འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་བཀའ་འབུམ།
བློ་སྦྱོང་ལེགས་བཤད་ཀུན་འདུས་ཀྱི་འཆད་ཐབས་ཨུཏྤལ་གསར་པའི་དོ་ཤལ།
བློ་སྦྱོང་ལེགས་བཤད་ཀུན་འདུས་ཀྱི་འཆད་ཐབས་ཨུཏྤལ་གསར་པའི་དོ་ཤལ་ཅེས་བྱ་བ་བཞུགས་སོ།། །།
ན་མོ་གུ་ར་བེ། བྱམས་པའི་ཐུགས་ནི་སྙིང་རྗེའི་དབང་སོགས་བྱང་ཆུབ་སེམས་ཀྱི་ངལ་འཚོའི་དཔྱིད། ཀུན་དགའི་སྤྱོད་པས་ལྷར་བཅས་ཡིད་འཕྲོག་ཕན་བདེའི་ཡོན་ཏན་བྱེ་བའི་གཏེར། །བསྟན་འཛིན་རྒྱ་མཚོའི་གཙུག་ན་མངོན་མཛེས་གྲགས་པའི་སྤྲིངས་ཡིག་གཡོ་བའི་འོད། །ས་གསུམ་འཕྲོ་བའི་གདུང་སེལ་གཅིག་གྱུར་དཔལ་ལྡན་བླ་མར་གུས་བཏུད་ནས། །ཐེག་པ་ཆེན་པོའི་བློ་སྦྱོང་ནི། །དོན་ཚན་བདུན་གྱིས་བསྟན་པའི་གཞུང་། །འཆད་ཐབས་དཔྱིད་ཀྱི་དཔལ་མོ་ཡི། །ཡི་གེའི་ཨུཏྤལ་དོ་ཤལ་དགོད། །དེ་ཡང་ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་དོན་བདུན་མའི་ཁྲིད་ཡིག་སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག་གམ་དཀོན་མཆོག་
འབངས་ཀྱིས་མཛད་པའི་ལེགས་བཤད་ཀུན་འདུས་སུ་གྲགས་པའི་འཆད་ཐབས་ཅུང་ཟད་སྤྲོ་ན། ཉིན་དང་པོར་རྟེན་གསུམ་གྱི་དྲུང་དུ་མཆོད་པ་གཙང་ཞིང་བཀོད་པས་མཛེས་པར་བཤམས། སློབ་དཔོན་སྟན་བདེ་བ་ལ་འཁོད་དེ། སྐྱབས་འགྲོ་སེམས་བསྐྱེད་དང་། གནས་དང་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས། སྤྱན་འདྲེན། ཁྲུས་གསོལ། གདན་འབུལ། བཟང་སྤྱོད་ནས་བྱུང་བའི་ཡན་ལག་བདུན་པ་དང་། བྱང་ཆུབ་ལྟུང་བཤགས་ཚར་རེས་ཚོགས་བསགས་ནས། བྱང་ཆུབ་སྙིང་པོ་མཆིས་ཀྱི་བར། ཞེས་སོགས་ལན་གསུམ་གྱིས་བྱང་སྡོམ་བླངས་མཐར་དེ་རིང་སློབ་མ་ལ་འབོགས་རྒྱུའི་དམིགས་པ་རྣམས་ཐུན་དུ་བཅད་ནས་བསྒོམ་པའི་མཐར།
དགེ་བ་བསྔོ་ཞིང་སྨོན་ལམ་གདབ། དེ་ནས་སློབ་མ་རྣམས་བོས་ལ། སློབ་དཔོན་གྱིས་བསྐུལ་ཏེ། སྨྲ་བསམ་བརྗོད་མེད་སོགས་ནས་བཟུང་ཟབ་མདོ་ཚར་གཅིག་དང་། བདུད་ཟློག་ཚར་གསུམ། བརྒྱུད་འདེབས་ཟུར་ནས་འབྱུང་བ་ལྟར་གྱི་རྗེས། མཆོད་གཡོག་པས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་དྲུང་དུ་ཐེག་པ་ཆེན་པོའི་བློ་སྦྱོང་གི་བཀའ་དྲིན་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་བརྡའ་སྦྱར་ལ་མཎྜལ་ཚོམ་བུ་སོ་བདུན་མ། གོང་གི་མཆོད་རྫས་མ་དང་བཅས་པ་བྱ། སློབ་དཔོན་གྱིས་བསྐུལ་ཏེ། སངས་རྒྱས་ཆོས་ཚོགས་མ་ལན་གསུམ། དེ་ནས་སློབ་དཔོན་གྱིས་ཟང་ཟིང་མེད་པའི་བྱམས་པ་དང་། འཁོར་བ་ལས་བསྒྲལ་འདོད་ཀྱི་སྙིང་རྗེས་ཀུན་ནས་བསླངས་ཏེ་འདི་སྐད་ཅེས་གདམས་པར་བྱའོ། །འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་དམ་པའི་ཆོས་ཀྱི་བཀའ་ཁྲིད་ཟབ་མོ་གསན་ལ་དོན་ཚུལ་། བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པ་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པའང་། སྐྱེས་པ་རབས་ཀྱི་རྒྱུད་ལས། །རབ་ཏུ་དམའ་བའི་སྟན་ལ་འདུག །
དུལ་བའི་དཔལ་ནི་ཉེ་བར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་ཏུ། །རབ་ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཞེས་དང་། མདོ་ལས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་རབ་ཏུ་ཟུངས་ཤིག་ཅེས་གསུངས་པ་རྣམས་ཀྱི་ལྡོག་ཕྱོགས་སུ་གྱུར་པ། ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབས་པ་ལྟ་བུའི་སྐྱོན་དང་། ཡིད་གཏོད་ཀྱང་དྲན་པ་དང་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་བརྡོལ་བ་ལྟ་བུའི་སྐྱོན་དང་། དྲན་པ་དང་ཤེས་བཞིན་གྱིས་བཟུང་ཡང་། རྣམ་བཤད་རིག་པ་ལས། ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །སྐྱོ་བས་ཉན་པ་དྲི་མ་ཡིན། །ཞེས་དྲི་མ་དྲུག་པོ་གང་ཡང་རུང་བ་དང་ལྡན་པ་སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་སྤངས་ནས། རང་ལ་ནད་པ། ཆོས་སྨྲ་བ་ལ་སྨན་པ། ཆོས་ལ་སྨན། ནན་ཏན་ཉམས་སུ་ལེན་པ་ལ་ནད་ཉེ་བར་གསོ་བ། དེ་བཞིན་གཤེགས་པ་ལ་སྐྱེས་བུ་དམ་པ། ཆོས་ཀྱི་ཚུལ་རིང་དུ་གནས་པར་བྱ་བའི་ཆེད་དུ་བརྩོན་པ་སྟེ་འདུ་ཤེས་དྲུག་དང་ལྡན་པའི་སྒོ་ནས་ལེགས་པར་གསན་འཚལ། དེ་ལ་གང་གསན་པར་བྱ་
བའི་ཆོས་ནི། འོ་སྐོལ་གྱི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བ་སོགས་ནས། མ་ཉམས་པར་བསྲུང་བ་ལ་འབད་ཅེས་སྟོན་པར་འགྱུར་རོ། །དེ་ལྟ་བུའི་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་ཆོས་ཀྱི་ཉིང་ཁུར་གྱུར་པ་བློ་སྦྱོང་གི་ཁྲིད་ཟབ་མོ་འཆད་པར་བྱེད་པ་ལའང་། ཡིད་ཆེས་ཤིང་ཁུངས་བཙུན་པར་བསྟན་པའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དངོས་གཞིའི་ཉམས་མྱོང་མྱུར་དུ་རྒྱུད་ལ་སྐྱེ་བའི་ཕྱིར་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་དང་། གདམས་པ་རིན་པོ་ཆེ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་ཚུལ་དང་གསུམ་ལས། དང་པོ་ནི། ཐེག་པ་ཆེན་པོ་བློ་སྦྱོང་གི་གདམས་པ་ཟབ་མོ་འདི་ནི། བདག་ཅག་གི་སྟོན་པ་མཉམ་མེད་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་སྟེ། རྒྱལ་ཚབ་བྱམས་པ་དང་། མགོན་པོ་འཇམ་དཔལ་དབྱངས་སོགས་ནས་རིམ་པར་བརྒྱུད་དེ། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཇོ་བོ་ཆེན་པོ་ལ་བཀའ་བབས་པའི་གདམས་པ་སྟེ། དེ་ཡང་སྤྱིར་ཇོ་བོ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གསན་པའི་བླ་མ་བདུན་ཅུ་ཡོད། ཅེས་སོགས་ནས་ཕྱིས་ཚོགས་པ་བསྡུས་ནས་མཆད་ཀ་དང་། ལྷ་སྡིངས་ལ་སོགས་པར་ཡང་མང་དུ་གསུངས། དེ་ལྟ་བུའི་དགེ་བའི་བཤེས་གཉེན་སེ་
སྐྱིལ་བུ་བ་ནས་རིམ་པར་བརྒྱུད་དེ། ཕྱིས་སུ་རྗེ་བཙུན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་སོགས་ཀྱིས་རྒྱ་ཆེར་སྤེལ་བར་མཛད་པ་ནས་བཟུང་། །བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་བར་དུ་བརྒྱུད་པ་བར་མ་ཆད་པར་བྱོན་པ་ལགས། །གཉིས་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། བཀའ་རྒྱུད་འདི་བླ་མའི་ལམ་པ་ཡིན་ཞིང་སོགས་ནས། བྱེད་པ་ཅིག་དགོས་པ་ཡིན་གསུངས་སོ།། །།གསུམ་པ་གདམས་པ་རིན་པོ་ཆེ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་ཚུལ་ལ། བླ་མ་གསེར་གླིང་པའི་ལུགས་འདི་ལའང་། སོགས་ནས། ཆོས་ལ་བྱང་ཆུབ་སེམས་ལས་བཟང་བ་མེད་པས་དེ་བསྒོམ་པ་ལ་འབད་པ་ཅིག་འབྱུང་བ་ཡིན་ནོ། །ཞེས་པའི་བར་དང་། ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ནས། །དོ་ནུབ་ནས་བརྩམས་ཏེ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག །རླུང་རྔམ་བག་ཅན་རང་ཞིར་མ་གྱུར་གྱི་བར་དུ་རང་བབས་སུ་ངལ་བསོ། །རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་གཏོང་བར་དམིགས་པ་ལ་འཇུག །དེ་ཡང་ཐོག་མར་ཡིད་ཆེས་ཤིང་ཁུངས་བཙུན་པར་བསྟན་པའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་བཤད་པ་དེ་རྣམས་ལ་བཅོས་མ་མ་
ཡིན་པའི་མོས་གུས་ཀྱིས་དྲངས་ཏེ། གཉིས་པ་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་བསྒོམ་པ་ནི། སོགས་ནས། འབད་པ་ཅིག་འབྱུང་བ་ཡིན་ནོ། །ཞེས་པའི་བར་ཚར་གཅིག །སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན་སོགས་ནས། འབྱུང་བ་ཡིན་ནོ། །བར་ཚར་གཅིག་སྟེ་ལན་གསུམ་བསྐྱར་བའི་མཐར། ཐུན་དེ་ལས་ལྡང་བར་འདོད་ན། དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་དང་། ཐུན་མཚམས་རྣམས་སུའང་དངོས་གཞིའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་མཛད་པའི་སྒོ་ནས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་ཅི་ནུས་སུ་འབད་པ་དང་བཅས་ཏེ་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། ཞེས་བརྗོད། སྤྲོ་ན་གཏོང་རག་གི་མཎྜལ། ས་གཞི་སྤོས་བྱུགས་མ་ཚར་གཅིག་འབུལ་ཞིང་། བསོད་ནམས་འདི་ཡིས་སོགས་དང་། ཕན་བདེ་འབྱུང་བའི་གནས་གཅིག་བུ། །ཞེས་སོགས་བརྗོད་ལ་གྲོལ་ལོ།། །།ཉིན་གཉིས་པ་ལ། སློབ་དཔོན་གྱི་བྱ་བ་དང་། ཆོས་རིམ་སོགས་ཉིན་དང་པོ་ཇི་ལྟ་བ་བཞིན་ལ། འོ་ནམ་མཁའ་དང་མཉམ་པའི་སོགས་ནས། ཆོས་ལ་བྱང་ཆུབ་སེམས་ལས་བཟང་བ་མེད་
པས་དེ་བསྒོམ་པ་ལ་འབད་པ་ཅིག་འབྱུང་བ་ཡིན་ནོ།་།ཞེས་པའི་བར་སྔར་བཞིན་ལ། དེ་ཡན་ཆད་ཀྱིས་ཁར་སོང་གི་བཤད་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་བ་ཡིན། ད་དེ་རིང་གི་བཤད་པ་གསར་དུ་འབུལ་བ་ལ།། །།གསུམ་པ་ལས་འབྲས་དང་འཁོར་བའི་ཉེས་དམིགས་བསམ་པ་ནི། སོགས་ནས། ལམ་རིམ་ཐམས་ཅད་འོག་མ་འདི་ཡི་སྔོན་འགྲོ་ཡིན་ནོ། །ཞེས་པའི་བར་ཚར་གཅིག་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ་རང་རང་གི་གནས་མལ་རྣམས་སུ་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག །རླུང་རྔམ་བག་ཅན་རང་ ཞིར་མ་གྱུར་གྱི་བར་དུ་རང་བབས་སུ་ངལ་བསོ། རྣམ་རྟོག་ཞིག་ཐོལ་གྱིས་སྐྱེས་ན་དེའི་དབང་དུ་མི་བཏང་བར་དམིགས་པ་ལ་འཇུག །དེ་ཡང་སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་བླ་མ་ལ་གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་བས་དངོས་གཞིའི་ཉམས་ལེན་ལ། གསུམ་པ་ལས་འབྲས་དང་སོགས་ནས། འགྲོ་བ་ཡིན་ནོ། །བར། སླར་ཡང་ཐུགས་ངེས་པའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ། སོགས་ནས། འགྲོ་བ་ཡིན་ནོ། །བར། ཐུན་དེ་ལས་ལྡང་བར་བརྩམས་པ་ན། དེ་ལྟར་བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསྔོ་ཞིང་
སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་དང་། ཐུན་མཚམས་སུའང་དངོས་གཞིའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་མཛད་པའི་སྒོ་ནས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་ཅི་ནུས་སུ་འབད་པ་དང་བཅས་ཏེ་དེ་རིང་གི་ཐུགས་དམ་དམིགས་པའི་རིམ་པ་དེ་ཙམ་ལ་མཛད་པར་ཞུ། ཞེས་དང་། མཎྜལ་དང་། དགེ་བ་བསྔོ་བ་སོགས་སྔ་མ་ལྟར་བྱའོ། །ཉིན་གསུམ་པ་ལ་འོ་ནམ་མཁའ་དང་མཉམ་པའི་སོགས་ནས། ལེགས་པར་གསན་འཚལ། ཞེས་པའི་བར་ཉིན་དང་པོ་བཞིན་ལ། དེ་ལ་གང་གསན་པར་བྱ་བའི་ཆོས་ནི། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་འདོད་པའི་གང་ཟག་རྣམས་ཀྱིས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཀུན་རྫོབ་དང་། དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་བསྒོམ་པ་ལ་འབད་པར་བྱ་དགོས་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱུང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་ཤིང་། དེ་བསྒོམ་པའི་མན་ངག་ལའང་། བཀའ་སྲོལ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལ། །
འདིར་སྐབས་སུ་བབས་པ་ནི། ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཇོ་བོ་ཆེན་པོས་བླ་མ་དྷརྨ་རཀྵི་ཏ་དང་། བླ་མ་བྱམས་པའི་རྣལ་འབྱོར་པ་དང་། མཉམ་མེད་གསེར་གླིང་པ་ཆེན་པོ་གསུམ་ལ་གསན་ནས་ཐུགས་ཉམས་སུ་བཞེས་ཏེ་འགྲོ་བ་དཔག་ཏུ་མེད་པའི་དོན་མཛད་པ་ལས། འདི་ནི་བླ་མ་གསེར་གླིང་པའི་ལུགས་ཡིན་ཅིང་། དེ་ལའང་འཁྲིད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་། དགེ་བའི་བཤེས་གཉེན་མཆད་ཁ་བའི་ལུགས་ཀྱིས་དོན་བདུན་གྱི་སྒོ་ནས་སློབ་མ་དཀྲི་བར་མཛད་པའི་ཕྱིར་ཐེག་པ་ཆེན་པོའི་བློ་སྦྱོང་གི་གདམས་པ་དོན་བདུན་མ་ཞེས་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་གདམས་པ་ཟབ་མོ་འདི་ཉིད་འཆད་པར་བྱེད་པ་ལ། ཡིད་ཆེས་ཤིང་ཁུངས་བཙུན་པར་བསྟན་པའི་ཕྱིར་བླ་མ་བརྒྱུད་པའི་ལོ་རྒྱུས་དང་། དངོས་གཞིའི་ཉམས་མྱོང་མྱུར་དུ་རྒྱུད་ལ་སྐྱེ་བའི་ཕྱིར་བྱིན་རླབས་འཇུག་པར་བྱེད་པ་བླ་མའི་རྣལ་འབྱོར་དང་། གདམས་པ་རིན་པོ་ཆེ་དངོས་ཀྱིས་སློབ་མ་ཇི་ལྟར་དཀྲི་བའི་ཚུལ་དང་གསུམ། ཕྱི་མ་ལའང་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་འབྱོངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། །
དང་པོ་ལའང་། དལ་འབྱོར་རྙེད་པར་དཀའ་བ་དང་། འཆི་བ་མི་རྟག་པ་དང་། ལས་རྒྱུ་འབྲས་བསྒོམ་པ་གསུམ་ལས། འཆི་བ་མི་རྟག་པ་བསྒོམ་པ་ཡན་ཆད་ལེགས་པར་ཕུལ་ཟིན་ནས། གསུམ་པ་ལས་འབྲས་དང་འཁོར་བའི་ཉེས་དམིགས་བསམ་པ་ནི། སོགས་ནས། ལམ་རིམ་ཐམས་ཅད་འོག་མ་འདི་ཡི་སྔོན་འགྲོ་ཡིན་ནོ། །ཞེས་པའི་བར་ཁར་སོང་བཞིན་བསྐྱར་ལ། དེ་ཡན་ཆད་ཁར་སོང་གི་བཤད་པ་ལ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་ནས། ད་དེ་རིང་གི་བཤད་པ་གསར་དུ་འབུལ་བ་ནི། །གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱང་པ་ལ། ཆོས་རྗེ་པའི་ཞལ་ནས། ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས། ཞེས་སོགས་ནས་དེ་དག་གིས་ནི་སྔོན་འགྲོ་བྱམས་སྙིང་རྗེ་བསྒོམ་པ་བསྟན་ཏོ། །ཞེས་པའི་བར། ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་བརྩམས་ཏེ། སོགས་ནས། གསོལ་བ་འདེབས་པ་རྣམས་སྔོན་དུ་འགྲོ་བས། ཞེས་པའི་བར་ཉིན་གཉིས་པ་བཞིན་ལ། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ། ཞེས་པའི་ནས། སྙིང་རྗེ་བསྒོམ་པ་བསྟན་ཏོ། །ཞེས་པའི་བར། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་སོགས་སྔར་ལྟར་བསྐྱར། མཐར་ཐུན་དེ་ལས་ལྡང་བར་
བརྩམས་པ་ན། ཞེས་པ་ནས། དེ་ཙམ་ལ་མཛད་པར་ཞུ། ཞེས་པའི་བར་དང་དགེ་བསྔོ་སོགས་ཉིན་གཉིས་པའི་སྐབས་ལྟར་རོ།། །།ཉིན་བཞི་པ་ལ། འོ་ནམ་མཁའ་སོགས་ནས། བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། ཞེས་པའི་བར་ཉིན་གསུམ་པ་བཞིན་ལ། དེ་ནས། དང་པོ་སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་ཡན་ཆད་ཀྱི་བཤད་པ་ལེགས་པར་ཕུལ་ཟིན་ནས། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ། ཆོས་རྗེ་པའི་ཞལ་ནས། ཞེས་པ་ནས། སྙིང་རྗེ་བསྒོམ་པ་བསྟན་ཏོ། །ཞེས་པའི་བར་ཁར་སོང་བཞིན་བསྐྱར་ལ། དེ་ཡན་ཆད་ཀྱིས་ཁར་སོང་གི་བཤད་པ་ཡང་བསྐྱར་ཚུལ་དུ་ཕུལ་ནས། །ད་དེ་རིང་གི་བཤད་པ་གསར་དུ་འབུལ་བ་ལ། གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་བ་བསྒོམ་པ་ནི། སློབ་དཔོན་ཞི་བ་ལྷས། སོགས་ནས། ལེགས་པར་ཡིན་གསུངས། ཞེས་པའི་བར་དང་། ཐུགས་ངེས་པར་བྱ་བའི་ཕྱིར། ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས་སོགས་ནས། སྔོན་དུ་འགྲོ་བས། ཞེས་པའི་བར་ཉིན་གཉིས་པ་བཞིན་ལ་གཉིས་པ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བདག་གཞན་བརྗེ་བ་སོགས་ནས། ལེགས་པ་ཡིན་གསུངས་པར། སླར་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་དང་། ད་དུང་ལན་གཅིག་བསྐྱར་ན། དོ་ནུབ་ནས། སོགས་སྔར་
ལྟར་བསྐྱར་མཐར། ཐུན་དེ་ལས་ལྡང་བར་བརྩམས་པ་ན། སོགས་ཉིན་གཉིས་པའི་སྐབས་ལྟར་རོ། །ཉིན་ལྔ་པ་ལ། འོ་ནམ་མཁའ་སོགས་ནས། བློ་སྦྱོང་གི་བསླབ་བྱ་བདུན་གྱི་ཞེས་པའི་བར་ཉིན་གཉིས་པ་བཞིན་ལ། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ལའང་། དོན་དམ་བྱང་ཆུབ་ཀྱི་སེམས་སྦྱོང་བ་དང་། །ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྦྱོང་བ་གཉིས། ཕྱི་མ་ལའང་སྔོན་འགྲོ་བྱམས་སྙིང་རྗེ་བསྒོམ་པ་དང་། དངོས་གཞི་བདག་གཞན་བརྗེ་བ་བསྒོམ་པ་གཉིས་ལས། སྔོན་འགྲོ་བྱམས་སྙིང་རྗེ་བསྒོམ་པ་ཡན་ཆད་ཀྱི་བཤད་པ་རྣམས་ལེགས་པར་ཕུལ་ཟིན་ནས། གཉིས་པ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སེམས་བདག་གཞན་བརྗེ་བ། སོགས་ནས། ལེགས་པ་ཡིན་གསུངས། ཞེས་པའི་བར་ཁར་སོང་བཞིན་བསྐྱར་ལ། དེ་ཡན་ཆད་ཀྱིས་ཁར་སོང་གི་བཤད་པ་ཡང་བསྐྱར་གྱིས་ཚུལ་དུ་ཕུལ་ནས། ད་དེ་རིང་གི་བཤད་པ་གསར་དུ་འབུལ་བ་ལ། གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སོགས་ནས། ཞེས་གླང་རི་ཐང་པ་གསུང་ངོ་། །བར། ཐུགས་ངེས་པར་བྱ་བའི་སོགས་ནས། སྔོན་དུ་འགྲོ་བས། ཞེས་པའི་བར་ཉིན་གཉིས་པ་བཞིན་ལ། གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སོགས་ནས། གླང་རི་ཐང་པ་གསུང་ངོ་། བར། སླར་ཡང་
ཐུགས་ངེས་པར་བྱ་བའི་ཕྱིར། སོགས་སྔར་ལྟར་བསྐྱལ། ཐུན་དེ་ལས་ལྡང་བར་བརྩམས་པ་ན། སོགས་ཉིན་ཞག་གཉིས་པ་ལྟར་རོ། །ཉིན་དྲུག་པ་ལ། འོ་ནམ་མཁའ། སོགས་ནས། བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི། གཉིས་པ་དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ་ཡན་ཆད་བཤད་པ་རྣམས་ལེགས་པར་ཕུལ་ཟིན་ནས། །གསུམ་པ་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སོགས་ནས། གླང་རི་ཐང་པ་གསུང་ངོ་། བར་ཁར་སོང་བཞིན་བསྐྱར་ལ། དེ་ཡན་ཆད་ཁར་སོང་གི་བཤད་པའི་རིམ་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་ནས། ད་དེ་རིང་གི་བཤད་པ་གསར་དུ་འབུལ་བ་ལ། བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། སོགས་ནས། བསམ་པ་བཟང་ཟེར་བ་ཡིན་པས་དེ་ལྟར་བྱ་གསུངས། བར། ཐུགས་ངེས་པར། སོགས་ནས། སྔོན་དུ་འགྲོ་བས། །ཞེས་པའི་བར་ཉིན་གཉིས་པ་ལྟར་ལ། བཞི་པ་ཚེ་གཅིག །སོགས་ནས། དེ་ལྟར་བྱ་གསུངས། བར། སླར་ཡང་ཐུགས་ངེས་པར། སོགས་སྔར་ལྟར་བསྐྱར། ཐུན་དེ་ལས་ལྡང་བར་བརྩམས་པ་ན། སོགས་ཉིན་གཉིས་པ་ལྟར་རོ། །ཉིན་བདུན་པ་ལ། འོ་ནམ་མཁའ་སོགས་ནས། བློ་སྦྱོང་གི་བསླབ་བྱ་དང་བདུན་གྱི་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ཡན་ཆད་ཀྱི་བཤད་པ་རྣམས་ལེགས་པར་
ཕུལ་ཟིན་ནས། བཞི་པ་ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་ནི། སོགས་ནས། དེ་ལྟར་བྱ་གསུངས། ཞེས་པའི་བར་ཁར་སོང་བཞིན་བསྐྱར་ལ། དེ་ཡན་ཆད་ཀྱིས་ཁར་སོང་གི་བཤད་པ་ཡང་བསྐྱར་གྱི་ཚུལ་དུ་ཕུལ་ནས། ད་དེ་རིང་གི་བཤད་པ་གསར་དུ་འབུལ་བ་ལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། སོགས་ནས། འགྲོ་བར་བྱའོ་ཞེས་པའི་བར། ཐུགས་ངེས་པར་བྱ་བའི་ཕྱིར། སོགས་ནས། སྔོན་དུ་འགྲོ་བས། ཞེས་པའི་བར་ཉིན་གཉིས་པ་བཞིན་ལ། བདུན་པ་བློ་སྦྱོང་གི་བསླབ་བྱ་བསྟན་པ་ནི། སོགས་ནས། འགྲོ་བར་བྱའོ་བར། སླར་ཡང་ཐུགས་ངེས་པར། སོགས་ལན་གཅིག་དང་། ད་དུང་ཡང་ཐུགས་ངེས་པར་བྱ་བའི་ཕྱིར་ལན་གཅིག་བསྐྱར་ན། ཞེས་སོགས་སྔར་ལྟར་བསྐྱར་བ་སྟེ་བཞི་བཤད་བྱས་པའི་མཐར། ཐུན་དེ་ལས་ལྡང་བར་བརྩམས་པ་ན། དེ་ལྟར་བསྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཀྱི་རྒྱུར་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་དང་། ཐུན་མཚམས་རྣམས་སུའང་དངོས་གཞིའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་མཛད་ནས་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་ལ་ཅི་ནུས་སུ་འབད་པར་བྱའོ། །དེ་ལྟར་ཉམས་སུ་བླངས་པའི་ཡོན་ཏན་
བསྟན་པ་ནི། སྙིགས་མ་ལྔ་པོ་བདོ་བ་འདི། སོགས་ནས། གདེང་ཐོབ་པའི་གསུང་ཡིན་ནོ། །ཞེས་པའི་བར་ཚར་གཅིག་དང་། དེ་དག་གི་སྒོ་ནས་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཀྱི་རིམ་པ་ཟབ་མོ་ལེགས་པར་ཕུལ་གྲུབ་པའི་བཀའ་དྲིན་གཏོང་རག་གི་ཡོན་དུ་དམིགས་ཏེ་མཎྜལ་ཞིག་མཛད་པར་ཞུ། ཞེས་བརྗོད་ལ་མཎྜལ་རྒྱས་པར་ཕུལ། དེ་ལྟར་ན་བདག་ཅག་གི་སྟོན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་རྒྱལ་ཚབ་བྱམས་པ་མགོན་པོ་ལ་གནང་བ་ནས་བཟུང་རིམ་པར་བརྒྱུད་ཅིང་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཇོ་བོ་ཆེན་པོ་ཡབ་སྲས་ཀྱིས་དར་རྒྱས་སུ་མཛད་པའི་ཐེག་པ་ཆེན་པོའི་ཉམས་ལེན་ཐམས་ཅད་ཀྱི་ཉིང་ཁུར་གྱུར་པ་བློ་སྦྱོང་གི་གདམས་པ་ཟབ་མོ་འདི་ལྟ་བུ་ལ་བརྟེན་ནས་རང་ཉིད་ཀྱིས་དལ་འབྱོར་ཐོབ་པ་དོན་དང་ལྡན་པ་དང་། གདུལ་བྱ་གཞན་དག་ཀྱང་ཡང་དག་པའི་ལམ་ལ་འགོད་པ་ལ་སོགས་པའི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་ཐབས་ལ་ཅིས་ཀྱང་ཐུགས་རྗེས་གཟིགས་པར་ཞུ། །བསོད་ནམས་འདི་ཡིས་སོགས་དང་། ཕན་བདེ་འབྱུང་བའི་སོགས་བརྗོད་ལ་གྲོལ་ལོ། །སྨྲས་པ། ཐེག་མཆོག་གཏམ་གྱི་སྤྲིན་དཀར་ལས་འོངས་པའི། །ལེགས་བཤད་དབྱར་རྔའི་རོལ་མོ་
འཁྲོལ་བའི་མོད། །སྐལ་བཟང་རྨ་བྱ་གཞོན་ནུའི་ཚོགས་རྣམས་ཀྱང་། །ཀུནྡའི་ཟློས་གར་བསྒྱུར་ལ་གཅིག་ཏུ་བྲེལ། །དེ་ལས་བྱུང་བའི་རྣམ་དཀར་བདུད་རྩི་ཡིས། །འགྲོ་ཀུན་ངེས་འབྱུང་ཆུ་ཡིས་སྙིང་བརླན་པའི། །བྱང་ཆུབ་སེམས་གཉིས་པདྨོ་རྒྱས་པ་ལས། །ཕན་བདེའི་འབྲས་བུ་གཡུར་དུ་ཟ་བར་ཤོག །ཅེས་པའང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའི་གནང་བ་ཐོབ་ནས། རྗེ་བླ་མ་བཅུ་ཕྲག་རིག་པའི་མ་ཧཱ་པཎྜི་ཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་གསུང་ཇི་ལྟ་བ་བཞིན། སྐལ་བཟང་མཁྱེན་བརྩེའི་མིང་ཅན་གྱིས་ཟིན་བྲིས་སུ་བགྱིས་པ་ཛ་ཡནྟུ། མངྒ་ལཾ།། །།
སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་གཞུང་ཁྲིད་ཡིག་དང་བཅས་པ།
༈ སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི་བློ་སྦྱོང་གཞུང་ཁྲིད་ཡིག་དང་བཅས་པ་བཞུགས་སོ།། །གུ་རུ་ན་མོ། གྲུབ་ཐོབ་སུམ་པ་ལོ་ཙཱ་བ་རྒྱ་གར་དུ་བྱོན། གསང་སྔགས་ཕལ་ཆེར་ལ་ཐོས་པ་མཛད། བོད་དུ་འབྱོན་ཁར་གསེར་ལྷག་མ་ཁྱེར་ནས་རྡོ་རྗེ་གདན་དུ་བྱང་ཆུབ་ཆེན་པོ་ལ་འབུལ་དུ་བྱོན། གན་དྷོ་ལ་ལ་བསྐོར་བ་མཛད་ཅིང་བཞུགས་པས་བུད་མེད་དམར་མོ་གཅིག་དང་སྔོན་མོ་གཅིག་གཉིས་རེས་འགའ་བར་སྣང་ལ་བསྐོར་བ་མཛད། རེ་འགའ་ས་ལ་གོམས་པ་འདོར་བའི་ཚུལ་དུ་བསྐོར་བ་མཛད་ཅིང་གདའ་སྐད། དེར་བུད་མེད་སྔོན་མོ་དེས་དམར་མོ་དེ་ལ། མོ་དེ་
མདངས་ཞག་ང་བློ་ཡང་མ་བདེ། འགྲོ་སྙིང་གཅིག་འདོད་འཆི་བ་མིན་ན་དྲག་སྟེ། ལར་འཆི་བ་འདི་ཀ་ལ་འཆོར་ཟེར་ནས་དྲི་བ་རྣམ་པ་བཞི་བྱེད་ཀྱིན་གདའ་སྐད། དེར་བུད་མེད་དམར་མོ་དེས་ལོ་ཙཱ་བ་ལ་སྤྱན་གྱིས་ཟུར་མིག་ཅེ་རེ་བ་གཅིག་གཟིགས་ནས་སྔོན་མོ་དེ་ལ། མོ་དེ་གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་སྟེ་ཁྱོད་ཀྱི་བློ་དེ་གང་བྱུང་གིས་མ་ཆོག་པས་ལན་པ་ཡིན་ནོ། །མོ་དེ་སེམས་བཞག་པར་སྡོད་ན་ཕྱིན་ཀྱང་ཆོག་སྟེ། ཁྱེད་ཀྱི་སེམས་དེ་བཞག་པར་མ་སྡོད་པས་ལན་ནོ། །མོ་དེ་བློ་ཆོས་སུ་སོང་ན་ཤི་ཡང་སླ་བ་ལ་ཁྱོད་ཀྱི་བློ་རྒྱུན་ཆོས་སུ་མ་སོང་བས་ལན་ནོ། །མོ་དེ་རང་སེམས་སྐྱེ་མེད་དུ་རྟོགས་ན་འཆི་རྒྱུ་ཡང་མེད་དེ་ཁྱེད་ཀྱི་སེམས་དེ་སྐྱེ་མེད་དུ་མ་རྟོགས་པས་ལན་ཟེར་ནས་ལན་རྣམ་པ་བཞི་འདེབས་ཀྱིན་གདའ་སྐད། དེ་ནས་ལོ་ཙཱ་བའི་ཐུགས་སྐྱོ་བ་སངས། སྔར་བསླབ་པའི་ཆོས་གནད་དུ་སོང་། ཐུགས་རྒྱུད་ཀྱི་སྟེང་དུ་ཡང་རྟོགས་པ་ཁྱད་པར་ཅན་སྐྱེས་པ་ཡིན་གསུང་ངོ་། །དེ་ལ་ངོ་སྤྲོད་འདི་ལྟར་དུ་ཡིན། གང་བྱུང་གིས་ཆོག་ན་བྱ་བ། རང་གི་བསགས་པ་དང་བསྟུན་པའི་ལོངས་སྤྱོད་གང་བྱུང་གིས་ཆོག་ཤེས། གཞན་གྱི་ཕུན་སུམ་ཚོགས་པ་ལ་ཕྲག་མི་དོག །རྐྱེན་བདེ་སྡུག་གི་ཁོང་ཞུམས་སུ་མི་འགྱུར་བ་ལ་སོགས་པ་དགོས་གསུང་ངོ་། །སེམས་བཞག་པར་སྡོད་པར་བྱ་བ། བླ་
མའི་བྱིན་རླབས་དང་ཐབས་ཁྱད་པར་ཅན་ལ་བརྟེན་ནས་སེམས་རང་ངོ་ཤེས། རང་ས་ཟིན། རང་དབང་ཐོབ་པ་ལ་སོགས་པ་དགོས། སེམས་ཆོས་དང་འདྲེས་པ་ནི། སེམས་ནི་རིག་རིག་པོ་འདི་ཡིན། ཆོས་དེའི་རང་བཞིན་རྟོགས་པ་གཅིག་དགོས། སེམས་སྐྱེ་མེད་དུ་རྟོགས་པ་ནི། སྐྱེ་བ་རྟོགས་པས་འཆི་བ་འགག་པ་ཡིན། སེམས་སྐྱེ་འགག་གནས་གསུམ་དང་བྲལ་བར་རྟོགས་པའི་རྟོགས་པ་རྗེས་མེད་པ་ནི་འཆི་རྒྱུ་མེད་པ་ལགས་སོ། །ཆོས་འདིའི་བརྒྱུད་པ་ནི། རྗེ་བཙུན་མ་རྡོ་རྗེ་ཕག་མོ་དང་སྒྲོལ་མ་གཉིས་ཀྱིས་སུམ་པ་ལོ་ཙཱ་བ་ལ་གསུངས། དེས་ས་པཎ། དེས་གྲུབ་ཐོབ་ཆེན་པོ་མཚོ་འཕྲང་བ། དེས་མཁས་གྲུབ་ཆོས་རྗེ། དེས་རི་ཁྲོད་རས་ཆེན། དེས་པྲ་ཛཱ་བྷོ་དྷི། དེས་དོན་ཞགས་པ་བུདྡྷ་རཏ་ལ། དེས་ཀིཏྟི་ཤཱི་ལ་ལ། དེས་ཆོས་རྗེ་རྒྱལ་བ་བཟང་པོ་ལ། དེས་ཆོས་རྗེ་བསོད་ནམས་ལ་གནང་། དེས་དཀོན་མཆོག་འབངས་ལ་གནང་བའོ། ༈ །སུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་བརྒྱུད་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས་བཞུགས་སོ། །བླ་མ་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཟག་མེད་བདེ་ཆེན་སྒྱུ་མའི་སྐུ། །རྡོ་རྗེ་ཕག་མོ་ལ་ཕྱག་འཚལ། །རྒྱལ་བའི་ཕྲིན་ལས་གཅིག་བསྡུས་པ། །རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ། །མཁས་པ་གྲུབ་པ་བརྙེས་གྱུར་པ། །སུམ་
པ་ལོ་ཙཱ་ལ་ཕྱག་འཚལ། །གནས་ལྔ་རིག་པ་ཆོས་ཀྱི་རྗེ། །ས་སྐྱ་པཎ་ཆེན་ལ་ཕྱག་འཚལ། །ཡོན་ཏན་རིན་ཆེན་དཔག་མེད་ལྡན། །ཆོས་རྒྱལ་འཕགས་པ་ལ་ཕྱག་འཚལ། །དམ་ཆོས་ཚུལ་བཞིན་སྒྲུབ་མཛད་པ། །ཞང་སྟོན་དཀོན་མཆོག་དཔལ་ལ་འདུད། །སྒྲུབ་ལ་བརྩོན་པས་དངོས་གྲུབ་བརྙེས། །ཆོས་རྗེ་བྲག་ཕུག་པ་ལ་འདུད། །འགྲན་ཟླ་མེད་པའི་ཆོས་ཀྱི་རྗེ། །བསོད་ནམས་རྒྱལ་མཚན་ལ་ཕྱག་འཚལ། །ཁ་སྐོང་ནི། སྤྱན་རས་གཟིགས་དངོས་རྒྱལ་བའི་སྲས། །ཐོགས་མེད་བཟང་པོ་དཔལ་ལ་འདུད། །བྱང་ཆུབ་རྩེ་མོ་བཀའ་བཞི་པ། །དཔལ་ལྡན་བཟང་པོ་ལ་ཕྱག་འཚལ། །གནས་བརྟན་བསམ་གྲོལ་གསན་དུ་གནས་བརྟན་བསམ་འཕན་པ། ནམ་མཁའ་རྡོ་རྗེ་ཞེས་ཡོད་ཀྱང་། ཁྲིད་བརྒྱའི་བརྒྱུད་འདེབས་སུ་དཀྱུས་ལྟར་རོ། །འཕན་ཡོན་ཏན་དཔལ། །ཀུན་དགའ་མཆོག་གྲུབ་ཞབས་ལ་འདུད། །འཇམ་དབྱངས་གྲོལ་མཆོག་ལྷ་དབང་གྲགས། །ཀུན་དགའ་སྙིང་པོ་ལ་ཕྱག་འཚལ། །ཕྲིན་ལས་དབང་མོ་རིན་ཆེན་མཚན། །སྙིང་པོ་མཐའ་ཡས་ཞབས་ལ་འདུད། །ཀུན་བཟང་དབང་པོ་རིག་པ་འཛིན། ཚེ་དབང་ནོར་བུ་ལ་ཕྱག་འཚལ། །ངག་དབང་རྣམ་རྒྱལ་ཆོས་འབྱོར་དཔལ། །བློ་བཟང་མཐུ་སྟོབས་ཞབས་ལ་འདུད། །ཉི་མ་ཆོས་འཕེལ་སེམས་དཔའ་ཆེ། །བློ་གསལ་བསྟན་སྐྱོང་ལ་ཕྱག་འཚལ།
ལམ་འདིའི་བཀའ་དྲིན་སྩོལ་མཛད་པའི། །བཤེས་གཉེན་མཆོག་གི་ཞབས་ལ་འདུད། །དེ་ལྟར་གསོལ་བ་བཏབ་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་ཀུན། །སྐྱེ་ཞིང་སྐྱེ་བ་ཐམས་ཅད་དུ། །མཚན་ལྡན་བླ་མས་རྗེས་བཟུང་ཤོག །གང་བྱུང་དེས་ཆོག་བློ་བདེ་དང་། །རང་སེམས་བཀོལ་དུ་བཏུབ་པ་ཡིས། །བློ་དང་ཆོས་འདྲེས་འཆི་མེད་ཀྱི། །གདེང་ཆེན་ཚེ་འདིར་རྙེད་པར་ཤོག ། མདོར་ན་དུས་དང་གནས་སྐབས་ཀུན། །བདེ་སྡུག་འབྱོར་རྒུད་ཅི་བྱུང་ཡང་། །བློ་སྦྱོང་ཟབ་མོའི་ཉམས་ལེན་གྱིས། །བྱང་ཆུབ་ལམ་དུ་འགྱུར་བར་ཤོག །སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་བ་འདི། །མི་ཉག་གི་དགེ་བཤེས་ཤཱཀྱ་ཡེ་ཤེས་ཀྱིས་བསྐུལ་ནས། ཆོས་སྨྲ་བའི་བཙུན་པ་ཐོགས་མེད་ཀྱིས་དངུལ་ཆུའི་ཆོས་རྫོང་དུ་སྦྱར་བའོ། །བརྒྱུད་པའི་ཁ་སྐོང་དང་སྨོན་ལམ་ཚིགས་བཅད་གསུམ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ། ༈ །གསུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་བརྒྱུད་ཀྱི་ཁྲིད་ཡིག་སྙིང་གི་བདུད་རྩི་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭསྟི་སིདྡྷཾ། ཐེག་མཆོག་གཞུང་གི་ཆུ་གཏེར་བསྲུབས་པའི་ཕུལ། །སྙན་བརྒྱུད་གདམས་ངག་བསྐལ་བཟང་མཆོག་རྣམས་ཀྱི། །སྙིང་གི་བདུད་རྩིར་སྩོལ་མཁས་བླ་མ་ལ། །བཏུད་ནས་ཟབ་མོའི་ལམ་སྲོལ་ཅུང་ཟད་དབྱེ། །འདི་
ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལས་བྱུང་བའི་གདམས་པ་དངོས་སོ། །དང་པོ་ནི། སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་ནམ་དཔལ་མཆོག་དང་པོའི་རྡོ་རྗེ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པ་དེས། འཕགས་ཡུལ་རྒྱ་གར་དུ་ཡུན་རིང་བར་བཞུགས། སླར་བོད་དུ་འབྱོན་པར་བཞེད་པ་ན། ཆས་ལྷག་གི་གསེར་རྣམས་ལས་རྒྱ་གར་རྡོ་རྗེ་གདན་དུ་མཆོད་པ་རྒྱས་པར་མཛད། འཕགས་ཡུལ་གྱི་གནས་དང་བླ་མ་རྣམས་ལ་ཐུགས་འཕྲེང་པའི་རྣམ་པས་འབྱོན་ནམ། བཞུགས་སམ་སྙམ་ཐེ་ཚོམ་མེ་ཐུགས་སྐྱོ་ཞིང་ཅུང་ཟད་མ་བདེ་བར་གྱུར་ཏེ། མ་ཧཱ་བོ་དྷི་ལ་བསྐོར་བ་མཛད་ཅིང་བཞུགས་པ་ན། །བུ་མོ་སྔོན་མོ་ཞིག་གི་རྗེས་སུ། །བུ་མོ་དམར་མོ་ཞིག་འབྲེངས་ཏེ། །རེས་ནམ་མཁའ་ལ་སྐོར་བ་བྱེད། རེས་ས་གཞིའི་སྟེང་ན་ཕར་སྐོར་བ་བྱེད། ཆེད་དུ་གཏོང་ན་ཡལ་བ་སྙམ་བྱེད་པ་ཞིག་འདུག་པ་ན། བུད་མེད་དམར་མོ་དེ་ཡི་ཞལ་ནས། ང་དོ་ཞག་སེམས་ཀྱང་མ་བདེ། འགྲོ་སྙིང་ཡང་འདོད། །འཆི་བ་ནི་མིན་ནམ། ལར་འཆི་བ་འདི་གས་འཇིགས་ཞུ་བ་ལ། བུད་མེད་སྔོན་མོ་དེ་ཉིད་ལོ་ཙཱ་བ་ལ་སྤྱན་ཧུར་གྱིས་གཟིགས་ཤིང་ཞལ་ནས། མོ་དེ་གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་བ་ཞིག་ཡོང་བ་ཡིན་ཏེ། གང་བྱུང་གིས་མ་ཆོག་པས་ལན་པ་ཡིན་
སོགས་དྲི་ལན་གྱི་ཚུལ་དུ་རྡོ་རྗེའི་ཚིག་བཞི་པོ་འདི་གསུངས་པས། ལོ་ཙཱ་བའི་ཐུགས་ལ་དེ་དག་གི་དོན་ཇི་ལྟ་བར་ཤར། སྔར་མཁྱེན་པའི་ཆོས་ཐམས་ཅད་ཀྱི་དོན་ཉམས་སུ་ལེན་མཁྱེན་པར་གྱུར། །རྟོགས་པ་ཁྱད་པར་ཅན་འཁྲུངས། སྔར་མཁྱེན་པའི་ཆོས་ཐམས་ཅད་ཀྱང་ནོར་དུ་སོང་བས་ཐུགས་རྩིས་ཀྱི་སྙིང་པོར་མཛད། བུད་མེད་དམར་མོ་སྔོན་མོ་གཉིས་ཀྱང་རྡོ་རྗེ་ཕག་མོ་དང་། རྗེ་བཙུན་སྒྲོལ་མ་ཡིན་པར་སྣང་གསུངས། རྡོ་རྗེའི་ཚིག་དེ་དག་ཀྱང་བསྒྱུར་ཏེ་འཇམ་པའི་དབྱངས་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གནང་། དེས་འགྲོ་བའི་མགོན་པོ་འཕགས་པ་རིན་པོ་ཆེ་། དང་། གྲུབ་ཐོབ་འདར་འཕྱར་བ་རིན་པོ་ཆེ་བཟང་པོ་གཉིས་ལ་གནང་བ་ནས་རིམ་པར་བརྒྱུད་དེ། ཕྱིས་སུ་རྒྱལ་སྲས་རིན་པོ་ཆེ་ཐོགས་མེད་པས་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ། དྲུང་པའི་ཐུགས་དམ་གྱི་བཅུད་ཡིན་པ་སེམས་ལ་ཕན་པའི་ཁྲིད་གཅིག་ཞུ་ཞུས་པས་འདི་སྩལ་བར་གྲགས་ཤིང་། དགེ་བཤེས་འཕགས་པ་ལྷ་ཞེས་བྱ་བ་བསྐུལ་ཏེ། ཁྲིད་ཡིག་ཀྱང་དུས་དེར་མཛད་པ་ཡིན་ཅེས་གསུངས། ས་སྐྱ་པའི་གདུང་བརྒྱུད་བླ་ཆེན་བསོད་བློ་རྒྱ་ནག་ཏུ་འབྱོན་པའི་དུས་ཀྱང་རྒྱལ་སྲས་རིན་པོ་ཆེ་ལྷ་ས་བར་སྐྱེལ་མ་ལ་ཕེབས། དུས་དེར་རྒྱལ་སྲས་པས་དབུ་མཛད། ཕྱོགས་ཀྱི་དགེ་བའི་
བཤེས་གཉེན་ལྷ་སའི་ཁྱམས་ར་གང་ལའང་སྤྱི་ཆོས་སུ་གདམས་པ་འདི་ཀ་གནང་ཞེས་ཆོས་རྗེ་རྒྱལ་སྲས་པའི་རྣམ་ཐར་དུ་འབྱུང་བས་མཚོན་དགེ་བའི་བཤེས་གཉེན་ཆེན་པོ་རྣམས་ནས་ཀྱང་ཐུགས་དམ་གྱི་སྙིང་པོར་མཛད། ཁྱད་པར་རྗེ་བཙུན་རྡོ་རིང་པ་ལ། འཇམ་མགོན་ས་པཎ་ནས་བརྒྱུད་པའི་སྲོལ་གཉིས་ཀའི་ཆུ་བོ་གཅིག་ཏུ་འདྲེས་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོས་གསན་ཅིང་། དཔལ་ཞྭ་ལུ་གསེར་བཀང་གི་ཆོས་གྲར་ཆོས་རྗེ་བླ་མ་དམ་པའི་ཁྲིད་ཡིག་གི་སྟེང་ནས་ཉམས་ཁྲིད་སྩལ་བའི་སྐབས། འཇམ་པའི་དབྱངས་དངོས་གནས་གསར་བ་མཁྱེན་བརྩེའི་དབང་ཕྱུག་གི་གསུང་རྒྱུན་ཟིན་བྲིས་སྙིང་གི་མུན་སེལ་ཞེས་བྱ་བ་མཛད་དེ་དུས་ཕྱིས་པར་ཉམས་འཁྲིད་ཀྱི་བརྒྱུད་པ་བར་མ་ཆད་པར་བྱུང་བ་དང་། རྒྱལ་སྲས་རིན་པོ་ཆེ་ནས་བརྒྱུད་པ་རྗེ་ཀུན་དགའ་གྲོལ་མཆོག་གིས་གསན་ཅིང་ཁྲིད་བརྒྱའི་གླེགས་བམ་དུ་བཀོད་པའི་ཁྲིད་ལུང་གི་རྒྱུན་ཀྱང་ད་ལྟའི་བར་དུ་བཞུགས་པ་ཡིན་ནོ།། །།གཉིས་པ་ལོ་རྒྱུས་དེ་དང་ལྡན་པའི་གདམས་པ་དངོས་ལ། དེ་ལྟ་བུའི་སུམ་པ་ལོ་ཙཱ་བའི་སྙན་བརྒྱུད་བློ་སྦྱོང་ངམ། མཁའ་འགྲོའི་རྡོ་རྗེའི་ཚིག་བཞི་པ་ཞེས་གྲགས་པའི་ཁྲིད་ཉམས་སུ་ལེན་པར་བྱེད་པ་ལ་བཞི་ལས། རྡོ་རྗེའི་ཚིག་དང་པོ། གང་བྱུང་གིས་ཆོག་ན་ཅི་བྱས་བདེ། ཞེས་པའི་དོན་ཉམས་སུ་བླང་བ་ལ་
གཉིས། སྔོན་འགྲོ་དང་སྦྱར་ཏེ་ཉམས་སུ་བླང་ཚུལ་དང་། དངོས་གཞི་དང་སྦྱར་ཏེ་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི། གནས་དབེན་པར་བདེ་བའི་གདན་ལ་བསམ་གཏན་གྱི་རོལ་པས་འདུག་སྟེ། མདུན་གྱི་ནམ་མཁར་བླ་མ་དཀོན་མཆོག་གསུམ་མཁའ་ཁྱབ་ཏུ་བཞུགས་པ་ལ་བློ་གཏད་དེ། རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། །སྐྱབས་འགྲོ་བཞི་སྐོར་བརྒྱ་སྟོང་སོགས་ཅི་ནུས་དང་། སེམས་ཅན་ཐམས་ཅད་ཡིད་ཡུལ་དུ་བྱས་ཏེ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མཁའ་འགྲོ་མའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ཉམས་སུ་བླང་བར་བགྱིའོ། །ཞེས་ཐེངས་གསུམ་བརྗོད་པས་སྨོན་འཇུག་གི་སེམས་བསྐྱེད། ཁྲིད་དུ་བྱེད་པའི་ཚེ་དེ་བཞིན་བྱ་ལ། ཐུག་འཕྲད་དུ་ཉམས་སུ་ལེན་པ་ན། ཆོས་བཞི་བསྟན་པའི་མདོའི་དོན་ཇོ་བོ་རྗེས་མཛད་པའི། སངས་རྒྱས་ཆོས་ཚོགས་ཚར་གསུམ་ཙམ་བརྗོད་པས་སྐྱབས་སེམས་དུས་གཅིག་ཏུ་འབྱུང་བ་ཡིན་ཏེ། དེའང་ཚིག་དང་པོས་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་བསྟན། བྱང་ཆུབ་བར་དུ་ཞེས་པས་དུས། བདག་ནི་ཞེས་པ་གང་ཟག །སྐྱབས་སུ་མཆི་ཞེས་པས་བྱ་བ་བསྟན། སྦྱིན་སོགས་བགྱིས་པའི་ཞེས་པས་འཇུག་པ་བྱང་
སེམས། སངས་རྒྱས་འགྲུབ་པར་ཤོག་གིས་སྨོན་པ་བྱང་སེམས་བསྟན་པ་ཡིན་ནོ་གསུངས། སྔོན་འགྲོ་དངོས་ལ། དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག་པ་ལ་སྦྱར་ཏེ་བསྒོམ་པ་དང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་ལ་སྦྱར་ཏེ་བསྒོམ་པ་གཉིས། དང་པོ་ནི། རང་རེ་རྣམས་ཀྱི་ལུས་ལ་ནད་མེད། སེམས་ལ་སྡུག་བསྔལ་མེད། བསམ་པ་འགྲུབ། གཞན་གྱིས་བསྟོད་ཅིང་བསྐུར་བ་སོགས། དེས་མཚོན་པའི་ལུས་སེམས་ལ་བདེ་བ་གང་བྱུང་ཡང་། དེ་ཙམ་གྱིས་མི་ཆོག་པར། གཞན་ལ་བརྙས་འདོད། གཞན་བདེ་བ་ལ་མི་བདེ་བའི་ཕྲག་དོག །རང་གི་བདེ་བ་ལ་རློམ་སེམས་སོགས་སྣ་ཚོགས་ཤིག་བྱས་པས། ཆགས་སྡང་གི་ལས་མང་པོ་བསགས་ནས། བདེ་བ་དེ་ཀ་འཁོར་བ་དང་ངན་སོང་གི་རྒྱུར་སོང་བ་ཡིན། ད་ནི་བདེ་བ་གང་བྱུང་ཡང་། དེ་ཀས་ཆོག་པར་ཉམས་སུ་ལེན་པ་སྟེ། དེའང་རང་ལ་གོང་དུ་སྨོས་པ་ལྟར་ལུས་སེམས་ཀྱི་ཐོག་ཏུ་བདེ་བར་སྣང་བ་གང་བྱུང་ཡང་བདེ་བ་དེ་ལམ་གྱིས་གསལ་བཏབ། ཚོར་བ་བདེ་བ་མྱོང་བ་ན། བདེ་བ་འདི་ནི་གཉིད་སད་ཁའི་རྨི་ལམ་དང་འདྲ་བར་སྐད་ཅིག་ཙམ་ཡིན་གྱི་འདི་ལ་ཆགས་སྡང་གི་ལས་སོགས་རིན་མི་ཆོག །ང་རང་གིས་བདེ་བ་མྱང་བ་འདི་ཀས་ཆོག །མགྲོན་ཁང་གི་ཁང་པ་ཇི་ལྟར་དགའ་ཞིང་མཛེས་ཀྱང་། རང་
རེ་ཞག་རེ་ཙམ་ལས་མི་སྡོད་པར་བུད་འགྲོ་བས། ཆགས་ཞེན་བྱེད་རིན་མི་ཆོག་པ་དང་། མགྲོན་ཁང་ན་ལོངས་སྤྱོད་ཇི་ཙམ་ཡོད་པ་དང་། མགྲོན་ཁང་ན་སྐྱེ་བོའི་འདུ་འཚོགས་ཇི་ཙམ་ཡོད་ཀྱང་། རང་རེ་ཡུད་ཙམ་རེ་ནས་བུད་འགྲོ་བས་ཆགས་རིན་མི་ཆོག་པ་ལྟར། ཚེ་འདིའི་གནས་ལུས་ལོངས་སྤྱོད་འཁོར་གཡོག་ལ་སོགས་པ་ཇི་སྙེད་ཅིག་ཡོད་ཀྱང་། ཡུད་ཙམ་རེ་སྔོན་ལས་ཀྱི་འཕེན་པ་དང་རྟེན་འབྲེལ་གྱི་དབང་གིས་ཚོགས་པ་ཡིན་གྱིས། ནམ་འཆི་ཆ་མེད་པས་མྱུར་དུ་མྱུར་དུ་གྱེས་ཤིང་བྲལ་ནས། རང་གཅིག་པུར་ག་ཤེད་དུ་ཡུད་ཀྱིས་འགྲོ་རྒྱུ་ཡིན་པས། དེ་ལ་བརྟེན་ན་ཆགས་སྡང་གི་ལས་གསོག་ཏུ་མི་ཁོམ་སྙམ་དུ་ཡང་ཡང་སེམས་པར་བྱེད། དེ་བཞིན་ཏུ་ལུས་ལ་ན་ཚ་དང་། སེམས་ལ་སྡུག་བསྔལ་དྲག་པོ་བཟོད་བླག་མེད་པ། དེས་མཚོན་པའི་སྡུག་པར་སྣང་བ་བྱུང་བ་ན། དེ་ལ་བརྟེན་ནས་ཆགས་སྡང་གི་ལས་ཁམ་པོ་ཆེ་བསགས་པས། སྡུག་པ་དེ་ཀ་ཐར་པའི་གེགས་སུ་སོང་བ་ཡིན་པས། དེ་ནི་སྡུག་པར་སྣང་བ་གང་བྱུང་ཡང་སྡུག་པ་དེ་ཀས་ཆོག་གི། དེ་ལ་བརྟེན་ནས་ལས་སོགས་རྒྱུ་ཅི་ཡང་མེད། སྡུག་པར་སྣང་བ་འདི་གཉིད་སད་ཀའི་རྨི་ལམ་དང་འདྲ། མགྲོན་ཁང་པ་ཤིན་ཏུ་ཉམ་ཉེས་པ་དང་། ལོངས་སྤྱོད་མེད་པ་དང་། དེ་ན་འཁོད་པས་རང་ལ་གཤེ་སྐུར་བྱེད་པ་དང་འདྲ། གང་བྱེད་
ཀྱང་རང་རེ་ཡུད་ཀྱིས་བུད་འགྲོ་བ་མ་གཏོགས། དེར་གཏན་དུ་མི་སྡོད་པས་ཆགས་སྡང་བྱ་རིན་མི་ཆོག་པ་བཞིན་ཏུ། བདག་ཀྱང་དོ་ནུབ་འཆིའམ། སང་འཆི་བའི་ཚོད་འདི་ལ། སྡུག་པོ་གང་བྱུང་ཡང་། དེ་ལ་བརྟེན་པའི་ལས་གསོག་དུ་མི་ཁོམ། ད་ཅི་ནས་ཀྱང་ཚེ་ཐུང་འདི་དོན་མེད་དུ་མ་སོང་བར་ཆོས་ཤིག་རང་བྱེད་དོ་སྙམ་དུ་སེམས་པར་བྱེད་པ་ཡིན་གསུངས། གཉིས་པ་ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་དང་སྦྱར་ཏེ་གང་བྱུང་གིས་ཆོག་ན་ཅི་བྱས་བདེ་བར་ཉམས་སུ་ལེན་པ་ནི། སྔར་བཤད་པ་ལྟར་རང་ལ་བདེ་བ་བྱུང་ན། བདེ་བ་འདི་ལྟ་བུ་ཐོབ་པ་བདག་གི་སྐྱེ་བ་སྔོན་མ་དགེ་བ་བྱས་པའི་འབྲས་བུར་འདུག །འདོད་ནི་བདེ་བ་འདི་ཁོ་ན་འདོད་པར་འདུག་དེ་རྒྱུ་མི་དགེ་བ་ལས་མི་འབྱུང་གི། དགེ་བ་ཁོ་ན་ལས་འབྱུང་བར་འདུག་པས། ཅིས་ཀྱང་རང་དུས་འདི་ནས་བཟུང་སྟེ། མ་ཤིའི་བར། སང་ཉི་མ་མ་ཤར་གྱི་བར། ཐུན་འདི་མ་གྲོལ་གྱི་བར་དུ། དགེ་བ་ཆེ་འབྲིང་ཆུང་གསུམ་འགྲུབ་ཚད་ཅིག་གསོག་སྟེ་སྙམ་དུ་བསམ། སྡུག་པར་སྣང་བ་གང་བྱུང་ཡང་། འདི་འདྲ་བའི་སྡུག་བསྔལ་ཉམས་སུ་མྱོང་བ་འདི་མི་དགེ་བ་བྱས་པའི་འབྲས་བུ་ཡིན། སྡུག་པོ་འདི་ལྟ་བུ་འདོད་པོ་སུ་ཡང་མེད། སྡུག་པོ་མི་འདོད་ཙ་ན། དེའི་རྒྱུ་མི་དགེ་བ་མི་སྤོང་པའི་ཐབས་མི་འདུག་པས། དུས་
འདི་ནས་མ་ཤིའི་བར་སོགས་སུ་མི་དགེ་བ་ཆེན་པོ་ལྟ་ཅི་སྨོས། ཕྲ་ཞིང་ཕྲ་བ་ཡན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་འདུན་པ་དྲག་པོ་བཏང་། དེས་མཚོན་པའི་ལུས་སེམས་སྡུག་བསྔལ་ཅི་བྱུང་ཡང་། ངས་འདི་ཙམ་གྱིས་སྡུག་བསྔལ་ཕྲ་མོ་ཡང་མི་བཟོད་ན། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་ཀྱི་སྡུག་བསྔལ་དོས་དྲག་ལ་ཡུན་རིང་བ་ཁམ་པོ་ཆེ་འདི་དག་བཟོད་པའི་བླག་ཨེ་འདུག །དེས་མཚོན་པའི་ལྷ། ལྷ་མ་ཡིན། མིའི་སྡུག་བསྔལ་ཆེན་པོ་རྣམས་བཟོད་ཐབས་མི་འདུག་པས། དེ་དག་གི་རྒྱུ་སྡིག་པ་སྤོང་དགོས་བསམ་པའི་འདུན་པ་བྱེད་པ་ཡིན་གསུངས། །གཉིས་པ་ལམ་གྱི་དངོས་གཞི་དང་སྦྱར་ཏེ་ཉམས་སུ་བླང་བ་ལ་གཉིས། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་སྦྱར་ཏེ་ཉམས་སུ་བླང་བ་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དང་སྦྱར་ཏེ་ཉམས་སུ་བླང་བའོ། །དང་པོ་ནི། རང་གི་ལུས་སེམས་ཀྱི་བདེ་བ་གང་བྱུང་ཡང་། བདེ་བ་དེ་གསལ་བཏབ། ཚོར་བ་བདེ་བ་མྱོང་བ་ན། བདེ་བ་འདི་ལྟ་བུ་བྱུང་བ་ལ་དགའ་བ་ཁོ་ན་ཡོད། བདེ་བ་འདོད་མཁན་གྱི་སེམས་ཅན་འདི་ཐམས་ཅད་བདག་གི་ཅིར་མི་འོང་མ་ཡིན་གྱི། ཚེ་རབས་སྔ་མ་རྣམས་སུ་ཕ་མ་དྲིན་ཅན་ཡང་ནས་ཡང་དུ་བྱས་པ་ཤ་སྟག་ཡིན་པས། བདག་གི་བདེ་བ་རྒྱུ་དང་བཅས་པ་འདི་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྦྱིན་
དགོས་བསམ་པའི་འདུན་པ་དྲག་པོ་བྱས། རང་གི་ལུས་ལོངས་སྤྱོད་སོགས་བདེ་བ་དང་། དེའི་རྒྱུ་དགེ་བའི་རྩ་བ་ཐམས་ཅད་བློས་ལིང་གིས་བླངས་ཏེ་སེམས་ཅན་ཐམས་ཅད་ལ་བྱིན་པས་ཐུན་མོང་དུ་ཡིད་ལ་འདོད་དགུ་འབད་མེད་འབྱུང་བ་ཡིད་བཞིན་ནོར་བུའི་ཆར་དུ་གྱུར། བྱེ་བྲག་གོས་མེད་པ་ལ་གོས། ཟས་མེད་པ་ལ་ཟས། མགོན་སྐྱབས་མེད་པ་ལ་མགོན་སྐྱབས། དེས་མཚོན་པའི་ཡིད་ལ་གང་འདོད་ཀྱི་ཆར་ཆེན་པོར་གྱུར་ཏེ་བསམ་པ་ཐམས་ཅད་རྫོགས་པར་བསམ། དེ་བཞིན་ཏུ་ཚ་དམྱལ་བ་རྣམས་ལ་ཆར་དང་རླུང་གྲང་མོ་སོགས་ཀྱིས་ཚ་བའི་གདུང་བ་བསལ། ལུས་སེམས་བསིལ་བའི་བདེ་བ་ལ་བཀོད། གྲང་དམྱལ་བ་རྣམས་ལ་ཉི་མའི་འོད་ལ་སོགས་པ་དྲོ་བའི་དངོས་པོས་མུན་པ་བསལ། དྲོ་ཞིང་བདེ་བར་བྱས་པ་སོགས་ཀྱིས་མཚོན་རིགས་དྲུག་སོ་སོའི་སྡུག་བསྔལ་སྦྱོང་ཆོས་སུ་གྱུར་སོང་སྙམ་པའི་འདུན་པ་བྱེད། དེ་གསལ་འདེབས་པའི་སླད་དུ། བདག་གི་བདེ་བ་དང་དགེ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་སྨིན་པར་གྱུར་ཅིག་ཅེས་སྨོན་ལམ་གདབ། ཡུལ་ཁྱད་པར་ཅན་ལ་གསོལ་བ་བཏབ་ན་གང་བཏབ་པ་དེ་འགྲུབ་པ་ཡིན་པས། མདུན་གྱི་ནམ་མཁར་བླ་མ་དང་དཀོན་མཆོག་གསུམ་མཁའ་ཁྱབ་ཏུ་བཞུགས་པ་ལ་གདུང་ཤུགས་ཆེན་པོས། བླ་མ་དང་དཀོན་
མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་བདག་གིས་བདེ་བ་དང་དགེ་བ་སེམས་ཅན་ཐམས་ཅད་ལ་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་དྲག་ཏུ་གདབ། མདོར་ན། འདུན་པ་དང་། སྨོན་ལམ་དང་། གསོལ་འདེབས་གསུམ་སྤེལ་མར་བྱ་ཞིང་ཉམས་སུ་བླངས་ཏེ། བདེ་བ་གང་བྱུང་ཡང་ཁེངས་སེམས་དང་རློམ་སེམས་སོགས་འཁོར་བའི་རྒྱུར་མི་གཏོང་བར། གནད་འདི་ལྟ་བུས་ལམ་དུ་གཏོང་བ་ཡིན་གསུངས། དེས་མཚོན་པའི་སྡུག་པར་སྣང་བ་གང་བྱུང་ཡང་། སྡུག་པ་འདི་ལྟ་བུ་མི་འདོད་པ་ཁོ་ན་ཡོད་ཀྱང་། སེམས་ཅན་འདི་རྣམས་ཐབས་མི་མཁས་པའི་དབང་གིས། སྡུག་མི་འདོད་བཞིན་དུ་སྡུག་བསྔལ་ཁོ་ན་བསྒྲུབ་པར་འདུག །ཅི་ནས་ཀྱང་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་། །སྡུག་བསྔལ་གྱི་རྒྱུ་ལས་དང་ཉོན་མོངས་པ་ཐམས་ཅད་བདག་གི་སྡུག་བསྔལ་འདི་ལ་ཐིམ་ན་སྙམ་པའི་འདུན་པ་དྲག་པོ་བྱས་པས། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་ནག་ཕུང་གིས་འདུས་བྱུང་། རང་གི་སྡུག་བསྔལ་གང་ཡིན་པ་དེ་ལ་སིབ་ཀྱིས་ཐིམ། སེམས་ཅན་ཐམས་ཅད་དཀར་སངས་ཀྱིས། བདེ་ཆམ་གྱིས་སོང་བར་བསམ་ཞིང་རིག་པ་བརྗོད་མེད་དུ་བཞག །གོང་བཞིན་འདུན་པ། སྨོན་ལམ། གསོལ་འདེབས་རྣམས་སྤེལ་མར་བྱ་སྟེ། དེ་ཡང་།
སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག་ཅེས་སྨོན་ལམ་དང་། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡིག་པ་ཐམས་ཅད་བདག་ལ་སྨིན་པར་བྱིན་གྱིས་བརླབ་ཏུ་གསོལ། ཅེས་གསོལ་བ་གདབ། སྡུག་པ་ལ་ཁོང་ཁྲོ་བ་དང་། ཞུམ་པའི་སེམས་མི་བྱ་བར་ལམ་དུ་གཏོང་བ་གལ་ཆེ་གསུངས། མདོར་ན། རང་ལ་ཁབ་སྐུད་ཙམ་སྟེར་མཁན་བྱུང་བ་ན། ངས་འདི་ལྟ་བུ་ཐོབ་པ་འདི། སྔོན་གཞན་ལ་བྱིན་པའི་ཕན་ཡོན་གྱིས་བྱུང་བ་ཡིན་གྱི། སྟེས་དབང་ངམ། ཕོ་སྒོ་ལྟ་བུས་བྱུང་བ་མིན། འདིས་མཚོན་པའི་བདེ་དགེ་ཐམས་ཅད་ཡར་བླ་མ་དཀོན་མཆོག་ལ་ཕུལ། མར་སེམས་ཅན་ཐམས་ཅད་ལ་ལྟོས་མེད་དུ་ལིང་གིས་བྱིན་པས་གོང་བཞིན་གང་ལ་གང་འདོད་པའི་རྫས་སུ་གྱུར་ཏེ། ཚིམས་པར་བསམ་པ་བྱས་པས། དངོས་པོ་ཕྲ་ཞིང་ཕྲ་བ་ཁབ་སྐུད་ཙམ་ལ་བརྟེན་ནས་ཀྱང་། དགེ་བ་དཔག་ཏུ་མེད་པ་གསོག་ཐུབ་པའི་གནད་ཡིན་གསུངས། །གཉིས་པ་དོན་དམ་བྱང་སེམས་དང་སྦྱར་ཏེ་ཉམས་སུ་བླང་བ་ནི། བདེ་བར་སྣང་བ་གང་བྱུང་ཡང་། དེ་ཀའི་ངོ་བོ་རང་གི་སེམས་ལས་ལོགས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པ། སེམས་དེ་ཉིད་ཀྱང་། དང་པོ་དུས་འདི་ཙམ་ན། གནས་འདི་ལྟ་
བུར། ཚུལ་འདི་ལྟར་སྐྱེས་བཙལ་པས། སྙེད་རྒྱུ་མི་ཡོང་བས་དང་པོར་སྐྱེ་བའི་རྒྱུས་སྟོང་པ། བར་དུ་རང་གི་ལུས་ཀྱི་ཕྱི་ནང་དོན་སྙིང་ནང་ཁྲོལ་ནས་བརྩམས་ཏེ། ཕྱི་སྣོད་ནང་བཅུད་ཕྲ་རགས་ཀྱི་བར་གང་དུ་གནས། དབྱིབས་དང་། ཁ་དོག་དང་། མཚན་མ་ཇི་ལྟ་བུས་གནས་ལེགས་པར་བཙལ་ཞིང་བརྟགས་ཀྱང་། འདིའོ་ཞེས་བརྗོད་མི་ཤེས་པས་བར་དུ་གནས་པའི་ངོ་བོས་སྟོང་། དེ་ལྟར་སྐྱེ་བ་དང་གནས་པ་མ་གྲུབ་ཙ་ན། དེ་ལ་ལྟོས་པའི་འགག་པའང་མི་གྲུབ་པས། ཐ་མར་འདི་འདྲ་ཞིག་ཏུ་ཐིམ་སོང་ཟེར་བའམ། ཟད་སོང་ཟེར་བ་སུས་བཙལ་ཀྱང་མི་རྙེད་པས། ཐ་མ་འགག་པའི་འབྲས་བུ་སྟོང་པ་སྟེ། མདོར་ན། སྐྱེ་འགག་གནས་གསུམ་དང་བྲལ་བའི་གནས་ལུགས་བརྗོད་བྲལ་གྱི་སྟེང་དུ་ཆམ་ཆམ་འཇོག་པར་བྱེད། དེ་བཞིན་ཏུ་སྡུག་པར་སྣང་བ་གང་བྱུང་ཡང་དེ་ཀའི་ངོ་བོ་ལ་བལྟས་ཏེ་གོང་བཞིན་ཉམས་སུ་ལེན། མདོར་ན། བདེ་སྡུག །སྐྱིད་མི་སྐྱིད་སོགས་གཉིས་ཆོས་ཀྱིས་བསྡུས་པའི་སྣང་བ་གང་བྱུང་ཡང་། རློམ་ཞེན་དང་། ཁོང་ཁྲོ་སོགས་མི་བྱ་བར། གནད་འདི་ལྟ་བུས་ལམ་དུ་བཏང་བས། ཅི་བྱུང་བདེ་བ་ཞེས་བྱ་བ། ཅི་བྱུང་ཡང་ཆོས་སུ་སོང་བས་གནས་སྐབས་དང་། མཐར་ཐུག་ཏུ་བདེ་བ་ཞིག་ཡོང་བ་ཡིན་ནོ་གསུངས། རྡོ་རྗེའི་ཚིག་གཉིས་པ། སེམས་བཞག་པར་
བསྡད་ན་ཕྱིན་ཀྱང་ཆོག །ཅེས་པའི་དོན་ཉམས་སུ་ལེན་པ་ལའང་གཉིས། ཐུན་མོང་གི་རྣལ་འབྱོར་དང་། ཐུན་མོང་མ་ཡིན་པའི་རྣལ་འབྱོར་རོ། །དང་པོ་ཐུན་མོང་གི་རྣལ་འབྱོར་གྱིས་ཉམས་སུ་བླངས་ན། དགེ་བའི་བྱ་བ་གང་བྱེད་ཀྱང་། བུ་གཅིག་པོ་ཤི་བའི་མ་བཞིན་དུ་ནམ་ཡང་ཡིད་ལ་འབྲལ་ཐབས་མེད་པའི་འདུན་པ་དྲག་པོ་དུང་ངེ་བ་བྱས། གཡེང་བ་གང་བྱུང་ཡང་། དེའི་དབང་དུ་མི་བཏང་བར་ཉམས་སུ་བླངས་ན། འགྲོ་འཆག་ཉལ་འདུག་གང་བྱེད་ཀྱང་སེམས་བཀོལ་དུ་བཏུབ་པས་དགེ་བ་མི་ཉམས་ཤིང་འཕེལ་བར་གྱུར་པས་ན། བསྡད་ཀྱང་རུང་ལ། ཕྱིན་ཀྱང་ཆོག །ཅེས་པ་ཡིན་གསུངས། གཉིས་པ་ཐུན་མོང་མིན་པའི་རྣལ་འབྱོར་གྱིས་ཉམས་སུ་བླང་བ་ནི། སློབ་དཔོན་ཞི་བ་ལྷས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཐོག་མར་ཞི་གནས་བཙལ་བྱ་དེ་ཡང་ནི། །འཇིག་རྟེན་ཆགས་པ་མེད་ལ་མངོན་དགས་འགྲུབ། །ཅེས་གསུངས་པ་ལྟར། ཞི་གནས་ཀྱིས་སེམས་ལས་སུ་རུང་བས་ཉོན་མོངས་པ་ཟིལ་གྱིས་གནོན་། ལྷག་མཐོང་གིས་སེམས་ཀྱི་ངོ་བོ་རྟོགས་པས་ཉོན་མོངས་པ་དྲུངས་ནས་འབྱིན་པར་ཤེས་པར་བྱས་ནས། ཐོག་མར་ལྷག་མཐོང་གི་རྟེན་ཞི་གནས་བཙལ་དགོས། དེ་ཡང་ལུས་དང་སེམས་རྣམ་
པར་དབེན་པ་ལས་སྐྱེ་བས་ན། ཚེ་འདིར་སྣང་གི་དགོས་མེད་ཀྱི་བྱ་ལ་བུན་ལོང་ངེ་བ་ཐམས་ཅད་ལིངས་ཀྱིས་བསྒྱུར་ནས། ལས་དང་པོ་པས་གནས་དབེན་པར་སྟན་བདེ་བ་ལ་ལུས་སྐྱིལ་ཀྲུང་དྲང་པོར་བསྲང་། རླུང་རང་སོར་བཞག །བླ་མ་དང་ལྷག་པའི་ལྷ་ལ་གསོལ་བ་བཏབ། སེམས་དུས་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད་དེ། གནས་ལུགས་བརྗོད་བྲལ་གྱི་ངང་དུ་འཛིན་པ་མ་ཞུགས་པར་ཧད་དེ་ཆད་དེ་མཉམ་པར་བཞག་པས་གནས་ཉམས་རིམ་གྱིས་སྐྱེ་བར་འགྱུར་ལ། ཅུང་ཟད་གོམས་པས་དུས་དང་རྣམ་པ་ཐམས་ཅད་དུ་མཉམ་པར་འཇོག་པར་བྱེད། དེ་ལྟར་བརྩོན་པས་ཡུལ་རྐྱེན་གྱིས་མི་འཕྲོག་པར་སེམས་རང་ངོ་ཤེས། རང་ས་ཟིན། རང་དབང་ཐོབ་པས་དམིགས་པ་གང་ལ་གཏད་ཀྱང་སེམས་བཞག་པར་སྡོད་ན། ལུས་གྲོང་ཡུལ་དུ་གནས་པའམ། བཤུལ་རིང་གི་ལམ་དུ་བགྲོད་ཀྱང་། སེམས་ཉམས་མྱོང་དང་མི་འབྲལ་བས་གང་བྱས་ཀྱང་ཆོག་པ་ཡིན་ནོ། །རྡོ་རྗེའི་ཚིག་གསུམ་པ། བློ་ཆོས་སུ་སོང་ན་ཤི་ཡང་སླ། ཅེས་པའི་དོན་ཉམས་སུ་བླང་བ་ལ་གཉིས། ཐུན་མོང་དང་ཁྱད་པར་རོ། །དང་པོ་ནི། ཀུན་རྫོབ་ཏུ་དཀོན་མཆོག་དཔང་དུ་བཙུགས་ཏེ། རྡོ་རྗེའི་ཚིག་དང་པོའི་སྐབས་སུ་ཇི་སྐད་བཤད་པའི་ཉམས་ལེན་གྱིས་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བའང་སྤང་བླང་དང་། ཀུན་རྫོབ་
བྱང་སེམས་ལ་བློ་སྦྱོང་བ་ཚུལ་བཞིན་ཏུ་བྱས་ཏེ། ཆོས་དང་གང་མཐུན་བྱེད་པ་ཡིན་ལ། དེ་ལྟར་རྩེ་གཅིག་ཏུ་དྲན་པ་དང་ཤེས་བཞིན་གྱིས་བསྐྱངས་པས། རང་གི་བློ་རྒྱུད་དང་དམ་པའི་ཆོས་ལྷན་གྱིས་འདྲེས་ཏེ། དུས་དང་རྣམ་པ་ཀུན་ཏུ་མི་དགེ་བ་དང་ལུང་མ་བསྟན་གྱི་དབང་དུ་མ་སོང་བར་དགེ་བའི་སྤྱོད་པ་དང་། བྱང་ཆུབ་སེམས་ཀྱིས་དུས་འདའ་བ་ཞིག་བྱུང་ན། ད་ལྟ་རང་འཆིའང་དགེ་བའི་སྣང་བ་དང་མི་འབྲལ་ཞིང་། ཡིད་བདེ་བའི་ངལ་འཚོ་ཐོབ་པས་ཤིའང་སླ་བ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་རྟར་ཞོན་ནས། བདེ་ནས་བདེ་བར་འགྲོ་བ་ལ། །སེམས་ཤེས་སུ་ཞིག་སྒྱིད་ལུག་སྐྱེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ནི། ཐུན་མོང་མིན་པའི་དབང་དུ་བྱས་ན། བློ་ནི་སེམས། ཆོས་ནི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་སྤྲོས་པ་ཐམས་ཅད་དང་བྲལ་བ་སྟེ། །མདོར་ན་རང་སེམས་མཚན་ཉིད་གསལ་བ། ངོ་བོ་སྟོང་པ་དེ་གཉིས་དབྱེར་མི་ཕྱེད་པ་ཟུང་འཇུག་བརྗོད་པའི་མཐའ་ཐམས་ཅད་དང་བྲལ་བ་ལྷག་མཐོང་རྣམ་པར་མི་རྟོག་པ་དེའི་རང་ངོ་ཤེས་པར་བྱས་ལ། རྒྱུན་བསྐྱང་བ་ལ་འབད་པ་ཡིན་གསུངས། དེ་ལྟར་འབད་པས་སེམས་དང་ཆོས་ཉིད་རོ་གཅིག་ཏུ་འདྲེས་པ་ནི་བློ་ཆོས་སུ་སོང་བས་ད་ལྟ་ཤིའང་རེ་དོགས་ཀྱི་གཟུང་འཛིན་མི་འབྱུང་བ་ཡིན་ནོ། །རྡོ་རྗེའི་
ཚིག་བཞི་པ། སེམས་སྐྱེ་མེད་དུ་རྟོགས་ན་འཆི་རྒྱུའང་མེད། ཅེས་གསུངས་པའི་དོན་ནི། དེ་ལྟར་བྱང་ཆུབ་སེམས་རྣམ་པ་གཉིས་ལ་བློ་འབྱོངས་ན་འཆི་བ་ལ་སོགས་པའི་རྐྱེན་གང་གིས་ཀྱང་མི་བརྫི་བར་མ་ཟད། ལེགས་པར་དཔྱད་ན་འཆི་བ་ལྟར་སྣང་བའང་དོན་དུ་འཆི་རྒྱུ་མེད་དེ། སྐྱེ་བ་མེད་པའི་ཕྱིར་འདུས་མ་བྱས་ཀྱི་ནམ་མཁའ་བཞིན་ནོ། །དེ་ལ་སྐྱེ་བ་མེད་པའི་ཚུལ་ནི། ལུས་ནི་སེམས་ཀྱིས་བཏགས་པ་ཙམ་ལས་དོན་དུ་མ་གྲུབ་སེམས་ནི་དང་པོར་སྐྱེ་བའི་རྒྱུས་སྟོང་པ་སོགས་སྔར་སྨོས་པ་ལྟར་སྐྱེ་འགགས་གནས་གསུམ་དང་བྲལ། དེ་བས་ན་འཆི་བ་ངེས་པར་བདེན་ན། ལུས་འཆིའམ། །སེམས་འཆིའམ། ལྷན་ཅིག་ཏུ་འཆི། ལུས་ནི་བེམ་པོ་ས་རྡོ་དང་འདྲ་བ་ལ་འཆི་རྒྱུ་མི་འདུག་ལྷན་ཅིག་ཏུ་ཤི་བ་ནི་སུ་ལའང་མ་བྱུང་ཞིང་མི་འབྱུང་། སེམས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་འཆི་བྱ་འཆི་བྱེད་ཐམས་ཅད་དང་བྲལ་བར་ཐག་ཆོད་ཙ་ན། འཆི་བའི་འཇིགས་པ་ཐམས་ཅད་ལས་གྲོལ། འཕོ་བྱ་འཕོ་བྱེད་བྲལ་བ་ཡང་རང་སྟེ། ཞེས་གསུངས་ལྟར་འཕོ་བ་ཐམས་ཅད་ཀྱི་མཆོག་ཀྱང་ཡིན་གསུངས། །མདོར་ན་ཐོག་མར་སྐྱེ་བ་མིང་གིས་བཏགས་པ་ཙམ་དུ་རྟོགས་པས། མཐར་འཆི་བ་ལ་བདེན་པར་ཞེན་པའི་རྟོག་པའང་རང་བཞིན་གྱིས་འགགས་ཏེ་སྐྱེ་བས་འཆི་བའི་མཚང་གཏིབ། སེམས་སྐྱེ་འགག་
གནས་གསུམ་དང་བྲལ་བར་རྟོགས་པ་མཉམ་རྗེས་མེད་པར་བརྟེན་ན་འཆི་མེད་གཉུག་མའི་རང་ཞལ་མངོན་དུ་གྱུར་པ་ཡིན་ནོ། །དེ་ལྟ་བུའི་དོན་མདོར་བསྡུ་ན། རྡོ་རྗེའི་ཚིག་དང་པོས་ཐེག་པ་ཆེན་པོའི་ལམ་གྱི་སྔོན་འགྲོ་དང་དངོས་གཞི་རྫོགས་པར་བསྟན། གཉིས་པས་གཙོ་བོར་ཞི་གནས། གསུམ་པས་ལྷག་མཐོང་། བཞི་པས་ལམ་མཐར་ཕྱིན་པའི་གདམས་པ་བསྟན་པ་ཡིན་ལ། ཉམས་ལེན་གྱི་སྙིང་པོའང་། དུས་དང་རྣམ་པ་ཀུན་ཏུ་འབྱོར་རྒུད། བདེ་སྡུག །མཐོ་དམན་སོགས་རྐྱེན་ཅི་བྱུང་ཡང་དེའི་དབང་དུ་མི་བཏང་བར། བྱང་ཆུབ་སེམས་གཉིས་ཀྱིས་ལམ་དུ་བསླང་སྟེ་ཡིད་བདེ་འབའ་ཞིག་རྒྱུད་ལ་བསྟེན་པ་ཡིན་ནོ། །ཡེ་ཤེས་མཁའ་འགྲོའི་ཞལ་ལུང་རྡོ་རྗེའི་ཚིག །སུམ་པ་ལོ་ཙཱའི་སྙན་བརྒྱུད་བློ་སྦྱོང་གི། །གདམས་ངག་བདུད་རྩིའི་སྙིང་པོས་ཡིད་ཅན་ཀུན། །ཕན་བདེའི་བཅུད་ལེན་མཆོག་ཏུ་གྲུབ་གྱུར་ཅིག །ཅེས་པའང་ཚར་ཆེན་ཆོས་ཀྱི་རྒྱལ་པོའི་གསུང་འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག་གིས་ཟིན་བྲིས་སུ་མཛད་པའི་ཁྲིད་ཡིག་ལ་གཞི་བྱས། རྡོ་རྗེའི་ཚིག་ཕྱི་མ་གསུམ་ཅུང་ཟད་རྒྱས་པར་ཕྱེ་སྟེ། བྱ་བྲལ་སྤོང་བ་པ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་ཀྱི་དུས་སྟོན་མཆོག་ཏུ་འཕེལ་བར་གྱུར་ཅིག། །མངྒ་ལཾ།། །།
ཐེག་པ་ཆེན་པོའི་བློ་སྦྱོང་ཐུན་བརྒྱད་མ།
༈ ཐེག་པ་ཆེན་པོའི་བློ་སྦྱོང་ཐུན་བརྒྱད་མ་བཞུགས་སོ། །ཐེག་ཆེན་དགེ་བའི་བཤེས་གཉེན་ལ་ཕྱག་འཚལ་ལོ། །སྤྱིར་ཇོ་བོ་ལ་སྔགས་ཕ་རོལ་ཏུ་ཕྱིན་པ་གསན་པའི་བླ་མ་བདུན་བཅུ་རྩ་གཉིས་ཡོད། ཁྱད་པར་གྱིས་ཀྱང་བྱང་ཆུབ་ཀྱི་སེམས་སྟོན་པའི་བླ་མ་གསུམ་ཡོད། བྱམས་པའི་རྣལ་འབྱོར་པ། དྷརྨ་རཀྵིཏ། གསེར་གླིང་པ་གསུམ་ཡིན་གསུངས། དེ་རྣམས་ཀྱི་ནང་ནས་ཀྱང་བླ་མ་གསེར་གླིང་པ་ལ་ གུས་པའི་རྒྱུ་མཚན། བླ་མ་གཞན་ལ་གདུང་ཁང་མེད་དེ། གསེར་གླིང་པ་ལ་གདུང་ཁང་དངུལ་གདུགས་ཅན་ཡོད། བླ་མ་གཞན་ལ་ཟླ་མཆོད་མེད་དེ། གསེར་གླིང་པ་ལ་ཟླ་མཆོད་ཡོད། བླ་མ་གཞན་མཚན་ཐོས་པ་ཙམ་གྱིས་ཐལ་མོ་ཐུགས་ཁར་སྦྱར་ཏེ། མཉམ་མེད་གསེར་གླིང་པའི་མཚན་ཐོས་ཙ་ན་ཐལ་མོ་སྤྱི་བོར་སྦྱོར། བླ་མ་གཞན་དྲན་ཀྱང་སྤྱན་ཆབ་མི་འོང་སྟེ། བླ་མ་གསེར་གླིང་པ་དྲན་ཙམ་སྤྱན་ཆབ་ཡོང་སྐད། ཨ་ཏི་ཤ་ལ་བླ་མ་མང་དུ་ཡོད་པ་ལ་གསེར་གླིང་པ་ལ་དེ་ཙམ་གུས་པའི་རྒྱུ་མཚན་ཅི་ལགས་ཞུས་པ། ཇོ་བོའི་ཞལ་ནས། བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་འདི་བླ་མ་གསེར་གླིང་པ་མིན་པ་ལ་མ་བྱུང་བ་ཡིན་གསུངས། བླ་མ་གསེར་གླིང་པ་དེས་བརྒྱུད་པའི་དབང་དུ་བྱས་ན། ཡང་དག་པར་རྫོགས་པའི་སངས་རྒྱས། རྗེ་བཙུན་བྱམས་པ། ཐོགས་མེད། དབྱིག་
གཉེན། འཕགས་པ་རྣམ་གྲོལ་སྡེ། བཙུན་པ་གྲོལ་སྡེ། དེས་མཆོག་གི་སྡེ། དེས་འདུལ་བའི་སྡེ། དེས་མཁན་པོ་ཡང་དག་རྣམ་པར་སྣང་མཛད། དེས་སེང་གེ་བཟང་པོ། །དེས་རིན་ཆེན་མདོ། །དེས་བླ་མ་གསེར་གླིང་པ། དེས་དཔལ་ལྡན་ཨ་ཏི་ཤ །དེས་དགེ་བཤེས་སྟོན་པ། དེས་སྐུ་མཆེད་གསུམ། ཁྱད་པར་དུ་སྤྱན་སྔ་བ་ལ་གནང་། དེས་གླང་ཐང་པ་དང་། ཤ་ཕོ་སྒང་པ་གཉིས་ལ། གླང་ཐང་པས་ཞང་ཞུང་དང་ལུ་གུར་གཉིས་ལ། དེ་གཉིས་ཀྱི་ཕྱིས་ཇོ་བོ་ལ། དེས་ལུང་ནང་བ་མཁན་པོ་རིན་པོ་ཆེ། དེས་སློབ་དཔོན་བྲག་སྟོན་ཤེས་རབ་རིན་པོ་ཆེ་བསྟན་པའི་བདག་པོ་སློབ་དཔོན་གཞོན་ནུ་བསམ་གཏན། དེས་བུདྡྷ་རཏྣ། དེས་ཀི་རྟི་ཤི་ལ། དེས་རྒྱལ་བའི་མཚན་ཅན། དེས་པུཎྜ་རཏྟཱ། དེས་གཞོན་ནུ་རྒྱལ་མཆོག །དེ་ཡན་ཆད་བླ་མ་བརྒྱུད་པའི་རིམ་པ་ཡིན་ཏེ། དེ་རྣམས་ཆོས་འདི་ལ་བརྟེན་ནས་གྲུབ་པ་ཐོབ། རྟོགས་པ་ཁྱད་པར་ཅན་འཁྲུངས་པ་ཡིན་གསུངས། ཐེག་པ་ཆེན་པོ་བློ་སྦྱོང་ཞེས་བྱ་བ་སྤྱིར་དུ་ཡང་བཀའ་སྡེ་སྣོད་ཀྱི་ཆོས་ཐམས་ཅད་ནས་གསུངས། ཁྱད་པར་གྱིས་ཀྱང་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསམ་གཏན་ལེའུ་ནས། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་
དང་། །གཞན་སླང་བ་ཡང་བསྒོམ་པར་བྱ། །ཞེས་གསུངས། དེ་ལ་སོགས་པའི་ཚིགས་སུ་བཅད་པ་དེ་རྣམས་ཀྱི་དོན་གོ་ཧྲིལ་གྱིས་དྲིལ་བ་ལ་སྤྱིར་འཁོར་བར་འཁྱམས་པར་བྱེད་པའི་རྒྱུ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་། དེ་ཚུར་བསྡུ་ན་དྲུག །རྩ་བའི་ཉོན་མོངས་པའམ་ཉི་ཤུ་ཉེ་བའི་ཉོན་མོངས་པ། དེའི་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་ཏེ་རང་བཞིན་གྲུབ་པ་མེད་པ་གཅིག་ལ། ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤག་འདེབས་བྱས་པས། ཚེ་འདི་ལ་དགེ་རྒྱུའི་ལས་མི་དགེ་བར་སོང་ནས། མི་དགེ་རྒྱུའི་ལས་སྡུག་བསྔལ་དུ་སོང་ནས་རང་ལ་རང་གིས་ཁ་འཛིན་ཤག་འདེབས་སྐྱར་བས་ལན། ད་འོག་མན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤངས་ན་དེ་ཁོ་ན་བཞིན་དུ་འཁྱམས་ནས་འདས་མ་འོངས་ད་ལྟ་དུས་གསུམ་དུ་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་བོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདིའི་ཁ་འཛིན་ཤག་འདེབས་བྱས་པས་ལན། མཐོང་བ་ཐོས་པ་ཡིད་ལ་འགྲུས་པ་རྣམས་ལག་ལེན་ལ་མ་བཏབ་པ་གཅིག་ཀྱང་མེད་དེ། འཁོར་བ་ལ་སྔར་འདྲེས་གང་ཡང་རིང་དུ་མ་སོང་བས་ད་ཡོད་གང་ལེགས་ཐོང་བྱུག་ལེགས་ལ་ཐོང་སྙམ་དུ་བྱས་ནས། རང་གཞན་དུ་ལོངས་ཐོང་། ལྷོད་དེ་ཀློད་ལ་ཐོང་། ཤིགས་ཀྱིས་བཤིག་ལ་ཐོང་། སེམས་ཅན་སྤྱིར་མི་ཡོང་བ་
མིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་ཀོ་བ་སྐྱི་གྲིས་བཞར་བ་བཞིན་དུ་བླངས་ནས་རང་གི་ལུས་པོ་འདིའི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསམ། རང་གི་བདེ་བ་དང་དགེ་བ་སེམས་ཅན་ལ་སྨིན་པར་བསམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ལ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། ཐེག་པ་ཆེན་པོའི་བློ་སྦྱོང་ཞེས་བྱ་བའི་གོ་དོན་དེ་ལྟ་བུ་གཅིག་ཡིན་གསུངས། མཁན་པོ་བའི་གསུང་ནས་བློ་སྦྱོང་ཞེས་བྱ་བ་བདག་ཁྱད་དུ་བསད་ནས་སེམས་ཅན་ལ་གུས། བདག་ཁྱད་དུ་བསད་པ་ཞེས་བྱ་བ་འཁོར་བ་ཐོག་མ་མེད་པ་ནས་སྡུག་ཏུ་འཇུག་མཁན་རང་གཅེས་པར་འཛིན་པའི་འགོང་པོ་ཡིན་པས། གཞི་འདི་བརླག་ན་ཡང་བརླག་གཞུག་གསུངས། དོན་དུ་མ་ལ་འཇུག་གསུངས། སེམས་ཅན་ལ་གུས་པར་བསྒོམ་པ་ནི་གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མ་ཡིན། ཕ་མ་དྲིན་ཅན་ཤ་སྟག་ཡིན་པས་སེམས་ཅན་ལ་གུས་པར་བསྒོམ། ལུས་ངག་ཡིད་གསུམ་གྱི་ཞོ་ཤ་མི་བསྲེ་བར་ཕན་འདོགས་གསུང་ངོ་། །དགེའོ།། ༈ །།ཟས་ལ་བརྟེན་པའི་བློ་སྦྱོང་བཞུགས་སོ། །ཡང་དགེ་བཤེས་སྟོན་པའི་གདམས་ངག་ལག་
ལེན་དུ་བྱེད་ན། སྦྱིན་བདག་གི་བསོད་ནམས་ཀྱི་ཚོགས་རྫོགས་པའམ། གཞན་གྱིས་དད་ཟས་འཇུ་བར་བྱ་བའི་ཆེད་དུ་ཟས་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། ཁྱད་པར་གྱིས་ཀྱང་རང་གི་ལུས་ལ་སྲིན་བུའི་རིགས་བརྒྱད་ཁྲི་བཞི་སྟོང་ཡོད་པས། དེ་རྣམས་ད་ལྟ་ཟང་ཟིང་གིས་སྡུད་ལ། མ་འོངས་པ་ན་ཆོས་ཀྱིས་སྡུད་སྙམ་དུ་བསམ། ཟས་ནང་དུ་མིད་པའི་དུས་སུ་སེམས་ཅན་རྣམས་ཀྱི་རྒྱུའི་དུས་ཀྱི་སྡིག་པ་འབྲས་བུའི་དུས་ཀྱི་སྡུག་བསྔལ་ཐམས་ཅད་ཀོ་བ་གྲིས་བཞར་བ་བཞིན་དུ་རང་གི་ལུས་འདིའི་སྟེང་དུ་ཧྲིལ་གྱིས་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་། དགེ་བ་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུལ་ལོག་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་ཀྱི་རྒྱུ་དུས་ཀྱི་སྡིག །འབྲས་བུའི་དུས་ཀྱི་སྡུག་བསྔལ་དང་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་སངས་རྒྱས་ཐོབ་པར་བསྒོམ། ཡང་རྒྱུའི་དུས་ཀྱི་སྡིག་པ། འབྲས་བུའི་དུས་ཀྱི་སྡུག་བསྔལ་དང་བྲལ། བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཚོགས་གཉིས་རྫོགས་ནས་བཅོམ་ལྡན་འདས་མི་གཡོ་བར་ཀྲོང་ངེ་
གྱུར་པ་བསྒོམ། དེ་ནས་རང་བཞིན་གྱི་གནས་ནས་བཅོམ་ལྡན་འདས་མི་གཡོ་བ་ཡེ་ཤེས་སེམས་དཔའ་ཚོན་གང་བ་གཅིག་སྤྱི་བོའི་སྟེང་དུ་བྱོན་པར་བསམ། དེ་ལ་ཡིད་ཀྱི་སྒོ་ནས་དད་པ་གུས་པ་བྱེད། ངག་གི་སྒོ་ནས་བསྟོད་པ་བྱེད། མཆོད་པ་འབུལ། གསོལ་བ་གདབ། དེ་ནས་ཚངས་པའི་བུ་ག་ན་མར་ཐིམ་སོང་ནས་སྟོང་པ་ཉིད་དུ་ཆམ་ཆམ་སྙིང་གི་ཐད་ཀར་སླེབ་ཙ་ན་སྟོང་པ་ཉིད་དུ་ཆམ་ནི། གྱུར་བར་བསྒོམ། དེའི་ངང་དུ་འབོལ་ལེ། ཤིག་གེ ལྷོད་དེ། ཁྲིལ་ལེ་བཞག །དེའི་འཕྲོ་ལ་སེམས་གནས་ན་གནས་སུ་གཞུག །དེའི་འཕྲོ་ལ་གཉིད་དུ་སོང་ན་གཉིད་དུ་འཁྱེར་བའི་མན་ངག་ཡིན། དེའི་འཕྲོ་ལ་ཤི་ན་འཆི་ཁ་མའི་མན་ངག་ཡིན་ཏེ། བར་དོ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་གསུང་ངོ་། །དེའི་འཕྲོ་ལ་བཟླས་པ་བྱས་ན་བྱིན་རླབས་ཤིན་ཏུ་ཆེ་སྟེ། སྐུ་གསུང་ཐུགས་ཀྱི་བཟླས་པར་འགྲོ་བ་ཡིན། ཡི་དམ་ལྷ་བསྒོམ་པ་དེ་སྐུའི་བཟླས་པ། སྙིང་པོ་བཟླས་པ་དེ་གསུང་གི་བཟླས་པ་ཡིན། སྟོང་པ་ཉིད་བསྒོམ་པ་དེ་ཐུགས་ཀྱི་བཟླས་པ་ཡིན་གསུངས། དེ་ལ་ལྡང་བར་འདོད་ན་ནམ་མཁའ་ལ་འཇའ་ཚོན་ཆགས་པ་བཞིན་དུ། སྟོང་པ་ཉིད་ཀྱི་ངང་ལས་བཅོམ་ལྡན་འདས་མི་གཡོ་བ་ལམ་སྟེ་བསྐྱེད། སྔར་བསྟིམ་པའི་སེམས་དཔའ་ཚོན་གང་བ་དེའི་སྤྱི་བོར་སྟེང་ན་བཞུགས་པར་བསམས་
ལ། ཡིད་ཀྱི་སྒོ་ནས་དད་པ་དང་གུས་པ་བྱ། ངག་གི་སྒོ་ནས་བསྟོད་པ་བྱ། མཆོད་པ་འབུལ་གསོལ་བ་གདབ། དེ་ནས་རས་བྲིས་ཡོད་ན་དེ་ལ་བསྟིམ། མེད་ན་ལུགས་མའམ་གདུང་རྟེན་ལ་བསྟིམ། །དེ་ལྟ་བུ་མི་བཞུགས་ན་རང་བཞིན་གྱི་གནས་སུ་གཤེགས་སུ་གསོལ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། ཞེས་པའི་སྐྱབས་འགྲོ་སེམས་བསྐྱེད་ཀྱི་བསྔོ་བ་ལན་གསུམ་བྱ། ད་ལྟའི་སྣང་བ་འདི་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ་གསུངས། ཟས་ལ་བརྟེན་པའི་ལེའུ་སྟེ་དང་པོའོ།། ༈ །།གཉིས་པ་དབུགས་ལ་བརྟེན་པའི་བློ་སྦྱོང་ནི། སེམས་ཅན་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་དབུགས་ལ་བརྟེན་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས་དབུགས་ནང་དུ་རྒྱུ་བའི་དུས་སུ། སེམས་ཅན་རྣམས་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། དབུགས་ཕྱིར་རྒྱུ་བའི་དུས་སུ་རང་གི་བདེ་བ་དང་། དགེ་བ་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་རང་ཡང་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ལ། ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱས་ལ། དབུགས་ལ་བརྟེན་པའི་ལེའུ་སྟེ་གཉིས་པའོ།། ༈ །།གསུམ་པ་
ལུས་གང་གཱའི་ཀླུང་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ལུས་གང་གཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་སྙམ་པའི་བློ་སྦྱོང་སྙམ་དུ་བསམས་ལ། སེམས་ཅན་དམྱལ་བའི་གནས་སུ་རང་གི་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་སེམས་ཅན་དམྱལ་བ་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་ཐོག་ཏུ་ཧྲལ་ཧྲིལ་སྨིན་པར་བསྒོམ། རང་གི་བདེ་བ་དང་དགེ་བ་ཐམས་ཅད་དམྱལ་བ་པ་རྣམས་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་དམྱལ་བ་པ་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ ཆོག་ཏུ་ཐུགས་བསྐྱེད་ཚོགས་གཉིས་རྫོགས་ནས་མི་ཐོ་རིས་ལྷ་མི་ཐོབ་པར་བསྒོམ། དེ་ལྟར་ཡི་དྭགས། དུད་འགྲོ། ལྷ་མ་ཡིན་རྣམས་ཀྱིས་ཀྱང་ལྷ་མིའི་ལུས་ཐོབ་པར་བསྒོམ། མིའི་གནས་སུ་ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་སྤྲུལ་ནས་མི་རྣམས་ཀྱི་སྡིག་སྡུག་ཐམས་ཅད་རང་གི་ལུས་པོ་དེ་རྣམས་ཀྱི་སྟེང་དུ་ཧྲིལ་ཧྲིལ་སྨིན་པར་བསྒོམ། རང་གི་བདེ་དགེ་མི་རྣམས་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་རྣམས་ཀྱང་བློས་བླངས་ནས་སེམས་ཅན་རྣམས་ལ་སྨིན་པར་
བསྒོམ། དེ་ལྟར་མི་རྣམས་སྡིག་སྡུག་དང་བྲལ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཚོགས་གཉིས་རྫོགས་ནས་སངས་རྒྱས་པར་བསྒོམ། དེ་ནས་ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབ་ལ་ཤ་ཁྲག་གིས་ཁེངས་པར་བསྒོམ། དེ་ལ་དམིགས་ལ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། བྱང་སྒྲ་མི་སྙན་དང་། འཇིག་རྟེན་གྱི་ཁམས་བདུད་རྩི་དང་བཅུད་ཀྱིས་ཁེངས་པར་བསྒོམ། དེ་ནས་བདུད་རྩི་རྣམས་དང་པོར་བླ་མ་ཡི་དམ་གྱི་ལྷ་ལ་འབུལ། དེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་འབུལ། དེ་ནས་རིགས་དྲུག་རྣམས་ལ་ཕུལ་བས། དེ་རྣམས་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་སྐུ་བརྙེས་པར་བསམ། དེ་ལྟར་ལུས་ནི་སེམས་ཅན་ལ་དྲངས་ནས་མེད། སེམས་ལ་ནི་རང་བཞིན་གྲུབ་པ་མེད་པའི་ངང་ལ་ལྷན་གྱིས་བཞག །ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། ལུས་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་ལེའུ་སྟེ་གསུམ་པའོ།། ༈ །།བཞི་པ་ཤ་ཁྲག་
ལ་བརྟེན་པའི་བློ་སྦྱོང་ཞེས་བགྱི་བ། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་སྙམ་དུ་བསམས་ནས། དེ་ནས་ཁང་པ་ཤ་ཁྲག་གིས་ཁེངས་པར་བསམས་ལ། ཡི་དྭགས་ཤ་ཁྲག་ལ་དགའ་བ་ཐམས་ཅད་འདུས་འདུས་བྱས་པས་འདུས་པར་བསྒོམ། དེ་ནས་ཤ་ལ་དགའ་བ་ཤ་ཟོ། ཁྲག་ལ་དགའ་བ་ཁྲག་འཐུང་། མགོ་བོ་ཡ་བདུད་རྒྱལ་པོས་ཁྱེར་། རྐང་པ་མ་བདུད་རྒྱལ་མོས་ཁྱེར། བར་རྣམས་ལྷ་འདྲེ་གཉན་དབུས་ཁྱེར། རེངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ཐབས་ཇི་ལྟར་ལེགས་པ་བཞིན་དུ་གྱིས་བྱས་ནས་བྱིན་པས། ཤ་ཟོས། ཁྲག་འཐུང་། རུས་པ་ཀུན་ཡང་མུར་པར་བསམ། དེ་ལྟར་ལུས་ནི་ཁོང་རྣམས་ལ་བྱིན་ནས་མེད། སེམས་ལ་ནི་རང་བཞིན་མེད་པའི་ངང་དུ་ལྷན་ནེ་འཇོག་པ་ཡིན། དེ་ནས་བློ་རྒྱ་ཆེར་སོང་ནས་ལྕགས་རིའི་ནང་གང་ཙམ། ལུང་པ་གང་ཙམ། འཇིག་རྟེན་གྱི་ཁམས་ཐམས་ཅད་ཤ་ཁྲག་གིས་ཁེངས་པར་བསྒོམ་པ་ཡིན་གསུངས། དེ་ནས་ལྡང་བར་འདོད་ན་དགེ་བ་བསྔོ། རྨི་ལམ་ལྟ་བུར་བསྒོམ། ཤ་ཁྲག་བཏང་བའི་ལེའུ་སྟེ་བཞི་པའོ།། ༈ །།ལྔ་པ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་
བྱ་སྙམ་དུ་བསམས་ནས། ཕྱི་སྣོད་ཀྱི་འཇིག་རྟེན་འདི་རིན་པོ་ཆེ་ཡངས་ཤིང་རྒྱ་ཆེ་བ་གཅིག་ཏུ་བསྒོམ། རང་གི་ལུས་དུམ་བུར་གཏུབས་ལ་སྣོད་ཁེངས་པར་བསྒོམས་ནས། ཨོཾ་ཨཱཧཱུྃ་ལན་གསུམ་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་སོགས་པ་བཞིའི་མཚན་བརྗོད་བྱས་པས། དམ་པ་ཆོས་སྐྱོང་བའི་སྲུང་མ་དཔལ་མགོན་དང་། ལྷ་མོ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པ། དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་བསྐོར་ནས་གསོལ་བར་བསམས་ལ། ན་མསརྦ་ཏ་ཐཱ་ག་ཏ་ཨཱ་བ་ལོ་ཀེ་ཏེ་ཨོཾ་སཾ་བྷ་ར། སཾ་བྷ་ར་ཧཱུྃ་ལན་གསུམ་བརྗོད་པས་སངས་ཀྱིས་གསོལ་བར་བསམ། རིགས་དྲུག་གི་སེམས་ཅན་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཚོགས་རྫོགས་པར་གྱུར་ཅིག་ཅེས་བརྗོད། བདག་གི་བསོད་ནམས་སྟོབས་དང་ནི། ཞེས་པའི་ཚིགས་བརྗོད། དེ་ལྟར་ལུས་ནི་དྲངས་ནས་མེད། སེམས་ནི་རང་བཞིན་མེད་པས་རང་བཞིན་མེད་པའི་ངང་ལ་ལྷན་གྱིས་བཞག །དེ་ནས་ལྡང་བར་འདོད་ན། དགེ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། གཏོར་མ་ལ་བརྟེན་པའི་ལེའུ་སྟེ་ལྔ་པའོ།། ༈ །།དྲུག་པ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་བགྱི་བ། སྤྱོད་
འཇུག་ལས། ས་སོགས་འབྱུང་བ་ཆེན་པོ་དང་། །ནམ་མཁའ་བཞིན་དུ་རྟག་པར་ཡང་། །སེམས་ཅན་དཔག་ཏུ་མེད་པ་ཡི། །རྣམ་མང་ཉེར་འཚོའི་རྒྱུར་ཡང་ཤོག །ཅེས་གསུངས་པས། །སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། རང་གི་ལུས་པོ་འདིའི་ཤ་དང་རུས་པ་རྣམས་ཕྱིའི་འབྱུང་བ་ལ་ཐིམ་པར་བསྒོམ། ཁྲག་དང་ཆུ་སེར་རྣམས་ཆུ་ལ་ཐིམ་པར་བསྒོམ། དབུགས་རྣམས་རླུང་ལ་ཐིམ་པར་བསྒོམ། དྲོད་རྣམས་མེ་ལ་ཐིམ་པར་བསྒོམ། ལུས་འབྱུང་བ་བཞིར་གྱུར་པ་འདི་སས་སྲ་ཞིང་བརྟན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཆུས་བརླན་ཞིང་གཤེར་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། མེས་ཚ་ཞིང་བསྲེག་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། རླུང་གིས་ཡང་ཞིང་གཡོ་བའི་སྒོ་ནས་སེམས་ཅན་གྱི་དོན་བྱེད། ཉི་མ་དང་ཟླ་བ་གཉིས་མིག་གཉིས་སུ་བྱས་ནས་སེམས་ཅན་གྱི་དོན་བྱེད་པ་ཡིན། སེམས་ཅན་ཟས་ཟ་བ་རྣམས་རང་གི་ཤ་ཟ་བར་བསྒོམ། གོས་གྱོན་པ་རྣམས་རང་གི་པགས་པ་གྱོན་པར་བསྒོམ། སྐོམ་འཐུང་པ་རྣམས་རང་གི་ཁྲག་འཐུང་བར་བསྒོམ། དེ་ནས་སེམས་ཅན་རྣམས་ཀྱི་སྡིག་སྡུག་རང་ལ་སྨིན་པར་བསྒོམ། རང་གི་བདེ་དགེ་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་
ཕར་ལོག་ཚུར་ལོག་ཏུ་བསྒོམ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་སྡིག་སྡུག་དང་བྲལ། །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་ཚོགས་གཉིས་རྫོགས་སྒྲིབ་གཉིས་དག་ནས་སངས་རྒྱས་པར་བསྒོམ། འབྱུང་བ་བཞིའི་ལུས་ལ་ཨོཾ་ཨཱཧཱུྃ་ལན་བདུན་བརྗོད་པས་བདུད་རྩིར་གྱུར་པར་བསྒོམ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཁ་ནས་ཡེ་ཤེས་ཀྱི་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། བྱང་སྒྲ་མི་སྙན་དང་། འཇིག་རྟེན་གྱི་ཁམས་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཀྱང་ཁེངས་པར་བསྒོམ། དེ་དང་པོ་བླ་མ་དང་ཡི་དམ་ལ་འབུལ། དེ་ནས་རིགས་དྲུག་གི་སེམས་ཅན་རྣམས་ལ་ཕུལ་བས། དེ་རྣམས་ཀྱི་བདུད་རྩི་རྣམས་མ་ལུས་པར་སངས་ཀྱིས་གསོལ་བར་བསམ། དེ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་ཡི་དམ་གྱི་ལྷ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། རིགས་དྲུག་རྣམས་ལ་ཕུལ་ནས་མེད། སེམས་ནི་རང་བཞིན་གྱིས་གྲུབ་པ་མེད་པའི་ངང་ལ་ལྷན་གྱིས་འཇོག་པ་ཡིན་གསུངས། ཡི་དམ་གྱི་བསྒོམ་བཟླས་སྔར་བཞིན་བྱ། དགེ་བའི་རྩ་བ་བསྔོ། རྨི་ལམ་སྒྱུ་མ་ལྟ་
བུར་བསྒོམ། འབྱུང་བ་ལ་བརྟེན་པའི་བློ་སྦྱོང་གི་ལེའུ་སྟེ་དྲུག་པའོ།། ༈ །།བདུན་པ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་བློ་སྦྱོང་ཞེས་བགྱི་བ། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་བུམ་པ་བཟང་། །རིགས་སྔགས་གྲུབ་དང་སྨན་ཆེན་དང་། །དཔག་བསམ་གྱི་ནི་ཤིང་དག་དང་། །ལུས་ཅན་རྣམས་ཀྱི་འདོད་འཇོར་འགྱུར། །ཞེས་གསུངས་པས། སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ་བའི་དོན་དུ་ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་བློ་སྦྱོང་བསྒོམ་སྙམ་དུ་བསམས་ནས། དེ་ནས་རང་གི་ལུས་པོ་འདི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ཁ་དོག་སྔོན་པོ་དབྱིབས་བརྒྱད་བཞོགས་ཆེ་ཆུང་མི་འབྲིང་པོའི་བརླ་ཙམ་དུ་གྱུར་པར་བསྒོམ། དེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས་མི་མཉམ་པའི་ཆར་གཅིག་བབ། དེས་ས་གཞི་ལ་ཆག་ཆག་བཏབ་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། མི་མཉམ་པའི་རླུང་གཅིག་ལངས། དེས་ས་གཞི་ལ་ཕྱགས་དར་བྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། བདུད་རྩིའི་ཆར་བབས་པས། སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་དང་། ཐ་མལ་གྱི་ཤ་ཁྲག་འཐུག་པ་སྦྱངས་ནས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། ཚོགས་གཉིས་
རྫོགས་ནས་སངས་རྒྱས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། རིན་པོ་ཆེའི་ཆར་འབེབས་པས་དེ་རྣམས་ལ་རིན་པོ་ཆེའི་རྒྱན་བཏགས་པར་བསྒོམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། ལྷའི་ན་བཟའ་པཉྩ་ལི་ཀའི་ཆར་བབས་པས་དེ་རྣམས་ལ་ན་བཟའ་གསོལ་བར་བསམ། ཡང་མཆོད་པ་ཕུལ་ནས་གསོལ་བ་བཏབ་པས། ཟག་མེད་ཀྱི་བདུད་རྩིའི་ཆར་བབས་པ་འཇིག་རྟེན་གྱི་ཁམས་ཁེངས་པར་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་ཀ་ནས་བདུད་རྩི་བབས་པས་ཀྱང་ཁེངས་པར་བསྒོམ། སུམ་ཅུ་རྩ་གསུམ་དང་། སྒྲ་མི་སྙན་དང་། །འཇིག་རྟེན་གྱི་ཁམས་ཀྱི་བདུད་རྩི་དང་བཅུད་དུ་གྱུར་པ་ཐམས་ཅད་ཀྱིས་ཁེངས་པར་བསྒོམ། དེ་ཡང་དང་པོ་དེ་བླ་མ་དང་ཡི་དམ་གྱི་ལྷ་ལ་འབུལ། དེ་ནས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་དབུལ། དེ་ནས་རིགས་དྲུག་སངས་རྒྱས་པ་དེ་རྣམས་ལ་ཕུལ་བས། དེ་རྣམས་ཀྱི་བདུད་རྩི་དེ་ཚོ་མ་ལུས་པར་སངས་ཀྱིས་གསོལ་བས་དེ་ཐམས་ཅད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཀྱི་སྐུ་ཐོབ་པར་བསྒོམ། དེ་ལྟར་ལུས་ནི་བླ་མ་དང་ཡི་དམ་གྱི་ལྷ། སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། རིགས་དྲུག་སངས་རྒྱས་པ་རྣམས་ལ་འབུལ། སེམས་ལ་རང་བཞིན་གྲུབ་པ་མེད་པས་རང་
བཞིན་མ་གྲུབ་པའི་ངང་ལ་ལྷན་གྱིས་འཇོག །དེ་ལས་ལྡང་བར་འདོད་ན་དགེ་བའི་རྩ་བ་བསྔོ་རྨི་ལམ་སྒྱུ་མ་ལྟ་བུར་བསྒོམ། ལུས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་སྤྲུལ་པའི་ལེའུ་སྟེ་བདུན་པའོ།། ༈ །།བརྒྱད་པ་བློ་སྦྱོང་འཆི་ཁ་མའི་མན་ངག་བགྱི་བ། འཆི་བ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྒོ་ནས་འཆི་དགོས་པ་ཡིན། འཆི་བའི་དུས་སུ་ཡོ་བྱད་སུམ་ཆ་གསུམ་དུ་བགོས་ལ། ཆ་གཅིག་བླ་མ་དང་དཀོན་མཆོག་གསུམ་ལ་དབུལ། ཆ་གཅིག་ཚོགས་གསོག་བྱེད། ཆ་གཅིག་ལ་བཀྱེ་བཀང་ལ་སོགས་པ་ཅི་རིགས་སུ་བྱེད་པ་ཡིན་གསུང་ངོ་། །དེ་སྦྱིན་པ་ཡིན། ཚུལ་ཁྲིམས་ལ་སོ་སོར་ཐར་པའི་ལྟུང་བ་བཤགས་སྡོམ་བྱེད། སྨོན་འཇུག་གི་སེམས་བསྐྱེད་སོར་འཇུག་བྱེད། དེ་ཚུལ་ཁྲིམས་ཡིན། བཟོད་པ་སྔར་མཁོན་ཡོད་ན་བཟོད་གསོལ་བྱེད། རྩ་ན་མེད་ན་ཀ་ཆ་སྣ་གཅིག་ཙམ་བསྔོས་ནས་འོ་ཅག་གཉིས་འདི་ལྟ་བུ་ཞིག་ཡོད་པས་བཟོད་པ་མཛོད་ཟེར། ཁོས་བཟོད་པ་ལེན་དུ་མ་བཏུབ་ཀྱང་རང་གི་སེམས་ལ་མི་བདེ་བ་མེད་པར་བྱེད་པ་ཡིན། བརྩོན་འགྲུས་དེ་རྣམས་བྱེད་པ་ཐམས་ཅད་དགའ་སྤྲོ་དང་བཅས་པས་བྱེད་པ་ཡིན། བསམ་གཏན་དང་ཤེས་རབ་གཉིས་འདི་ཁོག་ན་ཡོད། དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་ཡན་ལག་བདུན་པ་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་
པ་ཆེན་པོའི་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་དཀོན་མཆོག་གི་སྤྱན་སྔར་ཡི་གེ་པཾ་དམར་པོ་གཅིག་བསྒོམ། དེ་འོད་དུ་ཞུ་བ་པདྨའི་སྡོང་པོ་གཅིག་ཏུ་གྱུར་པར་བསྒོམ། པདྨའི་ཟེའུ་འབྲུ་རིན་པོ་ཆེ་དར་ཟབ་ཀྱིས་བརྒྱན་པ་ལ་བླ་མ་དང་ཡི་དམ་ལྷ་ཐ་མི་དད་པར་བསྒོམས་ལ། སྔར་གྱི་མཆོད་པ་དེ་རྣམས་བློས་བླངས་དབུལ། ཡན་ལག་བདུན་པ་བྱ། སྔར་བཞིན་གསོལ་བ་གདབ། དེ་ནས་ས་ཕྱོགས་དབེན་པར་འབོལ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་ནམ། བསམ་གཏན་གྱི་ཆོས་དྲུག་ལ་བསབ་ཟེར་ནས། རྐང་པ་རྡོ་རྗེ་སྐྱིལ་ཀྲུང་བཅའ། སྒལ་ཚིག་གསེར་གྱི་དོང་རྩེ་བརྩེགས་པ་བཞིན་དུ་དྲང་ཏིག་སྟེ་དཔུངས། ལག་པ་གཉིས་ལྟེ་བའི་སོར་བཞི་ཙམ་གཞལ་བའི་སར་མཉམ་པར་བཞག །མགྲིན་པ་ལྕགས་ཀྱུ་ལྟར་བཀུག་ཅིང་རྒྱབ་མདུན་གཏམ་གསུངས། གཡོན་ཕྱོགས་སུ་ཆུས་ཆུས་པ་ལན་གསུམ་ཙམ་བྱས་པའི་སྣ་ཆུ་ཐིག་པ་ལྟེ་བའི་ཐད་ཀར་ཡོང་ཙམ་བྱ། མིག་སྣ་རྩེ་ལ་གཏད། སོ་བར་རྟ་རྔ་ཤོང་བ་ཙམ་བྱེད། ལྕེ་ཡ་རྐན་ལ་སྦྱར། མིག་བཙུམས་པའང་མིན། བཙུམས་ན་
བྱིངས་ནས་འགྲོ། བགྲད་པའང་མིན། བགྲད་ན་ཡེངས་ནས་འགྲོ། ལྷའི་སྤྱན་ལྟར་ཟིམ་ཟིམ་དུ་བྱ། དེ་ནས་ཤེས་པ་དེ་ལྟེ་བའི་ཐད་ཀར་ཁྱིམ་ཁྱིལ་བ་ལན་གསུམ་བྱེད་པ་ཡིན་གསུངས། དེ་ནས་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་བློ་སྦྱོང་འཆི་ཁ་མའི་གདམས་ངག་བསྒོམ་སྙམ་དུ་བསམས་ནས་འཁོར་བའི་སྡུག་བསྔལ་འདི་ཐམས་ཅད་ལས་དགེ་མི་དགེ་མི་གཡོ་བའི་ལས་གསུམ་ལས་བྱུང་། དེ་ཉོན་མོངས་པས་ཀུན་ནས་བསླངས་པ་ལས་བྱུང་། ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དེ་རྩ་བ་བདག་ཏུ་འཛིན་པ་འདི་ཡིན་པས་རང་བཞིན་གྲུབ་པ་མེད་པ་གཅིག་ལ་ང་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་ཤག་འདེབས་བྱེད་བྱེད་ནས་ལས་བསགས། ལས་ཀྱིས་འཁོར་བར་འཁྱམས་ནས་འཁོར་བའི་སྡུག་བསྔལ་ལ་ཐུག་པ་མེད་ཅིང་མཐའ་མི་མངོན་པ་ཞིག་ཉམས་སུ་མྱོང་། ཚེ་འདི་ལ་ཡང་ཁ་འཛིན་ཁ་འདེབས་བྱས་པས་བདེ་རྒྱུ་ལས་སྡུག་བསྔལ་དུ་སོང་བའམ། དགེ་རྒྱུ་ལས་མི་དགེ་བར་སོང་བས་རང་ལ་རང་གི་ཁ་འཛིན་དང་། ཤགས་འདེབས་བྱས་པས་ལན། ད་ཕན་ཆད་དུ་ཡང་བདག་ཏུ་འཛིན་པ་འདི་མ་སྤང་ན་སྔ་མ་ཁོ་ན་བཞིན་དུ་འཁོར་བར་འཁྱམས་པས། འདས་མ་འོངས་ད་ལྟར་དུས་གསུམ་དུ་གཅིག་སྡུག་བསྔལ་དུ་འཇུག་མཁན་རང་ལ་གཅེས་
པར་འཛིན་པའི་འགོང་པོ་ང་བདག་བྱ་བ་འདི་ཡིན་མིན་ལ་ཐེ་ཚོམ་མི་ཟ། འདིའི་ཁ་འཛིན་ཤགས་འདེབས་བྱས་པས་ཕན་ན་མཐོང་བ་ཐོས་པ་ཡིད་ལ་འགྱུར་བ་རྣམས་ལག་ལེན་དུ་མ་བཏབ་པ་གཅིག་ཀྱང་། མེད་དེ་འཁོར་བ་ལས་སྔར་འདྲས་གང་ཡང་རིང་དུ་མ་སོང་བས་ད་གང་ལེགས་ལ་ཐོང་། བྱུང་ལེགས་ལ་ཐོང་སྙམ་དུ་བགྱིས་ལ་རང་བཞིན་ལིང་སྒྱུར། ལྷོད་དེ་ཀློད། ཤིགས་ཀྱིས་བཤིག་ལ་ཞོག ། གཞན་ཁམས་གསུམ་འཁོར་བའི་སེམས་ཅན་འདི་རྣམས་སྤྱིར་མི་ཡོང་བ་མིན་དྲིན་ཅན་གྱི་ཕ་མ་ཤ་སྟག་ཀྱང་ཡིན་པས་སེམས་ཅན་གྱི་སྡུག་བསྔལ་རང་ལ་སྨིན་པར་བསྒོམ། རང་གི་བདེ་བ་དང་། དགེ་བ་སེམས་ཅན་ལ་སྨིན་པར་བསྒོམ། དེ་གཉིས་ཕར་ལོག་ཚུར་ལོག་ཏུ་བསྒོམ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དགེ་བའི་རྩ་བ་ཡང་བློས་བླངས་ནས་སེམས་ཅན་ལ་སྨིན་པར་བསྒོམ། དེ་ལྟར་སེམས་ཅན་རྣམས་སྡིག་སྡུག་དང་བྲལ་ནས་སངས་རྒྱས་པར་བསྒོམ། རང་ཡང་སྡིག་སྡུག་དང་བྲལ་ནས་ཡི་དམ་གྱི་ལྷའི་བསྒོམ་བཟླས་གོང་དང་མཐུན་ནོ། །དེ་ནས་དཀོན་མཆོག་གི་སྤྱན་སྔར་མཆོད་པ་གྲུབ་ན་རྒྱས་པར་བྱེད། ཡན་ལག་བདུན་པ་གྲུབ་ན་རྒྱས་པར་བྱེད། བདག་གི་རྒྱུད་ལ་ཐེག་པ་ཆེན་པོ་བློ་སྦྱོང་གི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་
བརྗེད་པའི་གནས་བཞིར་མི་བརྗེད་པར་བྱིན་གྱིས་བརླབ་ཏུ་གསོལ། འཆོར་བའི་གནས་བཞིར་མི་འཆོར་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ནས་འཆི་བ་རང་གི་དུས་སུ་ཕྱི་དབུགས་ཆད་པའི་དུས་སུ་སེམས་གསལ་ལ་རྟོག་པ་མེད་པ་སྟོན་ཀའི་ནམ་མཁའ་སྤྲིན་བྲལ་བ་ལྟ་བུ་སེམས་ཅན་ཐམས་ཅད་ལ་ཡོང་། དེ་ཡང་སྔར་གྱི་དེ་གཉིས་གུང་བསྒྲིགས་པ་ཡིན། གུང་འགྲིགས་ན་ཆུ་སྣ་དང་བྲེང་འཕྲེང་བ་བཞིན་དུ་སོང་ནས་དེ་ལ་ལོའམ་ཟླ་བ་ཙམ་དུ་གནས་ནས། བར་དོར་ལོངས་སྤྱོད་རྫོགས་པའི་སྐུར་ལྡང་བ་ཡིན་ནོ། །བརྩོན་འགྲུས་ཅན་མཐོང་ཆོས་ལ་སངས་རྒྱ་བ་ཡིན་གསུངས། དེར་མ་ཟིན་ན་བར་དོའི་ཆོས་ལུས་སུ་ལྡང་བས་ཡིན་ཏེ། བར་དོ་བྱིས་པ་ལོ་ལྔ་ལེན་པའི་ཚོད་ཙམ་གཅིག་འོང་། ཁ་དོག་ལྷ་རྣམ་པ་ལྔའི་ཚུལ་དུ་ཡོད། དེར་སྒྱུ་མའི་དཔེ་བརྒྱད་དང་གཉིས་སུ་མེད་པར་ཤེས་ན་དུག་ལྔ་ཡེ་ཤེས་ལྔར་གྱུར་ནས་འགྲོ་སྟེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་གཉིས་ཆོས་ཀྱི་སྐུ། མེ་ལོང་ལྟ་བུ་ལོངས་སྐུ། བྱ་བ་གྲུབ་པའི་ཡེ་ཤེས་དང་། སོ་སོར་རྟོག་པའི་ཡེ་ཤེས་གཉིས་སྤྲུལ་པའི་སྐུའོ། །འོད་ཁ་དོག་ལྔ་པོ་དེ་ལ་ཆགས་ཤིང་མངོན་པར་ཞེན་ན་དུག་སྔར་གནས་གྱུར་ན་རྒྱུ་དྲུག་ཏུ་འཁོར་ཞིང་རིགས་དྲུག་ཏུ་འཁྱམས་ཏེ་སྐྱེ་བ་ལེན་པ་ཡིན་གསུངས་སོ། །ལར་སྐྱེ་བ་
འདིའི་བདུན་ནམ་བཅུ་དྲུག་ཐུག་པས་སངས་རྒྱས་པ་ཡིན་གསུངས་ཏེ། འཁོར་བ་ཐོགས་མཐའ་མེད་པ་ལ་ལྟོས་ནས་སང་གནངས་གྱི་ཚོད་ཙམ་ཡིན་གསུངས། ཤིན་ཏུ་ལེ་ལོ་ཅན་སྐྱེ་བ་བརྒྱུད་ནས་སངས་རྒྱས་པ་བྱ་བ་ཡིན་གསུངས། ཐུན་བརྒྱད་མའི་མན་ངག་དགེ་ལེགས་སུ་གྱུར་ཅིག །སརྦ་མངྒ་ལམ།། །།
བློ་སྦྱོང་ཐུན་བརྒྱད་མའི་ཟིན་བྲིས་ཉུང་གསལ།
༈ བློ་སྦྱོང་ཐུན་བརྒྱད་མའི་ཟིན་བྲིས་ཉུང་གསལ་བཞུགས་སོ། །ན་མོ་གུ་ར་བེ། འདི་ཐེག་པ་ཆེན་པོའི་བློ་སྦྱོང་གི་མན་ངག་ཐུན་བརྒྱད་མར་གྲགས་པའི་གདམས་པ་ཟབ་མོ་ལ། དང་པོ་ཟས་ལ་བརྟེན་པའི་བློ་སྦྱོང་ནི། སྦྱིན་བདག་གི་བསོད་ནམས་ཀྱི་ཚོགས་རྫོགས་པ་དང་། རང་ཉིད་ལ་ཟས་ཀྱི་བུ་ལོན་མི་འབྱུང་བ་དང་། ཐབས་དེ་ཙམ་ལ་བརྟེན་ནས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་སར་བགྲོད་ནུས་པའི་ཕྱིར། སྤྱིར་ལུས་ཀྱི་སྲིན་བུ་གསོ་བ་ལ་སོགས་པའི་འདུ་ཤེས་དང་། ཁྱད་པར་བཟའ་བཏུང་ཁོང་དུ་མིད་པའི་ཚེ། སེམས་ཅན་ཐམས་ཅན་ཀྱི་རྒྱུ་དུས་ཀྱི་སྡིག་པ་དང་། འབྲས་དུས་ཀྱི་སྡུག་བསྔལ་ཐམས་ཅད་རང་སྟེང་དུ་ལེན་པ་དང་། དབུགས་སྤྲོ་བའི་ཚེ་བདེ་དགེ་ཕར་གཏོང་བའི་དམིགས་རྣམ་དང་སྒྲགས་ཏེ་རང་ཤུགས་ཀྱིས་འཆར་འཆར་དུ་བསླབ་པར་བྱའོ། །གཉིས་པ་དབུགས་ལ་བརྟེན་པའི་བློ་སྦྱོང་ནི། ཐོག་མར་རྩ་བའི་མ་ལྟ་བུ་ཡིད་ཡུལ་དུ་བྱས་ཏེ་སྣ་བུག་གཡས་པ་ནས་རླུང་སངས་ཀྱིས་
བུས་པ་དང་མཉམ་དུ། རང་གི་བཏང་བྱའི་དགེ་བ་དང་དེའི་འབྲས་བུ་དང་བཅས་པ་འོད་དཀར་པོའི་རྣམ་པར་སོང་ནས་མའི་སྣ་བུག་གཡོན་པ་ནས་ཞུགས་པས་བདེ་བ་ཁྱད་པར་ཅན་དང་ལྡན་པར་བྱས་སོ་སྙམ་དུ་བསམ། ཚུར་རླུང་རྒྱུ་བ་དང་མཉམ་དུ་མ་དེའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་དེའི་སྣ་བུག་གཡས་པ་ནས་རླུང་གིས་དྲངས་ཏེ་སྐྱི་གྲིས་སྐྲ་བཞར་བ་ལྟར་ནག་ཕུང་ངེ་བྱུང་ནས་རང་གི་སྣ་བུག་གཡོན་པ་ནས་ཞུགས། སྙིང་གི་ནང་དུ་དང་ང་སྙམ་པའི་གཅེས་འཛིན་གྱི་ཐོག་ཏུ་བབས་པས་ཐུལ་གྱིས་ཟད་པར་བསམ། དེ་འདྲའི་དམིགས་རྣམ་ཉེར་གཅིག་སོགས་གང་མོས་བྱས་ཏེ། དེ་ནས་ཕ་སོགས་སེམས་ཅན་ཐམས་ཅད་ལ་འོད་དཀར་པོ་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། གཏོང་ལེན་གྱི་དམིགས་པ་དང་། རེས་འགའ་འགྲོ་བ་རིགས་དྲུག་རེ་རེ་ནས་སོ་སོའི་སྡུག་བསྔལ་ལེན་པ་དང་། དེ་དང་དེ་ལ་ཆེད་དུ་ཕན་པའི་བདེ་བ་གཏོང་བ་སོགས་བྱའོ། །གསུམ་པ་ལུས་གངྒའི་བྱེ་མ་སྙེད་དུ་སྤྲུལ་ནས་རིགས་དྲུག་གི་སྡུག་བསྔལ་དང་དུ་ལེན་པའི་བློ་སྦྱོང་ནི། རང་གི་ལུས་དཔག་ཏུ་མེད་པ་ནམ་མཁའི་མཐའ་དང་མཉམ་པ་སྤྲོས་ནས། སེམས་ཅན་རེ་རེ་ལ་ལུས་རེ་རེ་བཏང་བས་གང་ལ་གང་འདོད་ཀྱིས་ཚིམ་པར་བསམ་པ་དང་། ཡང་དམྱལ་བ་ནས་བཟུང་སྟེ་ཁམས་གོང་མའི་བར་དང་། དེ་ཙམ་དུ་མ་
ཟད་ས་བཅུ་པ་ཚུན་ཆད་ཀྱི་ཡུལ་ལ་རེ་རེ་ཞིང་དམིགས་ནས་དེ་དང་དེའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་ལེན་པ་དང་། རང་གི་བདེ་དགེ་ཁོང་རྣམས་ལ་ཕུལ་བའི་མོས་པ་བྱའོ། །བཞི་པ་ཤ་ཁྲག་ལ་བརྟེན་པའི་བློ་སྦྱོང་ནི། རང་དང་སེམས་ཅན་ཐམས་ཅད་ལ་འཚེ་ཞིང་། གྲོགས་ཆོས་མཛད་རྣམས་དང་། ཁྱད་པར་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་མཛད་ཕྲིན་ལ་གནོད་པར་བྱེད་པའི་རིགས་མདུན་དུ་བཀུག་ནས། ཁྱེད་རྣམས་ཀྱིས་ཐོག་མ་མེད་པ་ནས་བདག་གི་མ་གྲངས་མེད་པ་བྱས། དེའི་དྲིན་ལེན་གཟོ་བའི་ཕྱིར། སྤྱིར་སེམས་ཅན་ཐམས་ཅད་དང་། སྒོས་ཆོས་མཛད་ཀྱི་སྐྱེས་བུ། ཡང་སྒོས་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་སྐུའི་གླུད་ཀྱི་ཕྱིར་དུ་བདག་གི་ལུས་འདི་ཁྱེད་རྣམས་ལ་སྟེར་བ་ཡིན་པས། ཤ་ལ་དགའ་ན་ཤ་ཟོ། ཁྲག་ལ་དགའ་ན་ཁྲག་འཐུང་། རུས་པ་ལ་དགའ་ན་རུས་པ་མུར། པགས་པ་ལ་དགའ་ན་པགས་པ་ཁྱེར་ལ་བྱོན། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ། ལུས་འདི་གང་འདོད་དུ་སྟེར་བས་ཟས་གོས་ཁང་བཟང་སོགས་ཅི་དང་ཅི་འདོད་པའི་རྫས་སུ་ཁྱེར་ཞིག །བདག་གི་ལུས་ལོངས་སྤྱོད་དགེ་རྩ་རྣམས་ལས་གང་ལ་གང་འདོད་ཁྱེར་ཞིག །ཇི་འདོད་བཞིན་དུ་སྤྱོད་ཅིག །སུ་འདོད་པ་ཁྱེར་ཤིག །ཇི་ལྟར་འདོད་བཞིན་དུ་སྤྱོད་ཅིག །ཅེས་རྩི་སྨན་གྱི་སྡོང་པོ་ཇི་ཙམ་བཅད་
ཀྱང་བདག་གི་བྱ་བ་དང་རྣམ་རྟོག་མེད་པ་བཞིན་དུ་སེམས་ཅན་ཀུན་གྱི་ཉེ་བར་མཁོ་བའི་གསོས་ཆེན་པོར་བསམས་ལ་རེ་དོགས་མེད་པར་བྱས་ལ་བརྗོད་ཅིང་བཏང་བར་བྱའོ། །ལྔ་པ་གཏོར་མ་ལ་བརྟེན་པའི་བློ་སྦྱོང་ནི། ཕྱི་སྣོད་ཀྱི་འཇིག་རྟེན་རིན་པོ་ཆེའི་གཏོར་སྣོད་དུ་བསམ། དེའི་ནང་དུ་རང་གི་ལུས་དུམ་བུར་གཏུབ་པ། ཨོ་ཨཱཧཱུྃ་གིས་བདུད་རྩིར་བསྒྱུར། འཇིག་རྟེན་འདས་མ་འདས་ཀྱི་མགྲོན་ཐམས་ཅད་ལ་ནམ་མཁའ་མཛོད་ཀྱི་མཆོད་སྤྲིན་དུ་ཕུལ་བས་ཐུགས་མཉེས་ཤིང་ཚིམ། མཐར་འཁོར་གསུམ་མི་དམིགས་པ་ནམ་མཁའ་ལྟ་བུས་རྒྱས་བཏབ་ལ། དེ་ལས་ལངས་པ་ན་སྒྱུ་མ་ལྟ་བུར་བསྒོམ་པར་བྱའོ། །དྲུག་པ་འབྱུང་བ་ལ་བརྟེན་པའི་བློ་སྦྱོང་ནི། རང་གི་ལུས་ཀྱི་ཤ་དང་རུས་པ་སོགས་ནང་གི་སའི་ཁམས་ཐམས་ཅད་ཕྱི་རོལ་གྱི་འབྱུང་བ་སའི་ཁམས་ལ་ཐིམ། དེ་བཞིན་དུ་ཁྲག་དང་ཆུ་སེར་སོགས་ཕྱིའི་ཆུ། དྲོད་སོགས་ཕྱིའི་མེ་ཁམས་དང་། དབུགས་སོགས་རླུང་ཁམས་ལ་ཐིམ། རང་གི་ལུས་འབྱུང་བ་བཞིར་གྱུར་པས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚེའི་རྟེན་གཞི་བྱེད་པར་མོས། །གཞན་ཡང་རེས་འགའ་ལུས་འདི་སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པ་དང་། རེས་འགའ་ལུས་གཅིག་པུ་ལས་ཀྱང་གང་འདོད་ཀྱི་དངོས་པོ་བཏང་བ་དང་། རེས་འགའ་ཟས་གོས་གནས་མལ་
གྲུ་གཟིང་སོགས་ཀྱི་དངོས་པོར་སྤྲུལ་ནས་གང་ལ་གང་འདོད་དུ་གཏོང་བས་མཚོན་ནས་དམིགས་པའི་འཕྲུལ་ཅིར་ཡང་རྩེ་བར་བྱའོ། །བདུན་པ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེར་བསྒྱུར་བའི་བློ་སྦྱོང་ནི། །ལྟརང་གི་ལུས་ཡིད་བཞིན་གྱི་ནོར་བུ་ལྟར་བསམས་ལ། དེ་ལས་ཕ་མ་སེམས་ཅན་ཀུན་ལ་གང་འདོད་པའི་དངོས་པོར་ཆར་བཞིན་དུ་འབབ་པ་དང་། དེ་ཡང་ལམ་ལ་མ་ཞུགས་པ་རྣམས་ལ་ལམ་ཞུགས་པ་དང་། ཞུགས་པ་རྣམས་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་འཕེལ་བའི་ཕྱིར་དུ། ཆོས་སྟོན་པའི་བླ་མ་དང་། དམ་པའི་ཆོས་ཀྱི་གླེགས་བམ་དང་། ཆོས་སྒྲུབ་པའི་གནས་དང་ཡོ་བྱད་ཕུན་སུམ་ཚོགས་པར་གྱུར་ནས་ངན་སོང་གསུམ་དང་། ཉན་རང་དང་། ས་བཅུའི་བྱང་ཆུབ་སེམས་དཔའི་བར་རྣམས་ལ། རང་རང་དང་འཚམས་པར་ཕན་བདེ་བླ་ན་མེད་པ་བསྒྲུབ་པར་བསམ་མོ། །འདི་ལ་ཡི་གེ་རྙིང་པ་རང་ལུས་ཡིད་བཞིན་གྱི་ནོར་བུ་བཻཌཱུརླ་ཟུར་བརྒྱད་པའི་རྣམ་པར་བསྒྱུར་ནས་དམིགས་རྣམ་སྔར་ལྟར་བྱ་བར་གསུངས་པས། ལས་དང་པོ་པས་དམིགས་པ་འཆར་བདེ་བའི་ཕྱིར་དེ་ལྟར་བྱས་ཀྱང་འགལ་བ་མེད་མོད། འོན་ཀྱང་དེའི་བྱེད་ལས་དང་ཆོས་མཐུན་པར་བསྒོམ་པས་དོན་འགྲུབ་པ་ཉིད་དོ། །བརྒྱད་པ་བློ་སྦྱོང་འཆི་ཁ་མའི་མན་ངག་ནི། ཆོས་འདི་བའི་ལུགས་ཀྱིས། ནམ་འཆི་བ་ལ་མངོན་
དུ་ཕྱོགས་པའི་ཚེ་ན། ཡོ་བྱད་ཆེ་ཕྲ་ཐམས་ཅད་སྤོང་ཐག་ལ་གཏང་། ཡན་ལག་བདུན་པ་སོགས་གསོག་པའི་སྒོ་དུ་མ་དང་། ཁྱད་པར་དུ་ཕུང་པོ་མཆོད་པ་ཕུལ་ནས་ཞེན་པ་བཅད། འཆི་ཁ། བར་དོ། མངལ་གནས། སྐྱེ་སྲིད་དེ་བརྗེད་པའི་གནས་བཞི་དང་། མི་དང་། མི་མ་ཡིན་དང་། ནད་དང་། ཉོན་མོངས་པ་དྲག་པོ་སྟེ་འཆོར་བའི་གནས་བཞི་རྣམས་ལ་བློ་སྦྱོང་བརྗེད་པ་དང་། །འཆོར་བ་མི་འགྱུར་བ་བྱིན་གྱིས་བརླབ་ཏུ་གསོལ། བློ་སྦྱོང་གི་རྟོག་པ་སྔར་མ་སྐྱེས་པ་གསར་དུ་སྐྱེ་བ་དང་། གནས་པ་གོང་ནས་གོང་དུ་འཕེལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་ཤིང་། གཏོང་ལེན་གྱི་སྒོ་ནས་བྱམས་སྙིང་རྗེ་སྔོན་དུ་འགྲོ་བས་བྱང་ཆུབ་སེམས་གཉིས་མངོན་དུ་བྱང་བ་བཞིན་འཆི་བའི་དུས་བྱའོ། །དེ་ལྟ་བུའི་གདམས་པ་ཟབ་མོ་ཉམས་སུ་ལེན་པ་ལའང་། སྔོན་འགྲོ་སྦྱོར་བའི་ཆོས་དྲུག་དང་ཁྱད་པར་བླ་མའི་རྣལ་འབྱོར་བསྒོམས་ལ་གསོལ་བ་དྲག་ཏུ་བཏབ། དངོས་གཞི་སོ་སོའི་དམིགས་རྣམ་རྒྱུད་དང་འདྲིས་ངེས་སུ་ཉམས་སུ་བླངས། རྗེས་ཐུན་ལས་ལྡང་བའི་ཚེ་ནའང་དགེ་རྩ་བསྔོ་ཞིང་། ཐུན་མཚམས་ཐམས་ཅད་དུའང་དངོས་གཞིའི་ཉམས་ལེན་རྩི་དང་མ་བྲལ་བར་དྲན་ཤེས་བསྟེན་པའི་སྒོ་ནས་སྤྱོད་ལམ་དགེ་བའི་བྱ་བས་དུས་འདའ་བར་བྱེད་པ་དང་། ཅུང་ཟད་
གོམས་ནས་སོ་སོའི་དུས་དང་། དུས་མིན་པའི་གནས་སྐབས་ཐམས་ཅད་དུ་ལམ་ཁྱེར་ལ་བསླབ་པས་བྱང་ཆུབ་སེམས་གཉིས་ལ་སྐྱེས་བུའི་རྩལ་ཅི་ཡོད་ཀྱིས་སྦྱོང་བ་ནི་དལ་འབྱོར་གྱིས་རྟེན་ལ་སྙིང་པོ་ལེན་པའི་ཐབས་རྨད་དུ་བྱུང་བའོ། །ཞེས་པའང་རྗེ་བླ་མ་མཁས་ཤིང་གྲུབ་པའི་དབང་ཕྱུག་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་ཞལ་སྔ་ནས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་སུ་གྱུར་ཅིག། །།
གྲུབ་ཆེན་བིརྱ་པའི་མན་ངག་མཉམ་མེད་སྙིང་རྗེའི་རྣལ་འབྱོར་གྱི་བློ་སྦྱོང་།
༈ གྲུབ་ཆེན་བིརྱ་པའི་མན་ངག་མཉམ་མེད་སྙིང་རྗེའི་རྣལ་འབྱོར་གྱི་བློ་སྦྱོང་བཞུགས་སོ།། ཨོཾ་སྭ་སྟི། མཉམ་མེད་སྙིང་རྗེའི་བདུད་རྩི་ཡིད་འོང་བས། །ས་གསུམ་འགྲོ་བའི་གདུང་བ་ཀུན་སེལ་བ། །བྱང་ཆུབ་སེམས་ཀྱི་ཟླ་བ་ལ་བརྟེན་ནས། །རྣམ་གྲོལ་ཀུ་མུ་དཱ་དཔལ་ཅི་དགར་འབྱེད། །དེ་སླད་གྲུབ་པའི་ཞལ་གྱི་ལུང་། །མ་ཉམས་གདམས་ངག་ཟིལ་དངར་ནི། །སྐལ་བཟང་ཉེར་འཚོའི་གཞི་གཅིག་པུ། །གཏན་པ་མེད་པའི་མཆོད་སྦྱིན་བྱ། །འཕགས་ཡུལ་པཎ་གྲུབ་རྒྱ་མཚོའི་གཙུག་གི་ནོར་བུས་ཞབས་བརྟན་གྱི་པདྨོ་ལ་ཕྱག་བྱས་པ་རྣལ་འབྱོར་གྱི་དབང་ཕྱུག་བིརཱུ་པའི་མན་ངག །སངས་རྒྱས་ཀྱི་གསུང་རབ་ཐེག་ཆེན་སྡེ་སྣོད་རྒྱ་མཚོའི་སྙིང་པོ། མཉམ་མེད་སྙིང་རྗེའི་རྣལ་འབྱོར་གྱི་བློ་སྦྱོང་གི་རིམ་པ་ཟབ་མོ་ཉམས་སུ་ལེན་པའི་ཚུལ་
ནི། །གཞུང་རྩ་བ་རྡོ་རྗེའི་ཚིག་རྐང་ལས། །ཐོགས་མེད་བརྩེ་བས་བསྐྱངས་པ་ཡི། །ཞེས་པ་ནས། སྙིང་རྗེ་མཐར་ཕྱིན་འགྱུར་པ་ཡིན། །ཞེས་གསུངས་པའི་དོན་ཏེ། དེའང་བྱང་ཆུབ་ཀྱི་སེམས་དང་མི་ལྡན་ན་ཕ་རོལ་ཏུ་ཕྱིན་པ་དྲུག་དང་། བསྐྱེད་རྫོགས་ལ་སོགས་པ་ཇི་ཙམ་ཉམས་སུ་བླངས་ཀྱང་རྫོགས་པའི་སངས་རྒྱས་ཀྱི་རྒྱུར་མི་འགྲོ་བས་ན། །སྙིང་རྗེ་ཆེན་པོ་ནི་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་ཡིན་པའི་ཕྱིར་རྒྱུད་ལ་སྐྱེ་དགོས་ལ། དེའང་ཐོད་རྒལ་དུ་བསྒོམ་པ་དང་། རིམ་གྱིས་བསྒོམ་པ་དང་གཉིས་ལས། འདི་ནི་དང་པོ་སྟེ། གང་ཞེ་སྡང་སྐྱེ་བའི་ཡུལ་གྱི་གཙོ་བོ་དེ་ལ་སྙིང་རྗེ་འབྱོངས་ན་གཞན་རྣམས་ཞར་ལས་འབྱུང་བའི་ཕྱིར་རོ་གསུངས། །ཉམས་སུ་ལེན་པའི་ཚུལ་ནི། །ཐུན་གྱི་རྗེས་སམ་སྐབས་གང་བདེར་སེམས་བསྐྱེད་ཙམ་སྔོན་དུ་བཏང་སྟེ། རང་གི་མདུན་དུ་མི་ཤའོ་ལྟ་བུའི་དགྲ་སྙིང་ན་ཤོས་དེ་ལུས་བྱད་དབྱིབས་སོགས་ཇི་ལྟར་བསམ་སྟེ། བདག་གི་དགྲ་འདི་སྙིང་རྗེ་མཉམ་དུ་ཤ་བཅད་རུས་ཐུག་པ་ཀཾ་ཀཾ་པ་བསྐྱེད་ཅིང་། །ངག་ཏུའང་ངའི་དགྲ་འདི་སྙིང་རྗེ་ཞེས་བརྒྱའམ་ཉེར་གཅིག་ལ་ཉུང་མཐའ་བྱས་པ་འདྲེན་པ་ནི་སྙིང་རྗེའི་རྒྱུན་བསྒོམ་པའོ། །འཐད་པ་བསྒོམ་པ་ནི། །ཅིའི་ཕྱིར་སྙིང་རྗེ་ན་འདི་བདག་གི་མ་ཡིན་པའི་དོན་གྱི་ཕྱིར་སྙིང་རྗེ་མཉམ་དུ་བསམ་ཞིང་
ངག་ཏུ་བརྗོད། །མ་ཡང་ལན་རེ་ཙམ་བྱས་པ་མ་ཡིན་པར་འཁོར་བ་ཐོག་མེད་ནས་ཚད་དང་གྲངས་ལས་འདས་པ་བྱས་པ་ཡིན་པས་སྙིང་རྗེ། །མ་བྱས་རེས་ཀྱིས་མ་རང་གི་ལུས་སྲོག་ཁྱད་དུ་བསད། །བསམ་རྒྱུ་བསྒོམ་རྒྱུ་བདག་ལས་མེད་པ་བྱས། ཕན་པ་བསམ་གྱིས་མི་ཁྱབ་པ་བཏགས། གནོད་པ་དཔག་ཏུ་མེད་པ་ལས་བསྐྱབས་པ་ཡིན་པས་དྲིན་ཅན་གྱི་མ་རྒན་མོ་འདི་སྙིང་རེ་རྗེ། །དེ་ལྟར་བདག་མ་བུ་གཉིས་ཚེ་རབས་གྲངས་མེད་པར་མ་མང་དུ་བགྱིས་ཀྱང་སྐྱེ་འཆི་འཕོས་པས་ཁོ་རང་མ་ཡིན་པར་མ་ཤེས། བདག་བུ་ཡིན་པར་མ་ཤེས། སྨྱོན་པ་བཞིན་དུ་རང་དབང་མེད་བདག་ལ་གནོད་པ་སྣ་ཚོགས་བྱེད་པ་འདི་ཀ་ཤིན་ཏུ་སྙིང་རྗེ་སྟེ། །ཚེ་འདིའི་མ་སྨྱོ་བའམ་གདོན་གྱིས་བསླད་དེ་བདག་ལ་མཚོན་བརྡེག་པ་སོགས་བྱེད་པ་བྱུང་ན་དེ་ཀ་ཤིན་ཏུ་སྙིང་རྗེ། དེ་ལ་ཕན་པའི་ཐབས་གང་ཟབ་འཕྲལ་དུ་འཚོལ་དགོས་པ་བཞིན་དུ་བདག་གི་མ་འདི་ཞེ་སྡང་དྲག་པོས་རྒྱུད་འཁྲུགས་ཏེ་སྨྱོན་པ་ལྟ་བུར་གྱུར་པ་སྙིང་རྗེ། །དེ་ལྟར་བདག་ཏུ་མ་ཟད་སེམས་ཅན་དུ་མ་ཞིག་ལ་ཞེ་སྡང་གིས་ཀུན་ནས་བསླངས་པའི་ལས་ངན་ཚབས་པོ་ཆེ་བསགས་པ་ལ་བརྟེན་ནས་དམྱལ་བ་ཆེན་པོར་སྐྱེས་ཏེ་ཐར་པའི་དུས་མེད་པར་བཟོད་པར་དཀའ་བའི་སྡུག་བསྔལ་ལ་སྤྱོད་དགོས་པ་སྙིང་རྗེ་སྙམ་དུ་འཐད་པ་ལྔ་པོ་དེ་རེ་རེའང་སྙིང་ཐག་པ་
ནས་བསམ་ཞིང་ངག་ཏུ་བརྒྱ་སྟོང་དུ་མ་རྗོད་པར་བྱེད། དེ་ལྟར་བརྗོད་པས་ཡུལ་དེ་ལ་མིག་ནས་མཆི་མ་འཁྲུགས་པའི་སྙིང་རྗེ་དུང་བ་སྐྱེས་པ་ན། །རིམ་བཞིན་དགྲ་གཞན་རྣམས་དང་གཉེན་བཤེས། ཁྱིམ་ཚེས་ཡུལ་སོགས་ནས་མཐར་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྙིང་རྗེ་རྒྱུན་དང་འཐད་པ་སྔར་བཞིན་ལས་བཞི་པ་བདག་མ་བུ་རྣམས་སྐྱེ་ཤིང་འཕོས་པས་སྲན་ཕུང་ལ་རྡོ་རྒྱབ་པ་བཞིན་དུ་སོ་སོར་འཁྱམས་ངོ་ཤེས་ཤིང་ཕན་ཐོགས་ཐུབ་པ་ལྟ་ཅི་སྨོས། མཐོང་ཐོས་ཙམ་དུའང་མི་འགྱུར་པ་དུ་མ་ཞིག་ནས་འཐོར། བདག་གི་མ་དེ་ཡང་བདེ་སྡུག་ཇི་འདྲ་ཡོད་ན་སྙིང་རྗེ་མཉམ་དུ་ཞེ་ཐག་པ་ནས་བསྒོམས་པའི་མཐར་བདག་གི་མ་འདི་རྣམས་ཀྱིས་ལྷག་པའི་ལྷའི་གོ་འཕང་མངོན་དུ་གྱུར་ན་ཅི་མ་རུང་སྙམ་དུ་བྱས་པའི་རྐྱེན་གྱིས་ཐམས་ཅད་ཀྱང་སྣང་སྟོང་དབྱེར་མེད་ཡི་དམ་ལྷའི་སྐུར་ལམ་གྱིས་གྱུར་པར་བསམས་ལ། སྤྲོས་མེད་ཀྱི་ངང་དུ་ཧད་དེ་ཆད་དེ་འཇོག་པ་སྟེ། འདིས་ཀྱང་བསྐྱེད་ཅིང་བོགས་ཐོན་པར་འགྱུར་རོ། །ཐེག་ཆེན་ལམ་གྱི་རྩ་བ་སྙིང་རྗེའི་སེམས། །ཕན་བདེ་འཕྲལ་དུ་འབྱུང་བ་བདུད་རྩིའི་ཆུ། །ཞེ་སྡང་ཚ་གདུང་སེལ་བའི་སྨན་མཆོག་འདི། །རྒྱུན་དུ་བརྟེན་ན་སངས་རྒྱས་སོར་མོའི་རྩེ། །གང་ལས་བརྩམས་པའི་གཏམ་གྱི་ཕུལ། །ངག་གི་རྒྱུད་དུ་བླངས་པ་ལས། །བསོད་
ནམས་ཐོབ་པའི་ས་བོན་དེས། །ཕན་བདེའི་དགའ་ཚལ་རྒྱས་གྱུར་ཅིག །ཅེས་པའང་གནས་གསར་པ་འཇམ་པའི་དབྱངས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་རབ་ཤིན་ཏུ་སྤྲོས་པ་མེད་པའི་ཁྲིད་ཡིག་ལས་བྱ་བྲལ་བ་མཉྫགྷོ་ཥས་ཟུར་དུ་ཕྱུངས་ཏེ་བྲིས་པ་དགེ། །།
བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཟབ་འཁྲིད་ཀྱི་རིམ་པ་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན།
བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཟབ་འཁྲིད་ཀྱི་རིམ་པ་སྙིང་པོར་དྲིལ་བ་གྲུབ་གཉིས་མཆོག་སྦྱིན་ཅེས་བྱ་བ་བཞུགས་སོ།། །།
ཨོཾ་སྭསྟི་སིདྡྷཾ། །དཀོན་མཆོག་གསུམ་དངོས་ཐུགས་རྗེའི་ཟླ་རིས་ནི། །ཡོངས་རྫོགས་བསྟན་པའི་བདུད་རྩིའི་འོད་དཀར་བཅས། །ཤར་བའི་མོད་ལ་ཕན་བདེའི་ཆུ་གཏེར་ཆེ། །རབ་ཏུ་རྒྱས་མཛད་དཔལ་ལྡན་བླ་མར་འདུད། །གང་གི་བཀའ་དྲིན་ཁ་བ་ཡིས། །རེག་པས་བསིལ་བའི་གངྒཱ་ནི། །བདག་བློའི་ལམ་གསུམ་ལ་ཆགས་པས། །ཟབ་དོན་ངལ་འཚོ་ཅིར་ཡང་རྒྱས། །དེ་སླད་འདི་ན་འཕགས་བོད་ཀྱི། །མཁས་གྲུབ་རྒྱ་མཚོའི་གཙུག་གི་ནོར། །མཉམ་མེད་ཇོ་བོ་ཡབ་སྲས་ཀྱི། །གདམས་པའི་སྙིང་པོ་ཅུང་ཟད་དབྱེ། །དེ་ལ་འདིར་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་མཉམ་མེད་ཇོ་བོ་ཆེན་པོས་ཟ་མ་ཏོག་བཀོད་པ་ལ་སོགས་པའི་མདོའི་སྦས་དོན་
མཐར་ཐུག་པ་དཔལ་གསང་བ་འདུས་པ་ཡེ་ཤེས་ཞབས་ལུགས་དང་མཐུན་པར་བཀྲལ་བ་དགེ་བའི་བཤེས་གཉེན་བཀའ་གདམས་པ་རྣམས་ཀྱི་གསང་ཆོས་མན་ངག་ཐུན་མོང་མ་ཡིན་པ་ཟབ་པ་ལས་ཀྱང་ཆེས་ཟབ་པའི་སྙན་བརྒྱུད་ཐིག་ལེ་བཅུ་དྲུག་གི་གདམས་པ་ཟབ་མོ་ཉམས་སུ་ལེན་པའི་ཚུལ་ལ་གཉིས། ད་ལྟར་གྱི་ཕྱག་བཞེས་ལྟར་ཟབ་ཁྲིད་ཀྱི་སྙིང་པོ་མདོར་བསྡུས་ཏེ་བསྟན་པ་དང་། དེ་ལས་རྒྱས་པར་སྤྲོས་པའི་སྒོ་ཕྱོགས་ཙམ་མཚོན་པའོ། །དང་པོ་ལ་གསུམ། སྔོན་འགྲོ་དངོས་གཞི། རྗེས་སོ། །དང་པོ་ནི། ནོར་བུའི་ཕྲེང་བ་ལེའུ་གཉིས་པར། སྲས་ཀྱི་ཐུ་བོ་སྤྱན་རས་གཟིགས། །ཁྱེད་ཀྱི་རྗེས་འབྲངས་ཁོ་མོས་བསྐྱང་། །ཁོ་མོའི་གདམས་པ་འདི་ལོངས་
ལ། །རྗེས་སུ་འབྲངས་ལ་བསྟན་པར་གྱིས། །སྐྱབས་གནས་བླ་མ་དྲན་པར་མཛོད། །ལུས་ནི་ལྷ་ཡི་རང་བཞིན་ཏེ། །ངག་ནི་བཟླས་བརྗོད་རྒྱུན་པར་མཛོད། །འགྲོ་བ་མ་ལུས་ཕ་མར་སེམས། །སེམས་ཀྱི་གནས་ལུགས་སྟོང་པར་དཔྱོད། །ལྔ་པོ་འདི་ཡི་སྐྱ་བར་ནས། །དགེ་རྩ་ཐམས་ཅད་དག་པར་མཛོད། །ཅེས་གསུངས་པ་ལྟར་རྗེས་དྲན་ལྔའི་སྒོ་ནས་ཉམས་སུ་ལེན་པ་ལ། ཐོག་མར་སྦྱོར་བའི་ཆོས། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་གཡོ་མེད་པ་བཙལ་ལ་བཀོད་པས་མཛེས་པར་བཤམ། སྟན་བདེ་བ་ལ་ལུས་གནད་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་སྐྱབས་སེམས་དང་། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་འབུལ་བ། འདོད་པའི་དོན་ལ་གསོལ་བ་གདབ་པ་རྣམས་ཚུལ་བཞིན་དུ་བྱས་ནས། དེ་ནས་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་གྱི་སྒོ་ནས་སྐྱབས་གནས་བླ་མ་རྗེས་སུ་དྲན་པ་དང་། སྐྱེས་བུ་ཆུང་འབྲིང་གཉིས་སྔོན་དུ་འགྲོ་བས་སྐྱེས་བུ་ཆེན་པོའི་ཉམས་ལེན་གྱིས་འགྲོ་དྲུག་ཕ་མ་རྗེས་སུ་དྲན་པ་དང་། ཁྱད་པར་ཕར་ཕྱིན་ཐ་མ་ཞི་ལྷག་གཉིས་ལ་བསླབས་པས་སེམས་ཀྱི་གནས་ལུགས་སྟོང་པར་རྗེས་སུ་དྲན་པ་རྣམས་བྱང་ཆུབ་ལམ་གྱི་རིམ་པའི་གདམས་ངག་ལས་ཇི་ལྟར་འབྱུང་བ་བཞིན་ཉམས་སུ་བླངས་པས་རྒྱུད་སྦྱང་བ་ནི་
སྤྱིའི་སྔོན་འགྲོའོ།། །།གཉིས་པ་དངོས་གཞི་ལའང་རྗེས་དྲན་ལྔ་ལས། དང་པོ་སྐྱབས་གནས་བླ་མ་རྗེས་སུ་དྲན་པ་ནི། རང་ཉིད་ཐ་མལ་དུ་གནས་པའི་མདུན་གྱི་ནམ་མཁར་དྲན་པ་ཙམ་གྱིས་དགོས་འདོད་ཐམས་ཅད་ཡིད་བཞིན་དུ་སྩོལ་བར་ནུས་པའི་དཔག་བསམ་གྱི་ལྗོན་ཤིང་སྡོང་པོ་ཡལ་ག་ལོ་འདབ་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ་རྩ་བའི་བླ་མ་འཕགས་པ་སྤྱན་རས་གཟིགས་ཕྱག་བཞི་པའི་རྣམ་པར་བཞུགས་པ་ནས་བཟུང་། ནོར་བུའི་ཕྲེང་བའི་བླ་མ་བརྒྱུད་པ་རྣམས་ཐོ་བརྩེགས་སུ་བཞུགས་པ་གཙོ་བོར་གྱུར་པའི་བླ་མ་དང་། མཐའ་སྐོར་དུ་སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཏིལ་གྱི་གང་བུ་ཁ་བྱེ་བའམ། ཉི་ཟེར་ལ་རྡུལ་འཁྲིགས་པ་བཞིན་མངོན་སུམ་ལྟ་བུར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་ས་ཆེན་པོའི་དྲེག་པ་བཞིན་དུ་འཁོད་པས། དྭངས་འདོད་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པོས་ཀུན་ནས་བསླངས་ཏེ། ཐུན་གྱི་མགོར་དགེ་སྦྱོར་གང་བྱེད་བྱེ་བར་འགྱུར་བའི་སྔགས་བཟླ་བར་གསུངས་པས། ཨོཾ་སཾ་བྷཱ་ར་སཾ་བྷཱ་ར་བི་མ་ན་ས་ར་མ་ཧཱ་ཛམྦྷ་བ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་ཅི་ནུས་དང་། དེ་ནས་འདྲེན་པ་མཉམ་མེད་སྟོན་པ་བཅོམ་ལྡན་འདས། །གངས་རིའི་མགོན་པོ་རྗེ་བཙུན་སྤྱན་རས་གཟིགས། རྒྱལ་ཡུམ་སྒྲོལ་མ་བཅོམ་ལྡན་མི་གཡོ་མགོན། །བཀའ་
གདམས་ལྷ་མཆོག་བཞི་ལ་གསོལ་བ་འདེབས། །བྱམས་པ་ཐོགས་མེད་དབྱིག་གཉེན་རྣམ་གྲོལ་སྡེ། །མཆོག་སྡེ་དུལ་བའི་སྡེ་དང་གྲགས་པའི་སྡེ། །སེང་བཟང་ཀུ་སཱ་ལི་གཉིས་གསེར་གླིང་པ། །རྒྱ་ཆེན་སྤྱོད་པའི་བརྒྱུད་པར་གསོལ་བ་འདེབས། །འཇམ་དབྱངས་ཡོད་མེད་ཕྱོགས་འཇིག་ཀླུ་སྒྲུབ་དང་། །ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ། །སངས་རྒྱས་དགོངས་སྐྱོབ་འཕགས་པ་ཡབ་སྲས་ཏེ། །ཟབ་མོ་ལྟ་བའི་བརྒྱུད་པར་གསོལ་བ༴ ཐུགས་རྗེ་ཆེན་པོ་བདེ་གཤེགས་རྡོ་རྗེ་འཆང་། །མཆོག་གཟིགས་ཏི་ལོ་པ་དང་ནཱ་རོ་དང་། །དཔལ་མཆོག་ཌོམྦི་པ་དང་ཨ་ཏི་ཤ། །ཉམས་ལེན་བྱིན་རླབས་བརྒྱུད་པར་གསོལ༴ ལམ་བཟང་གསལ་མཛད་མགོན་པོ་ཨ་ཏི་ཤ །བཀའ་གདམས་བསྟན་པའི་མེས་པོ་རྒྱལ་བ་འབྲོམ། །ལེགས་པའི་ཤེས་རབ་རྒྱལ་མཚན་བཞི་ལ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་གསོལ་བ༴ སྲིད་ལ་ཞེན་ལོག་རྐྱེན་ངན་གྲོགས་སུ་ཤར། །བདག་གཞན་མཉམ་བརྗེས་རླབས་ཆེན་སྤྱོད་ལ་ཞུགས། །སྲིད་རྩ་དྲུང་འབྱིན་ལྟ་བས་རྒྱས་བཏབ་སྟེ། །ཐུན་མོང་ལམ་བཟང་བགྲོད་པར་བྱིན་གྱིས་རློབས། །གསང་སྔགས་སྒོར་ཞུགས་དམ་ཚིག་ཚུལ་བཞིན་སྲུང་། །ཟབ་གསལ་གཉིས་མེད་ལྷ་ཡི་རྣལ་འབྱོར་གྱིས། །ཟུང་འཇུག་སྙིང་གི་ཐིག་ལེ་མངོན་གྱུར་ནས། །འགྲོ་ཀུན་
མགོན་དུ་འགྱུར་བར་བྱིན་གྱིས་རློབས། །ཞེས་བརྒྱུད་པའི་གསོལ་འདེབས་མདོར་བསྡུས་པ་སྔོན་དུ་འགྲོ་བས་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ལ་འཇིགས་ཤིང་སྐྲག་པས་སྙིང་ཐག་པ་ནས་སྐྱབས་སུ་འགྲོ་བའི་འདུན་པ་དང་བཅས། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ། །ཆོས་རྣམས་ཀྱི་མཆོག་ཞི་བ་འདོད་ཆགས་དང་བྲལ་བའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ཆེན་པོ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་སྐྱབས་འགྲོ་ཅི་ནུས་སུ་བྱ། །གཉིས་པ་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པ་ནི། མཐའ་མེད་པའི་སེམས་ཅན་ཐམས་ཅད་ཕ་མ་དྲིན་ཅན་ཤ་སྟག་ཏུ་ཤེས་ཤིང་དེའི་དྲིན་བཟོར་མཁའ་ཁྱབ་ཀྱི་མ་རྣམས་བདེ་བ་དང་ལྡན། སྡུག་བསྔལ་དང་བྲལ་བའི་ཕྱིར་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་འདི་ཉམས་སུ་བླང་ངོ་སྙམ་པས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་དང་མཁའ་མཉམ་གྱི་སེམས་ཅན་མ་ལུས་པ་
ཐམས་ཅད་ཀྱིས་སྐྱེ་བ་འདི་དང་སྐྱེ་བ་གཞན་དག་ཏུ་སྦྱིན་པའི་རང་བཞིན་དང་། ཚུལ་ཁྲིམས་ཀྱི་རང་བཞིན་དང་། སྒོམ་པའི་རང་བཞིན་གྱི་དགེ་བའི་རྩ་བ་ཅི་བགྱིས་པ་དང་། བགྱིད་དུ་སྩལ་བ་དང་། །བགྱིས་པ་ལ་རྗེས་སུ་ཡི་རང་བའི་དགེ་བའི་རྩ་བ་དེས་ཇི་ལྟར་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་དང་ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱིས་དང་པོར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ཐུགས་བསྐྱེད་པར་མཛད་པ་དེ་བཞིན་ཏུ་བདག་སོགས་སེམས་ཅན་རྣམས་ཀྱིས་ཀྱང་། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་ཀྱི་སྙིང་པོ་ལ་མཆིས་ཀྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཆེན་པོ་ལ་སེམས་བསྐྱེད་པར་བགྱིའོ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་བར་བགྱིའོ། །མ་གྲོལ་བ་རྣམས་དགྲོལ་བར་བགྱིའོ། །དབུགས་མ་ཕྱུང་བ་རྣམས་དབུགས་དབྱུང་བར་བགྱིའོ། །ཡོངས་སུ་མྱ་ངན་ལས་མ་འདས་པ་རྣམས་ཡོངས་སུ་མྱ་ངན་ལས་འདའ་བར་བགྱིའོ། །ཞེས་སེམས་བསྐྱེད་བྱ། མཐར་སྐྱབས་ཡུལ་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་ཐིམ། བརྒྱུད་པའི་བླ་མ་རྣམས་ཀྱང་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། རྩ་བའི་བླ་མ་ཡང་དགྱེས་པ་ཆེན་པོའི་ངང་ནས་འོད་
དུ་ཞུ། རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ་ཅུང་ཟད་རེ་མཉམ་པར་བཞག་གོ། །བར་འདིར་སྤྲོ་ཞིང་ནུས་ན་རྡོ་རྗེ་སེམས་དཔའི་སྒོམ་བཟླས་དང་། བླ་མ་སྤྱན་རས་གཟིགས་ལ་བརྟེན་པའི་བླ་མའི་རྣལ་འབྱོར་གསལ་བཏབ་ལ། ཀུ་སཱ་ལིའི་ཚོགས་གསོག །མཎྜལ། དབང་བླང་རྣམས་མཛད་པའི་ཕྱག་བཞེས་ཀྱང་ཡོད་མོད་ཀྱུས་ལ་འདི་ཙམ་གྱིས་ཆོག །དངོས་སུ་བཤམས་པའི་མཆོད་པ་ཡོད་ན་བྱིན་གྱིས་བརླབ་པ་ནི། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་གཡས་ནོར་བུའི་ཕྲེང་བ་དང་གཡོན་ཤེལ་གྱི་འཁར་བ་རྩེ་མོར་སངས་རྒྱས་སྟོང་གིས་མཚན་པ་འཛིན་པ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས། སྣོད་བཅུད་ཀྱི་མ་དག་པ་སྦྱངས། ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་རྣམས་དྭངས་ཤིང་ཐོགས་པ་མེད་པ་དཔལ་ཀུན་ཏུ་བཟང་པོའི་རྣམ་པར་སྤྲུལ་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པ་ནམ་མཁའ་དང་མཉམ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྟའི་བར་སྦྱར་བས་བརླབ། གསུམ་པ་གནས་ལུགས་སྟོང་པར་རྗེས་སུ་
དྲན་པ་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་བ་ཤུདྡྷོཉ་ཧཾ། ཞེས་པའི་སྔགས་ཀྱིས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དང་རང་གི་སེམས་རོ་གཅིག་ཏུ་གྱུར་པ་ཐུགས་རྗེ་ཆེན་པོའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་མོས་ནས་དེའི་ངང་དུ་གཉིས་སྣང་གི་སྤྲོས་པ་གཞན་གྱིས་བར་མ་ཆོད་པར་འཛིན་སྟངས་གསལ་ཞིང་དམ་པར་མཉམ་པར་འཇོག་ཅིང་། དེ་ལྟ་བུའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་ངའོ་སྙམ་དུ་ང་རྒྱལ་ཤུགས་དྲག་ཏུ་བསྐྱེད་པ་ནི་ཆོས་སྐུའི་ལག་རྗེས་འཇོག་པར་བྱེད་པ་སྟོང་པའི་རྣལ་འབྱོར་རོ། །བཞི་པ་རང་ལུས་ལྷ་སྐུར་རྗེས་སུ་དྲན་པ་ལ་གཉིས། །རིམ་པ་དང་པོ་བསྐྱེད་པའི་རིམ་པ་དང་། རིམ་པ་གཉིས་པ་རྫོགས་པའི་རིམ་པ་ལ་སློབ་ཚུལ་ལོ། །དང་པོ་ལའང་ཐིག་ལེ་བཅོ་ལྔ་ལས། དང་པོ་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐིག་ལེ་བསྒོམ་པ་སྤྱི ནི། སྟོང་པའི་ངང་ལས་རང་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་འཇའ་ཚོན་སྣ་ལྔའི་གུར་ཁྱིམ་གྱི་དབུས་སུ་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་འདོད་སྣམ་ཕ་གུ་དྲྭ་བ་དྲྭ་ཕྱེད་མདའ་ཡབ་པུ་ཤུ་རྟ་བབས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་གི་སྟེང་དང་ཤར་དཀར། ལྷོ་སེར། ནུབ་དམར། བྱང་ལྗང་། འོག་སྔོན་པོར་གྱུར་པའི་ཁ་དོག་སོ་སོའི་རང་མདོག་ལྟར་འཆར་བ་ལ་
རྣམ་པ་ཡི་གེའི་གཟུགས་ཅན་གྱིས་བར་མཚམས་མེད་པར་ཁྱབ་པ། ཁ་དོག་དང་དབྱིབས་རྣམས་མ་འདྲེས་པར་སོ་སོར་བཀྲ་བའི་སྟེང་གི་ཡི་གེ་ཐམས་ཅད་ཨོཾ། ཤར་མ། ལྷོ་ཎི། ནུབ་པད། །བྱང་མེ། འོག་ཧཱུྃ་དུ་སྣང་བའི་གཞལ་ཡས་ཁང་གི་ནང་དུ་སེམས་ཉིད་ཐིག་ལེ་དཀར་པོ་གསལ་སྟོང་འོད་ཀྱི་རང་བཞིན་ཅན་དེ་ཇེ་ཆེར་སོང་བ་ལས་རང་ཉིད་ཐུབ་པ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོར་གྱུར་པ་འོད་དུ་ཞུ་བ་ལས། སྐད་ཅིག་གིས་པཾ་ཡིག་དཀར་པོ་ལས་ནམ་མཁའི་མཐའ་དང་མཉམ་པའི་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདཀར་པོ་ཡོངས་སུ་གྱུར་པ་ལས་ཐིག་ལེ་དཀར་པོ་ནམ་མཁའ་ལྟར་མཐའ་དང་བྲལ་བའི་རང་བཞིན་ཅན། དེ་ཡོངས་སུ་གྱུར་པ་ལས་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ནམ་མཁས་གར་ཁྱབ་ཏུ་སྐུས་ཁྱབ་པ། དབུ་བཅུ་གཅིག་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ། རྩ་ཞལ་དཀར། གཡས་དམར། གཡོན་ལྗང་། དེའི་སྟེང་གི་ཞལ་དབུས་ལྗང་། གཡས་དཀར། གཡོན་དམར། དེའི་སྟེང་གི་ཞལ་དབུས་དམར། གཡས་ལྗང་། གཡོན་དཀར་བ། དེའི་སྟེང་ན་ཁྲོ་ཞལ་ནག་པོ་མཆེ་བ་གཙིགས་པ། སྤྱན་གསུམ་པ། རལ་པ་དམར་སེར་གྱེན་དུ་བརྫེས་པ། དེའི་སྤྱི་བོར་
ཞི་ཞལ་དམར་པོ་གཙུག་ཏོར་ཅན། རྩ་བའི་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་གཉིས་པ་ན་བགྲང་ཕྲེང་། གསུམ་པ་མཆོག་སྦྱིན་གྱི་ཕྱག་རྒྱུས་ཡི་དྭགས་ཀྱི་སྐོམ་པ་སེལ་བ། བཞི་པ་ན་འཁོར་ལོ། །གཡོན་གྱི་གཉིས་པ་ན་པདྨ། གསུམ་པ་ན་རིལ་བ་སྤྱི་བླུགས། བཞི་པ་ན་མདའ་གཞུ་འཛིན་པ། ཕྱག་ལྷག་མ་དགུ་བརྒྱ་དང་དགུ་བཅུ་རྩ་གཉིས་པོ་ཐམས་ཅད་མཆོག་སྦྱིན་མཛད་པ། ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་ཀྱི་ཞིང་གྲངས་མེད་པ། དེ་རྣམས་ན་སངས་རྒྱས་བྱང་སེམས་མཐའ་ཀླས་པ་བཞུགས་པ། གནས་གསུམ་གྱི་ཡིག་འབྲུ་ལས་འོད་ཟེར་གྱི་ཚོགས་འཕྲོས་པས་སེམས་ཅན་གྱི་དོན་དཔག་ཏུ་མེད་པ་མཛད་པ་ཞིག་ཏུ་གྱུར་པར་བསམས་ལ་ང་རྒྱལ་དང་གསལ་སྣང་ཅི་ཐོན་བྱའོ། །དེ་ལྟར་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་བསྐྱེད་རིམ་གསལ་ཐེབས་ནས་རིམ་པ་བཞིན་དམིགས་པ་ཕྱི་མ་རྣམས་ལ་འཇུག་པར་བྱ་སྟེ། དེའི་ཐུགས་ཀར་ཐིག་ལེ་གཉིས་པ་མི་མཇེད་ཀྱི་བཀོད་པ་སྔར་ལྟ་བུའི་གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨོཾ་སེར་པོ་ལས་ཐུབ་པ་ཆེན་པོ་རྣམ་པར་སྣང་མཛད་གངས་ཆེན་མཚོ་སྤྲུལ་སྐུའི་ཆ་བྱད་ཅན། གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་གཡོན་མཉམ་བཞག་མཛད་པ། གཡས་གཡོན་མཆོག་ཟུང་བཞེངས་ཏེ་
བཞུགས་པ། ཐེག་པ་གསུམ་གྱི་འཁོར་ཚོགས་རྒྱ་མཚོས་བསྐོར་བ། དེའི་ཐུགས་ཀར་ཐིག་ལེ་གསུམ་པ་ཁ་བ་ཅན་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་བཀོད་པ་བསམ་གྱིས་མི་ཁྱབ་པ་ཇི་ལྟ་བ་བཞིན་བཞུགས་པ། དེའི་ཐུགས་ཀར་ཐིག་ལེ་བཞི་པ་ཡང་སྒོས་དབུ་རུ་བྱང་ཕྱོགས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ལས་འབྲོམ་ཤེལ་གྱི་ཁྱེའུ་དཀར་པོ་ཞི་ཞིང་འཛུམ་པ། དབུ་སྐྲ་མཐིང་ག་དཔུང་པའི་ཐད་དུ་སླེབས་པ། ཕྱག་གཡས་ཤེལ་དཀར་གྱི་ཕྲེང་བ་དང་། གཡོན་ཤེལ་གྱི་འཁར་བ་རྩེ་མོར་པདྨ་དཀར་པོ་འདབ་མ་སྟོང་དང་ལྡན་པའི་ལྟེ་བར་ཟླ་གདན་ལ་ཡུམ་ཆེན་མོ། གཡས་སུ་བླ་མ་མར་མེ་མཛད། གཡོན་དུ་རྒྱལ་བ་ཤཱཀྱ་ཐུབ་པ། འདབ་མ་སྟོང་ལ་སངས་རྒྱས་སྟོང་བཞུགས་པས་མཚན་པ་འཛིན་པ། །ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པ། འདི་བཞི་ལ་རྟེན་གྱི་ཐིག་ལེ་ཞེས་བརྗོད་དེ། གཙོ་བོར་སྣོད་ཀྱི་འཇིག་རྟེན་སྤྱི་དང་བྱེ་བྲག་མ་དག་པའི་སྣང་ཞེན་སྦྱངས་ནས་དག་པ་རབ་འབྱམས་སུ་སྒྱུར་བར་བྱེད་པའི་ཕྱིར་རོ། །དེའི་ཐུགས་ཀར་ལྔ་པ་ཡུམ་ཤེར་ཕྱིན་མའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཨ་སེར་པོ་ལས་ཡུམ་ཤེར་ཕྱིན་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་བཞི་
མ་གཡས་དང་པོ་ཐུགས་ཀར་སྐྱབས་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་དང་པོ་མཉམ་བཞག་མཛད་པ། གཡས་འོག་མས་རྡོ་རྗེ་དང་། གཡོན་འོག་མས་གླེགས་བམ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བ། དེའི་ཐུགས་ཀར་དྲུག་པ་ཐུབ་པའི་ཐིག་ལེ། །གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུཾ་སེར་པོ་ལས་ཐུབ་པ་བདུད་འདུལ་སྤྲུལ་སྐུའི་ཆ་ལུགས་ཅན། གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་པ། དེའི་ཐུགས་དཀར་བདུན་པ་སྤྱན་རས་གཟིགས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧྲཱིཿདཀར་པོ་ལས་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ། དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། ལྷག་མ་གཉིས་ཤེལ་ཕྲེང་དང་པད་དཀར་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། འཁོར་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ། དེའི་ཐུགས་ཀར་བརྒྱད་པ་རྗེ་བཙུན་སྒྲོལ་མའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཏཱྃ་ལྗང་གུ་ལས་སྒྲོལ་མ་ལྗང་གུ་ཞལ་གཅིག་ཕྱག་གཉིས་མ། གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་ཨུཏྤལ་མཐེབ་སྲིན་གྱིས་ཐུགས་ཀར་འཛིན་པ། འཁོར་ཞི་བའི་ལྷ་མོ་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་དགུ་པ་སྒྲོལ་མ་དྲག་མོའི་ཐིག་ལེ།
གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་ན་ཏཱ་ལྗང་ནག་ལས་སྒྲོལ་མ་དྲག་མོ་ལྗང་ནག་ཞལ་གཅིག་ཕྱག་བཞི་མ། དང་པོ་གཉིས་གྲི་ཐོད། འོག་མ་གཉིས་ཌཱ་མ་རུ་དང་ཁ་ཊྭཱྃ་ག་འཛིན་པ། མི་ལྤགས་ཀྱི་གཡང་གཞི་དང་སྟག་ལྤགས་ཀྱི་ཤམ་ཐབས་དང་རུས་པའི་རྒྱན་དྲུག་གསོལ་ཞིང་གཡོན་བརྐྱང་གིས་བཞུགས་པ། འཁོར་དུ་ལྷ་མོ་དྲག་མོའི་ཚོགས་དཔག་ཏུ་མེད་པས་བསྐོར་བ། དེའི་ཐུགས་ཀར་བཅུ་པ་མི་གཡོ་བའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཉིའི་སྟེང་དུ་ཧཱུྃ་མཐིང་ག་ལས་མི་གཡོ་བ་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། ཁྲོ་ཞིང་གཏུམ་པ། གཡས་རལ་གྲི་དང་གཡོན་ཞགས་པ་འཛིན་པ། སྦྲུལ་དང་རིན་པོ་ཆེས་བརྒྱན་ཅིང་གླང་ལྤགས་དང་སྟག་ཤམ་གསོལ་བ། གཡས་བརྐྱང་གིས་ཚོགས་ཀྱི་བདག་པོའི་གདན་ལ་མེ་དཔུང་གི་དབུས་ན་ཁྲོ་བོའི་ཚོགས་ཀྱིས་བསྐོར་ཏེ་བཞུགས་པ། འདི་དྲུག་ལ་བརྟེན་པ་ཡི་དམ་ལྷའི་ཐིག་ལེ་ཞེས་བརྗོད་དེ། གཙོ་བོར་རང་རང་གི་ལུས་ཐ་མལ་གྱི་སྣང་ཞེན་སྦྱངས་ནས་ཡི་དམ་གྱི་ལྷའི་སྐུར་བསྒོམ་པ་སྟེ་ཟབ་གསལ་གཉིས་མེད་ཀྱི་ལྷའི་རྣལ་འབྱོར་རྩལ་དུ་བཏོན་པ་དང་། སྔོན་འབྲོམ་ཆོས་ཀྱི་རྒྱལ་པོས་ཇོ་བོའི་སྤྱན་སྔར་སངས་རྒྱས་བྱང་སེམས་ཐམས་ཅད་ལྷ་བཞིར་བསྡུས་ནས་གདམས་པ་ལྟར། བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་རྣམ་ཐར་སྐྱོང་
བར་འདོད་པ་རྣམས་ཀྱིས་གཙོ་བོར་ཉམས་སུ་བླང་དགོས་པའི་ཕྱིར་རོ། །དེའི་ཐུགས་ཀར་བཅུ་གཅིག་པ་ཇོ་བོའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་དཀར་པོ་ལས་མགོན་པོ་ཨ་ཏི་ཤ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན། རྡོ་རྗེ་དང་དྲིལ་བུ་འཛིན་པ། སྐྱིལ་ཀྲུང་གིས་བཞུགས་པ། དེའི་མདུན་དུ་ཐུབ་པ་ལོངས་སྐུའི་ཆ་ལུགས་ཅན། གཡས་སུ་སྤྱན་རས་གཟིགས། གཡོན་དུ་སྒྲོལ་མ། རྒྱབ་ཏུ་མི་གཡོ་བ། ཤར་ལྷོར་ཇོ་བོ་པཎྜི་ཏའི་ཆ་བྱད་ཅན། ལྷོ་ནུབ་ཏུ་འབྲོམ་དགེ་བསྙེན་གྱི་ཆ་བྱད་ཅན། ནུབ་ཏུ་རྔོག་དང་། བྱང་ཤར་དུ་ཁུ་སྟོན་གཉིས་བོད་སྟོན་རབ་བྱུང་གི་ཆ་བྱད་ཅན། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅུ་གཉིས་པ་འབྲོམ་གྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་དུ་ཧཱིཝདཀར་པོ་ལས་འབྲོམ་ཆོས་ཀྱི་རྒྱལ་པོ་ལོངས་སྐུའི་གར་ཆས་སུ་བཞུགས་པ། དགུང་ལོ་བཅུ་དྲུག་ལོན་པའི་ན་ཚོད་ཅན། གཡས་པད་དཀར་དང་གཡོན་དྲིལ་བུ་འཛིན་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པའི་མདུན་དུ་ཕྱི་ལྟར་ན་རང་དང་ཆ་ལུགས་མཚུངས་པའི་ཁྱེའུ་དཀར་པོ་བཞི། གཡས་སུ་སེར་པོ་བཞི། གཡོན་དུ་ལྗང་གུ་བཞི། རྒྱབ་ཏུ་དམར་པོ་བཞི། ནང་ལྟར་ན་སྐུ་མཆེད་གསུམ་སོགས། གསང་བ་ལྟར་ན་རིགས་ལྔའི་ངོ་
བོ། སྟེང་གི་ཆ་ལ་བརྒྱུད་པ་གསུམ་གྱི་བླ་མ་རྣམས་དང་། གསང་བ་ཡེ་ཤེས་སོགས་མཁའ་འགྲོའི་ཚོགས་དུ་མ་རྣམས་ཨུ་རྒྱན་གྱི་ཡུལ་དུ་མཛད་པ་ཇི་ལྟ་བ་བཞིན་གར་སྟབས་སྣ་ཚོགས་སུ་སྒྱུར་བ། དེའི་ཐུགས་ཀར་བཅུ་གསུམ་པ་བྱམས་པའི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་མེ་སེར་པོ་ལས་རྒྱལ་བ་བྱམས་པ་དགེ་སློང་སྣམ་སྦྱར་ཆོས་གོས་གྱོན་པ། མཚན་དཔེ་དང་ལྡན་པ། ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། གཡས་གཡོན་ན་ནམ་མཁའ་དྲི་མ་མེད་པ་དང་བཙུན་པ་སྤྱན་རས་གཟིགས་གཉིས་དགེ་སློང་གི་ཆ་བྱད་ཅན་བཞེངས་ཏེ་བཞུགས་པ། སྟེང་གི་ཆ་ལ་འཕགས་པ་ཐོགས་མེད་སོགས་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅུ་བཞི་པ་འཇམ་དབྱངས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་དྷཱིཿདམར་སེར་ལས་རྗེ་བཙུན་འཇམ་དཔལ་དབྱངས་རབ་བྱུང་སྤྲུལ་སྐུའི་ཆ་ལུགས་ཅན། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ། ཞབས་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་ཇོ་བོ་དང་སྤྱན་རས་གཟིགས་རབ་བྱུང་གི་རྣམ་པ་ཅན། སྟེང་གི་ཆ་ལ་མགོན་པོ་ཀླུ་སྒྲུབ་སོགས་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མའི་ཚོགས་རྣམས་བཞུགས་པ། དེའི་ཐུགས་ཀར་བཅོ་ལྔ་པ་རྡོ་རྗེ་འཆང་གི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་
སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་ཉི་མ་ཟླ་བའི་གདན་ལ་ཧཱུྃ་མཐིང་ག་ལས་རྒྱལ་བ་རྡོ་རྗེ་འཆང་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན་སྐུ་མདོག་སྔོན་པོ། རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་ཏེ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། གཡས་གཡོན་དུ་མཆོག་ཟུང་ལོངས་སྐུའི་ཆ་ལུགས་ཅན་གྱིས་བཞེངས་པ། སྟེང་གི་ཆ་ལ་ཏཻ་ལོ་ནཱ་རོ་སོགས་ཉམས་ལེན་བྱིན་རླབས་བརྒྱུད་པའི་བླ་མའི་ཚོགས་རྣམས་བཞུགས་པ། འདི་རྣམས་ལ་རྩ་བརྒྱུད་ཀྱི་བླ་མའི་ཐིག་ལེ་ཞེས་བརྗོད་དེ། གསང་སྔགས་བླ་མེད་ཀྱི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་མྱུར་བ་མྱུར་བར་རྒྱུད་ལ་བསྐྱེད་པའི་ཕྱིར་བླ་མའི་རྣལ་འབྱོར་ལ་རྩལ་དུ་བཏོན་པ་ཡིན་པའི་ཕྱིར་རོ། །དེ་ཡན་ཆད་ནི་གཟུགས་སྐུའི་ལག་རྗེས་འཇོག་བྱེད་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་བསྒོམ་པའོ།། །།གཉིས་པ་རྫོགས་རིམ་ནི། རྡོ་རྗེ་འཆང་དེའི་ཐུགས་ཀར་བཅུ་དྲུག་པ་བྱང་ཆུབ་སེམས་ཀྱི་ཐིག་ལེ། གཞལ་ཡས་ཁང་གི་ནང་དུ་པད་ཟླའི་སྟེང་ན་ཧཱུྃ་ཧཱུྃ་སེར་པོ་ལས་གསེར་མདོག་ཏུ་བསྒོམ་པའང་ཡོད། སྔོན་པོ་ལས་སངས་རྒྱས་ཆོས་ཀྱི་སྐུ་མཐིང་སྐྱ་མཉམ་གཞག་དང་སྐྱིལ་ཀྲུང་ཅན་ཆོས་ཀྱི་དབྱིངས་ལས་མི་གཡོ་བཞིན་དུ་སྒྱུ་འཕྲུལ་དྲ་བའི་རྣམ་རོལ་སྣ་ཚོགས་སུ་སྟོན་པ། དེའི་སྙིང་དཀྱིལ་དུ་ཤིན་ཏུ་ཕྲ་བའི་རླུང་གི་ངོ་བོ་བྱང་ཆུབ་སེམས་ཀྱི་
ཐིག་ལེ་དཀར་དྭངས་ཡུངས་འབྲུ་ཙམ་པ། དེ་རྒྱ་ཇེ་ཆེར་སོང་ནས་ནོར་བུ་རིན་པོ་ཆེའི་སྣོད་རྒྱ་ཆེ་ཞིང་དཔངས་མཐོ་ལ་འོད་འཚེར་བ། དེའི་ནང་དུ་རང་སེམས་ཐིག་ལེ་སེར་པོ་སྲན་མ་ཙམ་པ་དྭངས་ཤིང་འོད་འཚེར་བ་མེར་མེར་གཡོ་ཞིང་འཇུ་བ་ལྟ་བུ། དེ་རྒྱ་ཇེ་ཆེར་སོང་བས་ཐིག་ལེའི་རྒྱ་མཚོ་གསེར་བཙོ་མའི་མདོག་ལྟར་དྭངས་ཤིང་ཁོད་སྙོམས་པ། གཞི་བརྟན་པ། རྒྱ་ཆེ་བ་ཁྱབ་ཆེ་བ། གཟུགས་བརྙན་ཐམས་ཅད་འཆར་བ་ཞིག་ཏུ་གྱུར་པར་བསམས་ལ་སེམས་ཞུགས་པ་བཞིན་གཏད་ནས་རྩེ་གཅིག་ཏུ་མཉམ་པར་བཞག་པས། རླུང་སེམས་འཇུག་པ་གཅིག་པས་སེམས་སྙིང་དབུས་ཀྱི་དྷཱུ་ཏིར་ཟིན་པ་ན་རླུང་ཡང་དེ་ཉིད་དུ་ཟིན་ཏེ། རླུང་དབུ་མར་ཞུགས་པའི་རྟགས་སུ་སྣ་བུག་ནས་མཉམ་རྒྱུ་ཁོ་ནར་འབབས། གནས་པའི་རྟགས་སུ་རྣལ་འབྱོར་ལ་མཉམ་པར་བཞག་པའི་སྐབས་སུ་ལྟེ་བ་མི་འགུལ། ཐིམ་པའི་རྟགས་སུ་འོད་གསལ་དུ་ཐིམ་པའི་སྣང་བ་ཤར་བ་སྟེ་དེ་ལྟ་བུའི་ཞུགས་གནས་ཐིམ་གསུམ་གྱི་རྩལ་རྫོགས་ཏེ་ཡུལ་བདེ་བ་ཆེན་པོ་དང་། ཡུལ་ཅན་སྟོང་པ་ཉིད་དུ་ཟུང་འཇུག་ཏུ་གྲུབ་པས་ན་རྫོགས་རིམ་དུ་འགྲོ་བ་ཡིན་ནོ། །དེ་ལྟར་ཐིག་ལེ་བཅུ་དྲུག་པོ་དེ་རེ་རེ་ལའང་རྒྱས་པར་ན་རྗེས་དྲན་ལྔ་ཚང་བར་བསྒོམས་ཏེ། རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་གདབ་པ་དང་། ཆོས་སྐུའི་ལག་
རྗེས་འཇོག་བྱེད་སྟོང་པའི་རྣལ་འབྱོར་བསྒོམ་པ་དང་། དེའི་ངང་ལས་ལྷ་བསྒོམ་པ་དང་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་གསལ་སྣང་ཐོན་ནས། རང་གི་སེམས་ཀྱི་ཆ་ཤས་ཤིག་གིས་འགྲོ་ཀུན་ཕ་མར་རྗེས་སུ་དྲན་པས་སེམས་ཅན་ཐམས་ཅད་དཀྱིལ་འཁོར་གྱི་ནང་དུ་ཁྲིད་དེ་དཀྱིལ་འཁོར་གྱི་གཙོ་བོ་ལ་ཐུན་མོང་མ་ཡིན་པའི་ཡན་ལག་བདུན་པ་འབུལ་བ་དང་། ཕྱག་དང་སྐོར་བ་མང་དུ་བྱས་ནས་གཟུངས་སྔགས་བཟླས་པས་སླར་ཡང་ནང་མ་ནང་མར་འཇུག་པ་དང་། ངག་སྔགས་སུ་རྗེས་དྲན་གྱིས་སོ་སོའི་སྙིང་པོ་དམིགས་པའི་གནད་དང་བཅས་པས་བཟླ་བ་རྣམས་བྱ་ཞིང་། མདོར་བསྡུ་ན། །སྐབས་འདིར་གནས་གསུམ་བྱིན་རླབས་མན་ལྷན་ཅིག་ཏུ་བྱ་བ་ནི། ལྷ་ཚོགས་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ནས་བསྒོམ་པ་དང་འདྲ་བའི་ཡེ་ཤེས་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿགཉིས་སུ་མེད་པར་གྱུར། པདྨ་ཀཱ་མ་ལཱ་ཡ་སྟྭྃ། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རྣམས་སྤྱན་དྲངས། ཁྱེད་རྣམས་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་
བཏབ་པས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས་དབང་བསྐུར། ལུས་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་གཙུག་ཏུ་འཁྱིལ་བ་ལས་རང་རང་གི་ས་བོན་གྱིས་དབུར་བརྒྱན་པར་མོས་པ་སྟེ་ཡན་ལག་བཞི་རྫོགས་ཀྱི་ཚུལ་དུ་གསལ་བཏབ་ནས། རང་གི་སེམས་ཀྱི་ཆ་ཤས་ལས་གྲུབ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ཏེ། །ཕྱག་དང་ཕྱག་ཡུལ་གཉིས་སྟོང་པའི། །རྣམ་དག་སྐུ་ལ་ཡེ་ཕྱག་འཚལ། །སྐྱེ་གནས་འཇིག་པས་མ་གོས་པའི། །དྲི་མེད་མཆོད་ཚོགས་འབུལ་ལོ་ལྷ། །སྒོ་གསུམ་སྐྱེ་གནས་འཇིགས་བྲལ་བའི། །ཉེས་པའི་གཡང་ས་མཐོལ་ལོ་བཤགས། །སྟོང་ཡང་སྣ་ཚོགས་སྐུར་སྟོན་པའི། །གྲངས་མེད་འདྲེན་ལ་རྗེས་ཡི་རང་། །སྨོན་དང་མཚན་མས་སྟོང་པ་ཡི། །འཁོར་ལོ་དབྱིངས་སུ་བསྐོར་དུ་གསོལ། །སྐྱེ་བས་སྟོང་པའི་ཆོས་སྐུ་ཁྱེད། །ལྷུན་གྲུབ་གནས་པའི་རང་བཞིན་ལས། །གང་དུའང་འདའ་བར་མ་མཛད་ཅིག །དགེ་བ་འདི་ཡིས་འཁོར་བ་རྣམས། །འདི་འདྲར་རྟོགས་ཏེ་འདི་འདྲ་བའི། །གཞལ་ཡས་ཁང་དུ་འདྲོངས་གྱུར་ཏེ། །གསང་སྔགས་འདི་བཞིན་སྤྱོད་པར་བསྔོ། །གནས་སྐབས་ཀྲི་ཡའི་ལྷ་ལྔ་བཞིན། །པད་དཀར་སྟོང་ལྡན་ལྟེ་བ་ལ། །ཟླ་བ་ཞུན་མའི་གདན་སྟེང་དུ། །ཕྱི་ནང་གསང་བ་དེ་ཉིད་ཀྱི། །བསྐྱེད་རྫོགས་མཆོག་ཏུ་བསྔགས་པར་
ཤོག །གློ་བུར་འདི་ཡང་ཆོས་དབྱིངས་ལས། །ཐ་དད་ཅི་ཡང་ཡོད་མ་མཆིས། །ཐ་དད་མེད་པར་ཕུན་ཚོགས་པའི། །བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག །གཙང་མ་རིགས་ཀྱི་བཀྲ་ཤིས་ཤོག ། ཐོག་མཐའ་བར་གསུམ་གཙང་མ་ལས། །གཡོས་པ་མེད་པའི་བཀྲ་ཤིས་ཤོག །ཅེས་ཡན་ལག་བདུན་པ་དང་། རྒྱས་པར་ཚིགས་བཅད་སྦྲགས་མའམ་བསྡུ་ན། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨརྒྷཾ་པྲ་ཏཱི་ཙྪསྭཱ་ཧཱ་ནས། ཤབྡའི་བར་སྦྱར་བའི་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། སྤྲོ་ན་འདོད་ཡོན་ལྔ་དང་། རྒྱལ་སྲིད་བདུན། བཀྲ་ཤིས་རྫས་རྟགས་སོགས་ཀྱང་སྤྱི་ལྟར་ཕུལ། །མ་དག་ཞིང་གི་འཇིག་རྟེན་ཇི་སྙེད་པ། །དག་པ་རབ་འབྱམས་ལྷ་ཡི་གཞལ་ཡས་སུ། །མངོན་པར་ལེགས་སྒྱུར་བཅོམ་ལྡན་ཐུབ་པ་ཆེ། །རྗེ་བཙུན་ཕྱག་ན་པདྨོའི་ཚོགས་ལ་བསྟོད། །སྡེ་སྣོད་གསུམ་གྱི་ཡུམ་ཆེན་ཤེར་ཕྱིན་མ། །སངས་རྒྱས་ཞིང་དང་ཁྲོ་བོ་མཁའ་འགྲོའི་ཚོགས། །ཀུན་འདུས་བཀའ་གདམས་ལྷག་པའི་ལྷ་མཆོག་བཞི། །སྐྱབས་མཆོག་ཡི་དམ་ཆོས་སྐྱོང་རྣམས་ལ་བསྟོད། །རྒྱ་ཆེན་སྤྱོད་དང་ཟབ་མོ་ལྟ་བའི་ལམ། །ཉམས་ལེན་སྙན་བརྒྱུད་གདམས་པ་མཆོག་གི་གཏེར། །རྒྱུན་ཆད་མེད་པར་འཛིན་ཅིང་སྤེལ་མཁས་པ། །ལྷ་ཆོས་བདུན་ལྡན་བརྒྱུད་པ་རྣམས་ལ་བསྟོད། །གདོད་ནས་རྣམ་དག་སྣང་སྟོང་དག་
པའི་གཤིས། །བཞིན་ལག་མཚན་དཔེའི་འཇའ་ཚོན་རྣམ་བཀྲ་བ། །འགྱུར་མེད་ཆོས་སྐུ་གསལ་སྟོང་རླུང་སེམས་ཟུང་། །ཆེས་ཕྲ་ཐིག་ལེའི་རྣམ་པར་ཤར་ལ་བསྟོད། །ལྷ་ཆོས་བདུན་གྱི་ཉིང་ཁུ་ཐིག་ལེའི་ཆོས། །ཉམས་སུ་བསྟར་བས་ཚེ་འདིར་ཟུང་འཇུག་སྐུ། །མངོན་དུ་བྱས་ཏེ་དོན་གཉིས་མ་ལུས་པ། །འབད་མེད་ལྷུན་གྱིས་གྲུབ་པར་བྱིན་གྱིས་རློབས། །ཞེས་རྡོ་རྗེའི་གླུ་སྙན་འགྱུར་གྱི་ཉམས་དང་ལྡན་པས་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བསྟོད་པར་བསམ། དེ་ནས་རང་ཉིད་ཐུགས་རྗེ་ཆེན་པོ་ཕྱག་གཉིས་པའི་རྣམ་པར་ལོགས་སུ་བྱེ་བས། འགྲོ་ཀུན་ཕ་མར་རྗེས་སུ་དྲན་པའི་སྙིང་རྗེ་ཆེན་པོས་བལྟས་ཏེ། རང་ཉིད་ཀྱིས་སྣ་དྲངས་སེམས་ཅན་ཐམས་ཅད་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་དུ་ཞུགས། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་ཕྱག་དང་བསྐོར་བ་བྱས་ཏེ་གསོལ་བ་བཏབ། ཁྱད་པར་དུ་རང་གི་ལུས་ལོངས་སྤྱོད་དུས་གསུམ་དུ་བསགས་པའི་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་འགྲོ་བ་མགོན་དང་སྐྱབས་མེད་པ་རྣམས་ཀྱི་ཕན་པ་དང་བདེ་བ་གང་ལ་གང་འཚམས་ཀྱི་ཉེར་འཚོའི་རྟེན་དུ་འགྱུར་པའི་ཕྱིར་ཕོངས་པ་མེད་པར་ལྷ་ཚོགས་རྣམས་ལ་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་ཕུལ་བས་ཟག་མེད་ཀྱི་བདེ་བས་དགྱེས། གནས་གསུམ་གྱི་ཡི་གེ་
གསུམ་དང་ཁྱད་པར་ཐུགས་ཀའི་ས་བོན་དང་སྔགས་ཕྲེང་ལས་འོད་ཟེར་བདུད་རྩིའི་རྒྱུན་དང་བཅས་པ་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ་མོ། །ལྔ་པ་ངག་སྔགས་སུ་རྗེས་སུ་དྲན་པ་ལ་གཉིས་ཏེ། རིམ་པ་དང་པོའི་ལྷའི་རྣལ་འབྱོར་དང་ལྡན་པའི་སྒོ་ནས་ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་སྐུལ་བའི་བཟླས་བརྗོད་ཇི་ལྟར་བྱ་བ་དང་། རིམ་པ་གཉིས་པའི་རྣལ་འབྱོར་དང་ལྡན་པས་རླུང་སྔགས་དབྱེར་མེད་དུ་བྱས་ཏེ་རྡོ་རྗེའི་བཟླས་པ་ལ་སློབ་ཚུལ་ལོ། །དང་པོ་ནི། ཐིག་ལེ་བཅུ་དྲུག་གི་ལྷ་ཚོགས་རྣམས་ཀྱི་གཙོ་བོའི་ཐུགས་ཀར་སོ་སོའི་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བ་བཀོད་ལ། དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཐུགས་མཉེས་པའི་མཆོད་པ་ཕུལ། གསང་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་ཐིམ། སླར་ཡང་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱངས། ཐམས་ཅད་དག་པའི་ཞིང་གི་རྣམ་རོལ་དུ་གྱུར་པར་བསམས་ལ། ཐིག་ལེ་དང་པོ་ལ། ༀ་མ་ཎི་པདྨེ་ཧཱུྃ། ཞེས་བཟླ། དེ་
བཞིན་ཏུ་གཉིས་པ་ལ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། གསུམ་བཞི་གཉིས་ལ་ཡིག་དྲུག་དང་། ལྔ་པ་ལ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ། པཱ་ར་ག་ཏེ། པཱ་ར་སཾ་ག་ཏེ། བོ་དྷི་སྭཱ་ཧཱ། དྲུག་པ་ལ་མུ་ནེ། བདུན་པ་ལ་ཡིག་དྲུག །བརྒྱད་པ་ལ། ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ། དགུ་པར། ༀ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་ཧཱུྃ་ཕཊ། བཅུ་པ་ལ། ༀ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ། བཅུ་གཅིག་པ་ལ། བཀའ་གདམས་ལྷ་བཞིའི་སྔགས་སམ། ཡང་ན། ཨོཾ་མ་ཧཱ་གུ་རུ་དཱི་པཾ་ཀཱ་ར་ཨ་ཏི་ཤ་སྭཱ་ཧཱ། བཅུ་གཉིས་པ་ལ་ཡིག་དྲུག །བཅུ་གསུམ་པ་ལ། ཨོཾ་མཻ་ཏྲི་མཻ་ཏྲི་མ་ཧཱ་མཻ་ཏྲི་ཡེ་སྭཱ་ཧཱ་དང་། ཨོཾ་མཻ་ཏྲི་ཡེ་སྭཱ་ཧཱ་གང་རུང་། བཅུ་བཞི་པ་ལ། ༀ་ཝཱ་གི་ཤྭ་རི་མུྃ། བཅོ་ལྔ་པ་ལ། ༀ་བཛྲ་དྷྲྀཀ་ཧཱུྃ་ཧཱུྃ། བཅུ་དྲུག་པ་ལ། ༀ་དྷརྨ་ཀཱ་ཡ་སིདྡྷི་ཧཱུྃ། ཞེས་དང་། ཨོཾ་ཨཱཿཧཱུྃ། ཞེས་སོ་སོར་བརྒྱ་སྟོང་སོགས་ཅི་ནུས་སུ་བཟླ། །ཡང་ན། དེ་ཐམས་ཅད་ལ་ཡིག་དྲུག་ཁོ་ན་བཟླ་ཞིང་། གཙོ་བོར་ཡིག་དྲུག་ལ་རྩལ་དུ་འདོན། དེའི་ཚེ་དམིགས་པ་ནི། རང་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ཐུགས་རྗེ་ཆེན་པོའི་སྐུའི་བ་སྤུའི་ཁུང་བུ་རེ་རེར་ཡང་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དང་། དེ་རེ་རེར་ཡང་རྒྱལ་བ་སྲས་བཅས་བསམ་གྱིས་མི་ཁྱབ་པ་ཉི་ཟེར་ལ་རྡུལ་འཁྲིགས་པ་ལྟར་བཞུགས་པ་ཐམས་ཅད་ཀྱི་ཞལ་ནས་ཀྱང་ཡི་གེ་དྲུག་
པའི་སྒྲ་འུར་དིར་རེ་གསུང་བ་དང་། དེར་མ་ཟད་ཞིང་ཁམས་དེ་དང་དེར་གནས་པའི་ས་ཆུ་མེ་རླུང་སྟེ་རྟེན་འབྱུང་བ་བཞིའི་སྒྲ་དང་། བརྟེན་པ་སེམས་ཅན་ཐམས་ཅད་ཀྱང་ཐུགས་རྗེ་ཆེན་པོའི་རྣམ་རོལ་ཏུ་ཤར་བས་ཡི་གེ་དྲུག་པའི་སྒྲ་འུར་འུར་སྒྲོག་པར་བསམས་ལ། ཅིར་སྣང་ལྷ་སྐུ། སྒྲར་གྲག་ཡི་གེ་དྲུག་པ། དྲན་རྟོག་ཐུགས་རྗེ་ཆེན་པོའི་ཐུགས་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་ལྟ་བའི་ལམ་ཁྱེར་ཟབ་མོ་དང་མ་བྲལ་བའི་ངང་ནས་བཟླས་པ་བྱ་བ་ནི་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡིན་ཏེ། དེའི་རྒྱུ་མཚན་ཞིབ་བར་ཟ་མ་ཏོག་བཀོད་པའི་མདོ་སྡེ་སོགས་ལས་ཤེས་པར་བྱའོ། །གཉིས་པ་ནི། །ལུས་གནད་བསྲངས་ཏེ་རླུང་རོ་བསལ་ལ་ཅུང་ཟད་ངལ་བསོ། །དེ་ནས་སྣ་བུག་གཉིས་ནས་རླུང་ནང་དུ་འཇུག་པ་ཨོཾ་གྱི་གདངས་དང་། སྙིང་གའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གནས་པ་ཨཱཿའི་གདངས་དང་། དེ་ལས་ཕྱིར་ལྡང་བ་ཧཱུྃ་གི་གདངས་དང་། ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྡོ་རྗེའི་བཟླས་པ་ལ་འབད་དོ། །སྤྱིར་འདིའི་རྫོགས་རིམ་ཉིད་འདུས་པ་ཡེ་ཤེས་ཞབས་ལུགས་ཀྱི་རྫོགས་རིམ་ཐིག་ལེ་བཞི་རིམ་དང་མཐུན་ཞིང་། ཁྱད་པར་མཐར་ཐུག་ལྷན་སྐྱེས་ཀྱི་དགའ་བའི་དབང་དུ་བྱས་ཏེ་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་ཚུལ་དང་། འདིའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་གཉིས་དོན་གཅིག་ཏུ་
འབབས་པའི་ཕྱིར། ཚུལ་འདི་ལ་ཡེ་ཤེས་ཞབས་ལུགས་ཀྱི་གཞུང་ཆེན་པོ་རྣམས་དང་། མན་ངག་གི་ཡི་གེ་རྣམས་ལེགས་པར་རྟོགས་པར་བྱས་ཏེ་ཕན་ཚུན་ལྟོ་སྦྱར་ནས་ངེས་ཤེས་བསྐྱེད་པར་བྱའོ་ཞེས་བླ་མ་ཕྱི་མ་རྣམས་གསུང་ངོ་། །གསུམ་པ་རྗེས་ནི། ཐུན་དེ་ལས་ལྡང་བར་བརྩམ་པ་ན། ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ་པས་ཏིང་ངེ་འཛིན་གྱི་ལྷག་ཆད་ཁ་བསྐང་བ་དང་། བརྟན་ཅིང་ནུས་པ་གོང་འཕེལ་དུ་བྱས་ནས་སྔར་ལྟར་མཆོད་ཅིང་བསྟོད། རང་ཉིད་གཙོ་བོའི་ཐུགས་ཀའི་ཐིག་ལེ་སེར་པོ་ཡུངས་འབྲུ་ཙམ་དྭངས་ཤིང་གསལ་བ་དེ་ལས་འོད་ཟེར་འཕྲོས་པས་སྣོད་བཅུད་ཐམས་ཅད་ལན་ཚྭ་ཆུར་བཅུག་པ་བཞིན་འོད་དཀར་པོ་བདེ་བ་ཆེན་པོའི་ངོ་བོར་མེར་གྱིས་ཞུ་ནས་ཕྱི་བཀོད་པ་བསམ་གྱིས་མི་ཁྱབ་པའི་ལྷའི་གཞལ་ཡས་ཁང་ལ་ཐིམ་ཞིང་ཐིག་ལེ་བཅོ་ལྔའི་བར་གྱི་གཞལ་ཡས་ཁང་དེ་རྣམས་ཀྱང་རང་རང་གི་ཁ་དོག་གི་ཐིག་ལེར་གྱུར་ནས་ཕྱི་མ་ཕྱི་མ། ནང་མ་ནང་མལ་ཐིམ་པའི་མཐར། ཐིག་ལེ་སེར་པོ་སྲན་མ་ཙམ་པ་ཞིག་ཏུ་གྱུར། དེ་ཉིད་སངས་རྒྱས་ཆོས་ཀྱི་སྐུའི་སྤྱི་བོའི་ཨོ་ལ་ཐིམ། དེ་ཨཱཿལ། དེ་ཧཱུྃ་ལ། དེ་ཡང་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ཐིག་ལེ་ལ་ཐིམ་ནས་སྟོང་ཉིད་སྙིང་རྗེ་གཉིས་སུ་མེད་པར་གྱུར་པར་བསམས་ལ་ཅི་གནས་སུ་མཉམ་པར་བཞག །དེའི་ངང་ལས་སྐད་ཅིག་གིས་
རང་ཉིད་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུ་འཇའ་ཚོན་ལྟར་ལམ་གྱིས་ཤར་བའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ལ། །བརྒྱུད་པ་གསུམ་ལྡན་བླ་མ་ཐམས་ཅད་དང་། །ཡི་དམ་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་དང་། །ཇོ་བོ་ཡབ་སྲས་ཐུགས་རྗེ་ཅན་རྣམས་ཀྱིས། །བདག་གི་སྨོན་པའི་གནས་འདི་འགྲུབ་པར་མཛོད། །འདིས་མཚོན་དུས་གསུམ་དགེ་ཚོགས་བསྡོམས་པའི་མཐུས། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། །བརྒྱུད་པ་གསུམ་ལྡན་བླ་མ་དམ་པ་ཡིས། །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་སྟེ། །བཀའ་གདམས་རྣམ་ཐར་གཙང་མ་མཐར་ཕྱིན་ཤོག །སྐྱེས་བུ་གསུམ་གྱི་ལམ་དུ་གསུང་རབ་ཀུན། །བསྡུས་ཏེ་ཉམས་སུ་བླངས་པས་རྒྱུད་སྦྱངས་ནས། །གསང་ཆེན་སྒོར་ཞུགས་དམ་ཚིག་ཚུལ་བཞིན་སྲུང་། །ཟུང་འཇུག་སྙིང་གི་ཐིག་ལེ་འགྲུབ་པར་ཤོག །ལྷ་བཞིས་ལུས་དང་སྡེ་སྣོད་གསུམ་གྱིས་ངག །བསླབ་པ་གསུམ་གྱིས་སེམས་བརྒྱན་རྗེས་དྲན་ལྔའི། །ཉམས་ལེན་མཐར་ཕྱིན་འགྲོ་ཀུན་སྒྲོལ་བ་ལ། །རྒྱལ་བ་རྒྱ་མཚོ་ཉིད་དང་མཚུངས་པར་ཤོག །གསང་ཆེན་སྙིང་གི་ཐིག་ལེའི་གདམས་པ་མཆོག །དབེན་པའི་གནས་སུ་ཉམས་སུ་ལེན་པ་ལ། །ཇོ་བོའི་བཀའ་སྲུང་དགུ་བཅུ་རྩ་གཉིས་ཀྱིས། །གཡེལ་བ་མེད་པར་རྟག་ཏུ་གྲོགས་བྱེད་ཤོག །
ཅེས་བསྔོ་སྨོན་དང་། ལེགས་ཚོགས་ཀུན་གྱི་འབྱུང་གནས་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །སྐུ་གསུམ་མངོན་དུ་གྱུར་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །ཐོག་མཐའ་བར་དུ་དགེ་བ་དམ་པའི་ཆོས་ཀྱི་བཀྲ་ཤིས་ཤོག །བསླབ་གསུམ་རྣམ་པར་དག་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །བདག་གཞན་མཉམ་བརྗེ་རིན་ཆེན་བྱང་ཆུབ་སེམས་ཀྱི་བཀྲ་ཤིས་ཤོག །ཐབས་ཤེས་ཟུང་འཇུག་རིམ་གཉིས་རྣལ་འབྱོར་ཟབ་མོའི་བཀྲ་ཤིས་ཤོག །ཕན་བདེའི་གཞིར་གྱུར་ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །འགྲོ་ཀུན་ཐེག་མཆོག་ཆོས་ཀྱི་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་ཤིས་པ་བརྗོད་ཅིང་སྤྱོད་ལམ་ལ་འཇུག་པར་བྱའོ། །དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་བཀའ་གདམས་གླེགས་བམ་རིན་པོ་ཆེའི་དོན་གྱི་སྙིང་པོ་མདོར་བསྡུས་ཏེ་རྗེས་དྲན་ལྔའི་ཚུལ་གྱིས་ཉམས་སུ་ལེན་ཚུལ་གྱི་ཁྲིད་འཇམ་དབྱངས་ཀུན་དགའ་གྲོལ་མཆོག་གི་ཁྲིད་བརྒྱ་སོགས་ལས་ཀྱང་མདོ་ཙམ་འབྱུང་བ་དང་། ད་ལྟར་གྱི་བླ་མ་དམ་པ་རྣམས་ཀྱི་ཕྱག་བཞེས་དང་ཞལ་ལུང་ལས་ཇི་ལྟར་ཐོས་པ་བཞིན་ངག་འདོན་དང་དམིགས་རིམ་ཕྱོགས་གཅིག་ཏུ་བཀོད་པ་ཡིན་ནོ། །གཉིས་པ་ནི། དེ་ལས་ཀྱང་རྒྱས་པར་སྤྲོ་ན། ཐིག་ལེ་དང་པོའི་སྐབས་ལྷའི་གསལ་སྣང་དང་ཚོགས་བསག་པའི་དམིགས་པ་ནན་ཏན་དུ་བྱས་
ནས། ཐིག་ལེ་གཉིས་པ། གསུམ་པ། བཞི་པ་རྣམས་ལ་རིམ་པ་བཞིན་སྐྱེས་བུ་ཆུང་ངུའི་ཁྲིད། འབྲིང་གི་ཁྲིད། ཆེན་པོ་ཐེག་པ་ཆེན་པོའི་བློ་སྦྱོང་བའི་ཁྲིད་རྣམས་བསྒོམ། ལྔ་པ་ལ་ཤེར་ཕྱིན་གྱི་ཐུགས་ཀའི་འོད་ཟེར་གྱི་འཕྲོ་འདུས་བདུད་སྡེའི་དཔུང་ཚོགས་རྣམས་བཅོམ་ནས་ཞི་བར་བསམ་མོ། །དྲུག་པ་བདུན་པ་བརྒྱད་པ་དགུ་པ་བཅུ་པ་རྣམས་ལ་བཀའ་གདམས་ལྷ་བཞིའི་ཁྲིད་བསྒོམ་ཞིང་། །ཁྱད་པར་སྒྲོལ་མ་དྲག་མོ་དང་མི་གཡོ་བ་གཉིས་ལ་དགྲ་བགེགས་ཚར་གཅོད་པའི་དམིགས་པ་དང་དྲག་སྔགས་བཟླ། ཐིག་ལེ་བཅུ་གཅིག་པ་འདིར་ནི་བརྒྱུད་པ་གསུམ་ལ་བརྟེན་པའི་བླ་མའི་སྒྲུབ་པ་གཙོ་བོར་བྱ། བཅུ་གཉིས་པར་གླེགས་བམ་རིན་པོ་ཆེའི་སྐྱེས་རབས་སྤྱི་དང་། ཁྱད་པར་དཀོན་མཆོག་འབངས་ཀྱིས་ཨུ་རྒྱན་གྱི་ཡུལ་དུ་བྱོན་པའི་རྡོ་རྗེའི་གླུ་དང་ཆོས་ཟབ་མོ་དཔག་ཏུ་མེད་པའི་སྐོར་གྱི་རྣམ་ཐར་ཡིད་ཡུལ་དུ་ངེས་པར་བྱས་ནས་རང་ཉིད་ཀྱང་བློས་དེར་ཕྱིན་པ་དང་དེ་འདྲ་བ་བྱས་པའི་བསམ་སྒོམ་ནན་ཏན་ཏུ་བྱ། བཅུ་གསུམ་པ་ལ་ཞི་གནས་གཙོ་བོར་བསྒོམ། བཅུ་བཞི་པ་ལ་ཟབ་མོ་དབུ་མའི་ལྟ་བ་བསྒོམ། བཅོ་ལྔ་པར་རང་གང་མོས་པའི་བླ་མེད་ཀྱི་རྒྱུད་སྡེ་ཞིག་གི་རྫོགས་རིམ་དང་སྦྱར་ན་ལེགས། བཅུ་དྲུག་པ་ནི་སངས་རྒྱས་ཆོས་སྐུའི་ཐིག་ལེ་དེ་ཉིད་གྲངས་མེད་པར་སྤྲོ་ཞིང་སྡུད་པ་སོགས་ཀྱི་
ངང་ནས་ཐིག་ལེའི་ནང་དུ་སངས་རྒྱས་ཀྱི་ཞིང་རྟེན་དང་བརྟེན་པར་བཅས་པ་གྲངས་མེད་པ་འཆར་བ་དང་། དེ་རྣམས་ལ་རང་ཉིད་ཀྱིས་མཇལ་ཞིང་ཆོས་ཉན་པ་སོགས་མང་དུ་བསམས་པའི་མཐར་ཐིག་ལེ་དེ་ཉིད་གསལ་སྟོང་དབྱིངས་རིག་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་གཞག །ཐུན་བསྡུ་བ་ནི་བཅུ་དྲུག་པོ་ཐམས་ཅད་ལ་རིགས་འགྲེའོ། །འཁྲིད་རྒྱུན་ཁྱེར་དུ་ཉམས་སུ་ལེན་ན་བཅུ་དྲུག་པོ་གཞན་རྣམས་རྒྱས་བསྡུས་སྐབས་སྦྱར་ཆགས་མེད་ཙམ་བྱས། རང་གང་མོས་པ་ཞིག་དང་། བཅུ་དྲུག་པ་གཉིས་ལ་ནན་ཏན་དུ་བྱ། ཤིན་ཏུ་བསྡུས་པ་བྱེད་ན། ཐིག་ལེ་ཐམས་ཅད་ཀྱི་སྐྱེད་ཆོག་ཙམ་བྱས་ནས། ཉམས་ལེན་དམིགས་ཕུག་པ་གཅིག་ལ་བྱས་ཀྱང་རུང་ངོ་། །མདོར་ན་ལམ་གྱི་རྩ་བ་བཤེས་གཉེན་བསྟེན་ཚུལ་ནས་ཟུང་འཇུག་གི་བར་གྱི་ལམ་ཐམས་ཅད་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་ཚང་ལ་མ་ནོར་བ་འདི་ནི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་གང་ཟག་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བ་ཡིན་ནོ། །སྨྲས་པ། །མཁས་གྲུབ་གངྒཱའི་ཡབ་གཅིག་ཏི་སེའི་གཟུགས། །མཉམ་མེད་དཱི་པཾ་ཀཱ་ར་ཡབ་སྲས་ཀྱི། །ཟབ་ཆོས་ཐིག་ལེ་བཅུ་དྲུག་སྙིང་པོའི་གཏམ། །བདུད་རྩིའི་མཆོད་ཡོན་གཏན་པ་མེད་པར་སྦྲེངས། །དེ་ལས་བྱུང་བའི་དགེ་བ་ནི། །དཔག་
བསམ་གསར་པའི་རྗེས་འགྲོ་བས། །འགྲོ་བ་ཀུན་ལ་གྲུབ་གཉིས་ཀྱི། །དགའ་སྟོན་མཆོག་ཏུ་སྦྱིན་གྱུར་ཅིག །ཅེས་པའང་རྗེ་བླ་མ་བཅུ་ཕྲག་རིག་པའི་པཎྜིཏ་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོས་ཆོས་གྲྭ་ཆེན་པོ་བཀྲ་ཤིས་ལྷུན་པོ་དཔལ་གྱི་སྡེ་ཆེན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཕུན་ཚོགས་ཁང་གསར་དུ་ཇི་ལྟར་སྩལ་བ་བཞིན། གཞོན་ནུ་མཁྱེན་བརྩེའི་མིང་གིས་ཟིན་བྲིས་སུ་བཏབ་པ་སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་གཞུང་དང་རྗེས་སུ་མཐུན་པའི་དབུ་མའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ།
ཤིང་རྟ་ཆེན་པོ་རྣམ་གཉིས་ཀྱི་གཞུང་དང་རྗེས་སུ་མཐུན་པའི་དབུ་མའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
ཨོཾ་སྭ་སྟི། །གནས་ལུགས་སྤྲོས་པ་བྲལ་བའི་སྟོང་ཉིད་དང་། །རང་བཞིན་འོད་གསལ་ཟུང་འཇུག་དབུ་མའི་ལམ། །འདོམས་མཛད་བཤེས་གཉེན་མཆོག་ལ་གུས་བཏུད་ནས། །ཟབ་མོའི་ལྟ་ཁྲིད་བདུད་རྩིའི་སྙིང་པོ་སྤེལ། །འདི་ལ་གསུམ། སྦྱོར་བ་ལྷག་མཐོང་གི་རྟེན་དུ་ཞི་གནས་བསྒོམ་པ། དངོས་གཞི་སྲོལ་གཉིས་ལས་འོངས་བའི་ལྷག་མཐོང་དབུ་མའི་ལྟ་བ་བསྒོམ་ཚུལ། མཇུག་བརྟན་པ་ཐོབ་ནས་ཞི་ལྷག་ཟུང་འབྲེལ་དུ་ཉམས་སུ་བླང་བའོ། །དང་པོ་ནི། ཉེས་པ་ལྔ་སྤོང་ཞིང་འདུ་བྱེད་བརྒྱད་བསྟེན་པའི་སྒོ་ནས་བསྒོམ་པ་དང་། སེམས་གནས་པའི་ཐབས་དགུའི་སྒོ་ནས་སྒོམ་པའི་ཚུལ་གཉིས་བཤད་པ་ལས། དང་པོ་ལྟར་ན། ཏིང་འཛིན་སྒོམ་པ་ལ་
ཉེས་པ་ལྔ་ངོས་ཟིན་དགོས་ཤིང་། དེ་ཟིན་ནས་དེ་སྤོང་བའི་གཉེན་པོ་འདུ་བྱེད་བརྒྱད་བསྟེན་པ་གནད་དུ་ཆེ་བ་ཡིན། དེ་ཡང་ཉེས་པ་ལྔ་ནི། བྱམས་པས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་སྟེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཅེས་པ་ལྟར། ཞི་གནས་སྒོམ་པ་ལ་མི་སྤྲོ་བའི་ལེ་ལོ། སྤྲོ་ཡང་གདམས་ངག་གི་གནད་དམིགས་པ་བརྗེད་ནས་མི་གསལ། དེ་མ་བརྗེད་ཀྱང་སྒོམ་པའི་ཚེ་བྱིང་བའམ་རྒོད་པ་གང་རུང་དུ་ཤོར་བ། །བྱིང་རྒོད་དུ་ཤོར་བའི་ཚེ་དེ་སྤོང་བའི་གཉེན་པོ་འདུ་མི་བྱེད་པ། བྱིང་རྒོད་ཞི་བའི་ཚེ་རྩ་བའི་དམིགས་པ་ལ་གནད་དུ་མི་བསྣུན་པར། དེ་ཞི་བྱེད་ཀྱི་གཉེན་པོ་ལ་ཧ་ཅང་
འདུ་བྱེད་པ་སྟེ་དེ་ལྔ་ངོས་ཟིན་པ་གནད་དུ་གཅེས་སོ། །དེ་སྤོང་བའི་ཐབས་འདུ་བྱེད་བརྒྱད་ནི། བྱམས་པས། གནས་དང་དེ་ལ་གནས་པ་དང་། རྒྱུ་དང་འབྲས་བུ་ཉིད་དུའོ། །གདམས་ངག་བརྗེད་པར་མ་གྱུར་དང་། བྱིང་དང་རྒོད་པ་རྟོག་པ་དང་། དེ་སྤོང་མངོན་པར་འདུ་བྱེད་དང་། །ཞི་ཚེ་མནལ་དུ་འཇུག་པའོ། །ཞེས་པ་ལྟར། རྩོལ་བའི་གནས་འདུན་པ་དང་། འདུན་པ་ལ་གནས་པ་རྩོལ་བ་དང་། འདུན་པའི་རྒྱུ་དད་པ་དང་། རྩོལ་བའི་འབྲས་བུ་ཤིན་ཏུ་སྦྱངས་ཏེ་བཞི་ནི་ལེ་ལོའི་གཉེན་པོ་ཡིན་ལ། གདམས་ངག་བརྗེད་པའི་གཉེན་པོ་དེ་མ་བརྗེད་པའི་དྲན་པ་དང་། བྱིང་རྒོད་ཀྱི་སྐྱོན་བྱུང་མ་བྱུང་བྱར་བྱེད་པའི་དྲན་པ་རྒྱུན་སྐྱོང་བའི་ཤེས་བཞིན་དང་། བྱིང་རྒོད་ངོས་ཟིན་ནས་དེ་སྤོང་བའི་གཉེན་པོ་ནི་སེམས་པ་སྟེ། བྱིང་ན་དགའ་བར་འགྱུར་བ་དང་། རྒོད་ན་སྐྱོ་བར་འགྱུར་པའི་གཉེན་པོ་མངོན་པར་འདུ་བྱེད་པའོ། །བྱིང་རྒོད་ཞི་བའི་ཚེ་ཡང་གཉེན་པོ་ཧ་ཅང་མངོན་པར་འདུ་བྱེད་པའི་གཉེན་པོ་ནི། འདུ་བྱེད་བཏང་སྙོམས་ཏེ། དེ་ཞི་ནས་རྩ་བའི་དམིགས་པ་ལ་སེམས་རྣལ་དུ་འགོད་པའོ། །དེ་ལྟར་ཤེས་པར་བྱས་ནས། སྒོམ་པའི་དམིགས་རྟེན་ཡོད་མེད་གཉིས་ལས། ལས་དང་པོ་པས། རང་གི་མདུན་དུ་མེ་ཏོག་སྔོན་པོ་འདབ་མ་འབུམ་ལྡན་མདའ་ཚད་ཙམ་བྲིས་པ་ལྟ་བུའམ།
གང་ཡང་རུང་བའི་དངོས་པོ་འཆར་བདེ་བ་ཞིག་ལ་དམིགས་པ་གཏད་དེ། ཐོག་མར་སྐྱབས་ཡུལ་གསལ་གདབ་ལ་སྐྱབས་སུ་འགྲོ་བ་དང་། གསོལ་བ་འདེབས་པ་དང་། སེམས་བསྐྱེད་པ་དང་། ཐུན་མོང་གི་བློ་སྦྱོང་ཇི་ལྟར་རིགས་པས་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་སྒོ་དུ་མ་ནས་ཡིད་ལ་བྱས་ཏེ་ཉམས་ལེན་དངོས་ནི། བླ་མ་དང་ཆོས་ལ་ཡིད་ཆེས་པའི་དད་པ་བསྐྱེད། དད་པས་དྲངས་ཏེ་ཆོས་ལ་འདུན་པ་ཤུགས་དྲག་ཏུ་བསྐུལ། དེ་ལ་བརྟེན་པའི་ཆོས་བྱེད་འདོད་སྤྲོ་སིང་ངེ་བའི་བརྩོན་འགྲུས་བརྩམས། དེའི་འབྲས་བུ་ལུས་སེམས་ལས་སུ་རུང་བའི་ཤིན་སྦྱངས་ཏེ་བཞི་ངེས་པར་འབྱུང་དགོས་པས་དེ་ལ་འབད་དེ། དེ་བཞི་ལེ་ལོའི་གཉེན་པོ་ཡིན་པས་རྒྱུད་ལ་སྐྱེ་ངེས་བྱ། དེ་ནས་དམིགས་པ་དེ་ལ་སེམས་གཏད་དེ། སྒོ་གསུམ་གྱི་འཇུག་པ་གཅིག་ཏུ་བསྒྲིལ་ཏེ་དང་པོ་སྒྲིམ། ཧ་ཅང་སྒྲིམ་དྲགས་ན་སྟོད་དུ་ཧགས་པ་སོགས་ཀྱི་སྐྱོན་འབྱུང་སྲིད་པས། བར་དུ་ཅུང་ཟད་གློད་དེ་གདམས་ངག་གི་དམིགས་པ་མ་བརྗེད་པའི་དྲན་པ་དང་། བྱིང་རྒོད་ཀྱི་སྐྱོན་ལ་ལྟ་བའི་ཤེས་བཞིན་གྱིས་དྲན་པ་མཉམས་པར་བྱ། གལ་སྲིད་བྱིང་རྒོད་ཀྱི་སྐྱོན་བྱུང་བའི་ཚེ། བྱིང་ན་དམ་པའི་ཡོན་ཏན་དྲན་པའི་དགའ་སྤྲོ་དང་། རྒོད་ན་འཁོར་བའི་ཉེས་དམིགས་སེམས་པའི་གཉེན་པོ་མངོན་པར་འདུ་བྱེད་པ་ནི་
སེམས་པ་སྟེ། བྱིང་རྒོད་ཞི་བའི་ཚེ་ནི་ཐ་མར་རང་སོར་བཟུང་སྟེ། རྩ་བའི་དམིགས་པ་དེ་ཉིད་ཀྱི་སྟེང་དུ་སེམས་འབོལ་ལེ་ཤིག་གེ་བའི་ངང་དུ། གསལ་ལེ་ཧྲིག་གེ་བཞག་པ་ནི་འདུ་བྱེད་བཏང་སྙོམས་ཅེས་བྱའོ། །དེ་ལྟ་བུའི་གནད་ཤེས་ན། ཉེས་པ་ལྔ་སེལ་བ་དང་། སྤོང་བའི་འདུ་བྱེད་བརྒྱད་ཚང་བ་ཆབ་གཅིག་ཏུ་འབྱུང་བ་ནི། བླ་མ་དམ་པའི་མན་ངག་གོ། །དེ་ལྟར་སྒོམ་པས་ཉམས་མྱོང་སྐྱེ་ཚུལ་རིམ་པ་ལྔ་འབྱུང་སྟེ། གནས་པ་དང་པོ་རི་གཟར་གྱི་འབབ་ཆུ་ལྟ་བུ་རྣམ་རྟོག་གཅིག་རྗེས་ལ་གཅིག་རྒྱུན་མི་འཆད་པས། སྒོམ་ཆེན་བློ་ཆུང་དག་སྒོམ་མི་སྐྱེ་བ་འདུག་སྙམ་ཞིང་སྒྱིད་ལུག་པ་འབྱུང་སྟེ། དེ་ནི་རྣམ་རྟོག་ངོས་ཟིན་གྱི་ཉམས་ཞེས་བྱ་བ། སྔར་རྣམ་རྟོག་ངོས་མ་ཟིན་པ་ལ་སྒོམ་བྱས་པས་རྣམ་རྟོག་གི་རྐུན་པོ་ངོས་ཟིན་པ་ཡིན་པས་སྒོམ་སྐྱེ་བའི་སྔ་ལྟས་ཡིན་ནོ། །ཞེས་སྤྲོ་བ་སྐྱེད་ནས་དེའི་རྒྱུན་བསྒོམས་པས། གནས་པ་གཉིས་པ་ཅོང་རོང་དོགས་པོའི་འབབ་ཆུ་ལྟ་བུ། རེས་འགའ་རྣམ་རྟོག་ཞི་མལ་སོང་བ་ལ། རེས་འགའ་རྣམ་རྟོག་ཐོལ་ལེ་བ་རེས་འཇོག་འབྱུང་སྟེ། དེ་ནི་རྣམ་རྟོག་ངལ་བསོ་བའི་ཉམས་བྱ་བ་ཡིན་ནོ། །ཡང་དེའི་རྒྱུན་བསྒོམས་པས་གནས་པ་གསུམ་པ་ལུང་པ་ཕུ་གསུམ་གྱི་རྫིང་ཆུ་ལྟ་བུ། འགལ་རྐྱེན་གྱིས་མ་དཀྲུགས་པའི་ཚེ་སེམས་ཞི་མལ་གནས་པ་སྙམ་བྱེད་ཀྱང་། རྐྱེན་
ཅུང་ཟད་བྱུང་བའི་ཚེ་སེམས་གནས་སུ་མི་སྡོད་པ་སྟེ། དེ་ནི་རྣམ་རྟོག་ཐང་ཆད་ཀྱི་ཉམས་ཞེས་བྱ་བ་ཡིན་ནོ། །སླར་ཡང་དེའི་རྒྱུན་བསྒོམས་པས། གནས་པ་བཞི་པ་རྒྱ་མཚོ་རླབས་དང་བཅས་པ་ལྟ་བུ། རྐྱེན་རྣམ་རྟོག་གི་རྦ་རླབས་ཅི་བྱུང་ཡང་གཉེན་པོ་དྲན་འཛིན་ཅུང་ཟད་བྱས་པས་རང་ཡལ་དུ་འགྲོ་བ་སྟེ། རྣམ་རྟོག་འདུ་བྱེད་པའི་ཉམས་ཞེས་བྱའོ། །སླར་ཡང་དེའི་རྒྱུན་བསྒོམས་པས། །གནས་པ་ལྔ་པ་རྒྱ་མཚོ་རླབས་དང་བྲལ་བ་ལྟ་བུ་ཡུལ་རྐྱེན་ཅི་ཙམ་བྱུང་ཡང་། གཉེན་པོ་དྲན་འཛིན་གྱི་འབད་པ་ཆེར་མི་དགོས་པས། རང་གི་ངང་གིས་ཏིང་འཛིན་ལྷུག་པར་འཆར་བ་སྟེ། རྣམ་རྟོག་མངོན་པར་འདུ་མི་བྱེད་པའི་ཉམས་ཞེས་བྱའོ། །དེ་ལྟར་ཕྱི་མ་གཉིས་ནི། མདོ་སྡེ་རྒྱན་ལས། དེ་ནས་སྡོམ་བརྩོན་ཅན་གྱིས་ནི། །སེམས་ལ་མངོན་པར་འདུ་བྱེད་བཅས། །རང་གི་ངང་གིས་འབྱུང་བ་ཐོབ། །དེ་སྒོམ་པ་ལས་འདུ་མི་བྱེད། །ཅེས་སེམས་གནས་པའི་ཐབས་དགུ་དང་། །ཡིད་ལ་བྱེད་པ་བཅུ་གཅིག་བཤད་པའི། འབད་རྩོལ་དང་བཅས་པའི་ཡིད་ལ་བྱེད་པ་དང་། འབད་རྩོལ་མེད་པའི་ཡིད་ལ་བྱེད་པ་ཅེས་པའི་ཉམས་དེར་སླེབས་པ་ཙམ་ཡིན་ལ། དེའི་རྒྱུན་བསྲིངས་པས། དེ་ནས་དེ་ཡི་ལུས་དང་སེམས། །ཤིན་ཏུ་སྦྱངས་པ་ཆེ་ཐོབ་ནས། །ཡིད་ལ་བྱེད་དང་བཅས་ཞེས་བྱ། །ཞེས་པ་
ལྟར། ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ལུས་ཤིང་བལ་ལྟར་ཡང་བ་དང་། སེམས་ཏིང་འཛིན་ལ་ནམ་འདོད་སྐོལ་དུ་རུང་བའི་བདེ་བ་ཆེན་པོ་སྐྱེ་སྟེ། དེ་ཡང་བསམ་གཏན་དང་པོའི་ཉེར་བསྡོགས་ཙམ་ཡིན་ལ། དེའི་རྒྱུན་བསྒོམས་པ་ལས། འདོད་པ་ན་སྤྱོད་པའི་སྒོམ་པས་སྤོང་བར་བྱ་བའི་ཉོན་མོངས་པ་ཕལ་ཆེར་ནུབ། དགའ་བ་དང་བདེ་བ་དང་བཅས་པའི་བསམ་གཏན་དང་པོ་དངོས་གཞིའི་ཏིང་འཛིན་མཆོག་ཏུ་གྱུར་པ་ཐོབ། མངོན་ཤེས་དང་རྫུ་འཕྲུལ་མཚན་ཉིད་པ་དེ་ནས་འབྱུང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་དུ་གདམས་ངག་སྣ་ཚོགས་ཉན་པས་ཆོག་པའི་སྐལ་པ་དང་ལྡན་པ་ཡིན་ནོ། །དེ་ལྟར་ཡང་བྱམས་པས། །དེ་ཡིས་དེ་ནི་འཕེལ་བྱས་ནས། །འཕེལ་བ་རིང་དུ་འགྲོ་བ་ཡིས། །དངོས་གཞིའི་གནས་པ་དེས་ཐོབ་བོ། །མངོན་ཤེས་དོན་དུ་གཉེར་བས་དེས། །སྦྱངས་ན་ལས་སུ་རུང་བར་འགྱུར། །བསམ་གཏན་ལ་ཐོབ་མངོན་པར་ཤེས། །མངོན་པར་སྒྲུབ་པའི་སྒོ་ནས་དེ། །སངས་རྒྱས་དཔག་ཏུ་མེད་པ་ལ། །མཆོད་པའི་ཕྱིར་དང་མཉན་པའི་ཕྱིར། །འཇིག་རྟེན་ཁམས་ནི་རྣམས་སུ་འགྲོ། །ཞེས་བཤད་པ་ལས་ཤེས་སོ། །དེས་ན་རྟོག་པ་ཁ་ཚོམ་གྱི་ཞི་གནས་དང་། སེམས་རྒྱུད་མི་གསལ་བའི་ཞི་གནས་དང་། ཡུལ་སྣང་འགག་པའི་ཞི་གནས་དང་། དྲན་ཚོར་འགག་པའི་ཞི་
གནས་སོགས་ཅི་ཙམ་སྐྱེས་ཀྱང་། འགའ་ཞིག་འདོད་པ་ན་སྤྱོད་པ་དང་། འགའ་ཞིག་བསམ་གཏན་ཉེར་བསྡོགས་ཙམ་ལས་མ་འདས་པས་དེ་ཙམ་ལས་སྐྱེས་པའི་ཉམས་བན་བུན་དང་མཐོང་སྣང་ཅི་རིགས་ལ་གཞན་གྱིས་ཇི་ཙམ་བསྔགས་ཀྱང་། རང་ལ་མཆོག་འཛིན་དང་། མངོན་ཤེས་གྲུབ་རྟགས་སོགས་ཀྱི་རློམ་སེམས་དང་བྲལ་ན། ཆོས་ཀྱི་སྤྱན་རས་གསལ་བས་མཛེས་པ་ཡིན་ནོ། །གཉིས་པ་སེམས་གནས་དགའི་སྒོམ་ནི། །འཇོག་དང་རྒྱན་འཇོག་སཱན་ཏེ་འཇོག །ཉེར་འཇོག་དུལ་དང་ཞི་བར་བྱེད། །ཉེར་ཞི་རྩེ་གཅིག་མཉམ་འཇོག་པ། ཞེས་པ་ལྟར། དམིགས་པ་ལ་སེམས་གཏད་དེ་འཛིན་པ་དང་། དེ་ཡང་རྒྱུན་མཐུད་ཅིང་འཛིན་པ་དང་། སླར་སེམས་འཕྲོ་ན་ནང་དུ་སྡུད་ཅིང་འཛིན་པ་སོགས་དགུ་ལ་གནད་སྔ་མ་ལྟར་བྱའོ། །གཉིས་པ་ལྷག་མཐོང་སྒོམ་པ་ལ་གཉིས། ཀླུ་སྒྲུབ་རྗེས་འབྲང་གི་མན་ངག་ལྟར་སྒོམ་པ་དང་། བྱམས་པའི་རྗེས་འབྲང་གི་མན་ངག་ལྟར་སྒོམ་པའོ། །དང་པོ་ནི། སྲོལ་འདི་ལ། བསོད་ནམས་མིན་པ་དང་པོར་ཟློག །བར་དུ་བདག་ནི་ཟློག་པ་དང་། ཐ་མར་ལྟ་གཞི་ཀུན་ཟློག་པ། གང་གིས་ཤེས་དེ་མཁས་པ་ཡིན། ཞེས་པ་ལྟར། རིམ་པ་གསུམ་ཡོད་པའི་དང་པོ་ནི། བཀའ་འཁོར་ལོ་དང་པོའི་དགོངས་པའི་དཔྱིད་དང་ངེས་འབྱུང་དང་། །
ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱམས་པ་དང་སྙིང་རྗེ་ཀུན་རྫོབ་བྱང་ཆུབ་སེམས་ལ་བློ་སྦྱོང་བ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་ཟློག་ཟིན་གྱིས། །ཞེས་ལས་རྒྱུ་འབྲས་སོགས་མེད་པར་ལྟ་བའི་ལྟ་བ་ངན་པ་ནི། བཀའ་དང་པོ་འདུལ་བ་ལུང་དང་། ཆོས་མངོན་པ་སོགས་ལས་ཟློག་ཟིན། ཞེས་བཤད་པ་ལྟར་ཡིན། འདིར་ནི། རིག་པ་གང་གིས་ཡོད་ཉིད་ཀྱང་། །ཟློག་པར་བྱ་བ་མཉན་པར་གྱིས། །ཞེས་པའི་དོན་བར་དུ་བདག་ཟློག་པ་དང་། ཐ་མར་ལྟ་བ་ཀུན་ཟློག་གཉིས་སྟོན་པ་སྐབས་སུ་བབས་པས་དེ་ལ་གཉིས། བདེན་འཛིན་གྱི་སྤྲོས་པ་གཅོད་པའི་ཁྲིད། བདེན་མེད་ཀྱི་སྤྲོས་པ་གཅོད་པའི་ཁྲིད་དོ། །དང་པོ་ནི། སྤྱིར་འཁོར་བ་སྤོང་བ་ལ་འཁོར་བའི་རྒྱུའི་གཙོ་བོ་ངོས་ཟིན་དགོས་པས། འཁོར་བར་འཁྱམས་པའི་རྒྱུའི་གཙོ་བོ་ནི། རྟག་ཆད་ཀྱི་ལྟ་བ་ངན་པའི་གནས་སུ་གྱུར་པའི་རང་རྒྱུད་ཀྱི་ཕུང་པོ་ལྔ་པོ་བདེན་པར་འཛིན་པའི་བདེན་འཛིན་འདི་ཁོ་ན་ཡིན་ཏེ། བདེན་འཛིན་ངན་པ་དེ་ལས། རང་སྡེ་དངོས་སྨྲ་བ་མན་ནས་ཕྱི་རོལ་པའི་བར་གྱི་སྙིང་ལ་ཞུགས་པའི་རྟག་ཆད་ཀྱི་ལྟ་བ་ངན་པ་དེ་བྱུང་། དེ་ལས་ཕུང་པོ་ལ་བདག་ཏུ་ལྟ་བའི་འཇིག་ལྟ་བྱུང་། དེ་ལས་ཆགས་སོགས་ཉོན་མོངས། དེས་ལས་ངན་པ་བསགས་ནས་འཁོར་བར་འཁྱམས་པ་ཡིན་
ཏེ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་དེ་ལས་ཏེ། །དེ་ལས་ཀྱང་ནི་སྐྱེ་བ་ཡིན། །ཞེས་སོགས་དང་། རིགས་པ་དྲུག་ཅུ་པར། །དངོས་པོ་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་འབྱུང་བ་ཡི། །ལྟ་བ་མི་ཟད་མ་རུང་འབྱུང་། །དེ་ལས་བྱུང་བའི་རྩོད་པར་འགྱུར། །ཞེས་བཤད་པ་ལྟར་རོ། །དེ་ལྟར་འཁོར་བའི་རྒྱུ་ངོས་འཛིན་ཐུབ་ནས། དེ་སྤོང་བའི་ཚུལ་ནི། རིགས་པ་དྲུག་ཅུ་པར། །དེ་ནི་ལྟ་བ་ཀུན་གྱི་རྒྱུ། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །དེ་ཕྱིར་དེ་ན་ཡོངས་ཤེས་ན། །ལྟ་དང་ཉོན་མོངས་ཡོངས་སུ་འབྱོངས། །གང་གིས་དེ་ཤེས་འགྱུར་སྙམ་ན། །རྟེན་ནས་འབྱུང་བ་མཐོང་བས་ཏེ། །རྟེན་ནས་སྐྱེས་པ་མ་སྐྱེས་པར། །དེ་ཉིད་མཁྱེན་པ་མཆོག་གིས་གསུངས། །ཞེས་པ་ལྟར། རང་རྒྱུད་ཀྱི་ཕུང་པོ་བདེན་འཛིན་གཞིག་པ་ལ་རྒྱུ་མཚན་མ་རྙེད་པར་ཕུང་པོ་བདེན་པར་མ་གྲུབ་སྙམ་དུ་བཟུང་བས་མི་ཆོག་གི། །དེ་བདེན་པར་མ་གྲུབ་པའི་སྒྲུབ་བྱེད་རྣམ་དག་མཐོང་བ་ཞིག་དགོས་ལ། དེའི་སྒྲུབ་བྱེད་ཀྱང་། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལས་རག་ལས་གང་དེ་སྟོང་པར་མཐོང་། །ཞེས་པ་ལྟར། རང་གི་ཕུང་སོགས་བདེན་པར་
གྲུབ་ན། རྒྱུ་རྐྱེན་གང་ལ་ཡང་ལྟོས་མེད་དུ་ཐོག་མ་ཉིད་ནས་གྲུབ་པ་ཡིན་དགོས་པ་ལས། འདི་དག་རང་གིས་ཕ་མ་སོགས་རྒྱུ་རྐྱེན་ལས་སྐྱེས་པ་འབའ་ཞིག་ཏུ་མཐོང་བས་བདེན་པར་འཛིན་པ་འདི། །ཐོག་མ་མེད་པའི་བག་ཆགས་ཀྱིས་བསླད་པའི་འཁྲུལ་སྣང་ཁོ་ནས་ཡིན་གྱི། བདེན་པར་གྲུབ་པ་སྐད་ཅིག་ཀྱང་མི་འདུག་སྙམ་དུ་ཐག་རྦད་ཀྱིས་བཅད་དེ། སྐྱབས་གསོལ་སོགས་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཏིང་ཕྱིན་པར་བསྒོམ། མར་གྱུར་འགྲོ་བའི་དོན་དུ་སངས་རྒྱས་ཐོབ་པར་བྱ། དེའི་ཆེད་དུ་འཁོར་བའི་རྩ་བ་རང་རྒྱུད་ཕུང་པོ་བདེན་པར་འཛིན་པའི་བདེན་འཛིན་འདི་ད་ལྟ་ཉིད་དུ་བཅད་པར་བྱའོ་སྙམ་པས། གོང་གི་ཆད་གཅོད་ཀྱི་ལྟ་བ་དེའི་སྟེང་དུ་སེམས་གཏད་དེ། དང་པོར་བསྒྲིམས་ཏེ་བདེན་འཛིན་གྱི་རྣམ་རྟོག་ཚར་བཅད། བར་དུ་ཀློད་དེ་ལྟ་ཐོག་ཏུ་སེམས་ལྷོད་ཀྱིས་ཀློད་པས་འཛིན་པ་ཐམས་ཅད་རང་གྲོལ་གྱི་སྒོ་ནས་རྗེས་སུ་བཟུང་མཐར་རེས་འཇོག་གམ། ཡང་ན་རང་སོ་བཟུང་སྟེ། ལྟ་བའི་དྲན་ཤེས་བཞིན་མ་ཉམས་པའི་ངང་ལ་ཧད་དེ་ཕྱད་དེ་བཞག །དེ་ལྟར་ཡིད་ཆེས་རྙེད་པ་ན། འཕགས་པ་ལྷས། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །གཅིག་གི་ལྟ་བོ་གང་ཡིན་པ། །དེ་ནི་ཀུན་གྱི་ལྟ་བ་ཡིན། །ཞེས་པ་ལྟར། ཆོས་ཐམས་ཅད་བདེན་
མེད་དུ་ཁྲོལ་གྱིས་འགྲོ། དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་རང་དབང་མེད་པ་སྐྱེ། ཆོས་ཀྱི་གནད་ཐམས་ཅད་གཅིག་ཅར་དུ་གོ་བ་ཞིག་འབྱུང་བ་ཡིན་ཏེ། ལྟ་བ་འདི་ནི། བར་དུ་བདག་ནི་ཟློག་པ་དང་། ཞེས་དང་། ཞི་བ་ལྷས། སྟོང་ཉིད་བག་ཆགས་གོམས་པ་ལས། །དངོས་པོའི་བག་ཆགས་ཟློག་པར་འགྱུར། །ཞེས་པའི་ལྟ་བ་དེར་སླེབས་པ་ཡིན་ལ་དབང་པོ་རབ་ལ་ལྟ་རིམ་དང་པོ་སྒོམ་པས་གཉིས་པ་ཡང་གཅིག་ཅར་དུ་སྐྱེ་བ་ཡང་སྲིད་སྔར་ཞི་གནས་སྐྱེས་ན་ཞི་ལྷག་ཟུང་དུ་ཆུད་པ་དང་། གལ་ཏེ་མ་སྐྱེས་ན་ཡང་འདིར་ལྟ་བའི་གནད་ཟིན་པའི་སྟེང་དུ་ཞི་གནས་ཀྱི་སེམས་ཟིན་ཏེ། ཞི་ལྷག་ཟུང་འཇུག་གི་ལྟ་བ་རྒྱུད་ལ་སྐྱེ་བ་ཡང་། གཉིས་པ་བདེན་མེད་ཀྱི་སྤྲོས་པ་གཅོད་པ་ནི། དེ་ལྟར་བདེན་མེད་རྟོགས་པའི་ལྟ་བ་རྒྱུད་ལ་སྐྱེས་ན། དབུ་མ་པ་ཆེན་པོར་གྱུར་ཟིན་པས། དེའི་རྒྱུད་ལ་རྟག་ཆད་ལྟ་བ་ངན་པ་བཅད་དགོས་པ་མེད་མོད། འོན་ཀྱང་། ཀླུ་སྒྲུབ་ཀྱིས། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་དགག་པར་འགྱུར། །ཞེས་སོ། །ལས་ཉོན་གཉིས་བདེན་འཛིན་གྱི་རྣམ་རྟོག་ལས་འབྱུང་ལ་བདེན་འཛིན་དེ་ཡང་སྤྲོས་པའམ། མཚན་འཛིན་ལས་འབྱུང་བས། །དེ་བཅད་དགོས་པའི་གནད་ཀྱིས། །ཡོད་མིན་མེད་མིན་ཡོད་མེད་
མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཅེས་དང་། ཐ་མར་ལྟ་གཞི་ཀུན་ཟློག་པ། ཞེས་གསུངས་པ་ཡིན་པས། དེ་སྒོམ་པ་ལ། འོ་ན་ཐམས་ཅད་མཁྱེན་པ་ཐོབ་པ་ལ་བདེན་འཛིན་གྱི་སྤྲོས་པ་ཆོད་པ་དེ་ཙམ་གྱིས་ཆོག་གམ་སྙམ་ན། དེ་ཙམ་གྱིས་མི་ཆོག་སྟེ། ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་རྗེས་སུ། བདེན་མེད་ཡིན་སྙམ་པའི་མཚན་འཛིན་གྱི་ཆ་དེ་ཡང་བཅད་དགོས་པས་སོ། །དེའི་གནད་ཀྱང་ཆོས་ཐམས་ཅད་བདེན་མེད་དུ་སྒྲུབ་རྗེས། ཆོས་ཐམས་ཅད་བདེན་མེད་ཡིན་པ་དེ་ཡང་དགག་དགོས་པ་ནི་མ་ཡིན་ཏེ། དེ་བཀག་ན་རྩོད་ཟློག་ལས། རང་བཞིན་མེད་པ་ཉིད་ཟློག་ན། །རང་བཞིན་ཉིད་དུ་རབ་གྲུབ་འགྱུར། །ཞེས་པའི་རིགས་པས་གནོད་པ་ཡིན། དེས་ན་ཡུལ་གྱི་ངོས་ན་དེ་དགག་མ་དགོས་ཀྱང་། ཡུལ་ཅན་གྱི་ངོས་ནས། བདེན་མེད་དུ་འཛིན་པའི་འཛིན་པ་དེ་དགག་དགོས་ཏེ། ཡུལ་གྱི་གནས་ལུགས་དེ་མཚན་འཛིན་གཉིས་སྣང་གི་བློའི་སྤྱོད་ཡུལ་དུ་མ་གྱུར་པའི་གནད་ཀྱི། བློ་མཚན་བཅས་ཀྱིས་ཡོད་མེད་སོགས་མུ་བཞི་གང་དུ་གཟུང་དུ་མེད་པ་ཡིན་པས། །དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་པ་ཡང་གནད་དེ་ཡིན། དེས་ན་འདིའི་གནད་སྒོམ་པ་ལ་སྦྱོར་བ་སྐྱབས་གསོལ་སོགས་གོང་
བཞིན་ལ། རྟེན་འབྲེལ་གྱི་གནད་ལས་ཆོས་ཐམས་ཅད་བདེན་མེད་རྟོགས་པའི་ལྟ་བ་ལ་ངེས་པ་དྲངས། ངེས་པ་རྙེད། རྗེས་ངེས་པ་དེ་རྒྱུན་མཐུད་པ་མ་ཡིན་པར། བདེན་མེད་ཡིན་སྙམ་པའི་ཞེན་པ་དེ་ཡང་བཏང་སྟེ། ཡུལ་སྟོང་པ་ཉིད་དེ་ནི་ཡོད་མེད་སོགས་གང་དུ་ཡང་གཟུང་དུ་མེད་དོ། །དེ་གཉིས་འཛིན་གྱི་བློ་གང་གི་ཡང་སྤྱོད་ཡུལ་མ་ཡིན་པའི་ཕྱིར་སྙམ་དུ་རྦད་ཀྱིས་བཅད་དེ། ཡུལ་སྤྲོས་པས་མ་རེག་པ་ལ་བློའི་ལྷད་ཀྱིས་མ་བསླད་པར་འཛིན་པ་དང་མཚན་མ་དང་སྤྲོས་པ་ཐམས་ཅད་བཏང་སྟེ་འཛིན་མེད་ཀྱི་ངང་དུ་ཕྱམ་མེ་བཞག །སྒྲིམ་ལྷོད་སོགས་ཀྱི་སྐྱོང་ལུགས་སྔ་མ་བཞིན་ནོ། །ལྟ་བ་འདི་ནི། ཞི་བ་ལྷས། ཅི་ཡང་མེད་ཅེས་གོམས་པ་ལས། །དེ་ཡང་ཕྱིས་ནི་སྤོང་བར་འགྱུར། །ཞེས་པའི་ལྟ་བ་དེར་སླེབས་པ་ཡིན་མོད། གནད་འདི་མ་རྟོགས་པར་ཧ་ཤང་གི་ལྟ་བ་ཡིན་ཟེར་བ་དེ་དགོད་བྲོ་བར་སྣང་། གནད་དེས་ན། འཛིན་པ་བྱུང་ན་ལྟ་བ་མིན། །ཞེས་པ་ཡང་། ལྟ་རིམ་དང་པོའི་ཚེ་བདེན་འཛིན་དང་། གཉིས་པའི་ཚེ་མཚན་འཛིན་ལ་སྦྱར་རྒྱུ་ཡིན་པས། ཕྱོགས་རེའི་མིག་ཅེ་རེ་ལོང་གིས་ཆོས་སྤོང་གི་ལས་གསོག་པར་མ་བྱེད་ཅིག །གཉིས་པ་བྱམས་པའི་མན་ངག་ལྟར་བསྒོམ་པ་ནི། ལུགས་འདི་ལ་གཞི་དུས་ཀྱི་ཡེ་ཤེས་སེམས་པ་རང་བཞིན་འོད་གསལ་ལ་འདི་ཉིད་འཁོར་
འདས་གཉིས་ཀྱི་གཞི་ཡིན་ལ། དེ་ངོས་མ་ཟིན་པར་གཟུང་འཛིན་གཉིས་སུ་འཁྲུལ་པའི་གཉིས་སྣང་མངོན་འགྱུར་བ་བག་ལ་ཉལ་དང་བཅས་པ་འདི་འཁོར་བའི་རྩ་བ་ལྷན་སྐྱེས་ཀྱི་མ་རིག་པ་ཡིན་པས། །འདིའི་རྩ་བ་བཅད་དེ་དབྱིངས་སུ་བསྟིམ་པ་ཞིག་གནད་དུ་ཆེ་བ་ཡིན། དེས་ན་འདི་སྒོམ་པ་ལ་གསུམ། སྔོན་འགྲོ་ཚོགས་གཉིས་བསག་པ། དངོས་གཞི་གཟུང་བའི་འཁྲུལ་སྣང་བཅད་པ། གཙོ་བོ་འཛིན་པའི་འཁྲུལ་སྣང་བཅད་པའོ། །དང་པོ་ནི། རྒྱན་ལས། །བྱང་ཆུབ་སེམས་དཔའ་བསོད་ནམས་ཡེ་ཤེས་ཀྱི། །མཐའ་ཡས་ཕ་རོལ་ཚོགས་རྣམས་ལེགས་བསགས་ནས། ཆོས་ལ་སེམས་དཔའ་ཤིན་ཏུ་རྣམ་ངེས་ཕྱིར། །དོན་གྱི་རྣམ་པ་བརྗོད་པའི་རྒྱུ་ཅན་རྟོགས། ཞེས་པ་ལྟར། ཐར་པ་ཆ་མཐུན་ཚོགས་གཉིས་བསགས་པ། སེམས་རྟེན་ཞི་གནས་བརྟན་པར་སྒྲུབ་པ་རྣམ་དགོས་ཏེ་དེ་དག་གོང་དུ་བཤད་ཟིན་པ་དེ་ཉིད་ལ་ཚང་བས་འདིར་མི་དགོས། །གཉིས་པ་གཟུང་བའི་འཁྲུལ་སྣང་བཅད་པ་ལ་གསུམ། དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཚོལ་བ། རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཚོལ་བ། བཟོད་པ་གཟུང་མེད་རྟོགས་པའི་ཏིང་ངེ་འཛིན་ཚོལ་བའོ། །དང་པོ་ནི། འདི་ལྟར་བསམས་ཏེ། གཟུང་འཛིན་གཉིས་བྲལ་གྱི་སེམས་རང་བཞིན་འོད་གསལ་ཟླ་བའི་དཀྱིལ་འཁོར་ལྟ་བུ་གསལ་ལ་
མི་རྟོག་པ་ཞིག་རང་གི་སྙིང་ལ་གནས་ཀྱང་། དེ་མཐོང་བ་ལ་སྒྲིབ་བྱེད་ཕྱི་རོལ་གྱི་རི་རབ་ཁང་ཁྱིམ་དགྲ་གཉེན་བར་མའི་འགྲོ་བ་སྣོད་བཅུད་ཀྱི་འཇིག་རྟེན་འདི་དག་རང་གི་སེམས་ལས་ལོགས་སུ་བདེན་པར་བཟུང་བ་འབའ་ཞིག་གིས་ལན་པ་ཡིན་པས། སྒྲིབ་བྱེད་འདི་བསལ་དགོས། འདི་བསལ་བའི་ཚུལ་ཡང་། འདི་དག་སེམས་ཀྱི་འཁྲུལ་སྣང་ཙམ་ཡིན་གྱི། སེམས་ལས་ལོགས་ན་བདེན་པར་གྲུབ་པ་མེད་དེ། དེའི་གཏན་ཚིགས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་ཤེས་པར་བྱ། །ཞེས་པ་ལྟར། དངོས་པོ་བརླན་ཞིང་གཤེར་བ་གཅིག་ཉིད་ལའང་། འདི་བདེན་པར་གྲུབ་པ་མེད་དེ། འགྲོ་བ་ཐ་དད་ལ་ཆུ་དང་། བདུད་རྩི་དང་། རྣག་ཁྲག་ལ་སོགས་པར་འཁྲུལ་སྣང་ལ་ཤར་བ་ཙམ་ཞིག་ཡིན་པའི་ཕྱིར་ཞེས་པའི་གནད་ཀྱིས་ཤེས་ཏེ། ཆུར་བདེན་ན་བདུད་རྩི་དང་རྣག་ཁྲག་སོགས་སུ་ག་ལ་འཆར། དེས་རྨི་ལམ་དང་སྒྱུ་མ་སྨིག་སྒྱུ་ལྟ་བུའོ་སྙམ་དུ་ཐག་རྦད་ཀྱིས་བཅད་དེ། གོང་ལྟར་སྐྱབས་གསོལ་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དྲན་པས་མཆི་མ་འཁྲུག་བཞིན་དུ་བླ་མ་ལ་གསོལ་བ་གདབ། ཕྱི་རོལ་སྣང་བ་འདི་དག་བདེན་པར་འཛིན་པ་སྨོན་པ་བས་ཀྱང་ཆེས་བླུན་རྨོངས་པ་ཁྱོད་ཀྱི་སྙིང་དུ་ཅི་ཞིག་ཞུགས་སྙམ་དུ་སྔར་ཐག་ཆོད་ཀྱི་ལྟ་བ་དེའི་སྟེང་དུ་སྒྲིམ་ལྷོད་
ཇི་ལྟར་འཚམས་པས་ཉམས་ལེན་ལ་ཆིག་དྲིལ་བྱ་སྟེ། དང་པོར་སྒྲིམས་པས་འཁྲུལ་སྣང་ཞིག །བར་དུ་ལྷོད་པས་རང་ངོ་ཤེས། །ཐ་མར་རང་ངོས་སེམས་ཐག་ཆོད། །ཅེས་པའི་དོན་ལ་མྱོང་བ་ནམ་ཐོན་དུ་འབད། དེ་ལྟར་འབད་པས་ཕྱི་རོལ་ཡུལ་སྣང་འདི་དག་སེམས་ཀྱི་འཁྲུལ་འཁོར་ཙམ་ལས་ཕྱི་རོལ་ན་བདེན་པ་མི་འདུག་སྙམ་པའི་དོན་ལ་ཡིད་ཆེས་ཀྱི་གསལ་སྣང་ཅུང་ཟད་འདོད་པ་འབྱུང་སྟེ། རྒྱན་ལས། དེ་ནས་དེ་འདྲར་འགྱུར་བ་ཡི། །བྱང་ཆུབ་སེམས་དཔའ་མཉམ་གཞག་པས། །ཡིད་ཀྱི་བརྗོད་པ་མ་གཏོགས་པར། །དོན་ཀུན་རབ་ཏུ་མི་མཐོང་ངོ་། །ཞེས་པ་ལྟར། དེ་ནི་དྲོད་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན། དཔེ་སྤྲིན་སྟུག་པོའི་གསེབ་ཀྱི་ཟླ་བ་དེ། སྤྲིན་ཅུང་ཟད་སྲབ་ཏུ་སོང་བས་ཟླ་བའི་མདངས་ཀྱིས་མུན་པ་ཅུང་ཟད་བསལ་ཏེ། མདངས་སྐྱ་དིང་ངེ་བ་བྱུང་བ་དང་འདྲ། སླར་ཡང་བྲོད་པ་བསྐྱེད་དེ་བསྒོམས་པས། སྔར་གྱི་སེམས་ཀྱི་གསལ་སྣང་ཆེས་ཆེར་མཆེད། སྔ་མ་བས་ཡིད་ཆེས་པའི་མྱོང་བ་གསལ་པོ་འབྱུང་སྟེ། ཆོས་ཀྱི་སྣང་བ་འཕེལ་ནས་ནི། །སེམས་ཙམ་ལ་ནི་གནས་པར་འགྱུར། །ཞེས་པ་ལྟར། དེ་ནི་རྩེ་མོ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཞེས་བྱ་བ་ཡིན། དཔེར་ན་སྤྲིན་གསེབ་ཀྱི་ཟླ་བ་དེ། སྤྲིན་ཕག་ནས་སྲིབ་ཙམ་མངོན་པས་ཟླ་བ་འདི་ན་འདུག་ཅེས་རྔོ་
ཐོགས་པ་དེ་ཤར། དེ་བས་ཀྱང་འབད་པ་ཆེས་ཆེར་བསྐྱེད་ནས་བསྒོམས་པས། རང་རྒྱུད་ཀྱི་སེམས་འོད་གསལ་སྒྲིབ་བྱེད་ཀྱི་གཟུང་བྱའི་འཁྲུལ་སྣང་མངོན་འགྱུར་བ་ཕལ་ཆེར་དག་པའི་རང་སེམས་ལ་གསལ་སྣང་གི་མདངས་ཆ་དང་བདེ་བ་སྔར་བས་ཆེས་ལྷག་པ་འབྱུང་། དེ་ནི་རྒྱན་ལས། དེ་ཚེ་དེ་ཡིས་གཟུང་བ་ཡིས། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །དེ་ནས་དེ་ལ་འཛིན་པ་ཡི། །རྣམ་པར་གཡེང་བ་འབའ་ཞིག་ལུས། །ཞེས་པ་ལྟར། བཟོད་པ་གཟུང་མེད་རྟོགས་པའི་ཏིང་ངེ་འཛིན་ཞེས་བྱ་བ། ནང་འཛིན་པའི་སེམས་ཀྱི་འཁྲུལ་སྣང་མ་ནུབ་ཀྱང་། ཕྱི་གཟུང་བྱར་སྣང་བའི་འཁྲུལ་སྣང་ནུབ་སྟེ། ཕྱི་ཡུལ་སྣང་ལ་བདེན་པར་ཞེན་པ་ཅུང་ཟད་ཀྱང་མི་འབྱུང་བས། དོན་སྣང་བ་ཐོབ་པའི་ཏིང་ངེ་འཛིན་ཅེས་བྱ་བ་ཡིན། དེས་སྤྲིན་གསེབ་ཀྱི་ཟླ་བ་དེ་ལ། སྤྲིན་ཕྱི་ནང་གི་རིམ་པ་གཉིས་ཡོད་པའི་ཕྱི་མ་བསལ་ཏེ། ཟླ་བའི་གསལ་སྣང་སྔར་བས་ཀྱང་ཆེ་བ་དང་འདྲ། །གཉིས་པ་གཙོ་བོ་འཛིན་པའི་འཁྲུལ་སྣང་བཅད་པ་ནི། སླར་ཡང་སྤྲོ་བ་སྐྱེས་ཏེ། སྒོམ་ལ་ཆེས་ཆེར་འབད་པས། །གཟུང་བ་མེད་པས་དེར་འཛིན་མེད། །ཅེས་པ་ལྟར། ནང་འཛིན་བྱེད་སེམས་ཀྱི་འཁྲུལ་སྣང་དེ་ཡང་ནུབ་སྟེ། རང་སེམས་འོད་གསལ་ལ་གསལ་སྣང་ཆེས་ཆེར་དོད་པས། དེ་མངོན་སུམ་དུ་མཐོང་བ་ལྟ་
བུའི་ཉམས་འཆར་བ་ཡིན་ལ། དེ་ནི། དེ་ཚེ་བར་ཆད་མེད་པ་ཡི། །ཏིང་ངེ་འཛིན་ལ་མྱུར་དུ་རེག །འདི་ལྟར་དེ་ཡི་མཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང་། །ཞེས་པ་ལྟར། ཆོས་མཆོག་བར་ཆད་མེད་པའི་ཏིང་ངེ་འཛིན་ཞེས་པ་ཡིན་ཏེ། དེའི་ཚེ་ལྷན་སྐྱེས་ཀྱི་མ་རིག་པ་མ་དག་ཀྱང་ལྷན་སྐྱེས་དེ་ལས་མཆེད་པའི་གཟུང་འཛིན་གྱི་འཁྲུལ་སྣང་མངོན་འགྱུར་པ་ཕལ་ཆེར་དག་པའི་འོད་གསལ་ཤར་ཏེ། མཐོང་ལམ་ས་དང་པོའི་ཡེ་ཤེས་སྐྱེ་བ་ལ་བར་ཆད་མེད་པར་བདེ་བླག་འགྲུབ་པ་ཡིན། དཔེ་སྤྲིན་གསེབ་ཀྱི་ཟླ་བའི་སྒྲིབ་བྱེད་སྤྲིན་ནང་མ་དེ་ཡང་སྲབ་ཏུ་སོང་བས་ཟླ་བ་ཆེས་གསལ་བ་དང་འདྲ། སླར་ཡང་སྤྲོ་བ་ཆེན་པོས་བསྒོམས་པ་ལས། གཟུང་འཛིན་གཉིས་ཀྱི་སྤྲོ་གཞི་ལྷན་སྐྱེས་ཀྱི་མ་རིག་པའི་བག་ལ་ཉལ་མ་དག་ཀྱང་དེ་མངོན་གྱུར་བ་དག་སྟེ། གཟུང་འཛིན་གཉིས་བྲལ་གྱི་སེམས་རང་བཞིན་འོད་གསལ་རྗེན་ནེ་ཡེ་རེ་མཐོང་བ་ལྟ་བུའི་གསལ་སྣང་དང་ཡིད་ཆེས་སྐྱེ་སྟེ། དེ་ནི་སེམས་ལས་གཞན་མེད་པར་ནི་བློས་རིག་ནས། །དེ་ནས་སེམས་ཀྱང་མེད་པ་ཉིད་དུ་རྟོགས། །བློ་དང་ལྡན་པས་གཉིས་པོ་མེད་རིག་ནས། །དེ་མི་ལྡན་པའི་ཆོས་ཀྱི་དབྱིངས་ལ་གནས། །ཞེས་པ་ལྟར། སྣང་མཆེད་ཐོབ་གསུམ་གྱི་འཁྲུལ་སྣང་མངོན་གྱུར་པ་ནུབ། དེའི་གཉེན་པོ་སྣང་མཆེད་ཐོབ་
གསུམ་གྱི་གསལ་སྣང་རིམ་བཞིན་ཤར་བའི་སྦྱོར་ལམ་གསུམ་དང་། དེའི་རྗེས་སུ་ལྷན་སྐྱེས་ཀྱི་མ་རིག་པ་མངོན་གྱུར་བ་རགས་པ་ཡང་ནུབ་པའི་འོད་གསལ་ཆེན་པོ་འཇིག་རྟེན་ཆོས་མཆོག་གི་སྐབས་ཁོ་ན་ཡིན་གྱི། ལྷན་སྐྱེས་མ་རིག་པ་བག་ལ་ཉལ་ཕྲ་བ་ས་བོན་དང་བཅས་པ་མ་དག་པས། མཐོང་ལམ་ས་དང་པོའི་ཉམས་དངོས་ཤར་སྙམ་དུ་འཁྲུལ་བ་ནི་མི་བྱའོ། །དེ་རྗེས་མཐོང་ལམ་ས་དང་པོའི་ཡེ་ཤེས་སྐྱེ་ཚུལ་ནི། དེ་ལྟར་བསྒོམས་པའི་མཇུག་ཐོགས་སུ། ལྷན་སྐྱེས་མ་རིག་པ་ས་བོན་དང་བཅས་པའི་ཆ་ཤས་གཅིག་དག་པའི་སེམས་འོད་གསལ་གྱི་ཆ་ཤས་གཅིག་མངོན་དུ་ལྷག་གིས་མཐོང་བ་ནི། །ས་དང་པོ་མཐོང་ལམ་ཞེས་བྱ་བ་ཡིན་ཏེ། །དེ་ནས་དེས་ནི་འཇིག་རྟེན་ལས། །འདས་པའི་ཡེ་ཤེས་ཟླ་མེད་པ། །རྣམ་པར་མི་རྟོག་དྲི་མ་མེད། །འཛིན་པ་གཉིས་དང་བྲལ་བ་ཐོབ། །དེ་འདིའི་གནས་ཡོངས་གྱུར་པ་སྟེ། །ས་ནི་དང་པོ་ཡིན་པར་འདོད། །ཞེས་སོ། །དཔེར་ན་ཚེས་གཅིག་གི་ཟླ་བའམ། སྤྲིན་དང་བྲལ་བའི་ཟླ་བའི་ཟུར་གཅིག་ནམ་མཁའི་མཐོངས་ནས་མངོན་སུམ་དུ་མཐོང་བ་དང་འདྲ། དེས་ན་ས་བཅུའི་སྐབས་སུ་རང་སེམས་འོད་གསལ་དེའི་སྒྲིབ་བྱེད་མ་རིག་པའི་ཆ་ཤས་རེ་དག་པའི་གསལ་སྣང་ཇེ་ཆེར་གྱུར་ཏེ། ས་བཅུ་གཅིག་པར་སངས་རྒྱས་པའི་ཚེ་ནི། དག་པ་
གཉིས་ལྡན་གྱི་སེམས་རང་བཞིན་འོད་གསལ་སྒྲིབ་མེད་དུ་མཐོང་བ་ཡིན་ཏེ། དབུ་མ་འཇུག་པ་ལས། སྤྲིན་མཐོང་མཁའ་ལ་ཉི་བཞིན་འདིར་ཁྱོད་ཕྱོགས་གཅིག་བློ་གྲོས་ཅན། །བློ་མིག་དག་པའི་འཕགས་མཆོག་གིས་ཀྱང་ཐམས་ཅད་མཐོང་མ་ལགས། །བཅོམ་ལྡན་འདས་ཁྱོད་ཆོས་སྐུ་གང་དག་བློ་གྲོས་མཐའ་ཡས་པ། །ཤེས་བྱ་མཐའ་མེད་མཁའ་དབྱིངས་ཁྱབ་པ་དེ་དག་གིས་ཀུན་མཐོང་། ཞེས་དང་། ཇི་ལྟར་ཚེས་པའི་ཟླ་བ་ལ། །ཟླ་བ་རིམ་གྱིས་འཕེལ་བ་ལྟར། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱི་རིམ་གྱིས་འཕེལ་བར་མཐོང་། །ཞེས་བཤད་པ་ལྟར་ཡིན་པས། དགའ་བ་དང་སྤྲོ་བ་ཆེན་པོས་ཉམས་ལེན་གྱི་གནད་ཤེས་ན། འཁྲུལ་མེད་ཀྱིས་ལམ་བགྲོད་ཚུལ་ལ་དཀའ་བ་ཡོད་པ་མ་ཡིན་ཞེས་བླ་མའི་ཞལ་གདམས་སྙིང་ལ་བཅང་བ་གཅེས་སོ། །གསུམ་པ་ཞི་ལྷག་ཟུང་འཇུག་བསྒོམ་པ་ནི་དབེན་པའི་གནས་སུ་ལུས་རྣམ་སྣང་ཆོས་བདུན་ལྡན། སེམས་སྐྱོ་ཤས་ངེས་འབྱུང་བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་ངང་ནས། སྐྱབས་གསོལ་གྱི་འུར་སྒྲ་དི་རི་བ་དང་། དང་བའི་དད་པ་བ་སྤུ་གཡོ་བཞིན་པས། སྲོལ་གཉིས་ལས་བྱོན་པའི་གནས་ལུགས་ལ་དཔྱོད་པའི་སོ་སོར་རྟོག་པའི་ཤེས་རབ་ངར་ལྷང་ངེ་བ་གསལ་སིང་ངེ་བ་ཡིད་ཆེས་ཀྱི་ངེས་པ་གཅིག་ཏུ་གསལ་བཏབ། དེ་ནི་ལྷག་
མཐོང་སོར་རྟོག་དཔྱད་སྒོམ་རྐྱང་བ་ཡིན་པས། དེ་ཙམ་མ་ཡིན་པར་སོར་རྟོག་གིས་དཔྱད་པའི་ལྟ་བ་དེའི་སྟེང་དུ་སྔར་བཞིན་བསྒོམ་པས་སེམས་གནས་ཆ་རྙེད་དེ། ལྟ་བ་དེ་ཉིད་ཞི་གནས་ཀྱི་འཇུར་མིག་ལས་འདྲེན་ཐུབ་པའི་ལྟ་བ་གསལ་སྟོང་ཟུང་འཇུག །བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་རྩིས་ཟིན་པའི་ཉམས་ལེན་དེ་ཉིད་ཞི་ལྷག་ཟུང་འཇུག །ཐབས་ཤེས་ཟུང་འཇུག །ལྟ་སྒོམ་སྤྱོད་གསུམ་ཟུང་འཇུག་གི་ལམ་ཕུལ་དུ་ཕྱིན་པ་ཡིན་པས་འདི་ལ་ཡུན་རིང་དུ་འབད། ཡང་གནས་ཆ་ཆེ་ཡང་སོར་རྟོག་གི་གསལ་ཆ་ཆུང་ན། གནས་པ་ལ་སད་པར་བྱ་སྟེ། སོར་རྟོག་གིས་ངེས་པར་དྲངས་ཏེ་གནས་པ་བསྒོམ། ཡང་བྱམས་སྙིང་རྗེ་སོགས་ཀྱི་རྩི་དང་མ་འབྲལ་ན། སྔོན་དུ་དེ་དག་གསལ་བཏབ་སྟེ་གནས་ཆ་ལ་འབད། གནས་པ་ཤས་ཆུང་ན། ལྟ་བའི་སྟེང་དུ་རིག་པ་ཧུར་བྱུང་སྟེ་རྣམ་རྟོག་གཞན་གྱི་འཇུག་པ་རྒྱུན་ཆད་ཀྱིས་ཆད་པར་བྱས་ལ་བསྒོམ། ཐུན་དེ་ལས་ལྡང་བ་ན་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་ཞིང་སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ། ཐུན་མཚམས་ཐམས་ཅད་དུའང་མཉམ་གཞག་གི་རྩིས་ཟིན་པར་བྱས་ལ་རྩོལ་བཅས་དང་རྩོལ་མེད་ཀྱི་དྲན་པས་ཉིན་མཚན་ཁོར་ཡུག་ཏུ་འབྱོངས་པ་ནི། དལ་འབྱོར་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་པས་ན། །
རབ་ཉིན་མཚན་དུ་ཐུན་གསུམ་གསུམ། འབྲིང་བཞི། ཐ་ནའང་ཐུན་གཉིས་ཀྱི་སྒོ་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་ཤིང་མྱོང་བ་རྒྱུད་ལ་སྐྱེ་བར་བྱའོ། །ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱིས་དགོངས་པའི་མཐིལ། །ཟབ་མོ་དབུ་མའི་ལྟ་བ་ཉམས་ལེན་འཁྲིད། །ལེགས་བཤད་བདུད་རྩིའི་སྙིང་པོ་བསྡུས་པའི་དགེས། །འགྲོ་ཀུན་ཐམས་ཅད་གཟིགས་པ་ཉིད་གྱུར་ཅིག །ཅེས་པའང་འཇམ་པའི་དབྱངས་དངོས་དཔལ་མང་དུ་ཐོས་པ་ཀླུ་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས་རྩལ་བའི་གསུང་ངག་རིན་པོ་ཆེའི་ཁྲིད་ཡིག་ལས་དབུ་མའི་ལྟ་བའི་སྒོམ་རིམ་སྤྱིར་བཏང་བའི་ཚུལ་གྱིས་ཁོལ་དུ་ཕྱུངས་ཏེ་བསྡེབས་པ་དགེ་ལེགས་འཕེལ།། །།
ཀུན་མཁྱེན་བོ་དོང་པའི་དཔལ་དེ་ཉིད་འདུས་ཆེན་གྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས་ཐུབ་པ་ཆེན་པོའི་གཅོད་ཀྱི་ཁྲིད་ཡིག་ཟབ་དོན་ཡང་སྙིང་།
ཀུན་མཁྱེན་བོ་དོང་པའི་དཔལ་དེ་ཉིད་འདུས་ཆེན་གྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། ཐུབ་པ་ཆེན་པོའི་གཅོད་ཀྱི་ཁྲིད་ཡིག་ཟབ་དོན་ཡང་སྙིང་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། བླ་མ་དང་མཉམ་མེད་ཐུབ་པའི་དབང་པོ་གཉིས་སུ་མེད་པ་ལ་ཕྱག་མཚལ་ལོ། །དེ་ལ་འདིར་དཔལ་ལྡན་བོ་དོང་བཀའ་བརྒྱུད་ཀྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། དཔལ་རྒྱལ་བ་ཐུབ་པ་ཆེན་པོའི་མདོ་གཅོད་ཀྱི་ཉམས་ལེན་འབྲིང་པོའི་ཁྲིད་རིམ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ལ་གཉིས་ཐུན་མོང་གི་སྔོན་འགྲོ་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་ནི། རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་བའི་ཞལ་ནས། ཚེ་འདི་སྐད་ཅིག་གཅིག་གིས་འཛད་འགྱུར་ཞིང་། །བསགས་པའི་ལོངས་སྤྱོད་སྤྱོད་པའི་དབང་མེད་པར། །གློ་བུར་ཉིད་དུ་དུ་མའི་ནང་ནས་
བདག །གཅིག་པུར་འགྲོ་ཚེ་ཚེ་འདིའི་འདུན་མས་བསླུས། །བ་སྤུ་གྱེན་ལངས་གཤང་གཅི་ཐུར་དུ་རྒྱུག །བྱད་ཤ་ཕྱིར་སྦོས་མིག་འབྲས་ནང་དུ་བྲོས། །ཟས་ཀྱི་ཞེན་ལོག་སྐོམ་གྱི་སྲེད་པ་འཕེལ། །ལུས་སྐྱེད་མི་ནུས་སེམས་ཀྱི་གྱ་གྱུ་ལྡང་། །འདི་འདྲའི་སྡུག་བསྔལ་དྲག་པོས་ཐེབས་པའི་ཚེ། །སྨན་པ་མཁས་ཀྱང་བཅོས་པའི་ཐབས་མེད་ཅིང་། །ཟང་ཟིང་རིམ་གྲོས་ཟློག་པར་མི་ནུས་ན། །གཉེན་བཤེས་བརྩེ་གདུང་ཆེ་ཡང་ཅི་བྱར་ཡོད། རིག་རིག་མིག་གིས་ཉེ་དུའི་གདོང་ལ་ལྟ། །ནོམ་ནོམ་ལག་པས་རང་གི་གོས་ལ་འཇུ། །ངར་ངར་དབུགས་ཀྱི་ཕྲེང་བ་ཆད་ལ་ཉེ། །འཇིགས་འཇིགས་འདྲ་བའི་གཤིན་རྗེས་ཟིན་པ་ན། །འཁོར་ལོས་སྒྱུར་རྒྱལ་གྱིས་ཀྱང་སྐྱོབ་
མི་ནུས། །སྟོང་གསུམ་ནོར་གྱིས་གང་ཡང་བསླུར་མི་རུང་། །ཞེས་པ་ལ་སོགས་པ་གསུངས་པའི་དོན་ཡང་ཡང་བསམ་པ་དང་། ཚིག་རིས་འདི་ཉིད་ཀྱང་ཐུན་དུ་བཅད་དེ་མང་དུ་བརྗོད་པར་བྱས་ན་བློ་ཆོས་སུ་འགྲོ་ཞིང་། ངེས་འབྱུང་སྐྱོ་ཤས་དང་ལྡན་པས་ཆོས་ལམ་དུ་ལོངས་པར་འགྱུར་པ་ཡིན་ནོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེས། བླ་མའི་རྣལ་འབྱོར་གསོལ་འདེབས་དང་བཅས་པ་རྣམས་ཟུར་དུ་བཤད་པ་ལྟར་བྱའོ། །གཉིས་པ་དངོས་གཞི་ལ་གསུམ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དང་པོ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ནི། སེམས་བསྐྱེད་སྔོན་དུ་འགྲོ་བས། ལུས་གནད་རྡོར་སྐྱིལ་ས་གནོན་དྲང་ཚུགས་གསུམ་ལྡན་ལ་གཡོ་འགུལ་མེད་པས། ད་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་རྨི་ལམ་སྒྱུ་མའི་རང་བཞིན་ཡིན། ཡིད་བརྟན་ཐུབ་པ་མེད་པས་ན་འདི་ཉིད་ཀྱི་ངོ་བོ་ངོས་གཟུང་མཚན་མ་ཐམས་ཅད་དང་བྲལ་བ། འདི་ཡིན་གཏད་སོ་མེད་པའི་རིག་པ་གཅེར་བུ་དྲི་མ་མེད་པ་འདི་ཉིད་རྟེན་གང་ལའང་མི་འཆའ་བར་ཟང་ཐལ་དམིགས་མེད་དུ་བཞག་ཅིང་། ཕཊ་དྲག་པོ་གསུམ་བརྗོད་ནས་མཉམ་པར་གཞག །རྗེས་ཐོབ་ལའང་དེ་ལྟར་བསྐྱང་བར་བྱའོ། །གཉིས་པ་།
དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། གོང་གི་ཉམས་ལེན་ལ་ངེས་པ་རྙེད་པའི་རྣལ་འབྱོར་པས། དཔའ་བོ་གཡུལ་གྲལ་དུ་འགྲོ་བ་ལྟར་གཉན་ཁྲོད་ལུང་སྟོང་རྣམས་སུ་ཡ་ང་བ་དང་ཚམ་ཚོམ་མེད་པར་གཏད་མེད་ཟིལ་གནོན་གྱི་ངང་ནས་ཕཊ་ཅེས་བརྗོད་པས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཅེར་བུ་རུས་པས་བརྒྱན་པ་རི་རབ་ཙམ་གྲི་ཐོད་འཛིན་པ་ཞིག་གིས་ལྷ་སྲིན་སྡེ་བརྒྱད་གཞི་བདག་འབྱུང་པོའི་ཚོགས་ཐམས་ཅད་ཞབས་གཉིས་རྡོ་རྗེའི་བྲོ་བརྡུང་བའི་འགྲོས་ཀྱིས་བྱིར་བྱིར་མནན་པས། ཐམས་ཅད་སྡུག་སྐད་ཅེ་རེ་རེ་འདོན་པ་དང་ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པར་བསམས་ནས། ཕཊ་གསུམ་དྲག་ཏུ་བརྗོད་ཅིང་གཉན་ཁྲོད་དེས་གཙོས་པའི་གླིང་བཞི་རི་རབ་དང་བཅས་པ་ཆར་གྱིས་མནན་པར་དམིགས་པ་དང་། ལུས་གནད་སྐྱིལ་ཀྲུང་ས་གནོན་ལ་གནས་པའི་ངང་ནས། རང་ལུས་རྗེ་བཙུན་མ་རྩ་གསུམ་འཁོར་ལོ་བཞི་ལྡན་དུ་གསལ་བའི་དབུ་མའི་མས་སྣ་ལྟེ་འོག་སོར་བཞིར་རང་གི་ལུས་ངག་ཡིད་གསུམ་གྱི་ངོ་བོ་དྭངས་མ་མི་ཤིགས་པའི་ཐིག་ལེ་བྱིའུའི་སྒོ་ང་ཙམ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་ཞིག་འཕར་ལ་ཁད་འཕུར་ལ་ཁད་དུ་འདུག་པ་ལ་རིག་པ་གཞན་དུ་མ་ཡེངས་པར་གཏོད་ལ། ཕཊ་དྲག་པོ་གཅིག་བརྗོད་པས་ཐིག་ལེ་དེ་ཉིད་ལ་སྨད་ཀྱི་ཆའི་དྭངས་
མ་ཐམས་ཅད་དེ་ལ་འདུས། ཡང་ཕཊ་གཅིག་བརྗོད་པས་ཐིག་ལེ་དེ་ཉིད་དཔག་ཆེན་གྱིས་མདའ་གྱེན་ལ་འཕངས་པ་ལྟར་ཚངས་བུག་ཏུ་སླེབ་པས། དེ་མན་གྱི་དྭངས་མ་ཐམས་ཅད་ཐིག་ལེར་ཧྲིལ་འདུས། ཡང་ཕཊ་ཅེས་བརྗོད་པས་ཐིག་ལེ་ཚངས་བུག་ནས་རྒྱངས་ཀྱིས་ཐོན་པ་དེ་ཉིད་སྐྱ་ནར་གྱིས་ནམ་མཁའི་དབྱིངས་སུ་ཐིམ་པས་ནམ་མཁའ་དང་ལུས་ངག་ཡིད་གསུམ་གྱི་དྭངས་མའི་ཐིག་ལེ་དེ་ཉིད་རོ་གཅིག་ཏུ་འདྲེས་པའི་ངང་སྒྱུ་མའི་ཏིང་ངེ་འཛིན་ལ་མཉམ་པར་གཞག་གོ །དེ་ནས་ཕཊ་ཅེས་བརྗོད་པས་རང་གི་ལུས་ངག་ཡིད་གསུམ་གྱི་དྭངས་མ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གཡས་གྲི་གུག ། གཡོན་རྟོག་མེད་ཀྱི་རོ་ལ་བསྡིགས་པ། གཅེར་བུ་རུས་པའི་ཕྱག་རྒྱ་ལྔས་བརྒྱན་པ་ཞིག་ཏུ་གྱུར་ནས། རང་གི་སྙིགས་མའི་ཕུང་པོའི་སྟེང་དུ་བབས་པ་ལས། དེ་ཉིད་ཀྱི་གྲི་གུག་རྣོ་ངར་དང་ལྡན་པས་ཕཊ་དགུ་བརྗོད་པ་དང་ལྡན་པས་ཐོག་མར་སྨིན་མཚམས་ནས་ཐོད་པ་ལིང་གིས་ཕོག །དེ་ནས་རིམ་པ་བཞིན་ཡན་ལག་བཞི་དང་སྒལ་ཚིགས་གཞུང་ལ་གཤགས་ཤིང་། ནང་རོལ་པགས་པ་ཤ་རུས་རྣམས་སོ་སོར་ཕྲལ་ཞིང་སྤུངས་ནས། ཨོཾ་ཨཱཿཧུྃ་ཞེས་གསུམ་གྱིས་བྱིན་གྱིས་འདི་རྣམས་གང་དུ་བྱིན་གྱིས་བརླབ་ན་སྤྱིར་བདུད་རྩིའི་རང་བཞིན། བྱེ་བྲག་མིག་སོགས་དབང་པོ་ལྔ་འདོད་ཡོན་ལྔ། ཕུང་པོ་ལྔ་སྐུ་ལྔ། བྱང་སེམས་དཀར་དམར་དབྱངས་གསལ།
ཉོན་མོངས་པ་ལྔ་ཡེ་ཤེས་ལྔ། རྒྱུ་ལོང་དོན་སྙིང་ནང་རོལ་རྣམས་གསེར་དངུལ་བྱེ་རུ་མུ་ཏིག་གོས་དར་ཇ་མར་ཤ་ཐུད་ཀ་ར་བུ་རམ་སྦྲང་རྩི་ཤིང་ཐོག་འབྲུ་སྣ་ཚོགས་རྟ་གླང་མཛོ་དྲེལ་སྐྱེས་པ་བུད་མེད་འདོད་རྒུ་འབྱུང་བའི་ནོར་བུ་སྣ་ཚོགས་ཁང་བཟང་ལ་སོགས་པ་རྣམས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ངོ་བོར་བྱིན་གྱིས་རློབ་པའོ། །བརླབས་ཤིང་ཕཊ་ཤིན་ཏུ་དྲག་པོ་ཞིག་བརྗོད་པས། མགྲོན་བཞིའི་ཚོགས་ཐམས་ཅད་སྟེང་འོག་བར་གསུམ་ནས་ཧྲིལ་གྱིས་འདུས་པར་དམིགས་པ་དང་། དེ་རྣམས་ཀྱིས་རང་རང་གང་འདོད་པའི་ཡོ་བྱད་འདོད་རྒུའི་བཟའ་བཏུང་ཕུན་སུམ་ཚོགས་པ་ལ་ལོངས་སྤྱད་པས་ཚིམ་པར་བསམས་ནས་ཕཊ་གཅིག་བརྗོད་པས་རང་དང་མགྲོན་ཐམས་ཅད་རང་བཞིན་དམིགས་པ་མེད་པའི་ངོ་བོ། ཁས་ལེན་ཐམས་ཅད་དང་བྲལ་བ། ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ནས། དགེ་བའི་རྩ་བ་ལྷུན་གྲུབ་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སུ་བསྔོ་བྱ་སྔོ་བྱེད་དང་བྲལ་བར་ཡང་དག་པར་བསྔོས་ཏེ། གཞན་ཕན་ལྷག་བསམ་གྱི་སྨོན་ལམ་རྣམ་པར་དག་པ་གདབ་པར་བྱའོ། །གསུམ་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནི། ད་ལྟར་སྣང་གྲགས་ཀྱིས་བསྡུས་པའི་ཆོས་འདི་ཐམས་ཅད་ཀྱི་རང་བཞིན་གང་དུའང་གྲུབ་པ་མེད་ཅིང་སྟོང་ཉིད་ཟབ་གསལ་དབྱེར་མེད་ཀྱི་ཡེ་ཤེས་འདི་ཉིད་ཀྱི་གཤིས་ངོ་བོ་གཞོམ་གཞིག་ཐམས་ཅད་
དང་བྲལ་བ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་ཕྱི་རོལ་གཞན་རྐྱེན་གང་གིས་ཀྱང་ཚུར་བརྫི་བར་མི་ནུས་པ་ཡིན་ཞིང་། ཕར་རྡོ་རྗེ་ཕ་ལམ་ལྟར་དངོས་པོ་ཐམས་ཅད་འཇོམས་པས་ན། ཏིང་ངེ་འཛིན་འདིས་ཀྱང་མཚན་མའི་རྣམ་པར་རྟོག་པ་ཐམས་ཅད་འཇོམས་པར་འགྱུར་བ་སྟེ། །དེ་ལྟར་ཉམས་ལེན་ལ་སྙིང་རུས་བསྐྱེད་དེ་འབད་ནས་བསྒོམ་པར་བྱའོ། །གསུམ་པ་རྗེས་ལ་བཞི། རྣལ་འབྱོར་བཞིའི་ངོ་སྤྲོད། འདོད་ཡོན་ལྔའི་ལམ་སྤྱོད། ལྷོངས་ཚད་གྱི་རྟེན་འབྲེལ་བརྟག་པ། ཐུབ་པ་ཆེན་པོའི་བྱིན་རླབས་སོ། །དང་པོ་རྣལ་འབྱོར་བཞིའི་ངོ་སྤྲོད་ལ་བཞི། སྟོང་ཉིད་ཀྱི་རྣལ་འབྱོར། མཉམ་ཉིད་ཀྱི་རྣལ་འབྱོར། བརྗོད་མེད་ཀྱི་རྣལ་འབྱོར། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་སྟོང་ཉིད་ཀྱི་རྣལ་འབྱོར་ནི། མཐར་འཛིན་གྱི་རྟོག་པ་ཐམས་ཅད་རྣམ་པར་སྤངས་ནས། སྟོང་ཉིད་ཟབ་མོ་འདི་ཡིན་བརྗོད་དུ་མེད་པའི་ངང་ལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་བསྒོམ་པར་བྱ་སྟེ། དེའང་སྤྱོད་འཇུག་ལས། སྟོང་ཉིད་བག་ཆགས་གོམས་པས་ནི། །དངོས་པོའི་བག་ཆགས་སྤོང་འགྱུར་ཞིང་། །ཞེས་གསུངས་པ་ལྟར་ཉམས་ལེན་ལ་འབད་པར་བྱའོ། །གཉིས་པ་མཉམ་ཉིད་ཀྱི་རྣལ་འབྱོར་ནི། དེ་ལྟར་བསྒོམས་པའི་སྟོང་པའང་དཔྱད་ན་སྟོང་པ་བདེན་པར་མི་འཐད་དེ། སྣང་བ་རྫུན་པར་འདོད་པ་མི་འཐད་པའི་
ཕྱིར། སྣང་སྟོང་གཉིས་ཀ་བདེན་འཛིན་གྱི་མཐའ་ཐམས་ཅད་དང་བྲལ་བས་མཉམ་པ་ཉིད་ཡིན་ཏེ། དེ་ལྟར་ཡང་མདོ་ལས། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །བདེན་དང་རྫུན་པ་འདི་ཡང་མཐའ་ཡིན་ལ། །དེ་ཕྱིར་མཐའ་གཉིས་དག་ནི་རྣམ་སྤངས་ནས། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་མཉམ་པ་ཉིད་ཀྱི་ངང་ལ་ཅི་གནས་ཀྱི་བར་མཉམ་པར་གཞག་པའོ། །གསུམ་པ་བརྗོད་མེད་ཀྱི་རྣལ་འབྱོར་ནི། དེ་ལྟར་མཉམ་ཉིད་སྒོམ་པ་དེའང་སྔར་གྱི་སྟོང་ཉིད་བསྒོམས་པའི་འཛིན་པ་བཟློག་པའི་ཕྱིར་ཡིན་གྱི། མཐར་ཐུག་གི་ཉམས་ལེན་མཉམ་ཉིད་དུ་སྒོམ་པ་འདིའང་མ་ཡིན་པས་ན། འདིའི་བོགས་འདོན་ཆོས་ཐམས་ཅད་གང་དུའང་བརྗོད་དུ་མེད་པའི་ངོ་བོ་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ལ་རྩེ་གཅིག་ཏུ་མཉམ་པར་གཞག་པར་བྱ་སྟེ། དེའང་སྤྱོད་འཇུག་ལས། །དཔྱད་ཅིང་ཡོངས་སུ་དཔྱད་པ་ནི། །རྣམ་པར་དཔྱོད་ལ་རྟེན་ཡོད་མིན། རྟེན་མེད་ཕྱིར་ན་མི་སྐྱེ་སྟེ། །ཞེས་དེ་ལྟར་དཔྱད་པའི་མཐར་འཛིན་པའི་རྟེན་མི་རྙེད་པས་རྟོག་པ་མི་སྐྱེ་བར་བཞེད་པ་ཡིན་པའི་ཕྱིར། དེ་ལྟར་ནི་ཚིག་ཏུ་བརྗོད་པ་ཐམས་ཅད་ཀུན་རྫོབ་བློའི་སྤྱོད་ཡུལ་ཡིན་ལ། མཐར་ཐུག་དོན་དམ་བདེན་པ་གང་ཡིན་ཞེས་དྲིས་ན། དེ་ལ་ལན་མི་སྨྲ་ཞིང་སྨྲ་རྒྱུ་མེད་པ་དེ་ཡིན་ནོ། །བཞི་པ་མི་རྟོག་
པའི་རྣལ་འབྱོར་ནི། སྔར་གྱི་རྣལ་འབྱོར་གསུམ་གྱི་སྤྲོས་པ་ཐམས་ཅད་ཆོད་པའི་ངང་ནས་ཆོས་ཐམས་ཅད་མི་རྟོག་པར་སྒོམ་པར་བྱེད་པ་ལ་སྒོམ་ཞེས་མིང་དུ་བཏགས་པར་ཟད་ཀྱི། དམིགས་པ་མཚན་མའི་སྤྲོས་པ་རྣམས་བསྒོམ་པ་ནི་མ་ཡིན་པས་ན་ཆོས་གང་ལའང་མི་བལྟ། མི་མནོ། མི་བསམ། མི་དཔྱད་ཅིང་། མི་རྟོག་པར་རྩོལ་མེད་ལྷུག་པ་ཆེན་པོའི་ངང་ལ་མཉམ་པར་རྩེ་གཅིག་ཏུ་གཞག་པའོ། །གཉིས་པ་འདོད་ཡོན་ལྔའི་ལམ་སྤྱོད་ལ་ལྔའི། དང་པོ་མིག་གིས་གཟུགས་ཡིད་དུ་འོང་བ་ལ་ཆགས་ཤིང་མི་ཞེན། ཡིད་དུ་མི་འོང་བ་ལ་སྐྱུགས་བྲོ་དང་སྦྱོང་སེམས་མི་བྱ། བར་བ་ལུང་མ་བསྟན་དུ་མ་ལུས་པ་ནས། དེ་གསུམ་གྱི་ངོ་བོ་བདེན་མེད་ཕྱག་རྒྱ་ཆེན་པོ་ཟབ་གསལ་དབྱེར་མེད་ཀྱི་ངང་དུ་ཐག་བཅད་དེ་ཉམས་སུ་བླང་བར་བྱའོ། །དེ་བཞིན་དུ་རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ་སྟེ། དེ་ལྟར་བཞི་པོ་འདི་རེ་རེ་ལའང་སྔར་ལྟར་ཉམས་སུ་བླང་བར་བྱའོ། །གསུམ་པ་ལྷོངས་ཚད་ཀྱི་རྟེན་འབྲེལ་བརྟག་པ་ལ་གཉིས། ལྷོངས་དང་། ཚར་ཚད་དོ། དང་པོ་ལྷོངས་ཚད་ནི། རྣལ་འབྱོར་པས་ཉམས་ལེན་དེ་ལྟར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་འབད་པས་ཉམས་དང་རྨི་ལམ་དངོས་སུ་གང་རུང་ལ་ལུས་ངག་ཡིད་གསུམ་གྱི་སྟེང་དུ་ཆོ་འཕྲུལ་བཟོད་བླག་མེད་པ་འབྱུང་སྟེ། དེའང་ལུས་ལ་ན་
ཚ། སེམས་ལ་ཁུ་འཕྲིག་དང་ལྷ་འདྲེའི་མཐོང་སྣང་འཇིགས་སྐྲག་སྣ་ཚོགས། མི་ཁ་གླེང་གཞི་འཐབ་རྩོད་ཁ་སྨྲ་ཁ་མཆུ་སོགས་དཔག་ཏུ་མེད་པ་འབྱུང་བ་ནི། དེ་ལའང་འཇིགས་པ་མེད་པས་ཉམས་ལེན་ལ་འབད་པར་བྱའོ། །གཉིས་པ་ཚར་ཚད་ནི། དེ་ལྟར་ལྷ་འདྲེ་ལམ་ཁྱེར་གྱི་མན་ངག་རྐྱེན་དང་ན་ཚ་གང་བྱུང་གྲོགས་སུ་ཁྱེར་བས། མངོན་སུམ་ལམ་དུ་ཁྱེར་བའི་ཆོས་སྐམ་ཐག་ཆུ་ནང་ནས་ཆོད་པས་འབྲས་བུ་ཕྱི་དུས་སུ་མི་རེ་བ། བགེགས་དང་བར་ཆད་ཐམས་ཅད་དངོས་གྲུབ་ཏུ་ལོངས་བས་ན། ཚར་ཚད་བློས་བཏང་གི་འདུན་མ་ཁོ་ན་འབྱུང་བས་ལྟོ་གོས་གཏམ་གསུམ་ལ་གྱོང་བསྐུར་ཏེ། །ཚེ་དང་སྒྲུབ་པ་མཉམ་པར་བྱས་ན་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་བའོ། །བཞི་པ་ཐུབ་པ་ཆེན་པོའི་བྱིན་རླབས་ནི་ཁྲིད་ཀྱི་ཚར་ཆོས་ཡིན་པས་ཟུར་དུ་བཤད་པ་ལྟར་བྱའོ། །དེང་སང་གཏོར་རྒྱུན་རྒྱ་མཚོ་ལས་བྱུང་བའི་གྲུབ་པའི་རྗེས་གནང་དེ་མཛད་དོ། །ཞེས་དཔལ་ལྡན་བོ་དོང་བཀའ་བརྒྱུད་ཀྱི་ཟབ་ཁྲིད་ཆོས་སྐོར་དགུ་ལས། དཔལ་རྒྱལ་བ་ཐུབ་པ་ཆེན་པོའི་མདོ་གཅོད་ཀྱི་ཉམས་ལེན་འབྲིང་པོའི་ཁྲིད་ཀྱི་རིམ་པ་འདི་ཉིད་པཎ་ཆེན་བླ་མའི་གསུང་བཞིན་ཆོས་མེད་ཀྱི་བྱ་བཏང་པདྨ་གར་གྱི་དབང་ཕྱུག་གིས་ཟིལ་གནོན་གྱི་ལོ་ནག་པ་ཟླ་བའི་དཀར་པོའི་ཕྱོགས་ཀྱི་རྒྱལ་བ་གཉིས་པའི་ཚེས་ལ་མེ་ལོང་བཀྲ་ཤིས་རབ་བརྟན་
བདེ་ཆེན་ཆོས་འཁོར་གླིང་གི་གཟིམས་ཆུང་མངོན་དགའ་བདེ་ཆེན་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་རྣལ་འབྱོར་པ་བསྟན་པ་རབ་རྒྱས་ཀྱིས་བགྱིས་པའི་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ཀྱིས་ཚེ་འདི་ཉིད་ལ་གཉིས་མེད་ཡེ་ཤེས་དྭངས་མ་མི་ཤིགས་པའི་དོན་མཐོང་བར་གྱུར་ཅིག །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག། །།
ཐུབ་པ་ཆེན་པོའི་མདོ་གཅོད་དམར་འགྱེད་ཞལ་ཤེས།
༈ ཐུབ་པ་ཆེན་པོའི་མདོ་གཅོད་དམར་འགྱེད་ཞལ་ཤེས་བཞུགས་སོ། །ཨོཾ་སྭསྟི། ཐུབ་པ་ཆེན་པོའི་མདོ་གཅོད་ཀྱི་སྐབས། དམར་འགྱེད་བྱ་བའི་ཞལ་ཤེས་ནི། ཕཊ་ཅེས་པས་རང་གི་སྙིང་ག་ནས་རྡོ་རྗེ་ཕག་མོ་རྒྱངས་ཀྱིས་ཐོན་ནས། ཕྱག་གི་གྲི་གུག་གིས་རང་གི་དཔྲལ་བ་ནས་ལུས་རྐང་མཐིལ་བར་བཤགས། པགས་པ་སྟོང་གསུམ་གྱི་ཚད་དང་མཉམ་པ་བཏིང་པའི་སྟེང་དུ། ཕཊ། ཕྱོགས་གཅིག་ཏུ་མགོ་བོ་སྤུངས། ཕཊ། ཕྱོགས་གཅིག་ཏུ་ཡན་ལག་སྤུངས། ཕཊ། ཕྱོགས་གཅིག་ཏུ་དོན་སྙིང་སྤུངས། ཕཊ། ཕྱོགས་གཅིག་ཏུ་གློ་བ་ནང་རོལ་སོགས་སྤུངས། གཤོང་གཤོང་ཐམས་ཅད་ཁྲག་གིས་གང་བར་བསམས་ནས། ཨོཾ་ཨཱཿཧཱུྃ་གསུམ་གྱིས་བྱིན་གྱིས་བརླབས་ནས་མགྲོན་འབོད་པ་ནི། འོ། མཐོ་སྲིད་པའི་རྩེ་མོ་ནས། དམའ་ན་རག་དམྱལ་ཁམས་ཡན་
ཆོད། མཐོ་ནམ་མཁའི་ལྷ་ཚོགས་ནས། དམའ་ས་འོག་ལྟོ་འཕྱེ་ཡན་ཆོད། མཐོ་པེ་ཀར་རྒྱལ་པོ་ནས། དམའ་ཡུལ་འདྲེ་སོ་སྲིན་ཡན་ཆོད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་འདིར་འདུས་ཤིག །འོ། གཙོ་བོའི་གདོན་ཆེན་བཅོ་བརྒྱད། བྱིས་པའི་གདོན་ཆེན་བཅོ་ལྔ། ཕོ་གདོན་རྒྱལ་པོ། མོ་གདོན་སྲིན་མོ། སྔར་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ། དང་པོ་ནད་ཀྱི་སྣ་འདྲེན་པ། བར་དུ་ནད་ཀྱི་ཚང་འཆའ་བ། ཐ་མར་ནད་ལ་མི་ཕན་པར་བྱེད་པ་དང་། ཟ་འདྲེ་ཤི་གཤེད། འགོག་འདྲེ་མ་རུངས་པའི་ཚོགས་ལོག་པར་ལྟ་བ་ཐམས་ཅད་འདིར་འདུས་ཤོག །འཽ། ཁྱེད་རྣམས་ལ་ཁོ་བོས་ཡ་གི་སྤྱི་གཙུག་ནས་མ་གིའི་རྐང་མཐིལ་ཡན་ཆོད། དབང་པོ་རྣམ་པ་ལྔ། དོན་སྙིང་རྣམ་པ་ལྔ། ནང་རོལ་རྣམ་པ་ལྔ། ཤ་དང་རུས་པ། ཁྲག་དང་ཆུ་སེར་ལ་སོགས་པ་ཐམས་ཅད་ཕངས་པ་མེད་པར་སྟེར་བས་ཟོ་ཞིག །གསོལ་ཅིག །རོལ་ཅིག །ཁྱེར་ཅིག འདི་ནི་བྲམ་ཟེ་སྐྱེ་བ་བདུན་པའི་ཤ་ཁོག་ཏུ་བྱིན་གྱིས་བརླབས་པ་ཡིན་པས་ཆགས་པ་དང་ཞེན་པ་མེད་པར་ཟོ་ཁྱེར་ཅིག །ཕཊ། ཕོ་གདོན་སྟོད་ལ་དགའ་བ་རྣམས་སྟོད་ཁྱེར་ཅིག །ཕཊ། མོ་གདོན་སྨད་ལ་དགའ་བ་རྣམས་སྨད་ཁྱེར་ཅིག །ཕཊ། ཡ་མགལ་ཡ་བདུད་རྒྱལ་པོས་ཁྱེར། ཕཊ། མ་མགལ་མ་བདུད་
རྒྱལ་པོས་ཁྱེར། ཕཊ། དོན་སྙིང་པོ་ཀར་རྒྱལ་པོས་ཁྱེར། ཕཊ། ནང་རོལ་སྡེ་དཔོན་བཅོ་བརྒྱད་ཀྱིས་ཁྱེར། ཕཊ། ཤ་ལ་དགའ་བ་ཤ་ཟོ་ཁྱེར། ཕཊ། ཁྲག་ལ་དགའ་བ་ཁྲག་འཐུངས་ཁྱེར། །ཕཊ། རུས་ལ་དགའ་བ་རུས་མུར་ཁྱེར། ཁྱེད་རིངས་པ་རྣམས་ཀྱིས་གྲང་མོར་ཁྱེར། མི་རིངས་པ་རྣམས་ཚོས་ལ་ཟོ། ཕཊ། དེ་ཀའི་དམིགས་རིམ་ལྡན་པས་དར་ཅིག་མཉམ་པར་གཞག །ལྷག་མ་དང་ཤལ་ཤུལ་ལ་དབང་བ་རྣམས་ལ་སླར་ལྷག་མ་འུབ་ཀྱིས་བསྡུས། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཕཊ། ལྷག་མ་དང་ཤལ་ཤུལ་ལ་དབང་བ་འབྱུང་པོ་ཁ་ཉན་དབང་ཆུང་འོན་པས་མ་ཐོས་པ། ལོང་བས་མ་མཐོང་བ། འཐིང་པོས་མ་སླེབས་པ་རྣམས་ལ་སྦྱིན་པས་ཁྱེད་རྣམས་ཤ་ཁྲག་རུས་པ་རྣམས་ཀྱིས་ཚིམ་པར་གྱུར་ནས། སྒྲ་ཐོས། །གཟུགས་མཐོང་། འགྲོ་ཤེས་ནས་བླ་མེད་བྱང་ཆུབ་ཐོབ་པའི་རྒྱུར་གྱུར་ཅིག །ཕཊ་ཅེས་དང་། སླར་ཡང་ཕཊ་ཅེས་པས་མི་རྟོག་པའི་ངང་ལ་མཉམ་པར་གཞག །སླར་ཡང་རང་སྐད་ཅིག་གིས་སྙིང་རྗེའི་བདག་ཉིད་ཅན་དུ་གནས་བསྒྱུར་ནས། འབྱུང་པོ་ཐམས་ཅད་མདུན་དུ་ཡོད་པར་བསམས་ལ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་ཀྱིས་ཆོས་སྦྱིན་དང་། འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཏམ། །སའམ་འོན་ཏེ་བར་སྣང་འཁོད་
ཀྱང་རུང་། །སྐྱེ་རྒུ་རྣམས་ལ་རྟག་ཏུ་བྱམས་བྱེད་ཅིང་། །ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །སེམས་ཅན་སྡུག་བསྔལ་བདག་སྨིན་ཞིང་། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་པའི་བདག་གཞན་བརྗེ་ནུས་པའི་སེམས་བསྐྱེད་དང་ལྡན་པའི་སྒོ་ནས་དུས་འདས་མ་འོངས་པའི་རྟོག་འཛིན་སྤངས་ནས་ཉམས་སུ་བླང་བར་བྱའོ། །ཞེས་དཔལ་དེ་ཁོ་ན་ཉིད་འདུས་པའི་ཟབ་ཁྲིད་ཆོས་སྐོར་དགུ་ལས་ཐུབ་པའི་མདོ་གཅོད་ཀྱི་དམར་འགྱེད་ཞལ་ཤེས་པཎ་ཆེན་བྱམས་པ་ཆོས་ཉིད་གསུངས་པ་བཞིན། ཆོས་མེད་ཀྱི་བྱ་བཏང་པདྨ་གར་དབང་གིས་སྦྱར་བའོ།། །།
ཀུན་མཁྱེན་བོ་དོང་པའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་དམིགས་ཁྲིད་ཟིན་བྲིས་བླ་མའི་ཐུགས་བཅུད།
༈ ཀུན་མཁྱེན་བོ་དོང་པའི་བཀའ་སྲོལ་ཐུབ་པ་མདོ་གཅོད་ཀྱི་དམིགས་ཁྲིད་ཟིན་བྲིས་བླ་མའི་ཐུགས་བཅུད་བཞུགས་སོ། །ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། འདིར་ཀུན་མཁྱེན་བོ་དོང་པའི་ཟབ་མོའི་དག་སྣང་གི་ཆོས་སྡེ་ཐུབ་པ་ཆེན་པོས་དངོས་སུ་སྩལ་བའི་མདོ་གཅོད་དུ་གྲགས་པའི་དམིགས་འཁྲིད་ཀྱི་ཟིན་བྲིས་མདོ་ཙམ་འགོད་པ་ལ་གཉིས། སྤྱིའི་གོ་དོན་ཅུང་ཟད་བཤད་པ་དང་། གདམས་པ་དངོས་ཉམས་སུ་བླང་བའི་ཚུལ་ལོ། །དང་པོ་ནི། རྗེ་བཙུན་རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཞལ་ནས། གཉན་ས་རི་ཁྲོད་འགྲིམ་པ་ཕྱི་ཡི་གཅོད། །ཕུང་པོ་གཟན་དུ་བསྒྱུར་བ་ནང་གི་གཅོད། །ཉག་གཅིག་རྩད་ནས་གཅོད་པ་དོན་གྱི་
གཅོད། །ཅེས་གསུངས་པ་ལྟར། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་ཙམ་ནས་རང་བཞིན་གྱིས་མ་གྲུབ་པར་རྟོགས་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱིས་གཉན་ས་དང་རི་ཁྲོད་སོགས་ཀྱི་གནས་ངེས་མེད་འགྲིམ་པ་ཕྱི་བརྟུལ་ཞུགས་ལམ་དུ་ཁྱེར་པའི་གཅོད། དེ་ལྟ་བུའི་གནས་སུ་རིག་པ་དབྱིངས་སུ་སྤར་ཞིང་། སྒྱུ་ལུས་ཚོགས་ཀྱི་འཁོར་ལོར་བསྐོར་བས་གང་ལའང་ཉམ་ང་དང་བག་ཚ་བ་མེད་པའི་ལྟ་དགོངས་ཀྱི་གདེངས་ལྡན་པ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱིས་ཕུང་པོ་གཟན་དུ་བསྒྱུར་བ་ནང་བདེན་གཉིས་ལམ་དུ་ཁྱེར་བའི་གཅོད། དེ་དག་གི་སྐབས་ཐམས་ཅད་དུ་ཕྱི་གཟུང་ཡུལ་རང་སྣང་དུ་ཤེས། ནང་འཛིན་སེམས་སྐྱེ་མེད་དུ་རྟོགས། གསང་བ་དབྱིངས་རིག་ཟུང་འཇུག་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལས་མི་འདའ་བས་བདག་འཛིན་གྱི་སྙེམས་ཐག་ཆོད་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉག་གཅིག་རྩད་ནས་གཅོད་པ་དོན་དམ་དབྱིངས་རིག་ལམ་དུ་ཁྱེར་བའི་གཅོད་དེ། འདི་ལྟ་བུའི་ཏིང་ངེ་འཛིན་གསུམ་ལ་བརྟེན་ནས་གཞི་སྟོང་པ་ཉིད། ལམ་མཚན་མ་མེད་པ། འབྲས་བུ་སྨོན་པ་མེད་པ་སྟེ་རྣམ་ཐར་སྒོ་གསུམ་གྱིས་དུས་གསུམ་མཉམ་ཉིད་དུ་རྟོགས། སྔོན་གྱི་གནས་ཤེས་པ། འཆི་འཕོ་སྐྱེ་བ་ཤེས་པ། མི་སྐྱེ་བའི་བཟོད་པ་ཐོབ་པའི་ཟག་པ་ཟད་པ་ཤེས་པ་སྟེ་རིག་པ་གསུམ་
མངོན་དུ་བྱས་ནས། རྒྱལ་ཡུམ་དོན་གྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་དོན་ཚེ་འདི་ཉིད་ལ་མངོན་དུ་འགྱུར་པ་ཡིན་ཏེ། །དེ་སྐད་དུ་མགོན་པོ་བྱམས་པས། སྒྱུ་མ་ལྟ་བུའི་ཏིང་འཛིན་དང་། །དཔའ་བར་འགྲོ་བའི་ཏིང་འཛིན་དང་། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །བསམ་གཏན་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་དང་། རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དུ་ཡང་། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། །ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་ཐབས་དང་། ཐབས་ལས་བྱུང་བའི་ཚུལ་ལ་སྨོན་ལམ་དུ་མཛད་པས་མཚོན་ཏེ་རྒྱ་ཆེར་ཤེས་པར་བྱའོ། །གཉིས་པ་གདམས་པ་དངོས་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ། དེའི་དབུས་སུ་ནོར་བུས་གཏམས་པ་ལས་སྐྱེས་པའི་དཔག་བསམ་ལྗོན་ཤིང་ཡལ་ག་ལྔ་པའི་དབུས་སུ་རྩ་བརྒྱུད་ཀྱི་བླ་མ། མདུན་དུ་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་ཏུ་དགེ་འདུན། མཐའ་སྐོར་ཀུན་ཏུ་མཁའ་འགྲོ་ཆོས་སྐྱོང་རྣམས་སྤྲིན་
གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་སྐྱབས་སུ་འགྲོ་བར་མོས་ལ། བདག་དང་ཁམས་གསུམ་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ཅི་ནུས་སུ་བྱ། གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་སྟེ། དོན་ཡིད་ལ་དྲན་བཞིན་པས། ཤེས་རབ་སྙིང་བརྩེ་སོགས་དང་། ཚད་མེད་བཞིས་བློ་སྦྱང་། གསུམ་པ་ནི། རང་གི་སྤྱི་བོར་བླ་མ་ཤཱཀྱ་ཐུབ་པ་དམ་ཚིག་པ་བསྐྱེད་པ། ཡེ་ཤེས་པ་བསྟིམ་པ། །མཆོད་པའི་སྒོ་ནས་ཚོགས་བསགས་པ། རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་གདབ་པའི་ཚུལ་རྣམས་ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ལ། ཡེ་ཤེས་པ་བསྟིམ་པའི་སྐབས། སྐྱབས་ཡུལ་རྣམས་ཀྱང་སྤྱི་བོའི་བླ་མ་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་སུ་མོས། མཆོད་པའི་སྐབས། རང་དང་སེམས་ཅན་ཐམས་ཅད་རེ་རེའང་ལུས་ཞིང་རྡུལ་གྱི་གྲངས་དང་མཉམ་པའི་མཆོད་པའི་ལྷ་མོ་སྤྲུལ་ནས་ཕྱི་ནང་གསང་བའི་མཆོད་པ་ནམ་མཁའ་གང་བར་སྤྲོས་ཏེ་མཆོད་པར་བསམ། གསོལ་འདེབས་སྐབས་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རིགས་དྲུག་གི་སེམས་ཅན་ཐམས་ཅད་བཀུག །འོད་ཀྱི་རྣམ་
པས་རང་གི་ལུས་ཀྱི་སྟོད་སྨད་བར་གསུམ་ལ་ཐིམ་པས་རང་ཉིད་རིགས་དྲུག་གི་སེམས་ཅན་ཐམས་ཅད་འདུས་པའི་ངོ་བོར་བསམ། སྤྱི་བོའི་བླ་མ་སྐྱབས་གནས་ཀུན་འདུས་ལ་མོས་གུས་ཀྱི་གདུང་ཤུགས་དྲག་པོས་གསོལ་བ་གདབ་པ་ནི། ཌཱ་མ་རུ་ལྔ་རྡུང་ཚར་གསུམ། སུམ་རྡུང་གསུམ། ཚིག་རྡུང་བཅས་མཐོང་བརྒྱུད་ལྟར་གྱིས་སྣ་དྲངས་ཏེ། བྱིན་རླབས་ཅན་གྱི་བླ་མ་དང་སོགས་ཚིགས་བཅད་གཅིག་དལ་བུའི་གདངས་ཀྱིས་བརྗོད་རྗེས་ཊཱར་རྒྱགས་གོང་བཞིན་གྱི་མཐར་གཞག །དེ་ནས་རང་གི་སྤྱི་བོའི་བླ་མ་དེ་ཉིད་ཕྱི་ལྟར་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ། ནང་ལྟར་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ། གསང་བ་རྩ་བའི་བླ་མ་དང་དབྱེར་མེད་སྐྱབས་གནས་ཀུན་འདུས་སུ་མོས་པའི་གདུང་ཤུགས་དྲག་པོས། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་དབྱངས་ཅན་དཀའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བརྒྱ་རྩ་དང་། རང་གི་རྩ་བའི་བླ་མ་གང་ཡིན་གྱི་གསོལ་འདེབས་ཇི་ལྟར་རིགས་པ་བརྗོད་རྗེས། རྐང་གླིང་བླ་མ་མཁྱེན་ཟེར་བའི་ཁོངས་འདྲེན་འཁྱོངས་ཆ་ཅན་ལན་གསུམ་བུས་ནས། ཌཱ་རུ་གོང་མཚུངས་སུ་དཀྲོལ། དེ་ནས། རྗེ་ན་མོ་གུ་རུ་བྷྱཿ གནས་འོག་མིན་
སོགས་དང་། གནས་བྱ་རྒོད་ཕུང་པོའི་སོགས་ཀྱི་མཚམས་སུ་ཌ་རུ་ལྔ་རྡུང་། གནས་ཆོས་འབྱུང་ཨེ་ཡི་སོགས་ཀྱི་མཐར་ལྔ་རྡུང་གསུམ། སུམ་རྡུང་གསུམ། ཚིག་རྡུང་གཅིག །དེ་ནས་གནས་སྟག་ལུང་ཐང་གི་སོགས་ནས་བཟུང་གསོལ་འདེབས་སྡེ་ཚན་རེའི་མཚམས་ལྔ་རྡུང་རེ། མཇུག་ཏུ་ལྔ་རྡུང་གསུམ་སོགས་གོང་ལྟར་རྒྱས་པར་བྱས་ནས་ཌ་རུ་གཞག །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་དང་བླ་མ་ཐ་དད་དུ་འཛིན་པ་སྤངས་པའི་ངང་ལ་ཅུང་ཟད་མཉམ་པར་འཇོག །དེ་ནས་རང་ཕག་མོའི་བསྐྱེད་རིམ་གསལ་བཏབ་སྟེ། དགེ་བ་འདི་ཡིས་མྱུར་དུ་བདག་སོགས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པར་གཞག་གོ། །གཉིས་པ་དངོས་གཞི་ལ་གསུམ། ཟིལ་གནོན་དམིགས་པ་སྐོར་གསུམ། རང་སེམས་དབྱིངས་སུ་འཕོ་བ། ཕུང་པོ་གཟན་དུ་བསྒྱུར་བའོ། །དང་པོ་ནི། རང་ཉིད་ཕག་མོའི་བསྐྱེད་རིམ་གྱི་གསལ་སྣང་བརྟན་པོའི་སྒོ་ནས། མི་རྐང་གསུམ་བུས་པའི་ཐོག་མའི་སྒར་རྣལ་འབྱོར་པ་ང་འདིར་སླེབས་ཡོད་ཟེར་བ་དང་། གཉིས་པར་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་འདིར་འདུས་འདིར་ཚོགས། གསུམ་པར་ཁྱེད་རྣམས་ངའི་བཀའ་ལ་ཉོན། ཐེག་ཆེན་གྱི་ལམ་ལ་དགོད་དོ་ཞེས་གྲགས་པར་བརྟེན། སྣང་སྲིད་ཀྱི་ལྷ་འདྲེ་མཐོ་བ་པེ་ཀར་རྒྱལ་པོ་ནས་
དམའ་བ་ཡུལ་འདྲེ་ས་སྲིན་ཡན་ཆད། སྔར་འདྲེ་རྙིང་པ། ད་འདྲེ་གསར་པ། ཡུལ་འདྲེ་འཁྱམས་པོ་སོགས་གནོད་བྱེད་ཀྱི་སྡེར་གཏོགས་སོ་ཅོག་ཐམས་ཅད་ཁྲོམ་ཚོགས་པ་ལྟར་འདུས་པར་དམིགས་ནས། རང་ཕག་མོར་གསལ་བའི་སྐུ་རྒྱབ་ཏུ་མགོ་གཡས་སུ་གཏད་པའི་མི་ལྤགས་ཀྱི་གཡང་གཞི་བཤུས་མ་ཐག་པ་ཁྲག་ཛར་རེ་བ་དེ་རྣམས་ཀྱི་སྟེང་དུ་ཆལ་གྱིས་འགྲིམས་པ་དང་ལྷན་ཅིག་ཕཊ་ཅེས་བརྗོད། རང་ཕག་མོའི་བསྐྱེད་རིམ་དང་ལྡན་པས་གང་ལའང་འཇིགས་པ་དང་། ཉམ་ང་ཁུ་འཕྲིག་མེད་པའི་གདེངས་དང་ལྡན་པའི་ངང་ནས་འཇིགས་སྟོབས་ཀྱི་ཟིལ་གནོན་གྱི་ངང་ནས། ཕཊ་ཅེས་བརྗོད། དེ་བཞིན་དུ་རང་སེམས་སྤྲོས་པ་མཐའ་དག་དང་བྲལ་བའི་རིག་སྟོང་རྗེན་པ་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་དངོས་མེད་ཆོས་ཀྱི་སྐུ་འོད་གསལ་འགྱུར་མེད་ལྟ་བའི་ཟིལ་གནོན་གྱི་ངང་ནས། ཕཊ། དེར་འདུས་པའི་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་པ་བསྐྱེད་པ་ཆོས་ཉིད་གཉུག་མའི་གདངས་སྙིང་རྗེར་ཤར་བའི་ཟིལ་གནོན་གྱི་ངང་ནས། ཕཊ་ཅེས་བརྗོད། སླར་ཡང་རང་གི་སྤྱི་བོར་ཤཱཀྱ་ཐུབ་པ་བསྐྱེད། དེའི་ཐུགས་ཀའི་ཧཱུྃ་ཡིག་ལས་འོད་ཟེར་སྔོན་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། སྣང་སྲིད་ཀྱི་ལྷ་འདྲེ་སྔར་མ་འདུས་པའི་ལྷག་མ་ཀུན་བཀུག་སྟེ་རང་གི་ཞབས་འོག་ཏུ་ཧྲཱིལ་གྱིས་
མནན་པས། དེ་དག་ཐམས་ཅད་སྔར་བྱས་ཀྱི་སྡིག་པར་འགྱོད་སེམས་དྲག་པོ་སྐྱེས་ཏེ་ཕྱིན་ཆད་ལུས་ངག་ཡིད་གསུམ་གྱི་མི་དགེ་བ་སྤངས། བསྟན་པ་བསྲུངས་ཤིང་སེམས་ཅན་ལ་ཕན་སེམས་བསྐྱེད་པ་སོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བསམ། །གཉིས་པར་རང་སེམས་དབྱིངས་སུ་འཕོ་བ་ནི། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཏེ་རང་ཕག་མོར་གསལ་བའི་རྩ་དབུ་མའི་ནང་ལྟེ་བའི་ཐད་དུ་རང་སེམས་ཀྱི་ངོ་བོ་འོད་ཀྱི་གོང་བུ་དཀར་པོ་བྱིའུའི་སྒོ་ང་ཙམ་འཕུར་ལ་ཁད་པ་ཞིག་གསལ་གཏབ་སྟེ། ཕཊ་གཅིག་གིས་སྙིང་ག །ཕཊ་གཅིག་གིས་མགྲིན་པ། ཕཊ་གཅིག་གིས་སྤྱི་བོའི་ཀླད་རྒྱའི་འོག །ཕཊ་གཅིག་གིས་འོད་དེ་སྤྱི་བོ་ནས་རྒྱངས་ཀྱིས་འཐོན་པར་བསམས་ལ་དབྱིངས་རིག་བསྲེས། ཕཊ་གཅིག་གིས་རང་སེམས་ཀྱི་ངོ་བོ་རྡོ་རྗེ་ཕག་མོ་ཞལ་གཅིག་ཕྱག་གཉིས་མ། ཕྱག་གཡས་གྲི་གུག་རྣོ་ངར་ལྡན་པ་འཛིན་ཅིང་། གཡོན་རང་གི་ཕུང་པོ་དཀར་ཞིང་ཚོ་ལ་མཛེས་པ་སྣུམ་པ་དེར་སྡིགས་མཛུབ་ཀྱིས་གཟིར་བའི་རྣམ་པ་ཅན་དུ་གསལ། །གསུམ་པ་ཕུང་པོ་གཟན་དུ་བསྒྱུར་བ་ལ་གསུམ་ལས་ནུབ་དང་པོ་དཀར་འགྱེད་ཀྱི་དམིགས་པ་ནི། རང་སེམས་ཕག་མོར་གསལ་བ་དེ་ཉིད་རང་གི་ཕུང་པོའི་སྟེང་བྱ་རྒོད་རོ་ལ་འཐིབས་པ་བཞིན་བབས། གྲི་གུག་རྣོ་ངར་དང་ལྡན་པ་དེ་ཉིད་སྣ་གོང་
གི་ཉག་ཏུ་བརྒྱབས་པས་ཐོད་པ་ལིང་གིས་ཕོག །མི་མགོའི་སྒྱེད་པུ་གསུམ་གྱི་སྟེང་དུ་བཀལ་བའི་འདུན་པ་དང་བཅས། ཕཊ། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཞེས་སོགས་བརྗོད་ཅིང་གསལ་གདབ། ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པའི་སྐབས་སུ་ཀླད་པའི་སྟེང་གི་ཡི་གེ་འབྲུ་གསུམ་དཀར་དམར་མཐིང་གསུམ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་གྱི་ཟས་སྐོམ་བདུད་རྩིའི་བཅུད་རྣམས་ཐམས་ཅད་བསྡུས། ཐོད་པའི་བདུད་རྩི་ལ་ཐིམ་པས་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས་ཏེ། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་སོགས་སྤྱན་འདྲེན་པའི་མི་རྐང་གསུམ་འབུད། །དེ་རྣམས་སྟེང་གི་ནམ་མཁར་བྱོན་པར་བསམ། རང་ཕག་མོར་གསལ་བའི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཕྱག་ན་ཐོད་པ་ཐོགས་པ་གྲངས་མེད་པ་སྤྲོས། ཐོད་པ་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་གོང་དུ་གསལ་བཏབ་པའི་ནང་ནས་བདུད་རྩི་གཅུས་ཏེ་སྟེང་གི་ཆར་བཞུགས་པའི་དཀོན་མཆོག་སྲི་ཞུའི་མགྲོན་རྣམས་མཆོད་པར་བསམ། སླར་ཡང་རང་ཕག་མོར་གསལ་བའི་གྲི་གུག་རྣོ་ངར་དང་ལྡན་པས་ཕུང་པོའི་པགས་པ་གཞུང་གཤགས་ཀྱིས་བཤུས་པ་ཆལ་གྱིས་བཀྲམ་པར་བསམས་ལ། ཕཊ། པགས་པ་རིན་པོ་ཆེའི་ཞེས་སོགས་བརྗོད་ཅིང་ཚིག་རིས་དང་མཐུན་པར་གསལ་གདབ། ཨོ་ཨཱཿཧཱུྃ་
ལན་གསུམ་བརྗོད་སྐབས་རྫས་ཀྱི་སྟེང་ཡི་གེ་འབྲུ་གསུམ་ཐོ་བརྩེགས་ལས་འོད་འཕྲོས། ཁམས་གསུམ་གྱི་བདུད་རྩིའི་རོ་བཅུད་ཐམས་ཅད་དྲངས་བསྟིམས་གོང་ལྟར་བྱ། མཁའ་འགྲོ་ཆོས་སྐྱོང་སྣང་སྲིད་མགྲོན་ཚོགས་སྤྱན་འདྲེན་པའི་མི་རྐང་གསུམ་བུས་པས། མགྲོན་རིགས་རྣམས་ཀྱིས་སྟེང་འོག་ཕྱོགས་མཚམས་ཐམས་ཅད་གང་བར་དམིགས་ལ། དེ་རྣམས་ཀྱིས་ཅི་འདོད་ལོངས་སྤྱད་པའི་འདུན་པ་དང་བཅས། ཕཊ། མཁའ་འགྲོ་ཆོས་སྐྱོང་སོགས་བརྗོད། དེ་ལྟར་མགྲོན་རིགས་རྣམ་པ་བཞི་བདུད་རྩིར་ལོངས་སྤྱོད་ཅིང་ཚིམ་པར་བསམ་པའི་ངང་ནས། ཕུང་པོ་ཚོགས་མཆོད་གཏོང་ངོ་། །ནུབ་གཉིས་པ་དམར་འགྱེད་ཀྱི་དམིགས་པ་ནི། རང་རིག་གི་ངོ་བོ་ཕག་མོར་གསལ་བའི་གྲི་གུག་རྣོ་ངར་དང་ལྡན་པས་པགས་པ་གཞུང་གཤགས་བཅལ་དུ་བཀྲམ་པའི་འདུན་པ་དང་བཅས། ཕཊ། པགས་པ་དབང་ཆེན་གསེར་གྱིས་གཞི་ཞེས་སོགས་འདོན་ཆ་ལྟར་གསལ་གདབ། རྫས་དེ་དག་གི་སྟེང་ཡི་གེ་འབྲུ་གསུམ་གསལ་བ་ལས་འོད་འཕྲོས། ཁམས་གསུམ་གྱི་ཟས་སྐོམ་བདུད་རྩིའི་རོ་བཅུད་ཐམས་ཅད་བསྡུས། དེ་ཉིད་ལ་ཐིམ་པས་རྣམ་པ་ཤ་ཁྲག་ལ་ངོ་བོ་བདུད་རྩིའི་རང་བཞིན་ཏུ་གྱུར་པར་དམིགས་ཏེ། མགྲོན་རིགས་རྣམ་བཞི་སྤྱན་འདྲེན་པ་ནི། རང་རིག་ཕག་མོར་གསལ་བའི་ཐུགས་ཀར་བྃ་ཡིག་
དམར་པོ་ཞིག་གསལ་གདབ། དེ་ལས་འོད་ཟེར་དམར་པོའི་ཚོགས་འཕྲོས་ཏེ་མགྲོན་ཀུན་སྤྱན་དྲངས་པར་བསམས་ལ་མི་རྐང་གསུམ་བུས་པས། མགྲོན་ཚོགས་ཀྱིས་སྟེང་འོག་ཐམས་ཅད་ཁྲིག་མེར་གྱིས་གང་བར་བསམ། དེ་རྣམས་ཀྱིས་རྫས་དེ་དག་ལ་དགྱེས་བཞིན་དུ་ལོངས་སྤྱོད་པའི་འདུན་པ་དང་བཅས་ཕུང་པོ་ཚོགས་མཆོད་གཏོང་ངོ་། །ནུབ་གསུམ་པ་སྤུས་འདོན་གྱི་དམིགས་པ་ནི། རང་རིག་ལྷར་གསལ་བའི་ཕྱག་གཡས་སྡིགས་མཛུབ་ཀྱི་ཕྱག་རྒྱས་རང་གི་ཕུང་པོ་ལ་གཟིར་བ་དང་ལྷན་ཅིག །ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད་པས་རང་གི་ཕུང་པོ་དེ་ཉིད་ཡིད་བཞིན་གྱི་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུ་རེ་འདོད་ཐམས་ཅད་སྐོང་བར་གྱུར་ཏེ། དཀོན་མཆོག་སྲི་ཞུའི་མགྲོན་དང་། མགོན་པོ་ཡོན་ཏན་མགྲོན་རྣམས་ཀྱི་སྤྱན་ལམ་དུ་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། སྣང་གསལ། དྲི་ཆབ། ཞལ་ཟས། རོལ་མོ། བཀྲ་ཤིས་རྟགས་རྫས། རྒྱལ་སྲིད་བདུན། འདོད་ཡོན་ལྔ་སོགས་མ་ཚང་བ་མེད་པའི་མཆོད་པ་ནམ་མཁའ་གང་བས་མཆོད། རིགས་དྲུག་དང་། ལན་ཆགས་ཀྱི་མགྲོན་རྣམས་ཀྱང་རང་རང་གང་འདོད་པའི་ལོངས་སྤྱོད་ཀྱིས་ཚིམ་པར་བསམ་མོ། །གང་ལྟར་ཡང་དེ་རྣམས་ཀྱི་མཐར་ཕུང་པོའི་ཚོགས་མཆོད་ནི། ཌཱ་མ་རུ་ལྔ་རྡུང་གསུམ་སོགས་རྒྱས་པས་ཐོག་
དྲངས་ནས། ཨོཾ་ཨཱཿཧཱུྃ། མཁྱེན་བརྩེ་བྱིན་རླབས་སོགས་བརྗོད་ཅིང་བསམ། མཐར་ཌར་རྒྱགས་རྒྱས་པར་བྱ། །གསུམ་པ་རྗེས་ལ་གསུམ། ཚོགས་དྲུག་ལམ་ཁྱེར་བྱ་བ། བདེན་པའི་སྨོན་པ་བརྗོད་པ། ཆོས་སྦྱིན་དང་བསྔོ་སྨོན་གྱིས་མཐའ་བརྒྱན་པའོ། །དང་པོ་ནི། མིག་གི་དབང་པོའི་མཚོ་ནང་དུ་སོགས་སྡེ་ཚན་ལྔའི་མཐར་ཌཱ་རུ་ལྔ་རྡུང་རེ་རེ་དང་། ཡིད་ཀྱི་དབང་པོའི་སོགས་ཀྱི་མཐར་ལྔ་རྡུང་གསུམ་སོགས་རྒྱས་པར་བྱ། དེའི་ཚེ་དམིགས་པ་ནི། ཚོགས་དྲུག་གི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ཤེས་པར་བྱས་ལ་ལྟ་བའི་གདེངས་བསྐྱེད། སྒོམ་པའི་ཉམས་རྟོགས་སྦར། སྤྱོད་པ་བརྟུལ་ཞུགས་ཐོག་བརྗེས་སུ་ཁྱེར། གཉིས་པ་ནི། ཚངས་པའི་འཇིག་རྟེན་སོགས་དང་། རྒྱལ་བ་མཆོད་པས་སོགས་དང་། །ཕ་མ་ལ་སོགས་སེམས་ཅན་སོགས་ཀྱི་སྡེ་ཚན་རེ་རེའི་མཐར་ཌ་རུ་ལྔ་རྡུང་རེ་དང་། ཡུལ་ཕྱོགས་འདི་རུ་སོགས་རྫོགས་མཚམས་སུ། མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཚར་གཉིས་པ་སྐྱར་ལ་ཌ་རུ་ལྔ་རྡུང་གསུམ་སོགས་རྒྱས་པར་བྱ། དེའི་ཚེ་མདུན་གྱི་ནམ་མཁར་རྒྱལ་བ་སྲས་དང་བཅས་པའང་མངོན་སུམ་དུ་བཞུགས་ནས་དེ་དེ་བཞིན་དུ་འགྲུབ་པའི་མཐུན་འགྱུར་མཛད་པར་བསམ། གསུམ་པ་ནི། རང་ཉིད་ཕག་མོར་གསལ་བ་སྐད་ཅིག་གིས་གནས་འགྱུར་བའི་ཚུལ་གྱིས། །
པད་དཀར་དང་ཟླ་བའི་གདན་ལ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་བཞི་པའི་སྐུར་ལམ་སྟེ་གྱུར་པའི་ཐུགས་ཀར་པད་ཟླའི་སྟེང་དུ་ཧཱིཡིག་གི་མཐར་ཡི་གེ་དྲུག་པའི་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོའི་ཚོགས་དཔག་ཏུ་མེད་པ་འཕྲོས། རིགས་དྲུག་དང་། ལན་ཆགས་ཀྱི་མགྲོན་དུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་ཕོག །དེ་དག་གི་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་ཐམས་ཅད་སང་གིས་དག་པས་ལུས་ཐུགས་རྗེ་ཆེན་པོའི་སྐུ། ངག་ཡི་གེ་དྲུག་མའི་སྒྲ། ཡིད་ཐུགས་རྗེ་ཆེན་པོའི་དགོངས་པ་དང་དབྱེར་མེད་པ་རིག་སྟོང་ཆོས་སྐུའི་ངང་དུ་གནས་པར་བསམས་ལ་ཡི་གེ་དྲུག་པ་བརྒྱ་སྟོང་སོགས་གང་འགྲུབ་བཟླ། དྲང་དོན་ཆོས་བཤད་ནི། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །ཞེས་སོགས་བརྗོད་པས་ཕན་བདེ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པར་བསམ་ངེས་དོན། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། ཞེས་སོགས་བརྗོད་པས་འཁོར་འདས་ཆོས་ཀུན་སྒྱུ་མའི་རང་བཞིན་དུ་རྟོགས་ཏེ་གང་ལའང་འཛིན་པའི་འཆིང་བ་དང་བྲལ་ནས་འཁོར་བའི་སྡུག་བསྔལ་རྒྱུན་ཆད་པར་བསམ། ཟང་ཟིང་ཆོས་དང་མི་འཇིགས་པ་དང་བྱམས་པའི་སྦྱིན་པ་ལ་སོགས་པའི་དགེ་རྩ་བྱང་ཆུབ་ཆེན་པོའི་རྒྱུར་བསྔོ་བའི་སླད་དུ། སྦྱིན་པ་རྒྱ་ཆེན་གྱུར་པ་སོགས་བརྗོད། ཕཊ་གཅིག་
གིས་ཡས་མགྲོན་རྣམས་མི་དམིགས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པར་བསམ། ཕཊ་གཅིག་གིས་མས་མགྲོན་རྣམས་སོ་སོའི་གནས་སུ་དེངས་པར་བསམ། ཕཊ་གཅིག་གིས་རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བ་འཇའ་ཡལ་བ་ལྟར་མི་དམིགས་པའི་ངང་དུ་གཞག །སླར་ཡང་རང་ཐུགས་རྗེ་ཆེན་པོའི་སྐུར་ལྡངས་ལ། དགེ་བ་འདི་ཡིས་མྱུར་དུ་བདག །ཐུགས་རྗེ་ཆེན་པོ་འགྲུབ་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བཀྲ་ཤིས་རྒྱས་པར་བརྗོད་དོ། །དེ་ལྟ་བུའི་གནས་སྐབས་ཐམས་ཅད་དུ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ཉམས་ལེན་གྱི་རྩི་དང་མ་བྲལ་བར་བྱས་པས་ཚར་ལྷོངས་ཀྱི་རྟེན་འབྲེལ་འགྲིགས་ནས། ལྟ་སྒོམ་ལ་བརྟན་པ་ཐོབ་པས་བདག་འཛིན་གྱི་འཆིང་བ་གཅོད་པ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནོ། །དེ་ལྟར་ཟབ་མོ་གཅོད་ཡུལ་གྱི་གདམས་པ་འདི་ཉིད་ཉམས་སུ་ལེན་པའི་གང་ཟག་ནི། ལམ་ཐུན་མོང་བས་རྒྱུད་འབྱོངས་ཤིང་། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དང་། དངོས་གཞི་ཕྱག་ཆེན་གྱི་ཉམས་རྟོགས་ཅི་རིགས་པ་རྒྱུད་ལ་སྐྱེས་པས། ཐོག་མར་གཉན་ཁྲོད་འཇམ་ཞིང་བཀྲ་ཤིས་སར་ཕྱིན་ལ། ནུབ་དང་པོ་དཀར་འགྱེད་ཡན་གོང་བཞིན་གྱི་མཐར། ཕུང་པོ་ཚོགས་མཆོད་སྦྲེལ་བ་ཉམས་སུ་བླང་། གཉིས་པར་སྐྱབས་འགྲོ་ནས་རང་སེམས་དབྱིངས་སུ་འཕོ་བའི་བར་གོང་ལྟར་
ལ། དེ་ནས་དམར་འགྱེད་སྦྱར་ཞིང་མཐར་ཕུང་པོའི་ཚོགས་མཆོད་སོགས་སྦྲེལ། གསུམ་པར་དམར་འགྱེད་ཀྱི་མལ་དུ་སྤུས་འདོན་གྱི་དམིགས་པ་སྦྱར། གཙོ་བོར་ཕྱག་ཆེན་གྱི་ཉམས་ལེན་ཁོ་ན་བསྐྱངས་པས་ལྷོངས་ཚར་གྱི་རྟེན་འབྲེལ་འགྲིགས་པར་འགྱུར། དེ་ནས་རིམ་པར་བརྟན་པ་ཐོབ་ནས་གཉན་ཞིང་ཟིལ་ཆེ་བ་རྣམས་སུ་ཕྱིན་ནས་ཉམས་ལེན་ལ་བརྩོན་པར་བྱ། རྒྱུན་ཁྱེར་ཙམ་ནི་ལས་དང་པོ་པས་ཀྱང་ཉམས་སུ་བླང་དུ་རུང་ཞིང་། དེའི་ཚེ་དམིགས་པ་གསུམ་རེས་མོས་སམ་དཀྱུས་གཅིག་ཏུ་སྦྲེལ། ཡང་ན་རང་གང་མོས་པ་ཞིག་ཁོ་ན་ལ་བརྩོན་ཀྱང་རུང་ངོ་། །དེ་ལྟར་ཀུན་མཁྱེན་བོ་དོང་པ་ཆེན་པོ་ལ་བཅོམ་ལྡན་འདས་ཐུབ་པའི་དབང་པོས་སྩལ་བའི་ཟབ་མོ་མདོ་གཅོད་དུ་གྲགས་པའི་དམིགས་ཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་འབྱུང་བ་བཞིན་མལྗ་གྷོ་ཥས་ཟིན་བྲིས་སུ་བཏབ་པའི་དགེ་བས་འགྲོ་ཀུན་འཕགས་བཞིའི་སྐྱེད་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་ཡེ་ཤེས་མངོན་དུ་བྱེད་པའི་རྒྱུར་གྱུར་ཅིག། །།མངྒ་ལཾ་བྷ་བ་ཏུ།། །།
ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ།
ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ།། །།
ཨོཾ་སྭསྟི་སིདྡྷཾ། དཔལ་དེ་ཁོ་ན་ཉིད་འདུས་པའི་རྒྱ་མཚོའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་བཅུད་ཕྱུངས་པ་ཟབ་ཁྲིད་ཆོས་སྐོར་དགུ་ལས། ཤིན་ཏུ་མྱུར་ལམ་ཚེ་གཅིག་གིས་སངས་རྒྱས་སྒྲུབ་པར་བྱེད་པའི་གདམས་པ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོ་ངག་འདོན་གསུམ་སྦྱོར་གྱི་རིམ་པ་ལ་འབད་པར་བྱེད་པ་ལ་སྔོན་འགྲོ། དངོས་གཞི། རྗེས་དང་གསུམ་གྱི་དང་པོ་སྐྱབས་སུ་འགྲོ་བ་ནི། མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་
སེམས་ཅན་ཐམས་ཅད་བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ངོ་བོ་ཉིད་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་ལོང་སྐབས་དང་བསྟུན་ནས་ཚར་གང་མང་བརྗོད། སེམས་ཅན་ཐམས་ཅད་ཀྱི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་རློབས། །ཆོས་ལམ་དུ་ལོངས་པར་བྱིན་གྱིས་རློབས། །ལམ་འཁྲུལ་པ་སེལ་བ༴ འཁྲུལ་པ་ཡེ་ཤེས་སུ་འཆར་བར༴ རྟོགས་པས་བདག་གྲོལ་བར༴ ཐུགས་རྗེས་གཞན་གྲོལ་བར༴ རྟེན་འབྲེལ་ཐབས་ལ་མཁས་པར༴ འབྲེལ་ཚད་དོན་དང་ལྡན་པར༴ ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་རློབས། །སེམས་བསྐྱེད་པ་
ནི། བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །དེང་ནས་བྱང་ཆུབ་བར་དུ་བདག་སྐྱབས་མཆི། །མ་གྱུར་སེམས་ཅན་རྣམས་ནི་བསྒྲལ་བྱའི་ཕྱིར། །ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །འགྲོ་རྣམས་ཚད་མེད་བཞི་གནས་པར་ཤོག །ཅེས་པའི་རྗེས་སུ། སྔོན་འགྲོ་འབུམ་ཐེར་གསོག་སྐབས་ཡིན་ན་ཕྱག་རེ་དང་སྐབས་འགྲོ་ཚར་རེ་སྔགས་པའི་འབུམ་འགྲོ་བ་བྱེད་པའི་ངག་འདོན་ནི། ན་མོ། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་སངས་རྒྱས་དམ་པའི་ཆོས། །ཚོགས་མཆོག་ཡི་དམ་དཀྱིལ་འཁོར་ལྷ། །སྲུང་མའི་ཚོགས་ལ་སྐྱབས་སུ་མཆི། །ཞེས་པ་འདི་ཉིད་ལ་གྲངས་འཛིན་པས་བསག །རྡོ་རྗེ་སེམས་དཔའི་སྒོམ་བཟླས་ནི། རང་གི་སྤྱི་བོར་པད་ཟླའི་གདན་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་གིས་མཚན་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་རབ་བྱས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་ལ་འཚེར། །ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དྲིལ་བུ་འཛིན། །བདེ་བའི་ཉམས་ལྡན་རྡོ་རྗེ་སྙེམས་མ་དཀར། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་མཚན་བཟང་སོ་གཉིས་དང་། །དཔེ་བྱད་
བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། །རིན་ཆེན་རུས་པ་སྣ་ཚོགས་རྒྱན་གྱིས་མཛེས། །གནས་གསུམ་དག་ཏུ་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས། །རྡོ་རྗེ་སེམས་དཔའི་རྣམ་པར་སྤྱན་དྲངས་ནས། །ཡེ་ཤེས་དམ་ཚིག་པ་དང་དབྱེར་མེད་གྱུར། །རྡོ་རྗེ་སེམས་དཔའི་ཐུགས་ཀར་ཧཱུྃ་ཡིག་མཐར། །ཡིག་བརྒྱས་གཡས་བསྐོར་ཡབ་ཡུམ་སྦྱོར་མཚམས་ནས། །བདུད་རྩིའི་རྒྱུན་བབས་བདག་གི་ཚངས་བུག་ཞུགས། །ཐོག་མཐའ་མེད་ནས་བསགས་པའི་སྡིག་སྒྲིབ་དག །སྒྱུ་ལུས་ཤེལ་གོང་ཕྱིས་པ་ལྟ་བུར་གྱུར། །ཨོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌྷོ་མེ་བྷ་ཝ། སུ་ཏོ་ཥྱོ་མེ་བྷ་ཝ། སུ་པོ་ཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ་ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན་སརྦ་ཏ་ཐཱ་ག་ཏ་བཛྲ་མཱ་མེ་མུཉྩ་བཛྲ་བྷ་ཝ་མ་ཧཱ་ས་མ་ཡ་སཏྭ་ཨཱཿ ཞེས་ཅི་ནུས་བཟླས་མཐར། མགོན་པོ་བདག་ནི་མི་ཤེས་རྨོངས་པ་སྟེ། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་ཆག་ཐམས་ཅད་
མཐོལ་ལོ་བཤགས་སོ། །སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པས་རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ་ནས་རང་ལ་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་། དཔལ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མེད་གཅིག་ཏུ་འདྲེས་པར་གྱུར། ཅེས་ཅི་གནས་ཀྱི་བར་དུ་མཉམ་པར་བཞག་པའི་མཐར། དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །ཁྱེད་ཀྱི་ས་ལ་དགོད་པར་ཤོག །རྡོར་སེམས་ཡབ་ཡུམ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་མཛད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་གསོལ་བ་གདབ། དེ་ནས་བླ་མའི་རྣལ་འབྱོར་བསྒོམ་པ་ནི། །བདག་ཉིད་སྣང་སྟོང་སྒྱུ་མར་གསལ་བ་ཡི། །མཐོ་ལ་ཡངས་པ་མདུན་གྱི་ནམ་མཁའི་དབྱིངས། །བྷྲཱུྃ་ལས་སེང་ཆེན་བརྒྱད་ཀྱིས་བཏེག་པ་ཡི། །རིན་ཆེན་ཁྲི་ཉིད་ཡངས་ཤིང་རྒྱ་ཆེ་བ། །དེ་སྟེང་པདྨ་ཉི་
ཟླའི་གདན་སྟེང་དུ། །ཧཱུྃ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ། །ལྟེ་བར་ཧཱུྃ་གིས་མཚན་ལས་འོད་ཟེར་འཕྲོས། །འཕགས་པ་མཆོད་ཅིང་སེམས་ཅན་དོན་རབ་བྱས། །འོད་ཟེར་ཚུར་འདུས་ཡོངས་སུ་གྱུར་པ་ལས། །རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ནི། །སྐུ་མདོག་སྔོན་པོ་རྡོ་རྗེ་དྲིལ་བུ་འཛིན། །པང་ན་གཟུགས་དང་ལང་ཚོ་དར་ལ་བབས། །བྷ་ག་རུབ་ཅིང་བདེ་བའི་ནུ་འབུར་རྒྱས། །བདེ་བའི་ཉམས་ལྡན་རེག་བྱ་རྡོ་རྗེ་མ། །ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པས་འཁྱུད། །ཞབས་གཉིས་པདྨའི་སྐྱིལ་ཀྲུང་ཡབ་ལ་འཁྲིལ། །ཡབ་ཡུམ་གཉིས་ཀའང་མཚན་བཟང་སོ་གཉིས་དང་། །དཔེ་བྱད་བཟང་པོ་བརྒྱད་ཅུས་རྣམ་པར་སྤྲས། །རིན་ཆེན་རུས་པ་སྣ་ཚོགས་རྒྱན་གྱིས་མཛེས། །ལྷབ་ལྷུབ་དར་གྱི་ན་བཟའ་སྐུ་ལ་གསོལ། །ཐབས་ཤེས་ཟུང་འཇུག་བདེ་སྟོང་དབྱིངས་ན་རོལ། །ལྷན་སྐྱེས་ཡེ་ཤེས་རོལ་པའི་ངང་ཉིད་ལས། །ཞལ་འཛུམ་དགྱེས་པའི་སྤྱན་གཉིས་བདག་ལ་གཟིགས། །དཔྲལ་མགྲིན་སྙིང་གར་ཨོཾ་ཨཱཿཧཱུྃ་གིས་མཚན། །ཧཱུྃ་ལས་འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་རྣམས། །ཆོས་དབྱིངས་དག་པའི་གནས་ནས་སྤྱན་དྲངས་ཏེ། །ཡེ་ཤེས་དམ་ཚིག་པ་དང་དབྱེར་མེད་གྱུར། །འགྲོ་མགོན་ཐུགས་རྗེ་ཆེ་ལྡན་པ། །ཆོས་སྐུ་སྤྲོས་དང་བྲལ་བ་ལས། །གཟུགས་སྐུའི་རྣམ་པར་བཞེངས་ནས་
ཀྱང་། །འགྲོ་བའི་དོན་དུ་བཞུགས་སུ་གསོལ། །ཞེས་ཚོགས་ཞིང་གསལ་བཏབ་ལ། དེ་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན་བཞིན་པས་རང་དང་སེམས་ཅན་ཐམས་ཅད་ཕྱག་འཚལ་ཞིང་གསོལ་བ་འདེབས་པ་སོགས་ཡན་ལག་བདུན་པའི་རིམ་པ་ལ་འཇུག་པར་མོས་པས། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མའི་སྐུ་ནི་རྡོ་རྗེའི་སྐུ། །བློམཛེས་ཤིང་ལྟ་བས་ཆོག་མི་ཤེས། །བསམ་གྱིས་མི་ཁྱབ་ཡོན་ཏན་ལྡན། །བླ་མའི་སྐུ་ལ་ཕྱག་འཚལ་ལོ། །བླ་མའི་གསུང་ནི་ཚངས་པའི་དབྱངས། །འགག་མེད་སེང་གེའི་སྒྲ་དང་ལྡན། །མུ་སྟེགས་ལོག་ལྟ་འཇོམས་མཛད་པ། །བླ་མའི་གསུང་ལ་ཕྱག་འཚལ་ལོ། །བླ་མའི་ཐུགས་ནི་ནམ་མཁའ་འདྲ། །བདེ་གསལ་མི་རྟོག་ངང་ཚུལ་ཅན། །རྣམ་ཐར་གསུམ་ལ་ལེགས་གནས་པ། །བླ་མའི་ཐུགས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་རྩ་བ་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཕ་མཁྱེན་པས་གཟིགས་ཤིག་སྒྲིབ་མེད་ཡེ་ཤེས་
ཅན། །བརྩེ་བས་དགོངས་མཛོད་བྱམས་མགོན་ཆོས་ཀྱི་རྗེ། །མཁྱེན་བརྩེའི་མངའ་བདག་ཕྱོགས་ལས་རྣམ་རྒྱལ་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་དང་། ཁྱད་པར་དུ། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་རིན་པོ་ཆེ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་འཛིན། །ཡིད་འཕྲོག་རབ་མཛེས་དབྱངས་ཅན་དགའ་བའི་དཔལ། །འཇིགས་མེད་གྲགས་པའི་ཞབས་ལ་གསོལ་བ་འདེབས། །ཞེས་ཚར་ཅི་མང་དང་། རང་གི་རྩ་བའི་བླ་མའི་གསོལ་འདེབས་རྒྱས་བསྡུས་གང་རིགས་ཀྱི་མཐར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་ཆོས་ཀྱི་རྗེ། །ཚེ་འདི་ཉིད་ལ་མཆོག་གི་དངོས་གྲུབ་སྩོལ། །འགལ་རྐྱེན་བར་ཆད་ཞི་བར་བྱིན་གྱིས་རློབས། །ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། །ཚེ་དང་བསོད་ནམས་རྒྱས་པར་བྱིན་གྱིས་རློབས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་གསོལ་བ་གདབ་ཅིང་། ཡན་ལག་བདུན་པ་མདོར་བསྡུས་སུ་འབུལ་བ་ནི། མཆོད་འོས་ཀུན་འདུས་དྲིན་ཅན་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །ཕྱི་ནང་གསང་གསུམ་མཆོད་སྤྲིན་རྒྱ་མཚོས་མཆོད། །ལུས་ངག་ཡིད་གསུམ་སྡིག་སྒྲིབ་མཐོལ་ལོ་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །
ཐེག་གསུམ་ཆོས་ཀྱི་འཁོར་ལོ་བསྐོར་བཞིན་དུ། །ཁམས་གསུམ་འགྲོ་བའི་དོན་དུ་བཞུགས་སུ་གསོལ། །དགེ་བས་འགྲོ་ཀུན་སྐུ་གསུམ་མྱུར་ཐོབ་ཤོག །དེ་ནས་ཚོགས་གསོག་མཆོད་པའི་མཎྜལ་འབུལ་བ་ནི། ཕྱི་ནང་གསང་གསུམ་གྱི་དམིགས་པ་དང་ལྡན་པས། སྭ་བྷཱ་ཝ་སོགས། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞིའི་སྟེང་དུ། ཨོཾ་བཛྲ་རེ་ཁེ་ཨཱཿཧཱུྃ། ཕྱི་ལྕགས་རི་ཁོར་ཡུག་མུ་ཁྱུད་ཀྱིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགོས་པོ། ལྷོ་ཛམྦུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན། ཤར་དུ་ལུས་དང་ལུས་འཕགས། ལྷོར་རྔ་ཡབ་དང་རྔ་ཡབ་གཞན། ནུབ་ཏུ་ཡོ་ལྡན་དང་ལམ་མཆོག་འགྲོ། བྱང་དུ་སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག ། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། །ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། བདུག་སྤོས་མ། སྣང་གསལ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། དབུས་སུ་ལྷ་
དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་ཚང་ཞིང་ཡིད་དུ་འོང་བ་དང་བཅས་པའི་ཞིང་ཁམས་རྣམ་པར་དག་པ་འདི་ཉིད། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རིན་པོ་ཆེའི་ཞབས་དྲུང་དུ། བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚོགས་གཉིས་རྫོགས་ཤིང་། སྒྲིབ་གཉིས་བྱང་བའི་ཆེད་དུ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། །བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་འབུལ་བར་བགྱི། །འགྲོ་ཀུན་རྣམ་དག་ཞིང་དུ་སྤྱོད་པར་ཤོག །མཉེས་ཕྱིར་མཎྜལ་བཟང་པོ་འདི་ཕུལ་བས། །བྱང་ཆུབ་ལམ་ལ་བར་ཆད་མི་འབྱུང་ཞིང་། །སྲིད་པར་མི་འཁྲུལ་ཞི་བར་མི་གནས་པར། །ནམ་མཁའ་མཉམ་པའི་འགྲོ་རྣམས་སྒྲོལ་བ་དང་། །མཁའ་དང་མཉམ་པའི་སེམས་ཅན་སྨིན་པར་ཤོག །ཨོཾ་གུ་རུ་རཏྣ་མཎྜལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥར་ཎ་ས་མ་ཡེ་ཨཱཿཧཱུྃ། ཞེས་བརྗོད། དེ་ནས་བརྒྱུད་པའི་གསོལ་འདེབས་ལྷན་ཅིག་སྐྱེས་སྦྱོར་གཙོ་བོར་བཏོན་པའི་གསོལ་འདེབས་ནི། ན་མོ་གུ་རུ་བྷྱཿ གནས་འོག་མིན་ཆོས་དབྱིངས་ཕོ་བྲང་དུ། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་གསོལ་བ་
འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཤར་སྒྱུ་མ་སྤྲུལ་པའི་གྲོང་ཁྱེར་དུ། །ཏི་ལོ་ཤེས་རབ་བཟང་པོ་ལ་གསོལ་བ་འདེབས། །བྱང་ཕུ་ལ་ཧ་རིའི་དགོན་པ་རུ། མཁས་པ་ནཱ་རོ་པཎ་ཆེན་ལ་གསོལ་བ༴ ལྷོ་གྲོ་བོ་ལུང་གི་དགོན་པ་རུ། །སྒྲ་སྒྱུར་མར་པ་ལོ་ཙཱ་ལ །ནུབ་ལ་ཕྱི་གངས་ཀྱི་ར་བ་རུ། །དབང་ཕྱུག་མི་ལ་རས་པ་ལ༴ ཤར་དྭགས་ལ་སྒམ་པོའི་དགོན་པ་རུ། །བཀའ་བརྒྱུད་དྭགས་པོ་ལྷ་རྗེ་ལ་གསོལ༴ དཔལ་ཕག་མོ་གྲུ་ཡི་མཐའ་རྩ་རུ། །བདེ་གཤེགས་ཁམས་པ་རྡོར་རྒྱལ་ལ༴ གནས་སྣ་ཕུ་ཆོས་ལུང་གི་དགོན་པ་རུ། །གྲུབ་ཐོབ་གླིང་ཆེན་རས་པ་ལ༴ འབྲུག་ར་ལུང་གཉིས་ཀྱི་གདན་ས་རུ། །འགྲོ་མགོན་གཙང་པ་རྒྱ་རས་ལ༴ གནས་ཤྲཱི་རྒོད་ཚང་གི་དབེན་གནས་སུ། །རྒོད་ཚང་མགོན་པོ་རྡོ་རྗེ་ལ༴ གནས་ལྷ་གདོང་དཔལ་གྱི་དགོན་པ་རུ། །རྒྱལ་བ་ཡང་དགོན་ཆོས་རྗེ་ལ༴ གནས་ཕྱོགས་མེད་དབེན་པའི་རི་ཁྲོད་རུ། །ཐུགས་སྲས་སྤྱན་སྔ་རིན་ལྡན་ལ༴ གནས་བྲི་ཟུར་ཕུག་གི་དགོན་པ་རུ། །ཀུན་མཁྱེན་ཟུར་ཕུག་ཆོས་རྗེ་ལ༴ མུས་མཐའ་གོང་དཔལ་གྱི་དགོན་པ་རུ། །བླ་མ་གཉགས་སྟོན་ཆེན་པོ་ལ༴ མུས་ཤུག་གུ་ཚལ་གྱི་དགོན་པ་རུ། །བླ་
མ་ཤེས་རབ་འབུམ་པ་ལ༴ གནས་དངུལ་ཆུ་ཆོས་རྫོང་གི་དགོན་པ་རུ། །སྐྱེས་མཆོག་རྒྱལ་སྲས་ཐོགས་མེད་ལ༴ བྱང་བསམ་གཏན་གླིང་གི་དགོན་པ་རུ། །འཁྲུལ་ཞིག་ལོ་ཆེན་བྱང་རྩེ་ལ༴ གནས་བོ་དོང་ཨེ་ཡི་ཆོས་གྲྭ་རུ། །པཎ་ཆེན་གྲགས་པ་རྒྱལ་མཚན་ལ༴ གནས་དཔལ་མོ་ཆོས་སྡིངས་ཀྱི་དགོན་པ་རུ། །འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལ༴ གནས་སྟག་ལུང་ཆོས་ཀྱི་དགོན་པ་རུ། །སྟག་ལུང་ངག་དབང་གྲགས་པ་ལ༴ གནས་མངོན་དགའ་ཆོས་སྡིངས་ཀྱི་ཆོས་གྲྭ་རུ། །སྤྲུལ་སྐུ་འཆི་མེད་དཔལ་བཟང་ལ །གནས་བསམ་སྡིངས་ཌཱ་ཀིའི་ཕོ་བྲང་དུ། །རྗེ་བཙུན་མཁའ་སྤྱོད་དབང་མོ་ལ༴ གནས་བཀྲ་ཤིས་ཆོས་སྡིངས་ཀྱི་ཆོས་གྲྭ་རུ། །འཇམ་དབྱངས་བསྟན་འཛིན་གྲགས་པ་ལཟ །གནས་བཤད་སྒྲུབ་ཆོས་འཁོར་གྱི་ཆོས་གྲྭ་རུ། །ཀུན་མཁྱེན་ཕྲིན་ལས་རྣམ་རྒྱལ་ལ༴ གནས་ཆོས་འཁོར་རྩེ་ཡི་དབེན་གནས་སུ། །རྒྱལ་མཆོག་ཕྲིན་ལས་རྒྱ་མཚོ་ལ༴ གནས་ཐུབ་བསྟན་ཆོས་འཁོར་ཆོས་གྲྭ་རུ། །འགྲོ་མགོན་རྡོ་རྗེ་སྙིང་པོ་ལ༴ གནས་བདེ་ཆེན་དག་པའི་ཕོ་བྲང་དུ། །དྲིན་ཆེན་འདུས་ཆེན་རབ་རྒྱས་ལ༴ གནས་ཟབ་གསལ་སྐྱིད་པའི་ཡང་རྩེ་རུ། །སྐྱབས་མགོན་སྐུ་མཆེད་རྣམ་གཉིས་ལ༴ གནས་ཡིད་དགའ་ཆོས་འཛིན་གྱི་དབེན་གནས་སུ། །བརྟུལ་ཞུགས་
ནམ་མཁའི་རྣལ་འབྱོར་ལ༴ གནས་ལྷ་རྩེ་བླ་མའི་གདན་ས་རུ། །སྐལ་བཟང་འཇམ་དབྱངས་རྣམ་རྒྱལ་ལ༴ གནས་སྦྱོར་རྩེ་བླ་མའི་གདན་ས་རུ། །བཀའ་དྲིན་འཁོར་མེད་རྣམ་གཉིས་ལ །གནས་བསམ་འགྲུབ་ཆོས་སྡིངས་ཕོ་བྲང་དུ། །རྗེ་བཙུན་རྡོ་རྗེ་བཙུན་མོ་ལ༴ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ༴ སྣང་སྟོང་དབྱེར་མེད་ཀྱི་གཞལ་ཡས་སུ། །ཡི་དམ་ཞི་ཁྲོའི་ལྷ་ཚོགས་ལ༴ ཕྲིན་ལས་རྣམ་བཞིའི་གཞལ་ཡས་སུ། །དཔའ་བོ་མཁའ་འགྲོ་ལ༴ བར་ཆད་ཀུན་སེལ་གྱི་གཞལ་ཡས་སུ། །མ་མགོན་ལྕམ་དྲལ་ལ༴ དག་སྣང་ཕྱོགས་མེད་གཞལ་ཡས་སུ། །རྡོ་རྗེའི་སྤུན་གྲོགས་ལ་གསོལ་བ་འདེབས། །སེམས་གསལ་སྟོང་འཛིན་མེད་དུ་འཆར་བ་དང་། །ཡུལ་སྣང་སྟོང་བདེན་མེད་དུ་རྟོགས་པ་རུ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཡང་བརྒྱུད་པ་ལུགས་གཅིག་ལ། འཇིགས་བྲལ་ཡན་གོང་དང་འདྲ་བ་ལ། འཇིགས་བྲལ་ནས་ཤངས་པ་ལ་བརྒྱུད་པ་དང་། བོ་དོང་ལྕོག་གྲྭ་ཡབ་སྲས་ལ་བརྒྱུད་པ་རྡོ་རྗེ་འཆང་ཆེན་སོགས་དང་། ཟབ་གསལ་བརྒྱུད་པ་ཟུང་འཇུག་མཁའ་དབྱིངས་མ་སོགས་ལ་ཚན་མང་བར་མཆིས་ཀྱང་། རྒྱུན་དུ་སྐབས་འདིར་ཀུན་མཁྱེན་བོ་དོང་པར་བཀའ་བབས་པའི་ཕྱག་ཆེན་ཟབ་གསལ་ཉེ་བརྒྱུད་ཀྱི་གསོལ་འདེབས་
ནི། ན་མོ་མ་ཧཱ་མུ་དྭ་ཡ། །གནས་འོག་མིན་རྡུལ་བྲལ་ཕོ་བྲང་དུ། །རྗེ་གདོད་མའི་མགོན་པོ་རྡོ་རྗེ་འཆང་། །དབྱིངས་ཁྱབ་གདལ་ཆེན་པོ་ཆོས་ཀྱི་སྐུ། །སེམས་བློ་འདས་རྗེན་པར་གསོལ་བ་འདེབས། །ཕ་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །གནས་རང་བྱུང་མཁའ་སྤྱོད་ཕོ་བྲང་དུ། །མ་དྭངས་གསལ་ལྷུན་གྲུབ་བདག་མེད་མ། །ཁྱེད་བདེ་སྟོང་སྒྱུ་མའི་གར་གྱིས་རོལ། །སེམས་གཉིས་མེད་ལྷན་ཅིག །གནས་དག་པའི་ཕོ་བྲང་ན་ལེནྡྲར། །རྗེ་མུ་སྟེགས་ཚར་གཅོད་བིརླ་པ། །ཁྱེད་བརྟུལ་ཞུགས་ནུས་པས་མཁའ་ལ་གཤེགས། །སེམས་རང་རིག་གཉུག་མར །གནས་གསང་འདུས་ཆོས་ཀྱི་ཕོ་བྲང་དུ། །རྗེ་མདོ་རྒྱུད་རྒྱ་མཚོ་བོ་དོང་པ། །ཁྱེད་སྐུ་བཞིའི་བདག་ཉིད་བཀའ་དྲིན་ཅན། །སེམས་གང་ཤར་ལྷན་ཅིག །གནས་འཁོར་འདས་རྟེན་འབྲེལ་ཕོ་བྲང་དུ། །རྗེ་འཇའ་ལུས་སྐུ་བརྙེས་བསོད་ནམས་མཆོག །ཁྱོད་ཟག་མེད་བདེ་ཆེན་ཐུགས་མཆོག་སྐུ། །སེམས་འགག་མེད་རོལ་པར༴ གནས་རྫུ་འཕྲུལ་བཀོད་པས་མཛེས་པ་ན། །རྗེ་དུས་གསུམ་རྣམ་མཁྱེན་མེ་ཏྲིའི་མཚན། །ཁྱེད་འགྲོས་བཞིའི་དབང་ཕྱུག་ཌ་ཀིས་བསྐོར། །སེམས་ཟབ་གསལ་དབྱེར་མེད༴ གནས་མེ་ལོང་ཆོས་ཀྱི་ཕོ་བྲང་དུ། །རྗེ་འདོད་གུའི་དབང་སྒྱུར་པདྨ་ཀར། །ཁྱེད་ལྷ་མིའི་གཙུག་རྒྱན་སྲིད་ཞིའི་མགོན། །
སེམས་འཁོར་འདས་དབྱེར་མེད༴ གནས་མཁའ་འགྲོའི་ཕོ་བྲང་ཤུགས་གསེབ་ཏུ། །རྗེ་སྐྱབས་གནས་ཀུན་འདུས་ལྕགས་ནང་བ། །ཁྱེད་རླུང་སེམས་དབྱེར་མེད་དྭངས་མའི་སྐུ། །སེམས་དག་པ་རྩེ་ལྷགཅིག་གནས་ཤེལ་དཀར་ལྕོག་བུའི་ཕོ་བྲང་དུ། རྗེ་སྣང་སེམས་དབྱེར་མེད་འཇམ་དཔལ་དབྱངས། །ཁྱེད་ཅི་མཛད་དཔག་མེད་འགྲོ་བའི་མགོན། །ཡིད་བཅོས་མ་མིན་པར །གནས་ཡང་དག་ངེས་དོན་ཕོ་བྲང་དུ། །རྗེ་མོས་གུས་མཐར་ཕྱིན་རཏྣའི་མཚན། །ཁྱེད་སྔོན་བསགས་སྨོན་ལམ་མཐར་ཕྱིན་པར། །སེམས་ཡེངས་མེད་རྩེ་གཅིག༔ གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །རྗེ་སྣང་སྲིད་དབང་སྡུད་འདུས་ཆེན་པ། །ཁྱེད་ཁྱབ་གདལ་མི་ཤིགས་ཆེན་པོའི་སྐུ། །སེམས་རྩེ་གཅིག་གདུང་བས༴ གནས་བདེ་ཆེན་ལྷུན་གྲུབ་ཕོ་བྲང་དུ། །རྗེ་མཐོང་བ་དོན་ལྡན་སྐུ་མཆེད་ཟུང་། །ཁྱེད་སྐལ་ལྡན་ཡོངས་ཀྱི་དཔལ་དུ་ཤར། །སེམས་རྩེ་གཅིག་གདུང་བས །གནས་ཐུགས་ཀྱི་རྟེན་མཆོག་ཕོ་བྲང་དུ། །རྗེ་སྐྱབས་གསུམ་གཅིག་འདུས་ཕྲིན་ལས་དབང་། །ཁྱེད་འགྲོ་བ་ཡོངས་ཀྱི་མགོན་དུ་གྱུར། །སེམས་བདེ་གསལ་མི་རྟོག༴ གནས་རི་ཁྲོད་བསམ་གཏན་ཕོ་བྲང་དུ། །རྗེ་བཀའ་དྲིན་འཁོར་མེད་འཇམ་དབྱངས་ཞབས། །ཁྱེད་སྒྲུབ་བརྒྱུད་ཡོངས་ཀྱི་མགོན་དུ་ཤར། །སེམས་མོས་གདུང་
གཡོ་མེད༴ གནས་བདེ་ཆེན་འཁོར་ལོའི་ཡང་སྟེང་ན། །རྗེ་འགྲན་གྱི་དོ་མེད་རོལ་པ་རྩལ། །ཁྱེད་ཡང་གསང་འདུས་རྟེན་མགོན་གཅིག་པུ། །སེམས་ཁ་ཞེ་བྲལ་བར༴ གནས་ཌཱ་ཀིའི་གནས་མཆོག་བསམ་སྡིངས་སུ། །མ་ཡེ་ཤེས་མཁའ་འགྲོ་བཟང་སྐྱོང་མ། །ཁྱེད་ལྷན་སྐྱེས་ཡེ་ཤེས་དོན་སྟོན་མ། །ཡིད་གཉིས་འཛིན་སྤངས་ཏེ །གནས་སྤྱི་གཙུག་ཉི་ཟླ་པདྨའི་སྟེང་། །མགོན་དྲིན་ཅན་རྩ་བའི་བླ་མ་མཆོག །ཁྱེད་སྐྱབས་ཀུན་འདུས་ཞལ་རིན་པོ་ཆེར། །ཡིད་མོས་གུས་དྲག་པོས་གསོལ་བ་འདེབས། །རྗེ་ཁྱེད་དང་མཉམ་པར་བྱིན་གྱིས་རློབས། །གནས་ཟབ་གསལ་ལྷུན་གྲུབ་ཕོ་བྲང་དུ། །དཔལ་དགྱེས་པ་རྡོ་རྗེ་ཡི་དམ་ལྷ། །ཁྱེད་ཟུང་འཇུག་དོན་ལྡན་ལོངས་སྤྱོད་རྫོགས། །སེམས་ཤར་གྲོལ་དབྱེར་མེད །བདག་སྟོང་ཉིད་སྙིང་རྗེར་བྱིན་གྱིས་རློབས། །གནས་ཕྱོགས་མེད་དབེན་པའི་རི་ཁྲོད་དུ། །ཡིད་གཉིས་འཛིན་བྲལ་བའི་རྡོ་རྗེའི་སྤུན། །གྲོགས་མཐའ་བྲལ་དབྱེར་མེད་ཆོས་མཛད་པ། །སེམས་དག་སྣང་ཕྱོགས་མེད༴ ཞིང་དག་པ་རབ་འབྱམས་བྱིན་གྱིས༴ ཆོས་སྣང་ཞིང་སྟོང་ལ་སྟོང་ཞིང་སྣང་། །ཆོས་སྣང་སྟོང་དབྱེར་མེད་བླ་མའི་སྐུ། །ཕ་བླ་མའི་སྐུ་ལ་གསོལ་བ་འདེབས། །སྐུ་ཟབ་གསལ་རྟོགས་པར་བྱིན །དྭངས་མ་སྐུ་ཡི་ངོ་བོར་བྱིན༴ ཆོས་གྲགས་ཤིང་།
སྟོང་ལ་སྟོང་ཞིང་གྲགས། །ཆོས་གྲགས་སྟོང་དབྱེར་མེད་བླ་མའི་གསུང་། །ཕ་བླ་མའི་གསུང་ལ་གསོལ་བ༴ གསུང་ཟབ་གསལ་རྟོགས་པར་བྱིན །དྭངས་མ་གསུང་གི་ངོ་བོར་བྱིན །ཆོས་བདེ་ཞིང་སྟོང་ལ་སྟོང་ཞིང་བདེ། །ཆོས་བདེ་སྟོང་དབྱེར་མེད་བླ་མའི་ཐུགས། །ཕ་བླ་མའི་ཐུགས་ལ་གསོལ༴ ཐུགས་ཟབ་གསལ་རྟོགས་པར་བྱིན༴ དྭངས་མ་ཐུགས་ཀྱི་ངོ་བོར་བྱིན༴ འཁོར་བའི་རང་བཞིན་གདོད་ནས་ཡོད་མ་ཡིན། །དེ་བཞིན་མྱང་འདས་ཆོས་ཀྱང་སྟོང་པ་ཉིད། །འཁོར་འདས་དབྱེར་མེད་ཁྱབ་གདལ་རོ་གཅིག་ཏུ། །གཟུང་འཛིན་རང་གྲོལ་རྡོ་རྗེ་འཆང་ཐོབ་ཤོག །ཟབ་གསལ་གསོལ་འདེབས་པདྨ་གར་གྱི་དབང་ཕྱུག་གིས་མཛད་པའོ། །དེ་ནས་མཇུག་ཏུ་དབང་བླང་བ་ནི། དཔལ་ལྡན་བླ་མ་རིན་པོ་ཆེ། དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་སྐུ་ལ་གསོལ་བ་འདེབས། །ལུས་ལ་བདེ་དྲོད་འབར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། བླ་མའི་དཔྲལ་བའི་ཨོཾ་དཀར་པོ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས། །བདག་དང་སེམས་ཅན་ཐམས་ཅད་ཀྱི་དཔྲལ་བར་ཐིམ། །སྐུ་ལས་ཀྱང་སྐུ་བསམ་གྱིས་མི་ཁྱབ་པ་འཕྲོས། །ལུས་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་
དུ་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །སྐུ་བུམ་པའི་དབང་ཐོབ། ལུས་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་གསུང་ལ་གསོལ་བ་འདེབས། །ངག་ལ་ནུས་པ་ཐོན་པར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས་བླ་མའི་མགྲིན་པའི་ཨཱདམར་པོ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་མགྲིན་པར་ཐིམ། ཞལ་ནས་ཀྱང་ཨཱ་ལི་ཀཱ་ལི་ལ་སོགས་པའི་སྔགས་ཀྱི་ཕྲེང་བ་བསམ་གྱིས་མི་ཁྱབ་པ་འཕྲོས། ངག་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །གསུང་གསང་བའི་དབང་ཐོབ་ངག་རྡོ་རྗེའི་རང་བཞིན་དུ་གྱུར། །ལམ་གཏུམ་མོ་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་
ཐུགས་ལ་གསོལ་བ་འདེབས། །སེམས་ལ་རྟོགས་པ་འཆར་བར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། བླ་མའི་ཐུགས་ཀའི་ཧཱུཾ་སྔོན་པོ་ལས་འོད་ཟེར་སྔོན་པོ་དཔག་ཏུ་མེད་པ་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་སྙིང་གར་ཐིམ། གཞན་ཡང་ཕྱག་མཚན་རྡོ་རྗེ་དྲིལ་བུ་ཌ་མ་རུ་གྲི་གུག་ཐོད་པ་ཁ་ཊཾ་ག་ལ་སོགས་པའི་ཕྱག་མཚན་བསམ་གྱིས་མི་ཁྱབ་པ་འཕྲོས། ཡིད་ལ་ཐིམ་པས་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་རྩ་བ་ནས་བྱང་ཞིང་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་རྡོ་རྗེའི་རང་བཞིན་དུ་གྱུར། །ལམ་ཕོ་ཉ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། དཔལ་ལྡན་བླ་མ་རིན་པོ་ཆེ། །དབང་བཞི་བསྐུར་བར་མཛད་དུ་གསོལ། །སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས། །སྐུ་གསུམ་དབྱེར་མེད་རྟོགས་པར་བྱིན་གྱིས་རློབས། །ཞེས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་བཏབ་པས། བླ་མ་ཡབ་ཡུམ་འོད་དུ་མར་ཞུ། ཐམས་ཅད་རང་ལ་ཐིམ་པས་རང་ཡར་འོད་དུ་ཡལ། ཚིག་དབང་རིན་པོ་ཆེ་བཞི་པ་ཐོབ། ལུས་ངག་ཡིད་གསུམ་གྱི་རྗེས་བག་ཆགས་དང་བཅས་པ་དག །ཡེ་
ཤེས་རྡོ་རྗེའི་རང་བཞིན་དུ་གྱུར། ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་ལྡན་དུ་གྱུར། བསྔོ་སྨོན་ནི། དཔལ་ལྡན་བླ་མ་སྐུ་བཞིའི་དབང་ཕྱུག་གི། དཀྱིལ་འཁོར་རྣམ་བཞིར་དབང་མཆོག་བཞི་ཞུས་ནས། །དྲི་མ་རྣམ་བཞི་དག་ནས་རྒྱུད་བཞི་སྨིན། །འབྲས་བུ་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །དགེ་བ་གང་བསགས་ཆེན་པོའི་ནུས་མཐུ་དང་། །འོད་གསལ་ཕྱག་རྒྱ་ཆེན་པོའི་བྱིན་རླབས་ཀྱིས། །བདག་གིས་དབང་བཞི་བླངས་པ་འདི་དག་རྣམས། །ཐམས་ཅད་ཡིད་བཞིན་དུ་ནི་འགྲུབ་གྱུར་ཅིག །དགེ་བ་འདི་ཡིས་མྱུར་དུ་བདག །རྩ་བརྒྱུད་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེ་མཛད་དང་ཞིང་ཁམས་སོགས། །ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །ཁྱེད་རྣམས་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །སྐྱེ་བ་ཀུན་དུ་དཔལ་ལྡན་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་
རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟར་ཀུན་མཁྱེན་བོ་དོང་པ་ནས་བརྒྱུད་པའི་གདམས་པ་ཁྱད་པར་ཅན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་དང་། ཟབ་གསལ་དབྱེར་མེད་ཟུང་དུ་འཇུག་པའི་སྔོན་འགྲོའི་ངག་འདོན་འདིའང་། བླ་མ་བརྒྱུད་པའི་ཕྱག་གཞེས་ལས་ཇི་ལྟར་འབྱུང་བ་བཞིན་དག་པར་བྲིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །མངྒ་ལཾ།། ༈ །།བོ་དོང་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་གྱི་རིང་བརྒྱུད་གསོལ་འདེབས་ཡེ་ཤེས་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ།། ན་མོ་གུ་རུ་བྷྱཿ དཔལ་ལྡན་མཆོག་ཏུ་མི་འགྱུར་བདེ་བ་ཆེ། །རྣམ་པ་ཀུན་གྱི་མཆོག་ལྡན་ཤེས་རབ་ཡུམ། །ཟུང་འཇུག་འཇམ་པའི་རྡོ་རྗེ་ཨེ་ཝཾ་སྦྱོར། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རེ་ས་གཞན་ན་མེད་དོ་འགྲོ་བའི་མགོན། །ཚད་མེད་ཐུགས་རྗེའི་སྤྱན་གྱིས་ལེགས་གཟིགས་ནས། །ལོག་པའི་ལམ་དུ་ནམ་ཡང་མི་ལྟུང་ཞིང་། །ཡང་དག་ལམ་གྱི་དེད་དཔོན་མཛད་དུ་གསོལ། །རྒྱལ་བ་མཆོག་གིས་དངོས་སུ་རྗེས་བཟུང་སྟེ། །དབང་བསྐུར་ལུང་སྦྱིན་ལུང་བསྟན་ཐོབ་པ་ལས། །དངོས་གྲུབ་མཆོག་བརྙེས་སངས་རྒྱས་ཡེ་ཤེས་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་སོགས་ཚིག་རྐང་པ་ལྔ་པོ་རྒྱས་པར་ཐམས་ཅད་ཀྱི་མཇུག་ཏུ་སྦྱར། བསྡུ་ན་སྔ་མ་རྣམས་ལ། །
གསོལ་བ་འདེབས་སོ་སོགས་ཚིག་རྐང་གཅིག་ཁོ་ན་དང་། རྫོགས་མཚམས་སུ་ལྔ་ཀ་སྦྱར་རོ། །མི་ཤེས་མུན་པའི་ཚོགས་འཇོམས་མར་མེ་མཛད། །ཉམས་དང་རྟོགས་པའི་དཔལ་མངའ་བདེ་བ་ཆེ། །མཆོག་གི་ལམ་སྟོན་དྲི་མེད་སྦས་པའི་ཞབས། །གསོལ་བ༴ མཁའ་འགྲོའི་གསང་བ་ཀུན་སྟོན་བ་ལོ་པ། །སྐད་གཉིས་དབང་ཕྱུག་གཉོས་སྟོན་ལོ་ཙཱ་བ། །བྱང་ཆུབ་ཐུགས་གཉིས་ལེགས་པར་འབྱོངས་པའི་དཔལ། །གསོལ་བ༴ རྩ་རླུང་སེམས་ལ་དབང་ཐོབ་གྲགས་པ་དཔལ། །མཐའ་བྲལ་དོན་གཟིགས་གཉོས་སྟོན་གཟི་བརྗིད་དཔལ། །རྒྱལ་བའི་སྲས་པོ་སྐྱེས་མཆོག་ཡེ་ཤེས་མཁར་། །གསོལ་བ༴ རྣམ་པ་ཀུན་གྱི་མཆོག་ལྡན་ཀུན་ཆོས་སྐུ་འོད་ཟེར་མཁྱེན་པ། །མཁྱེན་དང་བརྩེ་བའི་མངའ་བདག་ཀུན་མཁྱེན་འཕགས་པ་འོད། །མདོ་སྔགས་བསྟན་པའི་མངའ་བདག་རིན་ཆེན་འཇའ་ལུས་བུ་སྟོན་གྲུབ། །གསོལ་བ༴ བྱང་ཆུབ་རྩེ་མོར་སོན་པའི་ལོ་བྱང་ཆུབ་རྩེ་མོ་ཆེན་པ། །ལུང་རིག་སྨྲ་བའི་དབང་ཕྱུག་གྲགས་ལོ་ཆེན་པའི་ཞབས། །ཁམས་གསུམ་འགྲན་ཟླ་བྲལ་བ་འཆི་མེད་བོ་དོང་པཎ་ཆེན་སྡེ། །གསོལ་བ༴ དྭངས་མའི་སྐུ་བརྙེས་བསོད་ཤངས་པ་རས་ཆེན། ནམས་མཆོག །དུས་གསུམ་རྣམ་མཁྱེན་བྱམས་པ་ཆོས་ཀྱི་ཉི། །ཟུང་འཇུག་གྲུབ་པ་པདྨ་གར་དབང་ལ། །གསོལ་བ༴ མཁའ་
འགྲོའི་དབང་ཕྱུག་གྲགས་པ་འོད་ཟེར་དང་། །སྣང་སེམས་དབྱེར་མེད་གར་དབང་བསྟན་འཛིན་དཔལ། །མོས་གུས་ཕྱག་ཆེན་མཐར་ཕྱིན་རཏྣའི་མཚན། །གསོལ་བ༴ ཟབ་གསལ་ཆོས་ཀྱི་རྒྱ་མཚོ་འདུས་ཆེན་པ། །བསམ་བཞིན་སྤྲུལ་པའི་སྐུར་སྣང་རྣམ་པ་གཉིས། བརྟུལ་ཞུགས་གྲུབ་པ་ནམ་མཁའི་རྣལ་འབྱོར་ལ །གསོལ་བ༴ མཁས་ཤིང་གྲུབ་བརྙེས་འཇམ་དབྱངས་རྣམ་པར་རྒྱལ། །རིག་འཛིན་གྲུབ་པའི་གཙུག་རྒྱན་རྣམ་རྒྱལ་སྡེ། །ཆོས་དབྱིངས་མངོན་གྱུར་བདེ་ཆེན་མཚོ་མོ་ལ། །གསོལ་བ༴ ཟབ་མོ་སྟོང་པ་ཉིད་ཀྱི་ཡེ་ཤེས་དང་། །འོད་གསལ་ཕྱག་རྒྱ་ཆེན་པོ་ཟུང་འཇུག་པའི། །ངེས་དོན་ལམ་སྟོན་རྩ་བའི་བླ་མ་ལ། །གསོལ་བ༴ ཡང་ན་འཆི་མེད་སྡེའི་རྗེས་སུ། ཀུན་མཁྱེན་ངག་གི་དབང་ཕྱུག་གྲགས་པའི་དཔལ། །འཇམ་པའི་དབྱངས་དངོས་འཆི་མེད་དཔལ་བཟང་པོ། །ཟུང་འཇུག་གྲུབ་པ་པདྨ་གར་དབང་ལ། །གསོལ་བ༴ མཁའ་འགྲོའི་དབང་ཕྱུག་སོགས་མན་འདྲའོ། །བདག་སོགས་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ལུས་ཐོབ་བསྟན་ལ་རབ་བྱུང་ནས། །ཡང་དག་བཤེས་གཉེན་དམ་པས་རྗེས་བཟུང་སྟེ། །ཟབ་གསལ་གསུང་གི་བདུད་རྩི་འཐུང་བར་ཤོག །འཁྲུལ་སྣང་སྒྱུ་མའི་མཛེས་མས་མི་བསླུ་ཞིང་། །སྟོབས་ལྡན་གདོད་མའི་རྡོ་རྗེས་མི་སྐྲག་
པར། །སྦྱང་བྱ་སྦྱོང་བྱེད་རྣལ་འབྱོར་ཟབ་མོ་ཡིས། །སྦྱང་གཞི་དྲི་མེད་སྦྱངས་འབྲས་མངོན་གྱུར་ཤོག །དམ་པའི་དོན་དུ་ཡོད་དང་མེད་པ་དང་། །ཡིན་དང་མ་ཡིན་གཉིས་ཀ་གཉིས་མིན་སོགས། །མཐར་འཛིན་ལྟ་བ་མཐའ་དག་དྲུང་ཕྱུང་སྟེ། །མི་རྟོག་ཡེ་ཤེས་རང་ཞལ་མཐོང་བར་ཤོག །ཆོས་ཀུན་ངོ་བོ་ངོས་བཟུང་ཀུན་བྲལ་ཡང་། །རྣམ་འགྱུར་སྣ་ཚོགས་གསལ་བར་སྣང་བའི་གནད། །ལེགས་པར་རྟོགས་ནས་སྒྲོ་སྐུར་ཀུན་སྤངས་ཏེ། །ཟུང་འཇུག་རྡོ་རྗེ་འཛིན་པ་མཆོག་ཐོབ་ཤོག །གནས་སྐབས་སུ་ཡང་དམ་པའི་ཆོས་སྒྲུབ་པའི། །འགལ་རྐྱེན་མི་མཐུན་ཕྱོགས་ཀུན་ཐག་བསྲིངས་ཏེ། །མཐུན་པའི་རྐྱེན་རྣམས་མཐའ་དག་ལྷུན་གྲུབ་ནས། །དགེ་ལེགས་ཡར་ངོའི་ཟླ་ལྟར་འཕེལ་བར་ཤོག །ཅེས་གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞབས་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཟབ་གསལ་གྱི་བླ་མ་བརྒྱུད་པའི་གསོལ་འདེབས་ཞལ་སྐོང་དང་བཅས་པ་དགེ། ༈ །།དཔལ་ལྡན་བོ་དོང་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཟབ་འཁྲིད་འཆད་ཚུལ་ཐོ་ཡིག་བཞུགས་སོ། ན་མོ་གུ་རུ་མ་ཧཱ་མུ་དྭ་ཡ། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞབས་ནས་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཟབ་གསལ་དབྱེར་མེད་དང་། རྒྱལ་སྲས་ཐོགས་མེད་པའི་ཐུགས་བཅུད་ཁྲིད་ཆེན་དྲུག་བློ་
སྦྱོང་དོན་འདུན་མ་ཅེས། རྟེན་འབྲེལ་སྙིང་པོ། སྐྱིད་སྡུག་ལམ་ཁྱེར། སུམ་པ་ལོ་ཙཱ་བའི་བློ་སྦྱོང་སྙན་བརྒྱུད། ཐུགས་རྗེ་ཆེན་པོ་ཚེམ་བུ་དམར་ཁྲིད། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་རྣམས་སོ། །མཆན། གྲགས་པའི་ཡ་གྱལ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་ཟུང་འབྲེལ་ལས་ཀྱང་གཙོ་བོར་ཕྱི་མ་ལྟར་འཆད་པའི་ཚུལ་ལ་བཞི། བློ་ཆོས་སུ་འགྲོ་བའི་ཁྲིད། །ཆོས་ལམ་དུ་འགྲོ་བའི་ཁྲིད། ལམ་གྱི་འཁྲུལ་བ་སེལ་བའི་ཁྲིད། འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཁྲིད་དོ། །དང་པོ་ལ་ཐོག་མར་དམ་པའི་ཆོས་ཐོས་པའི་ཕན་ཡོན། མ་ཐོས་པའི་ཉེས་དམིགས། ཆོས་ཉན་བཤད་བྱ་བའི་ཚུལ་རྣམས་ཀྱིས་ཐོག་དྲངས་ཏེ། ཆོས་སྒྲུབ་པའི་རྟེན་དལ་འབྱོར་གྱི་ལུས་རྟེན་ཁོ་ནར་རག་ལས་ཀྱང་། དེ་ཉིད་རྒྱུ། ངོ་བོ། གྲངས། དཔེ་རྣམས་ཀྱི་སྒོ་གང་ནས་བསམས་ཀྱང་རྙེད་པར་དཀའ་ཞིང་། རྙེད་ཀྱང་ཡུན་རིང་དུ་མི་གནས་པར་ངེས་པར་འཆི། ནམ་འཆི་ཚད་བཟུང་མེད། འཆི་བའི་ཚེ་དམ་པའི་ཆོས་རྣམ་པར་དག་པ་ཁོ་ན་མ་གཏོགས་གཞན་གང་གིས་ཀྱང་མི་ཕན་པས་ན། ཆོས་ལ་འཇུག་པའི་སྒོ་སྐྱབས་སུ་འགྲོ་བ་ལ་བརྩོན་པར་བགྱིའོ་སྙམ་པས། རྒྱུ་དང་། །ཡུལ་དང་། ཚུལ་རྣམས་ངེས་པར་བྱས་ནས་སྐྱབས་སུ་འགྲོ་ཞིང་། ཕན་ཡོན་གྱི་སྒོ་ནས་སྤྲོ་བ་བསྐྱེད་པ་དང་། བསླབ་བྱ་རྣམས་དང་མི་འགལ་བར་བསླབ་པར་བྱའོ།། །།གཉིས་པ་ཆོས་ལམ་དུ་འགྲོ་
བའི་ཁྲིད་ལ། ཤི་བའི་འོག་ཏུ་ལས་དཀར་ནག་འབའ་ཞིག་གི་རྗེས་སུ་འབྲངས་པས་ན། མི་དགེ་བའི་ལས་སྤང་། དགེ་བའི་ལས་བསྒྲུབ། ལུང་མ་བསྟན་གྱི་ལས་དགེ་བར་བསྒྱུར་བ་སྟེ་ཀུན་འབྱུང་འཁོར་བའི་འཇུག་རིམ་ལ་མཁས་པ་དང་། འཁོར་བ་གང་དུ་སྐྱེས་ཀྱང་སྤྱི་དང་། བྱེ་བྲག་གི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་སྡུག་བདེན་འཁོར་བའི་ཉེས་དམིགས་ཀྱིས་ཡིད་དྲངས་ཏེ་འཁོར་བ་ལས་ཐར་འདོད་ཀྱི་ངེས་འབྱུང་ཤུགས་དྲག་ཏུ་བསྐྱེད། ཐར་པའི་ཕན་ཡོན་ལ་བསམས་ནས་དེ་ཉིད་ཐོབ་འདོད་ཀྱི་སྤྲོ་བ་དྲག་པོས་རྒྱུད་བསྐུལ་ཏེ། འཁོར་བར་འཁྱམས་པའི་རྩ་བ་ཉོན་མོངས་པའི་ཀུན་འབྱུང་དང་། དེའི་འབྲས་བུ་སྡིག་པ་དང་ལྟུང་པའི་ལས་ཀྱི་སྒྲིབ་པ་སྦྱོང་བའི་སླད་དུ་རྡོ་རྗེ་སེམས་དཔའི་སྒོམ་བཟླས་སྟོབས་བཞི་ཚང་བའི་སྒོ་ནས་ཉམས་སུ་བླང་བར་བྱའོ། །གསུམ་པ་ལམ་གྱི་འཁྲུལ་པ་སེལ་བའི་ཁྲིད་ལ། དེ་ལྟ་བུའི་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རང་གཅིག་པུ་ཐར་པས་མི་ཕན། སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་དེ་ཐམས་ཅད་ཐར་པ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་པར་བགྱིའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད། སངས་རྒྱས་ཀྱི་གོ་
འཕང་དེ་དུས་མྱུར་དུ་ཐོབ་པ་ལ་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་དགོས། དེ་བླ་མའི་བྱིན་རླབས་ལ་རག་ལས། བྱིན་རླབས་མོས་གུས་ལ་རག་ལས་པས་མོས་གུས་བླ་མའི་རྣལ་འབྱོར་གྱི་སྒོ་ནས་གསོལ་བ་འདེབས་པ་དང་། ཚོགས་གསོག་པའི་སྒོ་རྒྱ་མཚོའི་སྙིང་པོ་མཎྜལ་འབུལ་བ་རྣམས་རྩེ་གཅིག་ཏུ་བརྩོན་པར་བྱ། སྐྱབས་སེམས་ཀྱི་གོ་དོན་རྙེད་ནས། སྐྱབས་སུ་འགྲོ་བ་དང་། བསྙེན་གནས་ཡན་ལག་བརྒྱད་པ་དང་། སྨོན་འཇུག་སེམས་བསྐྱེད་རྣམས་ཀྱང་ཆོ་གའི་སྒོ་ནས་འབོགས་ཤིང་། བསླབ་བྱ་ལེགས་པར་བཤད་པ་ལ་བླང་དོར་ཚུལ་བཞིན་དུ་བྱའོ། །བཞི་པ་འཁྲུལ་པ་ཡེ་ཤེས་སུ་འཆར་བའི་ཁྲིད་ལ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ཆེན་པོ་གང་ཡང་རུང་བའི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་བསྐུར། དབང་དུས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པའི་ཚོགས་ངོ་འཕྲོད་པར་བྱས་ལ་བསྲུང་། བླ་མ་རྡོ་རྗེ་འཆང་ཆེན་པོར་བསྒོམ་ཞིང་ལམ་དབང་དམིགས་པའི་སྒོ་ནས་མ་ཆག་པར་བླང་བ་རྣམས་གཞིར་བཟུང་སྟེ། དངོས་གཞིའི་སྙིང་པོ་རང་གི་སེམས་ཀྱི་བྱུང་གནས་འགྲོ་གསུམ། གཅིག་དུ་མ། དབྱིབས་ཁ་དོག་སོགས་རྩད་བཅད་ལ་སེམས་འཚོལ་བས་གཞི་རྩ་བཅད། དེ་ནས་མ་དག་པའི་རྟེན་ཤིང་བུ་དང་རྡེའུ་སོགས་དང་། དག་པ་དེ་བཞིན་གཤེགས་པའི་སྐུ་དངོས་སམ། ཡིད་
ཀྱིས་བསྒོམས་པ་ལ་སེམས་རྩེ་གཅིག་ཏུ་བཟུང་ནས་ཞི་གནས་བསྒྲུབ། གནས་ཉམས་ཅི་རིགས་སྐྱེས་པ་ན། སེམས་ཀྱི་ངོ་བོ་ལྷག་མཐོང་གི་གནས་ལུགས་ངོ་སྤྲད་ལ། མཐར་ཞི་ལྷག་ཟུང་འཇུག་ཏུ་བསྐྱང་། ཉམས་ལེན་གྱི་སྣེ་ཟིན་ནས་ཟབ་མོ་བླ་མའི་རྣལ་འབྱོར་གྱི་བསྐྱེད་རིམ་དང་། བླ་མ་རང་ལ་བསྟིམས་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པའི་རྫོགས་རིམ་ཟབ་གསལ་དབྱེར་མེད་པའི་ངང་དུ་མཉམ་པར་བཞག །ཞར་བྱུང་གྲུབ་མཐའ་མ་སྙོགས་ནས་འཆི་བའི་དུས་བྱེད་ན་འཕོ་བའི་གདམས་པ་གལ་ཆེ་བས། སྙན་བརྒྱུད་ལྟ་བུའི་འཕོ་དམིགས་ཅི་རིགས་པའང་བསྟན། དེ་ལྟར་ཉམས་སུ་ལེན་པའི་བོགས་སྤྱོད་པས་འདོན་ཚུལ་དང་། དེ་ལ་བརྟེན་ནས་ས་ལམ་གྱི་ཡོན་ཏན་རིམ་པར་འཆར་ཞིང་བགྲོད་པའི་ཚུལ་གྱིས་མཐའ་བརྒྱན་པར་མཛད་དོ། །དེ་ལྟ་བུའང་སྔོན་དངོས་རྗེས་གསུམ་དུ་བསྡུ་ན། ས་བཅད་དང་པོ་གསུམ་ནི་སྔོན་འགྲོ་དཔྱིད་ལས་དང་འདྲ་བར་སེམས་ཀྱི་བརྡར་ཤ་གཅོད་པའི་ཁྲིད། སྨིན་བྱེད་ཀྱི་དབང་བསྐུར་བ་དང་། གྲོལ་བྱེད་ཀྱི་ལམ་ཞི་ལྷག་ཟུང་འཇུག་དང་བླ་མའི་བསྐྱེད་རྫོགས་བསྒོམ་པ་བཅས་དངོས་གཞི་དབྱར་ལས་དང་འདྲ་བར་ལམ་ཟབ་མོའི་རྟེན་འབྲེལ་ཕུན་སུམ་ཚོགས་པ་བསྒྲིག་པའི་ཁྲིད། སྤྱོད་པས་བོགས་འདོན་པ་དང་། ས་ལམ་གྱི་ཡོན་ཏན་
འཆར་ཚུལ་ངོ་སྤྱོད་པ་སོགས་རྗེས་སྟོན་ལས་དང་འདྲ་བར་འབྲས་བུ་ཡེ་ཤེས་ཀྱི་རྩལ་ཁ་ཕྱོགས་མེད་དུ་རྒྱས་པར་བྱེད་པའི་ཁྲིད་ཀྱི་རིམ་པར་ཤེས་པར་བྱའོ། །ཞེས་པའང་ད་ལྟའི་དུས་ཀྱི་འཆད་ཚུལ་བླ་མའི་གསུང་ལས་ཇི་ལྟར་ཐོས་པ་བཞིན་མཉྫགྷོ་ཥས་ཟིན་བྲིས་སུ་བགྱིས་བ་དགེ་ལེགས་འཕེལ། མངྒ་ལཾ།། །།
ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ།
༈ ཀུན་མཁྱེན་བོ་དོང་པའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་གྲུབ་པའི་ཞལ་ལུང་བདུད་རྩིའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭསྟི་སིདྡྷཾ། །འཇམ་པའི་རྡོ་རྗེ་དཔལ་ལྡན་བླ་མ་དང་། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་གུས་བཏུད་ནས། །ཟབ་གསལ་དབྱེར་མེད་ལྷན་ཅིག་སྐྱེས་སྦྱོར་གྱི། །གདམས་ངག་གྲུབ་པའི་ཞལ་ལུང་སྙིང་པོ་སྤེལ། །འདི་ལ་གཉིས། དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེའི་རྫོགས་རིམ་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང་མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་རོ། །དང་པོ་ལ་གཉིས། ཡིད་ཆེས་ཤིང་ཁུངས་བཙུན་པར་བྱེད་པ་ལོ་རྒྱུས་དང་། ལོ་རྒྱུས་དེ་ལས་བྱུང་བའི་གདམས་པ་ཟབ་མོ་དངོས་སོ། །དང་པོ་ནི། རིང་བརྒྱུད་ཀྱི་དབང་དུ་བྱས་ན། རྒྱལ་བ་ཁྱབ་བདག་འཇམ་པའི་རྡོ་རྗེ། སློབ་དཔོན་འཇམ་དཔལ་བཤེས་གཉེན། གྲུབ་ཆེན་སངས་རྒྱས་ཡེ་ཤེས་ཞི་བའི་ཞབས་ནས་བཟུང་། སྙིགས་དུས་ཀྱི་ཐམས་ཅད་
མཁྱེན་པ་འཇིགས་བྲལ་གྱི་སློབ་དཔོན་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བར་དུ་བྱོན་པ་དང་། ཉེ་བརྒྱུད་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། གྲུབ་ཆེན་བིརཱུ་པ། དེས་འཇིགས་བྲལ་དུས་གསུམ་རྣམ་མཁྱེན་ལ་དངོས་སུ་གནང་ཞིང་། དེ་ནས་བཟུང་སྟེ་བདག་ཅག་གི་བླ་མ་དམ་པའི་བར་དུ་བྱིན་རླབས་དོན་གྱི་བརྒྱུད་པ་བར་མ་ཆད་པ་ལས་བྱུང་བ་ཡིན་ནོ། །གཉིས་པ་གདམས་པ་ཟབ་མོ་དངོས་ལ། བཤད་པས་གཏན་ལ་འབེབས་པ་དང་། བསྒོམ་པས་ཉམས་སུ་བླང་བ་གཉིས་ལས། འདིར་ཕྱི་མའི་ཁོངས་སུ་སྔ་མའང་ཞར་གྱིས་ཚང་བས། དེ་ཉིད་ཅུང་ཟད་འཆད་པ་ལ་གསུམ། །གང་དུ་ཉམས་སུ་བླང་བའི་གནས། གང་གིས་ཉམས་སུ་ལེན་པའི་གང་ཟག་དེས་ཉམས་སུ་བླང་བའི་གདམས་པའོ། །དང་པོ་ནི། མཐུན་རྐྱེན་རྙེད་སླ་ཞིང་། འགལ་རྐྱེན་འཚེ་བ་མེད་པ། ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་དང་། མཚན་མོ་སྒྲའི་གླག་ཅོར་སོགས་བསམ་གཏན་གྱི་ཚེར་མ་མི་འབྱུང་ལ། དབེན་ཞིང་ཡིད་དང་མཐུན་པར་ཆོས་དང་མཐུན་པའི་གྲོགས་སམ་རང་ཉིད་གཅིག་པུར་གནས་པས་ཉམས་སུ་བླང་ངོ་། །གཉིས་པ་ནི། ཐེག་པ་མཆོག་གི་སྐལ་བ་དང་ལྡན་པའི་གང་ཟག་གསང་སྔགས་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་ཅིང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པ། ཟབ་
གསལ་གཉིས་ཀྱི་དོན་ལ་ཐོས་བསམ་གྱི་ཤེས་རབ་ཀྱིས་རྒྱུད་ལེགས་པར་སྦྱངས་པའོ། །གསུམ་པ་གདམས་པ་དངོས་ལ་བདུན། ཟབ་གསལ་གྱི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན། མ་བླངས་པའི་ཆ་ཉེས་དམིགས། ཉམས་སུ་ལེན་ཚུལ་གྱི་རང་བཞིན། མ་སྐྱེས་པའི་གེགས་སེལ། སྐྱེས་པའི་བོགས་འདོན། བརྟན་པའི་ཚད། ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་རོ། །དང་པོ་ལ། །གསལ་བའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་དང་། ཟབ་པའི་ལྟ་བ་ཉམས་སུ་བླངས་པའི་ཕན་ཡོན་གཉིས། དང་པོ་ནི། གསལ་བའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། །སྤང་བྱ་ཆོས་ཐམས་ཅད་མེད་པར་འཛིན་པའི་ཆད་ལྟ་སྤོངས་ཤིང་། གཉེན་པོ་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད། སྙིགས་མ་རྣམས་སྦྱངས་ཤིང་དྭངས་མ་རྣམས་སྟོབས་རྒྱས་པར་བྱས་ནས། གནས་སྐབས་ཀྱི་འབྲས་བུ་མངོན་མཐོ་ལྷ་མིའི་ལུས་ཐོབ་པར་བྱེད་ཅིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི། ཟབ་པའི་ལྟ་བ་ཉམས་སུ་བླངས་པ་ལ་ཕན་ཡོན་ཡོད་དེ། སྤང་བྱ་ཆོས་ཐམས་ཅད་བདེན་གྲུབ་ཏུ་འཛིན་པའི་རྟག་ལྟ་སྤོང་ཞིང་གཉེན་པོ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད། བདེན་འཛིན་སྦྱངས་ནས་ཟབ་པའི་ལྟ་བ་སྟོབས་རྒྱས་
པར་བྱས་ཏེ། གནས་སྐབས་སུ་འཁོར་བ་ལས་གྲོལ་ཞིང་། མཐར་ཐུག་གི་འབྲས་བུ་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་གཉིས་འགྲུབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ཉམས་སུ་མ་བླངས་པའི་ཉེས་དམིགས་ནི། ཟབ་གསལ་གྱི་ལྟ་བ་ཉམས་སུ་མ་བླངས་པ་ལ་ཉེས་དམིགས་ཡོད་དེ། སྔར་གྱི་དེ་ལས་བཟློག་པ་དང་། གཞན་ཡང་སྙིགས་མ་འཁོར་བའི་ཆོས་རྣམས་དོན་ལ་མེད་པ་ལ་ཡོད་པར་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དང་། དྭངས་མ་མྱང་འདས་ཀྱི་ཆོས་རྣམས་དོན་ལ་ཡོད་པ་ལ་མེད་པར་འཛིན་པའི་སྐུར་འདེབས་ཀྱི་ཉེས་པ་དང་། དྭངས་སྙིགས་གཉིས་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་ལ་བདེན་གྲུབ་ཏུ་འཛིན་པའི་སྒྲོ་འདོགས་ཀྱི་ཉེས་པ་དུས་རྒྱུན་དུ་འབྱུང་བའི་ཕྱིར་རོ། །གསུམ་པ་ཉམས་སུ་ལེན་ཚུལ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་ཀྱི་རྣལ་འབྱོར་རོ། །དང་པོ་ལ་གཉིས། ཐུན་མོང་དང་། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ལ་བཞི། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་བྱང་སེམས་སུ་འཆར་བའི་འཁྲིད་དོ། །དང་པོ་ནི། དལ་འབྱོར་རྙེད་དཀའ་བ་དང་། འཆི་བ་མི་རྟག་པའི་ཁྲིད་བློ་དང་འདྲེས་ངེས་པར་ཉམས་སུ་བླང་བའི་སྒོ་ནས། ཚེ་འདི་སྐྱིད་ཀྱང་རུང་སྡུག་ཀྱང་རུང་བ་ཙམ་དུ་ཤེས་ཤིང་། ཚེ་
ཕྱི་མ་ཡུན་ཤིན་ཏུ་རིང་བར་ཤེས་པའི་སྒོ་ནས་ཚེ་ཕྱི་མ་ལ་གང་གནོད་སྤོང་ཞིང་། གང་ཕན་སྒྲུབ་པའི་བསམ་པ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཚེ་འདི་བར་འགྲོ་བའི་ཕྱིར་རོ། །གཉིས་པ་ནི། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་བློ་དང་འདྲེ་ངེས་བསྒོམས་ནས། སྲིད་རྩེའི་བར་གྱི་འཁོར་བ་ཐམས་ཅད་མེའི་དོང་ལྟ་བུར་མཐོང་ནས། ཐར་པ་དོན་གཉེར་གྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐར་ལམ་དུ་མི་འགྱུར་པའི་ཕྱིར་རོ། །གསུམ་པ་ནི། བྱམས་སྙིང་རྗེའི་ཁྲིད་བློ་དང་འདྲེ་ངེས་པའི་སྒོ་ནས། རང་གཅིག་པོ་ཞི་བདེ་དོན་གཉེར་གྱི་བློ་སྤང་དགོས་ཏེ། དེ་མ་སྤང་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་དམན་གྱི་ལམ་དུ་འགྱུར་བའི་ཕྱིར་རོ། །བཞི་པ་ནི། སེམས་ཅན་ཐམས་ཅད་ཀྱི་དྲིན་དྲན་ཞིང་སྡུག་བསྔལ་མི་བཟོད་པའི་ཤུགས་ཀྱིས་སེམས་ཅན་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་འདོད་ཀྱི་བློ་ལྷད་མེད་ཅིག་སྐྱེ་དགོས་ཏེ། དེ་མ་སྐྱེས་ན་ཟབ་ཆོས་ཇི་ཙམ་ཉམས་སུ་བླངས་ཀྱང་ཐེག་ཆེན་གྱི་ལམ་དུ་མི་འགྲོ་བའི་ཕྱིར་རོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་གསུམ། འགལ་རྐྱེན་སྡིག་པ་སྦྱོང་བའི་ཡན་ལག་ཏུ་རྡོ་རྗེ་སེམས་དཔའི་ཁྲིད། མཐུན་རྐྱེན་ཚོགས་བསགས་པའི་
ཕྱིར་དུ་མཎྜལ་གྱི་ཁྲིད། བསག་སྦྱངས་དབྱེར་མེད་ཀྱི་ཕྱིར་དུ་བླ་མའི་རྣལ་འབྱོར་གྱི་ཁྲིད་དོ། །དང་པོ་ནི། ཡིག་བརྒྱའི་སྒོམ་བཟླས་ཚུལ་བཞིན་དུ་ཉམས་སུ་བླངས་པའི་སྒོ་ནས། འགལ་རྐྱེན་སྡིག་སྒྲིབ་མངོན་འགྱུར་བ་རགས་པ་དག་པ་ཞིག་དགོས་ཏེ། སྡིག་པ་སྟོབས་ཆེན་གྱིས་བསྒྲིབས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར། གཉིས་པ་ནི། མཎྜལ་སོགས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པའི་སྒོ་ནས། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་གསོག་དགོས་ཏེ། དེ་མ་བསགས་པའི་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར་རོ། །གསུམ་པ་ནི། བླ་མའི་རྣལ་འབྱོར་ཚུལ་བཞིན་ཉམས་སུ་བླང་བའི་སྒོ་ནས། ཐུན་མོང་མ་ཡིན་པའི་མོས་གུས་སྐྱེ་དགོས་ཏེ། མོས་གུས་ཀྱིས་རྒྱུད་བརླན་པར་མ་བྱས་ན་རྒྱུད་ལ་དངོས་གཞིའི་ཁྲིད་མི་སྐྱེ་བའི་ཕྱིར་རོ། །དེས་ན་དེ་རྣམས་ཉམས་སུ་བླང་བ་ལ། །དང་པོ་ནི། སྟན་བདེ་བ་ལ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལུས་ཆ་ཆ་ནས་བསྒྲིམ། རླུང་རོ་དགུ་ཕྲུགས་སུ་འབུད། ཤེས་པ་རྣལ་དུ་དབབ། དེ་ནས་སྐྱབས་ཡུལ་གསལ་བཏབ་ལ་སྐྱབས་འགྲོ། སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། རང་གི་སྤྱི་བོར་རྡོ་རྗེ་སེམས་དཔའ་ཡབ་ཡུམ་ཚེ་ག་གསུམ་གྱིས་བསྐྱེད། གཉིས་ཀའི་ལྕགས་ཀར་སྔགས་ཕྲེང་གསལ་བཏབ། སྟོབས་བཞིའི་གནད་
དང་ལྡན་པའི་སྒོ་ནས་ཡི་གེ་བརྒྱ་པ་བཟླ། མཇུག་བཤགས་བསྡམ་གྱི་རྗེས་རྡོར་སེམས་རང་ལ་བསྟིམ། །གཉིས་པ་ནི། མདུན་གྱི་ནམ་མཁར་དཔག་བསམ་གྱི་སྡོང་པོའི་ལྟེ་བར་སེང་ཁྲི་པདྨ་ཉི་ཟླ་རྡོ་རྗེའི་གདན་ལ། བླ་མ་འཇམ་པའི་རྡོ་རྗེ་སེར་སྔོ་དཀར་བའི་ཞལ་གསུམ་ཕྱག་དྲུག་གིས་དང་པོ་གཉིས་ཀྱིས་རང་འདྲའི་ཡུམ་ལ་འཁྱུད་པ། ལྷག་མ་གཡས་གཉིས་རལ་གྲི་དང་། མདའ། གཡོན་གཉིས་ཨཏྤལ་སྔོན་པོ་དང་། གཞུ་བསྣམས་པ། རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པའི་གནས་བཞིར་ཨོ་དཀར། ཨཱདམར། ཧཱུྃ་མཐིང་། ཧོཿལྗང་གུ་རྣམས་ཀྱིས་མཚན་པ་སྐྱབས་གནས་ཀུན་འདུས་སུ་དམིགས་ལ། འདོད་ཡོན་ལྔའི་མཆོད་པ་སྔོན་དུ་འགྲོ་བས། མཎྜལ་ཚོམ་བུ་བདུན་མ་སྤྱི་ལྟར་འབུལ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཐུན་མོང་གི་སྡོམ་པ་བཟུང་བའི་མཐར་རང་ལ་བསྟིམ། གསུམ་པ་ནི། བླ་མ་འཇམ་པའི་རྡོ་རྗེའི་རྣལ་འབྱོར་སྔར་བཞིན་གསལ་བཏབ་པའི་སྤྱན་སྔར་མཆོད་པ་དང་མཎྜལ་འབུལ། ཐུན་མོང་གི་སྡོམ་པ་དང་། སྲས་བཅས་སངས་རྒྱས་ཐམས་ཅད་དང་སོགས་ཁྱད་པར་གྱི་སྡོམ་བཟུང་བྱ། རྩ་བརྒྱུད་ཀྱི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་གདབ། དབང་བཞི་བླངས་པའི་མཐར།
བླ་མ་ཡབ་ཡུམ་རང་ལ་བསྟིམ། རང་གི་སེམས་དང་། བླ་མའི་ཐུགས་རོ་གཅིག་ཏུ་བསྲེས་ཏེ་ཟབ་གསལ་དབྱེར་མེད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་གཞག་གོ། །གཉིས་པ་དངོས་གཞིའི་རྣལ་འབྱོར་ལ་གསུམ། འཁྲུལ་པའི་མཚང་བཙལ་ཏེ་འཁོར་བ་མེད་སྣང་དུ་སྒོམ་པ་དང་། གསལ་བའི་ལྟ་བ་ཉམས་སུ་ལེན་ཚུལ་དང་ཟབ་པའི་ལྟ་བ་ཉམས་སུ་ལེན་ཚུལ་ལོ། །དང་པོ་ལ། སྔོན་འགྲོ་དང་། དངོས་གཞི་གཉིས། དང་པོ་ནི། ལས་དང་པོ་པ་ལ་ལུས་གནད་བཅའ་བ་ཤིན་ཏུ་གནད་ཆེ་སྟེ། འདི་ལྟར་ཏིང་ངེ་འཛིན་སེམས་ཀྱིས་སྒོམ་ཞིང་། སེམས་རླུང་ལ་བརྟེན་ལ་རླུང་ལུས་ལ་བརྟེན་པས། ལུས་མི་གནས་ན་སེམས་མི་གནས་པར་འགྱུར་བའི་ཕྱིར་རོ། །དེས་ན་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་བཅའ། ལག་པ་མཉམ་གཞག་གི་ཕྱག་རྒྱ་བྱ། རྒལ་ཚིག་དྲང་པོར་བསྲང་། མགྲིན་པ་ཅུང་ཟད་དགུག །ལྕེ་མཆུ་ཐ་མལ་སར་བཞག །མིག་སྣ་རྩེ་ལ་གཏད་པར་བྱ་སྟེ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བཞུགས་སྟངས་ཡིན་པས་བྱིན་རླབས་འཇུག་པ་དང་། གཞན་དྭང་བ་འདྲེན་པ་དང་། རླུང་སེམས་ལས་སུ་རུང་བས་ཏིང་ངེ་འཛིན་ངང་གིས་སྐྱེ་ཞིང་གེགས་ཆུང་བའི་ཕྱིར་རོ། །དེ་ནས་ངག་གནད་བཅའ་སྟེ། རླུང་མི་བདེ་བ་དང་། རྒོད་བག་ཅན་ཐམས་ཅད་སྤངས་ནས།
དང་པོར་ལྷུན་གྲུབ་ཏུ་འཇུག་པ་ལ་རེ་ཞིག་གཡོ་བ་མེད་པར་བཞག་པར་བྱས་ཏེ། རླུང་སེམས་གནས་པ་ན་ལུས་སེམས་ལས་སུ་རུང་བའི་རྩ་བ་ཡིན་པའི་ཕྱིར་རོ། །གཉིས་པ་དངོས་གཞི་ལ་གཉིས། །འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་པ་དང་། འཁོར་བ་སོ་སོ་ལ་བཀར་ཏེ་བསྒོམ་པའོ། །དང་པོ་ནི། འཁོར་བ་སྤྱི་ལ་དམིགས་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་བློ་ལ་ཤོགས་ཆེན་པོ་མི་འབྱུང་བས་སོ། །དེ་བསྒོམ་པ་ནི་འཁོར་བའི་སྣོད་དང་། འཁོར་བའི་བཅུད་ཐམས་ཅད་ལམ་གྱིས་གསལ་བཏབ་ནས། འདི་ཐམས་ཅད་འཁྲུལ་པའི་དབང་གིས་མེད་བཞིན་དུ་སྣང་བ་ཡིན་གྱི་དོན་ལ་ཅུང་ཟད་ཀྱང་གྲུབ་རྒྱུ་མེད་དོ། །མིག་སེར་ཅན་ལ་དུང་སེར་པོར་སྣང་བ་ལྟར་ཡིན་པས། ཅུང་ཟད་ཀྱང་གྲུབ་རྒྱུ་མེད་སྙམ་རྩེ་གཅིག་ཏུ་བཞག་ནས། ཡིད་ཀྱི་ངར་མི་འཆོར་བར་བྱ་བའི་ཕྱིར་སྣང་མེད་སྣང་མེད་ཅེས་བརྗོད་དོ། །གཉིས་པ་ནི། སོ་སོ་ལ་བཀར་ནས་བསྒོམ་དགོས་ཏེ། དེ་ལྟར་མ་བྱས་ན་འོལ་སྤྱི་ཙམ་དུ་སོང་ནས་རྡོ་རུས་ཐུག་པ་མི་འབྱུང་བ་ཡིན་ནོ། །དེ་བསྒོམ་པ་ནི། དགའ་བའི་སྣང་བ་གཅིག་སྐྱེས་བྱུང་ནའང་། དེ་ལ་དགའ་རྒྱུ་ཅི་ཡོད། འཁྲུལ་པའི་དབང་གིས་དེ་ལྟར་སྣང་བ་ཡིན་གྱི། དོན་ལ་དེ་དང་རི་བོང་རྭ་གཉིས་མེད་མཚུངས་ཡིན་པས་རི་བོང་གི་རྭ་ལ་དགའ་བ་ལ་དགོས་པ་ཅི་ཡོད་སྙམ་
དུ་རྩེ་གཅིག་ཏུ་གཞག་གོ། །དེ་བཞིན་ཏུ་མི་དགའ་བ་དང་། བདེ་བ་དང་། སྡུག་བསྔལ་ལ་སོགས་ཀྱི་སྣང་བ་སྐྱེས་མ་ཐག་ཏུ་སྔར་གྱི་དེ་རྣམས་སྦྱར་ནས་བསྒོམ་པར་བྱའོ། །གཞན་ཡང་འཆི་བའི་སྣང་བ་འཆར་བའི་དུས་སུ་འདི་རྣམས་རི་བོང་གི་རྭ་དང་འདྲ་བས་འཆི་རྒྱུ་ཅུང་ཟད་ཀྱང་མེད་དེ། སྙིགས་མ་གློ་བུར་བའི་གང་ཟག་རྣམས་ནི་རང་བཞིན་མེད་པས་འཆི་རྒྱུ་མེད། ང་རང་ནི་དྭངས་གསལ་རྟོགས་མེད་ཀྱི་ལྷ་སྐུ་ཡིན་པས་འཆི་རྒྱུ་མེད་ན་འཆི་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་འཆི་མེད་ཡིན་འཆི་མེད་ཡིན་སྙམ་དུ་རྩེ་གཅིག་ཏུ་བསྒོམ་པར་བྱའོ། །དེ་ནས་ཉིན་མཚན་ཁོར་ཡུག་ཏུ་སྣང་བ་ཅི་ཤར་ཡང་འཁྲུལ་སྣང་དུ་བལྟས་ནས། མེད་སྣང་མེད་སྣང་ཞེས་སྐད་ཅིག་ཀྱང་མ་ཡེངས་པར་བྱས་ནས་བསྒོམ་པར་བྱའོ། །དེ་བཞིན་དུ་སྐྱེ་རྒ་སོགས་གཞན་རྣམས་ལའང་སྦྱར་ནས་བསྒོམ་མོ། །གཉིས་པ་གསལ་བའི་ལྟ་བ་ཉམས་སུ་བླང་བ་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་ཅི་རིགས་པ་སྔོན་དུ་བཏང་ནས། དག་པའི་སྣོད་བཅུད་ཐམས་ཅད་ཡིད་ཡུལ་དུ་གསལ་བར་བྱས་ནས་རྩེ་གཅིག་ཏུ་བསྒོམས་ཏེ། གསལ་བ་གསལ་བ་ཞེས་ཡིད་ཀྱིས་བཟླས་པ་རྒྱུན་ཆགས་སུ་བྱ། གསལ་བ་ཡིད་ངོར་གསལ་པོ་འོང་ན་ཡིད་བཟླས་མ་བྱས་ཀྱང་ཆོག །དེའི་སྐབས་སུ་ཐ་མལ་
གྱི་སྣང་བ་ཅུང་ཟད་བྱུང་ན་མེད་བཞིན་དུ་སྣང་བར་བལྟས་ནས་མེད་སྣང་མེད་སྣང་ཞེས་ཡིད་བཟླས་ཡང་ཡང་དུ་བྱ། དེ་ལྟར་བསྒོམ་པའི་སྐབས་སུ་ལུས་ངག་ཡིད་གསུམ་གྱི་ཟུག་རྔུ་དང་གཡེང་བ་ཅི་བྱུང་ཡང་། མ་དག་པའི་ཆ་རྣམས་མེད་སྣང་དང་། དག་པའི་ཆ་རྣམས་གསལ་བའི་སངས་རྒྱས་སུ་བལྟས་པའི་སྒོ་ནས་དགེ་སྦྱོར་གྱི་གཡེངས་རྐྱེན་དུ་མི་འགྲོ་བར་གཡེང་བ་ཇི་ཙམ་ཆེ་བ་དེ་ཙམ་དུ་དགེ་སྦྱོར་གྱི་གྲོགས་སུ་འཆར་བར་བྱ་སྟེ། དཔེར་ན་མེ་འབར་བ་ལ་ཤིང་བསྣན་པ་བཞིན་ནོ། །དེའི་ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཆོལ་བར་སེམས་ཁོ་རང་ཀློད་ལ་མ་ཡེངས་ཙམ་དུ་དར་ཅིག་བཞག་སྟེ། །དེ་ནི་ཞི་གནས་ངང་གིས་སྐྱེ་བ་དང་། དམིགས་པ་ལ་ངེས་ཤེས་སྐྱེ་བ་དང་། སྙོམས་ལས་སུ་མི་འཆོར་བ་དང་། ལུས་སེམས་ཅུང་ཟད་ངལ་བསོ་བའི་དགོས་པ་ཡོད་དོ། །འདིའི་སྐབས་སུ་རེས་འགའ་སེམས་ཅན་ཐམས་ཅད་ལ་དམིགས་ནས་བསྒོམ་པ་དང་། རེས་འགའ་སེམས་ཅན་རེ་ལ་བཀར་ཏེ་བསྒོམ་དགོས་སོ། །གཉིས་པ་རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡང་སེམས་ཅན་མཛེས་མི་མཛེས་གང་མཐོང་ཡང་། གསལ་བ་གསལ་བ་ཞེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་ལྟ་། །
བ་དང་མ་བྲལ་བར་བྱའོ། །གཉིས་པ་སྤྱོད་པ་རྒྱ་ཆེན་ནི། སེམས་ཅན་གང་མཐོང་བ་ཐམས་ཅད་སྐུ་གསུམ་གྱི་བདག་ཉིད་དང་། གདན་གསུམ་ཚང་བའི་དཀྱིལ་འཁོར་དུ་བལྟས་ནས། །ལུགས་མ་དང་རས་བྲིས་ལ་སོགས་པ་དང་། སེམས་ཅན་རྣམས་ལྷག་གིས་མཐོང་བ་ནའང་། ལུགས་སྐུ་ལ་སོགས་པ་འདི་དག་ནི་ཀུན་རྫོབ་བརྡའི་སྐུ་ཙམ་སྟེ། ནམ་ཡང་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་སོགས་པའི་བྱ་བ་མཛད་པར་མི་ནུས་ཏེ། ལོགས་པའི་སངས་རྒྱས་སུ་གྱུར་པའམ་འགྱུར་བ་མ་ཡིན་པའི་ཕྱིར་རོ། །ལྷ་མི་དང་། དུད་འགྲོའི་གཟུགས་ཅན་ལ་སོགས་པའི་སྲོག་ཆགས་འདི་རྣམས་ནི་སྙིང་པོ་དོན་གྱི་སྐུ་སྟེ་སངས་རྒྱས་ཡིན་པ་དང་། རྫོགས་པའི་སངས་རྒྱས་སུ་འགྱུར་བའོ། །ཞེས་ཤེས་པར་བྱས་ནས་སྲོག་ཆགས་མཐོང་བ་ཐམས་ཅད་ལ་མོས་པ་དང་། གུས་པ་བཅོས་མ་མ་ཡིན་པའི་སྒོ་ནས་ཕྱག་དང་། མཆོད་པ་དང་། དེ་དག་ལ་དབང་ལེན་པ་ལ་སོགས་པའི་སྤྱོད་པ་རླབས་པོ་ཆེ་རྒྱ་མཚོ་ལྟ་བུ་ལ་བསླབ་པར་བྱའོ། །གསུམ་པ་ཟབ་པའི་ལྟ་བ་ལ་བཞི། སྟོང་ཉིད་ཀྱི་རྣལ་འབྱོར། མཉམ་ཉིད་ཀྱི་རྣལ་འབྱོར། བརྗོད་མེད་ཀྱི་རྣལ་འབྱོར། མི་རྟོག་པའི་རྣལ་འབྱོར་རོ། །དང་པོ་ལ། མཉམ་གཞག་དང་། རྗེས་ཐོབ་གཉིས། དང་པོ་ལ། ཞི་གནས་བསྒོམ་པ་དང་། ལྷག་མཐོང་བཙལ་བ་
གཉིས། དང་པོ་ལ། སེམས་མཉམ་པ་ཉིད་དང་། སེམས་རྣལ་དུ་འདུག་པ་ཉིད་དང་། སེམས་ལྷུན་གྱིས་གྲུབ་པར་འཇུག་པ་དང་གསུམ་མོ། །དང་པོ་ནི། ཐོག་མར་ཉིན་པར་ད་ལྟར་སྣང་བ་འདི་ཉིད་ཀྱི་སྟེང་དུ་སེམས་མཉམ་པར་གཞག་སྟེ་གཞན་དུ་མི་གཡེང་བར་བྱ། དེ་ནི་དང་པོའི་སེམས་མཉམ་པར་གཞག་པ་ཙམ་གྱི་དུས་ཡིན་ནོ། །མཚན་མོ་རང་གི་སེམས་ཀྱི་སྟེང་དུ་སེམས་པར་བྱ་ཞིང་། །ཅུང་ཟད་གོམས་ནས་གཙོ་བོར་སེམས་ཀྱི་སྟེང་དུ་མཉམ་པར་གཞག་པར་བྱ་སྟེ། མདོ་སྡེ་རྒྱན་ལས། སེམས་ལ་སེམས་ནི་འཇོག་ཕྱིར་དང་། ཞེས་དང་། དེ་ཉིད་ལས། བདག་ལ་མཉམ་པར་གཞག་ཕྱིར་དང་། ཞེས་པ་ལ་སོགས་པ་གསུངས་སོ། །གཉིས་པ་སེམས་རྣལ་དུ་འདུག་པ་ཉིད་ནི། དེ་ནས་བྱིངས་རྒོད་མི་འབྱུང་བར་བྱ་བའི་ཕྱིར་དྲན་པ་དང་། ཤེས་བཞིན་གྱི་བྱ་ར་ལྟ་བུ་གཞག་པར་བྱ་སྟེ། །དེའི་ཚེ་བྱིངས་རྒོད་བྱུང་བར་དོག་པའི་ཕྱིར་རོ། །གསུམ་པ་ལྷུན་གྱིས་གྲུབ་པར་འཇུག་པ་ནི། དེ་ལྟར་གུས་པ་དང་། རྒྱུན་གྱི་རྣལ་འབྱོར་གྱིས་བསྐྱངས་པས། ཇི་ཞིག་ན་དྲན་པ་དང་ཤེས་བཞིན་ལ་ལྟོས་པ་མེད་པར་སེམས་ཀྱི་རྒྱུན་གཡེང་བ་མེད་པར་གནས་པ་ལྷུན་གྲུབ་ཏུ་འབྱུང་བ་ཡིན་ནོ། །དེ་ལྟར་ན་ཞི་གནས་ཡོངས་སུ་རྫོགས་པ་ཡིན་པས། ཇི་སྲིད་ཞི་གནས་ཀྱི་ཚད་དང་རྟགས་མ་བྱུང་བར་དེ་སྲིད་དུ་
བསྒོམ་པར་བྱའོ། །དེ་ལ་ཚད་ནི་གང་ལ་གཏད་པའི་དམིགས་པ་དེ་ཡིད་ཡུལ་དུ་འབྱུང་ཞིང་། གཞན་མི་འབྱུང་བ་དང་། སྐབས་ནམ་འདོད་པའི་ཚེ་འབྱུང་བ་དང་། དུས་ཇི་སྲིད་འདོད་པའི་བར་འབྱུང་བ་སྟེ་ཚེའི་འདུ་བྱེད་མ་ཞིག་གི་བར་དུ་གཞིར་བྱས་པའོ། །རྟགས་ལ་གཉིས་ལས་ནང་རྟགས་ངེས་པ་ནི་སེམས་ལྷུན་གྲུབ་ཏུ་འབྱུང་བ་འདི་ཉིད་ཡིན་ལ། ཕྱི་རྟགས་ནི། ལུས་གཡོ་འགུལ་མེད་པ་འདི་ཉིད་དང་། ཤིན་ཏུ་ཡང་བ་དང་། བདེ་བ་ལ་སོགས་པ་ལྷུན་གྲུབ་ཏུ་འབྱུང་ངོ་། །གཉིས་པ་ལྷག་མཐོང་ནི། གསལ་བ་འདི་ཡང་མ་བརྟགས་ན་ཉམས་དགའ་བ་ཙམ་ལས་བརྟགས་ཤིང་དཔྱད་ན་ཅུང་ཟད་ཀྱང་གྲུབ་པའམ་སྐྱེ་བ་མེད་པར་ཐག་བཅད་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །སྐྱེ་མེད་ཀྱི་དམིགས་པ་གསལ་པོ་མི་ཡོང་ན་སྐྱེ་མེད་བདེན་མེད་ཅེས་ཡིད་བཟླས་ཡང་ཡང་དུ་བྱས་བའི་སྒོ་ནས་གསལ་བཏབ་ཅིང་བསྒོམ་སྟེ། རྗེ་བཙུན་བྱམས་པས། བྱང་ཆུབ་སེམས་དཔའ་མཉམ་གཞག་པ། །ཡིད་ཀྱི་བརྗོད་པ་མ་རྟོགས་པ། །དོན་ཀུན་རབ་ཏུ་མི་མཐོང་བ་ཞེས་གསུངས་པ་ལྟར་རོ། །འདིའི་སྐབས་སུ་གཡེང་བ་ཇི་ལྟར་མང་ཡང་དགེ་སྦྱོར་གྱི་གཡེང་རྐྱེན་དུ་མི་འགྲོ་བར། སྐྱེ་མེད་བདེན་མེད་ཀྱི་གསལ་འདེབས་སུ་ཤེས་པའི་སྒོ་ནས་སྟོང་ཉིད་དགེ་སྦྱོར་འཕེལ་བའི་གྲོགས་སུ་བཏང་སྟེ་མེ་འབར་བ་
ལ་སླར་ཤིང་བསྣན་པ་བཞིན་ནོ། །ཐུན་མཇུག་ཏུ་ཀློད་ནས་འཇོག་པ་སྔར་བཞིན་ནོ། །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་། ནི། མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡང་སྒོ་གསུམ་གྱི་བྱ་བ་ཅི་བྱེད་ཀྱང་། སྐྱེ་མེད་སྟོང་ཉིད་ཅེས་པའི་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་སྟོང་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པར་བདེན་པ་མེད་པ་ལ་བདེན་པར་བཟུང་བའི་འགྲོ་བ་རྣམས་ལ་བཅོས་མིན་གྱི་སྙིང་རྗེ་བསྐྱེད་ནས་དེ་དག་གདོན་དམ་སྣང་ལ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་ཤེས་། པའི་སྒོ་ནས་སྟོང་ཉིད་ཀྱི་ཆོས་སྟོན་པ་དང་། ཕྱག་དང་། བསྐོར་བ་དང་། སཱཙྪ་གདབ་པ་དང་། གཟུངས་སྔགས་བཟླ་བ་དང་། སྦྱིན་པ་དང་། བཟོད་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་བསླབ་བོ། །གཉིས་པ་མཉམ་ཉིད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་བོ། དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། སྣང་བ་རྫུན་པ་དང་། །སྟོང་པ་བདེན་པའི་ཁྱད་པར་མེད་པས། སྣང་སྟོང་བདེན་རྫུན་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་མཉམ་པ་ཉིད་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །དམིགས་པ་མི་
གསལ་ན་མཉམ་ཉིད་མཉམ་ཉིད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་བོ། །འདིའི་སྐབས་སུ་གཡེང་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་གཏོང་བ་དང་། ཐུན་མཇུག་ཏུ་གློད་ནས་འཇོག་པ་སྔར་བཞིན་བྱའོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་། སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་གཞག་དེ་ལས་ལངས་པའི་རྗེས་ཐོབ་ཐམས་ཅད་དུ་མཉམ་ཉིད་། མཉམ་ཉིད་ཅེས་ཡིད་བཟླས་བྱས་པའི་སྒོ་ནས་སྔར་གྱི་མཉམ་ཉིད་ཀྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་མཉམ་ཉིད་ཀྱི་ཆོས་སྟོན་པ་སོགས་སྔར་བཞིན་ནོ། །གསུམ་པ་བརྗོད་མེད་ཀྱི་རྣལ་འབྱོར་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། ཆོས་ཐམས་ཅད་མཉམ་མི་མཉམ། མཐའ་དང་བྲལ་མ་བྲལ་ལ་སོགས་པ་གང་དུ་ཡང་བརྗོད་དུ་མེད་པར་གསལ་བཏབ་ནས་ཡིད་ཀྱིས་རྩེ་གཅིག་ཏུ་བསྒོམ་མོ། །མི་གསལ་ན་བརྗོད་མེད་བརྗོད་མེད་ཅེས་ཡིད་བཟླས་ཀྱིས་གསལ་བཏབ་ནས། གཡེང་བ་ཐམས་ཅད་དགེ་སྦྱོར་གྱི་གྲོགས་སུ་བཏབ་སྟེ། ཐུན་མཇུག་ཏུ་ཡིད་ལ་ལས་གང་ཡང་མི་འཆོལ་བར། བྱིངས་སྨུག་དང་། འགྲོ་རྒོད་ཀྱི་དབང་དུ་སོང་གིས་དོགས་ནས་
ཤེས་བཞིན་དང་མ་བྲལ་བར་མ་ཡེངས་ཙམ་དུ་འཇོག་པ་སྔར་བཞིན་བྱའོ། །རྗེས་ཐོབ་ལ་གཉིས། ལྟ་བ་གསལ་འདེབས་པ་དང་སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། མཉམ་གཞག་དེ་ལས་ལངས་པའི་རྗེས་སུ་བྱ་བ་ཅི་བྱེད་ཀྱང་། བརྗོད་མེད་བརྗོད་མེད་ཅེས་ཡིད་བཟླས་ཀྱི་སྒོ་ནས་སྔར་གྱི་ལྟ་བ་དང་མ་བྲལ་བར་བྱའོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བསྐྱེད་ནས་བརྗོད་མེད་ཀྱི་ཆོས་སྟོན་པ་སོགས་སྔར་བཞིན་བྱའོ། །བཞི་པ་མི་རྟོག་པའི་རྣལ་འབྱོར་ལ་གཉིས། མཉམ་གཞག་དང་། རྗེས་ཐོབ་བོ། །དང་པོ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དེ་ནས་དོན་དམ་དཔྱོད་བྱེད་ཀྱི་རིག་པ་ཞིབ་མོས་དཔྱད་པས། ཡོད་པ། མེད་པ། གཉིས་ཀ །གཉིས་ཀ་མ་ཡིན་པ། བདེན་པ། རྫུན་པ། གཉིས་ཀ །གཉིས་ཀ་མ་ཡིན་པ། སྣང་བ། སྟོང་པ། གཉིས་ཀ །གཉིས་ཀ་མ་ཡིན་པ། སྐྱེ་བ། སྐྱེ་མེད་གཉིས་ཀ །གཉིས་ཀ་མ་ཡིན་པ་ལ་སོགས་པའི་མཐའ་གང་དུ་ཡང་འཛིན་མ་ཤེས་པས། གང་དུ་ཡང་མི་བལྟ། མི་མནོ། མི་བསམ། མི་དཔྱད། མི་རྟོག་པར་རྩོལ་བྲལ་ལྷུག་པ་ཉིད་དུ་མ་ཡེངས་ཙམ་དུ་བཞག་གོ། །དེ་ལྟར་བཞག་པའི་དུས་སུ་མཐའ་བཞི་ལ་སོགས་པའི་འཛིན་པ་གང་བྱུང་ཡང་། ཤེས་རབ་ཟབ་མོས་སྒྲོ་འདོགས་དང་
སྐུར་འདེབས་ཀྱི་འཛིན་པ་བཅད་ཅིང་། རྗེས་སུ་དཔྱོད་བྱེད་རང་གི་འཛིན་པའང་བཏང་ནས་མ་ཡེངས་ཙམ་དུ་བཞག་གོ། །གཉིས་པ་རྗེས་ཐོབ་ལ་གཉིས་ཏེ། ལྟ་བ་གསལ་འདེབས་པ་དང་། །སྤྱོད་པ་རྒྱ་ཆེན་པོ་ལ་བསླབ་པའོ། །དང་པོ་ནི། དེ་ལྟར་དཔྱད་ན་མཐའ་གང་དུ་ཡང་འཛིན་མི་ནུས་པས། རྣམ་པར་མི་རྟོག་པ་ལ་འཇོག་པ་ཡིན་ཡང་། དེ་ལྟར་འཇོག་མ་ནུས་པ་རྣམས་ཀྱི་དོན་བྱའོ། ཞེས་པས་མཉམ་གཞག་དེ་ལས་ལངས་ནས་རང་གཞན་ཐམས་ཅད་རྨི་ལམ་སྒྱུ་མ་ལྟ་བུར་ཤེས་པའི་སྒོ་ནས་མི་རྟོག་པའི་ལྟ་བའི་རྩིས་མ་ཤོར་བའི་ངང་ནས་རྒྱུ་བར་བྱ་སྟེ། མདོ་སྡུད་པ་ལས། འགྲོ་བ་འཁྲུལ་པ་རི་དྭགས་རྒྱར་ཆུད་འདྲར་ཤེས་ནས། །ཤེས་རབ་ལྡན་པ་མཁའ་ལ་བྱ་བཞིན་རྣམ་པར་རྒྱུ། །ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལྟར་མ་རྟོགས་པའི་འགྲོ་བ་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སྒྲོ་སྐུར་གྱི་འཛིན་པ་མཐའ་དག་གཅོད་པའི་ཆོས་སྟོན་པ་དང་། ཕྱག་དང་བསྐོར་བ་ལ་སོགས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་ལ་སྤྱོད་པར་བྱ་བ་སྔར་བཞིན་ནོ། །དེ་ཐམས་ཅད་ཀྱི་སྙིང་པོ་བསྡུས་ནས་རྒྱུན་ཆགས་སུ་ཉམས་སུ་ལེན་ཚུལ་ནི། སྙིགས་མའི་སྣོད་བཅུད་ཀྱི་སྣང་བ་གང་ཤར་བྱུང་ཡང་། འདི་ཐམས་ཅད་འཁྲུལ་པའི་དབང་གིས་སྣང་བའི་མེད་སྣང་ཙམ་ཡིན་གྱིས།
དོན་ལ་ཅུང་ཟད་ཀྱང་གྲུབ་པ་མེད་པས་མེད་སྣང་མེད་སྣང་ཞེས་སྐད་ཅིག་མ་དང་པོ་ལ་དེ་ལྟར་ངེས་ཤེས་བསྐྱེད་ནས་སྐད་ཅིག་མ་གཉིས་པ་ལ་སྣོད་ཐམས་ཅད་དྭངས་མའི་གཞལ་ཡས་ཁང་དང་། བཅུད་ཐམས་ཅད་འོད་གསལ་བྱང་ཆུབ་ཀྱི་སེམས་མི་ཤིགས་པ་ཁྱད་པར་སུམ་ལྡན་གདན་གསུམ་ཚང་བའི་ལྷར་ལམ་གྱིས་གསལ་བཏབ་ནས། སྐད་ཅིག་མ་གསུམ་པ་ལ་ཡོད་འཛིན་འགོག་པའི་ཕྱིར་ཡོད་པ་མིན་ཞེས་དང་། མེད་འཛིན་འགོག་པའི་ཕྱིར་མེད་པ་མིན་ཞེས་དང་། གཉིས་འཛིན་འགོག་པའི་ཕྱིར་གཉིས་ཀ་མིན་ཞེས་དང་། གཉིས་ཀ་མ་ཡིན་པའི་འཛིན་པ་འགོག་པའི་ཕྱིར། །གཉིས་ཀ་མ་ཡིན་པ་མིན་ཞེས་གང་དུ་ཡང་། མི་བལྟ། མི་མནོ། མི་བསམ། མི་དཔྱད་པའི་ངང་ལ་ལྟ་སྟངས་དང་བཅས་ཏེ་ཉམས་སུ་བླངས་པ་དང་། ཡང་སྣང་བ་གང་སྐྱེས་བྱུང་ཡང་དེ་ཐོག་ཏུ་སྔར་བཞིན་སེམས་ཀྱི་རྩི་ནིམ་ཤོར་བ་བྱའོ། །གསུམ་པ་རྗེས་ཀྱི་རྣལ་འབྱོར་ནི། དེ་ལྟར་བསྒོམས་པའི་དགེ་བའི་རྩ་བ་ལ་སོགས་པའི་དགེ་བ་རྣམས་ཆུད་མི་ཟ་བར་བྱ་བའི་ཕྱིར་བླ་མེད་བྱང་ཆུབ་ཏུ་བསྔོ་བ་དང་། སྨོན་ལམ་རྒྱ་ཆེན་པོ་གདབ་པར་བྱའོ། །བཞི་པ་མ་སྐྱེས་པའི་གེགས་སེལ་བ་ནི། དེ་ལྟར་བསྒོམས་ཀྱང་གསལ་བ་དང་ཟབ་པའི་ལྟ་བ་ཚུལ་བཞིན་དུ་མ་སྐྱེས་ན་སྙོམས་ལས་ལ་སོགས་པའི་ལེ་ལོའི་དབང་དུ་སོང་ནས།
བརྩོན་འགྲུས་ཆུང་བ་དང་། འདུ་འཛི་དང་རྣམ་གཡེང་གི་དབང་དུ་སོང་ནས་རྩེ་གཅིག་ཏུ་བསྒོམ་པ་མ་བྱུང་བས་ལན་པ་ཡིན་པས། ལེ་ལོ་དང་སྙོམས་ལས་སྤངས་ནས་བརྩོན་འགྲུས་ཆེན་པོས་རྩེ་གཅིག་ཏུ་བསྒོམ་པས་སྐྱེ་བར་འགྱུར་ལ། དེ་ལྟར་བྱས་ཀྱང་མ་སྐྱེས་ན་གསལ་བ་དང་ཟབ་པའི་ལྟ་བ་ལ་ངེས་ཤེས་མ་སྐྱེས་པས་ལན་པ་ཡིན་པས། ཟབ་གསལ་གྱི་ལྟ་བ་ལ་མཁས་པའི་དགེ་བའི་བཤེས་གཉེན་ལུས་དང་གྲིབ་མ་བཞིན་མི་འབྲལ་བར་བསྟེན་པ་དང་། ཟབ་གསལ་སྟོན་པའི་གསུང་རབ་ཟབ་མོ་ཀློག་པའི་སྒོ་ནས་ཐག་ཆོད་ཀྱི་ངེས་ཤེས་བསྐྱེད་ནས་སླར་བསྒོམ་པས་ཚུལ་བཞིན་སྐྱེ་བར་འགྱུར་རོ། །དེ་ལྟར་བྱས་ཀྱང་མ་སྐྱེས་ན་འགལ་རྐྱེན་སྡིག་སྒྲིབ་སྟོབས་ཆེན་མ་དག་པ་དང་། མཐུན་རྐྱེན་ཚོགས་མ་རྫོགས་པས་ལན་པ་ཡིན་པས། ཡི་གེ་བརྒྱ་པའི་སྡིག་སྦྱོང་དང་། བླ་མའི་རྣལ་འབྱོར་ཟབ་མོ་བསྒོམ་པ་དང་། ཀུ་སཱ་ལིའི་ཚོགས་གསོག་ཟབ་མོ་གསུམ་ཚུལ་བཞིན་ཉམས་སུ་བླངས་ནས་སླར་བསྒོམ་པས་སྐྱེ་བར་འགྱུར་ཏེ། འདི་གསུམ་ནི་གེགས་སེལ་གྱི་མ་མོ་ལྟ་བུ་ཡིན་ནོ། །ལྔ་པ་སྐྱེས་པའི་བོགས་འདོན་ནི། ཧ་ཅང་སྟེང་འགྲུས་མེད་པར་ཆུ་བོ་རྒྱུན་གྱི་རྣལ་འབྱོར་གྱིས་སྐྱོང་བ་དང་རོ་སྙོམས་རྩལ་སྦྱངས་ཀྱི་ཉམས་ལེན་འདི་ལྟར་བྱ་སྟེ། དེ་ཡང་འཁོར་བའི་སྣང་བ་ཕལ་ཆེར་གཟུགས་སྒྲ་དྲི་རོ་
རེག་བྱ་ཚོར་བ་བདེ་སྡུག་ཏུ་འདུས་པས། དང་པོར་གཟུགས་ལ་གནད་དུ་བསྣུ་སྨན་པ་ནི། སྔོན་འགྲོ་སྔར་ལྟར་སྔོན་དུ་བཏང་ནས། དངོས་གཞིའི་ཚེ། ཆགས་སྡང་གི་ཞིང་ཡུལ་ཡིད་དུ་འོང་བ་དང་། མི་འོང་བའི་ཤ་ཟ་ལྟ་བུ་འཇིགས་ཤིང་ཡང་བ་གཅིག་བསྒོམ། དེ་ཡིད་ཡུལ་ཤར་ནས་གསལ་ཐེབས་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ལྟ་བས་ཐག་བཅད་ནས། དེ་ཐོག་ཏུ་ཉམས་ལེན་བསྐྱེད་ཚུལ་སྔར་དང་འདྲ། དེ་ལྟར་སྒོམ་པ་ལ་རང་བྱན་དགའ་རབ་ཚུད་ན། ཤིན་ཏུ་འཇིགས་ཤིང་ཡ་ང་བའི་གཉེན་སར་ཕྱིན་ལ་ལྟ་བའི་རྩལ་སྦྱང་། དེ་བཞིན་དུ་ཆགས་སྡང་སྐྱེ་བའི་ཡུལ་སྒྲ་ཤིན་ཏུ་སྙན་པ་དང་། སྒྲ་ཤིན་ཏུ་མི་སྙན་པ་གང་རུང་ཡིད་ཀྱིས་བསྒོམ། དེ་ཡིད་ཡུལ་དུ་ཤར་ནས་གསལ་ཐེབས་པའི་ཚེ། དེ་ཐམས་ཅད་མེད་བཞིན་དུ་སྣང་བ་ཉིད་ཡིན་པར་ལྟ་བས་ཐག་བཅད་ནས་དེ་ཐོག་ཏུ་ཉམས་ལེན་སྔར་ལྟར་བསྐྱང་། དེ་ནས་ངུ་ཆོམ་སོགས་སྒྲ་ངན་ཡོད་པའི་སར་ཕྱིན་ལ་སྦྱང་ངོ་། །དེ་བཞིན་དུ་དྲི་ལའང་དང་པོར་དྲི་ཞིམ་མི་ཞིམ་གང་ཡང་རུང་བ་ཡིད་ཀྱིས་བསམ་ནས། མེད་སྣང་དུ་ཤེས་ནས་གནད་དུ་བསྣུན། དེ་ནས་དྲི་ཤིན་ཏུ་མི་ཞིམ་པ་ལྟ་བུ་དངོས་སུ་བསྟེན་ཅིང་ལག་ལེན་དུ་སྦྱར། རོ་ལའང་དང་པོར་རོ་ཞིམ་མི་ཞིམ་གང་རུང་ཡིད་ཀྱིས་སྤྲུལ་པ་དང་། དེ་ནས་རོ་ཤིན་ཏུ་མི་ཞིམ་པ་ལྟ་
བུ་ཕྱེད་ཟ་ཞིང་རྩལ་སྦྱར། དེ་བཞིན་དུ་རེག་བྱ་ལ་ཡང་དང་པོར་ཆགས་སྡང་གི་རྒྱུ་རེག་བྱ་ཤིན་ཏུ་འཇམ་པའམ་རྩུབ་པ་ཅིག་བསྒོམས་ནས་གནད་དུ་བསྣུན། དེ་ནས་ཚེར་ཁྲོད་ལྟ་བུ་ཅིག་ཏུ་དངོས་སུ་བསྡད་ནས་འཇམ་རྩུབ་ཀྱི་རེག་བྱ་དེ་དག་རི་བོང་གི་རྭ་དང་འདྲ་བར་མ་གྲུབ་པས། ཕན་གནོད་གང་ཡང་མི་ནུས་པར་ལྟ་བ་ཟབ་མོས་ཐག་བཅད་ནས་ཉམས་ལེན་སྦྱང་བར་བྱའོ། །དེ་བཞིན་དུ་ཚོར་བ་བདེ་སྡུག་གང་ལའང་སྔར་བཞིན་དུ་ཤེས་པར་བྱའོ། །དྲུག་པ་བརྟན་པའི་ཚད་ལ་གཉིས་ཀྱི། དང་པོ་གསལ་བའི་ལྟ་བ་བརྟན་པའི་ཚད་ནི། སྣོད་བཅུད་ལ་ཐ་མལ་གྱི་འཛིན་པ་མངོན་གྱུར་པ་རགས་པ་ཞི་ནས་གསལ་བའི་འཛིན་པ་ཅུང་ཟད་བརྟན་པ་ཡིན་ནོ། །སྟོང་ཉིད་ཀྱི་ལྟ་བ་ཅུང་ཟད་བརྟེན་པའི་ཚད་ནི། དངོས་འཛིན་རགས་པ་ཞི་བའོ། །མཉམ་ཉིད་ཀྱི་ནི་སྟོང་འཛིན་ཞི་བའོ། །བརྗོད་མེད་ཀྱི་ནི་མཉམ་འཛིན་ཞི་བའོ། །མི་རྟོག་པས་ནི་སྒྲོ་འདོགས་དང་། སྐུར་འདེབས་ཀྱི་འཛིན་པ་མངོན་འགྱུར་བ་རགས་པ་ཞི་ནས། མི་རྟོག་པ་ལ་རྩོལ་མེད་དུ་འགྲོ་བའོ། །བདུན་པ་ཞར་ལ་ཉེ་བར་མཁོ་བ་ཐུན་མཚམས་ཀྱི་རྣལ་འབྱོར་ལ་གཉིས། ཟས་ཀྱི་རྣལ་འབྱོར་དང་། ཉལ་བའི་རྣལ་འབྱོར་རོ། །དང་པོ་ནི། རང་ལུས་བསྐྱེད་རྫོགས་ཅི་རིགས་པ་གསལ་བཏབ་སྟེ། རང་ལུས་ལ་གདན་གསུམ་
ཚང་བའི་ལྷའི་དཀྱིལ་འཁོར་གྱི་འདུ་ཤེས། ཟས་ལ་སྐུ་གསུང་ཐུགས་ཀྱི་བདུད་རྩིའི་འདུ་ཤེས། ཟས་ལོངས་སྤྱོད་པ་ལ་ལྷ་མཆོད་པའི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱིས་ཇི་ལྟར་རན་པར་མ་ཡེངས་པར་ལོངས་སྤྱད་ལ། དབང་པོ་རྣོ་ན་དེ་ཐམས་ཅད་འཁོར་གསུམ་རྣམ་པར་མི་རྟོག་པ་དང་མ་བྲལ་བའི་ངང་ལ་ལོངས་སྤྱོད་དོ། །གཉིས་པ་ཉལ་བའི་རྣལ་འབྱོར་ནི། ཉིན་བར་གྱི་རྣལ་འབྱོར་ཚར་ནས་ཉལ་བའི་དུས་སུ་ཐུན་མོང་གི་རྣལ་འབྱོར་ཉིན་བར་རང་གི་སྒོ་གསུམ་གྱི་སྤྱོད་པ་རྣམས། དགེ་བ་དང་སྡིག་པ་ཅི་བྱུང་བརྟགས་ན། དགེ་བ་བྱུང་བ་རྣམས་ལ་ཡི་རང་གི་དགའ་སྤྲོ་བསྒོམ་པས་མང་དུ་སྤེལ་ཞིང་། སྡིག་པ་བྱང་བ་རྣམས་བཙན་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པས། སྟོབས་བཞི་ཚང་བའི་རྒྱུན་བཤགས་ཡང་ཡང་བྱ་སྟེ། ནང་པར་སྔ་བར་ལངས་ནས་རྣལ་འབྱོར་གྱི་རིམ་པ་ལ་འཇུག་སྙམ་པའི་བསམ་པས་གཞོགས་གཡས་པ་འོག་ཏུ་གཞུག་ཅིང་ལུས་བདེ་བར་ཉལ་ལ་དྲན་པ་མངོན་དུ་བཏང་ནས། ཐུན་མོང་མ་ཡིན་པའི་རྣལ་འབྱོར། དོན་ལ་འཆི་བ་མེད་ཀྱང་འཁྲུལ་སྣང་དུ་ཡོད་པས། ང་ལ་ཡང་འཆི་བའི་སྣང་བ་འཆར་བར་འདུག་སྙམ་དུ་བསམས་ནས། དེའི་རྟགས་དང་པོ་སྨིག་རྒྱུ། དེ་ནས་དུ་བ། དེ་ནས་མེ་ཁྱེར། དེ་ནས་མར་མེ། དེ་ནས་མཁའ་སྣང་རྣམས་ཁྲ་བུན་གྱིས་རིམ་ཅན་
དུ་ཤར་བར་བསམ། དེ་རྗེས་དཀར་ལམ་ཟླ་བ་ཤར་བ་ལྟ་བུ་བྱུང་། སྐུ་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་དམར་ལམ་ཉི་མ་ཤར་བ་ལྟ་བུ་བྱུང་། གསུང་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ནག་ལམ་མཚམས་ཀྱི་མུན་པ་ལྟ་བུ་བྱུང་། ཐུགས་རྡོ་རྗེ་ངོ་ཤེས་པར་བྱ། དེ་ནས་ཐམས་ཅད་སྟོང་པ་འོད་གསལ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ཤར་བར་བསྒོམ་ནས་སོ་སོར་རྟོག་པའི་ཤེས་རབ་ཞིབ་མོས་མུ་བཞིའི་འཛིན་པ་ཐམས་ཅད་བཅད་ལ། ནངས་པར་གཞན་དོན་དུ་གཟུགས་ཀྱི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དང་བཅས་པས་ལྡང་བའི་སེམས་དང་མ་བྲལ་བཞིན་དུ་གཉིད་ལོག་པར་བྱའོ། །བར་སྐབས་སུ་སད་པའི་དུས་སུའང་རྣལ་འབྱོར་དེ་རྣམས་བསྐྱར་ཞིང་གསལ་བཏབ་ནས་ཉལ་ཏེ། ཐོ་རེངས་ལྡང་བའི་རྣལ་འབྱོར་གྱིས་ཚུལ་བཞིན་ཏུ་ལྷའི་སྐུར་ལྡང་ངོ་། །དེ་ལྟ་བུའི་ཚུལ་གྱིས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཟབ་གསལ་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་དང་མ་བྲལ་བར་ཉམས་སུ་བླངས་པས་རླུང་སེམས་དབུ་མར་ཐིམ། གཟུགས་འཛིན་གྱི་མདུད་པ་ཞིག །ཉམས་རྟོགས་ཀྱི་ཀློང་རྡོལ། །སྙིགས་མ་འཁོར་པའི་འཁྲུལ་སྣང་ཐམས་ཅད་དང་མྱ་ངན་ལས་འདས་པའི་ངོ་བོར་རོ་གཅིག་ཏུ་དག་པས་འཁོར་འདས་དབྱེར་མེད་དམ། ཟབ་གསལ་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལ་དབང་།
འབྱོར། ས་ལམ་ཐམས་ཅད་མིག་འཕྲུལ་ལྟར་སྐད་ཅིག་གིས་བགྲོད་ནས། མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །གཉིས་པ་མདོ་སྔགས་ཟུང་དུ་འཇུག་པའི་ལམ་གྱི་སྙིང་པོ་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་འཁྲིད་ལ་གཉིས། ལོ་རྒྱུས་དང་། གདམས་པ་དངོས་སོ། །དང་པོ་ནི། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་། གྲུབ་ཆེན་ཏེ་ལོ་པ། པཎ་ཆེན་ནཱ་རོ་ཏ་པ། མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། གླིང་རས་པདྨ་རྡོ་རྗེ། རྒྱ་རས་ཡེ་ཤེས་རྡོ་རྗེ། དེས་རྒོད་ཚང་པ་མགོན་པོ་རྡོ་རྗེ་ཟླལ་གདམས། དེ་ནས་སྟོད་འབྲུག་བཀའ་བརྒྱུད་ཀྱི་ཕྱོགས་ལས་རིམ་པར་བརྒྱུད་དེ། འཕགས་མཆོག་སྤྱན་རས་གཟིགས་དངོས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་ལ་བཀའ་བབས་ཤིང་ཐུགས་ལཉམས་སུ་གཞེས། རྒྱལ་སྲས་ཁྲིད་དྲུག་ཏུ་གྲགས་པའི་ཡ་གྱལ་དུ་མཛད་ནས་སློབ་མ་མཆོག་རྣམས་ལ་གདམས་པ་ལས། འདིར་མཁས་གྲུབ་ཆེན་པོ་ལོ་ཆེན་བྱང་ཆུབ་རྩེ་མོ། །དེ་དབོན་ལོ་ཙཱ་བ་གྲགས་པ་རྒྱལ་མཚན། དེ་ལས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱིས་གསན་པ་ནས་བཟུང་བདག་ཅག་གི་བླ་མ་དམ་པའི་བར་དུ་ཚིག་དང་དོན་གྱི་བརྒྱུད་པ་བར་མ་ཆད་ཅིང་། ཉམས་རྟོགས་ཀྱི་ཡོན་ཏན་
ཡོངས་སུ་རྫོགས་པའི་མཁས་གྲུབ་ཆེན་པོ་ཤ་སྟག་ཏུ་བྱོན་པ་ཡིན་ནོ། །གཉིས་པ་གདམས་པ་དངོས་ལ་གསུམ། སྔོན་འགྲོ། དངོས་གཞི་རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་གི་སྔོན་འགྲོ། ཐུན་མོང་མ་ཡིན་པའི་སྔོན་འགྲོ། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ལ་བཞི། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་ཏེ་བློ་ལྡོག་རྣམ་པ་བཞི་ལ་རྒྱུད་སྦྱངས་པའི་ཚུལ་གཞན་དང་མཐུན། །གཉིས་པ་ལ་གསུམ། རྡོ་རྗེ་སེམས་དཔའི་སྒོམ་བཟླས། མཎྜལ་བླ་མའི་རྣལ་འབྱོར་ཏེ་སྔོན་འགྲོ་སུམ་སྦྱོར་དུ་གྲགས་པའི། དང་པོ་ལ་གསུམ། །སྐྱབས་སུ་འགྲོ་བ། སེམས་བསྐྱེད་པ། རྡོ་རྗེ་སེམས་དཔའི་སྒོམ་བཟླས་དངོས་སོ། །དང་པོ་ནི། ས་ཕྱོགས་ཐམས་ཅད་དག་པ་རབ་འབྱམས་ཀྱི་ཞིང་ཁམས་ཆེན་པོར་གྱུར་པའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་རྒྱ་མཚོ་ནོར་བུ་རིན་པོ་ཆེ་སྣ་ཚོགས་པས་གཏམ་པའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་རྩ་བ་བརྟན་པ། སྡོང་པོ་མཁྲེག་པ། ཡལ་ག་ལྔ་པ། ལོ་འདབ་དང་། མེ་ཏོག་དང་། འབྲས་བུ་རྣམ་པར་རྒྱས་ཤིང་ཡིད་དུ་འོང་བའི་དབུས་སུ་རིན་པོ་ཆེའི་ཁྲི་དང་སྣ་ཚོགས་པད་ཟླའི་གདན་ལ་རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ།
མདུན་གྱི་ཡལ་གར་ཡི་དམ། གཡས་སུ་སངས་རྒྱས། རྒྱབ་ཏུ་ཆོས། གཡོན་དུ་དགེ་འདུན། བར་མཚམས་ཐམས་ཅད་དུ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་རྣམས་སྤྲིན་གཏིབས་པ་ལྟར་བཞུགས་པའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་ཏུ་དྲིལ་ནས་བློ་ལྟོས་ལིང་འགེལ་གྱིས་སྐྱབས་སུ་འགྲོ་བའི་འདུན་པས་སྐྱབས་འགྲོའི་ཚིག་ཇི་ལྟར་རིགས་པ་བརྗོད། །གཉིས་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པའི་སེམས་བསྐྱེད་པ་གསལ་བཏབ་ནས་ངག་ཏུ་བརྗོད། མཐར་སྐྱབས་ཡུལ་རྣམས་གཡས་བསྐོར་གྱིས་དབུས་ཀྱི་བླ་མ་ལ་ཐིམ། དེ་ཉིད་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམས། གསུམ་པ་ནི། ངག་འདོན་གྱི་དཀྱུས་ནས་འབྱུང་བ་ལྟར་ཆོ་ག་གསུམ་བསྐྱེད་ཀྱིས་རྡོ་རྗེ་སེམས་དཔའ་དམ་ཚིག་པ་གསལ་བཏབ། ཡེ་ཤེས་པ་བསྟིམ། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས། ཕྱིན་ཆད་སྡོམ་སེམས། ད་ལྟའི་གཉེན་པོར་བདུད་རྩི་འབེབ་སྦྱོང་གི་དམིགས་པ་དང་བཅས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླ། མཇུག་ཏུ་སླར་ཡང་བཤགས་སྡོམ་དྲག་ཏུ་བྱ་ཞིང་རང་ལ་བསྟིམ་མོ། །གཉིས་པ་མཎྜལ་ནི་ཕྱག་ལེན་ལ་འོག་ཏུ་བླ་མའི་རྣལ་འབྱོར་
སྐབས་སུ་མཛད། གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ་ཡན་ལག་བདུན་པ་བྱ་བ། མཆོད་པའི་མཎྜལ་འབུལ་བ། གསོལ་བ་གདབ་པ། དབང་བླང་བ་རྣམས་ཏེ། ངག་འདོན་གྱི་དཀྱུས་ནས་འབྱུང་བ་བཞིན་སོ་སོའི་རྟོགས་པ་མ་སྐྱེས་པའི་བར་དུ་ཉམས་སུ་བླང་། དེ་ཡང་སྐྱབས་འགྲོ་འབུམ་ཐེར་དང་སྒྲགས་ནས། ཕྱག་དེ་མཚུངས་དང་། རྡོར་སེམས་སྒོམ་བཟླས་སྐབས་ཡིག་བརྒྱ་འབུམ་ཐེར། བླ་མའི་རྣལ་འབྱོར་གྱི་སྐབས་མཎྜལ་འབུམ་ཐེར་རྣམས་བསག་པ་ཕྱག་ལེན་དུ་མཛད་དོ། །གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ནི། བདེ་བའི་སྟན་ལ་ལུས་གནད་ཆོས་བདུན་དྲང་པོར་བསྲང་། ངག་གནད་རླུང་རོ་བསལ་ལ་སྨྲ་བ་བཅད་དེ་རླུང་རང་བབས་སུ་བཞག །ཡིད་ཀྱི་གནད་དུག་གསུམ་གྱི་སྤྲོས་པ་ཐམས་ཅད་བཅད། སྒོ་ལྔའི་ཡུལ་ལ་རྟོག་དཔྱོད་སྤངས། ཤེས་པ་ཁ་ནང་དུ་ལོག་ནས་བུ་ཆུང་ལྷུག་པར་གནས་པ་བཞིན་དུ་སེམས་རང་བབས་སུ་འཇོག་པ་སྟེ། འདི་ལ་དབེན་པ་གསུམ་མམ། མི་གཡོ་བ་གསུམ། སྒོ་གསུམ་རང་བབས་སུ་བཞག་པ་ཞེས་ཀྱང་གསུངས་སོ། །གཉིས་པ་དངོས་གཞི་ལ་གསུམ། རྟེན་ཞི་གནས་བསྒོམ། བརྟེན་པ་ལྷག་མཐོང་བཙལ། དེ་གཉིས་ཟུང་འབྲེལ་དུ་ངོ་སྤྲད་པའོ། །དང་པོ་ནི། རང་གི་མདུན་དུ་ཤིང་བུ་ཕྲ་མོ་བཙུགས་པ་ལྟ་བུས་མཚོན་
དམིགས་རྟེན་གང་རུང་འདུ་བྱ། དེ་ལ་མིག་མི་འཛུམ་པར་ཅེ་རེ་བལྟ། ཤེས་པའང་དེ་ལ་བརླན། མ་ཡེངས་ཙམ་དུ་ལྷོད་ཀློད་ལ་འཇོག །ཆམ་གྱིས་གནས་པ་ན་ཉམས་དེ་ལ་ཧ་ཅང་མ་ཆགས་པར་ཤིག་གིས་བཤིག་ལ་ཅུང་ཟད་ངལ་བསོ། །ཡང་སྔར་བཞིན་བསྒོམ། དེ་ལྟ་བུ་ཡུན་ཐུང་ལ་གྲངས་མང་བའི་ཚུལ་དུ་ཐུན་བཞིར་བསླབ། ཐུན་པར་ཐམས་ཅད་ལའང་དེའི་ངང་མ་ཤོར་བར་དྲན་པ་རྒྱུན་ཆགས་སུ་བྱ། མིག་སྣ་རྩེ་ལས་མི་རིང་བར་བལྟ། འགྲོ་འདུག་ཐམས་ཅད་ནད་པའི་སྤྱོད་ལམ་བཞིན་དལ་བར་བྱ། དེས་མཚོན་ཏེ་སྨིན་མཚམས་སུ་ཐིག་ལེ་དཀར་པོ་དང་། སྟན་གྱི་ཐོག་ཏུ་ཐིག་ལེ་ནག་པོ་རིལ་མ་ཙམ་ལ་སེམས་བཟུང་། གཞན་ཡང་དག་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་སོགས་ལ་དམིགས་རྟེན་བྱས་ཏེ་སྔར་བཞིན་བསྒོམ། ཤེས་ཤིང་ནུས་ན་རླུང་བུམ་པ་ཅན་ནམ་རྡོ་རྗེའི་བཟླས་པ་ལ་སེམས་བཟུང་། དེ་ལྟར་བྱས་ཀྱང་གནས་པའི་སྣ་མ་ཟིན་ན། རྟོག་པ་ནམ་སྐྱེས་ཙ་ན་ངོས་ཟིན་པར་བྱ། བསྒོམ་གྱིས་སྣ་མ་སུན་པར་བྱས་ཏེ་གནད་ནས་བཟུང་སྟེ་བསྒོམ་པས་རྟོག་པ་ཇེ་ཕྲ་ལ་སོང་ནས་གནས་པ་སྐྱེ། ཅིས་ཀྱང་རྟོག་པ་མང་པོ་ལང་ཤོར་དུ་སོང་ན། རྟོག་པ་རང་གི་ཐོག་ཏུ་ལྷོད་ཀྱིས་ཀློད་ནས་དྲན་པས་བཟུང་། དེས་རྟོག་པ་ཇི་ལྟར་འཕྲོའང་སེམས་འཛིན་གྱི་རྟེན་དུ་སོང་ནས་ཞི་གནས་ཀྱི་
ཉམས་རྩོལ་མེད་སྐྱེ་བར་འགྱུར་བས། སྒྲིམ་ཀློད་རེས་འཇོག་ཏུ་བཞག །དྲན་ཤེས་རང་བབས་སུ་བཞག །སྣང་ཆ་མ་འགགས་ལ་ཡུལ་གྱི་འཛིན་རྟོག་དང་བྲལ་བར་བཞག །རྟོག་པ་ནམ་སྐྱེས་པ་དང་དྲན་པ་རྒྱུན་ཆགས་པས་རྟོག་པ་རང་གྲོལ་དུ་བཞག །དེ་ལྟར་ཉམས་སུ་བླངས་པས། བསྒོམ་ཉམས་བཤིག་པའམ། མཉམ་གཞག་ལས་ལངས་པའི་གནས་སྐབས་སུའང་ཤེས་པ་དལ་ལ་ལྷོད་ཆགས་པ་ལྷོད་དེ། ཤིག་གེ་བ། སྣང་བ་ཟི་བུན་ནི། ཡུལ་ལ་ཤེས་པ་ཆེད་དུ་མ་བཅུག་ན་སྤུ་རིས་མི་ཕྱེད་པར་ཧད་དེ་ཆད་དེ། གསལ་ལ་རྟོག་མེད་དུ་གནས་པ་ཞིག་བྱུང་ན་ཞི་གནས་སྐྱེས་པ་ཡིན། དེ་ཙམ་ནས་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བའང་རིམ་གྱིས་སྐྱེ་བས། ཤིན་སྦྱངས་མི་གཡོ་བའི་ཞི་གནས་བརྟན་པར་གྱུར་པའི་བར་ཉམས་སུ་བླང་ངོ་། །གཉིས་པ་ལྷག་མཐོང་བཙལ་བ་ནི། དེ་ལྟ་བུའི་ཞག་གི་ངང་ནས། རྟོག་པ་འཕྲོ་ཆད། སེམས་ལྷན་གྱིས་གནས་པའི་དུས་སུ་གནས་པ་དེ་རང་གི་ངོ་བོའི་འདྲ་འདུག །ཡོད་པའམ། མེད་པའམ། དངོས་པོའམ། དངོས་མེད་དམ། དབྱིབས། ཁ་དོག །གཅིག་དུ་མ་སོགས་ལེགས་པར་བརྟགས་ཤིང་དཔྱད་པས། དཔེ་ལ་བལྟས་པའམ། གཞན་གྱི་ཟེར་སྒྲོས་ཙམ་མ་ཡིན་པར། འགྱུ་བའི་རྣམ་རྟོག་གནས་པ་ལ་ཐིམ། གནས་པ་
རང་གི་ངོ་བོ་ནི་སྣང་ལ་རང་བཞིན་མེད་པ། གསལ་ལ་ངོས་བཟུང་མེད་པ། ཉམས་སུ་མྱོང་བཞིན་དུ་བརྗོད་མི་ནུས་པའི་ཤེས་པ་རྗེན་པ་ལྷག་གིས་མཐོང་བ་ན། ངོ་བོ་མཐོང་བ་ཡིན་པས་ངོ་སྤྲོད་པར་བྱ་སྟེ། །གསུམ་པ་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི། ཞི་གནས་དང་ལྷག་མཐོང་ཞེས་ཚིག་ལ་ཐ་དད་ཀྱང་། དོན་དུ་ངོ་བོ་གཅིག་ལ་ལྡོག་པ་སོ་སོར་དབྱེ་བ་ཡིན་ཏེ། སེམས་རང་ལུགས་སུ་ལྷོད་ཀྱིས་བཞག་པའི་དུས་ན་རྣམ་པར་རྟོག་པ་རང་སར་ཞི་ནས་རྟོག་མེད་དུ་ལྷན་ནེར་གནས་པ་ཞི་གནས། དེའི་ངོ་བོ་ལ་བལྟས་པས་འདི་འདྲ་འདུག་བྱ་བ་ངག་ཏུ་སྨྲ་རྒྱུའམ། ཡིད་ཀྱིས་བསམ་རྒྱུའམ། བློས་བརྟགས་རྒྱའམ། ཚིག་གིས་བརྗོད་རྒྱའི་ངོས་བཟུང་མེད་ལ། ངོས་བཟུང་མེད་བཞིན་དུ་གསལ་ལ་མ་འགགས་པའི་ཤེས་པ་སོང་ངེ་། ཡེར་རེ་རྗེན་ནེ་བ། མ་མཐོང་བའི་མཐོང་རྒྱའམ། མ་མྱོང་བའི་མྱོང་རྒྱུ་ཅིག་རང་ལ་ཡོད་ཀྱང་འདི་ཞེས་བརྗོད་དུ་མི་བཏུབ་པ་ལྷག་མཐོང་། དེ་གཉིས་ཀྱང་ངོ་བོ་དབྱེར་མེད་པས་ན། སེམས་ཀྱི་མཚན་ཉིད་སོ་སོ་རང་གིས་རིག་པའི་གཤིས་སུ་མ་བཅོས་པར་འཇོག་པ་ནི་ཞི་ལྷག་ཟུང་འཇུག་སྟེ། མདོར་ན་སེམས་ལ་ངོས་བཟུང་མེད་པ་སྟོང་པ་སེམས་ཀྱི་རང་བཞིན། མེད་བཞིན་དུ་ཅིར་ཡང་འཆར་བ་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་གསལ་དབྱེར་མེད་པའི་ཤེས་པ་
རྗེན་པ་ནི་མ་བཅོས་སེམས་ཀྱི་ངོ་བོ་སྟེ། སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། དངོས་དང་དངོས་མེད་ཀྱི་གནས་ལུགས་འདི་ཁོ་ན་ལས་མ་འདས་པས་ཕྱག་རྒྱ་ཆེན་པོ་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ། དེ་ལྟ་བུའི་གནས་ལུགས་དེ་གདོད་མ་ནས་རང་ལ་བབས་ཀྱིས་གནས་ཀྱང་རྣམ་པར་རྟོག་པས་བསྒྲིབས་ཏེ་ངོ་མ་ཤེས་པས་འཁོར་བར་འཁྱམས། ད་རེས་བླ་མའི་མན་ངག་གིས་རྣམ་རྟོག་གི་འགྱུ་བ་ཞི་གནས་ཀྱིས་ཟིལ་མནན། སེམས་ཀྱི་ངོ་བོ་ལྷག་མཐོང་གིས་མཚངས་བཙལ། ཞི་ལྷག་ཟུང་འཇུག་ཤེས་པ་སྐད་ཅིག་མའི་སྟེང་དུ་ངོ་སྤྲད་པས་རང་བབས་ཀྱི་གནས་ལུགས་དེ་ལ་གཉིས་སུ་མེད་པར་སྦྱོར་བར་བྱེད་པས་ན་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་གདམས་ངག་ཅེས་མཚན་དུ་གསོལ་བ་ཡིན་ནོ། །གསུམ་པ་རྗེས་ནི། དེ་ལྟར་ངོ་འཕྲོད་ནས། མཉམ་རྗེས་ཐམས་ཅད་དུ་ཞི་ལྷག་ཟུང་འཇུག་གི་ཏིང་ངེ་འཛིན་ཆུ་བོ་རྒྱུན་གྱི་རྣལ་འབྱོར་ལ་བརྩོན་པས་ཉམས་དང་རྟོགས་པ་དབྱར་གྱི་མྱུ་གུ་བཞིན་སྐྱེ། རྒྱུད་ལ་ཉམས་རྟོགས་ཇི་ཙམ་སྐྱེས་པ་དེ་ཙམ་གྱིས་ཉོན་མོངས་པ་ཤུགས་ཆུང་། ངེས་འབྱུང་རྩོལ་མེད་དུ་ཤར། སྙིང་རྗེ་ཕྱོགས་མེད་དུ་འབྱོངས། མོས་གུས་བཟོད་མེད་དུ་འབར། སྟོང་ཉིད་རྒྱུ་འབྲས་དང་། རྒྱུ་འབྲས་རྟེན་འབྲེལ་དུ་ཤེས་པས་གེགས་དང་གོལ་ས་
ཐམས་ཅད་རང་སར་གྲོལ། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པར་འགྱུར་བ་སྟེ། ཞིབ་པར་རང་གི་ཉམས་མྱོང་སྐྱེས་རིམ་དང་བསྟུན་ནས། བླ་མ་དམ་པ་ཉམས་དང་རྟོགས་པས་ཁྱད་པར་དུ་བྱས་པའི་སྤྱན་སྔར་ཞུ་ཞིང་། དེས་ཀྱང་ངོ་སྤྲོད་དང་། གེགས་སེལ་དང་། བོགས་འདོན་གྱི་གདམས་པས་རྗེས་སུ་བཟུང་བ་ལྟར་རྩེ་གཅིག་ཏུ་བརྩོན་པར་བྱས་པ་ལ་བརྟེན་ནས་ས་ལམ་གྱི་ཡོན་ཏན་ཡོངས་སུ་རྫོགས་པར་འགྱུར་བ་ཉིད་དོ། །མཁས་པ་ལས་འོངས་གྲུབ་པའི་མྱོང་བས་བརྒྱན། །ཉམས་ལེན་བྱིན་རླབས་བརྒྱུད་པ་དང་ལྡན་པའི། །གདམས་པ་སྙིང་པོར་དྲིལ་བའི་ལེགས་བྱས་ཀྱིས། །མཁའ་ཁྱབ་འགྲོ་ཀུན་ཡེ་ཤེས་མཆོག་བརྙེས་ཤོག །ཅེས་ཀུན་མཁྱེན་བོ་དོང་པ་ཆེན་པོའི་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟབ་གསལ་དང་། ལྷན་ཅིག་སྐྱེས་སྦྱོར་གྱི་འཁྲིད་རིམ་ཀུན་མཁྱེན་འཆི་མེད་དབང་པོའི་གསུང་རབ་དང་། བླ་མ་དམ་པའི་ཞལ་ལུང་ཇི་ལྟ་བར་མདོར་བསྡུས་སྙིང་པོར་དྲིལ་ཏེ་ཟིན་བྲིས་སུ་བགྱིས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག །ཞེས་པའང་མཉྫགྷོ་ཥས་སོ། །སརྦ་དཱ་ཀ་ལྱཱ་ཎཾ་བྷ་བ་ཏུ།། །།
བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་།
༈ བོ་དོང་རས་ཆེན་དཔལ་འབྱོར་བཟང་པོའི་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་ཁྲིད་ཡིག་བླ་མའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བཛྲ་ཝ་རཱ་ཧཱི་པཱ་དཱ་ཡ། དེ་ལ་འདིར་རིང་བརྒྱུད་ནཱ་རོ་དང་། །
ནི་གུ་ནས་བརྒྱུད་པའི་གཏུམ་མོའི་མན་ངག་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ལ་བཀའ་བབས་པ་དང་། ཉེ་བརྒྱུད་བོ་དོང་རས་ཆེན་དཔལ་འབྱོར་བཟང་པོ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མས་དངོས་སུ་གནང་བའི་སྙན་བརྒྱུད་གཏུམ་མོའི་མན་ངག་ཞག་བདུན་མའི་གདམས་ངག་ཟབ་མོ་ལ་བརྟེན་ནས་འཇའ་ལུས་རྡོ་རྗེའི་སྐུ་སྒྲུབ་པར་བྱེད་པའི་འཁྲིད་ཀྱི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་ལ་གསུམ། ཐུན་མོང་དང་། ཐུན་མོང་མ་ཡིན་པ་དང་། ཁྱད་པར་གྱི་སྔོན་འགྲོའོ། །དང་པོ་ནི། བདེ་མཆོག་འཁོར་ལོ་ལ་སོགས་པ་རྣལ་འབྱོར་བླ་མེད་མ་རྒྱུད་ཀྱི་དཀྱིལ་འཁོར་དུ་དབང་ཐོབ་ཅིང་དམ་ཚིག་ལ་གནས་པས། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་བསྒོམ་པ་རྣམས་གཞན་དང་མཐུན། གཉིས་པ་ལ་གསུམ། །སྐྱབས་འགྲོ། སེམས་བསྐྱེད། བླ་མའི་རྣལ་འབྱོར་རོ། །དང་པོ་ནི། ས་ཕྱོགས་ཐམས་ཅད་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་རང་གི་མདུན་དུ་ཡན་ལག་བརྒྱད་དང་ལྡན་པའི་བདུད་རྩིའི་ཆུ་གཏེར་ཡིད་བཞིན་གྱི་ནོར་བུས་གཏམས་པའི་དབུས་སུ་དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལྔ་པའི་ལྟེ་བར་རྩ་བའི་བླ་མ་རྡོ་རྗེ་འཆང་ལ་གཏུམ་མོ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མདུན་དུ་པད་ཉི་
རོའི་གདན་ལ་ཡི་དམ་རྡོ་རྗེ་ཕག་མོ་དམར་མོ་གྲི་ཐོད་ཁ་ཊཾ་ག་འཛིན་ཅིང་། རུས་པའི་ཕྱག་རྒྱ་ལྔས་སྤྲས་པ། མི་མགོ་སྐམ་པོའི་དབུ་རྒྱན་དང་། རློན་པའི་དོ་ཤལ་ཅན། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོགས་པ། ཞབས་གཡས་བསྐུམས་པའི་གར་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་མཐར་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ། གཡས་སུ་སངས་རྒྱས་སྤྲུལ་སྐུའི་རྣམ་པ་ཅན། རྒྱབ་ཏུ་དམ་ཆོས། གཡོན་དུ་དགེ་འདུན། མཐའ་སྐོར་ཀུན་ཏུ་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བའི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་གུས་ཤིང་དྭང་བས་འཁོད་པར་མོས་ལ། ཐོག་མར་ཨོ་ཨཱཧཱུྃ། སྒོ་གསུམ་དག་པར་བྱེད་པ་ཞེས་སོགས་རྡོ་རྗེའི་རྣལ་འབྱོར་ཟབ་མོ་ལ་འཇུག་པར་དམ་བཅའ་བའི་ཚུལ་གྱིས་བརྗོད་རྗེས། མོས་གུས་གདུང་ཤུགས་དྲག་པོས། སངས་རྒྱས་ཆོས་དང་ཞེས་སོགས་སྐྱབས་འགྲོ་ཅི་ནུས་སུ་བྱ། གཉིས་པ་ནི། བདག་གཞན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་གཏུམ་མོའི་རྣལ་འབྱོར་ལ་འཇུག་པར་བགྱིའོ་སྙམ་པས། རང་གཞན་དོན་གཉིས་སོགས་བརྗོད། མཐར་སྐྱབས་ཡུལ་རྣམས་ལས་འོད་ཟེར་འཕྲོས། རང་དང་སེམས་
ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་དག་ཅིང་བྱིན་གྱིས་བརླབས། སྐྱབས་ཡུལ་རིམ་པར་འོད་དུ་ཞུ་ནས་རང་ལ་ཐིམ་པར་བསམ། གསུམ་པ་ལ་ལྔ། བླ་མའི་རྣལ་འབྱོར་གསལ་གདབ་པ། འབྲུ་གསུམ་གྱི་བཟླས་པ་བྱ་བ། ནང་གི་མཎྜལ་འབུལ་བ། གདུང་ཤུགས་ཀྱིས་གསོལ་བ་གདབ་པ། ཏིང་ངེ་འཛིན་གྱི་དབང་བླང་བའོ། །དང་པོ་ནི། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་རང་གི་གཞི་ལུས་སྐད་ཅིག་གིས་རྡོ་རྗེ་འཆང་ཆེན་པོའི་རྣམ་པར་ལམ་གྱིས་གསལ་གདབ། དེ་ནས། ཨོཾ་ཞེས་བརྗོད་པས་གཟུགས་སྣང་ཐམས་ཅད་སྐུ་རྡོ་རྗེའི་ངོ་བོ་རྣམ་སྣང་དཀར་པོ་འོད་དུ་ཞུ་བ་ལས་བྱུང་བའི་ཐར་པ་ཆེན་པོའི་གཞལ་མེད་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། ཨ༠ཞེས་བརྗོད་པས་སྒྲར་གྲགས་ཐམས་ཅད་གསུང་རྡོ་རྗེའི་ངོ་བོ་འོད་དཔག་མེད་དམར་པོ་འོད་དུ་ཞུ་བ་ལས་པདྨ་ཟླ་བའི་གདན། ཧཱུྃ་ཞེས་བརྗོད་པས་དེའི་སྟེང་དུ་རང་གི་སེམས་ཉིད་ཀྱི་ངོ་བོ་རང་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཞིན་པ་སླར་ཡང་གསལ་སྣང་ལེགས་འདོན། དེའི་སྤྱི་བོར་སེང་གེས་བཏེག་པའི་རིན་པོ་ཆེའི་ཁྲི། པདྨ། ཉི་མ། ཟླ་བ་སྟེ་གདན་བཞི་བརྩེགས་ཀྱི་སྟེང་དུ་རྩ་བའི་བླ་མ་ཉིད་རང་གིས་བསྒོམས་པ་ཇི་ལྟ་བའི་རྡོ་རྗེ་འཆང་ཡབ་ཡུམ་དུ་གསལ་བཏབ་ནས་སེམས་གཟུང་། གཉིས་པ་ནི། བླ་མའི་སྐུ་གསུང་ཐུགས་ཀྱིས་རང་གི་
ལུས་ངག་ཡིད་གསུམ་དྭང་མ་མི་ཤིགས་གསུམ་ལྡན་གྱི་ངོ་བོར་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པས། ཨོཾ་ཨཱཧུཾ་ཞེས་རྩེ་གཅིག་ཏུ་བཟླ། གསུམ་པ་ནི། སྭ་བྷཱ་ཝའི་སྔགས་ཀྱིས་སྟོང་པར་སྦྱངས་པའི་ངང་ལས་རང་གི་ལུས་ཐ་མལ་དུ་གནས་པ་རྒྱ་མ་ཞིག་པ་རིལ་པོར་མཎྜལ་དུ་དབུལ་ཏེ། དེའང་ཤ །ཁྲག །དྲོད། དབུགས་འབྱུང་བཞིའི་ངོ་བོ་ཡུམ་བཞིའི་རང་བཞིན་རྣམ་པར་དག་པ་འབྱུང་བ་རིམ་བརྩེགས་ཀྱི་རྟེན། རྩ་ཨ་བ་དྷཱ་ཏི་ལུས་ཀྱི་དབུས་དྲང་པོར་གནས་པ་དང་གཟུང་འཛིན་གྱི་ཕྱོགས་སུ་མ་ལྷུང་བས་རི་རབ། ལྟེ་བ་སྤྲུལ་པའི་འཁོར་ལོ་ལུས་ཀྱི་བསྐྱེད་གཞི་ཡིན་པས་ལུས་འཕགས། ལོངས་སྤྱོད་འཁོར་ལོ་ཟས་སྐོམ་ལོངསཾ་སྤྱོད་ཅིང་སྨྲ་བ་ཆོས་མཐུན་དུ་འབྱུང་བས་འཛམ་གླིང་། ཆོས་ཀྱི་འཁོར་ལོ་རང་བཞིན་བརྒྱད་ཅུའི་རྟོག་པ་ནུབ་པས་བ་ལང་སྤྱོད། བདེ་ཆེན་འཁོར་ལོ་ཧཾ་ཡིག་བདེ་བ་ཆེན་པོའི་རྒྱུན་གྱིས་ལུས་འཚོ་བར་བྱེད་པས་སྒྲ་མི་སྙན། དེ་ལས་གྱེས་པའི་རྩ་ཕྲན་དང་། སྐྲ་དང་། བ་སྤུ་ལ་སོགས་པ་གླིང་སོ་སོའི་རྒྱན། ལག་ངར་གཉིས། རྗེ་ངར་གཉིས། དཔུང་པ་གཉིས། བརླ་གཉིས་བཅས་གླིང་ཕྲན་བརྒྱད། རླུང་ཕྱིར་འབུད་པས་ཉོན་མོངས་དང་སྒྲིབ་པ་རྣམས་གཅོད་པའི་ཕྱིར་འཁོར་ལོ། །རྡུབས་པས་རླུང་དབུ་མར་ཞུགས་པ་ལ་བརྟེན་ནས་ཡོན་ཏན་ཐམས་ཅད་འབྱུང་བས་
ནོར་བུ། གནས་པས་རླུང་སེམས་དབུ་མར་འདུས་ཏེ་བདེ་སྟོང་གི་ཡེ་ཤེས་སྐྱེད་པས་བཙུན་མོ། །བརྟན་པས་མི་འགྱུར་བའི་བདེ་བ་གྲུབ་པས་བློན་པོ། །དེ་ལྟ་བུའི་མྱུར་ལམ་གྱིས་ནང་གིས་ལམ་བདེ་བླག་ཏུ་ཐེག་པས་གླང་པོ། །ཟུང་འཇུག་ཡན་ལག་བདུན་ལྡན་གྱི་ཞིང་ཁམས་སུ་མྱུར་དུ་བགྲོད་པས་རྟ་མཆོག །འགྲོས་བཞི་དབུ་མར་ཐིམ་པས་བདུད་བཞིའི་གཡུལ་ལས་རྒྱལ་བས་ན་དམག་དཔོན། །ཁམས་དམར་ཆ་ཉི་མ། དཀར་ཆ་ཟླ་བ། སྙིང་འདོད་རྒུ་འབྱུང་བའི་རིན་པོ་ཆེའི་གཏེར་ཆེན་པོ་སོགས་ཀྱི་ངོ་བོར་དམིགས་ཏེ་ཕུལ་ལ། འདོད་པའི་དོན་ལ་གསོལ་བ་གདབ། བཞི་པ་ནི། རྗེ་འཇིགས་མེད་གྲགས་པའི་གསོལ་འདེབས། རྒྱ་ཆེན་ཆོས་ཀྱི་སྤྱན་ལྡན་སོགས་དང་། རང་གི་རྩ་བའི་བླ་མའི་སྐུ་བསྟོད་ཚར་གྲངས་ཅི་མང་དང་། བརྒྱུད་པའི་གསོལ་འདེབས་སྐབས། བརྒྱུད་པའི་བླ་མ་རང་གི་བཞུགས་གནས་སོ་སོར་མངོན་སུམ་བཞིན་དུ་གསལ་བའམ། དེ་ལྟར་མི་ནུས་ན་སྤྱི་བོའི་བླ་མ་རྡོ་རྗེ་འཆང་ཉིད་བརྒྱུད་པའི་བླ་མ་ཐམས་ཅད་འདུས་པའི་ངོ་བོར་མོས་ཏེ་གསོལ་བ་གདབ། ལྔ་པ་ནི། དཔལ་ལྡན་བླ་མ་རིན་པོ་ཆེ་སོགས་ཀྱིས་གསོལ་བ་བཏབ་ལ་དབང་བཞི་ལེན་པའི་དམིགས་པ་ངག་འདོན་ལྟར་བསྐྱང་། བླ་མ་རང་ལ་བསྟིམས་ནས་རང་སེམས་དང་བླ་མའི་ཐུགས་དབྱེར་མེད་དུ་འདྲེས་
པའི་ངང་ལ་མཉམ་པར་བཞག་གོ། །།གསུམ་པ་ཁྱད་པར་གྱི་སྔོན་འགྲོ་ལ་གསུམ་ལས། ནུབ་དང་པོ་བླ་མ་སྐུ་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། རང་ཐ་མལ་དུ་གནས་པའི་སྤྱི་བོར་བློ་སེར་པོ་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་རིན་པོ་ཆེའི་ཁྲི། དེའི་སྟེང་དུ་པཾ་དཀར་པོ་ལས་པདྨ་དཀར་པོ་འདབ་མ་འབུམ་ལྡན་གྱི་དབུས། རི་དམར་པོ་ལས་ཟེའུ་འབྲུ་དམར་སེར་གྱི་ཚད་དང་མཉམ་པའི་ཉི་མའི་དཀྱིལ་འཁོར་འོད་འབར་བ། དེའི་སྟེང་དུ་ཨ་དཀར་པོ་ལས་ཟླ་བའི་དཀྱིལ་འཁོར་དཀར་བསིལ་ཉ་གང་བ། དེའི་སྟེང་དུ་བླ་མ་སྐུ་རྡོ་རྗེའི་ངོ་བོ་རྒྱལ་བ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་གཡས་རྡོ་རྗེ་དང་། གཡོན་དེས་ཡུ་བ་བྱས་པའི་དྲིལ་བུ་འཛིན་པ། ཡུམ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་གཡས་གྲི་གུག་དང་། གཡོན་ཐོད་པ་བདུད་རྩིས་གང་བ་འཛིན་པས་ཡབ་ལ་འཁྱུད་པ། །ཞབས་གཉིས་རྡོ་རྗེ་དང་པདྨའི་སྐྱིལ་མོ་ཀྲུང་གིས་འོད་ཟེར་དཀར་པོ་འཕྲོ་བའི་ཀློང་ན་བཞུགས་པར་གསལ་བཏབ་ནས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཞི་བར་བྱིན་གྱིས་རློབས། ལས་ངན་སྡིག་སྒྲིབ་དག་པར་བྱིན་གྱིས་རློབས། ཏིང་ངེ་འཛིན་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་
གསོལ་བ་ཤུགས་དྲག་ཏུ་བཏབ་པས་བླ་མ་རྡོ་རྗེ་འཆང་ཡབ་ཡུམ་གདན་ཁྲི་དང་བཅས་པ་འོད་དུ་ལྟེམ་གྱིས་ཞུ་ནས་རང་གི་སྤྱི་བོར་སིབ་ཀྱིས་ཐིམ་པའི་རྐྱེན་གྱིས་མགོ་བོའི་ནང་དུ་ཆོས་འབྱུང་དཀར་པོ་ཟུར་གསུམ་པ། རྩ་བ་ཕྲ་བ་ལྕེ་ཆུང་ལ་ཟུག་པ། གདེང་ཀ་ཆེ་བ་གྱེན་དུ་ཕྱོགས་པའི་ཟུར་གཉིས་རྣ་སྟག་གཡས་གཡོན་དང་། ཟུར་གཅིག་སྨིན་མཚམས་སུ་བསྟན་པ། དེའི་ནང་དུ་ཨ་དཀར་པོ་གསལ་ཞིང་འཚེར་བ་ལ་དམིགས་པ་གཏད་ནས། ཨ་ཨ་ཞེས་བརྒྱ་སྟོང་གི་བར་བརྗོད་པས། ཨ་ལས་བདུད་རྩིའི་རྒྱུན་དཀར་པོ་དཔག་ཏུ་མེད་པ་བབས་པས་ཆོས་འབྱུང་གི་ནང་ཐམས་ཅད་ཁེངས། མཐར་ཆོས་འབྱུང་གི་ཁ་ནས་ལུད་པ་དང་། རྩ་བ་ནས་འཁྲིལ་བའི་ཚུལ་གྱིས་བབས། རང་གི་སྤྱི་བོ་ཚངས་པའི་བུ་ག་ནས་མར་ཞུགས་ལུས་ཀྱི་ནང་ཐམས་ཅད་ཁྱབ། ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དུད་ཁུའམ་སོལ་ཁུའི་རྣམ་པར་འོག་སྒོ་གཉིས་དང་། རྐང་པའི་སྲིན་ལག་གི་རྩེ་མོ་དང་། བ་སྤུའི་བུ་ག་ཚུན་ཆད་ནས་ཐོན་པ་རིམ་པ་དགུའི་འོག་ཏུ་སོང་ལྕབས་སྡིག་སྒྲིབ་ཐམས་ཅད་དག །ཤུལ་ཐམས་ཅད་བདུད་རྩིས་སྐྱ་མེར་གྱིས་ཁེངས་པས་བྱིན་གྱིས་བརླབས་པར་བསམས་ལ། རྐང་པ་གཉིས་སེམས་སྐྱིལ་ལྷོད་ཆགས་པར་བྱ། ལག་པ་གཉིས་ཀྱི་མཐེ་
བོང་གིས་སྲིན་ལག་གི་འདྲེ་རྩ་མནན་པའི་རྡོ་རྗེ་ཁུ་ཚུར་པུས་མོའི་སྟེང་དུ་ཁ་སྦུབ་ཏུ་བཞག །སྣ་བུག་གཉིས་ནས་རླུང་ཤུག་བསྐྱེད་དེ་ལྷག་མེད་དུ་སངས་ཀྱིས་བུས་པ་དང་མཉམ་དུ་འོག་རླུང་འཐེན་ཞིང་སྟོང་འདྲེན་བྱ། རླུང་ཕྱིར་ཐུབ་ཚད་གཟུང་། མི་ཐུབ་པ་དང་སྣ་བུག་གཉིས་ཀྱི་སྤུ་མི་འགུལ་བའི་ཚོད་ཀྱིས་དལ་བུས་རྡུབས་ལ་ལྟེ་འོག་ཏུ་ཧྲིལ་གྱིས་མནན་ལ་རླུང་ཁ་སྦྱར་ཐུབ་ཚད་གཟུང་། མི་ཐུབ་པ་དང་སྔར་བཞིན་ཕྱིར་འབུད་པ། དེ་འདྲ་བ་ལན་གསུམ་བྱས་པའི་རྗེས་མའི་ཚེ་ལྟེ་བ་གཡས་སྐོར་གསུམ། གཡོན་སྐོར་གསུམ། དབུས་སྐོར་གསུམ། དཔུང་པ་གཡས་གཡོན་རེས་མོས་སུ་འདེགས་པ་དང་། དབུས་འདེགས་པ་སྟེ་གསུམ་གྱི་མཐར་རླུང་ཁ་སྣ་གཉིས་ཀ་ནས་སྒྲ་དང་བཅས་ལྷག་མ་མེད་པར་ཕྱིར་འབུད་ཅིང་ཧ་སྒྲུགས་བྱ། དེ་ལ་ལས་དང་པོ་པས་འཛིན་ཡུན་རིང་པོ་མ་བྱུང་རུང་། འབུད་རྡུབས་ཀྱི་དུས་སུ་རླུང་ལྷག་མ་མ་ལུས་པ་དང་། འཛིན་པའི་སྐབས་སུ་རླུང་རྐུན་མ་ཤོར་བར་འཇམ་རླུང་དལ་བུའི་སྦྱོར་བ་ལ་ཡུན་ཐུང་གྲངས་མང་གི་ཚུལ་དུ་བསླབས་པས་རིམ་གྱིས་གོམས་པ་བརྟན་པར་འགྱུར་རོ། །མདོར་ན་དེ་ལྟ་བུའི་རླུང་སྦྱོར་ཐུན་རེ་ལ་བརྒྱ་རྩ་སོགས་ནས་བདུན་ནམ་གསུམ་ལ་ཉུང་མཐའ་བྱས་པ་བསྒོམ་པར་བྱའོ།། །།ནུབ་གཉིས་པ་བླ་མ་གསུང་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་
བསྒོམ་པ་ནི། སྦྱོར་དངོས་ཀྱི་ཁྱད་པར་གཞན་གོང་དང་འདྲ་བ་ལ། བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་དང་། འོད་དམར་པོ་འཕྲོ་བར་གསལ་བཏབ་ལ་གསོལ་འདེབས་བྱ། དེ་ཉིད་རང་ལ་ཐིམ་པའི་རྐྱེན་གྱིས་མགོ་བོའི་ནང་དུ་ཆོས་འབྱུང་དམར་པོ་ལྕགས་སྲེག་གི་རྣམ་པ་ཅན་དུ་ཡོད་པའི་ནང་དུ་ཨ་དམར་པོ་ལ་ཡིད་གཏད་དེ་བཟླས་པ་བྱས་པས་བདུད་རྩི་དམར་པོ་རེག་བྱ་ཚ་བ་དཔག་ཏུ་མེད་པ་བབས་པས་ནད་ཐམས་ཅད་རྣག་ཁྲག་གི་རྣམ་པས་ཐོན། ཤུལ་ཐམས་ཅད་བདུད་རྩི་ཟངས་ཞུན་གྱི་ཁུ་བ་ལྟ་བུ་སྐྱོ་ཚ་ཁོལ་བ་བཞིན་བུན་བུན་དུ་ཁོལ་བས་གང་བར་བསམ། རླུང་འཛིན་པ་སོགས་འདྲ། །ནུབ་གསུམ་པ་བླ་མ་ཐུགས་རྡོ་རྗེ་ལ་བརྟེན་ནས་དག་བྱེད་ཨའི་སྟོང་ར་བསྒོམ་པ་ནི། སྦྱོར་དངོས་ཀྱི་དམིགས་པ་གཞན་ཐམས་ཅད་སྔར་བཞིན་ལ། དམིགས་བསལ་གྱི་ཁྱད་པར་བླ་མ་སྐུ་མདོག་སྔོན་པོ་དང་། ཆོས་འབྱུང་སྔོན་པོའི་ནང་ཨ་ཡིག་སྔོན་པོ་བསྒོམ། དེ་ལས་འོད་ཟེར་འཕྲོས། གཤིན་རྗེ་གཤེད་དང་། དཔལ་རྟ་མགྲིན་དང་། རྡོ་རྗེ་གཏུམ་པོ་སོགས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་སྤྱན་དྲངས། ཨ་ལ་ཐིམ། ཨ་བརྗོད་པའི་རྐྱེན་གྱིས་ཨ་ཡིག་ལས་ཁྲོ་བོ་དཔག་ཏུ་མེད་པ་བྱུང་། ལུས་གང་། གདོན་ཐམས་ཅད་སྲོག་ཆགས་མི་སྡུག་པའི་རྣམ་པས་ཐོན། ལུས་དང་ཆོས་འབྱུང་གི་ནང་
བཅས་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མཚོན་ཆ་ཕྱིར་གདེངས་པས་བར་མཚམས་མེད་པར་བུན་གྱིས་ཁེངས་པར་བསམས་ལ་རླུང་བུམ་པ་ཅན་གཟུང་ངོ་།། །།གཉིས་པ་དངོས་གཞི་ལ་བཞི། རླུང་ཁ་སྦྱོར་ལ་བརྟེན་ནས་མེ་གསོ་བ། ས་བོན་གཉིས་ལ་བརྟེན་ནས་མེ་སྦར་བ། རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་ནས་འབར་འཛག་བསྒོམ་པ། མཆོག་གི་གཏུམ་མོ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱ་བའོ། །དེ་ལ་ཐོག་མར་ནུབ་བཞི་པ་མེ་གསོ་བའི་དམིགས་པ་ནི། སྐྱབས་འགྲོ་ནས་བཟུང་དག་བྱེད་ཨའི་སྟོང་རའི་བར་གོང་བཞིན་ཉམས་སུ་བླང་། དེ་ནས་རང་གི་སྤྱི་བོར་བླ་མ་རྡོ་རྗེ་འཆང་བསྒོམས་ལ་མོས་གུས་དྲག་པོ་རྩེ་གཅིག་པས། ཕ་བླ་མ་སངས་རྒྱས་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་ལ་བདེ་དྲོད་ཀྱི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །བདག་ལ་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་བྱིན་གྱིས་རློབས། །ཏིང་ངེ་འཛིན་ཁྱད་པར་ཅན་བདག་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསོལ་བ་བཏབ་པའི་རྐྱེན་གྱིས་བླ་མ་ཡབ་ཡུམ་འོད་དུ་ཞུ། རང་ལ་ཐིམ་པས་སྐད་ཅིག་གིས་རང་ཉིད་པདྨ་དམར་པོ་དང་ཉི་མའི་གདན་ལ་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་གཅེར་བུ་རུས་པའི་རྒྱན་གྱིས་སྤྲས་པ། དབུ་སྐྲ་ཕྱེད་སྤྱི་བོར་བཅིངས་པས་རུས་པའི་འཁོར་ལོས་མཚན་
པ། ཕྱེད་ཐུར་དུ་གྲོལ་ཞིང་མི་མགོ་སྐམ་པོ་ལྔས་དབུ་བརྒྱན་པ། ཕྱག་གཉིས་རླུང་འཛིན་པའི་ཕྱག་རྒྱ་དང་། ཞབས་གཉིས་རླུང་འཛིན་པའི་འདུག་སྟངས་ཀྱིས་བཞུགས་པའི་སྤྱན་གསུམ་ནམ་། །མཁར་བཀྲ་ཧྲིག་གེར་གཟིགས་པ། སྐུ་ལུས་ཀྱི་ནང་ལྟེ་བའི་ཐད་དུ་མེའི་སྙིང་པོ་ཚ་ཞིང་ངར་ལ་རྩུབ་པ་རྣོ་བ་སྟེ་མཚན་ཉིད་བཞི་ལྡན་བྱ་ངང་པའི་སྒོ་ང་ཙམ་མདུན་རྒྱབ་གཡས་གཡོན་བཞི་སྒྲོམ་དུ་ཡོད་པར་བསམ། དེ་ནས་རླུང་རོ་བསལ། རླུང་སྟོང་འདྲེན་སྐབས་འོག་རླུང་ཕོག་པའི་རྐྱེན་གྱིས་མེ་སྔོ་ཡལ་ཡལ་འབར། རླུང་རྡུབ་ཅིང་དགང་གཞིལ་མནན་པས་དེ་ལས་ཀྱང་མེ་ཆེར་འབར་བས་ལུས་ཀྱི་ནང་ཐམས་ཅད་མེས་ཁེངས། ཡང་སྟོང་འདྲེན་གྱིས་རླུང་བུས་སྐབས། སྟོད་ཐམས་ཅད་མེས་ཁེངས་ཤིང་འབར། དགང་དུས་བརླ་གཉིས་ནས་བརྒྱུད་རྐང་པ་གཉིས་སོགས་ལུས་སྨད་ཀུན་མེས་ཁེངས་ཤིང་འབར་བར་དམིགས་པ་གཏད་ལ་བུམ་ཅན་གོང་བཞིན་གཟུང་། ཕོ་བ་བསྐོར་སྐབས་མེ་ལྕེ་དམར་འཁྱིལ་འཁྱིལ་བྱེད་པར་བསམ་མོ།། །།ནུབ་ལྔ་པ་ས་བོན་གཉིས་ལ་བརྟེན་ནས་མེ་སྦར་བ་ནི། རང་ཕག་མོར་གསལ་བའི་ལྟེ་བའི་ཐད་དུ་མེ་བཞི་སྒྲོམ་གསལ་བཏབ་པ་ཡན་གོང་ལྟར་ལ། དམིགས་པའི་ཁྱད་པར། ཉི་གདན་དང་བཤང་ལམ་གྱི་བར་དུ་རླུང་གི་ས་བོན་ཡཾ་ཡིག་ལྗང་གུ་ཞིག་དང་། བཤང་
ལམ་གྱི་ནང་སྒོར་ཞུགས་ཙམ་དུ་མེའི་ས་བོན་རཾ་ཡིག་དམར་པོ་འབར་ལ་ཁད་པར་བསམས་ལ་རླུང་ཕྱིར་བུས། སྟོང་འདྲེན་སྐབས་ཡཾ་ཡིག་ལས་རླུང་གཡོས་རཾ་ཡིག་ལ་ཕོག་པས་མེ་འབར། ལྟེ་བའི་མེ་བཞི་སྒོམ་ལ་ཕོག་པས་མེ་ལྷག་པར་འབར་བས་ལུས་ཀྱི་ནང་ཀུན་ཁེངས། སྟོང་འདྲེན་སྐབས་མེ་སྟོད་དུ་འབར་བས་རང་ཕག་མོར་གསལ་བའི་ཞལ་དང་། སྨན་དང་། སྙན་སོགས་ནས་མེ་ལྕེ་དམར་ཉག་ཉུག་འབར་ཞིང་དགང་དུས་སྨད་ཆ་ཀུན་མེས་ཁེངས། མེ་ཐུར་དུ་འབར་བས་འོག་སྒོ་གཉིས་ནས་མེ་ལྕེ་ཕྱིར་འཕྲོས་ཤིང་འབར་བས་ཕྱི་དབྱིབས་ཀྱི་ལུས་ཀྱང་མེ་འབར་བའི་དབུས་སུ་ཡོད་པར་བསམས་ལ་ཕོ་བསྐོར་གོང་བཞིན་བྱ། དེ་ནས་ཕྱི་ནང་ཀུན་མེ་འབར་བའི་དབུས་སུ་རང་ཕག་མོར་གསལ་བའི་སྤྱན་གསུམ་བཀྲ་ཧྲིག་གེ་བ། སྣང་སྟོང་སྒྱུ་མའི་སྐུར་དམིགས་པ་གཏད་པ་རླུང་བུམ་ཅན་ཅི་ནུས་སུ་འཛིན་ནོ།། །།ནུབ་དྲུག་པ་རྩ་གསུམ་འཁོར་ལོ་བཞི་ལ་བརྟེན་ནས་འབར་འཛག་བསྒོམ་པ་ནི། རང་གི་ཕྱི་དབྱིབས་ཀྱི་ལུས་རྡོ་རྗེ་ཕག་མོ་མེ་དབུས་སུ་ཡོད་པ་གོང་བཞིན་ལ། ལྟེ་འོག་སོར་བཞི་ནས་ཡར་སྣ་སྤྱི་བོར་ཟུག་པའི་རྩ་དབུ་མ་ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ་པདྨའི་སྣལ་མ་ལྟར་སྲབ་པ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་སྣུམ་པ། ཏིལ་མར་གྱི་མར་མེ་ལྟར་གསལ་བ་སྟེ་ཁྱད་ཆོས་བཞི་དང་ལྡན་པའི་ཕྱི་སྔོ་བ། །
ནང་དམར་བ། ཁོག་པ་སྟོང་པ། ལུས་ཀྱི་དབུས་དྲང་པོར་ཡོད་པའི་གཡས་སུ་རོ་མ་དམར་མོ་ཕྱི་ནང་གཉིས་དམར། གཡོན་དུ་རྐྱང་མ་དཀར་མོ་ཕྱི་དཀར་ནང་དམར་བ། དེ་གཉིས་དབུ་མའི་མར་སྣ་ནས་སྐྱེས་པའི་ཚུལ་གྱིས་རོ་རྐྱང་དབུ་གསུམ་གྱི་གཤམ་ཡི་གེ་དབུ་ཅན་གྱི་ཆའི་གཤམ་ལྟར་ཡོད་པ། རོ་རྐྱང་ཕྱིར་གྱེས། ལྟེ་བར་འདུས་མཚམས་སུ་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རེ་བཞི་པ་ས་ཁམས་མཚོན་པའི་ཕྱི་སེར་ནང་དམར་བ། ཕྱིའི་རྩེ་རྣམས་ཁ་གྱེན་ཕྱོགས་གདུགས་ཡུ་གནམ་ལ་བསྟན་ནས་འཕྱངས་པ་ལྟ་བུ། ཡང་རོ་རྐྱང་གཉིས་གཡས་གཡོན་གཉིས་སུ་གྱེས། སྙིང་གར་འདུས་མཚམས་སུ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པ་ཅུང་ཟད་ཐུར་བསྟན་གདུགས་ཕུབ་པ་ལྟ་བུ་རླུང་ཁམས་མཚོན་པའི་ཕྱི་སྔོ་ནང་དམར་བ། ཡང་རོ་རྐྱང་ཕྱིར་གྱེས། མགྲིན་པར་འདུས་མཚམས་ལོངས་སྤྱོད་འཁོར་ལོ་རྩ་འདབ་བཅུ་དྲུག་པ་མེ་ཁམས་མཚོན་པའི་ཕྱི་ནང་གཉིས་དམར་བ། ཅུང་ཟད་ཁ་གྱེན་ལ་ཕྱོགས་པ། ཡང་རོ་རྐྱང་གཉིས་པོ་ཕྱིར་གྱེས། སྤྱི་བོར་འདུས་མཚམས་སུ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་པ་ཆུ་ཁམས་མཚོན་པའི་ཕྱི་དཀར་ནང་དམར་བ། ཅུང་ཟད་ཁ་ཐུར་བསྟན་གདུགས་ཕུབ་པ་ལྟ་བུ་དང་། རོ་རྐྱང་གཉིས་གྱེས་པའི་སྣེ་གཉིས་སྣ་བུག་ལ་གཏད་ཅིང་། །
རྩའི་འཁོར་ལོ་དེ་རྣམས་ཀྱི་རྩ་བ་རོ་རྐྱང་དབུ་གསུམ་ལས་སྐྱེས་པའི་རྩེ་མོ་རང་ལུས་རྡོ་རྗེ་ཕག་མོར་གསལ་བའི་ཕྱིའི་པགས་པའི་མཚམས་སུ་རེག་པ། དབུ་མའི་མར་སྣའི་སུམ་མདོའི་ནང་དུ། གཏུམ་མོ་ཨ་ཤད་ཀྱི་རྣམ་པ་མེ་ཁབ་རྩེ་འདྲ་བ་རིང་ཐུང་ཚོན་གང་བ་ཁྱད་ཆོས་བཞི་དང་ལྡན་པ། དབུ་མའི་ཡས་སྣར་ཡི་གེ་དབུ་ཅན་གྱི་ཧཾ་དཀར་པོ་མགོ་ཐུར་བསྟན་གཅིག་བསམས་ལ། རླུང་འབུད་སྐབས་གོང་ལྟར་གསལ་གདབ། རླུང་རྡུབ་ནས་གནོན་སྐབས་རླུང་རོ་རྐྱང་གི་ལམ་བརྒྱུད། མར་སྣ་སུམ་མདོའི་ཨ་ཤད་ཀྱི་མེ་ལ་ལོག་པའི་རྐྱེན་གྱིས་མེ་འབར་བ་དབུ་མའི་ནང་བརྒྱུད་ཡར་སྣའི་ཧཾ་ཡིག་ལ་ཕོག་པས་ཧཱུྃ་ལས་ཡེ་ཤེས་ཀྱི་བདུད་རྩི་དཀར་པོའི་རྒྱུན་བསམ་གྱིས་མི་ཁྱབ་པ་བབས། མར་སྣའི་ཨ་ཤད་ཀྱི་མེ་ལ་ཕོག་པའི་རྐྱེན་གྱིས་མེ་ཚ་རུ་སོང་། དེའི་རྐྱེན་གྱིས་བདུད་རྩི་རེར་བབས་པས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་མས་བདུད་རྩིས་ཁེངས། རོ་རྐྱང་དབུ་གསུམ་གྱི་ལམ་བརྒྱུད་མགྲིན་པའི་འཁོར་ལོའི་རྩ་འདབ་ཁེངས། མེ་ཆེར་སོང་བས་བདུད་རྩི་འབབ་ཇེ་ཆེར་གྱུར་པས་སྙིང་གའི་འཁོར་ལོ་ཁེངས། དེ་ནས་རིམ་བཞིན་ལྟེ་བའི་འཁོར་ལོ་ཁེངས། རོ་རྐྱང་དབུ་གསུམ་གྱི་སྨད་ཆ་སོགས་ཀྱིས་མཚོན་མདོར་ན་རྩ་ནང་ཐམས་ཅད་བདུད་རྩིས་ཁེངས་ཤིང་སྐུ་ལུས་ཀྱི་ཕྱི་ཡང་མེ་འབར་བའི་དབུས་སུ་
ཡོད་པར་བསམས་ལ་རླུང་བུམ་པ་ཅན་གཟུང་། །ནུབ་བདུན་པ་མཆོག་གི་གཏུམ་མོ་ལ་བརྟེན་ནས་བདེ་སྟོང་ཟུང་འཇུག་གི་ཡེ་ཤེས་མངོན་དུ་བྱ་བ་ནི། རང་ཕག་མོར་གསལ་བའི་སྐུ་ལ་རྩ་འཁོར་རོ་རྐྱང་སོགས་གོང་བཞིན་བསྐྱེད། དབུ་མའི་ཡས་སྣེར་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་ཡབ་ཡུམ་རྒྱན་མཚན་དཔེས་སྤྲས་པ་ཚོན་གང་བ་གཅིག་གསལ་བའི་སྟེང་གི་ཆར། རྒྱལ་བ་རྡོ་རྗེ་འཆང་ཡབ་ཡུམ་ལ་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ། མར་སྣར་ཉི་གདན་ལ་མེའི་རང་བཞིན་གྱི་ཚེ་དཔག་མེད་ཚོན་གང་བ་ལོངས་སྤྱོད་རྫོགས་སྐུའི་རྒྱན་དང་མཚན་དཔེས་སྤྲས་པ་འོད་ཀྱི་རང་ཟླ་བཞིན་ཅན་གསལ་བཏབ་ནས། དབུ་མའི་ཡར་སྣའི་བླ་མར་གསོལ་བ་རྩེ་གཅིག་གིས་བཏབ་པས།: སྐུ་ལས་འོད་ཟེར་འཕྲོས། སྟེང་གི་བླ་མ་གཙོ་འཁོར་ལ་ཕོག །དེ་རྣམས་ཀྱི་ཐུགས་རྒྱུད་བསྐུལ། །སྐུ་ལས་བདུད་རྩིའི་རྒྱུན་དཔག་མེད་བབས་པས་དབུ་མའི་ཡར་སྣའི་རྩ་བའི་བླ་མ་ཡབ་ཡུམ་ལ་ཐིམ། སླར་ཡང་གསོལ་བ་ཡིད་ཀྱིས་རྩེ་གཅིག་ཏུ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྐུ་ལས་བདུད་རྩིའི་རྒྱུན་དཀར་དམར་དཔག་ཏུ་མེད་པ་བབས། དབུ་མའི་མར་སྣའི་ཚེ་དཔག་མེད་ལ་ཕོག་པའི་རྐྱེན་གྱིས་མེ་སྒྲ་བཅས་དབུ་མའི་ནང་དུ་ཏལ་གྱིས་འབར། དབུ་མའི་ཡར་སྣའི་བླ་མའི་སྐུ་ལས་ཀྱང་བདུད་རྩི་ཇེ་
ཆེར་བབས། དེས་མེའང་ཆེར་འབར། དེས་བདུད་རྩིའང་ཆེར་བབས་པས་སྤྱི་བོའི་འཁོར་ལོ་ཀུན་ཁེངས། སླར་ཡང་རོ་རྐྱང་གི་ལམ་བརྒྱུད་མགྲིན་པ་སོགས་འཁོར་ལོ་འོག་མ་ཀུན་ཁེངས། སླར་ཡང་ལྔའབར་འཛག་ཆེས་ཆེར་རྒྱས་པས་རྩ་ནང་ཀུན་དང་རོ་རྐྱང་དབུ་གསུམ་གྱི་སྨད་ཆའང་ཁེངས། དེ་ནས་ཀྱང་མེ་དང་བདུད་རྩིའི་ཆེར་བབས་པས་རྩ་རྣམས་ཇེ་ཆེ་ཇེ་ཆེར་སོང་། མཐར་རང་གི་ལུས་རི་རབ་། དང་མཚུངས་པའི་ནང་རོ་རྐྱང་དབུ་གསུམ་ཕྱི་ནང་མེ་འབར་བ་དང་བཅས་པའི་དབུས་བླ་མ་ཡབ་ཡུམ་སོགས་བཀྲ་ལམ་མེ་བར་དམིགས་པ་རྩེ་གཅིག་ཏུ་གཏད་དེ་རླུང་བུམ་པ་ཅན་ཅི་ནུས་སུ་འཛིན་ལ་དབྱིངས་རིག་བསྲེའོ། །གསུམ་པ་རྗེས་ནི། དེ་ལྟར་ནུབ་བདུན་དུ་འབད་པས། རབ་ཀྱིས་ཆོས་འདི་ཞུ་བའི་འདུན་པ་ཡོད་པ་ཙམ་དང་འབྲིང་སྔོན་འགྲོའི་དུས། ཐ་མའང་མེ་དམིགས་ཀྱི་མགོ་ཚུགས་ནས་དྲོད་མི་སྐྱེ་བ་མི་སྲིད། གང་ལྟར་ཡང་ནུབ་བདུན་པའི་སྲོད་ལ་གཏུམ་མོའི་མེ་དབང་བསྐུར་ཞིང་རས་གཟན་སོགས་སྦྱིན། ཐོ་རངས་ནས་རས་འབུད་ཕྱག་ལེན་ལྟར་གཏང་། ཕྱིར་ཉིན་དཔོན་སློབ་ཐམས་ཅད་ཀྱིས་ཕག་མོའི་གཞུང་གང་རུང་བསྲངས་ནས། དགའ་སྟོན་ཚོགས་ཀྱི་འཁོར་ལོ་བཅས་མཐའ་རྒྱས་སུ་ཕྱག་ལེན་མཛད་དོ། །དེ་ནས་ཀྱང་མ་ཆག་པར་ཉམས་སུ་བླངས་པས་དྲོད་ཀྱི་གཏུམ་མོ་
ལ་བརྟེན་ནས་བདེ་བའི་གཏུམ་མོས་རྒྱུད་ཡོངས་སུ་གང་ཞིང་། དེས་དྲངས་པའི་མི་རྟོག་པའི་གཏུམ་མོ་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་མངོན་སུམ་དུ་རྟོགས་པར་འགྱུར་ལ། གེགས་སེལ་དང་བོགས་འདོན་གྱི་སླད་དུ་རླུང་ཐར་པའི་སྒོ་འབྱེད་ཞལ་ལས་འབྱུང་བ་ལྟར་ཉམས་སུ་བླང་། རྒྱུན་གྱི་ཉམས་ལེན་སྐབས་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ནི་ངེས་པར་དགོས། ཁྱད་པར་གྱི་སྔོན་འགྲོ་རེས་མོས་སུ་ཉམས་སུ་བླང་བའམ། སྔོན་དུ་ལེགས་པར་འབྱོངས་ཟིན་པ་ཡིན་ན་དངོས་གཞིའི་མེ་དམིགས་བཞི་ལ་གནད་དུ་བསྣུན། དེའང་ནུབ་རེར་རེས་མོས་སུ་བྱས་པས་ནུབ་བཞིས་དམིགས་པ་ཚར་གཅིག་རྫོགས་པ་སྟེ། དེ་ལྟ་བུའི་ཚུལ་གྱིས་བསྐྱར་ཏེ་ཉམས་སུ་བླང་ཞིང་། དམིགས་པ་སྔ་མ་སྔ་མ་ལ་གོམས་པ་བརྟན་པོ་གྱུར་ན། ཕྱི་མ་རྣམས་ལ་རིམ་གྱིས་གཙོ་བོར་བྱས་པས་ཀྱང་རུང་ངོ་། །ཞེས་རྣལ་བ འབྱོར་གྱི་དབང་ཕྱུག་ཆེན་པོ་རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་བོ་དོང་ལུགས་ཀྱི་གཏུམ་མོ་ཞག་བདུན་མའི་དམིགས་འཁྲིད་བླ་མའི་ཞལ་ལུང་ལས་ཇི་ལྟར་བྱུང་བ་བཞིན་དག་པར་བྲིས་པའི་དགེ་བས་འགྲོ་ཀུན་གཉུག་མ་དོན་གྱི་ཙཎྜ་ལཱི་ཟུང་འཇུག་དྭང་མ་གསུམ་ལྡན་གྱི་ཡེ་ཤེས་ཚེ་འདི་ཉིད་ལ་མངོན་སུམ་དུ་བྱེད་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒལཾ་བྷ་བ་ཏུ།། །།
བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་སྒྲིབ་གཉིས་མུན་སེལ།
བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་སྒྲུབ་ཐབས་ཉུང་གསལ་སྙིང་པོར་དྲིལ་བ་སྒྲིབ་གཉིས་མུན་སེལ་ཅེས་བྱ་བ་བཞུགས་སོ།།
བླ་མ་རྡོ་རྗེ་མི་འཁྲུགས་པའི། །ཞབས་ཀྱི་པདྨོར་ཕྱག་བྱས་ནས། །གང་དེའི་སྒྲུབ་ཐབས་སྒྲིབ་གཉིས་ཀྱི། །མུན་སེལ་ཟླ་བའི་སྣང་བ་སྦྱིན། །དེ་ལ་སྐྱབས་སེམས་དང་ཚད་མེད་བཞི་བསྒོམ་པས་བསོད་ནམས་ཀྱི་ཚོགས་བསགས་ནས། ཨོཾ་མ་ཧཱ་ཤུནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་ཝ་ཨཏྨ་ཀོཉ་ཧོ། ཞེས་པས་ཆོས་ཐམས་ཅད་སྤྲོས་བྲལ་དུ་ཤེས་པས་ཡེ་ཤེས་ཀྱི་ཚོགས་བསགས་ཏེ། ཚོགས་གཉིས་ཀྱི་རང་འབྲས་མཚན་བཅས་ལྷའི་རྣལ་འབྱོར་བསྒོམ་ཞིང་བཟླས་པ་བྱ་བ་ནི། སྟོང་པའི་ངང་ལས་པ་ལས་པདྨ་དང་། ཨ་ལས་ཟླ་སྟེང་རང་སེམས་ཧཱུྃ་མཐིང་ལས། །རྡོ་རྗེ་རྩེ་ལྔའི་ལྟེ་བར་ཧཱུྃ་གིས་མཚན། །འོད་འཕྲོས་འཕགས་མཆོད་འགྲོ་ཀུན་སྒྲིབ་གཉིས་སྦྱངས། །ཚུར་འདུས་
བདག་ཉིད་རྡོ་རྗེ་མི་འཁྲུགས་པ། །དབང་སྔོན་མདོག་ཅན་དྭངས་གསལ་འོད་ཟེར་འཕྲོ། །ཕྱག་གཡས་ས་གནོན་གཡོན་པས་མཉམ་བཞག་སྟེང་། །རྡོ་རྗེ་ལེགས་འཛིན་ཞི་འཛུམ་མཚན་དཔེས་མཛེས། །ལྷ་རྫས་ན་བཟའ་རིན་ཆེན་རྒྱན་གྱིས་སྤྲས། །ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས། །གནས་གསུམ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གིས། །རྡོ་རྗེ་གསུམ་གྱི་ངོ་བོར་བྱིན་གྱིས་བརླབས། །ཅེས་བརྗོད་ཅིང་བསམས་ལ། ལག་གཉིས་ཐལ་མོ་སྦྱར་བའི་སྲིན་ལག་བསྣོལ། །མཛུབ་མོ་གུང་མོའི་རྒྱབ་ཏུ་སྦྱར་བའི་དམ་ཚིག་གི་ཕྱག་རྒྱ་གནས་གསུམ་དུ་རེག་ཅིང་། གཟུངས་སྔགས་ཚར་རེ་བརྗོད་པས་བྱིན་གྱིས་བརླབས། སླར་ཡང་སྙིང་ཁའི་ཧཱུ་
ལས་འོད་འཕྲོས་པས། ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨོཾ་ཨརྒྷཾ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོས་རང་ཐིམ་འོད་ཞུ་བས། སྙིང་དབུས་པདྨ་ཟླ་བའི་དཀྱིལ་འཁོར་སྟེང་། །ཧཱུྃ་ཨོཾ་ཏྲཱྃ་ཧཱུྃཿཨཱ་ལས་རིགས་མཆོག་ལྔ། །མཚན་དཔེའི་དཔལ་འབར་དར་དང་རིན་ཆེན་རྒྱན། །འོད་ཟེར་སྣ་ཚོགས་འཕྲོ་བཞིན་བཞུགས་པར་གྱུར། །ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྵོ་བྷྱ་མཎྜལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། །བཅོམ་ལྡན་རྒྱལ་བ་སྲས་དང་བཅས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་ཅིང་གསོལ་འདེབས་ན། །བདག་གཞན་སྡིག་སྒྲིབ་བྱང་ཞིང་དག་པ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །སྙིང་གའི་གཙོ་བོའི་ཐུགས་ཀར་ཟླ་དཀྱིལ་སྟེང་། །དཀར་གསལ་གཟུངས་སྔགས་ཕྲེང་བའི་སྣང་བ་ཡིས། །འཕགས་པ་མཆོད་ཅིང་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །ཚུར་འདུས་བྱིན་རླབས་གཟི་བྱིན་མཆོག་ཏུ་འབར། །ཅེས་གསལ་བཏབ་ལ་གཟུངས་སྔགས་ཇི་ཙམ་ནུས་པ་བཟླ། ཐུན་མཐར་མཚན་མེད་ཀྱི་རྣལ་འབྱོར་ནི། ཀུན་རྫོབ་རང་སྣང་ལྷ་ཡི་སྐུར། །མེད་བཞིན་སྣང་བ་སྒྱུ་མའི་གཟུགས་། དོན་དམ་རང་བཞིན་ལས་འདས་པའི། །སྤྲོས་དང་བྲལ་བའི་ཡེ་ཤེས་སོ། །ཞེས་པའི་དོན་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་དེ་མཉམ་པར་བཞག །དེ་ལས་ལྡང་བ་ནི། རང་གི་
སྙིང་དབུས་ཡེ་ཤེས་པ། །མདུན་གྱི་ནམ་མཁར་བྱོན་པ་ལ། །ཏིང་ངེ་འཛིན་གྱིས་རྣམ་སྤྲུལ་པའི། །མཆོད་པའི་སྤྲིན་ཕུང་རྒྱ་མཚོས་མཆོད། །གོང་བཞིན་མཆོད་ཅིང་བསྟོད་ལ་གསལ་བ་གདབ། ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ནོངས་པ་གང་མཆིས་མཐོལ་བཤགས་ཤིང་། །ཡེ་ཤེས་པ་རྣམས་ཆོས་དབྱིངས་གཤེགས། །རང་ཉིད་དམ་ཚིག་སེམས་དཔའ་ཡི། །གནས་གསུམ་འབྲུ་གསུམ་ཡི་གེས་མཚན། །དགེ་བ་འདི་ཡིས་མྱུར་དུ་བདག །ཅེས་སོགས་བསྔོ་སྨོན་བྱ་ཞིང་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་པ་བྱེད་ན་ཐུན་གསུམ་གྱི་རིམ་པས་གཟུངས་རིང་འབུམ་ཕྲག་བཞིའམ་གཅིག་བཟླ། ཐུན་གཉིས་ཀྱི་མཐར་གཏོར་མ་ཆ་གསུམ་ཡང་བཏང་ངོ་། །བཅོམ་ལྡན་རྡོ་རྗེ་མི་འཁྲུགས་པའི། །མཚན་བཅས་མཚན་མེད་རྣལ་འབྱོར་གྱིས། །སྣང་བས་སྒྲིབ་པའི་མུན་སེལ་བ། །ཐམས་ཅད་མཁྱེན་པ་ཉིད་གྱུར་ཅིག །ཅེས་གྲུབ་པའི་སློབ་དཔོན་ཛེ་ཏ་རིས་ལེགས་པར་བཀྲལ་བའི་རྗེས་སུ་འབྲངས་ཏེ། ཉུང་གསལ་སྙིང་པོར་དྲིལ་བའི་ཚུལ་ཤཱཀྱའི་དགེ་སློང་མཉྫགྷོ་ཥས་སྦྱར་བའོ། ༈ །བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་བླ་མ་བརྒྱུད་པའི་གསོལ་འདེབས་བྱིན་རླབས་སྣང་བ་ཞེས་བྱ་བ་བཞུགས་སོ། །ཐུབ་པའི་དབང་པོ་རྗེ་བཙུན་འཇམ་པའི་དབྱངས། །ཡེ་ཤེས་སྙིང་པོ་ཡེ་
ཤེས་ཞི་བའི་ཞབས། །སངས་རྒྱས་ཞི་བ་སངས་རྒྱས་གསང་བ་དང་། །ཀུ་སཱ་ལི་པ་རྣམས་ལ་གསོལ་བ་འདེབས། །ཀུ་སཱ་ལི་པ་ཆུང་བ་གསེར་གླིང་པ། །དཱི་པཾ་ཀཱ་ར་གོ་མི་སྒོམ་ཆེན་དང་། །ཛྙཱ་ན་ཤྲཱི་གཉགས་སྟོན་གྲགས་པའི་མཚན། །ཆོས་ཀྱི་རྒྱལ་མཚན་རྣམས་ལ་གསོལ་བ༴ རིན་ཆེན་འོད་ཟེར་གློ་ཆེན་སངས་རྒྱས་སྲས། །ཡེ་ཤེས་མགོན་པོ་སེང་གེ་རྒྱལ་མཚན་དང་། །ཤེས་རབ་རྡོ་རྗེ་ལོ་ཆེན་མ་ཎི་ཤྲཱི། །ས་བཟང་འཕགས་པ་རྣམས་ལ །ངོར་ཆེན་རྡོ་རྗེ་འཆང་དང་མུས་པ་རྗེ། །རྒྱལ་ཚབ་དམ་པ་ཡོངས་འཛིན་དཀོན་མཆོག་འཕེལ། །ས་སྐྱ་ལོ་ཙཱ་དཀོན་མཆོག་ལྷུན་གྲུབ་དང་། །ཤེས་རབ་རྒྱལ་མཚན་རྣམས་ལ །ནམ་མཁའ་དཔལ་བཟང་རནྡྷརྦ་སིདྡྷ། །ཤེས་རབ་འབྱུང་གནས་ཡེ་ཤེས་བཟང་པོ་དཔལ། །སངས་རྒྱས་ཕུན་ཚོགས་བསོད་ནམས་དཔལ་ལྡན་དང་། །ནམ་མཁའ་བསམ་འགྲུབ་རྣམས་ལ༴ ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དང་། །རིགས་ཀུན་ཁྱབ་བདག་ཀུན་དགའ་བསྟན་འཛིན་སོགས། །དངོས་དང་བརྒྱུད་པའི་བླ་མ་མཆོག་རྣམས་ལ། །མི་ཕྱེད་སྙིང་ནས་གུས་པས་གསོལ་བ་འདེབས། །ངེས་འབྱུང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱངས་ཏེ། །ཚོགས་གཉིས་ལས་འཁྲུངས་བཅོམ་ལྡན་མི་འཁྲུགས་པའི། །མཚན་བཅས་མཚན་མེད་ཏིང་འཛིན་མཐར་ཕྱིན་ནས། །ཐམས་
ཅད་གཟིགས་པའི་ཡེ་ཤེས་མྱུར་ཐོབ་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པའོ།། །དགེའོ།།
རྡོ་རྗེ་མི་འཁྲུགས་པའི་ཆོ་ག་གཞན་ཕན་ཟླ་བ་ལས་འཕྲོས་པའི་སློབ་མ་དབང་བསྐུར་བའི་ཚུལ།
རྡོ་རྗེ་མི་འཁྲུགས་པའི་ཆོ་ག་གཞན་ཕན་ཟླ་བ་ལས་འཕྲོས་པའི་སློབ་མ་དབང་བསྐུར་བའི་ཚུལ་བཞུགས་སོ།། །།
ཨོཾ་སྭ་སྟི། མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་སློབ་མ་ལ་དབང་བསྐུར་བའི་སྐབས། སྦྱོར་བ་ཡོ་བྱད་ཀྱི་བཤམ་ནི་སྣོད་དང་ལྡན་པའི་སློབ་མ་ལ། མི་འཁྲུགས་མགོན་པོའི་དཀྱིལ་འཁོར་དུ། །མངོན་པར་དབང་བསྐུར་བསྒྲུབ་འདོད་པས། །གཙང་ཞིང་དབེན་པའི་ས་ཕྱོགས་སུ། །སྟེགས་བུ་རས་བཟང་གིས་བཀབ་པའི། །སྟེང་དུ་མཎྜལ་གཙང་མའི་དབུས། །དྲི་ཡི་ཐིག་ལེ་གྲུ་བཞི་དང་། །ཕྱོགས་མཚམས་རྣམས་སུ་ཟླུམ་པོའི་སྟེང་། །མེ་ཏོག་ཚོམ་བུ་རེ་བཀོད་དེ། །མཉྫིལ་སོགས་སྟེང་དུ་བཞག །དེ་ཡི་འོག་གམ་མདུན་གྱི་ཆར། །ས་ལྷའི་མཎྜལ་ཚོམ་བུའང་དགོད། །དེ་ཡི་ཕྱིར་རོལ་བྱང་ཤར་གྱི། །མཚམས་སུ་མཚམས་འཛིན་མེ་ཏོག་དང་། །ཆུ་
གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས། ཤར་ནས་བརྩམས་ཏེ་གྲུ་བཞིར་བཤམ། །ཤར་གྱི་ཕྱོགས་སུ་ལྷ་གཅིག་དང་། །བཅས་པའི་ཕྱོགས་བཞི་མཚམས་བཞི་རུ། །བདུག་སྤོས་མར་མེ་ཞལ་ཟས་རེ། །གཡས་སྐོར་དག་ཏུ་གྲུ་བཞིར་བཤམ། །ས་ལྷའི་མཎྜལ་ཉེ་ལོགས་སུ། །གཏོར་མ་གཅིག་བཤམ་འབྱོར་གྱུར་ན། །སྒོས་མཆོད་ཀྱང་བཤམས་དཀྱིལ་འཁོར་གྱི། །ལྷོ་ནུབ་ནས་བརྩམས་ཤར་ལྷོའི་བར། །ཆ་གསུམ་གཏོར་མའང་ལེགས་པར་བཤམ། །སློབ་དཔོན་མདུན་དུ་རྡོར་དྲིལ་དང་། །མཚན་ཉིད་ལྡན་པའི་བུམ་པ་གཅིག །ལེགས་བཀྲུས་ཁ་ཚར་མ་ཉམས་པའི། །རས་བཟང་མགུལ་ཆིངས་སྲོག་ལྔ་པའམ། །བདུན་པ་ལེགས་བཅིངས་མཚན་
མ་གདགས། །དྲག་སྔགས་བཟླ་ཞིང་གུ་གུལ་གྱིས། །ལེགས་བདུག་ཡུངས་དཀར་དག་གིས་བྲབ། །གཙང་མའི་ཆུ་ཡིས་སུམ་གཉིས་དགང་། །འབྲུ་ལྔ་སྨན་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་དྲི་ལྔ་གཞུག །ཀུ་ཤས་ཁ་བརྒྱན་དེ་སྟེང་དུ། །དུང་ཆོས་དྲི་བཟང་ཆུར་བཅས་དང་། །རྡོ་རྗེ་གཟུངས་ཐག་ཀྱང་བཤམ་ཞིང་། །ལོགས་སུ་སློབ་མ་སྟ་གོན་ཆས། །ཉེར་སྤྱོད་སོ་ཤིང་ཁྱོར་ཆུ་དང་། །དཔུང་སྐུད་ཀུ་ཤ་སོགས་བཤམ་མོ། །ཞེས་སོ། །ཆོ་ག་དངོས་ལ། སྟ་གོན་དང་། དངོས་གཞི་གཉིས་ཀྱི་དང་པོ་ལ། བདག་བསྐྱེད་བསྒོམ་པ། དཀྱིལ་འཁོར་གྱི་བྱ་བ། རྗེས་ཀྱི་ཆོ་གའོ། །དང་པོ་ནི། །མཆོད་པ་བྱིན་རླབས་ནས། རང་དམ་ཚིག་པའི་ང་རྒྱལ་གྱིས་འཁོད་པར་གྱུར་ཞེས་པའི་བར་གཞན་ཕན་ཟླ་བ་ལྟར་རོ། །གཉིས་པ་ལ་བཞི་ལས། སའི་ལྷ་མོའི་སྟ་གོན་ནི། ཚོམ་བུ་ཨ་མྲྀ་ཏས་བསང་། ཤུ་ནྱ་ཏཱས་སྦྱངས་ལ། རང་གི་ལག་པ་གཡས་པ་ས་ལ་རེག་པའི་རྐྱེན་གྱིས་ཚོམ་བུའི་སྟེང་དུ་པདྨ་དང་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་སའི་ལྷ་མོ་སྐུ་མདོག་སེར་མོ་ཞི་བའི་ཉམས་ཅན་ཕྱག་གཉིས་ཀྱིས་རིན་་ཆེའི་བུམ་པ་འཛིན་པ། རིན་པོ་ཆེའི་རྒྱན་དང་དར་གྱི་ན་བཟའ་ཅན། བདག་ལ་ཞལ་ཕྱོགས་ཏེ་བཞུགས་པར་གྱུར། དེ་ལ་ཨོཾ་པྲི་ཐི་དེ་ཝཱི་ཞེས་པ་རེ་རེའི་མགོར་སྦྱར་བའི། ཨརྒྷཾ་པྲ་ཏཱི་ཙྪ་སྭཱ་ཧཱ་ཞེས་
སོགས་ཆུ་གཉིས་ཉེར་སྤྱོད་རོལ་མོ་དང་བཅས་པས་མཆོད། གཏོར་མ་ཆུ་གཙང་གིས་བྲན་ལ་ཨོཾ་ཨཱཧཱུྃ་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། ཨོཾ་པྲི་ཐི་ཝི་དེ་ཝཱི་སྔོན་དུ་འགྲོ་བའི། ཨ་ཀཱ་རོའི་སྔགས་ལན་གསུམ་དང་མཆོག་སྦྱིན་གྱི་ཕྱག་རྒྱས་ཕུལ་ལ་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དང་། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་འབྲི། །ཞེས་ལན་གསུམ་གྱིས་མཁྱེན་པར་གསོལ་བས། རིག་པ་འཛིན་པ་ཁྱོད་དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག །ཅེས་གནང་བ་བྱིན་པར་བསམས་ལ། ལག་པ་གཡས་པ་ས་ལ་རེག་སྟེ། ཨོཾ་བཛྲ་མུཿ སའི་ལྷ་མོ་ས་དེ་ཉིད་ལ་ཐིམ་པར་བསམ། གཉིས་པ་ལྷ་སྟ་གོན་ནི། ཚོམ་བུ་གོང་ལྟར་བསང་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ཡིག་ལས་སོགས་ནས། ཛཿཧཱུྃ་བ་ཧོ་ཞེས་པའི་བར་མདུན་བསྐྱེད་ལྟར། མཆོད་པ་བསང་སྦྱང་བརླབ། འཇིག་རྟེན་ཁམས་འདི་སོགས་ནས། འདོད་ཡོན་ལྔ་འབུལ་བའི་བར་མདུན་བསྐྱེད་ལྟར། མཉམ་ཉིད་མི་གཡོ་སོགས་དང་། ཆོས་དབྱིངས་མཉམ་པ་ཉིད་སོགས་དང་། །
ཡོན་ཏན་མཆོག་སྟེར་སོགས་ཀྱིས་བསྟོད། སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། མི་འཁྲུགས་རྒྱལ་པོ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་བསྟོད། བདག་ནི་སྙིང་བརྩེར་གྱུར་ནས་སུ། །སློབ་མ་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །སང་ནི་དཀྱིལ་འཁོར་འབྲི་བར་འཚལ། །བཅོམ་ལྡན་བདག་ནི་གུས་པ་ལགས། །དེ་བས་གནང་བར་མཛད་པའི་རིགས། །སངས་རྒྱས་འཇིག་རྟེན་མགོན་བརྩེ་དང་། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང་། །གསང་སྔགས་ལྷ་གཞན་གང་ལགས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་སུ་ལྷ་ཡི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་ལ་དགོངས་པར་མཛད་དུ་གསོལ། །རིག་པ་འཛིན་པ་བདག་གིས་ནི། །སང་ནི་དཀྱིལ་འཁོར་བཟང་པོའི་མིང་། །མི་འཁྲུགས་དཀྱིལ་འཁོར་ཅི་ནུས་ཀྱི། །ཆོ་ག་བཞིན་དུ་འབྲི་ལགས་ན། །བདག་དང་སློབ་མར་བཅས་པ་ལ། །ཐུགས་ནི་བརྩེ་བར་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་སྙན་གསན་ལན་གསུམ་ཕབ་པས། རིག་པ་འཛིན་པ་ཁྱོད་གཞན་དོན་རྒྱ་ཆེ་བར་གྱིས་ཤིག་ཅེས་གནང་བ་བྱིན་པར་བསམ་མོ། །
གསུམ་པ་བུམ་པ་སྟ་གོན་ནི། བསང་སྦྱངས་ནས། ནུས་པ་དང་ལྡན་པར་གྱུར་ཅེས་པའི་བར་དཀྱུས་ལྟར། སྐབས་འདིར་གཏོར་མ་ཆ་གསུམ་བཏང་ལ་ཉེ་རེག་བྱ། །བཞི་པ་སློབ་མ་སྟ་གོན་ནི། དཀྱིལ་འཁོར་ཡོལ་བས་བཅད་ནས་སློབ་མ་རྣམས་བོས་ཏེ་འཁོད་པ་ལ་སེམས་བསྐྱེད་གསལ་གདབ། དེ་ལ་འདིར་རང་རེ་རྣམས་ཀྱི་སྟོན་པ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐུབ་པའི་དབང་པོ་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་བསམ་པ་དང་མཐུན་པར་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་རྣམས་ཕྱོགས་རིས་སུ་བསྡུ་ན་ཐེག་པ་ཆུང་ངུ་དང་ཆེན་པོ་གཉིས་སུ་འདུ། ཐེག་པ་ཆེན་པོ་ལ་ཡང་། ཕ་རོལ་ཏུ་ཕྱིན་པའི་སྡེ་སྣོད་དང་། རིག་པ་འཛིན་པ་སྔགས་ཀྱི་སྡེ་སྣོད་གཉིས་ལས། འདིར་རིག་སྔགས་འཆང་གི་སྡེ་སྣོད་ཐམས་ཅད་ཀྱི་རྩ་བར་གྱུར་པ་བྱ་བའི་རྒྱུད་ཡིན། དེ་ལ་བྱ་བ་སྤྱིའི་རྒྱུད་དང་། སོ་སོའི་རྒྱུད་གཉིས་ལས་སོ་སོའི་རྒྱུད་ཡིན། སོ་སོའི་རྒྱུད་ལ་དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེའི་རིགས། ལྔས་རྩེན་གྱི་རིགས། ནོར་བུའི་རིགས། འཇིག་རྟེན་རིགས་ཏེ་དྲུག་ཏུ་ཡོད་པ་ལས། རྡོ་རྗེའི་རིགས་ཡིན། དེ་ལ་རིགས་ཀྱི་བདག་པོ། རིགས་ཀྱི་ཡུམ། རིགས་ཀྱི་ཁྲོ་བོ་ཁྲོ་མོ། །རིགས་ཀྱི་ཕོ་ཉའམ་ཕྱག་བརྙན་ཕོ་མོའི་རྒྱུད་སྡེ་ལྔ་ཡོད་པའི་
དང་པོ། །རིགས་ཀྱི་གཙོ་བོའི་རྒྱུད་འཕགས་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བའི་གཟུངས་ཀྱི་རྗེས་སུ་འབྲངས་ནས་གྲུབ་པའི་དབང་ཕྱུག་ཆེན་པོ་ཛེ་ཏཱ་རིས་ཆོ་གའི་ཡན་ལག་འགའ་ཞིག་སྤྱོད་རྒྱུད་དང་མཐུན་པར་བཀྲལ་བའི་བཅོམ་ལྡན་འདས་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་བསྒྲུབ་པ་ལ་སྟ་གོན་དུ་གནས་པ་དང་། དངོས་གཞི་དབང་བསྐུར་བ་གཉིས་ཀྱི་དང་པོ་ལ་བཞི་ཡོད་པ་ལས། དང་པོ་གསུམ་པོ་སྔོན་དུ་སློབ་དཔོན་གྱིས་གྲུབ་པར་བྱས་ཟིན་ནས། ད་ཁྱེད་རང་གི་ངོ་སྐལ་དུ་གྱུར་པ་སློབ་མ་སྟ་གོན་གྱི་སྐབས་སུ་བབ་པ་ཡིན། དེ་ལ་ཆོས་བཅུ་བཞི་ཡོད་པ་ལས། དང་པོ་ལུས་ཀྱི་བྱ་བ་ཁྲུས་བྱ། ཕྱག་དང་འཇུག་པའི་ཡོན་ཕུལ་ནས་རང་གི་གྲལ་ལ་སྙིམ་པ་མེ་ཏོག་དང་བཅས་པས་འཁོད་དེ། སློབ་དཔོན་ལ་རྡོ་རྗེ་མི་འཁྲུགས་པ་དངོས་ཡིན་སྙམ་པའི་མོས་གུས་དང་ལྡན་པས་སྟ་གོན་གྱི་ཆོས་རྣམས་ཞུ་བའི་ཡོན་དུ་མཎྜལ་ཕུལ་མཛོད། མྱ་ངན་ལས་འདས་པའི་བསམ་པ་བརྟན་པོ་བསྐྱེད་དུ་གཞུག་པ་ནི། གསང་བ་སྤྱི་རྒྱུད་ལས། ཁ་ཅིག་གསང་སྔགས་བསྒྲུབ་དོན་གཉེར། །དཀྱིལ་འཁོར་དུ་ནི་འཇུག་པར་འགྱུར། །དེ་བཞིན་གཞན་གྱི་བསོད་ནམས་འདོད། །གཞན་དག་འཇིག་རྟེན་ཕ་རོལ་གཞོལ། །བློ་བཟང་ཕལ་ཆེར་དད་བྱས་ནས། །འཇིག་རྟེན་ཕ་རོལ་
དོན་གཉེར་འཇུག །འཇིག་རྟེན་འདི་འབྲས་དོར་ནས་ནི། འཇིག་རྟེན་ཕ་རོལ་འབྲས་གཉེར་ན། །གང་ཕྱིར་ཚེ་འདིར་བདེ་བླག་འགྲུབ། །འདི་ཡིན་འཇིག་རྟེན་ཕ་རོལ་མིན། །དེ་ཕྱིར་འཇིག་རྟེན་ཕ་རོལ་གྱི། །དོན་དུ་ཡིད་ནི་བརྟན་པར་གྱིས། །ཞེས་གསུངས་ཏེ་དེའི་དོན་ནི་དཀྱིལ་འཁོར་དུ་ཞུགས་པའི་སྐབས་ཀྱི་དོན། ཚེ་འདིར་ཚེ་རིང་བ་དང་། །ཕྱི་མར་ལྷ་མིའི་གོ་འཕང་ཙམ་དང་། །འཁོར་བ་སྤངས་པའི་ཉན་རང་ཙམ་དོན་དུ་གཉེར་བའི་སྒོ་ནས་མ་ཡིན་པར་གཞན་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་སླད་དཀྱིལ་འཁོར་འདིར་ཞུགས་ལ་དབང་བླངས་ཏེ་དམ་ཚིག་ལ་བསྲུང་སྡོམ་བགྱི་སྙམ་པ་མཛོད། བསམ་པ་དེ་ལྟ་བུ་ཞིག་སྐྱེས་ན་ཚེ་འདིའི་ནད་གདོན་ཞི་བ་དང་། ཕྱི་མར་ལྷ་མིའི་གོ་འཕང་ཡང་ཞར་བྱུང་དུ་འབྱུང་བ་ཡིན། རྣ་བ་གཏད་པར་བསྐུལ་བ་ནི།། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་སོགས་ཀྱི། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབ། །ཅེས་གསུངས་ཏེ། དེ་ཡང་ཆོས་ཀྱི་ཚིག་དོན་ལ་ཡིད་མི་གཏོད་པ་སྣོད་ཁ་སྦུབ་ལྟ་བུའི་སྐྱོན་དང་། ཡིད་གཏད་ཀྱང་དྲན་ཤེས་བཞིན་གྱིས་མི་འཛིན་པ་སྣོད་ཞབས་རྡོལ་ལྟ་བུའི་སྐྱོན་དྲན་ཤེས་ཀྱིས་བཟུང་ཡང་། །
ང་རྒྱལ་དང་ནི་མ་དད་དང་། །དོན་དུ་གཉེར་བ་མེད་ཉིད་དང་། །ཕྱི་རོལ་རྣམ་གཡེང་ཡིད་བསྡུས་དང་། །སྐྱོ་བ་ཉན་པའི་དྲི་མ་ཡིན། །ཞེས་པ་ལྟར་གྱི་དྲི་མ་དྲུག་པོ་གང་རུང་དང་ལྡན་པ། སྣོད་དྲི་མ་ཅན་ལྟ་བུའི་སྐྱོན་ཏེ་སྣོད་ཀྱི་སྐྱོན་གསུམ་སྤངས་ནས། གཞན་ཕན་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་སྒོ་ནས་མ་ཡེངས་པར་ཉོན་ཅིག་ཅེས་བསྒོས་ནས། ཁྱད་པར་ཅན་གྱི་དོན་དུ་ཞུ་བའི་སླད་དུ་སྙིམ་པ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་འདིའི་རྗེས་ཟློས་ལན་གསུམ་མཛོད། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །ཞེས་སོགས་ཀྱིས་གསོལ་བ་བཏབ་ནས། རྒྱུན་བཤགས་སྔོན་དུ་འགྲོ་བའི་སེམས་བསྐྱེད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པར་མོས་པ་བྱས། དེ་དག་གི་སྤྱན་སྔར་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། ཞེས་སོགས་ཀྱིས་རྒྱུད་དག་པར་བྱས་ནས། སླར་ཡང་
སྐྱབས་འགྲོ་སེམས་བསྐྱེད་ཁྱད་པར་ཅན་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པས་སེམས་བསྐྱེད་པའི་སློབ་མ་ལ་བར་ཆད་བསྲུང་བའི་སླད་དུ་བུམ་པའི་ཆུ་གཏོར་ཏེ་ༀ་ཨ་མྲྀ་ཏེ་ཧཱུྃ་ཕཊ། ཅེས་བརྗོད་པས་བར་དུ་གཅོད་པ་ཐམས་ཅད་བསྲུངས་ནས། བྱིན་གྱིས་བརླབས་པའི་སླད་དུ་ཁྱེད་རང་སྐད་ཅིག་གིས་རྡོ་རྗེ་མི་འཁྲུགས་པའི་ང་རྒྱལ་གྱིས་གནས་པ་ལ་སློབ་དཔོན་གྱིས་དྲིའི་ཆུ་རྡོ་རྗེ་དང་བཅས་གནས་གསུམ་དུ་རེག་སྟེ། །ཨོཾ་ཨཱཿཧཱུྃ་ཞེས་བརྗོད་པས་ཁྱེད་རྣམས་ཀྱི་དཔྲལ་བར་ཨོཾ་ལས་འཁོར་ལོར་ཨོཾ་གྱིས་མཚན་པ། མགྲིན་པར་ཨཱཿལས་པདྨ་ཨཱཿས་མཚན་པ། སྙིང་གར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་རྣམས་ལམ་གྱིས་བྱུང་བར་མོས་པ་མཛོད། དེ་ལྟར་ལུས་ངག་ཡིད་གསུམ་ལྷའི་སྐུ་གསུང་ཐུགས་ཀྱི་ངོ་བོར་བྱིན་གྱིས་
བརླབས་པ་དེ་མཆོད་ཡུལ་དུ་བཟང་བ་ཡིན་པས། སློབ་དཔོན་གྱིས་མེ་ཏོག་དབུ་ལ་ཕུལ་ནས་མཆོད་པར་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། བདུག་སྤོས་ཤངས་ལ༴ དྷ་པེ༴ མར་མེ་སྤྱན་ལམ་དུ༴ ཨཱ་ལོ་ཀེ༴ ཐུགས་ཀར་དྲིའི་བྱུག་པ༴ གནྡྷེ༴ ཞེས་པས་མཆོད་ནས། དངོས་གྲུབ་ཀྱི་མཚན་ལྟས་བརྟག་པའི་སླད་དུ་སོ་ཤིང་སྦྱིན་པ་ནི། བུམ་ཆུ་གཏོར་ཞིང་། ཨ་མྲྀ་ཏས་བྱིན་གྱིས་བརླབས་པའི་སོ་ཤིང་ཐལ་མོ་སྦྱར་བའི་བར་དུ་སྔགས་དེ་ཉིད་ཀྱིས་སྦྱིན་ཏེ། སོ་བྲུད་པ་བཞིན་བྱས་པས་སྡིག་སྒྲིབ་ཐམས་ཅད་སྐྱུགས་པར་བསམས་ལ། སོ་ཤིང་གི་ར་བ་ཚོམ་བུ་དགུ་བཀོད་པའི་དབུས་སུ་ཅང་མི་སྨྲ་བར་དོར་ཅིག །དེ་ཡང་རྩེ་མོ་རང་ངམ་སྟེང་དུ་ཕྱོགས་ན་མཆོག་གི་དངོས་གྲུབ། ཤར་དུ་ཕྱོགས་ན་འབྲིང་གི་དངོས་གྲུབ་ཕྱོགས་མཚམས་གཞན་རྣམས་སུ་ཕྱོགས་ན་འཇིག་རྟེན་པའི་དངོས་གྲུབ། འོག་ཏུ་ཕྱོགས་ནས་འོག་གི་དངོས་གྲུབ་འགྲུབ་པར་འགྱུར་རོ། །སྒོ་གསུམ་གྱི་དྲི་མ་སྦྱང་བའི་སླད་དུ་ཁྱོར་ཆུ་བླུད་པ་ནི། ཨ་མྲྀ་ཏེ་བཟླས་པའི་ཆུ། ཨོཾ་ཧྲཱི་བི་ཤུདྡྷཿསརྦ་དྷརྨཱཿསརྦ་པཱ་པཾ་ནི་ཙརྻ་སཾ་ཤོདྷ་ཡ་སརྦ་བི་ཀལྤ་ཨ་པ་ན་ཡ་ཧཱུྃ་ཞེས་པའི་སྔགས་ཀྱིས་ལན་བདུན་སྦྱིན་ནོ། །བར་ཆད་བསྲུང་བའི་སླད་དུ་སྲུང་སྐུད་སྦྱིན་པ་ནི། ཨ་མྲྀ་ཏས་བྱིན་གྱིས་བརླབས་པའི་སྲུང་སྐུད་དམར་པོ་རྡོ་རྗེ་སློབ་མ་རྣམས་ཀྱི་ལུས་ཚད་
དང་མཉམ་པ་རྡོ་རྗེའི་མདུད་པ་གསུམ་བཏབ་པ། སློབ་མ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་པར་གཙོ་བོའི་སྔགས་བཟླ་ཞིང་བཅིང་། བུམ་ཆུ་གཏོར། ཡིག་བརྒྱས་བརྟན་པར་བྱའོ། །རྩྭ་ཀུ་ཤའི་སྔས་སྟན་སྦྱིན་པ་ནི། ཨ་མྲྀ་ཏེ་བཟླས་པའི་ཀུ་ཤ་ཆུང་བ་གཡས་སུ་དྷིདང་། ཆེ་བ་གཡོན་དུ་ཧཞེས་པས་སྦྱིན། ཆོས་ཟབ་མོ་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམྦྷཱ་རའི་མེ་ཏོག་བཞིན། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་ཆད་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོས་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ན་ནི། །གོ་འཕང་བླ་ན་མེད་པར་འགྱུར། གང་གིས་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་མི་གཡོ་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་མཉམ་མེད་དེ་རིང་རྙེད། །གང་
ཕྱིར་རྒྱལ་བ་སྲས་བཅས་པ། །བདག་ཉིད་ཆེན་པོ་ཀུན་གྱིས་ནི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པ། །དེ་ཕྱིར་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་བར་འགྱུར། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། །ཁྱེད་རྣམས་དེར་ནི་དོང་བས་ན། །རང་བྱུང་སྐལ་པ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །དེའི་དོན་ནི། འཇིག་རྟེན་ན་ཨུ་དུརླུ་རའི་མེ་ཏོག་དཀོན་པ་ལྟར། སངས་རྒྱས་བྱོན་པ། བྱོན་ནས་ཆོས་གསུངས་པ། གསུངས་པའི་བསྟན་པ་གནས་པ། བསྟན་པའི་རྗེས་སུ་བདག་གཞན་འཇུག་པ་ཡོད་པ་རྣམས་དཀོན། དེའི་ནང་ནས་ཀྱང་གསང་སྔགས་ཀྱི་ཐེག་པ་དང་མཇལ་བ་ཤིན་ཏུ་དཀོན་ཞིང་། དཀོན་པ་དེ་ཡང་ཕན་ཡོན་ཆེན་པོ་དང་ལྡན་པ་ཡིན་ཏེ། །དཀྱིལ་འཁོར་དུ་ཞུགས་ཏེ་དབང་བླངས་ནས་དམ་ཚིག་ལ་བསྲུང་སྡོམ་དང་ལམ་ལ་འབད་པ་བྱས་ན་བརྩོན་འགྲུས་དང་བསྟུན་པའི་བྱེ་བྲག་གི་ཚེ་འདིའམ་བར་དོའམ་སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ན་འབྲས་བུ་འགྲུབ་པར་གསུངས་པས། མཐར་ཐུག་གི་འབྲས་བུ་ལ་ཉེ་ཞིང་གནས་སྐབས་ཀྱི་འབྲས་བུ་ཚེ་འདིར་ཚེ་རིང་བ་དང་ནད་དང་སྡུག་བསྔལ་ཞི་བ་ལ་སོགས་པའང་རྩོལ་སྒྲུབ་ལོགས་ནས་མི་དགོས་
པར་ཞར་ལས་འབྱུང་བའི་ཚུལ་གྱིས་འགྲུབ་པ་ཡིན་པས་རྙེད་དཀའ་བ་ཕན་ཡོན་ཆེ་བའི་གསང་སྔགས་ཀྱི་ཐེག་པ་དང་མཇལ་བ་འདི་སྐལ་པ་བཟང་བ་ཡིན་སྙམ་དུ་ཤེས་པའི་སྒོ་ནས་ལམ་ལ་འབད་པ་དང་། དམ་ཚིག་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱི་སྙམ་པ་གྱིས། རྨི་ལམ་བརྟག་ཅིང་ངན་ན་བསྲུང་བ་ནི། དོ་ནུབ་ཉལ་བའི་ཚེ་སྔར་གྱི་ཀུ་ཤ་ཆུང་བ་སྔས་དང་ཆེ་བ་སྟན་དུ་གྱིས་ལ་ལྷ་དང་བླ་མ་ཡིད་ལ་དྲན་པའི་སྒོ་ནས་མགོ་ཤར་རམ་བྱང་དུ་སྟོན་ལ་ཉོལ་ཞིག །ལུང་སྟོན་པའི་རྨི་ལམ་འབྱུང་བར་འགྱུར་རོ། །དེ་ཡང་རྨི་ལམ་བཟང་བའི་ལྟས་ནི། དེ་བཞིན་གཤེགས་པའི་སྐུ་གཟུགས་དང་མཆོད་རྟེན་མཐོང་བ། དམ་པའི་ཆོས་ཀྱི་གླེགས་བམ་ལག་ཏུ་ཐོགས་པ། འཕགས་པའི་དགེ་འདུན་གྱི་སྡེའི་དབུས་སུ་བཞུགས་པ། རང་གི་བླ་མ་དང་མཇལ་བ། ཆོས་མཉན་པ། ཉི་ཟླ་ཤར་བ། རྒྱལ་པོར་དབང་བསྐུར་བ། རྟ་དང་གླང་པོ་ཆེ་ཞོན་པ་ལ་སོགས་འབྱུང་ན་བཟང་བ་ཡིན་པས་ཞེན་པ་མེད་པའི་དགའ་བ་བསྒོམ་ཞིང་དགའ་སྟོན་བྱ། གལ་ཏེ་ངན་པ་ཡང་འབྱུང་སྲིད་དོ། །དེའི་ལྟས་ནི། རྒྱ་སྐྱེགས་ཀྱི་རི་ལ་འཛེགས་པ། །རཝཱི་རའི་མེ་ཏོག་འཐུ་བ། མཆོད་སྡོང་དང་བྱེ་མ་དང་ཐལ་ཕུང་ལར་ཛེགས་པ། སྤྲེའུ་དང་བོང་བུ་ལ་ཞོན་ནས་ཁ་ཕྱིར་ཕྱོགས་ཏེ་འགྲོ་བ། ཆུས་ཁྱེར་བ། སྐྲ་བྲེགས་པ། ལུས་
ཏིལ་མར་གྱིས་བྱུགས་པ་ལ་སོགས་པ་བྱུང་ན་ཅུང་ཟད་ངན་པ་ཡིན་པས་གཉིད་སད་མ་ཐག་ཏུ་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་དང་ཁྱད་པར་མེད་དེ། དོན་ལ་གྲུབ་པ་ཅི་ཡང་མེད་ཅེས་བདེན་མེད་ཀྱི་སྣང་བས་རྒྱས་འདེབས་པ། ཞི་བའི་སྦྱིན་སྲེག་བླུགས་པ་ལ་སོགས་པའི་སྒོ་ནས་རྨི་ལམ་ངན་པ་བཟློག་པའི་ཐབས་ལ་འབད་པར་བྱ་དགོས་པ་ཡིན་ནོ། །དེ་རྣམས་ཀྱིས་སློབ་མ་སྟ་གོན་གྱི་ཆོས་རྣམས་སོང་ནས། འདིའི་དངོས་གཞི་སང་ཉིན་འབྱུང་བ་ཡིན་ནོ། །ཞེས་བརྗོད་ལ་སློབ་མ་རང་གནས་སུ་གཏོང་ངོ་། །གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་ལ་བྱིན་གྱིས་བརླབ། བུམ་བསྐྱེད་ཀྱི་སྐབས་ལྟར་མཆོད་བསྟོད་འདོད་དོན་ཞུས་ལ། ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛོད། །ཅེས་སོགས་ཀྱི་མཐར་མཐེབ་སྲིན་གྱིས་སེ་གོལ་དང་། ཨོཾ་བཛྲ་མུཿ སྟ་གོན་གྱི་ལྷ་རྣམས་སང་ནང་པར་འབྱོན་པར་བཞེད་བཞིན་པས། རང་བཞིན་གྱི་གནས་སུ་གཤེགས་ཞེས་བརྗོད་ཅིང་བསམས་ལ་སྟ་གོན་གྱི་ཡོ་བྱད་རྣམས་བསྡུས་ཏེ། དེའི་ནུབ་མོ་དགེ་བའི་གཉིད་ཀྱིས་ལོག་གོ །གཉིས་པ། དངོས་གཞི་ལ། སྦྱོར་དངོས་རྗེས་གསུམ་གྱི་དང་པོ་ནི། འདིའི་བྲིས་སྐུ་རབ་གནས་ཅན་ཞལ་ཤར་དུ་ཕྱོགས་པར་དགྲམ། ཕྱི་མཆོད། སྒོས་མཆོད། ཆ་
གསུམ་རྣམས་སྔར་བཞིན་དུ་བཤམ། སྲོག་ཆགས་དང་མ་འདྲེས་པའི་བདུག་སྤོས་རྒྱུན་མི་འཆད་པར་བཏུལ། འབྱོར་ན་ཕྱོགས་མཚམས་རྣམས་སུ་མདའ་བརྒྱད། ཚོན་སྐུད་ཀྱི་དྲྭ་བ། མེ་ལོང་། རལ་གྲི། ཕུར་བུ་རྣམས་ལས་སྔགས་བརྗོད་ཅིང་ཕྱག་ལེན་བཞིན་དགྲམ། རྡོ་རྗེ་དྲིལ་བུ་དང་བུམ་པ་ལ་སོགས་པ་སྔར་བཞིན་བཤམ། མིག་རས། མེ་ཏོག །གུ་གུལ། ཉེར་སྤྱོད་ལྔ། རྨ་བྱའི་མདོངས། བཀྲ་ཤིས་རྫས་བརྒྱད་ལ་སོགས་པ་འོག་ཏུ་དགོས་པའི་ཡོ་བྱད་རྣམས་སྟ་གོན་བྱ། གྲུབ་ན་སྤྱི་རྒྱུད་ལས་འབྱུང་བ་ལྟར་དཀྱིལ་འཁོར་གྱི་ཤར་ངོས་སུ་དབང་སྟེགས་ཀྱི་དཀྱིལ་འཁོར་ཡང་བྲིའོ། །གཉིས་པ་ནི། བདག་བསྐྱེད། །མདུན་བསྐྱེད། ཆོ་ག་གཞན་མང་པོ་སྦྲེལ་ན་དངོས་གཞི་གཉིས་པ་མན་ལ་བུམ་པ་བསྒྲུབ་པ། ཆ་གསུམ། བདག་འཇུག །སློབ་མ་ལ་དབང་བསྐུར་བ་རྣམས་་གཞན་ཕན་ཟླ་བའི་དཀྱུས་བཞིན་ལ། ཡེ་ཤེས་པ་སྤྱན་འདྲེན་གྱི་ཚེ། དངོས་གཞི་ཉིན་སྦྲེལ་ཡིན་ན་ཉི་མ་དང་པོའི་ཚེ། རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་སྟ་གོན་གྱི་ལྷ་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཞེས་བརྗོད་པ་ཙམ་ཁྱད་པར་དང་། སློབ་མ་ལ་དབང་བསྐུར་བའི་མཚམས་སྦྱོར་གྱི་ཚིག །མངོན་པར་དབང་བསྐུར་བ་བསྒྲུབ་པ་ལ། །
ཞེས་པའི་མཚམས། སྟ་གོན་དང་དངོས་གཞི་གཉིས་ཀྱི་དང་པོ་གྲུབ་ཟིན་ནས། ཕྱི་མ་ལ་སྔོན་འགྲོ་སློབ་དཔོན་གྱིས་ཞེས་སྦྲེལ་བ་ཙམ་ཁྱད་པར་རོ། །གསུམ་པ་རྗེས་ཆོག་ནི་དཀྱུས་ལྟར་རོ། །ཞེས་པའང་རྡོ་རྗེ་མི་འཁྲུགས་པའི་ཆོ་ག་གཞན་ཕན་ཟླ་བ་གཞིར་བཞག་ནས་སློབ་མ་ལ་དབང་བསྐུར་བའི་ཚུལ་ལྷན་ཐབས་ཀྱི་ཚུལ་དུ་མཉྫགྷོ་ཥས་བྲིས་པ་མངྒ་ལཾ།། །།
མི་འཁྲུགས་པའི་དབང་བསྐུར་བརྒྱ་རྩ་གྲངས་གསོག་བྱ་ཚུལ་ཤིན་ཏུ་བསྡུས་པ།
༈ མི་འཁྲུགས་པའི་དབང་བསྐུར་བརྒྱ་རྩ་གྲངས་གསོག་བྱ་ཚུལ་ཤིན་ཏུ་བསྡུས་པ་བཞུགས་སོ། །ཨོཾ་སྭསྟི། མི་འཁྲུགས་པ་ལྷ་དགུའི་དབང་བརྒྱ་གྲངས་གསོག་བྱ་ཚུལ་ཤིན་ཏུ་བསྡུས་པ་ནི། སེམས་བསྐྱེད་གསལ་འདེབས་ནས་བརྩམ། ། དངོས་གཞིའི་ཅོད་པན་གྱི་དབང་བསྐུར་བའི་བར་རྒྱས་པ་ཚར་གཅིག་སོང་ནས། སླར་ཡང་དངོས་གཞིའི་དབང་བསྐུར་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་སྐུར་བྱེད་ནམ་མཁའི་དཀྱིལ་འཁོར་གྱི་གཙོ་བོ་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་ཐོགས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་དབང་བསྐུར་བའི་མོས་པ་མཛོད། ཇི་ལྟར་བལྟམས་པ་སོགས་དང་། ཀཾ་ཀ་ནིའི་རྗེས་སུ། ཨོཾ་བཛྲ་ཨ་བྷི་ཥིཉྩ་མི། ཞེས་གསུང་ཞིང་དབང་བསྐུར་
བས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་དག་ནས་རྡོ་རྗེ་མི་འཁྲུགས་པའི་སྐུར་གྱུར་པ་བརྟན་པར་བྱས་པ་ལ་དམ་ཚིག་གི་ཕྱག་རྒྱ་སྤྱི་བོར་བཞག་སྟེ་ཅོད་པན་གྱི་དབང་བསྐུར་བའི་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏོདྡྷ་བ་ཡ་སྭཱ་ཧཱ། ཞེས་དང་། སྤྲོ་ན་བཀྲ་ཤིས་ཤོ་ལོ་ཀ་གང་རུང་རེ་བརྗོད། དེ་ལྟ་བུའི་སྒོ་ནས་གྲངས་བསག་པའི་མཐར། ཨོཾ་བཛྲ་པཧྥེ་སོགས་མཆོད་པ་དང་། མཐའ་རྟེན་བཀྲུ་བྱབ་སྲུང་གསུམ་སོགས་རྒྱས་པར་བྱའོ། །ཞེས་པའང་དཔལ་ས་སྐྱ་པ་འཇམ་མགོན་ཀུན་དགའ་བསོད་ནམས་ཀྱི་གསུང་རབ་དང་མཐུན་པར་མཉྫ་གྷོ་ཥས་བྲིས་པ་མངྒ་ལཾ།། །།
རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་མདོར་བསྡུས་པ་ཀླག་ཆོག་ཏུ་བཀོད་པ།
༈ རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་སྒོ་ནས་གཤིན་པོ་རྗེས་སུ་འཛིན་པའི་ཆོ་ག་མདོར་བསྡུས་པ་ཀླག་ཆོག་ཏུ་བཀོད་པ་བཞུགས་སོ། །ཨོཾ་སྭ་སྟི། རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་སྒོ་ནས་གཤིན་པོ་རྗེས་སུ་བཟུང་བའི་ཆོ་ག་མདོར་བསྡུས་པ་ནི། སྦྱོར་བའི་སྐབས་སུ་དཀྱིལ་འཁོར་གྱི་ལྷོ་ཕྱོགས་སུ་སྦྱོང་སྟེགས་པདྨ་འདབ་བརྒྱད་བྲིས་པའི་སྟེང་དུ་ཚེ་འདས་ཀྱི་མིང་བྱང་ངམ་རུས་བུ་སོགས་བཞག །སྦྱོང་ཆས་ཟས་བསྔོ་སོགས་ཀྱང་འདུ་བྱ། དངོས་གཞིར་མཆོད་པ་བྱིན་རླབས་ནས་བདག་བསྐྱེད། མདུན་བསྐྱེད། བུམ་བསྐྱེད། ཆ་གསུམ། བདག་འཇུག་བཅས་དཀྱུས་ལྟར་ལ། །མདུན་
བསྐྱེད་ཀྱི་བཟླས་པའི་སྐབས། །བྱེ་མའམ་ཡུངས་ཀར་ལ་སྔགས་ཀྱི་ནུས་པ་བསྡུ། རྟེན་ཨ་མྲྀ་ཏས་བསང་། ཤུ་ནྱ་ཏས་སྦྱངས། སྟོང་པའི་ངང་ལས་ཧཱུྃ་ལས་ཚེ་ལས་འདས་པ་ཆེ་གེ་མོ་རང་གི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ་གསོན་པོའི་རྣམ་པ་ཇི་ལྟ་བ་བཞིན་དུ་གྱུར་པར་བསམ། རང་གི་ཐུགས་ཀའི་ཧཱུྃ་དང་ཚེ་འདས་ཀྱི་སྙིང་གའི་རྩྭ་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་གང་ན་གནས་ནས་བཀུག་པར་བསམ་ཞིང་ལྷའི་ང་རྒྱལ་བརྟན་པོས་འཇིག་རྟེན་གསུམ་རྒྱལ་གྱི་ཕྱག་རྒྱ་བཅས་ཏེ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི༴ ཆོས་ཀྱི༴ དགེ་འདུན༔ གསང་སྔགས་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི༴ བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་ཁམས་གསུམ་སྐྱེ་གནས་བཞི་རིགས་དྲུག་གང་ན་གནས་ཀྱང་སྐད་ཅིག་ལ་འདིར་མཆིས་པར་གྱུར་ཅིག །ཨོ་ཊཀྐི་ཧཱུཾ་ཛཿ ཞེས་ལན་གསུམ་དང་། ཨོཾ་ཤོ་དྷ་ནེ་ཤོ་དྷ་ནེ་སརྦ་པཱ་པཾ་ཨ་པ་ནཱ་ཡ་ཧཱུྃ། ཞེས་པས་རྣམ་པར་ཤེས་པ་ཨ་ཐུང་ངུའི་རྣམ་པར་བཀུག་སྟེ་རྟེན་ལ་ཐིམ་པས་སྙིང་གར་ཨ་དཀར་པོ་དྲི་
མ་མེད་པའི་གཟུགས་སུ་གྱུར་པར་བསམ། གཏོར་མ་རྟེན་ལ་བསྐོར་ཞིང་། ཨོཾ་སརྦ་བིགྷཱན་ན་མཿསརྦ་ཏ་ཐཱ་ག་ཏ་ཞེས་སོགས་ལན་གསུམ་གྱིས་ཞི་བས་སྦྱང་། ཏིང་ལོ་དང་ཆང་བུས་རྟེན་ལ་བསྐོར་ཞིང་། རྡོ་རྗེ་གསོར་ལ་སུམྦྷ་སོགས་བརྗོད་པ་ལན་གསུམ་གྱིས་ཞི་དྲག་ཕྱེད་མས་སྦྱངས་ལ། ཚེ་ལས་འདས་པ་ཆེ་གེ་མོ་གསོན་གྱི་དུས་ན་ཚེ་གནས་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་བར་དུ་གཅོད་པར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པ་ཐམས་ཅད་གཏོར་མ་ལམ་རྔན། ཏིང་ལོ་ལམ་སྒྲོན། ཆང་བུ་ལམ་བརྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །སྤྲོ་ན། །རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་ཁྲོ་བོའི་ཚོགས་དཔག་ཏུ་མེད་པ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛ༔ ཞེས་དང་། རྡོ་རྗེ་དྲིལ་བུ་འཛིན་པས། ཧཱུྃ། ཡེ་ཤེས་བསྐལ་པ་མེ་ལྟར་འབར་བའི་འོད། །མ་རིག་འདོད་པའི་མུན་ཁམས་ཐམས་ཅད་སྲེག །ཞེ་སྡང་གཤིན་རྗེའི་འཇིགས་པ་ཐམས་ཅད་འཇོམས། །དཔའ་བོ་ཆེན་པོ་དཔའ་མཚན་སྟག་ལྤགས་ཅན། །ལོག་འདྲེན་སྲིན་པོའི་མཐའ་གནོན་དགྲ་འདུལ་བ། །རིག་པའི་རྒྱལ་པོ་ཁྲོ་བོ་བཞུགས་སོ་འཚལ། །ལོག་འདྲེན་གདུལ་བའི་སླད་དུ་སྤྱན་འདྲེན་ན། །འགྲོ་བའི་དོན་དུ་མཆོད་ཀྱིས་གཤེགས་སུ་གསོལ། ཨོཾ་
བཛྲ་ཀྲོ་དྷཱ་རཱ་ཛ་ས་པ་རི་བཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། ཨོཾ་པདྨ་ཀ་མ་ལཱ་ཡ་སྟཾ་གྱིས་གདན་དབུལ། ཨོཾ་ཨརྒྷཾ། པུཥྤེ། དྷུ་ཥྤེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱེ། ཤཔྟ་ཧཱུྃ་གིས་མཆོད། ཧཱུྃ། ཆོས་ཉིད་སྟོང་པ་གཉིས་མེད་ངང་ཉིད་ལས། །འཇིག་རྟེན་སྤྱོད་པའི་ཚུལ་ཡང་མི་སྤོང་ཞིང་། །ཐབས་ལ་མཁས་པས་འཇིགས་བྱེད་སྐུར་སྟོན་པ། །ཁྲོ་ཆེན་འབར་བའི་ཚོགས་ལ་ཕྱག་འཚལ་བསྟོད། །ཡེ་ཤེས་ཞི་བའི་ངང་ལས་མ་གཡོས་ཀྱང་། །སྐུ་ཡི་ཆ་ལུགས་ཟ་བྱེད་རྔམ་སྟབས་ཅན། །གསུང་གི་ང་རོ་འབྲུག་སྟོང་ལྡིར་བའི་སྒྲས། །མ་ལུས་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད། །ལྷག་པའི་ཡེ་ཤེས་རོལ་པ་སྟོན་མཛད་ཅིང་། །བསྡིགས་པའི་མཚོན་ཆ་སྣ་ཚོགས་ཕྱག་ན་བསྣམས། །ཉོན་མོངས་དུག་ཆེན་རྩད་ནས་འཇོམས་མཛད་པ། །སྦྲུལ་གདུག་རྒྱན་གྱིས་བརྒྱན་ལ་ཕྱག་འཚལ་བསྟོད། །བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །དཔའ་བོ་སྟངས་སྟབས་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཉི་ཟླ་འབར་བའི་སྤྱན་གྱི་སྡང་མིག་གིས། །བགེགས་དཔུང་སྲེག་པར་མཛད་ལ་ཕྱག་འཚལ་བསྟོད། །གཏུམ་ཆེན་དུས་མཐའི་མེ་ལྟར་གཟི་བརྗིད་འབར། གློག་སྟོང་འགྱུ་འདྲའི་ཁྲོ་གཉེར་མཆེ་བ་གཙིགས། །རྔམ་པའི་ང་རོ་འབྲུག་སྒྲ་སྟོང་བཞིན་སྒྲོགས། །ཁྲོ་རྒྱལ་བགེགས་ཚོགས་འདུལ་ལ་ཕྱག་འཚལ་བསྟོད། །
འཇིགས་པའི་ཧཱུཾ་སྒྲ་ངེས་སྒྲོགས་ཤིང་། །བགེགས་རྣམས་མ་ལུས་འཇོམས་མཛད་པ། །དངོས་གྲུབ་མ་ལུས་སྩོལ་པའི་ལྷ། །བགེགས་ཀྱི་དགྲ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། གང་ལྟར་ཡང་། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས༴ ཆོས་ཀྱི༴ དགེ་འདུན༔ གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས༔ བཅོམ་ལྡན་འདས་མི་འཁྲུགས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་བཀའ་བདེན་པ་དང་བདེན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། ཚེ་ལས་འདས་པ་ཆེ་གེ་མོ་གསོན་གྱི་དུས་ན་ཚེ་གནས་པ་དང་། གཤིན་གྱི་དུས་ན་སྡིག་པ་སྦྱོང་བ་ལ་གནོད་ཅིང་འཚེ་བར་བྱེད་པའི་གདོན་བགེགས་ལོག་པར་འདྲེན་པའི་རིགས་གང་ཡིན་པ་དེ་དག་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོར་བ་རྣམ་པར་དག་པ་བྱས་ཟིན་པས། དེས་ཚིམ་པར་གྱིས་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོངས་ཤིག །གང་དག་མི་འགྲོ་བ་དེ་དག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་བྱའོ། །ཞེས་དང་། རྟེན་ལ་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དྲག་སྔགས་མང་དུ་
བཟླ་ཞིང་རོལ་མོ་དྲག་ཏུ་བྱ་བ་ལན་གསུམ་གྱི་དྲག་པོས་སྦྱང་། །ཚེ་འདས་ཀྱི་སྡིག་སྒྲིབ་ཐམས་ཅད་ཀཾ་ཡིག་ནག་པོའི་རྣམ་པས་སྣ་སྒོ་ནས་ཐོན་ཏེ་སྡིག་པ་རྭ་ཅན་གྱི་རྣམ་པས་ཏིལ་ལ་ཐིམ། དེ་གཡས་སུ་མེ་དང་། གཡོན་དུ་ཆུར་དོར་བས་སྡིག་སྒྲིབ་བསྲེགས་ཤིང་སྦྱངས་པར་བསམས་ལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡ་སྭཱ་ཧཱ། ཞེས་བརྗོད་པས་མེར་བསྲེགས་ཤིང་ཆུར་དོར། རྟེན་ལ་ཀཾ་ཀ་ནི་བཟླ་ཞིང་བྱེ་མའམ་ཡུངས་ཀར་གྱིས་བྲབས་ལ། མཐར་ཆེ་གེ་མོའི་སྡིག་པ་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ཅེས་བརྗོད། དཀྱིལ་འཁོར་ལ་མེ་ལོང་བསྟན་ཏེ། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་རླབས་ཡེ་ཤེས་ཆུ་ཡིན་ཏེ། །ཅི་འདོད་དངོས་གྲུབ་སྩོལ་བར་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་དང་། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུ། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོར་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཨོཾ་སརྦ་ཏ་ཐཱ་ག་ཏ་སོགས་ཀྱིས་ཁྲུས་གསོལ། །དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཨོཾ་ཧཱུྃ་ཏྲྃ་ཧྲཱིཿཨཱཿཀཱ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ། ཞེས་པས་སྐུ་ཕྱིའོ། །དེ་ནས་ཁྲུས་བྱས་པའི་ཆུ་དེ་སླར་ཡང་
བུམ་པའི་ནང་དུ་བླུགས་ལ། རྟེན་དངོས་སམ་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ལ། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུ། །ཁྲུས་ལེགས་མཛད་ཀྱིས་ཁྲུས་བྱའོ། །ཞེས་དང་ཀཾ་ཀ་ནི་བརྗོད། དེ་བཞིན་དུ་ཚིག་རྐང་དང་པོ་དང་གསུམ་པའི་གནས་སུ། ཚུལ་ཁྲིམས༔ བཟོད་པ༴ བརྩོན་འགྲུས༴ བསམ་གཏན༴ ཤེས་རབ༔ ཞེས་བཅུག །རྐང་པ་གཉིས་པའི་སེར་སྣའི་གནས་སུ། ཁྲིམས་འཆལ༔ ཁོང་ཁྲོ༔ ལེ་ལོ༔ རྣམ་གཡེང༴ ཤེས་འཆལ་རྣམས་བཅུག་ལ། ཚིག་བཞི་པ་ལྔས་ཁྲུས་བྱ། དེ་ནས་བུ་ལ་སོགས་པའི་ཉེ་དུ་ཡོད་ན་མིང་བྱང་འཛིན་དུ་བཅུག་ཅིང་ཕྱག་བྱེད་དུ་གཞག །དབང་མི་བསྐྱར་ན། ཚེ་ལས་འདས་པས་བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་བ་སོགས་ཡན་ལག་བདུན་གྱི་སྒོ་ནས་ཚོགས་གསོག་ཅིང་སྐྱབས་སུ་གསོལ་བར་གྱུར་པར་བསམས་ལ། ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་བྱ། གང་ལྟར་ཡང་། གཙོ་བོ་རྒྱལ་བ་འགྲོ་བའི་མགོན། །འགྲོ་བ་སྐྱོབ་པའི་དོན་བརྩོན་པ། །སྟོབས་ཆེན་འཇིགས་པ་རྣམ་སེལ་བ། །བདག་ནི་སྐྱབས་སུ་མཆི་ལགས་སོ། །དེ་ཡི་ཐུགས་སུ་ཆུད་པའི་ཆོས། །འཁོར་བའི་འཇིགས་པ་
སེལ་མཛད་པ། །བྱང་ཆུབ་སེམས་དཔའི་ཚོགས་ལ་ཡང་། །དེ་བཞིན་ཚེ་འདས་སྐྱབས་སུ་མཆི། །ཚེ་འདས་འཇིགས་པ་ཆེར་མཐོང་ནས། །ཀུན་ཏུ་བཟང་ལ་ཚེ་འདས་འབུལ། །འཇམ་པའི་དབྱངས་ལ་ཚེ་འདས་ཀྱི། །ལུས་འདི་བདག་གིས་དབུལ་བར་བགྱི། །ཐུགས་རྗེའི་སྤྱོད་པ་མ་འཁྲུལ་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཡང་། །ཉམ་ཐག་ང་རོས་འོ་དོད་འབོད། །སྡིག་ལྡན་འདི་ལ་བསྐྱབ་ཏུ་གསོལ། །འཕགས་པ་ནམ་མཁའི་སྙིང་པོ་དང་། །ས་ཡི་སྙིང་པོ་དག་དང་ནི། །ཐུགས་རྗེའི་བདག་ཉིད་ཐམས་ཅད་ལ། །ཕྱག་འཚལ་སྙིང་ནས་འོ་དོད་འབོད། །གང་ཞིག་མཐོང་ན་གཤིན་རྗེ་ཡི། །ཕོ་ཉ་ལ་སོགས་སྡང་བ་རྣམས། །སྐྲག་ནས་ཕྱོགས་བཅུར་འབྱེད་བྱེད་པ། །རྡོ་རྗེ་ཅན་ལ་སྐྱབས་སུ་མཆི། །སྔོན་ཆད་ཁྱེད་ཀྱི་བཀའ་ལས་འདས། །ད་ནི་འཇིགས་པ་ཆེར་མཐོང་ནས། །ཁྱེད་ལ་སྐྱབས་སུ་མཆི་ལགས་ཀྱི། །འཇིགས་པ་མྱུར་དུ་བསལ་དུ་གསོལ། ཚེ་ལས་འདས་པ་ཆེ་གེ་མོ་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྡིག་པ་ཐམས་ཅད་སྦྱང་དུ་གསོལ། ལམ་བསྟན་དུ་གསོལ། མྱུར་དུ་རྣམ་པ་ཐམས་
ཅད་མཁྱེན་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མཛད་དུ་གསོལ། ཞེས་སྙིང་ཐག་པ་ནས་བརྗོད་ཅིང་གསོལ་བ་འདེབས་པར་བསམ་མོ། །དབང་མི་བསྐུར་ན། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་མི་འཁྲུགས་པས་ཚེ་ལས་འདས་པ་ལ་སྐྱབས་གསུམ་སྔོན་དུ་འགྲོ་བ་ཅན་གྱི་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་སྩལ་བར་གྱུར་པའི་མོས་པས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་ལན་གསུམ་དང་། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་པའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་དང་། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་པ་ལན་གསུམ་ཚེ་འདས་ཀྱིས་རྗེས་ཟློས་བྱས་པར་མོས་ཏེ་དངོས་སུ་རང་གིས་བརྗོད་དོ། །དབང་བསྐུར་ན་གོང་གི་བདུན་རྣམ་དག་བཞག་ལ། འཇུག་པ་ནས་བརྩམས་དབང་གི་དངོས་གཞི་ཡན་ཆད་ཙམ་ཞིག་བསྐུར་ལ། གཙོ་བོས མཎྜལ། དེང་ནས་སོགས་བྱ། དེ་ལྟར་དབང་བསྐུར་བས་ཁྱོད་རང་དེ་
བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་རྡོ་རྗེ་མི་འཁྲུགས་པར་གྱུར་པ་དེ་ཉིད་ལ་ཉེ་བར་སྤྱོད་པ་རྣམས་ཀྱིས་མཆོད་པར་མོས་པ་མཛོད། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཀྟ་ཧྥུ་ཨགྷཾ་སོགས་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་མཆོད། གཟུང་འཛིན་རྡོ་རྗེ་བརྟན་པའི་ས། །མེ་ལོང་ཡེ་ཤེས་ངོ་བོ་ཉིད། །བདུད་འདུལ་ཆེན་པོའི་ཕྱག་རྒྱ་ཅན། །ཕྱག་འཚལ་མི་བསྐྱོད་རྡོ་རྗེ་ལ། །ཞེས་པས་བསྟོད། དབང་མ་བསྐུར་ན་ཚེ་ལས་འདས་པ་སྐད་ཅིག་གིས་རྡོ་རྗེ་མི་འཁྲུགས་པའི་སྐུར་གསལ་བའི་ཐུགས་ཀར་ཨ་ཡིག་གིས་མཚན་པར་གྱུར་པར་བསམས་ལ། མཆོད་བསྟོད་གོང་བཞིན་བྱ། ཟས་གཏད་བྱེད་ན། འདོད་ཡོན་རྣམས་ལ་ཆབ་ཀྱིས་བྲན་ཏེ། ཨ་མྲྀ་ཏས་བསང་། སྭ་བྷཱ་བས་སྦྱངས། ཨ་ཀཱ་རོ་སོགས་ལན་གསུམ་གྱིས་བྱིན་རླབས། །ཁ་དོག་དབྱིབས་ལེགས་ཡིད་འོང་རྒྱན་ཕྲེང་ལྡན། །ཕྱོགས་དུས་ཀུན་ན་གཟུགས་མཆོག་ཅི་མཆིས་རྣམས། །མོས་བློས་མཆོད་གནས་ལྷ་ལ་བདག་འབུལ་གྱི། །བཞེས་ཤིག་བླ་མེད་བྱང་ཆུབ་ཐོབ་པར་ཤོག །ཨོཾ་སརྦ་ཏ་ཐཱ་ག་ཏཱ་ཨཀྵོ་བྷྱ་རཱུ་པ་ཀཱ་མ་གུ་ཎ་པཱུ་ཛི་ཏེ་ཨཱཿཧཱུྃ། །ཞེས་དང་། སྒྲ་དྲི་རོ་རེག་བྱ་རྣམས་ལའང་། ཤརྡ་གནྡྷེ་ར་ས་སྤཆེ་སོགས་བསྒྱུར་ཏེ་འབུལ་ལ། ཐམས་ཅད་ནམ་མཁའི་མཛོད་སོགས་བརྗོད། བྱང་བུ་བསྲེག་ན། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོའི་
རྣམ་པས་མདུན་གྱི་ནམ་མཁར་གནས་པར་མོས་ཤིང་། ཆོས་རྣམས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ཤེས་པའི་ངང་ནས། འཁྲུལ་ངོར་སྣང་བའི་ཚེ་འདས་ཀྱིས་གཙོ་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་གྱི་བུད་ཤིང་ཐམས་ཅད། བདག་མེད་རྟོགས་པའི་ཡེ་ཤེས་ཀྱི་མེས་བསྲེགས་པར་གྱུར་པར་བསམས་ལ། །སྟོང་ཉིད་ཡེ་ཤེས་འབར་བའི་མེས། །ཚེ་འདས་སྒྲིབ་པའི་བུད་ཤིང་དང་། །འཁོར་བའི་སྡུག་བསྔལ་མ་ལུས་པ། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང་། ཀཾ་ཀ་ནི་བརྗོད་ཅིང་བསྲེག་གོ། །ལམ་སྦྱང་བསྟན་ནི། ནུབ་གོང་མ་རྣམས་ལ་མཆོད་པའི་རྗེས་དང་། ནུབ་ཐ་མ་ལ་བྱང་བུ་བསྲེགས་པའི་རྗེས་ལ་བྱ་སྟེ། དྲིལ་བུ་གསིལ་ཞིང་མེ་ཏོག་གཏོར་ལ། དཀོན་མཆོག་རིན་ཆེན་དཔལ་ཞིང་དུ། །དཀོན་མཆོག་རིན་ཆེན་ལས་བྱུང་བ། །དཀོན་མཆོག་རིན་ཆེན་འོད་ཟེར་གྱི། །རིན་ཆེན་ཕྲེང་བ་རྣམ་དག་པ། །ཚོགས་ཀྱི་ལམ་དང་སྦྱོར་བའི་ལམ། །མཐོང་བའི་ལམ་དང་བསྒོམ་པའི་ལམ། །བླ་ན་མེད་པའི་ཁྱད་པར་ལམ། །བྱང་ཆུབ་བར་ཆད་མེད་པའི་ལམ། །རྣམ་པར་གྲོལ་བའི་ལམ་དག་ལ། །བསྟེན་ནས་སྡིག་པ་ཀུན་སྦྱངས་ནས། །འཕགས་པའི་ལམ་དེར་འགྲོ་བར་ཤོག །ཨོཾ་རཏྣེ་རཏྣེ་མ་ཧཱ་རཏྣེ་རཏ་སཾ་བྷ་ཝེ། རཏྣ་ཀི་རཏྣ་རཏྣ་མཱ་བི་
ཤུདྡྷེ། ཤོ་དྷ་ཡ་སརྦ་པཱ་པཾ་ཧཱུྃ་ཏྲཊ། ཅེས་བརྗོད་ཅིང་། ཚེ་འདས་ཀྱི་རྣམ་ཤེས་ཨ་དཀར་པོ་དྲི་མ་མེད་པའི་རྣམ་པ་ཅན་དེ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ན་བཞུགས་པའི་བཅོམ་ལྡན་འདས་རྡོ་རྗེ་མི་འཁྲུགས་པའི་ཐུགས་ཀར་ཐིམ་པར་བསམ་ལ་རོལ་མོ་བྱ། འདི་ནས་ཉིང་མཚམས་སྦྱར་མ་ཐག །དག་པའི་ཞིང་ཁམས་མངོན་དགའ་རུ། །པདྨའི་སྙིང་པོ་དམ་པ་ལ། །བརྫུས་ཏེ་སྐྱེ་བ་ལེན་པར་ཤོག །ཅེས་སོགས་ཚེ་འདས་ཀྱི་དོན་དུ་སྨོན་ལམ་ཅི་ཤེས་བྱ་ཞིང་བདག་མེད་པའི་ལྟ་བས་རྒྱས་བཏབ་ལ་རྗེས་ཀྱི་ཆོས་རྣམས་དཀྱུས་ལྟར་བྱའོ། །ཞེས་པའང་ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབས་ཀྱི་དངོས་བསྟན་ཇི་ལྟ་བར་ངག་འདོན་བཀླག་ཆོག་ཏུ་མཉྫུགྷོ་ཥས་བྲིས་པ་སརྦ་དཱ་སུ་ཤྲེ་ཡོ་བྷ་བ་ཏུ།། །།
རྡོ་རྗེ་མི་འཁྲུགས་པའི་སྒོ་ནས་ཚེ་ལྡན་སྡིག་པ་སྦྱོང་བའི་ཆོ་གའི་ཟུར་རྒྱན།
༈ རྡོ་རྗེ་མི་འཁྲུགས་པའི་སྒོ་ནས་ཚེ་ལྡན་སྡིག་པ་སྦྱོང་བའི་ཆོ་གའི་ཟུར་རྒྱན་བཞུགས་སོ། ཨོཾ་སྭ་སྟི། མི་འཁྲུགས་ལྷ་དགུའི་སྒོ་ནས་ཚེ་ལྡན་གྱི་སྡིག་པ་སྦྱོང་བའི་ཚུལ་ལ། སྦྱོར་བའི་སྐབས་སུ་སྤྲོ་ན་ཤོག་བུ་ལ་སྡིག་པའི་ས་བོན་ཀཾ་ཡིག་ནག་པོ་བསྒྲུབ་བྱའི་མིང་ཡིག་དང་བཅས་བྲིས་པ་བཞག །དངོས་གཞིར་མཆོད་པ་བྱིན་རླབས་ནས་བཟུང་། བདག་མདུན་བུམ་གསུམ། ཆ་གསུམ། བདག་འཇུག་བཅས་གྲུབ་ནས། བསྒྲུབ་བྱ་མདུན་དུ་འཁོད་པའི་མདུན་སྦྱོང་བ་བཤམ་པ་ལ་
ཆབ་བྲན། ཨོཾ་སརྦ་བིགྷཱན་སོགས་སྦྱོང་བ་ནས་བཟུང་། ཤིན་ཏུ་རྒྱལ་ཞིང་བཀྲ་ཤིས་པར་གྱུར་ཅིག །ཅེས་པའི་བར། གཤིན་པོ་རྗེས་འཛིན་སྐབས་ཇི་ལྟ་བ་ལ། ཚེ་འདས་ཞེས་པའི་ཚབ་ཏུ། །ཚེ་དང་ལྡན་པ་ཞེས་བསྒྱུར། དེ་ནས་སློབ་དཔོན་གྱིས། ཁྱེད་རང་གི་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། ལུས་དབུལ་བའི་འདུན་པ་དང་བཅས་པས་ཚིག་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་བརྡ་སྦྱར་ལ། སྤྲོ་ན། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། སོགས་དང་། ཆོས་དབྱིངས་མཉམ་པ་ཉིད་ལས་སོགས་དང་། ཡོན་ཏན་མཆོག་སྟེར་སོགས་ནས། ལྷ་མོ་བརྒྱད་ལ་འདུད། ཅེས་དང་། ཕྱག་བྱར་འོས་པ་སོགས་ཀྱིས་ཕྱག་འཚལ་དུ་གཞུག །གང་ལྟར་ཡང་། གཙོ་བོ་རྒྱལ་བ་སོགས་གཞུང་ལྟར་ལ། ཚེ་འདས་ཞེས་པར། ཚེ་ལྡན་ཞེས་བསྒྱུར། ཀ་ཡིག་བསྲེག་པ་རྒྱུད་དང་བསྟན་བཅོས་དངོས་བསྟན་ལ་མེད་ཀྱང་། ཏིལ་སྦྱོང་དང་ཚུལ་མཐུན་པར་ཕྱག་ལེན་དུ་མཛད་པ་ལྟར་སྤྲོ་ན། སློབ་དཔོན་གྱིས་
དཔལ་འབར་ལ་མེ་སྦར་བ་ཐོགས་ཏེ། སླར་ཡང་དམིགས་པ་འདི་བཞིན་དུ་མཛོད། ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་དུ་ཤེས་པར་བྱས་ཏེ། དེའི་ངང་ནས་སློབ་དཔོན་ལ་རྡོ་རྗེ་མི་འཁྲུགས་པ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས། ཁྱེད་རང་གི་ཚེ་རབས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། སྒོ་གསུམ་གྱི་བར་དུ་གཅོད་པར་ཐམས་ཅད་སྨན་པ་མཁས་པས་སྐྱུག་སྨན་བཏང་པ་བཞིན། བ་སྤུའི་བུ་ག་དང་དབང་པོའི་སྒོ་རྣམས་ནས། ཀྃ་ཡིག་ནག་པོ་དང་དུད་ཁུ་དང་སོལ་ཁུའི་རྣམ་པ་ནག་ཉིལ་གྱིས་ཐོན། མདུན་གྱི་སྡིག་པའི་ས་བོན་ཀྃ་ཡིག་ནག་པོ་དེ་ཉིད་ལ་ཐིམ་པར་མོས་མཛོད། ཀྃ་ཡིག་དེ་ཉིད་འཁྲུལ་ངོར་སྣང་བ་ཁྱེད་རང་གིས་གཙོ་བྱས་པའི་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་ཀྱི་ངོ་བོ་བསྲེག་ཅིང་སྦྱོང་དུ་རུང་བ་དཔེ་བུད་ཤིང་དང་ཆོས་མཚུངས་པ་དེ་ཉིད། སློབ་དཔོན་གྱིས་ཆོས་ཐམས་ཅད་ཀྱི་རང་བཞིན་གྱི་སྟོང་པ་ཉིད་དུ་ཤེས་པའི་བདག་མེད་རྟོགས་པའི་ཡེ་ཤེས་རང་བཞིན་གྱིས་འོད་གསལ་བས་སྦྱོང་བྱེད་མེ་དང་ཆོས་མཚུངས་སུ་སྣང་བ་དེས་བསྲེགས་ཤིང་སྦྱངས་པས་འཁོར་བའི་སྡུག་བསྔལ་རྒྱུ་དང་བཅས་པ་ཐམས་ཅད་
ཡེ་ཤེས་ཀྱི་སྣང་བ་ཆེན་པོ་གཅིག་ཏུ་འབར་བར་མོས་པ་མཛོད། ཅེས་དང་། སྟོང་ཉིད་ཡེ་ཤེས་འབར་བའི་མེས། །ཚེ་ལྡན་སྒྲིབ་པའི་བུད་ཤིང་དང་། །འཁོར་བའི་སྡུག་བསྔལ་མ་ལུས་ཀུན། །ཡེ་ཤེས་སྣང་བར་འབར་གྱུར་ཅིག །ཅེས་དང་། ཀཾ་ཀ་བརྗོད་ཅིང་བསྲེག་དེ་ནས། ནམ་མཁའི་མཐའ་དང་མཉམ་པའི་ཞེས་སོགས་མཚམས་སྦྱར་ཏེ་དབང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་བསྐུར་ལ། ཆ་ཡིས་ཀྱང་ནི་སྤྱད་དུ་གསོལ། ཞེས་པའི་མཐར། དེ་རྣམས་ཀྱི་སྒོ་ནས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་ཕྱིར་བཟློག་ལ་བརྟེན་ནས་སྡིག་པ་སྦྱོང་བ་དང་། དབང་བསྐུར་ཏེ་སྡིག་པ་སྦྱོང་བ་དང་བཅས་པ་ལེགས་པར་ཐོབ་པ་ཡིན་པས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པར་ཞུ ཅེས་དང་། བསོད་ནམས་འདི་ཡིས་སོགས་བརྗོད་ལ་བསྒྲུབ་བྱ་རང་གནས་སུ་བཏང་། རྗེས་ཆོག་གཞུང་ལྟར་བྱའོ།། ༈ །།གལ་ཏེ་ཕྱིར་ཟློག་རྐྱང་པ་བྱེད་ན། མིང་བྱང་བསྲེགས་ཟིན་པའི་དེ་མ་ཐག །དེ་རྣམས་ཀྱིས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་ཕྱིར་བཟློག་གི་སྒོ་ནས་སྡིག་པ་སྦྱོང་བའི་རིམ་པ་ཕུལ་གྲུབ་པ་ཡིན་པས་དགའ་སྤྲོ་རྒྱ་ཆེན་པོ་མཛོད། ཅེས་དང་། །དགེ་བསྔོ་བྱའོ།། ༈ །།ཡང་ཕྱིར་ཟློག་རྐྱང་པའི་སྐབས། །གཞུང་གིས་དངོས་བསྟན་ལྟར་བྱང་སྡོམ་མདོར་བསྡུས་
པའི་ཚུལ་གྱིས་འབོགས་ན། ཕྱག་འཚལ་སོགས་ཀྱི་བརྡ་སྤྲད་པའི་སྐབས་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་མཆོད་པ་འབུལ་བ་སོགས་ཡན་ལག་བདུན་གྱི་སྒོ་ནས་རྒྱུད་སྦྱོང་བ་དང་། སྐྱབས་སུ་གསོལ་ཞིང་ལུས་དབུལ་བའི་འདུན་པ་སོགས་འདྲ། ཕྱག་འཚལ་གྱི་རྗེས་སུ། །ཇི་སྙེད་སུ་དག་སོགས་ཡན་ལག་བདུན་པ་དང་། གཙོ་བོ་རྒྱལ་བ་སོགས། དེ་ནས་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་མི་འཁྲུགས་པ་ཐ་མི་དད་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་སྐྱབས་གསུམ་སྔོན་དུ་འགྲོ་བས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བགྱིའོ་སྙམ་པའི་སྨོན་པ་དང་། །དེའི་ཆེད་དུ་ཐེག་པ་ཆེན་པོའི་ལམ་ལ་བསླབ་པར་བགྱིའོ་སྙམ་པའི་འཇུག་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། བྱང་ཆུབ་སྙིང་པོར་སོགས་ལན་གསུམ་དང་། ཇི་ལྟར་སྔོན་གྱི་སོགས་ལན་གསུམ་རྗེས་ཟློས་བྱར་གཞུག །དེ་ནས་མིང་བྱང་བསྲེག་པ་དཀྱུས་ལྟར་རྗེས། དེ་རྣམས་ཀྱིས་རྡོ་རྗེ་མི་འཁྲུགས་པ་ལྷ་དགུའི་དཀྱིལ་འཁོར་དུ་ཕྱིར་ཟློག་གི་སྒོ་ནས་སྡིག་པ་སྦྱོང་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་དང་བཅས་ཕུལ་གྲུབ་པ་ཡིན་པས་དགའ་སྤྲོ་རྒྱ་ཆེན་པོ་མཛོད། ཅེས་དང་།
བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་རྒྱས་བསྡུས་གང་རིགས་བྱའོ། །ཞེས་པ་འདིའང་མཉྫུ་གྷོ་ཥས་ཉེར་མཁོའི་ཟིན་བྲིས་སུ་བགྱིས་པ་མངྒ་ལཾ་བྷ་བ་ཏུ། །
སྨན་བླའི་མདོ་ཆོག་གི་སྙིང་པོ་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར།
སྨན་བླའི་མདོ་ཆོག་གི་སྙིང་པོ་ཤིན་ཏུ་བསྡུས་པ་ཕན་བདེའི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ།།
ན་མོ་གུ་རུ་བྷཻཥ་རཱ་ཛཱ་ཡ། དེ་ལ་འདིར་སྨན་བླའི་མདོ་ཆོག་གི་སྙིང་པོ་ཕྱག་མཆོད་སྨོན་ལམ་ཤིན་ཏུ་མདོར་བསྡུས་པ་བྱ་བའི་ཚུལ་ནི། རྟེན་གྱི་དྲུང་དུ་ཅི་འབྱོར་པའི་མཆོད་པ་བཤམས་ལ། ངེས་འབྱུང་དང་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་ཚོགས་ཀྱིས་སྐྱབས་སེམས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། མཆོག་བདེན་རྒྱལ་བ་སྲས་བཅས་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་པའི་མཐུས། །སྣོད་བཅུད་བདེ་ཆེན་ཞིང་གི་བཀོད་པའི་གཞིར། །ཡིད་འཕྲོག་རིན་ཆེན་ལས་གྲུབ་གཞལ་མེད་ཁང་། །དེ་དབུས་སེང་ཁྲི་པད་ཟླའི་གདན་གྱི་སྟེང་། །བདེ་གཤེགས་འཁོར་བཅས་གདན་འཛོམ་བཞུགས་ནས་ཀྱང་། །ཀུན་ཏུ་བཟང་པོའི་རྣམ་
ཐར་ལས་བྱུང་བའི། མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་པས་ས་གཞི་སོགས་བྱིན་གྱིས་བརླབ། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་ཀྱང་འདོན། དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །ཅེས་གསོལ་བས་མངོན་སུམ་ལྟ་བུར་བྱོན་ཞིང་བཞུགས་པར་བསམས་ལ། འབྱོན་ལེགས་སོགས་རྒྱས་པར་བྱ་བའམ། ཡན་ལག་བརྒྱད་ལྡན་མཆོད་ཡོན་རྒྱ་མཚོས་མཆོད། །འཆི་མེད་བདུད་རྩིའི་རྒྱུན་གྱིས་ཁྲུས་གསོལ་ཞིང་། །སྲབ་འཇམ་ལྷ་ཡི་རེག་བྱས་བསྙེན་བཀུར་བགྱི། །བསོད་ནམས་ཞིང་
དུ་བཞུགས་པར་གསོལ་བ་འདེབས། །ཞེས་པའི་མཐར་ཕྱག་མཆོད་དངོས་ནི། ཡིད་འོང་རྫིང་བུའི་ནང་ན་གནས་པ་ཡི། །འཆར་ཀའི་པདྨ་ཁ་འབུས་བྱེ་འདྲ་བའི། །ལག་གཉིས་སྤྱི་བོར་ཐལ་སྦྱར་བསྟོད་དབྱངས་བཅས། །ལུས་དཔག་མེད་པར་སྤྲུལ་ནས་གུས་ཕྱག་འཚལ། །བདེ་བར་གཤེགས་པ་བརྒྱད་ཀྱི་མདོ་ཆོག་གི །ལམ་བཟང་གསལ་མཛད་དངོས་བརྒྱུད་བླ་མ་དང་། །ཕྱོགས་བཅུའི་སངས་རྒྱས་དེས་གསུངས་དམ་པའི་ཆོས། །དེང་འཛིན་དགེ་འདུན་བཅས་ལ་ཕྱག་འཚལ་ལོ། །མཚན་ལེགས་རིན་ཆེན་གསེར་བཟང་མྱ་ངན་མེད། །ཆོས་གྲགས་མངོན་མཁྱེན་སྨན་བླ་ཤཱཀྱ་ཐུབ། །རྒྱ་ཆེན་སྨོན་ལམ་ཡོངས་སུ་རྫོགས་པ་ཡི། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །མཚན་གྱི་མེ་ཏོག་རྒྱས་ཤིང་དག་པ་ལ། །དཔེ་བྱད་བཟང་པོའི་འབྲུ་ཆགས་མཛེས་པའི་སྐུ། །གང་གིས་མཐོང་ཐོས་དྲན་པའི་དཔལ་གྱུར་པའི། །སྟོན་པ་མཚན་ལེགས་དཔལ་ལ་ཕྱག་འཚལ་ལོ། །རིན་ཆེན་ཟླ་དང་པདྨས་རབ་བརྒྱན་ཅིང་། །ཤེས་བྱ་ཀུན་ལ་མཁས་ཤིང་མཁྱེན་པ་རྒྱས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་བའི། །སྒྲ་དབྱངས་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཛམྦུ་ཆུ་བོའི་གསེར་ལྟར་ལྷང་ངེ་བ། །ཉི་མ་སྟོང་བས་ལྷག་པའི་གཟི་བརྗིད་འབར། །དྲི་མེད་གསེར་གྱི་མཆོད་སྡོང་ལྟ་བུའི་སྐུ། །གསེར་
བཟང་དྲི་མེད་སྣང་ལ་ཕྱག་འཚལ་ལོ། །མྱ་ངན་འདས་ཤིང་བདེ་བའི་མཆོག་བརྙེས་པ། །འགྲོ་བའི་སྡུག་བསྔལ་གདུང་བ་སེལ་མཛད་ཅིང་། །འགྲོ་དྲུག་མགོན་དང་དཔལ་དུ་གྱུར་པ་ཡི། །མྱ་ངན་མེད་མཆོག་དཔལ་ལ་ཕྱག་འཚལ་ལོ། །ཆོས་སྒྲ་ཆེན་པོས་ཕ་རོལ་རྒོལ་བ་འཇོམས། །རྒྱ་མཚོ་ལྟ་བུར་ཟབ་པའི་གསུང་མངའ་ཞིང་། །འགྲོ་བའི་དུག་གསུམ་མ་ལུས་ཞི་མཛད་པའི། །ཆོས་བསྒྲགས་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ། །ཆོས་ཀྱི་བློ་གྲོས་གཏིང་དཔག་དཀའ་བའི་ཚུལ། །རྣམ་དག་ཆོས་ཀྱི་དབྱིངས་ལས་རོལ་མཛད་ཅིང་། །ཤེས་བྱ་མ་ལུས་མངོན་སུམ་གཟིགས་པ་པོ། །མངོན་མཁྱེན་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཐུགས་རྗེས་ཀུན་ལ་སྙོམས་པའི་བཅོམ་ལྡན་འདས། །མཚན་ཙམ་ཐོས་པས་ངན་འགྲོའི་སྡུག་བསྔལ་སེལ། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་འཁྲུངས་ཤིང་། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོ་ཁྱེད་ལ་ཕྱག་འཚལ་ལོ། །ཀུན་འབྱུང་མུན་པའི་ས་བོན་མཐར་མཛད་ཅིང་། །སྡུག་བསྔལ་ཟུག་རྔུའི་རྩ་བ་དྲུང་ནས་འབྱིན། །རྒྱལ་ཡུམ་ཤེས་རབ་ཕ་རོལ་ཕྱིན་ལ་སོགས། །ཐེག་གསུམ་
དམ་པའི་ཆོས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་སྐྱབས་གྲོལ་གསང་བའི་བདག །ཚངས་དང་བརྒྱ་བྱིན་འཇིག་རྟེན་སྐྱོང་བ་བཞི། །གནོད་སྦྱིན་སྡེ་དཔོན་ཆེན་པོ་བཅུ་གཉིས་སོགས། །འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་ལོ། །བསྐལ་པ་གྲངས་མེད་འདས་པའི་དུས་ཀྱི་ཚེ། །ཕོངས་གྱུར་འགྲོ་བ་མཐའ་དག་སྐྱོབ་པའི་ཕྱིར། །སྨོན་ལམ་ཁྱད་པར་ཅན་རྣམས་བཏབ་གྱུར་པའི། །བདེ་གཤེགས་འཁོར་དང་བཅས་ལ་སྐྱབས་སུ་མཆི། །དངོས་སུ་བཤམས་དང་གཟུངས་དང་རིག་པ་དང་། །མོས་པའི་སྟོབས་ཀྱིས་བསྐྱེད་པའི་མཆོད་སྤྲིན་ནི། །ཀུན་ཏུ་བཟང་པོའི་སྨོན་ལམ་ལས་བྱུང་བ། །ནམ་མཁའི་ཕ་མཐར་ཁྱབ་པས་རྟག་ཏུ་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཐམས་ཅད་བཤགས། །དུས་གསུམ་དགེ་བ་ཀུན་ལ་རྗེས་ཡི་རངས། །ཆོས་འཁོར་བསྐོར་ཞིང་ཡུན་དུ་བཞུགས་པར་གསོལ། །བསོད་ནམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །བདེ་གཤེགས་བརྒྱད་དང་རིགས་གསུམ་སེམས་དཔའ་སོགས། །བཅོམ་ལྡན་གདན་འཛོམ་ཆེན་པོ་འཁོར་བཅས་ཀྱིས། ། བདག་དང་སྙིགས་མའི་འགྲོ་བ་མཐའ་དག་ལ། །ཐུགས་རྗེ་ཆེན་པོས་ལྷག་པར་ཉེར་དགོངས་ཏེ། །ཇི་ལྟར་སྔོན་ཚེ་སྨོན་ལམ་དམ་བཅས་བཞིན། །བདེན་པའི་འབྲས་བུ་མངོན་སུམ་སྣང་མཛད་ནས། །
གནས་སྐབས་ནད་གདོན་སྡིག་སྒྲིབ་ཉེས་ལྟུང་སོགས། །དམ་ཆོས་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །ཚེ་བསོད་དཔལ་འབྱོར་དད་བརྩོན་ཤེས་རབ་སོགས། །མཐུན་རྐྱེན་ལེགས་ཚོགས་མཐའ་དག་རྒྱས་པ་དང་། །བསྟན་འཛིན་ཞབས་བརྟན་བཤད་སྒྲུབ་བསྟན་པ་དར། །འགྲོ་ཀུན་བདེ་སྐྱིད་འཕེལ་བར་བྱིན་གྱིས་རློབས། །ཚེ་ཡི་མཐར་ཡང་བཅོམ་ལྡན་སྲས་བཅས་ཀྱིས། །དག་པའི་ཞིང་དུ་མངོན་སུམ་འཁྲིད་པ་དང་། །མྱུར་དུ་བྱང་ཆུབ་སྙིང་པོར་ལུང་བསྟན་ནས། །དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཅེས་ཕྱག་དང་བཅས་ཏེ་ལན་ཇི་ལྟར་རིགས་པ་དང་། སྤྲོ་ན་གཟུངས་རིང་ཐུང་གང་འོས་བཟླས་མཐར། རྟེན་ཡོད་ན་ནོངས་བཤགས། བརྟན་བཞུགས་སོགས་སྤྱི་ལྟར་དང་། མེད་ན། མཆོད་པའི་ཡོ་བྱད་མ་འབྱོར་ཉམས་པ་སོགས། །ནོངས་པ་གང་མཆིས་བཟོད་པར་བཞེས་ནས་ཀྱང་། །བཅོམ་ལྡན་འཁོར་བཅས་རང་རང་ཞིང་ཁམས་སུ། །གཤེགས་ཏེ་སླར་ཡང་འབྱོན་པར་མཛད་དུ་གསོལ། །བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཕན་བདེའི་འབྱུང་གནས་བསྟན་པ་འཕེལ་གྱུར་ཅིག །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམ་པར་ཤོག །བདེ་གཤེགས་བརྒྱད་དང་དེས་གསུངས་དམ་པའི་ཆོས། །དེ་འཛིན་འཕགས་པའི་དགེ་འདུན་བཅས་པ་ལ། །
རྨད་བྱུང་དགེ་མཚན་ཇི་སྙེད་མཆིས་པ་དེས། །སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །ཅེས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པར་བྱའོ། །ཞེས་པའང་ཀུན་མཁྱེན་བོ་དོང་པ་ཆེན་པོའི་རིང་ལུགས་འཛིན་པའི་རབ་འབྱམས་སྨྲ་བ་ངག་དབང་བསྟན་འཛིན་གྱིས་ལྷ་རྫས་ཀྱི་མེ་ཏོག་དང་བཅས་ཏེ་གསུང་གིས་བསྐུལ་བའི་ངོར། སྙོམ་ལས་པ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་དཔལ་ལྡན་བསམ་འགྲུབ་ཆོས་ལྡིངས་ཀྱི་ཆོས་གྲྭར་སྦྱར་བའི་དགེ་བས་འགྲོ་ཀུན་དོན་གཉིས་ཡིད་བཞིན་ཏུ་འགྲུབ་པའི་རྒྱུར་གྱུར་ཅིག། ༈ །།སྨན་བླའི་གཟུངས་རིང་ནི། ཏདྱ་ཐཱ། གྷུ་མེ་གྷུ་མེ། ཨི་མེ་ནི་མི་ཧི། མ་ཏི་མ་ཏི། སཔྟ་ཏ་ཐཱ་ག་ཏ་ས་མ་དྷྱཱ་དྷིཥྛི་ཏེ། ཨ་ཏི་མ་ཏེ། པཱ་ལེ། པཱ་པཾ་ཤོ་དྷ་ནི། སརྦ་པཱ་པཾ་ནཱ་ཤ་ཡ། མ་མ་བུདྡྷ། བུདྡྷོཏྟ་མེ། ཨུ་མེ་ཀུ་མེ། བུདྡྷ་ཀྵེ་ཏྲ་པ་རི་ཤོ་དྷ་ནི། དྷ་མེ་ནི་དྷ་མེ། མེ་རུ་མེ་རུ། མེ་རུ་ཤི་ཁ་རེ། སརྦ་ཨ་ཀཱ་ལ་མྲྀ་ཏྱུ་ནི་པཱ་ར་ཎི། བུདྡྷེ་སུ་བུདྡྷེ་བུདྡྷ་དྷིཥྛ་ན། རཀྵནྟུ་མེ། སརྦ་དེ་བཱ་ས་མེ་ཨ་ས་མེ་ས་མ་ནཱ་ཧ་རནྟ་མེ། སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཤ་མེ་ཤ་མེ། པྲ་ཤ་མདྷུ་མེ། སརྦ་ཨི་དྱུ་པ་དྲ་བ་བྱཱ་དྷ་ཡ། པཱུ་ར་ཎི་པཱུ་ར་ཎི། པཱུ་ར་ཡ་མེ། སརྦ་ཨཱ་ཀཱ་ཤཱ་ཡ་བཻ་ཌཱུརྻ་པྲ་ཏི་བྷཱ་སེ། སརྦ་པཱ་པཾ་ཀྵ་ཡཾ་ཀ་རི་སྭཱ་ཧ། །གཟུངས་ཐུང་ནི། ཏདྱ་ཐཱ། བྷེ་ཥ་ཛྱཻ་བྷེ་ཥ་ཛྱཻ་མ་ཧ་བྷེ་ཥ་ཛྱཻ་རཱ་ཛ་ས་མུངྒ་ཏེ་སྭཱ་ཧཱ།། །།
ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བྱ་ཚུལ་མདོར་བསྡུས་ཕན་བདེའི་སྙིང་པོ།
ཐུབ་དབང་ཉེ་སྲས་བརྒྱད་ལ་ཕྱག་མཆོད་བྱ་ཚུལ་མདོར་བསྡུས་ཕན་བདེའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།
ཨོཾ་སྭསྟི་སིདྡྷཾ། འདིར་སྟོན་པ་ཐུབ་པའི་དབང་པོ་འཁོར་བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད་དང་བཅས་པ་ལ་ཕྱག་མཆོད་གསོལ་བ་གདབ་པར་འདོད་པས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྱིས་སྐྱབས་སེམས་བྱ། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་
ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་ས་གཞི་དང་གནས་ཡོ་བྱིན་གྱིས་བརླབ། དེ་ནས་འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །ཐུབ་དབང་སྲས་བཅས་གནས་འདིར་གཤེགས་སུ་གསོལ། །ནོར་བུའི་ཕོ་བྲང་དཔག་ཡས་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པད་ཟླའི་གདན་སྟེང་དུ། །བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཕྱིར། །དམིགས་མེད་ཐུགས་རྗེས་དགོངས་ཏེ་དགྱེས་པར་བཞུགས། །ཞེས་སྤྱན་དྲངས་ཤིང་བཞུགས་
སུ་གསོལ་བའི་སྤྱན་སྔར། ཡང་དག་རྫོགས་པའི་སངས་རྒྱས་འཇིག་རྟེན་མཁྱེན། །དངོས་པོ་འདི་དག་ཅི་འདྲ་དེ་བཞིན་གསུངས། །བདུད་ཀྱི་སྟོབས་བཅོམ་མཆོད་པའི་གནས་སུ་འོས། །བདེ་གཤེགས་རིག་པ་གསུམ་དང་ཞབས་སུ་ལྡན། །འདུལ་འོས་ཁ་ལོ་སྒྱུར་བ་བླ་ན་མེད། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་པདྨོར། །སྒོ་གསུམ་གུས་པས་ཕྱག་འཚལ་གསོལ་བ་འདེབས། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། །བཅོམ་ལྡན་སྤྱན་རས་དབང་པོ་འཇིག་རྟེན་མགོན། །ཐུགས་རྗེ་ཆེ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་མི་ཕམ་རྒྱལ་ཚབ་ཐམས་ཅད་གསོལ། །བྱམས་མཆོག་གཏིང་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ནམ་མཁའི་སྙིང་པོ་སྐྱོན་མི་ཆགས། །མཐའ་ཡས་བློ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ཀུན་ཏུ་བཟང་པོ་སྲས་ཀྱི་གཙོ། །རྒྱ་མཚོའི་སྤྱོད་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འཇིགས་འཇོམས་ཕྱག་ན་རྡོ་རྗེ་བསྣམས། །དཔའ་བརྩོན་གཙོ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་འཇམ་དཔལ་བླ་མེད་དཔལ་གྱི་བདག །དགེ་བཤེས་གཙོ་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་སྒྲིབ་པའི་ཤུགས་དྲག་བཟོད་དཀའ་གནོན། །རྒྱལ་སྲས་མཆོག་ལ་གུས་པས་ཕྱག་འཚལ་ལོ། །བཅོམ་ལྡན་ས་ཡི་སྙིང་པོ་འབྱུང་གནས་མཆོག །གཟུངས་རབ་
བརྟན་ལ་གུས་པས་ཕྱག་འཚལ་ལོ། །མཁའ་ལྟར་ཁྱབ་པའི་རྒྱལ་བ་སྲས་བཅས་ལ། །བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན། །ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ནས། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་འབུལ། སྤྲོ་ན་ཐུབ་དབང་ཉེ་སྲས་བརྒྱད་ཀྱི་མཚན་བརྒྱའི་རིགས་དང་བསྟོད་པ་ཇི་ལྟར་རིགས་པ་བཀླག་བྱང་སྡོམ་བླང་བར་མོས་ན། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ལན་གསུམ་གྱིས་སྐྱབས་སུ་འགྲོ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །
དེ་བཞིན་དུ་ནི་བསླབ་པ་ལ། །རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་གྱིས་བྱང་སྡོམ་བླང་། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་བདག་གྱུར་ཏོ། །ཞེས་རང་དགའ་བ་བསྒོམ་པ་དང་། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་གཞན་དགའ་བ་བསྒོམ་དུ་གཞུག །བྱང་ཆུབ་སེམས་ནི་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པ་དང་། །གོང་ནས་གོང་དུ་འཕེལ་བར་ཤོག །ཅེས་སྨོན་ལམ་གདབ། བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །ཐུབ་དབང་མཆོག་དང་ཉེ་བའི་སྲས་རྣམས་ཀྱི། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་
ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་བས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །ཅེས་གསོལ་བ་གདབ་ཅིང་བཀྲ་ཤིས་པའི་ཚིག་གིས་མཐའ་བརྒྱན། ཐུབ་པའི་དབང་པོ་སྲས་དང་བཅས་པའི་མཚན་དཔེའི་གཟུགས་སྐུ་དང་། ཚངས་པའི་དབྱངས་དང་། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་སེམས་འཛིན་པའི་ཚུལ་གྱིས་ཡིད་གཏད་ཅིང་ཡོན་ཏན་རྗེས་སུ་དྲན་པས་གསོལ་བ་བཏབ་པ་ལ་བརྟེན། སྐུ་གསུང་ཐུགས་ཀྱི་གནས་ནས་བདུད་རྩི་འོད་ཟེར་དང་བཅས་པ་བྱུང་། བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་དང་སེམས་ལ་ཞུགས། ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་སྦྱངས། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་འཕེལ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པས་བྱིན་གྱིས་བརླབས་པར་བསམས་ལ་དེ་ཁོ་ན་ཉིད་ཡིད་ལ་བྱེད་པའི་ཚུལ་གྱིས་མཉམ་པར་བཞག་གོ། །ཞེས་པའང་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་པར་འཕྲུལ་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་གསུང་གི་རྗེས་སུ་འབྲངས་ཏེ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག། །།
ཐུབ་དབང་གནས་བརྟན་འཁོར་བཅས་ལ་ཕྱག་མཆོད་བྱ་ཚུལ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ།
ཐུབ་དབང་གནས་བརྟན་འཁོར་བཅས་ལ་ཕྱག་མཆོད་བྱ་ཚུལ་མདོར་བསྡུས་པ་ཡིད་བཞིན་ནོར་བུའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།ཨོཾ་སྭ་སྟི། ཐུབ་དབང་གནས་བརྟན་བཅུ་དྲུག་ལ་ཕྱག་མཆོད་གསོལ་བ་གདབ་པར་འདོད་པས་འབྱོར་ན་ཐུབ་པའི་དབང་པོ་གཙོ་འཁོར་གྱི་སྣང་བརྙན་མདུན་མཆོད་པ་ཇི་ལྟར་རིགས་པ་གཙང་ཞིང་བཀོད་པས་མཛེས་པར་བཤམ། མ་གྲུབ་ན་ཡིད་ཀྱི་ཆོག་བྱ། གང་ལྟར་ཡང་། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག། །ལན་གསུམ་ཀྱིས་སྐྱབས་སེམས་བྱ། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག། །ཅེས་ས་གཞི་དང་གནས་ཡོ་བྱིན་གྱིས་བརླབ། དེ་ནས་འདུན་པ་རྩེ་གཅིག་པས། ལག་མཐིལ་ལྟར་མཉམ་རིན་ཆེན་གྱིས་སྤྲས་པ། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུབ་བཞི་སྒོ་བཞི་པ། །པདྨ་
ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཅེས་སྤྱན་དྲང་། སྤྲོ་ན་གནས་བརྟན་ཕྱག་མཆོད་ཚིགས་བཅད་ལྷུག་གང་རིགས་བྱ། བསྡུ་ན། ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགེ་བསྙེན་དྷ་རྨ་ཏཱ་དང་རྒྱལ་ཆེན་བཞི། །འཁོར་དང་བཅས་པའི་ཞབས་ཀྱི་པདྨོ་ལ། །ཕྱག་འཚལ་སྐྱབས་མཆི་སྙིང་ནས་གསོལ་བ་འདེབས། །ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །
དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་བསྐུལ་ཞིང་གསོལ་བ་འདེབས། །འདིས་མཚོན་དགེ་བ་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཡན་ལག་བདུན་པ་འབུལ། དགེ་སློང་ཡིན་ན་སྐབས་འདིར་གསོ་སྦྱོང་བྱིན་རླབས་དང་། དུས་དྲན་བསྙེན་པ་སོགས་དགོས་པ་ཡོད་ན་བྱས་ཀྱང་ལེགས། བཅོམ་ལྡན་གདན་འཛོམས་ཆེན་པོ་དགོངས་སུ་གསོལ། །ཐུབ་དབང་གནས་བརྟན་འཕགས་པའི་ཚོགས་རྣམས་ཀྱི། །མཚན་མཆོག་ཐོས་དང་དྲན་བརྗོད་ཕྱག་མཆོད་མཐུས། །བདག་ཅག་ལ་སོགས་སེམས་ཅན་གང་དང་གང་། །གནས་སྐབས་མཐར་ཐུག་མི་མཐུན་ཕྱོགས་ཀུན་ཞི། །བདེ་སྐྱིད་ཆོས་ལྡན་དཔལ་འབྱོར་རབ་ཏུ་འཕེལ། །ཐེག་མཆོག་དགེ་བའི་བཤེས་ཀྱིས་རྗེས་བཟུང་ནས། །གསུང་གི་བདུད་རྩིས་འཚོ་བར་བྱིན་གྱིས་རློབས། །ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་པར་ལྡན། །ངེས་པར་འབྱུང་དང་བྱང་ཆུབ་སེམས་གཉིས་འབྱོངས། །རྟག་ཏུ་གཞན་ཕན་སྤྱོད་ལས་མི་གཡེལ་པས། །རྣམ་མཁྱེན་གོ་འཕང་ཐོབ་པར་བྱིན་གྱིས་རློབས། །རྒྱལ་བསྟན་དྲི་མེད་ཕྱོགས་བཅུར་དར་ཞིང་རྒྱས། །བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འཇིག་རྟེན་དགེ་ལེགས་ཆེན་པོས་ཁྱབ་པ་དང་། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་
ཤིས་ཤོག །ཅེས་གསོལ་བ་གདབ་ཅིང་བཀྲ་ཤིས་པའི་ཚིག་གིས་མཐའ་བརྒྱན་པར་བྱའོ། །ཞེས་པའང་དད་པ་དང་ལྡན་པ་རྣམས་ཀྱི་ཆེད་དུ་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།
ཨོ་རྒྱན་རྗེ་འབངས་ཉེར་ལྔ་འཁོར་བཅས་ལ་གསོལ་བ་འདེབས་པ་མདོར་བསྡུས་བྱིན་རླབས་སྙིང་པོ།
ཨོ་རྒྱན་རྗེ་འབངས་ཉེར་ལྔ་འཁོར་བཅས་ལ་གསོལ་བ་འདེབས་པ་མདོར་བསྡུས་བྱིན་རླབས་སྙིང་པོ་ཞེས་བྱ་བ་བཞུགས་སོ།། །།ན་མོ་གུ་རུ་བྷྱཿ འདིར་ཨོ་རྒྱན་རིན་པོ་ཆེ་སྤྲུལ་པའི་ཐོད་ཕྲེང་རིགས་ལྔ་གུ་རུ་མཚན་བརྒྱད་རྗེ་འབངས་ཉེར་ལྔ་བཅས་ལ་མདོར་བསྡུས་ཏེ་གསོལ་བ་གདབ་པར་འདོད་པས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་སངས་རྒྱས་ཐོབ་བྱའི་ཕྱིར། །སྨོན་དང་འཇུག་པའི་བྱང་ཆུབ་སེམས་བསྐྱེད་དོ། །ལན་གསུམ་གྱིས་སྐྱབས་སེམས་བྱ། མདུན་གྱི་ནམ་མཁར་ཡིད་འཕྲོག་མཆོད་སྤྲིན་དབུས། །རིན་ཆེན་སེང་ཁྲི་པདྨ་ཉི་ཟླའི་སྟེང་། །རྩ་བའི་བླ་མ་ཨོ་རྒྱན་རིན་པོ་ཆེ། སྐུ་མདོག་དཀར་དམར་གཞོན་ཚུལ་གཟི་བརྗིད་འབར། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་དང་། །གསང་བའི་ཡུམ་མཆོག་སྦས་ཚུལ་ཁ་ཊཾ་འཁྱུད། །སྐུ་ལ་གསང་ཕོད་ཆོས་གོས་ཟབ་བེར་གསོལ། །དབུ་ལ་ཤེའུའི་སྙན་ཞུ་མཐོང་གྲོལ་མཛེས། །ཞབས་ཟུང་རྡོ་རྗེའི་སྐྱིལ་ཀྲུང་དྲང་པོར་བཞུགས། །གསང་གསུམ་ལས་སྐྱེས་འཇའ་ཟེར་འོད་ཕུང་ཀློང་། །ཐོད་ཕྲེང་སྡེ་ལྔ་སྤྲུལ་པའི་མཚན་
བརྒྱད་དང་། །ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ་སོགས། །རིག་འཛིན་བླ་མ་རྒྱ་མཚོའི་སྤྲིན་ཕུང་འཕྲོ། །གནས་གསུམ་འབྲུ་གསུམ་མཚན་པའི་འོད་ཟེར་གྱིས། །ཡེ་ཤེས་སྤྱན་དྲངས་གཉིས་སུ་མེད་པར་གྱུར། །ཅེས་གསལ་གདབ། ཧཱུྃ། བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས། །དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས། །རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ། །ཞེས་ཡེ་ཤེས་པ་སྤྱན་དྲངས་ཤིང་བསྟིམ། སེང་ཁྲི་པདྨ་ཉི་ཟླའི་གདན་ལ་བཞུགས། །སྒོ་གསུམ་གུས་པས་ཕྱག་འཚལ་སྐྱབས་སུ་མཆི། །ཕྱི་ནང་གསང་བ་བླ་མེད་མཆོད་སྤྲིན་འབུལ། །དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་ཞིང་བཤགས། །འཕགས་དང་སོ་སྐྱེའི་དགེ་བར་རྗེས་ཡི་རང་། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་རྟག་ཏུ་བཞུགས་གསོལ་འདེབས། །བསོད་ནམས་དངོས་ཀུན་བྱང་ཆུབ་ཆེན་པོར་བསྔོ། །ཞེས་ཚོགས་བསག དུས་གསུམ་རྒྱལ་བ་ཀུན་དངོས་རིགས་བརྒྱའི་བདག །ཕྲིན་ལས་རྣམ་བཞིའི་འཁོར་ལོས་སྒྱུར་བ་པོ། །སྣང་སྲིད་དབང་དུ་སྡུད་པའི་མཐུ་སྟོབས་ཅན། །པདྨ་འབྱུང་གནས་ཞབས་ལ་གསོལ་བ་འདེབས། །རྡོ་རྗེ་རིན་ཆེན་པདྨ་ཀརྨ་དང་། །བུདྡྷ་ཐོད་ཕྲེང་རིགས་མཆོག་
རྣམ་པ་ལྔ། །འཆི་མེད་པད་འབྱུང་པདྨ་སཾ་བྷ་བ། །བློ་ལྡན་མཆོག་སྲེད་པདྨ་རྒྱལ་པོ་རྩལ། །ཤཱཀྱ་སེང་གེ་ཉི་མ་འོད་ཟེར་དང་། །སེང་གེ་སྒྲ་སྒྲོགས་རྡོ་རྗེ་གྲོ་ལོད་སོགས། །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་ཚུལ་འཆང་བ། །སྐྱབས་གནས་ཀུན་འདུས་མཆོག་ལ་གསོལ་བ་འདེབས། །སངས་རྒྱས་ཡེ་ཤེས་རྒྱལ་བ་མཆོག་དབྱངས་སྡེ། །ནམ་མཁའི་སྙིང་པོ་ཛྙཱ་ན་ཀུ་མཱ་ར། །ཡེ་ཤེས་མཚོ་རྒྱལ་དཔལ་གྱི་ཡེ་ཤེས་ཞབས། །དཔལ་གྱི་སེང་གེ་རྣམས་ལ་གསོལ་བ་འདེབས། །བེ་རོ་ཙཱ་ན་ཆོས་རྒྱལ་ཁྲི་སྲོང་ཞབས། །གཡུ་སྒྲ་སྙིང་པོ་རྡོ་རྗེ་བདུད་འཇོམས་རྩལ། །ཡེ་ཤེས་དབྱངས་དང་སོག་པོ་ལྷ་དཔལ་སྡེ། །སྣ་ནམ་ཡེ་ཤེས་རྣམས་ལ་གསོལ་བ་འདེབས། །དཔལ་གྱི་དབང་ཕྱུག་ལྡན་མ་རྩེ་མང་དང་། །སྐ་བ་དཔལ་བརྩེགས་ཤུད་བུ་དཔལ་གྱི་སེང་། །རྒྱལ་བའི་བློ་གྲོས་འབྲོག་བན་ལོ་ཙཱ་བ། དྲན་པ་ནམ་མཁའ་རྣམས་ལ་གསོལ་བ་འདེབས། །འོ་བྲན་དབང་ཕྱུག་རྨ་བན་རིན་ཆེན་མཆོག །དཔལ་གྱི་རྡོ་རྗེ་ཡང་གྲོ་དཀོན་མཆོག་འབྱུང་། །རྒྱལ་བ་བྱང་ཆུབ་དགོངས་པ་མངོན་གྱུར་པའི། ཐུགས་སྲས་རིག་འཛིན་རྣམས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་ཨོ་རྒྱན་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་སྤྲུལ་པའི་ཚོགས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །
བསམ་པ་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །ལུས་ངག་ཡིད་ལ་རྡོ་རྗེའི་དབང་བཞི་སྐུར། །ནད་གདོན་སྡིག་སྒྲིབ་བར་ཆད་དབྱིངས་སུ་སོལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་དངོས་གྲུབ་སྩོལ། །རྣམ་གྲོལ་སྐུ་བཞི་ཐོབ་པར་བྱིན་གྱིས་རློབས། །ཞེས་ཕུར་ཚུགས་སུ་གསོལ་བ་གདབ། སྤྲོ་ན་ལེའུ་བདུན་མ་དང་། བསམ་པ་ལྷུན་གྲུབ། བར་ཆད་ལམ་སེལ་སོགས་གསོལ་འདེབས་རིགས་གང་ཤེས་སྐབས་འདིར་བྱ། གསོལ་འདེབས་ཀྱི་བསྙེན་པ། ཨོཾ་ཨཱཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ། ཞེས་ཅི་ནུས་སུ་བཟླས་མཐར། རིག་འཛིན་བླ་མའི་སྐུ་ཡི་གནས་བཞི་ནས། །འོད་ཟེར་བྱུང་བ་བདག་གི་གནས་བཞིར་ཐིམ། །སྐུ་གསུམ་ཐུགས་དང་ཡེ་ཤེས་རྡོ་རྗེ་ཡིས། བྱིན་གྱིས་བརླབས་ནས་དབང་བཞི་ཐོབ་པར་གྱུར། །མཐར་ནི་ཚོགས་ཞིང་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །འཁོར་འདས་རོ་གཅིག་འོད་གསལ་ཐིག་ལེའི་ཀློང་། །དོན་གཉིས་འབྲས་བུ་སྨིན་པའི་བཀྲ་ཤིས་སྩོལ། །ཅེས་དབང་བླངས་ཤིང་བསྔོ་སྨོན་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ། །ཞེས་པའང་དད་ལྡན་ནཱ་ཐའི་མིང་ཅན་གྱིས་གསོལ་བ་བཏབ་པ་ལྟར། མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་སིདྡྷི་རསྟུ།། །།
རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་གཏེར་བྱོན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་ཕན་བདེའི་འབྱུང་གནས།
༄༅། །མ ཧཱ བི དྱཱ དྷ ར བུ དྡྷ དཱི ཕ སྱ ནི དྷི སཾ བྷ ཝ སྠ ཝི ར ཥོ ཌ ཤཱ ནཱཾ པཱུ ཛ སྱ བི དྷིག རྦྷཾ པི ཎྜ ཧི ཏ སུ ཁ སྱ ཀ རོ ནཱ མ བི ཧ ར ཏི སྨ།།
༄༅། །རིག་འཛིན་ཆེན་པོ་སངས་རྒྱས་གླིང་པའི་གཏེར་བྱོན་ཐུབ་དབང་གནས་བརྟན་བཅུ་དྲུག་གི་མཆོད་པའི་ཆོ་ག་སྙིང་པོར་དྲིལ་བ་ཕན་བདེའི་འབྱུང་གནས་ཞེས་བྱ་བ་བཞུགས་སོ། །
ཨོཾ་སྭ་སྟི། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་སངས་རྒྱས་གླིང་པས་བསམ་ཡས་མཆིམས་ཕུའི་ལམ་ཁ་བྲག་སྣ་སེང་གེའི་གདོང་ནས་སྤྱན་དྲངས་པའི་ཐུགས་རྗེ་ཆེན་པོ་རྒྱལ་པོ་བཀའ་འབུམ་གྱི་ཆ་ལག་ཐུབ་དབང་གནས་བརྟན་བཅུ་དྲུག་གི་ཆོ་ག་ཉམས་སུ་བླང་བའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ལ། ལེགས་བཤམ་སྐྱབས་སེམས་བདག་བསྐྱེད་དང་། །གནས་ཡོ་བྱིན་གྱིས་བརླབ་པའོ། །ཞེས་ལྔ་ལས། དང་པོ་ནི། གནས་དབེན་ཞིང་ཡིད་དང་མཐུན་པར་ཕྱག་དར་ལེགས་པར་བྱ། གོང་དུ་དཀོན་མཆོག་གསུམ་གྱི་རྟེན་སྤྱི་དང་། ཁྱད་པར་ཐུབ་དབང་གནས་བརྟན་འཁོར་དང་བཅས་པའི་སྣང་བརྙན་བྲིས་འབུར་གང་རིགས་དགྲམ། དེའི་སྤྱན་སྔར་སྟེགས་བུའི་ཁར་རབ་རིན་པོ་ཆེའི་ཁང་བཟང་བཀོད་
པས་མཛེས་པའི་དབུས་སུ་ཐུབ་པའི་དབང་པོ། གནས་བརྟན་བཅུ་དྲུག །དྷརྨ་ཏཱ། རྒྱལ་ཆེན་བཞི་དང་བཅས་པའི་སྐུ་སོ་སོའི་གདན་ལ་ལྷ་གནས་མ་འཆོལ་བར་བཞུགས་སུ་གསོལ། འབྲིང་མཎྜ་ལར་གཙོ་འཁོར་རྣམས་ཀྱི་སྐུ་བྲིས་འབུར་གང་རིགས་དགོད། དེ་ཙམ་མ་འབྱོར་ན་ལྷ་གནས་སོ་སོར་གདན་མཚོན་བྱེད་མེ་ཏོག་གི་ཚོམ་བུ་དཀོད་པའམ། རྟེན་མེད་ན་ནམ་མཁར་གསལ་བཏབ་ཀྱང་རུང་། གང་ལྟར་ཡང་ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་སྤྱི་དང་། ཁྱད་པར་སྤོས། མར་མེ། ཞལ་ཟས་རྣམས་བརྒྱ་རྩ་སོགས་ཅི་འབྱོར་དང་། ཉེ་ལོགས་གང་བདེར་བླ་མ་དང་དཀོན་མཆོག་སྤྱི། གནས་བརྟན། ཆོས་སྐྱོང་དཔལ་མགོན་རྣམས་ལ་ཟླུམ་གཏོར་དཀར་པོ་རེ། གཞི་བདག་ལ་དཀར་གཏོར། རིགས་དྲུག་ལ་བསིལ་གཏོར། བགེགས་ལ་ཆངས་བུའི་གཏོར་མ་བཅས་བྲེང་ཚར་དུ་བཤམ། སྒྲུབ་པ་པོ་རྣམས་ཁྲུས་དང་གཙང་སྦྲ་ལ་གནས་ཤིང་། གྲུབ་ན་ཐེག་པ་ཆེན་པོའི་གསོ་སྦྱོང་བླང་།
གྲལ་དུ་ལེགས་པར་འཁོད་པའི་མདུན་རོལ་མོའི་བྱེ་བྲག་དང་། འཐོར་ནས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱའོ། །གཉིས་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་རྗེས་སུ་དྲན་པའི་དད་པས་ཐལ་མོ་སྦྱར་ཏེ། ན་མོ༔ ང་གཉིས་དགོངས་འདུས་མཆོད་ཕྲེང་ལས་སོ། །གཙོ་བོ་སངས་རྒྱས་གཙོ་ལ་ཕྱག་འཚལ་སྐྱབས་སུ་མཆི༔ འདོད་ཆགས་བྲལ་བ་དམ་པའི་ཆོས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཚོགས་མཆོག་འཕགས་པའི་དགེ་འདུན་རྣམས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ དུས་གསུམ་བདེ་གཤེགས་རྒྱལ་སྲས་ཚོགས་ལ་ཕྱག་འཚལ་སྐྱབས་སུ་མཆི༔ ཞེས་པའི་སྐྱབས་འགྲོ་ཅི་ནུས་བྱ། གསུམ་པ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས་སུ་གསོལ༔ ཇི་ལྟར་སྔོན་གྱི་འཕགས་པས་ཐུགས་བསྐྱེད་ལྟར༔ དེ་བཞིན་བདག་ཀྱང་བྱང་ཆུབ་སེམས་བསྐྱེད་ཅིང་༔ འགྲོ་བ་རྣམས་ཀྱི་དོན་རབ་བརྩོན་པར་བྱ༔ ཞེས་ལན་གསུམ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། བཞི་པ་ནི། ཐུགས་རྗེ་ཆེན་པོའི་བདག་བསྐྱེད་གང་རུང་རྒྱས་པར་བསྒོམ་པའམ། བསྡུ་ན། རང་ཉིད་སྐད་ཅིག་གིས་འཕགས་པ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་སྐུར་གྱུར་པར་བསམ། ལྔ་པ་ནི། དཀོན་མཆོག་གསུམ་གྱི་བདེན་པ་དང་༔ སངས་རྒྱས་བྱང་སེམས་བྱིན་རླབས་དང་༔ ཚོགས་གཉིས་རྫོགས་པའི་མངའ་ཐང་དང་༔ ཆོས་དབྱིངས་རྣམ་དག་བདེན་སྟོབས་ཀྱིས༔ སྣོད་བཅུད་ཐམས་ཅད་བདེ་ཅན་ཞིང་༔ བཀོད་པ་ཕུན་
སུམ་ཚོགས་པའི་གཞིར༔ རིན་ཆེན་ལས་གྲུབ་ཁང་བཟང་དབུས༔ སེང་ཁྲི་པདྨ་ཟླ་བའི་གདན༔ ཤར་དུ་ལྷག་གཅིག་དང་བཅས་པའི༔ མཐའ་སྐོར་པད་ཟླའི་གདན་བཅུ་དྲུག༔ སྒོ་བཞིར་ཟླ་བའི་གདན་དང་བཅསཿ ཕྱི་ནང་དངོས་བཤམས་གཟུངས་རིག་དང་༔ མོས་པའི་སྟོབས་ཀྱིས་རབ་སྤྲུལ་པའི༔ མཆོད་སྤྲིན་རྒྱ་མཚོས་ཡོངས་གང་བ༔ འཕགས་པ་འཁོར་བཅས་གདན་འཛོམས་ནས༔ དགྱེས་བཞིན་བྱིན་བརླབས་སྤྱོད་གྱུར་ཅིག ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་བ་ཏེ་བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བི་དྷུ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། །ཞེས་ལན་གསུམ་གྱིས་བརླབ་བོ། །གཉིས་པ་ལ། །གཞུང་ལས། མཎྜལ་རིན་པོ་ཆེའི་ཁང་དུ་བྱོན་ཏེ། དབུས་ཀྱི་ལྟེ་བ་ལ་ཞེས་སོགས་གསུངས་པས་མདོ་ཆོག་སྤྱིའི་འགྲོས་ལྟར་དང་པོར་སྤྱན་དྲངས་པའི་རྗེས་སུ་ཞལ་ཕྱག་གསལ་གདབ་སོགས་བྱ་བ་ཡིན་པས། སྤྱན་དྲང་གསལ་གདབ་བཞུགས་སུ་གསོལ། །ཕྱག་མཆོད་འདོད་དོན་གསོལ་བའོ། །ཞེས་ལྔ་ལས། དང་པོ་ནི། འདུན་པ་རྩེ་གཅིག་པས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་
གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེ་རྣམ་སྦྱངས་ཞིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདི་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡོངས་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཞེས་དང་། སྔོན་ཚེ་གཏེར་གཞུང་རྩ་བ་བཅོམ་ལྡན་ཤཱཀྱ་ཐུབ༔ ཤཱཀྱ་སེང་གེ་རྒྱལ་བའི་སྲསཿ འཇིག་རྟེན་འདི་ན་ཡོངས་བཞུགས་ཤིང་༔ མྱ་ངན་འདའ་ཚུལ་བསྟན་པའི་ཚེ༔ བདེ་གཤེགས་ཆོས་ཀྱི་རྒྱལ་པོའི་སྲས༔ འཕགས་པ་ཡང་དག་ཤེས་རབ་ཀྱིས༔ ཉོན་མོངས་བུད་ཤིང་སྲེག་པར་མཛད༔ ཁམས་གསུམ་འཁོར་བའི་དགྲ་བཅོམ་ནས༔ བྱ་བ་བྱས་ཤིང་བྱེད་པ་བྱས༔ ཁུར་བོར་བདག་དོན་རྗེས་སུ་བརྙེས༔ སྲིད་པའི་སྦྱོར་བ་ཡོངས་སུ་ཟད༔ ཡང་དག་ཤེས་རབ་རྣམ་པར་གྲོལ༔ ཉོན་མོངས་བག་ཆགས་རྣམ་པར་བཅོམ༔ ཟབ་མོའི་དོན་ལ་མཁས་པ་པོ༔ དམིགས་མེད་ཆོས་ཀྱིས་ངེས་པར་འབྱུང་༔ སྤྱོད་ལམ་མཛེས་པས་རྣམ་པར་བརྒྱན༔ བདེ་གཤེགས་བཀའ་ལ་རབ་གནས་པའི༔ དགྲ་བཅོམ་བཅུ་དྲུག་བཞུགས་པ་ནི༔ ཀོའུ་ཌི་ནྱ་དང་ཤཱ་རིའི་བུ༔ མོའུ་གལ་བུ་དང་འོད་སྲུང་དང་༔ ཀུན་དགའ་བོ་དང་སྒྲ་
གཅན་འཛིན༔ ཉེ་བར་འཁོར་དང་མ་འགགས་པ༔ རབ་འབྱོར་དང་ནི་རྟ་ཐུལ་དང་༔ བྷ་ར་དྷ་ཛ་བསོད་སྙོམས་ལེན གྱད་བུ་ནོར་དང་ལེགས་འོང་དང་༔ ནག་པོ་དང་ནི་འཆར་ཀ་དང་༔ གང་པོ་དང་ནི་ཀ་ཏྱའི་བུ༔ དགྲ་བཅོམ་བྱེ་བ་མང་པོ་དག དེང་གི་དུས་འདིར་གཤེགས་སུ་གསོལ༔ བཅོམ་ལྡན་མྱ་ངན་འདས་སླད་མཿ དམ་པ་ཆོས་ཀྱི་གཉེར་གཏད་ཅིང་༔ འཇིག་རྟེན་ཁམས་འདི་སྲུང་མཛད་པ༔ འཁོར་བཞི་ཡོངས་སུ་སྐྱོང་མཛད་པའི༔ སེམས་ཅན་དོན་ལ་ཕན་བརྩོན་པ༔ གནས་བརྟན་ཆེན་པོ་བཅུ་དྲུག་རྣམས༔ དགྲ་བཅོམ་བརྒྱ་སྟོང་འཁོར་ཚོགས་དང་༔ ཛམ་བུ་དང་ནི་གླིང་བཞི་དང་༔ ཡུལ་རྣམས་སོ་སོར་བཞུགས་པ་ནི༔ པྲི་ཡངྐུ་ཡི་གླིང་ཕྲན་ནས༔ ཉན་ཐོས་ཆེན་པོ་སྒྲ་གཅན་འཛིན༔ དགྲ་བཅོམ་སྟོང་དང་ཆིག་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ བྱ་རྒོད་ཕུང་པོའི་རི་ནས་ཀྱང་༔ ཉན་ཐོས་ཆེན་པོ་ལམ་ཕྲན་བརྟན༔ དགྲ་བཅོམ་སྟོང་དང་དྲུག་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཤར་གྱི་ལུས་འཕགས་གླིང་ཆེན་ན༔ གནས་བརྟན་ཆེན་པོར་མཚན་གྲགས་པ༔ བྷ་ར་དྷ་ཛ་བསོད་སྙོམས་ལེན༔ དགྲ་བཅོམ་སྟོང་གི་འཁོར་རྣམས་བཅསཿ དེང་གི་དུས་འདིར་གཤེགས་སུ་གསོལ༔ སུམ་ཅུ་རྩ་གསུམ་ལྷ་གནས་ནས༔ ཉན་ཐོས་ཆེན་པོ་ལམ་བརྟན་ཡང་༔ དགྲ་བཅོམ་དགུ་བརྒྱའི་
འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ རི་ཡི་རྒྱལ་པོ་ངོས་ཡངས་ནས༔ ཉན་ཐོས་ཆེན་པོ་ཀླུའི་སྡེ་ཡང་༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ རི་ཡི་རྒྱལ་པོ་བྷི་ཧུ་ནས༔ ཉན་ཐོས་ཆེན་པོ་སྦེད་བྱེད་ཀྱང་༔ དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ གངས་ཀྱི་རི་བོ་ཆེན་པོ་ནས༔ ཉན་ཐོས་ཆེན་པོ་མི་ཕྱེད་པ༔ དགྲ་བཅོམ་སྟོང་གི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ གངས་རི་ཆེན་པོ་ཏི་སེ་ནས༔ ཉན་ཐོས་ཆེན་པོ་ཡན་ལག་འབྱུང་༔ དགྲ་བཅོམ་སྟོང་དང་སུམ་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ དྲང་སྲོང་རི་ངོགས་ཤེལ་ནགས་ནས༔ ཉན་ཐོས་ཆེན་པོ་མ་ཕམ་པ༔ དགྲ་བཅོམ་མང་པོའི་འཁོར་ཚོགས་བཅསཿ དེང་གི་དུས་འདིར་གཤེགས་སུ་གསོལ༔ ལོ་མ་བདུན་པའི་རི་ཕུག་ནས༔ ཉན་ཐོས་ཆེན་པོ་ནགས་ན་གནས༔ དགྲ་བཅོམ་སྟོང་དང་བཞི་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཟངས་ཀྱི་གླིང་ཞེས་བྱ་བ་ནས༔ ཉན་ཐོས་ཆེན་པོ་དུས་ལྡན་ཡང་༔ དགྲ་བཅོམ་སྟོང་དང་ཆིག་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སིངྒ་ལ་ཡི་གླིང་ཕྲན་ནས༔ དགྲ་བཅོམ་རྡོ་རྗེ་མོ་ཡི་བུ༔ ཉན་ཐོས་སྟོང་གི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔
ཆུ་བོ་ཡ་མུ་ནཱ་གླིང་ནས༔ ཉན་ཐོས་ཆེན་པོ་བཟང་པོ་ཡང་༔ དགྲ་བཅོམ་སྟོང་དང་ཉིས་བརྒྱ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ ཁ་ཆེའི་ཡུལ་གྱི་ས་མཚམས་ནས༔ ཉན་ཐོས་ཆེན་པོ་གསེར་བེའུ༔ དགྲ་བཅོམ་ལྔ་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ ནུབ་ཀྱི་བ་གླང་སྤྱོད་པ་ནས༔ བྷ་ར་དྷྭ་ཛ་གསེར་ཅན་ཡང་༔ དགྲ་བཅོམ་བདུན་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ སྒྲ་མི་སྙན་གྱི་གླིང་ནས་ཀྱང་༔ གནས་བརྟན་ཆེན་པོ་བ་ཀུ་ལ༔ དགྲ་བཅོམ་དགུ་བརྒྱའི་འཁོར་ཚོགས་བཅས༔ དེང་གི་དུས་འདིར་གཤེགས་སུ་གསོལ༔ དེ་དག་ལ་སོགས་གཞན་དག་ཀྱང་༔ ཤིང་ཆེན་སཱ་ལའི་དྲུང་དག་ནསཿ ལུ་མའི་གནས་དང་རྒྱལ་པོའི་ཁབ༔ ནེ་རཉྫ་ར་བདུད་འདུལ་བ༔ ཝཱ་ར་ཎ་སི་ཡངས་པ་ཅན༔ མཉན་ཡོད་ལྷ་ཡི་གྲོང་ཁྱེར་དང་༔ མཆོད་རྟེན་བརྒྱད་ཀྱི་གནས་རྣམས་དང་༔ སུམ་ཅུ་རྩ་གསུམ་གནས་རྣམས་ན༔ བཞུགས་དང་གྲགས་པ་ཐམས་ཅད་དང་༔ གཞན་ཡང་ཛམ་གླིང་ལྷོ་ཕྱོགས་ཀྱི༔ མཚོ་ཡི་འགྲམ་དང་མ་ལ་ཡའི༔ ནགས་དང་རི་ཁྲོད་པ་རྣམས་དང་༔ ཆུ་བོ་ན་ར་མ་ཏིའི་འགྲམ༔ རི་བོ་བིནྡྷཱ་ཡོངས་འདུའི་ནགས༔ གཞན་ཡང་མེ་ཏོག་འབྲས་ལྡན་པའི༔ ཤིང་དང་སྤང་དང་ནིའུ་སེང་དང་༔ བྱ་དང་རི་དྭགས་གནས་པ་དང་༔ ཉམས་དགའ་བ་
ཡི་སར་བཞུགས་དང་རྒྱ་མཚོ་ཆེན་པོའི་འགྲམ་ལོགས་ན༔ ཀླུ་ཆེན་ལུས་ལ་འཁྲིལ་མཛད་ཅིང་༔ ཡང་དག་འཇིག་པའི་ཏིང་འཛིན་གནས༔ སྦྲུལ་མགོ་གདེངས་པས་གདུགས་ལྟར་བསྐྱབས༔ དོན་རྣམས་མཛད་ཅིང་བཞུགས་པ་དང་གཞན་ཡང་རྒྱལ་བས་ཞབས་བཅགས་པར༔ བཞུགས་པར་གྱུར་པའི་དགྲ་བཅོམ་རྣམས༔ ཏིང་འཛིན་རྫུ་འཕྲུལ་རྐང་པར་ལྡན༔ སྐུ་ཚེ་རིང་བའི་ཚུལ་སྟོན་ཅིང་༔ གནས་བརྟན་ཆེན་པོར་མཚན་གྲགས་པ༔ ཉན་ཐོས་ཆེན་པོ་སྦྱིན་བྱེད་དང་༔ སྐྱེས་པ་དང་ནི་རྟོག་བྱེད་དང་༔ ཀླུ་སྲུང་བུ་དང་གྲགས་ལྡན་དང་༔ དགྲ་བཅོམ་བྱེ་བ་མང་པོ་ཡི༔ འཁོར་དང་བཅས་ཏེ་གཤེགས་སུ་གསོལ༔ སྟོང་ཆེན་ཁམས་དང་གླིང་ཕྲན་གཞན་རྣམས་དང་༔ ཛམ་བུའི་རི་ཁྲོད་ནགས་ཚལ་ཆུ་བོའི་རྒྱུན༔ ལྟ་བ་ལྡེང་ཀ་དྲི་ཞིམ་དང་ལྡན་པ༔ དེ་ན་འཕགས་པའི་ཚོགས་རྣམས་རབ་བཞུགས་ཏེ༔ ༈ གནས་བརྟན་ཆེན་པོ་དགྲ་བཅོམ་ཡོན་ཏན་ལྡན༔ ཚེ་ཡི་འདུ་བྱེད་ལྷག་མའི་སྐུ་ལ་གནས༔ སེམས་ཅན་དོན་ཕྱིར་བརྩེ་བས་དེང་དགོངས་ཏེ༔ བསོད་ནམས་བསགས་པས་མཆོད་པ་གང་བཤམས་པར༔ བརྩེ་ཕྱིར་བྱམས་ལྡན་ཐུགས་རྗེས་གཤེགས་སུ་གསོལ༔ ཞེས་པའི་བར་ཚང་བ་ལན་གསུམ་མམ། རྒྱས་པ་ཚར་གཅིག་དང་གནས་བརྟན་ཆེན་པོ་མན་ཚིག་རྐང་ལྔ་ལན་གཉིས་བཅས་བརྗོད་པས་སྙན་གསན་དབབ། ཕྱོགས་རྩལ་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་
དང་༔ ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་༔ རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པ༔ ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ༔ ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས༔ སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པ༔ ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ༔ དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་གྱིས༔ འགྲོ་བའི་དོན་དུ་མཆོད་ཕྱིར་གཤེགས་སུ་གསོལ༔ ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན༔ ཡན་ལག་འབྱུང་དང་མ་ཕམ་ནགས་ན་གནས༔ དུས་ལྡན་རྡོ་རྗེ་མོའི་བུ་བཟང་པོ་དང་༔ གསེར་བེའུ་བྷ་ར་ངྷ་ཛ་གསེར་ཅན་དང་༔ འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན༔ ལམ་ཕྲན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན༔ ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་༔ གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པ༔ ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི༔ གནས་བརྟན་བཅུ་དྲུག་འདིར་གཤེགས་གདན་ལ་བཞུགསཿ བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་༔ རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ༔
གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ༔ དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས༔ དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་ཉན་པ༔ དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ༔ བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་གྱིས༔ འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ༔ ཞེས་སྤྱན་དྲངས་པ་རྟེན་ཡོད་ན་རྟེན་དང་དབྱེར་མེད་དུ་བསམས་ལ། གཉིས་པ་ནི། བཅོམ་ལྡན་འདས་ཐུབ་པའི་དབང་པོ་འཁོར་དང་བཅས་པ་རྫུ་འཕྲུལ་གྱི་བཀོད་པ་སྣ་ཚོགས་པས་སྐད་ཅིག་ཉིད་ལ་བྱོན་ཏེ་རིན་པོ་ཆེའི་གཞལ་མེད་ཁང་དུ་བཞུགས་པ་ནི། དབུས་ཀྱི་ལྟེ་བ་ལ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་སྣ་ཚོགས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ༔ ཡང་རྩ་བ་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐུབ་པ་ཆེན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ གཡས་ས་གནོན༔ གཡོན་པ་མཉམ་གཞག༔ ཞབས་སྐྱིལ་ཀྲུང་དུ་བཞུགས་པ༔ ན་བཟའ་ཆོས་གོས་སྣམ་སྦྱར་གསོལ་བ༔ ཞལ་འཛུམ་བག་དང་ལྡན་པ༔ མཚན་དང་དཔེ་བྱད་ཀྱིས་བརྒྱན་པ༔ སྐུ་ལྟ་བས་ཆོག་མི་ཤེས་པ༔ དབུའི་གཙུག་ཏོར་ལྟར་མི་མངོན་པ༔ འོད་དང་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ༔ འོད་དེ་གང་ལ་རེག་པ་ཐམས་ཅད་བྱང་ཆུབ་ཆེན་པོར་འགྱུར་བ༔ སྐུ་དེ་གང་གིས་མཐོང་བ་དང་༔ རེག་པ་དང་༔ ཡིད་ལ་བྱས་པ་དང་༔ མཚན་ཐོས་པ་ཐམས་
ཅད་བླ་ན་མེད་པའི་བྱང་ཆུབ་ཏུ་ངེས་པར་འགྱུར་བ༔ ཡོན་ཏན་བསམ་གྱིས་མི་ཁྱབ་པའི་ཕུང་པོར་གྱུར་པ་དེ་བཞུགས་པའོ༔ ཤར་ཕྱོགས་ཀྱི་པད་འདབ་བཞི་ལ༔ གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་ཕྱག་ན་རིན་པོ་ཆེའི་པྲོག་ཞུ་བསྣམས་པ༔ གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་ཕྱག་གཉིས་མཉམ་པར་བཞག་པ༔ གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་ཕྱག་གཡས་གླེགས་བམ་འཛིན་པ༔ གཡོན་མཉམ་བཞག་གི་སྟེང་དུ་ལྷུང་བཟེད་བསྣམས་པ༔ གནས་བརྟན་ཆེན་པོ་ལམ་བརྟན་ཕྱག་གཡས་གླེགས་བམ༔ གཡོན་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའོ༔ ལྷོ་ཕྱོགས་ཀྱི་པད་འདབ་བཞི་ལ༔ གནས་བརྟན་ཆེན་པོ་ཀླུ་ཡི་སྡེ་ཕྱག་གཡས་བུམ་པ༔ གཡོན་འཁར་གསིལ་བསྣམས་པ༔ གནས་བརྟན་ཆེན་པོ་སྦེད་བྱེད་ཕྱག་ན་གླེགས་བམ་བསྣམས་པ༔ གནས་བརྟན་ཆེན་པོ་མི་ཕྱེད་པ་ཕྱག་ཐལ་མོ་སྦྱར་བའི་བར་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བསྣམས་པ༔ གནས་བརྟན་ཆེན་པོ་ཡན་ལག་འབྱུང་ཕྱག་ཐལ་མོ་སྦྱར་བའི་བར་ན་སྤོས་ཕོར་བསྣམས་པ༔ མཆན་ཁུང་གཡོན་ན་རྔ་ཡབ་བསྣམས་པའོ༔ ནུབ་ཕྱོགས་ཀྱི་པད་འདབ་བཞི་ལ༔ གནས་བརྟན་ཆེན་པོ་མ་ཕམ་པ་ཕྱག་གཉིས་མཉམ་པར་བཞག་པ༔ གནས་བརྟན་ཆེན་པོ་ནགས་ན་གནས་པ་ཕྱག་གཡས་ཞི་བའི་སྡིགས་མཛུབ་མཛད་པཿ གཡོན་རྔ་ཡབ་བསྣམས་པ༔ གནས་
བརྟན་ཆེན་པོ་དུས་ལྡན་ཕྱག་ན་གསེར་གྱི་རྣ་ཀོར་བསྣམས་པ༔ གནས་བརྟན་ཆེན་པོ་རྡོ་རྗེ་མོ་ཡི་བུ་ཕྱག་གཉིས་སྡིགས་མཛུབ་དང་རྔ་ཡབ་བསྣམས་པའོ༔ བྱང་གི་པད་འདབ་བཞི་ལ༔ གནས་བརྟན་ཆེན་པོ་བཟང་པོ་ཕྱག་གཡས་ཆོས་འཆད་གཡོན་མཉམ་བཞག་མཛད་པཿ གནས་བརྟན་ཆེན་པོ་གསེར་བེའུ་ཕྱག་ན་རིན་པོ་ཆེའི་ཞགས་པ་བསྣམས་པ༔ གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་གསེར་ཅན་ཕྱག་གཉིས་མཉམ་བཞག གནས་བརྟན་ཆེན་པོ་བ་ཀུ་ལ་ཕྱག་ན་ནེའུ་ལེ་བསྣམས་པའོ༔ དེ་ཐམས་ཅད་ཀྱང་ན་བཟའ་ཆོས་གོས་རྣམ་གསུམ་གསོལ་བ༔ པདྨ་ཟླ་བའི་གདན་ལ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་ཤིང་༔ རང་རང་གི་འཁོར་དགྲ་བཅོམ་པའི་ཚོགས་དང་བཅས་པ་དབང་པོ་དུལ་བའི་སྤྱོད་ལམ་གྱིས་མཛེས་པ། སྒོ་བཞིའི་ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་སེར་པོ་རྒྱལ་མཚན་འཛིན་པ། ཐམས་ཅད་ཀྱང་ལྷའི་གོས་དང་གོ་ཆས་བརྗིད་ཅིང་། ཟླ་བའི་གདན་ལ་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་བ། བསྟན་པ་སྲུང་བའི་ལས་ལ་བརྩོན་པའི་རྣམ་པ་ཅན་ནོ། །ཤར་སྒོའི་ནང་དུ་པད་ཟླའི་གདན་ལ། འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལ་ཕྱག་ན་རྔ་ཡབ་དང་བུམ་པ་བསྣམས་པ༔ རལ་པའི་
ཐོད་བཅིངས་པ༔ སྡེ་སྣོད་ཀྱི་གླེགས་བམ་མང་པོ་ཁུར་བ༔ མདུན་གྱི་ནམ་མཁའ་ལ་སངས་རྒྱས་སྣང་བ་མཐའ་ཡས་བཞུགས་པ༔ དར་གྱི་ན་བཟའ་ལྷབ་ལྷུབ་ཏུ་ཡོད་པ་པུས་མོར་བརྗེས་པ༔ པུས་མོ་གཡས་པ་ལས་སྟག་གི་ཚོགས་སྤྲུལ་པ༔ དགེ་བསྙེན་གྱི་ཚོགས་དང་བཅས་པ༔ གཞན་ཡང་མདུན་གྱི་ནམ་མཁར་བླ་མ་དགེ་བའི་བཤེས་གཉེན་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་མངོན་སུམ་དུ་བཞུགས་པར་གྱུར་ཅེས་གསལ་གདབ། ཐོག་མར་ཁྲུས་ཀྱི་ཡོ་བྱད་རྣམས་བསྟར་ལ། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བར་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །དེ་བཞིན་གཤེགས་པ་རྣམས་དང་དེ་སྲས་ལ། །རིན་ཆེན་བུམ་པ་མང་པོ་སྤོས་ཀྱི་ཆུས། །ཡིད་འོང་ལེགས་པར་བཀང་བ་གླུ་དང་ནི། །རོལ་མོ་བཅས་པ་དུ་མས་སྐུ་ཁྲུས་གསོལ། །ཅེས་སྙན་གསན་དབབ། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །འདི་ནི་ཁྲུས་མཆོག་དཔལ་དང་ལྡན། །ཐུགས་རྗེའི་ཆུ་ནི་བླ་ན་མེད། །བྱིན་བརླབས་ཡེ་ཤེས་ཆུ་ཡིས་ནི། །ཅི་འདོད་དངོས་གྲུབ་སྩོལ་བར་མཛད། །རྒྱལ་བའི་སྐུ་གསུང་ཐུགས་
མཆོག་ལ། །ཉོན་མོངས་དྲི་མ་མི་མངའ་ཡང་། །བདག་གཞན་སྒོ་གསུམ་སྒྲིབ་སྦྱང་ཕྱིར། །གཙང་མའི་ཆབ་ཀྱིས་སྐུ་ཁྲུས་གསོལ། །ཅེས་ཁྲུས་གསོལ། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །ཞེས་སྐུ་ཕྱི། དྲི་མེད་མཚན་ལ་སྒྲིབ་བསལ་མི་མངའ་ཡང་། །དད་པས་ངུར་སྨྲིག་རྒྱལ་མཚན་ཕུལ་བ་ཡིས། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་རྣམས། །སངས་རྒྱས་བརྟུལ་ཞུགས་མཆོག་ལ་སྤྱོད་པར་ཤོག །ཅེས་ན་བཟའ་དབུལ། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པར་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཅེས་བཞུགས་གསོལ་བྱའོ། །བཞི་པ་ལ་གཉིས། སྤྱི་དང་བྱེ་བྲག་གོ། །དང་པོ་ནི། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ། །ཤཱཀྱའི་རྒྱལ་པོའི་ཞབས་ལ་ཕྱག་འཚལ་ལོ། །རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷང་ངེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །མཚན་དཔེའི་དཔལ་འབར་ཆོས་གོས་རྣམ་གསུམ་གསོལ། །ས་གནོན་མཉམ་གཞག་རྡོ་
རྗེའི་སྐྱིལ་ཀྲུང་བཞུགས། །འོད་ཟེར་དྲྭ་བས་འགྲོ་བའི་མུན་སེལ་བ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཐུབ་རྩ་བ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན༔ མྱ་ངན་མི་འདའ་མངོན་སུམ་ཀུན་ཡུལ་དུ༔ ལྷ་མིའི་བསོད་ནམས་དཔལ་ཞིང་འཚོ་གཞེས་པ༔ རྒྱལ་ཚབ་དགྲ་བཅོམ་བཅུ་དྲུག་ཞབས་ལ་འདུད༔ ཏི་སེའི་གངས་ལ་དགྲ་བཅོམ་ཡན་ལག་འབྱུང་༔ དྲང་སྲོང་རི་ངོགས་ཤེལ་ནགས་མ་ཕམ་པ༔ ལོ་མ་བདུན་རིར་བཙུན་པ་ནགས་ན་གནས༔ ཟངས་གླིང་དབུས་ན་རྒྱལ་སྲས་དུས་ལྡན་བཞུགསཿ སིངྒ་ལ་ན་རྡོ་རྗེ་མོ་ཡི་བུ༔ ཆུ་བོ་ཡ་མུ་ནཱའི་གླིང་བཟང་པོ་བཞུགས༔ ཁ་ཆེའི་ཡུལ་ན་ཐུབ་པ་གསེར་བེའུ༔ ནུབ་གླིང་བྷ་ར་དྷྭ་ཛ་གསེར་ཅན་བཞུགསཿ སྒྲ་མི་སྙན་ན་དཔལ་ཆེན་བ་ཀུ་ལ༔ པྲི་ཡངྐུ་ན་གནས་བརྟན་སྒྲ་གཅན་འཛིན༔ བྱ་རྒོད་ཕུང་པོར་དགེ་སྦྱོང་ལམ་ཕྲན་བརྟན༔ ཤར་གླིང་བྷ་ར་དྷྭ་ཛ་བསོད་སྙོམས་ལེན༔ སུམ་ཅུ་རྩ་གསུམ་འཕགས་པ་ལམ་བརྟན་བཞུགས༔ ངོས་ཡངས་རི་ལ་སྡོམ་བརྩོན་ཀླུ་ཡི་སྡེ༔ རི་རྒྱལ་བྷི་ཧུ་ལ་ན་སྦེད་བྱེད་བཞུགསཿ གངས་རིའི་རྒྱལ་པོ་ལ་ནི་མི་ཕྱེད་པ༔ འཕགས་ཆེན་གནས་བརྟན་རྒྱལ་པོ་བཅུ་དྲུག་པོ༔ རེ་རེ་ཞིང་ཡང་དགྲ་བཅོམ་དུ་མས་བསྐོར༔ ཉན་ཐོས་ཚུལ་འཛིན་རྒྱལ་སྲས་ཕྲིན་ལས་སྐྱོང་༔ ཆོས་གསུངས་འགྲོ་དོན་མཛད་པས་ལེགས་སྐྱོབ་མཛད༔ མཁའ་ལྟར་ཁྱབ་
པའི་ཐུབ་དབང་འཕགས་ཚོགས་ལ༔ བདག་དང་མཁའ་མཉམ་འགྲོ་བ་མ་ལུས་ཀུན༔ ལུས་འདི་ཞིང་རྡུལ་མཉམ་པར་རབ་སྤྲུལ་ཏེ༔ རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ༈ རྩ་བ། །འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་མཆོད་པའི་བྱེ་བྲག་ཡོན་ཆབ་དང་༔ མེ་ཏོག་དང་༔ བདུག་སྤོས་དང་༔ མར་མེ་དང་༔ དྲི་ཆབ་དང་༔ ཞལ་ཟས་དང་༔ སིལ་སྙན་དང་༔ གདུགས་དང་བ་དན་ལ་སོགས་ཏེ་མཆོད་པའི་བྱེ་བྲག་དངོས་སུ་བཤམས་པ་དང་༔ ཡིད་ཀྱིས་རྣམ་པར་སྤྲུལ་པའི་ཚོགས་དང་༔ གཞན་ཡང་བཀོད་པའི་ཁྱད་པར་ཡིད་དུ་འོང་ཞིང་འོས་པ་རྣམས་ཀྱིས་ཉེ་བར་མཆོད་པར་བགྱིའོ༔ མེ་ཏོག་དམ་པ་སོགས་ནས། རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་། མཆོད་པའི་སྤྲིན་གྱི་གཟུངས་རོལ་མོ་དང་བཅས་པས་མཆོད་དོ། །འདོད་ཆགས་ཞེ་སྡང་སོགས་ནས། །བྱང་ཆུབ་ཕྱིར་བསྔོའོ། །ཞེས་པའི་བར་གྱིས་ཡན་ལག་ལྷག་མ་རྣམས་ཀྱང་བྱའོ། །གཉིས་པ་ནི། བཅོམ་རྩ་བ། ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཞབས་ལ་ཕྱག་འཚལ་ལོ༴ མཆོད་དོ༴ སྐྱབས་སུ་མཆིའོ༔ བྱིན་གྱིས་བརླབ་ཏུ་གསོལ༔ སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་དམ་པའི་ཆོས་སྐྱོང་ཞིང་ལྷ་མི་རྣམས་ཀྱི་བསོད་ནམས་ཀྱི་དཔལ་ཞིང་དུ་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་བཀའ་བསྒོས་ཏེ༔ མྱ་ངན་
ལས་མི་འདའ་བར་འཇིག་རྟེན་ན་མངོན་སུམ་དུ་བཞུགས་ཤིང་བཀའ་ལུང་གི་རྗེས་སུ་བསྒྲུབ་པར་འཕགས་པའི་ཚིག་ངེས་པས་ཞལ་གྱིས་བཞེས་པ༔ པྲི་ཡངྐུ་ཡི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་འཁོར་དགྲ་བཅོམ་པ་སྟོང་ཚིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༴ མཆོད་དོ༴ སྐྱབས་སུ་མཆིའོ༔ བྱིན་གྱིས་བརླབ་ཏུ་གསོལ༔ དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སོགས་ནས། ཞལ་གྱིས་བཞེས་པ༔ ཞེས་པའི་བར་རེ་རེ་བཞིན་དུ་མགོར་སྦྱར་བས། བྱ་རྒོད་ཕུང་པོའི་རི་ལ་འཕགས་པའི་གནས་བརྟན་ཆེན་པོ་ལམ་ཕྲན་བརྟན་འཁོར་དགྲ་བཅོམ་པ་སྟོང་དྲུག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༴ མཆོད་དོ་སོགས། ཤར་གྱི་ལུས་འཕགས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷྭ་ཛ་བསོད་སྙོམས་ལེན་འཁོར་དགྲ་བཅོམ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༴ མཆོད་དོ༴ ལྷའི་གནས་སུམ་ཅུ་རྩ་གསུམ་ན་འཕགས་པའི་གནས་བརྟན་ཆེན་པོ་ལམ་བརྟན་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ་ལོ༴ མཆོད་དོ༴ རི་ཡི་རྒྱལ་པོ་ངོས་ཡངས་ལ་འཕགས་པའི་གནས་བརྟན་ཆེན་པོ་ཀླུ་ཡི་སྡེ་འཁོར་དགྲ་བཅོམ་པ་སྟོང་དང་ཉིས་བརྒྱས་བསྐོར་ཏེ་
བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ རི་ཡི་རྒྱལ་པོ་བྷ་ཧུ་ལ་འཕགས་པའི་གནས་བརྟན་ཆེན་པོ་སྦེད་བྱེད་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ གངས་རིའི་རྒྱལ་པོ་ལ་འཕགས་པའི་གནས་བརྟན་ཆེན་པོ་མི་ཕྱེད་པ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ གངས་རི་ཆེན་པོ་ཏི་སེ་ལ་འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་འཁོར་དགྲ་བཅོམ་པ་སྟོང་སུམ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ དྲང་སྲོང་རིའི་ངོགས་ཤེལ་ནགས་ན་འཕགས་པའི་གནས་བརྟན་ཆེན་པོ་མ་ཕམ་པ་འཁོར་དགྲ་བཅོམ་པ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ རི་ནགས་ཀྱི་ངོགས་ལོ་མ་བདུན་པ་ཞེས་བྱ་བའི་རི་ཕུག་ན་འཕགས་པའི་གནས་བརྟན་ཆེན་པོ་ནགས་ན་གནས་འཁོར་དགྲ་བཅོམ་པ་སྟོང་བཞི་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ ཟངས་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་དུས་ལྡན་འཁོར་དགྲ་བཅོམ་པ་སྟོང་ཆིག་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ སིངྒ་ལའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་རྡོ་རྗེ་མོ་ཡི་བུ་འཁོར་དགྲ་བཅོམ་པ་སྟོང་གིས་བསྐོར་ཏེ་
བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ ཆུ་བོ་ཡ་མུ་ནཱའི་གླིང་ན་འཕགས་པའི་གནས་བརྟན་ཆེན་པོ་བཟང་པོ་ལ་འཁོར་དགྲ་བཅོམ་པ་སྟོང་ཉིས་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༔ ཁ་ཆེའི་ཡུལ་ན་འཕགས་པའི་གནས་བརྟན་ཆེན་པོ་གསེར་བེའུ་འཁོར་དགྲ་བཅོམ་པ་ལྔ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ ནུབ་ཀྱི་བ་གླང་སྤྱོད་ན་འཕགས་པའི་གནས་བརྟན་ཆེན་པོ་བྷ་ར་དྷཱ་ཛ་གསེར་ཅན་ལ་འཁོར་དགྲ་བཅོམ་པ་བདུན་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༴ བྱང་གི་སྒྲ་མི་སྙན་ན་འཕགས་པའི་གནས་བརྟན་ཆེན་པོ་བ་ཀུ་ལ་འཁོར་དགྲ་བཅོམ་པ་དགུ་བརྒྱས་བསྐོར་ཏེ་བཞུགས་པའི་ཞབས་ལ་དུས་ཐམས་ཅད་དུ་ཕྱག་འཚལ༔ འཕགས་པའི་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལ་ཕྱག་འཚལ༴ སྟོན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་ཏེ་འཇིག་རྟེན་སྐྱོང་བའི་ཚུལ་བཟུང་བ་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པ་ཆོས་སྲུང་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་རྣམས་ལ་ཕྱག་འཚལ་ལོ༴ མཆོད་དོ༴ སྐྱབས་སུ་མཆིའོ༔ བྱིན་གྱིས་བརླབ་ཏུ་གསོལ། ཅེས་སོ་སོར་ཕྱག་མཆོད་ཕུལ་བའི་མཐར། ཐུན་མོང་དུ། འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ༔ ཞེས་པའི་བར་གོང་དུ་སྨོས་པ་ལྟར་
ཡན་ལག་བདུན་པ་ཚང་བར་བྱ། །དེ་ནས་ཐུན་མོང་དུ་མཎྜལ་འབུལ་བ་ནི། ཨོཾ་ཨཱཿཧཱུྃ༔ དགོངས་འདུས་མཎྜལ་ལས་སོ། །བདེ་གཤེགས་སྤྲུལ་སྐུའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་དཔག་ཏུ་མེད་པ་ན༔ བཞུགས་པའི་རྒྱལ་བ་རྒྱ་མཚོ་ཐུབ་དབང་གསེར་མདོག་ཅན་དང་དེ་ཡི་སྲས༔ སྤྲུལ་པ་ཡང་སྤྲུལ་བགྲང་འདས་སེམས་དཔའ་ཆེ་དང་གནས་བརྟན་འཕགས་པའི་ཚོགས༔ རྒྱལ་ཆེན་བཞི་སོགས་གཙང་རིས་དཔལ་མགོན་དཀར་ཕྱོགས་སྐྱོང་བ་བཅས་རྣམས་ལ༔ རིན་ཆེན་འབྲུ་ཡི་ཚོགས་ཀྱིས་དངོས་སུ་འབྱོར་བཤམས་ཡིད་ཀྱིས་སྤྲུལ་ནས་ནི༔ གདལ་བ་ཆེན་པོ་གསེར་གྱི་ས་གཞི་སྤོས་ཆུའི་རྫི་ང་བུ་བཅས་པ་ཡི༔ རྒྱ་ཆེན་གནས་སུ་སྣ་ཚོགས་རིན་ཆེན་ལས་གྲུབ་རི་བོ་ཆེན་པོ་དང་༔ གླིང་དང་གླིང་ཕྲན་ཉི་ཟླ་ལྷ་མིའི་ཕོ་བྲང་ལྕགས་རི་མུ་ཁྱུད་བཅས༔ དེ་དག་རྣམས་སུ་མཛེས་ཤིང་ཡིད་འོང་བཀོད་པ་ཁྱད་པར་འཕགས་པ་ཇི་སྙེད་པ༔ དེ་སྙེད་རྣམས་ནི་བསོད་ནམས་ཡེ་ཤེས་ཚོགས་དང་དེ་འབྲས་ཐོབ་བྱའི་ཕྱིར༔ རྡུལ་གཅིག་སྟེང་ན་རྡུལ་སྙེད་ལུས་སུ་སྤྲུལ་ནས་གུས་པས་འབུལ་ལགས་ན༔ ཐུགས་རྗེས་བཞེས་ནས་འདོད་པའི་དོན་རྣམས་མྱུར་དུ་འགྲུབ་པར་མཛད་དུ་གསོལ༔ ཨོཾ་ཨཱཿཧཱུྃ་བྷ་ག་ཝཱན་ཤྲཱི་ཤཱཀྱ་མུ་ནི་མ་ཧཱ་སྠཱ་བཱི་ར་ས་པ་རི་ཝཱ་རེ་བྷྱཿམཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ༔ ཞེས་ཇི་ལྟར་ནུས་པ་དང་། ས་གཞི་སྤོས་ཆུས་བྱུགས་ཤིང་སོགས་བསྡུས་པའང་ཕུལ་ཏེ་གྲངས་གསོག་གོ། །ལྔ་པ་ནི། །
མེ་ཏོག་དང་བཅས་ཐལ་མོ་སྦྱར་ཞིང་འདུན་པ་རྩེ་གཅིག་པས། ཕྱོགས་རྩ་བ་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འཕགས་པ་ཉན་ཐོས་དང་༔ གནས་བརྟན་ཆེན་པོ་བཅུ་དྲུག་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ བདག་ཅག་ལ་སོགས་པའི་འགྲོ་བ་དཔག་ཏུ་མེད་པས་ལྷག་པའི་བསམ་པ་རྣམ་པར་དག་ཅིང་༔ བསམ་སྦྱོར་དད་ཅིང་གུས་པའི་སྒོ་ནས་ཁྱེད་རྣམས་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པ་དང་༔ མཆོད་པ་ཕུལ་བ་ལ་སོགས་པའི་དགེ་བའི་རྩ་བ་འདི་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་མེད་དུ་དར་ཞིང་རྒྱས་པར་མཛད་དུ་གསོལ༔ དགོངས་འདུས་བུམ་སྒྲུབ་ལས་སོ། །བསྟན་པ་འཛིན་སྐྱོང་སྤེལ་བར་མཛད་པའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་ལ་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་གང་ཡང་མི་འབྱུང་ཞིང་༔ སྐུ་ཚེ་དང་ཕྲིན་ལས་ཐམས་ཅད་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ༔ དེ་དག་གི་ཐུགས་རྗེ་དང་ནུས་པ་ལ་བརྟེན་ནས་སེམས་ཅན་རྣམས་ཀྱི་ལས་དང་ཉོན་མོངས་པ་ལ་སོགས་པའི་ཉེས་ལྟུང་དང་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་ནས་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཐོབ་པར་མཛད་དུ་གསོལ༔ སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དཔག་ཏུ་མེད་
པ་འབྱུང་བར་མཛད་དུ་གསོལ༔ ཡུལ་རིས་དང་རྒྱལ་ཁམས་སུ་ཡང་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཞི་ནས་བཀྲ་ཤིས་དང་བདེ་ལེགས་དཔལ་འབྱོར་ཕུན་སུམ་ཚོགས་པ་དང་ལྡན་པར་མཛད་དུ་གསོལ༔ བྱེ་བྲག་ཏུ་ཡང་བདག་དང་སྦྱིན་པའི་བདག་པོ་འཁོར་དང་བཅས་པའི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་ཉེ་བར་ཞི་བར་མཛད་དུ་གསོལ༔ ཚེ་དང་བསོད་ནམས་དཔལ་དང་ལོངས་སྤྱོད་དགེ་ལེགས་ཀྱི་ཡོན་ཏན་ལྡན་འབྲས་ཐམས་ཅད་སྨིན་ནས་དར་ཞིང་རྒྱས་པར་མཛད་དུ་གསོལ༔ ཕ་རོལ་མི་དང་མི་མ་ཡིན་པའི་གནོད་གདུག་བསམ་སྦྱོར་ངན་པས་འཚེ་བར་བྱེད་པ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ༔ ཁྱད་པར་དུ་ཡང་བདག་ཅག་གིས་ཇི་ལྟར་གསོལ་ཞིང་བསམ་པའི་དོན་ཐམས་ཅད་ཆོས་དང་ལྡན་པ་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ༔ ཞེས་སྤྱིར་འདོད་པའི་དོན་ལ་གསོལ་བ་གདབ་པ་དང་། ཁྱད་པར་ཇོ་ཤཱཀ་རྣམ་གཉིས་དངོས་སམ། རང་རང་གི་གཙུག་ལག་ཁང་སོགས་སུ་བཞུགས་པའི་ཐུབ་དབང་གཙོར་གྱུར་སྐུ་གསུང་ཐུགས་རྟེན་རྣམས་ལ་དམིགས་ཏེ། ལྷ་རྩ་བ་དང་མི་ཐམས་ཅད་ཀྱི་འདྲེན་པའི་གཙུག་རྒྱན་དམ་པར་གྱུར་པ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ༔ ཤཱཀྱའི་རྒྱལ་པོའི་གདུང་ཚབ་ཏུ་གྱུར་པ་འདི་ཉིད་འགྲོ་བ་ཐམས་ཅད་ཀྱི་དཔལ་
དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར་གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པར་མཛད་དུ་གསོལ༔ གཞན་ཡང་དེ་དག་དང་༔ སྐུ་དང་གསུང་དང་༔ ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རྟེན་མཆོག་ཁྱད་པར་ཅན་རྣམས་ཀྱང་འགྲོ་བ་ཐམས་ཅད་ཀྱི་དཔལ་དང་མགོན་དང་སྐྱབས་གནས་དམ་པར་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་འབྱུང་བའི་གནོད་པས་མི་ཚུགས་པར་གནས་འདི་ཉིད་དུ་བརྟན་པར་བཞུགས་པར་མཛད་དུ་གསོལ༔ བཞུགས་ནས་ཀྱང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་འཚལ་བ་དང་༔ མཆོད་པ་འབུལ་བ་དང་༔ གསོལ་བ་གདབ་པའི་དམིགས་ཡུལ་དུ་གྱུར་ཅིང་འདྲེན་པ་དམ་པར་མཛད་དུ་གསོལ༔ དེ་དག་ཐམས་ཅད་ཀྱི་མཐུ་དང་༔ སྟོབས་དང་༔ ནུས་པ་དང་༔ བསོད་ནམས་ཀྱི་དཔལ་ལ་བརྟེན་ནས༔ འབྱུང་བ་མེ་དང་ཆུའི་གནོད་པ་དང་༔ འཚེ་བ་ཐམས་ཅད་ཞི་བར་གྱུར་ཅིག༔ ཅེས་བདུན་པ་དྲག་པོ་དང་ལྡན་པས་བརྟན་བཞུགས་བྱ་ཞིང་མེ་ཏོག་འཐོར༔ གཞུང་དུ་མ་གསུངས་ཀྱང་ཞར་བྱུང་གཟུངས་བཟླ་བར་སྤྲོ་ན། ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས༔
བདག་དང་སེམས་ཅན་ཐམས་ཅད་ལ་ཕོག་པས་སྡིག་སྒྲིབ་ཐམས་ཅད་སྦྱངས། ཚེ་བསོད་དཔལ་འབྱོར་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་ཤིང་བྱིན་གྱིས་བརླབས་པར་གྱུར། །ཅེས་བརྗོད་ཅིང་བསམས་ལ། ཨོཾ་ན་མོ་བྷ་ག་ཝ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྒ་ཏེ་སཾམྱ་ཀཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་དང་། བརྟན་བཞུགས་ཀྱི་སྔགས། ཨོཾ་ཡེདྷརྨཱཿཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ་ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དཱི་མ་ཧཱ་ཤྲ་མ་ཎཱ་ཡ་སྭཱ་ཧཱ། ཞེས་པའང་བཟླའོ། །ཡང་མཆོད་ཆོག་གི་དཀྱུས་སུ་མི་དགོས་ཀྱང་། སྐབས་འགའ་ཞིག་ཏུ་རང་གཞན་ལ་ཕན་གདགས་པའི་སླད་གཟུངས་བུམ་བསྒྲུབ་པར་སྤྲོ་ན། སྦྱོར་བའི་སྐབས་རང་གི་མདུན་སོགས་གང་བདེར་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དང་བཅས་པ་བཤམ། དངོས་གཞིའི་བཟླས་པའི་མཇུག་ཏུ། སླར་ཡང་སྟོན་པ་འཁོར་དང་བཅས་པའི་སྐུའི་ཆ་ཐམས་ཅད་ནས་འོད་ཟེར་དཔག་ཏུ་མེད་པ་བྱུང་། བུམ་པའི་གཟུངས་ཆབ་ལ་ཐིམ་པས་རེག་པ་ཙམ་གྱིས་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། དཔལ་དང་བདེ་ལེགས་ཐམས་ཅད་སྐྱེད་པའི་ནུས་པ་དང་ལྡན་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་གཟུངས་གཉིས་ཇི་ལྟར་རིགས་པ་བཟླ། རྗེས་དེ་ལྟར་བྱིན་གྱིས་བརླབས་པའི་ཆུས་སྐུ་གསུང་ཐུགས་ཀྱི་རྟེན་དང་གཙུག་ལག་ཁང་། ཡུལ་གྲུ་སོགས་ལ་ཁྲུས་གསོལ་བ་དང་། རང་གཞན་གྱིས་ཁོང་དུ་བཏུང་བ་དང་། ཁྲུས་བགྱིས་པས་མི་མཐུན་པའི་ཕྱོགས་ཞི་ཞིང་ཕན་བདེའི་དགེ་མཚན་རྒྱས་པར་འགྱུར་ལ། སེམས་ཅན་གང་
ཤི་བའི་རུས་བུ་དང་དུར་ཁྲོད་སོགས་ལ་གཏོར་བས་སྡིག་སྒྲིབ་དག་ཅིང་། མཐོ་རིས་དང་། ཐར་པའི་གོ་འཕང་ཐོབ་པ་སོགས་ཕན་ཡོན་དཔག་ཏུ་མེད་པར་གསུངས་སོ། །གསུམ་པ་རྗེས་ལ། གཏང་རག་འབུལ་ཞིང་ནོངས་པ་བཤགས། བརྟན་བཞུགས་བསྔོ་སྨོན་ཤིས་པ་བརྗོད། །ཅེས་ལྔ་ལས། དང་པོ་ལ་གཉིས། གཏོར་མ་འབུལ་བ་དང་། ཕྱག་མཆོད་བྱ་བའོ། །དང་པོ་ནི། གཏོར་མ་རྣམས་ལ་ཆབ་གཙང་མི་བྲན། དཀོན་མཆོག་གསུམ་གྱི་བདེན་པ་དང་། །སངས་རྒྱས་བྱང་སེམས་བྱིན་རླབས་དང་། །ཚོགས་གཉིས་རྫོགས་པའི་མངའ་ཐང་དང་། །ཆོས་དབྱིངས་རྣམ་དག་བདེན་སྟོབས་ཀྱིས། །མཁའ་ཁྱབ་མགྲོན་རྣམས་མཉེས་བྱེད་པའི། །མཆོད་གཏོར་བདུད་རྩིའི་རྒྱ་མཚོ་ཆེ། །འདོད་པའི་ཡོན་ཏན་ལྔ་ལྡན་པ། །མི་ཟད་ནམ་མཁའི་མཛོད་གྱུར་ཅིག །ཅེས་པས་བརླབས་ལ། གཏོར་མ་དང་པོ། ཨོཾ་གུ་རུ་ཤཱཀྱ་མུ་ནི་ཏྲ་རཏྠ་ས་པ་རི་ཝཱ་ར་ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་ཧཱུྃ། །ཞེས་ལན་བདུན་ནམ་གསུམ་གྱིས་ཕུལ། ཨོཾ་བཛྲ་ཨརྒྷཾ་ནས། ཤཔྟ་པྲ་ཏཱིཙྪ་སྭཱ་ཧཱ། །ཞེས་པས་མཆོད། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །བླ་མ་དཀོན་མཆོག་གསུམ་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་འདོད་དོན་གསོལ། དེ་བཞིན་དུ་གཉིས་པ། །ཨོཾ་མ་ཧཱ་སྠཱ་བཱི་ར་ས་པ་རི་ཝཱ་ར་ན་མསྶརྦ་སོགས་གསུམ་དང་། ཨོཾ་བཛྲ་ཨརྒྷཾ་སོགས། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །འཕགས་ཚོགས་འཁོར་དང་བཅས་
ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །ཕན་བདེའི་ཕྲིན་ལས་མཛད་དུ་གསོལ། །གསུམ་པ། ཨོཾ་དྷརྨ་པཱ་ལ་ཤཱི་ནཱ་ཐ་ས་པ་རི་ཝཱ་ར་སོགས་གསུམ་དང་། ཨོཾ་བཛྲ་ཨརྒྷཾ་སོགས། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །ཆོས་སྐྱོང་དཔལ་མགོན་ཚོགས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་ཀྱང་། །འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། བཞི་པ། ཨོཾ་བྷུ་མི་པ་ཏི་ས་པ་རི་ཝཱ་ར་ན་མ་སྶརྦ་སོགས་གསུམ་དང་། དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་བྲལ་བ་ལ་ཕྱག་འཚལ་ལོ། །ཞེས་མཚན་བཞི་བརྗོད། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །གནས་བདག་གཞི་བདག་ཚོགས་ལ་འབུལ། །ནད་གདོན་ཉེར་འཚེ་ཞི་བ་དང་། །དམ་ཆོས་བསྒྲུབ་པའི་སྟོང་གྲོགས་མཛོད། །ལྔ་པ་ནི། ཨོཾ་སརྦ་ག་ཏི་ཥཀྵ་ལ་ན་མསྶརྦ་སོགས་ལན་གསུམ་དང་། མཚན་བཞི། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །རིགས་དྲུག་སྙིང་རྗེའི་མགྲོན་ལ་སྦྱིན། །སོ་སོའི་སྡུག་བསྔལ་ཀུན་བྲལ་ནས། །ཕན་བདེའི་དཔལ་གྱིས་འཚོ་བར་ཤོག །དྲུག་པ། ཨོཾ་སརྦ་བིགྷཱན་ན་མསྶརྦ་སོགས་ལན་གསུམ་དང་། མཚན་བཞི། གཏོར་མ་བདུད་རྩིའི་རྒྱ་མཚོ་འདི། །བགེགས་རིགས་ལན་ཆགས་མགྲོན་ལ་བསྔོ། །
གནོད་འཚེའི་བསམ་སྦྱོར་ཀུན་ཞི་ནས། །བྱང་ཆུབ་སེམས་དང་ལྡན་པར་ཤོག །ཅེས་བསྔོ། བདག་གི་བསམ་པའི་སྟོབས་དག་དང་། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །འཕགས་པ་རྣམས་ལ་མཆོད་པ་དང་། །སེམས་ཅན་ཀུན་ལ་ཕན་གདགས་སླད། །དོན་རྣམས་གང་དག་བསམ་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པར། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་དོ། །གཉིས་པ་ནི། མཆོད་པ་ཞལ་གསོས་ལ། ན་མོ་རཏྣ་སོགས་མཆོད་པའི་སྤྲིན་གྱི་གཟུངས་བརྗོད་པས་རྒྱས་པར་སྤེལ། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ། ཞེས་ཡན་ལག་བདུན་པ་ཚར་བར་བྱས་རྗེས་ཐལ་མོ་སྦྱར་ཏེ། ཐུབ་དབང་གནས་བརྟན་དགྲ་བཅོམ་དང་། །འཇིག་རྟེན་སྐྱོང་རྣམས་དགོངས་སུ་གསོལ། དགོངས་འདུས་གཟུངས་སྒྲུབ་ལས་སོ། །བདག་ཅག་ལྷག་བསམ་དག་པའི་མཐུས༔ འགྲོ་བ་རྣམས་ཀྱི་དོན་སླད་དུ༔ རྒྱལ་བ་འཁོར་འགྲོ་རྣམས་བདེ་ཞིང་སྐྱིད་པ་དང་༔ བཅས་མཆོད་སོགས་པ༔ ལུས་ངག་ཡིད་ཀྱིས་བགྱིས་པ་ཡི༔ དགེ་བའི་རྩ་བ་འདི་དག་གི༔ མཐུ་དང་ནུས་པ་བྱིན་རླབས་ཀྱིས༔ སངས་རྒྱས་བསྟན་པ་དར་བ་དང་༔ འགྲོ་རྣམས་བདེ་ཞིང་སྐྱིད་པ་དང་། ཡུལ་རིས་རྒྱལ་ཁམས་བདེ་བ་དང་༔ བདག་དང་རྒྱུ་སྦྱོར་ཡོན་བདག་གི༔ མི་མཐུན་ཕྱོགས་རྣམས་ཞི་ནས་ནི༔ ལུས་ངག་ཡིད་
གསུམ་བདེ་བ་དང་༔ བསམ་དོན་ཆོས་བཞིན་འགྲུབ་མཛད་གསོལ༔ ཁྱད་པར་རྒྱལ་བའི་གསང་གསུམ་རྟེན༔ ཇི་སྲིད་འཁོར་བ་མ་སྟོངས་པར༔ འགྲོ་ཀུན་དཔལ་མགོན་སྐྱབས་གནས་སུ༔ མི་འགྱུར་བརྟན་པར་བཞུགས་སུ་གསོལཿ བཞུགས་ནས་སེམས་ཅན་ཐམས་ཅད་ཀྱི༔ ཕྱག་མཆོད་འབུལ་བའི་ཡུལ་གྱུར་ནས༔ སྲིད་དང་ཞི་བའི་དགེ་མཚན་དང་༔ ལེགས་ཚོགས་རྒྱས་པའི་བཀྲ་ཤིས་སྩོལ༔ ཅེས་སྤྱི་དང་ཁྱད་པར་གྱི་འདོད་པའི་དོན་ལ་གསོལ་བ་གདབ་བོ། །གཉིས་པ་ནི། །ཐལ་མོ་སྦྱར་བས་བཏུད་དེ། བདག་ཅག་དགོངས་འདུས་ལས་བྱང་ཚངས་སྒྲ་ལས་སོ་ཞེས་བཟོད་པར་གསོལ། གསུམ་པ་ནི། མ་རིག་ལུས་ངག་ཡིད་གསུམ་གྱིས༔ མ་འབྱོར་པ་དང་ཉམས་པ་ཅི་མཆིས་པ༔ ཐུབ་དབང་འཕགས་ཚོགས་འཁོར་བཅས་སྤྱན་སྔ་རུ༔ གནོང་ཞིང་འགྱོད་པའི་སེམས་ཀྱིས་རབ་ཏུ་བཤགསཿ ཕྱོགས་དགོངས་འདུས་རབ་གནས་ལས་སོ་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཇི་སྲིད་ནམ་མཁའི་མཐའ་ཀླས་པར་གྱུར་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པ་མ་ཐོབ་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ༔ བྱེ་བྲག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་འདི་རྣམས་ལའང་ཇི་སྲིད་འབྱུང་བ་ཆེན་པོ་བཞིའི་གནོད་པས་ཞིག་པར་མ་གྱུར་གྱི་བར་དུ་སེམས་ཅན་གྱི་དོན་ལ་དགོངས་ནས་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ཀྱི་མགོན་དང་སྐྱབས་དང་དཔུང་གཉེན་དམ་པར་མཛད་དུ་གསོལ༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ཞེས་དང་། ཡེ་དྷརྨཱ་བརྗོད་ཅིང་མེ་ཏོག་འཐོར་བས། བདེ་བར་གཤེགས་པ་ཐམས་ཅད་ཀྱི་མཁྱེན་པ་དང་༔ ཐུགས་རྗེའི་བྱིན་རླབས་ཐམས་ཅད་འོད་ཀྱི་ཚུལ་དུ་འདུས་ཏེ་རྟེན་དེ་ལ་ཐིམ་པས༔ རྟེན་དེ་སྟོན་པ་དངོས་སུ་བཞུགས་པ་དང་འདྲ་བར་གྱུར་ཏེ་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་ལ་བཞུགས་པར་གྱུར་པར་བསམ་མོ། རྟེན་མེད་ན། ཡེ་ཚངས་སྒྲ་ལས་སོ་ཤེས་ལྷ་ཚོགས་གནས་འདིར་བྱོན་པ་ལེགས༔ བདག་སོགས་འགྲོ་རྣམས་བསོད་ནམས་སྐལ་བར་ལྡན༔ དམིགས་མེད་སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་༔ སླར་ཡང་ཐུགས་རྗེས་འབྱོན་པར་མཛད་དུ་གསོལ༔ ཞེས་གཤེགས་སུ་གསོལ། འཇིག་རྟེན་པ་རྣམས་རང་གནས་སུ་སོང་བར་བསམ། བཞི་པ་ནི། དགོངས་འདུས་ལས་བྱང་མེ་ཏོག་ཕྲེང་མཛེས་ལས་སོ། །ཆོས་ཀྱི་དབྱིངས་ཀྱི་ངང་ལས་རྒྱུན་བྱུང་བ༔ དམིགས་བཅས་དམིགས་མེད་ཟུང་འཇུག་དགེ་བའི་ལས༔ འདིས་མཚོན་བདག་གཞན་བྱ་བྱེད་ཡི་རང་སོགས༔ བླ་མེད་ཐེག་པ་ཆེན་པོར་བསྔོ་བར་བགྱི༔ བདག་དང་མཐའ་ཡས་འགྲོ་བ་མ་ལུས་ཀུན༔ དགེ་བའི་རྩ་བ་འདི་ལ་བརྟེན་ནས་ནི༔
ཚེ་རབས་ལས་ཀྱི་སྡིག་སྒྲིབ་ཡོངས་བྱང་ནས༔ ཟབ་ཡངས་ཆོས་མཛོད་ཀློང་དུ་གྲོལ་བར་ཤོག༔ ཕྱོགས་དགོངས་འདུས་ཕྱག་འཚལ་ལས་སོ་དང་དུས་དང་གནས་སྐབས་ཐམས་ཅད་དུ༔སངས་རྒྱས་བསྟན་པ་དར་ཞིང་རྒྱས་པ་དང་༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པ་དང་༔ ཉིན་མཚན་རྟག་ཏུ་ཆོས་ལ་སྤྱོད་པ་དང་༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ ཅེས་དང་། སྤྲོ་ཞིང་ནུས་ན་བཟང་པོ་སྤྱོད་པའི་སྨོན་ལམ་ལ་སོགས་པའི་སྨོན་ལམ་རྒྱ་ཆེར་གདབ་བོ། །ལྔ་པ་ནི། ཡེ་དྷརྨ་སོགས་དང་། ཨོཾ། སློབ་དཔོན་རིན་པོ་ཆེ་དྷཱ་ན་ཀོ་ཥའི་རྒྱ་མཚོར་འཁྲུངས་པའི་ཚེ་ཕྱོགས་བཅུའི་སངས་རྒྱས་ཀྱིས་ཤིས་པ་བརྗོད་པ། ཕུན་སུམ་ཚོགས་པ་ཕྱི་ཡི་ཡིད་བཞིན་རྒྱ་མཚོ་འདྲ༔ ཕྱོགས་གྱུར་ཀུན་ནས་གང་ལ་ཅི་འཚམས་སྟོབས་འབེབས་ཤིང་༔ ཐམས་ཅད་མཁྱེན་པ་འགྲོ་བའི་རེ་བ་སྐོང་མཛད་པའི༔ སངས་རྒྱས་པདྨའི་འདབ་འདྲ་རྒྱས་པའི་བཀྲ་ཤིས་ཤོག མི་མཇེད་འཇིག་རྟེན་གསེར་གྱི་ས་གཞི་བརྡལ་བ་ལ༔ གླིང་བཞི་རི་རབ་ལྕགས་རི་མུ་ཁྱུད་དཔལ་མངའ་བ༔ བསྟན་གཉིས་ཉི་ཟླ་ཟུང་ཅིག་བསྐོང་བ་བྱེད་པ་ཡིས༔ འགྲོ་ཀུན་མ་རིག་མུན་པ་སེལ་བའི་བཀྲ་ཤིས་ཤོག༔ འཁོར་ལོས་སྒྱུར་རྒྱལ་འཇིག་རྟེན་བདེ་བའི་སྟོབས་མངའ་ཞིང་༔ སེམས་ཅན་ཐམས་ཅད་དགའ་བར་བགྱིད་པའི་འོད་འཕྲོ་བས༔ བསྐལ་པ་བཟང་པོ་གཟུགས་བཟང་བ་དང་སྤོབས་པར་
ལྡན༔ ཆོས་ཀུན་དར་བས་སྐྱེ་རྒུ་ཞི་བའི་བཀྲ་ཤིས་ཤོག ཚེ་རིང་འབྱོར་ལྡན་ལོངས་སྤྱོད་བསོད་ནམས་དགེ་ལེགས་དཔལ༔ དགེ་འདུན་ཤེས་གསུམ་ལྡན་པ་བསྟན་པའི་གངས་ཅན་མཚོ༔ ཕྱོགས་བཅུ་ཀུན་ནས་མཆོག་དང་ཐུན་མོང་གཉིས་འདུ་བ༔ འཇིག་རྟེན་གསུམ་གྲགས་ལྷ་མིས་མཆོད་པའི་བཀྲ་ཤིས་ཤོག༔ ཅེས་དང་། གཞན་ཡང་། གནས་འདིར་ཉིན་མོ་བདེ་ལེགས་སོགས་བརྗོད་ཅིང་མེ་ཏོག་གི་ཆར་ཕབ་པས་དགེ་ལེགས་སུ་བྱའོ། །སྐབས་འགའ་ཞིབ་ཏུ་རྒྱས་པར་སྤྲོ་ན། བྱེ་བྲག་གི་ཕྱག་མཆོད་སྐབས། ཐུབ་དབང་། གནས་བརྟན། དྷརྨ་ཏཱ། རྒྱལ་ཆེན་བཅས་སོ་སོའི་ཕྱག་མཆོད་རེ་རེ་བཞིན་གྱི་མཐར། འཕགས་པའི་ཚོགས་དེ་རྣམས་ཀྱི་སྤྱན་སྔར་སོགས་ནས། བྱང་ཆུབ་ཕྱིར་བསྔོའོ༔ ཞེས་པའི་བར་ཡན་ལག་བདུན་པ་ཚང་བ་དང་། མཎྜལ་འབུལ་ཞིང་། དེ་ལས་ཀྱང་སྤྲོ་ན། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། སྟོན་པ་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བདག་ཅག་ལ་སོགས་པའི་འགྲོ་བ་སོགས་ནས། ཞི་བར་གྱུར་ཅིག ཅེས་པའི་བར་དང་། དེ་བཞིན་དུ། འཕགས་པའི་གནས་བརྟན་ཆེན་པོ་སྒྲ་གཅན་འཛིན་འཁོར་དང་བཅས་པ་ཐམས་ཅད་བདག་ལ་དགོངས་སུ་གསོལ༔ ཅེས་སོགས་སོ་སོའི་ཕྱག་མཆོད་ཀྱི་མཐར་མཚན་རེ་རེ་ནས་སྨོས་ཏེ་འདོད་པའི་དོན་
ལ་གསོལ་གདབ་རྣམས་བྱ་ཞིང་། རྗེས་ཆོག་གི་ཕྱག་མཆོད་ཀྱི་རྗེས་སུའང་གོང་ལྟར་ཐུན་མོང་དུ་གསོལ་འདེབས་རྒྱས་པར་བྱའོ། །ཡང་ཅུང་ཟད་བསྡུས་པ་ལ་མོས་ན། སྤྱན་འདྲེན་གྱི་སྐབས་སུ། མ་ལུས་སེམས་ཅན་སོགས་བློ་ཀ་གསུམ་གྱི་མཐར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་༔ ཞེས་སོགས་སྦྲེལ་ལ་སྙན་གསན་དབབ་པ་བཞག་པས་ཀྱང་རུང་ངོ་། དེ་ལྟར་དུས་དང་རྒྱུན་དུ་བརྩོན་པའི་ཕན་ཡོན་ཀྱང་། སྤྱིར་དཀོན་མཆོག་གསུམ་གྱི་རྟེན་ཡུན་རིང་དུ་གནས་པ་དང་། དམ་པའི་ཆོས་ཀྱི་བཤད་སྒྲུབ་དར་བ་དང་། འཕགས་པའི་དགེ་འདུན་གྱི་སྡེ་འཕེལ་བ་དང་། རང་རང་གི་ཚུལ་ཁྲིམས་དག་ཅིང་ཐོས་བསམ་སྒོམ་སྒྲུབ་འཕེལ་བ་དང་། ནད་གདོན་སོགས་ཕྱི་ནང་གི་བར་དུ་གཅོད་པ་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་རྒྱས་པ་དང་། འགྲོ་བ་རྣམས་དད་ཅིང་འདུན་པ་དང་། འཇིག་རྟེན་དུ་དགེ་ལེགས་རྒྱ་ཆེན་པོ་འབྱུང་བ་སོགས་མདོར་ན་ཆོས་དང་མཐུན་པའི་བསམ་སྦྱོར་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་ཞིང་། ཁྱད་པར་གཞུང་ལས། དེ་ལྟར་དུས་ཐམས་ཅད་དུ་བརྩོན་འགྲུས་དང་ལྡན་པས་བྱས་ན་ཆུ་བོ་ཆེན་པོའི་གནོད་པ་ཟློག་སྟེ༔ ར་སའི་གཙུག་ལག་ཁང་སོགས་པའི་རྟེན་རྣམས་ཀྱང་༔ འགྲོ་བ་སེམས་ཅན་གྱི་དོན་དུ་ཡུན་དུ་བཞུགས་པར་འགྱུར་རོ༔ ཞེས་ཇི་སྐད་གསུངས་པ་ལྟར། གངས་ཅན་ཕན་བདེའི་རྩ་ལག་ཇོ་ཤཱཀ་རིན་པོ་ཆེ་རྣམ་པ་གཉིས་དང་། ཐུགས་རྗེ་ཆེན་པོ་རང་བྱོན་ལྔ་ལྡན་ལ་སོགས་པ་རྟེན་ཁྱད་པར་ཅན་རྣམས་ལ་ཚུལ་འདི་ལྟ་བུའི་སྒོ་ནས་བརྟན་བཞུགས་ཕུལ་ན་འབྱུང་བ་ཆེན་པོའི་གནོད་པ་ཐམས་ཅད་ཞི་ཞིང་། ཡུན་རིང་དུ་བཞུགས་པ་ལ་བརྟེན་ནས་བོད་ཁམས་
བསྟན་འགྲོའི་ལེགས་ཚོགས་ཐམས་ཅད་རྒྱས་པར་འགྱུར་བ་ནི་ངེས་པའོ། །ཞེས་པའང་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་གཏེར་གཞུང་རྩ་བ་སོར་བཞག་ལ། རིགས་མཐུན་རྡོ་རྗེའི་གསུང་གི་མཚམས་སྦྱོར་ཅི་རིགས་པ་དང་། བཅས་ཏེ་བཀླགས་པས་གྲུབ་པར་བསྡེབས་པའི་དགེ་བས་བསྟན་པ་དང་སེམས་ཅན་གྱི་དོན་མཐའ་ཡས་པ་འབྱུང་བའི་རྒྱུར་གྱུར་ཅིག། །།སརྦ་དཱ་ཐེ་ཡོ་བྷ་བ་ཏུ།། །།
ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་གདབ་པའི་ཚུལ་མདོར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་།
ཐུབ་དབང་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་མཆོད་ཅིང་གསོལ་བ་གདབ་པའི་ཚུལ་མདོར་བསྡུས་པ་བསོད་ནམས་སྤྲིན་གྱི་རྔ་གསང་ཞེས་བྱ་བ་བཞུགས་སོ།
ན་མོ་མུ་ནཱེ་ནྡྲ་སྠ་བི་རེ་བྷྱ༔ ཐུབ་དབང་གནས་བརྟན་འཁོར་བཅས་ལ། །མཆོག་ཏུ་གུས་པས་ཕྱག་བགྱིས་ནས། །གང་དེའི་མཆོད་པའི་ཐབས་ཚུལ་ནི། །བསོད་ནམས་སྤྲིན་གྱི་རྔ་གསང་འཁྲོལ། །འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་དབེན་ཞིང་བཀོད་པ་མཛེས་པར། རྟེན་གྱི་གང་ཟག་ཁས་བླངས་པའི་ཚུལ་ཁྲིམས་དག་ཅིང་ཁྲུས་དང་གཙང་སྦྲ་ལ་གནས་པས། ཐུབ་དབང་གནས་བརྟན་འཁོར་བཅས་གྱི་སྣང་བརྙན་སོགས་དཀོན་མཆོག་གསུམ་གྱི་རྟེན་དགྲམས་པའི་འདུན་སར། སྟེགས་ཀྱི་དབུས་སུ་མཎྜལ་པདྨ་འདབ་མ་བཅུ་དྲུག་པ་གྲུ་བཞི་སྒོ་བཞི་པར། ལྷ་གྲངས་དང་མཐུན་པར་བཞུགས་གནས་མཚོན་བྱེད་དུ་ཚོམ་
བུ་རེ་བཀོད། དེའི་མདུན་དུ་མཆོད་པའི་མཎྜལ་དང་མཆོད་པ་སྣ་ལྔ་ཚར་ཉེར་གཅིག་སོགས་ཇི་ལྟར་འབྱོར་བ་དང་། རྒྱལ་ཆེན་བཞི་ལ་གཏོར་མ་རེ་རེའམ་བསྡུ་ན་གཅིག་དང་། སྤྲོ་ན་ཕྱོགས་སྐྱོང་དང་གཞི་བདག་སོགས་ལའང་གཏོར་མ་རེ་རེ་བཤམས། དེ་ནས་སྟན་བདེ་བ་ལ་འཁོད་དེ། ངེས་འབྱུང་དང་བྱང་ཆུབ་སེམས་ཀྱིས་རྒྱུད་སྦྱང་བ་སྔོན་དུ་འགྲོ་བས། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །ཞེས་སོགས་སྐྱབས་སེམས་རྒྱས་བསྡུས་ཇི་ལྟར་རིག་པ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམ། གནས་དང་ཡོ་བྱད་རྣམས་ལ་དམིགས་ཏེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་
དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངར་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་འཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་པ་གྲུ་བཞི་པ། སྒོ་བཞི་པ། རིན་པོ་ཆེ་སྣ་ཚོགས་ཀྱི་ཁམས་ལས་གྲུབ་ཅིང་། ཡོ་བྱད་སྣ་ཚོགས་པས་ཡོངས་སུ་གང་བ། དེའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བའི་གདན། མཐའ་སྐོར་དུ་པདྨའི་གདན་བཅུ་དྲུག །ཤར་སྒོའི་ནང་དུ་ལྷག་ཅིག་དང་བཅས་པའི་སྒོ་བཞིར་རིན་པོ་ཆེའི་གདན་དང་བཅས་པ་ཕྱི་ནང་ཐམས་ཅད་དུའང་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་བསམ་གྱིས་མི་ཁྱབ་ཅིང་རྒྱུན་མི་འཆད་པར་འབྱུང་བར་གྱུར་ཅིག །ཅེས་བདེན་པའི་སྟོབས་དང་། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་དང་བཅས་པས་བྱིན་གྱིས་བརླབས། དེ་ནས་སྤོས་བཏུལ་ཞིང་འདུན་པ་རྩེ་གཅིག་པས། ལག་མཐིལ་ལྟར་མཉམ་རིན་ཆེན་རྒྱན་གྱིས་སྤྲས། །ཅེས་སོགས་ནས། འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཅེས་སྤྱན་དྲངས་པས། རང་
བཞིན་གྱི་གནས་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་སྟོན་པ་ཤཱཀྱའི་རྒྱལ་པོ་འཁོར་གནས་བརྟན་ཆེན་པོ་བཅུ་དྲུག་དང་། ཕྱི་བཞིན་འབྲང་བ་དགེ་བསྙེན་དྷརྨ་ཏཱ་ལ། རྒྱལ་པོ་ཆེན་པོ་སྡེ་བཞི་དང་བཅས་པ་ཚད་མེད་པའི་ཐུགས་རྗེ་ཆེན་པོ་དང་། རྫུ་འཕྲུལ་གྱི་མཐུ་ཐོགས་པ་མེད་པར་བྱོན་ཏེ་བྱིན་གྱིས་བརླབས་པའི་ཕོ་བྲང་གི་ནང་དུ་དགྱེས་བཞིན་དུ་བཞུགས་པ་ནི། དབུས་སུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་ལྷུན་པོ་ལ་ཉི་མ་ཤར་བ་ལྟར་རབ་ཏུ་དྭངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོ་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོས་བརྒྱད་ཅུས་སྤྲས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པ། ཐུགས་ཏིང་ངེ་འཛིན་བརྒྱ་ཕྲག་དུ་མ་ལ་སྙོམས་པར་འཇུག་པ། ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ། ན་བཟའ་ཆོས་གོས་རྣམ་གསུམ་ངུར་སྨྲིག་ཏུ་གསོལ་བ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ཕྱི་རོལ་གྱི་པདྨ་རྣམས་ལ་ཤར་ནས་རིམ་པ་བཞིན་དུ་གཡས་བསྐོར་གྱིས། འཕགས་པའི་གནས་བརྟན་ཆེན་པོ་ཡན་ལག་འབྱུང་རཕྱག་གཉིས་ཐལ་མོ་སྦྱར་བའི་དབུས་ན་སྤོས་ཕོར་དང་། མཆན་ཁུང་གཡོན་ན་རྔ་ཡབ་འཛིན་པ། གནས་བརྟན་ཆེན་པོ་མ་
ཕམ་པ་༩ཕྱག་གཉིས་མཉམ་པར་གཞག་པ། གནས་བརྟན་ཆེན་པོ་ནགས་༡༠ན་གནས་གཡས་ཞི་བའི་སྡིགས་མཛུབ་མཛད་ཅིང་། གཡོན་རྔ་ཡབ་འཛིན་པ། གནས་བརྟན་ཆེན་པོ་དུས་༡༡ལྡན་ཕྱག་གཉིས་ཀྱིས་གསེར་གྱི་རྣ་ཀོར་འཛིན་པ། གནས་བརྟན་ཆེན་པོ་རྡོ་རྗེ་༡༢མོའི་བུ་གཡས་སྡིག་མཛུབ་དང་། གཡོན་རྔ་ཡབ་འཛིན་པ། གནས་བརྟན་ཆེན་པོ་བཟང་པོ་གཡས་༡༣ཆོས་འཆད་དང་། གཡོན་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་གསེར་བེའུ་༡༤ ཕྱག་གཉིས་ཀྱིས་རིན་པོ་ཆེའི་ཞགས་པ་འཛིན་པ། གནས་བརྟན་ཆེན་༡༥པོ་བྷ་ར་དྷྭ་ཛ་གསེར་ཅན་ཕྱག་གཉིས་ཀྱིས་མཉམ་གཞག་མཛད་པ། གནས་བརྟན་ཆེན་པོ་བ་ཀུ་ལ་༡༦ཕྱག་ན་ནེའུ་ལེ་བསྣམས་པ། གནས་བརྟན་ཆེན་པོ་སྒྲ་༡གཅན་ཟིན་ཕྱག་གཉིས་རིན་པོ་ཆེའི་པྲོག་ཞུ་བསྣམས་པ། གནས་བརྟན་ཆེན་པོ་༢ལམ་ཕྲན་བརྟན་ཕྱག་གཉིས་མཉམ་པར་གཞག་པ། གནས་བརྟན་ཆེན་པོ་༣བྷ་ར་དྷྭ་ཛ་བསོད་སྙོམས་ལེན་གཡས་གླེགས་བམ་གཡོན་ལྷུང་བཟེད་འཛིན་པ། གནས་བརྟན་ཆེན་པོ་༤ ལམ་བརྟན་ཕྱག་གཡས་ཆོས་འཆད་གཡོན་གླེགས་བསྣམས་པ། གནས་བརྟན་ཆེན་༥པོ་ཀླུའི་སྡེ་གཡས་བུམ་པ། གཡོན་འཁར་བསིལ་བསྣམས་པ། གནས་བརྟན་ཆེན་པོ་སྦེད་༦བྱེད་གླེགས་བམ་བསྣམས་པ། གནས་བརྟན་ཆེན་༧པོ་མི་
ཕྱེད་པ་ཕྱག་གཉིས་ཐལ་མོ་སྦྱར་བའི་བར་དུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་འཛིན་པ། དེ་ཐམས་ཅད་ཀྱང་ན་བཟའ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་ཞིང་། དགྲ་བཅོམ་པ་དབང་པོ་དུལ་བའི་ཀུན་སྤྱོད་ལ་གནས་པའོ། །ཤར་སྒོའི་ནང་དུ་དགེ་བསྙེན་ཆེན་པོ་དྷརྨ་ཏཱ་ལ། གཡས་རྔ་ཡབ་དང་གཡོན་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཅོག་སྤྱི་བོར་བཅིངས་ཤིང་། གླེགས་བམ་གྱི་ཁུར་པོ་བསྣམས་པ། མདུན་གྱི་ནམ་མཁར་སངས་རྒྱས་སྣང་བ་མཐའ་ཡས་ལ་གཟིགས་ཤིང་། པུས་མོ་གཡས་པ་ལས་སྟག་གི་ཚོགས་སྤྲུལ་པ་ཤར་སྒོར་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་པ། ལྷོ་སྒོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ། ནུབ་སྒོར་མིག་མི་བཟང་པོ་དམར་པོ་སྦྲུལ་ཞགས་དང་མཆོད་རྟེན་འཛིན་པ། བྱང་སྒོར་རྣམ་ཐོས་སྲས་སྔོན་པོ་ཡིད་བཞིན་གྱི་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་རྣམས་རང་རང་གི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་། མདུན་གྱི་ནམ་མཁའི་གནས་སུ་བླ་མ་དགེ་བའི་བཤེས་གཉེན་རྣམས་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་རང་འཕགས་པའི་ཚོགས་དཔག་ཏུ་མེད་པ་དང་བཅས་ཏེ་མངོན་སུམ་ལྟ་བུར་བཞུགས་ཤིང་། དེ་རྣམས་ཀྱི་ཐུགས་དགོངས་གཅིག་པས་བདག་གཞན་གྱི་རྒྱུད་བྱིན་གྱིས་བརླབ་པར་གྱུར། ཅེས་བརྗོད་ཅིང་
བསམ་ལ། ཇི་སྙེད་སུ་དག་སོགས་ནས། བདེ་བར་གཤེགས་པ་ཐམས་ཅད་བདག་གི་བསྟོད། །ཅེས་པས་སྤྱིར་ཕྱག་རྒྱ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །ཞེས་སོགས་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཞེས་སོགས་ཀྱིས་བྱེ་བྲག་ཏུ་རྩ་བརྒྱུད་ཀྱིས་བླ་མས་དཀོན་མཆོག །གནས་བརྟན་ཕྱག་མཆོད་ཚིག་ལྷུག་པའམ། མཚུངས་མེད་བལྟ་བས་མི་ངོམ་ཞིང་། །སོགས་ནས། རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཞེས་པའི་བར་གྱིས་ཐུབ་དབང་གནས་བརྟན་འཁོར་དང་བཅས་པ་ལ་ཕྱག་བྱ། མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། ཤློ་ཀ་གསུམ་གྱི་མཐར། སྤྲོ་ན་མཆོད་པའི་སྤྲིན་གྱི་གཟུངས་དང་བཅས་པ་མཆོད། ས་གཞི་སྤོས་ཆུས་བྱུགས་ཤིང་། སོགས་མཎྜལ་རྒྱས་བསྡུས་ཇི་ལྟར་རིགས་པ་ཚར་བདུན་སོགས་ཕུལ། དེ་ནས་ཡན་ལག་ལྷག་མ་རྣམས་བཟང་སྤྱོད་ལྟར་བྱ། ལྷར་ཡང་གནས་བརྟན་ཕྱག་མཆོད་ཀྱི་ཚིགས་སུ་བཅད་པ་ལན་གྲངས་ཅི་ནུས་ཀྱིས་གསོལ་བ་གདབས། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ན་ཡེ་སྭཱ་ཧཱ། ཞེས་མང་དུ་བཟླས་ལ་ཐུགས་རྒྱུད་བསྐུལ་ལོ། །རྗེས་ཀྱི་རིམ་པ་ནི་གཏོང་རག་གི་སླད་དུ་ཡན་ལག་བདུན་པ་སྔར་བཞིན་བྱ། གཏོར་མ། ཨ་ཀཱ་རོས་བྱིན་གྱིས་བརླབས་ལ། སཾ་བྷ་ར་ལན་བདུན་གྱིས་བསྔོ་ཞིང་། མཆོད་
སྦྱིན་གྱི་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་འདི་ཉིད་རྒྱལ་པོ་ཆེན་པོ་སྡེ་བཞི་ལ་སོགས་པ་དཀར་ཕྱོགས་སྐྱོང་བའི་སྲུང་མ་དམ་ཚིག་ཅན་རྣམས་ཀྱི་ཚོགས་རྣམས་ལ་འབུལ་ལོ། །སངས་རྒྱས་ཀྱི་བསྟན་པ་དར་བ་དང་། འཇིག་རྟེན་རྣམས་བདེ་ཞིང་སྐྱིད་པ་དང་། བདག་ཅག་དཔོན་སློབ་ཡོན་མཆོད་རྒྱུ་སྦྱོར་བ་འཁོར་དང་བཅས་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། །ཅེས་ཕྲིན་ལས་བཅོལ། སྤྲོ་ན་ཕྱོགས་སྐྱོང་དང་འབྱུང་པོ་ལ་ཆ་གསུམ་གྱི་ཆོ་ག་དང་། བཞི་བདག་ལ་ཨ་ཀཱ་རོས་བསྔོ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་ཕྲིན་ལས་བཅོལ། ཐལ་མོ་སྦྱར་ནས་འདུན་པ་རྩེ་གཅིག་པས། སྟོན་པ་ཐུབ་པའི་དབང་པོ་འཕགས་པའི་གནས་བརྟན་བཅུ་དྲུག་འཁོར་དང་བཅས་པ་ཁྱེད་རྣམས་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་ཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དཔལ་ལྡན་བླ་མ་དམ་པ་གོང་མ་ཞི་བར་གཤེགས་པ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་རྫོགས་ཤིང་། ད་ལྟར་ཞལ་བཞུགས་པའི་བསྟན་འཛིན་གྱི་སྐྱེས་བུ་
དམ་པ་རྣམས་ཀྱང་སྐུ་ཁམས་བཟང་ཞིང་རྣམ་པར་དཀར་བའི་ཕྲིན་ལས་རྒྱས་པ་དང་། ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱིས་མཚོན་ཕྱོགས་བཅུའི་དགེ་འདུན་གྱི་སྡེ་འཕེལ་ཞིང་ཆོས་སྤྱོད་བཅུ་ཡི་སྒྲུབ་པ་ཉམས་ལེན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། དེ་དག་གི་ཐུགས་རྗེ་དང་བྱིན་རླབས་ལ་བརྟེན་ནས་ས་ཕྱོགས་འདི་ཉིད་ཀྱི་ཐོག་དྲངས་ཡངས་པའི་རྒྱལ་ཁམས་ཐམས་ཅད་དུ་རྫོགས་ལྡན་དུས་ཀྱི་འབྱོར་པས་འཚོ་བ་དང་། ཁྱད་པར་སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ཀྱི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡོངས་སུ་རྫོགས་ནས་གནས་སྐབས་དང་མཐར་ཐུག་གི་བསམ་པའི་དོན་ཐམས་ཅད་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པར་མཛད་དུ་གསོལ། ཅེས་ལན་གསུམ་དང་། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། ཅེས་སོགས་ཀྱིས་གསོལ་བ་གདབ། །སྟོན་པ་ཐུབ་པའི་དབང་པོ་དང་འཕག་པའི་གནས་བརྟན་འཁོར་དང་བཅས་པ་བདག་ལ་དགོངས་སུ་གསོལ་བདག་ཅག་དུས་ངན་པའི་སེམས་ཅན་སྤྱོད་པ་དམན་ཞིང་མ་དག་པ་དང་ཉོན་མོངས་པའི་གཞན་དབང་དུ་གྱུར་པས། མཆོད་པའི་དངོས་པོ་དམན་ཞིང་གཙང་སྦྲ་ཆུང་བ་དང་། མདོ་སྡེ་ལས་བྱུང་བའི་ཆོ་ག་ཚུལ་བཞིན་དུ་མ་ལྕོགས་པ་སོགས་འཁྲུལ་ཞིང་ནོངས་པའི་ཚོགས་ཅི་མཆིས་པ་ཐམས་ཅད་
འཕགས་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་རྣམས་ལ་བཟོད་པར་གསོལ་ཞིང་མཆིས་ན་ཐུགས་བརྩེ་བར་དགོངས་ཏེ་བཟོད་པར་བཞེས་ཤིང་འཕྲལ་དང་ཡུན་དུ་སྒྲིབ་པར་མི་འགྱུར་བར་མཛད་དུ་གསོལ། ཅེས་དང་། མ་འབྱོར་པ་དང་། སོགས་ཀྱི་ནོངས་པ་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ། བདག་གཞན་དགེ་བའི་རྩ་བ་འདི་ཡི་མཐུས། །ཞེས་སོགས་ཀྱིས་དགེ་བ་བསྔོ་ཞིང་སྨོན་ལམ་གདབ། ཚོགས་གཉིས་མཐར་ཕྱིན། སོགས་དང་། ཐབས་མཁས་ཐུགས་རྗེ། སོགས་དང་། དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་བཟུང་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཅེས་སོགས་ཤིས་པ་བརྗོད་པ་ཇི་ལྟར་རིག་པས་མཐའ་བརྒྱན་པར་བྱའོ། །དེ་ལྟར་ལྷ་དང་བཅས་པའི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། དེའི་ཉན་ཐོས་ཀྱི་ཚུལ་བཟུང་ནས་བྱང་ཆུབ་སེམས་དཔའི་ཕྲིན་ལས་མཛད་པ་འཕགས་པའི་གནས་བརྟན་ཆེན་པོ་འཁོར་མྱུདང་བཅས་པ་ལ་གསོལ་བ་གདབས་པས། སྤྱིར་ཇི་ལྟར་བསམ་པའི་དོན་ཐམས་ཅད་ཡིད་བཞིན་དུ་འགྲུབ་ཅིང་། དཀར་ཕྱོགས་ཀྱི་ལྷས་སྲུང་བ་སོགས་ཕན་ཡོན་བསམ་གྱིས་མི་ཁྱབ་ལ། ཁྱད་པར་
བཤད་སྒྲུབ་ཀྱི་བསྟན་པ་དགེ་འདུན་སྡེ་དང་བཅས་འཕེལ་བའི་ཐབས་དང་རྟེན་འབྲེལ་རྨད་དུ་བྱུང་བ་ཉིད་ཀྱི་ཕྱིར། བློ་གྲོས་དང་ལྡན་པ་རྣམས་ཀྱིས་མདོ་ཆོག་རྒྱས་པར་ཕྱག་ལེན་དུ་བསྟར་བ་དང་། དེ་ལྟར་མི་ནུས་པ་དག་གིས་ཀྱང་འདི་ཙམ་ཉམས་སུ་ལེན་པས་མཚོན་སྒོ་དུ་མ་ནས་འབད་པར་བྱའོ། །ཐུབ་དབང་གནས་བརྟན་འཁོར་བཅས་ཀྱི། །མཆོད་པའི་ཆོ་ག་འདི་བགྱིས་པས། །བཤད་སྒྲུབ་བསྟན་པ་རྒྱས་པ་དང་། །འགྲོ་ཀུན་བདེ་སྐྱིད་འཕེལ་གྱུར་ཅིག །ཅེས་པའང་མཆིམ་ཆེན་ནམ་མཁའ་གྲགས་སོགས་དམ་པ་སྔ་མ་རྣམས་ཀྱིས་མཛད་པའི་བརྗོད་བྱའི་དོན་སྙིང་པོར་དྲིལ་ཏེ། ཕན་པ་དང་བདེ་བའི་འབྱུང་གནས་ཀུན་མཁྱེན་རྒྱལ་བའི་ལམ་སྲོལ་ཡུན་རིང་དུ་འཚོ་ཞིང་གཞེས་པའི་རྟེན་འབྲེལ་དུ་དམིགས་ནས། རིས་མེད་པའི་བསྟན་པ་ཀུན་ལ་དག་པའི་སྣང་བ་གཅིག་ཏུ་དཀར་བའི་ཤཱཀྱའི་དགེ་སློང་བྱ་བྲལ་བ་མཁྱེན་བརྩེའི་མིང་གིས་དཔལ་སྣར་ཐང་གི་ཆོས་གྲྭར་སྨིན་ཟླའི་དཀར་ཕྱོགས་ཀྱི་རྒྱལ་བ་དང་པོར་སྦྱར་བ་སརྦ་དཱ་མངྒ་ལཾ་བྷ་བ་ཏུ།། །།
གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་བྱ་ཚུལ།
༈ གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་བྱ་ཚུལ་བཞུགས། །ཨོཾ་སྭསྟི། པཎ་ཆེན་ཤཱཀྱ་ཤྲཱིས་མཛད་པར་གྲགས་པའི་གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་ཙམ་བྱ་ཚུལ་གྱི་ངག་འདོན་ནི། སངས་རྒྱས་ཆོས་
ཚོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས། །སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཆེན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མནྡྷ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སཾམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོདྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ལན་གསུམ་རོལ་མོ་བཅས་བྱ། སྤོས་བཏུལ་ཞིང་གདངས་དང་བཅས། ལག་མཐིལ་ལྟར་མཉམ་སོགས་ནས། གཤེགས་སུ་གསོལ། ཞེས་པའི་མཚམས་སུ་རོལ་མོ་བྱ། ཇི་སྙེད་སུ་དག་སོགས་ནས། བདག་གིས་བསྟོད། །མཚུངས་མེད་ལྟ་བས་སོགས་ནས། རྒྱལ་ཆེན་བཞིའི་ཕྱག་འཚལ་བར་ཚར་གསུམ་སོགས་ཅི་ནུས། མེ་ཏོག་དམ་པ་སོགས་ནས། མཆོད་པར་བགྱི། ན་མོ་རཏྣ་ཏྲ་
ཡཱ་ཡ་སོགས་མཆོད་པའི་སྤྲིན་གྱི་སྔགས་དང་བཅས་རོལ་མོ་བྱ། སྤྲོ་ན་མཎྜལ་ཅི་ནུས་དབུལ། འདོད་ཆགས་ཞེ་སྡང་སོགས་ནས། ཕྱིར་བསྔོའོ། །གཟུངས་སྔགས་བཟླ་བར་སྤྲོ་ན། ཐུབ་དབང་འཁོར་བཅས་ཀྱི་མཚན་ནས་བོས་ཏེ་ཐུགས་དམ་བསྐུལ་བར་བསམས་ལ་མོས་གུས་རྩེ་གཅིག་པས། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། སངས་རྒྱས་སྤྲུལ་པ་དགྲ་བཅོམ་སོགས་དང་། བཀྲ་ཤིས་ཅི་རིགས་བརྗོད་མཐར་རོལ་མོ་བྱའོ། །ཞེས་པའང་མཉྫགྷོ་ཥས་བྲིས་པ་དགེ། །།
གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་བྱ་ཚུལ།
༈ གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་བྱ་ཚུལ་བཞུགས། ཨོཾ་སྭསྟི། །པཎ་ཆེན་ཤཱཀྱ་ཤིས་མཛད་པར་གྲགས་པའི་གནས་བརྟན་ཕྱག་མཆོད་དང་འབྲེལ་བར་ཆོ་ག་མདོར་བསྡུས་ཙམ་བྱ་ཚུལ་གྱི་ངག་འདོན་ནི། སངས་རྒྱས་ཆོས་ཚོགས་ལན་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས། སྐྱབས་གནས་དཀོན་མཆོག་གསུམ་གྱི་བདེན་པ་དང་། །རྒྱལ་བ་སྲས་བཅས་རྣམས་ཀྱི་བྱིན་རླབས་དང་། །ཚོགས་གཉིས་མངའ་ཐང་ཆོས་དབྱིངས་དག་སྟོབས་ཀྱིས། །སྣོད་བཅུད་བདེ་ཅན་ཞིང་གི་བཀོད་པའི་དབུས། །ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར། །རིན་ཆེན་སེང་ཁྲི་པད་ཟླའི་གདན་མཆོག་དང་། །དངོས་བཤམས་
གཟུངས་རིག་མོས་སྟོབས་ཀྱིས་སྤྲུལ་པའི། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་སྤྱོད་གྱུར་ཅིག །ཅེས་དང་། ན་མོ་རཏྣ་ཏྲ་ཡཱ་ཡ་སོགས་མཆོད་པའི་སྤྲིན་གྱི་སྔགས་ལན་གསུམ་རོལ་མོ་བཅས་བྱ། །སྤོས་བཏུལ་ཞིང་གདངས་དང་བཅས། ལག་མཐིལ་ལྟར་མཉམ་རིན་ཆེན་གྱིས་སྤྲས་པ། །ལྗོན་ཤིང་ཆུ་མཚོས་བརྒྱན་པའི་ས་གཞིའི་དབུས། །རིན་ཆེན་ལས་གྲུབ་གྲུ་བཞི་སྒོ་བཞི་པ། །པདྨ་ཉི་ཟླས་བརྒྱན་པའི་གདན་སྟེང་དུ། །ཐུགས་རྗེས་རྩོད་པའི་དུས་ཀྱི་གདུལ་བྱ་རྣམས། །རྣམ་གྲོལ་ལམ་ལ་འགོད་མཛད་འགྲོ་བའི་མགོན། །ཐུབ་པ་མཆོག་དང་གནས་བརྟན་ཆེན་པོ་རྣམས། །འཁོར་དང་བཅས་པ་གནས་འདིར་གཤེགས་སུ་གསོལ། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་དང་། །ཤེས་རབ་མེ་འབར་ཉོན་མོངས་མཚོ་སྐེམས་ཤིང་། །རྣམ་གྲོལ་བསོད་ནམས་ཞིང་དུ་བཀའ་སྡོད་པ། །ཕྱོགས་བཅུའི་ཉན་ཐོས་དགེ་འདུན་བཞུགས་སོ་འཚལ། །ཡོན་སྦྱོར་མཆོད་པའི་གནས་སུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །འགྲོ་བའི་མགོན་པོ་ཤཱཀྱ་སེང་གེ་ཡིས། །སངས་རྒྱས་བསྟན་པ་གང་གི་ཕྱག་ཏུ་བཞག །གསུང་རབ་རིན་ཆེན་སྒྲོམ་གྱི་ཁ་འབྱེད་པའི། །ཆོས་སྐྱོང་དགྲ་བཅོམ་ཆེན་པོ་བཞུགས་སོ་འཚལ། །དམ་ཆོས་སྤེལ་བའི་སླད་དུ་སྤྱན་འདྲེན་
གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །ཐུབ་པས་བཀའ་བསྒོས་བསྟན་པའི་རྒྱལ་མཚན་འཛིན། །ཡན་ལག་འབྱུང་དང་མི་ཕམ་ནགས་ན་གནས། །དུས་ལྡན་རྡོ་རྗེ་མོ་བུ་བཟང་པོ་དང་། །གསེར་བེའུ་བྷ་ར་དྷྭ་ཛ་གསེར་ཅན་མཆོག །འཕགས་པ་བ་ཀུ་ལ་དང་སྒྲ་གཅན་འཛིན། །ལམ་བསྟན་བྷ་ར་དྷྭ་ཛ་བསོད་སྙོམས་ལེན། །ལམ་བསྟན་ཀླུའི་སྡེ་སྦེད་བྱེད་མི་ཕྱེད་པ། །དགྲ་བཅོམ་གནས་བརྟན་ཆེན་པོ་དེ་དག་ཚིག་རྐང་ནི། འདི་གཉིས་ཆད་དམ་སྙམ། །བསོད་ནམས་རིན་ཆེན་གླིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་མཆོད་ཀྱིས་གཤེགས་སུ་གསོལ། །སྤངས་དང་ཡེ་ཤེས་ཕུན་ཚོགས་སངས་རྒྱས་ཀྱང་། །གདུལ་བྱའི་དབང་གིས་ཉན་ཐོས་ཚུལ་འཛིན་པ། །ཁྱད་པར་ཅན་གྱི་ཕྲིན་ལས་ཆོས་སྐྱོང་བའི། །གནས་བརྟན་བཅུ་དྲུག་འདིར་བྱོན་གདན་ལ་བཞུགས། །བདེ་གཤེགས་བཀའ་ལུང་གཙོར་མཛད་བསྟན་པ་སྲུང་། །རང་དོན་དོར་ནས་འཁོར་བའི་ནགས་ཚལ་དུ། །གཞན་དོན་ལྷུར་མཛད་གནས་བརྟན་བཅུ་དྲུག་པོ། །དམ་བཅས་ཐུགས་རྗེའི་དབང་གིས་གནས་འདིར་གཤེགས། །དགེ་བསྙེན་སྐྱབས་གསོལ་བདེན་པའི་ཚིག་བརྟན་པ། །དཀོན་མཆོག་གསུམ་གྱི་ཞབས་འབྲིང་མཆིས་སོ་འཚལ། །བསོད་ནམས་རིན་ཆེན་ཞིང་དུ་སྤྱན་འདྲེན་གྱིས། །འགྲོ་བའི་དོན་ཕྱིར་
མཆོད་ཀྱིས་གཤེགས་སུ་གསོལ། །རོལ་མོ་བཅས་སྤྱན་དྲང་། ཇི་སྙེད་སུ་དག་སོགས་ནས། བདག་གིས་བསྟོད། དེ་ནས། མཚུངས་མེད་ལྟ་བས་མི་ངོམས་ཤིང་། གསེར་གྱི་མདོག་ཅན་མཛེས་པའི་སྐུ། །ཞལ་གཅིག་ཕྱག་གཉིས་སྐྱིལ་ཀྲུང་བཞུགས། །ས་གནོན་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། གངས་རི་ཆེན་པོ་ཏི་སེ་ལ། །འཕགས་པའི་གནས་བརྟན་ཡན་ལག་འབྱུང་། །དགྲ་བཅོམ་སྟོང་དང་སུམ་བརྒྱས་བསྐོར། །སྤོས་ཕོར་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །དྲང་སྲོང་རི་ཡི་ཤེལ་ནགས་ན། །འཕགས་པའི་གནས་བརྟན་མི་ཕམ་པ། །དགྲ་བཅོམ་བརྒྱ་ཕྲག་གཅིག་གིས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ལོ་མ་བདུན་པའི་རི་ཕུག་ན། །འཕགས་པའི་གནས་བརྟན་ནགས་ན་གནས། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །སྡིགས་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཛམ་བུ་གླིང་གི་ཟངས་གླིང་ན། །འཕགས་པའི་གནས་བརྟན་དུས་ལྡན་ནི། །དགྲ་བཅོམ་སྟོང་དང་
ཆིག་བརྒྱས་བསྐོར། །གསེར་གྱི་རྣ་ཀོར་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། བསྟན་པ་རྒྱས་པར་བྱིན་གྱིས་རློབས། །སིངྒ་ལ་ཡི་གླིང་ན་ནི། །གནས་བརྟན་རྡོ་རྗེ་མོ་ཡི་བུ། །དགྲ་བཅོམ་ཆེན་པོ་སྟོང་གིས་བསྐོར། །སྡིག་མཛུབ་རྔ་ཡབ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཆུ་བོ་ཡ་མུ་ན་གླིང་ན། །འཕགས་པའི་གནས་བརྟན་བཟང་པོ་ནི། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །ཆོས་འཆད་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །གནས་མཆོག་ཁ་ཆེའི་ཡུལ་ན་ནི། །འཕགས་པའི་གནས་བརྟན་གསེར་བེའུ། །དགྲ་བཅོམ་ཆེན་པོ་ལྔ་བརྒྱས་བསྐོར། །རིན་ཆེན་ཞགས་པ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ནུབ་ཀྱི་བ་ལང་སྤྱོད་ན་ནི། །བྷ་ར་དྷྭ་ཛ་གསེར་ཅན་ལ། །དགྲ་བཅོམ་ཆེན་པོ་བདུན་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བྱང་གི་སྒྲ་མི་སྙན་ན་ནི། །འཕགས་པའི་གནས་བརྟན་བ་ཀུ་ལ། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཕྱག་གཉིས་ནེའུ་ལེ་འཛིན་ཕྱག་འཚལ། །
བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །པྲི་ཡང་ཀུ་ཡི་གླིང་ན་ནི། །འཕགས་པའི་གནས་བརྟན་སྒྲ་གཅན་འཛིན། །དགྲ་བཅོམ་སྟོང་དང་ཆིག་བརྒྱས་བསྐོར། །རིན་ཆེན་པྲོག་ཞུ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བྱ་རྒོད་ཕུང་པོའི་རི་བོ་ལ། །འཕགས་པའི་གནས་བརྟན་ལམ་ཕྲན་བསྟན། །དགྲ་བཅོམ་སྟོང་དང་དྲུག་བརྒྱས་བསྐོར། །ཕྱག་གཉིས་མཉམ་བཞག་མཛད་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ཤར་གྱི་ལུས་འཕགས་གླིང་ན་ནི། །བྷ་ར་དྷཱ་ཛ་བསོད་སྙོམས་ལེན། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །གླེགས་བམ་ལྷུང་བཟེད་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །ལྷ་གནས་སུམ་ཅུ་རྩ་གསུམ་ན། འཕགས་པའི་གནས་བརྟན་ལམ་བསྟན་ནི། །དགྲ་བཅོམ་ཆེན་པོ་དགུ་བརྒྱས་བསྐོར། །ཆོས་འཆད་གླེགས་བམ་འཛིན་ཕྱག་འཚལ། བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་ངོས་ཡངས་ལ། །འཕགས་པའི་གནས་བརྟན་ཀླུ་ཡི་སྡེ། །དགྲ་བཅོམ་སྟོང་དང་ཉིས་བརྒྱས་བསྐོར། །བུམ་པ་འཁར་གསིལ་འཛིན་ཕྱག་འཚལ། བླ་མའི་སྐུ་
ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་བྷ་ཧུ་ལར། །འཕགས་པའི་གནས་བརྟན་སྦེད་བྱེད་ནི། །དགྲ་བཅོམ་སྟོང་དང་བཞི་བརྒྱས་བསྐོར། །ཕྱག་གཉིས་གླེགས་བམ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །རི་ཡི་རྒྱལ་པོ་གངས་ཅན་ལ། །འཕགས་པའི་གནས་བརྟན་མི་ཕྱེད་པ། །དགྲ་བཅོམ་སྟོང་ཕྲག་གཅིག་གིས་བསྐོར། །བྱང་ཆུབ་མཆོད་རྟེན་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །འཕགས་པའི་དགེ་བསྙེན་དྷརྨ་ཏ། །རལ་པ་ཐོད་བཅིངས་གླེགས་བམ་ཁུར། །སྣང་མཐའ་མདུན་གྱི་མཁའ་ལ་གཟིགས། །རྔ་ཡབ་བུམ་པ་འཛིན་ཕྱག་འཚལ། །བླ་མའི་སྐུ་ཚེ་བརྟན་པ་དང་། །བསྟན་པ་རྒྱས་པར་བྱིན་གྱིས་རློབས། །བརྩོན་པའི་གོ་བགོས་མཐུ་སྟོབས་ལྡན། །སངས་རྒྱས་བསྟན་པ་ལེགས་བསྲུང་བ། །ཤར་ལྷོ་ནུབ་བྱང་ཕྱོགས་བཞི་ཡི། །རྒྱལ་ཆེན་བཞི་ལ་ཕྱག་འཚལ་ལོ། །ཞེས་ཚར་གསུམ་སོགས་ཅི་ནུས། མེ་ཏོག་དམ་པ་སོགས་ནས། །མཆོད་པར་བགྱི། །ན་མོ་ར་ཏཱ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་
བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛེ་སྭཱ་ཧཱ། །སྔགས་དང་རོལ་མོ་བཅས་བྱ། སྤྲོ་ན་མཎྜལ་ཅི་ནུས་དབུལ། འདོད་ཆགས་ཞེ་སྡང་སོགས་ནས། ཕྱིར་བསྔོའོ། །གཟུངས་བཟླ་བར་སྤྲོ་ན། ཐུབ་དབང་འཁོར་བཅས་ཀྱི་མཚན་ནས་བོས་ཏེ་ཐུགས་དམ་བསྐུལ་བར་བསམས་པས་མོས་གུས་རྩེ་གཅིག་པས། ཏདྱ་ཐཱ། ཨོཾ་མུ་ནི་མུ་ནི་མ་ཧཱ་མུ་ནི་ཤཱཀྱ་མུ་ན་ཡེ་སྭཱ་ཧཱ། །ཞེས་བརྒྱ་རྩ་སོགས་ཅི་ནུས་བཟླས་མཐར། སངས་རྒྱས་སྤྲུལ་པ་དགྲ་བཅོམ་འཕགས་པའི་ཚོགས། །འགྲོ་བའི་དོན་དུ་བསྟན་པ་སྐྱོང་མཛད་པ། །དཀོན་མཆོག་གསུམ་དངོས་གནས་བརྟན་བཅུ་དྲུག་གིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །ཐུགས་རྗེའི་བདག་ཉིད་གནས་བརྟན་བཅུ་དྲུག་གིས། །འཁོར་ཚོགས་སྲིད་མཚོ་ལས་བརྒལ་ཉོན་མོངས་མེད། །ཁྲི་དང་དྲུག་སྟོང་བཞི་བརྒྱའི་ཚོགས་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །སེམས་ཅན་ཀུན་གྱི་བསོད་གྱུར་དགྲ་བཅོམ་པ། །རིག་དང་ཞབས་ལྡན་སྐྱེ་དགུའི་སྦྱིན་གནས་ཆེ། །འཕགས་པའི་གང་ཟག་ཆེན་པོ་ཁྱེད་རྣམས་ཀྱིས། །བསྟན་པ་ཡུན་རིང་གནས་པར་བྱིན་གྱིས་རློབས། །བདག་གཞན་དགེ་བའི་རྩ་བ་འདི་ཡིས་ནི། །ཕན་བདེའི་འབྱུང་གནས་བསྟན་པ་
འཕེལ་འགྱུར་ཞིང་། །སྡུག་བསྔལ་ཀུན་འབྱུང་མ་ལུས་རབ་སྤངས་ནས། །སྲིད་པའི་རྒྱ་མཚོ་མྱུར་དུ་སྐེམས་པར་ཤོག །བསོད་ནམས་རྒྱ་མཚོ་ཡོངས་སུ་རྫོགས་བྱེད་ཅིང་། །ཡེ་ཤེས་རྒྱ་མཚོ་རྣམ་པར་དག་གྱུར་ནས། །སྨོན་ལམ་རྒྱ་མཚོ་མ་ལུས་ཡོངས་རྫོགས་ནས། །ལུས་ཅན་ཀུན་ལ་ཁྱད་པར་འཕགས་པར་ཤོག །ཚོགས་གཉིས་མཐར་ཕྱིན་དུས་གསུམ་རྒྱལ་བ་ཡི། །ཕྲིན་ལས་བསྒྲུབ་ཅིང་ཡོན་ཏན་རྣམ་དབྱེ་མེད། །སྐལ་པ་མཉམ་པའི་གདུལ་བྱ་སྨིན་མཛད་པ། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །དུས་གསུམ་རྒྱལ་བ་སྲས་བཅས་ཐུགས་རྗེ་ཡིས། །ཉན་ཐོས་ཚུལ་དུ་སྲིད་པ་ཇི་སྲིད་པར། །བསྟན་པ་སྐྱོང་ཞིང་འགྲོ་བའི་དོན་མཛད་པ། །གནས་བརྟན་ཆེན་པོ་རྣམས་ཀྱི་བཀྲ་ཤིས་ཤོག །ཟབ་ཅིང་རྒྱ་ཆེའི་གཟིགས་པ་པོ། །ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ། །སྤྱན་མི་བཟང་དང་རྣམ་ཐོས་སྲས། །རྒྱལ་ཆེན་བཞི་ཡི་བཀྲ །ཕན་བདེ་འབྱུང་བའི་གནས་གཅིག་པོ། །བསྟན་པ་ཡུལ་རིང་གནས་པ་དང་། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །སྟོན་པ་འཇིག་རྟེན་ཁམས་སུ་བྱོན་པ་དང་། །བསྟན་པ་ཉི་འོད་བཞིན་ཏུ་གསལ་བ་དང་། །བསྟན་འཛིན་བུ་སློབ་དགེ་འདུན་མཐུན་པ་ཡིས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །
ཅེས་སོགས་བཀྲ་ཤིས་ཅི་རིགས་བརྗོད་མཐར་རོལ་མོ་བྱའོ། །ཞེས་པའང་མཉྫ་གྷོ་ཥས་བྲིས་པ་དགེ། །།སརྦ་མངྒ་ལཾ།།
རྗེ་བཙུན་བྱམས་པ་མགོན་པོ་ལ་མཆོད་པའི་ཆོ་ག་དང་འབྲེལ་བར་དགའ་ལྡན་དུ་སེམས་བསྐྱེད་པའི་སྨོན་ལམ་ནོར་བུའི་ཐེམ་སྐས།
རྗེ་བཙུན་བྱམས་པ་མགོན་པོ་ལ་མཆོད་པའི་ཆོ་ག་དང་འབྲེལ་བར་དགའ་ལྡན་དུ་སེམས་བསྐྱེད་པའི་སྨོན་ལམ་ནོར་བུའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།། །།
ཨོཾ་སྭསྟི། །གང་མཚན་བྱམས་པའི་བདུད་རྩིས་ཡིད་ཅན་ཀུན། །དབུགས་འབྱིན་མགོན་པོ་མཆོག་ལ་གུས་བཏུད་ནས། །དགའ་ལྡན་ཆོས་ཀྱི་འདུན་སར་བགྲོད་པའི་ལམ། །ཡིད་འཕྲོག་ནོར་བུའི་ཐེམ་སྐས་དེང་འདིར་བསྐྲུན། །དེ་ལ་གྲུབ་པ་བརྙེས་པའི་པཎྜི་ཏ་ཆེན་པོ་བི་ཁྱཱ་ཏ་དེ་བ་ལ་རྗེ་བཙུན་བྱམས་པས་དངོས་སུ་གནང་། དེ་ལ་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲས་གསན་ཅིང་ཐུགས་ཉམས་སུ་བཞེས་ཏེ། ཁྲོ་ཕུ་ལོ་ཙཱ་བ་གནུབས་བྱམས་པའི་དཔལ་ལ་སྩལ་བའི་དགའ་ལྡན་དུ་སེམས་བསྐྱེད་པའི་ཆོ་གའི་རིམ་པ་ཁྱད་པར་དུ་འཕགས་པ་ཉམས་སུ་ལེན་པར་འདོད་པས་ལག་ཏུ་བླང་བའི་རིམ་པ་ལ་གཉིས། ལས་སུ་བྱ་བ་དང་། སྨོན་ལམ་གདབ་
པའོ། །དང་པོ་ནི། གཞུང་ལས། ལས་སུ་བྱ་བ་ནི་རྟེན་བྱིན་རླབས་ཅན་དགོད། མཆོད་པ་ཅི་འབྱོར་དབུལ། སྦྱིན་པ། ཚུལ་ཁྲིམས། སྒོམ་པ་གསུམ་པོ་སྣ་ཚང་བ་རེ་ཅིས་ཀྱང་བྱེད་དགོས་ཏེ། སྦྱིན་པ་ནི་བཟའ་བཏུང་ཁབ་སྐུད་ལ་སོགས་གང་འབྱོར་བྱ་བའོ། །ཚུལ་ཁྲིམས་ནི་བསྙེན་གནས་ཞག་འགའ་བསྲུང་བ་ལ་སོགས་པའོ། །སྒོམ་པའང་ཐུན་མོང་གི་སྒོམ་པ་དང་། ཐུན་མོང་མ་ཡིན་པའི་སྒོམ་པ་གཉིས་ལས། དང་པོ་ནི། ངོ་བོ་རང་སེམས་གཉུག་མ་བསྒོམ་པའོ། །ཐུན་མོང་མ་ཡིན་པའི་སྒོམ་པ་ནི། མདོ་སྡེ་རྒྱན་ལས། གང་ཕྱིར་བྱམས་པ་དེ་ཕྱིར་ཁོང་ཁྲོ་འགལ། །ཞེས་པ་ལ་སོགས་པ་དྲན་པས་བྱམས་ཆོས་ཁྱད་པར་དུ་བསྒོམ་ཞིང་། དེའི་མི་མཐུན་
ཕྱོགས་སྤོང་བའོ། །ཞེས་གསུངས་པ་ལྟར་ལག་ཏུ་བླང་བ་སྔོན་དུ་འགྲོ་བས། གཉིས་པ་སྨོན་ལམ་གདབ་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། གནས་གཙང་ཞིང་དབེན་ལ་ཡིད་དང་མཐུན་པར་ཕྱག་དར་བྱ་ཞིང་། དྲི་བཟང་གི་ཆུས་ཆག་ཆག་གདབ། གུང་དུ་མགོན་པོ་མ་ཕམ་པའི་སྣང་བརྙན་གཙོ་བོར་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྟེན་དགྲམ། མཆོད་པ་གཡོ་མེད་པས་བཙལ་ལ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་སྤྱི་དང་། ཁྱད་པར་མེ་ཏོག །བདུག་སྤོས། མར་མེ། ཞལ་ཟས་སོགས་ཀྱི་ཕྲེང་བ་ཚར་དུ་དངར་བར་བཤམ། རང་གི་མདུན་དུ་འབུད་དཀྲོལ་བརྡུང་གསུམ་གྱི་རོལ་མོའི་བྱེ་བྲག་དང་། ཁྲུས་ཆས། མཎྜལ་ལ་སོགས་པ་འདུ་བྱའོ། །གཉིས་པ་དངོས་གཞི་ནི། སྟན་བདེ་བ་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད་དེ་དགེ་སེམས་ཁྱད་པར་ཅན་གྱིས་མཚམས་སྦྱར་ཏེ། སྐྱབས་ཡུལ་ནམ་མཁའ་གང་བར་སད་པའི་སྤྱན་སྔར། འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཞེས་སྐྱབས་འགྲོ་ཅི་ནུས་དང་། ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་
ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ཞེས་པས་སེམས་བསྐྱེད། གནས་དང་མཆོད་པའི་ཡོ་བྱད་ལ་དམིགས་ཏེ་སྨན་བླའི་མདོ་ཆོག་ནས་འབྱུང་བ་ལྟར་བྱིན་རླབས་བཞི་སྐོར་རྒྱས་པར་བྱ་བའམ། དེ་ཙམ་མི་ནུས་ན། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་ཞིང་གི་བཀོད་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་གཞིར། གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་མཆོག་ཏུ་འབར་བ་བཀོད་པ་ལེགས་པས་མཛེས་ཤིང་ལྷུན་སྟུག་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེག་པའི་སྟེང་དུ་པདྨ་དང་ཟླ་བའི་གདན། མཐའ་སྐོར་ཀུན་ཏུ་སེང་ཁྲི་པད་ཟླའི་གདན་གྲངས་མེད་པ་དང་། ཕྱི་ནང་ཀུན་ཏུའང་ཆ་རིགས་དང་འཚམས་པར་ལྷ་དང་མིའི་ཡོ་བྱད་དམ་པ་ཞལ་ཟས་དང་། ན་བཟའ་དང་། རོལ་མོ་ལ་སོགས་པ་ཕུལ་དུ་ཕྱིན་པ་སྣ་ཚོགས་པ་ཕུང་པོ་གསུམ་པའི་མདོ་
དང་། བཟང་པོ་སྤྱོད་པའི་སྨོན་ལམ་ལས་བྱུང་བའི་མཆོད་པའི་སྤྲིན་རྒྱ་མཚོ་ཐམས་ཅད་ཀྱིས་རྒྱས་པར་གང་ཞིང་རྒྱན་བཀླུབས་པ་དང་ལྡན་པ་འབྱུང་བར་གྱུར་ཅིག །ཐམས་ཅད་དུ་ཡང་ས་གཞི་དག ། གསེག་མ་ལ་སོགས་མེད་པ་དང་། །ལག་མཐིལ་ལྟར་མཉམ་བཻཌཱུརྻའི། རང་བཞིན་འཇམ་པོར་གནས་གྱུར་ཅིག །ཅེས་དང་། ན་མོ་བྷ་ག་ཝ་ཏེ། བཛྲ་སཱ་ར་པྲ་མརྡ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མ་ཧཱ་བཛྲེ། མ་ཧཱ་ཏེ་ཛ་བཛྲེ། མ་ཧཱ་བིདྱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ། སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་དང་། སླར་ཡང་། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱིས་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས་དེ་དེ་བཞིན་དུ་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། དེ་ནས་འདུན་པ་རྩེ་གཅིག་པས་སྤོས་བཏུལ་ཞིང་སྙན་པའི་དབྱངས་དང་བཅས། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང་། །བདུད་སྡེ་དཔུང་བཅས་མི་བཟད་འཇོམས་མཛད་ལྷ། །དངོས་རྣམས་མ་ལུས་ཇི་བཞིན་
མཁྱེན་གྱུར་པའི། །བཅོམ་ལྡན་འཁོར་བཅས་གནས་འདིར་གཤེགས་སུ་གསོལ། །བཅོམ་ལྡན་བསྐལ་པ་གྲངས་མེད་དུ་མ་རུ། །འགྲོ་ལ་བརྩེ་ཕྱིར་ཐུགས་རྗེས་རྣམས་སྦྱངས་ཤིང་། །སྨོན་ལམ་རྒྱ་ཆེན་དགོངས་པ་ཡོངས་རྫོགས་པའི། །ཁྱེད་བཞེད་འགྲོ་དོན་མཛད་དུས་འདིར་ལགས་ན། །དེ་ཕྱིར་ཆོས་དབྱིངས་ཕོ་བྲང་ལྷུན་གྲུབ་ནས། །རྫུ་འཕྲུལ་བྱིན་རླབས་སྣ་ཚོགས་སྟོན་མཛད་ཅིང་། །མཐའ་ཡས་སེམས་ཅན་ཚོགས་རྣམས་བསྒྲལ་བའི་ཕྱིར། །ཡང་དག་འཁོར་དང་བཅས་ཏེ་གཤེགས་སུ་གསོལ། ཞེས་གསོལ་བ་བཏབ་པས། དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་ཕོ་བྲང་ནས་དཔལ་རྒྱལ་བ་བྱམས་པ་མགོན་པོ་གསེར་མདོག་མཚན་དཔེ་ཡོངས་སུ་རྫོགས་པ། ཕྱག་གཡས་ཐུགས་ཀར་ཆོས་འཆད་དང་། གཡོན་མཉམ་གཞག་གི་ཚུལ་གྱིས་ཀླུ་ཤིང་གི་ཡལ་གའི་རྩ་བ་བཟུང་ཞིང་མེ་ཏོག་སྙན་གྱི་ཐད་ཀར་ཁ་བྱེ་བའི་སྟེང་ན་རིལ་བ་སྤྱི་བླུགས་དང་བཅས་པ། རལ་པའི་ཅོད་པན་གྱི་ངོས་ལ་བསྟན་པའི་བདག་པོ་མཆོད་རྟེན་གྱི་རྣམ་པས་སྤྲས་པ། རི་དྭགས་ཀྱི་པགས་པས་ནུ་གཡོན་པ་བཀབ་ཅིང་ཚངས་པའི་སྐུད་པ་འཆང་པ། དར་དང་རིན་པོ་ཆེའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་དཔག་ཏུ་མེད་པས་
བསྐོར་བ་དེ་བཞིན་གཤེགས་པའི་རྫུ་འཕྲུལ་ཆེན་པོས་ནམ་མཁའི་ལམ་ནས་མངོན་སུམ་དུ་གཤེགས་པར་མོས་ཏེ། བཅོམ་ལྡན་འདིར་ནི་བྱོན་པ་ལེགས། །བདག་ཅག་བསོད་ནམས་སྐལ་བར་ལྡན། །བདག་གི་མཆོད་ཡོན་བཞེས་ནས་ཀྱང་། །ཐུགས་ལ་དགོངས་ཤིང་གནང་བར་མཛོད། །ཅེས་འབྱོན་ལེགས་བྱ། ཁྲུས་གསོལ་བའི་ཐོག་མར་ཁྲུས་ཁང་བསྐྱེད་པ་ནི། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་ལ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཁྲུས་གསོལ་བ་ནི། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་སྐུ་ཁྲུས་གསོལ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཉོན་མོངས་མི་མངའ་ཡང་། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་སྦྱང་སླད་དུ། །རྒྱལ་བའི་སྐུ་གསུང་ཐུགས་ལ་ཁྲུས་ཆབ་འདི་གསོལ་བས། །སེམས་ཅན་ལུས་ངག་ཡིད་གསུམ་སྒྲིབ་པ་དག་གྱུར་ཅིག །ཅེས་དང་། སྤྲོ་ན། འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེང་སྣའི་དྲི་མ་སྦྱོང་མཛད་པ། །གཏོང་བ་དྲི་ཡིས་ལེགས་བསྒོས་ཆུས། །ཁྲུས་ལེགས་མཛད་ལ་སྐུ་ཁྲུས་གསོལ། །ཞེས་སོགས་ཕར་ཕྱིན་དྲུག་གི་ཚིགས་བཅད་ཀྱང་བརྗོད། སྐུ་ཕྱི་བ་ནི། དེ་དག་སྐུ་ལ་
མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་ཕྱིའོ། །བྱུག་པ་འབུལ་བ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་རྣམས་ཀྱི་སྐུ། །གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ན་བཟའ་དང་རྒྱན་འབུལ་བ་ནི། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་པའི། །ན་བཟའ་ཤིན་ཏུ་དྲི་ཞིམ་དམ་པ་འབུལ། །གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དེ་དང་དེ་དག་གིས། །འཕགས་པ་ཀུན་ཏུ་བཟང་དང་འཇམ་དབྱངས་དང་། །འཇིག་རྟེན་དབང་ཕྱུག་སོགས་ལའང་བརྒྱན་པར་བགྱི། །བཞུགས་སུ་གསོལ་བ་ནི། བདག་དང་འགྲོ་ལ་ཐུགས་བརྩེའི་ཕྱིར། །ཉིད་ཀྱི་རྫུ་འཕྲུལ་མཐུ་ཡིས་ནི། །ཇི་སྲིད་མཆོད་པ་བདག་བགྱིད་ན། །དེ་སྲིད་བཅོམ་ལྡན་བཞུགས་སུ་གསོལ། །ཞེས་བརྗོད་པས་ཚོགས་ཀྱི་ཞིང་དུ་དགྱེས་བཞིན་པས་བརྟན་པར་བཞུགས་པར་བསམ། དེ་ནས་གཞུང་རྩ་བར་ཐོག་མར་མཆོད་པ་དང་། དེའི་རྗེས་སུ་ཡན་ལག་བདུན་པ་བྱ་བར་གསུངས་ནའང་། འདིར་ཡན་ལག་བདུན་གྱི་ཁོངས་སུ་མཆོད་པ་བསྡུས་ཏེ་བྱ་བའི་ཚུལ་ལ། ཐོག་མར་དངོས་སུ་ཕྱག་འཚལ་བ་དང་བཅས་ཏེ། ཇི་སྙེད་སུ་དག་ཕྱོགས་བཅུའི་སོགས་ནས། བདག་གིས་བསྟོད་
ཅེས་པའི་བར་བཟང་སྤྱོད་ནས་འབྱུང་བ་ལྟར་དང་། སྤྲོ་ན་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་སོགས་བླ་མ་གོང་མ་རྣམས་ཀྱིས་མཛད་པའི་བྱམས་པའི་བསྟོད་པ་རྒྱས་པར་བྱ། བསྡུ་ན། བྱམས་ཆེན་མེ་ཡིས་ཞེ་སྡང་བུད་ཤིང་བསྲེགས། །ཡེ་ཤེས་འོད་ཀྱིས་མ་རིག་མུན་པ་སེལ། །ཆོས་ཀྱི་རྒྱལ་ཚབ་འགྲོ་བའི་མགོན་གྱུར་པའི། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ལོ། །ཞེས་མང་དུ་བརྗོད་ཅིང་ཕྱག་བྱ། །མཆོད་པ་ལ་གཞུང་ལས། ཐུན་མོང་གི་ལོངས་སྤྱོད་ཅི་འབྱོར་པ་དབུལ་བ་དང་། ཐུན་མོང་མ་ཡིན་པ་རང་གི་ལུས་དབུལ་བ་དང་། ཁྱད་པར་གྱི་མཆོད་པ་དགེ་བའི་རྩ་བ་དབུལ་བའོ། །ཞེས་གསུམ་དུ་གསུངས་པའི་དང་པོ་ནི། བྱམས་པའི་སྣང་བརྙན་ལ་ན་བཟའ་སོགས་ཅི་འབྱོར་པ་དབུལ། སྤོས་དང་མར་མེ་སོགས་སྤར་ལ། དངོས་སུ་བཤམས་པའི་མཆོད་པ་རྒྱུར་བྱས་པ་ལས་བྱུང་བའི་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་རབ་འབྱམས་མཁའ་ཁྱབ་ཏུ་སྤྲོས་ཏེ། མེ་ཏོག་དམ་པ་སོགས་ནས། ཕྱག་འཚལ་མཆོད་པར་བགྱི། །ཞེས་དང་མེ་ཏོག་འཐོར། མཆོད་པའི་སྨིན་གྱི་གཟུངས་བཟླ། རོལ་མོ་བྱ། གཉིས་པ་ནི། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །སེམས་དཔའ་མཆོག་རྣམས་བདག་ནི་ཡོངས་བཞེས་ཤིག །གུས་པས་ཁྱེད་ཀྱི་འབངས་སུ་
མཆི་བར་བགྱི། །ཞེས་བརྗོད་པས་ལུས་དབུལ། གསུམ་པ་ནི། བདག་གིས་དུས་གསུམ་བསགས་པའི་དགེ་བ་ཀུན། །ནམ་མཁའི་མཐར་ཐུག་སེམས་ཅན་དོན་གྱི་ཕྱིར། །ཐུགས་རྗེའི་མངའ་བདག་མཆོག་ལ་འབུལ་ལགས་ན། །འགྲོ་ཀུན་བྱང་ཆུབ་མྱུར་དུ་ཐོབ་མཛད་གསོལ། །ཞེས་དགེ་བའི་རྩ་བ་དབུལ། ཞར་བྱུང་དེ་ཐམས་ཅད་དང་རྗེས་སུ་འབྲེལ་བར་མཎྜལ་འབུལ་བ་ནི། །མཎྜལ་སོ་བདུན་མ་དང་། ཉེར་གསུམ་མ་སོགས་སྤྱི་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད། དཔལ་རྒྱལ་བ་བྱམས་པ་མགོན་པོ་འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉན་ཐོས་དགྲ་བཅོམ་པའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དགའ་ལྡན་ཆོས་ཀྱི་འདུན་སར་དབུགས་དབྱུང་སྟེ། མྱུར་དུ་བྱང་ཆུབ་ཆེན་པོར་ལུང་བསྟན་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་དང་། བདག་གཞན་ལུས་ངག་ཡིད་གསུམ་ལོངས་སྤྱོད་དུས་གསུམ་དགེ་ཚོགས་བཅས། །རིན་ཆེན་མཎྜལ་བཟང་པོ་ཀུན་བཟང་མཆོད་པའི་ཚོགས་བཅས་པ། །བློ་ཡིས་བླངས་ཏེ་མ་ཕམ་མགོན་པོ་འཁོར་དང་བཅས་ལ་འབུལ། །ཐུགས་རྗེའི་དབང་གིས་བཞེས་ནས་བདག་ལ་བྱིན་གྱིས་བརླབ་ཏུ་
གསོལ། །ཞེས་བརྗོད། དེ་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་ནི། འདོད་ཆགས་ཞེ་སྡང་སོགས་ནས། ཕྱིར་བསྔོའོ། །ཞེས་པའི་བར་བཟང་སྤྱོད་ལྟར་བྱའོ། །དེ་ལྟར་སྨོན་ལམ་འགྲུབ་པའི་རྒྱུ་བསག་སྦྱང་སྤེལ་གསུམ་གྱི་གནད་བསྡུས་པ་ཡན་ལག་བདུན་པ་གྲངས་མང་དུ་བྱ། གཟུངས་བཟླ་བར་སྤྲོ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷ་ག་ཝ་ཏེ། ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་ཨ་ཛི་ཏེ་ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ། ཨ་ཛི་ཏེ་ཛ་ཡ། ཧ་ར་ཧ་ར། མཻ་ཏྲི་ཨ་ཝ་ལོ་ཀི་ཏེ། ཨ་ར་ཀ་ར། མ་ཧཱ་ས་མ་ཡ་སིདྡྷི། བྷ་ར་བྷ་ར། མ་ཧཱ་བོ་དྷི་མཎྜོ་བི་ཛེ། སྨ་ར་སྨ་ར། ཨསྨ་སྐཾ་ས་མ་ཡཾ། བོ་དྷི་བོ་དྷི། མ་ཧཱ་བོ་དྷི་སྭཱ་ཧཱ། རྩ་བའི་སྔགས་སོ། །ཨོཾ་མོ་ཧི་མོ་ཧི། མ་ཧཱ་མོ་ཧི་སྭཱ་ཧཱ། སྙིང་པོའོ། །ཨོཾ་མ་ཏི་མ་ཏི་སྨྲྀ་ཏི་སྭཱ་ཧཱ། ཉེ་བའི་སྙིང་པོ་སྟེ། དེ་རྣམས་ཅི་ནུས་བཟླས་ནས། སྨོན་ལམ་གདབ་པ་དངོས་ནི། གཞུང་རྩ་བ་ལས་དེ་ནས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ་འདི་སྐད་ཅེས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་སློབ་དཔོན་དང་དགེ་འདུན་བདག་ལ་དགོངས་སུ་གསོལ། བདག་མིང་རུས་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་སྙིང་པོ་བྱང་ཆུབ་ལ་མཆིས་ཀྱི་བར་དུ་རྐང་གཉིས་
རྣམས་ཀྱི་མཆོག་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་དམ་པའི་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་རུས་འདི་ཞེས་བགྱི་བ་ནམ་མཁའི་མཐས་གཏུགས་པའི་སེམས་ཅན་ལ་ཕན་པ་དང་བདེ་བའི་དོན་དུ་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བགྱི་བའི་སླད་དུ་དགའ་ལྡན་དུ་འདུག་པའི་སེམས་བསྐྱེད་པར་བགྱི་སྟེ། བདག་གིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། སྒོམ་པ་ལས་བྱུང་བའི་དགེ་བའི་རྩ་བ་འདིས་བདག་ཤི་འཕོས་ནས་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་དགའ་ལྡན་གྱི་གནས་སུ་དམ་པའི་ཆོས་ལ་ལོངས་སྤྱོད་པར་གྱུར་ཅིག །མའི་མངལ་གྱི་རྫོབ་ཏུ་མི་སྐྱེ་ཞིང་པདྨའི་སྦུབས་སུ་བརྫུས་ཏེ་སྐྱེ་བར་གྱུར་ཅིག །དེར་ཡང་སྒྲུབ་པའི་རྟེན་ཕུན་སུམ་ཚོགས་པ་ཆོས་བརྒྱད་དང་ལྡན་པར་གྱུར་ཅིག །བླ་མ་རྗེ་བཙུན་བྱམས་པ་མགོན་པོས་རྗེས་སུ་འཛིན་པར་གྱུར་ཅིག །གྲོགས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་འཇུག་པར་གྱུར་ཅིག །ཀུན་ཏུ་སྤྱོད་པའི་སྒོ་རྣམ་པར་དག་པ་དུ་མས་དེ་ཉིད་མཉེས་པར་བྱེད་པར་གྱུར་ཅིག །ནཱམ་དུའང་མི་མཉེས་པར་བྱེད་པར་མ་གྱུར་ཅིག །བསམ་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གོང་ནས་གོང་དུ་
འཕེལ་བར་བྱེད་པར་གྱུར་ཅིག །སྦྱོར་བ་ཕ་རོལ་ཏུ་ཕྱིན་པ་བཅུ་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ཅིག །སྤྱོད་པ་བླ་ན་མེད་པའི་སྒོ་དྲུག་མཐར་ཕྱིན་པར་བྱེད་པར་གྱུར་ཅིག །ཆེད་དུ་བྱ་བ་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཡུལ་དུས་རྣམ་པ་ཐམས་ཅད་དུ་ཡོངས་སུ་རྫོགས་པར་གྱུར་ཅིག །ཕྲིན་ལས་བསམ་གྱིས་མི་ཁྱབ་པས་འཁོར་བ་མ་སྟོངས་ཀྱི་བར་དུ་ཕན་པ་དང་བདེ་བ་རྒྱས་ཤིང་རྒྱུན་མི་འཆད་པར་གྱུར་ཅིག །མདོར་ན་བདག་དང་གཞན་གྱི་དོན་ཐམས་ཅད་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ལྡན་པར་གྱུར་ཅིག །བདག་གིས་སྦྱིན་སོགས་བགྱིས་པ་འདི་དག་གིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །འདི་ནས་ཤི་འཕོས་དགའ་ལྡན་སྐྱེ་བ་དང་། །བྱམས་མགོན་བསྟེན་པས་དེ་དགོངས་རྫོགས་བྱེད་ཤོག །ཅེས་ལན་གསུམ་བརྗོད་ཅིང་མེ་ཏོག་གཏོར་བར་བྱའོ། །སླར་ཡང་སྨོན་ལམ་དེ་ཉིད་འགྲུབ་པའི་དོན་དུ་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་བརྗོད་པ་ནི། སངས་རྒྱས་སྐུ་གསུམ་བརྙེས་པ་དང་། །ཆོས་ཉིད་མི་འགྱུར་དྲི་མེད་དང་། །དགེ་འདུན་མི་ཕྱེད་འདུས་པ་ཡི། །བདེན་པས་སྨོན་ལམ་འགྲུབ་པར་ཤོག །ཅེས་དཔོན་སློབ་ཐམས་ཅད་ཀྱིས་མེ་ཏོག་གཏོར་བར་བྱའོ། །ཞེས་གསུངས་པ་ལྟར་ཉམས་སུ་བླང་ངོ་། །གསུམ་
པ་རྗེས་ནི། སླར་ཡང་གཏང་རག་གི་ཚུལ་དུ། མེ་ཏོག་དམ་པ་སོགས་མཆོད་པ་དང་། སྤྲོ་ན། སྔོན་ཚེ་གསེར་བཟང་འོད་ཀྱི་རྒྱལ་བ་ལས། །ཞེས་སོགས་ཁོ་བོས་བྱས་པའི་ཐུགས་དམ་གནད་ནས་སྐུལ་བའི་གསོལ་འདེབས་ཀྱང་བྱ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་གང་། །དེ་ཡང་བཟོད་པར་མཛད་དུ་གསོལ། །ཞེས་ནོངས་པ་བཤགས། མགོན་པོ་མ་ཕམ་པ་ལ་སོགས་པ་འཕགས་པའི་ཚོགས་རྣམས་ཀྱིས་བདག་ཅག་ལ་སོགས་པའི་འགྲོ་བ་ཉམ་ཐག་པ་རྣམས་ཀྱི་དོན་མཛད་ཅིང་བཀའ་དྲིན་སྩལ་ལགས་ཏེ། ད་དུང་དུའང་བདག་ཅག་རྣམས་ལ་ཐུགས་བརྩེ་བས་ཡང་དང་ཡང་དུ་གདན་འཛོམས་པར་མཛད་པར་དགོངས་ཤིང་། རང་ཉིད་ཀྱི་གདུལ་བྱའི་ཞིང་དུ་གདུལ་བྱ་མང་པོའི་དོན་ལ་གཤེགས་པར་སྩལ་དུ་ཅི་གནང་། །ཞེས་པས་དགའ་ལྡན་གྱི་ཞིང་ཁམས་སུ་སླར་ཡང་གཤེགས་པར་གསོལ། སངས་རྒྱས་ཀུན་ལ་ཕྱག་འཚལ་ལོ། །ཞེས་སོགས་འཕགས་པ་བྱམས་པའི་སྨོན་ལམ་དང་། སྤྲོ་ཞིང་ནུས་ན་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་མཛད་པའི་སྨོན་ལམ་རིན་པོ་ཆེ་སིལ་མ་སོགས་ཀྱང་བཏབ་པའི་མཐར། ཆེ་བའི་ཆེ་མཆོག་སོགས་བཀའ་ལས་བྱུང་བའི་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་
འཐོར། རོལ་མོའི་སྒྲ་སྙན་པར་སྦྱར་བས་དགེ་ལེགས་སུ་བྱའོ། །དེ་ལྟར་བརྩོན་པའི་ཕན་ཡོན་ནི། ཚེ་འདིར་ཚེ་རིང་བ་དང་། ནད་མེད་པ་དང་། དཔལ་དང་གཟི་བརྗིད་འཕེལ་བ་དང་། ཚུལ་ཁྲིམས་དག་ཅིང་གཟུངས་ཐོབ་པ་དང་། བྱང་ཆུབ་སེམས་གཉིས་རྩོལ་མེད་དུ་སྐྱེ་བ་དང་། འཆི་འཕོས་ནས་ཀྱང་དགའ་ལྡན་ཡིད་དགའ་ཆོས་འཛིན་གྱི་འདུན་སར་པདྨའི་སྙིང་པོ་ལས་བརྫུས་ཏེ་སྐྱེས་ནས་མྱུར་དུ་བྱང་ཆུབ་ཆེན་པོར་ལུང་བསྟན་པ་ཐོབ་པར་འགྱུར་བ་སོགས་མཐའ་ཡས་པས་ན། གུས་སྦྱོར་དང་རྟག་སྦྱོར་གྱིས་ཚུལ་འདི་ལ་བརྩོན་པ་ནི་དལ་འབྱོར་གྱི་རྟེན་ལ་སྙིང་པོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། །དགའ་བ་བརྒྱ་ལྡན་ཆོས་ཀྱི་ཕོ་བྲང་དུ། །སྨོན་ལམ་གདབ་པའི་ཆོ་ག་རྨད་བྱུང་བ། །ནོར་བུའི་ཐེམ་སྐས་འདིར་བརྟེན་ཡིད་ཅན་ཀུན། །སྐུ་གསུམ་གྲོང་ཁྱེར་མཆོག་ཏུ་འཇུག་གྱུར་ཅིག །ཅེས་པའང་ཚུལ་འདི་ལ་མོས་པ་རྣམས་ལ་ཕན་པའི་བསམ་པས། མ་བྱོན་པའི་སངས་རྒྱས་རབ་གསལ་གྱི་རྣམ་པར་འཕྲུལ་བ། ཁ་ཆེའི་མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་བྷ་དྲའི་གསུང་ངག །ཁྲོ་ཕུ་ལོ་ཙཱ་བ་ཆེན་པོ་བྱམས་པའི་དཔལ་གྱིས་བསྒྱུར་པའི་གཞུང་ཇི་ལྟ་བར། འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བཀླགས་པས་གྲུབ་པར་བསྡེབས་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག། །།
ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་གྱི་གསུང་རབ་ལས་བྱུང་བའི་དངོས་གྲུབ་ཀྱི་རྫས་ཉི་ཤུ་རྩ་བདུན་གྱི་མཆོད་ཕྲེང་འདོད་རྒུའི་སྤྲིན་ཆེན།
༈ ཁྲོ་ཕུ་ལོ་ཆེན་བྱམས་པའི་དཔལ་གྱི་གསུང་རབ་ལས་བྱུང་བའི་དངོས་གྲུབ་ཀྱི་རྫས་ཉི་ཤུ་རྩ་བདུན་གྱི་མཆོད་ཕྲེང་འདོད་རྒུའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །དངོས་གྲུབ་ཀྱི་རྫས་ཉི་ཤུ་རྩ་བདུན་གྱི་མཆོད་པ་ཞེས་བྱ་བ་སངས་རྒྱས་དངོས་གྲུབ་ཀྱི་དབང་པོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ལ་སྡོམ་ནི། རིན་ཆེན་ཤིང་དང་དཔག་བསམ་ཤིང་། །བུམ་བཟང་བདུད་རྩི་ཁྲུས་ཀྱི་རྫིང་། །འདོད་འཇོའི་བ་དང་ཅང་ཤེས་རྟ། །ཡིད་བཞིན་ནོར་བུ་བསམ་འཕེལ་སྟེ། །མ་བཏབ་ལོ་ཏོག་སྐྱེད་མོས་ཚལ། །ཨུ་དུམ་ར་རྫོགས་ལྡན་སྤྲིན། །བསམ་གཏན་ལྷུང་བཟེད་རྡོ་རྗེ་གྲི། །རིལ་བུ་རྐང་མགྱོགས་མིག་སྨན་བཅུད། །ཐོད་ལེ་ཀོར་དང་རྡོ་རྗེ་དུང་། །རྫུ་འཕྲུལ་ཞགས་པ་ཉི་ཟླ་དང་། །རིན་ཆེན་གཏེར་དང་ལྕགས་ཀྱི་སྟེ། །གྲུབ་པ་ཉི་ཤུ་རྩ་བདུན་ནོ། །ཞེས་པ་ལྟར་གྱིས་རིམ་བཞིན་དུ་མཆོད་པ་ལ། རྟེན་གྱི་དྲུང་དུ་སོ་སོའི་གཟུགས་བརྙན་འབུར་དུ་གཏོད་པའམ། རི་མོར་བྲིས་པ་སོགས་འདུ་བྱ། དེ་ལ་དམིགས་ཏེ་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་རྒྱས་པར་སྤེལ་བ་སྔོན་དུ་འགྲོ་བས། ཐལ་མོ་སྦྱར་ཏེ་སྙན་པའི་དབྱངས་དང་བཅས་པས། རང་སྔགས་བསྟུན་ཏེ་པད་ཀོར་གྱིས་ཐོག་དྲངས་སོ་སོའི་དབྱིབས་དང་མཐུན་པའི་ཕྱག་རྒྱ་བཅའ་བའམ། ནམ་མཁའ་མཛོད་ཀྱི་ཕྱག་རྒྱ་ཁོ་ནས་ཀྱང་
རུང་སྟེ་མཐར་སེ་གོལ་གཏོགས་པ་དང་བཅས་འབུལ་ཚིག་ནི། དགེ་ཚོགས་ལས་གྲུབ་རིན་ཆེན་བདུན་རང་བཞིན། །ཡིད་འོང་སྡོང་བུ་ཡལ་འདབ་མེ་ཏོག་རྒྱས། །རོ་ནུས་མཆོག་སྨིན་འབྲས་ཚོགས་ཟླགཡུར་ཟ་བ། །སྣ་ཚོགས་རིན་ཆེན་ལྗོན་པས་སྐྱབས་གསུམ་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་རཏཱ་པྲཀ་པཱ་ཛ་མེ་གྷ་ས་མུ་དྲ་སྤ་ར་ཎ་ས་མ་ཡ་ཨཱཧཱུྃ། རྩ་བ་རྡོ་རྗེའི་སྙིང་པོ་ལས་འཁྲུངས་ཤིང་། །འདོད་རྒུ་སྟེར་བའི་རིན་ཆེན་སྡོང་ཆེན་པོ། །མ་ལུས་ལྷ་རྫས་མཆོད་ཡོན་བསམ་མི་ཁྱབ། །བསམ་ཀུན་རང་བྱུང་དཔག་བསམ་གྱིས་མཆོད་བགྱི། །སྔགས་ཀྱི་ཐོག་མཐའ་འདྲ་བ་ལ། རཏྣ་བྲྀཀྵའི་གནས་སུ། ཀལྤ་བྲྀཀྟ་ཞེས་བསྒྱུར། དེས་མཚོན་ཏེ། ལྷ་ཀླུའི་མཛོད་སྐྱེས་རིན་ཆེན་བུམ་བཟང་འཁྱིལ། །བདུད་རྩིས་ལྟོ་གང་ལྷ་རྫས་མགུལ་ཆིངས་མཛེས། །སྣ་ཚོགས་གསེར་དངུལ་སྡོང་པོས་ཁ་བརྒྱན་པ། །འདོད་རྒུའི་རྒྱུན་འབེབས་བུམ་བཟང་འདི་ཡང་འབུལ། །སུ་ཀུམྦྷ༴ གང་རེག་མཐོང་བས་ལུས་དང་མིག་ནད་སེལ། །ཐིགས་ཙམ་གཅིག་གིས་ན་དང་འཆི་འཇོམས་བྱེད། སྨན་ཆེན་སྤྱན་སྟོང་ལྡན་པའི་རྩི་གཅིག་པོ། །བདུད་རྩིའི་རྩི་མཆོག་དེས་ཀྱང་སྲས་བཅས་མཆོད། །ཨ་མྲྀ་ཏ༴ ཤེལ་སོགས་རིན་ཆེན་བཞི་དངོས་རྩིག་སྐྱབས་ལྡན། །ཡན་ལག་བརྒྱད་ལྡན་དྲི་མེད་ཆུས་གང་ཞིང་། །སྣ་
ཚོགས་བྱ་དང་མེ་ཏོག་ཕྲེང་བས་ཁེབས། །ཝ་ཏིའི་རྒྱུན་འབེབས་པདྨའི་རྫིང་བུས་མཆོད། པདྨ་ཁྭ་ཏ། དཔལ་ལྡན་ནོར་གྱི་བདག་པོའི་ནེའུ་ལེ་བཞིན། །དགོས་ཀུན་རྒྱུན་འབེབས་ཡིད་བཞིན་ནོར་བུ་བཟང་། །བཀྲ་ཤིས་མཚན་དགུ་དུལ་བའི་ངང་ཚུལ་ཅན། །བསོད་ནམས་སྟོབས་སྐྱེད་འདོད་འཇོའི་བ་མོས་མཆོད། །ཀཱ་མ་དྷེ་ནུ༔ ཡན་ལག་ལེགས་གནས་རྨ་བྱའི་མགྲིན་ལྟར་སྔོ། །ཀུན་ནས་ལྷུན་སྡུག་སྤྲིན་ཤུགས་ལྟར་མགྱོགས་ཤིང་། །ཆེན་པོའི་རྐྱེན་གྱུར་རྫུ་འཕྲུལ་རྐང་པར་ལྡན། །རྟ་མཆོག་ཅང་ཤེས་དེ་ཡིས་རྒྱལ་རྣམས་མཆོད། །ཏུ་རཾ་ག ལྷ་མི་ཀླུ་དབང་ཅོད་པན་སྙིང་པོའི་རྒྱན། །ས་གསུམ་རྒྱལ་མཚན་རྩེར་བཅིངས་མཆོད་འོས་གང་། །ཕྱོགས་ཀུན་ཐ་གྲུར་འདོད་རྒུའི་ཆར་འབེབས་པ། །ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོས་མཆོད། །ཙིནྡྷ་མ་ཎི༔ འགྲོ་ནང་གཟུགས་སྒྲ་དྲི་རོ་རེག་པའི་མཆོག །ཀུན་ནས་ཡིད་འོང་སྐྱོན་བརྒྱས་མ་གོས་ཤིང་། །དེས་བསམ་དངོས་ཀུན་ཐོགས་མེད་རང་སྒྲུབ་བྱེད། །བུད་མེད་གཟུགས་ཅན་རིན་ཆེན་དེས་ཀྱང་མཆོད། །སཱི་རཏྣ༔ སྦྱིན་ཤུགས་ལས་ལྕགྲུབ་མ་རྨོས་མ་བཏབ་པར། །ཕུན་ཚོགས་ལོ་ཏོག་ངོ་མཚར་གང་འཁྲུངས་པ། །མུ་གེ་ནད་གདོན་གནོད་པ་ཀུན་སེལ་བའི། །བཀྲ་ཤིས་ལོ་ཏོག་དེས་ཀྱང་ཁྱེད་མཆོད་དོ། །མངྒ་ལ་བྲོ་ཧི༔ འཇམ་
ཡངས་མཉམ་པའི་ས་གཞིར་ཙནྡན་ཆུས། །རབ་བརླན་རབ་མཛེས་མེ་ཏོག་རིགས་བརྒྱ་འཁྲུངས། །ཡིད་འཕྲོག་ངད་བསུང་རྩི་སྨན་རྩི་བཅུད་འབྲས། །དཔག་མེད་ཀུན་རྒྱས་སྐྱེད་མོས་ཚལ་འདིའང་འབུལ། །ཨུ་པ་བ་ན༴ བསྡུ་བཞི་གསེར་བྲག་སྐྱིབས་འཁྲུངས་རྙེད་དཀའ་ཞིང་། །འདབ་སྟོང་རིན་ཆེན་འོད་འབར་དཔལ་བརྒྱ་ལྡན། །འཁོར་ལོས་སྒྱུར་རྒྱལ་ཐུབ་དབང་ལྟས་གཅིག་པོ། །འདབ་མཛེས་རྒྱལ་པོ་ཨུ་དུམ་རས་མཆོད། །ཨུ་དུམྦཱ་ར༴ རབ་ཡངས་མཁའ་ལ་དགེ་ཚོགས་རླབས་བསྐྱེད་པས། །དཔལ་འབྱོར་སྤྲིན་དཀྲིགས་ཆོས་དང་འཇིག་རྟེན་གྱི། །དགོས་འབྱུང་ཆར་འབེབས་སྙན་པའི་འབྲུག་སྒྲོགས་པ། །རྫོགས་ལྡན་སྤྲིན་ཆེན་དེས་ཀྱང་འགྲོ་དཔལ་མཆོད། །མ་ཧཱ་ག་ཡ་ཀྲྀ་ཏ་ཡུ་གི༴ རྣམ་ཀུན་ཏིང་འཛིན་ལས་བསྒྲུབས་ལྷུང་བཟེད་མཆོག །ཐོགས་མེད་འགྲོ་མང་རེ་བ་ཀུན་སྐོང་བྱེད། །རྫུ་འཕྲུལ་སྣོད་བརྟེན་ཤཱཀྱའི་ཕྱག་མཚན་གང་། །བསམ་གཏན་སྣོད་དེས་དྲང་སྲོང་རྣམས་མཆོད་བགྱི། །པ་ཏྲཾ༴ ཕ་ལམ་ལས་གྲུབ་རྣོ་ངར་སྟོབས་གསུམ་ལྡན། །ཡིད་ཤུགས་ཀྱིས་བསྐྱོད་དགོས་རྒར་རང་འགྲོ་ཞིང་། །ལྷ་དབང་མཚོན་ཆ་གཅོད་བྱེད་རྒྱལ་པོ་ནི། །རྡོ་རྗེ་རལ་གྲི་དེས་ཀྱང་ཁྱེད་གུས་མཆོད། །བཛྲ་ཁཌྒ༴ སྨན་ཆེན་རྒྱལ་པོ་མཁའ་འགྲོས་བྱིན་བརླབས་ཤིང་། །སྦས་པའི་
གཤོག་ལྡན་བྲག་རི་ནམ་མཁར་ཡར། །ཐོགས་མེད་བརྟུལ་ཞུགས་གསུམ་གྱི་རྩལ་སྦྱིན་པ། །དངོས་གྲུབ་རིལ་བུ་དེས་ཀྱང་ཁྱེད་མཆོད་དོ། །སིདྡྷི་གོ་ལ༴ གངས་རིའི་སྤོ་ལ་རྩི་ཐོག་མིའམ་ཅིས། །ལེགས་བླངས་རྣལ་འབྱོར་རླུང་སེམས་དབང་བསྒྱུར་བས། །ལོ་ཟླ་ཞག་དང་ཐུན་མཚམས་ཆུ་ཚོད་བཞིར། །རབ་སྒྲུབ་རྐང་མགྱོགས་དེས་ཀྱང་ཁྱེད་མཆོད་བགྱི། །ཛ་བ་པཱ་ད༴ སྒྲ་སྒྲོགས་རྒྱལ་པོ་དྲི་ཟབ་རྒྱས་བཙལ་རྟེན། །སྤྱན་ལྔ་རྗེས་མཐུན་རྒྱང་རིང་དངོས་མཐོང་བ། ཤེས་རབ་ཏིང་འཛིན་དྲན་པ་ལས་བྱུང་མིག །དངོས་གྲུབ་རྫས་ཆེན་དེས་ཀྱང་ཁྱེད་གུས་མཆོད། །ཨཉྫན༴ ལྷ་ཡུལ་ཀླུ་ཤིང་ལྷ་མིན་གྱིས་བླངས་སྨན། །མི་དབང་ཟ་མ་ཏོག་གི་སྙིང་པོར་བསྒྲུབས། །གྲུབ་ཆེན་སྐྱེ་རྒུའི་ཚེ་ཡི་བཅུད་བསྡུས་པ། །སྨན་ཆེན་བཅུད་ཀྱིས་ལེན་དེས་ཁྱེད་མཆོད་བགྱི། །རཱ་ས་ཡཱ་ན༴ སྦྱིན་དང་བསམ་གཏན་བརྩེ་བས་བསྒྱུར་བྱས་པ། །ཟླ་ཚེས་རི་མོས་རྒྱལ་བློན་སྐྱེ་བོ་དང་། །ཡུལ་རིགས་དབང་སྡུད་འདོད་རྒུད་དབང་བསྒྱུར་པ། །དངོས་གྲུབ་ཐོད་ལེ་ཀོར་གྱིས་ཁྱེད་མཆོད་དོ། །ཁ་ཊི་ཀ༔ བརྒྱ་བྱིན་གྱིས་འཕངས་སྒྲ་གཅན་མཆེ་བ་བཅག །སྲ་བརྟན་མི་བྱེད་ཕྱོགས་བཅུར་ཐལ་བྱུང་གྱུར། །ཟེར་ཕོག་ཙམ་གྱིས་རི་བོ་ཐལ་བར་བྱེད། །བར་ཆད་བཟློག་སླད་རྡོ་རྗེ་འབར་བས་མཆོད། །བཛྲ་ཛཱ་
ལ༴ གསུང་སྒྲ་ཆོས་ཀྱི་དུང་ལྟར་གྲགས་སྒྲ་སྒྲོགས། །གང་གིས་སྒྲ་བྱུང་རི་རབ་གླིང་བཅས་འབུལ། །མ་ལུས་སྙིང་ལ་དད་ཤུགས་དགའ་སྐྱེ་དང་། །རིན་ཆེན་དུང་དཀར་དེ་ཡིས་རྒྱལ་རྣམས་མཆོད། །རཏྣ་ཤཾ་ཁ༴ ཟླ་ཟེར་ཉི་ཟེར་ཐུབ་འོད་རྒྱན་གྱུར་པ། །མིའམ་ཅི་དབང་བསོད་ནམས་ལས་གྲུབ་ཅིང་། །ཆེ་རྣམས་ཡིད་ཀྱིས་འགུགས་བྱེད་དོན་ཡོད་མིང་། །རྫུ་འཕྲུལ་ཞགས་ཆེན་དེས་ཀྱང་སྐྱབས་གསུམ་མཆོད། །རྀདྡྷི་རཱ་ཤ༴ རྟ་བདུན་རླུང་གིས་ཤུགས་བསྐྱོད་འགྲོ་བ་ཡི། །སྒྲོན་གཅིག་ཕྱོགས་བཅུར་རིན་ཆེན་མེ་འོད་འབྱིན། །འོད་འཛིན་རྒྱལ་པོ་རྫུ་འཕྲུལ་མཐུ་ཆེན་པོ། །པདྨོའི་གཉེན་གྱུར་ཉི་མ་དེས་ཀྱང་མཆོད། །སཱུརླ༴ ས་གསུམ་གདུང་སེལ་དུམ་བུ་ཤས་ཙམ་གྱིས། །དྲག་པོའི་གཙུག་རྒྱན་འཇིག་རྟེན་གསུམ་དཔལ་གྱུར། །གླིང་བཞིའི་མུན་སེལ་ནམ་མཁའི་རྒྱན་གཉིས་པ། །ཟླ་རྒྱས་བསིལ་ཟེར་དེས་ཀྱང་སྐྱབས་གསུམ་མཆོད། །ཙནྡྲ༴ ས་ཆེན་སྦུབས་གཏམས་ཤེལ་སོགས་རྣམ་བཞིའི་སྒྲོམ། །གང་རྙེད་ཀུན་ལ་འཛད་མེད་ཕན་འབྱུང་བ། །གླིང་དགུ་སྣ་ཚོགས་རིན་ཆེན་རྒྱུད་འབྲེལ་ཕྱུག །འདོད་རྒུའི་གཏེར་ཆེན་དེས་ཀྱང་དཔལ་ཁྱེད་མཆོད། །མ་ཧཱ་ནི་དྷི༴ ལྷ་མིན་མཚོན་རྣོ་གནོད་སྦྱིན་མགར་བས་བཟོས། །ལྕུགས་མཛེས་དཀྱུས་རིང་ཕྲ་རྒྱས་རབ་མཛེས་དྲང་། །འདོད་རྒུ་ཀུན་
འགུགས་ཀུན་ལས་རྣམ་རྒྱལ་བ། །རིན་ཆེན་ལྕགས་ཀྱི་དེས་ཀྱང་ཁྱེད་མཆོད་བགྱི། །རཏྣ་ཨངྐུ་ཤ༴ ཞེས་ཕུལ་བའི་མཐར་ཐལ་མོ་སྦྱར་ཏེ། བྱམས་ཆེན་སྲས་བཅས་རྒྱལ་བ་རྒྱ་མཚོའི་ཚོགས་། །རྡུལ་སྙེད་བདག་ལུས་གུས་བཏུད་ཐལ་སྦྱར་ཏེ། །བདུན་ལྡན་ཉི་ཤུ་གྲུབ་པའི་རྫས་ཕུལ་བས། །མཁའ་ཁྱབ་མ་རྣམས་འདོད་རྒུ་ལྷུན་གྲུབ་ཤོག །ཅེས་འདོད་དོན་གསོལ། འདིར་མཚོན་སྔགས་སྤྱིར་བཏང་ཡིན་ལ། དམིགས་བསལ་གང་ལ་འབུལ་བའི་མཚན་སྔགས་སྦྱར་ཏེ། །མགོན་པོ་བྱམས་པ་གཙོ་བོར་བྱས་ཏེ་འབུལ་ན། སརྦ་ཏ་ཐཱ་ག་ཏའི་མལ་དུ། །མེ་ཏྲི་ནཱ་ཐ་ཞེས་དང་། རྣམ་ཐོས་སྲས་ཀྱི་མཆོད་ཆོག་ལ། བེ་ཤ་ཝ་ཎ་ཞེས་བསྒྱུར་བས་མཚོན་ཏེ་ཤེས་པར་བྱའོ། །དངོས་གྲུབ་གྱི་རྫས་ཉི་ཤུ་རྩ་བདུན་གྱི་མཆོད་པ་ཞེས་བྱ་བ། དགེ་སློང་བྱམས་པའི་དཔལ་གྱིས་སྦྱར་བ་རྫོགས་སོ། །སླར་ཡང་སོ་སོའི་མིང་སྔགས་བར་དུ་བཅུག་པ་སོགས་ངག་འདོན་གྱི་ཕྲེང་བར་མཁྱེན་བརྩེའི་དབང་པོས་བསྡེབས་པའི་དགེ་བས་འཇིག་རྟེན་དུ་དགེ་ལེགས་འདོད་རྒུའི་སྤྲིན་ཆེན་ལས་དངོས་གྲུབ་ཀྱི་ཆར་རྒྱུན་དུས་རྟག་ཏུ་འཇོ་བར་གྱུར་ཅིག། །།མངྒ་ལཾ།། །།
ཁྲོ་བུ་ལོ་ཆེན་གྱི་གསུང་རབ་ལས་བྱུང་བའི་གྲུབ་པ་ཉེར་བདུན་གྱི་མཆོད་ཕྲེང་ཕྱག་རྒྱ་སོ་སོར་བྱེད་ན།
༈ ཁྲོ་བུ་ལོ་ཆེན་གྱི་གསུང་རབ་ལས་བྱུང་བའི་གྲུབ་པ་ཉེར་བདུན་གྱི་མཆོད་ཕྲེང་ཕྱག་རྒྱ་སོ་སོར་བྱེད་ན། རིན་ཆེན་ལྗོན་པ་ལ། ཐལ་མོ་ཁོང་
སྟོང་གུང་མོ་རྩེ་སྤྲད། སྲིན་ལག་པདྨ་ལྟར་ཁ་ཕྱེ། ལྷག་མ་ལོ་འདབ་ཀྱི་ཚུལ་དུ་བསྒྲེང་། དཔག་བསམ་ཤིང་ལ་ཐལ་མོ་མཐིལ་སྤྲད། སོར་མོའི་རྩེ་སྦྱར་བ་ཟླུམ་པོ་འབྲས་བུ་ལྟར་བྱ། བུམ་པ་བཟང་པོར། རྟགས་བརྒྱད་ཀྱི་བུམ་པའི་རྒྱ། བདུད་རྩི་ལ། གཡོན་པདྨ་ལྟར་ཁ་ཕྱེ། གཡས་པའི་མཐེབ་སྲིན་གྱིས་བདུད་རྩི་ལེན་ཚུལ་བྱ། པདྨའི་རྫིང་བུར། ཐལ་མོ་བརྐྱངས་པའི་སོར་མོ་རྩེ་བཀུག་པ་པདྨའི་རྫིང་བུ་ལྟར། འདོད་འཇོའི་བ་ལ། ཐལ་མོ་ཐད་ཀར་སོར་རྩེ་སྤྲད་པ་ཟླུམ་པོ། མཐེ་བོང་རྭ་ལྟར་བསྒྲེང་། རྟ་མཆོག་ལ། སྣ་བདུན་གྱི་རྟ་མཆོག་ལྟར། ནོར་བུ་ལ། སྣ་བདུན་གྱི་ནོར་བུ་ལྟར། །ཟློབཙུན་མོ་ལ། སྣ་བདུན་གྱི་བཙུན་མོ་ལྟར། མ་རྨོས་ལོ་ཏོག་ལ། ཐལ་མོ་བརྐྱངས་པའི་སོར་མོ་རྣམས་ཕྱོགས་གཅིག་ཏུ་བསྒྲེངས་པ་ལོ་ཏོག་གི་ཚུལ། སྐྱེད་མོས་ཚལ་ལ། ཐལ་མོ་མཉམ་པར་བརྐྱང་། ཨུ་དུམྦ་ར་ལ། པདྨའི་རྒྱ། རྫོགས་ལྡན་སྤྲིན་ལ། ནམ་མཁའ་མཛོད་རྒྱུ། ལྷུང་བཟེད་ལ། ཐལ་མོ་བརྐྱངས་ནས་མཛུབ་རྩེ་ཅུང་ཟད་བཀུག་པ་ལྷུང་བཟེད་འདེགས་པའི་རྒྱ། རལ་གྲི་ལ། གཡོན་ཁུ་ཚུར་སྙིང་ག །གཡས་ཁུ་ཚུར་གུང་མཛུབ་བསྒྲེངས་པ་རལ་གྲིའི་རྒྱ། རིལ་བུར། ཐལ་མོ་ཁ་ཕྱིར་བསྟན་ཏེ་བརྐྱངས་པའི་མཐེབ་མཛུབ་ཟླུམ་པོར་སྤྲད། རྐང་མགྱོགས་ལ། ཐལ་མོ་གཉིས་སྙིང་གའི་
ཐད་ནས་ཐུར་དུ་སྦུབས་ཏེ་བརྐྱངས་པ་མཆིལ་ལྷམ་གྱི་རྒྱ། མིག་སྨན་ལ། ཐལ་མོ་གཉིས་མཐེབ་མཛུབ་སྤྱད་པས་མིག་སྨན་བྱུགས་ཚུལ། བཅུད་ལེན། ཐལ་མོ་གཉིས་ནུ་མའི་ཐད་དུ་བརྐྱངས་ཏེ་མཐེབ་མཛུབ་སྦྱར་བ་བཅུད་ལེན་གྱི་སྣོད་འདེགས་ཚུལ། ཐོད་ལེ་ཀོར་ལ། གཡོན་ཁུ་ཚུར། གཡས་ཁུ་ཚུར་ལ་མཐེབ་མཛུབ་སྦྱར་བས་ཟླ་ཚེས་བྲི་ཚུལ། རྡོ་རྗེར། རྡོ་རྗེའི་རྒྱ། དུང་ལ། དུང་གི་རྒྱ། དོན་ཡོད་ཞགས་པར། མཐེབ་མཛུབ་སྦྱར་ནས་སྦྲེལ་བ་ཞགས་མིག་ལྟར། ཉི་མ་ལ། ཐལ་མོ་མཐིལ་སྦྱར། སོར་མོ་རྣམས་བསྒྲེངས་པ་ཉི་ཟེར་གྱི་རྒྱ། ཟླ་བར། ཐལ་མོ་ཁོང་སྟོང་ཟླུམ་པོ་ཟླ་བ་ལྟར་བྱ། གཏེར་ཆེན་པོར། ཐལ་མོ་སྙིང་གའི་ཐད་དུ་མཐིལ་ཟླུམ་པོར་སྦྱར། གུང་སྲིན་རྡོ་རྗེ་ཕྱི་བསྡམ་མཐའ་བཞི་ཐད་ཀ་དང་། མཐེ་བོང་སྟེང་དུ་བསྒྲེངས་པ་གཏེར་གྱི་སྒྲོམ་བུའི་རྒྱ། རིན་ཆེན་ལྕགས་ཀྱུར། གཡོན་ཁུ་ཚུར་སྙིང་ག །གཡས་ཁུ་ཚུར་ལས་མཛུབ་མོ་བརྐྱངས་ཏེ་རྩེ་བཀུག་པ་ཕྲག་པའི་ཐད་བསྐོར་བ་ལྕགས་ཀྱུས་འདེབས་པའི་རྒྱའོ། །དེ་སོ་སོར་ཐོག་མར་པད་ཀོར་གྱིས་གཞི་བླངས་ཏེ་སོ་སོའི་ཕྱག་རྒྱ་དང་། མཐར་སེ་གོལ་གཏོགས་པས་འཇོག་པའོ། །
སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་ཕན་བདེའི་ཨུཏྤལ།
སྒྲོལ་མ་མཎྜལ་བཞི་པའི་ཆོ་ག་བྱ་ཚུལ་མདོར་བསྡུས་སྙིང་པོར་དྲིལ་བ་ཕན་བདེའི་ཨུཏྤལ་ཞེས་བྱ་བ་བཞུགས་སོ།། །།
གང་མཚན་དྲན་པའི་མོད་ཉིད་ནས། །འཇིགས་པ་ཀུན་ལས་དབུགས་འབྱིན་པའི། །མྱུར་མ་དཔའ་མོར་གུས་བཏུད་ནས། །དེ་མཉེས་བྱེད་པའི་ཆོ་ག་བཤད་།་།དེ་ལ་འདིར་བློ་གྲོས་དང་ལྡན་པ་རྣམས་ཀྱིས་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་གོ་འཕང་དོན་དུ་གཉེར་བ་ན། ལམ་གྱི་བར་དུ་གཅོད་པ་ཐམས་ཅད་ཐབས་ཁྱད་པར་ཅན་གྱི་སྒོ་ནས་སྲུང་བའི་སླད་དུ་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་ལྷར་བཟུང་ཞིང་། གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། ཞེས་པའི་མན་ངག་ཕྱོགས་གཅིག་པ་མཎྜལ་བཞི་བའི་མཆོད་པ་ཉམས་སུ་བླང་བར་འདོད་པས། རྟེན་གྱི་གང་ཟག་རྒྱུད་དག་པའི་དགེ་སློང་བཞིས་བཏང་ན་ཤིན་ཏུ་བཟང་སྟེ། མ་གྲུབ་ན་རང་གཅིག་པུས་ཀྱང་རུང་། གང་ལྟར་ཡང་གནས་གཙང་ཞིང་ཡིད་དང་མཐུན་ལ་བཀོད་པས་མཛེས་པར་དཀོན་མཆོག་གི་རྟེན་གསུམ་ཇི་ལྟར་རིགས་པ་དང་། ཁྱད་
པར་རྗེ་བཙུན་མའི་སྐུ་བྲིས་འབུར་གང་རིགས་རབ་གནས་དང་ལྡན་པའི་སྤྱན་སྔར། སྟེགས་ཀྱི་ཁར་དྲི་བཟང་གིས་བྱུགས་པའི་མཎྜལ་རེ་ཁཱ་གཉིས་སྐོར་དུ་བྲིས་པའི་དབུས་སུ་ཚོམ་བུ་བདུན་བཀོད་པ་བཞི་དང་། གཏོར་མ་འབུལ་ན་ཟླུམ་གཏོར་བཞིའམ་གཅིག །མཆོད་པ་སྣ་ལྔ་ཚར་ལྔ་སོགས་ཇི་ལྟར་འཛོམས་པ་གཙང་སྦྲ་དང་ལྡན་པས་འདུ་བྱས་ནས་ཆོ་ག་དངོས་ལའང་སྔོན་དངོས་རྗེས་གསུམ་ལས། དང་པོ་སྔོན་འགྲོ་ནི། སྒྲུབ་པ་པོ་རྣམས་ཀྱིས་ཆས་བླངས་བའི་རྗེས་སྟན་བདེ་བ་ལ་འདུག་སྟེ་དགེ་སེམས་ཁྱད་པར་ཅན་གྱི་ངང་མདུན་གྱི་ནམ་མཁར་སྐྱབས་ཡུལ་ཐམས་ཅད་མངོན་སུམ་བཞིན་དུ་བཞུགས་པར་མོས་ལ། སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་བར་དུ་བདག་ནི་སྐྱབས་སུ་མཆི། །བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་
ཤོག །ཅེས་སྐྱབས་སེམས་ཇི་ལྟར་རིགས་པ་བྱ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་ཚད་མེད་བཞི་བསྒོམ། གནས་དང་ཡོ་བྱད་རྣམས་ལ་དམིགས་ཏེ། དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་གྱི་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ཆེན་པོ་ལས་ཆོས་ཀྱི་དབྱིངས་རང་བཞིན་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་སྟོབས་ཀྱིས། དེང་འདིར་ཁོར་ཡུག་གི་ས་གཞི་འདི་དག་བདེ་བ་ཅན་གྱི་ཞིང་གི་བཀོད་པ་ལྟ་བུ་ཕུན་སུམ་ཚོགས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཛེས་ཤིང་ཡིད་དུ་འོང་བར་གྱུར་པའི་དབུས་སུ་མཆོད་རྫས་རྣམས་འཕགས་པ་ཀུན་ཏུ་བཟང་པོའི་རྣམ་པར་ཐར་པ་ལས་བྱུང་བའི་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་བྱུང་བ། ངོ་བོ་བཟང་ཞིང་གཙང་བ། ཡུལ་ནམ་མཁའི་མཐའ་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་རྒྱུན་མི་ཆད་པར་སྐྱབས་གནས་དཀོན་མཆོག་རྒྱ་མཚོའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་
གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད་པས་བྱིན་གྱིས་བརླབ། སྤྲོ་ན། ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡྷ་ནེ། ཏ་ཐཱ་ག་ཏཱ་ཡ། ཨརྡ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ་མ་ཧཱ་བཛྲེ། མ་ཧཱ་ཏེ་ཛོ་བཛྲེ། མ་ཧཱ་བིདྱཱ་བཛྲེ། མ་ཧཱ་བོ་དྷི་ཙིཏྟ་བཛྲེ། མ་ཧཱ་བོདྷི་མཎྜོ་པ་སཾ་ཀྲ་མ་ཎ་བཛྲེ་སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། །ཞེས་མཆོད་པའི་སྤྲིན་གྱི་གཟུངས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ། དངོས་གཞི་ནི། མདུན་གྱི་རྟེན་རྣམས་རྗེ་བཙུན་སྒྲོལ་མ་འཁོར་སྒྲོལ་མ་ཉེར་གཅིག་དང་། ཕྱོགས་བཅུ་དུས་གསུམ་གྱི་སྐྱབས་ཡུལ་མ་ཚང་བ་མེད་པས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པར་མོས་པས། མཎྜལ་དང་པོ་དཀོན་མཆོག་སྤྱི་ལ་འབུལ་བ་ནི། ཐོག་མར། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །ཞེས་བློ་ཀ་གཅིག་དང་། མགོན་པོ་ཐུགས་རྗེ་ཆེ་ལྡན་པ། །ཐམས་ཅད་མཁྱེན་པ་སྟོན་པ་པོ། །བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་། །དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ། །དག་པ་འདོད་ཆགས་བྲལ་བའི་རྒྱུ། །དགེ་བས་ངན་སོང་ལས་གྲོལ་ཞིང་། །གཅིག་ཏུ་དོན་དམ་མཆོག་གྱུར་པ། །ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ། །གྲོལ་ནས་གྲོལ་བའི་ལམ་ཡང་སྟོན། །བསླབ་པ་དག་ལ་རབ་ཏུ་གུས། །ཞིང་
གི་དམ་པ་ཡོན་ཏན་ལྡན། །དགེ་འདུན་ལ་ཡང་ཕྱག་འཚལ་ལོ། །ཞེས་བློ་ཀ་གསུམ་རྣམས་ལན་གསུམ་དུ་བརྗོད་ཅིང་། བློ་ཀ་རེ་ལ་ཕྱག་རེ་བྱས་མཐར་མེ་ཏོག་འཐོར་ནས་སྟན་ལ་བསྡད། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །བཟང་པོ་སྤྱོད་པའི་སྨོན་ལམ་སྟོབས་དག་གིས། །རྒྱལ་བ་ཐམས་ཅད་ཡིད་ཀྱི་མངོན་སུམ་དུ། །ཞིང་གི་རྡུལ་སྙེད་ལུས་རབ་བཏུད་པ་ཡིས། །རྒྱལ་བ་ཀུན་ལ་རབ་ཏུ་ཕྱག་འཚལ་ལོ། །རྡུལ་གཅིག་སྟེང་ན་རྡུལ་སྙེད་སངས་རྒྱས་རྣམས། །སངས་རྒྱས་སྲས་ཀྱི་དབུས་ན་བཞུགས་པ་དག །དེ་ལྟར་ཆོས་ཀྱི་དབྱིངས་རྣམས་མ་ལུས་པ། །ཐམས་ཅད་རྒྱལ་བ་དག་གིས་གང་བར་མོས། །དེ་དག་བསྔགས་པ་མི་ཟད་རྒྱ་མཚོ་རྣམས། །དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །མེ་ཏོག་དམ་པ་ཕྲེང་བ་དམ་པ་དང་། །སིལ་སྙན་རྣམས་དང་བྱུག་པ་གདུགས་མཆོག་དང་། །མར་མེ་མཆོག་དང་བདུག་སྤོས་དམ་པ་ཡིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ན་བཟའ་དམ་པ་རྣམས་དང་དྲི་མཆོག་དང་། །ཕྱེ་མ་ཕུར་མ་རི་རབ་མཉམ་པ་དང་། །བཀོད་པ་
ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །མཆོད་པ་གང་རྣམས་བླ་མེད་རྒྱ་ཆེ་བ། །དེ་དག་རྒྱལ་བ་ཐམས་ཅད་ལ་ཡང་མོས། །བཟང་པོ་སྤྱོད་ལ་དད་པའི་སྟོབས་དག་གིས། །རྒྱལ་བ་ཀུན་ལ་ཕྱག་འཚལ་མཆོད་པར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་དབང་གིས་ནི། །ལུས་དང་ངག་དང་དེ་བཞིན་ཡིད་ཀྱིས་ཀྱང་། །སྡིག་པ་བདག་གིས་བགྱིས་པ་ཅི་མཆིས་པ། །དེ་དག་ཐམས་ཅད་བདག་གིས་སོ་སོར་བཤགས། །ཕྱོགས་བཅུའི་རྒྱལ་བ་ཀུན་དང་སངས་རྒྱས་སྲས། །རང་རྒྱལ་རྣམས་དང་སློབ་དང་མི་སློབ་དང་། །འགྲོ་བ་ཀུན་གྱི་བསོད་ནམས་གང་ལ་ཡང་། །དེ་དག་ཀུན་གྱི་རྗེས་སུ་བདག་ཡི་རང་། །གང་རྣམས་ཕྱོགས་བཅུའི་འཇིག་རྟེན་སྒྲོན་མ་རྣམས། །བྱང་ཆུབ་རིམ་པར་སངས་རྒྱས་མ་ཆགས་བརྙེས། །མགོན་པོ་དེ་དག་བདག་གིས་ཐམས་ཅད་ལ། །འཁོར་ལོ་བླ་ན་མེད་པ་བསྐོར་བར་བསྐུལ། །མྱ་ངན་འདའ་སྟོན་གང་བཞེད་དེ་དག་ལ། །འགྲོ་བ་ཀུན་ལ་ཕན་ཞིང་བདེ་བའི་ཕྱིར། །བསྐལ་པ་ཞིང་གི་རྡུལ་སྙེད་བཞུགས་པར་ཡང་། །བདག་གིས་ཐལ་མོ་རབ་སྦྱར་གསོལ་བར་བགྱི། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་
པ། །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ། །ཞེས་ཡན་ལག་བདུན་པའི་མཐར། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་ལན་གསུམ་བྱས་པ་དང་བདག་གཞན་རྣམས་དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པར་བསམ། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། །རི་རབ་གླིང་བཞི་ཉི་ཟླས་བརྒྱན་པ་འདི། །སངས་རྒྱས་ཞིང་དུ་དམིགས་ཏེ་ཕུལ་བ་ཡིས། །འགྲོ་ཀུན་རྣམ་དག་ཞིང་ལ་སྤྱོད་པར་ཤོག །ཅེས་མཎྜལ་འབུལ། སྐྱབས་གནས་དཀོན་མཆོག་རྒྱ་མཚོ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་ཐོབ་པར་མཛད་དུ་གསོལ། །དེ་མ་ཐོབ་པའི་ཚེ་རབས་ཀུན་ཏུ་ཡང་། །ལྷ་དང་མི་ཡི་བདེ་བ་མཆོག་ཐོབ་ནས། །ཐམས་ཅད་མཁྱེན་པ་སྒྲུབ་པར་བྱེད་པ་ལ། །བར་ཆད་གདོན་བགེགས་རིམས་དང་ནད་ལ་སོགས་། །དུས་མིན་འཆི་བར་གྱུར་པ་སྣ་ཚོགས་དང་། །རྨི་ལམ་ངན་དང་མཚན་མ་ངན་པ་དང་། །འཇིགས་པ་བརྒྱད་སོགས་ཉེ་བར་འཚེ་བ་རྣམས། །མྱུར་དུ་ཞི་ཞིང་མེད་པར་མཛད་དུ་གསོལ། །འཇིག་རྟེན་འཇིག་རྟེན་ལས་ནི་འདས་པ་ཡི། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པ་རྣམས། །འཕེལ་ཞིང་རྒྱས་པས་དོན་རྣམས་མ་ལུས་པ། །འབད་མེད་ལྷུན་གྱིས་འགྲུབ་པར་མཛད་དུ་གསོལ། །
སྒྲུབ་ལ་བརྩོན་ཞིང་དམ་ཆོས་འཕེལ་བ་དང་། །རྟག་ཏུ་ཁྱེད་སྒྲུབ་ཞལ་མཆོག་མཐོང་བ་དང་། །སྟོང་ཉིད་དོན་རྟོགས་བྱང་སེམས་རིན་པོ་ཆེ། །ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པས་འདོད་པའི་དོན་ལ་གསོལ་བ་རྩེ་གཅིག་ཏུ་གདབ། དེ་ནས་རྗེ་བཙུན་མ་ལ་མཎྜལ་གསུམ་འབུལ་བའི་དང་པོ་ནི། ལྷ་དང་ལྷ་མིན་ཅོད་པན་གྱིས། །ཞབས་ཀྱི་པདྨོ་ལ་བཏུད་དེ། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། །ཞེས་ལན་བདུན་གྱིས་ཕྱག་བྱས་ལ་མེ་ཏོག་འཐོར། ས་གཞི་སྤོས་ཆུས་བྱུགས་ཤིང་མེ་ཏོག་བཀྲམ། སོགས་ཀྱིས་མཎྜལ་འབུལ། རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དང་བས་ཕྱག་འཚལ་ལོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་ཀྱིས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པའི། །དུས་གསུམ་དགེ་བ་ཅི་བསགས་པ། །བསོད་ནམས་ལ་ནི་བདག་ཡི་རངས། །སེམས་ཅན་རྣམས་ཀྱི་
བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་བསྐོར་དུ་གསོལ། །འཁོར་བ་ཇི་སྲིད་མ་སྟོང་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །བདག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །ཅེས་ཡན་ལག་བདུན་པ་དང་། སངས་རྒྱས་ཆོས་ཚོགས་མས་སྐྱབས་སེམས་ལན་གསུམ་དུ་བྱས་པས། །རང་དང་བསྒྲུབ་བྱ་ཐམས་ཅད་རྗེ་བཙུན་མའི་ཕྱག་གཡས་པའི་སྐྱབས་སྦྱིན་བརྐྱངས་པའི་འོག་ཏུ་ཚུད་ནས་འཇིགས་པ་ཐམས་ཅད་ལས་དབུགས་དབྱུང་བར་བསམས་ལ། ཕྱག་འཚལ་ཉེར་གཅིག་གི་བསྟོད་པ་ཚར་གཉིས་འདོན། མཐར། རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན། །ཞེས་སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། དེ་བཞིན་དུ་མཎྜལ་གཉིས་པ་ལ་ཕྱག་འཚལ་ཉེར་གཅིག་ཚར་གསུམ་དང་། གསུམ་པ་ལ་འདུན་སྤར་བ་མ་གཏོགས་གཞན་འདྲ། ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བ། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་
ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བརྟན་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤོང་སྟེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ཏེ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར། །ཞེས་ཕན་ཡོན་ཀྱང་དོན་ཡིད་ལ་དྲན་བཞིན་པའི་སྒོ་ནས་ཚར་གཅིག་བྱ། རྗེས་ནི། གཏོར་མ་འབུལ་བར་སྤྲོ་ན་སྐབས་འདིར་གཞན་ནས་འབྱུང་བའི་ཆོ་གས་བཏང་། མ་འབྱོར་ནའང་གཞུང་རྩ་བར་མི་འབྱུང་བས་ཆད་སྐྱོན་མེད། གང་ལྟར་ཡང་གཏང་རག་གི་སླད་དུ་ཡན་ལག་བདུན་པ་འབུལ་ཞིང་འདོད་པའི་དོན་ལ་གསོལ་བ་གདབ། མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་མཛོད། །ཅེས་པའི་མཐར། བག་མེད་སྤྱད་པ་མ་དག་པས། །ཆོ་ག་གཞུང་བཞིན་མ་ལྕོགས་པས། །ལྷག་ཆད་འཁྲུལ་པ་ཅི་མཆིས་པ། །ཐུགས་
རྗེས་བཟོད་པར་མཛད་དུ་གསོལ། །ཞེས་པས་ནོངས་བ་བཟོད་པར་གསོལ། མདུན་དུ་བཞུགས་པའི་ཡེ་ཤེས་པ་རྣམས་རྟེན་དང་དབྱེར་མེད་དུ་བཞུགས་པར་བསམས་ལ་མེ་ཏོག་འཐོར། དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་སྒྲོལ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག། །ཅེས་དགེ་བ་བསྔོ་ཞིང་འཁོར་གསུམ་མི་དམིགས་པའི་ལྟ་བས་རྒྱས་གདབ། བདག་གིས་ཚེ་རབས་སྔོན་ནས་བསྒྲུབས་པའི་ལྷ། །དུས་གསུམ་སངས་རྒྱས་ཀུན་གྱི་ཕྲིན་ལས་མ། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་མྱུར་ཞི་དཔལ། །ཡུམ་གྱུར་ཨཏྤལ་བསྣམས་པའི་བཀྲ་ཤིས་ཤོག། །ཅེས་སོགས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་ཇི་ལྟར་རིགས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལ་སྤྱིར་རྗེ་བཙུན་སྒྲོལ་མ་ནི་རྒྱལ་བ་ཀུན་གྱི་ཕྲིན་ལས་ཐུགས་རྗེའི་གཟུགས་སུ་ཤར་བ་ཡིན་པས། འཕགས་པའི་ཡུལ་དུ་སློབ་དཔོན་ཀླུ་སྒྲུབ་སོགས་མཁས་ཤིང་དངོས་གྲུབ་བརྙེས་པ་རྣམས་ཀྱིས་འདི་ཁོ་ན་ལ་ཐུགས་དམ་དུ་མཛད་པས་བར་ཆད་ལས་བསྐྱབས་པ་སོགས་གཏམ་རྒྱུད་ཤིན་ཏུ་མང་ལ། ཁྱད་པར་མཎྜལ་གྱི་སྒོ་ནས་གསོལ་བ་འདེབས་པ་འདི་ཉིད་བྱིན་རླབས་ཆེས་མྱུར་བས་ན། གཙོ་བོར་ཐམས་ཅད་མཁྱེན་པ་ཐོབ་པར་བྱེད་པའི་རྒྱུའི་གཙོ་བོ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གཉིས་རྒྱུད་ལ་སྐྱེ་བ་དང་། དེའི་ཆེད་དུ་སྒྲུབ་པའི་གནས་སྐབས་ཀྱི་འགལ་རྐྱེན་ཞི་ཞིང་། མཐུན་རྐྱེན་ཕུན་སུམ་ཚོགས་པའི་སླད་དུ་གསོལ་བ་གདབ་ཅིང་། དུས་རྟག་ཏུ་རྗེ་བཙུན་མ་དྲན་པར་བྱས་ན་འཇིག་རྟེན་དང་
འཇིག་རྟེན་ལས་འདས་པའི་དཔལ་གྱིས་འབྱོར་པ་ནི་ངེས་པའོ། །རྗེ་བཙུན་མྱུར་མ་དཔལ་མོའི་ཞབས། །མཆོད་པའི་ཐབས་ཚུལ་དཔྱིད་དཔལ་གྱིས། །ཕན་བདེའི་ཨུཏྤལ་རྒྱས་པའི་ཕུལ། །འགྲོ་རྣམས་ཉེར་འཚེའི་སླད་གྱུར་ཅིག །ཅེས་པའང་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་ཨ་ཏི་ཤ་ནས་རིམ་པར་བརྒྱུད་པའི་མན་ངག་དཔལ་སྣར་ཐང་གི་མཁན་པོ་མཆིམས་སྟོན་ནམ་མཁའ་གྲགས་ཀྱིས་གསལ་བར་མཛད་པའི་དགོངས་དོན་ཇི་ལྟ་བ་ལ། སྐབས་སུ་བབ་པའི་མཚམས་སྦྱོར་ཅུང་ཟད་དང་བཅས་ཏེ་ཤིན་ཏུ་བསྡུས་པའི་ཚུལ་གྱིས་ཤཱཀྱའི་དགེ་སློང་འཇམ་དབྱང་མཁྱེན་བརྩེའི་དབང་པོས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག། །།
རིག་བྱེད་མའི་སྒོམ་བཟླས་སྙིང་པོར་དྲིལ་བ་སྲིད་གསུམ་ཡིད་འཕྲོག
རིག་བྱེད་མའི་སྒོམ་བཟླས་སྙིང་པོར་དྲིལ་བ་སྲིད་གསུམ་ཡིད་འཕྲོག་ཅེས་བྱ་བ་བཞུགས་སོ།། །།
ན་མོ་གུ་རུ་ཀུ་རུ་ཀུ་ལླི་པ་དཱ་ཡ། འདིར་བསྡུས་པའི་ཚུལ་གྱིས་རྗེ་བཙུན་མ་ཀུ་རུ་ཀུ་ལླེ་བསྒོམ་པར་འདོད་པས་བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་དང་ལྡན་པས་འཁོད། སྐྱབས་ཡུལ་གསལ་གདབ། སྐྱབས་སེམས་ནི། བདག་སོགས་འགྲོ་ཀུན་བྱང་ཆུབ་བར། །བླ་མ་དཀོན་མཆོག་རྣམ་གསུམ་ལ། །གུས་པས་སྐྱབས་མཆི་གཞན་དོན་ཕྱིར། །ཟབ་མོའི་རྣལ་འབྱོར་བསྒོམ་པར་བགྱི། །ཞེས་ཅི་ནུས་དང་། བསོད་ནམས་ཀྱི་ཚོགས་བསགས་པ་ནི། །རང་ཉིད་སྐད་ཅིག་ཞལ་གཅིག་ཕྱག་གཉིས་མདའ་གཞུ་འཛིན་པ་རྗེ་བཙུན་མར། །གསལ་བའི་ཐུགས་ནས་འོད་འཕྲོས་པས། །བླ་མ་ཀུ་རུ་ཀུལླེའི་ཚོགས། །མདུན་གྱི་ནམ་མཁར་སྤྱན་དྲངས་གྱུར། །ན་མོ་གུ་རུ་ཤྲཱི་ཀུ་
རུ་ཀུལླེ་མཎྜ་ལེ་བྷྱཿ ཨོཾ་གུ་རུ་ཤྲཱི་ཀུ་རུ་ཀུལླེ་མཎྜལ་ས་པ་རི་ཝཱ་ར་ཨརྒྷཾ། པཱ་དྱཾ། པུཥྤེ། དྷུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བིདྱཱ། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་
རྒྱས་འགྲུབ་པར་ཤོག །ལན་གསུམ། སེམས་ཅན་བདེ་ལྡན་སྡུག་བསྔལ་བྲལ། །བདེ་ལས་ཉམས་མེད་བཏང་སྙོམས་ཤོག །ཚོགས་ཞིང་རང་ལ་ཐིམ་པར་གྱུར། །ཡེ་ཤེས་ཀྱི་ཚོགས་བསགས་པ་ནི། །ཨོཾ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉ་ཧཾ། ཞེས་བརྗོད་པས་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་དུ་བསམ་ལ་བློ་བཞག །སྟོང་པའི་ངང་ལས་ཕྱི་རོལ་ཏུ། །དུར་ཁྲོད་བརྒྱད་ཀྱིས་བསྐོར་བའི་དབུས། །པད་ཉི་ཧཱུྃ་ཡིག་ཡོངས་གྱུར་ལས། །སྣ་ཚོགས་རྡོ་རྗེ་ཧཱུྃ་གིས་མཚན། །འོད་འཕྲོས་རྡོ་རྗེའི་སྲུང་འཁོར་གྱུར། །དེ་དབུས་པྃ་ལས་པདྨ་དང་། །པྃ་ལས་ཉི་དཀྱིལ་མི་རོའི་སྟེང་། །ཧྲཱིཿལས་ཨུཏྤལ་ཧྲཱིཿས་མཚན་པའི། །འོད་ཀྱིས་འཕགས་མཆོད་འགྲོ་སྒྲིབ་སྦྱངས། །བརྟན་གཡོའི་དངོས་ཀུན་ལྷར་བྱས་ཏེ། །ཚུར་འདུས་ཡོངས་སུ་གྱུར་པ་ལས། །བདག་ཉིད་སྐད་ཅིག་རྗེ་བཙུན་མ། །དམར་གསལ་ཞལ་གཅིག་ཕྱག་བཞིས་མཛེས། །བཅུ་དྲུག་ན་ཚོད་འཛུམ་ཁྲོའི་ཉམས། །དམར་ཟླུམ་སྤྱན་གསུམ་གཡོན་དུ་གཟིགས། དབུ་སྐྲ་དམར་སྣུམ་གྱེན་དུ་བསྐྱོད། །ཐོད་སྐམ་ལྔ་དང་དར་དཔྱངས་བཅིངས། །མགོ་རློན་ལྔ་བཅུའི་དོ་ཤལ་འཕྱང་། །རྩ་ཕྱག་ཨུཏྤལ་མདའ་གཞུ་དང་། །ལྷག་མ་ལྕགས་ཀྱུ་ཞགས་པ་འཛིན། །རབ་ཏུ་སྒེག་ཅིང་ཆགས་པའི་ཚུལ། །རིན་ཆེན་རུས་རྒྱན་སྟག་ཤམ་ཅན། །གཡས་
བསྐུམ་གཡོན་བརྐྱང་གར་སྟབས་འགྱིང་། །མཐོང་ཐོས་དྲན་པས་ཡིད་འཕྲོག་ཅིང་། །འོད་འབར་ཉི་མའི་རྒྱབ་ཡོལ་མཛད། །གནས་གསུམ་འབྲུ་གསུམ་འོད་ཟེར་གྱིས། །ཡེ་ཤེས་སེམས་དཔའ་ས་མཱ་ཛ༔ ཨོཾ་ཤྲཱི་ཀུ་རུ་ཀུལླེ་ཨརྒྷཾ། པཱ་དྱཾ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱ། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོ་རང་ལ་ཐིམ། སླར་ཡང་དབང་ལྷ་སྤྱན་དྲངས་ནས། ཡེ་ཤེས་བདུད་རྩིས་དབང་བསྐུར་བས། །སྐུ་གང་སྒྲིབ་དག་རིགས་ཀྱི་བདགཾ །འོད་དཔག་མེད་པས་དབུར་བརྒྱན་གྱུར། ཨོཾ་ཤྲཱི་ཀུ་རུ་ཀུལླེ། ཨརྒྷཾ། པཱ་དྱཱ། པུཥྤེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་བི་དྱཱ། ཤཔྟ་པྲ་ཏཱི་ཙྪསྭཱ་ཧཱ། ཞེས་པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿས་ནང་མཆོད་བྱིན་གྱིས་བརླབས་ལ་ཨོཾ་ཨཱཿཧཱུྃ་གིས་མྱངས་པས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པརཾ་བསམ། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །ཡེ་ཤེས་མདའ་གཞུ་ཨུཏྤལ་ལྕགས་ཀྱུ་འཛིན། །རྗེ་བཙུན་རིག་བྱེད་མ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཟླས་པ་བྱ་བ་ནི། རང་གི་སྙིང་གར་ཉི་མའི་སྟེང་། །ཧྲཱིཿམཐར་སྔགས་ཕྲེང་དམར་པོས་བསྐོར། །འོད་འཕྲོས་སྲིད་ཞིའི་ཕུན་ཚོགས་ཀུན། །ཐོག་པ་མེད་པར་དབང་བསྡུས་གྱུར། །ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཞེས་མི་ཚིག་གིས་བར་
མཆོད་པར་ཅི་ནུས་སུ་བཟླ། ཐུན་ལས་ལྡང་བ་ན། གནས་གསུམ་དུ་རྡོ་རྗེ་གསུམ་གྱི་ངོ་བོ་འབྲུ་གསུམ་གྱིས་མཚན་པར་མོས་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད། དགེ་བ་འདི་ཡིས་མྱུར་དུ་བདག །རིག་བྱེད་དབང་མོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཚེ་རིང་ནད་མེད་འབྱོར་ལྡན་ཞིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་རྣམས་ཀུན། །ཆོས་བཞིན་འགྲུབ་པར་མཛད་དུ་གསོལ། །འབད་དང་རྩོལ་བས་མ་གོས་པ། །ཡིད་བཞིན་ནོར་བུ་དཔག་བསམ་བཞིན། །སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་སོགས་བསྔོ་སྨོན་ཤིས་བརྗོད་ཇི་ལྟར་རིགས་པ་བྱས་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་ཐམས་ཅད་དུ་སྣང་གྲགས་རྟོག་གསུམ་རྗེ་བཙུན་མའི་གསང་བ་གསུམ་དུ་ཤེས་པའི་ལམ་ཁྱེར་དང་མ་བྲལ་བའི་སྒོ་ནས་སྤྱོད་ལམ་དགེ་བའི་རྩ་བས་དུས་འདའ་བར་བྱའོ། །ཞེས་པའང་འོད་གསལ་ལྷའི་རིགས་ལས་སོན་པའི་ནོར་འཛིན་སྐྱོང་བའི་དབང་མོ་མཆོག་གི་ཐུགས་དམ་ཉམས་གཞེས་སུ་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་ཚར་ཆེན་རྡོ་རྗེ་འཆང་གི་གསུང་རབ་ཇི་ལྟ་བར་མདོར་བསྡུས་ཚིགས་བཅད་ཀྱི་ཕྲེང་བར་བསྡེབས་པའི་དགེ་ལེགས་མཆོག་ཏུ་གྱུར་ཅིག །སརྦ་དཱ་སིདྡྷི་བ་ར་སྥཱུཊ་བྷཱུ་ཡཱཏ།། །།
རིག་བྱེད་མའི་སྒྲུབ་ཐབས་དང་རྗེས་གནང་གི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས།
༈ རིག་བྱེད་མའི་སྒྲུབ་ཐབས་དང་རྗེས་གནང་གི་སྐབས་སུ་ཉེ་བར་མཁོ་བའི་ཟིན་བྲིས་བཞུགས་སོ། །ཨོཾ་སྭ་སྟི། ངོར་ཆེན་ཐམས་ཅད་མཁྱེད་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་རིག་བྱེད་མའི་སྒྲུབ་ཐབས་ཀྱི་སྐབས་སྐྱབས་སེམས་ནི། སྐྱབས་ཡུལ་མདུན་གྱི་ནམ་མཁར་སེང་གེའི་ཁྲི་དང་པད་ཉི་ལ་བླ་མ་འོད་དཔག་མེད་ལོངས་སྤྱོད་རྫོགས་སྐུ་དམར་པོ་མཉམ་གཞག་ཅན་གྱི་སྐུ་དགེ་འདུན། །གསུང་དམ་ཆོས། ཐུགས་བླ་མ་དང་སངས་རྒྱས་ཀུན་འདུས་པ་ལ། བདག་དང་སེམས་ཅན་ཐམས་ཅད་འཇིགས་དད་སྙིང་རྗེ་གསུམ་གྱི་སྒོ་ནས་བྱང་ཆུབ་བར་དུ་སྐྱབས་སུ་འགྲོ་བར་བསམ་པས། ངག་ཏུ། བདག་དང་འགྲོ་བ་ཁམས་གསུམ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས། འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག །དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་
རྣམས་ལ་སྐྱབས་སུ་མཆིའོ། །དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ། །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་ཅི་ནུས་ཀྱི་མཐར་ཐལ་མོ་སྦྱར་ཏེ། བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གཅིག །སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེ་བཙུན་རིག་བྱེད་ལྷ་མོའི་སྒོམ་བཟླས་ཉམས་སུ་བླང་བར་བགྱིའོ། །ལན་གསུམ། རང་ཉིད་སྐད་ཅིག་སོགས་དཀྱུས་བཞིན་ལ། ལྷ་མོ་བརྒྱད་ཀྱིས་མཆོད་པ་ནི། །དཀར་མོ་རི་དྭགས་མཚན་མ་འཛིན། །ཆོམ་རྐུན་བདུད་ལས་རྒྱལ་བའི་སྣོད། །རོ་ལངས་མ་ནི་ཆུ་ལག་མ། །སྨ་རཱི་ནི་སྨན་འཛིན་ཅིང་། །པུཀྐ་སཱི་ནི་རྡོ་རྗེའི་ལས། །དེ་བཞིན་རི་ཁྲོད་མ་རོ་འཛིན། །གདོལ་པ་མོ་ནི་ཅང་ཏེའུ་བརྡུང་། །འདི་རྣམས་ཀྱིས་ནི་གཙོ་བོར་མཆོད། །འདོད་ཆགས་ཆེན་པོས་རྗེས་ཆགས་པའི། །གཡུང་མོས་སྐུ་ལ་འཁྱུད་པ་ཉིད། །བདུད་རྩི་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཡ་ལས་རླུང་གི་དཀྱིལ་འཁོར་སྔོན་པོ་གཞུ་བདུངས་པ་ལྟ་བུ་བ་དན་གྱིས་མཚན་པ། དེའི་སྟེང་དུ་རྃ་
ལས་མེའི་དཀྱིལ་འཁོར་གྲུ་གསུམ་དམར་པོ་འབར་བས་མཚན་པ། དེའི་སྟེང་དུ་ཨ་ལས་ཐོད་པ་དཀར་པོ་དུམ་བུ་གསུམ་པ་དཔྲལ་བ་རང་ལ་བསྟན་པ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཤར་དུ་གོ་ལས་བ་གླང་གི་ཤ །ལྷོར་ཀུ་ལས་ཁྱིའི་ཤ །ནུབ་ཏུ་ད་ལས་རྟའི་ཤ །བྱང་དུ་ཧ་ལས་གླང་པོ་ཆེའི་ཤ །དབུས་སུ་ན་ལས་མིའི་ཤ །ཤ་དེ་རྣམས་རེ་རེའི་སྟེང་དུ་ཡང་། །ཤར་དུ་བྷྲཱུྃ་ལས་དྲི་ཆེན། ལྷོར་ཨཱྃ་ལས་རཀྟ། ནུབ་ཏུ་ཛཱི་ལས་བྱང་སེམས། བྱང་དུ་ཁྃ་ལས་ཤ་ཆེན་གྱི་དྭངས་མ། དབུས་སུ་ཧཱུྃ་ལས་དྲི་ཆུ། དེ་རྣམས་ཀྱི་སྟེང་དུ་ཤར་དུ་བྷྲཱུྃ་མེ་ལོང་ལྟ་བུའི་ཡེ་ཤེས། །ལྷོར་ཨཱྃ་མཉམ་པ་ཉིད་ཀྱི་ཡེ་ཤེས། ནུབ་ཏུ་ཛྲཱི་སོ་སོར་རྟོག་པའི་ཡེ་ཤེས། བྱང་དུ་ཁྃ་བྱ་བ་གྲུབ་པའི་ཡེ་ཤེས། དབུས་སུ་ཧཱུྃ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ཟླ་བའི་མཐར་གཡོན་སྐོར་གྱིས། ཨ་ཨཱ། ཨི་ཨཱི། སོགས་ནས། ཨོཾ་ཨཿ གཡས་སྐོར་གྱིས་ཀ་ཁ་ག་གྷ་ང་སོགས་ནས། ཧཀྵཿ དེ་རྣམས་ཀྱི་སྟེང་གི་ནམ་མཁའ་ལ་ཨོཾ་དཀར་པོ་མགོ་བོ་ཐུར་དུ་བལྟས་པ། དེའི་སྟེང་དུ་རྃ་ལས་ཉི་མའི་དཀྱིལ་འཁོར། དེའི་སྟེང་དུ་ཧཱུྃ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ་ལྟེ་བ་ལ་ཧཱུ་གིས་མཚན་པ། རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་འོད་ཟེར་འོག་ཏུ་འཕྲོས་པས་རླུང་གི་བ་དན་ལ་ཕོག་པས་རླུང་གཡོས་མེ་སྦར་བས། ཤ་ལྔ་བདུད་
རྩི་ལྔ་རྣམས་བསྐོལ་ཞིང་འོད་དུ་ཞུ་བའི་རླངས་པ་གྱེན་ལ་སོང་བས་ཨོཾ་དང་རྡོ་རྗེའི་ལྟེ་བའི་ཧཱུྃ་ལས་ཕོག་པས་བདུད་རྩིའི་རྒྱུན་འཛག །ཡང་ཧཱུྃ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡང་དག་པའི་ཡེ་ཤེས་ཀྱི་བདུད་རྩི་རྣམས་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་བྱོན་ཏེ་རྡོ་རྗེའི་ལྟེ་བའི་ཧཱུྃ་ལ་ཐིམ་པས་རྡོ་རྗེ་ལྗིད་དང་ལྡན་པར་གྱུར། རྡོ་རྗེ་ཉི་མ་ཨོ་དང་བཅས་པ་ཐོད་པའི་ནང་དུ་ལྷུང་བ་འོད་དུ་ཞུ་ནས་སྔར་གྱི་བདུད་རྩི་རྣམས་དང་གཉིས་སུ་མེད་པར་གྱུར་ཏེ་ཁ་དོག་དང་དྲི་དང་རོ་དང་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཞེས་དང་། ལག་པ་གཡོན་གཡས་གཉིས་ཀ་བསྟན་པ་དང་། གདན་བཞི་ལས། ལག་པ་གཉིས་ནི་བཀན་བྱས་ལ། །སྲིན་ལག་གཉིས་ནི་ཕན་ཚུན་དཀྲི། །གུང་མོ་དང་ནི་མཐེབ་རྩེ་སྦྱར། །ཁྲོ་བོ་གཉིས་ནི་མནན་པར་བྱ། ཞེས་པ་ལྟར། བྱ་ཁྱུང་གི་ཕྱག་རྒྱ་བཅས་ལ། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབས་པ་གཡོན་པའི་སྲིན་ལག་གིས་བླངས་ཏེ། ཨོ་ཨཱཿཧཱུྃ་བརྗོད་ཅིང་མྱང་བས་བདེ་བ་ཆེན་པོས་མཉེས་པར་བསམ་མོ། །བཟླས་པ་དཀྱུས་ལྟར་བྱ། མན་ངག་ཐོབ་ན་རང་བྱིན་རླབས་ཀྱི་དམིགས་པ་བསྒོམ་པ་ནི། ལུས་གནད་བསམ་གཏན་གྱི་ཆོས་བདུན་དང་ལྡན་པར་བྱ། ངག་གནད་
རླུང་རོ་དགུ་ཕྲུགས་སམ་ལན་གསུམ་བསལ་ལ་རང་སོར་བཞག །སེམས་ཀྱི་གནད། རང་ཉིད་རྗེ་བཙུན་མར་གསལ་བཞིན་པའི་ལུས་ཀྱི་ནང་ཕྲུ་མ་ཕུས་བཏབ་པ་ལྟར་དམར་སེང་ངེ་བའི་དབུས་སུ་ལྟེ་བ་ནས་སྤྱི་བོའི་བར་ལ་རྩ་དབུ་མ་ཁ་དོག་དམར་སེར། དེའི་གཡས་སུ་རོ་མ་དམར་མོ་མེའི་རང་བཞིན་ཁ་དོག་དམར་སྨུག །གཡོན་དུ་རྐྱང་མ་དཀར་མོ་ཆུའི་རང་བཞིན་ཁ་དོག་དཀར་པོ་སྟེ་གསུམ་ཀ་གྲོ་སོག་འབྲིང་པོ་ཙམ། དབུ་མ་ལ་བརྟེན་པའི་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པའི་ལྟེ་བ་དབུ་མའི་མས་སྣར་ཨོཾ་དམར་པོ་དབུ་ཅན་གྱི་ཤད་ལྟ་བུའི་ཀླད་ཀོར་དབུ་མའི་ནང་དུ་ཚུད་པ་མེའི་རང་བཞིན་ཁ་དོག་དམར་སེར་མགོ་གྱེན་དུ་བསྟན་པ། ནང་སྐོར་འདབ་མ་བརྒྱད་ལ་མདུན་ནས་བརྩམས་ཏེ། ཨ་ཀ་ཙ་ཊ་ཏ་པ་ཡ་ཤ །ཕྱི་སྐོར་དྲུག་ཅུ་རྩ་བཞི་ལ་མདུན་ནས་གཡོན་སྐོར་དུ། ཨ་ཨཱ། ཨི་ཨཱི། ཨུ་ཨཱུ། རྀ་རཱི། ལྀ་ལཱྀ། ཨཻ་ཨཻ། ཨོ་ཨཽ། ཨྃ་ཨཱཿ ཨ་ཨཱ། ཨི་ཨཱི་སོགས་ནས། ཨོཾ་ཨརྣམས་མགོ་གྱེན་ཏུ་བསྟན་པ། མདུན་ནས་བརྩམས་ཏེ་གཡས་སྐོར་དུ། ཀ་ཁ་ག་གྷ་ང་། སོགས་ནས། ཡ་ར་ལ་ཝ་ཤ་ཥས་རྣམས་མགོ་གྱེན་དུ་བསྟན་པ། ཕྱི་ནང་གི་ཡིག་འབྲུ་རྣམས་ཁ་དོག་དམར་སེར། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་པའི་དབུས་སུ་ཧཱུྃ། ཕྱོགས་བཞིར་བྷྲཱུྃ་ཨཱ་ཁཾ།
མཚམས་བཞིར་ལཱྃ་མཱྃ་པཱྃ་ཏཱྃ་རྣམས་ཁ་དོག་སྔོན་པོ་མགོ་ཐུར་དུ་བསྟེན་པ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་པའི་དབུས་སུ་ཨྃ། རྩ་འདབ་བཅུ་དྲུག་ལ་མདུན་ནས་གཡོན་སྐོར་དུ་ཨ་ཨཱ། ཨི་ཨཱི་སོགས་ནས། ཨོཾ་ཨརྣམས་ཁ་དོག་དམར་པོ་མགོ་གྱེན་དུ་བསྟན་པ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཀྱི་དབུས་སུ་དབུ་མའི་ཡར་སྣར་ཧཾ་དཀར་པོ་མགོ་ཐུར་བསྟན། །ཀླད་ཀོར་དབུ་མའི་ནང་དུ་ཚུད་པར་འདབ་མ་སུམ་ཅུ་སོ་གཉིས་ལ་མདུན་ནས་གཡོན་སྐོར་དུ། ཨ་ཨཱ། ཨི་ཨཱི་སོགས་ནས། ཨོཾ་ཨཱཿགཡས་སྐོར་དུ་ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་རྣམས་ཁ་དོག་དཀར་པོ་མགོ་ཐུར་དུ་བསྟན་པ། སྙིང་གའི་ཧཱུྃ་གི་སྟེང་དུ་དབུ་མའི་ནང་དུ་ཧཱི༔དམར་པོ་མགོ་གྱེན་དུ་བསྟན་པ། བཤང་སྒོར་རླུང་། སུམ་མདོར་མེ། འོག་སྒོ་འབྱེད་འཛུམ་གྱི་སྦྱོར་བ་ལན་གསུམ་བྱས། མཐའ་མ་བསྡོམས་པས་བཤང་སྒོའི་རླུང་གཡོས། སུམ་མདོའི་མེ་སྦར་ཏེ། ལྟེ་བའི་ཨོཾ་ལ་བསྣུན་པས་ཨོཾ་ལས་མེ་ཤིན་ཏུ་ཆ་ཕྲ་བ་གཡས་རོ་མ་ནས་སོང་། ལྟེ་བའི་རྩ་འཁོར་གྱི་ཡིག་འབྲུ་རྣམས་ཀྱི་ཁམས་སྙིགས་མ་བསྲེགས། ཡང་རོ་མ་ནས་སོང་སྙིང་གའི་ཡིག་འབྲུ་རྣམས་ཀྱི་ཁམས་སྙིགས་མ་བསྲེགས། ཧྲཱིཿལས་འོད་དམར་པོ་འཕྲོས་པས་གཡས་ཀྱི་མེ་དང་ལྷན་ཅིག་ཏུ་རོ་མ་ནས་སོང་། །
མགྲིན་པའི་རྩ་འདབ་ཀྱི་ཁམས་སྙིགས་མ་བསྲེགས། མེ་རོ་མའི་ཡས་སྣ་ནས་ཐོན། ཐོད་པའི་ནང་དུ་མདུན་ནས་གཡོན་སྐོར་གྱིས་རྣ་བ་གཡས་པའི་བུ་ག་ནས་ཐོན། ཕྱག་གཡས་པའི་མདའ་སྟོང་སྦྱར་བའི་མདའི་ལྟོང་ནས་ཞུགས། རིམ་པར་སོང་སྟེ་མདེའུ་ཨུཏྤལ་དམར་པོ་ཁ་བྱེ་ནས་འོད་ཟེར་ཕྱིར་སོང་ནས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དང་སེམས་ཅན་ཐམས་ཅད་ཀུ་རུ་ཀུལླེར་གསལ་བའི་རྣ་བ་གཡས་པ་ནས་ཞུགས། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་རྣམས་ཀྱི་འཁོར་ལོའི་ཁམས་ཀྱི་དྭངས་མ་རྣམས་བསྡུས་ནས་རྣ་བ་གཡས་པའི་བུ་ག་ནས་ཐོན། རང་གི་ཨུཏྤ་ལའི་མདེའུའི་ནང་དུ་ཞུགས། །རྣ་བ་གཡས་ནས་སོང་། ལྟག་པ་ནས་གཡས་སུ་བསྐོར་ཏེ་སྤྱི་བོའི་ཧྃ་ཞུ་བའི་བྱང་ཆུབ་ཀྱི་སེམས་དང་འགྲོགས་ནས་གཡོན་རྐྱང་མ་ནས་ཐུར་དུ་བབས་པས་མགྲིན་པ་དང་སྙིང་གའི་འཁོར་ལོ་རྒྱས་པར་བྱས། ལྟེ་བའི་ཨོཾ་ལ་ཐིགས་པ་གཅིག་ཕོག་པས་མེ་ཆེར་འབར། དབུ་མའི་མས་སྣ་ཁ་བྱེ་ནས་དབུ་མ་ནས་ཡར་སོང་སྙིང་གའི་ཧཱུྃ་དང་ཧྲཱིཿམགྲིན་པའི་ཨྃ་རྣམས་ཀྱི་སྙིགས་མ་བསྲེགས། དབུ་མའི་ཡར་སྣ་ཁ་བྱེ་སྟེ། སྤྱི་བོའི་ཧཾ་ལ་ཕོག་པས། ཧ་ལས་བྱང་སེམས་དཀར་པོ་བབས་མགྲིན་པ་དང་སྙིང་གའི་ཡི་གེ་གསུམ་གསལ་བཏབ། ལྟེ་བའི་གོང་སོར་བཞི་ཙམ་དུ་འབར་འཛག་ལ་སེམས་གཏད་པས་འཁོར་
འདས་ཐམས་ཅད་དབང་དུ་འདུས་ཞེས་བརྗོད་ཅིང་གསལ་བཏབ་ལ་རླུང་བུམ་པ་ཅན་ཅི་ཐུབ་བཟུང་། མི་ཐུབ་ན་རླུང་དལ་བུས་བཏང་ཞིང་ངལ་གསོ། །རླུང་བཟུང་བའི་ཚེ་འབར་འཛག་ལ་ཡིད་དྲག་ཏུ་གཏད། མཐར་བྱང་ཆུབ་སེམས་ཀྱི་བདུད་རྩིས་སོགས་མན་ཆད་དཀྱུས་ལྟར་ཉམས་སུ་བླངས་ཏེ། དེ་ལྟར་ན་རྗེ་བཙུན་མའི་སྐུ་བསྒོམ་ཞིང་སྔགས་བཟླ་བ་བུམ་དབང་གི་ལམ། རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ནས་འབར་འཛག་ལ་སེམས་འཛིན་པ་གསང་དབང་གི་ལམ། བདེ་བའི་ཉམས་མྱོང་ལ་སེམས་གཏད་པ་ནི་ཤེས་རབ་ཡེ་ཤེས་ཀྱི་ལམ། གང་ལ་ཐོག་མ་སོགས་ཀྱི་ཚིག་དོན་ལ་མཉམ་པར་འཇོག་པ་ནི་དབང་བཞི་པའི་ལམ་མོ། །ཐུན་ལས་ལྡངས་པའི་ཚེ། གདན་བསྡུས་ལ་བསྔོ་སྨོན་བྱས་ཏེ་སྤྱོད་ལམ་ལ་འཇུག་གོ །འདིའི་བསྙེན་པ་བྱེད་ན། གནས་ཤིན་ཏུ་དབེན་ཞིང་ཡིད་དང་རྗེས་སུ་མཐུན་པར། དཔྱིད་ཟླ་ར་བའི་ཚེས་བརྒྱད་སོགས་དུས་ཁྱད་པར་ཅན་གྱི་ཚེ། དཔལ་ཀྱེ་རྡོ་རྗེས་མཚོན་རྣལ་འབྱོར་བླ་མེད་ཀྱི་དབང་བཞི་ཡོངས་སུ་རྫོགས་པ་དང་། འདི་ཉིད་ཀྱི་རྗེས་གནང་མན་ངག་དང་བཅས་པ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་སྒྲུབ་པ་པོ་གོས་རྒྱན་དམར་པོས་བརྒྱན་ཏེ་ཁ་ནུབ་ཏུ་ཕྱོགས་པའི་མདུན་མཚན་ཉིད་དང་ལྡན་པའི་བྲིས་སྐུ་དགྲམ་པའི་སྤྱན་སྔར་མཆོད་གཏོར་སོགས་
ཟླུམ་གཏོར་དམར་པོ་པད་འདབ་བཞིས་བརྒྱན་པ། དགོས་པའི་ཡོ་བྱད་རྣམས་འདུ་བྱས་ལ། མཚམས་དམ་པར་བཅད། དགོངས་མོའི་དུས་ནས་མགོ་བརྩམས་ཏེ་སྒྲུབ་ཐབས་ནས་ཇི་སྐད་བཤད་པའི་རིམ་པ་གཉིས་ཀྱི་རྣལ་འབྱོར་ཐུན་བཞིར་བསྒོམས་ལ་དུས་ཀྱི་བསྙེན་པ་ཟླ་བ་དྲུག་བར་མ་ཆད་པ་དང་། གྲངས་ཀྱི་བསྙེན་པ་རབ་བྱེ་བ་སྟེ་འབུམ་ཕྲག་བརྒྱ་ཐམ་པ། འབྲིང་འབྲུ་འབུམ་བརྒྱད་འགྱུར་ཏེ་འབུམ་ཕྲག་དྲུག་ཅུ་རྩ་བཞི། ཐ་མ་འབུམ་ཕྲག་བཅུའམ་བརྒྱད། མཚན་མའི་བསྙེན་པ་དངོས་ཉམས་རྨི་ལམ་དུ་བཅོམ་ལྡན་འདས་མའི་སྐུ་མཐོང་བ། གསུང་ཐོས་པ། བདེ་ཆེན་གྱི་ཡེ་ཤེས་སྐྱེ་བས་མཚོན་སྐུ་གསུང་ཐུགས་འགྲུབ་པའི་མཚན་མ་བརྟན་པོ་རྙེད་པའི་བར་དུ་བཟླས་པར་བྱའོ། །དེའང་སྒྲུབ་པ་དང་ལས་སྦྱོར་ལ་ངེས་པར་འཇུག་ན་མཚན་མའི་བསྙེན་པ་ཁོ་ན་གཙོ་ཆེ་བར་གསུངས་ཤིང་། སྤྱིར་བཏང་གྲངས་ཀྱི་བསྙེན་པ་ཙམ་ཕྱག་ལེན་ཏུ་མཛད། ཐུན་བཞི་ཀའམ། ཕྱི་ཐུན་གྱི་གོང་དུ་གནས་དང་མཆོད་པའི་ཡོ་བྱད་བྱིན་གྱིས་བརླབ། མཇུག་ཏུ་གཏོར་མ་འབུལ། གཞན་མཚམས་ཀྱི་སྤང་བླང་སོགས་སྤྱི་ལྟར་ཤེས་པར་བྱ། སྦྱིན་སྲེག་བྱེད་ན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱི་གསུང་རབ་ལྟར་རམ། སྤྱི་ལྟར་བགྱིས་པས་ཀྱང་རུང་། དེ་ལྟ་བུའི་བསྙེན་པ་སྔོན་དུ་སོང་བས། རང་
ཉིད་ནུས་ལྡན་དུ་བྱ་བའི་འཁོར་ལོ་འཆང་ཞིང་། མཎྜལ་ལ་བརྟེན་པའི་སྒྲུབ་པ་དང་། བསམ་གཏན་དང་། ལིངྒ་དང་། རྗེས་ལ་བརྟེན་པའི་ལས་སྦྱོར་རྣམས་ནི་རྗེ་བཙུན་རིན་པོ་ཆེའི་གསུང་ཡིག་ཆུང་གསལ་བྱེད་དང་བཅས་པ་སོགས་ལས་རྟོགས་པར་བྱ་ཞིང་། སྤྱིར་ནི་བསྙེན་པ་ཚད་ལྡན་ཙམ་སོང་བས་ཀྱང་གེགས་ཞི་བ་དང་། འདོད་དགུའི་དཔལ་གྱིས་འབྱོར་བ་དང་། འགྲོ་བ་སྤྱི་དང་བྱེ་བྲག་རྣམས་འདུན་ཅིང་དབང་དུ་འདུ་བ་སོགས། ཕུན་སུམ་ཚོགས་པའི་ཡོན་ཏན་མཐའ་ཡས་པ་འབྱུང་བ་ནི་ངེས་པའོ། །རྗེས་གནང་སྐབས་གནས་ཡོ་བྱིན་རླབས་ནི། བསང་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཐར་པ་ཆེན་པོའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བཞིས་མཛེས་ཤིང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མཆོད་རྫས་རྣམས་ཨ་ལས་བྱུང་བའི་ཡེ་ཤེས་ཀྱི་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་ཞབས་བསིལ། ཞལ་བསིལ། འཐོར་འཐུང་། མཆོད་ཡོན། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ། རྒྱུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ལས་གྲུབ་པ། ངོ་བོ་བཟང་
ཞིང་གཙང་བ། ཡུལ་ནམ་མཁའི་མཐར་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་རྒྱུན་མི་ཆད་པར་གྱུར། ཞེས་དང་། སོ་སོའི་ཕྱག་རྒྱ་བྱས་ཏེ། ཨོཾ་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་ཝི་ཏེ་ཧཱུྃ་ཁཾ་སྭཱ་ཧཱ། ཨོཾ་སརྦ་སཾ་ཤོདྷ་ནི་སྭཱ་ཧཱ། ཨོཾ་ཛཿཧཱུྃ་བྃ་ཧོཿཁྃ་རྃ་མ་ཧཱ་ཨརྒྷཾ་སྭཱ་ཧཱ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། དེ་བཞིན་དུ་ཐོག་མཐའ་གཉིས་འོག་མ་རྣམས་ལའང་སྦྱར་ཏེ། དྷཱུ་པེ། ཨཱ་ལོ་ཀེ། གནྡྷེ། ནཻ་ཝིདྱ་། ཤཔྟའི་བར་དང་། མཐར་རྡོ་རྗེ་སྙིང་གར་བཟུང་དྲིལ་བུ་རྒྱུན་དཀྲོལ་ལ། ཨོཾ་བཛྲ་གྷཎེར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷཀྵེ་ཏྲ་པྲ་ཙཱ་ལི་ཏེ། པྲཛྙཱ་པཱ་ར་མི་ཏ་ནཱ་ད་སམྦྷ་ཝ། བཛྲ་དྷ་རྨ་ཧྲྀ་ད་ཡ་སནྟ་ཥ་ནི། ཧཱུྃ་ཧཱུྃ་ཧཱུྃ་ཧོཿཧོཿཧོཿཨཱཿཁཾ་སྭཱ་ཧཱ། ཞེས་ལན་གསུམ་བརྗོད་དེ་གནས་དང་མཆོད་པའི་ཡོ་བྱད་རྣམས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་ཀྱང་བྱིན་གྱིས་བརླབས་པར་བསམ་མོ། །མཆོད་པ་རྣམས་ཀྱི་ཕྱག་རྒྱ་ནི། །ཁུ་ཚུར་ཁ་སྦྱར་གུང་མོ་གཉིས། །བརྐྱངས་ཏེ་རྩེ་སྦྱར་ཆུ་བཞིའི་རྒྱ། །ཁུ་ཚུར་གྱེན་འཐོར་མེ་ཏོག་གོ། །ཐུར་དུ་གུགས་པ་བདུག་པའི་འོ། །མཐེ་བོང་གྱེན་བསྒྲེང་མར་མེའི་སྟེ། །ཐལ་མོ་ཕྱིར་བསྟན་དྲི་མཆོག་གི། །དེ་ཉིད་གྱེན་བཀན་ཞལ་ཟས་སོ། །སེ་གོལ་གཏོགས་པ་རོལ་མོའི་སྒྲ། །ཞེས་པ་ལྟར་རོ། །དེ་ནས་སྐྱབས་འགྲོ་ནས་བརྩམས་ཏེ་གདན་བསྡུ་བའི་
བར་བདག་བསྐྱེད་དཀྱུས་ལྟར་གྲུབ་རྗེས། ཚོམ་བུ་བསང་སྦྱང་། སྟོང་པའི་ངང་ལས་དུར་ཁྲོད་བརྒྱད་ཀྱིས་ཞེས་པ་ནས། འོད་དཔག་ཏུ་མེད་པས་དབུར་བརྒྱན། ཅེས་པའི་བར་བདག་བསྐྱེད་ལྟར་ལ། །བདག་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་བ་ཞེས་པའི་ཚབ་ཏུ། འདི་ལ་ཞེས་བསྒྱུར། མཆོད་པ་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྱུང་བའི་སོགས་ནས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་ནཱི་རཱི་ཧཱུྃ་སོགས་ནས་ཤཔྟ་ཨཱཿཧཱུྃ་ཞེས་པས་བྱིན་གྱིས་བརླབས་ལ། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ནཱི་རཱི་ཧཱུྃ་ཁཾ་སྭཱ་ཧཱ་སོགས་ནས། །ཤཔྟའི་བར་དང་། གྷནྡྷེ་ར་ཎི་ཏས་ཕྱི་མཆོད། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དཀར་མོ་རི་དྭགས་སོགས་ཡིད་བྱུང་གི་མཆོད་པ་ཕུལ། བརྩེ་བས་རྗེས་ཆགས་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང་བདུད་རྩི་བྱིན་རླབས་ལྟར་བྱིན་གྱིས་བརླབ། མདུན་བསྐྱེད་ཀྱི་རྗེ་བཙུན་མའི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མ་གསོལ་བར་བསམ་ཞིང་། ཨོཾ་ཀུ་རུ་ཀུལླེ་ཧྲཱིཿསྭཱ་ཧཱ། ཨོཾ་ཨ་ཀཱ་རོ་སོགས་བཏགས་པ་ལན་གསུམ་གྱིས་ཕུལ། ཨོཾ་ཀུ་རུ་ཀུལླེ་ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤཔྟའི་བར་གྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། དཀར་མོ་རི་དྭགས་སོགས་ཀྱིས་ཡིད་བྱུང་གི་མཆོད་པ་
ཕུལ། བརྩེ་བས་རྗེས་ཆགས་སོགས་ཀྱིས་བསྟོད། མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅུང་ཟད་བྱ་བ་རྣམས་སློབ་དཔོན་གྱི་བྱ་བའོ། །རྗེས་གནང་དངོས་དཀྱུས་སུ་གསལ་བ་ལྟར་ལ། མཇུག་ཏུ་བདག་བྱིན་རླབས་ཀྱི་རིམ་པ་འཕོགས་པར་འདོད་ན། ཐུགས་ཀྱི་རྗེས་གནང་གྲུབ་མཚམས། དེས་རྗེས་གནང་གི་དངོས་གཞི་ལེགས་པར་གྲུབ་ནས། འདིའི་རྫོགས་རིམ་བདག་བྱིན་རླབས་ཀྱི་རིམ་པ་ཉམས་སུ་བླང་བར་འདོད་པས། བདག་བསྐྱེད་བཟླས་པ་དང་བཅས་པ་གྲུབ་རྗེས། ལུས་གནད་བསམ་གཏན་གྱི་ཆོས་བདུན་སོགས་ནས། ལྷའི་ང་རྒྱལ་གྱིས་སྤྱོད་ལམ་ལ་འཇུག་ཅེས་པའི་བར་གོང་དུ་སྨོས་པ་དང་དཀྱུས་སུ་གསལ་བ་ལྟར་སྦྱར་བ་དང་། དེ་ལྟར་ན་རྗེ་བཙུན་མའི་སྐུ་བསྒོམ་སོགས་ནས། དབང་བཞི་པའི་ལམ་མོ་ཞེས་པའི་བར་གོང་ལྟར་བརྗོད་པས་བརྡ་སྤྲད་ལ། དེ་ལྟར་ན་དེ་རྣམས་ཀྱི་སྒོ་ནས་རྗེས་སུ་གནང་བ་མན་ངག་དང་བཅས་པ་ལེགས་པར་ཐོབ་པ་ཡིན་པས་དེ་དག་གི་གནས་སྐབས་སུ་སོགས་མཇུག་གི་ཆོས་སྤྱི་ལྟར་རོ། །གཞན་དག་འདི་རིགས་དམིགས་རྣམ་ངེས་པའི་ཆེད་དུ་བསྒོམ་ལུང་གི་ཚུལ་དུ་འབོགས་པའང་མཛད་པས། དེ་ལྟར་ན། འདིའི་རྫོགས་རིམ་བདག་བྱིན་
རླབས་ཀྱི་དམིགས་པ་ཉམས་སུ་བླང་བའི་སླད། ཁྱེད་རང་རྣམས་ལུས་གནད་བསམ་གཏན་གྱི་ཆོས་བདུན་སོགས་ནས། འཁོར་འདས་ཐམས་ཅད་དབང་དུ་འདུས་པའི་མོས་པས་རླུང་བུམ་པ་ཅན་ཐུན་རེ་འཛིན་པར་ཞུ་ཞེས་བརྡ་སྦྱར་ལ་རླུང་འཛིན་དུ་གཞུག །དེ་ལྟར་རླུང་བཟུང་བའི་ཚེ་འབར་འཛག་ལ་སོགས་ནས་ལྷོད་ཀྱིས་ཀློད་ནས་ཅུང་ཟད་རེ་མཉམ་པར་འཇོག་པར་ཞུ། དེ་ལྟར་ན་རྗེ་བཙུན་མའི་སྐུ་བསྒོམ་སོགས་ནས། བཞི་པའི་ལམ་མོ་ཞེས་ངོ་སྤྲད་དོ། །འདི་གཉིས་གང་ལྟར་འབོགས་ཀྱང་རུང་མོད། སྔོན་དུ་རང་གིས་མན་ངག་གི་རྒྱུན་ངེས་པར་ཐོབ་དགོས་ཀྱི། རང་གིས་མ་ཐོབ་པར་གཞན་ལ་འབོགས་པ་ནི་ནམ་དུའང་མི་རུང་ངོ་། །དེས་ན་དཀྱུས་སུ་གསལ་བ་ལྟར་སློབ་ཐུན་མོང་བའི་རིགས་ལ་རྗེས་གནང་ཀྱང་ཐུན་མོང་ཙམ་དང་། དེ་སྟེང་བསྐྱེད་རིམ་ཙམ་ཉམས་སུ་ལེན་པ་ལ་ཐུན་མོང་མ་ཡིན་པ་དང་། རྫོགས་རིམ་དོན་དུ་གཉེར་བ་ལ་རང་བྱིན་རླབས་ཀྱི་རིམ་པ་བཅས་འབོགས་པར་བྱ་བས་མཚོན་རྣམ་དབྱེ་མ་འདྲེས་པར་ཤེས་པར་བྱ་ཞིང་། དབང་ལུང་སྤྱིར་བཏང་གི་རྗེས་གནང་གི་ཚེ། རྗེས་གནང་ཐུན་མོང་མ་ཡིན་པར་རང་བྱིན་རླབས་ཀྱི་དམིགས་པ་བཅས་འབོགས་བར་མཛད་ན། གདམས་པའི་རྒྱུན་མི་འཆད་པར་འགྱུར་པའི་ཕྱིར་ལེགས་པར་རྟོགས་སོ། །ཞེས་པའང་ཕྱོགས་འདིར་གོམས་
འདྲིས་མེད་པའི་བློ་དམན་ལས་དང་པོ་པ་རྡོ་རྗེ་སློབ་དཔོན་གྱི་ཁུར་བཟུང་བ་དག་ལ་ཕན་པའི་བསམ་པས་འཇམ་མགོན་ཀུན་དགའ་བློ་གྲོས་ཀྱི་གསུང་རབ་སོགས་ཚད་ལྡན་གྱི་གཞུང་དང་ཞལ་ལུང་ལྟར་རྨོངས་བརྟུལ་མཉྫགྷོ་ཥས་ཟིན་བྲིས་ཁྱུགས་ཙམ་སྤེལ་བ་སྟེ་མཁས་པ་རྣམས་ཀྱིས་བཟོད་པར་མཛད་དུ་གསོལ། སརྦ་དཱ་ཐེ་ཡོ་བྷ་བ་ཏུ།། །།
གསེར་ཆོས་རིག་བྱེད་མའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ།
༈ གསེར་ཆོས་རིག་བྱེད་མའི་བརྒྱུད་འདེབས་དངོས་གྲུབ་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། །དངོས་གྲུབ་མཆོག་སྩོལ་བཅོམ་ལྡན་རིག་བྱེད་པ། །ལྷན་སྐྱེས་རོལ་པ་རྡོ་རྗེ་གདན་པ་གཉིས། །བ་རི་ལོ་ཙཱ་འཁོན་སྟོན་བརྩེ་བ་ཆེ། །རྗེ་བཙུན་སྐུ་མཆེད་རྣམས་ལ་གསོལ་བ་འདེབས། །འཇམ་མགོན་ས་པཎ་མཁས་མཆོག་འུ་ཡུག་པ། །ཀུན་སྨོན་ཡོན་ཏན་དཔལ་དང་ཀུན་རྡོར་ཞབས། །ཀུན་དགའ་བསོད་ནམས་ཆོས་རྗེ་བྲག་ཕུག་པ། །བློ་གྲོས་བརྟན་པ་རྣམས་ལ །དཔལ་ཚུལ་ཡེ་ཤེས་རྒྱལ་མཚན་ངོར་ཆེན་རྗེ། །རྒྱལ་ཚབ་ཀུན་དབང་ཡོངས་འཛིན་ལྷ་མཆོག་ཞབས། །སངས་རྒྱས་སེང་གེ་པཎ་ཆེན་ནམ་མཁའི་མཚན། །ནམ་མཁའ་སངས་རྒྱས་རྣམས་ལ༴ ནམ་མཁའ་དཔལ་བཟང་སངས་རྒྱས་ཕུན་ཚོགས་ཞབས། །བསྟན་འཛིན་ལྷུན་གྲུབ་ནམ་མཁའ་བསམ་འགྲུབ་དང་། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དཔལ། །རྩ་བའི་བླ་
མ་རྣམས་ལ་གསོལ་བ་འདེབས། །རྒྱལ་ཀུན་ཡུམ་གཅིག་རྗེ་བཙུན་རིག་བྱེད་མའི། །ལྷ་སྔགས་བསྙེན་སྒྲུབ་ལས་ཀྱི་ཆོ་ག་དང་། །རང་བྱིན་རླབས་པའི་རྣལ་འབྱོར་ཟབ་མོའི་མཐུས། །སྲིད་ཞིའི་དགེ་ལེགས་འདུ་བར་བྱིན་གྱིས་རློབས། །ཞེས་པའང་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་དགེ་ལེགས་སུ་གྱུར་ཅིག །སརྦ་དཱ་མངྒལཾ་བྷ་བ་ཏུ།། ༈ །།དཔལ་འདོད་པའི་རྒྱལ་པོའི་རྗེས་གནང་གི་ཆོ་ག་འདོད་དགུའི་སྙེ་མ་ཞེས་བྱ་བ་བཞུགས་སོ། །འདོད་པའི་དངོས་གྲུབ་མཆོག་སྩོལ་བ། །བླ་མ་ཁྲོ་བོའི་རྒྱལ་པོ་ལ། བཏུད་ནས་དེ་ཡི་རྗེས་གནང་ནི། །ཕུན་ཚོགས་འདོད་དགུའི་སྙེ་མ་འབྲི། འདི་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་དང་སྐར་མ་རྒྱལ་འཛོམ་པའི་ཚེ། སྣོད་དང་མི་ལྡན་པའི་སྐྱེ་བོས་དབེན་ཞིང་ཡིད་དང་མཐུན་པའི་གནས་སུ་མཎྜལར་རྡུལ་ཚོན་དམར་པོས་ཟླ་གམ་དམར་པོ་སྒོ་གཅིག་པའི་ནང་དུ་པདྨ་འདབ་བརྒྱད་ཀྱི་ལྟེ་བར་ལྕགས་ཀྱུ་བྲི་བའམ་ཚོན་ཕུང་དམར་པོ་བཀོད་ལ་མཉྫིའི་སྟེང་དུ་བཞག །དེའི་མཐར་ཆུ་བཞི་སྔོན་དུ་འགྲོ་བའི་མཆོད་པ་དང་། སྒྲུབ་ཐབས་ནས་བཤད་པ་ལྟ་བུའི་གཏོར་མ་བཤམ། སློབ་དཔོན་གྱི་མདུན་དུ་རྡོ་རྗེ་
དྲིལ་བུ་བཞག །གཞན་ཡང་མེ་ཏོག་དམར་པོའི་མཎྜལ་སོགས་དགོས་པའི་ཡོ་བྱད་རྣམས་འདུ་བྱ། མཆོད་པ་ཀྱེ་རྡོར་ཁོ་བོས་བྱས་པའི་རིག་བྱེད་མའི་རྗེས་གནང་གི་ཟིན་བྲིས་ལྟར། ལྟར་བྱིན་གྱིས་བརླབ། རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྒྲུབ་ཐབས་ནས་འབྱུང་བ་ལྟར་བདག་བསྐྱེད་བསྒོམས་ལ་བཟླས་པ་བྱ། གཞལ་ཡས་ཁང་དང་གདན་རང་ལ་བསྡུས་ནས་མདུན་གྱི་མཎྜལ་བསང་སྦྱང་། །སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་ཞེས་པ་ནས། དེ་གསུམ་ཡང་འོད་ཟེར་ཁ་དོག་དམར་པོའི་རྣམ་པར་ཞུ་ནས་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར། ཅེས་པའི་བར་བདག་བསྐྱེད་བཞིན་ལས། རང་ཉིད་ཅེས་པའི་ཚིག་དོར་ལ་མདུན་བསྐྱེད་ཀྱི་ཚུལ་དུ་བསྒྲུབ། ཨོཾ་ཤྲཱི་བཛྲ་ཊཱཀྐི་རཱ་ཛ་ས་པ་རི་ཝཱ་ར་ཞེས་པ་རེ་རེའི་མགོར་སྦྱར་བའི་ཨོཾ་ནི་རི་ཧཱུྃ་ཁཾ་སྭཱ་ཧཱ། ཨོཾ་བཛྲ་ནཻ་བི་ཏེ་ཧཱུྃ་ཁཾ་སྭཱ་ཧཱ། ཨོཾ་སརྦ་སཾ་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་ཛཿཧཱུྃ་བྃ་ཧོཿཁཾ་རཾ་མ་ཧཱ་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། དེ་བཞིན་དུ་པུཉྫནས་ཤཔྟའི་བར་སྦྱར་ལ་མཆོད། མཐར་དྷ་རྨར་ཎི་ཏས་རོལ་མོ་དབུལ། བསྟོད་པ་རྒྱས་བསྡུས་ཅི་ལྟར་རིགས་པས་བསྟོད། གཏོར་མ་བྱིན་རླབས་རྒྱས་བསྡུས་གང་རུང་ཀྱེ་རྡོར་ལྟར་བྱ། སྤྱན་འདྲེན་མི་དགོས། སྒྲུབ་ཐབས་ལྟར་གཏོར་མ་ཕུལ། ཨོཾ་བཛྲ་པུབྦེ་ཨཱཧཱུྃ་སོགས་ཀྱིས་མཆོད་ཅིང་བསྟོད་ལ་འདོད་དོན་གསོལ། འཇིག་
རྟེན་པའི་གཏོར་མ་སྒྲུབ་ཐབས་ལྟར་ཕུལ། ཐུགས་རྒྱུད་བསྐུལ་བར་དམིགས་ལ་བཟླས་པ་ཇི་ལྟར་རིགས་པ་བྱས་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་འདེབས་པ་ནི་སློབ་དཔོན་གྱི་བྱ་བའོ། །གཉིས་པ་དངོས་གཞི་སློབ་མ་ལ་བྱ་བའི་རིམ་པ་ནི། སློབ་མ་ཀྱེ་རྡོ་རྗེའམ་འཁོར་ལོ་བདེ་མཆོག་གི་དཀྱིལ་འཁོར་དུ་དབང་བཞི་རྫོགས་པར་ཐོབ་ཅིང་དམ་ཚིག་དང་ལྡན་པ། རིམ་གཉིས་ཀྱི་རྣལ་འབྱོར་ལ་གནས་ཤིང་། བསྟན་པ་དང་སེམས་ཅན་གྱི་དོན་ཏུ་ཆོས་འདི་དོན་ཏུ་གཉེར་བ་བདུན་ཙམ་ཇི་ལྟར་འོས་པ་ཁྲུས་བྱས། ཕྱག་དང་ཡོན་ཕུལ་ནས་གུས་པས་འཁོད་པ་ལ། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སློབ་དཔོན་གྱིས་སེམས་བསྐྱེད་གསལ་བཏབ་ནས། དེ་ལ་འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་མདོ་རྒྱུད་ཀྱི་གདམས་པ་རྒྱ་མཚོ་ལྟ་བུ་ཞིག་ཕྱག་ཏུ་བབས་པའི་ནང་ནས་མཆོག་ཏུ་ཟབ་པ། སྙན་བརྒྱུད་གསེར་ཆོས་བཅུ་གསུམ་གྱི་ཡ་གྱལ། ཐུན་མོང་བསྒྲུབ་པས་མཆོག་ཞར་ལ་འབྱུང་བ་དམར་པོ་སྐོར་གསུམ་ཞེས་གྲགས་པ་ནི། དཔལ་ཀྱེ་རྡོ་རྗེའི་རྩ་བཤད་ཀྱི་རྒྱུད་གསུམ་ནས་གསུངས་པ་ལ་བརྟེན་ནས་སློབ་དཔོན་ཆེན་པོ་ལྷན་ཅིག་སྐྱེས་པའི་རོལ་པ་དང་། ཌོམྦི་ཧེ་
རུ་ཀས་བཀྲལ་བའི་རྗེ་བཙུན་མ་ཀུ་རུ་ཀུལླེའི་ཆོས་སྐོར་དང་། བདེ་མཆོག་རྡོ་རྗེ་མཁའ་འགྲོའི་རྒྱུད་ལ་བརྟེན་ནས་མི་དབང་ཨིནྡྲ་བྷ་ཏི་དང་སློབ་དཔོན་ནག་པོ་པ་ལ་སོགས་པས་བཀྲལ་བའི་དཔལ་ཚོགས་ཀྱི་བདག་པོ་དམར་ཆེན་གྱི་ཆོས་སྐོར་དང་། ཡང་དཔལ་འཁོར་ལོ་བདེ་མཆོག་ལ་སོགས་པའི་རྒྱུད་ལ་བརྟེན་ནས་སློབ་དཔོན་རྡོ་རྗེ་གདན་པ་ལ་སོགས་པས་བཀྲལ་བའི་དཔལ་འདོད་པའི་རྒྱལ་པོའི་ཆོས་སྐོར་དང་གསུམ་དུ་ཡོད་ཅིང་། དེ་ནས་རིམ་པ་བཞིན་ཏུ་བརྒྱུད་པའི་མན་ངག་རྒྱལ་བས་ལུང་བསྟན་པའི་སྐྱེས་བུ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ནས་བརྒྱུད་པ་དང་། ཡར་ཀླུང་པ་སེང་གེ་རྒྱལ་མཚན་ཁུ་དབོན་ནས་བསམ་གཏན་གླིང་པ་ནམ་མཁའ་བསོད་ནམས་སོགས་ལ་བརྒྱུད་པ་དང་། དྭགས་པོ་བཀྲ་ཤིས་རྣམ་རྒྱལ་ནས་བྱང་སེམས་དཀོན་མཆོག་གྲགས་པ་སོགས་ལ་བརྒྱུད་པའི་ལུགས་སྲོལ་གསུམ་ཙམ་ཡོད་པ་ལས། འདིར་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཁུ་དབོན་རྣམས་ཀྱིས་མི་དང་མི་མ་ཡིན་གྱི་ཆེ་དགུ་གྲངས་ལས་འདས་པ་དབང་དུ་བསྡུས་ནས་རྣམ་གྲོལ་ཐར་པའི་ལམ་པོ་ཆེར་དཀྲི་བར་མཛད་པ་ལ་བརྟེན་ནས་རྒྱལ་བོད་ཧོར་གསུམ་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་ཤིང་དྲི་མ་མེད་པ་དར་ཞིང་རྒྱས་པའི་ཆ་རྐྱེན་དུ་གྱུར་ལ། རྒྱལ་བ་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཀྱང་བསྟན་
པ་དང་སེམས་ཅན་གྱི་དོན་འབའ་ཞིག་ལ་དགོངས་པའི་ཡི་དམ་གྱི་ལྷ་འདི་དག་གི་སྒྲུབ་པ་ཉམས་གཞེས་ལས་ཚོགས་སོགས་མཛད་པ་ལ་བརྟེན་ནས་བསྟན་པ་སྤྱི་དང་བྱེ་བྲག་དཔལ་ལྡན་ས་སྐྱ་པའི་བསྟན་པ་རྨད་དུ་བྱུང་བ་དེང་སང་གི་བར་དུ་དར་རྒྱས་རྒྱུན་མི་ཆད་པའི་རྟེན་འབྲེལ་ཁྱད་པར་ཅན་དུ་གྱུར་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པའི་དམར་པོ་སྐོར་གསུམ་གྱི་ནང་ནས། ད་ལམ་འདིར་ཁམས་གསུམ་དབང་དུ་སྡུད་པར་བྱེད་པ་དཔལ་འདོད་པའི་རྒྱལ་པོའི་ཆོས་སྐོར་ཡིན། དེ་ལའང་རྡོ་རྗེ་གདན་པས་བཀྲལ་བ་ནས་བརྒྱུད་པ་རྗེ་བཙུན་བ་རི་ལོ་ཙཱ་བས་རྒྱལ་གྱི་ལྕགས་ཐང་པ་ཆེན་པོ་ལ་གནང་། དེའི་དྲུང་དུ་ཆོས་རྗེ་ས་སྐྱ་པ་ཆེན་པོས་གསན་ནས་འཕྲང་བྲག་དམར་གཉིས་ཀྱི་དགེ་འདུན་གྱི་ཚོགས་མ་དད་པ་དད་པར་མཛད་ཅིང་དབང་དུ་བསྡུས་ནས་ཐུབ་པའི་བསྟན་པ་ཤིན་ཏུ་དར་བར་མཛད་པའི་ནུས་པ་དང་ལྡན་པའི་བྱིན་རླབས་ཅན་འདི་ཉིད་ལ། ཡབ་རྐྱང་དུ་སྒྲུབ་པ་དང་། ཡུམ་རྐྱང་དུ་སྒྲུབ་པ་དང་། ཡབ་ཡུམ་སྦགས་ཏེ་སྒྲུབ་པ་རྣམས་སུ་ཡོད་པ་ལས། འདིར་ཡབ་ཡུམ་སྔགས་སྒྲུབ་ཀྱི་རྗེས་སུ་གནང་བ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་སྔོན་ཏུ་སོང་ནས། ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་སློབ་མའི་བྱ་བ་ལ། ཐོག་མར་སློབ་དཔོན་ལ་སངས་རྒྱས་རྡོ་རྗེ་འཆང་
དངོས་ཡིན་སྙམ་པའི་འདུན་པ་དང་ལྡན་པས་རྗེས་གནང་ཟབ་མོ་ཞུ་བའི་ཡོན་ཏུ་མཎྜལ་ཞིག་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྡོ་རྗེ་རྣལ་འབྱོར་དབང་ཕྱུག་གཙོ། །གསང་བའི་ཆོ་ག་བླ་ན་མེད། །དབང་དུ་བྱེད་པའི་རིག་སྔགས་མཆོག །བདག་ལ་ངེས་པར་སྩལ་དུ་གསོལ། །རྒྱུད་དག་པར་བྱ་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་ཁྲོ་བོ་འདོད་པའི་རྒྱལ་པོ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཁའ་འགྲོ་སུམ་ཅུ་རྩ་གཉིས་ལ་སོགས་པ་དཔའ་བོ་དང་རྣལ་ཚིག འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་བཞུགས་པའི་སྤྱན་སྔར་ཁྱེད་རང་རྣམས་འཁོད་ནས་སྡིག་པ་བཤགས་པ་ལ་སོགས་པའི་ཡན་ལག་བདུན་པ་བགྱིད་སྙམ་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། ཞེས་པས་རྒྱུད་དག་པར་བྱས་ནས། དཔལ་ས་སྐྱ་པ་ཆེན་པོས་མཛད་པའི་རྩ་བའི་ཡི་གེ་ལས། སློབ་དཔོན་རྡོ་རྗེ་འཆང་དང་ནི། །སློབ་མ་ཁྲོ་བོ་འདོད་རྒྱལ་དུ། རིམ་པ་བཞིན་ཏུ་བསྒོམ་ནས་ནི། ཞེས་གསུངས་པས་དམིགས་པ་འདི་བཞིན་ཏུ་མཛད་པར་ཞུ། སློབ་དཔོན་ཁྲོ་བོ་འདོད་པའི་རྒྱལ་པོའི་སྐུར་གསལ་བ་ལ། ཡང་
དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་ཉིད་གདུལ་བྱ་དབང་དུ་བསྡུས་ནས་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པའི་ཆེད་དུ་ཁྲོ་བོ་འདོད་པའི་རྒྱལ་པོའི་སྐུར་བསྟན་པ་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་མཛད་པའི་རྐྱེན་གྱིས། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ཡིག་དམར་པོ་དེ་ལས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག །ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ། བག་ཆགས་དང་བཅས་པ་དང་ཕུང་ཁམས་སྐྱེ་མཆེད་དུ་སྣང་བ་ཐམས་ཅད་སྦྱངས་ཏེ་ལུས་འོད་ཀྱི་གོང་བུར་གྱུར་པར་མོས་པ་མཛོད། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷ་ཝ་ནས་ཧཱུྃ་ཞེས་བརྗོད་པས་ལུས་འོད་ཕུང་དུ་གྱུར་པ་དང་བཅས་པའི་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་དམིགས་པའི་སྟོང་པ་ཉིད་དུ་གྱུར་པར་མོས་པ་མཛོད། སྟོང་པའི་ངང་ལས་པཾ་ལས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ར་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཁྱེད་རང་རྣམས་ཀྱི་སེམས་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྱུར་པའི་ཧཱུྃ་དམར་པོ། །དེ་ལས་ཞེས་སོགས་དང་། དེ་འོད་དུ་ཞུ་བ་ལས། ཁྱེད་རང་རྣམས་ཁྲོ་ཆེན་འདོད་པའི་རྒྱལ་པོ་ཞེས་སོགས་ནས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་བཞུགས་པའི་ཡབ་ཀྱི་ཐུགས་ཀར་པདྨ་
དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་དང་བཅས་པ་གསལ་ལམ་སྟེ་ཡོད་པར་མོས་པ་མཛོད། དེ་ནས་སློབ་དཔོན་ལ་མོས་གུས་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་འདོད་རྒྱལ་ཡབ་ཡུམ་དང་། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ཀྱི་ཐུགས་ཀ་ནས་ཁྲོ་བོ་འདོད་པའི་རྒྱལ་པོ་ཡབ་ཡུམ་བསམ་གྱིས་མི་ཁྱབ་པ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲངས་པ་ལ། སློབ་དཔོན་གྱིས་ཨོཾ་བཛྲ་པུཎྜེ་སོགས་ལྔས་མཆོད། ཞེས་མཆོད་ནས། ཛཧཱུྃ་བཾ་ཧོ༔ ཞེས་བརྗོད་པས་ཁྱེད་རང་རྣམས་འདོད་རྒྱལ་དུ་གསལ་བ་ལ་གཉིས་སུ་མེད་པར་ཐིམ་པར་མོས་པ་མཛོད། སླར་ཡང་སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་ཞེས་སོགས་ནས། དབང་ལྷ་སྤྱན་དྲང་། སློབ་དཔོན་གྱིས་མཆོད་ཅིང་གསོལ་བ་བཏབ་པས། སངས་རྒྱས་རྣམས་ཀྱིས་སོགས་ནས་དབུ་བརྒྱན་པར་མོས་པ་མཛོད། ཁྱེད་རང་རྣམས་ཀྱི་དཔྲལ་བར་སོགས་ནས། ཞུ་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་དབྱེར་མེད་དུ་གྱུར་པར་མོས་པ་མཛོད། དེ་ནི་རྗེས་གནང་གི་གཞི་དགོད་པ་ཡིན། རྗེས་གནང་དངོས་ལ། བརྒྱུད་པའི་མན་ངག་ཡོད་པའི་ལུང་། དེ་ཡི་བླང་ཐབས་མ་ཤེས་ན། །བསྒྲུབས་ཀྱང་དངོས་
གསལ་གྲུབ་བུལ་པའམ། །ཡང་ན་འབྱུང་བར་མི་འགྱུར་གསུངས། །ཞེས་འབྱུང་བས། བཟླས་པའི་སྔགས་ཀྱི་ལུང་བླང་བའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་འདོད་པའི་རྒྱལ་པོར་གསལ་བའི་ཐུགས་ཀར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོའི་མཐར་བཟླ་བྱའི་སྔགས་ཀྱི་ཕྲེང་བ་ཁ་དོག་དམར་པོ་གཡས་སྐོར་དུ་འཁོད་ནས་ཡོད་པར་མོས་པ་བྱས། ཁྱེད་རང་རྣམས་འདོད་རྒྱལ་དུ་གསལ་བའི་སྙིང་གར་པདྨ་དང་ཉི་མའི་སྟེང་དུ་ཧཱུྃ་ཡིག་དམར་པོ་ཞིག་གསལ་བཏབ། ཙནྡན་དམར་པོས་བྱུགས་པའི་མཎྜལར་མེ་ཏོག་དམར་པོའི་ཚོམ་བུ་བཀོད་ནས། སྔགས་ཀྱི་བཟླས་ལུང་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཞིག་མཛད་པར་ཞུ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དམིགས་མེད་ཐུགས་རྗེ་ལས་འཁྲུངས་པའི། །ཕྲིན་ལས་དངོས་གྲུབ་འབྱུང་བའི་ཕྱིར། །འདིར་ནི་རྗེས་སུ་གནང་བར་མཛོད། །དེ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ་སློབ་དཔོན་གྱིས་སྤྲོ་བ་དྲི་བར་བྱས་པའི་མོས་པ་མཛོད། འགྲོ་བ་སེམས་ཅན་དོན་སླད་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དམིགས་མེད་ཐུགས་རྗེ་ལས་བྱུང་བའི། །ཐབས་ཀྱི་ཕྲིན་ལས་ཟབ་མོའི་དོན། །བདེན་ཞིང་བསླུ་བར་མི་འགྱུར་པའི། །གསང་ཆེན་འདི་ལ་ཁྱོད་
དད་དམ། །ཞེས་པའི་ལན་བཏབ་པར་མོས་པས་འདིའི་རྗེས་ཟློས་མཛོད། འགྲོ་བ་སེམས་ཅན་སོགས་ནས། །གསང་ཆེན་འདི་ལ་བདག་དད་དོ། །ལན་གཅིག །དེ་ལྟར་ལན་བཏབ་ནས་སློབ་དཔོན་ལ་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀའི་ཧཱུ་ཡིག་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་ཁ་དོག་དམར་པོ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་བྱུང་། སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃ་ཡིག་གི་མཐར་གཡས་སྐོར་དུ་འཁོད་པར་མོས་པ་བྱས་ནས་སྔགས་འདིའི་རྗེས་ཟློས་ལན་གསུམ་གྱི་བར་དུ་གནང་བར་ཞུ་བྱས་ལ་སྔགས་ཡོངས་རྫོགས་ཚར་གསུམ་གྱི་རྗེས་ཟློས་བྱར་གཞུག །དེ་ལྟར་བྱས་པས་དང་པོས་འཁོད། གཉིས་པས་དབྱེར་མེད་དུ་བྱས། གསུམ་པས་བརྟན་པར་བྱས་པར་མོས་པ་མཛོད། སླར་ཡང་སློབ་དཔོན་གྱིས་མེ་ཏོག་གི་ཕྲེང་བ་སྔགས་ཀྱི་ཕྲེང་བར་བྱིན་གྱིས་བརླབས་ཏེ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པས་སྔགས་ཀྱི་དངོས་གྲུབ་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། ཅེས་མེ་ཏོག་སློབ་མའི་མགོར་བཞག་ལ། བདག་ལ་ཇི་ལྟར་ཡོད་པ་བཞིན། །འདི་ལ་འགོ་བར་མཛད་དུ་གསོལ། ཞེས་ལན་གསུམ་ལ་སོགས་པ་བརྗོད། དེ་ནས་སློབ་དཔོན་གྱིས་གཏོར་མ་ལྷར་གསལ་བ་ཁྱེད་
རང་རྣམས་ཀྱི་སྤྱི་བོར་བཞག་སྟེ་བཀའ་བསྒོས་ཤིང་ཕྲིན་ལས་ཐམས་ཅད་བསྒྲུབ་པར་རྗེས་སུ་གནང་བ་བྱིན་པའི་མོས་པ་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཞི་བའི་ཕྲིན་ལས་ཆེན་པོ་ཡིས། །ནད་དང་གནོད་པ་ཞི་བར་མཛོད། །ཚེ་དང་བསོད་ནམས་རྒྱས་པར་གྱིས། །གདུལ་བྱ་དབང་དུ་འདུ་བར་གྱིས། །བསྟན་ལ་གནོད་པ་གསད་པར་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བྱིན་གྱིས་བརླབས་ཀྱི་ཁྲོ་བོ་ནི། །དབང་བསྐུར་ཕོ་ཉའི་ལས་མཛད་པ། །ཁྲོ་བོ་འདོད་པའི་རྒྱལ་པོ་ཡིས། །འདི་ཡི་བསྒྲུབ་བྱ་སྒྲུབ་པར་གྱིས། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། འགྲོ་བ་སེམས་ཅན་གདུལ་བྱའི་ཕྱིར། །མཁའ་འགྲོའི་གཟུགས་སུ་སྣང་མཛད་དེ། །དམ་ཚིག་སྟོང་གྲོགས་མཛད་གྱུར་པའི། །མཁའ་འགྲོ་སུམ་ཅུ་རྩ་གཉིས་ཀྱིས། །འདི་ཡི་བསྒྲུབ་བྱ་སྒྲུབ་པར་གྱིས། ཞེས་སློབ་མ་རེ་རེ་བཞིན་བརྗོད་ཚར་བ་དང་། དེ་ལྟར་བཀའ་བསྒོས་པས་ཁྲོ་བོ་འདོད་པའི་རྒྱལ་པོ་མཁའ་འགྲོ་སུམ་ཅུ་རྩ་གཉིས་འཁོར་དང་བཅས་པས་ཀྱང་དེ་ལྟར་བགྱིའོ་ཞེས་ཕྲིན་ལས་ཐམས་ཅད་བསྒྲུབ་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད། ཅེས་བརྗོད་ལ་གཏོར་མ་སྔར་ཤུལ་དུ་བསྒྲིག །དེ་ནས་དམ་ཚིག་བསྒོ་བ་ནི་འདི་ལ་གསན་པས་ཁྱབ་པར་གདའ་སྟེ། དུས་གསུམ་སངས་རྒྱས་ཐམས་
ཅད་ཀྱིས། །འགྲོ་བ་སེམས་ཅན་གདུལ་བྱའི་ཕྱིར། །དམིགས་མེད་ཐུགས་རྗེས་མ་བྱུང་བའི། །ཐབས་ཀྱི་ཕྲིན་ལས་ཟབ་མོའི་དོན། །བདེན་ཞིང་བསླུ་བར་མི་འགྱུར་བའི། །གསང་ཆེན་འདི་ནི་སྒྲུབ་པར་གྱིས། །འདི་ནི་མཆོག་ཏུ་ངོ་མཚར་ཆེ། །ཕྲིན་ལས་སྙིང་པོ་ངོ་མཚར་ཅན། །གསང་བ་ལས་ཀྱང་ཆེས་གསང་ནས། །བསྒྲུབ་ལ་འབད་ན་འགྲུབ་འགྱུར་བས། །ནམ་ཡང་དོར་བར་མི་བྱ་ཞིང་། །སྤེལ་ན་དངོས་གྲུབ་ཉམས་པར་འགྱུར། །དེས་ན་ཁྱོད་ཀྱིས་ནམ་ཡང་ནི། །སྤེལ་ཞིང་བསྒྲག་པར་མི་བྱ་ཞིང་། །སྣོད་ལྡན་གཅིག་ལ་ནུབ་མི་བྱ། །ཞེས་གསུངས་པས་དེ་ལྟ་བུའི་དམ་ཚིག་དང་སྡོམ་པ་ལ་སྲུང་སྡོམ་ཚུལ་བཞིན་དུ་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། གཙོ་བོས་སོགས། རིགས་དང་མཐུན་པའི་ཡོན་དབུལ་བྱ། ཞེས་གསུངས་པས། རྗེས་གནང་ཟབ་མོ་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་ཡོན་དུ་ཙཎཱན་དམར་པོས་བྱུགས་པའི་མཎྜལར་མེ་ཏོག་དམར་པོ་ལ་སོགས་པའི་ཚོམ་བུ་བཀོད་པ་ཉིད་རི་རབ་གླིང་བཞི་ཉི་ཟླ་ཟུང་གཅིག་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པས་ཡོངས་སུ་གང་བར་དམིགས་ཏེ་འབུལ་བར་ཞུ། དེ་ལྟར་མཎྜལ་ཕུལ་ནས་ལུས་ལོངས་སྤྱོད་ཐམས་ཅད་ཀྱང་སློབ་དཔོན་ལ་དྲིན་ལན་ཏུ་འབུལ། ཆ་ཤས་ནས་ལོངས་སྤྱད་དུ་གསོལ་སྙམ་
པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དེང་ནས་བརྩམས་ཏེ་སོགས། དེ་ནས་ཤིས་པ་བརྗོད་ཅིང་སྨོན་ལམ་གདབ། །བཀའ་ཡི་རྒྱ་ཡིས་གདབ་བྱས་ལ། །ཞེས་གསུངས་པས། ཁྱེད་རང་རྣམས་ཁམས་གསུམ་གྱི་དབང་ཕྱུག་ཁྲོ་བོ་ཆེན་པོ་འདོད་པའི་རྒྱལ་པོའི་སྐུར་གྱུར་པ་ལ་སློབ་དཔོན་གྱིས་མེ་ཏོག་གི་ཆར་འབེབས་ཤིང་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད། ཕུན་སུམ་ཚོགས་པ་སོགས་དང་། །འབད་དང་རྩོལ་བས་མ་གོས་པའི། །ཞེས་སོགས་ཤིས་བརྗོད་ཅི་ལྟར་རིགས་པ་བྱ། དེ་ལྟར་ན་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པའི་ཟབ་ཆོས་དམར་པོ་སྐོར་གསུམ་གྱི་ནང་ནས་ཁྲོ་བོ་འདོད་པའི་རྒྱལ་པོའི་རྗེས་སུ་གནང་བ་ལེགས་པར་གསན་པ་ཡིན་པས་རང་རང་གིས་གསང་བའི་ཚུལ་གྱིས་ཉམས་སུ་ལེན་པ་དང་། སྣོད་མིན་ལ་བབ་ཅོལ་དུ་མི་སྟོན་ཅིང་། སྣོད་དང་ལྡན་ངེས་པ་ལ་བཀའ་རྒྱས་གདབ་ཅིང་སྤེལ་བ་སོགས་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་པ་དང་། དགེ་བའི་རྩ་བ་ཡོངས་སུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་རྒྱས་གདབ་པ་འདི་ལྷན་ཅིག་ཏུ་གནང་བར་ཞུ། བསོད་ནམས་འདི་ཡིས་སོགས་དང་། །ཚེ་རིང་ནད་མེད་འབྱོར་ལྡན་ཅིང་། །འགྲོ་ཀུན་རྟག་ཏུ་འདུན་པ་དང་། །ཇི་ལྟར་བསམ་པའི་དོན་
རྣམས་ཀུན། །ཆོས་བཞིན་འགྲུབ་པ་ཉིད་གྱུར་ཅིག །ཅེས་སོགས་བསྔོ་སྨོན་བྱ། ཚོགས་ཀྱི་ཡོ་བྱད་ཡོད་ན་ནང་མཆོད་ལྟར་བྱིན་གྱིས་བརླབས་ནས། ཕུད་མདུན་བསྐྱེད་ལ་གཏོར་སྔགས་ཀྱིས་འབུལ། དེ་ནས་རང་དང་སློབ་མ་རྣམས་ཀྱིས་ཚིམས་པར་ལོངས་སྤྱད་པའི་ལྷག་མ་སྤྱི་ལྟར་བཏང་། སློབ་མ་རྣམས་རང་གནས་སུ་བཀྱེའོ། །གསུམ་པ་རྗེས་ནི། མཆོད་པ་ཁ་གསོས་ལ། བསང་སྦྱང་བྱིན་བརླབ་མདུན་བསྐྱེད་ལ་མཆོད་བསྟོད་འདོད་དོན་གསོལ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་སོགས་ཀྱིས་བཟོད་པར་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང་། བསྔོ་སྨོན་ཤིས་བརྗོད་རྒྱས་པར་སྤེལ་ཅིང་ལས་ཀྱི་རྗེས་མི་མངོན་པར་བྱའོ། །འདིའི་བསྙེན་པ་བྱེད་ན། འཁོར་ལོ་ལ་བརྟེན་པ་དང་། མ་བརྟེན་པ་གཉིས་ལས། དང་པོ་ནི། གནས་དབེན་པར་ཚེས་བརྒྱད་རྒྱལ་ཕུར་འཛོམ་པའི་དུས་སོགས་དུས་ཚེས་དགེ་བར་མདུན་ཏུ་བྲིས་སྐུ་དང་མཆོད་གཏོར་བཤམ། འཁོར་ལོ་ཚུལ་བཞིན་བྲིས་པ་གཏོར་མའི་རྒྱབ་དང་། ཐ་ཅན་འཁོར་ལོ་བཟླས་པའི་བར་རྐང་པའི་མཐེབ་འོག་ཏུ་གནོན་རྒྱུ་སོགས་སྟ་གོན་བྱ། དེ་ནས་མཚམས་དམ་པར་བཅད་ལ། ཐུན་གསུམ་མམ་བཞིའི་རིམ་པས་བདག་བསྐྱེད་
སྒྲུབ་ཐབས་ལྟར་སྔོན་ཏུ་འགྲོ་བས། མདུན་བསྐྱེད་ཀྱི་འཁོར་ལོ་རང་གིས་བསྒོམས་པ་ལྟར་ལྷར་བསྐྱེད་ནས་བསྙེན་སྒྲུབ་སྒྲགས་མའི་ཚུལ་དུ། ཐུན་རེ་རེ་བཞིན་སྔགས་རིང་བཞི་བརྒྱ་རེ་བཟླ། དེ་ལྟ་བུ་ཞག་ཉེར་གཅིག་ཏུ་བགྱིས་པས་ཆོག་པར་གསུངས། ཐུན་གཉིས་སམ་ཕྱི་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་བ་སོགས་སྤྱི་ལྟར་བྱའོ། །གཉིས་པ་ནི། འཁོར་ལོའི་བཅའ་གཞི་དང་མདུན་བསྐྱེད་གསལ་འདེབས་མི་དགོས་པ་མ་གཏོགས་གཞན་གོང་བཞིན་ནོ། །སྤྱིར་འདིའི་མན་ངག་ལ་འཁོར་ལོ་བྲི་བ། རབ་གནས། བསྙེན་པ། སྒྲུབ་པ། ལས་སྦྱོར། འགྲུབ་པའི་རྟགས། གེགས་བསལ་བ། སྤོག་ཆོག །སྦྱིན་སྲེག །རླུང་འཁོར་བསྐོར་བ། ནང་སྒྲུབ། གསང་སྒྲུབ། དྲིལ་སྒྲུབ་ལས་ཚོགས་ཏེ་རྣམ་གྲངས་བཅུ་བཞིའི་སྒོ་ནས་གཏན་ལ་འབེབས་པའི་ཚུལ་ཞིབ་པར་བཀའ་བཞི་པ་དཔལ་ལྡན་བཟང་པོས་མཛད་པའི་བསྙེན་སྒྲུབ་ཆེན་པོ་ནོར་བུ་གསལ་འབར་དང་། ས་སྐྱ་པའི་དབང་གི་རླུང་འཁོར་སོགས་སྦྱར་ཏེ་བརྒྱུད་ལྡན་གྱི་བླ་མའི་ཞལ་ལུང་ལྟར་རྟོགས་པར་བྱ་བ་ཁོ་ནའོ། །འདོད་རྒུའི་དཔལ་སྟེར་ཁྲོ་བོ་ཆེའི། །རྗེས་གནང་དཔག་བསམ་སྙེ་མ་གང་། །གསལ་བར་བཀོད་འདིས་ས་གསུམ་ན། །ཕན་བདེའི་ཆར་ཆེན་འབེབས་གྱུར་ཅིག །ཅེས་པའང་རྗེ་ས་སྐྱ་པ་ཆེན་པོའི་གསུང་རབ་ལ་ཐམས་ཅད་
མཁྱེན་པ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཆན་བུའི་སྒོ་ནས་གསལ་བར་མཛད་པའི་དགོངས་དོན་མཁས་མཆོག་ངག་དབང་བརྟན་པའི་རྡོ་རྗེས་ལེགས་པར་ཕྱེ་བ་གཞིར་བཞག་སྟེ། སྐབས་སུ་བབ་པའི་བསྣོན་འཕྲི་ཅུང་ཟད་བཅས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་བཀླགས་པས་གྲུབ་པར་བསྡེབས་པ་སརྦ་དཱ་ཐེ་ཡོ་བྷ་བ་ཏུ།། །།
གསེར་ཆོས་འདོད་པའི་རྒྱལ་པོའི་བརྒྱུད་འདེབས་སྲིད་ཞིའི་མཆོག་སྩོལ།
༈ གསེར་ཆོས་འདོད་པའི་རྒྱལ་པོའི་བརྒྱུད་འདེབས་སྲིད་ཞིའི་མཆོག་སྩོལ་ཅེས་བྱ་བ་བཞུགས་སོ། །ཁྱབ་བདག་རྡོ་རྗེ་འཆང་དབང་རྡོ་རྗེ་ཆོས། །བདེ་བ་རྒྱས་བྱེད་ཌ་ཀི་ཛི་ཏཱ་རི། །རོལ་པའི་རྡོ་རྗེ་བདེ་གཤེགས་སྲུང་བའི་ཞབས། །རྡོ་རྗེ་གདན་པ་གཉིས་ལ་གསོལ་བ་འདེབས། །པ་རི་ལོ་ཆེན་འཁོན་སྟོན་བརྩེ་བ་ཆེ། །རྗེ་བཙུན་སྐུ་མཆེད་ས་པཎ་བསོད་ནམས་འབུམ། །གཞོན་ཚུལ་ཚུལ་རྒྱལ་ངག་དབང་བྱང་སེམས་ཞབས། །ཡེ་ཤེས་རྒྱལ་མཚན་རྣམས་ལ་གསོལ་བ་འདེབས། །ངོར་ཆེན་རྡོ་རྗེ་འཆང་དབང་རྒྱལ་ཚབ་ཆེ། །དཀོན་མཆོག་འཕེལ་དང་ལྷ་མཆོག་སངས་རྒྱས་སེང་། །ཐར་རྩེ་པཎ་ཆེན་ནམ་མཁའ་རིན་ཆེན་དང་། །ནམ་མཁའ་དཔལ་བཟང་རྣམས་ལ་གསོལ་བ་འདེབས། །ཤེས་རབ་རྒྱ་མཚོ་སངས་རྒྱས་ཕུན་ཚོགས་ཞབས། །བསྟན་འཛིན་ལྷུན་གྲུབ་ནམ་མཁའ་བསམ་འགྲུབ་དང་། །ཀུན་དགའ་བློ་གྲོས་ནམ་མཁའ་འཆི་མེད་དཔལ། །རྩ་
བའི་བླ་མ་རྣམས་ལ་གསོལ་བ་འདེབས། །མཁའ་འགྲོའི་དབང་ཕྱུག་འདོད་པའི་རྒྱལ་པོ་ཡི། །རབ་འབྱམས་སྔགས་ཀྱི་བསྙེན་སྒྲུབ་པས་སྦྱོར་གྱིས། །སྲིད་ཞིའི་ཕུན་ཚོགས་དབང་དུ་འདུ་བ་དང་། །མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས། །ཞེས་པའང་བརྟན་གཡོ་སྲིད་ཞི་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བྱམས་པ་ཀུན་དགའ་བསྟན་འཛིན་ལས་ཚུལ་འདིའི་བཀའ་དྲིན་ཐོབ་པ་མཁྱེན་བརྩེའི་དབང་པོས་གསོལ་བ་བཏབ་པ་སུ་ཤེ་ཡནྟུ།། །།སརྦ་དཱ་མངྒ་ལཾབྷ་ལེ་ཏ།། །།
གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་གྱི་རྗེས་གནང་བཀླག་ཆོག་གསལ་བའི་སྒྲོན་མེ།
༈ གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་གྱི་རྗེས་གནང་བཀླག་ཆོག་གསལ་བའི་སྒྲོན་མེ་བཞུགས། །སྐྱེ་རྒུའི་སྐྱབས་གཅིག་ཨཱརྱ་ཏཱ་རེ་མ། །དམར་མོ་བརྒྱད་གཉིས་ལང་ཚོའི་མཚར་སྡུག་སྐུ། །སྣོད་བཅུད་མ་ལུས་བདག་གིར་དབང་མཛད་པའི། །ཕྲིན་ལས་རྒྱ་མཚོའི་རླབས་ཕྲེང་གཡོ་དེར་འདུད། །ཨེ་མ་ཕན་དང་བདེ་བའི་བཅུད། །དཔལ་མོ་དཔྱོད་ལྡན་སྙིང་གི་ནི། །ས་ཡི་ཟླ་བའི་ཐག་ཅན་གྱི། །སྒྲུབ་ཐབས་རྗེས་གནང་བྲི་བར་བྱ། །དེ་ལ་འདིར་གངས་ཅན་བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་ཡབ་སྲས་རྣམས་ལ་རྣལ་འབྱོར་བླ་མེད་དང་རྗེས་སུ་འབྲེལ་བའི་གདམས་པ་རྒྱ་མཚོ་ལྟ་བུ་ཞིག་བཀའ་བབས་པའི་ནང་ཚན། གཉན་ལོ་ཙཱ་བའི་དབང་གི་ལྷ་གསུམ་ལས་རྗེ་བཙུན་མ་ཀུ་རུ་ཀུ་ལེ་དཔལ་མོ་གསེར་གྱི་སྙིང་ཐིག་
ཅན་གྱི་རྗེས་གནང་གི་ཕྱག་བཞེས་ལ། ཡིད་དང་མཐུན་པའི་གནས་སུ་མཎྜལ་གྱི་གཞི་ལ་ཙནྡན་དམར་པོས་བྱུགས་པར་རྡུལ་ཚོན་དམར་པོས་ཆོས་འབྱུང་གྲུ་གསུམ་རྩེ་མོ་རང་ལ་བསྟན་པའི་དབུས་སུ་ཚོན་སྤུངས་དམར་པོ། །དེའི་སྟེང་ན་མཉྫིའི་ཁར་གཏོར་མ་ཟླ་གམ་སུམ་བརྩེགས་ཀྱི་སྟེང་དུ་ནོར་བུ་ལ་པད་འདབ་ཆུང་ངུས་བསྐོར་བ་ལ་སྨུག་རྩི་བྱུགས་པ། ཆུ་གཉིས་སྔོན་དུ་འགྲོ་བའི་ཉེར་སྤྱོད་ཀྱང་བཤམ། བསྡུ་ན་མཆོད་གཏོར་དཀྱུས་བཞིན་ལ། གཏོར་མའི་རྒྱབ་ངོས་སུ་ཚོམ་བུ་དམར་པོས་ཀྱང་ཆོག །རང་སྟན་བདེ་བ་ལ་འདུག་སྟེ་མཆོད་པ་བྱིན་རླབས་དང་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་རྣམས་སྤྱི་ལྟར་བྱ། སྭ་བྷ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་སྔོ་ལྗང་། དེའི་སྟེང་དུ་ཨ་ལས་ཟླ་བ། དེའི་སྟེང་དུ་ཏཱྃ་ལྗང་གུ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཏཱྃ་ལ་ཐིམ་པས་ཨུཏྤལ་ཏཱྃ་གྱིས་མཚན་པ་གཅིག་ཏུ་གྱུར། དེ་ལས་རང་རྗེ་བཙུན་སྒྲོལ་མ་སྐུ་མདོག་ལྗང་གུ་ཞབས་གཡས་བརྐྱང་གཡོན་བསྐུམ་པ། ཕྱག་གཡས་ཕྲིན་ལས་པའི་ཡིག་ཆར། ཕྱག་གཡས་པུས་མོའི་སྟེང་དུ་བདུད་རྩི་འཛག་བཞིན་པ་དང་བཅས་པའི་མཆོག་སྦྱིན་ཞེས་འབྱུང་ནའང་། ཡིག་རྙིང་དང་སྒྲུབ་ཐབས་རིན་འབྱུང་སོགས་མཐུན་པར་སྐྱབས་སྦྱིན་ཞེས་ཁོ་ན་འབྱུང་ངོ་། །སྐྱབས་སྦྱིན་དང་གཡོན་
ཨུཏྤལ་འཛིན་པ། དར་དང་རིན་པོ་ཆེས་བརྒྱན་པ། ལང་ཚོ་བཅུ་དྲུག་ལོན་པ་ལྟ་བུར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས་པས་རང་འདྲའི་ཡེ་ཤེས་པ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། རང་གི་ཐུགས་ཀར་པད་ཟླའི་སྟེང་དུ་ཏཱཾ་ཡིག་ལ་ཡི་གེ་བཅུ་པས་བསྐོར་བ་ལས་འོད་ཟེར་འཕྲོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ། བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས། ཏཱ་ལ་ཐིམ་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་སྦྱངས། སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྒྱས་པར་བསམས་ལ་སྔགས་ཕྲེང་ཀློག་པའི་ཚུལ་གྱིས། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་པ་ཇི་ལྟར་རིགས་པ་བཟླ། རང་ཉིད་སྒྲོལ་མ་ལྗང་གུར་གསལ་བ་དེ་འོད་དུ་ཞུ། དེ་ཡོངས་སུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་འཕྲོས། དོན་གཉིས་བྱས། ཚུར་འདུས་ཧྲཱིཿལ་ཐིམ་པས་སྐད་ཅིག་གིས་ལྷ་མོ་ཀུ་རུ་ཀུལླེ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་དང་པོས་མདའ་དང་། གཡོན་དང་པོས་གཞུ་འཛིན་པ་སྦྱར་ནས་སྙན་གྱི་ཐད་དུ་འགེངས་པ། གཡས་འོག་མས་ལྕགས་ཀྱུ་དང་། གཡོན་འོག་མས་ཨུཏྤལའི་ཡུ་བ་ནས་བཟུང་བ། ཞབས་གཡས་བསྐུམས་པ་གཡོན་པའི་བརླ་ལ་གཏད་པའི་སྐྱིལ་ཀྲུང་ཕྱེད་
པའི་གར་སྟབས་ཀྱིས་རོའི་གདན་ལ་འགྱིང་བ། ཁྲོ་གཉེར་ཅུང་ཟད་སྨིན་ཕྲག་ཏུ་བསྡུས་ཤིང་འཛུམ་པའི་ཉམས་ཅན་སྤྱན་གསུམ་དང་ལྡན་པ། ལང་ཚོ་བཅུ་དྲུག་ལོན་པ་ལྟ་བུ་འཕྲོ་བ་ཀུན་གྱི་ཡིད་འཕྲོག་ཅིང་དབང་དུ་སྡུད་པ། དེའི་ཐུགས་ཀར་ཡང་ཡེ་ཤེས་སེམས་མ་དེ་འདྲ་བ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ་ཏིང་ངེ་འཛིན་སེམས་དཔའ་ཡི་གེ་ཧྲཱིཿདམར་པོ་ལ་སྔགས་ཀྱིས་བསྐོར་བ། །སྔགས་འབྲུ་རེ་རེ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། སྐྱེ་འགྲོ་ཐམས་ཅད་ལ་ཕོག་པས་དབང་དུ་འདུས། སླར་འོད་ཟེར་རྣམས་ཚུར་འདུས། སྙིང་གའི་ཧྲཱིཿཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ་པར་བསམས་ལ་དམིགས་པ་རྒྱུན་མི་ཆད་པའི་ངང་ནས། ཨོཾ་ཀུ་རུ་ཀུལླེ་སཱ་ཧཱ། ཞེས་པ་བརྒྱ་རྩ་ལ་སོགས་པ་བཟླ། དེ་ནས་མདུན་བསྐྱེད་ཀྱི་རྟེན་མཎྜལ་སྟེང་གི་རྡུལ་ཚོན་ཚོམ་བུ་ལ་དམིགས་ཏེ། སྭ་བྷཱ་ཝས་སྟོང་པར་བསྒོམ། སྟོང་པའི་རང་ལས་པདྨ་དང་ཟླ་བའི་སྟེང་དུ་ཧྲཱིཿདམར་པོ་ལས་འོད་འཕྲོས་ནས་སྔགས་ཀྱིས་བསྐོར་བ། ཐུགས་ཀའི་ཧྲཱིཿལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་རྗེ་བཙུན་རིགས་བྱེད་མའི་རྣམ་པར་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿཞེས་པས་ཡེ་ཤེས་པ་སྤྱན་དྲངས་ཤིང་དེ་ལ་བསྟིམ། ཨོཾ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་
པས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་དབུལ། བརྩེ་བས་རྗེས་ཆགས་པདྨ་རཱ་གའི་མདོག །ཞལ་གཅིག་ཕྱག་བཞི་ཞབས་གཉིས་མཛེས་པའི་སྐུ། །མདའ་གཞུ་ཨུཏྤལ་ལྕགས་ཀྱུ་ཞགས་པ་འཛིན། །རྗེ་བཙུན་རིགས་བྱེད་མ་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཅོམ་ལྡན་འདས་མས་བདག་དང་སེམས་ཅན་ཐམས་ཅད་ལ་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་ནང་མཆོད་ལ་སོགས་པས་སྦྱངས་ལ། ཨོཾ་ཨཱཙྪཱཧཱུྃ་ཧ་ཧོ་ཧྲིལན་གསུམ་གྱིས་བྱིན་གྱིས་བརླབ། ཨོ་ཀུ་རུ་ཀུལླེ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ཞེས་པ་ལན་གསུམ་པད་ཀོར་སྔོན་དུ་འགྲོ་བའི་རྡོ་རྗེ་ཐལ་མོ་ཁ་ཕྱེ་ལ་མདུན་བསྐྱེད་ལ་དམིགས་ནས་དབུལ། ཕྱི་ནང་གི་མཆོད་བསྟོད་འདོད་གསོལ་སྔར་བཞིན། མདུན་བསྐྱེད་ལ་དམིགས་ནས་སྔགས་ཀྱི་བཟླས་པ་མང་ཉུང་ཇི་ལྟར་རིགས་པ་བཟླ། དེ་ནས་སློབ་མ་བླ་མེད་ཀྱི་དབང་ཐོབ་པ་པོས་ལ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ནས། གསན་པར་ཞུ་འཚལ་གྱི་བར་འདྲ། གང་གསན་པར་བྱ་བའི་ཆོས་འདིའི་ལོ་རྒྱུས་ནི། བླ་མ་གཉན་ལོ་ཙཱ་བས་རྒྱ་གར་གྱི་སྒྲ་ཚད་གསང་སྔགས་སོགས་མང་དུ་བསླབས་ནས་བོད་དུ་བྱོན་ཁར་ཐུགས་ཉམས་ལ། ལོ་ཙཱ་བ་མང་ཡང་ང་ལྟ་བུའི་མཁས་པ་མེད། པཎྜིཏ་མང་ཡང་
འབུམ་ཕྲག་གསུམ་པ་ལྟ་བུའི་མཁས་པ་མེད། ངའི་བོགས་འདོན་དུ་འབུམ་ཕྲག་གསུམ་པ་འདི་བོད་དུ་གདན་འདྲེན་དགོས་ཏེ། ཁོང་བགྲེས་པ་དང་། ང་ཡོ་བྱད་ཆུང་བ་དང་། རྒྱ་བོད་ལམ་ཐག་རིང་བས་ཞུ་འབུལ་དཀའ། ད་སྔགས་ཀྱིས་དབང་དུ་བསྡུས་ལ་གདན་དྲང་བར་བྱའོ་སྙམ་ནས་སྒྲོན་མ་ལ་གསོལ་བ་བཏབ་པས། མནལ་ལམ་དུ་བུ་མོ་གཞོན་ནུ་མ་ཞིག་བྱུང་ནས་རྡོ་རྗེ་གདན་གྱི་བྱང་། ཕྱོགས་ན་ལྷ་མོ་ཀུ་རུ་ཀུལླེའི་སྡེར་སྐུའི་འོག་ཏུ་སྒྲུབ་ཐབས་ཡོད་པས་དེ་ཐོན་ལ་ཉམས་སུ་ལོངས་གསུངས། དེ་ལྟར་བྱས་པས་བུད་མེད་དབང་དུ་སྡུད་པའི་ཐབས་ཤིག་ལས་མ་བྱུང་། ཡང་གསོལ་བ་བཏབ་པས་གཏིང་རིང་དུ་བྲུས་དང་རལ་གཅིག་མའི་སྡེར་སྐུ་ཁྲུ་གང་བ་ཞིག་ཡོད། དེའི་འོག་ན་ཡོང་གི་གསུངས། དེ་བཞིན་བྱས་པས་རྒྱལ་པོ་དང་བཙུན་མོ་དབང་དུ་སྡུད་པའི་ཐབས་ཤིག་བྱུང་། འདིས་ཀྱང་མི་ཕན་སྙམ་གསོལ་བ་བཏབ་པས། ང་ལ་གསོལ་བ་ཞག་གསུམ་ཐོབ་ལ་གཏིང་རིང་དུ་བྲུས་དང་། སྔར་གྱི་དེ་ཚོའི་འོག་ན་ལྷ་མོ་དུད་སོལ་མའི་སྐུ་འཇིགས་པ་ཅིག་ཡོད་ཀྱི། དེ་ལ་མ་འཇིགས་པ་རང་ལ་གསོལ་བ་འདེབས་ཀྱིན་ལྷ་མོའི་ནུ་མ་གཡོན་པའི་སྟེང་ན་ཡི་གེ་ཧཱིཅིག་ཡོད་ཀྱི། དེ་མ་ཆག་པར་བརྐོས་ལ་དེ་ལྷ་མོའི་སྤྱི་བོར་ཞོག་ལ། དེ་ནས་ཡི་གེའི་ཤུལ་བཀོས་ལ་དེ་ནས་བྱུང་བ་ལྟར་གྱིས་གསུངས་
པ་སོགས་ཀྱི་ལུང་བསྟན། དེ་ཁོ་ན་ལྟར་བྱས་པས་ཐོན་ནོ། །དེ་ནས་བསྙེན་སྒྲུབ་བྱས་པས་མེ་ཏོག་ཐམས་ཅད་བོད་ལ་ཁ་བལྟས་པ་སོགས་ཀྱི་རྨི་ལྟས་བཟང་པོ་བྱུང་ནས་པཎྜི་ཏ་ལ་ལས་སྦྱོར་བྱས་པས་པཎྜི་ཏའི་ཞལ་ནས། ལོ་ཙཱ་བ་མདང་ནམ་ཕྱེད་ནས་ངའི་ཤེས་པ་བཏེག་བཏེག་བྱས་ང་བོད་ལ་འགྲོ་འདོད་པས་ལམ་ལ་འཇིགས་པ་ཅི་ཡོད། བོད་ན་རྒྱལ་ཁྲིམས་ཡོད་དམ། བོད་ལ་འགྲོ་བ་ལ་ནངས་པར་བས་ཀྱང་དེ་རིང་རིངས་པས་འདོང་གསུངས་ཏེ་གདན་དྲངས་ནས་བྱོན་པས་ཉང་སྨད་རྒྱན་གོང་རི་ཕུག་ཏུ་ཕེབས། ལོ་པཎ་གཞན་ཡང་དཔག་ཏུ་མེད་པ་དབང་དུ་འདུས། མི་ནོར་ཟས་གསུམ་འཛོམ། ལོ་ཙཱ་བའི་ཐུགས་ཀྱི་རེ་བ་ཁེངས་ཏེ་ཟླ་བ་དྲུག་ནས་ལས་སྦྱོར་བཀྲོལ། པཎྜིཏ་ལ་གསེར་མང་པོ་དང་བཅས་རབ་ཏུ་བྱུང་བ་བཅུ་གསུམ་གྱིས་ཕྱགས་ཕྱི་ཞུས། རྒྱ་གར་དུ་བསྐྱལ། པཎྜིཏ་ཐུགས་མཉེས། །གཉན་ལོ་ཙཱ་བ་ལ་གནམ་ཁའུ་པས་ཟབ་ཆེན་ཡུག་གཅིག །གཡུ་ཆེན་པོ་གསེར་སྲང་སུམ་ཅུ་རེ་བ་ཅིག་ཕུལ་ནས་རྗེས་གནང་གདམས་པ་དང་བཅས་པ་ཞུས། གནམ་ཁའུ་པ་ལ་ས་སྐྱ་པ་ཆེན་པོས་གསེར་སྲང་གསུམ། ན་བཟའ་ཆ་ཚང་། རྒོད་མ་དཀར་མོ་གཅིག་རྣམས་ཕུལ་ནས་ཞུས། དེས་རྗེ་བཙུན་སྐུ་མཆེད་ལ་གནང་། དེ་ནས་བླ་མ་གླུ་པ་རྣམས་ལས་རིམ་པར་བརྒྱུད་དེ་ཀླུ་པ་བསོད་ནམས་རྒྱལ་
མཆོག་གིས་བྲག་ཐོག་པ། དེས་རྡོ་རྗེ་གདན་པ། དེས་ཀུན་དགའ་རྒྱལ་པོ། དེས་ཚེ་དབང་བཀྲ་ཤིས་ལ། དེས་ཚར་ཆེན་ཆོས་ཀྱི་རྒྱལ་པོ། དེ་ནས་རིམ་བཞིན་བརྒྱུད་དེ་རྗེས་གནང་དང་གདམས་ངག་གི་བཀའ་མ་ནུབ་པར་བཞུགས་པ་ཡིན། དེ་ལྟ་བུའི་རྗེས་གནང་གི་རིམ་པ་འབུལ་བ་ལ་སྔོན་འགྲོ་སློབ་དཔོན་གྱི་བྱ་བ་རྣམས་ད་ཚོད་ནས་གྲུབ་ཟིན། དངོས་གཞི་སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ། སློབ་དཔོན་རྗེ་བཙུན་མར་གསལ་བ་ལ་རྗེས་གནང་ཞུ་བའི་ཡོན་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། རྗེ་བཙུན་རྗེས་ཆགས་རྣལ་འབྱོར་མ། ཐུགས་རྗེའི་བདག་ཉིད་འགྲོ་བ་སྐྱོབ། །རིགས་བྱེད་མ་ཡི་བྱིན་རླབས་མཆོག །བདག་ལ་ཉེ་བར་སྩལ་དུ་གསོལ། །ཞེས་ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་རྗེ་བཙུན་རིགས་བྱེད་མ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་པ་བགྱི་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་
གསུམ་ལ་བདག་སྐྱབས་མཆི་སོགས་གུར་ནས་འབྱུང་པའི་རྒྱུན་བཤགས་ལན་གསུམ། རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛོད། སློབ་དཔོན་རྗེ་བཙུན་མར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་སྦྱངས། ལུས་འོད་ཀྱི་གོང་བུར་གྱུར། དེ་ཉིད་ལ་དམིགས་ཏེ་སློབ་དཔོན་གྱིས། ཨོཾ་སྭ་བྷཱ་ཝ་སོགས། ཞེས་བརྗོད་པས་འོད་ཕུང་དེ་ཉིད་ཀྱང་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་པདྨ་དམར་པོ་སོགས་ནས་གཅིག་ཏུ་གྱུར། དེ་ལས་ཁྱེད་རང་རྣམས་རྗེ་བཙུན་སྒྲོལ་མ་སོགས་ནས་བཅུ་དྲུག་ལོན་པ་ལྟ་བུར་གསལ་ལམ་སྟེ་གྱུར་བའི་མོས་པ་མཛོད། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་རྗེ་བཙུན་མ་ཀུ་རུ་ཀུལླེའི་སྐུ་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་སྤྱན་དྲངས། ཁྱེད་རང་རྣམས་ལ་ཐིམ། དེའི་རྐྱེན་གྱིས་ཁྱེད་རང་རྣམས་པདྨ་དང་ཟླ་བའི་སྟེང་དུ་ལྷ་མོ་ཀུ་རུ་ཀུལླེ་སོགས་ནས། སྔགས་ཀྱིས་བསྐོར་བ་དང་བཅས་པ། །སློབ་དཔོན་ལ་མོས་གུས་བྱས་པས་ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་རྗེ་བཙུན་མའི་སྐུའི་རྣམ་པར་བྱོན། མདུན་
བསྐྱེད་ལས་ཀྱང་དེ་འདྲ་བ་དཔག་ཏུ་མེད་པ་མཆེད། ཁྱེད་རང་རྣམས་ཀྱི་སྐུ་ལ་ཐིམ་པས་བྱིན་གྱིས་བརླབས་པའི་མོས་པ་མཛོད། དྲིལ་གསིལ་རོལ་ཆེན་བྱ་ཞིང་། ཨོཾ་ཏཱ་རེ་ཏུ་ཏྟཱ་རེ་ཏུ་རེ་སྭཱ་ཧཱ། །ཀུ་རུ་ཀུལླེ་པྲ་ཝེ་ཤ་ཡ་ཧཱུྃ་ཝ་ཤཾ་ཀུ་རུ་ཧོ༔ ལན་གསུམ་གྱིས་ཡེ་ཤེས་པ་དབབ། དེ་བརྟན་པར་བྱ་བའི་སླད་དུ་སྤྱི་བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནི་སྐུ་ལྷ་བསྒོམ་པའི་རྗེས་སུ་གནང་བ་ཡིན། ཡང་སློབ་དཔོན་རྗེ་བཙུན་མའི་སྐུ་ཅན་དུ་གསལ་བ་ལ་གུས་འདུད་གནང་བས། སློབ་དཔོན་གྱི་ཐུགས་ཀར་ཧཱིཝཡིག་གི་མཐའ་སྐོར་དུ་ཡོད་པའི་སྔགས་ཕྲེང་དང་པོ་གཉིས་པ་གསུམ་པ་རྣམས་མཆེད་དེ་ཞལ་ནས་འཐོན། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བའི་ཞལ་ནས་མར་ཞུགས། སྙིང་གར་ཟླ་བའི་སྟེང་ན་ཡོད་པའི་ཧི༔ཡིག་གི་མཐར་སྔགས་ཕྲེང་དང་པོ་སྔར་མེད་གསར་བྱུང་དུ་འཁོད། གཉིས་པ་དང་གསུམ་པ་དེ་ལ་ཐིམ་པས་ཐུགས་རྒྱུད་བྱིན་གྱིས་བརླབས་པར་མོས་ལ། སྔགས་ཀྱི་རྗེས་ཟློས་བྱེད་དུ་གཞུག །ཁྱེད་རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སོགས་དང་། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་དེ་སྔགས་ཀྱི་ཕྲེང་བར་བསྒྱུར་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་པར་མོས་ལ།
བཅོམ་ལྡན་འདི་ལ་སོགས་བརྗོད། དེ་ནི་གསུང་བཟླས་པ་སྔགས་ཀྱི་ལུང་སྦྱིན་པ་ཡིན། ཡང་ཐུགས་འདུན་འདི་བཞིན་དུ་གནང་བར་ཞུ། ཁྱེད་རང་རྣམས་རྗེ་བཙུན་མ་སེམས་དཔའ་སུམ་བརྩེགས་སུ་གསལ་བ་དེའི་གནས་གསུམ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་བསམ་གྱིས་མི་ཁྱབ་པ་འཕྲོས། ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་ཀྱི་སྙིང་གར་ཕོག །སྙིང་གའི་ནང་ནས་སེམས་ཀྱི་ངོ་བོ་ཨ་དཀར་ལ་དམར་བའི་མདངས་ཆགས་པ་དྲངས་ནས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཐིམ་པས་འགྲོ་བ་ཀུན་དབང་དུ་གྱུར་ཏེ་དད་པར་བྱས་པའི་ཐུགས་མོས་གནང་བར་ཞུ། དྲིལ་བུ་གསིལ་ཞིང་། ཨོཾ་ཏཱ་རེ་ཏུ་ཏྟ་རེ་ཏུ་རེ་སྭཱ་ཧཱ། ཀུ་རུ་ཀུལླེ་པྲ་ཝེ་ཤ་ཡ་ཧཱུྃ་ཝ་ཤཾ་ཀུ་རུ་ཧོ༔ ཡང་ཁྱེད་རང་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་འཕྲོས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་ལ་ཕོག །དེ་ཐམས་ཅད་འོད་དམར་པོར་ཞུ་ནས་ཚུར་འདུས། ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཐིམ་པས་དབང་དུ་འདུས་པའི་ཐུགས་མོས་གནང་བར་ཞུ། དྲིལ་གསིལ་དང་སྔགས་གོང་བཞིན། ཡང་ཁྱེད་རང་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་དམར་པོ་འཕྲོས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་དཔའ་བོ་རྣལ་འབྱོར་མ་ཐམས་ཅད་ལ་ཕོག་པས་འོད་དམར་པོར་ཞུ། ཚུར་འདུས་ཁྱེད་རང་
རྣམས་ཀྱི་གནས་གསུམ་དུ་ཐིམ་པས་ཐམས་ཅད་དབང་དུ་འདུས་པའི་ཐུགས་མོས་གནང་བར་ཞུ། དྲིལ་གསིལ་དང་སྔགས་གོང་བཞིན། དེ་དག་ནི་ཡོན་ཏན་དང་ཕྲིན་ལས་དབང་དུ་བྱ་བའི་རིམ་པ་ཡིན། སླར་ཡང་ཐུགས་འདུན་འདི་བཞིན་གནང་བར་ཞུ། ཁྱེད་རང་རྣམས་རྗེ་བཙུན་མར་གསལ་བ་དེ་འོད་དུ་ཞུ། ཐུགས་ཀའི་ཡེ་ཤེས་སེམས་མ་ལ་ཐིམ། དེ་འོད་དུ་ཞུ་ཏིང་ངེ་འཛིན་སེམས་དཔའ་ཧྲིལ་ཐིམ། དེ་ཡང་རིམ་གྱིས་ནཱ་དའི་བར་དུ་བསྡུས་ལ་ནཱ་དའང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སོང་ནས་སྤྲོས་བྲལ་གྱི་ངང་ལ་མི་རྟོག་པར་ལྷོད་ཀྱིས་འཇོག་པར་ཞུ། དེ་ནི་ཐུགས་རྣམ་པར་མི་རྟོག་པའི་བྱིན་རླབས་ཡིན། མི་རྟོག་པ་དེའི་ངང་ནས་ཁྱེད་རང་རྣམས་སྐད་ཅིག་གིས་རྗེ་བཙུན་མའི་སྐུར་ལམ་གྱིས་བསྒོམས་ལ་དེའི་ང་རྒྱལ་དང་མ་བྲལ་བར་ཞུ། རྗེས་གཙོ་བོས་སོགས་སྤྱི་དང་འདྲ། མདུན་བསྐྱེད་ལ་མཆོད་བསྟོད་འདོད་གསོལ་ནོངས་བཤགས་བྱ། ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་རང་ལ་གཉིས་སུ་མེད་པར་ཐིམ་པར་བསམ། གནས་གསུམ་བསྲུང་། དགེ་བ་འདི་ཡིས་མྱུར་དུ་བདག །རིགས་བྱེད་མ་དཔལ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་བ་སྨོན་ལམ་བཀྲ་ཤིས་ཀྱིས་མཐའ་བརྟེན་པ་སྤྱི་ལྟར་བྱའོ།། ༈ །།རྡོ་རྗེ་འཆང་དབང་རྒྱ་མཚོའི་སྒྲ་དབྱངས་ཀྱི། །གསང་བ་གསུམ་བདག་གཅིག་ཏུ་
འཕོས་པ་ལས། །ཡིད་བཞིན་ནོར་བུའི་དཔལ་རྒྱུན་ཟད་མི་ཤེས། །ཡེ་ཤེས་ལྷ་མོས་འགྲོ་འདི་རྟག་ཏུ་སྐྱོངས། །འདིར་ལྷ་མོ་ནོར་རྒྱུན་མའི་རྗེས་གནང་གི་ཕྱག་ལེན་ལ། གནས་ཡིད་དང་མཐུན་པ་མཎྜལ་གྱི་ཁར་བའི་རྣམ་ལྔའམ་དྲི་ཞིམ་པོས་བྱུགས་པར་ར་ཁྲག་གམ་རྡུལ་ཚོན་དམར་པོས་གྲུ་གསུམ་བྲི། དེའི་དབུས་སུ་ཚོན་སྤུངས་དམར་པོ་གཅིག་དགོད། བསྡུ་ན་ཚོན་སྤུངས་དམར་པོས་ཆོག །མདུན་དུ་གཏོར་མ་གྲུ་བཞི་པའི་སྟེང་དུ་ནོར་བུ་པད་འདབ་བརྒྱད་ཀྱིས་བསྐོར་བ་སྨུག་རྩིས་བྱུགས་པ། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ལྔ་བཤམ། འབྱོར་ན་མཆོད་པ་ཐམས་ཅད་དམར་པོ་བྱ། དེ་ནས་སློབ་དཔོན་གྱིས་མཆོད་པ་བྱིན་བརླབ། སྐྱབས་སེམས་ཚད་མེད་བཞི་བསྒོམ། སྭ་བྷ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་རི་ལས་ཉི་མའི་སྟེང་དུ་རང་ཉིད་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མ་སྐུ་མདོག་དམར་མོ་ཞབས་གཡས་བརྐྱང་ཞིང་གཡོན་བསྐུམ་པའི་སྐྱིལ་ཀྲུང་ཕྱེད་པས་བཞུགས་པ། ཕྱག་གཡས་རིན་པོ་ཆེའི་སྙེ་མ་མཐེབ་སྲིན་གྱིས་འཛིན་ཅིང་པུས་མོ་གཡས་པའི་སྟེང་དུ་མཆོག་སྦྱིན་མཛད་། པ། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་བསྣམས་པ། སྐྲ་སེར་པོ་གྱེན་དུ་བསྒྲེང་བ། རིན་པོ་ཆེ་དང་རུས་པས་བརྒྱན་པ། ཞལ་འཛུམ་ཁྲོའི་རྣམ་པས་སྒྲུབ་པ་པོ་ལ་དགྱེས་པར་ལྟ་བ། གཞོན་
ནུ་ལང་ཚོ་དར་ལ་བབས་པར་བསམ། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོས་མཚན་པར་བསམས་ལ་གནས་གསུམ་བྱིན་གྱིས་བརླབ། ཐུགས་ཀ་ནས་འོད་འཕྲོས་ཡེ་ཤེས་ཀྱི་ལྷ་མོ་ཨོ་བཛྲ་ས་མཱ་ཛས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་སུ་མེད་པར་ཐིམ། ཨོཾ་བ་སུ་དྷ་རི་ཎི་ས་པ་རི་ཝཱ་ར་ཨརྒྱུ་སོགས་ཀྱིས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། །རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་གློ་ཀ་གཅིག་གིས་བསྟོད། འདོད་དོན་གསོལ། སྙིང་གར་ཉི་མའི་སྟེང་དུ་པྃ་ཡིག་གི་མཐར་སྔགས་ཀྱི་ཕྲེང་བ་དམར་པོས་བསྐོར་བ། དེ་ལས་འོད་ཟེར་དམར་པོ་འཕྲོས། མི་ལ་སོགས་པའི་སྐྱེ་འགྲོ་ཐམས་ཅད་ལ་ཕོག་པས་དབང་དུ་འདུས་པར་བསྒོམས་ལ། ཨ་ཡ་བྷི་བྷི། བྷུ་ཊི་བྷུཊྚ། ཀཱ་མ་རཀྴི་མ། སཱ་མ་པ་ཏི་སརྦ་ཝི་སི་ཏི། ཀུ་རུ་ཎེ། རེ་ག་སྔགས་འདི་ལྟར་ཡིག་རྙིང་རྣམས་དང་། སྒྲུབས་ཐབས་རིན་འབྱུང་སོགས་སུ་མཐུན་པར་འབྱུང་བས་དག་པར་སེམས། ངག་ཆོས་ཀྱི་རྗེས་གནང་གི་དཔེ་དཀྱུས་སུ། ཨོཾ་ཡ་བྷི་བྷི། བྷུ་ད་ཊི་བྷུ་ཊ་ཊ། ཀ་མ་ར་ཀ་ཀི་མ། སཱ་མ་སཱ་རི། སརྦ་རྦ་སི་ཏེ། ཀུ་རུ་ཎེ། རེ་ག་དུ་ཞེས་འབྱུང་ངོ་། །ཏུ། ཞེས་པ་ཅི་ནུས་སུ་བཟླ། དབང་གི་ལས་འགྲུབ་པར་གསོལ་བ་
གདབ། དེ་ནས་མདུན་བསྐྱེད་ལ་དམིགས་ཏེ། སྭ་བྷ་ཝས་བསང་སྦྱངས། སྟོང་པའི་ངང་ལས་རྃ་ལས་ཉི་མའི་སྟེང་དུ་ལྷ་མོ་ནོར་རྒྱུན་མ་སྔར་བཞིན། །གནས་གསུམ་བྱིན་གྱིས་བརླབ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་ནས་བསྟིམ། ཕྱི་ནང་གི་མཆོད་པ་དང་བསྟོད་པ་འདོད་གསོལ་སྔར་བཞིན། གཏོར་མ་ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿལན་གསུམ་གྱིས་བྱིན་གྱིས་བརླབས་ནས། ཨོཾ་བ་སུ་དྷ་རི་ཎི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། ཕྱི་ནང་གི་མཆོད་པ་བསྟོད་པ་བྱ། འདོད་དོན་གསོལ། མདུན་བསྐྱེད་ལ་དམིགས་ནས་སྔགས་ཉེར་གཅིག་ལ་སོགས་པ་བཟླ། སློབ་མ་བདེ་མཆོག་ལ་སོགས་པ་བླ་མེད་ཀྱི་དབང་ཐོབ་པ་བོས་ལ། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་སོགས་སྤྱི་དང་འདྲ། གང་གསན་པར་བྱ་བའི་ཆོས་ནི། གཉན་ལོ་ཙཱ་བའི་ཐུགས་དམ་དབང་གི་ལྷ་གསུམ་གྱི་ནང་ཚན་ནོར་རྒྱུན་མ་དམར་མོའི་རྗེས་སུ་གནང་བའི་སྐབས་ཡིན། འདི་ཉིད་རྒྱུད་སྡེ་གང་དུ་གཏོགས་ན་གོང་མའི་ཡིག་རྙིང་ལས་རྡོ་རྗེ་ཕག་མོའི་ཆོས་སྐོར་གྱི་ཆ་ལག་ཡིན་པར་གསུངས་པས་བླ་མེད་མ་རྒྱུད་དུ་གཏོགས་པ་ཡིན། དེ་ལ་རྗེས་གནང་གི་སྔོན་དུ་འགྲོ་བ་རྣམས་གྲུབ་ཟིན་པས། དངོས་གཞི་ལ་སློབ་དཔོན་ནོར་རྒྱུན་མ་དམར་མོར་གསལ་བ་ལ་མཎྜལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་
གསོལ་གདབ་དང་། རྒྱུན་བཤགས་རྣམས་ཚར་གསུམ་རེ་བྱ། རྗེས་གནང་དངོས་ལ་ལྷ་བསྒོམ་པ་དང་། སྔགས་བཟླ་བའི་རྗེས་གནང་གཉིས་སུ་ཡོད་པ་ལས། ཐོག་མར་ལྷ་བསྒོམ་པའི་རྗེས་གནང་གི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་ལྷ་མོར་གསལ་བའི་སྐུ་ལས་འོད་ཟེར་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པ་ནས། སྟོང་པར་གྱུར་པའི་བར་འདྲ། སྟོང་པའི་ངང་ལས་རི་ལས་ཉི་མའི་སྟེང་དུ་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་ནོར་རྒྱུན་མ་སོགས་ནས། ལང་ཚོ་དར་ལ་བབས་པ་ཞེས་པའི་བར་གྱིས་སློབ་མ་ནོར་རྒྱུན་མར་མངོན་རྟོགས་བཞིན་བསྐྱེད། སློབ་དཔོན་ལ་ལྷ་མོའི་སྐུ་ཅན་དུ་མོས་པ་བྱས་པས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་ནོར་རྒྱུན་མའི་རྣམ་པར་སྤྱན་དྲངས། ཁྱེད་རང་རྣམས་ནོར་རྒྱུན་མར་གསལ་བ་ལ་ཐིམ། ཁྱད་པར་མདུན་བསྐྱེད་ལས་དེ་འདྲ་བའི་སྐུ་དཔག་ཏུ་མེད་པ་མཆེད་དེ་ཁྱེད་རང་རྣམས་ལ་ཐིམ་པས་ཁྱེད་རང་རྣམས་ལྷ་མོའི་སྐུར་ཆེས་གསལ་བར་གྱུར་ཅིང་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་བརྗོད། རོལ་ཆེན་བྱ། དེ་ནི་སྐུའི་རྗེས་གནང་ཡིན། གསུང་གིས་ཟླས་ལུང་གི་སླད་དུ་
ཐུགས་འདུན་འདི་བཞིན་གནང་བར་དུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་བྱུང་། ཞལ་ནས་འཐོན། ཁྱེད་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཉི་མའི་སྟེང་དུ་སྔགས་ཀྱི་ཕྲེང་བ་འཁོད་པར་བསམས་ལ་འདིའི་རྗེས་ཟློས་གནང་བར་ཞུ། ཨ་ལ་བྷི་བྷི་སོགས་སྔགས་ལན་གསུམ་བརྗོད་དུ་གཞུག །སློབ་མས་སློབ་དཔོན་ལ་མེ་ཏོག་འཐོར་ཞིང་། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱི་སོགས་དང་། སློབ་དཔོན་གྱིས་སློབ་མའི་སྤྱི་བོར་མེ་ཏོག་གཏོར་ལ། བཅོམ་ལྡན་འདི་ལ་སོགས་བརྗོད། རྗེས་གཙོ་བོས་སོགས་འདྲ། འདི་ལ་ལྷ་བསྒོམ་པ་དང་། སྔགས་བཟླ་བའི་རྗེས་གནང་གཉིས་མཛད། ཐུགས་ཀྱི་རྗེས་གནང་སོགས་མི་མཛད་པས་རྣམ་དབྱེ་མ་འདྲེས་པ་དགོངས་འཚལ་ལོ། །མདུན་བསྐྱེད་ལ་མཆོད་བསྟོད་འདོད་གསོལ་དང་ནོངས་བཤགས་རྗེས་ལྷ་མོ་རང་ལ་བསྟིམ། གནས་གསུམ་བསྲུང་། བསྔོ་སྨོན་བཀྲ་ཤིས་བྱའོ།། ༈ །།སྣང་སྲིད་ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས། །འཁོར་འདས་ཀུན་གྱི་བདག་མོ་ཏི་ནུར་གྲགས། །ཅི་བསམ་འདོད་རྒུའི་བརྗིད་བག་ཁྲོ་འཛུམ་བཞད། །ཡི་དམ་ལྷ་མོས་འགྲོ་འདི་རྟག་ཏུ་སྐྱོངས། །འདིར་དབང་གི་ལྷ་མོ་ཏི་ནུ་མའི་རྗེས་གནང་གི་ཕྱག་ལེན་ལ། མཎྜལ་གྱི་ཁར་རྡུལ་ཚོན་གྱི་པདྨ་འདབ་བརྒྱད་དམར་པོའི་སྟེང་དུ་།
མཉྫིལ་ཐོད་པ་ཆང་གིས་བཀང་བ་བདུད་རྩི་རིལ་བུ་བཏབ་པ་དང་། དེའི་ཁར་མེ་ལོང་ལ་སིནྡྷུ་རས་པདྨ་འདབ་མ་བཞི་བྲིས་པའི་དབུས་སུ་ཧཱི༔ ཤར་དུ་ས། ལྷོར་ཧི། ནུབ་ཏུ་ཀ །བྱང་དུ་ལ་རྣམས་བྲི། །དེའི་ཁར་དྲིལ་བུ་བཞག དྲིལ་ལྕེ་མཎྜལ་ནང་དུ་མར་གྱིས་སྦྱར་དེའི་མདུན་ཕྱོགས་སུ་གཏོར་མ་དམར་པོ་གྲུ་བཞིའི་སྟེང་ཛམ་བཤོས་ནོར་བུ་མ་རྒྱན་ལྡན་པད་འདབ་ཀྱིས་བསྐོར་བ་དང་། །མཆོད་པ་བཤམ། སློབ་དཔོན་གྱིས་མཆོད་པ་བསང་སྦྱངས་བྱིན་གྱིས་བརླབ། སྐྱབས་འགྲོ་སེམས་བསྐྱེད་སོགས་སྤྱི་ལྟར་བྱ། སྭ་བྷ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ལྷ་མོ་ཏི་ནུ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡོན་པདྨ་དང་ཟླ་བའི་སྟེང་ན་བརྐྱང་བ། །གཡས་བསྐུམས་ནས་གཡོན་གྱི་བརླ་ལ་བྲང་ངའི་མཚམས་བཙུགས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྤྱན་གསུམ་མ་ཁྲོ་མོའི་རྣམ་པ་རུས་པའི་རྒྱན་གྱིས་བརྒྱན་པ། དེའི་ལྟེ་བར་ཟླ་བའི་སྟེང་དུ། ཤར་དུ་ས། ལྷོར་ཧི། ནུབ་ཏུ་ཀ །བྱང་དུ་ལ། དབུས་སུ་ཧཱུྃབསམ། ཧཱི༔ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ལྷ་མོ་ཏི་ནུའི་རྣམ་པར་ཨོཾ་བཛྲ་ས་མཱ་
ཛཿ ཛཿཧཱུྃ་བྃ་ཧོཿཞེས་པས་སྤྱན་དྲངས་རང་ལ་བསྟིམ། ཨོཾ་བྷ་ག་ཝ་ཏཱི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་ལ་སོགས་པས་ཕྱི་མཆོད། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ་ལ་སོགས་པས་བསྟོད། འདོད་དོན་གསོལ། ཐོད་ཆང་ལ་དམིགས་ཏེ་བདུད་རྩི་བྱིན་རླབས་རྒྱས་བསྡུས་གང་བདེ་བྱ། རང་ལྷ་མོར་གསལ་བའི་ལྟེ་བའི་སྔགས་འབྲུ་རྣམས་ལ་སེམས་གཏད་པས་སྔགས་ཀྱི་ཡིག་འབྲུ་ཐོལ་ཐོལ་བྱུང་བར་བསམས་ལ། དབང་དུ་བསྡུ་བའི་དམིགས་པ་དང་བསྟུན། ས་ཧི་ཀ་ལ་ཧྲཱིཿ མང་དུ་བཟླ། འདོད་དོན་གསོལ། མདུན་བསྐྱེད་ཀྱི་རྟེན་རྣམས་ལ་དམིགས་ལ། སྭ་བྷ་ཝས་སྟོང་པར་བསྒོམ། སྟོང་པའི་ངང་ལས་ལྷ་མོ་ཏི་ནུ་མ་སྐུ་མདོག་དམར་མོ་ཞེས་པ་ནས། ཡེ་ཤེས་པ་གཞུག་པ་དང་། ཕྱི་ནང་མཆོད་བསྟོད་འདོད་གསོལ་བར་བདག་བསྐྱེད་བཞིན། གཏོར་མ་བྱིན་གྱིས་བརླབ། ཨོཾ་བྷ་ག་ཝ་ཏི་དེ་ཝི་ས་པ་རི་ཝཱ་རའི་མཐར་ཨི་དཾ་བ་ལི་ཏ་སོགས་བཏགས་པ་ལན་གསུམ་དང་། ཕྱི་ནང་གི་མཆོད་བསྟོད་འདོད་གསོལ་རྣམས་བྱ། མདུན་བསྐྱེད་ལ་དམིགས་ནས་བཟླས་པ་མང་ཉུང་ཇི་ལྟར་རིགས་པ་བྱ། དེ་ནས་སློབ་མ་བདེ་མཆོག་ཡབ་ཡུམ་གཉིས་ཀའི་དབང་ཐོབ་པའམ། དེ་མ་ཐོབ་ཀྱང་བླ་མེད་གང་ཡང་རུང་བའི་དབང་ཐོབ་པ་ལ། འོ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས་སྤྱི་
ལྟར། འདིར་གང་གསན་པར་བྱ་བའི་ཆོས་ནི། ཕྱི་ལྟར་ན་ལྷ་མོ་ཨུ་མ། ནང་ལྟར་ན་རྡོ་རྗེ་ཕག་མོ། དབང་གི་ལས་སྒྲུབ་པ་ལ་ལྷ་མོ་ཏི་ནུ་མར་གྲགས་པ་གཉན་ལོ་ཙཱ་བའི་ལྷ་གསུམ་གྱི་ནང་ཚན་ཡིན། འདིའི་རྗེས་གནང་འབུལ་བ་ལ་སྔོན་འགྲོ་བདག་མདུན་བསྐྱེད་པ་ལ་སོགས་གྲུབ་ཟིན། དངོས་གཞི་སློབ་མ་ལ་བྱ་བའི་ངོ་སྐལ་དུ་གྱུར་པ་ལ་སློབ་དཔོན་ཏི་ནུ་མར་གསལ་བ་ལ་མཎྜལ། ཀུན་མཁྱེན་ཡེ་ཤེས་སོགས་ཀྱིས་གསོལ་གདབ་དང་། རྒྱུན་བཤགས་སྤྱི་དང་འདྲ། རྗེས་གནང་གི་གཞི་དགོད་པའི་སླད་དུ་སློབ་དཔོན་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། ཁྱེད་རང་རྣམས་ཀྱི་ལུས་ལ་ཕོག་པས་སྡིག་སྒྲིབ་དང་། འགྲོ་བ་གཞན་མ་དད་པའི་དྲི་མ་རྣམས་སྦྱངས། ལུས་འོད་ཀྱི་གོང་བུར་སོགས་ནས། སྟོང་པ་ཉིད་དུ་གྱུར་ཅེས་པའི་བར་ཀུ་རུ་ཀུལླེའི་སྐབས་དང་འདྲ། །སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ལྷ་མོ་ཏི་ནུམ་སོགས་ནས། དབུས་སུ་ཧྲིདམར་པོ་རེ་རེ་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནི་གཞི་དགོད་པའི་རིམ་པའོ། །དེ་ལ་བརྟེན་ནས་རྗེས་གནང་དངོས་ལ་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་མཐའ་རྟེན་བཟླས་ལུང་སྦྱིན་པ་དང་བཅས་པ་རྣམས་སུ་ཡོད་པ་ལས། ཐོག་མར་སྐུའི་རྗེས་གནང་གི་སླད་དུ་མདུན་བསྐྱེད་ཀྱི་ལྷ་མོའི་སྐུ་དང་བྷ་
ག་ལས་བདུད་རྩི་དམར་པོ་བྱུང་བ་ཁྱེད་རང་རྣམས་ཀྱི་ཁར་ཞུགས། ལུས་ཐམས་ཅད་གང་། མདུན་བསྐྱེད་ལས་ལྷ་མོ་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་ལུས་ལ་ཐིམ། སྐུའི་བྱིན་རླབས་ཞུགས། ཁམས་གསུམ་དབང་དུ་བྱས་པའི་མོས་པ་མཛོད་ཟེར་བ་བྱས་ལ་སྟེང་གི་སིནྡྷུ་ར་དང་དྲིལ་བུ་དེ་ཟུར་དུ་བཞག །ཐོད་ཆང་བླངས་ལ་གཡོན་པའི་མཐེབ་སྲིན་གྱིས་སློབ་མའི་དཔྲལ་བར་ཆང་གི་ཐིག་ལེ་བྱ། ཁྱོར་གང་བྱིན་ལ་འཐུང་དུ་གཞུག །ས་ཧི་ཀ་ལ་ཧྲཱིཿༀ་བརྗོད། སིནྡྷུ་རའི་ཡིག་འབྲུ་རྣམས་ལས་གཡོན་པའི་སྲིན་ལག་གིས་བླངས་སློབ་མའི་མགྲིན་པར་བྱུག །ལྷ་མོའི་ལྟེ་བའི་ཡིག་འབྲུ་རྣམས་མགྲིན་པར་ཐིམ། གསུང་གི་བྱིན་རླབས་ཞུགས། ཁམས་གསུམ་དབང་དུ་བྱས་པའི་མོས་པ་མཛོད། སྔགས་དང་ཨཱཿབརྗོད། མཎྜལ་གྱི་སྟེང་གི་དྲིལ་བུ་དཀྲོལ་བའི་སྒྲས་ཁམས་གསུམ་གྱི་འགྲོ་ཀུན་ཆགས་པས་མྱོས་ཤིང་འོད་དམར་པོ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞུ་སྟེ་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅེས་བྱས་ལ་དྲིལ་བུ་སློབ་མ་ལ་དཀྲོལ་དུ་གཞུག །སླར་ཡང་དྲིལ་བུ་ལྷ་མོར་གསལ་བ་སློབ་དཔོན་གྱིས་ཁྱེད་རང་རྣམས་ཀྱི་སྙིང་གའི་ཐད་དུ་དཀྲོལ་བས། དེ་ལས་ལྷ་མོའི་སྐུ་གཉིས་པ་རེ་ཆད་པ་སྙིང་གར་ཐིམ་པས་ཐུགས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས། ཁམས་གསུམ་དབང་དུ་
བྱས་པའི་མོས་པ་མཛོད། ཅེས་བརྗོད་ལ་དྲིལ་བུ་སློབ་མའི་སྙིང་གར་རེག་ཅིང་དཀྲོལ། སྔགས་དང་ཧཱུྃ་བརྗོད། དེ་རྣམས་ནི་སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ཡིན། སྔགས་ཀྱི་བཟླས་ལུང་གི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྟེ་བའི་སྔགས་ལས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ལྟེ་བའི་ཡིག་འབྲུ་ལྔ་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། སྔགས་ཀྱི་རྗེས་ཟློས་ལན་གསུམ། བཅོམ་ལྡན་བདག་ལ་སོགས་དང་། བཅོམ་ལྡན་འདི་ལ་སོགས་དཀྱུས་བཞིན། འདི་ལ་དབང་རྫས་དྲིལ་བུ་སློབ་མའི་སྙིང་གར་དཀྲོལ་བ་དང་། དཀྲོལ་དུ་གཞུག་པ་ལས་དྲིལ་གསིལ་དང་རོལ་ཆེན་མེད། རྗེས་གཙོ་བོས་སོགས་དང་། མདུན་བསྐྱེད་མཆོད་བསྟོད་འདོད་དོན་གསོལ་བ་གདབ། ཡིག་བརྒྱས་ནོངས་པ་བཟོད་པར་གསོལ། འདི་རྣམས་ནོར་ལྷ་ཡིན་པས་མདུན་བསྐྱེད་ཀྱི་དམ་ཡེ་གཉིས་རང་ལ་བསྟིམས་ན་ལེགས། གནས་གསུམ་བསྲུང་། དགེ་བ་བསྔོ་ཞིང་བཀྲ་ཤིས་ཀྱིས་མཐའ་བརྒྱན་པར་བྱའོ། །དཔལ་མོ་སྙིང་གི་གསེར་ཐག་ཅན་མའི་རྗེས་གནང་སྒྲུབ་ཐབས་ལས་ཚོགས་དང་བཅས་པའི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། གཉན་ལོ། །ཁའུ་པ། གོང་མ་ལྔ། དགའ་ལྡན་པ་ཀུན་བསོད། ཁམ་པ་རྡོ་རྗེ་
དཔལ། བླ་མ་གྲགས་པ་དཔལ། བླ་མ་འཕགས་པ། བླ་མ་དཀོན་མཆོག་རྒྱལ་མཚན། བླ་མ་རིན་ཆེན་དཔལ། མཁན་ཆེན་སེང་གེ་དཔལ། བྲག་ཐོག་པ་བསོད་ནམས་བཟང་པོ། དེས་རྡོ་རྗེ་གདན་པ། ཡང་རྗེ་བཙུན་ཆེན་པོ། བླ་ཆེན་ཡར་སྒོམ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག །མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་གེ་བཟང་པོ། ཡར་ཀླུངས་པ་སེང་གེ་རྒྱལ་མཚན། མཁན་ཆེན་བསོད་ནམས་རྒྱལ་མཚན། བྲག་ཐོག་པ། རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རིག་འཛིན་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེའི་དབང་ཕྱུག །དྲིན་ཆེན་བསོད་ནམས་ཆོས་འཕེལ། རྡོ་རྗེ་འཛིན་པ་དབང་ཕྱུག་རབ་བརྟན། དེས་བདག་ལའོ། །ལྷ་མོ་ཏི་ནུ་མའི་རྗེས་གནང་གི་ལུང་དང་བཅས་པའི་བརྒྱུད་པ་ནི། ཀུ་རུ་ཀུལླེ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ། ཁའུ་པ། གོང་མ་ལྔ། དོ་པ་སྟོན་ཚུལ། རྒྱལ་ཚ་ཆོས་ཀྱི་དབང་ཕྱུག་མན་འདྲ་ནོར་རྒྱུན་མ་དམར་མོ་ནི་ཏི་ནུ་མ་བཞིན་ཚར་ལུགས་ཕྱོགས་ཀྱི་གསན་ཡིག་ཕྱི་མ་རྣམས་སུ་དམར་ཆུང་མ་སྐོར་གསུམ་ཀ་གོང་གི་ཀུ་རུ་ཀུལླེ་དང་བརྒྱུད་པ་གཅིག་པར་མཛད་སྣང་ནོ་ཟེར། ཡང་ན་འདི་གསུམ་ཆར་གྱི་བརྒྱུད་པ་རྡོ་རྗེ་གདན་པ་ཡན་སྔར་ལྟར་ལ་དེ་ནས་བླ་མ་བློ་གྲོས་རྣམ་རྒྱལ། རྗེ་ཀརྨ་ཕྲིན་ལས། ཚར་ཆེན་
མན་འདྲའོ། །དེ་ལྟར་སྒྲུབ་ཐབས་རྗེས་གནང་བཀླག་ཆོག་ཏུ་བཀོད་པ་འདི་ནི། འདི་དག་གི་བཀའ་མི་ནུབ་པའི་ཕྱིར་དུ་དགེ་སློང་སྡེ་སྣོད་གསུམ་པ་ངག་དབང་ཆོས་གྲགས་ཀྱིས་དཔལ་རྩེ་གདོང་ཕྱོགས་ལས་རྣམ་པར་རྒྱལ་བའི་ཆོས་གྲྭར་བཀོད་པའི་ཡི་གེ་པ་ནི་ཀཱི་རྟི་བྷ་དྲའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་འཚོ་ཞིང་གཞེས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །དེ་ལྟར་མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱིས་མཛད་པའི་གཉན་ལོའི་དབང་གི་ལྷ་གསུམ་གྱི་སྒྲུབ་ཐབས་རྗེས་གནང་དང་བཅས་པ་འདི་ཉིད་ཡིག་རྙིང་དང་། ཚར་ཆེན་རིན་པོ་ཆེའི་ཡོངས་འཛིན་རྗེ་ཕྲིན་ལས་པའི་ཡིག་ཆ་སོགས་ལ་གཏུགས་ཏེ་ཞུས་དག་དང་། མངོན་རྟོགས་དང་རྗེས་གནང་གི་སྐབས་སོགས་ཀྱི་ཚིག་སྣ་འགའ་ཞིག་བསྲིངས། སོགས་ཁོངས་རྣམས་ཀྱང་དཀྱུས་སུ་བཅུག་སྟེ་ཤིན་ཏུ་གསལ་བར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་སྒྲུབ་པའི་ཐབས་ཀུན་ལས་བཏུས་པའི་བཀའི་བསྡུ་པ་ཆེན་པོ་བགྱིས་པའི་སྐབས་བྲིས་པ་ཤུ་བྷ་མ་སྐུ་སརྦ་ཛ་ག་ཏཱི།
དབང་གི་ལྷ་མོ་ཏི་ནུ་མའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གི་ཡི་གེ་ཡིད་འཕྲོག་ལི་ཁྲིའི་ཆུ་གཏེར།
༈ དབང་གི་ལྷ་མོ་ཏི་ནུ་མའི་བསྙེན་སྒྲུབ་ལས་གསུམ་གྱི་མན་ངག་གི་ཡི་གེ་ཡིད་འཕྲོག་ལི་ཁྲིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། ཁྱབ་བདག་འཁོར་ལོའི་མགོན་པོ་དང་། །དབང་མཛད་ལྷ་མོར་གུས་
བཏུད་ནས། །བརྟན་གཡོའི་ཕུན་ཚོགས་འགུགས་བྱེད་པའི། །མན་ངག་ལི་ཁྲིའི་ཆུ་གཏེར་སྤེལ། །འདི་ལ་བཞི། བསྙེན་པ། སྒྲུབ་པ། ཁྱད་པར་གྱི་ལས་སྦྱོར། དམ་ཚིག་གི་ངེས་པའོ། །དང་པོ་ནི། སྲིད་ལས་ངེས་པར་འབྱུང་བའི་ཟིལ་དངར་གྱིས་སྐྱེད་བསྲིངས་པའི་གཞན་ཕན་བྱང་ཆུབ་སེམས་ཀྱི་པདྨ་དཀར་པོའི་དགའ་ཚལ་མཆོག་ཏུ་དར་ལ་བབས་ཤིང་གཞན་དོན་ཁོ་ནར་ཟུང་འཇུག་རྡོ་རྗེ་འཛིན་པའི་གོ་འཕང་དོན་དུ་གཉེར་བའི་སྐལ་བཟང་རྣམ་དཔྱོད་ཅན་གྱིས། གསང་ཆེན་བླ་ན་མེད་པ་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ཆེན་པོར་དབང་བཞི་ཡོངས་སུ་རྫོགས་པས་རྒྱུད་སྨིན་པ་དང་། གཞིའི་བསྙེན་པ་ལས་སུ་རུང་པ་དང་། དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་གཞིར་བཞག་ནས། འདིའི་རྗེས་སུ་གནང་བ་མན་ངག་དང་བཅས་པ་བརྒྱུད་ལྡན་གྱི་བླ་མ་ལས་མནོས་ཏེ། བསྟན་པ་དང་སེམས་ཅན་གྱི་དོན་ཁོ་ནར་རབ་འབྱམས་དབང་གི་ཕྲིན་ལས་ལ་འཇུག་པར་བྱའོ། །དེའང་གནས་དབེན་པར་མཚམས་དམ་དུ་གཅད། རང་གི་མདུན་འདིའི་བྲིས་སྐུ་ཡོད་ན་བཀྲམ་པའི་སྤྱན་སྔར་རང་ཉིད་ཁ་ནུབ་ཏུ་ཕྱོགས་ཤིང་ལྷ་མོའི་ང་རྒྱལ་ལ་གནས་པས་ཟངས་ཀྱི་མེ་ལོང་ལ་མ་ད་ནའི་རླན་ཅུང་ཟད་དང་བཅས་གནས་ཆེན་ལས་བྱུང་བའི་སིནྡྷ་ར་ཁོད་སྙོམས་པར་བཀྲམ་ལ་པདྨ་འདབ་མ་བཞི་
བྲིས་པའི་ལྟེ་བར་ཧྲཱིཿ ཤར་གྱི་འདབ་མ་ནས་གཡས་སྐོར་གྱིས། ས། ཧི། ཀ །ལ་ཞེས་པའི་ཡི་གེ་འབྲུ་རེ་དབུ་ཕྱིར་བསྟན་དུ་བྲི། བྲིས་སྐུའི་སྤྱན་སྔར་སྟེགས་བུ་དམར་ཟླུམ་གྱི་དབུས་སུ་མཉྫིའི་ཁར་གཞག །དར་དམར་པོའི་ལྡིང་གུར་དབུབ། མདུན་དུ་འབུལ་གཏོར་ཟླུམ་པོ་སྨུག་རྩིས་བྱུགས་པ་རྒྱན་ལྡན་ཤ་ཆང་དང་མངར་གསུམ་ལ་སོགས་པའི་ཁ་ཟས་བཟང་རྒུས་གཏམས་པ་དང་། མེ་ཏོག་དམར་པོ་ལ་སོགས་པའི་ཉེར་སྤྱོད་ལྔ་བཀོད་མཛེས་སུ་བསྟར། རང་གི་ཉེ་ལོགས་སུ་རྡོ་རྗེ་དྲིལ་བུ། ཌཱ་མ་རུ། མེ་ཏོག་དམར་པོའི་སྣོད། བདུད་རྩི་རིལ་བུ་བཏབ་པའི་ཆང་ཕུད་དང་བཅས་པ་བཤམ། གོས་རྒྱན་དམར་པོ་དང་བཅས་སྟན་བདེ་བ་ལ་ལུས་བསྲང་། ཆགས་ཤིང་འདུན་པའི་བསམ་པས་དྲན་པ་མངོན་དུ་བཞག་སྟེ། གནས་ཁང་དབང་གི་ཕོ་བྲང་པདྨ་རཱ་ག་ལས་གྲུབ་པ་ཟླ་གམ་སྒོ་གཅིག་པ་ཡངས་ཤིང་རྒྱ་ཆེ་བའི་མདུན་གྱི་ནམ་མཁར་སྐྱབས་ཡུལ་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ལ་སྐྱབས་གནས་ཀུན་གྱིས་བསྐོར་བའི་སྤྱན་སྔར། བདག་དང་འགྲོ་བ་ཞེས་སོགས་སྐྱབས་འགྲོ་ཇི་ལྟར་རིགས་པ་དང་། གསོལ་བ་བཏབ་མཐར་སྐྱབས་ཡུལ་རང་ལ་བསྟིམ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རབ་འབྱམས་དབང་གི་
ཕྲིན་ལས་ལ་འཇུག་པར་བགྱིའོ། །ཞེས་ལན་གསུམ་གྱིས་སེམས་བསྐྱེད། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་ཀྱི་ཚོགས་དང་། སྭ་བྷཱ་ཝའི་སྔགས་བརྗོད་པས་ཆོས་ཐམས་ཅད་འོད་གསལ་སྟོང་ཉིད་དུ་སྦྱངས་ཏེ་ཡེ་ཤེས་ཀྱི་ཚོགས་བསག །སྟོང་པའི་ངང་ལས་རང་ཉིད་སྐད་ཅིག་གིས་ལྷ་མོ་ཏི་ནུ་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་མ། གཡས་གྲི་གུག་འཕྱར་ཞིང་། གཡོན་ཐོད་པ་ཁྲག་གིས་གང་བ་ཐུགས་ཀར་འཛིན་པ། ཞབས་གཡོན་པདྨ་དང་ཟླ་བའི་སྟེང་ན་བརྐྱང་པ། གཡས་བསྐུམས་ནས་གཡོན་གྱི་བརླ་ལ་བྲང་ངའི་མཚམས་བཙུགས་པའི་སྐྱིལ་ཀྲུང་ཕྱེད་པའི་གར་གྱིས་བཞུགས་པ། སྤྱན་གསུམ་མ་ཁྲོ་མོའི་རྣམ་པ་རུས་པའི་རྒྱན་གྱིས་བརྒྱན་པ། དེའི་ལྟེ་བར་ཟླ་བའི་སྟེང་དུ་ཤར་དུ་ས། ལྷོར་ཧི། ནུབ་ཏུ་ཀ །བྱང་བུ་ལ། དབུས་སུ་ཧྲཱིཿདམར་པོ། མདུན་དུ་མཎྜལ་གྱི་གནས་སུའང་སྔགས་ཀྱི་འཁོར་ལོ་ངོ་བོ་ལྷ་ལ། རྣམ་པ་ཡི་གེའི་གཟུགས་འོད་ཟེར་དམར་པོ་འཕྲོ་ཞིང་འདུ་བ་དང་བཅས་པར་གྱུར། ཅེས་བརྗོད་ཅིང་བསམ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ན་བཞུགས་པའི་ལྷ་མོ་ཏི་ནུ་མའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་
སྔགས་ཀྱི་ཡི་གེའི་རྣམ་པར་སྤྱན་དྲངས། མདུན་གྱི་འཁོར་ལོ་ལ་ཐིམ་པར་དམིགས། མཆོད་པ་བསང་སྦྱངས། སྟོང་པའི་ངང་ལས་ༀ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫ་ས་ལས་གྲུབ་པའི་མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་རྫས་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ་ནས་ཤཔྟ་ཨཱཿཧཱུྃ་གི་བར་གྱིས་བྱིན་གྱིས་བརླབ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤཔྟའི་བར་སྦྱར་བ་དང་། ཁྱད་པར་མེ་ཏོག་དམར་པོ་གཡོན་པའི་མཐེབ་སྲིན་གྱིས་བླངས་ལ་དབུལ་ཞིང་། ཨོཾ་རཀྟ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ་ལན་ལྔ་དང་། དེ་བཞིན་དུ་ཆང་ཕུད་ལན་ལྔ་གཏོར་ཞིང་། ཨོཾ་མ་ད་ན་ཨ་མྲྀ་ཏ་ཨཱཿཧཱུྃ་ཞེས་བརྗོད་པས་མདུན་གྱི་ཡི་གེ་ལྷའི་ངོ་བོར་གྱུར་པ་ལ་མཆོད། ལག་པ་གཡོན་པའི་སྲིན་ལག་ལ་ཕྲེང་བ་བཀལ་ཏེ་ལྟེ་བའི་ཡིག་འབྲུ་ལ་སེམས་རྩེ་གཅིག་ཏུ་བཟུང་ལ། ས་ཧི་ཀ་ལ་ཧཱུྃཞེས་བཟླ། དེའི་ཚེ་དམིགས་པ་ནི། མདུན་གྱི་འཁོར་ལོ་ལས་འོད་ཟེར་འཕྲོས། རང་གི་ལྟེ་བའི་ཧྲཱིཿལ་ཐིམ། དེ་ལས་སྔགས་ཀྱི་ཡིག་འབྲུ་ཐོལ་ཐོལ་དུ་བྱུང་། རང་གི་ཞལ་དུ་ཞུགས། ལྟེ་བ་ནས་བརྒྱུད། བར་མ་ཆད་པར་འཁོར་བ་ལས་འོད་ཟེར་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་བདེ་བ་ཆེན་པོའི་
ཡེ་ཤེས་སྐྱེས། སྣང་བ་ཐམས་ཅད་དམར་ལམ་སོང་སྟེ་དབང་གི་ལས་རབ་འབྱམས་འགྲུབ་པར་བསམ་མོ། །ཐུན་འཇོག་པ་ན། བཅོམ་ལྡན་འདས་མས་བདག་ལ་རབ་འབྱམས་དབང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་གསོལ། གཏོར་མ་འབུལ་བར་འདོད་ན། གཏོར་མ་བསང་སྦྱངས། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧིས་བྱིན་གྱིས་བརླབ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་ལྷ་མོ་ཏི་ནུ་མ་ལ་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་ཧཱུཾ་གྱིས་གདན་ཕུལ་ལ་མདུན་དུ་བཞུགས་པར་བསམ། ཨོཾ་བྷ་ག་ཝ་ཏཱི་དེ་ཝཱི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་མམ་ལྔས་གཏོར་མ་དབུལ། གོང་ལྟར་མཆོད། རྡོ་རྗེ་དཔག་མེད་རྒྱལ་པོ་ཆེ། །མི་རྟོག་རྡོ་རྗེ་ནམ་མཁའ་འཛིན། །འདོད་ཆགས་ཕ་རོལ་ཕྱིན་པ་བརྙེས། །པདྨ་མཁའ་འགྲོར་ཕྱག་འཚལ་བསྟོད། །ཅེས་བསྟོད། སྤྲོ་ན་ཕུན་ཚོགས་ཆོས་དབྱིངས་སོགས་འཇམ་མགོན་མཁྱེན་བརྩེས་མཛད་པའི་བསྟོད་པའང་བྱ། བཅོམ་ལྡན་འདས་མ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ་སོགས་ཀྱིས་འདོད་དོན་གསོལ། ཡི་གེ་བརྒྱ་པས་ནོངས་པ་བཤགས། ཛཿཧཱུྃ་བྃ་ཧོཿ གཏོར་མགྲོན་འཁོར་ལོའི་ཡིག་འབྲུ་དང་
བཅས་པ་རང་གི་ལྟེ་བའི་ཧིཡིག་ལ་ཐིམ་པར་བསམ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །དབང་གི་ལྷ་མོ་འགྲུབ་གྱུར་ནས། །ཞེས་སོགས་བསྔོ་སྨོན་བཀྲ་ཤིས་ཀྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག་གོ། །དེ་ལྟ་བུའི་རིམ་པས་བསྙེན་པ་འབུམ་ཕྲག་ཉི་ཤུས་ལས་ཀྱི་དངོས་གྲུབ་ངེས་པར་འགྲུབ་པ་ཡིན་ནོ། །གཉིས་པ་སྒྲུབ་པ་དང་ལས་སྦྱོར་གཞི་མཐུན་པ་ནི། གཞན་གོང་བཞིན་ལ། བཟླས་པའི་སྐབས་སུ་ལྟེ་བའི་ཧྲིཋལས་འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་རྣོ་ཞིང་མྱུར་བ་གློག་གི་ཟེར་མ་ལྟར་འཕྲོས། གང་དབང་དུ་བསྡུ་བར་འདོད་པའི་བསྒྲུབ་བྱ་ཕོ་ཡིན་ན་སྙིང་ག་དང་། མོ་ཡིན་ན་གསང་གནས་ལ་རེག་པ་ཙམ་གྱིས་རང་དབང་མེད་པར་ཡིད་གཡོས། རླུང་གི་ཤུགས་ཀྱིས་རང་ཉིད་ཀྱི་མདུན་དུ་བཀུག་སྟེ་མགོ་བོ་བདག་ལ་བསྟན་ནས་ཆགས་ཤིང་མྱོས་པས་འགྱེལ་ཏེ་འདུག་པར་བསམ། དེ་ནས་སྔགས་བཟླས་པའི་རྐྱེན་གྱིས་ལྟེ་བའི་ཧྲཱིཿལས་འོད་ཟེར་དམར་པོ་འཕྲོས། རླུང་ཕྱིར་འགྲོ་བ་དང་ལྷན་ཅིག་ཏུ་སྣ་བུག་གཡས་ནས་སོང་། བསྒྲུབ་བྱ་ལ་ཐིམ་པས་དམར་ལམ་གྱིས་སོང་། བདག་ལ་སེམས་ལྷག་པར་ཆགས་ཤིང་མྱོས་པར་བསམ། རླུང་ནང་དུ་འཇུག་པ་ན་བསྒྲུབ་བྱའི་ཡིད་དང་འོད་དམར་པོ་ལྷན་ཅིག་
ཏུ་སྣ་བུག་གཡོན་ནས་བྱུང་། ལྟེ་བའི་ཧྲིལ་ཐིམ་པས་བདག་གི་དབང་དུ་འདུས་པར་མོས་པ་དང་བཅས་རླུང་བུམ་པ་ཅན་ཁ་སྦྱར་དུ་གཟུང་། རིག་པ་འཛིན་མེད་དུ་གཞག །སྔགས་ཡིད་བཟླས་བྱ། དེ་ལྟར་ངག་བཟླས་དང་། ཡིད་བཟླས་སླེལ་ནས་ཐུན་གྱི་དངོས་གཞིར་ཉམས་སུ་བླང་། ཐུན་འཇོག་པ་ན། བསྒྲུབ་བྱ་འོད་དམར་པོ་བདེ་བ་ཆེན་པོའི་ངོ་བོར་ལྟེམ་གྱིས་ཞ་སྟེ་ལྟེ་བའི་ཧྲཱིཿལ་ཐིམ་པར་བསམ་ཞིང་རླུང་སྦྱོར་དང་། འཛིན་མེད་ཀྱི་ལྟ་བའི་རྒྱས་གདབ། མཐར་འདོད་དོན་གསོལ་གདབ་དང་། གཏོར་བསྔོ་སོགས་བསྙེན་པའི་སྐབས་དང་འདྲའོ། །དེ་ལྟ་བུ་ཞག་བདུན་དུ་ཉམས་སུ་བླངས་པས་བསྒྲུབ་བྱ་དབང་དུ་འགྱུར་པ་ཡིན་ལ། གལ་ཏེ་བསྒྲུབ་བྱ་བསོད་ནམས་ཆེ་བས་དབང་དུ་མ་འདུས་ན་སླར་ཡང་བསྙེན་པ་ཁ་གསོ་དང་བཅས་ལན་གཉིས་ལན་གསུམ་དུ་བསྐྱར་བས་མི་འགྲུབ་མི་སྲིད་པ་ཡིན་ནོ། །གསུམ་པ་ཁྱད་པར་གྱི་ལས་སྦྱོར་དབང་གི་སྦྱིན་སྲེག་བྱ་བར་འདོད་ན། རང་གི་མདུན་དུ་སྟེགས་བུ་ཇི་ལྟར་རིགས་པར་ལི་ཁྲི་ལ་སོགས་པས་བྱུགས་ལ་ཐབ་ཁུང་གྲུ་གསུམ་དམར་པོ་ཞིག་བྱ། དེར་ཙནྡན་དམར་པོའམ་མཛོ་མོ་ཤིང་ལ་སོགས་པ་མདོག་དམར་ཞིང་རོ་སྐྱུར་བའི་ཤིང་བརྩིག །བསྲེག་རྫས་ཀྱི་གཙོ་བོ་ཀཎྜ་ཀ་རིའི་མེ་ཏོག་དམར་པོ་དང་ལན་ཚ་དང་། བུ་རམ་བསྲེས་པའི་རིལ་བུ་སོ་སོ་སྲན་
མ་ཙམ་མང་དུ་བསག །གཞན་ཡང་ཡམ་ཤིང་དང་། མར་ཁུ་ཁ་དོག་དམར་པོར་བསྒྱུར་བའང་འདུ་བྱ། ཐབ་ཀྱི་གཡས་སུ་གཏོར་མ་ཁ་དོག་དམར་པོར་བསྒྱུར་བ་ཞིག་གཞག །མེ་ཏོག་ལ་སོགས་པའི་མཆོད་པ་ལྔ་འང་བཤམ། རང་གི་མདུན་མཎྜལ་ཁ་དོག་དམར་པོར་བསྒྱུར་བ་ལ་མེ་ཏོག་གི་ཚོམ་བུ་ལྔ་བཀྲམ་པ་དང་། རྡོ་རྗེ་དྲིལ་བུ། མེ་ཏོག་དམར་པོ། མ་ད་ན། དགང་བླུགས་ཁ་སྦྱར་བ་སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚོགས་པར་བྱས་ལ། ཉིན་ཕྱེད་ཀྱི་དུས་སུ་གོས་རྒྱན་དམར་པོ་དང་བཅས་ཁ་ནུབ་ཏུ་ཕྱོགས་པས་སྐྱབས་འགྲོ་ནས་བཟུང་། དབུས་སུ་ཧྲཱིཿདམར་པོས་མཚན་པར་གྱུར་ཅེས་པའི་བར་བདག་བསྐྱེད་གོང་ལྟར་བསྒོམ། ལྟེ་བའི་ཡིག་འབྲུ་ལ་སེམས་གཏད་དེ། ས་ཧི་ཀ་ལ་ཧྲཱིཿཆེ་གེ་མོ་ཝ་ཤཾ་མ་ན་ཡ་ཧྲཱིཿཛཿ ཞེས་ཅུང་ཟད་བཟླས་ནས་འདོད་དོན་གསོལ། བསྲེག་རྫས་རྣམས་ལ་བསང་ཆུ་འཐོར་ཞིང་ཨོཾ་ཨཱཿཧཱུྃ་མང་དུ་བརྗོད་པས་དབང་གི་ལས་སྒྲུབ་པའི་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་བརླབ། དེ་ནས་སྔགས་ཀྱི་མཐར་ཛྭ་ལ་རྃ་ཞེས་བཏགས་པས་ཐབ་ཏུ་དཔལ་འབར་གྱི་མེ་སྦར། སྟོང་པའི་ངང་ལས་དབང་གི་ཐབ་ཁུང་དམར་པོ་འོད་ཟེར་དམར་པོ་ཁོར་ཡུག་ཏུ་དཀྲིགས་པའི་དབུས་སུ་ལྷ་རྫས་ཀྱི་བུད་ཤིང་མེ་འབར་བ་དང་བཅས་པར་བསམ། ས་ཧི་ཀ་ལ་ཧྲཱིཿཞེས་བརྗོད་
ཅིང་མཎྜལ་གྱི་མེ་ཏོག་ཐབ་ཀྱི་དབུས་སུ་ཅུང་ཟད་དོར་ལ། དེའི་དབུས་སུ་སྐད་ཅིག་གིས་དབང་གི་ལྷ་མོ་ཏི་ནུ་མ་སྐུ་མདོག་དམར་པོ་སོགས་ནས། དབུས་སུ་ཧཱི༔དམར་པོས་མཚན་པར་གྱུར་ཅེས་པའི་བར་གྱིས་གསལ་གདབ། མཆོད་པ་རྣམས་བྱིན་གྱིས་བརླབས་ལ་ཉེར་སྤྱོད་རོལ་མོ་དང་བཅས་པ་དང་། མེ་ཏོག་དམར་པོ། མ་ད་ན་རྣམས་གོང་ལྟར་དབུལ། རྡོ་རྗེ་དཔག་མེད་རྒྱལ་པོ་སོགས་དང་། ཕུན་ཚོགས་ཆོས་དབྱིངས་སོགས་ཀྱིས་བསྟོད། དགང་བླུགས་བཟུང་ལ། ས་ཧི་ཀ་ལ་ཧྲཱིཿཆེ་གེ་མོ་ཝ་ཤཾ་མ་ན་ཡ་ཧྲཱིཿཛཿ ཞེས་པས་མར་ཁུ་ཉེར་གཅིག་སོགས་ཇི་ལྟར་རིགས་པ་དང་། ཡམ་ཤིང་ཉེར་གཅིག་སོགས་དབུལ། དེ་ནས་ཁྱད་པར་གྱི་རྫས་ཀཎྜ་རིའི་མེ་ཏོག །ལན་ཚ་བུ་རམ་གྱི་རིལ་བུ་རྣམས་གོ་རིམ་མ་ནོར་བར་གོང་གི་སྔགས་ཁོ་ནས་རེས་མོས་སུ་རྫ་ས་མ་རྫོགས་ཀྱི་བར་དུ་དབུལ། དེའི་ཚེ་དམིགས་པ་ནི། མདུན་བསྐྱེད་ཀྱི་ལྷ་མོའི་ལྟེ་བའི་ཧྲཱིཿལས་སོགས་སྒྲུབ་པའི་སྐབས་ལྟར་ཡིད་ཀྱིས་གསལ་གདབ་པ་དང་། མཐར་བསྒྲུབ་བྱ་རང་ལ་བསྟིམ་པའི་བར་འདྲ། རྫོགས་པ་ན་མཆོད་བསྟོད་གོང་ལྟར་དང་གཏོར་མའི་ཕུད་ནས་ཀྱང་དབུལ། འདོད་དོན་གསོལ། མ་འབྱོར་པ་དང་སོགས་ཀྱི་མཐར་ཡི་གེ་བརྒྱ་བས་ནོངས་པ་བཤགས། ཛཿཧཱུྃ་བྃ་ཧོཿས་ཐབ་ཀྱི་ལྷ་མོ་རང་གི་ལྟེ་བའི་ཧྲཱིཿལ་ཐིམ་པར་
བསམ། གནས་གསུམ་བསྲུང་། བསྔོ་སྨོན་བཀྲ་ཤིས་བྱའོ། །དེ་ལྟར་ཞག་ཉེར་གཅིག་སོགས་ཐུན་དུ་བཅད་དེ་ཉམས་སུ་བླངས་པས་ལས་ཐོགས་པ་མེད་པར་འགྲུབ་པར་འགྱུར་བ་ནི་ངེས་པའོ། །བཞི་པ་ནི། རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་སྤྱི་དང་ཁྱད་པར་དུ་འདིའི་དམ་ཚིག་ཏུ་སེམས་ཅན་ཐམས་ཅད་ལ་ཕྲག་དོག་མེད་པར་དགའ་བར་བྱ། མིག་ཡུལ་དུ་གང་མཐོང་བ་ཐམས་ཅད་ལྷ་མོར་བསམས་ནས་དགྱེས་བཞིན་དུ་རང་ལ་ཐིམ་པར་བསྒོམ། འདིའི་བསྙེན་སྒྲུབ་ལ་བརྩོན་པར་བྱ། ལོངས་སྤྱོད་གང་བྱུང་གི་ཕུད་བླ་མ་དང་ལྷ་མོ་ལ་མཆོད་པར་དབུལ། ཆགས་ཞེན་ཆུང་བར་བྱ། མན་ངག་གསང་བས་སྤྱད་ཅིང་སློབ་མ་སྣོད་ལྡན་གཅིག་གཉིས་ཙམ་ལས་མང་བར་མི་སྤེལ་བར་གསུངས་པ་ལྟར་ཚུལ་བཞིན་དུ་བསླབ་པར་བྱའོ། །རིག་སྔགས་གྲུབ་པའི་ཡེ་ཤེས་བྱིན། །ཡིད་འཕྲོག་ལི་ཁྲིའི་ཆུ་གཏེར་གྱིས། །བརྟན་གཡོའི་དངོས་ཀུན་དབང་བྱས་ནས། །སྲིད་ཞིའི་དགེ་ལེགས་རྒྱས་གྱུར་ཅིག །ཅེས་རྩ་བའི་ཡི་གེ་དང་། གསལ་བྱེད་ཀྱི་ཡིག་ཆ་སྔ་ཕྱི་འགའ་ཞིག་ལ་བརྟེན་ནས་དབང་གི་ལྷ་མོ་ཏི་ནུ་མའི་བསྙེན་པ་དང་། སྒྲུབ་པ་དང་། ལས་ལ་སྦྱར་བའི་མན་ངག་ཐམས་ཅད་བཀླགས་པས་གྲུབ་པར་འཇམ་དབྱངས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པོས་བྲིས་པ་ཤནྟ་ཧྥ་བྷ་བ་ཡོ་སྒྲརྦ་སུ་ཤྲཱི་ཡོ་བ་ཤཾ་ཀ་ར་བྷཱུ་ཡཱ་ཏ།། །།
བཅོམ་ལྡན་འདས་རྡོ་རྗེ་ཁྱུང་ཁྲའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བདུད་རྩིའི་ཆུ་རྒྱུན།
༈ བཅོམ་ལྡན་འདས་རྡོ་རྗེ་ཁྱུང་ཁྲའི་སྒྲུབ་ཐབས་བྱིན་རླབས་དང་བཅས་པ་བདུད་རྩིའི་ཆུ་རྒྱུན་ཅེས་བྱ་བ་བཞུགས་སོ། །ཨོཾ་སྭ་སྟི་སིདྡྷཾ། བརྟན་གཡོའི་དུག་རྣམས་ཡེ་ཤེས་ཀྱི། །བདུད་རྩིས་འཇོམས་མཛད་བླ་མ་དང་། །དབྱེར་མེད་རྡོ་རྗེ་མཁའ་ལྡིང་པ། །བཏུད་ནས་དེ་ཡི་མན་ངག་དབྱེ། །འདི་ལ་གསུམ། སྒྲུབ་པའི་ཐབས། བྱིན་རླབས་ཀྱི་ཆོ་ག །ལས་ཚོགས་ཀྱི་ངེས་པའོ། །དང་པོ་ནི། འདི་ཉིད་ཀྱི་བྱིན་རླབས་ཟབ་མོས་རྒྱུད་སྨིན་ཅིང་། དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་སྟན་བདེ་བ་ལ་འདུག་སྟེ། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བསྒོམ་ལ་སྤྱི་ལྟར་སྔོན་དུ་འགྲོ་བས། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷ་རྨཿསྭཱ་བྷཱ་བ་ཤུདྡྷོཉ་ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ར་ལས་ཉི་མའི་དཀྱིལ་འཁོར་གྱི་དབུས་སུ་ཀླུ་ཆེན་པོ་བརྒྱད་བསྣོལ་བའི་གདན་གྱི་སྟེང་དུ་རང་གི་རིག་པ་ཀྵིཾ་ལྗང་སྔོན་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཁྱུང་ཁྲ་སྐུ་མདོག་སྣ་ཚོགས་པའི་མདངས་ཅན། བརླ་གཉིས་མན་ཆད་ས་དག་པའི་རང་བཞིན་སེར་པོ། ལྟོ་བ་ཆུ་དག་པའི་རང་བཞིན་དཀར་པོ། སྙིང་ག་མེ་དག་པའི་རང་བཞིན་དམར་པོ། མགྲིན་པ་ནས་སྨིན་མཚམས་
མན་ཆད་རླུང་དག་པའི་རང་བཞིན་ལྗང་གུ། སྤྱི་བོ་ནམ་མཁའི་རང་བཞིན་སྔོན་པོ། །རྡོ་རྗེའི་རྭ་དང་མཆུ་ཤིན་ཏུ་རྣོ་བ། སྡེར་མོ་ཟངས་ལས་གྲུབ་པ། སྤྱན་གསུམ་སྡང་མིག་ཏུ་གཟིགས་ཤིང་། ཁྲོ་གཉེར་དཔྲལ་བའི་དབྱིངས་སུ་བསྡུས་པ། སྨིན་མ་དམར་སེར་མེ་ལྟར་འབར་ཞིང་། དབུ་སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ཕྱག་གཡས་སྐྱབས་སྦྱིན་གྱི་ཕྱག་རྒྱས་ཀླུའི་རྒྱལ་པོའི་གཙུག་ནས་ཕྲོགས་པའི་ནོར་བུ་རིན་པོ་ཆེ་རྭ་གཡས་ཀྱི་ཕྱོགས་ཀྱི་ནམ་མཁར་འཛིན་པས་སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བ། གཡོན་གདུག་པ་ཅན་ཐམས་ཅད་སྡིགས་པར་མཛད་པའི་སྡིགས་མཛུབ་ཐུགས་ཀར་གཏོད་པས་ནོར་བུའི་ཕྲེང་བ་བསྣམས་པ། རྡོ་རྗེའི་མཆུས་སྦྲུལ་གདུག་པ་ཞལ་དུ་གསོལ་ཞིང་རིན་པོ་ཆེ་དང་སྦྲུལ་གྱིས་བརྒྱན་པ། རྡོ་རྗེའི་གཤོག་པ་རྒྱབ་ནག་པོ། མདུན་དཀར་པོ། བར་མཚམས་དམར་པོ་ཅན་ནམ་མཁར་གདེངས་ཤིང་རྡེབ་པ། ཡེ་ཤེས་ཀྱི་མེ་འབར་བའི་དབུས་ན་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པའི་སྐུ་ཅན་དུ་གསལ་བའི་ཐུགས་ཀར་སྣ་ཚོགས་པདྨ་འདབ་མ་བཞི་པའི་དབུས་དང་ཕྱོགས་བཞིར་པདྨ་དང་ཉི་མའི་གདན་རེ་རེའི་སྟེང་དུ། ཡེ་ཤེས་སེམས་དཔའ་རིགས་ལྔའི་ངོ་བོ་དབུས་སུ་རྡོ་རྗེའི་ཁྱུང་སྔོན་པོ་གཡས་རྡོ་རྗེ། ཤར་དུ་འཁོར་ལོའི་ཁྱུང་དཀར་པོ་གཡས་
འཁོར་ལོ། །ལྷོར་རིན་པོ་ཆེའི་ཁྱུང་སེར་པོ་གཡས་རིན་པོ་ཆེ། ནུབ་ཏུ་པདྨའི་ཁྱུང་དམར་པོ་གཡས་པདྨ། བྱང་དུ་རལ་གྲིའི་ཁྱུང་ལྗང་གུ་གཡས་རལ་གྲི་སྟེ་སོ་སོའི་རིགས་ཀྱི་ཕྱག་མཚན་རྣམས་འཕྱར་ཐབས་སུ་འཛིན་ཅིང་། གཡོན་ཐུགས་ཀར་སྡིགས་མཛུབ་མཛད་པ། རྒྱན་ཆ་ལུགས་ཐམས་ཅད་རང་ཉིད་དང་མཚུངས་པ། དེ་རྣམས་ཀྱི་ཐུགས་ཀར་པད་ཉིའི་གདན་གྱི་སྟེང་དུ། ཏིང་ངེ་འཛིན་སེམས་དཔའི་ངོ་བོ་ཁྱུང་དབུས་མའི་ཐུགས་ཀར་ཀྵ་ལྗང་སྔོན། ཤར་གྱི་ཐུགས་ཀར་ཨོཾ་དཀར་པོ། ལྷོའི་ཐུགས་ཀར་པ་སེར་པོ། ནུབ་ཀྱི་ཐུགས་ཀར་སཱ་དམར་པོ། བྱང་གི་ཐུགས་ཀར་ཧཱ་ལྗང་གུ་རྣམས་ཀྱི་མཐར། ཨོཾ་པཀྵིཾ་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་རང་རང་གི་ཁ་དོག་ཅན་གཡས་སྐོར་དུ་འཁོད་པ། དེ་ཐམས་ཅད་ཀྱི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། །ཐུགས་ཀའི་དབུས་ཀྱི་ས་བོན་ལས་འོད་ཟེར་འཕྲོས་པས་དཔལ་དུས་ཀྱི་འཁོར་ལོ་ཁྲོས་བའི་ངོ་བོ་བཅོམ་ལྡན་འདས་རྡོ་རྗེ་ཁྱུང་ཁྲུ་རིགས་ལྔ་ལ། གཞན་ཡང་རྩ་བརྒྱུད་ཀྱི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ དམ་ཚིག་པ་དང་གཉིས་སུ་མེད་པར་གྱུར། སླར་ཡང་རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་
འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་ཀྱིས་ཨོཾ་བཛྲཱི་བྷ་བ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། ལུས་ཀྱི་ནང་ཐམས་ཅད་གང་། དྲི་མ་ཐམས་ཅད་དག །དབང་ཐམས་ཅད་ཐོབ། ཆུ་ལྷག་མ་ཡར་ལུད་པ་ལས་མི་བསྐྱོད་པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། ཨོཾ་ཤྲཱི་བཛྲ་ག་རུ་ཌ་ཨརྒྷཾ་སོགས་ཀྱིས་ཕྱི་མཆོད་དང་། ཨོཾ་ཨཱཿཧཱུྃ་གིས་ནང་མཆོད་ཕུལ། འབྱུང་ལྔའི་རང་བཞིན་འབྱུང་ཆེན་ལྔ་ལ་དབང་། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པའི། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རང་ལྷའི་ང་རྒྱལ་བརྟན་པའི་ངང་ནས། ཨོཾ་པཀྵིཾ་སྭཱ་ཧཱ། ཞེས་པའི་སྔགས་ཀྱི་བཟླས་པ་ཅི་ནུས་བྱ། སྐབས་སུ་ཐུགས་ཀའི་ཁྱུང་ཡིག་འབྲུ་དང་བཅས་པ་ལས་འོད་ཟེར་འཕྲོས། ས་གསུམ་གྱི་གདུག་པ་ཅན་ཐམས་ཅད་ཚར་བཅད། བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པའི་ནུས་མཐུ་ཡོན་ཏན་གྱི་ཚོགས་ཇི་སྙེད་ཡོད་པ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ཏེ་
ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པའང་བྱའོ། །ཐུན་མཐར། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཀླུ་དང་ས་བདག་གི་གནོད་པ་ཐམས་ཅད་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ། ཡི་གེ་བརྒྱ་པ་ལན་གསུམ་གྱིས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་བྱིན་རླབས་ཀྱི་རྒྱུན་བརྟན་པར་བྱས་ལ་བསྲང་། བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱས་ནས་ཐུན་མཚམས་ཀྱི་བྱ་བ་ལ་འཇུག །བསྙེན་པ་བྱེད་ན། ཐུན་གསུམ་མམ་བཞིའི་རིམ་པས་གཙོ་བོར་ལྷའི་གསལ་སྣང་ལ་སེམས་འཛིན་ཅིང་སྔགས་འབུམ་ཕྲག་གཅིག་གམ་ལྔ་བཟླ། གྲུབ་ན་ཐུན་ཐམས་ཅད་དམ། མ་གྲུབ་ན་སྔ་ཐུན་གྱི་མཇུག་ཏུ་གཏོར་མགྲོན་སྤྱན་དྲངས་པས་གཏོར་མ་འབུལ། སྒྲུབ་པ་ལ། གཙོ་བོར་འོད་ཟེར་སྤྲོ་བསྡུའི་དམིགས་པ་དང་བཅས་པ་འབུམ་ཕྲག་གསུམ་བྱ། དེ་ལྟ་བུའི་བསྙེན་སྒྲུབ་མཐར་ཕྱིན་པས་ཇི་སྐད་བཤད་པའི་ལས་ཀྱི་ཚོགས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་ཅིང་། སྤྱིར་ཡང་རྡོ་རྗེ་ཁྱུང་གི་བསྙེན་སྒྲུབ་གང་དུ་བགྱིས་པའི་སའི་ཕྱོགས་དེའི་བརྟན་གཡོའི་དུག་ཐམས་ཅད་ཞི་བས་སྣོད་བཅུད་ཀྱི་དཔལ་ཕུན་སུམ་ཚོགས་པ་མཐའ་དག་སྐྱེད་པ་སོགས་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འབྱུང་བའི་ཕྱིར། །
རིག་སྔགས་འཆང་བ་རྣམས་ཀྱིས་ཐོག་མ་ཁོ་ནར་རྡོ་རྗེ་ནམ་མཁའི་ལྡིང་བསྒོམ་པར་དཔལ་ལྡན་རྒྱུད་ལས་གསུངས་སོ། །གཉིས་པ་བྱིན་རླབས་ཀྱི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། །རྗེས་སོ། །དང་པོ་ནི། གནས་དབེན་པར་སྟེགས་བུའི་དབུས་སུ་མཎྜལར་རྡུལ་ཚོན་གྱིས་སྣ་ཚོགས་པདྨ་འདབ་མ་བཞི་པ་བྲིས་པའི་དབུས་དང་ཕྱོགས་བཞིར་ཁྱུང་རིགས་ལྔའི་སྐུ་མདོག་དང་མཐུན་པའི་ཚོན་ཕུང་རེ་དགོད། དེའི་སྟེང་དུ་མཉྫིའི་ཁར་ཁྲོ་བོའི་གཏོར་མ་ཟུར་གསུམ་པ་སྙིང་གཟུགས་མདུན་ནོར་བུ་མིག་གསུམ་པའི་དབྱིབས་འདྲ་བ་ལ་དར་གདུགས་ལྗང་གུས་བརྒྱན་ཅིང་སྐུ་ཅིག་ཡོད་ནའང་འཛུག །ཉ་ཤ་སོགས་དམ་རྫས་ཀྱིས་བསྐོར། མདུན་དུ་མེ་ལོང་ལ་ཡིག་འབྲུ་ལྔ་བྲིས་པ་དང་། དེའི་མདུན་དུ་ཟླུམ་གཏོར་གསུམ། མཐའ་སྐོར་དུ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་ཅི་བདེ་བར་གཞི་བདག་གཏོར་མ། སློབ་དཔོན་གྱི་མདུན་དུ་བུམ་པ་གཉིས། རྡོར་དྲིལ། ནང་མཆོད་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། དེ་ནས་སྔོན་འགྲོ་གཏོར་མ་སྤྱི་ལྟར་བཏང་། གནས་ཡོ་བྱིན་རླབས་སྔོན་དུ་འགྲོ་བས་སྐྱབས་སེམས་ནས་བཟླས་པ་བསྡུ་པའི་བར་བདག་བསྐྱེད་གོང་དུ་བཤད་པ་བཞིན་གྲུབ་རྗེས། ཚོམ་བུ་དང་གཏོར་མ་གཉིས་ཀ་ལ་དམིགས་ཏེ་ཨ་མྲྀ་ཏས་བསང་། ས་བྷ་བས་
སྦྱང་། སྟོང་པའི་ངང་ལས་པྃ་ལས་སོགས་ནས། དབུར་བརྒྱན་ཅེས་པའི་བར་རང་གི་རིག་པ་དང་། རང་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར་བ་མ་གཏོགས་བདག་བསྐྱེད་ལྟར་གསལ་བཏབ། མཆོད་པ་བྱིན་རླབས་ལ་མཆོད་བསྟོད་རྒྱས་བསྡུས་གང་རིགས་དང་། མདུན་བསྐྱེད་ཀྱི་ཐུགས་རྒྱུད་བསྐུལ་བར་དམིགས་ཏེ་བཟླས་པ་ཅུང་ཟད་བྱ། བུམ་པ་བསང་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱ་ལས་རིན་པོ་ཆེའི་བུམ་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་ཤིང་། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་གང་བའི་དབུས་སུ་པྃ་ལས་སོགས་ནས་དབུར་བརྒྱན། ཅེས་པའི་བར་མདུན་བསྐྱེད་ལྟར་གསལ་གདབ་ལ་མཆོད་བསྟོད་བྱ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་བརྟེན་ཏེ་སོང་། བུམ་པའི་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམ་ལ་བཟླས་པ་ཅི་ནུས་དང་། ལས་ཐམས་ཅད་པའི་བུམ་པར་སྐད་ཅིག་གིས་ཁྲོ་བོ་བདུད་རྩི་འཁྱིལ་བ་གསལ་བའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་བསམས་ལ་ཨ་མྲྀ་ཏ་བཟླ། གཉིས་ཀ་ལ་དམིགས་ཏེ་དབང་དང་ཁྲུས་ཀྱི་དོན་ཏུ་
ཨབྷི་ཥེ་ཀའང་ཅི་རིགས་པ་བཟླས་མཐར་མཆོད་ཅིང་བསྟོད་ལ་ཡི་གེ་བརྒྱ་པ་ལན་གསུམ་གྱི་མཐར། ཨོཾ་ཨཱཿཧཱུྃ་ཞེས་དུང་ཆོས་ཀྱི་ཆུ་བདུད་རྩིའི་མཆོད་ཡོན་ཏུ་སྦྲེང་བས་བུམ་པའི་ལྷ་འོད་དུ་ཞུ་ནས་ཆུ་ནུས་པ་དང་ལྡན་པར་བསམ། གཏོར་མ་གསུམ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ་སྟེ་དང་པོ། ཨོཾ་པཀྵ་སྭཱ་ཧཱ་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་མམ་ལྔས་ཡི་དམ་ལ་ཕུལ། གོང་བཞིན་མཆོད་བསྟོད་དང་། མཆོད་སྦྱིན་གཏོར་མ་འདི་བཞེས་སོགས་ཀྱིས་ཕྲིན་ལས་གསོལ། གཉིས་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་རྡོ་རྗེའི་ཆོས་སྐྱོང་བའི་སྲུང་མ་ཐམས་ཅད་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲང་། ཨོཾ་ཤྲཱི་བཛྲ་དྷ་རྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་སོགས་ཀྱིས་ཕུལ། དེ་ཉིད་ལ་ཨགྷོ་སོགས་སྦྱར་བས་མཆོད། གང་གིས་འཕྲུལ་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་ཏུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྲུང་རྣམས་ལ་ཕྱག་འཚལ་ལོ། །ཞེས་བསྟོད། གསུམ་པ་མཁའ་འགྲོ་སྤྱི་གཏོར་གྱི་ཆོ་གས་བསྔོ། གཞི་བདག་གཏོར་མ་སྤྱི་ལྟར་བཏང་བ་རྣམས་
སློབ་དཔོན་གྱི་བྱ་བའོ། །གཉིས་པ་དངོས་གཞི་ལ། ལས་ཀྱི་རྡོ་རྗེས་ཕྱི་རོལ་ཏུ་སློབ་མ་རྣམས་ཁྲུས་བྱ། ནང་དུ་འོངས་པ་ན་སློབ་དཔོན་གྱིས་སྦྱོང་བ་གསུམ་སྤྱི་ལྟར་བྱས་ལ་མཚམས་བཅད། ཨམྲྀ་ཏ་བཟླ་བཞིན་པས་ལས་བུམ་གྱི་ཆུས་ཁྲུས་བྱེད་དུ་གཞུག །དེ་ནས་སེམས་བསྐྱེད་གསལ་གདབ་སོགས་ཇི་ལྟར་རིགས་པས་མཚམས་སྦྱར་ཏེ། དེ་ལ་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་མཆོག་གི་དམ་པ་དང་པོའི་སངས་རྒྱས་ལས་ལྷ་སྔགས་ཀྱི་རིམ་པ་དངོས་སུ་བསྟན་ཅིང་། གྲུབ་ཆེན་ནཱ་རོ་ཏཱ་པའི་མན་ངག་གིས་རྣལ་འབྱོར་བླ་མེད་སྤྱི་དང་མཐུན་པར་བཀྲལ་བའི་ཟབ་ཆོས། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་བཀའ་བབས་ཤིང་། བླ་མ་རྫོང་པའི་མཁས་གྲུབ་རྣམས་ནས་རིམ་པར་བརྒྱུད་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་ཁྱུང་ཁྲའི་བྱིན་རླབས་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས། ཁྱེད་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ། ཐོག་མར་སློབ་དཔོན་དང་མདུན་བསྐྱེད་ཀྱི་རྟེན་གཉིས་ཀ་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ་ཁྲོས་པའི་ངོ་བོ་མཁའ་ལྡིང་རྡོ་རྗེ་ཁྱུང་སྤྲོ་ན་མངོན་རྟོགས་ལྟར་རྒྱས་པར་བརྗོད་ཀྱང་ལེགས་སོ། །ཁྲའི་ཡེ་ཤེས་ཀྱི་སྐུར་དངོས་སུ་གསལ་བ་ལ་བྱིན་རླབས་ཀྱི་ཆོས་རྣམས་ཞུ་བའི་ཡོན་ཏུ་དམིགས་ཏེ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་
ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་སོགས། ཞེས་པས་ཐུན་མོང་སྤྱིར་གསོལ་བ་བཏབ་ནས། སླར་ཡང་ཐུན་མོང་མ་ཡིན་པ་བྱེ་བྲག་ཏུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་ལ་བཅོམ་ལྡན་འདས་རྡོ་རྗེ་ཁྱུང་ཁྲའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་རྗེས་སུ་གནང་བ་མ་ལུས་པ་སྩལ་དུ་གསོལ། དེ་ནས་རྒྱུད་དག་པར་བྱ་བའི་སླད་དུ། བླ་མ་དང་གཉིས་སུ་མེད་པའི་རྡོ་རྗེ་ཁྱུང་ཁྲ་ལ་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པའི་སྤྱན་སྔར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་སོགས། བར་ཆད་བསལ་བའི་སླད་དུ་སློབ་དཔོན་གྱི་ཐུགས་ཀ་ནས་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཚོགས་དཔག་ཏུ་མེད་པ་སྤྲོས་ཏེ་བགེགས་རྣམས་རྒྱང་རིང་དུ་བསྐྲད་པའི་མོས་པ་མཛོད། ཨམྲྀ་ཏ་བརྗོད་ཅིང་ལས་བུམ་གྱི་ཆུ་གཏོར། དངོས་གཞིའི་སྐབས་བླ་མ་རྡོ་རྗེ་ཁྱུང་ཁྲ་དང་མཇལ་བའི་ཚེ་ཕྱག་རྟེན་གྱི་སླད་དུ་མེ་ཏོག་གི་ཕྲེང་བ་རེ་ཡང་བྱིན་པའི་མོས་པ་མཛོད། ཨཱ་ཁཾ་བཱི་ར་ཧཱུཾ་གིས་མེ་ཏོག་གཏད། སྒོ་གསུམ་བྱིན་གྱིས་བརླབ་པའི་སླད་དུ་སློབ་དཔོན་གྱིས་དྲིའི་ཆུ་རྡོ་རྗེ་དང་བཅས་པས་གནས་
གསུམ་དུ་རེག་སྟེ། ཨཱོཾ་ཨཱཿཧཱུྃ་ཞེས་བརྗོད་པས། ཁྱེད་རང་རྣམས་སྤྱི་བོར་ཨཱོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུྃ་སྔོན་པོ་རེ་རེས་མཚན་པའི་མོས་པ་མཛོད། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་རེ་རེའི་སྟེང་དུ། དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་དཀར་པོ་རྩེ་ལྔ་པ་རེ་རེས་རྒྱས་གདབ་པར་མོས་ཏེ། བདེན་གཉིས་དབྱེར་མེད་དུ་སེམས་བསྐྱེད་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྭཱ་ད་ཡཱ་མི། དེ་བརྟན་པར་བྱ་བའི་སླད་དུ། སློབ་ལྷོདཔོན་གྱིས་རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ། སུ་ར་ཏི་ས་མ་ཡ་སྟཱཾ་ཧོ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་རྣམས་སྔོན་འགྲོ་ཡིན། དངོས་གཞི་ལ། བྱིན་རླབས་ཀྱི་གཞི་དགོད་པ་དང་། དེ་ལ་བརྟེན་ནས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པས་བྱིན་གྱིས་བརླབ་པའི་རིམ་པ་རྣམས་སུ་ཡོད་པ་ལས། ཐོག་མར་བྱིན་རླབས་ཀྱི་གཞི་དགོད་པ་ཡེ་ཤེས་པ་དབབ་པའི་སླད་དུ། སློབ་དཔོན་གྱིས། སྭ་བྷ་བ་སོགས་ཞེས་བརྗོད་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་པྃ་ལས་
སོགས་ནས། ཐུགས་ཀར་ཧཱུ་སྔོན་པོ་ཞེས་པའི་བར་ཁྱེད་རང་རྣམས་ཀྱི་རིག་པ་ཞེས་དང་། ཁྱེད་རང་རྣམས་སྐད་ཅིག་གིས་ཞེས་བསྒྱུར་བ་མ་གཏོགས་བདག་བསྐྱེད་ལྟར་དམིགས་པ་སྤྱོད་ལ། །སླར་ཡང་སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་དཔལ་རྡོ་རྗེ་ཁྱུང་ཁྲའི་སྐུ་ཆེ་ཆུང་མ་ངེས་པའི་རྣམ་པ་ཅན་དཔག་ཏུ་མེད་པ་ནམ་མཁའ་གང་བ་ཨོཾ་བཛྲ་ས་མཱ་ཛཿས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿས་ཁྱེད་རང་རྣམས་ཀྱི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་རྒྱ་མཚོ་ཆེན་པོ་ལ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཨོཾ་པཀྵི་ག་རུ་ཌ་ཨཱ་བེ་ཤ་ཡ་ཨཿཨཱཿ། ཞེས་མང་དུ་བརྗོད་ཅིང་སྤོས་རོལ་བྱ། དེ་ལྟར་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་དང་དཔལ་རྡོ་རྗེ་ཁྱུང་ཁྲའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་པ་བརྟན་པར་བྱ་བའི་སླད་དུ་སློབ་དཔོན་གྱིས་རྡོ་རྗེ་སྤྱི་བོར་རྒྱ་གྲམ་གྱི་ཚུལ་དུ་བཞག་ཅིང་། ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེ་ནས་ཁྱེད་རང་རྣམས་ཀྱི་ཕྱག་གི་མེ་ཏོག་དེ་ཉིད་སློབ་དཔོན་དང་རྡོ་རྗེ་ཁྱུང་ཁྲ་ཐ་མི་དད་པ་ལ་ཕུལ་བའི་མོས་པ་དང་བཅས་འདིའི་རྗེས་ཟློས་མཛོད།
ཨོཾ་པྲ་ཏིཙྪ་བཛྲ་ཧོ། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་ཁྱེད་རང་རྣམས་ཀྱི་སྤྱི་བོར་བཞག་ཅིང་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཨོཾ་པྲ་ཏི་གྲྀཧྣ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། དེས་གཞི་འགོད་པ་སོང་ནས། སྐུའི་རྗེས་གནང་གི་སླད་དུ། སློབ་དཔོན་དང་ཁྱེད་རང་རྣམས་ཀྱི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་གསལ་བཏབ་ནས། སློབ་དཔོན་ལ་གུས་འདུད་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀ་དང་། འོག་མིན་ནས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲང་། ཨོཾ་པཉྩ་ཀུ་ལ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། དབང་གི་ལྷ་རྣམས་དང་སློབ་དཔོན་ལྷན་ཅིག་པས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བདེ་ཐོགས་ཏེ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བའི་མོས་པ་མཛོད། བུམ་པ་སྤྱི་བོར་བཞག་ཅིང་། བཅོམ་ལྡན་རྡོ་རྗེ་ཁྱུང་ཁྲ་ཡི། །སྐུ་མཆོག་འབར་བའི་འོད་ཟེར་གྱིས། །གདུག་པ་ཅན་རྣམས་འཇོམས་མཛད་པའི། །སྐུ་ཡི་དབང་བསྐུར་མཛད་དུ་གསོལ། །ཨོཾ་པཀྵིཾ་ག་རུ་ཎ་ཨབྷི་ཥིཉྩ་ཨོཾ་བུམ་ཆུ་སྦྱིན་ཅིང་གཏོར། ཞེས་གསུང་ཞིང་
དབང་གི་ལྷ་རྣམས་ཀྱིས་དབང་གི་ཆུ་རྒྱུན་དཀར་པོ་དང་། སློབ་དཔོན་གྱི་དཔྲལ་བའི་ཨོ་ལས་འཕྲོས་པའི་བདུད་རྩིའི་ཆུ་རྒྱུན་དཀར་པོས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག །སྐུའི་བྱིན་རླབས་ཞུགས་པའི་མོས་པ་མཛོད། བུམ་པ་མགྲིན་པར་བཞག་ལ། བཅོམ་ལྡན༔ གསུང་མཆོག ངག་གི་ཉེས་པ་འཇོམས་མཛད་པའི། །གསུང་གི༴ ཨོཾ་པཀྵིཾ་ག་རུ་ཌ་ཨ་བྷི་ཥིཉྩ་ཨཱཿ ཞེས་གསུང་ཞིང་དབང་གི་ལྷ་རྣམས་ཀྱིས་དབང་གི་ཆུ་རྒྱུན་དམར་པོ་དང་། སློབ་དཔོན་གྱི་མགྲིན་པའི་ཨཱལས་འཕྲོས་པའི་བདུད་རྩིའི་ཆུ་རྒྱུན་དམར་པོས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། གསང་བའི༴ ངག་གི༴ གསུང་གི༴ བུམ་པ་སྙིང་གར་བཞག་ལ༴ བཅོམ་ལྡན༴ ཐུགས་མཆོག ཉོན་མོངས་རྣམ་རྟོག་འཇོམས་མཛད་པའི། །ཐུགས་ཀྱི༴ ཨོཾ་པཀྵི་ག་རུ་ཌ་ཨབྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་དབང་གི་ལྷ་རྣམས་ཀྱིས་དབང་གི་ཆུ་རྒྱུན་སྔོན་པོ་དང་། སློབ་དཔོན་གྱི་ཐུགས་ཀའི་ཧཱུྃ་ལས་འཕྲོས་པའི་བདུད་རྩིའི་ཆུ་རྒྱུན་སྔོན་པོས་དབང་བསྐུར་བས་ལུས་ཀྱི་ནང་ཐམས་ཅད་གང་། ཤེས་རབ་ཡེ་ཤེས་ཀྱི༴ ཡིད་ཀྱི༔ ཐུགས་ཀྱི༴ སླར་ཡང་བུམ་པ་སྤྱི་བོར་བཞག་ལ། སངས་རྒྱས་རྣམས་ནི་ཐམས་ཅད་ཀྱི། །གསང་གསུམ་གནས་ལས་བྱུང་བ་
ཡི། །ཁམས་གསུམ་ཀུན་གྱིས་ཕྱག་བྱས་པའི། །རྡོ་རྗེའི་དབང་བསྐུར་ཆེན་པོ་སྦྱིན། །ཨོཾ་བཛཱི་བྷ་བ་ཨབྷི་ཥིཉྩ་ཧཱུཾ། ཞེས་གསུང་ཞིང་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་རྣམས་ཀྱིས་དབང་གི་ཆུ་རྒྱུན་ཁ་དོག་སྣ་ཚོགས་པ་དང་། བླ་མའི་གནས་གསུམ་གྱི་ཨོཾ་ཨཱཧཱུྃ་ལས་འཕྲོས་པའི་བདུད་རྩིའི་ཆུ་རྒྱུན་ཁ་དོག་སྣ་ཚོགས་པས་དབང་བསྐུར་བས། ལུས་ཀྱི་ནང་ཐམས་ཅད་གང་། དབང་བཞི་པ་ཐོབ། །པ་སྤྲུལ་སྐུའི་རྣམ་པ་ཅན་གྱིས་དབུར་བརྒྱན། ཛཧཱུྃ་བཾ་ཧོ༔ དབང་གི་ལྷ་རྣམས་ཀྱང་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡ་སྭཱ་ཧཱ། ས་གསུམ་གྱི་བདུད་ཐམས་ཅད་འདུལ་བའི་དབང་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་མེ་ཏོག་གཏོར། དེ་ལྟར་ན་ཁྱེད་རང་རྣམས་ཡན་ལག་བཞི་རྫོགས་ཀྱི་ཆོ་གས་རྡོ་རྗེ་ཁྱུང་ཁྲའི་སྐུར་གྱུར་པ་མཆོད་པའི་ཞིང་དུ་བཟུང་བ་ཡིན་པས་མངའ་དབུལ་གྱི་ཚུལ་དུ་མཆོད་ཡོན་ལ་སོགས་པའི་མཆོད་པས་ཀྱང་མཆོད་པའི་མོས་པ་མཛོད། །ཨོཾ་བཛྲ་ཨགྷཾ་ཨཱཧཱུྃ་སོགས། ཤིས་པ་བརྗོད་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་མོས་པ་མཛོད།
བཀྲ་ཤིས་གང་ཞིག་སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཐམས་ཅད་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །སེམས་ཅན་མ་ལུས་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །དེས་ནི་དེར་ཁྱོད་དབང་བསྐུར་མཆོག་ལ་བཀྲ་ཤིས་ཤོག །ཅེས་བརྗོད་ཅིང་མེ་ཏོག་གཏོར། །དེ་ནས་མཐའ་རྟེན་བཀྲུ་བྱབ་སྲུང་གསུམ་བྱ་བ་ལ། ཐོག་མར་བཀྲུ་བའི་སླད་དུ་སློབ་དཔོན་གྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བ་རེ་ཐོགས་ཏེ་ཁྱེད་རང་རྣམས་ལ་ཁྲུས་བགྱིས་པས་ནད་གདོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད་ཅེས་བརྡ་སྦྱར་ལ། རྣམ་བུམ་གྱི་ཆུ་ལས་བུམ་དུ་བསྲེས་པ་ཐོགས་ཏེ། ཇི་ལྟར་བལྟམས་པ་སོགས། འདི་ནི་ཁྲུས་མཆོག་སོགས། རྩ་སྔགས་དང་ཨ་མྲྀ་ཏའི་མཐར། རྡོ་རྗེ་སློབ་མའི་ནད་ཐམས་ཅད་ཤཱནཾ་ཀུ་རུ་སྭཱ་ཧཱ། གདོན་ཐམས་ཅད༴ བགེགས་ཐམས་ཅད༴ ལོག་འདྲེན་ཐམས་ཅད༴ སྟེང་གཟའི་གནོད་པ་ཐམས་ཅད༴ འོག་ཀླུའི་གནོད་པ་ཐམས་ཅད༴ ཤ་ཟ་སྨྱོ་བྱེད་ཀྱི་གནོད་པ་ཐམས་ཅད༴ གྲིབ་དང་མི་གཙང་བའི༴ འཁོན་དང་སྡིག་སྒྲིབ་ཀྱི༴ ཚེའི་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུ། ཁར་ཆུ་ཅུང་ཟད་འཛིན་ཏུ་བཅུག་ལ། བྱབ་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཉི་མ་ལ་སྔགས་ཀྱི་ཡི་
གེས་མཚན་པ་ལས་འོད་ཟེར་འཕྲོས། བཀྲུས་པས་མ་དག་པའི་ལྷག་མ་ཐམས་ཅད་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བླངས་པ་ལྟར་རྩེན་གྱིས་བླངས་ཏེ་རྒྱ་མཚོ་ཆེན་པོར་ཕྱིར་དོར་བའི་མོས་པ་མཛོད། གོང་གི་སྔགས་ཤཱནྟིཾ་ཀུ་རུའི་ཚབ་ཏུ་ཨ་པ་ན་ཡ་སྭཱ་ཧཱ་བཏགས་པས་བྱབ་ཅིང་། ཁ་ནང་གི་ཆུ་ཁྲུས་གཞོང་དུ་དོར། རྡོ་རྗེ་ཁྱུང་གི་ལྷ་ཚོགས་རྣམས། །རྨ་བྱའི་མདོངས་ཀྱི་རྣམ་པར་བྱོན། །ཉོན་མོངས་དུག་དང་བཅས་པ་དང་། །ཕུང་པོའི་དུག་རྣམས་མ་ལུས་དང་། །ནད་གདོན་བགེགས་རྣམས་ཞི་བར་མཛོད། །ཅེས་དང་། པཀྵིཾ་གྱི་མཐར་ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ། ཅེས་བརྗོད་ཅིང་ཁྲུས་ཆུ་ཕྱིར་བསྐུར་ལ་ཆུ་བོ་ཆེན་པོའི་གཞུང་དུ་དོར། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། སུམྦྷ་སོགས་དྲག་སྔགས་བརྗོད་ལ་མཚམས་བཅད། སྲུང་བའི་སླད་དུ་སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་སྤྱི་བོར་བཞག་པས་དེ་ལས་རྡོ་རྗེ་ཕྲ་མོ་དཔག་ཏུ་མེད་པ་བྱུང་། ལུས་ཐམས་ཅད་རྡོ་རྗེའི་གོ་ཁྲབ་ཀྱིས་གཡོགས་ཏེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སྲུང་བར་བྱས་པའི་མོས་པ་མཛོད། སྔགས་རཀྵ་རཀྵ་བཏགས་པ་བརྗོད། སླར་ཡང་རྡོ་རྗེ་སྤྱི་བོར་བཞག་ཅིང་བདེན་པའི་སྟོབས་བརྗོད་པ་ནི། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །བཅོམ་ལྡན་རྡོ་རྗེ་ཁྱུང་གི་ནུས་མཐུ་ཡིས། །རྡོ་རྗེ་སློབ་མ་འདི་ནི་བསྲུངས་ཟིན་
གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །ཅེས་བརྗོད། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །སོགས་ཤིས་བརྗོད་ཇི་ལྟར་རིགས་པའང་བྱའོ། །གསུང་གི་རྗེས་སུ་གནང་བ་ལ། ཐོག་མར་རྗེས་སུ་བཟླས་པའི་ལུང་གི་སླད་དུ། སློབ་དཔོན་གྱི་ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཁྱུང་རིགས་ལྔ་སོ་སོའི་ཐུགས་ཀའི་ས་བོན་སྔགས་ཕྲེང་དང་བཅས་པ་ལས་སྔགས་ཕྲེང་གཉིས་པ་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་སོ་སོའི་མཐར་འཁོད་པའི་སྔགས་ཕྲེང་ལ་ཐིམ། དེ་ལས་འོད་ཟེར་འཕྲོས། གདུག་པ་ཅན་ཐམས་ཅད་ཚར་བཅད། བླ་མ་ཡི་དམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་བསྡུས་ཏེ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་དང་བཅས་ལྷའི་ང་རྒྱལ་བརྟན་པོའི་ངང་ནས་སྔགས་འདིའི་རྗེས་ཟློས་ལན་བརྒྱ་རྩ་བརྒྱད་མཛད་པར་ཞུ། ཨོཾ་པཀྵ་སྭཱ་ཧཱ། བྱིན་གྱིས་བརླབ་པའི་ལུང་གི་སླད་དུ། སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བ་དང་བཅས་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་ལ་སོགས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སོགས། དམ་
བཅའ་བའི་ལུང་གི་སླད་དུ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་རྡོ་རྗེ་ཁྱུང་ཁྲ་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། །སློབ་དཔོན་དགོངས་སུ་གསོལ། བདག་རིག་པ་འཛིན་པ་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། མཁའ་ལྡིང་རྡོ་རྗེ་ཁྱུང་ཁྲ་ཡི་དམ་གྱི་ལྷར་བཟུང་བར་བགྱིའོ། །ཐུགས་ཀྱི་རྗེས་གནང་གི་སླད་དུ། སྐུ་ཡི་རྟེན་མེ་ལོང་དང་། གསུང་གི་རྟེན་སྔགས་ཀྱི་ཡི་གེ་དང་། ཐུགས་ཀྱི་རྟེན་རྡོ་རྗེ་རྩེ་ལྔ་པ་རྣམས་ཁྱེད་རང་རྣམས་ཀྱི་སྙིང་གར་བཞག་སྟེ་བྱིན་གྱིས་བརླབས་པའི་མོས་པ་མཛོད། རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་ཐུགས་དམ་བསྐུལ་བའི་དམ་ཚིག་ལས་མ་འདའ་བར། བཅོམ་ལྡན་འདས་རྡོ་རྗེ་ཁྱུང་གི་ལྷ་ཚོགས་རྣམས། རྡོ་རྗེའི་སློབ་མ་འདི་རྣམས་ལ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་ལྟར་མི་འབྲལ་ཞིང་བརྟན་པར་བཞུགས་པར་མཛད་དུ་གསོལ། ཅེས་བརྗོད། ཡོན་ཏན་དང་ཕྲིན་ལས་ཀྱི་རྗེས་གནང་གཏོར་མ་ལ་བརྟེན་ནས་བཀའ་བསྒོ་བ་ནི། གཏོར་མ་འདི་ཉིད་ཡན་ལག་བཞི་རྫོགས་ཀྱི་ཚུལ་ཡང་འདིར་ཡིག་ཆ་སྔ་མར། གྱིས་གཏོར་མ་ཡན་ལག་བཞི་རྫོགས་སུ་བསྐྱེད་པར་གསུངས་པས་སྤྲོ་ན་དེ་ལྟར་བྱས་ཀྱང་ལེགས་མོད། འདིར་
ཕྱག་ལེན་བདེ་བའི་སླད་སྔོན་དུ་མདུན་བསྐྱེད་དང་ལྷན་ཅིག་ཏུ་བསྐྱེད་ཆོག་གཅིག་གིས་སོ་སོར་བསྐྱེད་པའི་དབང་དུ་བྱས་པ་ཡིན། བཅོམ་ལྡན་འདས་རྡོ་རྗེ་ཁྱུང་ཁྲར་བསྐྱེད་ཅིང་དངོས་སུ་གསལ་བའི་དབུའི་སྤྱི་བོའི་གཙུག་ཏུ། བརྒྱུད་པའི་བླ་མ་རྣམས་ངོ་བོ་བླ་མ་སོ་སོ་ལ་རྣམ་པ་རྡོ་རྗེ་ཁྱུང་ཁྲའི་སྐུར་གསལ་བ་ཐོ་བརྩེགས་སུ་བཞུགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་ཟེར་འཕྲོས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཐམས་ཅད་སྤྱན་དྲངས། བརྒྱུད་པའི་བླ་མ་རྣམས་ལ་ཐིམ་པས་སྐྱབས་གནས་ཀུན་འདུས་སུ་གྱུར་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །བཅོམ་ལྡན་རྡོ་རྗེ་ཁྱུང་ཁྲ་ལ། །སྐུ་གསུང་ཐུགས་ཀྱིས་བྱིན་བརླབས་ཤིང་། །ས་གསུམ་གདུག་པ་འདུལ་བ་རུ། །མཐུ་སྟོབས་བྱིན་རླབས་དབང་བསྐུར་ལྟར། །དེ་བཞིན་བདག་ལ་དབང་བསྐུར་སྩོལ། །ཞེས་གསོལ་བ་བཏབ་པས་གཏོར་མའི་ལྷ་ཚོགས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། བཅོམ་ལྡན་དུས་ཀྱི་འཁོར་ལོ་ཡི། །ཐུགས་སྤྲུལ་བྱིན་རླབས་མགོན་པོ་ཁྱེད། །འདི་ལ་འགོ་ཞིང་གྲོགས་མཛོད་ཅིག །སྒོས་ཀྱི་སྲུང་མ་མཛད་དུ་གསོལ། །ཡང་དག་པར་རྫོགས་
པའི་སངས་རྒྱས་རྡོ་རྗེ་འཆང་། ཡེ་ཤེས་ཀྱི་མཁའ་འགྲོ་མ། ཇོ་བོ་ནཱ་རོ་ཏཱ་པ། ཕམ་མཐིང་བ་སྐུ་མཆེད། ཀློག་སྐྱ་ཤེས་རབ་བརྩེགས། མལ་ལོ་ཙཱ་བ་བློ་གྲོས་གྲགས་པ། ས་ཆེན་ཀུན་དགའ་སྙིང་པོ། སློབ་དཔོན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། འཇམ་མགོན་ས་སྐྱ་པཎྜི་ཏ། འགྲོ་མགོན་ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། སྔགས་འཆང་གཟུངས་ཀྱི་དཔལ་བ། ཆོས་རྗེ་དགེ་ལེགས་དཔལ་བཟང་། རྫོང་ཆུང་པ་ཀུན་དགའ་བློ་གྲོས། ཆོས་རྗེ་སངས་རྒྱས་བཟང་པོ། རིག་འཛིན་ཆོས་ཀྱི་བློ་གྲོས། རིག་འཛིན་ཆོས་དཔལ་བཟང་པོ། མཁན་ཆེན་བྱམས་པ་བཟང་པོ། འབུམ་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་ངག་དབང་དཔལ་བཟང་། རིན་ཆེན་བསོད་ནམས་མཆོག་གྲུབ། །གནས་གསར་བ་འཇམ་དབྱངས་བསྟན་འཛིན། ངག་དབང་བསྟན་འཛིན་ཕུན་ཚོགས། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ལེགས་པའི་འབྱུང་གནས། འཇམ་མགོན་ཀུན་དགའ་བློ་གྲོས། གྲུབ་དབང་རིན་ཆེན་རྒྱལ་མཚན། ཡོངས་འཛིན་ཀུན་དགའ་བཀྲ་ཤིས། རྗེ་ཤེས་རབ་འོད་ཟེར། འཇམ་མགོན་ཀུན་དགའ་རྒྱལ་མཚན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འཇམ་
དཔལ་གཞོན་ནུ་རྡོ་རྗེ་རིན་ཆེན་གྱི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱིས་ཇི་ལྟར་ཐུགས་དམ་བསྐུལ་ཞིང་ཞལ་གྱིས་བཞེས་པ་ལྟར་བཅོམ་ལྡན་འདས་རྡོ་རྗེ་ཁྱུང་ཁྲའི་ལྷ་ཚོགས་རྣམས་རྡོ་རྗེ་སློབ་མ་འདི་རྣམས་ཀྱིས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་ལུས་དང་གྲིབ་མ་ལྟར་མི་འབྲལ་བར་བཞུགས་ནས། བདུད་དང་བར་ཆད་ཐམས་ཅད་སྲུང་བ་དང་། །དངོས་གྲུབ་ཐམས་ཅད་སྩལ་དུ་གསོལ། ཞེས་དང་གོང་གི་གསོལ་འདེབས་ཀྱི་ཚིག །དུས་གསུམ་སངས་རྒྱས་སོགས་ཀྱི་མཐར། དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་པཀྵིཾ་སྭཱ་ཧཱ། ལྷ་ཚོགས་རྣམས་འོད་དུ་ཞུ་ནས་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་སྙིང་གའི་ཁྱུང་རིགས་ལྔར་གསལ་བ་ལ་ཐིམ་པས་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བྱང་ཆུབ་མ་ཐོབ་བར་དུ་བརྟན་པར་བཞུགས་པའི་མོས་པ་མཛོད། ཨོཾ་པཀྵིཾ་ག་རུ་ཌ་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨ་ཡམ་དུ་རུ་ཙ་ཤ་ན་ཧཱུྃ་ཕཊ། ཅེས་དྲག་ཏུ་བཟླས་ཤིང་སྤོས་རོལ་བྱ། ལྷ་འོད་དུ་ཞུ་བའི་གཏོར་ཟན་དངོས་གྲུབ་ཀྱི་ཚུལ་དུ་ཅུང་ཟད་རེ་སྦྱིན། སུ་པྲ་ཏིཥྛས་བརྟན་པར་བྱ། མི་འགྱུར་ལྷུན་པོ་སོགས་ཤིས་པ་བརྗོད་པའི་ཚིགས་སུ་བཅད་པ་དང་མེ་ཏོག་གི་ཆར་དབབ། དེས་བྱིན་རླབས་ཀྱི་དངོས་གཞི་གྲུབ་ནས་མཇུག་དམ་ཚིག་ཁས་
བླང་སོགས་སྤྱི་ལྟར་བྱས་ལ་སློབ་མ་རྣམས་རང་གནས་སུ་བཏང་། གསུམ་པ་ནི། སློབ་དཔོན་གྱིས་མཆོད་པ་ཁ་གསོས་བསང་སྦྱང་བྱིན་བརླབ། མཆོད་བསྟོད་བཟོད་གསོལ། བཛྲ་མུས་ཚོམ་བུའི་ཡེ་ཤེས་པ་དང་། གཏོར་མགྲོན་གྱི་ཡེ་ཤེས་པ་རྣམས་གཤེགས། དམ་ཚིག་པ་རང་ལ་བསྟིམ། གནས་གསུམ་བསྲུང་། བསྔོ་སྨོན་ཤིས་བརྗོད་བྱའོ། །ཡང་ནད་གདོན་གྱིས་ཉེན་པ་ལ་རྐྱེན་སེལ་ལྟ་བུར་གཏོར་མའི་བྱིན་རླབས་ཙམ་བྱེད་ན། བདག་བསྐྱེད་དང་། མདུན་རྟེན་གཏོར་མ་ཁོ་ན་ལྷར་བསྐྱེད་ཅིང་མཆོད་བསྟོད་བཟླས་པ་བྱ། དངོས་གཞི་མཎྜལ། ཐུན་མོང་གི་གསོལ་འདེབས། རྒྱུན་བཤགས་བཅས་ཀྱི་རྗེས། སློབ་མ་ལྷར་བསྐྱེད་ཅིང་བསྟིམ། དེ་ནས་གཏོར་དབང་གོང་བཞིན་བྱའོ། །དེ་བཞིན་ཏུ་ཁྲུས་ཆོག་རྐྱང་པ་བྱེད་ན། བདག་བསྐྱེད་དང་བུམ་པ་བསྒྲུབ། སྦྱོང་བ་གསུམ་སྔོན་ཏུ་འགྲོ་བ་བཀྲུ་བྱབས་ཤིས་བརྗོད་ཀྱི་བར་གོང་བཞིན་བགྱིས་པས་ཀྱང་གྲུབ་བོ། །གསུམ་པ་ལས་ཀྱི་ཚོགས་ནི། བྱིས་གདོན་བྱ་འདྲེ་མཆེ་བའི་དུག །སྟེང་གདོན་གཟའ་དང་འོག་གདོན་ཀླུ། །སྦྱར་བའི་དུག་ཏུ་གྱུར་པ་རྣམས། །བརྟག་ཅིང་སྲུང་གསོའི་རིམ་པ་དང་། །སྡེ་བརྒྱད་འཁྲུགས་པའི་ཆོ་འཕྲུལ་ནི། །སེར་བ་སྲུང་བའི་མན་ངག་སྟེ། །མངོན་སྤྱོད་དྲག་པོའི་སྦྱིན་སྲེག་བཅས། །ལས་ཀྱི་རིམ་པ་མདོར་
བསྡུས་པའོ། །ཞེས་པ་སྟེ། རྩ་བའི་ཡིག་རྙིང་མཆན་དང་བཅས་པ་ལས་ཤེས་པར་བྱའོ། །བཅོམ་ལྡན་རྡོ་རྗེ་ཁྱུང་ཁྲ་ཡི། །ཐུགས་རྗེའི་བྱིན་རླབས་སྤྲིན་ཕུང་ལས། །ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་གྱིས། །གྲུབ་གཉིས་དགའ་ཚལ་རྒྱས་གྱུར་ཅིག །ཅེས་པའང་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་རང་འདྲའི་བློ་དམན་རྣམས་འཇུག་པ་བདེ་བའི་སླད། མཉམ་མེད་གཟུངས་ཀྱི་དཔལ་བ་དང་། རྫོང་ཆུང་པ་ཀུན་དགའ་བློ་གྲོས་ཀྱིས་མཛད་པའི་མངོན་རྟོགས་དང་། འཕགས་པ་རིན་པོ་ཆེས་མཛད་པར་གྲགས་པའི་བྱིན་རླབས་ཀྱི་ཆོ་ག །བྱམས་པ་ངག་དབང་དཔལ་བཟང་གིས་མཛད་པའི་ཟུར་འདེབས་དང་བཅས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་ཏེ། བཀླགས་པས་གྲུབ་པར་བསྡེབས་པ་སརྦ་དཱ་སུ་ཤེ་ཡོ་བྷ་བ་ཏུ།། །།
རྡོ་རྗེ་ཁྱུང་ཁྲའི་སྒོམ་བཟླས་ཤིན་ཏུ་བསྡུས་པ།
༈ རྡོ་རྗེ་ཁྱུང་ཁྲའི་སྒོམ་བཟླས་ཤིན་ཏུ་བསྡུས་པ་བཞུགས་སོ། །ན་མོ་བཛྲ་ག་རུ་ཌཱ་ཡ། རྡོ་རྗེ་ཁྱུང་ཁྲའི་སྒོམ་བཟླས་མདོར་བསྡུས་བྱ་བར་འདོད་པས། བདག་སོགས་འགྲོ་ཀུན་དེང་ནས་བྱང་ཆུབ་བར། །བླ་མ་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །གཞན་དོན་རྫོགས་པའི་བྱང་ཆུབ་ཐོབ་བྱའི་ཕྱིར། །ཡེ་ཤེས་རྡོ་རྗེ་ཁྱུང་ཁྲ་བསྒོམ་པར་བགྱི། །ལན་གསུམ་གྱི་སྐྱབས་སེམས་སྔོན་ཏུ་འགྲོ་བས། དངོས་གཞི་ལྷ་བསྒོམ་པ་ནི། ཨོཾ་ཤཱནྱ་ཏཱཛྷཱ་ན་
བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉ་ཧཾ། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། །རྃ་ལས་ཉི་མ་ཕུལས་ཀླུ་བརྒྱད་ཀྱི། །ངོ་བོ་སྦྲུལ་བརྒྱད་གདན་སྟེང་ཡི་གེ་ཁྲོམ། །ཁ་དོག་ལྔ་ལྡན་ཡོངས་སུ་གྱུར་པ་ལས། །རང་བཞིན་ཁ་དོག་དམར། །མགོ་བོ་རླུང་གི་རང་བཞིན་ཁ་དོག་སྔོ། །སྤྱི་བོ་འདབ་མ་མཁའ་ཁམས་སྣ་ཚོགས་མདོག །རྭ་དང་མཆུ་སྡེར་རྣོ་ཞིང་སྤྱན་གསུམ་དམར། །ཕྱག་གཡས་སྐྱབས་སྦྱིན་ཕྱག་རྒྱས་ནོར་བུ་གདེངས། །གཡོན་པས་ཚར་གཅོད་སྡིགས་མཛུབ་ཐུགས་ཀར་གཏད། །རིན་ཆེན་སྦྲུལ་རྒྱན་སྐུ་ཚད་རི་ལྟར་བརྗིད། །བ་སྤུའི་བུ་ག་ཀུན་ནས་འོད་ཟེར་འཕྲོ། །ཡེ་ཤེས་མེ་དབུས་བཞུགས་པའི་མགྲིན་པ་རུ། །པད་ཟླའི་གདན་ལ་ཁྱུང་ཆེན་རིགས་ལྔ་ཡི། །གཙོ་བོའི་ཐུགས་ཀར་པད་ཟླར་ཨོཾ་དཀར་པོ། །ཤར་དུ་པ་སྔོན་ལྷོ་རུ་ཀྵི་ཡིག་སེར། །ནུབ་ཏུ་སྭ་དམར་བྱང་དུ་ཧཱ་ལྗང་གུ། །གནས་གསུམ་འབྲུ་། གསུམ་མཚན་ལས་འོད་འཕྲོས་པས། །ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་ཨརྒྷཾ་པཱཾ་བྱ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་བི་དྷུ་ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཛཿཧཱུྃ་བྃ་ཧོཿརང་ལ་གཉིས་མེད་ཐིམ། ཞེས་བརྗོད་
ཅིང་བསམས་ལ་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པོ་བྱ། སྔགས་བཟླ་བ་ནི། སྐུ་དང་སྔགས་ལས་འོད་འཕྲོས་འཕགས་པ་མཆོད། །སེམས་ཅན་སྒྲིབ་སྦྱངས་ཀླུ་གདོན་གདུག་པ་བཏུལ། །བླ་མ་ཡི་དམ་བྱིན་རླབས་རང་ལ་ཐིམ། །རྡོ་རྗེ་ཁྱུང་དང་ནུས་པ་མཉམ་པར་གྱུར། །ཨོཾ་པཀྵིཾ་སྭཱ་ཧཱ་ཅི་ནུས་བཟླས། ཐུན་བསྡུ་བ་ན། ཨོཾ་བཛྲ་པུཥྤེ་ཨཱཿཧཱུྃ། ཨོཾ་བཛྲ་དྷུ་པེ་ཨཱཿཧཱུྃ། ཨོཾ་བཛྲ་ཨཱཿལོ་ཀེ་ཨཱཿཧཱུྃ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུྃ། ཨོཾ་བཛྲ་ནཻ་བིདྱ་ཨཱཿཧཱུྃ། ཞེས་པས་མཆོད། འབྱུང་ལྔའི་རང་བཞིན་འབྱུང་ཆེན་ལྔ་ལ་དབང་། །ཀུན་ཏུ་སྒྱུར་བྱེད་རྡོ་རྗེའི་འདབ་གཤོག་ཅན། །ཀླུ་ཡི་དཔལ་འཕྲོག་ལྷ་མིའི་དཔལ་གྱུར་པའི། །རྡོ་རྗེ་ནམ་མཁའ་ལྡིང་ལ་ཕྱག་འཚལ་ལོ། །བདག་སོགས་ཀུན་ལ་མཆོག་ཐུན་དངོས་གྲུབ་སྩོལ། །ཀླུ་དང་ས་བདག་གནོད་པ་ཞི་མཛད་གསོལ། །དགེ་འདིས་ཡེ་ཤེས་ཁྱུང་ཁྲ་འགྲུབ་གྱུར་ནས། །འགྲོ་ཀུན་ཕན་བདེའི་དཔལ་ལ་སྤྱོད་པར་ཤོག །ཅེས་པའང་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ལུགས་འདི་ལ་ཚད་མར་གྱུར་པའི་གཞུང་ཚིགས་བཅད་དུ་བསྡེབས་པ་དགེ་ལེགས་སུ་གྱུར་ཅིག། །།
ཁྲོ་བོའི་རྒྱལ་པོ་གཙུག་ཏོར་འབར་བའི་གཏོར་མ་ལ་བརྟེན་ནས་ཕྱིར་ཟློག་པའི་གདམས་པ་བར་ཆད་ཀུན་སེལ།
༈ ཁྲོ་བོའི་རྒྱལ་པོ་གཙུག་ཏོར་འབར་བའི་གཏོར་མ་ལ་བརྟེན་ནས་ཕྱིར་ཟློག་པའི་གདམས་པ་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཨུཥྞཱི་ཥ་ཛཱ་ལཱ་ཡ། འཕགས་པ་འཇམ་
དཔལ་རྩ་བའི་རྒྱུད་ཀྱི་རྟོགས་པ་ཆེན་པོ་ལས། །ཇི་ལྟར་སཱ་ལུའི་འབྲུ་རྣམས་ནི། །མྱུ་གུས་རྣམ་པར་ཤེས་པར་བྱེད། །དེ་བཞིན་གྲུབ་པའི་རྫས་རྣམས་ནི། །མཚན་ཉིད་ཀྱིས་ནི་རྣམ་པར་ཤེས། །ཞེས་སོགས་རྒྱ་ཆེར་གསུངས་ཏེ། འདི་ལྟར་འཇིག་རྟེན་ན་སཱ་ལུའི་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་མི་འབྱུང་མྱུ་གུའི་དུས་ནས་ཤེས་པ་ལྟར། རིག་སྔགས་སྦྱོར་བ་པོའི་སྔགས་འགྲུབ་མི་འགྲུབ་ལྟས་ཀྱི་བྱེ་བྲག་ལས་ཤེས་ཤིང་། ལྟས་ཀྱི་མཚན་མ་དང་། རྨི་ལམ་དང་། གཞན་གྱི་སྤྱོད་ཚུལ་སོགས་ལེགས་ཉེས་ལས་ཤེས་པས་ན། རྨི་ལམ་ངན་པ་གཙོ་བོར་གྱུར་པའི་ལྟས་མི་ཤིས་པ་བྱུང་ན་དེ་དག་ཟློག་ཅིང་། ཤིས་པའི་ལྟས་ཀྱི་བྱེད་ལས་ཆུད་མི་ཟ་བར་བདག་གིར་འགྱུར་བས་མཚོན་ཕྱིར་ཟློག་པའི་ཐབས་མཆོག་ཏུ་གྱུར་པ་གཙུག་ཏོར་འབར་བའི་གཟུངས་སྔགས་འདི་གསུངས་པ་ལ་བརྟེན། གྲུབ་པའི་སློབ་དཔོན་ཨ་བྷ་ཡཱ་ཀ་རས་ལེགས་པར་བཀྲལ་བའི་མན་ངག་ཆག་ལོ་ཙཱ་བ་ཡབ་སྲས་ལ་བཀའ་བབས་པའི་རྗེས་སུ་གནང་བ། སྒྲུབ་པའི་ཐབས། ཕྱིར་ཟློག་པའི་སྒོམ་བཟླས། བྱང་ཆུ་བོར་བསྒྱུར་བའི་ལས་ཚོགས་དང་བཅས་པ་ནི་གཞན་དུ་ཤེས་ལ། འདི་ཇོ་བོ་བཀའ་གདམས་པའི་མན་ངག་གཏོར་མ་ལ་བརྟེན་ནས་ཕྱིར་ཟློག་པའི་ཚུལ་མདོ་ཙམ་འཆད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་
སོ། །དང་པོ་ནི། འདི་ཉིད་ཀྱི་རྗེས་སུ་གནང་བ་ཐོབ་ཅིང་དམ་ཚིག་དང་སྡོམ་པར་ལྡན་པའི་རྣལ་འབྱོར་པས། གནས་དབེན་པར་སྟེགས་བུའི་དབུས་སུ་མཉྫིའི་ཁར་མཎྜལ་ཚོམ་བུ་དང་བཅས་པའི་མདུན། གཏོར་མ་ཟླུམ་པོ་ཐེབ་ཀྱུས་བསྐོར་བ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཤམ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་སྒྲུབ་ཐབས་ནས་འབྱུང་བ་ལྟར་ཉམས་སུ་བླང་། གཉིས་པ་ནི། མདུན་གྱི་ཚོམ་བུ་ཨ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་པྃ་ལས་པདྨ་དང་། རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་དམར་པོ་ཡོངས་སུ་གྱུར་པ་ལས། བཅོམ་ལྡན་འདས་གཙུག་ཏོར་འབར་བ་ནས། གནོད་བྱེད་མ་ལུས་པ་ཚར་གཅད་པ། གཞན་ཡང་ཡེ་ཤེས་ཀྱི་ཁྲོ་བོ་ཁྲོ་མོ་རྡོ་རྗེའི་ཆོས་སྲུང་གི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ། གཙོ་བོའི་ཐུགས་ཀར་པད་ཉི་ལ་ཧཱུྃ་དམར་པོ། དེ་ལས་འོད་ཟེར་འཕྲོས་ལས་འོག་མིན་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་ཁྲོ་བོའི་རྒྱལ་པོ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲང་། ཛཿཧཱུྃ་བྃ་ཧོཿ མདུན་བསྐྱེད་ལ་གཉིས་སུ་མེད་པར་ཐིམ། སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ དེ་བཞིན་གཤེགས་
པ་ཐམས་ཅད་ཀྱིས་འདི་རྣམས་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས་དབང་གི་ལྷ་རྣམས་ཀྱིས། ཨོཾ་བཛྲཱི་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་གསུང་ཞིང་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར། སྐུ་གང་། དྲི་མ་དག །ཆུ་ལྷག་མ་ཡར་ལུད་པ་ལས་རྡོ་རྗེ་སེམས་དཔའ་རེ་རེས་དབུར་བརྒྱན། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཨུཥྞཱི་ཥ་ཛྭ་ལ་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱ་ཧཱ། དེ་བཞིན་དུ་ཤསྔའི་བར་སྦྱར་བས་མཆོད། དཔལ་མགོན་སངས་རྒྱས་སྟོང་གི་རིག་སྔགས་སྐུ། །སོགས་ཆག་ལོ་གསུམ་པས་མཛད་པའི་བསྟོད་པས་བསྟོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་ཨོ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་འདོད་དགུ་འབྱུང་བའི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨ་ཀཱ་རོ་ལན་གསུམ་གྱིས་བརླབ། མདུན་བསྐྱེད་འཁོར་དང་བཅས་པའི་ལྗགས་ལས་བྱུང་བའི་འོད་ཀྱི་སྦུ་གུས་གཏོར་མའི་བདུད་རྩི་དྲངས་ཏེ་གསོལ་བས་མཉེས་པར་བསམས་ལ། གཟུངས་སྔགས་ཀྱི་མཐར་ཨི་དཾ་བ་ལིནྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། བཏགས་པ་ལན་གསུམ་གྱིས་ཕུལ། སྔར་བཞིན་མཆོད། རྒྱལ་བའི་གཙུག་ཏོར་ལས་འཁྲུངས་ཤིང་། །ཉི་མ་བྱེ་བའི་གཟི་འབར་བ། །གཙུག་ཏོར་འབར་བ་ཞེས་གྲགས་པའི། །ཁྲོ་བོའི་དབང་པོ་ལ་ཕྱག་འཚལ། །ཁྲོ་
རྒྱལ་འཁོར་དང་བཅས་པ་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་དང་། ཁྲོ་བོའི་རྒྱལ་པོ་གཙུག་ཏོར་འབར་བ་འཁོར་དང་བཅས་པས་བདག་དང་སྦྱིན་པའི་བདག་པོའི་རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། ལྟས་ངན་པ་དང་། དུས་མ་ཡིན་པར་འཆི་བ་དང་། ནད་དང་། གདོན་དང་། གནོད་པ་དང་། བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཕྱིར་ཟློག་པར་མཛད་དུ་གསོལ། ཞེས་བསྟོད་ཅིང་ཕྲིན་ལས་བཅོལ། དེ་ནས། རང་གི་སྤྱི་བོར་རྃ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་སྔོན་པོ། དེ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་དག་གི་རྨི་ལམ་ངན་པ་དང་། མཚན་མ་ངན་པ་དང་། བར་ཆད་ཐམས་ཅད་ཞི་བར་བྱས། སླར་འདུས་ཏེ་རང་གི་ལུས་ལ་ཕོག་པས་བར་ཆད་ཐམས་ཅད་སྦྱངས། མདུན་བསྐྱེད་རྣམས་ལས་ཀྱང་འོད་ཟེར་དང་རྡོ་རྗེ་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་པས་གདུག་པ་ཅན་ཐམས་ཅད་ཕྱིར་ཟློག་པའི་ལས་མཛད་པར་བསམས་ལ། གཟུངས་སྔགས་ཀྱི་ཕཊ་ཕཊ་ཅེས་པའི་མཇུག །སྤྱིར་བཏང་ལ། །བདག་སྦྱིན་བདག་གི་དོན་དུ་བྱེད་ན། གི་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། དམིགས་བསལ་མཚན་མ་དང་རྨི་ལྟས་ངན་པ་ཟློག་པའི་དོན་དུ་བྱེད་ན། བདག་གི་སརྦ་དུརྣི་མིཏྟ་དུརསཱ་པྣ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། །
ཞེས་སྦྱར་ལ། བརྒྱ་རྩ་སོགས་ཇི་ལྟར་རིགས་བདག་གི་ཞེས་པར་སྦྱིན་པའི་བདག་པོའི་ཞེས་སྦྱར། པ་བཟླས་པའི་མཇུག་ཏུ་ཐལ་མོ་སྦྱར་ལ། སངས་རྒྱས་སྟོང་གི་སྔགས་འདི་ནི། །གཙུག་ཏོར་འབར་བ་ཞེས་གྲགས་ཏེ། །ལས་རྣམས་གང་དག་སྟོང་ཕྲག་ནི། །བརྒྱད་ཅུ་དང་ནི་དགུ་དང་ལྔ། །རྣམ་པ་སྣ་ཚོགས་ལས་རྣམས་དང་། །བཀྲ་ཤིས་དཔལ་གྲགས་ཐམས་ཅད་བྱེད། །རྨི་ལམ་ངན་དང་མཚན་མ་ངན། །ལན་གཅིག་བཟླས་པས་སེལ་བར་བྱེད། །བདེན་པ་དང་བདེན་པའི་ཚིག་འདིས་བདག་དང་སྦྱིན་པའི་བདག་པོའི་རྨི་ལམ་ངན་པ་དང་སོགས་ནས། བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཕྱིར་ཟློག་པར་གྱུར་ཅིག །མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །ཅེས་བརྗོད་ལ་ཐལ་མོ་བརྡབ་གྲངས་གསོག་ན། སླར་ཡང་གཏོར་མ་ཐེབ་ཀྱུས་གསོས་ལ་བསང་སྦྱང་བྱིན་རླབས་ནས་བཟླས་པའི་མཇུག་གི་བདེན་སྟོབས་བརྗོད་པའི་བར་གོང་བཞིན་བྱ་བ་སྟེ་ལོ་གྲངས་སོགས་ཇི་ལྟར་རིགས་པ་བསྐྱར། །གྲངས་རྫོགས་པ་ན། བདེན་བརྗོད་ཀྱི་མཇུག་ཏུ། གཙུག་ཏོར་འབར་བའི་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །སོགས་ཟློག་སྒྱུར་གྱི་མཐར་གཟུངས་སྔགས་བཟླ་ཞིང་རོལ་མོ་དང་བཅས་གཏོར་མ་གཙང་སར་བཏང་། །གསུམ་པ་ནི། མཆོད་པ་ཁ་གསོས་
བསང་སྦྱང་བྱིན་གྱིས་བརླབ། མདུན་བསྐྱེད་ལ་མཆོད་བསྟོད་བྱ། ཡི་གེ་བརྒྱ་པ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ། ཁྱེད་ཀྱིས་སོགས་དང་། བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་ཐིམ། རང་གི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུ། དགེ་བ་འདི་ཡིས་མྱུར་དུ་བདག །གཙུག་ཏོར་འབར་བ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང་ཤིས་བརྗོད་རྒྱས་པར་སྤེལ། ལས་ཀྱི་རྗེས་མི་མངོན་པར་བྱའོ། །དེ་ལྟར་བརྩོན་པས་གོང་དུ་ཇི་སྐད་སྨོས་པའི་ཕན་ཡོན་རྣམས་འབྱུང་ཞིང་། ལྷག་པར་རིག་སྔགས་ཀྱི་དངོས་གྲུབ་སྒྲུབ་པ་རྣམས་ཀྱི་བར་ཆད་ཞི་བ་དང་། གྲུབ་པའི་འབྲས་བུ་འབྱིན་པ་ལ་མཆོག་ཏུ་བསྔགས་པས་འདི་ཁོ་ན་ལ་བརྩོན་པར་བྱའོ། །ཞེས་པའང་བསྟན་པ་ཡོངས་ཀྱི་རྩ་ལག་ཆེན་པོ་མཆིམས་སྟོན་ཐམས་ཅད་མཁྱེན་པ་ནམ་མཁའ་གྲགས་ཀྱིས་མཛད་པའི་གཞུང་གསལ་བྱེད་དང་བཅས་པའི་རྗེས་སུ་འབྲངས་ཏེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བའི་དགེ་བས་བདག་དང་སེམས་ཅན་ཐམས་ཅད་ལམ་གྱི་བར་དུ་གཅོད་པ་མཐའ་དག་ཞི་བ་དང་། ཕན་བདེའི་དགེ་མཚན་མཆོག་ཏུ་རྒྱས་པའི་རྒྱུར་གྱུར་ཅིག། །།
མཁའ་འགྲོ་མ་སྨེ་བ་བརྩེགས་མའི་སྒྲུབ་ཐབས་ཕྲིན་ལས་ཀྱི་ཆོ་ག་དང་བཅས་པ་སྙིང་པོར་དྲིལ་བ་བདུད་རྩིའི་བུམ་བཟང་།
༈ མཁའ་འགྲོ་མ་སྨེ་བ་བརྩེགས་མའི་སྒྲུབ་ཐབས་ཕྲིན་ལས་ཀྱི་ཆོ་ག་དང་བཅས་པ་སྙིང་པོར་དྲིལ་བ་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་བྷྱཿ འདིར་གྲུ་སྤང་རྩེ་བ་རྡོ་རྗེ་སེང་གེ་ལ། མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱིས་གནང་བའི་ཁྲོ་མོ་སྨེ་བརྩེགས་ཀྱི་སྒོམ་བཟླས་ཉམས་སུ་བླང་བར་འདོད་པས། སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ་སྔོན་དུ་སོང་ནས། །རང་སྐད་ཅིག་གིས་མཁའ་འགྲོ་མ་སྨེ་བ་བརྩེགས་མ་སྐུ་མདོག་སོལ་བ་ལྟར་ནག་པ། སྐྱོན་ཅིས་ཀྱང་འགོས་སུ་མི་བཏུབ་པ། ཕྱག་གཉིས་ཐུགས་ཀར་བསྣོལ་བའི་ཕྱག་རྒྱས་དག་བྱེད་ཀྱི་བུམ་པ་ཆུས་བཀང་བ་བསྣམས་པ། ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་འཁྲུད་པར་མཛད་པ། གཅེར་བུ་རྒྱན་སྤངས་ཤིང་པད་ཉིའི་གདན་ལ་ཞབས་གཉིས་མཉམ་པའི་སྟབས་ཀྱིས་བཞེངས་པའི་སྐུ་ཅན་དུ་གྱུར་པར་དམིགས་ལ། ཨོཾ་ཁ་རྦཾ་ཛི་བི་མ་ལ་སེ་ཨུ་ཙུཥྨ་ཀྲོ་དྷི་ཧཱུཾ་ཕཊ། ཅེས་བརྒྱ་རྩ་ལ་སོགས་པ་ཇི་ལྟར་རིགས་པ་བཟླས་པའི་མཐར། བཅོམ་ལྡན་འདས་མ་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཉམས་གྲིབ་དང་མི་གཙང་བ་ཐམས་ཅད་ཞི་བ་དང་། མྱུར་དུ་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་པའི་གོ་འཕང་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །ཅེས་འདོད་པའི་དོན་ལ་གསོལ་བ་གདབ། མི་གཙང་བའི་ཉེས་པ་གང་
གིས་ཀྱང་མི་གོས་པའི་ངེས་ཤེས་བརྟན་པོ་བྱ། གལ་ཏེ་མཛེ་ཕོ་དང་། ཡུགས་ས་དང་། མི་གདོང་སོ་མ་དང་། དམ་ཉམས་དང་། ཚུལ་ཁྲིམས་འཆལ་བ་དང་། དམེ་ཅན་དང་། འཁོན་ཅན་ལ་སོགས་པ་དང་འགྲོགས་དགོས་པ་བྱུང་ན། སྐད་ཅིག་གིས་ལྷར་བསམས་ལ་བཟླས་བརྗོད་ཐུབ་བུར་བྱ་བའམ། མ་གྲུབ་ནའང་ཁྲོ་མོའི་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པར་བྱས་པས། ཉེས་པས་མི་གོས་པ་ནི་མྱོང་བས་གྲུབ་པ་ཡིན་ནོ། །བུམ་ཆོག་བྱེད་ན། སྟེགས་ཀྱི་ཁར་པདྨ་འདབ་མ་བརྒྱད་པའི་དབུས་སུ་བུམ་པ་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་དུང་ཆོས་གཟུངས་རྡོར་དང་བཅས་པའི་མདུན་དུ་ཟླུམ་གཏོར་དཀར་པོ་དང་། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། མཆོད་རྫས་རྣམས། ཨོཾ་ཨཿམྲྀ་ཏ་ཧཱུྃ་ཕཊ་ཀྱིས་བསང་སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་མཆོད་ཡོན། ཞབས་བསིལ། མེ་ཏོག །བདུག་སྤོས། མར་མེ། དྲི་མཆོག །ཞལ་ཟས། རོལ་མོ་རྣམས་དྭངས་ཤིང་ཐོགས་པ་མེད་པ་ནམ་མཁའི་མཐའ་ཀླས་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས་ཤཔྟའི་བར་དང་། དྷརྨཱ་ར་ཎི་ཏ་ལན་གསུམ་གྱིས་བྱིན་དབབ། སྐྱབས་འགྲོ་ནས་བདག་བསྐྱེད་
བཟླས་པ་འདོད་གསོལ་ཡན་གོང་ལྟར་མཐར། མདུན་གྱི་བུམ་པ། ཨམྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུཾ་ལས་རིན་པོ་ཆེའི་བུམ་པ་ཡངས་ཤིང་རྒྱ་ཆེ་བ། ལྟོ་བ་ལྡིར་བ། ཞབས་ཞུམ་པ། མགྲིན་པ་ཕྲ་བ། ཁ་གཡེལ་བ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་ཤིང་། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པ། ནང་ཆུ་དང་བཅུད་སྣ་ཚོགས་ཀྱིས་ཡོངས་སུ་གང་བའི་ནང་དུ་སྐད་ཅིག་གིས་མཁའ་འགྲོ་མ་སྨེ་བ་བརྩེགས་མ་ནས། སྐུ་ཅན་དུ་གྱུར་པར་བདག་བསྐྱེད་ལྟར་གསལ་བཏབ་ལ། ཨོཾ་ཨུ་ཙུཥྨ་ཀྲོ་དྷཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ་ནས་ཤཔྟའི་བར་དང་། དྷ་རྨཱ་ར་ཎི་ཏས་མཆོད། རྡོ་རྗེ་དྲིལ་བུ་འཛིན་པས། གང་གི་མཚན་ཙམ་དྲན་པས་ཀྱང་། །མི་མཐུན་དྲི་མ་ཀུན་སེལ་ཞིང་། །གཙང་དག་བདེ་ལ་འགོད་མཛད་པ། །མཁའ་འགྲོའི་དབང་མོ་ལ་ཕྱག་འཚལ། །ཞེས་པས་བསྟོད། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། སྔགས་ཀྱི་མཐར། ཨ་ཀཱ་རོ་བཏགས་པ་གསུམ་མམ་བདུན་གྱིས་ཕུལ། གོང་བཞིན་མཆོད་ཅིང་བསྟོད། བཅོམ་ལྡན་
འདས་མ་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མས་སོགས། བདག་བསྐྱེད་ཀྱི་མཇུག་གི་འདོད་གསོལ་སྦྱར། གཟུངས་ཐག་ལ་བཟུང་སྟེ། རང་གི་སྙིང་ག་ནས་སྔགས་ཀྱི་ཕྲེང་བ་གཟུངས་ཐག་ལ་ཞོན་ཏེ་བུམ་པའི་ནང་དུ་སོང་། བུམ་ནང་གི་ལྷ་ཡི་ཐུགས་ཀར་ཕོག །དེའི་སྐུ་ལས་བདུད་རྩིའི་རྒྱུན་བྱུང་བས་བུམ་པ་གང་བར་གྱུར་པར་བསམས་ལ། བཟླས་པ་ཅི་ནུས་དང་། མཐར། ༀ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་བཾ་རཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཞེས་པའང་ཅུང་ཟད་བཟླས་མཆོད་བསྟོད་འདོད་གསོལ་གོང་ལྟར་དང་། ཡིག་བརྒྱ་ལན་གསུམ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་ཨཱཿཧཱུཾ། མཆོད་ཡོན་ཕུལ་བའི་རྐྱེན་གྱིས་བུམ་ནང་གི་ལྷ་འོད་དུ་ཞུ་བ་ལས་བྱུང་བའི་བུམ་པའི་ཆུ་བདུད་རྩིར་གྱུར། ཅེས་བརྗོད་ཅིང་གཟུངས་ཐག་བསྡུ། ཁྲུས་ཆུ་རང་ཉིད་ཀྱིས་བཏུང་བ་དང་གནས་ཁང་ལ་གཏོར་བས་ཉམས་གྲིབ་མི་གཙང་བ་ཐམས་ཅད་སེལ་བའི་མཆོག་ཏུ་གསུངས་ཤིང་། གཞན་བཀྲུ་བྱབས་སྲུང་གསུམ་གྱིས་རྗེས་སུ་འཛིན་པར་འདོད་ན། བསྒྲུབ་བྱ་མདུན་དུ་འཁོད་པར། སྤྱོད་ཆས་རྣམས་ཕྱག་ལེན་བཞིན་བཤམས་ལ་གཏོར་མ་ཆབ་ཀྱིས་བྲན་ཏེ། སློབ་དཔོན་གྱིས། འོ་ཁྱེད་རང་རྣམས་ཀྱི་འགལ་རྐྱེན་ནད་གདོན་གྲིབ་དང་མི་གཙང་བ་
ཐམས་ཅད་ཞི་ཞིང་བསྲུང་བར་བྱ་བ་དང་། མཐུན་རྐྱེན་ཤིས་པའི་ལེགས་ཚོགས་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་བྱ་བའི་སླད་དུ་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མའི་ཁྲུས་ཀྱི་ཆོ་གའི་སྒོ་ནས་རྗེས་སུ་འཛིན་པ་ལའང་། གདོན་བགེགས་ལ་གཏོར་མ་སྦྱིན་པའི་སྒོ་ནས་སྦྱོང་བ་སོགས་བྱ་བ་དང་། བགེགས་ཞི་བའི་ཕྱིར་བཀྲུ་བྱབས་སྲུང་གསུམ་དང་། བདེན་པའི་སྟོབས་བརྗོད་པ་དང་། ཤིས་པར་བྱ་བ་རྣམས་སུ་ཡོད་པ་ལས། ཐོག་མར་གདོན་བགེགས་ལ་གཏོར་མ་སྦྱིན་པའི་སྒོ་ནས་སྦྱོང་བ་བྱས་པའི་མོས་པ་མཛོད། ལས་ཀྱི་རྡོ་རྗེས་བསྒྲུབ་བྱ་ལ་གཏོར་མ་གཡས་ཕྱོགས་སུ་བསྐོར་ཞིང་། རང་གི་ལག་པ་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། ཨོཾ་སརྦ་བིགྷྣཱན་ན་མཿསརྦ་ཏ་ཐཱ་ཁ་ཏ་ཞེས་སོགས་བརྗོད་དེ་སེ་གོལ་གྱི་སྒྲ་བྱ། དེ་ལྟ་བུ་ལན་གསུམ་བྱས་ལ་ཞི་བས་སྦྱང་། དེ་བཞིན་དུ་ཏིང་ལོ་དང་ཆངས་བུ་བསྐོར་བ་དང་བསྟུན་ལ་རྡོ་རྗེ་གསོར་ཞིང་རྩ་སྔགས་དང་སུམྦྷ་ལན་གསུམ་གྱི་མཐར། འདིར་རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞེས་བགྱི་བ་ལ་བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ཀྱི་རིགས་གང་ཡིན་པ་དེ་དག་ཐམས་ཅད་གཏོར་མ་ལམ་བརྔན། ཏིང་ལོ་ལམ་སྒྲོན། ཆངས་བུ་ལམ་བརྒྱགས་ཀྱི་ཚུལ་དུ་ཁྱེར་ལ་སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །ཅེས་ཞི་
དྲག་ཕྱེད་མས་སྦྱང་། སྤྲོ་ན་ཁྲོ་བོ་སྤྱན་འདྲེན་གདན་འབུལ་མཆོད་བསྟོད་རྣམས་བྱས་པའི་མཐར། ཧཱུྃ་མཛད་ཀྱི་ཕྱག་རྒྱ་བྱས་ལ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིག་སྔགས་ཀྱི་རྒྱལ་པོ་ཁྲོ་བོ་ཁྲོ་མོ་རྣམས་ཀྱི་བཀའ་བདེན་པ་དང་། བཅོམ་ལྡན་འདས་མ་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མའི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། དེང་འདིར་རྡོ་རྗེ་སློབ་མའམ་སྦྱིན་པའི་བདག་པོ་ཆེ་གེ་མོ་ཞེས་བགྱི་བ་ལ་བར་དུ་གཅོད་པར་རྩོམ་པའི་གདོན་བགེགས་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ལ་རྒྱུད་སྡེ་དང་མཐུན་པའི་སྦྱོང་བ་རྣམ་པར་དག་པ་བྱས་ཟིན་པ་དེས་མགུ་པར་གྱིས་ལ། སའི་ཕྱོགས་འདིར་མ་གནས་པར་གཞན་དུ་སོང་ཞིག །གང་དག་མི་འགྲོ་བ་དེ་དག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ལས་བྱུང་བའི་ཁྲོ་བོའི་རྡོ་རྗེ་འབར་ཞིང་རབ་ཏུ་འབར་བ་འདིས་ཁྱེད་རྣམས་ཀྱི་མགོ་བོ་ཚལ་པ་བརྒྱར་འགས་པར་འགྱུར་རོ། །ཞེས་དང་ལྷའི་ང་རྒྱལ་བརྟན་པོས་རྩ་སྔགས་དང་། སུམྦྷ་བཟླ་ཞིང་རོལ་མོ་དྲག་ཏུ་བྱ། གུ་གུལ་གྱིས་བདུག
ཡུངས་ཀར་གྱིས་བྲབས་ལ་གོང་དུ་ཁྲོ་བོ་སྤྱན་འདྲེན་བྱས་ན་སླར་ཡང་། འཇིགས་པའི་ཧཱུྃ་སྒྲ་ངེས་སྒྲོགས་ཤིང་སོགས་ཀྱི་མཐར། རྗེ་བཙུན་རྩ་བ་དང་ཞེས་སོགས་སྦྱར་བ་ལན་གཉིས་ཏེ་དྲག་པོའི་སྦྱོང་བ་ཟླ ལན་གསུམ་བྱ། གཉིས་པ་བགེགས་ཞི་བའི་ཕྱིར་བཀྲུ་བྱབས་སྲུང་གསུམ་ལས། ཐོག་མར་བཀྲུ་བའི་སླད་དུ་སློབ་དཔོན་གྱིས་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བར་ཐོགས་ཏེ་ཁྱེད་རང་རྣམས་ལ་ཁྲུས་བགྱིས་པ་ལ་བརྟེན་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་ནད་གདོན་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། ཇི་ལྟར་བལྟམས་པ་སོགས་དང་། འདི་ནི་ཁྲུས་མཆོག་སོགས་ཀྱི་མཐར། རྩ་སྔགས་དང་། སརྦ་པཱ་བེ་བྷྱཿཤཱནྟི་ཀུ་རུ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། སརྦ་བིགྷཱན༴ སརྦ་རོ་གེ། སརྦ་དུཥྚཱན༴ སརྦ་གྲ་ཧེ༴ སརྦ་ཛྭཱ་ར༴ སརྦ་བྱཱ་དྷི༴ སརྦ་ཨུ་པ་དྲ་བེ༴ སརྦ་ཨ་ཀཱ་ལ་མྲྀ་ཏྱུ༴ སརྦ་དུརསཔྣི༴ སརྦ་དུརྣི་མིཏྟེ༴ སརྦ་ཙིཏྟ་ཀུ་ལེ་བྷྱཿཤཱིནྟི་ཀུ་རུ་སྭཱ་ཧཱ། ཞེས་བརྗོད་ཅིང་བཀྲུའོ། །ཁར་ཆུ་ཅུང་ཟད་འཛིན་དུ་བཅུག་ལ། དེ་ནས་བྱབས་པའི་སླད་དུ་རྨ་བྱའི་མདོངས་ཀྱི་ཐིག་ལེའི་དབུས་སུ་ཉི་མ་ལ་གནས་པའི་ཧཱུྃ་ཡིག་མཐིང་ནག་གི་མཐར་སྔགས་ཕྲེང་དང་བཅས་པ་གསལ་བཏབ་ནས། སློབ་དཔོན་གྱིས་རྡོ་རྗེ་དང་
བཅས་པའི་སྒྲོས་བསྐོར་ཞིང་བྱབས་པ་དང་། སྔགས་ཕྲེང་ལས་འཕྲོས་པའི་འོད་ཟེར་གྱིས་བཀྲུས་པས་མ་དག་པའི་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་ལྷག་མ་མེད་པར་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་ལེན་པ་ལྟར་ཙེན་གྱིས་བླངས་ཏེ་ཕྱིར་དོར་བའི་མོས་པ་མཛོད། རྩ་སྔགས་མཐར། སརྦ་པཱ་པེ་བྷྱཿཨ་པ་ན་ཡེ་སྭཱ་ཧཱ། དེ་བཞིན་དུ་གཞན་རྣམས་ལའང་སྦྱར་ཏེ་བྱབས་ལ། ཁ་ཡི་ཆུ་ཕྱིར་འདོན། སླར་ཡང་བསྲུང་བར་བྱ་བའི་སླད་དུ། ཁྱེད་རང་རྣམས་ཀྱི་སྤྱི་བོ་ལ་སོགས་པའི་གནས་རྣམས་སུ་སློབ་དཔོན་གྱིས་རྡོ་རྗེས་རེག་པས། རྡོ་རྗེ་དེ་ལས་དེ་འདྲ་བའི་རིགས་ཅན་བསམ་གྱིས་ལམི་ཁྱབ་པ་བྱུང་སྟེ་ལུས་ལ་རྡོ་རྗེའི་གོ་ཁྲབ་བཞུ་ལུགས་སུ་གྱོན་ནས་ཕྱིན་ཆད་ནད་གདོན་ཉེར་འཚེ་གང་གིས་ཀྱང་མི་ཚུགས་པ་བསྲུང་བར་བྱས་པ་ཡིན་སྙམ་དུ་ཐུགས་མོས་མཛོད། །ཅེས་སློབ་མའི་སྤྱི་བོ་དང་། མདུན་རྒྱབ་གཉིས། དཔུང་པ་གཉིས། པུས་མོ་གཉིས་ཏེ་གནས་བདུན་དུ་རྡོ་རྗེས་རྒྱ་གྲམ་དུ་རེག་ལ་སྔགས་དང་། སརྦ་པཱ་བེ་བྷྱཿརཀྵ་རཀྵ། ཞེས་སོགས་སྦྱར་ལ་བསྲུང་། གསུམ་པ་བདེན་པའི་སྟོབས་བརྗོད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྤྱི་བོར་རྡོ་རྗེ་བཞག་སྟེ་བྱིན་གྱིས་བརླབ་པའི་མོས་པ་མཛོད། །སྔག་ཀྱི་མཐར། རྒྱལ་བ་སྲས་བཅས་བདེན་པའི་བྱིན་རླབས་དང་། །ཁྲོ་རྒྱལ་སྨེ་བ་
བརྩེགས་མའི་ནུས་མཐུ་ཡིས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པར་མ་བྱེད་ཅིག །བཞི་པ་ཤིས་པར་བྱ་བའི་སླད་དུ། མདུན་གྱི་ནམ་མཁར་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མ་ལ། གཞན་ཡང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བར་གསལ་བཏབ་ནས། སློབ་དཔོན་དང་ལྷན་ཅིག་ཏུ་མེ་ཏོག་གི་ཆར་འབེབས་ཤིང་བཀྲ་ཤིས་པའི་ཚིགས་སུ་བཅད་པས་ཀྱང་མངའ་གསོལ་བའི་ཐུགས་མོས་མཛོད། ཆེ་བའི་ཆེ་མཆོག་སོགས་ཤིས་བརྗོད་ཇི་ལྟར་རིགས་པར་བྱའོ། །རྗེས་གནང་བྱེད་ན། སྟེགས་ཀྱི་དབུས་སུ་མཎྜལ་ཚོམ་བུ་གཅིག་པ་དང་། ཟླུམ་གཏོར། ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་རྣམས་བཤམ། མཆོད་པ་བྱིན་རླབས་ནས་བདག་བསྐྱེད་བཟླས་པ་འདོད་གསོལ་ཡན་སྔར་ལྟར་ལས། ཚོམ་བུ་བསང་སྦྱང་། སྟོང་པའི་ངང་ལས་སྐད་ཅིག་གིས་མཁའ་འགྲོ་མ་སྨེ་བ་བརྩེགས་མ་ནས། སྐུ་ཅན་དུ་གྱུར་པར་བདག་བསྐྱེད་བཞིན་གསལ་བཏབ། མཆོད་བསྟོད་གཏོར་འབུལ་འདོད་གསོལ་རྣམས་བུམ་ཆོག་བཞིན་དང་། མདུན་བསྐྱེད་བརྟེན་བྱེད་ཀྱི་བཟླས་པ་ཅུང་ཟད་བྱ། དེ་ནས་སློབ་མ་རྣམས་ཁྲུས་བྱས་གྲལ་དུ་འཁོད་པར། མེ་ཏོག་བཀྱེ་བསྡུ་གྲུབ་རྗེས། སེམས་བསྐྱེད་གསལ་གདབ་སོགས་སྤྱི་འགྲེ་
དང་། མཚམས་སྦྱོར་གྱི་ཁྱད་པར། འདིར་གྲུ་སྤང་རྩེ་བ་རྡོ་རྗེ་སེང་གེ་ལ། ཡེ་ཤེས་ཀྱི་མཁའ་འགྲོ་སེང་གེའི་གདོང་པ་ཅན་གྱིས་དངོས་སུ་གནང་བའི་ཁྲོ་མོའི་རྒྱལ་མོ་སྨེ་བ་བརྩེགས་མའི་རྗེས་སུ་གནང་བ་ཟབ་མོ་སྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་རྣམས་གྲུབ་ནས་སོགས་སྐྱེས་ལ་མཎྜལ་འབུལ། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །སོགས་ཀྱིས་གསོལ་བ་གདབ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སོགས་རྒྱུན་བཤགས་བྱ། གཞི་དགོད་ལ་ཡེ་ཤེས་པ་སྤྱན་དྲངས་ནས་བསྟིམ། རྗེས་སུ་བཟླས་པའི་ལུང་གི་སྐབས། སློབ་དཔོན་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས། སྔགས་ཕྲེང་གཉིས་པ་ཆད་ནས་སློབ་མའི་ཞལ་དུ་ཞུགས་པར་བསམ་པ་ཙམ་མ་གཏོགས། གཞན་དམ་བཅའ་བའི་ལུང་། བྱིན་གྱིས་བརླབ་པའི་ལུང་རྣམས་ཡིན་སྒྲུབ་ཐབས་བརྒྱ་རྩ་ལྟར་བྱ། དམ་ཚིག་ཁས་བླང་། གཏང་རག་གི་མཎྜལ། ལུས་ལོངས་སྤྱོད་འབུལ་བ། དགེ་བ་བསྔོ་བ་རྣམས་བྱས་ལ་སློབ་མ་རང་གནས་སུ་བཏང་། སློབ་དཔོན་གྱིས་མཆོད་པ་བསང་སྦྱང་བྱིན་གྱིས་བརླབ། མཆོད་བསྟོད། གསོལ་བ་གདབ། ལྷག་ཆད་ཁ་བསྐང་། བཟོད་པར་གསོལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྡུ། གནས་གསུམ་བསྲུང་། དགེ་བ་
བསྔོ་ཞིང་ཤིས་པ་བརྗོད་པ་རྣམས་སྤྱི་ལྟར་བྱའོ། །རྗེས་གནང་དང་འབྲེལ་བར་ཁྲུས་ཆོག་བྱེད་ན། མདུན་བསྐྱེད་ཀྱི་མཆོད་བསྟོད་ཚར་བའི་རྗེས་སུ། གོང་དུ་བཤད་པའི་བུམ་ཆོག་བྱས་ལ། རྗེས་གནང་གི་བྱིན་གྱིས་བརླབ་པའི་ལུང་ཡན་ཆད་གྲུབ་རྗེས་དེས་རྗེས་གནང་གི་དངོས་གཞི་ལེགས་པར་གྲུབ་ནས། མཐའ་རྟེན་དུ་གདོན་བགེགས་ལ་གཏོར་མ་སྦྱིན་པའི་སྒོ་ནས་སྦྱོང་བ་སོགས་བྱ་བ་དང་། ཞེས་སོགས་དཀྱུས་ལྟར་བརྗོད་པར་བྱ། དེས་རྗེས་གནང་གི་དངོས་གཞི་མཐའ་རྟེན་དང་བཅས་པ་ལེགས་པར་གྲུབ་ནས། གནས་སྐབས་དེ་དག་ཏུ་སོགས་དཀྱུས་ལྟར་རོ། །ཡང་འདིའི་སྒོ་ནས་གྲིབ་སེལ་བྱ་བར་འདོད་ན། སྲོད་ཀྱི་དུས་ལ་བབས་པའི་ཚེ། ཁྲུས་ཆོག་དང་འབྲེལ་བར་བྱེད་ན་གོང་དུ་བཤད་པ་བཞིན་བུམ་པ་དང་མཆོད་གཏོར་སོགས་བཤམ། གང་ལྟར་ཡང་ཉེ་ལོགས་ཅི་རིགས་པར། ནད་པའི་ཟན་ལྷག་ལ་དྲི་མ་བསྲེས་ཤིང་ཁ་སྣའི་དབུགས་ཀྱིས་བདུག་པར་གླུད་ལྔ་བཅོས་ཏེ། ལྕགས་དང་མཁར་བ་མ་ཡིན་པའི་སྣོད་དུ་བཞག །གླུད་རེ་རེ་ལ་ཐེབ་ཀྱུ་དང་། ཆངས་བུ་གསུམ་རེ། རིལ་བུ་ཉེར་གཅིག་རེ་བླུགས་ནད་པའི་ཁ་གདོང་བཤལ་བའི་ཆུ་ཐིགས་ཉེར་གཅིག་གིས་བྲན། སྐྱེས་པ་ཡིན་ན་ཐུ་བ་གཡས་དང་། བུད་མེད་ཡིན་ན་ཐུ་བ་གཡོན་པའི་དུམ་བུས་བརྒྱན་ཏེ་བཞག་གོ །དེ་ནས་
སློབ་དཔོན་གྱིས་བདག་བསྐྱེད་དང་། བུམ་པ་བསྒྲུབ་པ་གོང་བཞིན་གྲུབ་རྗེས། ནད་པའི་མདུན་དུ་གདན་ནག་པོའི་ཁར་གླུད་རྣམས་དབུས་དང་ཕྱོགས་བཞིར་ནད་པ་ལ་ཁ་ཕྱོགས་ཏེ་བཀོད་ལ། ཁྲུས་ཆོག་དང་འབྲེལ་བའི་ཚེ། འོ། ཁྱེད་རང་རྣམས་ཀྱི་སོགས་ཁྲུས་ཆོག་ལྟར་ལ། སྨེ་བ་བརྩེགས་མའི་གྲིབ་སེལ་གྱི་ཆོ་ག་ཟབ་མོའི་སྒོ་ནས་རྗེས་སུ་འཛིན་པ་ལའང་། སྦྱོར་དངོས་རྗེས་གསུམ་ལས། སྦྱོར་བའི་རིམ་པ་ལ། ཐོག་མར་བཀྲུ་བའི་སླད་དུ་སོགས་དཀྱུས་ལྟར། བྱབས་པའི་སླད་དུ་སོགས་ནས། ཕྱིར་དོར་བ་གྲིབ་གླུད་རྣམས་ལ་ཐིམ་པའི་མོས་པ་མཛོད། བྱབས་སྔགས་བརྗོད། ཁྲུས་ཁུ་གླུད་རྣམས་ཀྱི་ནང་དུ་བླུགས། དེ་ནས་གྲིབ་སེལ་གྱི་དངོས་གཞི་གྲིབ་བདག་མ་མོ་མཁའ་འགྲོ་རྣམས་ལ་གླུད་དང་གཏོར་མ་སྦྱིན་པའི་སྒོ་ནས་ཕྱིར་བསྐྲད་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ་གླུད་གཏོར་རྣམས་ལ་ཆབ་ཀྱིས་བྲན་ཏེ། སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབ་པ་ནི། ཐལ་མོ་ཁོང་སྟོང་སྙིང་གར་སྦྱར་བ་ཆོས་ཉིད་རྣམ་དག་གི་རྒྱས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོཉ་ཧཾ། ཞེས་ལན་གསུམ་བརྗོད་པས། རྫས་རྣམས་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དུ་གྱུར། ཐལ་མོ་ཁོང་སྟོང་སོར་རྩེ་སྤྲད་པ་ཚིགས་ཐུར་བཅག་ནས་སྨིན་མཚམས་སུ་བཞག་པ་ནམ་མཁའ་མཛོད་ཀྱི་
རྒྱས། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱཿབི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུངྒ་ཏེ་སྥར་ཎ་ཨི་མཾ་ག་ག་ན་ཁྃ་སྭཱ་ཧཱ། འདོད་པའི་ཡོན་ཏན་ལྔ་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཐལ་མོ་སྦྱར་བ་ཕྱིར་བསྐྱེད་ལྷམཐེ་བོང་གཉིས་བསྣོལ་ཏེ་ཁའི་ཐད་ཀར་འཇོག་པ་བདུད་རྩི་ཐལ་སྦྱོར་གྱི་རྒྱས། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ། ཡོ་བྱད་ཐམས་ཅད་བདུད་རྩིའི་རྒྱ་མཚོར་གྱུར། གཡས་རྡོ་རྗེ་ཁུ་ཚུར་བཅངས་པའི་མཛུབ་མོ་བསྒྲེང་། གཡོན་ས་གནོན་བྱ་བརྒྱ་ཆེན་ཤུགས་ལྡན་གྱི་རྒྱས། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཡོ་བྱད་ཐམས་ཅད་སོ་སོའི་བསམ་པ་དང་མཐུན་པར་གྱུར། །གཡས་རྡོ་རྗེ་ཁུ་ཚུར་སྙིང་གར་བཅང་། གཡོན་མཆོག་སྦྱིན་གྱིས་སྣོད་འདེགས་ཚུལ་ཡེ་ཤེས་སྐར་མདའི་རྒྱས། ཨོཾ་ཛྙཱ་ན་ཨ་ཝ་ལོ་ཀི་ཏེ་ན་མཿས་མནྟ་སྤར་ཎ་རསྨི་བྷ་ཝ་ས་མ་ཡ་མ་ཧཱ་མ་ཎི་དུ་རུ་དུ་རུ་ཧྲི་ད་ཡ་ཛྭ་ལ་ནི་ཧཱུྃ། ཡོ་བྱད་ལ་མགྲོན་རྣམས་འཐབ་རྩོད་མེད་པར་ལོངས་སྤྱོད་པར་གྱུར། ལག་གཉིས་སོར་མོ་ནང་དུ་བསྣོལ་བའི་མཁྲིག་མ་སྦྱར་མཐེ་བོང་གཉིས་གཤིབས་ཏེ་བསྒྲེངས་པ་སྤྱི་བོར་འཇོག་པ་དབང་སྒྱུར་འཁོར་ལོའི་རྒྱས། ན་མཿས་མནྟ་བུདྡྷཱ་ནཾ་གྲ་ཧེ་ཤཱ་རི་པྲ་བྷཉྫཏི་མ་ཧཱ་ས་མ་ཡ་སྭཱ་ཧཱ། མགྲོན་རྣམས་ཐམས་ཅད་བདག་གི་དབང་དུ་འདུས་པར་གྱུར་པར་བསམ་ཞིང་སྔགས་རྣམས་ལན་གསུམ་
བརྗོད་ཅིང་ཕྱག་རྒྱ་འགྲོལ་བ་ན་སེ་གོལ་བྱའོ། །ན་མོ། བདག་གི་བསམ་པའི་སྟོབས་དང་ནི། །དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་། །ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས། །དོན་རྣམས་གང་དག་བསམས་པ་ཀུན། །དེ་དག་ཐམས་ཅད་ཅི་རིགས་པ། །ཐོགས་པ་མེད་པར་འབྱུང་གྱུར་ཅིག །ཅེས་བདེན་པའི་སྟོབས་བརྗོད། རྡོ་རྗེ་དྲིལ་བུ་འཛིན་པས་ཧཱུྃ་མཛད་ཀྱི་ཕྱག་རྒྱ་དང་བཅས་ཏིང་ངེ་འཛིན་གྱི་ང་རྒྱལ་བརྟན་པོས། རྗེ་བཙུན་རྩ་བ་དང་སོགས་ནས། བདེན་པ་ཆེན་པོའི་བྱིན་གྱི་རླབས་ཀྱིས་དེང་འདིར་རྡོ་རྗེ་སློབ་མའམ། སྦྱིན་པའི་བདག་པོ་འདི་ཉིད་ཀྱི་ལུས་ངག་ཡིད་གསུམ་ལ་བར་དུ་གཅོད་པར་རྩོམ་པའི་གྲིབ་བདག་མ་མོ་མཁའ་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་ཞི་བའི་སེམས་དང་ལྡན་པས་གླུད་གཏོར་ལེན་པའི་སླད་དུ་འདིར་མཆིས་པར་གྱུར་ཅིག །ཊཱ་ཀི་ཧཱུྃ་ཛཿ ཛཿཧཱུྃ་བྃ་ཧོཿ ལན་གསུམ་གྱིས་བཀུག་པས་མགྲོན་རྣམས་མདུན་དུ་འཁོད་པར་བསམས་ལ། གླུད་གཏོར་བསྔོ་བ་ནི། ཧཱུྃ། ཤར་གྱི་ཕྱོགས་ནས་གྲིབ་སེལ་མ། སྐུ་མདོག་མུན་ལྟར་ནག་མོ་ལ། །དར་ནག་གོ་ཟུ་ཞ་ལ་ལ། །ཆིབས་སུ་གྲིབ་རྟ་ནག་པོ་ཆིབས། །རོལ་དུ་གྲིབ་ཁྱི་ནག་པོ་ཁྲིད། །ཀླད་ལ་གྲིབ་བྱ་ནག་པོ་ལྡིང་། །ཕྱག་ན་གྲིབ་མདུང་ནག་པོ་བསྣམས། །དབུ་ལ་གྲིབ་ཐོད་ནག་པོ་བཅིངས། །གྲིབ་
ལེན་མང་པོའི་འཁོར་དང་བཅས། །དོ་ནུབ་གྲིབ་འདི་ལེན་པར་མཛོད། །དོ་ནུབ་ནད་འདི་ལེན་པར་མཛོད། །དོ་ནུབ་རིམས་འདི་ལེན་པར་མཛོད། །དོ་ནུབ་ཡམས་འདི་ལེན་པར་མཛོད། །གྲིབ་བདག་ཆེན་མོ་གྲིབ་ལོངས་ཤིག །ནད་བདག་ཆེན་མོ་ནད་ལོངས་ཤིག །རིམ་བདག་ཆེན་མོ་རིམས་ལོངས་ཤིག །ཡམས་བདག་ཆེན་མོ་ཡམས་ལོངས་ཤིག །ཅེས་དང་། ལག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱ་བཅས། ན་མསྶ་མནྟ་བུདྡྷ་ནཱཾ། ན་མསྶརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུྃ། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། བྃ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་བ་རཾ་ཤུདྡྷེ་ཤུདྡྷེ། ཨ་ཨ་ཨ་སྭཱ་ཧཱ། ཞེས་རེ་རེའི་མཐར་སེ་གོལ་གཏོགས་པ་དང་བཅས་ལན་བདུན་གྱིས་བསྔོས་ནས། གྲིབ་རྫས་ལས་གྲུབ་པའི་གླུད་གཏོར་གྲིབ་བདག་རྣམས་གང་འདོད་པའི་ཡོན་ཏན་དང་ལྡན་པ་འདིས། ཤར་ཕྱོགས་ཀྱི་གྲིབ་བདག་མ་མོ་མཁའ་འགྲོ་ཐམས་ཅད་ཚིམས་ནས། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པ་གྲིབ་ཀྱི་གནོད་པ་ལས་གྲོལ་བར་གྱུར་ཅིག །ཅེས་བདེན་སྟོབས་བརྗོད་ལ། ཤར་གྱི་གླུད་ཁ་ཕྱིར་བསྒྱུར། དེ་བཞིན་དུ། ཧཱུྃ། ལྷོ་ཡི་ཕྱོགས་ནས་གྲིབ་སེལ་མ། །སྐུ་མདོག་མུན་ལྟར་ནག་མོ་ལ། །སོགས་གོང་བཞིན་བདེན་སྟོབས་བརྗོད་པའི་བར་དང་། དེས་རིགས་འགྲེ་བས། ཧཱུྃ། ནུབ་
ཀྱི་ཕྱོགས་ནས་སོགས་དང་། ཧཱུྃ། བྱང་གི་ཕྱོགས་ནས་སོགས་དང་། ཧཱུྃ། དབུས་ཀྱི་ཕྱོགས་ནས་སོགས་གོང་བཞིན་སྦྱར། དེ་ནས་གླུད་ཐམས་ཅད་སྣོད་གཅིག་ཏུ་བྱས་ལ། ཁ་ཕྱིར་བསྒྱུར། །ཧཱུྃ༔ ད་ནི་གཤེགས་སོ་ཤ་ར་ར། །ད་ནི་བཞུད་དོ་སི་ལི་ལི། །འཁོར་བཅས་དགྱེས་པའི་གར་དང་བཅས། །རང་གི་གནས་དང་རྟེན་ལ་གཤེགས། །ཞེས་པས་ཕྱོགས་སོ་སོར་བསྐྱལ་བ་དང་ལྷན་ཅིག །རྗེ་བཙུན་རྩ་བ་དང་སོགས་ནས། གྲིབ་བདག་མ་མོ་མཁའ་འགྲོའི་རིགས་སུ་གྱུར་པ་ཐམས་ཅད་གླུད་གཏོར་རྒྱ་ཆེན་པོ་བྱིན་པ་འདིས་ཚིམས་པར་གྱིས་ལ་སོ་སོ་རང་རང་གི་གནས་སུ་བདེ་བར་དེངས་ཤིག །གང་དག་མི་འགྲོ་བ་དེ་དག་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་དཀྱུས་ལྟར་སྦྱར་ལ། རྩ་སྔགས་དང་། སུམྦྷ་བཟླ་ཞིང་བསྐྲད། རོལ་མོ་བྱ། གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། དེས་གྲིབ་སེལ་གྱི་དངོས་གཞི་གྲུབ་ནས། རྗེས་ཀྱི་རིམ་པ་ལ་བསྲུང་བར་བྱ་བའི་སླད་དུ་སོགས་དང་། དེ་ནས་བདེན་པའི་སྟོབས་བརྗོད་པའི་སླད་དུ་སོགས་དང་། སླར་ཡང་ཤིས་པར་བྱ་བའི་སླད་དུ་སོགས་སྦྱར་ལ་དཀྱུས་ལྟར་བྱའོ། །གྲིབ་སེལ་རྐྱང་པ་བྱེད་ན། བདག་བསྐྱེད་སྔོན་དུ་འགྲོ་བས། གླུད་གཏོར་བྱིན་གྱིས་བརླབ་པ་ནས། ཕྱིར་བསྐྲད་པའི་བར་གོང་བཞིན་ལ། སླར་ཡང་
སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཅིས་ཀྱང་མི་ཆོད་མི་ཤིག་པར་གྱུར་པའི་མོས་པ་མཛོད། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ལན་གསུམ་གྱིས་བརྟན་པར་བྱ་ཞིང་། ཤིས་པ་བརྗོད། བསྡུ་ན། མགྲོན་སོ་སོར་སྔགས་ཀྱིས་བསྔོ་བ་དང་བདེན་བརྗོད་བཞག་ནས། ཚིགས་བཅད་རྣམས་རྐྱང་པས་གླུད་གཏོར་བསྔོས་པའི་མཐར། ཧཱུྃ། ད་ནི་གཤེགས་སོ་ཞེས་སོགས་སྦྱར་བས་ཀྱང་རུང་ངོ་། །འདི་ནི་གྲུབ་པའི་སློབ་དཔོན་ཆེན་པོ་ཨོ་རྒྱན་པ་རིན་ཆེན་དཔལ་ལ་མཁའ་འགྲོ་མ་འགྲོ་བ་བཟང་མོས་ཕུལ་པའི་མཁའ་འགྲོ་གྲིབ་སེལ་གྱི་གདམ་ངག་ཅེས་གྲུབ་མཐའ་ཀུན་ལ་ཡོངས་སུ་གྲགས་ཤིང་། བྱ་སླ་ཞིང་ཚེགས་ཆུང་ལ་མྱོང་བས་གྲུབ་པ་སྟེ། ཁྲོ་བོ་སྨེ་བརྩེགས་སོགས་ལའང་སྦྱར་དུ་རུང་ཞིང་། སྐབས་འགའ་ཞིག་ཏུ་རྗེས་གནང་དང་འབྲེལ་བར་བྱེད་ན། གྲིབ་སེལ་གྱི་སྦྱོར་དངོས་རྗེས་གསུམ་ཚང་བར་སྔོན་དུ་བཏང་ནས། རྗེས་གནང་དཀྱུས་བཞིན་དུ་བྱ་བ་ཕྱག་ལེན་ནོ། །གཞན་ཡང་ལས་ཕྲན་ཚེགས་ལ། འཕྲལ་དུ་གྲིབ་སེལ་གྱི་བུམ་སྒྲུབ་བསྡུས་པ་ནི། བདག་བསྐྱེད་སྔོན་དུ་འགྲོ་བས། བུམ་པའམ་སྣོད་གཙང་མར་སྲོག་ཆགས་མེད་པའི་ཆུ་གཙང་
མ་ལ་བུམ་རྫས་ཡོད་དམ་མེད་ཀྱང་རུང་སྟེ། ཆུ་ཡི་སྟེང་དུ་ཟླ་བ་ལ་གནས་པའི་ཧཱུྃ་ཡིག་མཐིང་ནག་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། །མདུན་གྱི་སྔགས་ཕྲེང་ལ་ཕོག །དེ་ལས་བདུད་རྩིའི་རྒྱུན་བབས་པས་སྣོད་གང་བར་བསམས་ལ། སྔགས་བརྒྱའམ་ཉེར་གཅིག་བཟླས་མཐར། སྔགས་ཕྲེང་གདན་དང་བཅས་པ་ཆུ་ལ་ཐིམ་པས་བདུད་རྩིའི་རང་བཞིན་དུ་གྱུར་པར་མོས་ནས། རང་གི་ཁོང་དུ་བཏང་བ་དང་ཁྲུས་བྱས་ན་གྲིབ་དང་མི་གཙང་བས་མི་ཚུགས་ཤིང་། ཟས་གོས་གནས་མལ་གྲིབ་ཅན་སོགས་ལའང་སྔགས་ཆུ་གཏོར་བས་ཐུབ་ངེས་སོ། །གཞན་རྗེས་སུ་འཛིན་ན། གོང་གི་བདུད་རྩིའི་རང་བཞིན་དུ་གྱུར། ཅེས་པའི་མཚམས། དེས་ཁྱེད་རང་རྣམས་ལ་ཁྲུས་བགྱིས་པ་ལ་བརྟེན་ནས་ནད་གདོན་སྡིག་སྒྲིབ་གྲིབ་དང་མི་གཙང་བ་ཐམས་ཅད་བྱང་ཞིང་དག་པའི་མོས་པ་མཛོད། ཅེས་བརྡ་སྦྱར་ལ། རྩ་སྔགས། ལས་སྔགས། སྤེལ་ཚིག་དང་བཅས་པས་བཀྲུ་ཞིང་ཤིས་པ་བརྗོད་དོ། །སྔགས་མཆིལ་གྱིས་གྲིབ་སེལ་བ་ནི། ཁ་ཟས་གྲིབ་ཅན་སོགས་ལ་ལོངས་སྤྱོད་དགོས་པ་བྱུང་ན། བདག་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས། གྲིབ་ཅན་དེའི་སྟེང་དུ་རཾ་དམར་པོ་མེ་ཡི་རང་བཞིན་ཅན་གཅིག་བསམས་ལ། སྔགས་ཉེར་གཅིག་བཟླས་པའི་
མཆིལ་མ་ཐུ་ཐུ་ཞེས་གཏོར་བས། ར་ལས་མེ་འབར་བས་ཉེས་སྐྱོན་ཐམས་ཅད་བསྲེག་པར་བསམས་ལ་ལོངས་སྤྱོད་དོ། །ཆུ་མིག་དང་། རྫིང་བུ་དང་། ཁྲོན་པ་དང་། ཆུ་ར་སོགས་ཀྱི་ནང་དུ། རྡོ་ལ་ཁྲོ་མོའི་སྐུ་དང་། རྒྱབ་ཏུ་རྩ་སྔགས། ལས་སྔགས། འདོད་གསོལ་དང་བཅས་པ་བརྐོས་པར་བསྐྱེད་བསྟིམ་བརྟན་བཞུགས་ཚུལ་བཞིན་དུ་བྱས་ན། ཆུ་དེ་ལ་ལོངས་སྤྱོད་པ་ཐམས་ཅད་ཀྱི་གྲིབ་སེལ་ལོ། །ནད་ཀྱི་རིགས་གང་ལའང་སྔགས་ཆུ་བླུད་པའམ། སྔགས་མཆིལ་བཏབ་པ་དང་། ཁྱད་པར་ཆུ་འགགས་ལ་མར་དང་། གླ་རྩི། མ་ཞུ་བ་དང་། སྤོས་པ་ལ་ལན་ཚྭ་བརྔོས་པ་དང་། ལོ་བརྒྱད་དྲི་ཆུ། རིམས་ལ་དྲི་ཆུ་བར་པ་རྣམས་ལ་སྔགས་བརྒྱ་རྩ་བཏབ་ནས་བཏང་བས་སེལ་ཞིང་། གྲིབ་ལས་བྱུང་བའི་ཐུ་ཐོར་དང་། སྐྲངས་འབུར་སོགས་ལའང་སྔགས་བཟླས་པའི་མཆིལ་མ་བུལ་ཏོག་དང་ས་ཚི་ཅན་ལ་བཏབ་ནས་བྱུགས་པས་ཕན་ནོ། །གདོན་གྱི་རིགས་དང་། སྨྱོ་འབོག་དང་། གྲིབ་གཟེར་སོགས་ལ། གུ་གུལ་ནག་པོ། ཤུ་དག་ནག་པོ། བོང་ང་ནག་པོ། ཡུངས་ཀར། ཤ་ཆེན་རྣམས་ལ་སྔགས་ནས་བདུག་པས་འཕྲལ་དུ་ཞི་བར་འགྱུར་ཞིང་། ཡང་ནད་གདོན་གྲིབ་རིགས་སྤྱི་ལ། གནས་ཆེན་ལྟ་བུར་སྐྱེས་པའི་ཤུག་པ། པལ་བུ། མཁན་དཀར་རྣམས་གཙོ་བོར་གྱུར་པའི་དྲི་ཞིམ་གྱི་
སྨན་ཤིང་སྣ་ཚོགས་པ་ལོ་མ་རྒྱས་པའི་དུས་སུ་བཏུས་ལ་གྲིབ་སྐམ་བྱ། དེའི་སྟེང་དུ་སྔར་བཤད་པ་ལྟར་ཟླ་དཀྱིལ་སྔགས་ཕྲེང་སོགས་བཀོད་ནས་འོད་ཟེར་སྤྲོ་བསྡུ་དང་བཅས་བཟླས་པ་མང་དུ་བྱས་པའི་དུད་པས་བདུག་ན་ཤིན་ཏུ་ཕན་ཞིང་། ལུག་ནག་པོའི་སོག་པ་གཡས་པའི་བལ་སྐུད་ལ་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་པ་སྐད་ཅིག་གིས་ལྷར་བསྐྱེད་ཅིང་། བཟླས་པའི་མཐར་མདུད་པ་ལ་བསྟིམས་ནས་མགུལ་དུ་བཏགས་ན་སྲུང་པའི་མཆོག་ཏུ་འགྱུར་རོ། །གྲིབ་རིགས་ཚབ་ཆེན་ལ་སྦྱོང་ཁྲུས་དང་གྲིབ་སེལ་ཡང་ཡང་བྱས་པའི་མཐར། ཤུག་པ་སོགས་སྨན་ཤིང་སྣ་ཚོགས་ཀྱི་མེ་ལ། མཁའ་འགྲོ་མ་སྨེ་བརྩེགས་སྐད་ཅིག་གིས་བསྐྱེད། ནད་པའི་སྐྲ་སེན་སོགས་དང་སྦྱར་བའི་ཏིལ་ནག་པོ་གྲིབ་དང་མི་གཙང་བའི་ངོ་བོར་མོས་ལ། བདུད་རྩིར་བྱིན་གྱིས་བརླབས་ཏེ་རྩ་སྔགས་ཀྱིས་ལན་བརྒྱ་རྩ་སོགས་འབུལ། མཐར་ཡི་དམ་གྱི་ལྷ་མེ་འབར་བའི་རྣམ་པར་གྱུར་པ་ལ་བསྒྲུབ་བྱས་ལན་བདུན་འགོང་པས་གྲིབ་དང་མི་གཙང་བ་ཐམས་ཅད་ལྷག་མེད་དུ་ཚིག་པར་བསམ། གྲིབ་སྲུང་གི་འཁོར་ལོ་རྒྱས་པར་གཞན་ནས་འབྱུང་བ་ལྟར་རམ། བསྡུ་ན། ཤོག་བུ་ལ་ཙཀྲ་མུ་ཁྱུད་ལྔ་པའི་ལྟེ་བར་ཧཱུྃ། མུ་ཁྱུད་དང་པོ་ལ་རྩ་སྔགས་དང་། གཉིས་པར་ལས་སྔགས། གསུམ་པར་ཨཱ་ལི། བཞི་པར་ཀཱ་ལི། ལྔ་
པར་རྟེན་འབྲེལ་སྙིང་པོ་རྣམས་ཀྱི་མཐར། འཆང་བ་པོ་ལ་གྲིབ་དང་མི་གཙང་བ་ཐམས་ཅད་རཀྵ་རཀྵ ཞེས་སྦྱར་བ་བྲིས་པའི་ཕྱི་རོལ་ཏུ་མེ་རིས་བསྐོར། རབ་གནས་སྤྱི་ལྟར་བྱས་ལ། ཤེལ་ཟུར་མ་ཉམས་པ། བྱ་རྒོད་ཀྱི་སྡེར་མོ། གྲུམ་པའི་སྤུ་དང་བཅས་པ་རྣམས་བཅུག་ལ་ཚོན་སྐུད་སྣ་ལྔས་བཅིང་། དར་དམར་པོས་དྲིལ་ཏེ་མགུལ་དུ་དྲོད་དང་མ་བྲལ་བར་བཅང་ངོ་། །དེ་ཡང་སྤྱིར་སྙིགས་མའི་དུས་འདིར་གྲིབ་ཀྱི་རིགས་ཐ་དད་པ་མང་པོ་དང་། ལྷག་པར་མ་མོ་མཁའ་འགྲོ་ཁྲོས་པའི་གྲིབ་ཡམས་ཐབས་སུ་འགོ་བའི་རིམས་དང་། དམ་ཚིག་ཉམས་པའི་གྲིབ་ཀྱིས་འདི་ཕྱིའི་བདེ་ལེགས་ཐམས་ཅད་འགྲིབ་པ་སོགས་ཀྱི་གཉེན་པོར་གྲིབ་སེལ་གྱི་རིགས་མཐའ་ཀླས་པ་ཞིག་གསུངས་པའི་ནང་ནས། ཁྲོ་མོ་སྨེ་བརྩེགས་འདི་ཉིད་གསར་རྙིང་གི་གདམས་པ་ཟུང་དུ་འབྲེལ་ཞིང་། བྱ་སླ་ཚེགས་ཆུང་ཕན་ཡོན་ཆེ་བར་མྱོང་བས་གྲུབ་པའི་ཕྱིར། རང་གཞན་ཀུན་ལ་སྨན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ། ཉེར་མཁོའི་གདམ་ངག་འགའ་ཞིག་ཕྱོགས་གཅིག་ཏུ་བསྡེབས་པ་འདི་ཡང་། རིག་འཛིན་གྱི་བཙུན་པ་མཉྫགྷོ་ཥས་སྦྱར་བའི་དགེ་བས་འགྲོ་ཀུན་མི་མཐུན་པའི་རྒུད་པ་ཐམས་ཅད་ཉེ་བར་ཞི་བའི་རྒྱུར་གྱུར་ཅིག། །།
ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་གྲུབ་པའི་ཟིལ་དངར།
༈ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་སྒྲུབ་ཐབས་རྗེས་གནང་ལས་ཚོགས་དང་བཅས་པ་གྲུབ་པའི་ཟིལ་དངར་ཞེས་བྱ་བ་བཞུགས་སོ།། ཞྭ་ལོ་ལུགས། ཨོཾ་སྭ་སྟི། ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་དང་། །དབྱེར་མེད་བླ་མ་ལ་བཏུད་ནས། །དེ་ཡི་སྒྲུབ་ཐབས་རྗེས་གནང་དང་། །ལས་ཀྱི་རིམ་པ་ཅུང་ཟད་དབྱེ། །འདི་ལ་གསུམ། སྒྲུབ་པའི་ཐབས། རྗེས་སུ་གནང་བའི་ཆོ་ག །ལས་ཀྱི་རིམ་པའོ། །དང་པོ་ནི། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས། སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རང་ཉིད་ཁྲོ་བོ་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་པས་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་དབྱུག་པ་དང་། གཡོན་པས་སྡིགས་མཛུབ་ལ་དཀྲིས་པའི་ཞགས་པ་བསྣམས་པ། ཀླུ་ཆེན་པོ་བརྒྱད་ཀྱིས་བརྒྱན་ཅིང་སྟག་གི་པགས་པའི་ཤམ་ཐབས་དང་། དར་སྔོན་པོའི་སྟོད་གཡོགས་དར་དཔྱངས་དང་བཅས་པའི་རིན་པོ་ཆེའི་རྩེ་བྲན་ཅན། དབུ་སྐྲ་དང་སྨིན་མ་དང་སྨ་ར་དམར་སེར་གྱེན་དུ་འབར་བ། པདྨ་དང་ཉི་མའི་གདན་ལ་ཞབས་གཡས་བརྐྱང་གཡོན་བསྐུམ་པ་མེ་ཕུང་འབར་བའི་སྐུར་གྱུར། དེའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སྤྱན་དྲངས། བཛྲ་ས་མཱ་
ཛཿཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས། རིགས་ལྔ་འཁོར་བཅས་སྤྱན་དྲངས། ཨོཾ་བཛྲ་ཨརྒྱུ་སོགས་ཀྱིས་མཆོད། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏུ་མཱི། ཞེས་གསོལ་བ་བཏབ་པས་རིགས་ལྔ་འཁོར་བཅས་ཀྱིས་བདུད་རྩིའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར་བའི་ཆུ་རྒྱུན་གྱིས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་གྱེན་དུ་འཁྱིལ་བ་ལས་བཅོམ་ལྡན་འདས་མི་བསྐྱོད་པས་དབུར་བརྒྱན་པར་གྱུར། དེའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུ་ཡིག་གི་མཐར་སྔགས་ཀྱི་ཡིག་འབྲུ་མརྒད་ཀྱི་ཕྲེང་བ་ལྟ་བུས་བསྐོར་བ། དེ་ལས་འོད་ཟེར་འཕྲོས། ལུས་ཐམས་ཅད་ཁྱབ། ནད་གདོན་སྡིག་སྒྲིབ་ཐམས་ཅད་བསལ། གནོད་བྱེད་ཀྱི་གདུག་རྩུབ་ཐམས་ཅད་ཞི་ནས་གུས་ཤིང་འདུད་པ་དང་། རང་ཉིད་མཐུ་སྟོབས་རབ་ཏུ་རྒྱས་ཤིང་ཡོན་ཏན་ཕྲིན་ལས་མཐའ་དག་འགྲུབ་པར་གྱུར། ཅེས་བརྗོད་ཅིང་བསམས་ལ་དྲན་པ་མངོན་དུ་བཞག་སྟེ། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་སྙིང་པོ་གཙོ་བོར་བཟླ་ཞིང་། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་ལས་སྔགས་ཀྱང་ཅི་རིགས་པར་བཟླ། སྤྲོ་ན་རྩ་སྔགས་སམ་སྔགས་རིང་དུ་གྲགས་པའང་ཅུང་ཟད་བཟླའོ། །ཐུན་འཇོག་པ་
ན། བཅོམ་ལྡན་འདས་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་ལ་གསོལ་བ་གདབ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ལ་བསྔོ་སྨོན་ཤིས་བརྗོད་སྤྱི་ལྟར་བྱ། བསྙེན་པ་བྱེད་ན། དེ་ལྟ་བུའི་རིམ་པས་ཐུན་བཞིར་བཅད་ལ་སྙིང་པོ་འབུམ་ཕྲག་བཞི། ལས་སྔགས་འབུམ་ཕྲག་གཅིག །སྤྲོ་ཞིང་ནུས་ན་སྔགས་རིང་ཡང་ཇི་ལྟར་རིགས་པ་བཟླའོ། །གཉིས་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། སྟེགས་བུའི་དབུས་སུ་མཎྜ་ལར་སྐུ་བརྙན་ནམ་མེ་ཏོག་གི་ཚོམ་བུ་གཅིག་དགོད། དེའི་གཡས་སུ་རྣམ་བུམ་དང་། གཡོན་དུ་ལས་བུམ་བཅུད་ལྡན། མདུན་དུ་འབུལ་གཏོར། མཐར་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད། ཉེ་ལོགས་སུ་སྔོན་གཏོར་སོགས་འདུ་བྱ། གཉིས་པ་ནི། སྔོན་གཏོར་ཨམྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱངས། ཨ་ཀཱ་རོས་བརླབ། རང་སྐད་ཅིག་གིས་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་གསལ་བའི་ཐུགས་ཀའི་ས་བོན་གྱི་འོད་ཀྱིས་ཕྱོགས་སྐྱོང་དང་གཞི་བདག་རྣམས་སྤྱན་དྲངས་པར་བསམས་ལ། ཨོཾ་ད་ཤ་དི་ཀ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་ཧྱེ་ཧིས་སྤྱན་དྲངས། པདྨ་ཀ་མ་ལཱ་ཡ་སྟྭཾ་གྱིས་གདན་དབུལ། གོང་གི་སྔགས་མཐར་ཨརྒྷཾ་སོགས་བཏགས་པས་མཆོད་པ་
དང་། ན་མཿསྶརྦ་ཏ་ཐཱ་ག་ཏ་བྷྱོ་བིཤྭ་སོགས་བཏགས་པ་ལན་གསུམ་གྱིས་གཏོར་མ་དབུལ། གང་ཡང་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོ་སྡེ་བརྒྱད་སོགས། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཡིད་ལ་འདོད་པ་ཀུན་འགྲུབ་མཛོད། །ཅེས་པའི་བར་གྱིས་ཕྲིན་ལས་བཅོལ། གང་དག་གསང་སྔགས་ཀྱི་ཆོ་ག་མཐོང་བ་དང་ཐོས་པར་མི་དབང་བ་རྣམས་ཀྱང་གཏོར་མ་འདིས་ཚིམ་པར་གྱིས་ལ་རང་གནས་སུ་དེངས་ཤིག །གལ་ཏེ་མི་འགྲོ་ན་རབ་ཏུ་འབར་བའི་ཡེ་ཤེས་ཀྱི་རྡོ་རྗེས་མགོ་བོ་འགེམས་པར་བྱེད་དོ། །ཞེས་དང་། ཨ་མྲྀ་ཏའི་མཐར་སུམྦྷ་སོགས་སྦྲེལ། རོལ་མོ་དང་བཅས་གཏོར་མ་ཕྱིར་དོར། རང་གི་སྙིང་ག་ནས་སྤྲོས་པའི་ཁྲོ་ཚོགས་དུ་མས་བགེགས་རྣམས་ཕྱིར་བསྐྲད། ཁྲོ་བོ་རྣམས་རང་ཉིད་ལ་ཐིམ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ལས་བྱུང་བའི་རྡོ་རྗེའི་ས་གཞི་ར་བ་དྲྭ་བ་གུར་བླ་བྲེ་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་བ་དང་བཅས་པའི་སྲུང་བའི་འཁོར་ལོ་ཡངས་ཤིང་རྒྱ་ཆེ་བ་ཀུན་ནས་བརྟན་པར་གྱུར་པར་བསམས་ལ། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་བརྗོད། མཆོད་པ་རྣམས་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ཡིག་ལས། །རིན་ཆེན་སྣོད་ཀྱི་ནང་དུ་ནི། །ཧཱུྃ་ལས་མཆོད་ཡོན་ཞབས་བསིལ་དང་། །མེ་
ཏོག་བདུག་སྤོས་སྣང་གསལ་དང་། །དྲི་མཆོག་ཞལ་ཟས་རོལ་མོ་སོགས། །མཆོད་རྫས་བསམ་མི་ཁྱབ་པར་གྱུར། །ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ་ནས། ཤཔྟའི་བར་སྦྱར་བས་བརླབ། སྐྱབས་སེམས་ནས་བཟླས་པ་གསོལ་གདབ་བར་གྱི་བདག་བསྐྱེད་སྔོན་དུ་འགྲོ་བས། ཚོམ་བུ་བསང་སྦྱངས། སྟོང་པའི་ངང་ལས་མདུན་དུ་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་ཞེས་སོགས་ནས། མི་བསྐྱོད་པས་དབུར་བརྒྱན་པར་གྱུར་ཅེས་པའི་བར་བདག་བསྐྱེད་བཞིན་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥིཉྩ་ཏྟ་མཱཾ་ཞེས་པའི་ཚབ་ཏུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་འདི་ལ་མངོན་པར་དབང་བསྐུར་བ་སྩལ་དུ་གསོལ། །ཞེས་སྦྱར། མདུན་བསྐྱེད་ཀྱི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཡིག་འབྲུ་མརྒད་ཀྱི་ཕྲེང་བ་ལྟ་བུས་བསྐོར་བ་ལས་འོད་ཟེར་འཕྲོས་པས་ལས་ཐམས་ཅད་གྲུབ་པར་གྱུར་པའི་མོས་པས་བཟླས་པ་ཅི་རིགས་མཐར་གསོལ་བ་གདབ། སྤྲོ་ན་ཚིགས་བཅད་ཇི་ལྟར་རིགས་པ་དང་སྤེལ་བའམ། གང་ལྟར་ཡང་། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཨནྡྷཾ་ནས། ཤཔྟ་པྲ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་མཆོད། བཅོམ་ལྡན་བདུད་རྩིའི་ཐལ་མོ་ལེགས་སྦྱར་བས། །བྱང་སེམས་སྤྱི་བོར་གཤེགས་པའི་མཐུ་སྟོབས་ཀྱིས། །བདུད་བཞི་རྩད་ནས་གཅོད་པའི་དགྲ་ཐབས་མཁན། །བཅོམ་ལྡན་ཁྲོ་བོ་ཆེན་པོར་
ཕྱག་འཚལ་བསྟོད། །ཅེས་བསྟོད། རྣམ་བུམ་བསང་སྦྱངས། སྟོང་པའི་ངང་ལས་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བྷྲཱུ་ལས་རིན་པོ་ཆེའི་བུམ་པ་ལྟོ་བ་ལྡིར་བ། མགྲིན་པ་རིང་བ། ཁ་ཡངས་པ། ཞབས་ཞུམ་པ། མཆུ་འཕྱང་བ། ལྷ་རྫས་ཀྱི་གོས་ཀྱིས་མགུལ་པ་བཅིངས་པ། དཔག་བསམ་གྱི་ཤིང་གིས་ཁ་བརྒྱན་པཾ། ནང་ཆུ་དང་བཅུད་ཀྱིས་གང་བའི་དབུས་སུ་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་སོགས་ནས། དབུར་བརྒྱན་པར་གྱུར་ཅེས་པའི་བར་མདུན་བསྐྱེད་ལྟར་གསལ་གདབ། མཆོད་བསྟོད་བྱ། བཟླས་པ་ནི། བུམ་ལྷའི་ཐུགས་ཀར་ཉི་མ་ལ་ཧཱུཾ་གི་མཐར་སྔགས་ཀྱིས་བསྐོར་བ། རང་གི་ཐུགས་ཀ་ནས་སྔགས་ཕྲེང་བྱུང་། ཞལ་ནས་ཐོན། གཟུངས་ཐག་ལ་འཁྲིལ་ཏེ་བུམ་པའི་ལྷའི་ཐུགས་ཀར་ཐིམ་པས་ཐུགས་སྲོག་སྔགས་ཕྲེང་དང་བཅས་པ་ལས་འོད་ཟེར་འཕྲོས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། བདུད་རྩི་འཁྱིལ་བའི་གོ་འཕང་ལ་བཀོད། དེ་བཞིན་གཤེགས་པ་རྣམས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བསྡུས་ཏེ་བུམ་པའི་ལྷའི་ཐུགས་ཀར་ཐིམ། སྔགས་ཕྲེང་དང་སྐུའི་ཆ་རྣམས་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་གྱུར། ཅེས་བརྗོད་ཅིང་བསམས་ལ་བཟླས་པ་ཅི་རིགས་པའི་རྗེས། བུམ་ལྷ་བདུད་རྩིར་ཞུ་བ་
བུམ་པའི་ཆུར་གྱུར་པར་བསམ། ལས་བུམ་བསང་སྦྱངས། སྟོང་པའི་ངང་ལས་ལས་བུམ་གྱི་ནང་དུ་པད་ཉི་ལ་ཧཱུྃ་ལས་བདུད་རྩི་འཁྱིལ་བ་སྐུ་མདོག་ལྗང་སྔོན་གཡས་རྡོ་རྗེའི་དབྱུག་པ་དང་། གཡོན་སྡིགས་མཛུབ་མཛད་པ། ཁྲོ་བོའི་ཆས་ཐམས་ཅད་དང་ལྡན་པའི་ཐུགས་ཀར་ཧཱུྃ་གི་མཐར་སྔགས་ཀྱིས་བསྐོར་བར་གྱུར་པར་མོས་ཏེ། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཕཊ། ཅུང་ཟད་བཟླ། ཁྲོ་བོ་ཁྱེད་ཀྱིས་བགེགས་བཟློག་པར་མཛོད་ཅིག་ཅེས་གསོལ་བས་ལས་ཀྱི་ལྷ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པར་བསམ། གཏོར་མ་བསང་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་ཡིད་དུ་འོང་བའི་ནང་དུ་ཨོཾ་ཨཱཿཧཱུྃ་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བརླབ། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ་ཨི་དཾ་བ་ལི་རྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་དབུལ། མཆོད་ཅིང་བསྟོད། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ནས། ཀུན་འགྲུབ་མཛོད་བར་གྱིས་གསོལ་བ་གདབ་པ་རྣམས་སློབ་དཔོན་གྱི་བྱ་བའོ། །སློབ་མ་ལ་བྱ་བ་ནི། ལས་བུམ་གྱི་ཆུ་དང་། ཇི་ལྟར་བལྟམས་པ་སོགས་ཀྱིས་ཁྲུས་བྱས་
གྲལ་ལ་འཁོད། སྔོན་གཏོར་གཏོང་། སྲུང་འཁོར་བསྒོམ། མེ་ཏོག་བཀྱེ་བསྡུ་གྲུབ་ནས། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་རྗེས་སུ་གནང་བ་ཟབ་མོ་ཞུ་སྙམ་པ་ཀུན་སློང་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་དང་། ཆོས་གསན་པའི་ཀུན་ཏུ་སྤྱོད་པ་རྣམས་ཀྱང་ལེགས་པར་གསལ་བཏབ་སྟེ་གསན་འཚལ། དེ་ལ་འདིར་གང་གསན་པར་བྱ་བའི་ཆོས་ནི། རྡོ་རྗེའི་རིགས་ཀྱི་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་འདི་ཉིད་རྒྱུད་སྡེ་ཆེན་པོ་བཞི་ཀ་ནས་ལས་ཀྱི་ལྷ་ཁྱད་པར་ཅན་དུ་གསུངས་ཤིང་། འདིའི་སྔགས་ཟློ་བ་པོའི་ལྟ་སྟངས་ཀྱིས་གཟིར་བའམ། སྔགས་ཆུས་འཐོར་བ་ཙམ་གྱིས་ཀྱང་གདོན་དང་། བགེགས་དང་། ལོག་པར་འདྲེན་པ་རྣམས་ཕྱོགས་སུ་ཉེ་མི་ནུས་པས་མཚོན་བྱིན་རླབས་དང་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་ལའང་སྒྲུབ་ཐབས་དང་མན་ངག་གི་བཀའ་སྲོལ་ཅི་རིགས་པར་མཆིས་པ་ལས། འདིར་པཎ་གྲུབ་དབང་པོ་འཇིགས་མེད་འབྱུང་གནས་སྦས་པ་ནས་ཉེ་བར་བརྒྱུད་ཅིང་། གངས་ཅན་གྱི་ལྗོངས་འདིར་དཔལ་ཆེན་པོ་རྒ་ལོ་ཙཱ་བས་སྣང་བར་མཛད་པའི་རྗེས་གནང་ཟབ་མོ་གསན་པའི་ཡོན་དུ་མཎྜལ་འབུལ་འཚལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་
ཐམས་ཅད་དང་། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་བདུད་རྩི་འཁྱིལ་བ་ཡི། །རྗེས་སུ་གནང་བ་སྩལ་དུ་གསོལ། །རྒྱུད་དག་པར་བྱ་བའི་སླད་དུ་བླ་མ་དང་ཡི་དམ་དབྱེར་མེད་པའི་སྤྱན་སྔར་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ལན་གསུམ། དེ་ནས་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད། ལས་བུམ་གྱི་ཆུས་བསང་སྦྱངས། སྟོང་པའི་ངང་ལས་ཁྱེད་རང་རྣམས་སྐད་ཅིག་གིས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་སོགས་ནས། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་ཀྱིས་མཚན་པར་བསྒོམ་མཛོད། མདུན་བསྐྱེད་ཀྱི་རྟེན་འདི་ཉིད་ཀྱང་བསྒྲུབས་ཟིན་པ་ལྟར་ཁྲོ་བོ་བདུད་རྩི་འཁྱིལ་བ་སོགས་ནས། ཧཱུྃ་སྔོན་པོས་མཚན་པ་དང་། སློབ་དཔོན་ཀྱང་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་དངོས་སུ་གསལ་བ་ལ་མོས་འདུན་དྲག་པོ་བྱས་པས་སློབ་དཔོན་དང་མདུན་བསྐྱེད་ཀྱི་སྐུའི་གནས་ཐམས་ཅད་ནས་འོད་ཟེར་ཁ་དོག་སྣ་ཚོགས་དང་མེའི་ཚྭ་ཚྭ་ལྟ་བུ་འཕྲོས་པས་ལུས་ལ་གནོད་བྱེད་ཐམས་ཅད་ཚར་བཅད། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་ལྷ་ཚོགས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་
ཀྱིས་བསྐོར་བ་དཔག་ཏུ་མེད་པ་སྤྱན་དྲངས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་། ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པར་གྱུར་ཅིང་ཡེ་ཤེས་པ་ཕེབས་བྱུང་སྙམ་པ་གྱིས་ལ་སེམས་མ་བཅོས་པ་རང་བབས་སུ་འཇོག་མཛོད། སྔགས་མཐར་ཨཱ་བེ་ཤ་ཡ་ཨཿཨཿབཏགས་པ་མང་དུ་བརྗོད་ཅིང་སྤྲོས་རོལ་བྱ། སྤྱི་བོར་རྡོ་རྗེ་བཞག་ལ་ཏིཥྛ་བཛྲ་ཞེས་བརྗོད་པས་བརྟན་པར་བྱས་པའི་མོས་པ་མཛོད། དེས་རྗེས་གནང་གི་གཞི་དགོད་པའི་རིམ་པ་སོང་ནས། དངོས་གཞི་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཞུ་བའི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་སློབ་དཔོན་གྱིས། །བདག་ལ་བདུད་རྩི་འཁྱིལ་བ་ཡི། །སྐུ་གསུང་ཐུགས་ཀྱི་རྗེས་གནང་སྩོལ། །དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་མདུན་བསྐྱེད་ཁྱེད་རང་རྣམས་ལྷར་གསལ་བ་དང་བཅས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས། དབང་གི་ལྷ་ནམ་མཁའ་གང་བར་སྤྱན་དྲངས་པ་རྣམས་ཀྱིས་བུམ་པ་བདུད་རྩིས་གང་བ་ཐོགས་ཏེ་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་སྤྱི་བོར་བཞག་ཅིང་། ཇི་ལྟར་བལྟམས་པ་སོགས་ནས། བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་
ཧཱུྃ། བུམ་ཆུ་སྦྱིན། ཞེས་པས་དབང་བསྐུར་བས་སྐུ་གང་། དྲི་མ་དག །ཆུའི་ལྷག་མ་ཡར་ལུད་པ་ལས་རིགས་ཀྱི་བདག་པོ་མི་བསྐྱོད་པས་དབུར་བརྒྱན། དབང་གི་ལྷ་རྣམས་ཀྱང་དེ་ཉིད་ལ་ཐིམ་པའི་མོས་པ་མཛོད། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་མཆོད། དེས་ཁྱེད་རང་རྣམས་ཀྱིས་ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ལུས་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་གྱི་གནོད་པ་གྲིབ་དང་མི་གཙང་བ་དུས་མ་ཡིན་པར་འཆི་བའི་འཇིགས་པ་ལ་སོགས་པ་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། སྐུའི་བྱིན་རླབས་ཞུགས། ལུས་ཀྱི་སྒོ་ནས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་སྐུ་བསྒོམ་པ་ལ་དབང་། འབྲས་བུ་མཚན་དཔེས་བརྒྱན་པའི་སྤྲུལ་པའི་སྐུ་འགྲུབ་པར་འགྱུར་པ་ནི་སྐུའི་རྗེས་གནང་ངོ་། །གསུང་གི་རྗེས་གནང་ནི། མདུན་བསྐྱེད་དང་སློབ་དཔོན་གཉིས་ཀ་བདུད་རྩི་འཁྱིལ་པར་གསལ་བའི་ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་སྔགས་ཕྲེང་གཉིས་པ་ཞིག་ཆད། ཁྱེད་རང་རྣམས་བདུད་རྩི་འཁྱིལ་བར་གསལ་བའི་ཞལ་དུ་ཞུགས། ཐུགས་ཀར་ཉི་མ་ལ་ཧཱུྃ་གི་མཐར་འཁོད་པར་བསྒོམས་ལ་སྔགས་འདིའི་རྗེས་ཟློས་མཛོད་ཅེས་བརྡ་སྦྱར་ལ། སྔགས་ལན་གསུམ་བཟླར་གཞུག །དེ་ནས་ཁྱེད་
རང་རྣམས་ཀྱིས་སློབ་དཔོན་ལ་མེ་ཏོག་གི་ཕྲེང་བ་རེ་ཕུལ་བར་བསམས་ལ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་བདག་གིས་གཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །གསུམ། །སླར་ཡང་སྔགས་ཕྲེང་དེ་ཉིད་མེ་ཏོག་གི་ཕྲེང་བར་བྱས་ནས་སྤྱི་བོར་བཅིངས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རིག་པ་འཛིན་པ་འདི་རྣམས་ཀྱི་རྒྱུད་ལ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་འཇུག་པར་གྱུར་ཅིག །ཅེས་བརྗོད་ཅིང་མེ་ཏོག་འཐོར། དེས་ཁྱེད་རང་རྣམས་ཀྱིས་ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དག །ངག་ལ་གནོད་ཅིང་པོའི་འཚེ་བའི་འགལ་རྐྱེན་ཞི། གསུང་གི་བྱིན་རླབས་ཞུགས། ངག་གི་སྒོ་ནས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་སྔགས་བཟླ་བ་ལ་དབང་། འབྲས་བུ་ཚངས་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ལོངས་སྤྱོད་རྫོགས་པའི་སྐུ་འགྲུབ་པར་འགྱུར་བ་ནི་གསུང་གི་རྗེས་གནང་ངོ་། །ཐུགས་ཀྱི་རྗེས་གནང་ནི། སློབ་དཔོན་བདུད་རྩི་འཁྱིལ་བར་གསལ་བའི་ཐུགས་ཀ་ནས་འོད་འཕྲོས། མདུན་བསྐྱེད་ཀྱི་
ཐུགས་ཀར་ཕོག །དེའི་ཐུགས་ཀ་ནས་ཐུགས་ཕྱག་མཚན་རྡོ་རྗེ་རྒྱ་གྲམ་གྱིས་མཚན་པའི་དབྱུག་པ་དང་། རྡོ་རྗེའི་ཞགས་པའི་ཚོགས་དུ་མ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་ཐུགས་ཀྱི་དངོས་གྲུབ་ཐོབ་སྙམ་པ་གྱིས་ལ་ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་འཇོག་མཛོད། སྐུའམ་ཚོམ་བུ་སློབ་མའི་སྤྱི་བོར་བཞག་ལ། སྔགས་མཐར་བཛྲ་ས་མ་ཡ་སྟྭཾ་ཞེས་བརྗོད། དེས་ཁྱེད་རང་རྣམས་ཀྱིས་ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་མ་རིག་པ་བག་ཆགས་དང་བཅས་འདག །ཡིད་ལ་གནོད་ཅིང་འཚེ་བའི་འགལ་རྐྱེན་ནད་གདོན་བགེགས་དང་སྡིག་སྒྲིབ་བར་ཆད་འབྱུང་པོ་མི་དང་མི་མ་ཡིན་པའི་གནོད་པ། གྲིབ་དང་མི་གཙང་བ། མ་རིག་པ། མི་ཤེས་པ་དང་གཏི་མུག་ལ་སོགས་པའི་མི་མཐུན་པའི་རྐྱེན་ཐམས་ཅད་ཞི། ཐུགས་ཀྱི་བྱིན་རླབས་ཞུགས། ཡིད་ཀྱི་སྒོ་ནས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་མཁྱེན་བརྩེ་ནུས་པ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཆོས་ཀྱི་སྐུ་འགྲུབ་པར་འགྱུར་བ་ནི་ཐུགས་ཀྱི་རྗེས་གནང་ངོ་། །དེ་ལྟ་བུའི་རྗེས་གནང་ཐོབ་ནས་དམ་ཚིག་ལ་གནས་ཤིང་འདི་ཉིད་ཡི་དམ་དུ་འཛིན་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། གཏང་རག་གི་སླད་དུ་
མཎྜལ་དབུལ། ལུས་ལོངས་སྤྱོད་དྲུག་ཆ་འབུལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས། དེས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་རྗེས་གནང་ཐོབ་པ་ཡིན་པས། དེའི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །ཅེས་དང་། བསོད་ནམས་འདི་ཡིས་སོགས་བསྔོ་སྨོན་བྱ་བ་ནས་སློབ་མ་རྣམས་རང་གནས་སུ་གཏོང་ངོ་། །འདི་ནི་རྗེས་གནང་གཅིག་ཤེས་ཀུན་གྲོལ་གྱི་ཕྱག་ལེན་འབྲིང་པོ་ལྟར་བྲིས་པ་ཡིན་ལ། །རྒྱས་པར་སྤྲོ་ན་ལྷ་ཞི་དྲག་གི་ཁྱད་པར་ཅུང་ཟད་མ་གཏོགས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་གསུང་རབ་སྒྲོལ་དཀར་གྱི་ཆོ་ག་ཟླ་བའི་འདོད་འཇོའི་རྗེས་གནང་ལ་ལྷ་སྔགས་ཁ་བསྒྱུར་པས་གྲུབ་པ་ཡིན་ནོ། །གསུམ་པ་ནི། མཆོད་པ་ཞལ་གསོས་བསང་སྦྱངས་བྱིན་རླབས་སྔོན་དུ་འགྲོ་བས་གཏང་རག་གི་མཆོད་བསྟོད་བྱ། ཡིག་བརྒྱ་ལན་གསུམ་དང་། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཤགས། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་བཛྲ་མུས་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། རང་གི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་གིས་མཚན་པར་མོས་ལ་བསྔོ་སྨོན་ཤིས་བརྗོད་བྱ། ལས་ཀྱི་རྗེས་མི་མངོན་པར་བསྡུའོ། །གསུམ་པ་ལས་ཚོགས་མདོ་ཙམ་བརྗོད་ན། རིལ་བུ་སྔགས་མདུད་འཁོར་ལོ་དང་། །སྦྱིན་སྲེག་ཁྲུས་ཀྱི་ཆོ་ག་སྟེ། །ལས་
ཀྱི་རིམ་པ་རྣམ་ལྔ་ཡིས། །རང་གཞན་ཕན་བདེ་བསྒྲུབ་པར་བྱ། །ཞེས་པ་ལྟར་ལས། དང་པོ་ལ་གཉིས། སྒྲུབ་པ་དང་། ལས་ལ་སྦྱར་བའོ། །དང་པོ་ནི། འབྱུང་པོ་གདུག་པ་ཅན་རྣམས་ཀྱི་ཡིད་དང་། སྦྱོར་བ་དང་། མཐོང་བ་དང་། ཁ་རླངས་དང་། རེག་པའི་དུག་ལྔ་ཡོད་པའི་གཉེན་པོར། མུ་ཟི་ནག་པོ། གླ་རྩི་ཟོལ་མེད། ཤུ་དག་ནག་པོ། རྨ་བྱའི་མདོངས། གུ་གུལ་ནག་པོའོ། །དེ་ལྟ་བུའི་རྫས་ལ་ཡི་དྭགས་ཕྲ་མོའི་ཚོགས་ཀྱིས་དྲི་རོའི་ནུས་པ་བརྐུ་བའི་གེགས་འཕྲོག་པའི་རྫས་ནི། ཤིང་ཀུན། རྟ་བོན་པ། རྭ་གཞོབ། དྲི་ཆེན། དྲི་ཆུའོ། །རྫས་དེ་ལ་གཉེན་པོ་དང་རིག་སྔགས་གཞན་གྱི་གནོད་པ་ཟློག་པའི་རྫས་ནི། བཙན་དུག །རྒྱ་ཁྱི་རྒྱ་བོའི་བྲུན་གྱི་རྩེ་མོར་དཀར་པོ་འབྱུང་བ་དེའོ། །ཚིལ། ཤ་ཆེན། ཚིལ་ཆེན། སྤྱང་བྲུན་ལྔ། དེ་ལྟར་རྫས་བཅོ་ལྔ་པོ་དེ་རྣམས་རྡོ་གཞོང་དུ་པདྨ་འདབ་བཞི་དབུས་དང་ལྔར། དབུས་སུ་མུ་ཟིན་ནག་པོ། བཙན་དུག །དྲི་ཆུ་གསུམ། ཤར་གྱི་འདབ་མར་གླ་རྩི། དྲི་ཆེན། རྒྱ་ཚིལ། ལྷོའི་འདབ་མར་གུ་གུལ། རྭ་གཞོབ། སྤྱང་བྲུན། །ནུབ་ཀྱི་འདབ་མར་རྨ་བྱའི་སྒྲོ། རྟ་བོན་པ། ཚིལ་ཆེན། བྱང་གི་འདབ་མར་ཤུ་དག །ཤིང་ཀུན། ཤ་ཆེན་རྣམས་བཀོད་པའི་མཐར་མཆོད་པས་བསྐོར། བྱང་ཆུབ་སེམས་གཉིས་སྒོ་དུ་མ་ནས་ཡིད་ལ་
བྱས་ཏེ་མཆོད་པ་བྱིན་རླབས་དང་། སྐྱབས་སེམས་ཚད་མེད་བཞི་བསྒོམ་པ་སྔོན་དུ་འགྲོ་བས་བདག་བསྐྱེད་གོང་ལྟར་གསལ་གདབ། བཟླས་པའི་སྐབས། རང་གི་ཐུགས་ཀར་ཉི་མ་ཁ་སྦྱོར་གྱི་དབུས་སུ་ཡི་གེ་མོ་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། སྤྱིར་སེམས་ཅན་ཐམས་ཅད་དང་། ཁྱད་པར་སེམས་ཅན་གདུག་པ་ཅན་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བའི་གོ་འཕང་ལ་བཀོད་པར་གྱུར་བའི་མོས་པས། ཨོཾ་བཛྲ་ཨམྲྀ་ཏ་ཀུཎྜ་ལི་ཧཱུྃ་ཕཊ། ཅེས་སྙིང་པོ་ཅི་ནུས་སུ་བཟླ། བྱེ་བྲག་ཏུ་སྔགས་ཀྱི་ཡི་གེ་དེ་རྣམས་མགར་གྱི་སོལ་མེ་ལྟར་འབར་བ་ལས་ཁྲོ་བོ་བཅུ་མི་མོར་གནས་པའི་རིག་སྔགས་འབྲུ་དྲུག་པར་གྱུར་པ་མདུན་གྱི་སྨན་རྣམས་ཀྱི་ངོ་བོར་བཞུགས་པར་བསྒོམས་ཏེ། ཨོཾ་དཱ་ན་རི་ཧཱུྃ་ཛཿ ཞེས་ལས་སྔགས་ཀྱང་བཟླས་པས་ལེགས་པར་བསྔགས། ཐུན་བསྡུ་བ་ན་བདག་བསྐྱེད་དང་རྫས་ལྷ་སྔགས་ཀྱི་ངོ་བོར་གྱུར་པ་ལ་མཆོད་བསྟོད་དང་། བསྔོ་སྨོན་ཤིས་བརྗོད་སོགས་བྱས་ཏེ་རྫས་རྣམས་ཕྱོགས་གཅིག་ཏུ་བསྡུས་ལ་ཞིབ་ཏུ་འཐགས། རིལ་བུར་དྲིལ། འདི་དག་གི་སྐབས་སུའང་རྫས་རྣམས་ངོ་བོ་ལྷ་ལ་རྣམ་པ་ཡེ་ཤེས་ཀྱི་མེ་འབར་བར་བསྒོམ། དེ་ནས་རིལ་བུ་རིན་པོ་ཆེའི་སྣོད་དུ་བླུག །མཆོད་པ་བཤམ། བདག་བསྐྱེད་བཟླས་པ་བཅས་གོང་
ལྟར་དང་། རིལ་བུ་ལྷ་དང་སྔགས་ཀྱི་ངོ་བོ་ཡེ་ཤེས་ཀྱི་མེ་འབར་བའི་ནམ་པར་གྱུར་པས་དྲི་རོ་སྒྲ་ཚོར་བའི་གནས་སུའང་ཕྱོགས་སྐྱོང་བཅུ་སོགས་འབྱུང་པོ་རྣམས་ཀྱིས་གླགས་མི་རྙེད་པར་ཡེ་ཤེས་ཀྱི་མེས་སྲེག་པའི་ནུས་པ་ཅན་དུ་གྱུར་པར་མོས་ཏེ་སྙིང་པོ་དང་། ལས་སྔགས་བཟླ། ཐུན་བསྡུ་བའི་ཚེ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་རྣམས་སྤྲོས་ཏེ་བདག་ཉིད་དང་རིལ་བུ་ལྷའི་ངོ་བོར་གནས་པ་ལ་མཆོད་པར་མོས་ཏེ་མཆོད་བསྟོད་དང་། འདོད་དོན་གསོལ། བསྔོ་སྨོན་ཤིས་བརྗོད་བྱ། དེ་ལྟར་ཞག་བདུན་ཕྲག་གཅིག་གམ། གཉིས་སམ། གསུམ་དུ་ཁྲུས་དང་གཙང་སྦྲ་ལ་གནས་པས་ལེགས་པར་བསྒྲུབས་ཟིན་པ་ན་རིལ་བུ་དེ་དར་སྣ་ལྔས་དྲིལ་ཏེ། རིན་ཆེན་བཟང་པོ་ལྔ་དང་། ནོར་བུ་འོད་འཕྲོ་བ་དང་ལྷན་ཅིག་ཏུ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་ལྷན་དུ་བཞུགས་སུ་གསོལ་བར་བྱའོ། །གཉིས་པ་ལས་ལ་སྦྱར་བ་ནི། འདི་ཉིད་སྨན་གཞན་དང་མ་འདྲེས་པར་བྱས་ཏེ་འབྲས་སོགས་ལ་སྲབ་མཐུག་བྱ་སྒྲོ་ཙམ་དུ་བྱུགས་ན་རེག་པས་གྲོལ་བ་དང་། དྲི་ཆུས་རིལ་བུ་བྱས་ནས་ཡུངས་ཀར་ཙམ་ལྟོ་སྟོང་ལ་བཏང་ན་སྟེང་གདོན་དང་འོག་གདོན་དང་འགོ་ནད་ཐམས་ཅད་ཐུབ་པ་དང་། སྲིའུ་གསོན་མི་ལྤགས་ཀྱིས་གཏུམས་ཏེ་མ་བུ་གཉིས་ཀའི་མགུལ་དུ་བཅངས་ན་འཚེ་བ་ཐམས་ཅད་ལས་
གྲོལ་བ་དང་། ལུས་ཀྱི་བུ་ག་དགུར་དགེ་སློང་རྣམ་དག་གི་བདུད་རྩི་དང་སྦྱར་ཏེ་མ་ཆག་པར་བྱུགས་ན་བྱད་གཏད་ཕར་ལ་བྱས་པ་ཚུར་ལ་མི་ལྡོག་པ་དང་། གཞན་གྱི་བྱད་གཏད་ཕུར་ཁ་རྣམས་ཀྱང་བཟློག་པར་འབྱུང་ཞིང་། རྫས་འདི་དག་གི་ཁར་གཟའ་དུག །རུ་སྦལ་ཁོག་པ། ཕག་རྒོད་མཆེ་བ་རྣམས་དང་བསྲེས་ཏེ་བཏང་ན་སྟེང་འོག་གི་གདོན་ཐམས་ཅད་ཐུབ་ཅིང་། གྱང་རོལ་རྙིང་པ་དང་ཤ་བོ་རུ་རྟའི་ཕྱེ་མ་དང་སྦྱར་ཏེ་ཆུ་གྲང་གིས་ཕུལ་ཏེ་བཏང་ན་ཐོག་དང་བརྒྱལ་ཐབས་ལྟ་བུས་ཁ་ལྐུག་པའང་བྱེ་བར་འགྱུར་རོ། །སྨན་འདི་དག་དང་། བཟང་དྲུག །གུ་གུལ་དཀར་ནག །རྒྱ་སྤོས། ཙནྡན་དཀར་པོ། ཨ་ག་རུ་སོགས་དང་སྦྱར་ཏེ་མེ་ལ་བསྲེགས་ན་འབྱུང་པོ་གདུག་པ་ཅན་རྣམས་རྒྱང་གྲགས་གཉིས་ཚུན་ལ་ཉེ་བར་འོང་མི་ནུས་སོ། །དེའང་ཡེ་ཤེས་ཌཱ་ཀིས་སློབ་དཔོན་དགྲ་ལས་རྣམ་རྒྱལ་ལ་དྲི་དང་སྒྲའི་སྒོ་ནས་ནད་གདོན་སྲུང་བའི་གདམས་པ་འདི་གནང་བ། རྡོ་རྗེ་གདན་དུ་ཡམས་ནད་བྱུང་བ་ལ་དུང་གི་ནང་དུ་བྱུགས་ནས་བུས་པས་ཡམས་ནད་ཆད་པ་དང་། ཤི་ན་ལེནཱར་ཡམས་ནད་བྱུང་དུས་དགེ་འདུན་གྱི་དྲི་གཙང་ཁང་གི་སྒོར་བྱུགས་པས་ཡམས་ནད་ཆད་སྐད་པ་འདི། མཁས་པ་ཆེན་པོ་བ་རི་ལོ་ཙཱས་བསྒྱུར་ཏེ་རྒྱལ་བའི་དབང་པོ་མི་བསྐྱོད་ཞབས་སོགས་ཀྱིས་ཕྱག་ལེན་དུ་གཏན་ལ་ཕབ་པའི་
ཡིད་ཆེས་ཅན་ཡིན་ནོ། །གཉིས་པ་ནི། རྩྭ་ཀུ་ཤའམ། གཞོན་ནུ་མས་བཀལ་བའི་སྐུད་པ་ལ་རྡོ་རྗེའི་མདུད་པ་གསུམ་གྱིས་བཏབ་སྟེ་སྙིང་པོ་དང་ལས་སྔགས་ཀྱིས་མངོན་པར་བསྔགས་པ་སྐྱེས་པའི་དཔུང་པ་གཡོན་དང་བུད་མེད་ཀྱི་གཡས་སུ་བཅིངས་བས་བགེགས་ཀྱི་ཚོགས་སྤྱི་དང་། ཁྱད་པར་ཁམས་དང་བླ་གནས་འཕོ་བའི་ཉེས་པ་ཀུན་སྲུང་བར་བཤད་དོ། །གསུམ་པ་ནི། གྲོ་གའམ། །ཤོག་བུ་ལ་འཁོར་ལོ་མུ་ཁྱུད་དྲུག་ཏུ་བསྐོར་བའི་ལྟེ་བར་རྡོ་རྗེ་རྒྱ་གྲམ་གྱི་དབུས་དང་ཕྱོགས་ཀྱི་རྭ་བཞི་ལ་ཧཱུྃ་རེ་རེས་མཚན་པ་དང་། མུ་ཁྱུད་དང་པོ་ལ་རྡོ་རྗེའི་ཞགས་པའི་ཕྲེང་བས་བསྐོར་བ་ནི་ཡིད་སྲུང་བར་བྱེད་པ་ཐུགས་ཀྱི་འཁོར་ལོ། མུ་ཁྱུད་གཉིས་པར་སྙིང་པོ་དང་ལས་སྔགས་ཀྱི་མཐར་བསྒྲུབ་བྱའི་མིང་དང་གང་བསྲུང་བར་འདོད་པའི་སྤེལ་ཚིག་གི་མཐར་རཀྵ་རཀྵ་ཀུ་རུ་ཞེས་བྲིས་པ་ནི་ངག་སྲུང་བར་བྱེད་པ་གསུང་གི་འཁོར་ལོ། མུ་ཁྱུད་གསུམ་པར་སྔགས་རིང་། ན་མས་མནྟ་ཀཱ་ཡ་ཝཱ་ཀྱིཏྟ་བཛཱ་ཏཱཾ། ཕྱག་འཚལ་ལོ་ཀུན་ནས་སྐུ་གསུང་ཐུགས་རྡོ་རྗེ་ལ། ན་མོ་བཛྲ་ཀྲོ་དྷཱ་ཡ། ཕྱག་འཚལ་ལོ་རྡོ་རྗེ་ཁྲོ་བོ། མ་ཧཱ་དྭཾ་ཥྚོ་ཏྟ་ཊབྷཻར་ཝཱ་ཡ། ཆེན་པོ་མཆེ་བ་གཙིགས་པ་འཇིགས་སུ་རུང་བ། ཨ་སི་མུ་ས་ལ། རལ་གྲི་གཏུན་ཤིང་། པར་ཤུ་པཱ་ཤ་ཧ་སྟ་ཡ། དགྲ་སྣ་ཞགས་པ་ཕྱག་ན་བསྣམས་པ་ལ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི། བདུད་རྩི་འཁྱིལ་བ། ཁ་ཁ་ཁཱ་ཧི་ཁཱ་
ཧི། ཟོ་ཟོ་ཟོ་ཞིག་ཟོ་ཞིག །ཧུ་ལུ་ཧུ་ལུ། ཆུ་གཅིག་ཆུ་གཅིག ཏིཥྛ་ཏིཥྛ། གནས་པར་གྱི་གནས་པར་གྱིས། བནྡྷ་བནྡྷ། ཆིངས་ཆིངས། ཧ་ན་ཧ་ན། རྒྱོབ་རྒྱོབ། ད་ཧ་ད་ཧ། སྲེགས་སྲེགས། པ་ཙ་པ་ཙ། ཆོས་ཆོས། གརྫྫ་གརྫྫ། སྒྲོགས་སྒྲོགས། བི་སྥ་ཊ་ཡ་བི་སྥ་ཊ་ཡ། རྣམ་པར་ཁོས་རྣམ་པར་ཁོས། སརྦ་བིགྷཱན་བི་ནཱ་ཡ་ཀཱ་ན། བགེགས་དང་ལོག་འདྲེན་ཐམས་ཅད། མ་ཧཱ་ག་ཎ་པ་ཏི་ཛཱི་ཝི་ཏཱནྟ་ཀ་རཱ་ཡ་སྭཱ་ཧཱ། ཚོགས་བདག་ཆེན་པོའི་སྲོག་མཐར་བྱེད་པ་ལ། ཞེས་པའི་མཐར་སྤེལ་ཚིག་དང་བཅས་པ་ནི་ལུས་སྲུང་བར་བྱེད་པ་སྐུའི་འཁོར་ལོ། མུ་ཁྱུད་བཞི་པར་དབྱངས་གསལ་དང་རྟེན་སྙིང་སྤེལ་ཚིག་དང་བཅས་པ་ནི་བྱ་བ་སྲུང་བྱེད་ཡོན་ཏན་གྱི་འཁོར་ལོ། ལྔ་པར་རྡོ་རྭ་དང་དྲུག་པར་མེ་རིས་བསྐོར་བ་ནི་བྱེད་པ་སྲུང་བ་ཕྲིན་ལས་ཀྱི་འཁོར་ལོ་སྟེ། དེ་ལྟར་ལེགས་པར་བྲིས་ནས་གུར་གུམ། གི་ཝང་། ཤུ་དག་རྣམས་ཀྱིས་བྱུག །ལྷར་བསྐྱེད་བསྟིམ་རབ་ཏུ་གནས་པ་དང་བཅས་འོད་དུ་ཞུ་བ་ལས་བྲིས་པའི་འཁོར་ལོའི་རྣམ་པར་བསམས་ཏེ་སླར་ཡང་བརྟན་བཞུགས་དང་ཤིས་པ་བརྗོད་ཅིང་མེ་ཏོག་གི་ཆར་དབབ། ལྟེ་བ་མ་ཉམས་པར་བལྟབ། ཚོན་སྐུད་ཀྱིས་དཀྲིས་ཏེ་མགུལ་ལམ་དཔུང་པར་བཏགས་པ་རྡོ་རྗེའི་སྲུང་བ་ཆེན་པོར་འགྱུར་རོ། །བཞི་པ་ནི། རྒྱས་པར་གསང་བ་སྤྱིའི་ཆོ་ག་ལས་འབྱུང་བས་ཁོག་ཕུབ་སྟེ་འདི་ཉིད་ཀྱི་ལྷ་སྔགས་འབྱིན་འཇུག་
བྱ། བསྡུས་པ་གློ་བུར་བའམ། རྒྱུན་གྱི་རྣལ་འབྱོར་ལྟ་བུའི་ཚེ། ཁམ་ཕོར་དུ་ཤུག་པ་སོགས་རུང་བའི་བུད་ཤིང་བརྩེགས་པའི་མདུན་དུ་མཆོད་གཏོར་བཤམ། རང་གི་མདུན་དུ་ཏིལ་ཅུང་ཟད་འདུ་བྱ། བདག་བསྐྱེད་སྔོན་དུ་འགྲོ་བས་མཆོད་པ་བྱིན་གྱིས་བརླབ། ལས་མཐུན་གྱི་མེ་སྦར་ལ་བསང་སྦྱངས། སྟོང་པའི་ངང་ལས་ཡེ་ཤེས་ཀྱི་མེ་འབར་བའི་དབུས་སུ་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ་བ་ཞེས་སོགས་མདུན་བསྐྱེད་ལྟར་བསྐྱེད། མཆོད་ཅིང་བསྟོད། དེ་ནས་རང་ངམ་བསྒྲུབ་བྱའི་སྡིག་སྒྲིབ་ཉེས་ལྟུང་གྲིབ་དང་མི་གཙང་བ་ནད་གདོན་འབྱུང་པོའི་འཚེ་བ་ཐམས་ཅད་འོད་ནག་པོའི་རྣམ་པར་སྙིང་གར་འདུས་པ་རླུང་དང་འགྲོགས་ཏེ་སྣ་བུག་ནས་བྱུང་། མདུན་གྱི་ཏིལ་ལ་ཐིམ་པ་ཁྲོ་བོའི་རྒྱལ་པོའི་ཞལ་དུ་ཕུལ་བས་ཐུགས་ཀའི་ཡེ་ཤེས་ཀྱི་མེས་ལྷག་མེད་དུ་བསྲེགས་པར་བསམས་ལ། སྔགས་ཀྱི་མཐར། ཨོཾ་སརྦ་པཱ་པཾ་ཀླེ་ཤ་ད་ཧ་ན་བྷ་སྨི་ཀུ་རུ་སྭཱ་ཧཱ། ཞེས་བརྒྱ་རྩ་སོགས་དབུལ། མཐར་གཏོར་འབུལ། འདོད་གསོལ། ནོངས་བཤགས། ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། བསྔོ་སྨོན་ཤིས་བརྗོད་བྱའོ། །འདིས་སྤྱིར་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་ཞིང་། ཁྱད་པར་བསྙེན་སྒྲུབ་སོགས་ཀྱི་སྐབས་གྲིབ་དང་མི་གཙང་བའི་ལྟས་བྱུང་ན་ངེས་པར་ཕན་ནོ། །ལྔ་པ་ནི། བདག་
བསྐྱེད་སྔོན་དུ་འགྲོ་བས་བུམ་པ་གོང་བཞིན་བསྒྲུབ། སྦྱང་བ་གསུམ་དང་བཀྲུ་བྱབས་སྲུང་བ་སོགས་རྣམ་འཇོམས་ལྟ་བུའི་ཁྲུས་ཆོག་ལ་ལྷ་སྔགས་བསྒྱུར་ཏེ་བགྱིས་པས་གྲིབ་དང་ནད་གདོན་སོགས་ལ་ཤིན་ཏུ་ཕན། ཚུལ་བཞིན་བསྒྲུབས་པའི་བུམ་ཆུ་གནས་དང་ཡོ་བྱད་སོགས་ལ་འཐོར་པས་དེ་དང་དེའི་གྲིབ་ཞི་བ་དང་། བསྙེན་སྒྲུབ་ཀྱི་སྐབས་བཀྲུ་བ་དང་། ཁོང་དུ་བཏུང་བས་དབང་པོ་གསལ་ཞིང་ཁམས་དྭངས། ཏིང་ངེ་འཛིན་གྱི་བར་ཆད་ཐམས་ཅད་སེལ་བ་སོགས་ལ་མཆོག་ཏུ་བསྔགས་ཤིང་མྱོང་བས་ཀྱང་གྲུབ། བུམ་སྒྲུབ་རྒྱས་པར་མ་གྲུབ་ཀྱང་། རིན་པོ་ཆེའི་སྣོད་དུ་ཆུ་གཙང་མ་བླུགས་པ་མདུན་དུ་བདར་ཏེ་བསང་སྦྱངས། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་ཉི་མ་ལ་ཧཱུྃ་གི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས། སྔགས་ཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས་པས་ཆུ་ནུས་པ་དང་ལྡན་པར་གྱུར། ཅེས་བསམས་ལ། སྙིང་པོ་དང་ལས་སྔགས་བཟླ། མཐར་སྔགས་ཕྲེང་གདན་དང་བཅས་པ་འོད་དུ་ཞུ་བ་ལས་ཆུ་ནུས་པ་དང་ལྡན་པར་མོས་ཏེ། གོང་བཞིན་ལས་ལ་སྦྱར་བས་ཀྱང་ཕན་བདེ་འཕྲལ་དུ་སྟེར་བར་འགྱུར་རོ། །
གྲུབ་པའི་ཞལ་ལུང་དག་བྱེད་གཏེར། །བསྲུབས་སྐྱེས་གདམས་པའི་ཟིལ་དངར་གྱིས། །ས་གསུམ་འགྲོ་བའི་གདུང་སེལ་ཞིང་། །ཐར་བདེའི་ངལ་འཚོ་རྒྱས་གྱུར་ཅིག །ཅེས་པའང་འཇམ་མགོན་རྡོ་རྗེ་འཆང་བློ་གྲོས་མཐའ་ཡས་པའི་ཞལ་སྔ་ནས་འདིའི་རྗེས་སུ་གནང་བ་ནོས་ཤིང་། མན་ངག་གི་ཡིག་ཆ་ཅུང་ཟད་མཐོང་བ་ལ་བརྟེན་ནས་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་གཞན་ལ་ཕན་པའི་སེམས་ཀྱིས་སྦྱར་བ་རྣམ་པ་ཀུན་ཏུ་དགེ་ལེགས་སུ་གྱུར་ཅིག། །།མངྒ་ལཾ།། །།
ཇོ་བོ་ལུགས་ཀྱི་སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཐོ་ཡིག་ཕན་བདེའི་སྤྲིན་ཆར།
༈ ཇོ་བོ་ལུགས་ཀྱི་སྲུང་བའི་ལྷ་མོ་ལྔའི་སྒྲུབ་ཐབས་རྗེས་གནང་དང་བཅས་པའི་ཐོ་ཡིག་ཕན་བདེའི་སྤྲིན་ཆར་ཅེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་པཉྩ་རཀྟ་དེ་ཝཱི་བྷྱཿ། འདིར་གནས་སྐབས་དང་མཐར་ཐུག་གི་ཉེར་འཚེ་ཐམས་ཅད་ཞི་ཞིང་། ཕན་བདེའི་དཔལ་འབྱོར་རྒྱས་པར་བྱ་བའི་ཕྱིར་བསྡུས་པའི་ཚུལ་གྱིས་འཕགས་མ་རིག་པའི་རྒྱལ་མོ་ལྔའི་རྣལ་འབྱོར་བསྒོམ་པར་འདོད་པས། ཁྲུས་དང་གཙང་སྦྲ་ལ་གནས་ཤིང་། བྱང་ཆུབ་ཀྱི་སེམས་གཉིས་ཡིད་ལ་བྱས་ཏེ། །སངས་རྒྱས་ཆོས་དང་ཚོགས་ཀྱི་མཆོག་རྣམས་ལ། །སོགས་སྐྱབས་སེམས་ཅི་ནུས་དང་། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་བསྒོམས་པས་བསོད་ནམས་དང་། སྭ་བྷཱ་བས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་པས་ཡེ་
ཤེས་ཀྱི་ཚོགས་བསགས་ཏེ་ཚོགས་གཉིས་ཀྱི་རང་འབྲས་སྣང་སྟོང་ཟུང་འཇུག་ལྷའི་སྐུར་ལྡངས་པ་ནི། སྟོང་པའི་ངང་ལས་སྐད་ཅིག་གིས་རྡོ་རྗེའི་ས་གཞིར་གུར་བླ་བྲེ། ཡེ་ཤེས་ཀྱི་མེ་འབར་བ་དང་བཅས་པའི་དབུས་སུ་རི་རབ་ཀྱི་སྟེང་དུ་ཧཱུྃ་ལས་བྱུང་བའི་སྣ་ཚོགས་རྡོ་རྗེའི་ལྟེ་བར་པྃ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པའི་ལྟེ་བ་དང་ཕྱོགས་བཞིའི་འདབ་མའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་རེ་རེ། དབུས་སུ་པྲ་སེར་པོ། ཤར་དུ་མཱྃ་ལྗང་གུ། ལྷོར་ཧཱུྃ་དཀར་པོ། ནུབ་ཏུ་མྃ་ནག་པོ། བྱང་དུ་ཤྃ་དམར་པོ། དེ་རྣམས་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་ལྷ་མོ་ལྔར་གྱུར་པ་ནི། དབུས་སུ་རང་ཉིད་སོ་སོར་འབྲང་མ་སྐུ་མདོག་སེར་མོ། སེར་ནག་དཀར་བའི་ཞལ་གསུམ་ཕྱག་བཅུ་མ། ཕྱག་གཡས་པ་རྣམས་ན་རིམ་པ་བཞིན། རལ་གྲི། རྡོ་རྗེ། མདའ། མཆོག་སྦྱིན། ཐུགས་ཀར་གདུགས་བསྣམས་པའོ། །གཡོན་རྣམས་ན་གཞུ། རྒྱལ་མཚན། རིན་པོ་ཆེའི་ཆུན་པོ། དགྲ་སྣ། དུང་བསྣམས་པ། ཤ་འགག་ནག་པོ་དང་། སྟོད་གཡོགས་དམར་པོས་བརྒྱན་པ། སྐྱིལ་ཀྲུང་ཕྱེད་པས་འགྱིང་ཞིང་བཞུགས་པ། ལྷའི་རྒྱན་དང་གོས་ཐམས་ཅད་ཀྱིས་བརྒྱན་པ། ཤར་དུ་རྨ་བྱ་ཆེན་མོ་སྐུ་མདོག་ལྗང་གུ་ཞལ་གཅིག་ཕྱག་
གཉིས་མ་མཛེས་ཤིང་ཡིད་དུ་འོང་བ། ཕྱག་གཡས་རྨ་བྱའི་མདོངས་དང་གཡོན་མཆོག་སྦྱིན་མཛད་པ། ལྷོར་སྟོང་ཆེན་མོ་རབ་ཏུ་འཇོམས་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་གཉིས་མ། །གཡས་རྨ་བྱའི་མདོངས་དང་གཡོན་མཆོག་སྦྱིན་མཛད་པ། ནུབ་ཏུ་གསང་སྔགས་རྗེས་འཛིན་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་རལ་གྲི་དང་མཆོག་སྦྱིན་གྱི་ཕྱག་རྒྱུ། གཡོན་གཉིས་དགྲ་སཱུ་དང་ཞགས་པ་བསྣམས་པ། བྱང་དུ་བསིལ་བའི་ཚལ་ཆེན་མོ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ན་རལ་གྲི་དང་མཆོག་སྦྱིན་གྱི་ཕྱག་རྒྱ། གཡོན་གཉིས་ན་དགྲ་སྟ་དང་ཞགས་པ་འཛིན་པ། ཐུགས་ཀར་ཟླ་བའི་སྟེང་དུ་རང་རང་གི་ས་བོན་གྱིས་མཚན་པ། དེ་ལས་འོད་ཟེར་འཕྲོས་པས། རང་བཞིན་གྱི་གནས་ནས་ཡེ་ཤེས་སེམས་དཔའ་འཕགས་མ་སོ་སོར་འབྲང་ལམ་གཙོ་བོར་གྱུར་པའི་སྲུང་བའི་ལྷ་མོ་ལྔ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། ཨོཾ་བཛྲ་ཨརྒྷཾ་ནས་ཤབ་པྲ་ཏཱིཙྪ་སྭཱ་ཧཱའི་བར་གྱིས་མཆོད། ཛཿཧཱུྃ་བྃ་ཧོཿཞེས་པས་གཉིས་སུ་མེད་པར་ཐིམ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་པས་དབང་གི་ལྷ་རིགས་ལྔ་འཁོར་དང་བཅས་པ་ཨོཾ་བཛྲ་ས་མཱ་ཛཿ ཨོཾ་བཛྲ་
ཨརྒྷཾ་སོགས་ཀྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་དེ་རྣམས་ཀྱིས་བདུད་རྩིས་གང་བའི་བུམ་པ་ཐོགས་ནས། །ཇི་ལྟར་བལྟམས་པ་སོགས་དང་། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨབྷི་ཥི་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། ཞེས་གསུང་ཞིང་དབང་བསྐུར། སྐུ་གང་། དྲི་མ་དག །ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་སོ་སོར་འབྲང་མ་ལ་རིན་ཆེན་འབྱུང་ལྡན། གསང་སྔགས་རྗེས་འཛིན་ལ་མི་བསྐྱོད་པ། སྟོང་ཆེན་རབ་འཇོམས་ལ་རྣམ་སྣང་། རྨ་བྱ་ཆེན་མོ་ལ་དོན་གྲུབ། བསིལ་བའི་ཚལ་ཆེན་མོ་ལ་འོད་དཔག་མེད་ཀྱིས་དབུར་བརྒྱན་པར་བསམ། སྔགས་བཟླ་བ་ནི། ལྷ་མོ་སོ་སོའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་རང་གི་ས་བོན་གྱི་མཐར་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམས་ལ། ཨོཾ་མ་ཎི་དྷཱ་རི་བཛྲི་ཎི་མ་ཧཱ་པྲ་ཏི་སཱ་རེ་ནོར་བུ་འཛིན་མ་རྡོ་རྗེ་ཅན་མ་སོ་སོར་འབྲང་མ་ཆེན་མོ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། སོ་སོར་འབྲང་མའི་སྔགས་སོ། །ཨོཾ་ཨམྲྀ་ཏེ་ཨམྲྀ་ཏ་བ་རེ་བ་རེ་བི་ཤུདྡྷེ་བདུད་རྩི་བདུད་རྩི་མཆོག་མ་མཆོག་
མ་རྣམ་པར་དག་པ་མ། ཧཱུྃ་ཕཊ་སྭཱ་ཧཱ། སྟོང་ཆེན་རབ་འཇོམས་ཀྱི་སྔགས་སོ། །ཨོཾ་ཨ་མྲྀ་ཏེ་བི་ལོ་ཀི་ནི་གརྦྷ་སཾ་རཀྵ་ཎ་ཨཱ་ཀར་ཎི་བདུད་རྩི་མ་རྣམ་པར་གཟིགས་མ་སྙིང་པོ་ཡང་དག་པར་སྲུང་བ་འགུགས་མ། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། རྨ་བྱ་ཆེན་མོའི་སྔགས་སོ། །ཨོཾ་བི་མ་ལེ་བི་པུ་ལེ་ཛ་ཡ་བ་རེ་ཛ་ཡ་བ་ཏི་ནི་ཨམྲྀ་ཏ་མྲྀ་ཛཿ དྲི་མེད་མ་ཡངས་བ་མ་རྒྱལ་བ་མཆོག་མ་རྒྱལ་བ་ཅན་མ་འཇམ་པའི་བདུད་རྩི་མ། །ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། གསང་སྔགས་རྗེས་འཛིན་མའི་སྔགས་སོ། །ཨོཾ་བྷ་ར་བྷ་ར་སཾ་བྷ་ར་སཾ་བྷ་ར་ཨིནྡྲ་ཡ་བཱ་ལ་བི་ཤོདྷ་ནི་རུ་རུ་ཙ་ལེ་རྒྱས་པ་རྒྱས་པ་ཡང་དག་པར་རྒྱས་པ་ཡང་དག་པར་རྒྱས་པ་དབང་པོའི་ཆེད་དུ་སྟོབས་རྣམ་པར་སྦྱོང་བ་སྒྲ་སྒྲོག་སྤྱོད་མ། ཧཱུྃ་ཧཱུྃ་ཕཊ་ཕཊ་སྭཱ་ཧཱ། བསིལ་བའི་ཚལ་ཆེན་མོའི་སྔགས་སོ། །དེ་ལྟར་སོར་འབྲང་མ་གཙོ་བོར་བཏོན་པའི་སྔགས་རྣམས་ཅི་ནུས་བཟླས། ཐུན་མཚམས་སུ། བདག་བསྐྱེད་ཀྱི་ཡེ་ཤེས་པ་རྣམས་མདུན་གྱི་ནམ་མཁར་བྱོན་པར་བསམས་ལ། དེ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པཉྩ་རཀྵ་དེ་བཱི་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྟའི་བར་གྱིས་མཆོད། གང་གི་བྱིན་རླབས་རྡོ་རྗེའི་གོ་ཆ་ཡིས། །མི་མཐུན་ཚོགས་རྣམས་ཞི་ཞིང་སྲུང་བ་དང་། །ཕན་དང་བདེ་བའི་འབྱོར་པ་རྒྱས་མཛད་མ། །རིག་པའི་རྒྱལ་མོ་ལྔ་ལ་ཕྱག་འཚལ་ལོ། །ཞེས་བསྟོད། བཅོམ་ལྡན་འདས་མ་འཁོར་དང་བཅས་པས་བདག་དང་སེམས་ཅན་ཐམས་
ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་འདོད་དོན་ཞུས་ལ། མ་འབྱོར་པ་དང་སོགས་ཀྱིས་ནོངས་པ་བཟོད་པར་གསོལ། ཨོཾ་བཛྲ་མུཿཞེས་པས་ཡེ་ཤེས་པ་རང་བཞིན་གྱི་གནས་སུ་གཤེགས། ཉེར་བསྡུ་ནི། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་འཁོར་རྣམས་རང་ལ་ཐིམ། རང་ཉིད་ལྷ་སྐུ་གདན་དང་བཅས་པ་འོད་དུ་ཞུ་ནས་ཐུགས་ཀའི་ས་བོན་ལ་ཐིམ། །དེའང་ནཱ་དའི་བར་དུ་ཐིམ་ཞིང་ནཱ་དའང་མི་དམིགས་པའི་ངང་དུ་མཉམ་པར་གཞག །དེ་ལས་ལྡང་བ་ན་སླར་ཡང་རང་སྐད་ཅིག་གིས་སོ་སོར་འབྲང་མོའི་སྐུར་གྱུར། དགེ་བ་འདི་ཡིས་མྱུར་དུ་བདག ། སྲུང་བ་ལྷ་ལྔ་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་གྱིས་རྒྱས་གདབ་ལ་ཐུན་མཚམས་ཀྱི་བྱ་བ་ལ་འཇུག་གོ། །བསྙེན་པ་བྱེད་ན། གནས་དབེན་པར་འདི་ཉིད་ཀྱི་བྲིས་སྐུ་སོགས་ཡོད་ན་དགྲམ་པའི་སྤྱན་སྔར་དང་། གང་ལྟར་ཡང་སྟེགས་ཀྱི་ཁར་འབུལ་གཏོར་དཀར་ཟླུམ་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་བཅས་བཤམ། གཟའ་ཚེས་དགེ་བ་ནས་བརྩམས་ཏེ་ཐུན་བཞིའམ་གསུམ་གྱི་རིམ་པས་རྣལ་འབྱོར་ལ་འཇུག །བསྙེན་ཚད་སོ་འབྲང་མའི་སྔགས་འབུམ་ཕྲག་བཞི་དང་། གཞན་རྣམས་ཁྲི་ཕྲག་བཞི་རེ་ཙམ་བཟླ། ཐུན་གཉིས་སམ་སྔ་ཐུན་གྱི་མཇུག་ཏུ་གཏོར་མ་འབུལ་བ་ནི། བདག་བསྐྱེད་ཉེར་བསྡུའི་
རྗེས་རང་དམ་ཚིག་པའི་ང་རྒྱལ་ལ་གནས། གཏོར་མ་ཨོཾ་ཨཱཿབིགྷྣཱན་ཏ་ཀྲྀ་ཏ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྃ་ལན་གསུམ། རྒྱས་པར་སྤྲོ་ན། གཏོར་མའི་སྟེང་གི་ནམ་མཁར་པྃ་ལས་སྣ་ཚོགས་པདྨ་སོགས་ནས། འོད་དཔག་མེད་ཀྱིས་དབུར་བརྒྱན་ཞེས་པའི་བར་བདག་བསྐྱེད་ལྟར་ལ། རང་ཉིད་ཅེས་པའི་ཚིག་དོར། བདག་ལ་མངོན་པར་དབང་བསྐུར་ཞེས་པའི་ཚབ་ཏུ་འདི་ལ་ཞེས་བསྒྱུར་བ་ཙམ་ཁྱད་པར་རོ། །བསྡུ་ན། རང་གི་སྙིང་གའི་ས་བོན་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་སྲུང་པའི་ལྷ་མོ་ལྔ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་ཨོཾ་བཛྲ་ས་མཱ་ཛཿ ཞེས་པས་སྤྱན་དྲང་། གང་ལྟར་ཡང་། རྡོ་རྗེ་ཐལ་མོ་ཁ་ཕྱེ་བའི་ཕྱག་རྒྱ་དང་། ཨོཾ་པཉྩ་རཀ་དེ་ཝི་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི་ལན་གསུམ་གྱིས་ཕུལ་ལ། བདག་བསྐྱེད་ཀྱི་མཇུག་ལྟར་མཆོད་ཅིང་བསྟོད། རིག་པའི་རྒྱལ་མོ་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་དོན་གསོལ། ཡིག་བརྒྱ་དང་། ནོངས་བཤགས། རྟེན་ཡོད་ན་བརྟན་
བཞུགས། རྟེན་མེད་ན་མདུན་བསྐྱེད་རྒྱས་པའི་ཚེ་ཡེ་ཤེས་པ་གཤེགས། དམ་ཚིག་པ་རང་ལ་བསྟིམ། སྤྱན་དྲངས་པ་ཡིན་ན་གཤེགས་གསོལ་རྐྱང་པ་བྱ། བསྔོ་སྨོན་ཤིས་བརྗོད་རྒྱས་པར་བྱའོ། །ཆོས་སྲུང་གི་གཏོར་མ་འབུལ་བར་སྤྲོ་ན། ལྷ་གཏོར་གྱི་རྗེས་སུ་རྒྱལ་ཆེན་སྡེ་བཞི་ལ་གཏོར་བསྔོ་སྤྱི་ལྟར་བགྱིས་ན་འབྲེལ་ཆགས་པར་འགྱུར། གཞན་མཚམས་ཀྱི་སྤང་བླང་སོགས་སྤྱི་ལྟར་ཤེས་པར་བྱས་ལ་ཉམས་སུ་བླང་ངོ་། །རྗེས་གནང་བྱེད་ན། སྦྱོར་བའི་སྐབས་སུ་མཎྜལར་སྣ་ཚོགས་པདྨ་འདབ་བརྒྱད་བྲིས་པའི་དབུས་དང་ཕྱོགས་བཞིར་ཟླ་གདན་ལ་ལྷའི་སྐུ་མདོག་དང་མཐུན་པའི་ཚོམ་བུ་རེ་བཀོད། དེའི་མདུན་དུ་མཆོད་གཏོར་དང་། རང་གི་ཉེ་ལོགས་སུ་བུམ་པ་གཉིས་སོགས་དགོས་པའི་ཡོ་བྱད་ཐམས་ཅད་འདུ་བྱ། དངོས་གཞི་མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་གོང་ལྟར་དང་། །བུམ་བཟླས། མདུན་བསྐྱེད་སློབ་མའི་བྱ་བ། རྗེས་ཆོག་སོགས་སྣར་ཐང་བརྒྱ་རྩའི་ཆིངས་སྤྱི་ཁོ་བོས་བྱས་པའི་ཇོ་བོ་ལུགས་ཀྱི་མི་འཁྲུགས་པ་གཙོ་རྐྱང་གི་སྐབས་ལྟར། འགྲོ་ལ། ལྷའི་གདན་དང་། ས་བོན། མངོན་རྟོགས། རིགས་བདག །ལྷ་སྔགས་མཆོད་བསྟོད། ལྷའི་མཚན་སོགས་དམིགས་བསལ་གྱི་ཁྱད་ཆོས་རྣམས་མ་འཁྲུལ་བར་སྦྱར་བས་གྲུབ་བོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་སླད་བྱ་
བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་ཞུ་ཆེན་མ་ཧཱ་པཎྜི་ཏ་ཚུལ་ཁྲིམས་རིན་ཆེན་གྱི་གསུང་རབ་ལྟར་ངག་འདོན་བཀླགས་ཆོག་ཏུ་སྦྱར་བ་སྟེ། དགེ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མི་མཐུན་རྒུད་པའི་གདུང་བ་མཐའ་དག་ཞི་ཞིང་། ཕན་བདེའི་དཔལ་གྱི་འབྱོར་བ་ལ་འདོད་རྒྱར་རྩེན་པའི་རྒྱུར་གྱུར་ཅིག །མངྒ་ལཾ།། །།
རྟ་མགྲིན་དམར་པོ་གྲུབ་རྒྱལ་ལུགས་ཀྱི་བྱིན་རླབས་རྗེས་གནང་དང་བཅས་པའི་ཆོ་ག་དངོས་གྲུབ་ཆར་འབེབས།
༈ རྟ་མགྲིན་དམར་པོ་གྲུབ་རྒྱལ་ལུགས་ཀྱི་བྱིན་རླབས་རྗེས་གནང་དང་བཅས་པའི་ཆོ་ག་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཤྲཱི་ཧ་ཡ་གྲཱི་བཱ་ཡ། དཔལ་རྟ་མགྲིན་གྲུབ་རྒྱལ་ལུགས་ཀྱི་བྱིན་གྱི་རླབས་པའི་ཆོ་ག་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། འདིའི་བྱིན་རླབས་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣམས་འབྱོར་པས། གནས་དབེན་པར་སྟེགས་བུའི་ཁར་མཎྜལར་སྣ་ཚོགས་པདྨ་འདབ་མ་བརྒྱད་པའམ༈ མེ་ཏོག་གི་ཚོམ་བུ་དགུ་བཀོད་པ་ནི་གདན་མཚོན་བྱེད་དང་། དེའི་སྟེང་དུ་མཉྫིའི་ཁར་ལྷ་བསྐྱེད་གཞི་དཔལ་གཏོར་དམར་པོ་རྒྱན་ལྡན་དར་དམར་པོའི་ཅོད་པན་དང་བཅས་པ་བཤམ། མདུན་དུ་འབུལ་གཏོར་ཟླུམ་པོ་དང་། བྱང་ཤར་ནས་བརྩམས་ཏེ་མཚམས་འཛིན་གྱི་མེ་ཏོག་དང་ཆུ་གཉིས་སྔོན་འགྲོའི་ཉེར་སྤྱོད་ཀྱིས་བསྐོར། རང་གི་མདུན་དུ་ནང་མཆོད། རྡོར་དྲིལ། མེ་ཏོག་གི་སྣོད་
སོགས་དགོས་པའི་ཡོ་བྱད་ཐམས་ཅད་ཚང་བར་བྱས་ཏེ། མཆོད་པ་བྱིན་རླབས་སྔོན་དུ་འགྲོ་བས་བདག་བསྐྱེད་བཟླས་པ་དང་བཅས་པ་ཚར་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་ཇི་ལྟ་བ་བཞིན་ཉམས་སུ་བླངས་རྗེས། མདུན་གྱི་གཏོར་མ། ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གཱི་བ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། ཀྱིས་བསང་། སྭ་བྷཱ་བས་སྦྱང་། སྟོང་པའི་ངང་ལས་ཟླ་གམ་སྨུག་ནག་སོགས་ནས། དབུར་བརྒྱན་ཞེས་པའི་བར་རང་ཉིད་ཅེས་དོར་བ་མ་གཏོགས་བདག་བསྐྱེད་ལྟར་བསྐྱེད། མཆོད་པ་བྱིན་གྱིས་བརླབས་ལ། ཨོཾ་ཧ་ཡ་གྲཱི་བ་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། སྔགས་ལ་ཨོཾ་ཨཱཿཧཱུྃ་བཏགས་པས་ནང་མཆོད་འབུལ། ཧྲཱིཿལས་སྐྱེས་པའི་སོགས་ཀྱིས་བསྟོད། གཏོར་མ་བསང་སྦྱང་བྱིན་རླབས་འབུལ་བ་རྣམས་སྒྲུབ་ཐབས་ལྟར་བྱ། མཆོད་བསྟོད་ཀྱི་རྗེས་སུ། དཔལ་ཆེན་རྟ་མགྲིན་འཁོར་བཅས་རྣམས། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་འདོད་པའི་དོན་ལ་གསོལ་བ་གདབ། མདུན་བསྐྱོད་ལ་དམིགས་པའི་བཟླས་པ་ཅུང་ཟད་བྱའོ། །གཉིས་པ་དངོས་གཞི་ནི། སྣོད་དུ་རུང་བའི་སློབ་མ་རྣམས་ཁྲུས་བྱས། ཕྱག་དར་འཇུག་པའི་ཡོན་ཕུལ། རང་རང་གི་གྲལ་དུ་སྙིམས་པ་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། སློབ་དཔོན་གྱིས་སེམས་བསྐྱེད་གསལ་འདེབས་སོགས་སྔོན་དུ་འགྲོ་
བས། དེ་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྙིང་རྗེ་ཆེན་པོའི་ཡེ་ཤེས་གཅིག་ཏུ་བསྡུས་པའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་དབང་ཕྱུག་ཉིད་གདུལ་བྱ་གདུག་ཅིང་གཏུམ་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་དཔལ་རྟ་མགྲིན་གྱི་སྐུར་བཞེངས་པ་ལ། རྒྱུད་དང་མན་ངག་རྣམས་ནས་སྒྲུབ་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་པ་ལས། འདིར་སྐབས་སུ་བབས་པ་ནི། ཚེ་གཅིག་ལུས་གཅིག་ཁོ་ནས་འཇའ་ལུས་རྡོ་རྗེའི་གོ་འཕང་མངོན་སུམ་དུ་བརྙེས་པ་རྣལ་འབྱོར་གྱི་དབང་ཕྱུག་རས་ཆུང་རྡོ་རྗེ་གྲགས་པས་ཡེ་ཤེས་ཀྱི་མཁའ་འགྲོ་མ་གྲུབ་པའི་རྒྱལ་མོ་ལས། ཐུགས་རྗེ་ཆེན་པོ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ། ཚེ་དཔག་མེད་ལ་བརྟེན་ནས་ཚེ་སྒྲུབ་པ། དཔལ་རྟ་མགྲིན་ལ་བརྟེན་ནས་བར་ཆད་སེལ་བ་སྟེ་ཁྱད་པར་གྱི་གདམས་སྐོར་གསུམ་གསན་པའི་ཕྱི་མ། རྒྱུད་སྡེ་ཆེན་པོ་བཞིའི་ནང་ཚན་རྣལ་འབྱོར་བླ་མེད་མ་རྒྱུད་པདྨ་གར་དབང་གི་རིགས་སུ་གཏོགས་པ་དཔལ་རྟ་མགྲིན་དམར་པོ་དཔའ་བོ་གཅིག་པའི་བྱིན་རླབས་རྗེས་གནང་གི་རིམ་པ་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཕུལ། མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན་སོགས། རྒྱུད་དག་པར་བྱ་བའི་སླད་དུ། མདུན་གྱི་
ནམ་མཁའི་གནས་སུ་དཔལ་རྟ་མགྲིན་ལ། རྩ་བརྒྱུད་ཀྱི་བླ་མ། ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་བསྐོར་བ་ཏིལ་གྱི་གོང་བུ་ཁ་ཕྱེ་བ་བཞིན་མངོན་སུམ་དུ་ཁྲ་ལམ་མེར་བཞུགས་པའི་སྤྱན་སྔར་རང་དང་གཞན་གྱི་སྡིག་པ་བཤགས་པ་ལ་སོགས་པ་ཡན་ལག་བདུན་དང་ལྡན་པའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་ལན་གསུམ་མཛོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས། དེ་ནས་དངོས་གཞིའི་བྱིན་རླབས་དང་རྗེས་སུ་གནང་བའི་རིམ་པ་ནི་འདི་ཉིད་ཀྱི་གཞུང་གྲུབ་པའི་རྒྱལ་མོས་མཛད་པ་ལས། སློབ་མའི་བར་ཆད་སྲུང་བའི་ཕྱིར། གཏོར་མས་བྱིན་གྱིས་བརླབ་པ་ནི། ཨོཾ་ཨཱཿཧཱུྃ། སྐུ་གསུང་ཐུགས་རྣམས་བསྟིམ་པ་དང་། །ལྷ་དང་སྔགས་ཀྱི་རྗེས་གནང་བྱ། །ཞེས་གསུངས་པ་ལྟར་ཐོག་མར་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའི་སླད་དུ། མདུན་གྱི་གཏོར་མ་འདི་ཉིད་དཔལ་རྟ་མགྲིན་དངོས་སུ་གསལ་བའི་དཔྲལ་བ་ནས་ཨོཾ་དཀར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ལུས་ཀྱི་ནང་ཐམས་ཅད་གང་། ལུས་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་བར་ཅད་ཐམས་ཅད་དང་། །དཔལ་རྟ་མགྲིན་གྱི་སྐུའི་བྱིན་རླབས་མ་ལུས་བརྒྱུད་ལ་ཞུགས་པའི་མོས་པ་མཛོད། རྩ་སྔགས་བརྗོད་ཅིང་སྤྲོས་རོལ་
བྱ། ཡང་མདུན་བསྐྱེད་ཀྱི་མགྲིན་པ་ནས་ཨཱདམར་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ། ངག་གི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་བར་ཆད་ཐམས་ཅད་དག །དཔལ་རྟ་མགྲིན་གྱི་གསུང་གི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ། སླར་ཡང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཧཱུྃ་སྔོན་པོ་དཔག་ཏུ་མེད་པ་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ། ཡིད་ཀྱི་སྒོ་ནས་བསགས་པའི་སྡིག་སྒྲིབ་དང་བར་ཆད་ཐམས་ཅད་དག །དཔལ་རྟ་མགྲིན་གྱི་ཐུགས་ཀྱི་བྱིན་རླབས་མ་ལུས་པ་རྒྱུད་ལ་ཞུགས་པའི་མོས་པ་མཛོད། སྔགས་རོལ་བྱ། དེ་ནས་ལྷ་དང་སྔགས་ཀྱི་རྗེས་སུ་གནང་བའི་སླད་དུ། སློབ་དཔོན་ལ་དཔལ་རྟ་མགྲིན་དངོས་ཡིན་སྙམ་པའི་མོས་གུས་དྲག་པོ་དུང་བ་ཞིག་མཛད་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ་ཏེ། གཏོར་མ་རྟ་མགྲིན་དུ་གསལ་བ་ཉིད་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་པའི་སྟེང་གི་ནམ་མཁར་རྩ་བརྒྱུད་ཀྱི་བླ་མ། མཐའ་སྐོར་དུ་ཡི་དམ་ལྷ་ཚོགས། སངས་རྒྱས་བྱང་སེམས། དཔའ་བོ་དཔའ་མོ་རྣམས་སྤྲིན་འཐིབས་པ་ལྟར་བཞུགས་ཏེ་རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། གཏོར་མ་སྤྱི་བོར་བཞག་ལ། བཅོམ་ལྡན་
འདས་དཔལ་རྟ་མགྲིན། མ་གཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། ཕག་གྲུ་རྡོ་རྗེ་རྒྱལ་པོ། འབྲི་གུང་འཇིག་རྟེན་མགོན་པོ། སྤྱན་སྔ་གྲགས་པ་འབྱུང་གནས། ཡང་དགོན་པ་ཐུགས་ཀྱི་རྡོ་རྗེ། ཐུགས་སྲས་སྤྱན་སྔ་རིན་ལྡན། ཟུར་ཕུག་པ་རིན་ཆེན་དཔལ་བཟང་། འབར་ར་བ་རྒྱལ་མཚན་དཔལ་བཟང་། རྟོགས་ལྡན་རིན་ཆེན་འཕེལ། འཁྲུལ་ཞིག་ཚུལ་ཁྲིམས་རྒྱལ་མཚན། རིན་ཆེན་མཁྱེན་རབ་མཆོག་གྲུབ། ཀུན་སྤངས་ཆོས་ཀྱི་ཉི་མ། ཚར་ཆེན་བློ་གསལ་རྒྱ་མཚོ། མཁན་ཆེན་གཞོན་ནུ་བློ་གྲོས། ཁྱབ་བདག་དབང་ཕྱུག་རབ་བརྟན། རིན་ཆེན་བསོད་ནམས་མཆོག་གྲུབ། བྱམས་པ་ངག་དབང་ལྷུན་གྲུབ། རྨོར་ཆེན་ཀུན་དགའ་ལྷུན་གྲུབ། གནས་གསར་པ་ལེགས་པའི་འབྱུང་གནས། ས་ཆེན་ཀུན་དགའ་བློ་གྲོས། འཇམ་མགོན་དཔལ་ལྡན་ཆོས་སྐྱོང་། ཀུན་མཁྱེན་འཇིགས་མེད་དབང་པོ། དཀོན་མཆོག་བསྟན་པའི་སྒྲོན་མེ། མཁན་ཆེན་དཀོན་མཆོག་རྒྱལ་མཚན། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་འཇམ་པའི་དབྱངས་དཀོན་མཆོག་བསྟན་པ་རབ་རྒྱས་དཔལ་བཟང་པོའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་
འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོའི་ཚོགས་དང་བཅས་པ་ཁྱེད་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པའི་སྒོ་ནས། རྡོ་རྗེ་སློབ་མ་འདི་རྣམས་ལ་དུས་ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག མྱུར་བ་ཉིད་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ནད་གདོན་སྡིག་སྒྲིབ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། རྩ་སྔགས་ཀྱི་མཐར། ཛཿཧཱུྃ་བྃ་ཧོཿ ཞེས་བརྗོད་པས་དེ་ཐམས་ཅད་འོད་དུ་ཞུ་ནས་ཁྱེད་རང་རྣམས་ལ་ཐིམ་པས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྟ་མགྲིན་གྱི་སྐུར་གྱུར་པ་ནི། སྐུ་མདོག་དམར་པོ་ནས། བདུད་བཞི་མནན་པ། ཟླ་གམ་སྨུག་ནག་མེ་འབར་བའི་ཀློང་དཀྱིལ་དུ་སྣ་ཚོགས་པདྨ་དང་ཉི་མའི་གདན་ལ་མེ་ཕུང་འབར་བའི་དབུས་སུ་གར་གྱི་ཉམས་དགུའི་ཉམས་ཀྱིས་རོལ་པའི་སྟབས་ཀྱིས་བཞུགས་པའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱི༔ཡིག་དམར་པོ་གྱེན་དུ་ལངས་པ་ཞིག་གསལ་བཏབ་ནས། སྔགས་ཀྱི་རྗེས་སུ་གནང་བའི་སླད་དུ། སློབ་དཔོན་ལ་གུས་འདུད་མཛད་པས་སློབ་དཔོན་གྱི་ཐུགས་ཀར་ཉི་མའི་སྟེང་དུ་ཧྲཱིཿཡིག་གི་མཐར་སྔགས་ཀྱི་ཕྲེང་བ་གཡས་སྐོར་དུ་གནས་པ་ལས། དེ་འདྲ་བའི་སྔགས་ཕྲེང་
གཉིས་པ་མར་མེ་གཅིག་ལས་གཉིས་ཀྱི་རྣམ་པར་ལན་གསུམ་དུ་ཆད་དེ་སློབ་དཔོན་གྱི་ཞལ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀའི་ས་བོན་གྱི་མཐར་དང་པོས་དམ་ཚིག་པའི་ཚུལ་དུ་འཁོད་། གཉིས་པས་ཡེ་ཤེས་པའི་ཚུལ་དུ་ཐིམ། གསུམ་པས་རིགས་ཀྱི་བདག་པོས་རྒྱས་འདེབས་པའི་ཚུལ་གྱིས་བརྟན་པར་བྱས་པའི་མོས་པ་དང་བཅས་ཏེ་སྔགས་འདིའི་རྗེས་ཟློས་ལན་གསུམ་མཛོད། རྩ་སྔགས་ལན་གསུམ། སླར་ཡང་སློབ་དཔོན་ལ་དྲིན་ལན་གྱི་ཚུལ་དུ་མེ་ཏོག་འཐོར་བཞིན་པ་དང་བཅས་པས་འདིའི་རྗེས་ཟློས་ལན་གསུམ་མཛོད། བཅོམ་ལྡན་བདག་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་བདག་ལ་བྱིན་གྱིས་རློབས། སློབ་དཔོན་གྱིས་ཀྱང་མེ་ཏོག་གི་ཕྲེང་བ་སྔགས་སུ་བྱས་ཏེ་སྤྱི་བོར་བཞག་པས་སྙིང་གའི་སྔགས་ཕྲེང་བརྟན་ཅིང་ནུས་ལྡན་དུ་བྱས་པའི་མོས་པ་མཛོད། བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །བཅོམ་ལྡན་འདི་ལ་བྱིན་གྱིས་རློབས། །བཅོམ་ལྡན་འདས་ཀྱི་བྱིན་རླབས་ནི། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །རྡོ་རྗེ་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་དཔལ་རྟ་མགྲིན་གྱི་གསང་སྔགས་ཀྱི་བྱིན་རླབས་དང་ནུས་མཐུ་མ་ལུས་པ་འཇུག་པར་གྱུར་ཅིག །རྗེས་གཙོ་བོས་མཎྜལ། དེང་ནས་
སོགས་སྤྱི་དང་འདྲ། དགེ་བ་བསྔོས་ལ་སློབ་མ་རྣམས་རང་གནས་སུ་བཏང་། གསུམ་པ་རྗེས་ནི། མཆོད་པ་རྣམས་ཁ་གསོས་བསང་སྦྱང་བྱིན་གྱིས་བརླབ། བདག་བསྐྱེད་ལ་དམིགས་པའི་མཆོད་བསྟོད་དང་། ཡི་གེ་བརྒྱ་པ་ལན་གསུམ་གྱིས་ལྷག་ཆད་བསྐང་། མ་འབྱོར་པ་དང་སོགས་ཀྱིས་བཟོད་པར་གསོལ། རང་གི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། དགེ་བ་འདི་ཡིས་མྱུར་དུ་བདག །དཔལ་ཆེན་རྟ་མགྲིན་འགྲུབ་གྱུར་ནས། །སོགས་བསྔོ་སྨོན་དང་། ཤིས་བརྗོད་སྤྱི་ལྟར་བྱའོ། །གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་གི་རྗེས་སུ་འདིའི་བྱིན་རླབས་སྦྲེལ་ནས་ཚེ་རྟ་ཟུང་འབྲེལ་ཅེས་བླ་མ་རྣམས་ཀྱི་ཕྱག་ལེན་དུ་མཛད་པར་སྣང་ངོ་། །བསྙེན་པ་བྱེད་ན། གནས་དབེན་པར་འདི་ཉིད་ཀྱི་བྲིས་སྐུ་ཡོད་ན་དགྲམ་པའི་མདུན་དུ། འབུལ་གཏོར་ཟླུམ་པོ་དང་། མཆོད་པ་བཤམ། བསྙེན་པ་ལ་འཇུག་པའི་ཚུལ་སོགས་བསྙེན་ཡིག་སྤྱི་ལྟར་ལ། ཚད་ནི་གཞུང་ལས། འབུམ་དུ་བཟླས་ན་ལས་ཀུན་བྱེད། །ཅེས་འབྱུང་བས་ཐུན་བཞིའི་རིམ་པས་གྲངས་བསྙེན་རབ་འབྲུ་འབུམ་སྟེ་འབུམ་ཕྲག་བཅོ་ལྔ། འབྲིང་འབུམ་ཕྲག་བཞི། ཐ་མ་འབུམ་ཕྲག་གཅིག་བཟླ། དམིགས་པ་གཙོ་བོར་སྙིང་གའི་སྙིང་གའི་སྔགས་ཕྲེང་མེ་འབར་བཞིན་པ་ལ་ཀློག་པའི་ཚུལ་དུ་ཡིད་རྩེ་གཅིག་
གཏད། སྐབས་སུ་སྔགས་ཕྲེང་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཁྱད་པར་གནོད་བྱེད་གདུག་པ་ཅན་ཐམས་ཅད་ཚར་བཅད། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་ཚུར་འདུས། སྙིང་གའི་ཧཱིཝལ་ཐིམ་པས་བདག་ཉིད་ཀྱི་རྒྱུད་བྱིན་གྱིས་བརླབས་ཏེ་གཟི་བརྗིད་དང་ནུས་སྟོབས་མཆོག་ཏུ་འབར་བར་བསམས་ལ་བཟླ། ཐུན་ཐམས་ཅད་ཀྱི་མཇུག་ཏུ་མཆོད་ཅིང་བསྟོད། བཅོམ་ལྡན་འདས་དཔལ་རྟ་མགྲིན་གྱིས་བདག་དང་སེམས་ཅན་ཐམས་ཅད་ཀྱི་འགལ་རྐྱེན་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཞེས་གསོལ་བ་གདབ། གནས་གསུམ་བསྲུང་། དགེ་བ་བསྔོ་ཞིང་སྨོན་ལམ་གདབ། །ཐུན་གཉིས་ཀྱི་མཐར་གཏོར་མ་འབུལ། དེ་ཡང་སྒྲུབ་ཐབས་ཀྱི་དཀྱུས་སུ་བཤད་པ་ལྟར་བདག་བསྐྱེད་ལ་འབུལ་པའམ། མདུན་བསྐྱེད་ལ་འབུལ་བར་སྤྲོ་ན། བྱིན་རླབས་ཀྱི་རྗེས་སུ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་པས་ཁྲོ་བོའི་རྒྱལ་པོ་དཔལ་རྟ་མགྲིན་ལ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་དཔའ་མོའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མཱ་ཛས་སྤྱན་དྲང་། ཛཿཧཱུྃ་
བྃ་ཧོཿ པདྨ་ཀ་མ་ལཱ་ཡ་སྟྭྃ། གཏོར་འབུལ་སོགས་དཀྱུས་ལྟར། རྗེས་ལྷག་ཆད་ཁ་བསྐང་། ནོངས་པ་བཟོད་གསོལ། རྟེན་ཡོད་ན་བརྟན་བཞུགས་དང་། མེད་ན་གཤེགས་གསོལ་བྱ། །གནས་གསུམ་སྲུང་བ་སོགས་སྔར་ལྟར་རོ། །དེ་ལྟར་བརྩོན་པས་བར་ཆད་ཐམས་ཅད་ཞི་ཞིང་། དངོས་གྲུབ་རྣམ་པ་གཉིས་ཐོབ་པའི་ཚུལ་བརྒྱུད་ལྡན་བླ་མའི་རྣམ་ཐར་ལས་ཀྱང་མང་དུ་འབྱུང་བས་ཤེས་ལ། ལས་སྦྱོར་གྱི་བཟླས་པ་བྱེད་པར་སྤྲོ་ན། བསྙེན་པ་ཐེམ་ནས། ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པའི་རྣམ་པ་ཀུན་དཔག་ཏུ་མེད་པ་འཕྲོས། ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་སོགས་གང་འདོད་པར་ལྕགས་ཀྱུས་བཏབ། ཞགས་པས་བཅིངས། བདག་གི་མདུན་དུ་བཀུག་ནས་དབང་དུ་འདུས་པར་བསམས་ལ་རྩ་སྔགས་ཉིད་བསྙེན་པའི་བཅུ་ཆ་ཙམ་བཟླ་བར་གསུངས། གཞན་ལས་ཚོགས་འདི་ཉིད་རང་ལ་དམིགས་བསལ་མ་མཐོང་ཡང་། བསྙེན་པ་ཐེམ་ནས་ལས་ཐམས་ཅད་བྱེད་པར་གསུངས་པས་གསང་བ་སྤྱི་དང་། བྱེ་བྲག་རྟ་མགྲིན་གྱི་གཞུང་གཞན་ནས་འབྱུང་བ་བཞིན་ཇི་ལྟར་རིགས་པ་བསྒྲུབ་ཏུ་རུང་བ་ཉིད་དོ། །ཞེས་པའང་རང་གཞན་ལ་ཉེ་བར་མཁོ་བའི་སླད། རྒྱ་གཞུང་དང་ཡིག་རྙིང་གི་དགོངས་དོན་ཚར་ཆེན་ཆོས་ཀྱི་རྒྱལ་པོས་ལེགས་པར་ཕྱེ་
བའི་རྗེས་སུ་འབྲངས་ཏེ་མང་དུ་ཐོས་པའི་བྱ་བྲལ་བ་འཇམ་དབྱངས་མཁྱེན་བརྩེའི་དབང་པོས་སྦྱར་བ་སྟེ། འདིས་ཀྱང་མཐའ་ཡས་པའི་འགྲོ་ཀུན་ལམ་གྱི་བར་ཆད་ཐམས་ཅད་ཉེ་བར་ཞི་ཞིང་། དངོས་གྲུབ་རྣམ་པ་གཉིས་ལ་དབང་འབྱོར་བའི་རྒྱུར་གྱུར་ཅིག། ༈ །།ནི་རི་ཏི་པའི་ལུགས་ཀྱི་འཕགས་པ་བྱམས་པའི་སྒྲུབ་ཐབས་རྗེས་གནང་སོགས་ཀྱི་ཉེར་མཁོའི་ཡི་གེ་བདུད་རྩིའི་ཆུ་སྐྱེས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཻ་ཏྲི་ནཱ་ཐཱ་ཡ། པཎ་གྲུབ་ཀྱི་དབང་པོ་ནི་རི་ཏི་པའི་རྒྱ་གཞུང་གི་རྗེས་སུ་འབྲང་པའི་འཕགས་པ་བྱམས་པའི་རྣལ་འབྱོར་ཉམས་སུ་བླང་བར་འདོད་པས། གནས་གཙང་ཞིང་དབེན་པར་འདིའི་བྲིས་སྐུ་ཡོད་ན་བཤམས་པའི་སྤྱན་སྔར་མཆོད་པའི་ཕྲེང་བ་ཚར་དུ་དངར་བས་མཛེས་པར་བྱ། རང་ཉིད་ཀྱིས་ཁས་བླངས་པའི་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་སྟེ་ཁྲུས་དང་གཙང་སྦྲའི་ཀུན་སྤྱོད་ལྷུར་ལེན་པས། སྒྲུབ་པའི་ཐབས་རིན་ཆེན་འབྱུང་གནས་ལས་ཇི་སྐད་བཤད་པ་བཞིན་ཐུན་གསུམ་མམ་བཞིའི་སྦྱོར་བས་རྟགས་མཐོང་བའམ། བཟླས་པ་འབུམ་ཕྲག་བཅུ་ཁ་སྐོང་དང་བཅས་པ་རྫོགས་པར་བྱ། ཐུན་མཚམས་རྣམས་སུ་བཟང་སྤྱོད་ལས་འབྱུང་པའི་ཡན་ལག་བདུན་པ་དང་བཅས་ཕྱག་འཚལ་མཎྜལ་འབུལ། མཚན་བརྒྱ་དང་། དམ་བཅས་པའི་གཟུངས་འདོན། བྱམས་པའི་སྨོན་
ལམ་སོགས་སྨོན་ལམ་རྒྱ་ཆེར་གདབ། རྟགས་ནི། དངོས་སམ་རྨི་ལམ་དུ་དགའ་ལྡན་དུ་ཕྱིན་པ་དང་། ཀླུ་ཤིང་གི་མེ་ཏོག་དང་རིལ་བ་སྤྱི་བླུགས་རྙེད་པ། འཕགས་པ་དགྱེས་པའི་ཞལ་མཐོང་བ་རྣམས་བྱུང་ན་སྡིག་སྒྲིབ་དག་པ་དང་། ཐོས་པ་འཛིན་པ་སོགས་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་འགྱུར་རོ། །རྩ་བའི་བསྙེན་པ་རྫོགས་ནས་ལས་སྦྱོར་གྱི་སྔགས་གཉིས་ཀྱང་ཇི་ལྟར་རིགས་པ་བཟླ། བཟླས་དམིགས་གཙོ་བོར་ལྷ་སྐུ་དང་། སྔགས་ཕྲེང་གི་གསལ་སྣང་ལ་ཡིད་རྩེ་གཅིག་ཏུ་གཏད་དེ་བཟླ་བ་ཁོ་ན་ཡིན་ལ། དེས་སྐྱོ་ན་སྔགས་ཕྲེང་ལས་འཕྲོས་པའི་འོད་ཀྱིས་དགའ་ལྡན་གྱི་གནས་ན་བཞུགས་པའི་རྒྱལ་བ་བྱམས་པའི་ཐུགས་རྒྱུད་བསྐུལ། སྐུ་གསུང་ཐུགས་ཀྱི་གནས་ནས་འོད་ཟེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་བྱུང་། རང་ལ་ཐིམ་པས་སྡིག་སྒྲིབ་དག་ཅིང་རྒྱུད་བྱིན་གྱིས་བརླབས་པའི་དམིགས་པ་བྱ་བར་བཤད་དོ། །འདིའི་རྗེས་གནང་ལ། མཎྜལ་གྱི་དབུས་སུ་ཚོམ་བུ་གཅིག་དང་། དེའི་མདུན་མཆོད་པ་དང་བཅས་པ་བཤམ། བདག་བསྐྱེད་སྔོན་དུ་འགྲོ་བས། ཚོམ་བུ་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་གདན་ལ་མཻ་གསེར་མདོག་སོགས་ནས། ཛཿཧཱུྃ་བྃ་ཧོའི་བར་རང་ཉིད་ཅེས་པའི་ཚིག་དོར་བ་མ་གཏོགས་བདག་བསྐྱེད་བཞིན་གསལ་གདབ། དེའི་སྤྱན་སྔར་ཕྱག་
མཆོད་སོགས་ཐུན་མཚམས་གྱི་བྱ་བ་ལྟར་བྱ། སློབ་མ་ཁྲུས་བྱས་མེ་ཏོག་དང་བཅས་ཏེ་འཁོད་པ་ལ། ཆོས་བཤད་ཅི་རིགས་པ་དང་། མཚམས་སྦྱོར་གྱི་ཁྱད་པར་དེ་ལ་འདིར་རྒྱལ་བ་མི་ཕམ་མགོན་པོ་ཞེས་སམ་རྒྱལ་ཚབ་ཆེན་པོ་བྱམས་པ་ཞེས་སྟོན་པ་ཤཱཀྱ་སེང་གེ་ཉིད་དགའ་ལྡན་ནས་འཛམ་གླིང་འདིར་བྱོན་པའི་ཚེ་རྒྱལ་ཚབ་ཏུ་མངའ་གསོལ་བའི་ཕྱིར་དགའ་ལྡན་གྱི་སྟོན་པ་ཆེན་པོ་ས་བཅུའི་དབང་ཕྱུག་ལྷའི་རྒྱལ་པོའི་ཚུལ། གསང་སྔགས་སུ་འང་ལྷག་པའི་ལྷ་མཆོག་དཀྱིལ་འཁོར་གྱི་མགོན་པོར་སྣང་བ། བསྐལ་བ་བཟང་པོ་འདིར་སངས་རྒྱས་སྟོང་དུ་བྱོན་པའི་ནང་ཚན་རྒྱལ་བ་ལྔ་པར་གྱུར་པ་འདི་ཉིད་བསྙེན་པས་གནས་སྐབས་སུ་སྒྲིབ་པ་སྦྱོང་། ཤེས་རབ་སྐྱེ། །ཐོས་པ་འཛིན་པར་འགྱུར་བ་དང་། རིམ་གྱིས་ས་བཅུ་དང་ལམ་ལྔའི་མངོན་རྟོགས་རྒྱུད་ལ་སྐྱེ་བ་དང་། འདི་ནས་ཚེ་འཕོས་ཀྱང་དགའ་ལྡན་གྱི་གནས་མཆོག་དམ་པར་རྒྱལ་ཚབ་ཆེན་པོས་རྗེས་སུ་འཛིན་པ་སོགས་ཕན་ཡོན་མཆོག་དང་ལྡན་པའི་ཕྱིར། འདི་ལྟ་བུ་ལ་གུས་པས་འབད་པར་རིགས་པས། དེའི་ཕྱིར་ནི་རི་ཏི་པའི་རྒྱ་གཞུང་གི་རྗེས་སུ་འབྲང་བའི་མགོན་པོ་བྱམས་པའི་སྒྲུབ་ཐབས་ཀྱི་རྗེས་གནང་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདི་གསུང་བར་ཞུ། རྡོ་རྗེ་འཛིན་པ་དགོངས་སུ་གསོལ། །བདག་ནི་འགྲོ་ལ་ཕན་དོན་
དུ། །གཙོ་ཆེན་ཁྱེད་ལ་གསོལ་འདེབས་ཀྱི། །མ་ལུས་རྗེས་གནང་སྩལ་དུ་གསོལ། །ལན་གསུམ། རྒྱུད་དག་པར་བྱ་བའི་སླད་དུ་མདུན་བསྐྱེད་ཀྱི་ལྷ་དང་སངས་རྒྱས་བྱང་སེམས་རྣམས་ཀྱི་དྲུང་དུ་སྐྱབས་གསུམ་སྔོན་དུ་འགྲོ་བས་བྱང་ཆུབ་ཀྱི་སེམས་བཟུང་སྙམ་པས་འདིའི་རྗེས་ཟློས་མཛོད། །འགྲོ་རྣམས་བསྒྲལ་འདོད་བསམ་པ་ཡིས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རྟག་པར་བདག་ནི་སྐྱབས་སུ་མཆི། །ཤེས་རབ་སྙིང་བརྩེ་དང་བཅས་པའི། །བརྩོན་པས་སེམས་ཅན་དོན་དུ་བདག །སངས་རྒྱས་མདུན་དུ་གནས་བཅས་ཏེ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་བགྱི། །ལན་གསུམ། ཁྱད་པར་འཕགས་པ་བྱམས་པའི་རྗེས་གནང་སྩལ་དུ་གསོལ་སྙམ་པའི་འདུན་པས་འདིའི་རྗེས་ཟློས་ཀྱང་གསུངས་ཤིག །སློབ་དཔོན་དགོངས་སུ་གསོལ། བདག་ལ་འཕགས་པ་བྱམས་པའི་རྗེས་གནང་མ་ལུས་པ་སྩལ་དུ་གསོལ། ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། ད་རྗེས་གནང་གི་གཞི་དགོད་པའི་སླད་དུ་དམིགས་པ་འདི་བཞིན་མཛད་པར་ཞུ། སྭ་བྷ་བ་སོགས། ཕྱི་ནང་གི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པ་ཉིད་དུ་གྱུར་པའི་ངང་ལས། པད་ཟླའི་གདན་ལ་ཁྱེད་རང་རྣམས་ཀྱི་སེམས་ཉིད་མེ་ཡིག་ཡོངས་སུ་གྱུར་པ་ལས་སྤྱི་བླུགས་ཀྱིས་
མཚན་པའི་ཀླུ་ཤིང་གི་ཡལ་ག་མོ་གྱིས་མཚན་པ། དེའི་འོད་ཀྱི་འཕྲོ་འདུ་ལས་ཁྱེད་རང་རྣམས་འཕགས་པ་བྱམས་པ་སོགས་ནས། རིན་པོ་ཆེའི་རྒྱན་ཅན། ཐུགས་ཀར་ཟླ་བའི་དཀྱིལ་འཁོར་ལ་མཻ་ཡིག་དང་བཅས་པ་རྣམས་གསལ་ལམ་སྟེ་གྱུར་པའི་མོས་པ་མཛོད། དེ་ནས་རྗེས་གནང་དངོས་གཞི་ལ་གསུམ་ལས། དང་པོ་སྐུའི་རྗེས་གནང་ནི། སློབ་དཔོན་ཡང་རང་གིས་བསྒོམས་པ་དང་འདྲ་བའི་འཕགས་པ་བྱམས་པ་དངོས་ཡིན་སྙམ་པའི་མོས་གུས་བྱས་པས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། མདུན་བསྐྱེད་ཀྱི་ལྷའི་ཐུགས་རྒྱུད་བསྐུལ། དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བས། སློབ་དཔོན་དང་མདུན་བསྐྱེད་ཀྱི་ལྷ་དང་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཐུགས་ཀ་ནས་འཕགས་པ་བྱམས་པའི་སྐུ་ཆེ་ཆུང་མ་ངེས་པ་དཔག་ཏུ་མེད་པ་བྱོན། ཁྱེད་རང་རྣམས་ཀྱི་སྤྱི་གཙུག་ལ་སོགས་པ་དང་བ་སྤུའི་བུ་ག་རྣམས་ནས་ཆར་བབ་པ་བཞིན་དུ་སིབ་སིབ་ཐིམ་པར་མོས་པ་མཛོད། །ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་ཐིམ། དྲིལ་བུའམ་ཏིང་ཤག་དཀྲོལ། གཉིས་པ་གསུང་གི་རྗེས་གནང་ནི། སློབ་དཔོན་གྱི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་མཻ་སེར་པོ། དེ་ལས་སྔགས་ཀྱི་
ཕྲེང་བ་བྱུང་། སློབ་དཔོན་གྱི་ཁ་ནས་ཐོན། ཁྱེད་རང་རྣམས་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཟླ་བའི་སྟེང་དུ་མཻ་སེར་པོ་གནས་པ་ལ་ཐིམ། དེའི་དུས་སུ་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཁྱེན་བརྩེ་ནུས་མཐུ་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྔགས་ཕྲེང་དང་ལྷན་ཅིག་ཞལ་དུ་ཞུགས། སྙིང་གའི་མེ་ལ་ཐིམ་པའི་མོས་པ་མཛོད་ལ། སྔགས་འདིའི་རྗེས་ཟློས་ལན་གསུམ་གསུངས་ཤིག །ཨོཾ་མཻཾ་མཻཾ་ཏྲི་སོགས་བརྗོད། དང་པོས་བྱིན་གྱིས་བརླབས། གཉིས་པས་དབྱེར་མེད་དུ་འདྲེས། གསུམ་པས་བརྟན་པར་བྱས་པའི་མོས་པ་མཛོད། སློབ་དཔོན་ལ་མེ་ཏོག་འཐོར་བཞིན་དུ་འདིའི་རྗེས་ཟློས་མཛོད་ཅིག །བཅོམ་ལྡན་བདག་གིས་བཟུང་ལགས་ཀྱི། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེ་ལྟར་ཕུལ་བའི་མེ་ཏོག་དེ་ཉིད་སླར་ཡང་བྱིན་གྱིས་བརླབས་ཏེ། །ཁྱེད་རང་གི་སྤྱི་བོར་ཕུལ་བའི་མོས་པ་མཛོད་ཅིག །སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། །བཅོམ་ལྡན་འདི་ལ་སྩལ་ལགས་ཀྱིས། །འདི་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། རིག་པ་འཛིན་པ་འདི་རྣམས་ལ་རྗེ་བཙུན་བྱམས་པ་མགོན་པོའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་མ་ལུས་པ་འཇུག་པར་གྱུར་
ཅིག་རྟགསུམ་པ་ཐུགས་ཀྱི་རྗེས་གནང་ནི། མདུན་བསྐྱེད་ཀྱི་ལྷ་ལ་མོས་གུས་དུང་དུང་བ་དང་། བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ་སྙམ་པ་མཛད་པས། མདུན་གྱི་ལྷའི་ཐུགས་ཀ་ནས། ཕྱག་མཚན་གྱི་ཚོགས་དཔག་ཏུ་མེད་པ་རྒྱང་སྟེ་བྱོན། ཁྱེད་རང་རྣམས་ཀྱི་སྙིང་གའི་ས་བོན་དང་དབྱེར་མེད་དུ་འདྲེས། རྒྱུད་བྱིན་གྱིས་བརླབས་པའི་མོས་པ་མཛོད། དེ་ནས་རྒྱ་གཞུང་སྒྲུབ་ཐབས་ཀྱི་ལུང་ཡང་སྤྲོ་ན་བྱའོ། །རྗེས་གཙོ་བོས། མཎྜལ། དེང་ནས་སོགས་སྤྱི་ལྟར་བྱས་ལ། སློབ་མ་རྣམས་རང་གནས་སུ་གཏང་། ཚོམ་བུའི་ལྷ་ལ་ཕྱག་མཆོད་བཟོད་གསོལ་གཤེགས་བསྡུ་ཤིས་བརྗོད་སོགས་སྤྱི་ལྟར་བྱའོ། །ཡང་གདམས་ངག་གཞན་ལས་འབྱུང་བ་ལྟར་འདིའི་གཟུངས་སྒྲུབ་སོགས་འདི་དག་གི་ཁུངས་སྒྲོལ་མ་རྣལ་འབྱོར་མའི་རྒྱུད་ཕྱི་མ་ལས། བྱམས་པའི་སྔགས་བཟླས་པའི་ཆུས་འཁྲུད་པ་དང་། ས་དཀར་ལ་བཟླས་ཏེ་རིལ་བུ་བྱ་བ་དང་། སྲུང་སྐུད་བྱས་པ་དེ་དག་གིས་ནི་ནད་དང་གདོན་ལས་ཐར་བ་དང་། མཚམས་མེད་པ་བྱས་ལའང་ངན་འགྲོ་ལས་ཐར་བར་འགྱུར་རོ། །ཞེས་རྒྱ་ཆེར་བསྔགས་སོ། །བྱ་བར་འདོད་ན། བུམ་པ་བཅུད་ལྡན་མཆོད་གཏོར་བཅས་ཚུལ་བཞིན་དུ་བཤམས་ལ། བདག་བསྐྱེད་སྔོན་དུ་འགྲོ་བས། བུམ་པའི་ནང་དུ་ཟླ་བའི་སྟེང་དུ་གསང་སྔགས་ཀྱི་ཕྲེང་བ་བཀོད། བུམ་པའི་སྟེང་དུ་འཕགས་པ་བྱམས་པ་བསྒོམ། དེའི་ཕྱག་ལས་བདུད་རྩིའི་ཆུ་རྒྱུན་
བྱུང་བས་བུམ་པའི་ཡི་གེ་ལ་ཐིམ་པས་ཡི་གེ་འོད་དུ་ཞུ་བ་ལས་བུམ་པའི་ནང་བདུད་རྩིས་ཁེངས་པར་བསམ་ཞིང་སྔགས་བཟླ། བཟླས་པ་ཚར་བ་དང་། འཕགས་པ་བྱམས་པ་ལ་མཆོད་པ་དང་གཏོར་མ་འབྲུ་གསུམ་གྱིས་བརླབ། རྩ་སྔགས་ལན་གསུམ་གྱིས་ཕུལ་ལ་མཆོད་བསྟོད་གསོལ་བ་གདབ་ལ་གཤེགས་སུ་གསོལ། ཆུ་དེས་རང་གཞན་ལ་ཁྲུས་བྱ་བ་སོགས་ཕན་གདགས་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་གསུངས་སོ། །དེ་ཉིད་ལས་སྔགས་འདག་བྱེད་ནའང་ཁྲུས་ཆུས་ས་དཀར་པོ་དྲི་མ་མེད་པ་སྦྲུས་ལ་རིལ་བུ་བྱ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ལ་གསང་སྔགས་བཀོད་པ་དེ་ལས་བདུད་རྩིའི་རྒྱུན་བྱུང་པས་རིལ་བུ་ལ་ཐིམ་པས་བདུད་རྩིར་མེར་གྱིས་གྱུར་པར་བསྒོམས་ལ། དེ་ལྟ་བུའི་རིལ་བུས་བདག་གཞན་ལ་ཕན་གདགས་པར་བྱའོ། །སྲུང་སྐུད་བྱེད་ན། སྐུད་པ་གཙང་མ་ལ་རྡོ་རྗེའི་མདུད་པ་གསུམ་མམ་ལྔ་བྱས་པ་སྙིམས་པའི་བར་དུ་བཅུག །དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་གསང་སྔགས་བཀོད་ལ་འོད་དུ་ཞུ་བ་ལས་བྱུང་བའི་སྐུད་པར་བསྒོམས་ཏེ། དེ་ལ་རྟེན་འབྲེལ་གྱི་སྔགས་གསུམ་མམ་ལྔ་བཟླས་པས་རབ་གནས་བྱས་ལ་གདགས་པར་བྱའོ། །ཞེས་པའང་ཉེར་མཁོའི་ཡན་ལག་ཏུ་མཁྱེན་བརྩེའི་དབང་པོས་བྲིས་པ་དགེ་ལེགས་ཀྱི་བདུད་རྩིས་ཕན་བདེའི་ཆུ་
སྐྱེས་རྟག་ཏུ་རྒྱས་པར་གྱུར་ཅིག །མངྒ་ལཾ།། །།དགེའོ།། །།དགེའོ།། །།དགེའོ།།