] བྷྱོ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་གྱི༔ མཆོད་སྤྲིན་མི་ཟད་ནམ་མཁའི་མཛོད༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་དཀོར༔ མི་ཟད་རྒྱན་གྱི་འཁོར་ལོའི་ཚོགས༔ སྔགས་སྲུང་དབྱིངས་ཀྱི་རྗེ་མོར་འབུལ༔ བཞེས་ནས་ཕྲིན་ལས་ཡོངས་འགྲུབ་མཛོད༔ ཨོཾ་བཛྲ་ཨརྒྷཾ་[ནས་]ཤཔྡ་རཱུ་པ་ཤཔྡ་གནྡྷེར་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་མ་ཧཱ་མཱཾ་ས་པཱུ་ཛ་ཧོཿ [ཞེས་སྤྱིར་མཆོད་ཅིང་། ཁྱད་པར་དུ།] མ་མོ་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་
དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམ་པར་[མོས་ལ།] བྷྱོཿ མ་མ་ཨེ་ཀ་ཙ་ཏི་ཏྲག་རཀྴ་ས་མ་ཡ་ཛ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ལ།] དཔལ་ཡེ་ཤེས་ཀྱི་མ་མོ་སྔགས་སྲུང་རྡོ་རྗེ་རལ་གཅིག་མ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུང་[སོགས་ཀྱིས་འདོད་པའི་ཕྲིན་ལས་བཅོལ།] བྷྱོ༔ ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ༔ བསྟན་དང་བསྟན་འཛིན་སྡེ་སྐྱོང་ཕྱིར༔ འཁོར་འདས་དྲག་མོའི་སྐུར་བཞེངས་པ༔ འཁོར་འདས་གཉིས་ཀྱི་རྫུ་འཕྲུལ་སྟོན༔ སྲིད་པའི་ལེགས་ཉེས་གཉེར་ཁ་འཛིན༔ ཞིང་བཅུའི་སྲོག་གི་གཤེད་དུ་འབེབས། མ་མོ་མཁའ་འགྲོ་ཁྲ་ཐབས་འགྱེད༔ སྡེ་བརྒྱད་གདུག་པ་བྲན་དུ་བཀོལ༔ གཞི་བདག་ལྷ་འདྲེའི་སྲོག་སྙིང་འདྲེན༔ བཀའ་སྲུང་ཕོ་མོ་ལས་ལ་འགྱེད༔ འཁོར་འདས་དབང་མོ་ཁྱེད་ལ་བསྟོད༔ མཐུ་སྟོབས་དྲག་ཤུལ་དངོས་གྲུབ་སྩོལ༔ སྙན་དང་གྲགས་པ་རྒྱས་པར་མཛོད༔ དུས་ལ་བབ་བོ་ས་མ་ཡ༔ [ཞེས་བསྟོད། རྒྱུན་གྱི་བསྐང་གསོལ་ལྟ་བུའི་ཉི་ཚེ་བ་ལ་མི་དགོས་ཀྱང་ཆེད་དུ་བསྒྲུབ་པའི་སྐབས་སུ་བཟླས་པ་བྱ་བ་ནི།] མ་མོའི་ཐུགས་ཀར་
ཉི་མ་ལ་གནས་པའི་བྷྱོ་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་[བསམ་ལ། གོང་གནོན་གྱི་སྙིང་པོ་སྔོན་དུ་འགྲོ་བས།] བྷྱོ་མ་མ་ཨེ་ཀ་ཙ་ཏི་ཏྲ་ཀ་རཀྴ་ས་མ་ཡ་ཛ་ཛཿ [ཞེས་བཟླ་ཞིང་། རྦད་བསད་ཀྱི་མན་ངག་རྣམས་ནི་གཞུང་ལས་རྟོགས་པར་བྱའོ། །དེ་ནས་བསྐང་གསོལ་ནི། སྐོང་རྫས་ནམ་མཁའ་མཛོད་ཀྱི་འཁོར་ལོར་སྤེལ་ཏེ།] བྷྱོ༔ འཁོར་འདས་ཐུགས་ཀྱི་ཐིག་ལེ་རུ༔ འུབ་ཆུབ་རོལ་པ་ཆོས་ཀྱི་དབྱིངས༔ ཁྱབ་བདག་ཀུན་ཏུ་བཟང་མོ་དང་༔ སྒྱུ་འཕྲུལ་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཨེ་ཀ་ཙ་ཏི་སྤུན་དྲུག་དང་༔ རྩལ་སྣང་བྲན་མོ་བཅུ་བཞི་དང་༔ གཡོག་མོ་ལྔ་བཅུ་རྩ་བརྒྱད་དང་༔ ཡང་གཡོག་འབུམ་ཁྲི་འབུམ་སྟོང་དང་༔ འདོད་ཁམས་དབང་ཕྱུག་རེ་མ་ཏཱི༔ སྲིད་པ་མ་མོའི་དཀྱིལ་འཁོར་གྲལ༔ གདོད་ནས་ཡེ་སངས་རྒྱས་མོད་ཀྱང་༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ རྒྱུ་འབྲས་ཟབ་མོ་མི་བསླུ་ཕྱིར༔ དབྱིངས་ལས་སྐུར་བཞེངས་འདིར་གཤེགས་བཞུགས༔ གུས་པས་ཕྱག་འཚལ་ཐུགས་རྗེས་དགོངས༔ དངོས་འབྱོར་ཡིད་སྤྲུལ་འདོད་ཡོན་ཚོགས༔ སྣང་སྲིད་མཆོད་
པའི་ཕྱག་རྒྱར་འབུལ༔གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ བདག་ཅག་མ་རིག་དབང་གྱུར་པས༔ ཐུགས་དང་འགལ་འདས་ནོར་འཁྲུལ་བཤགས༔ དག་ཚངས་མཆོག་ཐུན་དངོས་གྲུབ་སྩོལ༔ མི་འབྲལ་བྱམས་བརྩེས་སྲུང་སྐྱོབ་མཛོད༔ ཀ་དག་ཆེན་པོའི་ས་ལ་སྐྱོལ༔ སྐྱེ་འགྲོའི་བློ་ཡི་བདག་དབང་བསྒྱུར༔ འདོད་རྒུའི་དཔལ་ཡོན་ཆར་དུ་ཕོབ༔ ནད་མུག་མཚོན་འཁྲུགས་གོད་ཡམས་ཟློག༔ ཕྱི་ནང་གསང་བའི་བར་ཆད་ཐུལ༔ གང་བསམ་འདོད་དོན་ཡོངས་འགྲུབ་མཛོད༔ མ་མ་བཛྲ་ས་མ་ཡ༔ [ཞེས་བསྐང་བ་བྱ། མཐར་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་སོགས་རྗེས་ཀྱི་ཆོ་ག་སྤྱི་ལྟར་བགྱིས་པས་གྲུབ་བོ། །ཞེས་པའང་ཉེ་བར་གནས་པ་བློ་གྲོས་ཉི་མས་བསྐུལ་བ་ལྟར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཇུག་བདེ་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།]
ལྷ་ཆེན་མ་ཧཱ་དེ་ཝའི་རྒྱུན་གསོལ་ཁྱེར་བདེར་བཀོད་པ་ཕྲིན་ལས་འདོད་འཇོ།
༄༅། །[ལྷ་ཆེན་མ་ཧཱ་དེ་ཝའི་རྒྱུན་གསོལ་ཁྱེར་བདེར་བཀོད་པ་ཕྲིན་ལས་འདོད་འཇོ་ཞེས་བྱ་བ་བཞུགས་སོ། །]༈ ན་མོ་པདྨ་ཀཱ་ར་ཡེ། [ལྷ་ཆེན་མ་ཧཱ་དེ་ཝའི་ཕྲིན་ལས་མདོར་བསྡུས་སུ་བྱ་བ་ལ། རིན་པོ་ཆེའི་སྣོད་དུ་བཤོས་ཟླུམ་དམར་པོ་འཁོར་རང་འདྲ་གཡོན་དུ་གཅིག་ཕྱོགས་བཞིར་བཞི་བཅས་བཀོད་པ་དང་། མཆོད་རྫས་གསེར་སྐྱེམས་སོགས་བཤམ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་མཆོད་གཏོར་བརླབ་ལ། མངོན་རྟོགས་བསྐྱེད་པ་ནི།] ཨོཾ་མ་ཧཱ་ཤུ་ནྱ་ཏའི་[སྔགས་ཀྱིས་སྟོང་པར་སྦྱངས།] སྟོང་པའི་ངང་ལས་མདུན་དུ་པདྨ་རཱ་ག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་དབྱིབས་ཟླ་གམ་སྒོ་གཅིག་ནུབ་ཏུ་བསྟན་པ། འོད་ཟེར་ཀུན་ནས་འབར་བའི་དབུས་སུ་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བའི་སྟེང་དུ་ཟླ་ཕྱེད་ཀྱི་གདན་ལ་ཧྲཱིཿཡིག་དམར་པོ་གསལ་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། ཁམས་གསུམ་སྣོད་བཅུད་ཐམས་ཅད་དབང་དུ་བསྡུས་ནས་འོད་ཟེར་དམར་པོའི་རྣམ་པར་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་འབར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་ཆགས་ཤིང་སྒེག་ལ་ཞི་མ་ཁྲོའི་ཉམས་ཅན། གཡས་ཁམས་གསུམ་འགུགས་པའི་ལྕགས་ཀྱུ་རྣོན་པོ་ཕྱར་སྟབས་སུ་འཛིན་ཅིང་གཡོན་སྡིགས་
མཛུབ་དང་བཅས་པས་སྣང་སྲིད་བྲན་དུ་བསྡོམ་པའི་ཉི་ཟེར་གྱི་ཞགས་པ་འཛིན་པ་། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཟུར་ཕུད་ལ་ཟླ་བ་ཚེས་པས་བརྒྱན་ཅིང་ཉི་མ་ལྟེ་བར་ངོམས་པ། གཅེར་བུ་ལིང་ག་གྱེན་དུ་བསྒྲེང་ཞིང་ཆགས་པའི་ཟིལ་པ་འཁྲིགས་པ། ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་སེར་པོ། དབང་རྒྱལ་དམར་པོ། ཕ་རོལ་དཔུང་འཇོམས་ལྗང་སྔོན་རྣམས་ཀྱི་ཕྲེང་བས་སྤྲས་ཤིང་ཞབས་གཉིས་འདོར་སྟབས་ཀྱིས་བཞུགས་པ། དེའི་གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་དམར་གསལ་གཡས་ནོར་བུ་དང་གཡོན་གཏེར་བུམ་བསྣམས་པ། དབུ་སྐྲ་ལྗང་སྔོན་ས་ལ་གྲོལ་བ། གཅེར་བུ་པདྨའི་ཕྲེང་བས་ཐོད་རྒྱན་ཅན། ཡབ་ལ་ཟུར་མིག་བལྟ་ཞིང་དགྱེས་ཆགས་བཞད་པའི་རྣམ་འགྱུར་དང་བཅས་ཏེ་བཞེངས་སྟབས་སུ་གནས་པ། ཕྱོགས་ཀྱི་འདབ་མར་ཤར་དུ་འགུགས་བྱེད་མ། ལྷོ་རུ་འཆིང་བྱེད་མ། ནུབ་ཏུ་རྨོངས་བྱེད་མ། བྱང་དུ་མྱོས་བྱེད་མ་སྟེ། བཞི་ཀའང་དབང་གི་མདོག་ཅན་རང་རྟགས་ཀྱི་ཕྱག་མཚན་འཛིན་ཅིང་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ། ཞི་འཛུམ་ཆགས་པའི་ཉམས་ཅན་འགྲེང་སྟབས་སུ་འཁོད་པ། གཞན་ཡང་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་ཀྱིས་བསྐོར་ཞིང་འོད་ཟེར་རབ་ཏུ་འཁྲུགས་
པའི་དབུས་ན་རོལ་པའོ། །དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་སོ་སོའི་ས་བོན་གྱིས་མཚན་པ་དང་རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་ཚངས་པའི་གནས་སོགས་གར་བཞུགས་ཀྱི་གནས་ནས་ལྷ་ཆེན་ལྕམ་དྲལ་འཁོར་དང་བཅས་པ་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་གྱུར་པར་[བསམ་ལ།] ཨོཾ་མ་ཧཱ་དཱེ་ཝ་ཨཱ་ཀཪྴ་ཡ་ཛ་ཛཿ [ཞེས་བཟླ་ཞིང་། སྤོས་དུད་རོལ་མོའི་སྒྲ་དང་བཅས་པས།] ཧཱུཾ་ཧྲཱིཿ དད་པ་དང་ནི་དམ་ཚིག་གཉན་པོ་ཡིས༔ འབོད་དོ་བསྒྲུབ་བོ་ལྷ་ཆེན་ཚོགས་ཀྱི་བདག༔ དབང་ཕྱུག་མ་ཧཱ་ཨོཾ་ཝ་ལོ་ལྕམ་དྲལ་འཁོར༔ དད་དང་དམ་ཚིག་གཉན་པོས་སྤྱན་འདྲེན་ནོ༔ སངས་རྒྱས་བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ༔ དཀོན་མཆོག་དབུ་འཕང་བསྟོད་ཕྱིར༴ རྣལ་འབྱོར་བུ་བཞིན་སྐྱོང་ཕྱིར༴ ཁམས་གསུམ་དབང་དུ་སྡུད་ཕྱིར༴ སྲིད་གསུམ་ཟིལ་གྱིས་གནོན་ཕྱིར༴ ཕྱི་ནང་བར་ཆད་བཟློག་ཕྱིར་གཤེགས་སུ་གསོལ༔ མ་གཡེལ་མ་འགྱང་དམ་ཚིག་རྗེས་དགོངས་ལ༔ མ་ཐོགས་མྱུར་དུ་གནས་འདིར་གཤེགས་སུ་གསོལ༔ ཨོཾ་མ་ཧཱ་དཱེ་ཝ་སརྦ་ས་པ་རི་ཝཱ་ར་བཛྲས་མ་ཛ་ཛཿ [ཞེས་སྤྱན་དྲངས་ལ་བཞུགས་གསོལ་ནི།] ཧྲཱིཿ སྣང་སྲིད་
དབང་བསྒྱུར་སྒྲུབ་ལ་དངོས་གྲུབ་སྟེར༔ འཇིག་རྟེན་གསུམ་གྱི་གཙུག་ན་མངོན་མཐོ་བ༔ ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས༔ བསྒྲུབ་ཅིང་བརྟེན་པའི་གནས་འདིར་དགྱེས་པར་བཞུགས༔ ཛཿཧཱུཾ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན༔ [མཆོད་པ་ནི།] ཧྲཱིཿ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎའི་ཚོགས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ འབྲུ་སྨན་ཟས་ནོར་རིན་ཆེན་དཀོར༔ དར་ཟབ་གཅན་གཟན་གོ་མཚོན་རིགས༔ བརྟེན་སྒྲུབ་མཆོད་བསྐང་མཐུན་པའི་རྫས༔ མ་ཚང་མེད་པའི་ལོངས་སྤྱོད་ནི༔ དབང་ཕྱུག་འཁོར་དང་བཅས་ལ་འབུལ༔ དགྱེས་པར་དགོངས་ལ་བཞེས་པར་མཛོད༔ ཨོཾ་མ་ཧཱ་དཱེ་ཝཱ་ས་པ་རི་ཝཱ་ར་ཨརྒྷཾ་[ནས།] ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱས་པཪྴེ་མ་ཝཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོ༔ [ཞེས་སྤྱིར་མཆོད། ཁྱད་པར་དུ།] ལྷ་ཆེན་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་རྩེ་གསུམ་པའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་གྱུར་པར[བསམ་ལ།] ཨོཾ་མ་ཧཱ་དཱེ་ཝ་ཛཿ ཨུ་མ་དཱེ་ཝི་ཧྲཱིཾ་ཧ་རི་ནིས་པཱ་ཤཾ་ཀུ་རུ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་ལན་གསུམ་མམ་བདུན་གྱིས་ཕུལ་ལ།] བསྟན་པའི་བཀའ་སྲུང་ཆེན་པོ་ལྷ་ཆེན་ལྕམ་དྲལ་
འཁོར་འདས་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་[སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི།] ཧྲཱི༔ ཐུགས་རྗེའི་གཏེར་ཆེན་མགོན་པོ་སྤྱན་རས་གཟིགས༔ གང་འདུལ་ཐབས་མཁས་སྤྲུལ་བསྒྱུར་རོལ་པ་ལས༔ ཁམས་གསུམ་དབང་མཛད་བདག་པོའི་སྐུར་བཞེངས་པ༔ དྲང་སྲོང་ལྷ་ཡི་བླ་མ་ཁྱོད་ལ་བསྟོད༔ དབང་གི་བདག་ཉིད་དམར་གསལ་རཱ་གའི་མདོག །སྣང་བ་དབང་དུ་སྡུས་པའི་ལྕགས་ཀྱུ་དང་། །སྐྱེ་འགྲོ་བྲན་དུ་བཅིང་ཕྱིར་ཞགས་པ་འཛིན། །བག་དྲོ་ལྷུན་བརྗིད་ཆགས་པའི་ཟིལ་པ་འཁྲིགས། །ཨུ་མ་དཱེ་ཝི་ཡུམ་དང་གཉིས་མེད་རྩེ། །འགུག་འཆིང་སྡོམ་མྱོས་ལས་ཀྱི་ཕོ་ཉ་སོགས། །མ་ངེས་གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་ངོམས། །དབང་ཕྱུག་མ་ཧཱ་དཱེ་ཝ་ཁྱོད་ལ་བསྟོད། །དེ་ལྟར་ཁྱོད་བསྒྲུབས་བསྟོད་པའི་ཡོན་ཏན་གྱིས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ ལོག་འདྲེན་དགྲ་བགེགས་རྩད་ནས་གཅོད་པ་དང་༔ བདག་གི་བསམ་དོན་མ་ལུས་ཡོངས་འགྲུབ་མཛོད༔ [ཅེས་བསྟོད། རྒྱུན་གསོལ་ལྟ་བུར་བཟླས་པ་མི་དགོས་ཀྱང་ཆེད་དུ་བསྒྲུབ་པའི་སྐབས་སུ་འདིར་བཟླས་པ་བྱ་བ་ནི།] ལྷ་ཆེན་གྱིས་ཐུགས་
ཀར་ཟླ་ཕྱེད་ཀྱི་གདན་ལ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿདམར་པོའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་བསྒྲུབ་པར་བམ་ལ། ཨོཾ་མ་ཧཱ་དཱེ་ཝ་ཧྲཱིཿཛཿ [ཞེས་གཙོ་སྔགས་དང་།] ཨོཾ་མ་ཧཱ་དཱེ་ཝ་ཛཿ ཨུ་མ་དཱེ་ཝི་ཧྲཱིཾ་ཧ་རི་ནི་ས་པཱ་ཤཾ་ཀུ་རུ་ཧོཿ [ཞེས་སྤྱི་དྲིལ་བསྙེན་སྔགས་བཅས་བཟླ། དེ་ནས་བསྐང་གསོལ་ནི། རྒྱས་པ་གཞུང་ལས་ཤེས་པར་བྱ་ལ། འདིར་གྲངས་བསགས་ཀྱི་སྐབས་སོགས་བསྡུས་པར་བྱེད་ན། བསྐང་རྫས་ནམ་མཁའ་མཛོད་དུ་སྤེལ་ལ།] ཧྲཱི་ཛཿ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་ག་ཎ་ཚོགས༔ འབྲུ་སྨན་ཟས་ནོར་རིན་ཆེན་དཀོར༔ དར་ཟབ་གཅན་གཟན་གོ་མཚོན་རིགས༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་བདུན༔ བརྟེན་སྒྲུབ་མཆོད་བསྐང་མཐུན་པའི་རྫས༔ དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་ཏེ༔ འདོད་ཡོན་ནམ་མཁའ་མཛོད་ཆེན་པོས༔ ལྷ་ཆེན་དབང་ཕྱུག་ཆེན་པོ་མཆོད༔ བཙུན་མོ་ཨུ་མ་དཱེ་ཝི་མཆོད༔ འཁོར་དང་བཅས་པ་གསོལ་ལོ་མཆོད༔ སྐད་ཅིག་
མི་འབྲལ་སྲུང་སྐྱོབ་ལ༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ ཕྲིན་ལས་རབ་འབྱམས་ཡོངས་འགྲུབ་མཛོད༔ [ཞེས་གསོལ། འདི་ཉིད་གསོལ་ཁ་གཞན་གྱི་དཀྱུས་སུ་འཛུད་ན་འདི་གས་འཐུས་ཤིང་སྒེར་དུ་བྱེད་ན་མཐར་ཕྲིན་བཅོལ་རྗེས་ཆོག་རྣམས་སྤྱི་ལྟར་བྱའོ། །ཞེས་པའང་བྱང་ཆུབ་བསྟན་འཛིན་དང་། ཕྲིན་ལས་སྒྲུབ་བརྒྱུད་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྱེར་བདེར་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། ༎]
བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ།
༄༅། །བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ་ཞེས་བྱ་བ་བཞུགས་སོ། །
༄༅། །ཨོཾ་སྭ་སྟི། སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་གར། །བདུད་སྡེའི་གཡུལ་འཇོམས་རྡོ་རྗེ་གྲོ་ལོད་དང་། །དབྱེར་མེད་གནོད་སྦྱིན་ཆེན་པོར་ཉེར་བཏུད་ནས། །དེ་ཡི་ཕྲིན་ལས་དམ་ལྡན་དཔྱིད་དུ་བསྐྲུན། །[དེ་ཡང་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པ་ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་སྲུང་མ་ལས་ལ་བཀོལ་དུ་བཏུབ་པའི་སྒྲུབ་པ་པོས། མཐུ་ནུས་དྲག་རྩལ་མྱུར་མགྱོགས་གཞན་ལས་ཁྱད་པར་དུ་གྱུར་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཤན་པ་དམར་ནག་ཉིད་སྒྲུབ་པའི་ཕྲིན་ལས་ལག་ཏུ་ལེན་པའི་རིམ་པ་ལ། སྦྱོར་བ་ཉ་སྟོང་དགུ་གསུམ་ལ་སོགས་པ་དུས་ཁྱད་པར་ཅན་གྱི་ཚེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་ཁང་བྱི་དོར་བྱས་ལ་ཉེ་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་
བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་ཐོད་པའམ་རིན་པོ་ཆེའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས། གོང་གནོན་ལྷའི་འདས་གཏོར་དང་། ཤན་པའི་གཏོར་མ་ལྕགས་འཁོར་རྩིབས་བརྒྱད་སྟེང་དམར་གྱི་གཏོར་མ་གྲུ་གསུམ་བརྗིད་ལྡན་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་བཅས་མཐེབ་ཀྱུ་ཤ་ཁྲག་སྙིང་སྣ་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བསྐོར་བ་མདའ་དར་དམར་པོས་བརྒྱན་པ་དང་། འདས་མ་འདས་ཀྱི་གཏོར་མ་བཤམ་དགོས་གཞན་ཡོད་ནའང་རིམ་པ་མ་འཆོལ་བར་བཀོད་པའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱི་མཆོད་དང་། དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་གྱི་ཉེར་སྤྱོད་རྣམས་ཕྲེང་ཚར་དུ་འགོད། གཞན་ཡང་ཕྱི་ནང་གསང་བའི་མཆོད་རྫས།
མཐུན་རྫས། རྟེན་རྫས། སྐོང་རྫས་ལ་སོགས་པ་ཅི་འབྱོར་དང་། རྡོ་དྲིལ་རྔ་སིལ་གཡབ་དང་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ཏེ། ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །སྔ་མ་ལ་གསུམ་གྱི།] དང་པོ་བདག་གི་རྣལ་འབྱོར་ནི། སྤྱིར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད་ཁྱད་པར་གཏེར་ཁ་འདི་གའི་རྩ་གསུམ་གང་རིགས་ལ་བསྟེན་ན་འབྲེལ་ཆགས་ཤིང་། དེ་ཡང་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་ལྷའི་ང་རྒྱལ་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་སྐབས་འདིར་བདག་བསྐྱེད་མདོར་བསྡུས་འདི་ལྟར་ཤེས་པར་བྱ་སྟེ། ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་སྟོང་ཆེན་གདོད་མའི་གཤིས༔ སྤྲོས་བྲལ་དེ་བཞིན་ཉིད་དབྱིངས་ལས༔ མ་རྟོགས་ལོག་འདྲེན་སེམས་ཅན་ལ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཤར༔ གསལ་སྟོང་འགག་མེད་རང་རིག་ནི༔ ཧཱུྃ་དམར་འབར་བས་མཁའ་དབྱིངས་གང་༔ དེ་ལས་ཡེ་ཤེས་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཁམས་གསུམ་ཨེ་ཡི་ཕོ་བྲང་དུ༔ པད་ཉི་དྲེགས་པ་རྒྱལ་བསེན་ཁྲིར༔ རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ བདག་ཉིད་པདྨ་ཁྲག་འཐུང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ སྨུག་ནག་དུས་མཐའི་མེ་ལྟར་འབར༔ སྤྱན་གསུམ་སྡང་
མིག་གློག་སྟོང་འཁྱུག༔ སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འཕྲོ༔ ཨམ་གཙིགས་བསྡམས་ཤིང་མཆེ་བ་གཙིགས༔ ཁྲོ་གཉེར་ཤངས་ནས་ཧཱུྃ་སྒྲ་ལྡིར༔ དམར་སེར་དབུ་སྐྲ་གྱེན་དུ་འཁྱིལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་རྭ་གདེངས་མེ་འབར་བ༔ ཧཱུྃ་དགུ་རཾ་དགུས་མཚན་པ་ཅན༔ ནམ་མཁའི་དབྱིངས་སུ་གསོར་ཞིང་འཕྱར༔ སྟེང་གདོན་མ་ལུས་ཐལ་བར་རློག༔ གཡོན་པས་གནམ་ལྕགས་ཕུར་པའི་དབལ༔ རྣོ་ངར་བགེགས་ཀྱི་སྙིང་ལ་གཟིར༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་ནི༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པ༔ གྲངས་མེད་ཁྲ་ཐབས་འགྱེད་པ་ཡིས༔ དམ་སྲི་རྒྱལ་འགོང་ཧབ་ཧབ་ཟ༔ གསང་ཕོད་ཆོས་གོས་སག་ལྷམ་གསོལ༔ སྙན་ཆ་དུང་གི་ཝང་མིག་མཛེས༔ ཁྲག་འཛག་མགོ་ཕྲེང་དོ་ཤལ་སྤྲས༔ ཞབས་ཟུང་གྱད་ཀྱི་འདོར་སྟབས་ཀྱིས༔ སྟག་མོ་གྲུས་མའི་སྟེང་ན་འགྱིང་༔ སྡེར་མོས་རྒྱལ་བསེན་སྙིང་རྩ་འདྲེན༔ སྤྱི་གཙུག་སྤྲུལ་པའི་མཁའ་ལྡིང་ནི༔ དམར་ནག་མེ་ཡི་གཤོག་པ་ཅན༔ ཀླུ་རིགས་སྦྲུལ་གྱི་རྣམ་པས་ཟ༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔
ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང་༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ ཐུགས་ཀའི་འོད་དང་ཧཱུྃ་གིས་གླུས༔ རྔ་ཡབ་གླིང་ནས་ཐོད་ཕྲེང་རྩལ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ དྲག་པོ་འཆོལ་བའི་སྐུར་བཞེངས་ཏེ༔ ཆར་ལྟར་བབས་ནས་རང་ལ་ཐིམ༔ ཐུགས་ཀར་ཉི་སྟེང་ཕ་ལམ་གྱི༔ རྡོ་རྗེའི་ལྟེ་བར་ཧཱུྃ་དམར་གསལ༔ ཧཱུྃ་ལས་ཧཱུྃ་དམར་མེ་འབར་བ༔ གྲངས་མེད་སྤྲིན་ཕུང་རབ་འཁྲུགས་པས༔ རང་ལུས་ཡོངས་གང་སྒོ་གསུམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས༔ ལྷག་མེད་གཞོབ་ཏུ་བསྲེགས་ཤིང་སྦྱངས༔ སྣ་བུག་གཡས་ནས་ཕྱིར་ཐོན་པས༔ ལྔ་ལྡན་ཧཱུྃ་གིས་སྟོང་ཁམས་གང་༔ དེ་རྣམས་སྐུར་གྱུར་ཧཱུྃ་སྒྲ་སྒྲོགས༔ གདུག་ཅན་མ་ལུས་བསྡངས་ཤིང་བརྒྱལ༔ སྣང་སྲིད་འཕར་རྡེག་ཤིག་ཤིག་གཡོ༔ ཐ་མལ་དངོས་སྣང་མི་དམིགས་དང་༔ སྣོད་བཅུད་ཁྲག་འཐུང་འཆོལ་བ་ཆེའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ [ཞེས་གསལ་བཏབ་ལ་ཧཱུྃ་སུམ་སྦྲེལ་གྱི་བཟླས་པ་ཅི་ནུས་བྱ། གཉིས་པ་མཆོད་རྫས་བརླབ་པ་ནི། ལས་སྔགས་ཀྱིས་བསང་།] སྭ་བྷཱ་
ཝ[ས་སྦྱང་།] སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་[བསམ་ལ།] ཨོཾ་བཛྲ་ཨརྒྷཾ་[སོགས་ནས།] ཤཔྡ་ཨཱཿཧཱུྃ་[གིས་བར་གྱིས་སྤྱིར་བརླབ་ཅིང་། བྱེ་བྲག་སྨན་རཀ་གཉིས།] རཾ་ཡཾ་ཁཾ་གི[ས་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར་པར[བསམ་ཞིང་།] ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་གསུམ་རེ་དང་། གཏོར་མ་བསང་སྦྱང་།] སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་
པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ [ཞེས་ལན་བདུན་ནམ་གསུམ་བརྗོད་པ་བྱིན་བརླབས། གསུམ་པ་འདས་གཏོར་འབུལ་བ་ནི། བདག་བསྐྱེད་ལས་གཞུང་རྒྱས་པ་གཞན་ལ་བརྟེན་ནས་བྱས་ཀྱང་ཆོག་ལ། དཀྱུས་ཀྱི་བདག་བསྐྱེད་ཁོ་ན་ལ་བརྟེན་པ་ཡིན་ན་སྐབས་འདིར་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་བྱའོ། །][གཉིས་པ་དངོས་གཞི་ལ་གཉིས། རྩ་བའི་ཕྲིན་ལས་གཞུང་སྲོང་བ་དང་། ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བའོ། །སྔ་མ་ལ་བརྒྱད་ལས། དང་པོ་མདུན་བསྐྱེད་གསལ་གདབ་བ་ནི།] ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾཿ[གིས་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱིས་གཞི་དུར་ཁྲོད་འཇིགས་སུ་རུང་བ། རོ་གསར་རྙིང་སྣ་ཚོགས་ཕུང་པོར་སྤུངས་ཤིང་གཅལ་དུ་བཀྲམ་པ། ཁྲག་གིས་སྦགས་པའི་རོ་ལང་དང་ཤ་ཟ་རྣམས་དགོད་ཅིང་གར་རྩེ་བ། མ་རུང་བའི་སྲོག་ཆགས་གདུག་པ་ཅན་རྣམས་ངུ་འབོད་ཀྱི་སྒྲ་དང་བཅས་པས་ལང་ལོང་དུ་འཕྱོ་ཞིང་རོ་ལ་ཟ་བ། མི་སྲུན་ལས་ཀྱི་བཤན་པ་འབུམ་སྡེ་ཀུན་ཏུ་རྒྱུ་ཞིང་ཉམས་པ་ཅན་རྣམས་འགུགས་འཆིང་གསོད་གཅོད་ཀྱི་ལས་བྱེད་པ། སྟེང་ན་དུག་གི་སྤྲིན་ནག་འཁྲིགས་པའི་གསེབ་ནས་འབྲུག་
སྒྲ་དྲག་པོ་དང་བཅས་ཏེ་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱོགས་ཐམས་ཅད་ནས་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཁྲུགས་པའི་མཐའ་ལྕགས་རི་ནག་པོ་ཡོངས་སུ་བསྐོར་བ། དེའི་དབུས་སུ་བྷྲཱུྃ་ལས་དབང་དྲག་རོལ་པའི་ཕོ་བྲང་ཆེན་པོ་དྲག་པོའི་རྒྱན་དང་བཀོད་པ་ཚད་མེད་པས་སྤྲས་པ། ནང་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་བཻ་ཌཱུརྱའི་བྲག་དང་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་གདན་ལ་རབ་འཇིགས་ཟངས་ཀྱི་ཁྱུང་དམར་སྤུ་གྲིའི་སྒྲོ་གཤོག་ཅན་རྔམས་སྟབས་སུ་འཕུར་ལྡིང་གཡོ་བའི་སྟེང་དུ་ཧཱུཾ་ཡིག་དམར་ནག་ཀྵཿ ཧྲཱིཿས་མཚན་པ་ཅན་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར་ཞིང་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞི་པ། ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་རྣོ་དཀར་གྱི་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཡོ་བ། སྨ་ར་ལས་མེའི་ཚྭ་ཚྭ་འཕྲོ་ཞིང་སྨིན་མར་བསྐལ་པའི་གློག་སྟོང་འཁྱུག་པ། ཕྱག་གཡས་དང་པོས་རལ་གྲི་མེ་འབར་བ་ཀླད་ལ་ཕྱར་ཞིང་གཡོན་དང་པོས་གདུག་པ་ཅན་གྱི་དོན་སྙིང་
དང་རྒྱུ་ཞགས་འཛིན་པ། འོག་མ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། ཁྲག་གི་རལ་པ་གྱེན་དུ་བརྫེས་ཤིང་ཐོད་པ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། དར་དམར་གསེར་བཀྲའི་བེར་ཆེན་གསོལ་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པ་དང་སྦྲུལ་གྱི་ཆུན་པོ་སོགས་དུར་ཁྲོད་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་མཆོག་གསོད་བྱེད་སྙིང་འབྱིན་མ་དམར་མོ་གཡས་ལྕགས་ཀྱུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དགྲ་བོའི་དོན་སྙིང་ཞལ་དུ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔས་སྤྲས་ཤིང་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། གཉིས་ཀའང་གཏུམ་རྔམས་བཟོད་པར་དཀའ་བའི་ཚུལ་ཅན་དྲག་པོའི་གད་རྒྱང་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་རྒྱལ་ཆེན་སྟག་གི་གདོང་ཅན་དཀར་པོ།
ལྷོ་རུ་གཤིན་རྗེ་གཟིག་གི་གདོང་ཅན་སྔོན་པོ། ནུབ་ཏུ་བཙན་རྗེ་དོམ་གྱི་གདོང་ཅན་དམར་ནག །བྱང་དུ་བདུད་པོ་འབྲོང་གི་གདོང་ཅན་ནག་པོ། ཤར་ལྷོར་སྲིན་པོ་ནེ་ཙོའི་གདོང་ཅན་དུད་ཁ། ལྷོ་ནུབ་ཏུ་ལྷ་མོ་རྨ་བྱའི་གདོང་ཅན་ལྗང་ནག །ནུབ་བྱང་དུ་གཟའ་བདུད་ཤང་ཤང་གདོང་ཅན་དུད་ཁ། བྱང་ཤར་དུ་ཀླུ་བདུད་གསེར་མིག་གདོང་ཅན་མཐིང་ནག །ཐམས་ཅད་ཀྱང་གཡས་རང་མདོག་གི་དར་མདུང་ཕྱར་ཞིང་གཡོན་སྙིང་དང་རྒྱུ་ཞགས་ཐོགས་པ། དར་བེར་གྱོན་ཅིང་སྟག་རལ་གཟིག་ཤུབ་བཅང་སྟེ་རྟ་ལ་ཞོན་པ། དེ་མཐར་ལས་བྱེད་ཕོ་ཉ་སྡེ་བརྒྱད་ཤ་ཟ་བཤན་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་ཐམས་ཅད་ཀྱང་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན། ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པའི་ཚུལ་གྱིས་གནས་པའོ། །[ཞེས་གསལ་གདབ། གཉིས་པ་སྤྱན་འདྲེན་པ་ནི།] དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས། འོག་མིན་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་དུར་ཁྲོད་སོགས་རང་བཞིན་གྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་
གིས་སྤྱན་དྲངས་པར་[བསམ་ཞིང་། ཤ་ཆེན་དང་གུ་ཤུལ་སོགས་སྦྱར་བའི་སྤོས་བསྲེག །རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་། གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས།] ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ དགྲ་བགེགས་བསྒྲལ་བར་ཞལ་བཞེས་པའི༔ དྲེགས་པའི་སྡེ་དཔོན་མཐུ་བོ་ཆེ༔ སྲོག་བདུད་ཆེན་པོ་གཤེགས་སུ་གསོལ༔ མཐུ་རྩལ་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ ཆེ་བཙན་དྲེགས་པ་བྲན་དུ་ཁོལ༔ ཤིན་ཏུ་མི་བསྲུན་དགྲ་བོའི་གཤེད༔ དམར་པོ་མི་བསྲུན་གཤེགས་སུ་གསོལ༔ [ཞེས་དང་། གཞན་ཡང་།] ཧཱུྃ་ཀྵ༔ རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ངང་ཉིད་ལས། །ཡེ་ཤེས་ཐུགས་རྗེ་ཁྲོས་པའི་གར་བསྒྱུར་བ། །རྡོ་རྗེ་ཐེག་པའི་བསྟན་སྲུང་མཐུ་བོ་ཆེ། །གནོད་སྦྱིན་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །པདྨ་དབང་གི་ཕོ་ཉ་དྲག་རྩལ་ཅན། །མ་
རུང་ཞིང་བཅུའི་སྲོག་བདག་བཤན་པ་ཁྱོད། །ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བ་སོགས། །དགྱེས་རྒུར་རོལ་པའི་གནས་ནས་ད་ཚུར་གཤེགས། །སྔོན་ཚེ་གསང་བདག་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར། །གསང་ཆེན་བསྟན་དང་བསྟན་འཛིན་སྡེ་དང་བཅས། །སྐྱོང་བའི་ཕྲིན་ལས་མཛད་ཕྱིར་ད་ཚུར་བྱོན། །དམ་ཚིག་གནས་འདིར་རིག་འཛིན་བདག་ཅག་གིས། །རྩེ་གཅིག་གདུང་བའི་ཡིད་ཀྱིས་ཁྱོད་འབོད་ན། །ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་ཕོ་ཉར་བཅས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་གཤེགས་སུ་གསོལ། །ཨེ་ཧེ་མ་རུ་ཙེས་པ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ [ཞེས་སྤྱན་དྲངས་པས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ། དུར་ཁྲོད་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་དང་བཅས་པ་རྣམས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། [ཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དམ་ལ་བཞག་པ་ནི། རང་ཉིད་ཡི་དམ་གྱི་སྙེམས་པ་བརྟན་པོས་གནོད་སྦྱིན་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག་
བདུད་རྩི་ལྗགས་ལ་བསྟིམ་པར་མོས་ཏེ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དབང་དྲག་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ། སློབ་དཔོན་པདྨ་ཐོད་ཕྲེང་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། གར་དབང་བདུད་འཇོམས་དཔའ་བོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་གསོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །[ཅེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་བསྒྲུབ་པའི་བཀའ་ནོད་པར་བསམ། ལྔ་པ་ཕྱག་བྱ་བ་ནི།] ཧཱུྃ། སངས་རྒྱས་
བསྟན་པ་གཉན་པོ་སྲུང་མཛད་ཅིང་། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་པའི། །གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་ལ། །རྩེ་གཅིག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [ཞེས་ཕྱག་བྱ། དྲུག་པ་མཆོད་པ་འབུལ་བ་ནི།] ཧཱུྃ། འཇིགས་བྱེད་དབང་དྲག་ཆེན་པོ་འཁོར་བཅས་ལ། །དགྱེས་པའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །ཉམས་པའི་སྙིང་ཁྲག་མཆོད་ཡོན་རྒྱ་མཚོར་འཁྱིལ། །དུག་ཁྲག་མྱོས་བྱེད་ཞབས་བསིལ་རྫིང་བུར་གཏམས། །དབང་པོ་སྣ་ལྔའི་མེ་ཏོག་ཚར་དུ་དངར། །སྣ་ཚོགས་ཤ་ཆེན་གསུར་དུད་སྤྲིན་ཕུང་གཡོ། །ཞུན་ཆེན་དམར་ནག་སྒྲོན་མེ་འོད་དུ་འབར། །མཁྲིས་ཆེན་ཁྲག་ཞག་དྲི་ཆབ་རྦ་ཀློང་འཁྲིགས། །ཤ་རུས་དོན་སྙིང་ཞལ་ཟས་ལྷུན་པོར་སྤུངས། །ཐོད་རྔ་དྲག་པོའི་རོལ་མོས་ས་གསུམ་གཡོ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་མ་ད་ན། །ཁམས་གསུམ་ཆགས་པ་བསྡུས་པའི་དམར་ཆེན་ཁྲག །མཆོག་གི་ལོངས་སྤྱོད་འདོད་རྒུའི་བ་ལིཾ་ཏ། །ཕུང་པོ་མ་ཚང་མེད་པའི་དམ་ཚིག་རྫས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་བཀང་སྟེ་འབུལ། །བརྩེ་བས་བཞེས་ནས་མཐུན་པའི་དངོས་གྲུབ་སྩོལ། །ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་པཱུ་ཛ་ཨརྒྷཾ། པཱ་དྱཾ་
པུཥྤེ། ངྷུ་པཾ། དི་པཾ། གྷནྡྷི། ནཻདྱ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། [ཞེས་ཉེར་སྦྱོད་དང་] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] བྱེ་བྲག་ཏུ། གནོད་སྦྱིན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམ་ཞིང་དགྱེས་པར་[བསམ་ལ། རྩ་སྔགས་ཀྱི་མཐར།] ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་བཏགས་པ་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ཏེ།] བསྟན་སྲུང་དྲེགས་པའི་གཙོ་བོ་དྲག་ཤུལ་མཐུ་སྟོབས་ཀྱི་དབང་ཕྱུག་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག །ཡུམ་མཆོག་གསོད་བྱེད་སྙིང་འབྱིན་མ། བཀའ་ཉན་ལས་མཁན་སྡེ་བརྒྱད། སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་[སོགས་སྔར་དམ་བཞག་གི་སྐབས་བཞིན་ཕྲིན་ལས་གསོལ། བདུན་པ་བསྟོད་པ་བྱ་བ་ནི།] ཧཱུྃ། བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ །གདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་ཁྱོད་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གཟུགས། །གནོད་སྦྱིན་སྲིན་པོ་ཚོགས་པའི་སྲས་གཅིག་པོ། །སྐུ་
མདོག་དམར་ནག་ཁྲོ་བོའི་ཚུལ་འཆང་བ། །འཇིགས་པའི་མེ་འོད་འཕྲོ་ལ་ཕྱག་འཚལ་བསྟོད། །རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ། །ཐོད་སྐམ་རིན་ཆེན་འབར་བས་དབུ་ལ་བརྒྱན། །ཁྲོས་པའི་སྡང་མིག་ཕྱོགས་མཚམས་ཀུན་ཏུ་བལྟ། །ཤངས་ནས་དུད་སྤྲིན་འཁྲིགས་ལ་ཕྱག་འཚལ་བསྟོད། །རྔམས་པའི་ཞལ་གདངས་རབ་རྣོན་མཆེ་བ་གཙིགས། །གྲྭ་ནས་ཁྲག་འཛག་དུག་གི་ཁ་རླངས་འཐུལ། །གློག་དམར་འཁྱུག་པ་ལྟ་བུའི་ལྗགས་བསྐྱོད་པས། །དམ་ཉམས་སྙིང་ཁྲག་འཐུང་ལ་ཕྱག༴ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་གིས། །སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད། །གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས། །བསྟན་དགྲའི་ཤ་རུས་གསོལ་ལ༴ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ། །སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་བསྡུད། །དར་དམར་འཇོལ་བེར་ཐོད་སྦྲུལ་རིན་ཆེན་སོགས། །དྲག་པོའི་ཆ་ལུགས་རྫོགས་ལ༴ གསང་བའི་དགྱེས་སྤྱོད་གསོད་བྱེད་སྙིང་འབྱིན་མ། །ལྕགས་ཀྱུ་ཐོད་ཁྲག་འཛིན་དང་གཉིས་མེད་རྩེ། །དྲག་པོའི་ང་རོ་འབྲུག་གི་སྒྲ་
བསྒྲགས་པས། །ཁམས་གསུམ་གཡོ་ཞིང་འཁྲུག་ལ༴ མེ་ཁྱུང་དམར་པོ་སྤུ་གྲིའི་སྒྲོ་གཤོག་ཅན། །ཆིབས་ནས་སྟོང་གསུམ་སྐད་ཅིག་ཡུད་ཀྱིས་བསྐོར། །གླིང་བཞིར་རྒྱུག་ཅིང་མཚོན་གཟེར་དགྲ་ལ་འདེབས། །མྱུར་མགྱོགས་བླ་རྐུན་ཆེན་པོ་ཁྱོད་ལ་བསྟོད། །མཁའ་ལ་བསྐྱོད་ཚེ་སྟོང་གསུམ་ཁུ་སྒྲས་འགེངས། །དུར་ཁྲོད་དམག་ཚོགས་བསྡུས་ནས་དགྲ་བོ་སྒྲོལ། །གར་ཕེབས་ས་རུ་མི་རོ་རགས་སུ་འཚེར། །སྲོག་བདུད་ལས་ཀྱི་བཤན་པ་ཁྱོད་ལ་བསྟོད། །ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་བཀོལ། །དམ་ཉམས་བསྒྲལ་ནས་རྣལ་འབྱོར་ཕྲིན་ལས་མཛོད། །གར་རྦད་ས་རུ་དམ་ཉམས་ཐལ་བར་བརླག །ཕུང་བྱེད་མི་ཟན་ཁྱོད་ལ༴ རབ་འཇིགས་སྤྲུལ་པའི་ཕོ་ཉ་ལས་མཁན་བརྒྱད། །བཀའ་ཉན་སྣང་སྲིད་ལྷ་སྲིན་དྲེགས་པའི་སྡེ། །ཤ་ཟ་བཤན་པའི་དམག་དཔུང་རླུང་ལྟར་འཚུབས། །གནོད་སྦྱིན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །[ཅེས་བསྟོད། བརྒྱད་པ་བཟླས་པ་བྱ་བ་ནི།] གནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནག་ཀྵཿ ཧྲཱིཿས་མཚན་པ་ཅན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་
བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་[མོས་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས།] ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ[ཞེས་བཟླ། འདི་ནི་ཐུན་མོང་རྒྱུན་གྱི་བསྙེན་སྔགས་ཏེ་སྤྱི་ཙམ་དུ་འདི་ཁོ་ནས་ཆོག་ལ། ལས་ཁྱད་པར་བ་དང་འབྲེལ་བ་སྤུ་གྲི་གཅིག་ཤུར་ལ་སོགས་པའི་སྔགས་ཐུན་མོང་མ་ཡིན་པ་རྣམས་མན་ངག་ལས་ཤེས་སོ། །བཟླས་པའི་མཐར།] ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས] ཤཔྡའི་[བར་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་མཆོད།] ཧཱུྃ། བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ །འདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་འཁོར་དང་བཅས་ལ་བསྟོད། །ཐུགས་རྗེ་ཐུགས་དམ་གཉན་པོ་མ་གཡེལ་བར། །ཟབ་གསང་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །རྣལ་འབྱོར་བསམ་པའི་རེ་བ་ཡོངས་གང་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ལོ། །གཉིས་པ་ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བ་གཉིས། སྐོང་བཤགས་དང་འབྲེལ་བའི་ཕྲིན་ལས་སྤྱི་ཙམ་དུ་བསྒྲུབ་པ་དང་། དྲག་ལས་དང་འབྲེལ་བའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པའོ། །སྔ་མ་ལ་གསུམ་གྱི། དང་པོ་ཐུགས་དམ་སྐོང་བ་
ནི། བསྐང་རྫས་རྣམས།] ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུ་འབྱོར་བ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་[བསམ་ཞིང་།] ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་གན་ཁཾ་སྭཱ་ཧཱ། [ལན་གསུམ་དང་།] བཛྲ་སྥ་ར་ཎ་ཁཾ། [ཞེས་རྒྱ་ཆེར་སྤེལ་ནས།] ཧཱུྃ། ཁྲག་འཐུང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །སྙིང་རྗེ་ཆེན་པོས་མི་བཟད་ཁྲོས་པའི་གར། །འཇིགས་བྱེད་གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་བར་བགྱི། །ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་གཤིས། །མ་འགགས་རང་བྱུང་ཀུན་བཟང་རྣམ་རོལ་ལས། །ཡོངས་ཤར་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་གིས། །མཁའ་ལམ་དོག་པོར་བྱས་པས་ཐུགས་དམ་བསྐང་། །ཚིལ་ཆེན་དམ་རྫས་སྤོས་ཀྱི་དུད་སྤྲིན་དང་། །དབང་མདོག་དར་གྱི་གཡབ་མོ་ལྷབ་ལྷུབ་གཡོ། །གདུང་བའི་ང་རོས་འབོད་
བསྐུལ་སྙན་བརྗིད་གདངས། །རོལ་མོའི་སྒྲ་དང་སྦྱར་བས་ཐུགས་དམ་བསྐང་། །དུར་ཁྲོད་ཐོད་མཁར་ཞིང་གི་བླ་བྲེ་བྲེས། །རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་འཕྱང་འཕྲུལ་རྒྱན། །མི་མགོའི་ཏོག་དང་རོ་སྐྲའི་རྔ་ཡབ་སོགས། །འཇིགས་རུང་གནས་ཀྱང་བཀོད་པས་ཐུགས༴ ཁྲག་གི་ཨརྒྷཾ་དུག་ཆུའི་ཞབས་བསིལ་རྒྱུན། །དབང་ལྔའི་མེ་ཏོག་ཚིལ་གསུར་ཞུན་མེ་སྤར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །རྐང་གླིང་དུར་ཁྲོད་རོལ་མོས་ཐུགས༴ དངོས་གྲུབ་འགུགས་པའི་ལྕགས་ཀྱུ་རྣམ་པ་ལྔ། །ཡེ་ཤེས་གསལ་བའི་སྒྲོན་མེ་ལྔ་དང་སྦྱར། །བྱང་ཆུབ་སེམས་དངོས་འཆི་མེད་ར་སཱ་ཡ། །ཛ་གད་དཔའ་བོའི་བཅུད་ཀྱིས༴ འབྱུང་བ་བཅུད་བསྡུས་རྔམས་དང་གདུང་བའི་དམར། །པདྨ་མུ་ལ་གུ་ཧྱ་རཀྟ་ཆེ། །ཞིང་བཅུའི་སྲོག་རྩ་བཅད་པའི་སྙིང་གི་ཁྲག །ལྦུ་ཕྲེང་དོ་ཤལ་གཡོ་བས༴ ལྕང་ལོར་བཅས་པའི་བྷནྡྷའི་སྣོད་ཡངས་པར། །ཉམས་པའི་ཤ་རུས་ལས་བྱུང་དམར་གྱི་བཤོས། །འདོད་རྒུ་འཇོ་བའི་རྟེན་གྱི་དམ་ཚིག་རྫས། །ལྷུན་པོའི་གཏོས་ལྟར་སྤུངས་པས་ཐུགས༴ རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་བའི་རྫས། །མཐུན་པའི་དམ་རྫས་ཡིད་འཕྲོག་སྤྱན་གཟིགས་
དཀོར། །བལྟ་བས་མི་ངོམས་ལྷ་མིའི་འབྱོར་པའི་ཕུལ། །གྲངས་མེད་འདོད་རྒུར་འཆར་བས༴ གནམ་ལྕགས་རལ་གྲི་མེ་རིའི་ཚྭ་ཚྭ་འཕྲོ། །རེག་ན་གཅོད་པའི་གྲི་གུག་རྣོ་ངར་ཅན། །དམ་ཉམས་དགྲ་བོའི་དོན་སྙིང་རྒྱུ་རློན་ཞགས། །ཐོད་པ་ཁྲག་གིས་བཀང་བས༴ གསེར་གྱི་ཧ་རིས་བཀྲ་བའི་དར་དམར་བེར། །དཔའ་བོའི་རྟགས་ཀྱི་མཚན་མ་དུར་ཁྲོད་ཆས། །ཟངས་ཀྱི་བྱ་ཁྱུང་སྤུ་གྲིའི་སྒྲོ་གཤོག་ཅན། །རྔམས་བརྗིད་རྒྱན་དང་བཞོན་པས་ཐུགས༴ དམ་ཚིག་བྲིས་སྐུ་སྔགས་ཀྱི་ཕྱག་རྒྱ་ཆེ། །ཡབ་ཡུམ་སྲོག་འཁོར་བླ་རྡོ་བྱ་དམར་སྙིང་། །བླ་རྟེན་ཕུར་བུ་དམ་རྫས་ལེ་བརྒན་དར། །ཁྱད་འཕགས་གསང་བའི་རྟེན་གྱིས་ཐུགས༴ སྣང་སྟོང་རྩ་གནས་སྒྱུ་འཕྲུལ་ཕྱག་རྒྱའི་སྤྲིན། །གྲགས་སྟོང་རླུང་སྔགས་མི་ཤིགས་ནཱ་དའི་དབྱངས། །རིག་སྟོང་ཐིག་ལེ་འོད་གསལ་བདེ་བ་ཆེ། །མཉམ་རྫོགས་ཁྱབ་བརྡལ་རོལ་པས་ཐུགས་དམ་བསྐང་། །སྣང་ཆ་བསྟན་སྲུང་དྲེགས་པའི་ཚུལ་ཤར་ཡང་། །ཆོས་ཉིད་མི་འགྱུར་ཐིག་ལེ་ཉག་གཅིག་ཀློང་། །དོན་དམ་འདུ་འབྲལ་མེད་པའི་དམ་ཚིག་གིས། །གཉིས་མེད་དགྱེས་པ་ཆེན་པོར་བསྐང་གྱུར་ཏེ། །རྟག་ཏུ་གཡེལ་བ་མེད་པའི་ཕྲིན་ལས་ཀྱིས། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་
ནས་ཀྱང་། །རྣལ་འབྱོར་བདག་གིས་ཇི་ལྟར་གསོལ་བའི་དོན། །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །[ཅེས་བསྐང་། གཉིས་པ་བཤགས་པ་བྱ་བ་ནི།] ཧཱུྃ། རྒྱལ་བ་ཀུན་གྱི་མཐུ་སྟོབས་དྲག་པོའི་སྐུ། །གཏུམ་ཆེན་གནོད་སྦྱིན་ཆེན་པོར་རྣམ་རོལ་བ། །ཡབ་ཡུམ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །[ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །གསུམ་པ་ཕྲིན་ལས་གསོལ་བ་ནི།] ཧཱུྃ། དབང་དྲག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །ཕྲིན་ལས་གཉན་པོ་གསོལ་ཞིང་བསྐུལ་བ་ནི། །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད། །ཁྱད་པར་རྣལ་འབྱོར་བདག་ཅག་
དཔོན་སློབ་ལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་། །རྣལ་འབྱོར་སྡང་དགྲ་གསོད་ལ་མཐུ་མ་ཆུང་། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་འདོད་པའི་ཕྲིན་ལས་ནན་ཏན་དུ་གསོལ་ལོ། །གཉིས་པ་དྲག་པོའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པ་ནི། འབོད་རྦད་བསད་པ་གསུམ་གྱིས་གཞི་བཟུང་། མནན་སྲེག་འཕང་བ་གསུམ་གྱིས་མཐའ་བསྡུས་ཏེ་དྲག་པོའི་ལས་ལ་སྦྱོར་ཚུལ་གཏེར་གཞུང་རྩ་བའི་མན་ངག་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ་ལག་ཏུ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། གཏོར་མ་གཏོང་བ་ལ། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང་། ཉིན་ཐ་མའི་ཚེ་ན་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ཏེ་རཀྟས་བྲན་ལ་དམིགས་བྱ་འགུགས། བདུད་རྩིས་བྲན་ལ།] ཨོཾ་ཨཱཿཧཱུྃ་ཧོཿ[ས་བྱིན་གྱིས་བརླབས་པ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཞིང་།] ཧཱུྃ། ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས། །གནོད་སྦྱིན་ཆེན་
པོ་མཐུ་རྩལ་ཅན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །ལྷ་སྲིན་དམག་ཚོགས་ཁྲོམ་དང་བཅས། །ཧ་ཧ་ཧཱུྃ་ཧཱུྃ་སྒྲ་སྒྲོགས་ཤིང་། །གནས་འདིར་གཤེགས་ལ་གྲོགས་སུ་དགོངས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོགགི་གཏོར་མ་འདི། །སྔར་བཅོལ་ལེགས་པའི་བརྡའ་རུ་འབུལ། །ཕྱི་བཅོལ་ལས་ཀྱི་གསོས་སུ་འབུལ། །དགྱེས་ཤིང་ཚིམ་པར་རོལ་ནས་ཀྱང་། །དེང་འདིར་བཅོལ་བའི་ཕྲིན་ལས་མཛོད། །གསང་སྔགས་བསྟན་པ་ཁྱོད་ཀྱིས་སྲུངས། །རིག་འཛིན་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྡོང་གྲོགས་ཁྱོད་ཀྱིས་མཛོད། །མི་མཐུན་བར་ཆད་ཁྱོད་ཀྱིས་སོལ། །མཐུན་རྐྱེན་ལེགས་ཚོགས་ཁྱོད་ཀྱིས་སྤེལ། །འདོད་རྒུའི་དབང་དུ་ཁྱོད་ཀྱི་སྡུས། །གདུག་ཅན་དགྲ་བགེགས་ཁྱོད་ཀྱིས་ཐུལ། །གྲགས་པའི་རུ་མཚོན་ཁྱོད་ཀྱིས་ཕྱོར། །མདོར་ན་བདག་གི་བསམ་པའི་དོན། །བཅོལ་བའི་ལས་རྣམས་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབ་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །[ཅེས་ཕུལ་ལ་ཕྲིན་ལས་བཅོལ། སླར་ཡང་གཏང་རག་གི་མཆོད་བསྟོད་མདོར་བསྡུས་མཐར།] མ་རྙེད་ཡོངས་སུ་མ་ཚང་དང་། [ཞེས་སོགས་དང་
ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་པའི་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན།] ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །[སོགས་ཀྱིས་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། འཇིག་རྟེན་པའི་འཁོར་རྣམས།] གཙྪ་གཙྪ་སྭ་བྷཱ་ཝ་ནཾ་[གྱིས་རང་གནས་སུ་བཏང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པའི་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ། །ཚུལ་འདི་བདུད་འཇོམས་ཟབ་གཏེར་གྱི་བཀའ་སྲོལ་ཉིད་གཙོ་བོར་བཟུང་སྟེ་བཀོད་མོད་ཀྱི། ལས་འབྲེལ་རྩལ་དང་། རཏྣ་གླིང་པའི་ཤན་དམར་ཡང་འདི་དང་ཚིག་དོན་མཚུངས་པར་མ་ཟད་ཁོ་བོས་དེ་དག་གི་རྒྱུན་ལེགས་པར་ནོས་པས་ན་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་འགྱུར་ཞིང་། འདི་ལ་རྒྱུད་དང་སྒྲུབ་ཐབས་མན་ངག་གི་གཅེས་གནད་གསང་བ་ཟབ་མོ་དང་འབྲེལ་བའི་ཕྱིར་མཐུ་ནུས་རྣོ་མྱུར་གྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །དབང་དྲག་ཧེ་རུ་ཀ་དཔལ་གདུལ་དཀའི་ངོར། །མི་སྲུན་གནོད་སྦྱིན་ཆེན་པོར་རྣམ་རོལ་པ། །གང་དེ་སྒྲུབ་ཅིང་མཆོད་པའི་ཆོ་གའི་ཁྲིགས། །ཁྲག་འཐུང་པདྨའི་ཞལ་ལུང་བླ་ན་མེད། །མི་བཟད་གཏུམ་ཆེན་དུས་ཀྱི་ཕོ་ཉ་གང་། །གདུག་པའི་ཀླད་ཁྲག་གིས་མྱོས་ཁྲོས་འཁྲུགས་ཀྱི། །རྔམས་བརྗིད་ང་རོ་འབྲུག་སྟོང་བསྒྲག་ཙམ་ན། །ཉམས་པའི་དོན་སྙིང་ལྐོག་མར་ཅིས་མི་འབྱིན། །དེ་ལྟར་བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ་ཞེས་བྱ་བ་
འདི་ནི། གསང་ཆེན་བསྟན་དང་བསྟན་འཛིན་གྱི་དབུ་འཕང་དགུང་དུ་བདོ་བའི་ཆ་རྐྱེན་དུ་ཡང་དག་པར་དམིགས་ནས། གཏེར་གཞུང་རྩ་བའི་དགོངས་པ་གཞིར་བཞག་ལ་སྐབས་སུ་བབས་པའི་ཚིག་ཕྲེང་གསར་རྩོམ་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ལྷ་རིགས་ཀྱི་སྔགས་སྨྱོན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་མཐར་ཐུག་པ་ས་སྐྱོང་གི་ལོ་ཉིན་མོར་བྱེད་པ་སྡིག་པའི་ཁྱིམ་ན་རྒྱུ་བ་ཤིན་ཏུ་དྲག་ཅིང་རྩུབ་པའི་དུས་ཀྱི་ཚེ། ཀོང་ལུང་བདུད་ཡུལ་ཁ་རག་མགོ་དགུའི་མཐིལ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་གཡས་ཟུར་བདུད་རི་ནག་པོ་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་ཁུག་བོད་ཀྱི་དུར་ཁྲོད་ཧེ་ཆེན་བརྡལ་བའི་གནས་སུ་གྲུབ་པར་བགྱིས་པའོ། །འདིས་ཀྱང་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དགུང་དུ་བསྙེག་པའི་རྒྱུར་གྱུར་ཅིག །ཛ་ཡནྟུ༎ ༎]
གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཉུང་ངུར་བསྡུས་པ་གློག་ཞགས་འཁྱིལ་བ།
༄༅། །[གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཉུང་ངུར་བསྡུས་པ་གློག་ཞགས་འཁྱིལ་བ་ཞེས་བྱ་བ་བཞུགས་སོ། །]༈ ན་མོ་གུ་རུ་ཤྲཱི་ཧེ་རུ་ཀ་ཡ། [བསྟན་སྲུང་དྲེགས་པའིགཙོ་བོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ལ་འཇུག་པར་འདོད་པས། སྟེགས་བུར་ཟངས་སྣོད་དུ་འཁོར་ལོ་རྩིབས་བརྒྱད་ཀྱི་ཁར་དཔལ་གཏོར་ཟུར་གསུམ་བརྗིད་ལྡན་ལ་འཁོར་རང་འདྲ་བརྒྱད་དང་མཐེབ་ཀྱུ་བརྒྱད་ཀྱིས་བསྐོར་བར་ཤ་ཁྲག་སྣ་ཚོགས་པས་བརྒྱན་པ་དང་། མདུན་དུ་མཆོད་གཏོར་སྨན་རཀ་ཉེར་སྤྱོད་སོགས་སྤྱི་མཐུན་ལྟར་བཤམས། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས།] ཨོཾ་བརྗོད་པས་སྣོད་བཅུད་ཐམས་ཅད་སྟོང་པར་སྦྱངས། ཨཱཿབརྗོད་པས་ཐོད་པའི་སྣོད་སྟོང་གསུམ་དང་མཉམ་པའི་ནང་དུ། ཧཱུྃ་བརྗོད་པས་གཏོར་མ་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་གི་ཕུང་པོ་འདོད་ཡོན་གྱི་རོལ་མོ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱིས་བྱིན་བརླབ། མདུན་རྟེན་བསྐྱེད་པ་ནི།] ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱིས་གཞི་རབ་འཇིགས་དུར་ཁྲོད་མེ་རླུང་འཚུབ་མའི་དབུས་སུ་བྷྲཱུྃ་ལས་དབང་དྲག་རོལ་པའི་ཕོ་བྲང་དྲག་པོའི་བཀོད་པ་ཡོངས་སུ་རྫོགས་པའི་ནང་དུ་པད་ཉི་དགྲ་བགེགས་ཀྱི་གདན་ལ་ཧཱུྃ་ཡིག་དམར་
ནག་ཀྵ་ཧྲཱིཿས་མཚན་པ་ཅན་ལས་གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་བཞི་པ། ཞལ་གདངས་ལྗགས་འདྲིལ་རྣོ་དཀར་གྱི་མཆེ་བ་གཙིགས་ཤིང་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཡོ་བ། སྨ་ར་ལས་མེ་ཡི་ཚྭ་ཚྭ་འཕྲོ་ཞིང་སྨིན་མར་བསྐལ་པའི་གློག་སྟོང་འཁྱུག་པ། དབུ་སྐྲ་དམར་སེར་སྲིད་པའི་རྩེ་རུ་ཁྱབ་ཅིང་ཤིན་ཏུ་ཁྲོས་པའི་ཚུལ་ཅན། ཕྱག་དང་པོ་གཉིས་ཀྱིས་རལ་གྲི་དང་སྙིང་ཞགས་གདེངས་ཤིང་འོག་མ་གཉིས་ན་གྲི་ཐོད་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། དར་དམར་གསེར་བཀྲ་བའི་བེར་ཆེན་གསོལ་ཞིང་དུར་ཁྲོད་འཇིགས་པའི་ཆས་ཀྱིས་བརྒྱན་པ། ཞབས་གཉིས་མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་ཆིབས་ཏེ་འགྱིང་བའི་པང་དུ་ཡུམ་མཆོག་གསོད་བྱེད་སྙིང་འབྱིན་དམར་མོས་གཡས་ལྕགས་ཀྱུ་དང་གཡོན་དགྲ་སྙིང་བསྣམས་ནས་ཡབ་ལ་འཁྱུད་པ། ཡབ་ཡུམ་གཉིས་ཀས་དྲག་པོའི་གད་རྒྱང་ནམ་མཁའི་འབྲུག་ལྟར་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའོ། །དེའི་ཤར་དུ་རྒྱལ་ཆེན་སྟག་གི་གདོང་ཅན་དཀར་པོ། ལྷོ་རུ་གཤིན་རྗེ་གཟིག་གི་གདོང་
ཅན་སྔོན་པོ། ནུབ་ཏུ་བཙན་རྗེ་དོམ་གྱི་གདོང་ཅན་དམར་ནག །བྱང་དུ་བདུད་པོ་འབྲོང་གི་གདོང་ཅན་ནག་པོ། ཤར་ལྷོར་སྲིན་པོ་ནེ་ཙོའི་གདོང་ཅན་དུད་ཁ། ལྷོ་ནུབ་ཏུ་ལྷ་མོ་རྨ་བྱའི་གདོང་ཅན་ལྗང་ནག །ནུབ་བྱང་དུ་གཟའ་བདུད་ཤང་ཤང་གདོང་ཅན་དུད་ཁ། བྱང་ཤར་དུ་ཀླུ་བདུད་གསེར་མིག་གདོང་ཅན་མཐིང་ནག །ཐམས་ཅད་ཀྱང་གཡས་རང་མདོག་གི་དར་མདུང་ཕྱར་ཞིང་གཡོན་སྙིང་དང་རྒྱུ་ཞགས་ཐོགས་པ། དར་བེར་གྱོན་ཅིང་སྟག་རལ་གཟིག་ཤུབ་བཅང་སྟེ་རྟ་ལ་ཞོན་པ། དེ་མཐར་ལས་བྱེད་ཕོ་ཉ་སྡེ་བརྒྱད་ཤ་ཟ་བཤན་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བའོ། དེ་ལྟར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རང་གི་སྙིང་གའི་འོད་ཟེར་གློག་གི་ཞགས་པ་ལྟ་བུ་འཕྲོས་པས་ཐུགས་རྒྱུད་བསྐུལ། དུར་ཁྲོད་ཧེ་ཆེན་བརྡལ་བ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ལ། གསུང་དུད་གསུང་དབྱངས་རོལ་མོའི་སྒྲ་དང་བཅས་ཏེ་སྤྱན་འདྲེན་པ་ནི།] ཧཱུྃ་ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ བཀའ་སྲུང་གཉན་པོ་སྤྱན་འདྲེན་ནོ༔ ཧེ་ཆེན་བརྡལ་བའི་དུར་
ཁྲོད་ནས༔ གནོད་སྦྱིན་ཆེན་པོ་གཤེགས་སུ་གསོལ༔ གསོད་བྱེད་དམར་མོ་གཤེགས་སུ་གསོལ༔ སྤྲུལ་པའི་འཁོར་བརྒྱད་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས་སུ་གསོལ༔ གནོད་སྦྱིན་དམག་ཚོགས་གཤེགས་སུ་གསོལ༔ དོན་ལ་གཤེགས་བཞུད་མི་མངའ་ཡང་༔ སངས་རྒྱས་བསྟན་པ་བསྲུང་སླད་དུ༔ གདུང་བའི་ང་རོས་ཁྱོད་འབོད་ན༔ དམ་ཚིག་དབང་གིས་གཤེགས་སུ་གསོལ༔ ཨེ་ཧེ་རྨེ་རུ་རྩེ་གུ་ཎ་ཧྲི་ཏྲི་བཛྲ་ས་མ་ཡ་ཛ་ཛཿ [ཞེས་སྤྱན་དྲངས་ལ། བཞུགས་གསོལ་ནི།] ཧཱུྃ༔ དབང་དྲག་ཆེན་པོ་རྨེ་རུ་རྩེ༔ སྤྲུལ་འཁོར་བྱེ་བ་འབུམ་སྡེ་བཅས༔ རང་རང་དགྱེས་པའི་གདན་སྟེང་དུ༔ ཕྲིན་ལས་བསྒྲུབ་ཕྱིར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་བ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ནས་མ་གཡོས་ཀྱང་༔ མ་རུང་གདུག་པ་འདུལ་མཛད་ཕྱིར༔ འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོ༔ པྲ་ཏཱིཙྪ་ཧོཿ[མཆོད་པ་ནི།] ཧཱུྃ༔ གནོད་སྦྱིན་ཆེན་པོ་འཁོར་བཅས་ལ༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་སྙན་པའི་རོལ་མོ་
སོགས༔ ཉེར་སྤྱོད་བདུན་གྱི་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བདུད་རྩི་སྨན་གཏོར་རཀྟ་སོགས༔ གསང་བའི་མཆོད་པ་དམ་པ་འབུལ༔ གསེར་དངུལ་ཟངས་ལྕགས་བཻ་ཌཱུཪྻ༔ རིན་ཆེན་ལྔ་ཡི་མཆོད་པ་འབུལ༔ དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་མཆོད་པ་འབུལ༔ ཨེ་ཧེ་རྨེ་རུ་རྩེ་གུ་ཎ་ཧྲི་ཏྲི་ས་པ་རི་ཝཱ་ར་ཨརྒྷཾ་[ནས་]ཤཔྡ་རཱུ་པ་[སོགས།] སྤཪྴེ་སརྦ་པཱུ་ཛ་ཧོཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ [ཞེས་དང་།] གནོད་སྦྱིན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུའི་འོད་ཟེར་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨེ་ཧེ་རྨེ་རུ་རྩེ་གུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ།] བསྟན་སྲུང་དྲེགས་པའི་གཙོ་བོ་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་[སོགས་ཀྱིས་ཕྲིན་ལས་བཅོལ། བསྟོད་པ་ནི།] ཧཱུྃ༔ པདྨ་དབང་གི་དཀྱིལ་འཁོར་ལྷ༔ བསྟན་དང་འགྲོ་བའི་དོནམཛད་ཕྱིར༔ དྲག་ཁྲོས་རྔམས་པའི་སྐུར་སྟོན་པ༔
འཇིགས་བྱེད་དམར་པོ་ཁྱོད་ལ་བསྟོད༔ གདོད་ནས་ཀུན་བཟང་རོལ་པ་ལས༔ མ་རུང་འདུལ་ཕྱིར་དྲག་པོའི་སྐུ༔ དམར་ནག་མེ་ཡི་ཕུང་པོ་ཅན༔ ཕྱག་བཞི་རལ་གྲི་གྲི་གུག་དང་༔ སྙིང་ཞགས་བྷན་ངྷ་ཐོད་ཕྲེང་བསྣམས༔ དུར་ཁྲོད་ཆས་རྫོགས་བེར་དམར་གསོལ༔ ཀླུ་འདུལ་མེ་ཁྱུང་རླུང་གཤོག་ཆིབས༔ སྤྲུལ་པའི་འཁོར་བརྒྱད་ལས་ལ་འགྱེད༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་བཀོལ༔ སྣང་སྲིད་ལྷ་འདྲེ་འབངས་སུ་སྡུད༔ སྲིད་པ་གསུམ་ལ་མངའ་དབང་བསྒྱུར༔ གནོད་སྦྱིན་ཤན་པ་ཁྱོད་ལ་བསྟོད༔ ཁྱེད་བསྟེན་སྒྲུབ་མཆོད་བྱས་པ་ཡིས༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཅིང་༔ བཀྲ་ཤིས་དགེ་ལེགས་དཔལ་རྒྱས་མཛོད༔ [ཅེས་བསྟོད། རྒྱུན་གྱི་བསྐང་གསོལ་ལ་མི་དགོས་ཀྱང་ཆེད་དུ་སྒྲུབ་པ་དང་དབང་བསྐུར་སོགས་ཀྱི་སྐབས་སུ་བཟླས་པ་བྱ་བ་ནི།] གཙོ་བོ་ཐུགས་ཀར་ཟླ་ཕྱེད་ཀྱི་སྟེང་དུ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནག་ཀྵ་ཧྲཱིཿས་མཚན་པ་ཅན་ལ་རྩ་བའི་སྔགས་ཀྱིས་བསྐོར་ཞིང་ཡུམ་གྱི་ཐུགས་ཀར་ཉི་མའི་གདན་ལ་བྷྱོ་ཡིག་དམར་པོའི་མཐར་སྔགས་ཀྱིས་བསྐོར་བ་བསྒོམ། བཟླས་པ་ཙམ་གྱིས་དམ་ཚིག་གཉན་པོའི་
སྲོག་ཐོབ་ནས་བདག་གི་བཀའ་ཉན་ཅིང་གསུང་སྡོད་པར་[བསམ་ལ། གོང་གནོན་ཡི་དམ་གྱི་བཟླས་པ་སྔོན་དུ་འགྲོ་བས།] ཨེ་ཧེ་རྨེ་རུ་རྩེ་གུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ [ཞེས་བཟླས། དེ་ནས་བསྐང་གསོལ་ནི། བསྐང་རྫས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་སྤེལ་ལ།] ཀྵཿ དུར་ཁྲོད་ཧེ་ཆེན་བརྡལ་བ་ནས༔ གནོད་སྦྱིན་ཤན་པ་འཁོར་དང་བཅས༔ དད་དང་དམ་ཚིག་གཉན་གྱིས་འབོད༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བསྒྲུབ་ཅིང་བརྟེན་པའི་གནས་འདིར་བཞུགས༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ རིན་ཆེན་སྣ་ལྔ་དར་ཟབ་དཀོར༔ དགྲ་བགེགས་ཤ་ཁྲག་སྲོག་དབུགས་རུས༔ མཐུན་རྫས་སྤྱན་གཟིགས་སྣ་ཚོགས་ཀྱིས༔ གནོད་སྦྱིན་ཤན་པ་དམར་ནག་མཆོད༔ ཡུམ་མཆོག་གསོད་བྱེད་དམར་མོ་མཆོད༔ ལས་མཁན་སྤྲུལ་པའི་འཁོར་བརྒྱད་མཆོད༔ ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད༴ འཁོར་ཚོགས་བྱེ་བ་འབུམ་སྡེ་མཆོད༔ གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་༔ རྟག་ཏུ་བྱམས་བརྩེས་བདག་སྐྱོངས་ཤིག༔ ཞི་རྒྱས་དབང་དང་དྲག་པོའི་ལས༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ མ་གཡེལ་མ་འགྱངས་ས་མ་ཡ༔ [ཞེས་གསོལ། འདི་ཉིད་བསྐང་གསོལ་གཞན་
གྱི་དཀྱུས་སུ་འཛུད་ན་འདི་གས་འཐུས་ཤིང་། སྒེར་དུ་བྱེད་ན་རྗེས་ཀྱི་ཆོ་ག་སྤྱི་ལྟར་བྱས་པས་གྲུབ་བོ། །ཞེས་པའང་རང་གཞན་རྣམས་རྒྱུན་གྱི་ཉམས་ལེན་ལ་འཇུག་བདེའི་སླད་དུ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་ལས་ཅུང་ཟད་བསྡུས་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལཾ༎ ༎]
དབང་དྲག་གནོད་སྦྱིན་ཆེན་པོའི་སྐོང་ཕྲིན་མདོས་ཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན།
༄༅། །དབང་དྲག་གནོད་སྦྱིན་ཆེན་པོའི་སྐོང་ཕྲིན་མདོས་ཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་མ་ཧཱ་གུ་རུ་ཤྲཱི་ཧེ་རུ་ཀ་ཡེ། ཆོས་དབྱིངས་ཞི་ལས་རྣམ་འགྱུར་འབར་བའི་གར། །བདུད་འདུལ་བླ་མ་དྲག་པོར་གུས་བཏུད་ནས། །བཀའ་ཉན་གནོད་སྦྱིན་ཆེན་པོ་དགྱེས་སྐོང་ཕུལ། །མདོས་ཆོག་ནམ་མཁའ་མཛོད་སྒོ་འདི་ན་དབྱེ། །[དེ་ཡང་དབང་ཐོབ་དམ་ཚིག་ལ་གནས་པའི་སྔགས་པ་ཉམས་ཆག་སྐོང་བ་དང་འགལ་རྐྱེན་ཟློག་པ་སོགས་དགོངས་པ་ཁྱད་པར་ཅན་གྱི་དོན་དུ་བཀའ་སྲུང་གནོད་སྦྱིན་ཆེན་པོའི་ཕྲིན་ལས་མདོས་ཀྱི་རིམ་པ་ལག་ཏུ་བླང་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་བཤམ་བཀོད། དངོས་གཞི་མདོས་ཀྱི་ཆོ་ག །རྗེས་ཕྲིན་ལས་སྦྱོར་ཚུལ་ལོ། །][དང་པོ་ནི། ཡིད་དང་མཐུན་པའི་གནས་སུ་སྒྲུབ་ཁང་བླ་བྲེ་ཡོལ་བ་སོགས་སྤྱན་གཟིགས་དང་རྒྱན་ཕྲེང་དུ་
མས་མཛེས་པར་བྱས་པའི་གུང་གི་ཆ་ལ་རྩ་གསུམ་ཆོས་སྐྱོང་སྤྱི་སྒོས་ཀྱི་སྐུ་བརྙན་ཞལ་ཐང་སོགས་བཞུགས་སུ་གསོལ། དེ་མདུན་སྟེགས་བུ་མཐོ་བ་ལ་བླ་མ་ཡི་དམ་ནས་གཞི་བདག་བར་གྱི་གཏོར་མ་རྣམས་དང་སྨན་རཀ་ཉེར་སྤྱོད་བཅས་པ་ཚུལ་བཞིན་དུ་བཤམ། དེའི་མདུན་ངོས་སུ་མདོས་གཞི་རྒྱ་ཆེ་ཆུང་སྐབས་དང་བསྟུན་པ་ལ་ཞིང་ངམ་གཅན་གཟན་གྱི་པགས་པའི་ཁེབས་ཀྱིས་བཀབ་པའི་ཁར། འབྲུ་སྣའི་ངར་ཕྱེའམ་ས་སྤྱིན་པོའི་འདམ་ལ་སྨན་སྣ་འབྲུ་སྣ་རིན་པོ་ཆེ་དྲི་བཟང་སོགས་བསྲེས་པ་ཁྲག་ཆང་གིས་སྦྲུས་པ་ལས་རི་རབ་བང་རིམ་བཞི་པའི་སྟེང་དུ་ནང་བུམ་པ་ལ་ཕྱི་གུར་དམར་པོ་རྡོ་རྗེ་རིས་ཐོག་གཅིག་གཉིས་གང་རུང་ཡོད་པའི་ནང་གི་སྲོག་ཤིང་ལ་གཙོ་བོ་གནོད་སྦྱིན་ཆེན་པོའི་སྐུ་གཟུགས་འབུར་མའམ་བྲིས་པ་བཀོད།
སྟེང་དུ་གདུགས་དང་ཁྱུང་ཚང་ཁེབས་བཅས་ཐགས་སུ་བྲན་པ་དང་། རྩེ་མོ་གསུམ་པའི་མདུང་རྣོན་དར་དམར་གྱི་བ་དན་ཅན་གདུགས་དང་བཅས་པ་གཟུག །དེའི་མཐའ་སྐོར་ཕྱོགས་མཚམས་བརྒྱད་དུ་འཁོར་ལས་མཁན་རྣམ་བརྒྱད་རང་རང་གི་མགོ་བརྙན་ཅན་ལག་ན་དར་མདུང་སྙིང་ཞགས་ཐོགས་ཤིང་དར་བེར་སྟག་རལ་གཟིག་ཤུབ་ཅན་རྟ་ལ་ཞོན་པ་འབུར་བཟོའམ་རི་མོར་བྲིས་པ་ཕྱོགས་མ་འཆོལ་བར་བཀོད། དེའི་ཕྱི་རོལ་དུ་མཐུན་རྫས་ཁྱུང་། དེ་ཕོ། བྱ་རྒོད། འུག་པ། ཁྲ། བྱ་རོག །རྨ་བྱ། ཟེར་མོ་རྣམས་བརྒྱད་རེ། གཞན་ཡང་བྱ་རིགས་འཕུར་རྒུ། ཟུར་བཞི་ལ་ཁྱུང་བཞི་བཅས་བཀོད། དེ་འོག་བང་རིམ་དང་པོར་དྲེགས་པ་སྡེ་བརྒྱད་ཀྱི་གཟུགས་ཤར་དུ་ལྷ། ལྷོར་གཤིན་རྗེ། ནུབ་ཏུ་མ་མོ། བྱང་དུ་བདུད། ཤར་ལྷོར་བཙན། ལྷོ་ནུབ་ཏུ་རྒྱལ་པོ། ནུབ་བྱང་དུ་གནོད་སྦྱིན། བྱང་ཤར་དུ་ཀླུ་བདུད་རྣམས་བཀོད། །དེའི་ཕྱི་རོལ་དུ་མཐུན་རྫས་ཁྱི་དམར་བརྒྱད། ལྕེ་སྤྱང་བརྒྱད། གཞན་ཡང་སྟག་གཟིག་དོམ་དྲེད་སྤྱང་ཀི་འཕར་བ་སོགས་གཅན་གཟན་ཆེ་རྒུའི་རིགས་རྣམས་དང་། ཟུར་བཞིར་སེང་གེ་བཞི་བཅས་བཀོད། བང་རིམ་གཉིས་པར་རྐྱང་། གླ་བ། རྣ་བ། རྒོ་བ་སོགས་རི་དྭགས་མཆོང་རྒུའི་རིགས་རྣམས་དང་། ཟུར་བཞིར་ཤ་བ་བཞི་བཅས་བཀོད། བང་རིམ་འོག་མའི་ཤར་ཕྱོགས་སུ་རྡོ་རྗེ། གྲི་གུག །ཁྱི་དམར། བྱ་དམར། ལྷོ་ཕྱོགས་སུ་རིན་ཆེན། ཞགས་པ། ར་དམར། རྨ་བྱ། ནུབ་ཕྱོགས་སུ་པདྨ། བྷནྡྷ། ཐོད་ཕྲེང་། བྱ་རོག་ཤ་འཐེན།
སྟག་གཟིག །བྱང་ཕྱོགས་སུ་སྙིང་། རལ་གྲི། མདུང་། འུག་པ། ལྕེ་སྤྱང་རྣམས་དང་། གཞན་ཡང་རྟ་དྲེལ་བོང་བུ་མཛོ་གཡག་བ་ལང་ར་ལུག་རྔ་མོང་སོགས་གཡུང་དྭགས་རིགས་རྣམས་ཀྱིས་བསྐོར་ཞིང་། ཟུར་བཞིར་གླང་ཆེན་བཞི་བཅས་བཀོད། ཕྱི་རིམ་དུ་སེམས་ཀྱི་གླུད་ནམ་མཁའ་ཁོང་སྟོང་ནང་སྟོང་པ་མཐའ་འཇའ་རིས་སུ་བྱས་པའི་རྩེར་བྱ་སྤུ་དང་བལ་ཚོན་ལ་དར་བལ་དཔྱངས་པ་བཞི། ལུས་ཀྱི་གླུད་བྱང་བུ་ཁྲུ་ཚད་རྩེར་བྱ་སྤུ་དང་བལ་ཚོན། མགུལ་དུ་ཡུངས་དཀར་གྱི་གོང་བུ། སྨད་དུ་དར་གྱི་བན་བུན་ཅན་བཞི། ཡུལ་མཁར་གྱི་གླུད་ཤིང་གྲིའི་ངོས་ཀྱི་སྟེང་དུ་ནམ་མཁའ་སྤྲིན་དང་ཉི་ཟླ། བར་དུ་ཞིང་དང་ཡུལ་ཁྱིམ། སྨད་དུ་མཚོ་བྲིས་པ་བཞི། ཕོ་གླུད་འོ་མ་མདའ་སྟོང་དམར་བྱ་རྒོད་ཀྱི་སྒྲོས་བརྒྱན་པ་བར་དུ་ཚོན་རིས་མདེའུ་དང་བཅས་པ་བཞི། མོ་གླུད་འཕང་ཁྲམ་ནས་འབྱུང་བ་རིམ་བརྩེགས་ཀྱི་ཚོན་རིས་ཅན་འཕང་ལོ་དང་བཅས་པ་བཞི། ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་བཞི། གཞན་ཡང་གོ་མཚོན་རྒྱན་ཕྲེང་ནོར་དབྱིག་དཀོར་ནོར་སྣ་ཚོགས་ཀྱི་གཟུགས་བཀོད། སྟེང་འོག་ཀུན་ཏུ་དར་ཟབ་རས་བལ་ལ་སོགས་པའི་རྒྱན་ཕྲེང་ཟར་ཚགས་སུ་བྲིས། བང་རིམ་བཞི་པའི་རྩ་བར་ཉ་སྦྲུལ་སྦལ་ལྕོང་སོགས་ཆུ་གནས་ཀྱི་རིགས་རྣམས་བཀོད། རི་རབ་ཀྱི་ཕྱི་ནས་ལྕགས་རིའི་ནང་ཁོང་གི་བར་ཁྱམས་སུ་ཟན་འདམ་གང་རུང་གི་གདན་ཐབས་སུ་ཤར་གླིང་ཟླ་གམ་དཀར་པོ། ལྷོ་གླིང་སོག་ཁ་སྔོན་
པོ། ནུབ་གླིང་ཟླུམ་པོ་དམར་པོ། བྱང་གླིང་གྲུ་བཞི་སེར་པོ། དེ་རྣམས་རེ་རེ་ལའང་རང་འདྲའི་གླིང་ཕྲན་གཉིས་རེས་བརྟེན་པ་བྱས་ལ། དེ་དག་རྣམས་སུ་ཡོན་བདག་གི་འདྲ་གླུད་ངར་མི་བརྒྱ་རྩ་བརྒྱད། དམར་གྱི་གཏོར་མ་ཤ་ཁྲག་གིས་བརྒྱན་པ་བརྒྱ་རྩ་བརྒྱད་རྣམས་སྤེལ་མར་བཀོད། དེའི་ཕྱི་རོལ་རི་རབ་ཀྱི་ཟུར་བཞིའི་ཐད་དུ་མེ་རི་འབར་བའམ་ཞུན་གྱི་མར་མེ་བཞི། ཕྱོགས་བཞིར་ཕོ་རྒྱུད་དགྱེས་བྱེད་རིན་པོ་ཆེའི་སྣོད་དུ་གསེར་དང་བཅས་པའི་ཛ་གད་ཀྱི་ཕུད་སྐྱེམས་བཞི། མོ་རྒྱུད་དགྱེས་བྱེད་བསྒྲལ་བའི་རཀྟས་གང་བའི་ཕོར་བུ་བཞི། གཉིས་ཀ་དགྱེས་བྱེད་འབྲུ་སྣས་ངར་བཏགས་ཤ་སྣའི་ཕྱེ་མ་དང་བསྲེས་པ་ཁྲག་ཆང་གིས་སྦྲུས་པའི་བཤོས་བུ་ཟུར་གསུམ་དམར་པོ་བཞི་ལ་མདའ་རྒོད་སྒྲོ་དར་དམར་བཏགས་པ་བཙུགས་པ་རྣམས་སྤེལ་མར་བཀོད། གཞན་ཡང་རིན་ཆེན་འབྲུ་སྨན་ཤ་སྣ་སྙིང་སྣ་གོས་སྣམ་དར་ཟབ་སྟག་རས་ལ་རྫས་ལུང་རྫས་སོགས་དཀོར་ནོར་འབྱོར་ཚད་ཀྱིས་བཀང་། ཕྱིའི་ལྕགས་རི་ཟླུམ་པོར་བསྐོར་བའི་ནང་གི་འགྲམ་དུ་དམར་གྱི་གཏོར་མ་སྙིང་གཟུགས། འབྲང་རྒྱས། སྨན་ལེབ། ཁྲག་ཀོང་། ཟོར་ཀོང་དུ་མཚེ། ཡུངས་ཀར་གོང་བུ། མདའ། གཏོར་ཟོར་རྣམས་བཀོད་པ་དང་། ཏིང་ལོ། ནམ་མཁའ། རྒྱང་བུ། ཤིང་རིས། མདའ་ཁྲ། འཕང་ཁྲ། ཕོ་གདོང་། མོ་གདོང་། རྒྱལ་མཚན། བ་དན། རལ་གྲི། རུ་མཚོན་རྣམས་བརྒྱད་རེ་སྤེལ་མར་བཀོད་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། ལྕགས་རིའི་ཕྱི་འགྲམ་དུ་རྟ་གདོང་གི་མེ་མཚོན་པའི་རིས་སུ་
བྲིས་པའམ་ཟན་ནམ་མར་ཚོན་གྱིས་མེ་རི་གཡས་བསྐོར་དུ་འཁོར་བ་བྱ། ཀུན་གྱི་ཕྱི་རོལ་དབང་ལྡན་དུ་མཚམས་འཛིན་མེ་ཏོག །ཤར་དུ་ཁྲག་གི་ཨརྒྷཾ། མེར་དུག་ཁྲག་གི་ཞབས་བསིལ། ལྷོར་དབང་པོ་ལྔའི་མེ་ཏོག །སྲིན་པོར་གསུར་ཆེན་གྱི་སྤོས། ནུབ་ཏུ་ཞུན་ཆེན་གྱི་མར་མེ། རླུང་དུ་མཁྲིས་པའི་དྲི་ཆབ། བྱང་དུ་ཤ་ཁྲག་རུས་པའི་ཞལ་ཟས་རྣམས་དང་། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གཏོར་མ་ཚོགས་ཀྱི་ཡོ་བྱད་སོགས་མཆོད་པར་འོས་ཤིང་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་བཤམ། སྒྲུབ་ཁང་གི་སྟེང་དུ་རུ་མཚོན་དམར་པོ་ཡང་སྤྱན་གཟིགས་ཀྱི་བརྡར་འཛུག་གོ །འདི་ནི་བསྐང་མདོས་ཁོ་ནའི་དབང་དུ་བྱས་པ་ཡིན་ལ། མངོན་སྤྱོད་དང་འབྲེལ་ན་དེའི་ཡོ་བྱད་ཀྱང་ལོགས་སུ་བསྡོག་པ་བྱའོ། །གཉིས་པ་མདོས་ཀྱི་ཆོ་ག་དངོས་ལ་གསུམ་གྱི། དང་པོ་བདག་གི་རྣལ་འབྱོར་ནི། བླ་མ་དྲག་པོའམ་རྟ་མགྲིན་དང་ཕུར་པ་སོགས་ཕྲིན་ལས་གང་ལ་བརྟེན་པའི་སྔོན་འགྲོ་སྐྱབས་སེམས་ནས་བཟུང་བཟླས་པའི་བར་ཚུལ་བཞིན་དུ་བྱའོ། །][གཉིས་པ་སྤྱིར་མདུན་བསྐྱེད་སྒྲུབ་མཆོད་བྱ་བ་ནི། མཆོད་གཏོར་བྱིན་བརླབ་ཅིང་འདས་གཏོར་འབུལ་བ་ནས་བཟུང་གཞི་བདག་གི་གཏོར་མ་བསྔོ་བའི་བར་རྒྱས་བསྡུས་གང་འོས་སྐབས་དང་སྦྱར་ལ་བཏང་དོ། །][གསུམ་པ་བྱེ་བྲག་མདོས་ཀྱི་ཆོ་ག་དངོས་ལ་དགུ་ལས། དང་པོ་མདོས་ཀྱི་ཡོ་བྱད་རྣམས་བྱིན་བརླབ་པ་ནི། བསང་ཆུ་འཐོར་ཞིང་།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་
ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོ་྅་ཧཾ། [ཞེས་སྟོང་པར་སྦྱང་།] ཨོཾ་ཨཱཿཧཱུྃ༔ ཨོཾ་ཧཱུྃ་ཏྲཱཾ་ཧྲཱིཿཨཱཿ [ལན་བདུན།] སྟོང་པའི་ངང་ལས་མདོས་དེ་ཉིད༔ འབྱུང་བ་རིམ་བརྩེགས་སྟེང་ཉིད་དུ༔ རིན་ཆེན་ལྔ་ལས་གྲུབ་པ་ཡི༔ ཕྱི་ནི་རི་རབ་གླིང་བཞི་ལ༔ ནང་ནི་ཕོ་བྲང་གཞལ་མེད་ཁང་༔ གསང་བ་འདོད་ཡོན་དཔག་མེད་པ༔ ཆོས་སྐྱོང་མཉེས་ཤིང་མཐུན་པ་ཡི༔ མཆོད་སྦྱིན་བསམ་མི་ཁྱབ་པར་གྱུར༔ [ཅེས་དམིགས་ཏེ། སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབ་པའི་སླད་དུ། ཐལ་མོ་ཁོང་སྟོང་དུ་སྦྱར་ལ།] ཨོཾ་སྭ་བྷཱ་ཝ་ཤུདྔྷཿསརྦ་ངྷ་རྨཱཿསྭ་བྷཱ་ཝ་ཤུདྡྷོ་ཧཾཿ [ཞེས་ཆོས་ཉིད་རྣམ་དག་གི་སྔགས་རྒྱས་ཤིན་ཏུ་དག་པར་བསམ། སོར་མོ་རྩེ་སྤྲད་པའི་ཚིག་ཟུར་བཅག་པ་སྒྲོམ་བུ་ལྟ་བུར་བཅས་ལ།] ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ། [ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་ལོངས་སྤྱོད་རྒྱ་ཆེར་སྤེལ་བར་བསམ། ཐལ་མོ་ཕྱིར་བསྐྱེད་མཐེ་བོང་བསྣོལ་བ་ཁ་ཕྱེ་ལ།] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། [ཅེས་བདུད་རྩི་ཐབ་སྦྱོར་གྱི་སྔགས་རྒྱས་ལོངས་སྤྱོད་རྣམས་འདོད་ཡོན་གྱི་བདུད་རྩི་དུག་ལྔའི་གསོས་སུ་གང་བར་བསམ། ལག་གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་ཞིང་། གཡོན་ས་གནོན་བྱས་ལ།] ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་
ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། [ཞེས་རྒྱ་ཆེན་ཤུགས་ལྡན་གྱི་སྔགས་རྒྱས་མགྲོན་རྣམས་ཅི་འདོད་པའི་མཆོད་རྫས་ནམ་མཁའ་གང་བར་བསམ། གཡས་རྡོ་རྗེའི་ཁུ་ཚུར་བཅངས་པ་སྙིང་གར་བསྟན་གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་ཚུལ་བྱས་ལ།] ཨོཾ་ཛྙཱ་ན་ཨ་བ་ལོ་ཀི་ཏེ་ན་མཿས་མནྟ་སྥ་ར་ཎ་སྨི་བྷ་བ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲྀ་ད་ཡ་ཛྭ་ལ་ནི་ཧཱུྃ། [ཞེས་ཡེ་ཤེས་སྐར་མདའི་སྔགས་རྒྱས་མཆོད་སྦྱིན་གྱི་གནས་ཐམས་ཅད་ལ་ཕམ་རྒྱལ་མེད་པར་ཐོབ་པར་བསམ། ཐལ་མོ་ཁོང་སྟོང་སོར་མོ་ནང་དུ་བསྣོལ་བའི་མཁྲིག་མ་གཉིས་སྤྲད། མཐེ་བོང་གཉིས་གཤིབ་ལ།] ན་མཿས་མནྟ་བུདྔྷ་ནཱཾ་གྲ་ཧེ་ཤྭ་ར་པྲ་བྷ་ཛྱོ་ཏི་ནི་མ་ཧཱ་ས་མ་ཡ་སྭཱ་ཧཱ། [ཞེས་དབང་བསྒྱུར་འཁོར་ལོའི་སྔགས་རྒྱས་མགྲོན་རྣམས་བདག་གི་དབང་དུ་འདུས་པར་བསམ། སྔགས་རྒྱ་རྣམས་ལན་གསུམ་རེའི་མཐར་ཕྱག་རྒྱ་བཀྲོལ་ནས་སེ་གོ་ལ་བྱའོ། །]ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་རྣམས་ལ་ཕན་གདགས་ཕྱིར། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་འགྱུར་ཅིག །[ཅེས་བདེན་པའི་སྟོབས་བརྗོད། གཉིས་པ་མགྲོན་
སྤྱན་འདྲེན་པ་ནི།] རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུགས་པ་ལྟར་འཕྲོས་པས། འོག་མིན་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་དུར་ཁྲོད་སོགས་རང་བཞིན་གྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ཞིང་། སྦྱར་བའི་སྤོས་བསྲེག་ཅིང་དར་དམར་གྱི་གཡབ་མོ་རོལ་མོ་དབྱངས་དང་བཅས་པས།] ཧཱུྃ༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ རྡོ་རྗེ་འཛིན་གྱི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ ཐུགས་དམ་བསྐང་ཕྱིར་མདོས་ལ་བྱོན༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ དྲེགས་པའི་སྡེ་དཔོན་མཐུ་རྩལ་ཅན༔ ཕུང་བྱེད་དམར་ནག་མདོས་ལ་བྱོན༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ དགྲ་བགེགས་བསྒྲལ་བར་ཁས་བླངས་པའི༔ སྲོག་བདུན་ཆེན་པོ་མདོས་ལ་བྱོན༔ མཐུ་རྩལ་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ དྲེགས་པའི་སྡེ་དཔོན་མདོས་ལ་བྱོན༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ ཆེ་བཙན་དྲེགས་པ་བྲན་དུ་ཁོལ༔ དམར་པོ་མི་ཟན་མདོས་ལ་བྱོན༔ དམ་ཚིག་གཉན་གྱི་ལྷ་ཆེན་པོ༔ ཤིན་ཏུ་མི་སྲུན་དགྲ་བོའི་གཤེད༔ གཏེར་
བདག་ཆེན་པོ་མདོས་ལ་བྱོན༔ ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས༔ གནོད་སྦྱིན་ཆེན་པོ་མདོས་ལ་བྱོན༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ རྒྱལ་ཆེན་རྣམ་སྲས་མདོས་ལ་བྱོན༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ གཟའ་བདུད་མིག་དམར་མདོས་ལ་བྱོན༔ ན་ལེན་ཤིང་ལེན་གནས་མཆོག་ནས༔ གསོད་བྱེད་དམར་མོ་མདོས་ལ་བྱོན༔ ཤར་ཕྱོགས་སྟག་འདུ་ལྷ་ཁང་ནས༔ སྟག་གི་གདོང་ཅན་མདོས་ལ་བྱོན༔ འུབ་ཆུམ་ལྡན་པའི་བྲག་རི་ནས༔ གཟིག་གི་གདོང་ཅན་མདོས་ལ་བྱོན༔ བྲག་དམར་ལྡེམ་ལྡེམ་ཁྱུང་ཚང་ནས༔ དོམ་གྱི་མགོ་ཅན་མདོས་ལ་བྱོན༔ བྲག་ནག་མུ་ལི་ཏ་ཀ་ནས༔ འབྲོང་གི་མགོ་ཅན་མདོས་ལ་བྱོན༔ རོལ་པ་སྟེང་གི་མཚོ་ནག་ནས༔ རྨ་བྱའི་གདོང་ཅན་མདོས་ལ་བྱོན༔ ཕུང་བྱེད་གྲོང་ཁྱེར་ནག་པོ་ནས༔ ནེ་ཙོའི་གདོང་ཅན་མདོས་ལ་བྱོན༔ ཡངས་པ་རིམ་གྱི་ལུང་པ་ནས༔ ཤང་ཤང་གདོང་ཅན་མདོས་ལ་བྱོན༔ ཏི་སེ་མཚོ་ཡི་ནང་ཤེད་ནས༔ ཉ་མོའི་གདོང་ཅན་མདོས་ལ་བྱོན༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ ལྷ་སྲིན་སྡེ་བརྒྱད་མདོས་ལ་བྱོན༔ དད་པ་དང་ནི་དམ་ཚིག་གི༔ གདུང་བའི་ང་རོས་ཁྱོད་འབོད་དོ༔ དམ་ཚིག་དབང་གིས་མདོས་
ལ་བྱོན༔ བརྩེ་བའི་ཐུགས་ཀྱིས་ཕྲིན་ལས་སྒྲུབས༔ ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་བཛྲ་ས་མ་ཡ་ཛ་ཛཿ ཛཿཧཱུཾ་བཾ་ཧོཿ [གསུམ་པ་བཞུགས་སུ་གསོལ་བ་ནི།] ཧཱུྃ༔ དུར་ཁྲོད་འབར་བའི་གཞལ་ཡས་འདིར༔ དྲེགས་པ་ཕོ་མོ་དམག་ལྟར་ཚོགས༔ མི་རོ་རྟ་རོ་གཅལ་དུ་བཀྲམ༔ དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ མ་རུ་ཙེ་ས་མ་ཡ་ཏིཥྛ་ལྷན༔ [བཞི་པ་དམ་བསྒྲག་པ་ནི།] ཧཱུྃ༔ གནོད་སྦྱིན་ཤན་པ་དམར་ནག་ཁྱོད༔ སྔོན་གྱི་བསྐལ་པའི་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ གནོད་སྦྱིན་རྒྱལ་པོར་མངའ་དབང་བསྐུར༔ མུ་སྟེག་སྟོན་པ་རབ་བརྟག་གིས༔ སྲོག་གི་སྤུ་གྲིར་མཚན་ཡང་གསོལ༔ ཕུང་བྱེད་ཤིནྟཾ་གཪྦྷ་ཡིས༔ དྲེགས་པའི་སྡེ་དཔོན་ཆེན་པོར་བསྐོས༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ རྫོགས་ཆེན་བཀའ་ཡི་སྲུང་མར་བསྐོས༔ བཀའ་དང་ཐ་ཚིག་དེ་ཡིས་འབོད༔ མ་ཐོགས་མྱུར་དུ་གཤེགས་ནས་སུ༔ དགྱེས་པའི་གདན་ལ་བཞུགས་ནས་ཀྱང་༔ བརྩེ་ཞིང་གདུང་བས་གསན་ཅིང་དགོངས༔ འབོད་པའི་དུས་སུ་སྙན་མ་སྲ༔ བསྟེན་པའི་དུས་སུ་རྒྱང་མ་རིང་༔ བསྒྲུབ་པའི་དུས་སུ་གོང་མ་གཡེལ༔ གཡབ་པའི་དུས་སུ་སྤྱན་མ་བརྟུལ༔ བསྐུལ་བའི་དུས་སུ་
ཐུགས་མ་གཡེལ༔ རྦད་པའི་དུས་སུ་ལས་མ་འགྱང་༔ བཅོལ་བའི་ལས་ལ་བང་མ་བུལ༔ ཧཱུྃ༔ གནོད་སྦྱིན་ཤན་པ་ཆེན་པོ་ཁྱོད༔ ཕ་ལྟར་བསྟེན་ནོ་སྙིང་མ་སྲ༔ སྤུན་ལྟར་བསྟེན་ནོ་ཐུགས་མ་གཡེལ༔ གྲོགས་ལྟར་བསྟེན་ནོ་རྒྱང་མ་རིང་༔ བྲན་ལྟར་བསྟེན་ནོ་གོང་མ་གཡེལ༔ སྔོན་ཚེ་པདྨའི་སྤྱན་སྔ་རུ༔ དམ་བཅས་བསྟན་དང་བརྒྱུད་འཛིན་ཀུན༔ སྲུང་སྐྱོང་ཕྲིན་ལས་བསྒྲུབ་པར་ཆད༔ ཁྱོད་ཀྱི་དམ་བཅའ་དེ་མིན་ནམ༔ བདག་ཀྱང་རིག་འཛིན་དེའི་རྗེས་འཇུག༔ བསྙེན་སྒྲུབ་ཟབ་མོ་ལྷུར་ལེན་ཅིང་༔ བསྟན་སྲུང་ཁྱོད་ཉིད་གྲོགས་སུ་བསྟེན༔ ཁྱོད་དང་དམ་ལྡན་རྣལ་འབྱོར་བདག༔ སྐད་ཅིག་མི་འབྲལ་དམ་བཅའ་སྟེ༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ མནའ་འཐོ་བྱས་སོ་མནའ་མ་ཟ༔ དམ་ཚིག་གཉན་ལས་མ་འདའ་བར༔ འདོད་པའི་ལས་འབྲས་མཆིས་པར་མཛོད༔[ལྔ་པ་ཕྱག་འཚལ་བ་ནི༔] ཧཱུྃ༔ ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ མ་རུང་གདུག་པ་འདུལ་མཛད་ཕྱིར༔ འཇིགས་བྱེད་ཆེན་པོའི་སྐུར་སྟོན་པ༔ གནོད་སྦྱིན་དམར་ནག་འཁོར་བཅས་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ [དྲུག་པ་མཆོད་པ་འབུལ་བ་ལ། སྤྱིར་མཆོད་
པ་ནི།] ཧཱུྃ༔ ཆོས་ཀྱི་དབྱིངས་ལས་གཟུགས་སྐུར་སྟོན༔ མ་རུང་འདུལ་མཛད་དྲག་པོའི་སྐུ༔ གནོད་སྦྱིན་ཆེན་པོ་འཁོར་བཅས་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་སོགས༔ འདོད་ཡོན་ལྔ་ཡི་མཆོད་པ་འབུལ༔ བདུད་རྩི་སྨན་གཏོར་རཀྟ་སོགས༔ གསང་བའི་མཆོད་པ་དམ་པ་འབུལ༔ གསེར་དངུལ་ཟངས་ལྕགས་བཻ་ཌཱུརྱ༔ རིན་ཆེན་ལྔ་ཡི་མཆོད་པ་འབུལ༔ ཕྲིན་ལས་རྣམ་བཞི་མྱུར་སྒྲུབ་ཅིང་༔ དགྲ་བགེགས་མ་ལུས་རྡུལ་དུ་རློག༔ ཨོཾ་མ་ཧཱ་ཨརྒྷཾ་[སོགས༔] ཤཔྡ་རཱུ་པ་[སོགས།] སྤཪྴེ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་སརྦ་པཱུ་ཛ་ཧོཿ [ཁྱད་པར་མདོས་ཀྱི་ཐུགས་དམ་བསྐང་བ་ནི།] ཧཱུྃ༔ སྟོང་གསལ་ནམ་མཁའ་ཨེ་དབྱིངས་སུ༔ རླུང་མེ་ཆུ་སའི་དཀྱིལ་འཁོར་སྟེང་༔ རི་རབ་རིན་ཆེན་བཞིའི་རང་བཞིན༔ གླིང་བཞི་གླིང་ཕྲན་རི་མཚོས་བསྐོར༔ རྩེ་མོར་རྔམ་བརྗིད་གཞལ་ཡས་ཁང་༔ ཐོད་པ་སྣ་ཚོགས་བརྩིགས་པའི་མཁར༔ དབྱིངས་ལེགས་བཀོད་མཛེས་རྒྱན་གྱིས་བརྒྱན༔ ལྷ་དང་མི་ཡི་འབྱོར་པས་གཏམས༔ ཕྱི་ནི་རི་རབ་གླིང་བཞི་ལ༔ ནང་ནི་འདོད་ཡོན་དཔག་མེད་བཅས༔ བཞུགས་པའི་ཕོ་བྲང་དཀོར་དུ་འབུལ༔ རི་རབ་བུམ་པར་བཅས་པ་ལ༔ ཁྱུང་
དང་དེ་ཕོ་བྱ་རྒོད་ཁྲ༔ རྨ་བྱ་བྱ་རོག་འུག་པ་དང་༔ འདབ་ཆགས་ཆ་མ་ཆོ་དགུ་འབུལ༔ འཕུར་ལྡིང་དཀོར་དུ་བཞེས་སུ་གསོལ༔ རི་རབ་བང་རིམ་དང་པོ་ལ༔ ཞུབ་ཅན་ཞོན་སྐྱ་མང་པོ་དང་༔ ཁྱི་དམར་ལྕེ་སྤྱང་སྟག་གཟིག་དོམ༔ འཕར་སྤྱང་དྲེད་མོང་སེངྒེ་སོགས༔ གཅན་གཟན་ཆེ་རྒུའི་རིགས་རྣམས་འབུལ༔ རི་རབ་བང་རིམ་བར་མ་ལ༔ ཤ་བ་རྐྱང་དང་གླ་བ་དང་༔ རྣ་བ་རྒོ་བ་ལ་སོགས་པ༔ རི་དྭགས་མཆོང་རྒུའི་རིགས་རྣམས་འབུལ༔ རི་རབ་བང་རིམ་ཐ་མ་ལ༔ ཕྱག་མཚན་རྣམ་མང་སྤྱན་གཟིགས་དང་༔ གླང་ཆེན་རྟ་དྲེལ་མཛོ་གཡག་སོགས༔ སྣ་ཚོགས་གཡུང་དྭགས་རིགས་རྣམས་འབུལ༔ ཀྱེེ༔ རི་རབ་བང་རིམ་བུམ་པ་བཅས༔ ཕྱོགས་བཞི་སྟེང་འོག་འཁོར་ཡུག་ཏུ༔ སྤུ་སྡུག་བྱ་རིགས་སྣ་ཚོགས་དང་༔ སྤྱན་གཟན་རི་དྭགས་མི་ནོར་དཀོར༔ བཤོས་གཙང་འབྲང་རྒྱས་ཏིང་ལོ་དང་༔ སྨན་ལེབ་ཤ་དུམ་དར་ཟབ་དང་༔ སྨྱུག་རྒོད་འོམ་མདའ་རྒོད་སྒྲོ་ཅན༔ འཕན་དང་རྒྱལ་མཚན་ཉུངས་ཀར་ཟོར༔ སྤྱན་གཟིགས་དཀོར་ཆ་དུ་མས་བརྒྱན༔ འབྲུ་སྣ་རིན་ཆེན་དར་ཟབ་གོས༔ ཤ་ཆང་སྒོག་བཙོང་སྤོད་ཀྱི་རིགས༔ རྩི་ཐོག་སྨན་སྣ་ཤིང་
ཏོག་འབྲས༔ གཟུགས་སྒྲ་དྲི་རོ་རེག་བྱའི་ཚོགས༔ འདོད་ཡོན་སྣ་ཚོགས་མཆོད་པ་འདིས༔ གནོད་སྦྱིན་འཁོར་དང་བཅས་པ་ཡི༔ ཐུགས་དམ་གཉན་པོ་སྐང་གྱུར་ཅིག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག༔ ཞི་རྒྱས་དབང་དྲག་ལ་སོགས་པའི༔ ཕྲིན་ལས་རབ་འབྱམས་འགྲུབ་པར་མཛོད༔ ཀྱེ༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ ཁྱོད་ལ་མདོས་གླུད་འབུལ་བ་ནི༔ ནམ་མཁའི་དམར་པོ་འཇའ་ཚོན་རིས༔ བྱ་བཟང་སྤུ་ཡི་ཕོད་བཙུགས་པ༔ དར་ཚོན་སྣ་ལྔའི་འཕྱང་འཕྲུལ་ཅན༔ འབྱུང་བའི་དྭངས་མ་སེམས་ཀྱི་གླུད༔ ཐུགས་དམ་བསྐང་ཕྱིར་བཞེས་སུ་གསོལ༔ རྒྱང་བུ་དམར་པོ་འཁྲིས་ཅན་གསུམ༔ བྱ་དམར་མཛེས་པའི་སྤུ་སྡུག་བརྒྱན༔ སྐུ་གསུང་ཐུགས་ཀྱི་གླུད་དུ་འབུལ༔ ཐུགས་དམ་སྐོང་ལ་རྐྱེན་བཟློག་ཅིག༔ མདའ་ཁྲ་སྟོང་དམར་གྲི་ཡི་མཚན༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཐུགས་དམ་སྐོང་ལ་རིགས་བརྒྱུད་སྤེལ༔ འཕང་ཁྲ་སྐེད་དཀྲིས་དར་གྱིས་མཚན༔ ཟ་མ་མོ་ཡི་གླུད་དུ་འབུལ༔ སྲིད་དང་ལོངས་སྤྱོད་འཕེལ་བར་མཛོད༔ མདུང་དམར་དར་གྱི་མེ་ལྕེ་རིས༔ ཆོས་སྐྱོང་ཆེན་པོའི་
ཕྱག་ཆར་འབུལ༔ བསྟན་པའི་དགྲ་བགེགས་བསྒྲལ་བར་མཛོད༔ རལ་གྲི་འབར་བ་ཟངས་ཡག་བརྒྱད༔ ཕྲིན་ལས་སྒྲུབ་པའི་ཕྱག་ཆར་འབུལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཀྱེ༔ གླིང་བཞི་རི་རབ་རྩེ་མོ་ནས༔ གནོད་སྦྱིན་ཆེན་པོ་དྲག་རྩལ་ཅན༔ ཀླུ་འདུལ་མེ་ཁྱུང་རླུང་གཤོག་བཅིབས༔ ཕྱག་བཞི་རལ་གྲི་གྲི་གུག་དང་༔ སྙིང་ཞགས་བྷན་ངྷ་ཐོད་ཕྲེང་བསྣམས༔ དུར་ཁྲོད་ཆས་རྫོགས་བེར་དམར་གསོལ༔ དམར་སེར་རལ་པ་སྲིད་རྩེར་འཁྱིལ༔ སྤྱན་གསུམ་དམར་ཟླུམ་སྡང་མིག་གཡོ༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་ཞགས་འཕྲོ༔ ཡུམ་མཆོག་གསོད་བྱེད་ཆེན་མོ་ནི༔ དབང་གི་ཕྲིན་ལས་མཛད་པའི་ཚེ༔ དགྱེས་ཆགས་བདེ་བས་ཡབ་ལ་འཁྱུད༔ དྲག་པོའི་མངོན་སྤྱོད་མཛད་པའི་ཚེ༔ མེ་རྟ་བཅིབས་ཤིང་སྟོང་གསུམ་ཉུལ༔ དབང་ཆེན་དཔལ་འབར་ཡབ་ཡུམ་གཉིས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ཀྱེ༔ ཁྱོད་ཀྱི་བཀའ་ཉན་འཁོར་བརྒྱད་ནི༔ ཤར་ཕྱོགས་རྒྱལ་པོ་སྟག་མགོ་ཅན༔ ཆིབས་སུ་རྟ་དཀར་ཟེ་དམར་བཅིབས༔ དར་དཀར་བེར་ཆེ་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་
གཡོན༔ གཡས་པས་མདུང་དར་དཀར་པོ་ཕྱར༔ གཡོན་པས་སྙིང་དང་རྒྱུ་ཞགས་འཛིན༔ དྲི་ཟའི་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ལྷོ་ཕྱོགས་གཤིན་རྗེ་གཟིག་མགོ་ཅན༔ སྐུ་མདོག་དམར་ནག་འཇིགས་པའི་གཟུགས༔ ཆིབས་སུ་རྟ་དམར་ཞུར་པོ་བཅིབས༔ དར་དམར་འཇོལ་བེར་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་དམར་པོ་ཕྱར༔ གཡོས་པས་སྙིང་དང་རྒྱུ་ཞགས་འཛིན༔ གྲུལ་བུམ་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ནུབ་ཕྱོགས་བཙན་རྗེ་དོམ་མགོ་ཅན༔ སྐུ་མདོག་སྔོན་པོ་འཇིགས་པའི་གཟུགས༔ ཆིབས་སུ་རྟ་སྔོན་ཟེ་དཀར་བཅིབས༔ དར་ལྗང་འཇོལ་བེར་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་སྔོན་པོ་ཕྱར༔ གཡོན་པས་སྙིང་དང་རྒྱུ་ཞགས་འཛིན༔ ཀླུ་དབང་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ བྱང་ཕྱོགས་བདུད་ནག་འབྲོང་གི་མགོ༔ སྐུ་མདོག་ནག་པོ་འཇིགས་པའི་གཟུགས༔ ཆིབས་སུ་རྟ་ནག་རྟིང་དཀར་བཅིབས༔
དར་ནག་འཇོལ་བེར་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་ནག་པོ་ཕྱར༔ གཡོན་པས་སྙིང་དང་རྒྱུ་ཞགས་འཛིན༔ གནོད་སྦྱིན་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ཤར་ལྷོ་སྲིན་པོ་ནེ་ཙོའི་མགོ༔ སྐུ་མདོག་དུང་ཁ་འཇིགས་པའི་གཟུགས༔ ཆིབས་སུ་སྲིན་རྟ་ཁམ་པ་བཅིབས༔ དར་སེར་འཇོལ་བེར་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་སེར་པོ་ཕྱར༔ གཡོན་པས་སྙིང་དང་རྒྱུ་ཞགས་འཛིན༔ མེ་ལྷའི་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ལྷོ་ནུབ་ལྷ་མོ་རྨ་བྱའི་མགོ༔ སྐུ་མདོག་ལྗང་ནག་འཇིགས་པའི་གཟུགས༔ ཆིབས་སུ་དྲེའུ་ཁ་དཀར་བཅིབས༔ དར་བེར་ཁྲ་བོ་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་ཁྲ་བོ་ཕྱར༔ གཡོན་པས་སྙིང་དང་རྒྱུ་ཞགས་འཛིན༔ མ་མོའི་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ནུབ་བྱང་གཟའ་བདུད་ཤང་ཤང་མགོ༔ སྐུ་མདོག་དུད་ཁ་འཇིགས་པའི་གཟུགས༔
ཆིབས་སུ་རྟ་ནག་ཞུར་པོ་བཅིབས༔ དར་ནག་འཇོལ་བེར་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་ནག་པོ་ཕྱར༔ གཡོན་པས་སྙིང་དང་རྒྱུ་ཞགས་འཛིན༔ རླུང་ལྷའི་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ བྱང་ཤར་ཀླུ་བདུད་གསེར་མིག་མགོ༔ སྐུ་མདོག་མཐིང་ནག་འཇིགས་པའི་གཟུགས༔ ཆིབས་སུ་བྲ་བོ་སྔོ་ནག་བཅིབས༔ དར་མཐིང་འཇོལ་བེར་ཞུབ་ཆས་ཅན༔ སྟག་རལ་གཡས་ལ་གཟིག་ཤུབ་གཡོན༔ གཡས་པས་མདུང་དར་ནག་པོ་ཕྱར༔ གཡོན་པའི་སྙིང་དང་རྒྱུ་ཞགས་འཛིན༔ དབང་ལྡན་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ཀྱེ༔ དྲེགས་པ་ལྷ་སྲིན་སྡེ་བརྒྱད་ནི༔ སྲིད་པ་ལྷ་ཡི་སྡེ་དཔོན་དཀར༔ ཏྲི་ཤུལ་གཡས་ལ་ལྕགས་ཀྱུ་གཡོན༔ ལྷ་གཡག་དཀར་པོ་འཇིགས་རུང་བཅིངས༔ ལྷ་དམག་འབུམ་གྱི་ཚོགས་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ གཤིན་རྗེ་ཡ་མ་རཱ་ཛ་མཐིང་༔ ཁྲམ་ཤིང་གཡས་ལ་ཞགས་པ་གཡོན༔ མ་ཧེ་སྔོ་ནག་རུ་རིང་བཅིངས༔ གཤིན་རྗེ་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་
བསྐང་༔ མ་མོ་སྲིད་པའི་རྒྱལ་མོ་དཀར༔ མདའ་དར་གཡས་ལ་ནད་རྐྱལ་གཡོན༔ ཆིབས་སུ་གཡུ་འབྲུག་སྔོན་པོ་བཅིབས༔ མ་མོ་འབུམ་གྱི་ཚོགས་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ བདུད་པོ་བསྐོས་རྗེ་བྲང་དཀར་ནག༔ དགྲ་སྟ་གཡས་ལ་བདུད་ཞགས་གཡོན༔ ཆིབས་སུ་དོམ་ནག་སྙིང་དཀར་བཅིབས༔ བདུད་དམག་འབུམ་གྱི་ཚོགས་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ བཙན་རྗེ་ཡམ་ཤུད་དམར་པོ་ནི༔ བཙན་མདུང་གཡས་ལ་བཙན་ཞགས་གཡོན༔ ཆིབས་སུ་བཙན་རྟ་དམར་པོ་བཅིབས༔ བཙན་དམག་འབུམ་གྱི་ཚོགས་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་སྐང་༔ སྲོག་བདག་རྒྱལ་པོ་པེ་ཧར་དཀར༔ གསེག་ཤངས་གཡས་ལ་ལྷུང་བཟེད་གཡོན༔ ཆིབས་སུ་སེངྒེ་དཀར་མོ་བཅིབས༔ རྒྱལ་པོ་དམག་ཚོགས་འབུམ་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ གནོད་སྦྱིན་ཀཱ་ལ་ཡཀྴ་མཐིང་༔ རལ་གྲི་གཡས་ལ་ཐོད་ཁྲག་གཡོན༔ ཆིབས་སུ་སྟག་མོ་གྲུས་མ་བཅིབས༔ གནོད་སྦྱིན་འབུམ་གྱི་ཚོགས་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ཀླུ་བདུད་འཆི་བདག་མགོ་
དགུ་ནག༔ སྦྲུལ་ཞགས་གཡས་ལ་ནོར་བུ་གཡོན༔ ཆིབས་སུ་ཆུ་སྲིན་ཁམ་པ་བཅིབས༔ ཀླུ་དམག་འབུམ་གྱི་ཚོགས་དང་བཅས༔ མདོས་ཆེན་འདི་ཡིས་ཐུགས་དམ་བསྐང་༔ ཀྱེ༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ ཐུགས་དམ་བསྐང་ཕྱིར་འབུལ་བ་ནི༔ ཤིང་རིས་བྷ་རིས་ཡུལ་འཁོར་རིས༔ ཕོ་གདོང་མོ་གདོང་རྒྱན་ཆས་ཅན༔ རྡོ་རྗེ་གྲི་གུག་ཁྱི་དམར་དང་༔ བྱ་དམར་སྤུ་སྡུག་ཅོངས་སེ་ཅོང་༔ རི་རབ་ཤར་གྱི་རྒྱན་དུ་འབུལ༔ འཇིགས་བརྒྱད་ཞི་བའི་ཕྲིན་ལས་མཛོད༔ རིན་ཆེན་ཞགས་པ་ར་དམར་དང་༔ རྨ་བྱ་སྤུ་སྡུག་ཟངས་སེ་ཟང་༔ རི་རབ་ལྷོ་ཡི་རྒྱན་དུ་འབུལ༔ འབྱོར་དྲུག་རྒྱས་པའི་ལས་མཛོད་ཅིག༔ པདྨ་བྷན་ངྷ་ཐོད་ཕྲེང་དང་༔ བྱ་རོག་ཤ་འཐེན་སྟག་གཟིག་འཕྱོ༔ རི་རབ་ནུབ་ཀྱི་རྒྱན་དུ་འབུལ༔ ཁམས་གསུམ་དབང་སྡུད་ལས་མཛོད་ཅིག༔ རལ་གྲི་སྙིང་དང་མདུང་གིས་མཚན༔ འུག་པ་རྐན་རྡེབ་ལྕེ་སྤྱང་འཕྱོ༔ རི་རབ་བྱང་གི་རྒྱན་དུ་འབུལ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཕོ་གདོང་སྟག་ཆས་རྡོ་རྗེ་རིས༔ སྐྱེས་པ་ཕོ་ཡི་གླུད་དུ་འབུལ༔ ཕོ་བདུད་དལ་ཁ་དགྲ་ལ་བསྒྱུར༔ སྐྱེས་པའི་ཚེ་སྲོག་བརྟན་པར་མཛོད༔ མོ་གདོང་གཟིག་ཆབ་པདྨ་རིས༔ ཟ་མ་མོ་ཡི་གླུད་དུ་
འབུལ༔ མོ་བདུད་དལ་ཁ་བདུད་ལ་བསྒྱུར༔ མོ་སྲིད་དཔལ་ནོར་རྒྱས་པར་མཛོད༔ རྒྱལ་མཚན་དང་དཔྱང་ཕོ་ལོང་རིས༔ བྱིས་པ་ཆུང་གི་གླུད་དུ་འབུལ༔ ཆུང་བདུད་ཆུང་སྲི་བགེགས་ལ་བསྒྱུར༔ བྱིས་པའི་ཚེ་སྲོག་བརྟན་པར་མཛོད༔ མདོས་བདག་ལགས་པས་མདོས་བཞེས་ཤིག༔ གླུད་བདག་ལགས་པས་གླུད་བཞེས་ཤིག༔ ཀྱེ༔ རི་རབ་བང་རིམ་རྣམ་གསུམ་ལ༔ སྐུ་ཡི་གཟུགས་བརྙན་སྣ་ཚོགས་ནི༔ སྨན་སྣ་རིན་ཆེན་ལྔ་ལས་སྦྱར༔ དབྱིབས་ལེགས་མཛེས་པར་རབ་བཀོད་དེ༔ འདོད་ཡོན་སྣ་ཚོགས་བྱིན་བརླབས་ནས༔ གནོད་སྦྱིན་འཁོར་བཅས་སྐུ་ལ་འབུལ༔ སྐུ་ཡི་བསྐང་དུ་བཞེས་སུ་གསོལ༔ སྐུ་ཡི་ཉམས་ཆག་བསྐང་གྱུར་ཅིག༔ ཐོད་རྔ་རྔ་ཆེན་མི་རྐང་དུང་༔ སྒྲ་དབྱངས་སྙན་པའི་རོལ་མོའི་ཚོགས༔ གནོད་སྦྱིན་འཁོར་བཅས་སྙན་ལ་འབུལ༔ གསུང་གི་བསྐང་དུ་བཞེས་སུ་གསོལ༔ གསུང་གི་ཉམས་ཆག་བསྐང་གྱུར་ཅིག༔ ནམ་རྒྱང་དམར་པོ་འཇའ་ཚོན་རིས༔ ཟ་འོག་མཛེས་པའི་འཕན་གྱིས་བརྒྱན༔ གནོད་སྦྱིན་འཁོར་བཅས་ཐུགས་ལ་འབུལ༔ ཐུགས་ཀྱི་བསྐང་དུ་བཞེས་སུ་གསོལ༔ ཐུགས་ཀྱི་
ཉམས་ཆག་བསྐང་གྱུར་ཅིག༔ གཏོར་ཚོགས་ཤ་ཁྲག་འབྲུ་སྣ་དང་༔ བསྐང་རྫས་མཆོད་ཡོན་སྣ་ཚོགས་པ༔ གནོད་སྦྱིན་འཁོར་དང་བཅས་ལ་འབུལ༔ ཡོན་ཏན་བསྐང་དུ་བཞེས་སུ་གསོལ༔ ཡོན་ཏན་ཉམས་ཆག་བསྐང་གྱུར་ཅིག༔ འོམ་མདའ་བྱ་རྒོད་སྒྲོ་ཡིས་སྒྲོན༔ མདུང་དམར་རུ་དར་མེ་ལྕེ་རིས༔ མཚེ་དང་ཉུངས་ཀར་ཁྲག་ཟོར་དང་༔ མདའ་ཟོར་གཏོར་ཟོར་མདོས་ཟོར་འདི༔ གནོད་སྦྱིན་འཁོར་དང་བཅས་ལ་འབུལ༔ ཕྲིན་ལས་བསྐང་དུ་བཞེས་སུ་གསོལ༔ ཕྲིན་ལས་ཉམས་ཆག་བསྐང་གྱུར་ཅིག༔ རྣལ་འབྱོར་འགལ་རྐྱེན་བར་ཆད་སོལ༔ མཐུན་རྐྱེན་དངོས་གྲུབ་བདག་ལ་སྩོལ༔ [བདུན་པ་བཤགས་པ་བྱ་བ་ནི།] ཧཱུྃ༔ གནོད་སྦྱིན་ཤན་པ་འཁོར་བཅས་དགོངས༔ བདག་ནི་སྟོབས་དང་འབྱོར་ཆུང་བས༔ དཀྱིལ་འཁོར་གཏོར་མ་ལ་སོགས་པ༔ མཆོད་དང་སྒྲུབ་རྟེན་བསྐང་བའི་རྫས༔ མ་འབྱོར་མ་རྙེད་མ་ཚང་བ༔ མཐོལ་ལོ་བཤགས་སོ་བསྐང་ལགས་སོ༔ ལེ་ལོ་སྙོམས་ལས་རྐྱེན་དབང་གིས༔ འབྱོར་ཡང་ཚོད་ཡོད་སེར་སྣས་སྦག༔ སྔགས་བཟླས་མ་དག་སྒྲུབ་པ་གཡེལ༔ སྒྲུབ་རྫས་གཞན་མཐོང་གསང་ཚིག་སྨྲས༔ མཛེ་ཕོ་ཡུག་སའི་གྲིབ་ཕོབ་
སོགས༔ ཐུགས་དང་འགལ་བའི་ཉེས་པ་ཀུན༔ བཟོད་གསོལ་བསྐང་ཞིང་བཤགས་བགྱིའོ༔ མདོར་ན་དུས་དང་རྣམ་ཀུན་ཏུ༔ བདག་ནི་མ་རིག་དབང་གྱུར་ཏེ༔ ལྷ་ཁྱོད་ཐུགས་དང་འགལ་བའི་ལས༔ མཆིས་ན་ཐུགས་ཀྱིས་ཁྲེལ་མ་མཛད༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ དོ་ནུབ་མདོས་ཀྱིས་བསྐང་ཞིང་བཤགས༔ ལྟ་བ་ཉམས་པ་མདོས་ཀྱིས་བསྐང་། །སྒོམ་པ་ཉམས་པ་མདོས་ཀྱིས་བསྐང་། །སྤྱོད་པ་ཉམས་པ་མདོས་ཀྱིས་བསྐང་། །སྲིད་པའི་མདོས་ཀྱིས་ཐུགས་དམ་བསྐང་། །མདོས་ཀྱིས་མ་ཚང་གང་ཡང་མེད། །ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །[ཅེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །བརྒྱད་པ་ཕྲིན་ལས་གཉེར་གཏད་པ་ནི།] ཀྱེ༔ གནོད་སྦྱིན་དྲག་པོ་འཁོར་དང་བཅས༔ དམ་ཚིག་གཉན་གྱི་ལྷ་ཆེན་པོ༔ འདི་ལྟར་བསྐང་བསྐང་གསོལ་གསོལ་ནས༔ གྲོགས་ལ་གཞུང་མེད་མི་སྲིད་ཀྱི༔ རྣལ་འབྱོར་དམ་མེད་མི་སྲིད་ཀྱི༔ དགྱེས་པའི་མཆོད་གཏོར་བདག་གིས་འབུལ༔ བསྐང་གསོའི་ངོ་ཞིག་ཁྱོད་ཀྱིས་མཛོད༔ ཆད་པའི་གཞུང་ཞིག་ང་ཡིས་བསྲང་༔ སྨྲས་པའི་ཚིག་འདི་ཁྱོད་ཀྱིས་ཉོན༔
བསྐུལ་བའི་གཉེར་འདི་བདག་ལ་ཡོད༔ བཅོལ་བའི་ལས་འདི་ཁྱོད་ཀྱིས་མཛོད༔ གཉིས་ཀས་ཆད་པའི་གཞུང་བསྲང་འཚལ༔ གཉིས་ཀས་ལས་ཀྱི་གཉེར་བླང་འཚལ༔ སྨྲས་སོ་ཆད་དོ་ཐུགས་དམ་ཅན༔ གསོལ་ལོ་མཆོད་དོ་སྲུང་མའི་ཚོགས༔ སོད་ཅིག་ཐུལ་ཅིག་དགྲ་དང་བགེགས༔ ལྟོས་སོ་གཉེར་རོ་དམ་ཚིག་ཅན༔ ཁྱེད་དང་རྣལ་འབྱོར་བདག་ཅག་གཉིས༔ བསྐལ་པ་ཞིག་ཀྱང་མི་འབྲལ་ལོ༔ རྒྱང་ངེ་གཡེལ་ལེ་མ་མཛད་པར༔ བརྩེ་དུང་གདུང་སེམས་ཅི་ཆེར་མཛོད༔ དམ་ཚིག་གཉན་དགོངས་ལས་འདི་མཛོད༔ ལེ་ལོ་སྙོམས་ལས་མ་མཛད་ཅིག༔ རྫུན་དང་གཡོ་སྒྱུ་མ་མཛད་ཅིག༔ མི་ཡི་ནད་གདོན་བར་ཆད་རྐྱེན༔ ནོར་ཕྱུགས་གོད་ཡམས་མི་མཐུན་ཕྱོགས༔ མ་ལུས་ཞི་ཞིང་བཟློག་པར་མཛོད༔ ཚེ་བསོད་དཔལ་འབྱོར་མངའ་ཐང་དང་༔ སྲོག་ལུས་དབང་ཐང་རླུང་རྟ་དང་༔ བླ་གཟའ་སྙན་གྲགས་རྒྱས་པར་མཛོད༔ སྣང་སྲིད་སྐྱེ་འགྲོ་བུ་སློབ་དང་༔ ཟས་ནོར་ལོངས་སྤྱོད་འདོད་རྒུའི་དཔལ༔ ལྷ་འདྲེ་མི་གསུམ་དབང་སྡུས་ཤིག༔ དགྲ་བགེགས་ལོག་འདྲེན་གནོད་བྱེད་ཀུན༔ རྗེས་ཤུལ་ལྷག་མ་མ་ལུས་པར༔ མྱུར་མགྱོགས་མཐུ་
དང་སྟོབས་ཤུགས་ཀྱིས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ བསྒྲུབ་ཚེ་གཡེལ་དང་འགྱང་མ་བྱེད༔ བརྟེན་ཚེ་འཁུ་དང་ལྡོག་མ་བྱེད༔ རྦད་ཚེ་མཐུ་དང་རྩལ་མ་ཞན༔ ང་ཡི་ཡིད་ལ་འདོད་དོན་ཀུན༔ དུས་རྣམས་ཀུན་ཏུ་མྱུར་སྒྲུབ་མཛོད༔ སྡང་བའི་དགྲ་ལ་རྦད་པའི་ཚེ༔ མདའ་འཕངས་སླར་ལ་མི་ལྡོག་བཞིན༔ མཐུ་བྱད་དམོད་དབལ་ཕྱིར་མ་ལྡོག༔ བརྩེ་བའི་གྲོགས་དང་བྱམས་པའི་གཉེན༔ རྒྱབ་བརྟེན་དཔུང་གྲོགས་ཁྱོད་བསྟེན་ནོ༔ ནང་དུ་བྱམས་བརྩེ་གདུང་སེམས་ཆེ༔ རྟག་ཏུ་སྲུང་སྐྱོབ་མ་གཡེལ་ཅིག༔ ཉིན་གྱི་དུས་སུ་བྱ་ར་མཛོད༔ མཚན་གྱི་དུས་སུ་མེལ་ཚེ་མཛོད༔ ཕར་ལ་འགྲོ་བའི་སྐྱེལ་མ་མཛོད༔ ཚུར་ལ་འོང་བའི་བསུ་མ་མཛོད༔ གཞིས་ལ་འདུག་པའི་ཁ་འཛིན་མཛོད༔ ཕུག་ལྷ་ནོར་ལྷ་ཕྱུགས་ལྷ་དང་༔ གྲོགས་ལྷ་མགྲོན་ལྷ་ལམ་ལྷ་དང་༔ ཚོང་ལྷ་ཐབ་ལྷ་ཞིང་ལྷ་དང་༔ ཕ་ལྷ་མ་ལྷ་ཕྲག་ལྷ་དང་༔ དགྲ་ལྷ་ཡུལ་ལྷ་ཐམས་ཅད་ཀུན༔ བཀའ་སྲུང་གཉན་པོ་ཁྱོད་ཀྱིས་མཛོད༔ བདག་ལ་སྡང་བའི་དགྲ་བོ་ལ༔ བརྩེ་མ་ཤོར་ལ་བྱམས་མ་བྱེད༔ ཕྲག་དོག་གདུག་རྩུབ་དྲག་པོ་དང་༔ ཞེ་སྡང་
གཏུམ་རྔམས་ཡུས་ཆེན་གྱིས༔ ཕྱོགས་མཚམས་མཐོ་དམན་ཉེ་རིང་དང་༔ ཕྱི་ནང་གར་གནས་ཁྱོད་ཀྱིས་ཤེས༔ ལོ་ཟླར་འགྱངས་སུ་མ་ཤོར་བར༔ གློ་བུར་ཧུར་ཐུམ་གཟེར་ནད་རིགས༔ གྲིབ་ཐབས་དྲག་པོ་ལ་སོགས་པས༔ གསོད་གཅོད་བརླག་པའི་ལས་མཛོད་ཅིག༔ ང་ཡི་ཡིད་ལ་བརྣག་ཙམ་གྱིས༔ དགྲ་བགེགས་ལྷ་ཡང་རུང་སྟེ་སོད༔ ཆག་ཆེ་ཉམ་ང་ཐམས་ཅད་ཟློག༔ རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ རྟག་ཏུ་བསྲུང་ཞིང་སྐྱོབ་པ་དང་༔ འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག༔ འཁོར་བསྲུང་རྐྱེན་བཟློག་བསམ་པ་བསྒྲུབ༔ ཆོས་འཁོར་སྐྱོང་བའི་སྲུང་མ་མཛོད༔ བཀྲ་ཤིས་བདེ་ལེགས་འགྲུབ་པར་མཛོད༔ [ཅེས་ཕྲིན་ལས་གཉེར་གཏད་དེ། དགུ་པ་རྗེས་ཀྱི་བྱ་བ་ནི། ཕོ་བྲང་འཛུག་མདོས་ཡིན་ན་གོང་གི་གཤམ་དུ།] རྟེན་མཆོག་ཕོ་བྲང་དམ་པ་འདིར༔ ཆོས་སྐྱོང་འཁོར་བཅས་བཞུགས་ནས་ཀྱང་༔ ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ༔ [ཅེས་སྦྱར། གཏང་རག་མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་སོགས་ཕྲིན་ལས་ཀྱི་གཞུང་བཞིན་དང་། གློ་བུར་བའི་སྐོང་མདོས་ལྟ་བུ་ལ་ཕྱི་རོལ་གྱི་ཕྱོགས་གང་འོས་གཙང་མའི་སར་རོལ་མོ་དང་བཅས་པས་བསྐྱལ་ཞིང་ཕྲིན་ལས་བཅོལ། སླར་ནང་དུ་ལོག་ནས་ཤིས་
བརྗོད་སོགས་རྗེས་ཀྱི་ཆོ་ག་རྣམས་མཐའ་རྒྱས་སུ་སྤེལ་ལོ། །][རྩ་བའི་གསུམ་པ་རྗེས་ཕྲིན་ལས་སྦྱོར་ཚུལ་ནི། དགོས་པ་ཁྱད་པར་ཅན་གྱི་སྐབས་སུ་བབས་ན་སྐོར་མདོས་དེ་ཉིད་དྲག་པོ་ཟོར་མདོས་སུ་ཞལ་བསྒྱུར་བ་སྟེ། འདི་ཉིད་ཧ་ཅང་གཉན་པས་དཀྱུས་སུ་མི་རུང་བས་ན་འདིར་མ་སྨོས་ཤིང་གཞན་དུ་འདིའི་ལག་ལེན་དང་ཆོ་གའི་ཚུལ་རྣམས་མན་ངག་ལས་ཤེས་པར་བྱའོ། །ཡང་གོང་སྨོས་བཅས་གཤོམ་སྐབས་སུ་གནོད་སྦྱིན་གཙོ་འཁོར་གྱི་སྐུ་གཟུགས་རྣམས་དང་གདུགས་དང་ཁྱུང་ཚང་བྲན་པ་སོགས་ཡུལ་དུས་མཐུན་རྐྱེན་ལ་བརྟེན་ནས་སྤྲོས་པས་མ་ལྕོགས་ཤིང་མ་འབྱོར་ན་བང་རིམ་སྟེང་དུ་དམར་གཏོར་ཁོ་ན་གཙོ་འཁོར་ཕྱེད་པར་བཀོད་ཅིང་ནམ་མཁའ་ཁོངས་སྟོང་ཙམ་བྲན་པས་ཀྱང་རུང་ལ། གཟུགས་འགྲོས་དཀོར་ཆ་བསྐང་རྫས་རྣམས་ཀྱང་ཟན་སྤར་ལ་བཏབ་པས་ཆོག་ཅིང་། གཙོ་བོར་ཏིང་འཛིན་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་སྤྲོ་བ་ལ་འབད་པས། དོན་འགྲུབ་པ་ཉིད་དོ། །དེ་ལྟར་མདོས་ཀྱི་སྐོང་ཆོག་ལ་འབད་པས་བསྟན་སྲུང་གི་ཐུགས་དམ་བསྐང་ཞིང་། འགལ་རྐྱེན་ཐམས་ཅད་བཟློག་པ་དང་། མཐུན་རྐྱེན་བསམ་དོན་ཡིད་བཞིན་མྱུར་དུ་འགྲུབ་པ་སོགས་ཀྱི་དགོས་པ་ཁྱད་པར་ཅན་མང་དུ་ཡོད་པ་ཡིན་ནོ། །དབང་དྲག་གནོད་སྦྱིན་ཐུགས་དམ་སྐོང་བའི་ཕུལ། །མདོས་ཀྱི་ཆོ་གའི་ལག་ལེན་གསལ་བྱས་པ། །འདིས་ཀྱང་རྣལ་འབྱོར་ཕྲིན་ལས་གྲོགས་
གྱུར་ཏེ། །གསང་བསྟན་སྙིང་པོ་བསྲུང་བའི་བཙས་སུ་ཤོག །དེ་ལྟར་དབང་དྲག་གནོད་སྦྱིན་ཆེན་པོའི་སྐོང་ཕྲིན་མདོས་ཆོག་ནམ་མཁའ་མཛོད་ཀྱི་དགའ་སྟོན་ཅེས་བྱ་བ་འདི་ནི། ཟབ་གསང་སྙིང་པོའི་རིང་ལུགས་འཛིན་པ་རྣམས་ལ་ཕྲིན་ལས་བསྒྲུབ་པའི་ཆ་རྐྱེན་དུ་དགོས་པར་མཐོང་ནས། ཆོས་རྒྱལ་རཏྣ་གླིང་པ་དང་བདུད་འཇོམས་གླིང་པའི་ཟབ་གཏེར་གྱི་སྐོང་ཆོག་གུང་བསྡེབས་ནས་འཇུག་པ་བདེ་བའི་དག་ཁྲིགས་སུ་བཀོད་པ་སྟེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དམར་སེར་ཅན་གྱི་ལོ་ནག་པ་ཉ་བའི་ཡར་ངོ་རྒྱལ་བ་གསུམ་པ་ལ་བལ་ཡུལ་ཉེ་བའི་ཚན་ངྷོ་རུ་སྦྱར་བའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་བསྟན་འཛིན་ཀུན་ལེགས་སོ། །འདིས་ཀྱང་ལས་ཀྱི་དངོས་གྲུབ་ཐོགས་མེད་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག །ཛ་ཡནྟུ༎ ༎]
ནོར་བདག་ཨ་པ་ར་ཙིཏྟའི་སྐོར་བ་འདོད་རྒུ་མྱུར་སྩོལ།
༄༅། །[ནོར་བདག་ཨ་པ་ར་ཙིཏྟའི་སྐོར་བ་འདོད་རྒུ་མྱུར་སྩོལ་ཅེས་བྱ་བ་བཞུགས་སོ། །]༈ ན་མོ་བཛྲ་པཱ་ཎི་ཡེ། [ནོར་གྱི་བདག་པོའི་སྐོང་བ་བྱ་བར་འདོད་པས། དམ་ཚིག་གི་རྫས་སུ་འོས་པ་རྣམས་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་ལ།] ཛཿ བྱང་ཕྱོགས་ལྕང་ལོ་ཅན་གྱི་ཕོ་བྲང་ནས། །མཐུ་ཆེན་རྡོ་རྗེའི་འཛིན་པའི་བཀའ་ཉན་པ། །གནོད་སྦྱིན་ནོར་གྱི་བདག་པོ་འཁོར་དང་བཅས། །འདིར་གཤེགས་དགྱེས་པར་བཞུགས་ལ་དངོས་གྲུབ་སྩོལ། །དྭངས་བསིལ་མཆོད་ཡོན་རྣམས་བཀྲའི་མེ་ཏོག་ཚལ། །དད་ལྡན་སྤོས་སྤྲིན་སྣང་གསལ་སྒྲོན་མེའི་ཕྲེང་། །དྲི་བཟང་ཆུ་ཀླུང་རོ་བདའི་ཞལ་ཟས་སྤུངས། །སྙན་འཇེབས་རོལ་མོའི་སྒྲ་ཡི་ཐུགས་དམ་བསྐང་། །ངོ་མཚར་ཡིད་འོང་གཟུགས་དང་སྙན་པའི་སྒྲ། །ཡིད་འཛིན་དང་ལྡན་དྲི་དང་རོ་བརྒྱའི་ཟས། །འཇམ་མཉེན་འཁྲིལ་ཆགས་ལྷ་ཡི་རེག་བྱ་སྟེ། །འདོད་ལྔའི་ཡོན་ཏན་མཆོག་གིས་ཐུགས་དམ་བསྐང་། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །གཏེར་གྱི་བུམ་པ་ཡོངས་འདུའི་ལྗོན་པའི་ཚལ། །མ་རྨོས་ལོ་ཏོག་འདོད་ཀུན་འཇོ་བའི་བ། །འཛད་མེད་རིན་ཆེན་དབྱིག་གིས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་དམར་ཆེན་རཀྟའི་རྒྱུན། །འབྲས་ཆེན་ཁུར་བ་ཤིང་ཏོག་དཀར་མངར་བཅུད། །སྣ་ཚོགས་མཱཾ་ས་མྱོས་
བྱེད་སྦྱར་བའི་ཆང་། །ཕུན་ཚོགས་བཟའ་བཅའ་བཏུང་བས་ཐུགས་དམ་བསྐང་། །གནག་སྣུམ་སྤུ་སྡུག་ངོམས་པའི་སྒྱུ་རྩལ་ཅན། །དབང་པོ་ཀུན་ཚང་ཡིད་འཕྲོག་རྒྱན་གྱིས་མཛེས། །རྐང་བཞི་ཕྱུགས་དང་འདབ་ཆགས་ཆུར་གནས་སོགས། །དབུགས་ལྡན་གཟུགས་འགྲོས་དུ་མས་ཐུགས་དམ་བསྐང་། །ངོ་མཚར་རི་དྭགས་སྙིང་དང་ཐོད་པར་བཅས། །སྐུ་གཟུགས་ཙཀྲས་གཏམས་པའི་བླ་རྡོ་དང་། །ཕྱི་ནང་གསང་བ་རྟེན་སྒྲུབ་མཆོད་སྐོང་རྫས། །མཐུན་པའི་ཡོ་བྱད་ཚོགས་ཀྱི་ཐུགས་དམ་བསྐང་། །མདོར་ན་དངོས་སུ་འབྱོར་བ་དཔེར་མཚོན་ནས། །ཡིད་སྤྲུལ་ཏིང་འཛིན་རོལ་མོའི་རྩེ་འཇོ་ལས། །ཟག་མེད་ཀུན་བཟང་མཆོད་པའི་སྤྲིན་ཕུང་གིས། །མཁའ་ལམ་དོག་པོར་བྱས་པས་ཐུགས་དམ་བསྐང་། །མ་རིག་ནོངས་པའི་ཉེས་པ་སྤྱི་དང་ནི། །ཁྱད་པར་འདོད་ཆགས་སེར་སྣའི་དབང་གྱུར་པས། །དབུལ་ཞིང་ཕོངས་པའི་ལས་ངན་ཅི་བསགས་པ། །ལྷ་མཆོག་ཁྱོད་ལ་བཤགས་སོ་བཟོད་པར་བཞེས། །གཡེལ་མེད་རྩེ་གཅིག་སྒྲུབ་པའི་རིག་འཛིན་ལ། །དགྱེས་འཛུམ་བརྩེ་བའི་ཞལ་བཟང་མུར་དུ་སྟོན། །ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས། །མངའ་ཐང་ལོངས་སྤྱོད་ཡོན་
ཏན་དགུང་དུ་སྤོར། །མཁའ་མཉམ་འགྲོ་ཀུན་དབུལ་ཕོངས་སྡུག་བསྔལ་ལས། །རྣམ་འགྲོ་ཕན་བདེ་རྒྱ་མཚོས་འཚོ་བ་དང་། །ཁྱོད་ལ་རྟེན་བཅས་རྣལ་འབྱོར་བདག་ཅག་གི །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །[ཅེས་པའང་སློབ་དཔོན་ངག་དབང་ཨོ་རྒྱན་བསྟན་འཛིན་གྱི་བཞེད་སྐོང་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཀར་པོའི་ཕྱོགས་ཀྱི་དུས་ཚེས་བཟང་པོར་ཤར་མར་སྦྱར་བ་ཛ་ཡནྟུ༎ ༎]
གནོད་སྦྱིན་ཆེན་པོ་ནང་ལྟར་གཏེར་གྱི་བདག་པོར་སྒྲུབ་པའི་ཕྲིན་ལས་འདོད་རྒུ་ཆར་འབེབས་དབང་གི་རྒྱལ་པོ།
༄༅། །གནོད་སྦྱིན་ཆེན་པོ་ནང་ལྟར་གཏེར་གྱི་བདག་པོར་སྒྲུབ་པའི་ཕྲིན་ལས་འདོད་རྒུ་ཆར་འབེབས་དབང་གི་རྒྱལ་པོ་ཞེས་བྱ་བབཞུགས་སོ། །
༄༅། །ཨོཾ་སྭ་སྟི། རྗེས་ཆགས་རཱ་གའི་མདངས་ཀྱིས་བརྟན་གཡོའི་དངོས། །གཅིག་ཅར་དབང་མཛད་མགོན་དེར་ཉེར་བཏུད་ནས། །དེ་ཡི་ཕྲིན་ལས་དངོས་གྲུབ་ཀུན་གྱི་གཏེར། །སྐལ་བཟང་རེ་སྐོང་དཔྱིད་དུ་འདི་ན་དབྱེ། །[གནོད་སྦྱིན་ཆེན་པོ་ནང་ལྟར་གཏེར་གྱི་བདག་པོ་ནོར་སྦྱིན་རྒྱ་མཚོའི་མངའ་བདག་ཏུ་སྒྲུབ་ཅིང་མཆོད་པར་འདོད་པས། ཡིད་དང་མཐུན་པའི་གནས་སུ་དམ་ཚིག་གི་བྲིས་སྐུ་སོགས་སྒྲུབ་པའི་རྟེན་བཀྲམ་པའི་མདུན་དུ་ཟངས་གཞོང་ལ་སོགས་པའི་སྣོད་གས་ཆག་མེད་པར་འབྲུ་མར་གྱི་ཕྱེ་མ་ཛ་གད་ཀྱིས་སྦྲུས་པའི་གཏོར་མ་བང་རིམ་སུམ་བརྩེགས་ཀྱི་ཁར་ནོར་དུ་སུམ་སྒྲོམ་གྱི་སྟེང་དུ་གཡང་བཤོས་ལྟེ་བ་བིལ་བའི་འབྲས་བུ་ལྟ་བུ་ལ་མགུལ་པ་དང་ལྡན་ཅིང་རྩེ་མོ་ཟླུམ་ཅོག་ཅན་མཚལ་ལམ་
ལི་ཁྲིས་ཁ་བསྒྱུར་བར་མེ་ཏོག་དང་ཕྱག་མཚན་པ་ཏྲ་ལ་སོགས་པས་མཛེས་པར་བརྒྱན་ཅིང་སྣོད་ཀྱི་མཐའ་སྐོར་དུ་ཟས་སྣ་གཙང་ཞིང་དག་པས་རྒྱ་ཆེར་སྤུངས་ཐབས་སུ་བསྐོར་བ་དང་། བདུད་རྩི་ཨ་མྲྀ་ཏ་དང་རཀྟ། ཁ་དོག་དམར་པོར་བསྒྱུར་བའི་ཉེར་སྤྱོད་ལྔ་བཅས་བཀོད་མཛེས་སུ་བསྟར། གཞན་ཡང་ཐུན་མོང་དང་ཁྱད་པར་གྱི་སྒྲུབ་རྫས་ཕྱི་ནང་གི་མཆོད་གཏོར་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཐའ་དག་སྒྲུབ་ཐབས་ཀྱི་མན་ངག་བཞིན་ཚོགས་པར་བྱས་ལ། རང་ཉིད་པདྨ་ཐོད་ཕྲེང་རྩལ་གྱི་གསལ་སྣང་ལ་གནས་པས། མཆོད་གཏོར་རྣམས་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་བྷྲཱུྃ་ལས་བྱུང་བའི་རིན་པོ་ཆེ་པདྨ་རཱ་གའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ཧྲཱིཿཞུ་བ་ལས་བྱུང་བའི་ལྷ་རྫས་
ལས་གྲུབ་པའི་མཆོད་གཏོར་ཁ་དོག་དྲི་རོ་ནུས་བཅུད་ཕུན་སུམ་ཚོགས་པ་འདོད་ཡོན་གྱི་གཏེར་ཆེན་ཀུན་ཏུ་ཟད་མི་ཤེས་པས་ནམ་མཁའི་མཐའ་ཀླས་པར་གང་བར་[བསམ་ཞིང་།] ཨོཾ་བཛྲ་པུཥྤེ་[ནས།] ཤཔྡ་ཨཱཿཧཱུཾ་[གི་བར་དང་། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབ། མདུན་རྟེན།] ཤུ་ནྱ་ཏཱའི་[སྔགས་ཀྱིས་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱི་དཀྱིལ་འཁོར་ལྕང་ལོ་ཅན་གྱི་དགའ་བའི་ཚལ་ཆེན་པོའི་དབུས་སུ། ཐོད་པ་རིན་པོ་ཆེའི་གཞལ་ཡས་ཁང་རྒྱན་དང་བཀོད་པ་ཕུལ་དུ་བྱུང་བས་སྤྲས་ཤིང་འདོད་རྒུའི་འབྱོར་པ་བསམ་གྱིས་མི་ཁྱབ་པས་ཡོངས་སུ་གང་བའི་ལྟེ་བར་པདྨ་དམར་པོ་འདབ་མ་འབུམ་བརྡལ་གྱི་ཟེའུ་འབྲུ་ཉི་མའི་དཀྱིལ་འཁོར་གཏེར་གྱི་བུམ་པས་མཚན་པས་སྟེང་དུ་ཡེ་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་རྣམས་མཆོད། སེམས་ཅན་གྱི་དབུལ་ཕོངས་བསལ། ཁམས་གསུམ་བརྟན་གཡོའི་དྭངས་བཅུད་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་འུབ་ཀྱིས་བསྡུས་ཏེ་ཧྲཱིཿལ་ཐིམ། དེ་ཡོངས་སུ་གྱུར་པ་ལས་གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་འབར་ཞིང་ཉི་མ་འབུམ་གྱི་གཟི་བརྗིད་ཅན། ཞལ་རབ་ཏུ་འཛུམ་ལ་ཁྲོ་ཞིང་ཆགས་པའི་ཉམས་འགྱུར་གྱིས་སྒེག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་ཟུར་མིག་གིས་གཟིགས། ཞལ་
གཅིག་ཕྱག་གཉིས་ཀྱི་གཡས་ཁམས་གསུམ་སྐད་ཅིག་གིས་འགུགས་པའི་ལྕགས་ཀྱུ་དང་། གཡོན་ནོར་བུ་སྐྱུག་པའི་ནེའུ་ལེ་བཙིར་བས་རིན་པོ་ཆེའི་ཆར་འབེབས་པ། སྐུ་ལ་ལྷའི་དར་སྣ་ཚོགས་པའི་ན་བཟའ་གསོལ་ཞིང་། རིན་པོ་ཆེའི་ཐོར་ཚུགས་དང་དབུ་རྒྱན་རཏྣ་དམར་པོའི་དོ་ཤལ་སོགས་རྒྱན་ཐམས་ཅད་ཀྱིས་སྤྲས་པ། ཞབས་གཉིས་སྐྱིལ་ཀྲུང་ཕྱེད་པའི་སྟབས་ཀྱིས་དབང་གི་འོད་ཟེར་དམར་པོ་རབ་ཏུ་འཁྲུགས་པའི་ཀློང་དུ་གནོད་སྦྱིན་ནོར་ལྷ་གཏེར་བདག་བྱེ་བའི་འཁོར་ཚོགས་སྤྲིན་ཕུང་གཏིབས་པ་ལྟ་བུའི་དབུས་ནས་རོལ་པའོ། །དེའི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་ཧྲཱིཿ དེ་ལས་འོད་ཟེར་འཕྲོས་པས་བྱང་ཕྱོགས་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་ཞིང་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ལ། སྦྱང་སྤོས་བཏུལ་ཞིང་རོལ་མོའི་སྒྲ་དང་བཅས་པས།] ཧཱུྃ༔ བྱང་ཕྱོགས་གཏེར་གྱི་གཞལ་ཡས་ནས༔ གནོད་སྦྱིན་ཆེན་པོ་གཏེར་གྱི་བདག༔ ནོར་ལྷ་བྱེ་བའི་ཚོགས་དང་བཅས༔ མཆོད་ཅིང་བསྟོད་ཕྱིར་སྤྱན་འདྲེན་ན༔ སེམས་ཅན་དབུལ་ཞིང་ཕོངས་པ་ཡི༔ མགོན་སྐྱབས་མཛད་པར་ཞལ་བཞེས་ཤིང་༔ དམ་བཅས་དུས་ནི་དེང་ལགས་པས༔ མ་ཐོགས་མྱུར་དུ་
༔གཤེགས་སུ་གསོལ༔ བགེགས་ཀྱི་སྦྱོར་བ་རྒྱུན་ཆོད་ལ༔ ཚེ་བསོད་དཔལ་དང་འབྱོར་བ་སྤེལ༔ སྲིད་གསུམ་ཕྱྭ་གཡང་ལོངས་སྤྱོད་ཀྱི༔ དངོས་གྲུབ་འདོད་རྒུའི་བྱིན་ཆེན་ཕོབ༔ ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛཿཛ༔ [ཞེས་སྤྱན་དྲངས༔] ཧཱུཾ༔ དམ་ཚིག་ཡེ་ཤེས་དབྱེར་མེད་པར༔ བཀྲ་ཤིས་དགེ་བའི་གདན་ལ་བཞུགས༔ པདྨའི་རིགས་མཆོག་ཆེན་པོ་ལ༔ གུས་ཤིང་དང་བས་ཕྱག་འཚལ་ལོ༔ ཛཿཧཱུཾ་བཾ་ཧོཿས་མ་ཡ་ཨཱ་ས་ན་ཏིཥྛ་ལྷན༔ ན་མོ་ན་མཿམི༔ [ཞེས་བཞུགས་སུ་གསོལ་ཞིང་ཕྱག་བྱ༔] ཧཱུཾ༔ གཏེར་བདག་ཆེན་པོ་འཁོར་བཅས་ལ༔ དངོས་གྲུབ་བསྐུལ་ཕྱིར་མཆོད་པ་ནི༔ དངོས་བཤམས་ཡིད་ལས་བྱུང་བ་ཡི༔ ཉེར་སྤྱོད་འདོད་ཡོན་སྤྲིན་ལྟར་གཏིབས༔ སྣོད་བཅུད་རི་གླིང་འབྱོར་པའི་ཚོགས༔ བཀྲ་ཤིས་རྟགས་རྫས་རྒྱལ་སྲིད་བདུན༔ བུམ་བཟང་འདོད་འཇོ་དཔག་བསམ་ཤིང་༔ གཏོར་མ་སྨན་ཕུད་རཀྟའི་བཅུད༔ ཟད་མི་ཤེས་པའི་ལོངས་སྤྱོད་འབུལ༔ བཞེས་ནས་འདོད་རྒུའི་དངོས་གྲུབ་སྩོལ༔ ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས༔] ཤཔྡ་པཉྩ་ཀ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཀརྨ་མུ་དྲ་པཱུ་ཛ་ཧོ༔ [ཞེས་མཆོད།] ཧཱུཾ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི༔
ལྕང་ལོ་ཅན་གྱི་ཕོ་བྲང་ན༔ གནོད་སྦྱིན་ཆེན་པོ་གཏེར་གྱི་བདག༔ དབང་གི་ཕྲིན་ལས་མཛད་པའི་ཕྱིར༔ པདྨ་རཱ་གའི་མདོག་འདྲ་ཞིང་༔ མིའུ་ཐུང་སྒེག་པའི་ཆ་ལུགས་ཅན༔ ལྷ་རྫས་དར་གྱི་ན་བཟའ་གསོལ༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཕྱག་གཡས་དབང་གི་ལྕགས་ཀྱུ་འཛིན༔ སྲིད་པ་གསུམ་པོ་དབང་དུ་སྡུད༔ གཡོན་པས་ནོར་སྐྱུག་ནེའུ་ལེ་བཙིར༔ དངོས་གྲུབ་ལོངས་སྤྱོད་ཆར་དུ་འབེབས༔ དབང་ཆེ་མཐུ་བྱིན་བསམ་མི་ཁྱབ༔ འཇིག་རྟེན་ཁམས་ན་འགྲན་ཟླ་བྲལ༔ རྫུ་འཕྲུལ་སྣ་ཚོགས་ཕྲིན་ལས་བདག༔ གནོད་སྦྱིན་ཆེན་པོ་ཁྱོད་ལ་བསྟོད༔ ཁྱོད་ནི་འགྲོ་བའི་དོན་སྤྲུལ་ཚེ༔ སྐུ་མདོག་གཅིག་ཏུ་མ་ངེས་ཏེ༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཆ་ལུགས་གཅིག་ཏུ་མ་ངེས་ཏེ༔ ཞི་དང་ཁྲོ་དང་ཞི་མ་ཁྲོ༔ ཁྲབ་དང་བེར་ཆེན་ལྷ་ཡི་གོས༔ ཞོན་པ་གཅིག་ཏུ་མ་ངེས་ཏེ༔ སེང་གེ་ཁྱུང་ཆེན་གླང་ཆེན་དང་༔ སྟག་གཟིག་དོམ་དང་མ་ཧེ་འབྲུག༔ རྟ་མཆོག་དྲོད་དང་ཆུ་སྲིན་ཞོན༔ ཕྱག་མཚན་གཅིག་ཏུ་མ་ངེས་ཏེ༔ བཀྲ་ཤིས་རྫས་བརྒྱད་རྔ་ཡབ་དང་༔ ནོར་བུ་བཱི་ཛ་པཱུ་ར་དང་༔ རལ་གྲི་མདའ་གཞུ་གསེར་གྱི་སྒྲོམ༔ སྣ་ཚོགས་སྤྲུལ་པའི་ཕྱག་
མཚན་འཛིན༔ ཡིད་བཞིན་གཏེར་བདག་ཁྱོད་ལ་བསྟོད༔ འགལ་འཁྲུལ་ཉམས་ཆག་ཐམས་ཅད་བཤགས༔ ལོངས་སྤྱོད་གཏེར་གྱི་སྒོ་ཕྱེས་ལ༔ བདག་ཅག་སྒྲུབ་པའི་རྣལ་འབྱོར་ལ༔ དངོས་གྲུབ་ལོངས་སྤྱོད་དུས་འདིར་སྩོལ༔ [ཅེས་བསྟོད།] གནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧྲཱིཿཡིག་པདྨ་རཱ་གའི་མདངས་ཅན་གྱི་མཐར་སྔགས་ཀྱི་ཕྲེང་བས་གཡས་སུ་བསྐོར་བ༔ བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་འཇིག་རྟེན་ཁམས་ཀྱི་ལོངས་སྤྱོད་ཐམས་ཅད་ཆར་དུ་ཕབ་ཅིང་༔ སྐུའི་ཆ་དང་ནེའུ་ལེ་གཏེར་གྱི་བུམ་པ་རྣམས་ནས་རིན་པོ་ཆེའི་ཆར་ཆེན་པོ་བབས་པས་ཐོད་པ་གང་དང་སླར་མ་ཤོང་བའི་ཚུལ་གྱིས་ཕྱིར་ལུད་ཅིང་ཐོད་པ་ལས་ཀྱང་ནོར་རྫས་ལོངས་སྤྱོད་འདོད་རྒུའི་ཆར་བབས་པས་གནས་ཁང་བང་མཛོད་ཐམས་ཅད་ཡོངས་སུ་གར་བར་[མོས་ལ།] ཨ་ཧེ་བྷྱོ་མ་རུ་ཙེ་རཏྣ་སིདྡྷི་ཛ༔གུ་ཎ་ཧྲི་ཏྲི་རཏྣ་སིདྡྷི་ཧཱུཾ༔ གྲཾ་བྷྱོ་ཤཾ་རཏྣ་སིདྡྷི་ཛཿཧཱུཾ༔ པུ་རུ་སིདྡྷི་ཛ༔ གྲིག་སིདྡྷི་ཧཱུཾ༔ གྲནྟ་རཏྣ་སིདྡྷི་ཛ༔ གྱིནྟ་ཨ་ཏྲི་ནྲྀ་ཛཿཧཱུཾ༔ ཨ་ས་ལཾ་པཱ་ཤཾ་ཀུ་རུ་སིདྡྷི་ཧཱུཾ་ཛ༔ [ཞེས་གཙོ་བོར་བཟླ་ཞིང་།] ཨེ་ཧེ་བྷྱོ་མ་རུ་ཙེ་ཨ་ཏྲི་ནྲྀ་ཛ༔ སིདྡྷི་ཕ་ལ་རཏྣ་ཁ་ངྷེ་ཧཱུཾ་ཛ༔ འགུལ་
འགུལ༔ མ་མ་ཧྲིང་ཧྲིང་༔ མ་མ་ཁ་ཤི་བཾ༔ ཨ་ཀཪྴ་ཡ་ཧྲིང་༔ མི་འགྲམ་ཆོག༔ མི་སྙིང་སྒུལ༔ ནྲྀ་སྲོག་རྩ་བྲེང་བྲེང་༔ ཐུལ་ཐུལ༔ ཡེཾ་ཡེཾ༔ ཡིད་ཀྱི་དབང་པོ་ཁུག་ཛ༔ མི་ནོར་ཟས་གསུམ་བདག་གི་དབང་དུ་སྡུས་ཤིག༔ [ཞེས་ལས་སྔགས་ཀྱང་གོང་གི་འགྲོས་དང་སྦྱར་ཏེ་བཟླ། ཐུན་མཚམས་སུ་གཏོར་མ།] ཨོཾ་ཨཱཿཧཱུཾ་[གིས་བྱིན་བརླབ། གནོད་སྦྱིན་ཆེན་པོའི་ལྗགས་རྡོ་རྗེ་རྩེ་དགུ་པའི་འོད་ཀྱིས་གཏོར་མ་དྲངས་ཏེ་གསོལ་བར་བསམ་ཞིང་།] མཁའ་ལྟར་རབ་ཡངས་ཡིད་འོང་ཟས་གཞོང་དུ། །ཤ་ལྔ་བདུད་རྩི་སྣ་ལྔའི་འབྲས་ཆན་དང་། །ཁུར་བ་ཤིང་ཏོག་བུར་མ་སྦྲང་རྩིའི་བཅུད། །སྣ་ཚོགས་ཤ་དང་མྱོས་བྱེད་བཅོས་པའི་ཆང་། །ཡིད་འོང་བཟའ་བཅའ་བཏུང་མྱོང་ལྡག་པའི་ཚོགས། །མ་དག་སྦྱངས་ཤིང་བདུད་རྩིར་རབ་སྦར་ནས། །གནོད་སྦྱིན་གཏེར་གྱི་བདག་པོའི་ཞལ་དུ་འབུལ། །ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་ཧཱུྃ་ཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ [ཞེས་ལན་བདུན་ནམ་གྱིས་ཕུལ་ལ།] བྷྱོ༔ བྱང་ཕྱོགས་གནོད་སྦྱིན་གཏེར་གྱི་བདག༔ འཛད་མེད་ནོར་ལ་མངའ་མཛད་ཆེ༔ ཞལ་གཅིག་ཕྱག་གཉིས་མཛེས་པའི་སྐུ༔ ཆིབས་སུ་ཟངས་ཀྱི་ཁྱུང་དམར་ཆིབ༔ སྐུ་མདོག་དམར་སེར་འོད་ཟེར་འཕྲོ༔
རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཕྱག་གཡས་ལྕགས་ཀྱུས་ཟས་ནོར་འགུགས༔ ཕྱག་གཡོན་ནེའུ་ལེས་དགོས་འདོད་སྟེར༔ འཁོར་དུ་གནོད་སྦྱིན་སྟོང་གིས་བསྐོར༔ སྔོན་གྱི་ཐུགས་དམ་ཆེན་པོ་ན༔ མི་ཟད་ནམ་མཁའི་མཛོད་སྟེར་བར༔ ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ མི་ནོར་ཟས་གསུམ་དབང་དུ་སྡུས༔ གཏེར་བདག་འཁོར་དང་བཅས་པ་ལ༔ མཆོད་ཚོགས་བ་ལིཾ་གཏོར་མ་འབུལ༔ ཟས་ནོར་ལོངས་སྤྱོད་ཆར་ལྟར་ཕོབ༔ འགྲོ་བ་མི་ཡི་རྣམ་ཤེས་སྒྱུར༔ སྦྱིན་བདག་ཕོ་མོའི་ལག་པ་སྒུལ༔ གཡང་ཅན་ནོར་དང་བརྗིད་ཅན་གོས༔ བཅུད་ཅན་ཟས་ལ་སོགས་པ་རྣམས༔ ཐམས་ཅད་བདག་ལ་སྩལ་དུ་གསོལ༔ མི་སྙིང་སྒུལ་ལ་མི་འགྲམ་ཆོག༔ རང་དབང་མེད་པར་ཐམས་ཅད་སྡུས༔ གནས་པ་ཚེ་ཡི་དངོས་གྲུས་སྩོལ༔ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ༔ སྙན་གྲགས་གདུལ་བྱའི་དངོས༴ ལོངས་སྤྱོད་ནོར་གྱི་དངོས༴ འཚོ་བཟས་ཀྱི༴ རྐང་བཞི་ཕྱུགས་ཀྱི༴ བང་མཛོད་འབྲུ་ཡི༴ དར་ཟབ་གོས་ཀྱི༴ རིན་ཆེན་གསེར་གཡུའི༴ སྲ་བརྟན་གོ་ཁྲབ༴ མི་ཟད་གཏེར་གྱི༴ ཅི་བསམ་འགྲུབ་པའི་དངོས་གྲུབ་སྩོལ༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ རྡོ་རྗེ་གཏུམ་པོའི་བཀའ་མ་བཅག༔ རྣལ་འབྱོར་བདག་གི་རེ་བ་སྒྲུབས༔ བཅོལ་བའི་ཕྲིན་ལས་
གྲུབ་པར་མཛོད༔ [ཅེས་འདོད་དོན་གསོལ།] མ་རིག་དུག་ལྔའི་རྒྱུས་བསྐྱེད་སྡིག་ཀུན་དང་། །ཁྱད་པར་འདོད་ཆགས་སེར་སྣའི་དབང་གྱུར་པས། །མ་བྱིན་ལེན་སོགས་དབུལ་ཕོངས་ལས་བསགས་ཀུན། །ལྷ་མཆོག་ཁྱོད་ལ་བཤགས་སོ་ཚངས་པར་སྩོལ། །[ཅེས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས།] མགོན་ཁྱོད་བརྩེ་བས་རྟེན་ལ་རྟག་བཞུགས་ཏེ། །ཚེ་དང་ནོར་དང་མཐུ་དཔལ་ལོངས་སྤྱོད་སོགས། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱཧཱ། [ཞེས་ལྷག་གནས་ཀྱི་མེ་ཏོག་འཐོར་བས་བརྟན་པར་བྱ།] འདིར་འབད་བསོད་ནམས་ཉིན་བྱེད་ལྟར་འབར་བས། །འགྲོ་བའི་དབུལ་ཕོངས་རྒུད་པ་ཀུན་བསལ་ནས། །འཛད་མེད་འདོད་རྒུའི་སྣང་བས་ཚིམ་བྱེད་པའི། །དགེ་ལེགས་གནོད་སྦྱིན་ཁྱོད་དང་མཉམ་པར་ཤོག །[ཅེས་དགེ་བ་བསྔོ་ཞིང་སྨོན་ལམ་གྱི་རྒྱས་གདབ། ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན། །འདོད་རྒུའི་འབྱོར་པ་མི་འཛད་ཆར་དུ་འབེབས། །བསམ་པ་ཙམ་གྱིས་དོན་ཀུན་ལྷུན་གྲུབ་པའི། །གཏེར་གྱི་བདག་པོ་ཆེན་པོའི་བཀྲ་ཤིས་ཤོག །]ཅེས་སོགས་ཤིས་པ་རྒྱ་ཆེར་བརྗོད་པས་བདེ་ལེགས་སུ་བྱའོ། །འདི་ནི་རྩ་བའི་ཕྲིན་ལས་ཀྱི་རིམ་པ་སྟེ། གཞན་དུ་སྦྱིན་སྲེག་ལ་སོགས་
པའི་སྒོ་ནས་ལོངས་སྤྱོད་སྤེལ་བ་དང་། རླུང་འཁོར་ལ་སོགས་པའི་སྒོ་ནས་གཞན་དབང་དུ་བྱེད་པའི་ཚུལ་རྣམས་ནི་མན་ངག་གི་གཞན་ལས་ཤེས་པར་བྱའོ། །དབང་གི་ལྕགས་ཀྱུས་ཁམས་གསུམ་ཡིད་སྨས་ནས། །མི་ཟད་ནམ་མཁའ་མཛོད་སྒོ་དབྱེ་བའི་ཚུལ། །བརྗོད་པ་གང་འདི་གསང་ཆེན་རྒྱལ་ཐབས་ཆེའི། །མངའ་ཐང་ཕྱོགས་ལས་རྣམ་རྒྱལ་གཞིར་གྱུར་ཅིག །[དེ་ལྟར་གནོད་སྦྱིན་ཆེན་པོ་ནང་ལྟར་གཏེར་གྱི་བདག་པོར་སྒྲུབ་པའི་ཕྲིན་ལས་འདོད་རྒུ་ཆར་འབེབས་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ནི། རྒྱུད་དང་མན་ངག་གི་དགོངས་པ་གུད་དུ་ཕྱུངས་ཏེ་རང་གི་རིགས་ཆོས་ཀྱི་རྗེས་སུ་འབྲང་བ་རྣམས་ལ་ཕན་པའི་ཕྱིར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ས་སྐྱོང་གི་ལོ་མགོ་ཉ་བའི་ཡར་ངོ་འགྲུབ་པའི་སྦྱོར་བ་དང་ལྡན་པའི་དུས་ཀྱི་ཚེ། མཆིམས་ཀྱི་ཀོང་ཡུལ་ལྗོན་པའི་སའི་ཐིག་ལེ་བུ་ཆུ་བདེ་ཆེན་སྟོང་གི་རིག་པ་འཛིན་པའི་དགའ་ཚལ་དུ་སྦྱར་བ་ལས། ཐོག་མའི་གླེགས་བམ་དུ་འགོད་པ་པོ་ནི་ང་ཕོད་ལོངས་པོ་པདྨ་ཆོས་གླིང་གི་བཤེས་གཉེན་རྡོ་རྗེ་འཛིན་པ་ཨོ་རྒྱན་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་མཛད་པ་སྟེ། འདིས་ཀྱང་ཕན་བདེའི་འདོད་རྒུ་ཡིད་བཞིན་དུ་འཇོ་བའི་རྒྱུར་གྱུར་ཅིག །སིདྡྷི་རསྟུ།། །།]
གནོད་སྦྱིན་གཏེར་གྱི་བདག་པོའི་མེ་མཆོད་ཀྱི་ཆོ་ག་ཁམས་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ།
༄༅། །[གནོད་སྦྱིན་གཏེར་གྱི་བདག་པོའི་མེ་མཆོད་ཀྱི་ཆོ་ག་ཁམས་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །]༈ ཨོཾ་སྭ་སྟི། [དེའང་གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་ལ་བརྟེན་ནས་མངོན་པར་འདོད་པའི་ལས་ཀྱི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་མེ་མཆོད་ཀྱི་བྱ་བ་ལ་འཇུག་པར་འདོད་པས། ཡར་ངོའི་རྒྱལ་དང་ལྡན་པའི་ཚེས་བརྒྱད་དམ་བཅོ་ལྔའམ་མར་ངོའི་ཚེས་དགུ་ལྟ་བུ་དབང་གི་ལས་ལ་ཤིས་པའི་དུས་ཚེས་དགེ་བའི་དགོངས་མོའི་ཆ་ལ། ཚོང་འདུས་ཀྱི་སའམ་སྨད་ཚོང་མའི་མལ་འོག་གིས་ས་བྲིས་ཐབ་ཀྱི་ཚེ་ཆག་ཆག་གདབ་ཅིང་། བརྩིག་ཐབ་ཀྱི་ཚེ་དེ་ལ་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་དམར་པོ་རྒྱར་མཛུབ་གང་དང་། དཔངས་སུ་དེའི་ཕྱེད་ཆ་སོར་བཞི་པའི་ཁ་ཁྱེར་མུར་ནད་དང་བཅས་པའི་ལྟེ་བ་པདྨ་དམར་པོ་འདབ་མ་བཞི་པ་ལྕགས་ཀྱུས་མཚན་པ་དང་། ཁ་ཁྱེར་ལ་མེ་རི་དམར་པོ། མུ་རན་ལ་ལྕགས་ཀྱུའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲིས་པའི་ནང་དུ། ཙནྡན་དམར་པོ་དང་། མཛོ་མོ་ཤིང་དང་། འོལ་མ་སེ་སོགས་སྐྱུར་བའི་ཤིང་རྣམས་གང་རྙེད་ཀྱིས་བུད་ཤིང་ཟླ་གམ་དུ་བརྩིག །གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་སྦྱོར་ན་འབྲུ་མར་དང་། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་ལྔ་པ་མངར་གསུམ་དང་མར་ཁུར་ཉུགས་པ་གྲངས་ཇི་ལྟར་འོས་པ། བསྲེས་རྫས་ཨུཏྤལ་དམར་པོ་སོགས་མེ་ཏོག་དམར་པོའི་རིགས། མངར་གསུམ། ཙནྡན་དམར་
པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་བཟའ་བཅའ་སོགས་ཁ་ཟས་བཟང་རྒུ། དར་གོས་དམར་པོའི་རིགས། དབང་སྤྱིའི་རྫས་སྐྱུར་བའི་འབྲས་བུ་དང་ཟླ་མཚན་སོགས་གང་རྙེད་སོ་སོའི་གཅིག་ཏུ་བསྲེས་ཀྱང་རུང་སྟེ་ཐམས་ཅད་ཀྱང་རྒྱ་སྐག་གི་ཁུ་བས་ཁ་དོག་བསྒྱུར་བ། རྩ་བའི་རྫས་ཙནྡན་དམར་པོའི་བྱང་བུ་ལ་ཁྱད་པར་གྱི་རྫས་ཀྱིས་དམིགས་བྱའི་རཱུ་པ་མིང་རུས་ཅན་བྲིས་ལ་ཕོ་མོའི་ཁྱད་པར་གྱིས་གཞོན་ནུའི་ཁུ་རྡུལ་བྱུགས་པ་དང་། ཆགས་སྐྱེད་ཡིད་སྐྱུར་སོགས་ཁྱད་པར་གྱི་རྫས་རྣམས་ཚུལ་བཞིན་སྦྱར་བའི་རིལ་བུ་གྲངས་མང་། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོས་མངར་གསུམ་དང་སྦྱར་བ་ཆ་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་མཐེབ་ཀྱུ་རིལ་བུས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་ཀྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། ཏིལ་མར་གྱི་སྒྲོན་མེ། ཙནྡན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། མདུན་དུ་རྡོར་དྲིལ་དགང་བླུགས་ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱས་ནས། རང་ཉིད་ཡི་དམ་གཙོ་བོའི་ང་རྒྱལ་གྱིས་ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ། མཆོད་གཏོར་རྣམས་ལ་ནང་མཆོད་འཐོར་ཞིང་བསང་སྦྱང་བྱིན་རླབས་གཞུང་བཞིན་བྱ། བསྲེས་རྫས་རྣམས་ཨོཾ་ཨཱཿཧཱུཾ་གིས་ཟག་པ་མེད་པ་བདུད་རྩིའི་
རང་བཞིན་དུ་གྱུར་པར་བསམ། དེ་ནས་ཐབ་བསང་སྦྱང་།] སྟོང་པའི་ངང་ལས་མདུན་དུ་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་ཁ་ཁྱེར་དང་བཅས་པ་འོད་ཟེར་དམར་པོ་འཕྲོ་བར་[བསམ་ཞིང་།] ཨོཾ་ཨགྣེ་ཛྭ་ལ་རཾ། [ཞེས་སྨད་འཚོང་མའི་མེ་སྤར་ལ།] ཨོཾ་སརྦ་བྷྲཱུ་ཏ་རཀྵ་ཧཱུཾ་ཧཱུཾ། [ཞེས་སྲུང་བའི་འཁོར་ལོས་བཅིངས་པར་བསམ།] ཐབ་ཀྱི་ནང་དུ་རཾ་ལས་འབར་བའི་མེའི་དབུས་སུ་པདྨ་དམར་པོ་འདབ་མ་འབུམ་བརྡལ་སོགས་ལྷ་བསྐྱེད་ནས་སྤྱན་འདྲེན་བཞུགས་གསོལ་ཕྱག་བྱ་བའི་བར་དུ་དཀྱུས་བཞིན་བཏང་ལ། [དེ་ནས།] གནོད་སྦྱིན་ཆེན་པོའི་ལྗགས་ལ་རཾ་དང་གཟར་བུ་གཉིས་ལ་ཧྲཱིཿཡིག་གིས་མཚན་པར་གྱུར་པས་བསྲེག་བླུག་གི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་[བསམ་ཞིང་།] ཨོཾ་ཨགྣ་ཡེ་སྭཱཧཱ། [ཞེས་བླུགས་གཟར་བདུན་གྱིས་དགང་གཟར་བཀང་རྗེས་གཟར་བུ་གཉིས་ཁ་སྦྱར་བ་པདྨའི་ཁུ་ཚུར་གྱིས་བཟུང་བ་གཡས་སུ་བསྐོར་ཞིང་།] ཨེ་ཧེ་བྷྱོ་མ་རུ་ཙེ་རཏྣ་སིདྡྷི་ཛཿ[སོགས་ཀྱི་མཐར།] ཆེ་གེ་མོ་སོགས་ཁམས་གསུམ་གྱི་དྲེགས་པ་ཅན་ཐམས་ཅད་དབང་དུ་བསྡུ་བར་མཛོད་ཅིག་ཧོཿ [ཞེས་ལན་གསུམ་གྱིས་ཏིལ་མར་ཕུལ་ལ།] ཧཱུྃ༔ གཏེར་བདག་ཆེན་པོ་འཁོར་བཅས་ལ༔ [ཞེས་སོགས་ཀྱི་སྤྱིར་མཆོད་ཅིང་།] མཁའ་ལྟར་ཀུན་ཡངས་[སོགས་ནས་རྩ་སྔགས་ལ་གཏོར་སྔགས་བཏགས་པ་ལན་བདུན་གྱིས་གཏོར་
མ་དབུལ།] ཧཱུཾ༔ རི་རབ་ལྷུན་པོའི་བྱང་ཕྱོགས་ཀྱི༔ [ཞེས་སོགས་ཀྱིས་བསྟོད། དེ་ནས་རྫས་རྣམས་ཡེ་ཤེས་བདུད་རྩི་དམར་པོའི་དྭངས་མ་གསོལ་བར་བསམ་ལ། རྩ་སྔགས་ཁོ་ནས་ཡམ་ཤིང་། ཏིལ་མར། མེ་ཏོག་དམར་པོ་སོགས་རྫས་རྣམས་བརྒྱ་རྩ་བརྒྱད་སོགས་ཇི་ལྟར་རིགས་པ་འབུལ་ཞིང་།] ཧོ། གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་འཁོར་དང་བཅས་པ་རྣམས་ལ་ཕྲིན་ལས་སུ་གསོལ་བ་ནི། བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་དམིགས་བྱ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། [ཞེས་འདོད་དོན་གསོལ། དེ་ནས་ཁྱད་པར་རྩ་བའི་རྫས་བྱང་བུ་ལ་དམིགས་ཏེ།] རང་ཡི་དམ་དུ་གསལ་བའི་ཐུགས་ཀ་ནས་ཕོ་ཉ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་མེད་སྤྲོས། བསྒྲུབ་བྱའི་སྙིང་ནང་ན་སེམས་ཀྱི་ངོ་བོ་ནྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་[བསམ་ལ། ལྕགས་ཀྱུས་ཕྱག་རྒྱ་དང་བཅས་ཏེ།] ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། རྩ་གསུམ་ཀུན་འདུས་བླ་མ་དབང་དྲག་འབར་བའི་ལྷ་ཚོགས་རྣམས་ཀྱི་བདེན་པ་དང་།
གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་ནྲྀ་ཏྲི་ཨ་ཀཀྵ་ཡ་ཧཱུཾ་ཛཿ ཛཿཧཱུྃ་བཾ་ཧོ། [ཞེས་ལན་གསུམ་དང་། ཡི་དམ་གྱི་སྔགས་མཐར།] ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཧོ༔ [ཞེས་བཏགས་པ་བརྒྱ་རྩ་བརྒྱད་ཀྱིས་བཀུག་ཅིང་བསྟིམ་པས་བསྒྲུབ་བྱ་དངོས་སུ་གྱུར་པར་བསམ་ལ། ལས་སྔགས་བཟླ་བཞིན་དུ་ཙནྡན་གྱི་བྱང་བུ་དང་ཁྱད་པར་གྱི་རྫས་རྣམས་ཕུལ་བས།] གནོད་སྦྱིན་གྱི་ཐུགས་ཀའི་འོད་ཟེར་གྱིས་འཇིག་རྟེན་གྱི་དྲེགས་པ་ཅན་ཐམས་ཅད་རང་དབང་མེད་པར་བསྐུལ་བས་དེ་རྣམས་ཀྱིས་དམིགས་བྱ་གཅེར་བུ་སྐྲ་འབལ་བ་རླུང་གི་དཀྱིལ་འཁོར་གྱི་སྟེང་དུ་བཞག །ལྕགས་ཀྱུས་སྙིང་ནས་བཏབ་ཞགས་པས་མགྲིན་པ་བཅིངས་ནས་མྱུར་བའི་རླུང་ཤུགས་ཀྱིས་དྲངས་ཏེ་རང་གི་མདུན་དུ་ལྷགས་ཤིང་རང་དབང་བརྟན་པ་དང་བྲལ་བས་དབང་དུ་འདུས། མཐར་དམིགས་བྱ་དེ་ཉིད་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་ནས་རང་གི་སྙིང་གར་ཐིམ་པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་དེའི་ངང་ལ་མཉམ་པར་བཞག་གོ །[དེ་ནས་རྗེས་ཆོག་ནི།] ཨེ་ཧེ་མ་རུ་ཙེས་པ་
རི་ཝཱ་ཨརྒྷཾ་[སོགས་ནས།] ཤཔྡ་པཉྩ་ཀ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཀརྨ་མུ་དྲ་པཱུ་ཛ་ཧོ༔ [ཞེས་མཆོད།] གར་གྱི་དབང་ཕྱུག་བཅོམ་ལྡན་དཔའ་བོ་ནི། །སོར་རྟོག་ཡེ་ཤེས་ཆགས་པ་ཆེན་པོའི་ངང་། །སྐྱེ་རྒུའི་ཡིད་ཀྱི་བརྟན་པ་དབང་མེད་དུ། །འཕྲོག་མཛད་གནོད་སྦྱིན་དབང་པོ་ཁྱོད་ལ་བསྟོད། །[ཅེས་བསྟོད། ཡིག་བརྒྱ་མང་དུ་བཟླས་མཐར།] མ་རིག་དུག་ལྔའི་རྒྱུས་བསྐྱེད་[སོགས་ཀྱིས་ནོངས་པ་བཟོད་པར་གསོལ།] ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །[སོགས་ཀྱི་མཐར།] བཛྲ་མུཿ[ས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་བསམ།] དགེ་འདིས་བདག་ཅག་འཁོར་བཅས་ཀྱིས། །འགྲོ་ཀུན་དབང་དུ་འདུས་པ་དང་། །དབང་གི་ཕྲིན་ལས་མཐར་ཕྱིན་ནས། །མྱུར་དུ་སངས་རྒྱས་ཐོབ་པར་ཤོག །[ཅེས་སྨོན་ལམ་གདབ། མེ་ཏོག་གི་ཆར་དབབ་ལ་བཀྲ་ཤིས་རྒྱ་ཆེར་བརྗོད་པས་མཐའ་བརྒྱན། མེ་རང་ཞིར་གཏོར་བའམ་ཆང་གིས་གཞིལ་ལ་ཐལ་སོལ་རྣམས་མཐུན་པའི་ཕྱོགས་སུ་རླུང་ལ་བསྐུར་བའམ་མི་ཕྱུགས་མང་པོས་འཐུང་བའི་ཆུ་བོ་ཆེན་པོར་སྦྱང་ངོ་། །ཞེས་པའང་བཤེས་གཉེན་རྡོ་རྗེ་འཛིན་པ་ཨོ་རྒྱན་ཐེག་མཆོག་བསྟན་འཛིན་གྱི་གསུང་གི་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གྲུབ་པ་མཆོག་གི་མན་ངག་ལ་བརྟེན་ནས་སྟན་ཐོག་གཅིག་ཏུ་ཤར་མར་བྲིས་པ་སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་སིདྡྷི་རསྟུ།། །།]
ཤན་དམར་ནང་སྒྲུབ་ཀྱི་ཆ་ལག་སྒབ་འདྲེ་མནན་པའི་མན་ངག
༄༅། །[ཤན་དམར་ནང་སྒྲུབ་ཀྱི་ཆ་ལག་སྒབ་འདྲེ་མནན་པའི་མན་ངག་བཞུགས་སོ། །]༈ ན་མོ་པདྨ་མ་ཧཱ་ཀྲོ་ངྷ་ཡ། [དེའང་དམ་ཚིག་དང་ལྡན་ཅིང་ཡི་དམ་གྱི་བསྙེན་པ་སྔོན་དུ་ཐེམས་པའི་སྔགས་པས། གནོད་སྦྱིན་གཏེར་བདག་ཆེན་པོ་སྒྲུབ་པ་དང་ལས་ལ་སྦྱོར་བའི་སྔ་རོལ་དུ་གེགས་བྱེད་དམ་སྲི་མནན་པ་ཤིན་ཏུ་གལ་ཆེ་བས། དེའི་ཚུལ་བཤད་པ་ལ། སྦྱོར་བ་དུག་ཤོག་གཙང་མ་ཁ་རླངས་དང་ལག་དྲིས་མ་གོས་པ་བྲེ་ཞབས་ཙམ་པར་ར་ཁྲག་དང་སྣག་ཚ་བསྲེས་པས་དམ་སྲི་སྤུན་བཞི་ལས་བླ་རྐུན་བྱིས་པའི་གཟུགས། བསེ་རག་རི་བོང་གི་མགོ །གོད་འདྲེ་དོམ་གྱི་མགོ །སྲིན་མོ་མི་མོའི་གཟུགས་རྣམས་མགོ་རུབ་བཞི་ཚོམས་སུ་བྲིས་པ་མགུལ་དང་ཡན་ལག་ལྕགས་སྒྲོག་གིས་བཅིངས་པའི་ཡན་ལག་བཞིར།] ཛཿཧཱུཾ་བཾ་ཧོ༔ [མགོ་ལ་ཏྲིག་ནན། སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི། སྲོག་ཡིག་སྟེང་ནས་ཡིག་མགོ་ཕྱིར་བསྟན་གཡས་བསྐོར་གྱིས་ལྟོ་བའི་ནང་དུ། བྱིས་པའི་གཟུགས་ཅན་གྱི་ལྟོ་བར།] མི་ནཾ་ཀུ་རུ་དུ་ཏྲི་ཛཿ ཀཱ་ཡ་ཤ་ཏྲི་གནོད་བྱེད་འབྱུང་པོ་སྟྭ་བྷ་ཡ་ནན༔ ཧུར་ཐུཾ་ཛཿམཱ་ར་ཡ་རྦད་ནན༔[ཞེས་ཡིག་མཇུག་ནང་དུ་བཅུག་སྟེ་བྲིས་པ་དང་། དེ་བཞིན་རི་བོང་མགོ་ཅན་ལ། བསེ་རག་ཤན་ཏི་དུ་ཛཿ དོམ་མགོ་ཅན་ལ། གོད་འདྲེ་ཙཀ་ཤ་ཛ༔ མི་མོའི་གཟུགས་ལ། བསེན་མོ་རུ་ཏྲི་ཛ༔ རེ་རེ་བཞིན་གྱི་མཐར། ཀཱ་ཡ་ཤ་ཏྲི༴ སོགས་གཟིར་མནན་གྱི་སྔགས་གོང་ལྟར་བྲི། ཐམས་ཅད་ཀྱི་ཕྱི་ནས་ཛ་
ཁྲམ་གྱིས་བསྐོར། སྦྱོང་ཁྲུས་ཀྱིས་དག་པར་བྱས་པ་ཚོན་སྐུད་དང་ཁྱི་རའི་སྤུ་སྐུར་ཕྱིར་ལོག་ཏུ་བཀལ་བས་མཐའ་ནས་བཅིངས་པ་ལྕགས་སླང་ངམ་བྲུབ་ཁུང་དུ་བཅུག །གཟིར་མནན་གྱི་རྫས་ཀེ་ཤང་། ཡུངས་དཀར་ནག །ལྕགས་ཟངས་རག་རྡོའི་ཕྱེ་རྣམས་བསྲེས་པའི་སྐམ་ཐུན་དང་། དུག་སྣ་བཏབ་པའི་ཁྲག་སྟེ་རློན་ཐུན་ཀྱང་བཤམ། རོ་གཡམ་གྱི་ངོས་གཅིག་ལ་རྡོ་རྗེ་རྒྱ་གྲམ་དང་། ངོས་གཅིག་ལ་རི་གླིང་བྲིས་པ། ཚོན་སྐུད་སྔོ་དམར། ཤི་སྐྲའི་སྐུད་པ། ཕུང་རེའི་ཚལ་བུ། སཱཙྪ་རྙིང་པར་གང་རིགས། མནན་སྣོད་རི་བོང་གི་ཐོད་པ་སྐྱོན་མེད་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཉེར་བསྡོག་བྱས་ལ། དངོས་གཞི་རང་ཉིད་ཡི་དམ་གྱི་གསལ་སྣང་བརྟན་པོ་ལ་གནས་པའི་ངང་ནས། གསེར་སྐྱེམས་བཤམས་པ།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] ཧོ་དགོངས་སུ་གསོལ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། མདོ་སྔགས་ཐེག་རིམ་རྒྱུད་སྡེ་བཞིའི་ཡི་དམ་ཞི་ཁྲོའི་ལྷ་ཚོགས། དམ་པ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་སྤྱི་དང་། ཁྱད་པར་ཁམས་གསུམ་དབང་མཛད་གནོད་སྦྱིན་གཏེར་གྱི་བདག་པོ་ཆེན་པོ་ནོར་ལྷ་བྱེ་བའི་ཚོགས་དང་བཅས་པ་རྣམས་ལ་གསེར་སྐྱེམས་བདུད་རྩིའི་ཕུད་ཀྱི་མཆོད་པ་འདི་འབུལ་ལོ། །དགྱེས་པར་བཞེས་ལ་རིག་འཛིན་སྔགས་འཆང་བདག་གི་སྒྲུབ་པ་ལ་བར་དུ་གཅོད་
ཅིང་། ཚེ་ནོར་ལོངས་སྤྱོད་བསོད་ནམས་དབང་ཐང་ལ་འཁུ་བའི་དམ་སྲི་འབྱུང་པོ་མནན་ཅིང་འཆིང་བར་བྱ་ཡི། ཁྱེད་རྣམས་ཡེ་ཤེས་ཀྱི་སྤྱན་ཕྱེས། ལེགས་ཉེས་ཀྱི་སྟངས་ཆོད། བདེན་རྫུན་གྱི་ཤན་ཕྱེས་ལ། བར་གཅོད་དམ་སྲི་འདུལ་བའི་ར་མདའ་མ་གཡེལ་བར་ཕྲིན་ལས་གཉན་པོ་སྒྲུབ་པའི་སྡོང་གྲོགས་མཛད་དུ་གསོལ། [ཅེས་གསེར་སྐྱེམས་དབུལ། དམིགས་བྱ་བསྐྱེད་པ་ནི།] ཨེ་ལས་བྱུང་བའི་གནམ་ལྕགས་ཀྱི་ཁང་སྒྲོམ་དྲག་པོའི་བཙོན་ཁང་འཇིགས་ཤིང་སྐྱི་གཡའ་བ། ནད་དང་དུག་གི་རླངས་པ་སྔོ་དམར་དུ་འཁྲིགས་ཤིང་མཚོན་ཆའི་ཆར་འབེབས་པ། མུན་ཁང་རབ་ཏུ་གཏིབས་པའི་དབུས་ན་ཏྲི་ལས་གནོད་བྱེད་བསེ་རག་ལུས་གཅེར་བུ་རིད་པ། [ཡན་ལག་ལྕགས་སྒྲོག་གིས་བསྡམས་པ། སྨྲེ་ངག་གི་འོ་དོད་སྒྲོགས་ཤིང་ཤིན་ཏུ་ཉམ་ཐག་པའི་རྣམ་པ་ཅན་དུ་གྱུར། བདག་མདུན་གྱི་ཐུགས་ལས་འགུགས་འཆིང་སྡོམ་མྱོས་ཀྱི་ཕོ་ཉ་ཉི་ཟེར་གྱི་རྡུལ་ལྟར་སྤྲོས་པས་གེགས་བྱེད་ཀྱི་དམ་སྲི་རྣམས་ཁམས་གསུམ་གར་གནས་ཀྱང་དབང་མེད་དུ་གཟུགས་ལ་བསྟིམ་པའི་དམིགས་གནད་དང་བཅས།] ན་མོ་དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། ཁྲག་འཐུང་དབང་དྲག་འབར་བའི་ལྷ་
ཚོགས་རྣམས་ཀྱི་བཀའ༴ དམ་པ་ཆོས་སྐྱོང་བའི་སྲུང་མ་ཕོ་རྒྱུད་མོ་རྒྱུད་རྣམས་ཀྱི༴ ཁྱད་པར་དབང་མཛད་གནོད་སྦྱིན་གཏེར་གྱི་བདག་པོ་ལས་བྱེད་མངགས་གཞུག་དང་བཅས་པ་རྣམས་ཀྱི༴ ཆོས་ཉིད་གདོད་ནས་དག་ཅིང་ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པའི༴ བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ཅག་དཔོན་སློབ་འཁོར་དང་བཅས་པའི་གསང་བ་ཟབ་མོའི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་ཅིང་། ཚེ་དང་ནོར་དང་བསོད་ནམས་དབང་ཐང་ལ་གནོད་ཅིང་འཁུ་བར་བྱེད་པའི་བསེ་རག་དམ་སྲི་འབྱུང་པོ་སྣ་འདྲེན་རྒྱབ་བརྟེན་དང་བཅས་པ་ཐམས་ཅད་མཚན་མ་གཟུགས་ཀྱི་རྟེན་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཛཿ [ཞེས་བརྒྱའམ་ལྔ་བཅུ་ཉེར་གཅིག་སོགས་ལོང་བསྟུན་གྱིས་ཡིད་ཆེས་པར་བཀུག་ནས།] ཛཿཧཱུཾ་བཾ་ཧོཿ[ས་རྟེན་དང་གཉིས་མེད་དུ་མོས། རང་ཡི་དམ་གྱི་སྐུ་ལས་མེ་རླུང་ནད་མཚོན་ཁྲོ་བོའི་ཚོགས་སྤྲོས་པས་དམིགས་བྱའི་སྒོ་གསུམ་རྨོངས་རེངས་བཅིངས་ཤིང་བསད་བཅད་གཏུབ་སོགས་སྣ་ཚོགས་པའི་ཕྲིན་ལས་ཀྱི་སྦྱོར་བས་རྡུལ་བཞིན་དུ་བརླག་པས་དམིགས་ལ། ཡི་དམ་གྱི་སྔགས་ཤམ་དུ།] མི་ནཾ་ཀུ་རུ་དུ་ཏྲི་ཛཿ བསེ་རག་ཤན་ཏྲི་དུ་ཛཿ གོད་འདྲེ་ཙཀ་ཤ་ཛཿ བསེན་མོ་དུ་ཏྲི་ཛཿ ཀཱ་ཡ་ཤ་ཏྲི་གནོད་བྱེད་འབྱུང་པོ་སྟྭཾ་བྷཱ་ཡ་ནནཿ ཧུར་ཐུཾ་ཛཿ མཱ་ར་ཡ་རྦད་ནནཿ [ཅེས་
དྲག་ཏུ་བཟླ་ཞིང་ཐུན་གཉིས་པ་ཡང་བསྔགས་ནས་སྐབས་སུ་བྲབ། དེ་ནས་ཕུང་རེས་སྟེང་ནས་བཀབ། དུར་གཡམ་རི་གླིང་སྟེང་དང་རྡོར་རྒྱམ་འོག་ཏུ་བལྟ་བས་མནན་པའི་ཁར་སཱཙྪ་བཞག །དམིགས་པ། རང་གི་ཐུགས་ཀ་ནས་ལཾ་ཡིག་གསེར་གྱི་མདོག་ཅན་ཞིག་འཕྲོས་པ་དམིགས་བྱའི་གཟུགས་སྟེང་དུ་གནས་གྱུར་པ་ལས་གསེར་གྱི་རི་རབ་བང་རིམ་བཞི་པ་ལྕི་ཞིང་འཐས་པའི་ཞབས་སུ་འབྱུང་ལྔའི་རང་བཞིན་གྱི་རྡོ་རྗེ་རྒྱ་གྲམ་ལྟེ་བ་ནམ་མཁའི་རང་བཞིན་གྲུ་བཞི་སྔོན་པོ། ཤར་གྱི་རྭ་གསུམ་སའི་རང་བཞིན་སེར་པོ། ལྷོའི་རྭ་གསུམ་མེའི་རང་བཞིན་དམར་པོ། ནུབ་ཀྱི་རྭ་གསུམ་ཆུའི་རང་བཞིན་དཀར་པོ། བྱང་གི་རྭ་གསུམ་རླུང་གི་རང་བཞིན་ལྗང་གུའི་བདག་ཉིད་དུ་གྱུར་ནས་མནན་ཅིང་། རི་རབ་ཀྱི་རྩེ་ནས་རང་ཉིད་དབང་དྲག་འབར་བའི་དབུ་སྲིད་པའི་རྩེ་མོར་སླེབས་ཤིང་ཞབས་དབང་ཆེན་གསེར་གཞིའི་གཏིང་དུ་ནོན་པའི་སྐུ་བོང་དང་གཟི་བརྗིད་དཔག་པར་དཀའ་བའི་ཞབས་ཀྱིས་མནན་པས་ཁོའི་གཟི་བྱིན་ནུས་སྟོབས་གཅིག་ཅར་དུ་ཟད་པས་ནམ་ཡང་ལྡང་བའི་མཐུ་མེད་པར་བསམ་ལ། གོང་གི་སྔགས་ཉིད་གཟིར་མནན་ཆིག་དྲིལ་ཡིན་པས་དེ་ཉིད་དྲག་ཏུ་བཟླ། དེ་ལྟར་ཐུན་དུ་བཅད་པའི་ཐུན་མཚམས་སུའང་རྩ་གསུམ་དམ་ཅན་ལ་ར་མདའ་སྦྲན་ཅིང་གོང་བཤད་ཀྱི་གསེར་སྐྱེམས་ཕུལ་ལ་ཕྲིན་ལས་བཅོལ་མཐར་དམིགས་མེད་ཀྱི་ལྟ་བས་རྒྱས་གདབ་ཅིང་། ནམ་མཁའ་མེད་པར་གྱུར་ན་ཡང་། །སོགས་ཀྱི་ཆེ་བ་བརྗོད་ལ་རིག་སྔགས་ཀྱི་མཐུར་ངེས་ཤེས་བསྐྱེད། དེ་ལྟར་ཞག་བདུན་སོགས་སྒོས་དང་ཞར་སྒྲུབ་ཅི་རིགས་ཐུན་དུ་བཅད་ལ།
དང་པོའི་ཆར་དགུག་གཞུག །བར་དུ་གཟིར་སྔགས། ཐ་མར་མནན་དམིགས་རྣམས་རྟགས་བསྟུན་ནན་ཆེར་བསྒྲུབ། རྗེས་ལས་མཇུག་བསྡུ་བ་ལ། རློན་ཐུན་དུག་ཁྲག་གི་ཆུ་ཤིན་ཏུ་སླ་བས་ཡི་གེ་རྣམས་མ་ནོགས་པར་བྱུགས། ཕྱོགས་བཞི་ནས་ལིང་ག་ཐམས་ཅད་ཁ་སྙིང་སྤྲད། མཐར་ཞབས་ནས་དྲིལ་བས་ལྟེ་ལྟེབ་བྱ། ཚོན་སྐུད་སོགས་སྐུད་སྣ་ཐམས་ཅད་ཀྱིས་དམ་པོར་བཅིངས་ཏེ་མནན་ཐོད་རི་བོང་གི་ལྟག་ཁུང་དུ་བཅུག །ཐུན་རྫས་ཀྱིས་ལྟེམ། ཕྱི་ནས་ཕུང་རེས་དྲིལ་ལ་ཚོན་སྐུད་རྩད་ཚེར་གྱིས་རྒྱ་གྲམ་དུ་བཅིང་ཞིང་གཟེར། ལ་ཐིམ་གྱི་རྒྱས་གདབ་བྱ། དེ་ནས་ལམ་གྱི་བཞི་མདོའམ་མཛོད་ཀྱི་ཐེམ་འོག །མཆོད་རྟེན་རྙིང་པའི་འོག་སོགས་སུ་དོང་གྲུ་གསུམ་བྲུས་ལ་གཞན་གྱིས་གླགས་མི་རྙེད་པའི་གནད་ཟབ་མི་ཁའི་རྫས་སྣ་ཚོགས་དང་ལྷན་ཅིག་ཏུ་བཅུག །རོ་གཡམ་གྱིས་ཁ་བཅད་ལ་འབྱུང་ལྔའི་རྒྱས་འདེབས་དང་རྟ་བྲོ་སོགས་མནན་དམིགས་ནན་ཆེར་བྱ་བ་ཡིན་ནོ། །འདི་ཉིད་གལ་ཆེ་བའི་རྒྱུ་མཚན་ཡང་ཇི་སྐད་དུ། སྒབ་འདྲེ་མ་མནན་པར་སྒྲུབ་པ་བྱས་ན༔ འདྲེ་ལྟར་བརྫུས་ནས་བྲིད་ཅིང་བསླུ་བ་དང་༔ ཚེ་སྲོག་འཕྲོག་པ་དང་༔ མི་ནོར་ལ་གོད་ཀ་དང་༔ གཏམ་ངན་དང་༔ མི་ཁས་འགེངས་པ་སོགས་བར་ཆད་ཀྱི་དབང་དུ་འགྲོ་བས༔ འདི་ཉིད་བྱ་བ་ཤིན་ཏུ་གཅེས་སོ༔ ཞེས་གསུངས་པ་ལྟར་རོ། །ཞེས་པའང་ཉེ་བར་མཁོ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཚད་ལྡན་གྱི་གཞུང་ལ་བརྟེན་ནས་འཇུག་པ་བདེ་བའི་གསལ་བྱེད་དུ་སྦྱར་བ་ཛ་ཡནྟུ།། །།]
དྲང་སྲོང་གཟའ་བདུད་ཆེན་པོའི་མཆོད་ཕྲིན་བསྟན་དགྲ་ཚར་གཅོད།
༄༅། །[དྲང་སྲོང་གཟའ་བདུད་ཆེན་པོའི་མཆོད་ཕྲིན་བསྟན་དགྲ་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །]༈ ན་མོ་གུ་རུ་བཛྲ་པཱ་ཎི་ཡེ། [དྲང་སྲོང་གཟའ་བདུད་ཆེན་པོའི་ཕྲིན་ལས་ལ་འཇུག་པར་འདོད་པས། བྷནྡྷ་སོགས་ཀྱི་སྣོད་དུ་ལྕགས་འཁོར་རྩིབས་བརྒྱད་ཀྱི་དབུས་སུ་དམར་གྱི་གཏོར་མ་སྟོད་ཆ་གཡས་གཅུས་བརྗིད་ལྡན་དང་རྩིབས་བརྒྱད་ལ་གཟའ་བཤོས་རང་འདྲ་བརྒྱད། དེ་མཐར་གཏོར་ཆུང་བཞི། མཐེབ་ཀྱུ་ཉེར་བརྒྱད་ཀྱིས་བསྐོར་བར་ཤ་ཁྲག་གིས་རྒྱན་པ་དང་། སྨན་རག་སོགས་མཆོད་རྫས་ཐམས་ཅད་ཚོགས་པར་བཤམས། བདག་ཉིད་ལྷའི་ང་རྒྱལ་བརྟན་པོའི་ངང་ནས་མཆོད་གཏོར་བྱིན་གྱིས་བརླབ་ལ། རྟེན་བསྐྱེད་པ་ནི།] ཨོཾ་མ་ཧཱ་ནྱ་ཏའི་[སྔགས་ཀྱིས་བསང་སྦྱང་།] སྟོང་པའི་ངང་ལས་མདུན་གྱི་ས་གཞི་མི་བཟད་དུར་ཁྲོད་ཆེན་པོས་ཡོངས་སུ་བསྐོར་ཞིང་དུག་ཁྲག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་གནམ་ལྕགས་ཀྱི་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རླུང་ནག་འཚུབས་མར་འཁྱིལ་བའི་དབུས་ན་རཿཡིག་དུད་ཀ་ཡོངས་སུ་གྱུར་པ་ལས་དྲང་སྲོང་གཟའ་བདུད་རཱ་ཧུ་ལ་སྐུ་མདོག་སྨུག་ནག་མི་སྲུན་ཁོངས་ནས་འཁྲུགས་པའི་ཉམས་ཅན། དབུ་དགུའི་གཡས་ཞལ་ལྷའི་ཞལ་གསུམ་དཀར་ལ་འཚེར་བ། གཡོན་ཞལ་བདུད་ཀྱི་ཞལ་གསུམ་དམར་ལ་རྔམས་པ། རྩ་ཞལ་སྲིན་པོའི་ཞལ་གསུམ་སྨུག་ནག་གཏུམ་པ། ཞལ་རེ་རེ་
ལ་དམར་ཟླུམ་སྡང་མིག་གཟིར་བའི་སྤྱན་གསུམ་གློག་ལྟར་འཁྱུག་པ། ཞལ་གདངས་ལྗགས་འདྲིལ་རྣོ་དཀར་གྱི་མཆེ་བ་གཙིགས་པས་དགྲ་བགེགས་ཀྱི་ཤ་རུས་ཆེམ་ཆེམ་གསོལ་བ། སྨ་ར་དང་སྨིན་མ་བ་སྤུའི་རྩེ་ནས་མེ་སྟག་གི་ཚྭ་ཚྭ་འཕྲོ་ཞིང་ཁམ་ནག་རལ་བའི་ཁྲོད་ནས་བྱ་རོག་གི་གདོང་ནག་པོས་ཤ་སྐད་ལྷང་ལྷང་སྒྲོགས་པ། ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས། འོག་མ་གཉིས་ཀྱིས་རྭའི་མདའ་གཞུ་འགེངས་ཏེ་བསྟན་དགྲའི་སྙིང་ལ་གཟིར་བ། ལྟོ་བར་རབ་ཏུ་འཇིགས་པའི་ཞལ་ཧོ་མ་གདངས་ཤིང་སྲིད་གསུམ་བལྟ་བའི་མིག་གིས་ལུས་ཀུན་གང་བ། སྐུ་སྨད་ཞེ་སྡང་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དཔྱངས་སྦྲུལ་གྱི་ཆུན་པོས་རབ་ཏུ་བརྒྱན་ཏེ་གར་དགུའི་ཉམས་ཀྱིས་རོལ་པའོ། །གཙོ་བོའི་ཤར་དུ་ཟླ་བ་དཀར་པོ། ལྷོ་རུ་པ་སངས་སེར་པོ། ནུབ་ཏུ་ཉི་མ་དམར་པོ། བྱང་དུ་ཕུར་བུ་ལྗང་གུ། ཤར་ལྷོར་ལྷག་པ་དཀར་སེར། ལྷོ་ནུབ་ཏུ་སྤེན་པ་སེར་ནག །ནུབ་བྱང་དུ་མིག་དམར་དམར་ནག །བྱང་ཤར་དུ་དུ་བ་མཇུག་རིང་ལྗང་ནག །ཐམས་ཅད་ཀྱང་དབུ་དང་ཕྱག་དང་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་གཙོ་བོ་དང་མཐུན་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་ཟོར་སྲིན་སྟག་གི་
གདོང་ཅན་དཀར་མོ་སྟག་ལ་ཞོན་ཅིང་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ལྷོ་རུ་བམ་སྲིན་དྲེད་ཀྱི་གདོང་ཅན་སེར་མོ་དྲེད་མོང་ལ་ཞོན་ཅིང་ཞགས་པ་དང་ནད་རྐྱལ་འཛིན་པ། ནུབ་ཏུ་ཀོང་སྲིན་བ་གླང་གི་གདོང་ཅན་དམར་མོ་བ་གླང་ལ་ཞོན་ཅིང་ལྕགས་སྒྲོགས་དང་ཐོག་མདའ་འཛིན་པ། བྱང་དུ་འབྲོག་སྲིན་གྱི་གདོང་ཅན་ལྗང་མོ་ཆུ་སྲིན་ལ་ཞོན་ཅིང་དྲིལ་བུ་དང་ནད་རྐྱལ་འཛིན་པ་སྟེ། བཞི་ཀའང་མི་སྡུག་སྲིན་མོ་ཁྲོས་པའི་ཆ་ལུགས་ཅན་ནོ། གཞན་ཡང་དེ་དག་གི་ཕྱི་རོལ་དུ་རྒྱུ་སྐར་ཉེར་བརྒྱད་ལྷ་སྲིན་སྡེ་བརྒྱད་སྲིད་གསུམ་འབྱུང་པོའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་ཐམས་ཅད་ཀྱང་ཁྲོ་གཏུམ་བཟོད་པར་དཀའ་བའི་ཚུལ་ཅན་མེ་དུད་རླུང་ནག་འཁྲུགས་པའི་ཀློང་ན་གནས་པའི། དེ་རྣམས་ཀྱི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རང་གི་སྙིང་གའི་འོད་ཀྱིས་བསྐུལ་བས་དུར་ཁྲོད་རྩུབ་འགྱུར་ཚལ་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་དྲང་སྲོང་གཟའ་བདུད་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ལ། རོལ་མོ་དང་བཅས་པས།] ཀྵཿ དད་པ་དང་ནི་དམ་ཚིག་གིས༔ གཟའ་བདུད་ཆེན་པོ་གཤེགས་སུ་གསོལ༔ སྤྲུལ་པའི་གཟའ་བརྒྱད༴ གདོང་
མོ་མཆེད་བཞི༴ རྒྱུ་སྐར་ཉེར་བརྒྱད་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་གཤེགས༴ སྔོན་གྱི་བསྐལ་པའི་དང་པོ་ལ༔ གསང་བདག་ཕྱག་ན་རྡོ་རྗེ་ཡིས༔ དམ་བཏགས་བཀའ་བསྒོས་དབང་བསྐུར་བའི༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ བར་དུ་རྒྱ་གར་འཕགས་ཡུལ་དུ༔ བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས༔ བཀའ་ཉན་ཆེན་པོ་རཱ་ཧུ་ལ༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ ཐ་མ་གངས་ཅན་བོད་ཡུལ་དུ༔ སློབ་དཔོན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཏག་དབང་བསྐུར་བའི༔ དམ་ཚིག་གཉན་པོ་དེ་ཡིས་འབོད༔ སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ དགྱེས་པའི་ཞལ་དང་འགྲུབ་རྟགས་སྟོན༔ ཕྲིན་ལས་རབ་འབྱམས་རྟག་ཏུ་སྒྲུབས༔ ཨོཾ་རཱ་ཧུ་ལ་ཧཱུྃ་ཕེཾ་བཛྲ་ས་མ་ཡ་ཛ་ཛཿ [ཞེས་སྦྱན་དྲངས། བཞུགས་གསོལ་ནི།] ཀྵ༔ གཟའ་བདུད་ནག་པོ་འཁོར་དང་བཅས༔ སྲོག་གི་རྟེན་འདིར་རྟག་བཞུགས་ནས༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་ལ༔ བདག་གི་ཕྲིན་ལས་ཡོངས་སྒྲུབས་ཤིག༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ [ཕྱག་འཚལ་ནི།] ཧཱུྃ༔ གསང་བདག་ཕྱག་ན་རྡོ་རྗེ་དང་༔ སློབ་དཔོན་པདྨ་ཐོད་ཕྲེང་གི༔ བཀའ་ཉན་གཟའ་བདུད་རྒྱལ་པོ་ལ༔ བསྟན་པ་སྲུང་ཕྱིར་ཕྱག་འཚལ་ལོ༔
ན་མོ་ས་མ་ཡ༔ [མཆོད་པ་ནི།] ཧཱུྃ༔ གཟའ་བདུད་ནག་པོ་འཁོར་བཅས་ལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟའི་མཆོད་པ་འབུལ༔ དར་ཟབ་སྟག་གཟིག་གོ་མཚོན་དང་༔ གཟུགས་འགྲོས་དཀོར་ནོར་སྣ་ཚོགས་དང་༔ རྟེན་རྫས་སྒྲུབ་རྫས་བསྐང་རྫས་དང་༔ འབྲུ་སྣ་སྨན་སྣ་མེ་ཏོག་རིགས༔ ཤ་སྣ་སྙིང་སྣ་ར་མཆིན་སོགས༔ མཐུན་པའི་དམ་རྫས་སྣ་ཚོགས་པ༔ འདོད་ཡོན་ནམ་མཁའ་མཛོད་དུ་འབུལ༔ སྐད་ཅིག་མི་འབྲལ་གྲོགས་མཛོད་ལ༔ འདོད་དོན་ཕྲིན་ལས་ཡོངས་གྲུབ་མཛོད༔ ཨོཾ་བཛྲ་ཨརྒྷཾ་ནས་ཤཔྡ་རཱུ་པ་[སོགས།] སྤ་ཪྴེ་སརྦ་པཱུ་ཛ་ཧོ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྤྱིར་མཆོད་ནས། བྱེ་བྲག་ཏུ།] གཟའ་བདུད་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་དགྱེས་ཤིང་ཚིམས་པར་[མོས་ལ།] ཧྲཱིཿ ཏྲི་རཀྴ་རཱ་ཧུ་ལ་ཤཀ་རུ་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤ་ལ་ས་མ་ཡ་ཧྲཱིཾ་ཛ་ཛ༔ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁཱ་ཁཱ་ཧི་ཁཱ་ཧི། [ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ལ།] བསྟན་པའི་བཀའ་སྲུང་ཆེན་པོ་དྲང་སྲོང་གཟའ་བདུད་ནག་པོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་
རྒྱས་ཀྱི་བསྟན་པ་སྲུངས་[སོགས་ཀྱི་ཕྲིན་ལས་བཅོལ། བསྟོད་པ་ནི།] ཀྵ༔ སྔོན་ཚེ་འདས་པའི་བསྐལ་པ་ལ༔ རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས༔ རིན་ཆེན་སྙིང་པོའི་སྤྱན་སྔ་རུ༔ ཐེག་པ་གསུམ་གྱི་དོན་ལ་སྤྱོད༔ ས་བརྒྱད་གནོན་པའི་སེམས་དཔའ་སྟེ༔ གསང་སྔགས་བསྟན་ལ་རབ་གདུང་སྟེ༔ དྲང་སྲོང་དམོད་པ་མཐུ་བཙན་པས༔ ལས་ལས་གྲུབ་པའི་སྟོབས་པོ་ཆེ༔ མཐུ་སྟོབས་ནམ་མཁའི་མཐའ་དང་མཉམ༔ མྱུར་མགྱོགས་བར་སྣང་གློག་ལ་འགྲན༔ དྲག་རྩལ་གནམ་ལྕགས་ཐོག་ལས་ཆེ༔ མཐུ་སྟོབས་བདག་པོ་ཁྱོད་ལ་བསྟོད༔ མཁའ་དབྱིངས་ནམ་མཁའི་ཁྱོན་ཀུན་ཁྱབ༔ སྣོད་དང་བཅུད་ཀྱི་བླ་ལ་འཇུག༔ ཉམས་པའི་བླ་ཚེ་སྲོག་ལ་གཟའ༔ བསྟན་དགྲའི་ཚེ་དང་དུས་མཐའི་བདུད༔ དྲག་ཤུལ་བདག་པོ་ཁྱོད་ལ་བསྟོད༔ འབྱུང་བ་ལྔ་ལ་དབང་བྱེད་ཅིང་༔ སྐྱེ་འགྲོའི་ཤ་ཁྲག་ཟས་སུ་རོལ༔ དུས་བཞིའི་ལེགས་ཉེས་གཉེར་ལ་འཛིན༔ རྡོ་རྗེ་ཐེག་པའི་བསྟན་སྲུང་བ༔ སྣ་ཚོགས་གཟུགས་སུ་བརྫུ་བ་མཁན༔ ཁམས་གསུམ་ཀུན་ཏུ་ཐོགས་མེད་རྒྱུ༔ དྲག་ཤུལ་བདག་པོ་ཁྱོད་ལ་བསྟོད༔ དབུ་དགུས་ཐེག་པ་རིམ་དགུ་བསྲུང་༔ སྤྱན་སྟོང་སྲིད་གསུམ་ས་ལེར་གཟིགས༔ ཕྱག་
བཞིས་ལས་བཞིའི་ཁ་ལོ་བསྒྱུར༔ འདོད་ཆགས་ཁྭ་གདོང་འདོད་ཁམས་འགུགས༔ ཞེ་སྡང་སྦྲུལ་གྱི་མཇུག་མ་ཡིས༔ དུག་རླངས་ནད་རླངས་སྤྲིན་བཞིན་གཏིབས༔ ལྟོ་ཞལ་རྟག་ཆད་མཐའ་བཞི་འཇོམས༔ ཁ་རླངས་ནད་ཀྱི་ཡོ་ལང་འགྱེད༔ གཟའ་བརྒྱད་ནག་གི་ཕོ་ཉར་འགྱེད༔ དུས་བཞིའི་རྒྱལ་མོ་གྲོགས་དང་མཛའ༔ རྒྱུ་སྐར་ཉེར་བརྒྱད་བྲན་དུ་བཀོལ༔ ལྷ་སྲིན་སྡེ་བརྒྱད་འབངས་དང་གཡོག༔ འཇིག་རྟེན་དབང་ཕྱུག་མཐུ་བོ་ཆེ༔ རྡོ་རྗེ་ཅན་གྱི་བཀའ་སྡོད་པ༔ ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད༔ [ཅེས་བསྟོད༔ རྒྱུན་གསོལ་ཉི་ཚེ་བ་ལ་མི་དགོས་ཀྱང་སྐབས་འགའ་ཞིག་ཏུ་བཟླས་པའི་རིམ་པ་ནི༔] དྲང་སྲོང་ཆེན་པོའི་ཐུགས་ཀར་འོད་ཀྱི་གོང་བུ་ལ་གནས་པའི་རཿཡིག་སྨུག་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལ་བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་[བསམ་ལ། གོང་ནོན་གྱི་བཟླས་པ་སྔོན་དུ་འགྲོ་བས།] ཧྲཱིཿ ཏྲི་ཀཀྴ་རཱ་ཧུ་ལ་ཤཀ་རུ་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་གཡོ་ཟ་འགྲམ་ཧ་ཧེ་ཡོ་ཀེ་ཤ་ལ་ས་མ་ཡ་ཧྲིཾ་ཛཿཛཿ [ཞེས་བཟླ་ཞིང་། རྦད་ཅིང་བསད་པའི་མན་ངག་སོགས་ནི་གཞུང་ལས་ཤེས་པར་བྱའོ། །དེ་ནས་བསྐང་གསོལ་ནི། བསྐང་རྫས་རྣམས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་བརླབ་
སྟེ།] ཀྵ༔ དད་པ་དང་ནི་དམ་ཚིག་གིས༔ གཟའ་བདུད་འཁོར་བཅས་སྤྱན་འདྲེན་ནོ༔ མ་ཐོགས་མྱུར་དུ་གཤེགས་སུ་གསོལ༔ བསྙེན་སྒྲུབ་གནས་འདིར་རྟག་བཞུགས་ནས༔ རབ་འབྱམས་ཕྲིན་ལས་ཡོངས་སུ་སྒྲུབས༔ ཁྱེད་ཀྱི་ཐུགས་དམ་བསྐང་བ་ནི༔ སྨན་དང་འབྲུ་སྣ་བཟའ་བཏུང་རིགས༔ ཤ་ཁྲག་སྙིང་སྣ་ར་མཆིན་དང་༔ དར་གོས་དཀོར་ནོར་གོ་མཚོན་རིགས༔ མཐུན་དང་མཆོད་བསྐང་རྟེན་སྒྲུབ་རྫས༔ འདོད་ཡོན་ནམ་མཁའ་མཛོད་དུ་སྤྲོ༔ མི་ཟད་རྒྱན་གྱི་འཁོར་ལོ་འདིས༔ གཟའ་བདུད་ནག་པོའི་ཐུགས་དམ་བསྐང་༔ སྤྲུལ་པའི་གཟའ་བརྒྱད་ཐུགས་དམ་བསྐང་༔ གདོང་མོ་མཆེད་བཞི་ཐུགས་དམ་བསྐང་༔ རྒྱུ་སྐར་ཉེར་བརྒྱད་ཐུགས་དམ་བསྐང་༔ ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང་༔ དཔལ་མགོན་བདུན་ཅུའི་ཐུགས་དམ་བསྐང་༔ བརྟན་མ་བཅུ་གཉིས་ཐུགས་དམ་བསྐང་༔ ཡུལ་ལྷ་གཞི་བདག་ཐུགས་དམ་བསྐང་༔ ཐུགས་ཀྱི་མི་བཞེད་ཉེས་ཚོགས་བཤགས༔ དགྱེས་ཤིང་བྱམས་བརྩེས་བདག་སྐྱོངས་ལ༔ གང་འདུལ་ཕྲིན་ལས་སྣ་ཚོགས་ཀྱིས༔ གདུག་པའི་དགྲ་བགེགས་ཚར་ཆོད་ཅིག༔ དགུག་བསྒྲལ་མནན་གཟིར་ཕྲིན་ལས་ལ༔ རྦད་བསྐུལ་
དུས་སུ་ལས་མ་འགྱངསཿ བཀའ་དམ་གཉན་པོ་དཔང་དུ་བཙུག༔ མ་འདའ་བཛྲ་ས་མ་ཡ༔ [ཞེས་གསོལ། མཐར་གཏོར་མ་འབུལ་ཞིང་ཕྲིན་ལས་བཅོལ་བ་སོགས་རྗེས་ཀྱི་རིམ་པ་སྤྱི་ལྟར་བགྱིས་པས་གྲུབ་བོ། །ཞེས་པའང་ཉེ་བར་གནས་པ་བློ་གྲོས་ཉི་མས་བསྐུལ་བ་ལྟར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གཏེར་གཞུང་གི་དགོངས་པས་སྙིང་པོར་དྲིལ་ཏེ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།]
དམ་ཅན་ཕུད་སྐོང་།
༄༅། །[སྐབས་འགའ་ཞིག་ཏུ་ཕུད་སྐོང་བྱ་བར་སྤྲོ་ན།] ཧོ། གསོལ་ལོ་མཆོད་དོ་མངའ་གསོལ་ལོ། །དམ་ཅན་སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས་པ། རྡོ་རྗེ་བདུད་འདུལ། མགར་བ་ནག་པོ། དགེ་བསྙེན་ཆེན་པོ། ཨ་ཇོ་ཆེན་པོ། དམག་དཔོན་ཆེན་པོ། ཚོང་དཔོན་ཆེན་པོ། གནས་པོ་ཆེན་པོ། བྱེས་ལྷ་ཆེན་པོ། ཇག་དཔོན་ཆེན་པོ། དགྲ་བླ་ཆེན་པོ། གནམ་རལ་གཅིག་གི་བདག་པོ། ས་གྲུ་གཅིག་གི་རྗེ་བོ། གཏོར་གནས་བརྒྱ་རྩའི་སྲུང་མ། འཁོར་དུ་ལྷའི་དགེ་བསྙེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་མེ་རུ་རྩེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་སོགས་གསང་བའི་ཡུམ་ཆེན་དགྱེས་སྡེ་མོ་བཅུ་གཉིས། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། རྒྱབ་ན་ལྕགས་སྤྱང་འུར་བ་འགྲོལ་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་
ཐལ་མོ་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་སྒྲ་འདོན་པ་ལ་སོགས་པ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་ལྷའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུ་ཡི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་ཁྱེད་རྣམས་གསོལ་ལོ་མཆོད་དོ་བསྟོད་དོ། །སྔོན་ཚེ་གསང་བདག་ཕྱག་ན་རྡོ་རྗེ། བར་དུ་སློབ་དཔོན་པདྨ་ཐོད་ཕྲེང་། ཐ་མ་གཏེར་སྟོན་རིག་འཛིན་ཆེན་པོ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་རྣལ་འབྱོར་པ་བདག་ཅག་རྣམས་ཀྱི་ལུས་དང་གྲིབ་མ་བཞིན་དུ་མི་འབྲལ་བར་འགྲོགས། དུས་ད་ནས་བཟུང་སྟེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགལ་རྐྱེན་སོལ། མཐུན་རྐྱེན་སྦྱོར། བསམ་པ་སྒྲུབས། རེ་བ་སྐོངས། འགྲོན་ལས་འཆོལ། བསྡད་ན་བརྟེན་པ་གྱིས། ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་མཛོད། སྔོན་ནས་བསུ་མ་དང་ཕྱི་ནས་སྐྱེལ་མ་མཛོད། དམ་ཚིག་གི་གྲོགས་པོ་དང་། རྡོ་རྗེའི་
བཀའ་སྡོད་མཛོད། མཆོད་པའི་ཕུད་བཞེས། བཅོལ་བའི་ལས་མཛོད། གདམས་པའི་གཉེན། དགོས་པའི་དོན་སྒྲུབས། སྡང་བའི་དགྲ་སོད། གནོད་པའི་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །སྡོད་པའི་གནས་མལ་སྲུངས། མཁོ་བའི་ཡོ་བྱད་སྲུངས། བརྒྱུད་འཛིན་གྱི་སློབ་མ་སྲུངས། རིགས་བརྒྱུད་ཀྱི་བུ་ཚ་སྐྱོངས། མདོར་ན་ཚེ་འདིའི་འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྦྱོར། ཕྱི་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སར་སྦྱོར་བའི་ཕྲིན་ལས་མཛོད་ཅིག [ཅེས་ཕུད་གཏོར་བྱ་མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ།། །།]
ཆོས་སྐྱོང་རྒྱལ་ཆེན་པེ་ཧ་རའི་ཕྲིན་ལས་དམ་ལྡན་རེ་སྐོང་།
༄༅། །ཆོས་སྐྱོང་རྒྱལ་ཆེན་པེ་ཧ་རའི་ཕྲིན་ལས་དམ་ལྡན་རེ་སྐོང་ཞེས་བྱ་བ་བཞུགས་སོ། །
༄༅། །ན་མོ་པདྨ་ཀྲོ་ངྷ་ཤྲཱི་ཧེ་རུ་ཀ་ཡེ། [དཀོར་བདག་སྤྲུལ་པའི་རྒྱལ་ཆེན་པེ་ཧ་རའི་ཕྲིན་ལས་ལ་འཇུག་པར་འདོད་པས། དུས་གཉན་ཁྱད་པར་ཅན་ལ་འདི་ཉིད་ཀྱི་བྲིས་སྐུ་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་ལྡན་འབྲུ་ནག་སིལ་མར་བཀྲམ་པའི་ཁར་མཉྫིལ་ཟངས་གཞོང་དུ་ངར་ཕྱེ་ལས་བཤོས་བུ་རི་རབ་བང་རིམ་གསུམ་པའི་སྟེང་དུ་གསང་ཕྱི་ལྔ་སྒྲོམ་ཏིང་ལོ་མར་མེ་ལྔ་དང་བཅས་པ་ལ་མདའ་དར་རྒྱལ་མཚན་ལྔ་དང་བཅས་པས་བརྒྱན། མཐར་གཡས་སུ་བདུད་བཤོས། །གཡོན་དུ་འབྲང་རྒྱས། མདུན་དུ་བཙན་བཤོས། རྒྱབ་ཏུ་ཕྱེ་ལས་མཁར་ཐབ། བུམ་པ་རྣམས་དང་། བཤོས་ཕྲན་བརྒྱད་དང་བཅས་པ། བསྡུ་ན་བཤོས་ཕྲན་བརྒྱད་མཐེབ་ཀྱུས་བསྐོར་བས་ཀྱང་ཆོག །གང་ལྟར་ནའང་བ་གླང་གི་ཤ་སོགས་ཤ་ཁྲག་མར་ཐུད་བུ་རམ་སོགས་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་
བརྒྱན། གཞན་ཡང་སྟེགས་མཐོ་བ་ལ་གོང་གནོན་ཡི་དམ་གྱི་གཏོར་མ་དང་། སྐོང་གཏོར་གསང་ཕྱེ་ལྔ་ཚོམ། སྨན་ཕུད། རཀྟ། རྒྱ་ཕོར་ལ་སོགས་པར་ཕྱེ་མར། གསེར་སྐྱེམས། དཀར་སྐྱེམས། མངར་སྐྱེམས། ཉེར་སྤྱོད། ལུག་དཀར་ལག་གཡས། སྤོས་དཀར། སྨན་ཤིང་གི་བསང་དུད། སྨྱུག་རྒོད་མདའ་དར་སོགས་སྤྱན་གཟིགས་སྣ་ཚོགས་པས་མཛེས་ཤིང་བརྗིད་པར་བཀྲམ་ལ། དངོས་གཞི་གོང་གནོན་གྱི་ལྷ་རྟ་མགྲིན་དང་ཕྱག་རྡོར་སོགས་བདག་བསྐྱེད་ཡི་དམ་གྱི་བསྐྱེད་བཟླས་སྔོན་དུ་འགྲོ་བས་མཆོད་གཏོར་རྣམས་བྱིན་བརླབ།] མདུན་རྟེན་སྭ་བྷཱ་ཝ[ས་སྟོང་པར་སྦྱང་།] སྟོང་པའི་ངང་ལས་མདུན་དུ་རང་བཞིན་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པ། ལོགས་བཞི་ཤེལ་
ལས་བྱས་པ། ཟུར་བཞི་མཆོད་ལས་བྱས་པ། རྨངས་བཞི་ལྕགས་ལས་བྱས་པ། གྱོ་འདབ་རིམ་གསུམ་གཡུ་ལས་བྱས་པ། ཁ་བད་བཻ་ཌཱུཪྻ་ལས་གྲུབ་པ། མུ་ཏིག་གི་ཟར་མ་འཛག་པ། རྩེ་མོར་རིན་པོ་ཆེའི་ཏོག་དང་ཆུ་ཤེལ་འོད་འབར་བས་མཛེས་པ། སྒོ་བཞི་དུང་ལ་གསེར་གྱི་རེ་བཞི་བཙུགས་པ། ཡ་ཐེམ་དངུལ་ལས་གྲུབ་པའི་ལོགས་སུ་པ་ཏྲ་དང་གཡས་གཡོན་དུ་འབྲུག་སེང་འཕྱོ་བ། མཐིང་གི་རྒྱ་ཕིབ་ལ་བྱེ་རུའི་མདའ་ཡབ་དང་། མན་ཤེལ་གྱི་ཆར་ཁེབ་ལ་སྤྲིན་དང་ན་བུན་འཚུབས་པ། མ་ཐེམ་ཟངས་ལས་གྲུབ་རྡོ་རྗེ་བཏེགས་པ། མུ་མེན་གྱི་ཡག་ཤིང་དང་། དུང་གི་འདེན་བུ་བརྒྱངས་པ། དེའི་ནང་དུ་མ་ཏྲཾ་ཕོ་མོ་ཁ་སྦུབས་གན་རྐྱལ་བྱི་ཆིངས་སུ་བསྣོལ་བའི་གདན་གྱི་དབུས་སུ་ཐུགས་ཀྱི་རྒྱལ་པོ་བརྒྱ་བྱིན་སྐུ་མདོག་མཐིང་ནག་སྐུ་ལ་དར་ནག་གི་བེར་དང་དོམ་གྱི་སློག་པ་གསོལ་ཞིང་། དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ། ཕྱག་གཡས་པས་བདུད་ཀྱི་ཞགས་པས་དགྲ་བོ་འཆིང་ཞིང་། གཡོན་པས་སྤུ་གྲིས་དགྲ་སྙིང་རྩད་ནས་གཅོད་པ། ཞལ་ནས་གདུག་པའི་ངན་སྔགས་སྒྲོགས་པ། ཆིབས་སུ་བ་གླང་སྣ་རིང་ལ་བཅིབས་ཤིང་རོལ་དུ་གློག་དང་མེ་ལྕེ་ཁྲིད་ནས་ཕོ་ཉར་ཐོག་དང་སེར་བ་གཏོང་བ། གཡས་སུ་
སྤྲུལ་པ་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན། སྐུ་ལ་དར་ནག་གི་བེར་ཆེན་གསོལ་བ། ཤེལ་གྱི་ཕྲེང་བས་མགུལ་དོ་བྱས་པ། གཡས་པས་སྡིགས་མཛུབ་ནམ་མཁར་བསྒྲེང་ཞིང་གཡོན་པས་ཟངས་གྲི་འདེབས་ཚུལ་མཛད་པ། གཡོན་དུ་ཡུམ་གཅིག་ཤཱནྟི་རོ་ཟན་མ་དམར་མོ་ཁྲག་དང་ཞག་གིས་བརྒྱན་པ་ལྕགས་ཀྱུ་དང་ཞགས་པ་འཛིན་པ། ཤར་དུ་སྐུའི་རྒྱལ་པོ་མོན་བུ་པུ་ཏྲ་སྐུ་མདོག་ནག་པོ་མུན་ལྟར་གཏིབས་པ། སྐུ་ལ་མན་ཏྲི་ནག་པོའི་ན་བཟའ་དང་དབུ་ལ་དར་ནག་གི་ཐིབས་ཞུ་གསོལ་བ། གཡས་པས་རྡོ་རྗེ་གསོར་ཞིང་གཡོན་པས་ཤེར་ཤིང་གསེག་ཤང་བསྣམས་པ། ཆིབས་སུ་སེང་གེ་དཀར་མོ་ལ་ཆིབས་ནས་རོལ་དུ་དོམ་ནག་སྨྱོན་པ་ཁྲིད་ཅིང་ཕོ་ཉར་སྟག་གཟིག་དོམ་དྲེད་གཏོང་བ། གཡས་སུ་སྤྲུལ་པ་དགེ་སློང་དགྲ་བཅོམ་གཞོན་ནུའི་ཆ་བྱད་ཅན་ཆོས་གོས་ངུར་སྨྲིག་གསོལ་བ། གཡས་ཤེལ་གྱི་གསེག་ཤང་དང་གཡོན་གསེར་གྱི་སྤུ་གྲི་འཛིན་པ། ཀབ་ལི་རྒྱབ་ཏུ་ཁུར་ཞིང་སྤྱི་བླུགས་བུམ་པ་མདུན་ན་འཆང་བ། གཡོན་དུ་ཡུམ་གཅིག་བདུད་མོ་རོ་ལངས་མ་དཀར་མོ་དར་དཀར་གྱི་གོ་ཟུ་གསོལ་ཞིང་། དམ་ཤིང་དང་བྷཉྫ་འཛིན་པ། ལྷོ་རུ་ཡོན་ཏན་གྱི་རྒྱལ་པོ་གནོད་སྦྱིན་ཤིང་བྱ་ཅན་སྐུ་མདོག་མཐིང་
ནག་སྦྲུལ་དང་སྟག་གི་གོས་ཅན། གཡས་པས་དགྲ་སྟྭས་དགྲ་བོའི་མགོ་ལུས་གཤོག་ཅིང་། གཡོན་པས་བདུད་ཞགས་དགྲ་ལ་འདེབས་པ། དབུ་ལ་ཐང་ཐེབ་གོས་ཤམ་ཅན་གསོལ་བས་ལྷ་སྲིན་དབང་དུ་སྡུད་པ། ཆིབས་སུ་བདུད་རྟ་ནག་པོ་ལ་བཅིབས་ཤིང་རོལ་དུ་སྲིད་པའི་གཡུ་འབྲུག་ཁྲིད་ནས་ཕོ་ཉར་སྤྲ་སྤྲེ་བྱི་ལ་གཏོང་བ། གཡས་སུ་སྤྲུལ་པ་སྔོ་སྐྱ་མེན་ཏྲི་དམར་པོའི་ག་ཤ་ཅན། གཡས་ན་སྤ་གུག་མཆུ་རིང་བསྣམས་པ། གཡོན་དུ་ཡུམ་གཅིག་གསེར་གྱི་སྤུ་གྲི་ནག་མོ་ཞལ་གཅིག་ཕྱག་བཞི་མ། དབུ་ལ་དར་ནག་ཅོད་པན་བཅིངས་པ། སྙན་གཡས་སྦྲུལ་དང་དྲིལ་བུས་བརྒྱན་ཅིང་། གཡོན་ན་སེང་གེ་རལ་པ་གསིག་པ། ཕྱག་གཡས་གཉིས་ན་རལ་གྲི་དང་མདུང་དམར། གཡོན་གཉིས་ཤཀྟྲི་ཏྲི་ཤུ་ལའི་མགུལ་ནས་བ་དན་འཕྱར་བ་འཛིན་པ། གླང་ཆེན་ཀོ་རློན་གྱི་སྟོད་གཡོགས་དང་རེ་ལྡེ་སེར་པོའི་ཤམ་ཐབས་སྦྲུལ་གྱི་སྐ་རགས་བཅིངས་པ། མི་མགོའི་ཕྲེང་བས་དོ་ཤལ་སྤྲས་པ། ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་ཏེ་བོང་བུ་གྭ་པ་ལ་ཆིབས་པ། ནུབ་ཏུ་གསུང་གི་རྒྱལ་པོ་དགྲ་ལྷ་སྐྱེས་གཅིག་པོ་སྐུ་མདོག་དམར་པོ་འོད་དུ་འབར་བ། སྐུ་ལ་དར་ནག་གི་འཇོལ་བེར་དང་། དབུ་ལ་སྨྱུག་ཞུ་
གསོལ་བ། གཡས་སྦའི་འགྱིང་མཁར་བསྣམས་ནས་དགྲ་བགེགས་རྡུལ་དུ་རློག་ཅིང་། གཡོན་པས་ཙན་དན་གྱི་བེང་ཆེན་བསྣམས་ནས་སྲིད་གསུམ་འཇོམས་པ། ཆིབས་སུ་དྲེལ་ནག་རྐང་དཀར་བཅིབས་ཤིང་རོལ་དུ་སྤྱང་མོ་འུར་བ་ཁྲིད་ནས་ཕོ་ཉར་ལྕགས་ཀྱི་བྱ་ཁྲ་གཏོང་བ། གཡས་སུ་སྤྲུལ་པ་མཐིང་ནག་རལ་པ་གྱེན་དུ་མཛེས་ཤིང་། ཨག་ཚོམ་སེར་ནག་མེ་ལྟར་འབར་བ། སྐུ་ལ་སྟག་གི་སློག་པ་གསོལ་བ། ཕྱག་ན་ཞིང་གི་དབྱུག་པ་དང་རྒྱལ་མཚན་འཕྱར་བ། གཡོན་དུ་ཡུམ་གཅིག་མཛེས་བྱེད་པདྨ་སྐྱེས་སྐུ་མདོག་དམར་མོ་མཛེས་པའི་རྒྱན་དང་ལྡན་པ། ཕྱག་གཉིས་དམ་ཤིང་དང་བྷནྡྷ་བསྣམས་པ། བྱང་དུ་ཕྲིན་ལས་ཀྱི་རྒྱལ་པོ་པེ་ཧར་དགྲ་ལྷ་ཆེན་པོ་ཞལ་གསུམ་གཡས་ནག་གཡོན་དམར་དབུས་དཀར་བ། ཐོད་ཆེན་གྱི་སྟེང་ན་སག་ཞུ་གདུགས་ཐབས་སུ་གསོལ་བ། ཕྱག་དྲུག་གི་གཡས་གསུམ་ལྕགས་ཀྱུ་མདའ་དང་རལ་གྲི། གཡོན་གསུམ་སྤུ་གྲི་གཞུ་དང་བེར་ཀ་བསྣམས་པས་རྒྱུད་དྲུག་རྩད་ནས་གཅོད་པ། སྐུ་སྟོད་ལ་དར་དཀར་གྱི་རལ་ག་དང་། སྐུ་སྨད་ལ་ཞིང་ལྤགས་སྟག་ལྤགས་ཀྱིས་བརྒྱན་པ་གསོལ་བ། ཆིབས་སུ་སེང་གེ་དཀར་མོ་ལ་བཅིབས་ཤིང་
རོལ་དུ་རླུང་ནག་འཚུབས་མ་ཁྲིད་ནས་ཕོ་ཉར་བདུད་བྱ་སྐྱུང་ཀ་གཏོང་བ། གཡས་སུ་སྤྲུལ་པ་ནག་པོ་སྐུ་ལ་ཞིང་ལྤགས་ཀྱི་གཡང་གཞི་གསོལ་ཞིང་སྦྲུལ་གྱི་ཆུན་པོས་བརྒྱན་པ། ཕྱག་གཉིས་སྟག་དང་སྤྱང་ཀིའི་རྒྱལ་མཚན་འཕྱར་བ། གཡོན་དུ་ཡུམ་བདུད་བཟའ་སྨིན་དཀར་མ་མཐིང་ནག་བདུད་ཀྱི་སློག་པ་གྱོན་ཅིང་ཕྱག་ན་དམ་ཤིང་དང་བྷནྡྷ་འཛིན་པ། དེ་དག་གི་མདུན་ནས་གཡས་བསྐོར་གྱིས་ཐུགས་ཀྱི་རྒྱལ་པོའི་བློན་པོ་སྲོག་བདག་བཀའི་བྱ་ར་བ་དར་ནག་གི་རུ་མཚོན་འཕྱར་བ། སྐུ་ལ་བེར་སྨུག་གསོལ་ཞིང་སེང་གེ་དཀར་མོ་ལ་ཆིབས་པ། སྐུའི་རྒྱལ་པོའི་བློན་པོ་བཤན་པ་བྱ་ཁྲི་མིག་གཅིག་པོ། སྦྲུལ་ནག་ཐོད་དུ་བཅིངས་པ། ཕྱག་ནས་ཤེལ་གྱི་རྡོ་རྗེ་འཕེན་ཅིང་རྟ་སྔོན་པོ་སྒབ་ནག་ལ་ཆིབས་པ། ཡོན་ཏན་གྱི་རྒྱལ་པོའི་བློན་པོ་བྱ་རྒོད་ཐང་ནག་དགེ་བསྙེན་གཞོན་ནུའི་ཆ་བྱད་ཅན། རྡོ་རྗེ་དང་ཐོ་བ་ཐིགས་པ། གསུང་གི་རྒྱལ་པོའི་བློན་པོ་རྡོ་རྗེ་གྲགས་ལྡན་ཤེར་ཤིང་གི་གསེག་ཤང་འཛིན་པ། དར་གྱི་ཆོས་གོས་གསོལ་ཞིང་རྔ་མོང་གྭ་པ་ལ་ཆིབས་པ། ཕྲིན་ལས་ཀྱི་རྒྱལ་པོའི་བློན་པོ་པུ་ཏྲ་ནག་པོ་གྲི་གུ་འཛིན་པ། དར་ནག་གི་རལ་ག་གསོལ་ཞིང་དྲེལ་རྟ་ནག་པོ་ལ་ཆིབས་པ། ནང་བློན་ཤ་
འགྲོས་ཁྱི་འགྲོས། ཁོལ་པོ་འཛིན་པོ་དང་སྡོམ་པོ་འཁོར་དང་བཅས་པ། དེ་དག་གི་ཕྱི་རོལ་གྱི་གཡས་སུ་སྐྱེས་པ་སྟག་ཆས་སུ་ཞུགས་པ་བརྒྱ། གཡོན་དུ་དགེ་སློང་ཁྲིམས་ཆས་སུ་ཞུགས་པ་བརྒྱ། མདུན་དུ་བུད་མེད་བག་ཆས་སུ་ཞུགས་པ་བརྒྱ། རྒྱབ་ཏུ་སྔགས་པ་ཟོར་ཆས་སུ་ཞུགས་པ་བརྒྱ། སྔོན་དུ་ཨཱ་ཙ་ར་སྤོས་དུད་ཁྱེར་བ་བརྒྱ། ཕྱིའི་བློན་པོ་ཧགས་དང་ལང་ཀ་བརྒྱ། ནང་གི་བློན་པོ་མོན་བུ་པུ་ཏྲ་བརྒྱ། སྐུའི་སྐྱོ་རོགས་འབག་དང་སེངྒེ་བརྒྱ། སྤྲུལ་པ་ཡང་སྤྲུལ་དང་སྤྲེའུ་བརྒྱ། གཞན་ཡང་དགེ་སློང་ཆོས་གོས་གྱོན་པ། གར་མཁན་ཕྱག་རྒྱ་བསྒྱུར་བ། བཙུན་པ་ཀ་ལི་ཁུར་བ། སྔགས་པ་རྔ་ནག་བརྡུང་བ། མོ་བཙུན་རྒྱང་གླུ་ལེན་པ། ཉན་ཐོས་དུང་དཀར་འབུད་པ། བྱིས་པ་འུར་རྡོ་གཡུག་པ། བཙུན་ཆུང་འགྲོ་གླེང་འཕེན་པ། གཞན་ཡང་དར་འཕྱར་མཁན། དུང་འབུད་མཁན། ཕཊ་བརྡབ་མཁན། གཤང་འཁྲོལ་མཁན་ལ་སོགས་པ་རང་རང་སོ་སོའི་འཁོར་གཡོག་སྤྲུལ་པ་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཙོ་བོ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་གིས་མཚན་པ་དང་། བདག་ཉིད་དབང་ཆེན་རྟ་མགྲིན་དུ་
གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་གློག་ཞགས་འཁྱུག་པ་ལྟར་འཕྲོས་པས། དགུང་སྔོན་མཐོན་པོའི་ཡང་སྟེང་། བྷ་ཏ་ཧོར་གྱི་སྒོམ་གྲྭ། བསམ་ཡས་མི་འགྱུར་ལྷུན་གྱི་གྲུབ་པའི་གཙུག་ལག་ཁང་ཆེན་པོ། མཐའ་འདུལ་ཡང་འདུལ་གྱི་ལྷ་ཁང་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་རྒྱལ་ཆེན་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ལ། རོལ་མོ་དབྱངས་དང་བཅས་པས། ཧཱུྃ། རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་ནས། །ཏིང་ངེ་འཛིན་གྱིས་བསྐྱེད་པའི་དཀྱིལ་འཁོར་འདིར། །སྤྱན་འདྲེན་གཤེགས་སུ་གསོལ་བའི་ཆོས་སྐྱོང་ནི། །གནོད་སྦྱིན་རྒྱལ་པོ་སྡེ་ལྔ་འཁོར་དང་བཅས། །དམ་ཚིག་གཞུང་བཞིན་སྲུང་བའི་སྐྱེས་མཆོག་རྣམས། །ཐུགས་དམ་རྒྱུད་བསྐུལ་གནས་འདིར་གཤེགས་སུ་གསོལ། །ཛཿཧཱུྃ་བྃ་ཧོཿ ཨ་ལ་ལ་ཧོཿ ཨེ་ཧྱེ་ཧི་བྷ་ག་ཝཱ་ན་ཨཾ་ཀུ་ཤ་ས་མ་ཡ་ཛ་ཛཿ [ཞེས་སྤྱན་དྲང་།] ཧཱུྃ། རིན་ཆེན་སྣ་ལྔའི་རི་རབ་གཞལ་ཡས་འདིར། །ཉི་ཟླ་པདྨ་གདན་ཁྲི་མཛེས་པ་ལ། །སྤྲུལ་པའི་རྒྱལ་ཆེན་སྐུ་ལྔ་འཁོར་དང་བཅས། །བསྟན་པ་བསྲུང་ཕྱིར་གཉིས་མེད་བརྟན་པ་བཞུགས། །ས་མ་ཡ་ཨཱ་བེ་ཤ་ཡ་སྟྭཾ། [ཞེས་བཞུགས་སུ་
གསོལ།] ཨོཾ་ཨཱཿཧཱུྃ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿ [ཞེས་བདུད་རྩི་ལ་བཟླས་ནས།] བཛྲ་ཏྲི་དུ་རཀྴ་ཡཀྴ་ཧཱུྃ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་རང་གིས་མྱང་ཞིང་རྒྱལ་པོ་ལ་ཡང་མཆོད་པས་དམ་བསྲེ།] ཧཱུྃ། ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་། །བསྟན་པ་བསྲུང་ཕྱིར་འབར་བའི་སྐུར་སྤྲུལ་པ། །རྒྱུད་དྲུག་སྒྲོལ་མ་རིག་འཛིན་སྒྲུབ་མཆོག་ལ། །རྒྱ་ཆེན་ཡིད་འཕྲོག་མཆོད་པ་རྒྱ་མཚོས་མཆོད། །ཆོས་འཁོར་བཀའ་དང་བསྟན་པ་གཉན་པོ་སྲུངས། །དགྲ་[ནས་]ཤཔྡའི་[བར་དང་།] མ་ཧཱ་ཨ་མྲྀ་ཏ་པཱུ་ཛ་ཁཱ་ཧི། མ་ཧཱ་རཀྟ་པཱུ་ཛ་ཁཱ་ཧི། རཱ་ཛ་སིདྡྷི་ས་མ་ཡ་ཛཿ བ་ལིནྟ་ཁ་ཁ་ཁཱ་ཧི། [ཞེས་དང་། ནམ་མཁའ་མཛོད་ཀྱི་སྔགས་ཀྱིས་ཀྱང་མཆོད་པར་བྱའོ། །]ཧཱུྃ། སྒྲུབ་མཆོག་བདུད་འདུལ་ཡེ་ནས་ཐུགས་དམ་ཅན། །འགྲོ་བའི་དོན་མཛད་ཐུགས་རྗེ་ཉི་མ་འདྲ། །དམ་ཉམས་གདུག་པའི་དགྲ་བགེགས་ཀུན་སྒྲོལ་བའི། །ཐུགས་རྗེ་སྙོམས་མཛད་ཁྱོད་ལ་བདག་བསྟོད་དོ། །འགྱུར་མེད་དབྱིངས་ལ་འབར་བའི་སྐུར་བཞེངས་པ། །སྐྱེ་མེད་ཆོས་ཀྱི་དོན་རྟོགས་སྒྲུབ་མཆོག་ཁྱོད། །སྐྱེ་ཤི་རྩད་གཅོད་ལེགས་ཉེས་སྟངས་འཛིན་
པའི། །ཐོགས་མེད་འཇིགས་བྱེད་ཁྱོད་ལ་བདག་བསྟོད་དོ། །སྐུ་གསུང་ཐུགས་ནི་ཆོས་ཀྱི་དབྱིངས་དང་མཉམ། །ཕྲིན་ལས་མཐར་ཕྱིན་ཁྱུང་ཆེན་ཀླུ་འབྲུག་འདུལ། །དྲག་ཏུ་བསྐུལ་ན་དགྲ་བགེགས་དབང་དུ་སྡུད། །རྒྱལ་པོ་སྡེ་ལྔ་འཁོར་དང་བཅས་ལ་བསྟོད། །[ཅེས་པ་ཙམ་གྱིས་བསྟོད་ནས།] བདག་གིས་ཐུགས་ཀའི་འོད་ཀྱིས་བསྐུལ་བས་རྒྱལ་པོ་འཁོར་བཅས་སྔོན་གྱི་དམ་ཚིག་རྗེས་སུ་དྲན་པས་ཕྲིན་ལས་མཛད་པར་མོས་ཏེ། ཨོཾ་རཱ་ཛ་ཨ་ཧོ་བྷྲཱུྃ་རྦད། ཙིཏྟ་ཐིབས་ཐིབས་ཛཿ ཤ་མ་དུ་ཏྲི་མ་ཧོ་ཛཿ སརྦ་རཱ་ཛ་ས་མ་ཡ་ཐིབས་ཐིབས་ཛཿ [ཞེས་ཅི་ནུས་བཟླ་ཞིང་། འཁུ་ལྡོག་བཅིངས་པ་སོགས་གནད་འབོར་གྱི་སྔགས་གཞན་ཡང་ཡོད་མོད་ཀྱང་དམིགས་བསལ་སྒྲུབ་དུས་མ་གཏོགས་གཉན་ཆད་དང་མི་ཤིས་པར་འགྱུར་བས་དེ་ཙམ་གྱིས་ཆོག་གོ །འདི་དག་གསོལ་ཁ་ཁོ་ནས་འགྲུབ་པས་ན་ཕྲིན་ལས་དོན་བཅུ་མ་གཙོ་བོར་གྱུར་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་གསུང་ཐུགས་དམ་སྐོང་བའི་རིམ་པ་གང་མོས་བཞིན་སྦྱར་ལ། མཐར་འདོད་དོན་ཕྲིན་ལས་བཅོལ་བ་ནི།] ཧཱུྃ། རྣམ་དག་འགྱུར་བ་མེད་པ་ཡེ་ཤེས་སྐུ། །སངས་རྒྱས་བསྟན་པ་གཉན་པོ་བསྲུང་བའི་ཕྱིར། །རྒྱལ་པོ་ཆེན་པོ་སྡེ་ལྔའི་སྐུར་སྤྲུལ་པ། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །ཁྱོད་ནི་ཐོགས་མེད་མཐུ་དང་རྫུ་འཕྲུལ་བདག །དྲག་གཏུམ་
མི་བཟད་རབ་ཏུ་འབར་བའི་གཟུགས། །ལེགས་ཉེས་སྟངས་འཛིན་བཀའ་ཡི་བྱ་ར་བ། །སྔོན་གྱི་ཐུགས་དམ་གཉན་པོ་མ་གཡེལ་ཅིག །སྔོན་ཚེ་བཅོམ་ལྡན་པདྨ་དབང་ཆེན་དང་། །སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་ཕྲེང་གི །སྤྱན་སྔར་ཇི་ལྟར་བཀའ་བསྒོས་དམ་ནོས་ལྟར། །ཐ་ཚིག་གཉན་པོ་བདག་གིས་དེང་འདིར་བསྐུལ། །རྒྱལ་བསྟན་སྤྱི་དང་རྡོ་རྗེ་སྙིང་པོ་ཡི། །རིང་ལུགས་རྒྱལ་མཚན་སྲིད་པའི་རྩེ་མོར་འཕྱོར། །བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མཛད་ཕྲིན་སྤེལ། །དགེ་འདུན་འདུས་པའི་སྡེ་རྣམས་དར་རྒྱས་མཛོད། །རྡོ་རྗེའི་ཉེ་ལམ་ཞུགས་པའི་སྤོང་བ་པར། །བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་འཚོ་བ་སྦྱོར། །བསླབ་སྡོམ་བརྟུལ་ཞུགས་ལེགས་འཆང་ཀློག་པའི་གྲྭ། །མཁས་ཚུལ་དགུ་ཡི་ཕྲིན་ལས་དར་བར་མཛོད། །ཆོས་སྐྱོང་རྒྱལ་པོའི་དབུ་འཕང་དགུང་ལྟར་མཐོ། །ཆོས་ལྡན་ཆབ་སྲིད་དར་རྒྱས་བརྟན་པ་དང་། །བསྟན་ལ་ཞུགས་པའི་བློན་འབངས་ཁྱིམ་བདག་རྣམས། །འགལ་རྐྱེན་ཀུན་ཞི་འབྱོར་དྲུག་རྒྱས་པར་མཛོད། །རྒྱལ་ཁམས་ཀུན་ཏུ་ནད་མུག་འཁྲུག་རྩོད་གཞི། །ལོ་ཕྱུགས་ལེགས་ཤིང་བདེ་དགས་འཚོ་བ་དང་། །སྡིག་ལས་ཟློག་ཅིང་དགེ་ལ་གཞོལ་བ་ཡི། །བློ་གྲོས་ཡར་ཟླ་བཞིན་དུ་
འཕེལ་བར་མཛོད། །ཆོས་ཁྲིམས་བཀའ་ལས་འགལ་བ་བསྟན་པའི་དགྲ། །སྡེ་རིགས་གང་དུ་འདུག་ཀྱང་ཚར་ཆོད་ལ། །བསྟན་འགྲོར་ཕན་པའི་མཐུ་ལྡན་སྐྱེས་བུ་རྣམས། །ལྷག་བསམ་མཐའ་རུ་ཕྱིན་པའི་སྡོང་གྲོགས་མཛོད། །སྒྲུབ་པའི་རྣལ་འབྱོར་འཁོར་སློབ་སྦྱིན་བདག་ལ། །མངོན་མཐོ་ངེས་ལེགས་བར་དུ་གཅོད་པའི་གེགས། །གཟུགས་ཅན་གཟུགས་མེད་སྲི་ཀེག་རྦོད་གཏོང་སོགས། །དྲག་ཤུལ་སྟོབས་ཀྱི་འཁོར་ལོས་ཕྱིར་བཟློག་མཛོད། །ནད་གདོན་འཇིགས་བརྒྱད་རྨིས་ལྟས་མཚན་ངན་ཞི། །ཚེ་བསོད་དཔལ་འབྱོར་སྙན་གྲགས་མངའ་ཐང་རྒྱས། །ལྷ་འདྲེ་མི་གསུམ་སྣང་བ་དབང་དུ་འདུས། །དགྲ་བགེགས་ལོག་འདྲེན་ཚར་གཅོད་ཕྲིན་ལས་མཛོད། །མདོར་ན་དམ་ལྡན་རྣལ་འབྱོར་བདག་ཅག་ལ། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །ཇི་ལྟར་བསམ་པའི་འདོད་དོན་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབས་ནས་བསྲུང་བར་མཛོད། །[ཅེས་དང་། དམིགས་བསལ་དུ།] ཆོས་སྐྱོང་རྒྱལ་པོ་ཆེན་པོ་འཁོར་དང་བཅས། །གཏའ་རུ་བཙུགས་པའི་རྟེན་དང་སྒྲུབ་རྫས་ལ། །ཙན་དན་ཤིང་དང་དྲི་ངད་ཇི་བཞིན་དུ། །མི་འབྲལ་བརྟན་པར་བཞུགས་ལ་བྱ་ར་མཛོད། །ཆོས་
འཁོར་འདི་ཡི་སྡེ་རིས་ཡོ་བྱད་བཅས། །ཁྱོད་ལ་གཉེར་དུ་གཏད་དོ་མ་གཡེལ་སྐྱོངས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་ཀྱིས། །འཛམ་གླིང་ཐ་གུར་ཁྱབ་པའི་བཀྲ་ཤིས་སྩོལ། །[ཅེས་ཕྲིན་ལས་བཅོལ། མཐར་གཏོར་སྐྱོང་གཏང་རག་བཟོད་གསོལ་རྟེན་ཡོད་མེད་བསྟུན་པའི་བརྟན་བཞུགས་གཤེགས་གསོལ་སོགས་སྤྱི་དང་འདྲའོ། །ཞེས་པའང་མོན་གྱི་སྔགས་སྟོན་པདྨ་དབང་ཆེན་ནས་དོན་དུ་གཉེར་བའི་ངོར། མངའ་བདག་ཉང་གི་གཏེར་བྱོན་སྨྱོན་པ་རིག་འཛིན་ཡབ་སྲས་སོགས་ཀྱི་གསུང་གི་གནད་བསྡུས་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་གསུམ་འདས་པ་དམར་སེར་ཅན་གྱི་ལོ་ནག་པ་ཉ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་སྦྱར་བའི་ཡི་གེ་པ་ནི་སྔགས་འཆང་བསྟན་འཛིན་ཀུན་ལེགས་སོ། །འདིས་ཀྱང་དྲེགས་པ་རང་ཤུགས་སུ་འཁོར་ནས་གསང་བསྟན་སྙིང་པོའི་རིང་ལུགས་མི་ཉམས་ཡུན་དུ་བསྲུང་བའི་ཆ་རྐྱེན་དུ་གྱུར་ཅིག །ཛ་ཡནྟུ།། །།]
སྤྲུལ་པའི་རྒྱལ་ཆེན་སྐུ་ལྔའི་གསོལ་ཕྲིན་དབང་གི་གད་རྒྱང་།
༄༅། །[སྤྲུལ་པའི་རྒྱལ་ཆེན་སྐུ་ལྔའི་གསོལ་ཕྲིན་དབང་གི་གད་རྒྱང་ཞེས་བྱ་བ།]༈ ན་མོ་བཛྲ་མ་ཧཱ་ཀྲོ་ངྷ་ཡ། [དམ་རྫས་མཆོད་གཏོར་བཤམས་པ་བྱིན་གྱིས་བརླབས་ཏེ།]རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས་བྱུང་བའི་འོད་ཟེར་གྱིས་ཟན་ཡངས་ཆོས་འཁོར་ཆེན་པོ་སོགས་གར་བཞུགས་ཀྱི་གནས་ནས་སྤྲུལ་པའི་རྒྱལ་ཆེན་འཁོར་བཅས་སྤྱན་དྲངས་པར་[བསམ་ལ།] ཧཱུཾ། ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །རྣམ་འགྱུར་འབར་བའི་སྐུར་སྟོན་པ། སྤྲུལ་པའི་ཆོས་སྐྱོང་རྒྱལ་ཆེན་ནི། །སྡེ་ལྔ་འཁོར་གཡོག་དཔུང་དང་བཅས། །སྔོན་གྱི་ཐུགས་དམ་རྒྱུད་བསྐུལ་ལོ། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །རཱ་ཛ་སིདྡྷི་ས་མ་ཡ་ཛ་ཛཿ ཛཿཧཱུཾ་བཾ་ཧོཿ ཨ་ལ་ལ་ཧོཿ ཧཱུཾ། རིན་ཆེན་སྣ་ལྔའི་གཞལ་ཡས་འདིར། །ཉི་ཟླ་པདྨའི་གདན་ཁྲི་ལ། །བསྟན་པ་སྲུང་ཕྱིར་བཞུགས་ནས་ཀྱང་། །བདག་དོན་མ་ལུས་ཡོངས་རྫོགས་མཛོད། །ཧཱུཾ། རྒྱལ་ཆེན་མཆོད་པའི་དམ་རྫས་ནི། །ཉེར་སྤྱོད་འདོད་ཡོན་བསམ་མི་ཁྱབ། །དཀར་མངར་སྨན་ཕུད་རྫིང་བུར་གཏམས། །མྱོས་བྱེད་རཀྟའི་རྦ་ཀློང་འཁྲིགས། །དམར་གྱི་གཏོར་མ་ལྷུན་པོར་སྤུངས། །དགྲ་བོའི་ཤ་རུས་གཅལ་དུ་བཀྲམ། །སྨྱུག་རྒོད་མདའ་དར་རྒྱལ་མཚན་སོགས། །སྤྱན་གཟིགས་ལོངས་སྤྱོད་མཐུན་པའི་རྫས། །དཔག་མེད་དགྱེས་རྒུར་འཆར་བའི་སྤྲིན། །ཡིད་འཕྲོག་མཆོད་པ་རྒྱ་མཚོས་མཆོད། །འཁོར་
བཅས་ཐུགས་དམ་དགྱེས་བསྐང་ནས། །མ་གཡེལ་བརྩེ་བས་སྡོང་གྲོགས་མཛོད། །རཱ་ཛ་སིདྡྷི་ས་མ་ཡ་ཨརྒྷཾ་[ནས།] ཤཔྡའི་པུ་ཛ་ཧོཿ[འི་བར་གྱི་ཉེར་སྤྱོད་དང་།] མ་ཧཱ་པཙྪ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] རཱ་ཛ་སིདྡྷི་ས་མ་ཡ་ཛཿ ས་པ་རི་ཝཱ་ར་ཨི་དམ་པ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།] ཧཱུཾ། སྒྲུབ་མཆོག་བདུད་འདུལ་ཐུགས་དམ་ཅན། །འགྲོ་དོན་ལེགས་ཉེས་སྟངས་འཛིན་པ། །དམ་ཉམས་གདུག་པ་ཀུན་གྱི་གཤེད། །ཐོགས་མེད་འཇིགས་བྱེད་ཁྱོད་ལ་བསྟོད། །སྐྱེ་མེད་ཐུགས་ཀྱི་ཆོ་འཕྲུལ་ལས། །སྐུ་རྒྱལ་མོན་པུ་པུ་ཏྲ་དང་། །ཡོན་ཏན་རྒྱལ་པོ་ཤིང་བྱ་ཅན། །གསུང་གི་རྒྱལ་ཆེན་དགྲ་བླ་སྐྱེས། །ཕྲིན་ལས་ཆོས་སྐྱོང་པེ་ཧ་ར། །རྣམ་རོལ་ཅིར་ཡང་འཆར་བའི་རྒྱན། །སོ་སོའི་སྤྲུལ་པ་བཙུན་མོ་བློན། །ཕོ་ཉ་རུ་འདྲེན་གར་མཁན་སོགས། །འཁོར་གཡོག་དཔུང་ཚོགས་བསམ་ལས་འདས། །སྣང་སྲིད་དྲེགས་པ་འབངས་སུ་སྡུད། །ཆོས་འཁོར་སྐྱོང་བའི་གཡར་དམ་ཅན། །མཐུ་རྩལ་བདག་པོ་ཁྱོད་ལ་བསྟོད། །སྔོན་ཚེ་བྲག་དམར་ཀེའུ་ཚང་དུ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །བཀའ་བསྒོས་དམ་ཚིག་གཉེར་གཏད་བཞིན། །ཐུགས་དམ་གཉན་པོ་མ་གཡེལ་བར། །སྙིང་པོའི་བསྟན་དང་བསྟན་འཛིན་སྡེ། །འདུས་པའི་དགེ་འདུན་ཆོས་འཁོར་བཅས། །རྟག་ཏུ་བསྲུང་ཞིང་སྐྱོང་བ་དང་། །བར་ཆད་
མི་མཐུན་རྐྱེན་རྣམས་སོལ། །ཆོས་སྲིད་མངའ་ཐང་ལེགས་ཚོགས་སྤེལ། །སྐྱེ་འགྲོའི་སྣང་བ་དབང་དུ་སྡུས། །མི་སྲུན་ལོག་པར་ལྟ་བའི་དཔུང་། །གང་ལ་བྱ་བ་ཁྱོད་ཀྱིས་ཤེས། །མཐའ་རྩ་སྐྱེ་རྒྱུད་རྩད་ནས་ཆོད། །ཕྱོགས་ལས་རྣམ་རྒྱལ་དགེ་མཚན་གྱི། །གྲགས་པའི་རུ་མཚོན་དགུང་དུ་ཕྱོར། །མདོར་ན་རྣལ་འབྱོར་བདག་ཅག་གི །བཅོལ་བའི་ལས་རྣམས་མ་ལུས་པ། །དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། [ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། མགྲོན་རང་གནས་སུ་གཤེགས་པར་བསམ་ཞིང་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་བསྐུལ་བའི་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །།]
སྨན་གཅིག་ཀོང་བཙུན་དེ་མོའི་མཆོད་སྤྲིན་འདོད་པའི་རེ་སྐོང་།
༄༅། །[སྨན་གཅིག་ཀོང་བཙུན་དེ་མོའི་མཆོད་སྤྲིན་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། །]༈ ན་མོ་པདྨ་ཀ་ར་ཡེ། [སྨན་བཙུན་ཆེན་མོ་འདི་ཉིད་མཆོད་པར་འདོད་པས་རིན་པོ་ཆེའི་སྣོད་དུ་གཙང་མའི་ཟན་ལས་དཀར་གྱི་བཤོས་བུ་པད་འདབ་ཅན་མཐེབ་ཀྱུ་བཅུ་བཞིས་བསྐོར་བ་རྒྱན་ལྡན་དང་། གསེར་སྐྱེམས་སོགས་དམ་རྫས་སུ་འོས་པའི་ཡོ་བྱད་རྣམས་བཤམས་ལ་བྱིན་གྱིས་བརླབས། རང་ཉིད་པདྨ་ཐོད་ཕྲེང་རྩལ་གྱི་ང་རྒྱལ་ལ་གནས་པས་རོལ་མོ་དབྱངས་དང་སྦྱར་ཏེ།] ཀྱེེ། ཡུལ་ནི་ཀོང་ཡུལ་ལྗོན་པའི་ཚལ། །གནས་ནི་ཡུལ་གསུམ་བྲེ་སྣ་གདོང་། །སྨན་བཙུན་དགྱེས་པའི་བསྟི་གནས་ནས། །རྡོ་རྗེ་དེ་མོ་བོད་ཁམས་སྐྱོང་། །མཆེད་འཁོར་སྨན་ཕྲན་འབུམ་དང་བཅས། །དར་སྣའི་ཅོད་པན་པུ་རུ་རུ། །རིན་ཆེན་རྒྱན་ཕྲེང་སི་ལི་ལི། །གླུ་ལེན་གར་སྟབས་ཁྱུགས་སེ་ཁྱུག །སིལ་སྙན་རོལ་མོ་འུ་རུ་རུ། །རྣལ་འབྱོར་གདུང་བ་དེང་འབོད་དོ། །བརྩེ་བའི་ཐུགས་ཀྱིས་གཤེགས་ནས་ཀྱང་། །དམ་ཚིག་གནས་འདིར་བག་ཕོབ་ཅིག །བཛྲ་ས་མ་ཡ་ཛཿ ཀྱེེ། སྲིང་གཅིག་དགྱེས་པས་བྱོན་ལགས་སམ། །མཛའ་བས་དགོངས་ཤིག་བཞིན་བཟང་མ། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་དང་། །ནང་མཆོད་སྨན་རཀ་གཏོར་མའི་ཚོགས། །གསང་མཆོད་བདེ་སྟོང་དགའ་བཞིའི་རོ། །དངོས་བཤམས་མཆོད་པ་དཔངས་རེ་མཐོ། །ཡིད་སྤྲུལ་ལོངས་སྤྱོད་ལྷུན་རེ་སྟུག །དགྱེས་རྒུའི་དམ་རྫས་མ་ཚང་མེད། །བཟང་རྒུའི་འབྱོར་པ་སྤྲིན་དུ་གཏིབས། །མཛེས་རྒུའི་སྤྱན་
གཟིགས་ཚར་དངར། །དགའ་ཞིང་གུས་པས་བདག་འབུལ་གྱིས། །མཉེས་ཤིང་བརྩེ་བས་ཁྱོད་བཞེས་ཤིག །མ་ཧཱ་སརྦ་པཱུ་ཛ་ཧོ༔ ཀྱེ། མི་འགྱུར་བདེ་ཆེན་སྒྱུ་མའི་གར། །ངོ་བོ་ཡེ་ཤེས་ངྷཱ་ཀི་ནཱི། །རྣམ་པ་སྨན་བཙུན་སྤྲུལ་པའི་ཚུལ། །ངོ་མཚར་ཅིར་ཡང་འཕྲུལ་ལ་བསྟོད། །བཅུ་དྲུག་ལང་ཚོས་རབ་མྱོས་པའི། །ཡིད་འོང་དཀར་ལྗང་མཛེས་པའི་སྐུ། །འཛུམ་ཞལ་དགྱེས་པའི་མཚར་སྡུག་དཔྱིད། །རྗེས་ཆགས་ཟུར་མིག་གཡོ་ལ་བསྟོད། །བསུང་ཞིམ་ཧ་རིའི་དྲི་ངད་དང་། །ཉེར་འགྲོགས་མཉེན་ལྕུག་འཁྲིལ་ལྡེམ་སྐུར། །ལྷབ་ལྷུབ་དར་གྱི་ན་བཟའ་དང་། །རིན་ཆེན་རྒྱན་གྱིས་སྤྲས་ལ་བསྟོད། །ཕྱག་གཡས་ལྔ་ལྡན་མདའ་དར་ནི། །གཡས་སུ་བསྐོར་བཞིན་གཡབ་པ་ཡིས། །སྲིད་ཞིའི་དགེ་མཚན་དྭངས་བཅུད་ཀུན། །ཐོགས་པ་མེད་པར་སྡུད་ལ་བསྟོད། །གཡོན་པས་རིན་ཆེན་སྒྲོམ་བུ་ནི། །སྐུ་ལ་བརྟེན་ནས་འགྱིང་བ་ཡིས། །སྒྲུབ་ལ་འདོད་རྒུའི་དངོས་གྲུབ་རྣམས། །ཡིད་བཞིན་ཆར་དུ་འབེབས་ལ་བསྟོད། །བུད་མེད་སྒྱུ་མའི་ང་རྒྱལ་གྱིས། །སྲིད་པའི་རླུང་ལ་ཅོ་འདྲི་བའི། །མྱུར་མགྱོགས་ཅང་ཤེས་ངང་དཀར་ནི། །རིན་ཆེན་རྒྱན་ལྡན་བཅིབས་ལ་བསྟོད། །སྟོང་ཁམས་སྨན་མོ་ཁྱོད་ཀྱི་འཁོར། །སྡེ་བརྒྱད་གཞི་བདག་ཕོ་ཉ་བྲན། །དྲེགས་ལྡན་ཡོངས་ཀྱི་རྗེ་མོར་ཤར། །མཐུ་སྟོབས་དབང་ཕྱུག་མ་ལ་བསྟོད། །ཟབ་གཏེར་བསྟན་པའི་གཉེར་འཛིན་མ། །རིག་འཛིན་
རྣམས་ཀྱི་དགྱེས་སྡེ་མོ། །སྒྲུབ་མཆོག་བུ་བཞིན་སྐྱོང་བ་ཡི། །གཡར་དམ་ཅན་ལ་བདག་བསྟོད་དོ། །ཀྱེ། སྔོན་ཚེ་དཔལ་མོ་དཔལ་ཐང་དུ། །སློབ་དཔོན་པདྨ་ཐོད་ཕྲེང་གིས། །ཁྱོད་དང་མཆེད་འཁོར་བརྟན་མའི་ཚོགས། །དབང་དུ་བསྡུས་ནས་དམ་ལ་བཏགས། །ཕྱག་རྒྱར་དབང་བསྐུར་སྲོག་སྙིང་ཕུལ། །ཐ་ཚིག་བོར་བ་དྲན་ལགས་སམ། །བསྟན་པ་འཛིན་པའི་སྐྱེས་བུ་ཡི། །ཕྲིན་ལས་སྒྲུབ་པར་མ་ཆད་དམ། །བསྟན་པ་སྤེལ་བའི་དགེ་འདུན་གྱི། །དབུ་འཕང་བསྟོད་པ་མ་ཆད་དམ། །བསྟན་པ་སྐྱོང་བའི་རྗེ་བློན་གྱི། །མངའ་ཐང་སྤེལ་བར༴ བསྟན་པ་མཆོད་པའི་སྦྱིན་བདག་གི །འགལ་རྐྱེན་བསལ་བར༴ བསྟན་པར་གུས་པའི་རྒྱལ་ཁམས་སུ། །བདེ་སྐྱིད་སྤེལ་བར༴ བསྟན་པ་བཤིག་པའི་བདུད་དགྲ་ཀུན། །རྡུལ་དུ་བརླག་པར༴ རུ་བཞི་གངས་ཅན་བོད་ཡུལ་གྱི། །སོ་ཁ་བསྲུང་བར་མ་ཆད་དམ། །སྔོན་གྱི་ཞལ་བཞེས་གཡར་དམ་ཆེ། །དེ་རིང་བདག་གིས་བསྐུལ་ལགས་སོ། །ཀྱེ། ང་ནི་པདྨའི་བརྒྱུད་འཛིན་ཡིན། །ཁྱོད་ནི་པདྨའི་བཀའ་སྲུང་ཡིན། །ཡུལ་ནི་པདྨའི་སྒྲུབ་གནས་ཡིན། །དེས་ན་དམ་ཚིག་མཆོག་ཏུ་གཉན། །རྣལ་འབྱོར་བདག་ཅག་དཔོན་སློབ་རྣམས། །གཞི་བྱེས་ཉེ་རིང་ཐམས་ཅད་དུ། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས། །འགལ་
རྐྱེན་ཉེས་པ་སྟོང་དང་བསྣོལ། །མཐུན་རྐྱེན་ལེགས་པ་བརྒྱ་དང་སྤྲོད། །བསྐུལ་བའི་ལས་ལ་རྩལ་མ་ཞན། །བརྣག་པའི་ལས་ལ་མཐུ་མ་ཆུང་། །འདོད་པའི་དོན་ལ་དཔང་མ་དམའ། །ཆོས་སྲིད་ཕུན་ཚོགས་དཔལ་འབྱོར་གྱི། །རྟེན་འབྲེལ་ལེགས་པའི་ཕྱོགས་སུ་སྒྲིགས། །མདོར་ན་བསམ་པའི་རེ་བ་ཀུན། །དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་འདོད་དོན་བསྐུལ་ཞིང་མཆོད་གཏོར་གཙང་མར་འབུལ། མགྲོན་རྟེན་ལ་བསྟིམ་པའམ་རང་གནས་སུ་གཤེགས་ལ་ཤིས་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་མངོན་པར་འདོད་པའི་དོན་ལ་ཕྲིན་ལས་བསྐུལ་བའི་སླད་དུ་འདི་ལྟར་བགྱི་བར་འདུན་པའི་ཐོག །ཉེ་ཆར་བང་རི་མཆོག་སྤྲུལ་ཀུན་བཟང་བསྟན་པའི་རྒྱལ་མཚན་དང་། བཀྲ་བདེ་གནས་འཛིན་ཚེ་དབང་རབ་བརྟན་ཟུང་ནས་བཀྲ་ཤིས་ལྷ་རྫས་རིན་པོ་ཆེའི་མེ་ཏོག་གི་སྐྱེས་དང་བཅས་ཏེ་གསུང་གིས་བསྐུལ་བས་མཚམས་སྦྱར་ཏེ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔོན་ཟླའི་ཤེས་རབ་ཀྱི་ཆའི་ཌཱ་ཀི་འདུ་བའི་ཆོས་བཟང་པོར་སྦྱར་བ་སིདྡྷི་རསྟུ།། །།]
སྟོབས་ལྡན་དྲག་ཤུལ་དབང་པོའི་གསོལ་ཕྲིན་བདུད་འདུལ་འབར་བའི་གློག་ཕྲེང་།
༄༅། །[སྟོབས་ལྡན་དྲག་ཤུལ་དབང་པོའི་གསོལ་ཕྲིན་བདུད་འདུལ་འབར་བའི་གློག་ཕྲེང་ཞེས་བྱ་བ།]༈ ན་མོ་བཛྲ་མ་ཧཱ་ཀྲོ་ངྷ་ཡ། [དམར་གྱི་བཤོས་བུ་མཐུན་རྫས་ཀྱིས་གཏམས་པ་དགྲ་བགེགས་བསྒྲལ་བའི་ཤ་ཁྲག་འདོད་ཡོན་གྱི་ཕུང་པོར་སྦར་ལ། སྐབས་འགའ་ཞིག་ཏུ་མངོན་རྟོགས་གསལ་བར་སྤྲོ་ན།] ཤུ་ནྱ་ཏ[ས་བསང་སྦྱང་།] སྟོང་པའི་ངང་ལས་མདུན་དུ་རབ་འཇིགས་འབར་བའི་དུར་ཁྲོད་ཆེན་པོ་འཇིགས་ཤིང་སྐྱི་གཡའ་བའི་དབུས་སུ་དབང་དྲག་རོལ་པའི་ཕོ་བྲང་དུར་ཁྲོད་དྲག་པོའི་ཆས་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་ཁྲག་གི་རྒྱ་མཚོ་རྦ་ཀློང་རབ་ཏུ་འཁྲུགས་པའི་དབུས་སུ་བཻཌཱུརྱའི་བྲག་རིའི་ལྟེ་བར་སྣ་ཚོགས་པདྨ་ཉི་མའི་གདན་ལ་རྒྱལ་འགོང་དམ་སྲི་ཕོ་མོ་བྱི་ཆིངས་སུ་བསྣོལ་བའི་སྟེང་དུ་རྒྱ་སྟག་མི་ཟན་གྲུས་མ་རྔམས་སྟབས་སུ་འགྱིང་བའི་ཁར་ཧཱུྃ་ཡིག་དམར་པོའི་འཕྲོ་འདུ་ལས་སྟོབས་ལྡན་ཁྲག་འཐུང་དྲག་ཤུལ་དབང་པོ་སྐུ་མདོག་དམར་ནག་མི་སྲུན་སྲིན་པོ་ཁོངས་ནས་འཁྲུགས་པའི་རྣམ་འགྱུར་ཅན། ཞལ་གདངས་ལྗགས་འདྲིལ་རྣོ་དཀར་གྱི་མཆེ་བ་གཙིགས་ཤིང་ཁྲོས་པའི་སྡང་མིག་གློག་ལྟར་འཁྱུག་པ། སྨར་སྨིན་ལས་མེའི་ཚྭ་ཚྭ་འཕྲོ་ཞིང་། ཁྲག་གི་རལ་པ་གནམ་དུ་གཟིངས་པ། ཕྱག་གཡས་པས་དགྲ་སྲོག་
གཅོད་པའི་སྤུ་གྲི་རྣོན་པོ་འཕྱར་སྟབས་སུ་འཛིན་ཅིང་། གཡོན་པས་འགུགས་བྱེད་ཀྱི་ལྕགས་ཀྱུས་རྒྱལ་འགོང་དམ་སྲིའི་སྙིང་རྩ་ནས་འདྲེན་པ། ཟངས་ཞགས་དམར་པོ་གྲུ་ལ་སྐྱོན་པའི་སྣེ་ལ་བྱད་མ་གདུག་ཅན་གྲུ་གུར་བཅིངས་པ། ཐོད་སྐམ་གྱི་དབུ་རྒྱན་དང་ཐོད་རློན་ཁྲག་འཛག་པའི་དོ་ཤལ་ཅན། ཞིང་ཆེན་དང་གླང་ཀོའི་སྟོད་གཡོགས། སྟག་གི་ལྤགས་པའི་ཤམ་ཐབས། དར་དམར་གྱི་བེར་ཆེན་ལྷབ་ལྷུབ་ཏུ་གསོལ་བ། རྒྱ་སྟག་གྲུས་མའི་སྟེང་དུ་ཞབས་གཉིས་རོལ་པའི་སྟབས་ཀྱིས་འགྱིང་བ། དེའི་གཡོན་དུ་ཡུམ་མཆོག་ལྷ་གཅིག་ཉི་མ་གཞོན་ནུ་ཁྲག་མདོག་ཁྲོ་མོའི་གཟུགས་ཅན། གཡས་འགུགས་བྱེད་ཀྱི་ལྕགས་ཀྱུ་དང་། གཡོན་དགྲ་བོའི་གློ་སྙིང་དྲོན་མོ་འཆང་བ། གཅེར་མོ་རལ་པ་ཁམ་ནག་སྐུ་རྒྱབ་ཏུ་གྲོལ་བ། མི་ལྤགས་ཀྱི་གཡང་གཞི་རློན་པ་ལྡིང་སྟབས་སུ་གསོལ་ཞིང་མི་མགོ་ཁྲག་འཛག་པའི་ཕྲེང་བ་སེ་རལ་ཁར་སྤྲས་པ། རྟ་ངང་པ་གསེར་ལྡན་སྲིན་ཐོད་ཀྱི་སྒ་དང་རྒྱུ་རློན་གྱི་གོང་སྨད་ཅན་ལ་ཞོན་པ། གཉིས་ཀའང་མེ་དཔུང་རླུང་ནག་འཚུབས་མར་འཁྱིལ་བའི་ཀློང་དུ་ཟ་ཟ་རྔམས་རྔམས་འཇིགས་པའི་ཚུལ་དུ་བཞུགས་པ། སྤྲུལ་པ་ལྕགས་ཀྱི་སྡིག་པ་མེ་རླུང་ཁྲོ་ཆུང་མང་པོ་ལས་ལ་འགྱེད་ཅིང་མཚོན་ཐུན་སྣ་ཚོགས་སྐྱི་སེར་བཞིན་
འཚུབས་པ། འཁོར་དུ་དྲེགས་པ་སྡེ་བརྒྱད་ཕྱག་བརྙན་ལས་མཁན་བསམ་གྱིས་མི་ཁྱབ་པས་བསྐོར་ནས་ལོག་འདྲེན་སྒྲོལ་ཞིང་སྒྲུབ་པ་པོའི་སྡོང་གྲོགས་མཛད་པ་ལ་རིངས་པའི་ཚུལ་དུ་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་རྣམས་ཀྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས་སྲིན་ཡུལ་ལངྐ་པུ་རི། བསམ་ཡས་དཀོར་མཛོད་གླིང་། རིག་འཛིན་གྲུབ་པའི་བསྟི་གནས་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་ཁྲག་འཐུང་དྲག་ཤུལ་དབང་པོ་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ལ།] ཛཿ དབང་གི་རྒྱལ་པོ་གནས་འདིར་བྱོན། །དྲག་ཤུལ་ཆེན་པོ་དམ་ལ་འདུས། །དམར་ནག་བཤན་པ་དེང་འབོད་དོ། །ལས་ལ་མ་གཡེལ་ད་ཚུར་བྱོན། །ཆོས་ཉིད་ཞི་ལས་མ་གཡོས་ཀྱང་། །མ་རུང་ལོག་འདྲེན་འདུལ་བའི་ཕྱིར། །ཐབས་མཁས་ཐུགས་རྗེ་ཁྲོ་བོའི་སྐུར། །བཞེངས་པའི་ཐུགས་དམ་དྲན་མཛོད་ལ། །མ་ཐོགས་མྱུར་དུ་གཤེགས་ནས་ཀྱང་། །དམ་ཚིག་གནས་འདིར་བརྟན་བཞུགས་གསོལ། །མ་ཧཱ་ཡཀྴ་ཏྲི་ཧྲི་ཨརྱ་ཛྭ་ལ་ཧཱུཾ། ཨརྱ་ཧཱུཾ། ཛྭ་ལ་ཧཱུཾ། ཛྭ་ལ་ན། ཤམ་ཤམ་ཛཿ ས་མ་ཡ་ཏིཥྛ་ལྷན། བཛྲ་ས་མ་ཡ་རཀྵནྟུ། [ཞེས་སྤྱན་དྲངས་ནས་དམ་ལ་
བཞག །]ཧཱུཾ། ཁྱོད་ལ་མཐུན་པའི་དམ་རྫས་ནི། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་བདུད་རྩི་སྨན་རཀ་གཏོར། །གསང་མཆོད་སྦྱོར་སྒྲོལ་བྱང་ཆུབ་སེམས། །ཁྱད་པར་གདུག་ཅན་དགྲ་བགེགས་ཀྱི། །བླ་ཚེ་བསོད་ནམས་སྲོག་དབུགས་དང་། །ཤ་རུས་ཁྲག་ཞག་དོན་སྙིང་གིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །རྨོངས་དང་བག་མེད་དབང་གྱུར་པས། །རྟོག་སྒྲིབ་ཉམས་ཆག་ཀུན་བྱང་ནས། །དགྱེས་པའི་ཞལ་སྟོན་གྲུབ་རྟགས་ཕྱུངས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །མ་ཧཱ་ཡཀྴ་ཨརྒྷཾ་[ནས]ཤཔྡ་པཉྩ་ཀཱ་མ་གུ་ཎ་ཨ་མྲྀ་ཏ་རཀྟ་བ་ལིངྟ་ཏ་ན་ག་ན་བོ་དྷི་ཙིཏྟ་སརྦ་པཱུ་ཛ་ཧོཿ ཏྲི་རཱ་ཛ་སརྦ་དུ་ཥྚཾ་མཱ་ར་ཡ་རྦད། མཱཾ་ས་རཀྟ་ཙིཏྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་མཆོད།] ཧཱུཾ། ཆོས་དབྱིངས་སྤྲོས་མཐའ་བྲལ་བ་ལས། །ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་སྤྲིན། །རོལ་རྩལ་གཞན་གྱིས་མི་ཐུབ་པ། །འཇིགས་བྱེད་དྲག་ཤུལ་དབང་པོར་ཤར། །དམར་ནག་ཁྲོ་གཏུམ་རབ་འཇིགས་རྔམས། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨ་ར་སྨིན་མར་མེ་ཞགས་འཕྱོ། །ཁྲག་གི་རལ་པ་གནམ་དུ་གཟིངས། །ཐོད་སྐམ་དབུ་རྒྱན་ཅོད་པན་མཛེས། །ཕྱག་གཡས་སྲོག་གཅོད་སྤུ་གྲི་དང་། །གཡོན་པས་འགུགས་བྱེད་ལྕགས་ཀྱུ་
བསྣམས། །ཟངས་ཞགས་དམར་པོ་གྲུ་ལ་བསྐྱོན། །དར་དམར་བེར་ཆེན་ལྷབ་ལྷུབ་དང་། །དུར་ཁྲོད་ཆས་ཀྱིས་རབ་ཏུ་བརྒྱན། །རྒྱ་སྟག་གྲུས་མའི་ཁྲི་ལ་འགྱིང་། །གཡོན་དུ་ཉི་མ་གཞོན་ནུ་མ། །དམར་ནག་ཤིན་ཏུ་ཁྲོས་པའི་གཟུགས། །ཕྱག་གཡས་འགུགས་པའི་ལྕགས་ཀྱུ་དང་། །གཡོན་པས་གློ་སྙིང་དྲོན་མོ་འཆང་། །གཅེར་བུ་མི་ལྤགས་གཡང་གཞི་གསོལ། །ཐོད་པའི་ཕྲེང་བ་སེ་རལ་བརྒྱན། །རལ་པ་ཁམ་ནག་སྐུ་རྒྱབ་འཕྱང་། །ས་རྟ་ངང་པ་གསེར་ལྡན་ཞོན། །མེ་དཔུང་རླུང་ནག་འཚུབས་མའི་ཀློང་། །ཁྲག་མཚོ་འཁྲུགས་པའི་དབུས་ན་བཞུགས། །སྤྲུལ་པ་ལྕགས་ཀྱི་སྡིག་པ་དང་། །ཁྲོ་ཆུང་ཁྱུང་ཆེན་ལས་ལ་འགྱེད། །ཐུན་མཚོན་སྐྱི་སེར་བཞིན་དུ་འཚུབས། །ཕྱག་བརྙན་འཁོར་ཚོགས་བསམ་མི་ཁྱབ། །སྣང་སྲིད་ཁམས་ལ་མངའ་དབང་བསྒྱུར། །འགྲན་མེད་ཆེ་བཙན་རྒྱལ་པོ་ལ། །མངོན་པར་བསྟོད་དོ་མཐུ་མ་ཆུང་། །སྙིང་པོའི་བསྟན་དང་བསྟན་འཛིན་ལ། །ལྷག་པར་འཚེ་བའི་དམ་སྲིའི་དཔུང་། །མིང་གི་ལྷག་མར་མཐར་བྱེད་པའི། །སྲོག་འཕྲོག་ཤན་པར་མངའ་གསོལ་ལོ། །མཐུན་རྫས་མཆོད་གཏོར་འདི་བཞེས་ལ། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །གསང་ཆེན་རྡོ་རྗེ་སྙིང་པོ་ཡི། །
བསྟན་དང་བསྟན་འཛིན་སྡེ་ཚོགས་ཀྱི། །འགལ་རྐྱེན་ཉེར་འཚེ་ཀུན་སོལ་ལ། །དཔལ་འབྱོར་ཡར་ངོའི་ཟླ་ལྟར་འཕེལ། །ཕྲིན་ལས་ཤིང་རྟའི་རླུང་ཤུགས་ཀྱིས། །སྐྱེ་འགྲོའི་མོས་སྣང་དགེ་ལ་བསྒྱུར། །མི་སྲུན་གདུག་པའི་སེམས་འཆང་བའི། །དགྲ་འདྲེ་རྒྱལ་འགོང་དམ་སྲིའི་ཚོགས། །གང་ཡིན་ཁྱོད་ཀྱི་ཟས་སྐལ་གྱིས། །ལོ་ཟླར་འགྱངས་སུ་མ་ཤོར་བར། །གློ་བུར་ཧུར་ཐུམ་ཉིད་དུ་སོད། །སྲོག་རྩ་ཆོད་ལ་དོན་སྙིང་ཕྱུངས། །དུས་མཐའ་བསྟུང་ལ་ལས་མཐའ་སྡུས། །མིང་ཙམ་མེད་པར་རྡུལ་དུ་རློག །མདོར་ན་རྣལ་འབྱོར་བདག་ཅག་གི །བསམ་པའི་དོན་དང་གཉེར་བའི་ལས། །རེ་བའི་འབྲས་བུ་གང་ཡིན་པ། །སྐད་ཅིག་ཉིད་ལ་འགྲུབ་པར་མཛོད། །[ཅེས་བསྟོད་ཅིང་ལས་ཀྱི་གཉེར་གཏད། སྐབས་འགའ་ཞིག་ཏུ་བཟླས་པ་བྱ་བར་འདོད་ན།] དབང་དྲག་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཧཱུྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་སྔོན་གྱི་ཐུགས་དམ་རྗེས་སུ་དྲན་ཏེ་འདོད་པའི་དངོས་གྲུབ་ཕྲིན་ལས་ཡིད་བཞིན་དུ་བསྒྲུབ་པར་[བསམ་ཞིང་།] ཨོཾ་མ་ཧཱ་ཡཀྴ་ཏྲི་ཏྲི་ཨརྱ་ཛྭ་ལ་ཧཱུཾ། ཨརྱ་ཧཱུྃ། ཛྭ་ལ་ཧཱུྃ། ཛྭ་ལ་ན་ཤམ་ཤམ་ཛཿ [ཞེས་འབོད་སྔགས་ཉིད་གཙོ་བོར་བཟླ་ཞིང་། འདི་ཉིད་ངོ་བོ་རྟ་མགྲིན་ཡིན་པས་ལས་སྦྱོར་དུ་དྲེགས་པའི་གཟིར་སྔགས་
དང་དབང་སྡུད་ཀྱི་སྔགས་སོགས་སྦྱར་བར་འདོད་ཀྱང་སྤྲོས་པས་ཆོག་སྟེ་གཞན་དུ་བལྟའོ། །མཐར་མགྲོན་རྟེན་ལ་བསྟིམ་པའམ་མི་དམིགས་པར་བཞག་ལ་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་མངོན་པར་འདོད་པའི་ཕྲིན་ལས་གསོལ་བའི་སླད་དུ་རིགས་སྔགས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་བདུད་སྡེའི་རུ་མཚོན་བསྙིལ་བའི་འཐོར་རླུང་མཆོག་ཏུ་གྱུར་ཅིག །ཛ་ཡནྟུ།། །།]
དགེ་བསྙེན་བཙན་རྒོད་གདུག་པ་སྙིང་འབྱིན་ཇག་པ་མེ་ལེན་གྱི་མཆོད་སྤྲིན་ལས་བྱང་ཁྲག་འཐུང་དགྱེས་པའི་གད་རྒྱངས།
༄༅། །དགེ་བསྙེན་བཙན་རྒོད་གདུག་པ་སྙིང་འབྱིན་ཇག་པ་མེ་ལེན་གྱི་མཆོད་སྤྲིན་ལས་བྱང་ཁྲག་འཐུང་དགྱེས་པའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། །
༄༄༅། །ཨོཾ་སྭ་སྟི། སྣང་སྲིད་ཟིལ་གྱིས་གནོན་པའི་ཧེ་རུ་ཀ །བརྟན་གཡོ་ཀུན་གྱི་ཁྱབ་བདག་དེར་བཏུད་ནས། །གང་གི་བཀའ་སྡོད་དྲག་རྩལ་བསྭེའི་སྐྱེས་བུ། །བསྒྲུབ་ཅིང་མཆོད་པའི་ཕྲིན་ལས་དེང་འདིར་སྤྲོ། །[འདིར་དབང་ཐོབ་ཅིང་དམ་ཚིག་ལ་གནས་པའི་སྔགས་པས་དགེ་བསྙེན་གདུག་པ་སྙིང་འབྱིན་ནམ་བཙན་རྒོད་ཇག་པ་མེ་ལེན་ཉིད་སྒྲུབ་པའི་ཕྲིན་ལས་ལག་ཏུ་བླང་བའི་རིམ་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །][དང་པོ་ནི་ཉེར་དགུ་སོགས་ཁྱད་པར་ཅན་གྱི་དུས་ལ་ཡིད་དང་མཐུན་པའི་གནས་ཁང་ལེགས་པར་བརྒྱན། བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པ་ལ་ཟངས་གཞོང་འབྲུ་ནག་གིས་བཀང་བའི་དབུས་སུ་སྲོག་འཁོར་བླ་རྡོ་བཀོད། དེའི་མདུན་འབྲུ་ནག་གི་ངར་ཕྱེ་སོགས་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་
ལ་གཏོར་མ་གདན་གྲུ་གསུམ་བྲག་རིས་ཀྱིས་མཚན་པའི་ཁར་བཙན་བཤོས་དམར་པོ་གྲུ་གསུམ་སྦྲུལ་དཀྲིས་ར་མགོས་བརྒྱན་པའི་མཐའ་བསྐོར་དུ་སྡེ་བརྒྱད་ཀྱི་བཤོས་བུ། དེའི་མདུན་དུ་གཏོར་གདན་གོང་མཚུངས་ལ་བཙན་བཤོས་དམར་པོ་རང་འདྲའི་འཁོར་བདུན། གཡས་སུ་གཏོར་གདན་གོང་མཚུངས་ལ་བདུད་བཤོས་ནག་པོ་སྦྲུལ་གྱིས་དཀྲིས་པ་རང་འདྲའི་འཁོར་བདུན། གཡོན་དུ་གཏོར་གདན་གོང་མཚུངས་སྟེང་གཤིན་རྗེའི་བཤོས་བུ་རྩེ་རལ་ཅན་རང་འདྲའི་འཁོར་བདུན། རྒྱབ་ཏུ་གཏོར་གདན་ཟླུམ་པོར་སྨན་བཤོས་དཀར་ཟླུམ་ལ་འཁོར་རང་འདྲ་བཞི། དེ་དག་གི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་ངོས་སུ་ཕྱིའི་ཉེར་སྤྱོད་ལྔ་དང་། དབང་པོའི་མེ་ཏོག་ལ་སོགས་པ་ཁྱད་པར་གྱི་མཆོད་པ་རྣམས་དང་། གཞན་ཡང་ཡི་དམ་དང་ཆོས་སྐྱོང་གཞན་གྱི་གཏོར་མ་ཡོད་ནའང་གོ་རིམ་མ་ནོར་བར་ལག་ལེན་སྤྱི་འགྲེ་ལྟར་བསྒྲིག །གཙོ་བོའི་གཏོར་མར་སྨྱུག་རྒོད་ཀྱི་མདའ་འུག་སྒྲོ་
མར་དར་དམར་གྱི་ཅོད་པན་བཏགས་པ་འཛུགས། གཞན་ཡང་ཛ་གད་ཇ་ཕུད་ཁྲག་སྐྱེམས་ཞོ་དང་འོ་མ། འབྲང་རྒྱས་ཕྱེ་མར་འབུལ་གཏོར་སོགས་ཕྱི་ནང་གསང་བིའ་མཆོད་རྫས། མཐུན་རྫས། རྟེན་རྫས། སྐོང་རྫས་རྣམས་ཅི་འབྱོར་བ་དང་། སྒྲུབ་པ་པོའི་མདུན་དུ་རྡོ་དྲིལ་ནང་མཆོད་གཡབ་དར་དམར་པོ་སོགས་དང་། རོལ་མོའི་ཆས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམ་མོ། །][གཉིས་པ་ཆོ་ག་དངོས་ལ། ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་སྙིང་པོ་ངག་ཏུ་བརྗོད་པའི་སྒོ་ནས་སྐད་ཅིག་གིས་ལྷར་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་ན་ཐོག་མར་བདག་བསྐྱེད་བྱ་སྟེ། དེའང་སྤྱིར་ཡི་དམ་ཞི་ཁྲོ་གང་རུང་ལ་བསྟེན་ཀྱང་རུང་མོད། སྐབས་འདིར་འབྲེལ་ཆགས་སུ་རྟ་མཆོག་ཧེ་རུ་ཀའམ་པདྨ་ཁྲག་འཐུང་གཏུམ་པོ་གང་རུང་གི་བསྐྱེད་བཟླས་ཀྱི་ང་རྒྱལ་ལ་གནས་པར་བྱའོ། །དེ་ནས་མཆོད་རྫས་བྱིན་གྱིས་བརླབ་པ་ནི།] རཾ་ཡཾ་ཁཾ། ཡེ་ཤེས་མེ་རླུང་ཆུ་ཡིས་དངོས་འཛིན་སྦྱངས། །དུར་ཁྲོད་ཞིང་ཁམས་ནམ་མཁའི་མཛོད་ཀྱི་སྤྲིན། །ཕྱི་ནང་འདོད་ཡོན་མཆོད་པའི་ཆར་འབེབས་པས། །རབ་འབྱམས་ནམ་མཁའི་ཁམས་རྣམས་གང་བར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་[དེ་བཞིན་དུ།] པཱདྱཾ། པུཥྤེ། ངྷཱུཔེ། ཨཱ་ལོ་ཀེ །གནྡྷེ། ནཻ་ཝི་དྱ། ཤཔྡ་ཨཱཿཧཱུྃ། [ཞེས་བརྗོད་ཅིང་རོལ་མོའི་སྒྲ་སྦྱར། སྨན་རཀ་གཏོར་མ་ལ་དམིགས་ཏེ།] རཾ་ཡཾ་ཁཾ། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །ཨ་ལས་ཐོད་པར་ཤ་ལྔ་བདུད་རྩི་ལྔ། །ས་བོན་གྱིས་མཚན་སྟེང་དུ་འབྲུ་གསུམ་གྱི། །
འཕྲོ་འདུས་རྫས་ཞུ་ཉེས་སྐྱོན་དྲི་མ་སྦྱངས། །ཡེ་ཤེས་བཅུད་དྲངས་གཉིས་མེད་བདུད་རྩིར་འཁྱིལ། །བཀའ་སྲུང་འཁོར་བཅས་དགྱེས་སྐོང་ནུས་པར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ [ལན་གསུམ་གྱིས་བྱིན་བརླབ། གཉིས་པ་དངོས་གཞི་ནི། མདུན་རྟེན} ཨོཾ་སྭ་བྷཱ་ཝ་ཤུདྔྷ་སརྦ་ངྷརྨཱ་སྭ་བྷཱ་ཝ་ཤུདྡྷོ་྅་ཧཾ་གིས་སྦྱང་། སྟོང་པའི་ངང་ལས་མདུན་དུ་བཙན་ཡུལ་ཟངས་ཐང་དམར་པོ་གཤིན་ཐང་སྐྱ་མོ་ལས་འཇིགས་སུ་རུང་བ། སྟེང་ན་བྱ་རྒོད་དང་སྲིན་བྱ་འུག་པ་ལ་སོགས་པ་བཙན་བྱ་མང་པོས་ཤ་ཟན་གྱི་རྐན་སྒྲ་སྒྲོགས་པ། སྤྲིན་ནག་མུན་ལྟར་གཏིབས་ཤིང་འབྲུག་སྟོང་དུས་གཅིག་ཏུ་ལྡིར་ནས་གནམ་ལྕགས་ཀྱི་ཚྭ་ཚྭ་འཕྲོ་བ། སྲིན་ཡུལ་ལངྐ་པུ་རི་དང་མཚུངས་པར་འཇིགས་ཤིང་སྐྱི་གཡའ་བའི་བྲག་དམར་གྱི་རི་རབ་མཆོང་ལྟར་དམར་བ་སྲིད་རྩེར་བསྙེགས་པའི་ངོས་ནས་སྟག་གཟིག་དོམ་དྲེད་འཕར་བ་སྤྱང་ཀི་ལ་སོགས་པ་གཅན་གཟན་མང་པོས་ངར་སྐད་སྒྲོགས་པས་ཡིད་རྩ་ཞུམ་པ། དུག་ཤིང་དང་རྩུབ་ཤིང་དང་སེང་ལྡེང་ལ་སོགས་པ་ཚང་ཚིང་རབ་ཏུ་འཁྲིགས་པའི་ཀློང་ན་རོ་ལངས་དང་ལྕེ་སྤྱང་སྣ་ཚོགས་པ་ཕྱོགས་བཅུར་རྒྱུ་བ། རི་རབ་ཀྱི་སྟེང་དུ་ཁྲག་མཚོ་དམར་ནག་རྦ་ཀློང་གནམ་དུ་ཁོལ་ནས་སིར་སྒྲ་སྒྲོགས་པའི་དབུས་སུ་བཙན་གྱི་བསྭེ་མཁར་དམར་པོ་གྲུ་གསུམ་སྒོ་གཅིག་པ།
དྲག་པོའི་བཀོད་པ་ཡོངས་སུ་རྫོགས་ཤིང་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པའི་ལྟེ་བར་རྟ་དམར་རླུང་གི་ཤུགས་ཅན་གསེར་སྒ་རིན་ཆེན་འབར་བས་མཛེས་པའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། དགྲ་བགེགས་གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས་དགེ་བསྙེན་ཆེན་པོ་མོན་པ་དམར་པོ་རྡོ་རྗེ་དགྲ་འདུལ་རྩལ་སྐུ་མདོག་བྱེ་རུའི་ལྷུན་པོ་འོད་དུ་འཚེར་བ་ལ་ཉི་མ་བྱེ་བས་འཁྱུད་པའི་གཟི་བྱིན་ཅན། རབ་ཏུ་མི་བཟད་པས་ཁྲོས་ཤིང་འཁྲུགས་པ་སྲིན་པོ་ལྟར་རྔམས་པའི་སྤྱན་གསུམ་ཁྲག་མཚོ་ལྟར་ཁོལ་ཞིང་། ཁྲོ་གཉེར་མུན་ལྟར་གཏིབ་པ་སྨིན་མཚམས་སུ་སྡུད་པ། རྣམ་པར་ཁྲོས་པའི་ཞལ་ཡས་སོས་མ་མཆུ་མནན་ཏེ་ཨམ་གཙིགས་གཤིན་རྗེ་ལྟར་བསྡམས་ནས་མཆེ་བ་གངས་རི་ལྟར་གཙིགས་པ། དབུ་སྐྲ་རལ་པ་དམར་པོ་གནམ་དུ་གཟེངས་པའི་རྩེ་ནས་མེ་སྟག་གི་ཚྭ་ཚྭ་འཕྲོ་བ། སྐུ་ལ་དབང་གི་བསྭེ་ཁྲབ་དང་དབུ་ལ་བསྭེ་རྨོག་པདྨ་རཱ་གའི་མདངས་ཅན་ལ་དར་གྱི་དཀྱུས་ཁྲ་ཐོད་སྐམ་ལྔས་མཚན་ཅིང་སྟེང་དུ་དར་འཕྲུ་ལྔ་ལྡན་དང་། རྩེ་མོར་རྒྱལ་མཚན་དམར་པོ་ནོར་བུའི་ཏོག་གིས་མཛེས་པ་ནས་འདོད་རྒུའི་ཆར་འབེབས་པ། བསྭེ་ཁྲབ་ཀྱི་སྟེང་དུ་རྒོད་པོའི་གཤོག་རྐྱང་གི་མཚོན་བྱེད་ལྕོག་དར་གནམ་དུ་གཟིངས་ཤིང་འཁོར་
གསུམ་རྐེད་ལ་བསྐོར་བ། ཕྱག་གཡས་མདུང་དམར་ལ་དར་དམར་གྱི་བ་དན་བཏགས་པ་གནམ་དུ་བསྒྲེངས་ཤིང་། གཡོན་པས་དམ་ཉམས་ཀྱི་ཙིཏྟ་དམར་པོ་ཞལ་དུ་འདྲེན་བཞིན་ཞགས་དམར་གློག་ལྟར་འཁྱུག་པ། དེའི་མདུན་དུ་འགུགས་བྱེད་དམར་པོ་ལྕགས་ཀྱུ་དང་བཙན་ཞགས། གཡས་སུ་སྒྲོལ་བྱེད་ནག་པོར་རལ་གྲི་དང་བདུད་ཞགས། གཡོན་དུ་སྲོག་གཅོད་དམར་ནག་གློ་སྙིང་དང་ཟངས་གྲི། གསུམ་ཀའང་སྟག་ཆས་ཁྲབ་རྨོག་གིས་བརྗིད་ཅིང་རང་མདོག་གི་རྟ་ལ་བཞོན་པ། རྒྱབ་ཏུ་ཀླུ་སྨན་དཀར་མོ་མཛེས་སྡུག་དང་ལྡན་པ་དར་དང་རིན་པོ་ཆེའི་རྒྱན་གྱིས་སྤྲས་ཤིང་མདའ་དར་དང་ནོར་གཞོང་འཛིན་པ། འདོ་བ་བྲོ་དཀར་ལ་ཞོན་པ། གཞན་ཡང་ས་བཙན་དང་ཆུ་བཙན། མེ་བཙན་དང་རླུང་བཙན། གློག་བཙན་དང་ཐོག་བཙན། བྲག་བཙན་དང་དམུ་བཙན། གཡའ་བཙན་དང་གངས་བཙན་སོགས་ཉི་ཟེར་གྱི་རྡུལ་ལྟར་འཁྲིགས་པ། ཐམས་ཅད་ཀྱང་ཟ་ཟ་རྔམས་རྔམས་མཆོངས་ཤིང་རྒྱུག་པའི་ཚུལ་ཅན་སྒྲུབ་པ་པོའི་ཕྲིན་ལས་འདོད་དགུར་སྒྲུབ་པའི་ཚུལ་གྱིས་གནས་པའོ། །གཙོ་འཁོར་ཐམས་ཅད་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་སྲོག་གི་སྙིང་པོ་ལས་འོད་ཟེར་འཕྲོས་པས་ལྷ་ཡི་གནས་མཆོག་
རྩུབ་འགྱུར་ཚལ། རི་རབ་ཀྱི་ཟོམ། ཤམྦྷ་ལ་དང་ཨོ་རྒྱན་དང་རྒྱ་གར། ལི་ཡུལ་དང་རྒྱ་ནག །གེ་སར་གྱི་ཡུལ་དང་མོན་ཡུལ་དུང་ལ་དཀར་པོ། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་། མཆིམས་ཕུའི་བྲག་དམར་དང་ཡར་ལུང་ཤེལ་གྱི་བྲག་ཕུག །གངས་ཏི་སེ་དང་བལ་ཡུལ་ཡང་ལེ་ཤོད། དཔལ་གྱི་ཙཱ་རི་དང་ཙཱ་འདྲ། རོང་ཡུལ་ཁ་བ་དཀར་པོ། གནམ་འབྲུག་དངར་ལུང་སོགས་གནས་ཡུལ་སྤྱི་དང་། བདུད་ཡུལ་ཁ་རག་མགོ་དགུ། མོན་གྱི་ཐིམ་ཡུལ་བདེ་ཆེན་ཕུག །ཁྱད་པར་བླ་མ་གོང་མ་རྣམས་ཀྱི་གདན་ས་སོགས་རང་བཞིན་གར་བཞུགས་ཀྱི་གནས་ནས་སྐད་ཅིག་གིས་སྤྱན་དྲངས་པར་[བསམ་ལ།] ཨོཾ་ཧྲཱིཿཤུ་ཏྲི་གུར་ལང་ཨ་ར་བཛྲ་བྷྱོ་ཛ་ཛཿ [ཞེས་འབོད་སྔགས་བཟླ་ཞིང་། སྦྱར་བའི་སྤོས་བསྲེག་རོལ་མོའི་འགྱུར་བ་དང་བཅས་པའི་ང་རོའི་དབྱངས་ཀྱིས་བསྐུལ་ཏེ།] ཀྱེེ། གླིང་གི་གླིང་མཆོག་འཛམ་བུ་བྲྀཀྵའི་གླིང་། །གནས་ཀྱི་ཕུལ་བྱུང་ཐིམ་ཡལ་བདེ་ཆེན་ཕུག །ངོ་མཚར་བསྭེ་མཁར་དམར་པོའི་ནང་ཤེད་ནས། །ལྷ་ཡི་དགེ་བསྙེན་བོན་སྐྱོང་ཨ་བསྭེ་རྒྱལ། །མོན་པ་དམར་པོ་བསྟན་པའི་བཀའ་སྲུང་ཆེ། །བྱུ་རུའི་མདངས་འཛིན་ཁྲག་གི་རལ་པ་ཅན། །ལྷ་དང་གནོད་སྦྱིན་གཤིན་རྗེ་ཀླུ་བདུད་སོགས། །བསྡོང་ཟླ་རྣམ་རོལ་བཀོད་པ་དུ་མར་བཅས། །འབོད་དོ་གཡབ་
དར་དམར་པོས་སྤྱན་མ་བརྟུལ། །སྲིད་གསུམ་གང་བའི་བཀའ་འཁོར་འབུམ་ཕྲག་བཅས། །རྣལ་འབྱོར་གདུང་བས་སྙིང་ནས་སྤྱན་འདྲེན་ནོ། །མ་ཐོགས་རིངས་པའི་ཚུལ་གྱིས་གཤེགས་སུ་གསོལ། །[ཞེས་དང་།] ཀྱེེ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན། །ཉི་མ་ལྷོ་ཕྱོགས་ཕ་གི་ན། །མོན་གྱི་ལྗོངས་ལ་བཙན་གྱི་ཡུལ། །ཐིམ་པའི་ཡུལ་ནི་བདེ་ཆེན་ཕུག །ས་གཞི་དམར་པོ་ཁྲག་གི་མདོག །ཟངས་བྲག་གནམ་དུ་ཟངས་སེ་ཟང་། །ལྗོན་ཤིང་མང་པོ་ཐིབས་སེ་ཐིབ། །སྟག་མོ་ངར་སྐད་འུ་རུ་རུ། །བསྭེ་ཡི་སྐུ་མཁར་ལྡེམས་སེ་ལྡེམས། །མི་མགོའི་ཁ་བད་ཏ་ལ་ལ། །རྒྱུ་མའི་དྲྭ་བ་ཁྲིགས་སེ་ཁྲིག །ཤ་རུལ་དྲི་མ་ཆི་ལི་ལི། །རྟ་དམར་འཚེར་སྐང་ལྷངས་སེ་ལྷང་། །གསེར་སྒ་འོད་དུ་འཚེ་རེ་རེ། །བསྭེ་ཁྲབ་ཁྲོབ་སྒྲ་ཁྲོ་ལོ་ལོ། །བསྭེ་རྨོག་དར་འཕྲུ་པུ་རུ་རུ། །མི་དམར་གཟི་མདངས་ཡ་ལ་ལ། །མདུང་དམར་གནམ་ལ་སྒྲེངས་སེ་སྒྲེང་། །བ་དན་དམར་པོ་ཁྱུགས་སེ་ཁྱུག །རོལ་པ་སྡོང་ཟླའི་ཚོགས་དང་བཅས། །ཚུར་བྱོན་ཚུར་བྱོན་གནས་འདིར་གཤེགས། །འདིར་བཞུགས་འདིར་བཞུགས་མོན་པ་དམར། །གསོལ་ལོ་གསོལ་ལོ་དགྲ་འདུལ་རྩལ། །མཆོད་དོ་མཆོད་དོ་ས་མཱ་ཛཿ ཙཿ ཁྱོད་ཀྱི་མདུན་ན་
བཙན་གྱི་དཔོན། །འགུགས་བྱེད་བཙན་རྒོད་དགྲ་འདུལ་རྩལ། །འདོ་བ་དམར་པོ་རྐྱང་གི་མདོག །བཙན་གྱི་རྒྱལ་པོ་བྱུ་རུའི་མདོག །ལྕགས་ཀྱུས་དགྲ་བོའི་སྙིང་ནས་འདྲེན། །ཞགས་དམར་དགྲ་བོའི་སྐེ་ནས་འཆིང་། །བཙན་དམག་འབུམ་གྱི་ཚོགས་དང་བཅས། །ཚུར་བྱོན་འདིར་བཞུགས་དམ་ལ་འདུས། །དུཿ ཁྱོད་ཀྱི་གཡས་ནས་བདུད་ཀྱི་དཔོན། །སྒྲོལ་བྱེད་ཀླུ་བདུད་མུན་པ་ནག །འདོ་བ་འོལ་པ་ཆར་སྤྲིན་མདོག །བདུད་ཀྱི་རྒྱལ་པོ་སོལ་བའི་གདོང་། །རལ་གྲི་ངར་མ་ཀླད་ན་འཕྱར། །ཞགས་ནག་དགྲ་བོའི་རྐེ་ལ་གཟིར། །བདུད་དམག་འབུམ་གྱི་ཚོགས་དང་བཅས། །ཚུར་བྱོན་འདིར་བཞུགས་དམ་ལ་འདུས། །ཡཿ ཁྱོད་ཀྱི་གཡོན་ནས་གཤིན་རྗེའི་དཔོན། །སྲོག་གཅོད་ཤན་པ་མྱུར་མགྱོགས་རྩལ། །འདོ་བ་བྲ་གནག་ཁྲག་རུལ་མདོག །གཤིན་རྗེའི་རྒྱལ་པོ་མཆིན་པའི་གདོང་། །དགྲ་སྙིང་དྲོན་མོ་ཞལ་དུ་འདྲེན། །ཟངས་གྲི་དམར་པོ་དགྲ་ལ་གཟིར། །གཤིན་རྗེ་འབུམ་གྱི་ཚོགས་དང་བཅས། །ཚུར་བྱོན་འདིར་བཞུགས་དམ་ལ་འདུས། །མཿ ཁྱོད་ཀྱི་རྒྱ་བན་ལྷ་སྨན་མ། །མཛེས་ལྡན་དཀར་མོ་ཀླུ་ཡི་རིགས། །འདོ་བ་གྲོ་དཀར་དུང་གི་མདོག །ཡིད་འོང་སྨན་མོ་ཟླ་བའི་མདོག །མདའ་དར་གཡབ་ཅིང་ཕྱྭ་གཡང་འགུགས། །ནོར་གཞོང་
འཛིན་ཅིང་དངོས་གྲུབ་སྟེར། །སྨན་མོ་འབུམ་གྱི་ཚོགས་དང་བཅས། །ཚུར་བྱོན་ཚུར་བྱོན་དམ་ལ་འདུས། །ཨ། ལྷ་ཡི་ཚོགས་རྣམས་དམ་ལ་འདུས། །ཡ། གཤིན་རྗེའི་ཚོགས་རྣམས་དམ་ལ་འདུས། །མ། མ་མོའི་ཚོགས་རྣམས་དམ་ལ་འདུས། །དུ། བདུད་ཀྱི་ཚོགས་རྣམས་དམ་ལ་འདུས། །རུ། དམུ་ཡི་ཚོགས་རྣམས་དམ་ལ་འདུས། །ཙ། བཙན་གྱི་ཚོགས་རྣམས་དམ་ལ་འདུས། །ཤ །ཐེའུ་རང་ཚོགས་རྣམས་དམ་ལ་འདུས། །ན། ཀླུ་ཡི་ཚོགས་རྣམས་དམ་ལ་འདུས། །ཞ་ཡ་མ་རུ་ཙ་ཤ་ན་ཛ་ཛཿ [ཞེས་སྤྱན་དྲངས།] ཧཱུཾ། རབ་འཇིགས་དུར་ཁྲོད་བསྐལ་མེ་འཁྲུགས་པའི་དབུས། །ལོག་འདྲེན་དྲེགས་པ་བསྣོལ་བའི་གདན་ཁྲི་ལ། །གདུག་པ་སྙིང་འབྱིན་བཙན་རྒྱལ་འཁོར་དང་བཅས། །ཕྲིན་ལས་བསྒྲུབ་ཕྱིར་བརྟན་པར་བཞུགས་སུ་གསོལ། །ས་མ་ཡ་ཏིཥྛ་ལྷན། [ཞེས་བཞུགས་སུ་གསོལ། དམ་ལ་བཞག་པ་ནི། དམ་ཚིག་རྡོ་རྗེ་སྤྱི་བོར་བཞག །བདུད་རྩི་ལྗགས་ལ་བསྟིམ་པར་མོས་ཏེ།] ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། དགེ་བསྙེན་བཙན་རྒོད་ཆེན་པོ་ཇག་པ་མེ་ལེན་འཁོར་དང་བཅས་པ་རྣམས་ཀྱིས་དབང་ཆེན་རྟ་མཆོག་ཧེ་རུ་ཀ །སློབ་དཔོན་པདྨ་ཐོད་ཕྲེང་། མཁན་ཆེན་བོ་ངྷི་སཏྭ། ཆོས་རྒྱལ་མེས་དབོན་རྣམ་གསུམ། གཏེར་ཆེན་ཆོས་ཀྱི་དབང་ཕྱུག །འཇམ་
དབྱངས་ཀུན་དགའ་སེངྒེ། རྗེ་བཙུན་ཆོས་ཀྱི་མགོན་པོ། ཡོངས་འཛིན་ངག་གི་དབང་པོ་སོགས་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་སོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོང་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །[ཞེས་དང་།] ཀྱེེ། ཁྱོད་སྔོན་ཡབ་ཆེན་ཨབ་བསྭེ་རྒྱལ་པོ་དང་། །གདུག་པ་ཀླུ་བདུད་དམར་མོ་ཟངས་མགྲིན་གཉིས། །གཅིག་སེམས་གཅིག་འཛིན་རབ་འཇིགས་བྲལ་དམར་གྱི། །མགུལ་དུ་བཤོས་ནས་ཟངས་སྒོང་རྡོལ་བ་ལས། །བྱུང་བའི་འཇིགས་རུང་བཙན་རྒོད་མི་བསྲུན་པ། །སྲིད་གསུམ་ཕུང་བར་ནུས་པའི་མཐུ་རྩལ་ཅན། །དང་པོ་པདྨ་དབང་ཆེན་རྟ་མགྲིན་དང་། །བར་དུ་ཡང་ལེ་ཤོད་ཀྱི་ཕུག་པ་རུ། །
པདྨས་དམ་བཞག་ཕྲིན་ལས་ཕུར་པ་ཡི། །ཕུར་སྲུང་བསྭེ་ཡི་སྐྱེས་བུའི་གྲལ་དུ་བཞག །སླར་ཡང་མོན་ཡུལ་མཐིལ་དུ་དགེ་བསྙེན་གྱི། །སྡོམ་པ་རབ་ཕོག་གསང་བའི་མཚན་ཡང་གསོལ། །གཞན་ཡང་མཆིམས་ཕུར་བཀའ་བརྒྱད་དཀྱིལ་འཁོར་དང་། །ཁྲ་འབྲུག་བཀའ་འདུས་རྒྱ་མཚོའི་དཀྱིལ་འཁོར་དུ། །ཟབ་མོ་གཏེར་གྱི་སྲུང་མར་མངའ་གསོལ་ཞིང་། །མཆོད་བསྟོད་དྲེགས་པའི་དཀྱིལ་འཁོར་ཆེན་པོར་བཅུག །ཐ་མ་འཇམ་དབྱངས་ཀུན་དགའ་སེང་གེ་དང་། །ཡོངས་འཛིན་ངག་གི་དབང་པོའི་སྤྱན་སྔ་རུ། །གཡར་དམ་བཅས་པའི་ཐ་ཚིག་མ་གཡེལ་ལ། །ད་ལྟ་བརྒྱུད་འཛིན་རྣལ་འབྱོར་བདག་ཅག་གིས། །བརྩེ་བའི་བུ་གཅིག་ཕ་མ་དྲན་འདྲ་བའི། །གདུང་བས་འབོད་ན་བཀའ་དང་དམ་ཚིག་ལས། །གཡེལ་བར་མ་མཛད་བཅོལ་བའི་ལས་ཀུན་སྒྲུབས། །དམ་ཚིག་ཆེན་པོའི་བདུད་རྩི་བཞེས་སུ་གསོལ། །བཛྲ་ས་མ་ཡ་ཨ་མྲྀ་ཏ་ཋ་ཋ་ཋ། [ཞེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་སྒྲུབ་པའི་བཀའ་ནོད་པར་བསམ། མཆོད་པ་འབུལ་བ་ནི།] ཧཱུྃ། རབ་འཇིགས་དུར་ཁྲོད་མཚན་ཉིད་ཀུན་ཚང་བའི། །བཙན་མཁར་དམར་པོ་ལྡེམ་པའི་ནང་ཤེད་ན། །སྲིད་གསུམ་སྲོག་བདག་དཀར་ཕྱོགས་སྐྱོང་བའི་གཉེན། །ལྷ་ཡི་ལྷ་མཆོག་འཁོར་
དང་བཅས་པ་ལ། །ལྕང་ལོར་བཅས་པའི་ཁྱོན་ཡངས་ཀ་པཱ་ལར། །ཉམས་པ་བསྒྲལ་བའི་སྙིང་ཁྲག་དྲོན་མོ་ཡི། །མཆོད་ཡོན་ཆེན་པོ་མཚོ་ལྟར་འཁྱིལ་བ་འདི། །དམ་ཅན་དགེ་བསྙེན་འཁོར་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། ཕྱོགས་བཅུའི་ཁམས་ན་བསྟན་ལ་འཁུ་བ་ཡི། །དགྲ་བགེགས་བསྒྲལ་བའི་དབང་པོ་རྣམ་པ་ལྔའི། །མེ་ཏོག་རབ་མཛེས་ཕྲེང་བས་ཕྱོགས་ཀུན་དཀྲིགས། །དམ་ཅན་དགེ་བསྙེན་འཁོར་དང་བཅས་ལ་འབུལ། །ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་པུཥྤེ་པྲ་ཏཱིཙྪ་སྭཱཧཱ། དུས་མཐའི་མེ་དཔུང་འབར་ཞིང་འཁྲུགས་པའི་ཁྲོད། །མ་རུངས་བདུད་སྡེའི་ཚོགས་ཀྱི་བམ་ཆེན་རོ། །བསྲེགས་པའི་དུད་སྤྲིན་ནམ་མཁའི་ཁམས་ཀུན་ཁྱབ། །དམ་ཅན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་དྷཱུ་པེ་པྲ་ཏཱིཙྪ་སྭཱཧཱ། ལྟ་ལོག་དགྲ་བགེགས་བསྒྲལ་བའི་ཚིལ་ཆེན་ཞུན། །རོ་རས་སྡོང་བུར་སྦྱར་ཏེ་སྤར་བ་ཡི། །སྒྲོན་མེ་ཉི་ཟླའི་འོད་ཀྱང་ཟིལ་གྱིས་གནོན། །དམ་ཅན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་ཨཱ་ལོ་ཀི་པྲ་ཏཱིཙྪ་སྭཱཧཱ། དུང་ཕོར་འཇིག་རྟེན་མཉམ་པའི་སྣོད་ནང་དུ། །དགྲ་དཔུང་བཅོམ་པའི་མཁྲིས་པ་ཆུ་སེར་དང་། །གཅིག་ཏུ་བསྐྱིལ་བའི་དྲི་ཆབ་རྦ་ཀློང་འཕྱོ། །དམ་ཅན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་གནྡྷེ་པྲ་ཏཱིཙྪ་སྭཱཧཱ། སྲིད་གསུམ་ཁྱོན་མཉམ་
ཞིང་ལྤགས་བཀྲམ་པའི་སྟེང་། །སྲོག་གཅོད་ཤན་པའི་བཤས་ར་ལྟ་བུ་ཡི། །ཤ་རུས་ཞལ་ཟས་ལྷུན་པོའི་གཏོས་ལྟར་སྤུངས། །དམ་ཅན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་ནཻ་ཝིདྱ་པྲ་ཏཱིཙྪ་སྭཱཧཱ། སྟོང་ཁམས་མ་ལུས་འུར་བའི་ཐོད་རྔའི་སྒྲ། །མི་སྡུག་རྐང་གི་གླིང་བུའི་ང་རོ་བཅས། །ས་གསུམ་འདར་བའི་སྒྲ་སྐད་རོལ་མོ་ལྡིར། །དམ་ཅན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་ཤཔྡ་པྲ་ཏཱིཙྪ་སྭཱཧཱ། [བདུད་རྩི་འབུལ་བ་ནི།] དམ་རྫས་རྩ་བ་བརྒྱད་ལ་ཡན་ལག་སྟོང་། །ཛ་གད་དཔའ་བོའི་ངར་ཆུ་དང་སྦྱར་བ། །འཆི་མེད་བདུད་རྩིའི་རྒྱ་མཚོ་ཆེན་པོ་འདི། །དམ་ཅན་དགེ་བསྙེན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་སརྦ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [རཀྟ་འབུལ་བ་ནི།] ཉམས་པའི་སྲོག་རྩ་བཅད་པའི་སྙིང་གི་ཁྲག །གཱིརྟིའི་མཁའ་རྒྱུན་བདེ་ཆེན་རཱ་གའི་རྡུལ། །དམར་ཆེན་ཆགས་པའི་རྦ་ཀློང་འཁྲུགས་པ་འདི། །དམ་ཅན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་མ་ཧཱ་རཀྟ་ཁཱ་ཧི། [གཏོར་མ་འབུལ་བ་ནི།] འཛིན་མའི་ཁྱོན་དང་མཉམ་པའི་གཏོར་སྣོད་དུ། །ཤ་ལྔ་བདུད་རྩི་ལྔ་ལྡན་གཏོར་ཆེན་པོ། །དགྲ་བོའི་ཤ་རུས་རང་བཞིན་ལྷུན་པོར་སྤུངས། །དམ་ཅན་དགེ་བསྙེན༴ ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་མ་ཧཱ་བ་ལིངྟ་ཁཱ་ཧི། [ཞེས་དང་།] དགེ་བསྙེན་འཁོར་བཅས་ཀྱི་ལྗགས་རྡོ་རྗེ་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་[བསམ་ལ།] ཨོཾ་སརྦ་
སུ་ཏྲི་ར་ཏྲི་ནི་ཁ་རེ་བྷྲཱུཾ་ཨ་བྷི་ཤུ་ས་མ་ཡ་ཏྲི་ཤཾ་ཡ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧྲི་ཤུ་ཏྲི་གུར་ལང་ཨ་ར་བཛྲ་བྷྱོ་ས་པ་རི་ཝཱ་ར་ཨི་དཾ༴ ཨོཾ་ཧྲི་ཙ་དུ་མ་ཡ་ས་པ་རི་ཝཱ་ར་ཨི་དཾ༴ [ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ་ལ།] དྲག་རྩལ་ཕྲིན་ལས་མྱུར་མགྱོགས་ཀྱི་བདག་པོ་དགེ་བསྙེན་བཙན་རྒོད་ཆེན་པོ་ཇག་པ་མེ་ལེན་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་[སོགས་གོང་བཞིན་ཕྲིན་ལས་བཅོལ། བསྟོད་པ་ནི།] ཧཱུཾ། པདྨའི་གཏེར་སྲུང་སྒྲུབ་པ་པོ་ཡི་གྲོགས། །ཕྲིན་ལས་ཐོགས་མེད་བདག་འཛིན་རཱུ་ཏྲའི་གཤེད། །སྡེ་བརྒྱད་ཡོངས་ཀྱི་སྡེ་དཔོན་དྲག་ཤུལ་ཅན། །ལྷ་ཡི་དམག་དཔོན་ཆེན་པོར་ཕྱག་འཚལ་བསྟོད། །འདོད་དགུའི་ཆར་འབེབས་གནོད་སྦྱིན་ངལ་གསོས་བུ། །བཀའ་ཡི་ཕོ་ཉ་འཛམ་གླིང་གཏེར་གྱི་བདག །དགོས་འདོད་ཐོགས་མེད་ནོར་བདག་ཡོངས་ཀྱི་རྗེ། །དངོས་གྲུབ་འབྱུང་གནས་ཁྱོད་ལ་ཕྱག་འཚལ་བསྟོད། །ལྷོ་ཕྱོགས་གཤིན་ཐང་སྐྱ་མོར་གཤིན་གྱི་རྗེའི། །བཀའ་སྡོད་ཡོངས་ཀྱི་ཐུ་བོ་ཇག་པ་དམར། །མ་ལུས་སྲོག་ལ་དབང་བའི་མཐུ་རྩལ་ཅན། །ལས་མཁན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །མོན་ཡུལ་གནས་སུ་པདྨའི་བཀའ་ཡི་རྟགས། །སྤྱི་བོར་བླངས་ཏེ་ཐིམ་པའི་བདེ་ཆེན་ཕུག །གནས་ཡུལ་བཅས་ཏེ་དཔལ་ལྡན་ཞིང་གི་བདག །མོན་པ་
དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདུད་ཀྱི་ཡུལ་ལྗོངས་ཁ་རག་མགོ་དགུའི་སར། །ཁྲག་མཚོ་ཁོལ་མར་གནས་བཅས་ཀླུ་བཙན་ཆེ། །བོད་ཡུལ་སྐྱོང་བའི་གཞི་བདག་ཆེན་པོ་སྟེ། །དགེ་བསྙེན་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཏི་སེའི་གནས་སུ་ལྷ་བཙན་དབང་གི་མདོག །གནས་ཡུལ་སྲུང་བའི་ཞིང་སྐྱོང་ཀུན་གྱི་རྗེ། །ཚུལ་བཞིན་སྒྲུབ་པ་པོ་ལ་སྟོང་གྲོགས་ཅན། །རྡོ་རྗེ་འབར་བ་ཁྱོད་ལ་ཕྱག་འཚལ་བསྟོད། །ངོ་བོ་གཅིག་ལ་རྣམ་འགྱུར་མཐའ་ཡས་པའི། །བཀོད་པ་ཉེར་སྟོན་གཉན་གྱི་སྡེ་དཔོན་ཆེ། །རཱ་ཛ་བསྭེ་ཡི་ཁྲབ་ཅན་ཞེས་ཀྱང་གྲགས། །ཆོས་འཁོར་སྐྱོང་བ་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱད་པར་སློབ་དཔོན་པདྨ་ཐོད་ཕྲེང་གིས། །མཆིམས་ཕུར་སྒྲུབ་པ་བཀའ་བརྒྱད་དཀྱིལ་འཁོར་དུ། །དབང་བསྐུར་དམ་བཞག་བཀའ་ཡི་གཉེར་ཁ་གཏད། །གཏེར་བདག་ཆེན་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བླ་མ་དགོངས་འདུས་དཀྱིལ་འཁོར་ཞལ་ཕྱེས་ཚེ། །ཟབ་གསང་གཏེར་གྱི་སྲུང་མ་དབང་བསྐུར་ཞིང་། །དམ་ཉམས་དགྲ་བོའི་ཤན་པར་མངའ་གསོལ་བ། །ཀླུ་བཙན་འབར་བ་ཁྱོད་ལ་ཕྱག་འཚལ་ལོ། །གཡོ་རུ་ཁྲ་འབྲུག་ཁྱམས་སྟོད་ད་ལ་རུ། །བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དུ། །དམ་མནོས་བཀའ་ཡི་སྲུང་མར་ཞལ་བཞེས་པ། །རྫོང་བཙན་
དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བོད་ཡུལ་ཆོས་འཁོར་དཔལ་གྱི་ལྷ་ལྡན་དུ། །དཔལ་གྱི་ལྷ་མོ་དུང་སྐྱོང་དཀར་མོ་དང་། །རྣམ་པར་རྩེ་བའི་སྲོག་བདག་མཐུ་རྩལ་ཅན། །རྡོ་རིང་གྲིབ་བཙན་ཆེན་པོ་ཁྱོད་ལ་བསྟོད། །མི་བསྲུན་ཁྱབ་འཇུག་ཆེན་པོ་རཱ་ཧུ་ལའི། །བསྡོང་ཟླ་སྣང་སྲིད་ཁམས་ལ་ཐོགས་མེད་རྒྱུ། །ལོག་འདྲེན་དགྲ་ལ་ལྟས་ངན་ཐོག་སེར་འབེབས། །གཟའ་རྒོད་མིག་དམར་ཁྱོད་ལ་ཕྱག་འཚལ་བསྟོད། །ཁྱད་པར་དཔལ་ལྡན་འབྲུག་པ་ཡབ་སྲས་ཀྱི། །བསྟན་དང་བསྟན་འཛིན་སྐྱོང་བར་མངའ་གསོལ་བ། །དྲག་རྩལ་ཕྲིན་ལས་མྱུར་མགྱོགས་རྫུ་འཕྲུལ་ཅན། །རྡོ་རྗེ་དགྲ་འདུལ་ཁྱོད་ལ་ཕྱག་འཚལ་བསྟོད། །ངོ་བོ་ཡེ་ཤེས་དབྱིངས་ལས་མ་གཡོས་ཀྱང་། །རྣམ་འགྱུར་འཇིག་རྟེན་དྲེགས་པའི་ཚུལ་འཛིན་པ། །སྲིད་གསུམ་ལྷ་འདྲེའི་སྟོང་སྲོག་བདག་པོ་ཆེ། །མེ་འོད་དམར་པོ་ཁྱོད་ལ་ཕྱག་འཚལ་བསྟོད། །བདེ་ཆེན་ཡེ་ཤེས་རོལ་པའི་མ་གཅིག་མ། །སྒྱུ་རྩལ་དྲུག་ཅུའི་ལང་ཚོ་ཉ་གང་བ། །འཇིགས་བྱེད་དགྱེས་པ་སྐྱེད་པའི་ལྷ་སྨན་ལྕམ། །ཀླུ་སྨན་འབུམ་ཕྲག་བཅས་ལ་ཕྱག་འཚལ་བསྟོད། །ཕྱོགས་བཅུའི་གནས་ནས་ཞིང་བཅུའི་དགྲ་བོ་ཀུན། །འགུགས་པའི་ལས་མཛད་བཙན་གྱི་སྡེ་དཔོན་རྗེ། །དུང་ལ་དཀར་པོར་གནས་པའི་མཐུ་བོ་ཆེ། །བཙན་དམག་འབུམ་ཕྲག་
བཅས་ལ་ཕྱག་འཚལ་བསྟོད། །དམ་ཉམས་བསྒྲལ་བར་རྔམས་པའི་དྲག་ཤུལ་ཅན། །བདུད་ཀྱི་སྡེ་དཔོན་སྒྲོལ་བྱེད་མ་རུངས་པ། །བདུད་ཡུལ་གནས་པའི་ཀླུ་བདུད་མཐུ་བོ་ཆེ། །བདུད་དམག་འབུམ་ཕྲག་བཅས་ལ་ཕྱག་འཚལ་བསྟོད། །རྟག་ཏུ་གསོད་ལ་རྔམས་པའི་ཤན་པ་ཅན། །གཤིན་རྗེའི་སྡེ་དཔོན་སྲོག་གཅོད་དབུགས་ལེན་བདག །རྒྱ་ལ་སེང་འདམ་གནས་པའི་མཐུ་བོ་ཆེ། །གཤིན་རྗེ་འབུམ་ཕྲག་བཅས་ལ་ཕྱག་འཚལ་བསྟོད། །གཞན་ཡང་བྲག་བཙན་དམུ་བཙན་ས་ཡི་བཙན། །ཆུ་བཙན་མེ་བཙན་རླུང་བཙན་ནམ་མཁའི་བཙན། །གཡས་བཙན་ལ་སོགས་སྣང་སྲིད་བཙན་དམག་གིས། །ཡོམ་ཡོམ་ཤིག་ཤིག་གང་ལ་ཕྱག་འཚལ་བསྟོད། །བདག་ཉིད་རྩེ་གཅིག་མོས་ཤིང་གདུང་བ་ཡིས། །ཁྱོད་བརྟེན་ཁྱོད་བསྒྲུབ་ཁྱོད་མཆོད་ཁྱོད་བསྟོད་ན། །དུས་ཀུན་ལུས་དང་གྲིབ་བཞིན་མི་འབྲལ་བར། །བསམ་དོན་མ་ལུས་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་བསྟོད། བཟླས་པ་བྱ་བ་ནི།] དགེ་བསྙེན་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་གི་སྙིང་པོ་ཧྲཱིཿཡིག་བྱུ་རུའི་མདངས་ལྟར་འཚེར་བ་ལ་སྔགས་ཀྱི་ཕྲེང་བས་བསྐོར་བ། རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་དགེ་བསྙེན་གྱི་ཐུགས་ཀར་ཕོག །སྔོན་གྱི་དམ་བཅའ་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་རབ་
འབྱམས་ཐོགས་མེད་དུ་བསྒྲུབ་པར་[བསམ་ཞིང་། གོང་གནོན་ཡི་དམ་གྱི་བཟླས་པ་སྔོན་དུ་འགྲོ་བས།] ཨོཾ་ཧྲཱིཿཤུ་ཏྲི་གུར་ལང་ཨ་ར་བཛྲ་བྷྱོ་ཛ་ཛཿ ཨོཾ་ཨ་བྷི་ཤུ་ས་མ་ཡ་ཏྲི་ཤཾ་ཡ་ཧཱུཾ་ཕཊ༔ ཨོཾ་ཧྲི་ཙ་དུ་མ་ཡ་ས་མ་ཡ་ཛཿཧཱུྃ་ཕཊཿ [ཅེས་ཅི་ནུས་སུ་བཟླ་ཞིང་། རྦད་པ་ལ་སོགས་པའི་དྲག་སྔགས་ཁྱད་པར་བ་ནི་མན་ངག་ལས་ཤེས་ཤིང་སྤྱི་ཙམ་ལ་འདི་ཁོ་ནས་ཆོག་གོ །བཟླས་པའི་མཐར།] ཨོཾ་མ་ཧཱ་ཡ་མ་རཱ་ཛ་ཤུ་ལ་ཏྲི་ས་པ་རི་ཝཱ་ར་པུཥྤེ་[སོགས་ནས་]ཤཔྡ་པྲ་ཏཱིཙྪ་སྭཱཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། [ཞེས་མཆོད་ཅིང་།] པདྨའི་གཏེར[སྲུང་སོགས་ཤླཽ་ཀས་བསྟོད། ཚོགས་ཀྱི་མཆོད་པ་ནི། བདག་བསྐྱེད་གང་ལ་བརྟེན་པའི་གཞུང་བཞིན་བཏང་ལ། ཚོགས་བར་པ་དང་འབྲེལ་བར་སྐོང་བཤགས་བྱ་བ་ནི།] བསྐང་རྫས་རྣམས་ཨ་མྲྀ་ཏ[ས་བསང་།] སྭ་བྷཱ་ཝ[ས་སྦྱང་།] སྟོང་པའི་ངང་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུས་འབྱོར་བ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་ཐམས་ཅད་གང་བར་[བསམ་ལ།] ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། [ལན་གསུམ།] བཛྲ་སྥ་ར་ཎ་ཁཾ་[ཞེས་རྒྱ་ཆེར་སྤེལ་ནས།] ཧྲཱིཿ སོར་རྟོག་ཡེ་ཤེས་
བདེ་ཆེན་རོལ་མོའི་སྤྲིན། །འགྲོ་ལ་རྗེས་ཆགས་ཐུགས་རྗེའི་བཀོད་པ་ལས། །བསྟན་པ་བསྲུང་ཕྱིར་མཆོད་བསྟོད་དྲེགས་པའི་ཚུལ། །དགེ་བསྙེན་ཆེན་པོ་འཁོར་བཅས་ད་ཚུར་བྱོན། །ཕ་མཐའ་བརྒལ་བའི་འཇིག་རྟེན་ཁྱོན་གང་བའི། །དངོས་བཤམས་ཡིད་སྤྲུལ་འདོད་ཡོན་འབྱོར་པའི་ཚོགས། །ངོ་མཚར་ཀུན་བཟང་མཆོད་པའི་སྤྲིན་ལྟ་བུར། །འབུལ་ལོ་བརྩེ་བས་དགོངས་ཏེ་བཞེས་སུ་གསོལ། །རཱ་གའི་མདངས་འཛིན་བཙན་མཁར་མཐོ་བརྗིད་ཅན། །མི་བཟད་དྲག་པོའི་བཀོད་པ་ཡོངས་སུ་རྫོགས། །ནང་ཁོངས་བླ་ཡི་ཁྲག་མཚོ་རྦ་ཀློང་འཁྲུགས། །བཞུགས་པའི་ཕོ་བྲང་རྟེན་གྱིས་ཐུགས་དམ་བསྐང་། །གདུག་ཅན་དགྲ་དང་བགེགས་རྣམས་བསྒྲལ་བ་ཡི། །གཟུགས་ཕུང་ལས་གྲུབ་དམར་གྱི་ཨརྒྷཾ་དང་། །དྲག་པོའི་ཉེར་སྤྱོད་སྙན་བརྗིད་རོལ་མོའི་སྒྲ། །ཤ་ལྔ་བདུད་རྩི་སྣ་ལྔས་ཐུགས་དམ་བསྐང་། །གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བདའ་དང་། །རེག་བདེ་རྒྱལ་སྲིད་བདུན་དང་བཀྲ་ཤིས་པའི། །རྟགས་རྫས་ལྷ་མིའི་འདོད་ཡོན་འབྱོར་པའི་ཚོགས། །མི་ཟད་ནམ་མཁའ་མཛོད་ཀྱིས་ཐུགས་དམ་བསྐང་། །འཆི་མེད་བདུད་རྩི་ཛ་གད་མ་ད་ན། །དགྲ་བགེགས་སྙིང་ཁྲག་ལྦུ་ཕྲེང་འཁྲུགས་པའི་མཚོ། །
ལྷུན་པོ་ལྟར་བརྗིད་འདོད་དགུའི་བ་ལིཾ་ཏ། །མཉམ་སྦྱོར་དགའ་བཞིའི་རོལ་པས་ཐུགས༴ མྱུར་འགྲོའི་ཅང་ཤེས་བརྗིད་ལྡན་གླང་རྒོད་དང་། །མཛེས་པའི་ར་ལུག་བྱ་འུག་འཕུར་ལྡིང་གཡོ། །དཔའ་གཏུམ་ཁྱི་སོགས་ཀུན་ཀྱང་བྱེ་རུའི་མདོག །སྣ་ཚོགས་རྒྱན་གྱིས་སྤྲས་པས་ཐུགས༴ དར་དམར་གཡབ་དར་འདོད་ཡོན་དུར་ཁྲོད་ཆས། །བསྭེ་ཡི་ཁྲབ་རྨོག་རལ་གྲི་མདའ་དང་གཞུ། །མདུང་ཐུང་གྲི་གུག་བྷནྡ་དགྲ་སྟྭ་སོགས། །མཐུན་པའི་དམ་རྫས་ཚོགས་ཀྱིས་ཐུགས༴ སྐུ་གཟུགས་སྔགས་བྱང་ར་ཐོད་སྙིང་ནང་དུ། །སྲོག་འཁོར་བླ་རྡོའི་ཆས་བཅུག་སྨྱུག་རྒོད་མདའ། །སྟག་གཟིག་རས་མ་དར་སྣས་དཔྱངས་པ་སོགས། །མི་འབྲལ་གསང་བའི་རྟེན་གྱིས་ཐུགས༴ རྣམ་བཀྲའི་སྤྱན་གཟིགས་ཁོར་ཡུག་ཀུན་ཏུ་འབྲེལ། །གར་འཆམ་ཕྱག་རྒྱའི་རོལ་མོ་བརྗིད་བག་གཡོ། །ཡས་ཐག་མདོས་ཀྱིས་སྣང་སྲི་དམ་འདྲེས་འཆར། །བརྟན་གཡོའི་དངོས་ཀུན་ཚོགས་པས་ཐུགས༴ ཕུང་ཁམས་སྦྱངས་གཞི་བསྐྱེད་རྫོགས་ལམ་གྱིས་སྦྱངས། །བསྙེན་སྒྲུབ་ལས་ཀྱི་སྦྱོར་བ་རྩེ་མོར་སོན། །ཆོས་ཀུན་ཀ་ནས་དག་པའི་བདེ་ཆེན་གདངས། །སྒྱུ་མའི་རོལ་པ་ཤར་བས་ཐུགས་དམ་བསྐང་། །ཆོས་སྐྱོང་འཁོར་བཅས་ཐུགས་དམ་དགྱེས་བསྐང་ནས། །
རྣལ་འབྱོར་བདག་ཅག་དཔོན་སློབ་འཁོར་བཅས་ལ། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །བཅོལ་བའི་ཕྲིན་ལས་མྱུར་དུ་འགྲུབ་བར་མཛོད། །[ཅེས་བསྐང་། བཤགས་པ་བྱ་བ་ནི།] ཧོཿ སངས་རྒྱས་བསྟན་སྲུང་དམ་ཉམས་དགྲ་བོའི་གཤེད། །ཕྲིན་ལས་ཐོགས་མེད་བཀའ་ཡི་ཕོ་ཉ་བ། །དགེ་བསྙེན་བཙན་རྒོད་མེ་ཡི་འཁོར་ལོ་ཅན། །འཁོར་བཅས་བདག་ལ་གསན་ཅིང་དགོངས་སུ་གསོལ། །བདག་ནི་རྡོ་རྗེ་ཐེག་པའི་སྒོར་ཞུགས་ཏེ། །དམ་ཚིག་ཚུལ་བཞིན་བསྲུང་བར་དམ་མནོས་ཀྱང་། །རྨོངས་དང་མ་རིག་བག་མེད་དབང་གྱུར་ནས། །སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་དང་། །དམ་ཅན་སྒྲུབ་པའི་ཏིང་འཛིན་མ་གསལ་ཞིང་། །བཟླས་པའི་བསྙེན་སྒྲུབ་གཡེལ་ཞིང་ལས་སྦྱོར་ལོག །དམ་རྫས་རྟེན་རྫས་མ་ཚང་རས་སུ་བོར། མཆོད་པའི་རྒྱུ་ཆུད་ཕུད་ཉམས་འབགས་བཙོག་ཤོར། །དུས་ཀྱི་མཆོད་གཏོར་འགྱང་ཞིང་ཆག་པ་སོགས། །ཚོར་དང་མ་ཚོར་ཉེས་བྱས་དྲི་མའི་ཚོགས། །སྙིང་ནས་གནོང་འགྱོད་དྲག་པོས་མཐོལ་བཤགས་ན། །བཟོད་པར་བཞེས་ལ་ཚངས་པའི་དངོས་གྲུབ་སྩོལ། །[ཞེས་དང་ཡི་གེ་བརྒྱ་པ་བཟླའོ། །དེ་ནས་མངའ་གསོལ་འབུལ་ཞིང་ཕྲིན་ལས་བཅོལ་བ་ནི།] ཧཱུྃ། རྒྱལ་བའི་བསྟན་སྲུང་འཛམ་གླིང་གཏེར་
གྱི་བདག །ཅི་བསམ་ལྷུན་གྲུབ་འབད་མེད་ཕྲིན་ལས་ཅན། །ལྷ་ཡི་ལྷ་མཆོག་དགེ་བསྙེན་མོན་པ་དམར། །དབུ་འཕང་མངའ་གསོལ་འབུལ་ལོ་མཐུ་དཔུང་བསྐྱེད། །དབུ་འཕང་བསྟོད་ཅིང་མངའ་གསོལ་མི་འབུལ་རྒྱུ། །སྔར་བཅོལ་ཕྲིན་ལས་མ་ལུས་མཛད་པའི་ཕྱིར། །བཅོལ་བའི་ཕྲིན་ལས་ཁྱོད་ཀྱིས་མི་མཛད་ན། །ཞལ་བཞེས་དམ་བཅའ་མཛད་ལས་མི་གཡེལ་ལམ། །འོག་མིན་ཞིང་དང་ཆོས་དབྱིངས་རབ་འབྱམས་ཀློང་། །སྲིད་ཞིའི་དཔལ་ཡོན་མ་ལུས་མཐའ་དག་ཀུན། །གཅིག་ཏུ་སྤུངས་པའི་དགེ་མཚན་འབུམ་ཕྲག་གིས། །དགེ་བསྙེན་ཆེན་པོ་དབུ་འཕང་དབྱིངས་སུ་བསྟོད། །རྣམ་མཛེས་གདུགས་དང་གསེར་ཉ་རྒྱལ་མཚན་ཆེ། །འདབ་སྟོང་པདྨ་གཏེར་འབུམ་དཔལ་བེའུ། །སྙན་གྲགས་དུང་དང་རྩིབ་སྟོང་འཁོར་ལོ་ཡིས། །ཕྱོགས་དུས་བཀྲ་ཤིས་དགེ་བས་མངའ་གསོལ་ལོ། །མེ་ལོང་ཞོ་དང་དུརྦ་གི་ཝཾ་སྨན། །འབྲས་བཟང་བིལྤ་དབང་རྫས་ལི་ཁྲི་དམར། །སྐྱེ་བ་ལྔ་པ་ཡུངས་ཀར་རྒྱལ་པོ་སོགས། །ཕུན་ཚོགས་རྫས་མཆོག་བརྒྱད་ཀྱིས་མངའ་གསོལ་ལོ། །རྩིབས་སྟོང་འཁོར་ལོ་འདོད་འབྱུང་ཡིད་བཞིན་དབང་། །བདེ་སྟེར་བཙུན་མོ་བློ་ལྡན་བློན་པོ་ཆེ། །ས་སྲུང་ཁྱུ་མཆོག་དམག་དཔོན་རིན་ཆེན་ཏེ། །
རྒྱལ་སྲིད་རིན་ཆེན་བདུན་གྱིས་མངའ་གསོལ་ལོ། །འཛུམ་དྲུག་སྟག་དང་རྩལ་ལྡན་གདོང་ལྔ་པ། །མཁའ་ལྡིང་རྒྱལ་པོ་གཡུ་འབྲུག་སྡེར་ལྔ་པ། །ཀླུང་རྟ་དར་བའི་ལྷ་བཞིར་ཡོངས་གྲགས་པས། །ཕྱོགས་ལས་རྣམ་པར་རྒྱལ་བར་མངའ་གསོལ་ལོ། །སྦྱིན་པའི་དབུ་རྨོག་ཚུལ་ཁྲིམས་གཙང་མའི་གོས། །བཟོད་པའི་གོ་ཁྲབ་བརྩོན་འགྲུས་རྟ་ཡི་རྒྱལ། །བསམ་གཏན་མདའ་གཞུ་ཤེས་རབ་རལ་གྲི་སྟེ། །ཕ་རོལ་ཕྱིན་པ་དྲུག་ལྡན་མངའ་གསོལ་ལོ། །མངའ་གསོལ་འབུལ་ལོ་ཕྲིན་ལས་མཐུ་མ་ཆུང་། །དགྱེས་པ་བསྐྱེད་དོ་བརྩེ་བའི་ཞལ་རས་སྟོན། །སྲིད་གསུམ་ལྷ་སྲིན་ཡོངས་ཀྱི་སྡེ་དཔོན་ཆེའི། །རྣམ་དག་ཐུགས་ཀྱི་རེ་བ་ཡོངས་གང་ནས། །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད། །ས་གསུམ་འགྲོ་ཀུན་བདེ་སྐྱིད་རབ་ཏུ་ལྡན། །ཁྱད་པར་དམ་ལྡན་རྣལ་འབྱོར་བདག་ཅག་གི །བར་ཆད་ཀུན་ཞི་ཚེ་དཔལ་འབྱོར་པ་རྒྱས། །ཁམས་གསུམ་དབང་འདུས་དགྲ་བགེགས་རྡུལ་དུ་རློག །མདོར་ན་བསམ་པའི་དོན་ལ་གཉེར་གཏད་པའི། །བཅོལ་བའི་ཕྲིན་ལས་མྱུར་དུ་སྒྲུབ་པར་མཛོད། །[ཅེས་གསོལ་ནས་གཏོར་མ་གཙང་སར་ཕུལ་ལོ། །ཡང་སྐབས་འགའ་ཞིག་ཏུ་དྲག་པོའི་
ལས་ལ་བསྐུལ་བར་འདོད་ན། ཐུན་གྱི་གཏོར་མ་ལ་རཀྟ་བྲན་ནས་བདེན་པའི་སྟོབས་བརྗོད་དེ་དམིགས་བྱ་བཀུག །སྨན་ཕུད་བྲན་ནས་ཤ་ཁྲག་བདུད་རྩིར་སྤེལ་ལ་ལྷ་སྔགས་ལ་གཏོར་སྔགས་བཏགས་ཏེ་ཕུལ་བས་ཧབ་དིར་གྱིས་གསོལ་བར་བསམ་ལ།] ཧཱུྃ། སྲིད་གསུམ་འཇོམས་པའི་དམག་དཔོན་ནི། །ཞེ་སྡང་མེ་ལྟར་འབར་བ་རྣམས། །དགྲ་བོའི་སྲོག་རྩ་ལེན་ལ་སོང་། །སྲོག་དང་དབུགས་ལ་རྔམ་ཟས་གྱིས། །ཆོ་ཆོ་དེ་ནི་དགྲ་ལ་ཆོ། །ཤན་པ་དམར་པོ་དགྲ་ལ་བསྐུལ། །འགུགས་བྱེད་བཙན་གྱི་ཤན་པ་དང་། །སྒྲོལ་བྱེད་བདུད་ཀྱི་ཤན་པ་དང་། །སྲོག་གཅོད་གཤིན་རྗེའི་ཤན་པ་དང་། །གཡོག་དང་འཁོར་དུ་བཅས་པ་རྣམས། །གོ་གྱོན་མཚོན་ཐོགས་རྟ་དམར་ཞོན། །དམ་རྫས་བདུད་རྩི་འདི་བཞེས་ལ། །ཅ་ཅོའི་བསྭ་སྒྲ་ད་རྒྱོབ་ཅིག །ལ་ལ་ནམ་མཁའི་ཐོག་སེར་བཞིན། །སིལ་སིལ་ཆོམ་ཆོམ་དགྲ་ལ་རྒྱུག །ལ་ལ་ས་ཡི་དྲེག་པ་བཞིན། །ཉིལ་ཉིལ་ཁྲིག་ཁྲིག་དགྲ་ལ་རྒྱུག །ལ་ལ་བར་སྣང་གློག་བཞིན་དུ། །འུར་འུར་ཆེམ་ཆེམ་དགྲ་ལ་རྒྱུག །ཕྱག་གཡོན་ཞགས་པ་དམར་པོ་ཡིས། །གནོད་བྱེད་དམ་ཉམས་དགྲ་བོ་དེ། །ས་སྟེང་གནམ་འོག་གར་འདུག་ཀྱང་། །མྱུར་བ་ཉིད་དུ་འདིར་ཁུག་ལ། །གཡས་པས་མདུང་དམར་སྙིང་ལ་བསྣུན། །ལུས་ཕུག་དོན་སྙིང་ཚལ་པར་ཁོས། །ཤམ་ཤམ་སྙིང་
ཁྲག་ཐང་ལ་ཕོས། །ལུས་སེམས་གཉིས་པོ་ད་ཕྲོལ་ལ། །ལ་ལས་ཡན་ལག་ལྷུ་དུམ་ཕྲོལ། །ལ་ལས་ནང་ཁྲོལ་ཐོབ་ཤ་བྱོས། །ལ་ལས་ཤ་ཟའི་ཅག་སྒྲ་འདོན། །ལ་ལས་ཁྲག་འཐུང་ཧུབ་སྒྲ་འབྱིན། །ལ་ལས་རུས་པ་ཆེམ་ཆེམ་ཟོ། །ཟོ་ཞིག་འཐུང་ཞིག་དམག་ཚོགས་རྣམས། །དམ་ཉམས་དགྲ་བོ་འཁོར་བཅས་འདི། །ལྷག་མ་མིང་ཡང་མེད་པར་གྱིས། །མི་རབས་རྩད་ནས་ད་ཆོད་ཅིག །དུས་ལ་བབ་པོ་ས་མ་ཡ། །[ཞེས་གཏོར་མ་དགྲ་ཕྱོགས་སུ་འཕངས་པས་བཙན་རྒོད་འཁོར་བཅས་ཀྱིས་དགྲ་བོ་ལྷག་མེད་དུ་གསོལ་ཞིང་ཚར་བཅད་པར་བསམ་མོ། །][གསུམ་པ་རྗེས་ནི། སླར་ཡང་མཆོད་པ་ཁ་གསོལ་ལ་མཆོད་ཅིང་བསྟོད་ནས།] མ་རྙེད་ཡོངས་སུ་མ་ཚང་དང་། །[ཞེས་སོགས་ཀྱིས་ནོངས་པ་བཤགས།] རྒྱལ་བའི་བསྟན་སྲུང་གཤིན་རྗེའི་ལས་མཁན་ཆེ། །མེ་ཡི་འཁོར་ལོ་ཇག་དཔོན་མོན་པ་དམར། །འཁོར་དང་བཅས་པ་མ་ལུས་ཐམས་ཅད་རྣམས། །འདི་ན་རྟེན་པའི་གནས་དང་བཞུགས་པའི་མཁར། །སྲོག་གི་བླ་རྡོ་དམ་ཚིག་རྟེན་རྣམས་ལ། །གངས་ལས་སེངྒེ་ནགས་ལ་རྒྱ་སྟག་དང་། །བྲག་ལ་ཁྱུང་ཆེན་སྤྲིན་ལ་གཡུ་འབྲུག་ལྟར། །རྟག་ཏུ་མི་འབྲལ་བརྟན་པར་བཞུགས་སུ་གསོལ། །བདག་གིར་བཟུང་བའི་དཀོར་ཆ་ལོངས་སྤྱོད་ཀུན། །
བླ་རྡོར་བཟུང་ལ་མེལ་ཚེ་མི་གཡེལ་བར། །དངོས་སུ་འཁོར་བའི་ཆོ་འཕྲུལ་གསལ་པོར་སྟོན། །དམ་ཡེ་དབྱེར་མེད་གྱུར་ཅིག་ཏིཥྛ་ལྷན། [ཞེས་མེ་ཏོག་འཐོར་ཞིང་ཡེ་ཤེས་པ་རྟེན་ལ་བརྟན་བཞུགས་བྱ། དམ་ཚིག་པ་བདག་ལ་ཐིམ་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། འཇིག་རྟེན་པའི་འཁོར་རྣམས་]གཙྪ་གཙྪ་སྭ་བྷཱ་ཝཱ་ནཾ། [ཞེས་པས་རང་གནས་སུ་བཏང་ལ་དགེ་བ་བསྔོ། །ཤིས་པ་བརྗོད་པ་ནི།] པདྨ་རཱ་གའི་ལྷུན་པོ་བརྗིད་ཆགས་ལ། །ཉི་འོད་འབུམ་ཕྲག་འཁྱུད་པའི་གཟི་བྱིན་ཅན། །སངས་རྒྱས་པདྨའི་བཀའ་སྲུང་གཏེར་གྱི་བདག །དགེ་བསྙེན་མོན་པ་དམར་པོའི་བཀྲ་ཤིས་ཤོག །བདེ་སྟོང་དབྱེར་མེད་སྦྱོར་བའི་ལྷ་སྨན་མ། །སྐུ་གསུང་ཐུགས་སྤྲུལ་དྲག་ཤུལ་འབར་བ་གསུམ། །བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་བཅས་ཀྱིས། །ཐོགས་མེད་ཕྲིན་ལས་མྱུར་སྒྲུབ་བཀྲ་ཤིས་ཤོག །དགྲ་སྡེ་བརླག་པའི་འོ་དོད་ལྷང་ལྷང་ཙེར། །རང་ཕྱོགས་རྒྱལ་བའི་ཀི་བསྭའི་བཞད་སྒྲ་ལྡིར། །སྐྱིད་ལ་ཆོས་འཕེལ་བསམ་པ་ལྷུན་གྱིས་གྲུབ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །[ཅེས་མེ་ཏོག་སིལ་མར་འཐོར་བས་དགེ་ལེགས་སུ་བྱའོ། །]རྒྱལ་བའི་བཀའ་སྡོད་ཕོ་ཉ་དྲག་རྩལ་ཅན། །གང་གི་ཕྲིན་ལས་ཁྲིགས་སུ་བསྡེབས་འདི་ལས། །ཐོབ་པའི་བསོད་ནམས་དེས་ཀྱང་སྙིང་པོའི་བསྟན། །མི་ནུབ་ཕྱོགས་ལས་རྣམ་རྒྱལ་དཔལ་གྱུར་ཅིག །[ཅེས་དགེ་བསྙེན་
བཙན་རྒོད་ཇག་པ་མེ་ལེན་གྱི་ལས་བྱང་ཁྲག་འཐུང་དགྱེས་པའི་གད་རྒྱངས་ཞེས་བྱ་བ་འདི་ནི། སྔ་འགྱུར་བསྟན་པའི་གསལ་བྱེད་སོག་རྩེ་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱལ་མཚན་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་ནན་ཏན་ཆེན་པོའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བ་བཞིན། རྩ་བའི་གཞུང་རྙིང་དང་ཡོངས་འཛིན་ངག་གི་དབང་པོའི་གསུང་གཞིར་བཞག་ལ་སྐབས་སུ་བབས་པའི་བསྣོན་འཕྲི་ཁ་སྐོང་ཅི་རིགས་པས་འཇུག་པ་བདེ་ཞིང་གསལ་བར་བྱས་ཏེ། དུས་མཐའི་རིག་པ་འཛིན་བྲལ་ཡེ་ཤེས་རྡོ་རྗེས་མཁའ་ལྡིང་གི་ལོ་ཁྲུམས་སྟོད་ཟླ་བའི་ཤར་ཕྱོགས་ཀྱི་རྫོགས་པ་དང་པོ་གཟའ་ཆེན་དམག་དཔོན་གཡུལ་དུ་ཆས་པའི་ཉིན་མོར་གྲུབ་པར་བགྱིས་པ་ལས། ཐོག་མའི་ཡི་གེ་པ་ནི་རིགས་བྱེད་པ་མགོན་པོ་བསྟན་འཛིན་གྱིས་བགྱིས་པ་ཛ་ཡནྟུ།། །།]
བཙན་རྒོད་ཇག་པ་མེ་ལེན་གྱི་དམར་ཆེན་གཏོར་མའི་ལས་རིམ་དགྲ་བགེགས་ཚར་གཅོད།
༄༅། །བཙན་རྒོད་ཇག་པ་མེ་ལེན་གྱི་དམར་ཆེན་གཏོར་མའི་ལས་རིམ་དགྲ་བགེགས་ཚར་གཅོད་ཅེས་བྱ་བ་བཞུགས་སོ། །
༄༅། །ན་མོ་བཛྲ་མ་ཧཱ་ཀྲོ་ངྷ་ཡ། [དགེ་བསྙེན་གདུག་པ་སྙིང་འབྱིན་ནམ་བཙན་རྒོད་ཇག་པ་མེ་ལེན་གྱི་ཕྲིན་ལས་དང་འབྲེལ་བར་དམར་ཆེན་གཏོར་མའི་ལས་རིམ་ལག་ཏུ་ལེན་པ་སྐབས་སུ་བབས་པ་ན། གང་དུ་བྱ་བའི་གཞིར་དུག་ཁྲག་གིས་ཆག་ཆག་བཏབ་པར་ལས་དཀྱིལ་གྲུ་གསུམ་དམར་ནག་མཐའ་མ་མེ་རེས་བསྐོར་བ་བྲིས་པའི་ཁར། ལྕགས་སྣོད་དུ་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པ་ལས་དྲག་པོའི་དམར་གཏོར་གྲུ་གསུམ་ཁྲོ་ཞལ་ཅན་གྱི་མཐའ་བསྐོར་དུ་གཏོར་ཆུང་ལྷ་གྲངས་དང་། མཐེབ་ཀྱུ་གང་མང་གིས་བསྐོར་ཞིང་། མེ་རི་མཚེ་ཡུངས་སྐྱེར་རྩང་རྒྱུ་རློན་གྱི་ལྡ་ལྡི་སོགས་དྲག་རྒྱན་རྔམས་བརྗིད་ཅན་དར་དམར་གྱི་གདུགས་ཕུབ་པ་མཉྫིའི་ཁར་བརྟན་པར་འགོད། མཐར་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་གཡས་བསྐོར་དུ་བཤམ། སྤྲོས་པ་རྒྱས་པར་བྱེད་ན། ཟོར་ཀོང་གྲུ་གསུམ་དུ། ཡུངས་ཀར། རལ་གྲི། གྲི་ཁྲག །མཚེ། མདའ། རྦབ་རྡོ། བྲ་བོ།
དུག་སྣ་བཅས་བླུགས་པ་དང་། རི་རུད་ཀྱི་ས་ཟོར་ཆུ་མིག་ལྐུག་པའི་ཆུ་ཟོར་ཡུགས་མགལ་དུམ་གྱི་མེ་ཟོར་བྱ་འུག་གི་སྒྲོའི་རླུང་ཟོར་བཅས་བསྡོག །ཉེ་ལོགས་བྲུབ་ཁུང་དུ་དགྲ་བོའི་ལིངྒ་མིང་རུས་ཅན། དབྱེ་རྫས། ཐུན་རྫས། རལ་གྲི། ཧོམ་གཟར་སོགས་དགོས་པའི་ཡོ་བྱད་རྣམས་ཚང་བར་འདུ་བྱས་ནས། བདག་ཉིད་པདྨ་ཁྲག་འབྱུང་ངམ་དྲག་པོ་ཀཱི་ལ་ཡའི་གསལ་སྣང་ང་རྒྱལ་དང་ལྡན་པས། མདུན་གྱི་གཏོར་ཆེན་དགེ་བསྙེན་བཙན་རྒོད་ཆེན་པོར་གསལ་བཏབ་ལ་བཟླས་པ་གང་མང་གིས་ནུས་ལྡན་བསྒྲུབ། གསེར་སྐྱེམས་བཤམ་ལ།] རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱིས་བྱིན་གྱིས་བརླབས།] ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་
དབང་དྲག་པདྨའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་བཙན་རྒོད་ཇག་མེ་འབར། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་པ་ཡིས། །གསེར་སྐྱེམས་འདི་བཞེས༴ སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་ཡི་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །[ཅེས་གསེར་སྐྱེམས་ཕུལ། གཟུ་དཔང་གསོལ་བ་ནི།] ཀྱེེ། ཕྱོགས་བཅུ་རབ་འབྱམས་རྩ་གསུམ་རྒྱ་མཚོ་དང་། །སྐུ་གསུམ་བླ་མ་དམ་ཅན་སྲུང་མར་བཅས། །མ་ཉེས་སྒྲུབ་པ་པོ་ལ་དགོངས་སུ་གསོལ། །ཐུགས་དམ་མ་གཡེལ་བདག་གི་ར་མདར་བྱོན། །ཆུང་ནས་ལས་ཀྱི་དམ་པའི་ཆོས་དང་འཕྲད། །ཡང་དག་དགེ་བའི་བཤེས་ཀྱི་རྗེས་སུ་ཞུགས། །རྣམ་དག་དམ་པའི་ལྷ་ཆོས་བསྒྲུབ་པ་ལ། །དམ་ཉམས་དགྲ་བོས་བྱེད་དུ་མ་སྟེར་རོ། །སོ་ཐར་གྲུར་ཞུགས་ཐོས་བསམ་ཆུ་གཏེར་ཀླུང་། །མཚུངས་མེད་དེད་དཔོན་བཤེས་གཉེན་བསྟེན་ནས་ཀྱང་། །ཚུལ་ཁྲིམས་གཙང་མའི་ནོར་བུ་ལེན་པ་ལ། །དགྲ་བོས་མི་ཁའི་རླུང་ནག་ཀུན་ནས་གཡོས། །སྤྱན་གྱི་གཟིགས་སམ་གཟུ་དང་དཔང་དུ་གསོལ། །རྣམ་དག་ཐེག་པ་ཆེན་པོའི་ས་གཞི་རུ། །ངོ་མཚར་
ཚད་མེད་རྣམ་བཞིའི་ཆུས་བརླན་ཏེ། །བྱང་ཆེན་མཆོག་གི་ས་བོན་འདེབས་པ་ལ། །དགྲ་བོས་བསམ་ངན་ཐན་དང་སྐྱིན་ཐང་གཡོས། །སྙན་གྱིས་གསན་ནམ་གཟུ་དང་དཔང་དུ་གསོལ། །མཚུངས་མེད་དད་དམ་གཙང་མའི་བུམ་བཟང་དུ། །རིན་ཆེན་དབང་བཞིའི་ཆུ་རྒྱུན་ཡོངས་བླངས་ནས། །མ་རིག་དྲི་བཀྲུས་རིག་པའི་ནོར་ལེན་པར། །དགྲ་བོས་མི་གཙང་ལྗན་ལྗིན་འདམ་རྫས་གཡོས། །ཐུགས་ཀྱིས་དགོངས་སམ་གཟུ་དང་དཔང་དུ་གསོལ། །ཚེ་འདིའི་བྱ་བ་མི་གཙང་རྫས་བཞིན་དོར། །དབེན་པའི་ངོགས་སུ་བཟོད་པའི་གོས་གྱོན་ནས། །རང་གཞན་ཐར་པའི་ས་བོན་འདེབས་པ་ལ། །དགྲ་བོས་དོན་མེད་སྙིང་རྩ་གཏིང་ནས་དཀྲུགས། །སྙིང་རྗེས་ཕོད་དམ་གཟུ་དང་དཔང་དུ་གསོལ། །བསོད་ནམས་ཞིང་ས་རྟེན་གསུམ་མན་ཆད་ནས། །བདོག་པའི་ཉེར་སྤྱོད་ཕྲ་མོ་ཡན་ཆད་ཀུན། །དངོས་སམ་ཐབས་ཀྱིས་འཕྲོག་པས་དོན་མེད་དུ། །རང་གཞན་ཞེ་སྡང་མེ་དཔུང་རབ་ཏུ་འབར། །བཏང་སྙོམས་ནུས་སམ་གཟུ་དང་དཔང་དུ་གསོལ། །མ་ཧཱ་གུ་རུ་སྲིན་པོའི་ཁ་གནོན་གཤེགས། །འབྲུག་པ་ཡབ་སྲས་གཅིག་ཤུལ་གཅིག་མེད་བཞུད། །དམ་ཉམས་དགྲ་བོ་སེང་ལྟར་རྔམས་ཤིང་རྒྱུ། །མི་བདེན་རྫུན་གྱིས་འགྲོ་མང་ལོག་ལམ་ཁྲིད། །དེ་འདྲའི་དུས་བྱུང་གཟུ་དང་དཔང་དུ་གསོལ། །
ཉ་ལྟར་ཉམ་ཆུང་ཆུ་བོའི་གཞུང་སོང་ཡང་། །དམ་ཉམས་སྲམ་ལྟར་གཡེལ་མེད་དབང་མེད་འདེད། །རི་དྭགས་བཞིན་དུ་དབེན་པའི་ངོགས་ཉུལ་ཀྱང་། །ཁྲེལ་མེད་དགྲ་བོས་ཁྱི་ལྟར་འཚོལ་དུ་བྱུང་། །འོ་དོད་འབོད་དོ་གཟུ་དང་དཔང་དུ་གསོལ། །གསོས་ན་ཉམ་ཆུང་ཁྱི་ཡང་སྒོ་སྲུང་ཞིང་། །བརྐོས་ན་སྲ་བའི་བྲག་གི་ཆ་འབྱིན་ཀྱང་། །ང་ཡི་སྲུང་མ་ད་ལྟ་གང་དུ་བཞུད། །བདག་ལ་དགོས་པའི་དུས་ནི་དེ་རིང་ལགས། །སྔོན་ནས་བཟུང་སྟེ་དུས་འདི་ཡན་ཆད་དུ། །བཟོད་པར་བསམ་ན་བགྲང་བྱའི་ཡུལ་ལས་འདས། །རི་ལྟར་ལྕི་ཡང་དམ་ཚིག་ཁོ་ནར་བསམ། །ཁུར་བའི་ལྗིད་ནི་རི་རྒྱལ་ཡིན་ཀྱང་ཆུང་། །ད་ནི་བཟོད་པའི་ཡུལ་འདས་བསམ་ཞིང་སྐྱོ། །བསྐུལ་ལོ་བསྐུལ་ལོ་ཐུགས་དམ་གནད་ནས་བསྐུལ། །བཞེངས་ཤིག་བཞེངས་ཤིག་དྲག་པོའི་སྐུར་བཞེངས་ལ། །བསྭོ་བསྭོ་ཕྱོ་ཕྱོ་དམ་ཉམས་དགྲ་ལ་ཕྱོ། །བྷྱོ་བྷྱོ་རྦད་རྦད་གྲུབ་པའི་རྟགས་སྟོན་ཅིག །[ཅེས་གཟུ་དཔང་གསོལ། བྲུབ་ཁུང་མདུན་དུ་བཀོད་ལ།] མདུན་དུ་གནམ་ལྕགས་ཞུན་མའི་བྲུབ་ཁུང་ནི། །རྒྱ་ཆུང་ཁ་རུབ་གཏིང་ཟབ་ངོ་འཚུབ་པ། །སྟེང་ན་མེ་འབར་འོག་ན་ཁྲག་མཚོ་ཁོལ། །སྒོ་དང་སྲུབས་མེད་འཇིགས་ཤིང་སྐྱི་གཡའ་བ། །ཡ་ང་དམྱལ་བའི་ལྕགས་ཁང་ལྟ་བུའི་ནང་། །བདག་ལ་དངོས་བརྒྱུད་བརྣག་པའི་དམ་ཉམས་དགྲ། །སྙིང་ནས་ལྕགས་ཀྱི་ལྕགས་ཀྱུས་
བཏབ་ཅིང་གཟིར། །ལག་གཉིས་བདུད་ཀྱི་ཞགས་པ་ནག་པོས་བསྡམ། །རྐང་གཉིས་གཤིན་རྗེའི་ལྕགས་སྒྲོག་དམ་པོས་བཅིང་། །ངར་ངར་རྒྱོབ་རྒྱོབ་སོད་སོད་སྒྲ་ཡིས་མྱོས། །སྙིང་ནས་སྐྱོ་བོའི་སྨྲེ་ངག་འོ་དོད་འབོད། །འདར་འདར་ཧྲིག་ཧྲིག་བྲོས་དབང་མེད་པར་གྱུར། །[བདེན་སྟོབས་ཀྱིས་འགུགས་པ་ནི།] ན་མོ། རྩ་བརྒྱུད་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། བླ་མ་ཡི་དམ་མཁའ་འགྲོ་གསུམ་གྱི་བཀའ་བདེན་པ་དང་། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་གྱི་བཀའ་བདེན་པ་དང་། ཁྱད་པར་དུ་དམར་པོ་བཙན་གྱི་སྡེ་དཔོན་དགེ་བསྙེན་རྡོ་རྗེ་དགྲ་འདུལ་བཀའ་སྡོད་ལྷ་སྲིན་སྡེ་བརྒྱད་ཀྱི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས། རྣལ་འབྱོར་པ་བདག་ལ་སྔ་དགྲ་བྱས་སུ་ཟིན་པ་ཆུ་ཡི་གཉེར་མ་ལས་མང་བ། ད་དགྲ་བྱེད་དང་བྱ་མུས་ཤིང་གི་ཡལ་ག་ལས་མང་བ། ཕྱིན་ཆད་བརྣག་པའི་བསམ་ངན་སོལ་བ་ལས་ནག་པ། སྡིག་ཅན་དམ་ཉམས་དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་ལུས་དབང་ཐང་རླུང་རྟ་ཚེ་དཔལ་བསོད་ནམས་དང་བཅས་པ་ཐམས་ཅད་མཐོ་རི་བོའི་རྩེ། དམའ་
རྒྱ་མཚོའི་གཏིང་། སྲིད་པ་གསུམ་གྱི་ཁོངས་གར་ཡོད་ཀྱང་སྐད་ཅིག་རང་དབང་མེད་པར་དམིགས་པའི་གཟུགས་ལིངྒ་འདི་ལ་ཁུག་ཅིག །བཛྲ་ཨངྐུ་ཤ་ཡ་ཛཿ བཛྲ་པཱ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བྃ༔ བཛྲ་ཨཱ་བེ་ཤ་ཡ་ཧོཿ ཞེས་ལན་གྲངས་ཉེར་གཅིག་གམ་བདུན་ལས་མི་ཉུང་བར་ཡིད་ཆེས་པར་བཀུག་ལ། ཕོ་ཉ་བསྐུལ་བ་ནི། ཧཱུྃ། མ་གཡེལ་མ་གཡེལ་དུས་ལ་བབ། །དམ་ཚིག་ཁས་བླངས་དུས་ལ་བབ། །བསྟན་དགྲ་སྒྲོལ་བའི་དུས་ལ་བབ། །རྡོ་རྗེ་དགྲ་འདུལ་དུས་ལ་བབ། །དགེ་བསྙེན་ཆེན་པོའི་དུས་ལ་བབ། །མོན་པ་དམར་པོའི་དུས་ལ་བབ། །འགུགས་བྱེད་བཙན་གྱི་དུས་ལ་བབ། །སྒྲོལ་བྱེད་བདུད་ཀྱི་དུས་ལ་བབ། །སྲོག་གཅོད་ཤན་པའི་དུས་ལ་བབ། །བཙན་དམག་འབུམ་སྡེའི་དུས་ལ་བབ། །བདུད་དམག་འབུམ་སྡེའི་དུས་ལ་བབ། །དམ་ཉམས་དགྲ་བོ་སྡིག་ཅན་འདི། །ཕྱི་ཡི་ཕུང་ཁམས་རྩད་ནས་ཆོད། །ནང་གི་གློ་སྙིང་ཐོན་ལ་ཤོག །གསང་བའི་བླ་ཚེ་སྡུས་ལ་ཤོག །གནམ་གྱི་འཇུ་ཐག་ཆོད་ལ་ཤོག །ས་ཡི་རྟེན་ཕུར་ཕྱུང་ལ་ཤོག །མགོན་སྐྱོབ་ལྷ་དང་ཕྲོལ་ལ་ཤོག །དུས་ལ་བབ་བོ་ས་མ་ཡ། །མདུན་ན་བཙན་གྱི་སྡེ་དཔོན་ནི། །འགུགས་བྱེད་དམར་པོ་གློག་ལྟར་འཁྱུག །བཙན་དམར་འབུམ་གྱི་ཚོགས་དང་བཅས། །ལྕགས་ཀྱུས་དགྲ་བོའི་སྙིང་ནས་
དྲོངས། རང་དབང་མེད་པར་ད་ཁུག་ཅིག །ཟུངས་ཤིག་ཨངྐུ་ཤ་ཡ་ཛཿ ། གཡས་ནས་བདུད་ཀྱི་སྟོང་དཔོན་ནི། །སྒྲོལ་བྱེད་ནག་པོ་མུན་ལྟར་གཏིབས། །བདུད་དམག་འབུམ་སྡེའི་ཚོགས་དང་བཅས། །བདུད་ཞགས་དགྲ་བོའི་སྙིང་ལ་ཐོབ། །རང་དབང་མེད་པར་ད་བསྐོར་ཅིག །ཆིངས་ཤིག་བཛྲ་པཱ་ཤ་ཧཱུྃ༔ ། གཡོན་ནག་གཤིན་རྗེའི་སྟོང་དཔོན་ནི། །སྲོག་གཅོད་སྨུག་པོ་མེ་ལྟར་འབར། །གཤིན་རྗེའི་དམག་དཔུང་འབུམ་དང་བཅས། །ལྕགས་སྒྲོག་དགྲ་བོའི་རྐང་ལ་ཐོབ། །རང་དབང་མེད་པར་ད་སྡོམས་ཤིག །སྡོམས་ཤིག་བཛྲ་སྥོ་ཊ་བཾ། །མཐའ་བསྐོར་བཀའ་སྡོད་དམག་དཔུང་རྣམས། །ཟིང་ཟིང་ལོང་ལོང་བུ་ཡུག་འཚུབས། །དུག་དང་མཚོན་གྱི་ཆར་པ་ཕོབ། །རང་དབང་མེད་པར་དྲན་མེད་སྨྱོས། །གཡོ་མེད་ཨཱ་བེ་ཤ་ཡ་ཨ། །[ཞེས་བསྐུལ། ལྷ་དང་དབྱེ་བའི་དོན་དུ་དབྱེ་རྫས་ཀྱིས་འདུག་ཅིང་། བྱ་འུག་གི་སྒྲོས་ཕྱིར་འབྱེད་ཚུལ་བྱས་ལ།] ཧཱུྃ། དམ་ཉམས་དགྲ་བོ་ལས་ངན་སྡིག་ཅན་ལ། །མགོན་སྐྱབས་བྱེད་པའི་འགོ་བའི་ལྷ་ལྔ་ཉོན། །ཞིང་བཅུ་ཚང་བའི་ལོག་འདྲེན་བསྟན་བཤིག་ལ། །མགོན་སྐྱོབ་མ་བྱེད་དཔལ་ཆེན་འབར་བའི་བཀའ། །བདུད་དུ་ཕོབ་ཅིག་བཛྲ་ས་མ་ཡི། །སོ་སོར་དབྱེའོ་མགོན་སྐྱབས་བྲལ་གྱུར་ཅིག །བསྒྲལ་འོས་ཡིན་གྱི་ནམ་ཡང་མ་སྐྱོབ་ཅིག །དམ་ལས་མ་
འདའ་ཐ་ཚིག་ན་ར་ཀན། །དགྲ་ལྷ་དང་ཕྲལ་ལོ་ཤག་ཕྱེ་ཤག་ཕྱེ། །ཕོ་ལྷ་དང་ཕྲལ་ལོ་ཤག་ཕྱེ་ཤག་ཕྱེ། །ཡུལ་ལྷ་དང་ཕྲལ་ལོ་ཤག་ཕྱེ་ཤག་ཕྱེ། །མ་ལྷ་དང་ཕྲལ་ལོ་ཤག་ཕྱེ་ཤག་ཕྱེ། །ཞང་ལྷ་དང་ཕྲལ་ལོ་ཤག་ཕྱེ་ཤག་ཕྱེ། །མ་ཧཱ་མཱ་ར་ཡ་ཕཊཿ [ཅེས་དབྱེ། དེ་ནས་བསྒྲལ་ལས་དངོས་གཞིའི་དོན་དུ་རལ་གྲི་ཐོགས་ལ།] ཧཱུྃ། གཅོད་བྱེད་བཙན་གྱི་རྒྱལ་པོ་ཆེ། །རྡོ་རྗེ་དགྲ་འདུལ་ལས་ཀྱི་མཚོན། །རྣོ་ངར་འབར་བའི་རལ་གྲི་འདིས། །བསྒྲལ་ལོ་ལུས་སེམས་སོ་སོར་དབྱེ། །རྣམ་ཤེས་ཆོས་ཀྱི་དབྱིངས་སུ་ཕཊ། །[ཅེས་ཐོག་མར་རལ་གྲིའི་རྩེ་མོ་སྙིང་གར་བསྣུན་པས་དགྲ་བོའི་སྲོག་རྩ་བཅད། རྣམ་ཤེས་འོད་ཀྱི་ཐིག་ལེའི་རྣམ་པ་སྐར་མདའ་འཕང་བ་ལྟ་བུར་འོག་མིན་དུ་སོང་བར་བསམ་ཞིང་།] ཕཊཿ ཕཊཿ ཕཊཿ [ཅེས་བརྗོད། སླར་ཡང་རལ་གྲིས་གཟུགས་ཕུང་གི་མགོ་བོ་ནས་བརྩམས། ཡན་ལག་བཞི་གཡས་བསྐོར་དུ་བཅད་མཐར་ཁོག་པ་ཕྱེ་ལ་ཅི་བདེར་གཏུབ། རཀྟས་བྲན་ཅིང་མགོ་བོ་སོགས་ཧོམ་གཟར་དུ་ཐོགས་ལ།] ཧཱུྃ། བཙན་རྒོད་འབར་བ་འཁོར་བཅས་ཞལ་ཕྱེས་ཤིག །དམ་ཉམས་དགྲ་བོ་བསྒྲལ་བའི་ཤ་ཁྲག་རུས། །ཟག་མེད་བདུད་རྩིའི་ལོངས་སྤྱོད་ཆེན་པོར་བཞེས། །ལོག་འདྲེན་རྩད་ནས་གཅོད་པའི་ཕྲིན་ལས་མཛད། །སརྦ་ཤ་ཏྲུཾ་བིགཧྣན་མ་ཧཱ་མཱཾ་ས་རཀྟཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་བསྟབ། སླར་ཡང་དྲག་ཏུ་བསྐུལ་ཞིང་རྦད་པ་ནི།] ཧཱུྃ། སྲིད་གསུམ་འཇོམས་པའི་དམག་དཔོན་ནི། །ཞེ་སྡང་མེ་ལྟར་འབར་བའི་རྣམས། །དགྲ་བོའི་སྲོག་རྩ་
ལེན་ལ་སོགས། །སྲོག་དང་དབུགས་ལ་རྔམས་ཟས་གྱིས། །ཧཱུྃ། མི་སྡུག་གཟུགས་སྐུའི་རྫུ་འཕྲུལ་ཇག །དགྲ་དང་བགེགས་ཀྱི་སྟེང་དུ་བསྒྱུར། །མི་སྙན་ངག་གི་དམོད་པའི་མེ། །ལེན་མཁས་དགྲ་འདི་ཡིན་པས་བསྐུལ། །ཧཱུྃ། ལྷ་སྲིན་དྲེགས་པའི་ཇག་དཔོན་ཁྱོད། །ཐུབ་པའི་ལྷ་འདྲེ་གང་ཡང་མེད། །མི་བོ་ཟས་སྐལ་ཡིན་པའི་ཕྱིར། །དགྲ་བོ་མེ་འདྲའི་ལེན་པར་མཛོད། །ཧཱུྃ། ཛ་ཡ་བཙན་གྱི་དམག་དཔུང་ཚོགས། །ཆོ་ཡ་དགྲ་ཡི་སྟེང་དུ་ཆོ། །བྷྱོ་བྷྱོ་བསྐུལ་ལོ་དུས་ལ་བབ། །སོང་ཞིག་དམག་ལ་ད་སོང་ཞིག །དབུས་ན་བཙན་གྱི་སྡེ་དཔོན་ནི། །མི་དམར་ཁྲག་གི་རལ་པ་ཅན། །དབུ་ལ་བསྭེ་རྨོག་རྩེ་རེ་རེ། །སྐུ་ལས་བསྭེ་ཁྲབ་ཁྲ་ལ་ལ། །འཁོར་གསུམ་རལ་གྲི་རྐེད་ལ་བསྐོར། །མདུང་དམར་སྡང་བའི་དགྲ་ལ་རྒྱོབ། །ཞགས་དམར་གནོད་བྱེད་སྐེ་ལ་ཐོབ། །རྟ་དམར་སྟེང་ན་གློག་ལྟར་འཁྱུག །ངར་བའི་ཀྭཾ་སྒྲ་ཡ་ལ་ལ། །རྟ་དམར་རླུང་ལྟར་ཚུབས་སེ་ཚུབ། །ཆོ་ཆོ་སྡང་བའི་དགྲ་ལ་ཆོ། །མདུན་ན་བཙན་གྱི་དམག་དཔོན་ནི། །འགུགས་བྱེད་དམར་པོ་སྲིན་པོའི་གཟུགས། །སྡང་མིག་ཕྱོགས་བཅུར་ཁྲིགས་སེ་ཁྲིག །སྟག་ཆས་དམར་པོ་བ་དན་བསྒྲེངས། །རྟ་དམར་རླུང་ལྟར་ཚུབས་སེ་ཚུབ། །ཆོ་ཆོ་སྡང་བའི་དགྲ་ལ༴ གཡས་ན་བདུད་ཀྱི་
དམག་དཔོན་ནི། །ཀླུ་བདུད་ནག་པོ་སྒྲོལ་བྱེད་རྩལ། །ཨམ་གཙིག་བསྡམ་ནས་ང་རོ་སྒྲོགས། །སྟག་ཆས་ཞགས་ནག་དགྲ་ལ་འཕེན། །རྟ་ནག་རླུང་ལྟར་ཚུབས་སེ་ཚུབ། །ཆོ་ཆོ་སྡང་བའི་དགྲ༴ གཡོན་ནས་གཤིན་རྗེའི་དམག་དཔོན་ནི། །སྲོག་གཅོད་སྨུག་ནག་མཆིན་པའི་མདོག །ཁ་གདངས་མཆེ་བ་ཁྲག་གིས་སྦག །སྟག་ཆས་ཟངས་གྲི་དགྲ་ལ་གཟེར། །རྟ་སྨུག་རླུང་ལྟར་ཚུབས་སེ་ཚུབ། ཆོ་ཆོ་སྡང་བའི་དགྲ་ལ༴ ཕྱོགས་མཚམས་ནམ་མཁའ་ས་གཞི་དང་། །བར་སྣང་གང་བའི་བཙན་གྱི་དམག །ས་བཙན་ཆུ་བཙན་མེ་ཡི་བཙན། །རླུང་བཙན་གནམ་བཙན་ཐོག་གི་བཙན། །བྲག་བཙན་གཡའ་བཙན་ལུང་བཙན་དང་། །དམུ་བཙན་ལ་སོགས་བཙན་གྱི་བདག །ཀྭཾ་སྒྲ་མང་པོ་ཡ་ལ་ལ། །བསྭོ་སྒྲ་མང་པོ་དི་རི་རི། །བཤུག་སྒྲ་སྐྱུར་སྒྲ་ཟིངས་སེ་ཟིང་། །ལ་ལ་ནམ་མཁའི་དབྱིངས་ན་རྒྱུག །ལ་ལ་བར་སྣང་ཁམས་ན་རྒྱུག །ལ་ལ་ཉི་མའི་ཟེར་ལ་རྒྱུག །ལ་ལ་མུན་པའི་དགུང་ན་རྒྱུག །ཆོ་ཡ་ཆོ་ཡ་དེ་རིང་ཆོ། །དེ་རིང་མི་ཆོ་གང་དུ་ཆོ། །སོང་ཞིག་ལས་ལ་ད་སོང་ཞིག །ཧཱུྃ། ཇག་དམར་རལ་དགུ་བརྡབ་ནས་ཁྱོད་རྦད་དོ། །དམ་བསྐུལ་མེ་དཔུང་སྦར་ནས་ཁྱོད་རྦད་དོ། །ལེན་རྩའི་རྩ་བ་བཤད་ནས་ཁྱོད་རྦད་དོ། །དགྲ་བོ་ཚར་གཅོད་ལས་འདི་མྱུར་དུ་
བསྒྲུབ། །[ཞེས་བསྐུལ་ཞིང་རྦད། དོ་གལ་ཆེ་ན་འདི་ཉིད་གྲངས་གང་འོས་བསྐྱར། དེ་ནས་ཟོར་སྒོ་དབྱེ་བའི་སླད་དུ་གསེར་སྐྱེམས་ཐོགས་ལ།] ཧཱུྃ། ང་ཉིད་དཔལ་ཆེན་འབར་བའི་བཀའ་ལ་ཉོན། །དེ་རིང་བཙན་གྱི་དམག་ཚོགས་དགྲ་ལ་འདྲེན། །སྲུང་མའི་སྤྲུལ་པ་གཏོར་ཟོར་འབར་བ་འདིའི། །གདོང་དུ་ལྷ་སྲིན་སུ་ཡང་མ་སྡོད་ཅིག །མཐོ་བ་རྣམས་ཀྱི་ཞབས་བརྐྱང་ད་ལྟ་བསྐུམ། །དམའ་བ་རྣམས་ཀྱི་དབུ་ནི་ད་ལྟ་ཆུམ། །བར་པ་རྣམས་ནི་གཡས་དང་གཡོན་ལ་བྱོལ། །བཙན་གྱི་གཏོར་ཟོར་གནམ་ལྕགས་ཐོག་གི་མདའ། །ཁམས་གསུམ་སྲིད་པ་མ་ལུས་གཡོ་ཞིང་འགུལ། །རི་རབ་བརྡེག་ཅིང་རྒྱ་མཚོ་དྲག་ཏུ་དཀྲུགས། །འུར་འུར་ཆེམ་ཆེམ་འབྲུག་སྟོང་ལྡིར་བའི་སྒྲ། །གློག་དམར་འཁྱུག་ཅིག་དུས་མཐའི་མེ་རླུང་འཚུབས། །རྦད་དོ་རྦད་དོ་དགྲ་བོའི་སྲོག་ལ་ཡ། །[ཞེས་སྒོ་དབྱེ། དེ་ནས་ཞུབ་ཅན་རུ་འདྲེན་གྱིས་སྣ་དྲངས་ཏེ་གཏོར་ཟོར་དགྲ་ཕྱོགས་སམ་བཙན་དང་རཱ་ཧུ་ལའི་རྒྱུ་ཐེབས་དང་བསྟུན་ཁ་ཕྱི་རོལ་ཏུ་ཁྱེར་ལ་གང་དུ་འཕེན་པའི་སར་སླེབས་པ་ན། ཟོར་འཕེན་པ་དངོས་ནི།] ཧཱུྃ། ཆོ་ཆོ་དེ་ནི་དགྲ་ལ་ཆོ། །ཤན་པ་དམར་པོ་དགྲ་ལ་བསྐུལ། །འགུགས་བྱེད་བཙན་གྱི་ཤན་པ་དང་། །སྒྲོལ་བྱེད་བདུད་ཀྱི་ཤན་པ་དང་། །སྲོག་གཅོད་གཤིན་རྗེའི་ཤན་པ་སོགས། །གཡོག་དང་འཁོར་དུ་
བཅས་པ་རྣམས། །གོ་གྱོན་མཚོན་ཐོགས་རྟ་དམར་ཞོན། །དམ་རྫས་བདུད་རྩི་འདི་གསོལ་ལ། །ཅ་ཅོའི་བསྭ་སྒྲ་ད་རྒྱོབ་ཅིག །ལ་ལ་ནམ་མཁའི་ཐོག་སེར་བཞིན། །སིལ་སིལ་ཆོམ་ཆོམ་དགྲ་ལ་རྒྱུག །ལ་ལ་ས་ཡི་དྲེག་པ་བཞིན། །ཉིལ་ཉིལ་ཁྲིག་ཁྲིག་དགྲ་ལ་རྒྱུག །ལ་ལ་བར་སྣང་གློག་བཞིན་དུ། །འུར་འུར་ཆེམ་ཆེམ་དགྲ་ལ་རྒྱུག །ཕྱག་གཡོན་ཞགས་པ་དམར་པོ་ཡིས། །གནོད་བྱེད་དམ་ཉམས་དགྲ་བོ་དེ། །ས་སྟེང་གནམ་འོག་གར་འདུག་ཀྱང་། །མྱུར་བ་ཉིད་དུ་འདིར་ཁུག་ལ། །གཡས་པས་མདུང་དམར་དགྲ་ལ་བསྣུན། །ལུས་ཕུག་དོན་སྙིང་ཚལ་པར་འགེམས། །ཤམ་ཤམ་སྙིང་ཁྲག་ཐང་ལ་ཕོབ། །ལུས་སེམས་གཉིས་པོ་ད་ཕྲོལ་ལ། །ལ་ལས་ཡན་ལག་ལྷུ་དུམ་ཕྲོལ། །ལ་ལས་ནང་ཁྲོལ་ཐོབ་ཤ་བྱོས། །ལ་ལས་ཤ་ཟའི་ཅག་སྒྲ་འདོན། །ལ་ལས་ཁྲག་འཐུང་ཧུབ་སྒྲ་འབྱིན། །ལ་ལས་རུས་པ་ཆེམ་ཆེམ་ཟོ། །ཟོ་ཞིག་འཐུང་ཞིང་དམག་ཚོགས་རྣམས། །དམ་ཉམས་དགྲ་བོ་འཁོར་བཅས་འདི། །ལྷག་མ་མིང་ཡང་མེད་པར་གྱིས། །མི་རབས་རྩད་ནས་ད་ཆོད་ཅིག །[ཅེས་པ་ཙམ་མམ། ཤིན་ཏུ་སྤྲོ་ན་ཟོར་རྫས་རྣམས་རིམ་པར་ཐོགས་ལ།] ཧཱུྃ། སྣང་སྲིད་ལྷ་ཆེན་འདུས་པའི་ཐུན་རྫས་ཆེ། །རྡོ་རྗེའི་ཐོག་ཆེན་འབར་བ་
ཡུངས་དཀར་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་ཕྱེ་མར་ཐོངས་ཤིག་མཱ་ར་ཡ། །ཧཱུྃ། སྣང་སྲིད་གཤིན་རྗེ་འདུས་པའི་ཐུན་རྫས་ཆེ། །སྤུ་གྲི་རེག་གཅོད་རྣོ་ངར་རལ་གྲིའི་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་ཕྱེ་མར་ཐོངས་ཤིག་མཱ་ར་ཡ། །ཧཱུྃ། སྣང་སྲིད་མ་མོ་འདུས་པའི་ཐུན་རྫས་ཆེ། །དམར་བཤལ་ཡམས་ནད་འཁྲུགས་པ་ཁྲག་གི་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་ཕྱེ་མར་ཐོངས་ཤོག་མཱ་ར་ཡ། །ཧཱུྃ། སྣང་སྲིད་བདུད་རྣམས་འདུས་པའི་ཐུན་རྫས་ཆེ། །འཇིགས་རུང་གློག་ལྟར་འཁྱུག་པ་མཚེ་ཡི་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། རྡུལ་ཕྲན་ཕྱེ་མར་ཐོངས་ཤོག་མཱ་ར་ཡ། །ཧཱུྃ། སྣང་སྲིད་གཟའ་ཆེན་འདུས་པའི་ཐུན་རྫས་ཆེ། །ཐོག་ལྟར་འབེབ་ཅིང་འཁྱུག་པ་མདའ་ཡི་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། རྡུལ་ཕྲན་ཕྱེ་མར་ཐོངས་ཤོག་མཱ་ར་ཡ། །ཧཱུྃ། སྣང་སྲིད་རྒྱལ་འགོང་འདུས་པའི་ཐུན་རྫས་ཆེ། །རི་བོ་རྦབ་ཏུ་ཉིལ་བ་རྡོ་ཡི་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། །རྡུལ་ཕྲན་ཕྱེ་མར་ཐོངས་ཤིག་མཱ་ར་ཡ། །ཧཱུྃ། སྣང་སྲིད་གནོད་སྦྱིན་འདུས་པའི་ཐུན་རྫས་ཆེ། །ཟུར་གསུམ་དཔལ་ལྡན་དགྲ་བོ་མི་ཁའི་
ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། རྡུལ་ཕྲན་ཕྱེ་མར་ཐོངས་ཤིག་མཱ་ར་ཡ། །ཧཱུྃ། སྣང་སྲིད་ཀླུ་བདུད་འདུས་པའི་ཐུན་རྫས་ཆེ། །གློ་བུར་ཧུར་ཐུམ་ཕོག་འགྱེལ་དུག་གི་ཟོར། །དེ་རིང་དགྲ་བོའི་གཟུགས་ཕུང་རྟེན་ལ་ཡ། རྡུལ་ཕྲན་ཕྱེ་མར་ཐོངས་ཤོག་མཱ་ར་ཡ། །[ཞེས་ཟོར་ཆ་བརྒྱད་དང་།] ཧཱུྃ། ས་བཙན་འདུས་པ་ལྟས་ངན་འབྱུང་བའི་རྫས། །གདུག་པའི་ཕུང་ས་མ་རུངས་ས་ཡི་ཟོར། །དེ་རིང་དགྲ་བོའི་ཡུལ་མཁར་རྟེན་ལ་ཡ། །ས་གཡོ་རི་འགུལ་གངས་རྡིབ་ལ་སོགས་པའི། །རྟགས་མཚན་སྣ་དགུ་སྟོན་ཅིག་མཱ་ར་ཡ། །ཧཱུྃ། ཆུ་བཙན་འདུས་པ་ལྟས་ངན་འབྱུང་བའི་རྫས། །ལྐུག་པ་ཕུག་རྡུག་དུག་མཚོ་ཆུ་ཡི་ཟོར། །དེ་རིང་དགྲ་བོའི་ཡུལ་མཁར་རྟེན་ལ་ཡ། །སེར་རྒོད་ཤ་འུད་མཚོ་རྡོལ་ལ་སོགས་པའི། །རྟགས་མཚན་སྣ་དགུ་སྟོན་ཅིག་མཱ་ར་ཡ། །ཧཱུྃ། མེ་བཙན་འདུས་པ་ལྟས་ངན་འབྱུང་བའི་རྫས། །རབས་ཆད་དུག་མེ་རང་འབར་མེ་ཡི་ཟོར། །དེ་རིང་དགྲ་བོའི་ཡུལ་མཁར་རྟེན་ལ་ཡ། །མེ་ཤོར་ཐན་རྒོད་ཆུ་སྐམ་ལ་སོགས་པའི། །རྟགས་མཚན་སྣ་དགུ་སྟོན་ཅིག་མཱ་ར་ཡ། །ཧཱུྃ། རླུང་བཙན་འདུས་པ་ལྟས་ངན་འབྱུང་བའི་རྫས། །བུ་ཡུག་འཚུབས་མ་དུག་རླུང་འཁྲུགས་པའི་ཟོར། །དེ་རིང་དགྲ་བོའི་ཡུལ་མཁར་རྟེན་ལ་ཡ། །གནམ་ས་གཡོ་འགུལ་གཏོར་བཤིག་ཕུང་རལ་སོགས། །རྟགས་
མཚན་སྣ་དགུ་སྟོན་ཅིག་མཱ་ར་ཡ། །[ཞེས་སོ་སོར་རྦད་སྔགས་བརྗོད་བཞིན་དུ་འབྱུང་བཞིའི་ཟོར་རྣམས་འཕེན། གང་ལྟར་གཏོར་ཆེན་དངོས་ཐོགས་ལ། གཏོར་མའི་ལྷ་ཡེ་ཤེས་པ་རྟེན་ལ་བསྟིམ། དམ་ཚིག་པ་ནད་དུག་མཚོན་ཆའི་ཕུང་པོར་གྱུར་པར་བསམ་ཞིང་།] ཧཱུྃ། དགྲ་བོའི་ཡུལ་དུ་དམག་འདྲེན་ནོ། །དམག་དཔོན་རྡོ་རྗེ་དགྲ་འདུལ་རྩལ། །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །མདུན་ནས་འགུགས་བྱེད་བཙན་གྱི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །གཡས་ནས་སྒྲོལ་བྱེད་བདུད་ཀྱི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །གཡོན་ནས་སྲོག་བཅད་གཤིན་རྗེའི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །ཤར་ནས་ཆུ་བཙན་ཀླུ་ཡི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །ལྷོ་ནས་ས་བཙན་རྨུ་ཡི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །ནུབ་ནས་མེ་བཙན་ཐོག་གི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །བྱང་ནས་རླུང་བཙན་བུ་ཡུག་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །སྟེང་ནས་གནམ་བཙན་གཡའ་ཡི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །ཕྱོགས་མཚམས་སྣང་སྲིད་བཙན་གྱི་དམག །ཆོ་ཡ་ཆོ་ཡ་དགྲ་ལ་ཆོ། །དོ་ནུབ་ཉི་མའི་དམར་ཐག་ལ། །དགྲ་ཤ་ཟོ་ལ་དགྲ་ཁྲག་འཐུང་། །ཡུལ་མཁར་བཅས་པ་རྨིང་མེད་ཐོངས། །བསད་རྟགས་དོན་སྙིང་ཁྱེར་ལ་ཤོག །སད་སད་དགྲ་བོའི་སྙིང་ལ་རྒྱོབ། །བརླག་པར་གྱུར་ཅིག་མཱ་ར་ཡ། །[ཅེས་གཏོར་ཟོར་རྔམས་སྟབས་སུ་འཕང་བས་
དགྲ་བོའི་གནས་ལུས་ལོངས་སྤྱོད་དང་བཅས་པ་ཁ་ཕུང་རྗེས་མེད་དུ་བཏང་བར་བསམ་ལ་ཐལ་མོ་དང་རྡུལ་མོ་བརྡབ། བདག་ཉིད་འཁོར་བཅས་རྡོ་རྗེའི་གུར་དུ་ཚུད་པར་བསམ་ལ་ལོག །སྒོ་དྲུང་དུ་གཏོར་སྣོད་ཁ་སྦུབས་པའི་འོག་ཏུ་དགྲ་འདྲེ་བཀུག་ཅིང་མནན་པར་བསམ་ལ་རྡོ་རྗེའི་རྒྱས་བཏབ་ཅིང་། ལས་གཞུང་གསལ་བརྟེན་པའི་རྟ་བྲོ་བརྡུངས་མཐར་གཏོར་སྣོད་བཟེད་པར་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། སྒྲུབ་ཁང་ནང་དུ་ལོག་ནས་སླར་ཡང་གཏང་རག་གི་གསོལ་མཆོད་རྒྱས་པར་བྱས་མཐར། མངའ་གསོལ་འབུལ་བ་ནི།] ཧཱུྃ། རྣམ་དག་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྡང་དགྲ་འདུལ་ཕྱིར་དྲག་པོའི་ཚུལ་བཟུང་བ། །དགེ་བསྙེན་ཆེན་པོ་ཇག་པ་མེ་ལེན་རྩལ། །དབུ་འཕང་གཉན་པོ་བདག་གིས་འདིར་བསྟོད་དོ། །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛད་པའི་ཕྱིར། །མཁའ་དབྱིངས་ཉི་ཟླའི་ལམ་དང་ལྷུན་པོའི་རྩེར། །མངའ་གསོལ་འབུལ་ལོ་བཙན་དམར་ཇག་པའི་ཚོགས། །དགྱེས་པ་རབ་བསྐྱེད་དཔའ་བའི་ངར་སྐད་སྒྲོགས། །རྩིབས་སྟོང་འཁོར་ལོ་འདོད་འབྱུང་བསམ་འཕེལ་དབང་། །ཡིད་འོང་བཙུན་མོ་བློ་ལྡན་ཁྱིམ་བདག་མཆོག །ཐལ་དཀར་གླང་པོ་རྩལ་ལྡན་ཅང་ཤེས་རྟ། །གཡུལ་རྒྱལ་དམག་དཔོན་རིན་ཆེན་སྣ་བདུན་གྱིས། །གཏང་རག་མངའ་གསོལ་འབུལ་ལོ་གཟི་བྱིན་བསྐྱེད། །ལྟ་བའི་དབུ་རྨོག་སྦྱིན་པའི་དར་འཕྲུ་གཡོ། །ཚུལ་ཁྲིམས་གོ་ཁྲབ་བཟོད་པའི་ཕུབ་ཆེན་མཛེས། །
བརྩོན་འགྲུས་མདུང་དམར་བསམ་གཏན་ཞགས་དམར་འགྱེད། །ཤེས་རབ་རལ་གྲི་ཐབས་ཤེས་མདའ་གཞུ་འགེངས། །ལོག་རྟོག་དགྲ་འདུལ་དཔའ་བའི་ཆས་གོས་ཀྱིས། །གཏར་རག་མངའ་གསོལ་འབུལ་ལོ་གཟི་བྱིན་བསྐྱེད། །བཀྲ་ཤིས་དོན་ཀུན་གྲུབ་པའི་གཏང་རག་ལགས། །[ཞེས་མངའ་གསོལ་བྱ། གཞན་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་གཞུང་བཞིན་མཐར་དབྱུང་བས་ལེགས་པར་གྲུབ་བོ། །ཞེས་པའང་སྔ་འགྱུར་བསྟན་པའི་གསལ་བྱེད་སོག་རྩེ་སྤྲུལ་པའི་སྐུ་ཀུན་བཟང་བསྟན་འཛིན་རྒྱལ་མཚན་ནས་དབང་དང་དྲག་པོའི་རྫས་ལ་མངགས་པའི་རྟེན་དང་བཅས་ཏེ་དོན་གཉེར་ཆེན་པོའི་གསུང་གིས་ཡང་ཡང་ནན་དུ་བསྐུལ་བ་ལས། དུས་མཐའི་སྔགས་ནག་རྒན་པོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཡིག་རྙིང་རྩ་བ་གཞིར་བཞག་ལ་སྐབས་སུ་བབས་པའི་ཚིག་ཕྲེང་ཅི་རིགས་དང་བཅས་ལག་ལེན་རྣམ་གསལ་འཇུག་བདེའི་ཚུལ་དུ། ཞི་བ་ཞེས་པ་ས་མོ་བྱའི་ལོ་སྣྲོན་ཉ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པའི་ཉིན་གྱི་དགོང་མོ་ཉི་མ་དམར་ཐག་ཆད་པའི་དུས་སུ་སྟན་ཐོག་གཅིག་ལ་ཤར་མར་སྤེལ་བ་ལས། ཐོག་མའི་ཡི་གེ་པ་ནི་སྔགས་ཀྱི་དབང་ཕྱུག་བར་མཚོ་བ་ཚེ་རིང་དཔལ་འབྱོར་གྱིས་མཛད་པ་ཛ་ཡནྟུ།། །།]
རླུང་ལྷར་ཕྲིན་བཅོལ།
༄༅། །[རླུང་ལྷར་ཕྲིན་བཅོལ་ནི། མཆོད་གཏོར་གསེར་སྐྱེམས་བཤགས་པ་བདུད་རྩིར་སྦར་ལ།] ཧཱུྃ། ནུབ་བྱང་མཚམས་ཀྱི་ཕྱོགས་དག་ན། །རི་རབ་ཆེན་པོའི་ཁོང་གསེང་ན། །དཔག་བསམ་ཤིང་ལ་གནས་བཅས་པའི། །རླུང་ལྷ་ཡབ་ཡུམ་མིང་སྲིང་ཚོགས། །གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས། །དྲེགས་པའི་དམག་ཚོགས་གཤེགས་སུ་གསོལ། །ཨོཾ་ཝ་ཨ་ཝེ་ཨ་ཡ་མ་དུ་རུ་ཙ་ཤ་ན་ཨ་ཀ་ཙ་ཊ་ཏ་པ་ཡ་ཤ་ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛ་ལྷན། [ཅེས་སྤྱན་དྲངས་ལ།] ཨརྒྷཾ་[སོགས་ཀྱིས་མཆོད།] གཏོར་མ་ཨོཾ་ཨཱཿཧཱུྃ་[གིས་བྱིན་གྱིས་བརླབ།] ཨ་ཀཱ་རོ[ས་བསྔོས་ལ།] ཧོཿ རླུང་ལྷ་ཡབ་ཡུམ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་དམིགས་བྱ་བསྟན་དགྲ་འགོང་པོའི་ཡུལ་ཁམས་ཐམས་ཅད་བརླག་པར་གྱིས་ཤིག །ལས་བྱེད་གྲོང་ཁྱེར་གྱི་མི་རྣམས་ཐམས་ཅད་ནང་འཐབ་ཏུ་ཆུག་ཅིག །ནང་འཁོན་དུ་ཆུག་ཅིག །ཕུར་དུ་ཆུག་ཅིག །བརླག་ཏུ་ཆུག་ཅིག །ཡུལ་འབྱིན་དུ་ཆུག་ཅིག །ཕྱེ་ཞིག །དཀྲུགས་ཤིག །གཏོར་ཅིག །ལོ་དང་ཟླ་བར་མ་འགོར། ཞག་དང་ཟ་མར་མ་འགྱངས་པར་ད་ལྟ་ཉིད་དུ་གསོད་ཅིང་བརླག་པའི་ཕྲིན་ལས་མཛོད་ཅིག །
ཧཱུྃ། རླུང་ལྷ་ཡབ་ཡུམ་མིང་སྲིང་གནམ་ཐེ་དཀར། །མི་ཁའི་བུ་མོ་དྲེགས་པའི་དམག་ཚོགས་ལ། །གུས་པས་འདུད་དོ་ཡིད་ལ་བརྣག་པའི་དགྲ། །དྲག་པོའི་ལས་ཀྱིས་མྱུར་དུ་བརླག་པར་མཛོད། །ཧཱུྃ། ནུབ་བྱང་རླུང་ལྷ་འཁྲུགས་པའི་དུར་ཁྲོད་ནས། སྣོད་བཅུད་འབྱུང་བ་དཀྲུག་པའི་མཐུ་བོ་ཆེ། །ཡབ་ཡུམ་མིང་སྲིང་དྲེགས་པའི་དམག་ཚོགས་རྣམས། །དྲག་པོའི་ཕྲིན་ལས་མཛད་པའི་དུས་ལ་བབ། །གསང་བདག་ཕྱག་ན་རྡོ་རྗེའི་སྤྱན་སྔ་རུ། །ཇི་ལྟར་ཁས་བླངས་དམ་བཅས་དྲན་མཛོད་ལ། །ཡིད་ལ་བརྣག་པའི་བསྟན་དགྲ་འགོད་པོའི་སྡེ། །འབྱུང་བ་རླུང་ནག་འཁྲུགས་པའི་རྟ་ལ་བསྐྱོན། །སྟོང་གསུམ་སྲིད་པའི་ཕ་མཐར་སྐྲོད་པ་དང་། །རྗེས་མེད་ཐལ་བར་བརླག་པའི་ཕྲིན་ལས་མཛོད། །ཤག་ཤག་ཕྱེ་ཕྱེ་དཀྲུགས་དཀྲུགས་གཏོར་གཏོར་བྱེར་བྱེར་ཕུང་ཕུང་བརླག་བརླག་ཡཾ་ཨུ་ཙ་ཏ་ཡ་གནོད་བྱེད་འབྱུང་པོ་མཱ་ར་ཡ་ཕཊ། [ཅེས་དུས་དྲུག་ཏུ་ཕྲིན་ལས་བཅོལ་བསྐུལ་ནན་ཏན་དུ་བྱའོ། །ཞེས་པའང་དྲག་སྔགས་ལས་གཞུང་ལས་ཁོལ་དུ་ཕྱུངས་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
གསོལ་མཆོད་སྐོང་ཕྲིན་སྣ་ཚོགས་པའི་སྐོར་དགོས་འབྱུང་ནོར་བུའི་གྲུ་ཆར།
ལེགས་ལྡན་ཚོགས་ཀྱི་བདག་པོའི་གཏོར་ཆོག་སྙིང་པོར་དྲིལ་བ།
༄༅། །གསོལ་མཆོད་སྐོང་ཕྲིན་སྣ་ཚོགས་པའི་སྐོར་དགོས་འབྱུང་ནོར་བུའི་གྲུ་ཆར་ཞེས་བྱ་བ་བཞུགས་སོ། །
༄༅། །[ལེགས་ལྡན་ཚོགས་ཀྱི་བདག་པོའི་གཏོར་ཆོག་སྙིང་པོར་དྲིལ་བ་བཞུགས།]༈ ཨོཾ་སྭ་སྟི། [རྒྱུད་མགོན་ལེགས་ལྡན་ཚོགས་ཀྱི་བདག་པོའི་གཏོར་ཆོག་བྱ་བར་འདོད་པས། གཙང་མའི་སྣོད་དུ་བཤོས་བུ་གྲུ་གསུམ་བརྗིད་ལྡན། མདུན་དུ་ཡུམ་དང་ཕྱོགས་བཞིར་བཀའ་སྡོད་བཞི་རྣམས་ལ་བཤོས་ཕྲན་རེ་བཅས་མཐེབ་ཀྱུས་བསྐོར། །སྨན་རཀ་ཉེར་སྤྱོད་སོགས་མཆོད་རྫས་རྣ]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་
འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] མདུན་རྟེན་སྭ་བྷཱ་ཝ[ས་སྦྱང་།] མདུན་དུ་རབ་འཇིགས་དུར་ཁྲོད་གཞལ་ཡས་དབུས། །པད་ཉི་མི་རོ་རྟ་རོའི་གདན་གྱི་སྟེང་། །ཧཱུྃ་ལས་ལེགས་ལྡན་ཚོགས་ཀྱི་བདག་པོ་ནི། །མཐིང་ནག་ཐུང་ཞིང་སྦོམ་ལ་ཡན་ལག་རགས། །ཁྲོས་འཁྲུགས་རྔམ་བརྗིད་གྲི་ཐོད་སྟེང་འོག་འཛིན། །མཆན་གཡས་བེང་གཟིར་ལྷ་བདུད་དམག་དཔུང་འགྱེད། །དར་ནག་འཇོལ་བེར་དུར་ཁྲོད་ཆས་ཀྱིས་བརྒྱན། །སག་ཏིའི་ལྷམ་གསོལ་གཡོན་བརྐྱང་སྟབས་ཀྱིས་འགྱིང་། །བསྐལ་མེའི་ཀློང་དུ་ཁམས་གསུམ་
ཟིལ་གནོན་སྐུའི། །སྤྱི་བོར་བྱ་ཁྱུང་སྟ་ཟུར་སེངྒེ་དང་། །རྩིབས་ལོགས་འཕར་དྲེད་ཞབས་ལས་སྟག་མོ་འཕྲོ། །ཡུམ་ཆེན་ཀྲོ་ངྷི་ཤྭ་རི་མ་དང་རྩེ། །ལས་མགོན་བཀའ་སྡོད་དྲེགས་པ་སྡེ་བཞི་དང་། །ཕོ་ཉ་ཡང་སྤྲུལ་དམག་ཚོགས་བསམ་མི་ཁྱབ། །ཀུན་ཀྱང་ཕྲིན་ལས་འདོད་རྒུར་བསྒྱུར་བའི་ཚུལ། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །[ཞེས་གསལ་བཏབ་ལ།] ཧཱུྃ། ལང་ཀ་ཡུལ་གྱི་གྲོང་བརྡལ་གྱི། །དབུས་ཀྱི་རི་བོ་མ་ལ་ཡ། །ཀོ་ཀ་ཐང་མར་རྒྱ་མཚོའི་དོ། །དྲག་ཤུལ་ཡོད་པའི་རྩེ་མོ་རུ། །དཔལ་ཆེན་རྡོ་རྗེ་སྲིན་པོ་ཡིས། །བདུད་ཀྱི་སྡེ་རྣམས་བཏུལ་ནས་ཀྱང་། །གསང་སྔགས་འཁོར་ལོ་བསྐོར་བའི་ཚེ། །མིང་གི་དབང་བསྐུར་བྲན་དུ་ཁས་བླངས་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་ཚོགས་ཀྱི་བདག །མགོན་པོ་ནག་པོ་ཆེན་པོ་དང་། །ཉེ་གནས་ཀྲོ་ངྷི་ཤྭ་རི་མ། །ཡབ་ཡུམ་གཉིས་སུ་མེད་པའི་འཁོར། །ལང་ཀའི་བདག་པོ་ལ་སོགས་དང་། །སླས་དང་བྱི་མོ་བྲན་མོའི་ཚོགས། །འདུས་པ་ཆེན་པོའི་རྣལ་འབྱོར་པ། །ཕོ་མོ་འཁོར་དང་བཅས་པ་རྣམས། །སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར། །གནས་འདིར་སྤྱན་འདྲེན་གཤེགས་
སུ་གསོལ། །ཨོཾ་ཨེ་ཧྱེ་ཧི་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏིས་པ་རི་ཝཱ་ར་མ་ཧཱ་ཀ་རུ་ཎི་ཀ་དྲི་ཤྱ་ཧོ་ས་མ་ཡ་སྟྭཾ་ཨཱ་ཀཪྴ་ཡ་ཧཱུྃ་ཛཿ ཨེ་ཨཱ་རལླི་ཧྲཱིཾ་ཧྲཱིཾ་ཛ་ཛཿ [ཞེས་སྤྱན་དྲངས།] ས་མ་ཡ་སྟྭཾ་ཏིཥྠ་བཛྲ་[ཞེས་བཞུགས་སུ་གསོལ།] ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ[ས་ཕྱག་བྱ།] ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་པ་ཏི་ས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས་]ཤཔྡ་པཱུ་ཛ་ཧོཿ[འི་བར་གྱིས་ཕྱི་མཆོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཨོཾ་བྷུ་རུ་ཀུ་རུ་ཨི་ཙི་ཀི་བྱི་ཨུ་ཙུསྨ་ཀྲོ་ངྷ་ཧཱུྃ་ཕཊ། ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ།] ཧཱུྃ། ལྷ་ཡི་སྡེ་དཔོན་ཚོགས་ཀྱི་བདག །ལེགས་ལྡན་ནག་པོ་མཐུ་བོ་ཆེ། །ཉེ་གནས་ཀྲོ་ངྷཱི་ཤྭ་རི་མ། །གིང་དང་གནོད་སྦྱིན་སྲིན་པོ་དང་། །མ་མོ་མཁའ་འགྲོ་ཕོ་ཉ་དང་། །སྤྲུལ་པ་ཡང་སྤྲུལ་འཁོར་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །དེང་འདིར་བཅོལ་བའི་ཕྲིན་ལས་མཛོད། །སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས། །དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད། །སློབ་དཔོན་སྐུ་
དགྲ་ཁྱོད་ཀྱིས་ཐུལ། །སྒྲུབ་པ་པོ་ཡི་སྡོང་གྲོགས་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། གཏོར་མ་སྟོབ་ལ་ནོངས་པ་བཟོད་པར་གསོལ། ཡེ་ཤེས་པ་རྟེན་ལ་བསྟིམ་ཞིང་དམ་ཚིག་པ་རང་ལ་བསྡུ། དགེ་བསྔོ་དང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་རྒྱུན་གྱི་གཏོར་ཆོག་འཇུག་པ་བདེ་བའི་ཆེད་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།]
གཟའ་མཆོག་རཱ་ཧུ་ལའི་གཏོར་ཆོག་སྙིང་པོར་དྲིལ་བ།
༈ [གཟའ་མཆོག་རཱ་ཧུ་ལའི་གཏོར་ཆོག་སྙིང་པོར་དྲིལ་བ་བཞུགས་སོ། །]༈ ཨོཾ་སྭསྟི། [བཀའ་སྲུང་ཁྱབ་འཇུག་ཆེན་པོའི་གཏོར་ཆོག་བྱ་བར་འདོད་པས། གཙང་མའི་སྣོད་དུ་དམར་གཏོར་གྲུ་གསུམ་གཡས་དཀྱུས་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་མཐུན་རྫས་ཀྱིས་གཏམས་པ་དང་། སྨན་རཀ་ཉེར་སྤྱོད་སོགས་མཆོད་རྫས་སུ་འོས་པ་ཅི་འབྱོར་བཤམ་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་སྐྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] མདུན་རྟེན་སྭ་བྷཱ་[ཝས་སྦྱང་།] མདུན་དུ་དུར་ཁྲོད་མེ་རླུང་ཁྲག་མཚོའི་དབུས། །གཟའ་མཆོག་ཆེན་པོ་མི་བཟད་དུང་ཁའི་མདོག །དབུ་དགུ་སྟེང་ཞལ་བྱ་
རོག་གདོང་གིས་མཚན། །ཁྲོས་འཁྲུགས་རྔམས་བརྗིད་ལུས་ཀུན་མིག་གིས་གང་། །ཕྱག་བཞིས་ཆུ་སྲིན་རྒྱལ་མཚན་སྦྲུལ་ཞགས་དང་། །རྭ་ཡི་མདའ་གཞུ་འགེང་ཞིང་དགྲ་སྙིང་གཟིར། །སྐུ་སྨད་སྦྲུལ་མཇུག་དུར་ཁྲོད་ཆས་ཀྱིས་བརྒྱན། །སྤྲུལ་པའི་གཟའ་བརྒྱད་སྲིང་བཞི་རྒྱུ་སྐར་སོགས། །འཇིགས་བྱེད་དྲེགས་པའི་ཚོགས་ཀྱི་དབུས་ན་རོལ། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །[ཞེས་གསལ་བཏབ་ལ།] ཧཱུྃ། སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཁས་བླངས་དམ་བཅས་ནག་པོ་མཐུ་བོ་ཆེ། །གཟའ་ཆེན་སྡེ་བརྒྱད་སྲིང་བཞི་རྒྱུ་སྐར་བཅས། །ཚུར་སྤྱོན་ཚུར་སྤྱོན་གནས་འདིར་བཞུགས་སུ་གསོལ། །བཛྲ་ས་མཱ་ཛཿ [ཞེས་སྤྱན་དྲངས།] ས་མ་ཡ་ཏིཥྠ་ལྷན་[གྱིས་བཞུགས་སུ་གསོལ།] ཧཱུྃ། སྤོས་དང་མེ་ཏོག་སྣང་གསལ་ལ་སོགས་དང་། །ཛ་གད་ཕུད་དང་པཉྩ་ཨ་མྲྀ་ཏ། །ཕྱི་ནང་གསང་བའི་མཆོད་སྤྲིན་རྒྱ་མཚོ་དང་། །དངོས་འབྱོར་ཏིང་འཛིན་དགོངས་ཀློང་དག་པས་མཆོད། །ཨོཾ་རཱ་ཧུ་ལ་ས་པ་རི་ཝཱ་ར་བྷྱཿ ཨརྒྷཾ་[ནས་]ཤཔྡ་པྲ་ལྷའི་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་ཉེར་
སྤྱོད་དང་སྨན་རཀ་སྟོབ།] ཧྲཱི་ཤག་རུ་རག་རཾ་ནཱ་ག་ཙིཏྟ་ཏྲཾ་མ་མ་ཡོ་ཟ་འགྲམ་ཧ་ཧ་ག་ཤ་ལ་ཛཿཛཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ལ།] ཧཱུྃ། སྲིན་པོའི་གཟུགས་ཀྱི་གདུག་པ་ཅན། །ཚར་གཅོད་བྱང་ཆུབ་སེམས་དཔའ་སྟེ། །མཚན་གསོལ་གཟའ་མཆོག་རཱ་ཧུ་ལ། །དམ་ཚིག་ཅན་ལ་བདག་བསྟོད་དོ། །རིག་འཛིན་སྲོག་ཤིང་གཏེར་གྱི་བདག །གཙུག་ལག་གཉན་སྲུང་མཐུ་བོ་ཆེ། །རྣལ་འབྱོར་དགྲ་ལྷ་ཐུགས་དམ་ཅན། །དམ་ཉམས་སྲོག་གཅོད་གཙོ་ལ་བསྟོད། །ཁྱོད་ཀྱི་བཀའ་ཉན་གདོང་མོ་བཞི། །རྫུ་འཕྲུལ་རི་རབ་ཐལ་བར་རློག །ནད་དང་མཚོན་གྱི་བདག་མོ་སྟེ། །མཐུ་སྟོབས་ཅན་ལ་བདག་བསྟོད་དོ། །མི་བཟད་དྲག་གཏུམ་རྔམས་པའི་ཚོགས། །གཟའ་བརྒྱད་ལྷ་སྲིན་སྡེ་བརྒྱད་དང་། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་སོགས། །ཕོ་ཉ་ཡང་སྤྲུལ་ཚོགས་ལ་བསྟོད། །[ཅེས་བསྟོད་ཅིང་།] སློབ་དཔོན་པདྨ་འབྱུང་གནས་ཀྱིས། །སིནྡྷུ་རྒྱ་མཚོའི་མཚོ་གླིང་དུ། །ནམ་མཁའི་གཟའ་རྣམས་དམ་ལ་བཏགས། །ཁས་བླངས་བཞིན་དུ་ཕྲིན་ལས་མཛོད། །སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ། །གསང་
སྔགས་བཀའ་ཡི་བསྟན་པ་སྲུངས། །དགྲ་བགེགས་དཔུང་རྣམས་རྡུལ་དུ་རློག །མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད། །[ཅེས་ཕྲིན་ལས་གསོལ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན་པར་བྱའོ། །ཞེས་པའང་རྒྱུན་གྱི་གཏོར་ཆོག་འཇུག་པ་བདེ་བའི་ཆ་རྐྱེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
དམ་ཅན་རྡོ་རྗེ་ལེགས་པའི་གཏོར་ཆོག་སྙིང་པོར་དྲིལ་བ།
༈ [དམ་ཅན་རྡོ་རྗེ་ལེགས་པའི་གཏོར་ཆོག་སྙིང་པོར་དྲིལ་བ་བཞུགས་སོ། །] ༈ ཨོཾ་སྭ་སྟི། [དམ་ཅན་སྐྱེས་བུ་ཆེན་པོའི་གཏོར་ཆོག་བྱ་བར་འདོད་པས། གཙང་མའི་སྣོད་དུ་གཏོར་མ་གྲུ་བཞི་མཁར་ཐབས་བ་གམ་ཅན་གྱི་ཁར་བཙན་བཤོས་ར་མགོས་བརྒྱན་ཅིང་། རྩ་བར་དཀར་བཤོས་བཅུ་གཉིས། མཐར་སྐོར་དུ་མཐེབ་ཀྱུ་བཅོ་ལྔས་བསྐོར་བ་མཐུན་རྫས་ཀྱིས་གཏམས་པ་དང་། སྨན་རཀ་ཉེར་སྤྱོད་སོགས་མཆོད་རྫས་སུ་འོས་པ་ཅི་འབྱོར་བཤམ་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་སྟེང་། །བྷནྡྷའི་སྣོད་དུ་ཤ་ལྔ་བདུད་རྩི་ལྔ། །བསྐོལ་ཞིང་འོད་ཞུ་ཟག་མེད་བདུད་རྩིའི་བཅུད། །འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་འཕྲོ་བར་གྱུར། །ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] མདུན་རྟེན་སྭ་བྷཱ་ཝ[ས་སྦྱང་།] མདུན་དུ་རཀྟའི་རྒྱ་མཚོ་འཁྲུགས་པའི་ཀློང་། །ཕ་ཝཾ་ལོང་བུའི་སྐུ་མཁར་
མཐོ་བརྗིད་དབུས། །སྐྱེས་བུ་ཆེན་པོ་དམར་ནག་འཇིགས་པའི་གཟུགས། །ཕྱག་གཉིས་རྡོ་རྗེ་དང་ནི་དགྲ་སྙིང་འཛིན། །དར་བེར་སག་ཞུ་སྟག་རལ་གཟིག་ཤུབ་བཅང་། །ཁྲོ་གཏུམ་རྔམས་ཚུལ་རྩལ་ལྡན་སེང་གེ་ཆིབས། །གིང་ཆེན་སྡེ་བཞི་བརྟན་མ་བཅུ་གཉིས་དང་། །མཆེད་འཁོར་དགེ་བསྙེན་སུམ་བརྒྱ་དྲུག་ཅུ་སོགས། །ཟ་བྱེད་ལས་མཁན་དྲགས་པའི་དབུས་ན་རོལ། །གནས་གསུམ་འོད་ཀྱིས་ཡེ་ཤེས་སྤྱན་དྲངས་གྱུར། །[ཞེས་གསལ་བཏབ་ལ།] ཀྱེེ། རྒྱལ་བ་ཤཱཀྱའི་བསྟན་པ་ལ། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། བསྟན་པ་སྲུང་བའི་མཐུ་རྩལ་ཅན། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །གཙུག་ལག་ཆོས་འཁོར་དབེན་གནས་དང་། །གནས་མཆོག་དམ་པ་གར་བཞུགས་ཀྱང་། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ནོ། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་སཱ་ངྷུ་ཏྲི་ཤཱུ་ལ་ཛ་ཧཱུྃ་བཾ་ཧོཿ ས་མ་ཡ་ཛཿཛཿ [ཞེས་པས་སྤྱན་དྲངས།] ཧཱུྃ། དམ་ཅན་སྐྱེས་བུ་འཁོར་དང་བཅས། །དེང་གི་གནས་མཆོག་དམ་པ་འདིར། །དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོལ། །ཕྱག་འཚལ་མཆོད་པ་སྣ་ཚོགས་འབུལ། །དམ་རྫས་སྨན་
གཏོར་རཀྟ་དང་། །ཕྱི་ནང་གསང་བའི་མཆོད་པ་རྣམས། །དམ་ཅན་འཁོར་དང་བཅས་ལ་འབུལ། །སྐྱེས་མཆོག་ཐུགས་དམ་སྐོང་གྱུར་ཅིག །བཛྲ་སཱ་ངྷུ་ས་མ་ཡ་ཏྲི་ཤཱུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་[ནས་]ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་ཕྱི་ནང་གི་མཆོད་པ་དང་།] ཨོཾ་བཛྲ་སཱ་ངྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་ངྷུ་ཏྲི་ཛཿ ཛ་ཧཱུྃ་བཾ་ཧོ་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ལ།] ཀྱེ། ཉི་མ་ནུབ་ལ་མངའ་མཛད་ཅིང་། །གནམ་ས་ཕྱེད་ཀྱི་བདག་པོ་སྟེ། །འཛམ་བུ་གླིང་གི་སྐྱེས་གཅིག་པུ། །དགྲ་ལྷ་ཆེན་པོ་ཁྱོད་ལ་བསྟོད། །མངོན་ཤེས་རྫུ་འཕྲུལ་སྟོབས་ཀྱི་བདག །མཆེད་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར། །སྐྱེས་བུ་ཆེན་པོ་འཁོར་བཅས་ལ། །རབ་གུས་དང་བས་བདག་བསྟོད་དོ། །བཅོམ་ལྡན་ཕྱག་ན་རྡོ་རྗེ་དང་། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བཀའ་དང་དམ་ལ་བཏགས་ནས་ཀྱང་། །དབང་བསྐུར་གསང་བའི་མཚན་ཡང་བཏགས། །གསང་སྔགས་བཀའ་ཡི་སྲུང་མར་བཅོལ། །གཏེར་སྲུང་ཆེན་པོ་ཁྱོད་ལ་བསྟོད། །
སྔོན་ཚེ་ཞལ་བཞེས་དམ་བཅས་བཞིན། །མཆོད་གཏོར་བཤོས་བུ་འདི་བཞེས་ལ། །རྣལ་འབྱོར་བདག་གི་བསམ་པ་སྒྲུབས། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །[ཅེས་བསྟོད་ཅིང་ཕྲིན་ལས་གསོལ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་སྤྱི་དང་མཐུན་པར་བྱའོ། །ཞེས་པའང་རྒྱུན་གྱི་གཏོར་ཆོག་ལ་འཇུག་པ་བདེ་བའི་ཆ་རྐྱེན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
རྩ་གསུམ་དམ་ཅན་རྒྱ་མཚོའི་གསོལ་མཆོད་ཉུང་བསྡུས།
༈ [རྩ་གསུམ་དམ་ཅན་རྒྱ་མཚོའི་གསོལ་མཆོད་ཉུང་བསྡུས་ནི།] རཾ་ཡཾ་ཁཾ། གསེར་སྐྱེམས་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར། །ཨོཾ་ཨཱཿཧཱུྃ། རྒྱལ་བ་དགོངས་པ་བརྡ་དང་སྙན་ནས་བརྒྱུད། །སྨོན་ལམ་དབང་བསྐུར་ལས་འཕྲོ་གཏེར་བརྒྱུད་སོགས། །རིག་འཛིན་རྩལ་འཆང་རྩ་བརྒྱུད་བླ་མ་རྣམས། །གསོལ་ལོ་མཆོད་དོ་བྱིན་རླབས་ཆར་དུ་ཕོབ། །རྒྱུད་སྡེ་བཞི་དྲུག་ཐེག་རིམ་དགུར་འབྲེལ་བའི། །རབ་འབྱམས་ཡི་དམ་ཞི་དང་ཁྲོ་བོའི་ལྷ། །གནས་གསུམ་དཔའ་པོ་མཁའ་འགྲོ་རྒྱ་མཚོ་རྣམས། །གསོལ་ལོ་མཆོད་དོ་དངོས་གྲུབ་རྣམ་གཉིས་སྩོལ། །དཔལ་མགོན་ལེགས་ལྡན་ཚོགས་བདག་ལྷ་ཆེན་པོ། །ཁྱབ་འཇུག་དམ་ཅན་བཙན་རྒོད་
འབར་བ་ཆེ། །ཨེ་ཀ་ཛ་ཊཱི་ལྷ་མོ་རང་བྱུང་རྒྱལ། །དུར་ཁྲོད་བདག་མོ་ཚེ་རིང་མཆེད་ལྔ་སོགས། །རྩ་བརྒྱུད་བླ་མའི་སྤྱན་སྔར་དམ་ནོས་པའི། །ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་དྲེགས་པའི་སྡེ། །གནོད་སྦྱིན་ནོར་ལྷ་གཏེར་འཆང་གཞི་ཡི་བདག །མ་ལུས་ལུས་པ་མེད་པ་ཐམས་ཅད་ལ། །སོ་སོའི་དགྱེས་རྒུར་འཆར་བའི་འདོད་ཡོན་སྤྲིན། །དམ་རྫས་བདུད་རྩིའི་གསེར་སྐྱེམས་འདི་འབུལ་ལོ། །བྱང་ཆུབ་བར་དུ་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྤེལ། །བདག་ཅག་རྣམས་ཀྱིས་ཇི་ལྟར་གསོལ་བའི་དོན། །ཐོགས་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་མ་ཧཱ་ཀོ་ཊིའི་ཆོས་གྲྭར་རིན་ཆེན་གཏེར་མཛོད་དབང་ལུང་སྐབས་རྒྱུན་གསོལ་འདི་ལྟར་དགོས་ཞེས་གཏེར་སྟོན་མཆོག་གི་བཀས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།]
པད་གླིང་མགོན་པོ་སྡེ་བརྒྱད་ཀྱི་རྒྱུན་གསོལ།
༈ [པད་གླིང་མགོན་པོ་སྡེ་བརྒྱད་ཀྱི་རྒྱུན་གསོལ་ནི།] ཧཱུྃ། བཅོམ་ལྡན་ཁྲག་འཐུང་ཧེ་རུ་ཀ་ཡབ་ཡུམ། །བསྟན་པ་བསྲུང་ཞིང་མི་བསྲུན་འདུལ་བའི་ཕྱིར། །རབ་འཇིགས་འབར་བའི་སྐུར་བཞེངས་བསྟན་སྲུང་གཙོ། །དཔལ་མགོན་སྡེ་བརྒྱད་སྤྲུལ་འཁོར་བཀའ་སྡོད་
བཅས། །དམ་ཚིག་གནས་འདིར་སྤྱན་འདྲེན་དགྱེས་པར་བཞུགས། །ཕྱི་ནང་གསང་བ་མཐུན་རྫས་མཁོ་རྒུའི་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་བས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །གུས་པས་བསྟོད་དོ་མི་འབྲལ་བརྩེ་བས་སྐྱོངས། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །གདུག་ཅན་དགྲ་བགེགས་ཐལ་བའི་རྡུལ་དུ་རློག །བཅོལ་བའི་ཕྲིན་ལས་དུས་འདིར་མྱུར་འགྲུབ་མཛོད། །[ཅེས་པའང་སྔགས་བཙུན་འཇམ་དཔལ་རྡོ་རྗེས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།] ༈ ཀྱེ། དཔལ་ལྡན་ཡེ་ཤེས་མགོན་པོ་ལེགས་ལྡན་ནག །སྤྲུལ་པ་དགྲ་བླ་ཕྱག་བརྙན་འཁོར་ཚོགས་བཅས། །འདིར་གཤེགས་དམ་རྫས་བདུད་རྩིའི་མཆོད་པ་བཞེས། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་བསམ་དོན་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཅེས་པའང་བྱང་ཆུབ་ཆོས་འཕེལ་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།
སྔགས་སྲུང་མའི་གསོལ་ཕྲིན་དམ་ལྡན་རེ་སྐོང་།
༈ [སྔགས་སྲུང་མའི་གསོལ་ཕྲིན་དམ་ལྡན་རེ་སྐོང་བཞུགས།]༈ ཧཱུྃ། སྣང་སྲིད་གདོད་ནས་ཀུན་བཟང་མོ། །བདེ་ཆེན་ཡུམ་གྱི་
མཁའ་དབྱིངས་ཆེ། །ཀ་དག་སྤྲོས་པ་བྲལ་བའི་གདངས། །འགགས་མེད་ཟུང་འཇུག་ལྷུན་གྲུབ་རྩལ། །ཀུན་ཁྱབ་ཐུགས་རྗེ་སྒྱུ་མའི་འཕྲུལ། །ཤེས་རབ་ཕྱག་རྒྱའི་གར་བསྒྱུར་བ། །སྔགས་སྲུང་རྡོ་རྗེ་རལ་གཅིག་མ། །སྤྲུལ་འཁོར་མ་མོའི་ཚོགས་དང་བཅས། །དོན་དམ་འདུ་འབྲལ་མི་དམིགས་ཕྱིར། །གཤེགས་བྱོན་བཞུགས་པ་ལས་འདས་ཀྱང་། །ཀུན་རྫོབ་བརྡ་ཡི་ཚུལ་ཙམ་དུ། །དམ་ཚིག་གནས་འདིར་སྤྱན་འདྲེན་གྱི། །རང་སྣང་དགྱེས་རྒུའི་ཞིང་ཀུན་ནས། །བརྩེ་བས་དགོངས་ཏེ་ད་ཚུར་བྱོན། །ཏིང་འཛིན་རོལ་མོའི་ཆོ་འཕྲུལ་ལས། །ནམ་མཁའ་མཛོད་དུ་འཆར་བའི་སྤྲིན། །འདོད་ཡོན་ལྔ་ཡི་ལོངས་སྤྱོད་གཏེར། །མཐུན་པའི་དམ་རྫས་མ་ཚང་མེད། །ཤེས་རབ་སྟོང་ཆེན་བྷ་ག་རུ། །ཐབས་མཆོག་རིག་པའི་རྡོ་རྗེ་ཆེ། །མཉམ་སྦྱོར་བྱང་སེམས་བདེ་བའི་རྒྱུན། །དགའ་བཞིའི་ཟིལ་དངར་གྱིས་སྦྲན་པས། །གཉིས་སྣང་འཁྲུལ་རྟོག་རུ་དྲའི་དཔུང་། །བདག་མེད་ཆེན་པོར་ཡོངས་བསྒྲལ་བ། །འཁོར་གསུམ་སྤྲོས་པ་ལས་འདས་པའི། །བདེ་ཆེན་རྡོ་རྗེའི་དམ་ཚིག་འདིས། །ཐུགས་དམ་གཉན་པོ་དབྱིངས་སུ་
བསྐང་། །གློ་བུར་མ་རིག་དབང་གྱུར་པའི། །ཉེས་བྱས་འགལ་འཁྲུལ་དྲི་མའི་ཚོགས། །ཆོས་དབྱིངས་མཁའ་ལྟར་དག་པའི་ཀློང་། །བཟོད་བཞེས་ཚངས་པའི་དངོས་གྲུབ་སྩོལ། །གཡར་དམ་མཉན་པོ་ཇི་བཞིན་དུ། །དགྱེས་པ་ཆེན་པོས་རྟག་དགོངས་ལ། །སྒྲུབ་མཆོག་རྣལ་འབྱོར་བུ་ལྟར་སྐྱོངས། །ཕྱི་ནང་འབྱུང་བའི་གཡོ་འཁྲུགས་སོགས། །མི་མཐུན་བར་ཆད་ཐམས་ཅད་སོལ། །ཉམས་དང་རྟོགས་པའི་ཡེ་ཤེས་སྐྱེད། །ཚེ་བསོད་འཁོར་སློབ་འདུ་བ་སྤེལ། །ཆེ་བཙན་ལྷ་འདྲེ་མི་ནོར་ཟས། །ཕུན་ཚོགས་དཔལ་ཀུན་དབང་དུ་སྡུས། །གནོད་ཅིང་འཚེ་བའི་བདུད་དགྲའི་དཔུང་། །ལྷ་ཡང་རུང་སྟེ་རྡུལ་དུ་རློག །སྣང་སྲིད་མ་མོ་འཁྲུགས་པ་ཡི། །ཆོ་འཕྲུལ་ལྟས་ངན་དགྲ་ལ་སྒྱུར། །ཟབ་གསང་ཐེག་མཆོག་སྙིང་པོ་འདིའི། །བསྟན་པ་ཕྱོགས་མཐར་རྒྱས་ནས་ཀྱང་། །གདུལ་བྱ་སྨིན་གྲོལ་ཕྲིན་ལས་མཛོད། །[ཅེས་པའང་རང་ཉིད་ཀྱིས་མངོན་པར་འདོད་པའི་ཕྲིན་ལས་བསྐུལ་བར་སྐབས་སུ་བབས་པའི་དུས་ཤིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །།]
མ་གཟའ་རྡོར་གསུམ་གྱི་གསོལ་མཆོད་ཉེ་བར་བསྡུས་པ།
༈ [མ་གཟའ་རྡོར་གསུམ་གྱི་གསོལ་མཆོད་ཉེ་བར་བསྡུས་པ་བཞུགས།]༈ ཧཱུྃ་བྷྱོ། ཀུན་ཏུ་བཟང་མོ་དབྱིངས་ཀྱི་ཡུམ། །སྔགས་
སྲུང་ཆེན་མོ་རལ་གཅིག་མ། །སྣང་སྲིད་མ་མོ་འབུམ་སྡེར་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །གསང་སྔགས་རྫོགས་པ་ཆེན་པོ་ཡི། །བསྟན་པའི་གཉེར་ཁ་སྐྱོང་བ་ལ། །ཐུགས་རྗེ་ཐུགས་དམ་མ་གཡེལ་བར། །དུས་འདིར་ཕྲིན་ལས་སྒྲུབས་པར་མཛོད། ཧཱུྃ། འཇིགས་བྱེད་གཟའ་བདུད་རཱ་ཧུ་ལ། །སྤྲུལ་པའི་གཟའ་བརྒྱད་གདོང་མོ་བཞི། །རྒྱུ་སྐར་ཉེར་བརྒྱད་དམག་ཚོགས་བཅས། །འདིར་བྱོན་ཤ་ཁྲག་གཏོར་མ་རོལ། །མ་གཡེལ་ཕྲིན་ལས་རྩལ་ཕྱུངས་ལ། །བསྟན་དགྲ་དམ་ཉམས་མྱུར་དུ་སྒྲོལ། །སྒྲུབ་མཆོག་རྣལ་འབྱོར་བུ་བཞིན་སྐྱོངས། །དམ་ལས་མ་འདའ་ལས་མཛོད་ཅིག །ཧཱུྃ། སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །དགྱེས་སྡེ་ཀོང་བཙུན་བརྟན་མའི་ཚོགས། །སྤྲུལ་འཁོར་བྱེ་བ་འབུམ་ཕྲག་བཅས། །འདིར་བྱོན་མཐུན་རྫས་མཆོད་གཏོར་བཞེས། །གསང་ཆེན་བསྟན་དང་བསྟན་འཛིན་གྱི། །མངའ་ཐང་སྤེལ་ལ་མཐུ་མ་ཆུང་། །རྟག་ཏུ་སྡོང་གྲོགས་མ་གཡེལ་བར། །ལས་བཞིའི་ཕྲིན་ལས་མྱུར་སྒྲུབ་མཛོད། །[ཅེས་པའང་བང་རིའི་མཆོག་སྤྲུལ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
མ་གཅིག་དཔལ་ལྡན་ལྷ་མོའི་སྐོང་བ་འདོད་རྒུའི་སྙེ་མ་སོགས་ཚན་པ་གསུམ།
༈ [མ་གཅིག་དཔལ་ལྡན་ལྷ་མོའི་སྐོང་བ་འདོད་རྒུའི་སྙེ་མ་ཞེས་བྱ་བ་བཞུགས།]༈ ན་མོ་པདྨ་སམྦྷ་ཝ་ཡ། [དམ་རྫས་མཆོད་གཏོར་བཤམས་པ་ནམ་མཁའ་མཛོད་ཀྱི་རང་བཞིན་དུ་སྤེལ་ལ།] བྷྱོ། བདེ་ཆེན་སྤྲོས་དང་བྲལ་བའི་ཡེ་ཤེས་དབྱིངས། །ཟུང་འཇུག་སྒྱུ་མའི་ཉམས་བརྒྱར་རོལ་པ་ལས། །བསྟན་སྲུང་ཡོངས་ཀྱི་རྗེ་མོའི་སྐུར་བཞེངས་པ། །དཔལ་ལྡན་ལྷ་མོ་འཁོར་བཅས་ད་ཚུར་བྱོན། །ཏིང་འཛིན་རོལ་མོའི་བཀོད་པ་འབྱམས་ཀླས་པས། །ངོ་མཚར་དགྱེས་རྒུར་འཆར་བའི་འདོད་ཡོན་སྤྲིན། །འཛད་མེད་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཉེར་སྤྱོད་འདོད་ཡོན་སྨན་རཀ་བདུད་རྩིའི་བཅུད། །བཟའ་བཅའི་གཏོར་མ་དཀར་མངར་གཙང་སྦྱར་སྐྱེམས། །རྨད་བྱུང་སྦྱོར་སྒྲོལ་ཕྱི་ནང་གསང་མཆོད་ཀྱིས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས༴ ནལ་བུའི་ཤ་ཁྲག་རྒྱལ་མཚན་གྲི་རྒོད་སྙིང་། །འཁྲུལ་མེད་སྲོག་གི་འཁོར་ལོ་བླ་རྡོ་སོགས། །མཐུན་ཅིང་བརྟེན་པའི་དམ་རྫས་སྣ་ཚོགས་པས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས༴ གསལ་སྣང་སྒོམ་པ་སྐུ་ཡི་བསྐྱེད་
རིམ་དང་། །བཟླས་བརྗོད་སྙིང་པོ་གསུང་གི་གནད་ནས་དྲངས། །རིག་སྟོང་ཀ་དག་ཐུགས་ཀྱི་ལྟ་བ་ཡིས། །མ་གཅིག་ལྷ་མོ་འཁོར་བཅས་ཐུགས་དམ་བསྐང་། །རྣམ་པ་འཁོར་འདས་དབང་མོའི་ཚུལ་སྣང་ཡང་། །དོན་དམ་འགྱུར་མེད་ཀུན་བཟང་གདོད་མའི་གཤིས། །ཡེ་ནས་འདུ་འབྲལ་མེད་པའི་དམ་ཚིག་གིས། །ཐུགས་དམ་བདེ་བ་ཆེན་པོར་ཡོངས་བསྐང་ནས། །སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་ལ། །རྟག་ཏུ་བརྩེར་དགོངས་སྡོང་གྲོགས་མ་གཡེལ་བར། །མངོན་པར་འདོད་པའི་དོན་རྣམས་མ་ལུས་པ། །གེགས་མེད་དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་ཐུགས་དམ་བསྐང་ཞིང་ཕྲིན་ལས་ཀྱི་གཉེར་གཏད་པར་བྱའོ། །ཞེས་པའང་རྡོ་རྗེའི་མཆེད་པོ་འགྱུར་མེད་བསྟན་འཛིན་རྡོ་རྗེའི་གསུང་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་དྲིས་པ་ཛ་ཡནྟུ།། །།]༈ ཀྵཿ དད་པ་དང་ནི་དམ་ཚིག་གཉན་པོ་ཡིས། །གནོད་སྦྱིན་ཤན་པ་འཁོར་བཅས་གནས་འདིར་གཤེགས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །གང་བསམ་འདོད་དོན་བཅོལ་བའི་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ༎ །]
༈ ཉམས་པའི་སྙིང་ཁྲག་དྲོན་མོས་རབ་མྱོས་གཏུམ་ཆེན་ཁོངས་ནས་འཁྲུགས་པའི་གཟུགས། །སྲིད་པའི་རླུང་ནག་གཡོ་བའི་བང་ལྡན་མཁའ་ལྡིང་ལ་ཞོན་སྟོང་ཁམས་ཉུལ། །དམ་ཉམས་སྲོག་གི་གཤེད་མ་གཅིག་པུ་ཕུང་བྱེད་ཤན་པ་དམར་ནག་ཅེས། །རྣལ་འབྱོར་ཅི་བགྱིའི་ཕོ་ཉར་སྙིང་ཉེ་སྡེ་བརྒྱད་དམག་དཔོན་ཁྱོད་ལ་བསྟོད། [ཛྙཱ་ནས་སོ༎ ། །]༈ མི་བཟད་བསྐལ་པའི་རླུངནག་འཚུབས་མ་འཁྱོག་པོར་གཡོ་བའི་རྟར་ཆིབས་ཤིང་། །བརླང་པོར་སྤྱོད་པའི་གདུག་ཅན་གློ་སྙིང་ཟས་སུ་བགྱིད་ལ་ཆེར་རྔམས་པས། །རེག་གཅོད་སྤུ་གྲི་རྣོན་པོའི་འཁྲུལ་འཁོར་ཀུན་ཏུ་བསྐོར་མཛད་བཤན་པ་མོ། །སྲོག་སྒྲུབ་མར་གྲགས་སྙིང་ཐིག་བཀའ་ཡི་གཉེར་འཛིན་མཐུ་ཆེན་དབང་མོར་བསྟོད། །[ཛྙཱ་ནས་སོ༎ ། །]
ཕུར་སྲུང་གསོལ་མཆོད་བསྡུས་པ།
༈ [ཕུར་སྲུང་གསོལ་མཆོད་བསྡུས་པ་ནི། མཆོད་གཏོར་བྱིན་གྱིས་བརླབས་ཏེ།]རང་ཉིད་དཔལ་ཆེན་པོའི་ཐུགས་ཀའི་ཧཱུྃ་གི་འོད་ཟེར་གྱིས་ཕུར་སྲུང་དམ་ཅན་བཅུ་དྲུག་འཁོར་བཅས་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ས་མ་ཡ་ཧཱུྃ་[གིས་དམ་ལ་བཞག །]ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ངྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁཱ་ཧི། [ཞེས་ལན་བདུན་གྱིས་གཏོར་མ་ཕུལ།] ཨརྒྷཾ་
[སོགས་ནས] ཤཔྡའི་[བར་གྱིས་མཆོད།] ཧཱུྃ། ཁྲག་འཐུང་རྡོ་རྗེ་གཞོན་ནུ་ཡི། །བཀའ་ཉན་སྲུང་མ་དམ་ཚིག་ཅན། །ཤྭ་ན་བདག་ཉིད་ས་བདག་མ། །སྐྱེས་བུ་གིང་བཞི་བཀའ་སྡོད་བཅས། །དམ་རྫས་མཆོད་གཏོར་འདི་བཞེས་ལ། །སྔོན་གྱི་ཐ་ཚིག་མ་བསྙེལ་བར། །རྡོ་རྗེ་ཕུར་བའི་བསྟན་པ་སྲུངས། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྤེལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །[ཅེས་ཕྲིན་ལས་བཅོལ། འདིའང་རྒྱུན་ཁྱེར་ཕྱིར་དུ་ཛྙཱ་ནས་སོ།། །།]
བྱིས་པ་ལྷ་ལྔའི་གསོལ་མཆོད་སོགས་ཚན་བཞི།
༈ [བྱིས་པ་ལྷ་ལྔའི་གསོལ་མཆོད་ནི། མཆོད་གཏོར་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས་ཏེ།] ཛཿ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་གར། །སྲིད་གསུམ་མངའ་བདག་བགེགས་འདུལ་ཁྲོ་བོའི་རྒྱལ། །དབང་ཕྱུག་ཆེན་པོ་བྱིས་པ་ལྷ་ལྔའི་ཚོགས། །ཐུགས་དམ་གནད་ནས་བསྐུལ་ལོ་གནས་འདིར་གཤེགས། །དམ་ཚིག་རྟེན་དང་དབྱེར་མེད་རྟག་བཞུགས་གསོལ། །ཕྱི་ནང་གསང་མཆོད་བཞེད་རྒུའི་དམ་རྫས་སྤྲིན། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་བཀང་ནས། །གསོལ་ལོ་མཆོད་དོ་
ཐུགས་དམ་གཉན་པོ་བསྐང་། །གུས་པས་བསྟོད་དོ་རྟག་ཏུ་གཡེལ་མེད་སྐྱོངས། །གནོད་བྱེད་ཆུང་སྲི་བགེགས་རིགས་རྡུལ་དུ་རློག །བྱིས་པའི་ཚེ་སྲོག་བསྐྱེད་ལ་རིགས་བརྒྱུད་སྤེལ། །འདོད་དོན་བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །[ཅེས་པའང་ཟུར་རིགས་མི་རྗེ་ཨོ་རྒྱན་རྡོ་རྗེའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཀྱེ། བརྒྱུད་གསུམ་རིན་འཛིན་བཀའ་ཉན་དམ་ཚིག་ཅན། །བསྟན་སྲུང་དགྲ་བླའི་རྗེ་བཙུན་མཐུ་བོ་ཆེ། །ཇག་པ་མེ་ལེན་སྤྲུལ་འཁོར་ཕོ་ཉར་བཅས། །འདིར་གཤེགས་དམ་རྫས་བདུད་རྩིའི་མཆོད་པ་བཞེས། །བདག་སོགས་འཁོར་བཅས་སྲུང་སྐྱོབ་མི་གཡེལ་བར། །འགལ་རྐྱེན་ཀུན་སོལ་བསམ་དོན་ཡིད་བཞིན་སྒྲུབས། །རྟག་རུ་སྡོང་གྲོགས་མེལ་ཚེ་གཉན་པོས་སྐྱོངས། །འདོད་དོན་བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །[ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ བྷྱོཿ དབྱིངས་ཀྱི་ཡུམ་ཆེན་གནས་གསུམ་ཌཱ་ཀིའི་གཙོ། །སྔགས་སྲུང་མ་མོ་འཁོར་བཅས་གནས་འདིར་གཤེགས། །ཕྱི་ནང་གསང་བ་དམ་ཚིག་རྫས་ཀྱིས་མཆོད། །ཐུགས་དམ་གཉན་བསྐང་བཅོལ་བའི་ཕྲིན་ལས་
མཛོད། །[ཅེས་པའང་དམ་ཆོས་སྒྲོལ་མའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཀྱེ། སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་ཉན་གནས་གཏེར་སྐྱོང་བའི་གཙོ། །དགྲ་བླའི་རྒྱལ་པོ་མཐུ་བོ་ཆེ། །སྐྱེས་བུ་ཆེན་པོ་རྡོ་རྗེ་ལེགས། །དགྱེས་སྡེ་ཀོང་བཙུན་དེ་མོ་སྨན། །འཁོར་ཚོགས་སྤྲུལ་པ་རྒྱ་མཚོར་བཅས། །དམ་ཚིག་དབང་གིས་གནས་འདིར་གཤེགས། །གཙང་མའི་མཆོད་གཏོར་གསེར་སྐྱེམས་བཞེས། །དབུ་འཕང་གཉན་པོ་ཡར་ལ་བསྟོད། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །རྟག་ཏུ་སྡོང་གྲོགས་མ་གཡེལ་བར། །འགལ་རྐྱེན་བར་ཆད་ཐམས་ཅད་སོལ། །དགྲ་འདྲེ་གནོད་བྱེད་རྡུལ་དུ་རློག །སྣོད་བཅུད་ལེགས་ཚོགས་དབང་དུ་སྡུས། །ཆོས་སྲིད་མངའ་ཐང་གོང་དུ་སྤོར། །བསམ་དོན་མྱུར་འགྲུབ་ཕྲིན་ལས་མཛོད། །[ཅེས་པའང་འཁྲུལ་ཞིག་རྡོ་རྗེས་བསྐུལ་བ་ལས་གར་དབང་འགྲོ་འདུལ་གླིང་པས་མཚོ་རྫོང་དབང་དྲག་འབར་བའི་ཕོ་བྲང་དུ་ཤར་མར་བྲིས་པ་ཛནྟུ།། །།]
ཚེ་རིང་མའི་གཏོར་ཆོག་རྒྱུན་ཁྱེར་སོགས་བཞི།
༈ [ཚེ་རིང་མའི་གཏོར་ཆོག་རྒྱུན་ཁྱེར་ནི།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། [ལན་གསུམ།] རང་གི་ཐུགས་ཀའི་འོད་ཟེར་གྱིས་སྨན་བཙུན་འཁོར་བཅས་སྤྱན་
དྲངས། བཛྲ་ས་མཱ་ཛཿ ཛཿཧཱུྃ་བཾ་ཧོཿ ཨོཾ་བཛྲ་ངྷཱ་ཀི་ནཱི་ཨ་ཡུ་ཥེ་ཤྭ་རི་ཧྲཱིས་པ་རི་ཝཱ་ར་ཨརྒྷཾ་[སོགས་ནས།] ཤཔྡའི་[བར་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཨོཾ་བཛྲ་ངྷཱ་ཀི་ནཱི་ཨ་ཡུ་ཥེ་ཤྭ་རི་ཧྲཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁཁཱ་ཧི་ཁཱ་ཧི། [ལན་གསུམ།] འོད་གསལ་རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །རྣམ་འགྱུར་ཐབས་མཁས་ཞིང་སྐྱོང་སྨན་མོའི་ཚུལ། །བདེ་ཆེན་ཡེ་ཤེས་སྐྱེད་མཛད་ཌཱ་ཀི་མ། །ཚེ་རིང་མཆེད་ལྔ་སྤྲུལ་འཁོར་བཅས་ལ་བསྟོད། །སྨན་བཙུན་ཆེན་མོ་འཁོར་བཅས་ཀྱིས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། [སོགས་ཀྱིས་ཕྲིན་ལས་བཅོལ། མགྲོན་མི་དམིགས་པར་བཞག་གོ །ཞེས་པའང་ཛྙཱ་ནས་སོ།། །།]༈ ཀྱེ། ཉི་མ་ཤར་ཕྱོགས་ཀོང་པོའི་ཡུལ། །ལྗོན་པ་ལུང་གི་སྐྱེད་ཚལ་ནས། །པདྨའི་བཀའ་ཉན་སྨན་བཙུན་ཆེ། །རྡོ་རྗེ་དེ་མོ་བོད་ཁམས་སྐྱོང་། །མཆེད་འཁོར་སྨན་ཕྲན་བྱེ་བར་བཅས། །འདིར་གཤེགས་ཟག་མེད་བདུད་རྩིའི་སྐྱེམས། །འདོད་རྒུར་འཆར་བའི་མཆོད་པ་བཞེས། །དགྱེས་ཤིང་བརྩེ་བས་རྟག་འགྲོགས་ཏེ། །འགལ་རྐྱེན་ཉེས་པ་ཐམས་ཅད་སོལ། །མཐུན་རྐྱེན་བསམ་རྒུ་མ་ལུས་
སྒྲུབས། །བསྐུལ་ལོ་གཉེར་རོ་དམ་ཚིག་ཅན། །ཕྲིན་ལས་མཛོད་ཅིག་ས་མ་ཡ། །[ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ༎ ། །]༈ ཀྱེ། ཤར་ཕྱོགས་བུ་ཆུ་ལྗོན་པའི་ལྗོངས། །རིག་འཛིན་དགའ་བའི་སྐྱེད་ཚལ་གྱི། །ཡུལ་བདག་སྨན་བཙུན་མཐུ་མོ་ཆེ། །རྡོ་རྗེ་ཀུན་བཟང་གཡུ་ཡི་སྒྲོན། །མཆེད་འཁོར་བཀའ་ཉན་རྒྱ་མཚོར་བཅས། །འདིར་གཤེགས་མཐུན་པའི་དམ་ཚིག་རྫས། །དགྱེས་རྒུར་འཆར་བའི་མཆོད་ཚོགས་བཞེས། །གནས་མགྲོན་དཔོན་སློབ་རྟེན་འབྲེལ་སྒྲིགས། །སྡེ་འདིའི་བསྟན་པའི་སྦྱིན་བདག་གྱིས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །འདོད་དོན་གཉེར་དུ་གཏད་པའི་ལས། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །[ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཀྱེ། དབང་ཆེན་བཀའ་ཡི་ཕོ་ཉ་མཐུ་བོ་ཆེ། །ཐང་ལྷ་ཡར་བཞུད་གཉན་པོ་འཁོར་དང་བཅས། །འདིར་གཤེགས་གཙང་མའི་ཕུད་ཀྱི་མཆོད་པ་བཞེས། །རྟག་ཏུ་གཡེལ་མེད་སྡོང་གྲོགས་ཕྲིན་ལས་མཛོད། །[ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
༈ ཀྱེ། པདྨའི་བཀའ་ཉན་གཏེར་སྲུང་དམ་ཚིག་ཅན། །རྔ་རོལ་སྟག་རྩེ་སྤྲུལ་འཁོར་ཕོ་ཉར་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་འདི་བཞེས་ལ། །ཟབ་གཏེར་བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །[ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
རྟ་ལྷའི་རྒྱལ་པོ་རེ་མནྟའི་མཆོད་ཕྲིན་ཅང་ཤེས་ཆར་འབེབས།
༈ [རྟ་ལྷའི་རྒྱལ་པོ་རེ་མནྟའི་མཆོད་ཕྲིན་ཅང་ཤེས་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །] ༈ ཧཱུྃཿ ལྷོ་ཡི་ཕྱོགས་ཀྱི་ཕ་ཀི་ན༔ རྟ་ལྷའི་རྒྱལ་པོ་རེ་མནྟ༔ གཡས་ན་ནོར་བུ་འབར་བ་འཛིན༔ གཡོན་ན་བ་དན་རྩེ་གསུམ་ཕྱར༔ སྐུ་ལ་བསེ་ཁྲབ་དམར་པོ་གསོལ༔ རིན་ཆེན་རྒྱན་གྱིས་རབ་ཏུ་བརྒྱན༔ རྟ་སྔོན་ཉྭ་བཞི་ནག་པོ་ཆིབས༔ མེ་ཏོག་ཕྲེང་བས་དོ་ཤལ་བྱས༔ ལྕགས་ཀྱི་བྱ་ཁྲ་གཡས་གཡོན་ལྡིང་༔ རྒྱ་སྟག་གཉིས་ནི་སྔོན་ལ་འགྲོ༔ སེང་གེ་གཉིས་ནི་ཕྱི་ནས་འབྲང་༔ སྤྱི་གཙུག་བྱ་ཁྱུང་སྔོན་པོ་ལྡིང་༔ ཉི་མ་ཤར་རོ་དཔལ་ཤར་རོ༔ དཔལ་རབ་འཆང་བའི་མགོན་པོ་སྟེ༔ ལམ་ལྷའི་རྒྱལ་པོ་བདེ་མཛད་པ༔ དགྲ་ལྷའི་མཆོག་སྟེ་ཉི་མའི་སྲས༔ གཟི་ལྡན་ཁྱོད་ལ་ཕྱག་འཚལ་ལོ༔ དེ་རིང་བཀྲ་ཤིས་གནས་འདིར་བྱོན༔ དགྱེས་རྒུའི་མཆོད་པ་སྣ་ཚོགས་ཀྱིས༔
མཆོད་དོ་གསོལ་ལོ་ལྷ་ཡི་ཚོགས༔ འགྲོ་བ་ཉམ་ཐག་དོན་སླད་དུ༔ ཐུགས་རྗེའི་དབང་གིས་མགོན་གྱུར་ཅིང་༔ ལམ་གྱི་དགྲ་དང་འཇིགས་པ་སེལ༔ ཁྱུ་མཆོག་རྟ་རྣམས་སྤེལ་མཛད་པ༔ མངའ་མཛད་ཐུབ་དབང་ལྷ་ཡི་ལྷ༔ ཕྱག་འཚལ་གཞོན་ནུ་ར་མནྟ༔ གནོད་གྱུར་དགྲ་ལས་རྒྱལ་བ་དང་༔ ལམ་གྱི་དཔག་ཚད་ཐམས་ཅད་དུ༔ སྐྱོང་ཞིང་རྟ་ནོར་བསྲུང་བ་དང་༔ བདག་གི་རྟ་རྣམས་ཐམས་ཅད་ལ༔ སྲུང་ཞིང་སྐྱོང་དང་སྤེལ་བར་མཛོད༔ སྐྱེས་རབ་མཆོག་ལ་དད་པ་ཡིས༔ རེ་བའི་སེམས་ཀྱིས་ཕྱག་འཚལ་ལོ༔ མགོན་པོ་ཐུགས་རྗེ་ཅན་རྣམས་ཀྱིས༔ རྟ་རྣམས་སྲུང་ཞིང་བསྐྱབ་ཏུ་གསོལ༔ གོད་འདྲེ་གོད་ཡམས་རྡུལ་དུ་རློག༔ དཔལ་དང་གཟི་བརྗིད་འཕེལ་བ་དང་༔ འདོད་རྒུའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་ཨཪྻ་རེ་མནྟ་ཧཱུྃ་ཕཊ༔ སྭ་སྟི་སིདྡྷི་བྷྲཱུྃ༔ [ཅེས་པའང་ཆོས་དབང་གཏེར་བྱོན་པདྨ་གཡང་འབུམ་ཡིད་བཞིན་ནོར་བུའི་གཞུང་ལས་བཏུས་ཤིང་སྐབས་སུ་བབས་པའི་ཚིག་སྣོན་ཕྲན་བུ་དང་བཅས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ༎ ། །]
ཨ་ཕྱིའི་གསོལ་མཆོད་རྒྱུན་ཁྱེར་སོགས་ཚན་པ་གཉིས།
༈ [ཨ་ཕྱིའི་གསོལ་མཆོད་རྒྱུན་ཁྱེར་ནི།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] རང་གི་ཐུགས་ཀའི་འོད་ཀྱིས་སྨན་བཙུན་ཆེན་མོ་ཨ་ཕྱི་ཆོས་ཀྱི་སྒྲོན་མ་འཁོར་བཅས་བཛྲ་ས་མཱ་ཛཿ[ས་སྤྱན་དྲངས།] ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་[སོགས་ནས།] ཤཔྡའི་[བར་དང་།] ཨོཾ་ཧྲཱིཿམ་མ་ཙཀྲ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ལན་གསུམ་གྱིས་གཏོར་མ་སྨན་རཀ་ཕུལ་ལ།] ཧྲཱིཿ དོན་དམ་ཀུན་བཟང་ཡུམ་གྱི་མཁའ་དབྱིངས་ལས། །རྣམ་འགྱུར་སྨན་བཙུན་ཌཱ་ཀིའི་རྣམ་རོལ་གྱིས། །ངེས་དོན་བསྟན་པ་སྐྱོང་བའི་མཐུ་སྟོབས་ཅན། །ཨ་ཕྱི་ཆོས་སྒྲོན་འཁོར་དང་བཅས་ལ་བསྟོད། །དམ་རྫས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །རྣལ་འབྱོར་བདག་ལ་མ་ཡིས་བུ་བཞིན་སྐྱོངས། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །འདོད་དོན་བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད། །[ཅེས་པའང་བློ་གྲོས་རྒྱ་མཚོ་དང་པདྨ་བཛྲ་གཉིས་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཀྱེ། རིགས་གསུམ་གཅིག་འདུས་པདྨ་ཐོད་ཕྲེང་རྩལ། །སྙིགས་དུས་ནག་ཕྱོགས་འཇོམས་ཕྱིར་དགྲ་བླའི་ཚུལ། །སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །སྤྲུལ་འཁོར་ཝེར་མ་བྱེ་བའི་ཚོགས་དང་བཅས། །འདིར་
གཤེགས་དམ་རྫས་མཆོད་པས་ཐུགས་དམ་བསྐང་། །རྟག་ཏུ་མི་འབྲལ་བྱིན་རླབས་སྲུང་སྐྱོབ་གྱིས། །སྡོང་གྲོགས་ཕྲིན་ལས་གཉན་པོ་མ་གཡེལ་བར། །གང་བསམ་འདོད་དོན་ཐོགས་མེད་མྱུར་འགྲུབ་མཛོད། །[ཅེས་པའང་མྱོས་སྟོན་ཚེ་དབང་དཔལ་འབྱོར་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
སྡེ་བརྒྱད་གསེར་སྐྱེམས་སྐབས་འདོད་སོགས་ཁ་བསྒྱུར་སོགས་ཚན་པ་བཞི།
༈ [སྡེ་བརྒྱད་གསེར་སྐྱེམས་སྐབས་འདོད་སོགས་ཁ་བསྒྱུར་དམིགས་བསལ་སྤྲོ་ན།] གསེར་སྐྱེམས་གཙང་མ་འདི་བཞེས་ལ། །མི་ཕྱུགས་འགོ་བའི་ནད་རིམས་ཀུན། །མྱུར་དུ་ཞི་བའི་ཕྲིན་ལས་མཛོད། །[དེ་བཞིན་དུ་སྦྱར་ཏེ།] ལོ་ཉེས་བཙའ་ཐན་སད་སེར་ཀུན། །མྱུར་དུ་ཞི་བའི་ཕྲིན་ལས༴ ཁེངས་ལོག་ཆོ་འཕྲུལ་གནོད་པ་ཀུན། །མྱུར་དུ་ཞི་བའི་ཕྲིན༴ རྨི་ལམ་མཚན་ལྟས་ངན་པ་ཀུན། །མྱུར་དུ་ཞི་བའི༴ གློ་བུར་ཀེག་རྐྱེན་སྲི་ངན་ཀུན། །མྱུར་དུ་ཞི་བའི༴ གོང་འདྲེ་གོད་ཁ་མ་ལུས་པ། །མྱུར་དུ་ཞི་བའི༴ ས་བདག་ཁྲོས་འཁྲུགས་ཉེས་པ་ཀུན། །མྱུར་དུ་ཞི་བའི༴ དུས་མིན་ཁ་ཆར་བུ་ཡུག་ཀུན། །མྱུར་དུ་ཞི་བའི༴ མི་ཁ་གླེང་གཞི་ངན་པ་ཀུན། །མྱུར་དུ་ཞི་བའི༴ ཡུལ་འདིར་ས་བཅུད་རབ་འཕེལ་ནས། །ལོ་ཏོག་ཕུན་ཚོགས་ཕྲིན༴
ཡུལ་འདིའི་ལེགས་ཚོགས་མ་ལུས་པ། །བདག་གི་དབང་འདུས་ཕྲིན་ལས་མཛོད། །དགྲ་ཇག་ཆོམ་རྐུན་གནོད་འཚེ་ཀུན། །མྱུར་དུ་ཆར་གཅོད་ཕྲིན༴ གདོན་བགེགས་བྱད་ཕུར་རྦོད་གཏོང་ཀུན། །མྱུར་དུ་ཕྱིར་བཟློག་ཕྲིན་ལས་མཛོད། །[ཅེས་སྐབས་ཐོབ་བཞིན་སྦྱར་རོ། །ཞེས་པའང་དབང་རི་མཆོག་སྤྲུལ་ཀུན་བཟང་བསྟན་པའི་རྒྱལ་མཚན་གྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཨོཾ་ཨཱཿཧཱུྃ། རྩ་གསུམ་ཆོས་སྐྱོང་གཏེར་གྱི་བདག །ཡུལ་འདིའི་གཞི་བདག་འཁོར་བཅས་ལ། །བསང་མཆོད་བདུད་རྩིའི་མཆོད་པ་འབུལ། །འགལ་རྐྱེན་བར་ཆད་ཞི་བ་དང་། །བསམ་དོན་མྱུར་འགྲུབ་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། མཆོག་གསུམ་རྩ་གསུམ་དམ་ཅན་ཆོས་སྐྱོང་ཚོགས། །དགྲ་བླ་ཝེར་མ་གཞི་བདག་འཁོར་བཅས་རྣམས། །འདིར་གཤེགས་བདུད་རྩིའི་བསང་མཆོད་འདི་བཞེས་ལ། །འགལ་རྐྱེན་ཀུན་ཞི་བསམ་དོན་ལྷུན་གྲུབ་མཛོད། །[ཅེས་པའང་ཛྙཱ་ནས་སོ། །]༈ ཀྱེ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །ཡུལ་ལྷ་གཞི་བདག་གནས་གཏེར་སྲུང་མའི་ཚོགས། །འདིར་གཤེགས་བདུད་
རྩི་བསང་གི་མཆོད་པ་བཞེས། །རླུང་རྟ་སྐྱེད་ལ་ཅི་འདོད་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]༈ པདྨའི་བཀའ་ཉན་ཟབ་གཏེར་གནས་ཀྱི་བདག །དམ་ཅན་སྐྱེས་བུ་སྨན་བཙུན་གཡུ་ཡི་སྒྲོན། །འཁོར་བཅས་འདིར་གཤེགས་དམ་རྫས་མཆོད་པ་བཞེས། །འགལ་རྐྱེན་ཀུན་སོལ་བསམ་དོན་ལྷུན་འགྲུབ་མཛོད། །[ཛྙཱ་ནས་སོ།། །།]
སྨན་བཙུན་གཡུ་སྒྲོན་མའི་གསོལ་མཆོད་མདོར་བསྡུས།
༈ [སྨན་བཙུན་གཡུ་སྒྲོན་མའི་གསོལ་མཆོད་མདོར་བསྡུས་བཞུགས།]༈ ན་མོ་པདྨ་ཀཱ་ར་ཡེ། [དམ་རྫས་མཆོད་གཏོར་བཤམ།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ།] ཀྱེེ། ཀུན་ཁྱབ་སྤྲོས་བྲལ་ཆོས་སྐུ་ལས། །རྩལ་སྣང་མ་འགག་སྒྱུ་མའི་གར། །བདེ་ཆེན་ཡེ་ཤེས་ཌཱ་ཀི་ནཱིའི། །རྣམ་རོལ་སྨན་བཙུན་མཆེད་སྡེ་ལྔ། །སྤྲུལ་འཁོར་སྨན་ཕྲན་འབུམ་ཕྲག་བཅས། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །བརྩེ་བའི་ཐུགས་ཀྱིས་གཤེགས་ནས་ཀྱང་། །དམ་ཚིག་རྟེན་དང་དབྱེར་མེད་བཞུགས། །ཕྱི་མཆོད་ཉེར་སྤྱོད་འདོད་ཡོན་ལྔ། །ནང་མཆོད་བདུད་རྩི་སྨན་གཏོར་རཀ །གསང་མཆོད་བདེ་སྦྱོར་དགའ་བཞིའི་རོ། །བརྟེན་སྒྲུབ་མཆོད་སྐོང་མཐུན་པའི་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའ་མཛོད། །
མཁོ་རྒུའི་ལོངས་སྤྱོད་སྤྲིན་ལྟར་གཏིབས། །དགྱེས་རྒུར་འཆར་བའི་དམ་རྫས་ཀྱིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །རྨོངས་དང་མ་རིག་བག་མེད་པས། །འགལ་འཁྲུལ་ནོངས་པ་བཟོད་པར་བཞེས། །རྩེ་གཅིག་སྒྲུབ་པའི་རྣལ་འབྱོར་ལ། །དགྱེས་པའི་ཞལ་སྟོན་ཕྲིན་ལས་སྒྲུབས། །བསླུ་མེད་པྲ་ཡི་དངོས་གྲུབ་ཀྱིས། །སྣང་སྲིད་གསལ་བའི་རྣོ་མཐོང་སྟོན། །དོན་གཉིས་ལྷུན་གྲུབ་འདོད་རྒུ་ཡིས། །རེ་བ་ཡིད་བཞིན་སྐོང་བར་མཛོད། །[ཅེས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་ཡེ་ཤེས་རྒྱལ་པོའི་གསུང་བསྐུལ་ངོར། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།]
སྟག་ཚང་གཏེར་སྲུང་གསོལ་མཆོད།
༈ [སྟག་ཚང་གཏེར་སྲུང་གསོལ་མཆོད་ནི། མཆོད་གཏོར་]རཾ་ཡཾ་ཁཾ་[གིས་བསང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས།] ཀྱེ། གཏེར་གྱི་བདག་པོ་དམ་ཚིག་ཅན། །སེང་གེ་བསམ་འགྲུབ་མཐུ་བོ་ཆེ། །བཀའ་སྡོད་སྤྲུལ་པ་ཕོ་ཉར་བཅས། །འདིར་བྱོན་དམ་རྫས་མཆོད་གཏོར་བཞེས། །ཐུགས་དམ་སྐོང་ལ་ཉམས་ཆག་བཤགས། །རྣལ་འབྱོར་གྲོགས་མཛོད་བསམ་དོན་སྒྲུབས། །ཟབ་གཏེར་ཕྲིན་ལས་ཕྱོགས་བཅུར་སྤེལ། །སྙན་གྲགས་མངའ་ཐང་གོང་དུ་སྤོར། །སྲིད་ཞིའི་དགེ་མཚན་དབང་དུ་སྡུས། །སྡང་
བའི་དགྲ་དཔུང་རྡུལ་དུ་རློག །མདོར་ན་ཅི་འདོད་གང་བརྩམ་ལས། །ཐོགས་མེད་མྱུར་དུ་སྒྲུབས་པས་མཛོད། །[ཅེས་པའང་འདི་ལྟར་དགོས་པའི་མཚན་མ་མཐོང་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྗོད་པ་ཛ་ཡནྟུ།། །།]
བླ་མ་དྲག་པོ་གྲོ་ལོད་དང་ཕུར་པ་སྤུ་གྲོ་རེག་ཕུང་གི་གཏེར་བདག་སྤ་གྲོ་སྟག་ཚང་གི་གནས་སྲུང་གསོལ་མཆོད་སོགས་ལྔ།
༈ [བླ་མ་དྲག་པོ་གྲོ་ལོད་དང་ཕུར་པ་སྤུ་གྲོ་རེག་ཕུང་གི་གཏེར་བདག་སྤ་གྲོ་སྟག་ཚང་གི་གནས་སྲུང་གསོལ་མཆོད་ནི། མཆོད་གཏོར་བྱིན་བརླབ་ལ།] ཀྱེ། སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་ཉན་གནས་དང་གཏེར་གྱི་བདག །ལྷ་ཡི་དགེ་བསྙེན་མཐུ་བོ་ཆེ། །སེང་གེ་བསམ་འགྲུབ་འཁོར་དང་བཅས། །འདིར་གཤེགས་དམ་རྫས་མཆོད་གཏོར་བཞེས། །འགལ་རྐྱེན་སོལ་ལ་མཐུན་རྐྱེན་སྒྲུབས། །ཟབ་གཏེར་བསྟན་པ་ཕྱོགས་བཅུར་སྤེལ། །གདུལ་བྱ་སྨིན་གྲོལ་ཕྲིན་ལས་མཛོད། །[ཅེས་པའང་གཏེར་སྲུང་གི་དྲིན་ལན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཧཱུྃ། སློབ་དཔོན་པདྨ་ཐོད་ཕྲེང་གི །བཀའ་ཉན་སྦས་ཡུལ་སྲུང་མཛད་པ། །རྡོ་རྗེ་བྲག་བཙན་མཆེད་འཁོར་བཅས། །འདིར་གཤེགས་དམ་རྫས་གསེར་སྐྱེམས་བཞེས། །ནད་ཡམས་མཚོན་འཁྲུགས་མུ་གེ་སོགས། །མི་འདོད་ཕྱོགས་རྣམས་ཞི་བ་དང་། །མཐུན་
རྐྱེན་རབ་འབྱམས་ཕྲིན་ལས་ཀུན། །ཐོགས་མེད་མྱུར་དུ་འགྲུབ་པར་མཛོད། །[ཅེས་པའང་རང་གཞན་རྣམས་རྒྱུན་དུ་འཇུག་བདེའི་ཆེད་དུ་ཡེ་ཤེས་རྡོ་རྗེསབྲིས།། །།]༈ ཧཱུྃ། སྦས་ཡུལ་པདྨ་བཀོད་ཀྱི་འཁོར་ལོ་ལྔའི། །ཕྱི་ནང་གསང་བའི་གནས་སྲུང་གཏེར་བདག་རྣམས། །མཆོད་གཏོར་འདི་བཞེས་མི་མཐུན་ཞི་བ་དང་། །བསམ་དོན་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ། །།]༈ ཨོཾ་ཨཱཿཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །འགོ་བའི་ལྷ་ལྔ་དགྲ་ལྷ་གཉན་པོ་རྣམས། །བསང་མཆོད་བདུད་རྩིའི་ཕུད་ཀྱིས་དགྱེས་པར་བསྐང་། །བདག་གི་རླུང་རྟ་དར་བའི་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]༈ ཀྱེེ། སྨན་གཅིག་རྡོ་རྗེ་དེ་མོ་རྩལ། །འཁོར་བཅས་གནས་འདིར་མྱུར་དུ་བྱོན། །དགྱེས་པའི་མཆོད་གཏོར་འདི་བཞེས་ལ། །བརྩེ་བའི་སྡོང་གྲོགས་མ་གཡེལ་བར། །བདག་གི་ཇི་ལྟར་བསམ་པའི་དོན། །གེགས་མེད་མྱུར་འགྲུབ་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]
རྡོ་རྗེ་རབ་བརྟན་མའི་གསོལ་མཆོད་མདོར་བསྡུས་སོགས་བདུན།
༈ [རྡོ་རྗེ་རབ་བརྟན་མའི་གསོལ་མཆོད་མདོར་བསྡུས་ནི། མཆོད་གཏོར]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཨོཾ་ཨཱཿཧཱུྃ་[གིས་
རྒྱ་ཆེར་སྤེལ་ལ།] ཀྱེེ། རྒྱལ་བ་ཤཱཀྱ་སེང་གེ་ཡི། །བཀའ་ཡི་བསྟན་སྐྱོང་མཐུ་མོ་ཆེ། །མ་གཅིག་དཔལ་ལྡན་རེ་མ་ཏཱི། །རྡོ་རྗེ་རབ་བརྟན་སྤྲུལ་འཁོར་བཅས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །ཕྱི་ནང་གསང་བ་བླ་མེད་རྫས། །བཞེད་རྒུར་འཆར་བའི་ལོངས་སྤྱོད་ཀྱིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །གུས་པས་ཕྱག་འཚལ་བསྟོད་པར་བགྱི། །རྨོངས་དང་བག་མེད་དབང་གྱུར་པས། །འགལ་འཁྲུལ་ཉམས་ཆག་ཅི་མཆིས་བཤགས། །ཐུགས་དམ་ཆེན་པོས་རབ་དགོངས་ལ། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོངས། །སྣོད་བཅུད་འཇིག་རྟེན་ཕན་བདེ་སྤེལ། །བསྟན་དགྲ་འབྱུང་པོ་རྡུལ་དུ་རློག །ཁྱད་པར་བདག་ཅག་འཁོར་བཅས་ལ། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་བར། །འགལ་རྐྱེན་ཉེས་པ་སྟོང་དང་བསྣོལ། །མཐུན་རྐྱེན་ལེགས་པ་བརྒྱ་དང་སྤྲོད། །ཚེ་སྲིངས་དཔལ་སྐྱེད་འཁོར་ཕྱུགས་སྤེལ། །འགལ་བྱེད་དགྲ་བགེགས་ཆམ་ལ་ཕོབ། །མདོར་ན་ཇི་ལྟར་བསམ་པའི་དོན། །ཐོགས་མེད་མྱུར་དུ་སྒྲུབ་པར་
མཛོད། །[ཅེས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་སྒེར་དབང་ལྡན་བར་མཚོ་བའི་རིགས་སྲས་རྡོ་རྗེ་དོན་གྲུབ་ཀྱི་གསུང་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ༎ ། །]༈ ཀྵཿ མཐུ་ཆེན་གནོད་སྦྱིན་ཤན་པ་འཁོར་དང་བཅས། །དམ་ཚིག་དབང་གིས་འདིར་གཤེགས་མཆོད་འབུལ་རོལ། །བདག་གི་ཡིད་ལ་བརྣག་པའི་བསྟན་འགྲོའི་དོན། །གེགས་མེད་དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ༎ ། །]༈ ཧཱུྃ། འཇིགས་བྱེད་དྲག་ཤུལ་དབང་པོ་འཁོར་བཅས་ལ། །དམ་རྫས་ཕྱི་ནང་གསང་བའི་མཆོད་པ་འབུལ། །བར་གཅོད་རྒྱལ་འགོང་འབྱུང་པོ་ཚར་ཆོད་ལ། །མཐུན་རྐྱེན་བསམ་དོན་མ་ལུས་མྱུར་འགྲུབ་མཛོད། །[ཅེས་པའང་སྐལ་བཟང་རྣམ་རྒྱལ་ངོར་ཛྙཱ་ནས་སོ།། །།]༈ ཀྱེ། འོག་མིན་ས་སྤྱོད་གྲོང་ཁྱེར་པདྨ་བཀོད། །སྤྱན་འབྲུག་ཡེ་ཤེས་འཁོར་ལོའི་བྷུ་ལུང་གི །ཞིང་སྐྱོང་ཚངས་པ་དུང་གི་ཐོར་ཚུགས་ཅན། །ཡབ་ཡུམ་སྤྲུལ་འཁོར་དགྲ་ལྷའི་དཔུང་ཚོགས་བཅས། །འདིར་བྱོན་ཟག་མེད་བདུད་རྩིའི་མཆོད་གཏོར་བཞེས། །ཐུགས་དམ་གཉན་བསྐང་རྣལ་འབྱོར་བདག་ཅག་ལ། །རྟག་ཏུ་མགོན་སྐྱོབ་སྡོང་གྲོགས་
མ་གཡེལ་བར། །གང་བསམ་ཕྲིན་ལས་ཐོགས་མེད་མྱུར་སྒྲུབ་མཛོད། །[ཅེས་པའང་སྔགས་བཙུན་དཀོན་ཅོག་ཚེ་དབང་གི་ངོར་ཛྙཱ་ནས་སོ།། །།]༈ ཧཱུྃ། དབྱིངས་ཀྱི་ཡུམ་ཆེན་སྔགས་སྲུང་རལ་གཅིག་མ། །སྣང་སྲིད་མ་མོ་བྱེ་བའི་ཚོགས་དང་བཅས། །འདིར་གཤེགས་དམ་རྫས་བདུད་རྩིའི་མཆོད་གཏོར་བཞེས། །འགལ་འཁྲུལ་ཉམས་ཆག་བཤགས་སོ་བཟོད་པར་གསོལ། །མ་མོ་འཁྲུགས་པའི་ཆོ་འཕྲུལ་ཞི་བ་དང་། །རྟག་ཏུ་དགྱེས་དགོངས་བཅོལ་བའི་ཕྲིན་ལས་མཛོད། །[ཅེས་པའང་ཁམས་སྤྲུལ་འཇིགས་མེད་ཕྲིན་ལས་རྡོ་རྗེའི་གསུང་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཧྲཱིཿཀྵཿརཿ མཐུ་ཆེན་དབང་ཕྱུག་ཤན་དམར་གཟའ་བདུད་རྒྱལ། །འཁོར་བཅས་འདིར་གཤེགས་དམ་རྫས་དགྱེས་མཆོད་འབུལ། །ཐུགས་དམ་བསྐང་ངོ་འགལ་འཁྲུལ་བཟོད་པར་བཞེས། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་མྱུར་སྒྲུབ་མཛོད། །[ཅེས་པའང་པདྨ་དབང་ཆེན་ངོར་ཛྙཱ་ནས་སོ།། །།]༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧཱུྃ། ཡེ་ཤེས་དབྱིངས་ལས་འབར་བའི་སྐུར་བཞེངས་པ། །དཔལ་མགོན་ཕྱག་བཞི་མ་ནིང་བེར་ནག་ཅན། །
སྔགས་སྲུང་མ་མོ་རེ་ཏི་དུད་སོལ་མ། །ཁྱབ་འཇུག་རྡོར་ལེགས་ལས་གཤིན་རྣམ་ཐོས་སྲས། །ཚེ་རིང་མཆེད་ལྔ་གཡུ་སྒྲོན་ནོར་རྒྱུན་མ། །སྐྱེས་བུ་ལུང་བཙན་བྲག་བཙན་ཀླུ་བདུད་ནག །འཛམ་གླིང་གེ་སར་དགྲ་ལྷ་རྟ་ཐུལ་དཀར། །འགོ་བའི་ལྷ་ལྔ་གནས་གཏེར་གཞི་བདག་སོགས། །མཆོད་པར་འོས་པའི་སྲུང་མ་ཁྱེད་རྣམས་ཀྱིས། །གཙང་སྦྱར་བདུད་རྩིའི་མཆོད་པ་འདི་བཞེས་ལ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམ། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །དཔལ་འབྱོར་ལོངས་སྤྱོད་རླུང་རྟ་ཡར་ལ་བསྐྱེད། །བསམ་དོན་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་དྲག་ཤོས་ཀརྨ་དགེ་ལེགས་ཀྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པའོ།། །།]
པདྨ་བཀོད་ཀྱི་གནས་སྲུང་གསོལ་མཆོད་མདོར་བསྡུས་བསམ་དོན་ལྷུན་གྲུབ་སོགས་གཉིས།
པདྨ་བཀོད་ཀྱི་གནས་སྲུང་གསོལ་མཆོད་མདོར་བསྡུས་བསམ་དོན་ལྷུན་གྲུབ་བཞུགས་སོ། ༈ །ན་མོ་པདྨ་ཀཱ་ར་ཡེ། [གནས་སྲུང་གསོལ་མཆོད་བྱ་བར་འདོད་པས་གཏོར་མ་དཀར་དམར་རྒྱན་ལྡན་མཆོད་རྫས་གསེར་སྐྱེམས་སྨན་ཕུད་ཀྱིས་བྲན་པ་བཤམ་ལ།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས་ཏེ།] ཧཱུྃ། རང་
སྣང་རྣམ་དག་འོག་མིན་ས་སྤྱོད་ཞིང་། །སྦས་པའི་གནས་མཆོག་བདེ་ཆེན་པདྨ་བཀོད། །འཆི་མེད་ཡང་གསང་ཌཱ་ཀིའི་གྲོང་ཁྱེར་ཆེ། །རྟག་ཏུ་སྐྱོང་ཞིང་དགྱེས་པར་རོལ་མཛད་པ། །ལེགས་ལྡན་མ་ཧཱ་ཀཱ་ལ་ཚོགས་ཀྱི་བདག །ཙ་ཏུར་བྷུ་ཛ་བེར་ཅན་ཕྱག་བཞི་པ། །ཕྱག་དྲུག་ཞལ་བཞི་ཏྲཀྴད་མ་ནིང་ནག །དབྱིངས་ཡུམ་ཨེ་ཀ་ཛ་ཊི་མུ་ཁ་ལེ། །ཕག་གདོང་མཆེད་ལྔ་ལྷ་མོ་འབར་གདོང་མ། །སྲོག་སྒྲུབ་ནག་མོ་རེ་ཏཱི་དུད་སོལ་ཅན། །དུར་ཁྲོད་བདག་མོ་ཤ་ཟ་ཁ་མོ་ཆེ། །དབང་ཕྱུག་ཆེན་པོ་ཁྱབ་འཇུག་རཱ་ཧུ་ལ། །ཤན་པ་དམར་ནག་ཀ་ལ་ཡཀྵ་ཆེ། །སེང་གདོང་ཡབ་ཡུམ་བམ་རོ་བདུད་དམག་འབུམ། །ཇོ་བོ་དཔལ་ལྷ་ལས་གཤིན་འཆི་བདག་ནག །བདུད་རྒྱལ་སྦྲུལ་མིག་སྲིན་པོ་ངྷ་ར་ངྷི། །གནུབས་རྗེ་གདོང་བཙན་ཀླུ་བདུད་ཡཀྴ་ནག །སྲོག་བདག་པེ་ཧར་ཞང་བློན་ཨ་གྷོ་ར། །འབར་བ་སྤུན་བདུན་རྡོ་རྗེ་བྲག་བཙན་ཆེ། །ཐང་ལྷ་ཡར་བཞུད་རྨ་རྒྱལ་སྤོམ་ར་གཉན། །རྡོ་རྗེ་གཡུ་སྒྲོན་བརྟན་མ་བཅུ་གཉིས་སོགས། །མདོར་ན་མིང་དང་མཚན་དུ་མ་ཐོན་པའི། །གནས་གཏེར་བསྟན་སྲུང་མཐུ་རྩལ་
གཡར་དམ་ཅན། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །རང་རང་མཁོ་རྒུའི་ལོངས་སྤྱོད་མི་ཟད་གཏེར། །དམ་རྫས་འདོད་ཡོན་རྒྱ་མཚོའི་མཆོད་པ་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །མ་རིག་དབང་གྱུར་འགལ་འཁྲུལ་བཟོད་པར་བཞེས། །རྟག་ཏུ་བརྩེར་དགོངས་ཐུགས་དམ་ཞལ་བཞེས་བཞིན། །ངོ་མཚར་གནས་ཀྱི་དགེ་མཚན་རབ་སྤེལ་ཞིང་། །མཐའ་དམག་འགོང་པོ་ཀླ་ཀློའི་རྒྱུ་ལམ་ཆོད། །དད་ལྡན་སྐལ་བཟང་མཐུན་པའི་ལམ་སྣ་དྲོངས། །སྦས་ཡུལ་འགྲིམ་པའི་འགལ་རྐྱེན་ཀུན་ཞི་ནས། །མཐུན་རྐྱེན་མ་ལུས་ལྷུན་གྱིས་འགྲུབ་པ་དང་། །གསང་ཆེན་སྙིང་པོའི་སྨིན་གྲོལ་ཟབ་མོའི་བསྟན། །དར་རྒྱས་ཡུན་དུ་གནས་པའི་ཕྲིན་ལས་མཛོད། །[ཅེས་པའང་མཁན་ཆེན་བླ་མ་རྡོ་རྗེ་འདུལ་རྩལ་གྱིས་བཞེད་པ་བཞིན་འཇིགས་བྲལ་དཔའ་བོ་འགྲོ་འདུལ་གླིང་པས་སྤེལ་བ་ཛ་ཡནྟུ།། །།]༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཀྱེེ། པདྨའི་བཀའ་སྡོང་གཏེར་སྲུང་ཡོངས་ཀྱི་གཙོ། །མཁའ་སྤྱོད་དཔལ་གྱི་གྲོང་ཁྱེར་འབྲས་མོ་གཤོངས། །མཛོད་ལྔའི་བདག་པོ་གནོད་སྦྱིན་བྱེ་བའི་དཔོན། །དངོས་གྲུབ་ཆར་འབེབས་
རྣམ་སྲས་མདུང་དམར་ཅན། །བཙུན་མོ་བློན་འཁོར་སྤྲུལ་པ་ཡང་སྤྲུལ་བཅས། །གནས་གཏེར་གཞི་ཡི་བདག་པོ་ཁྱེད་རྣམས་ལ། རོ་མཆོག་བརྒྱ་ལྡན་ལྷ་ཡི་ཞལ་ཟས་དང་། །གཙང་སྦྱར་འབྲུ་བཅུད་བདུད་རྩིའི་སྐྱེམས་བཟང་པོ། །ཟག་མེད་འདོད་རྒུར་འཆར་བའི་མཆོད་སྤྲིན་འདིས། །གསོལ་ལོ་མཆོད་དོ་དབུ་འཕང་དགུང་དུ་བསྟོད། །རྟག་ཏུ་ཁྱོད་གསོལ་ཁྱོད་མཆོད་ཁྱོད་བསྙེན་ན། །ཐུགས་དམ་མ་གཡེལ་རྣལ་འབྱོར་བདག་ཅག་གི །ལུས་དང་གྲིབ་བཞིན་གྲོགས་ཤིང་བསྐྱངས་ནས་ཀྱང་། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །མདོར་ན་བསམ་པའི་རེ་བ་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་བསྟན་འཛིན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
སྦས་ཡུལ་མཁན་པ་ལྗོངས་ཀྱི་གནས་སྲུང་གི་གསོལ་ཕྲིན་འདོད་པའི་རེ་སྐོང་།
༈[སྦས་ཡུལ་མཁན་པ་ལྗོངས་ཀྱི་གནས་སྲུང་གི་གསོལ་ཕྲིན་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ། །]༈ ན་མོ་པདྨ་ཀཱ་ར་ཡེ། [མཁན་པ་ལྗོངས་ཀྱི་གནས་སྲུང་ཆེན་པོ་འཁོར་བཅས་མཆོད་པར་འདོད་པས་གཙང་མའི་སྣོད་དུ་དམར་གྱི་བཤོས་བུ་གྲུ་གསུམ་ར་མགོས་མཚན་པ་འཁོར་བཤོས་ཕྲན་བརྒྱ་དང་མཐེབ་ཀྱུ་གང་མང་གིས་བསྐོར་བ་རྒྱན་ལྡན་མཐུན་རྫས་ཀྱིས་གཏམས་
པ་དང་། ཕྱི་ནང་གི་མཆོད་པ་གསེར་སྐྱེམས་ཕྱེ་མར་བསང་དུད་སོགས་ཅི་འབྱོར་པ་བཤམ་ལ། རང་ཉིད་གུ་རུ་ཞི་དྲག་སོགས་ཡི་དམ་གང་ཡང་རུང་བའི་རྣལ་འབྱོར་ལ་གནས་པས། མཆོད་གཏོར་རྣམས།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རིན་པོ་ཆེ་དང་ཐོད་པ་ལ་སོགས་པའི་སྣོད་ཡངས་ཤིང་རྒྱ་ཆེ་བར། ལྷ་རྫས་གཙང་མའི་ཉེར་སྤྱོད་འདོད་ཡོན་རང་བྱུང་སྨན་རཀ་བདུད་རྩིའི་རྒྱ་མཚོ། གཏོར་མ་ཟག་མེད་འདོད་ཡོན་གྱི་ཕུང་པོ། དགྲ་བགེགས་བསྒྲལ་བའི་ཤ་རུས་ཀྱི་ལོངས་སྤྱོད། སྤྱན་གཟིགས་དཀོར་ཆ་མཐུན་པའི་དམ་རྫས་སོགས་དགྱེས་རྒུར་འཆར་བའི་མཆོད་སྤྲིན་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར། ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱི་བརླབ། མགྲོན་སྤྱན་འདྲེན་པ་ནི།] ཧཱུྃ། ཆོས་དབྱིངས་བདེ་ཆེན་སྤྲོས་དང་བྲལ་བ་ལས། །རྣམ་འགྱུར་མ་འགགས་སྒྱུ་འཕྲུལ་དྲྭ་བའི་གར། །མཐུ་ཆེན་དྲེགས་པའི་རྗེ་བོའི་ཚུལ་སྟོན་པ། །བདུད་མགོན་སྐྱེས་བུ་ཟོ་ར་ར་སྐྱེས་ཆེ། །སྨན་བཙུན་ཁྲག་མིག་མཁའ་རི་ལྕམ་དྲལ་དང་། །དམ་ཅན་རྡོར་ལེགས་གནོད་སྦྱིན་རྒོད་མ་ཁ། །ཁྱུང་བདུད་ནག་པོ་རོང་བཙན་རིན་ཆེན་མགོན། རིག་འཛིན་བཟང་པོ་ཟླ་བའི་གདོང་ཅན་སོགས། །
མདོར་ན་མིང་དང་མཚན་དུ་མ་ཐོན་པའི། །མཁན་ལྗོངས་ཕྱི་ནང་གསང་བ་ཡང་གསང་གི །གནས་གཏེར་སྐྱོང་བའི་དབང་པོ་འཁོར་དང་བཅས། །བདག་སོགས་རྩེ་གཅིག་གདུང་བས་སྤྱན་འདྲེན་ན། །ཐོགས་མེད་སྟོབས་ཀྱིས་གནས་འདིར་མྱུར་དུ་གཤེགས། །དུ་རཱ་ཛ་ཀྵེ་ཏྲ་ནི་ངྷི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿཧཱུཾ་བཾ་ཧོཿ [བཞུགས་སུ་གསོལ་ཞིང་ཕྱག་བྱ་བ་ནི།] ཧཱུྃ། ངོ་མཚར་སྒྲུབ་པའི་གནས་མཆོག་ཉམས་དགའ་འདིར། །རང་རང་མཐུན་པའི་གདན་ཁྲི་ཇི་སྙེད་པར། །འཁོར་བཅས་དགྱེས་པས་བརྟན་པར་བཞུགས་སུ་འཚལ། །བསྟན་པ་བསྲུང་ཕྱིར་གུས་པས་ཕྱག་བགྱིའོ། །ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོཿ [མཆོད་པ་ནི།] ཧཱུྃ། དངོས་འབྱོར་ཡིད་སྤྲུལ་ལས་བྱུང་མཆོད་པའི་སྤྲིན། །ཕྱི་ནང་གསང་བའི་ལོངས་སྤྱོད་དཔག་ཏུ་མེད། །རྨད་དུ་བྱུང་བའི་མཆོད་པ་རྒྱ་ཆེན་པོས། །དམ་ཅན་འཁོར་བཅས་མཉེས་ཤིང་ཚིམ་པར་མཛོད། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཱཾ་[སོགས་]ཤཔྡ་པྲ་ཏཱིཙྪ་ཧོཿ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། [ཞེས་དང་།] དུ་རཱ་ཛ་ཀྵེ་ཏྲ་ནི་ངྷི་པ་ཏི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་
ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། [ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ། བསྟོད་པ་ནི།] ཧཱུཾ། དོན་དམ་དབྱིངས་ལ་སྤྲོས་པ་མི་དམིགས་ཀྱང་། །རྟེན་འབྲེལ་སྒྱུ་མའི་སྣང་ཆ་གང་གདུལ་དུ། །ཡོངས་ཤར་འཇིགས་བྱེད་དྲེགས་པའི་ཚུལ་སྟོན་པ། །བདུད་རྗེ་ཟོ་ར་ར་སྐྱེས་ཁྱོད་ལ་བསྟོད། །སྨུག་ནག་སྒེག་དཔའ་འཇིགས་སུ་རུང་བའི་གཟུགས། །མི་སྲུན་ཁོངས་ནས་འཁྲུགས་པའི་རྣམ་འགྱུར་ཅན། །ཨམ་གཙིགས་ཁྲོ་གཉེར་སྡང་མིག་གློག་དམར་འཁྱུག །རལ་པ་དུས་ཀྱི་མུན་ལྟར་གཏིབས་ལ་བསྟོད། །ཕྱག་གཡས་བདུད་ཀྱི་དར་ནག་ལྷབ་ལྷུབ་ཏུ། །རབ་གཡོ་འབར་བའི་རུ་མཚོན་རྣོན་པོ་ནི། །བསྟན་དགྲའི་སྙིང་ལ་འཕེན་ཅིང་སྡུད་ལ་བརྩོན། །ཉམས་པའི་སྲོག་དབུགས་ཡུད་ཀྱིས་ལེན་ལ་བསྟོད། །ཕྱག་གཡོན་རིན་ཆེན་ཡུ་བ་ལ་བརྟེན་པའི། དར་ཟབ་ནོར་བུའི་རྒྱན་ཕྲེང་འཕྱང་འཕྲུལ་དུ། །གཡོ་ལྡན་ར་ཡི་རྒྱལ་མཚན་སྒྲེང་བ་ཡིས། །བསྟན་པའི་མངའ་ཐང་སྤེལ་བར་མཛད་ལ་བསྟོད། །ཆུ་དར་ནག་པོའི་བར་ཆེན་བརྗིད་པ་ནི། །སྟག་ལྤགས་རློན་པའི་གོང་སླག་ཅན་བགོས་ཤིང་། །གསེར་སྐེད་རིན་ཆེན་འབར་བས་མཛེས་པར་སྤྲས། །མི་སྡུག་
དཔའ་གཏུམ་ཉམས་འགྱུར་རྫོགས་ལ་བསྟོད། །གནམ་ལྕགས་རྭ་དང་རྨིག་བཞིའི་འཕྲུལ་འཁོར་གྱིས། །ལོག་འདྲེན་བརྒྱལ་འབོག་ཁྲག་ཏུ་སྐྱུག་བྱེད་པའི། །གནག་བརྗིད་གཡག་རྒོད་ངར་མ་ཡོངས་བཅིབས་ཏེ། །སྟོང་གསུམ་སྐད་ཅིག་ཡུད་ཀྱིས་ཉུལ་ལ་བསྟོད། །གསང་བའི་དགྱེས་སྡེ་སྦལ་མགོ་ཁྲག་མིག་མ། །གཅེར་མོ་སྐྲ་གྲོལ་སྦྲུལ་ནག་འཕྱང་འཕྲུལ་བརྒྱན། །ལྕགས་ཀྱུས་འགུགས་ཤིང་དགྲ་སྙིང་ཟས་སུ་ཟ། །སྲིད་པའི་རླུང་ནག་ཞོན་ནས་རྒྱུག་ལ་བསྟོད། །བཀའ་ཉན་ལས་བྱེད་མྱུར་མགྱོགས་དྲག་རྩལ་ཅན། །སྐྱེས་བུ་རྡོར་ལེགས་དགེ་བསྙེན་མཁའ་རི་ཆེ། །ཁྱུང་བདུད་ནག་པོ་གནོད་སྦྱིན་རྒོད་མ་ཁ། །རོང་བཙན་རིན་ཆེན་མགོན་གཡག་རིག་འཛིན་བཟང་། །ལས་ཀྱི་ཕོ་ཉ་ཟླ་བའི་གདོང་ཅན་སོགས། །སྦས་པའི་གནས་དང་ཟབ་གཏེར་སྐྱོང་མཛད་པའི། །དམ་ཅན་སྲུང་མ་གཞི་བདག་འཁོར་བཅས་ལ། །གུས་པས་བསྟོད་དོ་བཅོལ་བའི་ཕྲིན་ལས་མཛོད། །[ཐུགས་དམ་སྐོང་བ་ནི།] ཧཱུཾ། རྣམ་དག་ཡེ་ཤེས་སྒྱུ་མའི་རོལ་པ་ལས། །རང་བྱུང་མཆོད་པའི་སྤྲིན་དུ་ཡོངས་ཤར་བ། །ལྷ་རྫས་
ཉེར་སྤྱོད་འདོད་ཡོན་ཚར་དུ་དངར། །སྨན་རཀ་བདུད་རྩིའི་རྫིང་བུ་ཞག་ཏུ་བསྐྱིལ། །དམ་རྫས་བ་ལིཾ་གཏོར་ཚོགས་རི་བོར་བརྩེགས། །བསྒྲལ་བའི་དབང་ལྔ་ཤ་རུས་གྲམ་ཁྲོད་བརྡལ། །སྙིང་ཁྲག་རྒྱ་མཚོ་ཀླད་ཞག་ལྦུ་ཕྲེང་འཁྲིགས། །ཚིལ་ཆེན་གསུར་དུད་སྤྲིན་ཕུང་བར་སྣང་ཁེངས། །གཏུམ་རྔམས་བྱ་གཅན་སྣ་ཚོགས་རླུང་ལྟར་འཚུབས། །སྲ་བརྟན་གོ་མཚོན་སྤྱན་གཟིགས་ནམ་མཁའ་དང་། །མཐུན་རྫས་དཀོར་ཆ་ལོངས་སྤྱོད་མ་ཚང་མེད། །བླ་མེད་དགྱེས་པ་སྐོང་བའི་དམ་ཚིག་འདིས། །དཔལ་ལྡན་བསྟན་སྲུང་དབང་པོའི་ཐུགས་དམ་བསྐང་། །མཐུ་ཆེན་གནས་ཀྱི་བདག་པོའི་ཐུགས༴ ཟབ་གསང་གཏེར་གྱི་སྲུང་མའི་ཐུགས༴ སྦས་ཡུལ་གཞི་ཡི་བདག་པོའི༴ འཁོར་བཅས་ཐུགས་དམ་གཉན་པོ་རབ་བསྐང་ཞིང་། །འགལ་འཁྲུལ་ནོངས་པའི་ཚོགས་ཀུན་བཟོད་བཞེས་ལ། །རྟག་ཏུ་བརྩེ་བའི་སྡོང་གྲོགས་མ་གཡེལ་བར། །འདོད་པའི་དོན་ཀུན་མྱུར་དུ་སྒྲུབ་པར་མཛོད། །[དེ་ནས་ཕུད་སྐོང་དང་འབྲེལ་བར་ཕྲིན་ལས་བཅོལ་བ་ནི། ཛ་གད་ཁྲག་སྐྱེམས་དང་སྦྱར་བ་སྦྲེང་ཞིང་།] ཧོ། ཁྲག་འཐུང་དཔལ་ཆེན་བཀའ་ཡི་ལས་མཁན། གསང་
སྔགས་ཟབ་གཏེར་གཉན་གྱི་སྲུང་མ། བསྟན་དགྲ་སྒྲོལ་བའི་ཤན་པ་ཆེན་པོ། བསྟན་འཛིན་བུ་བཞིན་སྐྱོང་བའི་དམ་ཅན། སྦས་ཡུལ་ཕྱི་ནང་ཡོངས་ཀྱི་བདག་པོ། བདུད་རྗེ་སྐྱེས་བུ་ཟོ་ར་ར་སྐྱེས། དགྱེས་སྡེ་ཀླུ་སྨན་སྦལ་མགོ་ཁྲག་མིག་མ། བཀའ་ཉན་ལས་བྱེད་སྲུང་མ་དྲེགས་པའི་དམག་ཚོགས་ཁྱེད་འཁོར་དང་བཅས་པ་རྣམས་ལ། ཟག་མེད་བདུད་རྩིའི་མཆོད་པ་ཛ་གད་དཔའ་བོའི་ངར་ཆུ་དམར་ཆེན་ཁྲག་གི་ཨརྒྷཾ་དང་སྦྱར་བ་འདི་འབུལ་ལོ། གསོལ་ལོ། མཆོད་དོ། དགྱེས་པ་ཆེན་པོས་བཞེས་ཤིང་རོལ་ལ། དཔལ་ཆེན་ཁྲག་འཐུང་པདྨ་ཐོད་ཕྲེང་རྩལ་གྱི་བཀའ་དང་དམ་ལས་མ་འདའ་བར། སྤྱིར་གསང་སྔགས་ཀྱི་བསྟན་པ་སྲུངས། བསྟན་འཛིན་གྱི་ཕྲིན་ལས་སྒྲུབས། བསྟན་པའི་མངའ་ཐང་སྤེལ། བསྟན་དགྲ་རྣམས་ཆམ་ལ་ཕོབ། ཁྱད་པར་དུའང་སྦས་ཡུལ་ལྗོངས་འདིའི་མཐའི་སོ་ཁ་སྲུང་། རྒྱ་འདྲེ་འགོང་པོའི་རྒྱུ་ལམ་ཆོད། དད་ལྡན་རྣམས་ཀྱི་ལམ་སྣ་དྲོངས། གནས་མགྲོན་གྱི་རྟེན་འབྲེལ་སྒྲིགས། སྣོད་བཅུད་ཀྱི་རྒུད་པ་སོལ། བསྟན་པའི་གཞི་རྩ་
ཚུགས། ཆོས་སྲིད་ཀྱི་དཔལ་འབྱོར་སྤེལ། འདིར་གནས་སྒྲུབ་པ་པོ་རྣམས་ལ་སྙིང་མ་རིང་། ཉེས་པ་ཕྲ་མོ་ལ་འཁུ་ལྡོག་མ་མཛད། བྱ་བ་གང་བརྩམ་པ་ལེགས་ཕྱོགས་སུ་སྒྱུར། ནད་ཡམས་མཚོན་འཁྲུགས་མུ་གེ་སོགས་དུས་ངན་གྱི་ཡོ་ལང་ཐམས་ཅད་ཕྱིར་ལ་ཟློག །གནས་ཀྱི་དགེ་མཚན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་སོགས། མདོར་ན་བདག་གིས་ཅི་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་མྱུར་དུ་སྒྲུབ་པར་མཛོད་ཅིག །[ཅེས་རོལ་མོ་དང་བཅས་ཕུད་མཆོད་གཏོར་མ་གཙང་སར་གཤེགས། མགྲོན་རྟེན་ལ་བསྟིམས་པའང་རང་གནས་སུ་གཤེགས་ལ་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་སྦས་ཡུལ་མཁན་པ་ལྗོངས་ཀྱི་གནས་འཛིན་སློབ་དཔོན་བསོད་ནམས་བཟང་པོའི་གསུང་གི་ངོར། ཟིལ་གནོན་པདྨའི་ཕོ་ཉ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་མོན་སྔགས་ཆོས་གྲགས་རྒྱ་མཚོས་བགྱིས་པ་ཛ་ཡནྟུ།། །།]
མ་གཅིག་གཡུ་སྒྲོན་མའི་མཆོད་ཕྲིན་བསམ་དོན་རེ་སྐོང་སོགས་ཚན་པ་གཉིས།
༈ [མ་གཅིག་གཡུ་སྒྲོན་མའི་མཆོད་ཕྲིན་བསམ་དོན་རེ་སྐོང་ཞེས་བྱ་བ།] ༈ ན་མོ་པདྨ་ཀཱ་ར་ཡེ། [དམ་རྫས་མཆོད་གཏོར་དཀར་ཆོལ་སོགས་མཐུན་རྫས་སུ་འོས་པ་བཤམ་ལ།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས་ཏེ།] ཀྱེེ། མི་འགྱུར་ཀ་དག་དབྱིངས་ཀྱི་རྩལ། །ཡེ་ཤེས་སྒྱུ་འཕྲུལ་ཌཱ་ཀི་ལྔ། །སྤྲུལ་
སྐུ་ཞིང་སྐྱོང་སྨན་མོའི་ཚུལ། །མ་གཅིག་རྡོ་རྗེ་གཡུ་སྒྲོན་མ། །རིགས་ཀྱི་ཚོམ་བུ་དང་བཅས་པ། །གནས་འདིར་འབོད་དོ་ད་ཚུར་བྱོན། །བཛྲ་ས་མཱ་ཛཿ ཛཿཧཱུཾ་བཾ་ཧོཿ ཀྱེ། དགྱེས་པས་བྱོན་པ་ངོ་མཚར་ཆེ། །དགའ་ཞིང་གུས་པས་ཕྱག་བགྱིའོ། །མེ་ཏོག་ཕྲེང་མཛེས་ལ་སོགས་པ། །ཕྱི་ཡི་མཆོད་པ་ཚར་དུ་དངར། །བཟའ་བཅའི་གཏོར་མ་ལ་སོགས་པ། །ནང་གི་མཆོད་ཚོགས་ལྷུན་དུ་སྟུག། །གཉིས་མེད་བྱང་སེམས་བདེ་བའི་རྒྱུན། །གསང་བའི་དམ་ཚིག་བླ་ན་མེད། །མདོར་ན་སྣང་སྲིད་མཆོད་པའི་སྤྲིན། །འཁོར་གསུམ་གཟུང་འཛིན་བྲལ་བའི་ངང་། །དག་མཉམ་ཆེན་པོར་བདག་འབུལ་ན། །དགྱེས་པ་ཆེན་པོས་ཁྱེད་བཞེས་ཤིག །མ་ཧཱ་སརྦ་པཱུ་ཛ་ཧོཿ ཀྱེ། ཆོས་དབྱིངས་ཡུམ་གྱི་མདངས་རྩལ་ལས། །རྣམ་འགྱུར་རྗེས་ཆགས་སྨན་མོའི་ཚུལ། །ཐོགས་མེད་ཕྲིན་ལས་དངོས་གྲུབ་བདག །གནས་གཏེར་བསྟན་སྐྱོང་གཙོ་ལ་བསྟོད། །སྔོན་གྱི་ཐུགས་དམ་མ་གཡེལ་བར། །གསང་ཆེན་བསྟན་དང་བསྟན་འཛིན་སྡེ། །སྤྱི་དང་ཁྱད་པར་དགོན་གནས་འདིའི། །ཆོས་འཁོར་མཆོད་ཡོན་འདུས་
པར་བཅས། །རྟག་ཏུ་སྲུང་སྐྱོབ་མ་གཡེལ་བར། །འགལ་རྐྱེན་ཉེས་པ་ཐམས་ཅད་སོལ། །མཐུན་རྐྱེན་ལེགས་ཚོགས་མ་ལུས་སྤེལ། །མདོར་ན་བསམ་པའི་དོན་རྣམས་ཀུན། །དུས་འདིར་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་མཆོད་གཏོར་གཙང་སར་གཤེགས་སོ། །ཞེས་པའང་གར་ན་སྲིན་མོའི་གླིང་གི་གནས་བདག་གཉན་པོའི་གསོལ་མཆོད་ངག་དོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]ཀྱེ། གསོན་ཅིག་དགོངས་ཤིག་ཆོས་སྐྱོང་དྲེགས་པའི་ཚོགས། །སྔོན་གྱི་ཐ་ཚིག་གཉན་པོ་མ་གཡེལ་བར། །དེང་འདིར་བདག་གིས་གདུང་བས་འབོད་བསྐུལ་ན། །བཅོལ་བའི་ལས་འདི་ད་ལྟ་ཉིད་དུ་སྒྲུབས། །གསང་ཆེན་བསྟན་པའི་ཆོས་སྲིད་མངའ་ཐང་ལ། །ལོག་པར་ཁུ་བའི་སྡིག་ཅན་ཚོགས་རྣམས་ཀྱིས། །བསམ་སྦྱོར་གདུག་པའི་འདུན་གྲོས་ངན་ཤོམ་ཀུན། །སྐད་ཅིག་ཙམ་ལ་ཕྱིར་སྒྱུར་གཏོར་བཤིག་ཐོངས། །ལས་ཀྱི་འབྲས་བུ་ཉམས་ཕུང་བརླག་ཏུ་ཆུག །སྔགས་འཆང་ཆེ་བའི་ཡོན་ཏན་དུས་འདིར་བསྐྱེད། །མི་མཐུན་སྡང་དགྲའི་གཡུལ་ལས་རྒྱལ་བར་མཛོད། །ཐུགས་དམ་དུས་ལ་བབ་བོ་ས་མ་ཡ། །[ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
༈ ཀྱེ། དགོངས་ཤིག་དམ་ཅན་རྒྱ་མཚོའི་ཚོགས། །མཆོད་དོ་བསྐུལ་ལོ་མཐུ་རྩལ་ཅན། །བརྒྱུད་གསུམ་རིག་འཛིན་རྒྱ་མཚོ་ཡི། །བཀའ་དམ་གཉན་ལས་མ་འདའ་བར། །གསང་སྔགས་བསྟན་དང་བསྟན་འཛིན་ལ། །ལོག་པར་འཁུ་བའི་དགྲ་བགེགས་དང་། །ཁྱད་པར་རྣལ་འབྱོར་བདག་ཅག་གི །ཚེ་སྲོག་ཆོས་དང་དཔལ་འབྱོར་ལ། །བར་དུ་གཅོད་པའི་དགྲ་བོ་རྣམས། །ད་ལྟ་ཉིད་དུ་ཚར་ཆོད་ཅིག །ཕུན་ཚོགས་ཆོས་སྲིད་མངའ་ཐང་དཔལ། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །གཞན་ཡང་ནད་གདོན་རྐྱེན་ངན་སོགས། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་བསོད་དཔལ་འབྱོར་སྙན་གྲགས་སོགས། །ལེགས་ཚོགས་ཐམས་ཅད་གོང་དུ་སྤེལ། །བསྐུལ་ཡང་ཕྲིན་ལས་མི་མཛད་ན། །གསོལ་མཆོད་བྱས་པ་དོན་རེ་ཆུང་། །རྦད་ཀྱང་རྟགས་མཚན་མི་སྟོན་ན། །མཐུ་རྩལ་ཡོད་པ་རྫུན་དུ་འགྱུར། །དེ་བས་དམ་ཅན་སྲུང་མ་རྣམས། །གཙང་མའི་ཕུད་ཀྱིས་ཁྱེད་མཆོད་དོ། །གདུང་བའི་ཡུས་ཀྱིས་ཁྱེད་སྦྲན་ནོ། །བརྩེ་བའི་ཐུགས་ཀྱིས་ཁྱེད་དགོངས་ཤིག །རྟག་ཏུ་ལུས་དང་གྲིབ་བཞིན་
འགྲོགས། །སྡོང་གྲོགས་མེལ་ཚེ་མ་གཡེལ་བར། །འདོད་པའི་དོན་རྣམས་མ་ལུས་པ། །ཐོགས་མེད་མྱུར་དུ་སྒྲུབ་པར་མཛོད། །[ཅེས་གཏེར་ཆེན་རྡོ་རྗེ་གླིང་པའི་རིགས་ཆོས་ཀྱི་མྱུ་གུ་ཨོ་རྒྱན་དབང་འདུས་ཀྱི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
སྲུང་མའི་ཕྲིན་བཅོལ་ཁ་སྐོང་སོགས་ཚན་པ་གཉིས།
༈ [སྲུང་མའི་ཕྲིན་བཅོལ་ཁ་སྐོང་ནི།] རྒྱལ་བསྟན་སྤྱི་དང་གསང་ཆེན་སྔ་འགྱུར་བའི། །རིང་ལུགས་དྲི་མེད་དབྱར་གྱི་ཆུ་གཏེར་བཞིན། །མི་ཉམས་གོང་འཕེལ་མངའ་ཐང་དཔལ་འབྱོར་སྟོབས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །ཁྱད་པར་རིགས་བདག་འཁོར་ལོའི་མགོན་པོ་ཡི། །གསང་གསུམ་རྟག་པ་དམ་པར་འཚོ་གཞེས་ཤིང་། །རླབས་ཆེན་ཐུགས་ཀྱི་བཞེད་དོན་མ་ལུས་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །རྣལ་འབྱོར་བདག་གི་ཚེ་དང་བསྒྲུབ་པ་ལ། །བར་གཅོད་མི་མཐུན་ཉེར་འཚེ་ཀུན་ཞི་ནས། །མཐུན་རྐྱེན་འབད་མེད་ལྷུན་གྱིས་འགྲུབ་པ་ཡི། །ལྷག་བསམ་མཐའ་རུ་ཕྱིན་པའི་ཕྲིན་ལས་མཛོད། །[ཅེས་པའང་མཆོག་སྤྲུལ་འཇིགས་མེད་ཀུན་ཁྱབ་རྡོ་རྗེའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ ཧྲཱིཿ སྤྱན་རས་གཟིགས་དབང་ཐུགས་རྗེའི་སྒྱུ་
འཕྲུལ་ལས། །འདོད་པ་ཁམས་ཀྱི་དབང་ཕྱུག་སྐུར་བཞེངས་པ། །ལྷ་ཆེན་ཚོགས་ཀྱི་བདག་པོ་འཁོར་དང་བཅས། །གནས་འདིར་གདུང་བས་འབོད་དོ་ད་ཚུར་བྱོན། །དངོས་འབྱོར་ཡིད་སྤྲུལ་ཏིང་འཛིན་ནམ་མཁའི་མཛོད། །ཟག་མེད་འདོད་ཡོན་བདུད་རྩིའི་མཆོད་སྤྲིན་གྱིས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །འགལ་འཁྲུལ་མཐོལ་བཤགས་གུས་པས་བདག་བསྟོད་དོ། །རྟག་ཏུ་མི་འབྲལ་བརྩེ་བས་རྟག་འགྲོགས་ལ། །སྣོད་བཅུད་ཕུན་ཚོགས་མ་ལུས་དབང་དུ་སྡུས། །ལོངས་སྤྱོད་མི་ཟད་གཏེར་ལ་དབང་འབྱོར་ནས། །དོན་གཉིས་ཡིད་བཞིན་འགྲུབ་པའི་མཆོག་སྩོལ་ཅིག །ག་ཎ་པ་ཏི་སརྦ་སིདྡྷི་ཧོ། [ཞེས་པའང་ཀཿཐོག་དཔོན་སྤྲུལ་རིན་པོ་ཆེའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །།]
ཚེ་རིང་མའི་རྒྱུན་གསོལ་མདོར་བསྡུས།
༈ [ཚེ་རིང་མའི་རྒྱུན་གསོལ་མདོར་བསྡུས་ནི། མཆོད་རྫས་གསེར་སྐྱེམས།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། [ལན་གསུམ་གྱིས་བྱིན་བརླབ་ལ།] ཧྲཱིཿ འོད་གསལ་རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །རྣམ་འགྱུར་ཐབས་མཁས་ཞིང་སྐྱོང་སྨན་མོའི་ཚུལ། །བདེ་ཆེན་ཡེ་ཤེས་སྐྱེད་མཛད་ཌཱ་ཀི་མ། །ཚེ་རིང་མཆེད་ལྔ་འཁོར་བཅས་གནས་
འདིར་བྱོན། །དངོས་བཤམས་ཡིད་སྤྲུལ་དམ་རྫས་འདོད་ཡོན་གཏེར། །ཟད་མེད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །འགལ་འཁྲུལ་བཟོད་བཞེས་རྟག་ཏུ་དགྱེས་དགོངས་ཏེ། །བདག་ཅག་རྣམས་ལ་སྡོང་གྲོགས་མ་གཡེལ་བར། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །ཇི་ལྟར་བསམ་པའི་དོན་རྣམས་འབད་མེད་དུ། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་འབུལ་ལོ། །ཞེས་པའང་རྨ་བྱ་བ་ཚེ་དབང་འགྱུར་མེད་བཟང་པོའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
རྩ་གསུམ་སྲུང་མའི་གསོལ་བསྡུས་ཕྲིན་ལས་རེ་སྐོང་།
༈ [རྩ་གསུམ་སྲུང་མའི་གསོལ་བསྡུས་ཕྲིན་ལས་རེ་སྐོང་བཞུགས།]༈ [མཆོད་གཏོར་གསེར་སྐྱེམས་ཨོཾ་ཨཱཿཧཱུྃ་གིས་བྱིན་བརླབ་ལ།] ཧཱུྃ། སྐུ་གསུམ་བརྒྱུད་པ་དྲུག་ལྡན་རིག་པ་འཛིན། །རྩ་བརྒྱུད་བླ་མ་ཁྱབ་བདག་ཐོད་ཕྲེང་རྩལ། །སྐུ་ལྔ་མཚན་བརྒྱད་གུ་རུ་ཞི་དྲག་ཚོགས། །གསོལ་ལོ་མཆོད་དོ་བྱིན་རླབས་ཆར་ཆེན་ཕོབ། །འདུས་པ་སྒྱུ་འཕྲུལ་སྒྲུབ་ཆེན་བཀའ་བརྒྱད་ལྷ། །ཚེ་དཔག་མེད་མགོན་གསང་འདུས་ཧེ་བཛྲ། །བདེ་མཆོག་དུས་འཁོར་ལ་སོགས་ཡི་དམ་ཚོགས། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །
རྡོ་རྗེ་རྣལ་འབྱོར་ཕག་མོ་ཁྲོས་མ་ནག །སྒྲོལ་མ་ཀུ་རུ་ཀུལླེ་སེང་གདོང་མ། །གསང་ཡེ་མཚོ་རྒྱལ་ལ་སོགས་མཁའ་འགྲོའི་ཚོགས། །གསོལ་ལོ་མཆོད་དོ་བདེ་ཆེན་ཡེ་ཤེས་སྩོལ། །ལེགས་ལྡན་ཕྱག་བཞི་ཕྱག་དྲུག་མ་ནིང་ནག །དཔལ་མགོན་སྡེ་ལྔ་ལས་མགོན་བྱ་རོག་གདོང་། །གུར་མགོན་ཞལ་བཞི་རྡོ་རྗེ་བེར་ནག་ཅན། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ཨེ་ཀ་ཛཱ་ཊི་དཔལ་ལྡན་རང་བྱུང་རྒྱལ། །སྲོག་སྒྲུབ་ནག་མོ་དཔལ་ལྷ་དུད་སོལ་མ། །རི་ཏི་མཆེད་བཞི་ཤྭ་ན་ས་བདག་ཚོགས། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །ལྷ་ཆེན་དབང་ཕྱུག་ཤན་དམར་རཱ་ཧུ་ལ། །དམ་ཅན་རྡོར་ལེགས་ཞིང་སྐྱོང་སེང་གེའི་གདོང་། །རྡོ་རྗེ་བདུད་འདུལ་ལས་གཤིན་དུར་ཁྲོད་བདག །གསོལ་ལོ༴ དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་སྡེ་ལྔ། །སྨན་བཙུན་གཡུ་སྒྲོན་ཤ་ཟ་ཁ་མོ་ཆེ། །ཨ་ཕྱི་ཆོས་སྒྲོན་མ་མོ་བརྟན་མའི་ཚོགས། །གསོལ་ལོ༴ རྣམ་མང་ཐོས་སྲས་ཛམ་ལ་ཚོགས་ཀྱི་བདག །ཨ་པར་ཛི་ཏ་ཨཱརྱ་རེ་མནྟ། །རྟ་བདག་བརྒྱད་སོགས་ནོར་ལྷ་བྱེ་བའི་ཚོགས། །གསོལ་ལོ༴ པེ་ཧར་སྐུ་ལྔ་ལས་མཁན་ཙིཏྟ་
དམར། །འབར་བ་སྤུན་བདུན་རྡོ་རྗེ་བྲག་སྐྱེས་བཙན། །ཇག་པ་མེ་ལེན་ཐང་ལྷ་རྨ་སྦོམ་ར། །གསོལ་ལོ༴ སྡེ་དཔོན་སུམ་ཆུ་སྔགས་བདག་བཅོ་བརྒྱད་དང་། །དྲེགས་པ་སྡེ་བརྒྱད་དགེ་བསྙེན་ཉི་ཤུ་གཅིག །ལྷ་ཀླུ་གཟའ་སྐར་ཕྱོགས་སྐྱོང་རྒྱལ་ཆེན་ཚོགས། །གསོལ་ལོ༴ ཕྱི་ནང་གི་གསང་བ་གབ་སྦས་བཏགས་ཆགས་ཀྱི། །སྡེ་བརྒྱད་རིགས་གྱུར་གནས་གཏེར་གཞི་ཡི་བདག །འགོ་བའི་ལྷ་ལྔ་དགྲ་ལྷ་གཉན་པོ་རྣམས། །གསོལ་ལོ༴ གཞན་ཡང་མིང་དང་མཚན་དུ་མ་ཐོན་པའི། །དཀར་ཕྱོགས་སྐྱོ་ཞིང་ནག་ཕྱོགས་ཕམ་མཛད་པ། །རྡོ་རྗེའི་སྲུང་མ་འཁོར་དང་བཅས་པ་རྣམས། །གསོལ་ལོ༴ རང་རང་ཐུགས་མཐུན་འདོད་རྒུའི་དམ་ཚིག་རྫས། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་བས། །ཐུགས་དམ་གཉན་བསྐང་འགལ་འཁྲུལ་བཟོད་བཞེས་ལ། །རྟག་ཏུ་བརྩེར་དགོངས་སྲུང་སྐྱོབ་སྡོང་གྲོགས་མཛོད། །མི་མཐུན་ཀུན་སོལ་མཐུན་རྐྱེན་ཡིད་བཞིན་སྤེལ། །སྡང་བའི་དགྲ་ཐུལ་གནོད་པའི་བགེགས་དཔུང་ཆོམས། །གསང་ཆེན་རིང་ལུགས་དར་རྒྱས་ཡུན་གནས་སོགས། །བདག་གི་
འདོད་དོན་ཕྲིན་ལས་མྱུར་སྒྲུབ་མཛོད། །[ཅེས་པའང་སློབ་དཔོན་ཆོས་ཀྱི་རྡོ་རྗེས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།]
སྨན་བཙུན་བཀྲ་ཤིས་ཚེ་རིང་མའི་མཆོད་ཕྲིན་དམ་ལྡན་རེ་སྐོང་།
༈ [སྨན་བཙུན་བཀྲ་ཤིས་ཚེ་རིང་མའི་མཆོད་ཕྲིན་དམ་ལྡན་རེ་སྐོང་ཞེས་བྱ་བ།]༈ ཨོཾ་སྭ་སྟི། [མཐུན་རྫས་མཆོད་གཏོར་བཤམ་པ་]རཾ་ཡཾ་ཁཾ་[གིས་བསང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས་ཏེ།] ཀྱེེ། འབོད་དོ་བཀྲ་ཤིས་ཚེའི་དབང་ཕྱུག །བསྐུལ་ལོ་སྨན་བཙུན་མཆེད་སྡེ་ལྔ། །རྣལ་འབྱོར་གདུང་བས་སྤྱན་འདྲེན་ན། །མཐོན་མཐིང་གངས་ཀྱི་རི་བོ་ནི། །སྤྲིན་དཀར་བརྩེགས་པའི་ལྡིང་ཁང་སོགས། །རང་བཞིན་དགྱེས་པར་བསྟི་བ་ཡི། །ངོ་མཚར་འཕྲུལ་གྱི་གྲོང་ཁྱེར་ནས། །བརྩེ་ཞིང་གདུང་བས་རབ་དགོངས་ཏེ། །སྤྲུལ་འཁོར་སྨན་ཕྲན་འབུམ་དང་བཅས། །མ་ཐོགས་མྱུར་དུ་ད་ཚུར་གཤེགས། །བཛྲ་སམ་ཡ་ཛཿ ཀྱེེ། སྨན་གཅིག་དགྱེས་པས་བྱོན་ལགས་སམ། །མཛའ་བས་དགོངས་ཤིག་གཡར་དམ་ཅན། །རིག་འཛིན་བདག་གི་གྲོགས་ཉིད་དུ། །མཐུན་པའི་གནས་འདིར་བག་ཕོབ་ཅིག །ས་མ་ཡ་ཏིཥྠནྟུ། ཀྱེེ། ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི། །ཏིང་འཛིན་ནམ་མཁའ་མཛོད་ཀྱི་སྒོ། །གཏན་པ་མེད་
པར་ཕྱེས་པ་ལས། །ཕྱི་མཆོད་ཉེར་སྤྱོད་ཚར་དུ་དངར། །ནང་མཆོད་འདོད་ཡོན་སྤྲིན་དུ་གཏིབས། །གསང་མཆོད་གཏོར་ཚོགས་ལྷུན་པོར་སྤུངས། །སྨན་ཕུད་བདུད་རྩི་རྒྱ་མཚོར་བསྐྱིལ། །ཆགས་ཆེན་ཁྲག་མཚོ་ལྦུ་ཕྲེང་གཡོ། །གཉིས་སྣང་བསྒྲལ་བའི་བམ་ཆེན་བརྗིད། །བདེ་སྟོང་མཉམ་སྦྱོར་བྱང་སེམས་རྒྱུན། །ཟག་མེད་ཡེ་ཤེས་སིམ་པ་བསྐྱེད། །བཞེད་རྒུའི་དམ་རྫས་མ་ཚང་མེད། །ཟད་མི་ཤེས་པའི་ལོངས་སྤྱོད་འདི། །མོས་ཤིང་གདུང་བས་བདག་འབུལ་གྱི། །དགྱེས་ཤིང་བརྩེ་བས་ཁྱེད་བཞེས་ནས། །ངོམས་ཤིང་ཚིམ་པའི་མདངས་སྟོན་ཅིག །མ་ཧཱ་སརྦ་པཱུ་ཛ་ཧོཿ ཀྱེེ། འོད་གསལ་དབྱིངས་ཀྱི་ཡུམ་ཆེན་མོ། །རྣམ་འགྱུར་ཞིང་སྐྱོང་སྨན་མོའི་ཚུལ། །སྒྲུབ་ལ་བདེ་ཆེན་མཆོག་སྟེར་བའི། །ཌཱ་ཀིའི་དབང་ཕྱུག་ཁྱོད་ལ་བསྟོད། །དཀར་གསལ་ཡིད་འོང་མཚར་སྡུག་ཞལ། །འཇོ་སྒེག་ཉམས་འགྱུར་ཅིར་ཡང་ངོམས། །ལྷ་རྫས་དར་གོས་རིན་ཆེན་རྒྱན། །མཛེས་བརྗིད་ཆ་ལུགས་རྫོགས་ལ་བསྟོད། །ཕྱག་གཡས་རྡོ་རྗེ་མདའ་དར་གྱིས། །སྲིད་ཞིའི་ཚེ་བསོད་ཐོགས་མེད་སྡུད། །གཡོན་པས་ཚེ་ཡི་བུམ་བཟང་གིས། །སྒྲུབ་པོར་འཆི་མེད་སྟེར་ལ་བསྟོད། །མི་
འཇིགས་རྩལ་ལྡན་གདོང་ལྔ་པ། །བཅིབས་ཏེ་སྟོང་ཁམས་ཡུད་ཀྱིས་བསྐོར། །དམ་ཚིག་རྗེས་གཅོད་དམ་ལྡན་སྐྱོང་། །ཕྲིན་ལས་མངའ་བདག་ཁྱོད་ལ་བསྟོད། །རང་རྩལ་མ་འགག་སྒྱུ་མའི་གར། །མཐིང་གི་ཞལ་བཟང་པྲ་ཡི་བདག །མི་གཡོ་ཀློང་བཟང་ཟས་ཀྱི་བདག །ཅོད་པན་མགྲིན་བཟང་ནོར་གྱི་བདག །ཏལ་དཀར་འགྲོ་བཟང་ཕྱུགས་ཀྱི་བདག །ཡང་སྤྲུལ་སྨན་མོ་འབུམ་ཕྲག་བཅས། །མ་ངེས་རྣམ་འགྱུར་ཅིར་ཡང་སྣང་། །སྲིད་གསུམ་དབང་སྒྱུར་མ་ལ་བསྟོད། །ཁྱོད་བསྟེན་ཁྱོད་བསྒྲུབ་ཁྱོད་མཆོད་ན། །ཡལ་ཡོལ་བཏང་སྙོམས་མ་མཛད་པར། །བརྒྱུད་གསུམ་བླ་མའི་སྤྱན་སྔ་རུ། །ཁས་བླངས་ཐ་ཚིག་ཇི་བཞིན་དུ། །སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང་། །དཀོན་མཆོག་གསུམ་གྱི་དབུ་འཕང་བསྟོད། །སྣོད་བཅུད་འཇིག་རྟེན་རྒུད་པ་སོལ། །ཕན་བདེའི་ལེགས་ཚོགས་གོང་དུ་སྤོར། །ཁྱད་པར་རྣལ་འབྱོར་བདག་ཅག་ལ། །ལུས་དང་གྲིབ་བཞིན་འགྲོགས་ནས་ཀྱང་། །ནད་གདོན་རྐྱེན་ངན་བར་ཆད་སོགས། །མི་མཐུན་ཉེས་པའི་ཚོགས་རྣམས་སོལ། །ཚེ་བསོད་གདུལ་བྱ་སྙན་གྲགས་སོགས། །མཐུན་རྐྱེན་དཔལ་འབྱོར་ཀུན་ནས་སྤེལ། །ཡིད་
ཅན་ལྷ་འདྲེ་མི་གསུམ་གྱི། །བློ་སེམས་སྣང་བ་དབང་དུ་སྡུས། །མི་སྲུན་བདུད་དགྲ་དམ་སྲིའི་རིགས། །ལོག་འདྲེན་དཔུང་ཚོགས་ཆམ་ལ་ཕོབ། །བསྟན་དང་འགྲོ་ལ་སྨན་པའི་དོན། །རྟེན་འབྲེལ་ལེགས་པའི་ཕྱོགས་སུ་སྒྲིགས། །ཁྱད་པར་ཕོ་ཉའི་ལམ་གྱི་གྲོགས། །མཛད་དེ་དགའ་བཞིའི་ཡེ་ཤེས་ཀྱི། །ཉམས་རྟོགས་ཡོན་ཏན་གོང་སྤེལ་ནས། །བདེ་ཆེན་ཆོས་སྐུའི་རྒྱལ་སར་སྐྱོལ། །མདོར་ན་རིག་འཛིན་བདག་ཅག་ལ། །སྡོང་གྲོགས་ཕྲིན་ལས་མ་གཡེལ་བར། །འདོད་པའི་དོན་ལ་གཉེར་གཏད་པའི། །ལས་ཀྱི་འབྲས་བུ་འདིར་མཆིས་མཛོད། །[ཅེས་གསོལ་མཐར་མགྲོན་རྟེན་ལ་བསྟིམ་པའམ་མི་དམིགས་པའི་ངང་དུ་མཉམ་པར་བཞག་གོ །ཞེས་པའང་ཁྲ་རིགས་མཆོག་སྤྲུལ་དཔལ་ལྡན་བློ་གྲོས་སེང་གེས་གསུང་བསྐུལ་གནང་བའི་བཞེད་སྐོང་དུ། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་ཏེ་ཕུལ་བ་ཛ་ཡནྟུ།། །།]
བཀྲ་ཤིས་ཚེ་རིང་མའི་གསོལ་མཆོད་མདོར་བསྡུས།
༈ [བཀྲ་ཤིས་ཚེ་རིང་མའི་གསོལ་མཆོད་མདོར་བསྡུས་ནི། མཆོད་རྫས་]རཾ་ཡཾ་ཁཾ་[གིས་བསང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབས་ལ།] རང་གི་ཐུགས་ཀའི་ས་བོན་ལས་བྱུང་བའི་འོད་ཟེར་གྱིས་སྨན་བཙུན་ཚེ་རིང་མཆེད་ལྔ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ[ས་རྟེན་ལ་བསྟིམ།] ཨོཾ་བཛྲ་ཨརྒྷཾ་པཱདྱཱཾ་པུཥྤེ་[སོགས་ནས་]ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། [ཞེས་ཉེར་སྤྱོད་དང་།] མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་ཁཱ་ཧི། [ཞེས་སྨན་རཀ་སྟོབ།] ཨོཾ་བཛྲ་ངྷ་ཀི་ནི་ཨ་ཡུ་ཥེ་ཁྭ་རི་ས་པ་རི་ཝཱ་ར་ཨེ་དཾ་བ་ལིཾ་ཏ་ཁ་ཁཁཱ་ཧི་ཁཱ་ཧི། [གསུམ་མམ་
བདུན་གྱི་གཏོར་མ་ཕུལ་ལ།] ཧྲཱིཿ འོད་གསལ་རྡོ་རྗེ་བཙུན་མོ་དབྱིངས་ཀྱི་ཡུམ། །རྣམ་འགྱུར་ཐབས་མཁས་ཞིང་སྐྱོང་སྨན་མོའི་ཚུལ། །བདེ་ཆེན་ཡེ་ཤེས་བསྐྱེད་མཛད་ཌཱ་ཀི་མ། །ཚེ་རིང་མཆེད་ལྔ་སྤྲུལ་འཁོར་བཅས་ལ་བསྟོད། །རྩེ་གཅིག་གདུང་བས་ཁྱོད་མཆོད་ཁྱོད་བསྟེན་ན། །ཕྲིན་ལས་རྣམ་བཞིའི་སྡོང་གྲོགས་མི་གཡེལ་ཞིང་། །ཁྱད་པར་བརྟག་བྱའི་དོན་འདི་མ་འཁྲུལ་བར། །ལྐོག་གྱུར་མངོན་གསུམ་གསལ་བའི་ལུང་སྟོན་ཅིག །[ཅེས་སམ་ཡང་ན།] ཁྱད་པར་ཡིད་ལ་བརྣག་པའི་དོན་འདི་ཉིད། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་སོགས་གང་དང་འདོད་གསོལ། རྗེས་མགྲོན་རྟེན་ལ་བསྟིམ་པའམ་གཤེགས་སུ་གསོལ་ལ་མཆོད་གཏོར་གཙང་སར་འབུལ་ལོ། །འདིའང་བདེ་ཕུག་རིན་པོ་ཆེ་ཀློང་ཆེན་ཡེ་ཤེས་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
བཀའ་སྲུང་སྤྱིའི་གསོལ་མཆོད་མདོར་བསྡུས་འདོད་རྒུ་ཆར་འབེབས་སོགས་ཚན་པ་གཉིས།
[བཀའ་སྲུང་སྤྱིའི་གསོལ་མཆོད་མདོར་བསྡུས་འདོད་རྒུ་ཆར་འབེབས་བཞུགས།]༈ ན་མོ་པདྨ་ཀཱ་ར་ཡེ། [མཆོད་གཏོར་གསེར་སྐྱེམས་སོགས་གཙང་ཞིང་མཛེས་པར་བཤམས་ལ།] རཾ་ཡཾ་ཁཾ་[གིས་བསང་སྦྱང་།] སྟོང་པའི་ངང་ལས་རིན་པོ་ཆེ་ལ་སོགས་པའི་སྣོད་དུ་ཨོཾ་ཨཱཿཧཱུྃ་ལས་མཆོད་གཏོར་གསེར་སྐྱེམས་བཟའ་བཅའ་བཏུང་བའི་ལོངས་སྤྱོད་ལྷ་ཚོགས་རྣམས་རང་རང་གི་ཐུགས་དང་མཐུན་པའི་དམ་རྫས་ནམ་མཁའ་མཛོད་ཀྱི་གཏེར་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ། [ལན་གསུམ།] ཧཱུྃ། བྱིན་རླབས་རྩ་བ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་ཡི་དམ་ཞི་ཁྲོའི་ལྷ། །ཕྲིན་ལས་
ཐོགས་མེད་དཔའ་བོ་མཁའ་འགྲོའི་ཚོགས། །གསོལ་ལོ་མཆོད་དོ་མཆོག་ཐུན་དངོས་གྲུབ་སྩོལ། །ཨེ་ཝཾ་བདེ་སྟོང་རོལ་རྩལ་ཀུན་ཏུ་བཟང་། །དགྲ་དང་བགེགས་ལ་ཁྲོས་པའི་རྣམ་འགྱུར་ཅན། །དཔལ་མགོན་མ་ནིང་ནག་པོ་ཤན་ནག་མོ། །གསོལ་ལོ་མཆོད་དོ་བཅོལ་བའི་ཕྲིན་ལས་མཛོད། །འོག་མིན་ན་ལེནྡྲ་སོགས་ཕོ་བྲང་ནས། །དཔལ་ལྡན་ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཆོས་དབྱིངས་དབང་ཕྱུག་དྲག་མོ་ཙནྜི་ཀ །གསོལ་ལོ་མཆོད་དོ༴ བསིལ་བའི་ཚལ་སོགས་བདེ་ཆེན་ཕོ་བྲང་ནས། །འཇིགས་རྟེན་དབང་ཕྱུག་མགོན་དཀར་ཡིད་བཞིན་ལྷ། །ཁམས་གསུམ་དབང་སྡུད་གསང་བ་ཡེ་ཤེས་མ། །གསོལ་ལོ་མཆོད་དོ༴ རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་སྤྱན་རས་གཟིགས། །སྲིད་གསུམ་ཡོངས་ཀྱི་བྱེད་པོའི་སྐུར་ཤར་བ། །ལྷ་ཆེན་དབང་ཕྱུག་ཡུམ་ཆེན་ཨུ་མ་དཱེ། །གསོལ་ལོ་མཆོད་དོ༴ ཆོས་སྐུའི་ཞིང་ན་རྒྱལ་ཡུམ་རྣལ་འབྱོར་མ། །རྡོ་རྗེའི་གྲོང་ན་མཆོག་གི་ཙནྜ་ལཱི། །མུ་ལེ་མཐིང་གི་དམག་ཟོར་རྒྱལ་མོ་ལ། །གསོལ་ལོ་མཆོད་དོ༴ ཆོས་དབྱིངས་ཀུན་ཏུ་བཟང་མོ་ཁྲོ་མོའི་ཚུལ། །གདུག་པ་འདུལ་ཕྱིར་སྲིད་པའི་རྒྱལ་མོར་བཞེངས། །གསང་བ་སྔགས་ཀྱི་བསྟན་སྲུང་རལ་གཅིག་མ། །གསོལ་ལོ་མཆོད་
དོ༴ ཤཱཀྱའི་བསྟན་སྲུང་འདོད་པ་ཁམས་ཀྱི་བདག །མ་གཅིག་དུད་སོལ་ལྷ་མོ་དཔལ་ལྷ་མོ། །རྡོ་རྗེ་རབ་བརྟན་ཚེ་རིང་མཆེད་སྡེ་ལྔ། །གསོལ་ལོ་མཆོད་དོ༴ དབང་དྲག་ཧེ་རུ་ཀ་དཔལ་གནོད་སྦྱིན་ཚུལ། །མི་སྲུན་བསྟན་དགྲའི་སྲོག་གི་གཤེད་པ་ཆེ། །ཤན་པ་དམར་ནག་ལས་མཁན་སྡེ་བརྒྱད་བཅས། །གསོལ་ལོ༴ རྡོ་རྗེ་འཆང་དབང་ཐུགས་ཀྱི་ཡང་སྤྲུལ་ནི། །རྔམས་པའི་སྐུར་སྟོན་སྡེ་བརྒྱད་ཡོངས་ཀྱི་རྗེ། །འཇིགས་བྱེད་དྲང་སྲོང་གཟའ་མཆོག་རཱ་ཧུ་ལ། །གསོལ་ལོ༴ མི་འཇིགས་རྩལ་ལྡན་གདོང་ལྔའི་ཁྲི་སྟེང་ན། །སྒེག་མཛེས་རབ་བརྗིད་ཤཱཀྱའི་བསྟན་སྲུང་གཙོ། །ནོར་བདག་བྱེ་བའི་སྡེ་དཔོན་རྣམ་ཐོས་སྲས། །གསོལ་ལོ༴ གསང་བདག་པདྨའི་བཀའ་ཉན་མཐུ་བོ་ཆེ། །དགྲ་ལྷའི་རྒྱལ་པོ་སྟོབས་རྩལ་རྫུ་འཕྲུལ་བདག །སྐྱེས་མཆོག་རྡོ་རྗེ་ལེགས་པ་མགར་བ་ནག །གསོལ་ལོ༴ ཆོས་དབྱིངས་ངང་ལས་སྙིང་རྗེ་ཁྲོས་པའི་སྐུ། །མཐུ་སྟོབས་མི་བཟད་བསྟན་དགྲའི་སྲོག་གི་བདག །ཆོས་འཁོར་སྐྱོང་བའི་རྒྱལ་པོ་ལི་བྱིན་ཧར། །གསོལ་ལོ༴ རང་བཞིན་ལྷུན་གྲུབ་ཆོས་དབྱིངས་ཕོ་བྲང་ན། །སྙན་བརྒྱུད་བསྟན་སྲུང་དཔལ་ལྡན་བྱང་གི་བདུད། །ཡུམ་
མཆོག་མ་མོ་ཟངས་ཀྱི་རལ་པ་ཅན། །གསོལ་ལོ༴ སྤྲིན་དཀར་གཡོ་འདྲའི་རྟ་མཆོག་རྒྱན་ལྡན་སྟེང་། །མཛེས་པའི་སྐུ་མཆོག་སྒྲུབ་ལ་འདོད་རྒུ་སྟེར། །དམ་ལྡན་ཡོངས་ཀྱི་བཀའ་སྲུང་ཕྱིང་དཀར་བ། །གསོལ་ལོ༴ འཛམ་གླིང་རྣམ་དག་པདྨོ་བཀོད་པའི་ཞིང་། །གནས་མཆོག་དེ་ཝཱི་ཀོ་ཊི་ལ་སོགས་པའི། །ཡུལ་ཆེན་ཉེར་བཞིའི་གནས་སྲུང་རིན་ཆེན་བཟང་། །གསོལ་ལོ༴ ངོ་མཚར་དཔལ་གྱི་མཁན་ལུང་ཡ་མཚན་ནང་། །སྒྲུབ་ལ་གྲོགས་མཛད་དམ་ཉམས་དགྲ་བགེགས་སྒྲོལ། །སྦས་ཡུལ་གཏེར་བདག་བདུད་པོ་མཆེད་གསུམ་པོ། །གསོལ་ལོ༴ པདྨའི་བཀའ་ཉན་དམ་ལྡན་རྣལ་འབྱོར་སྐྱོང་། །མཐུ་རྩལ་ཐོགས་མེད་རྣམ་བཞིའི་ཕྲིན་ལས་སྒྲུབ། །དམ་ཅན་སྐྱེས་བུ་ལུང་བཙན་འཁོར་བཅས་ལ། །གསོལ་ལོ༴ སྲིད་པའི་ལྷ་རབས་མགུར་ལྷ་བཅུ་གསུམ་དང་། །བརྟན་མ་བཅུ་གཉིས་འགོ་བའི་ལྷ་ལྔ་དང་། །ཕྱི་ནང་གསང་བའི་ལྷ་སྲིན་སྡེ་བརྒྱད་རྣམས། །གསོལ་ལོ༴ གཞན་ཡང་མིང་དང་མཚན་དུ་མ་ཐོན་པའི། །ཡུལ་ལྷ་གཞི་བདག་གཉུག་གནས་གློ་བུར་ལྷགས། །སྤར་སྨེ་ལོ་ཟླ་ཞག་དུས་རྒྱུ་བའི་ལྷ། །གསོལ་ལོ༴ དེ་ལྟར་གསོལ་ཞིང་
མཆོད་པས་རབ་མཉེས་ཏེ། །བདག་ཅག་འཁོར་བཅས་གར་འགྲོ་གར་གནས་ཀྱང་། །རྟག་ཏུ་མི་འབྲལ་ལུས་དང་གྲིབ་བཞིན་དུ། །འགྲོགས་ནས་སྡོང་གྲོགས་ཕྲིན་ལས་མ་གཡེལ་ཅིག །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་མཛོད། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །བསྟན་པའི་སྤྱི་དགྲ་རྣལ་འབྱོར་སྒོས་དགྲ་སྒྲོལ། །ཁ་སྨྲས་གླེང་གཞི་དགྲ་ཇག་ཆོམ་རྐུན་ཟློག །ཚེ་བསོད་དབང་ཐང་རླུང་རྟའི་སྟོབས་ཤུགས་སྤེལ། །ཆེ་བཙན་འགྲོ་རྣམས་དབང་མེད་དབང་དུ་སྡུས། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །[ཅེས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པ་འདིའང་དྲག་ཤོས་ཀརྨ་དགེ་ལེགས་ཀྱི་གསུང་བསྐུལ་ངོར་སྔར་གྱི་གསོལ་ཕྲིན་རྒྱས་པའི་དོན་གྱི་བཅུད་ཕྱུངས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཁྱེར་བདེ་དོན་ཚང་དུ་སྦྱར་བ་ཛ་ཡནྟུ།། །།]༈ བྷྱོཿ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེ། །ཁྲག་འཐུང་ཡུམ་གཅིག་ཁྲོ་གདོང་མ། །དམ་ཚིག་གནས་འདིར་སྤྱན་འདྲེན་གཤེགས། །མཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང་། །འགལ་འཁྲུལ་ཉམས་ཆག་བཟོད་པར་བཞེས། །རྟག་ཏུ་སྡོང་གྲོགས་མ་གཡེལ་བར། །ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི། །ཕྲིན་ལས་སྒྲུབས་ཤིག་ས་མ་ཡ། །[ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིང་སྐྱོང་མ་མོ་པུཀྐ་སིའི་གསོལ་མཆོད་མདོར་བསྡུས།
༈ [མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཞིང་སྐྱོང་མ་མོ་པུཀྐ་སིའི་གསོལ་མཆོད་མདོར་བསྡུས་བཞུགས།]༈ ན་མོ་པདྨ་ཀཱ་ར་ཡེ། [གཙང་མའི་མཆོད་གཏོར་བཤམས་པ་]རཾ་ཡཾ་ཁཾ་[གིས་བསང་སྦྱང་།] ཨོཾ་ཨཱཿཧཱུྃ་[གིས་བྱིན་བརླབ་ལ།] ཧཱུྃ། ཡུལ་གྱི་མིང་ནི་བལ་པོའི་ཡུལ། །དུར་ཁྲོད་མིང་ནི་ལྷུན་གྲུབ་བརྩེགས། །མཆོད་རྟེན་བྱ་རུང་ཁ་ཤོར་གྲགས། །མ་མོའི་མཚན་ནི་པུཀྐ་སི། །གནས་ཡུལ་སྐྱོང་བའི་མཐུ་མོ་ཆེ། །དོན་ལ་དབྱིངས་ཀྱི་ཡུམ་ཆེན་ཡང་། །རྣམ་པ་ཞིང་སྐྱོང་མ་མོའི་ཚུལ། །གང་འདུལ་རྣམ་འགྱུར་ཅིར་ཡང་སྟོན། །སྔོན་ཚེ་ཁྲག་འཐུང་ཧེ་རུ་ཀས། །དབང་དུ་བསྡུས་ནས་གྲོགས་སུ་བཀོལ། །དཀྱིལ་འཁོར་ཆེན་པོ་གཉེར་དུ་གཏད། །བཀའ་ཡི་བསྟན་པ་སྐྱོང་བར་བསྐོས། །གཡར་དམ་ཇི་བཞིན་ཐ་ཚིག་ལས། །མི་འདའ་རྡོ་རྗེའི་རྣལ་འབྱོར་མ། །རང་རྩལ་མ་མོ་འབུམ་སྡེར་བཅས། །གནད་ནས་བསྐུལ་ལོ་ད་ཚུར་གཤེགས། །དགྱེས་ཤིང་བརྩེ་བས་མྱུར་བྱོན་ལ། །སྒྲུབ་ཅིང་མཆོད་པའི་གནས་འདིར་བཞུགས། །ཕྱི་མཆོད་ཉེར་སྤྱོད་ཚར་དུ་དངར། །ནང་མཆོད་འདོད་ཡོན་སྤྲིན་དུ་གཏིབས། །གསང་མཆོད་
སྨན་རཀ་གཏོར་ཚོགས་སྤུངས། །ཡང་གསང་སྦྱོར་སྒྲོལ་བདེ་བ་ཆེ། །ཟད་མི་ཤེས་པའི་ལོངས་སྤྱོད་ཀྱིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །འགལ་འཁྲུལ་ནོངས་པ་བཟོད་པར་གསོལ། །ཡོན་ཏན་དཔལ་ལ་མངོན་པར་བསྟོད། །མི་འབྲལ་སྲུང་མར་མངའ་གསོལ་ལོ། །སྔོན་གྱི་ཐུགས་དམ་ཞལ་བཞེས་དགོངས། །གསང་ཆེན་བསྟན་དང་བསྟན་འཛིན་སྡེ། །ཆོས་འཁོར་མཆོད་རྟེན་གཡེལ་མེད་སྐྱོངས། །མི་མཐུན་ཉེས་པའི་ཚོགས་རྣམས་སོལ། །མཐུན་རྐྱེན་ལེགས་ཚོགས་གོང་དུ་སྤོར། །སྐྱེ་འགྲོའི་སྣང་བ་དགེ་ལ་སྒྱུར། །གནོད་བྱེད་འབྱུང་པོ་ཚར་ཆོད་ཅིག །མདོར་ན་བདག་ཅག་རྣལ་འབྱོར་གྱི། །ཅི་བསམ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་མཆོད་གཏོར་གཙང་སར་འབུལ་ལོ། །ཞེས་པའང་སྔགས་བན་པདྨ་ཐར་ལམ་གྱིས་བསྐུལ་ངོར། སྔོན་གྱི་མཆོད་ཕྲིན་ཡིག་རྙིང་འགའ་ཞིག་གི་དོན་བསྡུས་ཁྱེར་བདེར་བཀོད་པ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
གཉན་ཆེན་ཐང་ལྷའི་གསོལ་མཆོད་སོགས་ཚན་པ་བཞི།
༈ [གཉན་ཆེན་ཐང་ལྷའི་གསོལ་མཆོད་ནི།] ཧཱུྃ་ཧྲཱིཿ པདྨའི་བཀའ་སྡོད་བོད་ཡུལ་ཞིང་སྐྱོང་གཙོ། །གཉན་ཆེན་ཐང་ལྷ་ཡར་བཞུད་འཁོར་དང་བཅས། །འདིར་གཤེགས་དམ་རྫས་བདུད་རྩིའི་མཆོད་པ་བཞེས། །གསོལ་ལོ་མཆོད་དོ་ཐུགས་
དམ་གཉན་པོ་བསྐང་། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མ་གཡེལ་བར། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་ཡིད་བཞིན་སྒྲུབས། །དགྲ་འདྲེ་ཚར་གཅོད་འགྲོ་ཁམས་དབང་དུ་སྡུས། །ཕྱོགས་ལས་རྣམ་པར་རྒྱལ་བའི་ཕྲིན་ལས་མཛོད། །[ཅེས་པའང་དཔལ་འབྱོར་ཚེ་རིང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཧཱུྃ། དཔལ་གྱི་བཀའ་སྡོད་མཐུ་ཆེན་དྲག་རྩལ་ཅན། །དྲེགས་པ་སྡེ་བརྒྱད་ཕོ་ཉ་ཡང་འཁོར་བཅས། །འདིར་གཤེགས་མཐུན་པའི་དམ་རྫས་དགྱེས་བཞེས་ལ། །ཇི་ལྟར་བཅོལ་བའི་ཕྲིན་ལས་མྱུར་སྒྲུབ་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]༈ ཧྲཱིཿཛཿ ལྷ་ཆེན་དབང་ཕྱུག་ཆེན་པོ་འཁོར་དང་བཅས། །དམ་རྫས་བདུད་རྩིའི་མཆོད་གཏོར་འདི་བཞེས་ལ། །འགྲོ་ཀུན་མོས་པ་རྣམ་བཞིའི་དབང་བསྡུས་ཏེ། །གསང་བསྟན་མངའ་ཐང་རྒྱས་པའི་ཕྲིན་ལས་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]༈ ཛཿ དྲང་སྲོང་གཟའ་བདུད་ཆེན་པོ་འཁོར་དང་བཅས། །མཐུན་རྫས་དམར་གྱི་མཆོད་གཏོར་འདི་བཞེས་ལ། །བསྟན་དགྲ་དམ་ཉམས་སྐད་ཅིག་ཉིད་ལ་སྒྲོལ། །ཐོགས་མེད་མངོན་སྤྱོད་ཕྲིན་ལས་མྱུར་འགྲུབ་མཛོད། །[ཅེས་པའང་ཛྙཱ་ནས་སོ།། །།]༈ རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། རིན་ཆེན་བྷནྡྷ་
འབར་བའི་སྣོད་ཡངས་པར། །གཏོར་མ་ཤ་ལྔ་བདུད་རྩི་འདོད་ཡོན་ལྔ། །རྟེན་སྒྲུབ་སྐོང་བའི་དམ་རྫས་མ་ཚང་མེད། །ཟག་མེད་ནམ་མཁའ་མཛོད་ཀྱི་འཁོར་ལོ་འདིས། །རྩ་བརྒྱུད་བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །དཔལ་མགོན་མ་ནིང་དྲེགས་པ་སྡེ་བརྒྱད་དང་། །ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་གཏེར་གྱི་བདག །ཡུལ་ལྷ་གཞི་བདག་དགྲ་ལྷ་གཉན་པོ་སོགས། །མདོར་ན་རིག་འཛིན་པདྨ་གླིང་པ་ཡི། །ཆོས་དང་རིགས་ཀྱི་སྲུང་མ་དམ་ཚིག་ཅན། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །རྟག་ཏུ་བརྩེར་དགོངས་སྡོང་གྲོགས་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །འདོད་དོན་བཅོལ་བའི་ལས་རྣམས་མ་ལུས་པ། །ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་པའང་བསོད་ནམས་རྒྱ་མཚོས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།]
དམར་པོ་ལྷ་གསུམ་གྱི་གསོལ་ཕྲིན་དབང་དྲག་འབར་བའི་གད་རྒྱང་།
༈ [དམར་པོ་ལྷ་གསུམ་གྱི་གསོལ་ཕྲིན་དབང་དྲག་འབར་བའི་གད་རྒྱང་ཞེས་བྱ་བ།]༈ ཧྲཱིཿཛཿ སྣང་སྲིད་དབང་མཛད་ལྷ་ཆེན་དབང་ཕྱུག་ཆེ། །མཐུ་རྩལ་ཐོགས་མེད་གནོད་སྦྱིན་ཤན་པ་དམར། །བསྟན་
དགྲའི་སྲོག་ལེན་བཙན་རྒོད་འབར་བ་སྟེ། །ཁྱེད་གསུམ་རང་རང་སྤྲུལ་འཁོར་ཕོ་ཉར་བཅས། །དམ་ཚིག་གནས་འདིར་འབོད་དོ་སྤྱན་འདྲེན་གཤེགས། །མི་འབྲལ་གཏན་གྱི་སྲུང་མར་མངའ་གསོལ་ལོ། །ཕྱི་ནང་གསང་མཆོད་དགྲ་བགེགས་ཤ་ཁྲག་སོགས། །མཐུན་རྫས་འདོད་ཡོན་མི་ཟད་ལོངས་སྤྱོད་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །བག་མེད་འགལ་འཁྲུལ་ཅི་མཆིས་བཟོད་པར་བཞེས། །བསྟེན་ཅིང་སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །རྟག་ཏུ་སྲུང་སྐྱོབ་སྡོང་གྲོགས་མ་གཡེལ་བར། །ནད་གདོན་ལ་སོགས་འགལ་རྐྱེན་ཐམས་ཅད་སོལ། །ཆོས་སྲིད་ཕྲིན་ལས་མངའ་ཐང་དགུང་དུ་སྤོར། །མི་དང་མི་མིན་སྣང་སེམས་དབང་དུ་སྡུས། །ལོག་པར་འཁུ་བའི་བསྟན་དགྲ་ཆམ་ལ་ཕོབ། །བླ་མའི་སྐུ་དགྲ་རྣལ་འབྱོར་སྒོས་དགྲ་སྒྲོལ། །སྲུང་མ་གཉན་པོའི་མཐུ་དང་རྩལ་ཤུགས་ཕྱུངས། །སྔགས་འཆང་ཆེ་བའི་ཡོན་ཏན་དུས་འདིར་སྐྱེད། །བཀའ་དང་དམ་ལས་མ་འདའ་ས་མ་ཡ། །[ཞེས་པའང་སྔགས་སྟོན་པདྨ་དབང་ཆེན་གྱིས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། །འདི་སུ་བྱུང་གི་བཏོན་ན་ང་ལ་འཁུ་ལྡོག་འབྱུང་ངོ་།། །།]
པེ་ཧར་གསོལ་བསྡུས།
༈ [པེ་ཧར་གསོལ་བསྡུས་ནི།] ཀྱེ། སྲིད་གསུམ་དབང་བསྒྱུར་མཐུ་བོ་ཆེ། །ལྷ་ཡི་གིང་ཆེན་པེ་ཧ་ར། །མཆེད་ལྔ་བློན་འཁོར་ཕོ་ཉར་བཅས། །དམ་ཚི་གནས་འདིར་སྤྱན་འདྲེན་གཤེགས། །དངོས་འབྱོར་ཡིད་སྤྲུལ་མཆོད་པའི་སྤྲིན། །ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །དགྱེས་ཤིང་ཚིམ་པར་རོལ་ནས་ཀྱང་། །སྔོན་ཚེ་པདྨའི་སྤྱན་སྔ་རུ། །ཁས་བླངས་ཐ་ཚིག་ཇི་བཞིན་དུ། །གསང་ཆེན་བསྟན་དང་བསྟན་འཛིན་གྱི། །དབུ་འཕང་བསྟོད་ལ་ཆོས་འཁོར་སྐྱོངས། །མངའ་ཐང་འདུ་བ་རྒྱས་པར་སྤེལ། །དཀོར་རྐུན་འབྱུང་པོ་རྩད་ནས་ཆོད། །ལོག་པར་ལྟ་བའི་བསྟན་དགྲ་སྒྲོལ། །སྒྲུབ་པའི་རྣལ་འབྱོར་བདག་ཅག་ལ། །གནོད་པའི་འགལ་རྐྱེན་མ་ལུས་སོལ། །ཕན་པའི་སྡོང་གྲོགས་ལས་མ་གཡེལ། །གང་བསམ་འདོད་དོན་ཡིད་བཞིན་སྒྲུབས། །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད། །[ཅེས་པའང་ཉིང་འཁྲུལ་དུ་ཆོས་སྐྱོང་རང་ཉིད་ཀྱིས་དྲན་བསྐུལ་བྱུང་བའི་སྣང་བ་ལ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པའོ།། །།]
དགེ་བསྙེན་ཇག་པ་མེ་ལེན་གྱི་མཆོད་གསོལ་འདོད་པའི་རེ་སྐོང་སོགས་ཚན་པ་གཉིས།
༈ [དགེ་བསྙེན་ཇག་པ་མེ་ལེན་གྱི་མཆོད་གསོལ་འདོད་པའི་རེ་སྐོང་བཞུགས།]༈ ཧཱུྃ། རིག་འཛིན་པདྨ་ཐོད་ཕྲེང་གི །བཀའ་ཉན་
བཙན་རྒོད་དམ་ཚིག་ཅན། །ཇག་པ་མེ་ལེན་འཁོར་དང་བཅས། །རྣལ་འབྱོར་གདུང་བས་དེང་འབོད་དོ། །ཐིམ་ཡུལ་བདེ་ཆེན་ཕུག་ལ་སོགས། །རང་བཞིན་གར་བཞུགས་གནས་མཆོག་ནས། །སྐད་ཅིག་ཉིད་ལ་འདིར་གཤེགས་ཤིག །དངོས་བཤམས་ཡིད་སྤྲུལ་མཆོད་པའི་སྤྲིན། །དགྱེས་རྒུའི་དམ་རྫས་མ་ཚང་མེད། །གདུག་ཅན་བསྒྲལ་བའི་ཤ་ཁྲག་རུས། །མི་ཟད་འདོད་ཡོན་ནམ་མཁའ་མཛོད། །ཁྲག་འཐུང་རྔམས་པའི་དགའ་སྟོན་འདིས། །གསོལ་ལོ་མཆོད་དོ་ཐུགས་དམ་བསྐང་། །རྨོངས་དང་མ་རིག་དབང་གྱུར་པའི། །འགལ་འཁྲུལ་ཉམས་ཆག་བཟོད་པར་བཞེས། །མི་འབྲལ་གྲོགས་སུ་མངའ་གསོལ་ལོ། །དབུ་འཕང་གཉན་པོ་དགུང་དུ་བསྟོད། །བདག་ཅག་རྣལ་འབྱོར་སྒྲུབ་པ་པོ། །ཆོས་འཁོར་མངའ་རིས་སྡེ་དང་བཅས། །རྟག་ཏུ་སྲུང་སྐྱོབས་མ་གཡེལ་བར། །འགལ་རྐྱེན་ཉེས་པ་ཐམས་ཅད་སོལ། །མཐུན་རྐྱེན་བསམ་རྒུ་ཡིད་བཞིན་སྒྲུབས། །ཁྱད་པར་བསྟན་དང་བསྟན་འཛིན་ལ། །གནོད་འཚེའི་བསམ་སྦྱོར་འཆང་བའི་རིགས། །གང་ཡིན་ཁྱོད་ལ་ཟས་སྐལ་དུ། །གཏད་པ་ཡིན་ནོ་ཤོར་ཏ་རེ། །མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུང་། །ལོ་ཟླར་འགྱངས་སུ་
མ་ཤོར་བར། །སྲོག་རྩ་ཆོད་ལ་སྙིང་ཁྲག་རྔུབས། །མཐའ་རྩ་སྐྱེ་རྒྱུད་ལྷག་མེད་ཐོངས། །མིང་ཙམ་མེད་པར་ཚར་ཆོད་ཅིག །དུས་ལ་བབ་པོ་ས་མ་ཡ། །མདོར་ན་བདག་གིས་བཅོལ་བའི་ལས། །སྐད་ཅིག་ཉིད་ལ་བསྒྲུབ་ནས་ཀྱང་། །བསྟན་པའི་མངའ་ཐང་དགུང་དུ་སྤོར། །ཕྱོགས་ལས་རྣམ་རྒྱལ་ཕྲིན་ལས་མཛོད། །[ཅེས་པའང་གྲུབ་མཆོག་བླ་མ་དམ་པ་བསོད་ནམས་བཟང་པོའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་སྦྱར་བ་ཛ་ཡནྟུ།། །།]༈ ཧཱུྃ། རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་སྟོབས། །གཅིག་བསྡུས་སྣང་སྲིད་ཟིལ་གནོན་པདྨ་འབྱུང་། །སྙིགས་དུས་བདུད་འགོང་དཔུང་ཚོགས་འདུལ་བའི་ཕྱིར། །སྐྱེས་བུ་དགྲ་བླའི་སྐུར་བཞེངས་སེང་ཆེན་རྒྱལ། །བདག་ཉིད་རྩེ་གཅིག་མོས་པའི་གདུང་ཤུགས་ཀྱིས། །ཁྱེད་བསྒྲུབ་ཁྱེད་མཆོད་ཁྱེད་བསྟོད་ཁྱེད་བསྐུལ་ན། །མཐུ་རྩལ་མ་ཆུང་རྟག་ཏུ་བརྩེར་དགོངས་ལ། །འཇིགས་དབང་བར་ཆད་ཉེས་པའི་ཚོགས་ལས་སྐྱོབས། །ཚེ་བསོད་དཔལ་འབྱོར་སྙན་གྲགས་གོང་དུ་སྤོར། །སྐྱེ་འགྲོའི་སྣང་བ་ཐོགས་མེད་དབང་དུ་སྡུས། །ཕས་རྒོལ་དགྲ་དཔུང་མ་ལུས་རྡུལ་དུ་རློག །ཕྱོགས་ལས་རྣམ་
པར་རྒྱལ་བའི་ཕྲིན་ལས་མཛོད། །[ཅེས་པའང་རྦ་ཁ་སྤྲུལ་སྐུ་པདྨ་བསྟན་འཛིན་གྱིས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་གསུང་གིས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།། །།]
ཞིང་བསང་མདོར་བསྡུས།
༈ [ཞིང་བསང་མདོར་བསྡུས་ནི། བཟང་ཤིང་ཕྱེ་མར་བསྲེག་ལ།] རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། [ལན་གསུམ།] སྟོང་ཉིད་དབྱིངས་ལས་འབར་བའི་མེ། །དུད་སྤྲིན་དྲི་བཟང་འོད་དུ་འཕྲོ། །འདོད་རྒུའི་ལོངས་སྤྱོད་ཆར་འབེབས་པའི། །ནམ་མཁའམཛོད་ཀྱི་འཁོར་ལོར་ཤར། །སྐྱབས་གནས་དཀོན་མཆོག་རྣམ་གསུམ་བསང་། །བརྒྱུད་གསུམ་རིག་འཛིན་བླ་མ་བསང་། །གུ་རུ་པདྨ་འབྱུང་གནས་བསང་། །ཆེ་མཆོག་རྡོ་རྗེ་གྲོ་ལོད་བསང་། །ཡི་དམ་ཞི་ཁྲོ་རབ་འབྱམས་བསང་། །གནས་གསུམ་དཔའ་བོ་མཁའ་འགྲོ་བསང་། །ཆོས་སྐྱོང་དམ་ཅན་རྒྱ་མཚོ་བསང་། །ནོར་ལྷ་གཏེར་བདག་གཞི་བདག་བསང་། །ཁྱད་པར་ལྷ་མོ་བརྟན་མ་སོགས། །སྟོང་གསུམ་འཇིག་རྟེན་ས་བདག་དང་། ཡུལ་ཕྱོགས་འདིར་གནས་ལྷ་ཀླུ་གཉན། །སྡེ་བརྒྱད་འབྱུང་པོ་ཐམས་ཅད་བསང་། །འགལ་འཁྲུལ་ནོངས་པ་ཅི་མཆིས་བཤགས། །རང་རང་ཐུགས་དམ་བསྐང་ནས་ཀྱང་། །བདག་ཅག་
ཡོན་མཆོད་འཁོར་བཅས་ཀྱི། །ནད་གདོན་གནོད་པ་ཞི་བ་དང་། །བྱ་རིགས་གཅན་གཟན་འབུ་སྲིན་སོགས། །ཞིང་ལ་འཚེ་བའི་རིགས་རྣམས་བཟློག །ས་ལ་ས་ཡི་བཅུད་འཕེལ་ནས། །ལོ་ལེགས་འབྲུ་གཡང་རྒྱས་པར་མཛོད། །འགྲོ་ཀུན་བཀྲེས་ཕོངས་སྡུག་བསྔལ་ཞི། །སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཤོག །[ཅེས་པའང་རང་གཞན་ལ་ཕན་པའི་སེམས་ཀྱིས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།]
གནས་སྲུང་ཆེན་པོ་རྡོ་རྗེ་བྲག་བཙན་གྱི་གསོལ་མཆོད་ཕྲིན་ལས་ཆེ་བཙན་གྱི་ང་རོ།
གནས་སྲུང་ཆེན་པོ་རྡོ་རྗེ་བྲག་བཙན་གྱི་གསོལ་མཆོད་ཕྲིན་ལས་ཆེ་བཙན་གྱི་ང་རོ་ཞེས་བྱ་བ། ༈ ན་མོ་མ་ཧཱ་ཀྲོ་ངྷ་ཡེ། [དམར་གྱི་གཏོར་མ་དགྲ་བགེགས་ཀྱི་ཕུང་པོར་སྤེལ་ལ།] ཧཱུྃ་ཛཿ ཁྲག་འཐུང་པདྨ་དྲག་པོ་ཡི། །བཀའ་ཉན་གཏེར་བདག་དམ་ཚིག་ཅན། །སྐྱེས་བུ་རྡོ་རྗེ་བྲག་བཙན་ཆེ། །དགྲ་ལྷའི་རྒྱལ་པོ་དམ་ལ་དགོངས། །ཁྱེད་ཀྱི་སྤྲུལ་པའི་མཆེད་ཟླ་ནི། །འབར་བ་སྤུན་བདུན་འཇིགས་པའི་གཟུགས། །མི་དམར་རྟ་དམར་རྔམས་པའི་ཆས། །སྣང་སྲིད་བཙན་དམག་ཕོ་ཉར་འགྱེད། །གཙུག་ལག་ཆོས་འཁོར་མ་ལུས་དང་། །ཁྱད་པར་སྦས་ཡུལ་ཕྱི་ནང་གི །རྫོང་མཁར་ཆེན་པོ་བཅོ་བརྒྱད་ནས། །འདིར་གཤེགས་དགྱེས་པའི་གདན་ལ་བཞུགས། །
ཁྱོད་དང་མཐུན་པའི་དམ་རྫས་ནི། །ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ། །བདུད་རྩི་སྨན་ཕུང་རཀྟའི་མཚོ། །དམར་གྱི་གཏོར་མ་ལྷུན་པོར་སྤུང་། །དམ་ཉམས་དགྲ་བགེགས་བསྒྲལ་བ་ཡི། །ཤ་རུས་དོན་སྙིང་ནང་རོལ་དང་། །ཁྲག་ཞག་དྲོན་མོ་རྦ་ཀློང་འཕྱོ། །སྲ་བའི་གོ་དང་རྣོ་བའི་མཚོན། །མཛེས་པའི་རྒྱན་དང་བརྗིད་པའི་གོས། །སྤྱན་གཟིགས་རོལ་མོའི་བྱེ་བྲག་སོགས། །དངོས་འབྱོར་ཡིད་ལས་བྱུང་བ་ཡི། །མཛེས་པའི་རྒྱན་དང་བརྗིད་པའི་དཀོར། །དགྱེས་རྒུའི་ལོངས་སྤྱོད་དཔག་མེད་འདིས། །འཇིགས་བྱེད་ཆེན་པོའི་ཐུགས་དམ་བསྐང་། །བྲག་བཙན་ཆེན་པོའི་ཐུགས༴ ཨ་ཕོ་ཆེན་པོའི་ཐུགས༴ དགྲ་ལྷ་ཆེན་པོའི༴ སྲོག་གི་བདག་པོའི༴ འབར་བ་སྤུན་བདུན༴ རུ་འདྲེན་དམག་ཚོགས་ཐུགས༴ སྣང་སྲིད་དྲེགས་པའི༴ ཐུགས་དང་འགལ་བ་གྱུར་པའི་ལས། །བསྐང་ངོ་བཤགས་སོ་བཟོད་པར་བཞེས། །འཁུ་ལྡོག་གདུག་རྩུབ་མ་མཛད་ཅིག །དགྱེས་པའི་ཞལ་དང་འགྲུབ་རྟགས་ཐོན། །ཁྱེད་སྔོན་སློབ་དཔོན་ཆེན་པོ་ཡིས། །ཆོས་འཁོར་ཡོངས་ཀྱི་སྲུང་མར་བསྐོས། །སྦས་ཡུལ་ཆེན་པོ་གཉེར་དུ་གཏད། །དེ་ལྟའི་ཐ་ཚིག་མ་གཡེལ་
བར། །སྦས་ཡུལ་སྒོ་དང་ལམ་འཕྲང་བསྲུང་། །མི་བསྲུན་དགྲ་བོའི་རྒྱུ་ལམ་ཆོད། །སྐལ་བཟང་མཐུན་པའི་ལམ་སྣ་དྲོངས། །ངོ་མཚར་གནས་ཀྱི་དགེ་མཚན་སྟོན། །བསྟན་དང་འགྲོ་ལ་འཚེ་བ་ཡི། །གཟུགས་ཅན་མི་དང་མི་མིན་སྡེ། །མ་ལུས་ཁྱོད་ཀྱི་ཟས་སྐལ་གྱིས། །སྲོག་རྩ་ཆོད་ལ་དོན་སྙིང་ཕྱུང་། །རྗེས་ཤུལ་མེད་པར་རྡུལ་དུ་རློག །མདོར་ན་རྣལ་འབྱོར་བདག་ཅག་གིས། །བསམ་པའི་རེ་བ་གང་ཡིན་པ། །མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །[ཅེས་སྦས་པའི་ཡུལ་དུ་ལས་འཕྲོ་ཅན་གྱི་སྐྱེས་སུ་གནས་རྟེན་འཆའ་བའི་ཆ་རྐྱེན་དུ་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་ཛ་ཡནྟུ།། །།