← Search

ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་གྱི་འབྲུ་ནོན་གྱི་འགྲེལ་བཤད་ཉམས་ཆག་དྲི་མ་དག་བྱེད་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན།

རྗེས་དཀར་ཨོ་རྒྱན་བརྩོན་འགྲུས།

ཀླད་ཀྱི་དོན།

༄༅། །ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་གྱི་འབྲུ་ནོན་གྱི་འགྲེལ་བཤད་ཉམས་ཆག་དྲི་མ་དག་བྱེད་ཡེ་ཤེས་བདུད་རྩིའི་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ།།

༄༅།། ན་མོ་གུ་རུ་བཛྲ་དྷ་ར་ཡ། སྐྱེ་མེད་རང་བྱུང་གདོད་ནས་སྟོང་པ་ཆོས་ཁམས་རྣམ་དག་ཀུན་ཏུ་བཟང་མོ་ཡུམ། །འགགས་མེད་འོད་གསལ་ལྷུན་གྲུབ་སྣང་བ་ཡིད་ཆོས་རྣམ་དག་ཀུན་ཏུ་བཟང་པོ་ཡབ། །གཉིས་མེད་ཡེ་ཤེས་ཟུང་འཇུག་རོལ་བ་སྣ་ཚོགས་སྒྱུ་འཕྲུལ་ཞི་ཁྲོ་སྤྲུལ་པའི་ཚོགས། །སྐུ་དང་ཡེ་ཤེས་ཡེ་རྫོགས་ཡེ་དག་འཁོར་འདས་ཀུན་གྱི་གནས་ལུགས་དེ་ལ་འདུད། །རིག་སྟོང་གཉུག་མ་མི་ཤིག་ཐིག་ལེའི་སྐུ། །ལྷུན་གྲུབ་སྣང་བ་བརྒྱ་ཡི་གཟི་འབར་བ། །རང་བྱུང་ཡེ་ཤེས་སྒྲོན་མ་འོད་པོ་ཆེ། །རང་གསལ་རང་ངོ་ཤེས་པས་མཇལ་ཕྱག་འཚལ། །སྐུ་ལྔ་ཡེ་ཤེས་མཁྱེན་པའི་ཉིན་མོར་བྱེད། །གང་ལ་རབ་མངའ་འགྲོ་ཁམས་རྒྱ་མཚོའི་སྙིང་། །ཐར་ལམ་བདེ་བའི་པདྨོ་བཞད་མཛད་པའི། །མཉམ་མེད་བླ་མ་ཤཱཀྱ་སེང་གེར་འདུད། །བདེ་སྟོང་རྡོ་རྗེ་བཙུན་མོའི་རྩེ་དགའ་ཡིས། །ཐ་མལ་འཁྲུལ་བའི་སྣང་བ་དབྱིངས་ཞིག་ནས། །འཁོར་འདས་མཉམ་པར་གཟིགས་པའི་བརྟུལ་ཞུགས་ཀྱིས། །སྣང་སྲིད་ཟིལ་གནོན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ལུང་རིགས་འོད་དཀར་བྱེ་བའི་འཛུམ་ཞལ་གྱིས། །མདོ་སྔགས་ཟབ་གནད་ཀུནྡ་རྣམ་ཕྱེས་ཤིང་། །ལེགས་བཤད་རྒྱུ་སྐར་ཕྲེང་བའི་མཛེས་འབར་བའི། །འཕགས་བོད་མཁས་གྲུབ་རྒྱ་མཚོའི་ཞབས་ལ་འདུད། །ལས་ཀྱི་འཕྲོད་སད་ཟབ་གཏེར་རྒྱ་མཚོར་དབང་། །རིམ་གཉིས་གནད་མཁས་རྒྱུད་དོན་འཆད་ལ་བྱང་། །སྣང་གྲགས་རིག་པ་ལྷ་སྔགས་ཆོས་ཉིད་ངང་། །འཁྲུལ་སྣང་དབྱིངས་ཞིག་ཀརྨ་གླིང་པར་འདུད། བསླབ་གསུམ་རྒྱན་འཆང་མདོ་སྔགས་གདམས་པས་ཕྱུག །བཤད་སྒྲུབ་མཛད་པས་ཐུབ་བསྟན་ཕྱོགས་བཅུར་སྤེལ། །མཁྱེན་བརྩེའི་ཉི་ཟླ་གདུལ་བྱའི་འཛིན་མར་སྨིན། །བཀའ་དྲིན་གཞལ་དཀའ་བཤེས་གཉེན་ཚོགས་ལ་གུས། །ཁྱད་པར་བདག་བློ་དད་པའི་གུར་ཁང་དུ། །དབྱིངས་རིག་འགྱུར་མེད་རྒྱལ་པོའི་ཞལ་སྟོན་མཁན། །གྲུབ་ཐོབ་རྒྱ་མཚོའི་གདུང་འཚོབ་ཧེ་རུ་ཀ། །མཉྫུ་ཤྲཱི་དྷརྨ་ཀིརྟིས་སྐྱོངས། །སྣང་སྲིད་ཡེ་ནས་སྐུ་གསུམ་གཞིར་བཞུགས་པ། །ཟུང་འཇུག་ལམ་གྱིས་གཞི་བཞེངས་མངོན་གྱུར་པའི། །ཀུན་ཀྱང་མོས་པའི་ཐབས་དེ་གསལ་བྱེད་པའི། །འབུམ་ཕྲག་རྒྱུད་སྡེའི་སྙིང་པོ་འདིར་འཁྱིལ་བ། །སྐལ་ལྡན་དུ་མས་རང་སྐལ་བཏུང་ཟིན་ཡང་། །བདག་འདྲ་གནས་ངན་ལེན་པའི་བྱང་ལམ་ན། །རྣམ་རྟོག་བྱེ་མས་བརྣངས་པའི་རླུང་ལ་དགའ། །ཉེས་ལྟུང་སྐོམ་པའི་གཉེན་དུ་མ་ཐོབ་ངལ། །ཐུབ་པ་མཆོག་གི་བཞི་དྲུག་རྒྱུད་ཀུན་གྱི། །སྐྱེལ་སོ་གཅིག་སྟེ་བཞི་བཅུ་རྩ་གཉིས་ཞི༷། །ང་བརྒྱད་ཁྲོ༷་བོའི་དཀྱིལ་འཁོར་ལྡིང་ཁང་ན། །དག་བྱེད་དྲི་མ་འཁྲུད་པའི་བདུད་རྩི་འདི། །གདམས་པ་གཞན་ལས་ལྷག་པའི་ཚུལ་རྟོགས་ནས། །སྣང་བ་འོད་གསལ་ཀུན་ཏུ་བཟང་པོ་ཡབ། །སྟོང་པ་ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུམ། །གཉིས་མེད་ཉིད་སྐྱོང་སྒྲིབ་པའི་དམིགས་གཏད་ཞིག །གཉིས་མེད་ཀློང༵་ན་བཤ༵གས་པའི་བརྗོད་པ་བྲལ། །རང་གྲོལ་ཆོས་ལ་ཉེས་སྒྲིབ་གང་གིས་གོས། །འོན་ཀྱང་འཁྲུལ་བློའི་དྲི་མ་བཀྲུ་ཕྱིར་དུ། །ཐབས་གསལ་བསྟན་དེ་གསལ་བའི་ཚིག་གིས་བཤད།།

ཅེས་མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བ་ལ་སོགས་པའི་ཚིག་གིས་སྣ་དྲངས་ཏེ་གང་བརྗོད་པར་འདོད་པའི་གཏམ་ནི། ལོ་ཙཱ་བ་ཆེན་པོ་ཅོག་རོ་ཀླུ་ཡི་རྒྱལ་མཚན་སླར་ཡང་བསིལ་རིའི་ལྗོངས་འདིར་རྒྱལ་བསྟན་སྐྱོང་བར་བསམ་བཞིན་དུ་བྱོན་པ་སྤྲུལ་པའི་གཏེར་ཆེན་ཀརྨ་གླིང་པའི་གཏེར་བྱོན་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆ་ལག་ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་གྱི་དོན་ཅུང་ཟད་འཆད་པ་ལ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་དང་གསུམ་ལས།

དང་པོ་ལ་ནི། མཚན་བསྟན་པ་དང་། ཕྱག་འཚལ་ཞིང་ཉམས་ཆག་འདག་པར་སྨོན་ལམ་གདབ་པ་དང་། བསྟན་པར་དམ་བཅས་ཤིང་བཤགས་པ་འདི་ལ་བརྩོན་པར་བསྐུལ་བ་དང་། གཞུང་གི་ས་བཅད་བསྟན་པ་དང་བཞི་ལས། དང་པོ་ནི། ༁ྃ༔ ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཀློང་བཤགས་བརྗོད་པ་རང་གྲོལ་ཞེས་བྱ་བ་བཞུགས་སོ༔ ཞེས་པས་བསྟན་པ་སྟེ། ཚིག་དོན་ནི་ཟབ་པར་འགྲེལ་དུ་མཆིས་ཀྱང་། དོན་ལ་འོག་ནས་བྱུང་བའི་གནས་ལུགས་དོན་དམ་པའི་གཤིས་ལས་མི་འདའ་བར་བཤགས་པའི་ཚུལ་ལས་གོ་ཞིང་། ཇི་སྐད་དུ། འདི་ལ་བསལ་བྱ་གང་ཡང་མེད། །བཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་དང་། དེ་དོན་རང་སེམས་མ་བཅོས་སྤྲོས་མཐའ་བྲལ། །སྣང་རིག་སྟོང་གསལ་དབྱེར་མེད་ངོ་བོ་གཅིག །མ་གཡེང་གནས་ལུགས་ཉམས་ལེན་ལྟ་བའི་ངང་། །མཉམ་པར་བཞག་ཅིང་ཀློང་བཤགས་ཚིག་དོན་གཞོལ། །ཞེས་པ་གསུངས་པ་ལྟར་རོ། །མཚན་བཏགས་པའི་དགོས་པ་སོགས་ནི་གསུང་རབ་སྤྱིའི་ལུགས་ལྟར་རོ།།

གཉིས་པ་ཕྱག་འཚལ་ཞིང་སྨོན་ལམ་གདབ་པ་ནི། ཀུན་བཟང་ཆེ་མཆོག་ཞི་ཁྲོའི་ལྷ་ཚོགས་ལ༔ གུས་པས་ཕྱག་འཚལ་ཉམས་ཆག་དག་གྱུར་ཅིག༔ ཅེས་པ་སྟེ། དེ་ཡང་ཀརྨ་གླིང་པའི་གཏེར་བྱོན་ཞི་ཁྲོའི་ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ལས། ཡིད་ཆོས་རྣམ་དག་ཀུན་ཏུ་བཟང་པོ་ཡབ༔ ཆོས་ཁམས་རྣམ་དག་ཀུན་ཏུ་བཟང་མོ་ཡུམ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མྱེས་ལྷ༔ ཞེས་གསུངས་པ་ལྟར། ཞི་བའི་སྤྲུལ་གཞི་ཡབ་ཀུན༷་ཏུ་བཟ༷ང་པོ་དང་ཡུམ་ཀུན་ཏུ་བཟང་མོ་གཉིས་དང་། དེ་ལས་སྤྲུལ་པ་ནི། དེ་ཉིད་ལས། ཕུང་ལྔ་རྣམ་དག་བཅོམ་ལྡན་རིགས་ལྔ་ཡབ༔ འབྱུང་ལྔ་རྣམ་དག་ཡུམ་མཆོག་ལྔ་དང་སྦྱོར༔ སྐུ་གསུང་ཐུགས་ཡོན་གསལ་ལ་འགགས་པ་མེད༔ ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ཅེས་དང་། འགྲོ་དོན་རྫོགས་མཛད་ཐུབ་པ་དྲུག་རྣམས་དང་༔ ཚད་མེད་བཞི་ལྡན་རྟག་ཆད་མུ་བཞི་བྲལ༔ འཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ ཅེས་གསུངས་པ་ལྟར། རྒྱལ་བ་རིགས་ལྔ་དང་། རིགས་ཀྱི་ཡུམ་ལྔ་དང་། བྱང་ཆུབ་སེམས་དཔའ་བརྒྱད་དང་། སེམས་མ་བརྒྱད་དང་། ཐུབ་པ་དྲུག་དང་། སྒོ་བ་བཞི་དང་། སྒོ་མ་བཞི་སྟེ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་དང་། ཡང་དེ་ཉིད་ལས། བཅོམ་ལྡན་ཁྲག་འཐུང་ཆེ་མཆོག་ཧེ་རུ་ཀ༔ ཀྲོ་དྷཱི་ཤྭ་རཱི་དབྱིངས་ཕྱུག་ཡུམ་དང་འཁྲིལ༔ སྤྲུལ་པའི་ཁྲག་འཐུང་རིགས་ལྔ་ཧེ་རུ་ཀ༔ ཤེས་རབ་དབྱིངས་ཕྱུག་ཀྲོ་དྷཱི་ལྔ་དང་འཁྲིལ༔ ཞེས་དང་། ཀཽ་རཱི་ལ་སོགས་གནས་བདག་མ་མོ་བརྒྱད༔ སིང་ཧ་ལ་སོགས་ཡུལ་བདག་ཕྲ་མེན་བརྒྱད༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ དཀྱིལ་འཁོར་མུ་རན་དབང་ཕྱུག་ཉི་ཤུ་བརྒྱད༔ ཅེས་གསུངས་པ་ལྟར། ཁྲོ་བོའི་སྤྲུལ་གཞི་ཆེ༷་མཆོ༷ག་ཧེ་རུ་ཀ་ཡབ་ཡུམ་གཉིས་ཀྱི་གཙོས་སྤྲུལ་པ་ཁྲག་འཐུང་རིགས་ལྔ་དང་། དབྱིངས་ཕྱུག་ཡུམ་ལྔ་དང་། ཀཽ་རཱི་མ་བརྒྱད་དང་། ཕྲ་མེན་མ་བརྒྱད་དང་། སྒོ་མ་བཞི་དང་། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་དེ་ཁྲག་འཐུང་དྲུག་ཅུའི་ལྷ་ཚོགས་སམ་སྤྲུལ་གཞི་ཆེ་མཆོག་ཡབ་ཡུམ་དོར་བའི་འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དང་ཞི་བ་བཅས་བསྡོམས་པ་ཞི༷་ཁྲོ༷འི་ལྷ༷་ཚོག༷ས་དམ་པ་རིགས་བརྒྱ་ལ༷་སྒོ་གསུམ་གུས༷་པ༷་ཆེན་པོས༷་ཕྱ༷ག་འཚ༷ལ་ལོ། །འགྲོ་བ་ཀུན་དང་ཁྱད་པར་དུ་རྣལ་འབྱོར་བའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམ༷ས་ཆ༷ག་ཉེས་ལྟུང་ཐམས་ཅད་ད༷ག་པར་གྱུར༷་ཅི༷ག་ཅེས་སྨོན་ལམ་བཏབ་པའོ།།

གསུམ་པ་བསྟན་པར་དམ་བཅའ་སོགས་ནི། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས༔ ཉམས་ཆག་མ་སྤངས་གནས་སུ་དག་བྱའི་ཕྱིར༔ ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་བསྟན༔ འདི་ལ་བརྩོན་པར་མཛོད་ཅིག་ཕྱི་རབས་བུ༔ ས་མ་ཡ༔ ཞེས་པས་བསྟན་ལ། ས་མ་ཡ་ནི་ལེགས་སྦྱར་ལས་དམ་ཚིག་གི་དོན་ཏེ། དམ་བཅའ་བའི་ཚིག་གི་དོན་ལ་གནས་པར་མཛོད་ཅེས་པ་ལ། གཞན་རྣམས་ཀྱི་དོན་གོ་སླའོ།།

གཞུང་གི་ས་བཅད་བསྟན་པ།

བརྗོད་མེད་དོན་བཤགས།

སྤྱན་འདྲེན་བཞུགས་གསོལ།

བཞི་བ་གཞུང་གི་ས་བཅད་བསྟན་པ་ནི། འདི་ལ་དྲུག་སྟེ་བརྗོད་མེད་དོན་བཤགས་དང་༔ ཞི་བའི་ཀློང་བཤགས་ཁྲོ་བོའི་ཀློང་བཤགས་དང་༔ ལྟ་བའི་ཀློང་བཤགས་རུ་དྲའི་སྨེ་བཤགས་དང་༔ བདེ་གཤེགས་སྤྱི་བཤགས་རྣམ་པ་དྲུག་གིས་བསྟན༔ ཅེས་པ་སྟེ། གཞུང་འདིར་དེ་ལྟ་བུའི་ས་བཅད་རྣམ་པ་དྲུག་ཏུ་ཕྱེས་པའི་སྒོའི་བསྟན་ལ། དོན་གོ་སླའོ།།

དེ་ཡང་དང་པོ་བརྗོད་མེད་དོན་བཤགས་འདི་ལས་ཕྱག་འཚལ་ཐོན་པ་དེས་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་དང་། མཆོད་པས་འདོད་ཆགས་ཀྱི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག་དང་། བསྟོད་པ་ནི་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་གི་ཡན་ལག་དང་། སྤྱན་འདྲེན་པའི་ཡན་ལག་དང་། བཞུགས་སུ་གསོལ་བའི་ཡན་ལག་དང་། དགོངས་སུ་གསོལ་བ་ནི་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བ་བཞུགས་པར་གསོལ་བ་འདེབས་པའི་ཡན་ལག་རྣམས་དང་། དེ་ནས་དོན་བཤགས་པ་དངོས་ནས་བདེ་གཤེགས་སྤྱི་བཤགས་རྫོགས་པའི་བར་ནི་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག་དང་། ཀློང་བཤགས་ཀྱི་གོང་འོག་ཀུན་ཏུ་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བར་བསྐུལ་བའི་ཚིག་ཡོད་པ་དེས་གཏི་མུག་གི་གཉེན་པོ་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བའི་ཡན་ལག་དང་། དེ་བཞིན་དུ་སྨོན་པའི་ཚིག་ཐོན་པ་དེས་ཐེ་ཚོམ་གྱི་གཉེན་པོ་བསྔོ་བའི་ལན་ཡག་བསྟན་པར་བྱས་ན་གཞུང་ཧྲིལ་བོ་སྤྱིར་གྱི་ཡན་ལག་བདུན་གྱི་ཁོངས་སུ་བསྡུས་པའམ་བདུན་གྱི་སྟེང་སྤྱན་འདྲེན་དང་བཞུགས་གསོལ་གྱི་ཡན་ལག་སོ་སོར་ཕྱེས་ཏེ་བསྣན་པས་ཡན་ལག་དགུའི་ནང་དུ་བསྡུས་ནས་བསྟན་པར་བྱས་ཀྱང་རུང་ངོ་།།

༈ གཉིས་པ་གཞུང་གི་དོན་ལ་ནི་དྲུག་སྟེ། བརྗོད་མེད་དོན་བཤགས་བསྟན་པ་དང་། ཞི་བའི་ཀློང་བཤགས་བསྟན་པ་དང་། ཁྲོ་བོའི་ཀློང་བཤགས་བསྟན་པ་དང་། རུ་དྲའི་སྨེ་བཤགས་བསྟན་པ་དང་། ལྟ་བའི་ཀློང་བཤགས་བསྟན་པ་དང་། བདེ་གཤེགས་སྤྱི་བཤགས་བསྟན་པ་དང་དྲུག་གོ།

དང་པོ་རྩ་བའི་ས་བཅད་དང་པོ་བརྗོད་མེད་དོན་བཤགས་བསྟན་པ་ལ་ནི། བཤགས་པའི་ཡན་ལག་ཏུ་སྤྱན་འདྲེན་བཞུགས་གསོལ་དང་། ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་དང་། བསྟོད་པ་བྱ་བ་དང་། དགོངས་སུ་གསོལ་བ་དང་། བཤགས་པ་དངོས་དང་དྲུག་ལས།

དང་པོ་ནི། ཨོཾ་ཡེ་ཤེས་སྐུ་མཆོག་རང་བཞིན་དཀྱིལ་འཁོར་ནི༔ ཟླ་རྒྱས་བཞིན་དུ་སྤྲོས་པ་མི་མངའ་ཡང་༔ ཐུགས་རྗེ་ཉི་གསལ་འོད་བཞིན་སྙོམས་མཛད་དེ༔ འདིར་གཤེགས་བདག་ལ་དགོངས་ཤིང་བཞུགས་སུ་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་ཏེ་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྙིང་པོ་ཡིན། །ཞེས་དང་། རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས། ཨོཾ་ཞེས་དང་པོ་ཕྱག་འཚལ་བཀྲ་ཤིས་སྟེར་བྱེད་པ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་བདེ་མཆོག་ཉུང་ངུ་ལས། ཨོཾ་ནི་ཀུན་ལ་གསལ་བྱེད་དེ། །གྲུབ་སྩོལ་འདོད་པ་ཐམས་ཅད་བྱེད། །དཔའ་བོ་ཉིད་འགྱུར་གྲུབ་པ་ནི། །ཁྱིམ་དུ་དཀྱིལ་འཁོར་མཐོང་བ་ཡིན། །དེ་ནས་དེ་རྟག་བསྒོམ་པར་བྱ། ཞེས་གསུངས་པ་ལྟར། ཨོཾ༷་ཡིག་ནི་སྤྱིར་མཆོག་དང་། འབྱོར་བ་དང་། དཔལ་དང་། གཡང་དང་། སྐལ་བ་བཟང་པོ་དང་། གྲགས་པ་དང་། ཕུན་སུམ་ཚོགས་པ་དང་། དགེ་ཞིང་ལེགས་པ་དང་། བཀྲ་ཤིས་པ་དང་། དམ་བཅའ་བ་དང་། ནོར་བུའི་སྙིང་པོ་འཛིན་པའི་དོན་མཚོན་བྱེད་ཡིན་ཞིང་། བྱེ་བྲག་ཏུ་རིགས་ལྔ་ཡེ་ཤེས་ལྔ་མཚོན་བྱེད་ཡིན་པར་གསུངས་ཏེ། མཁའ་འགྲོ་མ་དྲྭ་བ་སྡོམ་པ་དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། ཨ་ནི་རྣམ་སྣང་མི་སྐྱོད་པ། །ན་རོ་རིན་ཆེན་འབྱུང་ལྡན་ཏེ། །ཟླ་ཚེས་འོད་དཔག་མེད་པ་ཡིན། །ཐིག་ལེ་དོན་ཡོད་གྲུབ་པའོ། །ཨོཾ་ནི་བདེ་གཤེགས་ལྔ་རང་བཞིན། །ཞེས་དང་། ཡི་གེ་ཨོཾ་ནི་སྔགས་ཀྱི་མཆོག །རྣལ་འབྱོར་པ་ཡིས་བཟླ་བར་བྱ། །སྔ་མ་བཞིན་དུ་ཡེ་ཤེས་ལྔ། །ཞི་བ་ལ་སོགས་དེ་བཞིན་བསྒྲུབ། །ཅེས་དང་། ཀརྨ་གླིང་པའི་བཏགས་གྲོལ་འཁོར་ལོ་ལས། ཨོཾ་ལ་སྐུ་ལྔ་ཡེ་ཤེས་ལྔ༔ ཡུམ་ལྔ་འབྱུང་ལྔ་རིགས་ལྔ་སྟེ༔ ཡེ་ཤེས་ཡི་གེ་ཨོཾ་ལ་རྫོགས༔ ཞེས་གསུངས་པའི་ཕྱིར། གཞན་ཡང་ཨོཾ་ཟླ་ཚེས་དང་རིང་ཆ་ཅན་དེ་ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་མཚོན་བྱེད་དུ་བཤད་པའང་ཡོད་དེ། བཏགས་གྲོལ་འཁོར་ལོ་དེར་དྲངས་པའི་ཞི་ཁྲོའི་སྤྱི་རྒྱུད་ལས། ཡི་གེ་ཨོཾ་དུ་སྣང་བ་ནི༔ ཨ་ཉིད་མ་སྐྱེས་ཆོས་ཀྱི་སྐུ༔ ཆོས་ཉིད་བརྡལ་བ་ཆེན་པོའི་ངང་༔ ན་རོ་མཉམ་ཉིད་ཡེ་ཤེས་ཏེ༔ ཐམས་ཅད་ངོ་བོ་མཉམ་ཉིད་སྐུ༔ ཟླ་ཚེས་གསུང་གི་རང་བཞིན་ཏེ༔ སོ་སོར་རྟོགས་པའི་ཡེ་ཤེས་ལ༔ ཐིག་ལེ་ཀུན་ཏུ་མ་སྤྲོས་པས༔ མེ་ལོང་ལྟ་བུའི་ཡེ་ཤེས་ངང་༔ འ་ནི་འདྲེན་པའི་ལྕགས་ཀྱུ་སྟེ༔ འཕྲིན་ལས་རྣམ་བཞི་ལྷུན་གྱིས་མཛད༔ བྱ་བ་ནན་ཏན་ཡེ་ཤེས་ཡིན༔ ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས༔ ཡོན་ཏན་འཕྲིན་ལས་ཨོཾ་ལ་རྫོགས༔ ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་བྱེ་བྲག་ཏུ་ཨོཾ་ཡིག་དེ་སྐུ་ལྔ་ཡེ་ཤེས་ལྔ་དང་། རྒྱལ་བ་རིགས་ལྔ་དང་། འབྱུང་ལྔ་ཡུམ་ལྔ་མཚོན་བྱེད་དུ་གསུངས་པ་མང་ཕྱིར་སྐུ་ལྔ་ཡེ་ཤེས་ལྔ་དང་རྒྱལ་བ་རིགས་ལྔའི་ཤིས་པ་ཕུན་སུམ་ཚོགས་པའི་དཔལ་དང་། གྲགས་པ་དང་། དགེ་ལེགས་ཀྱི་སྣང་བ་རབ་ཏུ་བཞད་པར་གྱུར་ཅིག་ཅེས་པ་དང་། ཡང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། དང་པོ་ཨོ་ཡིག་ཡང་དག་ལྡན། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །ཐིག་ལེ་ཆེན་པོ་ཡི་གེ་མེད། །ནམ་མཁའ་ནམ་མཁའི་དབུས་གནས་པར། །སྔགས་དང་རྒྱུད་ནི་ཡང་དག་འབྱུང་། །ཞེས་གནས་ལུགས་ཀྱི་དོན་མཚོན་པའི་ཡི་གེ་སྟེ། རྒྱུད་འབྱུང་བའི་ཁུངས་དང་རྒྱུད་ཀྱི་གླེང་གཞི་དང་། གནས་ལུགས་ཀྱི་དོན་ངེས་པ་དང་དེའི་བྱིན་རླབས་དང་དགེ་ལེགས་སྩོལ་བར་བརྗོད་པ་སོགས་གཞུང་གི་སྔོན་དུ་ཤིས་པ་བརྗོད་པའོ།།

དེ་ནས་གཞུང་གི་ཚིག་དོན་ནི། རིག་སྟོང་གཉིས་སུ་མེད་པའི་ཡེ༷་ཤེས༷་ཀྱི་སྐུ༷་འཁོར་འདས་ཀྱིས་བསྡུས་པའི་དངོས་པོ་ཀུན་གྱི་ངོ་བོ་མཆོ༷ག་ཏུ་གྱུར་པའི་ར༷ང་བཞི༷ན་སྐྱེ་འགགས་དང་བྲལ་བའི་དབྱིངས་དང་གཉིས་སུ་མེད་པའི་ཆོས་སྐུའི་དཀྱིལ༷་འཁོ༷ར་ཆེན་པོ་དེ་ནི༷། དཔེར་ན་རྡུལ་བྲལ་སྟོན་གྱི་ནམ་མཁའ་དྭངས་པར་འཆར་བའི་ཟླ༷་བ་ཉ་རབ་ཏུ་རྒྱས༷་པའི་དཀྱིལ་འཁོར་ལ་ནག་ནོག་གི་དྲི་མ་དང་བྲལ་བ་བ༷ཞིན་དུ༷་གཉིས་སྣང་གཉིས་འཛིན་ལ་སོགས་པའི་སྤྲོས༷་པ༷་གང་ཡང་མི༷་མང༷འ་ན་ཡ༷ང་། རྒྱལ་བ་ཀུན་གྱི་ཐུགས༷་བརྩེ་བ་སྙིང་རྗེ༷་ཆེན་པོའི་ཡེ་ཤེས་ནི་དཔེར་ན་མཁའ་ལ་འཆར་བའི་ཉི༷་མའི་དཀྱིལ་འཁོར་རབ་ཏུ་གསལ༷་བའི་འོ༷ད་ཟེར་དེ་རང་ངོས་ནས་རྟོག་པ་མེད་པར་གླིང་བཞིའི་ཁྱོན་ཀུན་ལ་སྙོམས་པར་འཆར་བ་བཞི༷ན་དུ་ཐུགས་ཆོས་ཀྱི་དབྱིངས་ལས་གཡོ་བ་དང་རྟོག་པ་མེད་བཞིན་འགྲོ་བ་ཐམས་ཅད་ལ་སྙོམ༷ས་པར་གཟིགས་པ་མངའ་བའི་སྒོ་ནས་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱིས་འགྲོ་བའི་དོན་མཛད་པ་ལགས་པས་ན། དེང་འདིར་ཡང་དེ་ལྟར་སྙོམས་པར་གཟིགས་པར་མཛ༷ད་དེ༷་རྣལ་འབྱོར་བ་བདག་ཅག་གིས་ཉེས་ལྟུང་བཤགས་པའི་ཡུལ་འདིར༷་དཔང་པོར་གཤེགས༷་པ་དང་། ལས་ངན་འདི་སྙིང་རེ་རྗེ། འདིའི་ཉམས་ཆག་གི་ལས་ཀྱི་སྒྲིབ་པ་མཐུག་པོ་འདི་རྣམས་དག་པར་གྱུར་ཅིག་ཅེས་བད༷ག་ལ༷་ཐུགས་བརྩེ་བས་ཉེ་བར་དགོངས༷་ཤིང༷་གནོང་བཤགས་ཞུ་བའི་ཡུལ་གྱི་དཀྱིལ་འཁོར་འདིར་དཔང་པོར་བཞུགས༷་སུ༷་གསོ༷ལ་ཞེས་བཤགས་པའི་ཡུལ་དུ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་སྤྱན་དྲངས་ཤིང་བཤགས་པའི་དཔང་པོར་བཞུགས་པར་གསོལ་བ་བཏབ་པའོ། །བཤགས་པའི་རྒྱུད་ཡིན་ཕྱིར་བཤགས་པའི་དབང་དུ་བྱས་ན་འདི་དང་འོག་གི་དགོངས་གསོལ་རྣམས་ཀྱིས་ནི་གཉེན་པོ་རྟེན་གྱི་སྟོབས་བསྟན་པར་བྱས་པ་ནི་ཤེས་དགོས་སོ།།

ཕྱག་འཚལ་བ།

གཉིས་པ་ཞི་ཁྲོ་སྐུ་གསུམ་གྱི་ལྷ་ལ་ཕྱག་འཚལ་བ་ནི། བརྗོད་མེད་ཤེས་རབ་མི་གཡོ་ཆོས་ཀྱི་སྐུ༔ བདེ་ཆེན་ལོངས་སྤྱོད་རྫོགས་སྐུ་རིགས་ལྔའི་གཙོ༔ ཐུགས་རྗེ་ཐབས་མཁས་རྒྱ་ཆེན་རོལ་པའི་སྐུ༔ ཞི་ཁྲོ་སྐུ་གསུམ་གྱི་ལྷ་ལ་ཕྱག་འཚལ་ལོ༔ ཞེས་པ་སྟེ། ཤོ་ལོ་ཀ་གཅིག་གིས་བསྟན་ཏོ། །དེ་ཡང་ཞི་ཁྲོའི་ལས་བྱང་ཆུང་བ་ལས། དཔེ་མེད་བསམ་བརྗོད་བྲལ་བའི་ངང་ཉིད་ལས༔ ཞེས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དོན་གྱི་སྙིང་པོ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་རྣལ་འབྱོར་གྲུབ་པའི་རྒྱུད་ལས། ཅི་ཕྱིར་ཆོས་ཀྱི་དབྱིངས་ཉིད་ནི། །ནམ་མཁའ་ལྟ་བུར་འདུས་མ་བྱས། །བསམ་དུ་མེད་པས་ནམ་མཁའ་འདྲ། །བརྗོད་དུ་མེད་པས་གཟུགས་དང་བྲལ། །ཞེས་དང་། རྡོ་རྗེ་ཕུར་བ་གསང་བའི་རྒྱུད་ལས། ཨེ་མ་ཧོ་ཆོས་ཀུན་སྟོང་པའི་བདག །རང་གི་ངོ་བོ་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣ་ཚོགས་པའི། །ཆོས་རྣམས་ཀུན་ལ་ཁྱབ་པར་གནས། །ཞེས་གསུངས་པ་ལྟར། དཔེ་ཡིས་མཚོན་པ་དང་། བློ་ཡིས་བསམ་པ་དང་། ངག་གིས་བརྗོ༷ད་པ་མེ༷ད་པའི་ཤེས༷་ར༷བ་སྟོང་པ་ཉིད་ཆོས་ཉིད་རྣམ་པར་དག་པ་རྒྱུ་དང་རྐྱེན་གང་གིས་ཀྱང་མི༷་གཡོ༷་བའམ་སྐྱེ་འགགས་ཀྱི་དངོས་པོས་གཡོ་བ་མེད་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས༷་ཀྱི༷་སྐུ༷་ཀུན་ཏུ་བཟང་པོ་དང་། ཐབས་བ༷དེ་བ་ཆེ༷ན་པོའི་ཡེ་ཤེས་མཐར་ཐུག་པ་ལ་ཉེར་བར་ལོང༷ས་སྤྱོ༷ད་པ་ཡོངས་སུ་རྫོ༷གས་པའི་སྐུ༷། རྣམ་པར་སྣང་མཛད་དང་། རྡོ་རྗེ་སེམས་དཔའ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་བཅས་རྒྱལ་བ་རིགས་ལྔ་དང་། ཁྱད་པར་དུ་རྒྱལ་བ་རིགས༷་ལྔ༷འི་གཙོ༷་བོ་ལོངས་སྐུ་རྡོ་རྗེ་སེམས་དཔའ་དང་། ཐུགས༷་བརྩེ་བ་སྙིང་རྗེ༷་ཆེན་པོའི་སྒོ་ནས་འགྲོ་བ་ཞི་བས་འདུལ་བ་ལ་ཞི་བ་དང་། གདུག་པ་ཅན་ལ་ཁྲོ་བོ་དང་། མ་མོ་དང་ཕྲ་མེན་མ་ལ་སོགས་པ་ཐབ༷ས་ལ་མཁས༷་པའི་མཛད་པ་སྣ་ཚོགས་དང་སྤྲུལ་པ་གཟུགས་ཀྱི་བཀོད་པ་རྒྱ༷་ཆེ༷ན་པོའི་རོ༷ལ་བ་སྣ་ཚོགས་པ༷འི་ཚུལ་གྱིས་འགྲོ་བ་རྣམས་འདུལ་བ་སྤྲུལ་པའི་སྐུ༷་ཐུབ་པ་དྲུག་དང་ཁྲག་འཐུང་རིགས་ལྔ་ལ་སོགས་པའི་ཞི༷་ཁྲོ༷་སྤྲུལ་པ་སྐུའི་དཀྱིལ་འཁོར་བཅས་སྐུ༷་གསུམ༷་གྱི་བདག་ཉིད་དང་ལྡན་པའི་ལྷ༷་ཚོགས་རྣམས་ལ༷་ཉམས་ཆག་བཤགས་པ་པོས་སྒོ་གསུམ་གུས་པའི་མལ་ལྔ་སར་ཕབ་ཀྱི་ཕྱག་དང་ཡང་ན་འགྱོད་པའི་སྨྲེ་སྔགས་ཀྱི་ཕྱག་གྱང་འགྱེལ་བཞིན་དུ་འཚལ་བའི་རྐྱང་ཕྱ༷ག་གང་རུང་གིས་འདུད་པར་འཚ༷ལ་ལོ༷་ཞེས་པའོ།།

མཆོད་པ་འབུལ་བ།

གསུམ་པ་མཆོད་པ་འབུལ་བ་ལ། ཕྱི་ནང་གསང་བ་གསུམ་གྱི་མཆོད་པ་འབུལ་བ་དང་། ཡང་གསང་བླ་ན་མེད་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་འབུལ་བ་དང་གཉིས་ལས། དང་པོ་ནི། དངོས་སུ་འབྱོར་དང་ཡིད་ཀྱི་རྣམ་འཕྲུལ་ཏེ༔ ཀུན་ཏུ་བཟང་པོ་བླ་མེད་མཆོད་སྤྲིན་གྱིས༔ མཁའ་དབྱིངས་རྣམ་དག་རྒྱ་ཆེན་ཡོངས་བཀོད་དེ༔ ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོས་མཆོད། །ཅེས་པ་སྟེ། ཚིགས་སུ་བཅད་པ་གཅིག་གིས་བསྟན་ལ། དེ་ཡང་སྲིད་ཞིའི་ཁམས་ན་ཡིད་འོང་གི་དངོས་པོ་ལ་སོགས་པ་མཆོད་པར་རུང་བའི་མཆོད་པའི་རྫས་ཇི་སྙེད་མཆིས་པ་དེ་རྣམས་དངོས༷་སུ༷་འབྱོར༷་བའམ་བདོག་པ་རྣམས་དངོས་སུ་འབུལ་བ་དང༷་། གལ་ཏེ་དངོས་སུ་མི་འབྱོར་མི་བདོག་པ་དང་། འབུལ་སྟབས་མི་བདེ་བ་རྣམས་དེ་འདྲའི་མཆོད་རྫས་རྣམས་བློ་ཡུལ་དུ་བླངས་ནས་ཞི་ཁྲོའི་དཀྱིལ་འཁོར་དུ་ཡི༷ད་ཀྱི༷ས་རྣམ༷་པར་སྤྲུལ༷་པར་བྱས་ཏེ༷་མཆོད་པར་བྱ་ཞེས་པའོ།།

ཡིད་སྤྲུལ་ནི། སངས་རྒྱས་ཕལ་བོ་ཆེའི་མདོ་ལས། འདོད་པ་ལ་སྤྱོད་པའི་ལྷའི་བུ་སྟོང་ཕྲག་དཔག་ཏུ་མེད་པ་ཁ་དོག་ཤིན་ཏུ་མཛེས་པ་དག་ཀྱང་ནམ་མཁའ་ལ་འཁོད་ཅིང་ཡིད་ཀྱིས་སྤྲུལ་པའི་མཆོད་པས་མཆོད་པ་བྱས་ནས་འདི་སྐད་ཅེས་འཛེར་ཏོ། །ཞེས་དང་། དཔལ་རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། ཕྱི་ནང་གསང་བའི་མཆོད་པ་རྒྱ་མཚོའི་ཚོགས། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པ་ཀུན། །ཕྱོགས་བཅུའི་ཞིང་ཁམས་གང་བར་རབ་དམིགས་ལ། །སྐྱོ་མེད་དང་བས་ཉིན་མཚན་བརྩོན་པར་བྱ། །ཞེས་མདོ་སྔགས་གཉིས་ཀར་རྒྱ་ཆེར་གསུངས་ལ། མཆོད་རྫས་དེ་དང་དེ་ཡོད་པར་ཡིད་ཀྱིས་མོས་པས་འབུལ་བ་ལ་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཞེས་བྱ་ཞིང་། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། དེ་ནས་དེ་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་ནམ་མཁའ་མཛོད་ཀྱི་བྱིན་གྱི་བརླབས་ཀྱིས་བཟའ་བ་དང་། བཅའ་བ་དང་། མྱང་བ་དང་། བལྡག་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་ཕབ་སྟེ། ཞེས་སོགས་གསུངས་པ་ལྟར་འཕགས་པ་ནམ་མཁའ་མཛོད་ཀྱིས་ལོངས་སྤྱོད་དུ་གྲགས་པ་ལྟ་བུ་རིན་པོ་ཆེ་སྣ་ཚོགས་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། རོལ་མོ་དང་། རྟ་དང་གླང་པོ་དང་། ཁྱུ་མཆོག་དང་། ཁང་བཟང་མལ་ཆ་ཁྲི་གདན་ལ་སོགས་པའི་མཆོད་རྫས་མཐའ་ཡས་པ་གང་ལ་གང་འདོད་དུ་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་དངོས་སུ་མཐོང་དུ་ཡོད་པར་སྤྲུལ་ནས་འབུལ་བའང་ཡོད་མོད་དེ་ནི་གང་ཟག་ཁྱད་པར་བ་མ་གཏོགས་མི་ནུས་སོ།།

རྒྱུད་རྡོ་རྗེ་རྩེ་མོ་ལས། ཤིན་ཏུ་ངོ་མཚར་མཆོད་པ་ནི། །ཅི་ནུས་པར་ཡང་བསྒྲུབ་པར་བྱ། །ཡང་ན་མྱ་ངན་འདའ་སོགས་དང་། །རྣལ་འབྱོར་དགེ་བ་སོགས་པ་ལ། །ངོ་མཚར་གྱུར་པའི་མཆོད་པ་ཡིས། །མཆོད་པའི་སྤྲིན་དག་དབུལ་བར་བྱ། །གནས་འདི་འམ་ནི་གཞན་དག་ན། །ལྷ་སོགས་བདག་གིར་མ་བྱས་པའི། །མེ་ཏོག་ཆུ་སྐྱེས་ཐང་སྐྱེས་རྣམས། །ཐབས་ཆེན་སངས་རྒྱས་ཐམས་ཅད་དང་། །དེ་ཡི་འོད་ཀྱི་དཀྱིལ་འཁོར་ནས། །ཐུབ་པའི་དབང་པོ་རྣམས་ལ་དབུལ། །རྡོ་རྗེའི་རྣལ་འབྱོར་འདི་ཡིས་ནི། །མེ་ཏོག་མཆོད་པས་རབ་མཆོད་ཅིང་། །ཕྱག་རྒྱ་རྣལ་འབྱོར་བཅས་པ་ཡིས། །ཕྱོགས་རྣམས་ཀུན་དུ་ངེས་པར་སྤྲོ། །ཞེས་པ་ནས། དེ་ནས་རྣལ་འབྱོར་དེ་ཉིད་ཀྱི། །ལུས་དང་ངག་སེམས་བྱུང་བ་ཡི། །མཆོད་པ་དག་ནི་བསྡུས་ནས་སུ། ། སངས་རྒྱས་ཀུན་ལ་དབུལ་བར་བྱ། །ཞེས་གསུངས་པའི་བར་གྱི་མེ་ཏོག་གི་མཆོད་པ་དང་། དེ་བཞིན་དུ་སྤོས་དང་། དྲི་ཆབ་དང་། རིན་པོ་ཆེའི་རྒྱ་མཚོ་རི་རབ་དང་། རྩེ་འཇོ་གླུ་གར་གྱིས་དགའ་བདེ་སྐྱེད་པའི་རིག་མ་དང་། གོས་རྒྱན་དང་། རིན་ཆེན་ཉི་ཟླའི་སྒྲོན་མེ་དང་། སེམས་སྐྱེད་དང་། ཚད་མེད་བཞི་སོགས་བསྒོམ་པ་ཚངས་པའི་རྣལ་འབྱོར་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། འཇིགས་ཀུན་ལས་སྐྱོབ་བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཡིད་དང་། ངག་དང་། ལུས་ཀྱི་མཆོད་པ་སྟེ་ངོ་མཚར་བའི་མཆོད་པ་བཅོ་བརྒྱད་བཤད་པ་རྣམས་དང་། གཞན་ཡང་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་རྒྱུད་ལས། འཁོར་བ་རྒྱ་མཚོའི་ཡོ་བྱད་རྣམས། །མཆོད་པ་རྒྱ་མཚོའི་རྒྱན་ཡིན་ཏེ། །སྲིད་པ་རྒྱ་མཚོ་མཐའ་ཡས་ཀུན། །ཀུན་བཟང་མཆོད་སྤྲིན་མཆོག་ཏུ་རོལ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཐུན་མོང་མཆོད་པ་སྣ་ཚོགས་དང་། །ཀུན་བཟང་མཆོད་པ་ལ་སོགས་པ། །ལྷ་མོ་བརྒྱད་དང་བཅུ་དྲུག་གིས། །མཆོད་པའི་རིམ་པར་བརྩམ་པར་བྱ། །ཞེས་གསུངས་པའི་སྐབས་ཀྱི་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ནི། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དེ་སྙེད་ཀྱི་མདུན་དུ་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པའི་ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པའི་རྡུལ་རེ་རེའི་སྟེང་དུ་རང་གི་ལུས་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པའི་ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་མཆིས་པའི་གྲངས་སུ་སྤྲུལ་ཞིང་། དེ་སྙེད་ཀྱི་ལུས་རེ་རེ་ལའང་ལག་པ་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པའི་ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པའི་གྲངས་དང་མཉམ་པར་སྤྲུལ་པ་དང་། དེ་འདྲའི་ལག་པ་རེ་རེ་ནའང་ཡིད་དུ་འོང་པའི་མཆོད་རྫས་ཀྱི་དངོས་པོ་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་མཐའ་ཡས་མུ་མེད་པའི་ས་ཆུ་མེ་རླུང་གི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་པའི་གྲངས་དང་མཉམ་པར་སྤྲུལ་པས་མཆོད་པ་བྱེད་པ་ལ་ཟེར་བ་ཡིན་ཏེ། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ལུས་རྒྱ་མཚོ་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་རྒྱ་མཚོ་ཐམས་ཅད་དང་། འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོ་ཐམས་ཅད་དང་། ས་དང་། ཆུ་དང་། མེ་དང་། རླུང་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་དང་། གཟུགས་སུ་སྣང་བ་ཐམས་ཅད་ཀྱི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ལས་རྡུལ་ཕྲ་རབ་ཀྱི་རྡུལ་རེ་རེ་ལ་ཡང་ལུས་ཀྱི་སྤྲིན་རྒྱ་མཚོ་བགྲང་བའི་རྒྱ་མཚོ་ཐམས་ཅད་ཡང་དག་པར་འདས་པ་གྲངས་མེད། དཔག་ཏུ་མེད། བསམ་གྱིས་མི་ཁྱབ་མཚུངས་པ་མེད། གཞལ་དུ་མེད། བརྗོད་དུ་མེད་པ་ལས་ཡང་དག་པར་འདས་པ་དག་དང་། ལུས་རེ་རེ་ལ་ཡང་ལག་པ་རྒྱ་མཚོའི་སྤྲིན་ཕྱོགས་ཀུན་གྱི་རྒྱུན་དུ་མངོན་པར་ཕྱོགས་པ་དཔག་ཏུ་མེད་གྲངས་མེད་པ་དག་བྱིན་གྱིས་བརླབས་ནས། རྡུལ་ཕྲ་རབ་ཀྱི་རྡུལ་གྱི་ཆ་རེ་རེ་ལས་ཀྱང་མཆོད་པ་ཐམས་ཅད་ཀྱི་སྤྲིན་རྒྱ་མཚོ་ཕྱོགས་ཀུན་གྱི་གཞི་རྒྱས་པར་འགེངས་པ། མ་འདྲེས་པ་རྣམས་ཀྱིས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་མཆོད་པར་བྱའོ་སྙམ་པ་འདི་ལྟ་སྟེ། ཞེས་སོགས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེས་ན་དེ་ལྟར་འཇིག་རྟེན་གྱི་ཁམས་རབ་འབྱམས་རྒྱ་མཚོའི་རྡུལ་ཕྲ་རབ་རེ་རེ་ལ་ལུས་རྡུལ་གྱི་གྲངས་སྙེད་དང་། ལུས་རེ་རེ་ལ་ལག་པ་རྡུལ་སྙེད་དང་། ལག་པ་རེ་རེ་ལ་མཆོད་རྫས་སྣ་ཚོགས་རྡུལ་སྙེད་ཐོགས་པ་སྤྲུལ་ནས་དཀྱིལ་འཁོར་ལ་མཆོད་པ་ཀུ༷ན་ཏུ༷་བཟ༷ང་པོ༷་ཡི་མཆོད་སྦྲིན་ཏེ། མཆོད་པ་ཐམས་ཅད་ཀྱི་མཆོག་གམ་བླ༷་ན་མེ༷ད་པའི་མཆོད་པའི་སྤྲི༷ན་ཆེན་གྱིས༷་མཁ༷འ་དབྱི༷ངས་ཀྱི་ཁྱོན་ཏུ་ཁྱབ་པ་དང་། མི་གཙང་པ་རྡུལ་སོགས་ཀྱིས་སྦགས་པ་མེད་པར་རྣམ༷་པར་ད༷ག་པའམ་འཁོར་གསུམ་དམིགས་མེད་ཀྱི་ལྟ་བས་ཟིན་པའམ། རབ་ན་ཐམས་ཅད་རིག་སྟོང་གཉིས་སུ་མེད་པ་མཉམ་པ་ཆེན་པོའི་རྒྱས་འཐེབས་པའི་རྣམ་པར་དག་པ་དང་ལྡན་པའི་མཆོད་རྫས་ཀྱི་རྒྱ༷་རབ་ཏུ་ཆེ༷ན་པོ་ཅན་དེ་ཉིད་ཕྱོགས་བཅུ་ནམ་མཁའི་ཁམས་ཐམས་ཅད་ཡོང༷ས་སུ་བཀྲམ་པའམ་བཀོ༷ད་དེ༷། ཞི་ཁྲོའི་ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ལས། སྲིད་པར་གཏོགས་པའི་མེ་ཏོག་སྣ་ཚོགས་རིགས༔ ཞེས་སོགས་དང་། བསྐང་བཤགས་ཉམས་ཆགས་རང་གྲོལ་ལས། ཧཱུཾ་སྟོང་གསུམ་འདིའམ་གཞན་དག་ན༔ ལྷ་རྫས་མཆོག་གི་ཡོན་ཆབ་འདི༔ ཞེས་སོགས་དང་། དཔལ་གསང་བ་བདུད་རྩིའི་རྒྱུད་ལས། སྤོས་སོགས་ཕྱི་ཡི་མཆོད་པ་སྟེ། །ཞེས་དང་། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། སྤོས་དང་མེ་ཏོག་མར་མེ་དྲི་ཆབ་ཀྱིས། །དང་པོ་ལ་ནི་མ་ཡི་མཆོད་པ་བྱ། །ཞེས་དང་། དཔལ་འཁོར་ལོ་སྡོམ་པ་རྡོ་རྗེ་རྒྱལ་པོའི་རྒྱུད་ལས། ཕྱི་ཡི་མཆོད་པ་བཤད་པར་བྱ། །མེ་ཏོག་བདུག་པ་མར་མེ་དང་། །དྲི་དང་ལྷ་བཤོས་བཏུང་བ་དང་། །རོལ་མོ་སིལ་སྙན་དབྱངས་ཉིད་དང་། །སྒེག་དང་རྒོད་དང་གར་ཉིད་དང་། །རྟ་དང་གླང་པོ་རིན་ཆེན་སོགས། །ཞེས་དང་། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། དང་པོ་ཕྱི་ཡི་མཆོད་པ་ནི། །མེ་ཏོག་བདུག་སྤོས་མར་མེ་དང་། །དྲི་དང་ལྷ་བཤོས་བཏུང་བ་དང་། །རོལ་མོ་སིལ་སྙན་དབྱངས་ཉིད་དང་། །ཞེས་དང་། འཁོར་ལོ་རིན་ཆེན་གླང་པོ་རྟ། །བཙུན་མོ་དམག་དཔོན་བློན་པོ་རྣམས། །ཕྱི་ཡི་མཆོད་པ་ཐུན་མོང་ངོ་། །ཞེས་གསུངས་པ་ལྟར་གྱི་ཆུ་གཙང་མའི་མཆོད་ཡོན་དང་། ཞབས་བསིལ་དང་། མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་ཏེ་ཆུ་གཉིས་སྔོན་འགྲོ་ཅན་གྱི་ཉེར་སྤྱོད་བདུན་དང་། རོལ་མོའི་བྱེ་བྲག་སྣ་ཚོགས་དང་། འདུལ་བ་ལུང་གཞི་ལས། ཆོས་ཀྱི་རྒྱལ་པོ་ཆོས་དང་ལྡན་པ། རིན་པོ་ཆེ་སྣ་བདུན་དང་ལྡན་པར་འགྱུར་ཏེ། དེའི་རིན་པོ་ཆེ་བདུན་པོ་དེ་དག་ནི་འདི་ལྟ་བུར་འགྱུར་ཏེ། འདི་ལྟ་སྟེ་འཁོར་ལོ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། བུད་མེད་རིན་པོ་ཆེ་དང་། ཁྱིམ་བདག་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་ཉིད་ནི་བདུན་པ་ཡིན་ནོ། །ཞེས་པ་ལྟར་གྱི་འཁོར་ལོ་རིན་པོ་ཆེ་དང་། ནོར་བུ་རིན་པོ་ཆེ་དང་། གླང་པོ་རིན་པོ་ཆེ་དང་། རྟ་མཆོག་རིན་པོ་ཆེ་དང་། བཙུན་མོ་རིན་པོ་ཆེ་དང་། དམག་དཔོན་རིན་པོ་ཆེ་དང་། བློན་པོ་རིན་པོ་ཆེ་སྟེ་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ལ་དབང་བའི་རིན་པོ་ཆེ་སྣ་བདུན་དང་། དྲན་པ་ཉེ་བར་བཞག་པའི་མདོ་ལས། རལ་གྲི་ཉེ་བའི་རིན་པོ་ཆེ་དང་། པགས་པ་ཉེ་བའི་རིན་པོ་ཆེ་དང་། མལ་ཆ་ཉེ་བའི་རིན་པོ་ཆེ་དང་། ཚལ་ཉེ་བའི་རིན་པོ་ཆེ་དང་། ཁྱིམ་ཉེ་བའི་རིན་པོ་ཆེ་དང་། གོས་ཉེ་བའི་རིན་པོ་ཆེ་དང་། ལྷམ་ཉེ་བའི་རིན་པོ་ཆེའོ། །ཞེས་གསུངས་པ་ལྟར་གྱི་ཁང་བཟང་ཉེ་བའི་རིན་པོ་ཆེ་དང་། མལ་ཆ་ཉེ་བའི་རིན་པོ་ཆེ་དང་། མཆིལ་ལྷམ་ཉེ་བའི་རིན་པོ་ཆེ་དང་། གོས་ཉེ་བའི་རིན་པོ་ཆེ་དང་། པགས་པ་ཉེ་བའི་རིན་པོ་ཆེ་དང་། རལ་གྲི་ཉེ་བའི་རིན་པོ་ཆེ་དང་། ཚལ་ཉེ་བའི་རིན་པོ་ཆེ་སྟེ་ཉེ་བའི་རིན་ཆེན་བདུན་དང་། སྤྱན་རས་གཟིགས་ཀྱི་རྩ་རྒྱུད་པདྨ་དྲ་བ་ལས། སེམས་ཅན་ཀུན་དོན་སྤྱོད་པའི་རྫས། །ཐུབ་པའི་བཀྲ་ཤིས་བཞེད་པའི་རྟགས། །གདུགས་ཉ་བུྃ་པ་དཔལ་བེའུ་དུང་། །རྒྱལ་མཚན་འཁོར་ལོ་པད་མ་བསྩལ། །ཞེས་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པར་གྲགས་པ་ངན་སོང་སྦྱོང་བའི་རྒྱུད་དོན་གྱི་འབྲུ་འགྲེལ་ལས། སྐུ་ཆོས་ཉིད་ལ་རྣལ་འབྱོར་རྟགས་བརྒྱད་དུ་བསྟན་པས་ན། བཀྲ་ཤིས་བརྒྱད་དེ། པདྨ་ཅན་དཔལ་བེའུ། འཇིགས་བྱེད་འཁོར་ལོ། །རྣམ་པར་རྒྱལ་བ་རྒྱལ་མཚན། གདངས་ཅན་གདུགས། འོད་ལྡན་པདྨ། ཡིད་གཞུངས་པ་བུམ་པ། དྲི་མེད་དུང་འཛིན་པ་དང་། ཡིད་བཟངས་གསེར་ཉ་སྟེ། ཞེས་དང་། སློབ་དཔོན་སྡོམ་པ་བཟང་པོས་མཛད་པའི་སྐྱབས་འགྲོ་སེམས་བསྐྱེད་དབང་བཞིའི་གདམས་པ་ལས། བཀྲ་ཤིས་རྫས་བརྒྱད་ཀྱི་བཀྲ་ཤིས་ནི། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །སངས་རྒྱས་སྐུ་ཡི་བཀྲ་ཤིས་ཤོག །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །བུདྡྷ་གསུང་གི་བཀྲ་ཤིས་ཤོག །འོད་བཟང་འབར་བ་དཔལ་གྱི་བེའུ། །བུདྡྷ་ཐུགས་ཀྱི་བཀྲ་ཤིས་ཤོག །ཁྱབ་བདག་ཆེན་པོ་རིན་ ཆེན་གདུགས། །བུདྡྷ་དབུ་ཡི་བཀྲ་ཤིས་ཤོག །སྤྱན་ལྔ་ཆགས་པ་མེད་པ་འཆང་། །བུདྡྷ་སྤྱན་གྱི་བཀྲ་ཤིས་ཤོག །བུམ་པ་བཟང་པོ་ཆེ་བའི་མཆོག །བུདྡྷ་མགུལ་གྱི་བཀྲ་ཤིས་ཤོག །ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །བུདྡྷ་ལྗགས་ཀྱི་བཀྲ་ཤིས་ཤོག །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །སངས་རྒྱས་ཞབས་ཀྱི་བཀྲ་ཤིས་ཤོག །ཅེས་གསུངས་པར་ལྟར་གྱི་དབུ་ལ་གདུགས་དཀར་དང་། སྤྱན་ལ་གསེར་ཉ་དང་། ལྗགས་ལ་པདྨ་དང་། ཚེམས་ལ་དུང་དཀར་དང་། མགུལ་ལ་བུམ་པ་དང་། ཐུགས་ལ་དཔལ་བེའུ་དང་། སྐུ་ལ་རྒྱལ་མཚན་དང་། ཞབས་ལ་འཁོར་ལོ་སྟེ་བཀྲ་ཤིས་པའི་རྟགས་བརྒྱད་དང་། སྤྱན་རས་གཟིགས་རྩ་རྒྱུད་པདྨ་དྲ་བ་ལས། ནད་སེལ་བདེ་བྱེད་འཚོ་བའི་ཕྱིར། །འདོད་ཡོན་ཕྱོགས་རིས་གྲུབ་པའི་རྫས། །གིའུ་ཝང་དུར་བ་ལི་ཁྲི་ཞོ། །བིལ་བ་སྦྲང་རྩི་ཨ་རུ་ར། །ཀ་ར་བི་རའི་འབྲས་བུ་རྣམས། །ཧྲི་ཞེས་དག་པས་བསྩལ་བར་བྱ། །ཞེས་གསུངས་པ་དང་། སྔགས་འཆང་རཏྣ་ཤཱི་ལས་མཛད་པའི་རྣམ་འཇོམ་ལག་ལེན་ལས། ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པའོ། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་འགྱུར་བར། །བཀྲ་ཤིས་དེས་ཀྱང་ཐམས་ཅད་ཞི་བར་ཤོག །དཱུར་བས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་གྲུབ་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་ཚེ་ནི་འཕེལ་བར་ཤོག །བིལ་བས་རྒྱུ་རྐྱེན་འབྲས་བུར་གྱུར་པའི་ཆོས། །འཇིག་རྟེན་པ་ལས་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་མཆོག་ཏུ་གྲུབ་གྱུར་ཅིག །གི་ཝང་དུག་གསུམ་འཇོམས་པའི་ནད་ཀྱི་སྨན། །ཆོས་ཀྱི་ཆོས་ཉིད་རབ་ཏུ་རྟོགས་ནས་ནི། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་བྲལ་གྱུར་ཅིག །ལི་ཁྲི་དམར་པོ་དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་བརྟན་གྱུར་པ་སྟེ། །བཀྲ་ཤིས་དེས་ཀྱང་ཁྱོད་སྲིད་བརྟན་གྱུར་ཅིག །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པས་ན། །སྙིང་པོ་རྣམ་དག་ཡེ་ཤེས་རྣམ་རྟོགས་ནས། །ཡོན་ཏན་ཆོས་ཀྱི་དབྱིངས་སུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་བར་ཤོག །མེ་ལོང་ཡེ་ཤེས་ཆེན་པོའི་རྒྱ་མཚོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་བདག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་དེང་ཁྱོད་དགའ་གྱུར་ཅིག །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོག་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་བདག་གྱུར་ཏེ། །ཆོས་རྣམས་མ་ལུས་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་ལ་དབང་ཐོབ་ཤོག །ཅེས་གསུངས་པ་ལྟར་གྱི་ཡུང་དཀར་དང་། དུར་བཱ་དང་། བིལ་བ་དང་། གི་ཝང་དང་། ལི་ཁྲི་དང་། ཞོ་དང་། མེ་ལོང་དང་། དུང་དཀར་ཏེ་བཀྲ་ཤིས་པའི་རྫས་བརྒྱད་དང་། རྒྱལ་པོའི་རྣ་ཆ་དང་། བཙུན་མོའི་རྣ་ཆ་དང་། བློན་པོའི་རྣ་ཆ་དང་། གླང་པོ་ཆེའི་མཆེ་བ་དང་། བསེ་རུའི་རྭ་དང་། བྱུ་རུའི་སྡོང་པོ་དང་། ནོར་བུ་མིག་གསུམ་པ་སྟེ་ནོར་བུ་ཆ་བདུན་ལ་སོགས་པ་མདོར་ན། སློབ་དཔོན་གཉིས་མེད་རྡོ་རྗེས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་རབ་གནས་ལས། བྱང་ཆུབ་སེམས་དཔའ་ལ་ཐུན་མོང་དུ་རིན་པོ་ཆེ་སྣ་བདུན་དང་། བཀྲ་ཤིས་རྫས་བརྒྱད་དང་། འཇིག་རྟེན་པའི་བཀྲ་ཤིས་པའི་བིལ་བ་སྟར་ཀ་དང་། ཞོ་དང་། རས་ཡུག་དཀར་པོ་དང་། གདུགས་གསེར་གྱི་ཡུ་བ་ཅན་རྣམས་དབུལ། ཞེས་དང་། སློབ་དཔོན་བརྒྱ་བྱིན་སྡོང་པོས་མཛད་པའི་མཁའ་འགྲོ་སྒྱུ་མ་བདེ་མཆོག་གི་རྒྱུད་དོན་རྣམ་བཤད་ལས། རྡོ་རྗེ་ཚིག་དང་མཆོད་ལ་སོགས། །གླུ་དང་སིལ་སྙན་རྣམ་པར་སྤྲུལ། །མེ་ཏོག་བདུག་པའི་སྦྱོར་བ་དག །མར་མེ་དྲི་ལ་སོགས་ལྡན་པར། །མཆོད་པའི་ལྷ་མོ་དག་དང་བཅས་པའི་མཆོད་པའི་ཚོགས་གཟུགས་ཀྱི་བྱེ་བྲག་རིན་པོ་ཆེ་སྣ་བདུན་དང་། མཆོད་པའི་དངོས་པོ་བརྒྱད་དང་། བཀྲ་ཤིས་ཀྱི་རྫས་བརྒྱད་དང་། བུམ་པ་བཟང་པོ་དང་། དཔག་བསམ་གྱི་ཤིང་དང་། འདོད་འཇོའི་བ་དང་། ཡིད་བཞིན་གྱི་ནོར་བུ་ལ་སོགས་པའི་འདྲ་འབག་གིས་བཅོས་པའི་ལྷ་མོ་དག་ཀྱང་གཞག་པར་བྱའོ། །སྒྲའི་བྱེ་བྲག་གླིང་བུ་དང་། པི་ཝང་དང་། རྫ་རྔ་དང་། རྔ་ཟླུམ་དང་། དུང་དང་། ཟངས་དུང་དང་། མུ་ཏིག་ཧ་ར་དང་། དགུ་པོ་རྒྱུད་མངས་དང་། ཆ་ལང་དང་། ཕེག་རྡོབ་པ་ལ་སོགས་པ་དངོས་སུ་སྒྲ་འབྱིན་པ་དང་། རོལ་མོ་དང་གཟུགས་བརྙན་གྱིས་བཅོས་པ་དག་ཀྱང་གཞག་པར་བྱའོ། །དྲིའི་ཚོགས་ལ་ཨ་ཀ་རུ་དང་དུ་རུ་ཀ་དང་། སྤོས་ལ་སོགས་པའི་རྒྱུ་ལས་བྱུང་བ་དང་། གོརྴི་ཥ་དང་། སྦྲུལ་གྱི་སྙིང་པོ་དང་། བསུང་ལྡན་དང་། ག་པུར་ལ་སོགས་པའི་རྫས་ཁྱད་པར་ཅན་དག་ཀྱང་གཞག་པར་བྱའོ། །སྦྱར་བ་དང་རང་བཞིན་གྱི་རྒྱུ་ལས་བྱུང་བ་རྣམས་ཀྱང་སོ་སོའི་གནས་སུ་དགོད་པར་བྱའོ། །རོའི་ཚོགས་མངར་བ་དང་སྐྱུར་བ་ལ་སོགས་པའི་རོ་དྲུག་དང་སྦྱར་བའི་རྫས་སྟོན་མོའི་གཡོས་ཀྱི་བྱེ་བྲག་སྣ་ཚོགས་པ་དག་ཀྱང་དགོད་པར་བྱའོ། །རེག་བྱའི་བྱེ་བྲག་སྟོད་གཡོགས་དང་། སྨད་གཡོགས་དང་། ཅོད་པན་དང་། རྣ་རྒྱན་དང་། དཔུང་རྒྱན་དང་། དོ་ཤལ་དང་། སེ་མོ་དོ་དང་། ཕྲེང་བ་ལ་སོགས་པའི་རྒྱན་རྣམས་ཀྱང་གདགས་པར་བྱའོ། །ཞེས་སོགས་གསུངས་པ་ལྟ་བུའི་ཕྱི༷་ཡི་མཆོད་པ་སྣ་ཚོགས་པ་རྒྱ་ཆེ་ཞིང་གྲངས་མེད་པ་རྒྱ་མཚོ་ལྟ་བུ་ཡིས་མཆོད་པར་བྱའོ། །ཞེས་པའོ།།

དེ་བཞིན་དུ་ནང་གི་མཆོད་པ་ལ་ནི། ལས་བྱང་ཚོར་བ་རང་གྲོལ་ལས། ཧཱུཾ་བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས༔ རྒྱལ་བ་རྒྱ་མཚོའི་ཚོགས་བཅས་ལ༔ ལྷ་རྫས་ནང་མཆོད་འབུལ་བ་ནི༔ ཧཱུཾ་སྣོད་བཅུད་གཟུགས་སྣང་ཐམས་ཅད་ཀུན༔ རྡོ་རྗེ་གཟུགས་མའི་ཚོགས་སྤྲུལ་ནས༔ དངོས་འབྱོར་ཡིད་སྤྲུལ་གཟུགས་མཆོད་འདི༔ ཞེས་སོགས་མཛེས་པའི་གཟུགས་དང་། སྙན་པའི་སྒྲ་དང་། ཞིམ་པའི་དྲི་དང་། མངར་བའི་རོ་དང་། འཇམ་པའི་རེག་བྱ་སྟེ་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་འདོད་ཡོན་ལྔ་དང་། དེ་དག་གི་སྟེང་དུ་ཆོས་ཁམས་བསྣན་པ་བཅས་འདོད་ཡོན་དྲུག་གི་མཆོད་པ་གཟུགས་རྡོ་རྗེ་མ་ལ་སོགས་པ་ནང་མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པ་ནི་ཀརྨ་གླིང་པའི་ཞི་ཁྲོ་རང་གཞུང་འདིར་བསྟན་པ་ལྟར་གྱི་ནང་གི་མཆོད་པ་དང་། གཞན་ཡང་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། རང་གི་ལུས་ལས་བྱུང་བ་ཡི། །བདུད་རྩི་ལྔ་དང་བཏུང་བ་དང་། ཤ་ལྔ་ལྷག་པའི་རྫས་རྣམས་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི། །འཁོར་ལོ་རྣམས་ལ་མཆོད་པ་ནང་། །ཞེས་དང་། གཉིས་པ་ནང་གི་གཏོར་མ་ནི། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །ལུས་ནི་ལྷ་ཡི་འཁོར་ལོ་ལ། །རྩ་ནི་ཡེ་ཤེས་མཁའ་འགྲོ་མ། །སྲིན་བུ་ལས་ཀྱི་མཁའ་འགྲོ་མཆོད། །ཅེས་དང་། དཔལ་རྡོ་རྗེ་རྒྱལ་པོའི་རྒྱུད་ལས། དེ་ནས་ནང་གི་མཆོད་པ་ནི། །བྷ་ག་བཙུམས་ལ་ཀུ་ཙ་བཙིར། །བདུད་རྩི་ལྔ་དང་བཏུང་བ་ལྔ། །བྱང་ཆུབ་སེམས་དང་ལྡན་བྱས་ཏེ། །ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །དེ་ལ་སོགས་པས་མཆོད་པར་བྱ། །ཞེས་དང་། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། ཤ་ལྔ་བདུད་རྩི་ལྔ་དང་བཟའ་བཏུང་གིས། །དེ་ནས་གཉིས་པ་ནང་གི་མཆོད་པ་དབུལ། །ཞེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། བདུད་རྩི་ལ་སོགས་ནང་དུའོ། །ཞེས་གསུངས་པ་ལྟར། ཤ་ལྔ་དང་། བདུད་རྩི་ལྔ་དང་། ནང་གི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་ནང༷་གི་མཆོད་པ་སྣ་ཚོགས་པ་རྒྱ་ཆེ་ཞིང་གྲངས་མེད་པ་རྒྱ་མཚོ་ལྟ་བུ་དག་གིས་མཆོད་པར་བྱའོ།།

དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། གཟུགས་དང་སྒྲ་དང་དྲི་དང་ནི། །རོ་དང་རེག་བྱ་འཇམ་པ་དང་། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལས། འདོད་ཡོན་ལྔ་ཡི་རྣམ་པ་ནི། །གཟུགས་སྒྲ་དྲི་རོ་རེག་བྱ་སོགས། །རྣལ་འབྱོར་སེམས་དཔའ་སྤྱད་བྱ་ཞིང༌། །ཞེས་དང་། དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལས། གཟུགས་སྒྲ་དྲི་རོ་རེག་གི་རྣམས། །བདུག་པ་མེ་ཏོག་བསུང་ལྡན་པ། །གཟི་བརྗིད་ཆེན་པོ་འོད་དང་ལྡན། །ཅི་རིགས་པར་ནི་གཞག་པར་བྱ། །ཞེས་གསུངས་པའི་འདོད་ཡོན་ལྔ་ཡི་མཆོད་པ་ནི། སྐབས་འགར་ཕྱི་མཆོོད་དང་། སྐབས་འགར་ནང་དུ་བྱས་པ་ཅི་རིགས་ཡོད་པར་མངོན་ཏེ་ཞར་བྱུང་ངོ་།།

གཞན་ཡང་། གསང་བའི་མཆོད་པ་འབུལ་བ་ལ་ནི། ཞི་ཁྲོའི་རང་གཞུང་ལྟར་ན། རྡོ་རྗེའི་ཆོས་སྤྱོད་ལས་མཎྜལ་གྱི་སྐབས་སུ། རང་ལུས་རྩ་ཁམས་དག་པའི་གཞལ་ཡས་སུ། །དབང་པོ་རྣམ་ལྔ་བཀྲག་དང་མདངས་ཀྱིས་བརྒྱན། །ཁམས་དང་སྐྱེ་མཆེད་ཡོངས་སུ་དག་པ་འདི། །ཞེས་དང་། ལས་བྱང་ཚོར་བ་རང་གྲོལ་ལས། རིགས་ལྔ་ཡབ་ཡུམ་གཉིས་ཀྱིས་རྒྱུ་བྱས་ཏེ༔ སྐུ་ལྔ་ཡེ་ཤེས་ལྔ་ཡིས་རྐྱེན་བྱས་ནས༔ ཐབས་ཤེས་རྒྱུ་ལ་མ་འགགས་རྐྱེན་སྦྱར་ནས༔ དམ་པ་རིགས་བརྒྱའི་འབྲུ་བཅུད་བདུད་རྩི་འདི༔ བླ་མ་ཀུན་བཟང་ཞི་ཁྲོའི་ཚོགས་ལ་འབུལ༔ ཞེས་པ་ནས། ཕྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ རྩི་བཅུད་འབྲས་བུ་སྨན་གྱིས་བརྒྱན༔ ཞི་ཁྲོ་སྤྲུལ་པའི་སྐུ་ལ་འབུལ༔ ཞེས་དང་། གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ ཞེས་པ་ནས། གསང་མཆོག་བདེ་བའི་མཆོད་པ་བཞེས་སུ་གསོལ༔ ཞེས་པའི་བར་རྣམས་ཀྱིས་གསང་བའི་མཆོད་པ་བསྟན་པ་ཡིན་པས་དེ་ལྟར་མིག་སོགས་དབང་པོ་དྲུག་དང་། ནང་སྐྱེས་བུའི་ལུས་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེ་མཆེད་དང་། སྨན་དང་། རཀྟ་དང་། གཏོར་མའི་མཆོད་པ་ལ་སོགས་པ་དང་། རྩ་རླུང་ཐིག་ལེ་སོགས་ཀྱི་ཁམས་རྣམ་པར་དག་པ་དང་། གསང་བ་རིག་མའི་མཆོད་པ་བཅས་ཀརྨ་གླིང་པའི་ཞི་ཁྲོ་རང་གཞུང་འདིར་གསང་བའི་མཆོད་པར་བསྟན་པ་དག་གི་མཆོད་པར་གོ་བར་བྱའོ།།

གཞན་ཡང་། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། དེ་ནས་གསང་བའི་མཆོད་པ་ནི། །རང་སྣང་ཐབས་ཀྱི་རིག་མ་ཡི། །སྐྲ་བཟུང་བྷ་ག་ཀུ་ཙ་བཙིར། །རྩ་དང་རླུང་དང་ཐིག་ལེ་སོགས། །དགའ་བ་མཆོག་དགའ་དགའ་བྲལ་དང་། །ལྷན་ཅིག་སྐྱེས་པའི་བདེ་བ་མཆོད། །ཅེས་དང་། གསུམ་པ་གསང་བའི་གཏོར་མ་ནི། །འཁོར་ལོ་བཞི་ཡི་ཀ་པཱ་ལར། །རླུང་དང་ཐིག་ལེ་བདུད་རྩི་ལ། །དགའ་བ་གསུམ་གྱིས་བྱིན་བརླབས་ཏེ། །ལྷན་ཅིག་སྐྱེས་པ་མཆོད་པར་བྱ། །ཞེས་དང་། དཔལ་རྡོ་རྗེ་རྒྱལ་པོའི་རྒྱུད་ལས། དེ་ནས་གསང་བའི་མཆོད་པ་ནི། །རྩ་དང་རླུང་དང་ཐིག་ལེ་སྟེ། །དེ་ཉིད་གཉིས་མེད་བདེ་བ་ཡིས། །རྩ་དང་རླུང་སོགས་ཐིག་ལེས་མཆོད། །ཅེས་དང་། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། གསང་བའི་མཆོད་པ་ཁུ་བའི་ཐིག་ལེ་དེས། །དང་པོ་གཙོ་བོ་རྡོ་རྗེ་འཛིན་པ་མཆོད། །གཉིས་པས་ལྷ་མོ་དཔོན་གཡོག་མཆོད་པར་བྱ། །གསུམ་པས་ཁུ་བ་བདག་བཏུང་དངོས་གྲུབ་བླངས། །ཞེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། གསང་བར་བདེ་བའི་རོ་ཡིས་མཆོད། །ཅེེས་གསུངས་པ་ལྟར། མཚན་ལྡན་མའི་མཁའ་ལ་བརྟེན་ནས་བྱུང་བའི་དགའ་བཞིའི་ཡེ་ཤེས་བཅུ་དྲུག་གི་བདེ་སྟོང་གི་རོ་ཁྱད་པར་བ་སོགས་གས༷ང་བ༷འི་མ༷ཆོད་པ༷་སྣ་ཚོགས་པ་རྒྱ་ཆེ་ཞིང་གྲངས་མེད་པ་རྒྱ་མཚོ་ལྟ་བུ་བཅས་མཆོད་པ་ཅི་མཆིས་པས་མཆོད་པ་སྟེ། མཆོད་པའི་དངོས་པོ་རྒྱ་ཆེ་བ་རྒྱ༷་མཚོ༷་ལྟ་བུས༷་ཞི་ཁྲོའི་དཀྱིལ་འཁོར་ལ་མཆོ༷ད་པར་བྱའོ་ཞེས་པའོ།།

དེ་ལྟར་ཕྱི་ནང་གསང་བའི་མཆོད་པ་ཕྱེ་བའི་ཚུལ་མང་མོད། འདིར་ཀརྨ་གླིང་པའི་ཞི་ཁྲོ་རང་གཞུང་དུ་ནང་མཆོད་གོང་ལྟར་བགྱིས་འདུག་ལ། ལས་བྱང་ལས། གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ ཞེས་གསང་བ་བདེ་ཆེན་གྱི་མཆོད་པ་དེ་གསང་མཆོད་དུ་བྱས་ཤིང་། སྨན་རཀ་གཏོར་གསུམ་ལོགས་སུ་བཀར་མོད། སྨན་རཀ་གཏོར་གསུམ་གྱི་མཆོད་པ་ནི་དོན་ལ་གསང་མཆོད་དུ་འདུ་བས་འདི་ལྟར་གསང་མཆོད་དུ་བཞག་པ་འཐད་དམ་སྙམ་མོ།།

གཉིས་པ་ཡང་གསང་བླ་ན་མེད་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་མ་ལུས་ཀུན༔ འདུ་འབྲལ་མེད་པའི་ངང་དུ་རོ་གཅིག་པའི༔ གཉིས་མེད་བྱང་ཆུབ་སེམས་ཀྱིས་མཉེས་གྱུར་ཅིག༔ ཅེས་པ་སྟེ། ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ཡང་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། རང་རིག་སྟོང་པར་རྟོགས་པ་ཡི། །འོད་གསལ་དེ་ཉིད་ཆོས་སྐུ་ལ། །ཞེན་པ་རྣམས་དང་བྲལ་བ་ནི། །བླ་ན་མེད་པའི་མཆོད་པའོ། །ཞེས་དང་། དེ་ཉིད་བཞི་པའི་གཏོར་མ་ནི། །ཕྱི་ནང་དངོས་པོའི་གཏོར་མ་ཀུན། །ཆོས་ཀྱི་དབྱིངས་ཀྱི་པད་སྣོད་དུ། །དོན་དམ་སེམས་ཀྱི་གསུམ་སྔགས་ཀྱིས། །བདེ་བ་ཆེན་པོའི་ངང་ལ་མཆོད། །ཞེས་དང་། དཔལ་རྡོ་རྗེ་རྒྱལ་པོའི་རྒྱུད་ལས། དེ་ནས་བླ་མེད་མཆོད་པ་ནི། །རང་རིག་སྟོང་པར་རྟོགས་པ་ཡིས། །འོད་གསལ་དེ་ཉིད་ཆོས་ཀྱི་སྐུ། །དེ་ཉིད་བླ་མེད་མཆོད་པ་མཆོག །ཅེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། མཐར་ཐུག་སྟོང་པའི་རོ་ཡིས་མཆོད། །ཅེས་དང་། རྡོ་རྗེ་གྲུབ་པ་དྲྭ་བ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་ལས། དཔལ་ནི་གཉིས་མེད་ཡེ་ཤེས་ཏེ། །དེ་ཉིད་མཆོད་པའི་འོས་ཡིན་ལ། །གཉིས་མེད་བདེ་བས་མཆོད་པར་བྱ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྐྱེ་འགགས་མེད་པ་ཀུ༷ན་ཏུ༷་བཟང༷་མོ༷་གས༷ང་བ༷་བསམ་བརྗོད་ལས་འདས་པའི༷་བྷ༷་ག༷་ཡི་དབྱིངས་དེ་རུ༷་སྣང་བའི་ཆོས་སུ་གྲུབ་པ་ཐམས་ཅད་དང་དག་པ་རྒྱལ༷་བ༷འི་དཀྱི༷ལ་འཁོ༷ར་ར༷བ་འབྱམ༷ས་སུ་སྣང་བ་མ༷་ལུས༷་པ་ཐམས་ཅད་ཀུན༷་ཀྱང་གཟུང་འཛིན་གཉིས་སུ་མེད་པའི་རིག་པའི་ཡེ་ཤེས་ཀྱི་ངོ་བོ་དང་འདུ༷་བ་དང་འབྲ༷ལ་བ་མེ༷ད་པ༷འི་སྒོ་ནས་དབྱིངས་དེའི་ངང༷་དུ༷་དབྱེར་མེད་རོ༷་གཅི༷ག་པ་ཉིད་ཡིན་པས༷་ན། དེ་འདྲའི་ངང་སྐྱོང་བའི་རིག་སྟོང་གཉིས༷་སུ་མེ༷ད་པ་དོན་དམ་བྱང༷་ཆུབ༷་ཀྱི་སེམས༷་དེ་ཉིད་ཀྱི༷ས་བཤགས་ཡུལ་ཞི་ཁྲོའི་ལྷ་ཚོགས་རྣམས་མཆོད་པར་བགྱིད་ཅིང་། མཆོད་པ་དེས་ཐུགས་མཉེས༷་པར་གྱུར༷་ཅི༷ག་ཅེས་གསང་བ་གནས་ལུགས་དེ་ཁོ་ན་ཉིད་དང་དེ་རྟོགས་ཀྱི་ཡེ་ཤེས་ལ་སྦྱར་ན་ཤིན་ཏུ་མཛེས་ཤིང་དེ་ནི་དེ་ཁོ་ན་ཉིད་དམ་བླ་ན་མེད་པའི་མཆོད་པ་ཞེས་བྱའོ།།

གཞན་ཡང་དཔལ་རྡོ་རྗེ་རྒྱལ་པོའི་རྒྱུད་ལས། དེ་ནས་རབ་གསང་མཆོད་པ་ནི། །དང་པོ་དགའ་དང་མཆོག་དགའ་དང་། །དགའ་བྲལ་དེ་བཞིན་ལྷན་སྐྱེས་དགའ། །བདེ་བའི་ཁྱད་པར་དེ་ཉིད་ཀྱིས། །རང་བཞིན་དགའ་སོགས་ཐམས་ཅད་མཆོད། །ཅེས་གསུངས་པ་ལྟར། རང་ཉིད་ཡབ་ཀུན་ཏུ་བཟང་པོར་བསྒོམ། མཚན་ལྡན་གྱི་ལས་རྒྱ་དེ་ཉིད་ཡུམ་ཀུ༷ན་ཏུ༷་བཟ༷ང་མོ༷་རུ་བསྒོམ། སྙོམས་པར་ཞུགས་པའི་སྦྱོར་བས་ཀུནྡ་བྱང་ཆུབ་ཀྱི་སེམས་ཞུ་བ་རྩ་འཁོར་རྣམས་སུ་བརྒྱུད་པའི་བདེ་བས་དགའ་བ་བཞིའི་ཡེ་ཤེས་རིམ་པར་བསྐྱེད་ཅིང་། བྱང་སེམས་ཐབས་ཀྱི་རང་བཞིན་ཡབ་ཀྱི་རྡོ་རྗེའི་རྩེ་ནས་ཤེས་རབ་སྟོང་པའི་རང་བཞིན་ཡུམ་གྱི་གསང༷་བ༷འི་བྷ༷་ག༷་རུ༷་སླེབས་པ་བརྟན་པའི་བདེ་བ་ལས་སྐྱེས་པའི་ཐབས་ཤེས་གཉིས་སུ་མེད་པ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དམིགས་པ་མེད་པ་དེའི་ངོ་བོར་རྒྱལ༷་བ༷འི་གཟུགས་བརྙན་ལྷའི་དཀྱིལ༷་འཁོར༷་དང་དོན་དམ་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ༷་འབྱམ༷ས་མུ་མཐའ་མེད་པ་ཐམས་ཅད་མ༷་ལུས༷་པ་ཀུ༷ན་ཀྱང་ཚུར་འདུ༷་བ་དང་ཕར་འབྲལ༷་བའི་སྤྲོས་པའི་མཚན་མ་གང་ཡང་མེ༷ད་པ༷འི་ངང༷་དུ༷་རོ༷་གཅི༷ག་པས༷་ན། དེ་འདྲའི་མཆོད་བྱ་མཆོད་བྱེད་དང་བྲལ་བའི་དབྱིངས་དང་ཡེ་ཤེས་རོ་གཅིག་ཏུ་འདྲེས་པའི་གཉིས༷་སུ་མེ༷ད་པ་དོན་དམ་བྱང༷་ཆུབ༷་ཀྱི་སེམས༷་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས༷་ཞི་ཁྲོའི་ལྷ་ཚོགས་རྣམས་ལ་མཆོད་པར་བགྱིད་ཅིང་། མཆོད་པ་དེས་མཉེས༷་པར་གྱུར༷་ཅི༷ག་ཅེས་པ་ནི་དབང་གསུམ་པ་ལས་ཐོབ་པའི་ཡེ་ཤེས་བདེ་ཆེན་གསང་བ་མཆོག་གི་མཆོད་པ་ལ་གོ་བར་བྱས་ཀྱང་རུང་བ་ཤེས་པར་བྱའོ།།

འོ་ན་གོང་དུ། གསང་མཆོག་སྐུ་ཡི་བདེ་ཆེན་རིག་མ་ནི༔ སོགས་ཀྱི་སྐབས་ནས་བསྟན་པའི་རིག་མས་བསྐྱེད་པའི་ཡེ་ཤེས་དེ་གསང་མཆོད་དུ་བྱས་པ་དང་། འདིར་ཡང་ཀུན་ཏུ་བཟང་མོའི་མཁའ་ལ་བསྟེན་པའི་ཡེ་ཤེས་དེ་ཁོ་ན་ཉིད་མཆོད་དུ་བཞག་པ་ལ་ཁྱད་པར་ཅི་ཡང་མ་མཆིས་སོ་ཞེ་ན། འདིར་ནི་ཀུན་ཏུ་བཟང་མོའི་གསང་བའི་བྷ་ག་སྟེ། ཆོས་ཉིད་སྤྲོས་པ་མེད་པའི་དབྱིངས་སུ་དེ་རྟོགས་པའི་གཉིས་མེད་ཀྱི་ཡེ་ཤེས་རོ་གཅིག་ཏུ་འདྲེས་པ་སྟེ་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་ལྟར་སོང་བའི་དབྱིངས་ཡེ་ཟུང་འཇུག་གི་ཡེ་ཤེས་དེར་གཙོ་བོར་གོ་དགོས་ལ། གཞན་རིག་མའི་མཁའ་གསང་གིས་བསྐྱེད་པའི་བདེ་བའི་ཡེ་ཤེས་ཀྱི་ཆ་དེ་བདེ་ཆེན་གསང་བའི་མཆོད་པ་དང་། བདེ་བ་སྟོང་པར་རྟོགས་པའི་ཡེ་ཤེས་ཀྱི་ཆ་དེ་བདེ་ཆེན་དེ་ཁོ་ན་ཉིད་ཀྱི་མཆོད་པར་བྱས་ཀྱང་རུང་ངམ་སྙམ་ཏེ། རྡོ་རྗེ་ཕྲེང་བ་ལས། ལྷ་མོ་ཕྱག་རྒྱ་ཆེན་པོ་འདི། །དཔག་མེད་བདེ་བ་རབ་སྟེར་བ། །བུ་ཡིས་ཀུན་ནས་བླངས་ནས་ནི། །བླ་ན་མེད་པའི་མཆོད་པ་གྱིས། །ཞེས་གསང་མཆོད་ལ་བླ་ན་མེད་པའི་མཆོད་པར་བཤད་ནས་དེ་དབང་ཡོན་ཏུ་འབུལ་དགོས་པར་གསུངས་པ་དང་། ཡང་དེ་ཉིད་ལས། དེ་ནས་ཤེས་རབ་ཡེ་ཤེས་དེའི། །སྒྲུབ་པོ་མཆོག་ཏུ་འདོད་པའི་དོན། །ལྷ་མོའི་ཡེ་ཤེས་དེ་ཉིད་མཆོག །དངོས་གྲུབ་དོན་དུ་ང་ཡིས་སྦྱིན། །ཞེས་བསྒྲུབ་བྱའི་སློབ་མ་ལ་ལྷ་མོ་ལ་བརྟེན་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྦྱིན་པར་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེ་ཡང་ཞི་ཁྲོའི་ལས་བྱང་དུ་དེ་ཁོ་ཉིད་ཀྱི་མཆོད་པ་ལོགས་སུ་མ་ཕྱེས་པར་གསང་མཆོད་དུ་འདུ་བའི་དབང་དུ་བཏང་བ་དང་། ཀློང་བཤགས་འདིར་ཐ་དད་དུ་ཕྱེས་པའི་ཁྱད་པར་ཡིན་པར་འགྲེལ་ནས་འདི་ལྟར་གོ་བ་བླངས་ན་རུང་བར་ནི་ངེས་པས་འགལ་བར་མི་སེམས་ཏེ། རྒྱུད་དུ་མར་ཕྱག་རྒྱའི་མཆོད་པའམ་གསང་མཆོད་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་དང་། བདེ་བ་ཆེན་པོའི་མཆོད་པ་དང་། བླ་ན་མེད་པའི་མཆོད་པ་རྣམས་ནི་དོན་གཅིག་ཏུ་བྱས་པའང་ཡོད་པའི་ཕྱིར་ཏེ། །བདེ་མཆོག་ཉུང་ངུའི་རྒྱུད་ཀྱི་ལེའུ་སོ་དྲུག་པ་དེ་ཁོ་ན་ཉིད་ཀྱི་མཆོད་པའི་ལེའུ་ལས། དེ་ནས་ཕྱག་རྒྱའི་མཆོད་ཆེན་དང་། །སྔགས་ཀྱི་དགོད་པ་རབ་ཏུ་གྲགས། །མྱུར་དུ་དངོས་གྲུབ་བྱེད་པར་ནི། །ཕྱག་རྒྱའི་མཆོད་འདི་ཐེ་ཚོམ་མེད། །མཚན་མ་གཉིས་ལ་སྔགས་སྦྱར་ཏེ། །མཁའ་འགྲོ་དཔའ་བོ་གཉིས་མེད་པ། །སྙིང་པོ་རྣམས་ཀྱི་དེ་བཞིན་དུ། །སྔགས་པས་མཁའ་འགྲོ་མ་ལ་སྦྱར། །བློ་ལྡན་མཁའ་འགྲོ་མ་བསྲུབ་བྱ། །དག་པའི་ལུས་ནི་རང་འདོད་པ། །དཔའ་བོ་མཆོད་པ་རྣམས་བྱས་ནས། །ལས་ནི་འབད་པ་ཉིད་ཀྱིས་བྱ། །ཞེས་དང་། གཏུམ་པོ་ཁྲོ་བོ་ཆེན་པོའི་རྒྱུད་དཔའ་བོ་གཅིག་པ་ལས། གུས་པ་དང་བཅས་སེམས་ཀྱིས་ནི། །དེ་བཞིན་སྐྱེས་བུས་བུད་མེད་མཆོད། །དེ་ཉིད་མཆོད་པའི་ཆོ་ག་ནི། །རྒྱལ་བས་ཕན་ཚུན་བྱ་བར་གསུངས། །ཞེས་དང་། གསང་བ་འདུས་པའི་རྒྱུད་ལས། གཟུགས་དང་སྒྲ་དང་རོ་ལྡན་པ། །ཤེས་རབ་ཅན་གྱིས་ཟླ་དྲུག་བསྒོམ། །གསང་བའི་དེ་ཉིད་མཆོད་ཆེན་ནི། །ལེགས་མཆོད་ནས་ཀྱང་བསྒོམ་པར་བྱ། །ཞེས་དང་། བཞིན་བཟང་ཡིད་དུ་འོང་བ་ཡི། །ན་ཆུང་སྐལ་བའི་མཆོག་ལྡན་པ། །བྱིན་གྱིས་བརླབས་ཀྱི་གནས་བསམ་སྟེ། །དེ་ཉིད་མཆོད་པ་རབ་ཏུ་བརྟག །ཅེས་གསུངས་པའི་ཕྱིར། ཐ་དད་དུ་ཕྱེ་བའི་སྐབས་སུ་དེ་ཁོ་ན་ཉིད་མཆོད་ནི་སྤྱིར་གྱི་ཆོས་ཉིད་དང་། དེ་རྟོགས་པའི་ཡེ་ཤེས་ལ་བྱ་བ་ཡིན་པར་ཤེས་པར་བྱའོ།།

དེ་ཁོ་ན་ཉིད་ཀྱི་མཆོད་པ་གསང་མཆོད་ལས་ལོགས་སུ་ཕྱེ་བའི་ཁུངས་ཡོད་དེ། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། དེ་ནས་རྡོ་རྗེ་སྙིང་པོ་ལ་སོགས་པའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་ཕྱིའི་མཆོད་པ་དང་། ནང་དང་། གསང་བ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པས་མཆོད་ནས་འདི་སྐད་ཅེས་གསོལ་ཏོ། །ཞེས་དང་། ཕག་མོ་མངོན་འབྱུང་གི་རྒྱུད་ལས། དེ་ནས་དུར་ཁྲོད་བདག་མོ་དེས། སྟོན་པ་མཚན་ཉིད་བཞི་དང་ལྡན་པ་དེ་ལ་ཕྱིའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། ནང་གི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། གསང་བའི་མཆོད་པའི་ཚོགས་དཔག་ཏུ་མེད་པ་དང་། དེ་ཁོ་ན་ཉིད་ཀྱི་མཆོད་པ་ཕུལ་ནས་འདི་སྐད་ཞུས་སོ། །ཞེས་གསུངས་པའི་ཕྱིར་རོ།།

བསྟོད་པ་བྱ་བ།

བཞི་བ་གཉིས་མེད་བྱང་ཆུབ་སེམས་ཀྱི་སྒོ་ནས་བསྟོད་པ་བྱ་བ་ནི། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཆོས་ཀུན་རྣམ་དག་ཡེ་ནས་འོད་གསལ་བའི༔ རྣལ་འབྱོར་དབྱིངས་ཉིད་སྨྲ་བསམ་ལས་འདས་པ༔ མཉམ་ཉིད་བྱང་ཆུབ་སེམས་ལ་རྟག་ཏུ་འདུད༔ ཅེས་པ་སྟེ། ཤོ་ལོ་ཀ་གཅིག་གིས་བསྟན་ལ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བརྒྱ་སྟོང་པ་ལས། འདི་ལྟར་སེམས་དེ་སེམས་མ་ཡིན་ཏེ། སེམས་ཀྱི་རང་བཞིན་འོད་གསལ་བའི་ཕྱིར་རོ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སེམས་ཀྱི་རང་བཞིན་མ་བྱས་རང་བྱུང་བས། །ཏིང་ངེ་འཛིན་ཞེས་དམིགས་པ་ཀུན་དང་བྲལ། །འདི་ལྟར་ངེས་པའི་བྱང་ཆུབ་སེམས་དེ་ལ། །བགྲོད་པའི་གནས་དང་ལྟ་བའི་གཟུགས་མེད་པས། །མཚན་མ་ཀུན་མཁྱེན་སྐྱོན་ཡོན་ཡོང་ཡེ་མེད། །ཐེག་ཆེན་གཉིས་རྫོགས་ཐེ་ཚོམ་ཀུན་བཅད་ཅིང་། །བླ་མེད་དོན་རྫོགས་ཆེན་པོར་ལ་བཟླས་པའོ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། ནམ་མཁའི་ཁམས་ལྟར་ཆགས་མེད་པས། །མ་ཆགས་ཐོག་མཐའ་མེད་པར་ནི། །སྐྱེ་འཆི་མེད་པའི་ལུས་སྟོན་ཅིང་། །ངག་དང་སེམས་ཀྱང་དེ་ལྟར་གསུངས། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་ཀྱི་སེམས༷་ཀྱི༷་ར༷ང་བཞི༷ན་སྐྱེ་འགགས་མེད་པའི་ཆོས༷་ཀྱི་དབྱི༷ངས་ཐོགས་རེག་དང་བྲལ་བའི་ནམ༷་མཁ༷འ་ལྟ་བུ་སྤྲོས་པའི་དངོས་པོར་གྲུབ་པ་རྡུལ་ཙམ་མེད་པའི་མཉམ་པ་ཉིད་ཀྱི་དབྱིངས་རབ་ཏུ་ཆེ༷་བའི་བདག་ཉིད་ཅན་ཡིན་པ་བཞིན་དུ་འཁོར་འདས་ཀྱི་ཆོ༷ས་ཀུ༷ན་གྱི་རང་བཞིན་ཡང་སྤྲོས་པའི་དྲི་མས་རྣམ༷་པར་ད༷ག་པའི་རང་བཞིན་ཅན་དུ་གནས་ཤིང་། དེ་དང་ངོ་བོ་དབྱེར་མེད་པར་ཡེ༷་གདོད་མ་ནས༷་ཉི་མ་ལ་ཟེར་བཞིན་དུ་རང་ཆས་སུ་གནས་པའི་འོ༷ད་གས༷ལ་བ༷འི་རིག་པའི་ཡེ་ཤེས་ཤིན་ཏུ་རྣལ༷་འབྱོ༷ར་ཆེན་པོ་དང་། དེའི་རྟོགས་བྱའི་དབྱིང༷ས་དང་བཅས་པ་གང་ཡིན་པ་དེ་ཉི༷ད་ནི་ཚིག་ཏུ་སྨྲ༷་བ་དང་བློ་ཡིས་བས༷མ་པའི་ཡུལ་ལ༷ས་འདས༷་པ༷་ཡི་རང་བཞིན་ཅན། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དོན་དམ་མཉམ༷་པ་ཉིད༷་བྱང༷་ཆུབ༷་ཀྱི་སེམས༷་ཞེས་བྱ་ལ། དེ་ལ༷་ཉམས་ཆག་བཤགས་པ་པོས་རང་ངོ་ཤེས་པའི་སྒོ་ནས་རྒྱུད་ལ་རྟ༷ག་ཏུ༷་ཉམས་སུ་བླང་བས་འདུ༷ད་པར་བྱའོ་ཞེས་པ་ནི་དོན་དམ་པའི་ལྟ་བ་མཇལ་བའི་ཕྱག་གམ་དེ་འདྲའི་ལྟ་བ་མཇལ་བར་སྨོན་པའི་ཕྱག་གོ །ཡང་ན་དེ་ལྟ་བུའི་གནས་ལུགས་རྣལ་མའི་དོན་ལ་ཡིད་རབ་ཏུ་དད་པའི་ཀུན་རྫོབ་ཀྱི་ཕྱག་འཚལ་བར་བྱས་ཀྱང་རུང་ངོ་།།

རགས་པའི་དབང་དུ་བྱས་ན་བསྟོད་པ་འདི་དང་། གོང་གི་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་རྣམས་ཀྱིས་ནི་གཉེན་པོ་ཀུན་སྤྱོད་ཀྱི་སྟོབས་བསྟན་པར་བྱས་ཀྱང་རུང་ལ། འོག་གི་བཤགས་པ་དངོས་ནས་ས་བཅད་གཞན་པ་དག་གིས་ནི་གཉེན་པོ་སུན་འབྱིན་པའི་སྟོབས་དང་། སོར་ཆུད་པའི་སྟོབས་བསྟན་པར་བགྱིས་ཏེ་ཀློང་བཤགས་ཡོངས་རྫོགས་སྟོབས་བཞིའི་ནང་དུ་བསྡུས་ནས་འགྲེལ་ཡང་འགྲེལ་ལེགས་པོ་ཆགས་པ་ཡིན་ནོ།།

དགོངས་སུ་གསོལ་བ།

ལྔ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་དགོངས་སུ་གསོལ་བ་ནི། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཕྱི་ནང་གསང་བ་བཀོད་པའི་དཀྱིལ་འཁོར་འདིར༔ སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ འབྱུང་དང་འབྱུང་འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས༔ གསང་ཆེན་རབ་དགྱེས་གཟུང་ཆེན་བདག་ཉིད་མའི༔ མཁའ་དབྱིངས་ཀློང་དབྱིངས་པདྨོར་འཁྱིལ་བ་འདིར༔ གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར༔ བདག་ཉིད་ཆེན་པོ་རིགས་ལྔ་ཡབ་ཡུམ་དང་༔ བྱང་སེམས་ལྕམ་དྲལ་འགྲོ་འདུལ་ཐུབ་པ་དྲུག༔ སྤྲུལ་པའི་སྒོ་བ་ཡབ་ཡུམ་བརྒྱད་ལ་སོགས༔ དབྱིངས་མེད་དབྱིངས་ཉིད་སྤྲུལ་པ་མང་པོའི་ཚོགས༔ རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ རིགས་ལྔ་དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་མང་པོོ་དག༔ མ་ལྟར བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ ཕྱི་ནང་མཁའ་འགྲོ་རྣལ་འབྱོར་ཉེར་བརྒྱད་ཚོགས༔ དཔང་གྱུར་རྡོ་རྗེ་དམ་ཅན་དགོངས་སུ་གསོལ༔ ཞེས་པའི་ཤོ་ལོ་ཀ་ལྔ་དང་རྐང་པ་གཉིས་ཀྱིས་བསྟན། ཆོས་ཐམས་ཅད་ཀྱི་གནས་ལུགས་རང་བྱུང་གི་ངོ་བོ་རིག་པ་ཀུ༵ན་ཏུ་བཟང༷་པོ་ཞེས་གྲགས་པ་འཁོར་འདས་ཀྱི་རང་བཞིན་ཡོངས་སུ་རྫོ༷གས་པའི་ཆོས་ཉིད་དོན་དམ་པ་ཆེ༷ན་པོ་གཉུག་མ་གཞིའི་གནས་ལུགས་དང་དེའི་སྣང་ཆ་འགགས་པ་མེད་པའི་ཡེ་ཤེས་དེ་ཉིད་ནི་ཡེ༷་གདོད་མ་ནས༷་ཆོས་ཀུན་གྱི་རང་བཞིན་དུ་བདལ༷་བ༷་སྟེ་ཁྱབ་པ་ལ༷། དེའི་རྩལ་ལས་ཤར་བའི་ཕྱི༷་སྣང་བ་གཟུགས་ཀྱི་ལྷ་ཞི་བ་བཞི་བཅུ་རྩ་གཉིས་དང་། འབར་བ་ཁྲག་འཐུང་དྲུག་ཅུའི་དཀྱིལ་འཁོར་གྱི་བཀོད་པ་རྟེན་དང་བརྟེན་པའི་རང་བཞིན་དང་། ནང༷་སེམས་ཉིད་རང་བྱུང་འོད་གསལ་འདུས་མ་བྱས་པའི་དཀྱིལ་འཁོར་དང་། གསང༷་བ༷་ཆོས་ཀུན་ཡེ་ནས་ཀ་དག་བསམ་བརྗོད་སྤྲོས་པ་དང་བྲལ་བར་གནས་པའི བ༷ཀོད་པ༷འི་དཀྱི༷ལ་འཁོར༷་ཆེན་པོ་འདིར༷་ཕྱི་སྣང༷་བ་སྣོད་ཀྱི་འཇིག་རྟེན་དང་། ནང་སྲི༷ད་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་གདོད་ནས་རྣམ༷་པར་ད༷ག་པ་སྣང་བ་ལྷ༷་དང༷་། སྟོང་པ་ལྷ༷་མོ༷འི་དབྱི༷ངས་ཉིད་དུ་གནས་པ་དང་། དེ་ཡང་ས་ཆུ་ལ་སོགས་པའི་འབྱུང་བ་ལྔ་ལས་བསྐྱེད་པའི་སྣང་བ་སྣོད་ཀྱི་འཇིག་རྟེན་གྱི་རང་བཞིན་ས་དང་། ཆུ་དང་། མེ་དང་། རླུང་དང་། ནམ་མཁའ་སྟེ་འབྱུང༷་བ་ལྔ་རྣམ་པར་དག་པ་ཡུམ་ལྔ་དང༷་། གཟུགས་སྒྲ་ལ་སོགས་པའི་འབྱུང་འགྱུར་ལས་བསྐྱེད་པའི་གཟུགས་སྒྲ་སོགས་སྤྱི་དང་། བྱེ་བྲག་སྲིད་པ་བཅུད་ཀྱི་སེམས་ཅན་གྱི་ལུས་ཀྱི་རང་བཞིན་འབྱུང༷་བ་ལས་འགྱུར༷་བ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་ལྔ་རྣམ་པར་དག་པ་ཡབ་ལྔ་སྟེ། རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་དང་པོ་ལས། དྲི་མེད་ལྷུན་གྲུབ་ཡེ་ཤེས་རང་བྱུང་བ། །འོད་གསལ་ཆོས་དབྱིངས་སྙིང་པོ་བླ་ན་མེད། །ཆོས་ཉིད་ཆོས་ཅན་དབྱེར་མེད་བདེ་བ་ཆེ། །མཉམ་ཉིད་གནས་པ་ཚུལ་འདི་བསྟན་པའོ། །ཞེས་གསུངས་པ་ལྟར། མདོར་ན་སྣང་བ་སྣོད་དང་སྲིད་པ་བཅུད་ཀྱི་སེམས་ཅན་གྱི་རང་བཞིན་ཡེ་ནས་རིགས་ལྔའི་ལྷ་ཡབ༷་ཡུམ༷་ཉིད་དུ་ལྷུ༷ན་གྱིས་གྲུབ་ཅིང་དེའི་རང་བཞིན་དུ་རྫོག༷ས་པ་ཡིན་པར་བསྟན་པ་ཡིན་ནོ།།

དེ་ལྟར་སྣོད་བཅུད་ལྷ་དང་ལྷ་མོའི་རང་བཞིན་དུ་གནས་པ་དེ་རྣམ༷ས་ཀྱང་ཞི་ཁྲོའི་ལྷ་ཡབ་རྣམས་ལ་གས༷ང་ཆེན༷་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་སྟེར་བ་ལ་ར༷བ་ཏུ་དགྱེས༷་ཤིང་། དེ་ལྟ་བུའི་ཡེ་ཤེས་དེ་རྣལ་འབྱོར་བའི་རྒྱུད་ལ་སྦྱོར་བར་བྱེད་པའི་གཟུང༷་མ་ཆེན༷་མོའི་བད༷ག་ཉིད༷་མ༷་ཀུན་ཏུ་བཟང་མོ་དེའི༷་རང་བཞིན་ཆོས་ཉིད་སྤྲོས་པ་མེད་པའི་མཁ༷འ་དབྱིང༷ས་ཀྱི་ཀློང༷་རབ་ཏུ་ཡ༷ངས་པའི་པ༷དྨོར༷་འཁྱིལ༷་བ༷་སྟེ། དེའི་ངང་དུ་གནས་པའི་ཚུལ་འདིར༷་ནི་སྣང་སྟོང་དང་ཡབ་ཡུམ་སོགས་སྤྲོས་པའི་གཉིས་སུ་གྲུབ་པ་མེད་པར་ཡབ་ཡུམ་གཉིས་སུ་མེད་པ་དང་། རིག་སྟོང་གཉིས་སུ་མེད་པ་དང་། སྣང་སྟོང་གཉིས་སུ་མེད་པ་དང་། བདེ་སྟོང་གཉིས་སུ་མེད་པ་དང་། སྣོད་བཅུད་གཉིས་སུ་མེད་པ་དང་། གཟུང་འཛིན་གཉིས་སུ་མེད་པའི་གཉིས༷་མེད༷་སྤྲོས་བྲལ་རང་བྱུང་གཉུག་མ་མི་ཤིགས་ཐིག༷་ལེ༷་ཆེན༷་པོར༷་ཡེ་ནས་འོད༷་གས༷ལ་བའི་རང་བཞིན་དུ་གནས་པ་ཡིན་ཞིང༷་། དེ་འདྲའི་རྩོལ་བས་མ༷་བཅོས༷་ཤིང་སྤྲོས༷་པའི་མཚན་མ་མེད༷་པའི་གཉིས་སུ་མེད་པའི་རིག་པ་བྱང༷་ཆུབ༷་ཀྱི་སྙིང༷་པོ༷་དོན་དམ་པའི་སྐུ༷་དེ་ནི་ཅིའི་ངོ་བོར་ཡང་མ་གྲུབ་ཅིང་ཞི་བ་དང་ཁྲོ་བོ་ལ་སོགས་པ་རྒྱལ་བའི་དཀྱིལ་འཁོར་རབ་འབྱམས་པ་ཅིར༷་ཡང༷་སྣང༷་བ༷་སྟེ། དེ་ལ་ཟག་མེད་འོད་གསལ་བ༷དེ་བ་ཆེན༷་པོ་མི་འགྱུར་གཡུང༷་དྲུང༷་དོན་དམ་པའི་ལྷ༷་ཞེས་བྱའོ།།

དེ་ལྟར་སྣང་སྟོང་འ༷དུ་འབྲལ༷་མེད༷་པ༷་ཆོས་རྣམས་ཀྱི་རང་བཞིན་གས༷ང་བ༷འི་དཀྱིལ༷་འཁོར༷་ཆེན་པོ་འདིར༷་ནི་བདེ་བར་གཤེགས་པའི་བད༷ག་ཉིད༷་ཆེན༷་པོ༷་རྒྱལ་བ་རིགས༷་ལྔ༷་ཡི་བདག་ཉིད་ཡབ༷་ལྔ་དང་། རིགས་ཀྱི་ཡུམ༷་ལྔ་དང༷་། བྱང༷་ཆུབ་སེམ༷ས་མ་བརྒྱད་ནི་ལྕམ༷་མོ་སྟེ་སྲིང་མོའི་ཚོགས་དང་། བྱང་ཆུབ་སེམས་དཔའ་བརྒྱད་ནི་མིང་པོའམ་དྲལ༷་པོའི་ཚོགས་དང་། ལྷ་དང་། ལྷ་མིན་དང་། མི་དང་། དུད་འགྲོ་དང་། ཡི་དྭགས་དང་། དམྱལ་བ་སྟེ་འ༷གྲོ་བ་རིགས་དྲུག་པོ་འདུལ༷་བར་བྱེད་པའི་སྤྲུལ་སྐུ་ཐུབ༷་པ༷་དྲུག༷་དང་། ཀུན་རྫོབ་ཏུ་དཀྱིལ་འཁོར་ལ་བགེགས་སྲུང་པའི་ཕྱིར་དང་། དོན་དམ་པར་རྟག་ཆད་མུ་བཞི་དང་བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་ཚད་མེད་རྣམ་བཞིའི་ངོ་བོ་རྣམ་པར་དག་པའི་དབྱིངས་ཡེ་ཟུང་འཇུག་གི་ཡེ་ཤེས་བཞིའི་མཚོན་བྱེད་གཙོ་བོ་ལས་སྤྲུལ༷་པ༷འི་སྒོ༷་བ༷་བཞི་དང་སྒོ་མ་བཞི་སྟེ་ཡབ༷་ཡུམ༷་བརྒྱ༷ད་དང་། སོགས་ཁོངས་ནས་ཐོན་པ་རྣམ་སྨིན་རིག་འཛིན་དང་། སར་གནས་རིག་འཛིན་དང་། ཚེ་དབང་རིག་འཛིན་དང་། ཕྱག་ཆེན་རིག་འཛིན་དང་། ལྷུན་གྲུབ་རིག་འཛིན་ཏེ་རིག་འཛིན་ལྔ་ལ༷་སོག༷ས་པའི་བླ་མ་རིག་འཛིན་གྱི་ལྷ་ཚོགས་ཏེ། མདོར་ན་ཆོས་ཀྱི་དབྱིང༷ས་སྤྲོས་པ་མེད༷་པའི་དབྱིང༷ས་ཀྱི་རྩལ་ཉིད༷་ལས་ཤར་བའམ་སྤྲུལ་པའི་ཡེ་ཤེས་ཀྱི་ལྷ་མཐའ་ཡས་པའི་སྤྲུལ༷་པ༷་མ༷ང་པོ༷འི་ཚོག༷ས་དང་། མཁའ་འགྲོ་རྒྱ་མཚོ་ལས། ལྷན་སྐྱེས་ཞིང་སྐྱེས་ལྷ་མོ་དང་། །སྔགས་སྐྱེས་འཇིག་རྟེན་མགོན་པོ་དང་། །སྦྱོར་སྐྱེས་གནས་སྐྱེས་དེ་བཞིན་དུ། །དམ་ཚིག་ལྷ་རྫས་རྣལ་འབྱོར་མ། །པད་ཅན་མ་ནི་དུས་ཀུན་ཏུ། །ཕྱག་རྒྱ་ཆེན་པོ་རབ་བསྔགས་པའོ། །ཞེས་གསུངས་པ་ལྟར། བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་བ་བསྐྱེད་པར་བྱེད་པའི་རྡོ༷་རྗེ༷་གསང་བའི་གཟུང་མ་ཞིང་སྔགས་ལྷན་སྐྱེས་ཀྱི་མཁའ་འགྲོ་མའི་ཚོགས་ལྷ༷་མོ༷་དང་། ཀླུ་མོ་དང་། གནོད་སྦྱིན་མོ་དང་། མི་མོ་ཡེ་ཤེས་ཀྱི་ས་ཐོབ་པ་རྣམས་ཀྱི་བདག་པོ་དང་། ཁྱད་པར་དུ་དཀྱིལ་འཁོར་གཅིག་ནས་གྲངས་མེད་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཀུན་གྱི་ཚོག༷ས་ཀྱི་གཙོ་བོའམ་རྗེ༷་བོ་དང་། ཁྲོ་བོའི་དཀྱིལ་འཁོར་ཀུན་གྱི་རིགས་ཀྱི་ལྷའི་ཚོག༷ས་ཐམས་ཅད་ཀྱི༷་བད༷ག་པོ་དཔལ་ཁྲོ་བོའི་རྒྱལ་པོ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་དང་། རྡོ་རྗེ་སེམས་དཔའ་ཁྲོ་བོའི་རྒྱལ་པོའི་སྐུར་གནས་གྱུར་པ་བཛྲ་ཧེ་རུ་ཀ་ལ་སོགས་པ་སྟེ་རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ཀརྨ་དང་། དེ་བཞིན་གཤེགས་པའི་རིག༷ས་ལྔ༷་ཡིས་བསྡུས་པའི་རྟོག་ཚོགས་ཀྱི་གདོན་འཇོམ་པར་བྱེད་པའི་དྲག་པོའི་ཡེ་ཤེས་ཀྱི་དཔ༷ལ་ཆེན༷་པོ་དང་ལྡན་པའི་ཁྲོ༷་བོའི་རྒྱལ༷་པོ་ཧེ་རུ་ཀ་ཡ༷བ་ལྔ་དང་། བཛྲ་རཏྣ་པདྨ་ཀརྨ་བྷུདྡྷ་ཀྲོ་ཏི་མ་སྟེ་རིགས་ཀྱི་ཁྲོ་མོ་ཀྲོ་ཏི་ཡུམ་ལྔ་སྟེ་ཁྲག་འཐུང་ཡབ་ཡུམ༷་བ༷ཅུ་དང་། རྣམ་པར་ཤེས་པ་ཚོགས་བརྒྱད་རྣམ་པར་དག་པ་གནས་གྱུར་པའམ་དུར་ཁྲོད་ཀྱི་གནས༷་བརྒྱད་ན་བཞུགས་པའི་གནས་ཀྱི་ཕྱག་རྒྱ་མོ་མ་མོ་ཀཽ་རཱི་མ་ལ་སོགས་པ་བརྒྱད་དང༷་། རྣམ་ཤེས་བརྒྱད་ཀྱི་ཡུལ་བརྒྱད་དག་པའམ་ཡུལ་དང་ཉེ་བའི་ཡུལ༷་གྱི༷་གནས་ན་བཞུགས་པའི་ཕྱ༷ག་རྒྱ༷་མོ་ཕྲན་མེན་སིང་ཧ་མ་ལ་སོགས་པ་བརྒྱད་དང་། ཤར་ལྷོ་ནུབ་བྱང་གི་སྒོ་བཞི་སྐྱོང་བའི་ཕྱག་རྒྱ་མོ་སྒོ༷་མ༷་ཆེན་མོ་བ༷ཞི་དང་། གསོད་བྱེད་ཀྱི་ཁྲོ་བོ་ཕ་བཅུ་དང་། ཟ་བྱེད་ཀྱི་ཁྲོ་མོ་མ་བཅུ་དང་། རིགས་དྲུག་འདྲེན་པའི་སྤོར་བྱེད་ཆེན་མོ་བརྒྱད་བཅས་དབྱིངས་དང་ཡེ༷་ཤེས༷་གཉིས་སུ་མེད་པའི་ངང་ལས་སྤྲུལ༷་པ༷འི་ཡེ་ཤེས་པའི་ལྷ༷་ཡི་ཚོག༷ས་རབ་ཏུ་མང༷་པོ༷་ད༷ག་དང་། སྒྲུབ་པ་པོ་ལ་མ༷་ལྟར༷་དུ་ཕན་པ་དང་བདེ་བ་སྟེར་འདོད་ཀྱི་ཐུགས་བྱམས༷་པ་ཆེན་པོས་གཟིགས་ཤིང༷་། སྲིང༷་མོ་ལྟར༷་དུ་ཡིད་གདུང༷་བའི་ཐུགས་དུང་བ་དང་ལྡན་པ་ལ༷་སོ༷གས་པ་སྟེ། སོགས་ཁོངས་ནས་ཐོན་པ་ཕ་དང་མཛའ་བཤེས་བཞིན་དུ་ཉེ་བར་སྙིང་བརྩེ་བ་དང་ལྡན་པའི་སྒོ་ནས་དུས་རྟག་པར་ལེགས་པ་བདེ་བར་གནས་སམ་ཉེས་པ་མི་བདེ་བར་གནས་པ་དང་། བྱ་བ་ལེགས་པ་རྣམ་པར་དཀར་བ་སྒྲུབ་འདུག་གམ་མི་རུང་བ་ཉེས་པའི་བྱ་བ་ལ་གཡེང་འདུག་སྙམ་དུ་ལེག༷ས་ཉེས༷་ཀྱི་སྟང༷ས་སམ་མཚམས་འཛིན༷་ཅིང་། སྒྲུབ་པ་པོའི་དམ༷་ཚིག༷་དག་གམ་མི་དག་གི་རྗེས༷་གཅོད༷་པར་བྱེད་པ༷འི་ཕྱི༷་ལས་ལས་གྲུབ་པའི་འཇིག་རྟེན་དྲེགས་པའི་ཚུལ་བཟུང་བ་འབྱུང་པོའི་མ་མོ་དང་། ནང༷་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཁ༷འ་འ༷གྲོ་མ་གནས་ཡུལ་ཉེར་བཞི་སོགས་ན་གནས་པ་དབང་ཕྱུག་སོགས་ཀྱི་ཆུང་མ་དབང༷་ཕྱུག༷་མ་ཉེར་བརྒྱད་འདུལ་བྱེད་ཀྱི་གཉེན་པོར་བཞེངས་པའི་ཞིང་སྐྱེས་ཀྱི་མཁའ་འགྲོ་མ་སྔགས་ཀྱི་རྣལ་འབྱོར་ལ་གནས་པའི་གཡག་གདོང་མ་ལ་སོགས་པའི་མ་མོ་ཉེར༷་བརྒྱ༷ད་དང་། མ་བདུན་སྲིང་བཞི་དང་། དུར་ཁྲོད་ཀྱི་གནས་ཉུལ་བའི་གནས་ཉུལ་མ་ཆེན་མོ་རྣམས་ལ་སོགས་པའི་འཇིག་རྟེན་འདས་དང་མ་འདས་པའི་མཁའ་འགྲོ་མའི་ཚོ༷གས་སྒྲུབ་པ་ལེགས་ཉེས་དང་དགེ་སྡུག་དྲང་བདེན་གྱི་ཤན་འབྱེད་པ་པོ་དང་། ཉེས་ལྟུང་བཤགས་པའི་དཔ༷ང་པོར་གྱུར༷་པའི་གསང་སྔགས་རྡོ༷་རྗེ༷་ཐེག་པའི་དམ༷་ཚིག་གཉན་པོ་ལ་གནས་པ་ཅ༷ན་གྱི་མཁའ་འགྲོ་དང་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ལྷ་ཚོགས་མ་ལུས་པ་རྣམས་དང་། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་རྡོ་རྗེ་སློབ་དཔོན་འཁོར་མཆེད་ལྕམ་དང་བཅས་པ་རྣམས་གསོན་ཅིག་ཀྱེ། དམ་ཚིག་ཉམས་ཆག་ཆེ་ཞིང་། རྟོག་སྒྲིབ་དང་བག་ཆགས་ངན་པས་རྒྱུད་བསྡམས་པ་བདག་གིས་ཉེས་ལྟུང་སྡིག་སྒྲིབ་ཐམས་ཅད་གནོང་བས་བཤགས་ན་མྱུར་དུ་དག་པར་ཐུགས་བརྩེ་བས་ཉེ་བར་དགོང༷ས་སུ༷་གསོལ༷་ལ་དཔང་པོར་བཞུགས་ཤིག། ཅེས་ཞི་ཁྲོའི་ལྷ་ཚོགས་རྣམས་ཉེས་ལྟུང་བཤགས་པའི་དཔང་པོར་བཞུགས་པར་གསོལ་བ་དང་ཉེས་ལྟུང་བཤགས་པ་ལ་ཐུགས་གཏད་པར་གསོལ་བ་བཏབ་པའོ།།

ཉང་རལ་ཉི་མ་འོད་ཟེར་གྱི་གཏེར་མ་བརྗོད་མེད་དོན་བཤགས་འདིའི་འགྲེལ་བ་དོན་གསལ་སྒྲོན་མེ་ལས། ཚོགས་ནི་རིག་འཛིན་དང་༔ ཡི་དམ་གྱི་དང་༔ རྡོ་རྗེ་སློབ་དཔོན་དང་༔ མཆེད་ལྕམ་དང་༔ གྲོགས་པོ་རྣམས་སོ༔ ཞེས། ཕྱི་ནང་མཁའ་འགྲོ་དབང་ཕྱུག་ཉེར་བརྒྱད་ཚོགས༔ ཞེས་པའི་སྐབས་ཀྱི་ཚོགས་དེ་དབང་ཕྱུག་ཉེར་བརྒྱད་ལ་སོགས་མཁའ་འགྲོའི་ཚོགས་ཞེས་སྦྱར་རྒྱུ་མིན་པར་རིག་འཛིན་གྱི་ཚོགས་སོགས་དེ་དག་ལ་གོ་བ་ཡིན་པ་དང་། ཡང་དཔང་གྱུར་རྡོ་རྗེ་དམ་ཅན་ཞེས་པ་ཞི་ཁྲོའི་ལྷ་ཚོགས་དང་། མ་མོ་མཁའ་འགྲོ་དང་། ཡི་དམ་གྱི་ཚོགས་དང་། རྡོ་རྗེ་སློབ་དཔོན་དང་བཅས་པར་དགོངས་གསོལ་ཡིན་པར་འགྲེལ་འདུག་ལ། ཀཿཐོག་པ་ཡེ་ཤེས་རྒྱལ་མཚན་གྱི་བརྗོད་མེད་དོན་བཤགས་ཀྱི་འགྲེལ་བ་ལས་ནི། ཚོགས་ཞེས་པ་རིག་འཛིན་སློབ་དཔོན་གྱི་ཚོགས་དང་། རྡོ་རྗེ་ཞེས་པ་ཡེ་ཤེས་ཀྱི་ལྷ་ཚོགས་དང་། དམ་ཅན་ཞེས་པ་མ་མོ་མཁའ་འགྲོ་ལ་གོ་དགོས་པར་འགྲེལ་འདུག་གོ།

གཞན་ཡང་ཀ༔ཐོག་པ་ཡེ་ཤེས་རྒྱལ་མཚན་གྱི་བརྗོད་མེད་དོན་བཤགས་ཀྱི་འགྲེལ་བ་ལས་ནི་དཔལ་དབྱངས་ཀྱིས། བརྗོད་མེད་དོན་བཤགས་ཀྱི་ས་བཅད་ལ་དགོངས་གསོལ་དང་། ཕྱག་འཚལ་དང་། མཆོད་པ་དང་། སྡིག་བཤགས་དངོས་དང་བཅས་ས་བཅད་བཞི་འདིར་ཁོ་བོས་འགྲེལ་བ་ལྟར་བྱས་ཤིང་། སྡིག་བཤགས་དངོས་ལ་དོན་དམ་གྱི་བཤགས་པ་དང་། ཀུན་རྫོབ་ཀྱི་བཤགས་པ་གཉིས་ཕྱེས་ཤིང་། དོན་དམ་ལ་མ་ཧཱ་དང་། ཨ་ནུ་དང་། ཨ་ཏིའི་ལྟ་བ་གསལ་བར་བསྟན་པ་གསུམ་བྱས་ཡོད་པར་གསུངས་པ་དང་། ཡང་ཟུར་བཟང་པོ་དཔལ་ཟེར་བས། བཤགས་པའི་རྒྱུ་དང་། གཉེན་པོའི་སྟོབས་དང་། ཇི་ལྟར་བཤགས་པའི་ཐབས་གསུམ་ཕྱེས་ཡོད་པར་གསུངས་ཤིང་། ཡེ་ཤེས་རྒྱལ་མཚན་པ་ཁོང་རང་གིས་ལུས་ཀྱི་སྒོ་ནས་བཤགས་པ་དང་། ཡིད་ཀྱི་སྒོ་ནས་བཤགས་པ་དང་། ངག་གི་སྒོ་ནས་བཤགས་པ་གསུམ་ཕྱེས་ཏེ། དང་པོ་ལུས་ལ་སྤྱན་འདྲེན་བཞུགས་གསོལ་དང་། སྐུ་གསུམ་ལ་ཕྱག་འཚལ་བ་དང་། ཕྱི་ནང་གསང་བའི་མཆོད་པ་དང་གསུམ་དུ་ཕྱེས་ཏེ་དེ་ཡན་གྱིས་བསྟན་པར་བགྱིས་པ་དང་། སེམས་སམ་ཡིད་ཀྱི་སྒོ་ནས་བཤགས་པ་ལ་ནི་སེམས་བསྐྱེད་པ་དང་། ལྟ་བ་གསལ་བ་དང་། དགོངས་སུ་གསོལ་བ་གསུམ་ཕྱེས་ནས། སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ༔ ཞེས་པ་ནས། རྟག་ཏུ་འདུད༔ བར་གྱིས་སེམས་བསྐྱེད་པ་བསྟན་པ་དང་། ལྟ་བ་གསལ་བ་ལ་གསུམ་ཕྱེས་ཏེ། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ ཞེས་པ་ནས། ལྷུན་རྫོགས་རྣམས༔ ཞེས་པའི་ཤོ་ལོ་ཀ་གཅིག་པོས་མ་ཧཱ་ཡོ་གའི་ལྟ་བ་གསལ་བ་བསྟན་པ་དང་། གསང་ཆེན་རབ་དགྱེས་གཟུང་ཆེན་བདག་ཉིད་མའི༔ མཁའ་དབྱིངས་ཀློང་དབྱིངས་ཀློང་ཡངས་པདྨོར་འཁྱིལ་བ་འདིར༔ ཞེས་པའི་རྐང་པ་གཉིས་ཀྱིས་ཨ་ནུའི་ལྟ་བ་གསལ་བ་བསྟན་པ་དང་། གཉིས་མེད་ཐིག་ལེ་ཆེན་པོར་འོད་གསལ་ཞིང་༔ མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ ཅིར་ཡང་སྣང་བ་བདེ་ཆེན་གཡུང་དྲུང་ལྷ༔ ཞེས་པའི་རྐང་བ་གསུམ་གྱིས་ཨ་ཏིའི་ལྟ་བ་གསལ་བ་བསྟན་པར་ཡིན་པར་གསུངས། དེ་ནས་དགོངས་གསོལ་ལ། ཞི་བའི་ལྷ་ཚོགས་དགོངས་སུ་གསོལ་བ་དང་། ཁྲོ་བོའི་ལྷ་ཚོགས་དགོངས་སུ་གསོལ་བ་དང་། མཁའ་འགྲོ་རིག་འཛིན་ལྷ་ཚོགས་དགོངས་སུ་གསོལ་བ་གསུམ་དུ་ཕྱེས་ནས། འདུ་འབྲལ་མེད་པ་གསང་བའི་དཀྱིལ་འཁོར་འདིར༔ ཞེས་པ་ནས། དབྱིངས་མེད་དབྱིངས་ཉིད་སྤྲུལ་པ་མང་པོའི་ཚོགས༔ ཞེས་པའི་བར་གྱི་རྐང་པ་ལྔ་ཡིས་དང་པོ་དང་། རྡོ་རྗེ་ལྷ་མོ་ཚོགས་རྗེ་ཚོགས་ཀྱི་བདག༔ ཞེས་པ་ནས། མ་ལྟར་བྱམས་ཤིང་སྲིང་ལྟར་གདུང་ལ་སོགས༔ ཞེས་པའི་བར་གྱི་རྐང་པ་ལྔ་ཡིས་གཉིས་པ་དང་། ལེགས་ཉེས་སྟངས་འཛིན་དམ་ཚིག་རྗེས་གཅོད་པའི༔ སོགས་རྐང་པ་གསུམ་གྱིས་གསུམ་པ་བསྟན་པ་ཡིན་པར་གསུངས་པ་དང་། གསུམ་པ་ངག་གི་སྒོ་ནས་བཤགས་པ་ལ་ནི་ས་བཅད་དྲུག་བགྱིས་ཏེ། འོག་གི་བཤགས་པ་དངོས་ཀྱི། ཧཱུཾ་ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་རྣལ་འབྱོར་བདག༔ ཅེས་པ་ནས། དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང༔ ཞེས་པའི་བར་གྱིས་དང་པོ་རྣལ་འབྱོར་བས་དམ་ཚིག་ཇི་ལྟར་དམ་པ་མནོས་པ་བསྟན་པ་དང་། གཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཞེས་པ་ནས་རྐང་པ་གཉིས་ཀྱིས་གཉིས་པ་ལེ་ལོ་སྙོམས་ལས་ཀྱི་དབང་དུ་བཏང་བ་དང་། དེ་ནས། ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ ཞེས་པ་ནས། ཤོ་ལོ་ཀ་གཅིག་གིས་གསུམ་པ་ཚུལ་བཞིན་མ་སྲུང་བའི་སྐྱོན་དང་། རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ ཞེས་པ་ནས། ཉམས་སྒྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཞེས་པའི་བར་གྱིས་བཞི་བ་གཞན་གྱི་ཉམས་སྒྲིབ་རང་ལ་གནོད་པ་དང་། ཚེ་འདིའི་རྐྱེན་དང་ཡུན་གྱི་སྒྲིབ་གྱུར་རྣམས༔ ཞེས་པ་ནས། གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ ཞེས་པའི་བར་གྱིས་ལྔ་བ་ཉམས་སྒྲིབ་བཤགས་ཤིང་ཐུགས་རྗེས་བཟུང་བར་ཞུ་བ་དང་། དོན་དམ་སྤྲོས་མེད་བརྗོད་ལས་འདས་པ་ལ༔ ཞེས་པ་ནས། ཚངས་པ་བསྩལ་དུ་གསོལ༔ ཞེས་པའི་བར་གྱིས་དྲུག་པ་ཀུན་རྗོབ་ཀྱི་འགལ་འཁྲུལ་དོན་དམ་དུ་བཤགས་པར་བསྟན་པ་སྟེ་ས་བཅད་རྣམ་པ་དྲུག་གིས་བསྟན་པར་བྱས་འདུག་ཅིང་། ཡོ་ག་གསུམ་གྱི་ལྟ་བ་བསྟན་པར་བཤད་པའི་འཕྲོའི་བཤགས་པའི་རྒྱུད་ཀྱི་རྩ་ཚིག་རྣམས་ཀྱི་ཚིག་དོན་ཞི་ཁྲོའི་ཀློང་བཤགས་འདི་ཇི་བཞིན་མིན་པར་ཅུང་མི་མཐུན་པས་ཁོ་བོ་ནི་ཀ༔ཐོག་པ་ཡེ་ཤེས་རྒྱལ་མཚན་གྱི་འགྲེལ་བའི་རྗེས་སུ་མ་འབྲང་བར་ས་བཅད་འདི་ལྟར་རང་གིས་ལོགས་སུ་བགྱིས་པ་ལགས་སོ།།

རིག་འཛིན་འཇིགས་མེད་གླིང་པས། ཀུན་བཟང་རྫོགས་ཆེན་ཡེ་ནས་བརྡལ་བ་ལ༔ སོགས་རྐང་པ་གཉིས་ཀྱིས་དབང་བཞིའི་རིམ་པའི་ཕྱི་ནང་གསང་བའི་དཀྱིལ་འཁོར་གྱི་བཀོད་པ་སྤྱིའི་མཚམས་སྦྱོར་ལྟ་བུ་དང་། སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས༔ སོགས་རྐང་པ་གཉིས་ཀྱིས་ཕྱི་ཡི་དཀྱིལ་འཁོར་དང་། གསང་ཆེན་རབ་དགྱེས་གཟུགས་ཅན་བདག་ཉིད་མའི༔ སོགས་རྐང་པ་གསུམ་གྱིས་ནང་གི་དཀྱིལ་འཁོར་དང་། མ་བཅོས་སྤྲོས་མེད་བྱང་ཆུབ་སྙིང་པོའི་སྐུ༔ སོགས་རྐང་པ་གཉིས་ཀྱིས་གསང་བའི་དཀྱིལ་འཁོར་བསྟན་པ་དང་། དེ་ནས་དཀྱིལ་འཁོར་གསུམ་གྱི་བདག་ཉིད་ཞི་ཁྲོའི་དཀྱིལ་འཁོར་བསྟན་པ་དང་། རྡོ་རྗེ་ལྷ་མོ་ཞེས་པ་རྡོ་རྗེའི་རིག་མ་བཅུ་དྲུག་དང་། ཚོགས་རྗེ་ཚོགས་ཀྱི་བདག་ཅེས་པ་རིགས་ལྔ་དང་ལྡན་པའི་སྤྱི་དཔལ་ཆེན་པོ་དང་ཞེས། རིགས་ལྔ་དཔལ་ཆེན་ཞེས་པ་དེ་ཁྲོ་རྒྱལ་ཡབ་ཡུམ་བཅུའི་ངོར་མ་སྦྱར་བར་ཡར་ཚོགས་རྗེ་ཚོགས་ཀྱི་བདག་གི་ངོར་སྦྱར་བ་དང་། གནས་དང་ཡུལ་གྱི་ཕྱག་རྒྱ་སྒོ་མ་བཞི༔ ཞེས་པ་ཡང་གནས་སུམ་ཅུ་རྩ་གཉིས་དང་། ཡུལ་ཉེར་བཞིའི་དཔའ་བོ་རྣམས་ཀྱི་ཡུམ་རྣལ་འབྱོར་མ་རེ་རེ་ཡོད་པ་ལ་སྦྱར་འདུག་པ་ལ་སོགས་པ་མི་འདྲ་བ་མཆིས་མོད་གཞུང་དོན་གང་ཡིན་བློ་ལྡན་གཟུར་གནས་དག་གིས་དཔྱད་པར་རིགས་སོ། །ཞར་བྱུང་ཐལ་ལོ།།

བཤགས་པ་དངོས།

དྲུག་པ་བརྗོད་མེད་དོན་བཤགས་ཀྱི་བཤགས་པ་དངོས་ལ། སོ་བྱང་སྔགས་གསུམ་གྱི་བཤགས་པ་སྤྱི་བསྟན་པ་དང་། སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་གི་བཤགས་པ་བྱེ་བྲག་ཏུ་བསྟན་པ་དང་། དོན་དམ་བརྗོད་མེད་ཀྱི་བཤགས་པ་དམིགས་སུ་བཀར་ནས་བསྟན་པ་དང་གསུམ་ལས། དང་པོ་ནི། ཧཱུཾ་ཐུགས་རྗེའི་གདུང་འཚོབ་རྡོ་རྗེ་རྣལ་འབྱོར་བདག༔ འགྲོ་བའི་དོོན་དུ་བྱང་ཆུབ་སེམས་བསྐྱེད་དེ༔ བླ་མེད་གོ་འཕངས་ཐོབ་པར་བྱ་བའི་ཕྱིར༔ བསྟན་པ་རྒྱ་མཚོ་སོོ་སོའི་འདུལ་ཁྲིམས་དང་༔ སྐུ་གསུང་ཐུགས་དང་མཉམ་སྦྱོར་སྡོམ་པའི་མཆོག༔ འདའ་ཀ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། དེ་ལྟར་བཤགས་པའི་ཡན་ལག་དང་སྔོན་དུ་འགྲོ་དགོས་པ་རྣམས་ལེགས་པར་བསྟན་ནས་ད་ནི་བཤགས་པ་དངོས་ཀྱི་ཚུལ་ལ་ཞུགས་པ་ཡིན་ཞིང་། དེ་ཡང་རྒྱུད་རྡོ་རྗེ་རྩེ་མོ་ལས། ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །སྲིད་པའི་ཞགས་པ་གཅོད་བྱེད་ཅིང་། །གདུག་པ་སྔངས་ཤིང་གསོད་བྱེད་པའི། །ཧཱུཾ་ནི་མཆོག་ཏུ་དྲན་པར་བྱ། །ཞེས་དང་། ཡི་གེ་ཧཱུྃ་ནི་བསྡིགས་ལ་སྦྱར། །གསད་པ་ལ་ཡང་ཡི་གེ་ཧཱུྃ། །ཞེས་དང་། སངས་རྒྱས་ཀུན་གྱི་ཡི་གེ་ཧཱུྃ། །གང་ཕྱིར་སངས་རྒྱས་རིགས་བྱུང་བ། །རྡོ་རྗེ་ཅན་དག་ཀུན་གྱི་ཧཱུྃ། ། དྲག་པོ་གཅོད་ཀུན་རབ་ཏུ་བསྒོམ། །ཞེས་གསུངས་པ་ལྟར། ཧཱུཾ༷་ནི་རྒྱལ་བ་ཀུན་གྱི་ཐུགས་རྣམ་པར་མི་རྟོག་པ་རྡོ་རྗེ་གཞོམ་དུ་མེད་པ་མི་མཐུན་པ་གཞོམ་པར་བྱེད་པ་སྟེ། ཉེས་ལྟུང་གི་ཚོགས་དང་། སྒྲིབ་གཉིས་དང་། བདུད་བཞི་གདུག་པ་དང་། རྣམ་པར་རྟོག་པའི་བགེགས་དང་། ཁྱད་པར་དུ་ཉེས་ལྟུང་མི་བཟད་པ་དེ་དག་བསྐྱེད་པའི་རྒྱུ་ཉོན་མོངས་པ་སོགས་འཇོམ་བྱེད་ཀྱི་གཉེན་པོའི་ཡེ་ཤེས་མཚོན་བྱེད་དོ།།

རྣམ་པར་མི་རྟོག་ཅིང་ཟག་པ་མེད་པའི་མཁྱེན་པ་མཐའ་ཡས་པའི་ཡེ་ཤེས་དང་འགྲོ་བ་ཀུན་ལ་སྙོམས་པར་གཟིགས་པའི་ཐུག༷ས་བརྩེ་བ་ཆེན་པོ་སྙིང་རྗེ༷འི་བདག་ཉིད་ཅན་གྱི་རྒྱལ་བ་རྣམས་ཀྱི་ཡོན་ཏན་གྱི་གདུང༷་འཚོབ༷་པའི་ཐབས་དམ་པ་རྡོ༷་རྗེ༷་ཐེག་པའི་ལམ་ཟབ་མོ་ཉམས་སུ་ལེན་པའི་དོན་རྣལ༷་མ་ལ་དབང་འབྱོར༷་བར་མོས་ཤིང་བརྩོན་པ་བད༷ག་གིས་ནི་མཐའ་ཡས་པའི་འ༷གྲོ་བ་རྣམས་རིགས་དྲུག་གི་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་བ༷འི་ཆེད་དུའམ་དོན༷་དུ༷་དེ་ལྟར་འགྲོ་བ་རྣམས་བྱང་ཆུབ་ཆེན་པོའི་ས་ལ་འགོད་པར་བྱའོ་སྙམ་པའི་ཀུན་རྫོབ་བྱང༷་ཆུབ༷་ཀྱི་སེམ༷ས་རིན་པོ་ཆེ་བསྐྱེད༷་དེ༷། དེ་ལྟར་འགྲོ་བ་རྣམས་བླ༷་ན་མེད༷་པ་ཡང་དག་པར་རྫོགས་པ་སངས་རྒྱས་ཀྱི་གོ༷་འཕ༷ང་ཐོབ༷་པ༷ར་བྱ༷་བ༷འི་ཕྱིར༷་དུ་རྒྱལ་སྲས་ཀྱི་སྤྱོད་པ་ལ་འཇུག་སྟེ་དང་པོ་རང་ཉིད་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ཏེ་ཕྱི་སོ་སོར་ཐར་བ་དང་། ནང་བྱང་ཆུབ་ཀྱི་སེམས་དང་། གསང་བ་སྔགས་ཀྱི་རིག་པ་འཛིན་པའི་བསླབ་པའི་རྣམ་གྲངས་ལ་བསླབ་པར་བྱ་དགོས་ཤིང་། ཉམས་ན་བཤགས་པ་བྱ་དགོས་པས། དང་པོ་ཕྱི་སོ་སོར་ཐར་བའི་བསླབ་པའི་རྣམ་གྲངས་ལ་ནི་དགག་སྒྲུབ་ཀྱི་རྣམ་གཞག་དུ་མ་ཡོད་པ་ལས་དགག་པའི་བསླབ་བྱར་བཅས་པ་སོ་ཐར་རིགས་བདུན་ལས་དགེ་བསྙེན་ལ་ནི། འདུལ་བ་ལུང་གཞི་ལས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ། སྲོག་གཅོད་པ་ལས་སླར་ལྡོག་གོ །མ་བྱིན་པར་ལེན་པ་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་དང་། སྦྱར་བའི་ཆང་དང་། འབྲུའི་ཆང་མྱོས་པར་འགྱུར་བ་བག་མེད་པའི་གནས་སྤངས་ཏེ། ཞེས་གསུངས་པ་ལྟར། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། མི་ཚངས་པ་འདོད་པའི་ལོག་པར་གཡེམ་པ་དང་། རྫུན་དུ་སྨྲ་བ་དང་། ཆང་འཐུང་བ་སྤོང་བའི་དགེ་བསྙེན་གྱི་ཁྲིམས་ལྔ་དགག་པ་ལ་བསླབ་པར་བྱ་ཞིང་ཉམས་ན་བཤགས་པར་བྱའོ།།

གཞན་ཡང་དུས་ཁྲིམས་ཡན་ལག་བརྒྱད་པའི་བསྙེན་གནས་ནི། གཏུམ་པོ་དཔའ་གཅིག་གི་རྒྱུད་ལས། བདག་གིས་སེམས་ཅན་བསད་མི་བྱ། །ཕ་རོལ་ནོར་ནི་འཕྲོག་མི་བྱ། །བདག་ནི་ཚངས་པ་མཚུངས་པར་སྤྱད། །རྫུན་གྱི་ཚིག་ཀྱང་སྤང་བར་བགྱི། །མྱོས་བྱེད་ཆང་གི་བཏུང་བ་ནི། །བདག་གིས་གང་དུའང་བཏུང་མི་བྱ། །གར་དང་གླུ་དང་རྒྱན་རྣམས་དང་། །རྒོད་བག་རྣམས་ནི་སྤང་བར་བྱ། །ཁྲི་སྟན་མཐོ་དང་ཁྲི་སྟན་ཆེ། །དུས་མིན་ཁ་ཟས་སྤང་བར་བྱ། །དེ་ལྟར་གསོ་སྦྱོང་ཡན་ལག་བརྒྱད། །དགྲ་བཅོམ་རྗེས་སུ་བདག་གིས་བསླབ། །ཅེས་གསུངས་པར་ལྟར་གྱི་བསྙེན་གནས་ཀྱི་སྡོམ་ཁྲིམས་ཡན་ལག་བརྒྱད་པ་དགག་པ་ལ་བསླབ་པར་བྱ་ཞིང་ཉམས་ན་བཤགས་པར་བྱའོ།།

གཞན་ཡང་རབ་བྱུང་དགེ་ཚུལ་ཕ་མའི་བསླབ་བྱ་ནི། འདུལ་བ་ལུང་གཞི་ལས། ཇི་སྲིད་འཚོའི་བར་དུ་སྲོག་གཅོད་པ་སྤངས་ཏེ་སྲོག་གཅོད་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་དང་པོ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །ཞེས་པས་ནས་གསེར་དངུལ་ལེན་པ་སྤངས་ཏེ། གསེར་དངུལ་ལེན་པ་ལས་སླར་ལྡོག་པར་བགྱིའོ། །ཡན་ལག་བཅུ་པ་འདིས་བདག་འཕགས་པ་དགྲ་བཅོམ་པ་དེ་དག་གི་བསླབ་པ་ལ་རྗེས་སུ་སློབ་བོ། །རྗེས་སུ་སྒྲུབ་བོ། །རྗེས་སུ་བགྱིད་དོ། །ཞེས་གསུངས་པ་ལྟར། མི་གསོད་པ་དང་། མ་བྱིན་པ་ལེན་པ་དང་། མི་ཚངས་པ་སྤྱོད་པ་དང་། མི་ཆོས་བླ་བའི་རྫུན་སྨྲ་བ་བཞིའི་ཕྱོགས་གཏོགས་དང་བཅས་པ་སྤོང་བ་དང་། ཆང་དང་། གླུ་གར་རོལ་མོ་དང་། ཕྲེང་བ་སྤོས་ཉུག་རྒྱན་ཁ་དོག་འཆང་བ་དང་། མལ་སྟན་ཆེ་མཐོ་དང་། ཕྱི་དྲོའི་ཁ་ཟས་དང་། གསེར་དངུལ་ལ་ལེན་པ་སྤོང་བ་སྟེ་དགེ་ཚུལ་ཕ་མའི་བསླབ་པ་རགས་པ་བཅུ་དང་རྒྱས་པ་བླང་འདས་སོ་དྲུག་དགག་པ་ལ་བསླབ་པར་བྱ་ཞིང་ཉམས་ན་བཤགས་པར་བྱའོ།།

དེ་བཞིན་དུ་དགེ་སློབ་མའི་བསླབ་བྱ་ལ། དགེ་སློང་མའི་འདུལ་བ་རྣམ་འབྱེད་ལས། གཅིག་པུ་ལམ་དུ་འཇུག་མི་བྱ། །ཆུ་བོའི་ཕ་རོལ་བརྒལ་མི་བྱ། །སྐྱེས་པ་ནི་ལ་རེག་མི་བྱ། །སྐྱེས་པ་དང་ནི་འདུག་མི་བྱ། །སྨྱན་དུ་འགྱུར་བ་མི་བྱ་ཞིང་། །ཁ་ན་མ་ཐོ་བཅབ་མི་བྱ། །འདི་དག་ནི་ཆོས་དྲུག་ཅེས་བྱའོ། །རྗེས་སུ་མཐུན་པའི་ཆོས་དྲུག་གང་ཞེ་ན། གསེར་ལ་གཟུང་བར་མི་བྱ་སྟེ། །སྤུ་ཡི་ལས་ནི་མི་བྱའོ། །ས་ཡང་རྐོ་བར་མི་བྱ་སྟེ། །རྩྭ་སྔོན་དག་ཀྱང་བཅད་མི་བྱ། །བྱིན་ལེན་མ་བྱས་མི་བཟའ་སྟེ། །བཞག་པ་བཟའ་བར་མི་བྱའོ། །ཆོས་དྲུག་པོ་འདི་དག་ནི་རྗེས་སུ་མཐུན་པའི་ཆོས་དྲུག་ཅེས་བྱ་སྟེ། ཞེས་གསུངས་པ་ལྟར་གྱི་དགེ་སློབ་མའི་བསླབ་པའི་ཆོས་ དྲུག་དང་། རྗེས་སུ་མཐུན་པའི་ཆོས་དྲུག་དགག་པ་ལ་བསླབ་པར་བྱ་ཞིང་ཉམས་ན་བཤགས་པར་བྱའོ།།

གཞན་ཡང་དགེ་སློང་མའི་བསླབ་བྱ་ལ། དགེ་སློང་མའི་སོ་སོར་ཐར་བའི་མདོ་ལས། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་གསོད་རྫུན་དུ་སྨྲ་བ་དང་། །ས་གའི་བུ་དང་སྤོས་འཚོང་ཁྱེའུ། །མཛའ་མོ་དང་ནི་གྲེ་སྐྱེས་པའོ། །ཞེས་གསུངས་པ་ལྟར་མི་ཚངས་སྤྱོད་པ་དང་། མ་བྱིན་པའི་ནོར་རྐུ་བ་དང་། མི་གསོད་པ་དང་། མི་ཆོས་བླ་མའི་རྫུན་དུ་སྨྲ་བ་དང་། ཆགས་པས་སྐྱེས་པའི་ལུས་ལ་འཁྱུད་པ་དང་། ཆགས་པས་སྐྱེས་པའི་བདུན་དུ་འཕྱར་གཡེང་ལ་སོགས་པས་ལུས་བཀན་པ་དང་། དགེ་སློང་མ་གཞན་ལ་ཕམ་པ་བྱུང་བ་ཤེས་བཞིན་དུ་བཅབས་པ་དང་། དགེ་འདུན་པས་གནས་ནས་དབྱུངས་པའི་དགེ་སློང་ལ་དགེ་སློང་མས་ཕྱག་མི་བྱ་བར་བཅས་པ་ལ་སོགས་པ་ཤེས་བཞིན་དུ་དེ་ལ་བཟོད་གསོལ་འབུལ་དུ་མི་འཇུག་པ་བཅས་དགེ་སློང་མའི་ཕམ་པ་བརྒྱད་དང་།

དེ་བཞིན་དུ་དེ་ཉིད་ལས། སྨྱན་བྱེད་པ་དང་གཞི་མེད་དང་། །གསུམ་པ་བག་ཙམ་ཆ་ལས་ལེན། །བཞི་བ་ཅི་ཡང་རུང་བར་བྱ། །ལྔ་བ་ཆགས་པ་མེད་པ་སྟེ། །མཚན་མོ་ཉིན་མོ་ལམ་འགྲོ་དང་། །ཆུ་ཀླུང་ཕ་རོལ་ཡིད་མཐུན་ནོ། །ཞེས་དང་། ཤི་བའི་ནོར་རྫས་ལེན་པ་དང་། །དགེ་སློང་མ་ལ་བཟོད་བྱེད་དང་། །སྤོང་དང་འཐབ་ཀྲོལ་བྱེད་པ་དང་། སྟེན་དང་སྟེན་དུ་འཇུག་པ་དང་། །དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །སུན་འབྱིན་བཀའ་བློ་མི་བདེ་བའོ། །ཞེས་དང་། འཕགས་མ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་ཉི་ཤུ་པོ་དག་བཏོན་ཟིན་ཏོ། །ཞེས་གསུངས་པ་ལྟར་གྱི་དགེ་སློང་མའི་ལྷག་མ་ཉི་ཤུ་དང་།

དེ་ཉིད་ལས། འཆང་བ་བྲལ་བ་འཇོག་པ་དང་། །འཁྲུ་བ་དང་ནི་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་དང་། གསེར་དངུལ་མངོན་ཚན་ཉོ་ཚོང་དང་། །ཚོལ་དང་འཐག་པ་སྐྱེད་པ་དང་། བྱིན་འཕྲོགས་བསྔོས་དང་གསོག་འཇོག་དང་། །འཆང་དང་བྱིན་གྱིས་མི་རློབ་པའོ། །ཞེས་དང་། འབྱིན་དང་མི་འབྱིན་སློང་བ་དང་། །གོས་དང་གོས་རྒྱུ་མལ་ཆ་དང་། །དབྱར་ཁང་རྒྱུ་དང་སྐྱེ་བོ་དང་། །དགེ་འདུན་བཅིངས་བཀྲོལ་ལྕི་ཡང་ངོ་། །ཞེས་དང་། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་དང་འཆང་དང་རྟ་དང་དགོན། །རས་ཆེན་མ་གཏོགས་ལྷག་མ་ཡིན། །འཕགས་མ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་རྩ་གསུམ་པོ་དག་བཏོན་ཟིན་ཏོ། །ཞེས་གསུངས་པ་ལྟར་གྱི་དགེ་སློང་མའི་སྤང་ལྟུང་སོ་གསུམ་དང་།

ཡང་དེ་ཉིད་ལས། རྫུན་དང་ས་བོན་འདུག་གནས་དང་། །སྲོག་ཆགས་བདེ་དང་དུད་འགྲོ་དང་། །རྐུ་བ་དང་ནི་ཟས་བཅས་པ། །དེ་དག་ཐུན་མོང་ཡིན་པར་འདོད། །ཞེས་དང་། དགེ་སློང་ཐུན་མོང་བདུན་ཅུ་གཉིས་ཞེས་གསུངས་པ་ལྟར་གྱི་དགེ་སློང་དང་ཐུན་མོང་གི་ལྟུང་བྱེད་འབའ་ཞིག་པ་བདུན་ཅུ་རྩ་གཉིས་དང་། མ་ལོན་འདྲིད་དང་ནད་གཡོག་དང་། །ཉན་དང་ཁྲི་གཅིག་པུ་ཤེལ་ཙི། །མཆིལ་ལྷམ་སྒོག་སྐྱ་ཆོས་དང་ནི། །འདུན་དང་མི་འགྲོ་ཐ་མ་ཡིན། །ཞེས་དང་། ཐུན་མོང་མིན་པ་བརྒྱ་རྩ་བརྒྱད་ཅེས་གསུངས་པ་ལྟར་གྱི་དགེ་སློང་མ་རང་གི་ཐུན་མོང་མ་ཡིན་པའི་ལྟུང་བྱེད་བརྒྱ་རྩ་བརྒྱད་དེ། དོན་ལ་དགེ་སློང་མའི་ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ་དང་།

ཡང་དེ་ཉིད་ལས། འོ་མ་ཞོ་དང་མར་དང་ནི། །ཞུན་མར་འབྲུ་མར་སྦྲང་རྩི་དང་། །དབུ་བ་ཉ་ཤ་ཤ་དང་ནི། །ཤ་སྐམ་བསླབ་སྡོམ་བྱིན་པའོ། །འཕགས་མ་དག་སོ་སོར་བཤགས་པར་བྱ་བའི་ཆོས་བཅུ་གཅིག་པོ་འདི་དག་ནི་ཞེས་གསུངས་པ་ལྟར་གྱི་དགེ་སློང་མའི་སོ་སོར་བཤགས་པ་བཅུ་གཅིག་དང་།

ཡང་དེ་ཉིད་ལས། ཤམ་ཐབས་ལ་ནི་རྣམ་བརྒྱད་དང་། །སྟོད་གཡོགས་ལ་ནི་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་དྲུག །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་པ་ལྔ། །འདུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་བརྒྱད་དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་དང་། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །ཞེས་དང་། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་འཁར་བ་ཐོགས་སོགས་དྲུག །ན་བ་རྣམ་པ་གསུམ་རྣམས་སོ། །ཞེས་བསླབ་པར་བྱ་བའི་ཆོས་མང་པོ་སྟེ་ཉེས་བྱས་བརྒྱ་དང་བཅུ་གཉིས་ཏེ། དེ་དག་སྡོམ་པའི་དགེ་སློང་མའི་འདུལ་ཁྲིམས་སུམ་བརྒྱ་དྲུག་ཅུ་རྩ་བཞི་དགག་པ་ལ་བསླབ་པར་བྱ་ཞིང་ཉམས་ན་བཤགས་པར་བྱའོ།།

དེ་བཞིན་དུ་གཞན་ཡང་དགེ་སློང་གི་བསླབ་བྱ་ལ། སོ་སོར་ཐར་བའི་མདོ་ལས། མི་ཚངས་སྤྱོད་དང་རྐུ་བ་དང་། །མི་ལ་གསོད་པར་མི་བྱ་བ། །རྫུན་དུ་སྨྲ་དང་བཅས་པ་ཡི། །ཆོས་བཞི་འདིར་ནི་གསུངས་པ་ཡིན། ཞེས་གསུངས་པ་ལྟར། རྨའི་སྒོ་གསུམ་གང་རུང་དུ་མི་ཚངས་པ་སྤྱོད་པ་དང་། རིན་ཐང་ཚང་བའི་དངོས་པོ་བཙན་འཇབ་ཀྱིས་རྐུ་བའི་མ་བྱིན་པ་ལེན་པ་དང་། མིའམ་མིར་ཆགས་པ་གསོད་པ་དང་། མི་ཆོས་བླ་མའི་རྫུན་སྨྲ་བ་སྟེ་དགེ་སློང་གི་སྡོམ་པའི་ཕམ་པ་བཞི་དང་།

དེ་ཉིད་ལས། ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། །ཁང་པ་ཁང་ཆེན་དང་ནི་གཞི་མེད་པ། །བག་ཙམ་དགེ་འདུན་དབྱེན་དང་དེ་རྗེས་ཕྱོགས། །ཁྱིམ་སུན་འབྱིན་དང་བཀའ་བློ་མི་བདེ་བའོ། །ཞེས་གསུངས་པ་ལྟར་གྱི་ལྷག་མ་བཅུ་གསུམ་དང་།

ཡང་དེ་ཉིད་ལས། འཆང་བ་འབྲལ་བ་འཇོག་པ་དང་། །འཁྲུར་འཇུག་པ་དང་ལེན་པ་དང་། །སློང་དང་སྟོད་གཡོགས་སྨད་གཡོགས་བཅས། །རིན་ཐང་སོ་སོར་བསྐུར་བའོ། །ཞེས་དང་། སྲིན་བལ་འབའ་ཞིག་ཆ་གཉིས་དང་། །དྲུག་དང་མཐོ་གང་ལམ་དང་ནི། །འཁྲུ་བ་དང་ནི་གསེར་དངུལ་དང་། །མངོན་ཚན་ཅན་དང་ཉོ་ཚོང་ངོ་། །ཞེས་དང་། ལྷུང་བཟེད་གཉིས་དང་ཐ་ག་གཉིས། །བྱིན་འཕྲོགས་སྟོན་ཟླ་ཐ་ཆུང་དང་། །དགོན་པ་བ་དང་རས་ཆེན་དང་། །བསྔོས་པ་དང་ནི་གསོག་འཇོག་གོ །ཞེས་གསུངས་པ་ལྟར་གྱི་སྤང་བའི་ལྟུང་བ་སུམ་ཅུ་དང་།

ཡང་དེ་ཉིད་ལས། རྫུན་སྐྱོན་དགེ་སློང་ཕྲ་མ་དང་། །སྐྱོ་སྔོགས་བྱེད་དང་སྟོན་པ་དང་། །འདོན་དང་གནས་ངན་ལེན་དང་ཆོས། །བཤེས་ངོར་བྱེད་དང་ཁྱད་དུ་གསོད། །ཅེས་དང་། ས་བོན་འཕྱ་དང་བསྒོ་བ་དང་། །ཁྲི་དང་གདིང་དང་སྐྲོད་པ་དང་། །ཕྱིས་གནོན་འབྱུང་བ་འདེབས་པ་དང་། །རིམ་པ་གཉིས་སུ་རྩིག་པའོ། །ཞེས་དང་། མ་བསྐོས་ཉི་མ་ནུབ་པ་དང་། །ཟས་དང་ཆོས་གོས་གཉིས་དག་དང་། །དོན་མཐུན་གྲུ་དང་དབེན་པ་གཉིས། །དགེ་སློང་མ་ཡིས་སྦྱོར་བཅུག་པའོ། །ཞེས་དང་། ཡང་ཡང་དང་ནི་འདུག་གནས་གཅིག །ཕྱེ་དང་བཅའ་དང་སྟོབས་པ་དང་། །དུས་དང་དུས་མིན་གསོགས་འཇོག་དང་། །ཁ་ནས་མིད་དང་བསོད་པ་ཉིད། །ཅེས་དང་། སྲོག་ཆགས་བཅས་དང་ཉལ་སར་འདུག །འགྲེང་དང་གཅེར་བུ་དམག་དང་ནི། །ཞག་གཉིས་བཤམ་དཀྲུག་འགྲོ་བ་དང་། །རྡེག་དང་གཟས་དང་གནས་ངན་ལེན། །ཞེས་དང་། བདེ་དང་མེ་དང་འདུན་པ་དང་། །བསྙེན་པར་མ་རྫོགས་ཆོས་དང་སྨྲ། །དགེ་ཚུལ་ཁ་དོག་བསྒྱུར་བ་དང་། །རིན་པོ་ཆེ་དང་ཚ་བའི་དུས། །ཞེས་དང་། དུད་འགྲོ་འགྱོད་པ་སོར་མོ་དང་། །རྩེ་དང་ལྷན་གཅིག་སྔངས་བྱེད་དང་། །སྤེད་དང་གདེང་མེད་གཞི་མེད་དང་། །སྐྱེས་པ་མེད་པར་ལམ་འགྲོའོ། །ཞེས་དང་། རྐུ་དང་ཉི་ཤུ་མ་ལོན་དང་། །རྐོ་དང་མགྲོན་དང་བསླབ་པ་དང་། །འཐབ་དང་མི་སྨྲ་འགྲོ་བ་དང་། །མི་གུས་ཆང་འཐུང་དུས་མིན་པའོ། །ཞེས་དང་། ཟས་བཅས་སྐྱ་རེངས་ད་གདོད་དང་། །ཁབ་རལ་དང་ནི་ཁྲི་རྐང་དང་། །བདལ་དང་གདིང་དང་གཡན་པ་དང་། །རས་ཆེན་བདེ་གཤེགས་ཆོས་གོས་སོ། །ཞེས་གསུངས་པ་ལྟར་གྱི་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་དང་།

ཡང་སོ་སོར་ཐར་བའི་མདོ་ལས། གྲོང་དང་ཁྱིམ་གཞན་ཉིད་དང་ནི། །བསླབ་པ་རྣམས་དང་དགོན་པ་ནི། །སངས་རྒྱས་ཕན་པ་གསུངས་པ་ཡིས། །སོ་སོར་བཤགས་པར་བྱ་བར་གསུངས། །ཞེས་གསུངས་པའི་སོ་སོར་བཤགས་པ་བཞི་དང་།

ཡང་དེ་ཉིད་ལས། ཤམ་ཐབས་ལ་ནི་རྣམ་བདུན་དང་། །སྟོད་གཡོགས་ལ་འང་རྣམ་གསུམ་དང་། །ཤིན་ཏུ་བསྡམས་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །མཆོང་ལ་སོགས་པ་རྣམ་ལྔ་དང་། །ལུས་ལ་སོགས་པ་རྣམ་པ་ལྔ། །འདུག་པར་བྱ་བ་དགུ་དག་དང་། །བྱིན་ལེན་བྱ་བ་བརྒྱད་རྣམས་སོ། །ཞེས་དང་། ཟས་ལ་ལེགས་པར་བྱ་བ་དྲུག །ཙུག་ཙུག་ལ་སོགས་རྣམ་པ་ལྔ། །འབྲུ་ནས་ཐ་དད་བྱེད་པ་ལྔ། །ལག་པ་ལྡག་ལ་སོགས་པ་ལྔ། །ཞེས་དང་། འཕྱ་ལ་སོགས་པ་རྣམ་པ་བཞི། །ལྷུང་བཟེད་ལ་ཡང་རྣམ་པ་བཅུ། །འགྲེང་བར་བྱེད་ལ་སོགས་པ་ལྔ། །མགོ་གཡོགས་ལ་སོགས་རྣམ་པ་ལྔ། །དོ་ཀེར་ཅན་ལ་སོགས་པ་ལྔ། །གླང་ཆེན་ལ་སོགས་བཞོན་པ་ལྔ། །ལག་ན་འཁར་བ་ཐོགས་སོགས་དྲུག །ན་བ་རྣམ་པ་བཞི་རྣམས་སོ། །ཞེས་གསུངས་པ་ལྟར་གྱི་ཉེས་བྱས་སམ་བསླབ་པར་བྱ་བའི་ཆོས་མང་པོ་བརྒྱ་དང་བཅུ་གཉིས་ཏེ་དགེ་སློང་གི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་སྟེ་སོ་སོར་ཐར་བའི་སྡོམ་པའི་ཆོས་ཤིན་ཏུ་མང་པོ་དེ་དག་དགག་པ་ལ་བསླབ་པར་བྱ་ཞིང་གལ་ཏེ་དེ་དག་གི་བླང་དོར་ལས་འདས་ན་བཤགས་པར་བྱའོ།།

གཞན་ཡང་དེ་བཞིན་དུ་ཐེག་པ་ཆེན་པོའི་སྡེ་སྣོད་ལས་བསྟན་པའི་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བ་ལ་ཡང་ནི། འཕགས་པ་ནམ་མཁའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བའི་ལྟུང་བའི་རྩ་བ་ནི་ལྔ་སྟེ། ཞེས་པ་ནས་འདི་ནི་ལྟུང་བའི་རྩ་བ་ལྔ་བ་སྟེ། ཞེས་གསུངས་པ་ལྟར། མཆོད་པའི་རྟེན་དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པ་རྩ་བའི་ལྟུང་བ་དང་པོ་དང་། ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་དམ་པའི་ཆོས་སྤོང་བ་རྩ་བའི་ལྟུང་བ་གཉིས་པ་དང་། གོས་ངུར་སྨྲིག་བགོས་པའི་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་དང་ཚུལ་ཁྲིམས་དང་མི་ལྡན་པ་དགེ་སློང་གི་གཟུགས་བརྙན་ཙམ་འཛིན་པ་གང་རུང་གི་གོས་ངུར་སྨྲིག་འཕྲོག་པ་དང་། ལུས་ལ་རྡེག་པ་དང་། བཙོན་དུ་བཅུག་པ་དང་། གསོད་པ་གང་རུང་བྱེད་པ་རྩ་བའི་ལྟུང་བ་གསུམ་པ་དང་། ཕ་མ་དང་དགྲ་བཅོམ་པ་གསོད་པ་དང་དགེ་འདུན་དབྱེན་དང་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་སྟེ་མཚམས་མེད་པ་ལྔ་གང་རུང་གི་ལས་བྱེད་པ་རྩ་བའི་ལྟུང་བ་བཞི་བ་དང་། ཚེ་ཕྱི་མ་དང་ལས་འབྲས་མེད་པར་འཛིན་ཅིང་མི་དགེ་བ་བཅུ་རང་གིས་འཛིན་པ་དང་གཞན་སེམས་ཅན་ལ་འཛིན་དུ་འཇུག་པ་ལ་སོགས་པས་ལོག་ལྟ་བྱེད་པ་རྩ་བའི་ལྟུང་བ་ལྔ་བ་སྟེ་རྒྱལ་པོ་ལ་འབྱུང་ཉེ་བའི་བྱང་སེམས་ཀྱི་རྩ་བའི་ལྟུང་བ་ལྔ་དང་། ཡང་དེ་ཉིད་ལས། བྱམས་པ་བློན་པོའི་ལྟུང་བའི་རྩ་བ་ཡང་ལྔ་སྟེ། ཞེས་པ་ནས་ལྟུང་བའི་རྩ་བ་ལྔ་བ་སྟེ། ཞེས་གསུངས་པ་ལྟར། དཀོན་མཆོག་གི་དཀོར་འཕྲོག་པ་རྩ་བའི་ལྟུང་བ་དང་པོ་དང་། གྲོང་དང་། ལྗོངས་དང་། གྲོང་ཁྱེར་འཇོམ་པར་བྱེད་པ་རྩ་བའི་ལྟུང་བ་གཉིས་པ་དང་། ཆོས་སྤོང་བ་རྩ་བའི་ལྟུང་བ་གསུམ་པ་དང་། ཚུལ་ཁྲིམས་ལྡན་མི་ལྡན་གང་རུང་གི་དགེ་སློང་གི་ངུར་སྨྲིག་འཕྲོག་པ་སོགས་བགྱི་བ་རྩ་བའི་ལྟུང་བ་བཞི་བ་དང་། མཚམས་མེད་པ་ལྔ་བྱེད་པ་རྩ་བའི་ལྟུང་བ་ལྔ་བ་བཅས་བློན་པོ་ལ་འབྱུང་ཉེ་བ་ལྔ་དང་། ཡང་ནམ་སྙིང་གི་མདོ་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་ལས་དང་པོ་པ་དག་གི་རྩ་བའི་ལྟུང་བ་ནི་བརྒྱད་དེ། ཞེས་པ་ནས་བྱང་ཆུབ་སེམས་དཔའ་ལས་དང་པོ་བ་རྣམས་ཀྱི་ལྟུང་བའི་རྩ་བ་བརྒྱད་པ་སྟེ། ཞེས་གསུངས་པ་ལྟར། ཐེག་པ་ཆེན་པོ་ལ་བློ་སྦྱོང་མ་བྱས་པའི་གང་ཟག་ལ་སྟོང་པ་ཉིད་ལ་སོགས་པ་ཐེག་པ་ཆེན་པོའི་ལམ་ཟབ་པ་དང་རྒྱ་ཆེན་པོ་རྣམས་བསྟན་ནས་དེ་དག་གི་བློར་མ་ཤོང་བར་ཉན་ཐོས་ཀྱི་ཐེག་པ་ལ་སྨོན་པར་བྱས་པར་བྱེད་པ་རྩ་བའི་ལྟུང་བ་དང་པོ་དང་། བྱང་སེམས་ལས་དང་པོ་བ་རྣམས་ལ་ཁྱོད་ཕར་ཕྱིན་དྲུག་ལ་སོགས་པ་ཐེག་པ་ཆེན་པོ་ལ་སློབ་པར་མི་ནུས་པས་དེ་བས་ཉན་རང་གི་ཐེག་པ་ལ་སློབ་ཅིག་ཅེས་ཐེག་པ་ཆེན་པོ་ལ་ཞུགས་ཏེ་རྫོགས་པའི་བྱང་ཆུབ་སྒྲུབ་པ་ལས་བཟློག་པ་རྩ་བའི་ལྟུང་བ་གཉིས་པ་དང་། བྱང་སེམས་ལས་དང་པོ་བ་ལ་སོ་སོར་ཐར་བའི་འདུལ་བ་དང་། ཚུལ་ཁྲིམས་དང་། ལེགས་སྤྱད་དག་གིས་ཅི་བྱ་དེ་དག་ལ་རྣམ་པར་སྨིན་པ་ཐར་བ་མེད་པས་ཐེག་པ་ཆེན་པོ་ལ་སློབ་ཅིག་ཅེས་སོ་སོར་ཐར་བ་སྤོང་དུ་འཇུག་པ་རྩ་བའི་ལྟུང་བ་གསུམ་པ་དང་། བྱང་སེམས་ལས་དང་པོ་བ་ལ་ཉན་ཐོས་ཀྱི་ཐེག་པ་སྤོངས་ཤིག། དེའི་སྡེ་སྣོད་མ་ཀློག་མ་སྟོན་ཅིག། དེས་ཐར་བའི་འབྲས་བུ་ཆེན་པོ་མི་ཐོབ་ལ་ཉོན་མོངས་པ་སྤོང་མི་ནུས་པས་ཐེག་པ་ཆེན་པོ་ལ་སློབ་ཅིག། དེ་གཞན་ལ་སྟོན་ཅིག་ཅེས་བཤད་པ་ལ་ཕ་རོལ་བོས་དེ་ལྟར་ཉན་དབང་གིས་ཉན་རང་གི་ལམ་སྤངས་པས་ཉན་ཐོས་རྣམས་ཐེག་པ་ཆེན་པོ་ལ་སྦྱོར་བར་བྱེད་པ་རྩ་བའི་ལྟུང་བ་བཞི་བ་དང་། རྙེད་པ་དང་བཀུར་སྟིའི་ཆེད་དུ་ཐེག་པ་ཆེན་པོའི་ཆོས་དག་འཛིན་ཅིང་། ཀློག་པ་དང་། གཞན་ལ་བསྟན་ཅིང་བདག་ཁོ་ན་ནི་ཐེག་པ་ཆེན་པོ་བ་ཡིན་གྱི་གཞན་ནི་མ་ཡིན་ནོ་ཞེས་བདག་བསྟོད་དང་གཞན་ལ་ཕྲག་དོག་གིས་སྨོད་པ་ནི་རྩ་བའི་ལྟུང་བ་ལྔ་བ་དང་། བྱང་སེམས་ལས་དང་པོ་བས་ཐེག་པ་ཆེན་པོའི་མདོ་སྡེ་གཟུངས་ནས་མ་རྟོགས་བཞིན་དུ་བདག་ནི་ཐེག་པ་ཆེན་པོའི་ལམ་ཟབ་པ་དང་རྒྱ་ཆེ་བ་རྣམས་གཟུངས་ནས་ཡེ་ཤེས་མཐོང་ཞིང་ཟབ་མོའི་བཟོད་པ་ཐོབ་སྟེ་སྙིང་རྗེས་ཁྱོད་ཅག་ལ་སྟོན་པ་ཡིན་ཞེས་རྙེད་བཀུར་གྱི་ཆེད་དུ་ལོག་པར་སྨྲ་བ་ནི་རྩ་བའི་ལྟུང་བ་དྲུག་པ་དང་། བྱང་སེམས་ལས་དང་པོས་རྒྱལ་རིགས་དང་བློན་པོའི་ཕྱག་དར་བ་དང་། དཔའ་བོ་དང་སྨན་པའི་ཕྱག་དར་བ་སོགས་ནོར་གྱིས་ཕྱུག་པས་དྲེགས་པ་དག་ལ་བརྟེན་ནས་དགེ་སློང་དག་རྒྱལ་རིགས་དང་དབྱེ་ཞིང་ནོར་འཕྲོག་པ་ལ་སོགས་པ་ཆད་པས་གཅོད་པར་བྱེད་པ་རྩ་བའི་ལྟུང་བ་བདུན་པ་དང་། དགེ་སྦྱོང་ཁྲིམས་མི་གཙང་བ་ཁ་ནས་ཐེག་པ་ཆེན་པོ་སྟོན་ནུས་ཞིང་སྤོང་བ་ལ་སྡང་བ་དག་འབྱུང་ཞིང་། དེ་དག་གིས་དགེ་སློང་སྤོང་པ་བ་དག་ལ་གཙེ་ཞིང་། ཞི་ལྷག་གི་དོན་བསྒོམ་པ་གཏོང་བར་བྱེད་པ་དང་། དེ་དག་གི་དབང་གིས་བྱང་སེམས་ལས་དང་པོ་བ་དག་གིས་དགེ་སྦྱོང་སྤོང་བ་ལ་བརྩོན་པ་དག་གི་ཕན་པ་དང་དཀོར་ནོར་ལོངས་སྤྱོད་རྣམས་དགེ་སྦྱོང་ཁ་ཏོན་ལ་བརྩོན་པ་རྣམས་ལ་སྦྱིན་པར་བྱེད་པ་རྩ་བའི་ལྟུང་བ་བརྒྱད་པ་སྟེ་འབངས་ཕལ་བ་ལ་འབྱུང་ཉེ་བ་བརྒྱད་བཅས་སྡོམ་པའི་བྱང་སེམས་ཀྱི་རྩ་བའི་ལྟུང་བ་བཅོ་བརྒྱད་དང་། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས་བཤད་པའི་སྨོན་སེམས་འདོར་བའི་རྩ་ལྟུང་དང་། དཀོན་བརྩེགས་ལས་བཤད་པའི་འཇུག་སེམས་འདོར་བའི་རྩ་ལྟུང་གཉིས་བསྣན་པའི་བྱང་སེམས་ཀྱི་རྩ་ལྟུང་ཉི་ཤུ་དང་། བསླབ་བཏུས་ལས། བྱང་ཆུབ་སེམས་ནི་ཡོངས་འདོར་དང་། །ཆགས་དང་སེར་སྣ་མི་ཟད་པས། །སློང་ལ་སྦྱིན་པར་མི་བྱེད་དང་། །བསྒྲིམས་ཏེ་དགའ་བར་བྱེད་པ་ན། །སེམས་ཅན་ལ་ནི་མི་བཟོད་པར། །ཁྲོས་པས་སེམས་ཅན་རྡེག་པ་དང་། །ཉོན་མོངས་པ་དང་གནས་མཐུན་པས། །ཆོས་ལྟར་བཅོས་པ་སྟོན་པའོ། །ཞེས་བྱང་ཆུབ་ཀྱི་སེམས་འདོར་བ་དང་། ཆགས་དང་སེར་སྣས་སློང་མོ་པ་ལ་སྦྱིན་པ་སྦྱིན་པར་མི་བྱེད་པ་དང་། སེམས་ཅན་ལ་མི་བཟོད་པར་ཁྲོས་པས་རྡེག་པ་དང་། ཉོན་མོངས་པ་དང་གནས་མཐུན་པའི་དམ་ཆོས་ལྟར་བཅོས་པའི་ཆོས་སྟོན་པ་སྟེ་རྩ་བའི་ལྟུང་བ་བཞི་དང་། དཀོན་མཆོག་བརྩེགས་པ་འོད་སྲུང་གིས་ཞུས་པའི་ལེའུ་ལས། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་ཏེ། བཞི་གང་ཞེ་ན། འདི་ལྟ་སྟེ། སློབ་དཔོན་དང་། བླ་མ་དང་། སྦྱིན་གནས་སླུ་བ་དང་། གཞན་འགྱོད་པ་མེད་པ་དག་ལ་འགྱོད་པ་ཉེ་བར་སྒྲུབ་པ་དང་། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་སེམས་ཅན་རྣམས་ལ་བསྔགས་པ་མ་ཡིན་པ་དང་། མི་སྙན་པ་དང་། བརྗོད་པ་མ་ཡིན་པའི་ཚིགས་སུ་བཅད་པ་འབྱིན་པ་དང་། སྒྱུ་དང་གཡོས་གཞན་ལ་ཉེ་བར་སྤྱོད་ཀྱི་ལྷག་པའི་བསམ་པས་མ་ཡིན་པ་སྟེ། འོད་སྲུང་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བྱང་ཆུབ་ཀྱི་སེམས་བརྗེད་པར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། སྦྱིན་གནས་བླ་མས་བསྒོམ་བཞིན་མི་བྱེད་དང་། །གཞན་དག་ལ་ཡང་ཐེ་ཚོམ་ཉེར་སྒྲུབ་དང་། །སེམས་ཅན་གང་དག་བྱང་ཆུབ་རབ་ཞུགས་པ། །དེ་ལ་བསྔགས་མིན་མི་སྙན་སྨྲ་བ་དང་། །སྒྱུ་དང་གཡོ་དང་རྒྱན་ལ་འདོར་བྱེད་པས། །གཞན་ལ་བསྟེན་གྱི་བསམ་པས་མ་ཡིན་པ། །ཆོས་བཞི་འདི་དག་ཀུན་ཏུ་བསྟེན་བྱས་ནས། །སངས་རྒྱས་བྱང་ཆུབ་སེམས་མཆོག་ཉམས་པར་འགྱུར། །ཞེས་གསུངས་པ་ལྟར། མཆོད་འོས་ཀྱི་བླ་མ་སློབ་དཔོན་སླུ་བ་དང་། གཞན་འགྱོད་པའི་གནས་མ་ཡིན་པ་ལ་འགྱོད་པ་སྐྱེད་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་ཡིད་སྡང་བས་སྐུར་འདེབས་སྐྱོན་ངན་བརྗོད་པ་དང་། སེམས་ཅན་ལ་གཡོ་སྒྱུའི་སྤྱོད་པ་སྣ་ཚོགས་སྟོན་པ་སྟེ་ནག་པོའི་ཆོས་བཞི་དང་། སྡོམ་པ་ཉི་ཤུ་བ་ལས། ཉོན་མོངས་དྲག་ལས་བྱུང་བ་ཡི། །སྡོམ་པར་ཞིག་པར་གང་གྱུར་པ། །དེ་ཡི་ཉེས་པ་བཞི་བོ་ནི། །ཕམ་པ་འདྲ་བར་དགོངས་པ་ཡིན། །རྙེད་དང་བཀུར་བསྟིར་ཆགས་པ་དང་། །བདག་བསྟོད་གཞན་ལ་སྨོད་པ་དང་། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང་། །གཞན་གྱིས་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང་། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་པ་ལྟར། རྙེད་པ་དང་བཀུར་སྟིར་ཆགས་ནས་བདག་བསྟོད་གཞན་ལ་སྨོད་པ་དང་། སེམས་ཅན་སྡུག་བསྔལ་ཞིང་དབུལ་བ་མགོན་མེད་པར་གྱུར་པ་ལ་སེར་སྣས་ཆོས་དང་ནོར་གང་ཡང་མི་སྟེར་བ་དང་། གཞན་གྱིས་ཉེས་པ་ཤད་སྦྱངས་ཀྱིས་ཚུར་ལ་བཤགས་ཀྱང་མི་ཉན་པར་ཁྲོས་པས་གཞན་ལ་འཚོག་པའམ་རྡེག་པ་དང་། ཐེག་པ་ཆེན་པོའི་ཆོས་མི་ལེགས་ཞེས་སྤོང་བར་བྱེད་ཅིང་གཞན་གྱི་གཡམ་ལ་རྒྱུག་སྟེ་དམ་ཆོས་འདྲར་སྣང་བའི་ཆོས་མིན་གཞན་ལ་སྟོན་པ་སྟེ། རྒྱལ་བས་ཐེག་ཆེན་གྱི་མདོ་སྡེ་དུ་མར་གསུངས་པའི་འཇུག་པ་བྱང་ཆུབ་ཀྱི་སེམས་གཏོང་བྱེད་ཀྱི་རྩ་བའི་ལྟུང་བ་བཞི་དང་། དེ་སོ་སོར་ཕྱེ་ན་བདག་བསྟོད་དང་གཞན་སྨོད་གཉིས་དང་། ཆོས་མི་སྟེར་བ་དང་ནོར་མི་སྟེར་བ་གཉིས་དང་། ཤད་སྦྱངས་ལ་མི་ཉན་པ་དང་གཞན་ལ་འཚོག་པ་གཉིས་དང་། ཐེག་པ་ཆེན་པོའི་ཆོས་སྤོང་བ་དང་ཆོས་འདྲར་སྣང་བ་སྟོན་པ་གཉིས་ཏེ་རྩ་བ་བརྒྱད་དུ་གྱུར་པ་རྣམས་དང་། གཞན་ཡང་བསླབ་པར་བྱ་བའི་བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་གྱི་ཕྱོགས་སུ་གཏོགས་པ་ཅི་མཆིས་པ་བཅས་རྒྱུ་མཚན་ཉིད་ཐེག་པ་ཆེ་ཆུང་གི་བསྟ༷ན་པ༷་རྒྱ༷་མ༷ཚོ་ལྟ་བུ་སོ༷་སོ༷འི་ལུགས་ཀྱི་དགག་སྒྲུབ་ཀྱི་འདུལ༷་ཁྲིམ༷ས་རྣམས་ད༷ང་འགལ་བ་བཤགས་པར་བྱ་ཞིང་བླང་དོར་ཚུལ་བཞིན་དུ་བྱའོ།། གཞན་ཡང་གསང་བ་སྔགས་ཀྱི་གཞུང་རྒྱུད་སྡེ་བཞི་སོ་སོ་ནས་བསླབ་པའི་གནས་དུ་བསྟན་པའི་སྐུ༷་དང་། གསུང༷་དང་། ཐུག༷ས་ཀྱི་དམ་ཚིག་དང༷་། ཁྱད་པར་དུ་ཟུང་འཇུག་རབ་ཏུ་མི་གནས་པའི་ཆོས་སྐུ་བདེ་སྟོང་མཉ༷མ་པ་ཉིད་ལ་མངོན་པར་སྦྱོར༷་བར་བྱེད་པའི་སྡོམ་པ་སྟེ་སྡོམ༷་པའི༷་མཆོ༷ག་ཏུ་གྱུར་པ་དེ་དང་། ཉམས་ན་འབྲས་བུ་ལྕི་བ་མི་བཟད་པ་འབྱིན་པར་བྱེད་པའི་འད༷འ་ཀ༷་སྟེ་འདའ་བར་དཀའ་བའི་གསང་སྔགས་རྡོ༷་རྗེ༷་ཐེག་པའི་དམ༷་ཚིག༷་དེ་ཉིད་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོས་སྒྲུབ་པ་པོའི་རྒྱུད་ལ་དུས་གཏ༷ན་གྱི༷་ཡུན་དུ་སྲུང་དགོས་པར་གཉེར༷་གཏད་པ་གང་ཡིན་པ་དེ་དག་བསྲུང་བར་ཁས་བླངས་པ་ལས་ཉམས་པ་རྣམས་ངག་གིས་མི་འཆབ་པར་མཐོལ་ཞིང་སེམས་ཀྱི་གནོང་འགྱོད་དྲག་པོས་སླད་མར་མི་བྱེད་པར་སྡོམ་འདོད་དང་བཅས་པས་བཤགས་པར་བྱ་ཞེས་པའོ།།

གཉིས་པ་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་གི་བཤགས་པ་བྱེ་བྲག་ཏུ་བསྟན་པ་ནི། སྤྱི་དང་ཁྱད་པར་ལྷག་པའི་དམ་ཚིག་རྣམས༔ སྔ་ཕྱི་མནོས་ཤིང་གཉེར་དུ་སྨྲས་སོ་འཚལ༔ ཡུན་དུ་མི་གཏོང་འདའ་བར་མ་བགྱིད་ཅིང་༔ དོན་ལ་གོལ་ཞིང་ལྡོག་སེམས་མ་མཆིས་ཀྱང་༔ གཟོད་བྱ་ལོང་ཡོད་སྙམ་པའི་ལེ་ལོ་ཡིས༔ ཀློང་དུ་མ་གྱུར་རྩལ་ཤུགས་ཆུང་བ་དང་༔ ཤེས་བཞིན་མི་ལྡན་བག་མེད་དབང་གྱུར་ཏེ༔ སྒོམ་ལ་མི་བརྩོན་བསྙེན་སྒྲུབ་གཡེལ་ལ་སོགས༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ སྟོན་པའི་བཀའ་དང་དམ་ལས་འགལ་གྱུར་ཏེ༔ རྣལ་འབྱོར་གང་ཞིག་དམ་ཚིག་ཉམས་པ་དང་༔ སྐད་ཅིག་ཙམ་ཡང་འཕྲད་སྨྲ་མི་བྱ་ཞིང་༔ ལུང་བ་གཅིག་གི་ཆུ་ལ་མི་འཐུང་ཞེས༔ བཀའ་ལས་བྱུང་བ་དེ་ལྟར་མ་ལྕོགས་ཏེ༔ གསང་སྒོ་འཆོལ་བས་དབྱེ་བསལ་དཀའ་བ་དང་༔ མངོན་ཤེས་ཆུང་བས་སྐྱོན་ཅན་མ་རྟོགས་ཏེ༔ ཉམས་དང་ཚོགས་འདྲེས་ཉམས་པ་བསྐང་ལ་སོགས༔ ཉམས་དང་སྣོད་མིན་རྣམས་ལ་ཆོས་བཤད་དང་༔ ཉམས་ལ་མི་འཛེམས་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ། ཚེ་འདིའི་རྐྱེན་དང་ཕྱི་མའི་སྒྲིབ་གྱུར་རྣམས༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་བཤགས་ན༔ འཕགས་པའི་བཀའ་ཆད་བདག་ལ་མི་གཏོང་ཞིང་༔ བྱམས་པའི་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང་༔ གཉིས་མེད་དབྱིངས་སུ་མི་འགྱུར་བདག་བཀོད་དེ༔ མི་དམིགས་བཏང་སྙོམས་ངང་དུ་བཞུགས་ནས་ཀྱང་༔ གཉིས་མེད་དོན་གྱི་ཚངས་པ་བསྩལ་དུ་གསོལ༔ ཞེས་པའི་ཤོ་ལོ་ཀ་བདུན་དང་རྐང་པ་གཅིག་གིས་བསྟན་ཏོ།།

དེ་ཡང་རྡོ་རྗེ་གུར་གྱི་རྒྱུད་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པ་མི་བྱ་ཞིང་། །སེམས་ཅན་རྣམས་ལ་གདུག་བྱམས་དང་། །བྱང་ཆུབ་སེམས་ནི་སྤང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སྐལ་མེད་དེ་ཉིད་གཏམ་མི་བྱ། །སྐལ་ལྡན་སེམས་ཅན་སྨད་མི་བྱ། །བདག་གི་ལུས་ལའང་སྨད་མི་བྱ། །ཆོས་ལ་ཡིད་གཉིས་མི་བྱ་ཞིང་། །གདུག་ལ་བྱམས་པ་ཉིད་མི་བྱ། །ཆོས་ཉིད་ཚད་ནི་བཟུང་མི་བྱ། །དམ་ཚིག་རྟག་ཏུ་སྐྱང་བ་དང་། །གཞན་གྱི་ཆོས་ལ་སྨད་མི་བྱ། །བུད་མེད་ཉིད་ལའང་སྨད་མི་བྱ། །རྩ་བའི་ལྟུང་བ་རབ་ཏུ་སྤང་། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཐུན་མོང་མ་ཡིན་ཕས་ཕམ་པ། །བཅུ་བཞིར་གྲགས་པ་གང་འདི་ནི། །སྔགས་པས་དོན་ཀུན་འགྲུབ་བྱེད་པས། །སྤང་ཞིང་འདོར་བར་མི་བྱའོ། །སློབ་དཔོན་སྙིང་ནས་སྨོད་པ་དང་། །བདེ་གཤེགས་བཀའ་ལས་འདའ་བྱེད་དང་། །ཞེ་སྡང་གིས་ནི་མཆེད་སུན་འབྱིན། །བྱམས་སེམས་མེད་པར་སེམས་ཅན་སྤངས། །བྱང་ཆུབ་སེམས་ཆེན་འདོར་བ་དང་། །བདག་གཞན་གྲུབ་པའི་མཐའ་སྨོད་བྱེད། །སྣོད་མི་རུང་ལ་གསང་བ་བསྟན། །རྒྱལ་བའི་བདག་ཉིད་ཕུང་པོ་སྨོད། །དག་པའི་ཆོས་ལ་སོམ་ཉི་བྱེད། །གསུམ་ལྡན་ཁྲོ་ལ་བྱམས་ལྡན་ཏེ། །སྟོང་པ་ཐལ་བྱུང་ལ་རྟོག་པ། །དད་ལྡན་སེམས་ནི་སུན་འབྱིན་བྱེད། །དམ་ཚིག་དང་ལྡན་རྩེ་མི་བྱེད། །ཤེས་ལྡན་བུད་མེད་སྨོད་པར་བྱེད། །སྔགས་པས་དེ་དག་ཡོངས་སྤངས་ནས། །ངེས་པར་དངོས་གྲུབ་ཐོབ་པར་བྱེད། །ཅེས་དང་། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། སློབ་དཔོན་ལ་ནི་བརྙས་མི་བྱ། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །དེ་བཞིན་སྤུན་ལ་ཁྲོ་བ་དང་། །ཉེས་པ་བསྒྲག་པར་མི་བྱའོ། །བྱང་ཆུབ་སེམས་ཀྱང་གཏང་མི་བྱ། །བདག་གཞན་ཆོས་ལ་སྨད་མི་བྱ། །སེམས་ཅན་ལ་ནི་བྱམས་པ་དག །ནམ་ཡང་གཏང་བར་མི་བྱའོ། །ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་དག་ནི་བསྟན་མི་བྱ། །བདག་སོགས་ཕུང་པོ་བརྙས་མི་བྱ། །གྲོང་པའི་ཆོས་ནི་སུན་མི་གདོན། །གདུག་ལ་བྱམས་པ་རྟག་ཏུ་སྤང་། །ཆོས་ལ་ཚད་གཞལ་བར་མི་བྱ། །སེམས་ཅན་དད་པ་ཅན་མི་བསླུ། །རྟག་ཏུ་དམ་ཚིག་བསྟེན་པར་བྱ། །བུད་མེད་ཤེས་རབ་རང་བཞིན་ལ། །སྨོད་པ་ཉེས་པ་དེ་བཞིན་ནོ། །ཞེས་གསུངས་པ་ལྟར། བླ་མ་རྡོ་རྗེ་སློབ་དཔོན་ལ་སྨོད་པ་དང་། བདེ་བར་གཤེགས་པའི་བཀའ་ལས་འདས་པ་དང་། རྡོ་རྗེའི་སྤུན་མཆེད་ལ་ཁྲོས་པས་སྨོད་པ་དང་། སེམས་ཅན་རྣམས་ལ་གདུག་པའི་སེམས་སྐྱེད་དེ་བྱམས་པ་སྤོང་བ་དང་། བྱང་ཆུབ་ཀྱི་སེམས་འདོར་བ་དང་། བདག་ནང་པ་དང་གཞན་ཕྱི་རོལ་བ་སྟེ་རང་གཞན་གྱི་གྲུབ་མཐའི་ཆོས་ལ་སྨད་པ་དང་། རྒྱུད་ཡོངས་སུ་མ་སྨིན་པའི་གསང་སྔགས་ཀྱི་སྣོད་ཀྱི་སྐལ་བ་མེད་པ་རྣམས་ལ་དེ་བཞིན་ཉིད་སོགས་གསང་བ་ཟབ་མོའི་གཏམ་སྒྲོག་པ་དང་། སེམས་ཅན་རྣམས་དང་བདག་ཉིད་ཀྱི་ལུས་ནི་ཕུང་ལྔ་རྒྱལ་བ་རིགས་ལྔ་དང་འབྱུང་ལྔ་ཡུམ་ལྔའི་རང་བཞིན་ལ་སོགས་པ་ཡིན་པས་དེ་ལ་སྨོད་མི་རུང་ནའང་སྨད་པ་དང་། ཆོས་རྣམས་ཀྱི་རང་བཞིན་ཆོས་ཉིད་དག་མཉམ་ཆེན་པོའི་དོན་ལ་དེ་ལྟར་གནས་མིན་ཡིད་གཉིས་ཟ་བ་དང་། བསྒྲལ་བའི་ཞིང་བཅུ་གང་ཡང་རུང་བ་ཚང་བའི་དགྲ་བགེགས་གདུག་པ་ཅན་མི་བསྒྲལ་བར་དེ་ལ་བྱམས་པར་བྱེད་པ་དང་། མིང་དང་མཚན་མ་བྲལ་བའི་ཆོས་ཉིད་ཀྱི་ཚད་ནི་སྤྲོས་པས་བཟུང་དུ་མེད་ནའང་འདིའོ་དེའོ་ཞེས་རྟོག་པས་མིང་མཚན་ཅན་དུ་ཚད་གཞལ་བ་དང་། སེམས་ཅན་དད་པ་དང་ལྡན་པ་ལ་སེམས་སུན་མི་འབྱིན་པའི་དམ་ཚིག་གིས་སེམས་རྟག་ཏུ་སྐྱོང་དགོས་པ་ལ་མ་སྐྱོང་བ་དང་། གསང་སྔགས་ཀྱི་ལྟ་སྒོམ་ལམ་འབྲས་ལས་གཞན་གྱི་ཆོས་དམ་ཚིག་གི་རྫས་སོགས་ལ་སྨད་དེ་ཇི་བཞིན་མི་བསྟེན་པ་དང་། གསང་སྔགས་ཕོ་ཉའི་ལམ་གྱི་ཉེར་རྒྱུ་ཁྱད་པར་བ་ཤེས་རབ་སྟོང་པ་ཉིད་མཚོན་པའི་རང་བཞིན་བུད་མེད་ཀྱི་རིགས་ཉིད་ལ་སྨད་པ་སྟེ། གསང་སྔགས་སྤྱིའི་རྩ་བའི་ལྟུང་བ་བཅུ་བཞི་པོ་མི་ཉམས་པར་བསྲུང་ཞིང་ཉམས་པ་བཤགས་པར་བྱའོ།།

གཞན་ཡང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། སྦོོམ་པོ་ལྟུང་བྱེད་ཉེས་དམིགས་ཀྱང་། །དེ་དང་འདྲ་བར་ཤེས་པར་བྱ། །དམ་ཚིག་མི་ལྡན་རིག་མར་བསྟེན། །ཚོགས་ཀྱི་འཁོར་ལོར་རྩོད་པར་བྱེད། །གསང་བའི་ཆོས་ནི་སྟོན་པ་དང་། །དད་ལྡན་རྣམས་ལ་གཞན་དུ་སྟོན། །ཉན་ཐོས་ནང་དུ་ཡུན་རིང་གནས། །སྣོད་མི་རུང་ལ་གསང་བ་བསྟན། །ཁ་ན་མ་ཐོ་སྦོམ་འགྱུར་ཏེ། །སྔགས་པ་དེ་ཡི་སྡོམ་པ་ཟད། །ཅེས་གསུངས་པ་ལྟར། སྔགས་ཀྱི་དམ་ཚིག་མི་ལྡན་བཞིན་དུ་རིག་མ་ལེན་པ་དང་། དེ་བཞིན་དུ་སྔགས་ཀྱི་དམ་ཚིག་མི་ལྡན་བཞིན་དུ་རིག་མའི་མཁའི་བདུད་རྩི་བསྟེན་པ་དང་། རྡོ་རྗེའི་མཆེད་ལྕམ་གྱིས་ཚོགས་འཁོར་ལ་རོལ་བའི་དུས་སུ་རྩོད་པ་བྱེད་པ་དང་། གསང་བ་ཟབ་མོའི་ཆོས་གཞན་ལ་སྟོན་པ་དང་། དད་པ་ལྡན་པའི་གསང་སྔགས་ཀྱི་སྣོད་རུང་ལ་ཆོས་དེ་མི་སྟོན་པར་ཆོས་གཞན་པ་སྟོན་པ་དང་། ཉན་ཐོས་ཀྱི་ནང་དུ་ཞག་བདུན་ལས་ལྷག་པར་སྡོད་པ་དང་། སྔགས་ཀྱི་དམ་ཚིག་མི་ལྡན་བཞིན་དུ་སྔགས་ཀྱི་རྣལ་འབྱོར་བར་རློམ་པ་དང་། སྔགས་ཀྱི་སྣོད་དུ་མི་རུང་བ་ལ་གསང་སྔགས་ཀྱི་ཆོས་སྟོན་པ་དང་བརྒྱད་དེ་གསང་སྔགས་ཀྱི་སྦོམ་པོའི་ལྟུང་བ་རྣམ་པ་བརྒྱད་མི་ཉམས་པར་བསྲུང་ཞིང་ཉམས་པ་བཤགས་པར་བྱའོ།།

གཞན་ཡང་། དུས་འཁོར་བསྡུས་རྒྱུད་ལས། འཚེ་དང་མི་བདེན་གཞན་གྱི་བུད་མེད་སྤང་བྱ་གཞན་གྱི་ནོར་དང་ཆང་གི་བཏུང་བ་དེ་བཞིན་ཉིད། །ཅེས་དང་། ཆོ་ལོ་ཁ་ན་མ་ཐོ་བཅས་པའི་ཟས་དང་ཚིག་ངན་ཀློག་དང་འབྱུང་པོ་ལྷ་མིན་དབང་པོའི་ཆོས། །བ་ལང་བྱིས་པ་བུད་མེད་སྐྱེས་པ་རྣམས་དང་ལྷ་མིའི་བླ་མ་གསོད་པ་ལྔ་ནི་མི་བྱའོ། །གྲོགས་པོ་རྗེ་བོ་རྣམས་དང་ལྷ་དང་མི་ཡི་བླ་མ་དགེ་འདུན་ཡིད་བརྟན་རྣམས་ལ་འཁུ་བ་དང་། །དབང་པོ་རྣམས་ནི་ཆགས་པ་དག་དང་དེ་ལྟར་སྲིད་པའི་བདག་པོ་དག་གི་བརྟུལ་ཞུགས་ཉི་ཤུ་ལྔ། །ཞེས་གསུངས་པ་ལྟར། འཚེ་བས་གཞན་སྲོག་གཅོད་པ་དང་། མི་བདེན་པ་རྫུན་སྨྲ་བ་དང་། གཞན་གྱི་བུད་མེད་འཕྲོག་པ་སོགས་ལོག་པར་གཡེམ་པ་དང་། གཞན་གྱི་ནོར་རྐུ་བ་དང་། ཆང་འཐུང་བ་སྟེ་སྡིག་པ་ལྔ་དང་། ཤོ་དང་མིག་མང་སོགས་ཆོ་ལོ་འགྱེད་པ་དང་། ཁ་ན་མ་ཐོ་བ་སྡིག་པའི་ཁ་ཟས་བསྟེན་པ་དང་། ཚོང་དང་དམག་འཁྲུག་གི་གཏམ་ངག་འཁྱལ་སོགས་ཚིག་ངན་ཀློག་པ་དང་། མཚུན་ལྷ་མཆོད་ཅིང་ཕྱུགས་ཀྱི་མཆོད་སྦྱིན་བྱེད་པའི་འབྱུང་བོའི་ཆོས་སློབ་པ་དང་། རང་གིས་བསད་པའི་ཤ་མ་གཏོགས་མི་ཟ་ཞིང་གོས་དཀར་པོ་འབའ་ཞིག་དང་བྱ་གག་གི་བཏུང་བ་བསྟེན་པའིི་ལྷ་མིན་དབང་པོའི་ཆོས་སློབ་པ་སྟེ་ཉེ་བའི་སྡིག་པ་ལྔ་དང་། མཐོ་རིས་ཐོབ་པའི་ཆེད་དུ་བ་ལང་གསོད་པ་དང་། མ་མོ་མཆོད་ཕྱིར་དུ་བྱིས་པ་གསོད་པ་དང་། བུད་མེད་ཀྱི་མཆོད་སྦྱིན་ལ་བུད་མེད་གསོད་པ་དང་། སྐྱེས་པའི་མཆོད་སྦྱིན་ལ་སྐྱེས་པ་གསོད་པ་དང་། སངས་རྒྱས་ཀྱི་སྐུ་དང་། གླེགས་བམ་དང་། མཆོད་རྟེན་བཤིགས་པ་སྟེ་ལྷ་མིའི་བླ་མ་གསོད་པའི་བརྟུལ་ཞུགས་ལ་གནས་པ་སྟེ་གསོད་པ་ལྔ་དང་། ཆོས་འཇིག་རྟེན་གྱི་ལུགས་གཉིས་ཀྱི་ཡིད་མཛའ་བའི་གྲོགས་པོ་དང་། ལུགས་གཉིས་ཀྱིས་བཀུར་འོས་པའི་རྗེ་བོ་རྒན་རབས་དང་། ལྷ་མིའི་བླ་མ་སངས་རྒྱས་དང་། དགེ་སློང་གི་དགེ་འདུན་པ་དང་། ཡིད་རྟོན་པར་འོས་པའི་རང་གི་མཁན་སློབ་བླ་མ་རྣམས་ལ་ཁོང་ཁྲོས་གཙེས་པ་སྟེ་འཁུ་བ་ལྔ་དང་། མིག་རྣ་བ་སྣ་ལྕེ་ལུས་ཀྱི་དབང་པོ་ལྔ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པ་ལྔ་ལ་ཆགས་པ་ལྔ་སྤོང་བ་སྟེ་བླ་མེད་ཀྱི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་མི་ཉམས་པར་བསྲུང་ཞིང་ཉམས་པ་བཤགས་པར་བྱའོ།།

དེ་བཞིན་དུ་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་རྒྱུད་ལས། ཡན་ལག་དམ་ཚིག་མི་སྤང་དང་། །མི་འདོར་སྤྱོད་དང་ཤེས་པ་དང་། །སྒྲུབ་པ་ཡིན་ཏེ་རྣམ་ལྔ་པོ། །ཞེས་གསུངས་པ་ལྟར། མི་སྤང་ལྔ་དང་། བླང་བྱ་ལྔ་དང་། སྤྱད་བྱ་ལྔ་དང་། ཤེས་བྱ་ལྔ་དང་། སྒྲུབ་བྱ་ལྔ་སྟེ་ཡན་ལག་གི་དམ་ཚིག་ཉེར་ལྔ་སྟེ། དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག་སྟེ་ཉོན་མོངས་དུག་ལྔ་མི་སྤོང་བར་རྒྱལ་བ་རིགས་ལྔའི་ཡེ་ཤེས་ཀྱི་ངོ་བོར་ཤེས་ཤིང་དག་པའི་ལམ་ཁྱེར་ནི་མི་སྤོང་བ་ལྔ་ཡིན་ཏེ། དེ་ཉིད་ལས། མི་སྤང་དམ་ཚིག་ཞེས་བྱ་བ། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལྔ་རྣམས་ནི། །རིགས་ལྔའི་སངས་རྒྱས་ངོ་བོ་སྟེ། །ཡེ་ཤེས་ལྔ་ཡི་རང་བཞིན་པས། །སྤངས་ན་རྣལ་འབྱོར་དོན་དང་འགལ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་བླང་བྱ་ལྔ་ནི། ཤ་ལྔ་བདུད་རྩི་ལྔ་དང་དུ་བླང་བའམ། དྲི་ཆེན་དང་། དྲི་ཆུ་དང་། རཀྟ་དང་། མང་ས་དང་། བྱང་སེམས་ལྔ་བཟའ་བྱར་དང་དུ་བླང་བ་ལ་བྱ་སྟེ། དེ་ཉིད་ལས། དྲི་ཆེན་དྲི་ཆུ་ རཀྟ་དང་། །མང་ས་དང་ནི་ཟིལ་བ་ལྔ། འབྲས་བུ་ལྔ་ཡིས་བསྡུས་པ་རྣམས། །རྣལ་འབྱོར་པས་ནི་རྟག་ཏུ་བཟའ། །འདི་ཡང་དམ་ཚིག་རྨད་པོ་ཆེ། །ཞེས་གསུངས་པའི་ཕྱིར་རོ།།

སྤྱད་བྱ་ལྔ་ནི། མི་ཚངས་པ་སྤྱོད་པ་དང་། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། རྫུན་སྨྲ་བ་དང་། ཚིག་རྩུབ་པོ་སྨྲ་བ་ལྔ་སྔགས་ཀྱི་ལྟ་བས་ཟིན་པས་སྤྱད་པ་ལ་བྱ་སྟེ། ཡང་ཡེ་ཤེས་རྔམ་གློག་ལས། སྤྱད་པར་བྱ་བའི་དམ་ཚིག་ནི། །སྦྱོར་དང་སྒྲོལ་དང་མ་བྱིན་ལེན། །རྫུན་དང་ངག་རྩུབ་སྨྲ་དང་ལྔ། །དོན་དམ་སྐྱེས་བུས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

ཤེས་བྱ་ལྔ་ནི། ཕུང་པོ་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་དུ་ལྟ་བའམ། ཕུང་པོ་ལྔ་དང་། འབྱུང་བ་ལྔ་དང་། དབང་པོ་ལྔ་དང་། ཡུལ་ལྔ་དང་། ཁ་དོག་ལྔ་རིགས་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་ཤེས་པ་ལྔ་ཡིན་ཏེ། དེ་ཉིད་ལས། ཕུང་པོ་ལྔ་དང་འབྱུང་བ་ལྔ། །དབང་པོ་ཡུལ་ལྔ་ཁ་དོག་ལྔ། །རིགས་ལྔ་ཡེ་ཤེས་ལྔ་ཉིད་དུ། །དོན་ལྡན་སྐྱེས་བུས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

སྒྲུབ་བྱ་ལྔ་ནི། ཕུང་ལྔ་སངས་རྒྱས་རིགས་ལྔའི་ངོ་བོར་བསྒྲུབ་པར་བྱ་བ་ལྔ་ཡིན་ཏེ། ཡང་དེ་ཉིད་ལས། ལུང་དང་ལྡན་པའི་རྣལ་འབྱོར་པས། །གྲུབ་པར་བྱ་བའི་དོན་ཆེན་ཡང་། །སངས་རྒྱས་ལྔ་ལས་གཞན་མི་བསྒྲུབ། །གྲུབ་པར་བྱ་བའི་དམ་ཚིག་སྟེ། །ཞེས་གསུངས་པའི་ཕྱིར་རོ། །དེ་འདྲའི་ཡན་ལག་གི་དམ་ཚིག་ཉེར་ལྔ་ལས་ཉམས་པ་བཤགས་པར་བྱ་བའོ།།

དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ལས། སངས་རྒྱས་རིགས་དང་རྡོ་རྗེའི་རིགས། །རིན་ཆེན་རིགས་དང་པདྨའི་རིགས། །ལས་ཀྱི་རིགས་དང་སྤྱོད་པ་ལྔ། །ཀུན་ཏུ་བཟང་པོའི་སྤྱོད་པ་ཡིན། །སྡོོམ་པ་གསུམ་ལ་གནས་པ་དང་། །དཀོན་མཆོག་གསུམ་ནི་འཛིན་པ་དག །སངས་རྒྱས་ཀྱི་ནི་མཆོག་གི་སྤྱོད། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་འཛིན། །བླ་མ་འཛིན་པ་རྡོ་རྗེའི་སྤྱོད། །དམ་ཚིག་ཡིད་འོང་དུས་བཞི་རུ། །སྦྱིན་པ་རྣམ་བཞི་རིན་ཆེན་སྤྱོད། །ཐེག་པ་གསུམ་དང་དམ་ཆོས་འཛིན། །པདྨ་གར་གྱི་སྤྱོད་པ་ཡིན། །དམ་ཚིག་ཐམས་ཅད་ལྡན་པ་དང་། །མ་གྲོལ་ལ་སོགས་དགྲོལ་བ་ནི། །རྟ་ཡི་རྒྱལ་པོའི་སྤྱོད་པ་ཡིན། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། སངས་རྒྱས་རྣལ་འབྱོར་སྐྱེད་སྡོམ་པ། སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་མཆོག་ཏུ་བཟུང་། །བསླབ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་བསྡུ་བ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །བདག་གིས་སོ་སོར་བརྟན་པོར་བཟུང་། །རྡོ་རྗེའི་རིགས་མཐོ་ཆེན་པོ་ལ། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བགྱི་ཞིང་། །སློབ་དཔོན་དག་ཀྱང་བདག་གིས་བཟུང་། །རིན་ཆེན་རིགས་ཆེན་རྣལ་འབྱོར་གྱི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་ཞིང་ནི་དུས་དྲུག་ཏུ། །སྦྱིན་པ་རྣམ་བཞི་བསྩལ་བར་བགྱི། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས ཆེན་དག་པ་ལ། །ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་ཆོས་ཡང་དག་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོོ་ལ། །མཆོད་པ་ཅི་ནུས་བགྱི་བ་དང་། །སྡོམ་པ་ཐམས་ཅད་ལྡན་པར་བགྱི། །བླ་ན་མེད་པའི་བྱང་ཆུབ་སེམས། །དམ་པ་དེ་ནི་བསྐྱེད་བགྱི་ཞིང་། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །སྡོམ་པ་མ་ལུས་བཟུང་བར་བགྱི། །ཞེས་གསུངས་པ་ལྟར་གྱི་དེ་བཞིན་གཤེགས་པ་སངས་རྒྱས་རིགས་ཀྱི་དམ་ཚིག་ལ་དཀོན་མཆོག་གསུམ་དང་། ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་བྱང་སེམས་ཀྱི་ཚུལ་ཁྲིམས་གསུམ་མི་གཏོང་བར་བརྟན་པོར་འཛིན་པ་དང་། རྡོ་རྗེའི་རིགས་ཀྱི་དམ་ཚིག་ལ་རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་ཞིང་སློབ་དཔོན་མི་གཏོང་བ་དང་། རིན་ཆེན་རིགས་ཀྱི་དམ་ཚིག་ལ་ཉིན་རེ་བཞིན་དུ་དུས་དྲུག་ཏུ་ཟིང་ཟིང་མི་འཇིགས་ཆོས་དང་བྱམས་པའི་སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན་པ་དང་། པདྨའི་རིགས་ཀྱི་དམ་ཚིག་ལ་ཕྱི་ནང་གསང་བའི་ཐེག་པ་གསུམ་པོའི་དམ་ཆོས་མི་གཏོང་བར་འཛིན་པ་དང་། ལས་ཀྱི་རིགས་ཀྱི་དམ་ཚིག་ལ་མཆོད་པ་འབུལ་བ་ལ་ཅི་ནུས་སུ་འབད་ཅིང་སྡོམ་པ་ཐམས་ཅད་དང་བྱང་ཆུབ་ཀྱི་སེམས་མི་འདོར་བར་རྟག་ཏུ་བསྐྱེད་པ་སྟེ། རིགས་ལྔའི་དམ་ཚིག་རྣམས་སྲུང་ཞིང་ཉམས་ན་བཤགས་པར་བྱའོ།།

གཞན་ཡང་། དེ་བཞིན་དུ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཉིད་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག །གཏི་མུག་ཆགས་དང་ཞེ་སྡང་དང་། །ང་རྒྱལ་ཕྲག་དོག་མི་སྤང་ངོ་། །དཀར་རྩི་དམར་རྩི་དྲི་ཤ་ཆུ། །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའོ། །ཞེས་གསུངས་པ་ལྟར་གྱི་རྩ་བ་ལྔ་དང་། ཡན་ལག་གི་དམ་ཚིག་བཅུ་རུ་གྲགས་པ་ལ་སོགས་པ་གསང་སྔགས་སྤྱི༷་ཡི་དམ་ཚིག་ས་མ་ཡ་འབུམ་སྡེེ་རྣམས་དང༷་ཉམས་པ་བཤགས་ལ་མ་ཉམས་པར་བསྲུང་བར་བྱའོ།།

དེ་བཞིན་དུ་ཡེ་ཤེས་རྔམ་གློག་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ཡི། །དམ་ཚིག་བསམ་ཡས་ཇི་སྙེད་པ། །རྩ་བ་ཡན་ལག་གཉིས་སུ་འདུ། །རྩ་བའི་དམ་ཚིག་གསུམ་ཡིན་ཏེ། །སྐུ་གསུང་ཐུགས་སུ་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར། རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ནི། དང་པོ་སྐུ་ལ་ནི། དམ་ཚིག་རིན་པོ་ཆེ་རྣམ་པར་སྤུངས་པའི་རྒྱུད་ལས། སྐུ་ཡི་ཕྱི་ཡི་དམ་ཚིག་ལ། །རྣམ་པ་གསུམ་དུ་བརྟག་ཕྱེ་སྟེ། །མ་བྱིན་བླངས་པས་ཕྱི་ཡི་ཡང་། །སྐུ་ཡི་དམ་ཚིག་ཉམས་པར་འགྱུར། །ཞེས་དང་། མི་ཚངས་སྤྱད་པ་ནང་ཡིན་ཏེ། །ཞེས་དང་། སྲོག་གཅོད་པ་ནི་གསང་བ་སྟེ། །ཞེས་གསུངས་པ་ལྟར། སྐུ་ཡི་ཕྱིའི་ཕྱིའི་དམ་ཚིག་མ་བྱིན་པ་ལེན་པ་སྤོང་བ་དང་། སྐུའི་ཕྱིའི་ནང་གི་དམ་ཚིག་འདོད་པས་ལོག་པར་མི་ཚངས་པ་སྤྱོད་པ་སྤོང་བ་དང་། སྐུའི་ཕྱིའི་གསང་བའི་དམ་ཚིག་སྲོག་གཅོད་པ་སྤོང་བ་སྟེ་སྐུའི་ཕྱིའི་དམ་ཚིག་གསུམ་མོ།།

དེ་བཞིན་དུ་གསེར་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ནང་གི་ཕྱི་ནི་སྤུན་དང་ཡང་། །གང་གི་ཕ་དང་མ་ཉིད་དང་། །རང་གི་ལུས་ལ་མི་སྨད་དོ། །ནང་གི་ནང་ཉིད་སྤྱིར་ན་ཡང་། །ཐེག་པ་ཆེ་ཆུང་ཆོས་རྣམས་ལ། །འཇུག་པར་འདོད་དང་ཞུགས་པ་དང་། །ཞུགས་ཏེ་གཟུགས་བརྙན་འཛིན་པའི་ལུས། །སྨད་ཅིང་ཐོ་འཚམས་རྒྱན་སྨད་ན། །སངས་རྒྱས་ཀུན་གྱི་བརྒྱ་ཕྲག་བསླུས། །ནང་གི་གསང་བ་རང་གི་ལུས། །ལྷ་ཡི་དཀྱིལ་འཁོར་ཡིན་པའི་ཕྱིར། །སྨན་དང་ཟས་ལ་དུག་འདྲེས་ཟོས། །གལ་ཏེ་མཚོན་གྱི་བཏབ་ན་ཡང་། །ཞེས་གསུངས་པ་ལྟར། སྐུའི་ནང་གི་ཕྱིའི་དམ་ཚིག་སྤུན་དང་ཕ་མ་དང་རང་ལུས་ལ་སྨོད་པ་སྤོང་བ་དང་། སྐུའི་ནང་གི་ནང་གི་དམ་ཚིག་མདོ་སོགས་ཀྱི་ཐེག་པ་ཆེ་ཆུང་གི་ཆོས་ལ་འཇུག་འདོད་པ་དང་། ཞུགས་པ་དང་། ཞུགས་ཟིན་པ་གསུམ་པོའི་གཟུགས་བརྙན་ཙམ་འཛིན་པ་ཡན་ཆད་ཀྱི་རྒྱན་ཆ་དང་བཅས་པར་སྨོད་པ་སྤོང་བ་དང་། སྐུ་ཡི་ནང་གི་གསང་བའི་དམ་ཚིག་རང་ལུས་རྒྱལ་བའི་དཀྱིལ་འཁོར་ལ་དུག་དང་ཟས་ངན་པ་དང་མཚོན་ལ་སོགས་པས་གཙེས་ཏེ་སྨོད་པ་སྤོང་བ་སྟེ་སྐུའི་ནང་གི་དམ་ཚིག་གསུམ་མོ།།

ཡང་གསེར་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། སྐུ་ཡི་གསང་བའི་ཕྱི་ལ་ཡང་། །རྡོ་རྗེའི་སྤུན་ནམ་སྲིང་མོ་ཡི། །ལུས་ཀྱི་རྒྱན་ལ་དཔྱས་པ་དང་། །ཐོ་འཚམས་ལག་གིས་རྡེག་པའི་ཚུལ། །གལ་ཏེ་གཞན་གྱིས་བྱེད་བཅུག་ན། །འདི་ཡང་མནར་མེད་རྒྱུད་འཕེལ་འགྱུར། །ནང་གི་ཤིན་ཏུ་འདྲིས་པའི་མཆེད། །ཀུ་རེ་རྩེ་མོའི་ཚུལ་ཙམ་དུའང་། །བརྡེགས་སམ་བརྡེག་པར་བརྩམས་པའམ། །རྨི་ལམ་ན་ཡང་ཡུམ་ལ་བརྩེས། །ཞེས་དང་། གསང་བའི་གསང་བ་བླ་མ་ཡི། །སྐུ་ཡི་གྲིབ་མ་མི་འགོང་ལ། །བླ་མའི་སྤྱན་ལམ་དག་ཏུ་ཡང་། །མཚོན་ཆ་གཟུང་བར་མི་བྱའོ། །རྐང་ལག་བརྐྱང་དང་ཉལ་མི་བྱ། །དཀྱིལ་དྲུང་འདུག་དང་རྒྱབ་མི་གཏད། །ལྷམ་དང་སྟན་དང་བཞོན་པ་དང་། །གདུགས་སོགས་སྒེག་པའི་རྒྱན་རྣམས་སྤང་། །བླ་མའི་གཟིམ་ཁང་དག་ལ་ཡང་། །ལག་པས་མཚོན་དང་རྡོ་དག་གིས། །བརྩམ་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། སྐུའི་གསང་བའི་ཕྱིའི་དམ་ཚིག་རྡོ་རྗེའི་སྤུན་དང་དེའི་རྒྱན་ཡན་ཆད་འཕྱ་ཞིང་ཁྲོས་པས་རྡེག་པ་སྤོང་བ་དང་། སྐུའི་གསང་བའི་ནང་གི་དམ་ཚིག་ ཤིན་ཏུ་འདྲིས་པའི་ནང་གི་མཆེད་པོ་དང་རྡོ་རྗེའི་ཡུམ་ལ་ཀུ་རེའི་ཚུལ་དུ་རྡེག་པ་དང་རྡེག་པར་བརྩམ་པ་དང་ཐ་ན་རྨི་ལམ་ནའང་ཡུམ་ལ་བརྩེས་པ་སྤོང་བ་དང་། སྐུའི་གསང་བའི་གསང་བའི་དམ་ཚིག་བླ་མའི་གྲིབ་མ་ལ་འགོང་བ་དང་། མདུན་དུ་མཚོན་ཆ་ཐོགས་པ་དང་། ཉལ་ཞིང་རྐང་ལག་རྐྱོང་བ་ལ་སོགས་པ་ཐ་ན་བླ་མའི་གཟིམ་ཁང་སོགས་རྒྱན་དང་ཡོ་བྱད་ཡན་ཆད་བཤིག་གཏོར་སོགས་ཀྱིས་བླ་མ་ལ་མ་གུས་པའི་སྦྱོད་ལམ་སྣ་ཚོགས་བགྱིས་པ་སྤོང་བ་སྟེ་སྐུའི་གསང་བའི་གསང་བའི་དམ་ཚིག་གསུམ་སྟེ་སྐུ་ལ་ཕྱི་ནང་གསང་བ་དགུ་པོ་མ་ཉམས་པར་བསྲུང་བར་བྱ་ཞིང་ཉམས་ན་བཤགས་པར་བྱའོ།།

གཞན་ཡང་། དེ་བཞིན་དུ་གསུང་ལ་ཡང་། འཁོར་ལོ་བརྩེགས་པའི་རྒྱུད་ལས། སྔགས་ཀྱི་མོས་པ་སྤྱོད་པ་ཡིས། །འགྲོ་བ་ཕལ་པ་དག་ལ་ཡང་། །རྫུན་པའི་ཚིག་ནི་རང་འདོད་ཀྱིས། །སྨྲ་ལ་རྟག་ཏུ་དགའ་བ་ལ། །སྔགས་བཟླས་ནུས་པ་མི་འབྱུང་ཞིང་། །གཞན་ལ་སྨྲས་པའང་བཙུན་པ་མིན། །ཞེས་སོགས་གསུངས་པ་ལྟར། གསུང་གི་ཕྱིའི་ཕྱིའི་དམ་ཚིག་རྫུན་སྤོང་བ་དང་། ཡང་དེ་ཉིད་ལས། སྔགས་ལ་ཞུགས་པའི་གང་ཟག་གང་། །གཞན་གཉིས་དབྱེ་འཇུག་ཕྲ་མ་སྨྲ། །ཞེས་གསུངས་པ་ལྟར། གསུང་གི་ཕྱིའི་ནང་གི་དམ་ཚིག་ཕྲ་མ་སྤོང་བ་དང་། ཡང་དེ་ཉིད་ལས། རྟག་ཏུ་ཞེ་གཅོད་ཚིག་སྨྲ་བ། །ཞེས་གསུང་གི་ཕྱིའི་གསང་བའི་དམ་ཚིག་གཞན་གྱི་ཞེ་གཅོད་པའི་ཚིག་རྩུབ་སྤོང་བ་སྟེ་གསུང་གི་ཕྱིའི་དམ་ཚིག་གསུམ་མོ།།

དམ་ཚིག་རྣམ་པར་བཀོད་པའི་རྒྱུད་ལས། སྔགས་པ་སྡོམ་ལ་གནས་པ་ཡིས། །ཆོས་སྨྲ་རྣམས་དང་ཆོས་སྒྲུབ་དང་། །ཆོས་ནི་སྒོམ་པའི་གང་ཟག་ལ། །སྨྲེ་ཞིང་སྐུར་བ་བཏབ་པ་དང་། །གཤེ་ཞིང་སྨད་པའི་ཚིག་སྨྲ་ན། །ཞེས་གསུངས་པ་ལྟར། གསུང་གི་ནང་གི་ཕྱིའི་དམ་ཚིག་ཆོས་སྨྲ་པ་རྣམས་ལ་གཤེ་ཞིང་སྐུར་འདེབས་དང་སྨད་པ་སྤོང་བ་དང་། གསུང་གི་ནང་གི་ནང་གི་དམ་ཚིག་ཆོས་སྒྲུབ་པའི་གང་ཟག་རྣམས་ལ་གཤེ་ཞིང་སྐུར་འདེབས་དང་སྨད་པ་སྤོང་བ་དང་། གསུང་གི་ནང་གི་གསང་བའི་དམ་ཚིག་ཆོས་སྒོམ་པའི་གང་ཟག་རྣམས་ལ་གཤེ་ཞིང་སྐུར་འདེབས་དང་སྨད་པ་སྤོང་བ་སྟེ་གསུང་གི་ནང་གི་དམ་ཚིག་གསུམ་མོ།།

དེ་བཞིན་དུ་ཕྱག་རྒྱ་གཉིས་སྦྱོར་གྱི་རྒྱུད་ལས། རྡོ་རྗེ་མཆེད་དང་ལྕམ་དྲལ་ལ། །ཚིག་གིས་སྨྲས་དང་ངག་བཅག་ན། །ཞེས་དང་། བླ་མའི་བུ་དང་ཆུང་མ་དང་། །གང་དག་ཉེ་གནས་དག་ཀྱང་རུང་། །བཀའ་ལས་འདས་ཤིང་དམ་འདས་ན། །སྔ་མ་ལས་ནི་ཉིས་འགྱུར་རོ། །ཡང་ན་བླ་མའི་བྱེ་བྲག་གིས། །རྩ་བ་དང་ནི་ཡན་ལག་གིས། །ངག་འདས་ངག་ཏུ་སྨྲས་པ་དང་། །སྒྲོ་སྐུར་འདོད་ཚིག་སྨྲ་བྱས་ན། །སྔ་མ་ལས་ནི་སྟོང་ཕྲག་འགྱུར། །ཞེས་ གསུངས་པ་ལྟར། གསུང་གི་གསང་བའི་ཕྱིའི་དམ་ཚིག་རྡོ་རྗེའི་མཆེད་ལྕམ་ལ་སྨོད་ཅིང་དེའི་བཀའ་བཅག་པ་དང་། གསུང་གི་གསང་བའི་ནང་གི་དམ་ཚིག་བླ་མའི་ཕྱག་རྒྱ་མོ་དང་ཉེ་འཁོར་ལ་སྨོད་ཅིང་དེ་དག་གི་བཀའ་བཅག་པ་དང་། གསུང་གི་གསང་བའི་གསང་བའི་དམ་ཚིག་བླ་མ་ཉིད་ལ་སྨོད་ཅིང་དེའི་བཀའ་བཅག་པ་སྟེ་གསུང་གི་ཕྱི་ནང་གསང་བ་དགུ་པོ་མི་ཉམས་པར་བླང་དོར་ཚུལ་བཞིན་དུ་བྱེད་པ་དང་། གལ་ཏེ་ཉམས་ན་བཤགས་པར་བྱའོ།།

ཡང་སྙིང་པོའི་དོན་རྣམ་པར་ལེན་པའི་རྒྱུད་ལས། གང་དག་སྔགས་པ་རྡོ་རྗེ་འཛིན། །སེམས་ཅན་གཞན་ནམ་རང་ཡང་རུང་། །གནོད་པར་བྱ་བའི་སེམས་འཆང་ན། །ཞེས་དང་། གནམ་ལྕགས་མེ་འབར་བའི་རྒྱུད་ལས། གལ་ཏེ་སེམས་ཅན་ཕལ་བ་ལ། །ཡུལ་གྱུར་གནོད་པའི་སེམས་སྐྱེས་ན། །འགྲོ་བ་ཐུན་མོང་ལུས་ཅན་ནི། །བརྒྱ་ཕྲག་གསུམ་གྱི་སྲོག་བཅད་པས། །འདི་ནི་སྡིག་པའི་ཆ་དང་མཉམ། །གལ་ཏེ་བསྟན་པའི་རྟགས་འཛིན་པའི། །གཟུགས་ཅན་རྣམས་ལ་ལོག་འགྱུར་རོ། །སྔགས་ལ་ཞུགས་པས་ཕྲག་འགྱུར་རོ། །རྡོ་རྗེའི་སྤུན་སྲིང་བདུན་ཕྲག་གོོ །བརྒྱུད་པའི་བླ་མ་བརྒྱ་ཕྲག་གོ །རྩ་བའི་བླ་མ་དེ་ཡི་བརྒྱ། །ཞེས་དང་། བཀོད་པ་ཆེན་པོ་ལས། རང་དང་གཞན་གྱི་གབ་པ་ཡི། །ཆོས་ལ་སྨོད་པ་ལོག་པའི་ལམ། །རྩ་བའི་དམ་ཚིག་ལས་འདས་ནས། །ས་སྤྱོད་མེ་ཡི་སྡུག་བསྔལ་ལ། །ཡུན་རིང་བར་དུ་གནས་པའོ། །རང་གི་གྲུབ་མཐའ་ལོག་ལྟ་སྐྱེས། །ཞེས་གསུངས་པ་ལྟར། ཐུགས་ཀྱི་ཕྱིའི་ཕྱིའི་དམ་ཚིག་སེམས་ཅན་ལ་གནོད་སེམས་སྤོང་བ་དང་། ཐུགས་ཀྱི་ཕྱིའི་ནང་གི་དམ་ཚིག་བླ་མ་མཆེད་ལྕམ་ལ་གནོད་སེམས་སྤོང་བ་དང་། ཐུགས་ཀྱི་ཕྱིའི་གསང་བའི་དམ་ཚིག་རང་གཞན་གྱི་གྲུབ་མཐའ་ལ་ལོག་ལྟ་སྐྱེས་པ་སྤོང་བ་སྟེ་གསུམ་མོ།།

དེ་བཞིན་དུ་ཤེལ་གྱི་ཁང་བུ་བརྩེགས་པའི་རྒྱུད་ལས། ལྟ་བ་སྒོམ་དང་སྤྱོད་པ་ལོག །འདི་ནི་ལམ་ལོག་ཆེན་པོ་སྟེ། །སེམས་ཅན་ཀུན་གྱི་སྡུག་བསྔལ་གང་། །འདི་ཡི་སེམས་ལ་སྨིན་པར་ངེས། །ཞེས་གསུངས་པ་ལྟར། སྤྱོད་པ་ལ་ལོག་ལྟ་སྤོང་བ་ཐུགས་ཀྱི་ནང་གི་ཕྱིའི་དམ་ཚིག་དང་། སྒོམ་པ་ལ་ལོག་ལྟ་སྤོང་བ་ཐུགས་ཀྱི་ནང་གི་ནང་གི་དམ་ཚིག་དང་། ལྟ་བ་ལ་ལོག་ལྟ་སྤོང་བ་ཐུགས་ཀྱི་ནང་གི་གསང་བའི་དམ་ཚིག་སྟེ་ཐུགས་ཀྱི་དམ་ཚིག་སུམ་མོ།།

ཡང་པདྨ་ཀློང་གི་རྒྱུད་ལས། སུ་ཡི་ཡིད་ཀྱི་ལས་འཁྱལ་ཏེ། །ཡིད་ལ་བྱ་བའི་ཆོས་རྣམས་ལ། །ཡིད་ལ་མ་བྱས་ཉམས་པ་དང་། །འདས་དང་ཞིག་པའི་ལས་ཀྱི་མཐའ། །ཞེས་དང་། ལྷན་ཅིག་སྐྱེས་པ་ཉེ་བར་ལེན་པའིི་རྒྱུད་ལས། དངོས་གྲུབ་མཆོག་ནི་འདོད་པ་ཡིས། །ཡི་དམ་སྤང་བར་མི་བྱ་ཞིང་། །བླ་མ་སྤང་ན་དངོས་གྲུབ་བརླག །ཅེས་གསུངས་པ་ལྟར། ཐུགས་ཀྱི་གསང་བའི་ཕྱིའི་དམ་ཚིག་ལྟ་སྒོམ་སྤྱོད་པ་གསུམ་ཀ་ཉམས་སུ་མ་བླང་ཞིང་ཡིད་ལ་མ་བྱས་པར་སྤོང་བ་དང་། ཐུགས་ཀྱི་གསང་བའི་ནང་གི་དམ་ཚིག་ཡི་དམ་གྱི་ལྷ་སྤོང་བར་མི་བྱ་བ་དང་། ཐུགས་ཀྱི་གསང་བའི་གསང་བའི་དམ་ཚིག་བླ་མ་རྡོ་རྗེ་སློབ་དཔོན་དང་མཆེད་ལྕམ་སྤོང་བར་མི་བྱ་བ་སྟེ་ཐུགས་ཀྱི་ཕྱི་ནང་གསང་བ་གསུམ་གྱི་དམ་ཚིག་དགུ་སྟེ། ཁྱད༷་པར༷་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉི་ཤུ་རྩ་བདུན་པོ་རྣམས་མི་ཉམས་པར་བསྲུང་ཞིང་ཉམས་པ་བཤགས་པར་བྱའོ།།

གཞན་ཡང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ལས། མི་བཤིག་པ་ནི་སེང་གེ་སྟེ། །གཅན་གཟན་རྒྱལ་པོ་ཡིན་པས་སོ། །ཞེས་སྒྲུབ་པའི་རྡོ་རྗེ་སློབ་དཔོན་གྱི་སྐུ་ལ་མི་བསྡོ་ཞིང་བཀའ་མི་གཅོག་པ་དང་། ཡང་དེ་ཉིད་ལས། ཟ་མ་ཏོག་ནི་རྒྱལ་པོའི་མཛོད། །དུག་སྤྱོ་བ་ནི་དེར་མི་རིགས། །ཞེས་བླ་མའི་རིག་མ་ལ་འཁྲིག་པ་མི་སྤྱོད་པ་དང་། རིན་ཆེན་མྱུ་གུའི་ལྕུག་ཕྲན་དག །བྲེགས་ཏེ་འབྱུང་རྒྱུན་བཅད་མ་ཡིན། །ཞེས་དད་པ་ཅན་གྱི་ཚོགས་མི་གཅོག་པ་དང་། གངས་ཀྱི་ཞུན་ཆུ་ཕལ་བ་ཡང་། །མཁས་པས་བཏུང་བར་མི་བྱའོ། །ཞེས་དཀོན་མཆོག་དང་མཁས་པའི་དཀོར་དང་ཆང་གི་བཏུང་བ་མི་བསྟེན་པ་དང་། པདྨའི་ཟེ་འབྲུ་ཁ་མི་དབྱེ། །ཟླ་ཟེར་མ་ཡིན་དབྱེ་མི་བྱ། །ཞེས་རྡོ་རྗེ་སྤུན་མཆེད་ཀྱི་ཡུམ་ལ་མི་སྤྱོད་པ་དང་། མ་བརྟགས་བུག་རྡོལ་ཅན་སྣོད་དུ། །བདུད་རྩི་སྨན་བླུགས་ཟག་པར་འགྱུར། །ཞེས་མཚན་ཉིད་མི་ལྡན་པའི་རིག་མ་མི་བསྟེན་པར་རིག་མ་མཚན་ལྡན་བསྟེན་པ་དང་། དོན་མེད་བཅོས་མའི་ཚུལ་རྟགས་ཅན། །བསྲེལ་ཞིང་སྤྱད་པར་བྱ་བ་མིན། །ཞེས་མཚན་ཉིད་དང་མི་ལྡན་པའི་དམ་རྫས་མི་བསྟེན་པ་དང་། ཤེལ་དཀར་རིན་ཆེན་སྒོང་ང་དག །འདམ་ཁུང་རྫབ་ཏུ་བསྣུབ་མི་བྱ། །ཞེས་མཁས་པའི་ཡོན་ཏན་ལ་མི་སྨོད་པ་དང་། སེངྒེ་དཀར་མོའི་འོ་མ་དག །གསེར་སྣོད་མ་ཡིན་བླུགས་མི་བྱ། །ཞེས་སྣོད་མིན་ལ་གསང་སྔགས་ཀྱི་ཆོས་མི་བཤད་པ་དང་། ཡིད་བཞིན་ནོར་བུ་རིན་པོ་ཆེ། །བསྲེག་པར་བྱ་བ་ཡོད་མ་ཡིན། །ཞེས་མཚན་ལྡན་གྱི་གཟུངས་མ་དང་སྣོད་ལྡན་གྱི་སློབ་མ་མི་སྤོང་བ་དང་། ཁྱུང་ཆེན་གཤོག་པ་མཁར་བརྐྱང་བ། །དེ་དག་གཅག་པར་བྱ་བ་མིན། །ཞེས་བདེ་སྟོང་གི་རྟོགས་པ་ཁྱད་པར་བ་དང་དེའི་རྒྱུ་དང་རྟགས་ཡབ་ཡུམ་མི་འབྲལ་བ་དང་། གནམ་ལྕགས་མེ་ཡི་ངུར་མོ་དག །བརྡབ་པར་བྱ་བ་མ་ཡིན་ནོ། །ཞེས་རྡོ་རྗེའི་མཆེད་ལྕམ་ལ་ཀྱལ་ཀ་ཙམ་གྱིས་ཀྱང་ནང་འཐབ་མི་བྱ་བ་དང་། སྟག་སེང་རོལ་པས་ལས་བྱས་པའི། །ལས་ཀྱི་རྗེས་ལ་བཟླས་མི་བྱ། །ཞེས་གཞན་གྱིས་སྤྱད་ཟིན་པའི་དམ་ཚིག་གི་རྫས་སོགས་ཀྱི་ལྷག་མ་ལ་མི་སྤྱོད་པ་དང་། རྡོ་རྗེ་བྲག་ཆེན་གཏམས་པའི་གཞི། །གཞིག་པར་བྱ་བ་ག་ལ་ཡིན། །ཞེས་བླ་མའི་གདན་ས་ལ་མི་རློམ་པ་དང་། རྡོ་རྗེ་ར་བའི་རེ་ཁ་དག །བསྡམ་བྱ་དྲལ་བར་བྱ་བ་མིན། །ཞེས་གསང་སྔགས་ཀྱི་སྒྲུབ་པ་ལ་གནས་པའི་གང་ཟག་རང་དང་གཞན་གྱི་མཚམས་མི་བཤིག་པ་དང་། བུད་ཤིང་སྲེག་པའི་སྒྲོན་མ་དེ། །འཐོར་རླུང་དྲག་པོས་བསྐྱོད་མི་བྱ། །ཞེས་ ཏིང་ངེ་འཛིན་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བ་དང་། རྡོ་རྗེ་ཚིག་གི་ཆུ་རྒྱུན་དག །འོལ་ཀར་གཅོད་པར་བྱ་བ་མིན། །ཞེས་བཟླས་པ་དང་ཆོ་གའི་ཚིག་ལ་མི་ཚིག་ངག་འཁྱལ་གྱིས་བར་མི་གཅོད་པ་དང་། རྒྱལ་པོ་བཀའ་རྟགས་ཕྱག་རྒྱ་དག །ནམ་ཞར་དབྱི་བར་མི་བྱའོ། །ཞེས་དབང་རྟགས་ཀྱི་ཕྱག་རྒྱ་ལས་མི་འདའ་ཞིང་དབང་གི་མིང་བརྡ་དག་མི་བརྗེད་པར་བྱ་བ་དང་། རྡོ་རྗེ་ཕ་ལམ་གཏམས་པའི་མཁར། །རྨང་ནས་བཟློག་པར་མི་བྱའོ། །ཞེས་རྣལ་འབྱོར་བའི་དཀྱིལ་འཁོར་མི་དཀྲུག་པ་དང་། གཙུག་གི་ནོར་བུ་འབར་བ་དེ། །རྒྱལ་མཚན་རྩེ་ལས་དཔོག་མི་བྱ། །ཞེས་སློབ་དཔོན་རྟག་ཏུ་གཙུག་ཏུ་བཀུར་བ་ལས་ཉམས་པར་མི་བྱ་བ་སྟེ་ལྡེམ་པོར་བརྗོད་པའི་ལྷག་པའི་དམ་ཚིག་ཉི་ཤུ་གསུངས་པ་རྣམས་དང་། གཞན་ཡང་། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཕྱལ་བ་དང་ནི་མེད་པ་གཅིག་པུ་དང་། །ལྷུན་གྱིས་གྲུབ་པར་བསྲུང་བ་ཀུན་ལས་འདས། །ཀུན་བྱེད་རྒྱལ་པོའི་དམ་ཚིག་རྣམ་གྲངས་ཏེ། །ཞེས་མེད་པ་དང་། ཕྱལ་བ་དང་། གཅིག་པུ་དང་། ལྷུན་གྲུབ་སྟེ་རྫོགས་ཆེན་གྱི་སྲུང་དུ་མེད་པའི་ལྷ༷ག་པ༷འི་དམ༷་ཚིག༷་རྣམས་མི་ཉམས་པར་བསྲུང་ཞིང་ཉམས་པ་བཤགས་པར་བྱའོ།།

དེ་ལྟར་བསྲུང་བ་དང་ཉམས་ན་བཤགས་པར་བྱ་དགོས་པར་གསུངས་པའི་མཐའ་ཡས་པའི་དམ་ཚིག་ཇི་སྐད་བཀའ་བསྩལ་བ་རྣམ༷ས་དུས་སྔ༷་ཕྱི༷་ཀུན་ཏུ་གསང་བ་ཟབ་མོའི་དཀྱིལ་འཁོར་དུ་ཞུགས་ཤིང་དབང་སྐུར་ཐོབ་པའི་སྒོ་ནས་བསྲུང་བར་ཁས་བླངས་ཀྱིས་མནོས༷་ཤིང༷་། བླ་མ་རྡོ་རྗེ་སློབ་དཔོན་གྱིས་དམ་ཚིག་གི་རིམ་པ་རྣམས་ངེས་པར་དུ་བསྲུང་དགོས་པར་གཉེར༷་དུ༷་གཏད་ཅིང་། དམ་ཚིག་གི་རིམ་པ་འདི་དང་འདིའོ་ཞེས་གསལ་བར་ཞལ་ནས་སྨྲས༷་སོ༷་ཅོག་ཏུ་འཚ༷ལ་བའམ་མཆིས་པ་རྣམས་རང་ངོས་ནས་ཀྱང་སེམས་ལ་དུས་ཡུན༷་རིང་པོ་ཉིད་དུ༷་མི༷་གཏོང༷་བར་སྲུང་བ་དང་། སྲུང་བའི་བྱ་བ་ལས་འད༷འ་བ༷ར་མི༷་བགྱིད༷་ཅིང༷་། དོན༷་དམ་སྤྲོས་པ་མེད་པ་དམ་ཚིག་སྲུང་མཚམས་ལས་འདས་པའི་ཡིན་ལུགས་གཤིས་ཀྱི་ལྟ་བ་ལ༷་གནས་པར་བྱ་བ་ལས། དོན་དེ་ལས་གོལ༷་ཞིང༷་འཕྱུག་པ་དང་དམ་ཚིག་བསྲུང་བར་བྱ་བ་ལས་ལྡོ༷ག་པར་བྱའོ་སྙམ་པའི་སེམ༷ས་མ༷་མཆིས༷་ཀྱང༷་། བསྲུང་འདོད་དང་ཉམས་སུ་ལེན་འདོད་པ་ཅན་ཡིན་ནའང་། དུས་ད་གཟོད༷་དེ་ཕྱིས་སུའམ་རྗེས་ནས་ཉམས་སུ་ལེན་ཅིང་དམ་ཚིག་བསྲུང་བར་བྱ༷་བ་ལ་ནན་ཏན་དུ་འབད་དང་ཁོམ་ལོང༷་ཡོད༷་དོ་སྙམ༷་པ༷འི་ཕྱི་བཤོལ་གྱི་ལེ༷་ལོ༷་ངན་པ་ཡི༷་དབང་དུ་སོང་བ་དང་། དེ་ཡི་དབང་གིས་ནི་བརྗོད་མེད་རང་བྱུང་དོན་དམ་པ་དམ་ཚིག་སྲུང་མཚམས་འདས་པའི་ལྟ་བའི་རྟོགས་པ་ཀློང༷་དུ༷་མ༷་གྱུར༷་བའམ་དེ་འདྲའི་ལྟ་བའི་རྩལ༷་གྱི་ཤུག༷ས་ཆུང༷་བ༷་དང༷་། སྒོ་གསུམ་ལ་བརྟག་པའི་ཤེས༷་བཞིན༷་མི༷་ལྡ༷ན་ཞིང་ཉེས་སྤྱོད་ལ་གཟོབ་པ་ལྷུར་ལེན་པའི་བག་ཡོད་མེད་པར་སྒོ་གསུམ་བ༷ག་མེད༷་པའི་དབ༷ང་དུ་གྱུར༷་ཏེ༷། གནས་ལུགས་ཟབ་མོ་བསྒོམ༷་པ་ལ༷་འབད་པས་མི༷་བརྩོན༷་ཞིང་། ལྷག་པའི་ལྷ་རྒྱལ་བ་ཞི་ཁྲོའི་བསྙེན༷་སྒྲུབ༷་ལ་བརྩོན་པ་མེད་པར་དེ་ལས་གཡེལ༷་བ་དང་། ལྟ་བ་དང་དམ་ཚིག་བསྲུང་བའི་དྲན་པ་དང་། བརྩོན་འགྲུས་མི་ལྡན་པ་ལ༷་སོགས༷་པའི་དབང་གིས། རྩ༷་བ༷་སྐུ༷་དང་། གསུང༷་དང་། ཐུག༷ས་ཀྱི༷་དམ༷་ཚིག༷་སྟེ། རྩ་བའི་དམ་ཚིག་གསུམ་ཡིན་ཏེ། །སྐུ་གསུང་ཐུགས་སུ་རྒྱལ་བས་གསུངས། །ཞེས་གོང་དུ་ལུང་དྲངས་ཤིང་དམ་ཚིག་རྒྱས་པར་བཤད་ཟིན་པ་རྣམས་ལ༷་དེ་ལྟར་དམ་ཚིག་ཡིན་པར་ཤེེས་ཤིང་བསྲུང་དགོས་པ་དང་། མ་བསྲུང་ན་དམ་ལས་འདས་ཤིང་ཉེས་པ་ལྕི་བ་རྣམ་སྨིན་ཡིད་དུ་མི་འོང་བ་འབྱིན་བྱེད་ཡིན་པར་ཚོར༷་བ་སྟེ་ཤེས་ནའང་ཤེས་བཞིན་དུ་ཉེས་པ་བྱས་པ་དང༷་། བླང་དོར་ལ་བློ་རྨོངས་པའི་དབང་གིས་དེ་ལྟར་ཉེས་པ་ཡིན་པར་མ༷་ཚོར༷་བ་སྟེ་མ་ཤེས་པར་ཉེས་པར་སྤྱད་པ་དང་། ཉེས་པར་ཤེས་ནའང་བདག་འཛིན་མ༷་རིག༷་པ་སྟོབས་ཆེ་བའི་དབ༷ང་གིས༷་དེས་བསྐྱེད་པའི་ཉོན་མོངས་པ་འདོད་ཆགས་ཞེ་སྡང་ལ་སོགས་པའི་དབང་དུ་སོང་ནས་ནི༷་དམ་ཚིག་ཇི་བཞིན་བསྲུང་མ་ནུས་པར། རྣལ་འབྱོོར་གྲུབ་པའི་ལུང་ཀུན་འདུས་རིག་པའམ་སྤྱི་མདོ་དགོངས་འདུས་ལས། ཉམས་པར་གྱུར་པ་གང་ཞེ་ན། །ཀུན་ཏུ་ཉམས་པ་ཆེན་པོ་དང་། །རྩ་བ་ཉམས་དང་ཡན་ལག་ཉམས། །དེ་བཞིན་བཟླས་ཉམས་ཞར་ཉམས་ལྔ། །རྟག་པར་རྒྱུན་གྱི་ཁོར་མོར་འབྱུང་། །ཞེས་གསུངས་པ་ལྟར། ཡུལ་གཉན་པོ་བླ་མ་ལྟ་བུ་ལ་ཀུན་སློང་ཀུན་དཀྲིས་དྲག་པོས་ལན་གྲངས་མང་དུ་སྤྱད་ནས་འདས་རལ་དུ་གྱུར་པའི་ཉམས་པ་ཆེན་པོ་དང་། རྩ་བའི་ཉམས་པ་དང་། ཡན་ལག་གི་ཉམས་པ་དང་། གྲོགས་ངན་ཉམས་པ་དང་འགྲོགས་དབང་གིས་བྱུང་བའི་ཟླས་ཉམས་དང་། གཞན་ཕ་རོལ་བོའི་ངོ་དགར་བལྟས་ཤིང་ཤོར་ཏེ་བྱས་པའི་ཞར་ཉམས་བཅས་ཉམས་པའི་ཉེས་པ་ལྕི་བ་མཐའ་ཡས་པ་ཕོག་པ་དང་། རྒྱུད་བསྟན་ཅིང་དམ་ཚིག་སྟོན༷་པ༷་པོའི་བླ་མ་རྡོ་རྗེ་སློབ་དཔོན་ནམ་རྒྱུད་ཀྱི་སྟོན་པ་རྡོ་རྗེ་འཆང་གི་བཀའ་ལས་དཀྱིལ་འཁོར་གཅིག་ཏུ་དམ་ཚིག་བསྲེས་ཤིང་སྤྱོད་ལམ་གཅིག་པ་ལ་སོགས་པ་བྱ་མི་རུང་བར་བཀ༷འ་བསྩལ་བ་དང༷་དམ༷་དུ་བཞག་པ་ལས༷་རང་ཉིད་འག༷ལ་བར་གྱུར༷་ཏེ༷། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་པའི་མདོ་ལས། དད་ལོག་དམ་ཉམས་དོན་ལས་གོལ། །བྱང་ཆུབ་ཐག་པ་གཏིང་ནས་ཆད། །སེམས་ཀྱི་མྱུ་གུའི་རྩ་འཚིགས་པ། །ངན་འགྲོའི་འདམ་དུ་ཁ་སྦུབ་ཡིན། །སྣོད་མེད་ཁ་སྦུབ་དེ་དག་ལ། །གསང་བ་སྨྲ་བར་བྱ་བ་མིན། །སྨྲས་ན་དེ་ཉིད་ཁ་སྦུབ་འགྱུར། །ཞེས་གསུངས་པ་ལྟར། རྣལ༷་འབྱོར༷་བར་ཁས་འཆེ་བ་གཞན་གང༷་ཞིག༷་རྡོ་རྗེ་ཐེག་པའི་རྩ་བ་དང་ཡན་ལག་གང་རུང་གི་ད༷མ་ཚིག༷་ཉམ༷ས་ཤིང་ཕྱིར་བཅོས་མེད་པའིི་དམ་ཉམས་པའི་གང་ཟག་དེ་དང་ངོ་འཕྲད་པ༷་ད༷ང་། དམ་ཚིག་བསྲེས་ཤིང་རྒྱུད་འཆད་པ་དང་། དབང་ཞུ་སྐུར་དང་། སྤྱོད་ལམ་དང་ཟས་གཅིག་པ་སོགས་པ་བགྱིས་ཏེ། དཔལ་ཡེ་ཤེས་ཐིག་ལེ་ལས། དེ་དང་ལྷན་ཅིག་གནས་མི་བྱ། །དེ་ལ་གཏམ་ཡང་མི་བྱ་སྟེ། །ཐབས་དང་མི་ལྡན་འཇིགས་པ་ཡིས། །མགོ་ལ་ནོར་བུས་བརྒྱན་ཀྱང་ནི། །སྦྲུལ་ནག་བཞིན་དུ་དོར་བར་བྱ། །ཞེས་དང་། དཔལ་རྡོ་རྗེ་ཕྲེང་བ་ལས། དོན་དམ་པ་ནི་མི་ཤེས་པ། །མེད་པར་ལྟ་དང་ཚུལ་ཁྲིམས་འཆལ། །གཏམ་དང་ཚིག་གི་ཀྱལ་པ་དང་། །འདྲི་བ་ལ་སོགས་མི་བྱ་ཞིང་། །སེ་གོལ་ཏོགས་པ་ཙམ་དུ་ཡང་། །དེ་དང་ལྷན་ཅིག་གནས་མི་བྱ། །ཞེས་གསུངས་པ་ལྟར། དམ་ཉམས་དང་སྐ༷ད་ཅིག༷་ཙམ༷་ཡ༷ང་འཕྲ༷ད་པར་མི་བྱ་བ་དང་། གནས་གཅིག་ཏུ་ལྷན་ཅིག་ཏུ་གནས་པར་མི་བྱ་བ་དང་། ཆོས་དང་དམ་ཚིག་མི་བསྲེ་བ་དང་། དགའ་གྲོགས་དང་གཉེན་མཛའ་མི་བྱེད་པ་དང་། གཏམ་སྨྲ༷་བར་མི༷་བྱ༷་ཞིང༷་། ལམ་བར་དུ་སྐད་ཅིག་ཙམ་ལ་ལྷན་གཅིག་འགྲོགས་པ་དང་སྡོད་པར་མི་བྱ་བ་དང་། དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས། གལ་ཏེ་ཉམས་པ་མ་གསོས་ན། །ཉམས་པ་དེ་དང་རྣལ་འབྱོར་གཞན། །གནས་གཅིག་དང་ནི་ཆུ་གཅིག་གམ། །ཡུལ་དང་ལམ་གྱི་གནས་གཅིག་གམ། །སྐད་ཅིག་ཙམ་ཡང་འདུག་མིི་བྱ། །འདུག་ན་ཉེས་པ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར་ཐ་ན་ལུང༷་བ༷་གཅིག༷་གི༷་ཆུ༷་ལ༷འང་མི༷་འཐུང༷་བར་བྱ་དགོས་ཞེས༷་རྒྱལ་བའི་བཀ༷འ་ལ༷ས་བྱུང༷་བ༷་དེ༷་ལྟར༷་དུ་ཉམས་སུ་ལེན་པར་མ༷་ལྕོག༷ས་ཏེ༷། ཡེ་ཤེས་རྔམ་ཀློག་ལས། སྤྱིར་གསང་བཞི་དང་བར་གསང་བཞི། །གསང་བར་འོས་དང་གཉེར་གཏད་པའི། །གསང་སྔགས་གསང་བའི་དོན་རྣམས་ཀུན། །བུམ་པའི་ནང་གི་མར་མེ་བཞིན། །སྣོད་མ་ཡིན་པའི་གང་ཟག་ལ། །དུས་དང་གནས་སྐབས་ཀུན་ཏུ་གསང་། །སྣོད་དང་ལྡན་པ་རྣམས་ལ་ཡང་། །དབང་མ་ཐོབ་པར་བཤད་པ་མིན། །ཞེས་དང་། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། བཤད་པའི་དབང་རྣམས་རབ་ཏུ་མ་བསྟན་ན། །རྡོ་རྗེའི་ལྕེ་ལ་བདུད་རྩི་འཛག་གྱུར་ཀྱང་། །གཞན་ལ་ཟེར་ཐིགས་འགའ་ཡང་སྤྲོ་མི་བྱ། །གསང་འོས་གཉེར་གཏད་སྔགས་དང་མཚན་རྣམས་གསང་། །ཞེས་གསུངས་པ་ལྟར། སྔགས་ཀྱི་ལྟ་བ་ཟབ་མོ་དང་། སྤྱོད་པ་བརླིང་པོ་དང་། ཡི་དམ་གྱི་ལྷའི་མཚན་སྔགས་དང་། ས་ལམ་དང་དངོས་གྲུབ་གྲུབ་པའི་རྟགས་དང་མཚན་མ་རྣམས་དབང་མ་ཐོབ་ཅིང་རྒྱུད་མ་སྨིན་པའི་སྣོད་མིན་དང་། གསར་ཞུགས་དང་། མ་འདྲིས་པ་སོགས་ལ་གསང་དགོས་པའི་སྤྱིར་གསང་བཞི་དང་། གསང་སྔགས་ཀྱི་སྒྲུབ་པ་མཛད་པའི་གནས་དང་། དུས་དང་། གྲོགས་དང་། རྫས་བཞི་གཞན་ལ་གསང་དགོས་པའི་བར་གསང་བཞི་དང་། གསང་སྔགས་ཀྱི་སྤྱོད་པ་སྣ་ཚོགས་དང་། དཀྱིལ་འཁོར་སྒྲུབ་པ་དང་། ཚོགས་ཀྱི་འཁོར་ལོ་བསྐོར་བ་དང་། དམ་ཚིག་གི་རྫས་དང་། ཡོ་བྱད་རྣམས་གསང་དགོས་པ་ནི་གསང་བར་འོས་པ་དང་། བླ་མ་དང་མཆེད་ལྕམ་གྱིས་འདི་དག་ནི་གསང་བར་གྱིས་གསང་བར་བཀའ་བརྒྱས་གཉེར་གཏད་པ་གང་ཡིན་པའི་གསང་བར་གཉེར་གཏད་པ་བཅས་གསང་བ་བཅུ་ལ་སོགས་པ་གས༷ང་བ་ཀུན་གྱིས་སྒོ༷་འཆོ༷ལ་བ༷འི་དབང་གིས་དམ་ཉམས་དང་དམ་ལྡན་གྱི་དབྱེ༷་བ་སོ་སོར་བས༷ལ་དཀ༷འ་བ༷ར་གྱུར་པ་དང༷་། རང་ལ་ཕ་རོལ་བོའི་རྒྱུད་ཚོད་ཤེས་པའི་མངོ༷ན་ཤེ༷ས་ཆུང༷་བ༷་སྟེ་མེད་པའི་དབང་གིས༷་སྔགས་ཀྱི་དམ་ཚིག་ཉམས་པའི་སྐྱོན༷་ཅ༷ན་དེ་གང་ཡིན་མ༷་རྟོག༷ས་ཏེ༷། དམ་ཉམ༷ས་པའི་གང་ཟག་དང༷་དཀྱིལ་འཁོར་གཅིག་ཏུ་དབང་ནོད་པ་ལ་སོགས་པས་ཚོག༷ས་འདྲེས༷་པ་དང་། དམ་ཉམ༷ས་པ༷་ལ་ཟས་གོས་སྟེར་བ་ལ་སོགས་པས་སྤྱོད་ལམ་གཅིག་པས་དེའི་རེ་བ་བསྐང༷་བར་བྱས་པ་ལ༷་སོ༷གས་པའི་སྒོ་ནས་དམ་ཉམ༷ས་ད༷ང་། དམ་ཉམས་མིན་ཡང་གསང་སྔགས་ཀྱི་སྣོ༷ད་དུ་མི་རུང་ཞིང་དེའི་སྣོད་མི༷ན་པའི་གང་ཟག་རྣམས༷་ལ༷་དབང་བསྐུར་བ་དང་། མན་ངག་གནང་བའི་ཆོས༷་བཤ༷ད་པ་ད༷ང་། དུས་རྟག་ཏུ་དམ་ཉམ༷ས་ལ༷་མི༷་འཛེ༷མས་པའི་དབང་གིས། ཇི་སྐད་དུ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་པ་ལས། ཅི་ཕྱིར་འོ་མ་ཉུང་ངུ་ཞིག །རུལ་བས་འོ་མ་ཀུན་རུལ་བཞིན། །རྣལ་འབྱོར་ཉམས་གྱུར་གཅིག་གིས་ནི། །རྣལ་འབྱོར་ཅན་ཀུན་མ་རུང་འགྱུར། །ཞེས་གསུངས་པ་ལྟར། རང་རྒྱུད་ཕ་རོལ་བོའི་ཤུགས་ཀྱི་ཉམ༷ས་པ༷འི་སྐྱོན༷་ལ༷་སོག༷ས་པའི་ཉེས་སྒྲིབ་ཀྱིས་བསྒྲིབས་པར་འགྱུར་ལ། དེས་ན་དམ་ཉམ༷ས་དང༷་འགྲོག༷ས་ཤིང༷་དམ་བསྲེས་དབང་གིས་རང་ལའང་དམ་ཉམ༷ས་པ༷་དེ༷་ད༷ག་གི༷་ཉམ༷ས་པའི་སྒྲིབ་པ་ངན་པའི་གྲི༷བ་སྐྱོན༷་གྱིས༷་གོས༷་པ༷ར་གྱུར༷་ཏོ༷་འཚ༷ལ་ལམ་ཡོད་དོ་ཅོག་པོ་ནི། སྤྱིར་དམ་ལས་ཉམས་པ་ཙམ་མིན་པར་ཇི་སྐད་དུ། དཔལ་བ་གསང་བ་གཅོད་པའི་རྒྱུད་ལས། རྩ་བ་ཡན་ལག་དམ་ཚིག་ཉམས། །བླ་མ་ལ་སྨོད་རྣམ་སྨིན་གྱིས། །མནར་མེད་སེམས་ཅན་དམྱལ་བར་སྐྱེ། །རྟེན་ཅིང་འབྲེལ་བ་ཟབ་མོ་ཡི། །རྩ་ཡི་འཁོར་ལོའི་དོན་མ་རྟོགས། །ལྕགས་ཀྱི་སོར་ནི་བཅུ་དྲུག་པ། །འཛེག་པ་རུ་ནི་ང་ཡིས་བཤད། །ཅེས་དང་། དམ་ཚིག་ཆེན་པོའི་རྒྱུད་ལས། དུས་གསུམ་དམ་ཚིག་མ་བསྲུང་ན། །འཇིག་རྟེན་པ་དང་འབུམ་འགྱུར་བའི། །རྣམ་སྨིན་ཆེ་བར་ང་ཡིས་གསུངས། །དམ་ཚིག་ཉམས་པའི་མཚན་མ་ནི། །ལུས་ཀྱི་ཉེས་པ་སྣ་ཚོགས་འབྱུང་། །ངག་གིས་ཉེས་པ་སྣ་ཚོགས་སྨྲ། །ཁ་དོག་དབྱིབས་རྣམས་འགྱུར་པ་དང་། །ལག་གི་རྫས་རྣམས་མི་ཐུབ་ཅིང་། །འབྲས་དང་ཤུ་བ་ལ་སོགས་འབྱུང་། །ཞེས་དང་། གསང་བ་མངོན་བསྟན་གྱི་རྒྱུད་ལས། སྔགས་པ་དམ་ཚིག་ཉམས་གྱུར་ཏེ། །ནད་གདོན་འབྱུང་པོ་མ་ལུས་པས། །ཉེ་བར་གཙེས་ཏེ་འཆི་བར་འགྱུར། །དེ་ནས་མནར་མེད་སྡུག་བསྔལ་ནི། །གྲངས་མེད་འདས་ཀྱང་ཐར་མི་འགྱུར། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། རྩ་བ་ཉམས་པའི་སྐྱོན་ཆེན་ཡང་། །བསྐལ་བ་གྲངས་མེད་བགྲངས་པར་ཡང་། །དམྱལ་བའི་གནས་སུ་ལྟུང་བར་འགྱུར། །རྡོ་རྗེ་སློབ་དཔོན་སྐུ་དམད་ན། །དུས་གསུམ་སངས་རྒྱས་བརྙས་པ་ཡིན། །བྱང་ཆུབ་སེམས་ལ་སྐུར་བས་ན། །དེ་ཡི་སྡིག་པ་བརྗོད་མི་ལང་། །ཞེས་སོགས་གསུངས་པ་ལྟར་གྱི་ཉེས་དམིགས་ཆེན་པོ་འབྱུང་བ་ཡིན་ཞིང་། ཉེས་པ་དེ་དག་ནི་ཚེ༷་འདི༷འི་ནད་གདོན་བར་ཆད་ཀྱི་རྐྱེན༷་ངན་པ་དང༷་། ཚེ་ཕྱི༷་མ༷འི་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་དང་གོ་འཕང་གི་སྒྲིབ༷་པར་གྱུར༷་ཅིང་ངན་སོང་གསུམ་དང་རྡོ་རྗེའི་དམྱལ་བའི་སྡུག་བསྔལ་མྱོང་དགོས་པའི་རྒྱུར་གྱུར་པ་ཡིན་པས། དེ་རྣམ༷ས་དེ་རིང་བདག་གིས་ར༷ང་ཉིད་ཀྱིས་ཉེས་པའི་ཚོགས་འདི་དག་བགྱིས་པ་ལ་ངོ་གནོང༷་བ་སྟེ། རང་ཉིད་ངོ་ཚ་ཞིང་། འགྱོ༷ད་པ༷་དྲག་པོའི༷་སེམ༷ས་ཀྱིས༷་ཉེས་པའི་ཚོགས་འདི་དག་མི་གསང་། མི་སྦེད། མི་འཆབ་པར་ཁ་ནས་མཐོལ༷་ཞིང་། སྙིང་ནས་ཕྱིན་ཆད་མི་བགྱིད་པར་སྡོམ་པས་བཤ༷གས་པར་བགྱིད་དོ།།

ཀློང་བཤགས་ཀྱི་དཔེ་ལ་ལར། ཉམས་ལ་མི་འཛེམ་ཉམས་པའི་སྐྱོན་ལ་སོགས༔ ཉམས་དང་འགྲོགས་ཤིང་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཞེས་པ་དང་། དཔེར་ལ་ལར། ཉམས་ལ་མི་འཛེམ་ཉམས་པ་དེ་དག་གི༔ ཉམས་གྲིབ་སྐྱོན་གྱིས་གོས་པར་གྱུར་ཏོ་འཚལ༔ ཞེས་ཅུང་མི་འདྲ་བ་ཡོད་པ་དང་། དཔེ་ལ་ལར། ལུང་བ་གཅིག་གི་ཆུ་ལ་མི་འཐུང་ཞེས༔ ཞེས་པ་དེ་མེད་པའང་ཡོད་དོ། །ཞར་བྱུང་ངོ་།།

དེ་ལྟར་ཉེས་པ་རྣམས་བཤགས་ན༷་ནི་ཕྱོགས་བཅུ་དུས་བཞིའི་འཕ༷གས་པ༷འི་མཆོག་རྒྱལ་བ་སྲས་བཅས་སྤྱི་དང་། བྱེ་བྲག་ཏུ་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ཚོགས་དང་། བླ་མ་རྡོ་རྗེ་སློབ་དཔོན་དང་བཅས་པའི་བཀ༷འ་ཡི་ཆ༷ད་པ་དྲག་པོ་བད༷ག་ལ༷་མི༷་གཏོ༷ང་ཞི༷ང་། བརྩེ་བ་དང་བྱམ༷ས་པ༷འི་ཐུག༷ས་རྗེས༷་ལས་ངན་བད༷ག་ལ༷་ཉེ་བར་དགོང༷ས་ན༷ས་སླར་ཡང་རྗེས་སུ་བཟུང་བར་མཛད་ནས་ཀྱ༷ང་ཟབ་གསལ་གཉི༷ས་སུ་མེ༷ད་པའམ་གཟུང་འཛིན་གཉིས་སུ་མེད་པའི་ཆོས་ཀྱི་དབྱིང༷ས་སུ༷་གནས་ལུགས་ཇི་བཞིན་རྟོགས་པའི་མི༷་འགྱུར༷་དྲི་མ་མེད་པའི་ཡེ་ཤེས་འོད་གསལ་བའི་ངོ་བོར་བད༷ག་ལེགས་པར་བཀོ༷ད་དེ༷་ཟུང་འཇུག་གི་སྐུ་ཐོབ་པར་མཛད་དུ་གསོལ། ཞི་ཁྲོའི་ལྷ་ཚོགས་བླ་མ་རྡོ་རྗེ་སློབ་དཔོན་དང་བཅས་པ་རྣམས་རྣམ་རྟོག་རླུང་གིས་མི་བསྐྱོད་པའི་ཐུགས་ཟག་མེད་འོད་གསལ་བ་དེ་ཉིད་མི༷་དམི༷གས་བཏ༷ང་སྙོམ༷ས་ཆེན་པོའི་ང༷ང་དུ༷་ཡེ་ནས་བཞུགས་པ་ལ་དེ་དེ་བཞིན་དུ་བཞུག༷ས་པར་མཛད་ན༷ས་ཀྱ༷ང་དམ་ཚིག་ཉེས་ལྟུང་ལེགས་པར་བཤགས་པའི་གང་ཟག་བདག་ལ་དབྱིངས་ཡེ་གཉི༷ས་སུ་མེ༷ད་པའི་ཟུང་འཇུག་དོན༷་གྱི༷་ཚང༷ས་པ༷་ཆེན་པོའི་འབྲས་བུའི་གོ་འཕང་བསྩ༷ལ་ཏུ༷་གསོ༷ལ་ལོ་ཞེས་སྤྱི་ཁྱད་ལྷག་པའི་སྔགས་ཀྱི་དམ་ཚིག་ཉམས་པ་ཅི་མཆིས་པ་བཤགས་པའོ།།

དེ་ཡང་དམ་ཚིག་དང་སྡོམ་པའི་ཁྱད་པར་ནི། བྱ་རྒྱུ་མི་བྱེད་པ་འགོག་པ་དམ་ཚིག་དང་། མི་བྱ་རྒྱུ་བྱེད་པ་འགོག་པ་སྡོམ་པར་གསུངས་པས། དེས་ན་དག་པའི་སྣང་བ་དང་མི་འབྲལ་བ་དང་། ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་སོགས་པ་བྱེད་དགོས་པའམ་ཉམས་སུ་ལེན་དགོས་པ་རྣམས་མི་བྱེད་ཅིང་ཉམས་སུ་མི་ལེན་པ་དེ་འགོག་པར་བྱེད་པ་དམ་ཚིག་དང་། རྩ་བ་དང་ཡན་ལག་གི་ལྟུང་བ་ལ་སོགས་པ་མི་བྱའམ་བྱ་རྒྱུ་མ་ཡིན་པ་རྣམས་འགོག་པར་མི་བྱེད་པ་དེ་ཉིད་སྡོམ་པའམ་འགོག་པ་ནི་སྡོམ་པ་ཡིན་པའི་ཕྱིར། དེ་གཉིས་ལྡོག་ཆས་ཕྱེ་བ་ལས་འགལ་བ་ནི་མིན་པར་སྔགས་སྡོམ་ཡིན་ན་དམ་ཚིག་ཡིན་པས་ཁྱབ་པ་དང་། སྔགས་སྡོམ་ཡིན་ན་སྡོམ་པ་ཡིན་པས་ཀྱང་ཁྱབ་ཕྱིར་སྔགས་སྡོམ་གྱི་ངོ་བོ་དམ་ཚིག་དང་སྡོམ་པ་གཉིས་ཀ་ཡིན་པ་སྨོས་མ་དགོས། འོན་ཀྱང་དམ་ཚིག་ཡིན་ན་སྡོམ་པ་ཡིན་པས་མ་ཁྱབ་པ་ནི་བྱ་སྤྱོད་ཀྱི་དམ་ཚིག་དག་སྡོམ་པ་མ་ཡིན་པར་གསུངས་པ་ལྟར་རོ།།

དེ་བཞིན་དུ་སྡིག་པ་དང་ལྟུང་བ་ངོ་བོ་གཅིག་མིན་པར་ཁྱིམ་པའི་རྒྱུད་ཀྱི་སྲོག་གཅོད་པ་ལ་སོགས་པའི་ལས་དེ་སྡིག་པ་ཡིན་ཡང་ལྟུང་བ་མ་ཡིན་ལ། ལྟུང་བ་ནི་སྡོམ་པ་རྒྱུད་ལ་མ་བླངས་པའི་ཁྱིམ་པ་ལྟ་བུའི་རྒྱུད་ལ་མེད་པར་རབ་བྱུང་དང་སྔགས་པ་ལྟ་བུ་སྡོམ་པ་རྒྱུད་ལ་བླངས་པའི་གང་ཟག་གི་རྒྱུད་ཀྱི་རང་བཞིན་དང་བཅས་པ་ལས་འདས་པའི་ཉེས་པ་ལ་བྱེད་པས་སྤྱིར་སྡིག་ལྟུང་ངོ་བོ་མི་གཅིག་ཀྱང་། སྡོམ་ལྡན་གྱི་རྒྱུད་ཀྱི་སྡིག་ལྟུང་ངོ་བོ་གཅིག་པའང་ཡོད་པ་དང་། བཤགས་པས་སྡིག་པ་འདག་ཀྱང་ལྟུང་བ་མི་འདག་པ་ཡང་ཡོད་པས། ལྟུང་བ་ནི་སོ་བྱང་སྔགས་གསུམ་རང་རང་གི་གཞུང་ནས་བཤད་པའི་ཕྱིར་བཅོས་ཀྱིས་ཐབས་ཀྱིས་སོར་ཆུད་པའམ་འདག་པ་ཡིན་པར་གསུངས་སོ།།

སྔགས་སྡོམ་སླར་སོར་ཆུད་པ་ནི་བདག་འཇུག་སོགས་ལྟུང་བ་ལས་སོར་ཆུད་པའི་ཆོ་ག་དག་ཡིན་པ་ཤེས་པར་བྱའོ། །དེས་ན་བཤགས་པས་སྡིག་པ་འདག་ཅིང་ལྟུང་བའི་རྣམ་སྨིན་སྐྱེད་པའི་ལས་འདག་པར་བྱེད་མོད། ལྟུང་བ་དག་ནས་ཕྱིར་སྡོམ་ལྡན་དུ་སྔར་གྱི་གོ་སར་སླར་སོར་ཆུད་པ་མེད་པ་ལ་གོ་བ་ཆགས་པའི་ཞིབ་ཆ་ཡོད་པར་བྱའོ།།

གསུམ་པ་དོན་དམ་བརྗོད་མེད་ཀྱི་བཤགས་པ་དམིགས་སུ་བཀར་ཏེ་བསྟན་པ་ནི། དོན་དམ་སྤྲོས་མེད་བརྗོད་ལས་འདས་པ་ལ༔ རྣམ་རྟོག་གང་ཡང་དམིགས་པར་མི་འགྱུར་ཏེ༔ ཀུན་རྫོབ་སྒྱུ་མ་ཙམ་གྱི་དབང་གིས་ནི༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་གཤགས༔ ནོངས་པ་མཆིས་ན་རང་གནོང་བཟོད་པར་གསོལ༔ འཁོར་བ་ཐོག་མ་མེད་པའི་དུས་མཐའ་ནས༔ ལས་ཀྱི་དབང་གིས་བདག་ཅག་འཁོར་བར་འཁྱམས༔ ཉོན་མོངས་ལོག་པར་ལྟ་བའི་དུག་འཐུང་སྟེ༔ སྡུག་བསྔལ་ནད་ཀྱིས་ཤིན་ཏུ་གདུང་པ་ལ༔ བདེ་གཤེགས་ཐུགས་རྗེ་སྨན་པའི་རྒྱལ་པོ་ཡིས༔ དམ་ཆོས་བདུད་རྩི་ཐར་བའི་སྨན་བསྩལ་ནས༔ ཉོན་མོངས་འཁྲུལ་བའི་ནད་རྣམས་ཞི་མཛད་ཅིང་། བླ་མེད་བྱང་ཆུབ་ཀྱི་སྙིང་པོར་འཚོ་མཛད་པ༔ བྱམས་མགོན་ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི༔ ཐུགས་དང་འགལ་བར་གྱུར་པ་མཐོལ་ལོ་བཤགས་༔ ལྟ་བ་འཕང་དམས་ཆོས་ཉིད་དོན་མ་རྟོགས༔ སྒོམ་པ་ཡུན་ཐུང་ཡི་དམ་ལྷ་མ་གསལ༔ བཟླས་བརྗོད་གྲངས་ཉུང་གྲྭ་ཆག་ཟུར་ཉམས་པས༔ རྒྱལ་བ་རྒྱ་མཚོའི་ཐུགས་དང་ཅི་འགལ་བ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ ཡེ་ཤེས་ལྷ་ཚོགས་སྤྱན་སྔར་མཐོལ་ལོ་གཤགས༔ འབད་རྩོལ་ཆུང་བས་སློབ་དཔོན་ཐུགས་མ་མཉེས༔ གདུང་སེམས་ཆུང་བས་མཆེད་ལྕམ་ཐུགས་མ་ཟིན༔ འཕྱར་ལ་གཡེམ་པས་གདམས་ངག་གཞན་ལ་ཤོར༔ རྩ་བ་སྐུ་གསུང་ཐུགས་ཀྱི་དམ་ཚིག་ལ༔ ཚོར་དང་མ་ཚོར་མ་རིག་དབང་གིས་ནི༔ ལྷག་ཆད་འགལ་འཁྲུལ་གྱུར་པ་ཅི་མཆིས་པ༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔར་མཐོལ་ལོ་བཤགས༔ ཐུགས་རྗེ་མངའ་བ་ཁྱེད་ལ་བཟོད་པར་གསོལ༔ རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཐོལ་ལོ་བཤགས༔ མཐོལ་ཞིང་བཤགས་སོ་བྱང་ཞིང་དག་གྱུར་ཅིག༔ གཉིས་མེད་དོན་གྱི་ཚངས་པ་བསྩལ་ཏུ་གསོལ༔ ས་མ་ཡ༔ ཞེས་པའི་ཤོ་ལོ་ཀ་བརྒྱད་དང་རྐང་པ་གཅིག་གིས་བསྟན་ལ། དེ་ཡང་གནས་ལུགས་དོ༷ན་དམ༷་སྤྲོས༷་པ་མེ༷ད་པ་བསམ་བརྗོ༷ད་ཀྱི་ཡུལ་ལ༷ས་འདས༷་པ༷་དེ་ཡི་ངོ་བོ་ལ༷་བློ་རྣམ༷་པར་རྟོག༷་པས་བཞག་པའི་སྤྲོས་པའི་ཆོས་ག༷ང་ཡ༷ང་དམིག༷ས་པ༷ར་མི༷་འགྱུར༷་པའི་ཕྱིར་ན་དམ་ཚིག་ཉམས་བྱ་ཉམས་བྱེད་དང་བཤགས་བྱ་བཤགས་བྱེད་དང་བྲལ་བ་ཡིན་ཏེ༷། གནས་ལུགས་དོན་དམ་པ་དེའི་ངོ་བོར་བདེན་པར་ཅི་ཡང་མ་གྲུབ་པའི་ཕྱིར། འོན་ཀྱང་ཀུན༷་རྫོབ༷་ཏུ་སྒྱུ༷་མ༷་ཙ༷མ་གྱི༷་ངོར་བྱ་བྱེད་ཐམས་ཅད་འཐད་པའི་ཕྱིར་ན་དེའི་དབ༷ང་གིས༷་བློ་འཁྲུལ་བར་གྱུར་ནས་ནི༷་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་སོགས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཉན་རང་བླ་མ་རྡོ་རྗེ་སློབ་དཔོན་དང་བཅས་པའི་ཐུགས༷་དང༷་འག༷ལ་བ༷ར་གྱུར༷་པའི་དམ་ཚིག་ཉམས་ཆགས་ཉེས་ལྟུང་གི་ཚོགས་བསགས་པ་ཅི་མཆིས་པ༷་ཐམས་ཅད་འགྱོད་པས་མི་སྦེད་པར་མཐོ༷ལ་ལོ༷་གཤ༷གས་སོ། །དེ་ལྟར་གནས་ལུགས་ཀྱི་དོན་དེ་ལས་གཞན་དུ་འཛིན་པ་དང་། དམ་ཚིག་མ་སྲུང་བར་ཡལ་བར་དོར་བ་སོགས་ནོང༷ས་པ༷་སྟེ་ནོར་བའི་བློ་དང་། དེའི་དབང་གིས་བྱུང་བའི་ཉེས་པ་ཅི་མཆི༷ས་ན༷འང་ར༷ང་ཉིད་ངོ་ཚ་བའམ་ངོ་གནོ༷ང་ཞིང་འགྱོད་པས་བཤགས་པ་ལགས་ན་བཤགས་ཡུལ་རྣམས་ཀྱི་ཐུགས་ཀྱིས་བདག་ལ་བཤགས་པ་དང་ལེན་གྱིས་བཟོ༷ད་པ༷ར་མཛོད་ཅིག་ཅེས་གསོ༷ལ་བ་འདེབས་སོ། །ཞེས་པའོ།།

ནོངས་པ་ཞེས་པ་ནི་ནོར་འཁྲུལ་དང་ངོ་ཚ་བ་གཉིས་ལ་འཇུག་པ་ཡོད་པས་འདིར་ནོར་བ་ལ་གོ་བར་བྱ་དགོས་ལ། འོག་ནས་བྱུང་བ་རྣམས་ལའང་དེ་ལྟར་སྐབས་ཐོབ་ཀྱི་གོ་བ་ལེན་པར་བྱའོ།།

ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔའི་རང་བཞིན་འཁོ༷ར་བ༷་འདི་ཉིད་ཀྱི་ཐོ༷ག་མ༷་མེ༷ད་པ༷འི་དུས༷་ཀྱི་ཡ་མཐ༷འ་ནས༷་ད་བར་དུ་དཀར་པོ་དགེ་བ་ཟག་བཅས་ཀྱི་ལས་དང་ནག་པོ་མི་དགེ་བ་སྡིག་པའི་ལས༷་ཀྱི༷་དབ༷ང་གིས༷་བད༷ག་ཅ༷ག་རིགས་དྲུག་གི་འགྲོ་བ་རྣམས་འཁོ༷ར་བ༷འི་གནས་རིས་དྲུག་པོ་དེར་འཁྱམ༷ས་ནས། ཉོ༷ན་མོང༷ས་པ་འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དང་། རྒྱུ་འབྲས་དང་ཚེ་སྔ་ཕྱི་མེད་པར་ལྟ་བའི་ལོ༷ག་པ༷ར་ལྟ༷་བ༷འི་དུག༷་དྲག་པོ་ཐར་བའི་སྲོག་འཕྲོག་པར་བྱེད་པ་དེ་ཉིད་རྒྱུད་ལ་འཐུང༷་སྟེ༷། དེའི་དབང་གིས་མི་དགེ་བ་བཅུ་ལ་སོགས་པའི་སྡིག་ལྟུང་གི་ཚོགས་རབ་ཏུ་མང་པོ་བསགས་ཤིང་། དེའི་འབྲས་བུ་སྡུག༷་བསྔ༷ལ་གསུམ་སོགས་བཟོད་པར་དཀའ་བའི་ཟུག་རྔུའི་ན༷ད་ཀྱིས༷་ཚེ་རབས་ནས་ཚེ་རབས་སུ་ཤི༷ན་ཏུ༷་གདུང༷་པ༷་ཡིན་ལ༷། དེ་ཕྱིར་རྒྱུ་བདེ་བ་བྱང་ཆུབ་ཀྱི་ལམ་ནས་འབྲས་བུ་བདེ༷་བ་རྫོགས་པའི་སངས་རྒྱས་ཀྱི་སར་གཤེག༷ས་པའི་ཐུག༷ས་བརྩེ་བ་སྙིང་རྗེ༷་ཆེན་པོ་དང་ལྡན་པའི་སྡུག་བསྔལ་གྱི་ནད་གསོ་བའི་སྨ༷ན་པ༷འི་རྒྱ༷ལ་པོ༷་སངས་རྒྱས་བཅོམ་ལྡན་དེ་ཡིས༷་གདུལ་བྱ་བདག་ཅག་ཀུན་ལ་ལུང་དང་རྟོགས་པའི་དམ༷་པའི་ཆོས༷་ཀྱི་བདུད༷་རྩི༷་ཐ༷ར་བ༷་མྱ་ངན་ལས་འདས་པའི་སྲོག་གསོ་བྱེད་ཀྱི་སྨ༷ན་བསྩལ༷་ན༷ས་བདག་ཅག་གི་ཉོ༷ན་མོང༷ས་པ་དང་དེའི་རྒྱུ་འཁྲུལ༷་བ༷་མ་རིག་པའི༷་ནད༷་རྣམ༷ས་མ་ལུས་པར་ཞི༷་བར་མཛ༷ད་ཅིང༷་། བླ༷་ན་མེ༷ད་པ་ཡང་དག་པར་རྫོགས་པའི་བྱ༷ང་ཆུབ༷་ཀྱི་སྙིང༷་པོར༷་འབྲས་ཆོས་ཀྱི་ཡོན་ཏན་རྒྱ་མཚོས་འཚོ༷་བར་མཛ༷ད་པ༷་པོ་དེ་ནི་བྱམ༷ས་པ་དང་སྙིང་རྗེ་ཚད་མེད་པའི་བདག་ཉིད་ཅན། མཐའ་ཡས་པའི་གདུལ་བྱ་རྣམས་ཀྱི་མགོ༷ན་པོ་སངས་རྒྱས་བཅོམ་ལྡན་འདས་དང་དེའི་རྣམ་པར་འཕྲུལ་བ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་ཐུག༷ས་བརྩེ་བ་སྙིང་རྗེ༷་ཆེན་པོ་དང་ལྡན་པ་ཅ༷ན་ཁྱེད་ཅག་ཡིན་ལ། བདག་ཅག་འཁོར་བ་ལས་ཉེ་བར་ཐར་བའི་དོན་དུ་ཁྱེད་ཅག་ལ༷་སྒོ་གསུམ་གུས་པས་སྐྱབ༷ས་སུ༷་ཉེ་བར་མཆི༷འོ། །ཁྱེད་ཅག་གི་ཐུག༷ས་དང༷་འག༷ལ་བ༷ར་གྱུར༷་པ༷་ཡི་ལས་དམ་ཚིག་ཉམས་ཆག་ཐམས་ཅད་མཐོ༷ལ་ལོ༷་བཤ༷གས་སོ།།

གོང་སྨོས་རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གསུངས་པ་ལས་གཞན་ཞི་ཁྲོའི་ལྷ་ཚོགས་སོགས་བསྒོམ་པ་ལ་ལྡན་དགོས་པ་གསལ་དག་བརྟན་པའི་ལྷ་གཙོ་འཁོར་གསལ་བར་བསྒོམ་པའི་མཚན་བཅས་བསྐྱེད་རིམ་གྱི་ལྟ་བ་དང་། རྩ་ཐིག་རླུང་གསུམ་སྒོམ་པ་མཚན་བཅས་རྫོགས་རིམ་དང་། ཆོས་ཐམས་ཅད་གནས་ལུགས་ཀ་དག་སྐྱེ་བ་མེད་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ངོ་བོར་ལྷུན་རྫོགས་སུ་དག་པའི་མཚན་མ་མེད་པའི་རྫོགས་རིམ་རྣམས་ཀྱི་ལྟ་བའི་རྩལ་མ་རྫོགས་པའི་དབང་གིས་ཇི་སྐད་ཧེ་རུ་སྙིང་རྗེ་རོལ་བའི་རྒྱུད་ལས། མ་རིག་ལོག་པའི་དབང་དུ་གྱུར་པས་ན། །ཡང་དག་དོན་མ་རྟོགས་པ་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར། ལྟ༷་བ༷་འཕ༷ང་དམ༷འ་བས་སྣང་གྲགས་འགྱུ་བའི་ཆོས་ཐམས་ཅད་ཀྱི་གཤིས་ལུགས་ཆོས༷་ཉིད༷་དོན་དམ་པའི་དོན༷་དེ་ཇི་བཞིན་མ༷་རྟོག༷ས་པ་དང་། སྒོམ༷་པ༷་ཆུ་བོའི་རྒྱུན་བཞིན་དུ་གནས་མ་ནུས་པར་བྱིང་རྒོད་ཀྱི་དབང་དུ་ཤོར་བས་བསྒོམ་པའི་དུས་ཡུན༷་ཐུང༷་བ་དང་། དེའི་དབང་གིས་དང་སྒོམ་པའི་དུས་སུ་ལྷ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་ཡི༷་ད༷མ་གྱི་ལྷ༷་ཡི་ཚོགས་ཇི་ལྟ་བ་བཞིན་དུ་མ༷་གས༷ལ་བ་དང་། སློབ་དཔོན་བྷ་བྱས་མཛད་པའི་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱོར་ཀ་ཆེན་པོའི་ཆོ་ག་ལས། བཟླས་བརྗོད་འཕྲོས་འདུས་བསྙེན་པ་བྱ། །དུས་གྲངས་མཚན་མ་ཐིམ་པ་དང་། །སྒྲུབ་པ་གང་འདོད་བརྩམ་པར་བྱའོ། །ཞེས་དང་། ཀླུའི་བྱང་ཆུབ་ཀྱིས་མཛད་པའི་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཀྱི་རྣམ་བཤད་ལས། དང་པོ་བསྙེན་པ་བསྐྱལ་ཏེ། དུས་གྲངས་མཚན་མའི་བསྙེན་པའོ། །ཞེས་དང་། སྒེག་པའི་རྡོ་རྗེས་། བརྟུལ་ཞུགས་སྤྱོད་པའི་སྔོན་རོལ་དུ་ནི་དུས་ངེས་པ་དང་། གྲངས་ངེས་པ་དང་། མཚན་མ་ཐོབ་པ་ཞེས་བྱ་བའི་བསྙེན་པ་རྣམ་པ་གསུམ་གང་ཡང་རུང་བ་ལ་སྦྱར་དགོས་སོ་ཞེས་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར།

དུས་གྲངས་རྟགས་ཀྱི་བསྙེན་པའི་ཚད་དུ་མ་འཁྱོལ་ཞིང་ཡིད་བཟླ༷ས་དང་ངག་བརྗོ༷ད་ཀྱི་བཟླས་པའི་གྲང༷ས་ཀ་ཉུང༷་དྲགས་པ་དང་། བཟླས་པའི་སྒྲ་མ་ཐོན་པར་སྒྲའི་གྲྭ༷་ཆ༷ག་པ་དང་། སྔགས་མ་དག་པར་ཟུར༷་ཉམ༷ས་པ༷འི་དབང་གིས༷་ལྷ་འགྲུབ་པའི་ནུས་པ་ཏིང་ངེ་འཛིན་དང་སྔགས་ཀྱི་སྒོ་ནས་མ་ཐོན་པས་བདུད་བཞིའི་གཡུལ་ལས་རྒྱལ་བའི་ཕྱོགས་བཅུའི་རྒྱལ༷་བ༷་རྒྱ༷་མཚོ༷་ལྟ་བུ་སྤྱི་དང་། ལྷག་པར་དུ་གནས་སྐབས་གང་བསྒོམ་པ་རྒྱལ་བ་ཞི་ཁྲོའི༷་ལྷ་ཚོགས་རྣམས་ཀྱི་ཐུག༷ས་ད༷ང་ཅི༷་ཞིག་འག༷ལ་བ༷་ཡི་ལས་བགྱིས་ཡོད་པ་དེ་དག་དུས་ད་ལྟ་ཉིད་དུ་རྒྱལ༷་བ༷་ཞི༷་ཁྲོ༷་དམ་པ་རིགས་བརྒྱའི༷་ལྷ་ཚོགས་རྣམས་ཀྱི་སྤྱ༷ན་སྔ༷ར་མི་གསང་མི་སྦེད་པར་འགྱོད་པས་མཐོ༷ལ་ལོ༷་བཤ༷གས་སོ།།

ཐུག༷ས་བརྩེ་བ་སྙིང་རྗེ༷་ཆེན་པོ་དང་ལྡན་པའམ་མང༷འ་བ༷་ཁྱེད༷་ཅག་ལ༷་གནོང་པས་བཟོ༷ད་པར༷་གསོལ༷་ལོ། །དེ་ལྟར་མ་རིག་མ་རྟོགས་པའི་དབང་གིས་བྱུང་བའི་ཉེས་ལྟུང་ཅི་བྱུང་བཤགས་པ་དེའང་དག་པ་ཡེ༷་ཤེས༷་པའི་ལྷ༷་ཚོ༷གས་རྣམས་ཀྱི་སྤྱ༷ན་སྔ༷ར་མི་འཆབ་པར་མཐོ༷ལ་ལོ༷་བཤ༷གས་སོ། །ཞེས་པ་སྟེ། དག་པ་ཡེ་ཤེས་པའི་ཚོགས་ནི་བཤགས་ཡུལ་ཡིན་གྱི་འཇིག་རྟེན་པའི་དྲེགས་པ་རང་རྒྱུད་པར་གྱུར་པའི་མི་མངོན་པ་ལྷ་ཀླུའི་ཚོགས་ཅི་མཆིས་པ་རྣམས་ནི་བཤགས་ཡུལ་མ་ཡིན་པར་བསྟན་པའོ།།

འདིར་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཀྱི་ཐུགས་དང་འགལ་བ་ཞེས་དང་། དེ་དག་ལ་བཟོད་པར་གསོལ་ཞེས་ཡེ་ཤེས་པའི་ལྷ་རྣམས་ཕོག་ཐུག་ཆེན་པོར་སོང་ཡོད་པ་སྐད་དུ་བསྟན་པ་ནི། ཉེས་ལྟུང་དེ་དག་རྒྱུད་ལ་མཆིས་ན་ཡེ་ཤེས་པའི་དཀྱིལ་འཁོར་འགྲུབ་པའི་གེགས་དང་སྒྲིབ་པར་གྱུར་ཅིང་། ལམ་ཟབ་མོ་བསྐྱེད་རྫོགས་ཀྱི་དོན་བསྒྲུབ་པའི་འགལ་རྐྱེན་ཡིན་པ་དང་། ཉེས་ལྟུང་གིས་རྒྱུད་བསྡམས་པ་དང་སྟོང་པ་ཉིད་དང་ལམ་ཟབ་མོའི་དོན་རྟོགས་པ་མངའ་བ་གཉིས་འགལ་བའི་དབང་གིས་དེ་སྐད་དུ་བརྗོད་པ་དང་། གཞན་ཡང་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་བཤགས་པ་བྱ་བའི་ཡུལ་དང་དཔང་པོ་ཡིན་པའི་དབང་གིས་དེ་ལྟར་བརྗོད་པ་ལས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་རྣམས་ཐུགས་ཁྲོས་ནས་བཤགས་པ་པོ་ལ་སྡང་སེམས་དང་འཁོན་དུ་སོང་བས་འཇིག་རྟེན་པ་རྣམས་ལྟར་ངོ་ལོན་གྱི་བཤགས་པ་ལྟ་བུར་གོ་ན་ནི་གཞུང་དོན་གཏན་ནས་མ་ཡིན་ནོ།།

གསང་བ་སྙིང་པོ་ལས། མ་རྟོགས་ལེ་ལོ་སྙོམས་ལས་བྱས། །དོན་མ་གྲུབ་པར་ངན་སོང་འགྲོ། །ཞེས་གསུངས་པ་ལྟར། ལེ་ལོ་དང་བཏང་སྙོམས་ཀྱི་དབང་དུ་ཤོར་ནས་ལམ་ཟབ་མོ་ཉམས་སུ་ལེན་པ་ལ་བརྩོན་འགྲུས་ཀྱི་འབ༷ད་པ་དང་རྩོལ༷་བ་ཆུང༷་བ༷ས་བླ་མ་རྡོ་རྗེ་སློབ༷་དཔོ༷ན་གྱི་ཐུགས་ལ་བརྣགས་པའི་ཐོས་བསམ་དང་། ཁྱད་པར་དུ་སྒྲུབ་པ་ལ་ནན་ཏན་མ་ནུས་པས་དེའི་ཐུག༷ས་མ༷་མཉེས༷་པ་སྟེ་ཐུགས་མཉེས་པའི་བྱ་བ་བསྒྲུབ་མ་ནུས་པ་དང་། རྡོ་རྗེའི་མཆེད་གྲོགས་རྣམས་ལ་དགའ་བ་དང་དུང་པའི་གདུང༷་སེམ༷ས་ཆུང༷་བ༷འི་དབང་གིས་ཉམས་ལེན་སྒྲུབ་པའི་མཆོད་པ་དང་། ཟང་ཟིང་གི་འབུལ་བ་དང་། བཀུར་བསྟིས་ཞབས་ཏོག་ལེགས་པོོ་མ་གྲུབ་པས༷་གསང་སྔགས་རྡོ་རྗེ་ཐེག་པའི་དབང་དང་གདམས་པ་ཟབ་མོ་མཉམ་དུ་མནོས་པའི་ཕོ་རྡོ་རྗེའི་མཆེ༷ད་པོ་དང་། མོ་རྡོ་རྗེའི་ལྕ༷མ་མོ་རྣམས་ཀྱི་ཐུག༷ས་དགྱེས་པར་བྱེད་པའི་ལས་མེད་པའི་དབང་གིས་ཐུགས་མ༷་ཟིན༷་པ་དང་། ཇི་སྐད་དུ་དཔལ་གསང་བ་གཅོད་པའི་རྒྱུད་ལས། མན་ངག་གཞན་དུ་སྤེལ་ཞིང་འཕྱར་ལ་དགའ། །འདོད་ཆགས་སྤྱོད་ཕྱིར་སྦས་པའི་རིམ་པ་ནོད། །ཅེས་དང་། ཡེ་ཤེས་རྔམ་གློག་ལས། དད་དང་མི་ལྡན་བརྩོན་འགྲུས་ཆུང་། །བློ་ཞན་ངེས་མེད་འཕྱར་ལ་གཡེང་། །བླ་མ་སྤུན་ལ་སྲི་ཞུ་ཆུང་། །དེ་ནི་དབང་གི་སྣོད་མ་ཡིན། །ཞེས་དང་། ཀུན་འདུས་རིག་པའི་མདོ་ལས། ཕྱི་ནང་ཅན་དང་གནོད་བྱེད་དང་། །འདོད་མྱོས་བྱིང་རྨུགས་བརྐམ་པ་དང་། །དད་མེད་རྩ་ཉམས་འཕྱར་གཡེང་ཅན། །མཁས་པས་བསྒྲིམས་ཏེ་སྤང་བར་བྱའོ། །ཞེས་གསུངས་པ་ལྟར། རྙེད་བདེ་གྲགས་བསྟོད་སོགས་འདོད་ཡོན་ལྔ་སྤྱི་དང་ཁྱད་པར་དུ་བུད་མེད་ལ་འདོད་པས་སེམས་འཕྱར༷་བའམ་འཕྱར་གཡེང་ལ༷་ཤོར་ནས་གཡེམ༷་པ༷་ལ་དགའ་བའི་དབང་གིས༷་སྣོད་ཀྱི་ཁྱད་པར་ལ་མ་བརྟགས་པར་ཕྱུག་པོ་དང་། རིགས་མཐོ་བ་དང་། གཟུགས་མཛེས་པའི་བུད་མེད་དག་ལ་གསང་སྔགས་ཀྱི་དབང་དང་མན་ངག་ཟབ་མོ་བྱིན་པའམ། རང་ཉིད་ལ་གསང་སྔགས་ཀྱི་ལམ་ཟབ་མོ་ཉམས་སུ་ལེན་པའི་བློ་ནུས་མེད་པ་དང་། ཕ་རོལ་པོ་ལ་སྣོད་ཀྱི་ཁྱད་པར་མི་ལྡན་ནའང་བུད་མེད་ལ་འཕྱར་ཞིང་གཡེམ་ལ་དགའ་བའི་དབང་གིས་འོལ་ཚོད་ཀྱིས་སྔགས་རྒྱུད་ལས་བཤད་པའི་ཕོ་ཉའི་ལམ་སོགས་གསང་བ་ཟབ་མོ་རྣམས་ལག་ཏུ་བླངས་པའི་སྒོ་ནས་གསང་སྔགས་ཀྱི་གདམ༷ས་ང༷ག་སྣོད་མིན་གཞ༷ན་གྱི་ལག་ལ༷་ཤོར༷་བ་དང་། རྩ༷་བ༷་སྐུ༷་གསུང༷་ཐུག༷ས་ཀྱི༷་ད༷མ་ཚི༷ག་དང་། ཡན་ལག་གི་དམ་ཚིག་ས་མ་ཡ་འབུམ་སྡེའི་ཚོགས་ལ༷་ལྟུང་བར་ཤེས་ཤིང་བྱུང་བ་ཚོར༷་བ་ད༷ང་། རྨོངས་པའི་དབང་གིས་མ་ཤེས་པའམ་མ༷་ཚོར༷་བ་དང་། བདག་འཛིན་མ༷་རི༷ག་པ་དང་དེའི་འབྲས་བུ་ཉོན་མོངས་པའི་དབ༷ང་གིས༷་དབང་མེད་དུ་ཉེས་པ་བསགས་པ་རྣམས་དང་ནི༷། གཞན་ཡང་ཞི་ཁྲོའི་དཀྱིལ་འཁོར་སྒྲུབ་པ་ལ་ཆོ་གའི་ཚིག་འདོན་པ་དང་དོན་སྒོམ་པ་དང་། སྔགས་བཟླ་བ་དང་། དམ་རྫས་དང་མཆོད་རྫས་རྣམས་ལ་ལྷ༷ག་པ་དང་། མ་ཚང་བར་ཆ༷ད་པ་དང་། གཞུང་དོན་དང་འག༷ལ་བ་དང་། ལག་ལེན་དང་ཉམས་ལེན་ལ་འཁྲུལ༷་བར་གྱུར༷་པ༷་ཅི༷་མཆི༷ས་པ༷་ཐམས་ཅད་རྒྱལ༷་བ༷་ཞི༷་ཁྲོ༷་དམ་པ་རིགས་བརྒྱའི༷་ལྷ་ཚོགས་རྣམས་ཀྱི་སྤྱ༷ན་སྔ༷ར་གནོང་ཞིང་འགྱོད་པས་མཐོ༷ལ་ལོ༷་བཤ༷གས་སོ། །ཐུག༷ས་བརྩེ་བ་སྙིང་རྗེ༷་ཆེན་པོ་མང༷འ་བ༷་ཁྱེད༷་ཅག་ལ༷་གནོང་པས་བཟོ༷ད་པ༷ར་གསོ༷ལ་ལོ། །ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ༷་བ༷་རྒྱ༷་མཚོ༷འི་ཚོག༷ས་ཀྱི་སྤྱན་སྔ་ལ༷་མཐོལ༷་ཞིང༷་བཤ༷གས་སོ། །དེ་ལྟར་མི་གསང་བར་མཐོ༷ལ་ཞིང༷་ཕྱིན་ཆད་མི་བགྱིད་པར་སྡོམ་པས་བཤག༷ས་པ་བྱས་སོ༷། །ད་ནི་ཉེས་ལྟུང་དེ་དག་བྱང༷་ཞིང༷་ད༷ག་པར་གྱུར༷་ཅི༷ག། ལྟུང་པ་དག་པའི་དབང་གིས་རྟོགས་པ་ཟབ་མོ་རང་རྒྱུད་ལ་མྱུར་དུ་སྐྱེས་ཏེ་དབྱིངས་དང་ཡེ་ཤེས་གཉིས༷་སུ་མེ༷ད་པའི་གནས་ལུགས་དོ༷ན་གྱི༷་ཚང༷ས་པ༷་ཆེན་པོའི་གོ་འཕང་བདག་ལ་བསྩ༷ལ་ཏུ༷་གསོ༷ལ་ལོ་ཞེས་ཉེས་ལྟུང་བཤགས་ཤིང་འདོད་དོན་མྱུར་དུ་འགྲུབ་པར་བྱིན་གྱིས་བརླབ་པར་གསོལ་བ་བཏབ་པའོ། །ས༷་མ༷་ཡ༷་ནི་དམ་ཚིག་སྟེ། དམ་ཚིག་ལས་མི་འདའ་བའི་རྒྱ་སྨྲས་པའོ།། །།

གཉིས་པ་ཞི་བའི་ཀློང་བཤགས།

ཆོས་ཉིད་ཞི་བའི་ཀློང་བཤགས་བསྟན་པ།

༈ རྩ་བའི་ས་བཅད་གཉིས་པ་ཞི་བའི་ཀློང་བཤགས་ལ་ནི། ཆོས་ཉིད་ཞི་བའི་ཀློང་བཤགས་དང་། ཞི་བའི་ལྷའི་གནོང་བཤགས་དང་། ཞི་བའི་ལྷ་ལ་འགྱོད་བཤགས་དང་གསུམ་ལས།

དང་པོ་ལ་ནི། ཀུན་བཟང་ཡབ་ཡུམ་གྱི་ཀློང་བཤགས་དང་། རྒྱལ་བ་རིགས་ལྔ་དང་། རིགས་ཀྱི་ཡུམ་ལྔ་དང་། སེམས་དཔའ་བརྒྱད་དང་། སེམས་མ་བརྒྱད་དང་། ཐུབ་པ་དྲུག་དང་། སྒོ་བ་བཞི་དང་། སྒོ་མ་བཞི་ཡི་ཀློང་བཤགས་བཅས་བརྒྱད་ལས། དང་པོ་ནི། ཨོཾ་ཀུན་བཟང་ཡབ་ཡུམ་གསན་ཅིང་དགོངས་སུ་གསོལ༔ ཡིད་དང་ཆོས་ནི་ཡེ་ནས་མངོན་སངས་རྒྱས༔ ཀུན་བཟང་ཡབ་ཡུམ་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ ཀུན་བཟང་ཡབ་ཡུམ་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། དེ་ཡང་མདོ་སྡེ་ལས་བརྒྱ་བ་ལས། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། ཞེས་ཨོཾ་ཞེས་བྱ་བ་ནི་རིག་པའི་གནས་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་ཡིན་པར་གསུངས་པ་དང་། དེ་བཞིན་དུ་འདུལ་བ་ཕྲན་ཚེགས་ལས། ཨོཾ་ཞེས་བྱ་བ་དང་། བྷོ་ཞེས་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། ཞེས་སོགས་གསུངས་པས། ཨོཾ༷་དེ་རྒྱ་གར་གྱི་གནའ་བོའི་ལས་ཐམས་ཅད་ཀྱི་ཐོག་མར་བཀྲ་ཤིས་པ་སྦྱིན་པའི་ཚུལ་གྱི་ཤིས་ཚིག་ཅིག་ཡིན་འདུག་ལ། འདིར་ནི་རྒྱུད་སྟོན་པ་པོས་ལུགས་སྲོལ་དེ་དང་བསྟུན་པའམ་སྲོལ་དེ་ཉིད་འདིར་བླངས་ནས་ནང་དོན་ལ་ནང་ཆོས་ཟབ་མོའི་དོན་ཅན་དུ་མཛད་དེ་ཐོག་མའི་ཤིས་པ་བརྗོད་པའི་གཏམ་དུ་བགྱིས་པ་སྟེ། སྐུ་ལྔ་ཡེ་ཤེས་ལྔ་འདུ་འབྲལ་མེད་པའི་དབྱིངས་རྣམ་པར་དག་པ་ཆོས་ཉིད་ཀུན་ཏུ་བཟང་པོའི་དོན་མཚོན་པ་དེས་ཤིས་པར་གྱུར་ཅིག་ཅེས་པའོ།།

ལས་བྱང་ཚོར་བ་རང་གྲོལ་ལས། ཀུན་ཏུ་བཟང་མོ་གསང་བའི་བྷ་ག་རུ༔ ཀུན་ཏུ་བཟང་པོ་ཟག་པ་མེད་པས་བདེ༔ རོལ་པ་ཡེ་ཤེས་རྒྱལ་བ་ཞི་ཁྲོའི་ཚོགས༔ ཡབ་ཡུམ་སྲས་དང་བཅས་ལ་ཕྱག་འཚལ་ལོ༔ ཞེས་གསུངས་པ་ལྟར། ཞི་བའི་ལྷ་བཞི་བཅུ་རྩ་གཉིས་ཀྱི་འཕྲོ་གཞི་ཡབ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག་ཕྱག་མཉམ་བཞག་དང་། ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཡབ་ཀྱི་པང་དུ་འཁྲིལ་བ་ཅན་གྱི་ཀུན༷་བཟ༷ང་ཡ༷བ་ཡུམ༷་གཉིས་ཀྱིས་ཉམས་ཆག་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅིང༷་ཐུགས་ཀྱིས་དགོང༷ས་པས་གཟིགས་སུ༷་གསོ༷ལ་ཞེས་དང་པོ་བཤགས་ཡུལ་གྱི་ལྷ་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

ཡི༷ད་ཅེས་པ་ནི་རང་ཡུལ་དང་ལྡན་པའི་ཡུལ་ཅན་དང༷་། ཆོས༷་ཞེས་པ་ནི༷་རང་གི་ངོ་བོ་འཛིན་པའི་ཆོས་ཏེ་ཡུལ་ལ་གོ་དགོས་ཤིང་། གཞི་གྲུབ་ན་ཡུལ་དང་ཡུལ་ཅན་གྱི་ཆོས་གང་རུང་གིས་ཁྱབ་པས། འདིར་ཆོས་ཐམས་ཅད་ལ་གོ། དེས་ན་དོན་དམ་པའི་དབང་དུ་ན་ཡུལ་དང་ཡུལ་ཅན་གྱིས་བསྡུས་པའི་ཆོས་ཐམས་ཅད་འཛིན་པ་ཡིད་རྣམ་པར་དག་པ་རང་བྱུང་དྲན་རིག་ཟག་མེད་ཀྱི་ཡེ་ཤེས་རྟོགས་བྱེད་དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ་ཡབ་ཀུན་ཏུ་བཟང་པོ་དང་། གཟུང་བ་ཡུལ་གྱིས་བསྡུས་པའི་སྣང་བའི་ཆོས་ཐམས་ཅད་རྣམ་པར་དག་པ་མཚན་མའི་སྐྱོན་དང་བྲལ་བའི་རྟོགས་བྱ་ཆོས་ཀྱི་དབྱིངས་ཟག་པ་མེད་པ་དཀྱིལ་འཁོར་ཐམས་ཅད་སྐྱེད་པའི་གཞི་ཡུམ་ཀུན་ཏུ་བཟང་མོ་ཞེས་དམིགས་པ་དང་བྲལ་བའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཆོས་ཉིད་ཀ་དག་བསམ་བརྗོད་དང་བྲལ་བ་ཡེ༷་ན༷ས་མངོ༷ན་པར་སང༷ས་རྒྱས༷་པའི་རང་བཞིན་ཅན་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་པ་ལས། ཡིད་དང་ཆོས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་དམིགས་པའོ། །ཞེས་དང་། སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། ཡིད་དང་ཆོས་ཀྱི་ཁམས་ཀྱང་རྟག་ཏུ་སྟོང་པར་མཁྱེན། །ཞེས་དང་། དྲི་མ་མེད་པར་གྲགས་པར་བསྟན་པའི་མདོ་ལས། བྱང་ཆུབ་ནི་ཡིད་དང་ཆོས་མེད་པ་གཉིས་སུ་མེད་པའོ། །ཞེས་དང་། ཆོ་འཕྲུལ་ཆེན་པོ་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པ་ནི་ཡིད་དང་ཆོས་ཀྱི་ཡུལ་མ་ཡིན་ཞིང་ཆོས་ཀྱི་དབྱིངས་སུ་ཡང་དག་པར་འདུ་བ་ཡིན་པས་ཞེས་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། ཡིད་དང་ཆོས་དང་ཡིད་རྣམ་ཤེས། །སྙིང་པོ་ཉིད་དུ་རྣམ་པར་དག །ཅེས་གསུངས་པའི་ཕྱིར་རོ།།

དེས་ན་དེ་ལྟར་འཛིན་པ་ཡིད་རྣམ་པར་དག་པའི་ངོ་བོ་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་། གཟུང་བ་ཡུལ་ཆོས་རྣམ་པར་དག་པའི་ཆོས་ཉིད་ལ་ཡུམ་ཀུན་ཏུ་བཟང་མོ་ཞེས་བརྡ་བཏགས་པ་ཙམ་ལས་དོན་དམ་པར་ཞལ་ཕྱག་མཚན་མའི་རྣམ་པ་ཅན་གྱི་ཀུན་བཟང་ཡབ་ཡུམ་ཟེར་བ་ཞིག་མ་དམིགས་ཏེ། གཞུང་འདིའི་བཤད་བྱ་རྩ་བའི་རྒྱུད་དྲི་མེད་བཤགས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཨ་ལ་ལ་ཧོ། ཆོས་རྣམས་རྣམ་དག་ཡེ་ནས་ལྷུན་གྲུབ་པས། །བྱ་བ་བྱེད་དང་ཡིད་ཆོས་རྣམ་པར་དག །ནམ་མཁའི་མཐའ་བཞིན་ཀུན་ལ་སྙོམས་མཛད་པ། །ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་ལོ། །ཞེས་དང་། ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ལས་བྱང་ཚོར་བ་རང་གྲོལ་ལས། ཡིད་ཤེས་རྣམ་དག་ཀུན་ཏུ་བཟང་པོ་ཡབ༔ ཆོས་ཁམས་རྣམ་དག་ཀུན་ཏུ་བཟང་མོ་ཡུམ༔ དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་མྱེས་ལྷ༔ ཀུན་བཟང་ཡབ་ཡུམ་གཉིས་ཕྱག་འཚལ་ལོ༔ ཞེས་དང་། གསང་བ་སྙིང་པོ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། ཆོས་དབྱིངས་ཀུན་ཏུ་བཟང་པོ་དང་། །ཀུན་ཏུ་བཟང་མོའི་མཁའ་དབྱིངས་ལ། །འགྱུར་བ་མེད་པའི་ཚུལ་གྱིས་གཟིགས། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཡིད་ཆོས་བཟང་པོ་བཟང་མོ་ཉིད། །ཅེས་དང་། བདེ་ཆེན་ཡིད་ཆོས་རང་རིག་ཉིད། །ཀུན་བཟང་རོ་ཡི་བདེ་བ་ཉིད། །ཉོན་མོངས་དྲུག་གི་ཡུལ་རྣམས་སུ། །སྤྲུལ་པའི་ཐིག་ལེར་རང་ཤར་བའོ། ། ཞེས་དང་། ཡེ་ཤེས་རྔམ་གློག་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཆོས་རྣམས་ཀུན་ལ་ངེས་སྤྱོད་པའི། །ཡིད་ཀྱི་རྣམ་ཤེས་ཞེས་སུ་གྲགས། །རྟོགས་པའི་ཡེེ་ཤེས་ཡིན་པའི་ཕྱིར། །ཀུན་ཏུ་བཟང་པོའི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །འདུས་བྱས་མ་བྱས་ཆོས་རྣམས་ཀུན། །ཆོས་ཀྱི་སྐྱེད་བྱེད་ཡིན་པར་གྲགས། །རྣམ་པར་ཤེས་པའི་ཡུལ་ཡིན་པས། །ཀུན་ཏུ་བཟང་མོའི་རང་བཞིན་ཡིན། །ཞེས་དང་། དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ལས། ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་གཤེགས། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་དཔའི་ཆོ་ག་མཆོག །ཅེས་གསུངས་པའི་ཕྱིར་རོ།།

ཡང་ཀུན་ཏུ་བཟང་པོ་ལའང་རྫོགས་པ་ཆེན་པོའི་གཞུང་སོགས་ནས་རང་བཞིན་ཀུན་ཏུ་བཟང་པོའམ་གཞི་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོ་དང་ཀུན་བཟང་ལྔ་གསུངས་ཏེ། ཀུན་བཟང་ཐུགས་ཀྱི་མེ་ལོང་ལས། ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོའོ། །ཞེས་གསུངས་པའི་ཕྱིར། དང་པོ་རང་བཞིན་ཀུན་ཏུ་བཟང་པོ་ནི། ཡེ་ཤེས་གྲུབ་པ་ལས། ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །མེ་ལོང་ཡེ་ཤེས་ཞེས་བྱ་སྟེ། །འདི་ནི་ཆོས་སྐུར་ཤེས་པར་བྱ། །ཞེས་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། ཨེ་མའོ་བདག་ནི་རང་བྱུང་བའི། །ཀུན་ཏུ་བཟང་པོ་སེམས་དཔའ་བརྟན། །དེ་ནི་བརྟན་ཕྱིར་ལུས་མིན་ཡང་། །སེམས་དཔའི་ལས་སུ་གྱུར་པ་ཡིན། །ཞེས་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། ཀུན་ཏུ་བཟང་པོ་ཀུན་གྱི་བདག །སངས་རྒྱས་ཐམས་ཅད་ཉིད་སྐྱེས་འདི། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་འགགས་གནས་གསུམ་དང་བྲལ་བའི་སྤྲོས་པ་མེད་པའི་ཆོས་ཉིད་དེ་ལ་གཞི་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ནོ།།

གཉིས་པ་རྒྱན་ཀུན་ཏུ་བཟང་པོ་ནི། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །ཞེས་དང་། རྣལ་འབྱོར་གྲུབ་པའི་རྒྱུད་ལུང་ཀུན་འདུས་རིག་པ་ལས། ཀུན་བཟང་སེམས་ཀྱི་ཆོས་ཉིད་ལས། །ཀུན་གཞི་མ་འདྲེས་ཡོངས་རྫོགས་ཆོས། །ཞེས་གསུངས་པ་ལྟར། ཆོས་ཉིད་ཀྱི་དབྱིངས་ལས་ཆོས་ཅན་རྒྱན་གྱི་རོལ་བར་འགགས་མེད་དུ་ཤར་བའི་སྒྱུ་མ་ལྟ་བུར་སྣང་བའི་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྣང་བ་དེའོ།།

གསུམ་པ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་པ་ནི། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས། བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་དེ་ཉིད་ཟླ་བའི་དཀྱིལ་འཁོར་དུ་གྱུར་ནས་བྱུང་སྟེ། ཞེས་དང་། དམ་ཚིག་གསུམ་བཀོད་པའི་རྒྱུད་ལས། དེ་བཞིན་གཤེགས་པའི་ཀུན་ཏུ་བཟང་པོ་ཡེ་ཤེས་ཀྱི་སྐུ་ཡོངས་སུ་རྫོགས་པ་ཞེས་དང་། གསང་བ་ནོར་བུའི་ཐིག་ལེའི་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་འཐོན་ནས་ཞེས་དང་། བློ་གྲོས་མི་ཟད་པའི་མདོ་ལས། དེ་ནས་དེའི་ཚེ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟང་པོས་སྐུ་ལས་འདི་ལྟ་བུའི་འོད་ཕྱུང་སྟེ། ཞེས་དང་། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་གྱི་སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་དང་ལོངས་སྐུའི་ངོ་བོ་འོག་མིན་སྟུག་པོ་བཀོད་པ་ན་བཞུགས་ཏེ་སྤྲུལ་པའི་སེམས་ཅན་གྱི་དོན་འཁོར་བ་ཇི་སྲིད་གནས་པའི་བར་དུ་མཛད་པའི་སངས་རྒྱས་ཀུན་ཏུ་བཟང་པོ་དེའོ།།

བཞི་བ་རིག་པ་ཀུན་ཏུ་བཟང་པོ་ནི། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རིག་པའི་རྒྱལ་པོ་ཀུན་དབྱེར་མེད། །ཀུན་གཞི་རྡོ་རྗེ་མི་ཕྱེད་པ། །ཀུན་ཏུ་བཟང་པོར་དེ་བཤད་དོ། །ཞེས་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོའམ་རྒྱུད་དགོངས་འདུས་ལས། ཇི་བཞིན་པ་ཡི་དེ་བཞིན་ཉིད། །ཐམས་ཅད་འབྱུང་བའི་མ་ཡིན་པས། །ཀུན་བཟང་ཤེས་རབ་ཕ་རོལ་ཕྱིན། །སེམས་ཅན་སངས་རྒྱས་ཀུན་གྱི་གནས། །ཞེས་དང་། གསང་བ་རྒྱན་གྱི་བཀོད་པའི་རྒྱུད་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་ཀུན་ཏུ་བཟང་པོ་དང་། ཞེས་གསུངས་པ་ལྟར། གནས་ལུགས་རང་བྱུང་གི་ཡེ་ཤེས་གཞི་བདེ་གཤེགས་སྙིང་པོ་གཉུག་མ་དོན་དམ་པ་འབྲས་ཆོས་ཀྱི་ཡོན་ཏན་ཡེ་རྫོགས་སུ་གནས་པའི་རིག་པའི་ཆོས་ཉིད་ལ་གོ་བ་ཡིན་ནོ། །དེས་ན་དང་པོ་ནི་སྟོང་པ་ཀ་དག་གི་ཆ་ནས་དང་། འདི་ནི་སྣང་བ་ལྷུན་གྲུབ་ཀྱི་ཆ་ནས་བཞག་པ་ཡིན་ནོ།།

ལྔ་བ་རྟོགས་པ་ཀུན་ཏུ་བཟང་པོ་ནི། གསང་བའི་སྙིང་པོའི་རྒྱུད་ལས། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིགས་མེད་ཀུན་བཟང་ཕྱག་རྒྱ་མཆོག །ཅེས་དང་། ཀུན་བྱེད་རྒྱལ་པོ་ལས། རྡོ་རྗེ་སེམས་དཔའ་ནམ་མཁའ་ཆེ། །ཀུན་བཟང་ཡངས་པ་ཆོས་ཀྱི་དབྱིངས། །རྣམ་དག་ལམ་ཆེན་ཀུན་སྒྲོལ་ཕྱིར། །མི་སྐྱེ་མི་འགགས་ཅིར་མི་དགོངས། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་བསམ་བརྗོད་དང་བྲལ་བའི་དོན་ཇི་བཞིན་དུ་རྟོགས་པའི་ཡེ་ཤེས་སམ་ཐར་བ་སྒྲུབ་བྱེད་ཀྱི་ཟག་མེད་ལམ་གྱི་བདེན་པ་དེ་ཉིད་ལ་བྱ་ཞིང་། དེ་ལ་ལམ་ཀུན་ཏུ་བཟང་པོ་ཞེས་ཀྱང་བྱ་བ་ཡིན་ནོ།།

གཞན་ཡང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། ཞེས་དང་། རྣམ་སྣང་མངོན་བྱང་ལས། ཀུན་ཏུ་བཟང་པོ་དང་། བྱམས་པ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། ངན་སོང་སྤོང་བ་རྣམས་ཀྱིས་བྱིན་གྱིས་བརླབས་པས་སྤྱི་བོ་ནས་དབང་བསྐུར་རོ། །ཞེས་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་ཡང་བསྟན་པ་རྒྱུན་མི་འཆད་པའི་ཕྱིར། བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་དང་། ཞེས་དང་། ཀུན་ཏུ་བཟང་པོའི་མཚན་བརྒྱ་རྩ་བརྒྱད་པ་ལས། བྱང་ཆུབ་སེམས་དཔའ་ཆེན་པོའི་མཆོག་འཕགས་པ་ཀུན་ཏུ་བཟང་པོ་ལ་མཚན་བརྒྱ་རྩ་བརྒྱད་བླ་ན་མེད་པའི་ཡོན་ཏན་གྱི་སྣང་བ་ཞེས་བྱ་བས་བསྟོད་པ། ཞེས་གསུངས་པ་དེ་ལྟར་ཀུན་བཟང་ལྔའི་ནང་དུ་མ་འདུས་པ་ས་བཅུའི་རྒྱུན་མཐའ་བའི་ཚུལ་དུ་སྤྲུལ་པའི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་གྲས་ཀྱི་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཞེས་པའང་ཡོད་པ་ཀུན་གྱིས་ཤེས་སོ།།

གཞན་ཡང་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པ་ནི་སྐབས་དུ་མར་རྡོ་རྗེ་འཆང་དང་རྡོ་རྗེ་སེམས་དཔའ་ཉིད་དུ་གསུངས་པས། དོན་ལ་རྒྱུད་སོ་སོར་མཚན་གྱི་བསྟན་ཚུལ་ཙམ་ལས་རྡོ་རྗེ་འཆང་དང་། རྡོ་རྗེ་སེམས་དཔའ་དང་། ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་རྣམས་ངོ་བོ་གཅིག་ཡིན་ཏེ། གསང་བ་སྙིང་པོ་དེ་ཁོ་ཉིད་ངེས་པའི་བླ་མ་ཆེན་པོ་ལས། ཀུན་བཟང་རྡོ་རྗེ་སེམས་དཔའ་དང་། །དུས་གསུམ་རྒྱལ་བ་རྒྱ་མཚོ་རྣམས། །ཉག་གཅིག་ཡབ་ཏུ་ངེས་པར་རྫོགས། །ཞེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། རྡོ་རྗེ་སེམས་དཔའ་དེ་ནས་རྡོ་རྗེ་ཅན། །རྣམ་པར་རྒྱལ་བ་ཕྱག་ན་རྡོ་རྗེ་དང་། །དཔེ་མེད་རོ་མཉམ་ཤིན་ཏུ་དགའ་བ་དང་། །དམ་པ་དང་པོ་བདེ་བ་ཆེན་པོའོ། །ཞེས་དང་། དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ལས། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཁྱོད་ཡིན་ཏེ། །རྡོ་རྗེ་བསྙེམས་བདག་ཁྱབ་བདག་ཡིན། །སེམས་ཀྱི་སེམས་དཔའ་ཏིང་ངེ་འཛིན། །དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན། །ཀུན་མཆོག་དམ་ཚིག་དངོས་གྲུབ་ཅན། །རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད། །ཅེས་དང་། དེ་ཉིད་བསྡུས་པ་ལས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་དེ་བཞིན་གཤེགས་པ་ཀུན། །རྡོ་རྗེ་དང་པོ་ཀུན་ཏུ་བཟང་། །ཕྱག་འཚལ་ཕྱག་ན་རྡོ་རྗེ་ལའོ། །ཞེས་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། འདི་ནི་དང་པོའི་སེམས་དཔའ་འདོད་པའི་བདག་པོ་འདོད་པའི་དབང་པོ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་སྒྱུ་མ་བདེ་མཆོག་ལས། རྡོ་རྗེ་སེམས་དཔའ་སྒེག་པ་ལ། །དཔའ་ལ་དཔའ་བོ་དེ་བཞིན་གཤེགས། །རྡོ་རྗེ་འཛིན་པ་སྙིང་རྗེ་ལ། །རྒོད་པ་འཇིག་རྟེན་དབང་ཕྱུག་མཆོག །རྡོ་རྗེ་ཉི་མ་ཁྲོ་བ་ལ། །རྡོ་རྗེ་དྲག་པོ་འཇིགས་པ་ལ། །ཤཱཀྱ་ཐུབ་པ་མི་སྡུག་པ། །ངོ་མཚར་ལ་ནི་ཨ་ར་ལི། །རབ་ཏུ་ཞི་ལ་སངས་རྒྱས་རྟག །སྡུག་བསྔལ་ཐམས་ཅད་ཞི་བའི་ཕྱིར། །དངོས་པོ་ཀུན་གྱི་རང་བཞིན་གྱིས། །ཉེ་བར་གནས་ཤིང་བྱིན་གྱིས་རློབས། །ལྟ་བས་མི་ངོམས་པ་ཡི་གཟུགས། །ཐམས་ཅད་བདག་ཉིད་སྟོན་པར་མཛད། །ཅེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། རྟག་པ་དང་ནི་གཏི་མུག་རྡོ་རྗེ་དང་། །རྣམ་པར་སྣང་མཛད་དང་ནི་ཐམས་ཅད་སྐྱོབ། །སྒྱུ་འཕྲུལ་དང་ནི་དེ་ནས་ཨོཾ་མཛད་དང་། །སྐུ་ཡི་རྡོ་རྗེ་རབ་ཏུ་གྲགས་པ་དང་། །ས་སྙིང་དང་ནི་གཏི་མུག་ཆེན་པོ་དང་། །གཤིན་རྗེའི་གཤེད་དང་ཐོ་བའི་དབང་ཕྱུག་དང་། །དེ་བཞིན་གཤེགས་དང་ཤཱཀྱ་ཐུབ་པ་དང་། །སངས་རྒྱས་ཞེས་བྱར་རབ་ཏུ་གྲགས་པའོ། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལམ་རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་ལས། དེ་ནས་རྒྱལ་པོ་རྡོ་རྗེ་འཛིན། །དེ་ཉིད་ཀུན་ཏུ་སྤྲུལ་མཛད་པས། །རྡོ་རྗེ་སེམས་དཔའི་གཟུགས་སྦས་ནས། །ཞི་བའི་སྐུས་ནི་མི་འདུལ་བའི། །སེམས་ཅན་གདུག་པ་གདུལ་བའི་ཕྱིར། །རང་རིག་ཡེ་ཤེས་བྱང་ཆུབ་སེམས། །དྲག་པོ་ཁྲོ་བོའི་སྐུར་བསྟན་པས། །ཁྲོ་བོ་ཞེས་ནི་རྣམ་པར་བརྗོད། །གང་དུ་རྗེས་སུ་འཛིན་པ་ནི། །རྣམ་པར་བསྒྱུར་ཏེ་ཞི་བས་ན། །སླར་ཡང་ཞི་བ་དེ་བཞིན་གཤེགས། ཆོས་ཉིད་མཉམ་པར་འབྱུང་བའོ། །འདི་དག་གསང་བ་རྡོ་རྗེ་འཛིན། །སེམས་ཅན་དོན་དུ་ཐབས་སྟོན་མཛད། །ཤཱཀྱ་ཐུབ་པ་བཅོམ་ལྡན་འདས། །བདག་ཉིད་ཆེན་པོའི་བྱིན་བརླབས་ལས། །རྔ་བོ་ཆེ་དང་གཎྜཱི་དང་། །ཆོས་ཀྱི་དུང་ལས་གྲགས་པ་དང་། །སྣ་ཚོགས་རོལ་མོའི་སྒྲ་ལས་ནི། །གང་ཞིག་དམ་ཆོས་སྒྲ་བྱུང་བ། །འཕགས་པ་ཉན་ཐོས་རྣམས་དང་ནི། །བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་ཀྱང་། །ཆོས་ཀྱི་འགྲོ་བ་གང་ཡིན་དང་། །དུས་དེར་བརྒྱུད་པའི་ཆོས་བསྟན་པ། །དེ་སྙེད་བདེ་གཤེགས་རྒྱལ་བ་ཡི། །དངོས་ཀྱི་བྱིན་བརླབ་རིག་པར་བྱ། །ཞེས་དང་། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་རྡོ་རྗེ་འཛིན་པའི་ངོ་བོ་ཉིད་དུ་གནས་ཏེ། དེ་བཞིན་གཤེགས་པ་སྣ་ཚོགས་བདག་ཉིད་དུ་གཅིག་པའི་སྐུའོ། །ཞེས་དང་། འཕྲིན་ལས་ཐམས་ཅད་འབྱུང་བ་འདུས་པའི་ཕྱི་མའི་རྒྱུད་ལས། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཁྲོས་པ་རྡོ་རྗེ་གཏུམ་པོ་སྤྲོས་པ་ནི། ཧཱུྃ། རལ་གྲི་ཞགས་པ་བསྣམས་པའི་མཆོག །སྐྲ་སེར་མཁྲང་ལ་གྲིམས་པའི་ལུས། །མ་རུངས་གཏུམ་པོ་ཆེར་འཁྲུགས་པ། །མདོག་ནག་མིག་ཡོན་སྤྲོ་བ་ཆེ། །ཞེས་གསུངས་པ་དང་། ཕྱག་ན་རྡོ་རྗེས་མཛད་པའི་རྡོ་རྗེ་འཆང་གི་བསྟོད་པ་ལས། དགེ་དང་མི་དགེའི་རྣམ་རྟོག་དང་། །ཡིད་ལ་བྱེད་དང་སེམས་པ་མེད། །རང་བཞིན་གྱིས་ནི་ནམ་མཁའི་ཚུལ། །རྡོ་རྗེ་སེམས་དཔའ་ཁྱོད་ཕྱག་འཚལ། །ཞེས་རྒྱུད་སྡེ་རྣམས་སུ་རྡོ་རྗེ་འཆང་དེ་རྡོ་རྗེ་སེམས་དཔའ་ཡིན་པར་གསལ་བར་བཤད་པ་དང་། སློབ་དཔོན་ཆེན་པོ་ཌྷཾ་ཀ་དཱ་ཤས་མཛད་པའི་ཀྱེའི་རྡོ་རྗེའི་འགྲེལ་བཤད་ཁ་སྦྱོར་ཤིན་ཏུ་དྲི་མ་མེད་པ་ལས། ས་བཅུའི་དབང་ཕྱུག་སངས་རྒྱས་དང་མགོན་པོ་རྡོ་རྗེ་འཆང་གཉིས་སོ་ཞེས་བརྗོད་བྱ་གཞན་གྱིས་མིན། ཐ་དད་པ་རྣམས་ཀྱིས་མིན་ཏེ་སངས་རྒྱས་དང་རྡོ་རྗེ་འཆང་གི་ཐ་དད་མེད་པ་ཉིད་ས་བཅུ་གཅིག་གོ །ཞེས་དང་། དེ་ལ་རྡོ་རྗེ་སེམས་དཔའ་ནི་རྡོ་རྗེ་འཆང་ངོ་། །ཞེས་གསུངས་པ་ལྟར། ཀུན་ཏུ་བཟང་པོ་དང་། རྡོ་རྗེ་འཆང་དང་། རྡོ་རྗེ་སེམས་དཔའ་དང་། ཕྱག་ན་རྡོ་རྗེ་རུ་བརྗོད་པ་རྣམས་ཀྱང་བདག་ཅག་གི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཐེག་པ་ཆེ་ཆུང་དང་། མདོ་སྔགས་ཀྱི་གཞུང་སོ་སོར་མཚན་གྱིས་བསྟན་ཚུལ་མི་འདྲ་བ་ཙམ་དང་། དཔལ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ཀྱི་དཀྱིལ་འཁོར་གྱི་འཁོར་ལོའི་སྒྲུབ་ཐབས་པདྨ་རཱ་གའི་གཏེར་ལས། ཤཱཀྱ་ཐུབ་པ་ནི་མཁའ་འགྲོ་རྒྱ་མཚོ་རང་ཉིད་ཡིན་པའི་ཕྱིར། བཞི་པོ་མ་གཏོགས་པའོ། །ཞེས་གསུངས་པ་ལྟར། སྔགས་ལས་ཀྱང་རྒྱུད་སྡེ་སོ་སོ་གསུངས་པའི་སྐབས་སུ་གང་སྐུར་བཞེངས་ཡུལ་གྱི་གཙོ་ལྷ་དང་སྟོན་པ་པོའི་རྣམ་འགྱུར་མི་འདྲ་བའི་དབང་གིས་མཚན་གྱི་རྣམ་གྲངས་མི་འདྲ་བ་ཙམ་ལས་དོན་ལ་ཤཱཀྱ་ཐུབ་པ་ཉིད་ལ་གོ་བ་ལས་གཞན་པའི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་སོགས་མེད་ལ། ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་སོགས་ལས་གཞན་པའི་ཤཱཀྱ་ཐུབ་པ་མེད་པ་འདི་ལུང་དང་རིགས་པ་བརྒྱ་ཕྲག་གིས་གྲུབ་པས་ཤཱཀྱ་ཐུབ་པ་དང་ཐ་དད་ཅིང་། ཤཱཀྱ་ཐུབ་པ་ལས་ལྷག་པའི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་འཆང་ཡོད་པར་འདོད་པའི་བློ་ཕྱིན་ཅི་ལོག་གི་ཚེེར་མའི་ཚལ་དུ་གནས་འཆའ་ཞིང་རྨོངས་པའི་ཀླག་ཅོར་དབྱངས་སུ་གྱེར་བའི་ཝ་སྐྱེས་འདྲ་མཆིས་ཚེ་རྒོལ་བའི་དཀྱིལ་འཁོར་མངོན་སུམ་དུ་བཤམ་པར་བཟོད་དོ། །དེས་ན་དུ་མར་སྣང་ཞིང་དུ་མར་བརྗོོད་ཀྱང་གཅིག་ལས་མེད་ལ་གཅིག་པུ་ཉིད་དུ་གཟུང་བར་འདི་གནད་དམ་པའོ།།

ད་ནི་དཀྱུས་ལ་འཇུག་སྟེ། དེ་ལྟར་གོང་དུ་སྨོས་པ་ལྟར་ཡུལ་ཅན་ཡིད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་དག་ཅིང་ཅིར་ཡང་མ་གྲུབ་པ་ཆོས་ཉིད་སྤྲོས་པ་དང་བྲལ་བ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་སྣང་ཆ་རྣམ་པ་ཐམས་ཅད་མཁྱེན་པ་འོད་གསལ་བའི་ཡེ་ཤེས་ཡེ་ནས་འབྲས་བུའི་ངོ་བོར་མངོན་པར་རྫོགས་པར་སངས་རྒྱས་པའི་རང་བཞིན་ཅན་གང་ཡིན་པ་དེ་ལ་ཡབ་ཀུན་ཏུ་བཟང་པོ་དང་། ཡུལ་ཆོས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་དག་ཅིང་ཅིར་ཡང་མ་གྲུབ་པ་སྤྲོས་པ་དང་བྲལ་བའི་དབྱིངས་ལ་ཡེ་ནས་མངོན་པར་རྫོགས་པར་སངས་རྒྱས་པའི་སྒྲིབ་བྲལ་ངོ་བོ་ཉིད་སྐུའི་ཆོས་ཉིད་གང་ཡིན་པ་དེ་ལ་ཡུམ་ཀུན་ཏུ་བཟང་མོ་ཞེས་བརྗོད་ཅིང་། ཀུན༷་བཟ༷ང་ཡ༷བ་ཡུ༷མ་གྱི་དགོང༷ས་པ་ཆོས་ཉིད་དམིགས་པ་མེད་པ་དང་། སྤྱོད༷་པ་བླང་དོར་བྱ་བྱེད་ལས་འདས་པ་ནི་དེ༷་འདྲ༷་ལྟར་ཡིན་པ་མ་ཟད་རང་གིས་ཀྱང་ཀུན་བཟང་ཡབ་ཡུམ་གྱི་གོ་འཕང་ཐོབ་ཕྱིར་ལམ་ལ་སློབ་པ་ན་དགོངས་དོན་དང་། རྟོགས་པའི་སྤྱོད་པ་དེ་དང་འདྲ་བ་དགོས་པ་ཡིན་ན་ཡ༷ང་། དེ༷་ལྟ༷ར་དུ་བད༷ག་གིས༷་ནི་ཆོས་ཉིད་ཀྱི་དོན་ཇི་བཞིན་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོག༷ས་ཏེ༷། ཀུ༷ན་བཟ༷ང་ཡ༷བ་ཡུམ༷་གྱི་ཐུག༷ས་ཀྱི་དགོངས་སྤྱོད་ད༷ང་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་ཀུན་བཟང་ཡབ་ཡུམ་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་ཀུན་བཟང་ཡབ་ཀྱི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། ཀུན་བཟང་ཡབ་ཡུམ་ཞེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པ་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་དེའི་དབང་གིས་བསགས་པའི་ཉེས་ལྟུང་ཐམས་ཅད་བཤགས་པའོ།།

གཉིས་པ་རྒྱལ་བ་རིགས་ལྔའི་ཀློང་བཤགས་ནི། རྒྱལ་བ་རིགས་ལྔ་གསན་ཅིང་དགོངས་སུ་གསོལ༔ ཕུང་པོ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རྒྱལ་བ་རིགས་ལྔའི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ རྒྱལ་བ་རིགས་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ།

རྡོ་རྗེ་མཁའ་འགྲོ་མ་དྲྭ་བ་སྡོམ་པའི་རྒྱུད་ལས། མི་སྐྱོད་རྣམ་སྣང་རིན་ཆེན་འབྱུང་། །དཔག་མེད་དོན་གྲུབ་རྡོ་རྗེ་སེམས། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། རྣམ་སྣང་མཛད་དང་མི་སྐྱོད་དང་། །དོན་ཡོད་གྲུབ་དང་འོད་དཔག་མེད། །རིན་ཆེན་རྒྱལ་མཚན་ལྔ་པོ་ནི། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དང་། རྡོ་རྗེའི་རིགས་མི་སྐྱོད་པའམ་རྡོ་རྗེ་སེམས་དཔའ་དང་། རིན་ཆེན་རིགས་རིན་ཆེན་འབྱུང་ལྡན་དང་། པདྨའི་རིགས་སྣང་བ་མཐའ་ཡས་སམ་འོད་དཔག་མེད་དང་། ལས་ཀྱི་རིགས་དོན་ཡོད་གྲུབ་པ་སྟེ་རྒྱལ༷་བ༷་རིག༷ས་ལྔ༷་པོ་རྣམས་ཉམས་ཆག་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅིང༷་ཐུགས་ཀྱིས་ཉེ་བར་དགོང༷ས་ཏེ་གཟིགས་སུ༷་གསོ༷ལ་ཅིག་ཅེས་རྒྱལ་བ་རིགས་ལྔ་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

རྒྱུད་གསང་བའི་སྙིང་པོ་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། ཕུང་པོ་ལྔ་དོན་སངས་རྒྱས་ལྔ། །ཞེས་དང་། དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །ཞེས་དང་། དཔལ་འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པ་ལས། རིགས་ལྔ་ཡི་ནི་སངས་རྒྱས་ལྔ། །ཕུང་པོ་ལྔ་དང་ཆགས་སྡང་ལྔ། །བསམ་གྱིས་མི་ཁྱབ་ལྔ་པའོ། །ཞེས་དང་། དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས། ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །ཞེས་གསུངས་པ་ལྟར། གཟུགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་ཤེས་ཀྱི་ཕུང་པོ་སྟེ་ཕུང༷་པོ༷་ལྔ༷་ནི༷་ཡེ༷་ནས༷་རྣམ་པར་དག་པ་སྤྲོས་པ་དང་བྲལ་བ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་མངོ༷ན་པར་རྫོགས་པ་སང༷ས་རྒྱས༷་པའི་རང་བཞིན་ཅན་ཡིན་ཏེ། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པ་དང་། ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་སེར་པོ་ནོར་བུ་དང་དྲིལ་བུ་འཛིན་པ་དང་། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སྣང་བ་མཐའ་ཡས་དམར་པོ་པདྨ་དང་དྲིལ་བུ་འཛིན་པ་དང་། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དོན་ཡོད་གྲུབ་པ་ལྗང་གུ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་དང་། རྣམ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའམ་རྡོ་རྗེ་མི་བསྐྱོད་པ་མཐིང་ག་རྡོ་རྗེ་དང་དྲིལ་བུ་འཛིན་པའི་རང་བཞིན་ཅན་ཡིན་པའི་ཕྱིར། གྲུབ་སྟེ། ཞི་ཁྲོའི་ལས་བྱང་ཚོར་བ་རང་གྲོལ་ལས། གཟུགས་ཕུང་རྣམ་དག་བཅོམ་ལྡན་རྣམ་སྣང་མཛད༔ རྣམ་ཤེས་རྣམ་དག་བཅོམ་ལྡན་རྡོ་རྗེ་སེམས༔ ཚོར་བ་རྣམ་དག་བཅོམ་ལྡན་རིན་ཆེན་འབྱུང་༔ འདུ་ཤེས་རྣམ་དག་བཅོམ་ལྡན་སྣང་མཐའ་ཡས༔ འདུ་བྱེད་རྣམ་དག་བཅོམ་ལྡན་དོན་ཡོད་གྲུབ༔ ཅེས་དང་། རྟ་མཆོག་རོལ་བའི་རྒྱུད་ལས། གཟུགས་ཕུང་རྣམ་པར་སྣང་མཛད་ཆེ། །ཚོར་བ་རིན་ཆེན་འབྱུང་ལྡན་སྐུ། །འདུ་ཤེས་སྣང་བ་མཐའ་ཡས་སྐུ། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། །རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཐམས་ཅད་བདེ་གཤེགས་ལྔ་ཡི་སྐུ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། གཟུགས་ཕུང་སྣང་བ་རྣམ་སྣང་མཛད། །ཚོར་བ་རིན་ཆེན་འབྱུང་ལྡན་གཙོ། །འདུ་ཤེས་སྣང་བ་མཐའ་ཡས་ཏེ། །འདུ་བྱེད་གདོན་མི་ཟ་གྲུབ་པ། །རྣམ་ཤེས་རྡོ་རྗེ་སེམས་དཔའོ། །ཞེས་དང་། དཔལ་ཡེ་ཤེས་ཐིག་ལེ་ལས། གཟུགས་ནི་རྣམ་པར་སྣང་མཛད་གྲགས། །གཏི་མུག་རྡོ་རྗེའི་ངོ་བོ་ཉིད། །ཚོར་བ་རིན་ཆེན་རྒྱལ་པོ་ནི། །ང་རྒྱལ་རྡོ་རྗེའི་ངོ་བོ་ཉིད། །འདུ་ཤེས་དེ་ནི་སྣང་མཐའ་ཡས། །ཆགས་པ་རྡོ་རྗེའི་ངོ་བོ་ཉིད། །འདུ་བྱེད་དོན་ཡོད་གྲུབ་པ་སྟེ། །ཕྲག་དོག་རྡོ་རྗེ་རུ་ནི་གྲགས། །རྣམ་པར་ཤེས་འདིར་མི་བསྐྱོད་པ། །ཞེ་སྡང་རྡོ་རྗེ་རབ་ཏུ་བསྒོམ། །ཞེས་དང་། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། གཟུགས་རྣམས་ཀྱི་ནི་རང་བཞིན་དུ། །རྣམ་པར་སྣང་མཛད་ཐུབ་པ་བཞུགས། །ཚོར་བ་རིན་ཆེན་མགོན་པོ་ཡིན། །མཐའ་ཡས་འོད་ནི་འདུ་ཤེས་སུའོ། །འདུ་བྱེད་ཀུན་ཏུ་གདོན་མི་ཟ། །མི་བསྐྱོད་པ་ནི་ཕུང་པོ་ལྔར། །དེ་བཞིན་གཤེགས་པ་ལྔ་རྣམས་ནི། །ཞེས་དང་། དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས། གཟུགས་ཕུང་རྣམ་པར་སྣང་མཛད་ལ། །བརྗེད་དང་བརྙས་པ་ལ་སོགས་སྤང་། །དེ་ལ་མཆོད་དང་བསྟོད་སོགས་བྱ། །དོན་དམ་པར་ནི་རང་རིག་སྟེ། །ཚོགས་བསགས་ཕྱིར་ན་ང་ཡིས་གསུངས། །ཚོར་བ་ལ་སོགས་དེ་དང་འདྲ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཀུན་རྫོབ་ཀྱི་ཕུང་པོ་ལྔ་པོ་ཡེ་ནས་སྟོང་ཞིང་ཟབ་གསལ་གཉིས་སུ་མེད་པའི་ངོ་བོར་རྣམ་པར་དག་པ་ལ་རྒྱལ་བ་རིགས་ལྔའི་རང་བཞིན་ལས་གཞན་དུ་མེད་པ་དེའི་ཕྱིར་རྒྱལ༷་བ༷་རིག༷ས་ལྔ༷འི་དགོང༷ས་པ་ཕུང་ལྔ་དམིགས་པ་མེད་པ་དང་། སྤྱོ༷ད་པ་ཕུང་ལྔའི་མཚན་མ་དང་མཚན་མར་ཞེན་པ་ལ་བླང་དོར་བྱ་བྱེད་ལས་འདས་པ་ཅན་ཡིན་ཞིང་། རང་གིས་ཀྱང་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པས་དེ་འདྲའི་དགོངས་པ་རྟོགས་པ་དང་། སྤྱོད་པ་དེ༷་འདྲ༷་བ་ལ་སྤྱོད་དགོས་ན་ཡ༷ང་། དེ༷་ལྟ༷ར་ཕུང་པོ་ལྔ་རྣམ་པར་དག་པའི་དོན་ཇི་བཞིན་བད༷ག་གིས༷་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོག༷ས་ཏེ༷། དེ་བཞིན་གཤེགས་པ་དང་། རྡོ་རྗེ་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིགས་རྒྱ༷ལ༷་བ་རིག༷ས་ལྔ༷འམ་རིགས༷་ཀྱི༷་ཡ༷བ་རྣམ༷ས་ཀྱི་ཐུག༷ས་ཀྱི་དགོངས་སྤྱོད་དང༷་ཅི༷་

འག༷ལ་བ༷འམ་རྒྱལ༷་བ༷་རིག༷ས་ལྔ༷འི་ཐུགས༷་དང༷་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་རྒྱལ་བ་རིགས་ལྔའི་ཚོགས་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་རྒྱལ་བ་རིགས་ལྔའི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། རྒྱལ་བ་རིགས་ལྔ་ཞེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་ཕུང་པོ་ལྔ་རྣམ་པར་དག་པའི་ཀློང་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་དེའི་དབང་གིས་བྱུང་བའི་ཉེས་ལྟུང་རྣམས་བཤགས་པའོ།།

གསུམ་པ་རིགས་ཀྱི་ཡུམ་ལྔའི་ཀློང་བཤགས་ནི། རིགས་ཀྱི་ཡུམ་རྣམས་གསན་ཅིང་དགོངས་སུ་གསོལ༔ འབྱུང་བ་ལྔ་ནི་ཡེ་ནས་མངོན་སངས་རྒྱས༔ རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ རིགས་ཀྱི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། ལས་བྱང་ཚོར་བ་རང་གྲོལ་ལས། དབྱིངས་ཕྱུག་སངས་རྒྱས་སྤྱན་དང་མཱ་མ་ཀཱི༔ གོས་དཀར་སྒྲོལ་མ་ལ་སོགས་ཡུམ་མཆོག་ལྔ༔ ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་དང་། རིན་ཆེན་དང་། པདྨ་དང་། ལས་ཀྱི་རིག༷ས་ཀྱི༷་ཡུམ༷་ཆེན་མོ་དབྱིངས་ཕྱུག་མ་དང་། སངས་རྒྱས་སྤྱན་མ་དང་། མཱ་མ་ཀཱི་དང་། གོས་དཀར་མོ་དང་། དམ་ཚིག་སྒྲོལ་མ་རྣམ༷ས་ཉེས་ལྟུང་འགྱོད་གདུང་གིས་བཤགས་པར་བྱེད་པ་པོ་བདག་ལ་སྙན་གྱིས་གས༷ན་ཅི༷ང་ཐུགས་ཀྱི་དགོང༷ས་ཏེ་བརྩེ་བས་གཟིགས་སུ༷་གསོ༷ལ་ཞེས་བཤགས་ཡུལ་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

དོན་དམ་པར་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང༷་བ༷་ལྔ༷་ནི༷་ཡེ༷་ནས༷་བདེན་པར་མ་གྲུབ་པར་སྤྲོས་པ་དང་བྲལ་བའི་རྣམ་པར་དག་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡེ་ནས་མངོ༷ན་པར་སང༷ས་རྒྱས༷་པའི་རང་བཞིན་ཅན་ཡིན་ལ། དེ་ལ་ཡུམ་ལྔ་ཞེས་བཏགས་པ་ཙམ་པ་ལས་ཞལ་ཕྱག་གི་མཚན་མ་ཅན་གྱི་ཡུམ་ལྔ་ཞེས་པ་གང་དུའང་མ་གྲུབ་སྟེ། རྒྱུད་གསང་བའི་སྙིང་པོ་ལས། འབྱུང་བ་སོ་སོའི་མཚན་ཉིད་དེ། །ཡུམ་ལྔ་དག་ཏུ་བསྒོམ་པར་བྱ། །ཞེས་དང་། བདུད་རྩི་བུམ་པའི་ལུང་ལས། འབྱུང་ལྔ་ཡུམ་གྱི་དཀྱིལ་འཁོར་དག །བྱང་ཆུབ་སེམས་ལས་རིམ་བཞིན་བསྐྱེད། །ཅེས་དང་། དམ་ཚིག་ཆེན་པོའི་རྒྱུད་ལས། འབྱུང་བ་ལྔ་ནི་ཡུམ་ལྔའོ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། འབྱུང་བ་ལྔ་ཉིད་སངས་རྒྱས་ལྔར། །མི་ཡི་ལུས་ནི་བརྟག་བྱ་སྟེ། །དངོས་དེ་ངེས་པར་བསྒོམ་པ་ཡིས། །རང་སེམས་མཐུ་ཡིས་སངས་རྒྱས་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དོན་དམ་པར་འབྱུང་བ་སའི་ངོ་བོ་རྣམ་པར་དག་པ་རྡོ་རྗེ་རིགས་ཀྱི་ཡུམ་སངས་རྒྱས་སྤྱན་མ་མཐིང་སྐྱ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་། ཆུའི་ངོ་བོ་རྣམ་པར་དག་པ་རིན་ཆེན་རིགས་ཀྱི་ཡུམ་མཱ་མ་ཀཱི་སེར་སྐྱ་ནོར་བུ་དང་དྲིལ་བུ་འཛིན་པ་དང་། མེ་ཡི་ངོ་བོ་རྣམ་པར་དག་པ་པདྨའི་རིགས་ཀྱི་ཡུམ་གོས་དཀར་མོ་དམར་སྐྱ་པདྨ་དང་དྲིལ་བུ་འཛིན་པ་དང་། རླུང་གི་ངོ་བོ་རྣམ་པར་དག་པ་ལས་ཀྱི་རིགས་ཀྱི་ཡུམ་དམ་ཚིག་སྒྲོལ་མ་ལྗང་སྐྱ་རྒྱ་གྲམ་དང་དྲིལ་བུ་འཛིན་པ་དང་། ནམ་མཁའི་ངོ་བོ་རྣམ་པར་དག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་དབྱིངས་ཕྱུག་མ་དཀར་དམར་མོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་རང་བཞིན་ཅན་ཡིན་ཏེ། ལས་བྱང་ཚོར་བ་རང་གྲོལ་ལས། ནམ་མཁའ་རྣམ་དག་ཡུམ་མཆོག་དབྱིངས་ཕྱུག་མ༔ ས་ཁམས་རྣམ་དག་ཡུམ་མཆོག་སངས་རྒྱས་སྤྱན༔ ཆུ་ཁམས་རྣམ་དག་ཡུམ་མཆོག་མཱ་མ་ཀཱི༔ མེ་ཁམས་རྣམ་དག་ཡུམ་མཆོག་ན་བཟའ་དཀར༔ རླུང་ཁམས་རྣམ་དག་ཡུམ་མཆོག་དམ་ཚིག་སྒྲོལ༔ ཞེས་དང་། གསང་བ་སྙིང་པོ་ལས། ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ཤེས་སངས་རྒྱས་ཞིང་། །ཞེས་དང་། རྟ་མཆོག་རོལ་བའི་རྒྱུད་ལས། ས་ཁམས་སངས་རྒྱས་སྤྱན་ཡིན་ཏེ། །ཆུ་ཁམས་ལྷ་མོ་མཱ་མ་ཀཱི། །མེ་ཁམས་ན་བཟང་དཀར་མོ་སྟེ། །རླུང་ཁམས་དམ་ཚིག་སྒྲོལ་མའོ། །ནམ་མཁའ་ཀུན་ཏུ་བཟང་མོའི་སྐུ། །འབྱུང་ལྔའི་དཀྱིལ་འཁོར་རྣམ་དག་པའོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ས་ཡི་ཁམས་ཀྱི་རང་བཞིན་དུ་ནི། །དེ་ནས་སྤྱན་ནི་བཞུགས་བྱ་སྟེ། །རྣལ་འབྱོར་ཡིད་ཀྱིས་བསམ་པ་ནི། །དེ་ཡང་སྤྲོ་བར་གནས་པར་བསམ། །མཱ་མ་ཀཱི་ཡང་ཆུ་ཡི་ཁམས། །བརླན་ཞིང་ཁྲག་ནི་རྒྱུ་བའི་ཕྱིར། །རྣལ་འབྱོར་པས་ནི་ཡིད་ཀྱིས་བསམ། །དེ་ཡི་ལུས་ནི་རྒྱས་པར་འགྱུར། །མེ་ཡི་ཁམས་ཀྱི་རང་བཞིན་ནི། །གོས་དཀར་མོ་ཡང་གཞུག་པར་བྱ། །ཀུན་ཏུ་ཁྱབ་པར་བཞུགས་པ་ཡི། །འོད་རྣམས་སུ་ནི་དེར་འགྱུར་རོ། །སྒྲོལ་མ་རླུང་གི་རང་བཞིན་དུ། །བཞུགས་པ་དེ་ནི་བསམ་པར་བྱ། །རླུང་ནི་རྣམ་པ་ལྔ་རུ་འགྱུར། །དེ་བཞིན་ཡིད་མགྱོགས་རྫུ་འཕྲུལ་འགྲུབ། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། །ནམ་མཁའི་རང་བཞིན་དག་ཏུ་འཇུག །ཅེས་དང་། མངོན་པར་འབྱུང་བའི་རྒྱུད་བླ་མ་ལས། ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཁམས་མཱ་མ་ཀཱི་རུ་བཤད། །མེ་ནི་གོས་དཀར་མོ་རུ་བཤད། །རླུང་ནི་སྒྲོལ་མ་དག་ཏུ་གྲགས། །འོ་བྱེད་མ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། ས་ནི་སྤྱན་ཞེས་བྱ་བར་བཤད། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །མེ་ནི་གོས་དཀར་མོར་བཤད་དེ། །རླུང་ནི་སྒྲོལ་མར་རབ་ཏུ་བརྗོད། །ཙུམ་བི་ཀ་ནི་སྟོང་པ་སྟེ། །དེ་བཞིན་ཕ་རོལ་ཕྱིན་པ་ཡིན། །ཞེས་དང་། ཁྲག་འཐུང་མངོན་པར་འབྱུང་བའི་རྒྱུད་ལས། ས་ནི་སྤྱན་མར་བཤད་པ་ཡིན། །ཆུ་ཁམས་མཱ་མ་ཀཱི་རུ་བརྗོད། །གོས་དཀར་མོར་དང་སྒྲོལ་མ་ནི། །མེ་དང་རླུང་དུ་རྣམ་པར་གནས། །འོ་བྱེད་མ་ནི་སྟོང་པའོ། །དེ་བཞིན་ཕ་རོལ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དོན་དམ་པར་འབྱུང་ལྔ་ཡེ་ནས་རྣམ་པར་དག་པ་མངོན་པར་སངས་རྒྱས་པའི་རང་བཞིན་ཅན་གང་ཡིན་པ་ནི་རིག༷ས་ཀྱི༷་ཡུམ༷་ལྔ༷འི་དགོང༷ས་པ་དང་སྤྱོད༷་པ་ཡིན་ལ། གནས་ལུགས་ཀྱི་དོན་ལ་འབྱུང་བ་ལྔ་དང་ཡུམ་ལྔ་ཞེས་པའང་གཞན་དུ་མེད་པར་འབྱུང་ལྔ་ཡེ་ནས་རྣམ་པར་དག་པ་དོན་དམ་བརྗོད་བྲལ་བློ་འདས་ཆེན་པོའི་གཤིས་ལས་མ་འདས་པ་དེ༷་འདྲ༷་ཡིན་ན་ཡ༷ང་། དེ༷་ལྟར༷་ཡིན་པར་བད༷ག་གིས༷་བདག་ཏུ་ཞེན་པ་དང་མཚན་མར་འཛིན་པའི་བློ་ཡི་དབང་གིས་ཇི་བཞིན་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོག༷ས་ཏེ༷། རིག༷ས་ཀྱི༷་ཡུམ༷་ལྔ༷འི་ཐུག༷ས་ཀྱི་དགོངས་སྤྱོད་ད༷ང་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་རིགས་ཀྱི་ཡུམ་ལྔའི་ཚོགས་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་རིགས་ཀྱི་ཡུམ་ལྔའི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། རིགས་ཀྱི་ཡུམ་ལྔ་ཞེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་འབྱུང་བ་ལྔ་རྣམ་པར་དག་པའི་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་འགལ་བ་དེའི་དབང་ལས་བྱུང་བའི་ལྟུང་བ་དང་སྡིག་པ་དང་ཉེས་བྱས་རྣམས་བཤགས་པའོ།།

བཞི་བ་སེམས་དཔའ་བརྒྱད་ཀྱི་ཀློང་བཤགས་ནི། སེམས་དཔའ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཚོགས་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་དཔའ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་དཔའ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། ཞི་ཁྲོའི་ལས་བྱང་ཚོར་བ་རང་གྲོལ་ལས། ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད༔ ཅེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལས། བྱམས་པ་ས་ཡི་སྙིང་པོ་དང་། །ཕྱག་ན་རྡོ་རྗེ་མཁའ་སྙིང་པོ། །འཇིག་རྟེན་དབང་ཕྱུག་འཇམ་པའི་དབྱངས། །སྒྲིབ་སེལ་ཀུན་ཏུ་བཟང་པོ་སྟེ། །སེམས་དཔའ་བརྒྱད་ནི་ལྷ་ཁྱམས་ལ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཕྱག་ན་པདྨ་བྱམས་པ་དང་། །མཁའ་སྙིང་ཀུན་ཏུ་བཟང་པོ་དང་། །གནོད་སྦྱིན་བདག་དང་འཇམ་པའི་དཔལ། །ས་སྙིང་སྒྲིབ་སེལ་དེ་བཞིན་ཏེ། །ལྷ་ནི་བརྒྱད་པོ་འདི་དག་ཉིད། །ཅེས་གསུངས་པ་ལྟར། བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་། བྱམས་པ་དང་། ཀུན་ཏུ་བཟང་པོ་དང་། ནམ་མཁའི་སྙིང་པོ་དང་། འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་དང་། འཇམ་པའི་དབྱངས་དང་། སྒྲིབ་པ་རྣམ་སེལ་དང་། ཕྱག་ན་རྡོ་རྗེ་སྟེ་བྱང་ཆུབ་སེམ༷ས་དཔ༷འ་བརྒྱད༷་པོ་རྣམ༷ས་ཉམས་ཆག་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅིང༷་ཐུགས་ཀྱིས་ལེགས་པར་དགོང༷ས་ཏེ་བརྩེ་བས་གཟིགས་སུ༷་གསོ༷ལ་ཞེས་བཤགས་ཡུལ་སེམས་དཔའ་བརྒྱད་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

དེ་ཡང་དོན་དམ་པར་མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་དང་། ཉོན་ཡིད་དང་། ཀུན་གཞིའི་རྣམ་པར་ཤེས་པ་སྟེ་རྣམ༷་པར་ཤེ༷ས་པའི་ཚོ༷གས་བརྒྱད༷་པོ་ཡེ་ནས་བདེན་པར་མ་གྲུབ་པར་སྤྲོས་པ་དང་བྲལ་བའི་རྣམ་པར་དག་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ཡེ༷་ནས༷་མངོ༷ན་པར་ས༷ངས་རྒྱས༷་པའི་རང་བཞིན་ཅན་ཡིན་ཏེ། མིག་གི་རྣམ་ཤེས་རྣམ་པར་དག་པ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དཀར་པོ་མྱུ་གུ་དང་དྲིལ་བུ་འཛིན་པ་དང་། རྣ་བའི་རྣམ་ཤེས་རྣམ་པར་དག་པ་ནམ་མཁའི་སྙིང་པོ་སེར་པོ་རལ་གྲི་དང་དྲིལ་བུ་འཛིན་པ་དང་། སྣའི་རྣམ་ཤེས་རྣམ་པར་དག་པ་སྤྱན་རས་གཟིགས་དབང་ཕྱུག་དཀར་དམར་པདྨ་དང་དྲིལ་བུ་འཛིན་པ་དང། ལྕེའི་རྣམ་ཤེས་རྣམ་པར་དག་པ་ཕྱག་ན་རྡོ་རྗེ་ལྗང་གུ་རྡོ་རྗེ་དང་དྲིལ་བུ་འཛིན་པ་དང་། ལུས་ཀྱི་རྣམ་ཤེས་རྣམ་པར་དག་པ་བྱམས་པ་མགོན་པོ་དཀར་པོ་ཀླུ་ཤིང་དང་དྲིལ་བུ་འཛིན་པ་དང་། ཡིད་ཀྱི་རྣམ་ཤེས་རྣམ་པར་དག་པ་སྒྲིབ་པ་རྣམ་སེལ་ལྗང་གུ་པུསྟི་དང་དྲིལ་བུ་འཛིན་པ་དང་། ཉོན་ཡིད་རྣམ་ཤེས་རྣམ་པར་དག་པ་ཀུན་ཏུ་བཟང་པོ་དམར་སེར་སྙེ་མ་དང་དྲིལ་བུ་འཛིན་པ་དང་། ཀུན་གཞིའི་རྣམ་ཤེས་རྣམ་པར་དག་པ་འཇམ་དཔལ་དབྱངས་དམར་སེར་ཨུཏྤལ་དང་དྲིལ་བུ་འཛིན་པའི་རང་བཞིན་ཅན་ཡིན་ལ། དེ་ལྟར་སེམས་དཔའ་བརྒྱད་ཅེས་བཏགས་པ་ཙམ་པ་ལས་དོན་དམ་པར་ཞལ་ཕྱག་གི་མཚན་མ་ཅན་གྱི་སེམས་དཔའ་བརྒྱད་ཅེས་པ་གང་དུའང་མ་གྲུབ་པར་རྣམ་ཤེས་བརྒྱད་ཀྱི་དག་པ་གནས་ལུགས་དོན་དམ་བསམ་བརྗོད་མེད་པའི་དབྱིངས་ཉིད་ལ་གོ་དགོས་པའི་ཕྱིར་ཏེ། ལས་བྱང་ཚོར་བ་རང་གྲོལ་ལས། ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད༔ ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་༔ སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད༔ ཅེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། མིག་སོགས་དབང་པོ་ལ་བརྟེན་པ། །རྣམ་པར་ཤེས་པའི་ཚོགས་བརྒྱད་ནི། །རིམ་པ་ཇི་ལྟ་བ་བཞིན་དུ། །བྱང་ཆུབ་སེམས་དཔའ་བརྒྱད་དུ་ཤེས། །བྱང་ཆུབ་སེམས་དཔའི་བདག་ཉིད་ཆེ། །ཞེས་དང་། དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས། སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན། །ཞེས་དང་། མིག་ལ་སོགས་པ་དེ་བཞིན་ནོ། ། གཟུགས་ལ་སོགས་པ་དེ་བཞིན་བསྲུང་། །དཀྱིལ་འཁོར་དུ་ཞུགས་རྣལ་འབྱོར་པ། །རྡོ་རྗེ་འཛིན་པ་བཞིན་དུ་མཆོད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་རྣམ་ཤེས་ཚོགས་བརྒྱད་པོ་རྣམ་དག་གི་སེམས་དཔའ་བརྒྱད་པོ་སོ་སོར་གང་ལ་སྦྱར་བའི་ཚུལ་འདི་ཞི་ཁྲོའི་དབང་གི་དངོས་གཞི་འཕྲད་ཚད་རང་གྲོལ་སྤྲོས་བཅས་བུམ་དབང་ཆེན་མོ་དང་། དབང་སྐུར་གནས་སྤར་འགྲོ་དྲུག་རང་གྲོལ་གྱི་ལྷ་དབང་ངོ་སྤྲད་པའི་སྐབས་སུ་གསུངས་པ་ལྟར་ཡིན་ཏེ། དེ་ཉིད་ལས། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས་སེམས་དཔའ་བརྒྱད་ཀྱང་གཞན་ན་མེད་དེ༔ རང་གི་རྣམ་པར་ཤེས་པ་ཚོགས་བརྒྱད་འགགས་མེད་དུ་གསལ་བ་འདི་ཀ་ཡིན་ནོ༔ མིག་གི་རྣམ་པར་ཤེས་པ་གཟུགས་འགགས་མེད་དུ་མཐོང་མཁན་གྱི་ཤེས་པ་འདི་ནི་སའི་སྙིང་པོའོ༔ རྣ་བའི་རྣམ་པར་ཤེས་པ་སྒྲ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་ནམ་མཁའི་སྙིང་པོའོ༔ སྣའི་རྣམ་པར་ཤེས་པ་དྲི་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ནི་སྤྱན་རས་གཟིགས་སོ༔ ལྕེའི་རྣམ་པར་ཤེས་པ་རོ་འགགས་མེད་དུ་མྱོང་མཁན་གྱི་ཤེས་པ་འདི་ནི་ཕྱག་ན་རྡོ་རྗེའོ༔ ལུས་ཀྱི་རྣམ་པར་ཤེས་པ་རེག་བྱ་འགགས་མེད་དུ་ཚོར་མཁན་གྱི་ཤེས་པ་འདི་ཀ་བྱམས་པའོ༔ ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་ཐོགས་མེད་དུ་གསལ་བའི་ཡིད་ཤེས་འདི་ཀ་སྒྲིབ་པ་རྣམ་སེལ་ལོ༔ ཉོན་མོངས་པའི་ཡིད་ཅན་ངར་འཛིན་གྱི་ཤེས་པ་ཧུ་རེ་བ་འདི་ཀ་སེམས་དཔའ་ཀུན་ཏུ་བཟང་པོ་ཡིན་ནོ༔ ཀུན་གཞིའི་རྣམ་པར་ཤེས་པ་ཁྱབ་བརྡལ་དུ་གསལ་བ་འདི་ཀ་འཇམ་དཔལ་གྱི་རང་བཞིན་ཡིན་པས་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུངས་པའི་ཕྱིར་རོ།།

ཞི་ཁྲོའི་བརྒྱ་ཕྱག་སྡིབ་སྒྲིབ་རང་གྲོལ་ལས་ནི་མིག་ས་སྙིང་དུ་དབང་བཤད་དང་མཐུན་པ་ཙམ་ལས་གཞན་རྣམས་དེ་དང་མི་མཐུན་པར་རྣ་བ་བྱམས་པ་དང་། སྣ་ཀུན་ཏུ་བཟང་པོ་དང་། ལྕེ་ནམ་མཁའི་སྙིང་པོ་དང་། ལུས་སྤྱན་རས་གཟིགས་དང་། ཡིད་འཇམ་པའི་དབྱངས་དང་། ཉོན་ཡིད་ཕྱག་ན་རྡོ་རྗེ་དང་། ཀུན་གཞིའི་རྣམ་ཤེས་སྒྲིབ་སེལ་དུ་སྦྱར་འདུག་ལ། ལུང་རང་གཞུང་དུ་བལྟ་བར་བྱ་ཞིང་། འདི་གཉིས་ཀས་རྣམ་ཤེས་ཚོགས་བརྒྱད་ཀྱི་དག་པ་ལ་སྦྱར་བའོ།།

ཞི་ཁྲོའི་སྐོང་བཤགས་ཉམས་ཆགས་རང་གྲོལ་ལས། མིག་གི་རྣམ་ཤེས་གནས་དག་པའི། །ས་ཡི་སྙིང་པོའི་ཐུགས་དམ་བསྐང་༔ རྣ་བའི་རྣམ་ཤེས་གནས་དག་པའི། །ནམ་མཁའི་སྙིང་པོའི་ཐུགས་དམ་བསྐང་༔ སྣ་ཡི་རྣམ་ཤེས་གནས་དག་པའི། །སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་༔ ལྕེ་ཡི་རྣམ་ཤེས་གནས་དག་པའི། །ཕྱག་ན་རྡོ་རྗེའི་ཐུགས་དམ་བསྐང་༔ ཞེས་ས་སྙིང་རྣམ་སྙིང་སྤྱན་གཟིགས་ཕྱག་རྡོར་ཏེ་སེམས་དཔའ་བཞི་དངོས་སུ་རྣམ་ཤེས་གནས་དག་ལ་སྦྱར་བ་དབང་བཤད་དང་མཐུན་ལ། སེམས་དཔའ་ཕྱི་མ་བཞི་པོ་བྱམས་པ་མིག་གི་དབང་པོ་དང་། སྒྲིབ་སེལ་རྣ་བའི་དབང་པོ་དང་། ཀུན་བཟང་སྣ་ཡི་དབང་པོ་དང་། འཇམ་དཔལ་ལྕེ་ཡི་དབང་པོ་སྟེ་དབང་པོ་གཟུགས་ཅན་པ་བཞིའི་གནས་དག་བཞི་ལ་སྦྱར་བ་ལས་ལུས་ཀྱི་རྣམ་ཤེས་དང་། ཡིད་དང་། ཉོན་ཡིད་དང་། ཀུན་གཞི་བཞིའི་རྣམ་ཤེས་གནས་དག་ལ་སྦྱར་བར་མི་སྣང་སྟེ། དེ་ཉིད་ལས། མིག་གི་དབང་པོ་གནས་དག་པའི། །བྱམས་པ་མགོན་པོའི་ཐུགས་དམ་བསྐང་༔ རྣ་བའི་དབང་པོ་གནས་དག་པའི། །སྒྲིབ་པ་རྣམ་སེལ་ཐུགས་དམ་བསྐང་༔ སྣ་ཡི་དབང་པོ་གནས་དག་པའི། །ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ ལྕེ་ཡི་དབང་པོ་གནས་དག་པའི། །འཇམ་དཔལ་གཞོན་ནུའི་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར། དེས་ན་ཞི་ཁྲོའི་སྐོང་བཤགས་ཉམས་ཆགས་རང་གྲོལ་གྱི་ལུགས་དེ་ནི་གཞུང་འདིའི་བསྡུས་ཡུལ་རྩ་བའི་རྒྱུད་དྲི་མེད་བཤགས་རྒྱུད་ཀྱི་ལུགས་ཡིན་ཏེ། རྒྱུད་དེ་ལས། མིག་གི་རྣམ་པར་ཤེས་པ་གནས་སུ་དག་པ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ། ཞེས་དང་། རྣ་བའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། ཞེས་དང་། སྣའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག། ཅེས་དང་། ལྕེའི་རྣམ་པར་ཤེས་པ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ། ཞེས་དང་། མིག་གི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་བྱམས་པ། ཞེས་དང་། རྣ་བའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་པར་སེལ་བ། ཞེས་དང་། སྣའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ། ཞེས་དང་། ལྕེའི་དབང་པོ་གནས་སུ་དག་པ། བྱང་ཆུབ་སེམས་དཔའ་འཇམ་དཔལ། ཞེས་གསུངས་པའི་ཕྱིར། དེ་གཉིས་ལས་ནི་འཇུག་ཤེས་ལྔ་ལས་ལུས་ཀྱི་རྣམ་ཤེས་དང་དབང་པོ་གཟུགས་ཅན་ལྔ་ལས་ལུས་ཀྱི་དབང་པོ་མ་གཏོགས་པའི་འཇུག་ཤེས་བཞི་དང་། དབང་པོ་གཟུགས་ཅན་པ་བཞི་ལ་སྦྱར་འདུག་གོ།

ཡེ་ཤེས་རྔམ་གློག་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཁ་དོག་དབྱིབས་ལ་སྤྱོད་པ་ཀུན། །མིག་གི་རྣམ་ཤེས་ཞེས་སུ་གྲགས། །མཐོང་བའི་ཡེ་ཤེས་ཡིན་པའི་ཕྱིར། །ས་ཡི་སྙིང་པོའི་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །སྒྲ་རྣམས་ཀུན་ལ་སྤྱོད་པ་ཀུན། །རྣ་བའི་རྣམ་ཤེས་ཞེས་སུ་གྲགས། །ཐོས་པའི་ཡེ་ཤེས་ཡིན་པས་ན། །ལག་ན་རྡོ་རྗེའི་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །དྲི་རྣམས་ཀུན་ལ་སྤྱོད་པ་ཀུན། །སྣ་ཡི་རྣམ་ཤེས་ཞེས་སུ་གྲགས། །ཚོར་བའི་ཡེ་ཤེས་ཡིན་པས་ན། །ནམ་མཁའི་སྙིང་པོའི་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རོ་རྣམས་ཀུན་ལ་སྤྱོད་པ་ཀུན། །ལྕེ་ཡི་རྣམ་ཤེས་ཞེས་སུ་གྲགས། །མྱོང་བའི་ཡེ་ཤེས་ཡིན་པའི་ཕྱིར། །སྤྱན་རས་གཟིགས་ཀྱི་རང་བཞིན་ཡིན། །ཞེས་མིག་གི་རྣམ་ཤེས་ས་ཡི་སྙིང་པོ་དང་། རྣ་བའི་རྣམ་ཤེས་ལག་ན་རྡོ་རྗེ་དང་། སྣ་ཡི་རྣམ་ཤེས་ནམ་མཁའི་སྙིང་པོ་དང་། ལྕེ་ཡི་རྣམ་ཤེས་སྤྱན་རས་གཟིགས་ཏེ་ལུས་ཤེས་མ་གཏོགས་པའི་འཇུག་ཤེས་བཞི་ལ་སྦྱར་བ་དང་། ཡང་དེ་ཉིད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །མཐོང་བྱེད་དང་བའི་བདག་ཉིད་དེ། །མིག་གི་ཁམས་ཞེས་བྱ་བར་གྲགས། །མཐོང་བའི་བྱ་བ་བྱེད་པའི་ཕྱིར། །བྱམས་པ་མཻ་ཏྲིའི་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཐོས་པར་བྱེད་པའི་བདག་ཉིད་དེ། །རྣ་བའི་ཁམས་ཞེས་བྱ་བར་གྲགས། །ཐོས་པའི་བྱ་བ་བྱེད་པའི་ཕྱིར། །སྒྲིབ་པ་རྣམ་སེལ་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །མནོམ་བྱེད་དང་བའི་བདག་ཉིད་དེ། །སྣ་ཡི་ཁམས་ཞེས་བྱ་བར་གྲགས། །ཚོར་བར་བྱ་བ་བྱེད་པའི་ཕྱིར། །འཇམ་དཔལ་ཉིད་ཀྱི་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །མྱོང་བྱེད་དག་པའི་བདག་ཉིད་དེ། །ལྕེ་ཡི་ཁམས་ཞེས་བྱ་བར་གྲགས། །མྱོང་བའི་བྱ་བ་བྱེད་པའི་ཕྱིར། །ཀུན་ཏུ་བཟང་པོའི་རང་བཞིན་ཡིན། །ཞེས་བྱམས་པ་སོགས་སེམས་དཔའ་བཞི་ཁམས་ཞེས་པ་ནི་དབང་པོ་ཡིན་ཕྱིར་དབང་པོ་གཟུགས་ཅན་པ་བཞི་ལ་སྦྱར་བ་བསྐང་བཤགས་སོགས་དང་མཐུན་མོད། མི་མཐུན་པ་ནི་རྣ་བའི་རྣམ་ཤེས་སྐོང་བཤགས་ལྟར་ནམ་མཁའི་སྙིང་པོ་མིན་པར་ལག་ན་རྡོ་རྗེ་དང་། སྣ་ཡི་རྣམ་ཤེས་སྤྱན་རས་གཟིགས་མིན་པར་ནམ་མཁའི་སྙིང་པོ་དང་། ལྕེ་ཡི་རྣམ་ཤེས་ཕྱག་ན་རྡོ་རྗེ་མིན་པར་སྤྱན་རས་གཟིགས་ལ་སྦྱར་བ་དང་། སྣ་ལྕེའི་དབང་པོ་གཉིས་བཤགས་རྒྱུད་དང་བསྐང་བཤགས་ལས་ལྡོག་སྟེ་བཀོད་པའོ།།

ཞི་ཁྲོའི་རིགས་དྲུག་གནས་འདྲེན་གྱི་ཟས་བསྔོའི་སྐབས་སུ། མིག་ས་ཡི་སྙིང་པོ་དང་། རྣ་བ་ནམ་སྙིང་དང་། སྣ་སྤྱན་རས་གཟིགས་དང་། ལྕེ་ཕྱག་ན་རྡོ་རྗེ་དང་། ལུས་སྒྲིབ་པ་རྣམ་སེལ་ལ་སྦྱར་ཞིང་ཡེ་ཤེས་ལྔ་དང་སྦྱར་ནས་འཇུག་ཤེས་ལྔ་གསུངས་པ་ནི་འདོད་ཡོན་ལྔ་བསྔོ་བའི་སྐབས་ཡིན་པའི་དབང་དུ་བྱས་ལ། ཡིད་ཤེས་སུ་གྱུར་པའི་རྣམ་ཤེས་ཕྱི་མ་གསུམ་པོ་ལ་སྦྱར་བ་མི་སྣང་སྟེ། དེ་ཉིད་ལས། མེ་ལོང་ཡེ་ཤེས་ངང་ལས་སྐུ་སྤྲུལ་བའི༔ རྒྱལ་སྲས་ས་ཡི་སྙིང་པོའི་ཐུགས་རྗེ་ཡིས༔ ཚེ་འདས་མིག་གི་དབང་པོའི་སྐྱོན་བསལ་ནས༔ རབ་རིབ་ནད་བསལ་གཟུགས་ལ་བལྟ་བར་ཤོག༔ ཅེས་དང་། མཉམ་ཉིད་ཡེ་ཤེས་ངང་ལས་སྐུ་སྤྲུལ་བའི༔ རྒྱལ་སྲས་ནམ་མཁའི་སྙིང་པོའི་ཐུགས་རྗེ་ཡིས༔ ཚེ་འདས་རྣ་བའི་དབང་པོའི་སྐྱོན་བསལ་ནས༔ འོན་པའི་ནད་བསལ་གསུང་མཆོག་ཉན་པར་ཤོག༔ ཅེས་དང་། སོར་རྟོགས་ཡེ་ཤེས་ངང་ལས་སྐུ་སྤྲུལ་བའི༔ རྒྱལ་སྲས་སྤྱན་རས་གཟིགས་དབང་ཐུགས་རྗེ་ཡིས༔ ཚེ་འདས་སྣ་ཡི་དབང་པོའི་སྐྱོན་བསལ་ནས༔ འཚུབས་པའི་ནད་བསལ་དྲི་ལ་སྣོམ་པར་ཤོག༔ ཅེས་དང་། བྱ་གྲུབ་ཡེ་ཤེས་ངང་ལས་སྐུ་སྤྲུལ་བའི༔ རྒྱལ་སྲས་ཕྱག་ན་རྡོ་རྗེའི་ཐུགས་རྗེ་ཡིས༔ ཚེ་འདས་ལྕེ་ཡི་དབང་པོའི་སྐྱོན་བསལ་ནས༔ དིག་པའི་ནད་བསལ་རོ་མཆོག་མྱོང་བར་ཤོག༔ ཅེས་དང་། ཆོས་དབྱིངས་ཡེ་ཤེས་ངང་ལས་སྐུ་སྤྲུལ་བའི༔ རྒྱལ་སྲས་སྒྲིབ་པ་རྣམ་སེལ་ཐུགས་རྗེ་ཡིས༔ ཚེ་འདས་ལུས་ཀྱི་དབང་པོའི་སྐྱོན་བསལ་ནས༔ ཚ་གྲང་ནད་བསལ་རེག་བྱ་མྱོང་བར་ཤོག༔ ཅེས་གསུངས་པའི་ཕྱིར་རོ། །དེས་ན་དེ་ལས་ནི་ལུས་ཀྱི་དབང་པོ་དབང་བཤད་དང་མི་མཐུན་པ་ལས་སེམས་དཔའ་སྔ་མ་བཞི་སྦྱར་ཚུལ་དབང་བཤད་དང་མཐུན་ནོ། །བརྒྱ་ཕྱག་ལས་ནི་ས་ཡི་སྙིང་པོ་ཙམ་ལས་ཞི་ཁྲོ་རང་གཞུང་གི་དེ་དག་ཐམས་ཅད་དང་མི་མཐུན་ནོ།།

རྒྱུད་གཞན་དུ་མིག་གི་རྣམ་པར་ཤེས་པ་ས་ཡི་སྙིང་པོ་དང་། རྣ་བའི་རྣམ་པར་ཤེས་པ་ཕྱག་ན་རྡོ་རྗེ་དང་། སྣ་ཡི་རྣམ་པར་ཤེས་པ་ནམ་མཁའི་སྙིང་པོ་དང་། ལྕེའི་རྣམ་པར་ཤེས་པ་འཇིག་རྟེན་དབང་དང་། ལུས་ཀྱི་རྣམ་པར་ཤེས་པ་སྒྲིབ་པ་རྣམ་སེལ་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཀུན་ཏུ་བཟང་པོ་དང་། ཉོན་ཡིད་རྣམ་ཤེས་བྱམས་པ་དང་། ཀུན་གཞིའི་རྣམ་ཤེས་འཇམ་པའི་དབྱངས་ཉིད་དུ་སྦྱར་བའང་ཡོད་དེ། རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོའི་རྒྱུད་ལས། མིག་གི་རྣམ་ཤེས་ས་སྙིང་པོ། །རྣ་བའི་རྣམ་ཤེས་གསང་འཛིན་པ། །སྣ་ལ་ནམ་མཁའི་སྙིང་པོ་དང་། །ལྕེ་ནི་འཇིག་རྟེན་དབང་ཕྱུག་སྟེ། །ལུས་ལ་སྒྲིབ་པ་རྣམ་པར་སེལ། །ཡིད་ལ་ཀུན་ཏུ་བཟང་པོས་སོ། །ཉོན་མོངས་ཅན་ཡིད་བྱམས་པ་སྟེ། །ཀུན་གཞི་འཇམ་པའི་དབྱངས་ཀྱིས་ནི། །དེ་ལྟར་བྱིན་རླབས་དབང་སྐུར་ཏེ། །རྣམ་ཤེས་བརྒྱད་ནི་དག་ཕྱིར་རོ། །ཞེས་གསུངས་པ་དང་། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བླ་མ་ཆེན་པོ་ལས། མིག་ལ་ས་ཡི་སྙིང་པོ་སྟེ། །ཞེས་དང་། སྣ་ལ་ནམ་མཁའི་སྙིང་པོ་སྟེ། །ཞེས་དང་། ལྕེ་ལ་སྤྱན་རས་དབང་ཕྱུག་སྟེ། །ཞེས་དང་། རྣ་བར་ཕྱག་ན་རྡོ་རྗེ་སྟེ། །ཞེས་དང་། ཀུན་འདུས་སྒྲིབ་པ་རྣམ་སེལ་ཏེ། །ཞེས་དང་། ཀུན་ཤེས་ཀུན་ཏུ་བཟང་པོ་སྟེ། །ཞེས་དང་། གཅོད་ཤེས་བྱམས་པའི་བདག་ཉིད་དེ། །ཞེས་དང་། འཇུག་ཤེས་འཇམ་དཔལ་གཞོན་ནུ་སྟེ། །ཞེས་གསུངས་པ་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་ལེའུ་ཉེར་གསུམ་པ་ལས། མིག་གཉིས་ས་ཡི་སྙིང་པོར་གསུངས། །གཟུགས་ལ་སོགས་པ་ཅི་རིགས་པར། །རང་གི་ངོ་བོ་སྤྲོ་བར་བྱེད། །སྒྲ་ཡི་རྣམ་པ་ཐམས་ཅད་ནས། །བྱེ་བྲག་སོ་སོ་ཅི་རིགས་པར། །སྒྲ་ཡི་རྣམ་པར་ཤེས་པ་ནི། །ཕྱག་ན་རྡོ་རྗེར་ཡང་དག་བཤད། །དྲི་ཡི་བྱེ་བྲག་ལ་སྤྱོད་པ། །སོ་སོར་ཇི་ལྟར་རིགས་པར་ནི། །སྣ་ཡི་རྣམ་ཤེས་མཚན་ཉིད་ནི། །ནམ་མཁའི་སྙིང་པོ་རྣམ་པར་ཤེས། །རོ་ཡི་བྱེ་བྲག་ལ་སྤྱོད་པ། །དབྱེ་བ་སོ་སོའི་གོ་རིམས་བཞིན། །ལྕེ་ཡི་རྣམ་ཤེས་མཚན་ཉིད་ནི། །འཇིག་རྟེན་དབང་ཕྱུག་ཏུ་ནི་ཤེས། །རེག་བྱའི་བྱེ་བྲག་ལ་སྤྱོད་པ། །བྱེ་བྲག་སོ་སོའི་གོ་རིམས་བཞིན། །རེག་བྱའི་རྣམ་ཤེས་མཚན་ཉིད་ནི། །སྒྲིབ་པ་རྣམ་པར་སེལ་བ་ཤེས། །ཡིད་ཀྱི་བྱེ་བྲག་ལ་སྤྱོད་པ། །དབྱེ་བ་སོ་སོའི་གོ་རིམས་བཞིན། །ཡིད་ཀྱི་རྣམ་ཤེས་ཞེས་གསུངས་པ། །འཇམ་དཔལ་ཞེས་བྱའི་མིང་ཅན་ནོ། །རྒྱུས་པ་ཀུན་ལ་ཡང་དག་སྦྱོར། །དབྱེ་བ་སོ་སོའི་གོ་རིམས་བཞིན། །བག་ཆགས་ཡུལ་གྱི་བདག་ཉིད་ཅན། །བྱམས་པ་རུ་ནི་རྣམ་པར་ཤེས། །རྩ་རྣམས་སོ་སོའི་མཚན་ཉིད་ཅན། །བདེ་བ་ཀུན་གྱི་གཞི་ཡི་མཆོག །དངོས་པོ་ཀུན་གྱི་རང་བཞིན་ཅན། །འདི་ནི་ཀུན་ཏུ་བཟང་པོར་བཤད། །དེ་ལྟར་རྣམ་ཤེས་ཚོགས་བརྒྱད་མཆོག །ཡང་དག་དེ་བཞིན་བླ་ན་མེད། །ཅེས་དང་། དེའི་ལེའུ་ཞེ་ལྔ་བར། མིག་གཉིས་ས་ཡི་སྙིང་པོ་དང་། །རྣ་བ་ཕྱག་ན་རྡོ་རྗེ་དང་། །སྣ་ནི་ནམ་མཁའི་སྙིང་པོ་དང་། །ལྕེ་ནི་འཇིག་རྟེན་མགོན་པོ་དང་། །ལུས་ནི་སྒྲིབ་པ་རྣམ་སེལ་མཛོད། །ཡིད་ནི་ཀུན་ཏུ་བཟང་པོ་དང་། །རྩ་ནི་བྱམས་པ་རུ་ནི་བརྗོད། །ཡེ་ཤེས་མཆོག་ནི་འཇམ་དཔལ་ཉིད། །ཁྱབ་པ་རུ་ནི་ཡང་དག་བཤད། །ཅེས་གསུངས་པའི་ཕྱིར། འོན་ཀྱང་རྡོ་རྗེ་ཕྲེང་བ་ལས་ནི་ལེའུ་ཉེར་གསུམ་པ་དྲངས་ཟིན་པ་དེ་ལས་ཡིད་འཇམ་དབྱངས་དང་། ཀུན་གཞི་ཀུན་བཟང་དུ་བཤད་པ་དང་། ལེའུ་དྲུག་ཅུ་རྩ་བཞི་བ་ལས། དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། །ཞེས་དང་། ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ཞེས་དང་། ལེའུ་དྲུག་ཅུ་རྩ་བརྒྱད་པ་ལས། ཀུན་བཟང་ཚིགས་ཀྱི་མཚམས་སུ་བཞུགས། །ཞེས་དང་། ཡིད་ཀྱི་རྣམ་ཤེས་འཇམ་རྡོ་རྗེ། །ཞེས་གསུངས་པ་ལྟར་ཡིད་ཀྱི་རྣམ་ཤེས་འཇམ་དཔལ་དང་། ཀུན་ཏུ་བཟང་པོ་ལུས་ཀྱི་ཚིགས་རྣམས་དང་། དྲངས་ཟིན་པར་གསལ་བ་ལྟར་དེའི་ལེའུ་ཞེ་ལྔ་བ་ལས་ནི་ཀུན་བཟང་ཡིད་ཀྱི་རྣམ་ཤེས་དང་། འཇམ་དཔལ་ཡེ་ཤེས་མཆོག་སྟེ་དོན་ལ་ཀུན་གཞི་རུ་བཤད་པ་ནི་ནང་མི་མཐུན་པའི་ཁྱད་པར་རོ། །དེ་ཕྱིར་ཀུན་བཟང་ཀུན་གཞི་རུ་བཤད་པ་དེ་ནི་རྡོ་རྗེ་དཔལ་མཆོག་ཆེན་པོ་དང་ལྡོག་པའོ།།

ཡེ་ཤེས་རྔམ་གློག་ལས་སེམས་དཔའ་སྔ་མ་བཞི་མིག་ནས་ལྕེའི་བར་གྱི་རྣམ་པར་ཤེས་པ་བཞིའི་དག་པ་ལ་སྦྱར་བ་ནི་རྒྱུད་འདི་དག་དང་མཐུན་ཏེ། དེ་ཉིད་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཁ་དོག་དབྱིབས་ལ་སྤྱོད་པ་ཀུན། །མིག་གི་རྣམ་ཤེས་ཞེས་སུ་གྲགས། །ཞེས་པ་ནས། སྤྱན་རས་གཟིགས་ཀྱི་རང་བཞིན་ཡིན། །ཞེས་པའི་བར་གོང་དུ་དྲངས་ཟིན་པ་ལྟར་ཡིན་པའི་ཕྱིར་རོ།།

རྡོ་རྗེ་ཕུར་བ་གསང་རྒྱུད་ལས། ཀུན་གཞི་གནས་འགྱུར་ས་ཡི་སྙིང་པོ་ཀུན། །ཞེས་ས་སྙིང་ཀུན་གཞི་དང་། ཡིད་ཀྱི་རྣམ་ཤེས་གནས་འགྱུར་ནམ་མཁའི་སྙིང་པོའི་སྐུ། །ཞེས་ནམ་སྙིང་ཡིད་ཤེས་དང་། ཉོན་མོངས་ཡིད་ཤེས་གནས་འགྱུར་སྤྱན་རས་གཟིགས་དབང་སྐུ། །ཞེས་སྤྱན་གཟིགས་ཉོན་ཡིད་དང་། ལུས་ཀྱི་རྣམ་ཤེས་གནས་འགྱུར་ཕྱག་ན་རྡོ་རྗེའི་སྐུ། །ཞེས་ཕྱག་རྡོར་ལུས་ཤེས་དང་། མིག་གི་ཀྱི་རྣམ་ཤེས་གནས་འགྱུར་བྱམས་པ་མཻ་ཏྲཱིའི་སྐུ། །ཞེས་བྱམས་པ་མིག་ཤེས་དང་། རྣ་བའི་རྣམ་ཤེས་གནས་འགྱུར་སྒྲིབ་པ་རྣམ་སེལ་སྐུ། །ཞེས་རྣ་བའི་རྣམ་ཤེས་སྒྲིབ་སེལ་དང་། སྣ་ཡི་རྣམ་ཤེས་གནས་འགྱུར་ཀུན་ཏུ་བཟང་པོའི་སྐུ། །ཞེས་ཀུན་བཟང་སྣ་ཤེས་དང་། ལྕེ་ཡི་རྣམ་ཤེས་གནས་འགྱུར་འཇམ་དཔལ་གཞོན་ནུའི་སྐུ། །ཞེས་འཇམ་དཔལ་ལྕེ་ཤེས་སུ་བཤད་པ་དང་། ད་དུང་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལ་སོགས་པ་གསང་སྔགས་ཀྱི་རྒྱུད་དུ་མའི་དགོངས་པ་འདྲ་བ་དང་མི་འདྲ་མཐའ་ཡས་པ་མཆིས་མོད་ཡི་གེས་འཇིགས་པས་མི་སྤྲོའོ།།

ད་དཀྱུས་ལ་འཇུག་སྟེ། བྱང་ཆུབ་སེམས་དཔའ་བརྒྱད་ཅེས་པ་དེ་ལྟར་དོན་དམ་པར་རྣམ་པར་ཤེས་པའི་ཚོགས་བརྒྱད་གདོད་ནས་རྣམ་པར་དག་པ་སྐྱེ་བ་མེད་པའི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་གང་ཡིན་པ་དེ་ལ་བྱ་བ་ལས་ཞལ་ཕྱག་མཚན་མའི་ཆོས་ཅན་དུ་མ་གྲུབ་པ་དེ་ནི་སེམ༷ས་དཔ༷འ་བརྒྱད༷་ཀྱི༷་དགོང༷ས་པ་དང་སྤྱོད༷་པ་ཡིན་ཞིང་། དོན་ལ་དེ༷་འདྲ༷་ཡིན་ན་ཡ༷ང་། དེ༷་ལྟར༷་ཡིན་པར་སྒྲིབ་པ་དང་ཉེས་ལྟུང་སྟུག་པོས་བསྒྲིབས་པ་བད༷ག་གིས༷་ནི་ཇི་བཞིན་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོ༷གས་ཏེ༷། སེམ༷ས་དཔ༷འ་བརྒྱད༷་ཀྱི༷་ཐུག༷ས་ཀྱི་དགོངས་སྤྱོད་ད༷ང་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་སེམས་དཔའ་བརྒྱད་ཀྱི་ཚོགས་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་སེམས་དཔའ་བརྒྱད་ཀྱི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། སེམས་དཔའ་བརྒྱད་ཅེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་རྣམ་པར་ཤེས་པ་ཚོགས་བརྒྱད་རྣམ་པར་དག་པའི་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་། དེ་ཡི་དབང་གིས་བྱུང་བའི་ཉེས་ལྟུང་རྣམས་བཤགས་པའོ།།

ལྔ་བ་བྱང་ཆུབ་སེམས་མ་བརྒྱད་ཀྱི་ཀློང་བཤགས་ནི། སེམས་མ་བརྒྱད་རྣམས་གསན་ཅིང་དགོངས་སུ་གསོལ༔ རྣམ་ཤེས་ཡུལ་བརྒྱད་ཡེ་ནས་མངོན་སངས་རྒྱས༔ སེམས་མ་བརྒྱད་ཀྱི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སེམས་མ་བརྒྱད་ཀྱི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། དེ་ཡང་སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་པའི་ཚིགས་བཅད་ལས། ལྷ་མོ་སྒེག་མོ་དང་ནི་ལྷ་མོ་ཕྲེང་བ་མ། །ལྷ་མོ་གླུ་མ་དང་ནི་ལྷ་མོ་གར་མར་བཅས། །ནང་གི་མཆོད་པའི་ལྷ་མོའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ལྷ་མོ་བདུག་སྤོས་མ་དང་ལྷ་མོ་མེ་ཏོག་མ། །ལྷ་མོ་མར་མེ་མ་དང་ལྷ་མོ་དྲི་མར་བཅས། །ཕྱི་ཡི་མཆོད་པའི་ལྷ་མོའི་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། སྒེག་མོ་ཕྲེང་བ་གླུ་དང་གར་མ་དང་། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་མ། །ཞེས་དང་། ཞི་ཁྲོའི་ལས་བྱང་ཚོར་གྲོལ་ལས། ལཱ་སྱེ་པུཥྤེ་མཱ་ལེ་དྷཱུ་པེ་མ༔ གིརྟི་ཨ་ལོ་གནྡྷེ་ནཱིརྟི་བརྒྱད༔ ཅེས་གསུངས་པ་ལྟར། གཟུགས་ཀྱི་ལྷ་མོ་བྱང་ཆུབ་སེམས་མ་ལཱ་སྱེ་མ་དང་། ལྷ་མོ་མེ་ཏོག་མའམ་པུཥྤེ་མ་དང་། ཕྲེང་བ་མའམ་མཱ་ལེ་མ་དང་། དྲི་ཡི་ལྷ་མོ་བདུག་སྤོས་མའམ་དྷཱུ་པེ་མ་དང་། སྒྲ་ཡི་ལྷ་མོ་གླུ་མའམ་གིརྟི་མ་དང་། དྲི་ཆབ་མའམ་གནྡྷེ་མ་དང་། མར་མེ་མའམ་ཨ་ལོ་ཀེ་དང་། གར་གྱི་ལྷ་མོ་ནཱིརྟི་མ་སྟེ་བྱང་ཆུབ་སེམ༷ས་མ༷་ཆེན་མོ་བརྒྱད༷་རྣམ༷ས་ཉེས་ལྟུང་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅིང༷་ཐུགས་ཀྱིས་ལེགས་པར་དགོ༷ངས་ཏེ་བརྩེ་བས་གཟིགས་སུ༷་གསོ༷ལ་ཞེས་བཤགས་ཡུལ་སེམས་མ་བརྒྱད་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

རྣམ༷་པར་ཤེས༷་པར་བརྒྱད་ཀྱི་ཡུལ་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། འདས་པ་དང་། མ་འོངས་པ་དང་། ད་ལྟ་དང་། འབྱུང་བར་མ་ངེས་པའི་དུས་དང་བརྒྱད་ཀྱི་ཡུལ༷་བརྒྱད༷་དང་དེར་འཛིན་གྱི་རྟོག་པ་བརྒྱད་དོན་དམ་པར་གདོད་ནས་རྣམ་པར་དག་པ་སྐྱེ་བ་མེད་པ་ཆོས་ཉིད་དེ་བཞིན་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དུ་ཡེ༷་ནས༷་མངོ༷ན་པར་སང༷ས་རྒྱས༷་པ་གང་ཡིན་པ་དེ་ལ་བྱང་ཆུབ་སེམས་མ་བརྒྱད་ཅེས་བྱ་བ་ཡིན་ཏེ། ཞི་ཁྲོའི་ལས་བྱང་ཚོར་གྲོལ་ལས། ཡུལ་བརྒྱད་གནས་དག་སེམས་མ་ཆེན་མོ་བརྒྱད༔ ལཱ་སྱེ་པུཥྤེ་མཱ་ལེ་དྷཱུ་པེ་མ༔ གིརྟི་ཨ་ལོ་གནྡྷེ་ནཱིརྟི་བརྒྱད༔ སེམས་མའི་སར་གནས་དགྱེས་པ་སྐོང་མཛད་མ༔ གསང་བའི་ལྷ་མོ་སེམས་མ་བརྒྱད་རྣམས་ལ༔ ཞེས་གསུངས་པའི་ཕྱིར། དེ་ཡང་དོན་དམ་པའི་དབང་དུ་ན་ཡུལ་གཟུགས་དང་གཟུགས་སུ་རྟོག་པ་རྣམ་པར་དག་པ་རྡོ་རྗེ་སྒེག་མོའམ་སེམས་མ་ལཱ་སྱེ་དཀར་མོ་མེ་ལོང་འཛིན་པ་དང་། སྒྲ་དང་སྒྲ་རུ་རྟོག་པ་རྣམ་པར་དག་པ་རྡོ་རྗེ་ཕྲེང་བ་མའམ་སེམས་མ་མཱ་ལེ་སེར་མོ་ཕྲེང་བ་འཛིན་པ་དང་། དྲི་དང་དྲི་རུ་རྟོག་པ་རྣམ་པར་དག་པ་རྡོ་རྗེ་སྒྲ་དབྱངས་མའམ་སེམས་མ་གིརྟི་དམར་མོ་པི་ཝང་འཛིན་པ་དང་། རོ་དང་རོ་རུ་རྟོག་པ་རྣམ་པར་དག་པ་རྡོ་རྗེ་གར་མའམ་སེམས་མ་ནཱིརྟི་ལྗང་མོ་ཞལ་ཟས་འཛིན་པ་དང་། འདས་པའི་ཆོས་དང་དེར་རྟོག་པ་རྣམ་པར་དག་པ་རྡོ་རྗེ་མེ་ཏོག་མའམ་སེམས་མ་པུཥྤེ་དཀར་མོ་མེ་ཏོག་འཛིན་པ་དང་། ད་ལྟའི་ཆོས་དང་དེར་རྟོག་པ་རྣམ་པར་དག་པ་རྡོ་རྗེ་བདུག་སྤོས་མའམ་སེམས་མ་དྷཱུ་པེ་སེར་མོ་སྤོས་ཕོར་འཛིན་པ་དང་། མ་འོངས་པའི་ཆོས་དང་དེར་རྟོག་པ་རྣམ་པར་དག་པ་རྡོ་རྗེ་མར་མེ་མའམ་སེམས་མ་ཨ་ལོ་ཀེ་དམར་མོ་མར་མེ་འཛིན་པ་དང་། འབྱུང་བར་མ་ངེས་པའི་དུས་དང་ཆོས་ཅན་དང་དེར་རྟོག་པ་རྣམ་པར་དག་པ་རྡོ་རྗེ་དྲི་ཆབ་མའམ་སེམས་མ་གནྡྷེ་ལྗང་མོ་དུང་ཕོར་འཛིན་པའི་རང་བཞིན་ཡིན་པར་གསུངས་ཏེ། ཞི་ཁྲོའི་ལྷ་དབང་ངོ་སྤྲོད་ལས། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ བྱང་ཆུབ་སེམས་མ་བརྒྱད་ཀྱང་གཞན་ན་མེད་དེ༔ ཕྱི་ཡུལ་བརྒྱད་ཀྱི་རྟོག་པ་རང་སར་དག་པ་ཉིད་བྱང་ཆུབ་སེམས་མ་བརྒྱད་དོ༔ དེ་ཡང་མིག་གི་ཡུལ་དུ་གཟུགས་སུ་སྣང་བ་རྣམ་པར་དག་པ་ཉིད་སེམས་མ་ལཱ་སྱེ་དཀར་མོའོ༔ དེ་བཞིན་དུ་རྣ་བའི་ཡུལ་དུ་སྒྲ་རྣམ་པར་དག་པ་མཱ་ལྱེ་སེར་མོའོ༔ སྣའི་ཡུལ་དུ་དྲི་རྣམ་པར་དག་པ་གཱིརྟི་དམར་མོའོ༔ ལྕེའི་ཡུལ་དུ་རོ་བྲོ་བ་གནས་སུ་དག་པ་ནཱིརྟི་ལྗང་གུའོ༔ འདས་པའི་རྟོག་པ་གནས་སུ་དག་པ་པུཥྤེ་དཀར་མོའོ༔ ད་ལྟར་གྱི་རྟོག་པ་གནས་སུ་དག་པ་དྷུ་པེ་སེར་མོའོ༔ མ་འོངས་པའི་རྟོག་པ་གནས་སུ་དག་པ་ཨཱ་ལོ་ཀེ་དམར་མོའོ༔ འབྱུང་བར་མ་ངེས་པ་དང་ཆོས་ཅན་གྱི་རྟོག་པ་གནས་སུ་དག་པ་ལྷ་མོ་གནྡྷེ་ལྗང་མོའི་རང་བཞིན་ཡིན་པར་ངོ་ཤེས་པར་གྱིས་ཤིག༔ ཅེས་གསུངས་པའི་ཕྱིར་རོ།།

བསྐང་བཤགས་ཉམས་ཆགས་རང་གྲོལ་ལས། གཟུགས་སུ་སྣང་བ་གནས་དག་པའི༔ རྡོ་རྗེ་སྒེག་མོའི་ཐུགས་དམ་བསྐང་༔ སྒྲ་རུ་གྲགས་པ་གནས་དག་པའི༔ ཕྲེང་བ་མ་ཡི་ཐུགས་དམ་བསྐང་༔ དྲི་རུ་བསྣམས་པ་གནས་དག་པའི༔ གླུ་དབྱངས་མ་ཡི་ཐུགས་དམ་བསྐང་༔ རོ་བྲོའི་ངོ་བོ་གནས་དག་པའི༔ རྡོ་རྗེ་གར་མའི་ཐུགས་དམ་བསྐང་༔ འདས་པའི་རྟོག་པ་གནས་དག་པའི༔ པུཥྤེ་མ་ཡི་ཐུགས་དམ་བསྐང་༔ ད་ལྟའི་གནས་དག་པའི༔ དྷཱུ་པེ་མ་ཡི་ཐུགས་དམ་བསྐང་༔ མ་འོངས་གནས་དག་པའི༔ ཨ་ལོ་ཀེ་ཡི་ཐུགས་དམ་བསྐང་༔ འབྱུང་བ་མ་ངེས་ལྷ་མོ་ནི༔ གནྡྷེ་མ་ཡི་ཐུགས་དམ་བསྐང་༔ ཞེས་རྡོ་རྗེ་སྒེག་མོ་ནི་ལཱ་སྱེ་མ་ཡིན་ཕྱིར་གཟུགས་ལ་སྦྱར་ཚུལ་ནི་ཀུན་དང་མཐུན་ལ། ཕྲེང་བ་ནི་མཱ་ལེ་མ་ཡིན་པས་སྒྲ་དང་། གླུ་དབྱངས་མ་ནི་གིརྟི་མ་ཡིན་པས་དྲི་དང་། རོ་ལ་རྡོ་རྗེ་གར་མ་ཞེས་པ་ནཱིརྟི་མ་ཡིན་དགོས་པས་དེ་གསུམ་དབང་བཤད་དང་མཐུན་པ་དང་། འདས་པ་པུཥྤེ་མ་དང་། ད་ལྟ་དྷཱུ་པེ་མ་དང་། མ་འོངས་པ་ཨ་ལོ་ཀེ་དང་། འབྱུང་བར་མ་ངེས་པའི་དུས་གནྡྷེ་མ་དང་སྦྱར་ཚུལ་ཡང་དབང་བཤད་དང་མཐུན་པས་དེ་ནི་དབང་བཤད་ལྟར་རོ།།

དྲི་མེད་བཤགས་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་མིག་གི་ཡུལ་གཟུགས་སུ་སྣང་བ་གནས་སུ་དག་པ། བཛྲ་ལཱ་སྱ་སྟེ། ཞེས་དང་། སྣའི་ཡུལ་དྲིར་སྣོམ་པ་གནས་སུ་དག་པ། བཛྲ་མཱ་ལེ་སྟེ། ཞེས་དང་། རྣ་བའི་ཡུལ་སྒྲར་གྲག་པ་གནས་སུ་དག་པ། བཛྲ་གཱི་ཏི་སྟེ། ཞེས་དང་། ལྕེའི་ཡུལ་རོར་བྲོ་བ་གནས་སུ་དག་པ། བཛྲ་ནྲྀ་ཏྱེ་སྟེ། ཞེས་མཱ་ལེ་དྲི་དང་། གཱིརྟི་སྒྲ་ལ་སྦྱར་འདུག་པ་ནི་དབང་བཤད་དང་བསྐང་བཤགས་གཉིས་དང་མི་མཐུན་ལ། སྤྱིར་གཱིརྟི་ཞེས་པ་གླུ་མ་ལ་བྱེད་པ་ཡིན་ཕྱིར་བཤགས་རྒྱུད་ལྟར་བྱས་ན་དོན་དང་འགྲེལ་ཡང་རྒྱུད་དོན་དཀྱུགས་པའི་དབང་གིས་ཡིན་ནམ་དགོས་པ་གཞན་ཡོད་ཆ་མ་འཚལ་བས་རྡོ་རྗེའི་གནས་ཟབ་མོ་ལ་ལབ་ལབ་མང་པོ་མི་ཕོད་དོ།།

བཤགས་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་དུས་འདས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་པུཥྤེ་སྟེ་ཞེས་དང་། དུས་ད་ལྟ་བ་ཞེས་བྱ་བ་གནས་སུ་དག་པ། བཛྲ་དྷཱུ་པེ་སྟེ། ཞེས་དང་། དུས་མ་འོངས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་ཨཱ་ལོ་ཀེ་སྟེ། ཞེས་དང་། དུས་ཕྱིས་འབྱུང་བར་མ་ངེས་པ་ཞེས་བྱ་བ་གནས་སུ་དག་པ། བཛྲ་གནྡྷེ་སྟེ། ཞེས་ཞི་ཁྲོའི་བསྐང་བཤགས་སོགས་དང་མཐུན་པར་གསུངས་སོ།།

ཞི་ཁྲོའི་བརྒྱ་ཕྱག་ལས་ནི། གཟུགས་ལཱ་སྱེ་མ་དང་། འདས་པ་པུཥྤེ་མ་དང་། མ་འོངས་པ་ཨ་ལོ་ཀེ་དང་། རོ་ནཱིརྟི་མ་བཞི་པོ་དབང་བཤད་དང་འདྲ་ལ། མི་འདྲ་བ་ནི་སྒྲ་གིརྟི་མ་དང་། དྲི་དྷཱུ་པེ་མ་དང་། ད་ལྟ་བ་གནྡྷེ་མ་དང་། འབྱུང་བར་མ་ངེས་པའི་དུས་དང་ཆོས་ཅན་གྱི་རྟོག་པ་མཱ་ལེ་མ་རུ་བཤད་པས་དབང་བཤད་སོགས་དང་མི་མཐུན་ཞིང་། རྒྱུ་མཚན་དཔྱད་པར་བྱ་ལ། ལུང་རང་ཁུངས་ན་གསལ་བས་དེར་ལྟོས་ཤིག།

ཞི་ཁྲོའི་ལས་བྱང་གི་སེམས་མ་བརྒྱད་ཀྱི་གོ་རིམ་ཡང་ཤར་ལྷོ་ནུབ་བྱང་གི་རིམ་པ་ལྟར་ན་ནི། ཤར་དུ་ལཱ་སྱེ་མ་དང་པུཥྤེ་མ་དང་། ལྷོ་རུ་མཱ་ལེ་མ་དང་དྷཱུ་པེ་མ་དང་། ནུབ་ཏུ་གཱིརྟི་མ་དང་ཨ་ལོ་ཀེ་དང་། བྱང་དུ་ནཱིརྟི་མ་དང་གནྡྷེ་མ་རྣམས་བཀོད་འདུག་ལ། བརྒྱ་ཕྱག་གི་གོ་རིམ་ཡང་དེ་དང་འདྲའོ།།

བཤགས་རྒྱུད་ལས། སྒེག་མོ་ཕྲེང་ཐོགས་རིན་ཆེན་གླུ་གར་ཅན། །ནམ་མཁའ་མཉམ་པའི་མཆོད་པས་རྒྱལ་བ་མཆོད། །བྱང་ཆུབ་ལྷ་མོའི་ཚོགས་ལ་ཕྱག་འཚལ་ལོ། །ཞེས་དང་། བདུག་པ་མེ་ཏོག་མར་མེ་དྲི་ཆབ་མ། །རྒྱལ་བ་རྒྱ་མཚོ་རྣམས་ལ་མཆོད་འབུལ་མ། །མཆོད་པའི་ལྷ་མོ་རྣམས་ལ་ཕྱག་འཚལ་ལོ། །ཞེས་དང་། ངན་སོང་སྦྱོང་རྒྱུད་ལས། སྒེག་མོ་ཕྲེང་བ་དེ་བཞིན་གླུ། །གར་མཁན་ལྷ་མོ་བཞི་པོ་དང་། །སྤོས་དང་མེ་ཏོག་མར་མེ་མ། །དྲི་ཡི་ལྷ་མོ་ཁྱོད་ཕྱག་འཚལ། །ཞེས་གསུངས་པ་གཉིས་གོ་རིམ་མཐུན་ན་ཡང་སྤོས་མ་སྔོན་དུ་བླངས་པས་ཤར་ལྷོ་ནུབ་བྱང་གི་རིམ་པ་ལྟར་ན་ཞི་ཁྲོའི་ལས་བྱང་སོགས་དང་ཅུང་མི་འདྲ་བ་ལྟ་བུ་གོ་རིམ་ལའང་དཔྱད་དུ་ཡོད་མཆི་ཡང་། དེ་ཙམ་གྱི་འཐུས་པར་བྱའོ།།

རྡོ་རྗེ་ཕུར་བ་གསང་རྒྱུད་ལས། གཟུགས་སྐུ་ལྷ་མོ་ལཱ་སྱཱ་སེམས་མའི་ཚུལ་འཛིན་མ། །སྐྱེ་མེད་ཆོས་ཀྱི་དབྱིངས་ལ་མངའ་བརྙེས་ཏེ། །ཀུན་གཞི་ཡུལ་ལ་སྣང་བ་གནས་འགྱུར་ལཱ་སྱཱ་མ། །ཞེས་ལཱ་སྱེ་མ་ནི་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་གནས་འགྱུར་དང་། ཡིད་ཀྱི་ཡུལ་དུ་གནས་འགྱུར་མཱ་ལེ་མ། །ཞེས་མཱ་ལེ་མ་ཆོས་ཁམས་དང་། ཉོན་མོངས་ཡུལ་དུ་སྣང་བ་གནས་འགྱུར་གཱི་ཏི་མ། །ཞེས་གཱི་ཏི་མ་ཉོན་ཡིད་དང་། ལུས་ཀྱི་ཡུལ་དུ་སྣང་འགྱུར་ནིར་ཏི་མ། །ཞེས་ནཱིརྟི་མ་རེག་བྱ་དང་། མིག་གི་ཡུལ་དུ་སྣང་བ་གནས་འགྱུར་དྷཱུ་པེ་མ། །ཞེས་དྷཱུ་པེ་མ་གཟུགས་དང་། རྣ་བའི་ཡུལ་དུ་སྣང་བ་གནས་འགྱུར་པུཥྤེ་མ། །ཞེས་པུཥྤེ་མ་སྒྲ་དང་། སྣ་བའི་ཡུལ་དུ་སྣང་བ་གནས་འགྱུར་ཨཱ་ལོ་ཀེ། །ཞེས་ཨཱ་ལོ་ཀེ་ནི་དྲི་དང་། ལྕེ་ཡི་ཡུལ་དུ་སྣང་བ་གནས་འགྱུར་གནྡྷེ་མ། །ཞེས་གནྡྷེ་མ་རོ་རུ་སྦྱར་བ་ལ་སོགས་པ་རྒྱུད་རྣམས་སུ་སྦྱར་ཚུལ་མི་འདྲ་བ་མཐའ་ཡས་པ་མོད་སྤྲོས་པས་ཆོག་གོ།

རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་ལས། མེ་ལོང་པི་ཝང་གླིང་བུ་རྫ་རྔ་དང་། །བཞད་མ་གླུ་མ་ཕྲེང་མ་གར་མ་དང་། །རྫ་རྔ་ཆེ་དང་མེ་ཏོག་བདུག་སྤོས་དང་། །མར་མེ་དྲི་ཆབ་ཞལ་ཟས་སྣོད་འཛིན་དང་། །གོས་དང་ཆོས་འབྱུང་ལ་སོགས་འཛིན་པ་ཡི། །བཅུ་དྲུག་རིག་མ་ལྷ་མོ་རྣམ་སྒེག་ཅིང་། །ཞེས་གསུངས་པ་ནི་མཆོད་པའི་ལྷ་མོ་བཅུ་དྲུག་ཏུ་གྲགས་པ་དེ་ལགས་ཤིང་། འདིར་བཤད་པའི་སེམས་མ་བརྒྱད་ཀྱང་དེའི་གྲས་སོ།།

ད་ནི་དཀྱུས་ལ་འཇུག་སྟེ། དོན་དམ་པར་དེ་ལྟར་སེམ༷ས་མ༷་བརྒྱད༷་ཀྱི༷་དགོང༷ས་པ་ཡུལ་བརྒྱད་དམིགས་མེད་བསམ་བརྗོད་དང་བྲལ་བ་དང་། སྤྱོད༷་པ་ཡུལ་བརྒྱད་སེམས་མ་བརྒྱད་ཀྱི་རང་བཞིན་དུ་ཤེས་པའི་བླང་དོར་བྱ་བྱེད་ལས་འདས་པ་དེ༷་འདྲ༷་ཡིན་ན་ཡང༷་། དོན་ལ་དེ༷་ལྟར༷་ཡིན་པར་མ་བཟུང་བར་ཡུལ་བརྒྱད་བདེན་གྲུབ་རང་མཚན་པ་དང་། སེམས་མ་བརྒྱད་ཞལ་ཕྱག་མཚན་མའི་ཆོས་ཅན་དུ་བཟུང་ནས་གནས་ལུགས་རྣལ་མའི་དོན་གང་ཡིན་པ་དེ་སྒྲིབ་པ་དང་ཉེས་ལྟུང་སྟུག་པོས་བསྒྲིབས་པ་བད༷ག་གིས༷་ནི་ཇི་བཞིན་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོག༷ས་ཏེ༷། སེམ༷ས་མ༷་བརྒྱད༷་ཀྱི༷་ཐུག༷ས་ཀྱི་དགོངས་སྤྱོད་དང༷་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་སེམས་མ་བརྒྱད་ཀྱི་ཚོགས་ཁྱེད༷་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་སེམས་མ་བརྒྱད་ཀྱི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། སེམས་མ་བརྒྱད་ཅེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་རྣམ་པར་ཤེས་པ་ཚོགས་བརྒྱད་དང་། དེའི་ཡུལ་བརྒྱད་རྣམ་པར་དག་པའི་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་། དེའི་དབང་གིས་བྱུང་བའི་ཉམས་ཆག་རྣམས་བཤགས་པའོ།།

དྲུག་པ་ཐུབ་པ་དྲུག་གི་ཀློང་བཤགས་ནི། ཐུབ་པ་དྲུག་རྣམས་གསན་ཅིང་དགོངས་སུ་གསོལ༔ ཉོན་མོངས་དྲུག་ནི་ཡེ་ནས་མངོན་སངས་རྒྱས༔ ཐུབ་པ་དྲུག་གི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ ཐུབ་པ་དྲུག་གི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། ཡེ་ཤེས་རྔམ་གློག་ལས། སྤྲུལ་སྐུ་ཐུབ་པ་ཆེན་པོ་དྲུག །ཅིས་འདུལ་ཐབས་ཀྱི་སྐུར་སྟོན་པས། །ཆ་ལུགས་མ་ངེས་འདུལ་བར་སྟོན། །ཞེས་དང་། ཞི་ཁྲོའི་ལས་བྱང་ཚོར་གྲོལ་ལས། གཉིས་མེད་རོལ་བའི་འགྲོ་འདུལ་སྤྲུལ་སྐུ་དྲུག༔ བརྒྱ་བྱིན་ཐག་བཟང་ཤཱཀ་ཐུབ་སེངྒེ་བརྟན༔ ཁ་འབར་ཆོས་རྒྱལ་རིགས་དྲུག་འདུལ་མཛད་དྲུག༔ འགྲོ་འདུལ་སྤྲུལ་པའི་ཐུབ་དྲུག་ཆེན་པོ་ཡང་༔ ཞེས་གསུངས་པ་ལྟར། ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་དང་། ལྷ་མ་ཡིན་གྱི་ཐུབ་པ་ཐག་བཟང་རིས་མཆོག་དང་། མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ་དང་། དུད་འགྲོའི་ཐུབ་པ་སེངྒེ་རབ་བརྟན་དང་། ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་དང་། དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་སྟེ། འགྲོ་བ་འདུལ་བའི་སྤྲུལ་སྐུ་ཐུབ༷་པ༷་ཆེན་པོ་དྲུག༷་རྣམ༷ས་ཉེས་ལྟུང་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅིང༷་། ཐུགས་ཀྱིས་ལེགས་པར་དགོང༷ས་ཏེ་བརྩེ་བས་གཟིགས་སུ༷་གསོ༷ལ་ཞེས་ཡང་བཤགས་ཡུལ་ཐུབ་པ་དྲུག་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

དོན་དམ་པར་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་ང་རྒྱལ་སེར་སྣ་དྲུག་པོ་ནི་གདོད་མ་ནས་རྣམ་པར་དག་པ་སྐྱེ་བ་མེད་པའི་ཆོས་ཉིད་དེ་བཞིན་ཉིད་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དུ་ཡེ་ནས་མངོན་པར་སངས་རྒྱས་པ་གང་ཡིན་པ་དེ་ལ་ཐུབ་པ་དྲུག་ཅེས་བྱ་བ་ལས་བདེན་པར་གྲུབ་པ་དང་ཞལ་ཕྱག་མཚན་མའི་རང་བཞིན་ཅན་དུ་གྲུབ་པའི་ཐུབ་པ་དྲུག་ཟེར་བ་ཞིག་ག་ཤེད་ཅིག་ཏུ་མ་མཆིས་པ་ཡིན་ཏེ། ཉོན་མོངས་པ་ང་རྒྱལ་ཡེ་ནས་རྣམ་པར་དག་པ་ལྷ་ཡི་ཐུབ་པ་དབང་པོ་བརྒྱ་བྱིན་དཀར་པོ་པི་ཝང་འཛིན་པ་དང་། ཉོན་མོངས་པ་ཕྲག་དོག་ཡེ་ནས་རྣམ་པར་དག་པ་ལྷ་མིན་གྱི་ཐུབ་པ་ཐག་བཟང་རིས་ལྗང་གུ་གོ་མཚོན་འཛིན་པ་དང་། ཉོན་མོངས་པ་འདོད་ཆགས་ཡེ་ནས་རྣམ་པར་དག་པ་མི་ཡི་ཐུབ་པ་ཤཱཀྱ་ཐུབ་པ་སེར་པོ་ལྷུང་བཟེད་དང་འཁར་གསིལ་འཛིན་པ་དང་། ཉོན་མོངས་པ་གཏི་མུག་ཡེ་ནས་རྣམ་པར་དག་པ་བྱོལ་སོང་ངམ་དུད་འགྲོའི་ཐུབ་པ་སེངྒེ་རབ་བརྟན་མཐིང་ག་པུསྟི་འཛིན་པ་དང་། ཉོན་མོངས་པ་སེར་སྣ་ཡེ་ནས་རྣམ་པར་དག་པ་ཡི་དྭགས་ཀྱི་ཐུབ་པ་ཁ་འབར་མ་དམར་པོ་སྒྲོམ་བུ་འཛིན་པ་དང་། ཉོན་མོངས་པ་ཞེ་སྡང་ཡེ་ནས་རྣམ་པར་དག་པ་དམྱལ་བའི་ཐུབ་པ་ཆོས་ཀྱི་རྒྱལ་པོ་སྨུག་ནག་མེ་ཆུ་འཛིན་པ་རྣམས་སུ་བཏགས་པ་ཙམ་ཡིན་པའི་ཕྱིར་ཏེ། ཞི་ཁྲོའི་ལས་བྱང་ཚོར་གྲོལ་ལས། ཉོན་དྲུག་རང་གྲོལ་སྤྲུལ་སྐུ་ཐུབ་དྲུག་ཤར༔ བརྒྱ་བྱིན་ཐག་བཟང་ཤཱཀྱ་ཐུབ་པ་དང་༔ སེངྒེ་བརྟན་ཁ་འབར་ཆོས་ཀྱི་རྒྱལ༔ ཞེས་དང་། ཉོན་མོངས་དྲུག་དག་རིགས་དྲུག་གནས་ནས་འདྲེན༔ བརྒྱ་བྱིན་ཐག་བཟང་ཤཱཀ་ཐུབ་སེངྒེ་བརྟན༔ ཁ་འབར་ཆོས་རྒྱལ་རིགས་དྲུག་དོང་ནས་སྤྲུག༔ འགྲོ་བའི་དོན་མཛད་མཛད་པ་བསམ་མི་ཁྱབ༔ སྤྲུལ་པའི་སྐུ་མཆོག་ཐུབ་པ་དྲུག་རྣམས་ལ༔ ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཆགས་སོགས་ཉོན་མོངས་དྲུག་པོ་ཉིད། །ཐུབ་པ་སྤྲུལ་པ་དྲུག་ཏུ་བཤད། །ཅེས་གསུངས་པའི་ཕྱིར་རོ།།

གཞུང་འདིར་ཐུབ་དྲུག་གི་སྐུ་མདོག་མ་བཤད་མོད་གཞུང་འདིའི་རྒྱབ་རྟེན་ཞི་ཁྲོའི་ལས་བྱང་ཆེ་བ་རྩ་ཕྲེང་ཚོར་བ་རང་གྲོལ་ལས་བཤད་པ་དང་རྒྱུད་སྡེ་གཞན་པ་འགའ་ནས་བཤད་པ་དག་མི་འདྲ་བའི་ཕྱིར་ཅུང་ཟད་དཔྱད་ན། ལས་བྱང་ཚོར་ལས། སྟེང་དུ་བརྒྱ་བྱིན་པི་ཝང་དཀར༔ འོག་ཏུ་ཆོས་རྒྱལ་མེ་ཆུ་ནག༔ ཤར་ལྷོར་ཐག་བཟང་གོ་མཚོན་ལྗང་༔ ལྷོ་ནུབ་ཤཱཀ་ཐུབ་གསེག་པར་སེར༔ ནུབ་བྱང་སེངྒེ་པུསྟི་མཐིང་༔ བྱང་ཤར་ཁ་འབར་སྒྲོམ་བུ་དམར༔ ཞེས་གསུངས་པ་ལྟར་བཤད་མ་ཐག་པ་བཞིན་དང་། ཞི་ཁྲོའི་བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་དང་། ཞི་ཁྲོའི་སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་རྣམས་ཚུལ་འདི་དང་དགོངས་པ་གཅིག་དང་དབྱངས་གཅིག་ལགས་མོད། མི་འདྲ་བ་ནི་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། ཐུབ་དྲུག་ཕྱག་རྒྱ་ཆེན་པོ་ནི། །རྒྱུད་དྲུག་གནས་ནས་འདྲེན་པ་སྟེ། །གསེག་པར་ཕྱག་རྒྱ་ཚུལ་འཛིན་པས། །སྐུ་མདོག་སེར་པོས་མི་རྣམས་འདྲེན། །པི་བང་ཕྱག་རྒྱ་ཚུལ་འཛིན་པས། །སྐུ་མདོག་དཀར་པོ་ལྷ་རྣམས་འདྲེན། །ཞེས་ཤཱཀྱ་ཐུབ་པ་དང་། དབང་པོ་བརྒྱ་བྱིན་གཉིས་ཞི་ཁྲོ་དང་སྤྱི་ལུགས་རྣམས་དང་མཐུན་པར་བཤད་ལ། གོ་ཆ་མདུང་ཐུང་ཕྱག་རྒྱ་ཡིས། །སྐུ་མདོག་མཐིང་ནག་ལྷ་མིན་འདྲེན། །ཞེས་ཐག་བཟང་རིས་ཞི་ཁྲོ་ལྟར་ལྗང་གུ་མིན་པར་མཐིང་ནག་ཏུ་བཤད་པ་དང་། རིན་ཆེན་འབར་བའི་ཕྱག་རྒྱ་ཡིས། །སྐུ་མདོག་སྔོན་པོ་ཡི་དྭགས་འདྲེན། །ཞེས་ཐུབ་པ་ཁ་འབར་མ་ཞི་ཁྲོ་ལྟར་དམར་པོ་མིན་པར་སྔོན་པོར་བཤད་པ་དང་། པོ་ཏི་བརྩེགས་པའི་ཕྱག་རྒྱ་ཡིས། །སྐུ་མདོག་སེར་ནག་བྱོལ་སོང་འདྲེན། །ཞེས་སེང་གེ་རབ་བརྟན་ཞི་ཁྲོ་ལྟར་མཐིང་ག་མིན་པར་སེར་ནག་ཏུ་བཤད་པ་དང་། མེ་འབར་ཆུ་འབེབས་ཕྱག་རྒྱ་ཡིས། །སྐུ་མདོག་སྔོན་པོ་དམྱལ་བ་འདྲེན། །ཞེས་ཆོས་རྒྱལ་ཡང་ནག་པོ་མིན་པར་སྔོན་པོ་རུ་བཤད་དོ།།

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཐུབ་དྲུག་དཀར་སེར་མཐིང་ག་དང་། །དམར་ནག་སེར་ནག་དུད་ཀ་སྟེ། །ཕྱོགས་བཞི་སྟེང་འོག་ཤར་ནུབ་ཚུལ། །པི་ཝང་གོ་ཆ་སེག་པར་སྒྲོམ། །པོ་ཏི་མེ་ཆུར་ཤེས་པར་བྱ། །ཞེས་བརྒྱ་བྱིན་དང་། ཤཱཀྱ་ཐུབ་པ་དང་། ཁ་འབར་མ་དང་། ཆོས་རྒྱལ་བཞི་ཞི་ཁྲོ་དང་མཐུན་པ་དང་། ལྷ་མིའི་ཐུབ་པ་གཉིས་ཀྱི་ཁར་ཐག་བཟང་རིས་དང་། སེངྒེ་རབ་བརྟན་གཉིས་གསང་སྙིང་དང་འདྲ་བར་བཤད་པས་དེ་ལྟར་རྒྱུད་སོ་སོར་མི་འདྲ་བའི་ཁྱད་པར་མངའ་བ་ཤེས་པར་བྱའོ།།

རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ལས་ནི། ཇི་ལྟར་འཇིག་རྟེན་དྲུག་གི་ཕྱོགས་བཅུར་ཡང་ཐུབ་པ་ཆེན་པོ་ཞེས་བྱ་བ་ཡང་གྲགས་པ་ནི་འདི་ལྟ་སྟེ། ལྷའི་གནས་སུ་ཐུབ་པ་ཆེན་པོ་སྲིད་ཐུབ་འཛིན་ཞེས་བྱ་བར་གྲགས་སོ། །ལྷ་མིན་གྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བར་གྲགས་སོ། །མི་ཡི་གནས་སུ་ཐུབ་པ་ཆེན་པོ་ཤཱཀྱ་སེང་གེ་ཞེས་བྱ་བར་གྲགས་སོ། །བྱོལ་སོང་གི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་གནོན་པ་ཞེས་བྱ་བར་གྲགས་སོ། །ཡི་དྭགས་ཀྱི་གནས་སུ་ཐུབ་པ་ཆེན་པོ་རྣམ་པར་སྣང་བྱེད་ཅེས་བྱ་བར་གྲགས་སོ། །དམྱལ་བའི་གནས་སུ་ཐུབ་པ་ཆེན་པོ་ཆོས་ཀྱི་རྒྱལ་པོ་ཞེས་བྱ་བར་གྲགས་སོ། །ཞེས་ཐུབ་པ་ཆེན་པོ་དྲུག་གི་མཚན་ཡང་ཡོངས་གྲགས་དང་མི་འདྲ་བ་ཡང་གསུངས་སོ།།

འོ་ན་དེ་དག་འགལ་བ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གསང་བ་སྙིང་པོ་སྒྱུ་འཕྲུལ་བླ་མ་ཆེན་པོ་ལས། ལ་ལ་ནི་འགྲོ་བ་དྲུག་འདུལ་བའི་དོན་དུ་ཐུབ་པ་ཆེན་པོ་དྲུག་ཏུ་བཞུགས་པ་འདི་ལྟ་སྟེ། ལྷ་ཡི་གནས་ན་བརྒྱ་བྱིན་མགོན། །ལྷ་མ་ཡིན་ལ་ཐག་བཟང་རིས། །མི་ལ་བདུད་འདུལ་ཤཱཀྱ་མགོན། །ཡི་དྭགས་གནས་ན་ཁ་འབར་བདེ། །བྱོལ་སོང་སེངྒེ་ཉིད་དུ་སྨྲ། །དམྱལ་བ་ལ་ནི་གཤིན་རྗེ་མགོན། །སྐུ་དང་ཆ་ལུགས་ཚུལ་སྟོན་ཅིང་། །ལ་ལ་ལྷུམས་ཞུགས་སྐུ་ལ་བལྟམས། །ལ་ལ་ཚུལ་སྲུང་རབ་ཏུ་བྱུང་། །ལ་ལ་བསྙེན་རྫོགས་དཀའ་ཐུབ་བྱེད། །ལ་ལ་དམ་ནོད་འགྲོ་བ་སྒྲོལ། །ལ་ལ་བཅུ་དྲུག་ཆོས་ལ་བཙུད། །ལ་ལ་མེར་འབར་ཆུ་ཡང་འབར། །ལ་ལ་རྡོ་རྗེ་བྲག་ཏུ་སྲ། །ལ་ལ་གསོ་གསོད་ཕམ་རྒྱལ་བྱེད། །ལ་ལ་བཅིང་སྒྲོལ་འགུག་སྒྲོལ་བྱེད། །ལ་ལ་བདུད་འདུལ་ངན་སོང་སྦྱོང་། །ལ་ལ་དཀྱིལ་འཁོར་མཆོད་སྤྲིན་འཁྲིལ། །ཀུན་ཀྱང་ཆོས་ཀྱི་འཁོར་ལོ་སྐོར། །ཞེས་གསུངས་པ་ལྟར་འགྲོ་བ་འདུལ་བའི་ཚུལ་གྱི་གཟུགས་སྟོན་ཚུལ་མི་འདྲ་བ་སྣ་ཚོགས་པའི་དབང་གིས་ཡིན་པའི་ཕྱིར་རོ།།

ད་ནི་དཀྱུས་ལ་འཇུག་སྟེ། དེ་ལྟར་དོན་དམ་པར་ཐུབ༷་པ༷་དྲུག༷་གི༷་དགོ༷ངས་པ་ཉོན་མོངས་པའི་དུག་དྲུག་དམིགས་པ་མེད་ཅིང་བསམ་བརྗོད་དང་བྲལ་བའི་གཉིས་མེད་མཉམ་པ་ཆེན་པོ་དང་། སྤྱོད༷་པ་ཉོན་མོངས་པ་དྲུག་གི་ངོ་བོ་ཐུབ་པ་དྲུག་གི་རང་བཞིན་དུ་ཤེས་པའི་བླང་དོར་བྱ་བྱེད་ལས་འདས་པ་དེ༷་འདྲ༷་ཡིན་ན་ཡ༷ང་། དོན་ལ་དེ༷་ལྟར༷་དུ་མ་བཟུང་བར་ཐུབ་པ་དྲུག་བདེན་གྲུབ་རང་མཚན་པ་དང་། ཞལ་ཕྱག་མཚན་མའི་ཆོས་ཅན་དུ་བཟུང་ནས་གནས་ལུགས་རྣལ་མའི་དོན་གང་ཡིན་པ་དེ་སྒྲིབ་པ་དང་ཉེས་ལྟུང་སྟུག་པོས་བསྒྲིབས་པ་བད༷ག་གིས༷་ནི་ཇི་བཞིན་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོགས༷་ཏེ༷། ཐུབ༷་པ༷་དྲུག༷་གི༷་ཐུག༷ས་ཀྱི་དགོངས་སྤྱོད་དང༷་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་ཐུབ་པ་དྲུག་གི་ཚོགས་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་ཐུབ་པ་དྲུག་གི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། ཐུབ་པ་དྲུག་ཅེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་ཉོན་མོངས་དྲུག་རྣམ་པར་དག་པའི་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་དེས་བསྐྱེད་པའི་ཉེས་ལྟུང་རྣམས་བཤགས་པའོ།།

བདུན་པ་སྒོ་བ་བཞི་ཡི་ཀློང་བཤགས་ནི། སྒོ་བ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ རྟག་ཆད་མུ་བཞི་ཡེ་ནས་མངོན་སངས་རྒྱས༔ སྒོ་བ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་བ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། སྒོ་བཞིར་རིམ་པ་ཇི་བཞིན་དུ། །སྟོབས་ཆེན་གཤིན་རྗེ་གཤེད་པོ་དང་། །རྟ་མགྲིན་བདུད་རྩི་འཁྱིལ་བ་བཞི། །ཞེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བའི་རྒྱུད་ལས། གཤིན་རྗེ་འཇོམས་དང་སྟོབས་པོ་ཆེ། །རྟ་མགྲིན་དང་ནི་བདུད་རྩིར་འཁྱིལ། །སྒོ་བཞི་དག་ཏུ་རིམ་བཞིན་ནོ། །ཞེས་དང་། ལས་བྱང་ཚོར་གྲོལ་ལས། རྣམ་རྒྱལ་གཤེད་པོ་དབང་ཆེན་བདུད་རྩི་འཁྱིལ༔ ཞེས་གསུངས་པ་ལྟར་དཀྱིལ་འཁོར་གྱི་སྒོ་སྲུང་བར་བྱེད་པའི་ལྷ་ཁྲོ་བོ་ཆེན་པོ་རྣམ་པར་རྒྱལ་བ་དང་། གཤིན་རྗེ་གཤེད་པོ་དང་། རྟ་མགྲིན་དབང་ཆེན་དང་། བདུད་རྩི་འཁྱིལ་བ་སྟེ། སྒོ༷་བ༷་བཞི༷་པོ་རྣམ༷ས་དམ་ཚིག་ཉེས་ལྟུང་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅིང༷་། ཐུགས་ཀྱིས་ལེགས་པར་དགོང༷ས་ཏེ་བརྩེ་བས་གཟིགས་སུ༷་གསོ༷ལ་ཞེས་ཡང་བཤགས་ཡུལ་སྒོ་བ་བཞི་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

དོན་དམ་པར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་གྲུབ་ཏུ་ཡོད་པ་རྟག༷་པའི་མཐའ་དང་། ཐ་སྙད་དུ་མེད་པ་ཆ༷ད་པའི་མཐའ་དང་། ཆོས་དང་གང་ཟག་གི་བདག་གི་ངོ་བོར་ལྟ་བ་བདག་ལྟའི་མཐའ་དང་། དེ་དང་འདིའོ་ཞེས་མཚན་མར་ལྟ་བའི་མུ༷་སྟེ་མཐའ་བཞི༷་པོ་གང་གི་ངོ་བོར་ཡང་མ་གྲུབ་པར་གདོད་མ་ནས་སྐྱེ་འགགས་མཚན་མའི་ཆོས་ལས་འདས་པ་ཡེ༷་ནས༷་རྣམ་པར་དག་པ་མངོ༷ན་པར་རྫོགས་པར་སང༷ས་རྒྱས༷་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་ཁྲོ་ཆེན་སྒོ་བ་བཞིའི་རང་བཞིན་ཡིན་ཏེ། ལས་བྱང་ཚོར་གྲོལ་ལས། ཚད་མེད་བཞི་ལྡན་རྟག་ཆད་མུ་བཞི་བྲལ༔ འཕྲིན་ལས་འགྲོ་དོན་སྒོ་བ་ཡབ་ཡུམ་བརྒྱད༔ ཞེས་དང་། མུ་བཞི་གནས་དག་ཚད་མེད་བཞི་དང་ལྡན་༔ རྣམ་རྒྱལ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་ལོ༔ ཞེས་གསུངས་པའི་ཕྱིར། དེ་ཡང་དོན་དམ་པར་རྟག་ལྟ་རྣམ་པར་དག་པ་ཤར་གྱི་སྒོ་བ་རྣམ་པར་རྒྱལ་བ་དཀར་པོ་ལྕགས་ཀྱུ་འཛིན་པ་དང་། ཆད་ལྟ་རྣམ་པར་དག་པ་ལྷོ་ཡི་སྒོ་བ་གཤིན་རྗེའི་གཤེད་པོ་སེར་པོ་ཞགས་པ་འཛིན་པ་དང་། བདག་ཏུ་ལྟ་བ་རྣམ་པར་དག་པ་ནུབ་ཀྱི་སྒོ་བ་རྟ་མགྲིན་རྒྱལ་དམར་པོ་ལྕགས་སྒྲོག་འཛིན་པ་དང་། མཚན་མར་ལྟ་བ་རྣམ་པར་དག་པ་བྱང་གི་སྒོ་བ་བདུད་རྩི་འཁྱིལ་བ་ལྗང་གུ་དྲིལ་བུ་འཛིན་པའི་རང་བཞིན་ཡིན་ཞིང་། དེ་ལྟར་དུ་བཏགས་པ་ཙམ་ལས་ཞལ་ཕྱག་མཚན་མ་ཅན་དུ་མ་གྲུབ་སྟེ། ཞི་ཁྲོའི་ལྷ་དབང་གི་དབང་བཤད་ལས། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་བ་བཞི་ཡང་གུད་ན་མེད་དེ༔ རྟག་པར་ལྟ་བ་གནས་སུ་དག་པ་རྣམ་པར་རྒྱལ་བ༔ ཆད་པར་ལྟ་བ་གནས་སུ་དག་པ་གཤིན་རྗེའི་གཤེད་པོ༔ བདག་ཏུ་ལྟ་བ་གནས་སུ་དག་པ་རྟ་མགྲིན༔ མཚན་མར་ལྟ་བ་གནས་སུ་དག་པ་སྒོ་བ་བདུད་རྩི་འཁྱིལ་པའི་རང་བཞིན་ཡིན་པས་ངོ་ཤེས་པར་མཛོད་ཅིག༔ ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཀློང་བཤགས་འདི་ཉིད་དང་། བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་དང་། ལས་བྱང་ཚོར་གྲོལ་དང་། དབང་བཤད་རྣམས་སུ་རྟག་ཆད་མུ་བཞི་རྣམ་པར་དག་པ་ལ་སྒོ་བ་བཞི་ལ་སྦྱར་འདུག་ལ། ཞི་ཁྲོའི་བསྐང་བཤགས་ཉམས་ཆགས་རང་གྲོལ་ལས་ནི་རྟག་ཆད་མུ་བཞི་སྒོ་མ་བཞི་ལ་སྦྱར་ནས་སྒོ་བ་བཞི་ལ་ལུས་ཀྱི་རྣམ་པར་ཤེས་པ་དང་། ལུས་ཀྱི་དབང་པོ་དང་། ལུས་ཀྱི་རེག་ཡུལ་ཏེ་རེག་བྱ་དང་། ལུས་ཀྱི་རེག་ཤེས་ཏེ་ལུས་ཤེས་འདས་མ་ཐག་པའི་ཡིད་དབང་སྟེ། རེག་བྱ་འཇམ་རྩུབ་ཏུ་རྟོག་པའི་ཡིད་ཤེས་རྟོག་བཅས་ཀྱི་སྔ་ལོག་དེ་མ་ཐག་ཏུ་འགགས་པའི་ལུས་ཤེས་ཡིད་དབང་དུ་གྱུར་པ་བཞི་གནས་སུ་དག་པ་ལ་སྦྱར་འདུག་སྟེ། དེ་ཉིད་ལས། ལུས་ཀྱི་རྣམ་ཤེས་གནས་དག་པའི༔ གཤིན་རྗེ་གཤེད་པོའི་ཐུགས་དམ་བསྐང་༔ ལུས་ཀྱི་དབང་པོ་གནས་དག་པའི༔ སྟོབས་པོ་ཆེ་ཡི་ཐུགས་དམ་བསྐང་༔ ལུས་ཀྱི་རེག་ཡུལ་གནས་དག་པའི༔ རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ ལུས་ཀྱི་རེག་ཤེས་གནས་དག་པའི༔ བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར། དེ་ལྟར་ན་བསྐང་བཤགས་འདིའི་དགོངས་པ་ནི། ཀློང་བཤགས་ཀྱི་བཤད་བྱ་རྩ་བའི་རྒྱུད་དྲི་མེད་བཤགས་པའི་རྒྱུད་ཀྱི་དགོངས་པ་ཡིན་ཏེ། དེ་ཉིད་ལས། དོན་དམ་པར་སེམས་ཅན་གྱི་ལུས་ཀྱི་རེག་པ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་གཤིན་རྗེའི་གཤེད་པོ་སྟེ། ཞེས་དང་། ལུས་ཀྱི་དབང་པོ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་སྟོབས་པོ་ཆེ་སྟེ། ཞེས་དང་། ལུས་ཀྱི་རེག་བྱ་གནས་སུ་དག་པ། ཁྲོ་བོ་ཆེན་པོ་རྟ་མགྲིན་ཏེ། ཞེས་དང་། ལུས་ཀྱི་རེག་ཤེས་གནས་སུ་དག་པ། ཁྲོ་བོ་ཆེན་པོ་བདུད་རྩི་འཁྱིལ་པ་སྟེ། ཞེས་གསུངས་པའི་ཕྱིར། དེ་དང་དགོངས་པ་ཕལ་ཆེར་གཅིག་ཏུ་མཐུན་པར་ནི་རྒྱུད་གཞན་གྱི་ལུགས་སུའང་སྣང་སྟེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གང་དུ་ལུས་དང་བཅས་པ་ཡི། །དབང་པོ་ཡུལ་དང་རྣམ་ཤེས་རེག །རང་རྒྱུད་བཅད་པའི་ཡེ་ཤེས་ཉིད། །སྒོ་བ་རྣམ་པ་བཞི་རུ་གསུངས། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །རེག་བྱེད་དང་བའི་བདག་ཉིད་དེ། །ལུས་ཀྱི་ཁམས་ཞེས་བྱ་བར་གྲགས། །རེག་བྱེད་བྱ་བ་བྱེད་པས་ན། །གཤིན་རྗེ་འཇོམས་པའི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རེག་བྱ་ཀུན་ལ་སྤྱོད་པ་ཀུན། །ལུས་ཀྱི་རྣམ་ཤེས་ཞེས་སུ་གྲགས། །རེག་པའི་ཡེ་ཤེས་ཡིན་པའི་ཕྱིར། །རྣམ་པར་རྒྱལ་བའི་རང་བཞིན་ཡིན། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །འབྱུང་དང་འབྱུང་འགྱུར་རེག་བྱ་རྣམས། །རེག་བྱའི་སྐྱེ་མཆེད་ཉིད་དུ་གྲགས། །རེག་པར་བྱ་བའི་ཡུལ་ཡིན་པས། །རྟ་མཆོག་དཔལ་གྱི་རང་བཞིན་ནོ། །སྲིད་གསུམ་སེམས་ཅན་ཐམས་ཅད་ཀྱི། །ཚོགས་དྲུག་འགགས་པའི་དེ་མ་ཐག །གོ་འབྱེད་གསལ་བའི་བདག་ཉིད་དེ། །ཡིད་ཀྱི་ཁམས་ཞེས་བྱ་བར་གྲགས། །དེ་སྤྱོད་བྱ་བ་བྱེད་པའི་ཕྱིར། །བདུད་རྩི་འཁྱིལ་བའི་རང་བཞིན་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་བསྐང་བཤགས་དང་ཡེ་ཤེས་རྔམ་གློག་གིས་རེག་སོགས་བཞི་སྒོ་བ་སོ་སོར་སྦྱར་ཚུལ་ནི་མི་འདྲ་བ་ལུང་ལ་བལྟས་པ་ཙམ་གྱིས་ཤེས་པ་ལྟར་རོ། །ཁྲོ་བོའི་རྒྱལ་པོ་མི་གཡོ་བ་གསང་སྔགས་གསང་བའི་རྒྱུད་ལས། འབྱུང་བ་སྒོ་བ་བཞི་ཉིད་དེ། །ཞེས་ས་ཆུ་མེ་རླུང་གི་འབྱུང་བ་བཞི་དག་པ་སྒོ་བ་བཞི་རུ་བཤད་པའང་ཡོད་དོ།།

དྲི་མེད་བཤགས་རྒྱུད་ལས། བྱམས་པ་ཆེན་པོས་འགྲོ་བའི་དོན་ཚར་གཅོད་པར་མཛད་པས་ཕྱག་རྒྱ་ནྲྀ་མགོ་གདེངས་པ་ཅན། ཤར་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །ཞེས་དང་། སྙིང་རྗེ་ཆེན་པོས་འགྲོ་བའི་དོན་དུག་ལྔ་ཡེ་ཤེས་ལྔས་འཇོམས་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྩེ་ལྔ་ཅན། ལྷོ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །ཞེས་དང་། དགའ་བ་ཆེན་པོས་འགྲོ་བའི་དོན་མཛད་པས་ཕྱག་རྒྱ་ཐོད་དབྱུག་སྦྲུལ་གྱིས་དཀྲིས་པ་ཅན། ནུབ་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །ཞེས་དང་། བཏང་སྙོམས་ཆེན་པོས་འགྲོ་བའི་དོན་མཐར་ཕྱིན་པར་མཛད་པས་ཕྱག་རྒྱ་རྡོ་རྗེ་རྒྱ་གྲམ་ཅན། བྱང་སྒོའི་བདག་པོ་ལ་ཕྱག་འཚལ་ལོ། །དྲག་ཤུལ་ཐབས་ཀྱིས་འགྲོ་བ་འདུལ་མཛད་པ། །ཚད་མེད་བཞི་ལྡན་སྒོ་བཞི་ཐུབ་པར་སྲུང་། །ཏ་ཀྲྀཏ་སྒོ་བ་བཞི་ལ་ཕྱག་འཚལ་ལོ། །ཞེས་གསུངས་པས་ཚད་མེད་རྣམ་བཞིའི་དག་པ་ལའང་སྦྱར་འདུག་པ་ཤེས་སོ།།

གཞན་ཡང་རྟ་མཆོག་རོལ་བ་ལས། ཤར་སྒོར་གཤིན་རྗེ་གཤེད་པོ་ཆེ། །མཐིང་ནག་བེ་ཅོན་རྩེ་གསུམ་ཕྲེང་། །ལྷོ་སྒོར་སྟོབས་ཆེན་སེར་སྐྱའི་མདངས། །རྡོ་རྗེ་ཞགས་པ་རིན་ཆེན་ཕྲེང་། །ནུབ་སྒོར་རྟ་མཆོག་འཇིགས་བྱེད་རྒྱལ། །ཐོད་སྤྲུལ་དྲིལ་བུ་ལུ་གུ་རྒྱུད། །བྱང་སྒོར་རྡོ་རྗེ་འཁྱིལ་པ་སྟེ། ལྗང་སྐྱ་རྡོ་རྗེ་རྩེ་གསུམ་མཐུ། །ཁྲོ་བོ་ཆ་ལུགས་རྔམ་བརྗིད་དང་། །དུར་ཁྲོད་རིམ་པའི་ཆས་ཀྱིས་བརྒྱན། །ལྕགས་གྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྤྱན་དམར་འཇིགས་བྱེད་འོད་དཔུང་དང་། །རྡོ་རྗེ་མཆེ་སོགས་ཁྲོ་གཉེར་ཅན། །ཡབ་ཡུམ་འཁྱིལ་བ་བརྐྱང་བསྐུམ་སྐུ། །ཞེས་ཕྱོགས་ཀྱི་འགོད་ཚུལ་དང་སྐུ་མདོག་སོགས་མི་འདྲ་བ་ཡོད་ཀྱང་མི་སྤྲོའོ།།

དཀྱུས་ལ་འཇུག་སྟེ། དེ་ལྟར་དོན་དམ་པར་སྒོ༷་བ༷་བཞི༷་ཡི༷་དགོང༷ས་པ་རྟག་ཆད་མུ་བཞིའི་སྤྲོས་པ་དང་བྲལ་བའི་ཆོས་ཉིད་གཉིས་མེད་མཉམ་པ་ཆེན་པོ་དང་། སྤྱོད༷་པ་རྟག་ཆད་མུ་བཞིའི་ངོ་བོ་སྒོ་བ་བཞིའི་རང་བཞིན་དུ་ཤེས་པའི་དམིགས་མེད་སྨྲ་བསམ་དང་བྲལ་བའི་བླང་དོར་བྱ་བྱེད་ལས་འདས་པ་དེ༷་འདྲ༷་ཡིན་ན་ཡ༷ང་། དོན་ལ་དེ༷་ལྟར༷་མ་བཟུང་བར་སྒོ་བ་བཞི་བདེན་གྲུབ་རང་མཚན་པ་དང་། ཞལ་ཕྱག་མཚན་མའི་ཆོས་ཅན་དུ་བཟུང་ནས་གནས་ལུགས་རྣལ་མའི་དོན་གང་ཡིན་པ་དེ་ཉིད་སྒྲིབ་པ་དང་ཉེས་ལྟུང་སྟུག་པོས་བསྒྲིབས་པ་བད༷ག་གིས༷་ནི་ཇི་བཞིན་མ༷་རིག༷་ཅིང་དགོངས་སྤྱོད་དེ་དང་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོ༷གས་ཏེ༷། སྒོ༷་བ༷་བཞི༷་ཡི༷་ཐུག༷ས་ཀྱི་དགོངས་སྤྱོད་ད༷ང་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་སྒོ་བ་བཞིའི་ཚོགས་ཁྱེ༷ད་ཅག་གི་སྤྱན་སྔ་ལ་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་སྒོ་བ་བཞིའི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། སྒོ་བ་བཞི་ཞེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་རྟག་ཆད་མུ་བཞི་རྣམ་པར་དག་པའི་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་། དེའི་རྐྱེན་ལས་བྱུང་བའི་ཉེས་ལྟུང་གི་ཚོགས་དག་བཤགས་པའོ།།

བརྒྱད་པ་སྒོ་མ་བཞི་ཡི་ཀློང་བཤགས་ནི། སྒོ་མ་བཞི་རྣམས་གསན་ཅིང་དགོངས་སུ་གསོལ༔ ཚད་མེད་བཞི་ནི་ཡེ་ནས་མངོན་སངས་རྒྱས༔ སྒོ་མ་བཞི་ཡི་དགོངས་སྤྱོད་དེ་འདྲ་ཡང་༔ དེ་ལྟར་བདག་གིས་མ་རིག་མ་རྟོགས་ཏེ༔ སྒོ་མ་བཞི་ཡི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། སངས་རྒྱས་རབས་བདུན་གྱི་བཀྲ་ཤིས་པའི་ཚིགས་བཅད་ལས། སྒོ་བ་ལྕགས་ཀྱུ་མ་དང་སྒོ་བ་ཞགས་པ་དང་། །སྒོ་བ་ལྕགས་སྒྲོག་མ་དང་སྒོ་བ་དྲིལ་བུར་བཅས། །བཅོམ་ལྡན་སྒོ་སྲུང་བཀྲ་ཤིས་གང་ཡོད་པ། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བཀྲ་ཤིས་ཤོག །ཅེས་དང་། ངན་སོང་སྦྱོང་རྒྱུད་ལས། དད་སོགས་ངོ་བོ་ལས་བྱུང་བ། །སྒོ་བཞིའི་དབུས་ན་གང་བཞུགས་པ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྒོ་སྐྱོང་ཁྱེད་རྣམས་ལ་ཕྱག་འཚལ། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་ཉིད། །ལྷ་མོ་དག་ནི་བཞི་པོ་འདི། །ཞེས་དང་། ལས་བྱང་ཚོར་གྲོལ་ལས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ༔ ཞེས་གསུངས་པ་ལྟར། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་རིགས་ཀྱི་སྒོ་སྐྱོང་ཁྲོ་བོ་བཞིའི་ཡུམ་དུ་གྱུར་པ་ཤེས་རབ་སྟོང་པ་ཉིད་མཚོན་བྱེད་སྒོ༷་མ༷་ལྕགས་ཀྱུ་མ་དང་། ཞགས་པ་མ་དང་། ལྕགས་སྒྲོག་མ་དང་། དྲིལ་བུ་མ་བ༷ཞི་པོ་དེ་རྣམ༷ས་ཉེས་སྒྲིབ་ངན་པ་འགྱོད་པས་བཤགས་པ་པོ་བདག་ལ་སྙན་གྱིས་གས༷ན་ཅི༷ང་། ཐུགས་ཀྱིས་ལེགས་པར་དགོང༷ས་ཏེ་བརྩེ་བས་གཟིགས་སུ༷་གསོ༷ལ་ཞེས་ཡང་བཤགས་ཡུལ་སྒོ་མ་བཞི་ལ་སྙན་གསན་ཕབ་ཅིང་དགོངས་པ་གཏད་པར་གསོལ་བའོ།།

དེ་ཡང་སྙིང་རྗེ་ཚད་མེད་དང་། བྱམས་པ་ཚད་མེད་དང་། དགའ་བ་ཚད་མེད་དང་། བཏང་སྙོམས་ཚ༷ད་མེ༷ད་བཞི༷་ཡི་ངོ་བོ་ནི༷་དོན་དམ་པར་བདེན་པར་མ་གྲུབ་པས་གདོད་ནས་མ་གྲུབ་པར་དོན་དམ་བརྗོད་མེད་འོད་གསལ་དམིགས་བྲལ་ཆེན་པོར་ཡེ༷་ནས༷་ཡང་དག་པར་མངོ༷ན་པར་སང༷ས་རྒྱས༷་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་སྒོ་མ་བཞིའི་རང་བཞིན་ཡིན་ཏེ། སྙིང་རྗེ་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་ལྕགས་ཀྱུ་མ་དཀར་མོ་ལྕགས་ཀྱུ་འཛིན་པ་དང་། བྱམས་པ་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་ཞགས་པ་མ་སེར་མོ་ཞགས་པ་འཛིན་པ་དང་། དགའ་བ་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་ལྕགས་སྒྲོག་མ་དམར་པོ་ལྕགས་སྒྲོག་འཛིན་པ་དང་། བཏང་སྙོམས་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་དྲིལ་བུ་མ་ལྗང་གུ་དྲིལ་བུ་འཛིན་པའི་རང་བཞིན་ཡིན་པར་གསུངས་པའི་ཕྱིར། གྲུབ་སྟེ། བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལས། སྙིང་རྗེ་ཚད་མེད་རིགས་དྲུག་གནས་ནས་འདྲེན༔ སྐུ་མདོག་དཀར་མོ་འགུགས་བྱེད་ལྕགས་ཀྱུ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ བྱམས་པ་ཚད་མེད་འགྲོ་བའི་དོན་མཛད་མ༔ སྐུ་མདོག་སེར་མོ་འཆིང་བྱེད་ཞགས་པ་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ༔ དགའ་བ་ཚད་མེད་འགྲོ་བ་དང་དུ་ལེན༔ སྐུ་མདོག་དམར་མོ་སྡོམ་བྱེད་ལྕགས་སྒྲོག་འཛིན༔ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ བཏང་སྙོམས་ཚད་མེད་འགྲོ་ལ་ཉེ་རིང་མེད༔ སྐུ་མདོག་ལྗང་གུ་འབེབས་བྱེད་དྲིལ་བུ་འཛིནཿ ཁྲོ་བོའི་སྐུ་ལ་གཉིས་མེད་དགྱེས་པར་འཁྲིལ༔ རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་པའི་ཕྱིར། དེ་ལྟར་གཞུང་འདི་དང་། བརྒྱ་ཕྱག་དང་། ལས་བྱང་ཚོར་གྲོལ་རྣམས་ཀྱི་དགོངས་པ་ཚད་མེད་བཞི་རྣམ་པར་དག་པ་སྒོ་མ་བཞི་རུ་བཞེད་ལ། གཞན་ཡང་རྫུས་སྐྱེས་དང་། མངལ་སྐྱེས་དང་། སྒོང་སྐྱེས་དང་། དྲོད་གཤེར་ལས་སྐྱེས་པ་སྟེ་སྐྱེ་གནས་བཞི་ཡི་ངོ་བོ་དང་། དེར་རྟོག་པའི་རྣམ་རྟོག་བཞིའི་རང་བཞིན་གནས་སུ་དག་པ་སྟེ་ཡེ་ནས་སངས་རྒྱས་པའི་རང་བཞིན་ཅན་གང་ཡིན་པ་དེ་ནི་སྒོ་མ་བཞིའི་རང་བཞིན་ཡིན་པར་གསུངས་ཏེ། ཞི་ཁྲོའི་ལྷ་དབང་གི་ངོ་སྤྲོད་ལས། འོ་སྐལ་ལྡན་རིགས་ཀྱི་བུ་རྣམས༔ སྒོ་མ་བཞི་ཡང་གུད་ན་མེད་དེ༔ སྐྱེ་གནས་ཀྱི་རྟོག་པ་བཞི་གནས་སུ་དག་པ་སྒོ་མ་བཞིའི་རང་བཞིན་ཏེ༔ རྫུས་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་ཀྱུ་མ༔ མངལ་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ཞགས་པ་མ༔ སྒོང་སྐྱེས་ཀྱི་རྟོག་པ་གནས་སུ་དག་པ་ལྕགས་སྒྲོག་མ༔ དྲོད་གཤེར་ལས་སྐྱེས་པའི་རྟོག་པ་གནས་སུ་དག་པ་ནི་སྒོ་མ་དྲིལ་བུ་མའི་རང་བཞིན་ཡེ་ནས་ཀྱང་ཡིན་ཏེ༔ སྐལ་ལྡན་རྣམས་ཀྱིས་ཀྱང་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པར་མཛོད་ཅིག༔ ཅེས་གསུངས་པའི་ཕྱིར་རོ།།

བསྐང་བཤགས་ཉམས་ཆགས་རང་གྲོལ་ལས་ནི་སྨོས་ཟིན་རྣམས་དང་མི་མཐུན་པར་སྒོ་བ་བཞི་ལ་སྦྱར་བའི་ལྟ་བ་བཞི་པོ་གནས་སུ་དག་པ་བཞི་སྒོ་མ་བཞི་ལ་སྦྱར་འདུག་སྟེ། རྟག་ལྟ་གནས་དག་སྒོ་མ་ལྕགས་ཀྱུ་མ་དང་། ཆད་ལྟ་གནས་དག་སྒོ་མ་ཞགས་པ་དང་། བདག་ལྟ་གནས་དག་སྒོ་མ་ལྕགས་སྒྲོག་མ་དང་། མཚན་མར་ལྟ་བ་གནས་དག་སྒོ་མ་དྲིལ་བུ་མ་ལ་སྦྱར་འདུག་པའི་ཕྱིར། གྲུབ་སྟེ། དེ་ཉིད་ལས། རྟག་པར་ལྟ་བ་གནས་དག་པའི༔ ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ ཆད་པར་ལྟ་བ་གནས་དག་པའི༔ ཞགས་པ་མ་ཡི་ཐུགས་དམ་བསྐང་༔ བདག་ཏུ་ལྟ་བ་གནས་དག་པའི༔ ལྕགས་སྒྲོག་མ་ཡི་ཐུགས་དམ་བསྐང་༔ མཚན་མར་ལྟ་བ་གནས་དག་པའི༔ དྲིལ་བུ་མ་ཡི་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར་རོ།།

འདི་དང་མཐུན་པའི་རྒྱུད་ཀྱི་ཁུངས་ནི་ཡོད་དེ། དྲི་མེད་བཤགས་རྒྱུད་ལས། དོན་དམ་པར་སེམས་ཅན་གྱི་རྟག་པར་བལྟ་བ་གནས་སུ་དག་པ། བཛྲ་ཨངྐུ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འཛིན་པར་བྱེད་པས་ཕྱག་རྒྱ་ལྕགས་ཀྱུ་ཅན། རྡོ་རྗེ་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་ཆད་པར་བལྟ་བ་གནས་སུ་དག་པ། བཛྲ་པཱ་ཤ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་འདྲེན་པར་བྱེད་པས་ཕྱག་རྒྱ་ཞགས་པ་ཅན། རྡོ་རྗེ་ཞགས་པ་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་བདག་ཏུ་བལྟ་བ་གནས་སུ་དག་པ། བཛྲ་སྥོ་ཊ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་མི་འཆོར་བར་མཛད་པས་ཕྱག་རྒྱ་ལྕགས་སྒྲོག་ཅན། རྡོ་རྗེ་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ། །དོན་དམ་པར་སེམས་ཅན་གྱི་མཚན་མར་བལྟ་བ་གནས་སུ་དག་པ། བཛྲ་གྷཎྜ་སྟེ། འཁོར་བའི་ཉོན་མོངས་པ་ཐུགས་རྗེས་ཐལ་བར་རློག་པར་མཛད་པས་ཕྱག་རྒྱ་དྲིལ་བུ་ཅན། རྡོ་རྗེ་དྲིལ་བུ་མ་ལ་ཕྱག་འཚལ་ལོ། །རྟག་ཆད་མཐར་ཕྱིན་གསང་བ་ཡུམ་གྱི་ངང་། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་འཁྲོལ་མ། །སྒོ་མ་ཆེན་མོ་བཞི་ལ་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རང་རྒྱུད་རྟག་ཆད་བཟློག་པ་དང་། །གཟུངས་དང་ལྷ་དང་བདེ་བ་དང་། །ཐིག་ལེ་རིག་པར་བཅས་པ་ཉིད། །གང་ཕྱིར་གནས་ནས་དགུག་པ་དང་། །གང་དུའང་འགྲོ་བར་མི་ནུས་དང་། །དེ་ལས་འདའ་བར་དཀའ་བ་དང་། །བསྟིམས་ནས་བདེ་བས་དྲིལ་བུ་མ། །གཟུང་དང་འཁྱུད་དང་བསྡམ་པ་དང་། །གཉིས་སུ་མེད་པས་བདེ་ཆེན་པོ། །རང་ལུས་སྣང་སྲིད་བརྟན་གཡོ་ལ། །རྟོགས་པ་གོམས་པའི་ཚུལ་གྱིས་སྦྱར། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །འཇིག་དང་སྐད་ཅིག་མི་རྟག་པ། །རྟག་པར་མ་ཡིན་ཞེས་སུ་གྲགས། །སྒྱུ་མ་ལྟ་བུ་ཡིན་པའི་ཕྱིར། །ལྕགས་ཀྱུ་མ་ཡི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཀུན་རྟོག་གཞན་དབང་མེད་མིན་པ། །ཆད་པར་མ་ཡིན་ཞེས་སུ་གྲགས། །རྨི་ལམ་ལྟ་བུ་སེམས་སྣང་ཕྱིར། །ཞགས་པ་མ་ཡི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །གཟུང་འཛིན་དངོས་པོར་མ་གྲུབ་པ། །མཚན་མར་མ་ཡིན་ཞེས་སུ་གྲགས། །སྨིག་རྒྱུ་ལྟ་བུ་ཡིན་པའི་ཕྱིར། །ལྕགས་སྒྲོག་མ་ཡི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །སྐྱེས་བུ་བྱེད་པ་མ་གྲུབ་པ། །བདག་ཏུ་མ་ཡིན་ཞེས་སུ་གྲགས། །སྒྲ་བརྙན་ལྟ་བུའི་སེམས་སྣང་ཕྱིར། །དྲིལ་བུ་མ་ཡི་རང་བཞིན་ཡིན། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ཡེ་ཤེས་རྔམ་གློག་གི་ལུགས་འདིར་བསྐང་བཤགས་དང་བཤགས་རྒྱུད་སོགས་དང་མི་འདྲ་བར་མཚན་མར་ལྟ་བ་ལྕགས་སྒྲོག་མ་དང་། བདག་ལྟ་དྲིལ་བུ་མར་སྦྱར་འདུག་གོ།

གོང་དུ་ངན་སོང་སྦྱོང་རྒྱུད་དྲངས་པ་ལས་གསལ་བ་ལྟར་རྒྱུད་གཞན་དུ་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་སོགས་ལ་སྦྱར་བ་སོགས་མང་པོ་མཆིས་མོད་མི་སྤྲོའོ།།

རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རྣམ་རྒྱལ་གཤིན་རྗེ་གཤེད་པོ་དང་། །རྟ་མགྲིན་བདུད་རྩི་འཁྱིལ་བ་ཅི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་ཞེས་བྱ་གང་ཕྱིར་བརྗོད། །ཅེས་དང་། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྟོབས་ཆེན་ཁྲོ་བོ་ཆེན་པོ་ཡང་། །ཡུམ་མཆོག་རྡོ་རྗེ་ལྕགས་ཀྱུ་དང་། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །ཞེས་དང་། ཁྲོ་ཆེན་གཤིན་རྗེ་གཤེད་པོ་ཡང་། །ཡུམ་མཆོག་རྡོ་རྗེ་ཞགས་པ་དང་། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །ཞེས་དང་། ཁྲོ་ཆེན་རྟ་མགྲིན་དཔའ་བོ་ཡང་། །ཡུམ་མཆོག་རྡོ་རྗེ་ལྕགས་སྒྲོག་དང་། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །ཞེས་དང་། ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡང་། །ཡུམ་མཆོག་རྡོ་རྗེ་དྲིལ་འཁྲོལ་དང་། །བྱང་གི་སྒོ་ནས་དབྱིངས་སུ་འཁྲིལ། །ཞེས་གསུངས་པ་ལྟར། ཞི་ཁྲོའི་གཞུང་འདིར་ཡང་ཡང་གསལ་བར་བྱུང་བ་ལྟར་སྒོ་བ་བཞི་ཐབས་ཀྱི་རང་བཞིན་ཡབ་དང་། སྒོ་མ་བཞི་ནི་ཤེས་རབ་ཀྱི་རང་བཞིན་ཡུམ་ཏེ་སྒོ་བ་བཞིའི་ཡུམ་དུ་བཤད་པས་སྐབས་འགར་སྒོ་མ་བཞི་ལ་གཤིན་རྗེ་གཤེད་མོ་དང་། རྣམ་པར་རྒྱལ་མ་དང་། རྟ་མགྲིན་མོ་དང་། བདུད་རྩི་འཁྱིལ་མོ་ཞེས་པའི་ཡབ་རྣམས་ཀྱི་མིང་གི་ཆ་ཤས་ནས་བརྗོད་པའང་ཡོད་དེ། ཡེ་ཤེས་རྔམ་གློག་ལས། གཤེད་མོ་དང་ནི་རྒྱལ་མ་དང་། །རྟ་མགྲིན་མོ་དང་འཁྱིལ་མོ་རྣམས། །ལག་མཚན་ལྕགས་ཀྱུ་ཞགས་པ་དང་། །སྒྲོག་དང་དྲིལ་བུ་ཐོགས་ཤིང་རྔམ། །ཆ་ལུགས་འཇོམས་པ་དག་དང་འདྲ། །སྒོ་ཁྱུད་དག་ཏུ་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་ཕྱིར། དེ་ཕྱིར་རྒྱུད་འདི་ལས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་རྣམས་ཕྱག་མཚན་དུ་བཤད་པ་ལྟར་དོན་ལའང་ཕྱག་མཚན་ཡིན་མོད། ཕྱག་མཚན་གྱི་མིང་ལྷ་མིང་དུ་བཏགས་པ་ནི་རྒྱུད་ཐམས་ཅད་དབྱངས་གཅིག་སྟེ། རྡོ་རྗེ་རྩེ་མོ་ལས། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་དག་ནི་སྒོ་བ་བཞི། །རྡོ་རྗེ་སེམས་མའི་རྡོ་རྗེ་ཆེ། །དེ་བཞིན་རྡོ་རྗེ་རིན་ཆེན་ནོར། །པདྨ་རྡོ་རྗེ་ཆོས་མ་སྟེ། །རྡོ་རྗེ་རྣོན་པོ་ལས་མ་ཡིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དཀྱུས་ལ་འཇུག་སྟེ། དེ་ལྟར་སྒོ༷་མ༷་བཞི༷་ཡི༷་དགོང༷ས་པ་ཚད་མེད་རྣམ་བཞི་དང་སྐྱེ་གནས་བཞི་སྤྲོས་པ་དང་བྲལ་བའི་ཆོས་ཉིད་གཉིས་མེད་མཉམ་པ་ཆེན་པོ་དང་། སྤྱོད༷་པ་ཚད་མེད་རྣམ་བཞི་དང་སྐྱེ་གནས་བཞིའི་ངོ་བོ་སྒོ་མ་བཞིའི་རང་བཞིན་དུ་ཤེས་པའི་དམིགས་པ་མེད་པ་སྨྲ་བསམ་དང་བྲལ་བའི་བླང་དོར་བྱ་བྱེད་ལས་འདས་པ་དེ༷་འདྲ༷་ཡིན་ན་ཡ༷ང་། དོན་ལ་དེ༷་ལྟར༷་ཡིན་མོད་སྒོ་མ་བཞི་བདེན་གྲུབ་རང་མཚན་པ་དང་། ཞལ་ཕྱག་མཚན་མའི་ཆོས་ཅན་དུ་བཟུང་ནས་གནས་ལུགས་རྣལ་མའི་དོན་གང་ཡིན་པ་དེ་ཉིད། སྒྲིབ་པ་དང་ཉེས་ལྟུང་སྟུག་པོས་བསྒྲིབས་པ་བད༷ག་གིས༷་ནི་ཇི་བཞིན་མ༷་རི༷ག་ཅིང་དགོངས་སྤྱོད་དེ་ཐོབ་བྱེད་ཀྱི་ལྟ་སྒོམ་ལམ་གྱི་རིམ་པ་རྣམས་མ༷་རྟོག༷ས་ཏེ༷། སྒོ༷་མ༷་བཞི༷་ཡི༷་ཐུག༷ས་ཀྱི་དགོངས་སྤྱོད་ད༷ང་ཅི༷་འག༷ལ་བ༷་ཐམས་ཅད་ཟག་པ་མེད་ཅིང་ཚད་མེད་པའི་ཐུག༷ས་རྗེ༷་རྒྱ་ཆེ༷་བ་མང༷འ་བ་ཡེ་ཤེས་ཀྱི་སྒོ་མ་བཞིའི་ཚོགས་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་སྒོ་མ་བཞིའི་དགོངས་སྤྱོད་ཀྱི་དོན་ལས་གོལ་ཞིང་། སྒོ་མ་བཞི་ཞེས་པ་ཀུན་རྫོབ་ཞལ་ཕྱག་ཅན་གྱི་ལྷ་ཉིད་དུ་མཚན་མར་འཛིན་པས་ཚད་མེད་རྣམ་བཞི་དང་སྐྱེ་གནས་བཞི་རྣམ་པར་དག་པའི་ཆོས་ཉིད་ཀྱི་དོན་དང་འགལ་བ་ཉིད་དང་། དེའི་དབང་གིས་བྱུང་བའི་ལྟུང་བ་དང་ཉེས་སྡིག་རྣམས་བཤགས་པའོ།།

ཞི་བའི་ལྷ་ལ་གནོང་བཤགས་བྱ་བ།

གཉིས་པ་ཞི་བའི་ལྷ་ལ་གནོང་བཤགས་བྱ་བ་ལ་ནི། མདོར་བསྟན་པ་དང་། རྒྱས་པར་བཤད་པ་དང་། མཇུག་བསྡུ་བ་གསུམ་ལས། དང་པོ་ཞི་བ་སྤྱིའི་གནོང་བཤགས་མདོར་བསྟན་པ་ནི། ཨོཾ་རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ བདག་གི་ཕུང་པོ་ཁམས་སྐྱེ་མཆེད་རྣམས༔ ཞི་བའི་དཀྱིལ་འཁོར་ལྷ་རུ་སྦྱོར་མ་འཚལ༔ སངས་རྒྱས་བཞི་བཅུ་གཉིས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ནས་ཞི་བ་སྤྱིའི་ལྷ་ལ་ཉེས་ལྟུང་གི་གནོང་བ་བཤགས་པར་བྱ་བའི་སྒོ་ནས་མདོར་བསྟན་པ་ནི། ཨོཾ༷་ནི་གོང་ལྟར་སྐུ་ལྔ་ཡེ་ཤེས་ལྔ་མཚོན་པ་དང་། དེའི་སྒོ་ནས་ཤིས་པ་བརྗོད་པའི་ཚིག་སྟེ། དམ་ཚིག་ཉམས་པ་རྣམས་ལེགས་པར་ཕྱིར་བཅོས་པས་སྒྲིབ་གཉིས་བག་ཆགས་དང་བཅས་པ་མྱུར་དུ་དག་སྟེ་སྐུ་ལྔ་ཡེ་ཤེས་ལྔའི་འབྲས་བུ་མངོན་དུ་གྱུར་ཅིག་ཅེས་པའོ།།

རང་རིག་ཡེ་ཤེས་ཞེས་པ་ནི་ཐེག་པ་ཆེན་པོའི་མདོ་སྔགས་གཉིས་ཀའི་ཆོས་སྐད་ལ་བྱུང་ཞིང་། དེ་ཡང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་སྤྲོས་པ་མཐའ་དག་དང་བྲལ་བའི་གནས་ལུགས་སྟོང་ཉིད་པ་དང་། དེ་རྟོགས་པའི་འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་ཆུ་ལ་ཆུ་བཞག་པ་ལྟར་སོང་བའི་དབྱིངས་དང་ཡེ་ཤེས་གཉིས་མེད་ཟུང་འཇུག་ཆེན་པོའི་ཡེ་ཤེས་དེའི་དོན་དེ་ལ་གོ་དགོས་ཤིང་། ཁྱད་པར་དུ་འདིར་ནི་ཆོས་རྣམས་ཀྱི་ཆོས་ཉིད་ཀ་དག་ཆེན་པོའི་རང་བཞིན་ལ་རྡུལ་བྲལ་དྲི་མ་མེད་པའི་ཡེ་ཤེས་ཡེ་ནས་དབྱེར་མེད་པར་ཆོས་ཉིད་ཀྱི་ངོ་བོ་སོ་སོར་རང་གིས་རིག་པའི་ཚུལ་དུ་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པར་གནས་པར་འདོད་པ་དེའམ་དེ་འདྲའི་ཡུལ་ཅན་ཡེ་ཤེས་ལ་རང་རིག་ཡེ་ཤེས་བྱ་སྟེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ལས། ཟབ་མོ་སྟོང་ཉིད་སྟོང་པའི་དོན། །བྱིས་པ་རྣམས་ཀྱིས་རྟོགས་མི་ནུས། །དངོས་པོ་ཐམས་ཅད་རང་བཞིན་དང་། །ཚིག་གི་ཆོས་ནི་མིག་ཡོར་འདྲ། །རང་རིག་ཡེ་ཤེས་ཡང་དག་མཐའ། །བུ་རྣམས་ལ་ནི་ངས་བཤད་དོ། །ཞེས་དང་། དམ་པའི་ཆོས་པདྨ་དཀར་པོ་ལས། སྲོག་ཆགས་རྣམས་ཀྱི་མོས་དང་བསམ་མཁྱེན་ནས། །ཆོས་རྣམས་རྣམ་པ་མང་པོ་རབ་ཏུ་བཤད། །རྣམ་པ་སྣ་ཚོགས་ཐབས་ཀྱིས་དགའ་བ་བསྐྱེད། །དེ་ནི་ང་ཡི་རང་རིག་ཡེ་ཤེས་སྟོབས། །ཞེས་དང་། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། དེ་ནས་རང་རིག་ཡེ་ཤེས་ཏེ། །ཆོས་ཀུན་སྟོང་པ་རོ་གཅིག་པའོ། །ཞེས་དང་། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ལས། ལྟ་བ་ཤེས་རབ་ཕ་རོལ་ཕྱིན། །གདོད་ནས་སྤྲོས་བྲལ་ལྷུན་གྱིས་གྲུབ། །རང་རིག་ཡེ་ཤེས་དབྱིངས་ན་གསལ། །མ་རིག་མུན་པའི་སྒྲིབ་པ་མེད། །ཤེས་རབ་སྙིང་པོ་རྩེར་བྱུང་བ། །ལྟ་བ་ཀུན་གྱི་ཡང་རྩེ་ཡིན། །ཞེས་དང་། གསང་བ་སྙིང་པོ་ལས། ཡེ་ནས་མཉམ་ཉིད་དཀྱིལ་འཁོར་ལ། །ཐབས་དང་ཤེས་རབ་གཉིས་ལྡན་ཏེ། །རང་རིག་ཡེ་ཤེས་རྒྱལ་པོ་ཡིས། །ཐམས་ཅད་མ་ལུས་མཎྜ་ལ། །ཞེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། ཆོས་སྐུ་སྐྱེ་མེད་ནམ་མཁའ་བཞིན། །རང་རིག་སྟོང་པ་འོད་གསལ་ལ། །ཞེས་གསུངས་པའི་ཕྱིར། ལས་བྱང་ཚོར་གྲོལ་ལས། རང་རིག་སྟོང་གསལ་རིག་པའི་མདངས༔ ཀུན་བཟང་རིགས་ལྔ་རྡོ་རྗེ་སེམས༔ སྣང་ལ་རང་བཞིན་མེད་པ་ཡིས༔ ཞེས་ཞི་ཁྲོའི་ལྷ་ཚོགས་རྟེན་དང་བརྟེན་པ་ཀུན་ཀྱང་རང་རིག་ཡེ་ཤེས་ཀྱི་རྩལ་ལས་སྣང་བ་དང་། དེའི་རྩལ་ཀློང་ནས་སྒྱུ་མ་ལྟ་བུའི་དཀྱིལ་འཁོར་ཀྱི་བཀོད་པ་ཡོངས་རྫོགས་གསལ་དགོས་པར་གསུངས་སོ།།

ཉམས་ཆགས་བཤགས་པ་པོ་རང་གི་རྒྱུད་ལ་དེ་ལྟ་བུའི་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། ཡེ་ཤེས་རྔམ་གློག་ལས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པས་དྲི་མ་མེད། །ཕུང་པོ་ལྔ་དོན་སངས་རྒྱས་ལྔ། །འབྱུང་བ་ལྔ་དོན་དབྱིངས་ཕྱུག་ཡུམ། །ཁམས་དང་སྐྱེ་མཆེད་མང་པོ་ཀུན། །སེམས་དཔའ་སེམས་མའི་དཀྱིལ་འཁོར་ཡིན། དེས་ན་སྲིད་གསུམ་དཀྱིལ་འཁོར་ཆེ། །ཞེས་དང་། དམ་ཚིག་ཆེན་པོའི་རྒྱུད་ལས། ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །འབྱུང་བ་ལྔ་ནི་ཡུམ་ལྔའོ། །སྐྱེ་མཆེད་སེམས་དཔའ་སེམས་མ་ཡིན། ། གཟུགས་ཕུང་རྣམ་པར་སྣང་མཛད་ལ། །ཞེས་དང་། དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། ཕུང་པོ་ལྔ་ནི་བདག་ཉིད་སྐུ། །མཁའ་འགྲོ་ལྔར་ནི་རབ་ཏུ་གྲགས། །མཁའ་འགྲོ་ལྔ་ནི་ཡེ་ཤེས་ལྔ། །འབྱུང་བ་ལྔ་ཡི་རང་བཞིན་ཅན། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །འབྱུང་བཞི་ལྷ་མོ་བཞི་རུ་བརྗོད། །ཡུལ་ལྔ་འདོད་ཡོན་ལྷ་མོ་ལྔ། །རྣམ་ཤེས་བརྒྱད་ནི་བྱང་ཆུབ་སེམས། །ལུས་ཚིག་ལ་གནས་ཁྲོ་རྒྱལ་བཅུ། །བསྡུས་པ་ཡེ་ཤེས་ལྔར་སྦྱོར་བ། །བདེ་བ་ཆེན་པོའི་ཡེ་ཤེས་ནི། །དཔལ་ལྡན་རྡོ་རྗེ་འཆང་གི་དངོས། །ཞེས་གསུངས་པ་དང་གོང་དུ་བཤད་ཟིན་ལྟར། བད༷ག་རང་གི༷་རྒྱུད་ཀྱི་གཟུགས་ཕུང་སོགས་གཙོ་བོར་གྱུར་པའི་གཟིགས་ཀྱི་ཕུང་པོ་དང་། ཚོར་བའི་ཕུང་པོ་དང་། འདུ་ཤེས་ཀྱི་ཕུང་པོ་དང་། འདུ་བྱེད་ཀྱི་ཕུང་པོ་དང་། རྣམ་པར་ཤེས་པའི་ཕུང་པོ་སྟེ་ཕུང༷་པོ༷་ལྔ་དང་། མིག་གི་ཁམས་དང་། རྣ་བའི་ཁམས་དང་། སྣའི་ཁམས་དང་། ལྕེའི་ཁམས་དང་། ལུས་ཀྱི་ཁམས་དང་། ཡིད་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་རྣམ་པར་ཤེས་པའི་ཁམས་དང་། སྣའི་རྣམ་པར་ཤེས་པའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་དང་། གཟུགས་ཀྱི་ཁམས་དང་། སྒྲའི་ཁམས་དང་། དྲིའི་ཁམས་དང་། རོའི་ཁམས་དང་། རེག་བྱའི་ཁམས་དང་། ཆོས་ཀྱི་ཁམ༷ས་ཏེ་ཁམས་བཅོ་བརྒྱད་ དང༷་། མིག་གི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། དྲིའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དེ་སྐྱེ༷་མཆེ༷ད་བཅུ་གཉིས་པོ་རྣམ༷ས་ཀྱིས་བསྡུས་པའི་ཕྱི་ནང་གི་ཆོས་རྣམས་དོན་དམ་པར་ཞི༷་བ༷འི་ལྷ་ཚོགས་བཞི་བཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་གྱི་ལྷ༷་སོ་སོའི་ངོ་བོ་རུ༷་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་དེ་དག་གི་དག་པ་ལས་གཞན་དུ་འཛིན་པའི་རྟོག་པ་དང་། དེས་བསགས་པའི་ཉེས་ལྟུང་གི་ཚོགས་དེ་ཉིད། སྒྲིབ་གཉིས་སངས་ཤིང་བློ་གྲོས་རྣམ་པར་རྒྱས་པའི་སང༷ས་རྒྱ༷ས་ཞི་བ་བཞི༷་བ༷ཅུ་རྩ་གཉིས༷་པོ་རྣམས་ཀྱི་སྤྱན་སྔ་ལ༷་གནོང་འགྱོད་དྲག་པོས་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་བ་འདེབས་སོ་ཞེས་ཕུང་ཁམས་སྐྱེ་མཆེད་ཀྱི་ངོ་བོ་ཞི་བའི་ལྷ་ཚོགས་ཀྱི་རང་བཞིན་རང་རིག་པའི་ཡེ་ཤེས་ལས་གཞན་དུ་འཛིན་པ་དང་། དེའི་དབང་གིས་བྱུང་བའི་ཉེས་ལྟུང་གི་ཚོགས་རྣམས་བཤགས་པའོ།།

གཉིས་པ་རྒྱས་པར་བཤད་པ་ལ། ཞི་བ་ཡབ་ལྔའི་གནོང་བཤགས་དང་། ཡུམ་ལྔ་དང་། སེམས་དཔའ་བརྒྱད་དང་། སེམས་མ་བརྒྱད་དང་། ཐུབ་པ་དྲུག་དང་། སྒོ་བ་ཡབ་ཡུམ་དང་། ཀུན་བཟང་ཡབ་ཡུམ་གྱི་གནོང་བཤགས་དང་བདུན་ལས། དང་པོ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཕུང་པོ་ལྔ་པོ་རིགས་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ རིགས་ཀྱི་ཡབ་ལྔའི་ཚོགས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཉམས་ཆག་བཤགས་པ་པོ་རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། ཞི་ཁྲོའི་ལས་བྱང་ཚོར་བ་རང་གྲོལ་ལས། ཕུང་ལྔ་རྣམ་དག་བཅོམ་ལྡན་རིགས་ལྔ་ཡབ༔ ཞེས་གསུངས་པ་ལྟར། དོན་དམ་པའི་དབང་དུ་ན་གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་རྣམ་པར་སྣང་མཛད་དང་། ཚོར་བའི་ཕུང་པོ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་སྣང་བ་མཐའ་ཡས་དང་། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དོན་གྲུབ་པ་དང་། རྣམ་པ་ཤེས་པའི་ཕུང་པོ་རྣམ་པར་དག་པ་རྡོ་རྗེ་སེམས་དཔའ་སྟེ་ཕུ༷ང་པོ༷་ལྔ༷་པོ༷་དེ་ཉིད་རྒྱལ་བ་རིག༷ས་ལྔ༷འི་རང་བཞིན་ཡིན་པ་ལ་དེ་ལྟར་ཡིན་པར༷་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་ཕུང་ལྔ་རིགས་ལྔ་ལས་གཞན་དུ་བཟུང་སྟེ། དེ་དང་དེར་རྟོག་པ་དང་མཚན་མར་འཛིན་པའི་སྒོ་ནས་ཆོས་ཀྱི་གནས་ལུགས་ཇི་བཞིན་མི་ཤེས་པའི་མ༷་རི༷ག་པའི་དབང་གིས་ར༷ང་སེམ༷ས་ནི་བདག་གོ་ཞེས་དང་། ཕུང་པོ་ལྔ་ནི་བདག་གིའོ་ཞེས་བད༷ག་ཏུ༷་གྲུབ་པར་བཟུང༷་བ༷ས་ཕུང་པོ་ལྔ་རྣམ་པར་དག་པའི་དོན་མ་རྟོགས་སོ།།

དེས་ན་དེ་ལྟར་མ་རྟོགས་པས་སེམས་ནོང༷ས་པ་སྟེ་ནོར་ཞིང་འཁྲུལ་བར་གྱུར་ཅིང་། དེའི་དབང་གིས་ཉེས་ལྟུང་མི་བཟད་པ་མང་པོ་བྱུང་བ་ལགས་ལ། ད་ནི་འགྱོད་པ་ཆེན་པོས་སངས་རྒྱས་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིག༷ས་ཀྱི༷་ཡ༷བ་ལྔ༷འི་ཚོག༷ས་ལ༷་བཤགས་ཤིང་བཟོ༷ད་པ༷ར་མཛོད་ཅིག་ཅེས་གསོ༷ལ་བ་འདེབས་སོ་ཞེས་ཕུང་ལྔ་རྒྱལ་བ་རིགས་ལྔའི་རང་བཞིན་ཡིན་པ་ལས་གཞན་དུ་འཛིན་པའི་དབང་གིས་ཕུང་ལྔ་རིགས་ལྔར་རྟོགས་པའི་རང་རིག་པའི་ཡེ་ཤེས་མ་སྐྱེས་ཤིང་། མ་རྟོགས་པ་དེ་ལས་བྱུང་བའི་ཉོན་མོངས་པས་བསྐྱེད་པའི་ཉེས་པ་རྣམས་བཤགས་པའོ།།

ཀློང་བཤགས་ཀྱི་དཔེ་ལ་ལར། སྐབས་འདིར་རྒྱལ་བ་རིགས་ལྔ་ཞེས་པ་མེད་པར། ཀུན་ཏུ་བཟང་པོའི་ཚོགས་ལ་བཟོད་པར་གསོལ༔ ཞེས་དང་། འོག་གི་ཡུམ་ལྔའི་སྐབས་སུ་ཡུམ་ལྔའི་ཚོགས་ལ་སོགས་མེད་པར། ཀུན་ཏུ་བཟང་མོའི་ཚོགས་ལ་བཟོད་པར་གསོལ༔ ཞེས་པ་ཡོད་མོད། དེ་གཏེར་གཞུང་ན་དེ་ལྟར་ཡིན་པ་མཁས་པས་རིགས་ཀྱི་ཡབ་ལྔ་སོགས་སུ་བཅོས་པ་ཡིན་ནམ་ཡི་གེ་ནོར་བ་གང་ཡིན་ཆ་མི་འཚལ་ཡང་། དཔྱད་ན་དྲི་མེད་བཤགས་རྒྱུད་དུ་ཀུན་བཟང་ཡབ་ཡུམ་གྱི་གནོང་བཤགས་དབུ་འདིར་ཡོད་མོད། ཀློང་བཤགས་འདིར་འོག་ཏུ་ཡོད་པ་དང་། འདིར་རིགས་ལྔ་དང་ཡུམ་ལྔའི་གནོང་བཤགས་ཡིན་པ་མངོན་སུམ་ཀྱིས་གྲུབ་ཕྱིར་ཡི་གེ་ནོར་བ་ནི་ཡིན་པ་འདྲའོ། །འོན་ཀྱང་ཡི་གེ་གཅིག་ནོར་ཡང་གཉིས་ཀ་ནོར་བ་མི་སྲིད་སྙམ་མོད། ཀུན་ཏུ་བཟང་པོ་ཞེས་པ་ནོར་བས་ཀུན་ཏུ་བཟང་མོ་ཞེས་པ་བཅོས་པས་ནོར་ཏེ་མོན་ཡུལ་གྱི་རྡོ་གཅོད་ལྟར་སོང་བ་ཡང་ཡིན་སྲིད་དོ།།

གཉིས་པ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ འབྱུང་བ་ལྔ་པོ་ཡུམ་ལྔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ རིགས་ཀྱི་ཡུམ་ལྔའི་ཚོགས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་ད༷ང་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང༷་བ༷་ལྔ༷་པོ༷་སྤྱན་མ་མཱ་ཀཱི་གོས་དཀར་སྒྲོལ་མ་དབྱིངས་ཕྱུག་སྟེ་ཡུམ༷་ལྔའི་རང་བཞིན་ཡིན་པ་ལ་དེ་ལྟར་ཡིན་པར༷་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་བདག་འཛིན་མ༷་རི༷ག་པའི་དབང་གིས་ར༷ང་སེམ༷ས་ལ་བདག་གོ་སྙམ་པའམ་རང་སེམས་ཀྱིས་འབྱུང་ལྔ་ལ་བད༷ག་ཏུ༷་དང་བདག་གིར་ཉིད་དུ་བཟུང༷་བ༷ས་འབྱུང་ལྔ་རྣམ་དག་གི་དོན་མ་རྟོགས་སོ།།

དེ་ཕྱིར་དེ་ལྟར་མ་རྟོགས་པས་སེམས་ནོར་བའམ་ནོང༷ས་པ་དང་། དེའི་དབང་གིས་ཉེས་ལྟུང་སྣ་ཚོགས་བྱུང་བ་ལགས་ན། ཚུལ་དེ་དག་ལ་འགྱོད་པ་ཆེན་པོས་རིག༷ས་ཀྱི༷་ཡུམ༷་ལྔ༷འི་ཚོག༷ས་ལ༷་བཤགས་ཤིང་བཟོ༷ད་པ༷ར་མཛོད་ཅེས་གསོ༷ལ་བ་འདེབས་སོ་ཞེས་འབྱུང་ལྔའི་རང་བཞིན་རིགས་ཀྱི་ཡུམ་ལྔ་ལས་གཞན་དུ་འཛིན་པའི་གནས་ལུགས་ཀྱི་དོན་དང་འགལ་ཞིང་། རང་རིག་པའི་ཡེ་ཤེས་མ་སྐྱེས་པ་དང་། དེའི་དབང་གིས་བྱུང་བའི་ཉེས་པ་བཤགས་པའོ།།

གསུམ་པ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ རྣམ་ཤེས་ཚོགས་བརྒྱད་སེམས་དཔར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་དཔའི་ཚོགས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། མིག་གི་རྣམ་ཤེས་སོགས་རྣམ༷་པར་ཤེས༷་པའི་ཚོག༷ས་བརྒྱད༷་པོ་དོན་དམ་པར་ས་ཡི་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེ༷མས་དཔ༷འ་བརྒྱད་ཀྱི་རང་བཞིན་ཡིན་པ་ལ་དེ་ལྟར་ཡིན་པར༷་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་རྨོངས་པ་མ༷་རི༷ག་པའི་བློ་ཡིས་ར༷ང་སེམ༷ས་བད༷ག་ཏུ༷་བཟུ༷ང་བའམ་མ་རིག་པའི་རང་སེམས་ཀྱིས་ཡུལ་ཀུན་བདེན་པར་གྲུབ་པའམ་བདག་ཏུ་གྲུབ་པར་བཟུང་བས༷་ནི་ལྟ་བ་ཕྱིན་ཅི་ལོག་པས་རང་སེམས་འཁྲུལ་ནོང༷ས་སུ་གྱུར་ཅིང་། ཉོན་མོངས་པ་དང་། དེ་དག་གིས་བསྐྱེད་པའི་ཉེས་སྒྲིབ་བྱུང་ཞིང་། ཚུལ་དེ་ལ་ད་ལྟ་ནི་འགྱོད་པ་ཆེན་པོས་བྱང༷་ཆུབ༷་སེམ༷ས་དཔ༷འ་ཉེ་བའི༷་སྲས་ཆེན་བརྒྱད་ཀྱི་ཚོག༷ས་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་བ་འདེབས་སོ་ཞེས་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱི་རང་བཞིན་སེམས་དཔའ་བརྒྱད་ལས་གཞན་དུ་འཛིན་པའི་དབང་གིས་གནས་ལུགས་ཀྱི་དོན་དང་འགལ་ཞིང་། རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་མ་སྐྱེས་པ་ལས་བྱུང་བའི་ཉེས་པ་དང་ལྟུང་བ་རྣམས་བཤགས་པའོ།།

བཞི་བ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཡུལ་བཞི་དུས་བཞི་སེམས་མར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ བྱང་ཆུབ་སེམས་མའི་ཚོགས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། ཡེ་ཤེས་རྔམ་གློག་ལས། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཁ་དོག་དབྱིབས་དང་མཚན་མ་ཀུན། །གཟུགས་ཀྱི་སྐྱེ་མཆེད་ཉིད་དུ་གྲགས། །མཐོང་བར་བྱ་བའི་ཡུལ་ཡིན་པས། །གཟུགས་མཛེས་ལཱ་སྱཻའི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཟིན་དང་མ་ཟིན་གཉིས་ག་ལས། །བྱུང་བའི་སྒྲ་ཡི་ཁམས་སུ་གྲགས། །ཐོས་པར་བྱ་བའི་ཡུལ་ཡིན་པས། །ནྲྀར་ཏྱ་མ་ཡི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ལྷན་ཅིག་སྐྱེས་དང་སྦྱར་དང་གྱུར། །ཞིམ་དང་ང་དང་དེ་བཞིན་གཞན། །དྲི་ཡི་ཁམས་དང་སྐྱེ་མཆེད་དེ། །མནམ་པར་བྱ་བའི་ཡུལ་ཡིན་པས། །མཱ་ལེ་ཉིད་ཀྱི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །ཁ་མངར་ལ་སོགས་རོ་རྣམས་ཀུན། །རོ་ཡི་སྐྱེ་མཆེད་ཉིད་དུ་གྲགས། །མྱང་བར་བྱ་བའི་ཡུལ་ཡིན་པས། །གཱིརྟི་ཉིད་ཀྱི་རང་བཞིན་ཡིན། །ཞེས་གསུངས་པ་ལྟར། མཐོང་བར་བྱ་བའི་ཡུལ་གཟུགས་དང་། ཐོས་པར་བྱ་བའི་ཡུལ་སྒྲ་དང་། མནམ་པར་བྱ་བའི་ཡུལ་དྲི་དང་། མྱང་བར་བྱ་བའི་ཡུལ་རོ་སྟེ་ཡུལ༷་བཞི༷་དང་། ཡང་དེ་ཉིད་ལས། དེ་ལ་དུས་བཞི་མཆོད་པའི་ལྷ་མོ་བཞིའི་རང་བཞིན་དུ་གསུངས་པ། སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་འབྲས་ཀུན་ཏུ་རྣམ་པར་སྤྱད། །སྔོན་འདས་དུས་སུ་རྣམ་པར་གྲགས། །སྔོན་འདས་དཔྱིད་ཀྱི་རང་བཞིན་ཡིན། །སྤོས་མའི་རང་བཞིན་ཉིད་ཡིན་ནོ། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་སྤྱད་འབྲས་བུ་མ་སྤྱད་ཀུན། །ད་ལྟར་དབྱར་གྱི་རང་བཞིན་ཡིན། །མེ་ཏོག་ཉིད་ཀྱི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་འབྲས་ཡོངས་ཀྱིས་མ་སྤྱད་པ། །མ་འོངས་དུས་སུ་རྣམ་པར་གྲགས། །འོང་མ་རག་སྟོན་རང་བཞིན་ནི། །ཨཱ་ལོ་ཀེ་ཡི་རང་བཞིན་ཡིན། །སྣོད་བཅུད་འགྲོ་བ་ཐམས་ཅད་ཀྱི། །རྒྱུ་འབྲས་ངེས་པར་མ་ཚོགས་པ། །འབྱུང་བར་མ་ངེས་དུས་ཤེས་གྲགས། །མ་འོངས་དགུན་གྱི་རང་བཞིན་ནི། །གན་དྷེའི་རང་བཞིན་ཡིན་པར་ཤེས། །ཞེས་གསུངས་པ་ལྟར་འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟར་གྱི་དུས་དང་། འབྱུང་བར་མ་ངེས་པའི་དུས་ཏེ་དུས༷་བ༷ཞི་དང་དེར་རྟོག་པ་བཞི་སྟེ་ཡུལ་བཞི་དུས་བཞི་སྟེ་བརྒྱད་པོའི་ངོ་བོ་དོན་དམ་པར་ན་རྣམ་པར་དག་པ་ལཱ་སྱེ་དཀར་མོ་ལ་སོགས་པ་བྱང་ཆུབ་སེམ༷ས་མ༷་བརྒྱད་ཀྱི་རང་བཞིན་ཡིན་པར༷་བློ་ཡིས་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་མ༷་རི༷ག་པའི་ར༷ང་སེམ༷ས་ཀྱིས་བད༷ག་ཏུ༷་གྲུབ་པར་བཟུང་བའམ་རང་སེམས་བདག་དང་ཡུལ་བརྒྱད་བདག་ཏུ་གྲུབ་པར་བཟུང༷་བ༷ས་སེམས་ནོང༷ས་པ་ཅི་མཆིས་པའི་དབང་གིས་བྱུང་བའི་ལྟུང་བ་དང་ཉེས་སྡིག་གི་ཚོགས་དེ་དག་གནོང་འགྱོད་དྲག་པོས་བཤགས་ཤིང་བྱང༷་ཆུབ༷་སེམ༷ས་མ༷འི་ཚོག༷ས་བརྒྱད་ཀྱི་སྤྱན་སྔ་ལ༷་བཟོ༷ད་པར༷་གསོ༷ལ་བ་འདེབས་སོ་ཞེས་ཡུལ་བརྒྱད་ཀྱི་རང་བཞིན་སེམས་མ་བརྒྱད་ལས་གཞན་དུ་འཛིན་པའི་དབང་གིས་གནས་ལུགས་ཀྱི་དོན་དང་འགལ་ཞིང་། རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་མ་སྐྱེས་པ་ལས་བྱུང་བའི་ཉེས་པ་དང་དེས་བསགས་པའི་ལྟུང་བ་ཀུན་བཤགས་པའོ། །འདིར་དུས་བཞི་བཤད་པའི་འདས་པའི་དུས་ནི་ལས་གང་ཞིག་གི་རྒྱུ་འབྲས་གཉིས་ཀ་སྤྱད་ཟིན་པའི་དུས་ཏེ་དཔྱིད་ལྟ་བུ་དང་། ད་ལྟར་གྱི་དུས་ནི་ལས་གང་གི་རྒྱུ་སྤྱད་ལ་འབྲས་བུ་མ་སྨིན་པའི་དུས་དབྱར་ལྟ་བུ་དང་། མ་འོངས་པའི་དུས་ནི་རྒྱུ་ཡང་མ་སྤྱད་ལ་འབྲས་བུ་ལ་ཡང་མ་སྤྱད་པ་སྟོན་དུས་ལྟ་བུ་དང་། འབྱུང་བར་མ་ངེས་པའི་དུས་ཞེས་པ་ནི། སྣོད་བཅུད་གང་ཞིག་གི་ལས་ཀྱི་རྒྱུ་འབྲས་ངེས་པར་མ་འཚོགས་པས་འབྱུང་བར་མ་ངེས་པ་གང་ཡིན་པའི་དུས་ཏེ་དགུན་དུས་ལྟ་བུ་ལ་བྱེད་པ་ཡིན་ཏེ། དྲངས་མ་ཐག་པའི་ཡེ་ཤེས་རྔམ་གློག་གི་ལུང་ལས་གསལ་བ་ལྟར་ཡིན་པའི་ཕྱིར། དེ་དག་གི་དག་པ་ནི་བྱང་ཆུབ་སེམས་མའི་དག་པ་ཡིན་པའི་ཚུལ་ཡང་དེ་ཉིད་ལས། སྤོས་མའི་རང་བཞིན་ཉིད་ཡིན་ནོ། །ཞེས་དང་། མེ་ཏོག་ཉིད་ཀྱི་རང་བཞིན་ཡིན། །ཞེས་དང་། ཨཱ་ལོ་ཀེ་ཡི་རང་བཞིན་ཡིན། །ཞེས་དང་། གན་དྷེའི་རང་བཞིན་ཡིན་པར་ཤེས། །ཞེས་གསུངས་པ་དེས་ཤེས་པའི་ཕྱིར། དེ་ལྟར་དུས་བཞི་པོ་སྤྲོས་མེད་མཉམ་པ་ཉིད་ཀྱི་རང་བཞིན་དུ་རྣམ་པར་དག་པ་གང་ཡིན་པ་དེ་ལ་བྱང་ཆུབ་སེམས་མ་ཞེས་བརྡ་སྦྱར་བ་ལགས་ཏེ། རྡོ་རྗེ་བཀོད་པའི་རྒྱུད་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། གཞན་ཡང་དུས་བཞི་མཉམ་རིག་ན། །དུས་ཞེས་བྱ་བར་ག་ལ་རིགས། །དུས་བཞི་མཉམ་པར་རབ་ཤེས་ན། །དེ་ཉིད་མཉམ་པའི་རང་བཞིན་ནོ། །རྡོ་རྗེ་ལྷ་མོ་དུས་ཀྱི་ཚོགས། །འདས་དང་ད་ལྟར་བྱུང་བ་དང་། །མི་འབྱུང་མ་ངེས་ཆ་རྣམས་ལ། །དབང་སྒྱུར་མཉམ་པའི་རྒྱལ་མོ་རྣམས། །འཇིག་དང་སྐྱེ་དང་སྨིན་པ་དང་། །སྟོང་པར་གྱུར་པ་དེ་དག་ཏུ། །རྡོ་རྗེ་རྣམ་ཐར་ཚད་མེད་དང་། །སེམས་དང་དེ་བཞིན་མཉམ་པ་ཡི། །ཤེས་རབ་འཁོར་དང་དམ་པའི་དཀྱིལ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

ལྔ་བ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཉོན་མོངས་དྲུག་པོ་ཐུབ་པར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཐུབ་དྲུག་སྤྲུལ་པའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། ཉོན༷་མོང༷ས་པ་འདོད་ཆགས་སོགས་དྲུག༷་པོ༷་དོན་དམ་པར་རྣམ་པར་དག་པ་བཅོམ་ལྡན་ཐུབ༷་པ༷་དྲུག་གི་རང་བཞིན་ཡིན་པར༷་བློ་ཡིས་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་མ༷་རི༷ག་པའི་ར༷ང་སེམ༷ས་ཀྱིས་བདག་ཏུ་གྲུབ་པར་འཛིན་པའམ་རང་སེམས་བདག་དང་ཉོན་མོངས་པ་དྲུག་པོ་བད༷ག་ཏུ༷་གྲུབ་པར་བཟུ༷ང་བ༷འི་དབང་གིས༷་སེམས་ནོང༷ས་པ་ཅི་མཆིས་པ་དེས་བསྐྱེད་པའི་ཉེས་ལྟུང་གི་ཚོགས་རྣམས་གནོང་འགྱོད་དྲག་པོས་བཤགས་ཤིང་རིགས་དྲུག་གི་ཐུབ༷་པ་དྲུག༷་སྟེ་རྒྱལ་བའི་སྤྲུལ༷་པའི་སྐུ༷་དྲུག་གི་སྤྱན་སྔ་ལ༷་བཟོ༷ད་པར༷་གསོ༷ལ་བ་འདེབས་སོ་ཞེས་ཉོན་མོངས་པ་དྲུག་གི་རང་བཞིན་རྣམ་པར་དག་པ་ཐུབ་པ་དྲུག་ཡིན་པ་ལ་དེ་ལས་གཞན་དུ་འཛིན་པའི་དབང་གིས་གནས་ལུགས་ཀྱི་དོན་དང་འགལ་ཞིང་། རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་མ་སྐྱེས་པ་ལས་བྱུང་བ་དེས་བསྐྱེད་པའི་ཉེས་པའི་ཚོགས་ཀུན་བཤགས་པའོ།།

དྲུག་པ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ རེག་པ་རྟག་ཆད་སྒོ་བར་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཁྲོ་བོ་ཁྲོ་མོ་རྣམས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། དོན་དམ་པར་རེ༷ག་པ༷་དང་། རེག་ཡུལ་སོགས་བཞི་བདེན་པར་མ་གྲུབ་པ་ཡེ་ནས་རྣམ་པར་དག་པ་སྒོ་བ་བཞི་དང་། རྟག༷་ལྟ་དང་ཆ༷ད་པར་ལྟ་བ་ལ་སོགས་པ་བཞི་ཡེ་ནས་རྣམ་པར་དག་པ་སྒོ་མ་བཞི་རུ་སྦྱོར༷་བར་བྱེད་པར་མ༷་འཚལ་༷བར་བདག་དང་མཚན་མར་ཞེན་པའི་མ༷་རི༷ག་པའི་ར༷ང་སེམ༷ས་ཀྱིས་བདག་ཏུ་གྲུབ་པར་འཛིན་པའམ་རང་སེམས་བདག་དང་། རེག་སོགས་བཞི་དང་། རྟག་ལྟ་སོགས་བཞི་བད༷ག་ཏུ༷་གྲུབ་པར་བཟུང༷་བའམ་རང་སེམས་རེག་སོགས་བཞི་བདེན་གྲུབ་དང་ལྟ་བཞིའི་དབང་དུ་ཤོར་བ༷ས་སེམས་ནོང༷ས་ཏེ་མི་དགེ་བ་དང་ཉེས་ལྟུང་བསགས་པ་ཅི་མཆིས་པ་དེ་གནོང་འགྱོད་དྲག་པོས་བཤགས་ཤིང་སྒོ་བ་ཁྲོ༷་བོ༷་ཡབ་བཞི་དང་། སྒོ་མ་ཁྲོ༷་མོ༷་ཡུམ་བཞི་རྣམ༷ས་ཀྱི་སྤྱན་སྔ་ལ༷་བཟོ༷ད་པར༷་གསོ༷ལ་བ་འདེབས་སོ་ཞེས་རེག་སོགས་བཞི་དང་རྟག་ཆད་ལ་སོགས་པའི་རང་བཞིན་སྒོ་བ་ཡབ་ཡུམ་བརྒྱད་ལས་གཞན་དུ་འཛིན་པའི་གནས་ལུགས་ཀྱི་དོན་དང་འགལ་བ་དང་། རང་རིག་པའི་ཡེ་ཤེས་ཀྱི་རྟོགས་པ་མ་སྐྱེས་པ་དེའི་དབང་གིས་བསགས་པའི་ཉེས་པའི་ཚོགས་རྣམས་བཤགས་པའོ།།

ཞི་ཁྲོའི་ཀློང་བཤགས་ཀྱི་དཔེ་དུ་མར། རིག་པ་རྟག་ཆད་སྒོ་བར་སྦྱོར་བར་མ་འཚལ༔ ཞེས་པ་ཡོད་པའི་དབང་གིས་བདག་གིས་དྲི་བ་ཕུལ་ཡུལ་གྱི་མཁས་པ་མང་པོ་ཞིག་གིས། རིག་སྟོང་གཉིས་སུ་མེད་པའི་རི༷ག་པ༷་ཡེ་ཤེས་ཀྱི་སྐུ་ལ་རྟག༷་པར་ལྟ་བ་དང་ཆ༷ད་པར་ལྟ་བ་དང་། བདག་ཏུ་ལྟ་བ་དང་། དངོས་པོ་མཚན་མའི་རང་བཞིན་དུ་བཟུང་བའི་དབང་གིས་སྒོ་བ་བཞི་དང་སྒོ་མ་བཞི་སྟེ་སྒོ༷་བ༷་ཡབ་ཡུམ་བརྒྱད་ཀྱི་རང་བཞིན་ཡིན་པར༷་བློ་ཡིས་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་ཞེས་འགྲེལ་དགོས་ཟེར་མོད། དེ་ནི་གཞུང་དོན་གཏན་ནས་མ་ཡིན་པར་རིག་པ་ཞེས་པ་ཡིག་ནོར་ཡིན་ཞིང་། དོན་ལ་རེག་པ་ཞེས་པ་ཡིན་ཏེ། གོང་དུ་སྒོ་བ་བཞིའི་སྐབས་སུ་ཞི་ཁྲོའི་བསྐང་བཤགས་ཉམས་ཆགས་རང་གྲོལ་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དང་། ཡེ་ཤེས་རྔམ་གློག་གི་ལུང་དྲངས་ཟིན་པ་ལྟར་དང་། ཀློང་བཤགས་འདིའི་རྩ་བའི་རྒྱུད་དྲི་མེད་བཤགས་རྒྱུད་ལས། རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རེག་སོགས་རྣམ་བཞི་སྒོ་བར་སྦྱོར་མ་འཚལ། །ཞེས་རེག་པ་སོགས་བཞི་བོར་སྦྱར་བ་དངོས་སུ་བྱུང་བའི་ཕྱིར་རོ།།

རྒྱུད་གཞན་དུ་ཡང་སྒོ་བ་བཞི་ལ་རེག་སོགས་བཞི་སྦྱར་བའི་ལུགས་ཀྱང་བྱུང་སྟེ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ལས། འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རེག་བྱེད་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམས་པ་ཆེན་པོ་རེག་ཤེས་དང་། བཙུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །ཞེས་རེག་སོགས་བཞི་སྒོ་བ་བཞི་དང་། རྟག་སོགས་བཞི་སྒོ་མ་བཞི་ལ་སྦྱར་བར་གསུངས་པའི་ཕྱིར་རོ།།

དེ་ཡང་བསྐང་བཤགས་ལས་ནི། ལུས་ཀྱི་རྣམ་ཤེས་གནས་དག་པའི༔ གཤིན་རྗེ་གཤེད་པོའི་ཐུགས་དམ་བསྐང་༔ ཞེས་ལུས་ཀྱི་རྣམ་ཤེས་གནས་སུ་དག་པ་སྒོ་བ་གཤིན་རྗེ་གཤེད་པོ་དང་། ལུས་ཀྱི་དབང་པོ་གནས་དག་པའི༔ སྟོབས་པོ་ཆེ་ཡི་ཐུགས་དམ་བསྐང་༔ ཞེས་ལུས་ཀྱི་དབང་པོ་གནས་སུ་དག་པ་སྒོ་བ་སྟོབས་པོ་ཆེའམ་རྣམ་པར་རྒྱལ་བ་དང་། ལུས་ཀྱི་རེག་ཡུལ་གནས་དག་པའི༔ རྟ་མགྲིན་རྒྱལ་པོའི་ཐུགས་དམ་བསྐང་༔ ཞེས་ལུས་ཀྱི་རེག་ཡུལ་ཏེ་རེག་བྱ་གནས་སུ་དག་པ་སྒོ་བ་རྟ་མགྲིན་རྒྱལ་པོ་དང་། ལུས་ཀྱི་རེག་ཤེས་གནས་དག་པའི༔ བདུད་རྩི་འཁྱིལ་བའི་ཐུགས་དམ་བསྐང་༔ ཞེས་ལུས་ཀྱི་རེག་ཤེས་ཏེ་ལུས་ཀྱི་ཡིད་དབང་གནས་སུ་དག་པ་སྒོ་བ་བདུད་རྩི་འཁྱིལ་བའི་རང་བཞིན་ཡིན་པར་གསུངས་པ་གོང་དུ་བཤད་ཟིན་ལྟར་རོ།།

ཡེ་ཤེས་རྔམ་གློག་ལས། རེག་བྱེད་དང་བའི་བདག་ཉིད་དེ། །ལུས་ཀྱི་ཁམས་ཞེས་བྱ་བར་གྲགས། །རེག་བྱེད་བྱ་བ་བྱེད་པས་ན། །གཤིན་རྗེ་འཇོམས་པའི་རང་བཞིན་ཡིན། །ཞེས་ལུས་ཀྱི་ཁམས་སམ་དབང་པོ་དེ་གཤིན་རྗེ་གཤེད་པོ་དང་། རེག་བྱ་ཀུན་ལ་སྤྱོད་པ་ཀུན། །ལུས་ཀྱི་རྣམ་ཤེས་ཞེས་སུ་གྲགས། །རེག་པའི་ཡེ་ཤེས་ཡིན་པའི་ཕྱིར། །རྣམ་པར་རྒྱལ་བའི་རང་བཞིན་ཡིན། །ཞེས་ལུས་ཀྱི་རྣམ་ཤེས་དེ་རྣམ་པར་རྒྱལ་བ་ལ་སྦྱར་བ་ནི་བསྐང་བཤགས་དང་གོ་ལྡོག་པ་དང་། འབྱུང་དང་འབྱུང་འགྱུར་རེག་བྱ་རྣམས། །རེག་བྱའི་སྐྱེ་མཆེད་ཉིད་དུ་གྲགས། །རེག་པར་བྱ་བའི་ཡུལ་ཡིན་པས། །རྟ་མཆོག་དཔལ་གྱི་རང་བཞིན་ནོ། །ཞེས་ལུས་ཤེས་ཀྱི་རེག་པར་བྱ་བ་རེག་བྱའི་སྐྱེ་མཆེད་དེ་རྟ་མགྲིན་དང་། ཚོགས་དྲུག་འགགས་པའི་དེ་མ་ཐག །གོ་འབྱེད་གསལ་བའི་བདག་ཉིད་དེ། །ཡིད་ཀྱི་ཁམས་ཞེས་བྱ་བར་གྲགས། །དེ་སྤྱོད་བྱ་བ་བྱེད་པའི་ཕྱིར། །བདུད་རྩི་འཁྱིལ་བའི་རང་བཞིན་ཡིན། །ཞེས་རེག་ཤེས་ཞེས་པ་ལུས་ཤེས་སུ་གྱུར་པའི་དེ་མ་ཐག་པའི་རྐྱེན་ཡིད་དབང་དེ་བདུད་རྩི་འཁྱིལ་བར་སྦྱར་བ་ནི་བསྐང་བཤགས་དང་མཐུན་ནོ།།

དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ནི་ཡེ་ཤེས་རྔམ་གློག་དང་དགོངས་པ་གཅིག་མཐུན་ཡིན་ལ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གང་དུ་ལུས་དང་བཅས་པ་ཡི། །དབང་པོ་ཡུལ་དང་རྣམ་ཤེས་རེག །རང་རྒྱུད་བཅད་པའི་ཡེ་ཤེས་ཉིད། །སྒོ་བ་རྣམ་པ་བཞི་རུ་གསུངས། །ཞེས་དང་པོ་ལུས་དབང་དང་། གཉིས་པ་རེག་ཡུལ་སྟེ་རེག་བྱ་དང་། གསུམ་པ་ལུས་ཀྱི་རྣམ་ཤེས་དང་། བཞི་བ་རེག་ཤེས་སུ་བྱས་པའི་གོ་རིམ་དེ་ལུང་སྔ་མ་གསུམ་དང་མི་མཐུན་པ་བྱུང་ཞིང་། སྒོ་བ་གང་ལ་སྦྱར་བ་གསལ་བར་མི་མངོན་ཡང་རྣམ་པར་རྒྱལ་བ་ཤར་དུ་འགོད་པའི་གོ་རིམ་ལྟར་སྦྱར་ན་ལེགས་སམ་སྙམ་ལ། གང་ལྟར་ཡང་འདིར། རེག་པ་རྟག་ཆད་སྒོ་བར་སྦྱོར་མ་འཚལ༔ ཞེས་པའི་རེག་པ་ཞེས་པ་རེག་སོགས་བཞི་དང་། རྟག་ཆད་ཅེས་པ་རྟག་སོགས་བཞི་དང་། སྒོ་བར་ཞེས་པས་སྒོ་བ་དང་སྒོ་མ་གཉིས་ཀ་བསྟན་ཅིང་གོ་རིམ་བཞིན་སོ་སོར་སྦྱར་བ་ནི་གཞུང་དོན་ཡིན་ལ། དྲི་མེད་བཤགས་རྒྱུད་ལས་ནི། རང་རིག་ཡེ་ཤེས་བློ་དང་མི་ལྡན་པས། །རྟག་ཆད་མུ་བཞི་སྒོ་མར་སྦྱོར་མ་འཚལ། །མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས། །སྒོ་སྐྱོང་ཁྲོ་མོ་བཞི་ལ་བཟོད་པར་གསོལ། །ཞེས་སྒོ་བ་བཞི་དང་སྒོ་མ་བཞི་སོ་སོར་གསུངས་ཀྱང་འདིར་གཅིག་ཏུ་བསྡུས་པ་ཡིན་ནོ།།

བདུན་པ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ ཡིད་ཆོས་ཀུན་བཟང་ཡབ་ཡུམ་སྦྱོར་མ་འཚལ༔ མ་རིག་རང་སེམས་བདག་ཏུ་བཟུང་བས་ནོངས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེས༷་ཀྱི་བློ༷་དང༷་མ༷་ལྡ༷ན་པར་ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པའི་དབང་ཏུ་གྱུར་ཏེ༷། དོན་དམ་པར་ཡུལ་ཅན་ཡིད༷་ཀྱི་ཆོས་རྣམ་པར་དག་པ་ཀུན་ཏུ་བཟང་པོ་དང་། ཡུལ་ཆོས༷་ཀྱི་ཁམས་རྣམ་པར་དག་པ་ཀུན༷་བཟང༷་མོ་སྟེ་ཀུན་བཟང་ཡབ༷་ཡུམ༷་གྱི་རང་བཞིན་ཡིན་པར་བློ་ཡིས་སྦྱོར༷་བར་བྱེད་མ༷་འཚ༷ལ་བར་མ༷་རི༷ག་པའི་ར༷ང་སེམ༷ས་ཀྱིས་བདག་ཏུ་གྲུབ་པར་འཛིན་པའམ་རང་སེམས་བད༷ག་ཏུ༷་གྲུབ་པར་བཟུང༷་བས༷་སེམས་ནོང༷ས་ཏེ་ཉེས་ལྟུང་བསགས་པ་ཅི་མཆིས་པ་དེ་གནོང་འགྱོད་དྲག་པོས་བཤགས་ཤིང་ཀུན༷་བཟ༷ང་ཡ༷བ་ཡུམ༷་གཉིས་ཀྱི་སྐུ༷་ཡི་སྤྱན་སྔ་ལ༷་བཟོ༷ད་པར༷་གསོ༷ལ་ལོ་ཞེས་ཡིད་ཆོས་གཉིས་ཀྱི་རང་བཞིན་ཀུན་བཟང་ཡབ་ཡུམ་གཉིས་ལས་གཞན་དུ་འཛིན་པའི་གནས་ལུགས་ཀྱི་དོན་དང་འགལ་ཞིང་རང་རིག་པའི་ཡེ་ཤེས་མ་སྐྱེས་པ་དེའི་དབང་གིས་བསགས་པའི་ཉེས་པ་རྣམས་བཤགས་པའོ།།

གསུམ་པ་དུས་གསུམ་གྱི་གནོང་བཤགས་ཀྱིས་མཇུག་བསྡུ་བ་ལ་མཇུག་བསྡུ་བ་དངོས་དང་། བཤགས་པའི་འཐད་པ་བསྟན་པ་གཉིས་ལས། དང་པོ་ནི། རང་རིག་ཡེ་ཤེས་བློ་དང་མ་ལྡན་ཏེ༔ མ་རིག་འཁྲུལ་བའི་ནོངས་པ་བགྱིད་ལགས་ན༔ ཉོན་མོངས་ལས་ཀྱིས་ཡི་དམ་ལྷ་སྤངས་ཏེ༔ སླུ་བྱེད་དབང་གིས་སློབ་དཔོན་སྙིང་ནས་སྨད༔ ང་རྒྱལ་དྲེགས་པས་མཆེད་དང་ལྕམ་དྲལ་འཁྲུགས༔ སྔགས་ལ་འཕྱར་བས་གསང་སྔགས་གཞན་ལ་སྤེལ༔ སེར་སྣའི་དབང་གིས་མཆོད་པ་དུས་ལས་འདས༔ གྲོགས་ངན་རྐྱེན་གྱིས་ཆོ་གའི་གསང་བ་ཆག༔ བརྟུལ་ཞུགས་ཆུང་བས་བགེགས་རྣམས་ཚར་མ་ཆོད༔ རྔམས་ཤིང་ཐུག་ཐུབ་ལྷག་ཕུད་ཉམས་ལ་སོགས༔ ཚེ་རབས་ཐོག་མ་མེད་པའི་དུས་མཐའ་ནས༔ ཚེ་འདིའི་ལུས་འདི་བཟུང་བ་ཡན་ཆད་དུ༔ སྡིག་པ་མི་དགེའི་ལས་རྣམས་ཅི་བགྱིས་པ༔ དུས་རིག་རྒྱུན་མཁྱེན་རྣམས་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གསུམ་དང་ཕྱེད་ཀྱིས་བསྟན་ལ། རང་གི་རྒྱུད་ལ་སོ་སོ་ར༷ང་རི༷ག་པའི་ཡེ༷་ཤེ༷ས་ཀྱི་བློ༷་དང༷་མ༷་ལྡ༷ན་པར་གྱུར་ཏེ༷་ཆོས་ཐམས་ཅད་བདག་དང་མཚན་མར་གྲུབ་པ་མེད་པ་ལ་བདག་དང་མཚན་མར་འཛིན་པའི་བློ་མ༷་རི༷ག་པ་འཁྲུལ༷་བ༷འི་ནོར་བའམ་ནོང༷ས་པ་བྱུང་ཞིང་། དེའི་དབང་གིས་ངོ་གནོང་དགོས་པ༷འི་ཉེས་ལྟུང་མི་དགེ་བའི་ཆོས་དུ་མ་བགྱིས་པ་དང་། བགྱིད༷་པ་ལ༷གས་ན༷་སྟེ་ཡིན་ན། ད་ནི་དེ་དག་བཤགས་པ་ལ་འབད་པར་བགྱིའོ།།

དེ་ལྟར་ཆོས་ཐམས་ཅད་ལ་བདག་ཏུ་གྲུབ་པར་ཞེན་པའི་དབང་གིས་ཉོན༷་མོང༷ས་པ་འདོད་ཆགས་ལ་སོགས་པ་བྱུང་ཞིང་དེ་དག་གིས་ཉེས་པའི་ལས་ངན་པ་ལྕི་བ་དུ་མ་བསགས། ལས༷་ཀྱིས༷་གཡེང་བ་དང་སྡུག་བསྔལ་ལ་འཕྱན་པར་གྱུར་ཏེ་ཡི༷་དམ༷་ཞི་བའི་ལྷ༷་ཇི་བཞིན་མ་བསྒྲུབ་པར་སྤང༷ས་ཏེ༷་ལྷ་མ་གྲུབ་པ་དང་། སངས་རྒྱས་ཀྱི་མཛོད་ཀྱི་ཆོས་ཀྱི་ཡི་གེ་ལས། ཤཱ་རིའི་བུ་ལེ་ལོ་ཡར་སྐྱེ་བ་ནི་ཀུན་བདུད་ཀྱི་གྲོགས་པོ་ཡིན་ཏེ། བདུད་ཀྱི་དོན་གྲུབ་པར་སྟོན་ཅིང་ཀུན་སྐྱེ་བ་མེད་པའི་ཆོས་ལ་འཕྱ་ཞིང་གཤེའོ། །ཞེས་གསུངས་པ་ལྟར། ལེ་ལོ་དང་ལོག་ལྟ་ལ་སོགས་པའི་དབང་གིས་གསང་སྔགས་ཟབ་མོའི་དོན་ལ་མི་བརྩོན་པ་དང་དགེ་བའི་རྩ་བ་མ་བསགས་པར་བདུད་ཀྱི་བཤེས་གཉེན་དང་སྡིག་གྲོགས་ལ་སོགས་པ་རང་བསླུ༷་བར་བྱེད༷་པའི་བཤེས་གྲོགས་ངན་པའི་དབ༷ང་གིས༷་རང་ལ་དབང་ཁྲིད་མན་ངག་གནང་བའི་རྡོ་རྗེ་སློབ༷་དཔོ༷ན་ལ་ཁ་ཙམ་མིན་པར་སྙིང༷་ནས༷་སྡང་སྟེ་སྨ༷ད་པ་དང་། རང་ལ་ཡོན་ཏན་ཕྲན་བུ་ཡོད་པས་སེམས་ཁེངས་པའི་ང༷་རྒྱལ༷་དང་། རིགས་གཟུགས་འབྱོར་བ་གོ་ས་ལ་སོགས་ཀྱིས་སེམས་གཟེངས་མཐོ་བའི་དྲེག༷ས་པ༷་རྒྱས་པའི་དབང་གིས༷་བླ་མ་གཅིག་པའི་རྡོ་རྗེའི་མཆེ༷ད་དང༷་། བླ་མ་དང་དཀྱིལ་འཁོར་གཉིས་ཀ་གཅིག་པའི་དཔའ་མོ་རྡོ་རྗེའི་ལྕམ༷་མོ་སྟེ་རྡོ་རྗེའི་སྲིང་མོ་དང་། དཔའ་བོ་རྡོ་རྗེའི་དྲལ༷་པོ་སྟེ་རྡོ་རྗེའི་མིང་པོ་རྣམས་ལ་རྡེག་སྨོད་རྩོད་པས་ནང་འཁྲུགས༷་པ་དང་། གསང་སྔགས༷་བླ་ན་མེད་པའི་ཆོས་ལ༷་སེམས་ཆེས་ཆེར་འཕྱར༷་བ་སྟེ་འདོད་པ༷ས་གཡོས་ཏེ་བུད་མེད་གཡེམ་མ་ལ་སོགས་པ་སློབ་མ་སྣོད་ལྡན་མི་ལྡན་གཉིས་ཀ་བསྡུས་པས་གས༷ང་སྔག༷ས་གཞ༷ན་ལ༷་ཁྲོམ་བསྒྲགས་ཀྱིས་སྤེལ༷་བའི་ཉེས་ཆེན་བསགས་པ་དང་། རང་བློ་མཆོད་གཏོང་མི་ཕོད་པར་སེར༷་སྣ༷འི་ཀུན་དཀྲིས་ཀྱིས་བསྡམས་པའི་དབ༷ང་གིས༷། ཇི་སྐད་དུ། དམ་ཚིག་བཀོད་པའི་རྒྱུད་ལས། མཚན་མོ་ཤེས་རབ་སྐུ་གསུང་ཐུགས། །ཉིན་མོ་ཐབས་ཀྱི་སྐུ་གསུང་ཐུགས། །ཉི་མ་ནུབ་དང་ཉི་མ་ཤར། །ཉི་མ་གུང་ནི་ཐབས་ཀྱི་དུས། །ནམ་སྲོས་ནམ་ནི་ལངས་པ་དང་། །ནམ་གྱི་གུང་ནི་ཤེས་རབ་དུས། །དུས་དྲུག་མཆོད་པ་རྒྱུན་མི་གཅད། །ཅེས་དང་། གསང་བ་མེ་འབར་བའི་རྒྱུད་ལས། དེ་ལ་དུས་དྲུག་མཆོད་པས་མཆོད། །ཅེས་དང་། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། ཉ་སྟོང་དུས་མཆོད་སྲི་ཞུས་བསྐོར། །དེ་ནས་དོན་རྣམས་འགྲུབ་པར་འགྱུར། །ཞེས་དང་། རྡོ་རྗེ་ཕུར་བ་གཏོར་མའི་རྒྱུད་ལས། དུས་དྲུག་གཏོར་མ་འབུལ་བྱས་ལ། །མི་འཛིན་གཏོང་བས་གཏོར་མ་སྟེ། །དུས་རྣམས་ཀུན་ཏུ་གཏོང་བ་དང་། །ལོ་དང་ཟླ་བས་གཏང་བ་དང་། །ཐམས་ཅད་ཀུན་ཏུ་གཏང་བ་དང་། །ཞེས་སོགས་གཞུང་ནས་བཤད་པ་ལྟར་བླ་མ་དང་། ཡི་དམ་གྱི་ལྷ་ལ་མཆོད་པའི་དངོས་པོ་ནི་ཉ་སྟོང་དུས་དྲུག་ལ་རྒྱུན་མཆོད་མ་ནུས་པར་མཆོ༷ད་པ༷་ཕྱིས་སུ་འགྱངས་ཏེ་དུས༷་ཀྱི་ཚད་ལས༷་འདས༷་པ་དང་། འཕགས་པ་བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་གྱི་ཐབས་ཀྱི་ཡུལ་ལ་འཕྲུལ་བ་བསྟན་པའི་མདོ་ལས། གང་ཞིག་སྡིག་གྲོགས་སྦྲུལ་གྱིས་སེམས་ཟིན་ཅིང་། །དགེ་བའི་བཤེས་ཀྱི་དུག་སྨན་རྣམ་སྤངས་པ། །ཞེས་དང་། འཕགས་པ་ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། ལོག་པར་ལྟ་བ་དང་ནི་སྡིག་གྲོགས་བསྟེན། །གང་ཞིག་ཐེག་པ་ཆེན་པོར་མ་དད་པ། །དེས་ནི་ཉོན་མོངས་བདུད་རྣམས་འཇོམས་མི་ནུས། །ཞེས་གསུངས་པ་ལྟར་གྱི་གླུ་གར་རྩེད་འཇོ་དང་། བྱ་བ་མི་ལེགས་པའི་ཕྱོགས་ལ་སོགས་པའི་གཡེང་བའི་གནས་སུ་འཁྲིད་པར་བྱེད་པའི་གྲོ༷གས་ང༷ན་པའི་དབང་དུ་ཤོར་བའི་རྐྱེན༷་གྱིས༷་ཐུན་བཞིའི་རྣལ་འབྱོར་ལ་གཡེལ་བ་སོགས་ཉམས་ལེན་གྱི་ཆོ༷་ག༷་དུ་མའི༷་གས༷ང་བ༷་བསྒྲུབ་དགོས་མང་པོར་མ་གྲུབ་པར་ཆ༷ག་པ་དང་། གསང་སྔགས་དྲག་པོ་མངོན་སྤྱོད་ཀྱི་བརྟུལ༷་ཞུག༷ས་གདེང་དུ་མ་གྱུར་པར་རྩལ་ཤུགས་ཆུང༷་བ༷འི་དབང་གིས༷། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། དྲེགས་པ་རུ་དྲ་སྡིག་ཅན་འདི། །ནམས་ཀྱང་བསྒྲལ་བའི་ཞིང་ཡིན་ཏེ། །ཞེས་གསུངས་པ་ལྟར། སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་བགེ༷གས་ཀྱི་རྒྱལ་པོ་བི་ན་ཡ་ཀ་ལ་སོགས་པ་རྣམ༷ས་སྒྲལ་བའི་ལས་ཀྱིས་ཚར་གཅོད་དགོས་པ་ལ། དེ་ལྟར་ཚར༷་མ༷་ཆོ༷ད་པར་ཡན་པོར་ཤོར་བ་དང་། ཚོགས་འཁོར་གྱི་རྫས་སོགས་ལ་འདོད་པས་རྔམ༷ས་ཤིང༷་གང་འདོད་འདོད་དུ་ཐུག༷་ཐུབ༷་ཀྱིས་འཁྱེར་ཞིང་སྤྱད་ནས་རྫས་འཛད་པས། ཇི་སྐད་དུ་དུས་འཁོར་བསྡུས་རྒྱུད་ལས། ཕོ་ཉ་མོ་རྣམས་དག་ལ་ཟས་ཀྱི་ཕུད་ནི་ས་སྟེང་རྣམས་སུ་བདག་པོ་རྡོ་རྗེ་རྣམས་ཀྱིས་སྦྱིན། །འབྱུང་པོ་རྣམས་ལ་ཟོས་པའི་ལྷག་མ་སླར་ཡང་དགེ་བའི་དོན་དུ་སྦྱིན་པའི་ཚིགས་བཅད་འདི་བཀླག་གོ །ཞེས་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། ལྷག་མའི་གཏོར་མ་བསྡུས་ནས་ནི། །འབྱུང་པོ་འཆོལ་བ་རྣམས་ལ་སྦྱིན། །གནས་དང་ཞིང་གནས་རྣལ་འབྱོར་མའི། །ཚོགས་ལ་དྲི་ཞིམ་ཚིམ་པར་བྱ། །ཞེས་དང་། གདན་བཞི་ལས། དངོས་གྲུབ་འདོད་པའི་རྣལ་འབྱོར་བས། །ནན་ཏན་དུ་ནི་གཏོར་མ་སྦྱིན། །ཡེ་ཤེས་ཅན་གྱི་དཔལ་འདོད་པས། །ལྷག་མའི་གཏོར་མ་སྦྱིན་པར་བྱ། །ཞེས་དང་། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། དེ་རྣམས་མཆོད་པའི་དངོས་གྲུབ་ནི། །གང་ཞིག་སེམས་ལ་བསམ་པ་ཡོད། །ལྷག་མའི་གཏོར་མ་གཟུང་ནས་ནི། །དགོན་པ་ཆེན་པོར་གཏང་བར་བྱ། །ཞེས་དང་། གསང་སྙིང་ལས། སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་གྱི་མུ་རན་ནམ་མཐའ་ལ་གནས་པའི་མ་མོ་ལྷག་སྡུད་ཀྱི་རིགས་ལ་སོགས་པ་འབྱུང་པོ་ལྷག་མའི་གཏོར་རྫས་ལ་དབང་བ་རྣམས་ལ་ལྷག་གཏོར་མ་ཕུལ་བར་ལྷག༷་མ་ཉམས་པ་དང་། ཇི་སྐད་དུ་རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ས་བོན་སྨིན་པ་བཟུང་ནས་ནི། །མཁས་པས་སྔོན་བཞིན་མཆོད་བྱས་ནས། །གྲུབ་པའི་རྫས་ཀྱི་ཕུད་དག་གིས། །ཁྱད་པར་དུ་ནི་བླ་མར་འབུལ། །ཞེས་དང་། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། གཞན་ཡང་བཟའ་བ་ཐམས་ཅད་ཀྱི། །ཕུད་ནི་གཤིན་རྗེ་གཤེད་ལ་དབུལ། །དེ་ནས་ཡང་དག་བཤད་བྱ་བ། །བླ་མ་ལ་ཡང་ཡོན་འབུལ་བ་འོ། །ཞེས་དང་། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བྱེ་བྲག་ཏུ་ནི་ཟས་ཀྱི་ཕུད་སྩལ་ལ་དོན་ཐམས་ཅད་བསྒྲུབ་པར་བགྱིའོ། །ཞེས་གསུངས་པ་ལྟར་བླ་མ་དང་ཡི་དམ་ལྷག་པའི་ལྷ་ཞི་ཁྲོའི་དཀྱིལ་འཁོར་ལ་ཟས་ཀྱི་ཕུད་དང་ཚོགས་ཀྱི་ཕུད་སོགས་ཀྱིས་རྟག་ཏུ་མཆོད་དགོས་པ་ལ་དེ་ལྟར་མ་མཆོད་པར་ཕུད༷་མཆོད་ཉམ༷ས་པ་ལ༷་སོག༷ས་པ་ཚེ༷་རབ༷ས་འཁོར་བ་ཐོ༷ག་མ༷་མེ༷ད་པ༷འི་དུས༷་ཀྱི་ཡ་མཐ༷འ་ནས༷་ཚེ༷་འདིའི༷་ལུས༷་རྟེན་འདི༷་ཉིད་བཟུང༷་བ༷་ད་ལྟ་བའི་དུས་ཡ༷ན་ཆ༷ད་དུ༷་ལྟུང་བ་དང་སྡི༷ག་པ༷་མི༷་དགེ༷་བ་ཉེས་པའི༷་ལས༷་རྣམ༷ས་ཀྱི་ཚོགས་དཔག་ཏུ་མེད་པ་ཅི༷་ཙམ་བསགས་པའམ་བགྱིས༷་པ༷་རྣམས་ནོངས་ཤིང་འགྱོད་པའི་སྒོ་ནས། ཇི་སྐད་དུ་གསང་བ་སྙིང་པོ་ལས། དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། ཡུལ་རིག་པ་དང་མཚན་ཉིད་རིག་པ་དང་། དུས་རིག་པ་དང་། རྐད་ཅིག་མའི་རྒྱུན་རིག་པ་དང་། ཞེས་དང་། སྤྱན་འདྲེན་རྒྱུད་གསུམ་པ་ལས། མ་འོས་འཁྲུལ་པའི་ནོངས་པ་མཆིས་སོ་འཚལ། །དུས་རིག་རྒྱུན་མཁྱེན་ཀུན་ལ་བཟོད་པར་གསོལ། །ཞེས་གསུངས་པ་ལྟར། འདས་མ་འོངས་ད་ལྟར་གྱི་དུས་གསུམ་དང་། འབྱུང་བར་མ་ངེས་པའི་དུས་ཏེ་དུས༷་བཞི་མཉམ་པ་ཉིད་དུ་རི༷ག་པ་དང་། ཡུལ་རིག་པ་དང་། མཚན་ཉིད་རིག་པ་དང་། སྐད་ཅིག་མའི་རྒྱུན༷་རྣམས་མཉམ་པ་ཉིད་དུ་རིག་ཅིང་ཆགས་ཐོགས་མེད་པར་ཇི་བཞིན་མཁྱེ༷ན་པའི་རྫོགས་པའི་སངས་རྒྱས་ཕྱོགས་བཅུའི་ཞིང་ན་བཞུགས་སོ་ཅོག་རྣམ༷ས་དང་། ཁྱད་པར་དུ་ཞི་བའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་པོ་རྣམས་ཀྱི་སྤྱན་སྔ་ལ༷་མཐོལ་ཞིང་བཤགས་ལ། བཟོ༷ད་པར༷་གསོ༷ལ་ལོ། །ཞེས་པའོ།།

གཉིས་པ་བཤགས་པའི་འཐད་པ་བསྟན་པ་ནི། འཕགས་པ་ལགས་པས་ཁྱེད་ཀྱིས་དང་དུ་བཞེས༔ སེམས་ཅན་ལགས་པས་ནོངས་ཤིང་འཁྲུལ་པ་བྱུང་༔ སྒྱུ་མ་ལགས་པས་བཤགས་པ་གནང་བར་མཛོད༔ ཐབས་ལ་མཁས་པའི་ཚངས་པ་བསྩལ་དུ་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ཡང་བཤགས་པ་འདི་ལྟར་བགྱི་བ་ནི་ཤིན་ཏུ་འཐད་དེ། བཤགས་ཡུལ་ཞི་བའི་ལྷ་ཚོགས་རྣམས་ནི་སྒྲིབ་གཉིས་མཐའ་དག་གམ་ཅི་རིགས་སྤངས་ཤིང་བྱམས་པ་དང་། སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་ཕྱུག་པའི་འཕ༷གས་པ༷་ལ༷གས་པས༷་ན་ཁྲོ་བ་དང་། འཁོན་སེམས་དང་། ཕྱོགས་དང་རིས་སུ་ལྷུང་བའི་སེམས་མི་མངའ་བས་བཤགས་ཡུལ་ཁྱེད༷་ཅག་རྣམས་ཀྱིས༷་བདག་གི་འགྱོད་བཤགས་དང་བཟོད་གསོལ་དང༷་དུ༷་བཞེ༷ས་ངེས་ལ། བཞེས་པར་མཛོད་ཅིག། བཤགས་པ་པོ་བདག་ནི་ལས་དང་ཉོན་མོངས་པའི་ཁོལ་པོར་འཕྱན་པའི་སེམ༷ས་ཅ༷ན་རང་ག་བ་ལ༷གས་པས༷་ན་སྒོ་གསུམ་གྱི་བྱ་བ་ལ་ནོར་བའམ་ནོང༷ས་ཤིང༷་། གནས་ལུགས་དོན་དམ་པའི་དོན་མ་རྟོགས་པར་འཁྲུལ༷་བ༷་བྱུང༷་བ་དང་། དེའི་དབང་གིས་ཉེས་ལྟུང་གི་ཚོགས་དེ་དག་བྱུང་བ་ཡིན་ཞིང་། དེ་ལྟར་བྱུང་བའང་སྲིད་པའོ།།

འོ་ན་ནོངས་པ་བྱུང་ཟིན་ནས་བཤགས་ཐབས་མེད་པ་དང་། ཉེས་ལྟུང་འདག་ཏུ་མེད་པ་དང་། བཟོད་པ་དང་དུ་ལེན་དུ་མེད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཆོས་ཐམས་ཅད་བདེན་པར་མ་གྲུབ་པར་སྒྱུ༷་མ༷་ལྟ་བུ་ལ༷གས་པ༷ས་ཉེས་ལྟུང་ཡང་དོན་ལ་བདེན་མེད་སྒྱུ་མ་ལྟ་བུ་ཡིན་ཕྱིར་བཤགས་པ་བྱ་བར་རུང་ལ། འདག་ཏུའང་ཡོད་པ་དང་། བཟོད་གསོལ་བྱ་བ་དང་། དེ་དང་དུ་ལེན་པའང་འཐད་པ་དང་། ལྷག་པར་དུ་སྒྱུ་མ་ལྟ་བུ་དེའི་དོན་རྟོགས་ན་བཤགས་ཐབས་དང་འདག་པ་ཡང་སླ་བ་ཡིན་པས་བདག་གི་བཤ༷གས་པ༷་འདི་ཡང་ཞི་བའི་ལྷ་ཚོགས་རྣམས་ཀྱིས་བཟོད་གསོལ་དང་། དང་ལེན་གནང༷་བ༷ར་མཛོ༷ད་ཅིག། ཞི་བའི་ལྷ་ཚོགས་ཐབས་མཁས་ལ་ཐུགས་རྗེ་དང་ལྡན་པ་དག་གིས་ཐབ༷ས་ལ༷་མཁ༷ས་པ༷འི་འཕྲིན་ལས་སྣ་ཚོགས་ཀྱིས་སྡིག་པ་མི་དགེ་བ་དང་ལྟུང་བ་མི་བཟད་པ་རྣམས་དག་ནས་ཟུང་འཇུག་མི་གནས་པ་ཚ༷ངས་པ༷་ཆེན་པོའི་གོ་འཕང་མྱུར་བ་མྱུར་དུ་བདག་གི་རྒྱུད་ལ་བསྩ༷ལ་ཏུ༷་གསོ༷ལ་ལོ་ཞེས་པ་སྟེ་ཉེས་ལྟུང་སྡིག་པ་རྣམས་བཤགས་སུ་ཡོད་པའི་འཐད་པ་བཅས་པའི་སྒོ་ནས་འདོད་དོན་སྩོལ་བར་གསོལ་བ་བཏབ་པའོ།།

ཞི་བའི་ལྷ་ལ་འགྱོད་བཤགས་བྱ་བ།

གསུམ་པ་ཞི་བའི་ལྷ་ལ་འགྱོད་བཤགས་བྱ་བ་ལ་ནི། ཀུན་བཟང་ཡབ་ཡུམ་གཉིས་དང་། རིགས་ལྔ་ཡབ་ཡུམ་བཅུ་དང་། སེམས་དཔའ་སེམས་མ་བརྒྱད་དང་། སྤྲུལ་སྐུ་ཐུབ་པ་དྲུག་དང་། སྒོ་བ་ཡབ་ཡུམ་བརྒྱད་ལ་འགྱོད་བཤགས་བྱ་བ་སྟེ་ལྔ་ལས།

དང་པོ་ནི། ཨོཾ་ཀུན་ཏུ་བཟང་པོ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཏེ༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ ཀུན་བཟང་ཡབ་ཡུམ་སྐུ་ལ་གཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་ཕྱེད་ཀྱིས་བསྟན་ལ། ཨོཾ༷་ནི་གོང་ལྟར་སྐུ་ལྔ་ཡེ་ཤེས་ལྔ་ཡི་ཤིས་པ་བརྗོད་པའོ། །དཔལ་ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཐུགས་རྗེས་འཕྲོག་བྱེད་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེས་གཉིས་མེད་དབང་དུ་འུབ། །ཅེས་གསུངས་པ་ལྟར། གདོད་མའི་མགོན་པོ་ཆོས་སྐུ་ཀུན༷་ཏུ༷་བཟ༷ང་པོ༷་དེ༷འི་ཐུགས་མཆོ༷ག་ཏུ་གྱུར་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ནོར་བུ་རི༷ན་པོ༷་ཆེ༷་ལྟ་བུ་དེ་གང་ཡིན་ཞེ་ན། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཀྱི་ཁམ༷ས་གསུ༷མ་གྱིས་བསྡུས་པའི་ཆོས་ལ་སོགས་པ་དག་དང་མ་དག་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་གཅིག་གིས་སྐྱེ་མེད་བློ་འདས་ཆེན་པོར་རྟོགས་ཏེ་སྤྲོས་མེད་ཀ་དག་གི་ཀློང་དུ་འུབ་ཀྱིས་ཆུད་ཅིང་དབ༷ང་དུ༷་སྡུད༷་པ༷་དེའི་སྣང་ཆ་ཐབས་བདེ་བ་ཆེན་པོ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འགགས་མེད་ཡེ་གྲོལ་ཆེན་པོ་དེ་ནི་ཡ༷བ་ཀུན་ཏུ་བཟང་པོ་ལགས་ཏེ། རྡོ་རྗེ་ཕུར་བ་མྱང་འདས་ཀྱི་རྒྱུད་ལས། ཆོས་ཉིད་དབང་སྒྱུར་བྱེད་པའི་གཙོ། །བདེ་གཤེགས་རྒྱལ་བ་ཀུན་བཟང་ཡིན། །རང་བཞིན་ཡིད་ཤེས་དག་ཡིན་ཏེ། །ཀུན་བཟང་ཡེ་ཤེས་ཉིད་ཀྱི་རྒྱན། །བདེ་ཆེན་ཐབས་ཀྱི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དོན་ལ་དེ་ལྟར་ལ༷གས་ཀྱང༷་དེ་ལྟར་མ་རྟོགས་པ་དང་། དེ་བཞིན་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན༷་ད༷མ་པར་སྐྱེ་མེད་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ཀྱི་དབྱིང༷ས་སུ༷་མཚན་མའི་སྤྲོས་པ་དམིགས་སུ་མེད་པའི་ཚུལ་གྱིས་དབང་དུ་སྡུད༷་པ༷་ཡི་དབྱིངས་དེ་ལ་ཡུམ༷་ཀུན་ཏུ་བཟང་མོ་ཞེས་བརྗོད་པ་ལ༷གས་ཀྱི༷་དེ་ལས་གཞན་པའི་མཚན་མའི་ཆོས་སུ་སྣང་བ་རྡུལ་ཙམ་མེད་ནའང་བད༷ག་གི་གདོས་བཅས་ཀྱི་ལུས༷་ཀྱི་རང་བཞིན་ཙམ་ཡང་སྒྱུ་མར་མ་རྟོགས་པར་འཁྲུལ་བའི་རྣམ་པར་རྟོག༷་པས༷་ཇི་སྐད་དུ་རྟ་མཆོག་རོལ་བ་ལས། མ་སྐྱེས་ཐབས་ཀྱི་ཡེ་ཤེས་ལྡན། །ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས། །བདེན་གཉིས་དབྱེ་བ་མེད་པ་ཡིས། །ཡང་དག་དོན་མཆོག་སྒྱུ་མའི་སྐུ། །ཞེས་གསུངས་པ་ལྟར་གྱི་གདུལ་བྱ་ལ་སྣང་བའི་སྐུ་བདེན་མེད་སྒྱུ༷་མ༷་ལྟ་བུའི༷་རྒྱལ་བའི་སྐུ་དེ་མ་རྟོགས་པར་བདེན་གྲུབ་མཚན་མ་ཅན་གྱི་ཀུན་བཟང་ཡབ་ཡུམ་དུ་བཟུང་བས་རང་ཉིད་དང་ཀུན་བཟང་ཡབ་ཡུམ་གྱི་སྐུ༷་བསླུས༷་ཤིང༷་། དེའི་དབང་གིས་བད༷ག་ལ་དམ༷་ཚིག་ཉམ༷ས་པའི་ལས་དག་བྱུང་བ་ལགས་པ༷ས། དེ་ལྟར་ཀུན་བཟང་ཡབ་ཡུམ་གྱི་དོན་མ་རྟོགས་པ་དང་། དམ་ཚིག་ཉམས་པའི་ཉེས་པ་ཅི་བྱུང་ལ་སེམ༷ས་ལ༷་རབ་ཏུ་འགྱོད༷་པ༷་སྐྱེས༷་ཏེ་ཀུན༷་བཟ༷ང་ཡ༷བ་ཡུམ༷་གཉིས་ཀྱི་སྐུ༷་ལ༷་མཐོལ་ཞིང་བཤགས་པར་བྱ་ལ་བཟོ༷ད་པར༷་གསོལ༷་ལོ། །ཞེས་སྣང་བ་ཡབ་ཀྱི་རོལ་བ་ཀུན་བཟང་དང་། སྟོང་བ་ཡུམ་གྱི་རང་བཞིན་ཀུན་ཏུ་བཟང་མོ་རུ་ངེས་པའི་སྒོ་ནས་བཤགས་པ་བྱ་བར་བསྟན་པའོ།།

གཉིས་པ་རིགས་ལྔ་ཡབ་ཡུམ་བཅུ་ལ་འགྱོད་བཤགས་བྱ་བ་ལ་ནི། རིགས་ལྔའི་སངས་རྒྱས་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཏེ༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ རིགས་ལྔ་ཡབ་ཡུམ་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་ཕྱེད་ཀྱིས་བསྟན་ལ། རིག༷ས་ལྔ༷འི་སང༷ས་རྒྱས༷་ཀྱི་ཐུག༷ས་མཆོ༷ག་ཏུ་གྱུར་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ནོར་བུ་རི༷ན་པོ༷་ཆེ༷་ལྟ་བུ་དེ་གང་ཡིན་ཞེ་ན། འདོད་ཁམས་སོགས་ཁམ༷ས་གསུམ༷་གྱིས་བསྡུས་པ་ལ་སོགས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་གཅིག་གིས་སྐྱེ་མེད་བློ་འདས་ཆེན་པོར་རྟོགས་ཏེ་སྤྲོས་མེད་ཀ་དག་གི་ཀློང་དུ་འུབ་ཀྱིས་ཆུད་ཅིང་དབ༷ང་དུ༷་སྡུད༷་པ༷་དེའི་སྣང་ཆ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་དང་། སོར་རྟོགས་ཡེ་ཤེས་དང་། བྱ་གྲུབ་ཡེ་ཤེས་དང་། ཆོས་དབྱིངས་ཡེ་ཤེས་ཏེ་ཡེ་ཤེས་ལྔ་ནི་ཡ༷བ་རྒྱལ་བ་རིགས་ལྔའི་རང་བཞིན་ལགས་སོ།།

དེ་ལག༷ས་ཀྱང༷་དེ་ལྟར་མ་རྟོགས་པ་དང་། དེ་བཞིན་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན༷་དམ༷་པར་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དབྱིང༷ས་སུ༷་མཚན་མའི་སྤྲོས་པ་དམིགས་སུ་མེད་པའི་ཚུལ་གྱིས་དབང་དུ་སྡུད༷་པ༷་ཡི་དབྱིངས་དེ་ནི་དབྱིངས་ཕྱུག་ཡུམ༷་ལྔ་ཞེས་བརྗོད་པ་ལ༷གས་ཀྱི༷་དེ་ལས་གཞན་པའི་མཚན་མའི་ཆོས་སུ་སྣང་བ་རྡུལ་ཙམ་མེད་ནའང་བད༷ག་གི་གདོས་བཅས་ཀྱི་ལུས༷་ཀྱི་རང་བཞིན་ཙམ་ཡང་སྒྱུ་མར་མ་རྟོགས་པར་འཁྲུལ་བའི་རྣམ་པར་རྟོག༷་པ༷ས་གདུལ་བྱ་ལ་སྣང་བའི་བདེན་མེད་སྒྱུ༷་མ༷་ལྟ་བུའི༷་སྐུ་དེ་ཡང་མ་རྟོགས་པར་བདེན་གྲུབ་མཚན་མ་ཅན་གྱི་རྒྱལ་བ་རིགས་ལྔ་ཡབ་ཡུམ་དུ་བཟུང་ཞིང་རང་ཉིད་དང་རིགས་ལྔ་ཡུམ་གྱི་སྐུ༷་བསླུས༷་ཤིང༷་། དེའི་དབང་གིས་བད༷ག་ལ་དམ༷་ཚིག་ཉམ༷ས་པ༷འི་ལས་དེ་བྱུང་བ་ལགས་པས། དེ་ལྟར་རྒྱལ་བ་རིགས་ལྔ་ཡབ་ཡུམ་གྱི་དོན་མ་རྟོགས་པ་དང་། དམ་ཚིག་ཉམས་པའི་ཉེས་པ་ཅི་བྱུང་ལ་སེམ༷ས་ལ་རབ་ཏུ་འགྱོད༷་པ༷་སྐྱེས༷་ཏེ་རྒྱལ་བ་རིག༷ས་ལྔ༷་ཡ༷བ་ཡུམ༷་གྱི་སྐུ༷་ལ༷་མཐོལ་ཞིང་བཤགས་པར་བྱ་ལ་གཟོ༷ད་པ༷ར་གསོ༷ལ་ལོ། །ཞེས་ཡང་སྣང་བ་ཡབ་ཀྱི་རོལ་བ་རྒྱལ་བ་རིགས་ལྔ་དང་། སྟོང་པ་ཡུམ་གྱི་རང་བཞིན་བདེ་གཤེགས་ཡུམ་ལྔ་རུ་ངེས་པའི་སྒོ་ནས་བཤགས་པ་བྱ་བར་བསྟན་པའོ།།

སེམས་དཔའ་སེམས་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཏེ༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སེམས་དཔའ་སེམས་མའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་ཕྱེད་ཀྱིས་བསྟན་ལ། བྱང་ཆུབ་སེམ༷ས་དཔ༷འ་སེམ༷ས་མ༷་ཡི་ཐུག༷ས་མཆོ༷ག་ཏུ་གྱུར་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ནོར་བུ་རི༷ན་པོ༷་ཆེ༷་ལྟ་བུ་དེ་གང་ཡིན་ཞེ་ན། འདོད་ཁམས་སོགས་ཁམ༷ས་གསུ༷མ་གྱིས་བསྡུས་པ་ལ་སོགས་པའི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤེས་གཅིག་གིས་སྐྱེ་མེད་བློ་འདས་ཆེན་པོར་རྟོགས་ཏེ་སྤྲོས་མེད་ཀ་དག་གི་ཀློང་དུ་འུབ་ཀྱིས་ཆུད་ཅིང་དབ༷ང་དུ༷་སྡུད༷་པ༷་དེའི་སྣང་ཆ་ཚོགས་བརྒྱད་རྣམ་པར་དག་པ་ལ་སོགས་པ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཆ་ནི་ཡ༷བ་བྱང་ཆུབ་སེམས་དཔའ་བརྒྱད་ཀྱི་རང་བཞིན་ལགས་སོ།།

དེ་ལག༷ས་ཀྱང༷་དེ་ལྟར་མ་རྟོགས་པ་དང་། དེ་བཞིན་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན༷་ད༷མ་པར་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དབྱིང༷ས་སུ༷་མཚན་མའི་སྤྲོས་པ་དམིགས་སུ་མེད་པའི་ཚུལ་གྱིས་དབང་དུ་སྡུད༷་པ༷་ཡི་དབྱིངས་དེ་ནི་ཡུམ༷་བྱང་ཆུབ་སེམས་མ་བརྒྱད་ཅེས་བརྗོད་པ་ལ༷གས་ཀྱི༷་དེ་ལས་གཞན་པའི་མཚན་མའི་ཆོས་སུ་སྣང་བ་རྡུལ་ཙམ་མེད་ནའང་བད༷ག་གི་གདོས་བཅས་ཀྱི་ལུས༷་ཀྱི་རང་བཞིན་ཙམ་ཡང་སྒྱུ་མར་མ་རྟོགས་པར་འཁྲུལ་བའི་རྣམ་པར་རྟོག་པས་གདུལ་བྱ་ལ་སྣང་བའི་བདེན་མེད་སྒྱུ༷་མ༷་ལྟ་བུའི༷་སྐུ་དེ་ཡང་མ་རྟོགས་པར་བདེན་གྲུབ་མཚན་མ་ཅན་གྱི་སེམས་དཔའ་སེམས་མ་རུ་བཟུང་བས་རང་ཉིད་དང་སེམས་དཔའ་སེམས་མའི་སྐུ༷་བསླུས༷་ཤིང༷་། དེའི་དབང་གིས་བད༷ག་ལ་དམ༷་ཚིག་ཉམ༷ས་པའི་ལས་དེ་བྱུང་བ་ལགས་པ༷ས། དེ་ལྟར་སེམས་དཔའ་སེམས་མ་ཡབ་ཡུམ་གྱི་ངེས་པའི་དོན་མ་རྟོགས་པ་དང་། དམ་ཚིག་ཉམས་པའི་ཉེས་པ་ཅི་བྱུང་ལ་སེམ༷ས་ལ༷་རབ་ཏུ་འགྱོ༷ད་པ༷་སྐྱེས༷་ཏེ་སེམ༷ས་དཔ༷འ་སེམ༷ས་མ༷འི་སྐུ༷་ལ༷་མཐོལ་ཞིང་བཤགས་པར་བྱ་ལ་གཟོ༷ད་པར༷་གསོ༷ལ་ལོ། །ཞེས་ཡང་སྣང་བ་ཡབ་ཀྱི་རོལ་བ་སེམས་དཔའ་བརྒྱད་དང་། སྟོང་པ་ཡུམ་གྱི་རང་བཞིན་སེམས་མ་བརྒྱད་དམ་བྱེད་པ་ཚོགས་བརྒྱད་ཀྱི་རང་བཞིན་སེམས་དཔའ་དང་བྱ་བ་ཡུལ་གཟུགས་སོགས་ཀྱི་ངོ་བོ་སེམས་མ་བརྒྱད་དུ་ངེས་པའི་སྒོ་ནས་བཤགས་པ་བྱ་བར་བསྟན་པའོ།།

བཞི་བ་ཐུབ་པ་དྲུག་གི་འགྱོད་བཤགས་ནི། སྤྲུལ་སྐུ་ཐུབ་དྲུག་ཐུགས་མཆོག་རིན་པོ་ཆེ༔ བཅུད་ཀྱི་སེམས་ཅན་ཁམས་གསུམ་དབང་དུ་སྡུད༔ སྣོད་ཀྱི་འཇིག་རྟེན་དོན་དམ་དབྱིངས་སུ་སྒྲོལ༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཏེ༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སྤྲུལ་སྐུ་ཐུབ་པ་དྲུག་ལ་གཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་ཕྱེད་ཀྱིས་བསྟན་ལ། སྤྲུལ༷་སྐུ༷་ཐུབ༷་པ་དྲུག༷་གི་ཐུག༷ས་མཆོ༷ག་ཏུ་གྱུར་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ནོར་བུ་རི༷ན་པོ༷་ཆེ༷་ལྟ་བུ་དེ་གང་ཡིན་ཞེ་ན། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཕྱི་ནི་སྣོད་ཀྱི་འཇིག་རྟེན་རྟོགས་འགྱུར་ན། །འབྱུང་བ་ལྔ་ལས་སངས་རྒྱས་གཞན་ན་མེད། །ནང་གི་བཅུད་ཀྱི་འཇིག་རྟེན་རྟོགས་འགྱུར་ན། །སེམས་ལས་མ་གཏོགས་སངས་རྒྱས་གཞན་ན་མེད། །ཅེས་གསུངས་པ་ལྟར། ནང་བཅུད༷་ཀྱི༷་སེམ༷ས་ཅ༷ན་རྣམ་སྨིན་གྱི་འགྲོ་བ་ཁམ༷ས་གསུམ༷་གྱིས་བསྡུས་པ་རྣམས་ཟག་པ་མེད་པའི་ཐུགས་རྗེའི་རྩལ་གྱི་ལྕགས་ཀྱུས་ཉེ་བར་དྲངས་ཏེ། དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སྐྱེ་འགགས་མེད་པ་སྤྲོས་བྲལ་མཉམ་པ་ཉིད་ཀྱི་རང་བཞིན་དུ་རྟོགས་ཤིང་ཀ་དག་སྟོང་པ་ཆེན་པོའི་ས་རུ་དབ༷ང་དུ༷་སྡུད༷་པར་བྱེད་པའི་སྒོ་ནས་ཕྱི་སྣང་བ་སྣོད༷་ཀྱི༷་རང་བཞིན་གྱིས་བསྡུས་པའི་འཇི༷ག་རྟེན༷་ཀྱི་ཁམས་ཀུན་ཀྱང་དོན༷་དམ༷་པར་སྐྱེ་བ་མེད་པར་ངེས་ཏེ། རིགས་དྲུག་གི་འགྲོ་བའི་ཁམས་ཀུན་དེ་འདྲའི་སྣོད་བཅུད་གཉིས་སུ་མེད་པའི་ཆོས་ཉིད་ཀྱི་དབྱིང༷ས་སུ༷་དམིགས་པར་མེད་པ་སྒྲོལ༷་བའམ་ཞི་བར་བྱེད་པའི་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ་ནི་སྤྲུལ་སྐུ་ཐུབ་པ་དྲུག་ཅེས་པའམ་ཐུབ་པ་དྲུག་གི་ཐུགས་རྗེ་ཟག་པ་མེད་པའི་ནོར་བུ་རིན་པོ་ཆེ་འགྲོ་དྲུག་སོ་སོའི་འདུལ་བྱེད་དུ་སྣང་བ་ཞེས་བརྗོད་པ་ལགས་ཀྱི་དེ་ལས་གཞན་པའི་མཚན་མའི་ཆོས་སུ་སྣང་བ་རྡུལ་ཙམ་མེད་ཅིང་། བད༷ག་གི་གདོས་བཅས་ཀྱི་ལུས༷་ཀྱི་རང་བཞིན་ཡང་དེ་ལྟར་ཡིན་ནའང་བདག་ལུས་ཙམ་ཡང་སྒྱུ་མར་མ་རྟོགས་པར་འཁྲུལ་བའི་རྣམ་པར་རྟོག༷་པ༷ས་གདུལ་བྱ་ལ་སྣང་བའི་བདེན་མེད་སྒྱུ༷་མ༷་ལྟ་བུའི༷་ཐུབ་དྲུག་གི་སྐུ་དེ་ཡང་མ་རྟོགས་པར་བདེན་གྲུབ་མཚན་མ་ཅན་གྱི་སྤྲུལ་སྐུ་ཐུབ་པ་དྲུག་ཏུ་བཟུང་བས་རང་ཉིད་དང་ཐུབ་པ་དྲུག་གི་སྐུ༷་བསླུས༷་ཤིང༷་། དེའི་དབང་གིས་བད༷ག་ལ་དམ༷་ཚིག་ཉམ༷ས་པའི་ལས་དེ་བྱུང་བ་ལགས་པ༷ས། དེ་ལྟར་སྤྲུལ་སྐུ་ཐུབ་པ་དྲུག་གི་དོན་མ་རྟོགས་པ་དང་། དམ་ཚིག་ཉམས་པའི་ཉེས་པ་ཅི་བྱུང་ལ་སེམ༷ས་ལ༷་རབ་ཏུ་འགྱོ༷ད་པ༷་སྐྱེས༷་ཏེ་སྤྲུལ༷་སྐུ༷་ཐུབ༷་པ༷་དྲུག༷་གི་སྐུ་ལ༷་མཐོལ་ཞིང་བཤགས་པར་བྱ་ལ་བཟོ༷ད་པ༷ར་གསོ༷ལ་ལོ། །ཞེས་ནང་བཅུད་ཀྱི་སེམས་ཅན་སྣང་བ་ཐབས་ཀྱི་ཡེ་ཤེས་དང་། ཕྱི་སྣོད་ཀྱི་འཇིག་རྟེན་སྟོང་པ་ཤེས་རབ་ཀྱི་རང་བཞིན་དང་། ཐབས་ཤེས་ཡེ་ནས་གཉིས་སུ་མེད་པ་སྤྲུལ་སྐུ་ཐུབ་པ་དྲུག་གི་རང་བཞིན་དུ་ངེས་པའི་སྒོ་ནས་བཤགས་པ་བྱ་བར་བསྟན་པའོ།།

ལྔ་བ་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་འགྱོད་བཤགས་ནི། སྒོ་བ་སྒོ་མ་ཐུགས་མཆོག་རིན་པོ་ཆེ༔ ཁམས་གསུམ་དབང་དུ་སྡུད་པ་ཡབ་ལགས་ཀྱང་༔ དོན་དམ་དབྱིངས་སུ་སྡུད་པ་ཡུམ་ལགས་ཀྱི༔ བདག་ལུས་རྟོག་པས་སྒྱུ་མའི་སྐུ་བསླུས་ཤིང་༔ བདག་དམ་ཉམས་པས་སེམས་ལ་འགྱོད་པ་སྐྱེས༔ སྒོ་བ་སྒོ་མའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་ཕྱེད་ཀྱིས་བསྟན་ལ། སྒོ༷་བ༷་བཞི་དང་སྒོ༷་མ༷་བཞིའི་ཐུག༷ས་མཆོ༷ག་ཏུ་གྱུར་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ནོར་བུ་རི༷ན་པོ༷་ཆེ༷་ལྟ་བུ་དེ་གང་ཡིན་ཞེ་ན། ཁམ༷ས་གསུམ༷་གྱིས་བསྡུས་པའི་ཆོས་ལ་སོགས་པ་སྣང་བ་ཀུན་རྫོབ་ཀྱི་དངོས་པོ་ཀུན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སྤྲོས་མེད་ཀ་དག་གི་ངོ་བོར་རྟོགས་པར་དབ༷ང་དུ༷་སྡུད༷་པ༷ར་བྱེད་པའི་རྟག་ཆད་མུ་བཞི་གནས་སུ་དག་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་ཡ༷བ་སྒོ་བ་བཞིའི་རང་བཞིན་ལགས་སོ།།

དེ་ལ༷གས་ཀྱང༷་དེ་ལྟར་མ་རྟོགས་པ་དང་། དེ་བཞིན་དུ་ཕྱི་སྣང་གི་ཆོས་ཐམས་ཅད་དོན༷་དམ༷་པར་སྐྱེ་བ་མེད་པའི་ཆོས་ཉིད་ཀྱི་དབྱིང༷ས་སུ༷་དམིགས་མེད་དུ་དབང་དུ་སྡུད༷་པ༷་དེའི་དབྱིངས་དེ་ནི་ཚད་མེད་རྣམ་བཞི་གནས་སུ་དག་པ་ཡུམ༷་སྒོ་མ་བཞིའི་རང་བཞིན་ལག༷ས་ཀྱི༷་དེ་ལས་གཞན་པའི་མཚན་མའི་ཆོས་སུ་སྣང་བ་རྡུལ་ཙམ་མེད་ཅིང་། བད༷ག་གི་གདོས་བཅས་ཀྱི་ལུས༷་ཀྱི་རང་བཞིན་ཡང་དེ་ལྟར་ཡིན་ནའང་བདག་ལུས་ཙམ་ཡང་སྒྱུ་མར་མ་རྟོགས་པར་འཁྲུལ་བའི་རྣམ་པར་རྟོག༷་པ༷ས་གདུལ་བྱ་ལ་སྣང་བའི་བདེན་མེད་སྒྱུ༷་མ༷་ལྟ་བུའི༷་སྒོ་བ་ཡབ་ཡུམ་གྱི་སྐུ་དེ་ཡང་མ་རྟོགས་པར་བདེན་གྲུབ་མཚན་མ་ཅན་དུ་བཟུང་བས་རང་ཉིད་དང་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་སྐུ༷་བསླུས༷་ཤིང༷་། དེའི་དབང་གིས་བད༷ག་ལ་དམ༷་ཚིག་ཉམ༷ས་པའི་ལས་དེ་བྱུང་བ་ལགས་པ༷ས། དེ་ལྟར་སྒོ་བ་ཡབ་ཡུམ་བརྒྱད་ཀྱི་དོན་མ་རྟོགས་པ་དང་། དམ་ཚིག་ཉམས་པའི་ཉེས་པ་ཅི་བྱུང་ལ་སེམ༷ས་ལ༷་རབ་ཏུ་འགྱོ༷ད་པ༷་སྐྱེས༷་ཏེ་སྒོ༷་བ༷་ཡ༷བ་ཡུམ༷་བརྒྱད་ཀྱི་སྐུ༷་ལ༷་མཐོལ་ཞིང་བཤགས་པར་བྱ་ལ་བཟོ༷ད་པ༷ར་གསོ༷ལ་ལོ། །ཞེས་སྣང་བ་ཐབས་ཀྱི་ཡེ་ཤེས་ཡབ་སྒོ་བ་བཞི་དང་། སྟོང་པ་ཤེས་རབ་ཀྱི་རང་བཞིན་ཡུམ་སྒོ་མ་བཞི་རུ་ངེས་པའི་སྒོ་ནས་བཤགས་པ་བྱ་བར་བསྟན་པའོ།། །།

རྩ་བའི་ས་བཅད་གསུམ་པ་ཁྲོ་བོའི་ཀློང་བཤགས།

ཁྲོ་བོའི་ཀློང་བཤགས་དངོས།

༈ རྩ་བའི་ས་བཅད་གསུམ་པ་ཁྲོ་བོའི་ཀློང་བཤགས་ལ་ནི། ཁྲོ་བོའི་ཀློང་བཤགས་དངོས་དང་། ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་ཤིང་བཟོད་གསོལ་བྱེ་བྲག་ཏུ་བྱ་བ་དང་གཉིས་ལས།

དང་པོ་ལའང། ཏིང་འཛིན་རྣམ་གསུམ་གྱི་བཤགས་པ་དང་། སྐུའི་ཕྱག་རྒྱ་ཁྲག་འཐུང་རིགས་ལྔའི་ཀློང་བཤགས་དང་། ཀྲོ་ཏི་ཡུམ་ལྔའི་ཀློང་བཤགས་དང་། ཀཽ་རི་མ་བརྒྱད་ཀྱི་ཀློང་བཤགས་དང་། སེང་ཧ་ཕྲ་མེན་བརྒྱད་ཀྱི་ཀློང་བཤགས་དང་། སྒོ་མ་བཞིའི་ཀློང་བཤགས་དང་། དབང་ཕྱུག་མ་ཉེར་བརྒྱད་ཀྱི་ཀློང་བཤགས་དང་། ཏིང་འཛིན་ཉམས་པའི་བཤགས་པ་དང་། ཐོག་མེད་ཀྱི་ཉམས་ཆག་གི་བཤགས་པ་དང་དགུ་ལས།

དང་པོ་ལའང་། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་གྱི་བཤགས་པ་དང་། ཀུན་སྣང་གི་ཏིང་ངེ་འཛིན་གྱི་བཤགས་པ་དང་། རྒྱུའི་ཏིང་ངེ་འཛིན་གྱི་བཤགས་པ་དང་གསུམ་ལས།

དང་པོ་ནི། ཨོཾ་དང་པོ་རང་བཞིན་མཉམ་པའི་དཀྱིལ་འཁོར་དུ༔ གཟུང་འཛིན་གཉིས་ཀྱི་བདག་དང་མ་བྲལ་བས༔ གཉིས་སུ་མེད་པའི་གནས་ལུགས་དོན་མ་རྟོགས༔ གཉིས་མེད་ཆོས་ཀྱི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ལ། ཨོཾ༷་ཡིག་གི་དོན་ནི་གཙོ་བོ་གོང་བཞིན་ཡིན་ལ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ཨོཾ་ནི་ཐམས་ཅད་གསལ་བྱེད་དོ། །གྲུབ་གསོལ་འདོད་པ་ཐམས་ཅད་ལ། །རྣལ་འབྱོར་དམ་མཆོག་འདི་མཐོང་ན། །གཞན་དག་སྙིང་པོ་མེད་རྩྭར་མཚུངས། ། ཞེས་གསུངས་པ་ལྟར། ཨོཾ་ཡིག་ནི་རྟོགས་བྱའི་དོན་དང་། སྒྲུབ་བྱའི་ལས་ཐམས་ཅད་གསལ་བར་བྱེད་པ་དང་། དངོས་གྲུབ་འགྲུབ་པ་དང་། ལྷ་ལ་གསོལ་བ་འདེབས་པ་དང་། འདོད་པའི་དོན་ཐམས་ཅད་ལ་ཤིས་ཤིང་རྒྱལ་བའི་བྱིན་རླབས་སྐུལ་བའི་ཡི་གེ་དང་། དེའི་དོན་ཅན་དུ་གོ་བར་བྱའོ།།

སྔ་འགྱུར་གྱི་རྒྱུད་སྡེ་རྣམས་ཀྱི་ལུགས་ལ་བསྐྱེད་རིམ་གྱི་དཀྱིལ་འཁོར་གང་བསྒོམ་ཡང་ཐོག་མར་ཏིང་འཛིན་རྣམ་གསུམ་བསྒོམ་པའི་སྒོ་ནས་བསྐྱེད་རིམ་ལ་འཇུག་དགོས་པར་འདོད་ལ། དེ་གསུམ་གང་ཞེ་ན། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རྒྱུ་ཡི་ཏིང་ངེ་འཛིན་གསུམ་ཡིན་ཏེ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། ལང་ཀའི་བདག་པོ་གྲོང་ཁྱེར་གསུམ་གྱི་ཆེད་དུ་ཏིང་ངེ་འཛིན་གསུམ་སྣང་བ་ནི་འདི་ལྟ་སྟེ། དེ་ཉིད་ཀྱི་ཆེད་དུ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དང་། དེ་འཛིན་གྱི་ཆེད་དུ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། དེ་འཇུག་གི་ཆེད་དུ་རྒྱུའི་ཏིང་ངེ་འཛིན་ཏོ། །ཞེས་དང་། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་བླ་མ་ཆེན་པོའི་རྒྱུད་ལས། མཚོན་དུ་མེད་པའི་བྱང་ཆུབ་སེམས། །ཡེ་ཤེས་སྙིང་པོ་གསལ་བ་དང་། །སྒོམ་པ་རྣམ་གསུམ་དུས་གཅིག་རྫོགས། །བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ། །མ་བཀག་ལྷུན་གྱིས་རྫོགས་པས་ན། །དེ་ནི་ཐིག་ལེ་ཆེན་པོའི་དོན། །དེ་ནི་དེ་བཞིན་ཉིད་ཀྱི་དབྱིངས། །དེ་ནི་ཀུན་ཏུ་སྣང་བའི་ངང་། །དེ་ནི་རྒྱུ་ཡི་རིམ་པར་ཧོ། །ཞེས་དང་། ཡེ་ཤེས་རྔམ་པ་གློག་གི་འཁོར་ལོ་ལས། དེ་བཞིན་ཉིད་དང་ཀུན་ཏུ་སྣང་། །རྒྱུ་ཡི་ཏིང་འཛིན་རབ་བསྒོམས་པས། །རྫོགས་པའི་བྱང་ཆུབ་ཐོབ་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ།།

དང༷་པོ༷་སྟེ་ཐོག་མར་བསྒོམ་པར་བྱ་བའི་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་སྡུད་པ་ཚིགས་སུ་བཅད་པ་ལས། བྱང་ཆུབ་སེམས་དཔའ་གང་ཞིག་དོགས་མེད་དེ་ལྟར་སྤྱོད། །ཤེས་རབ་ལྡན་ཏེ་མཉམ་ཉིད་གནས་པར་ཤེས་པར་བྱ། །ཆོས་རྣམས་རང་བཞིན་མེད་པ་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། དེ་ཕྱིར་རང་བཞིན་མཉམ་ཉིད་རྣམས་སྤྲོས་པ། །ངོ་བོ་ཉིད་ཀྱིས་ཆོས་ཀུན་རང་བཞིན་མེད། །བདེ་བར་གཤེགས་པའི་ཡུམ་འདི་སུ་འདོད་པ། །རྒྱལ་བ་རྣམས་ཀྱི་ཡུམ་ནི་ཐོབ་པར་འགྱུར། །ཞེས་དང་། ཡེ་ཤེས་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས། སྒྱུ་མེད་གཅམ་མེད་འདོད་མེད་ང་མེད་དང་། །གཟུང་མེད་དགའ་དང་རྣམ་པར་འཛིན་བྲལ་དང་། །ནམ་མཁའི་ལམ་ལྟར་མཉམ་ཉིད་རབ་ལྡན་པར། །དེ་ལྟར་སྦྱོར་བ་ཏིང་འཛིན་འདི་འཐོབ་བོ། །ཞེས་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡེ་ནས་མཉམ་ཉིད་གསང་བའི་དཀྱིལ་འཁོར་དབྱིངས། །དབྱིངས་ལས་མི་གཞན་ཡེ་ནས་ཐིག་ལེའི་ངང་། །ཡེ་ཤེས་དབྱིངས་ཉིད་གཟུགས་བརྙན་སྒྱུ་མའི་ཚུལ། །སྣང་བྱེད་ཉིད་ན་བྱ་བྱེད་མེད་པར་གནས། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང༷་བཞི༷ན་ཡེ་གདོད་མ་ནས་རྟག་ཆད་འགྲོ་འོང་བྱ་བྱེད་སྐྱེ་འགགས་ཐམས་ཅད་དང་བྲལ་བ་ནམ་མཁའ་ལྟ་བུའི་གནས་ལུགས་ཡོངས་གྲུབ་མཉ༷མ་པ༷་ཆེན་པོའི༷་དཀྱིལ་འཁོར་དུ་གྲགས་པ་གང་ཡིན་པ་ལ་བྱ་སྟེ། ལས་བྱང་ཚོར་གྲོལ་ལས། རྣམ་པར་རྟོག་གསུམ་བྲལ་བ་ཡི༔ དམིགས་མེད་བརྗོད་བྲལ་དེ་བཞིན་ཉིད༔ ཅེས་དང་། ཡེ་ཤེས་རྔམ་གློག་ལས། ཡོངས་སུ་གྲུབ་པའི་བློ་གསལ་ན། །དེ་བཞིན་ཉིད་དུ་རྣམ་པར་གྲགས། །ཞེས་དང་། ཏིང་ངེ་འཛིན་ཀྱང་རྣམ་གསུམ་སྟེ། །དང་པོར་དེ་བཞིན་ཉིད་ཀྱི་དང་། །དེ་བཞིན་ཉིད་ལ་གནས་བཅའི་ཕྱིར། །སྟོང་པ་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་གསུངས་པའི་ཕྱིར་རོ།།

འདི་ནི་དམིགས་མེད་དུ་མཉམ་པར་བཞག་པ་དེ་ལུས་ཞིག་ཅིང་འཇུག་ཤེས་ལྔ་དང་རྟོག་ཚོགས་རགས་པ་འགགས་པའི་འཆི་བ་དང་ཆོས་མཐུན་ཞིང་། འཆི་སྲིད་ཀྱི་བག་ཆགས་སྦྱོང་བྱེད་འཆི་བ་ཆོས་སྐུ་ལམ་ཁྱེར་ཏེ། ད་ལྟ་ནས་ཆོས་སྐུའི་རྣམ་པ་དང་རྗེས་སུ་མཐུན་པའི་ལམ་གྱི་རྣམ་པ་སྒོམ་པ་ཡིན་ཞིང་ཆོས་སྐུའི་ས་བོན་རྒྱུད་ལ་འཇོག་པ་དང་། རྫོགས་རིམ་འོད་གསལ་དང་སྟོང་པ་ཆེན་པོའི་རྣལ་འབྱོར་སྐྱེ་བ་ལྷུན་གྱིས་གྲུབ་པའི་རྒྱུའོ།།

དེ་ལྟ་བུའི་དཀྱིལ༷་འཁོ༷ར་དུ༷་གཟུང་བ་ཡུལ་དང་འཛིན་པ་སེམས་གཉིས་སུ་མ་གྲུབ་ན་ཡང་། བདག་གིས་ནི་གཟུང༷་འཛི༷ན་གཉི༷ས་ཀྱི༷་བད༷ག་སྟེ་གཟུང་བ་ཡུལ་དང་འཛིན་པ་སེམས་གཉིས་སུ་བདེན་པར་ཞེན་པའི་བདག་འཛིན་གྱི་བློ་དང་མ༷་བྲལ༷་བ༷ས་ན་གཟུང་འཛིན་གཉིས༷་སུ༷་མེ༷ད་པ༷འི་གན༷ས་ལུག༷ས་མཉམ་པ་ཉིད་ཀྱི་དོན༷་མ༷་རྟོག༷ས་པར་དེ་བཞིན་ཉིད་ཀྱི་ཏིང་འཛིན་ཇི་བཞིན་མ་གསལ་བ་དེས་བསྐྱེད་པའི་ཉེས་པ་རྣམས་གཟུང་འཛིན་གཉིས་སུ་མེད་པ་དང་། འཁོར་འདས་གཉིས་སུ་མེད་པ་དང་། སྣང་སྟོང་གཉིས་སུ་མེད་པ་ལ་སོགས་པའི་གཉིས༷་མེ༷ད་མཉམ་པ་ཆེན་པོ་སྤྲོས་བྲལ་ཆོས༷་ཀྱི༷་སྐུ༷་ལ༷་མཐོལ་ཞིང་བཤགས་ལ་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་ཆོས་ཉིད་མཉམ་པ་ཉིད་ཀྱི་དོན་མ་རྟོགས་པའི་མཚན་འཛིན་གྱིས་བསྐྱེད་པའི་ཉེས་པ་དེ་ཆོས་སྐུ་མཉམ་པ་ཆེན་པོའི་ངང་དུ་མཉམ་པར་བཞག་པའི་སྒོ་ནས་བཤགས་པར་བསྟན་པའོ།།

གཉིས་པ་ནི། དོན་དམ་མི་འགགས་གསལ་བའི་གོ་འབྱེད་ཅིང་༔ ཟླ་གསལ་དྭངས་པའི་དབྱིངས་སུ་སྐུ་བཞེངས་ལ༔ བྱང་ཆུབ་ཐིག་ལེ་འོད་ཀྱིས་ཁྱབ་མཛད་པ༔ ཀུན་སྣང་དྭངས་པའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། གང་སྣང་བའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་ཉིད་ཀྱི་དབྱིངས་སུ་དམིགས་པ་མེད་པར་རྒྱས་བཏབ་པའི་ངང་ནས་དེ་ལྟར་མ་རྟོགས་པའི་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྒྱུ་མ་ལྟ་བུའི་སྙིང་རྗེ་འགགས་མེད་དུ་བསྒོམ་པ་ནི་ཀུན་ཏུ་སྣང་བའི་ཏིང་ངེ་ཡིན་ཏེ། ལས་བྱང་ཚོར་གྲོལ་ལས། རྟོག་བྲལ་ངང་ལས་རང་བྱུང་རྩལ༔ སྟོང་ཉིད་སྙིང་རྗེ་ཀུན་ཏུ་སྣང་༔ ཞེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱིས་ཀྱང་མཁྱེན་པའི་ཡེ་ཤེས་ལ་སྐུ་གསུང་ཐུགས་མངའ་བའི་རྟགས་སུ་དང་པོ་ཕྱག་རྒྱ་ཆེན་པོ་དྲུག་དང་ལྡན་པར་བསྒོམ་མོ། །དེ་ནས་ཀུན་མཁྱེན་ཡེ་ཤེས་ཀྱིས་ཐབས་མཁས་པའི་ཐུགས་རྗེས་གོ་ཤག་གིས་ཕྱེ་ལ་ཀུན་སྣང་གི་ཏིང་ངེ་འཛིན་དུ་བསྒོམ་མོ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། གཉིས་པ་ཀུན་སྣང་ནམ་མཁའ་དང་། །སྙིང་རྗེ་ཡུམ་གྱིས་ཁྱབ་པའི་ཕྱིར། །མཚམས་སྦྱོར་ཆེན་པོའི་ཏིང་འཛིན་བསྒོམ། །ཞེས་དང་། ཀུན་སྣང་སྙིང་རྗེའི་ངོ་བོ་དང་། ། ཞེས་གསུངས་པའི་ཕྱིར་རོ།།

འདི་ནི་ཆོས་ཉིད་སྟོང་པ་ནམ་མཁའ་ལྟ་བུ་རྟོགས་པའི་ངང་ནས་དེ་ལྟར་མ་རྟོགས་པའི་འགྲོ་བ་ལ་སྙིང་རྗེ་སྒྱུ་མ་ལྟ་བུ་སྒོམ་པའི་ཆ་ནས་འཆི་སྲིད་ལས་འཕོས་ཏེ་བར་དོའི་སྣང་བ་ཤར་བ་དང་ཆོས་མཐུན་པ་དང་། ཆོས་ཀྱི་དབྱིངས་ལས་གཟུགས་སྐུ་སྒྱུ་མ་ལོངས་སྤྱོད་རྫོགས་སྐུ་སྣང་བ་དང་རྗེས་སུ་མཐུན་པས་བར་སྲིད་ཀྱི་བག་ཆགས་སྦྱོང་བྱེད་བར་དོ་ལོངས་སྐུ་ལམ་ཁྱེར་ཏེ། འབྲས་བུ་ལོངས་སྐུའི་རྣམ་པ་དང་མཐུན་པའི་ལམ་གྱི་སྒོམ་པ་ཡིན་ཞིང་། ལོངས་སྐུའི་ས་བོན་རྒྱུད་ལ་འཇོག་ཅིང་། སྙིང་རྗེ་སྒྱུ་མའི་རྣལ་འབྱོར་འབྱུང་བའི་རྒྱུའོ།།

ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་པའི་ཐ་སྙད་ནི་སྔགས་མ་ཟད་མདོ་ལས་ཀྱང་བྱུང་སྟེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་སྟོང་ཕྲག་བརྒྱ་བ་ལས། སེམས་གནས་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་དང་། རབ་ཏུ་གནས་པའི་ཏིང་ངེ་འཛིན་དང་། ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་གྱིས་ནི་ཏིང་ངེ་འཛིན་ཐམས་ཅད་ལ་སྣང་བ་ཡང་དག་པ་རྗེས་སུ་མཐོང་བར་བྱེད་དོ། །ཞེས་དང་། གླང་པོའི་རྩལ་གྱི་མདོ་ལས། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཀྱང་ཐོབ་པའི་རེ་བར་བྱའོ། །ཞེས་གསུངས་པའི་ཕྱིར།

མདོ་ལས་བཤད་པའི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དེ་ཀུན་སྣང་འདི་ཡིན་པར་བཤད་ལ། དེ་ཡང་དང་པོ་ནི་མདོ་ལས་བཤད་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་དང་། གཉིས་པ་འདི་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། གསུམ་པ་དེ་དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ཡིན་པར་མཁས་པ་ཁ་ཅིག་གསུངས་ཀྱང་སྐབས་འདིར་དམིགས་རྣམ་ལ་ཁྱད་པར་ཆེ་བས་ཇི་བཞིན་མཐུན་པར་ནི་མི་སྣང་ངོ་།།

དཀྱུས་དོན་ནི་དང་པོ་གོང་ལྟར་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དོན༷་དམ༷་མཉམ་པ་ཉིད་ཀྱི་དབྱིངས་ལ་མཉམ་པ་བཞག་ཅིང་། དེ་ཉིད་རྟོགས་པའི་གཟུང་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངད་མ་ཡལ་བའི་ངང་ལས་འགྲོ་ཁམས་ཚད་མེད་པ་ལ་དམིགས་པའི་སྙིང་རྗེ་ཆེན་པོ་བསྒོམ་པ་སྟེ། དེའི་རྒྱུན་མི༷་འག༷གས་ཤིང་རྣམ་པ་གས༷ལ་བ་སྐྱེ་བ༷འི་གོ༷་ཧར་གྱིས་འབྱེད༷་ཅིང༷་ཟླ༷་བ་རབ་ཏུ་གས༷ལ་ཞིང་ཉ་གང་པའི་དཀྱིལ་འཁོར་ཆེན་པོ་དྲི་མ་མེད་པ་དྭང༷ས་པ༷འི་ནམ་མཁའི་དབྱིང༷ས་སུ༷་ཤར་བ་ལྟ་བུའི་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོའི་སྐུ༷་ཐོལ་གྱིས་བཞེང༷ས་པར་བྱ་བ་སྟེ་བསྒོམ་པར་བྱ་ལ༷། དེ་འདྲའི་སྙིང་རྗེ་ཆེན་པོའི་རྒྱུ་ལས་ཀུན་རྫོབ་བྱང༷་ཆུབ༷་སེམས་ཀྱི་ཐི༷ག་ལེ༷་དཀར་པོའི་འོ༷ད་ཀྱིས༷་སེམས་ཅན་མཐའ་ཡས་པའི་ཁམས་ལ་ཁྱབ༷་པར་མཛ༷ད་པ༷་སྟེ་དེ་ལྟར་བསྒོམ་པ་ནི་ཀུན་ཏུ་སྣང་བ་དྭངས་པའི་ཏིང་ངེ་འཛིན་ཡིན་ཞེས་འདིར་སྙིང་རྗེ་ཙམ་མ་ཡིན་པར་རྒྱུ་སྙིང་རྗེ་ཆེན་པོ་དང་། དེའི་འབྲས་བུ་བྱང་ཆུབ་ཀྱི་སེམས་གཉིས་ཀ་སྟོང་པ་དང་དབྱེར་མེད་དུ་བསྒོམ་པ་ཀུན་སྣང་གི་ཏིང་ངེ་འཛིིན་ཡིན་པར་བཞེད་ལ། དེ་ལྟར་ཏིང་ངེ་འཛིན་དེ་མ་རྟོགས་པའམ་མ་གསལ་བ་དང་། མ་གསལ་བ་དེའི་དབང་ལས་བྱུང་བའི་ཉེས་པ་དེ་ཀུན༷་ཏུ་སྣ༷ང་བ་དྭང༷ས་པ༷འི་ཏིང་ངེ་འཛིན་གྱི་སྐུ༷་ཉིད་ལ༷་འགྱོད་པས་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་ཀུན་སྣང་གི་ཏིང་ངེ་འཛིན་མ་གསལ་བ་དེ་དང་། དེ་དབང་གིས་བྱུང་བའི་ཉེས་པ་དག་དེའི་ངང་ལ་མཉམ་པར་བཞག་ཅིང་བསྒོམ་པས་བཤགས་པར་བསྟན་པའོ།།

གསུམ་པ་ནི། དོན་དམ་སྐྱེ་བ་མེད་པའི་མཁའ་དབྱིངས་སུ༔ འབྲས་བུ་ཡོན་ཏན་འབྱུང་བའི་སྐུར་སྣང་བ༔ དབང་ཆེན་རིམ་གྱིས་བསྐྱེད་པའི་བཞུགས་གནས་རྟེན༔ དབང་ཆེན་གཞལ་ཡས་གསལ་བར་མ་གྱུར་པ༔ ཕོ་བྲང་འབར་བའི་ཀློང་དུ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་རྐང་པ་གཅིག་གིས་བསྟན་ལ། རྒྱུ་ཡི་ཏིང་ངེ་འཛིན་ཞེས་པ་ནི་དང་པོ་སྤྲོས་མེད་དེ་བཞིན་ཉིད་ཀྱི་ཏིང་འཛིན་གྱི་ངད་མ་ཡལ་བའི་ངང་ནས་མཁའ་ཁྱབ་ཀྱི་སེམས་ཅན་ལ་སྙིང་རྗེ་ཆེན་པོ་ཕྱོགས་མེད་དུ་བསྒོམ། དེའི་ངང་ནས་ཡི་དམ་གྱི་ལྷ་གསལ་བའི་རྒྱུའམ་ས་བོན་ཡིག་འབྲུ་ཕྲ་མོ་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཡིན་ཏེ། ལས་བྱང་ཚོར་གྲོལ་ལས། གསལ་སྟོང་སྙིང་རྗེའི་ངང་ཉིད་ལས༔ རང་སེམས་རིག་རྩལ་འགགས་མེད་འདི༔ མཐིང་ནག་རྒྱུ་ཡི་ཡི་གེ་ཨ༔ ཞེས་དང་། ཡེ་ཤེས་རྔམ་གློག་ལས། གསུམ་པ་རང་གི་ས་བོན་ནམ། །རབ་ཏུ་བརྟན་པའི་ཡིག་འབྲུ་ཨ། །དེ་ལས་ཕྲ་མོ་ཨ་འཕྲོས་འདུས། །སྤྲོས་ཤིང་བསྡུས་ཀྱང་འཕེལ་འགྲིབ་མེད། །དེ་ལས་བདག་ཉིད་ཆེན་པོར་བསྒོམ། །ཞེས་དང་། ཡིག་འབྲུ་ཁ་དོག་གསལ་བ་ཡི། །རྒྱུ་ཡི་ཏིང་འཛིན་གསལ་བ་ནི། །ཞེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། དེ་ནས་རྒྱུའི་ཏིང་ངེ་འཛིན་དུ་ཡི་གེ་ཧཱུྃ་མཐིང་ནག་ལས་སྐུ་སྨུག་ནག་འཇིགས་པའི་སྐུ། ཞེས་གསུངས་པའི་ཕྱིར་རོ།།

འདི་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པ་སྐྱེ་བ་མེད་པའི་དོན་ཚུལ་བཞིན་དུ་རྟོགས་པ་ལ་བསྐྱེད་རིམ་ཟབ་མོ་བསྒོམ་དགོས་པ་དང་། བསྐྱེད་རིམ་ཡང་དག་པ་ལ་གོམས་པ་ལ་ཐོག་མར་དོན་དམ་གྱི་ལྟ་བས་ཟིན་དགོས་པས། སྤྱིར་དོན༷་དམ༷་སྐྱེ༷་བ༷་མེ༷ད་ཅིང་འགགས་པ་མེད་པ་སྤྲོས་པ་མེད་པ༷འི་ནམ་མཁ༷འ་ལྟ་བུའི་ཆོས་ཀྱི་དབྱིང༷ས་སུ༷་མཉམ་པར་བཞག་པའི་སྒོ་ནས་འབྲ༷ས་བུ༷་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་དང་མཐུན་པའི་ལམ་ལྷ་ཡི་དཀྱིལ་འཁོར་བསྒོམ་ཏེ་མ་འོངས་པའི་མི་འཇིགས་པ་བཞི་དང་། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ཡོ༷ན་ཏན༷་མཐའ་དག་འབྱུང༷་བ༷་ཡིན་པའི༷་ཕྱིར་ན། ད་ལྟ་ནས་ལམ་རིམ་པ་དང་པོ་ཡི་དམ་གྱི་སྐུར༷་སྣང༷་བ༷་ཡི་རྒྱུ་ལ་ནི་ཡི་གེ་ཨ་ལ་སོགས་པ་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཡིན་ཞེས་འགྲེལ་བའམ། ཡང་ན་དོན༷་དམ༷་པ་སྐྱེ༷་བ༷་མེ༷ད་པ༷འི་མཁ༷འ་དབྱིང༷ས་སུ༷་འབྲ༷ས་བུ༷་སྐུ་དང་ཡེ་ཤེས་ཀྱི་ཡོ༷ན་ཏ༷ན་ཐམས་ཅད་གཞི་བཞུགས་སུ་མངའ་བ་ཉིད་རིམ་པ་དང་པོའི་ལམ་ལ་བརྟེན་ནས་གཞི་བཞེངས་སུ་བསླང་པ་ལ་འབྱུང༷་བ༷འི་འཁོར་ལོ་རིམ་བརྩེགས་ཀྱི་སྟེང་གཞལ་ཡས་ཁང་དང་བཅས་པའི་ཡི་དམ་གྱི་སྐུར༷་སྣང༷་བ༷་ལ་ཐོག་མར་ས་བོན་རྒྱུ་ཡི་གེ་ཨ་ལ་སོགས་པ་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཡིན་ཞེས་འགྲེལ་ཡང་རུང་ངམ་སྙམ་མོ།།

འདི་ནི་སྟོང་དང་སྙིང་རྗེའི་ངང་ནས་ས་བོན་ཡིག་འབྲུ་ལ་སོགས་པ་སྒོམ་པའི་ཆ་ནས་བར་སྲིད་ལས་འཕོས་ཏེ་སྐྱེ་གནས་སུ་ཉིང་མཚམས་སྦྱར་བ་དང་ཆོས་མཐུན་ཞིང་། ཆོས་སྐུ་ལས་ལོངས་སྐུ་དང་། ལོངས་སྐུའི་བདག་རྐྱེན་ལས་སྤྲུལ་སྐུ་འབྱུང་བ་དང་མཐུན་པས་སྐྱེ་སྲིད་ཀྱི་བག་ཆགས་སྦྱོང་བྱེད་སྐྱེ་བ་སྤྲུལ་སྐུ་ལམ་ཁྱེར་ཏེ། དེའི་རྣམ་པ་དང་མཐུན་པའི་ལམ་གྱི་སྒོམ་པ་ཡིན་ཞིང་། སྤྲུལ་སྐུའི་ས་བོན་རྒྱུད་ལ་འཇོག་ཅིང་། ཕྱག་རྒྱ་གཅིག་པ་ཕྲ་མོའི་རྣལ་འབྱོར་འབྱུང་བའི་རྒྱུའོ།།

ལས་བྱང་ཚོར་གྲོལ་ལས། ཨ་ལས་འོད་ཟེར་ཨེ་རུ་ཆད༔ ཨེ་ལས་ཆོས་འབྱུང་ཟུར་དྲུག་ལྡན༔ དེ་སྟེང་ཨ་ལས་ཡྃ་འཕྲོས་པས༔ ཡེ་ཤེས་ལྔ་ལྡན་རྒྱམ་གྲམ་རླུང་༔ དཀར་སེར་དམར་ལྗང་མཐིང་གའི་མདོག༔ ཆོས་སྐུའི་རང་བརྩལ་ཤུགས་ལྡན་གནས༔ དེ་སྟེང་ཨ་ལས་བྃ་འཕྲོས་པས༔ བྃ་ལས་ཡེ་ཤེས་འབྱུང་བ་ཆུ༔ བཅུད་ལྡན་ཤིན་ཏུ་གཟུགས་མཛེས་པ༔ ཁ་དོག་མ་ངེས་རྒྱ་མཚོར་འཁྱིལ༔ ལྃ་འཕྲོས་རིན་ཆེན་ས་གཞི་བརྡལ༔ གསེར་གཡུ་མུ་ཏིག་ཟངས་ལྕགས་ཚོགས༔ ཟུར་བཞི་ལོགས་བརྒྱད་ཁྲི་རྐང་དང་༔ རིན་ཆེན་ལྔ་ཡི་རི་རབ་བརྩེགས༔ ཨ་ལས་བྷྲུྃ་འཕྲོས་གཞལ་ཡས་ཁང་༔ ཞེས་གསུངས་པ་ལྟར། ཞི་ཁྲོའི་ལས་བྱང་གི་གཞུང་འདིར་དང་པོ་ཡི་གེ་ཨ་བསྒོམ་པ་ནི་རྒྱུའི་ཏིང་ངེ་འཛིན་ཡིན་ལ། དེ་ནས་ཨ་ལས་ཡི་གེ་ཨེ་གཅིག་འཕྲོས་པ་ལས་ཆོས་འབྱུང་སྣོལ་མ་ཟུར་དྲུག་པ་དང་། དེའི་སྟེང་དུ་ཨ་ལས་འཕྲོས་པའི་ཡྃ་ཡིག་ལས་རླུང་སྔོན་པོ་རྡོ་རྗེ་རྒྱ་གྲམ་གྱི་དབྱིབས་ཅན་ཁ་དོག་དཀར་སེར་དམར་མཐིང་ཅན་གྱི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཨ་ལས་འཕྲོས་པའི་ཡི་གེ་བྃ་སྔོན་པོ་རྒྱ་མཚོའི་མདོག་ཅན་ལས་ཆུ་ཡི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཨ་ལས་འཕྲོས་པའི་ཡི་གེ་ལྃ་སེར་པོ་ལས་དབང་ཆེན་ས་ཡི་དཀྱིལ་འཁོར་རི་རབ་དང་བཅས་པ་དང་། དེའི་སྟེང་དུ་ཨ་ཡིག་ལས་འཕྲོས་པའི་བྷྲུྃ་ཡིག་ལས་གཞལ་ཡས་ཁང་བསྐྱེད་ཅིང་། དེ་ནས་ཞི་ཁྲོའི་དཀྱིལ་འཁོར་རིམ་པར་བསྐྱེད་ཚུལ་གསལ་བ་ལྟར། འདིར་དབ༷ང་ཆེ༷ན་གསེར་གྱི་ས་གཞི་ནས་འབྱུང་བ་རིམ་བརྩེགས་ཀྱི་དཀྱིལ་འཁོར་རི༷མ་གྱིས༷་བསྐྱེད༷་པ༷འི་སྒོ་ནས་ལྷའི་བཞུག༷ས་གནས༷་ཀྱི་རྟེན༷་གསལ་བར་བསྒོམ་པ་ལ་དབང་ཆེན་གསེར་གྱི་ས་གཞིའི་འཁོར་ལོ་དང་། དེའི་ས་བོན་ལྃ་ཡིག་དང་། རྟེན་དབ༷ང་ཆེན༷་གསེར་གྱི་ས་གཞིའི་དཀྱིལ་འཁོར་ལ་བརྟེན་པའི་གཞ༷ལ་ཡ༷ས་ཁང་དང་ས་བོན་བྷྲུ༷ཾ་ཡིག་དང་བཅས་པ་ལ་སོགས་པ་སྒོམ་པའི་ཏིང་འཛིན་དེ་རྒྱུའི་ཏིང་འཛིན་ཡིན་ཞིང་། དེ་དག་གི་རྣམ་པར་གས༷ལ་བ༷ར་མ༷་གྱུར༷་པ༷་སྟེ་ཡིད་ལ་གསལ་མ་ནུས་པ་དང་། མ་ནུས་པ་དེའི་དབང་གིས་བྱུང་བའི་ཉེས་པ་དེ་ལ་ཡིད་ནོངས་ཤིང་འགྱོད་པས་ལྷའི་ཕོ༷་བྲ༷༷ང་གཞལ་མེད་ཁང་འབ༷ར་བ༷་ཁྲོ་བོའི༷་ཚོགས་ཀྱི་དཀྱིལ་འཁོར་གྱི་ཀློང༷་ཆེན་པོ་ཉིད་དུ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་རྒྱུའི་ཏིང་འཛིན་མ་གསལ་བ་དང་དེའི་ཉེས་པ་དེ་དེ་ལྟར་ཕོ་བྲང་རྟེན་ས་བོན་བཅས་བསྒོམ་པའི་རྒྱུའི་ཏིང་འཛིན་གསལ་པས་བཤགས་པར་བསྟན་པའོ།།

དབང་ཆེན་ཞེས་པ་ནི་ས་གཞིའི་དཀྱིལ་འཁོར་ལ་གོ་དགོས་པ་ནི་སྔགས་ཀྱི་རྒྱུད་སྡེ་དུ་མར་གསུངས་ཏེ། བདེ་མཆོག་འབྱུང་བའི་རྒྱུད་ལས། རི་རབ་སྟེང་དུ་དབང་ཆེན་གྱི། །དཀྱིལ་འཁོར་དབུས་སུ་ལྃ་གྱིས་ནི། །མཚན་ཞིང་སྣ་ཚོགས་རྡོ་རྗེ་ཡིས། །སྟེང་ནས་མནན་པར་རྣམ་པར་བསྒོམ། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །ཞེས་དང་། དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཇི་ལྟ་ཇི་ལྟར་གོས་དཀར་སོགས། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོོ་སོའི་དཀྱིལ་འཁོར་ལ། །བཅོ་བརྒྱད་དག་ཏུ་ཡང་དག་བཤད། །ཅེས་དང་། ལྷ་མོ་བཞི་ཞུས་ལས། མེ་དང་དེ་བཞིན་རླུང་དང་ནི། །དབང་ཆེན་དང་ནི་ཆུ་དེ་བཞིན། །རླུང་གིས་མེ་ནི་འབར་བྱས་ཏེ། །ཆུ་ཡིས་ཡོངས་སུ་སྨིན་པར་བྱེད། །དབང་ཆེན་དཀྱིལ་འཁོར་ལས་བྱུང་བ། །གང་དུ་མེ་ནི་བསྐྱོད་པའོ། །ཞེས་དང་། རྡོ་རྗེ་གུར་ལས། མེ་ཡི་དཀྱིལ་འཁོར་དབུས་གནས་པར། །ཡང་ནི་ཆུ་ནི་བསྒོམ་པར་བྱ། །ཆུ་ཡི་དཀྱིལ་འཁོར་དབུས་གནས་པར། །བརྟུལ་ཞུགས་ཅན་གྱིས་དབང་ཆེན་བསྒོམ། །དབང་ཆེན་དཀྱིལ་འཁོར་སྟེང་དུ་ནི། །བདག་ཉིད་ཀྱང་ནི་བསྒོམ་པར་བྱ། །ཞེས་དང་། མངོན་པར་འབྱུང་བའི་རྒྱུད་བླ་མ་ལས། དབང་ཆེན་དང་ནི་ཆུ་དང་ནི། །མེ་དང་རླུང་གི་དཀྱིལ་འཁོར་གྱི། །ཞེས་དང་། དབང་ཆེན་མེ་དང་ཆུ་དང་ནི། །རླུང་གི་དཀྱིལ་འཁོར་དག་ཏུ་གནས། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། རླུང་དང་མེ་ཡི་དབུས་གནས་པར། །ཆུ་ཡི་དཀྱིལ་འཁོར་བསྒོམ་པར་བྱ། །དབང་ཆེན་དཀྱིལ་འཁོར་དབུས་སུ་ནི། །གསལ་བའི་དཀྱིལ་འཁོར་རབ་བསྒོམ་སྟེ། །ཞེས་གསུངས་པ་ལ་སོགས་མཐའ་ཡས་པའི་ཕྱིར། རྒྱུའི་ཡི་གེ་ཨ་ལྟ་བུ་བསྒོམ་པ་མ་ཟད་འབྱུང་བ་རིམ་བརྩེགས་ཀྱི་འཁོར་ལོའི་ས་བོན་ཡི་གེ་དག་བསྒོམ་པ་རྣམས་ཀྱང་སྐབས་འདིར་རྒྱུའི་ཏིང་ངེ་འཛིན་དུ་ཤེས་དགོས་སོ།།

དེ་ལྟར་ཏིང་འཛིན་རྣམ་པ་གསུམ་འདི་སྔ་འགྱུར་གྱི་རྒྱུད་ལས་རྒྱ་ཆེར་འབྱུང་ཞིང་སྔ་འགྱུར་བའི་ལུགས་སུ་གྲགས་མོད་ཀྱང་། གསང་སྔགས་གསར་མ་ལའང་མེད་པ་དང་མ་བྱུང་བ་ནི་མ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། སྙིང་རྗེ་ལ་སོགས་རྗེས་དྲན་བྱ། །སྟོང་ཉིད་རང་བཞིན་བདག་ཉིད་ཀྱི། །རྣལ་འབྱོར་དག་པ་རྣམ་བསྒོམ་བྱ། །ས་བོན་ལྔ་ཡི་རང་བཞིན་ལས། །ཁང་པ་བརྩེགས་པ་རྣམ་སྤྲུལ་བྱ། །ཞེས་པའི་རྐང་པ་དང་པོས་ཀུན་སྣང་དང་། དེ་ནས་རྐང་པ་གཉིས་ཀྱི་དེ་བཞིན་ཉིད་དང་། ས་བོན་ལྔ་སོགས་རྐང་པ་གཉིས་ཀྱིས་རྒྱུའི་ཏིང་ངེ་བསྟན་པ་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་རོ།།

གཉིས་པ་སྐུའི་ཕྱག་རྒྱ་ཁྲག་འཐུང་རིགས་ལྔའི་བཤགས་པ་ནི། བདེ་ཆེན་ཉིད་ལས་ཕྱག་རྒྱའི་སྐུར་བསྟན་ཅིང་༔ ཡེ་ཤེས་དྲུག་གི་ཕྱག་མཚན་རང་རང་རྣམས། །ཇི་ལྟར་གསལ་བའི་ངང་དུ་མ་གྱུར་པ། །ཁྲག་འཐུང་རིགས་ལྔའི་སྐུ་ལ་བཟོད་པར་གསོལ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ལ། རྟ་མཆོག་རོལ་བའི་རྒྱུད་ལས། གར་ཀྱི་དབང་ཕྱུག་ཕྱག་རྒྱའི་སྐུ། །རྣམ་སྤྲོ་ལྷ་ཡི་དཀྱིལ་འཁོར་གྱིས། །སོ་སོའི་འདོད་དོན་སྒྲུབ་པར་བྱེད། །ཅེས་གསུངས་པར་ལྟར། ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་ཐབས་བདེ༷་བ་ཆེ༷ན་པོ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད༷་ལ༷ས་ལྷ་སྐུ་ཕྱ༷ག་རྒྱ༷་ཆེན་པོའི༷་སྐུར༷་བསྟན༷་ཅིང༷་། གདུལ་བྱ་གདུག་པ་རྣམས་འདུལ་བར་བྱེད་པའི་འཇིགས་བྱེད་ཁྲོ་བོ་ཆེན་པོ་དཔལ་ཧེ་རུ་ཀ་རིགས་ལྔའི་བསྐྱེད་རིམ་བསྒོམ་པའི་ཚེ་ན་ཇི་སྐད་དུ་གསང་བ་སྙིང་པོ་ལས། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་འབར་བ་ཅན། ཞེས་དང་། རྟ་མཆོག་རོལ་བའི་རྒྱུད་ལས། ཡེ་ཤེས་དྲུག་གི་ཕྱག་མཚན་ནི། །གཡས་པའི་རྡོ་རྗེ་རྔེའུ་ཆུང་དང་། །མདུང་རྩེ་གསུམ་པ་འཛིན་པས་རོལ། །དྲིལ་བུ་རྒྱུ་ཞགས་ཐོད་རློན་གཡོན། །ཞེས་གསུངས་པ་ལྟར། དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་ཕྱག་མཚན་གཡས་ཀྱི་རྡོ་རྗེ་དང་། མདུང་རྩེ་གསུམ་པ་སྟེ་ཁ་ཊཱྃ་དང་། ཐོད་པའི་རྔེའུ་ཆུང་དང་། གཡོན་གྱི་དྲིལ་བུ་དང་། བྷནྡྷ་དམར་ཆེན་ནམ་ཐོད་རློན་དང་། རྒྱུ་མའི་ཞགས་པ་དང་དྲུག་པོའི་དང་པོ་གཉིས་ཀུན་མཁྱེན་ཡེ་ཤེས་སམ་དབྱིངས་རྣམ་པར་དག་པའི་ཡེ་ཤེས་དང་མེ་ལོང་ཡེ་ཤེས་གཉིས་དང་། བར་བ་གཉིས་ཆོས་དབྱིངས་ཡེ་ཤེས་དང་མཉམ་ཉིད་ཡེ་ཤེས་གཉིས་དང་། ཐ་མ་གཉིས་སོར་རྟོགས་ཡེ་ཤེས་དང་བྱ་གྲུབ་ཡེ་ཤེས་གཉིས་ཏེ་ཡེ༷་ཤེས༷་དྲུག༷་གི༷་མཚོན་བྱེད་ཡིན་ལ། དེ་བཞིན་དུ་ཕྱག༷་མཚ༷ན་གཞན་ཡང་བྷུདྡྷ་ཧེ་རུ་ཀའི་གཡས་ཀྱི་འཁོར་ལོ་དགྲ་སྟྭ་རལ་གྲི་དང་། གཡོན་གྱི་དྲིལ་བུ་ཐོང་གཤོལ་བྷནྡྷ་དང་། བཛྲ་ཧེ་རུ་ཀའི་གཡས་ཀྱི་རྡོ་རྗེ་བྷནྡྷ་དྷ་དགྲ་སྟྭ་དང་། གཡོན་གྱི་དྲིལ་བུ་བྷནྡྷ་ཐོང་གཤོལ་དང་། རཏྣ་ཧེ་རུ་ཀའི་གཡས་ཀྱི་རིན་ཆེན་ཁ་ཊཱྃ་བེ་ཅོན་དང་། གཡོན་གྱི་དྲིལ་བུ་བྷནྡྷ་ཏྲི་ཤུལ་དང་། པདྨ་ཧེ་རུ་ཀའི་གཡས་ཀྱི་པདྨ་ཁ་ཊཱྃ་དབྱུག་ཏོ་དང་། གཡོན་གྱི་དྲིལ་བུ་བྷནྡྷ་རྔེའུ་ཆུང་དང་། ཀརྨ་ཧེ་རུ་ཀའི་གཡས་ཀྱི་རལ་གྲི་ཁ་ཊཱྃ་དབྱུག་ཏོ་དང་། གཡོན་གྱི་དྲིལ་བུ་བྷན་དྷ་ཐོང་གཤོལ་ཏེ། ཁྲག་འཐུང་རིགས་ལྔ་ར༷ང་ར༷ང་གི་ཡེ་ཤེས་དྲུག་གི་མཚོན་བྱེད་ཕྱག་མཚན་རྣམ༷ས་དང་། གཞན་ཡང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། རྡོ་རྗེ་འཁོར་ལོ་པདྨ་དང་། །ནོར་བུ་རལ་གྲི་འབར་བ་ལས། །འགྲོ་དྲུག་རྟོག་པ་གཅོད་ཕྱིར་ཏེ། །ཡེ་ཤེས་དྲུག་པའི་བདག་ཉིད་ཅན། །ཞེས་རིགས་ལྔའི་ཕྱག་མཚན་དག་ཀྱང་ཡེ་ཤེས་དྲུག་གི་མཚོན་བྱེད་ལགས་ཕྱིར་དེ་དོན་དང་། ཁྲོ་རྒྱལ་རིགས་ལྔའི་སྐུའི་རྒྱན་ཆ་ལུགས་དང་། སྐུ་མདོག་རྣམ་འགྱུར་ལ་སོགས་པ་རྣམས་ཇི༷་ལྟར༷་ཡིན་པ་དེ་ལྟར་དུ་གས༷ལ་བ༷འི་བསྐྱེད་རིམ་གྱི་ཏིང་འཛིན་བརྟན་པའི་ང༷ང་དུ༷་གནས་པར་མ༷་གྱུར༷་པ༷་སྟེ། གསལ་མ་ནུས་པར་གྱུར་པའི་ནོངས་པ་དེ་ཉིད་ནི། གཟུང་འཛིན་གྱི་ཁྲ༷༷ག་འཐུང༷་བའི་ཡེ་ཤེས་ཀྱི་ཁྲོ་རྒྱལ་སངས་རྒྱས་ཀྱི་རིགས་སམ་དེ་བཞིན་གཤེགས་པའི་རིགས་གཟུགས་ཀྱི་ཕུང་པོ་དང་གཏི་མུག་རྣམ་པར་དག་པ་ཁྲོ་བོ་ཐམས་ཅད་ཀྱི་སྐུའི་བདག་ཉིད་བྷུདྡྷ་ཧེ་རུ་ཀ་དམར་སྨུག་གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དབུས་ཞལ་སྨུག་ནག། ཞབས་བཞི་བགྲད་པ། ཕྱག་གཡས་གསུམ་ན་འཁོར་ལོ་དགྲ་སྟ་རལ་གྲི་འཛིན་པ། ཕྱག་གཡོན་གསུམ་ན་དྲིལ་བུ་ཐོང་གཤོལ་བྷནྟ་བསྣམས་པ་དང་། རྡོ་རྗེའི་རིགས་རྣམ་པར་ཤེས་པའི་ཕུང་པོ་དང་ཞེ་སྡང་རྣམ་པར་དག་པ་ཁྲོ་བོ་ཐམས་ཅད་ཀྱི་ཐུགས་ཀྱི་བདག་ཉིད་བཛྲ་ཧེ་རུ་ཀ་མཐིང་ནག་གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དབུས་ཞལ་མཐིང་ནག། ཞབས་བཞི་བགྲད་པ། ཕྱག་གཡས་གསུམ་ན་རྡོ་རྗེ་བྷན་དྷ་དགྲ་སྟ་འཛིན་པ། ཕྱག་གཡོན་གསུམ་ན་དྲིལ་བུ་བྷནྟ་ཐོང་གཤོལ་བསྣམས་པ་དང་། རིན་ཆེན་རིགས་ཚོར་བའི་ཕུང་པོ་དང་ང་རྒྱལ་རྣམ་པར་དག་པ་ཁྲོ་བོ་ཐམས་ཅད་ཀྱི་ཡོན་ཏན་གྱི་བདག་ཉིད་རཏྣ་ཧེ་རུ་ཀ་སེར་ནག་གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དབུས་ཞལ་སེར་ནག། ཞབས་བཞི་བགྲད་པ། ཕྱག་གཡས་གསུམ་ན་རིན་ཆེན་ཁ་ཊ྄ཱྃ་བེ་ཅོན་འཛིན་པ། ཕྱག་གཡོན་གསུམ་ན་དྲིལ་བུ་བྷན་དྷ་ཏྲི་ཤུལ་བསྣམས་པ་དང་། པདྨའི་རིགས་འདུ་ཤེས་ཀྱི་ཕུང་པོ་དང་འདོད་ཆགས་རྣམ་པར་དག་པ་ཁྲོ་བོ་ཐམས་ཅད་ཀྱི་གསུང་གི་བདག་ཉིད་པདྨ་ཧེ་རུ་ཀ་དམར་ནག་གཡས་དཀར་པོ། གཡོན་ཞལ་སྔོན་པོ། དབུས་ཞལ་དམར་ནག། ཞབས་བཞི་བགྲད་པ། ཕྱག་གཡས་གསུམ་ན་པདྨ་ཁ་ཊྲཱྃ་དབྱུག་ཏོ་འཛིན་པ། ཕྱག་གཡོན་གསུམ་ན་དྲིལ་བུ་བྷན་དྷ་རྔེའུ་ཆུང་བསྣམས་པ་དང་། ལས་ཀྱི་རིགས་འདུ་བྱེད་ཀྱི་ཕུང་པོ་དང་ཕྲོག་དོག་རྣམ་པར་དག་པ་ཁྲོ་བོ་ཐམས་ཅད་ཀྱི་འཕྲིན་ལས་ཀྱི་བདག་ཉིད་ཀརྨ་ཧེ་རུ་ཀ་ལྗང་ནག་གཡས་ཞལ་དཀར་པོ། གཡོན་ཞལ་དམར་པོ། དབུས་ཞལ་ལྗང་ནག། ཞབས་བཞི་བགྲད་པ། ཕྱག་གཡས་གསུམ་ན་རལ་གྲི་ཁ་ཊྲཱྃ་དབྱུག་ཏོ་འཛིན་པ། ཕྱག་གཡོན་ན་དྲིལ་བུ་བྷན་དྷ་ཐོང་གཤོལ་བསྣམས་པ་རྣམས་ཏེ་རིག༷ས་ལྔ༷འི་བདག་ཉིད་ཅན་གྱི་སྐུ༷་ལ༷་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་ཁྲག་འཐུང་རིགས་ལྔའི་བསྐྱེད་རིམ་གྱི་རྩལ་མ་ཐོན་པའི་ནོངས་པ་དང་དེ་ལ་མ་གོམས་པའི་དབང་གིས་བྱུང་བའི་ཉེས་པ་རྣམས་བཤགས་པའོ།།

ཁྲག་འཐུང་འབར་བ་དྲུག་ཅུའི་ལྷ་ཚོགས་སུ་ཕྱེས་ཚེ་ཞི་ཁྲོའི་བརྒྱ་ཕྱག་ལས། སྨུག་ནག་ཞལ་གསུམ་ཕྱག་དྲུག་དཀར་དམར་ཞལ༔ རྡོ་རྗེ་ཁ་ཊཱྃ་རྔེའུ་ཆུང་གཡས་ན་འཛིན༔ དྲིལ་བུ་བྷན་དམར་རྒྱུ་ཞགས་གཡོན་ན་བསྣམས༔ ཆེ་མཆོག་ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་པ་ལྟར་གྱི་ཉོན་མོངས་མ་སྤངས་གནས་སུ་དག་ཅིང་ཀུན་གཞི་བྱང་ཆུབ་སེམས་ཞེས་པ་ཤེས་རིག་མ་འགགས་ས་ལེ་ཧྲིག་གེ་པའི་ངོ་བོ་སྣང་ཆ་ཡེ་ཤེས་ཀྱི་རང་བཞིན་ནི་ཆེ་མཆོག་ཧེ་རུ་ཀ་དང་། ཡང་དེ་ཉིད་ལས། ཁྲོ་མོ་དབྱིངས་ཕྱུག་མཐིང་ནག་རྡོ་རྗེ་འཛིན༔ དམར་ཆེན་བྷན་དྷ་ཡབ་ཀྱི་ཞལ་དུ་སྟོབ༔ བདེ་བ་ཆེན་པོས་ཡབ་ལ་དགྱེས་པར་འཁྲིལ༔ ཀྲོ་ཏི་ཤྭ་རི་མ་ལ་ཕྱག་འཚལ་ལོ༔ ཞེས་པ་ལྟར་གྱི་མི་ཤེས་པའི་རྨོངས་པ་མ་སྤང་གནས་སུ་དག་པ་རིག་པའི་ངོ་བོ་དངོས་པོ་གདོས་པ་ཅན་སོགས་ཅིའི་ངོ་བོར་ཡང་བདེན་པར་མ་གྲུབ་པ་བདེ་སྟོང་གཉིས་སུ་མེད་པའི་གནས་ལུགས་སྟོང་པའི་རང་བཞིན་ནི་ཁྲོ་མོ་ཀྲོ་ཏི་ཤྭ་རི་མ་སྟེ་ཆེ་མཆོག་ཡབ་ཡུམ་གཉིས་བསྣན་པ་དང་། ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་དུ་ཕྱེས་ཚེ་ཆེ་མཆོག་ཧེ་རུ་ཀ་ཡབ་ཡུམ་གཉིས་དྲག་པོའི་ལྷའི་སྤྲུལ་པ་འཕྲོ་གཞི་ཙམ་ལས་ལོགས་སུ་མི་བགྲང་བ་གོང་དུ་སྨོས་ཟིན་པ་ལྟར་ཡིན་ནོ།།

གསུམ་པ་ཀྲོ་ཏི་ཡུམ་ལྔའི་བཤགས་པ་ནི། གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ༔ པདྨའི་དོན་ལ་ཆགས་པའི་མཁའ་དབྱིངས་སུ༔ གཉིས་མེད་བྱང་ཆུབ་སེམས་ཀྱི་འོད་འཕྲོས་པའི༔ ཀྲོ་ཏི་ཡུམ་ལྔའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། བདེ་སྟོང་གཉིས༷་སུ་མེ༷ད་པའི་ཡེ་ཤེས་ཀྱི་ངོ་བོའི་སྣང་ཆ་ལ་དཔལ་ཆེན་ཧེ་རུ་ཀ་རུ་བརྡར་བཏགས་པའི་སྐུ༷་ལ༷་འཁྲིལ༷་བ༷་སྟེ་དེ་དང་དབྱེར་མེད་པའི༷་ཤེས་རབ་སྟོང་པ་ཉིད་ཀྱི་རང་བཞིན་ལ་ཡུམ་ཀྲོ་ཏི་ཤྭ་རི་ལྔར་བརྡར་བཏགས་ཤིང་། དེ་ནི་གསང་སྔགས་ཕོ་ཉའི་ལམ་གྱི་གཟུང༷ས་མ་མཆོ༷ག་ཏུ་གྱུར་བ་མ༷འམ་མཆོག་ཏུ་གྱུར་བ་མོ་སྟེ་མཐའ་ཐུག་པ་དེ་ཡིན་ལ། དེ་ལྟ་བུའི་བདེ་སྟོང་མཆོག་ཏུ་གྱུར་པ་བྷ་ག་ཡངས་དོག་མེད་པའི་པ༷དྨ༷འི་དཀྱིལ་འཁོར་དོན༷་སྤྲོས་བྲལ་རྡོ་རྗེ་བཙུན་མོའི་རོ་ལ༷་བརྟེན་ནས་ཐ་མལ་བའི་ཆག༷ས་པ༷འི་རྟོག་པ་ཉོན་མོངས་རང་མཚན་པ་དེ་བདེ་སྟོང་ཆོས་ཉིད་ཀྱི་མཁ༷འ་དབྱིང༷ས་སུ༷་ཉེ་བར་བསྡུད་དེ། ཆགས་པ་མེད་པའི་དབྱིངས་སུ་བདེ་བ་དང་སྟོང་པ་གཉིས༷་སུ་མེ༷ད་པ་དོན་དམ་བྱ༷ང་ཆུབ༷་ཀྱི་སེམ༷ས་ཀྱི༷་དགའ་བདེ་མི་འགྱུར་པའི་རྟོགས་པའི་ཉི་མའི་འོད༷་ཟེར་རྣམ་པར་འཕྲོས༷་པས༷་ནི། གཟུང་མའི་པདྨ་ལ་བསྟེན་ནས་བདེ་བ་ཆེན་པོའི་ཡེ་ཤེས་འདྲེན་པར་བྱས་ཏེ་ཆགས་རྟོག་དབྱིངས་སུ་སྒྲོལ་བའི་ཐབས་ལམ་ཁྱད་པར་བ་ལ་ངེས་པ་གཏིང་ནས་རྙེད་དགོས་པ་ལ། དེ་ལྟར་རྙེད་མ་ནུས་པའི་དབང་གི་བྱུང་བའི་ཉེས་པ་དེ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ས་ཁམས་ཤ་རུ་ཞེན་པའི་རྟོག་པ་གནས་སུ་དག་པ་བྷུདྡྷ་ཀྲོ་ཏི་ཤྭ་མ་དམར་སྨུག་དུང་དམར་ཏེ་བྷན་དྷ་ཁྲག་གིས་བཀང་བ་ཡབ་ལ་སྟོབས་པ་མོ་དང་། རྡོ་རྗེ་རིགས་ཀྱི་ཡུམ་ནམ་མཁའི་ཁམས་སུ་ཞེན་པའི་རྟོག་པ་གནས་སུ་དག་པ་བཛྲ་ཀྲོ་ཏི་ཤྭ་མ་མཐིང་སྐྱ་ཐོད་ཁྲག་འཛིན་པ་དང་། རིན་ཆེན་རིགས་ཀྱི་ཡུམ་ཆུ་ཁམས་ཁྲག་ཏུ་ཞེན་པའི་རྟོག་པ་གནས་སུ་དག་པ་རཏྣ་ཀྲོ་ཏི་ཤྭ་མ་སེར་སྐྱ་ཐོད་ཁྲག་འཛིན་པ་དང་། པདྨའི་རིགས་ཀྱི་ཡུམ་མེ་ཁམས་དྲོད་དུ་ཞེན་པའི་རྟོག་པ་གནས་སུ་དག་པ་པདྨ་ཀྲོ་ཏི་ཤྭ་མ་དམར་སྐྱ་ཐོད་ཁྲག་འཛིན་པ་དང་། ལས་ཀྱི་རིགས་ཀྱི་ཡུམ་རླུང་ཁམས་དབུགས་སུ་ཞེན་པའི་རྟོག་པ་གནས་སུ་དག་པ་ཀརྨ་ཀྲོ་ཏི་ཤྭ་མ་ལྗང་སྐྱ་ཕྱག་ན་ཐོད་ཁྲག་འཛིན་པ་མ་སྟེ་ཀྲོ༷་ཏི༷་ཞེས་པ་ལེགས་སྦྱར་ལ་ཁྲོ་མོ་རུ་འབོད་པའི་ཡུམ༷་ལྔ༷་ཀ་དེ་དག་གི་སྐུ༷་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

དེ་ལྟར་རང་ཁྲག་འཐུང་རིགས་ལྔར་གསལ་བ་ཡུམ་ལྔར་སྦྱོར་ཏེ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་བསྐྱེད་པའི་མཚན་བཅས་རྫོགས་རིམ་དང་། སྐབས་འདིར་ཡབ་ལྔའི་སྐུ་ལ་འཁྲིལ་བའི་ཡུམ་ལྔ་གསལ་བའི་བསྐྱེད་རིམ་གྱི་རྣམ་པ་མ་གསལ་བ་དང་དེའི་དབང་གིས་བྱུང་བའི་ཉེས་ལྟུང་རྣམས་བཤགས་པར་གོ་ན་ལེགས་ལ། ཚིག་དངོས་རྐྱང་གི་གོ་བ་ནི་རྫོགས་རིམ་ལ་སྦྱར་བ་ལྟར་སྣང་ཞིང་། འགྲེལ་བའི་གོ་བ་ལེན་སྟངས་ཀྱང་སྨོས་ཟིན་ལྟར་དེ་ལྟར་བདེ་སྟོང་གི་རྟོགས་པ་ཉམས་སུ་ལེན་པའི་སྒོ་ནས་དེ་མ་རྟོགས་པའི་ཉེས་པས་ལྷ་ཞལ་མི་དགྱེས་པའི་ལས་བསགས་པ་རྣམས་བཤགས་པའི་དོན་ལྟར་གོ་ན་ལེགས་པ་ཡིན་ནོ།།

བཞི་བ་ཀཽ་རཱི་མ་བརྒྱད་ཀྱི་བཤགས་པ་ནི། ཐུགས་ལས་སྐྱེས་པའི་ཡེ་ཤེས་ཁྲོ་མོ་ནི༔ རྣམ་ཤེས་བརྒྱད་ཀྱི་ཡེ་ཤེས་མཁའ་འགྲོ་མ༔ ཀཽ་རཱི་ལ་སོགས་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ཡང་ལས་བྱང་ཚོར་གྲོལ་ལས། ཞི་བ་ལོངས་སྐུའི་རིག་རྩལ་ཆོ་འཕྲུལ་ལས༔ ཧ་ཧ་ཕྱོགས་བཞི་མཚམས་བརྒྱད་དཀྱིལ་འཁོར་ནས༔ ཐུགས་རྗེ་འཕྲུལ་པའི་ཆ་འཛིན་ཀཽ་རཱི་བརྒྱད༔ རྣམ་ཤེས་ཚོགས་བརྒྱད་དག་པའི་ཆོ་འཕྲུལ་ལས༔ ཀཽ་རཱི་ཙཽ་རཱི་པྲ་མོ་བེ་ཏཱ་ལཱི༔ པུསྐ་གྷསྨ་སྨེ་ཤ་ཙཎྜ་ལཱི། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སྲིན་པོའི་ཉེ་གནས་ཆེན་མོ་བརྒྱད། །ཀཽ་རཱི་ཙོ་རི་པྲ་མོ་ཧ། །བེཏྟ་ལི་དང་པུསྐ་སི། །གྷསྨ་རི་དང་སྨ་ཤ་ནི། །ཙཎ་ཌ་ལི་ལ་སོགས་པ་ཡི། །གཏུམ་ཞིང་རྔམ་པའི་མ་ཚོགས་མ། །ཤིན་ཏུ་འཇིགས་པའི་གཟུགས་སུ་འཁོད། །ཅེས་དང་། མཁའ་འགྲོ་མ་སྒྱུ་བདེ་མཆོག་གི་རྒྱུད་ཕྱི་མའི་ཕྱི་མ་རྟོག་པ་ཐམས་ཅད་འདུས་པ་ལས། གཽ་རཱི་ཙཽ་རཱི་པྲ་མོ་ཧ། །བེ་ཏཱ་ལཱི་ཞེས་བྱ་བ་བཞི། །རྡོ་རྗེ་རྣལ་འབྱོར་མ་དག་ཡིན། །པུསྐ་སཱི་དང་ཙཎ་ཊ་ལཱི། །གྷསྨ་ཁྲག་འཐུང་འདྲ་བ་བཞི། །རྡོ་རྗེ་མཁའ་འགྲོ་མ་དག་ཡིན། །ཞེས་གསུངས་པ་ལྟར། ཕྱི་ལྟར་ན་དུད་ཁྲོད་བརྒྱད་ན་གནས་པའི་དབང་ཕྱུག་གི་ཆུང་མ་མ་མོ་བརྒྱད་རུ་དྲས་འཕྲོག་སྟེ་བྲན་མོ་ཉེ་གནས་མོར་བཀོལ་བ་སྲིན་མོ་ཆེན་མོ་ཀེང་རུས་ཐོད་ཡངས་མ་ལ་སོགས་པ་བརྒྱད་འདུལ་བའི་ཆེད་དུ་བཅོམ་ལྡན་དཔལ་ཆེན་ཧེ་རུ་ཁའི་ཐུགས་ཀ་ནས་འབྱུང་པོའི་མ་མོ་རྣམས་རང་དང་འདྲ་བའི་ཀཽ་རཱི་མ་སོགས་བརྒྱད་དུ་སྤྲུལ་ནས་འདུལ་བའམ་མ་མོ་བརྒྱད་དཔལ་ཆེན་པོའི་སྐུ་ལ་འཁྲིལ་བའི་སྒོ་ནས་འདོད་ཆགས་ཡེ་ཤེས་ཆེན་པོར་དག་པའི་སྦྱོར་བས་ཧེ་རུ་ཀའི་མི་རྟོག་པའི་ཡེ་ཤེས་ཆེན་པོའི་ངོ་བོ་དང་རོ་གཅིག་ཏུ་གྱུར་པས་ན་ཐུགས༷་ལ༷ས་སྐྱེས༷་པ་དང་། ནང་ལྟར་ན་ལས་བྱང་ཚོར་གྲོལ་ལས། བདག་ཉིད་ཆེ་མཆོག་ཐུགས་ཀ་ནས༔ ཧ་བརྒྱད་འོད་འཕྲོས་ཞུ་བ་ལས༔ ཤར་ཕྱོགས་ཀཽ་རཱི་ཞིང་དབྱུག་དཀར༔ ཞེས་སོགས་གསུངས་པ་ལྟར། བསྐྱེད་རིམ་གྱི་སྐབས་སུ་ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་པོ་ཐམས་ཅད་ཀྱང་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀའི་ཐུགས་ཀ་ལས་ཆུ་ལས་ཆུ་བུར་བརྡོལ་བ་དང་། ཉི་མ་ལས་ཟེར་འཕྲོས་པ་ལྟར་གསལ་དགོས་ཤིང་དོན་ལ་སྤྲུལ་གཞི་གཅིག་ལས་སྤྲོས་ཏེ་སྤྲུལ་པ་ཙམ་ཡིན་པས་ཐུགས་ལས་སྐྱེས་པ་དང་། གསང་བ་ལྟར་ན་ཡང་དེ་ཉིད་ལས། ཁྲོ་རྒྱལ་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ རང་སྣང་དབང་པོ་ཚོགས་བརྒྱད་གནས་དག་པའི༔ ཀཽ་རཱི་ལ་སོགས་གནས་ཀྱི་མ་མོ་བརྒྱད༔ ཅེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སེམས་དཔའ་ཡེ་ཤེས་སྤྲུལ་པའི་ཚོགས། །ཀོའུ་ཙོའུ་ལ་སོགས་མ་ཚོགས་དང་། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་རྟོགས་པ་ཟབ་གསལ་གཉིས་སུ་མེད་པ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱལ་བ་ཀུན་གྱི་ཐུགས་རྣམ་པར་མི་རྟོག་པའི་ཆ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཞི་བ་རྒྱལ་བ་རིགས་ལྔ་དང་། དྲག་པོ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ་ཞེས་པ་ལ་སོགས་པར་བརྡར་བཏགས་པ་ཡིན་ལ། དེ་ལས་སྐྱེས་པའམ་དེ་འདྲའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཆ་ཤས་བརྒྱད་ལ་བཏགས་པ་ཙམ་ཡིན་པས་ཐུགས་ལས་སྐྱེས་ཞེས་བརྗོད་ཀྱང་རུང་ངོ་།།

དེ་ལྟར་ཟབ་གསལ་གཉིས་སུ་མེད་པ༷འི་ཡེ༷་ཤེས༷་བཞོན་རླུང་ལྷའི་རྣམ་པར་ཤར་བ་འཇིགས་གཏུམ་བཟོད་པར་དཀའ་བའི་ཁྲོ༷་མོ༷་བརྒྱད་པོ་ནི༷་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཆ་ཤས་རྣམ༷་པར་ཤེས༷་པ་ཚོགས་བརྒྱད༷་ཀྱི༷་རང་བཞིན་གནས་སུ་དག་པའམ་གནས་སུ་གྱུར་པའི་ཡེ༷་ཤེས༷་ཀྱི་ཆ་བརྒྱད་ལ་མཁ༷འ་འགྲོ༷་མ༷་ཀཽ༷་རཱི༷་མ་ལ༷་སོག༷ས་ཏེ། དེ་ཡང་དོན་པར་ཀུན་གཞིའི་རྣམ་ཤེས་རྣམ་པར་དག་པ་ཀཽ་རཱི་མ་དཀར་མོ་ཕྱག་གཡས་ཞིང་དབྱུག་དང་གཡོན་བྷནྡྷ་ཐོགས་པ་སྟེ། ཀོའུ་རཱི་ནི་མཛོད་ལྡན་མའམ་དཀར་མོ་ཞེས་པ་ཡིན་པས་ཀཽ་རཱི་ནི་དཀར་མོ་དང་། ཡིད་ཀྱི་རྣམ་ཤེས་རྣམ་པར་དག་པ་ཙཱོ་རཱི་མ་སེར་མོ་ཕྱག་གཉིས་མདའ་གཞུ་འགེངས་པ་སྟེ། ཙཱོ་རཱི་ནི་ཆོམ་རྐུན་མ་ཞེས་པ་དང་། ཉོན་ཡིད་རྣམ་ཤེས་རྣམ་པར་དག་པ་པྲ་མོ་ཧཱ་དམར་མོ་ཆུ་སྲིན་གྱི་རྒྱལ་མཚན་འཛིན་པ་སྟེ། པྲ་མོ་ཧཱ་ནི་རབ་ཏུ་རྨོངས་མོ་ཞེས་པ་དང་། ལུས་ཀྱི་རྣམ་ཤེས་རྣམ་པར་དག་པ་བེ་ཏཱ་ལཱི་ལྗང་མོ་གཡས་རྡོ་རྗེ་དང་གཡོན་བྷནྡྷ་ཐོགས་པ་སྟེ། བེ་ཏཱ་ལཱི་ནི་རོ་ལངས་མའམ་ཐལ་བྱེད་མ་ཞེས་པ་དང་། མིག་གི་རྣམ་ཤེས་རྣམ་པར་དག་པ་པུསྐ་སཱི་སེར་མོ་རྒྱུ་མ་འདྲེན་པ་སྟེ། པུསྐ་སཱི་ནི་སྦོས་མོ་ཞེས་པ་དང་། རྣ་བའི་རྣམ་ཤེས་རྣམ་པར་དག་པ་གྷསྨ་རཱི་ལྗང་མོ་བྷནྡྷ་དམར་ཆེན་ཐོགས་པ་སྟེ། གྷསྨ་རཱི་ནི་སྨེ་ཤ་ཅན་མ་ཞེས་པ་དང་། སྣ་ཡི་རྣམ་ཤེས་རྣམ་པར་དག་པ་སྨེ་ཤ་ནཱི་མཐིང་ག་ཕྱག་གཉིས་བམ་རོ་ཐོགས་ནས་ཟ་བ་སྟེ། སྨེ་ཤ་ནཱི་དུར་ཁྲོད་མ་ཞེས་པ་དང་། ལྕེ་ཡི་རྣམ་ཤེས་རྣམ་པར་དག་པ་ཙཎྜ་ལཱི་སེར་མོ་བམ་རོ་མགོ་ལུས་འཕྲལ་བ་ཐོགས་ཏེ་རྒྱུ་མ་ཟ་བ་སྟེ། ཙཎྜ་ལཱི་ནི་གཏུམ་མོ་ཞེས་པ་དང་བརྒྱད་དུ་བཏགས་པ་ཙམ་ཡིན་ལ། དེ་ལྟར་མཁའ་འགྲོ་མ་བརྒྱད་ཀྱི་ངེས་དོན་མ་རྟོགས་ཤིང་བསྐྱེད་རིམ་གྱི་རྣམ་པ་མ་གསལ་བ་ལ་སོགས་པའི་ཐུགས༷་དང༷་ཅི༷་འག༷ལ་བ༷་ཐམས་ཅད་འགྱོད་པ་ཆེན་པོས་རྣམ་ཤེས་ཚོགས་བརྒྱད་གནས་སུ་དག་པ་གནས་སུ་གྱུར་པའི་གན༷ས་ཀྱི༷་མ་མོའམ། ཡང་ན་གནས་དང་ཉེ་བའི་གནས་ཀྱི་གནས་ཡུལ་དུར་ཁྲོད་བརྒྱད་ཀྱི་གནས་ན་བཞུགས་ཤིང་རྒྱུ་བའི་མ༷་མོ༷་ཆེན་མོ་བརྒྱད༷་ལ༷་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་པའོ།།

མ་མོ་དེ་དག་གི་མིང་གི་ཁུངས་ནི་ཡོད་དེ། ཡེ་ཤེས་རྔམ་གློག་ལས། གནས་ན་བཞུགས་པ་ནི། དཀར་མོ་དང་། རྐུན་མོ་དང་། རྨོངས་མོ་དང་། ཐལ་བྱེད་མའོ། །ཉེ་བའི་གནས་ན་བཞུགས་པ་ནི། སྦོས་མོ་དང་། གཏུམ་མོ་དང་། སྨེ་ཤ་ཅན་དང་། མ་ཚོགས་མའོ། །ཞེས་དང་། དཀར་མོའི་ཚོགས་ཀྱིས་འགུགས་པར་བྱེད། །རྐུན་མོའི་ཚོགས་ཀྱིས་མཐུ་འཕྲོག་བྱེད། །རྨོངས་མོའི་ཚོགས་ཀྱིས་མྱོས་པར་བྱེད། །ཐལ་བྱེད་མས་ནི་ཐལ་བར་རློག །ལྦོས་མོའི་ཚོགས་ཀྱིས་དབང་དུ་བྱེད། །གཏུམ་མོས་སྒྲོལ་ཞིང་མྱོས་པར་བྱེད། །སྨེ་ཤ་ཅན་གྱིས་ཟ་བར་བྱེད། །མ་ཚོགས་མས་ནི་རྒྱུད་འཕེལ་བྱེད། །ཅེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་རྒྱུད་ལས། གསང་བའི་བུ་མོ་དཀར་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་རྐུན་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་རྨོངས་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་རོ་ལངས་མ་ཞེས་བྱ་བ་དང་། གསང་བའི་བུ་མོ་ལྦོས་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་གཏུམ་མོ་ཞེས་བྱ་བ་དང་། གསང་བའི་བུ་མོ་སྨེ་ཤ་ཅན་ཞེས་བྱ་བ་དང་། གསང་བའི་བུ་མོ་མ་ཚོགས་མ་ཞེས་བྱ་བ་ལ་སོགས་པ་ཤིན་ཏུ་གསང་བའི་བུ་མོའི་འཁོར་བསམ་གྱིས་མི་ཁྱབ་པ་དང་། ཞེས་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ་ལས། བྱང་ཆུབ་སེམས་ཀྱི་སྤྲིན་དག་ལས་དཀར་མོའི་ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མའི་ཚོགས་དང་། སྦོས་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། རྨེ་ཤ་ཅན་གྱི་ཚོགས་དང་། མ་ཚོགས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་འཐོན་ཏོ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་མེ་ལོང་ལས། དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །རྨོངས་མོ་དང་ནི་ཐལ་བྱེད་མ། །སྤོས་མོ་དང་ནི་གཏུམ་མོ་དང་། །སྨེ་ཤ་ཅན་དང་མ་ ཚོགས་མའི། །སོ་སོའི་ཆ་ལུགས་རྔམ་འཐོན་ནས། །སྤྲུལ་པ་བཞི་པོ་ལ་ཐིམ་ཞིང་། །རང་རང་ལས་མཛད་སྙིང་པོ་སྒྲོག །འདུས་ཏེ་ཕྱོགས་ཕྱོགས་གནས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་མ་ཟད་ཕྱིས་འགྱུར་གསར་མའི་རྒྱུད་གྲས་དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། ཤར་ལ་སོགས་པའི་སྒོ་བཞི་རུ། །རྣལ་འབྱོར་མ་རྣམས་རིམ་ཇི་བཞིན། །དཀར་མོ་ཆོམ་རྐུན་རོ་ལངས་མ། །ཟ་ཕོད་མ་ཡང་རྣམ་པར་དགོད། །གྲྭ་ལ་གནས་པའི་ལྷ་མོ་བཞི། །སྦོས་མོ་རི་ཁྲོད་མ་དེ་བཞིན། །གཏུམ་མོ་དང་ནི་གཡུང་མོ་སྟེ། །རིམ་པས་སྔོན་བཞིན་བརྟག་ཤེས་བྱ། །ཞེས་གསུངས་པས་ཀྱང་ཀཽ་རཱི་བརྒྱད་དང་མཚན་དེ་ལྟར་དུ་གྲགས་པར་བསྟན་པས་གསར་རྙིང་འགལ་འདུ་ཅན་དུ་འཛིན་པ་རྣམས་ཀྱིས་བག་ཡོད་པར་མཛོད་ཅིག།

དང་པོ་དཔལ་ཆེན་པོས་འབྱུང་བོའི་མ་མོ་རྣམས་འདུལ་བའི་དབང་དུ་བྱས་ན་སྲིན་ཡུལ་གྱི་ཤར་ན་གནས་པའི་སྲིན་མོ་ཆེན་མོ་ཀེང་རུས་ཐོད་ཡངས་མ་ཞེས་བྱ་བ་ཀེང་རུས་ཐོད་དུ་བཅིངས་ཤིང་ཞིང་དབྱུག་དང་ཐོད་ཁྲག་ཐོགས་པ་མོ་དེ་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་ཁྲོ་མོ་ཀཽ་རཱི་མར་སྤྲུལ་ནས་བཏུལ་བ་དང་། དེ་བཞིན་དུ་སྲིན་ཡུལ་གྱི་ལྷོ་ན་གནས་པའི་སྲིན་མོ་མདའ་འཕེན་མ་དེ་ནམ་མཁའི་སྙིང་པོ་ལྷ་མོ་ཙཽ་རཱི་མ་དང་། ནུབ་ཀྱི་སྲིན་མོ་འཛིན་བྱེད་མ་ཞེས་བྱ་བ་ལག་ན་ཆུ་སྲིན་གསོན་མ་པི་ཏ་ཐོགས་པ་དེ་སྤྱན་རས་གཟིགས་དབང་ཕྱུག་ཁྲོ་མོ་པྲ་མོ་ཧཱ་མ་དང་། བྱང་གི་སྲིན་མོ་བེ་ཏཱ་ནག་མོ་ཞེས་བྱ་བ་ལག་གཡས་སྤར་མོས་བུ་ལ་བརྡུང་ཞིང་། གཡོན་པས་བུའི་ཁོག་པ་ཟ་བ་དེ་ཕྱག་ན་རྡོ་རྗེ་ཁྲོ་མོ་བེ་ཏཱ་ལཱི་དང་། ཤར་ལྷོའི་སྲིན་མོ་ནང་ཁྲོལ་འདྲེན་མ་ཞེས་བྱ་བ་སེམས་ཅན་བསད་ནས་ནང་ཁྲོལ་དང་ཤ་ཁྲག་རློན་པར་ཟ་བ་དེ་བྱང་ཆུབ་སེམས་དཔའ་བྱམས་པ་ཁྲོ་མོ་པུཀྐ་སཱི་དང་། ལྷོ་ནུབ་ན་སྲིན་མོ་ཆེན་མོ་རབ་འཇིགས་མ་ཞེས་བྱ་བ་མགོ་བོའི་ཕོར་བར་ཤ་ཁྲག་ཚིལ་བུས་བཀང་བ་སོར་མོ་གསུམ་གྱིས་དཀྲུག་ཅིང་འཐུང་བ་དེ་སྒྲིབ་པ་རྣམ་སེལ་ཁྲོ་མོ་གྷས་མ་རཱི་དང་། ནུབ་བྱང་གི་སྲིན་མོ་ཆེན་མོ་སྲོག་གཅོད་མ་ཞེས་བྱ་བ་སྙིང་ཟ་བ་དེ་ཀུན་ཏུ་བཟང་པོ་ཁྲོ་མོ་སྨེ་ཤ་ནཱི་དང་། བྱང་ཤར་གྱི་སྲིན་མོ་སྨྱོན་མ་ཞེས་བྱ་བ་སྲོག་ཆགས་ཀྱི་མགོ་ལུས་བཅད་ནས་རོལ་བ་དེ་འཇམ་དཔལ་དབྱངས་ཁྲོ་མོ་ཙཎྜ་ལཱི་རྣམས་སུ་སྤྲུལ་ནས་བཏུལ་བ་ཡིན་པར་གསུངས་ལ། རྒྱུད་དུ་མར་སྦྱར་ཚུལ་སྣ་ཚོགས་མཆིས་སོ།།

དེ་ལྟར་གྱི་མ་མོ་ཀཽ་རཱི་མ་སོགས་བརྒྱད་པོའི་སྐུ་མདོག་ཕྱག་མཚན་ནི་ཞི་ཁྲོའི་ལས་བྱང་དང་བརྒྱ་ཕྱག་གཉིས་དང་། རྣམ་ཤེས་བརྒྱད་ཀྱི་དག་པ་སྦྱོར་ཚུལ་ནི་ཞི་ཁྲོའི་བསྐང་བཤགས་ཉམས་ཆགས་རང་གྲོལ་ལྟར་བྱས་པ་ཡིན་ལ། ཞི་ཁྲོའི་སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལས་ནི་ལས་བྱང་དང་བརྒྱ་ཕྱག་གཉིས་དང་ཅུང་མི་འདྲ་བ་ནི། པྲ་མོ་ཧཱ་ཕྱག་གཡས་ཆུ་སྲིན་གྱི་རྒྱལ་མཚན་དང་གཡོན་བྷན་དྷ་འཛིན་པ་དང་། བེ་ཏཱ་ལཱི་ཡི་སྐུ་མདོག་འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བའི་རྒྱུད་སོགས་དང་མཐུན་པར་ལྗང་གུ་མིན་པར་ནག་མོར་བཤད་པ་དང་། ཙནྜ་ལཱི་ཙིཏྟ་ཟ་བ་ཅན་དུ་གསུངས་པའོ།།

དེ་དང་འདྲ་བར་དྲི་མེད་བཤགས་རྒྱུད་ལས་ཀྱང་། ཁྲོ་མོ་མཐིང་ནག་རྡོ་རྗེ་འཛིན། །བཻ་ཏཱ་ལཱི་ལ་ཕྱག་འཚལ་ལོ། །ཞེས་བེ་ཏཱ་ལི་ལྗང་གུ་མིན་པར་མཐིང་གར་བཤད་དོ།།

ཞི་ཁྲོའི་ཁྲོ་བོའི་ལྷ་དབང་གི་བཤད་པ་རྒྱས་པ་དང་འཕྲད་ཚད་རང་གྲོལ་སྤྲོས་བཅས་བུམ་དབང་ཆེན་མོ་ལས་ནི། མིག་གི་རྣམ་ཤེས་མ་སྤངས་གནས་སུ་དག་པ་ཀཽ་རཱི་མ་དང་། རྣ་བ་ཙཽ་རཱི་མ་དང་། སྣ་པྲ་མོ་ཧཱ་དང་། ལྕེ་བེ་ཏཱ་ལཱི་དང་། ལུས་པུསྐ་སཱི་དང་། ཡིད་གྷསྨ་རཱི་དང་། ཉོན་ཡིད་ཙཎྜ་ལཱི་དང་། ཀུན་གཞི་སྨེ་ཤ་མར་སྦྱར་འདུག་གོ།

རྒྱུད་གཞན་དུ་ནི་དཔེར་ན། རྣམ་ཤེས་ཚོགས་བརྒྱད་ཀྱི་དག་པ་སྦྱོར་ཚུལ་ཀཽ་རཱི་མ་དང་། ཙཽ་རཱི་མ་དང་། པྲ་མོ་ཧཱ་དང་། བེ་ཏཱ་ལཱི་དང་། པུསྐ་སཱི་དང་ལྔ་བསྐང་བཤགས་དང་འདྲ་བ་ལ། གྷསྨ་རཱི་རྣ་བའི་རྣམ་ཤེས་མིན་པར་ལྕེ་ཡི་རྣམ་ཤེས་ལ་སྦྱར་བ་དང་། སྨེ་ཤ་ནཱི་སྣ་ཡི་རྣམ་ཤེས་མིན་པར་རྣ་བ་ལ་སྦྱར་བ་དང་། ཙཎྜ་ལཱི་ལྕེ་ཡི་རྣམ་ཤེས་མིན་པར་སྣ་ལ་སྦྱར་བ་དང་། སྐུ་མདོག་ཀྱང་ཙཽ་རཱི་མ་དང་། པྲ་མོ་ཧཱ་དང་། གྷསྨ་རཱི་དང་། སྨེ་ཤ་ནཱི་དང་། ཙཎྜ་ལཱི་ལྔ་ལས་བྱང་དང་བརྒྱ་ཕྱག་གཉིས་དང་འདྲ་བ་ལ། ཀཽ་རཱི་དཀར་མོ་མིན་པར་སྔོན་ནག་དང་། བེ་ཏཱ་ལཱི་ལྗང་གུ་མིན་པར་མཐིང་ནག་དང་། པུསྐ་སཱི་སེར་མོ་མིན་པར་དམར་ནག་ཏུ་བཤད་པ་ཡང་ཡོད་དེ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བླ་མ་ཆེན་པོ་ལས། ཀུན་གཞི་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་སྔོ་ནག་གོའུ་རི་མ། །ཞེས་དང་། རྣམ་ཤེས་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་སེར་ནག་ཙོའུ་རི་མ། །ཞེས་དང་། ཉོན་མོངས་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་དམར་ནག་པྲ་མོ་ཧ། །ཞེས་དང་། རེག་བྱ་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་མཐིང་ནག་བེ་ཏ་ལི། །ཞེས་དང་། ལྟ་བྱེད་ཕྲ་མེན་གནས་གྱུར་པ། །རྣལ་འབྱོར་དམར་ནག་པུསྐ་སི། །ཞེས་དང་། ཉན་བྱེད་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་མཐིང་ནག་སྨ་ཤ་ནི། །ཞེས་དང་། མནོམ་བྱེད་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་སེར་ནག་ཙཎ་ཌ་ལི། །ཞེས་དང་། མྱོང་བྱེད་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་ལྗང་ནག་གྷས་མ་རི། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ཕྱག་མཚན་ཡང་ཕལ་ཆེ་བའི་ཕྱག་གཡོན་དུ་བྷན་དྷ་ཡོད་པ་དང་། བེ་ཏཱ་ལཱི་གཡས་རྡོ་རྗེ་རྩེ་ལྔ་བ་དང་། གཡོན་པས་སྟི་ར་ཆུང་ངུ་མགོ་མེད་བསྣམས་པ་ཅན་དུ་བཤད་པ་སོགས་མི་འདྲ་བ་མང་བས་རྒྱུད་རང་དུ་བལྟ་བར་བྱའོ།།

ད་དུང་གནས་ཕྱོགས་ཀྱང་ཞི་ཁྲོའི་ལས་བྱང་དང་བརྒྱ་ཕྱག་དང་སྒོམ་རིམ་གསུམ་དུ་གྷསྨ་རཱི་ལྷོ་ནུབ་དང་། སྨེ་ཤ་ནཱི་བྱང་ཤར་དུ་གནས་པར་བཤད་ལ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བླ་མ་ལས་ནི། ལྷོ་ནུབ་མཚམས་སུ་བསམ་བྱ་བ། །བདེན་དྲལ་བསྒྱེལ་བའི་གདན་སྟེང་དུ། །ཉན་བྱེད་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་མཐིང་ནག་སྨ་ཤ་ནི། །ཞེས་དང་། བྱང་ཤར་མཚམས་སུ་བསམ་བྱ་བ། །དབང་ལྡན་བསྒྱེལ་བའི་གདན་སྟེང་དུ། །མྱོང་བྱེད་གནས་གྱུར་ཕྲ་མེན་མ། །རྣལ་འབྱོར་ལྗང་ནག་གྷས་མ་རི། །ཞེས་དེ་ལས་ལྡོག་སྟེ་ལྷོ་ནུབ་སྨེ་ཤ་ནཱི་དང་། གྷསྨ་རཱི་བྱང་ཤར་དུ་གནས་པར་བཤད་པ་ལ་སོགས་པ་རྒྱུད་སོ་སོར་གནས་ཕྱོགས་མི་འདྲ་བར་བཤད་པ་དུ་མ་ཡོད་མོད་སྤྲོས་པར་མི་བྱེད་དོ།།

དེ་ལས་གཞན་རྒྱུད་དུ་ཀཽ་རཱི་མ་སྔོན་མོ་ཡིན་པར་གསུངས་པའི་ཚུལ་སོགས་ནི། འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལས། ཤར་ཕྱོགས་ན་ཕྲ་མེན་མ་ཀཽ་རི་ཁ་དོག་སྔོན་མོ་ཕྱག་གཉིས་པ་སྟེ། གཡོན་བནྡྷ་ཙན་དན་དམར་གྱིས་བཀང་བ་ཐོགས་པ། གཡས་ན་ཞིང་ཆུང་ངུའི་དབྱུག་པ་ཐོགས་པ། ཞེས་དང་། ཧེ་རུ་ཀ་སྙིང་རོལ་ལས། མཐིང་ག་མཆོག་སྟོན་དཔལ་གྱི་ཡུམ། །རྡོ་རྗེ་ཐུགས་ཀྱི་དབང་ཕྱུག་མ། །ཀཽ་རཱི་མ་ཡི་མཆོད་པས་རོལ། །ཞེས་དང་། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་མོའི་རྒྱུད་ལས། དཔལ་ཆེན་འབར་བའི་ཐུགས་ཀ་ནས། །རྣམ་པར་བསྒྱུར་བའི་གཟུགས་བྱུང་བ། །ཅི་ཡང་འགྱུར་བའི་སྐུ་མངའ་བ། །རྣལ་འབྱོར་སྔོ་ནག་ཀེའུ་མ། །ཞེས་དང་། ཕུར་བ་ཐུགས་རྗེ་རྩ་རྒྱུད་ལས། ཀཱཽ་རི་བན་དམར་ཞིང་དབྱུག་སྔོ། །ཞེས་དང་། རྡོ་རྗེ་མ་མོ་ཀཱཽ་རི་མ། །གཡས་ན་ཞིང་དབྱུག་ཐོད་ཁྲག་མཐིང་། །ཞེས་དང་། ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། དེ་ཡི་བདག་མོ་ཀཻའུ་རི་མ། །མཐིང་ནག་འབར་བའི་རལ་པ་ཅན། །ཞེས་དང་། དྲི་མེད་བཤགས་རྒྱུད་ལས། ཁྲོ་མོ་སྔོན་མོ་བམ་དབྱུག་འཛིན། །གཽ་རཱི་མ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་དང་། དེ་བཞིན་ཕྱག་མཚན་ཅུང་ཟད་མི་འདྲ་བ་སོགས་ཁྱད་པར་མང་མོད་མི་སྤྲོའོ།།

རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས། གོང་སྨོས་ལྟར་སྲིན་མོ་དཀར་མོ་བཏུལ་བའི་རྒྱུ་མཚན་གྱིས་རི་དྭགས་བཤོར་བ་ལ་རི་དྭགས་ཟེེར་བ་བཞིན་དུ་མཚན་ལ་དཀར་མོ་ཟེར་བ་མ་གཏོགས་རང་རིགས་ལས་རང་གི་སྐུ་མདོག་སྔོན་མོར་བཤད་པ་ཡིན་ནོ། །ཞེས་ཀརྨ་གླིང་པའི་ཞི་ཁྲོ་འདིའི་བཤད་བྱ་རྩ་བའི་རྒྱུད་གསང་བ་སྙིང་པོ་ཡིན་པས་སྒྱུ་འཕྲུལ་དང་མཐུན་ཚུལ་མང་དུ་གསུངས་ལ། དེ་ལས་ཀཽ་རཱི་མ་ནི་སྐུ་མདོག་དཀར་པོ་མིན་པར་གསང་སྙིང་ལྟར་སྔོན་པོ་ཡིན་དགོས་པས་དཀར་མོའི་མིང་ཅན་གྱི་ཀཽ་རཱི་སྔོན་མོ་ཞེས་པར་གོ་དགོས་པར་ཆེད་དུ་བསྒྲུབས་འདུག་མོད། མ་མོ་གཞན་རྣམས་ཀྱི་སྐུ་མདོག་སོགས་ལ་ནི་དེ་མཐུན་གྱི་མི་འདྲ་བ་ལ་དཔྱད་པ་མི་སྣང་མོད། འདིར་ཞི་ཁྲོ་རང་ལུགས་ལ་ནི་ཀཽ་རཱི་དཀར་མོ་ཞེས་གྲགས་པ་ལྟར་སྐུ་མདོག་ཀྱང་དཀར་པོ་ཡིན་པ་ཤིན་ཏུ་གསལ་སྙམ་སྟེ། ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ལས། ཤར་ཕྱོགས་ཀཽ་རཱི་ཞིང་དབྱུག་དཀར༔ ཞེས་དང་། བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལས། ཁྲོ་མོ་དཀར་མོ་ཞིང་ཆེན་གདན་ལ་འགྱིང་༔ འཁོར་བའི་རྣམ་རྟོག་གཞོམ་ཕྱིར་ཞིང་དབྱུག་ཕྱར༔ ཁྲོ་མོའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཤར་ཕྱོགས་ཀཽ་རཱི་མ་ལ་ཕྱག་འཚལ་ལོ༔ ཞེས་དང་། སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་ལས། ཤར་དུ་ཀཽ་རཱི་དཀར་མོ་ཞིང་གི་དབྱུག་ཏོ་དང་གཡོན་བྷན་དམར་འཛིན་པ༔ ཞེས་མིང་ཙམ་པོ་མིན་པར་སྐུ་མདོག་དཀར་པོ་ཡིན་པར་གསལ་བར་གསུངས་པའི་ཕྱིར་དང་། དཀར་ཞེས་པ་དང་དཀར་མོ་ཞེས་པ་སྐུ་མདོག་མིན་པར་མིང་ཙམ་ལ་ཟེར་བ་ཡིན་ན། བསྐྱེད་རིམ་གྱི་སྐབས་སུ་སྐུ་མདོག་ཅི་ཡིན་གྱི་གསལ་ཁ་ཡོད་རིགས་པ་ལ་ཞི་ཁྲོའི་བསྐྱེད་ཆོག་གི་གཞུང་གང་དུ་ཡང་ཀཽ་རཱི་མའི་སྐུ་མདོག་ལ་གསལ་ཁ་གཞན་པ་མ་གསུངས་པའི་ཕྱིར་དང་། ལས་བྱང་བདག་བསྐྱེད་དང་། བརྒྱ་ཕྱག་མདུན་བསྐྱེད་ཡིན་པའི་དབང་དུ་བྱས་ནའང་བདག་བདུན་གཉིས་ཀར་དཀར་ཞེས་གསུངས་པས་སྔོན་མོ་ཡིན་ན་དཀར་ཞེས་སྨོས་པ་འཁྲུལ་བ་བསྐྱེད་པ་ལས་དགོས་པ་གཞན་མ་མཆིས་པའི་ཕྱིར་རོ།།

འོ་ན་ཞི་ཁྲོའི་དབང་གི་དངོས་གཞི་འཕྲད་ཚད་རང་གྲོལ་ལས། མིག་གི་རྣམ་ཤེས་ཀོའུ་རཱི་མ༔ སྣང་བ་དཀར་དམར་ཡུལ་གྱི་སེམས༔ རྟོག་ཚོགས་རང་གྲོལ་དབྱིངས་སུ་གྲོལ༔ ཀོའུ་རཱི་སྔོན་མོའི་དབང་ཐོབ་ཤོག༔ ཅེས་སྔོན་མོར་གསུངས་པ་མ་ཡིན་དམ་ཞེ་ན། དེ་བདེན་མོད། དེ་ནི་དབང་གི་ཚིག་ཙམ་ལས་ལས་བྱང་ལྟ་བུའི་གལ་གནད་ཆེ་བའི་སྐབས་མ་ཡིན་ལ། རྒྱུད་གཞན་གྱི་རྗེས་སུ་འབྲངས་སམ་སྙམ་པས་མི་གནོད་པ་ཡིན་ནམ་དཔྱད་དོ།།

ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཚུལ་ཁྲིམས་དྲི་མེད་མཆོད་པས་མཉེས་མཛད་ཅིང་། །ཐོགས་མེད་ལས་ལ་དབང་བསྐུར་ཁྲོ་མོ་རྒྱལ། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །འགུགས་མཛད་ཡེ་ཤེས་ལྔ་ཡི་དབྱུག་ཏོ་ཅན། །དྲན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས། །སྲིད་གསུམ་འཇོམས་བྱེད་དབྱུག་ཐོགས་གཽ་རི་མ། །ཞེས་དང་། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བླ་མ་ལས། དེ་ནས་དགྱེས་ཏེ་ཧ་ཧ་ཞེས་བརྗོད་པས་ཉིད་ཀྱི་ཤེས་པའི་ཚོགས་རྣམ་པར་ཤེས་པ་བརྒྱད་ལས་དཀར་པོ་ལ་སོགས་པ་བརྒྱད་རང་གི་ལག་ཆ་ངོ་མཚར་དུ་ཆས་ཏེ་འཐོན་པར་གྱུར་ཏོ། །ཞེས་དཀར་སྔོན་གཉིས་ཀར་གསུངས་པས་ཀྱང་དཀར་པོར་འཛིན་པ་དང་སྔོན་པོར་བསྒོམ་པ་འགལ་མེད་དུ་བསྟན་འདུག་པ་འདྲའོ།།

ཡེ་ཤེས་རྔམ་གློག་ལས། འཁོར་ལོ་འབར་བའི་རྩེ་མཚན་ལ། །དཀར་མོ་ལ་སོགས་རལ་བ་ཅན། །རང་སྟན་ལག་ཆར་ཆས་ཏེ་གནས། །ཕྱི་རོལ་ཤར་གྱི་ཕྱོགས་དག་ནས། །སེང་གདོང་ལ་སོགས་མགོ་བརྙན་ཚོགས། །སྟན་དང་ལག་ཆ་དེ་བཞིན་ཆས། །ཞེས་མ་མོ་ཀཽ་རཱི་མ་སོགས་དང་སེང་གེའི་གདོང་ཅན་གྱི་ཕྲ་མེན་མ་རྣམས་བསྟན་དུས་ཀཽ་རཱི་དཀར་མོར་བཤད་པ་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཧ་བརྒྱད་ས་བོན་ལས་བྱུང་བ། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །ཞེས་ཀཽ་རཱི་དཀར་མོར་བཤད་དོ།།

རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གཽ་རི་ལ་སོགས་མཁའ་འགྲོ་མར། །བཅས་པའི་ཧེ་རུ་ཀ་མགོན་མཆོག །ཅེས་གསུངས་པ་ལྟར། གཽ་རི་མ་བརྒྱད་འདི་གསར་མའི་རྒྱུད་རྣམས་ལས་བསྟན་པ་མ་ཟད་སྐུ་མདོག་ཀྱང་དཀར་པོ་ཡིན་པར་གསལ་བར་གསུངས་ཏེ། མངོན་བརྗོད་བླ་མ་ལས། ཤར་ཕྱོགས་སུ་ནི་གཽ་རི་སྟེ། །བྱང་དུ་དེ་བཞིན་ཙཽ་རི་མ། །ནུབ་ཏུ་རབ་སྨོངས་མ་ཡིན་ནོ། །ལྷོ་རུ་ཡང་ནི་རོ་ལངས་མ། །མེ་ལ་སྦོས་བྱེད་མ་ཡིན་ཏེ། །བདེན་བྲལ་དུ་ནི་གཏུམ་མོའོ། །རླུང་ཕྱོགས་སྨེ་མ་ཉིད་ཡིན་ཏེ། །དབང་ལྡན་ཧེ་རུ་ཀ་མ་སྟེ། །དེ་བཞིན་རྣལ་འབྱོར་མ་བརྒྱད་ནི། །དཀར་མོ་སེར་ལ་སྔོ་ལྗང་གུའོ། །ཞེས་དང་། ཀྱེ་རྡོ་རྗེ་ལས། དཀར་མོ་ཆོམ་རྐུན་རོ་ལངས་མ། །གྷསྨ་རཱི་དང་པུསྐ་སཱི། །རི་ཁྲོད་མ་དང་གདོལ་བ་མ། །བརྒྱད་པ་ཌོམ་བི་ནཱི་རུ་བརྗོད། །ཅེས་གསུངས་པའི་ཕྱིར་རོ།།

ད་དུང་རྒྱུད་གཞན་དུ་ཀཽ་རཱི་མ་ནག་པོ་ཡིན་པར་གསུངས་པ་ཡང་མཆིས་ཏེ། མཁའ་འགྲོ་མ་དྲྭ་བའི་སྡོམ་པའི་རྒྱུད་ལས། གཽ་རཱི་ཁ་དོག་ནག་པོར་འགྱུར། །ཆོམ་རྐུན་མ་ནི་བཙོད་དང་མཚུངས། །རོ་ལངས་མ་ནི་གསེར་བཙོས་བཞིན། །གྷསྨ་རཱི་ནི་མར་གད་མཚུངས། །པུསྐ་སཱི་ནི་དབང་སྔོན་མཚུངས། །རི་ཁྲོད་མ་ནི་ཟླ་ནོར་འོད། །གཏུམ་མོ་ནམ་མཁའི་སྔོ་སངས་མ། །གཡུང་མོ་སྣ་ཚོགས་པ་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར། དེ་ལ་སོགས་པ་དང་། མ་མོ་གཞན་རྣམས་ཀྱི་སྐུ་མདོག་ཕྱག་མཚན་མཐུན་མིན་སོགས་སྤྲོ་བྱ་མང་ཡང་ཡི་གེས་འཇིགས་པས་མི་སྨྲའོ།།

ལྔ་བ་ཕྲ་མེན་བརྒྱད་ཀྱི་བཤགས་པ་ནི། ཐུགས་རྗེ་ཞི་བའི་ངང་ལས་མ་གཡོས་ཀྱང༔ ལོག་རྟོག་མཚན་མར་འཛིན་པ་ཞི་བའི་ཕྱིར༔ མཆེ་གཤོག་རྔམས་པ་འབར་བའི་སྐུར་སྤྲུལ་པ༔ སིང་ཧ་ལ་སོགས་ཐུགས་དང་ཅི་འགལ་བ༔ ཡུལ་གྱི་ཕྲ་མེན་བརྒྱད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཅིག་གིས་བསྟན་ལ། ལས་བྱང་རྩ་ཕྲེང་ཚོར་བ་རང་གྲོལ་ལས། སིང་ཧ་བྱཱ་ཀྲི་སྲི་ལ་བ་ཤྭ་ན་མ༔ ཀྲྀ་ཏ་ཀང་ཀ་ཁ་ཁྭ་ཧུ་ལུ་མ༔ ཡུལ་གྱི་སིངྷ་ཕྲ་མེན་བརྒྱད་རྣམས་ཀྱང་༔ ཞེས་དང་། ཧེ་རུ་ཀ་སྙིང་རོལ་ལས། སིང་ཧ་གསོད་བྱེད་སེང་གེའི་མགོ །རོ་མཆོག་ཟ་བའི་ཕྲ་མེན་མ། །བྱཱ་གྷྲྀ་མགོ་གཅོད་སྟག་གི་མགོ །ཐོད་རློན་ཟ་བའི་ཕྲ་མེན་མ། །སྲི་ཀ་དུར་རྐུན་ཝ་ཡི་མགོ །དུར་སྲི་མ་ཡི་ཕྲ་མེན་མ། །ཤྭ་ན་ཤ་འདྲད་སྤྱང་མོའི་མགོ །ཤ་ཆེན་ཟ་བའི་ཕྲ་མེན་མ། །གྲྀཊྷ་ཁྲག་འཐུང་བྱ་རྒོད་མགོ །ཁྲག་ཚིལ་ཟ་བའི་ཕྲ་མེན་མ། །ཀང་ཀ་མུ་ཀ་དུར་བྱའི་མགོ །དུག་གསུམ་འཇོམས་པའི་ཕྲ་མེན་མ། །ཁྭ་ཁ་རྒྱུ་འདྲེན་ཕོ་རོག་མགོ །དགྲ་བགེགས་འདུལ་བའི་ཕྲ་མེན་མ། །ཧུ་ལུ་ཚེ་འཕྲོག་འུག་པའི་མགོ །གློ་སྙིང་ཟ་བའི་ཕྲ་མེན་མ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སྲིན་པོའི་བུ་མོ་དྲི་ཟ་བརྒྱད། སྟག་སེང་ཝ་སྤྱང་བཞད་ཚོགས་དང་། །དུར་བྱ་བྱ་རོག་འུག་པའི་ཚོགས། །བསྟོད་ཅིང་རྔམ་པའི་ཚུལ་དུ་འཁོད། །ཅེས་གསུངས་པ་ལྟར། ཡུལ་བདག་སིང་ཧ་མ་ལ་སོགས་པའི་ཕྲ་མེན་བརྒྱད་ནི་གོང་ལྟར་དཔལ་ཆེ་མཆོག་ཧེ་རུ་ཀ་ཡིས་རུ་དྲ་འདུལ་དུས་དབང་ཕྱུག་གི་བྲན་མོ་སོགས་རུ་དྲས་འཕྲོག་པ་རྣམས་འདུལ་བའི་ཆེད་དུ་རྒྱལ་བའི་འདུལ་བྱེད་ཀྱི་གཉེན་པོར་སྤྲུལ་བའམ་ཕྲ་མེན་མ་དེ་དག་བདེ་སྟོང་གི་རོས་སད་པར་བྱས་ཏེ་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སྦྱར་བས་འཕགས་ས་ཐོབ་པར་བགྱིས་པས་ན་དེ་དག་གི་ཐུག༷ས་ནི་ཚད་མེད་པའི་སྙིང་རྗེ༷་ཆེན་པོ་དང་སྟོང་པ་ཉིད་དབྱེར་མེད་པ་སྟེ། སྤྲོས་པ་དང་སྒྲིབ་པ་ཉེ་བར་ཞི༷་བ༷འི་ཆོས་ཉིད་དབྱིངས་ཀྱི་ངང༷་ལ༷ས་གཡོ་བ་མེད་པས་དེ་ལས་མ༷་གཡོ༷ས་ཀྱང༷་གདུལ་བྱའི་རྒྱུད་ཀྱི་ལོ༷ག་རྟོ༷ག་གིས་ཆོས་ཐམས་ཅད་ལ་མཚ༷ན་མ༷ར་ཞེན་པ་དང་། ཁྱད་པར་དུ་སིང་ཧ་མ་སོགས་ཕྲ་མེན་བརྒྱད་ཅེས་པ་མ་མོ་དྲེགས་པ་རང་རྒྱུད་པ་བརྒྱད་དམ། ཡང་ན་དྲེགས་པ་རང་རྒྱུད་པ་འབྱུང་པོའི་མ་མོ་རྣམས་ཀྱི་གཉེན་པོའི་ལྷ་ཕྲ་མེན་མ་བརྒྱད་ཅེས་པའི་བདེན་པར་གྲུབ་པའི་ཞལ་ཕྱག་མཚན་མ་ཅན་དུ་ཡོད་པར་འཛི༷ན་པ༷་ཞི༷་བ༷འི་ཕྱིར༷་དུ་ནི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཆ་ཤས་གཟུགས་སོགས་ཡུལ་བརྒྱད་གནས་སུ་དག་པ་གནས་སུ་གྱུར་པའི་ཡེ་ཤེས་བཞོན་རླུང་ལྷའི་རྣམ་པར་ཤར་བ་དྲག་ཏུ་ཁྲོས་པ་ཞལ་ན་ཁྲག་འཛག་པའི་མཆེ༷་བ་རྣོན་པོ་གཙིགས་པའི་གཅན་གཟན་གྱི་རིགས་ཀྱི་གདོང་ཅན་བཞི་དང་། ལུས་ལ་ཁྱུང་གཤོ༷ག་ཐོགས་པའི་འདབ་ཆགས་ཀྱི་རིགས་ཀྱི་མགོ་ཅན་བཞི་བཅས་འཇིགས་ཤིང་རྔམ༷ས་པ༷་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པའི་དྲག་པོ་འབ༷ར་བ༷འི་ཕྲ་མེན་མ་འཇིགས་སུ་རུང་བ་བརྒྱད་ཀྱི་སྐུར༷་སྤྲུལ༷་པ༷་ནི་ཕྲ་མེན་སིང༷་ཧ༷་མ་ལ༷་སོ༷གས་པ་སྟེ། ལས་བྱང་ཚོར་གྲོལ་ལས། ཁྲག་འཐུང་སྐུ་གསུང་ཐུགས་ལས་སྤྲུལ་པའི་ལྷ༔ རང་སྣང་དབང་པོོ་ཡུལ་བརྒྱད་གནས་དག་པའི༔ སེང་ཧ་ལ་སོགས་ཡུལ་གྱི་ཕྲ་མེན་བརྒྱད༔ རང་སྣང་དག་པའི་གནས་འདིར་བཞུགས་སུ་གསོལ༔ ཞེས་དང་། ཡེ་ཤེས་རྔམ་གློག་ལས། ཡུལ་བརྒྱད་ཕྲ་མེན་བརྒྱད་ལ་བསྟིམ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སེང་སྟག་ལ་སོགས་ཡུལ་དུ་སྣང་། །ཞེས་གསུངས་པ་ལྟར། དེ་ཡང་ཕྱི་ལྟར་ན་ཡུལ་བཞི་དང་ཉེ་བའི་ཡུལ་བཞི་ན་གནས་པའི་སྲིན་མོ་འཇོམས་བྱེད་ཆེན་མོ་སེང་གེའི་མགོ་ཅན་ལ་སོགས་པ་བརྒྱད་འདུལ་བྱེད་ཀྱི་མཁའ་འགྲོ་མ་ཆ་ལུགས་མཐུན་པ་བརྒྱད་དུ་སྤྲུལ་བ་དང་། ནང་ལྟར་ན་ཡུལ་ཀུན་གཞིའི་རྣམ་ཤེས་ཀྱི་ཡུལ་རྣམ་པར་དག་པ་སིང་ཧ་མ་སེང་གེའི་གདོང་ཅན་སྨུག་ནག་མི་རོ་ཁ་ལ་ཐོགས་པ་དང་། ཡུལ་ཆོས་ཁམས་སམ་ཆོས་ཀྱི་སྐྱེད་མཆེད་ཀྱི་ངོ་བོ་རྣམ་པར་དག་པ་བྱཱ་ཀྲི་མ་སྟག་གདོང་ཅན་དམར་མོ་ལག་གཉིས་མདུན་ནས་ཐུར་དུ་བསྣོལ་བ་དང་། ཡུལ་ཉོན་ཡིད་རྣམ་ཤེས་ཀྱི་ཡུལ་བག་ཆགས་མཐུག་པོའི་གཞི་ཀུན་གཞིའི་ངོ་བོ་རྣམ་པར་དག་པ་སྲི་ལ་མ་ཝ་གདོང་ཅན་ནག་མོ་སྤུ་གྲི་ཐོགས་པ་དང་། ཡུལ་རེག་བྱའི་ངོ་བོ་རྣམ་པར་དག་པ་ཤྭ་ན་མ་སྤྱང་ཀིའི་གདོང་ཅན་མཐིང་ག་བམ་རོ་ཐོགས་ཤིང་འདྲད་པ་དང་། ཡུལ་གཟུགས་ཀྱི་ངོ་བོ་རྣམ་པར་དག་པ་ཀྲྀ་ཏ་མ་བྱ་རྒོད་གདོང་ཅན་སེར་མོ་ལག་པས་བམ་རོ་ཐོགས་ནས་རྒྱུ་མ་འདྲེན་པ་དང་། ཡུལ་སྒྲ་ཡི་ངོ་བོ་རྣམ་པར་དག་པ་ཀང་ཀ་མུ་ཁ་མ་དུར་བྱའི་གདོང་ཅན་དམར་མོ་ཞིང་ཆེན་ཕྲག་ལ་འཕྱར་བ་དང་། ཡུལ་དྲི་ཡི་ངོ་བོ་རྣམ་པར་དག་པ་ཁ་ཁྭ་མུ་ཁ་མ་བྱ་རོག་གི་གདོང་ཅན་ནག་མོ་བྷན་དྷ་དང་རལ་གྲི་འཛིན་པ་དང་། ཡུལ་རོ་ཡི་ངོ་བོ་རྣམ་པར་དག་པ་ཧུ་ལུ་མུ་ཁ་མ་འུག་པའི་གདོང་ཅན་མཐིང་ག་ལྕགས་ཀྱུ་འཛིན་པ་རྣམས་ཀྱི་ཐུག༷ས་དང༷་ཅི༷་འགལ༷་བ༷་ཡི་ཉེས་ལྟུང་གི་ཚོགས་ཐམས་ཅད་འགྱོད་པ་དྲག་པོས་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ཡུལ༷་གྱི༷་དག་པ་ཕྲ༷་མེ༷ན་མ་བརྒྱད༷་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

དེ་ཡང་སྤྱང་གདོང་མའི་སྐབས་སུ་ཁྱི་གདོང་མ་དང་། བྱ་རྒོད་གདོང་མའི་སྐབས་སུ་བཞད་གདོང་མར་བྱས་པ་ནི་མི་འདྲ་བའི་ཁྱད་པར་ཡིན་ཏེ། གསང་སྙིང་ལས། ཁྱི་གདོང་མའི་ཚོགས་དང་། བཞད་གདོང་མོའི་ཚོགས་དང་། ཞེས་དང་། ཡེ་ཤེ་རྔམ་གློག་ལས། སེང་གདོང་གི་ཚོགས་ཞེས་བྱ་བ་དང་། སྟག་གདོང་གི་ཚོགས་ཞེས་བྱ་བ་དང་། ཝ་གདོང་གི་ཚོགས་ཞེས་བྱ་བ་དང་། ཁྱི་གདོང་གི་ཚོགས་ཞེས་བྱ་བ་དང་། བཞད་གདོང་གི་ཚོགས་ཞེས་བྱ་བ་དང་། ཀང་ཀའི་གདོང་གི་ཚོགས་ཞེས་བྱ་བ་དང་། དུར་བྱའི་གདོང་གི་ཚོགས་ཞེས་བྱ་བ་དང་། བྱ་རོག་གདོང་གི་ཚོགས་ཞེས་བྱ་བ་དང་། འུག་པའི་གདོང་གི་ཚོགས་ཞེས་བྱ་བ་དང་། ཞེས་གསུངས་པའི་ཕྱིར་རོ།།

ཕྲ་མེན་མ་དེ་དག་ནི་སྲིན་ཡུལ་གྱི་ཤར་ཕྱོགས་འཇིགས་པ་ཆེན་པོའི་ཡུལ་ན་སྲིན་མོ་ཕྲ་མེན་འཇོམས་བྱེད་ཆེན་མོ་སེང་གེའི་མགོ་ཅན་མི་རོ་ཁ་ཡིས་འདྲད་པ་དེ་བྱང་ཆུབ་སེམས་མ་ལྷ་མོ་ལཱ་སྱ་མ་དེ་ཉིད་ཕྲ་མེན་མ་སིང་ཧ་མར་སྤྲུལ་ཏེ་བཏུལ་བ་དང་། ལྷོ་ཕྱོགས་གཤིན་རྗེའི་ཡུལ་ན་སྲིན་མོ་ཟ་བྱེད་སྟག་མགོ་མ་ལག་པ་བསྣོལ་ནས་བམ་ཆེན་ཟ་བ་དེ་ལྷ་མོ་མཱ་ལེ་མ་དེ་ཉིད་བྱཱ་ཀྲི་མ་དང་། ནུབ་ཕྱོགས་ཀླུའི་ཡུལ་ན་ཕྲ་མེན་ལེན་བྱེད་མ་ཞེས་བྱ་བ་ཝའི་མགོ་ཅན་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ནས་བམ་རོའི་དྲི་ཚོར་ན་ལེན་པར་རྒྱུག་པ་དེ་ལྷ་མོ་གཱིར་ཏི་མ་སྲི་ལ་མུ་ཁ་དང་། བྱང་ཕྱོགས་གནོད་སྦྱིན་གྱི་ཡུལ་ན་ཕྲ་མེན་མང་རོ་མ་ཞེས་བྱ་བ་ཁྱིའི་མགོ་ཅན་བམ་རོ་འདྲད་ཅིང་ཟ་བ་དེ་ལྷ་མོ་ནཱིར་ཏི་མ་ཕྲ་མེན་མ་ཤྭ་ན་མུ་ཁ་དང་། ཤར་ལྷོ་དྲང་སྲོང་གི་ཡུལ་ན་ཕྲ་མེན་ཁྲག་འཐུང་མ་བྱ་རྒོད་ཀྱི་མགོ་ཅན་ཐོད་ཁྲག་འཐུང་བ་དེ་ལྷ་མོ་དྷཱུ་པེ་མ་གྲྀཌྜྷའམ་ཀྲྀ་ཏ་མུ་ཁ་དང་། ལྷོ་ནུབ་ན་ཕྲ་མེན་རྐང་ཟ་བ་ཞེས་བྱ་བ་བྱ་ཀངྐའི་མགོ་ཅན་བམ་རོ་ཕྲག་ལ་ཁུར་ནས་ཤ་ཁྲག་རྐང་ཚིལ་ཟ་བ་དེ་ལྷ་མོ་བཛྲ་པུཥྤེ་མ་ཕྲ་མེན་ཀང་ཀ་མུ་ཁ་དང་། ནུབ་བྱང་རིག་སྔགས་འཆང་བའི་ཡུལ་ན་ཕྲ་མེན་མ་འཇོམས་བྱེད་མ་བྱ་རོག་གི་མགོ་ཅན་སྤུ་གྲི་ཀ་མ་ལ་ཐོགས་ནས་བམ་རོའི་མགོ་ཐོགས་ཤིང་ཟ་བ་དེ་ལྷ་མོ་མར་མེ་མ་ཁ་ཁྭ་མུ་ཁ་དང་། བྱང་ཤར་འབྱུང་པོ་མང་པོའི་ཡུལ་ན་ཕྲ་མེན་སྐུལ་བྱེད་མ་འུག་མགོ་ཅན་ལྕགས་ཀྱུ་དང་ཐོད་ཁྲག་ཐོགས་ནས་ཙིཏྟ་ཟ་བ་དེ་ལྷ་མོ་དྲི་ཆབ་མ་ཧུ་ལུ་མུ་ཁ་མ་རྣམས་སུ་སྤྲུལ་ནས་བཏུལ་བར་དཔལ་འབར་ཁྲོ་མོའི་རྒྱུད་ལས་བཤད་ལ། ཡེ་ཤེས་རྔམ་གློག་ལས། སེང་གདོང་ཚོགས་ཀྱིས་ཟིལ་གྱིས་གནོན། །སྟག་གདོང་ཚོགས་ཀྱིས་འཇོམས་པར་བྱེད། །ཝ་གདོང་ཚོགས་ཀྱིས་རོལ་པར་བྱེད། །ཁྱི་གདོང་ཚོགས་ཀྱིས་གསོད་ཅིང་ཟ། །རྒོད་གདོང་ཚོགས་ཀྱིས་རྒྱུག་པར་བྱེད། །དུར་བྱས་རྣམ་པར་འདྲེན་པར་བྱེད། །བྱ་རོག་ཚོགས་ཀྱིས་དབང་དུ་འདུ། །འུག་གདོང་ཚོགས་ཀྱིས་འདྲེན་ཅིང་ལྟ། །ཞེས་གསུངས་པ་ལྟར་རོ།།

ཕྲ་མེན་མ་ཞེས་པ་ནི། རྒྱུད་གདུག་ཅིང་རྩུབ་པ་མི་ཟ་ཞིང་ངན་སྔགས་ཀྱི་བྱད་གཏོང་པ་ལ་མཁས་པའི་བུད་མེད་ཀྱི་རིགས་དང་། གདོན་མ་རུང་བ་འབྱུང་བོའི་རིགས་ཀྱི་མ་མོ་འཇིགས་སུ་རུང་བ་ལ་བྱེད་པ་ཡིན་ཏེ། མདོ་ལང་ཀར་གཤེགས་པ་ལས། མི་ཤ་ཟ་བའི་ཕྲ་མེན་ཕ་དང་། ཕྲ་མེན་མ་མ་རུངས་པ་དག་ཏུ་སྐྱེའོ། །ཞེས་དང་། ཟ་མ་ཏོག་བཀོད་པའི་མདོ་ལས། ཤ་ཟ་དང་ཕྲ་མེན་ཕ་དང་། ཕྲ་མེན་མ་དང་། ཞེས་དང་། དེ་ཁོ་ན་ཉིད་བསྡུས་པ་ལས། དེ་ནས་དེ་སྨྲས་མ་ཐག་ཏུ་ཕྲ་མེན་མ་ལ་སོགས་པ་གདོན་མ་རུངས་པ་ཐམས་ཅད་རི་རབ་ཀྱི་རྩེ་མོའི་ཕྱི་རོལ་བསྐོར་ཏེ་འཁོད་དོ། །ཞེས་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་རྟོག་པ་ལས། འབྱུང་པོའི་གདོན་དང་ཕྲ་མེན་མ་ལ་སོགས་པའི་གདོན་ཀྱིས་བསད་པར་གྱུར་ཏ་རེ། ཞེས་དང་། སྒྱུ་མ་བདེ་མཆོག་ལས། རིམས་དང་དུག་དང་དབྱིག་དུག་བྱད། །ཕྲ་མེན་གདོན་གྱི་གནོད་པ་རྣམས། །ཞེས་མདོ་རྒྱུད་གཉིས་ཀར་མང་དུ་གསུངས་པའི་ཕྱིར་རོ།།

དེས་ན་སྐབས་འདིར་རུ་དྲའི་བྲན་མོ་ཕྲ་མེན་མ་སེང་གེའི་གདོང་བ་ཅན་ལ་སོགས་པ་དཔལ་ཆེན་པོས་བཏུལ་ནས་དཀྱིལ་འཁོར་དུ་བཀོད་པའི་ཆ་ནས་ཕྲ་མེན་མ་དང་། དཔལ་ཧེ་རུ་ཀ་ཉིད་ལས་མ་རུང་པའི་ཕྲ་མེན་མ་རྣམས་འདུལ་བའི་ཕྱིར་དུ་དེ་ལྟར་ཕྲ་མེན་མ་མགོ་བརྙན་སྣ་ཚོགས་ཅན་གདུག་པ་མོའི་སྐུ་རུ་སྤྲུལ་བས་ན་ཕྲ་མེན་མ་ཞེས་བྱའོ།།

ཕྲ་མེན་མ་དེ་དག་གི་སྐུ་མདོག་ཕྱག་མཚན་ནི་ལས་བྱང་ཚོར་གྲོལ་དང་། བརྒྱ་ཕྱག་དང་། སྒོམ་རིམ་གསུམ་ལ་བརྟེན་པ་ཡིན་ལ། སྒོམ་རིམ་དུ་ཚིག་ཟིན་ཅུང་སྔ་མ་གཉིས་དང་མི་མཐུན་པ་མཆིས། ཡུལ་བརྒྱད་ཀྱི་དག་པ་སྦྱར་ཚུལ་ནི་བསྐང་བཤགས་སྡིག་སྒྲིབ་རང་གྲོལ་ལྟར་ལགས་སོ།།

གོང་སྨོས་ཞི་ཁྲོའི་ཁྲོ་བོའི་དབང་གི་ངོ་སྤྲོད་ལས་ཕྲ་མེན་བརྒྱད་ཡུལ་བརྒྱད་ལ་སྦྱོར་ཚུལ་དེ་བསྐང་བཤགས་དང་མཐུན་ཞིང་ཀཽ་རཱི་བརྒྱད་མི་མཐུན་པ་ནི་ཅུང་མཚར་རོ།།

འཕྲད་ཚད་རང་གྲོལ་སྤྲོས་བཅས་བུམ་དབང་ཆེན་མོ་ལས། གཟུགས་ཕུང་རྣམ་དག་སིང་ཧ་མ༔ ཞེས་དང་། ཚོར་ཕུང་རྣམ་དག་བྱ་ཀྲི་མ༔ ཞེས་དང་། དྲི་ཕུང་རྣམ་དག་སྲི་ལ་མ༔ ཞེས་དང་། ཕུང་ཁམས་རྣམ་དག་ཤྭ་ན་མ༔ ཞེས་དོན་ལ། འབྱུང་ལ་ལྔ་འདུས་རོ་མཆོག་བརྒྱད༔ ཅེས་དང་། རོ་མཆོག་བརྒྱད་ལྡན་དབང་ཐོབ་ཤོག། ཅེས་པ་འདིས་ཕུང་ཁམས་ཞེས་པ་རོ་ཡི་སྐྱེད་མཆེད་ལ་གོ་བ་དང་། རེག་ཕུང་རྣམ་དག་ཀྲྀ་ཏ་མ༔ ཞེས་དང་། ཚོར་ཕུང་རྣམ་དག་ཀངྐ་མ༔ ཞེས་ཚོར་ཕུང་གཉིས་བྱུང་པའང་དོན་ལ། ཡིད་དང་རྟོག་པ་རང་སར་གྲོལ༔ ཞེས་པ་འདིས་ཡིད་ཚོར་ཏེ་ཡིད་ཀྱི་རྣམ་ཤེས་ཀྱི་འཁོར་གྱི་ཚོར་ཡིན་པར་གོ་བའམ་ཡིད་ཀྱི་རྣམ་ཤེས་ཉིད་གང་རུང་ལ་གོ་ཆོག་པ་དང་། ཉོན་མོངས་རྣམ་དག་ཁ་ཁཱ་མ༔ ཞེས་དང་། ཀུན་གཞིའི་ཕུང་པོ་ཧི་ལུ་མཐིང་༔ ཞེས་དཀྱུས་དང་མི་མཐུན་པ་ཤེས་པར་བྱའོ།།

དེ་ཡང་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བླ་མ་ལས། ཕྲ་མེན་ཐོགས་མེད་སེང་གེའི་གདོང་། །རྣལ་འབྱོར་སེར་ནག་སེང་གེ་མ། །མཆེ་གཙིགས་རྐན་བརྡབས་གཡང་གཞི་གྱོན། །ཕྱག་གཉིས་བསྣོོལ་ནས་ཤིན་ཏུ་འགྱིང་། །སྟི་ར་ཆེན་པོ་སྤྲུག་ཅིང་ཟ། །ཞེས་སིང་ཧ་མ་སྨུག་ནག་མིན་པར་སེར་ནག་དང་། ཕྲ་མེན་རྟོག་འདུལ་ཝ་ཡི་གདོང་། །རྣལ་འབྱོར་དམར་ནག་སྲི་ཀ་མ། །ཞེས་སྲི་ལ་མ་ནག་པོ་མིན་པར་དམར་ནག་དང་། ཕྲ་མེན་གཟི་ལྡན་བྱ་རྒོད་གདོང་། །རྣལ་འབྱོར་དམར་ནག་ཀྲྀ་དྷ་མ། །མཆུ་བདར་རྐན་བརྡབས་གཡང་གཞི་གྱོན། །ཟངས་གྲི་དམར་པོ་གཡས་པ་ན། །རྒྱུ་ཞགས་དྲང་བ་གཡོན་པ་ན། །ཞེས་ཀྲྀ་ཏ་མ་དཀར་སེར་མིན་པར་དམར་ནག་ཟངས་གྲི་ཅན་དང་། ཕྲ་མེན་ས་ལེ་བྱ་རོག་གདོང་། །རྣལ་འབྱོར་དམར་ནག་ཁ་ག་མ། །མཆུ་བདར་རྐན་བརྡབས་གཡང་གཞི་གྱོན། །ཟངས་གྲི་དམར་པོ་གཡས་པ་ན། །བན་དྷ་རཀྟ་གཡོན་པ་ན། །ཞེས་ཁ་ཁྭ་མ་ཡང་ནག་པོ་མིན་པར་དམར་ནག་ཏུ་བཤད་པ་དང་། བྱཱ་ཀྲི་མ་དང་། ཤྭ་ན་མ་དང་། ཀང་ཀ་མ་དང་། ཧུ་ལུ་མ་བཞིའི་སྐུ་མདོག་ཞི་ཁྲོའི་ལུགས་འདིར་མཐུན་ནའང་། ཕྱག་མཚན་མི་འདྲ་བ་ནི། སྟིར་ཆུང་བསྐྱུར་ནས་འབྲུ་ཚུགས་ལྟ། །ཞེས་བྱཱ་ཀྲི་མ་ལག་པ་སྣོལ་བ་ཙམ་མིན་པར་སྟི་ར་ཆུང་ངུ་བསྒྱུར་བར་བཤད་པ་སོགས་མི་མཐུན་པའི་ཆ་མང་ངོ་།།

གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་སྒྱུ་འཕྲུལ་བླ་མའི་ལུགས་ལའང་ཡུལ་བརྒྱད་ཀྱི་དག་པ་སྦྱོར་ཚུལ་ནི་བསྐང་བཤགས་དང་མཐུན་ཏེ། དེ་ཉིད་ལས། ཀུན་གཞི་ཡུལ་ལས་གནས་གྱུར་པ། །ཕྲ་མེན་ཐོགས་མེད་སེང་གེའི་གདོང་། །རྣལ་འབྱོར་སེར་ནག་སེང་གེ་མ། །ཞེས་སིང་ཧ་མ་ཀུན་གཞིའི་ཡུལ་དང་། རྣམ་ཤེས་ཡུལ་ལ་གནས་གྱུར་པ། །ཕྲ་མེན་དཔའ་བོ་སྟག་གདོང་མ། །རྣལ་འབྱོར་དམར་ནག་བྱཱ་གྷྲི་མ། །ཞེས་བྱཱ་ཀྲི་མ་རྣམ་ཤེས་ཀྱི་ཡུལ་ཆོས་ཁམས་དང་། ཉོན་མོངས་ཡུལ་ལ་གནས་གྱུར་པ། །ཕྲ་མེན་རྟོག་འདུལ་ཝ་ཡི་གདོང་། །རྣལ་འབྱོར་དམར་ནག་སྲི་ཀ་མ། །ཞེས་སྲི་ལ་མ་ཉོན་ཡིད་ཀྱི་ཡུལ་ཀུན་གཞི་དང་། རེག་བྱ་ཡུལ་ལ་གནས་གྱུར་པ། །ཕྲ་མེན་བཏང་སྙོམས་སྤྱང་མོའི་གདོང་། །རྣལ་འབྱོར་མཐིང་ནག་ཤྭ་ན་མ༔ ཞེས་ཤྭ་ན་མ་རེག་བྱ་དང་། ལྟ་བྱེད་ཡུལ་ལ་གནས་གྱུར་པ། །ཕྲ་མེན་གཟི་ལྡན་བྱ་རྒོད་གདོང་། །རྣལ་འབྱོར་དམར་ནག་ཀྲྀ་དྷ་མ། །ཞེས་ཀྲྀ་ཏ་མ་གཟུགས་དང་། ཉན་བྱེད་ཡུལ་ལ་གནས་གྱུར་པ། །ཕྲ་མེན་གསལ་བྱེད་དུར་བྱའི་གདོང་། །རྣལ་འབྱོར་རྣལ་མ་ཀངྐ་མ། །ཞེས་ཀང་ཀ་མ་སྒྲ་དང་། སྣོམ་བྱེད་ཡུལ་ལ་གནས་གྱུར་པ། །ཕྲ་མེན་ས་ལེ་བྱ་རོག་གདོང་། །རྣལ་འབྱོར་དམར་ནག་ཁ་ག་མ། །ཞེས་ཁ་ཁྭ་མ་དྲི་དང་། མྱོང་བྱེད་ཡུལ་ལ་གནས་གྱུར་པ། །ཕྲ་མེན་རྫོགས་བྱེད་འུག་པའི་གདོང་། །རྣལ་འབྱོར་ལྗང་ནག་ཧུ་ལུ་མ། །ཞེས་ཧུ་ལུ་མ་རོའི་སྐྱེད་མཆེད་ལ་སྦྱར་ཏེ་གསུངས་པའི་ཕྱིར་རོ།།

དྲུག་པ་སྒོ་མ་བཞིའི་བཤགས་པ་ནི། ཕོ་བྲང་རྒྱན་དང་ལྡན་པའི་དཀྱིལ་འཁོར་དུ༔ འགུག་དང་འཆིང་དང་སྡོམ་དགྱེས་སྒོ་མ་བཞི༔ རྟ་གདོང་ལ་སོགས་ཐུགས་དང་ཅི་འགལ་བ༔ སྒོ་མ་ཕྱག་རྒྱ་བཞི་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ལས་བྱང་ཚོར་བ་རང་གྲོལ་ལས། རྟ་གདོང་ཕག་གདོང་སེང་གདོང་སྦྲུལ་གདོང་བཞི༔ འགུག་འཆིང་སྡོམ་དགྱེས་འཕྲིན་ལས་བཞི་མཛད་མ༔ ཞེས་དང་། ཧེ་རུ་ཀ་སྙིང་རོལ་ལས། ཛ་ཛ་ལྕགས་ཀྱུ་གློ་སྙིང་འདྲེན། །ཨ་མོ་སྔོན་མོ་ཐོད་སྦྲུལ་ཞགས། །ཨ་ལི་དམར་མོ་ལྕགས་སྒྲོག་སྡོམ། །བས་ནི་ལྗང་གུ་དྲིལ་འཁྲོལ་དགྱེས། །ཞེས་གསུངས་པ་ལྟར། ཁྲག་འཐུང་འབར་བ་ལྔ་བཅུ་རྩ་བརྒྱད་དམ་དྲུག་ཅུའི་གཞལ་ཡས་ཁང་དུ་གྱུར་པའི་ཕོ༷་བྲང༷་རྒྱན༷་སྣ་ཚོགས་ཀྱིས་བརྒྱན་པ་ད༷ང་ལྡ༷ན་པ༷འི་དཀྱིལ༷་འཁོར༷་ཆེན་པོའི་ཤར་ལྷོ་ནུབ་བྱང་ཕྱོགས་བཞིའི་སྒོ་བཞིའི་དྲུང་དུ༷་ཕྱི་ལྟར་བགེགས་དང་འབྱུང་པོ་འགུག༷་པ་དང༷་། འཆི༷ང་བར་བྱེད་པ་དང༷་། སྡོམ༷་པར་བྱེད་པ་དང་། མྱོ་འབོགས་འབེབས་པར་བྱེད་པའམ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གཟུང་དང་འཁྱུད་དང་བསྡམ་པ་དང་། །གཉིས་སུ་མེད་པས་བདེ་ཆེན་པོ། །ཞེས་གསུངས་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བདེ་བ་ཆེན་པོའི་ངོ་བོར་དགྱེས༷་པར་བྱེད་པའི་སྒོ་སྲུང་བའི་སྒོ༷་མ༷་བཞི༷་ནི་རྟ༷་གདོང༷་མ༷་ལ༷་སོག༷ས་པ་མ་མོ་ཆེན་མོ་བཞི་སྟེ། དེ་ཡང་། ལས་བྱང་ཚོར་གྲོལ་ལས། སྙིང་རྗེས་འདྲེན་ཕྱིར་རྟ་གདོང་ལྕགས་ཀྱུ་མ༔ བྱམས་པས་འཆིང་ཕྱིར་ཕག་གདོང་ཞགས་པ་མ༔ དགའ་བས་སྡོམ་ཕྱིར་སེང་གདོང་ལྕགས་སྒྲོག་མ༔ བཏང་སྙོམས་འབེབས་ཕྱིར་སྦྲུལ་གདོང་དྲིལ་བུ་མ༔ ཚད་མེད་བཞི་ལྡན་སྒོ་མ་བཞི་རྣམས་ལ༔ ཞེས་དང་། ཁྲག་འཐུང་རིགས་བཞིའི་ཐུགས་ལས་སྤྲུལ་པའི་ལྷ༔ རྟ་གདོང་ལ་སོགས་ཡེ་ཤེས་སྒོ་མ་བཞི༔ ཞེས་གསུངས་པར་ལྟར། ཤར་ཕྱོགས་སུ་སྙིང་རྗེ་ཚད་མེད་ཀྱི་ངོ་བོ་རང་བཞིན་གྱིས་མ་གྲུབ་པའི་གཉིས་སུ་མེད་པ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་བཞིན་སྒོ་མ་རྟ་གདོང་མ་དཀར་མོ་ལྕགས་ཀྱུ་འཛིན་པ་དང་། ལྷོ་སྒོར་བྱམས་པ་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་ཕག་གདོང་སེར་མོ་ཞགས་པ་ཐོགས་པ་དང་། ནུབ་སྒོར་དགའ་བ་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན་པ་དང་། བྱང་སྒོར་བཏང་སྙོམས་ཚད་མེད་ཀྱི་ངོ་བོ་རྣམ་པར་དག་པ་སྒོ་མ་རྡོ་རྗེ་སྦྲུལ་གདོང་མ་ལྗང་མོ་དྲིལ་བུ་བསྣམས་པ་ཡིན་ཞིང་། དེ་རྣམས་ཀྱི་ཐུག༷ས་དང༷་ཅི༷་འག༷ལ་བ༷་ཡི་ཉེས་ལྟུང་གི་ཚོགས་ཡོད་དོ་ཅོག་འགྱོད་པ་དྲག་པོས་སྒོ༷་མ༷་ཆེན་མོ་ཛཿཧཱུྃ་བྃ་ཧོཿཡི་འགུག་པ་དང་། འཆིང་བ་དང་། སྡོམ་པ་དང་། མྱོས་པ་བཞིའི་ཕྱ༷ག་རྒྱ༷་བཞི༷་ཡིས་འགྲོ་བའི་དོན་མཛད་པ་བཞི་ལ༷་བཤགས་ཤིང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་པའོ།།

དེ་ལྟར་སྒོ་མ་བཞིའི་སྐུ་མདོག་དང་ཚད་མེད་རྣམ་བཞིའི་དག་པ་ལ་སྦྱར་ཚུལ་འདི་ནི། དྲངས་མ་ཐག་པའི་ལས་བྱང་ཚོར་གྲོལ་གྱི་ལུང་ལྟར་དང་། བརྒྱ་ཕྱག་སྡིག་སྒྲིབ་རང་གྲོལ་ལས། ཤར་སྒོར་རྟ་གདོང་དཀར་མོ་ལྕགས་ཀྱུ་འཛིན༔ སྙིང་རྗེ་ཚད་མེད་འཁོར་བ་གནས་ནས་འདྲེན༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ རྟ་གདོང་ལྕགས་ཀྱུ་མ་ལ་ཕྱག་འཚལ་ལོ༔ ལྷོ་སྒོར་ཕག་གདོང་སེར་མོ་ཞགས་པ་འཛིན༔ བྱམས་པ་ཚད་མེད་ལོག་རྟོག་འཆིང་བར་བྱེད༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ ཕག་གདོང་ཞགས་པ་མ་ལ་ཕྱག་འཚལ་ལོ༔ ནུབ་སྒོར་སེང་གདོང་དམར་མོ་ལྕགས་སྒྲོག་འཛིན༔ དགའ་བ་ཚད་མེད་མ་རིག་ཉོན་མོངས་སྡོམ༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སེང་གདོང་ལྕགས་སྒྲོག་མ་ལ་ཕྱག་འཚལ་ལོ༔ བྱང་སྒོར་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ བཏང་སྙོམས་ཚད་མེད་དུག་ལྔའི་རྟོག་པ་འཇོམས༔ སྒོ་མའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི༔ སྦྲུལ་གདོང་དྲིལ་བུ་མ་ལ་ཕྱག་འཚལ་ལོ༔ ཞེས་གསུངས་པ་ལྟར་ལགས་སོ།།

དྲི་མེད་བཤགས་རྒྱུད་ལས། སྒོ་མ་སྔོན་མོ་ལྕགས་ཀྱུ་འཛིན། །རྟ་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ནག་མོ་ཞགས་པ་འཛིན། །ཕག་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་དམར་མོ་ལྕགས་སྒྲོག་འཛིན། །སེང་གདོང་མ་ལ་ཕྱག་འཚལ་ལོ། །སྒོ་མ་ལྗང་གུ་དྲིལ་བུ་འཛིན། །སྤྱང་གདོང་མ་ལ་ཕྱག་འཚལ་ལོ། །ཞེས་རྟ་གདོང་མ་དཀར་མོ་མིན་པར་སྔོན་མོ་ཡིན་པ་དང་། ཕག་གདོང་མ་སེར་མོ་ཡིན་པར་ནག་མོ་ཡིན་པར་གསུངས་སོ།།

དེ་ལྟར་ཚད་མེད་བཞིར་སྦྱར་བ་དེ་དག་གི་ཁུངས་རྒྱུད་གཞན་དུ་ཡང་མཆིས་ཏེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སྦྱིན་པས་རིགས་པའི་ཀླུང་དུ་མཚོ་དྲང་ལྟར། །འཁོར་བས་འཇིགས་ནས་ཐུགས་རྗེའི་ལྕགས་ཀྱུས་འདྲེན། །དཔའ་བར་འགྲོ་བའི་ཏིང་འཛིན་དོན་མཛད་མ། །ཐུགས་རྗེས་ཤར་མཛད་རྟ་གདོང་ལྕགས་ཀྱུ་མ། །དོན་དང་མཐུན་པས་ཀུན་ཀྱང་དགའ་བར་མཛད། །བྱམས་པའི་ཞགས་པ་འཁོར་བའི་རྒྱུན་འཛིན་ཅིང་། །རིན་ཆེན་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང་། །ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ། །གཞན་གྱི་དོན་དུ་སྤྱད་པའི་བདག་གི་དོན། །ཤེས་རབ་སྒྲོན་མེས་མུན་པའི་སྡུག་བསྔལ་སེལ། །དོན་གཉིས་མི་འདའ་དགའ་བའི་མཆོག །ཀུན་གཉེན་མ་རིག་ནུབ་མཛད་ཉིི་ཟླའི་སྤྱན། །སྙན་པར་སྨྲ་བས་ཀུན་ཀྱང་བཀའ་བཞིན་བྱེད། །བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་དུ། །ཕབ་ནས་རྣམ་ཤེས་ཐལ་བའི་གཟུགས་ཀྱང་འཚོ། །ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་འཁྲོལ་མ། །ཞེས་གསུངས་པའི་ཕྱིར། དེར་བསྡུ་དངོས་བཞི་ལའང་སྦྱར་བ་གསལ་བ་ལྟར་རོ།།

ལུང་འདི་ལས་ནུབ་ཀྱི་སྒོ་མའི་ཐད་ནས་ཡི་གེ་རྐང་པ་འཆོལ་བ་དང་འབྲུ་འགའ་ཆད་འདུག་སྙམ་མོད། སྡེ་དགེ་ཤིང་པར་སོགས་དེ་ནང་བཞིན་ལས་གཞན་མ་རྙེད་པས་ཆད་པ་གསོ་མ་ནུས་མོད་གལ་ཆེ་བར་བསམ་ནས་ལུང་འདི་དྲངས་པ་ལགས་སོ།།

སྒོམ་རིམ་ལྷན་སྐྱེས་ཡེ་ཤེས་སུ་སྒོ་མ་བཞི་ཀའི་ཕྱག་མཚན་ལ་བྷན་དྷ་དམར་ཆེན་བསྣམས་ཡོད་པར་གསལ་བས་དོན་ལ་གཡས་རྣམས་སུ་རང་རང་གི་ཕྱག་མཚན་དང་གཡོན་རྣམས་སུ་བྷནྡྷ་བསྣམས་ཡོད་པ་ལ་གོ་དགོས་སོ།།

བསྐང་བཤགས་ཉམས་ཆགས་རང་གྲོལ་ལས། རྟག་པར་འཛིན་པ་གནས་གྱུར་པའི༔ ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ ཞེས་སོགས་གསུངས་པ་ལྟར་དེ་དང་། ཞི་ཁྲོའི་ཁྲོ་བོའི་དབང་བཤད་ལས་ནི་སྒོ་མ་བཞི་རྟག་ཆད་མུ་བཞིའི་དག་པ་ལ་སྦྱར་འདུག་ལ། དེའི་ཁུངས་ཡང་ཡེ་ཤེས་རྔམ་གློག་དང་གསང་སྙིང་སོགས་ཡིན་ངེས་ཏེ། རྔམ་གློག་གི་ལུང་གོང་གི་ཞི་བའི་སྒོ་མ་བཞིའི་སྐབས་སུ་དྲངས་པ་ལྟར་རོ།།

གསང་བ་སྙིང་པོ་སྒྱུ་འཕྲུལ་བླ་མའི་རྒྱུད་ལས། རྟ་གདོང་སྲིན་མོའི་གཡང་གཞི་གསོལ། །རྡོ་རྗེ་ལྕགས་ཀྱུ་གཡས་པ་ན། །བྷན་དྷ་རཀྟ་གཡོན་པ་ན། །ཞེས་དང་། ཕག་གདོང་ཆེན་མོའི་གཡང་གཞི་གྱོན། །ལྕགས་ཀྱི་དྲིལ་ཞགས་གཡས་པ་ན། །བྷན་དྷ་རློན་པ་གཡོན་པ་ན། །ཞེས་ཤར་གྱི་སྒོ་མ་རྟ་གདོང་མ་དང་ལྷོ་ཡི་སྒོ་མ་ཕག་གདོང་མ་གཉིས་ཞི་ཁྲོ་དང་སྤྱི་མཐུན་ལྟར་དང་། དེ་ལས། དྲེད་གདོང་ཆེན་མོའི་གཡང་གཞི་གྱོན། །ལྕགས་སྒྲོག་མེ་འབར་གཡས་པ་ན། །བྷན་དྷ་རློན་པ་གཡོན་པ་ན། །ཞེས་དང་། སྤྱང་གདོང་ཆེན་མོ་གཡང་གཞི་གྱོན། །དྲིལ་བུ་ཐལ་ཆེན་གཡས་པ་ན། །བྷན་དྷ་རཀྟ་གཡོན་པ་ན། །ཞེས་དང་། དཔལ་འབར་ཁྲོ་མོའི་རྒྱུད་ལས། མིའམ་ཅིའི་སྲིན་མོ་རྟ་མགོ་ཅན་ལག་ན་ལྕགས་ཀྱུ་ཐོགས་ཏེ། ཐམས་ཅད་འཛིན་ཅིང་ཟ་བ་ལས། བྱམས་པ་ཆེན་པོས་ལྕགས་ཀྱུ་མར་སྤྲུལ་ནས་བཏུལ་ཏེ་བཞག་གོ །ཞེས་དང་། གྲུལ་བུམ་གྱི་སྲིན་མོ་ཕག་མགོ་ཅན་ལག་ན་ཞགས་པ་ཐོགས་ཏེ། ཞེས་དང་། ལྟོ་འཕྱེའི་སྲིན་མོ་དྲེད་མགོ་ཅན་ལག་ན་ལྕགས་ཀྱི་དྲ་བ་ཐོགས་ནས། ཞེས་དང་། ཤ་ཟའི་སྲིན་མོ་སྤྱང་ཀིའི་མགོ་ཅན། ཞེས་གསུངས་པས་ནི། ནུབ་སེང་གདོང་མིན་པར་དྲེད་གདོང་དང་། བྱང་སྦྲུལ་གདོང་མིན་པར་སྤྱང་ཀིའི་གདོང་ཅན་དུ་བཤད་པ་དང་། རྡོ་རྗེ་སེམས་སྒྱུ་འཕྲུལ་དྲྭ་བ་ལས། ཕཊ་བཞིས་རྟ་དང་ཕག་གདོང་དང་། །སྦྲུལ་དང་སྤྲེའུ་རིམ་པ་བཞིན། །ལས་དང་སྐུ་མདོག་ཕྱག་མཚན་ཡང་། །རིམ་པ་བཞིན་དུ་གནས་པ་ཡིན། །ཞེས་སེང་གེའི་གདོང་ཅན་མའི་ཚབ་ཏུ་སྤྲེའུ་གདོང་ཅན་དུ་བྱས་པ་ལས་གཞན་ཞི་ཁྲོ་དང་མཐུན་པར་གསུངས་པ་དང་། ཡེ་ཤེས་རྔམ་གློག་ལས། རྟ་གདོང་གི་ཚོགས་ཞེས་བྱ་བ་དང་། ཕག་གདོང་གི་ཚོགས་ཞེས་བྱ་བ་དང་། སེང་གདོང་གི་ཚོགས་ཞེས་བྱ་བ་དང་། སྤྲེ་གདོང་གི་ཚོགས་ཞེས་བྱ་བ་ལ་སོགས་པ། ཕྲ་མེན་མའི་ཚོགས་ཤིན་ཏུ་མང་བ་དང་། ཞེས་སྔ་མ་གསུམ་ཞི་ཁྲོ་དང་མཐུན་པ་ལ་བྱང་སྦྲུལ་གདོང་གི་ཚབ་ཏུ་སྤྲེའུའི་གདོང་ཅན་དུ་བཤད་པ་ལ་སོགས་པ་རྒྱུད་སོ་སོར་སྒོ་མ་བཞིའི་མགོ་བརྙན་དང་སྐུ་མདོག་སོགས་མི་མཐུན་པ་མཐའ་ཡས་པ་མཆིས་སོ།།

ཡང་སྒོ་མ་རྟ་གདོང་མ་ལ་རྡོ་རྗེ་སྲིང་འགྲོ་མ་དང་། ཕག་གདོང་མ་ལ་རྡོ་རྗེ་གདོང་མོ་མ་དང་། སེང་གདོང་ངམ་དྲེད་གདོང་མ་ལ་རྡོ་རྗེ་འཇིག་རྟེན་མ་དང་། རྡོ་རྗེ་སྦྲུལ་གདོང་མའམ་སྤྱང་གདོང་མ་ལ་རྡོ་རྗེ་རོ་ལངས་མ་ཞེས་བསྟན་པའང་ཡོད་དེ། གསང་བ་སྙིང་པོ་ལས། རྡོ་རྗེ་སྲིང་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་ཞེས་གསུངས་པའི་ཕྱིར། དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པ་ལས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་རྣམས། །སྒོ་ནི་བཞི་པོ་རྣམས་ལ་ནི། །སྒོ་སྲུང་བཞི་པོ་དགོད་པར་བྱ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། སྒོ་བཞི་དག་ནི་ཐམས་ཅད་དུ། །སྒོ་སྲུང་རྣམས་ནི་དགོད་པར་བྱ། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང་། །དྲིལ་བུ་དབབ་པ་བླ་ན་མེད། །ཅེས་དང་། དཔལ་རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། །རྡོ་རྗེ་ལྕགས་སྒྲོག་དྲིལ་བུ་ཉིད། །ལྷ་མོ་དག་ནི་བཞི་པོ་འདི། །ཕྱོགས་ཀྱི་པདྨར་ཡང་དག་གནས། །ཞེས་གསུངས་པ་ལྟར་གསར་རྙིང་གང་གི་རྒྱུད་དུ་ཡིན་ཡང་སྒོ་མ་བཞི་བསྟན་དུས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་བཞི་པོ་ཡིན་པ་དང་། དེ་དག་ཕྱོགས་བཞིར་བཀོད་སྟངས་ནི་ཕལ་མོ་ཆེ་འདྲ་ཡང་སྐུ་མདོག་དང་མགོ་བརྙན་མི་འདྲ་ལ། ཕལ་ཆེ་བ་ནི་གོང་གི་ཞི་བའི་སྐབས་ཀྱི་སྒོ་མ་བཞི་བོ་ལ་གོ་བ་མང་ཞིང་རྒྱུད་ཕལ་ཆེ་བ་མཐུན་ནོ།།

བདུན་པ་དབང་ཕྱུག་མ་ཉེར་བརྒྱད་ཀྱི་བཤགས་པ་ནི། མངོན་སྤྱོད་ལས་ལས་གྲུབ་པའི་དབང་ཕྱུག་མ༔ དགེ་དང་མི་དགེ་གཉིས་ཀྱི་སྟངས་འཛིན་མ༔ མ་ཚོགས་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ མ་སྲིང་རྒྱ་མཚོ་རྣམས་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ལ། ལས་བྱང་ཚོར་གྲོལ་ལས། ཤར་ནས་ཞི་བའི་ལས་མཛད་དབང་ཕྱུག་བདུན༔ ལྷོ་ནས་རྒྱས་པའི་ལས་མཛད་དབང་ཕྱུག་བདུན༔ ནུབ་ནས་དབང་གི་ལས་མཛད་དབང་ཕྱུག་བདུན༔ བྱང་ནས་དྲག་པོའི་ལས་མཛད་དབང་ཕྱུག་བདུན༔ ཞེས་གསུངས་པ་ལྟར། ཕྱི་ལྟར་ན་སྔར་གནས་ཡུལ་ཉེར་བཞི་ན་གནས་པའི་དབང་ཕྱུག་གི་ཆུང་མ་དང་། ཚངས་པའི་ཆུང་མ་དང་། བརྒྱ་བྱིན་གྱི་ཆུང་མ་དང་། ཁྱབ་འཇུག་གི་ཆུང་མ་དང་། དགའ་རབ་དབང་ཕྱུག་གི་ཆུང་མ་དང་། གཞོན་ནུ་གདོང་དྲུག་གི་ཆུང་མ་དང་། ཉི་མའི་ཆུང་མ་དང་། ཟླ་བའི་ཆུང་མ་ལ་སོགས་པ་རུ་དྲའི་བྲན་མོར་གྱུར་པའི་འབྱུང་པོའི་རྗེ་མོ་སྲིན་མོ་ཆེན་མོ་གཡག་གདོང་མ་ལ་སོགས་པའི་མ་མོ་དང་ཕྲ་མེན་མ་རྣམས་བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ་ཀས་བཏུལ་ཏེ་མངོ༷ན་སྤྱོད༷་དྲག་པོའི་ལས་ཀྱི་ཕོ་ཉར་བཀོལ་བའི་འཇིག་རྟེན་གྱི་ལས༷་ལ༷ས་གྲུབ༷་པ༷འི་དབ༷ང་ཕྱུག༷་མ༷་ཞི་ཁྲོའི་དཀྱིལ་འཁོར་གྱི་ཤར་གྱི་མུ་རན་དུ་སྒྲུབ་པ་པོའི་ཉོན་མོངས་པ་དང་། ནད་དང་སྡིག་སྒྲིབ་ལ་སོགས་པ་ཞི་བའི་ལས་བྱེད་པ་ལ་དབང་བའི་དབང་ཕྱུག་ཆེན་པོའི་ཆུང་མ་བྱོ་མིའི་སྲིན་མོ་གཡག་གདོང་མ་སྨུག་པོ་རྡོ་རྗེ་དང་བྷནྡྷ་འཛིན་པ་དང་། ཚངས་པའི་ཆུང་མ་ཚངས་པ་མོ་སྦྲུལ་གདོང་མ་སེར་མོ་རྡོ་རྗེ་དང་པདྨ་འཛིན་པ་དང་། ལྷ་ཆེན་དགའ་རབ་དབང་ཕྱུག་གི་ཆུང་མ་འཁྲུག་མོའམ་ལྷ་ཆེན་མོ་གཟིག་གདོང་མ་ལྗང་གུ་རྡོ་རྗེ་དང་ཏྲི་ཤཱུལ་འཛིན་པ་དང་། ཁྱབ་འཇུག་གི་ཆུང་མ་འཇུག་སྲེད་མོའམ་གཏོགས་འདོད་སྲེ་མོང་མགོ་ཅན་སྔོན་མོ་རྡོ་རྗེ་དང་འཁོར་ལོ་འཛིན་པ་དང་། གཞོན་ནུ་གདོང་དྲུག་གི་ཆུང་མ་གཞོན་ནུ་མོ་དྲེད་གདོང་དམར་མོ་རྡོ་རྗེ་དང་མདུང་ཐུང་འཛིན་པ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱི་ཆུང་མ་དབང་མོ་དོམ་མགོ་དཀར་མོ་རྡོ་རྗེ་དང་རྒྱུ་ཞགས་འཛིན་པ་དང་། སྲིན་པོའི་བུ་བི་ཤ་ན་ནག་པོ་རྣམ་པར་འཇིག་བྱེད་ཆེན་པོའི་ཆུང་མ་རྡོ་རྗེ་ནག་མོ་ཆེན་མོའམ་སྒོ་མ་རྡོ་རྗེ་ཁུ་བྱུག་མགོ་ཅན་དཀར་མོ་རྡོ་རྗེ་དང་ལྕགས་ཀྱུ་འཛིན་པ་དང་བཅས་བདུན་པོ་གནས་པར་གསུངས་ཏེ། ལས་བྱང་ཚོར་གྲོལ་ལས། ཤར་ཕྱོགས་ཞི་བའི་ལས་མཛད་བདུན༔ སྲིན་མོ་གཡག་གདོང་རྡོ་རྗེ་སྨུག༔ ཚངས་པ་སྦྲུལ་གདོང་པདྨ་སེར༔ ལྷ་ཆེན་གཟིག་གདོང་ཏྲི་ཤུལ་ལྗང་༔ གཏོགས་འདོད་སྲེ་གདོང་འཁོར་ལོ་སྔོ༔ གཞོན་ནུ་དྲེད་གདོང་མདུང་ཐུང་དམར༔ བརྒྱ་བྱིན་དོམ་མགོ་རྒྱུ་ཞགས་དཀར༔ ཞེས་དང་། དཀྱིལ་འཁོར་ཕྱི་རིམ་ཤར་སྒོ་རུ༔ རྡོ་རྗེ་ཁུ་བྱུག་ལྕགས་ཀྱུ་དཀར༔ ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། སྲིན་མོ་སྨུག་ནག་ཐོད་རློན་འཆང་། །ཚངས་པ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤཱུ་ལ། །གཏོགས་འདོད་སྔོན་མོ་འཁོར་ལོ་འཆང་། །གཞོན་ནུ་དམར་མོ་མདུང་ཐུང་འཕེན། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །ཞེས་དང་། རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན༔ ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ལས་བཞི་དང་དཀྱིལ་འཁོར་གྱི་ཕྱོགས་མདོག་གི་དབང་གིས་དང་། ཤར་སྐྱོང་གི་མ་མོ་ཡིན་པའི་དབང་གིས་དེ་ལྟར་མ་མོ་ཐམས་ཅད་ཀྱི་ཕྱག་ན་ཤར་ཕྱོགས་རྡོ་རྗེའི་རིགས་ཀྱི་མཁའ་འགྲོའི་ཕྱག་མཚན་རྡོ་རྗེ་ཡོད་པ་དང་། སྐུ་མདོག་གི་ཆ་ལ་དཀྱིལ་འཁོར་གྱི་མདོག་ཤར་དཀར་པོར་གྱུར་པའི་དཀར་ཆ་ཡོད་པས་དཀར་མོ་ཞེས་བརྗོད་པ་ཡང་ཡིན་ཏེ། ལས་བྱང་ཚོར་གྲོལ་ལས། དཀར་མོ་ཉོན་མོངས་ཞི་བའི་ལས་མཛད་བདུན༔ ཞེས་དང་། ཞི་ཁྲོའི་བསྐང་བཤགས་ལས། དཀར་མོ་མ་བདུན་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར། ཤར་ཕྱོགས་ཀྱི་དབང་མོ་བདུན་པོའི་སྐུ་མདོག་གི་ཆ་ལ་དཀར་པོ་ཡོད་པ་དང་ཐམས་ཅད་ཀྱི་ཕྱག་ན་རྡོ་རྗེ་ཡོད་པ་ནི་བརྒྱ་ཕྱག་ལྟར་རོ།།

ཞི་ཁྲོའི་དཀྱིལ་འཁོར་གྱི་ལྷོ་ཡི་མུ་རན་དུ་སྒྲུབ་པ་པོའི་ཚེ་དང་བསོད་ནམས་དང་ཡོན་ཏན་སོགས་རྒྱས་པར་བྱེད་པ་ལ་དབང་ཐོབ་པའི་དབང་ཕྱུག་མ་ལ་འཇུག་སྲེད་ཀྱི་ཆུང་མ་དམར་མོའི་མིང་ཅན་རྡོ་རྗེ་ཕ་ཝང་མགོ་ཅན་སེར་མོ་རིན་པོ་ཆེ་དང་སྤུ་གྲི་འཛིན་པ་དང་། ཟླ་བའི་ཆུང་མ་ཞི་བ་ཆུ་སྲིན་གདོང་ཅན་དམར་མོ་རིན་ཆེན་དང་བུམ་པ་འཛིན་པ་དང་། ཉི་མའི་ཆུང་མ་བདུད་རྩི་སྡིག་པའི་མགོ་ཅན་དམར་མོ་རིན་ཆེན་དང་པདྨ་འཛིན་པ་དང་། བདུད་གསོད་བྱེད་ཀྱི་ཆུང་མ་གསོད་བྱེད་མོ་ཟླ་བ་ཁྲ་གདོང་ཅན་དཀར་མོ་རིན་ཆེན་དང་རྡོ་རྗེ་འཛིན་པ་དང་། བེ་ཅོན་གྱི་ཆུང་མ་བེ་ཅོན་ཝ་གདོང་ཅན་ལྗང་མོ་རིན་ཆེན་དང་དབྱུག་ཏོ་འཛིན་པ་དང་། སྲིན་པོ་ལང་ཀ་མགྲིན་བཅུའི་ཆུང་མ་སྲིན་མོ་སྟག་གདོང་མ་དམར་མོའམ་ནག་མོ་རིན་ཆེན་དང་ཐོད་ཁྲག་འཛིན་པ་དང་། སྲིན་པོའི་བུ་ད་ཤ་གྲཱྀ་ཝ་སྟེ་མགྲིན་བཅུའི་ཆུང་མ་ར་མགོ་དམར་སེར་རམ་སྒོ་མ་ར་གདོང་མ་སེར་མོ་རིན་ཆེན་དང་ཞགས་པ་འཛིན་པ་དང་བཅས་བདུན་པོ་གནས་པར་གསུངས་ཏེ། ལས་བྱང་ཚོར་གྲོལ་ལས། ལྷོ་རུ་རྒྱས་པའི་ལས་མཛད་བདུན༔ རྡོ་རྗེ་ཕ་ཝང་སྤུ་གྲི་སེར༔ ཞི་བ་ཆུ་སྲིན་བུམ་པ་དམར༔ བདུད་རྩི་སྡིག་གདོང་པདྨ་དམར༔ ཟླ་བ་ཁྲ་མགོ་རྡོ་རྗེ་དཀར༔ བེ་ཅོན་ཝ་གདོང་དབྱུག་ཏོ་ལྗང་༔ སྲིན་མོ་སྟག་ཐོད་ཁྲག་དམར༔ ཞེས་དང་། དཀྱིལ་འཁོར་ཕྱི་རིམ་ལྷོ་སྒོ་རུ༔ རྡོ་རྗེ་ར་གདོང་ཞགས་པ་སེར༔ ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རྡོ་རྗེ་སེར་མོ་ཙནྡན་འཐུང་། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུཎྜ་རཱི། །བེ་ཅོན་ལྗང་གནག་དབྱུག་ཏོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང་། །ཞེས་དང་། རྡོ་རྗེ་སེར་མོ་ར་མགོ་ཞགས། །ཞེས་གསུངས་པའི་ཕྱིར། ཡང་ལས་བཞི་དང་དཀྱིལ་འཁོར་གྱི་ཕྱོགས་མདོག་གི་དབང་གིས་དང་། ལྷོ་སྐྱོང་གི་མ་མོ་ཡིན་པའི་དབང་གིས་ལྷོ་ཕྱོགས་ཀྱི་དབང་མོ་བདུན་པོའི་སྐུ་མདོག་གི་ཆ་ལ་དཀྱིལ་འཁོར་ལྷོ་སེར་གྱི་ཆ་སེར་པོ་དང་ཐམས་ཅད་ཀྱི་ཕྱག་ན་རིན་ཆེན་རིགས་ཀྱི་མཁའ་འགྲོའི་ཕྱག་མཚན་རིན་པོ་ཆེ་ཡོད་པ་དང་། སེར་མོ་ཞེས་བརྗོད་པ་ཡང་ཡིན་ཏེ། ལས་བྱང་ཚོར་གྲོལ་ལས། སེར་མོ་སྐུ་གསུམ་རྒྱས་པའི་ལས་མཛད་བདུན༔ ཞེས་དང་། ཞི་ཁྲོའི་བསྐང་བཤགས་ལས། སེར་མོ་མ་བདུན་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར། ཐམས་ཅད་ཀྱི་སྐུ་མདོག་ལ་སེར་པོའི་ཆ་ཡོད་པ་དང་། ཕྱག་ན་རིན་པོ་ཆེ་ཡོད་པ་ཡང་བརྒྱ་ཕྱག་ལྟར་རོ།།

ཞི་ཁྲོའི་དཀྱིལ་འཁོར་གྱི་ནུབ་ཀྱི་མུ་རན་དུ་སྒྲུབ་པ་པོ་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་དང་། ལྷ་ཀླུ་མི་ཡི་ལོངས་སྤྱོད་མངའ་ཐང་སོགས་དབང་དུ་འདུ་བར་བྱེད་པའི་ལས་ལ་དབང་བའི་དབང་ཕྱུག་མ་ལ་ལྷ་ཆེན་མ་ཧཱ་ཀཱ་ལའི་ཆུང་མ་ཟ་བ་མོ་བྱ་རྒོད་ཀྱི་མགོ་ཅན་ལྗང་མོ་པདྨ་དང་བེ་ཅོན་ཐོགས་པ་དང་། དགའ་བྱེད་དབང་ཕྱུག་སྟེ་ནོར་སྦྱིན་པས་དགའ་བར་བྱེད་པ་རྣམ་ཐོས་སྲས་ཀྱི་ཆུང་མ་དགའ་བ་མོ་རྟ་གདོང་ཅན་དམར་མོ་པདྨ་དང་བམ་རོའི་ཁོག་ཆེན་འཛིན་པ་དང་། ལྷ་སྟོབས་བཟང་གི་ཆུང་མ་ར་རོ་ཁྲག་འཐུང་མྱོས་མའམ་སྟོབས་ཆེན་ཁྱུང་གདོང་ཅན་དཀར་མོ་པདྨ་དང་དབྱུག་ཏོ་འཛིན་པ་དང་། དབང་ཕྱུག་གི་བུ་བྷྲཾ་གི་རི་ཏིའི་ཆུང་མ་གཅིག་པུར་སྤྱོད་མའམ་སྲིན་མོ་ཁྱི་གདོང་ཅན་དམར་མོ་པདྨ་དང་རྡོ་རྗེ་འཛིན་པ་དང་། འདོད་ལྷ་ཀ་མ་དེ་ཝའི་ཆུང་མ་ཡིད་འཕྲོག་མའམ་དཔལ་མོ་འདོད་པ་པུ་ཤུད་ཀྱི་མགོ་ཅན་དམར་མོ་པདྨ་དང་མདའ་གཞུ་འགེངས་པ་དང་། ནོར་སྲུང་གི་ཆུང་མ་གྲུབ་མོའམ་ནོར་སྲུང་ཤ་བའི་གདོང་ཅན་མ་ལྗང་གུ་པདྨ་དང་བུམ་པ་འཛིན་པ་དང་། སྲིན་པོའི་བུ་སུམ་པ་ཀ་ར་བུམ་སྣའི་ཆུང་མ་བུམ་སྣ་སྔོ་ནག་མའམ་སྒོ་མ་སེང་གདོང་མ་དམར་མོ་ལྕགས་སྒྲོག་འཛིན་པ་དང་བཅས་བདུན་པོ་གནས་པར་གསུངས་ཏེ། ལས་བྱང་ཚོར་གྲོལ་ལས། ནུབ་ཏུ་དབང་གི་ལས་མཛད་བདུན༔ ཟ་བ་བྱ་རྒོད་བེ་ཅོན་ལྗང༔ དགའ་བ་རྟ་གདོང་ཁོག་ཆེན་དམར༔ སྟོབས་ཆེན་ཁྱུང་གདོང་དབྱུག་ཏོ་དཀར༔ སྲིན་མོ་ཁྱི་གདོང་རྡོ་རྗེ་དམར༔ འདོད་པ་པུ་ཤུད་མདའ་འགེངས་དམར༔ ནོར་སྲུང་ཤ་མགོ་བུམ་པ་ལྗང་༔ ཞེས་དང་། དཀྱིལ་འཁོར་ཕྱི་རིམ་ནུབ་སྒོ་རུ༔ རྡོ་རྗེ་སེང་གདོང་ལྕགས་སྒྲོག་དམར༔ ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཆང་། །སྟོབས་ཆེན་དཀར་མོ་གཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །འདོད་པ་དམར་མོ་མདའ་གཞུ་འཛིན། །ནོར་སྲུང་དཀར་མོ་བུམ་པ་འཛིན། །ཞེས་དང་། རྡོ་རྗེ་དམར་མོ་ལྕགས་སྒྲོག་སྡོམ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ལས་བཞི་དང་དཀྱིལ་འཁོར་གྱི་ཕྱོགས་མདོག་གི་དབང་གིས་དང་། ནུབ་སྐྱོང་གི་མ་མོ་ཡིན་པའི་དབང་གིས་ནུབ་ཕྱོགས་ཀྱི་དབང་མོ་བདུན་པོའི་སྐུ་མདོག་གི་ཆ་ལ་དམར་པོ་དང་ཐམས་ཅད་ཀྱི་ཕྱག་ན་ནུབ་པདྨ་རིགས་ཀྱི་མཁའ་འགྲོའི་ཕྱག་མཚན་པདྨ་ཡོད་པས་ཀྱང་དམར་མོ་ཞེས་བརྗོད་པ་ཡིན་ཏེ། ལས་བྱང་ཚོར་གྲོལ་ལས། དམར་མོ་མཆོག་དང་ཐུན་མོང་དབང་སྡུད་བདུན༔ ཞེས་དང་། ཞི་ཁྲོའི་བསྐང་བཤགས་ལས། དམར་མོ་མ་བདུན་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར། དོན་དེ་ཡང་བརྒྱ་ཕྱག་ལྟར་རོ།།

དེ་བཞིན་དུ་ཞི་ཁྲོའི་དཀྱིལ་འཁོར་གྱི་བྱང་གི་མུ་རན་དུ་སྒྲུབ་པ་པོ་ལ་གཞུག་པ་དང་། སྐྲོད་པ་དང་། བྱེར་བ་དང་། གནོན་པ་དང་། རྡུང་པ་དང་། སྣུན་པ་དང་། གཟིར་བ་དང་། འཕྲོག་པ་དང་། རྡུལ་དུ་བརླག་པ་ལ་སོགས་པ་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱི་དངོས་གྲུབ་སྩོལ་བ་ལ་དབང་བའི་དབང་ཕྱུག་མ་ལ་རླུང་ལྷའི་ཆུང་མ་རླུང་མོའམ་རླུང་ལྷ་སྤྱང་ཀིའི་གདོང་ཅན་ལྗང་མོ་རྒྱ་གྲམ་དང་རང་རྟགས་བ་དན་འཕྱར་བ་དང་། མེ་ལྷའི་ཆུང་མ་མེ་མོ་སྐྱིན་གྱི་གདོང་ཅན་དམར་མོ་རྒྱ་གྲམ་དང་གསལ་ཤིང་འཛིན་པ་དང་། ས་བདག་ཕག་ཆེན་གྱི་ཆུང་མ་ཕག་མོ་ཕག་གདོང་ཅན་ནག་མོ་རྒྱ་གྲམ་དང་མཆེ་བའི་ཞགས་པ་འཛིན་པ་དང་། གཤིན་རྗེའི་ཆུང་མ་རྒན་བྱེད་མོའམ་རྡོ་རྗེ་ཁྭ་གདོང་ཅན་དམར་མོ་རྒྱ་གྲམ་དང་ཞིང་ཆུང་འཛིན་པ་དང་། ཚོགས་བདག་གླང་སྣའི་ཆུང་མ་སྣ་ཆེན་མོ་གླང་ཆེན་གྱི་གདོང་ཅན་ལྗང་མོ་རྒྱ་གྲམ་དང་བམ་ཆེན་འཛིན་པ་དང་། ཆུ་ལྷའི་ཆུང་མ་ཆུ་ལྷ་མོ་སྦྲུལ་གདོང་ཅན་ལྗང་མོ་རྒྱ་གྲམ་དང་སྦྲུལ་ཞགས་འཛིན་པ་དང་། སྲིན་པོའི་བུ་ར་མན་ཏ་འབོད་སྒྲོག་གམ་གསུས་པོ་ཆེ་ཡི་ཆུང་མ་གསུས་འཛིན་སེར་ནག་མའམ་སྒོ་མ་རྡོ་རྗེ་སྦྲུལ་གདོང་མ་ལྗང་གུ་དྲིལ་བུ་འཛིན་པ་དང་བཅས་བདུན་པོ་གནས་པར་གསུངས་ཏེ། ལས་བྱང་ཚོར་གྲོལ་ལས། བྱང་ནས་དྲག་པོའི་ལས་མཛད་བདུན༔ རླུང་ལྷ་སྤྱང་གདོང་བ་དན་ལྗང་༔ མེ་མོ་སྐྱིན་གདོང་གསལ་ཤིང་དམར༔ ཕག་མོ་ཕག་གདོང་མཆེ་ཞགས་ནག༔ རྡོ་རྗེ་ཁྭ་གདོང་ཞིང་ཆུང་དམར༔ སྣ་ཆེན་གླང་ཆེན་བམ་ཆེན་ལྗང་༔ ཆུ་ལྷ་སྦྲུལ་གདོང་སྦྲུལ་ཞགས་ལྗང་༔ ཞེས་དང་། དཀྱིལ་འཁོར་ཕྱི་རིམ་བྱང་སྒོ་རུ༔ རྡོ་རྗེ་སྦྲུལ་གདོང་དྲིལ་བུ་ལྗང་༔ ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དཀར་མོ་རལ་གྲིའི་སོ། །མེ་མོ་དམར་མོ་གསལ་ཤིང་འཆང་། །ཕག་མོ་ནག་མོ་མཆེ་ཞགས་ཅན། །རྒན་བྱད་དམར་མོ་ཞིང་ཆུང་ཟ། །སྣ་ཚོགས་དཀར་མོ་ཐོད་ཁྲག་འཐུང་། །ཆུ་ལྷ་དམར་སེར་སྦྲུལ་ཞགས་འཛིན། །ཞེས་དང་། རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་འགྱིང་། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ལས་བཞི་དང་དཀྱིལ་འཁོར་གྱི་ཕྱོགས་མདོག་གི་དབང་གིས་དང་། བྱང་སྐྱོང་གི་མ་མོ་ཡིན་པའི་དབང་གིས་བྱང་ཕྱོགས་ཀྱི་དབང་མོ་བདུན་པོའི་སྐུ་མདོག་གི་ཆ་ལ་ལྗང་གུ་དང་ཐམས་ཅད་ཀྱི་ཕྱག་ན་བྱང་ཕྱོགས་ལས་ཀྱི་རིགས་ཀྱི་མཁའ་འགྲོའི་ཕྱག་ཚན་རྡོ་རྗེ་རྒྱ་གྲམ་ཡོད་པས་ཀྱང་ལྗང་མོ་ཞེས་བརྗོད་པ་ཡིན་ཏེ། ལས་བྱང་ལས། ལྗང་གུ་དྲག་པོའི་འཕྲིན་ལས་སྒྲུབ་མཛད་བདུན༔ ཞེས་དང་། ཞི་ཁྲོའི་བསྐང་བཤགས་ལས། ལྗང་དག་མ་བདུན་ཐུགས་དམ་བསྐང་༔ ཞེས་གསུངས་པའི་ཕྱིར། དེ་ཡང་བརྒྱ་ཕྱག་ལྟར་རོ།།

དེ་ལྟར་ཕྱི་སྲིན་མོ་ཉེར་བརྒྱད་འདུལ་བའི་ཡེ་ཤེས་སྤྲུལ་པའི་མཁའ་འགྲོ་དབང་ཕྱུག་མ་ཉེར་བརྒྱད་དང་། ནང་ལྟར་ན་ཧེ་རུ་ཀ་སྙིང་རོལ་ལས། སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། བ་སྤུ་ཉག་མ་རེ་རེ་སྤྲུལ་པའི་ཕྲ་མེན་མ་དང་ཕོ་ཉ། ཡན་ལག་སྒོ་བ་བཞི། སྤྲུལ་པ་ཐུགས་ཀྱི་རྒྱན་ཏེ། སྔགས་མ་ཧཱ་ཡོ་གའོ། །ཞེས་གསུངས་པ་ལྟར་སྒལ་ཚིགས་ཉེར་བརྒྱད་ཀྱི་རང་བཞིན་རྣམ་པར་དག་པ་བདེ་སྟོང་དོན་དམ་པའི་ཡེ་ཤེས་ཀྱི་ཆ་ལ་དབང་མོ་ཉེར་བརྒྱད་དུ་བཏགས་པ་ཙམ་དུ་གནས་སོ།།

དེ་ལྟར་ཞི་རྒྱས་དབང་དང་མངོན་སྤྱོད་ཀྱི་ལས་བྱེད་པ་ལ་དབང་ཐོབ་པའི་སྒོ་ནས་སྒྲུབ་པ་པོས་ལས་དགེ༷་བ་ནི་གང་དང༷་མི༷་དགེ༷་བ་ནི་གང་ཞེས་དགེ་མི་དགེ་གཉིས༷་ཀྱི༷་གང་བྱ་བཞིན་ཡོད་དཔྱད་དེ་ལེགས་པ་དང་ཉེས་པའི་སྟང༷ས་སམ་མཚམས་འཛི༷ན་མཁན་མ་རུ་གྱུར་པ༷་ཡི་མ༷་མོའི་ཚོ༷གས་དབ༷ང་ཕྱུག༷་མ་ཉི་ཤུ་རྩ་བརྒྱད་པོ་རྣམས་ཀྱི་ཐུག༷ས་དང༷་ཅི༷་འག༷ལ་བ༷འི་ཉེས་ལྟུང་གི་དངོས་པོ་རྣམས་འགྱོད་པ་ཆེན་པོས་སྒྲུབ་པ་པོ་ལ་མ༷་དང་སྲིང༷་མོ་ལྟ་བུ་སྙིང་བརྩེ་ཞིང་དུས་རྟག་ཏུ་བྱ་ར་མཛད་པའི་དབང་ཕྱུག་མ་མ་མོ་དང་། སྲིན་མོ་དང་། ཕྲ་མེན་མ་དང་། ཤ་ཟ་མོ་ལ་སོགས་པའི་འཁོར་ཚོགས་རྒྱ༷་མཚོ༷་ལྟ་བུ་རྒྱ་ཆེ་བ་དང་བཅས་པའི་ཚོགས་རྣམ༷ས་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

དབང་ཕྱུག་མ་ཉེར་བརྒྱད་ཀྱི་ངོས་འཛིན་དང་མགོ་བརྙན་དང་། སྐུ་མདོག་དང་། ཕྱག་མཚན་རྣམས་ནི་རྒྱུད་རྣམས་སུ་མི་མཐུན་པ་མཐའ་ཡས་པ་ཤིག་མཆིས་ལ། འདིར་ཞི་ཁྲོ་རང་གཞུང་ལྟར་བྱས་ཤིང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུང་རྒྱབ་རྟེན་ལྟ་བུར་དྲངས་མོད་སྒྱུ་དྲྭ་འདིར་ཡང་མི་འདྲ་བ་ཡོད་པ་རྣམས་ཡིག་ཚོགས་སྐྱུང་ཕྱིར་གསལ་བཤད་མ་བགྱིས། ཞི་ཁྲོ་འདི་ཉིད་གཞི་བཟུང་སྟེ་རྡོར་སེམས་སྒྱུ་དྲྭའི་ལུང་རིམ་འདེད་བགྱིས་ཚེ་ལྷོ་ཡི་མ་བདུན་གྱི་ཐད་ལ་སྒོ་མ་ཕུད་པས་ལྔ་ལས་དྲུག་མེད་པར། ཟླ་བ་དཀར་མོ་པུཎྜ་རཱི། །ཞེས་པ་ཟླ་བ་ཁྲ་མགོ་ཡིན་པའི་དབང་དུ་བཏང་ན་ཞི་བ་ཆུ་སྲིན་གདོང་ཅན་མི་འདུག་ལ། ཟླ་བ་དཀར་མོ་པུཎྜ་རཱི། །ཞེས་པ་དེ་ཉིད་ཟླ་བའི་ཆུང་མ་ཞི་བ་མོ་ཡིན་པའི་དབང་དུ་བཏང་ན་ཟླ་བ་ཁྲ་མགོ་མི་འདུག་ཅིང་། འོག་ཏུ་བྱང་གི་མ་བདུན་གྱི་སྐབས་སུ། གསོད་བྱེད་དཀར་མོ་རལ་གྲིའི་སོ། །ཞེས་པའི་མ་བདུན་ལས་ལྷག་པོ་ཞིག་བྱུང་བ་དེ་ལྷོ་རུ་འཛུད་པར་བྱས་ན་ལྷོ་ལ་བདུན་ཚང་ཞིང་དབང་ཕྱུག་མ་ཉེར་བརྒྱད་དེ་ཁྲིགས་སེར་འོང་བས་གསོད་བྱེད་མོ་དེ་ཟླ་བ་ཁྲ་མགོ་ཡིན་ཤག་བགྱིས་ཏེ་ལྷོ་རུ་བཀོད་ཡོད་དོ།།

གཡག་ཟེ་པདྨ་དབང་ཕྱུག་གི་ཞི་ཁྲོའི་ལས་བྱང་འགྲེལ་བ་ཀུན་བཟང་དགོངས་རྒྱན་ལས། ཟླ་བའི་སྲིང་མོའི་ཚུལ། སྲིད་གསུམ་དབྱིངས་སུ་སྒྲོལ་བའི་ཁྲ་མགོ་ཅན། ཞེས་ཟླ་བ་ཁྲ་མགོ་མ་ཟླ་བའི་སྲིང་མོ་དང་། ཞི་བ་ཆུ་སྲིན་མགོ་ཟླ་བའི་ཆུང་མ་ཡིན་པར་བགྱིས་འདུག་ལ། གཞན་དུ་ཟླ་བའི་སྲིང་མོ་ཟེར་བ་མ་མཐོང་ངོ་།།

རྡོ་སེམས་སྒྱུ་དྲྭ་དང་མཐུན་པར་གསང་སྙིང་དང་། གསང་བ་སྙིང་པོའི་རྒྱུད་སྒྱུ་འཕྲུལ་བླ་མ་རྣམས་ཞལ་མཐུན་པར་ཞི་ཁྲོ་ལྟར་གྱི་ནུབ་ཀྱི་དབང་ཕྱུག་མའི་ཐོག་མ་ཟ་བ་བྱ་རྒོད་མགོ་དེ་ལྷོའི་དབང་ཕྱུག་མར་བྱས་ཏེ་ཡར་བསྣན་ནས་ལྷོར་དྲུག་དང་། ལྷག་མ་ནུབ་ཀྱི་ལྔའི་སྟེང་དུ་ཞི་ཁྲོ་ལྟར་གྱི་བྱང་གི་རླུང་ལྷ་སྤྱང་གདོང་མ་བསྣན་ནས་དྲུག་བྱས་པ་དང་། བྱང་དུ་གསོད་བྱེད་མོ་ལྷག་པོར་ཡོད་པས་དྲུག་ཏུ་བྱས་ཡོད་པ་རྒྱུད་རྣམས་རང་གཞུང་དུ་གསལ་ལ། གསང་བདག་དགོངས་རྒྱན་སོགས་གསང་བ་སྙིང་པོའི་འགྲེལ་བ་རྣམས་སུ་ཡང་དེ་ཇི་ལྟ་བ་བཞིན་དུ་བྱས་འདུག་གོ།

གཞུང་དེ་གསུམ་ལྟར་གཡག་གདོང་མ་ནས་རིམ་དེད་བགྱིས་ན་ཞི་ཁྲོའི་ལུགས་འདིར་ཤར་ལྷོ་ནུབ་བྱང་གི་དབང་ཕྱུག་མའི་ཕྱོགས་འཆོལ་བས་གོང་ལྟར་གསོད་བྱེད་མོ་ལྷོར་བཀོད་པ་ལྟར་བྱས་ན་ལེགས་སྙམ་པས་དཔྱད་དོ།།

ཞི་ཁྲོའི་འཛབ་བཟླས་ཚངས་པའི་སྒྲ་དབྱངས་འཁོར་འདས་རང་གྲོལ་དང་། བསྐྱེད་རིམ་ལྷན་ཐབས་འཛབ་དགོངས་གྲགས་སྟོང་ཚངས་དབྱངས་བཟླས་ཚད་རང་གྲོལ་ཟེར་བ་སོགས་འཛབ་ཀྱི་སྐབས་ལས་ནི་དབང་ཕྱུག་མ་ཉེར་བརྒྱད་ཀྱི་སྙིང་པོའི་སྔགས་ལེགས་སྦྱར་དག་ནི་གསང་སྙིང་སོགས་ཀྱི་གོ་རིམ་ལྟར་འདུག་པ་ལས་ཞི་ཁྲོའི་དཀྱུས་ལུགས་དང་མི་མཐུན་པ་ནི་ཅུང་མཚར་རོ།།

འཕྲད་ཚད་རང་གྲོལ་སྤྲོས་བཅས་བུམ་དབང་ཆེན་མོ་ལས་ནི་དབང་ཕྱུག་ཉེར་བརྒྱད་ཞི་ཁྲོའི་ལས་བྱང་དང་བརྒྱ་ཕྱག་རྣམས་དང་ཆེར་མི་མཐུན་ཞིང་། དྲེད་གདོང་དང་། དོམ་མགོ་དང་། ཕ་ཝང་མགོ་དང་། ཁྭ་གདོང་ཅན་དང་། ཁུ་བྱུག་མགོ་དང་། སྒོ་མ་སྦྲུལ་གདོང་མ་བཅས་མེད་ལ། དེ་དག་གི་ཚབ་ཏུ་ཁྱུང་མགོ་གཉིས་དང་། ཁྲ་མགོ་གཉིས་དང་། ཝ་མགོ་གཉིས་དང་། བ་ལང་གདོང་ཅན་དང་། འུག་པའི་གདོང་ཅན་དང་། ཀང་ཀའི་མགོ་ཅན་བཅས་བཤད་པ་དང་གོ་རིམ་ཡང་ཇི་བཞིན་སྒྲིག་མི་བཏུབ་པ་ཞིག་ཏུ་བགྱིས་འདུག་པས་དཔྱད་པར་བྱའོ།།

ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་ལས། གཡག་ཆེན་མགོ་ཡིས་ཞལ་གདངས་ཤིང་། །སྒྲ་དང་བཅས་པས་བཀའ་བཞིན་བྱེད། །ཅེས་པ་ནས། ལྗང་ནག་གསུས་འཛིན་ཆགས་པས་འགྱིང་། །ཞེས་པའི་བར་དུ། དམར་སེར་མི་སྲིན་གཡག་ཆེན་མགོ་དང་། དམར་སྐྱ་ཚངས་མ་སྦྲུལ་ཆེན་མགོ་དང་། སེར་སྐྱ་ཁྲོ་མོ་གཟིག་ཆེན་མགོ་དང་། དཀར་དམར་བྱ་བང་མགོ་དང་། སེར་ནག་གཞོན་ནུ་ཕ་ཝང་མགོ་དང་། དམར་སེར་དབང་པོ་དྲེད་ཆེན་མགོ་དང་། དམར་མོ་འཕྲོག་ཆེན་དོམ་ཆེན་མགོ་དང་། སྔོ་ནག་བདུད་རྩི་ཆུ་སྲིན་མགོ་དང་། སྔོ་སྐྱ་ཞི་བ་སྡིག་ཆེན་མགོ་དང་། ནག་མོ་བེ་ཅོན་ཁྲ་ཆེན་མགོ་དང་། སེར་ནག་ཁྲོ་མོ་ཝ་ཆེན་མགོ་དང་། མཐིང་ནག་ཟ་བྱེད་སྟག་ཆེན་མགོ་དང་། དམར་མོ་ཁྲག་འཐུང་རྒོད་ཆེན་མགོ་དང་། དམར་མོ་ཁྲག་འཐུང་རྟ་ཆེན་མགོ་དང་། དཀར་དམར་བྱི་ཆེན་མགོ་དང་། དམར་ནག་སྤྱང་ཆེན་མགོ་དང་། དཀར་དམར་པུ་ཤུད་མགོ་དང་། ལྗང་སེར་ཀླུ་མོ་ཤ་ཆེན་མགོ་དང་། དམར་ནག་གསོད་ཆེན་སྤང་ཏིའི་མགོ་དང་། ལྗང་དམར་མེ་མོ་སྐྱིན་ཆེན་མགོ་དང་། ལྗང་སེར་ཕག་མོ་ཕག་ཆེན་མགོ་དང་། ལྗང་ནག་སྣ་ཆད་རྔ་ཆེན་མགོ་དང་། སྔོ་སྐྱ་ཆུ་མོ་བྱ་རོག་མགོ་དང་། དམར་སྐྱ་རྒན་མོ་སྐེག་ཆེན་མགོ་དང་། ནག་མོ་ཁུ་བྱུག་མགོ་དང་། སྔོན་མོ་ར་ཆེན་མགོ་དང་། དམར་མོ་བུམ་སྣ་སྤྲེལ་ཆེན་མགོ་དང་། ལྗང་ནག་གསུས་འཛིན་སྤྱང་ཆེན་མགོ་བཅས་ཉེར་བརྒྱད་བཤད་པ་དང་། ཧེ་རུ་ཀ་སྙིང་རོལ་ལས། ལས་གྲུབ་པ་དབང་ཕྱུག་མ་བྱོ་མིའི་སྲིན་མོ་དམར་སེར་ཤིང་ཆེན་ཏྲི་ཤུལ་གཡག་མགོ་མ། ཞེས་སོགས་ནས། གསུས་འཛིན་སེར་མོ་བདུད་རྩི་དྲིལ་ཆེན་གཟིག་གི་མགོ། ཞེས་པའི་བར་གྱིས། སྲིན་མོ་དམར་སེར་གཡག་མགོ་མ་དང་། ཚངས་པ་དམར་སྐྱ་སྦྲུལ་མགོ་མ་དང་། སྙིང་འདྲེན་གཟིག་མགོ་མ་དང་། ཁྱབ་འཇུག་སྲེ་མོང་མགོ་དང་། རྡོ་རྗེ་ཕ་ཝང་མགོ་དང་། ཁྲོ་ཆེན་དྲེད་མགོ་མ་དང་། དམར་མོ་དོམ་མགོ་མ་དང་། བདུད་རྩི་སྔོན་མོ་ཆུ་སྲིན་མགོ་དང་། ཞི་བ་སྔོ་སྐྱ་སྟག་མགོ་མ་དང་། བེ་ཅོན་ནག་མོ་ཁྲ་མགོ་མ་དང་། སྲིན་མོ་ནག་མོ་ཝ་མགོ་མ་དང་། ཟ་བྱེད་ནག་མོ་སྟག་མགོ་མ་དང་། དགའ་བྱེད་ནག་མོ་བྱ་རྒོད་མགོ་དང་། ཁྲག་འཐུང་དམར་མོ་རྟ་མགོ་མ་དང་། གཅིག་པུ་དཀར་དམར་མཁའ་ལྡིང་མགོ་དང་། ཡིད་འཕྲོག་དམར་སེར་ཁྱི་མགོ་མ་དང་། གྲུབ་མ་དཀར་དམར་པུ་ཤུད་མགོ་དང་། རླུང་མོ་རྡོ་རྗེ་ཤ་བའི་མགོ་དང་། གསོད་བྱེད་སྐྱ་ལྗང་སྐེ་ཀའི་མགོ་དང་། མེ་མོ་དམར་སེར་སྐྱིན་མགོ་མ་དང་། ཕག་མོ་ལྗང་ནག་ཕག་མགོ་མ་དང་། བདུད་རྩི་ཁྲག་འཐུང་ཁྲ་ཡི་མགོ་དང་། སྣ་ཆེན་ལྗང་ནག་བ་ལང་མགོ་དང་། གྲུབ་མོ་ལྗང་སེར་སྦྲུལ་མགོ་མ་དང་། ཕག་མོ་རྡོ་རྗེ་ཁུ་བྱུག་མགོ་དང་། ར་ནི་སེར་མོ་ར་མགོ་མ་དང་། བུམ་ལྷ་དམར་མོ་སེང་གེའི་མགོ་དང་། གསུས་འཛིན་སེར་མོ་གཟིག་མགོ་མ་བཅས་ཉེར་བརྒྱད་བཤད་པའི་གཞུང་དེ་གཉིས་ཀྱི་གོ་རིམ་ལྟར་ཕྱོགས་བཞིའི་མ་མོ་སོ་སོར་ཕྱེས་ན་གོང་གི་གཞུང་དག་དང་ཞི་ཁྲོའི་གཞུང་དང་བཅས་པའི་གོ་རིམ་འཆོལ་ནས་བལ་བ་ཛ་ལྟར་འགྲོའོ།།

ནག་མོ་ཆེན་མོ་ནས་གསུས་འཛིན་སེར་ནག་བར་གྱི་བཞི་ནི་སྒོ་མ་བཞི་ཡིན་ཞིང་། གསང་སྙིང་དང་། གསང་སྙིང་སྒྱུ་འཕྲུལ་བླ་མ་དང་། ལྷ་མོ་སྒྱུ་དྲྭ་དང་། རྡོ་སེམས་སྒྱུ་དྲྭ་དང་། ཧེ་རུ་ཀ་སྙིང་རོལ་སོགས་ཕལ་ཆེར་འདྲ་ནའང་དེ་དག་ཞི་ཁྲོའི་རང་གཞུང་དང་བསྡུར་ན་ཁུ་བྱུག་ནག་པོ་དང་དཀར་པོའི་ཁྱད་པར་དང་། ནུབ་ཀྱི་སྒོ་མ་སེང་གེ་དང་སྤྲེལ་གྱི་ཁྱད་པར་དང་། གསུས་འཛིན་ཟེར་བ་སྦྲུལ་མགོ་མིན་པ་སོགས་མི་མཐུན་པའི་ཁྱད་པར་མང་ངོ་།།

ཧཱུྃ་མཛད་ཆེན་པོའི་རྒྱུད་ལས། ཁྱབ་འཇུག་ཟེར་མོ་མགོ་ཅན་བྷྱོ། །ཞེས་ཟེར་མོའི་མགོ་ཅན་ཞིག་དང་། སྨུག་ནག་སྟག་གདོང་ལྕགས་ཀྱུ་མ་བྷྱོ། །ཞེས་དང་། ཟ་བྱེད་སྟག་གི་མགོ་ཅན་བྷྱོ། །ཞེས་སྟག་མགོ་ཅན་གཉིས་བཤད་པ་དང་། ཕུར་བའི་རྒྱུད་འགའ་སོགས་རྒྱུད་དུ་མར་མི་འདྲ་བ་མཐའ་ཡས་པས་ཐམས་ཅད་དགོངས་པ་གཅིག་ཏུ་བསྒྲུབ་པ་ནི་འཕགས་པས་ཀྱང་དཀའོ།།

དེ་བཞིན་དུ་དྲི་མེད་བཤགས་པའི་རྒྱུད་ཞི་ཁྲོ་འདིའི་རྒྱུད་ཁུངས་ཡིན་པར་གསུངས་པས་དེ་དང་མཐུན་དགོས་རྒྱུ་ཡིན་པ་ལ། དེ་ཡང་ཞི་ཁྲོའི་ལས་བྱང་དང་བསྡུར་ན་གཏན་ནས་མི་མཐུན་པ་ནི། དེ་ཉིད་ལས། རྣལ་འབྱོར་དམར་ནག་ཏྲི་ཤཱུལ་འཛིན། །གཡག་མགོ་ཅན་ལ་ཕྱག་འཚལ་ལོ། །ཞེས་གཡག་གདོང་མ་ཞི་ཁྲོ་ལྟར་སྨུག་ནག་མིན་པར་དམར་ནག་དང་། ཕྱག་མཚན་རྡོ་རྗེ་མིན་པར་ཏྲི་ཤུལ་དུ་བཤད་པ་དང་། རྣལ་འབྱོར་དམར་སེར་རྩེ་ལྔ་འཛིན། །སྦྲུལ་མགོ་ཅན་ལ་ཕྱག་འཚལ་ལོ། །ཞེས་ཚངས་པ་སྦྲུལ་གདོང་མ་ཕྱག་མཚན་པདྨ་འཛིན་པ་ཅན་མིན་པར་རྩེ་ལྔ་འཛིན་པ་ཅན་དང་། རྣལ་འབྱོར་སེར་ནག་དབྱུག་སྡིག་འཛིན། །གཟིག་མགོ་ཅན་ལ་ཕྱག་འཚལ་ལོ། །ཞེས་ལྷ་ཆེན་གཟིག་མགོ་མ་ལྗང་གུ་མིན་པར་སེར་ནག་དང་། ཕྱག་མཚན་ཏྲི་ཤུལ་མིན་པར་དབྱུག་སྡིག་ཅེས་པ་འཛིན་པ་ཅན་དང་། རྣལ་འབྱོར་དཀར་དམར་དུང་དམར་འཛིན། །སྲེ་མོའི་མགོ་ལ་ཕྱག་འཚལ་ལོ། །ཞེས་གཏོགས་འདོད་སྲེ་མོང་མགོ་ཅན་མ་སྐུ་མདོག་སྔོན་པོ་མིན་པར་དཀར་དམར་དང་ཕྱག་མཚན་འཁོར་ལོ་མིན་པར་དུང་དམར་འཛིན་པ་དང་། རྣལ་འབྱོར་སེར་མོ་འཁོར་ལོ་འཛིན། །ཕ་ཝང་མགོ་ལ་ཕྱག་འཚལ་ལོ། །ཞེས་ཞི་ཁྲོ་ལྟར་གྱི་ལྷོའི་ཕ་ཝང་མགོ་ཡར་ཤར་དུ་བཙུད་ནས་དེ་ཕྱག་མཚན་སྤུ་གྲི་ཐོགས་པ་ཅན་མིན་པར་འཁོར་ལོ་འཛིན་པ་ཅན་དང་། རྣལ་འབྱོར་དམར་སྐྱ་བམ་དབྱུག་འཛིན། །དྲེད་མགོ་ཅན་ལ་ཕྱག་འཚལ་ལོ། །ཞེས་གཞོན་ནུ་དྲེད་གདོང་མ་བམ་དབྱུག་འཛིན་པ་ལས་མདུང་ཐུང་ཅན་མིན་པ་དང་། རྣལ་འབྱོར་དམར་མོ་རྒྱུ་ཞགས་འཛིན། །དོམ་མགོ་ཅན་ལ་ཕྱག་འཚལ་ལོ། །ཞེས་བརྒྱ་བྱིན་དོམ་མགོ་མ་དཀར་མོ་མིན་པར་དམར་མོར་བཤད་པ་དང་། དེ་བཞིན་དུ་རྣལ་འབྱོར་སྔོན་མོ་བུམ་པ་འཛིན། །ཆུ་སྲིན་མགོ་ལ་ཕྱག་འཚལ་ལོ། །ཞི་བ་ཆུ་སྲིན་མགོ་ཅན་མ་དམར་མོ་མིན་པར་སྔོན་མོར་བཤད་ལ་སོགས་པ་ནས་བྱང་གི་སྒོ་མ་སྐྱ་ཀའི་མགོ་ཅན་དུ་བཤད་པའི་བར་ལ་ཞི་ཁྲོའི་ལས་བྱང་དང་གཏན་ནས་མི་འདྲ་ཡང་ཡི་གེས་འཇིགས་ནས་མི་སྤྲོ་ལ་གཞུང་དངོས་དང་སྦྱར་ནས་དཔྱད་ན་ཤེས་ནུས་སོ།།

དབང་མོ་ཉེར་བརྒྱད་ཀྱི་ས་བོན་གྱི་སྔགས་བྷྱོ་ཞེས་པ་ནི་བྷ་གི་ནི་ཞེས་པ་སྲིང་མོ་དང་། བྷ་ར་ཡ་ཞེས་པ་ཆུང་མ་ལ་འཇུག་པས་དཔལ་ཆེན་པོའི་ཆུང་མ་དང་རྣལ་འབྱོར་བའི་སྲིང་མོ་ཉེར་བརྒྱད་ཅེས་པ་དེའི་སྐད་དོད་མཚམས་སྦྱར་བས་བྷྱོ་ཞེས་པར་གྱུར་པ་ཡིན་པར་མཁས་པས་གསུངས་ཤིང་། ཧཱུྃ་མཛད་ཆེན་པོའི་རྒྱུད་ལས། མཁའ་འགྲོ་རཀྴ་སི་ལ་སོགས་ཏེ་ཉི་ཤུ་བརྒྱད། །སྐུ་མདོག་ཅིར་ཡང་བྱེད་མ་ངེས། །ཐོད་པ་རྡོ་རྗེ་དབྱུག་པ་འཛིན། །བྷྱོ་བཟློག་བསྒྱུར་བའི་ལས་མཛོད་ཅིག །ཅེས་གསུངས་པ་ལྟར་གྱི་དབང་ཕྱུག་མ་རང་རང་གི་སྔགས་ནི་མ་ནུ་རཀྵ་སི་བྷྱོ་སོགས་ཡིན་པར་བཤད་ལ།

དེ་ཡང་ཨོཾ་ནི་རབ་བསྔགས་དང་། བྷྱོ་ནི་མ་མོ་རྣམས་ཀྱི་སྲོག་སྔགས་སམ་སྙིང་པོ་ཡིན་ལ། མ་ནུ་རཀྵ་སི་ནི་མིའི་སྲིན་མོ་སྟེ་གཡག་གདོང་མ་དང་། པྲ་ཧྨ་ནཱི་ཞེས་པ་ཚངས་པ་མ་དང་། རཻ་ཏྲི་མ་ནི་དྲག་མོའམ་འཁྲུག་མོ་དང་། བྷ་ན་བྷེ་ནི་ཁྱབ་འཇུག་མའམ་འཇུག་སྲེད་མ་དང་། ཀུ་མ་རཱ་ནི་གཞོན་ནུ་མ་དང་། འདི་ལ་ཀེའུ་རཱི་མ་ཞེས་པའང་མཆིས། ཨིནྡྲ་ཡ་ནི་བརྒྱ་བྱིན་མ་སྟེ་ཤར་གྱི་མ་དྲུག་གི་སྙིང་པོ་དང་སྐད་དོད་དོ།།

དེ་བཞིན་བཛྲ་སིངྷ་ཀཱ་ལ་ནི་ཞེས་པ་འཇུག་སྲེད་མོ་དང་། ཨ་མྲྀ་ཏ་ནི་བདུད་རྩི་མོ་དང་། སོའུ་ནི་ཞེས་པ་ཞི་བ་མོ་དང་། ཏ་ན་ཧཾ་ནི་བེ་ཅོན་མོ་དང་། རཀྴ་སི་ནི་སྲིན་མོ་དང་། བཀྴ་སི་ནི་ཟ་བྱེད་མོ་སྟེ་ལྷོ་ཡི་མ་དྲུག་གི་སྙིང་པོ་དང་སྐད་དོད་དོ།།

ར་ཏྲི་མ་ཞེས་པ་དགའ་བ་མོ་དང་། རེ་ཏྲི་རེ་མ་ཏྲི་ནི་ར་རོ་མྱོས་མ་དང་། ཨེ་ཀ་ཙ་ར་མ་ཞེས་པ་གཅིག་པུར་སྤྱོད་མ་དང་། མ་ནུ་ཧ་ར་ཞེས་པ་ཡིད་འཕྲོག་མ་དང་། སི་ཏི་ཀ་མ་གྲུབ་པ་མོ་དང་། བྷ་ཡ་བཱེ་རླུང་ལྷ་མོ་སྟེ་ནུབ་ཀྱི་མ་དྲུག་གི་སྙིང་པོའམ་སྐད་དོད་དོ།།

མ་ཧཱ་མ་ར་ན་ནི་གསོད་བྱེད་ཆེན་མོ་དང་། ཨགྣེ་ཡེ་ནི་མེ་ལྷ་མོ་དང་། དེ་ཡང་མེ་ལྷ་མོ་ཡིན་ཕྱིར། མེ་མོ་སྐྱིན་གྱི་མགོ་ཅན་བྷྱོ། །ཞེས་མེ་མོ་ཟེར་བ་ཡིན་པས་ཡི་གེ་དུ་མར་མི་མོ་ཟེར་བ་ཡོད་པ་ནོར་བ་དང་། བ་ར་ཧཱི་ནི་ཕག་མོ་དང་། ཙ་མུནྟྲི་ནི་དགའ་བྱེད་མ་དང་། བྷུ་ཏ་ན་ཞེས་པ་ཚོགས་བདག་སྣ་ཆེན་མོ་དང་། པཱ་ནི་བཛྲ་ནི་ཆུ་ལྷ་མོ་སྟེ་བྱང་གི་མ་དྲུག་གི་སྙིང་པོ་དང་སྐད་དོད་དོ།།

མ་ཧཱ་ཀ་ལ་ནི་ནག་མོ་ཆེན་མོ་སྟེ་ཤར་གྱི་སྒོ་མ་གཞུང་འདིར་ཁུ་བྱུག་མགོ་ཅན་མ་དང་། ཙ་ཀ་ལ་བཛྲ་ནི་རྡོ་རྗེ་ར་གདོང་མ་སྟེ་ལྷོ་ཡི་སྒོ་མ་དང་། བཛྲ་བུམ་པ་ཀ་ར་ན་ནི་རྡོ་རྗེ་བུམ་སྣ་མ་སྟེ་ནུབ་ཀྱི་སྒོ་མ་དང་། བཛྲ་ལམ་བྷོ་དྷ་ར་ན་ཞེས་པ་རྡོ་རྗེ་གསུས་འཛིན་མ་སྟེ་བྱང་གི་སྒོ་མ་བཅས་དབང་ཕྱུག་མའི་སྒོ་མ་བཞིའི་སྙིང་པོ་དང་སྐད་དོད་ཡིན་ལ། གོ་རིམ་འདི་ནི་གསང་སྙིང་སོགས་ལྟར་བགྱིས་ཤིང་ཞི་ཁྲོའི་འཛབ་གཞུང་ཀུན་ཀྱང་འདི་དང་མཐུན་པར་ཡོད་མོད་དོན་དངོས་ཀྱི་གོ་རིམ་ཕྱོགས་ཀྱི་དབང་ཕྱུག་མ་ངོས་འཛིན་ལྟར་ན་འཛབ་འདི་དག་གི་རིམ་པ་སྨོས་མ་ཐག་པ་ལྟར་ཞི་ཁྲོ་རང་གཞུང་དང་མི་མཐུན་པ་ཡིན་མིན་ལ་ནི་དཔྱད་དུ་ཡོད་དོ། །ཞར་བྱུང་སོང་ངོ་།།

བརྒྱད་པ་ཏིང་འཛིན་གྱི་ཉམས་པའི་བཤགས་པ་ནི། རང་བཞིན་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་དུ༔ ཐུགས་རྗེ་མཉམ་པའི་ངང་ལས་མ་གཡོས་ཀྱང་༔ ཕྲ་མོའི་ཏིང་འཛིན་གསལ་བར་མ་གྱུར་པ༔ ཡོན་ཏན་འཛིན་པ་རྣམས་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། སྤྱིར་ཆོས་ཐམས་ཅད་ཀྱི་ར༷ང་བཞི༷ན་ཀ་དག་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཡེ་ནས་གཉིས་སུ་མེད་པར་ལྷུན༷་གྱིས༷་གྲུབ༷་པ༷འི་དཀྱི༷ལ་འཁོ༷ར་ཆེན་པོ་དེ་ཉིད་དུ༷་ནི་ཐུག༷ས་རྗེ༷་འོད་གསལ་འགགས་པ་མེད་པའི་ཡེ་ཤེས་ཆོས་ཉིད་མཉམ༷་པ༷འི་དབྱིངས་ཀྱི་ངང༷་ལས༷་མ༷་གཡོ༷ས་པ་སྟེ་གཡོ་མ་མྱོང་ཞིང་གཡོ་བ་མེད་ཀྱ༷ང་། གསང་སྙིང་ལས། དེ་ནས་ཕྲ་མོའི་ཏིང་འཛིན་བསྒོམ། །ཕྱི་ནང་སྣོད་བཅུད་ཧཱུཾ་དུ་བསྡུ། །གང་བསྒྲུབ་ཡི་གེ་སོ་སོ་སྟེ། །སྤྱིར་ནི་གང་བསྒོམ་ཀུན་ཏུ་འདྲ། །རྡོ་རྗེ་སེམས་དཔའ་ཉིད་དུ་འདུ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། རང་སེམས་ཤིན་ཏུ་སྦྱངས་པས་ན། །ཕྲ་མོའི་དངོས་གྲུབ་བསྒྲུབ་པ་གཅེས། །རབ་ཏུ་དབེན་པའི་གནས་དག་ཏུ། །བདག་ཉིད་ནམ་མཁའི་དབུས་སུ་ནི། །ཟླ་བའི་དཀྱིལ་འཁོར་ལ་གནས་པའོ། །རང་གི་ལྷར་ནི་རང་བསྒོམ་ནས། །ཕྲ་མོའི་སྦྱོར་བ་ཀུན་ཏུ་བརྩམ། །ཞེས་དང་། དགོངས་པ་ལུང་བསྟན་ལས། ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །ཟླ་བའི་དཀྱིལ་འཁོར་བསྒོམ་པར་བྱ། །སངས་རྒྱས་གཟུགས་ནི་རྣམ་བསྒོམ་ནས། །ཕྲ་མོའི་རྣལ་འབྱོར་བརྩམ་པར་བྱ། །ཞེས་གསུངས་པ་ལྟར། རྫོགས་རིམ་གྱི་རྒྱུ་ལ་བསྐྱེད་རིམ་ལ་བསྒོམ་པའི་ཕྱིར་དུ་ཆོས་ཀུན་སྟོང་པར་བསྒོམས་པའི་ངང་ལས་ཟླ་བ་ལ་ཡིག་འབྲུ་ཕྲ་མོ་གསལ་བ་ལ་སེམས་འཛིན་པའི་ཕྲ༷་མོ༷འི་ཏིང༷་འཛི༷ན་བསྒོམ་པས་ཡི་དམ་གྱི་དཀྱིལ་འཁོར་རྟེན་བརྟེན་པ་བསྐྱེད་དགོས་པ་ལ། དེ་དོན་མ་རྟོགས་པའི་གང་ཟག་ཐ་མལ་བ་གནས་ལུགས་ཀྱི་དོན་དང་ཕྲ་མོའི་ཏིང་འཛིན་ལ་སྦྱངས་པ་དམན་པ་རྣམས་ཀྱིས་ནི་དེ་ལྟ་བུའི་ཤིན་ཏུ་ཕྲ་མོར་གྱུར་པའི་ཏིང་ངེ་འཛིན་དེ་གས༷ལ་བ༷ར་མ༷་གྱུར༷་པ༷་ཡི་ནོངས་པའམ་འཁྲུལ་བས་གནས་ལུགས་ཀྱི་དོན་ལ་མཚན་མར་ཞེན་པ་དང་། དེའི་དབང་གིས་བསགས་པའི་སྡིག་ལྟུང་ཉེས་པའི་ཚོགས་ཅི་བགྱིས་པ་དེ་ཉིད་ཟག་མེད་འབྲས་བུའི་ཆོས་ཀྱི་ཡོན་ཏན་འཛིན་པ་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་དང་། བསྐྱེད་རིམ་གྱི་རྟོགས་པ་དང་། དེས་བསྐྱེད་པའི་ས་ལམ་གྱི་ཡོ༷ན་ཏན༷་འཛི༷ན་ཅིང་རྒྱུད་དོན་རྟོགས་པའི་བླ་མ་རིག་འཛིན་བརྒྱུད་པ་དང་བཅས་པ༷་རྣམ༷ས་ལ༷་འགྱོད་པས་མཐོལ་ཞིང་བཤགས་པར་བྱ་བ་དང་། བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་ཏིང་ངེ་འཛིན་མ་གསལ་བར་ཉམས་པའི་ཉེས་པ་བཤགས་པའོ།།

འདི་ནི་བསྐྱེད་རིམ་གྱི་རྩལ་མ་ཐོན་ཅིང་དེའི་དབང་གི་རྣམ་རྟོག་རང་གར་ཤོར་ཏེ་ཉེས་ལྟུང་དུ་མ་བསགས་པ་བཤགས་པ་ཡིན་ཕྱིར། གོང་གི་ཏིང་འཛིན་རྣམ་གསུམ་ནས་འདི་བར་གྱིས་ཞི་ཁྲོའི་དཀྱིལ་འཁོར་ཡོངས་སུ་སྒོམ་པའི་བསྐྱེད་རིམ་ཡང་བསྟན་པ་ཡིན་སྙམ་ལ། དེའི་ཤུགས་ཀྱིས་གོང་གི་ཞི་བའི་བཤགས་པས་ཞི་བའི་དཀྱིལ་འཁོར་བསྒོམ་པ་ཡང་བསྟན་པས་ཀློང་བཤགས་འདིས་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བསྒོམ་པའི་ཚུལ་བསྟན་ཅིང་། དེ་ལྟར་དཀྱིལ་འཁོར་གྱི་ལྷ་ཚོགས་ཡོངས་རྫོགས་གསལ་བའི་སྒོ་ནས་ཉམས་ཆག་བཤགས་པར་བསྟན་པ་ཡིན་པ་ཤེས་པར་བྱ་ཞིང་། གོང་གི་ཆོས་ཉིད་ཞི་བའི་ཀློང་སོགས་ནས་འོག་གི་ལྟ་བའི་ཀློང་བཤགས་སོགས་སྐབས་དུ་མར་མཚན་མེད་ཀྱི་རྫོགས་རིམ་རྒྱ་ཆེར་བསྟན་པ་དང་། ཞར་ལ་མཚན་བཅས་ཀྱི་རྫོགས་རིམ་ཡང་ཐོན་པས་ཀློང་བཤགས་འདི་ནི་ཕྱིར་བཤགས་པ་ངོས་རྐྱང་ཙམ་མ་ཡིན་པར་བསྐྱེད་རྫོགས་ཆ་ཚང་བ་ཉམས་སུ་ལེན་ཚུལ་བསྟན་པའི་བླ་མེད་ཀྱི་ལམ་ཡོངས་རྫོགས་བསྟན་པའི་གཞུང་ཅིག་ཏུ་གོ་བར་བྱའོ།།

དགུ་བ་ཐོག་མེད་ཀྱི་སྡིག་སྒྲིབ་བམ་ཉམས་ཆག་གི་བཤགས་པ་ནི། བདག་ནི་སྐྱེ་བ་ཐོག་མ་མ་མཆིས་ནས༔ ད་ལྟའི་ལུས་འདི་བཟུང་བ་ཡན་ཆད་དུ༔ མ་རིག་དབང་གིས་སྲིད་པའི་ཁ་འཁོར་ཞིང་༔ ཇི་སྲིད་མི་ལུས་བླངས་ནས་གར་སྐྱེས་ཀྱང་༔ མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ༔ སྡིག་པའི་ལས་སུ་གྱུར་པ་ཅི་མཆིས་པ༔ དངོས་སུ་བགྱིས་དང་བགྱིད་དུ་བསྩལ་བ་དང་༔ དེ་ལ་རྗེས་སུ་ཡི་རངས་བགྱིས་པ་རྣམས༔ བྱང་ཆུབ་ཐུགས་རྗེས་བདག་ལ་དགོངས་ཀྱང་༔ ཚངས་པར་བསྩལ་ནས་དངོས་གྲུབ་བསྩལ་ཏུ་གསོལ༔ ཞེས་པའི་ཚིགས་སུ་བཅད་པ་གཉིས་དང་ཕྱེད་ཀྱིས་བསྟན་ལ། ཉེས་ལྟུང་བཤགས་པ་པོ་བད༷ག་གིས་ནི༷་ཚེ་རབས་ནས་ཚེ་རབས་བགྲངས་པའི་འཁོར་བར་སྐྱེ༷་བ༷་ཐོ༷ག་མ༷་མེད་པའམ་མ༷་མཆི༷ས་པའི་དུས་ནས༷་ད༷་ལྟའི༷་ལུས༷་རྟེན་འདི༷་ཉིད་བཟུང༷་བ༷་ཡི་བར་ཡ༷ན་ཆ༷ད་དུ༷་བདག་ཏུ་འཛིན་པ་མ༷་རི༷ག་པའི་དབ༷ང་གིས༷་སྲི༷ད་པ༷འི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་ཁ༷་འདིར་ལས་དང་ཉོན་མོངས་པའི་རྦ་རླབས་ཀྱིས་དེད་དེ་འཁོ༷ར་ཞིང༷་། དེ་ཡང་དུས་ཇི༷་སྲི༷ད་ཅིག་ཏུ་མི༷་ཡི་ལུས༷་བླང༷ས་པ་ནས༷་རིགས་དྲུག་གི་གནས་གང་དང་གར༷་སྐྱེས༷་ཀྱ༷ང་ཉེས་པ་མ་བསགས་པའི་དཀར་རྐྱང་ཞིག་མ་ཡིན་པར་ཉེས་པ་ཤིན་ཏུ་ལྕི་བའི་དབང་དུ་བྱས་ན་ཕ་མ་གསོད་པ་སོགས་མཚ༷མས་མེ༷ད་པ་ལྔ༷་དང༷་། རྒྱལ་བའི་རྟེན་གསུམ་བཤིགས་པ་སོགས་དེ༷་དང༷་ཉེ༷་བ༷འི་མཚམས་མེད་པ་ལྔ༷་དང་། ལྕི་བ་བཞི་དང་། ལོག་པ་བརྒྱད་ལ་སོགས་པའི་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་པ་འབྱིན་བྱེད་ཀྱི་སྡི༷ག་པ༷་མི་དགེ་བའི༷་ལ༷ས་སུ༷་གྱུར༷་པ༷་ཅི༷་ཙམ་མཆི༷ས་པ༷། དཔེར་ན་རང་གིས་དངོ༷ས་སུ༷་བསགས་པའམ་བགྱིས༷་པ་དང༷་། གཞན་ལ་གསོག་ཏུ་བཅུག་པའམ་བགྱི༷ད་དུ༷་བསྩལ༷་བ༷་དང༷་། གཞན་གྱིས་བསགས་པ་དེ༷་ལ༷་རྗེས༷་སུ༷་ཡི༷་རང༷་བགྱིས༷་པ༷་རྣམ༷ས་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་འགྲོ་བ་སྡུག་བསྔལ་གྱིས་མནར་བ་ཀུན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་འགོད་པར་བྱའོ་སྙམ་པའི་ཀུན་རྫོབ་བྱང༷་ཆུབ༷་ཀྱི་སེམས་མངའ་བ་རྣམས་ཀྱི་ཐུག༷ས་རྗེས༷་བད༷ག་ཅག་ལས་ངན་སྡིག་པོ་ཆེ་བསགས་པ་དག་ལ༷་ཉེ་བར་དགོངས་པར་མཛོད་ཅིག། དགོང༷ས་ནས༷་ཀྱང༷་རིག་པ་འཛིན་པའི་ཚང༷ས་པ་མཚུངས་པ༷ར་སྤྱོད་པའི་ས་ལམ་གྱི་རྟོགས་པ་རྣམས་རྒྱུད་ལ་བསྩལ༷་ནས༷་མྱུར་དུ་ཟུང་འཇུག་མི་གནས་པའི་ཆོས་སྐུ་ཆེན་པོའི་དངོ༷ས་གྲུབ༷་མཆོག་གམ་མཐར་ཐུག་པ་དེ་བསྩལ༷་ཏུ༷་གསོ༷ལ་ལོ་ཞེས་བཅོམ་ལྡན་འདས་ཁྲོ་བོའི་དཀྱིལ་འཁོར་ལ་ཐོག་མེད་ནས་བསགས་པའི་ཉེས་ལྟུང་སྤྱི་བཤགས་པའོ།།

ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་ཤིང་བཟོད་གསོལ་བྱེ་བྲག་ཏུ་བྱ་བ།

གཉིས་པ་ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་དང་བཟོད་གསོལ་བྱེ་བྲག་ཏུ་བྱ་བ་ལ་ནི། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་མདོར་བསྟན་ནི། ཧཱུཾ་བསྐལ་བ་དུས་མཐའི་མེ་ལྟར་འབར་བའི་དབུས༔ དུག་ལྔ་གནས་གྱུར་ཡེ་ཤེས་ཧེ་རུ་ཀ༔ དབྱིངས་ཀྱི་ཡུམ་ཆེན་ཁྲོ་མོ་ལྔ་དང་སྦྱོར༔ ཀཽ་རཱི་ལ་སོགས་ནང་གི་མཁའ་འགྲོ་བཞི༔ པུསྐ་ལ་སོགས་ཕྱི་ཡི་རྣལ་འབྱོར་མ༔ སིངྷ་ལ་སོགས་ཟ་བྱེད་གདོང་ཅན་ཚོགས༔ ཀྲྀ་ཏ་ལ་སོགས་མཚམས་ཀྱི་གཤོག་པ་ཅན༔ འབར་བའི་བར་ཁྱམས་དབང་ཕྱུག་ཉི་ཤུ་བརྒྱད༔ སྒོ་བཞིར་འགུག་འཆིང་སྡོམ་དགྱེས་སྒོ་མ་བཞི༔ ཁྲག་འཐུང་ལྷ་ཚོགས་སྐུ་ཡང་མ་གསལ་ཞིང་༔ སྙིང་པོ་གྲངས་ཉུང་ཕྱག་རྒྱ་གནས་མ་སོན༔ ཚོགས་དང་གཏོར་མས་གནས་སུ་མ་བསྐངས་པ༔ ཁྲོ་བོའི་ལྷ་ཚོགས་རྣམས་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་གསུམ་དང་རྐང་པ་གཅིག་གིས་བསྟན་ལ། དེ་ལྟར་ཁྲོ་བོའི་ལྷ་ཚོགས་རྣམས་ཀྱི་རང་བཞིན་ཆོས་ཉིད་མཉམ་པ་ཆེན་པོའི་དབྱིངས་སུ་ཐ་དད་དུ་མེད་པར་ངེས་པས་བཤགས་པ་ནི་ཁྲོ་བོའི་ཀློང་བཤགས་དང་། དེ་ནས་དམ་ཚིག་ཉམས་པའི་ཉེས་པ་ཅི་མཆིས་པ་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་གྱི་མདུན་དུ་བཤགས་ཤིང་བཟོད་པར་གསོལ་བར་བྱ་བ་བསྟན་པ་ནི། ཧཱུཾ༷་ནི་གོང་དུ། ཡི་གེ་ཧཱུཾ་ནི་ཅི་ཡིན་བརྗོད། །སྡུག་བསྔལ་འཆོས་ཤིང་འཇོམས་པར་བྱེད། །ཅེས་སོགས་རྒྱུད་རྡོ་རྗེ་རྩེ་མོ་དྲངས་ཟིན་པ་ལྟར་རྒྱལ་བ་ཀུན་གྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚོན་བྱེད་དེ། ཉེས་ལྟུང་དང་། སྒྲིབ་གཉིས་དང་། དེ་དག་གི་རྒྱུ་ཉོན་མོངས་པ་སོགས་འཇོམ་བྱེད་ཀྱི་གཉེན་པོའི་ཡེ་ཤེས་ཀྱི་དོན་མཚོན་པའོ།།

འཕགས་པ་ལང་ཀར་གཤེགས་པ་ལས། དུས་མཐའི་མེ་ནི་འབར་བ་བཞིན། །ཞེས་དང་། རྒྱུད་མངོན་བརྗོད་བླ་མ་ལས། དུས་མཐའི་མེ་ལྟར་རབ་ཏུ་འཇིགས། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། དུས་མཐའི་བསྐལ་བའི་མེ་ཆེན་འདྲ། །ཞེས་གསུངས་པ་ལྟར། བསྐ༷ལ་བ༷་ཆེན་པོ་འདི་མེ་ཡིས་འཇིག་པར་བྱེད་པའི་དུས༷་ཀྱི་དུས་མཐ༷འ་མའི༷་མེ༷་ལྟ༷ར་རེག་བྱའི་ཚ་ངར་བཟོད་པར་དཀའ་བ་རབ་ཏུ་འབ༷ར་བ༷འི་མེ་ལྕེ་དམར་ནག་གི་དཀྱིལ་འཁོར་གྱི་དབུས༷་སུ་ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་ཕྲག་དོག་ང་རྒྱལ་ལྔ་སྟེ་དུག༷་ལྔ༷་དེ་ཉིད་གཉེན་པོ་མེ་ལོང་ཡེ་ཤེས་དང་། མཉམ་ཉིད་དང་། སོར་རྟོགས་དང་། བྱ་གྲུབ་དང་། ཆོས་དབྱིངས་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་ངོ་བོར་གན༷ས་གྱུར༷་པ་ཡེ༷་ཤེས༷་ཀྱི་ཧེ༷་རུ༷་ཀ༷་སྟེ་ཁྲག་འཐུང་རིགས་ལྔ་དང་། དེ་ལྔ་པོ་འབྱུང་ལྔ་གནས་སུ་གྱུར་པ་ཆོས་ཉིད་དབྱིང༷ས་ཀྱི༷་ངོ་བོ་ཡུམ༷་ཆེ༷ན་ཁྲོ༷་མོ༷་ལྔ༷་དང༷་སྦྱོར༷་བའི་ཁྲག་འཐུང་ཡབ་ཡུམ་བཅུ་དང་། ཀཽ༷་རཱི༷་མ་ལ༷་སོག༷ས་པ་སྟེ། ཀཽ་རཱི་མ་དང་། ཙཽ་རཱི་མ་དང་། པྲ་མོ་ཧཱ་དང་། བེ་ཏཱ་ལཱི་བཅས་ནང༷་གི༷་མཁ༷འ་འགྲོ༷་ཆེན་མོ་བཞི༷་དང་། པུ༷སྐ༷་ལ༷་སོ༷གས་པ་སྟེ། པུསྐ་སཱི་དང་། གྷསྨ་རཱི་དང་། སྨེ་ཤ་ནཱི་དང་། ཙཎྜ་ལཱི་སྟེ་ཕྱི༷་ཡི༷་རྣལ༷་འབྱོར༷་མ༷་བཞི་སྟེ་མ་མོ་ཀཽ་རཱི་མ་བརྒྱད་དང་། སི༷ངྷ༷་མ་ལ༷་སོ༷གས་སྟེ། སིང་ཧ་མ་དང་། བྱཱ་ཀྲི་མ་དང་། སྲི་ལ་མ་དང་། ཤྭ་ན་མ་སྟེ་གཞན་གྱི་ཤ་ཁྲག་ཟ༷་བྱེད༷་ཀྱི་མཆེ་བ་རྣོན་པོ་གཙིགས་པ་དང་ལྡན་པའི་སེང་གདོང་དང་། སྟག་གདོང་དང་། ཝ་གདོང་དང་། སྤྱང་གདོང་བཅས་གཅན་གཟན་གྱི་གདོ༷ང་བ་ཅ༷ན་གྱི་ཚོག༷ས་བཞི་དང་། ཀྲྀ༷་ཏ༷་ལ༷་སོག༷ས་པ་སྟེ། ཀྲྀ་ཏ་མུ་ཁ་མ་དང་། ཀང་ཀ་མུ་ཁ་མ་དང་། ཁ་ཁྭ་མུ་ཁ་མ་དང་། ཧུ་ལུ་མུ་ཁ་མ་སྟེ་དཀྱིལ་འཁོར་གྱི་མཚ༷མས་ཀྱི༷་གནས་བཞི་ལ་གནས་པའི་ བྱ་རྒོད་དང་། དུར་བྱ་དང་། བྱ་རོག་དང་། འུག་པ་སྟེ་ལུས་ལ་གཤོ༷ག་པ༷་ཅ༷ན་གྱི་བྱ་མགོ་ཅན་གྱི་མ་མོ་བཞི་བཅས་ཕྲ་མེན་སེང་ཧ་མ་བརྒྱད་དང་། ཕྱི་མེ་དཔུང་འབར་ཞིང་ནང་དྲག་པོ་ཁྲོས་པའི་ཡེ་ཤེས་རབ་ཏུ་འབ༷ར་བ༷འི་ཁྲོ་བོའི་དཀྱིལ་འཁོར་གྱི་འོག་གི་བ༷ར་ཁྱམ༷ས་སུ་རྒྱུ་ཞིང་གནས་པའི་གཡག་གདོང་མ་སོགས་དབ༷ང་ཕྱུག༷་མ་ཉི༷་ཤུ༷་རྩ་བརྒྱད༷་དང་། དཀྱིལ་འཁོར་གྱི་སྒོ༷་བཞི༷ར་གནས་པའི་འགུ༷ག་པ་དང་། འཆི༷ང་བ་དང་། སྡོམ༷་པ་དང་། བདེ་བ་ཆེན་པོའི་དགྱེས༷་པའི་ལས་མཛད་པའི་སྒོ༷་མ༷་རྟ་གདོང་མ་སོགས་བཞི༷་བཅས་ཁྲ༷ག་འཐུང༷་འབར་བ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷ༷་ཚོ༷གས་རྣམས་གསལ་དག་བརྟན་པས་བསྒོམ་དགོས་པ་ལ་རང་ཉིད་ཀྱི་བསྐྱེད་རིམ་དམན་པས་སྐུ༷་ཡ༷ང་མ༷་གས༷ལ་བ་སྟེ་རྣམ་པ་གསལ་བར་བསྐྱེད་པ་དང་མ་ལྡན་ཞི༷ང་། སྙིང༷་པོ༷་བསྙེན་པའི་གྲ༷ངས་ཚད་དུ་མ་སླེབས་པར་ཉུང༷་བར་གྱུར་པ་དང་། གསང་བ་སྙིང་པོ་ལས། སྒྱུ་འཕྲུལ་དྲྭ་བས་མངོན་རྫོགས་པ། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོའི་ཕྱག་རྒྱ་འདའ་དཀའོ། །ཞེས་གསུངས་པ་ལྟར་གྱི་ཆོས་ཐམས་ཅད་ཟུང་འཇུག་ཞི་ཁྲོའི་དཀྱིལ་འཁོར་དམིགས་མེད་བརྗོད་བྲལ་ཆེན་པོའི་རང་བཞིན་དུ་ཡེ་ནས་མངོན་པར་བྱང་ཆུབ་པའི་ཕྱིར་རྟོག་ཚོགས་གཉིས་སྣང་ཀུན་ལ་ཆོས་ཉིད་དོན་དམ་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉུག་མ་མི་འགྱུར་བའི་ཡེ་ཤེས་ཀྱི་ཕྱག་རྒྱས་བཏབ་པ་ལ་ནི་རང་བཞིན་གྱི་ཕྱག་རྒྱ་ཞེས་བརྗོད་ལ།

དེ་གནས་པའི་སྐབས་ལ་རང་བཞིན་གྱི་ཕྱག་རྒྱ་དང་། རྟོགས་པའི་དུས་ན་ལྟ་བའི་ཕྱག་རྒྱ་དང་། མངོན་དུ་བྱས་པའི་གནས་སྐབས་ན་འབྲས་བུའི་ཕྱག་རྒྱ་ཞེས་བརྗོད་པ་དང་། ཡང་དེ་ཉིད་ལས། ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཞེས་གསུངས་པ་ལྟར། སྲིད་ཞིའི་མཐའ་འགོག་བྱེད་རྟོག་ཚོགས་ཐམས་ཅད་སྣང་སྟོང་དབྱེར་མེད་ལྷ་སྐུ་སྒྱུ་མ་ལྟ་བུའི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་པ་ལྟ་བའི་ཕྱག་རྒྱ་དང་། ཡང་དེ་ཉིད་ལས། ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་གསུམ་འཕྲོར་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གིས། །རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར། །དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཅེས་གསུངས་པ་ལྟར། ཞི་བའི་ལྷའི་ཡབ་ལྷ་བཅུ་བདུན་ཐུབ་དྲུག་དང་བཅས་ཉེར་གསུམ་དང་། ཡུམ་ལྷ་བཅུ་བདུན་བཅས་ཡན་ལག་གི་ལྷ་བཞི་བཅུ་དེ་རྩ་བའི་ལྷ་མི་བསྐྱོད་པ་ཡབ་ཡུམ་གཉིས་ལ་བསྒོམ་ནས་འགོད་པ་ཐབས་ཀྱི་ལྷ་བཞི་བཅུ་དང་། ཐབས་ལྷ་དེ་དག་གི་སྲོག་ཏུ་རང་དང་འདྲ་བ་རྒྱན་དང་ཕྱག་མཚན་མེད་པ་རེ་རེ་བསྒོམ་པས་འགོད་པ་ནི་ཕྲ་བ་དང་ནང་ན་གནས་པའི་ཆ་ནས་ཤེས་རབ་ཀྱི་ལྷ་རུ་བྱས་པ་བཞི་བཅུ་དང་། ཐབས་ལྷ་དེ་དག་རེ་རེ་ལ་སྐུ་གསུང་ཐུགས་གསུམ་གྱི་བྱིན་རླབས་ཀྱི་ལྷ་རེ་རེ་བྱས་པས་བྱིན་རླབས་ཀྱི་ལྷ་བརྒྱ་དང་ཉི་ཤུ་སྟེ་བསྡོམས་པའི་བརྒྱ་དང་དྲུག་ཅུ་དང་། བརྒྱ་དྲུག་ཅུ་པོ་རེ་རེ་ལ་དབུ་རྒྱན་གྱི་ལྷ་ལྔ་ལྔ་བྱས་པས་དབུ་རྒྱན་གྱི་ལྷ་བརྒྱད་བརྒྱ་དང་། དེའི་སྟེང་དུ་ཐབས་ལྷ་བཞི་བཅུ་དང་། ཤེས་རབ་ཀྱི་ལྷ་བཞི་བཅུ་དང་། བྱིན་རླབས་ཀྱི་ལྷ་བརྒྱ་དང་ཉི་ཤུ་སྟེ་བསྡོམས་པ་སྟོང་ཕྲག་པོ་བསྒོམ་པ་སངས་རྒྱས་སྟོང་གི་དཀྱིལ་འཁོར་དང་། དེ་ནི་རྩ་བའི་ལྷ་རྡོ་རྗེ་མི་བསྐྱོད་པའི་ལུས་ལ་འགོད་པའམ་འདིར་ཀུན་བཟང་རྩ་བར་བསྒོམ་པ་དེ་ལ་འགོད་པ་ཡིན་ནམ་སྙམ་ལ། དེ་ནས་ཀུན་བཟང་ངམ་ཡང་ན་མི་བསྐྱོད་པ་སོགས་རྒྱལ་བ་རིགས་ལྔ་ཡབ་ཡུམ་ཟུང་རེ་རེ་རྩ་ལྷར་བཞག་པའི་ལྷ་སྟོང་ཕྲག་ལྔ་དང་། སེམས་དཔའ་བརྒྱད་དང་སྒོ་བ་བཞི་སྟེ་ཡབ་བཅུ་གཉིས་ཡུམ་དང་བཅས་པར་ཟུང་རེ་རེ་ལ་དེ་ལྟར་སྟོང་ཕྲག་རེ་རེ་བསྒོམ་པས་ཆིག་ཁྲི་ཉིས་སྟོང་དང་། ཐུབ་དྲུག་ལ་སྟོང་ཕྲག་དྲུག་དང་། དེ་ལྟར་མི་བསྐྱོད་པའི་ཆིག་སྟོང་དང་། ཀུན་བཟང་སོགས་རིགས་ལྔའི་ལྔ་སྟོང་བཅས་ལྷ་ཉི་ཁྲི་བཞི་སྟོང་གི་དཀྱིལ་འཁོར་བསྒོམ་པ་དང་། དེ་ལྟར་སྣང་བ་ལ་དེས་རྒྱས་བཏབ་པས་ཏིང་ངེ་འཛིན་ལས་སུ་རུང་བར་གྱུར་ཏེ་སྣང་བ་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་བསམ་གྱིས་མི་ཁྱབ་པར་བསྒོམ་པའི་བསམ་ཡས་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཏེ་ཕྱག་རྒྱ་སྤྲོས་བཅས་བསྒོམ་པ་དང་། ཡང་གསང་སྙིང་ལས། མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ །རིན་ཆེན་ཟླ་བའི་དཀྱིལ་ཡི་གེ །ལྔ་གཉིས་ཟུང་དུ་སྤྲད་པ་ལས། །སྦྱར་བའི་ཕྱག་རྒྱ་འབྱུང་བའི་རྒྱུ། །ཨོཾ་དང་མཱུམ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་མཉམ་དང་ཀུན་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །ཞེས་སོགས་གསུངས་པ་ལྟར། མཛུབ་མོ་གུང་མོ་རྩེ་སྤྲད་པ་ལ་སོགས་པའི་རྒྱལ་བ་རིགས་ལྔའི་ཕྱག་རྒྱ་དང་ལྷ་སོ་སོའི་ཕྱག་རྒྱ་བཅས་ལྷག་པ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་སྟེ་ཕྱག་རྒྱ་བཞི་དང་། གཞན་ཡང་། མཁའ་འགྲོ་མ་གུར་གྱི་རྒྱུད་ལས། ཕྱག་རྒྱ་ཆེན་པོའི་གནས་འདུག་ནས། །རང་གི་ལྷག་པའི་ལྷར་སྦྱོར་བདག །ཤཱཀྱ་སེང་གེ་སྙེམས་བྱས་ནས། །རྒྱལ་པོ་ཐམས་ཅད་ཐོབ་པར་འགྱུར། །ལས་ཀྱི་ཕྱག་རྒྱའི་གནས་འདུག་ནས། །རང་གི་ལྷག་པའི་ལྷར་སྦྱོར་བདག །ཀུན་གྱི་རྒྱལ་པོ་ཐོབ་པར་འགྱུར། །རྡོ་རྗེ་གཟི་བརྗིད་ཏིང་འཛིན་ལྡན། །དམ་ཚིག་ཕྱག་རྒྱའི་སྦྱོར་བ་ཡིས། །གནས་གསུམ་པོ་ཡང་བསྒྲུབ་པར་བྱ། །རང་གི་ལྷག་པའི་ལྷར་སྦྱོར་བས། །པདྨ་གར་གྱི་དབང་ཕྱུག་བདག །ཆོས་ཀྱི་ཕྱག་རྒྱའི་ཏིང་འཛིན་གནས། །རྡོ་རྗེ་ཆོས་ནི་བསྒོམ་པར་བྱ། །ཞེས་དང་། དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལས། དང་པོ་ཆོས་ཀྱི་ཕྱག་རྒྱ་སྟེ། །གཉིས་པ་དམ་ཚིག་ཕྱག་རྒྱ་ཡིན། །གསུམ་པ་ཕྱག་རྒྱ་ཆེན་པོ་སྟེ། །བཞི་བ་ལས་ཀྱི་ཕྱག་རྒྱར་བཤད། །ཅེས་གསུངས་པ་ལྟར། ཕྱག་རྒྱའི་དབྱེ་བ་ཕྱག་རྒྱ་ཆེན་པོ་དང་། ཆོས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་བཅས་བཞི་བཤད་པ་བཅས་ཡོད་མོད། འཕགས་པ་ཐབས་ཀྱི་ཞགས་པ་པདྨོའི་ཕྲེང་བ་ལས། སོར་མོ་ནང་དུ་བསྣོལ་ནས་བཀན། །གུང་མཛུབ་མཐེ་བོང་མཐེའུ་ཆུང་རྣམས། །སོ་སོར་རྩེ་སྤྲད་ཕྱིར་བཀྱེད་དེ། །སྲིན་ལག་གཤིབས་བསྒྲེང་དམ་ཚིག་རྒྱ། །རྐང་སོར་གཡས་ཀྱིས་གཡོན་པ་མནན། །ལག་མཐིལ་གཡས་ཀྱིས་གཡོན་པ་མནན། །མཐེ་བོང་རྩེ་སྤྲད་པང་དུ་བླང་། །རྣམ་པར་སྣང་མཛད་རྒྱ་ཆེན་ཡིན། །ཞེས་པ་ནས། རྡོ་རྗེ་ཕྲེང་བའི་ཕྱག་རྒྱ་ཡིན། །ཞེས་དང་། ཀུ་རུ་ཀུ་ལླེའི་རྟོག་པ་ལས། ལག་པ་ཐལ་མོ་སྦྱར་བྱས་ནས། །མཐེའུ་ཆུང་གཉིས་ནི་བསྒོམ་པར་བྱ། །གུང་མོ་གཉིས་ནི་རྩེ་མོ་སྦྱར། །རྩེ་མོའི་ནང་དུ་མིང་མེད་གཞུག །མཛུབ་མོ་གཉིས་ནི་དབུ་མར་སྦྱར། །མཐེ་བོང་གཉིས་ནི་འོག་ཏུ་བཀུག །དམ་ཚིག་ཕྱག་རྒྱ་འདི་བཅིངས་ནས། །འཁོར་ལོ་བཀུག་ནས་གཞུག་པར་བྱ། །ཞེས་གསུངས་པ་ལྟར། རང་ཉིད་ཁྲག་འཐུང་འབར་བ་ཆེན་པོ་ལྔ་བཅུ་རྩ་བརྒྱད་ཀྱི་ལྷའི་སྐུ་སྣང་སྟོང་སྒྱུ་མ་ལྟ་བུའི་རང་བཞིན་གསལ་ལ་འཛིན་པ་མེད་པར་བསྒོམ་པ་ཕྱག་རྒྱ་ཆེན་པོ་དང་། ལག་སོར་སོགས་ལ་ལྷ་སོ་སོའི་ས་བོན་གྱི་ཡིག་འབྲུ་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ་དང་། དེ་ལས་ལྷའི་ཕྱག་མཚན་སྣ་ཚོགས་གསལ་བ་དམ་ཚིག་གི་ཕྱག་རྒྱ་དང་། ལག་པ་གཡས་གཡོན་དུ་བསྒྱུར་བ་དང་ཁྱུད་པའི་རྒྱ་ལ་སོགས་པ་ནི་ལས་ཀྱི་ཕྱག་རྒྱ་སྟེ། དེ་ལྟར་བསྐྱེད་པའི་རིམ་པའི་ཕྱག༷་རྒྱ༷་རྣམས་སྒོམ་པའི་གན༷ས་སུ་མ༷་སོ༷ན་པ་སྟེ་སྒོམ་པའི་གནས་སྐབས་ཀྱི་རྩལ་ཇི་བཞིན་མ་ཐོན་ཅིང་བསྒོམ་མ་ནུས་པ་དང་། རྡོ་རྗེ་སེམས་སྒྱུ་འཕྲུལ་དྲྭ་བ་ལས། ཚོགས་ཀྱི་མཆོད་པའི་དམ་ཚིག་དང་། །ཚོགས་ཀྱི་དཀྱིལ་འཁོར་དམ་ཚིག་དང་། །ཚོགས་ཀྱི་འཕྲིན་ལས་དམ་ཚིག་དང་། །ཕྲ་མེན་ཚིམ་བྱེད་དམ་ཚིག་སྟེ། །སྒྲུབ་པའི་འཕྲིན་ལས་དམ་ཚིག་ཡིན། །ཞེས་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། སྦྱིན་སྲེག་གིས་ནི་རྫོགས་བྱ་ཞིང་། །དགེ་འདུན་ལ་ནི་སྟོན་མོ་དྲང་། །དེ་ནས་ཚོགས་ཀྱི་འཁོར་ལོ་བྱ། །ནད་པའམ་མགོན་མེད་རྣམས་ལའང་སྦྱིན། །ཞེས་དང་། སྟོབས་པོ་ཆེའི་རྒྱུད་ལས། དཔལ་ལྡན་མཁའ་འགྲོ་མ་ལ་སོགས། །བརྟག་པའི་རྫས་ཀྱི་བྱེ་བྲག་ཀྱང་། །མཆོད་དང་ཚོགས་ཀྱི་འཁོར་ལོ་སོགས། །བསྐོར་ལ་མཚན་མ་བརྟག་པར་བྱ། །ཞེས་དང་། སངས་རྒྱས་ཐོད་པ་ལས། སྦྱིན་དང་ཚོགས་ཀྱི་འཁོར་ལོ་དང་། །དེ་ནས་དཀྱིལ་འཁོར་མཆོད་པར་བྱ། །ཞེས་དང་། ཕུར་བ་འཕྲིན་ལས་ཀྱི་རྒྱུད་ལས། བརྟུལ་ཞུགས་ཆེན་པོའི་སྤྱོད་པ་ཡིས། །ཚོགས་ཀྱི་འཁོར་ལོ་བྱ་བ་ཡིན། །དམ་ཚིག་མེད་ཅིང་ངག་རྒྱུད་པའང་། །རྟོག་པ་ཅན་ལ་ཚོགས་འཁོར་གསང་། །དཔའ་བོ་དཔའ་མོ་བརྟུལ་ཞུགས་ལྡན། །དམ་ཚིག་ཅན་གྱིས་ཚོགས་འཁོར་བྱ། །རྡོ་རྗེའི་གླུ་ནི་རབ་ཏུ་བླང་། །མཁའ་འགྲོའི་ཚོགས་ལ་གཏོར་མ་སྦྱིན། །ཞེས་གསུངས་པ་ལྟར། ཁྲོ་བོའི་དཀྱིལ་འཁོར་དུ་ཚོ༷གས་ཀྱི་འཁོར་ལོ་དང༷་། དཔའ་བོའི་དགའ་སྟོན་དང་། དཔའ་མོའི་སྟོན་མོ་ལ་སོགས་པ་ཚོགས་ཀྱི་མཆོད་པས་མ་མཆོད་པ་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། གཏོར་མ་སློབ་དཔོན་གྱིས་རབ་བརྟག །ལྷ་ནི་བསྙེན་ཕྱིར་མཆོད་བྱ་ཞིང་། །ཞེས་དང་། དཔལ་རྡོ་རྗེ་གདན་བཞི་ལས། ཇི་ལྟར་བདག་ཉིད་ནགས་དེ་བཞིན། །རྟག་པ་ཉིད་དུ་གཏོར་མ་སྦྱིན། །མཚན་མོ་ཐུན་གཅིག་གནས་པ་ནི། །མཁས་པས་དཀྱིལ་འཁོར་མཉེས་པར་བྱ། །ཞེས་དང་། མི་གཡོ་བའི་གསང་རྒྱུད་ལས། བདུད་རྩི་ལྔ་དང་ཁྲག་ལ་སོགས། །གཏོར་མ་ཐམས་ཅད་སྦྱིན་པར་བྱ། །ཞེས་དང་། དཔལ་ནག་པོ་ཆེན་པོའི་རྒྱུད་ལས། རྟག་གཏོར་རྒྱུན་གཏོར་གཡས་དང་གཡོན། །ཞེས་གསུངས་པ་ལྟར་དཀྱིལ་འཁོར་གྱི་ལྷ་རྣམས་དང་འབྱུང་པོ་སོགས་ལ་མཆོད་པའི་ཞལ་ཟས་རྒྱུན་གཏོར་དང་དུས་གཏོར་ལ་སོགས་པའི་གཏོར༷་མ༷ས་མཆོད་དེ་སོ་སོའི་ཐུགས་ཀྱི་ཆ་ལ་འགལ་ཉེས་སོོང་བ་དེ་དག་སོར་ཆུད་པའི་གན༷ས་སུ༷་མཉེས་པས་བསྐང་དགོས་པ་ལ་དེ་ལྟར་མ༷་བསྐ༷ངས་པ༷་ལ་སོགས་པ་ཁྲོ་བོའི་དཀྱིལ་འཁོར་གྱི་ཏིང་འཛིན་བསྒོམས་པ་ལ་མི་འཚམ་པའི་ཉེས་འཁྲུལ་དང་། སྦྱིར་གྱི་དམ་ཚིག་ཉམས་ཆག་རྣམས་དྲག་པོ་ཁྲོ༷་བོ༷འི་ལྷ༷་ཚོ༷གས་ལྔ་བཅུ་རྩ་བརྒྱད་པོ་རྣམ༷ས་ལ༷་གཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

གཉིས་པ་ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་རྒྱས་པར་བཤད་པ་ལ་ནི། ཁྲག་འཐུང་རིགས་ལྔའི་བཤགས་པ་དང་། ཀྲོ་ཏི་ཡུམ་ལྔའི་བཤགས་པ་དང་། ཀཽ་རཱི་བརྒྱད་ཀྱི་བཤགས་པ་དང་། ཕྲ་མེན་བརྒྱད་ཀྱི་བཤགས་པ་དང་། སྒོ་མ་བཞིའི་བཤགས་པ་དང་། མཁའ་འགྲོ་བཅུ་གཅིག་གི་བཤགས་པ་དང་། དབང་ཕྱུག་ཉེར་བརྒྱད་ཀྱི་བཤགས་པ་དང་། གནས་ཉུལ་ཆེན་མོའི་བཤགས་པ་དང་། རྡོ་རྗེ་རྒྱལ་པོའི་བཤགས་པ་དང་། རྡོ་རྗེ་རྒྱལ་ཐེབས་ཀྱི་བཤགས་པ་དང་། ལས་ཀྱི་སློབ་དཔོན་གྱི་བཤགས་པ་དང་། གསང་ཡུམ་རིག་མའི་བཤགས་པ་དང་། སྒྲོལ་གིང་བདག་པོའི་བཤགས་པ་དང་། འགུག་འདྲེན་ཕོ་ཉའི་བཤགས་པ་དང་། རྡོ་རྗེ་མིང་སྲིང་གི་བཤགས་པ་དང་། དམ་ཚིག་བྱ་ར་བྱེད་པའི་བཤགས་པ་དང་། ཕྱི་འཁོར་བརྟན་མའི་བཤགས་པ་དང་བཅུ་བདུན་ལས།

དང་པོ་ནི། ཨོཾ་དང་པོ་གསང་མཆོག་སྡོམ་པ་འདི་མནོས་ནས༔ འདའ་དཀའ་ཁས་བླངས་དམ་ལས་གཡེལ་གྱུར་ཏེ༔ ཁྲག་འཐུང་རིགས་ལྔའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ལྟར་ཁྲོ་བོའི་བཤགས་པ་མདོར་བསྡུས་སུ་བསྟན་པའི་རྗེས་དེ་ནས་དབང་རྟུལ་དང་སྤྲོས་པ་ལ་དགའ་བའི་ངོར་སླར་ཡང་ཁྲོ་བོའི་དཀྱིལ་འཁོར་ལ་བཤགས་པ་དང་བཟོད་གསོལ་བྱེ་བྲག་ཏུ་གསོལ་བའི་ཚུལ་རྒྱས་པར་བྱ་བ་ནི། ཨོཾ༷་ནི་གོང་ལྟར་ཡེ་ཤེས་ལྔ་ལ་སོགས་པའི་ཤིས་པ་བརྗོད་པ་དང་བྱིན་གྱིས་བརླབས་པའོ།།

གསང་སྔགས་ཀྱི་སྒོར་ཞུགས་པ་ལ་དང༷་པོ༷་བརྒྱུད་པ་གཙང་མ་ལས་སྨིན་བྱེད་ཀྱི་དབང་ཞུས་ཏེ་གས༷ང་བ་མཆོ༷ག་ཏུ་གྱུར་པ་སྔགས་རྡོ་རྗེ་ཐེག་པའི་སྡོ༷མ་པ༷་འདི༷་ཉིད་རང་རྒྱུད་ལ་མནོ༷ས་ནས༷་བཟུང་དམ་ཚིག་ཉམས་ན་རྣམ་སྨིན་ཡིད་དུ་མི་འོང་བ་ལྕི་བ་བསྐྱེད་པའི་ཕྱིར་ན་ཤིན་ཏུ་འད༷འ་དཀ༷འ་བ་སྟེ་འདའ་བར་བྱ་མི་རུང་བ་དེ་ཉིད་བསྲུང་བར་ཁས༷་བླང༷ས་ཤིང་། དེ་ནས་བག་མེད་པ་ལ་སོགས་པའི་དབང་དུ་ཤོར་ནས་ད༷མ་ཚིག་སྲུང་བ་ལ༷ས་གཡེ༷ལ་བར་གྱུར༷་ཏེ༷་ཉེས་ལྟུང་བྱུང་བའི་དབང་གིས་བཅོམ་ལྡན་འདས་བྷུདྡྷ་བཛྲ་རཏྣ་པདྨ་ཀརྨ་སྟེ་ཁྲ༷ག་འཐུང༷་རིག༷ས་ལྔ༷འི་ཐུག༷ས་དང༷་དམ་ཚིག་ཏུ་བཞག་པ་ལས་ཅི༷་ཞིག་འག༷ལ་བ༷་ཡི་ཉེས་ཚོགས་རྣམས་ཐུག༷ས་སྙིང་རྗེ༷་རབ་ཏུ་ཆེ༷་བ་མང༷འ་བ་ཁྱེ༷ད་ཅག་གི་སྤྱན་སྔ་ལ༷་མཐོལ་ལོ། །བཤགས་སོ། །སླད་མའི་ཆར་ཡང་སྡོམ་པར་བགྱིའོ། །བཟོ༷ད་པ༷ར་གསོ༷ལ་ལོ། །བསྒྲིབ་པར་མ་གྱུར་ཅིག་ཅེས་པའོ།།

གཉིས་པ་ཀྲོ་ཏི་ཡུམ་ལྔའི་བཤགས་པ་ནི། གྷ་ནའི་སྦྱོར་མཆོད་རྟོག་འཛིན་བར་ཆད་ཀྱིས༔ ཀྲོ་ཏི་ཡུམ་ལྔའི་ཐུགས་དང་ཅི་འགལ་བ༔ ཁྲོ་མོ་དབྱིངས་ཕྱུག་མ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་པའི་རྐང་པ་གསུམ་གྱིས་བསྟན་ལ། གྷ༷་ན༷འི་དོན་ནི། གཞུང་དུ་མར་ཏ་ན་གྷ་ཎ་ཞེས་བྱུང་བ་ནི། དྲི་མེད་བཤགས་རྒྱུད་ལས། ཏ་ན་བསྒྲལ་བ་གནས་སུ་མ་སྟོབས་པ་དང་། ག་ཎ་སྦྱོར་བ་བྱིན་གྱིས་མ་བརླབས་པ་ལ་སོགས་པ། ཞེས་གསུངས་པ་ལྟར་ཏ་ནཿནི་སྒྲོལ་བ་དང་། ག་ཎཿནི་སྦྱོར་བའི་དོན་ཡིན་ལ། དེ་ཕྱིར་འདིར་ནི་ག་ཎཿསྦྱོར་བ་ཞེས་པའི་དོན་ཏེ། ཟླ་གསང་ཐིག་ལེ་ལས། ཨཱ་ལི་ཀཱ་ལི་རབ་སྦྱོར་བས། །བུད་མེད་རྣམས་དང་རྩེན་པར་བྱེད། །བློ་ལྡན་རྡོ་རྗེ་སེམས་དཔའ་ཡི། །འདི་ནི་ཤིན་ཏུ་དགྱེས་ཞེས་བྱ། །ཞེས་གསུངས་པ་ལྟར། གསང་སྔགས་ཕོ་ཉའི་ལམ་གྱི་ཉམས་ལེན་རིག་མའི་མཁའ་ལ་བརྟེན་ནས་བདེ་སྟོང་གི་ཡེ་ཤེས་གཉིས་མེད་དུ་སྦྱོར༷་བའི་དགྱེས་པ་ཆེན་པོའི་ས་ལ་སྦྱོར་བའི་ལམ་སྟེ། དགོངས་པ་ལུང་བསྟན་ལས། ཆོས་དང་རྫོགས་ལོངས་སྤྱོད་སྦྱོར་བ། །གསང་སྔགས་ཀྱིས་སྤྲུལ་དབང་པོ་གཉིས། །སྦྱོར་བ་བཞི་ཡི་སྦྱོར་བ་ཡིས། །དབང་པོ་གཉིས་ནི་རབ་སྦྱོར་བའི། །སྙོམས་ཞུགས་སྦྱོར་བ་དེ་ཡིས་ནི། །དེ་དག་ཐམས་ཅད་ཉེ་བར་སྤྱོད། །སྐུ་གསུམ་མི་ཕྱེད་སྔགས་རྣམས་ཀྱི། །འདི་ནི་སྒོམ་པ་མཆོག་དེ་ཡིན། །དེ་ཉིད་དམ་ཚིག་སྦྱོར་བ་འདི། །འདོད་ཆགས་རིགས་གཅིག་བསྒོམ་པའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །འདོད་ཆགས་ཆེན་པོའི་ཚུལ་མཆོག་སྟེ། །སྔགས་པ་རྣམས་ཀྱིས་ཉིན་རེ་ཞིང་། །རབ་ཏུ་འབད་པས་བསྒོམ་པར་བྱ། །ཞེས་དང་། གསང་བ་བདུད་རྩིའི་རྒྱུད་ལས། དེ་ནས་གསང་བའི་དཀྱིལ་འཁོར་ཡང་། །དབང་པོ་གཉིས་སྦྱོར་ཀུན་ཏུ་རུ། །དེ་ཡི་ཕྱིར་ན་བྷ་ག་ཡིན། །དགའ་བ་ལ་སོགས་སྒྱུ་མ་ཡི། །ཕྲ་བའི་ལམ་སྤོང་ལས་ཡིན་ཏེ། །སེམས་ཀྱི་དྲི་འཁྲུད་འདོད་ཆགས་དག །རང་རིག་སེམས་ཀྱི་རྒྱལ་པོའི་རྒྱུ། །ཞེས་དང་། གཉིས་མེད་རྣམ་རྒྱལ་ལམ་རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །བྷ་ག་ལ་ནི་ལིངྒ་གཞག །སངས་རྒྱས་གཟུགས་ནི་རྣམ་བསམ་ནས། །བ་སྤུའི་བུ་ག་ཐམས་ཅད་ནས། །རང་རིགས་ལས་བྱུང་རབ་ཏུ་སྤྲོ། །འདི་ནི་བདེ་བ་མཆོག་གྱུར་པ། །གསང་བ་ཡེ་ཤེས་གྲུབ་པའི་གཙོ། །ཞེས་དང་། མཚན་བརྗོད་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་གསུངས་པ་ལྟར་ས་ལམ་མིག་འཕྲུལ་བཞིན་དུ་བགྲོད་པའི་མྱུར་ལམ་དུ་མ་རྒྱུད་ཀྱི་རྒྱུད་སྡེ་གཙོ་བོར་གྱུར་བའི་སྔགས་བླ་མེད་ཀྱི་རྒྱུད་རྣམས་སུ་བསྔགས་པའི་ཕྱིར་རོ།།

དེས་ན་སྦྱོར་བའི་ཉམས་ལེན་ནི་དེ་འདྲའི་ཐབས་ལམ་ཟབ་མོ་དང་དཀྱིལ་འཁོར་མཉེས་པར་བྱེད་པའི་མཆོ༷ད་པ་བླ་ན་མེད་པ་ཡིན་ནའང་བློ་གཉིས་འཛིན་དང་རེ་དོགས་ཀྱི་རྟོག༷་པའི་འཛི༷ན་པ་ཆེན་པོའི་བར༷་ཆ༷ད་ཀྱིས༷་སེམས་ཐ་མལ་བའི་ཆགས་པ་རང་ག་བའི་དབང་དུ་ཤོར་ཏེ་འཕོ་མེད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོ་ཡི་མཆོད་པས་ཀྲོ༷་ཏི༷་སྟེ་ཁྲོ་མོ་རིགས་ཀྱི་མཁའ་འགྲོ་ཆེན་མོ་ཡུམ༷་ལྔ༷འི་ཐུགས་དགྱེས་པར་བྱ་མ་ནུས་པ་དང་། དེའི་དབང་གིས་དེ་རྣམས་ཀྱི་ཐུག༷ས་དང༷་མི་མཐུན་པར་ཅི༷་ཞིག་དང་ངམ་ཅི་ཙམ་འག༷ལ་བ༷འི་ཉེས་པ་དང་། སྤྱིར་གྱི་དམ་ཚིག་ཉམས་པའི་ཉེས་པ་ཅི་བྱུང་བ་ཐམས་ཅད་ཆགས་རྟོག་རང་ག་བའི་དགྲ་ལ་དྲག་ཏུ་ཁྲོས་པའི་ཁྲོ༷་མོ༷་ཆེན་མོ་བདེ་སྟོང་ཆོས་ཉིད་ཀྱི་དབྱིང༷ས་ཀྱི་དབང་ཕྱུག༷་མ༷་རྣམས་ལ༷་འགྱོད་པས་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

གསུམ་པ་ཀཽ་རཱི་བརྒྱད་ཀྱི་བཤགས་པ་ནི། རྫས་དང་ཕྱག་རྒྱ་མངོན་དུ་མ་གྱུར་ཏེ༔ ཤ་ཟ་ཀཽ་རཱིའི་ཐུགས་དང་ཅི་འགལ་བ༔ གནས་ཀྱི་མ་མོ་བརྒྱད་ལ་བཟོད་པར་གསོལ༔ ཞེས་པའི་རྐང་པ་གསུམ་གྱིས་བསྟན་ལ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གང་གིས་དེ་དག་དེ་དོན་དུ། །ཚིགས་དང་སྔགས་རྫས་དཀའ་ཐུབ་ཀྱིས། །གང་བསྟན་དེ་ཡི་བྱིན་རླབས་ཀྱིས། །བདག་གཞན་ཕན་པ་གང་འདོད་པའོ། །ཞེས་དང་། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། སྔགས་རྫས་ཏིང་འཛིན་འདུས་པ་བཞི། །དངོས་ཏེ་དགོངས་པ་ཐམས་ཅད་བྱེད། རྡོ་རྗེ་བྲག་དང་རིན་ཆེན་ཚུལ། །དུག་དང་མེ་བཞིན་མཚོན་ཆ་འདྲ། །ཞེས་གསུངས་པ་ལྟར། སྤྱིར་གསང་སྔགས་ལ་རྫས་སྔགས་ཏིང་འཛིན་གསུམ་དང་ལྡན་དགོས་ལ། བྱེ་བྲག་ཏུ་མ་མོ་མཉེས་པའི་རྫས་དང་། མཐུན་པའི་རྫས་དང་། དབང་དུ་བྱེད་པའི་རྫས༷་སོགས་གཞུང་ནས་བཤད་པ་བཞིན་ལག་ལེན་ཚད་ལྡན་དུ་ཡོད་དགོས་ནའང་། དེ་དག་མ་གྲུབ་པའམ་མེད་པ་ད༷ང་། མཁའ་འགྲོ་མ་རྡོ་རྗེ་གུར་ལས། རང་སྔགས་ཡི་གེ་རྫོགས་པ་དང་། །ཕྱག་རྒྱ་དང་ནི་ཕྱག་མཚན་བརྟག །སྤྲོ་དང་བསྡུ་བ་བྱས་པ་ནི། །དཀྱིལ་འཁོར་རྣམས་ཀྱི་འབྱུང་གནས་ཉིད། །ཅེས་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེ་ལས། ཕྱག་རྒྱ་རྣམས་ཀྱིས་མཉེས་པར་བྱ། །ཇི་ལྟར་བསམ་པ་བཞིན་དུ་ནི། །མཉེས་ནས་དངོས་གྲུབ་སྟེར་བའོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། རིག་པ་རྒྱ་ཆེན་འདི་རྣམས་དང་། ཕྱག་རྒྱ་དག་ཀྱང་ཡོངས་གསལ་བའི། །བསམ་པ་ཡིས་ནི་གཟུང་བར་བྱ། །ཞེས་དང་། དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པ་ལས། དངོས་གྲུབ་ཐམས་ཅད་ཐོབ་པ་ནི། །ཕྱག་རྒྱ་དག་ཀྱང་བསྟན་བྱས་ནས། །དེ་ཡིས་གར་གྱི་མཆོད་པ་བྱ། །འདོད་པའི་ཡོན་ཏན་ལྔ་པོ་ཡིས། །རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ། །ཞེས་གསུངས་པ་ལྟར། མ་མོ་རྣམས་ཀྱི་དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། མ་མོ་འགུག་པའི་ཕྱ༷ག་རྒྱ༷་དང་། ཏིང་ངེ་འཛིན་རྣམས་མངོན་དུ་གྱུར་དགོས་པར་གསུངས་ནའང་། དེ་ལྟར་མངོ༷ན་དུ༷་མ༷་གྱུར༷་པ་སྟེ་རྫས་མ་ཚང་ཞིང་། ཕྱག་རྒྱ་གསལ་མ་ནུས་པར་གྱུར་ཏེ༷་འབྱུང་པོ་དང་། བསྟན་པའི་དགྲ་བོ་དང་། མཚན་རྟོག་དམན་པའི་ཤ༷་ཟ༷་ཞིང་ཁྲག་འཐུང་བའི་འཇིགས་རུང་གི་མ་མོ་ཀཽ༷་རཱི༷་མ་ལ་སོགས་པ་བརྒྱད་པོའི༷་ཐུག༷ས་ད༷ང་ཅི༷་འག༷ལ་བ༷འི་ཉེས་པའི་ཚོགས་ཐམས་ཅད་གན༷ས་དང་ཉེ་བའི་གནས་ལ་སོགས་པའི་དུར་ཁྲོད་བརྒྱད་ཀྱི་གནས་ཀྱི༷་འབྱུང་པོའི་ཚོགས་ལ་དབང་བསྒྱུར་ཞིང་ཁམས་གསུམ་ཀུན་ཏུ་རྒྱུ་བའི་མ༷་མོ༷་ཆེན་མོ་བརྒྱད༷་ལ༷་མཐོལ་ཞིང་བཤགས་པ་དང་བཟོ༷ད་པར༷་གསོ༷ལ་ལོ་ཞེས་པའོ།།

འཕྲོས་དོན་དུར་ཁྲོད་བཤད་པ།

ཞི་ཁྲོའི་གཞུང་འདིར་ཀོ་རཱི་མ་བརྒྱད་ཀྱི་ཐད་དུ་གནས་ཀྱི་མ་མོ་དང་གནས་ཀྱི་མཁའ་འགྲོ་ཞེས་རྒྱུན་དུ་འབྱུང་བའི་གནས་ཞེས་པ་ནི། ཡེ་ཤེས་རྔམ་གློག་ལས། ཤེས་པ་བརྒྱད་ནི་མ་བརྒྱད་ལའོ། །ཞེས་གསུངས་པ་ལྟར། རྣམ་པར་ཤེས་པ་ཚོགས་བརྒྱད་པོ་ནི་འཁོར་བ་བསྐྱེད་པའི་གནས་དང་། དེ་གནས་སུ་དག་པ་ཀཽ་རཱི་མ་བརྒྱད་ཡིན་པས་གནས་མའམ་གནས་ཀྱི་ཞེས་དང་། ཡང་ཚོགས་བརྒྱད་གནས་སུ་དག་པ་གནས་གྱུར་པའི་ངོ་བོ་ལྷའི་རྣམ་པར་ཤར་བ་ལ་གནས་ཞེས་འགྲེལ་བ་ཡོད་མོད། དོན་གཙོ་ཆེ་བ་ནི་གནས་དང་ཉེ་བའི་གནས་ན་བཞུགས་པའི་མ་མོ་ཡིན་ཕྱིར་གནས་དང་ཉེ་བའི་གནས་ཀྱི་མཁའ་འགྲོ་མ་ཞེས་པའི་དོན་ཡིན་ལ། དེ་ཕྱིར། དཔལ་ཡེ་ཤེས་ཐིག་ལེ་ལས། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །དཔའ་བོ་རྣལ་འབྱོར་མ་ཡིས་བསྐོར། །འཇིག་རྟེན་སྐྱོང་བ་བརྒྱད་དང་ལྡན། །ཤིང་གི་རྒྱལ་པོ་བརྒྱད་ཀྱིས་བསྐོར། །ཞེས་གསུངས་པ་ལྟར། མ་མོ་རྣམས་གནས་ཡུལ་མི་འདྲ་བ་དུར་ཁྲོད་ཀྱི་གནས་བརྒྱད་དུ་སོ་སོར་གནས་པའི་རྒྱུ་མཚན་གྱིས་གནས་ཀྱི་ཞེས་བརྗོད་པས་གནས་ཞེས་པ་ནི་མ་མོ་རྣམས་གནས་པའི་ཡུལ་དུར་ཁྲོད་བརྒྱད་ལ་གོ་རུང་བ་ཡིན་ཏེ། མཁས་པའི་དབང་པོ་སྨིན་གླིང་ལོ་ཆེན་དྷརྨ་ཤྲིས། གནས་ཞེས་པ་ནི་དུར་ཁྲོད་ཀྱི་གནས་བརྒྱད་ལས་བཏགས་པ་སྟེ། ཞེས་གསུངས་པའི་ཕྱིར། དེས་ན་འདིར་མ་མོ་ཀཽ་རཱི་མ་བརྒྱད་གནས་པའི་ཡུལ་དུར་ཁྲོད་ཀྱི་བཤད་པ་ཅུང་ཟད་འགོད་པར་བྱ་སྟེ། དེ་ཡང་སྤྱིར་དུར་ཁྲོད་ཅེས་པ་ནི་གནའ་བོའི་དུས་སུ་རྒྱ་གར་གྱི་ཡུལ་སྲོལ་ལ་མི་ཤི་བའི་རོ་ས་འོག་ཏུ་སྦ་བ་དང་མེ་ལ་བསྲེག་པ་སོགས་གཙོ་བོར་མི་བྱེད་པར་ཡུལ་དབེན་པ་མི་ཕལ་བའི་རྒྱུ་འགྲུལ་མེད་པའི་ནགས་ཁྲོད་ལྟ་བུ་གནས་གཅིག་ལ་དོར་བ་ཡིན་པས་ན་དེ་ལྟར་རོ་དོར་ཡུལ་དེ་ལ་ཟེར་ཞིང་། དེར་ཕྱི་ནས་ཁྱི་ལྡོམ་པོ་དང་། བྱ་དང་། སྤྲུལ་དང་། ཕག་རྒོད་དང་། གཅན་གཟན་གྱི་ཚོགས་དང་། མི་ཤ་ཟ་བའི་མི་ཡི་རིགས་གནས་པ་དང་འགྲོ་འོང་གི་རྒྱུ་འགྲུལ་ཡོད་པ་དང་། ནང་འབྱུང་བོ་གདོན་གྱི་ཚོགས་མ་རུང་བ་ཤ་ཁྲག་ལ་མོས་པ་རྣམས་མཚན་མོ་ཤས་ཆེ་བར་གནས་པ་དང་། རྒྱུ་འགྲུལ་ཆེར་བྱེད་པ་དང་། གསང་བ་ས་ལམ་ལ་གནས་པའི་དཔའ་བོ་དང་རྣལ་འབྱོར་མ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གྲུབ་པ་དང་། ཡེ་ཤེས་སྒྱུ་མའི་སྐུ་གྲུབ་པ་རྣམས་གནས་ཡོད་པ་ཡིན་ཞིང་། དེ་ཡང་མདོ་ལྟར་ན་མི་རྟག་པ་དང་། མི་སྡུག་པ་བསྒོམ་པའི་གནས་སུ་བསྔགས་པ་དང་། སྔགས་ལྟར་ན་སྣང་བ་ཐོག་བརྫིས་ཀྱིས་རིག་པ་བརྟུལ་གྱི་སྤྱོད་པ་སྐྱོང་བའི་གནས་སུ་བསྔགས་པ་སྟེ། ཡང་དག་སྦྱོར་བའི་རྒྱུད་ཆེན་པོ་ལས། བཟའ་དང་བཟའ་མིན་ཅི་སྙེད་པ། །སྨྱོན་པའི་སྦྱོར་བས་བཟའ་བར་བྱ། །གཞན་པའི་ཡུལ་འཁོར་གྲུབ་པ་དང་། །རི་ཡི་ཕུག་དང་ཚང་ཚིང་དང་། །གདོད་ནས་གྲུབ་པའི་དུར་ཁྲོད་ཆེ། །རྒྱ་མཚོ་ཆེན་པོའི་འགྲམ་དུ་ཡང་། །དེར་གནས་ཤེས་རབ་ཅན་གྱིས་བསྒོམ། །སྐྲག་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་བྱས་ནས་རྣལ་འབྱོར་པས། །ཡང་ནི་ཕྱོགས་ལས་རྣམ་རྒྱལ་བརྩམ། །སྒྲིབ་པ་ཀུན་ལས་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་ཡིན་ནོ།།

དེ་འདྲའི་དུར་ཁྲོད་ལ་ཆེ་ཆུང་དང་གྲངས་ཀ་སོགས་ཚད་བགྲང་དཀའ་བ་ཡོད་མོད། འདིར་ནང་བའི་རྒྱུད་སྡེ་དུ་མར་གྲགས་པའི་དུར་ཁྲོད་བརྒྱད་ཅེས་པ་དེ་འཆད་ན། དེ་ལ་ཕྱིའི་དུར་ཁྲོད་དང་། ནང་གི་དུར་ཁྲོད་དང་། གསང་བའི་དུར་ཁྲོད་དང་། དེ་ཁོ་ན་ཉིད་ཀྱི་དུར་ཁྲོད་དང་བཞི་ཡོད་དེ། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། ཕྱི་ནང་གསང་བ་དེ་ཉིད་ཀྱིས། །དུར་ཁྲོད་རྣམ་པ་བཞི་རུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ཧེ་རུ་ཀ་གལ་པོ་ལས། ཕྱི་གནས་ཀྱི་དུར་ཁྲོད་བརྒྱད་དང་། ཞེས་གསུངས་པ་ལྟར། ཕྱིའི་དུར་ཁྲོད་ཆེན་པོ་བརྒྱད་ནི། འཇམ་དཔལ་དྲག་པོ་ཚེ་བདག་ནག་པོས་སྲོག་བདག་གཤིན་རྗེ་བཏུལ་བ་དང་། དཔལ་ཧེ་རུ་ཀ་ཡིས་རུ་དྲ་བསྒྲལ་བས་རུ་དྲའི་མགོ་བོ་ལྷོ་ནུབ་དང་། རྐང་པ་གཉིས་པོ་བྱང་ཤར་གྱི་མཚམས་སུ་བསྟན་ནས་གན་རྐྱལ་དུ་ཉལ་སྟབས་སུ་འགྱེལ་ཞིང་། ལག་པ་གཉིས་མདུན་ནས་ཅུང་ཟད་བསྣོལ་བ་དང་། ལག་པ་གཉིས་ཀྱི་གཡས་པའི་མཁྲིག་མ་ལ་དུར་གྱི་སྤྱང་ཀི་དང་དུར་བྱ་ཀང་ཀ་གཉིས་དང་། ལག་པ་གཡོན་པའི་མཁྲིག་མ་ལ་ཁྱི་དང་ནི་བྱ་རྒོད་གཉིས་བབས་པ་དང་། བམ་རོའི་མདོག་སྔོ་སྐྱ་ཐལ་བའི་མདོག་ཅན་གྱི་མགོ་ནི་ལྷོ་ཕྱོགས་དང་། སྙིང་ཤར་ཕྱོགས་སུ་འཐོར་བ་ལ་སོགས་པ་ཡན་ལག་དང་དོན་སྣོད་སོགས་ཕྱོགས་བརྒྱད་དུ་བཀྲམ་པ་རེ་རེ་ལ་གནས་བརྒྱད་དུ་བྱིན་གྱིས་བརླབས་པས་དུར་ཁྲོད་རེ་བྱུང་བ་ཡིན་ཕྱིར་དུར་ཁྲོད་བརྒྱད་ཡོད་པར་བཤད་དེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། འགྲོ་བ་ཐམས་ཅད་སྤྱོད་པར་མཛད། །འགྲོ་བའི་བདག་པོ་ཚེ་དང་སྲོག །གསོན་པོ་བདེ་བའི་བར་གཅོད་པ། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །བཅོམ་ཞིང་གསང་བའི་གཉེན་པོ་ནི། །འཇམ་དཔལ་འཕྲུལ་གྱི་ཁྲོ་བོ་དེས། །སྲིད་གསུམ་མཐར་བྱེད་རྔམ་པ་དང་། །ཐོད་དབྱུག་དྲག་པོ་མི་མཛད་པས། །གཤིན་རྗེ་བཅོམ་སྟེ་བསད་ནས་ཀྱང་། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞི་དུར་ཁྲོད་ཀྱི། །བདག་པོ་གདོལ་པ་དྲག་པོ་ཡིས། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །དེ་ཡང་ཅུང་ཟད་བསྣོལ་བའོ། །ལག་པ་གཡས་གཡོན་མཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་དོ། །ཐལ་བའི་མདོག་ལ་སྐུ་སྒྲེང་བ། །དེ་ཡི་ལུས་སྙིང་ཡན་ལག་ནི། །མ་མོ་ཆེན་མོ་རྣམས་ཀྱི་གནས། །དུར་ཁྲོད་ཆེན་པོ་འདི་དག་གོ །ཞེས་དང་། འབྲས་བུ་ཆེན་པོ་ལྔ་བསྒྲལ་བ་ལས། རང་སེམས་མ་བཅོས་ཡེ་ནས་ཆུབ། །སྐྱེས་བུ་ཆེན་པོ་རྣལ་འབྱོར་གྱིས། །བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག །མ་ཏྲང་རུ་ཏྲ་དེ་བསྒྲལ་ཏེ། །ཞེས་དང་། བདུད་དང་དབང་ཕྱུག་གཤིན་རྗེ་དེ། །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །འཛམ་བུ་གླིང་བའི་གླིང་ཁམས་སུ། །བོར་ནས་ས་གཞིར་གྱུར་པ་ནི། །དུར་ཁྲོད་ཆེན་པོ་བརྒྱད་དུ་གྱུར། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །ལག་པ་གཉིས་ནི་གཡས་གཡོན་བརྐྱང་། །མགོ་དང་ལུས་སྙིང་ཡན་ལག་ཀུན། །གནས་ཀྱི་དུར་ཁྲོད་ཆེན་པོ་བརྒྱད། །དེ་ནི་དཔལ་ཆེན་བཞུགས་གནས་ཡིན། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་བ་ལས། སྐྱེས་བུ་ཆེན་པོའི་རྣལ་འབྱོར་གྱིས། །བསྒྲལ་བ་འབའ་ཞིག་སྙིང་རྗེའི་མཆོག །བདུད་དང་དབང་ཕྱུག་སྙིང་རྗེ་དག །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །འཛམ་གླིང་ལྷོ་ཡི་རྒྱལ་ཁམས་སུ། །བོར་ནས་ས་གཞིར་གྱུར་པ་ནི། །དུར་ཁྲོད་ཆེན་པོ་བརྒྱད་དུ་གྲགས། །མགོ་ནི་ལྷོ་ཕྱོགས་གནས་སུ་བསྟན། །ལག་གཉིས་གཡས་དང་གཡོན་དུ་བརྐྱང་། །མགོ་དང་ལུས་གཉིས་ཡན་ལག་ཀུན། །ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །རང་བྱུང་སྤྲུལ་པའི་ལྷ་མོ་གནས། །ཞེས་དང་། རྟ་མཆོག་རོལ་བའི་ཏནྟྲ་ལས། འཇམ་དཔལ་སྤྲུལ་པ་ཁྲོས་པའི་མཆོག །སྲིད་གསུམ་མཐར་བྱེད་རྔམ་པ་དེས། །ཁ་ཊྭཱཾ་ཐོད་དབྱུག་མི་བཟད་པ། །གཤིན་རྗེ་བཅོམ་ནས་གསད་པར་བྱ། །རོ་ཡང་འཛམ་བུའི་གླིང་དུ་བོར། །ས་གཞི་དུར་ཁྲོད་བརྒྱད་པོ་ཡིས། །བདག་པོ་དྲེགས་པ་བསྣོལ་བ་ཡི། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་ཐུག་པ་མེད། །དེ་ཡང་མཁྲིག་གཉིས་བསྣོལ་བའོ། །སྤྱང་ཀི་དང་ནི་ཀང་ཀ་བྱ། །ལག་པ་གཡོན་པའི་མཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་དེ། །ཐལ་བའི་མདོག་ལ་ལུས་བསྒྲེང་བའོ། །ཞེས་དང་། དབང་ཆེན་བསྡུས་པའི་ཏན་ཏྲ་ལས། འཇིགས་བྱེད་ཆེན་པོ་ཁྲག་འཐུང་གིས། །ཤོར་བ་གཞོན་ནུ་ལ་སོགས་པའི། །བདུད་དང་གཤིན་རྗེ་དྲེགས་པ་དེ། །ཐུགས་རྗེ་ཚད་མེད་བཞིས་བསྒྲལ་ནས། །ཕུང་པོ་ཉལ་ཐབས་གན་རྐྱལ་ཏེ། །འཛམ་གླིང་ལྷོ་ཡི་གླིང་ཁམས་སུ། །རོ་ལངས་ས་གཞིར་གྱུར་པར་བཤད། །ཅེས་དང་། ཀརྨ་མཱ་ལེའི་རྒྱུད་ལས། འཇམ་དཔལ་འཕྲུལ་གྱི་དངོས་གྲུབ་མཆོག །སྲིད་གསུམ་མཐར་བྱེད་རྔམས་པ་དེས། །ཐོད་དབྱུག་ཆེན་པོ་མི་བཟད་པས། །གཤིན་རྗེ་བཏུལ་ཏེ་བསད་ནས་སུ། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །དུར་ཁྲོད་ཆེན་པོ་བརྒྱད་དུ་བརྩིགས། །ཞེས་དང་། ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། བགེགས་ཀྱི་རྒྱལ་པོ་རུ་ཏྲ་བསྒྲལ། །བདེ་བ་ཆེན་པོའི་ངང་ཡིན་ཏེ། །ང་ནི་དུར་ཁྲོད་དབང་ཕྱུག་སྟེ། །སངས་རྒྱས་སྐུ་སྟེ་ཡེ་ཤེས་ཡིན། །འཇམ་དཔལ་རྣོན་པོའི་མཚོན་ཆ་ཡིན། །ལོག་རྟོག་འཁོར་བའི་རྒྱུན་བཅད་དོ། །ཞེས་དང་། མགོ་ནི་ལྷོ་ནུབ་མཚམས་སུ་བསྒྲལ། །རྐང་པ་བྱང་ཤར་མཚམས་སུ་བསྒྲལ། །ཡན་ལག་གླིང་བཞིའི་ཡུལ་དུ་བསྒྲལ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཕྱིར་དུར་ཁྲོད་བརྒྱད་ཤར་ལྷོ་ལ་སོགས་ཀྱི་གནས་ཕྱོགས་དང་དཀྱིལ་འཁོར་དུ་འགོད་ཕྱོགས་སྔ་འགྱུར་རྙིང་མའི་ལུགས་ལྟར་ན་ནི། རུ་ཏྲའི་སྙིང་ཡུལ་མ་ག་དྷ་རུ་བཞག་པ་ལ་ནི་ཤར་གྱི་དུར་ཁྲོད་བསིལ་བའི་ཚལ་དང་། མགོ་བོ་སིང་ག་ལ་རུ་འཐོར་བ་ལྷོ་ཕྱོགས་དུར་ཁྲོད་སྐུ་ལ་རྫོགས་པ་དང་། ལག་པ་གཡས་པ་བལ་ཡུལ་དུ་འཐོར་བ་ཤར་ལྷོ་དུར་ཁྲོད་ལྷུན་གྲུབ་གཏེར་དང་། ལག་པ་གཡོན་པ་ས་ལའི་ཡུལ་དུ་འཐོར་བ་ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ་བ་དང་། རྐང་པ་གཡས་པ་ལི་ཡུལ་དུ་འཐོར་བ་བྱང་ཤར་དུར་ཁྲོད་འཇིག་རྟེན་བརྩེགས་པ་དང་། རྐང་པ་གཡོན་པ་ཁ་ཆེའི་ཡུལ་དུ་འཐོར་བ་ནུབ་བྱང་དུར་ཁྲོད་ཧེ་ཆེན་བརྡལ་བ་དང་། ཕོ་མཚན་ཨུ་རྒྱན་གྱི་ཡུལ་དུ་འཐོར་བ་བྱང་ཕྱོགས་དུར་ཁྲོད་པདྨ་བརྩེགས་པ་དང་། རུ་ཏྲའི་ནང་འཁྲོལ་རྣམས་སྲིན་ཡུལ་ལངྐ་པུ་རིར་འཐོར་བ་ནུབ་ལངྐ་བརྩེགས་པའི་དུར་ཁྲོད་དང་བརྒྱད་དུ་གསུངས་པ་དེ་ཡིན་ཏེ། ཧེ་རུ་ཀ་སྙིང་རོལ་ལས། དེ་ཡི་སྙིང་ནི་མ་ཧཱའི་ལྟོ། །དུར་ཁྲོད་ཆེན་པོ་བསིལ་ཚལ་ན། །མ་མོ་ཆེན་མོ་གཽ་རི་མ། །མཁས་མ་སྙིང་སྟོབས་ཆེ་བའི་གནས། །དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །སིང་ག་ལ་ཡི་གླིང་ཕྲན་ན། །མ་མོ་ཆེན་མོ་ཙོོ་རི་མ། །མཐོང་ཐོས་རྔམ་པའི་རྫུ་འཕྲུལ་མངའ། །ལག་པ་གཡས་ནི་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུཀྐ་སི། །འཁོར་དང་ལོངས་སྤྱོད་སྣ་ཚོགས་ལྡན། །ལྷག་པར་ཟས་ཀྱི་འབྱོར་པ་ཆེ། །ལག་པ་གཡོན་ནི་ལྷོ་ནུབ་མཚམས། །ས་ཡི་ཚལ་ན་བེ་ཏ་ལི། །ཕྱག་ན་རྡོ་རྗེ་དབང་གི་གནས། །དེ་ནས་མཐུ་དང་དབང་ཡང་ཆེ། །རྐང་པ་གཡས་པ་བྱང་ཤར་མཚམས། །ལི་ཡུལ་ན་ནི་ཙཎྜ་ལི། །ཤང་ཀ་ན་ཞེས་གྲགས་པ་དེ། །དེ་ཡང་འཁོར་དང་ལོངས་སྤྱོད་ལྡན། །རྐང་པ་གཡོན་པ་ནུབ་བྱང་མཚམས། །སྐད་ནི་སྐད་སྣ་མཐུན་པས་ན། །མ་མོ་ཆེན་མོ་པྲ་མོ་ཧ། །བདེ་སྐྱིད་ལྡན་པའི་ས་ལ་གནས། །ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །ཨུ་རྒྱན་ཡུལ་ན་གྷསྨ་རི། །ཞེས་དང་། འབྲས་བུ་ཆེན་པོ་ལྔ་བསྒྲལ་བ་ལས། དེ་ཡི་ལུས་སྙིང་མ་ག་དྷ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མ་མོ་ཆེན་མོ་ཀེའུ་རི་གནས། །མཁས་ཤིང་སྙིང་སྟོབས་ཆེ་བའི་སའོ། །མཆོད་རྟེན་མིང་ནི་བདེ་བྱེད་རྟེན། །དེ་ཡི་མགོ་བོ་ལྷོ་ཕྱོགས་ཀྱི། །དུར་ཁྲོད་ཆེན་པོ་བཞག་པ་ནི། །སིང་ག་ཡུལ་གྱི་གླིང་ཕྲན་ཡིན། །མ་མོ་ཆེན་མོ་ཙོའུ་རི་གནས། །མཐོང་ཐོས་རྣམ་པའི་འཕྲུལ་བག་ཅན། །མཆོད་རྟེན་རི་བོ་ཏ་ལ་ལ། །ལག་པ་གཡས་པ་ཤར་ལྷོའི་མཚམས། །དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན། །མ་མོ་ཆེན་མོ་པུསྐ་སི། །ལྷག་པར་ཟས་ཀྱི་ལོངས་སྤྱོད་ཆེ། །མཆོད་རྟེན་ཁ་ཤོ་བྱ་གྷྲྀ་ཁའོ། །ལག་པ་གཡོན་ནི་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་ས་ལའི་ཡུལ། །མ་མོ་ཆེན་མོ་བེ་ཏ་ལི། །ཕྱག་ན་རྡོ་རྗེ་དབང་གི་གནས། །དེ་ན་མཐུ་དང་དབང་ཡང་ཆེ། །གྱད་ཡུལ་ཆེན་པོའི་ས་ལས་ནི། །མཆོད་རྟེན་མ་ལ་ས་གན་ད། །རྐང་པ་གཡས་པ་བྱང་ཤར་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །མ་མོ་ཆེན་མོ་ཙནྜ་ལི། །ལྷ་མོ་ཤང་ཀི་ནི་ཞེས་གྲགས། །ཆུ་དང་མེ་གྲུབ་རྫུ་འཕྲུལ་ཅན། །མཆོད་རྟེན་མིང་ནི་གེའུ་ཏོ་ཤན། །རྐང་པ་གཡོན་པ་ནུབ་བྱང་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །མ་མོ་ཆེན་མོ་པྲ་མོ་ཧ། །བདེ་སྐྱིད་ལྡན་པ་ཕུན་སུམ་ཚོགས། །མཆོད་རྟེན་མིང་ནི་སྐ་ནི་སྐ། །ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །དུར་ཁྲོད་ཆེན་པོ་ཨུ་རྒྱན་ཡུལ། །མ་མོ་ཆེན་མོ་ཀས་སྨ་རི། །འབྱོར་པའི་ལོངས་སྤྱོད་ལྔ་དང་ལྡན། །དངོས་གྲུབ་ཅན་ཡང་དེ་ན་མང་། །གཟི་ཡི་མཆོད་རྟེན་ཆེན་པོ་སྟེ། །མིང་ཡང་དྷརྨ་ཙཀྲའོ། །དེ་ཡི་ནང་གྲོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །རྒྱ་མཚོའི་སྒོ་གླིང་མ་ཧཱ་དོ། །ལང་ཀ་པུ་རངས་སྲིན་པོའི་གནས། །མ་མོ་ཆེན་མོ་སྨ་ཤ་ནི། །མངོན་ཤེས་རྫུ་འཕྲུལ་བསམ་མི་ཁྱབ། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དོ། །ཞེས་དང་། ཀརྨ་མཱ་ལེའི་རྒྱུད་ལས། འདི་ཡི་ལུས་སྙིང་མ་ག་དྷ། །དུར་ཁྲོད་ཆེན་པོ་བསིལ་ཚལ་དུ། །མ་མོ་ཆེན་མོ་གོའུ་རི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཁས་ལ་སྙིང་སྟོབས་ཆེ་བ་ཡི། །དངོས་གྲུབ་ཆེན་པོ་སྩལ་དུ་གསོལ། །འདི་ཡི་མགོ་བོ་ལྷོ་ཕྱོགས་ཀྱི། །སིངྒ་ལ་ཡི་གླིང་ཕྲན་ལ། །མ་མོ་ཆེན་མོ་ཙོའུ་རི་མ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །མཐོང་ཐོས་རྣམ་པར་འཕྲུལ་བག་གི །དངོས་གྲུབ་དམ་པ་སྩལ་དུ་གསོལ། །འདི་ཡི་ལག་གཡས་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུཀྐ་སཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལྷག་པར་ཟས་ཀྱི་དངོས་འབྱོར་པའི། །དངོས་གྲུབ་དམ་པ་སྩལ་དུ་གསོལ། །འདི་ཡི་ལག་གཡོན་ལྷོ་ནུབ་མཚམས། །སཱ་ལའི་ཚལ་ན་བེ་ཏཱ་ལཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ཕྱག་ན་རྡོ་རྗེའི་མཐུ་སྟོབས་སྩོལ། །འདི་ཡི་རྐང་གཡས་བྱང་ཤར་མཚམས། །ལི་ཡི་ཡུལ་ན་ཙཎྜཱ་ལཱི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །ལོངས་སྤྱོད་འཁོར་ལྡན་དངོས་གྲུབ་སྩོལ། །འདི་ལ་རྐང་གཡོན་ནུབ་བྱང་མཚམས། །ཀ་ནི་ཀ་མཐུན་པྲ་མོ་ཧཱ། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །བདེ་སྐྱིད་ལྡན་པའི་དངོས་གྲུབ་སྩོལ། །འདི་ཡི་ཕོ་མཚན་བྱང་ཕྱོགས་ན། །ཨུ་རྒྱན་ཡུལ་ན་གྷས་མ་རི། །དུར་ཁྲོད་ཆེན་པོའི་རྒྱན་དུ་འབུལ། །གྲུབ་པ་མྱུར་བའི་དངོས་གྲུབ་སྩོལ། །བཞག་ཤ་ཁོག་ཤ་ལ་སོགས་པ། །ཐམས་ཅད་ལོ་ཀའི་དུར་ཁྲོད་ན། །སྨ་ཤ་ནི་ཡི་རྒྱན་དུ་འབུལ། །ལས་རྣམས་ཀུན་གྱི་དངོས་གྲུབ་སྩོལ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་བ་ལས། དེ་ཡི་ལུས་སྙིང་མ་ག་དྷཱ། །མ་མོ་ཆེན་མོ་ཀོའུ་རི་གནས། །མཁས་ཤིང་སྙིང་སྟོབས་ཆེ་བའི་ཡུལ། །ཁྱད་པར་ཆོས་ཀྱི་ཚོགས་རྒྱས་ཤིང་། །ཞེས་པ་ནས། ལང་ཀ་པུ་རི་སྲིན་པོའི་ཡུལ། །མ་མོ་ཆེན་མོ་པྲ་མོ་ཧ། །རིན་ཆེན་ནོར་དང་དཔག་བསམ་ཤིང་། །འབྱོར་པའི་ལོངས་སྤྱོད་ཀུན་དང་ལྡན། །མཆོད་རྟེན་གྲུབ་པའི་དངོས་གྲུབ་ཅན། །ཐམས་ཅད་ཀུན་ལ་དབང་བསྒྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ།།

འདིར་དྲངས་པའི་གཞུང་རྣམས་ལས་ཡུལ་ཙམ་ལས་དུར་ཁྲོད་ཀྱི་མིང་ལ་གསལ་ཁ་ཅན་ལེགས་པོ་མེད་ལ། ཧེ་རུ་ཀ་སྙིང་རོལ་དུ་ཡི་གེ་ཆད་དམ་ནུབ་ཀྱི་དུར་ཁྲོད་བསྟན་པའི་ཚིག་ཀྱང་མ་བྱུང་ཞིང་། འབྲས་བུ་ལྔ་བསྒྲལ་བ་ལས་དུར་ཁྲོད་ཆེན་པོ་བརྒྱད་པ་དེའི་ཡུལ་ནི། དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །རྒྱ་མཚོའི་སྒོ་གླིང་མ་ཧཱ་དོ། །ལང་ཀ་པུ་རི་སྲིན་པོོའི་གནས། །ཞེས་སྲིན་ཡུལ་ལངྐ་པུ་རི་ནུབ་ཟ་ཧོར་དུ་ཡོད་པར་བཤད་དང་། ལ། ཀརྨ་མཱ་ལེ་ལས། ཐམས་ཅད་ལོ་ཀའི་དུར་ཁྲོད་ན། །ཞེས་པ་ཙམ་ལས་ཕྱོགས་གང་ཡིན་གསལ་ཁ་མེད་ཀྱང་ནུབ་ཡིན་དགོས་ཤིང་། བདུད་རྩི་རོལ་བ་ལས། དེ་ཡི་ནང་ཁྲོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་པོའི་ནུབ་ཕྱོགས་སྤངས། །རྒྱ་མཚོ་གླིང་གི་གནས་ཆེན་པོ། །ལང་ཀ་པུ་རི་སྲིན་པོའི་ཡུལ། །ཞེས་ནུབ་ཡིན་པར་བཤད་ཀྱང་རྒྱ་མཚོའི་གླིང་ཞིག་ཡིན་པ་ཙམ་ལས་ཟ་ཧོར་གྱི་ཡུལ་ཡིན་པར་མ་བཤད་ལ། དོན་ལ་ནུབ་ཕྱོགས་ཟ་ཧོར་གྱི་ཡུལ་དུ་འབོད་པ་དེ་ནི་ལ་ཧོར་ཏེ་ད་ལྟ་རྒྱ་གར་ནུབ་རྒྱུད་ཀྱི་ཡུལ་གྲུ་ཞིག་ཏུ་གོ་བས་དེ་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན་མིན་དང་། སྲིན་པོའི་གནས་སུ་གོ་མིན་ལ་དོགས་པ་ཆེ་བ་སོགས་ཕྱོགས་ཀྱི་ངོས་འཛིན་སྤྱི་ལ་གྲགས་པ་དང་མི་མཐུན་པ་ཡོད་ངེས་སོ།།

དེ་བཞིན་དུ་རྙིང་རྒྱུད་ཧེ་རུ་ཀ་གལ་པོའི་རྒྱུད་ལས་ཀྱང་དུར་ཁྲོད་ཀྱི་ཕྱོགས་དང་། རུ་དྲའི་ཡན་ལག་རྣམས་གནས་ཕྱོགས་དང་། ཡུལ་གྲུ་རྣམས་རྒྱུད་དེ་རྣམས་དང་མཐུན་པར་གསུངས་འདུག་སྟེ། ཤར་ན་རྒྱ་གར་ཡུལ་ན་རུ་ཏྲའི་སྙིང་ལས་བྱུང་བའི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དང་། ལྷོ་ན་སིངྒ་ལ་ན་མགོ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས་དང་། ནུབ་བྱང་ན་ཁ་ཆེའི་ཡུལ་ན་རྐང་གཡོན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ་བ་དང་། ལྷོ་ནུབ་ཐོ་གར་ཡུལ་ན་ལག་པ་གཡོན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་གསང་ཆེན་རོལ་བ་དང་། བྱང་ཕྱོགས་སུ་ཨོ་རྒྱན་ཡུལ་ན་ཕོ་མཚན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་པདྨ་བརྩེགས་དང་། ཤར་ལྷོ་ན་བལ་པོའི་ཡུལ་ན་ལག་པ་གཡས་པ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས་དང་། ནུབ་ཕྱོགས་སུ་ཟ་ཧོར་ཡུལ་ན་ནང་ཁྲོལ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ཁུ་བྱུག་ཀློང་དང་། བྱང་ཤར་ན་ལི་ཡི་ཡུལ་ན་རྐང་པ་གཡས་ལས་བྱུང་བའི་དུར་ཁྲོད་འཇིག་རྟེན་མངོན་རྫོགས་རྣམས་ཡོད་པར་གསལ་བར་བཤད་དེ། ཧེ་རུ་ཀ་གལ་པོའི་རྒྱུད་ལས། དུར་ཁྲོད་ཆེན་པོའི་གནས་བརྒྱད་ནི། །ཡུལ་གྱི་མིང་ནི་རྒྱ་གར་ཡུལ། །ཞེས་པ་ནས་། དུར་ཁྲོད་འཇིག་རྟེན་མངོན་རྫོགས་ཡིན། །ཞེས་དང་། ཡང་དེ་ཉིད་ལས། ཤར་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཤར་ལྷོ་ལྷུན་གྲུབ་བརྩེགས། ལྷོ་སྐུ་ལ་རྫོགས། ལྷོ་ནུབ་གསང་ཆེན་རོལ་པ། ནུབ་ཁུ་བྱུག་ཀློང་དགུ། ནུབ་བྱང་ཧེ་ཆེན་རོལ་པ། བྱང་པདྨ་བརྩེགས་པ། བྱང་ཤར་འཇིག་རྟེན་མངོན་རྫོགས་རྣམས་སུ་བསམ་ཞིང་བྱིན་གྱིས་བརླབ་བོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དེར་འཇིག་རྟེན་བརྩེགས་དང་། ལངྐ་བརྩེགས་ཞེས་པ་མི་འབྱུང་བར་། དུར་ཁྲོད་ཆེན་པོ་ཁུ་བྱུག་ཀློང་དང་། འཇིག་རྟེན་མངོན་རྫོགས་ཞེས་པའི་མིང་མི་འདྲ་བ་བྱུང་ཡང་དཔྱད་ན་དགོངས་པ་གཅིག་ཏུ་བབས་འདུག་སྙམ་ལ། གཞུང་དུ་མར་དུར་ཁྲོད་ཀྱི་མིང་དང་ཕྱོགས་ཀྱི་ངོས་འཛིན་སོགས་མི་འདྲ་བ་མང་ཕྱིར། དུར་ཁྲོད་ཆེན་པོ་བརྒྱད་པོའི་མིང་འདི་དག་ནི་རྙིང་མ་སྤྱི་ལ་ཡོངས་སུ་གྲགས་པའི་གཞུང་གུ་རུ་ཆོས་ཀྱི་དབང་ཕྱུག་གི་གཏེར་མ་དུར་ཁྲོད་བརྒྱད་ཀྱི་བྱིན་འབེབས་ལས་བྱུང་བ་ལྟར་བྱས་པ་ཡིན་ལ། དེ་ནི་གཤིན་རྗེ་གསལ་ཤིང་གི་རྒྱུད་ལས་བཏུས་ཟེར་ཡང་མིང་དེ་འདྲ་བའི་རྒྱུད་ཅིག་རྙིང་རྒྱུད་དང་གསར་རྒྱུད་གང་དུའང་མ་མཐོང་ལ། འཇམ་དཔལ་གསང་རྒྱུད་པྲ་ཁོག་སྣང་བརྟག་པ་ཕྱི་མའི་རྒྱུད་ཕྱི་མའི་ཡང་ཕྱི་མ་ཞེས་པའི་ལེའུ་བཅུ་བདུན་པ་གསལ་ཤིང་གི་རྒྱུད་དེ་རིམ་པར་ཕྱེ་བ་ཟེར་བ་ཞིག་མཆིས་མོད། དེར་དུར་ཁྲོད་བརྒྱད་ཀྱི་གསལ་ཁ་མི་སྣང་ལ་གཞན་དུ་གང་ཡོད་རྩད་མ་ཆོད་དོ།།

འོན་ཀྱང་དུར་ཁྲོད་རྣམས་ཀྱི་མིང་དེ་ལྟར་ཡིན་པའི་རྒྱུད་ཀྱི་ཁུངས་ནི་ཡོད་དེ། ཧེ་རུ་ཀ་གལ་པོའི་ལུགས་སུ་དུར་ཁྲོད་སོ་སོའི་མིང་བྱུང་བ་བཤད་ཟིན་པའི་ཕྱིར་དང་། གཞན་ཡང་པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། ཤར་ན་དུར་ཁྲོད་བསིལ་བའི་ཚལ། །ཤར་ལྷོར་དུར་ཁྲོད་ལྷུན་གྱིས་གྲུབ། །ལྷོ་ན་དུར་ཁྲོད་སྐུ་ལ་རྫོགས། །ལྷོ་ནུབ་དུར་ཁྲོད་གསང་ཆེན་རོལ། །ནུབ་ན་དུར་ཁྲོད་པདྨ་བརྩེགས། །ནུབ་བྱང་དུར་ཁྲོད་ཧེ་ཆེན་རོལ། །དུར་ཁྲོད་ཁུ་བྱུག་ཀློང་དགུ་བྱང་། །བྱང་ཤར་དུར་ཁྲོད་འཇིག་རྟེན་སྐྱོང་། །ཞེས་དང་། གླང་པོ་ཆེ་རབ་འབོག་གི་རྒྱུད་པཎྜི་ཏ་བི་ཤྭ་མི་ཏྲ་དང་། ལོ་ཙཱ་བ་འཇིང་གསལ་འབར་གྱི་འགྱུར་ལས། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མཁས་ཤིང་སྙིང་སྟོབས་ཆེ་བའི་གནས། །དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། །ཡོན་ཏན་མཐོང་ཐོས་ཅན་ནི་མང་། །དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ། །བདེ་སྐྱིད་ལྡན་པ་དེ་ན་མང་། །དུར་ཁྲོད་ཆེན་པོ་གསང་ཆེན་རོལ། །མཐུ་དབང་ཡོན་ཏན་དེ་ན་ཆེ། །དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས། །ཟས་ཀྱི་ལོངས་སྤྱོད་ཆེ་བའི་གནས། །དུར་ཁྲོད་ཆེན་པོ་ལང་ཀ་བརྩེགས། །ཡོན་ཏན་དངོས་གྲུབ་ཐོབ་པ་མང་། །དུར་ཁྲོད་ཆེན་པོ་སྒྲོལ་བར་མཛད། །རྣལ་འབྱོར་ལོངས་སྤྱོད་རབ་ཏུ་ལྡན། །དུར་ཁྲོད་འཇིག་རྟེན་མངོན་རྫོགས་ན། །རྫུ་འཕྲུལ་ཡ་མ་ཟུང་དུ་སྟོན། །འཇིག་རྟེན་ལྷ་བརྒྱད་བསྒྲལ་འདུལ་བས། །དུར་ཁྲོད་ཆེན་པོ་བརྒྱད་དུ་བསྟན། །ཅེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་དྲེགས་པ་གནད་འབེབས་ལས་ནུབ་པདྨ་བརྩེགས་པ་དང་། གོང་དུ་བྱང་པདྨ་བརྩེགས་པ་བྱས་པ་དང་། གོང་དུ་ལངྐ་བརྩེགས་པ་དང་འདིར་ཁུ་བྱུག་ཀློང་སྨོས་པ་ཙམ་ནི་མི་འདྲ་བའི་ཁྱད་པར་དང་། གླང་ཆེན་རབ་འབོག་ལས། པདྨ་བརྩེགས་པའི་ཚབ་ཏུ་སྒྲོལ་བར་མཛད་ཅེས་པ་དང་། ཕྱོགས་ཀྱི་གསལ་ཆ་མེད་པ་སོགས་ནི་ཁྱད་པར་རོ།།

གུ་རུ་ཆོས་དབང་གི་གཏེར་མ་དེ་ལས་ནི། དུར་ཁྲོད་བརྒྱད་ཀྱི་ཕྱོགས་ཀྱི་འགོད་ཚུལ་ནི་རྒྱུད་སྔ་མ་དྲེགས་པ་གནད་འབེབས་དང་གོང་གི་ཧེ་རུ་ཀ་སྙིང་རོལ་དང་། འབྲས་བུ་ཆེན་པོ་ལྔ་བསྒྲལ་བའི་རྒྱུད་སོགས་ཇི་བཞིན་ལ། མི་འདྲ་བ་ནི་རུ་དྲའམ་ལྷ་ཆེན་དགའ་རབ་དབང་ཕྱུག་གི་རྐང་པ་གཡས་པ་ནུབ་བྱང་དང་གཡོན་པ་བྱང་ཤར་དུ་བཞག་པར་བཤད་པ་དང་། དེ་བཞིན་དུ་ཤར་དུ་ལྷ་ཆེན་སྟོབས་བཟང་གི་རོ་དང་། ལྷོར་འཆི་བདག་གཤིན་རྗེའི་རོ་དང་། ནུབ་ཏུ་ཚངས་པའི་རོ་དང་། བྱང་དུ་ཁྱབ་འཇུག་གི་རོ་དང་། ཤར་ལྷོར་དགའ་དམར་གྱི་རོ་དང་། ལྷོ་ནུབ་ཏུ་ཚོགས་བདག་གི་རོ་དང་། ནུབ་བྱང་དུ་བྷྲིངྒི་རི་ཏིའི་རོ་དང་། བྱང་ཤར་དུ་གཞོན་ནུ་སྨིན་དྲུག་གི་རོ་རྣམས་ཡོད་པར་བཤད་དོ།།

ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། ལག་པ་གཡས་པ་རྒྱ་གར་དང་། ལག་པ་གཡོན་པ་ལི་ཡུལ་དང་། རྐང་པ་གཡས་པ་བལ་ཡུལ་དང་། རྐང་པ་གཡོན་པ་ཐོ་གར་ཡུལ་དང་། མགོ་བོ་ཟ་ཧོར་ཡུལ་དང་། མཁལ་མ་གཡས་པ་གླིང་དགུའི་ཡུལ་དང་། མཁལ་མ་གཡོན་པ་ཨུ་རྒྱན་ཡུལ་དང་། ཕོ་མཚན་སིང་ག་ལའི་ཡུལ་དུ་བཤད་ཅིང་། སྙིང་དང་། ནང་ཁྲོལ་དོར་བའི་ཚབ་ཏུ་མཁལ་མ་གཡས་གཡོན་བསྣན་པ་པས་གོང་དང་མི་འདྲ་སྟེ། དེ་ཉིད་ལས། ལག་པ་གཡས་པའི་དུར་ཁྲོད་ནི། །རྒྱ་གར་ཡུལ་དུ་བསྒྲལ་བར་བྱ། །ཞེས་དང་། དུར་ཁྲོད་ལག་པ་གཡོན་པ་ལ། །ལི་ཡི་ཡུལ་དུ་བསྒྲལ་བར་བྱ། །ཞེས་དང་། དུར་ཁྲོད་རྐང་པ་གཡས་པ་ནི། །བལ་པོའི་ཡུལ་དུ་བསྒྲལ་བར་བྱ། །ཞེས་དང་། དུར་ཁྲོད་རྐང་པ་གཡོན་པ་ལ། །ཐོ་གར་ཡུལ་དུ་བསྒྲལ་བྱའོ། །ཞེས་དང་། དུར་ཁྲོད་འདི་ཡི་མགོ་བོ་ནི། །ཟ་ཧོར་ཡུལ་དུ་བསྒྲལ་བར་བྱ། །ཞེས་དང་། དུར་ཁྲོད་མཁལ་མ་གཡོན་པ་ནི། །ཨུ་རྒྱན་ཡུལ་དུ་བསྒྲལ་བར་བྱ། ཞེས་དང་། དུར་ཁྲོད་འདི་ཡི་ཕོ་མཚན་ནི། །སིང་ཧ་ཡུལ་དུ་བསྒྲལ་བར་བྱ། །ཞེས་དང་། དུར་ཁྲོད་མཁལ་མ་གཡས་པ་ནི། །གླིང་དགུའི་ཡུལ་དུ་བསྒྲལ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དཔལ་འབར་ཁྲོ་མོའི་རྒྱུད་ལས། སྲིན་ཡུལ་དུ་ཤར་ཕྱོགས་ན་དུར་ཁྲོད་ཆེན་པོ་ཁྲག་འཐུང་ཡུལ་དང་། ལྷོ་ཕྱོགས་ན་འཇིགས་པའི་ཡུལ་དང་། ནུབ་ཕྱོགས་ན་འཛིན་བྱེད་དང་། བྱང་ཕྱོགས་ན་སྒྲོལ་བ་དང་། ཤར་ལྷོར་འདྲེན་བྱེད་དང་། ལྷོ་ནུབ་ཏུ་ཚལ་སྔོན་དང་། ནུབ་བྱང་ན་ས་ལ་དང་། བྱང་ཤར་ན་དུར་ཁྲོད་ཆེན་པོ་ཀ་པ་ལ་ཟེར་བ་ཡོད་པར་བཤད་པ་ནི་སྲིན་ཡུལ་ཁོ་ན་ལ་གོའམ་རུ་དྲ་བསྒྲལ་བའི་ཕུང་པོ་གནས་བརྒྱད་དུ་གཏོར་བ་ལས་ཆགས་པའི་དུར་ཁྲོད་བརྒྱད་སྤྱི་ལ་གོ་བ་གང་ཡིན་བློ་ལྡན་དག་གིས་དཔྱད་པར་བྱའོ།།

གཞན་ཡང་ཕྱིས་འགྱུར་གསར་མའི་རྒྱུད་དག་ཏུ་བསྟན་པའི་དུར་ཁྲོད་ཆེན་པོ་བརྒྱད་ངོས་འཛིན་ཚུལ་དང་མིང་མི་འདྲ་བའི་ཁྱད་པར་ནི། ཤར་དུ་གཏུམ་དྲག་ཅན་དང་། བྱང་དུ་ཚང་ཚིང་ཅན་དང་། ནུབ་ཏུ་རྡོ་རྗེ་འབར་བའམ་འབར་བས་འཁྲིགས་པའི་ཀེང་རུས་དང་། ལྷོར་ཀེང་རུས་ཅན་ནམ་འཇིགས་སྡེ་ཞེས་པ་དང་། བྱང་ཤར་དུ་མི་བཟད་བཞད་པའམ་ཧ་ཧར་དགོད་པ་དང། ཤར་ལྷོ་ལ་བཀྲ་ཤིས་མཆོག་གམ་དཔལ་གྱི་ནགས་ཚལ་ཞེས་པ་དང་། ལྷོ་ནུབ་ཏུ་མུན་པ་ཅན་ནམ་འཇིགས་པའི་མུན་པ་དང་། ནུབ་བྱང་དུ་ཀི་ལི་ཀི་ལིའི་སྒྲ་ཅན་དང་བརྒྱད་དུ་འགོད་པ་དང་ཡོད་པར་ཡང་བཤད་དེ། བདེ་མཆོག་འབྱུང་བའི་རྒྱུད་ལས། དུར་ཁྲོད་བརྒྱད་ཀྱིས་བརྒྱན་པ་སྟེ། །གཏུམ་དྲག་དེ་བཞིན་ཚང་ཚིང་དང་། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། །ཞེས་དང་། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུད་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། གཏུམ་དྲག་དང་ནི་ཚང་ཚིང་དང་། །འབར་བས་འཁྲུགས་པའི་ཀེང་རུས་དང་། །འཇིགས་སྡེ་རྣམས་ནི་ཤར་སོགས་ཀྱི། །ཕྱོགས་སུ་གཡོན་ནས་བསྐོར་ཏེ་གནས། །ཧ་ཧར་རྒོད་པ་དབང་ལྡན་ཏེ། །དཔལ་གྱི་ནགས་ཚལ་བྱིན་ཟར་རོ། །འཇིགས་པའི་མུན་པ་བདེན་བྲལ་དུ། །རླུང་མཚམས་ཀི་ལི་ཀི་ལིར་སྒྲོག །ཅེས་དང་། བཅོམ་ལྡན་འདས་རལ་བ་གཅིག་པའི་རྒྱུད་ལས། གཏུམ་དྲག་ཚང་ཚིང་འཁྲིགས་པ་དང་། །འུར་འུར་འབར་བས་ཁྱབ་པ་དང་། །ཀེང་རུས་འཇིགས་རུང་ཤར་སོགས་ཀྱིས། །ཕྱོགས་སུ་གཡོན་བསྐོར་གྱིས་ལེགས་གནས། །ཧ་ཧར་དགོད་པ་དབང་ལྡན་དུ། །བྱིན་ཟར་དཔལ་གྱི་ནགས་ཚལ་ལོ། །མུན་པ་མི་བཟད་བདེན་བྲལ་དུ། །རླུང་དུ་ཀི་ལི་ཀི་ལིར་སྒྲོག །ཅེས་གསུངས་པའི་ཕྱིར། རྒྱུད་ཕྱི་མ་གཉིས་ལས། ཤར་སོགས་ཀྱི། །ཕྱོགས་སུ་གཡོན་ནས་བསྐོར་ཏེ་གནས། །ཞེས་སོགས་ཕྱོགས་བཞི་པོ་ཤར་ནས་གཡོན་སྐོར་དུ་གནས་པ་དང་། དཀྱིལ་འཁོར་གྱི་རྒྱན་དུ་དེ་ལྟར་དགོས་པ་དངོས་སུ་གསལ་ཁ་བཏོད་པ་དང་། སྔ་མ་ལས་ཀྱང་གནས་ཕྱོགས་ཀྱི་ངོས་འཛིན་དེ་ལྟར་བཤད་པ་ཤེས་པས་རིམ་པ་བཞིན་ཤར་ནས་བྱང་དུ་འགོད་དགོས་པ་ནི་མ་རྒྱུད་ཀྱི་དགོངས་པར་སྣང་ལ། དུར་ཁྲོད་རྣམས་ཀྱི་མིང་སོགས་ལ་ཞིབ་ཏུ་དཔྱད་ནའང་མཐུན་པས་འདི་གསུམ་ཀ་བདེ་མཆོག་གི་རྒྱུད་དུ་གཏོགས་པ་ཡིན་ཕྱིར་དགོངས་པ་གཅིག་པར་སྣང་ངོ་།།

རྒྱུད་དེ་དག་གི་ལུང་དོན་འདི་དག་ལྟར་ན་དཀྱིལ་འཁོར་དུ་འགོད་པའི་དབང་དུ་བྱས་པ་ཡིན་གྱི་གནས་ཡུལ་སོ་སོར་དུར་ཁྲོད་བརྒྱད་དུ་གནས་པའི་ཕྱོགས་ཀྱི་བཤད་པ་མིན་པར་གསལ་ཞེ་ན། སློབ་དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ཞེས་པ་འགོས་ལོ་ཙཱ་བའི་འགྱུར་དེ་ལས། འདི་ནི་དུར་ཁྲོད་བརྒྱད་པོ་སྟེ། །དཔལ་ལྡན་རྡོ་རྗེ་རྣལ་འབྱོར་པས། །རྡོ་རྗེ་ར་བའི་ནང་ལོགས་སུ། །རབ་ཏུ་འབད་དེ་བསམ་པར་བྱ། །ཞེས་གསུངས་པ་ལྟར་འདིར་ནང་དུ་དཀྱིལ་འཁོར་དུ་བསྒོམ་སྟེ་འགོད་པའི་རིམ་པ་ལྟར་ཡིན་པ་བདེན་མོད། དཀྱིལ་འཁོར་དུ་བསྒོམ་དུས་དེ་ལྟར་ཡིན་ན་ཕྱི་རོལ་གྱི་གནས་ཀྱི་གནས་ཕྱོགས་དག་ཀྱང་དེ་ལྟར་བཞེད་པ་ཡིན་པར་འཐད་པས་ཕྱི་ནང་གི་ཁྱད་པར་ཀྱི་འགོད་ཕྱོགས་སོ་སོར་མེད་པ་ནི་རྒྱུད་དང་བསྟན་བཅོས་འདི་དག་དགོངས་པ་གཅིག་དང་དབྱངས་གཅིག་གམ་སྙམ་ལ། སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་དེ་ལས་ཀྱང་། གཏུམ་དྲག་དང་ནི་ཚང་ཚིང་དང་། །འབར་བས་འཁྲིགས་པའི་ཀེང་རུས་ཏེ། །འཇིགས་སྡེ་རྣམས་ནི་ཤར་ལ་སོགས། །ཕྱོགས་སུ་ཡོངས་སུ་བསྐོར་ཏེ་གནས། །ཧ་ཧར་དགོད་པ་དབང་ལྡན་ཏེ། །དཔལ་གྱི་ནགས་ན་བྱིན་ཟའོ། །འཇིགས་པའི་མུན་པ་བདེན་བྲལ་ཏེ། །རླུང་མཚམས་ཀཱི་ལི་ཀཱི་ལར་སྒྲོག །ཅེས་རྒྱུད་དེ་དག་དང་མཐུན་པར་གསུངས་སོ།།

དེ་བཞིན་དུ་ཡང་རྒྱུད་འགའ་རེར་དེ་དག་དང་ཅུང་མི་འདྲ་བར་ཤར་དུ་དུར་ཁྲོད་གཏུམ་དྲག་ནག་པོ་དང་། ལྷོར་ཧ་ཧར་དགོད་པ་སེར་པོ་དང་། ནུབ་ཏུ་མི་བཟད་དམར་པོ་དང་། བྱང་དུ་ཚང་ཚིང་ལྗང་གུ་དང་། ཤར་ལྷོར་གཡེར་ཁ་ཅན་དང་། ལྷོ་ནུབ་ཏུ་འབར་བ་འཛིན་དང་། ནུབ་བྱང་དུ་དམྱལ་གནས་དང་། བྱང་ཤར་དུ་དབྱིབས་ཅན་དང་བརྒྱད་འགོད་པ་དང་གནས་པའི་ཚུལ་ཡང་ཡོད་པ་ཡིན་ཏེ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཤར་དུ་གཏུམ་དྲག་ནག་པོ་ཆེ། །ལྷོ་རུ་ཧ་ཧར་དགོད་སེར་ཆེ། །ནུབ་ཏུ་མི་བཟད་དམར་པོ་སྟེ། །བྱང་དུ་ཚང་ཚིང་ལྗང་གུ་ཆེ། །མེ་རུ་གཡེར་ཀ་ཅན་ཡིན་ཏེ། །བདེན་བྲལ་མཚམས་སུ་འབར་བ་འཛིན། །རླུངས་མཚམས་དམྱལ་སོགས་གནས་པ་སྟེ། །དབང་ལྡན་དུ་ནི་དབྱིབས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དུར་ཁྲོད་བརྒྱད་པོ་དེར་མ་མོ་བརྒྱད་དང་། མཆོད་རྟེན་བརྒྱད་དང་། ཤིང་བརྒྱད་དང་། ཞིང་སྐྱོང་བརྒྱད་དང་། ཕྱོགས་སྐྱོང་བརྒྱད་དང་། ཀླུ་བརྒྱད་དང་། སྤྲིན་བརྒྱད་དང་། སློབ་དཔོན་བརྒྱད་དང་། ལྷ་ཆེན་ཆེན་པོ་བརྒྱད་དང་། རི་བརྒྱད་རྣམས་ཡོད་པར་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་བ་ལས། རང་བྱུང་སྤྲུལ་པའི་ལྷ་མོ་གནས། །དེ་དག་བྱིན་རླབས་ཁྱད་པར་མཐུས། །མཆོད་རྟེན་ཤིང་ལ་སོགས་པར་སྣང་། །འདི་ལྟར་ས་གཞི་དེ་དག་ཀུན། །བཀྲ་ཤིས་ཐུགས་རྗེ་ཡ་མཚན་ཅན། །ཆོས་དང་དངོས་གྲུབ་འབྱུང་བའི་གནས། །ཆོ་འཕྲུལ་རོལ་པར་བསྟན་པའོ། །ཞེས་དང་། འབྲས་བུ་ཆེན་པོ་ལྔ་བསྒྲལ་བ་ལས། ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས། །རོ་ཡི་སྲུང་མ་ཆེན་མོ་ནི། །མ་མོ་ཆེན་མོ་བརྒྱད་བཞག་གོ །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། དུར་ཁྲོད་བརྒྱད་དུ་གནས་པ་སྟེ། །ལྷ་དབང་བཅས་དང་མ་མོ་དང་། །ཀླུ་དང་གནོད་སྦྱིན་ཚོགས་རྣམས་དང་། །འབྱུང་པོའི་ཚོགས་དང་དྲང་སྲོང་དང་། །ཤ་ཟ་རྣམས་དང་རིག་འཛིན་ཚོགས། །སྡེ་ཚན་བརྒྱད་ཀྱིས་བསྐོར་བ་ཡིན། །ཞེས་དང་། གཞན་ཡང་སངས་རྒྱས་མཉམ་སྦྱོར་སྔ་འགྱུར་ལས། དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་བསྐོར། །མ་མོ་བརྒྱད་དང་ལྷ་ཆེན་བརྒྱད། །ཞིང་སྐྱོང་ཤིང་དང་ཀླུ་ཆེན་བརྒྱད། །ཤཱཀྱ་ཐུབ་མཛད་མཐར་ཕྱིན་ཅིང་། །མཆོད་རྟེན་བརྒྱད་ནི་བསྒོམ་ཚུལ་མཛད། །ཅེས་སོགས་དང་། དཔལ་ཡེ་ཤེས་ཐིག་ལེ་ལས། དུར་ཁྲོད་བརྒྱད་ཀྱི་དབུས་སུ་ནི། །དཔའ་བོ་རྣལ་འབྱོར་མ་ཡིས་བསྐོར། །འཇིག་རྟེན་སྐྱོང་བ་བརྒྱད་དང་ལྡན། །ཤིང་གི་རྒྱལ་པོ་བརྒྱད་ཀྱིས་བསྐོར། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། དུར་ཁྲོད་བརྒྱད་པོ་རྣམས་སུ་ཡང་། །ཤིང་དང་ཕྱོགས་སྐྱོང་ཀླུ་དབང་སྟེ། །ཞེས་དང་། སློབ་དཔོན་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་པོ་ཆེའི་སྒྲོན་མ་ལས། དུར་ཁྲོད་བརྒྱད་ན་མཚོ་བརྒྱད་ཀླུ། །ཤིང་བརྒྱད་ཞིང་སྐྱོང་གདན་མགོ་བརྒྱད། །ཕྱོགས་སྐྱོང་ཆུང་མ་བུ་འཁོར་བརྒྱད། །སྟེང་ན་ལྷ་བརྒྱད་ལྷ་ཡི་འཁོར། །མཆོད་རྟེན་བརྒྱད་དང་རྣལ་འབྱོར་ཚོགས། །ཞེས་དང་། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ལས། རིམ་པར་ལྷ་ཆེན་བརྒྱད་དང་ནི། །ཕྱོགས་སྐྱོང་བརྒྱད་དང་ཀླུ་ཆེན་བརྒྱད། །པདྨའི་མདོག་བཞིན་བསྐྱེད་བྱ་སྟེ། །ཞེས་དང་། སློབ་དཔོན་དཔལ་སྒྲ་གཅན་གསང་བས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་རབ་ཏུ་གསལ་བ་ལས། ཤིང་དང་། གནོད་སྦྱིན་དང་། ཕྱོགས་སྐྱོང་དང་། ཀླུ་དང་། སྤྲིན་དང་། རི་དང་། མཆོད་རྟེན་དང་ལྡན་པའི་དུར་ཁྲོད་བརྒྱད་བཤད་པར་བྱ་སྟེ། ཞེས་དང་། སློབ་དཔོན་དཱ་རི་ཀ་པས་མཛད་པའི་དཔལ་འཁོར་ལོ་སྡོམ་པའི་བསྟོད་པ་གཙུག་གི་ནོར་བུ་ལས། ཚོགས་བརྒྱད་དག་ཕྱིར་དུར་ཁྲོད་རབ་འཇིགས་བྱེད། །ཤི་རི་ཥ་སོགས་བྱང་ཆུབ་ཤིང་བརྒྱད་ལ། །ཁྭ་གདོང་ལ་སོགས་ཤིང་ལྷ་སྤྲིན་དང་བཅས། །ཀླུ་དང་གནོད་སྦྱིན་ལྷ་ཆེན་བརྒྱད་པོར་ལྡན། །དབང་པོ་མེ་དང་གཤིན་རྗེ་སྲིན་པོ་དང་། །ཆུ་བདག་རླུང་ལྷ་ནོར་བདག་འབྱུང་པོར་ལྡན། །ས་ཡི་ལྷ་མོ་ཉི་ཟླ་ཚངས་པ་དང་། །དྲག་པོ་ཞིང་སྐྱོང་ཕྱོགས་མཚམས་ཀུན་ན་གནས། །མཆོད་རྟེན་བྲག་སོགས་ཆུ་དང་མེ་བརྒྱད་དང་། །ཉི་ཤུ་རྩ་བཞི་མཁའ་འགྲོ་གནས་པའི་ས། །འབྱུང་པོ་འདུས་པ་ཅེ་སྤྱང་སྒྲ་སྒྲོགས་ཤིང་། །ཤ་ཟ་རོ་ལངས་འཕྲ་མེན་མ་བརྒྱད་དང་། །ཨུ་མ་དུས་མཚན་དུར་ཁྲོད་བདག་མོར་བཅས། །རྒྱལ་ཆེན་བཞི་སོགས་འཇིག་རྟེན་དབང་ཕྱུག་ལྡན། །གྲུབ་ཆེན་བརྒྱད་སོགས་ཕྱག་རྒྱ་མཆོག་ལྡན་ཞིང་། །གྲུབ་པའི་རྣལ་འབྱོར་སྤྱོད་པ་རྣམ་མཛེས་པའི། །སྒྲུབ་པའི་རྟེན་གྱུར་བདེ་གཤེགས་ཀུན་གྱི་གནས། །སྣོད་བཅུད་དག་ལ་གསང་བའི་དཀྱིལ་འཁོར་མཆོག །ཡོན་ཏན་ཀུན་ལྡན་ཐར་པའི་གྲོང་མཆོག་ལ། །བདག་ནི་རབ་གུས་དང་བས་ཕྱག་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དང་པོ་མ་མོ་བརྒྱད་དུར་ཁྲོད་བརྒྱད་པོར་གནས་ཚུལ་ཡོད་དེ། ཤར་དུ་མ་མོ་ཆེན་མོ་ཀཽ་རཱི་མ་གནས་པ་དང་། ལྷོ་རུ་མ་མོ་ཙཽ་རཱི་མ་དང་། ནུབ་ཏུ་སྨེ་ཤ་ནཱི་དང་། བྱང་དུ་གྷསྨ་རཱི་དང་། ཤར་ལྷོ་རུ་པུསྐ་སཱི་དང་། ལྷོ་ནུབ་ཏུ་བེ་ཏཱ་ལཱི་དང་། བྱང་ཤར་དུ་ཙཎྜ་ལཱི་དང་། ནུབ་བྱང་དུ་པྲ་མོ་ཧཱ་རྣམས་གནས་པར་བཤད་པའི་ཕྱིར་ཏེ། ཧེ་རུ་ཀ་སྙིང་རོལ་ལས། དེ་ཡི་སྙིང་ནི་མ་ཧཱའི་ལྟོ། །དུར་ཁྲོད་ཆེན་པོ་བསིལ་ཚལ་ན། །མ་མོ་ཆེན་མོ་ཀོའུ་རི་མ། །མཁས་མ་སྙིང་སྟོབས་ཆེ་བས་གནས། །དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །སིང་ག་ལ་ཡི་གླིང་ཕྲན་ན། །མ་མོ་ཆེན་མོ་ཙོའུ་རི་མ། །མཐོང་ཐོས་རྔམ་པའི་རྫུ་འཕྲུལ་མངའ། །ལག་པ་གཡས་ནི་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུས་ཀ་སི། །ཞེས་དང་། ལག་པ་གཡོན་ནི་ལྷོ་ནུབ་མཚམས། །ས་ཡི་ཚལ་ན་བེ་ཏ་ལི། །ཞེས་དང་། རྐང་པ་གཡས་པ་བྱང་ཤར་མཚམས། །ལི་ཡུལ་ན་ནི་ཙཎྜ་ལི། །ཞེས་དང་། རྐང་པ་གཡོན་པ་ནུབ་བྱང་མཚམས། །སྐད་དང་སྐད་སྣ་མཐུན་པ་ན། །མ་མོ་ཆེན་མོ་པྲ་མོ་ཧ། །ཞེས་དང་། ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །ཨུ་རྒྱན་ཡུལ་ན་གྷསྨ་རི། །ཞེས་དང་། འབྲས་བུ་ཆེན་པོ་ལྔ་བསྒྲལ་བ་ལས། དེ་ཡི་ལུས་སྙིང་མ་ག་དྷ། །དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། །མ་མོ་ཆེན་མོ་ཀོའུ་རི་གནས། །ཞེས་དང་། དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །དུར་ཁྲོད་ཆེན་པོར་བཞག་པ་ནི། །སིང་ག་ཡུལ་གྱི་གླིང་ཕྲན་ཡིན། །མ་མོ་ཆེན་མོ་ཙོའུ་རི་གནས། །ཞེས་དང་། ལག་པ་གཡས་པ་ཤར་ལྷོའི་མཚམས། །དུར་ཁྲོད་ཆེན་པོ་བལ་ཡུལ་ཡིན། །མ་མོ་ཆེན་མོ་པུས་ཀ་སི། །ཞེས་དང་། ལག་པ་གཡོན་ནི་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་ས་ལའི་ཡུལ། །མ་མོ་ཆེན་མོ་བེ་ཏ་ལི། །ཞེས་དང་། རྐང་པ་གཡས་པ་བྱང་ཤར་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །མ་མོ་ཆེན་མོ་ཙཎྜ་ལི། །ཞེས་དང་། རྐང་པ་གཡོན་པ་ནུབ་བྱང་མཚམས། །དུར་ཁྲོད་ཆེན་པོ་ཁ་ཆེའི་ཡུལ། །མ་མོ་ཆེན་མོ་པྲ་མོ་ཧ། །ཞེས་དང་། ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །དུར་ཁྲོད་ཆེན་པོ་ཨུ་རྒྱན་ཡུལ། །མ་མོ་ཆེན་མོ་གྷསྨ་རི། །ཞེས་དང་། དུར་ཁྲོད་ཆེན་པོ་ཟ་ཧོར་ཡུལ། །རྒྱ་མཚོའི་སྒོ་གླིང་མ་ཧཱ་དོ། །ལང་ཀ་པུ་རི་སྲིན་པོོའི་གནས། །མ་མོ་ཆེན་མོ་སྨ་ཤ་ནི། །ཞེས་གསུངས་པའི་ཕྱིར་དང་། ཧེ་རུ་ཀ་གལ་པོའི་རྒྱུད་ལས། གཽ་རཱིའི་གནས། རཱུ་ཏྲའི་སྙིང་ལས་བྱུང་བའི་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ། ཞེས་དང་། ཙཽ་རཱིའི་གནས། མགོ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་སྐུ་ལ་རྫོགས། ཞེས་དང་། སྨ་ཤ་ནཱིའི་གནས། ནང་ཁྲོལ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ཁུ་བྱུག་ཀློང་། ཞེས་དང་། གྷསྨ་རཱིའི་གནས། ཕོ་མཚན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་པདྨ་བརྩེགས་དང་། ཞེས་དང་། བུཀྐ་སཱིའི་གནས། ལག་པ་གཡས་པ་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ལྷུན་གྲུབ་བརྩེགས། ཞེས་དང་། བེ་ཏཱ་ལཱིའི་གནས། ལག་གཡོན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་གསང་ཆེན་རོལ། ཞེས་དང་། ཙཎྜ་ལཱིའི་གནས། རྐང་གཡས་ལས་བྱུང་བའི་དུར་ཁྲོད་འཇིག་རྟེན་མངོན་རྫོགས་ཡིན། ཞེས་དང་། པྲ་མོ་ཧེའི་གནས། རྐང་གཡོན་ལས་བྱུང་བའི་དུར་ཁྲོད་ཆེན་པོ་ཧེ་ཆེན་རོལ། ཞེས་གསུངས་པའི་ཕྱིར་རོ།།

རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་བདུད་རྩི་རོལ་བ་ལས། དེ་ཡི་ལུས་སྙིང་མ་ག་དྷཱ། །མ་མོ་ཆེན་མོ་ཀོའུ་རི་གནས། །ཞེས་དང་། མགོ་ནི་ལྷོ་ཡི་ཕྱོགས་གནས་པའི། །དུར་ཁྲོད་ཆེན་པོ་རབ་སྣང་བྱེད། །སིངྒའི་ཡུལ་གྱི་གླིང་ཕྲན་དག །མ་མོ་ཆེན་མོ་ཙོའུ་རི་གནས། །ཞེས་དང་། ལག་པ་གཡས་པ་ཤར་ལྷོ་མཚམས། །དུར་ཁྲོད་ཆེན་པོ་བལ་པོའི་ཡུལ། །མ་མོ་ཆེན་མོ་པུཀྐ་སཱི། །ཞེས་དང་། ལག་པ་གཡོན་པ་ལྷོ་ནུབ་མཚམས། །དུར་ཁྲོད་ཆེན་པོ་སཱ་ལའི་ཡུལ། །མ་མོ་ཆེན་མོ་གྷསྨ་རཱི། །ཞེས་དང་། རྐང་པ་གཡས་པ་བྱང་ཤར་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །མ་མོ་ཆེན་མོ་ཙནྡ་ལཱི། །ཞེས་དང་། རྐང་པ་གཡོན་པ་ནུབ་བྱང་མཚམས། །དུར་ཁྲོད་ཆེན་པོ་ལི་ཡི་ཡུལ། །མ་མོ་ཆེན་མོ་སྨ་ཤ་ནཱི། །ཞེས་དང་། མཁའ་འགྲོའི་ཚོགས་ཀུན་རྒྱུ་བའི་གནས། །མཚན་མའི་གནས་ཏེ་བྱང་ཕྱོགས་གནས། །དུར་ཁྲོད་ཆེན་པོའི་ཨཽ་ཌིའི་གནས། །མ་མོ་ཆེན་མོ་བེ་ཏཱ་ལཱི། །ཞེས་དང་། དེ་ཡི་ནང་ཁྲོལ་ཐམས་ཅད་ཀུན། །དུར་ཁྲོད་ཆེན་པོའི་ནུབ་ཕྱོགས་སྤངས། །རྒྱ་མཚོ་གླིང་གི་གནས་ཆེན་པོ། །ལང་ཀ་པུ་རི་སྲིན་པོའི་ཡུལ། །མ་མོ་ཆེན་མོ་པྲ་མོ་ཧ། །ཞེས་མ་མོ་བརྒྱད་ཀྱི་གནས་ཕྱོགས་རྒྱུད་སྔ་མ་དག་དང་མི་མཐུན་པར་ལྷོ་ནུབ་མཚམས་སུ་མ་མོ་ཆེན་མོ་གྷསྨ་རཱི་དང་། ནུབ་བྱང་མཚམས་སུ་མ་མོ་ཆེན་མོ་སྨ་ཤ་ནཱི་དང་། བྱང་ཕྱོགས་སུ་མ་མོ་ཆེན་མོ་བེ་ཏཱ་ལཱི་དང་། ནུབ་ཕྱོགས་སྲིན་པོའི་ཡུལ་དུ་མ་མོ་ཆེན་མོ་པྲ་མོ་ཧ་གནས་པར་བཤད་ལ། ལི་ཡི་ཡུལ་གཉིས་བྱུང་བ་ནི་ཡི་གེ་ནོར་བ་ཡིན་ངེས་སོ།།

གོང་དུ་གསལ་བ་ལྟར་ཞི་ཁྲོའི་ལས་བྱང་དང་བརྒྱ་ཕྱག་ལས་ནི། ཁྲོ་བོའི་དཀྱིལ་འཁོར་གྱི་ཤར་ཕྱོགས་ཀོའུ་རི་མ་དང་། ལྷོ་ཕྱོགས་ཙོའུ་རི་མ་དང་། ནུབ་ཕྱོགས་པྲ་མོ་ཧ་དང་། བྱང་ཕྱོགས་བཻ་ཏ་ལཱི་ལ་དང་། ཤར་ལྷོ་པུསྐ་སཱི་དང་། ལྷོ་ནུབ་ཀསྨ་རིའམ་གྷསྨ་རི་དང་། ནུབ་བྱང་ཙན་ཙཎྜ་ལཱི་དང་། བྱང་ཤར་སྨེ་ཤ་ནི་རྣམས་འགོད་པ་ནི་རྒྱུད་འདི་དག་ཏུ་དུར་ཁྲོད་དུ་འགོད་པའི་ཕྱོགས་དང་ཕལ་ཆེར་མཐུན་ཡང་ཅུང་ཟད་མི་མཐུན་པ་ཡང་མཆིས་པས་དཀྱིལ་འཁོར་དུ་འགོད་ཚུལ་དང་དུར་ཁྲོད་བརྒྱད་དུ་གནས་ཚུལ་མི་མཐུན་པ་ཡིན་སྲིད་མོད། ལེགས་པར་དཔྱད་ན་མ་མོ་ཀཽ་རཱི་བརྒྱད་གནས་མ་ཡིན་པས་དཀྱིལ་འཁོར་དང་དུར་ཁྲོད་གཉིས་ཀར་གནས་ཕྱོགས་གཅིག་པ་ཡིན་དགོས་པའི་ཕྱིར་རོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས་ནི། རྒྱུད་དེ་དག་དང་ཅུང་མི་མཐུན་པ་ནི། མ་མོ་རྣམས་ཀྱི་གནས་ཕྱོགས་ཤར་དུ་ཀཽ་རཱི་མ་དང་། ལྷོར་ཙོ་རཱི་མ་དང་། ཤར་ལྷོ་རུ་པུསྐ་སཱི་དང་། བྱང་ཤར་དུ་ཙཎྜ་ལཱི་རྣམས་འདྲ་བ་དང་། མི་འདྲ་བ་ནི་ནུབ་ཏུ་པྲ་མོ་ཧཱ་དང་། བྱང་བེ་ཏ་ལཱི་དང་། ལྷོ་ནུབ་ཏུ་གྷསྨ་རཱི་དང་། ནུབ་བྱང་དུ་སྨེ་ཤ་ནཱི་གནས་པར་བཤད་པའི་ཁྱད་པར་ཡོད་པ་དང་། དེ་ཡང་ཞི་ཁྲོའི་ལས་བྱང་དང་བརྒྱ་ཕྱག་དང་ཕལ་ཆེར་འདྲ་ཡང་ནུབ་བྱང་དང་བྱང་ཤར་ཕན་ཚུལ་བརྗེས་པའི་ཚུལ་དུ་བཤད་འདུག་གོ།

དེ་བཞིན་དུ་ཁྲོ་བོ་པུཎྜ་རཱི་ཀའི་རྒྱུད་ལས། རྒྱ་གར་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཀེའུ་རིའི་གནས། །དུར་ཁྲོད་ཆེན་པོའི་གནས་ཆེན་དུ། །འདི་ཡི་ཡན་ལག་གཡས་པ་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞེས་པ་ནས། ཀློང་དགུའི་ཡུལ་ནས་གྲུབ་པ་མོ། །མ་མོ་ཆེན་མོ་ཙནྡྲ་ལི། །དུར་ཁྲོད་ཆེན་པོའི་གནས་ཆེན་འདིར། །འདི་ཡི་ཕོ་མཚན་དཀྱིལ་འཁོར་ལ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཞེས་པའི་བར་གྱིས། རྒྱ་གར་ན་རུ་དྲའི་ལག་གཡས་འཐོར་བའི་དུར་ཁྲོད་དུ་ཀཽ་རཱི་མ་དང་། ལི་ཡུལ་དུ་ཙཽ་རཱི་མ་དང་། བལ་ཡུལ་དུ་པྲ་མོ་ཧཱ་དང་། ཐོ་གར་ཡུལ་དུ་བཻ་ཏ་ལི་དང་། ཟ་ཧོར་ཡུལ་དེར་པུཀྐ་སི་དང་། ཨུ་རྒྱན་ཡུལ་དེར་གྷསྨ་རཱི་དང་། སིང་ཧའི་ཡུལ་དེར་སྨེ་ཤ་ནཱི་དང་། ཀློང་དགུའི་ཡུལ་དུ་ཙཎྜ་ལཱི་གནས་པར་བཤད་པ་སོགས་རྒྱུད་དུ་མར་མི་འདྲ་བ་མཐའ་ཡས་པ་ཡོད་ཀྱང་སྤྲོས་པས་ཆོག་གོ།

དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས། དཀྱིལ་འཁོར་གྱི་ཤར་དུ་ཀཽ་རཱི་མ་དང་། ལྷོར་ཙཽ་རཱི་མ་དང་། ནུབ་ཏུ་རོ་ལངས་མ་སྟེ་བཻ་ཏ་ལི་དང་། བྱང་དུ་ཟ་ཕོད་མ་སྟེ་པྲ་མོ་ཧ་རྣམས་འགོད་པ་དང་། གྲྭ་བཞིར་སྦོས་མོ་སྟེ་པུསྐ་སི་དང་། རི་ཁྲོད་མ་སྟེ་སྨེ་ཤཱ་ནི་དང་། གཏུམ་མོ་སྟེ་ཙཎྜ་ལི་དང་། གཡུང་མོ་སྟེ་གྷསྨ་རཱི་རྣམས་འགོད་དགོས་པར་བཤད་དེ། རྒྱུད་དེ་ཉིད་ལས། ཤར་ལ་སོགས་པའི་སྒོ་བཞི་རུ། །རྣལ་འབྱོར་མ་རྣམས་རིམ་ཇི་བཞིན། །དཀར་མོ་ཆོམ་རྐུན་རོ་ལངས་མ། །ཟ་ཕོད་མ་ཡང་རྣམ་པར་དགོད། །གྲྭ་ལ་གནས་པའི་ལྷ་མོ་བཞི། །སྦོས་མོ་རི་ཁྲོད་མ་དེ་བཞིན། །གཏུམ་མོ་དང་ནི་གཡུང་མོ་སྟེ། །རིམ་པས་སྔོན་བཞིན་རྟག་ཤེས་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་མངོན་པར་བརྗོད་པའི་རྒྱུད་བླ་མ་ལའ། ཤར་ཕྱོགས་སུ་ནི་གཽ་རི་སྟེ། །བྱང་དུ་དེ་བཞིན་ཙཽ་རི་མ། །ནུབ་ཏུ་རབ་རྨོངས་མ་ཡིན་ནོ། ། ལྷོ་རུ་ཡང་ནི་རོ་ལངས་མ། །མེ་ལ་སྦོས་བྱེད་མ་ཡིན་ཏེ། །བདེན་བྲལ་དུ་ནི་གཏུམ་མོ་ཡིན། །རླུང་ཕྱོགས་སྨེ་མ་ཉིད་ཡིན་ཏེ། །དབང་ལྡན་ཧེ་རུ་ཀ་མ་སྟེ། །དེ་བཞིན་རྣལ་འབྱོར་མ་བརྒྱད་ནི། །དཀར་མོ་སེར་ལ་སྔོ་ལྗང་གུའོ། །སྐུལ་བྱེད་དམར་ལ་སྔོ་ལྗང་གུ། །རབ་རྨོངས་མ་ནི་སྔོ་སེར་ལྗང་། །རོ་ལངས་མ་ནི་དཀར་སྔོ་ལྗང་། །སྦོས་བྱེད་མ་ནི་སྣ་ཚོགས་མདོག །དམར་དང་སྔོ་དང་ལྗང་གུའོ། །གཏུམ་མོ་ཡང་ནི་ལྗང་སྔོ་སེར། །སྨེ་མོ་ཡང་ནི་དུད་སྔོ་ལྗང་། ། ཧེ་རུ་ཀ་མ་སྔོ་ལྗང་དམར། །འདི་ལྟར་དེ་དག་ཐམས་ཅད་ཀྱང་། །སྤྱན་གསུམ་པ་ལ་སྐྲ་གྲོལ་བ། །ཕྱོགས་ཀྱི་གོས་འཆང་གར་དང་བཅས། །ཡི་དགས་གདན་ལ་ལེགས་པར་བཞུགས། །ཞེས་གོང་དུ་དྲངས་ཟིན་པ་ལྟར་ཕྱོགས་ཀྱི་འགོད་སྟངས་མི་འདྲ་བ་ཙམ་ལས་དེ་ལྟར་འགོད་དགོས་པར་བཤད་པ་སོགས་གསར་རྙིང་གི་རྒྱུད་དུ་མ་ནས་གསུངས་སོ།།

གཉིས་པ་དུར་ཁྲོད་བརྒྱད་དུ་ཡོད་པའི་མཆོད་རྟེན་བརྒྱད་ཡོད་དེ། ཤར་དུ་མཆོད་རྟེན་བདེ་བྱེད་བརྩེགས་པའམ་བདེ་བྱེད་རྟེན་དང་། ལྷོ་རུ་མཆོད་རྟེན་རི་བོ་ཏ་ལ་ལ་དང་། ཤར་ལྷོར་མཆོད་རྟེན་ཁ་ཤོ་བྱཱ་གྷྲྀ་ཁ་དང་། ལྷོ་ནུབ་ཏུ་མཆོད་རྟེན་མ་ལ་ས་གན་ད་དང་། བྱང་ཤར་དུ་མཆོད་རྟེན་གེའུ་ཏོ་ཤན་དང་། ནུབ་བྱང་དུ་མཆོད་རྟེན་ཀ་ནི་ཀ་()དང་། བྱང་ཕྱོགས་སུ་གཟི་ཡི་མཆོད་རྟེན་དྷརྨ་ཙཀྲ་དང་། ནུབ་ཏུ་མཆོད་རྟེན་བདེ་བྱེད་གཞོན་ནུ་དང་བརྒྱད་པོ་དེ་ཡིན་པའི་ཕྱིར་ཏེ། འབྲས་བུ་ཆེན་པོ་ལྔ་བསྒྲལ་བ་ལས། མཆོད་རྟེན་མིང་ནི་བདེ་བྱེད་རྟེན། །ཞེས་དང་། མཆོད་རྟེན་རི་བོ་ཏ་ལ་ལ། །ཞེས་དང་། མཆོད་རྟེན་ཁ་ཤོ་བྱཱ་གྷྲྀ་ཁའོ། །ཞེས་དང་། མཆོད་རྟེན་མ་ལ་ས་གན་ད། །ཞེས་དང་། མཆོད་རྟེན་མིང་ནི་གེའུ་ཏོ་ཤན། །ཞེས་དང་། མཆོད་རྟེན་མིང་ནི་སྐ་ནི་སྐ། །ཞེས་དང་། གཟི་ཡི་མཆོད་རྟེན་ཆེན་པོ་སྟེ། །མིང་ཡང་དྷརྨ་ཙ་ཀྲའོ། །ཞེས་དང་། མཆོད་རྟེན་བདེ་བྱེད་གཞོན་ནུའོ། །ཞེས་གསུངས་པའི་ཕྱིར་དང་། ཧེ་རུ་ཀ་གལ་པོ་ལས། ཡུལ་གྱི་མིང་ནི་རྒྱ་གར་ཡུལ། མ་ག་དྷཱ། མཁས་ཤིང་སྙིང་སྟོབས་ཆེ་བའི་ཡུལ། མཆོད་རྟེན་བདེ་བྱེད་བརྩེགས། ཞེས་དང་། ཡུལ་གྱི་མིང་ནི་སིངྒ་ལ། གླིང་ཕྲན། མཐོང་ཐོས་རྫུ་འཕྲུལ་ཅན་གྱི་ཡུལ། མཆོད་རྟེན་རི་བོ་ཏ་ལ། ཞེས་དང་། ཡུལ་གྱི་མིང་ནི་བལ་པོའི་ཡུལ། ཟས་ཀྱི་ལོངས་སྤྱོད་ཆེ་བའི་ཡུལ། མཆོད་རྟེན་བྱ་རི་ཁ་ཤོར། ཞེས་དང་། ཡུལ་གྱི་མིང་ནི་ཐོ་གར་ཡུལ། མཐུ་དབང་ཆེ་བ་གྱད་ཀྱི་ཡུལ། མཆོད་རྟེན་མགོ་མང་། ཞེས་དང་། ཡུལ་གྱི་མིང་ནི་ལི་ཡི་ཡུལ། མེ་ཆུའི་རྫུ་འཕྲུལ་གྱི་ཡུལ། མཆོད་རྟེན་དེའུ་ཤན། ཞེས་དང་། ཡུལ་གྱི་མིང་ནི་ཁ་ཆེའི་ཡུལ། བདེ་སྐྱིད་ལྡན་པའི་ཡུལ། མཆོད་རྟེན་ཀ་ནི་ཀ། ཞེས་དང་། ཡུལ་གྱི་མིང་ནི་ཨོ་རྒྱན་ཡུལ། ལོངས་སྤྱོད་འབྱོར་ལྡན་དངོས་གྲུབ་འཐོབ་པའི་ཡུལ། གཟིའི་མཆོད་རྟེན་དྷརྨ་ཙཀྲ། ཞེས་དང་། ཡུལ་གྱི་མིང་ནི་ཟ་ཧོར་ཡུལ། འབྱོར་པའི་ལོངས་སྤྱོད་ལྡན་པའི་ཡུལ། མཆོད་རྟེན་བདེ་བྱེད་གཞོན་ནུ། ཞེས་གསུངས་པའི་ཕྱིར་རོ།།

བདུད་རྩི་རོལ་བའི་རྒྱུད་ལས། མཆོད་རྟེན་བདེ་བྱེད་གཞོན་ནུ་ཉིད། །ཅེས་ཤར་དུ་དེ་དང་། མཆོད་རྟེན་རི་པོ་ཏ་ལ་ཡིན། །ཞེས་ལྷོ་རུ་དེ་དང་། མཆོད་རྟེན་ཁྲི་དེ་ཀ་ར་སྟེ། །ཤར་ལྷོ་རུ་དེ་དང་། གྱད་ཀྱི་མཆོད་རྟེན་མངོན་འཕགས་པ། །ཞེས་ལྷོ་ནུབ་ཏུ་དེ་དང་། མཆོད་རྟེན་མིང་ནི་མྱུ་གུའི་ཚོགས། །ཞེས་བྱང་ཤར་དུ་དེ་དང་། མཆོད་རྟེན་མིང་ནི་ཀ་ནི་ཀ །ཞེས་ནུབ་བྱང་དུ་དེ་དང་། མཆོད་རྟེན་ཆོས་ཀྱི་འཁོར་ལོའོ། །ཞེས་བྱང་ཕྱོགས་སུ་དེ་དང་། མཆོད་རྟེན་གྲུབ་པའི་དངོས་གྲུབ་ཅན། །ཞེས་ནུབ་ཕྱོགས་སུ་མཆོད་རྟེན་དེ་ཉིད་ཡོད་པར་བཤད་པ་ལ་སོགས་པ་མཆོད་རྟེན་གྱི་མིང་མི་མཐུན་པ་ཡང་མང་དུ་མཆིས་སོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས། ཤར་དང་ལྷོ་གཉིས་འདི་དག་དང་འདྲ་བ་ལ། མི་འདྲ་བ་ནི། ནུབ་ཏུ་བདེ་རྒྱས་ཁམས་སུམ་སྒྲོལ་ཞེས་པ་དང་། བྱང་དུ་དོན་ཡོད་འཕྲིན་ལས་གཏེར་དང་། ཤར་ལྷོར་གྷེའུ་དེ་ཤན་དང་། ལྷོ་ནུབ་ཏུ་ཀ་ནི་ཀ་དང་། ནུབ་བྱང་དུ་དགེ་ལྡན་མ་ཧཱ་བྷ་ལ་དང་། བྱང་ཤར་དུ་ཤིང་ཀུན་མཆོད་རྟེན་རྣམས་ཡོད་པར་བཤད་དོ།།

གཞན་ཡང་ཕྱི་འགྱུར་གསར་མའི་ལུགས་ལ་ནི། སློབ་དཔོན་བིར་ཝ་པས་མཛད་པའི་དཔལ་ཨུ་རྒྱན་གྱི་རྣལ་འབྱོར་པ་དང་རྣལ་འབྱོར་མའི་རང་བྱུང་གི་ལོངས་སྤྱོད་དུར་ཁྲོད་ཀྱི་རྟོག་པ་ཞེས་བྱ་བ་ལས། བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱིས་ས་འཛིན། །ཞེས་ཤར་གྱི་མཆོད་རྟེན་དེ་བྱང་ཆུབ་ཆེན་པོའི་མཆོད་རྟེན་དང་། ཆོ་འཕྲུལ་སྟོན་པའི་མཆོད་རྟེན་གྱིས་ས་འཛིན། །ཞེས་ལྷོའི་མཆོད་རྟེན་དེ་ཆོ་འཕྲུལ་ཆེན་པོའི་མཆོད་རྟེན་དང་། ལྷ་ལས་བབས་པའི་མཆོད་རྟེན་གྱི་ས་འཛིན། །ཞེས་ནུབ་ཀྱི་མཆོད་རྟེན་དེ་ལྷ་བབས་མཆོད་རྟེན་དང་། བཀྲ་ཤིས་བརྩེགས་པའི་མཆོད་རྟེན་གྱིས་ས་འཛིན། །ཞེས་བྱང་གི་མཆོད་རྟེན་དེ་བཀྲ་ཤིས་འབྱུང་བའི་མཆོད་རྟེན་དང་། པདྨ་སྤུངས་པའི་མཆོད་རྟེན་གྱིས་ས་འཛིན། །ཞེས་ཤར་ལྷོའི་མཆོད་རྟེན་དེ་པདྨ་སྤུངས་པའི་མཆོད་རྟེན་དང་། བདུད་འདུལ་ཆེན་པོའི་མཆོད་རྟེན་གྱིས་ས་འཛིན། །ཞེས་ལྷོ་ནུབ་ཀྱི་མཆོད་རྟེན་དེ་བདུད་འདུལ་མཆོད་རྟེན་དང་། གཙུག་ཕུད་དག་པའི་མཆོད་རྟེན་གྱིས་ས་འཛིན། །ཞེས་ནུབ་བྱང་གི་མཆོད་རྟེན་དེ་གཙུག་ཕུད་དག་པའི་མཆོད་རྟེན་དང་། ཆོས་ཀྱི་འཁོར་ལོའི་མཆོད་རྟེན་གྱིས་ས་འཛིན། །ཞེས་བྱང་ཤར་གྱི་མཆོད་རྟེན་དེ་ཆོས་འཁོར་མཆོད་རྟེན་དུ་གསུངས་སོ།།

གཞན་ཡང་སློབ་དཔོན་དཔལ་སྒྲ་གཅན་གསང་བས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་རབ་ཏུ་གསལ་བ་ལས། མཆོད་རྟེན་དཀར་པོ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་ཤར་དུ་གཏུམ་དྲག་གི་དུར་ཁྲོད་ན་མཆོད་རྟེན་དཀར་པོ་རྡོ་རྗེ་ཞེས་པ་དང་། མཆོད་རྟེན་ནག་པོ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་ལྷོར་ལྷག་མ་ཞེས་པའི་དུར་ཁྲོད་ན་མཆོད་རྟེན་ནག་པོ་རྡོ་རྗེ་ཞེས་བྱ་བ་དང་། མཆོད་རྟེན་དཀར་པོ་ཆགས་པའི་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་ནུབ་ཏུ་འབར་ཞིང་འཁྲུགས་པའི་དུར་ཁྲོད་ན་མཆོད་རྟེན་དཀར་པོ་ཆགས་པའི་རྡོ་རྗེ་ཞེས་པ་དང་། མཆོད་རྟེན་དཀར་པོ་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་བྱང་དུ་རི་བོའི་ཕུག་ཅེས་པའི་དུར་ཁྲོད་ན་མཆོད་རྟེན་དཀར་པོ་འདུ་བྱེད་རྡོ་རྗེ་ཞེས་བྱ་བ་དང་། མཆོད་རྟེན་དཀར་པོ་ཐུགས་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་བྱང་ཤར་དབང་ལྡན་དུ་དཔལ་མོའི་ནགས་ཞེས་པའི་དུར་ཁྲོད་ན་མཆོད་རྟེན་དཀར་པོ་ཐུགས་རྡོ་རྗེ་ཞེས་བྱ་བ་དང་། །མཆོད་རྟེན་དམར་པོ་སྐུ་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་མེ་སྟེ་ཤར་ལྷོ་ན་དྲག་ཏུ་དགོད་པའི་དུར་ཁྲོད་ན་མཆོད་རྟེན་དམར་པོ་སྐུ་རྡོ་རྗེ་ཞེས་བྱ་བ་དང་། མཆོད་རྟེན་དཀར་པོ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་ནུབ་བྱང་ངམ་བདེན་བྲལ་དུ་འཇིགས་པའི་མུན་པའི་དུར་ཁྲོད་ན་མཆོད་རྟེན་དཀར་པོ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་དང་། མཆོད་རྟེན་ལྗང་གུ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་གནས་སོ། །ཞེས་རླུང་ངམ་ནུབ་བྱང་དུ་ཀཱི་ལི་ཀཱི་ལི་སྒྲོག་པའི་དུར་ཁྲོད་ན་མཆོད་རྟེན་ལྗང་གུ་ཆོས་ཀྱི་རྡོ་རྗེ་ཞེས་བྱ་བ་ཡོད་པར་གསུངས་སོ།།

སངས་རྒྱས་མཉམ་སྦྱོར་སྔ་འགྱུར་ལས། མཆོད་རྟེན་བརྒྱད་ནི་བསྒོམ་ཚུལ་མཛད། །ཅེས་གསུངས་པ་ལྟ་བུ་རྒྱུད་རེ་ཟུང་ཙམ་ལས་རྒྱུད་གཞན་མང་པོར་མཆོད་རྟེན་བརྒྱད་ངོས་འཛིན་གྱི་སྐོར་ཡོད་པའི་གསུང་ཤིན་ཏུ་དཀོན་ནོ།།

གསུམ་པ་དུར་ཁྲོད་བརྒྱད་དུ་སྐྱེས་པའི་ཤིང་ཆེན་པོ་བརྒྱད་ཡོད་དེ། ཤར་དུ་ཤིརྵའི་ཤིང་སྟེ་ཙནྡན་གོར་ཤིརྵའམ་ཙནྡན་དཀར་པོའི་ལྗོན་ཤིང་དང་། ལྷོ་རུ་ཨ་ཤྭཏྠ་སྟེ་མྱ་ངན་མེད་པའི་ཤིང་གི་ལྗོན་པ་དང་། ནུབ་ཏུ་ཝང་གེ་ལིང་གི་ཤིང་ཞེས་པ་དང་། བྱང་དུ་ཙཱུ་ཏའི་ཤིང་སྟེ་ཨ་མྲའི་ལྗོན་ཤིང་དང་། ཤར་ལྷོར་ནྱ་གྲོ་དྷ་ཡི་ཤིང་སྟེ་བྱང་ཆུབ་ཀྱི་ཤིང་དང་། ལྷོ་ནུབ་ཏུ་པརྐ་ཏིའི་ཤིང་དང་། ནུབ་བྱང་དུ་ལྕུགས་ཤིང་སྟེ་ཀ་རཉྫ་ཤིང་འཚེར་མ་ཅན་ཞེས་པ་འཇམ་འབྲས་ཀྱི་ཤིང་དང་། བྱང་ཤར་དུ་པཱ་ཐཱའི་ཤིང་སྟེ་ཨ་རྫུ་ནའི་ཤིང་བཅས་ཡོད་པར་བཤད་པའི་ཕྱིར་ཏེ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཤར་དུ་ཤི་རྀ་ཤ་ཡི་ཤིང་། །ལྷོ་རུ་ཨ་ཤྭད་ཐ་ཡི་ཤིང་། །ནུབ་ཏུ་ཝང་གེ་ལིང་གི་ཤིང་། །བྱང་དུ་ཙཱུ་ཏའི་ཤིང་དུ་ངེས། །གོང་དང་མཚུངས་པ་ནྱ་གྲོ་དྷ། །པརྐ་ཏི་ལྕུགས་པཱ་ཐཱ་དག །མེ་ནས་དབང་ལྡན་མཚམས་སུ་དགོད། །ཅེས་དང་། བདེ་མཆོག་འབྱུང་བ་ལས། ཤར་ཤིརྵ་ཨ་ཤྭཏ་ཤིང་། །ཀང་ཀེལ་ཁྱད་པར་ཙཱུ་ཏའི་ཤིང་། །བ་ཊཱཊ་དེ་བཞིན་ཀ་རཉྫ། །ལ་ཊཱ་པར་ཀ་ཏི་པཱརྠི། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཤི་ཤིང་ཁྱབ་ནས་ཀྃ་ཀེ་ལི། །ཙུ་ཏའི་ཤིང་དང་ནྱ་གྲོ་དྷ། །དེ་བཞིན་ཀ་རཉྫ་ཀ་ཉིད། །ལ་ཏ་པར་ཀ་ཊི་དང་པ་ཐི་བ། །ཞེས་དང་། དཔལ་ཕྱག་ཆེན་ཐིག་ལེའི་རྒྱུད་ལས། དུར་ཁྲོད་རེ་རེའི་ཤིང་རེ་ནི། །དབང་བྱེད་པ་ནི་དེ་ན་ཡོད། །གཏུམ་དྲག་པ་ཏ་ལ་ཡི་ཤིང་། །དབྱིབས་ཅན་ནང་ན་ཤི་ཀ་རའོ། །ཚང་ཚིང་ས་ལི་ཤིང་ཡིན་ནོ། །འབར་བ་ཞེས་བྱ་སོ་རི་ཤའོ། །དམྱལ་སོགས་ཨུ་དུམ་བཱ་ར་སྟེ། །མི་བཟད་པ་ནི་བ་ཏའི་ཤིང་། །ཧ་ཧར་རྒོད་ན་ཨ་ཤྭད་ཐ། །གཡེར་ཁའི་ནང་ན་གེ་སར་ཤིང་། །ཞེས་གསུངས་པའི་ཕྱིར་རོ།།

བདེ་མཆོག་འབྱུང་བ་ལས་མཚམས་བཞིའི་ཤིང་དེ་བྱང་ཤར་དབང་ལྡན་ནས་མགོ་བརྩམས་པ་བཤད་པ་དང་། མཁའ་འགྲོ་རྒྱ་མཚོ་ལས། ཤལ་མ་ལི་ཤིང་མྱ་ངན་མེད། །ཡོངས་འདུ་ཨུ་དུམ་བཱར་དེ་བཞིན། །ཌོམ་བི་ར་དང་གམ་བྷ་རི། །རྒྱ་ཤུག་དང་ནི་བ་རུ་རའོ། །ཞེས་དང་། ཤིང་ནི་ཙན་དན་ག་པུར་དང་། །ཛཱ་ཏི་ཕ་ལ་དང་ཨེ་ལ། །ནཱ་ག་གེ་སར་ཙམ་པ་དང་། །ཀུན་དུ་རུ་དང་ལྷའི་ཤིང་ངོ་། །ཞེས་རྒྱུད་རང་དུ་གོང་གི་ཤིང་བརྒྱད་དེར་སྔ་མར་སྨོས་པའི་ཤིང་དག་དང་མི་འདྲ་བ་བརྒྱད་ཀྱང་གསུངས་སོ།།

མཁས་པ་འགའ་ཡིས་ཤར་ཤིང་དེ་ཤཱི་རྵིའི་ཤིང་སྟེ་ན་ག་གེ་སར་གྱི་ཤིང་དུ་བཤད། བདག་གིས་ནི་ཤི་རི་ཥའི་ཤིང་སྟེ་མེ་ཏོག་འཇམ་ཟེར་བའི་ཤིང་དུ་ངོས་བཟུང་ཡང་རུང་ངམ་སྙམ། དེ་བཞིན་དུ་ཀེང་ཀེལ་ལམ་ཝིང་གེ་ལིང་གི་ཞེས་པ་ནི་ཀངྐེ་ལའི་ཤིང་སྟེ་ཆུ་ཤིང་དུ་མཁས་པ་འགའ་ཡིས་གསུངས་པ་ལ་སོགས་པ་རྒྱུད་སོ་སོར་ཤིང་གི་ངོས་འཛིན་ཡང་མི་འདྲ་བར་ཡོད་ལ་བོད་པས་ངོས་བཟུང་ཡང་མི་འདྲ་བས་གསལ་དག་ངོ་སྤྲོད་པ་དཀའོ།།

སློབ་དཔོན་རྣལ་འབྱོར་པས་མཛད་པའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ཞེས་པ་ལས། ཤར་གྱི་དུར་ཁྲོད་དུ་ཨ་རུ་རིའི་ཤིང་དང་། ལྷོར་བ་རུ་རའི་ཤིང་དང་། ནུབ་ཏུ་མྱ་ངན་མེད་པའི་ཤིང་དང་། བྱང་དུ་བྱང་ཆུབ་ཀྱི་ཤིང་དང་། ཤར་ལྷོར་ཀ་རཉྫ་ཡི་ཤིང་དང་། ལྷོ་ནུབ་ཏུ་ཨུ་དུམ་ཝཱ་རའི་ཤིང་དང་། ནུབ་བྱང་དུ་སྲིད་སྒྲུབ་ཀྱི་ཤིང་དང་། བྱང་ཤར་དུ་ནྱ་གྲོ་དྷ་ཡི་ཤིང་རྣམས་ཡོད་པར་བཤད་པ་དང་། མཁན་པོ་རཏྣ་ཤྲཱི་མི་ཏྲ་དང་དགེ་སློང་ཤཱཀྱ་ཡེ་ཤེས་ཀྱི་འགྱུར་དུར་ཁྲོད་བརྒྱད་ཅེས་པ་ལས། ཤར་གྱི་དུར་ཁྲོད་དུ་ནཱ་ག་པུཥྤའི་ཤིང་དང་། ལྷོར་ཨ་མྲའི་ཤིང་དང་། ནུབ་ཏུ་ཨ་ཤྭཏྠའི་ཤིང་དང་། བྱང་དུ་པུནྣཱ་ག་ར་ཞེས་པའི་ཤིང་དང་། ཤར་ལྷོར་ཀ་རཉྫ་ཡི་ཤིང་དང་། ལྷོ་ནུབ་ཏུ་ཏ་ཛ་ཏའི་ཤིང་དང་། ནུབ་བྱང་དུ་ཨུ་དུམ་ཝཱ་རའི་ཤིང་དང་། བྱང་ཤར་དུ་ནྱ་གྲོ་དྷ་ཡི་ཤིང་རྣམས་ཡོད་པར་བཤད་པ་དང་། གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་ནི། ཤར་ཤིང་ཤི་རི་ཤ་དང་། ཤར་ལྷོ་མེ་ཡི་ཤིང་ཀ་རཉྫ་དང་། ལྷོར་ཤིང་ཨ་མྲ་དང་། ལྷོ་ནུབ་བདེན་བྲལ་དུ་ཤིང་ལ་ཏཱ་པརྐ་ཊཱི་དང་། ནུབ་ཏུ་ཤིང་ཨ་ཤོ་ཀ་དང་། ནུབ་བྱང་རླུང་གི་ཤིང་ཨརྫུ་ན་དང་། བྱང་དུ་ཤིང་ཨ་ཤྭཏྠ་དང་། བྱང་ཤར་དབང་ལྡན་དུ་ཤིང་པ་ཊ་ཡོད་པར་བཤད་པ་དང་། གོང་སྨོས་སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ཞེས་པ་ལས་ནི། ཤིང་ནི་གསེར་མདོག་ལོ་མ་བརྒྱར་གྱེས་ཤིང་། །ཞེས་ཤར་ཤིང་སེར་པོ་དང་། བཻ་ཌཱུརྱ་མདོག་ལོ་མ་བརྒྱར་གྱེས་ཤིང་། །ཞེས་ལྷོ་ཤིང་སྔོན་པོ་དང་། ཤིང་ནི་བྱི་རུའི་མདོག་ཅན་ལོ་འདབ་རྒྱས། །ཞེས་ནུབ་ཤིང་དམར་པོ་དང་། མ་རྒད་ལྗང་མདོག་ལོ་མ་བརྒྱར་གྱེས་ཤིང་། །ཞེས་བྱང་ཤིང་ལྗང་གུ་དང་། ཤིང་ནི་ཨ་མྲའི་མདོག་ཅན་ལོ་འདབ་རྒྱས། །ཞེས་ཤར་ལྷོའི་ཤིང་སེར་དཀར་དང་། ཨིནྡྲ་ནཱི་ལའི་ཤིང་ནི་ལོ་འདབ་རྒྱས། །ཞེས་ལྷོ་ནུབ་ཀྱི་ཤིང་ལྗང་སྔོན་ཨིནྡྲ་ནཱི་ལའི་མདོག་དང་། ཤེལ་གྱི་མདོག་ཅན་ཤིང་ནི་ལོ་འདབ་རྒྱས། །ཞེས་ནུབ་བྱང་གི་ཤིང་དཀར་པོ་ཤེལ་མདོག་དང་། རིན་ཆེན་དུང་མདོག་ཤིང་ནི་ལོ་འདབ་རྒྱས། །ཞེས་བྱང་ཤར་གྱི་ཤིང་ཡང་དཀར་པོར་བཤད་དོ།།

སྒྲ་གཅན་གསང་བས། ཤར་དུ་གཏུམ་དྲག་ཅེས་བྱ་བའི་དུར་ཁྲོད་ན་ཤིང་ཤི་རི་ཤ་དང་། ལྷོར་ལྷག་མ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་དེར་ཤིང་ཙུ་ཏ་དང་། ནུབ་ཏུ་འབར་ཞིང་འཁྲུགས་པ་ཞེས་པའི་དུར་ཁྲོད་ཆེན་པོ་དེར་ཤིང་མྱ་ངན་མེད་དང་། བྱང་དུ་རི་བོའི་ཕུག་ཅེས་བྱ་བའི་དུར་ཁྲོད་ཆེན་པོ་དེར་ཤིང་ཨ་ཤྭཏྠ་དང་། བྱང་ཤར་དུ་དཔལ་མོའི་ནགས་ཞེས་པའི་དུར་ཁྲོད་ཆེན་པོ་དེར་ཤིང་ནྱ་གྲོ་དྷ་དང་། ཤར་ལྷོར་དྲག་ཏུ་དགོད་པ་ཞེས་པའི་དུར་ཁྲོད་ཆེན་པོ་དེར་ཤིང་ཀ་རཉྫ་ཀ་དང་། ལྷོ་ནུབ་ཏུ་འཇིགས་པའི་མུན་པ་ཞེས་བྱ་བའི་དུར་ཁྲོད་ཆེན་པོ་དེར་ཤིང་ལ་ཏཱ་པརྐ་ཊི་དང་། ནུབ་བྱང་དུ་ཀཱི་ལི་ཀཱི་ལི་སྒྲོག་པའི་དུར་ཁྲོད་ཆེན་པོ་དེར་ཤིང་ཨ་རྫུ་ན་རྣམས་ཡོད་པར་བཤད་དེ། དེས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་རབ་གསལ་ལས། དེར་ཤིང་ཤི་རི་ཤ་དང་། ཞེས་དང་། དེར་ཤིང་ཙུ་ཏ་དང་། ཞེས་དང་། དེར་ཤིང་མྱ་ངན་མེད་དང་། ཞེས་དང་། དེར་ཤིང་ཨ་ཤྭཏྠ་དང་། ཞེས་དང་། དེར་ཤིང་ནྱ་གྲོ་དྷ་དང་། ཞེས་དང་། དེར་ཤིང་ཀ་རཉྫ་ཀ་དང་། ཞེས་དང་། དེར་ཤིང་ལ་ཏཱ་པརྐ་ཊི་དང་། ཞེས་དང་། དེར་ཤིང་ཨ་རྫུ་ན་དང་། ཞེས་གསུངས་པའི་ཕྱིར་རོ།།

སློབ་དཔོན་ཆེན་པོ་སྟོང་ཉིད་རྡོ་རྗེས་མཛད་པའི་ཧེ་རུ་ཀ་ཉེ་བར་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་ལས། ཤི་རི་ཤ་དང་། ཙུ་ཏ་དང་། ཀང་ཀེ་ལི། ཨ་ཤྭད་ཐ། བྷ་ཐ། ཀ་རཉྫ། ལ་ཏ་ཊ། པྲ་ཀ་རི། ས་ལས་སྐྱེས་པ་ཤར་ལ་སོགས་པའི་རིམ་པས་བྲིའོ། །ཞེས་གསུངས་པ་དང་།

སློབ་དཔོན་ཀམྤ་ལས་མཛད་པའི་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ལས། དུར་ཁྲོད་བརྒྱད་ན་ཤིང་བརྒྱད་སོགས། །ཧ་ར་ཙུ་ཏ་ཨ་ཤོ་ཀ །ཨ་ཤྭཏྠ་དང་ཀ་རན་ཛ། །ཛ་ལི་ཏ་དང་པར་ཏི་པར། །བེ་ཏེ་བྷ་ཏྲ་ཕྱོགས་དང་མཚམས། །ཞེས་མི་འདྲ་བ་ལྟ་བུ་གསུངས་མོད། ཤིང་འདི་དག་ཕལ་མོ་ཆེ་བོད་ཡུལ་ནས་ངོས་མི་ཟིན་པ་དང་ལོ་ཙཱ་བའི་ཁྱད་པར་གྱིས་བསྒྱུར་དུས་ཡི་གེ་གཅིག་ཏུ་ངེས་པར་བྱ་མ་ནུས་པའི་དབང་གིས་ད་ལྟ་ནི་གཅིག་པ་དང་མི་གཅིག་པའི་ཁྱད་པར་དབྱེ་བ་ཤིན་ཏུ་དཀའོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས། ཤར་དུ་ཉ་ཡི་ཤིང་གོན་ཞེས་པ་དང་། ལྷོར་བཀྲ་ཤིས་ཙུན་དྷ་སྔོན་པོ་དང་། ནུབ་ཏུ་ཨ་ལ་ཨ་ལི་ཀ་དང་། བྱང་དུ་ཨ་སུ་ཏོ་ན་དང་། ཤར་ལྷོར་ནྱ་གྲོ་དྷ་དང་། ལྷོ་ནུབ་ཏུ་བཞི་ཁྲི་རྫོགས་ལྡན་འོད་དང་། ནུབ་བྱང་དུ་རྟ་ལྗང་ནག་པོ་དང་། བྱང་ཤར་དུ་ཏ་ལ་འོད་དམར་རྣམས་སྐྱེས་ཡོད་པར་བཤད་པ་སོགས་མི་འདྲ་བ་མང་ཡང་སོ་སོར་ངོས་ཟིན་པ་ཡང་དཀའ་ཞིང་སྤྲོས་པས་ཆོག་གོ།

བཞི་བ་དུར་ཁྲོད་བརྒྱད་དུ་གནས་པའི་ཞིང་སྐྱོང་བརྒྱད་ཡོད་དེ། ཤར་དུ་ཞིང་སྐྱོང་གནམ་འཕྲོ་དཀར་པོ་གླང་མགོ་ཅན་ཕྱག་མཚན་གྲི་གུག་དང་ཐོད་པ་འཛིན་པ་དང་། ལྷོ་རུ་ཞིང་སྐྱོང་འཚོ་བྱེད་མ་ཧེའི་གདོང་ཐོད་དབྱུག་ཐོགས་པ་དང་། ནུབ་ཏུ་ཞིང་སྐྱོང་རོལ་ཆེན་ཆུ་སྲིན་གདོང་ཅན་དང་། བྱང་དུ་ཞིང་སྐྱོང་དུད་ཁ་ཞེས་པ་རྟ་མགོ་ཅན་ལྗང་གུ་དང་། ཤར་ལྷོའི་འཇུག་པ་ར་གདོང་སེར་པོ་དང་། ལྷོ་ནུབ་ཏུ་ཞིང་སྐྱོང་སྤྲུལ་པ་མི་གདོང་སྔོན་པོ་དང་། ནུབ་བྱང་དུ་ཞིང་སྐྱོང་ལྷོ་འཕྱང་ཤ་བའི་མགོ་ཅན་དང་། བྱང་ཤར་དུ་ཞིང་སྐྱོང་དྲེགས་པ་སྤྱང་གདོང་ཅན་རྣམས་གནས་པར་བཤད་ལ། དེ་ནི་གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས་བྱུང་བ་ལྟར་རོ།།

གཞན་ཡང་དེ་དང་མཐུན་སེ་བ་ནི་ཤར་གྱི་དུར་ཁྲོད་གཏུམ་དྲག་ནག་པོ་རུ་ཞིང་སྐྱོང་གཏུམ་དྲག་དཀར་པོ་གླང་པོ་ཆེའི་གདོང་ཅན་རྡོ་རྗེ་འཛིན་པ་དང་། བྱང་ཕྱོགས་དུར་ཁྲོད་ཚང་ཚིང་དུ་ཞིང་སྐྱོང་གྷ་ར་སེར་པོ་མི་ཡི་གདོང་ཅན་དབྱུག་ཏོ་འཛིན་པ་དང་། ནུབ་ཀྱི་དུར་ཁྲོད་རྡོ་རྗེ་འབར་འཁྲིགས་ཀེང་རུས་ཅན་དུ་ཞིང་སྐྱོང་འབར་འཁྲུགས་དམར་པོ་ཆུ་སྲིན་གདོང་ཅན་ཞགས་པ་འཛིན་པ་དང་། ལྷོ་ཕྱོགས་དུར་ཁྲོད་ཀེང་རུས་ཅན་དུ་ཞིང་སྐྱོང་འཇིགས་སྡེ་ནག་པོ་མ་ཧེའི་གདོང་ཅན་བེ་ཅོན་འཛིན་པ་དང་། བྱང་ཤར་དུར་ཁྲོད་མི་བཟད་བཞད་པའམ་ཧ་ཧ་དགོད་དུ་ཞིང་སྐྱོང་ཧ་ཧ་དགོད་པ་དཀར་པོ་ཁྱུ་མཆོག་གམ་བ་གླང་གདོང་ཅན་རལ་གྲི་འཛིན་པ་དང་། ཤར་ལྷོའི་དུར་ཁྲོད་བཀྲ་ཤིས་མཆོག་ཏུ་ཞིང་སྐྱོང་བཀྲ་ཤིས་དཔལ་མཆོག་དམར་པོ་ར་གདོང་ཅན་བགྲང་ཕྲེང་འཛིན་པ་དང་། ལྷོ་ནུབ་དུར་ཁྲོད་མུན་པ་ཅན་དུ་ཞིང་སྐྱོང་མུན་པ་ནག་པོ་མ་ཧེའི་གདོང་ཅན་བ་དན་འཛིན་པ་དང་། ནུབ་བྱང་དུར་ཁྲོད་ཀི་ལི་ཀི་ལིའི་སྒྲ་སྒྲོག་ཏུ་ཞིང་སྐྱོང་རི་དྭགས་ཤ་བའི་གདོང་ཅན་སྔོན་པོ་དུ་བའི་མདོག་ལྡན་ཏྲི་ཤཱུལ་འཛིན་པ་བཅས་ཡོད་པར་གསུངས་པའི་ཕྱིར་ཏེ། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། ཤར་དུ་ཧ་རི་པ་སྱེ་ལ། །གཏུམ་དྲག་དཀར་པོ་གླང་པོའི་གདོང་། །བྱང་དུ་བྱང་ཆུབ་ཤིང་བུ་ལ། །གྷ་ར་སེར་པོ་མི་ཡི་གདོང་། །ནུབ་ཏུ་མྱ་ངན་མེད་ཤིང་ལ། །འབར་འཁྲུགས་དམར་པོ་ཆུ་སྲིན་གདོང་། །ལྷོ་རུ་ཙཱུ་ཏའི་ཤིང་བུ་ལ། །འཇིགས་སྡེ་ནག་པོ་མ་ཧེའི་གདོང་། །མེ་རུ་ཀ་རན་ཙ་ན་སྡེ། །དཔལ་གྱི་ནགས་ཚལ་ར་གདོང་དམར། །བདེན་བྲལ་ཨརྫུའི་ཤིང་བུ་ལ། །འཇིགས་པའི་མུན་པ་མ་ཧེའི་གདོང་། །རླུང་དུ་སྲིད་སྒྲུབ་ཤིང་བུ་ལ། །ཀི་ལི་སྒྲ་སྒྲོག་རི་དྭགས་གདོང་། །དབང་ལྡན་ནྱ་གྲོ་དྷ་ཤིང་ལ། །ཧ་ཧར་རྒོད་པ་བ་གླང་གདོང་། །ཞེས་གསུངས་པའི་ཕྱིར་རོ།།

རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་འདི་ལས། གླང་པོ་མ་ཧེ་ཆུ་སྲིན་དང་། །རྟ་མཆོག་ཕྱོགས་གཅིག་གནས་པ་ཡིན། །ར་དང་རོ་ལངས་རི་དྭགས་དང་། །ཁྱུ་མཆོག་བཞི་ནི་མཚམས་སུ་གནས། །ཞེས་པའི་རོ་ལངས་ཞེས་པ་དེ་རྒྱུད་སྔ་མ་ལས་མི་ཡི་གདོང་ཞེས་པ་དེ་ཡིན་ངེས་ལ། དེ་ཕྱོགས་སུ་མིན་པར་མཚམས་སུ་བཀོད་པ་དང་། དེ་ཡང་རྒྱུད་སྔ་མ་ལྟར་ན་མ་ཧེའི་གདོང་ཅན་གཉིས་སུ་བཤད་ལ་རྟ་གདོང་ཅན་མི་སྣང་ལ། སློབ་དཔོན་བིར་ཝ་བས། ལྷོ་ནུབ་མི་དང་། ནུབ་བྱང་ཤ་བ་དང་། བྱང་ཤར་རྟ་གདོང་ཅན་དུ་བཤད་པ་དང་། སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་ཀྱི་བཤད་པ་ལས། ལྷོ་མི་གདོང་ཅན་དང་། ལྷོ་ནུབ་མ་ཧེའི་གདོང་ཅན་དང་། ནུབ་བྱང་ཡང་མ་ཧེའི་གདོང་ཅན་དུ་བཤད་པ་ལ་སོགས་པ་ཡི་གེ་ནོར་རམ་སྙམ་པ་དང་རྒྱུད་དོན་མི་འདྲ་བའི་ཁྱད་པར་ནི་ཤིན་ཏུ་མང་ཡང་མི་སྤྲོའོ།།

ཞིང་སྐྱོང་རྣམས་ཀྱི་ཕྱག་མཚན་རྣམས་དེ་ལྟར་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལྟར་ཡིན་པའི་ཁུངས་ཡོད་དེ། རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་ལས། རྡོ་རྗེ་དབྱུག་ཏོ་ཞགས་པ་དང་། །བེ་ཅོན་བགྲང་ཕྲེང་རལ་གྲི་དང་། །བ་དན་ཏྲི་ཤཱུལ་འཛིན་པ་མཛད། །ཅེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་དྲག་པོའི་ལས་བྱེད་པའི་ཚེ་ན་ཞིང་སྐྱོང་རྣམས་ལག་གཡས་གྲི་གུག་དང་། གཡོན་ན་ཐོད་པ་ཐོགས་པ་ཅན་དུ་བཤད་པ་དང་། གཞུང་འགའ་རེ་ན་ཐམས་ཅད་གྲི་ཐོད་འཛིན་པ་ཅན་དུའང་བཤད་དེ། རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་ལས། ཞིང་སྐྱོང་དྲག་པོའི་ལས་བྱེད་ཕྱིར། །ཕྱག་ན་གྲི་གུག་ཐོད་པ་བསྣམས། །ཞེས་དང་། དུར་ཁྲོད་ཀྱི་རྒྱན་རྨད་བྱུང་ལས། གཡས་ན་གྲི་གུག་ཐོད་པ་གཡོན། །ཞེས་གསུངས་པ་དང་། སློབ་དཔོན་ཀམྤ་ལས་མཛད་པའི་དགྱེས་པའི་རྡོ་རྗེའི་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ལས། གྲི་གུག་ཐོད་པ་གཡས་དང་གཡོན། །གཏོར་ལེན་ཞིང་དག་ལེགས་པར་སྐྱོང་། །ཞེས་དང་། སློབ་དཔོན་བིར་ཝ་པའི་དུར་ཁྲོད་ཀྱི་བཤད་པ་དེ་ལས་ཀྱང་། ཞིང་སྐྱོང་དཀར་པོ་གྲི་ཐོད་གླང་ཆེན་གདོང་། །ཞེས་པ་ནས། ཞིང་སྐྱོང་དཀར་ཤམ་གྲི་ཐོད་རྟ་ཡི་གདོང་། །ཞེས་པའི་བར་ཞིང་སྐྱོང་བརྒྱད་ཀ་གྲི་ཐོད་འཛིན་པ་ཅན་དུ་བཤད་པའི་ཕྱིར་རོ།།

སྤྱིར་ཞིང་སྐྱོང་རྣམས་ཀྱི་བཞུགས་ཚུལ་ཡང་ལྗོན་ཤིང་རྣམས་ཀྱི་ཤིང་ལོའི་གསེབ་ནས་ལུས་ཕྱེད་ཀྱི་རོ་སྟོད་ཕྱིར་མངོན་པར་བཞུགས་ཡོད་པ་དང་། ཤིང་གི་རྩ་བར་སོ་སོའི་ཆུང་མ་རྣམས་ལུས་སྦས་པའི་སྒོ་ནས་ཡབ་རྣམས་ལ་ཞལ་ཟས་སྟོབས་པའི་ཚུལ་དུ་གནས་ཡོད་པར་བཤད་དེ། རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་ལས། ཤིན་ཏུ་འཇིགས་པ་གཏུམ་པའི་གཟུགས། །ཤིང་བརྒྱད་ནང་ནས་ལུས་ཕྱེད་ཐོན། །ལུས་ཀྱི་ཕྱག་རྒྱ་སྦས་པ་ཡིན། །དེ་དག་སོ་སོའི་ཡུམ་དག་ནི། །ཤིང་གི་རྩ་བར་གནས་པ་སྟེ། །ཞལ་ཟས་སྟོབས་པའི་ཚུལ་དུ་གནས། །ཞེས་དང་། དུར་ཁྲོད་ཀྱི་རྒྱན་རྨད་བྱུང་ལས། ཤིང་ལོའི་སྟེང་ན་སྟོད་ཕྱུང་ངོ་། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་དཀྱིལ་འཁོར་གྱི་རྒྱན་དུ་འབྲི་བ་དང་སྒོམ་པ་ཀུན་ལ་དེ་ལྟར་ཡིན་པར་ངེས་སོ།།

དེ་བཞིན་དུ་སྐུ་མདོག་ཡང་། སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་ཀྱི་བཤད་པ་ལས། ནུབ་ཀྱི་ཞིང་སྐྱོང་གི་སྐུ་མདོག་ཡང་སེར་པོ་དང་། ཤར་ལྷོའི་དེའི་མདོག་དཀར་པོར་བཤད་པ་དང་། བིར་ཝ་པས། ཞིང་སྐྱོང་ལྗང་གུ་གྲི་ཐོད་ཁྱུ་མཆོག་གདོང་། །ཞེས་བྱང་གི་དེའི་མདོག་ལྗང་གུ་དང་། ཞིང་སྐྱོང་སེར་པོ་གྲི་ཐོད་ར་སྐྱེས་གདོང་། །ཞེས་ཤར་ལྷོའི་དེ་སེར་པོར་བཤད་པ་སོགས་མི་འདྲ་བ་མང་ངོ་།།

གཞན་ཡང་སློབ་དཔོན་སྒྲ་གཅན་གསང་བས། ཤར་དུ་གནོད་སྦྱིན་གླང་པོའི་གདོང་དཀར་པོ་དང་། ལྷོར་གནོད་སྦྱིན་མ་ཧེའི་གདོང་པ་ཅན་ནག་པོ་དང་། ནུབ་ཏུ་གནོད་སྦྱིན་ཆུ་སྲིན་གྱི་གདོང་པ་ཅན་དཀར་པོ་དང་། བྱང་དུ་གནོད་སྦྱིན་མིའི་གདོང་པ་ཅན་དཀར་པོ་དང་། བྱང་ཤར་དུ་གནོད་སྦྱིན་བ་གླང་གི་གདོང་པ་ཅན་དཀར་པོ་དང་། ཤར་ལྷོར་གནོད་སྤྱིན་རའི་གདོང་པ་ཅན་དམར་པོ་དང་། ལྷོ་ནུབ་ཏུ་གནོད་སྦྱིན་ནག་པོ་དོམ་གྱི་གདོང་པ་ཅན་དང་། ནུབ་བྱང་དུ་གནོད་སྦྱིན་ལྗང་གུ་རི་དྭགས་ཀྱི་གདོང་པ་ཅན་རྣམས་གནས་པར་གསུངས་ཏེ། ཀྱེ་རྡོར་སྒྲུབ་ཐབས་རབ་གསལ་ལས། གནོད་སྦྱིན་གླང་པོའི་གདོང་དཀར་པོ་དང་། ཞེས་དང་། གནོད་སྦྱིན་མ་ཧེའི་གདོང་པ་ཅན་ནག་པོ་དང་། ཞེས་དང་། གནོད་སྦྱིན་ཆུ་སྲིན་གྱི་གདོང་པ་ཅན་དཀར་པོ་དང་། ཞེས་དང་། གནོད་སྦྱིན་མིའི་གདོང་པ་ཅན་དཀར་པོ་དང་། ཞེས་སོགས་གསུངས་པའི་ཕྱིར། དེ་ལས་ཞིང་སྐྱོང་རྣམས་ཞལ་གཅིག་ཕྱག་གཉིས་ཅན་ལུས་ཕྱེད་ཤིང་ལས་ཐོན་པ་ཕྱག་གཡོན་པ་མི་ཐོད་ཁྲག་གིས་བཀང་བ་དང་། གཡས་ན་པདྨའི་ཕྱག་རྒྱས་ཞལ་ཟས་རོ་སྣ་ཚོགས་ཅན་འཛིན་པ་ཅན་དུ་བཤད་དེ། དེ་ཉིད་ལས། གནོད་སྦྱིན་འདི་རྣམས་ནི་རྫུ་འཕྲུལ་ཆེན་པོ་ཅན་ཞལ་གཅིག་པ་ཕྱག་གཉིས་པ་ཤིང་ལས་ལུས་ཕྱེད་འཐོན་པ་དག་སྟེ། ཕྱག་གཡོན་པ་རྣམས་ན་ཁྲག་གིས་ཡོངས་སུ་གང་བའི་མིའི་ཐོད་པ་འཛིན་ཞིང་གཡས་པའི་ཕྱག་གི་པདྨས་རོ་སྣ་ཚོགས་པ་འཛིན་པའི་རྣམ་པར་བསམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས་ནི། རྫུ་འཕྲུལ་ཆེན་པོ་པ་གླང་པོའི་གདོང་དང་། ཞེས་ཤར་དུ་གླང་པོའི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་རའི་གདོང་དང་། ཞེས་ཤར་ལྷོར་ར་ཡི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་མ་ཧེའི་གདོང་དང་། ཞེས་ལྷོར་མ་ཧེའི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་རོའི་གདོང་དང་། ཞེས་ལྷོ་ནུབ་ཏུ་རོ་ཡི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་ཆུ་སྲིན་གྱི་གདོང་དང་། ཞེས་ནུབ་ཏུ་ཆུ་སྲིན་གྱི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་རི་དྭགས་ཀྱི་གདོང་དང་། ཞེས་ནུབ་བྱང་རི་དྭགས་ཀྱི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་མིའི་གདོང་དང་། ཞེས་བྱང་དུ་མིའི་གདོང་དང་། རྫུ་འཕྲུལ་ཆེན་པོ་པ་བ་ལང་གི་གདོང་དང་། ཞེས་བྱང་ཤར་དུ་བ་ལང་གི་གདོང་པ་ཅན་དུ་བཤད་པ་དང་། ཁ་དོག་ཀྱང་། དེ་ཉིད་ལས། སེར་པོ་དང་དམར་པོ་དང་ནག་པོ་དང་དུད་ཀ་དང་ལྗང་གུ་དང་། སེར་པོ་དང་དཀར་པོའོ། །ཞེས་གསུངས་པས་གཞུང་རང་གི་གོ་རིམ་ལྟར་སྦྱར་དགོས་པ་ཡིན་ངེས་སོ།།

སྟོང་ཉིད་རྡོ་རྗེས་མཛད་པའི་ཧེ་རུ་ཀ་ཉེ་འབྱུང་གི་དཀྱིལ་ཆོག་ལས། དེ་ལ་གླང་པོ་ཆེའི་གདོང་པ་ཅན་ནི་གླང་པོ་ཆེའི་ཚོགས་ཀྱིས་བསྐོར་བའོ། །མ་ཧེའི་གདོང་པ་ཅན་ནི་མ་ཧེའི་ཚོགས་ཀྱིས་བསྐོར་བའོ། །ཆུ་སྲིན་གྱི་གདོང་པ་ཅན་ནི་ཉའི་ཚོགས་ཀྱིས་བསྐོར་བའོ། །གནོད་སྦྱིན་གྱི་གདོང་པ་ཅན་ནི་མིའི་ཚོགས་ཀྱིས་བསྐོར་བའོ། །བ་གླང་གི་གདོང་པ་ཅན་ནི་ཁྱུ་མཆོག་གི་ཚོགས་ཀྱིས་བསྐོར་བའོ། །རའི་གདོང་པ་ཅན་ནི་རའི་ཚོགས་ཀྱིས་བསྐོར་བའོ། །སྲིན་པོའི་གདོང་པ་ཅན་ནི་ཡི་དྭགས་ཀྱི་ཚོགས་ཀྱིས་བསྐོར་བའོ། །ཤ་ར་བྷའི་གདོང་པ་ཅན་ནི་ཤ་ར་བྷའི་ཚོགས་ཀྱིས་བསྐོར་བའོ། །ཤིང་དེ་དག་གི་རྩར་ནི་ཕྱོགས་སྐྱོང་བ་རྣམས་ཇི་ལྟར་གསུངས་པ་བཞིན་འཁོར་དང་བཅས་པ་རང་གི་རིག་མ་ལ་འཁྱུད་པར་བཞུགས་སོ། །ཞེས་གསུངས་སོ། །དེ་ལ་སོགས་པ་མི་འདྲ་བ་ཤིན་ཏུ་མང་ཡང་ཡི་གེས་འཇིགས་སོ།།

རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་ལས། སྟེང་ཕྱོགས་ཚངས་པ་ངང་པ་བཞོན། །འོག་ཕྱོགས་ས་བདག་རུས་སྦལ་བཞོན། །ཞེས་པ་ནི་ཞིང་སྐྱོང་ཆེན་པོ་བཅུའི་དབང་དུ་བྱས་པའོ།།

དཔལ་རྡོ་རྗེ་ནག་པོ་ཆེན་པོ་མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དུར་ཁྲོད་གནས་པའི་ཞིང་སྐྱོང་དང་། །ཉི་ཤུ་རྩ་བཞིའི་ཞིང་སྐྱོང་བཅས། །ཞེས་དང་། ཡུལ་ནི་ཉི་ཤུ་རྩ་བཞི་ཡི། །དྲག་པོའི་ཞིང་སྐྱོང་ཉི་ཤུ་བཞི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡི། །ས་གསུམ་རྣམ་པར་ཁྱབ་ནས་གནས། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ཞིང་སྐྱོང་མཆོག་གི་ཞལ་ཅན་ཏེ། །མེ་ཡི་གདོང་ཅན་ཞེས་གྲགས་པ། །ཞེས་པ་ནས། ཞིང་སྐྱོང་སྣ་ཚོགས་དབང་ཕྱུག་སྟེ། །ཞེས་པའི་བར་གྱིས་གནས་ཡུལ་ཆེན་པོ་ཉི་ཤུ་རྩ་བཞི་རུ་གནས་པའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་གསུངས་པ་སོགས་མི་འདྲ་བའི་དབྱེ་བ་དང་། སྐུ་མདོག་ཕྱག་མཚན་དང་། མིང་གི་ཁྱད་པར་སོགས་མི་འདྲ་བ་མཐའ་ཡས་པ་ཡོད་མོད་འདིར་ཞིང་སྐྱོང་བརྒྱད་བཤད་པ་ལ་འབྲེལ་བ་ཆེན་པོ་མ་མཆིས་པས་མི་སྤྲོའོ།།

ལྔ་བ་དུར་ཁྲོད་བརྒྱད་དུ་གནས་པའི་ཕྱོགས་སྐྱོང་ཆེན་པོ་བརྒྱད་ཡོད་དེ། ཤར་དུ་དབང་པོ་བརྒྱ་བྱིན་དཀར་པོ་ཕྱག་རྡོ་རྗེ་བསྡིགས་མཛུབ་ཅན་གླང་པོ་ཆེ་ལ་བཞོན་པ་དང་། ལྷོ་རུ་གཤིན་རྗེ་ནག་པོ་བེ་ཅོན་ཐོགས་ནས་མ་ཧེ་བཞོན་པ་དང་། ནུབ་ཏུ་ཆུ་བདག་ཆུ་ལྷ་ཀླུ་དབང་དམར་པོ་ཆུ་སྲིན་བཞོན་ནས་ཞགས་པ་ཐོགས་པ་དང་། བྱང་དུ་གནོད་སྦྱིན་ལུས་ངན་སེར་པོ་དབྱུག་པ་འཛིན་ཅིང་གཏེར་ཏེ་རྟ་ལ་བཞོན་པ་དང་། ཤར་ལྷོར་མེ་ལྷ་དམར་སེར་ར་ལ་བཞོན་ནས་མེ་ཡི་ཐབ་ཀ་འཛིན་པ་དང་། ལྷོ་ནུབ་མཚམས་སུ་སྲིན་པོོ་སྨུག་ནག་རལ་གྲི་ཐོགས་ཏེ་མི་ལ་བཞོན་པ་དང་། ནུབ་བྱང་མཚམས་སུ་རླུང་ལྷ་སྔོན་པོ་རི་དྭགས་ཤ་བ་ལ་བཞོན་ནས་བ་དན་འཕྱར་བ་དང་། བྱང་ཤར་མཚམས་སུ་དབང་ལྡན་དཀར་པོ་ཁྱུ་མཆོག་བཞོན་ནས་མདུང་རྩེ་གསུམ་པ་བསྣམས་པ་རྣམས་མི་ཡི་གདོང་ཅན་ལག་པ་གཉིས་པ་རང་རང་གི་ཆུང་མ་དང་བཅས་ཏེ་གནས་པར་བཤད་པའི་ཕྱིར་ཏེ། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། ཤར་དུ་བརྒྱ་བྱིན་དཀར་པོ་ལ། །རྡོ་རྗེ་བསྡིགས་མཛུབ་གླང་པོ་བཞོན། །བྱང་དུ་ལུས་ངན་སེར་པོ་ལ། །དབྱུག་པ་འཛིན་ཅིང་གཏེར་ལ་བཞོན། །ནུབ་ཏུ་ཆུ་བདག་དམར་པོ་ནི། །ཆུ་སྲིན་བཞོན་ནས་ཞགས་པ་ཐོགས། །ལྷོ་རུ་གཤིན་རྗེ་ནག་པོ་ལ། །མ་ཧེ་བཞོན་ནས་བེ་ཅོན་ཐོགས། །ཤར་ལྷོར་མེ་ལྷ་དམར་སེར་ལ། །ར་ལ་བཞོན་ནས་མེ་ཐབ་འཛིན། །ལྷོ་ནུབ་སྲིན་པོ་སྨུག་ནག་ལ། །རལ་གྲི་ཐོགས་ནས་མི་ལ་བཞོན། །ནུབ་བྱང་རླུང་ལྷ་མདོག་སྔོན་པོ། །རི་དྭགས་བཞོན་ནས་འཕན་ནི་འཕྱར། །བྱང་ཤར་དབང་ལྡན་དཀར་པོ་ནི། །ཁྱུ་མཆོག་བཞོན་ནས་རྩེ་གསུམ་ཐོགས། །ཐམས་ཅད་རང་རང་རིག་མས་འཁྱུད། །ཅེས་གསུངས་པའི་ཕྱིར་དང་། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཤར་དུ་དབང་པོ་གནས་པ་སྟེ། །ལྷོ་རུ་གཤིན་རྗེ་གནས་པའོ། །ནུབ་ཏུ་ཀླུ་དབང་གནས་པ་སྟེ། །བྱང་དུ་གནོད་སྦྱིན་ཡང་དག་གནས། །ཤར་ལྷོར་མེ་ནི་གནས་པ་སྟེ། །ལྷོ་ནུབ་མཚམས་སུ་སྲིན་པོ་གནས། །ནུབ་བྱང་མཚམས་སུ་རླུང་དགོད་དེ། །བྱང་ཤར་མཚམས་སུ་དབང་ལྡན་དགོད། །ཅེས་དང་། མཁའ་འགྲོ་རྒྱ་མཚོ་ལས། དབང་པོ་ནོར་སྦྱིན་དེ་བཞིན་དུ། །ཀླུ་ཡི་དབང་དང་གཤིན་རྗེའི་བདག །དབང་ལྡན་དེ་ནས་བསྲེག་ཟ་དང་། །སྲིན་པོའི་དབང་པོ་རླུང་བདག་པོ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། དབང་པོ་དེ་བཞིན་སྦྱིན་བྱེད་དང་། །ཀླུ་ཡི་དབང་དང་གཤིན་རྗེའི་བདག །དབང་ལྡན་དེ་ནས་བྱིན་ཟ་དང་། །སྲིན་པོའི་དབང་པོ་རླུང་གི་བདག །ཅེས་གསུངས་པའི་ཕྱིར་རོ།།

ཡང་དེ་དང་ཕལ་ཆེར་འདྲ་བ་ལ་ཅུང་མི་འདྲ་བའི་ཁྱད་པར་ཡོད་པ་ནི། ཤར་གྱི་ཕྱོགས་སྐྱོང་བརྒྱ་བྱིན་དཀར་པོ་གླང་ཆེན་བཞོན་ནས་ཕྱག་མཚན་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པ་དང་། ལྷོ་ཡི་ཕྱོགས་སྐྱོང་གཤིན་རྗེ་སྔོ་ནག་མ་ཧེ་བཞོན་ནས་ཕྱག་ན་ཐོད་དབྱུག་ཐོགས་པ་དང་། ནུབ་ཀྱི་ཕྱོགས་སྐྱོང་ཆུ་ལྷ་དཀར་པོ་ཆུང་མ་དང་བཅས་ཆུ་སྲིན་ལ་བཞོན་པ་གཡས་སྦྲུལ་ཞགས་དང་གཡོན་པདྨ་ཐོགས་པ་དང་། བྱང་གི་ཕྱོགས་སྐྱོང་གནོད་སྦྱིན་སེར་པོ་གཡས་དཔལ་འབྲས་དང་གཡོན་ནེའུ་ལེ་ཅན་ཆུང་མ་དང་བཅས་རྟ་དམར་ལ་བཞོན་པ་དང་། ཤར་ལྷོའི་ཕྱོགས་སྐྱོང་མེ་ལྷ་ཞུགས་ཕུད་ཅན་དམར་པོ་ཆུང་མ་དང་བཅས་ར་ལ་བཞོན་པ་གཡས་སྤྱི་བླུགས་དང་། གཡོན་དབྱུ་གུ་རྩེ་གསུམ་པ་བསྣམས་པ་དང་། ལྷོ་ནུབ་ཀྱི་ཕྱོགས་སྐྱོང་སྲིན་པོ་ཁམ་ནག་ཆུང་མ་དང་བཅས་མི་ལ་བཞོན་པ་གཡས་རལ་གྲི་དང་། གཡོན་ཐོད་པ་ཐོགས་པ་དང་། ནུབ་བྱང་གི་ཕྱོགས་སྐྱོང་རླུང་ལྷ་དུད་ཁ་ཆུང་མ་དང་བཅས་པ་ཤ་བ་ལ་བཞོན་ནས་གཡས་བ་དན་དང་གཡོན་ཞགས་པ་ཐོགས་པ་དང་། བྱང་ཤར་གྱི་ཕྱོགས་སྐྱོང་དབང་ལྡན་དཀར་པོ་ཆུང་མ་དང་བཅས་ཁྱུ་མཆོག་དཀར་པོ་ལ་བཞོན་པ་གཡས་མདུང་དང་། གཡོན་པ་ཐོད་པ་འཛིན་པ་རུ་བཤད་པའི་ཕྱིར་ཏེ། སློབ་དཔོན་ཀམྤ་ལས་མཛད་པའི་དགྱེས་རྡོར་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ལས། བརྒྱ་བྱིན་དཀར་པོ་གླང་པོའི་བདག །རྡོ་རྗེ་དྲིལ་བུ་གཡས་དང་གཡོན། །གཤིན་རྗེ་མཐིང་ནག་མ་ཧེ་ཞོན། །དབྱུག་པ་ཐོད་པ་དེ་བཞིན་ནོ། །ཆུ་ལྷ་དཀར་པོ་ཆུ་སྲིན་མནན། །སྦྲུལ་ཞགས་གཡས་དང་པདྨ་གཡོན། །གནོད་སྦྱིན་སེར་པོ་རྟ་ལ་ཞོན། །དཔལ་འབྲས་ནེའུ་ལེ་གཡས་དང་གཡོན། །འབྱུང་པོའི་བདག་པོ་དཀར་པོ་ནི། །ཁྱུ་མཆོག་དཀར་པོ་མདུང་ཐོད་འཛིན། །མེ་ལྷ་དམར་པོ་ར་ལ་ཞོན། །སྤྱི་བླུགས་དབྱུ་གུ་རྩེ་གསུམ་བསྣམས། །སྲིན་པོ་ཁམ་ནག་མི་རོའི་ཁྲི། །གྲི་དང་ཐོད་པ་གཡས་དང་གཡོན། །རླུང་ལྷ་དུད་ཁ་ཤ་བ་ཞོན། །གཡས་ན་བ་དན་ཞགས་པ་གཡོན། །ཐམས་ཅད་རིན་ཆེན་རྒྱན་ལྡན་ཏེ། །སྲིན་པོ་རུས་པས་བརྒྱན་པ་པོ། །ཆུང་མ་བུ་འཁོར་ཕྱོགས་མདོག་བཅས། །མདོག་རྣམས་ཞི་བྱེད་ཆོས་ལེགས་སྐྱོང་། །ཞེས་གསུངས་པའི་ཕྱིར་རོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས་ནི་ཕལ་མོ་ཆེ་དེ་ལྟར་འདྲ་བ་ལ་བརྒྱ་བྱིན་སེར་པོ་དང་། ཆུ་ལྷ་དམར་སྐྱ་དང་། གནོན་སྦྱིན་དབྱུག་ཐོ་ཐོགས་པ་དང་། ཕྱོགས་སྐྱོང་སྲིན་པོ་སྨུག་པོ་དང་། དབང་ལྡན་ལྗང་སྐྱ་ཕྱག་མཚན་རྩེ་གསུམ་ཐོགས་ནས་ལྕེ་སྤྱང་ལ་བཞོན་པ་ཅན་དུ་བཤད་པ་ནི་མི་འདྲ་བའི་ཁྱད་པར་རོ།།

དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། དབང་པོ་སེར་པོ་སྤྱན་སྟོང་བ་ཕྱག་ན་རྡོ་རྗེ་འཛིན་པ་ས་སྲུང་དཀར་པོ་ལ་ཞོན་པའོ། །ལྷོ་རུ་གཤིན་རྗེ་ནག་པོ་ལག་ན་དབྱུག་པ་ཅན་མ་ཧེ་ལ་ཞོན་པའོ། །ནུབ་ཏུ་ཆུ་ལྷ་དཀར་པོ་ཆུ་སྲིན་མ་ཀ་ར་ལ་ཞོན་པ་ལ་ན་ཀུ་མུད་ཅན་ནོ། །བྱང་གི་འདབ་མར་གནོད་སྦྱིན་སེར་པོ་མི་ལ་ཞོན་པ་ལག་ན་དཔལ་འབྲས་ཐོགས་པའོ། །འདི་རྣམས་ཐམས་ཅད་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རིན་པོ་ཆེའི་ཅོད་པན་ཅན། །གཤིན་རྗེ་ནི་ཉི་མའི་གདན་དང་ཉི་མའི་འོད་ཅན་ནོ། །ལྷག་མ་རྣམས་ཟླ་བའི་གདན་དང་ཟླ་བའི་འོད་ཅན་ནོ། །དབང་ལྡན་གྱི་འདབ་མར་འབྱུང་པོའི་བདག་པོ་དཀར་པོ་མིག་གསུམ་པ་རལ་བའི་ཅོད་པན་ ཅན་ཁྱུ་མཆོག་ལ་ཞོན་པ་ལག་ན་མདུང་ཐོགས་པ་སྟག་གི་པགས་པའི་གོས་འཛིན་པ་ལུས་ཐལ་བས་བྱུགས་པ། རུས་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་གདན་དང་ཟླ་བའི་འོད་དོ། །མེའི་འདབ་མ་ལ་མེ་ལྷ་སེར་པོ་བོང་ཐུང་ཞིང་གསུས་པ་འཕྱང་བ་ར་ལ་ཞོན་པ་བགྲང་ཕྲེང་དང་རིལ་བ་སྤྱི་བླུགས་འཛིན་པ། རལ་པའི་ཅོད་པན་ཅན་ཉི་མའི་གདན་དང་ཉི་མའི་འོད་དཔའ་བོའི་གོས་སོ། །བདེན་བྲལ་གྱི་འདབ་མ་ལ་སྲིན་པོ་སྐྲ་གྲོལ་བ་ཅན་ལག་ན་གྲི་གུག་དང་ཐོད་པ་འཛིན་པ། ཁྲོས་པ་སྨིན་མ་ཁྲོ་གཉེར་དང་བཅས་པ་ནག་པོ་རོའི་སྟེང་ན་ཉི་མའི་གདན་དང་ཉི་མའི་འོད་མངའ་བའོ། །རླུང་ཕྱོགས་ཀྱི་འདབ་མ་ལ་རླུང་ལྷ་ལྗང་ཞིང་དམར་པ་ལག་ན་བ་དན་ཐོགས་པ། རིན་པོ་ཆེའི་ཅོད་པན་ཅན། རི་དྭགས་ལ་ཞོན་པ་ཟླ་བའི་གདན་དང་ཟླ་བའི་འོད་ཅན། རྒྱན་ཐམས་ཅད་འཛིན་པའོ། །ཟེ་འབྲུ་ལ་སའི་ལྷ་མོ་སེར་མོ་ལྷའི་གོས་དང་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བའི་ གདན་དང་ཟླ་བའི་འོད་དང་ཡི་དྭགས་དང་སའི་ལྷས་ཀུན་ནས་བསྐོར་ཏེ་གནས་པའོ། །དབང་པོ་ལ་སོགས་པ་རྣམས་གཡོན་ན་ཀླུའི་ཞགས་པ་འཆང་བ་ཐམས་ཅད་ཀྱང་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པའོ། །ཞེས་དེ་དག་དང་ཅུང་མི་འདྲ་བའི་ཁྱད་པར་ཡོད་པ་ཅན་དུ་གསུངས་སོ།།

གཞན་ཡང་སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་ཀྱི་བཤད་པ་ལས། ཤར་གྱི་དབང་པོ་བརྒྱ་བྱིན་དེ་སེར་པོ་དང་། ལྷོའི་དེ་ནག་པོ་དབྱུག་པ་དང་ཞགས་པ་གཉིས་ཀ་ཐོགས་པ་ཅན་དང་། ནུབ་ཀྱི་ཕྱོགས་སྐྱོང་ཀླུ་དབང་ནི་ཀླུའི་རྒྱལ་པོ་བ་རུ་ན་ཡིན་ཞིང་། དེའི་མདོག་དཀར་པོ་དང་སྡིགས་མཛུབ་དང་ཞགས་པ་ཐོགས་པ་ཅན་དུ་བཤད་པ་དང་། བྱང་གི་ལུས་ངན་པོའི་ཕྱག་ན་གྷ་ཧ་ཐོགས་པ་འཐུང་ཞིང་ཞེས་ཡོད་ལ། དེ་ནི་ཁྲག་གི་རྐྱལ་བ་འཛིན་པ་ལ་གོའམ་སྙམ། དེ་བཞིན་ཤར་ལྷོའི་མེ་ལྷ་ནི་དམར་པོ་རིལ་བ་སྤྱིལ་བླུག་དང་བགྲང་ཕྲེང་འཛིན་པ་དང་། ལྷོ་ནུབ་ཀྱི་སྲིན་པོ་ནི་ནག་པོ་སྡིགས་མཛུབ་དང་མི་མགོ་ཐོགས་པ་དང་རོ་ལ་བཞོན་པ་ཅན་དང་། ནུབ་བྱང་གི་རླུང་ལྷ་ནི་དཀར་པོ་རླུང་གི་སྣམ་བུ་འཛིན་པ་ཅན་དང་། བྱང་ཤར་གྱི་དབང་ལྡན་ནི་སྔོ་སྐྱ་རྩེ་གསུམ་དང་ཐོད་པ་ཐོགས་པ་ཅན་དུ་བཤད་པས་དེ་དག་དཀྱུས་སུ་བཤད་པ་རྣམས་དང་མི་མཐུན་ནོ།།

དེ་བཞིན་དུ་བིར་ཝ་པས། ཕྱོགས་སྐྱོང་བརྒྱ་བྱིན་གླང་ཆེན་གདན་རིགས་བཅས། །ཞེས་སོགས་ཕལ་ཆེར་འདིར་བཀོད་པའི་རྒྱུད་གཞུང་དང་འདྲ་བ་ལ། མི་འདྲ་བའི་ཁྱད་པར་ནི། ཕྱོགས་སྐྱོང་གནོད་སྦྱིན་ཁྱུ་མཆོག་གདན་རིགས་བཅས། །ཞེས་ལུས་ངན་པོ་ཁྱུ་མཆོག་བཞོན་པ་ཅན་དང་། ཕྱོགས་སྐྱོང་སྲིན་པོ་ཡི་དྭགས་གདན་རིགས་བཅས། །ཞེས་སྲིན་པོ་ཡི་དྭགས་ལ་བཞོན་པ་དང་། ཕྱོགས་སྐྱོང་འབྱུང་པོ་རྟ་ཡི་གདན་རིགས་བཅས། །ཞེས་དབང་ལྡན་རྟ་ལ་བཞོན་པ་ཅན་དུ་བཤད་ལ་སྐུ་མདོག་དང་ཕྱག་མཚན་གསལ་བར་མ་བཤད་དོ།།

སྒྲ་གཅན་གསང་བས། ཤར་དུ་ཕྱོགས་སྐྱོང་བརྒྱ་བྱིན་དཀར་པོ་དང་། ལྷོ་རུ་ཕྱོགས་སྐྱོང་གཤིན་རྗེ་ནག་པོ་དང་། ནུབ་ཏུ་ཕྱོགས་སྐྱོང་ཆུ་ལྷ་དཀར་པོ་དང་། བྱང་དུ་ཕྱོགས་སྐྱོང་ལུས་ངན་སེར་པོ་དང་། བྱང་ཤར་དབང་ལྡན་དུ་ཕྱོགས་སྐྱོང་དབང་ཕྱུག་ཆེན་པོ་དཀར་པོ་དང་། མེ་སྟེ་ཤར་ལྷོར་ཕྱོགས་སྐྱོང་མེ་ལྷ་དམར་པོ་དང་། ལྷོ་ནུབ་ཏུ་ཕྱོགས་སྐྱོང་སྲིན་པོ་ནག་པོ་དང་། ནུབ་བྱང་དུ་ཕྱོགས་སྐྱོང་རླུང་ལྷ་སྔོ་བསངས་རྣམས་གནས་པར་བཤད་དེ། ཀྱེ་རྡོར་སྒྲུབ་ཐབས་རབ་གསལ་ལས། ཕྱོགས་སྐྱོང་བརྒྱ་བྱིན་དཀར་པོ་དང་། ཞེས་དང་། ཕྱོགས་སྐྱོང་གཤིན་རྗེ་ནག་པོ་དང་། ཞེས་དང་། ཕྱོགས་སྐྱོང་ཆུ་ལྷ་དཀར་པོ་དང་། ཞེས་དང་། ཕྱོགས་སྐྱོང་ལུས་ངན་སེར་པོ་དང་། ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་ལ་སོགས་པ་རྒྱུད་དང་སྒྲུབ་ཐབས་རྣམས་སུ་མི་འདྲ་བའི་ཁྱད་པར་ཡང་ཤིན་ཏུ་མང་ཡང་མི་སྤྲོ་ལ་གཞན་ནས་ཤེས་པར་བྱའོ།།

སྟོང་ཉིད་རྡོ་རྗེའི་ཧེ་རུ་ཀ་ཉེ་འབྱུང་གི་དཀྱིལ་ཆོག་ལས། དེ་ལ་དབང་པོ་ནི་སྐུ་མདོག་སེར་པོ་རིན་པོ་ཆེའི་དབུ་རྒྱན་ཅན་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་ན་རྡོ་རྗེ་འཛིན་ཞིང་གླང་པོ་དཀར་པོ་ལ་འགྱིང་བག་གི་ཚུལ་གྱིས་བཞུགས་པ་བྲིའོ། །གཤིན་རྗེ་ནི་སྐུ་མདོག་ནག་པོ་སྤྱན་མེ་མདག་གི་ཕུང་པོ་འདྲ་བ། སྨིན་མ་དང་དཔྲལ་བར་ཁྲོ་གཉེར་བསྡུས་པ་སྐྲ་སེར་པོ་གྱེན་དུ་འབར་བ། ཕྱག་ན་དབྱུག་པ་དང་རྩེ་གསུམ་ འཛིན་ཅིང་མ་ཧེ་ལ་ཁྲོས་པའི་ཚུལ་གྱིས་བཞུགས་པ་བྲིའོ། །ཆུ་བ་དག་ནི་སྐུ་མདོག་དཀར་པོ་གདེངས་ཀ་བདུན་དང་ལྡན་པ། སྦྲུལ་གྱི་ཞགས་པ་དང་དུང་འཛིན་པ་ཆུ་སྲིན་ལ་བཞུགས་པའོ། །ནོར་བདག་ནི་སྐུ་མདོག་སེར་པོ་གསེར་གྱི་མདོག་ཅན་རིན་པོ་ཆེའི་དབུ་རྒྱན་ཅན་ལྕགས་ཀྱུ་དང་དབྱུག་པ་འཛིན་པ་གནོད་སྦྱིན་ལ་བཞུགས་པའོ། །དབང་ལྡན་ནི་སྐུ་མདོག་དཀར་པོ་རལ་པའི་ཐོར་ཚུགས་ཅན་ཟླ་བའི་དབུ་རྒྱན། སྤྱན་གསུམ་པ་ཐོད་པའི་ཕྲེང་བ་ཅན། ཕྱག་བཞི་པ། ཅང་ཏེའུ་དང་། ཐོད་པ་དང་། ཏྲི་ཤུ་ལ། ཁ་ཊྭཱཾ་ག་འཛིན་པ་ཁྱུ་མཆོག་གི་སྟེང་དུ་བཞུགས་པའོ། །མེ་ལྷ་ནི་སྐུ་མདོག་དམར་པོ་རལ་པ་ཐོར་ཚུགས་སུ་བྱས་པ། ཚངས་པའི་ཐོ་གུ་ཅན། ཕྱག་བཞི་པ། བགྲང་ཕྲེང་དང་སྐྱབས་སྦྱིན་དང་གུནྡྷེ་དང་། དབྱུག་པ་འཛིན་པ་རའི་སྟེང་ན་བཞུགས་པའོ། །བདེན་བྲལ་ནི་སྐུ་མདོག་སྔོན་པོ་དབུ་སྐྲ་དམར་པོ་གྱེན་དུ་འབར་བ། ཐོད་པའི་ཕྲེང་བ་ཅན་གྲི་གུག་དང་ཐོད་པ་འཛིན་པ་རོའི་སྟེང་ན་བཞུགས་པའོ། །རླུང་ནི་དུ་བའི་མདོག་ཅན་རླུང་གི་རས་འཛིན་པ། རིན་པོ་ཆེའི་དབུ་རྒྱན་ཅན་ཤ་བའི་སྟེང་ན་བཞུགས་པ་བྲིའོ། །དེ་དག་གི་གནས་སུ་ཡང་ལྷ་དང་ཡི་དགས་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་དང་ཐུབ་པ་དང་། སྲིན་པོ་དང་རླུང་བདག་དང་དེ་དག་གི་ཚོགས་ཀྱིས་བསྐོར་བ་བྲིའོ། །ཞེས་གསུངས་སོ།།

དེ་བཞིན་དུ་སློབ་དཔོན་རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་མདོར་བསྡུས་པའི་སྒྲུབ་ཐབས་ཀྱི་འགྲེལ་པ་རིན་ཆེན་ཕྲེང་བ་ལས། དེ་ལ་ཤར་ཕྱོགས་སུ་བརྒྱ་བྱིན་དཀར་པོ་གདོང་གཅིག་པ། ལག་པ་གཉིས་པ། རྡོ་རྗེ་དང་ཨུཏྤལ་འཛིན་པ། གླང་པོ་ཆེ་ལ་གནས་པ། བདེ་སོགས་མ་དང་བཅས་པ། ཞེས་སོགས་སྐུ་མདོག་ཆ་ལུགས་འདི་དག་དང་མི་འདྲ་བ་གསུངས་མོད་དེ་ནི་ཕྱོགས་སྐྱོང་བཅུ་བཤད་པའི་སྐབས་སུ་ཡིན་གྱི་དུར་ཁྲོད་ཀྱི་བཀོད་པའི་ཕྱོགས་སྐྱོང་བཤད་པའི་སྐབས་མ་ཡིན་པས་འདིར་བསྡུར་དགོས་དོན་མེད་དོ། །དེ་ལ་སོགས་པ་མི་འདྲ་བ་མཐའ་ཡས་སོ།།

དྲུག་པ་དུར་ཁྲོད་བརྒྱད་དུ་གནས་པའི་ཀླུ་ཆེན་པོ་བརྒྱད་ཡོད་དེ། ཤར་དུ་ཀླུ་ཡི་རྒྱལ་པོ་ནོར་རྒྱས་སེར་པོ་དང་། ལྷོ་རུ་ཀླུ་རྒྱལ་འཇོག་པོ་དམར་པོ་དང་། ནུབ་ཏུ་ཀླུ་རྒྱལ་སྟོབས་རྒྱུ་ནག་པོ་དང་། བྱང་དུ་ཀླུ་རྒྱལ་པདྨ་དཀར་པོ་དང་། ཤར་ལྷོར་ཀླུ་རྒྱལ་པདྨ་ཆེན་པོ་སེར་ཆེན་དང་། ལྷོ་ནུབ་ཏུ་ཀླུ་རྒྱལ་ཧུ་ལུ་ཧུ་ལུ་སྔོན་པོ་དང་། ནུབ་བྱང་དུ་ཀླུ་རྒྱལ་རིགས་ལྡན་དཱུར་བའི་མདོག་ལྗང་གུ་དང་། བྱང་ཤར་དུ་ཀླུ་རྒྱལ་དུང་སྐྱོང་དམར་སྐྱ་དང་བརྒྱད་པོ་གནས་པ་ཡང་སྦྲུལ་གྱི་གདེངས་ཀ་བདུན་པ་དང་མཇུག་མ་སྦྲུལ་དུ་འཁྱིལ་བ་ཅན་ཕྱོགས་སོ་སོར་གནས་པར་གསུངས་ཏེ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཤར་དུ་ནོར་རྒྱས་གནས་པ་སྟེ། །འཇོག་པོ་ལྷོ་སྟེ་སྟོབས་རྒྱུ་ནུབ། །པདྨ་བྱང་ལ་པད་ཆེན་མེ། །ཧུ་ལུ་ཧུ་ལུ་སྲིན་པོར་དགོད། །རིགས་ལྡན་རླུང་མཚམས་དགོད་པ་སྟེ། །དུང་སྐྱོང་དབང་ལྡན་མཚམས་སུ་དགོད། །ཅེས་དང་། མཁའ་འགྲོ་རྒྱ་མཚོ་ལས། ནོར་རྒྱས་འཇོག་པོ་དེ་བཞིན་དུ། །སྟོབས་ཀྱིས་རྒྱུ་དང་པདྨ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་ངོ་། །ཞེས་དང་། བདེ་མཆོག་འབྱུང་བ་ལས། བཱ་སུ་ཀི་དང་འཇོག་པོ་ཉིད། །ཀར་ཀོ་ཊ་དང་པདྨ་ཉིད། །པད་ཆེན་ཧུ་ལུ་ཧུ་ལུ་དང་། །རིགས་ལྡན་དང་ནི་དུང་སྐྱོང་ངོ་། །ཞེས་དང་གསུངས་པའི་ཕྱིར་རོ།།

འདི་དག་གི་གོ་རིམ་ཕྱོགས་མཚམས་བརྒྱད་དུ་འགོད་ཚུལ་ནི་དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལྟར་བྱས་པ་ཡིན་ལ། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལྟར་ནི། ནོར་རྒྱས་དང་ནི་འཇོག་པོ་དང་། །སྟོབས་ཀྱིས་རྒྱུ་དང་པདྨ་དག །ཤར་ནས་བརྩམས་ཏེ་གཡོན་དུ་དགོད། །པདྨ་ཆེ་དང་མཐའ་ཡས་དང་། །རིགས་ལྡན་དང་ནི་དུང་སྐྱོང་ནི། །གཡས་ཀྱི་ཕྱོགས་ནས་དགོད་པའོ། །ཞེས་གསུངས་པ་ནི་མ་རྒྱུད་ལྟར་གཡོན་བསྐོར་གྱིས་ཤར་ནས་བྱང་སོགས་སུ་འགོད་ནས་གོ་རིམ་དཀྱུས་དང་མི་མཐུན་པར་དགོས་པ་ཡིན་ནམ་སྙམ་མོད་དཔྱད་དོ།།

ཀླུ་བརྒྱད་པོའི་ཁ་དོག་དེ་ལྟར་ཡིན་པའི་ཁུངས་ནི་ཡོད་དེ། ཕྱག་ན་རྡོ་རྗེ་གསང་བ་མངོན་བསྟན་གྱི་རྒྱུད་ལས། ཤར་ཕྱོགས་མཐའ་ཡས་སྔོན་པོ་སྟེ། །ལྷོ་ཕྱོགས་ནོར་རྒྱས་སེར་པོ་ཆེ། །ནུབ་ཕྱོགས་འཇོག་པོ་ཁ་དོག་དམར། །བྱང་ཕྱོགས་སྟོབས་རྒྱུ་ནག་པོ་སྟེ། །ཤར་ལྷོར་པདྨ་དུང་དང་འདྲ། །ལྷོ་ནུབ་པད་ཆེན་སེར་བ་སྟེ། །ནུབ་བྱང་དུང་སྐྱོང་བཙོད་དང་འདྲ། །བྱང་ཤར་རིགས་ལྡན་དཱུར་བའི་མདོག །མཇུག་མ་འཁྱིལ་བས་གཙོ་ལ་འདུད། །སྣ་ཚོགས་གཟུགས་ནི་རིགས་བཞི་དང་། །ས་བདག་སྣ་ཚོགས་གཟུགས་ཀྱིས་བསྐོར། །ཞེས་གསུངས་པའི་ཕྱིར་རོ།།

མདོག་ནི་རྒྱུད་གོང་མ་དྲངས་ཟིན་དག་ཏུ་མི་གསལ་བས་འདི་ལྟར་བགྱིས་ན་འགལ་བ་མེད་སྙམ་ལ། འདི་བསྟན་གྱི་ཕྱོགས་ནི་གོང་དང་མི་མཐུན་ནོ།།

ཡང་སྐུ་མདོག་ཕྱོགས་སྐྱོང་དག་གི་མདོག་དང་འདྲ་ཞིང་ཐམས་ཅད་སྦྲུལ་གྱི་གདེང་ཀ་ཅན་དང་། ཕྱག་མཚན་ནི་ཐམས་ཅད་ཀྱི་གཡས་སྦྲུལ་ཞགས་དང་། གཡོན་པདྨ་འཛིན་པ་ཅན་ཡིན་པར་བཤད་དེ། སློབ་དཔོན་ཀམྤ་ལས་མཛད་པའི་དགྱེས་རྡོར་སྒྲུབ་ཐབས་དེ་ཁོ་ན་ཉིད་བཞིའི་རིམ་པ་ལས། འོག་ནས་ཀླུ་བརྒྱད་ཕྱོགས་དང་མཚམས། །འཇོག་པོ་དུང་སྐྱོང་རིགས་ལྡན་དང་། །མཐའ་ཡས་པད་ཆེན་དགའ་བོ་དང་། །ནོར་རྒྱས་བུ་དང་པདྨ་རྣམས། །ཕྱོགས་སྐྱོང་མདོག་དང་སྦྲུལ་ཞགས་གཡས། །གདེངས་ཀ་དང་ལྡན་པདྨ་གཡོན། །ཞེས་གསུངས་པའི་ཕྱིར་རོ།།

དེ་དང་མི་འདྲ་བ་ཀླུ་བརྒྱད་རྡོ་རྗེ་དྲིལ་བུ་འཛིན་པ་ཅན་ཡིན་པར་ཡང་བཤད་པ་ཡོད་དེ། སློབ་དཔོན་མི་ཐུབ་ཟླ་བས། སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང་། །མཐའ་ཡས་ནོར་རྒྱས་དེ་བཞིན་ཏེ། །འཇོག་པོ་དང་ནི་རིགས་ལྡན་དང་། །པད་ཆེན་ཤིན་ཏུ་པདྨའོ། །ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་ཏེ། །རྡོ་རྗེ་དྲིལ་བུ་ཕྱག་ན་བཅས། །རང་མདོག་རིག་མས་ཡན་ལག་ཁྱུད། །གདན་ལ་གཡས་བརྐྱང་བ་ཡིས་བཞུགས། །ཞེས་གསུངས་པའི་ཕྱིར། དེ་ལ་དཔྱད་ན་རང་མདོག་གི་ཡུམ་རྣམས་རྐང་ལག་ཏུ་འཁྱུད་པ་དང་། ཐམས་ཅད་ཞབས་གཡས་བརྐྱངས་ཤིང་གཡོན་བསྐུམས་ཏེ་བཞུགས་པ་ཅན་ཡིན་པ་ཡང་གསལ་ལོ།།

རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཤར་དུ་ཀླུ་རྒྱལ་མཐའ་ཡས་ནི། །འདམ་སྐྱེས་སྔོན་པོ་ལྟ་བུའི་མདོག །གདེངས་ཀ་བདུན་ནི་བསྒྱིངས་པ་ལ། །ཀླུ་མོ་དང་ནི་བཅས་པར་དགོད། །ཕྱག་ན་པད་མ་བསྣམས་པའོ། །བྱང་ན་ནོར་རྒྱས་སེར་པོ་སྟེ། །ནུབ་དུ་འཇོག་པོ་དམར་པོ་ཡིན། །ལྷོ་རུ་སྟོབས་རྒྱུ་ལྗང་སྐྱ་སྟེ། །དབང་ལྡན་དུ་ནི་དུང་སྐྱོང་ཡིན། །རླུང་མཚམས་པད་མ་བདེན་བྲལ་དུ། །པད་མ་ཆེན་པོ་དགོད་པར་བྱ། །མེ་མཚམས་སུ་ནི་རིགས་ལྡན་ཏེ། །ཆོ་ག་སྔ་མས་བྲི་བར་བྱ། །ཀླུ་ནི་བརྒྱད་པོ་ཐམས་ཅད་ཀྱང་། །རིན་ཆེན་ཅོད་པན་དག་དང་ལྡན། །རྒྱན་ཀུན་གྱིས་ནི་རྣམ་པར་གླུབས། །གདེངས་ཀའི་ནོར་བུའི་འོད་ཀྱིས་ནི། །མུན་པ་ཐམས་ཅད་སེལ་བྱེད་པ། །ཞེས་ཕྱོགས་མཚམས་བརྒྱད་དུ་འགོད་ཚུལ་ལམ་གནས་པའི་ཚུལ་མི་འདྲ་བར་གསུངས་སོ།།

དེ་བཞིན་དུ་སྒྲ་གཅན་གསང་བས། ཀླུ་ནོར་རྒྱས་སེར་པོ་དང་། ཞེས་ཤར་དུ་ཀླུ་ནོར་རྒྱས་སེར་པོ་དང་། ཀླུ་པདྨ་དཀར་པོ་དང་། ཞེས་ལྷོ་རུ་ཀླུ་པདྨ་དཀར་པོ་དང་། ཀླུ་ཀརྐོ་ཊ་དམར་པོ་དང་། ཞེས་ནུབ་ཏུ་ཀླུ་ཀརྐོ་ཊ་དམར་པོ་དང་། ཀླུ་འཇོག་པོ་ནག་པོ་དང་། ཞེས་བྱང་དུ་ཀླུ་འཇོག་པོ་ནག་པོ་དང་། ཀླུ་དུང་སྐྱོང་ཞེས་པ་སེར་པོ་དང་། ཞེས་བྱང་ཤར་དབང་ལྡན་དུ་ཀླུ་དུང་སྐྱོང་སེར་པོ་དང་། ཀླུ་པདྨ་ཆེན་པོ་སྔོ་བསངས་དང་། ཞེས་ཤར་ལྷོར་ཀླུ་པདྨ་ཆེན་པོ་སྔོ་བསངས་དང་། ཀླུ་མཐའ་ཡས་ཞེས་བྱ་བ་དཀར་པོ་དང་། ཞེས་ལྷོ་ནུབ་ཏུ་ཀླུ་མཐའ་ཡས་དཀར་པོ་དང་། ཀླུ་རིགས་ལྡན་ཁྲ་བོ་དང་། ཞེས་ནུབ་བྱང་དུ་ཀླུ་རིགས་ལྡན་ཁྲ་བོ་རྣམས་གནས་པར་བཤད་དོ།།

སྟོང་ཉིད་རྡོ་རྗེའི་ཧེ་རུ་ཀ་ཉེ་འབྱུང་གི་དཀྱིལ་ཆོ་ག་ལས། དེའི་གཡོན་དུ་ཀླུ་ཆེན་པོ་བརྒྱད་གདེངས་ཀ་དང་བཅས་པར་བྲིའོ། །ནོར་རྒྱས་ནི་ཟླ་བའི་མདོག་ཅན་སྤྱི་བོར་ཨུཏྤལ་སྔོན་པོས་མཚན་པ་གདེངས་ཀ་དང་བཅས་པ། པདྨ་ནི་དུང་གི་མདོག་ཅན་དཔལ་བེའུས་མཚན་པའི་གདེངས་ཀ་ཅན། སྟོབས་ཀྱི་རྒྱུ་ནི་དཱུར་བ་ལྟ་བུར་མདོག་སྔོ་བ་རིན་པོ་ཆེ་གསུམ་གྱིས་མགྲིན་པར་མཚན་པའོ། །འཇོག་པོ་ནི་ཉེར་ལྡན་གྱི་མེ་ཏོག་ལྟ་བུའི་མདོག་ཅན་ནོར་བུ་འབར་བས་མཚན་པ། པདྨ་ཆེན་པོའི་མདོག་ཀུནྡ་ལྟ་བུར་མཚུངས་པ་རྩེ་གསུམ་གྱིས་མཚན་པ། ཧུ་ལུ་ཧུ་ལུ་ནི་ཤིན་ཏུ་གནག་པ་སྤྱི་བོ་མཚན་མས་མཚན་པ། རིགས་ལྡན་ནི་དུ་བའི་མདོག་ཅན་ཟླ་བའི་ནོར་བུས་མགྲིན་པ་མཚན་པ། དུང་སྐྱོང་ནི་གསེར་གྱི་མདོག་ཅན་མགྲིན་པ་ཟླ་བའི་དཀྱིལ་འཁོར་གྱིས་མཚན་པ་བྲིའོ། །ཞེས་ནོར་རྒྱས་དཀར་པོ་ཟླ་མདོག་དང་། པདྨ་དུང་མདོག་དང་། སྟོབས་རྒྱུ་སྔོན་པོ་དང་། འཇོག་པོ་ཉེར་ལྡན་མེ་ཏོག་མདོག་དང་། པདྨ་ཆེན་པོ་ཀུནྡའི་མདོག་དང་། ཧུ་ལུ་ནག་པོ་དང་། རིགས་ལྡན་དུད་མདོག་དང་། དུང་སྐྱོང་གསེར་མདོག་ཏུ་བཤད་དོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས། ཤར་དུ་མཐའ་ཡས་དཀར་པོ་དང་། ལྷོར་འཇོག་པོ་སེར་པོ་དང་། ནུབ་ཏུ་དུང་སྐྱོང་དམར་སྐྱ་དང་། བྱང་དུ་སྟོབས་རྒྱུ་ལྗང་གུ་དང་། ཤར་ལྷོར་པདྨ་སྔོན་པོ་དང་། ལྷོ་ནུབ་ཏུ་ཧུ་ལུ་སྨུག་པོ་དང་། ནུབ་བྱང་དུ་རིགས་ལྡན་ལྗང་གུ་དང་། བྱང་ཤར་དུ་བ་སུ་དཀར་པོ་རྣམས་གནས་པར་བཤད་པ་དང་། ཧེ་རུ་ཀ་གལ་པོ་ལས་ནི། མཐའ་ཡས་སེར་པོ་རིན་ཆེན་འཛིན་པ་དང་། འཇོག་པོ་དམར་པོ་ཨུཏྤལ་འཛིན་པ་དང་། སྟོབས་ཀྱི་རྒྱུ་སྔོན་པོ་སྤྲིན་འཛིན་པ་དང་། རིགས་ལྡན་དཀར་པོ་རིན་ཆེན་སྡོང་པོ་འཛིན་པ་དང་། ནོར་བུ་རྒྱས་སེར་པོ་རིན་པོ་ཆེའི་ཕྲེང་བ་འཛིན་པ་དང་། དུང་སྐྱོང་ལྗང་གུ་དུང་འཛིན་པ་དང་། པདྨ་དཀར་པོ་པདྨ་བསྣམས་པ་དང་། ཆུ་ལྷ་དཀར་སེར་ཞགས་པ་བསྣམས་པ་ཅན་དུ་བཤད་པ་དང་། སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ལས་ཁ་དོག་སོགས་དེ་དག་དང་ཅུང་མི་མཐུན་པ་གསུངས་པ་སོགས་མི་འདྲ་བ་མང་དུ་ཡོད་མོད་སྤྲོ་བར་མི་བྱའོ།།

བདུན་པ་དུར་ཁྲོད་བརྒྱད་དུ་འཁྲིགས་པའི་སྤྲིན་ཆེན་པོ་བརྒྱད་ཡོད་དེ། ཤར་དུ་སྤྲིན་ཆེན་ཆར་སྤྲིན་དཀར་པོ་དང་། ལྷོ་རུ་སྤྲིན་ཆེན་པུ་མི་ཏི་དང་། ནུབ་ཏུ་སྤྲིན་ཆེན་འཇིགས་པ་དང་། བྱང་དུ་སྤྲིན་ཆེན་ཨ་བ་དང་། ཤར་ལྷོོར་སྤྲིན་ཆེན་སྔོ་ཉ་དང་། ལྷོ་ནུབ་ཏུ་སྤྲིན་ཆེན་གྷཱ་ཉ་དང་། ནུབ་བྱང་དུ་སྤྲིན་ཆེན་པར་ཤ་ན་དང་། བྱང་ཤར་དུ་སྤྲིན་ཆེན་གཏུམ་པོ་དང་བརྒྱད་པོ་ཡོད་པ་ཡིན་པའི་ཕྱིར་ཏེ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཤར་དུ་ཆར་སྤྲིན་དཀར་པོར་དགོད། །ལྷོ་རུ་པུ་མི་ཏི་དགོད་དོ། །ནུབ་ཏུ་འཇིགས་པ་རྣམ་པར་གནས། །བྱང་དུ་ཨ་བ་ཡང་དག་གནས། །སྔོ་ཉ་མེར་ནི་ཡང་དག་གནས། །གྷཱ་ཉ་སྲིན་པོའི་མཚམས་སུ་དགོད། །རླུང་གི་མཚམས་སུ་པར་ཤ་ན། །གཏུམ་པོ་འདི་བརྒྱད་ཆར་སྤྲིན་བརྒྱད། །བཙོད་ཀྱི་མདོག་འདྲ་གུར་ཀུམ་མདོག །ནམ་མཁའི་མདོག་འདྲ་དུ་བའི་མདོག །སྤྲིན་གྱི་མདོག་འདྲ་སྤྲིན་གྱི་གཟུགས། །ཤར་ལ་སོགས་པ་བཞི་བཞི་སྟེ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། སྒྲོག་པ་དང་ནི་ཆེར་སྒྲོག་དང་། །དྲག་དང་གཡོ་དང་བརྟན་དེ་བཞིན། །གང་བ་དང་ནི་དེ་བཞིན་འབེབས། །གཏུམ་པ་འདི་དག་སྤྲིན་དབང་ཕྱུག །ཅེས་དང་། མཁའ་འགྲོ་རྒྱ་མཚོ་ལས། སྒྲོག་པ་དང་ནི་འུར་སྒྲོག་དང་། །དྲག་པོ་འཁྱིལ་བ་མཐུག་དེ་བཞིན། །གང་བ་ཆར་འབེབས་གཏུམ་པོ་སྟེ། །འདི་རྣམས་སྤྲིན་གྱི་བདག་པོའོ། །ཞེས་གསུངས་པའི་ཕྱིར་རོ།།

ཆར་སྤྲིན་བརྒྱད་ཀྱི་གོ་རིམ་འདི་ཡང་དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལྟར་བགྱིས་པ་ལགས་ཀྱི་འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལྟར་ན། སྒྲ་སྒྲོག་པ་དང་རྨུགས་པ་དང་། །མུན་པ་ཅན་དང་ཀུན་ཏུ་འཁྱིལ། །ཤར་ནས་བྱང་གི་ཕྱོགས་སུ་དགོད། །འཁྲིགས་པ་གང་བ་འབབས་པ་དང་། །དྲག་པོ་སྤྲིན་ཚོགས་མཚམས་ལ་དགོད། །ཅེས་དཀྱུས་དང་མི་མཐུན་པར་གཡོན་ནས་བརྩམས་ཏེ་འགོད་པར་གསུངས་པ་ཡང་མ་རྒྱུད་ཀྱི་དགོངས་པ་ཡིན་ངེས་སོ།།

སྤྲིན་ཆེན་དག་གི་ཁ་དོག་ནི་གོང་གི་བཙོད་ཀྱི་མདོག་སོགས་ཤར་ཕྱོགས་ནས་རིམ་པར་འགོད་དགོས་པ་ཡིན་ནམ་ཤར་ལ་ཚིག་ཟིན་དུ་དཀར་པོ་དངོས་སུ་ཐོན་པ་ལྟར་དེའི་འཕྲོ་ནས་བགྲང་དགོས་པ་ཡིན་ཆ་མི་འཚལ། སློབ་དཔོན་རྣལ་འབྱོར་བའི་དུར་ཁྲོད་བརྒྱད་ཀྱི་བཤད་པ་ལས་ནི་ཤར་གྱི་སྤྲིན་ཆེན་སྒྲ་སྒྲོག་སྔོན་པོ་དང་། ལྷོ་ཡི་སྤྲིན་ཆེན་འཁྲིགས་པ་སེར་པོ་དང་། ནུབ་ཀྱི་སྤྲིན་ཆེན་དྲག་པོ་དཀར་པོ་དང་། བྱང་གི་སྤྲིན་ཆེན་རྨུགས་པ་དཀར་པོ་དང་། ཤར་ལྷོའི་སྤྲིན་ཆེན་འཁྱིལ་བ་དམར་པོ་དང་། ལྷོ་ནུབ་ཀྱི་སྤྲིན་ཆེན་སྒྲ་སྒྲོག་སེར་པོ་དང་། ནུབ་བྱང་གི་སྤྲིན་ཆེན་འབེབས་པ་ལྗང་གུ་དང་། བྱང་ཤར་གྱི་སྤྲིན་ཆེན་གཏུམ་པོ་སྣ་ཚོགས་མདོག་ཏུ་གསུངས་སོ།།

མཁན་པོ་རཏྣ་ཤྲཱི་མི་ཏྲའི་འགྱུར་དུར་ཁྲོད་བརྒྱད་ཀྱི་བཤད་པ་ལས། ཆར་སྤྲིན་གྷོ་ར་ཞེས་བྱ་བ་གུར་གུམ་གྱི་མདོག་ལྟ་བུའོ། །ཞེས་ཤར་གྱི་ཆར་སྤྲིན་སེར་པོ་གུར་གུམ་གྱི་མདོག་དང་། ཆར་སྤྲིན་ཙཎྜ་ཞེས་བྱ་བ་སྔོན་པོའོ། །ཞེས་ལྷོའི་དེ་སྔོན་པོ་དང་། ཆར་སྤྲིན་གྷ་ན་ཞེས་བྱ་བ་མདོག་དཀར་པོའོ། །ཞེས་ནུབ་ཀྱི་སྤྲིན་ཆེན་སྔ་མ་དང་འདྲ་བར་དཀར་པོ་དང་། ཆར་སྤྲིན་ཨ་པ་རྟོ་ཞེས་བྱ་བ་ཁ་དོག་སེར་པོའོ། །ཞེས་བྱང་སེར་པོ་དང་། ཆར་སྤྲིན་གྷརྨི་ཏ་ཞེས་བྱ་བ་ཁ་དོག་སྣ་ཚོགས་སོ། །ཞེས་ཤར་ལྷོ་ཁྲ་བོ་དང་། ཆར་སྤྲིན་འབབ་པ་ཞེས་བྱ་བ་ནག་པོའོ། །ཞེས་ལྷོ་ནུབ་ནག་པོ་དང་། ཆར་སྤྲིན་པུ་རཱ་ཎ་ཞེས་བྱ་བ་དཀར་ནག་གི་མདོག་གོ་ཞེས་ནུབ་བྱང་དཀར་ནག་དང་། ཆར་སྤྲིན་གརྫི་ཏ་ཞེས་བྱ་བ་ཁ་དོག་ནག་པོའོ། །ཞེས་བྱང་ཤར་དབང་ལྡན་གྱི་སྤྲིན་མདོག་ནག་པོ་ཡིན་པར་བཤད་དོ།།

དེ་བཞིན་དུ་སྒྲ་གཅན་གསང་བས་ནི། སྤྲིན་སྒྲོག་པ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་ཤར་དུ་སྤྲིན་སྒྲོག་པ་ཞེས་པ་སྣ་ཚོགས་མདོག་ཅན་དང་། སྤྲིན་འཁྱིལ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་ལྷོ་རུ་སྤྲིན་འཁྱིལ་བ་དང་། སྤྲིན་འཇིགས་པ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་ནུབ་ཏུ་སྤྲིན་འཇིགས་པ་དང་། སྤྲིན་འུར་འུར་སྒྲོག་པ་ཁ་དོག་སྣ་ཚོགས་པ་དང་། ཞེས་བྱང་དུ་སྤྲིན་འུར་འུར་སྒྲོག་པ་དང་། སྤྲིན་གཏུམ་པོ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་བྱང་ཤར་དུ་སྤྲིན་གཏུམ་པོ་དང་། སྤྲིན་སྟུག་པོ་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་ཤར་ལྷོ་རུ་ སྤྲིན་སྟུག་པོ་དང་། སྤྲིན་གང་བ་ཅན་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་ལྷོ་ནུབ་ཏུ་སྤྲིན་གང་བ་ཅན་དང་། སྤྲིན་ཆར་འབེབས་ཞེས་བྱ་བ་ཁ་དོག་སྣ་ཚོགས་པ་དང་། ཞེས་ནུབ་བྱང་དུ་སྤྲིན་ཆར་འབེབས་ཞེས་བྱ་བ་རྣམས་ཡོད་པ་དང་། སྤྲིན་ཐམས་ཅད་ཁ་དོག་སྣ་ཚོགས་པ་རུ་བཤད་དོ།།

སྟོང་ཉིད་རྡོ་རྗེའི་ཧེ་རུ་ཀ་ཉེ་འབྱུང་གི་དཀྱིལ་ཆོག་ལས། དེ་དག་གི་རྒྱབ་ཚོགས་སུ་སྤྲིན་རྣམས་བྲི་སྟེ་སྒྲ་གྲག་པ་ནི་མདོག་ནག་པོ། འཁྱིལ་པ་ནི་མདོག་སྔོན་པོ། རྨུགས་པ་ནི་གུར་གུམ་གྱི་མདོག་ཅན། མུན་པ་ནི་སྣ་ཚོགས་པའི་མདོག་ཅན། གང་བ་ནི་དམར་སེར། འབབ་པ་ནི་སྔོན་དམར། དྲག་པོ་ནི་སྣག་ཚའི་མདོག་ཅན། འཁྲིགས་པ་ནི་དཀར་པོ། ཞེས་བྱུང་བ་དང་། འགོད་སྟང་ནི། ཤར་ལྷོ་ནུབ་བྱང་བཞི་དང་། བྱང་ཤར་ཤར་ལྷོ་ལྷོ་ནུབ་ནུབ་བྱང་བྱས་ཏེ་རིམ་བཞིན་འགོད་རྒྱུ་ཡིན་པར་གཞུང་དེ་ཉིད་དུ་གསལ་ཞིང་། གཉིས་མེད་རྡོ་རྗེ་ཨ་བ་དྷཱུ་ཏཱི་པས། ཤར་དུ་སྤྲིན་སྒྲོག་པ་དང་། ལྷོར་སྤྲིན་ཀུན་དུ་འཁོར་བ་དང་། ནུབ་ཏུ་སྤྲིན་འཇིགས་པ་དང་། བྱང་དུ་སྤྲིན་འཁྱམ་པ་དང་། ཤར་ལྷོར་སྤྲིན་སྟུག་པོ་དང་། ལྷོ་ནུབ་ཏུ་སྤྲིན་རབ་ཏུ་གང་བ་དང་། ནུབ་བྱང་དུ་སྤྲིན་ཆར་འབེབས་དང་། བྱང་ཤར་དུ་སྤྲིན་གཏུམ་པོ་རྣམས་སུ་བཤད་དོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས། ཤར་སྤྲིན་དཀར་པོ་དང་། ལྷོ་སྤྲིན་གནམ་དུད་སྔོ་སྐྱ་དང་། ནུབ་སྤྲིན་སྒྲ་སྒྲོག་དམར་ནག་དང་། བྱང་སྤྲིན་རྨུག་བྱེད་མྱོས་སྤྲིན་ལྗང་གུ་དང་། ཤར་ལྷོའི་སྤྲིན་གཏོང་བྱེད་དམར་སེར་དང་། ལྷོ་ནུབ་ཀྱི་སྤྲིན་གྷེ་ཏ་སེར་ཁྲ་དང་། ནུབ་བྱང་གི་སྤྲིན་རབ་དགའ་ཆར་འབེབས་སེར་པོ་དང་། བྱང་ཤར་གྱི་སྤྲིན་ཉ་ཆེན་ནག་པོ་ཞེས་བཤད་དོ།།

བརྒྱད་པ་དུར་ཁྲོད་བརྒྱད་དུ་སློབ་དཔོན་རིག་པ་འཛིན་པ་བརྒྱད་བཞུགས་ཚུལ་ཡོད་དེ། དེ་ཡང་ཤར་ན་ཀླུ་སྒྲུབ་སྙིང་པོ་བཞུགས་ཤིང་དེས་བྱིན་གྱིས་བརླབས་པ་དང་། ཐོད་པ་བརྩེགས་པའི་སྤྱིལ་བུས་དུར་ཁྲོད་ཀུན་དུ་བཀང་བ་ལ་རྣལ་འབྱོར་པའི་རྒྱལ་པོ་ཨཱརྱ་དེ་བ་ལ་སོགས་པ་ཤིན་ཏུ་མང་པོ་དང་། །རྣལ་འབྱོར་མ་ནི་མཛེས་མ་དང་སྙིང་སྟོབས་ཅན་མ་ལ་སོགས་པ་བཞུགས་ནས་རྒྱུད་གསང་འདུས་ཀྱི་རྗེས་སུ་འཇུག་ཅིང་སྟོན་པ་ཀླུ་སྒྲུབ་ཡིད་ལ་བྱེད་པ་དང་། ལྷོ་ན་ཌོམྦི་ཧེ་རུ་ཀ་བཞུགས་ཤིང་དེ་ཡིས་བྱིན་གྱིས་བརླབས་པ་དང་། ཐོད་པ་དང་རུས་པའི་དུམ་བུའི་སྤྱིལ་བུས་དུར་ཁྲོད་ཀུན་ཏུ་བཀང་བ་ལ་རྣལ་འབྱོར་བ་ཨ་ཝ་དྷཱུ་ཏཱི་པ་དང་། རྣལ་འབྱོར་མ་ཕྱག་མོ་ལ་སོགས་པ་བཞུགས་ཤིང་གསང་འདུས་དང་།  གཤིན་རྗེ་གཤེད་ནག་པོའི་རྒྱུད་ཀྱི་རྗེས་སུ་འཇུག་ཅིང་སྟོན་པ་ཌོམྦི་ཧེ་རུ་ཀ་ཡིད་ལ་བྱེད་པ་དང་། ནུབ་ན་མཁས་པ་རྟ་དབྱངས་བཞུགས་ཤིང་དེས་བྱིན་གྱིས་བརླབས་པ་དང་། མི་རོ་རྟ་རོ་སོགས་རོ་རྣམས་བརྩེགས་པའི་སྤྱིལ་བུས་དུར་ཁྲོད་ཀུན་བཀང་བ་ལ་རྣལ་འབྱོར་བ་ཀུ་ཀུ་རི་པ་དང་། རྣལ་འབྱོར་མ་སྙིང་པོའི་རྒྱན་མ་ལ་སོགས་པ་བཞུགས་ཤིང་། རྒྱུད་སྒྱུ་འཕྲུལ་ཆེན་མོའི་རྗེས་སུ་འཇུག་ཅིང་སློབ་དཔོན་རྟ་དབྱངས་ཡིད་ལ་བྱེད་པ་དང་། བྱང་དུ་སློབ་དཔོན་པདྨ་ཅན་ནམ་མཚོ་སྐྱེས་རྡོ་རྗེ་བཞུགས་ཤིང་དེས་བྱིན་གྱིས་བརླབས་པ་དང་། ཡང་རོ་ཡི་སྤྱིལ་བུས་ཀུན་ནས་བཀང་བ་ལ་རྣལ་འབྱོར་བ་བཟང་པོ་དང་། །རྣལ་འབྱོར་མ་བརྡུང་མ་ལ་སོགས་པ་བཞུགས་ཤིང་རྒྱུད་དགྱེས་པ་རྡོ་རྗེའི་རྗེས་སུ་འཇུག་ཅིང་སློབ་དཔོན་མཚོ་སྐྱེས་རྡོ་རྗེ་རྗེས་སུ་དྲན་པར་བྱེད་པ་དང་། ཤར་ལྷོར་ས་ར་ཧ་བཞུགས་ཤིང་དེ་ཡིས་བྱིན་གྱིས་བརླབས་པ་དང་། ཡི་དྭགས་ཀྱི་རོ་ཡི་སྤྱིལ་བུས་ཀུན་ཏུ་བཀང་བ་ལ་རྣལ་འབྱོར་བ་གྷུ་ན་ཀ་ན་ཀ་དང་། རྣལ་འབྱོར་མ་པདྨ་རྡོ་རྗེ་ལ་སོགས་པ་བཞུགས་ཤིང་རྒྱུད་བདེ་མཆོག་འཁོར་ལོའི་རྗེས་སུ་འཇུག་ཅིང་སློབ་དཔོན་དཔལ་ས་ར་ཧ་པ་རྗེས་སུ་དྲན་པར་བྱེད་པ་དང་། ལྷོ་ནུབ་ཏུ་དཔལ་མཆོག་ནག་པོ་ཞབས་བཞུགས་ཤིང་དེས་བྱིན་གྱིས་བརླབས་པ་དང་། ཀེང་རུས་ཡི་དྭགས་ལོ་མའི་སྤྱིལ་བུས་གང་བ་རུ་རྣལ་འབྱོར་བ་བྲམ་ཟེ་སྟོབས་ཅན་གྱི་བུ་གསེར་མདོག་ཅན་དང་། རྣལ་འབྱོར་མ་བཞིན་ཁྲོ་མ་ལ་སོགས་པ་བཞུགས་ཤིང་རྒྱུད་སྙིང་པོ་གཉིས་དང་། རྟ་མཆོག་གི་རྒྱུད་ཀྱི་རྗེས་སུ་འཇུག་ཅིང་སྟོན་པ་དཔལ་ནག་པོ་ཞབས་རྗེས་སུ་དྲན་པར་བྱེད་པ་དང་། ནུབ་བྱང་དུ་གྲུབ་ཐོབ་ཀུ་ཀུ་རི་པ་བཞུགས་ཤིང་དེས་བྱིན་གྱིས་བརླབས་པ་དང་། རྩྭའི་སྤྱིལ་བུ་རུས་པའི་རྒྱན་ཀྱིས་སྤྲས་པ་མང་པོས་དུར་ཁྲོད་ཀུན་ཏུ་གང་བ་ལ་རྣལ་འབྱོར་བ་མང་པོ་དང་། རྣལ་འབྱོར་མ་ཞིང་ལ་སོགས་པ་རྒྱུན་ཏུ་ཞུགས་ཤིང་རྒྱུད་རྣལ་འབྱོར་མའི་རྗེས་སུ་འཇུག་ཅིང་སྟོན་པ་དཔལ་ཀུ་ཀུ་རི་རྗེས་སུ་དྲན་པར་བྱེད་པ་དང་། བྱང་ཤར་གྱི་དུར་ཁྲོད་དུ་མཁའ་འགྲོ་རྡོ་རྗེ་ཕག་མོ་བཞུགས་ཤིང་དེས་བྱིན་གྱིས་བརླབས་པ་དང་། སོ་ཕག་བརྩེགས་པའི་སྤྱིལ་བུས་ཀུན་ཏུ་བཀང་བ་ལ་རྣལ་འབྱོར་པ་དཔལ་ཧེ་རུ་ཀ་པ་དང་། རྣལ་འབྱོར་མ་ནི་བདག་མེད་མ་དང་བདུད་རྩི་མ་ལ་སོགས་པ་བཞུགས་ཤིང་རྒྱུད་མཱ་ཧཱ་མཱ་ཡ་ནམ་མཁའ་དང་མཉམ་པའི་རྗེས་སུ་འཇུག་ཅིང་སྟོན་པ་རྡོ་རྗེ་ཕག་མོ་རྗེས་སུ་དྲན་པར་བྱེད་པར་བཤད་དོ།།

འདི་ནི་སློབ་དཔོན་བིར་ཝ་བའི་དུར་ཁྲོད་ཀྱི་བཤད་པའི་ལུགས་ལས་བྱུང་བ་དེ་ལྟར་ལགས་ལ། གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་ལས། ཤར་དུ་ཧཱུཾ་ཆེན་ཀ་རཱ་དང་། ལྷོར་འཇམ་དཔལ་བཤེས་གཉེན་དང་། ནུབ་ཏུ་གླུ་སྒྲུབ་སྙིང་པོ་དང་། བྱང་དུ་པྲ་ཆེན་ཧིསྟི་དང་། ཤར་ལྷོར་བྷི་མ་ལ་མི་ཏྲ་དང་། ལྷོ་ནུབ་ཏུ་དྷ་ན་སིང་ཀྲྀ་ཏ་དང་། ནུབ་བྱང་དུ་རམྦུ་གུ་ཧྱ་དང་། བྱང་ཤར་དུ་ཤིནྟཾ་གརྦྷ་རྣམས་གནས་པར་བཤད་པ་འདི་རྙིང་མའི་བཀའ་བརྒྱད་དཔལ་དགུའི་བཀའ་བབས་ཚུལ་དང་མཐུན་པར་བཀོད་པ་ཡིན་པར་ངེས་སོ།།

རྣལ་འབྱོར་བའི་སློབ་དཔོན་བཞུགས་ཚུལ་ནི། དཱ་རི་ཀ་པའི་འཁོར་ལོ་སྡོམ་པའི་བསྟོད་པ་གཙུག་གི་ནོར་བུ་ལས། གྲུབ་ཆེན་བརྒྱད་སོགས་ཕྱག་རྒྱ་མཆོག་ལྡན་ཞིང་། །གྲུབ་པའི་རྣལ་འབྱོར་སྤྱོད་པ་རྣམ་མཛེས་པའི། །སྒྲུབ་པའི་རྟེན་གྱུར་བདེ་གཤེགས་ཀུན་གྱི་གནས། །སྣོད་བཅུད་དག་ལ་གསང་བའི་དཀྱིལ་འཁོར་མཆོག །ཅེས་གྲུབ་ཆེན་བརྒྱད་ཡོད་ཚུལ་བཤད་པ་སོགས་གསང་སྔགས་པ་ལ་ཡོངས་སུ་གྲགས་ཤིང་རྙིང་རྒྱུད་འགའ་ལས་གསུངས་མོད། ཀླུ་སྒྲུབ་སོགས་སློབ་དཔོན་འདི་དག་བཞུགས་ཡོད་པའི་གསལ་ཁ་ནི་རྒྱུད་གང་ལས་ཀྱང་མ་གསུངས་ལ་ལུང་བསྟན་པ་མིན་ན་གསུངས་ཚུལ་ཡང་ཡོད་མི་སྲིད་པས་ཀླུ་སྒྲུབ་སོགས་ཡོད་ཚུལ་དེ་ནི་ཕྱིས་སུ་རྒྱ་གར་དུ་བཤད་སྲོལ་དར་བ་ཞིག་ཡིན་ངེས་ཤིང་། སྤྱིར་བཏང་ནི། མར་མེ་མཛད་ཡེ་ཤེས་ཀྱི་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་རིན་ཆེན་སྒྲོན་མ་ལས། མཆོད་རྟེན་བརྒྱད་དང་རྣལ་འབྱོར་ཚོགས། །ཞེས་གསུངས་པ་ལྟར་དུར་ཁྲོད་དུ་སྔགས་ཀྱི་བརྟུལ་ཞུགས་གྲུབ་པ་དང་སྤྱོད་པའི་རྣལ་འབྱོར་བའི་ཚོགས་དུ་མ་ཡོད་པར་བཤད་པའི་དབང་གིས་དེ་ལྟར་དུས་ཕྱིས་སུ་ཀླུ་སྒྲུབ་སོགས་ཡོད་པར་འདོད་པ་ཡིན་ངེས་སོ།།

དགུ་བ་དུར་ཁྲོད་བརྒྱད་ཀྱི་བར་སྣང་གི་ནམ་མཁའ་ན་ལྷ་ཆེན་པོ་བརྒྱད་ཡོད་པར་བཤད་པ་ཡོད་དེ། གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། ཚངས་པ་ལ་སོགས་ལྷ་ཆེན་བརྒྱད་རྣམས་འགུགས། །ཞེས་པ་ལྟར་དབང་ཕྱུག་དཀར་པོ་ཕྱག་ན་དབུ་རྒྱན་འཛིན་པ་དང་། ཁྱབ་འཇུག་མཐིང་ག་འཁོར་ལོ་འཛིན་པ་དང་། བྷྲྀཾ་གི་རི་ཏི་ལྗང་སེར་པི་ཝང་བསྣམས་པ་དང་། དགའ་བྱེད་དབང་ཕྱུག་དམར་པོ་མདའ་གཞུ་འཛིན་པ་དང་། གཞོན་ནུ་སྨིན་དྲུག་དཀར་པོ་བུམ་པ་འཛིན་པ་དང་། ཚོགས་ཀྱི་བདག་པོ་དཀར་པོ་ལ་ཕུག་འཛིན་པ་དང་། སྟོབས་བཟང་སེར་ནག་གཤོལ་འཛིན་པ་དང་། ལྷ་ཆེན་ལེགས་ལྡན་ནག་པོ་སྨུག་ནག་དང་བརྒྱད་དུ་བཤད་དེ། ཧེ་རུ་ཀ་གལ་པོ་ལས། ལྷ་ཆེན་བརྒྱད་ནི་དབང་ཕྱུག་ཆེ་དང་དབང་ཕྱུག་ཆེན་པོ་དཀར་པོ་ཕྱག་ན་དབུ་རྒྱན་ནོ། །བིཥྞུ་དང་བེཥྞུ་ནི་ལྷ་ཆེན་ཁྱབ་འཇུག་སྟེ་མཐིང་ག་འཁོར་ལོའོ། བྷྲྀཾ་གི་རི་ཏི་སྐུ་མདོག་ལྗང་སེར་པི་ཝང་བསྣམས་པ། དགའ་བྱེད་དབང་ཕྱུག་དམར་པོ་མདའ་གཞུ། གཞོན་ནུ་སྨིན་དྲུག་དཀར་པོ་བུམ་པ། ཚོགས་ཀྱི་བདག་དཀར་པོ་ལ་ཕུག། སྟོབས་བཟང་སེར་ནག་གཤོལ། ལྷ་ཆེན་ལེགས་ལྡན་ནག་པོ་སྨུག་ནག་སེར་ཆེན་པོ་བརྒྱད། ཅེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་སྤྱིར་དེ་དང་མི་འདྲ་བ་དུར་ཁྲོད་བརྒྱད་དུ་གནས་པའི་ལྷ་ཆེན་བརྒྱད་ནི། ཤར་ཕྱོགས་ཀྱི་ནམ་མཁའ་ལ་ལྷ་ཆེན་པོ་བརྒྱ་བྱིན་དཀར་པོ་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་འཛིན་པ་དང་། ལྷོ་རུ་ཚངས་པ་སེར་པོ་གསེར་གྱི་མདོག་ཅན་གཡས་སྤྱི་བླུགས་དང་། གཡོན་དབྱུ་གུ་རྩེ་གསུམ་འཛིན་པ་དང་། ནུབ་ཏུ་ཁྱབ་འཇུག་དམར་པོ་གཡས་འཁོར་ལོ་དང་གཡོན་དུང་འཛིན་པ་དང་། བྱང་དུ་ལྷ་ཆེན་དབང་ཕྱུག་ཐལ་བའི་མདོག་ཅན་གཡས་རྩེ་གསུམ་དང་གཡོན་ཐོད་པ་འཛིན་པ་དང་། བྱང་ཤར་དུ་གཞོན་ནུ་གདོང་དྲུག་གི་བུ་དཀར་པོ་གཡས་མདའ་དང་གཡོན་གཞུ་འཛིན་པ་དང་། ཤར་ལྷོ་ན་ཚོགས་བདག་དཀར་པོ་གཡས་ལ་ཕུག་དང་གཡོན་ལ་དུ་འཛིན་པ་དང་། ལྷོ་ནུབ་བམ་བདེན་བྲལ་དུ་བྷྲིཾ་གི་རི་ཏི་སྨུག་པོ་གཡས་ན་མདུང་དང་གཡོན་ན་བ་དན་ཐོགས་པ་དང་། ནུབ་བྱང་དུ་ལེགས་ལྡན་ནག་པོ་གཡས་ན་རལ་གྲི་དང་གཡོན་ཕུབ་འཛིན་པ་བརྒྱད་ཡོད་ཅིང་འགོད་དགོས་པར་གསུངས་པའི་ཕྱིར། གྲུབ་སྟེ། སློབ་དཔོན་ཀམྤ་ལས་མཛད་པའི་དགྱེས་རྡོར་སྒྲུབ་ཐབས་དེ་ཉིད་བཞི་རིམ་ལས། སྟེང་གི་མཁའ་ལ་ལྷ་ཆེན་བརྒྱད། །ཤར་དུ་བརྒྱ་བྱིན་སྔོན་དང་འདྲ། །ལྷོ་རུ་ཚངས་པ་གསེར་གྱི་མདོག །སྤྱི་བླུགས་དབྱུ་གུ་རྩེ་གསུམ་འཛིན། །ནུབ་ཏུ་ཁྱབ་འཇུག་དམར་པོ་སྟེ། །འཁོར་ལོ་གཡས་དང་གཡོན་དུང་དང་། །བྱང་དུ་ལྷ་ཆེན་ཐལ་བའི་མདོག །རྩེ་གསུམ་ཐོད་པ་གཡས་དང་གཡོན། །དབང་ལྡན་གཞོན་ནུ་དྲུག་གི་བུ། །དཀར་པོ་མདའ་དང་གཞུ་འཛིན་པ། །ཤར་ལྷོ་ཚོགས་བདག་དཀར་པོ་ནི། །གཡས་གཡོན་ལ་ཕུག་ལ་དུ་འཛིན། །བདེན་བྲལ་བྷྲིཾ་གི་རི་ཏི་སྨུག །གཡས་ན་མདུང་དང་བ་དན་གཡོན། །རླུང་དུ་ལེགས་ལྡན་ནག་པོ་ནི། །རལ་གྲི་གཡས་ན་ཕུབ་ནི་གཡོན། །ཐམས་ཅད་ལྷ་རྒྱན་དག་དང་ལྡན། །འདོད་པའི་ལྷ་རྣམས་ཀྱིས་བསྐོར་ཉི་ཟླ་གཟའ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ལྷ་ཆེན་པོ་བརྒྱད་པོ་དེ་དེ་ལྟར་གནས་ཤིང་འགོད་པའི་རིམ་པ་དེ་དང་ཅུང་མི་འདྲ་བ་གཞན་ཡང་ཡོད་དེ། སློབ་དཔོན་མི་ཐུབ་ཟླ་བས་མཛད་པའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མ་ལས། ཤར་དུ་དབང་ཕྱུག་ཆེན་པོ་བསྐྱེད། །ལྷོར་ནི་དབང་པོ་བསམ་པར་བྱ། །ནུབ་ཏུ་ཚངས་པ་བསྐྱེད་བྱ་སྟེ། །བྱང་ཕྱོགས་སུ་ནི་ཁྱབ་འཇུག་གོ །ཤར་ལྷོར་འདོད་པའི་དབང་ཕྱུག་བསྐྱེད། །ལྷོ་ནུབ་ཚོགས་ཀྱི་བདག་པོ་སྟེ། །བྷྲིཾ་གི་རི་ཏི་ནུབ་བྱང་དུ། །བྱང་ཤར་གཞོན་ནུ་ཀརྟི་ཀའོ། །ཞེས་གསུངས་པ་དང་། སློབ་དཔོན་ཧཱུཾ་མཛད་གྲགས་པས་མཛད་པའི་ཡན་ལག་བཞིའི་དོན་སྣང་བྱེད་ལས། མདུན་དུ་དབང་ཕྱུག་ཆེན་པོ་སྟེ། །གཡས་སུ་ཚངས་པ་བརྒྱ་བྱིན་ལྷ། །གཡོན་དུ་ཁྱབ་འཇུག་འདོད་ལྷ་སྟེ། །ཆུང་མ་བཞོན་པ་ལ་གནས་པའི། །མཚན་མ་རྒྱན་བཅས་འཇིགས་པའི་ཚུལ། །རང་གི་ས་བོན་སྔགས་ལས་སྐྱེས། །དབང་ལྡན་མེ་ལྷའི་རྒྱལ་པོ་དང་། །སྲིན་པོའི་རྒྱལ་པོ་རླུང་གི་བདག །ཆུང་མ་བཞོན་པའི་གདན་དང་བཅས། །ལྷོའམ་ཤར་དུ་ལྷ་ཆེན་བརྒྱད། །ཅེས་གསུངས་པའི་ཕྱིར་རོ།།

གུ་རུ་ཆོས་དབང་གི་དུར་ཁྲོད་བྱིན་འབེབས་སུ། གོང་སྨོས་ལྟར། ཤར་དུ་ལྷ་ཆེན་སྟོབས་བཟང་གི་རོ་དང་། ལྷོར་འཆི་བདག་གཤིན་རྗེའི་རོ་དང་། ནུབ་ཏུ་ཚངས་པའི་རོ་དང་། བྱང་དུ་ཁྱབ་འཇུག་གི་རོ་དང་། ཤར་ལྷོར་དགའ་རབ་དབང་ཕྱུག་དམར་པོའི་རོ་དང་། ལྷོ་ནུབ་ཏུ་ཚོགས་བདག་གི་རོ་དང་། ནུབ་བྱང་དུ་བྷྲིངྒི་རི་ཏིའི་རོ་དང་། བྱང་ཤར་དུ་གཞོན་ནུ་སྨིན་དྲུག་གི་རོ་རྣམས་ཡོད་པར་བཤད་པ་ལས་དངོས་སུ་བར་སྣང་དུ་གནས་པ་དང་བསྒོམ་པར་མ་གསུངས་ཀྱང་དོན་ལ་དུར་ཁྲོད་བརྒྱད་དུ་ལྷ་ཆེན་བརྒྱད་ཡོད་པར་བསྟན་པའོ།།

དེ་ལྟར་རྙིང་རྒྱུད་དུ་དུར་ཁྲོད་བརྒྱད་བྱུང་བ་ལས་ཕལ་མོ་ཆེར་རུ་དྲའི་ཡན་ལག་འཐོར་ཕྱོགས་དང་། མ་མོ་ཆེན་མོ་བརྒྱད་གནས་ཕྱོགས་དང་། མཆོད་རྟེན་བརྒྱད་ཀྱི་སྐོར་བྱུང་བ་ལས་ཞིང་སྐྱོང་ཕྱོགས་སྐྱོང་ཀླུ་དང་ཤིང་སྤྲིན་ཀྱི་སྐོར་སོགས་རྒྱ་ཆེར་བྱུང་བ་དཀོན་པ་དང་། གསར་འགྱུར་གྱི་རྒྱུད་དག་ལས་ཕྱི་མ་དག་བྱུང་ཡང་རུ་དྲའི་ཡན་ལག་འཐོར་ཕྱོགས་རྣམས་ཐོན་པ་མེད་དོ། །འོན་ཀྱང་མ་མོ་བརྒྱད་དཀྱིལ་འཁོར་དུ་འགོད་པའི་ཕྱོགས་ཐོན་པ་ནི་གོང་དུ་ལུང་དྲངས་ཟིན་ལྟར་མང་དུ་མཆིས་སོ། །དེ་ལ་སོགས་པ་བཤད་བྱ་མང་ཡང་སྤྲོ་བར་མི་བྱའོ།།

བཅུ་བ་དུར་ཁྲོད་བརྒྱད་པོ་དེར་རི་བོ་བརྒྱད་ཡོད་པར་བཤད་པའི་རི་བརྒྱད་ཡོད་དེ། ཤར་རི་རིན་པོ་ཆེའི་རང་བཞིན་གྱི་ལྷུན་པོ་རི་རབ་གྲུ་བཞི་བ་དང་། ལྷོ་རི་མ་ལ་ཡ་དཀར་པོ་དང་། ནུབ་རི་ཀེེ་ལ་ཤ་དཀར་པོ་དང་། བྱང་རི་མནྡ་ར་ལྗང་གུ་དང་། བྱང་ཤར་གྱི་རི་དབང་ཆེན་ནག་པོ་དང་། ཤར་ལྷོའི་རི་སྤོས་ངད་ལྡན་པ་སེར་པོ་དང་། ལྷོ་ནུབ་ཀྱི་རི་གསེར་རི་སེར་པོ་དང་། ནུབ་བྱང་གི་རི་དཔལ་གྱི་རི་སྔོན་པོ་རྣམས་ཡོད་པར་བཤད་པའི་ཕྱིར་ཏེ། སྒྲ་གཅན་གསང་བས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་རབ་ཏུ་གསལ་བ་ལས། རི་རབ་གྲུ་བཞི་པ་རིན་པོ་ཆེའི་རང་བཞིན་དང་། ཞེས་དང་། རི་མ་ལ་ཡ་དཀར་པོ་དང་། ཞེས་དང་། རི་ཀེེ་ལ་ཤ་དཀར་པོ་དང་། ཞེས་དང་། རི་མནྡ་ར་ལྗང་གུ་དང་། ཞེས་དང་། རི་དབང་ཆེན་ནག་པོ་དང་། ཞེས་དང་། རི་སྤོས་ངད་ལྡན་པ་སེར་པོ་དང་། ཞེས་དང་། རི་གསེར་ཞེས་བྱ་བ་དང་། ཞེས་དང་། རི་དཔལ་གྱི་རི་ཞེས་བྱ་བ་སྔོན་པོ་དང་། ཞེས་གསུངས་པའི་ཕྱིར་རོ། །དེ་ཙམ་ལས་རི་བརྒྱད་གསལ་བོར་བཤད་པའི་གཞུང་མ་རྙེད་དོ།།

གཉིས་པ་ནང་གི་དུར་ཁྲོད་ནི། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། དེ་ནས་ནང་གི་དུར་ཁྲོད་ནི། །ལུས་ཀྱི་སྐྲ་སེན་སྤུ་ལ་སོགས། །སྐྱེ་ཞིང་འཇིག་པར་བྱེད་པས་ན། །དུར་ཁྲོད་ཆེན་པོ་ལུས་ལ་དགོད། །ཅེས་གསུངས་པར་ལྟར། རྣལ་འབྱོར་བའི་རྡོ་རྗེའི་ལུས་ཀྱི་གནས་སོ་སོར་དུར་ཁྲོད་བརྒྱད་འགོད་པ་སྟེ། དེ་ཡང་དཔེར་ན་ལུས་ཀྱི་གཞང་ཁ་ཤར་གཏུམ་དྲག་ཅན་དང་། གསང་བ་ཕོ་མཚན་མོ་མཚན་དེ་བྱང་ཤར་དུར་ཁྲོད་དབྱིབས་ཅན་དང་། ཁ་ནི་བྱང་ཚང་ཚིང་ཅན་དང་། སྣ་བུག་གཉིས་ལྷོ་ནུབ་འབར་བ་འཛིན་དང་། མིག་གཉིས་ནུབ་བྱང་དམྱལ་སོགས་དང་ནུབ་མི་བཟད་པ་གཉིས་དང་། རྣ་བ་གཉིས་ལྷོ་ཧ་ཧར་རྒོད་པ་དང་ཤར་ལྷོ་གཡེར་ཁ་ཅན་གཉིས་ཏེ། རང་གི་ལུས་དེ་དུར་ཁྲོད་བརྒྱད་ཀྱི་རང་བཞིན་ཡིན་པར་གསུངས་ཏེ། དཔལ་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། གཏུམ་དྲག་གཞང་ཁར་དབྱིབས་ཅན་ནི། །གསང་བ་ཚང་ཚིང་ཁ་རུའོ། །འབར་བ་ཞེས་བྱའི་དུར་ཁྲོད་ནི། །སྣ་ཡི་བུ་ག་གཉིས་ན་གནས། །དམྱལ་སོགས་དེ་བཞིན་མི་བཟད་པ། །མིག་གཉིས་ལ་ནི་གནས་པའོ། །ཧ་ཧ་རྒོད་དང་གཡེལ་ཁ་ཅན། །རྣ་བ་གཉིས་ལ་གནས་པའོ། །ཞེས་གསུངས་པའི་ཕྱིར་རོ།། དེ་བཞིན་དུ་ལག་པའི་དཔུང་བ་གཉིས་ལ་དཔུང་བ་དང་ཉེ་བའི་དཔུང་བ་གཉིས་རེ་ཕྱེ་བའི་བཞི་དང་། རྐང་པའི་བརླ་གཉིས་ལ་བརླ་དང་ཉེ་བའི་བརླ་གཉིས་རེ་ཕྱེ་བའི་བཞི་སྟེ་བརྒྱད་པོ་དུར་ཁྲོད་བརྒྱད་དང་། རྐང་པའི་རྗེ་ངར་ལ་དེ་ལྟར་ཕྱེ་བའི་བཞི་དང་། ལག་ངར་ལ་དེ་ལྟར་ཕྱེ་བའི་བརྒྱད་པོ་ཤིང་བརྒྱད་དང་། ལུས་ཀྱི་སྟོད་ཀྱི་ཚིགས་བཞི་དང་སྨད་ཀྱི་ཚིགས་བཞི་ལ་དེ་ལྟར་ཕྱེ་བའི་བརྒྱད་ནི་ཕྱོགས་སྐྱོང་བརྒྱད་དང་། རྐང་མཐིལ་གཉིས་ལ་བཞི་དང་། ལག་མཐིལ་གཉིས་ལ་བཞི་ཕྱེ་བའི་བརྒྱད་ནི་ཀླུ་བརྒྱད་དང་། རྐང་ལག་གི་རྩེ་བཞི་ལ་དེ་ལྟར་གཉིས་རེ་ཕྱེ་བའི་བརྒྱད་ནི་ཆར་སྤྲིན་བརྒྱད་དུ་བཤད་པ་ནི་ནང་ལུས་ཀྱི་དུར་ཁྲོད་ཀྱི་རྣམ་གཞག་བཤད་པ་ཡིན་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། དཔུང་པ་ཉེ་བའི་དཔུང་པ་སྟེ། །བརླ་དང་དེ་བཞིན་ཉེ་བའི་བརླ། །བརྒྱད་ནི་དུར་ཁྲོད་བརྒྱད་དུ་ངེས། །རྗེ་ངར་ཉེ་བའི་རྗེ་ངར་བཞི། །ལག་ངར་ཉེ་བའི་ལག་ངར་བཞི། །བརྒྱད་ནི་ནང་གི་ཤིང་བརྒྱད་དོ། །ཚིགས་དང་དེ་བཞིན་ཉེ་བའི་ཚིགས། །སྟེང་དང་འོག་ཏུ་བཞི་བཞི་སྟེ། །ནང་གི་ཕྱོགས་སྐྱོང་ཡིན་པར་འདོད། །མཐིལ་དང་དེ་བཞིན་ཉེ་བའི་མཐིལ། །སྟེང་འོག་དེ་བཞིན་ཀླུ་བརྒྱད་དོ། །རྩེ་དང་དེ་བཞིན་ཉེ་བའི་རྩེ། །བརྒྱད་ནི་ཆར་སྤྲིན་བརྒྱད་ཡིན་ཏེ། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། ནང་ལུས་ཀྱི་དང་། ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་བསྐྱེད་རིམ་གྱིས་སྟོབས་ཀྱིས་ཐ་མལ་བའི་རྣམ་རྟོག་འགགས་པའི་རྟགས་སམ་མཚོན་བྱེད་དུར་ཁྲོད་བརྒྱད་དང་། རྩ་རླུང་གི་ངོ་བོ་ལ་གནད་དུ་བསྣུན་པས་ལས་སུ་རུང་བ་ཤིང་བརྒྱད་དང་། བསྐྱེད་རིམ་གྱི་སྟོབས་ཀྱིས་ཉོན་མོངས་པ་རགས་པ་བཅོམ་པ་ཀླུ་བརྒྱད་དང་། བསྐྱེད་རིམ་ལ་བདག་སྤྱོད་ཅིང་གཞན་ཡང་དེར་སྤྱོད་དུ་བཅུག་པ་ཆར་སྤྲིན་བརྒྱད་དེ། ཚུལ་དེ་ནང་གི་དུར་ཁྲོད་ཀྱི་རྣམ་གཞག་ཏུ་བྱས་པ་ཡོད་དེ། དེ་ཉིད་ལས། བསྐྱེད་རིམ་རྣམ་རྟོག་མི་མངའི་རྟགས། །དུར་ཁྲོད་བརྒྱད་ནི་ནང་ན་གནས། །རྩ་རླུང་ངོ་བོ་ཤེས་པ་རྒྱས། །དེ་ཕྱིར་ནང་གི་ཤིང་བརྒྱད་གནས། །རགས་པའི་གདུག་པ་འདུལ་བའི་ཕྱིར། །ནང་ན་ཀླུ་བརྒྱད་ཡང་དག་གནས། །བདག་སྤྱོད་གཞན་ཡང་སྤྱོད་པའི་ཕྱིར། །ཆར་སྤྲིན་བརྒྱད་ནི་ནང་དུ་གནས། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་གསང་བའི་དུར་ཁྲོད་ནི། རྫོགས་པའི་རིམ་པའི་ཉམས་ལེན་གྱིས་རྡོ་རྗེའི་ལུས་ཀྱི་རྩ་འཁོར་གྱི་ཆ་དང་དེ་རྣམས་སུ་རླུང་འབྱུང་འཇུག་གནས་པའི་ཆས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྐྱེད་ཅིང་དེའི་ལྡོག་ཕྱོགས་ཀྱི་མཚན་མའི་རྣམ་རྟོག་ཞི་བས་ཕྱེ་བ་སྟེ། དེ་ཡང་གསང་བའི་སྣ་རྩེར་རྩ་བརྒྱད་དུ་རླུང་སྦྱངས་པའི་སྟོབས་ལས་སྐྱེས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ལ་དུར་ཁྲོད་བརྒྱད་དུ་བཏགས་པའམ་དུར་ཁྲོད་བརྒྱད་ཡེ་ཤེས་དེ་མཚོན་བྱེད་དང་། ལྟེ་བར་རྩ་བརྒྱད་དུ་རླུང་སྦྱངས་པའི་སྟོབས་ལས་སྐྱེས་པའི་བདེ་བ་ཚད་མེད་པའི་ཆ་དང་དེ་མཚོན་བྱེད་ལྗོན་ཤིང་བརྒྱད་དང་། སྙིང་གར་རྩ་བརྒྱད་དུ་རླུང་སྦྱངས་པའི་སྟོབས་ལས་སྐྱེས་པའི་མཚན་མའི་རྣམ་རྟོག་ཕྲ་མོ་འཇོམས་པའི་ཆ་དང་དེ་མཚོན་བྱེད་ཀླུ་ཆེན་བརྒྱད་དང་། མགྲིན་པར་རྩ་བརྒྱད་དུ་རླུང་སྦྱངས་པའི་སྟོབས་ལས་སྐྱེས་པའི་བདེ་བའི་ཡེ་ཤེས་ཀྱི་ཆ་དང་དེ་མཚོན་བྱེད་ཕྱོགས་སྐྱོང་བརྒྱད་དང་། སྤྱི་བོར་རྩ་བརྒྱད་དུ་རླུང་སྦྱངས་པའི་སྟོབས་ལས་སྐྱེས་པའི་བདེ་བས་བདག་བདེ་སྟོང་གི་ཡེ་ཤེས་ལ་སྤྱོད་ཅིང་གཞན་དེ་ལ་སྦྱོར་བའི་ཆ་དང་དེ་མཚོན་བྱེད་ཆར་སྤྲིན་བརྒྱད་དུ་བརྩིས་པའི་རྩ་ཆེན་སོ་གཉིས་དུར་ཁྲོད་རྟེན་དང་བརྟེན་པ་དང་། རྩ་དེ་རྣམས་སུ་རླུང་སྦྱངས་པའི་སྒོས་སྐྱེས་པའི་བདེ་བའི་ཡེ་ཤེས་ཁྱད་པ་བ་དག་དང་དེ་མཚོན་བྱེད་ལ་གསང་བའི་དུར་ཁྲོད་དུ་བྱེད་པ་ཡིན་པའི་ཕྱིར་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། དེ་ནས་གསང་བའི་དུར་ཁྲོད་ཀྱང་། །སྣ་རྩེར་རྩ་བརྒྱད་དུར་ཁྲོད་བརྒྱད། །ལྟེ་བར་རྩ་བརྒྱད་ཤིང་བརྒྱད་དོ། །སྙིང་གར་རྩ་བརྒྱད་ཕྱོགས་སྐྱོང་བརྒྱད། །མགྲིན་པར་རྩ་བརྒྱད་ཀླུ་བརྒྱད་དེ། །སྤྱི་བོར་རྩ་བརྒྱད་ཆར་སྤྲིན་བརྒྱད། །གསང་བར་རྣམ་རྟོག་མི་མངའི་རྟགས། །དུར་ཁྲོད་བརྒྱད་ནི་གསང་བར་གནས། །ཐམས་ཅད་བདེ་བར་སྣང་བའི་ཕྱིར། །གསང་བར་ཤིང་བརྒྱད་ཡང་དག་གནས། །ཕྲ་བའི་མཚན་མའི་རྣམ་རྟོག་གི །གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་དགོད། །བདེ་བས་བདག་སྤྱོད་གཞན་སྦྱོར་བས། །དེ་ཡི་ཕྱིར་ན་ཆར་སྤྲིན་དགོད། །ཅེས་དང་། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུད་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། དེ་ནས་གསང་བའི་དུར་ཁྲོད་ནི། །རྩ་ཆེན་སུམ་ཅུ་རྩ་གཉིས་ནས། །འབྱུང་འཇུག་གནས་པའི་རླུང་རྣམས་ནི། །དབུགས་རྒྱུ་ཞེས་པ་དུར་ཁྲོད་དོ། །ཞེས་གསུངས་པ་ལྟར་གྱིས་སོ། །གཞན་ཡང་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་འདྲེན་པའི་ལས་རྒྱའི་མཁའ་གསང་ཡང་གསང་བའི་དུར་ཁྲོད་དུ་བཤད་དེ། ཧེ་རུ་ཀ་གལ་པོ་ལས། གསང་བ་ཡུམ་གྱི་བྷ་གའི་དང་། ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་དེ་ཁོ་ན་ཉིད་ཀྱི་དུར་ཁྲོད་ནི། རྣམ་པར་ཤེས་པ་ཚོགས་བརྒྱད་དང་། གཟུང་འཛིན་གྱི་རྟོག་པ་སྣ་ཚོགས་པ་ཡོད་དོ་ཅོག་རང་བཞིན་གྱིས་མ་གྲུབ་པར་ཆོས་དབྱིངས་སྤྲོས་བྲལ་ཆེན་པོའི་ངང་དུ་འཛིན་མེད་དུ་རང་ཞིག་པའམ་ཚུལ་དེ་རྟོགས་པའི་ཡེ་ཤེས་དང་། ཡེ་ཤེས་དེའི་ཡུལ་སྟོང་པ་ཉིད་དེ་ནི་གནས་ལུགས་དེ་ཁོ་ན་ཉིད་ཀྱི་དུར་ཁྲོད་ཅེས་བྱ་བ་སྟེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། དེ་ནས་བཞི་བའི་དུར་ཁྲོད་ཀྱང་། །རྣམ་ཤེས་བརྒྱད་ནི་དེ་ཉིད་བརྒྱད། །དུར་ཁྲོད་བརྒྱད་དུ་ངེས་པའོ། །ཞེས་དང་། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། རྣམ་པར་ཤེས་པའི་ཚོགས་བརྒྱད་དང་། །དངོས་པོའི་རྟོག་པ་སྣ་ཚོགས་པ། །ཆོས་ཀྱི་དབྱིངས་ཀྱི་དུར་དུ་མཆི། །གསང་བ་རིག་པའི་ཡེ་ཤེས་ཁྲོད། །ཅེས་གསུངས་པའི་ཕྱིར། དེ་ཡང་རྣམ་པར་ཤེས་པ་ཚོགས་བརྒྱད་དམ། ཚོགས་བརྒྱད་ཀྱི་ངོ་བོ་ཡེ་ཤེས་བརྒྱད་དུ་གནས་དག་ཅིང་། དེ་ཡང་རང་བཞིན་མེད་པ་དང་རྣམ་པར་རྟོག་པ་དང་བྲལ་བ་མཚོན་པའི་རྟགས་སུ་བསིལ་བའི་ཚལ་ལ་སོགས་པའི་དུར་ཁྲོད་བརྒྱད་ཕྱོགས་བརྒྱད་དུ་བསྒོམ་པར་གསུངས་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། རྣམ་ཤེས་ཚོགས་བརྒྱད་རྣམ་རྟོག་བརྒྱད། །མི་མངའི་རྟགས་སུ་དུར་ཁྲོད་བརྒྱད། །ཕྱོགས་དང་ཕྱོགས་བྲལ་དག་ཏུ་དགོད། །ཅེས་དང་། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། དེ་ནས་དུར་ཁྲོད་དགོས་པ་ནི། །རྣམ་ཤེས་དག་པའི་དུར་ཁྲོད་ལ། །ཞེས་དང་། སློབ་དཔོན་དཱ་རི་ཀ་པའི་འཁོར་ལོ་སྡོམ་པའི་བསྟོད་པ་གཙུག་གི་ནོར་བུ་ལས། ཚོགས་བརྒྱད་དག་ཕྱིར་དུར་ཁྲོད་རབ་འཇིགས་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

མཆོད་རྟེན་བརྒྱད་པོ་ཡང་རང་སངས་རྒྱས་ཀྱི་བཞུགས་གནས་ལྟ་བུ་རང་གཅིག་པུས་ལམ་མངོན་པར་ཉམས་སུ་བླངས་པའི་གནས་ཏེ། རྣལ་འབྱོར་བའི་བརྟུལ་ཞུགས་ཀྱི་སྤྱོད་པ་སྐྱོང་བའི་གནས་ཀྱི་མཚོན་བྱེད་དང་། དེ་དག་གི་ངོ་བོ་སྤྲོས་བྲལ་ཆོས་ཉིད་ཆེན་པོའི་རང་བཞིན་དུ་གནས་ཤིང་དེ་དོན་རྟོགས་པའི་མཚོན་བྱེད་ལ་གསུངས་ཏེ། དེ་ཉིད་ལས། མཆོད་རྟེན་རང་སངས་རྒྱས་ཀྱི་གནས། །རྣལ་འབྱོར་བརྟུལ་ཞུགས་སྤྱོད་པ་

བྱེད། །ཅེས་གསུངས་པའི་ཕྱིར་རོ།།

ཤིང་བརྒྱད་པོ་ནི་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་ངོ་བོ་རང་བཞིན་མེད་པར་རྟོགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡོན་ཏན་བརྒྱད་དང་། འབྲས་དུས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་མཚོན་བྱེད་དམ་དེའི་རྟགས་སུ་ཤིང་བརྒྱད་དུ་བསྟན་པ་ཡིན་པར་གསུངས་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཚོགས་བརྒྱད་ཡོན་ཏན་བརྒྱད་ལྡན་པའི། །རྟགས་སུ་ཤིང་བརྒྱད་རིམ་པས་དགོད། །ཅེས་དང་། སྟོབས་སོགས་མཁྱེན་པའི་ཡོན་ཏན་རྒྱས། །རྟགས་སུ་ཤིང་བརྒྱད་ངེས་པའོ། །ཞེས་དང་། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་རྒྱལ་པོ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། སངས་རྒྱས་བརྒྱད་ཀྱི་མཚན་མ་ཤིང་། །ཐུགས་རྗེའི་རྟགས་སུ་ཤིང་བརྒྱད་ལ། །ཞེས་དང་། ཧེ་རུ་ཀ་གལ་པོ་ལས། དེ་ཁོ་ན་ཉིད་རྣམ་ཤེས་ཀྱི་དང་། མཚོན་པ་དཔེའི་དང་། འབྲས་བུ་དོན་གྱི་དུར་ཁྲོད་བརྒྱད་དོ། ། ཞེས་གསུངས་པའི་ཕྱིར་རོ།།

ཞིང་སྐྱོང་རྣམས་ཀྱང་དོན་ལ་སྤྲོས་བྲལ་དེ་བཞིན་ཉིད་ཀྱི་ངང་ལས་ཆོས་ཐམས་ཅད་འདའ་བ་མེད་པའི་རང་བཞིན་ཅན་ཡིན་ནའང་། དེ་རྟོགས་བྱེད་ཀྱི་ལམ་མམ་ཐབས་ཟབ་མོ་གསང་སྔགས་ཀྱི་ཐེག་པ་སྲུང་བའི་མཚོན་བྱེད་དུ་གསུངས་ཏེ། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། ཞིང་སྐྱོང་སྔགས་ཀྱི་ཐེག་པ་སྲུང་། །ཞེས་གསུངས་པའི་ཕྱིར་རོ།།

ཕྱོགས་སྐྱོང་བརྒྱད་ཀྱང་མི་དགེ་བ་བཅུ་གཉེན་པོས་རྣམ་པར་བཅོམ་པ་དང་། དེའི་ངོ་བོ་དང་། རྣམ་ཤེས་ཚོགས་བརྒྱད་ཀྱི་ངོ་བོ་རང་བཞིན་མེད་པར་རྣམ་པར་དག་པ་དེའམ་དེ་དག་རྣམ་པར་དག་པར་རྟོགས་པའི་ཡེ་ཤེས་བརྒྱད་མཚོན་བྱེད་ཙམ་ལ་ཕྱོགས་སྐྱོང་བརྒྱད་ཅེས་བརྗོད་པ་ཡིན་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། ཚོགས་བརྒྱད་མི་དགེ་བཅུ་བཅོམ་པའི། །རྟགས་སུ་ཕྱོགས་སྐྱོང་རིམ་པས་འགོད། །ཅེས་དང་། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། ཕྱོགས་སྐྱོང་མི་དགེ་བཅུ་པོ་སྤོང་། །ཞེས་དང་། དཔལ་གསང་བ་གཅོད་པའི་རྒྱུད་ལས། རྣམ་རྟོག་མི་དགེ་བཅུ་ཡི་དོན། །འཇོམས་པའི་རྟགས་སུ་ཕྱོགས་སྐྱོང་དགོད། །ཅེས་གསུངས་པའི་ཕྱིར་རོ།།

ཡང་ཀླུ་བརྒྱད་པོ་ཡང་དོན་ལ་ཉོན་མོངས་པའི་རྣམ་རྟོག་གདུག་པ་དང་དེས་བསྐྱེད་པའི་གདུག་པའི་སྐྱེ་གནས་བརྒྱད་དུ་སྐྱེ་བའི་རྒྱུ་བཅོམ་པ་དང་། དེ་བརྒྱད་ཀྱི་ངོ་བོ་རྣམ་པར་དག་པ་དང་། རྣམ་པར་དག་པའི་ཡེ་ཤེས་མཚོན་བྱེད་ཡིན་ཏེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། དེ་བཞིན་གདུག་པ་བརྒྱད་བཅོམ་པའི། །རྟགས་སུ་ཀླུ་བརྒྱད་རིམ་པས་དགོད། །ཅེས་དང་། རྣམ་རྟོག་གདུག་པ་འདུལ་བ་ཡི། །རྟགས་སུ་ཀླུ་བརྒྱད་ངེས་

པའོ། །ཞེས་དང་། དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། གདུག་པ་འཇོམ་ཕྱིར་

ཀླུ་བརྒྱད་འགོད། །ཅེས་དང་། དཔལ་གསང་བ་གཅོད་པའི་རྒྱུད་ལས། འདོད་ཆགས་ཞེ་སྡང་མ་རིག་པ། །གདུག་པ་འཇོམས་ཕྱིར་ཀླུ་བརྒྱད་འགོད། །ཅེས་གསུངས་པའི་ཕྱིར་རོ།།

ཆར་སྤྲིན་བརྒྱད་ཡང་ལམ་དུས་སུ་ལུས་ངག་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་ཆད་པའི་བརྡ་དང་། འབྲས་དུས་སུ་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱིས་སེམས་ཅན་གྱི་དོན་མཛད་པ་རྒྱུན་མི་ཆད་པའི་མཚོན་བྱེད་དང་། དེ་ཡང་དོན་དམ་པར་དེ་དག་རང་བཞིན་གྱིས་མ་གྲུབ་པ་མཚོན་བྱེད་ལ་ཆར་སྤྲིན་བརྒྱད་དུ་བཤད་དེ། དུར་ཁྲོད་རྒྱན་གྱི་རྒྱུད་ལས། ལུས་ངག་གཉིས་ཀྱིས་སེམས་ཅན་གྱི། །དོན་མཛད་ཕྱིར་ནི་ཆར་སྤྲིན་དགོད། །ཅེས་དང་། གཟུགས་སྐུ་གཉིས་ཀྱིས་སེམས་ཅན་གྱི། །དོན་མཛད་རྟགས་སུ་ཆར་སྤྲིན་བརྒྱད། །ཅེས་དང་། དཔལ་གསང་བ་གཅོད་པའི་རྒྱུད་ལས། གཟུགས་སྐུ་གཉིས་ཀྱི་ང་རྒྱལ་དང་། །ལུས་དང་ངག་གིས་སེམས་ཅན་གྱི། །དོན་མཛད་ཕྱིར་ནི་ཆར་སྤྲིན་དགོད། །ཅེས་གསུངས་པའི་ཕྱིར་རོ།།

གཞན་ཡང་སངས་རྒྱས་མཉམ་སྦྱོར་སྔ་འགྱུར་ལས། ཡེ་ཤེས་མེ་བརྒྱད་རབ་ཏུ་འབར། །བྱམས་པའི་ཆུ་ཆེན་བརྒྱད་འབབ་ཅིང་། །སྙིང་རྗེའི་བྲག་བརྒྱད་མཛེས་པར་བརྩེགས། །དགའ་བའི་སྤྲིན་བརྒྱད་ཀུན་ཏུ་འཐིབས། །བཏང་སྙོམས་རླུང་བརྒྱད་རབ་ཏུ་འབུད། །ཕྱོགས་སྐྱོང་བཅུ་ནི་རབ་ཏུ་གནས། །ཞེས་དང་། འཁོར་ལོ་སྡོམ་པའི་བསྟོད་པ་གཙུག་གི་ནོར་བུ་ལས། མཆོད་རྟེན་བྲག་སོགས་ཆུ་དང་མེ་བརྒྱད་དང་། །ཉི་ཤུ་རྩ་བཞི་མཁའ་འགྲོ་གནས་པའི་ས། །ཞེས་གསུངས་པ་ལྟར་བཤད་ཟིན་དག་ཏུ་མ་འདུས་པའི་ཆུ་བརྒྱད་དང་། བྲག་བརྒྱད་དང་། མེ་བརྒྱད་དང་། རླུང་ཆེན་བརྒྱད་སོགས་བཤད་མོད་རྒྱུད་གཞན་ལས་ཁ་གསལ་ཅན་མ་བྱུང་བས་སྤྲོ་མ་ནུས་སོ།།

བདེ་མཆོག་འབྱུང་བ་ལས། གཞན་ཡང་སྣ་ཚོགས་དུ་མ་ཡི། །ཁྭ་དང་འུག་པ་བྱ་རྒོད་དང་། །ལྕེ་སྤྱང་ལྕེ་སྤྱང་མོ་དང་ནི། །འོལ་པ་དང་ནི་འོལ་པ་མོ། །སེང་གེའི་གདོང་དང་སྟག་གི་གདོང་། །དྲག་ཅིང་འཇིགས་པའི་གདོང་ཅན་མ། །སྦྲུལ་ནི་བ་ལང་མགོ་ཅན་དང་། །གདོང་གཉིས་ལ་སོགས་ཕྱོགས་སུ་རྒྱུ། །ཞེས་གསུངས་པ་དང་། འཁོར་ལོ་སྡོམ་པའི་བསྟོད་པ་གཙུག་གི་ནོར་བུ་ལས། འབྱུང་པོ་འདུས་པ་ཅེ་སྤྱང་སྒྲ་སྒྲོགས་ཤིང་། །ཤ་ཟ་རོ་ལངས་འཕྲ་མེན་མ་བརྒྱད་དང་། །ཨུ་མ་དུས་མཚན་དུར་ཁྲོད་བདག་མོར་བཅས། །རྒྱལ་ཆེན་བཞི་སོགས་འཇིག་རྟེན་དབང་ཕྱུག་ལྡན། །ཞེས་གསུངས་པ་ལྟར། དུར་ཁྲོད་བརྒྱད་དུ་དེ་འདྲ་འཇིགས་སུ་རུང་བའི་མགོ་བརྙན་ཅན་གྱི་ཡེ་ཤེས་དང་ལས་གྲུབ་ཀྱི་དཔའ་བོ་རྣལ་འབྱོར་མ་དང་མ་མོ་དང་ཕྲ་མེན་མ་འབྱུང་པོའི་ཚོགས་དཔག་ཏུ་མེད་པ་རྒྱུ་བ་དང་། གཅན་གཟན་དང་། དུར་བྱ་དང་། དུག་སྦྲུལ་དང་། ཁྱི་དང་ཕག་ལ་སོགས་པ་དང་། མེས་འཚིགས་དང་མ་འཚིགས་པའི་མི་རོ་དང་། ཀེང་རུས་ལ་སོགས་འཇིགས་པ་དང་། སྐྱུག་བྲོ་བ་དང་། ཡིད་སྐྱོ་བའི་དངོས་པོ་མང་པོ་མཆིས་པར་གསུངས་ཀྱང་མི་སྤྲོའོ།།

གནས་ཡུལ་ཉེར་བཞི་ཞར་བྱུང་དུ་བཤད་པ།

དེ་ཡང་ཧེ་རུ་ཀ་སྙིང་རྗེ་རོལ་པའི་རྒྱུད་ལས། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་ལས། དུར་ཁྲོད་ཀྱི་གནས་བརྒྱད་དང་། ཧེ་རུ་ཀའི་གནས་བཅུ་དང་། ཞེས་དང་། ཀརྨ་མཱ་ལེའི་རྒྱུད་ལས། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞེས་སྔ་འགྱུར་གྱི་རྒྱུད་སྡེ་རྣམས་སུ་ཧེ་རུ་ཀའི་གནས་བཅུ་ཟེར་བ་བཤད་ལ། དེ་བཅུ་གང་ཞེ་ན། གནས་དང་ཉེ་བའི་གནས་གཉིས་དང་། ཞིང་དང་ཉེ་བའི་ཞིང་གཉིས་དང་། ཡུལ་དང་ཉེ་བའི་ཡུལ་གཉིས་དང་། ཚནྡོ་དང་ཉེ་བའི་ཚནྡོ་གཉིས་དང་། དུར་ཁྲོད་ཉེ་བའི་དུར་ཁྲོད་གཉིས་ཏེ་བཅུ་བོ་དེ་ཡིན་པའི་ཕྱིར། གྲུབ་སྟེ། གླང་ཆེན་རབ་འབོག་གི་རྒྱུད་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཡུལ་དང་ཉེ་བའི་ཡུལ་ཉིད་དེ། །ཚནྡོ་ཉེ་བའི་ཚནྡོ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་རྣམས། །གནས་ཀྱིས་འདུལ་བར་དགོངས་པ་རྣམས། །ཧེ་རུ་ཀ་ཡི་གནས་བཅུར་བསྟན། །ཞེས་དང་། པདྨ་དབང་ཆེན་དྲེགས་པ་གནད་འབེབས་ཀྱི་རྒྱུད་ལས། གནས་དང་ཉེ་བའི་གནས་དང་གཉིས། །ཡུལ་དང་ཉེ་བའི་ཡུལ་དང་གཉིས། །ཞིང་དང་ཉེ་བའི་ཞིང་དང་གཉིས། །དུར་ཁྲོད་ཉེ་བའི་དུར་ཁྲོད་གཉིས། །ཚནྡོ་ཉེ་བའི་ཚནྡོ་གཉིས། །ཕྱོགས་བཅུ་རྣམས་སུ་གཟིགས་པར་གྱུར། །ཞེས་གསུངས་པའི་ཕྱིར་རོ།།

བདེ་མཆོག་འབྱུང་བའི་རྒྱུད་ལས་ཀྱང་། གནས་དང་ཉེ་བའི་གནས་དང་ནི། །དེ་བཞིན་ཞིང་དང་ཉེ་བའི་ཞིང་། །ཚན་དྷོ་ཉེ་བའི་ཚན་དྷོ་ཧ། །འདུས་པ་ཉེ་བའི་འདུས་པ་དང་། །དུར་ཁྲོད་ཉེ་བའི་དུར་ཁྲོད་དེ། །འཛམ་བུའི་གླིང་ན་ཡང་དག་གནས། །ཞེས་གླང་པོ་རབ་འབོག་གི་རྒྱུད་སོགས་དང་མཐུན་པའི་གནས་བཅུ་བཤད་པས་ཧེ་རུ་ཀའི་གནས་བཅུ་ཟེར་བ་དེ་གསར་རྙིང་གཉིས་ཀའི་རྒྱུད་དུ་བསྟན་པ་ཞིག་ཏུ་ངེས་ཏེ། རྣལ་འབྱོར་མའི་ཀུན་དུ་སྤྱོད་པའི་རྒྱུད་ལས། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེའི། །གནས་ནི་ཡི་གེའི་ས་པ་ཡིན། །ཞེས་དང་། སློབ་དཔོན་ཆེན་པོ་ཧཱུཾ་མཛད་རྡོ་རྗེས་མཛད་པའི་དཔལ་ཧེ་རུ་ཀའི་སྒྲུབ་པའི་ཐབས་ཞེས་པ་ལས། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་ནས། །ཞེས་ཧེ་རུ་ཀ་སྙིང་རོལ་གྱི་ལུང་དེ་དྲངས་པ་དང་། ཡང་ཧཱུཾ་མཛད་གྲགས་པས་མཛད་པའི་ཡན་ལག་བཞིའི་དོན་སྣང་བར་བྱེད་པ་ལས། ཧེ་རུ་ཀ་ཡི་གནས་བཅུ་དང་། །དུར་ཁྲོད་ཆེན་པོའི་གནས་བརྒྱད་དུ། །ཞེས་ཧེ་རུ་ཀ་སྙིང་རོལ་གྱི་ལུང་ཇི་བཞིན་གསུངས་པས་ཀྱང་ཤེས་པའི་ཕྱིར་རོ།།

དེ་བཞིན་དུ་ཧེ་རུ་ཀ་ཡི་གནས་དགུ་ཟེར་བ་ཡང་བཤད་དེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱིས་མཛད་པའི་ཧེ་རུ་ཀའི་སྒྲུབ་ཐབས་ལས། གསང་ནས་རྣལ་འབྱོར་དུས་རྟག་ཏུ། །དེ་ལྟར་བརྟུལ་ཞུགས་ཧེ་རུ་ཀ །ཧེ་རུ་ཀ་ཡི་གནས་དགུ་ལ། །མཚན་མོ་བསྒྲུབ་པར་བསྙེན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་གནས་ཆེན་བཅུ་བོ་དེ་དག་རྣལ་འབྱོར་བའི་ལམ་བགྲོད་པའི་རིམ་པའི་ས་བཅུ་ལ་སྦྱར་ཏེ་ནང་གི་གནས་སུ་རྒྱུད་ལས་རྒྱ་ཆེར་གསུངས་ཏེ། དང་པོ་གནས་ནི་ས་དང་པོ་རབ་ཏུ་དགའ་བའི་ས་དང་། དེ་བཞིན་དུ་ཉེ་བའི་གནས་ནི་ས་གཉིས་པ་དྲི་མ་མེད་པ་དང་། ཞིང་ནི་ས་གསུམ་པ་འོད་བྱེད་པའི་ས་དང་། ཉེ་བའི་ཞིང་ནི་ས་བཞི་བ་འོད་འཕྲོ་བ་དང་། ཉེ་བའི་ཚན་དྷོ་བ་ས་ལྔ་བ་སྦྱང་དཀའ་བའི་ས་དང་། ཚན་དྷོ་བ་ས་དྲུག་པ་མངོན་དུ་གྱུར་པའི་ས་དང་། འདུས་པ་ས་བདུན་པ་རིང་དུ་སོང་བ་དང་། ཉེ་བར་འདུས་པ་ས་བརྒྱད་པ་མི་གཡོ་བ་དང་། དུར་ཁྲོད་ས་དགུ་བ་ལེགས་པའི་བློ་གྲོས་དང་། ཉེ་བའི་དུར་ཁྲོད་ས་བཅུ་བ་ཆོས་ཀྱི་སྤྲིན་གྱི་ས་ཡི་རྣམ་དག་ལ་སྦྱར་ནས་གསུངས་པའི་ཕྱིར། གྲུབ་སྟེ། བདེ་མཆོག་འབྱུང་བ་ལས། གནས་ནི་རབ་ཏུ་དགའ་བའི་ས། །དེ་བཞིན་ཉེ་གནས་དྲི་མ་མེད། །ཞིང་ནི་འོད་བྱེད་ས་ཡིན་ཏེ། །ཉེ་བའི་ཞིང་ནི་འོད་འཕྲོ་བ། །མངོན་དུ་གྱུར་པ་ཚན་དྷོར་ཤེས། །ཉེ་བའི་ཚན་དྷོ་སྦྱང་དཀའ་བའོ། །འདུས་པ་རིང་དུ་སོང་བ་སྟེ། །མི་གཡོ་བར་གྲགས་ཉེ་འདུས་པ། །དུར་ཁྲོད་དེ་བཞིན་ལེགས་བློ་གྲོས། །ཉེ་བའི་དུར་ཁྲོད་ཆོས་ཀྱི་སྤྲིན། །གནས་སོགས་ས་ཡི་རྣམ་དག་པ། །རིམ་པ་ཇི་བཞིན་བཤད་པ་ཡིན། །གནས་དང་ཉེ་གནས་སོགས་བསྟེན་པས། །མི་རྣམས་དྲི་མ་མེད་པར་འགྱུར། །བློ་ལྡན་རྣམ་རྟོག་མེད་པ་ནི། །རྒྱུ་ཞིང་མཚན་མ་ཡང་དག་བརྟག །ཅེས་གསུངས་པའི་ཕྱིར་རོ།།

གཞན་ཡང་མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། ཉི་ཤུ་རྩ་བཞིར་ཕྱེ་བ་ཡི། །གནས་སོགས་འདི་ཉིད་ལ་གནས་ཏེ། །ཞེས་གསུངས་པ་ལྟར། བདེ་མཆོག་སོགས་རྒྱུད་དུ་མ་ནས་སྨོས་མ་ཐག་པའི་གནས་དེ་བཅུ་བོ་ཡང་དཔའ་བོ་མཁའ་འགྲོ་རིག་པ་འཛིན་པ་འདུ་བའི་ཡུལ་གནས་ཡུལ་ཉེར་བཞིར་ཕྱེས་འདུག་སྟེ། པུལླི་ར་དང་། ཛ་ལན་དྷ་ར་དང་། ཨུ་རྒྱན་གྱི་གནས་དང་། ཨར་བུ་ཏ་སྟེ་བཞི་གནས་དང་། གོ་དཱ་ཝ་རི་དང་། རཱ་མེ་ཤྭ་ར་དང་། དེ་ཝི་ཀོ་ཊི་དང་། མ་ལ་ཝ་སྟེ་བཞི་ཉེ་བའི་གནས་སུ་བསྟན་ཏེ། བདེ་མཆོག་འབྱུང་བའི་རྒྱུད་ལས། གནས་ནི་པུལླི་རིར་གྲགས་ཏེ། །དེ་བཞིན་ཛཱ་ལན་དྷ་རའང་གནས། །ཨུ་རྒྱན་དེ་བཞིན་གནས་ཡིན་ཏེ། །དེ་བཞིན་ཨར་བུ་ཏ་ཡང་གནས། །ཉེ་གནས་གོ་ད་བ་རི་སྟེ། །དེ་བཞིན་ར་མེ་ཤྭ་རིའི་མིང་། །དེ་བི་ཀོ་ཊིར་མངོན་བརྗོད་དང་། །མ་ལ་བ་ཡང་ཉེ་བའི་གནས། །ཞེས་གསུངས་པའི་ཕྱིར། ཡང་། ཀཱ་མ་རཱུ་པ་དང་། ཨོ་དྲེ་གཉིས་ནི་ཞིང་དང་། ཏྲི་ཤ་ཀུ་ན་དང་། ཀོ་ས་ལཱ་གཉིས་ནི་ཉེ་བའི་ཞིང་དུ་གསུངས་ཏེ། དེ་ཉིད་ལས། ཞིང་ནི་ཀཱམ་རཱུའི་མིང་ཅན་ཏེ། །ཨོ་དྲིར་མངོན་པར་བརྗོད་པའང་ཞིང་། །ཉེ་ཞིང་ཏྲི་ཤ་ཀུ་ན་སྟེ། །ཀོ་ས་ལཱའང་ཉེ་བའི་ཞིང་། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་ཀ་ལིང་ཀ་དང་། ལམྤ་ཀ་གཉིས་ཚན་དྷོ་ཧ་དང་། ཀཱཉྩི་དང་། ཧི་མ་ལ་ཡ་གཉིས་ནི་ཉེ་བའི་ཚན་དྷོ་ཧ་རུ་བཤད་དེ། ཡང་དེ་ཉིད་ལས། ཀ་ལིང་ཀ་དང་ལམ་པ་ཀའང་། །དེ་བཞིན་ ཚན་དྷོ་ཧ་ཡིན་ཏེ། །ཀཱཉ་ཙི་ཧི་མ་ལ་ཡ་ནི། །ཁྱད་པར་ཉེ་བའི་ཚན་དྷོ་ཧའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་པྲེ་ཏ་པུ་རི་དང་། གྲྀ་ཧ་དེ་ཝ་གཉིས་འདུས་པ་དང་། སཽ་རཥྚ་དང་། སུ་བརྞ་དྭཱི ་པེའམ་གསེར་གླིང་གཉིས་ཉེ་བའི་འདུས་པ་ཡིན་པར་གསུངས་ཏེ། དེ་ཉིད་ལས། འདུས་པ་པྲེ་ཏ་བ་སི་ནི། །གྲི་ཧ་དེ་བ་ཡང་དེ་བཞིན། །སཽ་རཥྚ་དང་གསེར་གླིང་གང་། །ཉེ་བའི་འདུས་པ་གཉིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཡང་པ་ཏིལྤུ་ཏྲ་དང་། སིནྡྷུ་གཉིས་དུར་ཁྲོད་དང་། མ་རུ་ཙ་དང་། ཀུ་ལུ་ཏཱ་གཉིས་ཉེ་བའི་དུར་ཁྲོད་དུ་བཤད་དེ། དེ་ཉིད་ལས། པ་ཏིལ་པུ་ཏྲ་དུར་ཁྲོད་དེ། །སིན་དྷུའང་དེ་བཞིན་དུར་ཁྲོད་དོ། །མ་རུ་ཀུ་ལུ་ཏཱ་གཉིས་ནི། །ཉེ་བའི་དུར་ཁྲོད་གནས་སུ་བཤད། །ཅེས་གསུངས་པའི་ཕྱིར། དེ་ལྟར་གནས་བཅུ་ཡིས་བསྡུས་པའི་གནས་ཡུལ་ཉི་ཤུ་རྩ་བཞི་གསུངས་པ་བླ་མེད་ཀྱི་རྒྱུད་དུ་མར་ཡོངས་གྲགས་སོ།།

གཞན་ཡང་གནས་ཡུལ་ཉེར་བཞི་པོ་དེ་དག་རྣལ་འབྱོར་བའི་ནང་རྡོ་རྗེའི་ལུས་ཀྱི་ཆ་ཤས་དང་རྩ་གནས་ཀྱི་འཁོར་ལོ་ལ་སྦྱར་ཏེ་ལུས་ལ་གནས་ཉེར་བཞི་ཚང་ཚུལ་བསྟན་ཏེ། མགོ་བོ་ནི་པུལླཱི་ར་ཡི་གནས་དང་། སྤྱི་གཙུག་ཛཱ་ལན་དྷ་རའི་གནས་དང་། རྣ་བ་གཡས་པ་ཨོ་རྒྱན་གྱི་ཡུལ་དང་། མགོ་རྒྱབ་བམ་མགོ་ལྟག་ཨར་བུ་ཏ་ཡི་གནས་དང་། རྣ་བ་གཡོན་པ་གོ་དཱ་བ་རིའི་གནས་དང་། སྨིན་དབུས་ར་མེ་ཤྭ་རའི་གནས་དང་། མིག་གཉིས་ནི་དེ་བི་ཀོ་ཊིའི་གནས་དང་། དཔུང་པ་གཉིས་མ་ལ་ཝ་ཡི་གནས་དང་། མཆན་ཁུང་གཉིས་ཀཱ་མ་རཱུ་པའི་གནས་དང་། ནུ་མ་གཉིས་ནི་ཨོ་དྲེའམ་ཨོ་ཏྲིའི་གནས་དང་། ལྟེ་བ་ཏྲི་ཤ་ཀུ་ཡི་གནས་དང་། །སྣ་རྩེ་ཀོ་ས་ལ་ཡི་གནས་དང་། ཁ་ནི་ཀ་ལིང་ཀ་ཡི་གནས་དང་། མགྲིན་པ་ལམྤ་ཀ་ཡི་གནས་དང་། སྙིང་ག་ཀཉྩིའི་གནས་དང་། འདོམས་བར་ནི་ཧི་མ་ལ་ཡའི་གནས་དང་། མཚན་མ་པྲེ་ཏ་བུ་རིའི་གནས་དང་། བཤང་ལམ་གྲི་ཧ་དེ་བ་ཏ་ཡི་གནས་དང་། བརླ་གཉིས་སཽ་རཥྚ་ཡི་གནས་དང་། རྐང་བའི་བྱིན་པ་སྟེ་རྗེ་ངར་གཉིས་ནི་གསེར་གླིང་གི་གནས་དང་། རྐང་པའི་སོར་མོ་ནཱ་ག་རའི་གནས་དང་། རྐང་པའི་བོལ་གོང་ནི་སིན་དྷུའི་གནས་དང་། རྐང་བའི་མཐེ་བོ་ནི་མ་རུ་དེ་ཤའམ་མ་རུ་ཙའི་གནས་དང་། པུས་མོ་གཉིས་ནི་ཀུ་ལུ་ཏ་ཡི་གནས་ཡིན་པར་གསུངས་པའི་ཕྱིར། གྲུབ་སྟེ། བདེ་མཆོག་འབྱུང་བའི་རྒྱུད་ལས། རྩ་ཡི་གནས་དང་ཡུལ་རྣམས་ནི། །ཉི་ཤུ་རྩ་བཞིའི་གྲངས་ཡིན་ཏེ། །དེ་རྣམས་དབུས་ཀྱི་རྩ་གསུམ་གང་། །ཐམས་ཅད་ཁྱབ་ཅིང་རྟེན་པའོ། །མགོར་ནི་པུལླཱི་ར་ཡིན་ཏེ། །སོ་དང་སེན་མོ་འབབ་པས་གནས། །སྤྱི་གཙུག་ཛཱ་ལན་དྷ་ར་སྟེ། །སྐྲ་དང་སྤུ་ནི་འབབ་པར་གནས། །ཨོ་ཌི་ཡན་རྣ་བ་གཡས་པའི་རྩ། །ལྤགས་པ་དང་ནི་དྲི་མ་འབབ། །མགོ་རྒྱབ་ཨར་བུ་ད་ཡིན་ཏེ། །ཤ་ནི་ཡང་དག་འབབ་པའི་རྩ། །གོ་ཏ་བ་རི་རྣ་བ་གཡོན། །རྒྱུས་པ་ཡང་དག་འབབ་པའི་རྩ། །སྨིན་དབུས་ར་མེ་ཤྭ་རི་སྟེ། །རྟག་ཏུ་རུས་པ་འབབ་པའོ། །མིག་ནི་དེ་བི་ཀོ་ཊིར་གནས། །མཆིན་པ་འབབ་པའི་རྩ་ཡིན་ནོ། །མ་ལ་བ་ནི་དཔུང་པ་གཉིས། །སྙིང་ལ་འབབ་པའི་རྩ་གནས་སོ། །མཆན་ཁུང་ཀཱ་མ་རཱུ་པ་སྟེ། །རྟག་ཏུ་མིག་ནི་འབབ་པའོ། །ནུ་མ་གཉིས་ནི་ཨོ་ཏྲི་སྟེ། །རྟག་ཏུ་མཁྲིས་པ་འབབ་པའི་རྩ། །ཏྲི་ཤ་ཀུ་ནི་ལྟེ་བ་སྟེ། །རྩ་ནི་གློ་བ་འབབ་པས་གནས། །སྣ་རྩེ་ཀོ་ས་ལ་ཡིན་ཏེ། །རྒྱུ་མའི་ཕྲེང་བ་འབབ་པས་གནས། །ཁ་ནི་ཀ་ལིང་ཀ་ཡིན་ཏེ། །རྟག་ཏུ་གཉེ་མ་འབབ་པས་གནས། །མགྲིན་པ་ལམ་པ་ཀ་ཡིན་ཏེ། །རྟག་ཏུ་ལྟོ་བ་འབབ་པའི་རྩ། །ཀན་ཙི་སྙིང་གའི་གནས་ཡིན་ཏེ། །བཤང་བ་འབབ་པའི་རྩ་ཡིན་ནོ། །འདོམས་བར་ཧི་མ་ལ་ཡ་སྟེ། །མཚོགས་མའི་མཚམས་ནི་འབབ་པའི་རྩ། །པྲེ་ཏ་བུ་རི་མཚན་མ་སྟེ། །བད་ཀན་འབབ་པའི་རྩ་ཡིན་ནོ། །གྲི་ཧ་དེ་བ་ཏ་བཤང་ལམ་སྟེ། །རྟག་ཏུ་རྣག་ནི་འབབ་པའོ། །བརླ་གཉིས་སཽ་རཥྚ་ཡིན་ཏེ། །རྟག་ཏུ་ཁྲག་ནི་འབབ་པའོ། །བྱིན་པ་གཉིས་ནི་གསེར་གླིང་གནས། །རྡུལ་འབབ་པ་ཡི་རྩ་ཡིན་ནོ། །རྐང་པའི་སོར་མོ་ནཱ་ག་ར། །རྟག་ཏུ་ཚིལ་འབབ་རྩར་ཤེས་བྱ། །རྐང་པའི་བོལ་ནི་སིན་དྷུ་སྟེ། །མཆི་མ་འབབ་པའི་གཟུགས་ཅན་མ། །མ་རུ་དེ་ཤེ་མཐེ་བོ་སྟེ། །རྟག་ཏུ་མཆིལ་མ་འབབ་པས་གནས། །ཀུ་ལུ་ཏ་ནི་པུས་མོ་སྟེ། །རྟག་ཏུ་སྣ་ཆུ་འབབ་པས་གནས། །ཞེས་དང་། དེ་ལྟར་ཕྱི་རོལ་གནས་སུ་གྲགས། །ནང་གི་གནས་ཉིད་ལུས་སུ་བརྗོད། །རང་ལུས་རྩ་ཡི་གཟུགས་ལ་འདིར། །གནས་ཀྱི་མིང་དུ་རབ་ཏུ་གྲགས། །དེ་གཟུགས་ལྷ་ཡི་རྣམ་པ་སྟེ། །དེས་ན་ནང་གི་བདག་ཏུ་གནས། །དེ་ཕྱིར་དེ་ཡི་གོང་བུའི་དངོས། །ལུས་འདི་སངས་རྒྱས་ཀུན་མཚུངས་པའོ། །ཞེས་གསུངས་པ་དང་། རྣལ་འབྱོར་མའི་ཀུན་དུ་སྤྱོད་པའི་རྒྱུད་ལས། ཧེ་རུ་ཀ་དཔལ་རྣལ་འབྱོར་ཆེའི། །གནས་ནི་ཡི་གེའི་ས་པ་ཡིན། །པུལླཱི་ར་མ་ཡ་མགོ་བོ་ལ། །ཛཱ་ལན་དྷ་ར་སྤྱི་གཙུག་ཉིད། ། ཨཽ་དྱཱིན་རྣ་བ་གཡས་པ་སྟེ། །ཨར་བུ་ད་ནི་རྒྱབ་ཕྱོགས་ལའོ། །གནས་སོ། །གོ་དཱ་བ་རི་རྣ་བ་གཡོན། །རཱ་མེ་ཤྭ་ར་སྨིན་མའི་མཚམས། །དེ་བི་ཀོ་ཊ་མིག་གཉིས་ཏེ། །མཱ་ལ་བ་ནི་དཔུང་མགོར་རོ། །ཉེ་བའི་གནས་སོ། །ཀཱ་མ་རཱུ་པ་མཆན་ཁུང་དགོད། །ཨོ་ཊེ་ནུ་མ་གཉིས་ལའོ། །ཞིང་ངོ་། །ཏྲི་ཤ་ཀུ་ན་ལྟེ་བའི་དབུས། །ཀོ་ས་ལ་ནི་སྣ་རྩེར་རོ། །ཉེ་བའི་ཞིང་ངོ་། །ཀ་ལིང་ག་ནི་ཁ་ལ་དགོད། །ལྃ་པཱ་ཀ་ནི་མགྲིན་དབུས་ཉིད། །ཚན་དོ་ཧའོ། །ཀཉྩི་སྙིང་ལ་དགོད་པར་བྱ། །ཧི་མཱ་ལ་ཡ་མཚན་རྩར་རོ། །ཨུ་པ་ཚན་དོ་ཧའོ། །པྲེ་ཏ་པུ་རི་མཚན་ལ་སྟེ། །གྲྀ་ཧ་དེ་བ་བཤང་ལམ་ལའོ། །འདུ་བ་ཅན་ནོ། །སཽ་རཱཥྚ་བརླ་གཉིས་བསམ། །གསེར་གླིང་རྗེ་ངར་གཉིས་ལའོ། །ཉེ་བར་འདུ་བ་ཅན་ནོ། །ན་ག་ར་ནི་སོར་མོར་རོ། །སིན་དྷུ་རྐང་པའི་བོལ་གཉིས་ལའོ། །དུར་ཁྲོད་དོ། །མ་རུ་མཐེ་བོ་གཉིས་ལ་དགོད། །ཀུ་ལུ་ཏཱ་ནི་པུས་མོར་གནས། །ཉེ་བའི་དུར་ཁྲོད་དོ། །ཞེས་གསུངས་པ་དང་། ཕག་མོ་མངོན་བྱུང་གི་བཤད་པའི་རྒྱུད་ཕྱི་མ་ལས། ཕག་མོ་མངོན་པར་བྱང་ཆུབ་པ་ཞེས་བྱ་བ། པུ་ལླཱི་ར་མ་ལ་ཡ་སྟེ་མགོ་ལ་རབ་ཏུ་གཏུམ་མའོ། །ཛཱ་ལན་དྷ་ར་སྟེ་སྤྱི་གཙུག་ལ་གཏུམ་པའི་མིག་ཅན་མའོ། །ཨོཾ་ཊི་ཡན་ཏེ་རྣ་བ་གཡས་པ་འོད་ལྡན་མའོ། །ཞེས་སོགས་ནས། ཀུ་ལུ་ཏ་སྟེ་པུས་མོ་གཉིས་ལ་བརྩོན་འགྲུས་ཆེན་མོའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་དཔལ་ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། ཨུ་ཌི་ཡ་ན་སྤྱི་བོའི་གནས། །ཛཱ་ལན་དྷ་ར་སྤྱི་གཙུག་དྲན། །པཱུལླི་ར་ནི་མཚོགས་མ་སྟེ། །ཀཱ་མ་རཱུ་ནི་སྨིན་ཕྲག་དབུས། །ཞེས་པ་ནས། ནེ་པ་ལ་ནི་ལྟག་པ་སྟེ། །ཀཾ་པོ་ཛི་ནི་རྐེད་པའོ། །ཞེས་ལུས་ཀྱི་གནས་སུ་འགོད་སྟངས་དང་ངོས་འཛིན་སྟངས་དང་། གནས་ཀྱི་མིང་དང་། གྲངས་ཀ་ཡང་བདེ་མཆོག་དང་མི་འདྲ་བ་ཙམ་གསུངས་མོད། གནས་ཡུལ་དེ་དག་རྡོ་རྗེའི་ལུས་ལ་འགོད་པ་ནི་དགོངས་པ་མཐུན་ལ། དཔལ་ཉི་མའི་འཁོར་ལོའི་རྒྱུད་ལས། པུལླི་ར་དང་ཛཱ་ལན་སོགས། །ནང་དུ་སྤྱི་བོ་སྤྱི་གཙུག་སོགས། །གནས་ཀྱི་དབྱེ་བ་མ་སྤངས་པའོ། །ཞེས་དང་། རྣལ་འབྱོར་ཆེན་པོའི་རྒྱུད་དཔལ་རྡོ་རྗེ་ཕྲེང་བ་ལས། དེ་ལ་གནས་ཀྱི་དབྱེ་བ་ནི། །མདོར་བསྡུས་ནས་ནི་བཤད་པར་བྱ། །པཱུ་ལླི་ར་ནི་མགོ་བོར་ཤེས། །སྤྱི་གཙུག་ཛཱ་ལན་དྷ་ར་དང་། །རྣ་བ་གཡས་པར་ཨོ་ཊུན་དང་། །སྤྱི་བོའི་རྒྱབ་ནི་ཨརྦུ་ད། །གོ་དཱ་བ་རི་རྣ་བ་གཡོན། །རཱ་མེ་ཤྭ་རི་སྨིན་མའི་དབུས། །མིག་གཉིས་དེ་ཝི་ཀོ་ཊི་དང་། །མཱ་ལ་ཝེ་ནི་དཔུང་པའི་རྩ། །ཀཱ་མ་རཱུ་པ་མཆན་ཁུང་གཉིས། །ཀུ་ལུ་ནུ་མ་གཉིས་སུ་གྲགས། ། ཀོ་ས་ལ་ནི་ལྟེ་བར་ཤེས། །ཏྲི་ས་ཀུ་ནི་སྣ་ཡི་རྩ། །ཁ་ཡི་པད་མ་ཀ་ལིང་ག །མགྲིན་པ་ལམ་བཱ་ཀར་ནི་བརྗོད། །སྙིང་ནི་ཀཉྩིར་ཤེས་པར་བྱ། །ཧི་མ་ལ་ཡ་འདོམས་སུ་ཤེས། །མཚན་མ་གྲྀ་ཧ་དེ་ཝ་དང་། །པྲེ་ཏ་པུ་རི་བཤང་བའི་ལམ། །བརླ་གཉིས་སུ་ཝརྞྞ་དྭཱི་པ། །སཽ་རཥྚ་ནི་བྱིན་པ་གཉིས། །རྐང་པའི་བོལ་ནི་སིན་དྷཱུའི་ཡུལ། །སོར་མོ་རྣམས་ལ་ནཱ་ག་ར། །མཐེ་བོང་གཉིས་ནི་མ་རུར་ཤེས། །ཀུ་ལུ་ཏ་ནི་རྐང་པའི་མཐིལ། །ཞེས་གསུངས་པ་རྣམས་ལ་དྲངས་མ་ཐག་པའི་བདེ་མཆོག་འབྱུང་བའི་རྒྱུད་དང་། རྣལ་འབྱོར་མའི་ཀུན་དུ་སྤྱོད་པའི་རྒྱུད་དང་། ཕག་མོ་མངོན་བྱུང་གི་བཤད་པའི་རྒྱུད་ཕྱི་མ་གསུམ་དང་སྦྱོར་ཚུལ་ཅུང་མི་འདྲ་ཡོད་པ་ལ་སོགས་པ་བླ་མེད་ཀྱི་རྒྱུད་རྣམས་ལས་གནས་ཡུལ་ཉེར་བཞི་ལུས་ཀྱི་གང་ལ་སྦྱར་མི་འདྲ་བའི་ཁྱད་པར་འགའ་རེ་བྱུང་བས་གཞུང་རང་དུ་བལྟ་བར་བྱ་ལ། དེ་ཙམ་མ་གཏོགས་རྣལ་འབྱོར་བའི་ནང་རྡོ་རྗེའི་ལུས་ཀྱི་ཆ་ཤས་དང་། རྩ་གནས་ཀྱི་དག་པ་ལ་སྦྱར་བའི་ཚུལ་ནི་ཐམས་ཅད་དགོངས་པ་མཐུན་པར་རྒྱ་ཆེན་པོར་གསུངས་སོ།།

ཡང་བཤད་མ་ཐག་པའི་གནས་བཅུའི་སྟེང་དུ་འཐུང་གཅོད་དང་། ཉེ་བའི་འཐུང་གཅོད་གཉིས་བསྣན་ཏེ་ཕྱི་གནས་ཆེན་པོ་བཅུ་གཉིས་དང་། ནང་དེ་བཅུ་གཉིས་ས་བཅུ་གཉིས་ལ་སྦྱར་བ་དང་། དེ་བཅུ་ལས་ཕྱེས་པའི་གནས་ཡུལ་ཉེར་བཞི་པོ་དེ་ལྟར་ས་བཅུ་ལ་སྦྱར་ཚུལ་ཡང་གསུངས་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལས། གནས་ནི་པུ་ལི་ར་ཡར་བརྗོད། །དེ་བཞིན་ཛ་ལན་དྷ་ར་དང་། །ཨཽ་རྒྱན་ཨར་བུ་ཏ་ཉིད་དེ། །རབ་ཏུ་དགའ་བའི་སར་བརྗོད་པའོ། །བ་གླང་བདག་པོ་ཉེར་གནས་ཏེ། །ར་མེ་ཤྭ་རི་ཉིད་དང་ནི། །དེ་བ་ཀོ་ཚ་མཱ་ལ་བ། །དྲི་མ་མེད་པའི་ས་རབ་གནས། །ཀཱ་མ་རཱུ་པ་ཨོ་ཊ་ནི། །ཞིང་དུ་བརྗོད་པ་ངེས་པ་ཡིན། །འོད་འཕྲོའི་ས་ནི་འདིར་ཐོབ་བྱེད། །ཏྲི་ཤ་ཀུ་ཎི་ཀོ་ས་ལ། །ཉེ་བའི་ཞིང་སྟེང་ས་བཞི་པ། །ཀ་ལིང་ཀ་དང་ལམ་པ་ཀ ། ཚན་དོ་ཧ་སྟེ་ས་ལྔ་པ། །ཀན་ཉྩི་ཧི་མ་ལ་ཡར་ནི། །ཉེ་བའི་ཚན་དོ་ས་དྲུག་པའོ། །པྲེ་ཏ་པུ་རི་ཁྱིམ་གྱི་ལྷ། །འདུས་པ་ཅན་ཏེ་ས་བདུན་པ། །སཽ་རཥྚ་གསེར་གླིང་སྟེ། །ཉེ་བའི་འདུས་པ་ས་བརྒྱད་པ། །ན་ག་ར་དང་སིན་དྷུ་སྟེ། །དུར་ཕྲོད་ས་ནི་དགུ་པ་ཡིན། །མ་རོ་ཀུ་ལུ་ཐ་འདི་དག །ཉེ་བའི་དུར་ཁྲོད་ས་བཅུ་པ། །ཆོས་ཀྱི་སྤྲིན་དུ་མངོན་པར་བརྗོད། །ཀོང་ཁ་ན་དང་ཁ་བའི་རི། །ཙ་རི་ཏྲ་དང་ཀྂ་པོ་ཙེ། །འཐུང་གཅོད་ས་ནི་བཅུ་གཅིག་པ། །ཧ་རི་ཀེ་ ལ་ཏྃ་བྷ་ལ། །ཙ་ར་སིང་ཧ་རི་ལྡན་པ། །ནི་རི་ཏི་པའི་གླིང་གྱུར་པ། །ཉེ་བའི་འཐུང་གཅོད་བརྗོད་པར་བྱ། །འདི་དག་ས་ནི་བཅུ་གཉིས་ཏེ། །ཁྱད་པར་འབིགས་བྱེད་གཞོན་ནུའི་གནས། །བཅུ་གསུམ་པ་ཡི་ས་བརྗོད་ལ། ། ཡོངས་སུ་གནས་པ་བདེ་བ་ཆེ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ལས། སླར་ཡང་གནས་དང་ཉེ་གནས་སོགས། །དེ་ལྟར་ས་ཡི་དབུས་སུ་ཡང་། །ས་བཅུ་གཉིས་སུ་འདོད་པ་ཡིན། །ཞེས་དང་། ཀྱེའི་རྡོ་རྗེ་རྒྱུད་ལས། གནས་དང་ཉེ་བའི་གནས་དང་ནི། །ཞིང་དང་ཉེ་བའི་ཞིང་ཉིད་དང་། །ཙྪན་དོ་ཉེ་བའི་ཙྪན་དོ་དང་། །དེ་བཞིན་འདུ་བ་ཉེ་འདུ་བ། །འཐུང་གཅོད་ཉེ་བའི་འཐུང་གཅོད་ཉིད། །དུར་ཁྲོད་ཉེ་བའི་དུར་ཁྲོད་ཉིད། །འདི་རྣམས་ས་ནི་བཅུ་གཉིས་ཏེ། །ས་བཅུའི་དབང་ཕྱུག་མགོན་པོ་ཉིད། །འདིས་ནི་གཞན་གྱིས་བརྗོད་མི་བྱ། །ཞེས་དང་། དཔལ་རྡོ་རྗེ་ཕྲེང་བ་ལས། དེ་ལྟར་གནས་ཀྱི་རྣམ་དག་དང་། །ས་བཅུ་རྣམ་པར་དག་པ་ཉིད། །དེ་ཉིད་དང་ལྡན་ཤེས་པར་བྱ། །ཞེས་གསུངས་པ་སོགས་དང་། དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ལ་སོགས་པ་བླ་མེད་ཀྱི་རྒྱུད་དུ་མ་ལས་གསུངས་སོ།།

བྱང་སེམས་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེ་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་ལས། གནས་བཞི་རྣམས་དང་ཉེ་བའི་གནས་བཞི་རྣམས་དང་། ཞིང་བཞི་རྣམས་དང་ཉེ་བའི་ཞིང་བཞི་རྣམས་དང་། ཚནྡོ་ཧ་བཞི་དང་། ཉེ་བའི་ཚནྡོ་ཧ་བཞི་དང་། འདུ་བ་བཞི་རྣམས་དང་། ཉེ་བའི་འདུ་བ་བཞི་རྣམས་དང་། འཐུང་གཅོད་བཞི་རྣམས་དང་། ཉེ་བའི་འཐུང་གཅོད་བཞི་རྣམས་དང་། དུར་ཁྲོད་བཞི་རྣམས་དང་། ཉེ་བའི་དུར་ཁྲོད་བཞི་རྣམས་ཏེ། དེ་ལྟར་ཀྱེ་རྡོ་རྗེ་ནས་བཤད་པའི་གནས་བཅུ་གཉིས་པོ་རེ་རེ་ལ་བཞི་བཞི་ཕྱེས་པའང་མཆིས་མོད་སྤྲོས་པས་ཆོག་གོ།

ཕྲ་མེན་བརྒྱད་ཀྱི་བཤགས་པ།

བཞི་བ་ཕྲ་མེན་བརྒྱད་ཀྱི་བཤགས་པ་ནི། ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་ཏེ༔ སེང་ཧ་ཕྲ་མེན་ཐུགས་དང་ཅི་འགལ་བ༔ ཡུལ་ཀྱི་མཁའ་འགྲོའི་སྐུ་བཟོད་པར་གསོལ༔ ཞེས་པའི་རྐང་པ་གསུམ་གྱིས་བསྟན། དེ་ཡང་ཟླ་གསང་ཐིག་ལེ་ལས། ཤ་ཁྲག་དང་ནི་རྒྱུ་མ་དང་། །རྐང་དང་ཚིལ་བུ་ཟ་སྤྱོད་པ། །དཀྱིལ་འཁོར་བྱས་ཏེ་འདུག་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་གཞག་པར་བྱ། །ཞེས་དང་། རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པའི་རྒྱུད་ལས། ཚོགས་ཀྱི་བདག་པོ་གཏོར་མས་མཆོད། །མ་མོ་རྣམས་དང་ལེགས་ལྡན་སྲས། །ཤ་ཁྲག་མེ་ཏོག་ནག་པོས་མཆོད། །ཅེས་དང་། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། རུ་ཏྲ་ནག་པོའི་སྙིང་དང་བདུད་རྩི་ལྔ། །སྨན་མའི་ཁྲག་དང་ཤ་ཁྲག་སྣ་ཚོགས་དང་། །ཕྱེ་མ་ལྔ་ཡིས་གཏོར་བས་གུར་ཀུམ་བརྫི། །པདྨའི་རཀྟས་བྱུགས་ལ་རྒྱུན་གཏོར་བྱ། །ཞེས་དང་། རྟ་མཆོག་རོལ་བའི་རྒྱུད་ལས། ཤ་ཁྲག་ནང་རོལ་བདུད་རྩི་དང་། །རུས་རྐང་དབང་པོར་བཅས་པ་ལ། །ཚོགས་ཀྱི་ལོངས་སྤྱོད་སྟོན་མོར་མཛད། །ཀུན་གྱི་དགྱེས་པ་རྡོ་རྗེའི་གླུས། །མཐུན་པར་སྒྲ་དབྱངས་གཅིག་གིས་བསྟོད། །ཅེས་དང་། མི་གཡོ་བའི་གསང་རྒྱུད་ལས། བདུད་རྩི་ཤ་དང་ཁྲག་ལ་སོགས། །གཏོར་མ་ཐམས་ཅད་སྦྱིན་པར་བྱ། །ཞེས་གསུངས་པ་ལྟར། སྔགས་བླ་མེད་ཀྱི་སྐབས་སུ་ཤ་ལྔ་བདུད་རྩི་ལྔ་དང་བསྟན་དགྲ་བསྒྲལ་བའི་ཤ༷་ཁྲ༷ག་ནང་རོལ་གྱི་མཆོ༷ད་པ༷་རྒྱ་ཆེན་པོས་རང་གིས་གང་བསྒྲུབ་པའི་ཡི་དམ་གྱི་ལྷ་ཡེ་ཤེས་པ་བཀའ་སྡོད་ཕོ་ཉའི་ཚོགས་དང་བཅས་པ་ལ་མཆོད་དགོས་པར་གསུངས་པ་དེ་རྒྱུད་གཞུང༷་ནས་ཇི་སྐད་བཤད་པ་བཞི༷ན་དུ་ཕྱག་ལེན་ལ་འཐེབས་པར་བྱས་ཏེ་ཁྲོ་བོའི་དཀྱིལ་འཁོར་སྤྱི་དང་། བྱེ་བྲག་ཏུ་ཕྲ་མེན་མ་ཤ་ཁྲག་ལ་དགྱེས་པའི་ཚུལ་འཆང་བའི་ལྷ་མོ་སེང་ཧ་སྨུག་ནག་མ་ལ་སོགས་པ་རྣམས་ལ་མཆོད་དགོས་པ་ལ། དེ་ལྟར་མ་མཆོད་ཅིང་དེའི་མཆོད་རྫས་ཚང་བར་མ༷་བཤ༷མས་པ་དང་། ཤ་ལྔ་བདུད་རྩི་ལྔ་སྔགས་ཀྱི་དམ་ཚིག་ཏུ་མ་བསྟེན་པས་མཆོད་རྫས་ཆག་པའི་ཉེས་ལྟུང་གི་ཚོགས་ངན་པ་བསགས་ཏེ༷། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས། ཧེ་བརྒྱད་ས་བོན་ལས་བྱུང་བ། །སྟག་དང་སེང་གེ་ཝ་དང་ཁྱི། །བྱ་རྒོད་ཀཱང་ཀ་འུག་པ་དང་། །ཕོ་རོག་ལ་སོགས་ཕྲ་མེན་རྣམས། །ཞེས་གསུངས་པ་ལྟར་གྱི་སེང༷་ཧ༷་མ་ལ་སོགས་པའི་ཕྲ༷་མེ༷ན་མ་བརྒྱད་ཀྱི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་དམ་ཚིག་ཉམས་པའི་ཚོགས་དེ་ཉིད། ཡེ་ཤེས་རྔམ་གློག་ལས། གནས་དང་ཡུལ་གྱི་ཕྱག་རྒྱ་དགོད། །ཅེས་དང་། གསང་བའི་སྙིང་པོ་ལས། གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །རྒྱུད་གཞན་དག་དང་མཐུན་པར་བཤད། །ཅེས་དང་། མཁས་པ་ཆེན་པོ་བྷ་བ་བྷ་དྲའི་ཞབས་ཀྱིས་མཛད་པའི་འཁོར་ལོ་སྡོམ་པའི་དཀའ་འགྲེལ་ལས། ཡུལ་ཉི་ཤུ་རྩ་བཞི་ཉིད་གནས་ལ་སོགས་པའི་མཁའ་འགྲོ་མ་ནི། ཞེས་དང་། སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་ཀྱི་རྒྱ་ཆེར་འགྲེལ་ལས། བླ་ན་མེད་པ་ཐམས་ཅད་དེ་ཡུལ་ཉི་ཤུ་རྩ་བཞི་པོ་རྣམས་སོ། །དེ་རྣམས་སུ་བླ་ན་མེད་པའི་གནས་ལ་སོགས་པ་ཐམས་ཅད་ཉི་ཤུ་རྩ་བཞིའི་མཁའ་འགྲོ་མ་རྣམས་སོ། །ཞེས་གསུངས་པའི་སྐབས་ཀྱི་ཡུལ་ཉི་ཤུ་རྩ་བཞི་ལ་སོགས་པ་ལས་ཡུལ་བཞི་དང་ཉེ་བའི་ཡུལ༷་བཞི་ན་གནས་ཤིང་རྒྱུ་བའི་ཡུལ་གྱི༷་མ་མོ་སེང་ཧ་སྨུག་ནག་མ་ལ་སོགས་པའི་ཕྲ་མེན་མ་བརྒྱད་ཀྱི་ཚུལ་བཟུང་བའི་མཁ༷འ་འགྲོ༷འི་ཚོགས་ཀྱི་སྐུ༷་ལ༷་འགྱོད་པས་མཐོལ་ཞིང་བཤགས་ལ། བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་བཤགས་པའོ། །དེས་ན་སྐབས་འདིའི་ཡུལ་ཞེས་པ་ནི་ཡུལ་དང་ཉེ་བའི་ཡུལ་ལ་གོ་ཞིང་། ངེས་དོན་དང་སྦྱར་ན། ཡེ་ཤེས་རྔམ་གློག་ལས། ཡུལ་བརྒྱད་ཕྲ་མེན་བརྒྱད་ལ་བསྟིམ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སེང་སྟག་ལ་སོགས་ཡུལ་དུ་སྣང་། །ཞེས་གསུངས་པ་ལྟར། མིག་སོགས་ཀྱི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ་དང་། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཤེས་པ་དང་ལྡན་མིན་འདུ་བྱེད་དང་འདུས་མ་བྱས་ཀྱི་ཆོས་བཅས་ཆོས་ཁམས་དང་། ཉོན་ཡིད་ཀྱི་ཡུལ་ཀུན་གཞི་དང་། ཀུན་གཞིའི་ཡུལ་ཆོས་ཐམས་ཅད་བཅས་སྣང་བ་ཡུལ་བརྒྱད་ཀྱི་ངོ་བོ་རྣམ་པར་དག་པའི་དབྱིངས་དང་། དེ་ཇི་བཞིན་ངེས་པའི་ཡེ་ཤེས་ལ་ལས་དང་འཇིག་རྟེན་གྱི་མཁའ་འགྲོ་མའམ་སེང་ཧ་ཕྲ་མེན་བརྒྱད་དུ་བརྡར་བཏགས་པའོ། །ཡང་ན་དེ་འདྲའི་ཡེ་ཤེས་ཀྱི་ངང་ལས་འབྱུང་པོའི་མ་མོ་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་མ་མོ་ཕྲ་མེན་མའི་གཟུགས་སུ་སྤྲུལ་པ་རྣམས་ཞེས་འགྲེལ་བར་བྱའོ།།

འཕྲོས་དོན་ཤ་ཁྲག་གི་མཆོད་པའི་སྐོར་བཤད་པ

འདུལ་བའི་སྐབས་སུ་ཤ་མ་དགག་པ་མངོན་གསལ་ཡིན་པ།

ད་ནི་ཟླ་གསང་ཐིག་ལེའི་རྒྱུད་ལས། ཤ་དང་ཁྲག་ལས་ཡང་དག་བསྒྲུབ། །འབྲས་བུ་རྩ་བ་ཚད་མེད་དོ། །མཆོག་ཏུ་བདེ་བ་ཡིད་ཚིམ་པ། །འདི་ཡིས་མཆོད་པ་བྱས་པ་ན། །མཁའ་འགྲོ་མ་ནི་དངོས་གྲུབ་འགྱུར། །ཞེས་དང་། དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ་ལས། ལས་ཀྱི་དབྱེ་བས་གསུངས་པའི་ཤ་རྣམས་མ་རྙེད་པ་ལ་ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར། ཁྱི་ཤ་དག་གི་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཁྱིའི་ཤས་ནི་སྔར་བསྟན་པའི་དངོས་གྲུབ་རྣམས་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱའོ། །དེ་བཞིན་དུ་ཁ་ན་མ་ཐོ་བ་མེད་པའི་བ་ལང་གི་ཤ་ལ་ཉེ་བར་ལོངས་སྤྱོད་པས་རྡོ་རྗེ་སྟེ། བསྒྲུབ་པར་དཀའ་བ་རྒྱལ་པོ་ལ་སོགས་པ་དགུག་པ་བསྒྲུབ་པར་བྱའོ། །ཁ་ན་མ་ཐོ་བ་མེད་པའི་ཤ་མེད་ན་ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར། ཤ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བཤད་པའི་ཤ་རྣམས་མ་རྙེད་ན་བསྒོམ་པས་ཤ་རྣམས་བསྐྱེད་པར་བྱའོ། །ཞེས་གསང་སྔགས་ཀྱི་གཞུང་ནས་ཤ་ཁྲག་གི་མཆོད་པ་ཚུལ་བཞིན་མཆོད་དགོས་པས་ཐ་ན་བསྒོམ་པ་ཡན་གྱིས་ཡོད་དགོས་པར་བཤད་པ་ལྟར། འདིར་ཡང་། ཤ་ཁྲག་མཆོད་པ་གཞུང་བཞིན་མ་བཤམས་ཏེ༔ ཞེས་པའི་གོ་དོན་ལས་འཕྲོས་ཏེ་ཅུང་ཟད་བཤད་ན། དྲང་སྲོང་རྒྱས་པས་ཞུས་པའི་མདོ་ལས། དུག་སྦྱིན་པ་དང་། མཚོན་ཆ་སྦྱིན་པ་དང་། སྲོག་ཆགས་བསད་དེ་ཤ་སྦྱིན་པ་དང་། བག་མེད་པ་རྣམས་ལ་ཆང་སྦྱིན་པ་དང་། འདི་དག་ནི་བདག་གིར་འགྱུར་ཏེ་བདག་གི་རིམ་གྲོ་དང་། མཆོད་པར་འགྱུར་རོ་སྙམ་ནས་སེམས་ཅན་བསྡུ་བ་དང་འཐོབ་པའི་ཕྱིར་བསྡུ་བའི་སྦྱིན་པ་དང་། གང་བརྗོད་པ་དང་། སྒྲ་དང་ཚིགས་སུ་བཅད་པའི་ཕྱིར་སྦྱིན་པ་སྦྱིན་པ་དང་། གང་གར་དང་གླུ་དང་། བཞད་གད་དང་། རྩེད་མོ་དང་། གཏམ་དང་། དགའ་བར་བྱ་བའི་ཕྱིར་རོལ་མོ་མཁན་རྣམས་ལ་སྦྱིན་པ་བྱིན་ན་སྦྱིན་པ་དེ་ཡོངས་སུ་མ་དག་པ་ཡིན་ནོ། །ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། གདོན་ཐམས་ཅད་དང་མ་མོ་དང་ཤ་ཟ་དང་ཤ་རློན་ཟ་བ་དང་སྡིག་པ་དང་ལྡན་པ་རྣམས་དང་བགེགས་ཐམས་ཅད་ཀྱང་ཞེས་གསུངས་པ་ལྟར། སྤྱིར་ནང་བའི་ཆོས་ལས་ཤ་ཟ་བ་ནི་མ་དག་པ་དང་། མི་གཙང་བའི་བྱ་བ་དང་། ཤ་ཁྲག་ལ་བརྔམས་ནས་སྲོག་གཅོད་པའི་ལས་ལ་རྟག་ཏུ་རྒྱུག་པ་དག་ནི་སྲིན་པོ་དང་འབྱུང་བོ་མ་རུང་བ་ལྟ་བུ་མི་ལེགས་པ་ཞིག་ཏུ་བརྩི་བ་ནི་སྨོས་མ་དགོས་ལ། མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་མདོ་ཀུན་ལས་བཏུས་པ་ལས། ཕག་འཚོང་པ་དང་ཤན་པ་དང་། །འདྲིས་པར་བྱེད་པ་རྣམ་པར་སྤང་། །གང་དག་སྲོག་ཆགས་རྣམ་མང་དག །ལོངས་སྤྱོད་ཕྱིར་ནི་གསོད་པ་དང་། །བཤའ་སར་ཤ་རྣམས་ཚོང་བྱེད་པ། །དེ་དང་འདྲིས་བྱེད་རྣམ་པར་སྤང་། །ཞེས་གསུངས་པ་ལྟར་ཤ་བཟའ་བའི་ཆེད་དུ་སྲོག་གཅོད་པའི་ཉེས་པ་འགོས་པ་ལ་དགོངས་ནས་བཤས་འཚོང་བ་ཡན་ཆད་ལ་འདྲིས་པ་སྤོང་དགོས་པར་གསུངས་པ་ལྟར་ཤ་ལ་སྨད་མོད། ད་ལྟའི་ནང་ཆོས་ཀྱི་བརྒྱུད་པ་ལས་ལྷོ་བརྒྱུད་ནང་པ་བར་གྲགས་པའི་ཐེག་ཆུང་གནས་བརྟན་པའི་སྡེ་བས་ནི་ནང་ཆོས་ལས་ཤ་བཟའ་ཆོག་པ་མ་ཟད་རབ་ཏུ་བྱུང་བའི་སྡེ་ཡིས་ཀྱང་ཤ་ཟ་བ་ལ་འཛེམ་དོགས་དང་དགག་བྱ་ཅི་ཡང་མེད་དོ།།

རྒྱ་ནག་གི་ནང་པ་བས་ནང་ཆོས་ལས་ཤ་ཟ་མི་རུང་བར་འདོད་ཅིང་རབ་བྱུང་གིས་ཤ་ཟོས་ན་རབ་བྱུང་དུ་མི་རྩི་བའི་སྲོལ་ཡོད་ལ། འོན་ཀྱང་རྒྱ་ནག་གི་ལུགས་དེ་ནི་ཆོས་སྲོལ་རྐྱང་པ་མིན་པར་རྒྱལ་པོ་ཞིག་གི་རྒྱལ་ཁྲིམས་ཡིན་ཏེ། དེ་ཡང་སྤྱི་ལོ་བཞི་བརྒྱ་རེ་བཞིའི་ལོར་ད་ལྟའི་ཀྲི་ཅང་ཞིང་ཆེན་གྱི་ཏན་དབྱང་གྲོང་ཁྱེར་གྱི་ཧྥང་ཞན་གྲོང་རྡལ་དུ་སྐྱེས་པའི་ཞོ་ཡན་ཟེར་བའི་རྒྱལ་རབས་ལྷོ་མ་ལེང་རྒྱལ་རབས་ཀྱི་དབང་བསྒྱུར་རྒྱལ་པོ་ཡོངས་གྲགས་སུ་ལེང་ཝོའུ་ཏིས་ཞོ་ཡན་ཟེར་བ་ལན་བཞིར་རབ་ཏུ་བྱུང་ཞིང་ལན་བཞིར་སྡོམ་པ་བཏང་ནས་སྐྱ་སར་བབས་པ་ཞིག་ཡོད་པ་དེས་རབ་ཏུ་བྱུང་བ་གཅིག་གིས་ཀྱང་ཤ་བཟའ་མི་ཆོག་ཅིང་། གལ་ཏེ་ཤ་ཟོས་ན་རབ་བྱུང་དུ་མི་འཛིན་པར་དགོན་པ་ནས་ཕྱིར་དབྱུང་དགོས་པའི་ཁྲིམས་བཟོས་པས་དེ་ནས་བཟུང་རྒྱ་ནག་ཏུ་ནང་པ་བས་ཤ་ཟ་མི་ཆོག་པའི་སྲོལ་ཆགས་ཤིང་ནང་ཆོས་ཀྱི་ལུགས་ལ་ཟ་མི་རུང་བར་ཡོངས་སུ་གྲགས་པ་ཡིན་པའི་ལོ་རྒྱུས་ཁུངས་ཐུབ་ཡོད་ལ། རྒྱལ་པོ་དེས་རྒྱ་ནག་གི་མཚུན་ལྷ་གསོ་བ་དང་། སྡེ་བརྒྱད་ལ་མཆོད་པ་ལའང་ཤ་སོགས་དམར་རྫས་མཆོད་མི་ཆོག་པར་བྱས་ཟེར་བས་དོན་ལ་རྒྱ་ནག་གི་རབ་བྱུང་བས་ཤ་མི་ཟ་བ་དེ་རྒྱལ་པོའི་བཙན་ཁྲིམས་ཡུལ་སྲོལ་དུ་ཆགས་པ་ལས་ནང་ཆོས་ཀྱི་ལུགས་སྲོལ་མ་ཡིན་ནོ།།

བོད་ཡུལ་དུ་ནི་སྔ་མོར་རྩོད་པ་ཆེན་པོ་མེད་མོད་ད་ལྟ་ནི་འདི་ལ་འུར་མོ་ཁྱི་ཕྱོགས་ཀྱི་ཀུ་ཅོ་འདོན་མཁན་ཤིན་ཏུ་མང་། འོན་ཀྱང་ཕྱོགས་རིས་དང་ཨུ་ཚུགས་ཙམ་ལས་མདོ་རྒྱུད་ཀྱི་རྒྱབ་རྟེན་འཚོལ་མཁན་ཉུང་ལ། ཡོད་པ་རྣམས་ཀྱང་གཡག་ཞར་གྱིས་རྩྭ་ཟ་བ་དང་འདྲ་བར་རང་གི་ཞེ་འདོད་ཀྱི་ཕྱོགས་ཁ་ཙམ་དེ་ཚད་མར་མཁྲེགས་འཛིན་ལས་གཟུ་བོའི་བློ་ཡིས་མདོ་རྒྱུད་ཀྱི་དགོངས་དོན་ཇི་བཞིན་འགལ་མེད་དུ་སྨྲ་མཁན་ནི་ཉིན་མོའི་སྐར་མ་བཞིན་དུ་དཀོན་ནོ།།

འདི་ལ་བོད་དུ་འགྱུར་པའི་མདོ་རྒྱུད་གཉིས་ལ་དཔྱད་ན། འདུལ་བའི་སྐབས་སུ་ཤ་མ་དགག་ཅིང་ཤ་ཟ་ཆོག་པ་མངོན་གསལ་ཡིན་པ་དང་། ཐེག་པ་ཆེན་པོའི་མདོ་སྡེ་འགར་ཤ་བཀག་ཅིང་ཤ་ཟ་བའི་ཉེས་དམིགས་རྒྱ་ཆེར་གསུངས་པ་དང་། སྔགས་ཀྱི་རྒྱུད་སྡེར་ཤ་བཀག་པ་དང་གནང་བ་གཉིས་ཀ་ཡོད་པ་ནི་རང་རེའི་ལོ་ཙཱ་བ་བཀའ་དྲིན་ཅན་རྣམས་ཀྱིས་དཀའ་བ་བརྒྱ་ཕྲག་གིས་བསྒྱུར་པའི་མདོ་རྒྱུད་དགོངས་འགྲེལ་དང་བཅས་པ་ལ་གཟུ་བོའི་བློ་ཡིས་དཔྱད་ན་ཤེས་ནུས་པས་མང་དུ་བཤད་ལྟ་ཅི་ཞིག་དགོས་ཏེ་མི་དགོས་པར་མཐོང་ངོ་།།

དེས་ན་དང་པོ་འདུལ་བའི་ལུགས་ལ་ནི། འདུལ་བ་ལས་ཤ་ཟོས་ཤིག། ཁྲག་འཐུང་ཞིག། ཉེས་པ་མེད་དོ་ཟེར་བ་ཞིག་གང་དུའང་མ་གསུངས་ལ་གསུངས་ཀྱང་ག་ལ་སྲིད། འོན་ཀྱང་ཤ་ཟ་བ་ཙམ་མ་བཀག་ཅིང་གནང་བ་ནི་མངོན་གསལ་ཡིན་ཏེ། ༡ རྣམ་གསུམ་དག་པའི་ཤ་དངོས་སུ་གནང་བས་ཤ་བཟའ་ཆོག་པར་ཤེས་པ་དང་། ༢ ཤ་དེ་བཅའ་བ་ལྔ་དང་བཟའ་བ་ལྔ་བགྲང་བའི་སྐབས་སུ་བཟའ་བ་ལྔའི་གྲས་སུ་བགྲང་བས་ཀྱང་བཟའ་ཆོག་པར་ཤེས་པ་དང་། ༣ ཤ་དེ་དུས་རུང་གི་ཟས་སུ་བགྲང་བས་ཀྱང་བཟའ་ཆོག་པར་ཤེས་པ་དང་། ༤ ཤ་སོགས་ཁ་དོག་གྱུར་པ་ནས་བྱིན་ལེན་བྱས་ཏེ་ལོངས་སྤྱད་པར་བྱ་བར་གསུངས་པས་ཀྱང་ཤ་བཟའ་རུང་བར་ཤེས་པ་དང་། ༥ ཤ་དེ་ཟས་བསོད་པ་རུ་བགྲངས་པ་དེས་བཟའ་རུང་བར་ཤེས་པ་དང་། ༦ དགེ་སློང་རྣམས་ལ་ཐུག་པ་རྣམ་པ་བཅུ་གནང་བའི་གྲས་སུ་ཤའི་ཐུག་པ་གནང་བས་ཀྱང་ཤ་བཟའ་རུང་བར་ཤེས་པ་དང་། ༧ ལྷའི་སྦྱིན་གྱི་བརྟུལ་ཞུགས་ལ་ཤ་མི་ཟ་བ་དེས་རང་ལུགས་ལ་ཤ་བཟའ་རུང་བར་ཤེས་པ་དང་། ༨ དགེ་སློང་མས་རྩེ་འདོད་ཀྱིས་ཤ་ཁུ་ལ་བམ་ཏོལ་གྱིས་རྡེག་ན་ན་བ་དང་མི་ན་བའི་ཁྱད་པར་གྱིས་ཉེས་བྱས་དང་ལྟུང་མེད་དུ་གསུངས་པས་ཀྱང་ཤ་བཟའ་རུང་བར་ཤེས་པ་དང་། ༩ སྦྱིན་བདག་གིས་དངོས་རྫས་དགེ་སློང་ལ་ཕུལ་བས་ཤ་སྐམ་དང་ཤ་ཁུ་ཉོ་རུང་བར་བཤད་པས་ཀྱང་ཤ་བཟའ་རུང་བར་ཤེས་པ་དང་། ༡༠ སྦྱིན་བདག་གིས་དགེ་སློང་ལ་ཤ་ཁུ་ལོངས་ཤིག་ཅེས་ནད་གཡོག་ལ་བསྐུར་བ་ན་དགེ་སློང་གིས་འདུལ་བ་མ་ཤེས་པར་དེ་ལྟར་བླང་ན་ཕམ་པ་འབྱུང་བར་འདོད་ནས་འགྱོད་དེ་བཅོམ་ལྡན་འདས་ལ་ཞུས་པ་ན་སྟོན་པས་ཕམ་པ་མིན་པར་དེ་ལྟར་བླང་ཡང་སྐྱོན་མེད་པར་གསུངས་པ་ལས་ཤ་ཁུ་ལེན་མི་རུང་མ་གསུངས་པས་ཤ་བཟའ་རུང་བར་ཤེས་པ་དང་། ༡༡ སྨན་གྱི་ཕྱིར་དུ་དགེ་སློང་གིས་ཤ་རྗེན་བཟའ་རུང་བར་བཤད་པས་ཀྱང་ཤ་བཟའ་རུང་བར་ཤེས་པ་དང་། ༡༢ དགེ་སློང་ནད་པས་བཟའ་རུང་བའི་ཤ་རྗེན་དེ་གང་ལས་ལེན་དགོས་པ་ཡང་གསལ་བར་གསུངས་པས་ཤ་བཟའ་རུང་བར་ཤེས་པ་དང་། ༡༣ ཤ་ཡི་གསོལ་ཚིགས་འགྲིམ་ན་འདི་ཅི་ཞིག་གི་ཤ་ཡིན་ཞེས་དྲི་དགོས་པར་བཤད་པ་དེས་ཤ་ཙམ་བཟའ་རུང་བར་ཤེས་པ་དང་། ༡༤ དགེ་སློང་གིས་མི་ཤ་དང་སེང་གེ་དང་གླང་པོ་ཆེ་སོགས་ཀྱི་ཤ་བཟའ་མི་རུང་བར་བཤད་པས་ཤ་ཙམ་བཟའ་རུང་བར་ཤེས་པ་དང་། ༡༥ ཤ་བཟའ་མི་རུང་བར་བཤད་པའི་ཐེག་པོ་ཆེན་པོའི་མདོ་སྡེ་ལས་ཀྱང་སྔར་རྣམ་གསུམ་དག་པའི་ཤ་བཟའ་བ་གནང་བར་ཚིག་དངོས་སུ་ཐོན་པས་ཀྱང་ཤ་བཟའ་རུང་བར་ཤེས་པ་སྟེ་རྒྱུ་མཚན་དུ་མ་ཡོད་པའི་ཕྱིར་རོ།།

རྒྱུ་མཚན་དང་པོ་འདུལ་བ་ནས་རྣམ་གསུམ་དག་པའི་ཤ་དངོས་སུ་གནང་བ་དེ་ཡོད་དེ། ཡུལ་ཡངས་པ་ཅན་གྱི་སྡེེ་དཔོན་སེང་གེ་ཟེར་བ་ཞིག་ཡོད་པ་ལ་སྔ་མ་ལ་ཁོ་རང་གི་གཡོག་འཁོར་དག་གིས་ཁོ་རང་གི་ཆེད་དུ་བསྔོས་ཏེ་བཤས་པའི་ཤ་དག་ཟ་བ་ཞིག་ཡིན་མོད། རྗེས་ཤིག་སངས་རྒྱས་བཅོམ་ལྡན་འདས་ཀྱི་དྲུང་ནས་ཆོས་ཉན་ཅིང་བདེན་པ་མཐོང་བས་དེ་ནས་བསྔོས་ཤ་དག་མ་ཟོས་སོ། །དེ་ཚེ་གཡོག་དེ་དག་གིས་དགེ་སློང་རྣམས་ཀྱི་ཆེད་དུ་བསད་ནས་དགེ་སློང་དག་ལ་བྱིན་པས་དགེ་སློང་དག་གིས་ཟོས་པ་ལ་མུ་སྟེགས་པ་རྣམས་ཀྱིས་དགེ་སློང་དག་སྨོད་པ་ལ་བརྟེན་ནས་སྟོན་པ་མཉམ་མེད་ཤཱཀྱ་སེང་གེས་དགེ་སློང་རང་གི་ཆེད་དུ་བསྔོས་ཏེ་བསད་པའི་ཤ་ཡིན་པ་ལ་མཐོང་བ་དང་། ཡང་ན་ཡིད་ཆེས་པ་ལས་ཐོས་པ་དང་། ཡང་ན་རང་གི་བློ་ལ་ཡིན་མིན་སྙམ་པའི་དོགས་པ་གསུམ་པོ་གང་རུང་ཡོད་ཚེ་དོན་ལ་ཆེད་དུ་བྱས་པའི་བསྔོས་ཤ་ཡིན་མིན་ཇི་ལྟར་ཡིན་ཡང་རྣམ་གསུམ་མི་དག་པའི་ཤ་ཡིན་པས་བཟའ་མི་རུང་བ་དང་། དེ་ལྟ་བུའི་མཐོང་ཐོས་དོགས་གསུམ་གཏན་ནས་མེད་ཚེ་དོན་ལ་ཆེད་དུ་བྱས་པ་ཡིན་མིན་ཇི་ལྟར་ཡང་རྣམ་གསུམ་དག་པའི་ཤ་ཡིན་པས་བཟའ་རུང་བར་གསལ་བར་གསུངས་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། བདག་གི་ཆེད་དུ་བྱས་པར་མངོན་དུ་མཐོང་བ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་དང་། ཡིད་ཆེས་པ་ལས་ཁྱོད་ཀྱི་ཆེད་དུ་བྱས་པ་ཡིན་ནོ་ཞེས་ཐོས་པ་དང་། རང་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གིས་ཆེད་དུ་བྱས་པ་ཡིན་ནོ་སྙམ་དུ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་ཡིན་ནོ། །དགེ་སློང་དག་གནས་གསུམ་གྱིས་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། འདིས་བདག་གི་ཆེད་དུ་བྱས་པར་མངོན་སུམ་དུ་མ་མཐོང་བ་རུང་བའི་ཤ་བཟའ་བར་བྱའོ། །ཞེས་གསུངས་པ་དང་། ཡིད་ཆེས་པ་ལས་འདིས་ཁྱོད་ཀྱི་ཆེད་དུ་བྱས་པ་མ་ཡིན་ནོ་ཞེས་ཐོས་པ་རུང་བའི་ཤ་བཟའ་བར་བྱའོ། །ཞེས་གསུངས་པ་དང་། བདག་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པ་མ་སྐྱེས་པ་རུང་བའི་ཤ་བཟའ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཇི་ལྟར་བཤད་ཀྱང་འདུལ་བ་ལས་རང་གི་ཆེད་དུ་བསད་པ་ཡིན་པར་མཐོང་ཐོས་དོགས་གསུམ་མེད་པའི་རྣམ་གསུམ་དག་པའི་ཤ་ནི་བཟའ་རུང་བ་ལ་གཏན་ནས་སྙོན་དུ་མེད་ལ། དགོངས་པ་སོགས་གཞན་འཚོལ་དུ་མེད་པ་འདི་འདུལ་བ་རྒྱ་མཚོའི་བཞེད་དགོངས་དངོས་ཡིན་ནོ།།

རྒྱུ་མཚན་གཉིས་པ་ཤ་དེ་བཅའ་བ་ལྔ་དང་བཟའ་བ་ལྔ་བགྲང་བའི་སྐབས་སུ་བཟའ་བ་ལྔའི་གྲས་སུ་བགྲང་བ་དེས་ཤ་བཟའ་རུང་པར་ཤེས་པའི་རྒྱུ་མཚན་ཡོད་དེ། གལ་ཏེ་དགེ་སློང་གིས་ཤ་གཏན་ནས་བཟའ་མི་རུང་ན་ཤ་དེ་དགེ་སློང་གི་བཟའ་བའི་རྫས་སུ་གང་ཟག་སུ་ཡིས་བགྲང་སྟེ་སྨྱོན་པས་ཀྱང་བགྲང་མི་སྲིད་པ་གང་ཞིག། ཤ་དེ་བཟའ་བ་ལྔའི་གྲས་སུ་བགྲང་བ་དེས་རབ་བྱུང་གིས་བཟའ་ཆོག་པར་གསལ་བར་དངོས་སུ་གསུངས་པ་ཡིན་པའི་ཕྱིར། གྲུབ་སྟེ། འདུལ་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅའ་བ་ལྔ་པོ་རྩ་བ་དང་། སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་དག་དང་། བཟའ་བ་ལྔ་པོ་འབྲས་ཆན་དང་། ཟན་དྲོན་དང་། འདའ་གུ་དང་། ཤ་དང་། སྣུམ་ཁུར་དག་དང་། ཞེས་དང་། འདུལ་བ་ལུང་ཕྲན་ཚེགས་ལས། དགེ་སློང་དག་བཅའ་བ་ནི་ལྔ་སྟེ། རྩ་བའི་བཅའ་བ་དང་། སྡོང་པོའི་བཅའ་བ་དང་། ལོ་མའི་བཅའ་བ་དང་། མེ་ཏོག་གི་བཅའ་བ་དང་། འབྲས་བུའི་བཅའ་བའོ། །བཟའ་བ་ནི་ལྔ་སྟེ། ཕྱེ་མ་དང་། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་རོ། །ཞེས་དང་། འདུལ་བ་གཞུང་དམ་པ་ལས། བཟའ་བ་ལ་རྣམ་པ་ལྔ་སྟེ། འབྲས་ཆན་དང་། ཕྱེ་ཚལ་བཙོས་པ་དང་། ཤ་དང་། ཉ་ཤ་དང་། ཁུར་བའོ། །བཅའ་བ་ལ་རྣམ་པ་ལྔ་སྟེ། རྩ་བ་བཅའ་བ་དང་། སྡོང་བུ་བཅའ་བ་དང་། ལོ་མ་བཅའ་བ་དང་། མེ་ཏོག་བཅའ་བ་དང་། འབྲུ་བཅའ་བའོ། །གཞན་ཡང་བཅའ་བ་རྣམ་པ་ལྔ་སྟེ། བག་ཙོས་བཅའ་བ་དང་། བརྔོས་པ་བཅའ་བ་དང་། ཁུར་སྐམ་བཅའ་བ་དང་། བུ་རམ་བཅའ་བ་དང་། ཆན་བཅའ་བའོ། །ཞེས་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཟའ་བ་རྣམ་པ་ལྔ་གསུངས་པ་འདི་ལྟ་སྟེ། འབྲས་ཆན་དང་། ནས་ཆན་དང་། འབྲས་ཕྱེ་དང་། ཤ་དང་། ཁུར་བ་དང་། བཟའ་བ་འདི་ལྔ་སྟེ། དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། ཅག་སྒྲ་མེད་པར་ན་བའི་འདུ་ཤེས་དང་། སྨན་གྱི་འདུས་ཤེས་དང་། རྐྱེན་གྱི་འདུས་ཤེས་དང་། སྤྱིར་ཕན་པའི་འདུ་ཤེས་ཉེ་བར་བཞག་སྟེ་བཟའ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

སྐབས་འདིར་ཤ་དངོས་སུ་བཟའ་བ་ལྔའི་གྲས་སུ་བགྲང་ནས་བཟའ་བར་བྱའོ་ཞེས་བཟའ་རུང་བར་གསུངས་པ་མ་ཟད་དགེ་སློང་མང་པོས་ཇི་ལྟར་བཟའ་དགོས་མ་ཤེས་པར་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པས། སངས་རྒྱས་ཀྱིས་བཟའ་ཚུལ་ཡང་བརྩེ་བས་འདོམས་འདུག་སྟེ། ལུང་ཕྲན་ཚེགས་ལས། དེ་དག་གིས་ཚོད་མ་གང་དག་དང་། བཟའ་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འོ་མ་དང་། ཞོ་དང་། མར་སར་དང་། མར་དང་། ཉ་དང་། ཤ་དང་། ཤ་སྐམ་དང་། གཞན་ཡང་རུང་བ་གང་ཡིན་པ་སྟེ་ཐ་ན་ཆུས་ཀྱང་བརླན་པར་བྱ་སྟེ་བཟའ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འདུལ་ལུང་རྣམས་སུ་བཟའ་བ་ལྔ་ངོས་འཛིན་ཅུང་མི་འདྲ་ཡང་ཤ་ནི་ཐམས་ཅད་ཀྱིས་མགྲིན་གཅིག་པར་བགྲང་ཡོད་དོ།།

རྒྱུ་མཚན་གསུམ་པ་ཤ་དེ་དུས་རུང་གི་ཟས་སུ་བགྲང་བས་ཀྱང་བཟའ་ཆོག་པར་ཤེས་པ་ཡོད་དེ། འདུལ་བ་ལུང་ལས་དུས་རུང་དང་། ཐུན་ཚོད་དང་། ཞག་བདུན་པ་དང་། འཚོ་བཅང་གི་སྨན་བཞི་ཡི་མཚན་གཞི་གླེང་བའི་དུས་སུ་ཤ་དེ་དུས་རུང་གི་སྨན་དང་། ཤ་བཙོས་མ་དང་། ཞག་དང་། ཚིལ་དེ་ཞག་བདུན་པ་དང་། ཤ་བསྲེགས་པའི་ཐལ་བ་དེ་འཚོ་བཅང་གི་སྨན་གྱི་མཚན་གཞིར་བཞག་འདུག་པ་གང་ཞིག། གལ་ཏེ་ཤ་བཟའ་མི་ཆོག་ན་གདུགས་ཚོད་ཀྱི་དུས་སུ་བཟའ་རུང་བའི་ཟས་གྲལ་དུ་བགྲང་མི་སྲིད་པ་དང་། ཞག་བདུན་པའི་ཟས་གྲལ་དུ་ཡང་བགྲང་མི་སྲིད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། འདུལ་བ་ལུང་གཞི་ལས། དེ་ལ་དུས་སུ་རུང་བ་ནི་འདེག་གུ་དང་། འབྲས་ཆན་དང་། ཟན་དྲོན་དང་། ཤ་དང་། སྣུམ་ཁུར་རོ། །ཞེས་དང་། འདུལ་བ་གཞུང་དམ་པ་ལས། ཨུ་པཱ་ལི་ཤ་ནི་སྔ་དྲོ་བའོ། །ཚིལ་བུ་ནི་བདུན་པའོ། །ཤ་བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུའོ། །ཞེས་དང་། ཨུ་པཱ་ལི་ཤ་ནི་སྔ་དྲོའིའོ། །ཞག་ནི་ཞག་བདུན་པའིའོ། །བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུའོ། །ཞེས་དང་། ཤ་ནི་སྔ་དྲོ་བའོ། །དེའི་འོག་ཏུ་བཙོས་པའི་ཞག་ནི་བདུན་པའོ། །བདུན་པ་དེའི་འོག་ཏུ་བསྲེགས་པའི་ཐལ་བ་ནི་ནམ་འཚོའི་བར་དུ་བའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ལུས་ཀྱི་ཕྱི་ལ་སྲོག་ཆགས་ཀྱི་ལུས་ལས་བྱུང་བའི་ཚིལ་བཀོལ་རུང་བར་གསུངས་ཏེ། ཚིལ་ལྔ་བསྟེན་རུང་བར་བཤད་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚིལ་ལྔ་སོ་སོར་བསྟེན་པར་བྱ་སྟེ། ལྔ་གང་ཞེ་ན། ཉ་ཚིལ་དང་། སྦལ་པ་དཀར་པོའི་ཚིལ་དང་། ཆུ་སྲིན་བྱིས་པ་གསོད་ཀྱི་ཚིལ་དང་། དོམ་ཚིལ་དང་། ཕག་གི་ཚིལ་ལོ། །ཚིལ་འདི་ལྔ་དུས་མ་ཡིན་པར་བཙོས་པ་དང་། དུས་མ་ཡིན་པར་བཙགས་པ་དང་། དུས་མ་ཡིན་པར་བྱིན་ལེན་བྱས་པ་དང་། དུས་མ་ཡིན་པར་བྱིན་གྱིས་བརླབས་ན་ལོངས་སྦྱད་པར་མི་བྱའོ། །ཞེས་སོགས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་བཞི་བ་ཤ་སོགས་ཁ་དོག་གྱུར་པ་ནས་བྱིན་ལེན་བྱས་ཏེ་ལོངས་སྤྱད་པར་བྱ་བར་གསུངས་པས་ཀྱང་ཤ་བཟའ་རུང་བར་ཤེས་པ་ཡོད་དེ། དགེ་སློང་གིས་ལག་ཉ་དང་རྗེན་བཙོས་ཀྱི་ཉེས་པ་འགོག་པའི་ཕྱིར་དུ་ཚོད་མ་སོགས་ཟས་སྤྱི་དང་ཁྱད་པར་དུ་ཉ་ཤ་དང་ཤ་གཞན་པ་ཡི་མདོག་བཙོས་ནས་འགྱུར་བ་དེ་ལོངས་སྤྱོད་དགོས་པར་གསུངས་པ་གང་ཞིག། དེས་ནི་དགེ་སློང་གིས་སྤྱིར་ཉ་ཤ་དང་ར་ལུག་སོགས་ཀྱི་ཤ་བཟའ་རུང་བར་གསལ་བ་བསྟན་པ་ཡིན་པའི་ཕྱིར་ཏེ། གལ་ཏེ་གཏན་ནས་མི་རུང་ན་དེ་མདོག་འགྱུར་ནས་ལོངས་སྤྱོད་ཅིག་ཅེས་སྨྱོན་པས་ཀྱང་མི་སྨྲ་བའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། ཚོད་མ་དང་། མེ་ཏོག་དང་། འབྲས་བུ་དང་། ཉ་དང་། ཤ་དག་ནི་ཁ་དོག་གྱུར་ནས་བྱིན་ལེན་བྱས་ཏེ་ལོངས་སྤྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

ཚུལ་ཁྲིམས་འཆལ་བ་ཚར་གཅོད་པའི་མདོ་ལས། འབྲུ་མ་བཙོས་པ་བྱིན་ལེན་བྱེད་པ་དང་། ཤ་མ་བཙོས་པ་བྱིན་ལེན་བྱེད་པ་དང་། ཞེས་ཤ་མ་བཙོས་པ་རློན་པ་བྱིན་ལེན་བྱེད་མི་རུང་བར་གསུངས་པ་དེས་ནི་ཤ་བཙོས་པ་བྱིན་ལེན་བྱས་ཏེ་བཟའ་རུང་བར་ཤེས་ཏེ། གལ་ཏེ་གཏན་ནས་བཟའ་མི་རུང་ན་ཤ་བྱིན་ལེན་བྱེད་པ་དང་མི་ཟེར་བར་མ་བཙོས་པ་ཞེས་ཅི་ལ་བརྗོད། སངས་རྒྱས་བརྡ་སྤྲོད་པ་ལ་མི་མཁས་པའི་སྐྱོན་དུ་འགྱུར་རོ།།

རྒྱུ་མཚན་ལྔ་བ་ཤ་དེ་ཟས་བསོད་པ་རུ་བགྲངས་པ་དེས་དགེ་སློང་དང་དགེ་སློང་མས་དེ་སློང་མི་རུང་བ་ལས་བསྟབས་པ་བཟའ་རུང་བར་བཤད་པས་ཤ་བཟའ་རུང་བར་ཤེས་པ་ཡོད་དེ། ཟས་བསོད་པ་སློང་བའི་ལྟུང་བྱེད་བཅས་ཏེ་དགེ་སློང་དང་དགེ་སློང་མས་ཟས་བསོད་པ་སྟེ་ཁ་ཟས་བཟང་པོ་གཞན་ལ་བསླང་མི་རུང་བར་གསུངས་པའི་སྐབས་སུ་གལ་ཏེ་ཕར་མ་བསླང་ན་གཞན་གྱིས་ཚུར་བསྟབས་པ་དེ་བཟའ་བ་རུང་བར་གསལ་བ་གང་ཞིག། ཟས་བསོད་པའི་གྲས་སུ་ཉ་དང་ཤ་ཡི་ཁ་ཟས་ཡོད་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་རྣམ་འབྱེད་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ། ཡང་དགེ་སློང་དག་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཞེས་དང་། འདུལ་བ་ལུང་དགེ་སློང་མའི་རྣམ་འབྱེད་ལས། དགེ་སློང་མ་ན་བ་རྣམས་ལ་ཁ་ཟས་བསོད་པ་རྗེས་སུ་གནང་བ་གང་ཡིན་པ་དེ་དག་ནི་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་སར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་མོ། །དགེ་སློང་མ་མི་ན་བར་བདག་ཉིད་ཀྱི་ཆེད་དུ་བཟའ་བ་དང་བཅས་པ་དེ་ལྟ་བུ་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ཞེས་དང་། སོ་སོ་ཐར་བའི་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུངས་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་སྐམ་དག་སྟེ། དགེ་སློང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཟས་བསོད་པ་དེ་ལྟ་བུ་དག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་བའམ་ཟ་ན་ལྟུང་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

སོ་སོར་ཐར་བའི་མདོ་ལས། དགེ་སློང་མི་ན་བར་བདག་ཉིད་ཀྱི་ཕྱིར་ཞེས་དང་། དགེ་སློང་མ་ན་བ་རྣམས་ལ་ཁ་ཟས་བསོད་པ་རྗེས་སུ་གནང་བ་གང་ཡིན་པ་ཞེས་དྲངས་མ་ཐག་པའི་དགེ་སློང་མའི་ལུང་རྣམ་འབྱེད་ལས་གསལ་བ་ལྟར་གལ་ཏེ་ནད་ཀྱི་དབང་གིས་དགེ་སློང་དང་དགེ་སློང་མས་ཤ་སོགས་ཟས་བསོད་པ་མཁོ་ན་བསླང་ཡང་ཉེས་པ་མེད་པར་རུང་བར་དངོས་སུ་གསུངས་པས་དགོས་པའི་ཕྱིར་དུ་དང་ཆེད་དུ་མ་བསླང་བར་གཞན་གྱིས་བྱིན་པ་ནི་བཟའ་རུང་བར་གསལ་ལོ།།

རྒྱུ་མཚན་དྲུག་པ་དགེ་སློང་རྣམས་ལ་ཐུག་པ་རྣམ་པ་བཅུ་གནང་བའི་གྲས་སུ་ཤའི་ཐུག་པ་གནང་བས་ཀྱང་ཤ་བཟའ་རུང་བར་ཤེས་ཏེ། འདུལ་བ་གཞུང་དམ་པ་ལས། ཐུག་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཐུག་པ་རྣམ་པ་བཅུ་གསུངས་པ་ནི་འདི་ལྟ་སྟེ། འོ་མའི་ཐུག་པ་དང་། ཞོའི་ཐུག་པ་དང་། དར་བའི་ཐུག་པ་དང་། ཤའི་ཐུག་པ་དང་། མར་གྱི་ཐུག་པ་དང་། འབྲུ་མར་གྱི་ཐུག་པ་དང་། ཏིལ་གྱི་ཐུག་པ་དང་། བལ་སྲན་གྱི་ཐུག་པ་དང་། སེའུའི་ཐུག་པ་དང་། ཆུའི་ཐུག་པ་དང་། ཐུག་པ་འདི་རྣམས་བཅུ་ནི་དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང་། ཧུབ་ཧུབ་མེད་པ་དང་། ན་བའི་འདུ་ཤེས་དང་། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཏུང་བར་བྱའོ། །གཞན་ཡང་ཐུག་པ་ལ་ཡོན་ཏན་རྣམ་པ་གཉིས་ཡོད་དེ། བཀྲེས་པ་གཞོམ་པ་དང་། སྐོམ་པ་གཞོམ་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་བདུན་པ་ལྷའི་སྦྱིན་གྱི་བརྟུལ་ཞུགས་ལ་ཤ་མི་ཟ་བ་དེས་རང་ལུགས་ལ་ཤ་བཟའ་རུང་བར་ཤེས་པ་ཡོད་དེ། ལྷས་སྦྱིན་གྱིས་དགེ་སྦྱོང་གཽ་ཏ་མ་ཤཱཀྱ་ཐུབ་པའི་དགེ་སློང་དག་གིས་ཞོ་དང་འོ་མ་འཐུང་གིན་འདུག་མོད། ཁོང་ཅག་གིས་མི་འཐུང་། རྒྱུ་མཚན་བེའུ་ལ་གནོད་པ་དང་། ཡང་གཽ་ཏ་མ་ཤཱཀྱ་ཐུབ་པའི་དགེ་སློང་དག་གིས་ཤ་ཟ་བཞིན་འདུག་མོད་ཁོང་ཅག་གིས་མི་བཟའ། རྒྱུ་མཚན་སྲོག་གཅོད་པའི་ལས་སུ་གྱུར་པ་དང་། ཤཱཀྱ་ཐུབ་པའི་དགེ་སློང་དག་གིས་ལན་ཚྭ་ཟ་བཞིན་འདུག་མོད་ཁོང་ཅག་གིས་མི་བཟའ། རྒྱུ་མཚན་ས་འོག་སོགས་རྡུལ་ཁྲོད་ནས་བྱུང་བས་མི་གཙང་བ་དང་། ཤཱཀྱ་ཐུབ་པའི་དགེ་སློང་དག་གིས་རས་ཁ་ཚར་དང་ཕུན་ཚར་བཅད་པ་དག་གྱོན་གྱིན་འདུག་མོད། ཁོང་ཅག་གིས་དེ་མི་གྱོན་པར་ཁ་ཚར་རིང་པོ་ཅན་གྱོན་དགོས། རྒྱུ་མཚན་འཐག་མཁན་གྱི་ལག་རྩལ་དོན་མེད་དུ་བྱ་མི་རུང་ཟེར་བ་དང་། ཤཱཀྱ་ཐུབ་པའི་དགེ་སློང་དག་དབེན་པ་ན་གནས་འདུག་མོད། ཁོང་ཅག་གིས་དེར་མི་སྡོད་པར་གྲོང་དུ་གནས་དགོས། རྒྱུ་མཚན་ནི་ཤཱཀྱ་ཐུབ་པ་ལྟར་ན་སྦྱིན་བདག་གི་རྫས་ལ་ལོངས་མ་སྤྱད་པར་འགྱུར་པས་དེ་མི་རུང་ཞེས་ཁོང་ཅག་གིས་ཤཱཀྱ་ཐུབ་པའི་ལུགས་དང་མི་མཐུན་པའི་བརྟུལ་ཞུགས་ལྔ་ཟེར་བ་བཅས་པའི་ཁྲོད་དུ་ཤཱཀྱ་ཐུབ་པའི་ལུགས་ལ་ཤ་ཟ་ཟེར་བ་དང་། ཁོང་ཅག་གིས་མི་བཟའ་ཟེར་ནས་འགྲན་བཟུང་བ་དེས་ཀྱང་ནང་པའི་ལུགས་ལ་ཤ་ཙམ་མ་བཀག་པ་ཤེས་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། དེ་ནས་ལྷས་སྦྱིན་འཕགས་པ་ལ་སྐུར་བ་འདེབས་པའི་ལོག་པའི་ལྟ་བ་དང་ལྡན་ཏེ། དགེ་བའི་རྩ་བ་ཆད་པ་འཇིག་རྟེན་ཕ་རོལ་མེད་དོ་སྙམ་པའི་ངེས་པ་ཐོབ་ནས་ཉན་ཐོས་རྣམས་ལ་གཞི་ལྔས་ཆོས་སྟོན་པར་བྱེད་དེ། ཤེས་ལྡན་དག་དགེ་སྦྱོང་གཽ་ཏ་མ་ནི་ཞོ་དང་འོ་མ་ལ་ལོངས་སྤྱོད་དེ། དེང་ཕྱིན་ཆད་བདག་ཅག་གིས་ལོངས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེས་བེའུ་རྣམས་ལ་གནོད་པར་འགྱུར་བས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ཤ་ལ་ལོངས་སྤྱོད་དེ། །བདག་ཅག་གིས་ལོངས་སྤྱད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་སྲོག་ཆགས་དག་གསོད་པར་འགྱུར་བས་སོ། །དགེ་སྦྱོང་གཽ་ཏ་མ་ནི་ལན་ཚྭ་ལ་ལོངས་སྤྱོད་དེ། །བདག་ཅག་གིས་ལོངས་སྤྱོད་པར་མི་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། རྡུལ་ཁྲོད་ནས་བྱུང་བའི་ཕྱིར་རོ། །དགེ་སྦྱོང་གཽ་ཏ་མ་ནི་རས་ཁ་ཚར་བཅད་པ་དག་གྱོན་ཏེ། བདག་ཅག་གིས་ཁ་ཚར་རིང་པོ་དག་བགོའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེས་རས་འཐག་པ་དག་གི་སྐྱེས་བུའི་རྩལ་དོན་མེད་པར་འགྱུར་བས་སོ། །དགེ་སྦྱོང་གཽ་ཏ་མ་ནི་དགོན་པ་ན་གནས་ཏེ། བདག་ཅག་གྲོང་དུ་གནས་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། གཞི་དེ་ལས་མི་རྣམས་ཀྱི་སྦྱིན་པའི་ཆོས་ལ་ལོངས་མ་སྤྱད་པར་འགྱུར་བས་སོ་ཞེས་འཆད་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་བརྒྱད་པ་དགེ་སློང་མས་རྩེ་འདོད་ཀྱིས་ཤ་ཁུ་ལ་བམ་ཏོལ་གྱིས་རྡེག་ན་ན་བ་དང་མི་ན་བའི་ཁྱད་པར་གྱིས་ཉེས་བྱས་དང་ལྟུང་མེད་དུ་གསུངས་པས་ཀྱང་ཤ་བཟའ་རུང་བར་ཤེས་པའི་ཚུལ་ཡོད་དེ། དགེ་སློང་མ་མི་ན་བས་རྩེ་འདོད་ཀྱིས་ཤ་ཁུ་ལ་བམ་ཏོལ་གྱིས་རྡེག་ན་ཉེས་བྱས་དང་ན་བས་རྡེག་ན་ལྟུང་མེད་དུ་གསུངས་པས་ཀྱང་ཤ་ཁུ་བཏུང་རུང་བ་ཤེས་པ་གང་ཞིག། བཏུང་མི་རུང་ན་ཤ་ཁུ་དེར་འཇོག་པའི་གཏམ་མི་འབྱུང་བའི་ཕྱིར། གྲུབ་སྟེ། དགེ་སློང་མའི་འདུལ་བ་ལུང་རྣམ་འབྱེད་ལས། ཐ་ན་བུམ་པའི་ཆུ་ལ་སོར་མོའི་བམ་ཏོལ་གྱི་རྡེག་ན་ཡང་ཉེས་བྱས་སོ། །དེ་བཞིན་དུ་ཆུ་སྣོད་དང་། ཤ་ཁུ་དང་། འབྲས་ཁུ་དང་། ཐུག་པ་ཡང་ངོ་། །ནད་པས་རྩེ་བའི་བསམ་པས་ཐུག་པའམ་ཤ་ཁུ་ལ་བམ་ཏོལ་གྱིས་རྡེག་པ་ལ་ནི་ལྟུང་བ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་དགུ་བ་སྦྱིན་བདག་གིས་དངོས་རྫས་དགེ་སློང་ལ་ཕུལ་བས་ཤ་སྐམ་དང་ཤ་ཁུ་ཉོ་རུང་བར་བཤད་པས་ཀྱང་ཤ་བཟའ་རུང་བར་ཤེས་པའི་ཚུལ་ཡོད་དེ། དགེ་སློང་གིས་ཀར་ཤ་པ་ཎི་སྟེ་དངུལ་ལོ་ལ་རེག་པ་དང་འཆང་མི་རུང་པས་སྦྱིན་བདག་བཙུན་མོ་ཕྲེང་ལྡན་མས་ཀར་ཤ་པ་ཎི་འགའ་ཉེ་འཁོར་གྱི་སྤོས་ཚོང་པ་གཞན་པའི་ལག་པར་བཞག་སྟེ་དགེ་སློང་རྣམས་ལ་ཅི་འདོད་ཉོས་ཤིག་ཅེས་བགོས་པ་ན་དགེ་སློང་དག་གི་ལ་ལས་ཁུར་སྐམ་དང་། ཁ་ཅིག་གིས་ཤ་ཁུ་དང་། འགའ་རེས་ཤ་སྐམ་དང་། ལ་ལས་ཤ་ཁུ་ཁྲོལ་བུ་དགོས་ཞེས་གཙེས་པ་ན་སྤོས་ཚོང་པ་དེས་དགེ་སློང་དག་ལ་ཁོ་རང་ཁུར་བ་བཟོ་མཁན་དང་ཟས་གཡོ་མཁན་མིན་པས་ཀར་ཤ་པ་ཎི་ཁྱེར་ལ་ཞུད་ཅིག་སྨྲས་པ་ན་ཚུལ་དེ་བཅོམ་ལྡན་འདས་ལ་དྲིས་པས་བཅོམ་ལྡན་འདས་ཀྱིས་སྦྱིན་བདག་ལ་ཡིད་གཏད་དེ་ཀར་ཤ་པ་ཎི་བླངས་ནས་ཅི་འདོད་དུ་སྤྱོད་ཆོག་པར་གསུངས་པ་གླིང་གཞི་དང་བཅས་པ་དེས་ཤ་ཁུ་དང་། ཤ་སྐམ་དང་། ཤ་ཁུ་ཁྲོལ་བུ་རྣམས་ཉོ་དགོས་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་དེ་དག་མ་ཉོ་མ་གསུངས་པ་དེས་ཤ་བཟའ་རུང་བར་ཤེས་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་ཕྲན་ཚེགས་ལས། འཕགས་པ་གལ་ཏེ་དེ་ལྟ་ན་ཅིའི་སླད་དུ་དགེ་སློང་མི་བྱོན། ཞེས་པ་ནས། དེ་ན་དགེ་སློང་ཁ་ཅིག་ནི་སོང་ནས་སྨྲས་པ། བཞིན་བཟང་ཁོ་བོ་ཅག་ལ་ཁུར་སྐམ་དང་། ཁུར་བ་དང་། ཤ་ཁུ་དག་བྱོས་ལ་བྱིན་ཅིག། ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ལ་ཁུར་བ་དང་ཤ་སྐམ་བྱིན་ཅིག། ཁ་ཅིག་གིས་སྨྲས་པ། ཁོ་བོ་ཅག་ལ་ཤ་ཁུ་ཁྲོལ་བུ་དང་ཚོགས་པ་བྱིན་ཅིག། ཅེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་བདག་ལ་ཡིད་བརྟན་ཏེ་ཀར་ཤ་པ་ཎི་དག་བླངས་ནས་ཅི་འདོད་པར་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ལ་འགྱོད་པར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་བཅུ་བ་སྦྱིན་བདག་གིས་དགེ་སློང་ལ་ཤ་ཁུ་ལོངས་ཤིག་ཅེས་ནད་གཡོག་ལ་བསྐུར་བ་ན་དགེ་སློང་གིས་འདུལ་བ་མ་ཤེས་པར་དེ་ལྟར་བླང་ན་ཕམ་པ་འབྱུང་བར་འདོད་ནས་འགྱོད་དེ་བཅོམ་ལྡན་འདས་ལ་ཞུས་པ་ན་སྟོན་པས་ཕམ་པ་མིན་པར་དེ་ལྟར་བླང་ཡང་སྐྱོན་མེད་པར་གསུངས་པ་ལས་ཤ་ཁུ་ལེན་མི་རུང་མ་གསུངས་པས་ཤ་བཟའ་རུང་བར་ཤེས་པའི་རྒྱུ་མཚན་ཡོད་དེ། དགེ་སློང་ཚོང་པ་རྣམས་ལ་གྲགས་ཆེ་བ་ཞིག་ཡོད་པ་ལ་ཚོང་དཔོན་ཞིག་གིས་ཅི་དགོས་པ་སྟབས་པའི་ཁས་ལེན་བྱས། དེ་ནས་དགེ་སློང་གི་ནད་གཡོག་པས་ཚོང་པ་དེ་ལ་མཁན་པོ་ལ་མར་ཞིག་དགོས་ཞེས་བསླངས། ཚོང་བས་དེ་ལ་མར་བྲེ་གང་བྱིན་ནས་སྲན་ཁུ་དང་ཤ་ཁུ་ཅི་དགོས་སྣོམས་ཤིག་སྨྲས་པ་དང་། ནད་གཡོག་གིས་མར་དང་སྲན་ཁུ་དང་ཤ་ཁུ་བླུགས། དེ་རྗེས་ཚོང་པས་དགེ་སློང་ལ་འཕྲིན་བསྤྲིངས་ནས། ཁོང་ལ་བདག་གིས་མར་ནི་སྔར་བསྐུར་ཡོད་པ་དང་། ད་དུང་སྲན་ཁུ་དང་ཤ་ཁུ་གང་དགོས་ལོངས་ཤིག་ཅེས་སྨྲས་པ་ལ། དགེ་སློང་དེས་འདུལ་བ་མ་ཤེས་པས་ཚོང་པ་ལས་དེ་ལྟར་བླངས་པ་དེ་ཕམ་པའི་ཉེས་པ་བྱུང་ཞེས་སྨྲས་པ་ལ། ནད་གཡོག་པས་ཚོང་པས་རང་མོས་ཀྱིས་གང་འདོད་བསྟབ་པར་ཁས་བླངས་ཚུལ་སྨྲས། དགེ་སློང་འགྱོད་དེ་བཅོམ་ལྡན་འདས་ལ་ཞུས་པ་ལ། སངས་རྒྱས་ཀྱིས་ཉེས་པར་མེད་པ་གསུངས་པ་ལས་ཤ་ཁུ་ལེན་མི་རུང་པར་མ་གསུངས་པ་དང་། སྦྱིན་བདག་གིས་སྲན་ཁུ་དང་ཤ་ཁུ་ཅི་དགོས་ཁྱེར་ཟེར་བ་དང་། ནད་གཡོག་གིས་སྲན་ཁུ་དང་ཤ་ཁུ་ཅུང་ཟད་བླུགས་པ་སོགས་ཀྱིས་ཤ་བཟའ་རུང་བ་ཤིན་ཏུ་གསལ་བ་གང་ཞིག། གལ་ཏེ་ཤ་བཟའ་མི་རུང་ན་དེ་ལྟར་ཕུལ་བར་ཁས་བླངས་ན་ཅི་དགོས་འཁྱེར་རུང་མོད་ཤ་ཁུ་ལེན་མི་རུང་གསུངས་རིགས་པ་ལ་མ་གསུངས་པའི་ཕྱིར། གྲུབ་སྟེ། འདུལ་བ་གཞུང་དམ་པ་ལས། དགེ་སློང་བསོད་ནམས་ཆེ་བ་ཚོང་པ་རྣམས་ལ་གྲགས་པ་དེ་ལ་ཚོང་པ་གཞན་ཞིག་གིས་ཞེས་པ་ནས། བཙུན་པ་སྲན་མའི་ཁུ་བའམ་ཤ་ཁུའམ་རུང་སྟེ་ཅི་དགོས་འདི་ནས་སྣོམས་ཤིག་ཅེས་སྨྲས་པ་དང་། དེ་ལྟར་བགྱིའོ་ཞེས་སྨྲས་ནས་དགེ་སློང་དེས་མར་དེ་དགེ་སློང་དེའི་སྲན་མའི་ཁུ་བ་དང་ཤའི་ཁུ་བ་རྣམས་སུ་ཅུང་ཟད་བླུགས་སོ། །ཇི་ཙམ་ཞིག་ན་ཚོང་པ་དེ་དགེ་སློང་དེ་ལ་འཕགས་པ་ཁོ་བོས་ཁྱོད་ལ་མར་ནི་སྔར་བསྐུར་རོ། །དེ་སྟེ་གཞན་ཡང་སྲན་མའི་ཁུ་བའམ་ཤ་ཁུ་ཡང་རུང་སྟེ་ཅི་དགོས་པ་དེ་དག་ལོངས་ཤིག་ཅེས་སྤྲིང་བ་དང་། ཞེས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ་དེ་ནས་འདི་དང་འདི་བླང་ངོ་ཞེས་དྲིས་ཏེ་སོང་ཞིག། ཅེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་བཅུ་གཅིག་པ་སྨན་གྱི་ཕྱིར་དུ་དགེ་སློང་གིས་ཤ་རྗེན་བཟའ་རུང་བར་བཤད་པས་ཤ་འཚོད་པ་བཟའ་རུང་བ་ཤེས་པ་ཡོད་དེ། ཤ་གཏན་ནས་བཟའ་མི་རུང་ན། ནད་པས་ཤ་རྗེན་བཟའ་དགོས་བྱུང་ནའང་ཤ་མ་བཟའ་བར་གྱིས་ཟེར་རིགས་པ་ལ་དེ་ལྟར་ཤ་གཏན་ནས་ཁ་ལ་ལེན་མི་རུང་བར་མ་གསུངས་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དེ་ལྟ་བས་ན་དགེ་སློང་བྱེ་མ་སྐྱེས་ཀྱི་དཔྱད་དེ་སྨན་པ་ལ་དྲིས་ལ་བྱོས་ཤིག །སྨན་པའི་དྲུང་དུ་དོང་ནས་བཞིན་བཟང་དགེ་སློང་ཞིག་འདི་འདྲ་བའི་ནད་ཀྱིས་ཐེབས་ཀྱིས་དེའི་སྨན་སྟོན་ཅིག། དེས་སྨྲས་པ། འཕགས་པ་དག་ཤ་རྗེན་འཚལ་དུ་སྩོལ་ཅིག་དང་སོས་པར་འགྱུར་རོ། །བཞིན་བཟང་དེ་ཅི་འདྲེ་ཡིན་ནམ། འཕགས་པ་དེའི་སྨན་འདི་ལགས་ཏེ་གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་པའི་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་སྨན་པ་ན་རེ་དེའི་སྨན་འདི་ཡིན་ཏེ། གཞན་གྱིས་ནི་སོས་པར་མི་ནུས་སོ་ཞེས་ཟེར་ན་ཤ་རྗེན་པ་སྦྱིན་པར་བྱའོ། །དགེ་སློང་དག་གིས་དེ་བཞིན་དུ་བྱིན་པ་དང་། དེ་བཟར་མ་བཏུབ་བོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་རས་ཀྱིས་བཀབ་ལ་སྦྱིན་པར་བྱའོ། །ཞེས་དང་། འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དྲེད་མོ་ཞེས་བྱ་བའི་སྲོག་ཆགས་ཤིག་ཡོད་དེ། དེས་ཤ་ཇི་ལྟར་ཟོས་པ་དེ་བཞིན་དུ་འབྱུང་གིས་དེ་ལྟ་བས་ན་རྗེས་སུ་གནང་བ་ནི་དྲེད་མོས་ཟོས་པའི་ཤ་ལས་ཁུ་ཤར་བྱོས་ཏེ་བྱིན་ཅིག། དེ་ལ་ཐེ་ཚོམ་མ་བྱེད་ཅིག། དེ་དག་གིས་དྲེད་མོས་ཟོས་པའི་ཤ་ལས་ཁུ་ཤར་བྱས་ཏེ་བྱིན་ཡང་སོས་པར་མ་གྱུར་ནས་དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང་། དེས་འཕགས་པ་དག་དེ་ནི་རོ་ཡལ་ཟིན་པས་ཤ་སར་པ་ལས་བྱས་པ་བྱིན་ཅིག་དང་སོས་པར་འགྱུར་རོ་ཞེས་སྨྲས་སོ། །ཞེས་གསུངས་པའི་ཕྱིར་རོ།།

འདུལ་བ་ལུང་གཞི་ལས། གང་གི་ཚེ་སོས་པར་གྱུར་པ་དེའི་ཚེ་བསླབ་པ་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་བྱའོ། །ལོངས་སྤྱོད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པ་དང་། འདུལ་བ་གཞུང་དམ་པ་ལས། བཙུན་པ་ཤ་རྗེན་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཞེས་གསུངས་པ་དེས་ནད་དབང་སོགས་མིན་ན་རབ་བྱུང་གིས་ཤ་རློན་པའམ་རྗེན་པ་བཟའ་མི་རུང་བར་བཤད་ལ། དེ་ཟོས་ན་དགེ་འདུན་དབྱེན་གྱི་ཕྱོགས་གཏོགས་ཀྱི་ཉེས་བྱས་ཡིན་པར་གསུངས་སོ།།

རྒྱུ་མཚན་བཅུ་གཉིས་པ་དགེ་སློང་ནད་པས་བཟའ་རུང་བའི་ཤ་རྗེན་དེ་གང་ལས་ལེན་དགོས་པ་ཡང་གསལ་བར་གསུངས་པས་ཤ་བཟའ་རུང་བར་ཤེས་པའི་རྒྱུ་མཚན་ཡོད་དེ། ཤ་གཏན་ནས་བཟའ་མི་རུང་ན་ཤ་མ་ཟ་ཞིག་གསུངས་རིགས་པ་ལས་ཤ་དེ་གང་ལས་ལེན་གསུངས་པ་མི་རིགས་པའི་ཕྱིར་དང་། ཤ་དེ་གང་ལས་ལེན་དགོས་པ་སྟོན་པ་ཉིད་ཀྱིས་བསླབ་པས་ཀྱང་ཤ་བཟའ་རུང་བར་ཤེས་པའི་ཕྱིར། གྲུབ་སྟེ། གཞུང་དམ་པ་ལས། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པཱ་ལིས་ཞུས་པ། བཙུན་པ་བཅོམ་ལྡན་འདས་ཀྱིས་དགེ་སློང་སེ་ཀ་ཏ་བྲོ་འཚལ་བ་ལ་ཤ་རྗེན་བྱིན་ཅིག་ཅེས་གསུངས་ན། བཙུན་པ་སུ་ལས་བླང་བར་བགྱི། ཨུ་པཱ་ལི་དེ་ནི་ཤ་འཚོང་བ་རྣམ་པ་ལྔ་ལས་སོ། །རྣམ་པ་ལྔ་གང་ཞེ་ན། ཤན་པ་དང་། ཁྱིམ་བྱ་གསོད་པ་དང་། རི་བྱ་གསོད་པ་དང་། ཕག་གསོད་པ་དང་། རི་དྭགས་གསོད་པ་རྣམས་སོ། །འོ་ན་བཙུན་པ་སུས་བླང་ཞིང་བྱིན་ལེན་བགྱི། ཨུ་པཱ་ལི་དགེ་བསྙེན་དད་པས་སོ། །ཞེས་གསུངས་པའི་ཕྱིར་རོ།།

སྤྱིར་བཏང་རབ་བྱུང་ནད་པ་ལ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཕུད་བཅས་པའི་ཁ་ན་མ་ཐོ་བ་ཡོད་དོ་ཅོག་ལས་ཆང་འཐུང་བ་མ་གཏོགས་པ་ཐམས་ཅད་གནང་བའི་སྐབས་ཡོད་ལ། བྱེ་བྲག་ཏུ་དགེ་སློང་ལ་ནད་བྱུང་སྟེ་གསོ་བྱེད་ལ་ཤ་རྗེན་ཏེ་ཤ་རློན་པ་མཁོ་ན་བཟའ་རུང་བར་བཤད་པ་དེས་དགེ་སློང་གིས་ཤ་བཟའ་རུང་བའི་སྒྲུབ་བྱེད་དུ་མི་འགྱུར་ཞེ་ན། དེ་བདེན་མོད། ཤ་ཟ་བ་རང་བཞིན་གྱི་སྡིག་པ་ཡིན་ཟེར་བ་དག་ལྟར་ན་རབ་བྱུང་ཡིན་ན་ཤ་གཏན་ནས་མ་གནང་བ་ཡིན་དགོས་ཀྱང་། དེ་ལྟ་མ་ཡིན་པ་དེའི་ཕྱིར་ན་ཤ་ཡིན་ཟིན་ནས་བཟའ་མི་རུང་བ་མིན་པ་ནི་གྲུབ་བོ།།

རྒྱུ་མཚན་བཅུ་གསུམ་པ་ཤ་ཡི་གསོལ་ཚིགས་འགྲིམ་ན་འདི་ཅི་ཞིག་གི་ཤ་ཡིན་ཞེས་དྲི་དགོས་པར་བཤད་པ་དེས་ཤ་ཙམ་བཟའ་རུང་བར་ཤེས་པའི་ཚུལ་ཡོད་དེ། འདུལ་བ་ལས་ཁྱིམ་བདག་སྡེ་ཆེན་གྱིས་བྲམ་ཟེའུའི་བུའི་ནད་གསོ་བའི་ཕྱིར་ཏུ་ཤ་གཞན་མ་རྙེད་ནས་རང་གི་ལུས་ལས་ཤ་བཅད་དེ་བྱིན་པའི་གཞི་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་གལ་ཏེ་ཤའི་ཁ་ཟས་དྲང་ན་ཐོག་མར་ཤ་དེ་སྲོག་ཆགས་ཅི་ཞིག་གི་ཤ་ཡིན་ཞེས་གྲལ་གོང་གི་གནས་བརྟན་གྱིས་འདྲི་དགོས་པ་དང་། དེས་བརྗེད་ན་དེའི་འཕྲོ་ན་གནས་པའི་དགེ་སློང་གི་འདྲི་དགོས་པ་ལས་མ་དྲིས་པར་ཟོས་ན་འགལ་ཚབས་ཅན་དུ་འགྱུར་བར་གསུངས་པ་དེས་ཤ་ཙམ་བཟའ་རུང་བ་ཤེས་པའི་ཕྱིར་ཏེ། གལ་ཏེ་ཤ་གཏན་ནས་ཟ་མི་རུང་ན་འདི་ཅི་ཡི་ཤ་ཞེས་དྲི་དགོས་ཚུལ་མེད་ལ། ཟས་དེ་ཤ་ཡིན་ན་མི་བཟའོ་ཞེས་ཟེར་རིགས་མོད་དེ་ལྟར་མ་གསུངས་པའི་ཕྱིར། གྲུབ་སྟེ། འདུལ་བ་ལུང་གཞི་ལས། དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་གིས་ཤ་འགྲིམ་པར་བྱེད་ན་འདི་ཅིའི་ཤ་ཞེས་དྲི་བར་བྱའོ། །གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་མ་སྤོབས་ན་གནས་བརྟན་གཉིས་པས་དྲི་བར་བྱའོ། །དགེ་འདུན་གྱི་གནས་བརྟན་གྱིས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ་འཇུག་པར་མི་བྱེད་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་བཅུ་བཞི་པ་དགེ་སློང་གིས་མི་ཤ་དང་སེང་གེ་དང་གླང་པོོ་ཆེ་སོགས་ཀྱི་ཤ་བཟའ་མི་རུང་བར་བཤད་པས་ཤ་ཙམ་བཟའ་རུང་བར་ཤེས་པ་ཡོད་དེ། རབ་བྱུང་གིས་ཤའི་ཁ་ཟས་གཏན་ནས་བཟའ་མི་རུང་ན་ཤ་བཟའ་བར་མི་བྱའོ་ཞེས་ཚིག་གཅིག་གིས་དགག་རིགས་པ་ལ་དེ་ལྟར་མ་བཀག་པར་མི་ཤ་དང་། སེང་གེའི་ཤ་དང་། གླང་པོ་ཆེའི་ཤ་དང་། རྟ་ཡི་ཤ་དང་། ཁྱིའི་ཤ་དང་། འུག་པ་དང་བྱ་རོག་སོགས་འདབ་ཆགས་ཀྱི་ཤ་ལ་སོགས་པ་བཟའ་མི་རུང་བ་དམིགས་སུ་བཀར་ནས་གསུངས་པ་ལ་དགོས་པ་མེད་མོད། དེ་ལྟར་དེ་དག་ལོགས་སུ་དམིགས་དགར་གྱིས་མི་རུང་བར་གསུངས་པ་དེས་ཤ་ཙམ་བཟའ་རུང་བར་ཤིན་ཏུ་གསལ་བའི་ཕྱིར། དེ་ལྟར་མི་ཤ་སོགས་བཀག་པ་ཡོད་དེ། འདུལ་བ་ལུང་གཞི་ལས། དགེ་སློང་དག་ཤ་རྣམས་ཀྱི་ནང་ནས་ནི་འདི་ལྟ་སྟེ། མིའི་ཤ་ཐ་ཆད་ཡིན་ནོ། །དེ་ལྟ་བས་ན་དགེ་སློང་གིས་མི་ཤ་བཟའ་བར་མི་བྱའོ། །དགེ་སློང་གིས་མི་ཤ་ཟོས་ན་ལྟུང་བ་སྦོམ་པོར་འགྱུར་རོ། །ཞེས་དང་། འདུལ་བ་གཞུང་དམ་པ་ལས། མདོར་ན། འུག་པ་འོལ་བ་བྱ་རྒོད་དང་། །བྱ་རོག་ཀང་ཀ་ཆུ་སྐྱར་མོ། །མི་རོ་ཟ་བའི་བྱ་རྣམས་དང་། །སེན་མོ་མཆུ་སྟོབས་གང་ལྡན་པའོ། །བཙུན་པ་འུག་པའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཞེས་སོགས་ནས། སྲོག་ཆགས་ཀན་དུ་ཤ་དང་པད་པ་དང་། །སྲིན་བུ་སྦལ་པའང་དེ་བཞིན་ཏེ། །སྲེ་མོ་སྦྲུལ་དང་གོ་དྷ་དང་། །སྦལ་པ་དཀར་པོ་བོང་བུ་རྔ་མོ་སྦས། །བཙུན་པ་སྲོག་ཆགས་ཀན་དུ་ཤའི་ཤ་འཚལ་དུ་རུང་ངམ། ཨུ་པཱ་ལི་མི་རུང་ངོ་། །ཞེས་སོགས་དང་། འདུལ་བ་ལུང་གཞི་ལས། དགེ་སློང་དག་གླང་པོ་ཆེའི་ཤ་ལོངས་སྤྱད་པར་མི་བྱའོ། །ལོངས་སྤྱད་ན་འགལ་ཚབས་ཅན་དུ་འགྱུར་རོ། །གླང་པོ་ཆེའི་ཤ་ཇི་ལྟ་བ་བཞིན་དུ་རྟའི་ཤ་ཡང་དེ་དང་འདྲའོ། །ཞེས་དང་། དགེ་སློང་དག། དེ་ལྟ་བས་ན་དགེ་སློང་གིས་ཀླུའི་ཤ་བཟའ་བར་མི་བྱའོ། །ཟ་ན་འགལ་ཚབས་ཅན་དུ་འགྱུར་རོ། །ཞེས་དང་། འདུལ་བ་གཞུང་དམ་པ་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དགེ་སློང་དག་སྲོག་ཆགས་དྲེའུའི་ཤ་ཟོས་པ་ནི་ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན་དགེ་སློང་དག་གིས་སྲོག་ཆགས་རྨིག་ཟླུམ་ཤ་མ་ཟ་ཞིག། དེ་སྟེ་ཟོས་ན་འདས་པ་དང་བཅས་པར་འགྱུར་རོ། །ཞེས་དང་། འདུལ་བ་མདོ་རྩ་བ་ལས། སྟག་གི་གོད་མ་བཟའ་བར་མི་བྱའོ། །གླང་པོ་ཆེ་དང་། རྟ་དང་ཀླུ་རྣམས་ཀྱི་མི་བཟའོ། །རྨིག་གཅིག་པ་དང་ཝ་དང་སྤྲེའུ་དང་ཤིང་རྟ་མོ་དང་བྱ་རོག་དང་བྱ་རྒོད་དང་ཆུ་སྐྱར་དང་ཁྱི་དང་བྱེའུ་ཁྲ་དང་འུག་པ་དང་། དེ་དག་ལས་གཞན་པའི་བྱ་མི་རོ་ཟ་བ་དག་དང་། བྱ་གར་དང་ཕ་ཝང་དང་སྐྱིན་གོར་དང་དྲིའུ་སྲིན་དང་སྲིན་བུ་རྣམས་ཀྱི་ཡང་མི་བཟའོ། །ཞེས་གསུངས་པའི་ཕྱིར་རོ།།

འདིར་སྲོག་ཆགས་རྨིག་ཟླུམ་ཞེས་གསུངས་པ་དེས་ར་དང་། ལུག་དང་། གཡག་དང་། བ་ལང་དང་། མ་ཧེ་དང་། ཕག་དང་། རི་དྭགས་སྣ་ཚོགས་སོགས་རྨིག་པ་ཁ་བྲག་ཅན་གྱི་ཤ་བཟའ་རུང་བར་ནི་འདུལ་ལུགས་སུ་འཁུམས་སོ།།

དེས་ན་འདུལ་ལུགས་ལ་ས་ག་ལྷའི་འདུལ་བ་མེ་ཏོག་ཕྲེང་རྒྱུད་ལས། ཤ་དང་ཉ་སོགས་འཇིག་རྟེན་ན། །དམ་པའི་སྐྱེ་བོས་མ་སྨད་གང་། །ལྷུང་བཟེེད་འོངས་པ་དེ་བཟའ་སྟེ། །དེ་འདྲས་ལྟུང་བར་མི་འགྱུར་རོ། །ཞེས་དང་། གང་ཞིག་སྲོག་གནས་ཆེད་དུ་ནི། །ཤ་ཟ་བ་ལ་ཉེས་པ་མེད། །ཅེས་གསུངས་པའི་ཕྱིར་ན་ཤ་བཟའ་རུང་བ་ནི་སྤྱི་སྡོམ་འདི་གཅིག་པུས་ཤེས་པ་དང་། དེ་ཡང་རྣམ་གསུམ་དག་པའི་ཤ་ཡིན་པ་ལས་རྣམ་གསུམ་མ་དག་པའི་ཤ་ནི་བཟའ་མི་རུང་བ་ཡང་། དེ་ཉིད་ལས། གང་ཞིག་ཆེད་དུ་བྱས་པའི་ཤ། །མཐོང་ངམ་ཐོས་སམ་དོགས་པ་ནི། །ནམ་ཡང་བཟའ་བར་བྱ་མིན་པར། །འགྲོ་ཀུན་ཕན་པར་བཞེད་པས་གསུངས། །ཞེས་གསུངས་པ་དེས་ཤེས་སོ།།

རྒྱུ་མཚན་བཅོ་ལྔ་པ་ཤ་བཟའ་མི་རུང་བར་བཤད་པའི་ཐེག་པོ་ཆེན་པོའི་མདོ་སྡེ་དག་ལས་ཀྱང་སྔར་རྣམ་གསུམ་དག་པའི་ཤ་བཟའ་བ་གནང་བར་ཚིག་དངོས་སུ་ཐོན་པའི་ཚུལ་ནི་འོག་ཏུ་ཐེག་པ་ཆེན་པོའི་མདོ་སྡེ་འགར་ཤ་བཀག་ཅིང་ཤ་ཟ་བའི་ཉེས་དམིགས་རྒྱ་ཆེར་གསུངས་པའི་ཚུལ་བཤད་པའི་སྐབས་སུ་འཆད་པར་བྱའོ།།

དེ་དག་ནི་རགས་པ་ཙམ་སྨོས་པ་ལས་རྒྱས་པ་ཞིབ་མོར་བགྱིས་ན་འདུལ་ལུང་སྡེ་བཞིར་རྣམ་གསུམ་དག་པའི་ཤ་ཙམ་བཟའ་རུང་བའི་ཁུངས་ནི་ཤིན་ཏུ་མང་ངོ་།།

མདོར་ན་རྨིག་པ་ཁ་བྲག་ཅན་གྱི་རིགས་དང་། ཉ་དང་། ཁྱིམ་བྱ་སོགས་ཀྱི་ཤ་ནི་རྣམ་གསུམ་དག་པའི་ཤ་ཡིན་ཚེ་རབ་བྱུང་གིས་བཟའ་རུང་བ་དང་། རྣམ་གསུམ་གྱིས་མི་དག་ན་ནི་དེ་དག་གི་ཤ་ཡང་བཟའ་མི་རུང་བ་དང་། རགས་རིམ་ཙམ་སྨོས་ཟིན་གྱི་བཟའ་མི་རུང་བར་གསུངས་པའི་སྲོག་ཆགས་དག་གི་ཤ་ནི་རྣམ་གསུམ་དག་མི་དག་ཟེར་བའི་དབྱེ་བསལ་གཏན་ནས་མེད་པར་བཟའ་མི་རུང་བ་ནི་འདུལ་བ་རྒྱ་མཚོའི་དགོངས་བཞེད་དྲི་མ་མེད་པ་ཡིན་ཏེ། འདུལ་བ་གཞུང་དམ་པ་ལས། མི་ཡི་ཤ་དང་ཆེད་དུ་ནི། །བསད་པར་གྱུར་པ་ཤེས་པ་དང་། །མི་རུང་བ་ཡི་ཤ་རྣམས་དང་། །འདི་རྣམས་ཀུན་ནི་བཟའ་མི་བྱ། །ཞེས་གསུངས་པའི་ཕྱིར་རོ།།

འདུལ་བའི་གཞུང་འདིར་གཙོ་བོ་དགེ་སློང་ཕ་མ་སྨོས་ཤིང་དེས་མཚོན་ནས་དགེ་ཚུལ་ཕ་མ་དང་། དགེ་སློབ་མ་སྟེ་རབ་བྱུང་གི་སྡེ་ལྔ་གས་རྣམ་གསུམ་དག་པའི་ཤ་མ་གཏོགས་བཟའ་མི་རུང་བར་གསུངས་པ་ལས་ཁྱིམ་པ་ལ་རུང་མི་རུང་གི་སྒྲོས་མ་བྱུང་བ་འདི་ཡིས་ནི་ཁྱིམ་པ་ལ་ཤ་ཟ་བ་མ་བཀག་པ་དང་། རྣམ་གསུམ་མི་དག་པའི་ཤ་བཟའ་བ་ནི་བཅས་པའི་ཁ་ན་མ་ཐོ་བ་ལས་རང་བཞིན་གྱི་ཁ་ན་མ་ཐོ་བ་མིན་པ་ནི་རྒྱུ་མཚན་འདི་དག་གིས་ཤེས་སོ།།

ཐེག་པ་ཆེན་པོའི་མདོ་སྡེ་འགར་ཤའི་ཉེས་དམིགས་རྒྱ་ཆེར་གསུངས་པ།

གཉིས་པ་ཐེག་པ་ཆེན་པོའི་མདོ་སྡེ་འགར་ཤ་བཀག་ཅིང་ཤ་ཟ་བའི་ཉེས་དམིགས་རྒྱ་ཆེར་གསུངས་པའི་ཚུལ་ལ་ནི། ལང་ཀར་གཤེགས་པའི་མདོ་ལས་བཀག་ཚུལ་དང་། མྱ་ངན་ལས་འདས་པའི་མདོ་ལས་བཀག་ཚུལ་དང་། སོར་མོའི་ཕྲེང་བ་ཅན་ལ་ཕན་པའི་མདོ་སོགས་ལས་བཀག་ཚུལ་དང་། ཤ་ཟ་བ་དགག་པའི་དམིགས་ཡུལ་གང་ཡིན་བཤད་པ་དང་། ཤ་ཟས་བཀག་པའི་ཐེག་ཆེན་གྱི་མདོ་དེ་དག་ལས་རྣམ་གསུམ་དག་པའི་ཤ་ཡང་མ་གནང་བའི་ཚུལ་དང་། ཐེག་པ་ཆེན་པོའི་མདོ་རེ་ཟུང་ལས་ཤ་བཟའ་རུང་བར་བཤད་པ་དང་། ཞར་བྱུང་གཞན་གྱི་སྨྲ་བ་དགག་པ་དང་། རང་གི་དོགས་པ་འགོད་པ་དང་བརྒྱད་ལས།

དང་པོ་ནི། ལང་ཀར་གཤེགས་པའི་མདོ་ལས་ཤ་བཟའ་མི་རུང་བར་བཀག་པའི་ཚུལ་ཡོད་དེ། ༡ དེ་ལས་སྲོག་ཆགས་རྣམས་སྐྱེ་བའི་དུས་ཡུན་རིང་པོར་ཕན་ཚུན་གཉེན་དུ་གྱུར་པས་ན་དོན་ལ་ཤ་ནི་གཉེན་གྱི་ཤ་ཡིན་པས་བཟའ་མི་རུང་བ་དང་། ༢ ཤན་པས་འཚོང་བའི་ཤ་ལ་ནི་བོང་བུ་དང་། དྲེའུ་དང་། རྔ་མོ་སོགས་སྲོག་ཆགས་སྣ་ཚོགས་ཀྱི་ཤ་འདྲེས་ཡོད་པས་མི་གཙང་བ་དང་། ༣ ཤ་ནི་ཕོ་མོའི་ཁུ་ཁྲག་ལས་གྲུབ་པས་མི་གཙང་བ་དང་། ༤ སེམས་ཅན་ཀུན་ཤ་ཟ་མཁན་དེ་ལ་འཇིགས་ཤིང་སྐྲག་པ་དང་ཐ་ན་ཁྱི་རྣམས་ཀྱང་བསྐྲགས་ནས་ཀུ་ཅོ་ཟུག་པས་ཤ་ཟན་ལ་རྨུག་པ་དང་། ༥ བྱམས་པའི་སེམས་མི་སྐྱེ་བ་དང་། ༦ འཕགས་པ་མ་ཡིན་པའི་སྐྱེ་བོ་དག་དགའ་ནས་བསྙེན་ཅིང་དྲི་མི་ཞིམ་ཞིང་སྙན་གྲགས་མེད་པར་བྱེད་པ་དང་། ༧ རིག་སྔགས་སྒྲུབ་པ་མི་འགྲུབ་ཅིང་ཐར་བ་ལ་གེགས་བྱེད་པ་དང་། ༨ སྲོག་གཅོད་ལ་གོམས་པ་དེ་ཉིད་གཞན་གྱི་གཟུགས་མཐོང་ཙམ་ནས་ཆགས་པ་སྐྱེ་བ་དང་། ༩ ལྷ་རྣམས་ཀྱིས་ཤ་ཟ་མཁན་དེ་སྤོང་བར་བྱེད་པ་དང་། ༡༠ ཁ་ནས་དྲི་མི་ཞིམ་པ་བྲོ་བ་དང་། ༡༡ རྨི་ལམ་ངན་པ་མང་བ་རྨི་བ་དང་། ༡༢ ཤ་ཟ་མཁན་དེ་དགོན་པའི་གནས་དབེན་པར་གནས་ཚེ་སྟག་ལ་སོགས་པས་ཤ་ཟ་མཁན་དེའི་དྲི་ཚོར་སླ་བ་དང་། ༡༣ ཟས་ཀྱི་ཚོད་མི་ཟིན་པ་དང་། ༡༤ རྣལ་འབྱོར་བ་རྣམས་འཁོར་བ་ལ་སྐྱོ་བའི་འདུ་ཤེས་མི་འབྱུང་བ་དང་། ༡༥ བཟའ་བཏུང་ཐམས་ཅད་བུའི་ཤ་དང་སྨན་གྱི་འདུ་ཤེས་འཇོག་དགོས་པར་རྟག་ཏུ་བཤད་པའི་ཕྱིར་ན་ཤ་བཟའ་མི་རུང་བ་དང་། ༡༦ འཕགས་པའི་སྐྱེ་བོས་ཤ་ཟ་མཁན་རྣམ་པར་སྤང་བར་འགྱུར་བ་དང་། ༡༧ འཕགས་པ་རྣམས་ཀྱིས་དྲང་སྲོང་གི་ཟས་ཟ་བ་ལས་ཤ་ཁྲག་གི་ཟས་མི་ཟ་བས་རྗེས་སུ་སློབ་ཕྱིར་དང་། ༡༨ སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བ་དང་བསྟན་པ་ལ་སྐུར་བ་སྤང་བའི་ཕྱིར་དང་། ༡༩ ཤ་ནི་མི་ཤི་བའི་རོ་དྲི་མི་ཞིམ་པ་དང་ཟོས་ན་མི་འཕྲོད་པ་དང་འདྲ་བ་དང་། ༢༠ སྲོག་ཆགས་ཀྱི་ཤ་བསྲེགས་པ་དེ་ཡང་མི་ཤ་བསྲེགས་པ་དང་ཁྱད་པར་མེད་པའི་དྲི་ངན་པ་གནམ་ཞིང་མི་གཙང་བ་དང་། ༢༡ ཁྱིམ་དང་དབེན་པར་གནས་ཀྱང་མི་མ་ཡིན་རྣམས་ཀྱིས་མདངས་འཕྲོག་ཅིང་གནོད་པ་བྱེད་པ་དང་། ༢༢ ཤ་ཟོས་པས་ཟས་ཟ་ཆེས་པས་མི་འཇུ་བའི་ནད་དང་མཛེ་ལ་སོགས་པའི་ནད་འབྱུང་སླ་བ་ལ་སོགས་པ་ཉེས་པ་རྒྱ་ཆེན་པོ་མངའ་བས་ཤ་མི་བཟའ་བར་གསུངས་པའི་ཕྱིར།

རྒྱུ་མཚན་དང་པོ་གྲུབ་སྟེ། འཕགས་པ་ལང་ཀར་གཤེགས་པའི་མདོའི་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་ལས། བློ་གྲོས་ཆེན་པོ་རྒྱུ་དང་རྐྱེན་ཚད་མེད་པའི་ཕྱིར་ཤ་རྣམས་བཟའ་བར་མི་བྱ་སྟེ། འོན་ཀྱང་འདིར་ཁྱོད་ལ་མདོ་ཙམ་ཞིག་བཤད་པར་བྱའོ། །འདི་ལྟ་སྟེ། སྲོག་ཆགས་རྣམས་ནི་ཡུན་རིང་པོ་ནས་ཕན་ཚུན་གྱི་རྒྱུ་རྐྱེན་གྱིས་རྟག་པར་གཉེན་དུ་གྱུར་ཏེ། འདི་ལྟར་གཉེན་དུ་གྱུར་པའི་འདུ་ཤེས་ཀྱི་ཕྱིར་ཤ་རྣམས་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་གྲུབ་སྟེ། དེ་ཉིད་ལས། བོང་བུ་དང་། དྲེའུ་དང་། རྔ་མོ་དང་། ཝ་དང་། ཁྱི་དང་། གླང་དང་། རྟ་དང་། མི་དང་། གཅན་གཟན་གྱི་ཤ་ལ་སོགས་པ་ནི་ཤན་པ་དག་འདྲེས་པར་འཚོང་བར་བྱེད་པ་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།།

གསུམ་པ་གྲུབ་སྟེ། དེ་ཉིད་ལས། ཤ་ནི་ཁུ་ཆུ་དང་ཁྲག་ལས་བྱུང་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་གྲུབ་སྟེ། དེ་ཉིད་ལས། སེམས་ཅན་གྱིས་དེའི་དྲི་ཚོར་ན་ཡང་ཐམས་ཅད་འཇིགས་ཤིང་སྐྲག་པར་འགྱུར་ཏེ། ཤན་པ་དང་། གདོལ་བ་ལ་སོགས་པ་བཞིན་དུ་ཁྱི་རྣམས་ཀྱིས་མཐོང་ན་ཡང་དེ་ལ་སྔངས་ཤིང་འཇིགས་པས་ཁྱིས་ཟུགས་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

ལྔ་བ་གྲུབ་སྟེ། དེ་ཉིད་ལས། གཞན་ཡང་རྣལ་འབྱོར་པ་རྣམས་ཀྱི་བྱམས་པའི་སེམས་སྐྱེ་བར་མི་བྱེད་པའི་ཕྱིར་ཤ་བཟའ་བར་མི་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དྲུག་པ་གྲུབ་སྟེ། དེ་ཉིད་ལས། འཕགས་པ་མ་ཡིན་པའི་སྐྱེ་བོ་དག་བརྐམ་ཞིང་དྲི་མི་ཞིམ་པར་འགྱུར་ལ་སྙན་པའི་གྲགས་པ་མེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བདུན་པ་གྲུབ་སྟེ། དེ་ཉིད་ལས། རིག་སྔགས་རྣམས་སྒྲུབ་པ་འགྲུབ་པར་མི་འགྱུར་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བརྒྱད་པ་གྲུབ་སྟེ། དེ་ཉིད་ལས། འདི་ལྟར་སྲོག་གཅོད་པ་ནི་གཟུགས་མཐོང་མ་ཐག་ཏུ་མངོན་པར་ཆགས་པའི་སེམས་བསྐྱེད་པར་བྱེད་པའི་ཕྱིར་ཤ་མི་ཟའོ། །ཞེས་གསུངས་པའི་ཕྱིར་རོ།།

དགུ་བ་གྲུབ་སྟེ། དེ་ཉིད་ལས། གང་ཤ་ཟ་བ་དེ་དག་ལ་ནི་ལྷ་རྣམས་ཀྱིས་སྤོང་བར་བྱེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཅུ་བ་གྲུབ་སྟེ། དེ་ཉིད་ལས། ཁའི་དྲི་མི་ཞིམ་པར་འགྱུར་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཅུ་གཅིག་པ་གྲུབ་སྟེ། དེ་ཉིད་ལས། རྨི་ལམ་ངན་པ་མང་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཅུ་གཉིས་པ་གྲུབ་སྟེ། དེ་ཉིད་ལས། དགོན་པའི་གནས་ནགས་ཚལ་དག་ན་གནས་པའི་སྟག་དང་སྤྱང་ཀི་ལ་སོགས་པས་དྲི་ཚོར་བར་འགྱུར་བའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཅུ་གསུམ་པ་གྲུབ་སྟེ། དེ་ཉིད་ལས། ཟས་ཀྱི་ཚོད་མི་ཟིན་པར་བྱེད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཅུ་བཞི་བ་གྲུབ་སྟེ། དེ་ཉིད་ལས། རྣལ་འབྱོར་པ་རྣམས་ཡོངས་སུ་སྐྱོ་བའི་སེམས་སྐྱེ་བར་མི་འགྱུར་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

བཅོ་ལྔ་བ་གྲུབ་སྟེ། དེ་ཉིད་ལས། ངས་རྟག་ཏུ་ཇི་ཙམ་དུ་བཟའ་བ་དང་བཏུང་བ་རྣམས་ལ་བུའི་ཤའི་འདུ་ཤེས་དང་། སྨན་གྱི་འདུ་ཤེས་བྱའོ་ཞེས་བཤད་པའི་ཕྱིར་ཤ་བཟའ་བར་མི་བྱ་སྟེ། ངས་ཤ་བཟའ་བར་གནང་ངོ་ཞེས་ཟེར་ན་དེ་ནི་གནས་མེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

བཅུ་དྲུག་པ་ནས་ཉེར་གཉིས་པའི་བར་དུ་གྲུབ་སྟེ། འཕགས་པ་ལང་ཀར་གཤེགས་པའི་མདོ་ཆེ་བ་ལས། བློ་གྲོས་ཆེན་པོ་དེའི་ཕྱིར་དངང་བར་འགྱུར་བས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་གནས་པས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་ཅིང་དྲི་མི་ཞིམ་ལ་མི་སྙན་པར་བྱེད་པ་དང་། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་ཟའོ། །བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོས་དྲང་སྲོང་གི་ཟས་ཟ་སྟེ། ཁྲག་དང་ཤ་མི་ཟ་བས། དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་ཟའོ། །བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་པ་སྤང་བར་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་བཟའོོ། །ཞེས་དང་། བློ་གྲོས་ཆེན་པོ་ཤི་བའི་རོ་དྲི་མི་ཞིམ་ཞིང་མི་འཕྲོད་པ་དང་མཚུངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་བཟའོ། །བློ་གྲོས་ཆེན་པོ་མི་ཤི་བའི་ཤ་བསྲེགས་པ་དང་། དེ་མ་ཡིན་པ་སྲོག་ཆགས་གཞན་གྱི་ཤ་བསྲེགས་པར་ཡང་དྲིའི་ཁྱད་པར་གང་ཡང་མེད་དེ། དེ་གཉིས་ཀ་དྲི་མི་ཞིམ་པར་མཚུངས་སོ། །དེའི་ཕྱིར་བློ་གྲོས་ཆེན་པོ་རྣལ་འབྱོར་ཅན་གཙང་བར་འདོད་པའི་བྱང་ཆུབ་སེམས་དཔས་ཤ་ཐམས་ཅད་མི་བཟའོ། །ཞེས་པ་ནས། ཁྱིམ་སྟོང་བ་ན་འདུག་ཅིང་གཅིག་པུ་དབེན་པར་གནས་པའི་ཚེ་ཡང་དེ་ལ་མདངས་འཕྲོག་པའི་མི་མ་ཡིན་རྣམས་མདངས་འཕྲོག་པ་དང་། བར་བར་སྔངས་པ་དང་། གློ་བུར་དུ་འཇིགས་ཤིང་སྐྲག་པར་འགྱུར་བ་དང་། ཟས་ཀྱི་ཚོད་མི་ཟིན་ཏེ་ཟོས་པ་དང་། འཐུང་བ་དང་། འཆོས་པ་དང་། མྱངས་པའི་བཅུད་ལེགས་པར་འཇུ་བའི་བཙག་ཏུ་མི་འགྱུར་བ་དང་། ལྟོར་སྲིན་བུ་སྐྱེས་པ་དང་། མཛེ་མང་པོའི་གཞིར་འགྱུར་བ་དང་། ནད་མང་བར་བྱེད་པ་ཡིན། མི་འཕྲོད་པའི་འདུ་ཤེས་ཀྱང་མི་འཐོབ་སྟེ། ངས་ཁ་ཟས་ནི་བུ་ཤ་དང་སྨན་བཞིན་དུ་བཤད་ལ། བློ་གྲོས་ཆེན་པོ་འཕགས་པ་མ་ཡིན་པའི་སྐྱེ་བོས་བསྙེན་པ། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པ། ཉེས་པ་དུ་མ་འཐོབ་པར་བྱེད་པ། ཡོན་ཏན་དུ་མས་རྣམ་པར་སྤངས་པ། དྲང་སྲོང་མ་ཡིན་པའི་ཟས་མི་བསོད་པ་མི་རུང་བའི་ཟས་ཤ་དང་ཁྲག་རྣམས་ཇི་ལྟར་སློབ་མ་རྣམས་ལ་གནང་བར་བྱ། ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་སྔོན་རྒྱལ་པོ་སེང་གེ་འབངས་བཟང་ཟེར་བས་ཤ་ཟོས་ཤིང་མི་ཤ་ཡང་ཟོས་པས་བློན་པོ་དང་། གཉེན་དང་། གཡོག་དག་བྲོས་ནས་མཐར་དབང་ཐང་ཉམས་པ་ལྟ་བུ་ཉེས་དམིགས་ཆེ་བའི་ཕྱིར་ཤ་བཟའ་མི་རུང་བ་དང་། ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤ་ཟོས་པའི་ཁྲའི་གཟུགས་སུ་སྐྱེས་པ་དང་། ཤ་ཟོས་ན་མི་ཤ་ཟ་བའི་ཕྲ་མེན་ཕ་དང་ཕྲ་མེན་མའི་གཟུགས་སུ་སྐྱེ་བ་དང་། ཤ་ཟོས་ན་སེང་གེ་དང་། སྟག་དང་། གཟིག་དང་། སྤྱང་ཀི་དང་། བྱི་ལ་དང་། ཝ་དང་། འུག་པ་སོགས་དང་། ཆུ་སྲིན་ལ་སོགས་པའི་སྲོག་ཆགས་ཤ་ཟན་མང་པོོའི་རིགས་སུ་སྐྱེ་བ་དང་། སྲིན་པོའི་རིགས་སུ་སྐྱེ་བ་ལ་སོགས་པར་གསུངས་པ་དང་། ཤ་བཟའ་འདོད་པ་དེས་ཤ་རིན་ཆེན་པོས་ཉོ་བ་འབྱུང་། ཤ་ཉོ་བའི་དབང་གིས་འདོད་ལྡན་ལ་ཁེ་རེག་འདོད་པས་ཤའི་ཚོང་བྱུང་། དེའི་དབང་གིས་སྲོག་ཆགས་ཀྱི་སྲོག་གཅོད་པ་དེ་འབྱུང་བས་ཤ་བཟའ་མི་རུང་བ་ལ་སོགས་པ་ཤ་ཟ་བའི་ཉེས་དམིགས་རྒྱ་ཆེན་པོ་གསུངས་ཏེ་ཤ་བཟའ་བ་རྒྱ་ཆེར་བཀག་འདུག་སྟེ། ལང་གཤེགས་གསུང་གི་སྙིང་པོའི་ལེའུ་ལས། གཞན་ཡང་བློ་གྲོས་ཆེན་པོ་སྔོན་འདས་པའི་དུས་ན་རྒྱལ་པོ་སེང་གེ་འབངས་བཟང་ཞེས་བྱ་བ་ཞིག་བྱུང་སྟེ། ཤ་སྣ་ཚོགས་ལ་ཟ་ཞིང་མི་ཤ་ཡང་ཟོས་པར་གྱུར་པས་བློན་པོ་དང་། གཉེན་དང་། གཉེན་འདབས་ཀྱི་སྐྱེ་བོའི་ཚོགས་རྣམས་ལོག་ནས་སྔོན་གྱི་དབང་ཐང་རྣམས་ཀྱང་བཅད་པས་ཉོན་མོངས་པར་གྱུར་ཏོ། །དེ་ལྟ་བས་ན་ཤ་ཟ་བ་ལ་ཉེས་དམིགས་འདི་ལྟ་བུ་ཡོད་པའི་ཕྱིར་ཤ་བཟའ་བར་མི་བྱའོ། །གཞན་ཡང་བློ་གྲོས་ཆེན་པོ་དེ་ལ་སྲོག་གཅོད་པ་དག་ནི་ཁེ་འདོད་པའི་ཕྱིར་སྲོག་བཅད་ནས་འཚོང་བར་བྱེད་དོ། །གང་བླུན་པོ་ཤ་ཟ་བ་དེ་དག་ནི་རིན་གྱིས་ཤ་རྣམས་ཉོ་བར་བྱེད་དོ། །ཞེས་སོགས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ལང་གཤེགས་གསུང་གི་སྙིང་པོའི་ལེའུ་ལས། །སྔོན་ཆད་གཉེན་བཤེས་བྱས་ཕྱིར་དང༌། །ངན་པ་མི་གཙང་འདྲེས་པ་དང༌། །ཁུ་ཆུ་ཁྲག་ལས་བྱུང་བ་དང༌། །དྲི་ཚོར་ཐམས་ཅད་འཇིགས་སྐྲག་པས། །ཤ་རྣམས་དང་ནི་བཙོང་དག་དང༌། །ཀེའུ་དང་བྱིས་ཀུ་ལ་སོགས་དང༌། །བག་མེད་སྣ་ཚོགས་འགྱུར་བའི་ཆང༌། །རྣལ་འབྱོར་པས་ནི་རྟག་ཏུ་སྤང༌། །འབྲུ་མར་དག་ཀྱང་སྤང་བྱ་སྟེ། །བུ་ག་ཕུག་པའི་ཁྲི་ཡང་སྤང༌། །སྲོག་ཆགས་དག་ནི་ཕྲ་མོ་རྣམས། །དེ་ན་རབ་ཏུ་འཇིགས་ཕྱིར་རོ། །ཟས་ལས་བག་མེད་སྐྱེ་བར་འགྱུར། །བག་མེད་པ་ལས་རྟོག་པ་སྐྱེ། །རྟོག་པ་ལས་ནི་འདོད་ཆགས་སྐྱེ། །དེ་ཡི་ཕྱིར་ན་བཟའ་མི་བྱ། །ཟས་ཀྱི་དབང་གིས་འདོད་ཆགས་སྐྱེ། །འདོད་ཆགས་ཀྱིས་ནི་སེམས་རྨོངས་བྱེད། །རྨོངས་པས་སྲིད་པའི་འདོད་པ་སྐྱེད། །འཁོར་བ་ལས་ནི་གྲོལ་མི་འགྱུར། །ཁེ་ཡི་ཕྱིར་ནི་སེམས་ཅན་གསོད། །ཤ་ཡི་ཕྱིར་ནི་ནོར་སྦྱིན་བྱེད། །གཉི་ག་སྡིག་པའི་ལས་ཅན་པས། །ཤི་ནས་འོ་དོད་འབོད་པར་ལྟུང་། །བཅོལ་ཚོལ་འདུ་ཤེས་དེ་མེད་ན། །རྣམ་གསུམ་དག་པའི་ཤ་ཡང་མེད། །རྒྱུ་མེད་ལས་ནི་ཡོད་མིན་པས། །དེ་ཡི་ཕྱིར་ན་བཟའ་མི་བྱ། །རྣལ་འབྱོར་པ་ནི་དེ་དག་གིས། །དེས་ན་ཐམས་ཅད་སྤང་བྱར་བྱ། །ཕྱོགས་བཅུ་སངས་རྒྱས་བཅོམ་ལྡན་འདས། །ཐམས་ཅད་རབ་ཏུ་སྨོད་པར་འགྱུར། །གཅིག་ལ་གཅིག་ནི་ཟ་བར་བྱེད། །ཤི་ནས་གཅན་ཟན་རིགས་སུ་ལྟུང་། །དྲི་མི་ཞིམ་པ་སྨད་པ་དང་། །གླེན་པ་དག་ཏུ་སྐྱེ་བར་འགྱུར། །ཕལ་ཆེར་གདོལ་པའི་རིགས་སུ་སྐྱེ། །རྔོན་པ་སྨེ་ཤ་ཅན་རིགས་དང་། །ཡང་ན་འཕྲ་མེན་རིགས་སུ་སྐྱེ། །ཤ་ཟའི་རིགས་སུ་སྐྱེ་བར་འགྱུར། །སྲིན་པོ་བྱི་ལ་ལ་སོགས་པའི། །མངལ་ཀུན་ཏུ་ནི་སྐྱེ་བར་འགྱུར། །གླང་པོ་འཆིང་དང་སྤྲིན་ཆེན་དང་། །སོར་མོའི་ཕྲེང་བའི་མདོ་དག་དང་། །ལང་ཀར་གཤེགས་པའི་མདོ་འདི་ལས། །ངས་ནི་ཤ་རྣམས་རབ་ཏུ་བཀག །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་དང་། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་གླེན་པར་སྐྱེ་བར་འགྱུར། །སྔར་ཡང་མཐོང་ཐོས་དོགས་པ་ཡི། །ཤ་རྣམས་ཐམས་ཅད་སྤང་བར་བཤད། །རྟོག་གེ་རྣམས་ཀྱིས་མ་རྟོགས་པས། །དེ་ཕྱིར་ཤ་ཟན་གནས་སུ་སྐྱེས། །ཇི་ལྟར་འདོད་ཆགས་ཉེས་པ་ཡིས། །འཕགས་པའི་རྣམ་གྲོལ་སྒྲིབ་འགྱུར་ཞིང་། །ཤ་ཆང་སྒོག་བཙོང་ལ་སོགས་པའང་། །འཕགས་པའི་ལམ་གྱི་བར་ཆད་བྱེད། །མ་འོངས་དུས་ཀྱི་སྐྱེ་བོ་དག །ཤ་ཟ་གཏི་མུག་སྨྲ་བ་རྣམས། །ཤ་ནི་སྡིག་མེད་རུང་བས་ན། །སངས་རྒྱས་ངེད་ལ་གནང་ཞེས་ཟེར། །ཟས་ལ་སྨན་སྟེན་འདུ་ཤེས་དང་། །དེ་བཞིན་བུ་ཤ་ལྟ་བུར་ཡང་། །ཆོས་ཤེས་སྐྱོ་བ་བསྐྱེད་ནས་ནི། །རྣལ་འབྱོར་ཅན་གྱིས་བསོད་སྙོམས་སྤྱད། །སྙིང་རྗེ་སེམས་ལ་གང་གནས་པ། །ཡོངས་སུ་སྐྱོ་བར་ང་ཡིས་བཤད། །སྟག་དང་སྤྱང་ཀི་གཅན་གཟན་རྣམས། །རྟག་ཏུ་ལྷན་ཅིག་འགྲོགས་ཤིང་གནས། །གལ་ཏེ་ཤ་རྣམས་ཟ་བྱེད་ན། །སེམས་ཅན་དག་ནི་སྐྲག་འགྱུར་བས། །དེ་ཕྱིར་རྣལ་འབྱོར་པ་དག་གིས། །སྙིང་རྗེའི་སེམས་ཀྱིས་ཤ་མི་བཟའ། །ཤ་ཟ་སྙིང་རྗེ་ཤེས་རབ་མེད། །རྣམ་པར་གྲོལ་ལ་རྒྱབ་ཀྱིས་ཕྱོགས། །འཕགས་པའི་རྒྱལ་མཚན་དག་དང་འགལ། །དེ་ཡི་ཕྱིར་ན་བཟའ་མི་རིགས། །བྲམ་ཟེའི་རིགས་སུ་སྐྱེ་བར་འགྱུར། །གཞན་ཡང་རྣལ་འབྱོར་པའི་གནས། །ཤེས་རབ་ཕྱུག་པོའི་ཁྱིམ་དུ་སྐྱེ། །འདི་ནི་ཤ་སྤངས་དབང་གིས་སོ། །ཞེས་དཀྱུས་ཀྱི་ཉེས་དམིགས་ཕལ་མོ་ཆེ་སླར་ཚིགས་བཅད་དུ་བསྡེབས་ཏེ་ཤ་ཟ་བའི་ཉེས་དམིགས་རྒྱ་ཆེན་པོ་གསུངས་སོ།།

ཡང་ལང་གཤེགས་རྒྱས་བསྡུས་གཉིས་ཀ་ནི་འགྱུར་མི་འདྲ་བ་གཉིས་བྱུང་བ་ལས་དུས་སྔ་ཕྱིར་གསུངས་པའི་མདོ་སྡེ་གཉིས་བྱུང་བ་ནི་གཏན་ནས་མིན་ནའང་། འདིར་གལ་ཆེན་བསྐྱར་ཟློས་ཀྱི་ཚུལ་དུ་ཡང་བསྐྱར་ལུང་དྲངས་ན་ལང་གཤེགས་ཆེ་བ་དེ་ལས། འཁྲུལ་བ་དང་ནི་གཉེན་བཤེས་དང་། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་ཙོང་དག །ཆང་དག་རྣམ་པ་སྣ་ཚོགས་དང་། །ཀིའུ་དང་སྒོག་སྐྱ་དེ་བཞིན་ཏེ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང་། །འབྲུ་མར་གྱིས་ཀྱང་བྱུག་པ་སྤང་། །ཁྲི་ལ་རྟེན་འཆའི་སེམས་ཅན་རྣམས། །བུ་ག་བུ་གར་འཇིག་འགྱུར་ཕྱིར། །ཁྲི་ལ་ཉལ་བར་མི་བྱའོ། །ཟས་ལས་དྲེགས་པ་སྐྱེ་བར་འགྱུར། །རྟོག་པ་དྲེགས་ལས་བྱུང་བ་སྟེ། །རྟོག་པས་འདོད་ཆགས་རབ་ཏུ་བསྐྱེད། །དེ་ཡི་ཕྱིར་ན་བཟར་མི་བྱ། །ཞེས་པ་ནས། གླང་པོའི་མཚན་བཅིངས་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ཉན་ཐོས་རྣམས་ཀྱིས་སྨད་པ་ལ། །ངོ་མི་ཚ་བར་ཟ་བ་ནི། །རྟག་ཏུ་སྨྱོན་པར་སྐྱེ་བར་འགྱུར། །ཤ་ལ་སོགས་པ་སྤངས་པའི་ཕྱིར། །བྲམ་ཟེའི་རིགས་སམ་རྣལ་འབྱོར་ཅན། །ཤེས་རབ་ཅན་དང་ནོར་ལྡན་པར། །དེ་དག་རྣམས་ནི་སྐྱེ་བར་འགྱུར། །མཐོང་དང་ཐོས་དང་དོགས་པ་ཡིས། །ཤ་རྣམས་ཐམས་ཅད་རྣམ་པར་སྨད། །ཤ་ཟན་རིགས་སུ་སྐྱེས་པ་ཡི། །རྟོག་གེ་པ་རྣམས་མི་ཤེས་སོ། །ཇི་ལྟར་འདོད་ཆགས་ཐར་པ་ལས། །བར་ཆད་བྱེད་པར་འགྱུར་བ་བཞིན། །དེ་ལྟར་ཤ་དང་ཆང་ལ་སོགས། །བར་ཆད་བྱེད་པར་འགྱུར་བའོ། །མ་འོངས་པ་ཡི་དུས་ན་ནི། ། ཤ་ཟ་གཏི་མུག་སྨྲ་བ་དག །ཤ་ནི་སྡིག་མེད་རུང་བའོ་ཞེས། །སངས་རྒྱས་ཀྱིས་ནི་བཤད་ཅེས་ཟེར། །ཟས་ལ་སྨན་དང་འདྲ་བ་དང་། །བུ་ཡི་ཤ་དང་མཚུངས་པ་ཡང་། །རན་པ་དང་ནི་མི་འཕྲོད་པར། །རྣལ་འབྱོར་ཅན་གྱིས་ཟས་ལ་སྤྱོད། །སེང་གེ་དག་དང་སྟགས་རྣམས་དང་། །ཝ་ལ་སོགས་དང་འགྲོགས་བྱ་བ། །ངས་ནི་བྱམས་པས་གནས་པ་ལ། །རྟག་པར་རྣམ་པ་ཀུན་ཏུ་སྨད། །ཐར་པའི་ཆོས་དང་འགལ་བའི་ཕྱིར། །མི་རྣམས་དངང་བར་འགྱུར་བའི་ཤ། །དེ་ཕྱིར་བཟའ་བར་མི་བྱ་སྟེ། །འདི་ནི་འཕགས་པའི་རྒྱལ་མཚན་ནོ། །ཞེས་གསུངས་པ་སོགས་ལང་གཤེགས་ཀྱི་མདོ་འགྱུར་མི་འདྲ་བ་དེ་གཉིས་ཀ་ལས་ཤ་ཟ་བའི་ཉེས་དམིགས་གསུངས་པ་མཐའ་ཡས་པའི་ཕྱིར་རོ།།

གཉིས་པ་འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས་ཤ་ཟ་བའི་ཉེས་དམིགས་བསྟན་ཅིང་བཀག་པའི་ཚུལ་ཡོད་དེ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་དེ་བ་ཙནྡྲའི་འགྱུར་ལས། རིགས་ཀྱི་བུ་ད་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་གནང་ངོ་། །ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱ་ན་ཤ་བཟའ་བར་ངས་ཇི་ལྟར་གནང་། ཞེས་དང་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་མདོ་རྒྱ་ནག་གི་འགྱུར་ལས། རིགས་ཀྱི་བུ་དེང་ཕན་ཆད་ཉན་ཐོས་ཀྱི་ཉེ་གནས་དག་ཤ་ཟར་མི་གནང་ངོ་། །གལ་ཏེ་ཡོན་བདག་དད་པས་བྱིན་ན་ཡང་། དེ་ལ་བུའི་ཤ་ལྟ་བུར་འདུ་ཤེས་བསྐྱེད་དོ། །ཞེས་དང་། འོད་སྲུང་ངས་ནི་དེང་ཕན་ཆད་ཉེ་གནས་སུ་གྱུར་པ་རྣམས་ཀྱིས་ཤ་ཐམས་ཅད་ཟར་མི་རུང་ངོ་། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཤ་ཟོས་ན་བྱམས་པའི་སེམས་མི་སྐྱེ་ཞིང་སྐྱེས་པ་རྒྱུན་ཆད་པ་དང་། ཤ་ཟོས་ན་སེམས་ཅན་ཡོད་དོ་ཅོག་གིས་འདི་ཤ་བཟའ་མཁན་ཡིན་པས་ཁོང་ཅག་བཟའ་འོང་སྙམ་དུ་འཇིགས་སྐྲག་སྐྱེ་བ་དང་། ཉམ་ཆུང་བ་མང་པོ་སྐྲག་ནས་འཆི་བར་འགྱུར་པ་དང་། ཉ་ཤ་དང་ཤ་དང་ཤ་ཡིས་འབགས་པ་རྣམས་ཀྱང་ཟོས་ན་ལྟུང་བྱེད་ཡིན་པ་དང་། བསོད་སྙོམས་ཀྱི་ཚེ་ཤ་བསྲེས་པའི་ཟས་རྙེད་ན་སོ་སོར་ཕྱེ་ཞིང་ཤ་མིན་པའི་ཟས་དེ་ཆུས་བཀྲུས་ཏེ་ཟ་བ་ལས་ཤ་ཡི་བསོད་སྙོམས་ལེན་མི་རུང་བ་དང་། བླང་ན་ཉེས་པ་དང་བཅས་པ་ཡིན་པར་གསུངས་ཏེ། མྱང་འདས་དེ་བ་ཙནྡྲའི་འགྱུར་ལས། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ་ཞེས་ངས་བསྟན་ཏོ། །ཞེས་དང་། ཤ་ཟ་བ་ནི་འགྲོ་ཡང་རུང་འདུག་ཀྱང་རུང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོར་ནས་དེས་འཇིགས་ཏེ། ཞེས་སོགས་ནས། རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤ་མི་ཟའོ། །ཞེས་དང་། ཤའམ་ཉ་ཤའམ། རི་དྭགས་ཀྱི་ཤའམ། རྨིག་པ་སྐམ་པོའམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ་ཞེས་ང་ཟེར་རོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ཚུལ་དེ་དང་མཐུན་པ་རྒྱ་ཆེར་གསུངས་ཏེ། མྱང་འདས་རྒྱ་ནག་གི་འགྱུར་ལས། འོད་སྲུང་ཤ་ཟ་བ་དག་ནི་འགྲོའམ། སྡོད་དམ། འདུག་གམ། ཉལ་ཡང་སེམས་ཅན་གང་ལ་དྲིས་ཕོག་པ་ཐམས་ཅད་འཇིགས་སྐྲག་གོ །འདི་ལྟ་སྟེ་དཔེར་ན་མི་ཞིག་སེང་གེའི་དྲི་བྲོ་བས་དེས་ཐམས་ཅད་འཇིགས་ཤིང་སྐྲག་གོ །རིགས་ཀྱི་བུ་དཔེར་ན་མི་ཞིག་སྒོག་པ་ཟོས་ན་མནམ་པས་ཐམས་ཅད་ཀྱིས་མི་འདོད་དེ་འབྱོལ་ན། དེ་ལ་ཉེ་བར་བསྙེན་པ་ལྟ་ཅི་སྨོས། ཤ་ཟ་བ་རྣམས་ཀྱང་དེ་དང་འདྲ་སྟེ། སེམས་ཅན་རྣམས་ལ་ཤའི་དྲིས་ཕོག་ན་སྐྲག་སྟེ། ཤི་བས་འཇིགས་པའི་འདུ་ཤེས་འབྱུང་ངོ་། །ཆུ་ལ་གནས་པ་དང་། ཐང་ལ་གནས་པ་དང་། ནམ་མཁའ་ལ་འགྲོ་བའི་སྲོག་ཆགས་ཐམས་ཅད་འབྱོལ་ཞིང་འབྲོས་ཏེ། འདི་ནི་བདག་ཅག་གི་དགྲ་ཡིན་ནོ་ཞེས་ཟེར་རོ། །དེ་བས་ན་བྱང་ཆུབ་སེམས་དཔའ་དག་ཤ་ཟ་བར་མི་རྩོལ་ལོ། །སེམས་ཅན་སྒྲོལ་བའི་ཕྱིར་ཤ་ཟ་བ་སྟོན་ཏེ། ཟ་བ་ལྟར་བྱེད་ནའང་ཡང་དག་པར་ན་མི་ཟའོ། །རིགས་ཀྱི་བུ་འདི་ལྟར་བྱང་ཆུབ་སེམས་དཔའ་ནི་ཡོངས་སུ་དག་པའི་ཟས་ཀྱང་མི་ཟ་ན་ཤ་ཟ་བ་ལྟ་སྨོས་ཀྱང་ཅི་དགོས། ཞེས་དང་། བཅོམ་ལྡན་འདས་དགེ་སློང་དང་། དགེ་སློང་མ་དང་། དགེ་བསྙེན་དང་། དགེ་བསྙེན་མ་ཡོན་བདག་ལ་ལྟོས་ཏེ་འཚོ་བ་དག །བསོད་སྙོམས་བྱེད་པའི་ཚེ། ཤ་དང་འདྲེས་པའི་ཟས་ཤིག་སྩལ་ན། ཇི་ལྟར་འཚལ་བར་བགྱི། ཅིས་བརྟགས་པར་འགྱུར། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། ཤ་དང་ཟས་སོ་སོར་ཕྱེ་ལ། ཆུས་བཀྲུས་ཏེ་བཟའ་བར་བྱའོ། །གལ་ཏེ་ལྷུང་བཟེད་ཤ་དང་འབགས་ཀྱང་བྲོ་བའི་རོ་མེད་ན། སྤྱོད་ཀྱང་ཉེས་མེད་དོ། །གལ་ཏེ་བསོད་སྙོམས་ཀྱི་ནང་ན་ཤ་མང་དུ་འོངས་ན་ཡང་བླང་བར་མི་བྱའོ། །གལ་ཏེ་ཟས་ཀྱི་ནང་ན་ཤ་སྣང་ན་མ་ཟ་ཞིག། ཟོས་ན་ཉེས་པ་དང་བཅས་པ་སྟེ། ངས་ཤ་ཟར་མི་གནང་བ་དང་བཅས་པ་འདི་རྒྱས་པར་བསྟན་ན་ཟད་པའི་མཐའ་མེད་དེ། མྱ་ངན་ལས་འདའ་བའི་དུས་ལ་བབ་པས་ཕྱོགས་ཙམ་ཞིག་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ།།

མྱང་འདས་ཀྱི་མདོ་དེ་བ་ཙནྡྲའི་འགྱུར་འདི་ལས་ནི་རྣམ་གསུམ་དག་པའི་ཤ་དང་། ལས་ཀྱིས་རང་དགར་ཤི་བའི་ཤ་ཡང་བཟའ་བར་མ་གནང་སྟེ། དེ་ལས། ང་ནི་འདུ་ཤེས་གཞན་གྱིས་ད་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ། མུ་གསུམ་གྱི་ཤ་ཡང་མི་བཟའ་བར་བསྡམས་སོ། །ཞེས་དང་། ཤི་བའི་ཤ་ཡང་སྤངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་སོགས་ལས་ཤ་བཟའ་མི་རུང་བར་གསུངས་པའི་ཚུལ་ཡོད་དེ། སོར་ཕྲེང་ལས་ནི་ཤ་ཟ་བའི་གང་ཟག་ནི་སྔར་བྱི་ལར་སྐྱེས་པ་དང་། མ་འོངས་པར་སྲིན་པོར་སྐྱེ་བར་གསུངས་པ་དང་། སངས་རྒྱས་ཀྱིས་ཚེ་རབས་མང་པོར་ཤ་ཟ་བ་སྤངས་པས་སྐུ་ལུས་བཟང་པོར་གྱུར་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་དོན་དུ་ཤ་མི་ཟ་བ་དང་། སེམས་ཅན་རྣམས་སྐྱེ་བ་དུ་མར་མ་དང་སྲིང་མོ་ལ་སོགས་པར་གྱུར་པས་ཤ་ཟ་མི་རུང་བ་དང་། ཤ་ཟ་བ་ནི་འཇིག་རྟེན་ནའང་བདག་ཉིད་ཟ་བ་ཟེར་བས་རང་ཉིད་ཀྱིས་རང་ཉིད་ཟ་མི་རུང་བར་གསུངས་པས་ཤ་ཟ་བ་བཀག་འདུག་པའི་ཕྱིར། གྲུབ་སྟེ། འཕགས་པ་སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ལས། སྔོན་བྱི་ལར་གྱུར་པའི་སེམས་ཅན་གང་རྟག་ཏུ་ཤ་ཟ་བ་ལ་ཆགས་ཤིང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་ཡིད་མི་ཆེས་པའི་སེམས་ཅན་དེ་དག་ནི་ད་དུང་ཡང་ཤ་ལ་ཆགས་ཤིང་། སྲོག་གཅོད་པ་བྱི་ལའི་གཟུགས་སུ་སྒྱུར་བའི་སྲིན་པོར་འགྱུར་རོ། །མ་འོངས་པ་ན་ཡང་སེམས་ཅན་གང་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོ་གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་མི་བཟད་པ་དེ་བཞིན་གཤེགས་པའི་སྙིང་པོ་ལས་ཕྱིར་ཕྱོགས་པ་དེ་དག་ནི་གཞན་མ་ཡིན་ཏེ། གཞན་གྱི་སྲོག་གཅོད་ཅིང་ཤ་ཟ་བ་བྱི་ལའི་གཟུགས་སུ་བསྒྱུར་བའི་སྲིན་པོའོ། །ཞེས་དང་། ངས་ཚེ་རབས་གྲངས་མེད་པ་མང་པོར་སེམས་ཅན་བྱེ་བ་མང་པོ་ཉ་དང་། ཤ་དང་། ཚུལ་དང་། གསོད་པའི་ཟས་རྣམས་སྤངས་ཏེ། སེམས་ཅན་རྣམས་ཀྱང་དེ་བཞིན་དུ་སྤོང་དུ་བཅུག་པས། དེ་ལས་ངའི་ལུས་བཟང་པོའི་སྐུར་གྱུར་ཏོ། །ཞེས་དང་། འཇམ་དཔལ་གྱིས་གསོལ་པ། ཅི་དེ་བཞིན་གཤེགས་པའི་སྙིང་པོའི་སླད་དུ་སངས་རྒྱས་རྣམས་ཤ་མི་གསོལ་ལམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་ཤིན་དུ་དེ་བཞིན་ཏེ། ཐོག་མ་དང་ཐ་མ་མེད་པའི་འཁོར་བར་འཁོར་བའི་ཚེ་རབས་དེ་དག་ལ་སེམས་ཅན་ཐམས་ཅད་མར་མ་གྱུར་པ་དང་། སྲིང་མོར་མ་གྱུར་པ་གང་ཡང་མེད་དོ། །ཁྱིར་གྱུར་པ་ཡང་ཕར་གྱུར་ཏེ། འཚོ་བའི་འཇིག་རྟེན་ནི་བྲོ་མཁན་བཞིན་ནོ། །དེ་བས་ན་བདག་གི་ཤ་དང་། གཞན་གྱི་ཤ་ཡང་ཤ་གཅིག་པ་ཡིན་པས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །གཞན་ཡང་འཇམ་དཔལ་སེམས་ཅན་ཐམས་ཅད་ཀྱི་དབྱིངས་ནི་ཆོས་ཀྱི་དབྱིངས་ཏེ། དབྱིངས་གཅིག་ཏུ་གྱུར་པའི་ཤ་ཟ་བར་འགྱུར་བས། སངས་རྒྱས་རྣམས་ཤ་མི་གསོལ་ལོ། །འཇམ་དཔལ་གྱིས་གསོལ་པ། སྦྲང་རྩི་དང་། དུང་དང་། ལྷམ་དང་། དར་གྱི་སྲིན་བུ་ལ་སོགས་པ་རང་གི་དབྱིངས་ཀྱི་ཤ་མ་ལགས་སོ། །ཞེས་དང་། འཇིག་རྟེན་པ་ལ་ཡང་ཤ་ཟ་བ་ནི་བདག་ཉིད་ཟ་བའོ་ཞེས་བརྗོད་དེ། དེ་ཡང་བདག་ཉིད་བདག་ཉིད་ཀྱི་ཤ་ལ་མི་ཟ་སྟེ། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ནི་བདག་ཉིད་ཤ་ཟ་བར་ངེས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ།།

གཞན་ཡང་ཆོས་ཀྱི་རྒྱ་མོའམ་ཆོས་ཀྱི་རྒྱལ་པོ་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་བྱང་ཆུབ་སེམས་དཔའི་སེམས་ཀྱི་གནས་བཤད་པ་ཞེས་པ་ལས་ཀྱང་ཤ་བཀག་སྟེ། ཤ་ཟོས་ན་བྱམས་སྙིང་རྗེ་ཉམས་པ་དང་། ཤ་ཟན་དེ་མཐོང་ཚད་ཀྱི་སེམས་ཅན་འཇིགས་ཤིང་སྐྲག་པས་རང་ཉིད་འདོར་བ་དང་། སྡིག་པ་གཞན་གྲངས་མེད་པ་མངའ་བར་གསུངས་པའི་ཕྱིར་ཏེ། ཆོས་ཀྱི་རྒྱ་མོའམ་སྒོ་མོ་ཞེས་པའི་མདོ་དེ་ལས། སངས་རྒྱས་ཀྱི་བུ་ཤ་ཆེད་ཀར་ཟོས་པ་དང་། ཤའོ་ཅོག་བཟར་མི་རུང་སྟེ། ཟོས་ན་སྙིང་རྗེ་ཞིང་བྱམས་པའི་རང་བཞིན་གྱི་ས་བོན་ཆད་པས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ནས་འཇིགས་ནས་སྤོང་ངོ་། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་ཅན་གྱི་ཤ་བཟར་མི་རུང་ངོ་། །ཤ་ཟོས་པ་ནི་སྡིག་གྲངས་མེད་དེ་ཤ་ཟོས་ན་ལྟུང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

བོད་ཀྱི་བཀའ་འགྱུར་དུ་གླང་པོའི་མཚན་བཅིངས་ཟེར་བ་མ་མཐོང་ལ། གླང་པོའི་རྩལ་ཞེས་པའི་མདོ་ཞིག་མཆིས་ཤིང་། དེར། འཇམ་དཔལ་རིགས་སྔགས་འདི་དག་འདོན་པའི་བྱང་ཆུབ་སེམས་དཔས་གཙང་སྦྲ་བྱ་བ་དང་། ཤ་མི་བཟའ་བར་ཀུན་ཏུ་སྤྱད་པར་བྱའོ། །ཞེས་རིགས་སྔགས་འདོན་པའི་དུས་སུ་ཤ་ཟ་མི་རུང་བར་བཤད་པ་ཙམ་ལས་དངོས་སུ་ཆེད་དུ་བཀག་པ་མ་མཐོང་ངོ་།།

སྤྲིན་ཆེན་ལ་འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ཞེས་པ་རྒྱ་གར་གྱི་མཁན་པོ་སུ་རེན་དྲ་བོ་དྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བོད་ཀྱི་བན་དེ་ཡེ་ཤེས་སྡེའི་འགྱུར་དང་། འཕགས་པ་སྤྲིན་ཆེན་པོའི་མདོ་ལས་ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྒྱ་མཚོ་འདུས་པའི་དགའ་སྟོན་ཆེན་པོ་ལ་རྩེ་བ་ཞེས་པའི་ལེའུ་ཡང་རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང་། ལོ་ཙྪ་བ་ཡེ་ཤེས་སྡེའི་འགྱུར་དང་། འཕགས་པ་སྤྲིན་ཆེན་པོ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཞེས་པ་ཡང་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། སུ་རེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་ཞིག་དང་། འཕགས་པ་སྤྲིན་ཆེན་པོ་ཆར་དབབ་པ་རླུང་གི་དཀྱིལ་འཁོར་གྱི་ལེའུ་ཟེར་བ་རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ལོ་ཙཱ་བ་ཡེ་ཤེས་སྡེའི་འགྱུར་བཅས་མདོ་མི་འདྲ་བ་བཞི་ཙམ་འདུག་མོད་ཤ་རྒྱ་ཆེར་ནན་ཏུ་བཀག་པ་ནི་མ་མཐོང་ལ། སྤྲིན་ཆེན་པོའི་མདོ་ལས། དེ་ལྟ་མོད་ཀྱི་ཚུལ་ཁྲིམས་དང་། ཡོན་ཏན་ལ་གནས་ཏེ་འཆལ་པའི་ཚུལ་ཁྲིམས་དང་། ཤ་དང་ཉ་ལ་སོགས་པ་ཡོངས་སུ་སྤངས་བར་བྱའོ། །འོ་ཐུག་དང་། ཞོ་དང་། འོ་མ་དང་། འབྲས་ཆན་བུ་རམ་ཅན་ལ་སོགས་པ་དང་། མངར་གསུམ་ཟ་ཞིང་ཀླག་པར་བྱའོ། །ཞེས་པ་ལྟ་བུ་མདོ་དེ་བཀླག་པའི་དུས་ལ་གསུངས་པ་དང་། འཕགས་པ་སྤྲིན་ཆེན་པོ་ཐེག་པ་ཆེན་པོའི་མདོ་ལས། ཤ་ཟ་ཞིང་སྲིན་པོའི་རང་བཞིན་ལྟ་བུར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ཤ་ཟ་བ་སྤངས་ཏེ་ཇི་སྲིད་འཚོའི་བར་དུ་ཚུལ་ཁྲིམས་བླངས་སོ། །ཞེས་སྔོན་གྱི་བྱུང་བ་བརྗོད་པ་ལྟ་བུ་ལས་ཤ་ནན་ཏུ་བཀག་པ་མི་འདུག་གོ།

དེ་འདྲ་ནི་གཞན་དུའང་འདུག་སྟེ། དཔེར་ན་ནོར་རྒྱན་མའི་གཟུངས་ཀྱི་རྟོག་པ་ལས། ཅི་ལྟར་དེ་ལྟར་ཚངས་སྤྱོད་བྱ་ཞིང་ཁ་ན་མ་ཐོ་བའི་ཟས་ཆང་དང་། ཉ་ཤ་ལ་སོགས་པ་སྤང་ཞིང་མཚན་མོ་བཟླས་པ་བྱས་ན་དབུལ་པོར་མི་འགྱུར་རོ། །ཞེས་དང་། ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལས། ཞག་གསུམ་བར་དུ་དཀར་གསུམ་ཟས། །རྒྱུན་མི་ཆད་པར་སྦྱིན་པར་བྱ། །ཞེས་དང་། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། དེ་དག་བྱེད་ཚེ་དམན་ཟས་སྤང་། །ཁ་ཟས་དཀར་གསུམ་མངར་གྱིས་བྱ། །ཞེས་པ་ལྟ་བུ་ཆོ་ག་བསྒྲུབ་པའི་དུས་དང་། མདོ་དེ་ཀློག་པའི་དུས་སུ་སྤོང་དགོས་པར་གསུངས་པ་མང་མོད་དེས་ནི་ཤའི་ཁ་ཟས་གཏན་ནས་བཀག་པའི་ཁུངས་སུ་མི་རུང་བ་གཟུ་བོའི་བློས་དཔྱད་ན་ཤེས་སོ།།

འདིར་སྤྲིན་ཆེན་པོ་ཞེས་པ་དེ་འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ཟེར་བ་ཡིན་ན་ནི། དེ་ལས། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དུར་ཁྲོད་པས་ནི་བྱམས་པའི་སེམས་སུ་བྱའོ། །ཕན་པའི་སེམས་དང་། སེམས་ཅན་ལ་སྙིང་བརྩེ་བ་དང་། ཚུལ་ཁྲིམས་དང་། གཙང་སྦྲའི་ཆོ་ག་དང་ལྡན་ཞིང་ཤ་དང་འབགས་པ་མེད་པར་བྱའོ། །རིགས་ཀྱི་བུ་དེ་ཅིའི་ཕྱིར་ཞེ་ན། དུར་ཁྲོད་གམ་ཡོ་ན་ནི་བྱང་ཆུབ་སེམས་དཔའ་ཤ་ཟ་བ་མཐོང་ན་མ་དད་པ་སྐྱེ་ཞིང་གཙེ་བར་སེམས་པའི་མི་མ་ཡིན་པ་དག་གནས་པ་ཡོད་དོ། །ཞེས་བྱང་ཆུབ་སེམས་དཔའ་དུར་ཁྲོད་ན་གནས་པས་ཤ་དང་འབགས་པ་མེད་པར་གཙང་སྦྲ་དགོས་པར་གསུངས་ཏེ་ཤ་བཀག་པ་ཡོད་པ་བདེན་ཡང་དམིགས་ཀྱིས་རྒྱ་ཆེར་དགག་པ་ནི་མ་མཐོང་ངོ་།།བཞི་བ་ཤ་ཟ་བ་དགག་པའི་དམིགས་ཡུལ་གང་ཡིན་བཤད་པ་ནི། མདོ་འདི་དག་ལས་ཤའི་ཁ་ཟས་ནན་དུ་བཀག་པའི་དམིགས་ཡུལ་གཙོ་བོ་དེ་གང་ཡིན་སྙམ་ན། དེ་ནི་ཤ་ཟས་དངོས་རྐྱང་ལ་ཉེས་དམིགས་ཆེ་བ་དང་། ཤ་ལྡན་གྱི་སྲོག་ཆགས་ཁོ་ནའི་སྲོག་ལ་དམིགས་པ་དང་། ཤ་ཟ་བ་པོ་ལ་སྲོག་གཅོད་ཀྱི་ཉེས་པ་འབྱུང་བ་ལ་དམིགས་པ་ནི་མིན་པར་གཙོ་བོ་ཤ་ཟས་རྒྱུན་དུ་བསྟེན་ན་གོམས་པའི་དབང་གིས་ཤ་ཟས་ལ་སྲེད་པ་ཆེན་པོ་འབྱུང་། དེའི་དབང་གིས་སྲོག་ཆགས་ཀྱི་སྲོག་དངོས་སུ་གཅོད་པའམ། ཤ་ཟས་འཚོལ་འདོད་ཤུགས་དྲག་གིས་ཤན་པ་སོགས་འཚོལ་བ་བྱུང་བ་དང་། དེའི་དབང་གིས་སེམས་ཅན་ལ་བྱམས་པ་དང་བརྩེ་བའི་བློ་མི་སྐྱེ་བའམ། ཡང་ན་སྐྱེས་པ་དེ་ཡང་ཉམས་པར་འགྱུར་སྲིད་པ་དང་། དེ་མ་སྐྱེས་པའམ་ཉམས་ན་རྒྱུ་མེད་པའམ་རྒྱུ་ཉམས་ན་འབྲས་བུ་འབྱུང་ཚུལ་མེད་པས། བྱམས་དང་སྙིང་རྗེའི་འབྲས་བུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་མི་སྐྱེ་ལ། དེ་མེད་ན་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་དང་གཞུང་ཤིང་མེད་པས་ཐེག་ཆེན་པ་ཞེས་པའི་རྐང་འཛུག་ཡུལ་མི་རྙེད་པའི་ཕྱིར་ན་ཤའི་ཁ་ཟས་བྱམས་པ་དང་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ལ་གནོད་པར་དགོངས་ཏེ་དགག་པ་ཡིན་པར་གསལ་ཏེ། ལང་གཤེགས་གསུང་གི་སྙིང་པོའི་ལེའུ་ལས། ཐུགས་རྗེ་ཆེན་པོ་སྔོན་དུ་འགྲོ་བའི་ཕྱིར་སེམས་ཅན་ཐམས་ཅད་བུ་གཅིག་པུ་དང་འདྲ་བར་གཟིགས་ཏེ། དེའི་ཕྱིར་བུའི་ཤ་བཟའ་བར་མི་གནང་བ་ཡིན་ནོ། །ཞེས་དང་། ལང་གཤེགས་ཆེ་བ་ལས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་རིགས་ཀྱི་བུ་དང་། རིགས་ཀྱི་བུ་མོ་རྣམས་ལ་སེམས་ཅན་ཐམས་ཅད་བུ་གཅིག་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར་ཤ་ཐམས་ཅད་ཟ་བ་གཅོད་པར་ཡང་བྱའོ། །ཞེས་དང་། མྱང་འདས་རྒྱ་ནག་གི་འགྱུར་ལས། རིགས་ཀྱི་བུ་ཤ་ཟ་བ་ནི་སྙིང་རྗེ་ཆེན་པོའི་རིགས་གཅོད་པ་ཡིན་ནོ། །ཞེས་དང་། འཕགས་པ་ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། ཤ་ཟ་བ་མ་ཡིན་ནོ། །ངའི་རིགས་གཅོད་པ་མ་ཡིན་ནོ། །ཞེས་དང་། དྲངས་མ་ཐག་པའི་ཆོས་ཀྱི་རྒྱ་མོ་ལས། ཤའོ་ཅོག་བཟར་མི་རུང་སྟེ། ཟོས་ན་སྙིང་རྗེ་ཞིང་བྱམས་པའི་རང་བཞིན་གྱི་ས་བོན་ཆད་པས་སེམས་ཅན་ཐམས་ཅད་ཀྱིས་མཐོང་ནས་འཇིགས་ནས་སྤོང་ངོ་། །དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་སེམས་ཅན་གྱི་ཤ་བཟར་མི་རུང་ངོ་། །ཤ་ཟོས་པ་ནི་སྡིག་གྲངས་མེད་དེ་ཤ་ཟོས་ན་ལྟུང་བའོ། །ཞེས་དང་། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྦྱར་བའི་འཕགས་པ་ལང་ཀར་གཤེགས་པའི་འགྲེལ་པ་ལས། ཇི་ལྟར་ཤ་རྣམས་བཟར་མི་རུང་། །ཇི་ལྟར་ཤ་ནི་བཀག་པ་ལགས། །ཤ་ཟའི་རིགས་སུ་སྐྱེས་པ་རྣམས། །ཤ་འཚལ་བར་ཡང་ཇི་ལྟར་གྱུར། །ཞེས་བྱང་ཆུབ་ཏུ་སེམས་བསྐྱེད་པས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོ་འཇུག་སྟེ། དེ་བདག་ཉིད་ཀྱིས་སྟོང་པས་ན་དེས་ཇི་ལྟར་ཤ་ཟ་བར་འགྱུར། ཞེས་གསུངས་པའི་ཕྱིར་རོ།།

ཡང་ལང་ཀར་གཤེགས་པ་ཆེ་བ་ལས། འཕགས་པའི་སྐྱེ་བོས་རྣམ་པར་སྤངས་པའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་ཟའོ། །བློ་གྲོས་ཆེན་པོ་འཕགས་པའི་སྐྱེ་བོ་ནི་དྲང་སྲོང་གི་ཟས་ཟ་སྟེ། ཁྲག་དང་ཤ་མི་ཟ་བས་དེའི་ཕྱིར་ཡང་བྱང་ཆུབ་སེམས་དཔས་ཤ་མི་ཟའོ། །བློ་གྲོས་ཆེན་པོ་སྐྱེ་བོ་མང་པོའི་སེམས་རྗེས་སུ་བསྲུང་བའི་ཕྱིར་བསྟན་པ་ལ་སྐུར་བ་སྤང་འདོད་པའི་བྱང་ཆུབ་སེམས་དཔའ་སྙིང་རྗེའི་བདག་ཉིད་ཅན་གྱིས་ཤ་མི་བཟའོ། །ཞེས་མི་ཡོད་དོ་ཅོག་སྤྱི་ཡིས་ཤ་བཟའ་མི་རུང་བར་མ་གསུངས་པར་བྱང་ཆུབ་སེམས་དཔའ་དམིགས་སུ་བཀར་ཏེ་གསུངས་པ་དེས་ཀྱང་ཤེས་སོ།།

དེས་ན་སྲོག་གཅོད་པ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། ཤ་བཀག་པ་ནི་ཐེག་ཆེན་གྱི་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཕྱིར། འདིས་ཤ་ཟ་བར་མ་གནང་བའི་ཡུལ་དེ་ཐེག་པ་ཆེན་པོ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་ཡིན་ཞིང་། ཐེག་པ་ཆེན་པོའི་སྡོམ་པ་རྒྱུད་ལ་བླངས་ཟིན་ཞིག་ཡིན་ན་མདོ་འདི་དག་ལས་བཤད་པ་ཇི་བཞིན་ཤ་བཟའ་བ་ལ་ཉེས་དམིགས་ཆེ་བ་ལས། གལ་ཏེ་ཐེག་ཆེན་གྱི་བྱང་སྡོམ་རྒྱུད་ལ་མ་བླངས་པའི་ཁྱིམ་པ་ཕལ་བས་ནི་སྲོག་གཅོད་པ་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་དེ་ལ་ཉེས་པ་ལྕི་ནའང་ཤ་བཟའ་བ་ཙམ་ནི་ཉེས་པ་མེད་པ་མདོ་སྡེ་འདི་དག་གིས་ཤེས་སམ་སྙམ་ལ། འདིར་ཉན་ཐོས་ལ་མི་གནང་གསུངས་པ་ནི་ཐེག་པ་ཆེན་པོའི་སྐབས་འདིར་ཞེས་པ་ལ་གོ་ཞིང་། དེ་ཡང་སྙིང་རྗེ་སྐྱེ་ཞིང་མི་ཉམས་པའི་ཆེད་དུ་ངེས་སོ། །དེས་ན་འདུལ་བ་ནས་རྣམ་གསུམ་མ་དག་པའི་ཤ་བཀག་པ་ནི་རབ་བྱུང་ལ་བཅས་པའི་ཁ་ན་མ་ཐོ་བ་ཡིན་ཕྱིར་རབ་བྱུང་གིས་ཟོས་ན་བཅས་དབང་གིས་ཉེས་བྱས་འབྱུང་ཡང་ལྟུང་བ་སྡེ་ལྔའི་ཉེས་བྱས་ཀྱི་གྲས་སུ་མ་བགྲང་ཞིང་། ཁྱིམ་པ་ལ་ཉེས་མེད་ཡིན་པ་ནི་འདུལ་གཞུང་རྒྱ་མཚོའི་བཞེད་དགོངས་ཡིན་ནོ།།

གཞན་ཡང་ཐེག་པ་འོག་མ་འདུལ་བ་ལས་ཀྱང་རབ་བྱུང་ལ་རྣམ་གསུམ་དག་པའི་ཤ་བཟའ་བར་གནང་བ་ལས་རྣམ་པ་གསུམ་དེས་མ་དག་པའི་ཤ་བཟའ་བར་མ་གནང་བ་ཡང་སྙིང་རྗེ་ཉམས་ཤིང་འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པའི་ལས་ལ་འཇུག་སྲིད་པའི་ཕྱིར་བཀག་པ་ཡིན་པ་ནི་གསལ་ཏེ། མེ་ཏོག་ཕྲེང་རྒྱུད་ལས། རོ་ལ་བརྐམ་པས་གསོད་བྱེད་པ། །སྙིང་རྗེ་མེད་པའི་བསམ་པ་སྤང་། །ཞེས་གསུངས་པའི་ཕྱིར་རོ།།

ལྔ་བ་ཤ་ཟས་བཀག་པའི་ཐེག་ཆེན་གྱི་མདོ་དེ་དག་ལས་རྣམ་གསུམ་དག་པའི་ཤ་ཙམ་ཡང་མ་གནང་བའི་ཚུལ་ནི། ལང་གཤེགས་ཀྱི་མདོ་ཚན་པ་གཉིས་ཀ་དང་མྱང་འདས་སུ་ནི་ཐེག་པ་ཆེན་པོའི་ལམ་ལ་སློབ་པ་རྣམས་ཀྱིས་རྣམ་གསུམ་དག་པའི་ཤ་ཙམ་ཡང་བཟའ་བར་མ་གནང་བ་ནི་ཤིན་ཏུ་གསལ་ཏེ། ལང་ཀར་གཤེགས་པ་གསུང་གི་སྙིང་པོའི་ལེའུ་ལས། རྣམ་གསུམ་དག་པའི་ཤ་ཡང་མེད། །རྒྱུ་མེད་ལས་ནི་ཡོད་མིན་པས། །དེ་ཡི་ཕྱིར་ན་བཟའ་མི་བྱ། །རྣལ་འབྱོར་པ་ནི་དེ་དག་གིས། །དེས་ན་ཐམས་ཅད་སྤང་བར་བྱ། །ཞེས་དང་། ལངས་གཤེགས་ཆེ་བ་ལས། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོད་མེད་པས། །དེ་བས་ཤ་ནི་མི་བཟའོ། །ཞེས་དང་། མྱང་འདས་ཀྱི་མདོ་དེ་བ་ཙནྡྲའི་འགྱུར་ལས། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་འདིར་བཤད་པའི་རྣམ་གསུམ་དག་པ་དང་འདུལ་བ་ནས་བཤད་པའི་རྣམ་གསུམ་དག་པའི་དོན་ནི་གཏན་ནས་མི་འདྲ་སྟེ། འོག་ཏུ་འཆད་དོ།།

དེ་ཡང་ལེགས་པར་དཔྱད་ན་ཤ་བཟའ་བ་ཙམ་གྱིས་སྲོག་གཅོད་པའི་ལས་ལ་འཇུག་པ་དང་། སྙིང་རྗེ་མི་སྐྱེ་བའམ་ཉམས་པས་ནི་མ་ཁྱབ་ཕྱིར་ཐེག་ཆེན་དུའང་བྱམས་སྙིང་རྗེ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མི་སྐྱེ་བའམ་ཉམས་པའི་རྒྱུར་མ་འགྱུར་ཞིང་གཞན་སྲོག་ལ་དངོས་སུ་རྒོལ་བའི་ལས་བགྱིས་པ་མེད་ན་ནི་རྣམ་གསུམ་དག་པའི་ཤ་ཟོས་ཀྱང་མི་རུང་བ་ཆེན་པོ་མེད་པར་བཟའ་རུང་བའི་ཚུལ་ཡོད་དེ། ལྷ་མོ་དྲི་མ་མེད་པའི་འོད་ཀྱིས་ཞུས་པའི་མདོ་ལས། རྟག་ཏུ་བཟླས་བརྗོད་བྱེད་པ་ལ་ནི་ཤ་སྤང་མི་དགོས་སོ། །དངོས་པོ་གཞན་ཡང་སྤང་མི་དགོས་སོ། །ཞེས་གསུངས་པའི་ཕྱིར་དང་། མདོ་ཏིང་འཛིན་རྒྱལ་པོའི་ཡེ་ཤེས་ལྡན་གྱི་ལེའུ་ལས། དེ་ལ་གཡོ་མེད་པ་དེ་ནི་ཏིང་ངེ་འཛིན་འདི་འཛིན་པའི་དགེ་སློང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ན་བར་གྱུར་ཅིང་ནད་མི་བཟད་པས་བཏབ་པར་གྱུར་པ་ལ་རང་གི་ཤ་དང་ཁྲག་གིས་ཀྱང་དགེ་སློང་དེ་ན་བ་དེ་ལས་བསླང་བར་སྤྲོ་བར་བྱའོ། །གཞོན་ནུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལྷག་པའི་བསམ་པ་ཕུན་སུམ་ཚོགས་པ་ཏིང་ངེ་འཛིན་འདི་འདོད་པ་དང་། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གཡོ་བ་མེད་ཅིང་འཇིགས་པ་མེད་པས་རང་གི་ཤ་དང་ཁྲག་ཀྱང་ཡོངས་སུ་བཏང་སྟེ། དགེ་སློང་ཆོས་སྨྲ་བ་ན་བ་ལས་བསླང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ཐེག་པ་ཆུང་ངུའི་སྡེ་སྣོད་ལས་ཀྱང་དེ་དང་འདྲ་བར་ཤ་གནང་བ་ཡོད་དེ། ཀླུའི་རྒྱལ་པོ་རྔ་སྒྲའི་ཚིགས་སུ་བཅད་པ་ལས། རེས་འགའ་དགའ་བའི་གླུ་དང་སིལ་སྙན་གྱིས། །རྩེ་ཞིང་ཤ་དང་ཆང་ཡང་སྤྱད་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

ཏིང་འཛིན་རྒྱལ་པོའི་ལུང་དོན་དེ་ཡང་བཅོམ་ལྡན་འདས་སྨོན་ལམ་བསམ་གྱིས་མི་ཁྱབ་པ་ཁྱད་པར་དུ་འཕགས་པའི་རྒྱལ་པོའི་བསྟན་པ་ནུབ་ཁར་རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ཀྱི་སྲས་མོ་ཡེ་ཤེས་ལྡན་ལ་སློབ་དཔོན་དགེ་སློང་ཡང་དག་བློ་གྲོས་ཞེས་བྱ་བ་ཞིག་ཡོད་པ་ལ་བརླ་གཉིས་ལ་འབྲུམ་བུ་མེ་དབལ་ནག་པོ་ཆེན་པོ་གསོ་དཀའ་བ་བྱུང་ཞིང་སྨན་དཀོན་ཏེ་ན་བར་གྱུར་པ་ལ། རྒྱལ་པོ་བཙུན་མོའི་འཁོར་སྲས་སྲས་མོ་ཞབས་འབྲིང་བ་དང་བཅས་པས་དགེ་སློང་དེ་འཆི་བར་ཤེས་ནས་དེའི་ཆེད་དུ་སེམས་སྡུག་ཅིང་ངུས་པ་ལ། རྒྱལ་པོ་ཡེ་ཤེས་ཀྱི་སྟོབས་ལ་ལྷ་མོ་ཞིག་གིས་རྨི་ལམ་ལུང་བསྟན་དང་སྲས་མོ་ཡེ་ཤེས་ལྡན་ལའང་རྨི་ལམ་བྱུང་སྟེ་དགེ་སློང་དེ་ལ་མིའི་ཁྲག་སར་པ་དང་ཤ་སར་པ་སྦྱིན་ན་མེ་དབལ་གྱི་ནད་ལས་གྲོལ་བར་འགྱུར་པར་བཤད་པས་འཁོར་སུས་ཀྱང་ཤ་སྦྱིན་པར་བྱ་བར་མ་འདོད་པ་ལ་རྒྱལ་པོའི་བུ་མོ་ཡེ་ཤེས་ལྡན་གྱིས་རང་གི་བརླ་ལས་ཤ་བཅད་དེ་དགེ་སློང་ལ་བྱིན་ཅིང་དགེ་སློང་ནད་ལས་གྲོལ་བའི་སྔོན་གྱི་གཏམ་ལས་དྲངས་ཏེ། གཞོན་ནུ་དེ་ལྟ་བས་ན་ཤིན་ཏུ་དཀའ་བ་སྤྱད་པ་ངོ་མཚར་རྨད་དུ་བྱུང་བའི་བྱང་ཆུབ་སེམས་དཔའི་ཆོས་འདི་ཐོས་ནས་ཆོས་སྨྲ་བ་ན་བ་ལ་སྨན་ཤིན་ཏུ་དཀོན་པས་རིམ་གྲོ་བྱ་བ་ལ་བརྩོན་ཞིང་བདག་གི་ཤ་དང་ཁྲག་གིས་ཀྱང་རིམ་གྲོར་བྱས་ཏེ། ཐ་ན་སོར་མོ་གཅིག་ཙམ་སྦྱིན་པས་ཀྱང་འགྲོ་བའི་ཆོས་ཀྱི་མཆོད་རྟེན་ལ་རིམ་གྲོར་བྱའོ། །ཞེས་དང་། གང་གིས་གང་གཱའི་བྱེ་སྙེད་སངས་རྒྱས་ཞིང་། །རིན་ཆེན་བཀང་ནས་འདྲེན་ལ་ཕུལ་བ་བས། །གང་གིས་རྐང་པའི་སོར་མོ་གཅིག་བྱིན་ན། །དེ་བས་བསོད་ནམས་མཆོག་འདི་བྱེ་བྲག་འཕགས། །ཞེས་སོགས་གསུངས་ཏེ་སྤྱིར་རྣམ་གསུམ་མ་དག་པའི་ཤ་དང་། མི་ཤ་སོགས་བཀག་ཀྱང་དགོས་པ་ཁྱད་པར་བ་དང་འཕྲད་ན་སྦྱིན་རུང་བ་མ་ཟད་བཟའ་ཡང་རུང་བར་གསལ་བར་བཤད་དོ།།

གཞན་ཡང་། སངས་རྒྱས་ཕལ་བོ་ཆེ་ལས། རང་གི་ལུས་དང་། ཤ་དག་ཀྱང་ཡོངས་སུ་བཏང་ངོ་། །བདག་གི་ལུས་ལས་ཁྲག་དག་ཀྱང་སློང་བ་རྣམས་ལ་ཡོངས་སུ་བཏང་ངོ་། །ཞེས་དང་། ཤ་དག་གཏོང་ཞིང་དེ་བཞིན་རྐང་ཡང་གཏོང་། །ཐམས་ཅད་ལུས་ཀྱང་མི་དགའ་མེད་པར་གཏོང་། །ཞེས་དང་། སྙིང་རྗེ་པདྨ་དཀར་པོའི་མདོ་ལས། འདི་ལྟར་གཟུགས་མཛེས་ཕུན་སུམ་གཏོང་བ་ནི། །བདུད་ཕྱིར་མ་ཡིན་བརྒྱ་བྱིན་ཚངས་ཕྱིར་མིན། །བདག་གི་ཤ་ཁྲག་མང་པོར་གྱུར་ནས་ནི། །ལྷར་བཅས་འཇིག་རྟེན་དོན་ནི་བྱེད་གྱུར་ཅིག །གང་དག་རི་དང་བྲག་ལ་གནས་པ་ཡི། །ལྷ་ཀླུ་གནོད་སྦྱིན་ལྷ་མིན་མི་རྣམས་ཉོན། །སེམས་ཅན་ཕྱིར་ནི་བདག་གིས་བརྩེ་བསྐྱེད་དེ། །རང་གི་ཤ་ཁྲག་དག་གིས་ཚིམ་པར་བྱ། །ཞེས་དང་། འཕགས་པ་སྤྲིན་ཆེན་པོའི་མདོ་ལས། ཤ་འདོད་པ་རྣམས་ལ་ནི་ཤ་སྦྱིན་ནོ། །ཁྲག་འདོད་པ་རྣམས་ལ་ནི་ཁྲག་སྦྱིན་ནོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སོ་སོར་ཐར་བའི་ཆོས་བཞི་སྒྲུབ་པའི་མདོ་ལས། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་གང་ཞིག་དེ་ལྟ་བུའི་ཕན་པར་འདོད་པ་ཡོད་ན་འདི་སྐད་དུ་ཁྱོད་ལ་བདག་གི་ཡན་ལག་དང་ཉིང་ལག་ལས་མཆོག་དང་མཆོག་ཏུ་གྱུར་པའི་ཤ་དག་ཀྱང་ཟོས་ཤིག། འདོད་ཆགས་ཟད་པར་བྱེད་པའི་ཆོས་འདི་ཡང་ཟུངས་ཤིག་ཅེས་སྨྲ་བར་བྱེད་དེ། ཞེས་དང་། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། དེ་བཞིན་གཤེགས་པས་ཀྱང་སྐྱེ་བ་འཕོ་བ་དེ་དང་དེ་དག་ཏུ་སེམས་ཅན་གྱི་རིས་སུ་གང་ཁྱོད་ཀྱི་ཕའམ། མའམ། བུའམ། གཉེན་བཤེས་སམ། ཉེ་དུའམ། སྣག་གི་གཉེན་མཚམས་དག་གང་ཡང་རུང་བའི་གནས་སུ་མ་གྱུར་པའི་ཕྱིར་སེམས་ཅན་དེ་ལྟ་བུ་མེད་དོ་གསུངས་སོ་སྙམ་ནས། དེ་སྲོག་ཆགས་སུ་གྱུར་པ་ཕྲ་མོའི་ཕྱིར་ཡང་བདག་གི་ཤ་དག་གིས་ཀྱང་ཕན་འདོགས་ན། སྲོག་ཆགས་ཆེན་པོ་བ་གཞན་ལ་ལྟ་ཅི་སྨོས་ཏེ། དེ་ལྟར་ན་བྱང་ཆུབ་སེམས་དཔའ་མི་འཇིགས་པ་སྦྱིན་པ་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་དང་། འཕགས་པ་ཆོས་བཅུ་བའི་མདོ་ལས། རིགས་ཀྱི་བུ་མདོར་ན་རང་གི་ཤ་དག་གིས་ཀྱང་སེམས་ཅན་རྣམས་ལ་ཕན་འདོགས་པར་བྱེད་དེ། དེ་ལྟར་སྦྱིན་པ་སྦྱིན་པར་བྱེད་དོ། །ཞེས་ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་མང་པོ་དང་། ཐེག་པ་ཆུང་ངུའི་སྡེ་སྣོད་ཀྱང་དམ་པའི་ཆོས་དྲན་པ་ཉེ་བར་བཞག་པའི་མདོ་ལས། བཀྲེས་པའི་ཉེན་པ་འདི་སྲོག་ཡོངས་སུ་གཏོང་བར་མ་གྱུར་ཅིག། བདག་གི་ཤ་དག་གིས་འདི་ཚིམ་པར་གྱུར་ཅིག་སྙམ་ནས་དེའི་དྲུང་དུ་ཟར་གཞུག་པའི་ཕྱིར་སོང་སྟེ། དེ་བདག་ཉིད་ཀྱི་ལུས་གཏོང་བར་བྱེད་པ་སེམས་ཅན་ལ་སྙིང་རྗེ་ཞིང་མཁས་པ་མ་དང་བུའི་སྲོག་སྦྱིན་པར་བྱེད་པར་དེ་ནི་ཚུལ་ཁྲིམས་ལ་རབ་ཏུ་ཞུགས་པ་ཡིན་ནོ། །ཞེས་ཆོས་སྒྲུབ་པ་པོས་རང་གི་ལུས་ཀྱི་ཤ་གཞན་གྱི་ནད་སེལ་བ་དང་སྲོག་སྐྱོབ་པའི་ཆེད་དུ་གཏོང་དགོས་པར་སྔོན་གྱི་བྱུང་བ་དང་བཅས་རྒྱ་ཆེར་གསུངས་པ་མཐའ་ཡས་སོ།།

དེ་དག་ནི་གཏོང་བའི་ཉམས་ལེན་དང་ཡོན་ཏན་ལ་བསྔགས་པ་ལས་ཤ་བཟའ་དགོས་པར་བསྟན་པ་ནི་མ་ཡིན་ནོ་ཞེ་ན། དེ་ལྟའང་ལགས་མོད། གལ་ཏེ་ཟ་བཟའ་བ་རང་བཞིན་གྱི་སྡིག་པ་ཡིན་ན་ནི། སྡིག་པ་བསགས་ཏེ་ངན་སོང་འགྲོ་བ་དང་སྲོག་འདོར་བ་ནང་འདོམས་ན་སྲོག་འདོར་བ་ལ་བསྔགས་པ་ཡིན་ཏེ། དེད་དཔོན་སྙིང་རྗེ་ཆེན་པོས་མི་ནག་མདུང་ཐུང་ཅན་བསད་པའི་དཔེ་བཞིན་ཡིན་པའི་ཕྱིར། དེས་ན་རང་ཤ་ཙམ་ཡང་གཞན་ལ་སྦྱིན་དགོས་པར་བཤད་པ་དེས་སྦྱིན་ཡུལ་ཕ་རོལ་བོས་བཟའ་རུང་བར་བསྟན་འདུག་པ་ནི་དངོས་སུ་གསལ་ལ། རྒྱུ་མཚན་དེས་དཔྱད་ན་སྤྱིར་ཤ་ཙམ་ལ་བཟའ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་མ་ཡིན་པ་ཤེས་ཏེ། དེང་སང་བོད་པ་དག་གིས། ཤ་ཟ་བ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་གང་ཟག་སུས་ཀྱང་བཟའ་མི་རུང་ཟེར་བ་ལྟར་ན་སེམས་ཅན་ཡོད་དོ་ཅོག་གིས་སེམས་ཅན་གཞན་གྱི་ཤ་ཟོས་ཚད་མི་དགེ་བ་ཡིན་པར་འགྱུར་ཞིང་། དེ་ལྟར་ན་བྱ་རྒོད་ཀྱིས་གོད་ཤ་ཟ་བ་ཙམ་ཡང་བྱ་རྒོད་དེ་ལ་སྡིག་པ་ལྕི་བ་ཐལ་བར་འགྱུར་ཞིང་། སྤྱིར་ཤ་ཁ་ལ་འཁྱེར་མི་རུང་ཞིང་ངོ་བོའི་སྒོ་ནས་ཉེས་པ་དང་སྡིག་པ་ཚབ་ཆེན་པོ་ཅན་ཡིན་ན་ནི་མདོ་འདི་དག་ལས་ཤ་གཏོང་ཞིག། ཤ་ཟོས་ཤིག་ཅེས་གསུངས་མི་སྲིད་པའི་ཕྱིར་ཏེ། གཞན་བྱ་བ་ངན་པའི་རིགས་བྱེད་པ་ལ་བསྐུལ་མི་སྲིད་པའི་ཕྱིར། དེར་ཐལ། བྱང་ཆུབ་སེམས་དཔས་སེམས་ཅན་ལ་མི་དགེ་བའི་གནས་སུ་འཇུག་པར་མི་བསྐུལ་བའི་ཕྱིར། དེར་ཐལ། སྲོག་གཅོད་ཅིག། མ་བྱིན་པ་ལོངས་ཤིག་ཅེས་བསྐུལ་མི་སྲིད་པ་ལྟ་བུ་ཡིན་པའི་ཕྱིར། དེས་ན་མདོ་འདི་དག་གི་དགོངས་པས་ཀྱང་དགོས་པ་བྱུང་ན་རང་ལུས་ཀྱི་ཤ་མི་ཤ་ཙམ་པོ་དེ་ཡང་སེམས་ཅན་ལ་གཏོང་སྟེ་བཟའ་རུ་འཇུག་དགོས་པ་དང་། ཕ་རོལ་བོ་སྦྱིན་ཡུལ་དེས་ཀྱང་ཟ་རུང་བར་གསུངས་པ་དེས་སྤྱིར་བཏང་ཙམ་དུ་ཤ་ཟ་བ་མ་བཀག་ཅེས་དང་། གང་ཟག་སུས་ཟོས་ཀྱང་རང་བཞིན་གྱི་མི་དགེ་བ་ཡིན་ཞེས་མ་བཤད་ཅེས་བརྗོད་དགོས་པ་ནི་ཡིན་པར་ཐེ་ཚོམ་མེད་པས་བློ་གཟུ་བོར་གནས་ཤིང་ཤེས་རབ་ལྡན་པ་དག་གིས་དཔྱད་དེ་མཉན་པར་བྱའོ།།

གཞན་ཡང་བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་པའི་མདོ་ལས། དེས་པ་ཞེས་བྱའི་སྲོག་ཆགས་རྣམ་པ་ཡོད། །གང་དག་དེ་ཡི་ཤ་ལ་ཡོངས་ཟ་བ། །དེ་ཀུན་ནད་ལས་ཡོངས་སུ་ཐར་པར་འགྱུར། །འཇིགས་ཤིང་སྐྲག་པ་དག་ཏུ་མ་བྱེད་པར། །དེ་ཡི་ཤ་ནི་ཇི་ལྟར་འདོད་དགར་ལོངས། །དེ་ནི་གནོད་པར་མི་སེམས་ཁྲོ་གཤེ་མེད། །དེ་ནི་འཛམ་བུ་གླིང་གི་རྩི་ཡིན་ནོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པ་ལས། བྱ་གང་ལ་ལས་ཆོས་སྨྲ་བ་ཤི་བའི་རོ་བམ་པ་དུར་ཁྲོད་ན་འདུག་པའི་ཤ་ཟོས་ཀྱང་དེ་དག་ཐམས་ཅད་ཕྱིར་མི་ལྡོག་པར་འགྱུར་ཏེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱང་འཐོབ་པར་འགྱུར་རོ། །ཞེས་དང་། དེ་བཞིན་གཤེགས་པའི་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེས་བདག་གི་ལུས་ཆེན་པོ་ཤི་ཞིང་དུས་ལས་འདས་པར་སྟོན་ཏེ། དེ་ཡང་སེམས་ཅན་དུད་འགྲོའི་སྐྱེས་གནས་སུ་གྱུར་པ་དེ་དག་གིས་ཅི་ཙམ་འདོད་པར་ཤ་ལ་ཟོས་ནས་ཚེ་མཐར་ཕྱིན་ཏེ་འཆི་བའི་དུས་སུ་གྱུར་ཅིང་ཤི་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷའི་ནང་དུ་སྐྱེའོ། །དེ་ཡང་དེ་དག་གི་ཡོངས་སུ་མྱ་ངན་ལས་འདས་པའི་བར་དུ་རྒྱུར་འགྱུར་རོ། །ཞེས་གསུངས་པ་ལྟ་བུ་ཤ་བྱིན་པའི་ཕན་ཡོན་དང་། འགྲོ་མང་གིས་བྱང་ཆུབ་སེམས་དཔའི་ཤ་ཟོས་པའི་ཡོན་ཏན་བརྗོད་པ་ནི་ལན་གྲངས་མང་པོར་མདོ་དུ་མར་གསུངས་མོད་དེ་ནི་དམིགས་གསལ་ལས་བྱང་ཆུབ་སེམས་དཔའ་ལ་ཤ་གནང་ཞིང་བཟའ་དགོས་པར་གསུངས་པའི་གོ་མི་ཆོད་ཀྱང་། གང་ཟག་སུས་ཀྱང་ཤ་གཏན་ནས་བཟའ་མི་རུང་བ་མ་ཡིན་པར་ཤེས་ལ། ཤ་གཏན་དུ་བཀག་ན་གལ་ཏེ་བརྒྱ་ལ་སེམས་ཅན་རང་སྟོབས་ཀྱི་ཚོགས་གསོག་གི་ཕུང་པོ་ཆེན་པོ་མེད་པ་རྣམས་ལ་རྒྱལ་བ་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་དང་ཐུགས་བསྐྱེད་བསམ་གྱིས་མི་ཁྱབ་པའི་མཐུ་ལས་བྱུང་བ་རྣམས་ལ་འཕྲད་པའི་སྒོ་འགོག་པར་འགྱུར་བས་ཤ་འགོག་པ་ལ་ཕན་ཡོན་ཆེའམ་ཉེས་པ་ལྕི་གང་ཡིན་དཔྱད་དགོས་པ་ནི་ཡོད་དོ།།

ཞར་བྱུང་གཞན་གྱི་སྨྲ་བ་དགག་པ།

བདུན་པ་ཞར་བྱུང་གཞན་གྱི་སྨྲ་བ་དགག་པ་ནི། དེ་ཡང་གསུང་རབ་ཀྱི་དོན་ལ་བློ་གྲོས་ཁབ་ཀྱི་བུ་ག་ཙམ་ལས་མེད་ཀྱང་ཁ་ནས་འོལ་ཚོད་དང་རྨོངས་པའི་རྒྱངས་གླུ་ལེན་པ་ལ་གོམས་པ་ཁ་ཅིག་ན་རེ། ལང་ཀར་གཤེགས་པའི་མདོ་ལས། དེ་ལྟར་བློ་གྲོས་ཆེན་པོ་ང་ནི་སེམས་ཅན་ཐམས་ཅད་ལ་བུ་གཅིག་བཞིན་གྱི་འདུ་ཤེས་དང་ལྡན་པ་ཡིན་ན། ཇི་ལྟར་བདག་གིས་བུའི་ཤ་བཟའ་བར་ཉན་ཐོས་རྣམས་ལ་གནང་བར་བྱ། རང་གིས་བཟའ་བ་ལྟ་ཅི་སྨོས་ཏེ། ངས་ཉན་ཐོས་རྣམས་ལ་གནང་བ་དང་། བདག་ཉིད་ཀྱིས་ཟོས་སོ་ཞེས་བྱ་འདི་ནི་བློ་གྲོས་ཆེན་པོ་གནས་མེད་དོ། །ཞེས་གསུངས་པ་ལ་བརྟེན་ནས་ཉན་ཐོས་རྣམས་ཞེས་པ་ཐེག་པ་ཆུང་ངུ་བ་རྣམས་ལ་ཟེར་བས་ན་ཐེག་དམན་གྱི་འདུལ་བའི་སྡེ་སྣོད་ནས་ཀྱང་རྣམ་གསུམ་དག་པའི་ཤ་ཙམ་ཡང་ཟ་བར་མ་གནང་ཟེར། དེ་འདྲའི་སྨྲ་བ་དེ་ཆོས་ཅན། རིགས་ཤིང་འཐད་པའི་སྨྲ་བ་ཡང་དག་པ་ཅིག་མ་ཡིན་ཏེ། དེ་ནི་མདོ་དོན་གཏན་ནས་མ་ཡིན་པའི་ཕྱིར། དེ་མ་ཡིན་ཏེ། མདོའི་དོན་ནི་ཐེག་པ་ཆེན་པོའི་སྐབས་འདིར་ཤ་བཟའ་བ་བཀག་པས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཤ་བཟའ་མི་རུང་བ་ལས་ཉན་ཐོས་དང་རང་རྒྱལ་རྣམས་ཀྱིས་བཟའ་རུང་ངམ་སྙམ་ན། དེ་ནི་མིན་པར་ཐེག་པ་ཆེན་པོའི་སྡེ་སྣོད་འཆད་པའི་སྐབས་འདིར་ཉན་ཐོས་ཀྱིས་ཀྱང་ཤ་བཟའ་མི་རུང་ཞེས་བཀག་པ་ལས་འདུལ་བ་ནས་རྣམ་གསུམ་དག་པའི་ཤ་ཙམ་བཟའ་བར་མ་གནང་ཞེས་གསུངས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། འོ་ན་ལུང་དེ་ཆོས་ཅན། དེ་འདུལ་བ་ནས་ཀྱང་རྣམ་གསུམ་དག་པའི་ཤ་ཙམ་བཟའ་བར་མ་གནང་བའི་ལུང་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་མ་ཡིན་པར་ཐལ། དེ་ལྟར་ཡིན་ན་སངས་རྒྱས་ཞལ་གཅིག་ལས་ཚིག་གཉིས་སྨྲ་བའི་རྫུན་རྐྱལ་ཉིད་དུ་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་གྱི་མདོ་འདི་ཉིད་ལས་འདུལ་བ་ནས་རྣམ་གསུམ་དག་པའི་ཤ་བཟའ་རུང་བར་གནང་བ་དངོས་སུ་ཞལ་གྱིས་བཞེས་པའི་ཕྱིར། གྲུབ་སྟེ། ལང་ཀར་གཤེགས་པ་ཉིད་ལས། སེམས་ཅན་ཐམས་ཅད་ལ་བུ་བཞིན་དུ་འདུ་ཤེས་བསྒོམ་པའི་ཕྱིར་ཤ་ཐམས་ཅད་གཅོད་པར་ཡང་བྱའོ། །བསྟན་པ་བརྗོད་པ་དེ་དང་དེ་ལ་བསླབ་པའི་གཞི་རིམ་པས་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་གསུམ་བཅས་ནས་དེས་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། དེའི་ཕྱིར་རང་བཞིན་གྱིས་ཤི་བ་བཅུའི་ཤ་ནི་མ་བཀག་མོད་ཀྱི། འདིར་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་ཀུན་ལ་ཐབས་མེད་པར་རིལ་གྱིས་བཀག་སྟེ། དེ་ལྟར་བློ་གྲོས་ཆེན་པོ་ངས་ཤའི་ཟས་ནི་སུ་ལའང་མ་གནང་། མི་གནང་། གནང་བར་མི་འགྱུར་ཏེ། བློ་གྲོས་ཆེན་པོ་རབ་ཏུ་བྱུང་བ་རྣམས་ལ་ཤའི་ཟས་ནི་མི་རུང་བར་བཤད་དོ། །ཞེས་དང་། ལང་ཀར་གཤེགས་པ་གསུང་གི་སྙིང་པོའི་ལེའུ་ལས། བློ་གྲོས་ཆེན་པོ་ངས་སྔར་ཤ་རྣམ་པ་ལྔ་དང་བཅུ་བཀག་ལ་མདོ་སྡེ་འདིར་ནི་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐབས་ཀྱིས་གནང་བ་ཡང་ཐམས་ཅད་བཀག་གོ །ཞེས་དང་། མྱང་འདས་རྒྱ་ནག་གི་འགྱུར་ལས། འོད་སྲུང་གིས་གསོལ་པ་སྔོན་བཅོམ་ལྡན་འདས་ཀྱིས་ཤ་བརྟགས་པ་རྣམ་པ་གསུམ་འཚལ་དུ་གནང་བ་མ་ལགས་སམ། བཀའ་སྩལ་པ། འོད་སྲུང་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ནི་བགས་ཀྱིས་བཅད་པའི་ཐབས་སུ་གསུངས་སོ། །བྱང་ཆུབ་སེམས་དཔའ་འོད་སྲུང་གིས་གསོལ་པ། ཅིའི་སླད་དུ་མ་བརྟགས་པ་རྣམ་པ་བཅུ་དང་། བརྟགས་པ་རྣམ་པ་དགུའི་བར་དུ་འཚལ་དུ་མི་གནང་། བཅོམ་ལྡན་འདས་ཀྱིས་འོད་སྲུང་ལ་བཀའ་སྩལ་པ། དེ་ཡང་བགས་ཀྱིས་བཅད་པའི་དོན་དུ་གསུངས་ཏེ། མདོར་ན་ཤ་བཅད་པའི་དོན་དུ་བསྟན་པ་ཡིན་ནོ། །ཞེས་དང་། རིགས་ཀྱི་བུ་གཅེར་བུ་པའི་ལྟ་བ་དང་མཐུན་པ་མ་ཡིན་གྱི། དེ་བཞིན་གཤེགས་པས་ཚུལ་ཁྲིམས་བཅས་པ་རྣམས་ནི་སོ་སོར་དགོངས་ཏེ་གསུངས་པ་ཡིན་པས་དགོངས་པ་ཐ་དད་པའི་ཕྱིར་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ཡིན་ནོ། །འདུ་ཤེས་ཐ་དད་པའི་ཕྱིར་ཤ་རྣམ་པ་བཅུ་བཅད་པ་ཡིན་ནོ། །འདུ་ཤེས་ཐ་དད་པས་རང་ཤི་བ་ལ་སོགས་པ་ཤ་ཐམས་ཅད་ཟར་མི་གནང་བ་ཡིན་ནོ། །ཞེས་དང་། མདོ་མྱང་འདས་དེ་བ་ཙནྡྲའི་འགྱུར་ལས། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །གསོལ་བ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ་དོན་ཆེད་ཀྱི་མུ་དགུ་དང་། ཤ་རྣམ་པ་བཅུ་སྤང་བར་བཀའ་སྩལ་ལགས། བཀའ་སྩལ་པ། ཚིག་བཞག་པ་དེ་དག་ཀྱང་ཤ་མི་བཟའ་བར་བསྡམ་པའི་ཕྱིར་བཅད་དོ། །ཞེས་གསུངས་པའི་ཕྱིར་རོ།།

ལུང་དེ་དག་གི་དོན་གསལ་བར་བཤད་ན་དེ་ལྟར་འདུལ་བའི་སྐབས་སུ་རྣམ་གསུམ་དག་པའི་ཤ་བཟའ་རུང་བར་གནང་ཞིང་ཐེག་པ་ཆེན་པོའི་སྐབས་འདིར་རྣམ་གསུམ་དག་མ་དག་པའི་ཤ་ཐམས་ཅད་བཀག་པ་ཡིན་ཞེས་པའི་དོན་ཡིན་ཏེ། ལང་གཤེགས་ཀྱི་མདོ་དོན་ནི་བསྟན་པ་ཐམས་ཅད་སྐས་ཀྱི་གདང་རིམ་ལྟར་དུ་བསྟན་ཅིང་། དེ་ཕྱིར་སྔར་ཐེག་དམན་འདུལ་བའི་སྐབས་སུ་རྣམ་གསུམ་དག་པའི་ཤ་དང་། ཕྱིའི་འགལ་རྐྱེན་གཅན་གཟན་སོགས་ཀྱིས་བསད་པ་ལྟ་བུ་སེམས་ཅན་དང་། སེམས་ཅན་མ་ཡིན་པ་ས་དང་། ཆུ་དང་། མེ་དང་། རླུང་སྟེ་འབྱུང་བཞིས་ཤི་བ་དང་ལྔ་དང་། ནང་གི་འགལ་རྐྱེན་ནད་རླུང་མཁྲིས་བད་ཀན་འདུས་པ་བཞིས་ཤི་བ་དང་། མཐུན་རྐྱེན་མ་ཚང་བའི་རྐྱེན་ཚེ་ཟད་དེ་ཤི་བ་བཅས་ལྔ་སྟེ་རང་བཞིན་གྱིས་ཤི་བ་བཅུ་ཡི་ཤ་ཟ་བར་མ་བཀག་ལ། དེ་ལས་གཞན་པའི་ཤ་བཀག་པ་ཡིན་མོད། ད་ཐེག་པ་ཆེན་པོ་འཆད་པའི་སྐབས་སུ་སྙིང་རྗེ་དང་། བྱམས་པ་དང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལ་དམིགས་ནས་ཤ་ཐམས་ཅད་མ་བཀག་ཐབས་མེད་ཡིན་ཞིང་། དུས་གསུམ་དུ་ཤ་བཟའ་བར་མི་གནང་ལ། རབ་བྱུང་ལའང་མི་གནང་ཞེས་གསུངས་པ་ཡིན་པ་ཤིན་ཏུ་གསལ་བའི་ཕྱིར། མྱང་འདས་ཀྱི་ལུང་དོན་ནི། སྔར་འདུལ་བ་ནས་བརྟགས་པ་རྣམ་གསུམ་སྟེ་རྣམ་གསུམ་དག་པའི་ཤ་ཟ་རུང་བར་གནང་བ་དང་། ཤ་བཅུ་བཟའ་མི་རུང་བར་བཤད་པ་དང་། ད་ལྟ་ཐེག་པ་ཆེན་པོ་བསྟན་པའི་དུས་འདིར་ཐམས་ཅད་དུ་ཤའི་ཁ་ཟས་མི་རུང་བར་བཤད་པ་ཐམས་ཅད་དོན་ལ་རིམ་གྱིས་རྗེས་འཇུག་ལ་ཤ་ཟས་གཅོད་པའི་དོན་དུ་བཀའ་བསྩལ་བ་ཡིན་ཞེས་པ་ཡིན་པའི་ཕྱིར། ཡང་འདུལ་བ་དང་སོ་སོར་ཐར་བ་ཟེར་བ་དེ་འདུལ་བའི་སྡེ་སྣོད་ལས་གསུངས་པ་ཁོ་ནའི་བསླབ་བྱ་སྲུང་བ་ཙམ་མིན་པར་རྫས་ངན་ཐམས་ཅད་ལེན་པ་མེད་པ་དང་སྦྱིན་པ་མེད་པ་ལ་སོགས་པ་ཐམས་ཅད་ལ་གསུངས་ཤིང་། སྔར་རྣམ་གསུམ་དག་པའི་ཤ་གནང་བ་ནི་དམིགས་བསལ་གྱི་དོན་ཞིག་ཡིན་ལ། ད་ནི་དྲི་བ་བྱུང་ན་ནི་སེམས་ཅན་དང་། ཁྱད་པར་དུ་བྱམས་པ་དང་སྙིང་རྗེ་སྐྱེ་བ་ལ་གནོད་པའི་ཕྱིར་དུ་ཤ་བཟའ་མི་རུང་ཞེས་བཀག་པ་ཡིན་ཞིང་། དེ་ཡང་མྱ་ངན་ལས་འདའ་ཁ་ལགས་པས་ད་དེ་ལྟར་ཤ་བཟའ་མི་རུང་བར་མང་དུ་གསུངས་པ་ཡིན་ཞེེས་ཀྱང་གསུངས་ཏེ། མྱང་འདས་དེ་བ་ཙནྡྲའི་འགྱུར་ལས། སྔར་ནི་དོན་གྱི་དམིགས་བྱུང་བའི་སྐབས་སུ་བསྟན་ཏོ། །ད་འདིར་ནི་ཤ་ཟ་བ་ལས་གནོད་པར་འགྱུར་བར་ངས་བསྟན་ཏོ། འདི་ནི་ང་ཡོངས་སུ་མྱ་ངན་ལས་འདའ་བའི་ཚེ་མང་དུ་བཤད་པ་ཡིན་ཏེ་འདི་ནི་འདྲི་བའི་དབང་ཞེས་བྱའོ། །དེ་ལ་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ནི་དགེ་སློང་ངམ། དགེ་སློང་མའམ་། དགེ་བསྙེན་ནམ། དགེ་བསྙེན་མ་དག་ང་ལ་འདི་སྐད་ཅེས་འདྲི་བར་བྱེད་དེ། དེ་བཞིན་གཤེགས་པས་ཐོག་མར་མགོ་གཅིག་ཁོ་ནར་བཀའ་སྩལ་ན། ཞེས་སོགས་གསུངས་པའི་ཕྱིར་རོ། །དེས་ན་ཉན་ཐོས་རྣམས་ལ་མ་གནང་ཟེར་བ་དེ་འདུལ་བ་ལས་མ་གནང་ཟེར་བ་མིན་པར་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་བཟའ་བར་གནང་བ་དངོས་སུ་གསལ་བ་ནི་སྙོན་དུ་མེད་པ་དང་། གོང་གི་ལང་གཤེགས་ཀྱི་འགྲེལ་བ་ལས། གང་ཡང་ཉན་ཐོས་ཀྱི་ཐེག་བ་པ་སྙིང་རྗེ་མེད་པ་དེ་ཡང་བཀག་པ་སྟེ། ཤ་དང་ཉ་ལ་སོགས་པ་ནི། །རབ་ཏུ་བྱུང་བས་བསྔོས་ཟོས་ན། །བརྩེ་བ་མེད་པའི་སེམས་སྐྱེ་བས། །དེའི་ཕྱིར་གསོད་པའང་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་མདོ་སྡེ་འཆད་པའི་སྐབས་འདིར་བྱང་ཆུབ་སེམས་དཔའ་མ་ཟད་གོང་དུ་སྨོས་ཟིན་ལྟར་ཉན་ཐོས་རྣམས་ལའང་སྙིང་རྗེ་སྐྱེ་བའི་ཕྱིར་དུ་ཤ་བཀག་པས་ཐེག་ཆེན་ལས་རྣམ་གསུམ་དག་པའི་ཤ་ཙམ་ཡང་མི་གནང་ཞེས་པའི་དོན་དུ་གོ་བ་འདི་ནི་ཤེས་དགོས་པ་ཡོད་དོ།།

བརྒྱད་པ་རང་གི་དོགས་པ་འགོད་པ་ནི། དེ་ཡང་སྤྱིར་ནང་པའི་ལུགས་འདིར་རབ་བྱུང་གིས་རང་གི་དོན་དུ་སྲོག་ཆགས་བསད་པའི་ཤ་བཟའ་མི་རུང་བ་ནི་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་ཙམ་ལས་བཟར་མ་གནང་པས་ཤེས་ལ། སྲོག་ཆགས་གང་ཡིན་གྱི་ཤ་ཟ་མི་རུང་བ་ནི་རྨིག་ཟླུམ་ཅན་སོགས་སྲོག་ཆགས་ཤིན་ཏུ་མང་པོ་ཞིག་གི་མིང་དངོས་སུ་སྨོས་པས་ཤེས་ལ། ཐེག་པ་ཆེན་པོའི་གཞུང་ཡོངས་རྫོགས་ནས་བྱང་ཆུབ་སེམས་དཔའ་ལ་ཤའི་ཟས་རྒྱ་ཆེར་བཀག་པ་ནི་མ་མཐོང་མོད། ལང་གཤེགས་སོགས་མདོ་རེ་འགའ་ལས་བཀག་པས་ཀྱང་ཐེག་ཆེན་པས་བཀག་པའི་གོ་ཆོད་ངེས་པས་ཐེག་ཆེན་གྱི་ལུགས་འདིར་ཤ་བཀག་ཅེས་བརྗོད་པ་ལ་དོགས་པ་སྤུ་ཙམ་མི་དགོས་ཤིང་། དེ་ཡང་གཙོ་བོ་ཤ་ལ་སྲེད་དྲག་ན་སྙིང་རྗེ་དང་བྱམས་པ་ཉམས་པའམ་མི་སྐྱེ་བའི་རྒྱུར་འགྱུར་ཞིང་། དེ་དག་མ་སྐྱེས་པའམ་ཉམས་ན་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྐྱེ་བ་གནས་མེད་པ་ལ་དགོངས་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་དང་ལྡན་པའི་གང་ཟག་ལ་ཤ་བཟའ་བར་མ་གནང་བར་བཀག་པ་ཡིན་པ་ནི་སྙོན་དུ་མེད་པ་བསྐྱར་བཤད་ཟློས་བཤད་མང་པོ་བགྱིས་ཟིན་པ་ལྟར་རོ།།

འོ་ན་ད་ནིི་དོགས་པ་ཅི་ཡོད་ཅེ་ན། བོད་འགྱུར་གྱི་བཀའ་ཡི་ཆོས་སྡེ་ལས་ཤ་རྒྱ་ཆེར་བཀག་པའི་གཞུང་དེ་ལང་ཀར་གཤེགས་པའི་མདོ་དང་། མྱ་ངན་ལས་ཡོངས་སུ་འདས་པའི་མདོ་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་ཙམ་ཡིན་འདུག་ལ། དེ་དག་ལས་ལང་ཀར་གཤེགས་པ་བོད་འགྱུར་མ་འདི་ལ་འགྱུར་ཚན་མི་འདྲ་བ་གཉིས་འདུག་པའི་བམ་པོ་དགུ་ཅན་དང་ལེའུ་བརྒྱད་ཅན་དེ་ནི་བུ་སྟོན་རིན་པོ་ཆེའི་ཆོས་འབྱུང་དུ་དཔེ་གཅིག་ལས། རྒྱ་གར་ལས་བསྒྱུར་བ་ཞེས་ཡོད་ལ། དཔེ་གཅིག་ཏུ། ལང་ཀར་གཤེགས་པ་རྒྱ་ལས་བསྒྱུར་བ་བམ་པོ་བཅུ་གཅིག །ཅེས་གསུངས་པས་དེ་དག་ན་རྒྱ་ནག་གི་འགྱུར་དུ་ངེས་ཤིང་། མཇུག་ཏུ། འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ཇི་སྙེད་པ་རྫོགས་སོ། །ཞེས་པ་ཙམ་ལས་འགྱུར་བྱང་མེད་པ་དང་། འགའ་རེས་དེ་ལའང་འགྱུར་བྱང་སྦྱར་ཏེ་འགོས་ཆོས་གྲུབ་ཀྱི་རྒྱ་ལས་བསྒྱུར་པ་ཡིན་ཟེར་བས་རྒྱ་གར་གྱི་འགྱུར་ཡིན་ངེས་ཀྱི་སྒྲུབ་བྱེད་ཆུང་ཞིང་རྒྱ་ནག་གི་འགྱུར་ཡིན་ངེས་པ་དང་། ལང་གཤེགས་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་རུ་གྲགས་པ་བམ་པོ་བརྒྱད་ཅན་དེ་ནི། མཇུག་ཏུ། དཔལ་ལྷ་བཙན་པོའི་བཀའ་ལུང་གིས་རྒྱའི་སློབ་དཔོན་ཝེན་ཧྭི་ཡིས་མཛད་པའི་འགྲེལ་བ་དང་སྦྱར་ནས་ལོ་ཙཱ་བ་དགེ་སློང་འགོས་ཆོས་གྲུབ་ཀྱིས་བསྒྱུར་ཅིང་ཞུས། ཞེས་པ་འདུག་པ་དང་། བུ་སྟོན་རིན་པོ་ཆེས་ཀྱང་། འགོས་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་བ་ཞེས་གསུངས་པས་རྒྱ་ནག་ལས་འགྱུར་པར་གསལ་བ་དང་། དེའི་ཁུངས་གཏུགས་ཡུལ་དེ་ཡང་རྒྱ་ནག་གི་མཁན་པོའི་ཊཱི་ཀ་ཡིན་འདུག་པས། ལང་གཤེགས་ཀྱི་མདོ་འགྱུར་མི་འདྲ་བ་གཉིས་ཀ་ལས་ཤ་ཟ་བ་ལ་དེ་ཙམ་སྡང་བ་དེ་རྒྱ་ནག་གི་རྒྱལ་ཁྲིམས་ཀྱི་འཇིགས་པའི་འོག་མདོ་ལ་འབྲི་སྣོན་བྱེད་དགོས་བྱུང་བ་ཡིན་ནམ་སྙམ་པར་དོགས་པ་ཤིན་ཏུ་ཆེའོ། །རྒྱུ་མཚན་ནི། ལང་ཀར་གཤེགས་པ་འདི་ལ་རྒྱ་ནག་ཏུ་གནའ་བོའི་དུས་སུ་འགྱུར་མི་འདྲ་བ་བཞི་བྱུང་བ་དང་། ཐོག་མ་དེ་ལོ་ཙཱ་བ་གྲགས་ཅན་ཐན་མོ་ཁྲིན་ཏེ་ལི་ཡུལ་གྱི་མཁས་པ་ཆོས་ཀྱི་རྗེའམ་ཆོས་སྐྱོབ་ཟེར་བས་སྤྱི་ལོའི་དུས་རབས་ལྔ་བའི་ནང་དུ་སྟེ་སྤྱི་ལོ་བཞི་བརྒྱ་ཉེར་གཅིག་ནས་བཞི་བརྒྱ་སོ་གསུམ་ལོར་བར་ཙམ་ལ་བསྒྱུར་པ་བམ་པོ་བཞི་ཅན་ཞིག་ཡོད་པ་དེ་ཐང་རྒྱལ་རབས་ཀྱི་དུས་སུ་བོར་བརླགས་སུ་སོང་བར་བཤད་དོ།།

དེ་རྗེས་འགྱུར་གྲགས་ཅན་གསུམ་ཡོད་པ་ལས། ཐོག་མ་དེ་རྒྱ་ནག་གི་རྒྱལ་རབས་ལྷོ་མ་སུང་གི་ཡན་ཅའི་ཁྲི་ལོ་ཉི་ཤུ་བ་སྤྱི་ལོ་བཞི་བརྒྱ་ཞེ་གསུམ་ལོར་རྒྱ་གར་གྱི་མཁས་པ་གུ་ཎ་བྷ་དྲ་སྟེ་རྒྱ་ཡིས་ཆོའུ་ན་པ་ཐོ་ལོ་ཞེས་འབོད་པ་དེ་ཡིས་བསྒྱུར་པ་བམ་པོ་བཞི་ཅན་དང་། གཉིས་པ་དེ་ཝེས་བྱང་མའི་རྒྱལ་རབས་ཀྱི་དུས་སུ་རྒྱ་གར་གྱི་མཁས་པ་ཕུས་ཐིས་ལོའུ་ཏྲི་ཡིས་བསྒྱུར་པ་བམ་པོ་བཅུ་ཅན་དང་། གསུམ་པ་དེ་ཐང་རྒྱལ་རབས་ཀྱི་རྒྱལ་མོ་ཝོའུ་ཙི་ཐེན་གྱི་ཅོའུ་ཧྲི་ཁྲི་ལོའི་དུས་ཏེ་སྤྱི་ལོ་བདུན་བརྒྱ་ལོར་ལི་ཡུལ་ཡུས་ཐེན་གྱི་མཁས་པ་ཤཻཀྵཿནནྟ་སྟེ་སློབ་པ་དགའ་བ་ཞེས་པ་རྒྱ་ཡིས་ཧྲི་ཁྲ་ནན་ཐོ་ཞེས་འབོད་པ་དེ་ཡིས་བསྒྱུར་པ་བམ་པོ་བདུན་ཅན་རྣམས་ཡིན་ཞིང་། མདོ་འདི་དུས་སྐབས་དེ་དག་ཏུ་རྒྱ་ནག་དུ་དར་ཁྱབ་ཆེ་ཞིང་རྩ་ཆེན་དུ་འཛིན་པ་ཞིག་ཡིན་ཞིང་བསམ་གཏན་མཁན་པོ་བྷོ་དྷི་དྷརྨས་ཀྱང་རྩ་ཆེན་དུ་བཟུང་སྟེ་གསུངས་པར་གྲགས་པས་མདོ་འགྲེལ་བ་དང་བཅས་པར་རྒྱ་ནག་གི་རྒྱལ་ཁྲིམས་བཙན་པོའི་བཀའ་འོག་ནས་བསྒྱུར་བྱེད་ཀྱི་ལོ་ཙཱ་བ་དང་། ཊཱིཀ་བྱེད་མཁན་པོས་མཛུབ་མོ་འགུལ་ནས་ཤ་ཟ་བའི་ཉེས་དམིགས་ཤིན་ཏུ་མང་པོ་བསྣན་པ་ཡིན་སྲིད་དེ། འགྱུར་འདི་གསུམ་གྱི་བསྒྱུར་དུས་སྔ་མའི་མཇུག་ནས་མི་རིང་བར་རྒྱ་ནག་གི་རབ་བྱུང་རྣམས་ཀྱིས་ཤ་ཟ་མི་ཆོག་པའི་རྒྱལ་ཁྲིམས་དེ་དར་ཞིང་། བསྒྱུར་དུས་གཉིས་པའི་དུས་དེ་ཤ་རྒྱ་ཆེར་འགོག་པའི་དུས་སུ་འཁེལ་བ་དང་། ལང་གཤེགས་ཀྱི་བསྒྱུར་བྱེད་ལོ་ཙཱ་བ་ཕུས་ཐིས་ལོའུ་ཏྲི་དེ་སྤྱི་ལོ་ལྔ་བརྒྱ་བརྒྱད་ཀྱི་ལོར་ལོ་དབྱང་གྲོང་ཁྱེར་དུ་འབྱོར་ཞིང་། ཁོང་ནི་ཤ་འགོག་རྒྱལ་པོ་ལེང་ཝོའུ་ཏིས་ཀྱི་དུས་དང་འཁེལ་བ་ཡིན་ཕྱིར། སྔ་འགྱུར་ལ་ཤའི་ཉེས་དམིགས་བསྣན་པ་དང་། སྐབས་འགྱུར་ལ་གསར་དུ་ཤའི་ཉེས་དམིགས་བཟོ་བཅོས་བགྱིས་པ་དང་། ཕྱིས་འགྱུར་སྔ་མ་གཉིས་དང་བསྟུན་དགོས་པར་བྱས་པ་ཡིན་ནམ་སྙམ་པའི་དོགས་གནས་ཤིན་ཏུ་ཆེ་བའི་ཕྱིར། དེ་ལྟར་དོགས་དགོས་ཏེ། མཁས་པ་ཆོས་སྐྱོབ་དང་། གུ་ཎ་བྷ་དྲའི་འགྱུར་ལ་བམ་པོ་བཞི་ལས་མེད་པ་ལ་ཕུས་ཐིས་ལོའུ་ཏྲི་ཡི་དུས་སུ་བམ་པོ་བཅུར་གྱུར་པ་དང་། རྒྱ་ནག་གི་ལོ་རྒྱུས་སུ་རྒྱལ་རབས་ཕལ་མོ་ཆེར་ཆོས་ལུགས་ལ་ཁྲིམས་ཀྱི་ལག་པ་མ་རྐྱོང་བ་ཞིག་མེད་པའི་ཚོད་ཙམ་ཡིན་ཞིང་། ཐ་ན་རབ་བྱུང་གི་གོས་དང་གོས་མདོག་དང་བཅས་པ་འདུལ་བ་དང་བསྟུན་དུ་མེད་པར་རྒྱལ་ཁྲིམས་ཀྱིས་ཇི་འདོད་ལྟར་བྱ་དགོས་པའི་བཀའ་ཁྲིམས་ཕབ་པ་ལྟར་ཡིན་པའི་ཕྱིར་རོ།།

()

གཞན་ཡང་བསྟན་འགྱུར་དུ་ལང་གཤེགས་ཀྱི་མདོའི་འགྲེལ་བ་གཉིས་འདུག་པའི་ཅིག་ཤོས་ཀྱི་མཇུག་ཏུ། འཕགས་པ་ལང་ཀར་གཤེགས་པའི་འགྲེལ་བ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྦྱར་བ་རྫོགས་སོ། །ཞེས་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་སྦྱར་བ་དང་། ཡང་ཅིག་ཤོས་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་པ་ལེའུ་བརྒྱད་ཅན་དེའི་མཇུག་ཏུ། འཕགས་པ་ལང་ཀར་གཤེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་འགྲེལ་བ་དེ་བཞིན་གཤེགས་པའི་སྙིང་པོའི་རྒྱན་ཞེས་བྱ་བ་རྒྱའི་མཁན་པོ་ཛྙཱ་ན་བཛྲས་མཛད་པ་རྫོགས་སོ། །ཞེས་རྒྱ་ནག་གི་མཁན་པོ་ཡེ་ཤེས་རྡོ་རྗེ་ཟེར་བས་མཛད་པར་བཤད་པ་ལས་འགྲེལ་བ་དེ་གཉིས་ཀར་པཎྜི་ཏ་སུ་ཡི་མདུན་དུ་ལོ་ཙཱ་བ་སུས་བསྒྱུར་གྱི་འགྱུར་བྱང་མེད་ལ། ཡང་བུ་སྟོན་ཆོས་འབྱུང་དུ། ལང་ཀར་གཤེགས་པའི་འགྲེལ་ཆེན་རྒྱ་ལས་བསྒྱུར་པ་བམ་པོ་བཞི་བཅུ་དང་། ལང་ཀར་གཤེགས་པའི་འགྲེལ་པ་རྒྱ་འགྱུར་ཤོ་ལོ་ཀ་བདུན་བརྒྱ་དྲུག་ཅུ་དང་། ལང་ཀར་གཤེགས་པའི་འགྲེལ་པ་པཎྜི་ཏ་ར་ཐ་ལི་ལས་བསྒྱུར་པ་བམ་པོ་གསུམ་ཅན་རྣམས་ཡོད་པར་བཤད་ལ། སྔ་མ་གཉིས་ཀ་རྒྱ་ནག་གི་འགྱུར་ཡིན་པ་གསལ་བར་བཤད་པ་དང་། ཕྱི་མ་དེའི་འགྱུར་བྱང་ཅི་འདྲ་ཡོད་མ་མཐོང་ཞིང་ནང་དོན་ཡང་ཆ་མ་འཚལ་ཡང་དེ་དག་དང་འདྲའམ་སྙམ་པས་ལང་གཤེགས་མདོ་དགོངས་འགྲེལ་དང་བཅས་པར་རྒྱ་ནག་གི་མིའི་ལག་པ་མ་སླེབས་པའི་རྒྱ་གར་བ་གཙང་མ་གཙང་རྐྱང་ཞིག་མེད་པ་འདྲའོ།།རྒྱ་ནག་ཏུ་བོད་སྐད་དུ་འགྱུར་བའི་འགྲེལ་བ་འདི་གཉིས་དང་། གཞན་ཡང་ཕུས་ཐིས་ལོའུ་ཏྲི་ཡི་འགྲེལ་བ་བམ་པོ་ལྔ་ཅན་དང་། སློབ་དཔོན་ཝེན་ཧིའམ་ཡེན་ཧེ་ཡི་ལང་གཤེགས་ཀྱི་མདོའི་འགྲེལ་བ་དང་། སུང་རྒྱལ་རབས་ཀྱི་དུས་ཀྱི་སློབ་དཔོན་པོ་ཁྲིན་གྱི་ལང་གཤེགས་འགྲེལ་བ་དང་། སུང་རྒྱལ་རབས་ཀྱི་དུས་ཀྱི་སློབ་དཔོན་ཧྲི་ཀྲིན་ཧྲོ་ཡི་ལང་ཀར་གཤེགས་པའི་མདོའི་ཚོགས་ཀྱི་འགྲེལ་བ་དང་། སེ་ལབ་རྒྱལ་ཁབ་ཀྱི་སློབ་དཔོན་ཡན་རོའི་ལང་གཤེགས་འགྲེལ་བ་བམ་པོ་བདུན་ཅན་དང་། དུས་ཕྱིས་ཀྱི་རྒྱའི་མཁས་པ་ཐེ་བྱས་ཀྱི་ལང་གཤེགས་ཀྱི་མདོའི་འགྲེལ་བ་སོགས་འགྲེལ་བ་མི་འདྲ་བ་བཅོ་བརྒྱད་ཙམ་ཡོད་པར་ཁ་ཅིག་གིས་བཤད་པས་ལང་གཤེགས་ལ་རང་འདོད་ཀྱི་རྗེས་སུ་ཕྱོགས་པར་སྨྲས་པའི་འགྲེལ་བ་སྣ་ཚོགས་ཡོད་ཚོད་འདུག་གོ།

དེའི་ཕྱིར་ལང་གཤེགས་ལ་རྒྱ་ཡུལ་དུ་འགྲེལ་བ་བཅོ་བརྒྱད་ཙམ་བྱུང་བར་བཤད་པའང་ཡོད་ལ། གང་ལྟར་ནའང་རྩ་འགྲེལ་དང་བཅས་པར་རྒྱ་ནག་གི་ཁྲིམས་བཙན་པོས་དེད་དེ་ཤ་འགོག་པའི་དོན་དུ་དེ་དུས་རྒྱ་ནག་གི་གདུལ་བྱ་སྤྱི་ལ་ཤུགས་རྐྱེན་ཆེ་བའི་མདོ་དེ་ལ་ཤའི་ཉེས་དམིགས་སྣོན་དུ་བཅུག་པའམ་ཡང་ན་ཁྲིམས་ཀྱི་འཇིགས་ཟིལ་མ་བཟོད་པའམ་ཁྲིམས་ལ་ངོ་སྲུང་གི་ཕྱིར་དུ་བཅོས་མ་ལ་བློ་ཤོར་བའི་གང་ཟག་གི་མཛུབ་མོ་འགུལ་ནས་བཅོས་པ་ཡིན་པ་ལས་སྟོན་པ་ཤཱཀྱ་ཐུབ་པའི་དགོངས་དོན་དངོས་ཨེ་ཡིན་ནམ་སྙམ་དུ་བདག་ལ་ནི་ཐེ་ཚོམ་རི་ལྟ་བུ་ཞིག་ཁོང་ན་གནས་པའོ།།

ཡང་རྩ་བའི་དོགས་པ་གཉིས་པ་ནི། ལང་ཀར་གཤེགས་པ་འགྱུར་བྱང་མེད་པ་ལས། གླང་པོའི་མཚན་བཅིངས་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ངས་ནི་ཤ་ཡང་རྣམ་པར་སྨད། །ཅེས་གསུངས་པ་ཞིག་འདུག། དེ་ལ་ཞིབ་ཏུ་དཔྱད་ན། ལུང་འདིས་ཚུལ་མཐོང་སྐྱེ་བོའི་སྣང་ངོ་ལྟར་ན་ལང་གཤེགས་གསུངས་དུས་མདོ་མྱང་འདས་སོགས་གསུངས་ཟིན་པ་དང་། ལང་གཤེགས་མྱང་འདས་ཀྱི་རྗེས་ནས་གསུངས་པ་ལྟར་བཤད་འདུག་སྟེ། ལུང་དོན་དེ་ནི་སྔར་གླང་པོའི་མཚན་བཅིངས་དང་། སྤྲིན་ཆེན་དང་། མྱང་འདས་དང་། སོར་མོའི་ཕྲེང་བ་ལ་ཕན་པའི་མདོ་རྣམས་ལས་ཀྱང་ཤ་ཟ་བ་ལ་སྨད་པ་ཡིན་ཞིང་དེ་རིང་བདག་གིས་ལང་གཤེགས་འཆད་པ་འདི་ལས་ཀྱང་ཤ་ཟ་བ་དགག་པ་ཡིན་ཞེས་ལང་གཤེགས་འཆད་པའི་དུས་དེར་དེ་ལྟར་གསུངས་པར་གོ་དགོས་པ་ཡིན་པའི་ཕྱིར། འདོད་ན། ལང་གཤེགས་གསུང་དུས་མདོ་དེ་དག་གསུངས་ཟིན་པར་ཐལ། མདོ་དེ་དག་ལས་ཀྱང་སྔར་ཤ་བཀག་ཟིན་ཅིང་ལང་གཤེགས་འདི་ལས་ཀྱང་དགག་པར་གོ་དགོས་པ་ཡིན་པའི་ཕྱིར། འདོད་ན། ལང་གཤེགས་གསུངས་དུས་མྱང་འདས་གསུངས་ཟིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཚུལ་མཐོང་སྐྱེ་བོའི་སྣང་ངོ་ལྟར་ན་མདོ་དེ་དག་མྱང་འདས་མ་གསུངས་པའི་སྔོན་དུ་གསུངས་པ་ཡིན་དགོས་པ་གང་ཞིག །མྱང་འདས་ལང་གཤེགས་སོགས་ཀྱི་རྗེས་སུ་གསུངས་པར་གྲུབ་པའི་ཕྱིར། གྲུབ་སྟེ། མྱང་འདས་གསུངས་ཟིན་རྗེས་མདོ་གཞན་མ་གསུངས་པ་གསལ་བའི་ཕྱིར། གྲུབ་སྟེ། མྱང་འདས་གསུངས་ཟིན་ནས་སངས་རྒྱས་རྩྭ་མཆོག་གི་གྲོང་དེ་ལས་གཞན་དུ་མ་སོང་བར་མྱ་ངན་ལས་འདས་པ་ཡིན་པའི་ཕྱིར། གྲུབ་སྟེ། མྱང་འདས་རྒྱ་ནག་གི་འགྱུར་ལས། བཅོམ་ལྡན་འདས་རྩྭ་མཆོག་གི་གྲོང་ཁྱེར་སྐྱེས་བུ་སྟོབས་པོ་ཆེ་འབྱུང་བའི་གནས་ཀླུང་ཧ་རི་ལ་བ་དིའི་འགྲམ་ཤིང་སཱ་ལ་དྲུང་གཉིས་ཀྱི་བར་ན། དགེ་སློང་ཆེན་པོའི་དགེ་འདུན་བརྒྱ་སྟོང་ཕྲག་བརྒྱད་བཅུ་སྙེད་ཀྱིས་ཡོངས་སུ་བསྐོར་ནས། མདུན་དུ་བདར་ཏེ་ཐབས་གཅིག་ཏུ་བཞུགས་སོ། །དེའི་ཚེ་བཅོམ་ལྡན་འདས་དཔྱིད་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་པར་ཡོངས་སུ་མྱ་ངན་ལས་འདའ་བར་གཤེགས་སུ་ཉེ་བ་ན། ཞེས་དང་། མྱང་འདས་དེ་བ་ཙནྡྲའམ་ལྷའི་ཟླ་བའི་འགྱུར་ལས། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ན། ཆུ་ཀླུང་གསེར་ལྡན་གྱི་འགྲམ་གྱད་ཀྱི་ཉེན་ཀོར་ཤིང་སཱ་ལ་ཟུང་གི་ཚལ་ན་བཞུགས་ཏེ། དེ་ན་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་བཅུས་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔྱིད་ཟླ་ཐ་ཆུང་ཟླ་བ་ཉ་བའི་ནང་པར་ཡོངས་སུ་མྱ་ངན་ལས་འདའ་བའི་དུས་དང་ཉེ་བར་གྱུར་པ་ན། ཞེས་དང་། མྱང་འདས་ཆུང་བ་ལས། བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་ཆེན་པོ་གྱད་ཀྱི་ཉེ་འཁོར་ཤིང་སཱ་ལ་ཟུང་གི་ཚལ་ན་དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ཕྱི་མའི་དུས་ཉེ་བར་གྱུར་པ་ན་ཞེས་གསུམ་ཀ་ལས་གསུང་ཡུལ་རྩྭ་མཆོག་གྲོང་ཡིན་པ་དང་། མྱང་འདས་གསུངས་དུས་དེ་ཚེས་བཅོ་ལྔ་མྱ་ངན་ལས་འདའ་བ་ལ་ཉེ་བའི་དུས་ཡིན་པར་གསལ་བར་གསུངས་པ་གང་ཞིག། རྒྱ་ནག་གི་འགྱུར་གྱི་མདོ་དེའི་མཇུག་ཏུ། དེའི་ཚེ་བཅོམ་ལྡན་འདས་ཤིང་སཱ་ལའི་དྲུང་ན་རིན་པོ་ཆེའི་ཁྲི་ལ་གཟིམས་ནས་བསམ་གཏན་བཞི་པ་ལ་ཞུགས་ཏེ། ཅང་མི་གསུང་ཞིང་ནམ་གྱི་གུང་ལ་ཡོངས་སུ་མྱ་ངན་ལས་འདས་སོ། །ཞེས་དང་། མྱང་འདས་དེ་བ་ཙནྡྲའི་འགྱུར་གྱི་མཇུག་ལས་ཀྱང་། རིགས་ཀྱི་བུ་དག་བག་ཡོད་པར་གྱིས་ཤིག། བག་ཡོད་པར་གྱིས་ཤིག། ང་རྐེད་པའི་ནད་དྲག་པོས་བཏབ་སྟེ། གཞོན་ནུ་དག་ང་རེ་ཞིག་ཐབས་ཀྱི་ནང་བྲང་དུ་ཉལ་བར་འདོད་གྱིས་ཉལ་དུ་ཆུག་ཅིག། འཇམ་དཔལ་ཁྱོད་ཀྱིས་འཁོར་ཐམས་ཅད་ལ་ཆོས་སྟོན་ཅིག། སེང་གེའི་སྒྲ་སྒྲོགས་ཤིག། གནས་བརྟན་འོད་སྲུང་ཆེན་པོ་དང་། ཀུན་དགའ་བོ་གཉིས་མ་འོངས་པའི་བར་དུ་ངས་ཁྱོད་ལ་བསྟན་པ་འདི་གཏད་ཀྱིས་ནམ་འོངས་པ་ན་དེ་གཉིས་ལ་གཏོད་ཅིག་ཅེས་དེ་སྐད་བཀའ་སྩལ་ནས། བཅོམ་ལྡན་འདས་གདུལ་བར་བྱ་བའི་དབང་གིས་ནད་པའི་ཚུལ་དུ་བཞུགས་པར་བསྟན་ཏེ་གཟིམས་ཁང་ལོགས་སུ་ཟུར་གྱིས་གཟིམས་སོ། །ཞེས་ཡོད་པ་དེས་ཀྱང་མྱང་འདས་ཀྱི་མདོ་དེ་གསུངས་ཟིན་མ་ཐག་ནས་སྐུ་གཤེགས་པ་ནི་ཤིན་ཏུ་གསལ་བའི་ཕྱིར་རོ།།

འདས་ཡུལ་ནི་མྱང་འདས་ཀྱི་མ་ཟད་མདོ་གཞན་དག་ཀྱང་མཐུན་ལ། འདུལ་བ་ཕྲན་ཚེགས་ལས། གྲོང་ཁྱེར་རྩྭ་ཅན་གྱི་ནུབ་ཕྱོགས་ཀྱི་སྒོ་ནས་གྲོང་ཁྱེར་རྩྭ་ཅན་གྱི་ཤར་སྒོར་བྱུང་ལ། ཆུ་བོ་དབྱིག་ལྡན་བརྒལ་ནས་གྱད་ཀྱིས་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་བཞུགས་སུ་གསོལ་ལ་ཞུགས་ལ་ཞེན་པར་བྱའོ་ཞེས་སྨྲས་སོ། །ཞེས་དང་། དེས་འདི་ནི་གྲོང་ཁྱེར་རྩྭ་ཅན་ལགས་ཏེ། ཕྱོགས་འདིར་བཅོམ་འདས་ཀྱི་ཐ་མའི་གཟིམ་མལ་དུ་གཤེགས་སོ་ཞེས་གསུངས་པའི་ཕྱིར་ན་ཐེག་པ་འོག་མ་འདུལ་ལུགས་ཡན་ཆད་གཅིག་མཐུན་ཡིན་པའི་ཕྱིར་རོ།།

གཞན་ཡང་གྲུབ་སྟེ། ལང་གཤེགས་གསུང་ཡུལ་དང་སོར་ཕྲེང་གསུང་ཡུལ་གྱིས་ཀྱང་མྱང་འདས་ཀྱི་སྔོན་དུ་ཡིན་པར་གསལ་བའི་ཕྱིར། གྲུབ་སྟེ། ལང་ཀར་གཤེགས་པ་རྒྱས་ཙམ་དེ་ལས། བཅོམ་ལྡན་འདས་ལང་ཀའི་གྲོང་རྡལ་ན་རྒྱ་མཚོའི་རི་མ་ལ་ཡའི་རྩེ་མོ་རིན་པོ་ཆེའི་རིགས་དང་། མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པ་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང་། ཞེས་དང་། ལང་ཀར་གཤེགས་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་སྙིང་པོའི་ལེའུ་ལས། བཅོམ་ལྡན་འདས་ལྷོ་ཕྱོགས་ཀྱི་རྒྱ་མཚོའི་འགྲམ་ལང་ཀའི་རིའི་རྩེ་མོ་རིན་པོ་ཆེའི་མེ་ཏོག་སྣ་ཚོགས་ཀྱིས་བཀོད་པ་ན། དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཚོགས་སངས་རྒྱས་ཀྱི་ཞིང་སྣ་ཚོགས་ཐ་དད་པ་ནས་འདུས་པ་དག་དང་ཐབས་གཅིག་ཏུ་བཞུགས་ཏེ། ཞེས་གསུངས་པས་ནི་མདོ་དེ་གསུངས་ཡུལ་ལང་ཀའི་ཡུལ་གྱི་རི་མ་ལ་ཡའི་རྩེ་ཡིན་པ་ཤིན་ཏུ་གསལ་པ་ཡང་གང་ཞིག། དེ་བཞིན་དུ་སོར་མོའི་ཕྲེང་བ་ལས། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། ཞེས་གསུངས་པས་སོར་ཕྲེང་གསུང་ཡུལ་དེ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་པར་གསལ་བའི་ཕྱིར། ཁྱབ་སྟེ། སངས་རྒྱས་མྱ་ངན་ལས་འདས་པའི་ཡུལ་ནི་རྩྭ་མཆོག་གྲོང་ཡིན་པ་ཡོངས་གྲགས་ཚད་མ་ཡིན་པ་གང་ཞིག། མྱང་འདས་གསུངས་ནས་དེ་ཉིད་དུ་སྐུ་གཤེགས་པ་གསལ་བའི་ཕྱིར་རོ།།

གཞན་ཡང་ནང་འགལ་ཚབ་པོ་ཆེ་གཅིག་ནི། ལང་གཤེགས་གསུང་གི་སྙིང་པོའི་ལེའུ་རྒྱ་ནག་གི་འགྱུར་འགོས་ཆོས་འགྲུབ་ཀྱིས་བསྒྱུར་བ་ལས། གླང་པོ་འཆིང་དང་སྤྲིན་ཆེན་དང་། །སོར་མོའི་ཕྲེང་བའི་མདོ་དག་དང་། །ལང་ཀར་གཤེགས་པའི་མདོ་འདི་ལས། །ངས་ནི་ཤ་རྣམས་རབ་ཏུ་བཀག །ཅེས་དེར་མྱང་འདས་ཀྱི་མདོ་མི་འདུག་ཅིང་། སྔ་མ་ལང་ཀར་གཤེགས་པ་འགྱུར་བྱང་མེད་པ་སངས་རྒྱས་ཐམས་ཅད་ཀྱི་གསུང་རབ་ཀྱི་སྙིང་པོ་ལས་ཤ་མི་ཟ་བའི་ལེའུ་ལས། གླང་པོའི་མཚན་བཅིངས་སྤྲིན་ཆེན་དང་། །མྱ་ངན་འདས་དང་སོར་ཕྲེང་དང་། །ལང་ཀར་གཤེགས་པའི་མདོ་ལས་ཀྱང་། །ཞེས་མྱ་ངན་འདས་དང་ཞེས་པ་ཡོད་པ་ལ། འདིར་མྱ་ངན་འདས་དང་ཞེས་པ་བཅད་ནས་དེའི་རྐང་པ་ཁ་སྐོང་ལ། སོར་མོའི་ཕྲེང་བའི་མདོ་དག་དང་། །ཞེས་སྔ་མའི་སོར་ཕྲེང་དང་། །ཞེས་པ་ཕར་ཚིག་རིང་པོར་བཏང་ནས་རྐང་པ་ཁ་བསྐངས་འདུག་པ་ནི་མངོན་སུམ་དུ་ཡོད་ལ། དེ་ནི་མྱང་འདས་དང་ལང་གཤེགས་གཉིས་སྔ་ཕྱི་ནམ་གསུངས་ཀྱི་དུས་འགལ་དེ་མཐོང་ནས་མགོ་བདེ་ཞིག་གིས་མྱང་འདས་དོར་ནས་རྐང་པ་དེ་ཁ་བསྐངས་ནས་སོར་མོའི་ཕྲེང་བའི་ཞེས་ཚིག་རྐང་ཕར་རིང་དུ་བཅུག་པ་ཞིག་དང་ཤིན་ཏུ་འདྲ་ལ། གལ་ཏེ་ལང་གཤེགས་ཀྱི་རྒྱ་དཔེར་ལེགས་སྦྱར་དུ་མྱང་འདས་ཀྱི་མདོ་ཡོད་ན་འདི་ལས་ཅིའི་ཕྱིར་དོར། རྒྱ་དཔེར་མྱང་འདས་མེད་ན་སྔ་མར་ཅིའི་ཕྱིར་བསྣན། འདིར་ལག་འགུལ་བའི་སོམ་ཉིའི་གནས་ཤིན་ཏུ་ཆེན་པོ་ཞིག་ཡོད་པ་དེ་མཁས་པ་རྣམས་ཀྱིས་ཤེས་པར་གྱིས་ཤིག།

འོན་ཀྱང་དོགས་པ་གཞན་ཞིག་ནི་རྟོག་གེ་འབར་བ་དང་། བསླབ་བཏུས་ན་ལང་གཤེགས་ཀྱི་ལུང་འདི་དྲངས་པ་ལ་བརྟག་ན་རྒྱ་དཔེར་ཡང་འདི་ལྟར་ཡོད་དམ་སྙམ་པས་གཞན་གྱིས་ལྷད་བཅུག་པ་ཡིན་ཟེར་བ་ཡང་བརྗོད་དཀའ། གང་ལྟར་ཡང་ཐེ་ཚོམ་གྱི་གནས་སུ་ཆེ་བས་དཔྱད་པར་བྱའོ།།

ཁ་ཅིག་གིས་རྟོག་གེ་འབར་བ་ན་ཤ་བཀག་ཟེར་མོད། དེ་ལ་ཞིབ་ཏུ་དཔྱད་ན་རྟོག་གེ་འབར་བ་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་དབུ་མ་སྙིང་པོའི་འགྲེལ་བ་ཡིན་པས། དབུ་མ་སྙིང་པོའི་ལེའུ་དགུ་བ་དཔྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ་ལས། བཟའ་དང་བཏུང་བ་སྤངས་པ་ཡིས། །མཐོ་རིས་ཐོབ་པར་མི་འདོད་དེ། །བཀྲེས་དང་སྐོམ་པའི་རྒྱུ་ཡིན་ཕྱིར། །ཟས་མ་ཟོས་པས་གདུང་བ་བཞིན། །ཞེས་སོགས་ཀྱི་འགྲེལ་བའི་ཐད་དུ། རྟོག་གེ་འབར་བ་ལས། འདིར་སྨྲས་པ། སངས་རྒྱས་པ་ནི་འདི་ལྟར་བདག་ཉིད་ཆོས་ལ་གནས་པ་ཡིན་ནོ་སྙམ་དུ་སེམས་ཤིང་གཞན་ལ་ཁ་ཟེར་ཞིང་དམོད་པར་བྱེད་ཀྱང་རང་ཉིད་ཤ་ཟ་བ་ལ་འབད་པ་ཆེར་བྱེད་པར་གྲགས་ལ། སེམས་ཅན་སྲོག་མ་བཅད་པར་ནི་ཤ་རྙེད་པར་མི་འགྱུར་བས་དེས་ན་སྙིང་རྗེ་དང་བྲལ་བ་ཡིན་པའི་ཕྱིར། རི་དྭགས་ཀྱི་རྔོན་པ་ལ་སོགས་པ་བཞིན་དུ་སྡིག་པ་བྱེད་པ་ཉིད་ཡིན་ནོ་ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། ཐུགས་རྗེ་ཆེན་པོ་དང་ལྡན་པའི་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པ་ལྟར་དགོངས་པ། རུས་པ་དང༌། རྐང་པའི་གཏིང་ནས་བརྩེ་བ་མངའ་བ་དེས་ཇི་ལྟར་ན་ཤ་ཟ་བར་རྗེས་སུ་གནང་བ་ཡིན། ཐེག་པ་ཆེན་པོའི་གཞུང་ལས། བཅོམ་ལྡན་འདས་ཀྱིས་མ་གནང་བ་ཁོ་ན་ཡིན་ཏེ། གླང་པོའི་རྩལ་དང༌། སྤྲིན་ཆེན་པོ་དང༌། ལང་ཀར་གཤེགས་པ་དང༌། སོར་མོའི་ཕྲེང་བ་ལ་སོགས་པའི་མདོ་ལས། ཤ་ཟ་བ་རྣམ་པ་ཐམས་ཅད་དུ་བཀག་པ་ཉིད་ཡིན་ནོ། །ཞེས་གསུངས་ཏེ། ལང་གཤེགས་སོགས་ཀྱིས་བཀག་པར་གསུངས་པ་ཙམ་ལས་རྟོག་གེ་འབར་བ་རང་དུ་ཉེས་དམིགས་རྒྱ་ཆེར་བཤད་པའི་སྒོ་ནས་དམིགས་ཀྱིས་བཀག་པ་མེད་པར་ཤ་བཟའ་བ་ཙམ་ཉེས་སྡིག་མིན་པ་དང་། ཤ་ཙམ་བཟའ་བ་རྗེས་སུ་གནང་བར་བཞེད་པ་ནི་དབུ་མ་སྙིང་པོ་དང་དེའི་འགྲེལ་བ་རྟོག་གེ་འབར་བ་གཉིས་ཀ་ལས་ཤེས་སོ།།

དེ་མ་ཟད་དབུ་མའི་གཞུང་རྩ་འགྲེལ་དེ་གཉིས་ཀར། ཤ་ཟ་བ་ཙམ་ནི་སྡིག་པ་མིན་པར་གསུངས་ཏེ། གལ་ཏེ་ཁ་ཅིག་གིས་ཤ་བཟའ་བར་མི་བྱ་སྟེ། སྡིག་པ་ཡིན་པའི་ཕྱིར་ཟེར་ན། དེ་དབུ་མ་སྙིང་པོ་རྩ་འགྲེལ་གྱིས་བཀག་པའི་ཚུལ་ལས་རྣམ་གསུམ་དག་པའི་ཤ་ཟ་བ་མ་བཀག་པ་ཤེས་པའི་ཕྱིར། གྲུབ་སྟེ། དཔེར་ན་ཁ་ཅིག་ཤ་ཡིན་ཚད་བཟའ་བ་སྡིག་པ་ཡིན་ནོ་ཞེ་ན། རྣམ་གསུམ་དག་པའི་ཤ་ཆོས་ཅན། ཁྱོད་བཟའ་བ་སྡིག་པར་མི་འགྱུར་ཏེ། ལུས་ཀྱི་དྭངས་མ་སོགས་སུ་འགྱུར་པ་དང་བཀྲེས་པ་དང་སྐོམ་པ་བཟློག་པའི་རྒྱུ་ཡིན་པའི་ཕྱིར། དཔེར་ན་སློང་མོའི་ཟས་དང་རང་གིས་མ་བླངས་ཀྱང་གཞན་གྱིས་བྱིན་ཏེ་ཟོས་པའི་ཟས་སྐོམ་ལྟ་བུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གྲུབ་སྟེ། དབུ་མ་སྙིང་པོ་ལས། མཐའ་གསུམ་དག་པའི་ཤ་གང་དག །ཟོས་ཀྱང་སྡིག་ཏུ་མི་འགྱུར་ཏེ། །དངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །གང་ཡང་ཤ་ནི་ཟོས་པ་ཡིས། །སྡིག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་སྐོམ་བཟློག་པའི་རྒྱུ་ཡིན་ཕྱིར། །མ་བླངས་བྱིན་པའི་ཟས་སྐོམ་བཞིན། །ཞེས་གསུངས་པའི་ཕྱིར་དང་། རྟོག་གེ་འབར་བ་ལས་ཀྱང་། འདི་ལ་བརྗོད་པར་བྱ་སྟེ། ཞེས་པ་ནས། ནད་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། དྭངས་མ་དང༌། གཅིན་དང༌། ངན་སྐྱུགས་ལ་སོགས་པར་འགྱུར་བའི་ཕྱིར། ཇི་ལྟར་སློང་མོས་རྙེད་པའི་ཟས་ནི་སློང་མོས་ཟོས་ཏེ། དེ་ཟོས་པས་སྡིག་ཏུ་མི་འགྱུར་བ་བཞིན་ནོ། །གཞན་ཡང༌། གང་ཡང་ཤ་ནི་ཟོས་པ་ཡིས། །སྡིག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་པ་བཟློག་པའི་རྒྱུ་ཡིན་ཕྱིར། །མ་བླངས་བྱིན་པའི་ཟས་བཞིན་ནོ། །ཤ་ཞེས་བྱ་བ་ནི་ཆོས་ཅན་ནོ། །དེ་ཟོས་བས་སྡིག་པའི་རྒྱུར་མི་འགྱུར་ཞེས་བྱ་བ་ནི་ཆོས་སོ། །བཀྲེས་པ་ཟློག་པར་བྱེད་པ་སྟེ་ཞི་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར། །ཟས་ཀྱི་དུས་སུ་མ་བླངས་པར་རྙེད་པའི་ཟས་སྐོམ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཁ་ཅིག་ཤ་བཟའ་བ་ནི་ཕྱི་ས་ལ་སོགས་པའི་རྒྱུ་ཡིན་ཕྱིར་མི་བཟའོ་ཞེ་ན། དེ་དེ་གཉིས་ལས་བཀག་པ་ནི། ཤ་ཆོས་ཅན། ཁྱོད་ཟོས་པས་མི་གཙང་བ་ལྷག་པོར་ཅི་འགྱུར་ཏེ། སྤྱིར་རང་གི་ལུས་དེ་ཡང་མི་གཙང་བའི་ཁུ་ཁྲག་ལས་བྱུང་བའི་མི་གཙང་བ་ལ་མི་གཙང་བའི་ནང་ན་སྲིན་བུ་གནས་པ་བཞིན་ཡིན་པའི་ཕྱིར་ཞེས་བཀག་པའི་ཕྱིར། གྲུབ་སྟེ། དབུ་མ་སྙིང་པོ་ལས། ཤ་ནི་མི་བཟའ་བ་ཡིན་ཕྱིར། །མི་ཟ་ཞེ་ན་ལུས་ལ་རྟོགས། །ས་བོན་དང་ནི་བརྟན་བྱེད་པ། །མི་གཙང་མི་གཙང་སྲིན་བུ་བཞིན། །ཞེས་དང་། རྟོག་གེ་འབར་བ་ལས། ཤ་ནི་བཟའ་བར་མི་བྱ་བ་ཉིད་དེ། ཕྱི་ས་ལ་སོགས་པ་བཞིན་ནོ་ཞེ་ན། རང་གི་ལུས་འདི་ཡང་བརྟག་པར་བྱ་བ་ཉིད་ཡིན་ཏེ། སྐྲ་དང༌། ཞེས་པ་ནས། མངལ་གྱི་ནང་ནས་བྱུང་བའི་ལུས་འདི་ནི་མི་གཙང་བའི་ནང་ན་གནས་པའི་སྲིན་བུ་དང་འདྲ་བར་ཤིན་ཏུ་མི་གཙང་བ་ཡིན་ན་ཤ་ཟོས་པས་མི་གཙང་བ་ལྷག་པ་ཅི་ཞིག་ཏུ་འགྱུར། དེས་ན་འདི་ནི་ཅི་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཁ་ཅིག་ཤ་དེ་བཟའ་བར་བྱ་བ་མ་ཡིན་ཏེ། ཁུ་ཁྲག་ལས་བྱུང་བའི་ཕྱིར། དཔེར་ན་བ་ལང་དང་བོང་བུའི་ཤ་བཞིན། དེས་ན་ཉ་ཤ་སོགས་ཀྱང་སྨད་པས་བཟའ་བར་བྱ་བ་མ་ཡིན་ཟེར་ན། དེ་དགག་པ་ལ། འོ་ན་བ་མོའི་འོ་མ་ཆོས་ཅན། བཏུང་རུང་བ་མ་ཡིན་པར་ཞལ། ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར། དཔེར་ན་ཤ་བཞིན་ཞེས་པའམ། ཡང་ན་བ་ལང་གི་ཤ་སོགས་ཆོས་ཅན། བཟའ་མི་རུང་བ་མ་ཡིན་པར་ཐལ། ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པ་གང་ཞིག། ཁུ་ཁྲག་ལས་བྱུང་བ་ཡིན་ན་བཟའ་མི་རུང་བས་མ་ཁྱབ་པའི་ཕྱིར། དཔེར་ན་ཁུ་ཁྲག་ལས་བྱུང་བའི་མར་དང་འོ་མ་རྣམས་བཟའ་རུང་བ་བཞིན། ཞེས་ཁ་ཅིག་གིས་ཁུ་ཁྲག་ལས་བྱུང་ཕྱིར་ཤ་བཟའ་མི་རུང་ཟེར་ན་མར་འོ་མ་ཡང་མི་རུང་ཐལ་བའི་ཐལ་བའམ་ཡང་ན་རུང་བར་ཐལ་བ་འཕངས་ཏེ་བཀག་པས་ཀྱང་ཤ་མ་བཀག་པ་ཤེས་པའི་ཕྱིར། དེ་ལྟར་གསུངས་པ་གྲུབ་སྟེ། དབུ་མ་སྙིང་པོ་ལས། ཁུ་བ་སོགས་ལས་བྱུང་བའི་ཕྱིར། །ཉ་ཤ་སོགས་ནི་སྨད་ཅེ་ན། །མར་དང་འོ་སོགས་རྒྱུ་ཡིན་པས། །འདི་ནི་མ་ངེས་པ་ཉིད་ཡིན། །ཞེས་དང་། དེའི་ཐད་ཀྱི་རྟོག་གེ་འབར་བ་ལས། འདི་ནི་མ་ངེས་པ་ཉིད་ཡིན། །ཁུ་བ་དང་ཁྲག་ལས་བྱུང་བ་ཉིད་ཡིན་པའི་ཕྱིར་ཅི་བ་ལང་ལ་སོགས་པའི་ཤ་བཞིན་དུ་ཉ་ཤ་ལ་སོགས་པ་ཡང་བཟའ་བར་བྱ་བ་མ་ཡིན་པ་ཞིག་ཡིན་ནམ། འོན་ཏེ་ཁུ་བ་དང་ཁྲག་ལས་བྱུང་བ་ཡིན་པའི་ཕྱིར། མར་དང་འོ་མ་ལ་སོགས་པ་བཞིན་དུ་བཟའ་བར་བྱ་བ་ཉིད་ཡིན་ཞེས་ཐེ་ཚོམ་དུ་འགྱུར་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཁ་ཅིག་ཤ་བཟའ་མི་རུང་སྟེ། སྲོག་གཅོད་པ་ནི་ཤ་བཟའ་བ་ལས་བྱུང་ལ། ཤ་ཟ་བ་པོ་མེད་ན་གསོད་པ་པོ་མེད་ལ། དེ་མེད་ན་སྲོག་གཅོད་པའི་ལས་མི་འབྱུང་བའི་ཕྱིར་ཟེར་ན། གཏན་ཚིགས་དེ་རྣམ་དག་མ་ཡིན་པར་དེ་དགག་པ་ནི། པགས་པ་ཐོགས་པའི་དཀའ་ཐུབ་མེད་ན་ཤ་ར་བ་སོགས་པ་གསོད་པའི་ལས་དེ་མེད་ལ། པགས་པ་ཐོགས་པ་དེ་ཡོད་པས་གསོད་པ་བྱུང་བས་ན་སྲོག་གཅོད་པ་ཤ་བཟའ་བའི་ཆེད་ཁོ་ན་ཡིན་ན་པགས་པ་ཐོགས་པའི་ཕྱིར་རི་དྭགས་གསོད་པ་ལ་སྡིག་པ་མེད་པར་ཐལ་བ་དང་། ལས་དེ་སྲོག་གཅོད་པའི་ལས་མ་ཡིན་པར་ཐལ་ཏེ། སྲོག་གཅོད་པའི་ལས་དེ་ཤ་ཟ་བ་པོ་ཡོད་པའི་དབང་གིས་བྱུང་བ་ཡིན་པའི་ཕྱིར། དེས་ན་ཤ་ཟ་བ་པོ་ཡོད་པའི་དབང་གིས་སྲོག་གཅོད་པའི་ལས་བྱུང་ཟེར་བ་ནི་མ་ངེས་པའི་རྒྱུ་མཚན་དུ་གསུངས་ཏེ་བཀག་པའི་ཕྱིར། གྲུབ་སྟེ། དབུ་མ་སྙིང་པོ་ལས། ཤ་ཟ་སྲོག་གཅོད་ཉིད་ཡིན་ཏེ། །དེ་ཡི་རྒྱུ་མཚན་ཕྱིར་ཞེ་ན། །ལྤགས་སོགས་ཐོགས་པས་གཏན་ཚིགས་ནི། །མ་ངེས་པ་ཉིད་ཡིན་པར་འགྱུར། །ཞེས་དང་། རྟོག་གེ་འབར་བ་ལས། གང་པགས་པ་ལ་སོགས་པ་ཐོགས་པའི་དཀའ་ཐུབ་མེད་ན་ཤ་ར་བ་ལ་སོགས་པ་གསོད་པར་ཡང་མི་འགྱུར་རོ། །དེས་ན་དེ་ནི་རྒྱུ་མཚན་ཡིན་པའི་ཕྱིར་ཤའི་ཕྱིར་གསོད་པར་འཇུག་པ་པོ་བཞིན་དུ་ཤ་ཟ་བ་སྲོག་གཅོད་པ་ཉིད་ཡིན་པར་འགྱུར་རམ། འོན་ཏེ་དེའི་རྒྱུ་མཚན་ཡིན་པའི་ཕྱིར་པགས་པ་ལ་སོགས་པ་འཆང་པ་བཞིན་དུ་སྲོག་གཅོད་པ་མ་ཡིན་པ་ཉིད་དུ་འགྱུར་ཞེས་བྱ་བས་གཏན་ཚིགས་མ་ངེས་པ་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ཤ་ཟ་བ་པོས་ཤ་ཟ་བ་ཡོད་ཙམ་གྱིས་དེ་ལ་གང་བཟའ་བྱ་དེའི་སྲོག་བཅད་པའི་ཉེས་པ་ཡོོད་པས་ཁྱབ་ན། སྲང་ལ་གཡོ་སྒྱུས་འཚོང་བྱས་ན་འཚོང་མཁན་དང་ཉོ་བ་པོ་གཉིས་ཀ་ལ་ཉེས་པ་ཡོད་པར་ཐལ་བ་དང་། ཀུན་དགའ་ར་བ་དང་ཁྲོན་པར་སྲོག་ཆགས་ཤི་ན་དེ་དག་སྐྲུན་པ་པོར་སྡིག་པ་ཡོད་པར་ཐལ་བ་དང་། སྲོག་གཅོད་པ་ལ་བསད་བྱ་དང་གསོད་པ་པོ་གཉིས་ཀ་ལ་ཉེས་པ་འབྱུང་བར་ཐལ་བ་སོགས་ཀྱིས་བཀག་འདུག་ཏེ། དབུ་མ་སྙིང་པོ་ལས། འཇལ་དང་སྲང་ལ་གཡོ་བྱེད་དང་། །ཉེ་བར་འདོད་པ་མི་དགེ་མཉམ། །འཚོང་བྱེད་ནོར་ནི་རྙེད་པ་དེའི། །གང་ཡང་སྡིག་པ་དག་ལས་ནི། །སྐྱོན་ནི་གཉིས་ཀྱིས་ལྷག་པ་རུ། །ཉོ་བ་པོ་ལ་འབྱུང་བར་འདོད། །ཅེས་སོགས་ནས། ཀུན་དགའ་ར་བ་ཁྲོན་པ་རྫིང༌། །དེར་ནི་ལུས་ཅན་ཤི་གྱུར་ན། །བྱེད་པའི་སྐྱེ་མཆེད་ཡིན་པའི་ཕྱིར། །དེ་ལ་སྐྱོན་འདི་ཡོད་པར་འགྱུར། །གསད་བྱ་ཡོད་པས་གསོད་ཡོད་ཀྱིས། །གང་ཕྱིར་མེད་ན་མ་ཡིན་ནོ། །དེས་ན་གསད་བྱ་གསོད་པ་གཉིས། །སྡིག་པ་མཉམ་པར་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ། མཐོང་དང་ཐོས་དང་བསྣམས་པ་དང༌། །རེག་དང་དྲན་པ་ཉིད་དང་ནི། །ཤ་ལས་བྱས་ནའང་ཆོས་མིན་འབྲེལ། །འདི་ལྟ་བུར་ནི་འགྱུར་བ་ཡིན། །གསལ་བར་བྱེད་པའི་ཉི་མ་དང༌། །སྐྱེ་བའི་རྒྱུ་ཡི་ཕ་དག་དང༌། །སྐྱོང་བར་བྱེད་པའི་མི་བདག་རྣམས། །དེ་རྣམས་སྡིག་པའི་བྱེད་པོ་ཉིད། །ཅེས་པ་ལ་སོགས་པས་རྒྱ་ཆེར་བཀག་པའི་ཕྱིར་དང་། གཞན་ཡང་ཤ་བཟའ་བྱའི་སྲོག་ཆགས་ཀྱི་ལུས་ལ་སྡུག་བསྔལ་དངོས་སུ་བསྐྱེད་དེ་སྲོག་བཅད་ནས་ཤ་ཟོས་ན་ཉེས་སྡིག་ཡོད་པ་ལས། གཞན་གྱིས་བསད་ཟིན་པའི་སྲོག་ཆགས་ཀྱི་ཤ་ལ་ནི་སྡུག་བསྔལ་གྱི་ཟུག་རྔུ་མེད་པས་དཔེར་ན་ཉ་ཕྱེས་ཀྱི་མུ་ཏིག་དང་། རྨ་བྱའི་སྒྲོ་དང་། གཡག་གི་རྔ་མའི་སྤུ་དང་། སྲོག་ཆགས་ཀྱི་སོ་དང་རུས་པ་བཞིན་དུ་ཟུག་རྔུའི་ཚོར་བ་མེད་པས་བཟའ་མི་རུང་བ་མེད་པ་དང་། གལ་ཏེ་ཉེས་སྡིག་ཡོད་ན་ཤི་བའི་རོ་སྲེག་པ་ན་སྡིག་པ་ཡོད་པར་གྱུར་བ་སོགས་ཀྱིས་བཀག་སྟེ། དབུ་མ་སྙིང་པོ་ལས། ཤ་ཟ་བ་ནི་སྐྱོན་བཅས་མིན། །དེ་ཚེ་སྲོག་ཆགས་གནོད་མིན་ཕྱིར། །མུ་ཏིག་རྨ་བྱའི་སྒྲོ་སོགས་དང༌། །འབྲས་དང་ཆུ་ཡི་དགོས་པ་བཞིན། །ཞེས་དང་། རྟོག་གེ་འབར་བ་ལས། སྲོག་ཆགས་ཀྱི་ལུས་ལ་སྡུག་བསྔལ་སྐྱེད་ནས་ཤ་ཟོས་ན་སྐྱོན་དང་བཅས་པར་འགྱུར་གྱི། ཤ་ཟ་བའི་དུས་ན་སྲོག་ཆགས་ཀྱི་ལུས་ཀྱི་ཤ་ལ་སེམས་མེད་པས་སྡུག་བསྔལ་སྐྱེ་བར་མི་འགྱུར་ན་སྡིག་པར་ལྟ་ག་ལ་འགྱུར་ཏེ། ཇི་ལྟར་ཉ་ཕྱིས་དང༌། ཉ་དང༌། གླང་པོ་ཆེའི་མུ་ཏིག་གི་འབྲས་བུ་རྣམས་དང༌། རྨ་བྱའི་སྒྲོ་དང༌། གཡག་རྔ་དང༌། སོ་དང༌། རུས་པ་དང༌། པགས་པ་ལ་སོགས་པ་རྣམས་ཉེ་བར་ལོངས་སྤྱོད་པར་བྱེད་པའི་དུས་ན། སྲོག་ཆགས་ལ་སྡུག་བསྔལ་ཅུང་ཞིག་ཀྱང་མེད་པ་དང༌། འབྲས་བུ་དང༌། ཆུ་ལ་སོགས་པ་ལོངས་སྤྱོད་པའི་དུས་ན་གང་ལ་ཡང་གནོད་པ་མེད་པ་ལྟར་དེ་བཞིན་དུ་ཤ་ཟ་བར་བྱེད་ཀྱང་དེའི་ཚེ་གནོད་པ་མེད་པས་སྐྱོན་མེད་དེ། སྐྱོན་ཡོད་ན་ནི་ཤི་བའི་རོ་སྲེག་པ་ཡང་སྡིག་པ་ཡོད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཤ་ཟ་བས་ནི་ལུས་སྟོབས་བསྐྱེད་ཅིང་དེའི་དབང་གིས་འདོད་ཆགས་སྐྱེད་པས་ཤ་བཟའ་མི་རུང་ཟེར་ན། འདོད་ཆགས་ནི་ཤ་ཟ་བ་ཁོ་ན་ལས་བྱུང་བ་མིན་པར་གཙོ་བོ་ཀུན་རྟོག་ལས་བྱུང་བ་དང་། རྩྭ་ཟོས་ཀྱང་འདོད་ཆགས་འཕེལ་བ་བ་ལང་དང་བོང་བུ་ལྟ་བུ་ཡིན་པ་དང་། གལ་ཏེ་འདོད་ཆགས་སྐྱེད་ཚད་དེ་བཟའ་མི་རུང་ན་རྩྭ་ཟན་སོགས་ཀྱང་བཟའ་མི་རུང་བར་ཐལ་བས་བཀག་པའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས། འདོད་ཆགས་ཀུན་རྟོག་ལས་བྱུང་ཕྱིར། །ཤ་ཟོས་དེ་ཡི་རྒྱུ་མ་ཡིན། །དེ་མ་ཟོས་ལའང་དེ་འབྱུང་སྟེ། །རྩྭ་ཟན་བ་ལང་ལ་སོགས་བཞིན། །ཞེས་དང་། རྟོག་གེ་འབར་བ་ལས། འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་རྣམས་རྩ་བར་གྱུར་པ་ལས་འབྱུང་གི་ཤ་ཟོས་པ་ལས་མ་ཡིན་ཏེ། ཇི་ལྟར། ཀུན་རྟོག་ལས་ནི་འདོད་སྐྱེས་པས། །འདོད་པའི་རྩ་བར་ཤེས་ཀྱིས་ཏེ། །ཁྱེད་ནི་ཀུན་རྟོག་མ་བྱེད་དང༌། །དེས་ན་ཁྱོད་ལ་འབྱུང་མི་འགྱུར། །ཞེས་བྱ་བ་ལ་སོགས་པ་འབྱུང་བ་ལྟ་བུ་སྟེ། ཅི་བ་ལང་དང༌། བོང་བུ་ལ་སོགས་པ་རྩྭ་ཟ་བ་དེ་དག་དུས་ཐམས་ཅད་དུ་འདོད་ཆགས་ཀྱི་སེམས་ཀྱིས་གནོད་པར་གྱུར་པ་གང་ཡིན་པ་དེ་དག་ཅི་ཤ་ཟ་བ་ཡིན་ནམ། ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་གཞུང་དེ་གཉིས་སུ་མཐའ་སྡུད་པའི་ཐག་གཅོད་ལ་ནི། དབུ་མ་སྙིང་པོ་ལས། མཐའ་གསུམ་དག་པའི་ཤ་གང་དག །ཟོས་ཀྱང་སྡིག་ཏུ་མི་འགྱུར་ཏེ། །དྭངས་མ་སོགས་སུ་འགྱུར་བའི་ཕྱིར། །སློང་མོའི་ཟས་ལ་སྡིག་མེད་བཞིན། །གང་ཡང་ཤ་ནི་ཟོས་པ་ཡིས། །སྡིག་པའི་རྒྱུར་ནི་མི་འགྱུར་ཏེ། །བཀྲེས་པ་བཟློག་པའི་རྒྱུ་ཡིན་ཕྱིར། །ཞེས་དང་། གལ་ཏེ་གཞན་གྱི་རྒྱུ་མཚན་གྱི། །སྐྱོན་དེ་ཁྱོད་ནི་མི་འདོད་ན། །གཞན་གྱིས་བསད་པར་གྱུར་པ་ཡི། །སྡིག་དེ་སྤྱོད་ལ་ག་ལ་འོང༌། །གང་ཕྱིར་མི་སྡིག་གནས་མི་སྦྱིན། །དེས་ན་སྡིག་དེ་ཡོད་མ་ཡིན། །དེ་ཕྱིར་ཤ་སོགས་རྗེས་གནང་བ། །སྐྱོན་མེད་པར་ནི་གཟུང་བར་བྱ། །ཞེས་སོགས་གསུངས་པ་དང་། རྟོག་གེ་འབར་བ་ལས། འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད། ཐོས་པ་ཡང་མེད། དོགས་པ་ཡང་མེད་པ་ནི་སྡིག་པའི་སེམས་དང་བྲལ་བ་ཡིན་པས་ནད་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། དྭངས་མ་དང༌། གཅིན་དང༌། ངན་སྐྱུགས་ལ་སོགས་པར་འགྱུར་བའི་ཕྱིར། ཇི་ལྟར་སློང་མོས་རྙེད་པའི་ཟས་ནི་སློང་མོའི་ཟོས་ཏེ། དེ་ཟོས་པས་སྡིག་ཏུ་མི་འགྱུར་བ་བཞིན་ནོ། །ཞེས་དྲངས་ཟིན་པའི་ལུང་ལྟར་ཐེག་པ་ཆུང་ངུའི་ལུགས་ལ་རྣམ་གསུམ་དག་པའི་ཤ་བཟའ་རུང་བར་གསུངས་པ་དེས་བཀབ་ནས་ཐེག་ཆེན་པས་ཀྱང་རྣམ་གསུམ་དག་པའི་ཤ་ཟ་རུང་བར་གསུངས་འདུག་པ་གསལ་བའི་ཕྱིར་ཟེར་ན་ལན་ཇི་ལྟར་འདེབས་སེམས་རིགས་ལ། མདོ་ལང་གཤེགས་དང་། མྱང་འདས་ལས་སྔར་རྣམ་གསུམ་དག་པའི་ཤ་གནང་ལ་ད་མ་གནང་ཟེར་བ་ཡང་བྱང་ཆུབ་སེམས་ཀྱི་རྒྱུ་སྙིང་རྗེ་ཉམས་པའི་རྒྱུར་གྱུར་ན་ཟེར་བ་ཡིན་ཞེས་སྨྲས་ན་འཐད་དམ་དཔྱད་པར་བྱའོ།།

དེས་ན་དབུ་མ་སྙིང་པོ་རྩ་འགྲེལ་འདིས་ཀྱང་ལང་གཤེགས་ཀྱི་ལུང་ལ་དོགས་པ་བསྐྱེད་དེ། ཤ་ནི་ཁུ་ཁྲག་ལས་བྱུང་ཕྱིར་ཤ་བཟའ་མི་རུང་ཟེར་བ་དང་། ཤ་ཟོས་རྗེས་འདོད་ཆགས་འཕེལ་ཕྱིར་ཤ་བཟའ་མི་རུང་ཟེར་བ་སོགས་ནི་ལང་གཤེགས་ཀྱི་ཤ་བཟའ་མི་རུང་བའི་རྒྱུ་མཚན་དག་ཡིན་པ་གང་ཞིག། ལང་གཤེགས་ཀྱི་ལུང་དེ་དག་རྒྱ་གར་དུ་གྲགས་པ་ཞིག་ཡིན་ན་ནི་དེ་རིགས་པས་བཀག་མི་སྲིད་ལ། གལ་ཏེ་བཀག་ནའང་དགོངས་པ་ལེན་སྲིད་ནའང་དེ་ལྟར་བགྱིས་མི་འདུག་པའི་ཕྱིར། དེས་ནི་རྟོག་འབར་དུ་ལང་གཤེགས་ཀྱི་ཚིགས་དྲངས་པའི་སྐོར་དེ་ཡང་གཞན་ལག་རྟོག་འབར་དུ་བརྐྱངས་པ་ཞིག་ཏུའང་དོགས་སོ།།

ཡང་བསླབ་བཏུས་ལས་ཤ་བཀག་ཟེར་མོད། བསླབ་བཏུས་ཚིག་ལེའུར་བྱས་པ་ལས་ཆེད་དུ་ཤ་བཀག་པའི་ཚིག་གཅིག་ཀྱང་མེད་ལ། བསླབ་བཏུས་འགྲེལ་བར་གྱུར་པ་རྒྱས་པ་དེ་ལས། དེ་ལྟ་བས་ན་དེ་ལྟར་དྲན་པ་ཉེ་བར་གཞག་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་སྨིན་པ་དང་འགལ་བ་དང་གཏི་མུག་གིས་རང་གི་དོན་ལ་གནོད་པ་དང༌། ཤ་ཟ་བ་དང་ལས་བྱེད་པ་རྣམས་ལ་ལུས་བསྲུང་བར་བྱའོ། །དཔེར་ན་སྨན་ཤིང་ལྗོན་པ་བལྟ་སྡུག་པ། །རྩ་བ་ལ་སོགས་སྤྱད་འོས་ས་བོན་ནི། །སྦྱིན་ཡང་དུས་མིན་སྤྱད་ལས་བསྲུང་བྱ་བ། །རྫོགས་པའི་སངས་རྒྱས་སྨན་ཤིང་དེ་བཞིན་ནོ། །ཞེས་དང་། དེ་ལ་ཡང་ཉ་དང་ཤས་ནི་མ་ཡིན་ཏེ། ལང་ཀར་གཤེགས་པའི་མདོ་ལས་བཀག་པའི་ཕྱིར་ཏེ། འདི་ལྟར་བྱང་ཆུབ་སེམས་དཔའ་སྙིང་བརྩེ་བའི་བདག་ཉིད་ཅན་གྱིས་ཤ་ཐམས་ཅད་མི་བཟའོ་ཞེས་བཤད་དོ། །དེ་བཞིན་དུ་སྦྱར་ཏེ། འཁྲུལ་པ་དང་ནི་གཉེན་བཤེས་དང༌། །ཁུ་ཆུ་ཁྲག་ལས་བྱུང་བའི་ཕྱིར། །འབྱུང་པོ་རྣམས་ནི་དངང་འགྱུར་བས། །རྣལ་འབྱོར་ཅན་གྱིས་ཤ་མི་བཟའ། །ཤ་རྣམས་དང་ནི་སྒོག་བཙོང་དང༌། །ཆང་དག་རྣམ་པ་སྣ་ཚོགས་དང༌། །ཀེའུ་དང་སྒོག་སྐྱ་དེ་བཞིན་དུ། །རྣལ་འབྱོར་ཅན་གྱིས་རྟག་ཏུ་སྤང༌། །ཞེས་སོགས་ལང་ཀར་གཤེགས་པའི་མདོ་ལུང་དྲངས་ནས་ཤ་བཀག་འདུག་པ་ནི་བདེན་མོད། དེ་ལས། ལག་པ་འདོད་པ་ལ་ལག་པ་སྦྱིན་ནོ། །རྐང་པ་འདོད་པ་ལ་རྐང་པ། མིག་འདོད་པ་ལ་མིག་སྦྱིན་ནོ། །ཤ་འདོད་པ་ལ་ཤ །ཁྲག་འདོད་པ་ལ་ཁྲག །རྐང་འདོད་པ་ལ་རྐང༌། ཡན་ལག་དང་ཉིང་ལག་འདོད་པ་ལ་ཡན་ལག་དང་ཉིང་ལག །མགོ་འདོད་པ་ལ་མགོ་ཡོངས་སུ་བཏང་སྟེ། ཞེས་སྦྱིན་པའི་དུས་སུ་ཤ་གཞན་ལ་སྦྱིན་དགོས་པར་གསུངས་པས་དམིགས་བསལ་གྱི་དོན་ལ་བྱང་ཆུབ་སེམས་དཔས་ཤ་བཟའ་བ་བཀག་པ་དང་། གཞན་ཕ་རོལ་འགྲོ་བ་ཕལ་བས་ནི་བཟའ་རུང་བས་ཟ་བ་དང་སྦྱིན་པ་གཉིས་ཀ་རུང་བར་བསྟན་འདུག་གོ།

འོན་ཀྱང་ལང་གཤེགས་ཀྱི་མདོ་ལུང་དེར་མྱང་འདས་ཀྱི་མདོ་ཐོན་འདུག་པས་ཞི་བ་ལྷ་ལྟ་བུའི་པཎྜི་ཏ་ཕུལ་བྱུང་ཞིག་གིས་མྱང་འདས་དང་ལང་གཤེགས་གཉིས་དུས་སྔ་ཕྱིར་གང་གསུངས་ཀྱི་ནང་འགལ་ཙམ་ལ་ཡང་མི་དཔྱོད་པར་གྱ་ཚོམ་དུ་ལུང་འདྲེན་བྱེད་ཨེ་སྲིད་སྙམ་པའི་དོགས་པ་ཆེ་བས། དེས་ན་འདི་དང་རྟོག་གེ་འབར་བ་ན་ལང་གཤེགས་ཀྱི་མདོའི་ལུང་འདྲེན་ཐོན་པ་ནི་བོད་པ་ཞིག་གིས་ལང་གཤེགས་རྒྱ་ནག་གི་འགྱུར་སོགས་མཐོང་ནས་ལག་པ་འགུལ་ལམ་སྙམ་པའི་དོགས་པ་ནི་སོ་ན་གནས་ཤིང་། རྟོག་འབར་ཇོ་བོའི་མདུན་དུ་ནག་ཚོ་ལོ་ཙཱ་བས་བསྒྱུར་བ་ཡིན་པར་བཤད་མོད། མཇུག་ཏུ། དབུ་མའི་སྙིང་པོ་རྟོག་གེ་འབར་བ་འདི། །མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར། །ཅེས་བསྒྱུར་བ་པོ་དེ་གཞན་གཉིས་སྨོས་པ་ཐེ་ཚོམ་ཆེ་མོད། དོགས་པ་དེ་ཙམ་ཚད་མའི་ཆར་མི་འགྲོ་བས་བློ་གཟུ་བོར་གནས་པ་དག་གིས་དཔྱད་པར་བྱ་ལ། ཞྭ་དམར་དྲུག་བརྒྱ་པའི་འདུལ་བའི་རྫུན་ལུང་ལྟ་བུ་བོད་ན་སྔར་ནས་རྫུན་ལུང་དྲངས་སྲོལ་མཆིས་པ་དང་། མདོ་རྒྱུད་དུ་གྲགས་པ་མང་པོ་ཞིག་རང་གིས་བརྩམས་ཏེ་བཅོམ་ལྡན་འདས་ཀྱི་ལྗགས་སྟེང་དུ་བཀལ་བ་ཡོད་པ་མངོན་སུམ་ཡིན་པའི་ཕྱིར་ན་རྫུན་སྦྱོར་ལགས་མིན་དཔྱད་པར་རིགས་པ་ལས་ཨུ་ཚུགས་ཀྱིས་རང་ཕྱོགས་འཛིན་པ་ནི་མཁས་པའི་བྱ་བར་མི་འགྱུར་རོ།།

ཡང་རྩ་བའི་དོགས་པ་གསུམ་པ་ནི། གཞན་ཡང་མདོ་མྱང་འདས་ལ་ནི་མདོ་མི་འདྲ་བ་གསུམ་ཙམ་འདུག་ལ། མྱང་ངན་འདས་ཆེན་གླེགས་བམ་གཉིས་ཅན་བམ་པོ་ལྔ་བཅུ་རྩ་དྲུག་དང་ལེའུ་བཅོ་ལྔ་བ་ཅན་དེ་ནི། མཇུག་ཏུ། རྒྱ་ནག་གི་མཁན་པོ་ཝང་ཕབ་ཞུན་དང་། དྷརྨཱའི་གཞི་འཛིན་དགེ་བའི་བློ་གྲོས་དང་། ལོ་ཙྪ ་བ་རྒྱ་མཚོའི་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་ཡོད་པ་དང་། བུ་སྟོན་རིན་པོ་ཆེས་ཀྱང་རྒྱ་ལས་བསྒྱུར་པ་ཞེས་གསུངས་པས་རྒྱ་ནག་ནས་འགྱུར་པ་ཡིན་པ་ཐེ་ཚོམ་མི་འདུག། ཡང་མྱང་འདས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་ཞེས་པ་བམ་པོ་བཅུ་གསུམ་དང་ལེའུ་ལྔ་ཅན་དེ་ནི་རྒྱ་གར་ཀྱི་མཁན་པོ་ཛི་ན་མི་ཏྲ་དང་ཛྙཱ་ན་གརྦྷའི་དྲུང་དུ་ལོ་ཙཱ་བ་བན་དེ་དེ་བ་ཙནྡྲས་བསྒྱུར་པ་ཡིན་ཟེར་བ་དང་། མྱ་ངན་འདས་ཆུང་དུ་གྲགས་པ་ཤིན་ཏུ་བསྡུས་པ་དེ་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟའི་མདུན་དུ་ལོ་ཙཱ་བ་ཆེན་པོ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བ་ཡིན་ཟེར་བ་འདུག། འོན་ཀྱང་མྱང་འདས་ཆུང་བ་དེ་ལས་ཤ་ཞེས་པའི་གླེང་མོ་ཙམ་ཡང་མ་བྱུང་། དཀར་ཆག་ལྡན་དཀར་མ་ལས། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ། །ཤློ་ཀ་སུམ་སྟོང་དགུ་བརྒྱ་སྟེ་བམ་པོ་བཅུ་གསུམ། ཞེས་བྱུང་བ་དེ་ལྷའི་ཟླ་བའམ་དེ་བ་ཙནྡྲའི་འགྱུར་དེ་ཡིན་ངེས་ལ། དེ་དག་ན་དེར་ཟད་ཀྱི། དེ་མིན་ཡང་ཤ་བཟའ་མི་རུང་བའི་སྐོར་དེ་རྒྱ་ནག་གི་རྒྱལ་པོའི་བཀའ་འོག་ནས་ལོ་ཙཱ་བས་ལག་འགུལ་དགོས་བྱུང་བའམ། རྒྱ་ནག་གི་ཤ་སྡང་མཁན་པོ་ཞིག་གིས་ལག་པ་འགུལ་བའམ། རྒྱ་ནག་གི་རྒྱལ་ཁྲིམས་དང་ཡུལ་སྲོལ་གྱི་ལྕིད་འོག་ནས་ལག་པ་འགུལ་དགོས་བྱུང་བ་གང་རུང་ཞིག་ཨེ་ཡིན་སྙམ་པའི་དོགས་པ་ཡོད་པས་དཔྱད་བྱ་ལས་མདོ་འདི་དག་སངས་རྒྱས་ཀྱི་བཀའ་ཡིན་པ་ལ་ཐེ་ཚོམ་མི་དགོས་ནའང་མཐོང་ཙམ་ནས་ལྷད་མེད་དུ་ཁས་ལེན་པ་ནི་གནས་མ་ཡིན་ནོ།།

རྒྱ་ནག་ཏུ་མྱང་འདས་ཀྱི་མདོ་འདི་སྤྱི་ལོ་བཞི་བརྒྱ་ཉེར་གཅིག་ལོར་ཏུན་ཧོང་ས་ཆའི་ཧི་ཞིས་རྒྱལ་པོས་ཞུས་ངོར་ལོ་ཙཱ་བ་གོང་སྨོས་ཐན་མོ་ཁྲིན་ཏེ་ཆོས་སྐྱོབ་ཀྱིས་བསྒྱུར་པ་ཡིན་པ་དང་། རྗེས་སུ་ལེང་ཝོའུ་ཏིས་ཀྱིས་ཤ་དགག་པའི་ཁུངས་ཀྱང་འདི་ལས་རྙེད་པ་ཡིན་པར་བཤད་མོད། དོན་ལ་ལེང་ཝོའུ་ཏིས་ཀྱིས་མདོ་འདི་ལས་ཤའི་ཉེས་དམིགས་ཀྱི་ཁུངས་རྙེད་པ་ཡིན་ནམ་རང་གིས་དབང་ཤེད་ཀྱིས་མདོ་འདིར་ཁུངས་མེད་ཁུངས་ཅན་དུ་བཅོས་པར་བྱས་པ་ཡིན་ནི་བརྗོད་དཀའ་ལ་ཐེ་ཚོམ་ཆེ་བའི་གནས་སོ།།

ཡང་རྩ་བའི་དོགས་པ་བཞི་བ་ནི། གོང་དུ་སྨོས་ཟིན་ལྟར་ལང་གཤེགས་ནས་བཤད་པའི་རྣམ་གསུམ་དག་པ་དང་། འདུལ་བ་ནས་བཤད་པའི་རྣམ་གསུམ་དག་པའི་དོན་ནི་གཏན་ནས་མི་འདྲ་སྟེ། འདུལ་བ་ལས་ནི་སྨོས་ཟིན་ལྟར་རང་གི་ཆེད་དུ་བསད་པའི་ཤ་ཡིན་པར་རང་གིས་མངོན་སུམ་དུ་མཐོང་བ་དང་། ཡིད་ཆེས་པའི་ངག་ལས་ཐོས་པ་དང་། དེ་ལྟར་ཡིན་པར་ཡིད་ལ་དོགས་པ་གསུམ་གང་རུང་ཡོད་ན་རྣམ་གསུམ་མ་དག་པ་དང་། དེ་གསུམ་གང་རུང་མེད་ན་རྣམ་གསུམ་གྱིས་དག་པ་ཡིན་པར་གསུངས་པ་དང་། ལང་གཤེགས་ལས་ནི། རང་གིས་གསོད་པ་དང་། གཞན་ལ་གསོད་དུ་བཅུག་པ་དང་། གཞན་གྱིས་གསོད་པ་ལ་རྗེས་སུ་ཡི་རང་བ་གསུམ་གང་རུང་ཡོད་པའི་ཤ་དེ་ནི་རྣམ་གསུམ་མ་དག་པ་དང་། དེ་གསུམ་གང་རུང་མེད་པའི་ཤ་དེ་ནི་རྣམ་གསུམ་གྱིས་དག་པའི་ཤ་རུ་བཤད་པའི་ཕྱིར། དང་པོ་གྲུབ་སྟེ། འདུལ་བ་ལུང་གཞི་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་གནས་གསུམ་གྱིས་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་གསུངས་པ་གསུམ་གང་ཞེ་ན། བདག་གི་ཆེད་དུ་བྱས་པར་མངོན་དུ་མཐོང་བ་རུང་བ་མ་ཡིན་པའི་ཤ་བཟའ་བར་མི་བྱའོ་ཞེས་པ་ནས། བདག་ཉིད་ཀྱི་བློ་ལ་རྣམ་པར་རྟོག་པ་སྐྱེས་པ་ཚུལ་ལས་འདི་ནི་བདག་གི་ཆེད་དུ་བྱས་པ་ཡིན་ནོ་སྙམ་པ་མ་སྐྱེས་པ་རུང་བའི་ཤ་བཟའ་བར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཞེས་སོགས་གོང་དུ་ལུང་དྲངས་ཟིན་པ་ལས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

གཉིས་པ་གྲུབ་སྟེ། ལང་ཀར་གཤེགས་པ་གསུང་གི་སྙིང་པོའི་ལེའུ་ལས། བློ་གྲོས་ཆེན་པོ་བྱེད་དུ་མ་བཅུག་པ་དང་། མ་བཙལ་བ་དང་། འདུ་ཤེས་མེད་པ་ཞེས་བྱ་བའི་ཤ་གང་ཡང་མེད་པས་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་དང་། སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པའི་འཕགས་པ་ལང་ཀར་གཤེགས་པའི་འགྲེལ་བ་ལས། དེ་ལྟར་ཐམས་ཅད་མཁྱེན་པས་གཞན་ལ་གནོད་པ་ལ་ལྟོས་ཏེ་ཤ་ཟ་བ་དང་ཤ་ཟ་བར་བསྐུལ་པ་ལ་ནི་སྡིག་པར་གསུངས་སོ། །མཐའ་གསུམ་བཀག་པར་གྱུར་པ་ལས་སྡིག་པ་མི་བྱ་སྟེ། མཐའ་གསུམ་ཡོངས་སུ་དག་པ་ནི་བདག་གིས་མ་བསད། གསོད་དུ་མ་བཅུག །ལྟོས་པ་ཡང་མེད་པ་སྟེ། རྣམ་པ་དེ་ལྟར་འབྲས་ཆན་ལྟ་བུར་སློང་བའི་ཟས་མ་བསླངས་པ་མ་བསམས་པར་བྱིན་པ་ནི་ཡོངས་སུ་དག་པ་སྟེ། སྨན་ལྟ་བུར་ཤེས་པའི་ཟས་སོ། །སྙིང་རྗེ་ཅན་གྱི་བྱང་ཆུབ་སེམས་དཔའ་ལ་དེ་ཡང་བཀག་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ངེས་པར་བྱས་ནས་འདི་ལ་དོགས་པ་ནི། ལང་གཤེགས་ནས་བཤད་པའི་རང་གིས་གསོད་པ་དང་། གསོད་འཇུག་དང་། ཡི་རང་གསུམ་པོ་དེ་ཤའི་ཁ་ཟས་ཀྱི་ཆེད་ཙམ་མིན་པར་སྲོག་གཅོད་ཀྱི་ལས་སྤྱི་ལ་སྡིག་པ་ཆེ་བའི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་ཕྱིར་དེ་གནང་བའི་སྐབས་མེད་པ་ཐེག་པ་ཆེན་པོའི་མདོ་ཙམ་མ་ཟད་འདུལ་བ་ལའང་དེ་ལྟར་དུ་ངེས་ཤིང་། དེ་འདྲའི་རྣམ་གསུམ་པོས་བྱས་པའི་ཤ་བཟའ་བ་ནི་བཅས་པའི་ཉེས་པ་ཡིན་དུ་འཆུག་ཀྱང་དེ་འདྲ་ལས་བྱུང་བའི་ཤ་དེ་སྒྲུབ་བྱེད་ཀྱི་རྒྱུ་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པ་སྨོས་མ་དགོས་པ་དེའི་ཕྱིར། དེ་ནི་འདིར་ཆེད་དུ་མ་གླེང་ཡང་བཅོམ་ལྡན་འདས་ཀྱིས་ལན་མང་བཀའ་བསྩལ་བ་དང་། བཅོམ་ལྡན་འདས་ཀྱིས། རྒྱུ་དེ་གསུམ་གྱིས་བྱས་པའི་ཤ་བཟའ་བ་སྔར་རྣམ་གསུམ་དག་པས་གནང་ལ། ད་འདིར་ནི་མི་རུང་བས་བཀག་པ་ཡིན་ཞེས་གསུངས་མི་སྲིད་པའི་ཕྱིར་སྙམ་པའི་དོགས་པ་ཤིན་ཏུ་ཆེ་བ་ནི་འདིའི་སྐབས་ཀྱི་དོགས་པ་དང་པོའོ།།

ལངས་གཤེགས་ཆེ་བ་ལས། རྣམ་གསུམ་དག་པའི་ཤ་རྣམས་ནི། །མ་བརྟགས་པ་དང་མ་བསླངས་དང་། །མ་བསྐུལ་བ་ཡང་ཡོད་མེད་པས། །དེ་བས་ཤ་ནི་མི་བཟའོ། །ཞེས་གསུངས་ན། དེ་ཡང་རྣམ་གསུམ་དག་པའི་ར་ལུག་ལས་ཀྱིས་ཤི་བའི་ཤ་ཡི་གདུགས་ཚོད་ལྟ་བུ་མ་བརྟགས་པ་དང་། མ་བསླངས་པ་དང་། མ་བསྐུལ་བ་ཡང་དངོས་སུ་ཡོད་པས་དེ་མེད་ཅེས་སངས་རྒྱས་ཀྱིས་མངོན་སུམ་ལ་སྙོན་ཨེ་སྲིད་སྙམ་པའི་དོགས་པ་ཡང་ཡོད་པ་ནི་འདིའི་སྐབས་ཀྱི་དོགས་པ་གཉིས་པའོ།།

གཞན་ཡང་། ལང་ཀར་གཤེགས་པའི་ལུང་ལས། བསྟན་པ་བརྗོད་པ་དེ་དང་དེ་ལ་བསླབ་པའི་གཞི་རིམ་པས་བཅའ་བ་སྐས་ཀྱི་གདང་བུ་བྲེ་བའི་ཚུལ་དུ་རྣམ་གསུམ་བཅས་ནས་དེས་ཆེད་དུ་བྱས་པ་རྣམས་ཀྱང་བཀག་སྟེ། ཞེས་དང་། ལང་ཀར་གཤེགས་པ་གསུང་གི་སྙིང་པོའི་ལེའུ་ལས། བློ་གྲོས་ཆེན་པོ་ངས་སྔར་ཤ་རྣམ་པ་ལྔ་དང་བཅུ་བཀག་ལ་མདོ་སྡེ་འདིར་ནི་རྣམ་པ་ཐམས་ཅད་དང་དུས་ཐམས་ཅད་དུ་ཐབས་ཀྱིས་གནང་བ་ཡང་ཐམས་ཅད་བཀག་གོ །ཞེས་དང་། མྱང་འདས་རྒྱ་ནག་གི་འགྱུར་ལས། འོད་སྲུང་གིས་གསོལ་པ་སྔོན་བཅོམ་ལྡན་འདས་ཀྱིས་ཤ་བརྟགས་པ་རྣམ་པ་གསུམ་འཚལ་དུ་གནང་བ་མ་ལགས་སམ། བཀའ་སྩལ་པ། འོད་སྲུང་ཤ་བརྟགས་པ་རྣམ་གསུམ་ཟར་གནང་བ་ནི་བགས་ཀྱིས་བཅད་པའི་ཐབས་སུ་གསུངས་སོ། །ཞེས་དང་། མྱང་འདས་ཀྱི་མདོ་དེ་བ་ཙནྡྲའི་འགྱུར་ལས། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་མུ་གསུམ་ཡོངས་སུ་དག་པའི་ཤ་བཟའ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི་ངས་རིམ་གྱིས་བསླབ་པའི་གཞི་བསྡམ་པའི་ཕྱིར་དེང་ངས་བོར་རོ། །ཞེས་སྔར་སྔར་རྣམ་གསུམ་དག་པའི་ཤ་ཞིག་གནང་བར་ཞལ་གྱིས་བཞེས་ཤིང་དེ་ཡང་འདུལ་བའི་སྐབས་ཡིན་པར་གསལ་བར་གསུངས་ཤིང་དེ་ཙམ་ཡང་ཐེག་པ་ཆེན་པོའི་སྐབས་འདིར་མི་གནང་བར་གསུངས་མོད། སྨོས་ཟིན་ལྟར་འདིར་བཤད་པའི་རྣམ་གསུམ་དག་པའི་དོན་དེ་འདུལ་བའི་སྐབས་ནས་བཤད་པའི་རྣམ་གསུམ་དག་པའི་དོན་དང་མི་འདྲ་བ་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་མངོན་གསུམ་ཡིན་ན། འདུལ་བའི་སྐབས་ཀྱི་རྣམ་གསུམ་དག་པ་དེ་ལང་གཤེགས་སུ་གསུངས་པའི་རྣམ་གསུམ་དག་པའི་དོན་མ་ཡིན་བཞིན་དུ་ཡིན་ཤག་ཏུ་བྱས་པའི་འགལ་བ་སངས་རྒྱས་ཀྱིས་གསུངས་མི་སྲིད་སྙམ་པའི་དོགས་པ་ཡང་མཆིས་པ་ནི་འདིའི་སྐབས་ཀྱི་དོགས་པ་གསུམ་པའོ།།

དེ་ཡང་འདིར་གསལ་བའི་རྣམ་གསུམ་དེའི་དོན་ལ་དཔྱད་ན་སྔར་འདུལ་བ་ནས་གསུངས་པའི་རྣམ་གསུམ་དག་པ་ཞེས་པའི་དོན་ཇི་བཞིན་མ་གོ་བར་རྣམ་གསུམ་དག་པ་ཞེས་པ་བྱས་པ་དང་། བྱེད་དུ་འཇུག་པ་དང་། བྱས་པ་ལ་ཡིད་ཀྱིས་ལྟོས་པས་ཡི་རང་བ་གསུམ་པོ་གང་རུང་གིས་དག་པ་འདུལ་བ་ནས་བཤད་པའི་རྣམ་གསུམ་དག་པའི་དོན་དུ་ལོག་པར་གོ་བར་སོང་བའི་ཚུལ་ཅིག་ཐོན་པར་གྱུར་རོ་སྙམ་པའི་དོགས་པ་ནི་འདིའི་སྐབས་ཀྱི་དོགས་པ་བཞི་བ་སྟེ། དེ་ལྟ་བུའི་དོགས་པ་དུ་མ་མཆིས་པའི་ཕྱིར་མཁས་པ་རྣམས་ཀྱིས་གསལ་བཤད་གནང་བར་ཞུའོ།།

རྩ་བའི་དོགས་པ་ལྔ་བ་ནི། སོར་ཕྲེང་གི་མདོའི་མཇུག་ཏུ། རྒྱ་གར་གྱི་མཁན་པོ་ཤཱཀྱ་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དྷེ་དྷརྨ་ཏཱ་ཤཱི་ལ་དང་། རྒྱའི་ལོ་ཙཱ་བ་བན་དྷེ་ཏོང་ཨ་ཙལ་(སྟོང་ཨཱ་ཙརྱ)ལ་སོགས་པས་བསྒྱུར་ཤིང་ཞུས་ཏེ་གཏན་ལ་ཕབ་པ། ཞེས་ཡང་ནང་དུ་རྒྱ་ནག་གི་ལོ་ཙཱ་བ་ཞིག་ཐོན་འདུག་པ་དང་། སྤྱིར་ཡང་མདོ་འདི་རྒྱ་ནག་ཏུ་གུ་ཎ་བྷ་དྲ་ཡིས་བསྒྱུར་པ་ཡིན་ཟེར་བས་རྒྱ་ནག་ལས་བོད་དུ་བསྒྱུར་པ་ཡིན་པ་འདྲ་ལ། ནང་དུ་ཤ་ཡི་ཉེས་དམིགས་ཐོན་པ་དག་ཀྱང་རྒྱ་ལག་བསྲེས་པ་མིན་པའི་ངེས་པ་མེད་ཅིང་ཐེ་ཚོམ་ཡོད་དོ།།

གོང་སྨོས་ལྟར་བོད་འགྱུར་ཁྲོད་དུ་གླང་པོའི་བཅིངས་སའམ་གླང་པོའི་མཚན་འཆིང་ཞེས་པའི་མདོ་མེད་ཀྱང་གླང་པོའི་རྩལ་ཞེས་པའི་མདོ་ཡོད་པ་དེ་ལས་ཤ་བཀག་པ་ཆེར་མི་སྣང་ནའང་། མདོ་དེའི་མཇུག་ཏུ། གླང་པོའི་རྩལ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །ཞེས་པ་ཙམ་ལས་འགྱུར་བྱང་མི་སྣང་ཞིང་། རྒྱ་ནག་ཏུ་ལོའུ་སུང་སྟེ་རྒྱལ་རབས་ལྷོ་མའི་དུས་སུ་ཐན་མོ་མེས་ཏོ་སྟེ་དྷརྨ་མི་ཏྲ་ཟེར་བས་བསྒྱུར་བ་ཡིན་ཟེར་བས་མདོ་འདི་ཡང་རྒྱ་ནག་ནས་བོད་དུ་ཐོན་ནམ་སྙམ་པ་དང་། དོན་ལའང་མདོ་འདིའི་མིང་ལ་གླང་པོའི་མཚན་འཆང་མིན་པར་གླང་པོའི་མཆན་ཞེས་འབོད་པ་ཡིན་པ་རྒྱའི་ཡི་གེ་ལ་བལྟས་པས་ཤེས་པས་ཡང་མི་ཤེས་ཤེས་མདོག་ཅན་གྱི་བོད་མི་ཞིག་གིས་མཆན་ཞེས་པ་གོ་རྒྱུ་མེད་པས་མཚན་ཞེས་འབོད་དགོས་སྙམ་དུ་གླང་པོའི་རྩལ་མདོར་ལག་པ་བསྲིངས་ཏེ་ཆ་ཡིག་ཚ་ཡིག་ཏུ་བསྒྱུར་བ་ནི་ཤེས་སོ།།

ཆོས་ཀྱི་རྒྱ་མོ་ཞེས་པའི་མདོ་ལས་ཀྱང་ཤ་བཀག་འདུག་ལ། དེ་ནི་དབུར་རྒྱ་གར་སྐད་དུ་ཞེས་པའི་མཚན་བྱང་མེད་ཅིང་འགྱུར་བྱང་ཡང་མེད་ལ། བུ་སྟོན་གྱིས། རྒྱ་ལས་འགྱུར་བ། ཞེས་རྒྱ་ནག་གི་འགྱུར་ཡིན་པར་གསུངས་པའང་ཐུགས་མད་ཅིང་། རྒྱ་ནག་ཏུ་པཎྜི་ཏ་ཀུ་མཱ་ར་ཡིས་བསྒྱུར་པ་ཡིན་པར་བཤད་པས་མདོ་སྔ་མ་དག་ལས་ཀྱང་ཅུང་སྔ་བའོ། །དེ་ཕྱིར་མདོ་དེ་དག་ཏུ་ཤ་བཀག་པ་ནི་རྒྱའི་ཁྲིམས་ཟུར་ཕོག་གམ་སྙམ་པའི་དོགས་པ་དེ་སོ་ན་གནས་པ་དང་། ཤ་མི་རུང་བར་བཤད་ཚད་ཀྱི་མདོ་དག་ལ་རྒྱ་ནག་གི་ཁྲིམས་ཟུར་མ་ཕོག་པ་དཀོན་པའི་དོགས་པ་མཆིས་དབང་གིས་མདོ་འདི་དག་ལས་ཤ་བཟའ་བ་རྒྱ་ཆེར་བཀག་པ་འདི་ལེང་ཝོའུ་ཏིས་ཀྱིས་བཙན་ཁྲིམས་ལས་སངས་རྒྱས་ཀྱི་བཅས་ཁྲིམས་མ་ཡིན་པ་སྲིད་སྙམ་པའི་དོགས་པ་ཡོད་ཕྱིར་མཁས་པས་བསལ་བར་ཞུའོ།།

ཡང་རྩ་བའི་དོགས་པ་དྲུག་པ་ནི། ལང་གཤེགས་ལས། བོང་བུ་དང་། དྲེའུ་དང་། རྔ་མོ་དང་། ཝ་དང་། ཁྱི་དང་། གླང་དང་། རྟ་དང་། མི་དང་། གཅན་གཟན་གྱི་ཤ་ལ་སོགས་པ་ནི་ཤན་པ་དག་འདྲེས་པར་འཚོང་བར་བྱེད་པ་དེའི་ཕྱིར་ཤ་བཟའ་བར་མི་བྱའོ། །ཞེས་བོང་བུ་སོགས་ཀྱི་ཤ་འདྲེས་པས་མི་རུང་བར་གསུངས་པ་ལས། དེར་ར་དང་། ལུག་དང་། ཕག་དང་། མ་ཧེ་དང་། ཁྱིམ་བྱ་དང་། ཉ་ཤ་ལ་སོགས་པ་རྒྱ་གར་ཡུལ་སྲོལ་སྤྱི་ལ་ཟ་བའི་སྲོལ་རྒྱ་ཆེར་དར་བ་རྣམས་ནི་མ་སྨོས་པས་ཡུལ་གྲུ་སྤྱི་ལ་མི་གཙང་ཞིང་མི་རུང་བར་གྲགས་པའི་ཤ་རྣམས་གཙོ་བོར་བཀག་པ་ལས་ཁ་ཟས་སུ་ཟ་སྲོལ་ཆགས་པའི་ཤ་རྣམས་མ་བཀག་པ་ཡིན་ནམ་སྙམ་པའི་དོགས་པའང་མཆིས་པས་དཔྱད་པར་བྱའོ།།

རྩ་བའི་དོགས་པ་བདུན་པ་ནི། མྱང་འདས་དེ་བ་ཙནྡྲའི་འགྱུར་ལས། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མ་གཞན་དག་གིས་སྩལ་པས་འཚོ་བ་རྣམས་ཀྱིས་ཡུལ་གང་མ་བརྟགས་པའི་ཟད་མོད་པ་དེར་བསོད་སྙོམས་ཤ་དང་འདྲེས་པ་ཇི་ལྟར་དག་པར་བགྱི་ལགས། བཀའ་སྩལ་བ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་བར་ཆུས་བཀྲུས་ཏེ་བཟའ་བ་བྱའོ། །ཞེས་ངས་བསྟན་ཏོ། །ཡུལ་དེ་ལྟ་བུ་ན་ཟས་དང་། སྐོམ་ཤའི་ཟས་ཀྱིས་ཤས་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ། །སྣོད་གཅིག་ལ་གཅིག་རེག་སྟེ་ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ཉེས་པ་མེད་དོ། །ཤ་འམ་ཉ་ཤ་འམ། རི་དྭགས་ཀྱི་ཤ་འམ། རྨིག་པ་སྐམ་པོའམ། ཤའི་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དུ་འགྱུར་རོ་ཞེས་ང་ཟེར་རོ། །ཞེས་གསུངས་པ་དེ་སྔར་འདུལ་བའི་སྡེ་སྣོད་གསུངས་དུས་ཤས་འབགས་པའི་ཁ་ཟས་ཟོས་ན་ལྟུང་བྱེད་དུ་གསུངས་པ་ཡིན་ཟེར་བ་ཡིན་ནམ། མྱང་འདས་ཀྱི་མདོ་གསུངས་དུས་སུ་དེ་ལྟུང་བྱེད་དུ་གསུངས་ནས་ཁ་སྣོན་མཛད་པ་ཡིན་ཟེར་བ་གང་ཡིན། དང་པོ་ལྟར་ན་འདུལ་བ་ནས་དེ་ལྟར་མ་གསུངས་པ་མངོོན་གསལ་ཡིན་པས་དེ་འཐད་པར་ཅི་ཡིས་བསྒྲུབ། གཉིས་པ་ལྟར་ན། ཡང་དེ་ཉིད་ལས། ལྟུང་བའི་ཉི་ཚེ་བ་དགུ་བཅུ་རྩ་གཅིག་གི་ཉེས་པ་བྱུང་བ་དག་ཀྱང་ཡོད། ཅེས་དང་། མྱང་འདས་རྒྱ་ནག་གི་འགྱུར་ལས། ལྟུང་བ་དགུ་བཅུ་རྩ་གཅིག་དང་། ཞེས་གསུངས་པ་དེ་དག་གིས་འདུལ་བའི་སྡེ་སྣོད་ལས་འདས་ཏེ་ལྟུང་བྱེད་ལ་ལྷག་པོ་བསྣན་འདུག་པ་ལ་ནི་ཐེ་ཚོམ་ཆེ་ལ། འཕགས་པ་རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས། ལྟུང་བྱེད་དགུ་བཅུ་རྩ་གཅིག་དང་། ཞེས་ལྟུང་བྱེད་ལྷག་པོར་བསྣན་འདུག་པ་གཞན་ཡང་མཆིས། དེ་ལྟར་ན་འདུལ་བ་ནས་ལྟུང་བ་སྡེ་ལྔའི་གྲས་སུ་མ་བགྲང་བའི་ཐེག་ཆེན་གྱི་མདོ་དག་ལས་གསུངས་པའི་ཉེས་པ་དག་དེ་ལྟར་ལྟུང་བ་སྡེ་ལྔའི་གྲས་སུ་ཁ་སྣོན་བྱ་རུང་ན་སོ་ཐར་གྱི་ལྟུང་བ་སྡེ་ལྔར་གྲངས་མ་ངེས་པའམ། སྡེ་སོ་སོར་གྲངས་མ་ངེས་པར་ཐལ་བའི་དོགས་པ་ཞིག་འདུག་པས་ཐེག་ཆེན་གྱི་མདོ་ལས་ཉེས་པར་གསུངས་ཤིང་འདུལ་བ་ན་ལྟུང་བ་སྡེ་ལྔའི་ཆར་དངོས་སུ་མ་བགྲང་བ་རྣམས་དེ་ལྟར་ཁ་སྣོན་བྱའམ། འདུལ་བ་ལྟར་བསྡམ་བྱའི་ཉེས་བྱས་སུ་བྱའམ། ཡང་ན་འདུལ་ལུགས་སུ་ཉེས་མེད་དུ་འཛིན། ཡང་ན་གནས་བརྟན་པ་ལ་སོགས་པའི་འདུལ་བ་གཞན་གྱི་ལུགས་སུ་འདོད། དོན་ལ་གང་ལ་བྱེད་པ་ཡང་དོགས་པ་མཆིས་པས་མཁས་པའི་ཚོགས་ཀྱིས་ལན་གྱིས་ཚིམ་པར་མཛོད་ཅིག་ཞུའོ།།

སྔགས་ཀྱི་རྒྱུད་སྡེའི་ཤ་གནང་བཀག་གི་ཚུལ།

གསུམ་པ་སྔགས་ཀྱི་རྒྱུད་སྡེ་ལས་ནི་ཤ་བཀག་པ་དང་གནང་བ་གཉིས་ཀ་ཡོད་པས། འདིར་བཀག་པའི་ཚུལ་དང་། གནང་བའི་ཚུལ་གཉིས་ཀ་བརྗོད་པར་བྱ་སྟེ། དང་པོ་ལ་ནི་རྒྱུད་སྡེ་འོག་མ་གསུམ་དུ་བཀག་པའི་ཚུལ་དང་། བླ་མེད་ཀྱི་རྒྱུད་སྡེར་བཀག་པའི་ཚུལ་དང་གཉིས་ལས།

དང་པོ་ནི། བྱ་རྒྱུད་ཀྱི་སྐབས་སུ་གཙང་སྦྲ་གལ་ཆེ་བར་གསུངས་ནས་དེ་ལ་རྒྱ་ཆེར་བསྔགས་ཤིང་། མཆོད་པ་འབུལ་བ་དང་། ཁ་ཟས་ཡང་གཙང་མ་དཀར་ཟས་ལ་བསྟེན་དགོས་པ་ལས་ཤའི་ཟས་བཟའ་མི་རུང་བར་གསུངས་ཏེ། བྱ་རྒྱུད་དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ངས་ནི་སྔགས་པ་ཁ་ཟས་དཀར་གསུམ་དང་། །རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་། །ཞོ་དང་ནས་དང་འོ་མ་མར་དག་དང་། །འབྲུ་མར་ཚིགས་མ་ངར་བ་འོལ་ཀོན་དང་། །ཐུག་པ་རྣམས་ནི་བཟའ་བཏུང་ཡིན་པར་གསུངས། །ཞེས་དང་། ཤ་ཆང་ཀེའུ་དང་ཙོང་དང་སྒོག་རྡོག་དང་། །འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན། །འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་། །གུ་ལང་མཆོད་བྱས་གཏོར་མ་མི་བཟའོ། །ཞེས་དང་། འཕགས་པ་མི་གཡོ་བའི་གཟུངས་ལས། ཤ་དང་། ཆང་དང་། སྒོག་པ་ལ་སོགས་པ་དཀུ་བའི་ཟས་རྣམས་ཀུན་ཏུ་སྤང་བར་བྱ། ཞེས་དང་། འཕགས་པ་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོའི་རྒྱལ་པོ་ལས། ཆང་དང་། ཤ་དང་། ཀུན་དོང་དང་། སྒོག་སྐྱ་དང་། ཀིའུ་དང་བསྲེས་པའི་ཁ་ཟས་དག་སྤང་བར་བྱ་ཞིང་། རང་གི་ཁ་འཕྲོ་ཡང་སྤང་བར་བྱའོ། །ཞེས་དང་། ལེགས་བཀྲུས་རྣམ་པར་དག་པ་དང་། །གསོ་སྦྱོང་དག་ནི་བླངས་པ་དང་། །དཀར་གསུམ་ཟས་ནི་འཚལ་ནས་སུ། །དུས་གསུམ་དུ་ནི་ཁྲུས་བགྱིའོ། །ཞེས་དང་། སྤྱན་རས་གཟིགས་པདྨ་ཅོད་པན་གྱི་རྒྱུད་ལས། ཟས་དག་ཡིད་དུ་འོང་བའམ། །དཀར་གསུམ་འབགས་པ་སྤངས་པ་ཡིས། །ཤ་དང་སྒོག་པ་ལ་ཕུག་དང་། །ཟ་དང་ཆང་ནི་ཤིན་ཏུ་སྤངས། །ཞེས་དང་། སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ལས། ལྷ་ཡི་འཁོར་ལོ་དང་ལྡན་པས། །སྲོག་ཆགས་དག་ནི་གསད་པ་སྤངས། །མ་བྱིན་བླང་བར་མི་བྱ་ཞིང་། །བུད་མེད་མི་བསྟེན་དམད་མི་བྱ། །རྫུན་ནི་རྣམ་པར་ཀུན་ཏུ་སྤང་། །མྱོས་འགྱུར་དག་དང་ཤ་དག་དང་། །རྐུ་ཞིང་རྣམ་པ་རྟག་ཏུ་སྤང་། །མོ་རྣམས་ཐམས་ཅད་ཀུན་ལ་ནི། །ཆགས་པའི་ སེམས་ནི་སྤང་བ་སྟེ། །ཞེས་དང་། རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས། སྲོག་གཅོད་མ་བྱིན་ལེན་རྫུན་འཁྲིག །ཚིག་རྩུབ་དབྱེན་དང་ངག་ཀྱལ་སྨྲ། །བརྣབ་སེམས་ ག ནོད་སེམས་ལོག་ལྟ་ཆང་། །དྲི་རོ་ངན་པའི་ཟས་སྐོམ་དང་། །སྲོག་ཅན་ཤ་ཁྲག་ལོག་འཚོར་བཅས། །ཞེས་དང་། རྡོ་རྗེ་ས་འོག་གི་རྒྱུད་ལས། ཉ་དང་ཤ་དང་ཆང་བཏུང་བར་མི་བྱ་སྟེ། ཉེས་པ་དེས་ལོག་པར་འདྲེན་པ་རྣམས་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་དང་། སློབ་དཔོན་ཆེན་པོ་ལས་ཀྱི་རྡོ་རྗེས་མཛད་པའི་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་བསིལ་བའི་ཚལ་གྱི་མདོའི་འབུམ་འགྲེལ་ལས། ཆང་མི་བཏུང་བ་དང་དྲན་པ་དང་། ཤེས་བཞིན་དུ་མཆིས་པ་དང་ཞེས་བྱ་བ་ནི། ཆང་མི་བཏུང་བ་ནི། སྒོག་པ་དང་། ཤ་དང་། བུད་མེད་ལ་སོགས་པ་བཀག་པ་ཀྲྀ་ཡའི་གཞུང་ངོ་། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་ལས་འགའ་རེ་སྒྲུབ་པའི་དུས་ཀྱང་ཤ་བཀག་པ་ཡོད་དེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཕྲེང་བ་མར་མེ་བདུག་པ་བསྟོད་དང་དྲི། །ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ། །ཀུ་ཤའི་ཁྲེས་ལ་འདུག་ནས་བཟླས་བརྗོད་བྱ། །ཞེས་དང་། ཐུགས་རྗེ་ཆེན་པོའི་སེམས་རྒྱ་ཆེར་ཡོངས་སུ་རྫོགས་པའི་གཟུངས་ལས། ཤ་ཆང་དང་། བསྐུ་བ་རྣམ་པ་ལྔ་བསྲུང་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་སྤྱོད་རྒྱུད་ལས་བཀག་པའི་ཚུལ་ནི། ཕྱག་ན་རྡོ་རྗེ་དབང་སྐུར་བའི་རྒྱུད་ལས། ཡིད་དུ་འོང་བ་དབེན་པ་དེར། ཟས་དཀར་གསུམ་བཟའ་བའམ་འོ་མ་བཏུང་ཞིང་ལན་ས་ཡ་བཟླས་བརྗོད་བྱས་ན་སྔར་སྤྱད་པ་བྱས་པར་འགྱུར་རོ། །ཞེས་ལས་ཕྲན་འགའ་བྱེད་ཚེ་ཟས་དཀར་གསུམ་བཟའ་བར་བཤད་པས་ལས་དེ་དག་གི་དུས་སུ་དམར་ཟས་མི་རུང་བ་ཤུགས་ཀྱིས་གོ་ནུས་པ་ཙམ་ལས་ཆེད་དུ་ནན་གྱིས་བཀག་པ་དང་རྒྱ་ཆེར་བཀག་པ་མ་མཐོང་ངོ་།།

གསུམ་པ་རྣལ་འབྱོར་རྒྱུད་ལས་སྤྱིར་བཏང་ཙམ་ལ་ཤ་ཡི་ཁ་ཟས་མ་གནང་བའི་ཚུལ་ཡོད་དེ། ངན་སོང་སྦྱོང་རྒྱུད་ལས། ཆང་ནི་བཏུང་བར་མི་བྱ་ཞིང་། །ཤ་ལ་སོགས་པ་བཟའ་མི་བྱ། །སེམས་ཅན་གནོད་པའི་སྦྱོར་བ་ནི། །ནམ་ཡང་བྱ་བ་མ་ཡིན་ཏེ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཤ་དང་ཆང་དང་སྒོག་པ་སོགས། །བཟའ་བ་མིན་པ་རྣམ་པར་སྤང་། །དྲི་ང་བ་དང་མི་གཙང་ཉིད། །བཟའ་དང་བཏུང་བ་རྣམ་པར་སྤང་། །ཞེས་དང་། ཤ་དང་ཆང་དང་ཙོང་ལ་སོགས། །དྲི་ངན་ཁ་ཡི་སྒྲེགས་པ་དང་། །འཁྲིག་པ་འདོད་དང་བསྟན་པ་དང་། །སེམས་ཅན་འཚེ་ལ་དགའ་མི་བྱ། །ཞེས་དང་། རིག་པ་མཆོག་གི་རྒྱུད་ལས། ཉ་དང་ཤ་སྤང་བར་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ། །

བཞི་བ་བླ་མེད་ཀྱི་རྒྱུད་ལས་ཤའི་ཁ་ཟས་བཀག་ནས་ཤ་བཟའ་མི་རུང་བར་གསུངས་པའི་ཚུལ་ཡོད་དེ། བྱང་ཆུབ་སེམས་དཔས་ཤ་ཟོས་ན་བྱང་ཆུབ་སེམས་དཔའ་དེ་ཉིད་དམན་པའི་རིགས་སུ་འགྱུར་བ་དང་། ཤ་ཟོས་ན་ལྷ་མིན་གྱི་རིགས་སུ་སྐྱེ་བར་འགྱུར་བ་དང་། རིག་པ་འཛིན་པའི་ས་ལས་ཉམས་ནས་སྡིག་ཅན་གྱི་ལྷ་ཡི་རིགས་སུ་སྐྱེ་བར་འགྱུར་བ་དང་། དམྱལ་བར་སྐྱེ་བར་འགྱུར་བ་དང་། རྒྱལ་པོ་གདུག་པ་ཅན་དང་། སྙིང་རྗེ་མེད་པ་དང་། ཤ་ཟ་འབྱུང་བོའི་རིགས་སུ་སྐྱེ་བར་འགྱུར་པ་དང་། སྲོག་གཅོད་པ་ལ་དགའ་ཞིང་སྲོག་གཅོད་པ་ལ་འཇུག་པ་དང་། དྲི་ཡིས་འཚོ་བའི་འབྱུང་བོའི་རིགས་རྣམས་ཤ་ཟ་མཁན་གྱི་ལུས་ལ་འདུ་ཞིང་མདངས་དང་བཅུད་འཕྲོག་པར་བྱེད་པ་ལ་སོགས་པའི་ཉེས་དམིགས་ཤིན་ཏུ་མང་པོ་གསུངས་པའི་ཕྱིར། གྲུབ་སྟེ། དུས་འཁོར་ཀྱི་རྒྱུད་ཕྱི་མ་ལས། ཤ་དག་སེམས་ཀྱིས་བྱིན་ཡང་གང་ཞིག་ཤ་ཡི་དམ་ཚིག་ཅན་གྱིས་ལེན་པས་ལོངས་སྤྱོད་མིན། །དེ་ཡིས་བྱང་ཆུབ་སེམས་དཔའ་གལ་ཏེ་སྟོབས་བཅུ་ལྡན་པ་དེ་ཚེ་དམན་རིགས་ཅིའི་མི་འགྱུར། །ཞེས་དང་། ཤ་ཡི་ཁ་ཟས་ལོངས་སྤྱོད་བྱེད་པས་སླར་ཡང་སྲིད་པ་གཞན་དུ་ལྷ་མིན་རིགས་སུ་སྐྱེ། །ཤ་ཡི་ཁ་ཟས་ལོངས་སྤྱོད་བྱེད་པས་སླར་ཡང་སྡིག་གཞན་ལྷ་ཡི་རིགས་སུ་འདི་སྐྱེའོ། །ཞེས་དང་། དགེ་སློང་སྙིང་རྗེ་མེད་པས་ལྕེ་ལ་ཤ་ཡི་རོ་མྱོང་རོ་ལ་རྗེས་སུ་འཚོལ་བྱེད་ཅིང་། །བདག་ཉིད་གསོད་པ་ལ་སོགས་སྐྱོན་གྱིས་དགེ་སློང་རྣམས་དང་དགེ་ཚུལ་ཡང་ནི་དམྱལ་བར་འགྲོ །ཞེས་དང་། ཤ་ལ་སོགས་པ་ཟོས་ན་ངེས་པར་ས་ཡི་འོག་ཏུ་ལུས་ཆེན་རྣམས་སུ་འགྱུར། །ཞེས་དང་། དཔལ་གསང་བ་གཅོད་པའི་རྒྱུད་ལས། དུར་ཁྲོད་རྒྱལ་པོ་དྲེགས་པ་ཅན། །སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ། །དེ་ཡི་གནས་སུ་སྐྱེ་བར་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བའི་རྒྱུད་ལས། འཁོར་བ་མནར་མེད་དམྱལ་བ་དང་། །དུར་ཁྲོད་བརྒྱད་པོ་དྲེགས་པ་ཅན། །སྙིང་རྗེ་མེད་ཅིང་ཤ་ཁྲག་ཟ། །ཤིང་རྟའི་འཁོར་ལོ་བཞིན་དུ་གནས། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། ཤ་དང་ཁྲག་ལ་སོགས་པའི་ཟས། །བཀུར་བའི་རྔད་ཟས་ཆེན་པོ་སྟེ། །གང་གིས་ཟོས་པའི་ལུས་རྣམས་ལ། །དྲི་ཡིས་འཚོ་བ་ཀུན་འདུས་ནས། །མདངས་དང་བཅུད་རྣམས་འཕྲོག་པར་བྱེད། །ཅེས་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། སྲོག་ཆགས་གཅིག་གི་ཤ་དག་ནི། །མང་པོ་རྣམས་ཀྱིས་ཟོས་པ་མཆོག །སྲོག་ཆགས་དུ་མའི་ཤ་དག་ནི། །ཡིད་སྐྱེས་གཅིག་གིས་ཟོས་པ་མིན། །ཞེས་དང་། རྫས་ཀྱིས་ཉོས་པ་ནི་མ་ཡིན་ཞིང་ཕ་མེས་ལ་སོགས་པ་དང་མཆོད་སྦྱིན་ལ་སོགས་པའི་བྱ་བ་ལ་བསད་པ་ཡང་མ་ཡིན་ཏེ། མཚན་མ་དང་བཅས་པའི་ཤ་བཟའོ་ཞེས་དེ་བཞིན་གཤེགས་པས་མ་གསུངས་སོ། །ཞེས་དང་། པདྨ་དཀར་པོས་མཛད་པའི་འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་དྲི་མ་མེད་པའི་འོད་ལས། སྔགས་པས་ཤ་མི་བཟའ་བའོ། །ཟ་བ་ཡོད་ན་གསོད་པ་ཡོད་པས་སོ། །རིན་གྱིས་ཉོས་ན་ཡང་དེའི་དོན་དུ་གསོད་པའི་ཕྱིར་ན་ཤ་སྔགས་པས་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་བླ་མེད་ཀྱི་རྒྱུད་དེ་དག་ལས་སྲོག་གཅོད་པའི་རྒྱུར་གྱུར་པ་དང་སྲེད་པའི་ཁ་ཟས་སུ་གྱུར་པའི་ཤ་དག་བཀག་པ་དང་སྨད་པ་ཅི་རིགས་སུ་གསུངས་པ་ཤེས་ནུས་སོ།།

ཡང་དྲི་མེད་འོད་ལས། མི་དགེ་བའི་བཤེས་གཉེན་དང་ཕྲད་པ་དང་བླ་མ་དམ་པ་མ་ཡིན་པའི་མན་ངག་ལས་འདིར་རྣམ་པར་སྣང་མཛད་ལ་སོགས་པའི་བདུད་རྩི་ལྔ་དང་གོ་ཀུ་ད་ཧ་ན་ལ་སོགས་པའི་ཤ་རྣམས་ནི་བཟའ་བ་རང་བཞིན་གྱིས་དག་པར་དེ་བཞིན་གཤེགས་པས་གསུངས་པ་སྟེ་འདི་རྣམས་ཟོས་པས་རྒ་བ་དང་འཆི་བ་མེད་པའི་ལུས་སུ་འགྱུར་ཞིང་རྡོ་རྗེ་སེམས་དཔའ་ཡང་མཆོག་སྦྱིན་པར་འགྱུར་རོ་ཞེས་པ་དང་། ཞེས་པ་ནས། བདུད་རྩི་ལྔ་དང་ཤ་རྣམས་བཟའ་བར་བྱའོ་ཞེས་པ་དང་གཞན་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་རྣལ་འབྱོར་པས་ལྷའི་རྣལ་འབྱོར་གྱིས་བྱའོ་ཞེས་པ་སྟེ་དེ་ལྟར་གདུག་པའི་སློབ་དཔོན་གྱི་ཚིག་ཚད་མར་བྱས་ནས་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་བྱེད་དོ། །སྦྱང་བ་མ་བྱས་པ་དང་རྒྱས་པ་མ་བྱས་པ་དང་སྦར་བ་མ་བྱས་པ་དང་བདུད་རྩིར་མ་བྱས་པའི་རྣམ་པར་སྣང་མཛད་ལ་སོགས་པ་རྣམས་ཟ་བར་བྱེད་དོ། །བདུད་རྩི་ལྔ་པོ་དེ་རྣམས་ནི་ཟ་བ་པོ་དེ་རྣམས་ལ་སངས་རྒྱས་ཀྱི་ཡོན་ཏན་སྟེར་བར་བྱེད་པ་པོར་མི་འགྱུར་ཏེ་སངས་རྒྱས་ཀྱི་གསུང་མ་རྟོགས་པའི་ཕྱིར་རོ། །ཞེས་དང་། ཁ་ཆེའི་པཎྜི་ཏ་དགེ་སློང་སྙན་གྲགས་བཟང་པོས་མཛད་པའི་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་ལས། རྣམ་པ་གཞན་དུ་ན་ཐབས་མེད་པར་ཚོགས་ཀྱི་གཙོ་མོས་མྱོས་བྱེད་དང་ཤ་བཟའ་བར་མི་བྱའོ། །ཞེས་གསུངས་པ་ལ་སོགས་པས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་པ་དང་། གཙང་སྨེའི་རྟོག་པ་འཇོམ་པའི་ཐབས་ཁྱད་པར་བ་དང་མ་ལྡན་ན་ནི་ཤ་ལྔ་སོགས་བཟའ་བ་བླ་མེད་ནས་ཀྱང་བཀག་པ་ཡིན་པ་གསལ་བོར་ཤེས་ནུས་སོ།།

དེ་བཞིན་དུ་བ་ལང་གི་ཤ་ཟ་བ་ལྟ་བུ་དག་གྲོལ་གྱི་རྒྱུར་འཛིན་པའི་མུ་སྟེགས་པའི་ཆོས་ལུགས་ལ་སོགས་པའི་བརྟུལ་ཞུགས་ཤ་ཟ་སྟངས་བྱེ་བྲག་པ་བཀག་པ་ཡང་ཡོད་དེ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས་ཀྱང་། ཡུལ་སྣ་ཚོགས་ཀྱི་སྤྱོད་པ་ཐོད་པར་ཟ་བ་དང་བ་ལང་གི་ཤ་དང་མ་ཧེའི་ཤ་ཟ་བ་དང་ཆང་འཐུང་བ་དང་མ་ལ་སོགས་པ་ལེན་པའི་ཡུལ་གྱི་ཐ་སྙད་ཕན་ཚུན་འགལ་བ་དག་གིས་རྣམ་པར་དཔྱད་པ་ན་དེ་དག་ཐམས་ཅད་ཀྱང་ལྟུང་བར་གྱུར་ཏོ། །ཞེས་དང་། ལྷ་མིན་རྣམས་ཀྱི་ཡེ་ཤེས་ནི་ཤ་བཟའ་བའི་སླད་དུ་དུད་འགྲོའི་སེམས་ཅན་ལ་གནོད་པ་བྱེད་པ་དྲག་པོའི་ལས་སྟོན་པར་བྱེད་པ་པོའོ། །ཞེས་དང་། དགོངས་པ་ལུང་བསྟན་པའི་རྒྱུད་ལས། ཉ་དང་ཤ་དང་དེ་བཞིན་ཆང་། །བཤང་གཅི་ཁུ་བ་ཁྲག་རྣམས་ནི། །སྐྱེས་བུ་གླེན་པ་ཟ་བྱེད་ཅིང་། །མེད་པར་སྨྲ་བ་ཆོས་སུ་སྒྲོག །མ་དང་སྲིང་མོ་ལ་སོགས་པ། །བགྲོད་མིན་ལ་ནི་འགྲོ་བ་དང་། །ཕ་དང་མ་ཡང་གསོད་པ་དང་། །དེ་བཞིན་སྲོག་ཆགས་གཞན་རྣམས་གསོད། །ཅེས་གསུངས་པའི་ཕྱིར་རོ།།

དེ་དག་ནི་རྒྱ་གར་ན་བ་ལང་གི་ཤ་སོགས་བདེ་སྟོང་གི་རྟོགས་པས་མ་ཟིན་ཡང་ཟོས་པ་ཙམ་དག་གྲོལ་གྱི་རྒྱུར་སྨྲ་བའི་ཆོས་ལུགས་དང་ཡུལ་སྲོལ་ཡོད་པ་ལ་སྒོ་བསྟུན་པ་ཡིན་ངེས་དེ། འདི་དག་ནི་ངོ་བོའི་སྒོ་ནས་ཀྱང་སྡིག་པ་དང་ལྡན་པ་ཡིན་ལ། འདུལ་བའི་བཅས་པ་སོགས་ཤིན་ཏུ་མང་པོ་ཞིག་ངོ་བོའི་ཆ་ནས་ཁ་ན་མ་ཐོ་བ་མིན་ཡང་ཡུལ་སྲོལ་དང་དེ་དུས་ཀྱི་ཡུལ་མིའི་ངོ་ལ་མཛའ་བ་དང་མི་མཛའ་བའི་དབང་གིས་ཡུལ་དུས་དང་བསྟུན་ནས་དགག་སྒྲུབ་ཏུ་བཅས་པ་མཐའ་ཡས་པ་ཞིག་ཡོད་པ་དག་ངོ་བོའི་སྒོ་ནས་སྡིག་པའི་ཕྱིར་བཀག་པ་དག་དང་བཀག་པ་ལ་འདྲ་བའི་ཕྱིར་ཏེ། དྲི་མེད་འོད་ལས། ཡུལ་ལ་ལ་ན་ཐོད་པ་ཅན་གྱི་ཐོད་པའི་ཆུས་རྣམ་པར་དག་པར་འགྱུར་རོ། །ཡུལ་ལ་ལ་ན་བ་ལང་གི་ཤ་བཟའ་བར་བྱ་བའོ། །ཡུལ་ལ་ལ་ན་ཁྱིའི་ཤ་དང་། ཡུལ་ལ་ལ་ན་རྟའི་ཤ་དང་། ཡུལ་ལ་ལ་ན་གླང་པོ་ཆེའི་ཤའོ། །ཞེས་པ་ནས། ཡུལ་ལ་ལ་ན་བྲམ་ཟེེ་མོ་རྣམས་སྨད་འཚོང་མའི་ཐ་སྙད་བྱེད་དོ། །དེ་ལྟར་རྣལ་འབྱོར་བས་ཡུལ་དུ་མའི་ཐ་སྙད་ཀྱིས་བཟའ་བར་བྱ་བ་དང་བཟའ་བར་བྱ་བ་མ་ཡིན་པ་དང་རིགས་དང་རིགས་མ་ཡིན་པ་ལ་མངོན་པར་བགྲོད་པར་བྱའོ། །ཞེས་གསུངས་པའི་ཕྱིར་དང་། ཡང་དེ་ཉིད་ལས། ཀླ་ཀློའི་ལྷ་བི་ཥི་མི་ལ་ལའི་སྔགས་ཀྱིས་ཕྱུགས་ཀྱི་སྐེ་གྲི་གུག་གིས་བཅད་ཏེ་དེ་ནས་ལྷའི་སྔགས་ཀྱིས་བསད་པའི་ཕྱུགས་དེ་རྣམས་ཀྱི་ཤ་ཟ་བར་བྱེད་ཅིང་རང་གི་ལས་ཀྱིས་ཤི་བ་རྣམས་ཀྱི་ཤ་ཟ་བར་མི་བྱེད་པར་འགྱུར་རོ། །ཆོས་དེ་ཡང་ཁྱེད་ལ་ཚད་མ་སྟེ། མཆོད་སྦྱིན་དོན་དུ་ཕྱུགས་དག་སྤྲོས་ཞེས་པའི་གཞུང་གི་ཚིག་ལས་སོ། །ཞེས་ཀླ་ཀློའི་ཆོས་སྲོལ་སོགས་ནང་ཆོས་དང་མི་མཐུན་པའི་ཤ་ཟ་ཚུལ་དང་། ཤ་མི་ཟ་བའི་ཚུལ་མང་པོ་ཞིག་དགག་འདུག་པའི་ཕྱིར་རོ།།

དེས་ན་ཤ་ཟ་བ་དག་གྲོལ་གྱི་རྒྱུར་སྨྲ་ཞིང་བཟུང་སྟེ་བཟའ་བ་དང་། ཤ་མི་ཟ་བ་དག་གྲོལ་གྱི་རྒྱུར་སྨྲ་ཞིང་བཟུང་སྟེ་མི་བཟའ་བ་ལྷས་བྱིན་གྱི་བརྟུལ་ཞུགས་ལྟ་བུ་ནི་དོན་ལ་ལོག་པའི་ཆོས་ཡིན་ཕྱིར་གཉིས་ཀ་བཀག་པ་ནི་ཤེས་པར་བྱའོ།།

འོན་ཀྱང་དུས་འཁོར་ལས་མཐའ་གཅིག་ཏུ་ཤ་བཀག་པ་ནི་མིན་པར་སྔགས་ཀྱི་ལྟ་དགོངས་ཀྱིས་ཟིན་པའི་ཤ་ནི་བཟའ་དགོས་པར་གསུངས་ཏེ། དུས་འཁོར་བསྡུས་རྒྱུད་ལས། བཤང་བ་གཅིན་དང་ཁུ་བ་ཁྲག་ནི་མི་ཡིས་ཤ་དང་བཅས་པ་ཟོས་པས་ཚེ་ནི་སྟེར་བར་འགྱུར། །ཞེས་བདུད་རྩི་ལྔ་ལ་བསྔགས་པ་ལྟ་བུ་ནི་མང་དུ་བྱུང་བའི་ཕྱིར་དང་། དྲི་མེད་འོད་ལས། འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིག་བཞི་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ་རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུ་དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་མཚན་མ་མེད་པ་དང་ཁ་ན་མ་ཐོ་བ་མེད་པ་གོ་ཀུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་གང་བཟའ་བ་མ་ཡིན་པ་དང་གང་བཙོང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་དང་གཡུལ་དུ་ལས་ངན་པའམ་རང་གི་སྐྱོན་གྱིས་ཆོམ་རྐུན་ལ་སོགས་པ་བསད་པ་དེ་དག་ཐམས་ཅད་རྣལ་འབྱོར་པས་བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་སྲོག་བཅད་པ་ལས་བྱུང་བ་མ་ཡིན་པའི་ལས་དབང་གིས་ཤི་བའི་ཤ་ནི་སྔགས་ཀྱི་དམ་ཚིག་ཏུ་བཟའ་བར་གསུངས་སོ།།

གཉིས་པ་སྔགས་ཀྱི་རྒྱུད་སྡེར་ཤ་མ་བཀག་ཅིང་གནང་བའི་ཚུལ་ལ་གཉིས་ཏེ། རྒྱུད་སྡེ་འོག་མ་དག་ལས་གནང་ཚུལ་དང་། བླ་མེད་ཀྱི་རྒྱུད་ལས་གནང་ཚུལ་དང་གཉིས་ལས། དང་པོ་ལ་ནི་བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་ལས་མ་བཀག་ཚུལ་གསུམ་ལས། དང་པོ་བྱ་རྒྱུད་ལས་གནང་ཚུལ་ནི། གོང་དུ་བྱ་རྒྱུད་ལས་ཤ་བཟའ་བ་བཀག་པར་བཤད་མོད། དེ་ནི་སྤྱིར་བཏང་དང་། དམིགས་ཀྱིས་བསལ་བ་ལ་མཐའ་གཅིག་ཏུ་དགག་པ་ནི་མ་ཡིན་ཏེ། ལས་ཀྱི་ཆོ་ག་འགའ་རེ་སྒྲུབ་པའི་དུས་ནི་ཤ་ཆེན་སོགས་ཀྱིས་སྦྱིན་སྲེག་ཀྱང་བྱ་དགོས་པ་དང་དེའང་མི་རུང་པ་མ་ཡིན་པར་བཤད་པ་དང་། དེ་བཞིན་དུ་ཤ་གཞན་པ་སོགས་གཏོར་མ་དང་སྦྱིན་སྲེག་ལ་ནི་ཤ་འབུལ་དགོས་པར་གསུངས་པའི་ཕྱིར། གྲུབ་སྟེ། དཔུང་བཟང་ལས། གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ། །དེ་ལ་དུར་ཁྲོད་མི་ཤའི་སྦྱིན་སྲེག་བྱ། །རལ་གྲིས་སོར་གཉིས་སོར་གསུམ་ཙམ་དག་ཏུ། །གཏུབས་ནས་མེ་ལ་སྦྱིན་སྲེག་སྟོང་དུ་བྱ། །མེ་ཏོག་མ་ཉམས་འབྲས་གཡོས་ཤ་ཁྲག་ཉ། །ཆང་དང་སྦྲང་རྩི་བུ་རམ་ཆང་དང་ཏིལ། །བདུག་པ་ཕྲེང་བ་བྱུག་པ་མར་མེ་ཆན། །ལྷ་བཤོས་གཏོར་མ་དུར་ཁྲོད་གཏོར་བར་བྱ། །ཞེས་དང་། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན། །མ་ཧེའི་ཤའམ་ཁྱི་ཤ་མར་བསྲེས་ལ། །ཚེས་གྲངས་དག་ལ་སྨྱུང་བྱས་སྦྱིན་སྲེག་བྱ། །ཞེས་དང་། སྒོ་བཞི་པ་ལ་ཀུ་ཤ་རྩྭ་ཡང་བཀྲམ། །བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས། །འབྲས་ཆན་འབྲས་བུ་མང་པོའི་གཏོར་མ་སྦྱིན། །ཞེས་དང་། རྡོ་རྗེ་ལུ་གུ་བརྒྱུད་མའི་རྟོག་པ་ལས། སྦྲུལ་རྟ་ནེའུ་ལེ་མ་ཧེའི་ཤ། །བྱ་རོག་འུག་ཤ་སྟོང་ཕྲག་གཅིག །བསྲེགས་པས་བསྒྲུབ་བྱ་དབྱེ་བར་ངེས། །ཞེས་དང་། ཡུངས་དཀར་ཤ་ཆེན་ཕྱེ་མ་དང་། །དུར་ཁྲོད་ཐལ་བ་དུག་སྣ་ཚོགས། །ཁྲོ་ཆུ་ཕྱེ་མའི་སྦྱིན་སྲེག་སྟོང་། །ཁྲོས་པས་བྱས་ན་ལྷ་ཚོགས་འཇིག །ཅེས་དང་། དཔའ་བོ་གཅིག་གྲུབ་ལས། ཤ་དང་ཉ་ཤ་དང་མི་ཤ་དང་འཛམ་བུ་ཏི་ཀ་ལ་མངོན་པར་བསྔགས་པའི་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་སྔགས་བཟླས་ན། ཞག་དང་པོ་ལ་མཚན་མ་ཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོང་བ་འགྲུབ་པར་འགྱུར་ཞིང་། དེ་ལ་སོགས་བ་སྲིད་པ་གསུམ་གྱི་སྤྱོད་པ་རྣམ་པར་སྟོན་པར་བྱེད་དོ། །ཞེས་དང་། ཉ་དང་ཤ་དང་ཆང་དང་འབྲས་ཆེན་ལ་སོགས་པ་སྦྱིན་པར་འགྱུར་པ་ལས་གྲོང་གི་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་བཏང་བར་བྱ་བ་དང་། ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་གདུགས་དཀར་མོ་ཅན་གྱི་གཏོར་མའི་ཆོ་ག་ལས། བཙོས་དང་རྗེན་པ་ཤ་སྣ་ཚོགས། །ཤ་ཟ་བ་ལ་སྦྱིན་པར་བྱའོ། །སྦྲང་རྩི་མཆིལ་མ་འཐུང་བ་ལའོ། །ཁུར་བ་མ་པ་སྣ་ཚོགས་པའོ། །གཏོར་མ་ཟ་བ་རྣམས་ལ་སྦྱིན། །ལག་པ་ སྦྱིན་སྲེག་ཟ་བ་ལའོ། །རྐང་དང་རྐང་མར་བཅས་པ་ནི། །རྐང་ཟ་བ་ལ་རབ་ཏུ་སྦྱིན། །ཞེས་པ་ནས། ཁྲག་རྣག་མང་པོ་ཇི་སྙེད་པ། །ཟས་སུ་ཁྲག་འཐུང་རྣམས་ལ་སྦྱིན། །ཤ་རྣམས་བཙོས་པའི་ཞག་རྣམས་ནི། །ཟས་སུ་ཞག་ཟ་རྣམས་ལ་སྦྱིན། །ཞེས་དང་། ཤ་དང་ཁྲག་དང་སྒོག་ཙོང་རྣམས། །བགེགས་རིགས་འཁོར་དུ་གྱུར་ལ་སྦྱིན། །ཞེས་འབྱུང་བོའི་ཚོགས་ལ་ཤ་ཁྲག་གི་ཟས་སྦྱིན་དགོས་པར་བཤད་པའི་ཕྱིར་རོ།།

དེ་དག་ནི་སྦྱིན་སྲེག་སོགས་ལ་རུང་བའི་དོན་ལས་སྒྲུབ་པ་པོའི་གང་ཟག་གིས་བཟའ་རུང་བའི་དོན་མ་ཡིན་ཞེ་ན། དེ་དག་སྦྱིན་སྲེག་སོགས་ལ་དགོས་ཚུལ་བཤད་པ་བདེན་མཆི་ཡང་། སྒྲུབ་པ་པོས་ཤ་བཟའ་བར་བཤད་པ་ནི་ཡོད་དེ། ཤ་ཡི་ཁ་ཟས་བསྟེན་མི་རུང་བར་བཤད་པ་དེ་ཡང་གསང་སྔགས་མ་བཟླས་པའི་གང་ཟག་གིས་ཤ་བསྟེན་མི་རུང་པ་ལས་སྔགས་ཀྱི་ནུས་པ་ཐོན་པ་ཅན་ཡིན་ན་ཤ་ཟོས་ཀྱང་མི་རུང་པའང་མ་ཡིན་པར་གསུངས་པའི་ཕྱིར་ཏེ། དཔུང་བཟང་གིས་ཞུས་པའི་རྒྱུད་ལས། ཤ་ཡི་ཆོ་ག་གང་ཞིག་ངས་གསུངས་པ། །གསང་སྔགས་མ་བཟླས་པ་ཡིས་བསྟེན་མི་བྱ། །རིགས་མཆོག་གཙུག་ཏོར་སྟོབས་ཆེན་ལ་སོགས་པས། །དུར་ཁྲོད་དུ་ནི་བསྲུང་བར་ངས་གསུངས་སོ། །ཞེས་གསུངས་པས་གྲུབ་པའི་ཕྱིར་རོ།།

གཉིས་པ་སྤྱོད་རྒྱུད་ལས་གནང་ཞིང་མ་བཀག་པའི་ཚུལ་ཡོད་དེ། དམ་ཚིག་གསུམ་བཀོད་ལས། ཤ་ཟ་བ་ཡང་དགག་པ་མེད་དོ། །ལ་ཕུག་དང་། ལ་ཏུ་ལ་སོགས་པ་ལ་སྤྱོད་ཀྱང་སྐྱོན་མེད་དོ། །ལྷག་མ་ལ་ཡང་སྐྱོན་མེད་དོ། །ཞེས་དང་། ཤ་ལ་སོགས་པ་མ་སྤངས་ཀྱང་རུང་སྟེ། རིག་པ་འཛིན་པའི་རིམ་པར་ཕྱེ་བའི་སྒྲུབ་པ་འདིར་སངས་རྒྱས་དང་སེམས་དཔའ་ཐམས་ཅད་ལ་རབ་ཏུ་དང་བ་བསྐྱེད་ནས་བྱང་ཆུབ་ཀྱི་སེམས་ཡོངས་སུ་བཟུང་བ་དེའི་ངེས་པར་འགྲུབ་པར་འགྱུར་རོ། །ཞེས་དང་། ཁྲུས་ལ་སོགས་པ་གཙང་སྦྲ་ཀུན་སྤྱོད་མེད་ཀྱང་རུང་། ཤ་དང་ཉ་ཤ་མ་སྤངས་ཀྱང་རུང་། བསོད་ནམས་དང་ལྡན་ཡང་རུང་བསོད་ནམས་དང་མི་ལྡན་ཡང་རུང་འདིས་འགྲུབ་པར་འགྱུར་རོ། །ཞེས་དང་། ཕྱིའི་སྤྱོད་པ་གཙང་སྦྲ་ལ་སོགས་པ་མེད་ཀྱང་རུང་ཉ་ཤ་དང་ཤ་དག་ལ་སོགས་པ་ཡོངས་སུ་མ་སྤངས་ཀྱང་རུང་འགྲུབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་དེ་དོན་ནི་ཤ་ཟ་བ་མ་བཀག་པའི་དོན་ལས་གཞན་དུ་འགྲེལ་དུ་མེད་ལ། གཞན་ཡང་། རྣམ་སྣང་མངོན་བྱང་ལས། མར་མེ་ནི་ཡུངས་མར་ཚ་བ་སྙིང་པོ་སྔོན་པོ་ཅན་མར་མེའི་སྣོད་ནག་པོའི་ནང་དུ་དབུལ་ལོ། །བཤོས་ནི་ཀྲི་སར་དང་གཞན་ཡང་ཚ་བ་དང་། ཁ་བ་ལ་སོགས་པ་བཟའ་བ་དང་ཚོད་མ་ཁ་དོག་ནག་པོ་རྣམས་དབུལ་ལོ། །སྲན་ཆན་དང་ཀྲི་ས་ར་དང་ཤ་དང་ཉ་བཙོས་པ་དང་རྗེན་པ་རྣམས་ཕྱོགས་ཀྱི་གཏོར་མར་སྦྱིན་ནོ། །ཞེས་དང་། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། བཅོམ་ལྡན་འདས་གང་ལ་ལ་ཞིག་བསྒྲུབ་པར་འཚལ་ན་དེས་དུར་ཁྲོད་དུ་དུ་བ་འཐུལ་བར་ཟས་སུ་ཤ་འཚལ་ཞིང་གོས་སྔོན་པོ་བགོས་ལ་ལག་ཏུ་རལ་གྲི་ཐོགས་ལ་སྙིང་པོ་འདི་ལན་འབུམ་བཟླས་བརྗོད་བགྱིའོ། །ཞེས་གསུངས་པ་དེས་ཤ་གཏོར་མའི་རྫས་སུ་གནང་བ་ཤེས་པ་དང་། བྱེ་བྲག་ལས་སྒྲུབ་པའི་ཕྱིར་དུ་ནི་ཤའི་རྫས་གནང་བ་གསལ་ཏེ། ཡང་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཐ་མར་ཉ་ཤ་ལ་སོགས་པ་ཅི་འབྱོར་པས་མཆོད་ལ་བ་ལང་གི་ལྕི་བའི་བདུག་པ་བསྲེག་ཅིང་མཚན་ཐག་ཐོག་བཟླས་བརྗོད་བགྱི་སྟེ། ཞེས་གསུངས་པས་ཤེས་པའི་ཕྱིར་རོ།།

གསུམ་པ་རྣལ་འབྱོར་གྱི་རྒྱུད་ལས་མ་བཀག་ཚུལ་ཡོད་དེ། ངན་སོང་སྦྱོང་རྒྱུད་ལས། ཤ་ཆང་གཏོར་མ་བཟང་པོ་དང་། །སྣོད་རྣམས་ཁྲག་གིས་བཀང་བ་དང་། །མགོ་ཐོད་མགོ་ཡི་དུམ་བུ་དང་། །ཁྲག་གམ་ཆང་བཀང་བུམ་པ་བརྒྱད། །ཅེས་དང་། བུམ་པ་གཏོར་མ་བུམ་པ་ཡང་། །ཞལ་ཟས་མང་པོ་གཞག་པར་བྱ། །ཤ་དང་ཁྲག་གིས་བཀང་བ་ཡི། །ཐོད་པ་རྣམས་ཀྱང་ཀུན་ཏུ་ཡང་། །ཞེས་དང་། རིག་པ་མཆོག་གི་རྒྱུད་ལས། དེ་ལ་གཏོར་མ་སྦྱིན་པར་བྱ། །དེ་བཞིན་ཤ་ནི་རྗེན་པ་དང་། །ཆང་གིས་བཀང་བའི་སྣོད་ཀྱང་སྦྱིན། །ཞེས་གསུངས་པས་དངོས་སུ་ཤ་ཁ་ཟས་སུ་གནང་བའི་གསལ་ཁ་མེད་ཀྱང་གཏོར་མའི་གྲས་སུ་འབུལ་རུང་བ་གསལ་བས་ཤ་ཙམ་རུང་བ་ཤེས་པའི་ཕྱིར་རོ།།

གཉིས་པ་བླ་མེད་ཀྱི་རྒྱུད་ལས་ཤ་གནང་ཚུལ་ལ་ནི། རྣལ་འབྱོར་ཆེན་པོའམ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་ལས་སྤྱིར་ཤ་ཙམ་བཟའ་བྱར་གནང་བས་དེའི་ཚུལ་དང་། ཁྱད་པར་བའི་ཤ་ནི་བཟའ་དགོས་པར་བསྔགས་པ་དང་། འཕྲོས་དོན་འགའ་བཤད་པ་དང་གསུམ་ལས།

དང་པོའི་ཚུལ་ནི་ཡོད་དེ། བླ་མེད་ཀྱི་རྒྱུད་སྡེ་ཤིན་ཏུ་མང་པོ་ཞིག་ལས་རྣལ་འབྱོར་བས་ཤ་བཟའ་བར་མ་ཀག་པ་མ་ཟད་ཤ་རྣལ་འབྱོར་བ་རང་གིས་བསྟེན་དགོས་པ་དང་། དེ་བཞིན་དུ་ཤ་དཀྱིལ་འཁོར་དུ་མཆོད་པར་འབུལ་པ་དང་། ཤ་ཡི་སྦྱིན་སྲེག་བྱ་དགོས་པ་ལ་སོགས་གསུངས་པའི་ཕྱིར། དེ་ལྟར་ཡིན་ཏེ། བླ་མེད་ཀྱི་ལམ་ལས་ནི་ལམ་གྱི་མངོན་རྟོགས་གོང་འཕེལ་གྱི་བོགས་འདོན་དུ་ཤ་བསྟེན་དགོས་པར་བཤད་པའི་ཕྱིར་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ཀྱེ་རྡོ་རྗེ་ལས། ཤ་ནི་བཟའ་བ་ཉིད་དུ་བྱ། །ཁྱད་པར་དུ་ནི་ཆང་ཉིད་དོ། །ཞེས་དང་། གཏུམ་པོ་དཔའ་གཅིག་ལས། ཉ་དང་ཤ་ནི་བཟའ་བར་བྱ། །ཆང་ནི་བཏུང་བྱ་མཉམ་བཞག་པས། །གཞན་ཡང་ཇི་ལྟར་རྙེད་པ་བཟའ། །འོ་ཆུ་རཀྟ་ལ་སོགས་བཟའ། །ཞེས་དང་། མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། ཤ་ནི་སྨན་གྱི་མཆོག་ཡིན་ཏེ། །དབང་ཕྱུག་དམ་པ་ཀུན་གྱི་མཆོག །སངས་རྒྱས་ཀུན་གྱི་བརྡ་ཡིས་བཤད། །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག །ཅེས་དང་། བདེ་མཆོག་འབྱུང་བ་ལས། ཤ་དང་ཚིལ་དང་དེ་བཞིན་ཁྲག །མཁས་པ་ཡིས་ནི་གཟུང་བར་བྱ། །ཞེས་དང་། རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་གྱི་སྒྲུབ་ཐབས་ལས། སྔགས་དང་རྒྱུད་ལ་ཇི་ལྟར་གནས། །ཉ་དང་ཤ་ནི་བཟའ་བར་བྱ། །ཆང་གི་བཏུང་བ་མཆོག་ཡིན་ནོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། །ཤ་ཆེན་པོ་ནི་ཟ་བཞིན་དུ། །འཇིགས་བྱེད་སྒྲ་ནི་བསྒྲགས་པའོ། །ལཱ་མའི་འཁོར་ལོ་བ་ལང་ཤ །མཁའ་འགྲོ་མ་ལ་གླང་ཆེན་ཤ །ཕག་མོ་ལ་ནི་ཤ་ཐམས་ཅད། །དམ་ཚིག་སྡོམ་པའི་སྦྱོར་བས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་དཀྱིལ་འཁོར་དུ་ཤ་མཆོད་པ་འབུལ་དགོས་པའི་ཚུལ་བྱེ་བྲག་པ་ཡོད་དེ། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་ལས། བཅོམ་ལྡན་ལྷ་ཡི་ལྷ་མདུན་དུ། །ཤ་ཆེན་པོ་ཡི་ཞལ་ཟས་དང་། །ཆང་དང་ཏིལ་མར་མ་ཧེ་ཁྲག །རབ་ཏུ་ཞིམ་པའི་ཟས་མཆོག་རྣམས། །དུས་རྣམས་རྟག་ཏུ་དབུལ་བར་བྱ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། དཀྱིལ་འཁོར་ཆེན་པོའི་སྦྱོར་བ་ཡིས། །བླ་མ་གཙོ་བོ་རུ་ནི་བྱ། །རྣལ་འབྱོར་མ་རྣམས་མིང་གང་གང་། །དཔའ་བོ་རྣམས་ཀྱིའང་དེ་བཞིན་དུ། །དེ་དང་དེ་ལ་ཤ་འབུལ་བ། །མྱོས་བྱེད་བདེ་ཆེན་སྟེར་བའོ། །ཞེས་དང་། མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། ཁ་ཟས་ཀུན་གྱི་རོ་རྣམས་དང་། །ཤ་དང་ཤ་ཡི་མཆོག་རྣམས་དང་། །ཤ་ཡི་སྦྱོར་དང་ཤ་སྐམ་དང་། །བཤོས་དག་རྡོ་རྗེ་རྟ་ལ་འབུལ། །ཞེས་དང་། གཏུམ་པོ་དཔའ་གཅིག་ལས། དཀྱིལ་འཁོར་རབ་ཞུགས་རྣལ་འབྱོར་མ། །རྣལ་འབྱོར་དང་ནི་ཡང་དག་ལྡན། །ཕན་ཚུན་དུ་ནི་ཕྱག་བྱས་ནས། །བཟའ་བ་ཤ་དང་ཆང་ཡང་བྱ། །ཞེས་དང་། དཔལ་རྡོ་རྗེ་ཕྲེང་བ་ལས། ཆང་དང་སྣ་ཚོགས་ཤ་དང་ནི། །དེ་བཞིན་ལ་དུ་འོ་མ་དང་། །འབྲས་ཆན་ཕྱེ་ཡི་ཁུར་བ་དང་། །སྲན་ཁུར་བྱེ་བ་མང་པོ་དང་། །མཆོད་ཡོན་མེ་ཏོག་སོགས་ཀྱིས་མཆོད། །ཅེས་དང་། དཔལ་གདན་བཞིའི་བཤད་རྒྱུད་ལས། ཤ་རློན་དང་ནི་ཉ་ལ་སོགས། །བཟའ་བའི་རྫས་རྣམས་ཐམས་ཅད་ལ། །བདུད་རྩི་ལྔ་དང་བཅས་པར་དགོད། །ཅེས་དང་། ར་ཤ་འོ་མར་བསྲེས་པ་ཡིས། །དུར་ཁྲོད་གནས་པའི་ལྷ་མོ་ལ། །བརྒྱད་བརྒྱ་རུ་ནི་དབུལ་བྱ་ཞིང་། །སྣ་ཚོགས་མཆོད་པས་ཚིམ་བྱས་ལ། །ཞེས་དང་། ཕུར་བ་འཕྲིན་ལས་ཀྱི་རྒྱུད་དམ་ཀརྨ་ལས་ཀྱི་རྒྱུད་ལས། སྣ་ཚོགས་ཟས་དང་སྣ་ཚོགས་འབྲུ། །སྨན་གྱི་རྣམ་པའི་གཏོར་མ་ནི། །གླང་པོའམ་ཤིང་རྟས་འགྲོངས་པའི་ཚད། །བརྒྱ་རྩ་བརྒྱད་དམ་ལྷ་གྲངས་བྱ། །ཤ་སྣ་ཁྲག་སྣ་བརྒྱ་རྩ་བརྒྱད། །སྤྱན་གཟིགས་འདོད་ཡོན་སྣ་ཚོགས་བརྒྱན། །སྣ་ཚོགས་འབྲུ་ཡི་ཚད་རྣམས་བཤད། །རྣལ་འབྱོར་ཕོ་མོ་གཡས་དང་གཡོན། །ལུས་ངག་བརྡས་མཚོན་སོ་སོས་མཆོད། །ཅེས་དང་། གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། དྲི་དབྱིབས་ཁ་དོག་རོ་ལ་སོགས། །ཤ་ལྔ་བདུད་རྩིར་བཅས་པ་དག །བན་དྷ་མཚན་ལྡན་ལྔ་རུ་ནི། །དཀྱིལ་འཁོར་འཁོར་དང་ཕྱོགས་བཞིར་དགྲམ། །རྡོ་རྗེ་བཀོད་པའི་དཀྱིལ་འཁོར་གྱིས། །སོ་སོར་སྤང་པ་སྦྱང་བྱས་ཏེ། །ཕྱག་རྒྱ་སྔགས་དང་ཏིང་འཛིན་མཐུས། །རིགས་ཀྱི་དཀྱིལ་འཁོར་མངོན་པར་བསྒྲུབ། །ཅེས་གསུངས་པའི་ཕྱིར་རོ།།

ཡང་ཤ་ཡི་སྦྱིན་སྲེག་བྱ་བར་ཡང་གསུངས་པ་ཡོད་དེ། ཁྲག་འཐུང་མངོན་འབྱུང་ལས། གང་གིས་ཤ་ནི་བླུགས་པ་དང་། །མཁས་པས་དགང་བླུགས་བརྒྱ་ཕྲག་གིས། །དེ་ཡི་ཟླ་གསུམ་ནང་དུ་ནི། །སྐད་ཅིག་ཙམ་གྱིས་དབུལ་བར་ཟད། །ཅེས་དང་། གདན་བཞི་ལས། དེ་ཡི་ར་ཡི་ཤ་ཡིས་ནི། །སྦྱིན་སྲེག་བརྒྱ་རྩ་བརྒྱད་དུ་བྱ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། བ་ལང་རྟ་དང་མི་དང་ཁྱི། །གླང་པོ་མ་ཧེ་བོང་བུ་དང་། །རྔ་མོ་བྱི་ཆུང་བྱི་ལ་དང་། །ཕག་པ་དང་ནི་སྤྲེའུ་རྣམས་ཀྱི། །ཤ་ནི་སྐྱུར་པོ་ལ་བཏགས་པ། །དངོས་གྲུབ་འདོད་པས་སྦྱིན་སྲེག་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ནི་ཁ་ཅིག་གིས་བླ་མེད་ཀྱི་རྒྱུད་ལས་ཤ་གནང་བ་ནི་ཤ་ལྔ་བདུད་རྩི་ལྔ་གནང་བ་ལས་ཤ་གཞན་པ་མ་གནང་ཟེར་བའི་རྒྱུད་སྡེ་མིག་གིས་མ་མཐོང་བའམ་མཐོང་ཡང་རྒྱུད་དོན་རང་གི་ཞེ་འདོད་དུ་འཁྱེར་བའི་ཀླག་ཅོར་ཡོངས་སུ་ཁེག་པར་བྱས་འདུག་སྟེ། ལུང་འདི་དག་ནི་ཤ་ལྔ་མ་ཟད་སྤྱིར་ཤ་ཙམ་བཟའ་བྱ་དང་མཆོད་བྱར་གནང་བའི་ལུང་ཡིན་པ་བལྟས་པ་ཙམ་གྱིས་གསལ་བ་མ་ཟད། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། ཕྱུགས་རྣམས་ཀྱི་ནི་ཤ་ཐམས་ཅད། །ཀུན་དུ་སོན་པར་དབུལ་བར་བྱ། །བཏུང་བ་རྣམ་པ་སྣ་ཚོགས་དབུལ། །བལྡག་བྱ་སྣ་ཚོགས་ཉིད་དེ་བཞིན། །རང་རང་སྟན་ལས་ལངས་ནས་ནི། །བླ་མ་རྡོ་རྗེ་འཛིན་པ་མཆོད། །སླར་ཡང་འོངས་ནས་འཁོར་ལོ་ཡི། །མཆོད་པ་བཅུ་གཉིས་རྣམས་ལའོ། །ཞེས་དང་། རིག་པ་འཛིན་པ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལས། སྔགས་དང་རྒྱུད་ལ་ཇི་ལྟར་གནས། །ཉ་དང་ཤ་ནི་བཟའ་བར་བྱ། །ཆང་གི་བཏུང་བ་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ཁྱད་པར་བའི་ཤ་བཟའ་དགོས་པར་བསྔགས་པའི་ཚུལ་ལ་ནི། སྤྱིར་ཤ་ཁྱད་པར་བ་དེ་བཟའ་བྱར་བསྔགས་པའི་ཚུལ་དང་། དེ་གང་ཡིན་བཤད་པ་དང་། ཞར་བྱུང་གཞན་གྱི་སྨྲ་བ་ལ་དོགས་པ་འགོད་པའི་ཚུལ་གསུམ་གྱིས་བཤད་པར་བྱ་སྟེ།

དང་པོ་ནི། དེ་ཡང་སྔགས་ལས་ཤ་གནང་ཞེས་པ་དེ་ཡང་འགྲོ་བའི་སྲོག་ལ་ཅི་མི་སྙམ་དུ་གསོད་པ་དང་། སྲེད་པས་བཟའ་བ་ཙམ་ལ་གནང་བ་དང་བསྔགས་པ་ནི་མ་ཡིན་པར་རྟོགས་པ་གོང་འཕེལ་དུ་ནར་སོན་པའི་ཆེད་དུ་བཟའ་བྱར་བསྔགས་པ་ཡིན་མོོད། དེ་ཙམ་ལས་ཤ་ཟས་ཁ་ལ་ལེན་མི་རུང་ཞེས་ནི་མ་བསྟན་ཅིང་། གསང་སྔགས་ལས་བསྟན་པའི་ལོངས་སྤྱད་བྱའི་རྫས་རྣམས་ནི་གཙང་བ་དང་སྨེ་བ་སྟེ་མི་གཙང་བ་གཉིས་སུ་གྲུབ་པ་མེད་པར་ཆོས་ཉིད་མཉམ་པ་ཉིད་དུ་གནས་པའི་དོན་རྟོགས་པའི་ཆེད་དུ་ནི་གཉིས་སུ་འཛིན་པའི་རྟོག་པ་ཐམས་ཅད་བཟློག་པར་བྱེད་དགོས་ཤིང་། ལས་དང་པོ་བའི་རྒྱུད་ཀྱི་རྟོག་པ་ལ་ནི་སྤང་དཀའ་སླའི་ཁྱད་པར་ཆེན་པོ་མཆིས་པ་ལས། གཙང་སྨེ་གཉིས་སུ་འཛིན་པའི་རྟོག་པ་ནི་ཤིན་ཏུ་སྤང་དཀའ་བ་ལགས་ཤིང་། དེ་ལས་ཀྱང་རང་གིས་བསྟེན་པའི་ཁ་ཟས་ལ་གཙང་སྨེ་གཉིས་སུ་འཛིན་པའི་རྟོག་པ་སྤང་བ་དང་། ཡུལ་གཉན་པོ་ལ་མཆོད་པའི་དངོས་པོ་ལ་གཙང་སྨེ་གཉིས་སུ་འཛིན་པའི་རྟོག་པ་བཟློག་པ་ནི་ཆེས་དཀའ་བའི་དབང་གིས་རྒྱལ་བས་བཙན་ཐབས་ལ་བརྟེན་ནས་དེ་བཟློག་པའི་ཆེད་དུ་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་རྟའི་ཤ་དང་། ཁྱི་ཤ་སོགས་ལ་གཙང་སྨེ་གཉིས་སུ་ལྟ་བ་མེད་པའི་ཉམས་ལེན་གྱིས་དེ་དང་དེ་མཆོད་པ་དང་ཟ་བ་རྣམས་ལ་བརྩོན་དགོས་པར་གསུངས་ཏེ། རྡོ་རྗེ་མཁའ་འགྲོ་ལས། བ་གླང་ཤ་དང་རྟ་ཤ་སོགས། །དོགས་པ་མེད་པར་བཟའ་བར་བྱ། །ཞེས་དང་། གསང་བ་འདུས་པ་ལས། བཟའ་བའམ་བཏུང་བ་གང་ཅུང་ཟད། །བརྟུལ་ཞུགས་ཅན་གྱིས་གང་ཟ་བ། །བཤང་གཅི་ཤ་ཡི་སྦྱོར་བ་ཡིས། །ཆོ་ག་བཞིན་དུ་ཡོངས་སུ་བརྟགས། །ཞེས་དང་། རྒྱུད་བརྟག་གཉིས་སམ་ཀྱེ་རྡོ་རྗེ་མཁའ་འགྲོ་མ་དྲྭ་བའི་སྡོམ་པའི་རྒྱུད་ལས། བདུད་རྩི་ལྔ་དང་བུ་རམ་ཆང་། །དུག་དང་ནིམ་པ་བུ་བཙས་སྐྱེས། །སྐྱུར་དང་མངར་དང་བསྐ་ལ་སོགས། །ཁ་བ་ལན་ཚྭ་ཚ་བ་དང་། །དྲི་ང་དྲི་ཞིམ་མཆིལ་བསྣབས་རྣམས། །བྱང་ཆུབ་སེམས་བསྲེས་རབ་ཏུ་བཟའ། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། གསང་བ་སྙིང་པོ་ལས། བདུད་རྩི་ཉིད་དུ་བྱིན་གྱིས་བརླབ། །རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་སྨེ་མེད་པར་དག་པར་བྱ། །དབྱིངས་སུ་ཡང་ནི་བསྟིམ་པར་བྱ། །ཞེས་དང་། རྡོ་རྗེ་འབར་བའི་རྒྱུད་ལས། གླང་པོའི་ཤ་དང་རྟ་ཡི་ཤ། །ཤ་ཆེན་བ་ལང་ཁྱི་ཤ་རྣམས། །ཁམ་གྱི་ཟས་སུ་བཟའ་བར་བྱ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། དཔའ་བོ་ཤ་ལྔ་བདུད་རྩི་ལྔ། །བཅུད་དང་རོལ་མོ་སྣང་བ་དང་། །སྣ་ཚོགས་དྲི་དང་བྱུག་པ་མཆོག །དག་ཅིང་ལེགས་པར་དབུལ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་དེ་གང་ཡིན་བཤད་པ་ལ་ནི། ཤ་ལྔ་བདུད་རྩི་ལྔ་བསྔགས་ཚུལ་སྤྱིར་བཤད་པ་དང་། ཤ་ལྔ་བདུད་རྩི་ལྔ་སོ་སོའི་ངོས་འཛིན་དང་། སྒྲོན་མ་ལྔ་དང་ལྕགས་ཀྱུ་ལྔའི་ངོས་འཛིན་ལ་དཔྱད་པ་དང་། ཤ་ལྔ་བདུད་རྩི་ལྔ་ཇི་ལྟར་སྤྱོད་པའི་ཚུལ་དང་བཞི་ལས།

དང་པོ་ནི། དེས་ན་དེ་ལྟར་གསང་སྔགས་ཀྱི་དམ་ཚིག་ཏུ་ངེས་པར་དུ་བསྟེན་བྱར་བཤད་པའི་ཤ་འགའ་ཞིག་ནི་ཤ་ཙམ་མིན་པར་འཇིག་རྟེན་སྤྱི་དང་ལྷག་པར་དུ་གསང་སྔགས་ཀྱི་བསྟན་པ་བྱུང་བའི་གནས་རྒྱ་གར་དུ་དུས་སྐབས་དེར་ཆེས་མི་གཙང་ཞིང་སྨེ་བཙོག་ཅན་དུ་འཛིན་པ་དང་། ཡང་ན་ཤ་དེ་ཟ་བའི་ཚུལ་ལུགས་དེ་ཡ་རབས་ཀྱི་ཡུལ་སྲོལ་མ་ཡིན་པར་འཛིན་པར་བྱེད་པའི་ཤ་དག་ཡིན་ཏེ། དྲི་མེད་འོད་ཀྱི་ལུང་ལས། འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་གང་བཟའ་བ་མ་ཡིན་པ་དང་གང་བཙོང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་ཞེས་སོགས་གསུངས་པ་དང་། རྣལ་འབྱོར་བ་དཔའ་བོ་རྡོ་རྗེས་མཛད་པའི་དཔལ་ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་གྱི་རྒྱ་ཆེར་འགྲེལ་རིན་ཆེན་ཕྲེང་བ་ལས། བདུད་རྩི་ལྔ་དང་ཤ་ལྔ་འཇིག་རྟེན་པ་རྣམས་ཀྱིས་སྨོད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་རྣལ་འབྱོར་བས་དཀྱིལ་འཁོར་མཆོད་པ་དང་རང་གིས་བསྟེན་བྱ་གཉིས་ཀར་གཙོ་བོར་བསྔགས་པ་དེ་ནི། དེ་ལྟར་འཇིག་རྟེན་པ་རྣམས་ཀྱིས་སྨད་པའི་གླང་པོ་ཆེའི་ཤ་དང་། ཤ་ཆེན་དང་། རྟ་ཤ་དང་། བ་ལང་གི་ཤ་དང་། ཁྱིའི་ཤ་སྟེ་ཤ་ལྔ་དང་། དྲི་ཆེན་དང་། དྲི་ཆུ་དང་། རཀྟ་དང་། བྱང་སེམས་དང་། རྐང་མར་ཏེ་བདུད་རྩི་ལྔ་རུ་བསྔགས་པ་ཉིད་དགོས་པར་གསུངས་པའི་ཕྱིར་ཏེ། རྡོ་རྗེ་གུར་ལས། ཤ་ལྔ་དང་ནི་བདུད་རྩི་ཉིད། །དཀྱིལ་འཁོར་ལྔ་ཡི་བསྒོམས་པ་ཡིས། །འདིས་ནི་རྡོ་རྗེ་མཉེས་པར་འགྱུར། །ཡེ་ཤེས་མེ་ནི་རབ་རྒྱས་བྱ། །ཞེས་དང་། མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ལས། མཚན་ཕྱེད་དུས་ན་གཏོར་མ་འབུལ། །ཤ་ལྔ་དང་ནི་བདུད་རྩི་ལྔ། །མྱོས་བྱེད་སྟོབས་དང་བཅས་པས་མཆོད། །གསང་བ་སྒྲུབ་པའི་མཆོག་ཏུ་བཤད། །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཤ་རློན་དང་ནི་ཉ་ལ་སོགས། །བཟའ་བའི་རྫས་ནི་ཐམས་ཅད་དང་། །དེ་བཞིན་བདུད་རྩི་ལྔ་ཡི་མཆོག །ཅེས་དང་། གདན་བཞིའི་བཤད་རྒྱུད་ལས། དུང་ཆེན་ལ་སོགས་ལག་པ་ན། །གནས་དང་གནས་ལ་བདུད་རྩིའི་ཆུ། །ཤ་ལྔ་ཡི་ནི་སྣོད་ལ་སོགས། །བཟའ་དང་སྟོན་མོས་ཉེ་བར་མཛེས། །ཞེས་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། བདུད་རྩི་ལྔ་ནི་སྤྱད་པར་བྱ། །ས་ཆུ་མེ་རླུང་རྣམས་ཀྱི་ནི། །ས་བོན་གྱིས་ནི་བཟའ་བར་བྱ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། དཔའ་བོ་ཤ་ལྔ་བདུད་རྩི་ལྔ། །བཅུད་དང་རོལ་མོ་སྣང་བ་དང་། །སྣ་ཚོགས་དྲི་དང་བྱུག་པ་མཆོག །དག་ཅིང་ལེགས་པར་དབུལ་བར་བྱ། །ཞེས་དང་། རྟ་མཆོག་རོལ་བ་ལས། བདུད་རྩི་ལྔ་བོ་ཤ་སོགས་རྣམས། །མཉམ་པར་ཤེས་པས་རྒྱུན་དུ་སྤྱད། །ཅེས་གསུངས་པའི་ཕྱིར་རོ།།

གཉིས་པ་ཤ་ལྔ་བདུད་རྩི་ལྔ་སོ་སོའི་ངོས་འཛིན་ནི། ཤ་ལྔའི་ངོས་འཛིན་དང་། བདུད་རྩི་ལྔའི་ངོས་འཛིན་དང་གཉིས་ལས། དང་པོ་ལ་ནི། ཤ་ལྔའི་ངོས་འཛིན་དང་། དེ་ལ་མིང་གཞན་གྱིས་བསྔགས་ཚུལ་དང་། དེ་བསྟེན་པའི་ཕན་ཡོན་དང་། དེ་བསྟེན་པ་སྔགས་ཀྱི་དམ་ཚིག་ཏུ་བཤད་པ་དང་བཞི་ལས། དང་པོ་ནི། དེ་ཡང་བ་ལང་གི་ཤ་དང་། རྟ་ཤ་དང་། གླང་པོའི་ཤ་དང་། ཁྱི་ཡི་ཤ་དང་། ཤ་ཆེན་དང་ལྔ་ལ་བྱེད་པའི་ལུགས་གཅིག་དང་། རྟ་ཤ་དང་། ཁྱི་ཤ་དང་། མ་ཧེའི་ཤ་དང་། སེང་གེའི་ཤ་དང་། ཤང་ཤང་ཏེའུའི་ཤའམ་རྨ་བྱའི་ཤ་གང་རུང་དང་ལྔ་ལ་བྱེད་པའི་ལུགས་གཅིག་དང་། བ་ལང་རྟ་ཁྱི་གླང་པོ་བྱ་ཤ་ལྔ་ལ་བྱེད་པའི་ལུགས་རྣམས་ཀྱང་ཡོད་དོ།།

དེ་ལ་དང་པོ་ཡོད་དེ། བདེ་མཆོག་འབྱུང་བ་ལས། བ་ལང་ཤ་དང་རྟ་ཤ་དང་། །གླང་པོའི་ཤ་ཡང་དེ་བཞིན་ཏེ། །མི་ཡི་ཤ་དང་ཁྱི་ཡི་ཤ། །མཁས་པ་ཡིས་ནི་གཟུང་བར་བྱ། །ཞེས་དང་། དགོངས་པ་ལུང་བསྟན་པ་ལས། ཤ་ཆེན་དང་ནིི་བཤང་གཅི་དང་། །གླང་པོ་རྟ་ཁྱི་བ་ལང་དག །མི་རྟོག་གཅིག་པའི་སྒྲུབ་པ་ཡིས། །དམ་ཚིག་གཅིག་ཏུ་དེ་འགྲུབ་འགྱུར། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་བཞིན་གླང་ཆེན་རྟ་ཤ་དང་། །བ་ལང་ཁྱི་ཤ་ཤ་ཆེན་རྣམས། །ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །ཞེས་དང་། ཁྲོ་བོ་རྡོ་རྗེ་རིགས་ཀུན་འདུས་རིག་པ་ལས། བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཤ་རྣམས་འདྲ་བར་གཙང་སྨེ་མེད། །ཟོས་ན་ཡོན་ཏན་སྣ་ཚོགས་འགྲུབ། །ཅེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་པ་རིག་པའམ་དགོངས་འདུས་ལས། བ་གླང་ཁྱི་ཤ་རྟ་ཤ་དང་། །ཤ་ཆེན་གླང་པོའི་མཆོག་ཡིན་ཏེ། །རྣལ་འབྱོར་ཆེན་པོའི་ཟས་ཡིན་པས། །གཞན་ནི་བཟའ་བར་མི་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པའི་ཁུངས་ཡོད་དེ། ཧེ་རུ་སྙིང་རྗེ་རོལ་བ་ལས། ཤ་ཆེན་དང་ནི་དྲི་ཆེན་དང་། །ག་པུར་རཀྟ་དྲི་ཆུ་དང་། །མ་ཧེ་རྟ་དང་ཁྱི་ཤ་དང་། །ན་གེ་གེ་རྒྱ་གཤོག་པ་ཅན། །འདི་དག་འཕགས་པའི་ཚོགས་ལ་དབུལ། །ཞེས་དང་། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། སེང་གེ་གཟུགས་ནི་དཀར་པོ་བཟང་། །ལུས་ངག་སྡོམ་ཞིང་ཉེས་པ་མེད། །འདི་ནི་ཤ་ཡི་སྒྲུབ་པའི་རྟེན། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། འབྱུང་ལྔ་ལས་བྱུང་ཤ་རིགས་ལྔ། །ཁྱི་ཤ་བ་ལང་རྟ་ཤ་དང་། །བྱ་དང་རི་དྭགས་སྣ་ཚོགས་ནི། །རྫུ་འཕྲུལ་ཤུགས་སུ་སྒྲུབ་པའི་རྫས། །སྒྲུབ་པའི་རྫས་ཆེན་འབྱུང་ཆེན་ལྔ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པའི་ཁུངས་ཡོད་དེ། བདེ་མཆོག་ཉུང་ངུ་ལས། བ་ལང་ཤ་དང་རྟ་ཤ་དང་། །ཁྱི་ཤ་དག་དང་བྱ་དག་གིས། །དཀྱིལ་འཁོར་གྲུ་གསུམ་བྱས་ནས་ནི། །སངས་རྒྱས་དག་ཀྱང་ངེས་པར་འཇིག །ཕྱག་རྒྱ་སྔགས་དང་ཡང་དག་ལྡན། །དཔའ་བོ་རྣམས་ཀྱི་ཟས་དེ་བཞིན། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་བླ་མེད་སྤྱི་ལ་རྒྱུག་ཆེ་བ་ནི་ལུགས་དང་པོ་དེ་ཡིན་པ་ནི་ཤེས་གལ་ཆེའོ། །

གཉིས་པ་དེ་ལ་མིང་གཞན་གྱིས་བསྔགས་ཚུལ་ནི། ཤ་ལྔ་ནི་ཟབ་གསང་སྔགས་ཀྱི་དངོས་གྲུབ་མྱུར་དུ་གསལ་བར་བྱེད་པའམ་གཉིས་འཛིན་ཀྱི་རྟོག་པ་བསྲེགས་ཤིང་དངོས་གྲུབ་ཀྱི་སྣང་བ་གསལ་བར་བྱེད་པའི་དམ་ཚིག་གི་རྫས་ཡིན་པའི་ཕྱིར་ན་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་སྒྲོན་མ་ལྔ་ཞེས་བརྗོད་པ་ཡིན་ཏེ། གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། སྒྲོན་མ་ལྔ་པོ་གང་དང་གང་། །དེ་དག་ཀྱང་ནི་ཇི་ལྟར་བཟའ། །རྒྱུ་ཅི་ཞིག་གིས་གྲུབ་པ་ལགས། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། སྒྲོན་མེ་ལྔ་ནི་རྣམ་དག་པས། །ཡིད་བཞིན་ནོར་བུ་མཆོག་སྟེར་བྱེད། །ཅེས་དང་། དཔལ་ཡེ་ཤེས་ཐིག་ལེ་ལས། སྒྲོན་མ་ལྔ་དང་བསྲེས་པ་ནི། །དེ་བཞིན་གཤེགས་པ་ལྔ་དང་ལྡན། །སྣ་ཚོགས་དབུས་སུ་ཡན་ལག་མཆོག །གང་བས་དཀྱིལ་འཁོར་མདུན་དུ་བཞག །ཅེས་དང་། མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ལས། སྒྲོན་མ་ལྔ་དང་མི་འཆི་ལྔ། །ཁུ་བ་ཆན་དང་ཆང་ལ་སོགས། །གཏོར་མ་ནག་པོ་ཆེ་ལ་དབུལ། །མཆོད་དང་བསྟོད་པ་ཚུལ་བཞིན་བྱ། ། ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་དེ་བསྟེན་པའི་ཕན་ཡོན་ནི། ཡང་ཤ་ལྔ་བསྟེན་པའི་ཕན་ཡོན་ལ་རྒྱ་ཆེར་བསྔགས་པའི་ཚུལ་ཡོད་དེ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། བ་གླང་ཁྱི་ཤ་རྟ་ཤ་དང་། །མི་ཤ་གླང་ཆེན་ཤ་ལ་སོགས། །ཟོས་ན་ཡོན་ཏན་ཐམས་ཅད་འགྲུབ། །ཅེས་དང་། མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། ཆང་ནི་ར་ས་ཡ་ནར་བཤད། །ཟས་ནི་ཚེ་ཞེས་བྱ་བར་བཤད། །བཟའ་བ་སྣ་ཚོགས་གྲུབ་པ་ནི། །ཤ་དང་ཆང་དུ་ལྡན་པ་དག །དགའ་བའི་ལོངས་སྤྱོད་སྐལ་བཟང་པོ། །ཚེ་ཡི་དམ་པ་ཡིན་པར་བཤད། །ཅེས་དང་། ཀྱེ་རྡོ་རྗེ་ལས། རྡོ་རྗེ་ཐོད་པའི་སྦྱོར་བ་ཡིས། །སྐྱེ་བོ་གང་དང་གང་རྣམས་ཀྱི། །ཤ་ནི་མཁས་པས་བཟའ་བར་བྱ། །སེམས་ཅན་དེ་དེ་དབང་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་སེང་གེའི་ཤ་ཤ་ལྔའི་གྲས་སུ་འདོད་པ་དེས་སེང་གེ་ཁ་དོག་དཀར་པོ་ཅན་གྱི་ཤ་བཟང་པ་དང་། དེ་བཞིན་དུ་གླང་པོའི་ཤ་ཡང་གླང་པོ་ཆེན་པོ་གླ་རྩིའི་དྲི་འབྱུང་བའི་ཤ་དང་། བ་ལང་གི་ཤ་ནི་གི་ཝང་ལྡན་པའི་བ་ལང་གི་ཤ་དང་། རྟ་ཤ་ནི་རྟ་ཡི་རྒྱལ་པོ་དཀར་པོ་དང་དམར་པོ་མིན་པའི་མདོག་མི་འགྱུར་བའི་ཤ་དང་། ཤ་ཆེན་ནི་སྐྱེ་བ་བདུན་པའི་ཤ་དགོས་པར་བཤད་དེ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། སེང་གེ་གཟུགས་ནི་དཀར་པོ་བཟང་། །ལུས་ངག་སྡོམ་ཞིང་ཉེས་པ་མེད། །འདི་ནི་ཤ་ཡི་སྒྲུབ་པའི་རྟེན། །གླང་པོ་གླང་པོ་ཆེན་པོ་སྟེ། །ཀེ་ཏ་ཀ་ཡི་རྒྱུ་ཉིད་ལས། །གླ་རྩི་ལ་སོགས་འབྱུང་བའི་ཤ། །བ་ལང་གི་ཝང་ལྡན་པའི་ཤ། །རྟ་ནི་རྟ་ཡི་རྒྱལ་པོ་སྟེ། །ཁ་དོག་དཀར་མིན་དམར་བ་མིན། །དབྱིབས་དང་ཁ་དོག་མི་འགྱུར་ཤ། །མི་ནི་སྐྱེ་བ་བདུན་པའི་ཤ། །ལུས་ངག་ཡིད་ལ་མཁས་པས་བརྟག །ཅེས་གསུངས་པའི་ཕྱིར་རོ། །

མཁས་པ་མང་པོས་རྒྱུད་ལུང་འདིས་ཤ་ལྔའི་སྐྱོབ་བསྟན་པ་ཡིན་ཡང་ཟེར་མོད་མི་སྤྲོའོ།།

བཞི་བ་དེ་བསྟེན་པ་སྔགས་ཀྱི་དམ་ཚིག་ཏུ་བཤད་པ་ནི། ཤ་ལྔ་བསྟེན་པ་ནི་སྤྱིར་བཟའ་བྱར་བསྔགས་པ་ཙམ་མིན་པར་ངེས་པར་ན་དང་དུ་བླངས་ཏེ་བསྟེན་དགོས་པའི་གསང་སྔགས་ཀྱི་དམ་ཚིག་ཡིན་པར་གསུངས་པ་ནི་གོང་དུ་བརྗོད་མེད་དོན་བཤགས་ཀྱི་སྐབས་སུ་བཤད་ཟིན་པ་ལྟར་ལ། ལུང་འདྲེན་ཙམ་བགྱིས་ན་འདི་ལྟ་སྟེ། གསང་བ་འདུས་པ་ལས། ཤ་ཆེན་དམ་ཚིག་མཆོག་གིས་ནི། །རྡོ་རྗེ་གསུམ་མཆོག་བསྒྲུབ་པར་བྱ། །བཤང་གཅི་དམ་ཚིག་མཆོག་གིས་ནི། །རིག་པ་འཛིན་པའི་གཙོ་བོར་འགྱུར་། །གླང་པོའི་དམ་ཚིག་ཤ་ཡིས་ནི། །མངོན་ཤེས་ལྔ་ཉིད་ཐོབ་པར་བྱ། །རྟ་ཤ་དག་གི་དམ་ཚིག་གིས། །མི་སྣང་བ་ཡི་བདག་པོར་འགྱུར། །ཁྱི་ཤ་དག་གི་དམ་ཚིག་གིས། །དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར། །བ་ལང་ཤ་ཡི་དམ་ཚིག་གིས། །རྡོ་རྗེ་དགུག་པའི་མཆོག་ཏུ་འགྱུར། །ཤ་རྣམས་ཐམས་ཅད་མ་རྙེད་ན། །ཐམས་ཅད་བསམ་པས་རྣམ་པར་བརྟག །ཞེས་དང་། རྡོ་རྗེ་ཕག་མོ་མངོན་འབྱུང་གི་རྒྱུད་ལས། མཁའ་འགྲོ་སྤྱི་ཡི་དམ་ཚིག་ཏུ། །བདུད་རྩི་ལྔ་དང་ཤ་ལྔ་ལ། །རྟག་ཏུ་ལོངས་སྤྱོད་བྱ་བ་ནི། །བཟའ་བའི་དམ་ཚིག་རྣམ་ལྔ་སྟེ། །གསང་སྔགས་སྤྱོད་པས་བསྟེན་པར་བྱ། །ཞེས་དང་། དམ་ཚིག་ཆེན་པོའི་རྒྱུད་ལས། ཤ་ལྔ་བདུད་རྩི་ལྔ་རྣམས་ལ། །རང་གིས་སྤྱོད་དང་གཞན་སྤྱོད་ལ། །རྗེས་སུ་ཡི་རང་དམ་ཚིག་ཡིན། །ཞེས་དང་། མཁའ་འགྲོ་མ་སྡོམ་པའི་རྒྱུད་ལས། ཤ་ལྔ་བདུད་རྩི་ལྔ་རྣམས་ནི། །བཟའ་བར་བྱ་བའི་དམ་ཚིག་གོ །ཞེས་དང་། དྲི་མེད་འོད་ལས། འདིར་ཡང་ཉི་མ་སོ་སོར་སྔགས་པས་དམ་ཚིག་བཞི་བྱའོ་ཞེས་པ་ནི་དེ་བཞིན་གཤེགས་པའི་ངེས་པའོ་ཞེ་ན། དེ་ནི་བདེན་ཏེ་རྒྱུ་གང་གི་ཕྱིར་མཚན་མ་དང་ཁ་ན་མ་ཐོ་བ་དང་བཅས་པས་སྲོག་གཅོད་པར་འགྱུར་བ་རྒྱུ་དེའི་ཕྱིར་རྣལ་འབྱོར་པ་རྣམས་ཀྱིས་མཚན་མ་མེད་པ་དང་ཁ་ན་མ་ཐོ་བ་མེད་པ་གོ་གུ་ལ་སོགས་པ་བཟའ་བར་བཅོམ་ལྡན་འདས་ཀྱིས་གསུངས་སོ། །ཞེས་དང་། ཡང་གང་ཞིག་ཉི་མ་སོ་སོར་དམ་ཚིག་བྱ་བ་དེ་ནི་ཁ་ན་མ་ཐོ་བ་མེད་པའི་གོ་ཀུ་ལ་སོགས་པ་ལྔ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྔའི་རི་ལུ་ཉུངས་ཀར་གྱི་ཚད་ཙམ་ཉི་མ་སོ་སོར་དམ་ཚིག་བརྟེན་པའི་དོན་དུ་བྱའོ།།ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་བདུད་རྩི་ལྔ་ཡི་ངོས་འཛིན་ནི། བདུད་རྩི་ལྔའི་ངོས་འཛིན་དངོས་དང་། དེ་ལ་མིང་གཞན་གྱིས་བསྔགས་ཚུལ་དང་། དེ་བསྟེན་པའི་ཕན་ཡོན་དང་། དེ་བསྟེན་པ་སྔགས་ཀྱི་དམ་ཚིག་ཏུ་བཤད་པ་དང་། ཞར་བྱུང་བདུད་རྩི་མཆོད་ཚུལ་བཤད་པ་དང་ལྔ་ལས།

དང་པོ་ལ་ནི། སྤྱིའི་ངོས་འཛིན་དང་། བྱེ་བྲག་མི་འདྲ་བའི་ཁྱད་པར་གཞན་བཤད་པ་དང་གཉིས་ལས། དང་པོ་ནི། མིང་ཙམ་གྱི་ངོས་འཛིན་ནི་གོང་དུ་ཞར་ལ་སྨོས་ཟིན་པ་ལས་ཤེས་མོད་གསལ་ཙམ་ལུང་གིས་བསྒྲུབ་པར་བྱ་སྟེ། བདུད་རྩི་ལྔ་ནི་དྲི་ཆེན་དང་། དྲི་ཆུ་དང་། རཀྟ་དང་། བྱང་སེམས་དང་། མང་ས་དང་ལྔ་ལ་བྱེད་པ་ཡིན་ཞིང་། བླ་མེད་ཀྱི་རྒྱུད་ཕལ་མོ་ཆེར་དེ་ལྟར་ངོས་འཛིན་པ་མི་མཐུན་པ་ཆེན་པོ་མེད་མོད། རྒྱུད་རེ་ཟུང་དུ་མི་འདྲ་པ་འགའ་ཡང་ཡོད་ལ། སྨོས་ཟིན་དེ་དག་དེ་ལྟར་ངོས་འཛིན་པའི་ཁུངས་ནི་ཡོད་དེ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་ལས། དྲི་ཆེན་དྲི་ཆུ་ཟ་བ་དང་། །ཁྲག་དང་ཁུ་བ་དེ་བཞིན་ཤ། །ཞེས་དང་། ཁྲག་དང་ཁུ་བ་དེ་བཞིན་ཤ། །དྲི་ཆེན་དྲི་ཆུ་ལྔ་བོ་དག །རྣམ་རྟོག་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །ཞེས་དང་། བདུད་རྩི་བུམ་པའི་ལུང་ལས། གཉིས་མེད་བདེ་ཆེན་ལས་བྱུང་བའི། །བྱང་ཆུབ་སེམས་ནི་རྡོ་རྗེ་སྟེ། །ཤ་ཆེན་མཆོད་པ་རིན་པོ་ཆེ། །ཟས་མཆོག་ཚེ་ཡི་དྲི་ཆེན་པོ། །པདྨ་མེ་ཏོག་ཡང་དག་ལྡན། །རྡོ་རྗེ་ཆུ་སྟེ་བདུད་རྩི་མཆོག །ཅེས་དང་། གསང་བ་སྙིང་པོ་ལས། བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆུ་དྲི་ཆེན་མཱང་སར་བཅས། །པདྨ་རཀྟ་ལ་སོགས་དང་། །གཞན་ཡང་དོན་ཡོད་སྣ་ཚོགས་རྣམས། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། དྲི་ཆེན་ཁུ་བ་མཱང་ས་དང་། །རཀྟ་དྲི་ཆུ་ཕྱོགས་ཕྱོགས་སུ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ལུགས་གཞན་ལ་ནི། དྲི་ཆེན་དང་། དྲི་ཆུ་དང་། བད་ཀན་དང་། ཁྲག་དང་། བྱང་སེམས་ལྔ་ལ་ངོས་འཛིན་པ་དང་། བད་ཀན་གྱི་ཚབ་ཏུ་རྐང་མར་བཞག་པ་བདུད་རྩི་ལྔ་བྱེད་པ་དང་། དྲི་ཆུ་དྲི་ཆེན་རཀྟ་བྱང་སེམས་བཞི་དང་། ལུད་པ་སྐམ་པོ་དང་ལྔ་ལ་བྱེད་པའང་ཡོད་དོ།།

དེ་ལ་དང་པོའི་ཁུངས་ཡོད་དེ། ཡང་དག་སྦྱོར་བ་ལས། བཤང་བ་གཅི་བ་བད་ཀན་དང་། །ཁྲག་དང་ལྔ་པ་ཁུ་བ་ཉིད། །བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པའི་ཁུངས་ཡོད་དེ། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། དེ་ལྟར་བཤང་བ་དང་གཅི་བ་དང་རྐང་དང་སྒྲོན་མ་ལྔ་ནི་དམ་ཚིག་བརྒྱད་དེ་གཉིས་ནི་ཉི་མ་དང་ཟླ་བ་དག་གོ །དེ་ལྟར་བདུད་རྩི་ལྔ་དང་སྒྲོན་མ་ལྔས་ཚོགས་ཀྱི་འཁོར་ལོ་ལ་མཆོད་པ་རྣམ་པ་བཅུར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པའི་ཁོངས་ཡོད་དེ། ལྷ་མོ་བཞི་ཞུས་ལས། དྲི་ཆེན་ཆུ་དང་ཤེལ་མེ་ཏོག །དེ་བཞིན་ལྔ་པ་བྱང་ཆུབ་སེམས། །བདུད་རྩི་ལྔ་དངོས་གོང་བུར་བསྡུས། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དྲི་ཆེན་དྲི་ཆུ་རཀྟ་དང་། །ཤེལ་དང་བྱང་ཆུབ་སེམས་རྣམས་ནི། །བཟའ་བའི་སྦྱོར་བས་ཡང་དག་བཟའ། །ལྟོ་ཡི་ཡེ་ཤེས་མེས་སྦྱངས་ཕྱིར། །ཕྱི་རོལ་ཟས་ལས་ཁྱད་པར་འགྱུར། །ཞེས་དང་། ཁ་ཆེ་རིན་ཆེན་རྡོ་རྗེས་མཛད་པའི་གཏོར་མའི་ལས་རིམ་ལས། ཧཱུཾ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ། ན་གོ་ཀུ་ད་ཧ། དྲི་ཆུ་དྲི་ཆེན་ཁྲག་དང་ག་བུར་ཤེལ། །མི་དང་བ་ལང་ཁྱི་གླང་རྟ། །དེ་ཡི་སྟེང་དུ་ཡིག་འབྲུ་བསམ། །དེ་ལས་རིགས་ལྔ་ཡབ་ཡུམ་བསམ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཤེལ་ཞེས་པ་ནི་སྣབ་ལུད་སྐམ་པོ་ཤེལ་འདྲ་བ་ལ་བཤད་དེ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་ལས། ཤེལ་ནི་ལུས་ཀྱི་སྣ་ལས་བྱུང་བའི་ཕྱིར་ཏེ་ཤེལ་དང་མཐུན་པའི་ཕྱིར་རོ། །ཞེས་དང་། སློབ་དཔོན་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་མན་ངག་རྒྱས་པ་ཞེས་པ་ལས། ཤེལ་ཞེས་པ་ནི་ལུས་ཀྱི་སྣ་ལས་བྱུང་བ་སྟེ། ཤེལ་དང་ཁ་དོག་མཐུན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེས་ན་རྒྱུད་བརྟག་པ་གཉིས་པའམ་མཁའ་འགྲོ་མ་དྲ་བའི་སྡོམ་པའི་རྒྱུད་ལས། ལུད་པ་དང་ནི་སྣབས་དག་གིས། །བསྲེས་ནས་བརྟུལ་ཞུགས་ཅན་གྱིས་བཏུང་། །ཞེས་དང་། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། ཧེ་རུ་ཀ་དང་རྣམ་སྣང་དང་། །ལུད་སྐམ་སྙིང་པོ་བླང་བར་བྱ། །ཞེས་གསུངས་པ་དེ་ཡང་དེའི་ཁུངས་སུ་ངེས་སོ།།

གཞན་ཡང་སྐབས་འགར་གླང་ཆེན་དང་། རྟ་དང་། ཁྱི་དང་། བ་ལང་གི་ཤ་དང་། ཤ་ཆེན་ལྔ་པོ་དེ་ཀུནྡ་དང་རཀྟར་བསྲེས་པ་ལའང་བདུད་རྩི་ལྔར་བྱེད་པའང་ཡོད་དེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། གླང་མོ་རྟ་ཁྱི་བ་ལང་མི། །བྱང་ཆུབ་སེམས་དང་བཅས་པའི་ཁྲག །བསྲེས་ནས་སྐད་ཅིག་དེ་ལ་བཟའ། །དེ་ནི་བདུད་རྩི་ལྔ་ཞེས་བརྗོད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དྲི་གཉིས་ཁམས་གཉིས་དང་བཞི་ལ་མི་མཐུན་པ་མེད་མོད། མཁས་པའི་དབང་པོ་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་གྱིས། མ་སྟ་ཀླད་པ་སྟེ་ཤ་ཆེན་གྱི་དངས་མའམ། མརྫ་རྐང་གསུམ་གང་རུང་ཆོག་ལ། ལུད་པ་ཤེལ་འདྲ་བས་ཀྱང་ཆ་འདྲ་རུང་ངོ་། །ཞེས་གསུངས་པ་ལྟར། ཀླད་པ་དང་། རྐང་མར་དང་། སྣབ་ལུད་སྐམས་པོའམ་ངར་སྣབས་དང་། ཚིལ་ལ་འདོད་པ་སོགས་མཁས་པའི་བཞེད་ཚུལ་མི་འདྲ་བ་མང་དུ་མཆིས་སོ།།

བདུད་རྩི་ལྔ་ཡང་མཆོག་ཏུ་གྱུར་པ་ནི་རྣམ་སྣང་རིགས་བྲམ་ཟེ་ཡི་དྲི་ཆེན་དང་། རིན་ཆེན་རིགས་རིག་མ་མཚན་ལྡན་མའི་དྲི་ཆུ་དང་། པདྨའི་རིགས་བུ་མོ་གཞོན་ནུ་མ་མཛེས་མར་སྙོམས་པ་ཞུགས་པའི་ཤུ་ཀྲ་དང་། དེ་བཞིན་གཤེགས་པའི་རིགས་གར་མཁན་མའི་དང་པོའི་དུས་ཀྱི་མེ་ཏོག་དམར་པོ་དང་། དམ་ཚིག་ལྡན་པ་ལས་ཀྱི་རིགས་གདོལ་བ་མོའི་མཚལ་དང་། དེ་བཞིན་ཚིལ་ཁྲག་བཟང་པོ་རྣམས་དགོས་པར་བཤད་དེ། བདེ་མཆོག་འབྱུང་བ་ལས། ཆོ་ག་སྦས་པས་བྲམ་ཟེ་ཡི། །མངལ་ནས་སྐྱེས་ལས་ཡང་དག་བླང་། །དེས་ན་རྣམ་སྣང་མཛད་པའི་མིང་། །གྲགས་ཏེ་དངོས་གྲུབ་ཡང་དག་བཞེད། །ཁ་དོག་ལྗང་ཞིང་རབ་བཟང་ལུས། །མིག་གི་འབྲས་བུ་གནས་པ་ཡི། །རིན་ཆེན་རིགས་མ་རྙེད་ནས་དེའི། །དྲི་ཆུ་བསངས་ཏེ་བསྒྲུབ་པར་བྱ། །ཡོངས་སུ་རྫོགས་པའི་ལུས་ལྡན་ཞིང་། །ཡན་ལག་མཛེས་གཞོན་པདྨའི་རིགས། །བཟའ་བ་བཏུང་བ་ཡང་དག་མཆོད། །མཁས་པས་མཆོད་ཡོན་ཕུལ་ནས་ནི། །དེ་ཡི་མོད་ལ་སྙོམས་འཇུག་བྱས། །ཕན་ཚུན་གྱི་ནི་ཤུ་ཀྲ་བླང་། །དེས་ན་གར་མཁན་རིགས་མིང་ཅན། །དེ་བཞིན་གཤེགས་པ་དེ་བཞིན་གྲགས། །སྔར་བཤད་པ་ཡི་ཆོ་ག་ཡིས། །དངོས་གྲུབ་ཡོངས་སུ་རྫོགས་བགྲོད་པ། །ཆོས་མཁན་ཞེས་ནི་རབ་གྲགས་པའི། །དང་པོའི་མེ་ཏོག་རབ་ཏུ་བསྔགས། །དམ་ཚིག་ཅན་མའི་གདོལ་བ་མོ། །གལ་ཏེ་རྙེད་ན་རྟག་བརྟེན་བྱ། །ཤ་དང་ཚིལ་དང་དེ་བཞིན་ཁྲག །མཁས་པ་ཡིས་ནི་གཟུང་བར་བྱ། །ཞེས་གསུངས་ལྟར་ཡིན་པའི་ཕྱིར་རོ།།

གཉིས་པ་དེ་ལ་མིང་གཞན་གྱིས་བསྔགས་ཚུལ་ནི། བདུད་རྩི་ལྔ་ནི་ཟག་མེད་ཀྱི་དངོས་གྲུབ་འགུགས་པའི་ལྕགས་ཀྱུ་ལྟ་བུ་ཡིན་པས་སམ་གཙོ་བོ་ལྷའི་དག་པའི་ལྕགས་ཀྱུ་སྦྱར་བས་ཉམས་སུ་ལེན་དགོས་པས་ན་ལྕགས་ཀྱུ་ལྔ་ཞེས་པའི་མིང་གཞན་གྱིས་རྒྱུད་སྡེ་རྣམས་སུ་བསྔགས་པ་ཡང་ཡིན་ཏེ། བདེ་མཆོག་འབྱུང་བ་ལས། བདུད་རྩི་ལྔ་སོགས་ཇི་ལྟར་ལྷ། །ལྕགས་ཀྱུ་ལ་སོགས་ཇི་ལྟར་འགྱུར། །ཞེས་དང་། སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། །ལྕགས་ཀྱུ་ལྔ་ནི་ཅི་རྙེད་པའམ། །འདིར་ནི་གསད་པ་གཙོར་བཤད་པས། །ཅི་སྟེ་ཡང་དག་རྙེད་ན་གཟུང་། །ཞེས་དང་། དཔལ་རྡོ་རྗེ་གདན་བཞི་ལས། བདུད་རྩི་ལྔ་ཡི་ཁྱད་པར་དང་། །གང་གིས་ལྕགས་ཀྱུ་ལྔ་པོ་བརླབས། །དངོས་དང་དངོས་མེད་རྣམ་པར་རྟོག །གཉིས་མེད་གཉིས་སུ་མེད་པའི་ཆོས། །ཞེས་དང་། མི་གཡོ་བའི་གསང་རྒྱུད་ལས། རྒྱལ་པོ་རྟག་ལྡན་ཐོད་པར་རུ། །ལྕགས་ཀྱུ་ལྔ་སོགས་གཞག་པར་བྱ། །ཞེས་དང་། ནག་པོ་ཆེན་པོའི་རྒྱུད་ལས། ཆང་དང་། ཤ་དང་། ཉ་དང་། ལྕགས་ཀྱུ་ལྔ་ལ་སོགས་པ་བཟའ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་བདུད་རྩི་ལྔ་ལ་ལྷའི་དག་པའམ་དེ་ལྔའི་དེ་ཉིད་ལ་ལྕགས་ཀྱུ་ཞེས་བྱ་ཞིང་རྡོ་རྗེའི་ལྕགས་ཀྱུར་མི་བསྐྱོད་པ་དང་། གནས་ཀྱི་ལྕགས་ཀྱུར་རིན་ཆེན་འབྱུང་ལྡན་དང་། རྒྱལ་པོའི་ལྕགས་ཀྱུར་དོན་ཡོད་གྲུབ་པ་དང་། གཡོ་བའི་ལྕགས་ཀྱུར་འོད་དཔག་མེད་དང་། དེ་བཞིན་རིགས་ཀྱི་རྒྱལ་གནས་ལྕགས་ཀྱུར་རྣམ་སྣང་སྦྱར་བས་ལྕགས་ཀྱུ་ལྔ་ཞེས་བརྗོད་པ་ཡོད་དེ། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། བདུད་རྩི་ལྔ་དང་ཤ་ལྔ་ལ། །ལྕགས་ཀྱུ་ལྔ་ནི་དགོད་པ་སྟེ། །ཞེས་དང་། དཔལ་རྡོ་རྗེ་གདན་བཞི་ལས། ལྕགས་ཀྱུ་ལ་སོགས་རྣམ་པ་ལྔ། །དེ་ཉིད་ལྔ་རུ་བྱ་བ་སྟེ། །ལྕགས་ཀྱུ་ཆེ་ལ་དགོད་པ་ནི། །ཡེ་ཤེས་ལྷར་ནི་འདོད་པ་སྟེ། །རྡོ་རྗེའི་ལྕགས་ཀྱུར་མི་བསྐྱོད་པ། །གནས་ཀྱི་ལྕགས་ཀྱུར་རིན་ཆེན་དབང་། །རྒྱལ་པོའི་ལྕགས་ཀྱུར་དོན་ཡོད་གྲུབ། །གཡོ་བའི་ལྕགས་ཀྱུར་འོད་དཔག་མེད། །ལྕགས་ཀྱུ་ལྔ་ལ་སོགས་པ་ལ། །དེ་ཉིད་ཐམས་ཅད་སྦྱར་བར་བྱ། །ཞེས་དང་། གསང་བ་འདུས་པ་ལས། རྣམ་པར་སྣང་མཛད་འཁོར་ལོ་ཆེ། །རྒྱལ་གནས་ལྕགས་ཀྱུ་བསམ་ནས་ནི། །རྡོ་རྗེ་པདྨ་ལ་སོགས་པས། །དམ་ཚིག་དགུག་པའི་མཆོག་ནི་བྱ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་དེ་བསྟེན་པའི་ཕན་ཡོན་ནི། དེ་ཡང་། བདུད་རྩི་ལྔ་ཡི་དམ་རྫས་བསྟེན་པའི་ཕན་ཡོན་ནི་དྲངས་ཟིན་གྱི་ལུང་དག་ལས་གསལ་བ་ལྟར་ལ། གསང་བ་སྙིང་པོ་ལས། བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆེན་དྲི་ཆུ་རཀྟ་དག །སྒྲུབ་པ་པོས་ནི་ནན་ཏན་བྱ། །དངོས་གྲུབ་ཡ་མཚན་ཆེན་པོ་འགྲུབ། །ཚེ་ལ་དབང་ཐོབ་རིག་པ་འཛིན། །མཁའ་ལ་འཕྱོ་དང་ཐོགས་མེད་འགྲུབ། །མཐར་ནི་སྐྱེ་མེད་རྡོ་རྗེ་ཡིས། །གཞན་ཡང་ཇི་ལྟར་དམིགས་པ་བཞིན། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཅེས་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་། །དུག་གསུམ་སྡུག་བསྔལ་མེད་པ་དང་། །བསྐལ་པར་ཡུན་རིང་གནས་པ་དང་། །དངོས་གྲུབ་ཆེན་པོ་འཐོབ་འགྱུར་ཏེ། །ཚོགས་གཉིས་རྫོགས་པར་ཡང་དག་གསུངས། །ཞེས་དང་། མ་ཧཱ་ཡོ་གའི་སྒྲུབ་ཐབས་བདུད་རྩི་འབུམ་པ་ལས། དྲི་ཆེན་དྲི་ཆུ་རཀྟ་དང་། །མང་ས་སེམས་ཆུ་འདི་རྣམས་ཀུན། །སེམས་ཅན་རྟོག་པ་བཟློག་པའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱ། །གཙང་སྨེ་མེད་པར་ཀུན་གྱིས་སྤྱོད། །འདི་དག་གྲོལ་བར་ངས་བཤད་དོ། །ཐེ་ཚོམ་མེད་པས་དངོས་གྲུབ་ཐོབ། །སྤྱོད་པའི་སྐྱེས་བུ་རྣལ་འབྱོར་བས། །ཚེ་འདི་ཉིད་ལ་གྲུབ་པར་འགྱུར། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། བདུད་རྩི་ལྔ་ནི་བདེན་པར་འགྱུར། །དངོས་གྲུབ་ཀུན་བྱེད་མཛེས་པའོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། རློན་དང་བཙོས་པའི་རའི་འོ་མ། །བདུད་རྩི་ལྔ་དང་རང་བྱུང་ནི། །རྡོ་རྗེའི་རྩེ་མོས་འཐུངས་པས་ཀྱང་། །དུས་མིན་འཆི་བ་ཉམས་པར་འགྱུར། །ཟག་མེད་དེ་ཉིད་ཐོབ་པས་ན། །དེ་ལ་དུས་མིན་འཆི་མིང་ཅི། །དེ་ཕྱིར་ཡང་དག་རབ་སྤོང་བའི། །ཆོས་ཉིད་གཤིན་རྗེའི་ཕོ་ཉར་ཤེས། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། སྦྲང་རྩི་མཚལ་དང་ག་བུར་བཅས། །ཙན་དན་དམར་པོ་དང་སྦྱར་ཏེ། །རྡོ་རྗེ་ལས་བྱུང་མཉམ་ལྡན་པ། །འདི་དག་བདུད་རྩི་ལྔ་ཡིན་ཏེ། །དངོས་གྲུབ་ཀུན་ནི་རབ་གསོལ་མཛད། །སྦོམ་པོ་མཐའ་ལྟག་ཁ་སྦྱར་བས། །རྟག་ཏུ་རྣལ་འབྱོར་བཞིན་བླངས་ཏེ། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་དང་། དགོངས་པ་ལུང་བསྟན་ལས། རྣལ་འབྱོར་བས་ནི་བདུད་རྩི་ལྔ། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །ཞེས་དང། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། དུག་ལྔ་བདུད་རྩིར་དག་པས་ནི། །ཡེ་ཤེས་ལྔ་ཐོབ་ཕྱིར་མི་ལྡོག །ཅེས་དང་། གཤིན་གཤེད་ནག་པོའི་རྒྱུད་ལས། ཟླ་ངོ་གཅིག་གི་བཅུ་བཞི་ལ། །བདུད་རྩི་ལྔ་དང་ལྡན་པ་ཡིས། །ཤ་ལྔ་དག་ནི་བསྡུས་བྱས་ནས། །བཟླས་ན་དངོས་གྲུབ་འགྲུབ་པའི་མཆོག །ཅེས་དང་། དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། འདི་ནི་གསང་བའི་བདུད་རྩི་སྟེ། །སྐྲ་དཀར་གཉེར་མ་འཆི་བ་སྤོང་། །སྤྱོད་པའི་རྣལ་འབྱོར་རྣམ་པ་གཉིས། །གང་ཟག་མཆོག་དང་ལས་དང་པོ། །བསྐྱེད་པའི་རིམས་ལ་ལེགས་གནས་ཤིང་། །རིགས་སུ་འཛིན་པ་སྤང་བའི་ཕྱིར། །ཕྱི་ཡི་དྲུག་པའི་བདུད་རྩི་སྦྱིན། །ལས་དང་པོ་ལ་ཕྱི་ནང་གཉིས། །འདི་ཡི་ནུས་པའང་དུ་མ་སྟེ། །སྐྲ་དཀར་མེད་ཅིང་རྣམ་རྟོག་འཇོམས། །ཞེས་གསུངས་པ་ལྟར་ཚད་ལྡན་ཇི་ལྟ་བ་བཞིན་དུ་བསྟེན་པའི་ཕན་ཡོན་ཚད་མེད་པ་མངའོ།།

བཞི་བ་དེ་བསྟེན་པ་སྔགས་ཀྱི་དམ་ཚིག་ཏུ་བཤད་པ་ནི། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་ལས། རྡོ་རྗེ་དྲི་དང་བྱང་ཆུབ་སེམས། །རཀྟ་དྲི་ཆེན་ཚེ་ཆེན་པོ། །དག་པའི་སྣོད་དང་རབ་ལྡན་པས། །བྱིན་གྱིས་བརླབས་ཏེ་འཐུང་བྱེད་པ། །དམ་ཚིག་སྡོམ་ལ་གནས་པ་སྟེ། །འདས་ན་བརླག་པ་ཆེན་པོར་འགྱུར། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། མཆོག་གི་དམ་ཚིག་འདི་རྣམས་ནི། །ཞལ་བཟང་མོ་ཁྱོད་ལ་བཤད་ཡིན། །ཐབས་དང་བཅས་པའི་ལས་རྣམས་ཀུན། །ཐོགས་ཆགས་མེད་པར་རྟག་ཏུ་སྤྱོད། །ཅེས་དང་། མཁའ་འགྲོ་རྒྱ་མཚོ་ལས། བདུད་རྩི་ལྔ་རྣམས་ཕབ་པ་ལས། །དམ་ཚིག་དེར་ནི་བྱ་བ་ཡིན། །ནང་གི་བདག་ཉིད་སྦྱིན་སྲེག་གིས། །སྔགས་ཀྱི་གཙོ་མོ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དུད་རྩི་ལྔ་བསྟེན་པ་ནི་སྔགས་ཀྱི་དམ་ཚིག་ཏུ་བཤད་པ་གོང་དུ་དམ་ཚིག་བཤད་པ་དང་། ཤ་ལྔ་བཤད་པའི་ལུང་འགའ་ལས་ཀྱང་ཅི་རིགས་གསལ་བ་ལྟར་རོ།།

ལྔ་བ་ཞར་བྱུང་བདུད་རྩི་མཆོད་ཚུལ་བཤད་པ།

ལྔ་བ་ཞར་བྱུང་བདུད་རྩི་མཆོད་ཚུལ་བཤད་པ་ནི། བདུད་རྩི་ཕབ་པའི་ལག་ལེན་སོགས་ནི་འདིར་མི་སྤྲོ་ལ། རྒྱུད་ལས་ལག་པ་གཡོན་པའི་སྲིན་མཛུབ་ཀྱིས་བདུད་རྩི་མཆོད་དགོས་པར་བཤད་པ་ལྟར་བོད་དུ་ཆོ་ག་སོ་སོའི་སྐབས་སུ་ཕྱག་ལེན་དེ་དར་བའི་ཤན་ཞུགས་ཀྱིས་ཁྱིམ་པ་ཕལ་བའི་ཁྲོད་དུ་ཡང་ཟས་ཕུད་དང་། འོ་ཕུད་དང་། ཆང་ཕུད་སོགས་མཆོད་ཚེ་ལག་པ་གཡོན་པའི་སྲིན་མཛུབ་ཀྱིས་མཆོད་པ་དར་བ་ལ། ད་ལྟ་ནི་མི་ཤེས་ཤིང་རྣམ་རྟོག་རྒོད་པོ་ཅན་འགའ་ཞིག་གིས་ལག་པ་གཡོན་པས་མཆོད་པ་མི་ལེགས་པར་བསམ་ནས་གཡས་པས་སྲིན་མཛུབ་ཀྱིས་མཆོད་པ་དང་། མཛུབ་མོས་མཆོད་པ་སོགས་ཅི་རིགས་པ་དར་ཞིང་། དེ་ལ་རྒྱུད་མ་མཐོང་བ་མང་པོས་རང་བཟོའི་ཀླག་ཅོར་འདོན་ཏེ་འགྲེལ་བཤད་མང་པོ་བྱེད་པ་མཐོང་བས་འདིར་བདུད་རྩི་དང་ཕུད་དེ་ལག་པ་གཡོན་པའི་སྲིན་མཛུབ་ཀྱིས་མཆོད་པ་དེ་རྒྱུད་ལས་བསྔགས་ཚུལ་ཅུང་བཤད་པར་བྱ་སྟེ། དེ་ཡང་ལག་པ་གཡོན་པའི་མཐེ་བོང་དང་སྲིན་ལག་གཉིས་རྩེ་སྦྱར་ཞིང་མཛུབ་མོ་དང་། གུང་མོ་དང་། ཐེའུ་ཆུང་གསུམ་བརྐྱང་པའི་ཕྱག་རྒྱ་དེ་ལ་བདུད་རྩིའི་ཕྱག་རྒྱ་དང་། ལྕགས་ཀྱུའི་ཕྱག་རྒྱ་ཟེར་བ་དང་། ཕག་མོ་མངོན་བྱུང་ལས། སྲིན་ལག་མཁའ་འགྲོ་མ་ཡི་རྩ། །ཞེས་གསུངས་པ་ལྟར་བདུད་རྩི་བྱིན་གྱིས་རློབས་པ་དང་། དཀྱིལ་འཁོར་ལ་བདུད་རྩི་མཆོད་པ་དང་། རང་གིས་ཟ་བ་བཅས་ལ་ལག་པ་གཡོན་པའི་མཐེབ་སྲིན་རྩེ་སྦྱར་བ་ནི་མཁའ་འགྲོ་མའི་རྩ་གནད་དང་ལྡན་པའི་ཕྱག་རྒྱ་ཡིན་པས་དེས་བྱ་བར་གསུངས་ཏེ། བདུད་རྩི་འབུམ་པའི་སྒྲུབ་ཐབས་ལས། དེ་ལ་བདུད་རྩིའི་ཕྱག་རྒྱ་ནི། །ལག་པ་གཡོན་པའི་དཔུང་པ་བརྐྱང་། །མཐེ་བོང་སྲིན་ལག་མཐིལ་དུ་དགུག །རྡོ་རྗེ་མཚོན་གང་བཅས་པ་དང་། །མཛུབ་པོ་གུང་མོ་ཐེའུ་ཆུང་བརྐྱང་། །སྦྱར་ཏེ་ལག་པའི་མཐིལ་གྱིས་ནི། །བདུད་རྩི་སྣོད་ཀྱི་སྟེང་དུ་གནོན། །དེ་ནས་བདུད་རྩི་བྱིན་གྱིས་བརླབ། །ཏིང་འཛིན་མེ་དང་འདྲ་བ་ལས། །བཟླས་བརྗོད་རླུང་དང་འདྲ་བ་ཡིས། །གླལ་དང་ལུད་པས་བར་མི་གཅད། །དེ་ནས་བདུད་རྩི་བྱིན་གྱིས་བརླབ། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་བདུད་རྩི་ལག་པ་གཡོན་པའི་མཐེབ་སྲིན་སྦྱར་བས་མཆོད་དགོས་པ་གསར་རྙིང་གཉིས་ཀའི་བླ་མེད་ཀྱི་རྒྱུད་སྡེ་སྤྱིའི་སྲོལ་ཡིན་ཞིང་། དྲངས་མ་ཐག་པ་ལས་གཞན་པའི་དེའི་ཁུངས་གཞན་ཡང་ཤིན་ཏུ་མང་པོ་ཡོད་དེ། མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་ལས། དམར་ཆེན་དང་ནི་ག་བུར་བཅས། །ཙན་དན་དམར་པོར་སྦྱར་བ་དག །ཚོགས་ཀྱི་དབུས་སུ་བཞག་པ་ནི། །ར་ས་ཡ་ནི་ཀུན་སློང་བ། །རང་གི་ལྷ་ཡི་སྦྱོར་ལྡན་པས། །སྲིན་ལག་དང་ནི་མཐེ་བོའི་རྩེས། །ཞི་བའི་བཏུང་བ་བཞིན་མྱངས་ན། །རྟག་པ་ཡི་ནི་དངོས་གྲུབ་ཐོབ། །ཅེས་དང་། རྡོ་རྗེ་མཁའ་འགྲོ་ལས། སྦྲང་རྩི་ཁྲག་དང་ག་བུར་བཅས། །ཙནྡན་དམར་པོ་སྦྱར་བྱས་ལ། །རྡོ་རྗེ་ཆུ་དང་བསྲེས་པ་ནི། །དངོས་གྲུབ་ཐམས་ཅད་སྒྲུབ་བྱེད་པའི། །དེ་དག་བདུད་རྩི་ལྔར་ནི་འགྱུར། །མཐེ་བོ་སྲིན་ལག་སྦྱར་བ་ཡིས། །རྣལ་འབྱོར་རིག་པས་རྟག་ཏུ་བཟའ། །ཞི་བའི་བཏུང་བ་བཞིན་མྱངས་ན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ཆེན་པོ་ལས། རང་བཞིན་མེད་པའི་བློ་ལྡན་པའི། །རྣམ་པར་མི་རྟོག་པ་ཡིས་བཟའ། །མཐེ་བོང་དང་ནི་སྲིན་ལག་གིས། །ཁ་རུ་ཡིད་བཞིན་ནོར་བུ་ནི། །བདུད་རྩིའི་རང་བཞིན་ལས་བྱུང་བའི། །རྟག་པའི་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། འདི་དག་དག་བྱེད་བདུད་རྩི་ལྔ། །བཟའ་བ་འདི་རྣམས་རབ་ཏུ་སྤྱོད། །སྦོམ་པོ་མིང་མེད་སྦྱོར་བ་ཡིས། །དཔའ་བོ་རྣལ་འབྱོར་མ་རིམ་བཞིན། །རང་གི་ལྕེ་ཡིས་མྱང་བར་བྱ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། རང་ཁུའི་སངས་རྒྱས་ཐིག་ལེ་ཅན། །སྦྲང་རྩི་ཁྲག་དང་ག་བུར་བཅས། །ཚོགས་ཀྱི་དབུས་སུ་རབ་ཏུ་ཞུགས། །མིང་མེད་མཐེ་བོ་དག་གིས་ཁར། །ཟླ་བའི་བཏུང་བ་མྱང་བར་གྱིས། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། སྦྲང་རྩི་མར་དང་ག་བུར་བཅས། །ཙནྡན་དམར་པོ་དང་སྦྱར་བ། །ཚོགས་ཀྱི་ནང་དུ་བཞག་པ་ནི། །ཐམས་ཅད་རྡོར་མཚན་མཚན་མ་འཛིན། །མིང་མེད་མཐེ་བོ་རྩེ་སྦྱར་བས། །རྣལ་འབྱོར་རིག་པས་རྟག་ཏུ་སྤྱད། །མྱངས་པས་ཞི་བའི་བཏུང་བ་བཞིན། །དངོས་གྲུབ་རྟག་པ་ཐོབ་པར་འགྱུར། །ཞེས་དང་། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་ལས། སྲིན་ལག་མཐེ་འོང་རྩེ་སྤྲད་དེ། །ཨ་མྲྀ་ཏ་ལ་སོགས་པ་ལྔ། །ལྗགས་ལམ་དབང་པོར་སྐུ་རྒྱན་ཅིང་། །ཨ་ཧོཿསྲ་ཀས་དགྱེས་ཤིང་འཁྲིལ། །ཞེས་རྒྱུད་དུ་མར་གསུངས་པའི་ཕྱིར། དེ་ཡང་མིང་མེད་ཅེས་པ་དེ་སྲིན་མཛུབ་ལ་ཟེར་བ་ཡིན་ཞིང་རྒྱ་ནག་ལ་མིང་མེད་ཅེས་དངོས་སུ་འབོད་སྲོལ་མཆིས་པས་འདི་ཡི་མིང་ནི་རྒྱ་གར་ནག་གཉིས་ཀ་མཐུན་པ་འདི་མཚར་རོ།།

དེ་ལྟར་ལག་པ་གཡོན་པ་ཡིན་པ་རྒྱུད་ཕྱི་མ་དག་ལས་མི་གསལ་བས་གཡོན་པ་དགོས་པ་ནི་མ་ཡིན་ནོ་ཞེ་ན། གཡོན་པ་དགོས་པ་ནི་འགྲེལ་བ་དང་རྒྱུད་གཞན་དུ་གསལ་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྡོ་རྗེ་མཁའ་འགྲོ་ལས། བ་གླང་ཤ་དང་རྟ་ཤ་སོགས། །དོགས་པ་མེད་པར་བཟའ་བར་བྱ། ། འཇིག་རྟེན་ལ་རྟག་གཡོན་ལ་སྤྱོད། །བརྟེན་པ་དང་ནི་གཡོ་བ་ཡི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །གཡོན་གྱིས་བཟའ་ཞིང་གཡོན་མཆོད་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་ ལས། འཇིག་རྟེན་ལ་རྟག་གཡོན་ལ་སྤྱད། །འབད་དེ་གཡོན་པས་བསྙེན་བསྐུར་བྱ། །བརྟན་དང་གཡོ་ལ་སོགས་པ་ཡི། །འགྲོ་ཀུན་གཡོན་ལས་བྱུང་བས་ན། །ཞེས་དང་། ཡང་དག་སྦྱོར་བ་ལས། མཆོད་པ་ལྔ་ལ་གཡོན་པའི་རྡོ་རྗེས་བསང་གཏོར་བྱ་ཞིང་། ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། དེ་ལྟར་བྱེད་པའི་སྔགས་ཤེས་པ། །དངོས་གྲུབ་ཐམས་ཅད་རབ་སྟེར་པོ། །བ་ལང་ཤ་ནི་ཆང་བཏགས་པ། །ལག་པ་གཡོན་པས་སྦྱིན་སྲེག་བྱ། །ཞེས་དང་། གདན་བཞི་ལས། གཡོན་པ་ཟླ་བའི་ལག་པ་ཡི། །ཟླ་བའི་དབུས་སུ་བདུད་རྩི་ཡི། །ཡི་གེ་ཀུན་རིག་གུག་བསྐྱེད་བཅས། །མཐེ་བོང་སོར་མོས་ས་ཉིད་དེ། །སྲིན་ལག་དག་ནི་རི་རབ་བོ། །བསྲུབས་པའི་སྟོབས་ཀྱིས་བདུད་རྩི་ཡི། །ཆུ་ནི་རྣམ་གསུམ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

མཁའ་འགྲོ་རྒྱ་མཚོ་ལས། ཀུན་དུ་རྡོ་རྗེའི་ཕྲེང་ལ་སོགས། །ལུགས་འབྱུང་ལུགས་ལས་བཟློག་པ་ཡིས། །གཡོན་དང་གཡས་པའི་ལག་པ་ཡིས། །འདིར་ནི་མཆོད་པ་བྱེད་པ་ཡིན། །ཞེས་གསུངས་པ་ལྟར་སྤྱིར་ཕ་རྒྱུད་ཀྱི་ལུགས་ལ་ལག་པ་གཡས་པ་དང་། མ་རྒྱུད་ཀྱི་སྲོལ་ལ་ལག་པ་གཡོན་གྱིས་དཀྱིལ་འཁོར་མཆོད་པའི་བྱ་བ་སོགས་བྱེད་པར་གསུངས་མོད། ལག་པ་གཡོན་པས་བྱ་བ་བྱེད་པ་དེ་མ་རྒྱུད་ཁོ་ན་ཙམ་མིན་པར་སྔགས་རྒྱུད་དག་ནས་ནི་ལག་པ་གཡོན་པས་བྱ་བ་བྱེད་དགོས་པར་ཡང་ཡང་གསུངས་ཏེ། བྱ་རྒྱུད་ལེགས་གྲུབ་ལས། ལག་པ་གཡོན་པར་བཞག་པའི་ཆུས། །ཐོག་པ་ཉིད་དུ་བསང་གཏོར་བྱ། །ཞེས་དང་། འཕགས་པ་རིག་མཆོག་གི་རྒྱུད་ལས། མེ་ཏོག་དམ་པ་མ་ཉམས་པ། །ལག་པ་གཡོན་ཐོགས་ལེགས་པར་མཆོད། །ཅེས་དང་། ཤར་ལྟས་ལག་པ་གཡོན་པ་ཡིས། །དྲི་དང་མེ་ཏོག་ཕྲེང་བ་མཆོད། །ཅེས་རྒྱུད་སྡེ་འོག་མ་ནས་ཀྱང་གསུངས་པས་སོ།།

མཐེབ་སྲིན་གཉིས་ནི་བདུད་རྩི་མཆོད་པ་ཁོ་ན་ཙམ་ཡང་མིན་པར་བྱ་བ་གང་བྱེད་པ་ལ་ཡང་བསྔགས་ཤིང་བཀྲ་ཤིས་པར་བཤད་དེ། ལེགས་གྲུབ་ལས། མཐེ་བོང་དང་ནི་སྲིན་ལག་གིས། །ལས་རྣམས་ཀུན་ལ་ནོར་བུ་དང་། །ཞེས་དང་། གཤིན་རྗེ་གཤེད་དམར་གྱི་རྒྱུད་ལས། གྲོ་གའམ་ནི་རས་དག་ལ། །རྒྱ་སྐྱེགས་དག་ནི་ཁུ་བའམ། །ཡང་ན་ཙན་དན་དམར་པོ་ལ། །མིང་མེད་དག་གི་ཁྲག་བསྲེས་ནས། །འཁོར་ལོ་གཉིས་ནི་ཡང་དག་བྲི། །ཞེས་དང་། རྣམ་སྣང་མངོན་བྱང་ལས། མཐེ་བོང་སྲིན་ལག་སྦྱར་བ་ནི། །བཀྲ་ཤིས་པ་ཞེས་བཤད་པ་སྟེ། །དེ་ཡིས་མེ་ཏོག་དེ་བླངས་ནས། །རང་གི་སྙིང་གའི་ཕྱོགས་སུ་འབུལ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། ཙན་དན་དམར་དང་སོན་རྩི་དང་། །མིང་མེད་ཀྱིས་ནི་ཁྲག་བསྲེས་ཏེ། །རས་སམ་གྲོ་གའི་འདབ་མའམ། །ཁམ་ཕོར་སོ་ནི་མ་བཏང་བར། །ཡི་གེ་ཧོཿདང་སྤེལ་བ་ཡིས། །འཁོར་ལོ་གཉིས་ནི་མཉམ་པར་བྲི། །ཞེས་དང་། གཏུམ་པོ་ཁྲོ་བོ་ཆེན་པོ་དཔའ་གཅིག་གི་རྒྱུད་ལས། དེའི་ལྕེ་ལ་མཐེ་བོང་དང་མིང་མེད་ཀྱིས་རྫས་བཟུང་ནས། ཧཱུྃ་ཕཊའི་ཡི་གེ་བྲི་བར་བྱའོ། །ཞེས་དང་། སངས་རྒྱས་ཐོད་པ་ལས། མིང་མེད་མཐེ་བོས་མེ་ཏོག་སྦྱིན། །ཞེས་གསུངས་པ་ལ་སོགས་པ་མཐའ་ཡས་པའི་ཕྱིར་རོ།།

བདུད་རྩི་མཆོད་དུས་དེ་ལྟར་མཆོད་པ་ལས་བདུད་རྩི་དང་ཚོགས་རྫས་སོགས་དངོས་གྲུབ་ཀྱི་རྫས་ལེན་པའི་ཚེ་ན་ནི་ལག་པ་གཉིས་ཀས་པད་སྐོར་དང་བཅས་ཏེ་ལེན་དགོས་པ་ནི་རྒྱུད་ལས་གསལ་བར་གསུངས་ཏེ། ཡང་དག་པར་སྦྱོར་བའི་རྒྱུད་ལས། རོལ་བཅས་མཆོག་ཏུ་རྗེས་བསྐོར་བས། །གཡོན་དང་གཡས་པའི་ལག་པ་ཡིས། །འདོད་པས་བསྐོར་བར་བྱ་བའོ། །རང་འདོད་ལྷའི་ཡི་རྣལ་འབྱོར་གྱིས། །ཇི་ལྟར་རབ་ཏུ་བསྒྱུར་བས་འཇུག །བདེ་གཤེགས་ཆོས་ནི་རིན་ཐང་མེད། །འདོད་ཆགས་དྲི་མ་རྣམ་པར་བསལ། །གཟུང་དང་འཛིན་པར་རྣམ་པར་སྤངས། ། གུས་པས་དེ་ལ་ཕྱག་འཚོལ་ཅིག །ཅེས་གསུངས་པའི་ཕྱིར་དང་། ད་ལྟ་མཐོང་བ་བརྒྱུད་པའི་ཕྱག་ལེན་ལའང་དེ་ལྟར་བྱུང་བའི་ཕྱིར་རོ།།

སྒྲོན་མ་ལྔ་དང་ལྕགས་ཀྱུ་ལྔའི་ངོས་འཛིན་ལ་དཔྱད་པ།

གསུམ་པ་སྒྲོན་མ་ལྔ་དང་ལྕགས་ཀྱུ་ལྔའི་ངོས་འཛིན་ལ་དཔྱད་པ་ནི། ཁ་ཅིག་ཤ་ལྔ་ལ་ནི་ལྕགས་ཀྱུ་ལྔ་དང་། བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་ཟེར་བ་ཡིན་ཟེར། དེ་ལྟར་གསུངས་པ་ཡོད་པ་བདེན་མོད་ཀྱང་། སྔགས་བླ་མེད་སྤྱི་གཞུང་ལྟར་ན་ནི་དེ་ལྟར་མིན་པར་གཙོ་ཆེ་བ་ནི། གོང་དུ་སོ་སོའི་སྐབས་སུ་གསལ་བར་ལུང་གིས་བསྒྲུབས་པ་ལྟར་ཤ་ལྔ་ལ་སྒྲོན་མ་ལྔ་དང་། བདུད་རྩི་ལྔ་ལ་ལྕགས་ཀྱུ་ལྔ་ཞེས་བསྔགས་པ་ཡིན་ཏེ། གཤེད་དམར་གྱི་རྒྱུད་ལས། དེའི་དབུས་སུ་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་། ཞོ་དང་། འོ་མ་དང་། ཤ་དང་། ཉ་ལ་སོགས་པ་དབྱུག་པས་དཀྲུགས་པས་རོ་མཉམ་པར་བྱས་ལ་ཚོས་ནས་རྒྱ་སྐྱེགས་ཀྱི་ཁུ་བ་ལྟ་བུར་བལྟའོ། །ཞེས་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་སོ་སོར་བགྲང་ཞིང་། དེའི་དུས་སུ་ཤ་ལྔ་མི་འབྱུང་བ་འདི་ཡིས་ཤེས་པའི་ཕྱིར། དེ་འདྲ་བ་གཞན་ཡང་མང་བས་ལུང་ཙམ་སྤྲོ་ན་ཡང་ཤ་ལྔ་ལ་སྒྲོན་མ་ལྔ་དང་། བདུད་རྩི་ལྔ་ལ་ལྕགས་ཀྱུ་ལྔ་ཞེས་བསྔགས་པ་ཡིན་ཏེ། མཁའ་འགྲོ་རྒྱ་མཚོ་ལས། བདུད་རྩི་ལྔ་དང་སྒྲོན་མ་ཆེ། །མཆོད་པ་ལས་རྣམས་ཐམས་ཅད་ལའོ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། བདུད་རྩི་ལྔ་དང་སྒྲོན་མ་ལྔའི་གཟུགས་རྫོགས་པར་བྱིན་གྱིས་བརླབས་ལ། ཞེས་དང་། མགོན་པོ་གསང་བ་དངོས་གྲུབ་འབྱུང་བའི་རྒྱུད་ལས། མ་ཤ་འབྲས་དང་སོ་བ་དང་། །འབྲུ་ནག་མེ་ཏོག་བྱུག་པ་དང་། །སྒྲོན་མ་ལྔ་དང་མི་འཆི་ལྔ། །ཁུ་བ་ཆན་དང་ཆང་ལ་སོགས། །གཏོར་མ་ནག་པོ་ཆེ་ལ་འབུལ། །ཞེས་གསུངས་པའི་ཕྱིར། དེ་ལྟར་རྒྱུད་དེ་དག་གིས་སྒྲོན་མ་ལྔ་དེ་བདུད་རྩི་ལྔ་ལས་ལོགས་སུ་སྨོས་པས་དེ་གཉིས་ཐ་དད་ཡིན་པ་གསལ་བར་གསུངས་པ་དེས་བདུད་རྩི་ལྔ་ལས་གཞན་པའི་སྒྲོན་མ་ལྔ་ཡོད་པ་དེ་ཤ་ལྔ་ལས་གཞན་དུ་གོ་ཡུལ་མེད་པས་ཤེས་སོ།།

དེ་ལྟར་ཚིག་གསལ་བ་དེ་ལྟར་གསུངས་པས་གྲུབ་པ་མ་ཟད། གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། ཤ་ལྔ་ལས་ནི་གདན་ལྔར་གྱུར། །ལྕགས་ཀྱུ་བདུད་རྩི་ལྔ་རུ་འགྱུར། །ལས་ཀྱི་རླུང་གིས་མེ་བུས་ཏེ། །ཟླ་བ་གཙོ་བོ་ལ་སོགས་ཞུ། །ཐ་མལ་པ་ཡི་བདུད་རྩི་ཡིན། །ཞེས་བདུད་རྩི་ལྔ་ལ་ལྕགས་ཀྱུ་ཞེས་དངོས་སུ་སྦྱར་བ་ལ་སོགས་པ་བླ་མེད་ཀྱི་རྒྱུད་སྡེ་རབ་ཏུ་མང་པོ་ལས་ཤ་ལྔ་ལ་སྒྲོན་མ་ལྔ་དང་བདུད་རྩི་ལྔ་ལ་ལྕགས་ཀྱུ་ལྔར་གསུངས་པ་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། གླང་པོ་རྟ་དང་བོང་བུ་དང་། །བ་ལང་རྔ་མོ་དག་དང་ནི། །ཁྱི་ཡི་སྒྲོན་མ་རབ་ཏུ་འབྱུང་། །སྒྲོན་མ་ཆེན་མོ་རབ་ཏུ་བཤད། །འགྲོ་བ་དགའ་བས་གསལ་བར་བྱེད། །ཅེས་བོང་བུ་དང་། རྔ་མོའི་ཤ་དང་བཅས་པ་ལ་སྒྲོན་མ་ཟེར་བ་མ་ཟད་སྒྲོན་མ་ཞེས་པའི་གོ་དོན་ཡང་འགྲོ་བ་རྣམས་བདེ་སྟོང་གི་རོས་དགའ་བ་བཅུ་དྲུག་གི་ཡེ་ཤེས་འབར་ཞིང་གསལ་བར་བྱེད་པའི་ན་སྒྲོན་མ་ཞེས་བརྗོད་པ་ཡིན་པར་གསུངས་སོ།།

གཞན་ཡང་དུས་འཁོར་འགྲེལ་ཆེན་དྲི་མ་མེད་པའི་འོད་ལས། རྒྱལ་བ་མཆོག་གི་དམ་ཚིག་དག་གིས་ཏེ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་དག་གིས་སྔར་སྤོས་བསྒྲུབས་ནས་སྤོས་དེ་ཉིད་ལྷ་དབབ་པའི་དོན་དུའོ། །ཞེས་དང་། ཕྱག་ན་རྡོ་རྗེས་མཛད་པའི་མངོན་པར་བརྗོད་པ་འབུམ་པ་ལས་ཕྱུངས་པའི་ཉུང་ངུའི་རྒྱུད་ཀྱི་བསྡུས་དོན་རྣམ་བཤད་ལས། བདུད་རྩི་ལྔ་དང་སྒྲོན་མ་ལྔ་ལ་སོགས་པ་རྣམས་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་རྣམས་ཡང་དག་པར་ཚིམ་པར་བྱེད་པའོ། །ཞེས་དང་། མཁས་པ་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པས་མཛད་པའི་དཔལ་ཡང་དག་སྦྱོར་བའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་བ་མན་ངག་གི་སྙེ་མ་ལས། དེ་ལྟ་བུའི་ཡེ་ཤེས་ཀྱི་རང་བཞིན་དེ་བཞིན་གཤེགས་པ་ལྔ་ཉིད་དུ་མོས་པ་རྣམས་ནི། སྒྲོན་མ་ལྔ་རྣམས་དང་ལྕགས་ཀྱུ་ལྔ་རྣམས་སོ། །ཞེས་དང་། སློབ་དཔོན་ཛཱ་ལནྡྷ་རི་ཞབས་ཀྱིས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རྡོ་རྗེ་སྒྲོན་མ་ལས། ལ་ལ་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཟ་བར་བྱེད། ཅེས་དང་། སློབ་དཔོན་དཔལ་སྒྲ་གཅན་གསང་བའི་ཞབས་ཀྱིས་མཛད་པའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་རབ་ཏུ་གསལ་བ་ལས། དེའི་ནང་དུ་བུ་ཡིག་ལ་སོོགས་པའི་སྔགས་ཀྱི་བཅའ་བ་དང་། བདུད་རྩི་ལྔ་དང་། སྒྲོན་མ་ལྔ་ཡང་རྫོགས་པར་བྱས་ནས་ཨོཾ་ཡིག་གིས་བྱིན་གྱིས་བརླབས་པ་ཡང་ངོ་། །ཞེས་དང་། མཁས་པ་ཆེན་པོ་གཉིས་སུ་མེད་པའི་རྡོ་རྗེ་ཨ་བ་དྷཱི་ཏཱི་པས་མཛད་པའི་ཀྱེ་རྡོར་སྒྲུབ་ཐབས་རྣམ་པར་དག་པའི་གཏེར་ལས། ལྷ་མོ་བརྒྱད་ཀྱིས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་སྟོབས་པ་ཞེས་བྱ་བ་གསང་བའི་མཆོད་པའོ། །ཞེས་དང་། དེའི་སྟེང་དུ་བྷཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་སྟེ་འདི་རྣམས་ཡོངས་སུ་གྱུར་པས་དེ་བཞིན་གཤེགས་པ་ལྔའི་བདག་ཉིད་ཀྱི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་པོ་རང་རང་གི་ས་བོན་གྱིས་བྱིན་གྱིས་བརླབས་པའོ། །ཞེས་དང་། སློབ་དཔོན་གནས་བརྟན་ཤཱཀྱ་སྲུང་བས་མཛད་པའི་མངོན་པར་རྟོགས་པའི་ཐིག་ལེ་ལས། དེའི་དབུས་སུ་བྷྲཱུཾ་ཨཱཾ་ཛྲཱིཾ་ཁཾ་ཧཱུྃ་ཡོངས་སུ་གྱུར་པ་ལས། གོ་ཀུ་ད་ཧ་ན། བི་ར་ཤུ་མ་མུའི་རང་གི་ངོ་བོའི་སྒྲོན་མ་ལྔ་དང་བདུད་རྩི་ལྔ་རང་རང་གི་ས་བོན་གྱི་བྱིན་གྱིས་བརླབས་པ། ཞེས་དང་། ཀྱེ་རྡོ་རྗེ་ལ་སོགས་པའི་སྔགས་བཟླ་བས་ནི་བདུད་རྩི་ལྔ་དང་སྒྲོན་མ་ལྔ་ཡིས་སྦྱངས་ཏེ། ཞེས་དང་། སློབ་དཔོན་ཏ་ཐཱ་ག་ཏ་རཀྵི་ཏས་མཛད་པའི་གཉིས་ཀའི་ཤན་སྦྱར་ལས། བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་ལྷན་ཅིག་པའི་དྲི་ཆུ་ཡིས་ཀྱང་ལྟོ་བ་ཡོངས་སུ་དགང་བར་བྱའོ་ཞེས་དགོངས་པའོ། །ཞེས་དང་། གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་དབང་གི་དགོངས་པ་མདོར་བསྡུས་པ་ལས། སྒྲོན་མ་ལྔ་དང་བདུད་རྩི་ལྔ་བཟའ་བ་ནི་སྣོད་དུ་བྱའོ། །ཞེས་དང་། སློབ་དཔོན་བློ་གྲོས་བཟང་པོས་མཛད་པའི་གཤིན་རྗེ་མཐར་བྱེད་དམར་པོའི་མངོན་རྟོགས་ལས། དེའི་ནང་དུ་ཞོ་དང་འོ་མ་དང་ཆང་དང་ཉ་ལ་སོགས་པ་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་དབྱུག་པ་ལ་སོགས་པ་དེས་རོ་མཉམ་པར་བྱས་པ་ཞེས་དང་། སློབ་དཔོན་ཨཱ་ཙཱརྱ་ཛྙཱ་ན་པ་ར་མ་ཡིས་མཛད་པའི་དཔལ་ཡེ་ཤེས་ཐིག་ལེའི་དཀའ་འགྲེལ་གསང་བའི་ཉེ་ཁོ་ན་ཉིད་ལས། སྒྲོན་མ་ལྔ་ནི་གླང་པོ་ཆེའི་སྟོབས་ལ་སོགས་པའོ། །ཞེས་འཕགས་ཡུལ་གྱི་པཎྜི་ཏ་རྣམས་ཀྱི་རྒྱུད་ཀྱི་དགོངས་འགྲེལ་བསྟན་བཅོས་ཚད་མ་རྣམས་ལས་བདུད་རྩི་ལྔ་ནི་སྒྲོན་མ་ལྔ་ལས་ལོགས་སུ་དང་སྒྲོན་མ་ལྔ་ཡང་བདུད་རྩི་ལྔ་ལས་ལོགས་སུ་ཕྱེས་ཤིང་དེ་གཉིས་ཐ་དད་དུ་གསལ་བར་བགྲང་ཞིང་། སྐབས་མང་དག་ཏུ་ལྕགས་ཀྱུ་ལྔ་ཞེས་པ་མི་འབྱུང་བར་བདུད་རྩི་ལྔ་དང་། སྒྲོན་མ་ལྔ་དང་བཅུ་འབྱུང་བ་དེས་སྒྲོན་མ་ལྔ་ནི་བདུད་རྩི་ལྔ་ལས་གཞན་པའི་ཤ་ལྔ་ལ་ཟེར་བ་དང་། བདུད་རྩི་ལྔ་ལ་མིང་གཞན་གྱིས་བསྔགས་པའི་དུས་ན་ལྕགས་ཀྱུ་ལྔ་ཞེས་བརྗོད་ཀྱིན་ཡོད་པ་ཤིན་ཏུ་གསལ་བའི་ཕྱིར་རོ།།

དེ་བཞིན་དུ། ཤ་ལྔ་ལ་སྒྲོན་མ་ལྔ་དང་། བདུད་རྩི་ལྔ་ལ་ལྕགས་ཀྱུ་ལྔ་ཞེས་བསྔགས་པ་ཡིན་པ་ལུང་གཞན་གྱིས་ཀྱང་ཤིན་ཏུ་གསལ་བར་ཤེས་པ་ཡིན་ཏེ། བདེ་མཆོག་འབྱུང་བའི་རྒྱུད་ལས། ཆོ་ག་སྦས་པས་བྲམ་ཟེ་ཡི། །མངལ་ནས་སྐྱེས་ལས་ཡང་དག་བླང་། །དེས་ན་རྣམ་སྣང་མཛད་པའི་མིང་། །གྲགས་ཏེ་དངོས་གྲུབ་ཡང་དག་བཞེད། །ཁ་དོག་ལྗང་ཞིང་རབ་བཟང་ལུས། །མིག་གི་འབྲས་བུ་གནས་པ་ཡི། །རིན་ཆེན་རིགས་མ་རྙེད་ནས་དེའི། །དྲི་ཆུ་བསངས་ཏེ་བསྒྲུབ་པར་བྱ། །ཡོངས་སུ་རྫོགས་པའི་ལུས་ལྡན་ཞིང་། །ཡན་ལག་མཛེས་གཞོན་པད་མའི་རིགས། །བཟའ་དང་བཏུང་བས་ཡང་དག་མཆོད། །མཁས་པས་མཆོད་ཡོན་ཕུལ་ནས་ནི། །དེ་ཡི་མོད་ལ་སྙོམས་འཇུག་བྱས། །ཕན་ཚུན་གྱི་ནི་ཤུ་ཀྲ་བླང་། །དེས་ན་གར་མཁན་རིགས་མིང་ཅན། །དེ་བཞིན་གཤེགས་པ་དེ་བཞིན་གྲགས། །སྔར་བཤད་པ་ཡི་ཆོ་ག་ཡིས། །དངོས་གྲུབ་ཡོངས་སུ་རྫོགས་བགྲོད་པ། །ཚོས་མཁན་ཞེས་ནི་རབ་གྲགས་པའི། །དང་པོའི་མེ་ཏོག་རབ་ཏུ་བསྔགས། །དམ་ཚིག་ལྡན་པའི་གདོལ་བ་མོ། །གལ་ཏེ་རྙེད་ན་རྟག་བསྟེན་བྱ། །ཤ་དང་ཚིལ་དང་དེ་བཞིན་ཁྲག །མཁས་པ་ཡིས་ནི་བཟུང་བར་བྱ། །སྒྲུབ་པོ་དངོས་གྲུབ་འདོད་པ་ཡིས། །ལྕགས་ཀྱུ་ལྔ་ནི་ཅི་རྙེད་པའམ། །ཞེས་སྒྲུབ་པ་པོ་དངོས་གྲུབ་ཐོབ་པར་འདོད་པའི་རྣལ་འབྱོར་བ་ཡིས་དྲི་ཆེན་སོགས་བདུད་རྩི་ལྔ་བོ་གང་ཡིན་བཤད་ཅིང་། དེ་དག་ལ་ལྕགས་ཀྱུ་ལྔ་ཞེས་མིང་སྦྱར་བ་ནས་དེ་ལྔ་པོ་ཅི་སྟེ་གཞན་གྱིས་ཕུལ་ནས་རྙེད་པ་དེ་ཉིད་ཡང་དག་པར་བཟུང་བ་སྟེ་གཉིས་འཛིན་གྱི་རྟོག་པ་བྲལ་ཕྱིར་བསྟེན་དགོས་ཞེས་བཤད་ཅིང་། ཡང་དེ་ཉིད་ལས། འདིར་ནི་གསད་པ་གཙོར་བཤད་པས། །ཅི་སྟེ་ཡང་དག་རྙེད་ན་གཟུང་། །བ་ལང་ཤ་དང་རྟ་ཤ་དང་། །གླང་པོའི་ཤ་ཡང་དེ་བཞིན་ཏེ། །མི་ཡི་ཤ་དང་ཁྱི་ཡི་ཤ །མཁས་པ་ཡིས་ནི་གཟུང་བར་བྱ། །རྡོ་རྗེ་སེམས་དཔས་གང་གསུངས་པའི། །སྒྲོན་མ་ལྔ་ཞེས་གྲགས་པའོ། །ཞེས་རྒྱུད་འདིར་ཞིང་བཅུ་བསད་པའི་ཤ་གཙོ་བོར་བཤད་པ་བསྟེན་པའི་རྫས་སུ་བཟུང་བྱ་བ་ནི་བ་ལང་གི་ཤ་དང་། རྟ་ཤ་དང་། གླང་པོའི་ཤ་དང་། དེ་བཞིན་ཤ་ཆེན་དང་། ཁྱི་ཡི་ཤ་སྟེ་ཤ་ལྔ་ལ་རྡོ་རྗེ་སེམས་དཔས་རྒྱུད་སྡེ་རྣམས་སུ་གསུངས་པའི་སྒྲོན་མ་ལྔ་ཞེས་གྲགས་པ་དེ་ཡང་བསྟེན་དགོས་ཞེས་གསུངས་པ་དེས་གསལ་བར་ཤེས་པའི་ཕྱིར་དང་། ཡང་གསང་བ་སྙིང་པོའི་རྒྱུད་ཕྱི་མ་ལས། ཡང་ན་བ་ལང་ཤ་ལ་སོགས། །སྒྲོན་མ་ལྔར་བཤད་དག་ཀྱང་ངོ་། །ཞེས་དང་། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ད་ནི་སྒྲོན་མ་ལྔ་གསུངས་ཏེ། བ་ལང་དང་ཁྱི་དང་སོ་ལྡན་དང་རྟ་དང་མི་རྣམས་ཀྱི་ཤ་སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་སྟེ་སྦྲང་རྩི་དང་བསྲེས་པའི་སྒྲོན་མ་ལྔ་ཟོས་པས་མཐའ་དག་ནད་ནི་འཕྲོག་པར་འགྱུར་རོ། །ཞེས་བ་ལང་གི་ཤ་ལ་སོགས་པ་ཤ་ལྔ་ལ་ནི་སྒྲོན་མ་ལྔ་ཞེས་གསལ་བར་བཤད་པ་ལས་ལྕགས་ཀྱུ་ལྔ་ཟེར་བ་མིན་པར་ཁ་གསལ་གྱིས་གསུངས་པ་དང་། སློབ་དཔོན་ཤཱུ་རཾ་ག་བཛྲ་ཡིས་མཛད་པའི་ངེས་པར་བརྗོད་པའི་རྒྱུད་བླ་མའི་རྩ་བའི་འགྲེལ་བ་ལས། སྒྲོན་མ་ཤ་ལྔ་བཟའ་ཞིང་གནས་དུར་ཁྲོད་དུ་རྟག་ཏུ་བཟླས་པ་བྱའོ། །ཞེས་བཟའ་བྱ་ལས་བཏུང་བྱར་མ་གསུངས་པས་ཤ་ལྔ་ལ་སྒྲོན་མ་ལྔ་ཟེར་བ་ཤེས་པ་ལ་སོགས་པ་སྒྲུབ་བྱེད་མཐའ་ཡས་སོ།།

དེ་བཞིན་གཞན་ཡང་བདུད་རྩི་ལྔ་ལ་ལྕགས་ཀྱུ་ལྔ་དང་། ཤ་ལྔ་ལ་སྒྲོན་མ་ལྔ་ཟེར་བ་ནི་གངས་རིའི་ལྗོངས་ཀྱི་མཁས་པའི་དབང་པོ་རྣམས་ཀྱི་རྒྱུད་ཀྱི་དགོངས་འགྲེལ་ལེགས་བཤད་ལས་ཀྱང་གསལ་བར་བྱུང་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་པའི་གསང་འདུས་འགྲེལ་བ་སྒྲོན་གསལ་གྱི་མཆན་གྱི་ཡང་འགྲེལ་ལས། བཤང་གཅི་ནི་བདུད་རྩི་ལྔའོ། །ཤ་ཆེན་ཞེས་བྱ་བ་ནི་མར་མེ་རྣམ་པ་ལྔ་སྟེ། ཤ་ལྔའོ། །དེ་ལྔ་ནི་དངོས་གྲུབ་གསལ་བར་བྱེད་པས་མར་མེའམ་སྒྲོན་མེ་ལྔ་ཞེས་བྱ་ལ། དངོས་གྲུབ་འགུགས་པས་ལྕགས་ཀྱུ་ལྔ་ཞེས་ཀྱང་གསུངས་སོ། །ཞེས་གསུངས་པས་ཀྱང་ཤ་ལྔ་མར་མེ་ལྔ་དང་། བདུད་རྩི་ལྔ་སྔ་མར་སྨོས་མོད་མཇུག་ཏུ་ལྕགས་ཀྱུ་ལྔ་ཞེས་པ་དེ་སྦྱར་དགོས་པ་ཤིན་ཏུ་གསལ་བའི་ཕྱིར་དང་། འཇམ་མགོན་མི་ཕམ་རིན་པོ་ཆེས་མཛད་པའི་བདུད་རྩི་སྨན་སྒྲུབ་སྦྱོར་སྡེ་འཆི་མེད་སྨན་མཆོག་གྲུབ་པ་ལས། བདུད་རྩི་སྨན་གྱི་རྩ་བ་ནི་རང་བྱུང་ལུས་ཀྱི་བདུད་རྩི་ལྔ་ལྕགས་ཀྱུ་ལྔ་སྟེ་དེ་ཡིན་ཏེ། ཞེས་བདུད་རྩི་ལྔ་ལ་ལྕགས་ཀྱུ་ལྔ་རུ་གྲགས་པར་གསལ་བར་བཤད་པའི་ཕྱིར་རོ།།

དེ་ཡང་གོང་དུ་སྨོས་ཟིན་ལྟར་ཤ་ལྔ་ནི་གསང་སྔགས་བསྒྲུབས་པའི་དངོས་གྲུབ་མྱུར་དུ་གསལ་བར་བྱེད་པའི་རྫས་ཡིན་པའི་ཕྱིར་ན་སྒྲོན་མ་ཞེས་བརྗོད་པ་དང་། བདུད་རྩི་ལྔ་ནི་གསང་སྔགས་བསྒྲུབས་པའི་དངོས་གྲུབ་མྱུར་དུ་འགུགས་པར་བྱེད་པའི་རྫས་ཡིན་པའི་ཕྱིར་ན་ལྕགས་ཀྱུ་ཞེས་བརྗོད་པ་ཡིན་པ་ནི་དྲངས་མ་ཐག་པའི་འཇམ་མགོན་ཙོང་ཁ་པ་ཆེན་པོའི་གསུངས་པ་ལྟར་ཡིན་མོད་ཀྱང་། དེ་ཡང་ཁ་ཅིག་བླ་མེད་ཕ་རྒྱུད་ཀྱིས་ཤ་ལྔ་གཙོ་བོ་བྱེད་པས་ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང་། བདུད་རྩི་ལྔ་ལ་སྒྲོན་མ་ལྔ་ཞེས་ཟེར་བ་དང་། མ་རྒྱུད་ནས་བདུད་རྩི་ལྔ་གཙོ་བོ་བྱེད་པས་དེ་ལྔ་ལ་ལྕགས་ཀྱུ་དང་། ཤ་ལྔ་ལ་སྒྲོན་མ་ལྔ་ཟེར་བ་ཡིན་པར་བཤད་མོད། དེ་ལ་ཕ་མའི་རྒྱུད་སོ་སོས་དངོས་པོ་ལ་གཙོ་ཆེ་ཆུང་བྱེད་པ་ཡོད་དུ་འཆུག་ཀྱང་མིང་ཙམ་ལ་གཙོ་ཆེ་ཆུང་ཡོད་པ་མ་མཐོང་ལ། འདོད་པ་དེ་ལྟར་ཡིན་ནམ་གང་ལྟར། རྒྱུད་འགྲེལ་ཁ་ཅིག་ཏུ་ནི་ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང་། བདུད་རྩི་ལྔ་ལ་སྒྲོན་མ་ཞེས་བརྗོད་པའི་ཚིག་དངོས་སུ་ཐོན་ནས་དཀྱུས་དང་ལྡོག་སྟེ་འདོད་པ་ནི་ཡོད་དེ། ཁ་ཆེའི་པཎྜི་ཏ་དགེ་སློང་སྙན་གྲགས་བཟང་པོས་མཛད་པའི་ཀྱེ་རྡོ་རྗེའི་རྒྱུད་ལས་རྡོ་རྗེའི་ཚིག་གི་སྙིང་པོ་བསྡུས་པའི་དཀའ་འགྲེལ་ལས། ཐོད་པའི་དབུས་སུ་ལྕགས་ཀྱུ་ལྔ་དང་ས་བོན་ལྔ་རྣམས་ཞེས་པ་སྟེ། ཧཱུཾ་ཡིག་གིས་གླང་པོ་ཆེའི། བྷྲཱུཾ་ཡིག་གིས་བ་གླང་གི། ཨཾ་ཡིག་གིས་ཁྱིའི། ཧྲཱིཿཡིག་གིས་རྟའི། ཁཾ་ཡིག་གིས་མིའི་སྟེ་ལྕགས་ཀྱུ་ལྔ་རྣམས་སོ། །སྒྱུ་མ་ཆེན་པོའི་རྒྱུད་དུ་གསུངས་པ་ཡང་། སོ་གཉིས་མྱུར་འགྲོ་ཉིད་དང་ནི། །དེ་བཞིན་བ་གླང་ཁྱི་ཉིད་དང་། །ཆེན་པོ་ཉིད་དང་མཉམ་པར་ལྡན། །དེ་བཞིན་ཡེ་ཤེས་བདུད་རྩི་ལྔ། །བི་ར་ཤུ་མ་མུ་སྟེ་བདུད་རྩི་ལྔའི་ས་བོན་རྣམས་ཀྱིས་བྱིན་གྱིས་བརླབས་པས་བདུད་རྩིར་བྱའོ། །ཞེས་དང་། རྡོ་རྗེ་སློབ་དཔོན་དགེ་བའི་གོ་ཆས་མཛད་པའི་དཔལ་ལྡན་གདན་བཞིའི་རྣམ་བཤད་ལས། བགེགས་ཀྱི་ལྕགས་ཀྱུ་ནི་གླང་པོ་ཆེའི་ཤ་སྟེ། ཡི་གེ་ཧཱུྃ་གིས་སྦྱང་བར་བྱའོ་ཞེས་པའོ། །ཡུལ་གྱི་བདག་པོ་ལྕགས་ཀྱུ་ཆེ། །ཞེས་པ་ནི་ཁྱི་ཤ་སྟེ། ཡི་གེ་གྷྲིཾ་གིས་སྦྱང་བར་བྱའོ། །རྟའི་ཤ་ཡི་གེ་ཛིཾ་གིས་སྦྱང་བར་བྱའོ་ཞེས་གསལ་བར་བྱའོ་ཞེས་གསུངས་པ། རྟའི་ལྕགས་ཀྱུ་བྱིན་བརླབས་པ། །ཞེས་པ་ལ་སོགས་པའོ། །བ་ལང་གི་ཤ་ཡི་གེ་སྲིཾ་གིས་སྦྱང་བར་བྱའོ་ཞེས་གསུངས་པ། རྡོ་རྗེ་ལྕགས་ཀྱུས་བྱིན་རླབས་ཞེས་པ་ལ་སོགས་པའོ། །ཞེས་གསུངས་པ་དང་། རིན་ཆེན་འབྱུང་གནས་ཞི་བས་མཛད་པའི་སྒྲུབ་ཐབས་རིན་ཆེན་ཕྲེང་བ་ལས། ནང་གི་ནི་ལྕགས་ཀྱུ་ལྔ་སྟེ། གོ་ཀུ་ད་ཧ་ནའོ། །སྒྲོན་མ་ལྔ་སྟེ། མ་ར་བི་ཤུ་མུའོ། །ཞེས་དང་། མཁས་པ་ཆེན་པོ་བྷ་བ་བྷ་དྲས་མཛད་པའི་རྡོ་རྗེ་མཁའ་འགྲོའི་རྒྱུད་ཀྱི་རྣམ་བཤད་ལས། དེ་ལྕགས་ཀྱུ་ལྔ་ཞེས་བྱ་བ་གོ་ཀུ་ད་ཧ་ན་ཞེས་བྱ་བ་དང་བཅས་པའི་བདུད་རྩི་ལྔ་སྟེའི་ཕྱིར་དང་། ཞེས་དང་། སློབ་དཔོན་ཨ་ལ་བཛྲས་མཛད་པའི་དཔལ་དགྱེས་པའི་རྡོ་རྗེའི་གཏོར་མའི་རིམ་པ་ལས། དེའི་སྟེང་དུ་ཨ་ལས་ཐོད་པ། དེའི་ནང་དུ་ཉི་མའི་སྟེང་དུ་ཧཱུཾ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་དང་གོ་ཀུ་ད་ཧ་ན་ལས། ལྕགས་ཀྱུ་ལྔ་དང་བདུད་རྩི་ལྔར་བསྐྱེད་དོ། །ཞེས་དང་། སློབ་དཔོན་བྷ་བས་མཛད་པའི་ཚོགས་ཀྱི་འཁོར་ལོའི་ཆོ་ག་ལས། དང་པོ་ཕྱག་འཚལ་མཆོད་ལྔ་འབུལ། །དེ་ནས་བདུད་རྩིའི་མཆོད་པ་འབུལ། །དེ་འོག་ལྕགས་ཀྱུ་ལྔ་བོ་དང་། །གླུ་དང་གར་གྱི་མཆོད་པ་འབུལ། །ཞེས་དང་། སློབ་དཔོན་སུ་ཝཱ་གཱི་ཤྭ་ར་ཀིརྟིས་མཛད་པའི་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་གཏོར་མའི་ཆོ་ག་ལས། གོ་ཀུ་ད་ཧ་ན་ལས་ནི། །ལྕགས་ཀྱུ་ལྔ་པོ་བསྐྱེད་པར་བྱ། །བི་མུ་མ་ར་ཤུ་ལས་ནི། །བདུད་རྩི་ལྔ་ཡི་རང་བཞིན་བསྐྱེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཡང་འཇམ་མགོན་བླ་མ་ཙོང་ཁ་པའི་སྔགས་རིམ་ཆེན་མོ་ལས། ཤ་ལྔ་ལ་ལྕགས་ཀྱུ་ལྔ་དང་སྒྲོན་མ་ལྔ་ཞེས་ཀྱང་གསུངས་ཏེ་དངོས་གྲུབ་མྱུར་དུ་འགུགས་པ་དང་གསལ་བར་བྱེད་པའི་ཕྱིར་རོ། །ཞེས་གསུངས་པ་དེ་ཡང་རྒྱ་གཞུང་ཕྱི་མ་འདི་དག་གི་དགོངས་པ་ལྟར་ཡིན་ནམ་སྙམ་མོ།།

གོང་དུ་བདེ་མཆོག་འབྱུང་བ་དང་། མཁའ་འགྲོ་རྒྱ་མཚོའི་ལུང་དྲངས་ཟིན་པར་ལྟར་མ་རྒྱུད་ནས་ཀྱང་ཤ་ལྔ་ལ་སྒྲོན་མ་དང་། བདུད་རྩི་ལྔ་ལ་ལྕགས་ཀྱུ་ཞེས་སྦྱར་བ་ཡོད་ཕྱིར། ཁ་ཅིག་གི་བཞེད་པ་ལྟར་ཕ་མའི་རྒྱུད་ཀྱི་ཁྱད་པར་གྱིས་མིང་བརྗེ་བ་ཡིན་པ་ལ་ནི་སྒྲུབ་བྱེད་ལེགས་པོ་མ་མཐོང་ཡང་། མིང་དེ་གཉིས་ཤ་ལྔ་དང་བདུད་རྩི་ལྔ་ཁྱད་མེད་གཉིས་ཀ་ལ་སྦྱར་བ་དང་། ལྡོག་སྟེ་སྦྱར་བ་ནི་རྒྱུད་དང་དགོངས་འགྲེལ་མང་པོར་མཆིས་པས་གཉིས་ཀ་ལྟར་བཟུང་ཡང་འགལ་བ་མེད་པ་ཡིན་ངེས་སྙམ་མོ།།

དཔལ་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། དང་པོར་ཕྱི་ཡི་བདུད་རྩི་བསྟེན། །བདུད་རྩི་ལྔ་དང་ཤ་ལྔ་ལ། །ལྕགས་ཀྱུ་ལྔ་ནི་དགོད་པ་སྟེ། །ཞེས་གསུངས་པ་ལྟར་དེ་བཅུ་ལ་རྣམ་པར་སྣང་མཛད་ལ་སོགས་པའི་དག་པ་དྲན་པའི་ལྕགས་ཀྱུ་སྦྱར་བ་ལ་གོ་བའང་ཡོད་པས་དེ་ལྟར་གོ་ནས་ལྕགས་ཀྱུ་ཞེས་པ་ཤ་ལྔ་དང་བདུད་རྩི་ལྔ་གཉིས་ལ་སྦྱར་རུང་ཞིང་མིང་ཡང་སྐབས་ཐོབ་ཀྱི་སྦྱར་ཏེ་གོ་བ་ལེན་དགོས་པ་ཡང་ཡིན་མཆི་བ་འདྲ་བས། ཨིནྡྲ་བྷཱུ་ཏིས་མཛད་པའི་ཁ་སྦྱོར་ཐིག་ལེའི་རྒྱ་ཆེར་འགྲེལ་ཡང་དག་པའི་ལྟ་བའི་དྲན་པའི་སྣང་བ་ལས། འདིར་འཇིག་རྟེན་པ་ལ་གྲགས་པ་རིགས་ལྔའི་རང་བཞིན་ལྕགས་ཀྱུ་ལྔ་ཤ་ལྔ་ནི་དེ་བཞིན་གཤེགས་པ་སྟེ། དེའི་རང་བཞིན་མར་མེ་ལྔ་ནི་ལྕགས་ཀྱུར་ཤེས་པར་བྱའོ། །ཞེས་དང་། སློབ་དཔོན་འཕགས་པ་ལྷས་མཛད་པའི་ཡེ་ཤེས་དབང་ཕྱུག་མའི་སྒྲུབ་ཐབས་ལས། གཏོར་མའི་སྣོད་བཟའ་བ་མཐའ་དག་གིས་ལྡན་པར་བྱས་ཏེ། ཉ་ཤ་རློན་པ་དང་། ཤ་ཡང་དག་པར་ལྡན་པའི་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་ལྷན་ཅིག་པ་མདུན་དུ་བཞག་སྟེ། རྡོ་རྗེ་ལག་པས་རེག་ལ། ཞེས་གསུངས་པའང་དོན་དེ་ལྟར་གོ་པ་ཡིན་ནམ་སྙམ་སྟེ་རྒྱུད་དོན་ལ་གཟིགས་རྒྱ་ཆེ་བ་དག་གིས་བློ་སྐྱེད་གནང་བར་ཞུའོ།།

བཞི་བ་ཤ་ལྔ་བདུད་རྩི་ལྔ་ཇི་ལྟར་སྤྱོད་པའི་ཚུལ།

བཞི་བ་ཤ་ལྔ་བདུད་རྩི་ལྔ་ཇི་ལྟར་སྤྱོད་པའི་ཚུལ་ནི། འོ་ན་ཤ་ལྔ་བདུད་རྩི་ལྔ་དེ་ལྟར་བཟའ་བྱར་གནང་ཞིང་སུ་ཡིས་ཟོས་ཀྱང་རུང་བ་ཡིན་ནམ་ཞེ་ན། དེ་ནི་གཏན་ནས་མ་ཡིན་ཏེ། རྣལ་འབྱོར་བ་བླ་མེད་ཀྱི་ལམ་ཉམས་སུ་ལེན་མཁན་གྱི་དམ་ཚིག་ཏུ་བཀའ་བསྩལ་བ་ཡིན་པའི་ཕྱིར། གྲུབ་སྟེ། ཕག་མོ་མངོན་པར་འབྱུང་བའི་རྒྱུད་ལས། བདུད་རྩི་ལྔ་དང་ཤ་ལྔ་ལ། །རྟག་ཏུ་ལོངས་སྤྱོད་བྱ་བ་ནི། །བཟའ་བའི་དམ་ཚིག་རྣམ་ལྔ་སྟེ། །གསང་སྔགས་སྤྱོད་པས་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དེ་འདྲ་ཞིག་ལ་གནང་བའི་དགོས་པ་ཡང་། རྟོག་མེད་ཀྱི་ལྟ་བ་ལ་གོམས་པའི་ཕྱིར་དུ་ཟས་དེ་དག་ཟ་བ་ལ་མི་བཟོད་པ་དང་ཐེ་ཚོམ་གྱི་རྣམ་རྟོག་ཡོད་པ་དེ་ཉིད་རྟོག་མེད་ཀྱི་བློ་ཡིས་ཟིལ་གྱིས་མནན་ཏེ་ངོ་བོ་བདུད་རྩི་རུ་མོས་པའམ་ཁ་ཟས་དེ་དང་དེའི་ངོ་བོ་རྒྱལ་བ་རིགས་ལྔ་སོགས་ལྷ་ཡེ་ཤེས་པ་དང་ཆོས་ཉིད་ཀྱི་རྣམ་དག་དྲན་པའི་སྒོ་ནས་དོགས་པ་མེད་པར་སྤྱོད་དགོས་པ་དང་། དེ་ལྟར་སྤྱོད་ནུས་པ་ཞིག་ལ་གནང་བ་ཡིན་ཏེ། ཇི་སྐད་དུ། གསང་བ་སྙིང་པོ་ལས། དམ་རྫས་སོ་སོར་སྤྱོད་པ་ཞེས་བྱ་བའི་དམ་ཚིག་ནི། རིགས་ལྔ་སོ་སོར་དབྱེ་བ་ཡི། །རྡོ་རྗེ་སེམས་དཔའ་གླང་པོའི་ཤ། །རིན་པོ་ཆེ་ནི་རྟ་ཡི་ཤ། །པདྨ་རིགས་ནི་ཨ་རི་ཀའི་ཤ། །དོན་ཡོད་ནམ་མཁའ་ལྡིང་གི་ཤ། །བདེར་གཤེགས་རིགས་ནི་ཤ་ཆེན་ནོ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། བདུད་རྩི་ལྔ་དང་ཤ་ལྔ་དང་། །བཟའ་བཏུང་ལྷ་ལ་ལྷ་རོལ་ཞིང་། །འོད་ཀྱིས་མ་ལུས་ཚིམ་པ་དང་། །འགྲོ་མང་བདེ་བ་ཐོབ་པར་བྱ། །ཞེས་དང་། ཧེ་རུ་ཀ་སྙིང་རོལ་ལས། ཟས་ནི་ཐམས་ཅད་བདུད་རྩི་ལྔ་ཡི་དོན། །སྤྱོད་པ་བྱ་བ་མེད་པ་ཆེན་པོའོ། །ཐུགས་ནི་རྟོག་པ་མི་མངའ་ས་ལེ་བའོ། །ཞེས་དང་། རྟ་མཆོག་རོལ་བ་ཆེན་པོའི་རྒྱུད་ལས། བདུད་རྩི་ལྔ་པོ་ཤ་སོགས་རྣམས། །མཉམ་པར་ཤེས་པས་རྒྱུན་དུ་སྤྱད། །ཅེས་དང་། རྡོ་རྗེ་སྙིང་པོ་རྒྱན་ལས། དེ་བཞིན་གླང་ཆེན་རྟ་ཤ་དང་། །བ་ལང་ཁྱི་ཤ་ཤ་ཆེན་རྣམས། །ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར། །ཞེས་དང་། ཡང་དག་སྦྱོར་བ་ལས། བདུད་རྩི་ལྔ་ཡི་གོང་བུའི་དངོས། །ཐིག་ལེའི་གཟུགས་ཏེ་ཡིད་ལྟ་བུ། །ཤིན་ཏུ་ཡང་དག་ཡེ་ཤེས་ཆེ། །ལྷ་མོ་ཀུན་གྱི་རང་བཞིན་ཅན། །རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད། །ཅེས་དང་། ཕྱག་ཆེན་ཐིག་ལེ་ལས། བདུད་རྩི་ལྔ་ཡི་ཆོ་གའི་རབས། །མདོར་བསྡུས་པ་ནི་བདག་གིས་བཤད། །རྣམ་སྣང་མི་བསྐྱོད་དོན་ཡོད་གྲུབ། །དཔག་མེད་རིན་འབྱུང་ཞེས་ལྔར་བསྟན། །རིན་ཆེན་འབྱུང་ལྡན་ཁྲག་ཅེས་བསྟན། །སྣང་བ་མཐའ་ཡས་ཁུ་བར་བརྗོད། །དོན་ཡོད་གྲུབ་པ་ཤ་ཆེན་ཏེ། །མི་བསྐྱོད་པ་ནི་རྡོ་རྗེ་ཆུའོ། །རྣམ་པར་སྣང་མཛད་དྲི་ཆེན་བཤད། །དེ་ནི་བདུད་རྩི་ལྔ་ཡིན་ནོ། །ཞེས་དང་། སངས་རྒྱས་ཐོད་པ་ལས། དྲི་ཆུ་ཡེ་ཤེས་རྡོ་རྗེ་སྟེ། །དྲི་ཆེན་རྡོ་རྗེ་བཟང་པོ་ཉིད། །ཁྲག་ནི་མར་མེ་རྡོ་རྗེ་ཡིན། །ཁུ་བ་རྡོ་རྗེའི་ཐབས་བྱུང་ཉིད། །ཤ་ནི་ཆོས་ཀྱི་རྡོ་རྗེ་ཡིན། །དེ་ལྔ་རྣལ་འབྱོར་མ་ཡི་མཆོག །ཅེས་ཡེ་ཤེས་དང་རིགས་ལྔར་ལྟ་བ་ལ་སོགས་པ་དངོས་སུ་རྒྱུད་གཞུང་དེ་དང་དེའི་དོན་གྱི་བསྐྱེད་རྫོགས་ཉམས་སུ་ལེན་པའི་གང་ཟག་དང་། དེས་ཀྱང་ཉམས་ལེན་གྱི་ཆ་རྐྱེན་དུ་སྤྱོད་པ་ལས་རང་དགར་ཁ་ཟས་ལ་སྲེད་པ་དང་ཟས་དེ་དང་དེར་རྣམ་པར་རྟོག་པས་ནི་བཟའ་རུང་བར་མ་གསུངས་སོ།།

དེ་ལྟར་ཤ་ལྔ་བདུད་རྩི་ལྔ་དེ་ལམ་གྱི་ཆ་རྐྱེན་དུ་བསྟེན་དགོས་ཤིང་དེའི་དམ་ཚིག་ཡིན་པར་སྨོས་ཟིན་ལྟར་ལ། གཙོ་བོ་གཙང་སྨེ་གཉིས་འཛིན་གྱི་རྟོག་པ་སྤང་བའི་ཕྱིར་དུ་བསྟེན་དགོས་པས། སྤྱད་ཚེ་གཙང་སྨེ་གཉིས་སུ་ལྟ་བ་མེད་པར་ཆོས་ཉིད་བདེ་སྟོང་མཉམ་པ་ཆེན་པོའི་ཀློང་དུ་གཙང་སྨེ་དང་བཟང་ངན་གཉིས་སུ་མ་གྲུབ་ཅིང་སྤྱད་བྱ་སྤྱོད་བྱེད་གཉིས་སུ་མེད་པའི་དོན་ལ་མཉམ་པར་བཞག་སྟེ་སྤྱོད་དགོས་པ་ཡིན་ཏེ། ཡང་དག་སྦྱོར་བ་ལས། འདིར་ནི་ཆོས་རྣམས་བཟང་པོ་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པ་ཉིད་དུ་ཟོ། །ཞེས་དང་། རྡོ་རྗེ་ཕྲེང་བའི་རྒྱུད་ལས། བདུད་རྩི་ལྔ་ནི་ཡེ་ཤེས་ཆེ། །རྟག་ཏུ་བདུད་རྩི་ལྔ་མྱང་བྱེད། །དངོས་པོ་ཐམས་ཅད་རྣམས་སྤངས་པ། །རྣལ་འབྱོར་སེང་གེ་བཞིན་དུ་སྤྱོད། །ཅེས་དང་། མཁའ་འགྲོ་མ་དྲྭ་བ་སྡོམ་པའི་རྒྱུད་ལས། བདུད་རྩི་ལྔ་དང་བུ་རམ་ཆང་། །དུག་དང་ནིམ་པ་བུ་བཙས་སྐྱེས། །སྐྱུར་དང་མངར་དང་བསྐ་ལ་སོགས། །ཁ་བ་ལན་ཚྭ་ཚ་བ་དང་། །དྲི་ང་དྲི་ཞིམ་མཆིལ་སྣབས་རྣམས། །བྱང་ཆུབ་སེམས་བསྲེས་རབ་ཏུ་བཟའ། །གཉིས་མེད་ཡེ་ཤེས་སེམས་ཀྱིས་ནི། །མི་བཟའ་ཅུང་ཟད་ཡོད་མ་ཡིན། །ཞེས་དང་། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། ཡིད་གཉིས་མེད་པ་ཉིད་ཀྱི་ནི། །བཟའ་བ་ཐམས་ཅད་བཟའ་བར་བྱ། །ཞེས་དང་། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། ཨ་མྲྀ་ཏ་ཡི་རྒྱུ་ཉིད་ནི། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆུ་དྲི་ཆེན་མཱང་སར་བཅས། །པདྨ་རཀྟ་ལ་སོགས་དང་། །གཞན་ཡང་དོན་ཡོད་སྣ་ཚོགས་རྣམས། །དབྱེ་བའམ་ཡང་ན་མི་དབྱེ་བར། །བདུད་རྩི་ཉིད་དུ་བྱིན་གྱིས་བརླབ། །རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་སྨེ་མེད་པར་དག་པར་བྱ། །ཞེས་དང་། ཧེ་རུ་ཀ་སྙིང་རོལ་ལས། རྟོག་འཇོམ་རྫས་ལ་གཙང་སྨེ་མེད་པར་རོལ། །ཞེས་དང་། རྔམ་གློག་ལས། ཕག་གི་བརྟུལ་ཞུགས་ཆེན་པོ་ཡིས། །གཙང་སྨེ་མེད་པར་ཀུན་ཏུ་སྤྱད། །གླང་ཆེན་མྱོས་པའི་བརྟུལ་ཞུགས་ཀྱིས། །མི་འབྱེད་རྨོངས་ཚུལ་བསྟན་པར་བྱ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གཙང་སྨེ་ཅན་དང་ཕྱོགས་རྟོག་ཉིད། །མཉམ་ཉིད་ལྟ་ལས་གང་འདས་པ། །ངོ་བོ་ཉིད་དང་ཐབས་དག་དང་། །དབང་པོ་ལ་སོགས་ལོག་པ་ཡིས། །དེ་ཉིད་གནོད་པའི་སྟོབས་སུ་གྱུར། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །གཤང་བ་ལྔ་ནི་བདུད་རྩིར་བསྒྱུར། །ཐམས་ཅད་སྟོང་ཉིད་བདུད་རྩིར་སྦྱངས། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་རྒྱུད་དུ་གོ་ཀུ་ད་ཧ་ན་ཞེས་ཡོད་པ་ནི། ཤ་ལྔའི་མིང་ཡིན་པས། གོ་ནི་གོ་མཱཾ་སཿཞེས་བ་གླང་གི་ཤ་དང་། ཀུ་ནི་ཀུ་ཀུ་སྟེ་ཁྱིའི་ཤ་དང་། ད་ནི་དནྟཱིཿསྟེ་སོ་ལྡན་ཞེས་པ་གླང་ཆེན་གྱི་ཤ་དང་། ཧ་ནི་ཧ་ཡཿཞེས་པ་འགྲོ་བྱེད་དེ་རྟའི་ཤ་དང་། ན་ནི་ན་རཿཞེས་པ་ཤ་ཆེན་ལ་བྱ་བ་དང་། ཡང་ད་རྟ་དང་། ཧ་གླང་ཆེན་ལ་སྦྱར་བའང་མཆིས། དྲི་མེད་འོད་ལས། ད་ནི་སྒྲོན་མ་ལྔ་གསུངས་ཏེ་བ་ལང་དང་ཁྱི་དང་སོ་ལྡན་དང་རྟ་དང་མི་རྣམས་ཀྱི་ཤ་སྦྲང་བུའི་སྐྱུགས་པ་དག་དང་བསྲེས་པ་ཞེས་པའི་གནས་སྐབས་ན་སོ་ལྡན་གྱི་འཕྲོར་རྟ་དངོས་སུ་ཡོད་པས་སོ་ལྡན་ཞེས་པ་གླང་ཆེན་ལ་གོ་བ་འཁྲུལ་མེད་ཡིན་པས། ད་དེ་དནྟཱིཿམ་ཡིན་པར་སྱ་དཿཞེས་པ་མགྱོགས་འགྲོ་སྟེ་རྟ་ལ་སྦྱར་བ་དང་། ཧ་ནི་ཧསྟི་སྟེ་གླང་པོ་ཆེ་ལ་སྦྱར་ཡང་ཆོག་མོད། ད་དེ་སྱ་དཿཞེས་པ་ཡིན་ནམ་གཞན་ཞིག་ཡིན་ཆ་མ་འཚལ། མདོར་ན་ད་དང་ཧ་རྟ་དང་གླང་པོ་ཆེ་གང་ལ་སྦྱར་བ་འདི་ལ་འདོད་པ་མི་མཐུན་པ་ཡོད་པ་ཡིན་ནོ།།

བི་ར་ཤུ་མ་མུ་ལྔ་ནི་བདུད་རྩི་ལྔའི་མིང་སྟེ། བི་ནི་བིཊཿཞེས་དྲི་ཆེན་ནམ་གཤང་བ་དང་། ར་ནི་རཱ་གའམ་རཀྟ་སྟེ་པདྨ་རཀྟ་དང་། ཤུ་ནི་ཤུ་ཀྲ་དང་ཤུ་ཀྲཾ་སྟེ་བྱང་སེམས་དཀར་པོ་དང་། མུ་ནི་མཱུ་ཏྲཿཞེས་པ་དྲི་ཆུའམ་གཅི་བ་ལ་བྱ་བ་དང་། མ་ནི་མཱཾ་ས་སྟེ་ཤ་ཆེན་དང་བདུད་རྩི་ལྔ་ལ་གོ་བའོ།།

ཡང་ན་མཛྫཿཞེས་པ་རྐང་མར་དང་རྒྱུངས་པའམ་སྒལ་རྣག་དང་། མསྟ་གཿཞེས་པ་ཀླད་པ་དང་། མ་ལཾ་ཞེས་ལུས་ཀྱི་དྲི་མ་དང་སྙིགས་མ་ལ་གོ་བར་བཤད་པས་ལུད་སྐམ་འདོད་པ་དག་གིས་མ་ལཾ་ལུད་སྐམ་ལ་སྦྱར་བ་དང་། ཡང་ན་ཤྩཥྨཿ བད་ཀན་དང་མཆིལ་མ་སྐབས་དང་སྦྱར། ཞེས་འཇུ་མི་ཕམ་གྱིས་གསུངས་པས་བན་ཀན་བདུད་རྩི་ལྔའི་གྲས་སུ་བཞེད་མཁན་དག་གིས་མ་ཞེས་པ་བན་ཀན་ལ་གོ་བར་རུང་ངམ་སྙམ་སྟེ་དཔྱད་པར་བྱའོ།།

ཡང་ཤ་དང་བདུད་རྩི་དག་ཐབས་དང་ཤེས་རབ་དང་། དེ་གཉིས་སུ་མེད་པའི་རྟོགས་པས་བཟའ་བ་ནི་ཉམས་ལེན་དགོས་པའི་དོན་དུ་གོ་བར་བྱས་ཏེ་བྲུྃ་ཨྃ་ཛིཾ་ཁྃ་ཧཱུྃ་ཡི་གེ་ལྔ་ནི་དེ་བཞིན་གཤེགས་པ་ལྔའི་ས་བོན་ཏེ་ཤ་ལྔའི་ངོ་བོ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཐར་ཐུག་པ་དེ་བཞིན་གཤེགས་པ་ལྔར་བྱིན་གྱིས་རློབ་བྱེད་ཡིན་པ་དང་། ལྃ་མྃ་པྃ་ཏྃ་བྃ་གྱི་ཡི་གེ་ལྔ་ནི་གཤེགས་མ་ལྔའི་ས་བོན་ཏེ་བདུད་རྩི་ལྔའི་རང་བཞིན་ཤེས་རབ་སྟོང་པ་ཉིད་གཤེགས་མ་ལྔར་བྱིན་གྱིས་རློབ་བྱེད་ཀྱི་ཡི་གེ་ཡིན་པར་གསུངས་ཏེ། ཨིནྡྲ་བྷཱུ་ཏིས་མཛད་པའི་བདེ་མཆོག་བསྡུས་པའི་རྣམ་བཤད་ལས། གོ་རོ་ཙ་ན་མ་ད་ན་འོ་མ་དང་སྦྱར་བ་ནི་ཤ་ལྔ་དང་ལྡན་པའི་རི་ལུར་སྦྱར་བ་དག་ཤེས་རབ་ཀྱི་རང་བཞིན་ཤ་ལྔ་པོ་ལས་གོ་ཀུ་ད་ཧ་ན། དེ་དག་ལ་ལཾ་མཾ་པཾ་ཏཱཾ་ཨཾ་ཞེས་པས་འབྱུང་བ་ལྔ་ཁམས་ཡུམ་དུ་དག་པར་བྱེད། བི་མུ་མ་ར་ཤུ་བདུད་རྩི་ལྔ་སྟེ། བྷྲཱུཾ་ཏཱཾ་ཧྲཱཾ་ཁཾ་ཧཱུཾ། ལས་རིགས་ལྔ་ཡབ་ཡེ་ཤེས་ལྔ་ལྷན་ཅིག་ཏུ་བསྡུས་པས་ཐབས་ཤེས་རབ་བདེ་བ་ཆེན་པོར་སྦྱོར་བ་བདུད་རྩིའི་སྒྲུབ་པ་ཁྱད་པར་དུ་གདམས་པ་ཉིད་དོ། །ཞེས་དང་། པཎྜི་ཏ་ཨ་བ་དྷཱུ་ཏཱི་པ་དཔལ་ལྡན་འགྲོ་བའི་མེ་ལོང་གིས་མཛད་པའི་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཀུན་ལས་བཏུས་པ་ལས། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་གི་ཡི་གེ་རྣམས་ལས་བསྐྱེད་པའི་དེ་བཞིན་གཤེགས་པ་ལྔའི་ངོ་བོར་གྱུར་པར་བསྒོམས་ཏེ། རྟག་པ་དང་རིན་ཆེན་དབང་པོ་དང་འོད་དཔག་མེད་དང་དོན་ཡོད་གྲུབ་པ་དང་མི་བསྐྱོད་པ་རྣམས་ཀྱི་ཐུགས་ཀར་ཕྱག་མཚན་ལ་ཇི་ལྟར་རིགས་པར་ཟླ་བར་ཉི་མ་ལ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ངོ་། །སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ལ་ལཱཾ་མཱཾ་པཱཾ་ཏཱཾ་ཛཿཧཱུཾ་བཾ་ཧོཿཁཾ་རཾ་མོ། །ཞེས་དང་། སློབ་དཔོན་ཤྲཱི་ཕ་ལ་བཛྲས་མཛད་པའི་ཀུན་དུ་བཟང་པོའི་སྒྲུབ་ཐབས་ཀྱི་འགྲེལ་པ་ལས། ལཾ་མཱཾ་པཾ་ཏཱཾ་ཞེས་བྱ་བས་ནི་སྤྱན་ལ་སོགས་པ་བཞིའོ། །བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་བྱ་བས་ནི་རྣམ་པར་སྣང་མཛད་ལ་སོགས་པ་དབྱུང་བར་བྱའོ། །ཞེས་དང་། སློབ་དཔོན་ཀཱ་ཡསྠཱ་བགྲེས་པོས་མཛད་པའི་རབ་ཏུ་གསལ་བའི་ཁ་སྦྱོར་གྱི་རྒྱ་ཆེར་འགྲེལ་བ་ལས། དེའི་ནང་དུ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཡོངས་སུ་གྱུར་པ་ལས་རྣམ་པར་སྣང་མཛད་དང་། རིན་ཆེན་གཙོ་བོ་དང་། འོད་དཔག་ཏུ་མེད་པ་དང་། དོན་ཡོད་གྲུབ་པ་དང་། མི་བསྐྱོད་པ་རྣམས་ཏེ། བི་ར་ཤུ་མ་མུའི་ཡི་གེ་ལྔ་ཡོངས་སུ་གྱུར་པ་ལས་སམ། གོ་ཀུ་ད་ཧ་ན་ལ་སོགས་པ་ཡང་ངོ་། །ཞེས་དང་། སློབ་དཔོན་ནག་པོ་ཞབས་ཀྱིས་མཛད་པའི་འབྱུང་པོ་ཐམས་ཅད་ཀྱི་གཏོར་མའི་ཆོ་ག་ལས། རླུང་དང་མེ་ཡི་དཀྱིལ་འཁོར་ལས། །ཨཱཿལས་བྱུང་བའི་པད་སྣོད་བསམ། །དེར་ནི་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། །གོ་ཀུ་ད་ཧ་ན་ལས་ནི། །སངས་རྒྱས་ལྔ་དང་སེམས་ཅན་ལྔ། །ཟླ་བ་ཉི་མའི་བར་དུ་བསམ། །ཞེས་དང་། དཔལ་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་གཏོར་མའི་ཆོ་ག་ལས། ཀ་པཱ་ལ་དེའི་དབུས་སུ་བདུད་རྩི་ལྔ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་དེ་བཞིན་གཤེགས་པ་ལྔའི་ས་བོན་བྱིན་གྱིས་བརླབ་པར་བསམ་ལ། ཞེས་དང་། ལས་ཀྱི་རྡོ་རྗེ་དང་སློབ་དཔོན་ནག་པོ་བས་སྟོད་སྨད་སོ་སོར་མཛད་པའི་སྒྲོན་མ་བཞིའི་ཊཱི་ཀ་ལས། དེ་བཞིན་གཤེགས་པ་ལྔ་ནི་ཞེས་བྱ་བ་སྨོས་ཏེ། བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། ཞེས་སྙིང་པོའི་འཁོར་ལོ་ལ་གནས་པའི་ས་བོན་རྣམས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་ཤ་ལྔ་བདུད་རྩི་ལྔ་བྱིན་གྱིས་རློབ་པའི་དུས་ན་དེ་ལྟར་སོ་སོར་ཕྱེ་དགོས་པའི་ངེས་པ་ནི་མེད་པར་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་རིགས་ལྔའི་ས་བོན་གྱིས་ཀུན་ལ་བྱིན་གྱིས་རློབ་པར་གསུངས་ཏེ། པཎྜི་ཏ་ཐུབ་པ་དཔལ་བཟང་པོས་མཛད་པའི་རིམ་ལྔའི་དོན་མདོར་བཤད་པ་རྣལ་འབྱོར་པའི་ཡིད་འཕྲོག་ལས། དེའི་དབུས་སུ་བཟའ་བར་བྱ་བ་ཟན་ལ་སོགས་པ་ལ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་ཞེས་པའི་ས་བོན་ཡོངས་སུ་གྱུར་པས་གོ་ཀུ་ལ་སོགས་པ་སྒྲོན་མ་ལྔ་དང་བདུད་རྩི་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་ཨོཾ་ཡིག་གིས་མཚན་པའོ། །ཞེས་དང་། ཨ་བ་དྷཱུ་ཏཱི་པ་གཉིས་མེད་རྡོ་རྗེས་མཛད་པའི་ཀྱེ་རྡོ་རྗེ་སྒྲུབ་ཐབས་ལས། དེའི་སྟེང་དུ་བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ་རིགས་ལྔའི་སངས་རྒྱས་ཀྱི་རང་བཞིན་བདུད་རྩི་ལྔ་དང་ཤ་ལྔ་ཀུན་གོ་གུ་ད་ཧ་ན་དེའི་སྟེང་དུ་ཨོཾ་ཡིག་ལས་ཁ་ཆོད་ཀྱི་ངོ་བོ་དང་། ཨ་ལས་ཟླ་བའི་དཀྱིལ་འཁོར་རོ། །ཞེས་དང་། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས་ལས། དང་པོ་སྦྱར་བར་བྱ་བ་ནི། །ཡཾ་ལས་རླུང་དང་རཾ་ལས་མེ། །དེ་སྟེང་ཨ་ལས་མགོ་གསུམ་དང་། །དེ་ཡི་སྟེང་དུ་ཀ་པཱ་ལ། །བྷྲཱུཾ་ཨཱཾ་ཛྲཱྀཾ་ཁཾ་ཧཱུཾ། དེ་དག་ཡོངས་སུ་གྱུར་པ་ལས། །བཤང་ལ་སོགས་པ་བདུད་རྩི་ལྔ། །དེ་སྟེང་ཡི་གེ་ལྔ་ཉིད་ལས། །གོ་ཀུ་ལ་སོགས་རྣམ་ལྔར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་དག་དཀྱིལ་འཁོར་གྱི་ཕྱོགས་སུ་འགོད་སྟངས་ནི། ཤར་དུ་གོ་ལས་བ་གླང་གི་ཤ་དང་། ལྷོ་རུ་ཀུ་ལས་ཁྱིའི་ཤ་དང་། ནུབ་ཏུ་ད་ལས་རྟའི་ཤ་དང་། བྱང་དུ་ཧ་ལས་གླང་པོ་ཆེའི་ཤ་དང་། དབུས་སུ་ན་ལས་ཤ་ཆེན་རྣམས་དང་། ཡང་བདུད་རྩི་ལྔ་ནི་ཤར་དུ་བི་ལས་དྲི་ཆེན་དང་། ལྷོར་ར་ལས་རཀྟ་དང་། ནུབ་ཏུ་ཤུ་ལས་བྱང་སེམས་དང་། དབུས་སུ་མཱ་ལས་མཱང་ས་དང་། བྱང་དུ་མུ་ལས་དྲི་ཆུ་རྣམས་འགོད་པའི་ལུགས་ཡོད་དེ། དཔལ་ལྡན་གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། སྣོད་གཅིག་ཏུ་གོ་གུ་ད་ཧ་ན་དང༌། བི་ར་ཤུ་མཱ་མུ་བདུད་རྩི་ལྔ་དང་བཅས་པའི་ཤ་དང༌། འོ་མ་དང༌། ཉ་ཤས་ཡང་དག་པར་གང་བར་བྱའོ། །ཞེས་གོ་རིམ་དེ་ལྟར་གསུངས་པའི་ཕྱིར་རོ།།

འོན་ཀྱང་དཔལ་ནག་པོ་ཞབས་ཀྱིས་མཛད་པའི་གཏོར་མའི་ལས་རིམ་ལས། གོ་ལས་ཤར་དུ་བ་གླང་ཤ། །ཀུ་ལས་ལྷོ་རུ་ཁྱི་ཡི་ཤ། །ད་ལས་ནུབ་ཏུ་རྟ་ཡི་ཤ། །ཧ་ལས་བྱང་དུ་གླང་ཆེན་ཤ། །ན་ལས་དབུས་སུ་ཤ་ཆེན་བསམ། །ཞེས་ཤ་ལྔའི་གོ་རིམ་དེ་ལྟར་གསུངས་ཀྱང་བདུད་རྩི་ལྔ་ནི་ཤར་དུ་བི་ལས་དྲི་ཆེན་དང་། ལྷོ་རུ་ཤུ་ལས་བྱང་ཆུབ་སེམས་དང་། ནུབ་ཏུ་ར་ལས་རང་བྱུང་མཚལ་ལམ་རཀྟ་དང་། །བྱང་དུ་མ་ལས་དྲི་ཆུ་དང་། དབུས་སུ་མུ་ལས་སྨན་ཆེན་རྣམས་འགོད་པར་གསུངས་ཏེ། དེ་ཉིད་ལས། བི་ལས་ཤར་དུ་དྲི་ཆེན་བསམ། །ཤུ་ལས་ལྷོ་རུ་བྱང་ཆུབ་སེམས། །ར་ལས་ནུབ་ཏུ་རང་བྱུང་མཚལ། །མ་ལས་བྱང་དུ་དྲི་ཆུ་བསམ། །མུ་ལས་དབུས་སུ་སྨན་ཆེན་བསམ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ནག་པོ་བས། ཤར་དུ་བྷྲཱུཾ་ལ་ལྷོ་རུ་ཨཱཾ། །ནུབ་ཏུ་ཛྲཱྀཾ་ལ་བྱང་དུ་ཁཾ། །དབུས་སུ་ཧཱུཾ་ཡིག་རྣམ་པར་བསམ། །སྟེང་དུ་རྡོ་རྗེ་རྒྱ་གྲམ་བསྒོམ། །ཡཾ་ལས་རླུང་བྱུང་མེ་སྦར་ལ། །ཐོད་པ་དྲོས་པས་བདུད་རྩི་ཁོལ། །རླངས་ལས་འོད་བྱུང་རིགས་ལྔ་བསྐུལ། །ཡེ་ཤེས་བདུད་རྩི་ཕབ་ལ་བསྟིམ། །རྡོ་རྗེ་ཡིག་འབྲུ་བཅས་པ་ཞུ། །འབྲུ་གསུམ་སྔགས་ཀྱིས་བྱིན་གྱིས་བརླབ། །གཉིས་སུ་མེད་པའི་མཆོད་པ་དབུལ། །ཞེས་གསུངས་ལ། དེ་དང་བསྟུན་ནས་ཤར་དུ་བྷྲཱུྃ་ལས་དྲི་ཆེན་དང་། ལྷོར་ཨཱཾ་ལས་རཀྟ་དང་། ནུབ་ཏུ་ཛྲཱིཾ་ལས་བྱང་སེམས་དང་། བྱང་དུ་ཁཾ་ལས་ཤ་ཆེན་གྱི་དྭངས་མ་དང་། དབུས་སུ་ཧཱུྃ་ལས་དྲི་ཆུ་ཞེས་ཟེར་བ་དང་། གཞན་ཡང་ཤར་དུ་བི་ལས་དྲི་ཆེན། དབུས་སུ་མུ་ལས་དྲི་ཆུ། བྱང་དུ་ཤུ་ལས་བྱང་ཆུབ་ཀྱི་སེམས། ནུབ་དུ་མ་ལས་ཀླད་པ། ལྷོར་ར་ལས་རཀྟ། ཟེར་བ་དང་། དབུས་སུ་བྱང་སེམས་མུཾ་ཡིག་སྔོན་པོས་མཚན་པ། ཤར་དུ་དྲི་ཆེན་མཾ་དཀར་པོས་མཚན་པ། ལྷོར་དྲི་ཆུ་མཾ་སེར་པོས་མཚན་པ། ནུབ་ཏུ་རཀྟ་པཾ་དམར་པོས་མཚན་པ། བྱང་དུ་ཤ་ཆེན་གྱི་དྭངས་མ་ཏཱཾ་ལྗང་ཁུས་མཚན་པ་ཟེར་བ་སོགས་ཕ་མའི་རྒྱུད་ཀྱི་འགོད་སྟངས་ཡིན་ཟེར་བ་ལ་སོགས་པ་མི་མཐུན་པ་མཐའ་ཡས་པ་ཡོད་པའི་ཕྱིར་ན་དེ་དག་གི་རྣམ་གཞག་སོགས་ལ་མི་འདྲ་བ་རྣམས་གཞན་ནས་ཤེས་པར་བྱ་ལ། དགྱེས་པ་རྡོ་རྗེའི་རྒྱུད་ཀྱི་དོན་བསྡུས་པ་ལས། ན་སོགས་ག་སོགས་པ་ནི་ཞེས་པ་ནི་བཟའ་བ་དམ་ཚིག་སྟེ། ཐོག་མའི་ཤ་ཞེས་བྱ་བ་ནི། ཁྱིའི་ཤའོ། །ན་ནི་མིའི་ཤའོ། །གོ་ནི་བ་ལང་གི་ཤའོ། །ཧ་ནི་གླང་པོ་ཆེའི་ཤའོ། །མཐར་ཐུག་ཤ་ནི་རྟའི་ཤ་སྟེ། དེ་རྣམས་ཟོས་ན་འགྲུབ་པར་འགྱུར་རོ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་པ་ལ་སོགས་པ་ས་བོན་གྱི་ཡི་གེའི་ངོས་འཛིན་མི་འདྲ་བ་སོགས་མང་ཡང་འདིར་མི་སྤྲོའོ།།

དེ་ཡང་སློབ་དཔོན་རྡོ་རྗེ་བཞད་པའི་མཛད་པའི་དཔལ་བདེ་བ་ཆེན་པོའི་སྒྲུབ་ཐབས་ལས། ཤ་ཁྲག་དྲི་ཆེན་རྡོ་རྗེ་ཆུ། །ལྔ་པ་སེམས་ནི་འབྱུང་བ་སྟེ། །སྔགས་པས་ཆོ་གས་བྱིན་བརླབས་ནས། །ཉིན་གཅིག་བཞིན་དུ་བཟའ་བར་བྱ། །སྦྱང་སྦར་དེ་བཞིན་རྟོགས་བྱས་ལ། །དོགས་པ་མེད་པའི་སེམས་ཀྱིས་ནི། །དེ་བཞིན་གཤེགས་པ་མཉེས་བྱའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །ཧཱུཾ་ཞེས་པས་ནི་ཀུན་དུ་སྦྱར། །ཨཱཿཞེས་པས་ནི་རྟོགས་པར་བྱ། །ཨོཾ་གྱིས་འབར་བར་བསྒོམ་བྱས་པ། །འདི་ནི་དམ་ཚིག་དམ་པའོ། །ཞེས་གསུངས་པ་ལྟར། སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་གྱི་ཡི་གེ་ༀ་ཨཱཿཧཱུཾ་གསུམ་གྱིས་སྐུ་རྣམ་སྣང་དང་། གསུང་སྣང་མཐའ་དང་། ཐུགས་རྡོ་རྗེ་སེམས་དཔའ་བསྐྱེད་པས་བྱིན་གྱིས་བརླབས་པས་སྦྱང་རྟོགས་སྦར་གསུམ་ལེགས་པར་བྱས་ཤིང་། ཡང་དེ་ཉིད་ལས། རྣམ་པ་ཐམས་ཅད་མཆོག་ལྡན་པ། །རང་ལུས་ངག་ཡིད་རྡོ་རྗེ་ཡི། །སྙིང་གར་ཡེ་ཤེས་དམ་ཚིག་སྟེ། །རྡོ་རྗེ་མཆོག་འཛིན་ཅོད་པན་དུའོ། །དམ་ཚིག་རྡོ་རྗེ་ལྕེ་རྩེར་ནི། །ཧཱུཾ་ལས་རྡོ་རྗེར་བསྒོམ་བྱས་ལ། །ཨཱཿདང་ཨོཾ་གྱི་སྦྱོར་བ་ཡིས། །ཟོས་ན་བྱང་ཆུབ་འཐོབ་པར་འགྱུར། །ཞེས་གསུངས་པ་ལྟར། རྣལ་འབྱོར་བ་བདག་རང་གི་སྙིང་ཁར་ཨ་ལས་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་ཡེ་ཤེས་སེམས་དཔའ་རྡོ་རྗེ་མི་བསྐྱོད་པ་སྐུ་མདོག་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་དང་ལྡན་པར་བསྒོམ། སྤྱི་བོར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཨོཾ་ལས་རྣམ་པར་སྣང་མཛད་བྱང་ཆུབ་མཆོག་གི་ཕྱག་རྒྱ་དང་ལྡན་པར་བསྒོམ། ལྕེའི་སྟེང་དུ་པདྨ་ལ་ཨ་ལས་སྣང་བ་མཐའ་ཡས་དམར་པོ་མཉམ་བཞག་གི་ཕྱག་རྒྱ་ཅན་བསྒོམ། དེ་དག་ཟ་བའི་ཚེ་ཡང་གོང་དུ་སྨོས་ཟིན་ལྟར་ལག་པ་གཡོན་པས་མཐེབ་སྲིན་རྩེ་སྤྲད་པས་བླངས་ཏེ་ལྕེ་ཐོག་ཏུ་བཞག། ཧཱུྃ་ལས་ལྕེ་དེ་ཉིད་རྡོ་རྗེ་རྩེ་ལྔ་བའི་རང་བཞིན་དུ་གྱུར་པའི་འོད་ཀྱིས་སྦུ་གུས་མིད་པར་དྲངས་ནས་སེམས་རྟོག་མེད་རོ་མཉམ་ཆེན་པོའི་ངང་ལ་བཞག་སྟེ་རོལ་དགོས་པར་གསུངས་སོ།།

དེ་དག་གི་དོན་རྒྱུད་ལས་གསལ་ཚུལ་ཡོད་དེ། གསང་འདུས་ལས། ལྕེ་ནི་དམ་ཚིག་རྡོ་རྗེ་མཆོག །ཧཱུྃ་ཡིག་རྡོ་རྗེ་ཅན་བསྒོམས་ཏེ། །བདུད་རྩི་ལྔ་ཡི་སྦྱོར་བ་ཡིས། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །ཞེས་དང་། རྒྱུད་མངོན་བརྗོད་བླ་མ་ལས། རྡོ་རྗེ་ཆུ་དང་རྣམ་སྣང་དང་། །སྦྲང་རྩི་མར་དཀར་ལྷན་ཅིག་སྦྱར། །ལྕེ་ཡི་དམ་ཚིག་སྦྱོར་བ་ཡིས། །སྙིང་པོའི་ཡེ་ཤེས་དེ་ཉིད་དོ། །ཞེས་དང་། དགོངས་པ་ལུང་བསྟན་ལས། དམ་ཚིག་རྡོ་རྗེ་ལྕེ་ལ་ནི། །རྡོ་རྗེ་ཅན་གྱིས་ཧཱུྃ་བསམ་ཏེ། །རྣལ་འབྱོར་བས་ནི་བདུད་རྩི་ལྔ། །ཟོས་ན་རྡོ་རྗེ་གསུམ་ཐོབ་འགྱུར། །ཞེས་དང་། དཔལ་གདན་བཞིའི་རྒྱུད་ལས། མཐེ་བོང་སོར་མོ་ས་ཉིད་དེ། །སྲིན་ལག་དག་ནི་རི་རབ་བོ། །བསྲུབས་པའི་སྟོབས་ཀྱིས་བདུད་རྩི་ཡི། །ཆུ་ནི་རྣམ་གསུམ་ཤེས་པར་བྱ། །རྣལ་འབྱོར་མ་ནི་ཐམས་ཅད་ལ། །མཐེ་བོང་ཐོར་འཐུང་སོ་སོར་དབུལ། །དེ་འོག་རང་གི་དངོས་པོ་ཡིས། །བདག་ཉིད་ལ་ནི་བསམ་བྱ་བ། །རྒྱས་པ་ལྔ་ཡི་མཆོད་རྟེན་ནི། །རྣམ་པ་གསུམ་གྱིས་བཀྲུ་བར་བྱ། །ལྕེ་རྩེ་ཐིག་ལེ་སྟེང་དུ་ཡང་། །བློ་དང་ལྡན་པས་གནས་གསུམ་མཆོད། །ལྟོས་ཤིག་ཤིན་ཏུ་མཛེས་པའི་ཆོས། །འདི་ལ་རྟོག་པ་ཡོང་མིན་ཐོང་། །བྲམ་ཟེ་ཁྱི་དང་རྡོལ་པ་གསུམ། །རང་བཞིན་ཅིག་པས་ལྷན་ཅིག་བཟའ། །ཞེས་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། རང་ལྕེ་པད་འདབ་དབུས་མ་རུ། །ཧཱུྃ་བྱུང་རྡོ་རྗེ་དཀར་པོ་དགོད། །ཕྱི་ནང་བདག་ཉིད་ཐམས་ཅད་ཀུན། །འཁོར་ལོ་དེ་ཡིས་རབ་ཚིམ་བྱ། །འཁོར་ལོ་བཞི་ཡི་དབྱེ་བ་ཡིས། །འཁོར་ལོ་མ་ལུས་ཀུན་སྦྱང་བྱ། །དཔའ་བོའི་ལྕེ་ལ་དཔའ་བོ་ནི། །དཔའ་བོའི་དཔའ་བོ་དབུས་སུའོ། །དཔའ་བོའི་ཁ་ལ་དཔའ་བོ་ནི། །མཆོད་པའི་དུས་སུ་མཆོད་པར་བྱ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། གླང་པོ་དག་གི་ཤ་རྣམས་ལ། །ཧཱུྃ་ལྕེའི་དམ་ཚིག་རྡོ་རྗེ་ལ། །རྡོ་རྗེ་ཅན་གྱིས་ཧཱུྃ་དུ་བསྒོམ། །ཡེ་ཤེས་ལྔ་ཡིས་སྦྱོར་བ་ཡིས། །ཟོས་ན་དམ་ཚིག་སྐུ་གསུང་ཐུགས། །རྡོ་རྗེ་ཐོབ་པ་གདོན་མི་ཟ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་གཏེར་ཆེན་མཁས་པའི་དབང་པོ་རཏྣ་གླིང་པའི་ཕུར་བ་ཡང་གསང་བླ་མེད་ཀྱི་ལས་བྱང་ལས། ཁཾ༔ ལྕེ་ཡི་དམ་ཚིག་རྡོ་རྗེ་པདྨོ་ལ༔ རྡོ་རྗེ་སྤྱན་གྱིས་གསལ་བ་ཧཱུྃ་བསྒོམས་ཏེ༔ ཐབས་དང་ཤེས་རབ་འབྲེལ་བའི་ཕྱག་རྒྱ་ཡིས༔ ཕན་དང་ནུས་པར་ལྡན་པའི་སྨན་ལྔ་ལ༔ ཞེས་དང་། གཡོན་པས་མཚན་འཛིན་རྡོ་རྗེའི་ཐལ་མོ་ལ༔ མཐེ་བོང་དང་ནི་སྲིན་ལག་རྩེ་སྦྱར་ཏེ༔ བྲིས་པ་བཞིན་དུ་ཟླ་དཀྱིལ་འབྲུ་ལྔ་བཀོད༔ ལྕེ་ཡི་དམ་ཚིག་རྡོ་རྗེ་པདྨོ་ལ༔ རྡོ་རྗེའི་སྤྱན་གྱིས་གསལ་བར་ཧཱུྃ་བསྒོམས་ཏེ༔ ཟོས་ནས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ༔ ཞེས་གསུངས་པ་དེ་ཡང་རྒྱུད་ཀྱི་དགོངས་པ་རྨ་མེད་པ་སྟེ། ཁོང་གི་གཏེར་ཆོས་དུ་མར་རྒྱུད་ཀྱི་ཚིག་དོན་དམར་རྗེན་དུ་ཐོན་པ་ལ་ཡིད་གཏིང་ནས་དད་པ་ནི་ཡིད་ཆེས་ཚད་མའི་དད་པ་ཡིན་ཕྱིར་རང་ཡང་སྤྲོ་ལ་ཆོས་འདི་ཡང་རྨ་མེད་པར་གོའོ། །ཞར་བྱུང་སོང་ངོ་།།

དེ་ཡང་ཡེ་ཤེས་རྔམ་གློག་ལས་ནི། ཤ་ཆེན་ལ་ནི་ལྕེ་ཨོཾ་དང་ཨོཾ་ཡི་འཕྲོ་འདུ་དང་། གླང་པོའི་ཤ་ལ་ལྕེ་ཧཱུྃ་དང་ཧཱུྃ་གི་འཕྲོ་འདུ་དང་། རྟ་ཤ་ལ་ལྕེ་སྭ་དང་སྭ་ཡི་འཕྲོ་འདུ་དང་། ཁྱི་ཤ་ལ་ལྕེ་ཧཱ་ཡི་འཕྲོ་འདུ་དང་། བ་གླང་གི་ཤ་ལ་ལྕེ་ཨཾ་དང་ཨཾ་ཡི་འཕྲོ་འདུ་ཡིས་སྤྱོད་དགོས་པར་ཡང་གསུངས་སོ།།

གཞན་ཡང་ཀུན་སློང་མི་དགེ་བ་སྲོག་གཅོད་པའི་བསམ་པ་དང་། འདུ་ཤེས་བསད་བྱ་དེ་དང་དེ་ཡིན་པར་དངོས་སུ་འདུ་ཤེས་ཤིང་སྙིང་རྗེ་དང་སྟོང་ཉིད་ཀྱི་ལྟ་བས་མ་ཟིན་པར་སྲོག་གཅོད་པའི་སྦྱོར་བ་དངོས་སུ་བརྩམས་ཤིང་བསད་པའམ་གསོད་དུ་བཅུག་སྟེ་སྲེད་པའི་བློ་ཡིས་ཤ་ཟོས་ན་ནི་སྔགས་ཀྱི་དམ་ཚིག་ཉམས་པར་གསུངས་པ་དང་། སྙིང་རྗེ་ཆེན་པོའི་ཀུན་སློང་གིས་ཉེ་བར་ཟིན་པར་བགྱིས་ཤིང་གནས་ལུགས་ཀྱི་དོན་ངེས་པའི་ལྟ་བས་ཟིན་པའི་སྒོས་མཚན་མའི་རྣམ་རྟོག་སྤངས་ནས་ཟོས་ན་ནི་བསད་ཤ་ཡིན་ཡང་བཟའ་རུང་བ་དང་། གང་ཞིག་བཟའ་བྱའི་ཤ་དེ་ཡང་གཙོ་བོའི་དབང་དུ་བྱས་ན་ཞིང་བཅུའི་བསྟན་དགྲ་མངོན་སྤྱོད་ཀྱི་བསྒྲལ་བ་ལ་སོགས་པའི་ཤ་དགོས་པར་བསྔགས་པ་དང་། རང་གིས་འདུན་པ་བྱས་པ་མ་ཡིན་ན་དངོས་གྲུབ་ཀྱི་ཆེད་དུ་རྣམ་གསུམ་དག་མིན་གྱི་བརྟགས་པ་ཡང་མི་དགོས་པར་གསུངས་ཏེ། དང་པོའི་ཁུངས་ཡོད་པ་གང་ཞིག། གཉིས་པ་དང་། གསུམ་པ་དང་། བཞི་བའི་ཁུངས་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། སྐུ་གསུང་ཐུགས་ཀྱི་རྒྱུད་ལས། དགུན་དང་དེ་བཞིན་སྟོན་གྱི་ཤ། །ཞག་གཅིག་ན་ནི་བཅུད་དང་ལྡན། །དབྱར་དང་དཔྱིད་ཀྱི་ཤ་རྣམས་ཀྱང་། །དྲོད་དང་ལྡན་ན་བཅུད་དང་ལྡན། །རང་བཞིན་ཤི་བའི་ཤ་ཡིན་ཏེ། །འདུན་པ་བྱས་ན་དམ་ཚིག་ཉམས། །ཞེས་དང་། དྲི་མེད་འོད་ལས། འདིར་ཡུལ་གང་ན་འཇིག་རྟེན་པ་རྣམས་ཀྱིས་གང་བཟའ་བ་མ་ཡིན་པ་དང་གང་བཙོང་བ་མ་ཡིན་པ་གོ་ཀུ་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་དང་གཡུལ་དུ་ལས་ངན་པ་འམ་རང་གི་སྐྱོན་གྱིས་ཆོམ་རྐུན་ལ་སོགས་པས་བསད་པ་དེ་དག་ཐམས་ཅད་རྣལ་འབྱོར་པས་བཟའ་བར་དེ་བཞིན་གཤེགས་པས་གསུངས་སོ། །ཞེས་དང་། འཇམ་དཔལ་མཚན་བརྗོད་གྱི་འགྲེལ་བ་དྲི་མ་མེད་པའི་འོད་ལས། རྣལ་འབྱོར་པ་རྣམས་ཤ་མ་བཀག་པ་ནི་ཁ་ན་མ་ཐོ་བ་མེད་པའི་བ་ལང་དང་ཁྱི་ལ་སོགས་པ་རང་གི་ལས་ཀྱིས་ཤི་བ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་གྲུབ་སྟེ། རྡོ་རྗེ་ཕུར་བ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས། རྩང་ཆེན་ཕུག་དང་མཚོན་བསྣུན་ཉིད། །ལྕེབ་དང་མདུན་པ་བཟའ་བར་བྱ། །ཁྲོ་བོ་རྣམ་རྟོག་རྣམ་སྤངས་ཏེ། །སྙིང་རྗེ་ལྡན་པའི་སེམས་ཀྱིས་ནི། །བསད་པའི་ཤ་ནི་བཟའ་བར་བྱ། །སྙིང་རྗེ་མེད་པས་དེ་མི་རུང་། །ཁྲོ་བ་སྤངས་པས་ཤ་རྣམས་བཟའ། །མཚན་མ་རྣམས་ནི་རྟོག་མི་བྱ། །ཞེས་དང་། ཀྱེའི་རྡོ་རྗེའི་རྒྱུད་ལས། རྒྱལ་མཚན་དང་ནི་མཚོན་བསྣུན་ཉིད། །ལན་བདུན་པ་ཡང་བཟའ་བར་བྱ། །འབད་པས་སྙིང་རྗེ་བསྐྱེད་པ་ཡིས། །བསད་པར་བྱ་བར་བརྗོད་པ་ཉིད། །སྙིང་རྗེ་མེད་ན་མི་འགྲུབ་པས། །དེ་ཕྱིར་སྙིང་རྗེ་བསྐྱེད་པ་ཉིད། །ཅེས་དང་། རྡོ་རྗེ་བདུད་རྩིའི་རྒྱུད་ལས། དྲག་ཤུལ་ཤི་བ་རྙེད་ན་ནི། །ཤ་ཆེན་པོ་ཡང་བཟའ་བྱ་སྟེ། །གསལ་ཤིང་བཙུགས་དང་འགགས་པའམ། །གཡུལ་དུ་བསད་པ་གང་དེ་ནི། །ཟབ་ཅིང་བསྟན་པས་ཟ་བྱེད་ན། །ཚེ་དང་ནད་མེད་འཕེལ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་གྲུབ་སྟེ། རྡོ་རྗེ་སྙིང་པོ་རྒྱན་ལས། རྟག་པར་མི་ཕྱོགས་སྨྲ་བ་དང་། །བླ་མ་སྨོད་བྱེད་བརྩོན་པ་ལ། །དམ་ཚིག་ཕྱིར་ནི་ཡོངས་བསྒྲལ་བྱ། །དེ་ཡི་ཤ་ཁྲག་ཀླད་པ་རྣམས། །དྲངས་ཏེ་ཆོས་ཀྱི་སྟོན་མོ་བྱ། །ཞེས་དང་། དཔལ་ཟླ་གསང་ཐིག་ལེ་ལས། རྟག་པར་མི་ཕྱོགས་སྨྲ་བ་དང་། །བླ་མ་སྨོད་རྣམས་བསྒྲལ་བར་བྱ། །ཤ་དང་ཁྲག་དང་ཀླད་པ་རྣམས། །དྲངས་ཏེ་ཚོགས་ཀྱི་མཆོད་པར་བྱ། །ཞེས་དང་། ཀྱེའི་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས། ཐམས་ཅད་གདུག་པ་གཞུག་པ་སྟེ། །ཆོ་གའི་གཙོ་བོས་དགག་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་གྲུབ་སྟེ། གདན་བཞིའི་བཤད་རྒྱུད་ལས། མ་བརྟགས་པ་ཡི་ཤ་དང་ནི། །ཁྲག་གིས་ཀྱང་ནི་དེ་ཉིད་ལས། །གང་གང་དངོས་གྲུབ་འདོད་པ་ཡིས། །དེ་ཡི་རྣམ་པས་ཚིམ་པར་བྱ། །ཞེས་དང་། བདེ་མཆོག་ཉུང་ངུ་ལས། ཙ་རུ་རྟག་ཏུ་བཟའ་བར་བྱ། །སྒྲུབ་པོ་ཤིན་དུ་མཉམ་གཞག་པས། །རིགས་རྣམས་ཀུན་ལ་སྤྱད་པར་བྱ། །བཟའ་མིན་པར་ནི་མི་བརྟག་གོ །ཞེས་དང་། ཡང་དག་པར་སྦྱོར་བའི་རྒྱུད་ལས། བཟའ་དང་བཟའ་མིན་ཅི་སྙེད་པ། །སྨྱོན་པའི་སྦྱོར་བས་བཟའ་བར་བྱ། །ཞེས་དང་། ཀྱེ་རྡོ་རྗེའི་རྒྱུད་ཀྱི་རྒྱལ་པོ་ལས། རྟག་ཏུ་མི་བཟའ་ཡོད་མ་ཡིན། །འདི་ལ་མི་བསམ་ཡོད་མ་ཡིན། །བཟང་ངན་མི་སྨྲ་གང་ཡང་མེད། །ཇི་ལྟར་བདག་ཉིད་དེ་ལྟར་གཞན། །དེ་བཞིན་བདག་ནི་ང་མཆོག་ཉིད། །འདི་ལྟར་སེམས་པའི་རྣལ་འབྱོར་བདག །བཟའ་དང་བཏུང་བ་ལ་སོགས་སྤྱད། །ཞེས་གསུངས་པའི་ཕྱིར་རོ།།

ཞར་བྱུང་གཞན་གྱི་སྨྲ་བ་ལ་དོགས་པ་འགོད་པ།

གསུམ་པ་ཞར་བྱུང་གཞན་གྱི་སྨྲ་བ་ལ་དོགས་པ་འགོད་པར་བྱ་བ་ནི། ཤ་ལྔ་བདུད་རྩི་ལྔ་བསྟེན་པ་གནང་ཡུལ་དེ་གཙང་སྨེ་གཉིས་འཛིན་གྱི་རྣམ་རྟོག་སྤངས་ཟིན་པའི་རྣལ་འབྱོར་བ་ཞིག་དགོས་ཟེར་བ་ལ་དོགས་པ་འགོད་པ་དང་། གསང་སྔགས་ནས་ཤ་སོགས་ཀྱི་རིལ་བུ་ཡུངས་འབྲུ་ཙམ་ལས་ཟ་བར་མ་གནང་ཟེར་བ་ལ་དོགས་པ་འགོད་པ་དང་། འདུལ་བ་ལས་རྣམ་གསུམ་དག་པའི་ཤ་གནང་བ་ནི་ཤའི་ཆེད་དུ་དག་པ་ཞིག་དགོས་ཀྱི་རང་གི་ཆེད་དུ་དག་པས་གོ་མི་ཆོད་ཟེར་བ་ལ་དོགས་པ་འགོད་པ་དང་གསུམ་ལས།

དང་པོ་ལ་ནི་དོགས་པ་འགོད་པ་དངོས་དང་། རྩོད་པ་སྤོང་བ་དང་གཉིས་ལས། དང་པོ་ལ་ཡང་ཕ་རོལ་བོའི་འདོད་པ་འགོད་པ་དང་། དེ་ལ་དོགས་པ་འགོད་པ་གཉིས་ལས། དང་པོ་ནི། ཁ་ཅིག་ན་རེ། ཤ་ལྔ་བདུད་རྩི་ལྔ་བསྟེན་པ་ལ་ནི་རྫས་དེ་དག་གི་རོ་ནུས་བསྒྱུར་ནས་ཤ་ཁྲག་ལ་སོགས་པའི་དྲི་རོ་གཏན་ནས་མེད་པར་བདུད་རྩིར་དངོས་སུ་བྱ་ནུས་པའི་ཚེ་ན་གཟོད་སྤྱོད་རུང་བ་དང་། ཟ་བ་པོ་ལ་ཡང་གཙང་སྨེ་གཉིས་འཛིན་གྱི་རྣམ་རྟོག་གཏན་ནས་མེད་པའི་རྣལ་འབྱོར་བ་འཁོར་འདས་རོ་མཉམ་དུ་རྟོགས་པ་ཞིག་དགོས་ཟེར་རོ།།

གཉིས་པ་དེ་ལ་དོགས་པ་འགོད་པ་ནི། གོང་དུ་རྒྱུད་ལུང་མང་པོ་དྲངས་ཟིན་པས་ཤེས་ཕྱིར་འདིར་སྨྲ་དགོས་དོན་ཆེར་མེད་པ་དང་ཟློས་པར་འགྱུར་མོད་གལ་ཆེ་བ་དང་བླུན་པོ་རང་ལ་ངོ་སྤྲོད་པའི་ཆེད་དུ་ཅུང་ཟད་བརྗོད་པའི་བྱ་ལ་འཇུག་པར་བྱ་ཡི་སྨྲ་བ་ངན་པའི་མུ་ལ་སྟེགས་འཆའ་བ་ཞིིག་ཆེད་དམིགས་ཀྱིས་དགག་པར་འདོད་པ་ནི་མིན་པས་མཉན་འདོད་པ་རྣམས་ཉོན་ཅིག། ཁྱོད་ཀྱི་སྨྲ་བ་དེ་ནི་ཤ་ལྔ་བདུད་རྩི་ལྔ་བསྟེན་པའི་དགོས་པ་མི་ཤེས་ཤིང་བབ་ཅོལ་སྨྲ་བ་ཡིན་པར་དོགས་ཏེ། སྤྱིར་བདུད་རྩིར་བསྒྱུར་ཅེས་པའི་གོ་དོན་དེ་དེ་ལྟར་མ་ཡིན་པ་གང་ཞིག། ཟ་བ་པོ་ཡང་གཙང་སྨེའི་རྣམ་རྟོག་ཞིག་ཟིན་པ་ཞིག་དགོས་པ་ཡང་མི་འཐད་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། བདུད་རྩིར་བྱིན་གྱིས་བརླབས་ཞེས་པ་ནི། སྦྱང་རྟོགས་སྦར་གསུམ་གྱིས་བྱིན་གྱིས་རློབ་པ་ཞེས་པ་ལ་གོ་དགོས་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། རྣལ་འབྱོར་པ་རང་གི་ལག་པ་གཡོན་པའི་མཐིལ་དུ་ཡི་གེ་ཨོཾ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་བསྒོམ། དེའི་སྟེང་དུ་ཨོཾ་དེ་ཉིད་ཡོངས་སུ་གྱུར་པ་ལས་འཁོར་ལོ་རྩིབས་བརྒྱད་པ་དཀར་པོ་ལ་སོགས་པ་བསམ། དེ་ལས་འོད་ཟེར་འཕྲོས་ཏེ་འོག་མིན་གྱི་གནས་ནས་སྐུའི་རྡོ་རྗེ་རྣམ་པར་སྣང་མཛད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཤ་ལྔ་སོགས་ལ་བསྟིམས་ཏེ་བཟའ་བ་ལ་སོགས་པ་བྱིན་གྱིས་རློབ་ཅིང་མི་གཙང་བའི་སྐྱོན་གྱི་དྲི་མ་བསལ་ནས། བྱང་ཆུབ་ཀྱི་སེམས་ཀྱི་བདུད་རྩིའི་རང་བཞིན་དུ་གྱུར་བར་བསམ་པ་ནི་ཨོཾ་གྱིས་སྦྱང་བའི་དོན་དང་། རྣལ་འབྱོར་པ་རང་གི་ལག་པ་གཡས་པའི་མཐིལ་དུ་ཨཱཿ་དམར་པོ་ཡོངས་སུ་གྱུར་པ་ལས་ཉི་མའི་དཀྱིལ་འཁོར་བསྒོམ། དེའི་སྟེང་དུ་ཡི་གེ་ཨཱཿདེ་ཉིད་ཡོངས་སུ་གྱུར་པ་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ལ་སོགས་པ་བསམ། དེ་ལས་འོད་ཟེར་འཕྲོས་ནས་གསུང་རྡོ་རྗེ་འོད་དཔག་མེད་ཀྱི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཤ་ལྔ་ལ་སོགས་པ་རྣམས་མང་པོར་བྱིན་གྱིས་རློབ་པར་མཛད་ནས་བདུད་རྩིའི་རོ་དང་ལྡན་པར་རྟོགས་ཤིང་ཁོང་དུ་ཆུད་པར་བསམ་པ་ནི་ཡི་གེ་ཨཱཿས་སྤེལ་བའམ་རྟོགས་པའི་དོན་དང་། རྣལ་འབྱོར་བའི་ཐལ་མོ་གཉིས་ཁ་སྦུབ་པའི་ལག་པ་གཉིས་ཀྱི་མཐིལ་དུ་ཡི་གེ་ཧཱུཾ་མཐིང་གའམ་ནག་པོ་ཡོངས་སུ་གྱུར་པ་ལས་སྒྲ་གཅན་གྱི་དཀྱིལ་འཁོར་བསྒོམ། དེའི་སྟེང་དུ་ཡི་གེ་ཧཱུྃ་དེ་ཉིད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ལ་སོགས་པ་བསམ། དེ་ལས་འོད་ཟེར་བྱུང་སྟེ་ཐུགས་རྡོ་རྗེ་མི་བསྐྱོད་པའི་ཆ་ལུགས་འཛིན་པ་དཔག་ཏུ་མེད་པ་སྤྱན་དྲངས་ཤིང་། དེ་རྣམས་ཀྱིས་ཀྱང་ཤ་ལྔ་ལ་སོགས་པ་རྣམས་འབར་ཞིང་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབ་པར་བསམ་པ་ནི་ཧཱུྃ་གིས་མང་པོར་སྦར་བར་བྱ་ཞེས་པའི་དོན་དང་། དེ་ལྟར་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱིས་བྱིན་གྱིས་བརླབས་ཤིང་། རྣལ་འབྱོར་བའི་ལག་པ་ནམ་མཁའ་ལྡིང་གི་ཕྱག་རྒྱ་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས་དེ་ལ་ཡི་གེ་ཧོ་ལྗང་ཁུ་ཡོངས་སུ་གྱུར་པ་ལས་ཁ་དོག་སྣ་ཚོགས་པའི་དཀྱིལ་འཁོར་ཟླུམ་པོ་དང་། དེའི་སྟེང་དུ་ཧོ་ཡིག་དེ་ཉིད་ཡོངས་སུ་གྱུར་པ་ལས་རྡོ་རྗེ་དང་དྲིལ་བུ་བསམ། དེ་ལས་འོད་བྱུང་སྟེ་འོག་མིན་ནས་རྡོ་རྗེ་སེམས་དཔའི་ཆ་ལུགས་འཛིན་པ་ལ་སོགས་པ་ཡེ་ཤེས་ཀྱི་ལྷ་དཔག་ཏུ་མེད་པ་སྤྱན་དྲངས་ཤིང་། དེ་རྣམས་ཀྱིས་ཡང་བཟའ་བ་ལ་སོགས་པ་བདུད་རྩིའི་རང་བཞིན་དུ་བྱིན་གྱིས་རློབ་པར་མཛད་པར་བསམ་པ་དེ་བདུད་རྩིར་བསྒྱུར་པའི་དོན་ཡིན་པའི་ཕྱིར། གྲུབ་སྟེ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། ཨ་མྲྀ་ཏ་ཡི་རྒྱུ་ཉིད་ནི། །བྱང་ཆུབ་སེམས་དང་ཤ་ཆེན་དང་། །དྲི་ཆུ་དྲི་ཆེན་མཱང་སར་བཅས། །པད་མ་རཀྟ་ལ་སོགས་དང་། །གཞན་ཡང་དོན་ཡོད་སྣ་ཚོགས་རྣམས། །དབྱེའམ་ཡང་ན་མི་དབྱེ་བར། །བདུད་རྩི་ཉིད་དུ་བྱིན་གྱིས་བརླབ། །རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་སྨེ་མེད་པར་དག་པར་བྱ། །དབྱིངས་སུ་ཡང་ནི་བསྟིམ་པར་བྱ། །ཕྱག་རྒྱ་འོད་ཟེར་འབར་བར་བསྒོམ། །ཞེས་དང་། དཔལ་གདན་བཞིའི་རྒྱུད་ལས། ལྷ་གསུམ་དུ་ནི་བསམ་པར་བྱ། །པདྨའི་དབང་ཕྱུག་གཟུགས་མཛེས་གསེར་གྱི་མདོག །དྲི་ཆུའི་ངོ་བོ་ཤིན་ཏུ་རྣམ་སྣང་མཛད། །མྱང་བ་རྡོ་རྗེའི་དབང་ཕྱུག་ཕྱག་རྡོ་རྗེ། །ལྷ་གསུམ་དབང་ཕྱུག་ཏུ་ནི་བསྒོམ་པར་བྱ། །གཡོན་པ་ཟླ་བའི་ལག་པ་ཡི། །ཟླ་བའི་དབུས་སུ་བདུད་རྩི་ཡི། །ཡི་གེ་ཀུན་རིག་གུག་བསྐྱེད་བཅས། །ཞེས་དང་། ཡང་དག་པར་སྦྱོར་བའི་རྒྱུད་ལས། པད་མའི་དབང་ཕྱུག་གཟུགས་གསེར་མདོག །གཟི་བརྗིད་དྲི་ཆུ་རྣམ་སྣང་དང་། །རྡོ་རྗེའི་དབང་ཕྱུག་མྱང་བ་ནི། །ལག་ན་རྡོ་རྗེ་ལྷ་གསུམ་དག །རྣམ་པ་གསུམ་དུ་ཤེས་པར་བྱ། །འདིར་ནི་ཆོས་རྣམས་བཟང་པོ་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་ཅིག་པ་ཉིད་དུ་ཟོ། །ཞེས་དང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ལྟེ་བའི་རི་བོང་འཛིན་དཀར་དང་། །རྟ་མགྲིན་མཆོག་དང་ལྡན་པ་དང་། །ཧཱུྃ་གིས་རྡོ་རྗེ་དཀར་ལེགས་སྤྱད། །ཨཱཿཡིས་རབ་ཏུ་རྟོགས་བྱས་ཤིང་། །ཨོཾ་ཀྱི་འོད་ཀྱིས་འབར་འགྱུར་བར། །བྱིན་གྱིས་བརླབས་ནས་མངོན་པར་བཟའ། །ཞེས་དང་། བྱང་སེམས་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེའི་བསྡུས་དོན་གྱི་རྒྱ་ཆེར་འགྲེལ་ལས། ཕྱིའི་བཟའ་བ་དང་བཏུང་བ་རྣམས་སྦྱང་བ་དང་རྟོགས་པ་དང་། སྦར་བ་དང་བདུད་རྩིར་བྱས་ཏེ་ཟོས་ལ། ཞེས་དང་། སློབ་དཔོན་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་རྣམ་བཤད་ལས། གསང་བ་གསུམ་ཞེས་པ་ནི་ཧཱུཾ་གིས་སྦྱང་བ་དང་། ཨཾ་གིས་རྟོགས་པར་བྱ་བ་དང་། ཨོཾ་གྱིས་འབར་བར་བསྒོམ་པའོ། །ཞེས་དང་། རྒྱལ་པོ་སེང་གེའི་གདོང་ཅན་ཁྱབ་འཇུག་སྦས་པས་སྦྱར་བའི་རྡོ་རྗེ་ཕག་མོ་སྒྲུབ་པའི་ཐབས་ལས། ཨོཾ་གྱིས་སྦྱང་བའོ། །ཨཿཡིས་རྟོགས་པའོ། །ཧཱུཾ་གིས་གཟི་བརྗིད་བསྐྱེད་པའོ། །ཧོ་ཡིས་བདུད་རྩིར་བྱའོ། །ཧཾ་ཡིག་གིས་དགུག་གོ། །ཀྵ་ཡིག་གིས་གཤེགས་སུ་གསོལ་བའོ། །ལག་པ་གཡོན་པས་ནི་སྦྱང་བའོ། །གཡས་ཀྱིས་ནི་རྟོགས་པར་བྱའོ། །ཐལ་མོ་གཤིབས་ཏེ་བརྐྱང་བས་དོན་ནི་གཟི་བརྗིད་བསྐྱེད་དོ། །ནམ་མཁའ་ལྡིང་གི་ཕྱག་རྒྱས་ནི་བདུད་རྩིར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་རྣལ་འབྱོར་བའི་ཏིང་ངེ་འཛིན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་ཡིན་པས་བདུད་རྩིར་བསྒྱུར་པ་ཞེས་རོ་མངར་ཞིང་ཞིམ་པ་ཞིག་ཏུ་བསྒྱུར་བའང་ཡོད་སྲིད་མོད། བདུད་རྩིར་བྱིན་གྱིས་རློབ་པའི་དོན་ནི་དེ་ལྟར་ལྷའི་བྱིན་གྱིས་བརླབས་ཤིང་ལྷའི་ངོ་བོར་བསྒོམས་ཏེ་རྒྱལ་བ་རིགས་ལྔ་སོགས་ཀྱི་ངོ་བོའི་དག་པ་དྲན་པར་བྱེད་པ་དང་། དེ་ཡང་དམིགས་མེད་ཀྱི་ཡེ་ཤེས་ཀྱི་རྒྱས་ཐེབས་པ་ལ་གོ་བ་ཡིན་ཏེ། བདུད་རྩི་སྦྱོར་བའི་ཐབས་བསྟན་པ་ལས། རང་བཞིན་ཡེ་ནས་དག་པའི་རྫས། །མཉམ་པའི་དབྱིངས་སུ་རབ་རྟོགས་ན། །གཉིས་མེད་དོན་གྱིས་ཟིན་པ་ཡིན། །ཇི་ལྟར་དམིགས་པ་བཞིན་དུ་འགྲུབ། །དངོས་དང་དངོས་མེད་རྟོག་པའི་མཚན། །གཙང་དང་མི་གཙང་རྟོག་པའི་མཚན། །མཁས་པས་དབུས་ལ་གནས་མི་འགྱུར། །ཡེ་ཤེས་སྐུ་ལྔ་བསྟན་པའི་ཕྱིར། །བྱང་ཆུབ་སེམས་ནི་དཀར་བས་ན། །དྲི་མེད་དཀར་བས་ཡེ་ཤེས་སྐུའོ། །རཀྟ་ཆགས་མེད་དམར་བས་ན། །ཆགས་མེད་རྣམ་དག་ཆོས་ཀྱི་སྐུའོ། །མང་ས་ཡིད་བཞིན་རིན་ཆེན་སྔོ། །སྣ་ཚོགས་འབྱུང་གནས་མཉམ་ཉིད་སྐུའོ། །རིན་ཆེན་གསེར་མདོག་སྣང་མཛད་དེ། །མངོན་འབྱུང་སྤྲུལ་པ་ཆོས་ཀྱི་སྐུའོ། །དྲི་ཆུ་དག་བྱེད་ལྗང་གུའི་མདོག ། ཀུན་དུ་དོན་གྲུབ་ལས་རབ་སྐུའོ། །སྐུ་ལྔ་ལྷུན་གྲུབ་བདུད་རྩི་འདི། །སོ་སོའི་ལུས་ལ་གནས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དྲི་རོ་བསྒྱུར་ནས་བདུད་རྩི་ཞེས་པ་བུ་རམ་དང་སྦྲང་རྩིའི་རོ་ལྟ་བུ་མངར་ལ་ཞིམ་པ་ཞིག་ཏུ་བྱས་པ་ནི་མིན་མཆི་ལ། གལ་ཏེ་དེ་ལྟར་ཡིན་ན་ནི་རྣལ་འབྱོར་བ་མིན་ཡང་མི་ཕལ་བ་སོགས་སུས་ཀྱང་སྤྱོད་ནུས་པ་དང་། སྤྱོད་རུང་བ་དང་། ད་དུང་གཙང་ངོ་། །མངར་རོ། །ཞིམ་མོ་སྙམ་པའི་གཙང་སྨེ་གཉིས་ལས་གཙང་བའི་རྟོག་པ་བསྐྱེད་པ་ལས་དེ་ཞི་བའི་ཐབས་སུ་འགྱུར་བར་མ་ངེས་ཏེ། ཆོས་ཉིད་ཀྱི་དོན་ཉམས་སུ་ལེན་པའི་རྟོགས་པའི་ཤུགས་མི་ཆེ་ན་རོ་ལ་སྲེད་པའི་རྣམ་རྟོག་འབྱུང་སླ་བ་གནས་ཡིན་པའི་ཕྱིར། དེ་ཕྱིར་ཡོན་ཏན་འོད་ཀྱིས་མཛད་པའི་མདོ་རྩའི་འགྲེལ་ཆུང་ལས། ཁ་ཟས་ཟོས་ན་སྨེ་བ་དང་མི་གཙང་བར་གྱུར་པར་བསམ་ཏེ་མི་ཆགས་པར་བཟའ། ཞེས་གསུངས་པ་ལྟར་འདུལ་བ་ལས་ནི་ཁ་ཟས་གང་ལ་ཡང་གཙང་སྨེ་མེད་པར་བཟའ་བ་མ་ཡིན་པར་ཁ་ཟས་ལ་ཆགས་པ་སྤོང་ཕྱིར་གཙང་བ་དང་ཞིམ་པར་མཐོང་བཞིན་འདུ་ཤེས་བསྒྱུར་ཏེ་སྨེ་བ་དང་མི་གཙང་བར་ལྟས་ཏེ་བཟའ་བ་ཡིན་ནའང་། སྔགས་ལས་དེ་ལྟར་མི་གཙང་བའི་འདུ་ཤེས་བཞག་སྟེ་བཟའ་བ་མ་ཡིན་པར་གཙང་སྨེ་གཉིས་སུ་མཐོང་ཡང་འདུ་ཤེས་བསྒྱུར་ཏེ་གཙང་སྨེ་མེད་པར་བསམ་ཏེ་བཟའ་བ་ཡིན་ཏེ། པཎྜི་ཏ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་གསང་བ་འདུས་པའི་འགྲེལ་བ་ལས། ཟས་སུ་བཤང་གཅི་ཞེས་པ་ནི་གང་གི་མཆོད་པའོ། །ཟས་སུ་ཤ་རྣམས་ཞེས་པ་ནི་གཙང་སྨེའི་རྟོག་པ་གཞོམ་པའམ། དེ་རྣམས་ལ་ཁྱད་པར་གྱི་ཡོན་ཏན་ཡོད་པའི་ཕྱིར་རོ། །ཞེས་དང་། སློབ་དཔོན་ཛྙཱ་ན་ཤྲཱིས་མཛད་པའི་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་ལས། དངོས་པོར་འཛིན་པའི་སྤྱོད་པ་ནི། །ཤ་ལྔ་དང་ནི་བདུད་རྩི་ལྔ། །རྣམ་རྟོག་སྤང་ཕྱིར་ཅི་རིགས་བསྟེན། །ཞེས་བརྗོད་པ་སྟེ། འདི་ནི་གཙང་བའོ། །འདི་ནི་མི་གཙང་བའོ་ཞེས་རྟོག་པ་ཉིད་འཆིང་བ་ཡིན་པའི་ཕྱིར་སྡིག་པ་མེད་པའི་ཤ་ཤིན་ཏུ་སྨད་པ་མི་དང་། རྟ་དང་། བ་ལང་དང་། ཁྱི་དང་། གླང་པོ་ཆེ་དག་དང་། ཐབས་ཀྱིས་ཟིན་པར་སྤྱོད་པ་དག་གིས་འཆི་བ་ཟློག་པའི་བདུད་རྩི་ཁུ་བ་དང་། ཁྲག་དང་། བཤང་བ་དང་། གཅི་བ་དང་། མིའི་ཤ་དག་ཅི་རིགས་པའི་ཚུལ་གྱིས་སྟོང་པར་བསམ་ཞིང་། ཡང་དེ་དག་ཉིད་ལྷའི་བདུད་རྩི་ལྟར་བསམས་ནས། ཆགས་པ་མེད་པར་སྤྱད་ན་རིམ་གྱིས་མི་གཙང་བ་དང་། གཙང་བའི་རྣམ་པར་རྟོག་པ་མི་འབྱུང་ལ། དེའི་ཚེ་ཆོས་ཐམས་ཅད་ལ་ཐ་དད་པའི་རྟོག་པ་འབྱུང་བ་རྫུན་ཡིན་པར་ངེས་པའི་ཤེས་པ་འབྱུང་བ་དང་། མི་མ་ཡིན་པ་ཁ་ཅིག་དེ་ཉིད་ཀྱིས་དེ་ལ་ཡོངས་སུ་དགའ་བ་འབྱུང་ཞིང་ཆོས་བཞིན་དུ་སྐྱོབ་པ་དང་དེའི་གདམས་ངག་འཛིན་པར་འགྱུར་བ་ཡོད་དོ། །ཤ་ལྔ་བདུད་རྩི་ལྔ་ནི་མཚོན་པ་སྟེ། ཡུལ་གང་ན་ཤ་ལ་སོགས་པ་མི་གཙང་བར་འཛིན་པ་དེ་དང་དེ་ཉིད་ལ་མ་ཆགས་པར་སྤྱོད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གོང་གི་རྩ་བའི་རྟགས་ཟུར་གཉིས་པ་མ་གྲུབ་ན། ཤ་ལྔ་སོགས་ཆོས་ཅན། གཙང་སྨེ་གཉིས་འཛིན་ཅན་གྱི་གདུལ་བྱ་ལ་དེ་ཞི་བའི་ཐབས་སུ་བསྟེན་དགོས་པར་བསྟན་པ་མ་ཡིན་པར་ཐལ། དེ་གཙང་སྨེ་གཉིས་རྟོག་ཞི་ཟིན་པའི་གང་ཟག་གིས་བསྟེན་དགོས་པར་བསྟན་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ཀྱང་མི་ནུས་ཏེ། ཤ་ལྔ་སོགས་བསྟེན་པ་དེ་གཙང་སྨེའི་རྣམ་རྟོག་མ་ཞིག་པའི་གང་ཟག་གིས་བསྟེན་དགོས་པ་ཡིན་པའི་ཕྱིར། དེ་ཡིན་པར་ཐལ། ཤ་ལྔ་བདུད་རྩི་ལྔ་དེ་གཙང་སྨེ་གཉིས་འཛིན་ཅན་ལ་དེ་ཞི་བའི་ཐབས་སུ་བསྟེན་དགོས་པ་ལས་གཉིས་འཛིན་དང་བྲལ་ཟིན་ན་དེ་དག་བསྟེན་པ་ལ་དགོས་པ་ཏིལ་ཙམ་མ་མཆིས་པ་ཡིན་པའི་ཕྱིར། དེ་ཡིན་ཏེ། དཔེར་ན་གཟིངས་ནི་ཆུ་བོ་ལ་བརྒལ་བྱེད་ཡིན་པས་ཆུ་ལས་བརྒལ་ཟིན་ན་གཟིངས་མི་དགོས་ལ། ཆུ་ལས་བརྒལ་ཟིན་ནས་ད་དུང་གཟིངས་མཁོ་བར་བཟུང་སྟེ་གྲུ་གཟིངས་ཁུར་ནས་རི་ལ་འཛེག་པ་ནི་གླེན་པའི་ངང་ཚུལ་ལས་མ་འདས་པ་ཡིན་པ་བཞིན་དུ་ཤ་ལྔ་སོགས་བསྟེན་པ་ནི་རྣམ་རྟོག་གི་ཆུ་བོ་ལས་བརྒལ་བྱེད་ཡིན་པས་རྣམ་རྟོག་གི་ཆུ་ལས་བརྒལ་ཟིན་ན་སླར་བརྒལ་བྱེད་འཚོལ་མི་དགོས་པ་ཡིན་པའི་ཕྱིར། དེ་ལྟར་གྲུབ་སྟེ། དཔལ་ཡང་དག་སྦྱོར་བ་ལས། གོང་དུ་བཤང་གཅི་ཁྲག་དང་ནི། །ཉ་དང་ཤ་ཡི་སྦྱིན་སྲེག་ནི། །ལྷ་ནི་ཁྱོད་ཀྱིས་གསུངས་པ་ཉིད། །ཇི་ལྟར་ཡེ་ཤེས་སེམས་དཔའ་ལ། །མི་གཙང་བས་ནི་ཁ་བཀང་ན། །སྡིག་པ་ཇི་ལྟར་སྐྱེ་མི་འགྱུར་། །གལ་ཏེ་སྡིག་ལས་ཇི་ལྟར་འབྲས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །མི་ཤེས་རྨོངས་པའི་སེམས་ཅན་གང་། །ཡེ་ཤེས་ཐབས་ནི་རྣམ་པར་སྤངས། །ཕྱི་རོལ་དངོས་པོར་མངོན་ཞེན་པས། །རྟོག་པའི་དྲ་བས་དྲ་བར་བྱས། །དེ་ཡི་སྡིག་དང་བསོད་ནམས་ཀྱི། །ཆ་གཉིས་རྣམ་པར་རྟོག་པ་སྟེ། །འདི་རྣམས་ཆོས་ནི་རང་བཞིན་དག །མ་སྐྱེས་པ་དང་གནས་མེད་ཅིང་། །སེམས་ཅན་ཡེ་ཤེས་འཕེལ་བའི་ཕྱིར། །དོན་དམ་ལས་ནི་བསོད་ནམས་ཉིད། །ཐབས་ནི་སངས་རྒྱས་རྣམས་ཀྱིས་བསྟན། །སྐྱེ་བ་དང་ནི་སྤངས་མེད་ན། །བསོད་ནམས་མིན་ལ་སུ་ཞིག་ཞེན། །དཔེར་ན་སེམས་ཅན་ཕ་རོལ་འགྲོ། །ཆུ་ཀླུང་ཆུ་ཡི་གང་བ་དང་། །ཤིང་དང་རྩྭ་ནི་བསྡུས་ནས་ནི། །ཆུ་ལ་གཟིངས་ནི་བྱས་ནས་སུ། །དེ་ལ་འཇུས་ནས་བརྒལ་ནས་ཀྱང། །སྤངས་ནས་བདེ་བར་འགྲོ་བར་འགྱུར། །དེ་ལྟར་འཁོར་བའི་ཕ་རོལ་དུ། །ཆོས་དང་ཆོས་མིན་ཞོན་ནས་ནི། །བདེ་བས་བྱང་ཆུབ་འཐོབ་པར་འགྱུར། །ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲ་བ་ནི། །སྤངས་ནས་ཟབ་མོའི་ཆོས་ནི་འཕེལ། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་སྒྱུ་འཕྲུལ་དྲྭ་བ་ལས། བཤང་གཅི་ཁྲག་རྐང་རུས་པ་དང་། །ཤ་ཆེན་དག་ཀྱང་སྦྱིན་སྲེག་བྱ། །ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ། །མི་གཙང་བ་ཡིས་བཀང་ན་གོ །ཇི་ལྟར་སྡིག་པ་མི་སྐྱེ་འགྱུར། །གལ་ཏེ་སྡིག་འགྱུར་འབྲས་བུ་གང་། །སེམས་ཅན་མི་ཤེས་པས་རྨོངས་ཏེ། །ཐམས་ཅད་ཤེས་རབ་རྣམ་སྤངས་ཤིང་། །ཕྱི་རོལ་དངོས་ལ་མངོན་ཞེན་པ། །རྣམ་རྟོག་དྲ་བས་བླུན་བྱས་གང་། །དེ་དག་གིས་ནི་དགེ་སྡིག་གི །ཕུང་པོ་གཉིས་སུ་རྣམ་པར་བརྟགས། །ཆོས་འདི་རང་བཞིན་གྱིས་དག་སྟེ། །སྐྱེ་བ་མེད་ཅིང་གནས་མེད་པ། །སེམས་ཅན་ཤེས་པ་སྤེལ་བའི་ཕྱིར། །སངས་རྒྱས་རྣམས་ཀྱི་ཐབས་ཀྱིས་བསྟན། །དམ་པའི་དོན་དུ་དགེ་སྤངས་ན། །བསོད་ནམས་མེད་པ་ཅི་ཞིག་སྨོས། །དཔེར་ན་ཆུས་གང་ཆུ་ཀླུང་གི །ཕ་རོལ་འགྲོ་བའི་སེམས་ཅན་དག །རྩྭ་དང་ཤིང་ལ་སོགས་བསྡུས་ཏེ། །ཆུ་ལས་བརྒལ་བའི་གཟིངས་བྱས་ན། །དེ་ལ་འཇུས་ཏེ་ལེགས་བརྒལ་ནས། །བོར་ཏེ་བདེ་བར་འགྲོ་བ་ལྟར། །དེ་བཞིན་འཁོར་བའི་ཕ་རོལ་གྱི། །ཆོས་ཀྱི་ལམ་ནི་བསྐྱེད་བྱས་ཀྱང་། །ཆོས་དང་ཆོས་མིན་རྣམ་སྤངས་ནས། །བྱང་ཆུབ་བདེ་བ་ཐོབ་པ་བཞིན། །དེ་ཕྱིར་རྣམ་རྟོག་དང་སྤོངས་ལ། །ཟབ་མོ་ཡི་ནི་ཆོས་སྤེལ་ཏེ། །དེ་བཞིན་གཤེགས་པས་གསུངས་ལམ་ལ། །སྔགས་རིག་རྣམ་རྟོག་མ་བྱེད་ཅིག །ཅེས་གསུངས་པ་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། སྟོང་པ་ཆེན་པོའི་ཡི་གེ་སྟེ། །རྡོ་རྗེ་སེམས་དཔའ་གཞིག་ཏུ་མེད། །དག་པ་ཡི་ནི་ཤེལ་ལྟ་བུར། །རྫས་འདི་རྣམས་ནི་བཟའ་བ་ཡིན། །རྣལ་འབྱོར་འདི་རྣམས་མཆོག་ཡིན་ཏེ། །རྣལ་འབྱོར་ཀུན་ལས་མཆོག་ཏུ་འཕགས། །ཁྱོད་ལ་མདོར་བསྡུས་པར་ནི་བཤད། །བཟའ་བ་རྣམས་ནི་ཡང་དག་བརྗོད། །གང་གི་རིགས་པས་ཐམས་ཅད་བཟའ། །དངོས་པོ་རོ་མཉམ་བསྲེས་ནས་ནི། །དག་དང་མ་དག་མི་བྱེད་པར། །དེ་བཞིན་ཉིད་རྣམས་ཐམས་ཅད་དང་། །བཟའ་བ་ཐམས་ཅད་བཟའ་བར་བྱ། །དེ་ཉིད་བཅུ་ཡིས་རབ་དབྱེ་བས། །གཟུང་དང་འཛིན་པ་རྣམ་པར་གྲོལ། །སྦྱིན་པའི་སྙིང་པོ་སྦྱིན་པར་བྱ། །སེམས་ཀྱིས་རྣལ་འབྱོར་རྫོགས་ནས་ནི། །ཐམས་ཅད་རྩྭ་སོགས་བཞིན་དུ་བཏང་། །སངས་རྒྱས་རྣམས་ཀྱི་ཚུལ་ཁྲིམས་གྱུར། །ཞེས་གསུངས་པ་དང་། རྡོ་རྗེ་མཁའ་འགྲོ་ལས། རྣལ་མའི་སྦྱོར་བ་རྟོགས་གྱུར་པས། །བཅོས་མ་དག་ནི་མི་བྱའོ། །དཔེར་ན་གཟིངས་ལ་འཇུས་ནས་ནི། །ཆུ་བོའི་ཕ་རོལ་འགྲོ་བར་བྱེད། །ཕ་རོལ་ཕྱིན་ནས་དོར་བ་ལྟར། །བཅོས་མ་དག་ཀྱང་དེ་བཞིན་ནོ། །དཀྱིལ་འཁོར་ལ་སོགས་ལས་གང་ནི། །བཅོས་མའི་སེམས་ཀྱིས་གང་བྱེད་པ། །ཕྱི་རོལ་ལས་རྣམས་གསལ་བྱེད་པས། །དང་པོའི་ལས་ཅན་རྣམས་ལ་བསྔགས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

གཞན་ཡང་ཤ་ལྔ་སོགས་ཆོས་ཅན། རྣམ་རྟོག་ཞིག་ཟིན་གྱི་བསྟེན་བྱ་ཡིན་པར་མི་འཐད་པར་ཐལ། རྣམ་རྟོག་མ་ཞིག་པའི་གང་ཟག་གི་བསྟེན་བྱ་ཡིན་པའི་ཕྱིར། དེ་ཡིན་ཏེ།གཙང་སྨེའི་རྣམ་རྟོག་ཅན་ལ་དེ་བཟློག་པའི་ཐབས་སུ་གསུངས་པ་ཡིན་པའི་ཕྱིར། གྲུབ་སྟེ། དེ་དག་བསྟེན་པའི་དགོས་པ་ཐ་མལ་བའི་རྟོག་པ་བཟློག་པའི་ཆེད་ཡིན་པ་གང་ཞིག། བཟློག་བྱ་མེད་ན་ཟློག་བྱེད་མི་དགོས་པ་བཤད་མ་ཐག་པ་བཞིན་ཡིན་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། དེ་ལྟར་ཡིན་པ་རྒྱུད་ཀྱི་དགོངས་པ་ཡིན་པའི་ཕྱིར། གྲུབ་སྟེ། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། ཁྲག་དང་ཁུ་བ་དེ་བཞིན་ཤ། །དྲི་ཆེན་དྲི་ཆུ་ལྔ་པོ་དག །རྣམ་རྟོག་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །ཞེས་དང་། བདུད་རྩི་ལྔ་ནི་རྣམ་བརྗོད་པ། །འཆི་མེད་དངོས་པོ་མེད་པའོ། །རྟོག་པ་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །ཞེས་དང་། གསང་བ་སྙིང་པོ་ལས། མི་དམིགས་པ་ཉིད་སྣ་ཚོགས་སྣང་། །དེ་བཞིན་གཤེགས་པར་ཡེ་ནས་མཉམ། །དེ་བས་གཙང་སྨེ་མེད་པར་སྤྱོད། །སེམས་ཅན་རྟོག་པ་བཟློག་ཕྱིར་སྨན། །གཙོ་རུ་དང་དུ་བླང་བར་བྱ། །ཞེས་དང་། བདུད་རྩི་བམ་ཆེན་ནམ་བདུད་རྩི་སྦྱོར་བའི་ཐབས་བསྟན་པ་ལས། དྲི་ཆེན་དྲི་ཆུ་རཀྟ་དང་། །མང་ས་སེམས་ཆུ་འདི་རྣམས་ཀུན། །སེམས་ཅན་རྟོག་པ་བཟློག་པའི་ཕྱིར། །གཙོ་རུ་དང་དུ་བླང་བར་བྱའོ། །གཙང་སྨེ་མེད་པར་ཀུན་གྱིས་སྤྱོད། །ཞེས་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ལ། །གཙང་དང་སྨེ་བའི་བློ་མི་འཛིན། །ཐམས་ཅད་ཆོས་ཉིད་རོ་གཅིག་པས། །གཉིས་མེད་པས་ནི་ཤིན་ཏུ་བདེ། ། ཞེས་དང་། ཕུར་བ་འཕྲིན་ལས་ཀྱི་རྒྱུད་ལས། བདུད་རྩི་ལྔ་ཡང་རྟོག་མེད་བཟའ། །ཤ་དང་ཁྲག་ནི་བཏུང་ཞིང་བཟའ། །ཞེས་དང་། གཙང་སྨེ་མི་ལྟ་བརྟུལ་ཞུགས་བསྐྱེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་གྱི་སྒྲུབ་བྱེད་ནི་བཀའ་ལས་བྱུང་བ་མ་ཟད་བསྟན་བཅོས་ལས་ཀྱང་བྱུང་སྟེ། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་ལྷ་མོ་བཞིས་ཞུས་ཀྱི་རྣམ་བཤད་ལས། ཅིའི་ཕྱིར་ཤ་དེ་རྣམས་ལ་དངོས་གྲུབ་ཏུ་འགྱུར་ཞེ་ན། འཇིག་རྟེན་པ་ནི་གཙང་སྨེ་ལ་རྟོག་པ་ཡིན་པས་དེ་རྣམས་སྐུ་གསུང་ཐུགས་དབྱེར་མེད་པར་བྱས་ཏེ་ཟོས་ན་རྣམ་པར་རྟོག་པ་བཅོམ་པའོ། །ཞེས་དང་། དཔལ་སྒེག་པའི་རྡོ་རྗེས་མཛད་པའི་སྤྱིའི་དམ་ཚིག་མདོར་བསྡུས་ལས། ཀུན་གྱིས་བླང་བའི་དམ་ཚིག་ལྔ། །དྲི་ཆེན་དྲི་ཆུ་མང་ས་དང་། །ཟིལ་པ་ལྷག་པའི་སེམས་རྣམས་དང་། །གྲུབ་པ་བཞི་ཡིས་བརྒྱན་པའི་ཕྱིར། །ནད་ལྔ་བསལ་ཕྱིར་བླང་བ་དང་། །གཙང་སྨེ་རྟོག་སྦྱང་ཕྱིར་བླང་དང་། །ཐུན་མོང་དགོས་པ་ལྔ་ཕྱིར་དང་། །རིགས་ལྔ་གྲུབ་པའི་ཡོན་ཏན་ནོ། །ཞེས་དང་། སློབ་དཔོན་ཆེན་པོ་མི་དབང་ཨིནྡྲ་བྷཱུ་ཏིས་མཛད་པའི་གྲུབ་པའི་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པའི་ཐབས་ལས། བཟའ་དང་བཟའ་མིན་དེ་བཞིན་བཏུང་། །གཙང་སྨེ་ངོ་ཚ་སྤང་བར་བྱ། །ཀུན་རྟོག་ཀུན་ལས་ངེས་གྲོལ་བས། །གཉིས་པ་ཐམས་ཅད་རྣམ་པར་སྤངས། །རྣལ་འབྱོར་དྲ་བའི་སྡོམ་པ་ཡིས། །རྣལ་འབྱོར་སེང་གེ་བཞིན་དུ་སྤྱོད། །ཅེས་དང་། སློབ་དཔོན་སྐལ་ལྡན་གྲགས་པས་མཛད་པའིི་འཁོར་ལོ་སྡོམ་པའི་དཀའ་འགྲེལ་དཔའ་བོའི་ཡིད་དུ་འོང་བ་ལས། དཔའ་བོ་ཞེས་བྱ་བ་དཔལ་ཧེ་རུ་ཀ་འཆོལ་བ་སྟེ། གཙང་སྨེ་མེད་པའི་སྦྱོར་བར་བདག་ཉིད་བྱས་པའི་ཁྲོ་བོའི་ཏིང་ངེ་འཛིན་གྱི་མཚན་མ་ཐོབ་པའི་རྣལ་འབྱོར་པས་ཤའི་སྦྱིན་པ་བྱ་བ་འམ། ཡང་ན་རེ་ཞིག་དང་པོར་བདག་ཉིད་ཁྲོ་བོའི་ང་རྒྱལ་དང་ལྡན་པས་ཇི་ལྟ་བ་བཞིན་དུ་མཐུན་པར་བྱའོ། །ཞེས་དང་། སྒེག་པའི་རྡོ་རྗེས་བསྡུས་པའི་གཤིན་རྗེ་གཤེད་པོའི་རྩ་བའི་སྔགས་དོན་རྡོ་རྗེ་རབ་འབྱེད་ལས། དེ་ལ་ནང་གི་བརྟུལ་ཞུགས་ཐུན་མོང་མ་ཡིན་པའི་མཚན་ཉིད་གང་ཞེ་ན། སྨྱུང་བ་ལ་གནས་པ་མེད་ཅིང་ཁྲུས་མེད་པ །ཁ་ཟས་བསྡམས་པ་མེད་ཅིང་གཙང་སྨེ་མེད་པར་བཟའ་བ་དང་། དམ་ཚིག་གི་ཟས་སུ་གྱུར་པ་མི་དང་། གླང་པོ་ཆེ་དང་། རྟ་དང་། བ་གླང་དང་། ཁྱི་ཤ་རྣམས་རྗེན་པར་ཟ་བ་དང་། སྣང་མཛད་དང་། དྲི་ཆུ་དང་། ས་བོན་དང་། པདྨ་རཀྟ་དང་། ཤ་ཆེན་པོ་ཞེས་བྱ་བ་བདུད་རྩི་ལྔ་པོ་རྣམས་ཟ་ཞིང་ལས་བྱ་བ་གང་ལ་ཡང་འཛེམ་པ་དང་མི་འཛེམ་པ་ཞེས་བྱ་བ་གཉིས་ཀྱི་བསམ་པ་དང་། སྤྱོད་པ་དང་བྲལ་བས་གནས་པར་བྱེད་ཅིང་བརྟུལ་ཞུགས་སྤྱོད་པར་བྱེད་པ་ནི་ནང་གི་མཚན་ཉིད་དོ། །ཞེས་དང་། རྣལ་འབྱོར་གྱི་དབང་ཕྱུག་དཔའ་བོ་རྡོ་རྗེས་མཛད་པའི་ཀུན་དུ་ཁ་སྦྱོར་གྱི་རྒྱུད་ཀྱི་རྒྱ་ཆེར་བཤད་པ་རིན་ཆེན་ཕྲེང་བ་ལས། འོ་མ་དང་ཞོ་མར་ལ་སོགས་པ་དཀར་གསུམ་དང་། འོ་མ་དང་སྦྲང་རྩི་དང་ཀ་ར་ལ་སོགས་པ་མངར་གསུམ་དང་། ཤ་དང་ཆང་གི་ཚོགས་རྣམས་དང་། །ཤ་ཡི་སྦྱོར་བ་ཤ་སྐམ་དང་། །ཚོགས་ཀྱི་འཁོར་ལོ་དབུལ་བར་བྱ། །ཞེས་གསུངས་སོ། །བཟང་ངན་གྱི་རྣམ་པར་རྟོག་པ་སྤོངས་ནས་རོ་ལ་རྟོག་པ་མེད་པའི་སེམས་ཀྱིས་བཟའ་བ་དང་རྫས་ལ་གཏོར་མ་གཏད་པར་བྱའོ། །ཞེས་དང་། རྡོ་རྗེ་བཞད་པས་མཛད་པའི་བདེ་བ་ཆེན་པོའི་སྒྲུབ་ཐབས་ལས། སྔགས་པས་ཆོ་གས་བྱིན་བརླབས་ནས། །ཉིན་གཅིག་བཞིན་དུ་བཟའ་བར་བྱ། །སྦྱང་སྦར་དེ་བཞིན་རྟོགས་བྱས་ལ། །དོགས་པ་མེད་པའི་སེམས་ཀྱིས་ནི། །དེ་བཞིན་གཤེགས་པ་མཉེས་བྱའི་ཕྱིར། །དགའ་བའི་སེམས་ཀྱིས་བཟའ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་གལ་ཏེ་གཙང་སྨེ་ཞིག་ཟིན་པ་ཞིག་གི་སྤྱད་བྱ་ཡིན་ན་གཙང་སྨེ་མེད་པ་ཅེས་དང་། གཙང་སྨེའི་རྟོག་ཞིག་ཅེས་དང་། རྣམ་རྟོག་མེད་པས་ཞེས་དང་། རྟོག་པ་སྦྱངས་ཟིན་ཅེས་བརྗོད་རིགས་ཀྱི་གཙང་སྨེ་མི་བྱ་དང་། མི་ལྟ་ཞེས་དང་། རྣམ་རྟོག་མེད་པར་ཞེས་དང་། རྟོག་པ་བཟློག་པའི་ཕྱིར་ཞེས་དང་། རྣམ་རྟོག་འཇོམ་པའོ། །ཞེས་དང་། བཟང་ངན་གྱི་རྣམ་པར་རྟོག་པ་སྤོངས་ཞེས་དང་། གཙང་སྨེའི་ངོ་ཚ་སྤང་བར་བྱ་ཞེས་སྨྲ་མི་རིགས་ལ། གཙང་སྨེ་ཡོད་མེད་དང་བྱ་མི་བྱའི་ཐ་སྙད་བྱ་མི་རིགས་པས་སོ།།

གཞན་ཡང་དཔལ་གསང་བ་བདུད་རྩིའི་རྒྱུད་ལས། ཨ་བ་དྷུ་ཏཱིའི་ཀ་པཱ་ལར། །ཤ་སོགས་བདུད་རྩིའི་རང་བཞིན་གནས། །རྣམ་རྟོག་བགེགས་ཆེན་ཞི་བར་བྱེད། །བདེ་བ་ཆེན་པོའི་བདུད་རྩིའི་རོས། །ཕྲ་བའི་གདོན་ཆེན་ཞི་བྱས་པ། །འདི་ནི་གསང་བའི་གཏོར་མར་གསུངས། །ཞེས་ཤ་ལྔ་བདུད་རྩི་ལྔ་རྣམ་རྟོག་གི་བགེགས་ཆེན་ཞི་བྱེད་ཡིན་པར་བཤད་ན་རྣམ་རྟོག་གི་བགེགས་ཞི་ཟིན་པ་ཞིག་ལ་ཞི་བྱེད་དགོས་ན་སངས་རྒྱས་ཟིན་ཀྱང་སླར་སངས་རྒྱས་བྱེད་ཀྱི་ལམ་དགོས་པར་ཐལ་བ་དང་། ཤིང་བཅད་ཟིན་ནའང་ད་དུང་གཅོད་བྱེད་ཀྱི་སྟྭ་རེ་དགོས་པར་ཐལ་ལོ། །དགོད་བྲོའོ།།

ཁྱོད་ལྟར་གཙང་སྨེ་གཉིས་འཛིན་མེད་པ་ཞིག་གི་སྤྱད་བྱ་དང་ཟ་བྱ་ཡིན་ན། དེས་ཅི་ཞིག་བཟློག་ཅིང་ཅི་ཞིག་འབྲལ་བར་བྱེད་དེ། བཟློག་བྱ་དང་འབྲལ་བྱ་མ་མཐོང་བའི་ཕྱིར། དེར་ཐལ། ཟློག་བྱེད་ཀྱི་སྔོན་དུ་བཟློག་བྱ་བཟློག་ཟིན་པའི་ཕྱིར། དེར་ཐལ། རྟ་ཤ་དང་བ་ལང་གི་ཤ་སོགས་ལ་སྤྱོད་པའི་ཚེ་ན་གཙང་སྨེ་གཉིས་འཛིན་བཟློག་ཟིན་པའི་ཕྱིར། དེར་ཐལ། དེ་དག་སྤྱོད་པ་པོ་དེ་གཙང་སྨེ་གཉིས་འཛིན་མེད་པའི་གང་ཟག་ཅིག་དགོས་པའི་ཕྱིར། རྟགས་ཁས། འདོད་ན། ཆུ་ལ་བརྒལ་ཟིན་རྗེས་ཀྱང་གཟིངས་འཁུར་དགོས་པར་ཐལ་ལ། དྲངས་མ་ཐག་པའི་གསང་བ་སྙིང་པོའི་ལུང་དང་། བདུད་རྩི་བམ་ཆེན་གྱི་ལུང་ལས། སེམས་ཅན་རྟོག་པ་བཟློག་པའི་ཕྱིར། །ཞེས་དང་། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ལས། རྟོག་པའི་བག་ཆགས་སྦྱང་བའི་ཕྱིར། །གཙང་སྨེ་མེད་པར་དག་པར་བྱ། །ཞེས་པའི་ལུང་དང་དངོས་སུ་འགལ་ཞིང་རིགས་པ་ཡང་དག་དང་འགལ་བའི་སྨྲ་བ་བླུན་པོའི་མུ་ལ་སྟེགས་འཆའ་བ་ཡིན་ནོ།།

གོང་དུ་དྲངས་མ་ཐག་པའི་སློབ་དཔོན་ཛྙཱ་ན་ཤྲཱིའི་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་ལས། རིམ་གྱིས་མི་གཙང་བ་དང་། གཙང་བའི་རྣམ་པར་རྟོག་པ་མི་འབྱུང་ལ། ཞེས་པ་འདི་ཁོ་ནས་ཀྱང་གཙང་སྨེའི་རྣམ་རྟོག་མ་ཞིག་པ་ཞིག་གིས་སྤྱད་བྱ་ལས་ཞིག་ཟིན་ཞིག་མི་དགོས་པར་ཤེས་ནུས་པས་དྲངས་མ་ཐག་པའི་རྒྱུད་དང་དགོངས་འགྲེལ་གྱི་ལུང་གནམ་ལྕགས་ཀྱི་ཐོག་འདྲ་བ་དེ་དག་མ་དྲངས་ཀྱང་བློ་གྲོས་ཀྱི་མཐུ་ཅུང་མངའ་ན་གོ་ནུས་སོ།།

དེ་ལྟར་ལོག་པའི་སྨྲ་བ་དང་ནོར་བའི་ལམ་དུ་ཞུགས་ཏེ་རྒྱུད་ཀྱི་དགོངས་པ་ལ་རང་འདོད་ཀྱིས་གཟུ་ལུམ་སྨྲ་བ་ཡིན་པ་ངོས་ཟིན་པར་བྱ་ལ། གལ་ཏེ་དེ་ལྟར་མ་ནུས་ན་གསང་སྔགས་ཀྱི་ལྟ་བ་སྨྲ་བའི་གྲལ་དུ་མ་འཚང་ན་ལེགས་སོ།།

དེ་ལྟར་གཙང་སྨེའི་རྣམ་རྟོག་མ་ཞི་བ་ཞིག་ལ་ཞི་བྱེད་ཀྱི་ཐབས་སུ་ཤ་ལྔ་སོགས་བསྟེན་དགོས་པར་བཤད་ཀྱི། རོ་མཉམ་ཆེན་པོའི་ལྟ་བ་རྟོགས་ཏེ་རྣམ་རྟོག་ཞི་ཟིན་ལ་ཞི་བྱེད་ཀྱི་གཉེན་པོ་མི་དགོས་ཤིང་གཙང་སྨེ་ཞི་བྱ་ཞི་བྱེད་དང་བྲལ་བ་ཡིན་པའི་རིགས་པ་ནི་རྒྱུད་ལས་ཀྱང་བཅོམ་ལྡན་འདས་ཀྱིས་དངོས་སུ་གསུངས་ཏེ། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ཀྱི་རྒྱལ་པོ་ལས། ཆོས་རྣམས་སྟོང་པར་རོ་མཉམ་ན། །ལྟ་དང་མི་ལྟ་ག་ལ་ཡོད། །གཙང་སྨེ་བདུད་རྩི་རོ་གཅིག་ལ། །སྤྱོད་དང་མི་སྤྱོད་ག་ལ་ཡོད། །དབང་བསྐུར་བ་དང་རྡོ་རྗེ་འཛིན། །མཉམ་གཞག་རྗེས་ཐོབ་ག་ལ་ཡོད། །ཐམས་ཅད་སེམས་ཀྱི་ངོ་བོ་ལ། །གཟུང་དང་འཛིན་པ་ག་ལ་ཡོད། །ཅེས་གསུངས་པའི་ཕྱིར་རོ།།

གཉིས་པ་རྩོད་པ་སྤོང་བ་ལ་རྩོད་པ་དངོས་དང་། དེ་སྤོང་བ་དང་གཉིས་ལས། དང་པོ་ནི། ཁོ་ན་རེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་མེ་ལོང་ལས། ཉོན་མོངས་ལྔ་དང་སྤྱད་པ་ལྔ། །བདུད་རྩི་ལྔ་དང་ཤེས་པ་ལྔ། །གྲུབ་པ་ལྔ་ཡི་ཆོས་རྣམས་ཉིད། །སྐྱེས་བུ་རིགས་ཕྱེད་སྤྱོད་ཡུལ་ཏེ། །ཐུན་མོང་རྣལ་འབྱོར་ཡུལ་མིན་པས། །ཐུན་མོང་མ་ཡིན་ཞེས་སུ་བཤད། །ཅེས་དང་། དྲི་མེད་འོད་ལས། འདིར་བྱིས་པའི་སྐྱེ་བོ་རྣམས་ཀྱིས་བརྗོད་པར་བྱ་བ་གང་ཡིན་པ་དེ་བཞིན་གཤེགས་པས་རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་ལས་བདུད་རྩི་ལྔ་ལ་སོགས་པ་རྣམས་བཟའ་བར་གསུངས་པ་དེ་ནི་བདེན་ཏེ་འོན་ཀྱང་རྣལ་འབྱོར་པ་རྣམས་ཀྱི་ཡིན་གྱི་ཐ་མལ་པའི་སེམས་ཅན་རྣམས་ཀྱི་ནི་མ་ཡིན་ནོ། །ཞེས་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་དེ་ནི་རྣལ་འབྱོར་བ་ཐུན་མོང་གི་སྤྱོད་ཡུལ་མིན་པར་གསུངས་པས་གཙང་སྨེའི་རྟོག་པ་ཞིག་ཟིན་གྱི་རྣལ་འབྱོར་བ་ཞིག་དགོས་པ་ལས་རྟོག་པ་མ་ཞིག་པའི་སྤྱོད་ཡུལ་མིན་པར་གསལ་བས་ཁྱོད་ཀྱིས་མ་ཞིག་པའི་རྣལ་འབྱོར་བའི་སྤྱོད་ཡུལ་ཡིན་པར་འདོད་པར་གནོད་དོ་ཟེར་རོ།།

གཉིས་པ་ནི། སྒྱུ་འཕྲུལ་མེ་ལོང་གི་ལུང་དོན་དེ་ནི་གསང་སྔགས་བླ་མེད་ཀྱི་སྐབས་ནས་བསྟན་པའི་བདེ་སྟོང་གཉིས་སུ་མེད་པའི་གནས་ལུགས་ཀྱི་དོན་ལ་བློ་ཡི་གོམས་པ་མ་སོང་བའི་རྒྱུད་སྡེ་འོག་མ་གསུམ་གྱི་རྣལ་འབྱོར་བ་སོགས་སྔགས་ཐུན་མོོང་གི་རྣལ་འབྱོར་བའི་སྤྱོད་ཡུལ་དུ་གྱུར་པའི་དམ་ཚིག་མིན་པར་བཤད་པ་ལས་གཙང་སྨེའི་རྟོག་པ་མ་ཞིག་པའི་སྤྱོད་ཡུལ་མིན་པར་གསུངས་པ་གཏན་ནས་མིན་ཏེ། རྒྱུད་དེ་ལས། དང་པོ་ནས་བཟུང་རྟགས་ཐོབ་བར། །རྩ་བ་ཡན་ལག་བཅས་པ་ཡི། །ལུས་སེམས་མ་ཡེངས་རྩེ་གཅིག་པས། །རྣམ་པ་དང་བཅས་དང་དུ་བླང་། །ཞེས་བྱུང་བ་དེས་རྣལ་འབྱོར་བ་ལས་དང་པོ་བའི་དུས་ནས་བཟུང་ས་ལམ་གྱི་དྲོད་རྟགས་ཐོབ་པའི་བར་སུ་ཡིན་ཡང་རྩ་བ་དང་ཡན་ལག་གི་དམ་ཚིག་རྣམས་ལུས་སེམས་མ་གཡེང་བར་བསྲུང་དགོས་པར་བཤད་ན་ཤ་ལྔ་བདུད་རྩི་ལྔ་བསྟེན་པ་འདི་ཉིད་ཡན་ལག་གི་དམ་ཚིག་ཡིན་པས་ལས་དང་པོ་བའི་དུས་ནས་ཀྱང་དང་དུ་ལེན་དགོས་པར་གསལ་བའི་ཕྱིར་ན་ལས་དང་པོ་བ་མ་ཡིན་པའི་གཉིས་རྟོག་ཞིག་ཟིན་པ་ཞིག་གི་སྤྱོད་ཡུལ་ཡིན་པར་བསྟན་པ་མ་ཡིན་པའི་ཕྱིར་དང་། ཡང་དེ་ཉིད་ལས། ས་ཐོབ་གོམས་དང་མཐར་ཕྱིན་པར། །ཏིང་འཛིན་དོན་ལ་གནས་པའི་ཚེ། །འགལ་བའི་སྒོ་གསུམ་མི་འབྱུང་བས། །ཏིང་འཛིན་རྒྱུན་གྱི་དམ་ཚིག་ལ། །རྣམ་པའི་དམ་ཚིག་མ་ལུས་འདུས། །དོན་ལས་ལངས་ཚེ་སྙིང་རྗེ་དང་། །རྩ་བ་ཡན་ལག་ཤུགས་ལྡན་ཡིན། །ཞེས་གསུངས་པ་དེས་ས་ཐོབ་པ་དང་། ཐོབ་པ་གོམས་པ་དང་། གོམས་པ་མཐར་ཕྱིན་པའི་དུས་གསུམ་བྱས་ཏེ། ས་ཐོབ་པའམ་གོམས་པའི་དུས་ན་ཆོས་ཉིད་ཀྱི་བདེན་པ་མངོན་གསུམ་དུ་རྟོགས་ཏེ་གཉིས་འཛིན་དབྱིངས་སུ་ཞིག་པའི་གནས་ལུགས་རྟོགས་པའི་ཏིང་ངེ་འཛིན་གྱི་རྒྱུན་ལ་གནས་པའི་མཉམ་གཞག་གི་དུས་ན་སྒོ་གསུམ་འགལ་བའི་ཉེས་པ་མི་འབྱུང་བས་དེ་དུས་ཏིང་ངེ་འཛིན་གྱི་རྒྱུན་དེར་དམ་ཚིག་མ་ལུས་པ་ཀུན་འདུ་བ་དང་། མཉམ་གཞག་གི་དོན་ལས་ལངས་པའི་རྗེས་ཐོབ་ཀྱི་ཚེ་ཡང་གཉིས་འཛིན་དབྱིངས་ཞིག་གི་ལྟ་བ་དེས་ཟིན་པས་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྙིང་རྗེ་དེར་རྩ་བ་དང་ཡན་ལག་གི་དམ་ཚིག་ཀུན་རང་ཤུགས་སུ་འདུས་པའམ་ལྡན་པས་རྩོལ་བས་སྲུང་མི་དགོས་པར་གསལ་བར་གསུངས་པས་ཀྱང་དེ་དུས་ཤ་ལྔ་སོགས་རྩོལ་བས་བསྟེན་པའི་དམ་ཚིག་ཅིག་དགོས་དོན་མེད་ཕྱིར་ཤ་ལྔ་སོགས་རྩོལ་བས་བསྟེན་པ་ནི་གཉིས་འཛིན་མ་ཞིག་པའི་དུས་སུ་དགོས་པ་རྒྱུད་དོན་ཡིན་པར་ཤིན་ཏུ་གསལ་བའི་ཕྱིར་དང་། དྲི་མེད་འོད་ཀྱི་ལུང་དོན་ནི། སྒྱུ་འཕྲུལ་མེ་ལོང་ལྟར་སྔགས་བླ་མེད་ཀྱི་ཉམས་ལེན་ལ་ཞུགས་པའི་རྣལ་འབྱོར་བས་ཉམས་སུ་བླང་བྱ་ལས་སེམས་ཅན་ཐ་མལ་བའི་སྤྱོད་ཡུལ་མ་ཡིན་པར་གསུངས་པ་ཡིན་ཕྱིར་དེས་ཀྱང་མི་གནོད་དོ། །དེས་ན་རྒྱུད་དོན་དངོས་སུ་གཞལ་བའི་བློ་མིག་ཡོད་པར་བྱ་བ་ནི་གལ་ཤིན་ཏུ་ཆེའོ།།

ཡང་ཁ་ཅིག་ན་རེ། བྱང་སེམས་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེ་རྡོ་རྗེའི་བསྡུས་པའི་དོན་གྱི་འགྲེལ་བ་རྡོ་རྗེ་སྙིང་པོ་ལས། ངེས་པའི་དོན་དུ་ཀུན་དུ་རྟོག་པས་ཀུན་ནས་མི་གོས་པའི་གནས་འགའ་ཞིག་ལ་བརྟེན་ཏེ། སྲོག་གི་མེས་བསྲེག་ཅིང་བཅོས་པའི་བཅུད་གང་ཡིན་པ་དེས་མྱོས་པར་བྱ་བ་དང་། ཚིམ་པར་ཟོས་ཏེ་གནས་པས་ཚེ་འཕེལ་བར་བྱེད་པས་རྡོ་རྗེ་འཆང་གི་གཟི་མདངས་ལྟ་བུ་སྟེར་བར་འགྱུར་ཏེ་ངེས་པའི་དོན་ཏོ། །ཞེས་པས་ཀྱང་གཉིས་འཛིན་གྱི་རྟོག་པ་མེད་པའི་གང་ཟག་གིས་ཚེ་འཕེལ་བའི་ཆེད་དུ་བཟའ་བྱར་བསྟན་པ་ཡིན་ནོ་ཞེ་ན། དེས་ནི་མི་གནོད་དེ། འདིར་གཞན་གྱིས་མ་དད་པ་སྐྱེ་བའི་རྟོག་པས་མི་གནོད་པའི་གནས་དབེན་པ་དུར་ཁྲོད་ལྟ་བུའི་གནས་སུ་རང་གིས་རྣམ་པར་རྟོག་པ་ཞི་ཕྱིར་དུ་ཟོས་ན་རྣམ་རྟོག་ཞི་ཞིང་ཚེ་འཕེལ་བར་བྱེད་པ་ཡིན་ཞེས་པའི་དོན་དུ་གོ་རུང་ཞིང་། མཁས་པ་དྷརྨྨཱ་ཀཱིརྟིས་མཛད་པའི་དགྱེས་རྡོར་གྱི་དཀའ་འགྲེལ་སྤྱན་འབྱེད་ལས། །ཤ་ནི་མཁས་པས་བཟའ་བར་བྱ་བ་ནི་གཉིས་སུ་མེད་པར་མྱོང་བའོ། །སེམས་ཅན་དེ་དེ་དབང་དུ་འགྱུར་བ་ནི། སྣང་བ་ཐམས་ཅད་དེར་སྦྱོར་བའོ། །ཞེས་དང་། ཤ་ནི་རྟོག་པ་དང་བརྟགས་པའོ། །མཁས་པ་ནི་གཟུང་འཛིན་གྱི་སྟོང་པའི་ཤེས་རབ་ལའོ། །བཟའ་བ་ནི་བདེ་བ་ལ་སྤྱོད་པའི་ཐབས་སོ། །སེམས་ཅན་དེ་དེ་ནི་དབང་པོ་རང་སྣང་གི་མན་ངག་གོ །ཞེས་གསུངས་པ་ལྟར་གཉིས་སུ་མེད་པའི་རྟོགས་པ་ལ་གོམས་ནས་བདེ་བ་ཐོབ་པའི་ཕྱིར་དུ་གཉིས་སུ་མེད་པར་བལྟས་ཏེ་མྱོང་བར་བྱ་བ་ཡིན་པར་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

ཡང་སྔགས་བླ་མེད་ནས་ཤ་ལྔ་སོགས་བསྟེན་པར་བཤད་པ་ནི། ལྷན་སྐྱེས་ཀྱི་བདེ་བ་བསྐྱེད་པའི་མ་ཐིག་ལེ་འབར་ལ་འཛག་ཆང་དང་། བསྒོམས་ནས་མཐོང་བའི་སྟོང་གཟུགས་སོགས་ལ་ཤ་ལྔ་དང་། བྱང་སེམས་འཛག་མེད་ཀྱི་ཡེ་ཤེས་རྣམ་སྣང་ལ་སོགས་པའི་ལྷའི་རྣམ་པ་ལ་བདུད་རྩི་ལྔ་ཞེས་བྱེད་པ་ལས་ཐ་མལ་བའི་ཤ་དངོས་སོགས་བཤམས་པ་ལ་བྱེད་པ་མ་ཡིན་པ་དང་། དེ་ལྟ་བུ་ལ་གོ་བ་ལས་སྲོག་ཆགས་ཀྱི་ལུས་ལས་བྱུང་བའི་ཤ་ལ་སོགས་པ་གོ་བ་མ་ཡིན་པར་གསུངས་ཏེ། དཔལ་དུས་ཞབས་པ་ཆེན་པོས་མཛད་པའི་པདྨ་ཅན་གྱི་དཀའ་འགྲེལ་ལས། དཔྲལ་བར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་ཤུ་ཀྲའི་རྒྱུན་འཛག་པ་གང་ཡིན་པ་དེ་བདག་གི་མ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པ་ཆང་ཡིན་གྱི། །མྱོས་པར་བྱེད་པའི་ཕྱི་རོལ་གྱི་ཆང་ནི་མ་ཡིན་ནོ། །དེ་བཞིན་དུ་དྲང་བའི་དོན་གྱིས་གྱིས་གོ་ཀུ་ལ་སོགས་པའི་སྟོབས་ལྔ་གང་ཡིན་པ་དེ་ངེས་པའི་དོན་གྱིས་ལྷའི་མིག་ལ་སོགས་པས་སྟོང་པ་ཉིད་ཀྱི་གཟུགས་མཐོང་བ་ལ་སོགས་པ་ཡིན་གྱི་སྲོག་བཅད་པ་ལས་བྱུང་བའི་ཤ་ནི་མ་ཡིན་ནོ། །དེ་བཞིན་དུ་དྲི་ཆེན་ལ་སོགས་པའི་བདུད་རྩི་ལྔ་ཕྱི་རོལ་དུ་གང་ཡིན་པ་དེ་ནང་དུ་འཛག་པ་མེད་པའི་རང་བཞིན་དུ་གྱུར་ན་རྣམ་པར་སྣང་མཛད་ལ་སོགས་པའི་ལྷའི་རང་བཞིན་དུ་འགྱུར་ཏེ། ཁྱི་ལ་སོགས་པས་ཟ་བར་གྱུར་པའི་མི་གཙང་བ་ནི་མ་ཡིན་ནོ། །ཞེས་དང་། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་ཟླ་བས་མཛད་པའི་ཀཽ་མུ་དིའི་དཀའ་འགྲེལ་ལས། དེ་རྣམས་ཀྱི་ཤ་ནི་དམིགས་པའོ། །དེ་བས་ན་སྲོག་ཆགས་ཀྱི་རྒྱུ་ནི་སྐྱེ་བོ་རྣམས་སུ་གསུངས་ཀྱི། ཡང་སྲོག་ཆགས་ནི་མ་ཡིན་ཏེ། །བྱང་ཆུབ་ཀྱི་ཡན་ལག་མ་ཡིན་པའི་ཕྱིར་དང་། དེ་རྣམས་ཀྱི་ཤ་བཟའ་བའི་སྐབས་མ་ཡིན་པའི་ཕྱིར་རོ། །ཡང་ཡན་ལག་ཡིན་ནི་དེའི་ཚེ་ཁྱི་དང་ཅེ་སྤྱང་ལ་སོགས་པ་དང་པོར་བྱང་ཆུབ་པར་འགྱུར་གྱི་གཞན་ནི་ཐེ་ཚོམ་ཟའོ། །ཞེས་གསུངས་པ་ལྟར་གྱིས་སོ་ཟེར་ན། དེ་ནི་ཆང་དང་། ཤ་ལྔ་དང་བདུད་རྩི་ལྔའི་ངེས་དོན་ཏེ་རྣམ་དག་འཆད་པའི་སྐབས་ཡིན་གྱི་ཕྱི་ལྟར་ནའང་ཤ་སོགས་དངོས་སུ་བཤམས་པ་མ་གནང་ཟེར་བའི་དོན་མ་ཡིན་ཏེ། དེ་ནི་ཕྱི་ཆང་དང་ཤ་ལྔ་བདུད་རྩི་ལྔ་རྣམས་བདུད་རྩིར་བྱིན་གྱིས་བརླབས་པ་དང་། ནང་རྫོགས་རིམ་གྱི་ངེས་དོན་ཏེ་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ཀྱི་རྒྱུ་སོགས་ལ་དེ་ལྟར་ཆང་སོགས་སུ་བཤད་པ་ཡིན་པའི་ཕྱིར། གྲུབ་སྟེ། དཔལ་དུས་ཞབས་པ་ཆེན་པོས། ད་ནི་ཕྱི་རོལ་དུ་དྲང་བའི་དོན་གྱིས་ཟས་ཟ་བ་ལ་སོགས་པའི་དམ་ཚིག་གང་ཡིན་པ་དེ་ངེས་པའི་དོན་གྱིས་ནང་དུ་བསྟན་པར་མཛད་དེ། །གང་ཞིག་ཅེས་བྱ་བ་ལ་སོགས་པ་ལ། རྫོགས་པའི་རིམ་པའི་ཏིང་ངེ་འཛིན་ལ་གནས་པའི་རྣལ་འབྱོར་པ་ལ་གཏུམ་མོ་འབར་བའི་དབང་གིས་དཔྲལ་བར་བྱང་ཆུབ་ཀྱི་སེམས་ཀྱི་ཐིག་ལེ་ལས་ཤུ་ཀྲའི་རྒྱུན་འཛག་པ་གང་ཡིན་པ་དེ་བདག་གི་མ་ཞེས་བྱ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པ་ཆང་ཡིན་གྱི། །མྱོས་པར་བྱེད་པའི་ཕྱི་རོལ་གྱི་ཆང་ནི་མ་ཡིན་ནོ། །ཞེས་སོགས་ནས། དེ་ལྟར་དྲང་བའི་དོན་དང་ངེས་པའི་དོན་གྱིས་དོན་འདི་ལྟ་བུར་གྱུར་པའི་རྣལ་འབྱོར་པ་གང་གིས་ཤེས་པ་དེ་ལ་རང་གི་དོན་ཕུན་སུམ་ཚོགས་པ་དང་སྲིད་པ་ཉམས་པ་དང་མི་སྐྱེ་བ་ཉིད་ཐོབ་པར་འགྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ།།

སྤྱིར་དེ་དག་གི་དག་པ་ནང་རྫོགས་རིམ་གྱི་ངེས་དོན་གཙོ་ཆེ་བ་བསྟན་པ་ཡིན་ཡང་། ཕྱི་ལྟར་ན་དཀྱིལ་འཁོར་དུ་ཆང་དང་ཤ་ལྔ་དངོས་དང་། བདུད་རྩི་ལྔ་དངོས་སུ་བཤམས་ཤིང་རྣལ་འབྱོར་བ་རྟོག་མེད་ཀྱི་ཉམས་ལེན་ལ་གོམས་ཕྱིར་བསྟེན་པ་ནི་སྲོག་ཆགས་ཀྱི་ཤ་སོགས་ཡིན་པར་གསལ་བར་གསུངས་ཏེ། ཕྱག་ཆེན་ཐིག་ལེའི་རྒྱུད་ལས། ཡང་ན་དུམ་བུ་གསུམ་པ་ནི། །ལྷ་ཡི་ཆང་གིས་བཀང་བར་བྱ། །སྣ་ཚོགས་མཆོད་པའི་མཆོད་སྦྱིན་གྱིས། །སྣོད་དེ་ལ་ནི་མཆོད་པར་བྱ། །ཚོགས་ཀྱི་འཁོར་ལོར་སྣོད་གཞན་ནི། །མེ་ཏོག་རྒྱན་གྱིས་བརྒྱན་པའོ། །བཟའ་བ་སྣ་ཚོགས་དང་ལྡན་པའི། །དང་པོར་གཏོར་མ་ཆེན་པོ་ནི། །ཇི་ལྟར་དགའ་བ་མེད་མི་འགྱུར། །ཇེ་མང་ཇེ་མང་བཏུང་བར་བྱ། །ཡང་དང་ཡང་དུ་ཕྱག་བྱ་ཞིང་། །ཕྱག་རྒྱ་བཅིངས་ལ་བཏུང་བར་བྱ། །དེ་ནས་བཟའ་བ་ཐམས་ཅད་ཀུན། །དག་པར་བྱས་ནས་བཟའ་བར་བྱ། །ཞེས་དང་། སློབ་དཔོན་ཆེན་པོ་དཔལ་ལྡན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་མཛད་པའི་དཔལ་གསང་བ་འདུས་པའི་རྒྱུད་འགྲེལ་ལས། ཟས་སུ་ཤ་རྣམས་ཞེས་བྱ་བ་ལ་སོགས་པས་མཆོད་པ་ཆེན་པོ་བསྟན་པར་བྱ་སྟེ། དཀྱིལ་འཁོར་གྱི་འཁོར་ལོ་ལ་མཆོད་པའི་དོན་དུ་གལ་ཏེ་ལྷ་བཤོས་ཕུལ་ན་དེའི་ཚེ་ཤ་དབུལ་བར་བྱའོ། །རིགས་ཐམས་ཅད་ཀྱི་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཤ་ཆེན་ཞེས་བྱ་བ་ནི་ཁ་ན་མ་ཐོ་བ་མེད་པ་མི་རོའི་ལུས་ལས་བྱུང་བ་དེ་དང་འདྲ་བ་རབ་བརྟགས་པ་ནི་དབུལ་བ་དང་སྤྱོད་པར་བྱའོ། །འདིར་མན་ངག་ནི་སྐྱེ་བ་བདུན་པ་ལ་སོགས་པ་མཚན་ཉིད་དང་ལྡན་པའམ། ལྕེབས་ནས་ཤི་བའི་སྐྱེས་པའི་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གསུངས་པའི་ཆོ་གས། མཆོད་པ་སྔོན་དུ་འགྲོ་བ་བླངས་ཏེ། དེ་ཉིད་ཀྱི་ལག་པར་མཚོན་ཆ་སྦྱིན་ཞིང་དེས་བྱིན་པ་ལུས་ཀྱི་དུམ་བུ་བྱིན་པ་གང་ཡིན་པ་དེ་ནི་ཤ་ཆེན་ཏེ། ལྷ་རྣམས་ལ་ཕུལ་ན་དངོས་གྲུབ་སྟེར་བར་འགྱུར་རོ་ཞེས་མཁས་པ་རྣམས་ཀྱིས་གསུངས་སོ། །ཞེས་དང་། དཔལ་ལྡན་སྒེག་པའི་རྡོ་རྗེས་བསྡུས་པའི་སྔགས་དོན་རྡོ་རྗེ་རབ་འབྱེད་ལས། ཕྱི་ནང་གཉིས་ཀ་ལ་བྱེ་བྲག་མེད་པར་ཁྲག་གིས་གཏོར་བའི་མེ་ཏོག་དང་ཤ་ཆེན་པོའི་བདུག་པ་དང་། ཏིལ་ཆེན་པོའི་མར་མེའི་ཕྲེང་བ་དང་། ཤ་སྣ་ཚོགས་འདི་ལྟར་ཤ་རྣམ་པ་ལྔ་ལ་སོགས་པ་སྲོག་ཆགས་ཐམས་ཅད་ཀྱི་ཤ་རྣམས་དང་རྗེན་པ་དང་། བཙོས་པ་རྣམས་དང་བསྲེགས་པ་དང་། སྐམ་པོ་རྣམས་དང་ལྡན་པའི་བཤོས་དང་གཏོར་མ་ཡང་དབུལ་བར་བྱའོ། །ཞེས་དང་། དེ་ལ་ནང་གི་བརྟུལ་ཞུགས་ཐུན་མོང་མ་ཡིན་པའི་མཚན་ཉིད་གང་ཞེ་ན། སྨྱུང་བ་ལ་གནས་པ་མེད་ཅིང་ཁྲུས་མེད་པ། ཁ་ཟས་བསྡམས་པ་མེད་ཅིང་གཙང་སྨེ་མེད་པར་བཟའ་བ་དང་། དམ་ཚིག་གི་ཟས་སུ་གྱུར་པ་མི་དང་། གླང་པོ་ཆེ་དང་། རྟ་དང་། བ་གླང་དང་། ཁྱི་ཤ་རྣམས་རྗེན་པར་ཟ་བ་དང་། སྣང་མཛད་དང་། དྲི་ཆུ་དང་། ས་བོན་དང་། པདྨ་རཀྟ་དང་། ཤ་ཆེན་པོ་ཞེས་བྱ་བ་བདུད་རྩི་ལྔ་པོ་རྣམས་ཟ་ཞིང་ལས་བྱ་བ་གང་ལ་ཡང་འཛེམ་པ་དང་མི་འཛེམ་པ་ཞེས་བྱ་བ་གཉིས་ཀྱི་བསམ་པ་དང་། སྤྱོད་པ་དང་བྲལ་བས་གནས་པར་བྱེད་ཅིང་བརྟུལ་ཞུགས་སྤྱོད་པར་བྱེད་པ་ནི་ནང་གི་མཚན་ཉིད་དོ། །ཞེས་དང་། སློབ་དཔོན་རབ་ཏུ་དགའ་བའི་འབྱུང་གནས་གོ་ཆས་མཛད་པའི་གསང་འདུས་རྒྱུད་བཤད་ཟླ་བའི་འོད་ཟེར་ལས། ཕྱག་རྒྱ་ཆེན་པོ་སྒྲུབ་པ་ལ་ཞུགས་པས་ནི་སྔགས་ཀྱིས་མངོན་པར་འདུས་བྱས་པའི་ཤ་ཆེན་གྱི་བཟའ་བའི་བྱ་བ་བྱའོ། །དེ་བཞིན་དུ་མངོན་པར་ཤེས་པ་ལྔ་སྒྲུབ་པ་པོས་ནི་གླང་པོའི་ཤ་བཟའ་བ་དང་། མི་སྣང་བ་དོན་དུ་གཉེར་བས་ནི་རྟའི་ཤ་བཟའ་བ་དང་། ཞི་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པ་ལ་ཞུགས་པས་ནི་ཁྱིའི་ཤ་བཟའ་བར་བྱའོ། །ཞེས་དང་། སློབ་དཔོན་བི་མཱ་ལ་གརྦྷས་མཛད་པའི་དཔལ་བདེ་བ་ཆེན་པོ་སྒྲུབ་པའི་ཐབས་རྣམ་པར་བཤད་པ་ལས། ཟན་དང་ཁུར་བ་ལ་སོགས་པ་བཟའ་བའམ། ཡང་ན་ཆུ་དང་ཆང་ལ་སོགས་པ་བཏུང་བའང་རུང་འཇིག་རྟེན་པས་མི་ནུས་པའི་དཀའ་བའི་སྤྱོད་པ་དང་ལྡན་པས་བརྟུལ་ཞུགས་ཅན་གྱིས་ཟས་སྐོམ་ཅི་ཟ་བ་དྲི་ཆུ་སྨན་ལྔ་ཤ་ལྔ་ཅི་ལྟར་སྦྱོར་བས་སྦྱོང་བ་ལ་སོགས་པའི་ཏིང་ངེ་འཛིན་ཆོ་ག་བཞིན་དུ་རུང་བར་བྱའོ། །ཞེས་དང་། སློབ་དཔོན་སྟོང་ཉིད་རྡོ་རྗེས་མཛད་པའི་ཧེ་རུ་ཀ་ཉེ་བར་འབྱུང་བའི་དཀྱིལ་འཁོར་གྱི་ཆོ་ག་ལས། བདེ་བའི་སྟན་ལ་འདུག་སྟེ། རང་གི་མདུན་དུ་ཟངས་པོ་ཆེ་འམ། སྨྱུག་མ་ལ་སོགས་པ་ལས་བྱས་པའི་སྣོད་དུ་ཉ་དང་ཤ་དང་ཟན་དང་ཞོ་དང་འོ་མ་དང་སྦྲང་རྩི་དང་། ཆང་དང་ཆུ་དང་ཆན་དང་འབྲས་རྔོས་པ་དང་། ཏིལ་དང་རི་ལུ་དང་ཁུ་བ་ལ་སོགས་པའི་སྣ་ཚོགས་པའི་བཟའ་བ་དང་བཅས་པ་དང་། སྟོན་མོའི་བྱེ་བྲག་བཏུང་བའི་རྣམ་པ་དང་། ལྡག་པ་དང་། འཇིབ་པའི་རྣམ་པ་དང་། དེ་དག་གི་རྫས་ཀྱིས་ཡོངས་སུ་བཀང་ལ། མར་མེ་ལྔ་དང་བདུད་རྩི་དང་། གདུགས་དང་རྒྱལ་མཚན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་རྒྱན་གྱིས་བརྒྱན་པ་ཡང་བྱའོ། །གཞན་ཡང་ཁ་ཟས་ཀྱི་ཚོགས་ཅི་འབྱོར་པ་ཚོགས་པར་བྱས་ལ། གལ་ཏེ་མ་འབྱོར་ན་ཆུ་དང་ཟན་ཙམ་ལས་བྱ་སྟེ། ཐམས་ཅད་ཚོགས་པར་དམིགས་སོ། །ཞེས་དང་། དེར་ནི་ཆང་ནི་བཏུང་བྱ་སྟེ། །ཤ་དང་ཤ་ཆེན་བཟའ་བར་བྱ། །དེ་ལ་བཏུང་བའི་སྟོན་མོ་སྦྱིན། །དེ་ནས་ཡང་ནི་མཆོད་པར་བྱ། །ཞེས་དང་། སློབ་དཔོན་བྷ་བ་བྷ་དྲས་མཛད་པའི་གདན་བཞིའི་འགྲེལ་པ་དྲན་པའི་རྒྱུ་མཚན་ལས། གཉིས་མེད་གཏོར་མ་སྔ་མ་བཞིན། །ཞེས་བྱ་བ་ནི་ཤ་ལྔ་དང་བདུད་རྩི་ལྔ་དང་ཤ་རློན་དང་ཉ་ཤ་དང་སྒོག་བཙོང་ལ་སོགས་པ་ནི་གཉིས་མེད་གཏོར་མ་སྟེ། སྔ་མ་བཞིན་ཞེས་བྱ་བ་ནི། གཏོར་མ་དེར་ཡང་སྔགས་དང་ཕྱག་རྒྱ་དང་སྦྱར་བའི་མེ་ཏོག་ལ་སོགས་པས་མཆོད་པའོ། །ཞེས་ཟས་དངོས་སུ་དགོས་པར་གསུངས་པའི་ཕྱིར་རོ། །ཡིད་ཆེས་པའི་ཕྱིར་དུ་ལུང་གི་སྤྲོས་པ་ཆེར་བགྱིས་པ་ཙམ་སྟེ་དེས་ཆོག་གོ།

གཉིས་པ་གསང་སྔགས་ཀྱི་གཞུང་ནས་ཤ་སོགས་ཀྱི་རིལ་བུ་ཡུངས་འབྲུ་ཙམ་ལས་ཟ་བར་མ་གནང་ཟེར་བ་ལ་དོགས་འགོད་པ་ལ་ནི་ཕ་རོལ་བོའི་འདོད་པ་འགོད་པ་དང་། དེ་ལ་དོགས་པ་འགོད་པ་དངོས་དང་། རྩོད་པ་སྤོང་བ་དང་གསུམ་ལས། དང་པོ་ནི། ཡང་མཁས་པ་ཁ་ཅིག་ན་རེ། སྔགས་ལས་ཤ་ལྔ་བདུད་རྩི་ལྔ་དམ་ཚིག་གི་རྫས་སུ་སྤྱོད་པར་བཤད་པ་ཡང་ཤའི་རིལ་བུ་རྒྱ་ཤུག་གི་ཚིག་གུ་ཙམ་མམ་ཡུང་འབྲུ་ཙམ་ལས་ཆེ་བ་ཟས་སུ་བཟའ་བར་མ་གནང་ཟེར་རོ།།

གཉིས་པ་ནི། སྔགས་ལས་ཤའི་རིལ་བུ་ཉུང་འབྲུ་ཙམ་ལས་བཟའ་བར་མ་གནང་ཟེར་བ་ཆོས་ཅན། འདོད་པ་དེ་ནི་རང་གི་ཞེ་འདོད་བསྒྲུབས་པའི་འདོད་པ་ཙམ་ལས་ཡང་དག་པར་མི་འཐད་དེ། སྔགས་ལས་ཤ་ལྔ་སོགས་རྣལ་འབྱོར་བའི་ཟས་ཡིན་པ་དང་། གཙང་སྨེའི་རྣམ་རྟོག་མི་བྱ་བར་ཐམས་ཅད་ཀྱིས་བཟའ་བྱ་ཡིན་པ་དང་། བཀྲེས་སྐོམ་སེལ་བྱེད་ཡིན་པ་དང་། རྣམ་རྟོག་གིས་བཟའ་མི་བཟའ་བའི་རེ་དོགས་མི་བྱ་བར་ཐོགས་མེད་དུ་བཟའ་བྱར་གསུངས་པ་གང་ཞིག། ཤ་རིལ་ཡུང་འབྲུ་ཙམ་ལ་དེ་དག་གི་དོན་དང་ལྡན་ན་ཧ་ཅང་ཐལ་ཆེ་བ་ཡིན་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་པ་རིག་པ་ལས། བ་གླང་ཁྱི་ཤ་རྟ་ཤ་དང་། །ཤ་ཆེན་གླང་པོའི་མཆོག་ཡིན་ཏེ། །རྣལ་འབྱོར་ཆེན་པོའི་ཟས་ཡིན་པས། །གཞན་ནི་བཟའ་བར་མི་བྱའོ། །ཞེས་དང་། གསང་བ་འདུས་པ་ལས། གླང་པོའི་ཤ་དང་རྟ་ཡི་ཤ། །དེ་བཞིན་དམ་པ་ཁྱི་ཡི་ཤ། །ཟས་ཀྱི་ཕྱིར་ནི་བཟའ་བར་བྱ། །གཞན་ཟས་བཟའ་བར་ཡང་མི་བྱ། །སངས་རྒྱས་རྣམས་ནི་མཉེས་པར་འགྱུར། །བྱང་ཆུབ་སེམས་དཔའ་བློ་ཅན་ཡང་། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །མྱུར་དུ་སངས་རྒྱས་ཉིད་འཐོབ་འགྱུར། །ཞེས་དང་། གཏུམ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། དཀྱིལ་འཁོར་རབ་ཞུགས་རྣལ་འབྱོར་མ། །རྣལ་འབྱོར་དང་ནི་ཡང་དག་ལྡན། །ཕན་ཚུན་དུ་ནི་ཕྱག་བྱས་ནས། །བཟའ་བ་ཤ་དང་ཆང་ཡང་བྱ། །ཞེས་གསུངས་པའི་ཕྱིར་རོ།།

རྟགས་ཟུར་གཉིས་པ་གྲུབ་སྟེ། རྡོ་རྗེ་གདན་བཞི་ལས། ལྟོས་ཤིག་ཤིན་ཏུ་མཛེས་པའི་ཆོས། །འདི་ལ་རྟོག་པ་ཡོང་མིན་ཐོང་། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །ཞེས་དང་། ཡང་དག་སྦྱོར་བའི་རྒྱུད་ལས། འདིར་ནི་ཆོས་རྣམས་བཟང་པོ་ལྟོས། །འདུ་བ་རྣམས་ལ་ཐེ་ཚོམ་མེད། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་ཅིག་པ་ཉིད་དུ་ཟོ། །ཞེས་དང་། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་མཛད་པའི་སངས་རྒྱས་མཉམ་སྦྱོར་གྱི་ཚོགས་ཀྱི་ཆོ་ག་ལས། ལྟོས་ཤིག་རྣལ་འབྱོར་རྒྱན་མཛེས་རྣམས། །འདི་ལ་རྣམ་རྟོག་ཡོད་མ་ཡིན། །བྲམ་ཟེ་ཁྱི་དང་གདོལ་པ་རྣམས། །རང་བཞིན་གཅིག་པས་ལྷན་ཅིག་བཟའ། །ཞེས་གསུངས་པའི་ཕྱིར་རོ།།

རྟགས་ཟུར་གསུམ་པ་གྲུབ་སྟེ། དུས་འཁོར་བསྡུས་རྒྱུད་ལས། ཁྱི་དང་རྟ་ལ་སོགས་པའི་སྒྲོན་མ་རྣམས་ཀྱིས་ལུས་ལ་བཀྲེས་སྐོམ་ལ་སོགས་ནད་རྣམས་འཕྲོག་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

རྟགས་ཟུར་བཞི་བ་གྲུབ་སྟེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། བ་གླང་ཤ་དང་རྟ་ཤ་སོགས། །དོགས་པ་མེད་པར་བཟའ་བར་བྱ། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ཕྱི་མ་ལས། བ་ལང་ཤ་དང་རྟ་ཤ་སོགས། །ཐོགས་པ་མེད་པར་བཟའ་བར་བྱ། །ཞེས་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། ཅི་སྲིད་སྦྱོར་བ་ཚོགས་པ་ཡིས། །དངོས་གྲུབ་ཐམས་ཅད་བྱེད་པའི་མཆོག །བདུད་རྩི་ལྔ་ནི་རྣམ་བརྗོད་པ། །འཆི་མེད་དངོས་པོ་མེད་པའོ། །རྟོག་པ་མེད་པར་བཟའ་བར་བྱ། །བློ་ལྡན་རང་བཞིན་མེད་པས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དམ་ཚིག་གི་རྫས་ཉིད་དུ་བཟའ་བྱའི་ཟས་ཀྱི་ཆེད་དུ་ཤ་སོགས་བཟའ་བྱར་གནང་བ་ནི་གྲུབ་པ་གང་ཞིག། གལ་ཏེ་རོ་ནུས་དྲི་གཟུགས་བསྒྱུར་ཟིན་པའི་རིལ་བུ་ཡུང་འབྲུ་ཙམ་ལས་མེད་ན་བཅུད་ལེན་གྲུབ་པའི་གང་ཟག་ཅིག་ཡིན་ན་མ་གཏོགས་ཟས་ཀྱི་ཕྱིར་དུ་བཟའ་བར་བྱ་བ་ཞིག་མེད་པའི་ཕྱིར་དང་། ཁྱི་དང་གདོལ་བ་བཞིན་གཙང་སྨེའི་དབྱེ་བསལ་མེད་པར་ཟ་བར་བྱ་བ་ཞིག་ཀྱང་མེད་དེ། དྲི་རོ་ཁ་དོག་ཙམ་ཡང་མངོན་གསལ་དུ་མེད་པའི་ཤ་རིལ་ཡུང་འབྲུ་ལྟ་བུ་ཞིག་གིས་ཟས་གོ་མི་ཆོད་ཅིང་གཙང་སྨེའི་རྟོག་པ་གཅོད་བྱེད་དུ་ཡང་མི་འོང་བའི་ཕྱིར། གལ་ཏེ་གཙང་སྨེའི་རྟོག་པ་གཅོད་བྱེད་དུ་འོང་ན་འབྲུ་རིགས་རྡོག་པོ་རེ་དང་ཤ་ཁྲག་ཆབ་ཀྱི་སྡེབ་སྦྱོར་ཅན་གྱི་ནད་གསོའི་སྨན་རིལ་ཙམ་ཡང་ཤ་ཁྲག་གཤང་གཅིའི་རིལ་བུ་རུ་ཐལ་ཞིང་བྱེད་ལས་དེ་དག་ཐོན་པར་ཐལ་བའི་ཕྱིར་དང་། རིལ་བུ་ཡུང་འབྲུ་ཙམ་ཟ་བ་ལ་ཐོགས་མི་ཐོགས་ཀྱི་རྣམ་གཞག་ཀྱང་ཐལ་ཆེས་པ་དང་། བཀྲེས་པའང་སེལ་མི་ནུས་པའི་ཕྱིར། གཙོ་བོ་ནི་ཤ་རིལ་ཡུང་འབྲུ་ལྟ་བུ་ལས་ཆེ་བ་བཟའ་མི་རུང་ཟེར་བའི་རྒྱུད་ལུང་གང་ཡང་མ་མཐོང་བའི་ཕྱིར་ན་འདོད་པ་དེ་མི་འཐད་པ་ཁོ་ན་ཡིན་པ་ཤེས་པར་བྱའོ།།

གསུམ་པ་རྩོད་པ་སྤོང་བ་ནི། ཁོ་ན་རེ། གོང་དུ་དྲི་མེད་འོད་ཀྱི་ལུང་དྲངས་ཟིན་པ་དང་། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་བ་དྲི་མ་མེད་པའི་འོད་ལས། གོ་ཀུ་ལ་སོགས་པ་ལྔ་དང་རྣམ་པར་སྣང་མཛད་ལ་སོགས་པ་ལྔ་རྣམས། ཡུངས་ཀར་གྱི་ཚད་ཙམ་ཉིན་རེ་བཞིན་དུ་དམ་ཚིག་གི་དོན་དུ་བསྟེན་པར་བྱའོ། །ཞེས་གསུངས་པས་ན་ཤ་རིལ་ཡུང་དཀར་གྱི་ཚད་ཙམ་ལས་མ་གནང་བ་ཤེས་པའི་ཕྱིར་ན་ཤ་ཟས་ཀྱི་ཕྱིར་དུ་བཟའ་བ་ནི་མི་འཐད་དོ་ཟེར་ན། འདོད་པ་དེ་ཆོས་ཅན། ཡང་དག་པར་མི་འཐད་དེ། དེ་ལྟར་རྒྱུད་འགའ་རེར་ཤ་ལྔ་སོགས་ཡུང་འབྲུ་དང་སྲན་མ་འདྲ་བའི་རིལ་བུར་བྱས་ཏེ་བཟའ་བར་བཤད་པ་བདེན་མོད་ཡུང་འབྲུ་ཙམ་ལས་ཆེ་བ་བཟའ་མི་རུང་ཟེར་བའི་ཁུངས་མེད་པའི་ཕྱིར། དེས་ན་རྒྱུད་འབྲེལ་དེ་སོགས་རིལ་བུ་ཡུང་འབྲུ་ཙམ་དུ་བཤད་པ་རྣམས་ནི། ཆུང་ཚད་ཙམ་ལས་དེ་ལས་ཆེ་བ་གཞན་པ་བཟའ་མི་རུང་བར་གསུངས་པ་ནི་གཏན་ནས་མིན་ལ། དེ་ནི་དམ་རྫས་བསྟེན་ཚུལ་ཕྱོགས་རེ་བ་ཙམ་ཡིན་པ་ལས། སྔགས་རྒྱུད་གང་ནའང་ཤ་སོགས་ཀྱི་ཡ་མཐའི་བོང་ཚད་བཤད་པ་ནི་མེད་ལ། གོང་དུ་དྲངས་ཟིན་གྱི་རྒྱུད་དག་གིས་དཔག་ནའང་ཡུང་འབྲུ་ཙམ་དེ་ཡ་མཐར་བཤད་པ་རྒྱུད་ཀྱི་དགོངས་པ་མ་ཡིན་པ་ཤེས་སླའོ།།

གཞན་ཡང་ཤ་སོགས་རིལ་བུ་ཡུང་འབྲུ་ཙམ་ཟེར་བ་མང་པོ་ཞིག་ནི་སྐྱེ་བ་བདུན་པའི་རིལ་བུ་བསྒྲུབ་པའི་ཚུལ་དང་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་ཀྱི་དངོས་གྲུབ་དང་རིལ་བུ་སྒྲུབ་པའི་སྐབས་སུ་གསུངས་པ་ཡིན་ཏེ། དུས་འཁོར་གྱི་བསྡུས་རྒྱུད་ལས། གྲུབ་པ་ལྕགས་གསུམ་གྱིས་བཅིངས་མཁའ་ལ་འགྲོ་བའི་ཤ་ཡི་རིལ་བུས་མཁའ་ལ་སྤྱོད་པ་ཉིད་དག་སྟེར། །ཞེས་དང་། དྲི་མེད་འོད་ལས། དེ་རྣམས་ལས་སྡེ་ཚན་གཅིག་གི་ཤ་བསྒྲུབས་ནས་གྲིབ་མ་ལ་བསྐམས་པ་བདུད་རྩི་ལྔ་དང་ལྷན་ཅིག་ཏུ་ཕྱེ་མར་བྱས་ཏེ། དེ་ནས་མི་བསྐྱོད་པས་སྦྲུས་ནས་ཙ་ཎ་ཀའི་ཚད་ཀྱི་རིལ་བུ་བྱས་ཏེ་དེ་ལྟར་ན་གྲུབ་པ་ཞེས་པའོ། །ལྕགས་གསུམ་གྱིས་བཅིངས་ཞེས་པ་ནི་འདིར་སྐུ་དང་། གསུང་དང་ཐུགས་ཀྱི་དག་པས་ཟླ་བ་དང་ཉི་མ་དང་སྒྲ་གཅན་གྱི་དབྱེ་བས་དངུལ་དང་ཟངས་དང་ཁབ་ལེན་གྱི་ལྕགས་ཏེ། སོ་སོར་བཅིངས་པ་ནི་ལྕགས་གསུམ་གྱིས་བཅིངས་པའོ། །མཁའ་ལ་འགྲོ་བའི་ཤ་ཡི་རིལ་བུ་འཆད་པར་འགྱུར་བའི་རིམ་པས་བསྒྲུབས་པ་ན་མཁའ་ལ་སྤྱོད་པ་ཉིད་དག་སྟེར་རོ། །དེ་བཞིན་དུ་ཁྱི་དང་རྟ་ལ་སོགས་པ་ས་ལ་སྤྱོད་པ་དང་ཆུ་ལ་སྤྱོད་པ་རྣམས་ཀྱི་ལུས་ཀྱི་ཤ་རྣམས་ཀྱི་རིལ་བུ་གྲུབ་པ་ལྕགས་གསུམ་གྱིས་བཅིངས་པས་ལུས་ལ་བཀྲེས་སྐོམ་སོགས་དང་། ནད་རྣམས་འཕྲོག་པར་བྱེད་དོ་ཞེས་པ་རིལ་བུ་སྒྲུབ་པའི་ངེས་པའོ། །ད་ནི་མིག་སྨན་སྒྲུབ་པ་གསུངས་པ་དེ་དག་རྣམས་ཀྱི་ཞེས་པ་ལ་སོགས་པ་སྟེ། འདིར་མིག་སྨན་སྒྲུབ་པའི་སྔགས་སྔར་བཞིན་བསྒྲུབས་ནས་དེ་ནས་མིག་སྨན་བསྒྲུབ་པར་བྱའོ། །ཞེས་དང་། རྔམ་གློག་ལས། ནམ་མཁའི་དབྱིངས་ཀྱི་དབུས་དག་ཏུ། །ཟླ་བའི་དཀྱིལ་འཁོར་བསམ་ནས་སུ། །རང་ཉིད་གང་འདོད་ལྷར་བསྒོམ་ཏེ། །སྐུ་གསུང་ཐུགས་སུ་བྱིན་བརླབས་པའི། །དམ་རྫས་བདུད་རྩི་རྣམ་ལྔ་ལ། །སྲན་མ་ཙམ་གྱི་རི་ལུ་བྱ། །ལྕགས་གསུམ་གའུར་བཅུག་ནས་ནི། །ཁར་བཅུག་རང་གི་སྙིང་པོ་ལས། །རབ་ཏུ་གོམས་པ་འདི་བྱས་ན། །གང་འདོད་རིག་འཛིན་གདོན་མི་ཟ། །ཞེས་ཐུན་མོང་གི་དངོས་གྲུབ་མཁའ་སྤྱོད་ལ་སོགས་པའི་ལས་གང་འདོད་སྒྲུབ་པའི་སྐབས་སུ་གསུངས་པའི་ཕྱིར་དང་། གཞན་ཡང་རྟ་མཆོག་རོལ་བ་ལས། གཞན་ཡང་རི་ལུའི་བསྒྲུབ་ཐབས་ནི། །བདུད་རྩི་ལྔ་ལས་འབྱུང་བ་ཡི། །རྫས་དག་ཤ་ལྔ་དང་བསྲེས་ཏེ། །ཐོད་པ་མཚན་ལྡན་ནང་བཞག་ནས། །དཀྱིལ་འཁོར་རྒྱན་དང་ལྡན་གནས་སུ། །ཐབས་དང་ཤེས་རབ་ལྡན་ནས་སུ། །གར་གྱི་དབང་ཕྱུག་སྐུ་བསྒོམས་ཞིང་། །ཡི་གེ་བཅུ་བཞི་གསང་སྔགས་ཀྱིས། །འབུམ་ཕྲག་གསུམ་དུ་བཟླས་བྱས་ཏེ། །མཚན་མ་ཕྲ་མོ་མཐོང་བ་དང་། །བདུད་རྩི་གོང་བུ་བསྒྲིལ་བྱས་ཏེ། །རྒྱ་ཤུག་འབྲས་བུའི་ཚད་ཙམ་དུ། །རིན་ཆེན་ཟ་མ་ཏོག་ཏུ་གཞུག །ཅེས་དང་། སློབ་དཔོན་ཤྲཱི་དྷ་རས་མཛད་པའི་དཔལ་གཤིན་རྗེ་གཤེད་ཀྱི་རྒྱུད་ཀྱི་དཀའ་འགྲེལ་ལྷན་ཅིག་སྐྱེས་པའི་སྣང་བ་ལས། རི་ལུ་སྒྲུབ་པའི་ཐབས་ནི། གསེར་དངུལ་དང་ཟངས་མ་རྣམས། །མན་ཆ་གསུམ་དང་བཞི་བཞི་དག །ར་ཏི་དང་པོ་ཐུབ་པ་དང་། །ཡོན་ཏན་མདའ་ཡིས་བཤད་པའོ། །རིམ་པ་བཞིན་དུ་རི་ལུར་བཅིང་། །ཞེས་བྱ་བ་འདི་དག་གིས་ཤ་ལྔ་དང་ལྡན་པའི་བདུད་རྩི་ལྔ་རྒྱ་ཤུག་གི་འབྲས་བུ་ཙམ་མམ་རས་བལ་གྱི་འབྲས་བུ་ཙམ་མམ། རིམ་པ་བཞིན་གཏུབས་ནས་དེའི་རྣམ་པར་བསྒོམས་ལ་ལག་པས་བཀབ་ཅིང་ཇི་སྲིད་འབར་བར་འགྱུར་གྱི་བར་དུ་བཟླ་བར་བྱའོ། །དེ་ནས་ཁར་བཅུག་ནས་གང་དུ་འདོད་པ་དེར་བསམས་པ་ཙམ་གྱིས་ཐོགས་པ་མེད་པར་འགྲོའོ། །ཞེས་དང་། སློབ་དཔོན་རྒྱལ་བས་བྱིན་གྱིས་མཛད་པའི་གསང་བ་འདུས་པའི་རྒྱུད་ཀྱི་དཀའ་འགྲེལ་ལས། རི་ལུ་དེ་ཙ་ན་ཀའི་རུས་པའི་ཚད་དམ་རྒྱ་ཤུག་གི་རུས་པའི་ཚད་ཙམ་ཆོས་འབྱུང་གི་དབུས་སུ་གཞུག་པར་བྱ་སྟེ། ཞེས་གསུངས་པ་དང་། བྱང་སེམས་རྡོ་རྗེ་སྙིང་པོས་མཛད་པའི་ཀྱེའི་རྡོ་རྗེ་བསྡུས་པའི་དོན་གྱི་རྒྱ་ཆེར་འགྲེལ་བ་ལས། དེ་དོར་ནས་ཀྱང་དེའི་ཤ་ལས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རི་ལུར་བྱས་ཏེ། བདག་ཅག་ཐམས་ཅད་ཀྱིས་བཟའ་བར་བྱ་ཞིང་སེམས་ཅན་ཐམས་ཅད་ལ་ཁྱེར་ཚད་དུ་བགོ་བར་བྱའོ། །དེས་ནི་མཁའ་ལ་སྤྱོད་པའི་དངོས་གྲུབ་སྟེར་བ་ཡིན་ནོ། །ཞེས་དང་། དེ་ནི་སྐྱེ་བ་བདུན་པར་མཚོན་ཅིང་རྟོགས་པར་བྱས་ལ། དེ་ལྟ་བུ་རྙེད་ནས་རྣལ་འབྱོར་པས་རྒྱ་ཤུག་གི་ཚི་གུ་ཙམ་གྱི་རིལ་བུ་བྱས་ཏེ་ཟོས་པས་མཁའ་ལ་སྤྱོད་པར་འགྱུར་ཞིང་བསྐལ་པ་དཔག་ཏུ་མེད་པར་འཚོ་ལ་དེ་ལྟ་བུའི་རྣམ་པར་སྨིན་པའི་ལུས་ཀྱིས་ནི། གང་དག་མཚམས་མེད་པ་བྱས་པ་དང་། གང་གིས་ཆོས་ཀྱི་དབྱིངས་ཀྱི་བདེ་བ་ཁྱད་པར་དུ་གྱུར་པ་ལས་བཤུང་བ་ཡང་ལུས་དེ་ཉིད་ཀྱིས་འདག་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ཁོ་ན་རེ། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས། མི་དང་གླང་པོ་ཆེ་དང་རྟ། །གླང་དང་ཁྱི་དང་བོང་བུ་དང་། །རྔ་མོ་མ་ཧེ་སྤྱང་ཀི་རྣམས། །ཆ་ནི་མཉམ་པོར་བྱ་བའོ། །མཐེ་བོང་ཚིགས་ཚད་ཙམ་དུ་ནི། །ཤིན་དུ་མཉམ་པར་བཞག་ནས་སྦྱར། །དྲི་ཆེན་ཆུ་དང་རཀྟ་དང་། །བྱང་ཆུབ་སེམས་ནས་ཚད་ཙམ་ནི། །སྔགས་བཟླས་ནས་ནི་སྦྱར་བྱས་ཏེ། །བྱིན་གྱིས་བརླབས་ཀྱང་བྱ་བའོ། །ཞེས་ཤ་ལྔ་ནི་མཐེ་བོང་གི་ཚིགས་ཚམ་དང་། བདུད་རྩི་ནི་ནས་འབྲུའི་ཚད་ཙམ་དུ་དགོས་པར་གསུངས་ཤིང་། སློབ་དཔོན་ཡེ་ཤེས་སྙིང་པོས་མཛད་པའི་ལྷ་མོ་བཞི་ཞུས་ཀྱི་རྣམ་བཤད་ལས། མཐེ་བོ་ཚིགས་ཙམ་ཚད་དུ་ནི། །ཞེས་བྱ་བ་ནི་ཤ་རྣམས་ཏེ་བསྡུ་བའི་ཚད་དེ། སྲེད་པའི་སྒོ་ནས་ཤ་དེ་དག་མང་དུ་ཚོགས་པ་ནི་མི་རུང་བའི་ཕྱིར་རོ། །ཞེས་དང་། ནས་ཙམ་ཚད་དུ་ནི་ཞེས་བྱ་བ་ནི། བདུད་རྩི་ལྔ་ལས་ནས་འབྲུ་ཙམ་རེ་བསྡུ་སྟེ་མང་བ་ནི་སྐྱོན་པའི་ཕྱིར་རོ། །ཞེས་ཤ་མང་ན་སྐྱོན་དུ་གསུངས་པས་ཡུང་འབྲུ་ཙམ་མམ་མཐེ་བོང་གི་ཚིགས་ཙམ་ལས་མ་གསུངས་པ་གྲུབ་བོ་ཞེ་ན། ལྷ་མོ་བཞི་ཞུས་ཀྱི་རྣམ་བཤད་ལས་བཤད་པ་ནི། སྨོས་ཟིན་ལྟར་ཐུན་མོང་གི་དངོས་གྲུབ་སྒྲུབ་པའི་སྐབས་ཀྱི་རིལ་བུའི་དངོས་གྲུབ་ཀྱི་རྫས་ཚད་བཤད་པ་ལས་གསང་སྔགས་ཀྱི་ཤ་ལྔའི་སྤྱོད་སྒོ་ཡོད་ཚད་ལ་བཤད་པ་མ་ཡིན་ཏེ། དེ་ཉིད་ལས། ཡན་ལག་བརྒྱད་ནི། རི་ལུ་དང་། མིག་སྨན་དང་། ས་འོག་དང་། རལ་གྲི་དང་། ནམ་མཁའ་ལ་འགྲོ་བ་དང་། མིག་རྣོ་བ་དང་། འཆི་འཕོ་མེད་པ་དང་། ནད་འཇོམས་པའི་དངོས་གྲུབ་དང་བརྒྱད་དོ། །དེ་ཡང་གསལ་བར་གསུངས་པ། རི་ལུ་ཞེས་བྱ་བ་ལ་སོགས་པའོ། །ཞེས་ཐུན་མོང་གི་དངོས་གྲུབ་བསྒྲུབ་ཚུལ་རིམ་པར་བཤད་ནས། ད་ནི་རི་ལུའི་བསྒྲུབ་པ་གསུངས་པ། མི་དང་གླང་པོ་ཞེས་བྱ་བ་ལ་སོགས་པའོ། །ཞེས་པ་ནས། མཐེ་བོ་ཚིགས་ཙམ་ཚད་དུ་ནི། །ཞེས་སོོགས་གསུངས་པའི་ཕྱིར་རོ།།

སྤྱིར་བཏང་རྒྱུད་ལས་ནི་སྦྱིན་སྲེག་དང་། མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་དང་། ཐ་ན་དབང་སྡུད་དང་མངོན་སྦྱོད་ཀྱི་ལས་ཕྲན་ཚེགས་ལ་སོགས་པའི་ལས་སྣ་ཚོགས་སྒྲུབ་པའི་རྫས་སུ་ཤ་གནང་བ་དང་། རྫས་བསྒྲུབ་སྟངས་དང་། རྫས་ཀྱི་ཆེ་ཆུང་མང་ཉུང་རྣམས་ཀྱང་ཐ་དད་ཡིན་པའི་ཕྱིར་ཏེ། ཁྲག་འཐུང་མངོན་འབྱུང་ལས། དེ་ནས་ཤ་ཡི་དགང་བླུགས་འབུམ། །ཡང་ན་ཤ་ཆེན་དག་གིའོ། །ཆང་དང་བཅས་ནས་བསྲེས་ནས་ནི། །པདྨ་གཅིག་ཏུ་སྦྱིན་སྲེག་བྱ། །ཞེས་དང་། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ་ལས། སྦྲུལ་རྟ་ནེའུ་ལེ་མ་ཧེའི་ཤ །བྱ་རོག་འུག་ཤ་སྟོང་ཕྲག་གཅིག །བསྲེགས་པས་བསྒྲུབ་བྱ་འབྱེ་བར་ངེས། །བྲ་བོ་འབྲས་བུ་ར་ཤ་ཁྲག །སྟོང་ཕྲག་གཅིག་གིས་ལྐུགས་པར་འགྱུར། ། རྔ་མོང་བྱ་རོག་རྒན་པོའི་ཤ །སཱ་ལུ་དམར་ཏིལ་དཀར་པོ་དང་། །ཡུང་ཀར་སེར་པོ་ལ་སོགས་པ། །སྟོང་དུ་བསྲེག་པས་སྐྲོད་པར་བྱེད། །ཅེས་དང་། དམ་ཚིག་གསུམ་བཀོད་ལས། དེ་ལ་སྦྱོར་བ་འདིས་རི་ལུ་བསྒྲུབ་པར་བྱ་སྟེ། ཨ་ཏི་པ་ལའི་རྩ་བ་དང་། ཞེས་པ་ནས། རང་གི་ཁྲག་དང་། ཏིལ་མར་བསྲེས་པ་དང་། རིལ་བུ་གསུམ་བྱས་ལ་ཟངས་ཀྱིས་བཏུམ་པར་བྱའོ། །ཞེས་དང་། དུས་འཁོར་བསྡུས་རྒྱུད་ལས། བསྲུང་བ་དག་ཀྱང་ཀུན་ནས་བྱས་ཏེ་དེ་ཡི་དབུས་སུ་ཤ་ཡི་རིལ་བུ་དག་གམ་མིག་སྨན་ནི། །བྱས་ནས་ཤིན་དུ་དྲི་བཟང་མེ་ཏོག་རྣམས་ཀྱིས་ཡང་དག་མཆོད་དེ་སྔགས་ཀྱི་བཟླས་པ་རབ་ཏུ་བྱ། །ཇི་སྲིད་མཁའ་ལ་ཉི་མ་བཞིན་དུ་འོད་ཟེར་འཕྲོ་བའི་བར་ཏེ་དེ་ནས་བླངས་ལ་གཟུང་བར་བྱ། །ཞེས་དང་། དྲི་མ་མེད་པའི་འོད་ལས། ལྷའི་རྣལ་འབྱོར་གྱིས་ཤ་ཆེན་པོ་ཁྲག་དང་བཅས་པ་བཅུ་ཡིས་བསྒྱུར་བའི་བརྒྱར་ནི་ཞེས་པ་སྟོང་ཕྲག་གཅིག་འདིའི་སྔགས་ཀྱིས་སྦྱིན་སྲེག་བྱའོ། །ཞེས་དང་། སློབ་དཔོན་ཆེན་པོ་དཔལ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་འདུས་རྒྱུད་འགྲེལ་ལས། དེ་བཞིན་དུ་རི་ལུའི་དངོས་གྲུབ་ཀྱང་ཁྱེད་ཀྱིས་བསྒྲུབ་པར་བྱའོ། །ཚེས་བརྒྱད་པའམ་བཅུ་བཞི་ལ་སོགས་པའི་བཤང་བ་ལ་བདུད་རྩི་ལྔའི་རི་ལུ་ཁམ་ཕོར་ཁ་སྦྱོར་གྱི་ནང་དུ་བསྒྲུབས་ལ། རྒྱ་ཤུག་གི་འབྲས་བུའི་ཚད་ཙམ་དེ་ཉིད་ཡི་གེ་གསུམ་གྱིས་བྱིན་གྱིས་བརླབས་ལ། ཡི་གེ་དགུ་པ་བཟླས་ཤིང་ཉིན་རེའམ་ཟླ་བ་རེ་རེའམ་ལོ་རེ་རེ་ཟོས་ན་དེའི་ཚེ། སངས་རྒྱས་ཀུན་དང་ལྷན་ཅིག་ཏུ་འཁོད་པར་འགྱུར་བ་ནི་མཁའ་སྤྱོད་ལ་སོགས་པའི་དངོས་གྲུབ་ཐོབ་པར་འགྱུར་ཏེ། བསྐྱེད་པའི་རིམ་པ་དང་སྒྲུབ་པ་དག་གོ །ཞེས་ཤ་རིལ་ཡུང་འབྲུ་དང་། སྲན་མ་དང་། ནས་འབྲུ་དང་། མཐེ་བོང་གི་ཚིགས་ཚད་ཙམ་དང་། རིལ་བུ་གསུམ་དང་། ཤིན་ཏུ་མང་པོ་ལ་སོགས་པ་བོང་ཚོད་དང་། གྲངས་ཀ་སོགས་མི་འདྲ་བ་གསུངས་པ་སོགས་མཐའ་ཡས་པའི་ཕྱིར་རོ།།

མཁས་དབང་དགེ་དགུན་ཆོས་འཕེལ་གྱིས། ཐོད་པ་ལྔ་ལ་བདུད་རྩི་ལྔ་དངོས་སུ་བླུགས་ནས་སྤྱོད་པ་དང་། རུས་པའི་རྒྱན་གོན་ཏེ་གཅེར་བུར་འགྲོ་བ་སོགས་དངོོས་སུ་མཐོང་མོད། རྟོགས་ལྡན་ཡིན་ནམ་སྨྱོན་ཐབས་ཅན་ཡིན་པ་སུ་ཞིག་གིས་འཚལ། ཞེས་རྒྱ་གར་ན་ཁོང་ཕེབས་པའི་དུས་སུ་ཤ་ལྔ་བདུད་རྩི་ལྔ་ཐོད་པར་དངོས་སུ་བླུགས་ནས་སྤྱོད་མཁན་ཡོད་པར་གསུངས་པ་དེས་ཡུང་འབྲུ་ཙམ་ཞིག་ལ་སྤྱོད་པ་མ་ཡིན་པར་ཤེས་ཤིང་། ད་ལྟའི་ཕྱི་ནང་གང་ཡིན་དཔྱོད་དཀའ་བའི་རྒྱ་གར་བའི་རྣལ་འབྱོར་བ་འགའི་སྤྱོད་པ་མཐོང་བས་ཀྱང་རྫས་རིལ་ཡུང་འབྲུ་ཙམ་མིན་པ་ནི་ཤེས་ནུས་སོ།།

གསུམ་པ་འདུལ་བ་ལས་རྣམ་གསུམ་དག་པའི་ཤ་གནང་བ་ནི་ཤའི་ཆེད་དུ་དག་པ་ཞིག་དགོས་ཀྱི་རང་གི་ཆེད་དུ་དག་པས་གོ་མི་ཆོད་ཟེར་བ་ལ་དོགས་པ་འགོད་པ་ལའང་འདོད་པ་བརྗོད་པ་དང་། དེ་ལ་དོགས་པ་འགོད་པ་དང་གཉིས་ལས། དང་པོ་ནི། ཡང་ཁ་ཅིག་ན་རེ། རྣམ་གསུམ་དག་པའི་དོན་རང་གི་ཆེད་དུ་མ་ཡིན་པར་ཤའི་ཆེད་དུ་བྱས་པ་ཡིན་མིན་གྱི་མཐོང་ཐོས་དོགས་གསུམ་དང་བྲལ་དགོས་ཏེ། ཞེས་ཟེར་རོ། །གཉིས་པ་དེ་ལ་དོགས་འགོད་པ་ནི། དེ་ནི་གཏན་ནས་མི་འཐད་དེ། ཤའི་ཆེད་དུ་བསད་པ་ཡིན་མིན་ལ་མཐོང་ཐོས་དོགས་པའི་རྣམ་གསུམ་གང་རུང་ཡོད་པ་ཞིག་མ་དག་པས་བཟའ་མི་རུང་བ་དང་དེ་གསུམ་གང་རུང་མེད་ན་དག་པ་ཡིན་པ་ནི་འདུལ་བའི་དགོངས་པ་མ་ཡིན་པའི་ཕྱིར། དེར་ཐལ། འདུལ་བ་ལུང་ལས། འདིས་བདག་གི་ཆེད་དུ་ཞེས་དང་། འདིས་ཁྱོད་ཀྱིས་ཆེད་དུ་ཞེས་དང་། འདི་ནི་བདག་གི་ཆེད་དུ་ཞེས་དངོས་སུ་རང་ཉིད་ཀྱི་ཆེད་དུ་བསད་པའི་ཤ་ཡིན་མིན་ལ་མཐོང་ཐོས་དོགས་གསུམ་ཡོད་མེད་ཀྱིས་རྣམ་གསུམ་གྱིས་དག་མ་དག་ཏུ་བཞག་པ་གསལ་བོར་ཡོད་པའི་ཕྱིར། དེ་ལྟར་བདག་ཉིད་ཀྱི་ཆེད་དུ་ཞེས་པའི་ཚིག་དངོས་སུ་མངོན་སུམ་དུ་ཡོད་བཞིན་རང་ཉིད་ཀྱི་ཆེད་དུ་མི་དགོས་པར་ཤའི་ཆེད་དུ་བསད་པས་འཐུས་སོ་ཟེར་བ་ནི་རང་གི་ཞེ་འདོད་བསྒྲུབ་པའི་ཆེད་དུ་མངོན་གསུམ་ལ་སྙོན་བཏབ་པ་ཡིན་པས་དེ་ནི་ལུང་རིགས་སྨྲ་བ་སུ་ཞིག་གིས་ཁས་ལེན་ཏེ་མི་ལེན་ཏོ།།

གཞན་དུ་ན་སངས་རྒྱས་ཤཱཀྱ་ཐུབ་པ་ཆོས་ཅན། ཁྱོད་བརྡ་སྦྱར་བ་ལ་མི་མཁས་པར་ཐལ། རང་ཉིད་ཀྱི་ཆེད་དུ་མི་དགོས་པར་ཤའི་ཆེད་དུ་བསད་པའི་ཤ་ལ་བདག་གི་ཆེད་དང་། ཁྱོད་ཀྱི་ཆེད་དུ་སོགས་བརྡ་སྦྱར་བའི་ཕྱིར། རྟགས་གཞུང་གིས་གྲུབ། འདོད་ན། ཤཱཀྱ་ཐུབ་པ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་ལོ།།

གཞན་ཡང་ཁ་ཅིག་འདུལ་བ་མདོ་རྩ་བ་ལས། ཤའི་བྱིན་ལེན་སྟོབ་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ། །དུ་མ་ཉིད་ན་དང་པོས་སོ། །ཉམས་ན་འོག་མས་སོ། །ཞེས་པའི་སྐབས་ཀྱི་བཅད་པ་ལས་བྱུང་བ་ཉིད་ཅེས་པ་སྲོག་བཅད་པ་ལས་བྱུང་བ་ཉིད་ཀྱི་ཤ་ཞེས་པར་བསྒྱུར་ནས་སྲོག་བཅད་པའི་ཤ་ཡིན་ཕན་ཆད་བཟའ་མི་རུང་བར་ལུང་དེས་བསྒྲུབས་པ་ནི་ཡ་མ་བརླ་སྟེ། དེ་ནི་གཞུང་དོན་ལོག་པར་གོ་བའམ་ཆེད་དུ་འདུ་ཤེས་བསྒྱུར་ཏེ་གཞུང་དོན་རང་གི་ཞེ་འདོད་ཀྱི་ཕྱོགས་སུ་ལོག་པར་བསྒྱུར་པའི་འདོད་པ་དམར་རྗེན་ངོ་གནོང་ཞིང་འཇིགས་དགོས་པ་ཞིག་ཡིན་པ་ལས་མདོ་རྩའི་ལུང་དོན་མ་ཡིན་པའི་ཕྱིར། གྲུབ་སྟེ། མདོ་རྩའི་ལུང་དོན་ནི། དགེ་སློང་དག་ལ་སྦྱིན་བདག་གིས་ཤའི་གསོལ་ཚིགས་དྲང་ན་མི་ཤ་དང་གཅན་གཟན་གྱི་ཤ་སོགས་རབ་ཏུ་བྱུང་བ་ལ་བཅས་པ་མཛད་དེ་བཟའ་མི་རུང་བར་སྟོན་པའི་བཀས་བཅད་པ་ལས་བྱུང་བའི་ཤ་མ་ཡིན་ནམ་ཞེས་འདྲི་དགོས་པའི་དོན་ཡིན་གྱི་སྤྱིར་སྲོག་བཅད་པ་ལས་བྱུང་བ་ཉིད་ཀྱི་ཤ་མ་ཡིན་ནམ་ཞེས་འདྲི་དགོས་པའི་དོན་མ་ཡིན་པའི་ཕྱིར། གྲུབ་སྟེ། སློབ་དཔོན་ཡོན་ཏན་འོད་ཉིད་ཀྱིས་མཛད་པའི་མདོ་རྩའི་རང་གི་རྣམ་བཤད་ལོ་ཙཱ་བ་ཚུལ་ཁྲིམས་འབྱུང་གནས་ཀྱི་འགྱུར་ལས། ཤའི་བྱིན་ལེན་སྟོབས་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི་མི་ལ་སོགས་པའི་ཤ་བཅད་པ་གང་ཡིན་པ་དེ་བྱུང་བ་ཉིད་མ་ཡིན་ནམ་ཞེས་བྱ་བ་དང་། བཅས་པར་དྲི་བར་བྱའོ། །དེ་མི་ལ་སོགས་པ་མ་ཡིན་ནམ་ཞེས་བྱ་བ་ལ་སོགས་པས་སོ། །དུ་མ་ཉིད་ཡིན་ན་དང་པོས་སོ་ཞེས་བྱ་བ་དང་། ཟ་བ་པོ་དུ་མ་ཉིད་ཡོད་ན་དང་པོས་དྲི་བར་བྱ་བ་སྟེ། ཞེས་གསུངས་པ་དང་། སློབ་དཔོན་དྷརྨ་མི་ཏྲས་མཛད་པའི་འདུལ་བ་མདོ་རྩའི་རྒྱ་ཆེར་འགྲེལ་ལོ་ཙཱ་བ་ཀླུའི་རྒྱལ་མཚན་གྱི་འགྱུར་ལས། ཤའི་བྱིན་ལེན་སྟོབས་པ་ལ་བཅད་པ་ལས་བྱུང་བ་ཉིད་མ་ཡིན་ནམ་ཞེས་དྲི་བར་བྱའོ་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་རྣམས་ལ་སྦྱིན་བདག་གིས་ཤའི་བྱིན་ལེན་བསྟབས་པ་ན་དེ་ལ་ཟ་བ་པོས་འདི་དགེ་སློང་གིས་བཟར་མི་རུང་བའི་ཤ་བཅད་པ་མི་ཤ་དང་། སྟག་གི་གོད་མ་དང་། གླང་པོ་ཆེ་དང་། རྟ་དང་། ཀླུ་དང་། རྨིག་པ་གཅིག་པ་ལ་སོགས་པའི་ཤ་མ་ཡིན་ནམ་ཞེས་དྲི་བར་བྱ་ཞིང་། དེ་དག་ལས་བྱུང་བ་མ་ཡིན་ན་བཟའ་བར་བྱའོ། །ཚིག་དེ་ནི་མཚོན་པ་ཙམ་དུ་ཟད་དེ། འདི་ཅིའི་ཤ་དྲིས་ན་གཞན་མ་སྨོས་ཀྱང་ཉེས་པ་མེད་དོ། །ཞེས་གསུངས་པ་དང་། སློབ་དཔོན་པྲ་ཛྙཱ་ཀཱ་རས་མཛད་པའི་འདུལ་བ་མདོ་རྩའི་འགྲེལ་བ་རྣམ་བཤད་ཅེས་པ་ལས། བཀག་པ་མ་ཡིན་ནམ་ཞེས་སྦྱིན་པས་བྱེད་པ་ལ་དྲི་ཞེས་པ་དང་། དུ་མ་ན་དང་པོས་སོ་ཞེས་པ་དང་། དེས་མ་ཡིན་ན་འོག་མས་སོ་ཞེས་པ་ནི་ཤ་འགྲིམ་པ་ལ་བདག་གིས་བཟར་མི་རུང་བའི་བག་མི་ཤ་ལ་སོགས་པ་མ་ཡིན་ནམ་ཞེས་གྲལ་གྱི་དང་པོ་ན་འདུག་པའམ་འོག་མ་རྣམས་གང་ཡང་རུང་པས་དྲིས་ཤིག་པའོ། །ཞེས་གསུངས་པའི་ཕྱིར། དེས་ན་བཅད་པ་ལས་བྱུང་བ་ཞེས་པ་སྲོག་བཅད་པ་ལས་བྱུང་བ་ཞེས་རང་གི་ཞེ་འདོད་ཀྱི་ཕྱོགས་སུ་ལོག་པར་འགྲེལ་བའི་ཚུལ་ལ་བསམ་ཚེ་བོད་ཀྱི་མཁས་པ་མང་པོ་ཞིག་ནི་མཁས་པ་ཡིན་ཡང་གཟུར་གནས་མིན་པའི་ཚུལ་འདི་མཐོང་དུས་མདོ་རྒྱུད་དང་དགོངས་འགྲེལ་རང་གིས་དངོས་སུ་མ་མཐོང་ན་མཁས་པ་དེས་གསུངས་སོ་སྙམ་དུ་ཡིད་ཆེས་དགོས་ན་ཤིན་ཏུ་ཡིད་རྟོན་མི་རུང་བར་ཤེས་སོ། །འདུལ་འཛིན་ཆེན་པོ་ཡོན་ཏན་འོད་ཀྱིས་རང་རྩོམ་ལ་རང་འགྲེལ་མཛད་པའི་གཞུང་ལས་བརྒལ་ཏེ་ལུང་འཁྱོག་པོར་སྨྲ་བ་ནི་བློ་འཇིགས་ཤིང་ཡིད་སྐྱོའོ། །

ཡང་ཁ་ཅིག་ན་རེ། འོད་ལྡན་ལས། ཆེད་དུ་བྱས་པ་དག་ནི་ཞེས་བྱ་བ་ནི་ཆེད་དུ་བྱས་པའི་ཤ་དང་ཉ་ཤ་དག་བཟའ་བར་མི་བྱའོ། །གལ་ཏེ་དེ་བྱས་པ་དང་བྱེད་དུ་བཅུག་པ་དང༌། རྗེས་སུ་ཡི་རང་བའི་འཁོར་གསུམ་ཡོངས་སུ་དག་པ་ཡིན་དུ་ཟིན་ཀྱང༌། འོན་ཀྱང་ཆེད་དུ་བྱས་པ་རྣམས་ལས་སྙིང་བརྩེ་བ་མེད་པའི་སེམས་སྐྱེ་བའི་ཕྱིར་དང༌། ཆ་མ་ཡིན་པའི་ཕྱིར་བཀག་གོ །དེ་ལས་གཞན་པ་ནི་མ་བཀག་གོ །ཞེས་གསུངས་པའི་ལུང་དྲངས་ནས་འོད་ལྡན་ལས་ཤའི་ཆེད་དུ་བྱས་པ་ཞིག་ཕྱིན་རྣམ་གསུམ་མ་དག་པར་འགྱུར་གྱི་རྣམ་གསུམ་མ་དག་པ་ཡིན་པ་ལ་རང་གི་ཆེད་དུ་བསད་པ་ཞིག་ཡིན་མི་དགོས་ཞེས་ཟེར། དེ་ནི་འོད་ལྡན་གྱི་ལུང་དོན་འཁྱོག་པར་བརྗོད་པའམ་ཡང་ན་ལུང་དོན་མ་གོ་བའི་སྐྱོན་ཡིིན་ཏེ། འོད་ལྡན་གྱི་ལུང་དོན་དེ་ལྟར་མ་ཡིན་པའི་ཕྱིར། དེར་ཐལ། འོད་ལྡན་གྱི་ལུང་དོན་ནི། སློབ་དཔོན་ཤཱཀྱ་འོད་རང་གིས་མཛད་པའི་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའམ་འདུལ་བ་དགེ་ཚུལ་གྱི་ཀཱ་རཱི་ཀ་ལས། སྟག་གིས་ཟོས་པའི་གོད་ཀྱི་ཤ་རྣམས་དང་། །ཆེད་དུ་བྱས་པ་དག་ནི་བཟའ་མི་བྱ། །ཞེས་པའི་ཐད་ཀྱི་འགྲེལ་བ་ཡིན་ལ། དེའི་དོན་ནི་གལ་ཏེ་དགེ་སློང་རང་གིས་སྲོག་བཅད་པ་དང་། གཅོད་དུ་འཇུག་པ་དང་། སྲོག་བཅད་པར་བྱས་པ་ལ་རྗེས་སུ་ཡི་རང་བ་གསུམ་མེད་པར་དེ་འདྲའི་འཁོར་གསུམ་གྱིས་རྣམ་པར་དག་ཀྱང་དགེ་སློང་རང་གི་ཆེད་དུ་བསད་པ་དང་། དེ་ལྟར་ཡིན་པར་མཐོང་ཐོས་དོགས་གསུམ་ཡོད་ན་རྣམ་གསུམ་དག་པའི་ཤར་མི་འགྱུར་བར་རྣམ་གསུམ་མ་དག་པའི་ཤ་ཡིན་ཕྱིར་བཟའ་མི་རུང་ལ། དེ་མ་ཡིན་པར་རང་གི་ཆེད་དུ་བྱས་པ་ལ་རྣམ་གསུམ་དག་ན་བཟའ་རུང་ཞེས་པའི་དོན་ཡིན་གྱི། ཤའི་ཆེད་དུ་བསད་པ་ཡིན་ཕྱིན་རྣམ་གསུམ་མ་དག་པའི་ཤར་འགྱུར་གྱི་དེ་ལྟར་འགྱུར་བ་ལ་རང་གི་ཆེད་དུ་བསད་པ་ཞིག་ཡིན་མི་དགོས་ཞེས་པའི་དོན་མ་ཡིན་པའི་ཕྱིར། གྲུབ་སྟེ། སློབ་དཔོན་དུལ་བའི་ལྷས་མཛད་པའི་ཚིག་ལེའུར་བྱས་པ་སུམ་བརྒྱ་པའི་རྣམ་པར་བཤད་པ་ལས། བདག་གི་ཕྱིར་བསད་པ་ཉིད་ཀྱང་བཟའ་བར་མི་བྱའོ་ཞེས་བྱ་བར་སྦྱར་རོ། །ཆེད་དུ་གསད་པ་དག་ནི་བཟའ་བར་མི་བྱ་ལ། གཞན་པ་དག་ནི་སྔར་བཤད་པའི་ཆོ་གས་བཟའ་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་འཐད་པའང་མཁས་པའི་དོགས་སེལ་བྱས་ཟིན་པ་ལྟར་ལ། སྲོག་གཅོད་བྱས་པ་དང་། བྱེད་དུ་བཅུག་པ་དང་། དེ་ལ་རྗེས་སུ་ཡི་རང་བྱས་པ་གསུམ་ཡོད་མེད་དང་། རང་གི་ཆེད་དུ་སྲོག་བཅད་པར་མཐོང་ཐོས་དོགས་གསུམ་ཡོད་མེད་དེ་གཉིས་དོན་དངོས་པོའི་སྟེང་ནས་གནམ་ས་ལྟར་མི་འདྲ་བ་སོ་སོ་བ་ཡིན་ཕྱིར་སྔ་མ་ནི་ཤའི་ཆེད་དམ་རང་གི་ཆེད་དུ་སྲོག་གཅོད་པའི་ལས་བྱེད་པ་དང་། བྱེད་འཇུག་དང་། ཡི་རང་གསུམ་ཡོད་ན་འཁོར་གསུམ་མ་དག་པ་དང་། མེད་ན་དག་པའི་དོན་དང་། འདིར་རྣམ་གསུམ་དག་མ་དག་ཟེར་བ་ནི་དེ་གསུམ་སྟེ་འཁོར་གསུམ་གྱིས་དག་མ་དག་ལ་བྱེད་པ་མིན་པར་ཤ་དེ་རང་གི་ཆེད་དུ་བྱས་པ་ཞིག་ཡིན་མིན་ལ་མཐོང་ཐོས་དོགས་གསུམ་ཡོད་མེད་ཀྱིས་དག་མ་དག་ཏུ་བྱེད་པ་དེའི་དོན་ཡིན་ཕྱིར། ཆེད་དུ་བྱས་པ་དག་ནི་ཞེས་པ་འདིའི་དོན་རྣམ་གསུམ་དག་པའི་ཤ་ལ་སྦྱར་བ་ཡིན་མོད་དེ་ལ་རང་གི་ཆེད་དུ་ཞེས་པ་སོགས་མ་སྦྱར་ན་དྲངས་མ་ཐག་པའི་འདུལ་བ་ལུང་གཞིའི་ལུང་དང་འགལ་ལོ།།

སློབ་དཔོན་ཤཱཀྱ་འོད་ཀྱིས་མཛད་པའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལས། ཡ་རབས་རྣམས་ཀྱིས་ཤ་དང་ཉ་གནང་གང་། །གནོད་དང་བརྩེ་མེད་རོ་སོགས་ལ་ཆགས་དང་། །ཡོངས་སུ་བཙལ་བའི་སེམས་དག་སྤངས་ནས་ནི། །ལྷུང་བཟེད་འོངས་པ་དེ་ལ་བརྟགས་ཏེ་བཟའ། །ཞེས་པའི་དོན་ནི་སྐྱེས་བུ་ཡ་རབས་དམ་པར་གྱུར་པ་རབ་བྱུང་དག་གིས་ཉ་དང་ཤ་ཟ་བ་ན་སྙིང་རྗེ་མེད་པར་ཤའི་རོ་ལ་ཆགས་ནས་སྲོག་ཆགས་ལ་གནོད་པ་བརྩམས་ཏེ། ཡོངས་སུ་བཙལ་བ་སྟེ་རང་གིས་གསོད་པ་དང་། གསོད་དུ་འཇུག་པ་དང་། དེ་ལ་ཡི་རང་གསུམ་མེད་པའི་འཁོར་གསུམ་གྱིས་དག་པ་གཞིར་བཞག་པའི་སྟེང་དུ་རང་གི་ཆེད་དུ་བསད་པ་ལ་མཐོང་ཐོས་དོགས་གསུམ་མེད་པའི་རྣམ་གསུམ་གྱིས་དག་པའི་ཤ་ཞིག་དགོས་པ་དང་། དེ་ཡང་ལྷུངས་བཟེད་དུ་བླུགས་ཏེ་དྲངས་པའི་དུས་ན་མི་ཤ་དང་། སྦྲུལ་དང་། གླང་པོ་ཆེ་དང་། སྤྲེའུ་དང་། སེངྒེའི་ཤ་ལ་སོགས་པ་རབ་བྱུང་གི་བཟའ་མི་རུང་བར་བཀས་བཅད་པ་དག་ཡིན་མིན་བརྟགས་ཏེ་བཟའ་དགོས་པར་གསུངས་པ་ཡིན་ཏེ། དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་འགྲེལ་པ་འོད་ལྡན་ལས། འཇིག་རྟེན་ན་ཡ་རབས་ཏེ་རིགས་ཀྱི་ཆོས་དང་ལྡན་པར་བྱེད་པ་རྣམས་ཀྱིས། ཤའམ་ཉ་ཤ་བཟའ་བར་གྲགས་ཤིང་གནང་བ་གང་ཡིན་པ་ལྷུང་བཟེད་དུ་འོངས་པ་དེ་ལ་བརྟགས་ཏེ་བཟའ་བར་བྱའོ། །བརྟགས་ནས་ཞེས་བྱ་བ་ཅི་དགོས་ཤེ་ན། མི་དང་སྦྲུལ་དང་གླང་པོ་ཆེ་དང་། སྤྲེའུ་ལ་སོགས་པའི་ཤ་བཀག་པ་རྣམས་ཡོངས་སུ་སྤང་བའི་ཕྱིར་རོ། །ཞེས་སོགས་གསུངས་པའི་ཕྱིར། དོན་དེ་ལྟར་བཀྲལ་བ་ནི་འདུལ་བའི་དགོངས་པ་རྨ་མེད་པ་ཡིན་པ་ཤེས་པར་བྱའོ།།

ཤའི་ཆེད་དུ་བསད་པའི་ཤ་ཆོས་ཅན། བསྔོས་ཤ་ཡིན་པར་ཐལ། རྣམ་གསུམ་མ་དག་པའི་ཤ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། བསྔོས་ཤ་ཞེས་པ་རང་གི་ཆེད་དུ་བསད་པའི་ཤ་ཞིག་དགོས་པ་ཡིན་པའི་ཕྱིར། དེར་ཐལ། བསྔོས་ཤ་ཞེས་པ་ཡང་ཆེད་དུ་རང་ལ་བསྔོས་པ་ཞིག་དགོས་ཀྱི། ཤའི་ཆེད་དུ་བསད་ཚད་བསྔོས་ཤར་མི་འགྱུར་བ་ཡིན་པའི་ཕྱིར། རྟགས་ཟུར་དང་པོ་གྲུབ་སྟེ། འདུལ་བ་མདོ་རྩ་བ་ལས། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ། །ཞེས་གསུངས་པ་གང་ཞིག། དེའི་དོན་འགྲེལ་བ་ན་རང་གི་ཆེད་དུ་བསད་པའི་ཤ་དགོས་པར་གསུངས་པའི་ཕྱིར། གྲུབ་སྟེ། མདོ་རྩའི་རང་གི་རྣམ་བཤད་ལས། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཟ་བ་པོ་ལ་བརྟེན་ནས་བསྔོས་པར་ཟ་བ་པོས་མཐོང་བ་དང་ཐོས་པ་དང་དོགས་པའི་སྒོ་ནས་ཤེས་ན་དེས་ཤ་ཟ་བར་མི་བྱ་སྟེ། རྣམ་པར་རྟོག་པ་ཡོངས་སུ་སྐྱེས་པས་བཟའ་བར་བྱ་བ་མ་ཡིན་པ་ཉིད་དུ་སྨོས་པ་གང་ཡིན་པ་དེ་འདིས་མ་བསྡུས་པ་ཡིན་ནོ། །གལ་ཏེ་རྣམ་པར་རྟོག་པ་དེ་ངེས་ན་ནི་ཤེས་པ་ཁོ་ན་ཡིན་ནོ། །ཞེས་དང་། མདོ་རྩའི་རྒྱ་ཆེར་འགྲེལ་ལས། ཤ་བསྔོས་པར་ཤེས་ན་བཟའ་བར་མི་བྱའོ་ཞེས་བྱ་བ་ནི། ཟ་བ་པོའི་ཕྱིར་དུ་སྦྱིན་བདག་གིས་ཤ་བསྔོས་པར་ཟ་བ་པོས་མཐོང་བ་དང་ཐོས་དང་དོགས་པའི་སྒོ་ནས་ཤེས་ནས་དེས་ཤ་དེ་བཟའ་བར་མི་བྱ་བ་སྟེ། ཞེས་དང་། མདོ་རྩའི་རྣམ་བཤད་ལས། ཕྱིར་བྱས་པར་ཤེས་ན་མི་བཟའ་ཞེས་པ་ནི་ཁྱིམ་པས་བདག་གི་ཕྱིར་སྲོག་བཅད་དེ་ཤ་བྱིན་པར་འཕྲིགས་ན་མ་ཟ་ཤིག་པའོ། །ཞེས་གསུངས་པའི་ཕྱིར་རོ།།

རྟགས་ཟུར་ཕྱི་མ་མ་གྲུབ་ན། འོ་ན་ཤའི་ཆེད་དུ་བསད་པའི་ཤ་ཡིན་ཚད་ཆོས་ཅན། བསྔོས་ཤ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། ཤན་པའི་བཤས་ར་ནས་བྱུང་བའི་ཤ་ཆོས་ཅན། བསྔོས་ཤ་ཡིན་པར་ཐལ། ཤའི་ཆེད་དུ་བསད་པའི་ཤ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཤན་པའི་བཤས་ར་ནས་བྱུང་བའི་ཤ་དེ་བསྔོས་ཤ་མ་ཡིན་པའི་ཕྱིར། གྲུབ་སྟེ། ཤན་པའི་བཤས་ར་ནས་བྱུང་བའི་ཤ་དེ་བསྔོས་ཤ་མ་ཡིན་པ་འདུལ་བའི་དགོངས་པ་ཡིན་པའི་ཕྱིར། གྲུབ་སྟེ། མདོ་རྩ་ལས། ཤའི་བདག་ཉིད་ཀྱི་སྨན་དེ་ཡང་ངོ་། །ཐམས་ཅད་ཤན་པའི་གནས་ནས་བླང་ངོ་། །ཞེས་དང་། འདུལ་བ་མདོའི་རང་གི་རྣམ་བཤད་ལས། ཤའི་བདག་ཉིད་ཀྱི་སྨན་དེ་ལ་དེས་བྱིན་ལེན་བསྟབ་པར་བྱའོ། །ཐམས་ཅད་ཤན་པའི་གནས་ནས་བླང་ངོ་ཞེས་བྱ་བ་ནི་ཤ་རློན་པ་འབའ་ཞིག་ཏུ་མ་ཟད་ཀྱི་ཤའི་སྨན་ཐམས་ཅད་དགེ་བསྙེན་དད་པ་ཅན་གྱིས་ཤན་པའི་གནས་ནས་བླང་བའོ། །དེ་ནི་བྱ་བ་ཉིད་ཡིན་ནོ་ཞེས་བྱ་བ་ནི་ཤའི་སྨན་བླང་བ་དེ་ནི་ཤན་པའི་གནས་ནས་བླང་བ་ཉིད་དོ། །ཞེས་དང་། མདོ་རྩའི་རྒྱ་ཆེར་འགྲེལ་ལས། དེ་ལྟ་བས་ན་རབ་ཏུ་བྱུང་བ་རྣམས་ཀྱིས་ཤན་པའི་གནས་སམ་ཚོང་འདུས་ནས་ཤ་རུང་བ་དགེ་བསྙེན་དད་པ་ཅན་གྱིས་བླངས་ཏེ་བཟའ་བར་རྗེས་སུ་གནང་ངོ་། །ཞེས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་ཤན་པའི་གནས་ཀྱི་ཤ་ནི་རང་གི་ནོར་གྱི་ཆེད་དུ་དམིགས་ཏེ་བསད་པ་དང་། ཟ་བ་པོ་ཞིག་ཡོད་འོང་སྙམ་ནས་ཟ་བ་པོ་ཞིག་གི་ཆེད་དུ་བསད་པ་ཡིན་ཡང་དམིགས་ཀྱིས་འདིའི་ཆེད་དུའོ་ཞེས་བསད་པ་ནི་ཤིན་ཏུ་དཀོན་ཕྱིར་བསྔོས་ཤ་མ་ཡིན་ཞིང་། བསྔོས་ཤ་ཞེས་པ་ནི་ཟ་བ་པོ་ཆེ་གེ་མོ་ཞིག་དམིགས་ཀྱིས་བསལ་ནས་དེའི་ཆེད་དུ་བསད་པ་དང་། དེ་ཡང་ཟ་བ་པོ་དེས་རང་གི་ཆེད་དུ་བསད་པ་ལ་མཐོང་ཐོས་དོགས་གསུམ་ཡོད་པ་ཞིག་ལ་བྱེད་པ་ཡིན་པ་ནི་དྲངས་མ་ཐག་པའི་ལུང་དག་གིས་ཤེས་པའི་ཕྱིར་། དེ་ལྟར་མ་ཡིན་ན་ས་ལྒང་གི་ཁྱོན་གྱི་བཤས་ར་ཡོད་དོ་ཅོག་གི་ཤ་ཡོད་ཚད་རང་ལ་བསྔོས་པའི་བསྔོས་ཤར་ཐལ་བས་དགོད་བྲོ་ལ་ཡིད་འཇིགས་སོ།།

དེས་ན་རྣམ་གསུམ་དག་པ་ཞེས་པ་ནི། རྟོག་གེ་འབར་བ་ལས། འདི་ལྟར་བདག་གི་ཆེད་དུ་སྲོག་ཆགས་བསད་པར་རང་གིས་མཐོང་བ་ཡང་མེད། ཐོས་པ་ཡང་མེད། དོགས་པ་ཡང་མེད་པ་ནི་སྡིག་པའི་སེམས་དང་བྲལ་བ་ཡིན་པས་ནད་ལ་སོགས་པ་ཞི་བར་བྱ་བའི་དོན་དུ་དེ་ལྟ་བུའི་ཤ་ཟོས་ཀྱང་སྡིག་ཏུ་འགྱུར་བར་བརྟག་པར་མི་བྱ་སྟེ། ཞེས་གསུངས་པ་གོང་དུ་ལུང་དྲངས་ཟིན་པ་ལྟར་ཡིན་པ་ཤེས་གལ་ཤིན་ཏུ་ཆེའོ། །བོད་ཡུལ་གྱི་མང་དུ་ཐོས་པའི་རྒྱ་ཆུང་ངུར་གནས་པའི་ཐོས་པ་གསར་བུ་བ་རྣམས་ཀྱིས་ཡིད་ལ་ཟུངས་ཤིག། བརྗེད་པར་མི་འགྱུར་བར་མཛད་པར་ཞུའོ།།

འཕྲོས་དོན་འགའ་བཤད་པ།

གསུམ་པ་འཕྲོས་དོན་འགའ་བཤད་པ་ལ་དངོས་དང་ཞར་བྱུང་གཉིས་ལས། དང་པོ་ནི། གོང་དུ་སྨོས་ཟིན་པ་ལྟར་སྤྱིར་བཏང་སྔགས་ཀྱི་རྒྱུད་སྡེ་ལས་ཤ་ཡི་སྐོར་མང་པོ་ཐོན་པ་འདི་ཡང་མཐའ་གཅིག་ཏུ་བཟའ་བྱར་བཤད་པས་མ་ཁྱབ་སྟེ། ཞི་རྒྱས་དབང་དྲག་གམ་རིགས་ཀྱི་ལས་སོགས་ཀྱི་སྦྱོར་བ་ལ་རྫས་སྣ་ཚོགས་འདུ་བར་བྱ་བ་དང་། བརྟག་པ་སྣ་ཚོགས་དང་སྦྱིན་སྲེག་ལ་སོགས་པ་ལས་སྒོ་ཤིན་ཏུ་མང་པོ་ཞིག་ལ་ཤའི་རྫས་རིགས་མང་པོ་དགོས་པར་བཤད་པ་ཡོད་པའི་ཕྱིར་ཏེ། རྡོ་རྗེ་འཇིགས་བྱེད་ཀྱི་རྟོག་པ་ལས། གྲོང་ཁྱེར་དཀྲུག་ན་སྔགས་པ་དེས། །ཁྱི་ཤ་སྦལ་ཤ་རུས་སྦལ་ཤ། །རྔ་མོ་བྱི་ལའི་ཤ་རྣམས་ལ། །སྟོང་རྩ་བརྒྱད་དུ་བསྲེག་པར་བྱ། །རྟ་ཤ་དྲི་ཆེན་རབ་སྦྱར་བས། །རིལ་ལུ་བྱས་ཏེ་བདག་མདུན་དུ། །གསང་སྔགས་རྒྱལ་པོ་བཟླས་བྱས་ནས། །བརྒྱ་རྩ་བརྒྱད་དུ་བསྲེགས་པས་ནི། །རྒྱལ་པོ་དབང་དུ་བྱེད་པར་འགྱུར། །ཞེས་དང་། དགུག་པ་དུས་རྣམས་ཐམས་ཅད་དུ། །ཁྱི་ཤ་ཉ་ཤ་བདུད་རྩི་ལྔ། །ཆ་མཉམ་རི་ལུ་བྱས་ནས་ནི། །བརྒྱ་རྩ་བརྒྱད་དུ་བསྲེགས་ན་འགུགས། །ཞེས་དང་། གླང་པོ་རྟ་བོང་ཁྱི་ཤ་ལ། །སྟོང་ཕྲག་གསུམ་གྱིས་དབང་དུ་བྱེད། །བྱ་རོག་འུག་པ་ཁྱི་ཤ་ཆུ། །བསྲེགས་ན་མི་རྟ་འབྱེར་བར་ངེས། །ཞེས་དང་། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། རྨ་བྱ་ཁྲུང་ཁྲུང་ནེ་ཙོ་ཤ། །རྔ་མོ་ཁྭ་ཏ་ངང་པའི་ཤ། །ནེའུ་ལེ་སོ་བྱ་མཐིང་རིལ་ཤ། །དེ་རྣམས་སྐམས་པའི་ཕྱེ་མ་དང་། །ཞེས་དང་། ཕྱག་ན་རྡོ་རྗེ་གསང་བ་མངོན་བསྟན་ལས། ལྷག་པར་ཁྱུང་ཆེན་མཆོད་པ་ནི། །ཉ་ཤ་བྷྲེང་གི་ལ་དུ་དང་། །འོ་མ་སྦྲུལ་གྱི་ཤ་ཡིས་མཆོད། །གནོད་སྦྱིན་དག་ལ་ཤ་རློན་དང་། །ཆང་ནི་མེད་དུ་མི་རུང་ངོ་། །ར་ཁྲག་ཤིང་ཐོག་རྣམས་ཀྱིས་སོ། །ཞེས་དང་། དཔལ་གདན་བཞིའི་བཤད་རྒྱུད་སྔགས་ཀྱི་ཆ་ལས། ནག་པོ་ར་ཡི་ཤ་དང་ནི། །ཁྲག་དང་རྣམ་པར་བསྲེས་ནས་ནི། །བྲིས་སྐུ་ལ་སོགས་གཟུགས་བརྙན་མདུན། །རྫོགས་པའི་ཆོ་གས་སྦྱིན་སྲེག་བྱ། །ཞེས་དང་། བདེ་མཆོག་ཉུང་ངུའི་རྒྱུད་ལས། བ་ལང་ཤ་བསྲེག་སྦྱིན་སྲེག་ནི། །ཁྲག་གིས་བསྐུས་ན་ལྷ་རྣམས་ནི། །དེ་མོད་དབང་དུ་འགྱུར་བའམ། །གལ་ཏེ་མ་འོང་འཆི་བར་འགྱུར། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། མེ་ཡི་མར་ཁུ་དེ་ཡི་ཤ། །བསྲེགས་བླུགས་བརྒྱ་རྩ་བརྒྱད་བླུགས་བྱ། །དེ་རུ་རྡོ་རྗེ་ཕག་མོ་བྱིན། །ཞེས་དང་། ལག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་ས་འོག་གི་རྒྱུད་ལས། བདུད་རྩི་ལྔ་དང་གླ་རྩི་དང་། །འབྲས་བུ་གསུམ་དང་རྨ་བྱའི་ཤ། །རི་ལུ་བྱས་ལ་སྒལ་ཚིགས་གཞག །དེ་ཡི་བར་དུ་རྨ་བྱའི་སྒྲོ། །མདངས་དང་ལྡན་ན་འཚོ་བར་ངེས། །ནག་པོར་གྱུར་ན་མི་འཚོའོ། །ཞེས་དང་། མི་གཡོ་བའི་རྒྱུད་ལས། བྱ་རྒོད་ཤ་དང་དེ་བཞིན་འུག །བྱི་ལ་ཡི་ནི་ཤ་རྣམས་དང་། །ནེའུ་ལེའི་སྤུ་ནི་བླངས་ནས་སུ། །སྤུན་པའི་མེ་ལ་བསྲེགས་འགྱུར་ན། །སྲེག་བླུགས་གསུམ་ཙམ་ཉིད་ཀྱིས་སུ། །མྱུར་བ་ཉིད་དུ་དབྱེ་བར་འགྱུར། །ཞེས་དང་། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས། སྦྲུལ་རྟ་ནེའུ་ལེ་མ་ཧེའི་ཤ། །བྱ་རོག་འུག་ཤ་སྟོང་ཕྲག་གཅིག །བསྲེགས་པས་བསྒྲུབ་བྱ་དབྱེ་བར་ངེས། །བྲ་བོ་འབྲས་བུ་ར་ཤ་ཁྲག །སྟོང་ཕྲག་གཅིག་གིས་ལྐུགས་པར་འགྱུར། །རྔ་མོང་བྱ་རོག་རྒན་པོའི་ཤ། །སཱ་ལུ་དམར་ཏིལ་དཀར་པོ་དང་། །ཡུང་ཀར་སེར་པོ་ལ་སོགས་པ། །སྟོང་དུ་བསྲེགས་པས་སྐྲོད་པར་བྱེད། །ཅེས་དང་། སྒྱུ་མའི་འོད་ཟེར་འབྱུང་བའི་རྒྱུད་ལས་ཕྱུངས་པའི་རྟོག་པ་ལས། ཟན་དང་ཉ་དང་། ཤ་རློན་པ་དང་ལྡན་པས་གཏོར་མ་བྱིན་ལ་སོར་བརྒྱད་པའི་སེང་ལྡེང་གི་ཕུར་བུས་བཏབ་ལ་ས་བརྐོས་ཏེ་བཟླས་ལ། ཞེས་སོགས་གསུངས་པ་ལྟར་ཡིན་ཞིང་དེ་འདྲ་མཐའ་ཡས་པའི་ཕྱིར་རོ།།

གཉིས་པ་ཞར་བྱུང་མཇུག་བསྡུ་བའི་གཏམ་ནི། ཁ་ཅིག་ན་རེ། ཤ་བཟའ་མི་རུང་བ་ནི་ཐེག་པ་ཆེན་པོའི་མདོ་སྡེ་འགའ་ལས་གསལ་བར་བཤད་པས་འདུལ་ལུགས་ལ་བཟའ་རུང་ཙམ་དེ་ལ་ཡང་བསྟུན་མི་རུང་ལ། སྔགས་བླ་མེད་ཀྱི་རྒྱུད་སྡེ་ཕལ་མོ་ཆེ་ལས་ཤ་ལ་བསྔགས་པ་དེ་ཡང་ཁས་ལེན་མི་རུང་ཟེར། དེ་ནི་བློ་གཟུ་བོར་གནས་པའི་སྨྲ་བ་ཞིག་ཏུ་མི་སེམས་ཏེ། སྤྱིར་ཐེག་ཆེན་དང་གསང་སྔགས་ཁས་མི་ལེན་པའི་ལྷོ་བརྒྱུད་ནང་པ་བར་གྲགས་པའི་འབར་མ་དང་། སི་ཡམ་དང་། ཀམྤོ་ཛ་དང་། སིང་ག་ལའི་གླིང་གི་གནས་བརྟན་པ་རྣམས་ལ་ཤ་བཟའ་མི་རུང་ཞེས་ཐེག་ཆེན་གྱི་མདོ་སྡེའི་ལུང་འདྲེན་བགྱིས་ཀྱང་ཁས་མི་ལེན། ཤ་ཁྲག་བཟའ་དགོས་ཞེས་སྔགས་ཀྱི་རྒྱུད་ཀྱི་ལུང་དྲང་ཡང་ཁས་མི་ལེན། དེ་བཞིན་རྒྱ་ནག་གི་ནང་ཆོས་པ་ལའང་སྔགས་ཀྱི་རྒྱུད་ཀྱི་ལུང་དྲང་ནའང་ཁས་མི་ལེན་ལ། བོད་འགྱུར་འདུལ་བ་དྲང་ཡང་ཁས་ལེན་མི་སྲིད། དེ་དང་འདྲ་བར་བོད་དུའང་འདུལ་བ་དང་སྔགས་གཉིས་ཀ་ལ་ཐེག་ཆེན་གྱི་མདོ་རེ་ཟུང་གིས་ཚོད་བཟུང་དབང་བསྒྱུར་བགྱིས་ཏེ་མདོ་རྒྱུད་ཀྱི་གཞུང་གཞན་ནས་ཅི་བཤད་ཧྲིལ་གྱིས་དོར་ན་རང་འདོད་ཨུ་ཚུགས་ཙམ་ལས་བདེན་དོན་གཟུར་གནས་ཤིག་ཡིན་པར་དཔྱོད་ཤེས་སུ་ཞིག་ཁས་ལེན། ཤ་བཟའ་རུང་མི་རུང་དེ་གཙོ་བོ་རྟེན་ཅི་འདྲ་དང་། ཟ་བ་པོའི་བསམ་སྦྱོར་དང་། དགག་པས་སྨོད་པ་དང་མ་དགག་པར་བསྔགས་པ་གཉིས་ལ་དགོས་པ་ཅི་ཞིག་མཆིས་དང་། དགོངས་པ་གང་ལ་དགོངས་དང་། སྐབས་གང་ཡིན་ཕྱེ་བ་ནི་གནད་དམ་པ་ཡིན་ལ། ནང་ཆོས་ནས་སྲོག་གཅོད་རང་ག་བ་ནི་གཏན་ནས་མ་གནང་ལ། ཐེག་པ་ཆེན་པོས་སྙིང་རྗེ་གཙིགས་སུ་བྱེད་པ་ནི་རྩ་བ་ཡིན་མོད། ཤ་ཟ་ན་དེ་དག་ལ་མཐའ་གཅིག་ཏུ་གནོད་པ་དང་། ལས་དེ་དག་གསོག་པས་ཁྱབ་པ་ནི་མེད་ཕྱིར། འདུལ་བ་ནས་ཡོངས་རྫོགས་ཀྱི་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་གྲས་སུ་ཤ་བཟའ་མི་རུང་བ་མ་བགྲང་ཞིང་། བྱང་སེམས་ལས་རྩ་ལྟུང་བཅོ་བརྒྱད་དང་ཡན་ལག་སྦོམ་པོའི་ལྟུང་བར་ཡང་ཤ་བཟའ་བ་དགག་བྱར་མ་བཤད་པ་དང་། སྔགས་རྒྱུད་དུ་བཟའ་བྱའི་དམ་ཚིག་ཏུ་བསྔགས་པའི་ཤ་དེ་ཡང་སྤྱིར་བཏང་གི་ཤ་ཙམ་མིན་པར་ཤ་དམིགས་གསལ་བ་ལ་བྱེད་པ་བརྗོད་ཟིན་པ་ལྟར་དང་། ཤ་ལྔ་ལ་སོགས་པ་དེ་ཡང་ཁ་ཟས་ཀྱི་ཕྱིར་ཙམ་དང་། ཟས་སྲེད་ཙམ་གྱིས་རོལ་རུང་བར་བཟུང་ན་ནི་འགལ་བ་དང་། གསང་སྔགས་མ་ཟད་འདུལ་བ་ལས་ཀྱང་ཤ་ཙམ་མིན་པར་ཁ་ཟས་ཡོད་ཚད་ལ་སྨན་སོགས་ཀྱི་འདུ་ཤེས་བཞག་སྟེ་རོལ་བ་ལས་ཁ་ཟས་སུ་བཟུང་ནས་སྲེད་པས་རོལ་བར་ནི་མ་གསུངས་པ་དང་། སྔགས་ཀྱི་ཉམས་ལེན་གྱི་ཆ་རྐྱེན་དུ་མིན་ན་ནི། མི་ཤ་དང་རྨ་བྱ་སོགས་ཀྱི་ཤ་ཟོས་ན་ཉེས་པར་འགྱུར་བ་ལས་ཉམས་ལེན་དང་བསླབ་བྱར་གཏན་ནས་མི་འགྱུར་བས་ཤ་ལྔ་བདུད་རྩི་ལྔ་བསྔགས་འདུག་ཅེས་ཅི་འདོད་འདོད་དུ་བཟའ་ན་ནི་རྒྱུད་ཀྱི་དགོངས་པར་སུ་ཞིག་གིས་ཁས་ལེན་ཏེ་འབྱུང་བོར་སྐྱེ་བའི་རྒྱུའོ།།

འོན་ཀྱང་གསང་སྔགས་ཀྱི་ཉམས་ལེན་གྱི་ཆ་རྐྱེན་དུ་ཤ་ལྔ་བདུད་རྩི་ལྔ་ལ་སྤྱོད་དགོས་པ་ལས་ར་ལུག་གི་ཤ་ཁ་ལ་ལེན་མི་རུང་ཞེས་གང་དུའང་མ་གསུངས་ཤིང་། ཤ་ལྔ་སོགས་མ་རྙེད་ན་ཕྱུགས་སོགས་ཀྱི་ཤ་ལ་སོགས་པ་ཤ་གཞན་པའང་རུང་བ་མ་ཟད་དགོས་པའི་དུས་སུ་དཀྱིལ་འཁོར་སོགས་སུ་ཤ་མེད་ན་ཡིད་ཀྱིས་བསྒོམ་དགོས་པར་གསུངས་ཏེ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ་ལས། ཁ་ན་མ་ཐོ་བ་མེད་པའི་ཤ་མེད་ན་ཆོ་གར་བྱ་བ་བསྟན་པར་བྱ་བའི་ཕྱིར། ཤ་རྣམས་ཐམས་ཅད་ཅེས་བྱ་བ་ལ་སོགས་པ་གསུངས་ཏེ། དེ་ལྟར་བཤད་པའི་ཤ་རྣམས་མ་རྙེད་ན་བསྒོམ་པས་ཤ་རྣམས་བསྐྱེད་པར་བྱའོ། །ཡང་ན་བག་ཕྱེ་ལ་སོགས་པ་ལས་མིའི་གཟུགས་ལ་སོགས་པ་བྱས་ལ། དེའི་ངོ་བོ་ཉིད་ལས་སྲོག་དང་བྲལ་བར་བསམ་ནས་དེའི་ཡན་ལག་གིས་བསྒྲུབ་པར་བྱའོ། །ཞེས་དང་། སློབ་དཔོན་ཆེན་པོ་ཙི་ལུ་པས་མཛད་པའི་གསང་འདུས་འགྲེལ་བ་རིན་པོ་ཆེའི་ལྗོན་ཤིང་ལས། ད་ནི་དངོས་གྲུབ་ཐམས་ཅད་ལ་ཤིས་པའི་ཟས་བསྟན་པའི་ཕྱིར། ཤ་ཆེན་ཞེས་པ་ལ་སོགས་པའོ། །དམ་ཚིག་དག་གིས་ཞེས་པ་ནི་སྔོན་དུ་བསྟེན་པའི་ཕན་ཡོན་དང་། ཕྱིས་སྒྲུབ་པ་ལ་ཁྱད་པར་དུ་ཤིས་པའི་ཕྱིར་རོ། །རྡོ་རྗེ་གསུམ་མཆོག་ནི་ཕྱག་རྒྱ་ཆེན་པོའོ། །གལ་ཏེ་མེད་ན་སྒྲུབ་པའི་ཆོ་ག་ཡང་གསུངས་པ། ཁྱི་ཤ་དག་གིས་ཞེས་པ་ལ་སོགས་པའོ། །ཐམས་ཅད་དུ་མེད་ན་སྒྲུབ་པའི་ཆོ་ག་གསུངས་པ། ཤ་རྣམས་ཐམས་ཅད་ཅེས་པ་ལ་སོགས་པའོ། །ཞེས་དང་། སློབ་དཔོན་རྡོ་རྗེ་བཞད་པས་མཛད་པའི་གསང་འདུས་རྣམ་བཤད་ལས། གསང་བ་གསུམ་ཞེས་པ་ནི་ཧཱུཾ་གིས་སྦྱང་བ་དང་། ཨཾ་གིས་རྟོགས་པར་བྱ་བ་དང་། ཨོཾ་གྱིས་འབར་བར་བསྒོམ་པའོ། །ཤ་ཆེན་ལ་སོགས་པ་ནི་གོ་སླ་བ་སྟེ། མེད་ན་ཡང་བསམ་པ་ནི་དོགས་པ་མེད་པའི་སེམས་ཀྱིས་ཤ་རྣམས་མ་རྙེད་ན་ཁ་ཟས་ཀུན་ལ་དེ་ཉིད་བསྒོམ་ཞིང་བརྟག་གོ །ཞེས་དང་། སློབ་དཔོན་ཛྙཱ་ན་ཤྲཱིས་མཛད་པའི་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བ་ལས། ཤ་ལྔ་བདུད་རྩི་ལྔ་ནི་མཚོན་པ་སྟེ། ཡུལ་གང་ན་ཤ་ལ་སོགས་པ་མི་གཙང་བར་འཛིན་པ་དེ་དང་དེ་ཉིད་ལ་མ་ཆགས་པར་སྤྱོད་དོ། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་ར་ལུག་ནོར་གནག་གི་ཤ་ཅི་འདོད་དུ་སྤྱོད་རུང་ཞེས་ཀྱང་མ་བཤད་པས་སྲོག་གཅོད་ཀྱི་ལས་རང་གིས་གསོག་པ་དང་། གསོག་ཏུ་འཇུག་པ་དང་། གསོག་པ་ལ་ཡི་རང་བྱེད་པ་ཡོད་མེད་དང་། རང་གི་བཟའ་བའི་ཆེད་དུ་བསད་པ་མཐོང་བ་དང་། ཐོས་པ་དང་། དོགས་པ་གསུམ་ཡོད་མེད་དང་། སྙིང་རྗེ་ཉམས་པའི་རྒྱུར་གྱུར་མ་གྱུར་རྣམས་ཀྱིས་ཉེས་པ་ཡོད་མེད་དང་། ཉེས་པའི་ལྕི་ཡང་དེ་མདོ་རྒྱུད་ཀྱིས་ཁ་གྲག་འོང་པས་རི་བོང་གཅལ་འདྲོག་གིས་ཁྱིམ་པ་ཡན་ལ་མདོ་ཚིག་གཅིག་གི་ཁྲིམས་རྒྱར་འཛུད་པ་ཡང་གཞུང་དོན་མིན་པ་དང་། སྔོན་གྱིས་སྐྱེས་ཆེན་འགའ་ཡིས་ལག་ལེན་བྱས་འདུག་པས་ཀུན་གྱིས་ལག་ལེན་བྱ་དགོས་ཟེར་བ་ནི་གདུལ་བྱ་དཀྲི་མི་ཤེས་པའི་ངང་ཚུལ་ལས་མ་འདས་སོ།།

སྐྱེས་ཆེན་གོང་མའི་རྣམ་ཐར་ལ་སློབ་དགོས་པ་བདེན་མོད། རབ་བྱུང་དང་། བྱང་སེམས་དང་། རིག་པ་འཛིན་པའི་རྟེན་དང་རྟེན་ཅན་དུ་ཁས་འཆེ་བ་ཞིག་ཡིན་ཕན་ཆད་དེ་ལྟར་ཉམས་སུ་བླངས་དགོས་པ་ལས་ཁྱིམ་པ་ཡན་ཆད་ཀྱིས་དེ་ལྟར་དགོས་པའི་ངེས་པ་ནི་མ་མཆིས་ཤིང་། རང་གི་རྒྱུད་དང་རང་སྐལ་དང་མཚམས་པ་འདི་གལ་ཆེ་བ་ལས་སྐྱེས་ཆེན་རེ་ཟུང་རབ་ཏུ་བྱུང་བས་མི་ཐམས་ཅད་རབ་ཏུ་བྱུང་བར་ག་ལ་དགོས། ནུས་ཀྱང་མི་ནུས། སུ་ཞིག་གིས་དེ་ལྟར་བསྐུལ་མྱོང་སྟེ་མ་མྱོང་ལ། ཐམས་ཅད་སྔགས་ཀྱི་རྣལ་འབྱོར་བར་གྱུར་ག་ལ་ནུས། ཆོས་སྒོ་གཅིག་གིས་ཀུན་འདུལ་རུང་ན་བཅོམ་ལྡན་འདས་ཀྱིས་ཐེག་པ་གསུམ་དང་། མདོ་སྔགས་གཉིས་དང་། ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་བསྒྲགས་པས་ཅི་བྱ། བཅོམ་ལྡན་འདས་ཁ་མང་བ་དང་སྡོད་མ་ཚུགས་པའི་ཐོ་ཅོ་ལས་གཞན་ཅི་ཡོད། གང་ཟག་རེ་ཟུང་གི་མཛད་པའི་རྒྱར་ཀུན་སྡུད་པ་ནི་བློ་གུ་དོག་པ་དང་རང་འདོད་ལ་ཨ་འཐས་ཆེ་དྲག་པ་ལས་མ་འདས་པས་གྲགས་པའི་རྗེས་སུ་མི་འབྲང་བར་མདོ་རྒྱུད་ཀྱི་དོན་ལ་མིག་ཡངས་པར་བྱ་བ་ནི་གནད་དམ་པའོ།།

གསང་བ་སྙིང་པོ་ལས། ཁ་ཅིག་གིས་ནི་འཚོ་བའི་བར་དུ་ཟོས། །ཁ་ཅིག་གིས་ནི་དྲང་སྲོང་ཇི་བཞིན་དུ། །ཤ་སྤངས་རྩྭ་དང་ཆུ་ལ་ཟོས། །ཟོས་ཀྱང་མ་གྲུབ་དོན་མ་རྟོགས། །ཞེས་གསུངས་པ་ལྟར་ཤ་སྤངས་ཀྱང་དགོས་པ་མ་གྲུབ་པར་ཆང་དང་བུད་མེད་ལ་ངོམ་མེད་དུ་རོལ་ཞིང་། གསེར་དངུལ་ཟ་འོག་དར་ཟབས་ཀྱི་བརྒྱན་ཏེ་ཆོས་པ་ཡིན་རློམ་བྱ་བ་ནི་དོན་ཅི་ཡང་མེད་པར་དཀར་ཟས་ཟ་བ་དེ་ཡང་རི་བོང་གིས་རྩྭ་སྔོན་ཟ་བ་ཙམ་ལས་མ་འདས་པས་གཙོ་བོ་ཤ་ཟ་མཁན་དང་། ཀུན་སློང་དང་། སྦྱོར་བ་དང་། དེའི་འབྲས་བུ་སོགས་ཀྱིས་དགེ་མི་དགེ་གཉིས་ཀར་འགྱུར་བཞིན་ཡོད་པ་འདི་ལ་ནན་ཏན་ཏུ་གཟིགས་ན་ལེགས་སོ། །ཞར་བྱུང་ཐལ་ལོ།།

རྟ་གདོང་སྒོ་མ་བཞིའི་བཤགས་པ།

ལྔ་བ་སྒོ་མ་བཞིའི་བཤགས་པ་ནི། ཤར་ལྷོ་ནུབ་བྱང་སྒོ་བཞི་མ་ཕྱེད་དེ༔ རྟ་གདོང་སྒོ་མའི་ཐུགས་དང་ཅི་འགལ་བ༔ ཡེ་ཤེས་སྒོ་མ་བཞི་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་རྐང་པ་གསུམ་གྱིས་བསྟན་ལ། དམ་པ་རིགས་བརྒྱའི་བསྐྱེད་རིམ་བསྒོམ་པའི་ཚེ་ན་ཁྲོ་བོའི་དཀྱིལ་འཁོར་གྱི་ཤར༷་དུ་སྒོ་མ་རྟ་གདོང་མ་དང་། ལྷོ༷་རུ་ར་གདོང་མ་དང་། ནུབ༷་ཏུ་སེང་གདོང་མ་དང་། བྱང༷་དུ་སྦྲུལ་གདོང་མ་བཞི་པོ་བཀྲ་ལམ་མེ་རུ་གསལ་བའི་ཏིང་ངེ་འཛིན་མ་གསལ་ཞིང་། སྒོ་མ་དེ་བཞི་ལ་ཡང་ཚད་མེད་རྣམ་བཞིའི་ངོ་བོ་ལ་རྟོག་པ་དང་བྲལ་བའི་དག་པ་དྲན་པར་མ་ནུས་པར་དག་པས་མ་ཟིན་ཞིང་སྒོ༷་མ་བཞི༷་པོ་རྣམས་སོ་སོར་དབྱེ་པའི་བསྐྱེད་རིམ་གྱི་ང་རྒྱལ་བརྟན་པའི་རྣམ་པ་གསལ་མ་ནུས་པས་དེ་དག་གི་རྒྱན་དང་ཆ་ལུགས་དང་བཅས་པ་མ་འདྲེས་པར་སོ་སོར་མ༷་ཕྱེད༷་དེ༷་ལོག་པར་རྟོག་པ་དང་བདག་དང་མཚན་མར་ཞེན་དབང་གིས་སྒོ་མ་བཞིའི་དམ་ཚིག་དང་འགལ་བའི་ཉེས་པ་བྱུང་སྟེ་རྟ༷་གདོང༷་མ་ལ་སོགས་པའི་སྒོ༷་མའི༷་ཚོགས་ཀྱི་ཐུག༷ས་དང༷་ཅི༷་འག༷ལ་བ༷འི་ཉམས་ཆག་རྣམས་ཚད་མེད་རྣམ་བཞི་རྣམ་པར་དག་པའི་ཟག་པ་མེད་པའི་ཡེ༷་ཤེས༷་བཞོན་རླུང་ལྷའི་རྣམ་པར་ཤར་བའི་སྒོ༷་མ༷་བཞི༷་ལ༷་ནོངས་པས་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

མཁའ་འགྲོ་བཅུ་གཅིག་གི་བཤགས་པ།

དྲུག་པ་མཁའ་འགྲོ་བཅུ་གཅིག་གི་བཤགས་པ་ནི། འདའ་ཀ་ཁས་བླངས་འཁོར་དྲུག་མ་ཐུལ་ཏེ༔ མ་བདུན་སྲིང་བཞིའི་ཐུགས་དང་ཅི་འགལ་བ༔ མཁའ་འགྲོ་བཅུ་གཅིག་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་པའི་རྐང་པ་གསུམ་གྱིས་བསྟན་ལ། དེ་ཡང་གསང་བ་འདུས་པའི་རྒྱུད་ལས། འདི་ནི་སྔགས་རྣམས་ཐམས་ཅད་ཀྱི། །དམ་ཚིག་ཤིན་ཏུ་འདའ་དཀའ་བའོ། །ཞེས་དང་། དེ་ཉིད་བསྡུས་པ་ལས། འདི་ནི་ཤིན་ཏུ་འདའ་དཀའ་བར། །སངས་རྒྱས་ཆོས་ལ་མནའ་མདོར་ཞིང་། །བདེན་པ་མཆོག་འདི་གསུངས་ན་ནི། །དབང་བསྐུར་བ་ནི་ཐོབ་པར་འགྱུར། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་རྒྱུད་ལས། འདའ་དཀའ་རྡོ་རྗེ་དམ་ཚིག་གཏན་གྱི་གཉེར། །ཞེས་གསུངས་པ་ལྟར། ཤིན་ཏུ་འད༷འ་བར་དཀ༷འ་བ་སྟེ། འདའ་མི་རུང་ཞིང་འདའ་ན་ལས་སླ་བ་མ་ཡིན་པར་དཀའ་བར་གྱུར་པ་དམྱལ་བ་མནར་མེད་པ་ལ་སོགས་པའི་སྡུག་བསྔལ་དྲག་པོ་བཟོད་དཀའ་བ་རྣམས་བསྐྱེད་པའི་རྒྱུར་གྱུར་བའི་གསང་སྔགས་ཀྱི་དམ་ཚིག་མང་པོ་ཁས༷་བླང༷ས་ནའང་ཁས་བླངས་པ་ཇི་བཞིན་དུ་བསྲུང་བར་བྱ་མ་ནུས་པའི་དབང་གིས་དམ་ཚིག་རྣམས་ལས་འགལ་བ་དང་། ཁྱད་པར་དུ། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། འདོད་ཆགས་དམ་ཚིག་ཉམས་འགྱུར་ན། །མངལ་གྱི་གྲོང་ཁྱེར་ཆེན་པོར་འགྲོ། །ཞེ་སྡང་དམ་ཚིག་ཉམས་འགྱུར་ན། །རཀྵ་སྲིན་པོའི་རིགས་སུ་འགྲོ། །གཏི་མུག་དམ་ཚིག་ཉམས་འགྱུར་ན། །མི་གཙང་ཟས་སུ་ཟ་བ་ཡི། །རྨོངས་པའི་ཕག་ཆེན་ལུས་སུ་སྐྱེས། །ང་རྒྱལ་དམ་ཚིག་ཉམས་འགྱུར་ན། །རུས་སྦལ་ནག་པོའི་ལུས་སུ་ལྟུང་། །ཕྲག་དོག་དམ་ཚིག་ཉམས་འགྱུར་ན། །ཆུ་སྲིན་མགོ་དགུའི་ལུས་སུ་ལྟུང་། །དམ་ཚིག་ཆེན་པོ་ཀུན་ཉམས་ན། །རུ་དྲ་ནག་པོའི་ལུས་སུ་ལྟུང་། །ཞེས་གསུངས་པ་ལྟར། སྔོན་རུ་དྲ་འཁོར་དང་བཅས་པ་དེ་ལྟར་དུག་ལྔའི་དབང་གིས་དམ་ཚིག་ཉམས་པ་ལས་རུ་དྲར་སྐྱེས་ཤིང་། དེ་ལས་ཀྱང་གསང་སྔགས་ཀྱི་དོན་ལ་སྤྱོད་ཀྱང་ལོག་པར་སྤྱད་དེ་གཟུང་འཛིན་དང་རྟག་ཆད་ཀྱི་བལྟ་བ་སུམ་བརྒྱ་དྲུག་ཅུའི་མཐུ་བརྟས་པ་ལས་དམ་ཚིག་འདའ་དཀའ་བ་རྣམས་ལས་ཉམས་ཏེ་འབྲས་བུ་རུ་དྲའི་འཁོར་དུ་འབྱུང་པོ་མ་རུང་བ་སྙེགས་པའི་ཕོ་ཉ་དང་ཕྱག་བརྙན་གཤོག་པ་ཅན་བརྒྱ་དང་ཉི་ཤུ་དང་། འཛིན་པའི་ཕོ་ཉ་དང་ཕྱག་བརྙན་སྡེར་མོ་ཅན་བརྒྱ་དང་ཉི་ཤུ་དང་། གསོད་པའི་ཕོ་ཉ་དང་ཕྱག་བརྙན་མཆེ་བ་ཅན་བརྒྱ་དང་ཉི་ཤུ་བཅས་སྲིན་པོའི་ཕོ་ཉ་དང་ཕྱག་བརྙན་སུམ་བརྒྱ་དྲུག་ཅུ་བཅས་སྲིན་པོའི་ཡུལ་གྱི་ཤར་ལྷོ་ནུབ་བྱང་གི་ཕྱོགས་བཞི་རེ་རེ་ན་དྲུག་ཅུ་རེ་དང་། བླ་འོག་གཉིས་རེ་རེ་ན་དྲུག་ཅུ་རེ་གནས་ནས་སེམས་ཅན་ཐམས་ཅད་ལ་གནོད་པར་གྱུར་པ་ལ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ལས་འོད་ཟེར་དཀར་སེར་དམར་ལྗང་མཐིང་ག་དཔག་མེད་སྤྲོས་ཏེ་ཕྱོགས་བཅུ་ཐམས་ཅད་འོད་ཟེར་གྱི་སྣང་བ་ཆེན་པོས་ཁྱབ་པར་བྱས་ནས་ཤར་ཕྱོགས་སུ་མེ་ལོང་ཡེ་ཤེས་ཀྱི་འོད་དཀར་པོ་ལས་ཕོ་ཉ་རྡོ་རྗེ་འབར་མ་ལ་སོགས་པའི་དུང་གི་མི་མོ་དྲུག་ཅུ་དང་། ལྷོ་ནས་མཉམ་ཉིད་ཡེ་ཤེས་ཀྱི་འོད་མཐིང་ག་ལས་རིན་ཆེན་དབང་ཕྱུག་མ་ལ་སོགས་པའི་ལྕགས་ཀྱི་མི་མོ་དྲུག་ཅུ་དང་། ནུབ་ཕྱོགས་སུ་སོར་རྟོགས་ཡེ་ཤེས་ཀྱི་འོད་དམར་པོ་ལས་པདྨ་ཐོག་འབེབས་མ་ལ་སོགས་པའི་ཟངས་ཀྱི་མི་མོ་དྲུག་ཅུ་དང་། བྱང་ནས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་འོད་ལྗང་གུ་ལས་ལས་རྡོ་རྗེ་མ་ལ་སོགས་པའི་གཡུའི་མི་མོ་དྲུག་ཅུ་དང་། འོག་ཕྱོགས་སམ་དབུས་ནས་སྟོང་པ་ཉིད་ཀྱི་ཡེ་ཤེས་ཀྱི་འོད་ཟེར་སེར་པོ་ལས་ཁྲོ་མོ་ཆེན་མོ་རྡོ་རྗེ་རྣམ་སྙེམས་མ་ལ་སོགས་པའི་གསེར་གྱི་མི་མོ་དྲུག་ཅུ་དང་། སྟེང་ཕྱོགས་ནས་ཆོས་དབྱིངས་ཡེ་ཤེས་ཀྱི་འོད་མཐིང་ནག་ལས་མ་མོ་ཆེན་མོ་རལ་པ་གཅིག་མ་ལ་སོགས་པའི་བསེའི་མི་མོ་དྲུག་ཅུ་ནི་སྲིན་པོའི་ཕོ་ཉ་མ་དེ་རྣམས་དང་ཆ་ལུགས་མཐུན་པར་སྤྲུལ་ནས་དེ་དག་བཏུལ་ཏེ་དཔལ་ཆེན་པོའི་འཁོར་དུ་འདུས་པའི་ཚུལ་གྱིས་བཞུགས་པའི་ཕོ་ཉ་སུམ་བརྒྱ་དྲུག་ཅུ་སྟེ། དེ་འདྲའི་ཡེ་ཤེས་ཀྱི་ཕོ་ཉ་རྣམས་ལེགས་པར་བསྐྱེད་དེ་ཕྱོགས་བཞི་དང་སྟེང་འོག་གཉིས་ཏེ་དྲུག་གི་རུ་དྲའི་འཁོ༷ར་དྲུག༷་གི་འབྱུང་པོའི་ཕོ་ཉ་སུམ་བརྒྱ་དྲུག་ཅུ་རྣམས་འདུལ་དགོས་པ་ལ་མ༷་ཐུ༷ལ་བར་གྱུར་བ་སྟེ། གཙོ་བོ་སྲིན་པོའི་འཁོར་དྲུག་རྣམས་སུ་སྐྱེ་བའི་རྒྱུ་ཉོན་མོངས་པ་དང་། དེས་བསྐྱེད་པའི་དམ་ཚིག་ཉམས་པའི་ཉེས་པ་རྣམས་མ་འཐུལ་བར་རྒྱུད་ལ་བྱུང་བར་གྱུར་ཏེ༷། སེམས་ཅན་ཐམས་ཅད་ལ་ནད་དང་རིམས་རྣམ་པ་སྣ་ཚོགས་པ་བཏང་བར་བྱེད་པའི་སྲིན་པོའི་ཕོ་ཉ་མོ་ནད་ཀྱི་བདག་མོར་གྱུར་པ་སྲིན་མོ་ཆེན་མོ་བརྐམ་མ་དང་། སྲིན་མོ་ཆེན་མོ་རབ་ཏུ་བརྐམ་མ་དང་། སྲིན་མོ་ཆེན་མོ་དྲི་མ་འདོན་པ་དང་། སྲིན་མོ་ཆེན་མོ་ཕོར་ཐོགས་དང་། སྲིན་མོ་ཆེན་མོ་གཡང་གཞི་མ་དང་། སྲིན་མོ་ཆེན་མོ་སྐུལ་བྱེད་མ་དང་། སྲིན་མོ་ཆེན་མོ་མྱོས་བྱེད་མ་དང་བདུན་གྱི་འདུལ་བྱེད་ཀྱི་གཉེན་པོར་དཔལ་ཆེན་པོ་ཧེ་རུ་ཀའི་སྤྲུལ་པའི་གསང་བའི་མ་མོ་ཆེན་མོ་རྡོ་རྗེ་ཧཱུྃ་གྲགས་མ་དང་། རྡོ་རྗེ་ཀུན་གསལ་མ་དང་། རྡོ་རྗེ་ཀུན་བཟང་མོ་དང་། རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག་དང་། རྡོ་རྗེ་འོད་ཆགས་མ་དང་། རྡོ་རྗེ་འོད་གསལ་མ་དང་། རྡོ་རྗེ་གཡུ་སྒྲོན་རལ་གཅིག་མ་སྟེ་གསང་བའི་མ༷་མོ་ཆེན་མོ་བདུ༷ན་དུ་གྲགས་པ་རྣམས་ཀྱི་ཐུགས་དང་འགལ་བའི་ལས་ཅི་མཆིས་པ་དང་། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་ཡིད་བསླུ་ཞིང་ཆགས་པས་སྨྱོས་པར་བྱས་པས་སྲོག་དང་འབྲལ་བར་བྱེད་པའི་ལས་ཀྱིས་གནོད་བྱེད་པའི་ཤར་ཕྱོགས་ན་དྲི་ཟའི་མགྱོགས་མའམ་བདུད་ཀྱི་བུ་མོ་ཟ་བྱེད་མ་དང་། ལྷོར་གཤིན་རྗེའི་མགྱོགས་མའམ་རྨོངས་བྱེད་མ་དང་། ནུབ་ཏུ་ཀླུའི་མགྱོགས་མའམ་ཟ་བ་རྒྱས་འདེབས་མ་དང་། བྱང་ན་གནོད་སྦྱིན་གྱི་མགྱོགས་མའམ་རྨོངས་པ་སྐེམ་བྱེད་མ་བཞི་རུ་འབོད་པའི་སྲིན་པོའི་ཆུང་མ་བཞིར་གནས་པ་དེ་བཞི་དཔལ་ཆེན་པོའི་ཐུགས་གསང་བའི་ཡུམ་དཀར་མོ་མིག་གཅིག་རྒྱས་འདེབས་མ་དང་། བདེ་བ་རྨོངས་བྱེད་མ་དང་། བདེ་བ་ཟ་བྱེད་མ་དང་། བདེ་བ་ཚེ་འཕེལ་མ་དང་བཞི་ཡིས་སྲིན་མོ་དེ་རྣམས་དང་སྤྱོད་པ་དང་ཆ་ལུགས་མཐུན་པར་སྤྲུལ་ནས་བཏུལ་བར་བྱས་པའི་འདུལ་བྱེད་ཀྱིས་གཉེན་པོ་སྲིང༷་མོ་ཆེན་མོ་བཞིའི༷་ཐུག༷ས་ད༷ང་ཅི༷་འག༷ལ་བ༷འི་ཉེས་པའི་ཚོགས་ཅི་མཆིས་པ་རྣམས་མཁ༷འ་འགྲོ༷་མ་མོ་བཅུ༷་གཅི༷ག་སྟེ་མ་བདུན་དང་སྲིང་མོ་བཞིའི་སྐུ༷་ལ༷་འགྱོད་པས་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་མ་བདུན་སྲིང་བཞི་ལ་བཤགས་པའོ།།

དེ་ཡང་མ་བདུན་དང་སྲིང་མོ་བཞི་ནི། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། མ་མོ་ཆེན་མོ་བདུན་རྣམས་དང་། །སྲིང་མོ་ཆེན་མོ་བཞི་རྣམས་དང་། །མཁའ་འགྲོ་འཁོར་བཅས་ཐམས་ཅད་ལ། །ཞེས་དང་། སྔ་འགྱུར་རཀྟ་དམར་གྱི་རྒྱུད་ལས། མ་བདུན་དང་། སྲིང་བཞི་དང་། ཞེས་དང་། རྙིང་རྒྱུད་ཚོགས་རྒྱུད་ཆེན་མོ་ལས། མ་བདུན་སྲིང་བཞི་གསང་བའི་ཡུམ་ཆེན་ལ། ཞེས་དང་། ལྷ་མོ་གཙུག་ཏོར་རོལ་བ་ལས། མ་མོ་བདུན་གྱིས་རིག་སྔགས་ཀྱིས་བཅད། སྲིང་མོ་བཞིའི་ཕུར་བུས་གདབ། ཅེས་དང་། འཇམ་དཔལ་རྩ་རྒྱུད་ལས། སྲིང་མོ་བཞི་ཞེས་རྣམ་གྲགས་པ། ཞེས་གསུངས་པ་ལྟར་གསར་རྙིང་གི་རྒྱུད་སྡེ་དུ་མ་ལས་བྱུང་ལ། མ་བདུན་སྲིང་བཞིའི་མཚན་ནམ་མིང་དེ་ལྟར་ཡིན་པའི་ཁུངས་ནི་ཡོད་དེ། མ་བདུན་གྱི་མཚན་དེ་ལྟར་ཡིན་པའི་ཁུངས་ཡོད་པ་གང་ཞིག། སྲིང་མོ་བཞིའི་མིང་དེ་ལྟར་ཡིན་པའི་ཁུངས་ཀྱང་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། དཔལ་འབར་ཁྲོ་མོའི་རྒྱུད་ལས། གསང་བའི་མ་བདུན་བྱུང་སྟེ། རྡོ་རྗེ་ཧཱུྃ་གྲགས་མ་དང་། རྡོ་རྗེ་ཀུན་གསལ་མ་དང་། རྡོ་རྗེ་ཀུན་བཟང་མོ་དང་། རྡོ་རྗེ་ཆེན་མོ་ཡེ་ཤེས་མཆོག་དང་། རྡོ་རྗེ་འོད་ཆགས་མ་དང་། རྡོ་རྗེ་འོད་གསལ་མ་དང་། རྡོ་རྗེ་གཡུ་སྒྲོན་རལ་གཅིག་མ་དང་བདུན་གྱིས། ཞེས་གསུངས་པའི་ཕྱིར་རོ།།

དེ་དག་དཀྱིལ་འཁོར་གྱི་ཕྱོགས་གང་དུ་འགོད་ཚུལ་ནི། མ་མོ་བདུན་ནི་དཀྱིལ་འཁོར་གྱི་ཤར་དུ་རྡོ་རྗེ་ཀུན་གྲགས་མ་དང་རྡོ་རྗེ་ཀུན་བཟང་མོ་དང་། ལྷོ་རུ་རྡོ་རྗེ་ཀུན་གསལ་མ་དང་རྡོ་རྗེ་ཡེ་ཤེས་མ་དང་། ནུབ་ཏུ་རྡོ་རྗེ་འོད་ཆགས་མ་དང་རྡོ་རྗེ་འོད་འཕྲོ་མ་དང་། བྱང་དུ་རྡོ་རྗེ་གཡུ་ཡི་སྒྲོན་མ་རྣམས་འགོད་པར་གསུངས་ཏེ། སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེས་མཛད་པའི་ཚོགས་ཆེན་འདུས་པའི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལས། ཁྱམས་ལྔ་པ་ལ་མ་བདུན་སྲིང་བཞི་སྟེ། ཞེས་པ་ནས། ཤར་དུ་རྡོ་རྗེ་ཀུན་གྲགས་མ་དང་ཀུན་བཟང་མོ། ལྷོར་རྡོ་རྗེ་ཀུན་གསལ་མ་དང་རྡོ་རྗེ་ཡེ་ཤེས་མ། ནུབ་ཏུ་རྡོ་རྗེ་འོད་ཆགས་མ་དང་རྡོ་རྗེ་འོད་འཕྲོ་མ། བྱང་དུ་རྡོ་རྗེ་གཡུ་ཡི་སྒྲོན་མའོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུད་གཞན་དུ་རྡོ་རྗེ་གར་གྱི་དབང་ཕྱུག་མ་དང་། རྡོ་རྗེ་གསལ་བ་གློག་འཛིན་མ་དང་། རྡོ་རྗེ་ཀུན་བཟང་མཐུ་མོ་ཆེ་དང་། རྡོ་རྗེ་ཡེ་ཤེས་ཆེན་མོ་མ་དང་། རྡོ་རྗེ་གསུང་ཆེན་འོད་འབར་མ་དང་། རྡོ་རྗེ་གསུང་སྒྲོག་ཆེན་མོ་དང་། རྡོ་རྗེ་སྒྲོལ་མ་ཟ་བྱེད་མ་སྟེ་མ་མོ་བདུན་དང་། ཤར་ཀྱི་རྡོ་རྗེ་སྤྱན་གཅིག་མ་དཀར་མོ་དང་། ལྷོ་ཡི་རྡོ་རྗེ་རལ་གཅིག་མ་སེར་མོ་དང་། ནུབ་ཀྱི་རྡོ་རྗེ་དབང་སྡུད་མ་དམར་མོ་དང་། བྱང་གི་རྡོ་རྗེ་ལས་མཁན་མ་སྔོན་མོ་སྟེ་སྲིང་མོ་བཞི་ཞེས་མིང་ཅུང་མི་འདྲ་བའང་ཡོད་དེ། རྡོ་རྗེ་ཕུར་བ་མདུང་རྩེ་དམར་པོའི་རྒྱུད་ལས། རྡོ་རྗེ་གར་གྱི་དབང་ཕྱུག་མ། རྡོ་རྗེ་གསལ་བ་གློག་འཛིན་མ། རྡོ་རྗེ་ཀུན་བཟང་མཐུ་མོ་ཆེ། རྡོ་རྗེ་ཡེ་ཤེས་ཆེན་མོ། རྡོ་རྗེ་གསུང་ཆེན་འོད་འབར་མ། རྡོ་རྗེ་གསུང་སྒྲོག་ཆེན་མོ། རྡོ་རྗེ་སྒྲོལ་མ་ཟ་བྱེད་མ། ཞེས་མིང་བཏགས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་གྲུབ་སྟེ། དཔལ་འབར་ཁྲོ་མོའི་རྒྱུད་ལས། དཔལ་ཆེན་པོའི་ཐུགས་གསང་བའི་གཟུངས་མ་བཞི་ལས། གསང་བའི་ཡུམ་ཆེན་མོ་བཞི་སྟེ། བདེ་བ་ཟ་བྱེད་མ་དང་། བདེ་བ་རྨོངས་བྱེད་མ་དང་། བདེ་བ་རྒྱས་འདེབས་མ་དང་། བདེ་བ་ཚེ་འཕེལ་མ་དང་བཞིར་སྤྲུལ་ནས། ཞེས་དང་། དཔལ་ཆེན་པོའི་ཐུགས་གསང་བའི་ཡུམ་དཀར་མོ་མིག་གཅིག་རྒྱས་འདེབས་མ་དང་། བདེ་བ་རྨོངས་བྱེད་མ་དང་། བདེ་བ་ཟ་བྱེད་མ་དང་། བདེ་བ་ཚེ་འཕེལ་མ་དང་བཞིས། ཞེས་གསུངས་པའི་ཕྱིར་རོ།།

སྲིང་མོ་དེ་དག་དཀྱིལ་འཁོར་གྱི་ཕྱོགས་གང་དུ་འགོད་ཚུལ་ནི། ཤར་དུ་གླིང་བཞི་མགྱོགས་མ་དང་། ལྷོ་རུ་མཁའ་ལ་ཁྱུང་ལྡིང་མ་དང་། ནུབ་ཏུ་དམར་མོ་གཡག་ཐོད་མ་དང་། བྱང་དུ་ནག་མོ་སྡེར་ཆེན་མ་སྟེ་བཞི་ནི་སྲིང་མོ་བཞི་ཡིན་ཞིང་དེ་ལྟར་འགོད་པར་གསུངས་ཏེ། སྨིན་གླིང་གི་སྒྲུབ་ཐབས་དངོས་གྲུབ་ཆར་འབེབས་ལས། ཤར་སྒོར་གླིང་བཞི་མགྱོགས་མ། ལྷོ་སྒོར་མཁའ་ལ་ཁྱུང་ལྡིང་མ། ནུབ་སྒོར་དམར་མོ་གཡག་ཐོད་མ། བྱང་སྒོར་ནག་མོ་སྡེར་ཆེན་མ་དང་བཞིའོ། །ཞེས་གསུངས་པའི་ཕྱིར་རོ།།

སྨིན་གླིང་གི་སྲིང་བཞིའི་མིང་བགྲང་ཚུལ་དེ་དཔལ་འབར་ཁྲོ་མོའི་རྒྱུད་དང་མི་འདྲ་ནའང་། རྒྱུད་ཁུངས་གཞན་ཡོད་དེ། ཕུར་བ་མདུང་རྩེ་དམར་པོའི་རྒྱུད་ལས། ཤར་ཀྱི་དཀར་མོ་རྡོ་རྗེ་སྤྱན་གཅིག་མ། ལྷོ་ཡི་སེར་མོ་རྡོ་རྗེ་རལ་གཅིག་མ། ནུབ་ཀྱི་དམར་མོ་རྡོ་རྗེ་དབང་སྡུད་མ། བྱང་གི་སྔོན་མོ་རྡོ་རྗེ་ལས་མཁན་མའོ། །ཞེས་གསུངས་པའི་ཕྱིར་རོ།།

རིག་འཛིན་འཇིགས་མེད་གླིང་པའི་རྒྱུད་ལུགས་ཕུར་བའི་དམ་ཅན་ལྕམ་དྲལ་གྱི་མཆོད་བསྐུལ་ལས། མ་བདུན་སྐུ་མདོག་དམར་ནག་ལ། །རྡོ་རྗེ་ཕུར་འདྲིལ་ཆས་དང་ལྡན། །ཞེས་མ་བདུན་ཀ་སྐུ་མདོག་དམར་ནག་ཅན་ཕྱག་ན་རྡོ་རྗེ་དང་ཕུར་བ་འདྲིལ་བ་དང་། ཡང་དེ་ཉིད་ལས། སྲིང་བཞི་སྨུག་ནག་ཐོད་ཁྲག་དང་། །ཕུར་འདྲིལ་རང་རང་རྒྱན་དང་ལྡན། །དཀར་སེར་དམར་དང་ལྗང་གུའི་མདོག །ཅེས་སྲིང་མོ་བཞིའི་སྐུ་མདོག་སྨུག་ནག་ཏུ་བཤད་པ་འདྲ་བ་ཞིག་གསུངས་མོད། དེ་མ་ཐག་ཏུ་མདོག་བཞི་བཤད་པ་དེས་སྨུག་ནག་ཅེས་པ་ཐོད་ཁྲག་གི་མདོག་ལ་གོ་བ་ཡིན་ནམ་སྙམ། འོན་ཀྱང་ཕྱི་མ་དེའི་ཁ་དོག་དེ་སྔོན་པོ་མིན་པར་ལྗང་གུར་གསུངས་པ་དེ་ཕུར་བའི་རྒྱུད་དྲངས་མ་ཐག་པ་དེར་མི་མཐུན་མོད། དོན་ལ་སྔོན་པོ་དང་ལྗང་གུ་ཁ་དོག་གཅིག་ཏུ་འདོད་དགོས་པ་ཡིན་ནམ་སྙམ་མོ།།

དེ་ལྟར་མ་བདུན་སྲིང་བཞིའི་ངོས་འཛིན་ཡང་དཀྱུས་སུ་བཀོད་པ་དེ་རྙིང་མ་སྤྱིར་གྲགས་པ་ལྟར་ལ། གཞན་ཡང་སྤྱན་འདྲེན་རྒྱུད་གསུམ་པ་ལས། ཚིག་དབང་ལྷ་མོ་སྒྲ་དབྱངས་དབྱངས་ཅན་མ། །བེའུ་འདྲ་དཔལ་གྱི་ལྷ་མོ་འོད་ཟེར་ཅན། །དཀར་ཤམ་བརྗོད་སྐྱོབ་གང་གཱ་ཡ་མུ་ན་། །སྲས་འཕན་དུང་ཅན་རི་མཁར་ནག་མོ་དང་། །མ་བདུན་སྲིང་མོ་བདུན་དང་སྲིང་མོ་བཞི། །ནག་མོ་ཆེན་མོ་རལ་པ་གཅིག་ལ་སོགས། །ལྷ་མོ་ཆེན་མོ་གནོད་སྦྱིན་ཆེན་མོ་དང་། །སྲིན་མོ་ཆེན་མོ་ཤ་ཟ་ཆེན་མོ་དང་། །གཞོན་ནུའི་སྐུ་འཚོ་རྫུ་འཕྲུལ་དབང་གིས་འཕགས། ཞེས་གསུངས་པ་ལྟར། མ་བདུན་ནམ་སྲིང་བདུན་དང་། སྲིང་མོ་བཞི་ཡི་ངོས་འཛིན་ཚུལ་གཞན་པ་ཡང་མཆིས་པ་དང་། འཕགས་པ་རྡོ་རྗེའི་རི་རབ་ཆེན་པོའི་རྩེ་མོའི་ཁང་པ་བརྩེགས་པའི་གཟུངས་ལས། འཇིག་རྟེན་ན་མ་བདུན་དང་། སྲིང་མོ་ཆེན་མོ་བདུན་དང་། ཞེས་གསུངས་པ་ཡང་ཀློང་བཤགས་འདིར་བསྟན་པའི་མ་བདུན་དང་གཅིག་གམ་སྙམ་མོ།།

ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། འོག་ལོགས་སུ་ནི་རྒྱ་མཚོ་དང་རྒྱ་མཚོའི་འགྲམ་ན་སྲིང་མོ་བཞི་རང་གི་ཕྱག་རྒྱ་དང་བཅས་པ་བྲི་བར་བྱ་སྟེ། དེ་ལ་ཏུམ་བུ་རུའི་ཕྱག་རྒྱ་ནི་དབྱུག་ཏོའོ། །རྒྱལ་མའི་ཕྱག་རྒྱ་ནི་མདུང་ཐུང་རྩེ་གསུམ་པའོ། །རྣམ་པར་རྒྱལ་མའི་ཕྱག་རྒྱ་ནི་པད་མའོ། །མི་ཕམ་མའི་ཕྱག་རྒྱ་ནི་འཁོར་ལོའོ། །གཞན་གྱིས་མི་ཐུབ་མའི་ཕྱག་རྒྱ་ནི་རྡོ་རྗེའོ། །ཞེས་སྲིང་མོ་བཞི་པོ་ནི་རྒྱལ་མ་དང་། རྣམ་པར་རྒྱལ་མ་དང་། མི་ཕམ་མ་དང་། གཞན་གྱིས་མི་ཐུབ་མ་དང་བཞི་རུ་གསུངས་ལ། འོ་ན་དེ་ལ་ཏུམ་བུ་རུའི་ཕྱག་རྒྱ་ནི་དབྱུག་ཏོའོ། །ཞེས་པ་དེ་ཅི་ཞེ་ན། དེ་ནི་འཇམ་དཔལ་རྩ་རྒྱུད་ལས། སྲིང་མོ་བཞི་ཞེས་རྣམ་གྲགས་པ། ཞེས་པའི་སྐབས་སུ། མིང་པོ་གཏུམ་བུ་རུ་ཞེས་གྲགས། ཞེས་པ་འབྱུང་བས་དེ་དང་དོན་མཐུན་པ་ཤེས་པར་བྱའོ།།

གསང་སྔགས་རྗེས་སུ་འཛིན་མའི་མདོ་ལས། ཀུན་དགའ་བོ་སྲིན་མོ་མདུན་ཡོད་དེ། དེ་དག་ནི་ཁྲག་གི་དྲི་ཚོར་ན་དཔག་ཚད་བརྒྱར་ཡང་རྒྱུག་གོ །དེ་དག་གང་ཞེ་ན། འདི་ལྟ་སྟེ། གཟི་བརྗིད་མཆོག་དང་། དགའ་བརྩེགས་དང་། སྣ་ཚོགས་སྦྱིན་སྤོངས་དང་། བྲན་དཀར་མོ་བཟང་དང་། འཇུག་འདོད་དང་། གྲོང་ཁྱེར་འཁོར་ཡུག་དང་། བདུན་པ་སྟེ་རི་སྲུང་ངོ་། །ཞེས་སྲིན་མོ་བདུན་གསུངས་པ་དང་། རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས། རབ་འཆར་ལྡན་དང་། སྲུང་བ་མོ་དང་། ཤ་ཟ་ཕྲ་མོ་དང་། གང་བ་བཟང་མ་དང་། མེ་སྲུང་མ་དང་། མཛའ་མོ་ནག་མོ་དང་། དྲང་སྲོང་སྲུང་མ་སྟེ། ཤ་ཟ་མོ་བདུན་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ཞེས་སོགས་གསུངས་པའི་ཤ་ཟ་བདུན་བཤད་པ་རྣམས་ཀྱང་དོན་ལ་མ་མོ་བདུན་བསྟན་ཡུལ་དང་མིང་མི་འདྲ་བ་ཙམ་ལས་ཐམས་ཅད་གཅིག་གམ་སྙམ་མོད་ཐམས་ཅད་རྒན་མོའི་རྐང་པ་ཙནྡན་གྱི་དཔེར་འགྲོར་དོགས་པས་མི་སྤྲོའོ།།

གཞུང་འདི་དག་གི་འགྲེལ་བ་ནི་མ་མཐོང་བས་དེ་ལྟར་འགྲེལ་ལམ་སྙམ་པ་ལས་ཐག་ཆོད་པ་ནི་སྨྲ་བའི་སྤོབས་པ་མེད་པ་དང་། གོང་གི་སྤྱན་འདྲེན་རྒྱུད་གསུམ་པའི་ལུང་དོན་ཡང་འདི་ལྟར་ཡིན་ནམ་སྙམ་པས་དཔྱད་སྒོ་ཙམ་སྨྲས་པ་ལས་དེ་མཐུན་གྱི་རྒྱུད་གཞན་པ་ཡང་མ་མཐོང་བས་མ་བདུན་སྲིང་བཞི་ཞེས་འགྲེལ་ལམ་མ་བདུན་དང་། སྲིང་བདུན་དང་། སྲིང་བཞི་ཞེས་བཀྲལ་བ་གང་ཡིན་གསལ་ཁ་ལེགས་པོ་མ་མཐོང་ཡང་དཔྱད་ན་སྲིང་མོ་བཞི་ནག་མོ་རལ་གཅིག་མ་སོགས་ལྷ་མོ་དང་། གནོད་སྦྱིན་མོ་དང་། སྲིན་མོ་དང་། ཤ་ཟ་མོ་བཞིར་བྱས་ན་ཤིན་ཏུ་ལེགས་སྙམ་ལ། འོན་ཀྱང་སྲིང་མོ་བཞི་ཞེས་པའི་ཚིག་དེ་སྔོན་དུ་བཀོད་པ་དེས་དེ་ལྟར་ཡིན་པར་ཡང་སོམ་ཉི་དགོས་མིན་དཔྱད་པར་བྱའོ།།

དབང་ཕྱུག་ཉེར་བརྒྱད་ཀྱི་བཤགས་པ།

བདུན་པ་དབང་ཕྱུག་ཉེར་བརྒྱད་ཀྱི་བཤགས་པ་ནི། ལོངས་སྤྱོད་ཆུང་ནས་ཚོགས་ཀྱི་ཕུད་ཉམས་པས༔ ཕུད་ཉུལ་དབང་ཕྱུག་ཐུགས་དང་ཅི་འགལ་བ༔ དབང་མོ་ཉི་ཤུ་བརྒྱད་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་བསྟན་ལ། མཁའ་འགྲོ་མ་མེ་ལྕེ་འབར་བའི་རྒྱུད་ལས། དེ་ནས་རྟག་ཏུ་སྔགས་དང་ཕྱག་རྒྱ་དང་། །ཏིང་འཛིན་རྫས་དང་དམ་ཚིག་མི་སྤོང་ངོ་། །རྟག་ཏུ་ཟས་ཀྱི་ཕུད་ཀྱིས་བསྟེན་པར་བཤད། །ཅེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། རྒྱུན་གྱི་རྒྱུན་དུ་མི་གཅད་པ། །རྡོ་རྗེ་ནམ་དང་ཉི་ཚོད་ལ། །ཡི་གེའི་ཚོགས་བསྐྱེད་ཚོགས་སྦྱར་ལ། །ཕུད་ལྷག་བཅས་སྦྱར་དེ་བཞིན་ནོ། །འདི་ནི་དོན་ལ་ཉེ་བའི་ལམ། །བསོད་ནམས་བསྐྲུན་པར་དེ་མྱུར་རོ། །ཞེས་གསུངས་པ་ལྟར། དུས་ལྟར་དཀྱིལ་འཁོར་དང་མ་མོ་དབང་ཕྱུག་མའི་ཚོགས་ལ་ཟས་ཕུད་དང་ཚོགས་ཕུད་དང་ལྷག་མའི་མཆོད་པ་འབུལ་དགོས་པར་གསུངས་ནའང་། རང་ཉིད་ལོང༷ས་སྤྱོད༷་ཀྱི་འབྱོར་བ་ཆུང༷་བ༷འི་དབང་གིས་མཆོད་པའི་རྫས་མང་པོ་མ་འབྱོར་བར་གྱུར་བས༷་ཚོག༷ས་ཀྱི༷་དགའ་སྟོན་དུས་ལྟར་དུ་མ་ཕུལ་ཞིང་གཏོར་ཕུད་དང་ཆང་ཕུད་སོགས་ཕུ༷ད་མཆོད་དང་། ཕུད་ཀྱི་ལྷག་མར་གྱུར་པའི་ཕུད་ལྷག་གི་གཏོར་མ་མཆོད་མ་ནུས་པར་ཉམ༷ས་པ༷་བྱུང་བས༷་ན། སྔོན་དཔལ་ཆེན་པོས་བཀའ་དམ་ལ་བཞག་པའི་དབང་གིས་ཕུད་དང་ལྷག་མ་ལ་དགྱེས་ཤིང་ཕུད་མཆོད་དང་ལྷག་མ་འཚོལ་ཞིང་ཉུལ་བའི་ཕུད༷་ཉུལ༷་མ་མ་མོ་ཆེན་མོ་དབ༷ང་ཕྱུག༷་མ་ཉེར་བརྒྱད་ལ་སོགས་པ་རྣམས་ཀྱི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་ཉེས་པ་དང་ཕུད་ཉམས་ཀྱི་ཉེས་པ་སོགས་ཅི་མཆིས་པ་ཐམས་ཅད་གཡག་གདོང་མ་ལ་སོགས་པའི་དབ༷ང་ཕྱུག་མོ༷་ཉི༷་ཤུ༷་རྩ་བརྒྱད༷་ཀྱི་ཚོགས་ལ༷་འགྱོད་པས་མཐོལ་ལོ། །བཤགས་སོ། །བཟོ༷ད་པ༷ར་གསོ༷ལ་ལོ། །ཞེས་ཚོགས་ཕུད་ཉམས་པའི་ཉེས་པའི་གཙོས་དབང་ཕྱུག་མ་རྣམས་མི་དགྱེས་པའི་ལས་བགྱིས་པ་བཤགས་པ་སྟེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཟ་རོགས་ངན་པའི་དབང་དུ་གྱུར་པས་ན། །ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགས། །ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས། །ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིས། །མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར་རོ།།

འདིར་དབང་ཕྱུག་མ་རྣམས་ཕུད་ཉུལ་དུ་གསུངས་པ་ནི། སྤྱིར་ཧེ་རུ་ཀ་གལ་པོ་ལས། དང་པོ་དབྱིངས་ནས་རྣམ་པར་བསྐུལ་བའི་གནས། གཉིས་པ་བྱིན་གྱིས་ཡང་དག་པར་བརླབ་པའི་གནས་དང་། གསུམ་པ་ཐབས་ཆེན་ཡབ་ཀྱི་གནས་ཏུ་བསྟན་པ་དང་། བཞི་པ་ཤེས་རབ་ཡུམ་གྱི་གནས་དུ་གནས་པ་དང་། ལྔ་པ་ཁྲོ་མོ་གཽ་རཱི་བརྒྱད་ཀྱི་གནས་རྣམས་དང་། དྲུག་པ་ཡུལ་གྱི་ཕྲ་མེན་གྱི་གནས་ཆེན་མོ་དང་། བདུན་པ་ཡེ་ཤེས་སྒོ་མ་བཞི་པོའི་གནས་རྣམས། ཡར་གྱི་གནས་བདུན་དཀྱིལ་འཁོར་སྟེང་། ཞེས་དང་། དང་པོ་རྫུ་འཕྲུལ་མཁའ་ལ་འགྲོ་བ་མཁའ་འགྲོ་མའི་གནས་སུམ་ཅུ་གཉིས། ཞེས་པ་ནས། དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་དང་དྲུག་གོ །དེ་ཡན་ཆད་ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན་ནོ། །ཞེས་གསུངས་པ་ལྟར། ཕུད་ནི་ཡར་གྱི་གནས་བདུན་དང་། ལྷག་མ་ནི་མར་གྱི་གནས་དྲུག་ལ་འབུལ་དགོས་ཤིང་དེ་ལྟར་དབང་བ་ཡིན་པར་གསུངས་སོ།།

ལོ་ཆེན་དྷརྨཱ་ཤྲཱིའི་གསང་བདག་ཞལ་ལུང་དུ། དབྱིངས་ནས་རྣམ་པར་བསྐུལ་བ་དང་། །བྱིན་གྱིས་ཡང་དག་བརླབས་པ་དང་། །ཐབས་ཆེན་ཡབ་ཏུ་བསྟན་པ་དང་། ཤེས་རབ་ཡུམ་དུ་གནས་པ་དང་། །ཁྲོ་མོ་གཽ་རཱི་བརྒྱད་རྣམས་དང་། །ཡུལ་གྱི་ཕྲ་མེན་ཆེན་མོ་དང་། ཡེ་ཤེས་སྒོ་མ་བཞི་པོ་རྣམས། །ཡར་གྱི་གནས་བདུན་དཀྱིལ་འཁོར་ཏེ། །ཞེས་དང་། རྫུ་འཕྲུལ་མཁའ་ལ་འགྲོ་བ་སུམ་ཅུ་གཉིས། །སྦྱོར་དང་སྒྲོལ་ལ་དགའ་བའི་གིང་ཆེན་བརྒྱད། །ལངྒ་ཚར་གསུམ་རྟོགས་ཚད་འབུལ་བ་དང་། །ལུས་ངག་ཡིད་ཀྱིས་གནོད་པའི་འབར་མ་བརྒྱད། །བདུད་སྲིན་མ་མོ་བདུན་དང་སྲིང་མོ་བཞི། །དྲུག་ཅུ་རྩ་བཞི་ཕོ་ཉའི་གནས་རྣམས་ཏེ། །ལྷག་མ་དག་ལ་དབང་བའི་གནས་དྲུག་ཡིན། །ཞེས་ཧེ་རུ་ཀ་གལ་པོའི་ལུང་ཚིགས་བཅད་ཅིག་དྲངས་འདུག་ལ། བདག་གིས་རྒྱུད་དངོས་ནས་རྙེད་པ་ནི་གོང་དུ་དྲངས་པའི་ལུང་དེ་དག་གོ།

སྤྱིར་དབང་ཕྱུག་མ་རྣམས་ནི་རང་སྐལ་ཕུད་ལ་མི་རོལ་བར་ལྷག་མ་ལ་དགྱེས་པར་གསུངས་ཤིང་། དཔལ་ཆེན་པོའི་སྤྱན་སྔར་ལྷག་མ་ལེན་པར་དམ་བཅས་པར་གསུངས་ཏེ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ལས། མ་སྲིང་བུ་མོ་ཆུང་མ་རྣམས། །འབངས་སུ་འབུལ་ལོ་ཚིས་མ་ཆུང༌། །དབུས་སུ་མཆི་སྐལ་མི་ལྡན་གྱི། །འབར་བའི་དཀྱིལ་འཁོར་མཐའ་ལ་ཞོག །ཕུད་ལ་འཚལ་སྐལ་མི་ལྡན་གྱི། །ལྷག་མ་ཞལ་ཆབ་བྲོན་ལ་སྩོལ། །ཉེ་གནས་གདུང་བའི་མ་སྲིང་རྣམས། །དེ་ནས་རྒྱལ་བའི་འབངས་ཡིན་གྱི། །ཁྱེད་ནི་ཅི་བགྱི་བཀའ་ཡི་ལས་མཁན་ཏེ། །བཀའ་ཡི་ལས་བྱུང་རྟག་པར་མྱུར་དུ་སྒྲུབས། །ཞེས་དང་། ཕུར་བ་མྱང་འདས་ཀྱི་རྒྱུད་ལས། མ་དང་སྲིང་མོ་བུ་མོ་རྣམས། །འབངས་སུ་འབུལ་ལོ་བཀའ་ལ་ཐོགས། །དབུས་སུ་མཆིས་པའི་སྐལ་མེད་ཀྱིས། །ཉིད་ཀྱིས་དཀྱིལ་འཁོར་ལ་མཐའ་ལ་ཞོག །ཕུད་ལ་འཚལ་བའི་སྐད་མེད་ཀྱིས། །ལྷག་མ་ཁ་ཆུས་བྲོན་ལ་གསོལ། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་ཧེ་རུ་ཀ་གལ་པོ་ལས། དབང་མོ་ཉི་ཤུ་རྩ་བརྒྱད་ཕུད་དང་ལྷག་མ་གཉིས་ཀ་ལ་དབང་བའོ། །ཞེས་དང་། ལོ་ཆེན་རིན་པོ་ཆེས་ཧེ་རུ་ཀ་གལ་པོའི་ལུང་དྲངས་པ་ལས། ཉི་ཤུ་རྩ་བརྒྱད་ཕུད་ལྷག་གཉིས་ལ་དབང་། །ཞེས་གསུངས་པ་ལྟར་འདིར་ནི་དབང་མོ་ཉེར་བརྒྱད་དེ་ཕུད་དང་ལྷག་མ་གཉིས་ཀ་ལ་དབང་བའི་ལུགས་ལྟར་བགྱིས་པ་ཡིན་ངེས་པས་དབང་ཕྱུག་མ་རྣམས་ཕུད་དང་ལྷག་མ་གཉིས་ཀ་ལ་དབང་བ་ལ་གོ་ན་རུང་གི། ཁ་ཅིག་གིས་ཟེར་བ་ལྟར་དཀྱིལ་འཁོར་གྱི་གཙོ་བོའི་ཚོགས་ལ་ཕུད་ཉམས་པའི་ཉེས་པ་འབྱུང་མིན་ཉུལ་བ་ཞེས་འགྲེལ་ན་མི་རུང་སྙམ་མོ།།

གནས་ཉུལ་ཆེན་མོའི་བཤགས་པ།

བརྒྱད་པ་གནས་ཉུལ་ཆེན་མོའི་བཤགས་པ་ནི། གནས་ལ་མ་བརྟེན་བྱ་བྱེད་འབྱུང་འཇུག་བགྱིས༔ སྟི་རའི་གནས་ཉུལ་ཐུགས་དང་ཅི་འགལ་བ༔ གནས་ཉུལ་ཆེན་མོའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་བསྟན་ལ། དེ་ཡང་རྣལ་འབྱོར་བས་གསང་སྔགས་ཀྱི་དོན་ཟབ་མོ་ཉམས་སུ་བླང་བ་ལ་གཡའ་གངས་ནགས་ཀྱི་རི་བོའི་དབེན་པ་དང་། ཁྱད་པར་འཇིགས་སུ་རུང་བའི་དུར་ཁྲོད་ཀྱི་གནས་ལ་བརྟེན་ནས་བསྒྲུབ་དགོས་པ་ལ་དེ་ལྟར་གནས༷་དེ་དག་ལ་བརྟེན་ཏེ་བསྒྲུབ་པར་མ་བྱས་པའམ་གནས་དེ་འདྲ་ལ༷་མ༷་བརྟེན༷་པར་བྱ༷་བྱེད༷་གང་ཡོད་རྣམས་ཕྱི་དུར་ཁྲོད་ལ་སོགས་པ་སྒྲུབ་པའི་གནས་ནས་ཕྱིར་འབྱུང༷་བར་བགྱིད་པ་དང་། འདུ་འཛི་རབ་ཏུ་ཆེ་བའི་གནས་སུ་རྟག་པར་འཇུ༷ག་པའམ། ཡང་ན་ནང་ལྟར་ན་རྡོ་རྗེ་ཕུར་པ་གསང་བའི་རྒྱུད་ལས། བྱ་བྱེད་རྒྱུན་གྱི་ཏིང་འཛིན་ནི། །བྱ་དང་མི་བྱ་དབྱེར་མེད་པར། །མཁྱེན་ལྡན་ཧ་ཡི་འཕྲོ་འདུ་ལས། །བྱ་བ་མོ་ནི་ཆོས་ཀྱི་དབྱིངས། །བྱེད་པ་པོ་ནི་ཡེ་ཤེས་ཏེ། །བྱ་བྱེད་དབྱིངས་ལས་ཡེ་ཤེས་རོལ། །ཞེས་གསུངས་པ་ལྟར། ཉུལ་མ་ཆེན་མོ་དེ་དག་ཆོས་ཁམས་དང་བྱ་བ་ཡུམ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་དང་། ཡིད་ཀྱི་ཁམས་དང་བྱེད་པ་ཡབ་རྣམ་པར་དག་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་དུ་ངེས་པའི་རྟོགས་པ་ལ་མ་གནས༷་ཤིང་དེ་ལ༷་མ༷་བརྟེན༷་པར། ནང་བྱ༷་བ་ཡུམ་དང་བྱེད༷་པ་ཡབ་ཀྱི་རྣམ་དག་དྲན་པའི་ལྟ་སྒོམ་ལས་ཕྱིར་འབྱུང༷་ཞིང་བྱ་བྱེད་ཀྱི་རང་བཞིན་གཞན་དུ་མཚན་མར་རྟོག་པའི་གནས་ལ་འཇུག༷་པ་གང་གི་དབང་གིས་སྔགས་ཀྱི་ལས་གང་བྱས་རྣམ་གཡེང་དང་རྣམ་རྟོག་མཚན་མའི་གཡེང་བར་ཤོར་བའི་དབང་དུ་བཏང་བར་བགྱི༷ས་པས་ན། སྟི༷་ར༷་སྟེ་བམ་རོ་དུ་མས་གང་བའི༷་དུར་ཁྲོད་ཀྱི་གན༷ས་ཉུལ༷་ཞིང་རྣལ་འབྱོར་བའི་སྒོམ་གྱི་དྲོད་ཚད་བགམ་པའི་མ་མོ་ཆེན་མོ་སྟི་རའི་གནས་ཉུལ་མ་དང་། རྡོ་རྗེ་ཕུང་ཉུལ་མ་དང་། མཆོད་པའི་ཚོགས་ཉུལ་མ་དང་། དེ་བྱའི་སྦྱོར་ཉུལ་མ་ལ་སོགས་པ་རྣམས་ཀྱི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷འི་ཉེས་པའི་ཚོགས་ཐམས་ཅད་ཇི་སྐད་དུ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། དེའི་ཕྱི་རིམ་པདྨ་འདབ་བརྒྱད་ལ་ཤར་དུ་སྟི་རའི་གནས་ཉུལ་མ། ལྷོར་རྡོ་རྗེའི་ཕུང་ཉུལ་མ། ནུབ་ཏུ་མཆོད་པའི་ཚོགས་ཉུལ་མ། བྱང་དུ་དེ་བྱའི་སྦྱོར་ཉུལ་མ། ཤར་ལྷོར་དམ་ཚིག་རྗེས་གཅོད་མ། ལྷོ་ནུབ་ཏུ་ཕྱི་ནང་མཚམས་ཉུལ་མ། དུར་ཁྲོད་གནས་ཕྱུག་མའི་ལྷག་ཉུལ་མ། དེའི་མཚམས་བཞིར་རྡོ་རྗེ་སྒྲོལ་ཉུལ་མ། བསྙེན་པའི་མཚམས་ཉུལ་མ། དགོངས་པའི་དོན་ཉུལ་མ། དུར་ཁྲོད་གནས་ཉུལ་མ་དགོད་དོ། །ཞེས་གསུངས་པ་ལྟར་གྱི་གན༷ས་ཉུལ༷་ཆེན༷་མོ༷འི་ཚོགས་རྣམས་ཀྱི་སྐུ༷་ལ༷་མཐོལ་ཞིང་བཤགས་ལ་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་གནས་ཉུལ་མ་དག་ལ་བཤགས་པའོ།།

()

འདིར་ཤེས་པར་བྱ་བ་ནི། རྙིང་མའི་རྒྱུད་འབུམ་བྱིངས་ཀྱི་ཁྲོད་ཀྱི་དཔལ་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོའི་མཆོག་གི་རྒྱུད་དམ་གསང་བའི་སྙིང་པོ་ཟབ་མོ་མཆོག་དཔལ་སྙིང་རྗེའི་རོལ་པའི་རྒྱུད་ལེའུ་བཅུ་བདུན་ཅན་འགྱུར་བྱང་མེད་པ་དེ་ལས། རྡོ་རྗེ་ཕོ་ཉའི་ལེའུ་སྟེ་ལེའུ་ལྔ་པ་ལས། རྡོ་རྗེ་སྟི་ར་གནས་ཉུལ་བྱ་ཁྲག་ཁྱི་སྒྱིགས་ཅན་དང་། རྡོ་རྗེ་དམ་ཚིག་གི་ཚོགས་ཉུལ་མ་བྱ་ཁྲག་ཁྱི་སྒྲིགས་ཅན་དང་། རྡོ་རྗེ་ཕྱི་ནང་མཚམས་ཉུལ་མ་བྱ་ཁྲག་ཁྱི་སྡིགས་ཅན་དང་། རྡོ་རྗེ་དམ་ཚིག་གི་རྗེས་གཅོད་མ་བྱ་ཁྲག་ཁྱི་སྡིགས་ཅན། རྡོ་རྗེ་དེ་བྱའི་སྦྱོར་ཉུལ་མ་བྱ་ཁྲག་ཁྱི་སྡིགས་ཅན་དང་། ཞེས་གནས་ཉུལ་མ་རྣམས་བྱུང་ཡང་གནས་ཕྱོགས་དང་གྲངས་ཀ་ལ་ངེས་པ་དང་གསལ་ཁ་ཅན་མ་བྱུང་ལ། དེ་ཉིད་ཀྱི་ཕྲ་མེན་མ་སྒྲུབ་པའི་ལེའུ་སྟེ་ལེའུ་བཅོ་ལྔ་པའི་སྐབས་སུ། དེའི་ཕྱི་རིམ་པདྨ་འདབ་མ་བརྒྱད་ལ། ཤར་དུ་སྟི་རའི་གནས་ཉུལ་མ། ནུབ་ཏུ་མཆོད་པའི་ཚོགས་ཉུལ་མ། བྱང་དུ་དེ་བྱིའི་སྦྱོར་ཉུལ་མ། ཤར་ལྷོ་དམ་ཚིག་རྗེས་གཅོད་དོ། །ལྷོ་ནུབ་ཏུ་ཕྱི་ནང་མཚམས་ཉུལ་མ། ནུབ་བྱང་དུ་དབང་ཕྱུག་མ། དེའི་ཕྱི་མཚམས་བཞིར་རྡོ་རྗེ་སྒྲོལ་ཉུལ་མ་བསྙེན་པའི་མཚམས་ཉུལ་མ་དགོངས་པའི་དྲོད་ཉུལ་མ་དུར་ཁྲོད་གནས་ཉུལ་མ་དགོད་དོ། །ཞེས་གསུངས་ཀྱང་ལྷོའི་གནས་ཉུལ་དང་། བྱང་ཤར་གྱི་གནས་ཉུལ་ཡི་གེ་ཆད་པར་གྱུར་པ་དང་། བཀའ་འགྱུར་རོ་ཅོག་གི་པོ་ཏི་སྤྱི་རྒྱུག་ཆེ་བའི་གྲས་ཀྱི་རྙིང་རྒྱུད་གླེགས་བམ་གསུམ་ཅན་དེའི་གྲས་ཀྱི་ཧེ་རུ་ཀ་སྙིང་རྗེ་རོལ་བའི་རྒྱུད་ལོ་ཙཱ་བ་བལ་པོ་ཤྲི་ཀཱིར་ཏིས་སོག་པོ་མཆོག་གི་སྙིང་པོ་དང་། ཨན་བཀྲ་ཤིས་དང་། བལ་པོ་བཟང་བཀྲ་ཤིས་རྒྱ་མཚོ་རྣམས་ཀྱིས་ཡོན་བདག་བགྱིས་ནས་མང་ཡུལ་བྱམས་སྤྲིན་གྱི་གཙུག་ལག་ཁང་གི་ཡ་ཐོག་གི་དབུ་རྩེར་བསྒྱུར་བ་དེའི་ལུང་ནི་གོང་གི་དཀྱུས་སུ་དྲངས་མ་ཐག་པ་དེ་ལགས་མོད། དེར་ཡང་ནུབ་བྱང་དང་བྱང་ཤར་གང་རུང་གི་གནས་ཉུལ་སྟོན་པའི་རྒྱུད་ལུང་ཡི་གེ་ཆད་པས་དེར་ཡང་མི་གསལ་ཡང་དཔེ་གཉིས་ཀ་ལས་དོན་ལ་ནི་གནས་ཉུལ་མ་མོ་བཅུ་གཉིས་མཆིས་པ་ནི་གསལ་ལོ།།

()

ཀརྨ་མཱ་ལེའི་རྒྱུད་ལས། འདི་ཡི་དུས་ན་ཏི་རའི་གནས་འཕྲོག་མ། །ཞིང་བཅུ་སྒྲོལ་དང་མ་སྒྲོལ་ཉུལ་བ་ནི། །སྔགས་པས་བསྒྲིམས་ནས་བྱས་པ་ན། །ངས་ནི་ཁྱེད་ལ་གསལ་བར་བཤད། །ཅེས་གནས་ཉུལ་ཆེན་མོ་མང་པོ་གསུངས་མོད། དེ་དག་གསལ་བོར་འཁོད་པའི་ཆོ་གའི་གཞུང་གཞན་ནི་ལག་ཏུ་མ་སོན་པས་ཇི་བཞིན་བརྗོད་པར་རྔོ་མ་ཐོགས་སོ།།

གཞན་ཡང་ཤར་ན་ཏི་རའི་གནས་ཉུལ་མ་གཟི་ལྡན་ཡུམ་གྱི་སྤྲུལ་པ་སྲིན་མོ་ཐོད་ཕྲེང་ནག་མོ་ཁྲག་རལ་ཅན་ཏི་ར་ཆེན་མོ་ཁ་ན་ཐོགས་པ་དུས་ཚོད་ནི་ནམ་གྱི་སྲོད་ལ་རྒྱུག་པ་དང་། ལྷོ་ན་ཏི་རའི་གནས་ཉུལ་མ་གཤོག་པ་ཅན་གྱི་སྤྲུལ་པ་སྲིན་མོ་སྐམ་མ་རུ་གྲགས་པ་ནག་མོ་ཁྲག་རལ་ཅན་ཏི་ར་ཆེན་མོ་ཁ་ན་ཐོགས་པ་དུས་ནམ་གྱི་ཕྱེད་ན་རྒྱུག་པ་དང་། ནུབ་ན་ཏི་རའི་གནས་ཉུལ་མ་དྲ་བ་མོ་ཡི་སྤྲུལ་པ་སྲིན་མོ་ར་རོ་རུ་གྲགས་པ་ནག་མོ་དུང་གི་རལ་པ་ཅན་ཏི་ར་ཆེན་མོ་ཁ་ན་ཐོགས་པ་དུས་ནམ་གྱི་ཐོ་རངས་ལ་རྒྱུག་པ་དང་། བྱང་ན་ཏི་རའི་གནས་ཉུལ་མ་སྡེར་མོ་ཅན་གྱི་སྤྲུལ་པ་སྲིན་མོ་ཁྲག་འཐུང་མ་ནག་མོ་གཡུ་ཡི་རལ་པ་ཅན་ཏི་ར་ཆེན་མོ་ཁ་ན་ཐོགས་པ་དུས་ཉི་མའི་ཟེར་ཏེ་ཉི་མ་འཆར་བའི་དུས་ལ་རྒྱུག་པ་དང་། སྟེང་ཕྱོགས་ན་ཏི་རའི་གནས་ཉུལ་མ་གློག་འགྱུ་མ་ཡི་སྤྲུལ་པ་སྲིན་མོ་ཕོར་ཐོགས་མར་གྲགས་པ་ནག་མོ་གསེར་གྱི་རལ་པ་ཅན་ཏི་ར་ཆེན་མོ་ཁ་ན་ཐོགས་པ་དུས་ཉི་མ་ཕྱེད་དེ་ཉིན་གུང་ན་རྒྱུག་པ་དང་། འོག་ཕྱོགས་ན་ཏི་རའི་གནས་ཉུལ་མ་ཕེའུ་གཤོག་མའི་སྤྲུལ་པ་སྲིན་མོ་གཞོང་ཐོགས་མར་གྲགས་པ་ནག་མོ་ཟངས་ཀྱི་རལ་པ་ཅན་ཏི་ར་ཆེན་མོ་ཁ་ན་ཐོགས་པ་དུས་ཉི་མའི་གྲིབ་སོ་སྡུད་པའི་དུས་ན་རྒྱུག་པའི་དུས་དྲུག་གི་མ་མོ་དྲུག་ལ་སྟི་རའི་གནས་ཉུལ་དྲུག་ཏུ་གསུངས་པ་ཡོད་དེ། རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ལས། ཏི་ར་ཆེན་མོའི་གནས་ཉུལ་མ། །རྣལ་འབྱོར་དབང་ཕྱུག་ཆེན་པོ་རྣམས། །བཀའ་དང་དམ་ཚིག་མ་ཉམས་པའི། །སྒྲུབ་པ་རྣམས་ལ་དངོས་གྲུབ་སྩོལ། །གང་གི་བཀའ་ལས་འདའ་བྱེད་པའི། །སྒྲུབ་པ་པོ་ལ་བར་གཅོད་པའི། །མ་དག་ལས་ཀྱི་ཉུལ་ལེ་མོ། །སྲིད་པ་རྣམས་ཀྱི་བྱ་ར་བྱེད། །ཤར་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ནམ་གྱི་སྲོད་ལ་རྒྱུག །ནག་མོ་ཁྲག་གི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །གཟི་ལྡན་ཡུམ་གྱི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཐོད་ཕྲེང་ཡིན་པར་གྲགས། །ལྷོ་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ནམ་གྱི་ཕྱེད་ན་རྒྱུག །ནག་མོ་ཁྲག་གི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །གཤོག་པ་ཅན་གྱི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་སྐམ་མ་ཡིན་པར་གྲགས། །ནུབ་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ནམ་གྱི་ཐོ་རངས་རྒྱུག །ནག་མོ་དུང་གི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །དྲ་བ་མོ་ཡི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་པོ་ཆེ། །སྲིན་མོ་ར་རོ་ཡིན་པར་གྲགས། །བྱང་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ཉི་མའི་ཟེར་ལ་རྒྱུག །ནག་མོ་གཡུ་ཡི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །སྡེར་མོ་ཅན་གྱི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཁྲག་འཐུང་ཡིན་པར་གྲགས། །སྟེང་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ཉི་མ་ཕྱེད་ན་རྒྱུག །ནག་མོ་གསེར་གྱི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །གློག་འགྱུ་མ་ཡི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་ཕོར་ཐོགས་ཡིན་པར་གྲགས། །འོག་ནས་ཏི་རའི་གནས་ཉུལ་མ། །རྡོ་རྗེ་ཉི་མའི་སྒྲིབ་སོ་སྡུད། །ནག་མོ་ཟངས་ཀྱི་རལ་པ་ཅན། །ཏི་ར་ཆེན་མོ་ཁ་ན་ཐོགས། །ཕེའུ་གཤོག་མའི་སྤྲུལ་པ་སྟེ། །ཉམས་པའི་ཁྲག་འཐུང་དབང་མོ་ཆེ། །སྲིན་མོ་གཞོང་ཐོགས་ཡིན་པར་གྲགས། །དུས་དྲུག་མ་མོ་ཁྱེད་རྣམས་ཀྱང་། །སྔོན་གྱི་འཕྲིན་ལས་ཇི་བཞིན་དུ། །སྒྲུབ་པ་ལས་ཀྱི་བྱ་ར་མཛོད། །དེ་སྐད་དུས་དྲུག་བསྐུལ་ནས་ནི། །གང་གིས་བདག་ཉིད་ཆེན་པོ་ཡི། །འདོད་པ་རྡོ་རྗེ་བཞིན་དུ་འགྲུབ། །གསང་བ་འདི་ནི་གཉན་པོ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུད་དེ་ལས་གསུངས་པའི་དུས་དྲུག་གི་མ་མོ་དྲུག་ལ་དཔྱད་ན་ནི་ཧེ་རུ་ཀ་སྙིང་རོལ་གྱི་ཤར་དུ་སྟི་རའི་གནས་ཉུལ་མ་ཞེས་པ་དེ་ཁོ་ན་ལ་ཕྱེས་པ་འདྲ་ཞིག་མཆིས་མོད་དོན་ལ་ནི་དེ་ལྟར་མ་ཡིན་སྙམ་པས་གཞན་དུ་འཚོལ་བར་བྱའོ། །དབང་ཆེན་བསྡུས་པའི་ཏནྟྲ་ཟེར་བའི་རྙིང་རྒྱུད་ལས་ཀྱང་། དེ་དག་བསྟན་ཅིང་ཚིག་ཕལ་མོ་ཆེ་དེ་རྒྱུད་ཀྱི་རྒྱལ་པོ་ཁྲོ་བོ་རྟ་མཆོག་རོལ་པ་ཇི་མ་ཇི་བཞིན་དུ་འབྱུང་བས་རྒྱུད་དེ་རིགས་དགོངས་པ་གཅིག་པར་ངེས་སོ།།

གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཨ་སྤོར་བྱེད་ཆེན་མོ་ལ་སོགས་ཏེ། །ཉུལ་བྱེད་ཆེན་མོ་བརྒྱད་རྣམས་ལ། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་ཉུལ་བར་བྱེད། །མ་ལུས་གནས་ནས་སྤོར་བར་བྱེད། །ཅེས་དང་། སྒྱུ་འཕྲུལ་བླ་མ་ལས། ཉུལ་བྱེད་ཡུལ་ལ་གནས་གྱུར་པ། །སྤོར་བྱེད་ཆེན་མོ་མི་བཟད་མ། །ཞེས་གསུངས་པ་ལྟར་སྤོར་བྱེད་ཆེན་མོ་བརྒྱད་དུ་གྲགས་པ་དེ་དག་ལའང་ཉུལ་མ་དང་། འབར་མའི་མིང་གིས་བསྟན་པས་ན་འདིར་དེ་དག་ལ་སྦྱར་ཡང་རུང་ཟེར་བ་བདེན་མཆི་མོད། སྦྱར་ཟིན་ལྟར་ཧེ་རུ་ཀ་སྙིང་རོལ་ལྟར་སྟི་རའི་གནས་ཉུལ་མ་སོགས་ལ་འགྲེལ་ན་ལེགས་པ་ལས་སྤོར་བྱེད་མ་ལ་སྦྱོར་བ་ནི་མ་ཡིན་པར་ངེས་སོ།།

སྤོར་བྱེད་ཆེན་མོ་བརྒྱད་པོ་དེ་ཀརྨ་གླིང་པའི་ཞི་ཁྲོའི་ལས་བྱང་རང་གཞུང་ན་དངོས་སུ་མ་བྱུང་ཡང་དྲི་མེད་བཤགས་པའི་རྒྱུད་ལས་བྱུང་བ་ལྟར་བརྒྱ་ཕྱག་ལས་བྱུང་ལ། ཆགས་མེད་ཀྱིས། རྡོ་ར་དུར་ཁྲོད་ཡངས་པའི་ནང་། །རིག་འཛིན་ལྔ་དང་སྤོར་བྱེད་བརྒྱད། །ཅེས་ཞི་ཁྲོའི་དཀྱིལ་འཁོར་གྱི་རྡོ་རྗེའི་ར་བའི་ནང་རོལ་དུར་ཁྲོད་དུ་བསྒོམ་དགོས་པར་གསུངས་ཤིང་། གསང་སྙིང་གི་དཀྱིལ་འཁོར་གྱི་ལྷ་གྲལ་དུའང་བྱུང་ངོ་། །དེ་ལྟར་ཞར་བྱུང་ཙམ་དུ་སྨོས་སོ།།

རྡོ་རྗེ་རྒྱལ་པོའི་བཤགས་པ།

དགུ་བ་རྡོ་རྗེ་རྒྱལ་པོའི་བཤགས་པ་ནི། སྐུ་མཉེས་ཕ་མའི་ཚུལ་དུ་མ་གྱུར་ཏེ༔ རྡོ་རྗེ་སློབ་དཔོན་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་རྒྱལ་པོའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་བསྟན་ཅིང་། བདེ་མཆོག་འབྱུང་བ་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་འདུན་དེ་བཞིན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །དེའི་ཕྱིར་སངས་རྒྱས་གོ་འཕང་ནི། །འདོད་པས་བླ་མ་མཉེས་པར་བྱ། །ཞེས་དང་། ཡེ་ཤེས་འབར་བའི་རྒྱུད་ལས། བླ་མ་མཉེས་པར་བྱ་བའི་ཕྱིར། །ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཀྱིས། །དུས་གསུམ་མཎྜལ་དང་བཅས་མཆོད། །ཅེས་དང་། སངས་རྒྱས་ཐོད་པ་ལས། བླ་མས་དངོས་གྲུབ་བླ་མས་ཐར། །བླ་མ་སྟོན་པ་རྣམ་ཀུན་པ། །དེས་ན་སློབ་མ་བློ་ཆེན་གྱིས། །འབད་པས་བླ་མ་མཉེས་པར་བྱ། །ཞེས་དང་། གཤིན་རྗེ་ནག་པོའི་རྒྱུད་རྟོག་པ་གསུམ་པ་ལས། དེ་ཡི་ཕྱིར་ན་སྔགས་པ་ཡིས། །རང་གི་ཡིད་གཉིས་སྤང་བའི་ཕྱིར། །བླ་མ་མཉེས་པར་བྱ་བ་གཅེས། །བསྙེན་བཀུར་བྱས་ན་ནུས་མཐུ་ཆེ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། སྒྲུབ་ལ་བརྩོན་པའི་གང་ཟག་གིས། །ལུས་དང་ལོངས་སྤྱོད་འཚོ་བ་དང་། །བུ་དང་ཆུང་མ་རྒྱལ་སྲིད་ཀྱིས། །དང་པོར་བླ་མ་མཉེས་བྱས་ལ། །ཞེས་གསུངས་པ་ལྟར། རང་ལ་དབང་དང་གདམས་ངག་ཟབ་མོ་གནང་སྟེ་ཐར་བའི་ལུས་སྲོག་གསོ་བའི་ཕ་མ་ལྟ་བུར་གྱུར་པའི་བླ་མ་དམ་པའི་སྐུ་ལ་ལུས་ཀྱིས་ཞབས་ཏོག་དང་། ཟས་གོས་ལོངས་སྤྱོད་སྣ་ཚོགས་མཆོད་པ་དང་། སྒྲུབ་པ་སྙིང་པོར་བྱེད་པའི་ཚུལ་གྱིས་སྐུ༷་མཉེས༷་པར་བགྱིས་ཏེ་བླ་མ་དེ་ཉིད་རང་གི་ལུས་སྲོག་བསྐྱེད་པའི་ཕ༷་དང་མ༷འི་ཚུལ༷་དུ༷་འཛིན་པའི་འདུ་ཤེས་མངོན་དུ་གྱུར་ཏེ་དུས་རྟག་པར་བཀུར་སྟི་དང་གུས་པས་བསྟེན་དགོས་པ་ལ་དེ་འདྲའི་འདུ་ཤེས་མངོན་དུ་མ༷་གྱུར༷་ཏེ༷། བླ་མ་མཉེས་པའི་ལས་བསྒུབ་མ་ནུས་པར་རྡོ་རྗེ་སློབ་དཔོན་སྤྱི་དང་། བྱེ་བྲག་ཏུ་ཞི་ཁྲོའི་དཀྱིལ་འཁོར་བསྒྲུབ་པའི་སྒྲུབ་པ་ཟབ་མོ་འདིའི་རྡོ༷་རྗེ༷་སློབ༷་དཔོ༷ན་གྱི་ཐུགས་དང་མི་མཐུན་པའི་དམ་ཚིག་ཉམས་པའི་ལས་སྣ་ཚོགས་བསགས་ནས་དེའི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷འི་ཉེས་པ་རྣམས་གནོང་འགྱོད་དྲག་པོས་ཇི་སྐད་དུ་རྣལ་འབྱོོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། རྡོ་རྗེ་རྒྱལ་པོ་བླ་མ་ལ། །འཁོར་བ་སྲེག་པར་མངའ་གསོལ་ཏེ། །ཞེས་དང་། རྟ་མཆོག་རོལ་བ་ལས། ཀྱེ་ཀྱེ་མཆོག་གསུམ་བདེ་བའི་སྐུ། །བྱམས་པའི་ཐུགས་མངའ་སྐུ་གསལ་མཛད། །རྡོ་རྗེ་རྒྱལ་པོ་བྱང་ཆུབ་སེམས། །བདག་དགོངས་འགྲོ་བའི་དོན་ཆེན་མཛད། །ཅེས་གསུངས་པ་ལྟར་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་རྡོ༷་རྗེ༷་རྒྱལ༷་པོ༷འི་མཚན་ཀྱིས་བསྔགས་པའི་བླ་མ་དམ་པ་སྤྱི་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །གསང་བ་སྦྱོར་བའི་དུས་ཆེན་དུ། །སྒྲུབ་ཆེན་སྒྲུབ་པའི་རྣལ་འབྱོར་རྣམས། །རྙིང་རྗེ་བྱམས་དང་དགའ་སྙོམས་དང་། །གདུང་བའི་བྱང་ཆུབ་སེམས་བསྐྱེད་དོ། །དེ་ཡང་ཤེས་དང་ཤེས་བྱ་ཡིས། །རྩལ་ཆེན་ཀུན་ཏུ་རྫོགས་པ་ནི། །རྡོ་རྗེ་སྙིང་པོ་འབྲུ་མཆོག་དག །ཤིན་ཏུ་གཏམས་པས་ཚོགས་པ་ནི། །བླ་མ་རྡོ་རྗེ་འཁོར་ལོ་རྒྱལ། །ཡོན་ཏན་མཆོག་གི་གཏེར་གྱུར་ཅིང་། །སྲིད་པས་ཞུས་ཀྱང་ཟད་མི་ཤེས། །རྐྱེན་ཐུབ་དབང་ལུང་རྫོགས་པར་གཟུང་། །ཞེས་གསུངས་པ་ལྟར་མཚན་ཉིད་ལྡན་པའི་རྡོ་རྗེ་སློབ་དཔོན་སྤྱི་དང་། ཁྱད་པར་དུ་སྒྲུབ་པ་དང་སྒྲུབ་ཆེན་ཟབ་མོའི་དུས་ཀྱི་རྡོ་རྗེ་སློབ་དཔོན་གྱི་སྐུ༷་ལ༷་མཐོལ་ཞིང་བཤགས་ལ། བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

རྡོ་རྗེ་རྒྱལ་ཐེབས་ཀྱི་བཤགས་པ།

བཅུ་བ་རྡོ་རྗེ་རྒྱལ་ཐེབས་ཀྱི་བཤགས་པ་ནི། ཏིང་འཛིན་མ་སྙེམས་ཞི་ཁྲོ་མ་ཕྱེད་དེ༔ རྡོ་རྗེ་རྒྱལ་ཐེབས་ཐུགས་དང་ཅི་འགལ་བ༔ སྟོན་པ་སྒྲོན་མེའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་བསྟན་ཅིང་། རྣལ་འབྱོར་བ་གང་གིས་བསྐྱེད་པའི་རིམ་པའི་ཏིང༷་ངེ་འཛི༷ན་ཇི་བཞིན་མ་གསལ་བས་ཏིང་འཛིན་གྱི་ང་རྒྱལ་གྱི་སྙེམས་པ་དྲག་པོས་མ༷་སྙེམ༷ས་པའི་དབང་གིས་ཞི༷་བ་བཞི་བཅུ་རྩ་གཉིས་དང་། ཁྲོ༷་བོ་འབར་བ་ང་བཅུ་རྩ་བརྒྱད་ཀྱི་ལྷ་ཡི་དཀྱིལ་འཁོར་སོ་སོར་མ༷་ཕྱེད༷་དེ༷། ཞི་ཁྲོ་འདྲེས་པ་དང་། རྣམ་པ་ཇི་བཞིན་མི་གསལ་བ་དང་། བསྐྱེད་རིམ་གྱི་ང་རྒྱལ་བརྟན་པོ་མ་ལྡན་པར་བསྐྱེད་རིམ་གྱི་གདེང་ཚད་འཛིན་པ་པོའི་སློབ་དཔོན་རྡོ༷་རྗེ༷་རྒྱལ༷་ཐེབ༷ས་སམ་རྒྱལ་ཚབ་ཏུ་གྲགས་པ་སྟེ། ཇི་སྐད་དུ། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། སྒོ་དགུས་ཀུན་ཏུ་གསལ་བར་གྱུར་པའི་གནས་ན་རྡོ་རྗེ་རྒྱལ་ཚབ་ཅེས་བྱ་བའི་ཞེ་སྡང་རྡོ་རྗེ་དང་། ཞེས་དང་། ཨེ་མ་རྡོ་རྗེ་སེམས་ཆེན་པོ། །རང་རིག་མཁྱེན་པའི་ཡེ་ཤེས་འབར། །མགོན་པོ་ཡོན་ཏན་བསམ་ལས་འདས། །རྒྱལ་འཐེབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། ལྟ་བས་མཉམ་པའི་དོན་རྟོགས་ན། །རྒྱལ་འཐེབ་འཆད་ཅིང་སྟོན་པའི་དབང་། །ཞེས་གསུངས་པ་ལྟར་གྱི་བླ་མ་རྡོ་རྗེ་དཔོན་དང་རྟོགས་པའམ་དགོངས་པ་མཉམ་པའི་རྡོ་རྗེ་རྒྱལ་ཚབ་བམ་རྒྱལ་ཐེབས་སུ་གྲགས་པའི་ཐུག༷ས་དང༷་ཅི༷་འག༷ལ་བ༷་ཡི་ཉེས་པ་རྣམས་སྟོ༷ན་པ༷་དཀྱིལ་འཁོར་གྱི་རྣམ་པ་ཇི་བཞིན་གསལ་བར་བྱེད་པའི་སྒྲོ༷ན་མེ༷་ལྟ་བུའི༷་སློབ་དཔོན་གྱི་སྐུ༷་ལ༷་འགྱོད་པས་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

ལས་ཀྱི་སློབ་དཔོན་གྱི་བཤགས་པ།

བཅུ་གཅིག་པ་ལས་ཀྱི་སློབ་དཔོན་གྱི་བཤགས་པ་ནི། ལེ་ལོ་བྱས་པས་ཕྱག་རྒྱ་རྒྱུན་བཅད་དེ༔ ཀརྨ་ལས་མཁན་ཐུགས་དང་ཅི་འགལ་བ༔ ལས་ཀྱི་སློབ་དཔོན་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་བསྟན་ལ། འཕགས་པ་གང་པོས་ཞུས་པའི་མདོ་ལས། སེམས་ཅན་རྟག་ཏུ་རྒུད་པ་ཡང་། །ལེ་ལོའི་དབང་དུ་གྱུར་པས་ན། །བདག་གིས་བརྩོན་འགྲུས་རབ་བསྐྱེད་དེ། །བྱང་ཆུབ་ཐོབ་བྱ་སྙམ་དུ་སེམས། །ཞེས་གསུངས་པ་ལྟར་རྒུད་པའི་རྩ་བ་དང་དགེ་བ་ལ་བར་དུ་གཅོད་པའི་ཆོས་གཙོ་བོ་ལེ་ལོ་ཡིན་ནའང་། ཉེས་ལྟུང་བཤགས་པ་པོའི་རྣལ་འབྱོར་བ་གང་གིས་ནི་བདག་ཉིད་བརྙས་པ་དང་། སྙོམས་ལས་དང་། སྒྱིད་ལུག་པའི་ལེ༷་ལོ༷་བྱ༷ས་པ༷ས་ཇི་སྐད་དུ་མཁའ་འགྲོ་རྒྱ་མཚོ་ལས། ལས་དང་ཆོས་དང་དམ་ཚིག་དང་། །ཕྱག་རྒྱ་ཆེན་པོ་བཞི་བ་ཡིན། ཞེས་དང་། ཐམས་ཅད་གསང་བའི་རྒྱུད་ལས། ཐུགས་ནི་ཕྱག་རྒྱ་ཆེན་པོ་སྟེ། །དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ། །ཆོས་ཀྱི་ཕྱག་རྒྱ་གསུང་གི་སྟེ། །ལས་ཀྱི་ཕྱག་རྒྱ་སྐུ་ཡི་ཡིན། །ཞེས་གསུངས་པ་ལྟར། བསྐྱེད་རིམ་གྱི་སྐབས་ཀྱི་ཕྱག་རྒྱ་སྟེ། དེ་ཡང་ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་དང་། ཆོས་དང་། ལས་ཀྱི་ཕྱ༷ག་རྒྱ༷་སྟེ་ཕྱག་རྒྱ་ཆེན་པོ་བཞིའི་རིམ་པའི་བསྒོམ་པ་རྒྱུན༷་བཅ༷ད་དེ༷་ལུས་ཀྱི་ཕྱག་རྒྱ་ལ་སོགས་པ་སྒྲུབ་པའི་ཆ་ལག་མ་ཚང་བའི་དབང་གིས་ཇི་སྐད་དུ་ཁྲོ་བོ་རྡོ་རྗེ་རིགས་ཀུན་འདུས་རིག་པ་ལས། རྡོ་རྗེ་ཀརྨ་ཞེས་བྱ་བའི་ཕྲག་དོག་སྣ་ཚོགས་དང་། ཞེས་དང་། རྡོ་རྗེ་ཚིག་གི་གདངས་སྐད་ཅན། །རྡོ་རྗེ་མཐོང་བ་རྣམ་པར་དག །ངག་གི་དབང་ཕྱུག་ཚིག་ལ་མཁས། །ལས་ཀྱི་ཕྲེང་བ་རྫོགས་བྱེད་པའོ། །ཞེས་དང་། དཔལ་ཡེ་ཤེས་སྙིང་པོའི་རྒྱུད་ལས། ལས་ཀྱི་སློབ་དཔོན་ནི་བསྟན་བཅོས་ཐམས་ཅད་ལ་མཁས་པ། སེར་སྣ་མེད་པ། མཚན་མ་ཅུང་ཟད་ཐོབ་པའོ། །ཞེས་གསུངས་པ་ལྟར། ལེགས་སྦྱར་གྱི་སྐད་དུ་ཀ༷རྨ༷་ནི་ལས་ཏེ་སྒྲུབ་པ་ཟབ་མོའི་ལས་སྣ་ཚོགས་བྱེད་མཁན་གྱི་ལས་ཀྱི་སློབ་དཔོན་དུ་གྲགས་པ་སྐད་གདངས་མཐོ་ཞིང་ཆེ་ལ་ལས་ཀྱི་ཆོ་གའི་ཁྲིགས་ལ་མཁས་པའི་རྡོ་རྗེ་ལས༷་མཁ༷ན་ཞེས་འབོད་པའི་ཐུག༷ས་དང༷་ཅི༷་འག༷ལ་བ༷འི་ཉེས་པའི་ཚོགས་ཀུན་མཚན་ཉིད་དེ་དག་ལྡན་པའི་ལས༷་ཀྱི༷་སློབ༷་དཔོ༷ན་ཆེན་པོའི་སྐུ༷་ལ༷་འགྱོད་པས་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ། །ཞེས་པའོ།།

གསང་ཡུམ་རིག་མའི་བཤགས་པ།

བཅུ་གཉིས་པ་གསང་ཡུམ་རིག་མའི་བཤགས་པ་ནི། སྦྱོར་བའི་ཚེ་ན་ཚད་ལ་མ་ཕེབས་ཏེ༔ ཤེས་རབ་སྙེམས་མའི་ཐུགས་དང་ཅི་འགལ་བ༔ གསང་ཡུམ་རིག་མའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གསུམ་གྱིས་བསྟན་ལ། དགོངས་པ་ལུང་བསྟན་པ་ལས། གང་ཞིག་སྔགས་ཀྱི་སྐྱེས་བུར་བཤད། །རྡོ་རྗེ་གསུམ་གྱི་ཡེ་ཤེས་གཟུགས། །དེ་ནི་དབང་པོ་གཉིས་སྦྱོར་བའི། །གཅིག་པར་བསྒོམ་པ་རྟག་ཏུ་བྱེད། །བདག་དམིགས་སེམས་ཅན་ཡོད་མིན་པའི། །སྔགས་ཀྱི་དབང་པོ་རྣམ་བསྒོམ་པ། །དབང་པོ་གཉིས་སྦྱོར་བཟང་པོ་སྟེ། །དངོས་པོ་ཐམས་ཅད་རྣམ་བརྟག་པའོ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྔགས་ཀྱི་དམ་ཚིག་མཆོག་བསྒོམ་པའོ། །རང་གཟུགས་རྡོ་རྗེ་ཡང་དག་སྦྱོར། །རིག་མ་དབང་ཕྱུག་བདག་ཀྱང་བསྒོམ། །གཉིས་མེད་གཉིས་སུ་མེད་ཆགས་པ། །ལྟ་བ་དམ་ཚིག་དཀྱིལ་འཁོར་རོ། །ཞེས་གསུངས་པ་ལྟར། རྣལ་འབྱོར་བ་གང་ཞིག་དབང་པོ་གཉིས་སྦྱོར༷་བ༷འི་གསང་སྔགས་ཕོ་ཉའི་ལམ་ལ་བརྟེན་ནས་ཟུང་འཇུག་བདེ་བ་ཆེན་པོོའི་ཡེ་ཤེས་མཐའ་ཐུག་པ་བསྒྲུབ་པའི་ཚེ༷་ན༷། དང་པོ་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ནས་དེ་གསུམ་ལས་སུ་རུང་བར་གྱུར་པ་ན་ད་གཟོད་རིག་མའི་མཁའ་ལ་བརྟེན་ནས་དགའ་བ་བཅུ་དྲུག་གི་ཡེ་ཤེས་ལུག་འབྱུང་ལྡོག་ཏུ་བསྐྱེད་པས་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་གྱུར་དགོས་པ་ཡིན་ལ། དེ་ཕྱིར་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། རྡོ་རྗེ་ཀུན་གྱི་གཟུགས་འཛིན་པ། །ཀུན་སྡུད་ཀུན་འབྱུང་འཁྲུག་མེད་ཅིང་། །ནམ་མཁའི་ཁྱོན་ལྟར་ཀུན་ལ་ཁྱབ། །མ་ལྟར་བྱམས་པའི་ཡུམ་མཆོག་གཟུང་། །ཞེས་གསུངས་པ་ལྟར་བཤད་མ་ཐག་པའི་བདེ་ཆེན་གྱི་ཡེ་ཤེས་ཀྱི་ཆ་རྐྱེན་དུ་སྒྲུབ་པ་ཟབ་མོའི་དུས་སུ་དེ་ལྟར་རྩ་ཐིག་རླུང་སོགས་སྦྱངས་པ་དམན་ཞིང་རིག་མ་བསྟེན་པའི་ཚ༷ད་ལ༷་མ༷་ཕེབ༷ས་ཏེ༷་དགའ་བཞིའི་ཡེ་ཤེས་ཇི་བཞིན་འདྲེན་པའི་ནུས་པ་མ་ཐོབ་པར་འཇིག་རྟེན་ཐ་མལ་བའི་ཆགས་པ་རང་ག་བའི་དབང་དུ་ཤོར་བས་ན་ཇི་སྐད་དུ་གསང་བ་རྡོ་རྗེ་རྒྱུད་ཀྱིི་རྒྱལ་པོ་ལས། སྦྱོར་ཐབས་མཁས་པའི་ཤེས་རབ་མ། །ཐབས་ཀྱིས་རྟག་ཏུ་བསྟེན་པར་བྱ། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། གསང་བ་སྦྱོར་བའི་ཤེས་རབ་མ། །དྲི་མེད་རྣམ་དག་ལྷ་མོ་ཞིག །མཚན་ལྡན་ཤིན་ཏུ་བརྒྱན་བྱས་ལ། །དབང་ཐོབ་དེ་ལ་སྦྱིན་པར་བྱ། །ཞེས་དང་། རྡོ་རྗེ་གཏུམ་པོ་ཐུགས་གསང་བའི་རྒྱུད་ལས། བྱིན་བརླབས་བྱས་པའི་ཤེས་རབ་མ། །རང་ལུས་ཐབས་ལྡན་གཏད་པ་དང་། །བདེ་བ་དང་ནི་བདེ་བ་ཆེ། །ཤིན་ཏུ་བདེ་ཆེན་བདེ་མཆོག་ཡིན། །ཞེས་དང་། སངས་རྒྱས་ཐོད་པ་ལས། གཙོ་ཆེན་དེ་ཡི་ཤེས་རབ་མ། །སྣ་ཚོགས་སྡེ་མ་རྣལ་འབྱོར་མ། །ཞེས་གསུངས་པ་ལྟར་རྒྱུད་དུ་མ་ནས་ཤེས་རབ་མ་ཞེས་གསང་སྔགས་ཀྱི་ལམ་གྲོགས་སམ་ལམ་རྟེན་དུ་རྒྱ་ཆེར་བསྔགས་པའི་བདེ་སྟོང་གི་ཤེས༷་ར༷བ་ཆེན་པོའི་སྙེམ༷་པ་འཆང་བ་མ་ཤེས་རབ་རིག་མ༷འི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་ཉེས་པའི་ཚོགས་ཐམས་ཅད་གས༷ང་བ་བདེ་སྟོང་གཉིས་མེད་དོན་དམ་མཉམ་པ་ཉིད་ཀྱི་མཁྱེན་པར་གྱུར་པ་འབྲས་བུ་ཆོས་གཟུགས་དབྱེར་མེད་ཀྱི་སྐུ་གཉིས་ཀྱི་སྲས་པོ་དམ་པ་གཞི་བཞེངས་སུ་སློང་བའི་ཡུམ༷་དང་། གསང་ཆེན་ཐབས་ལམ་ཟབ་མོ་ཉམས་སུ་ལེན་པའི་མཐུན་རྐྱེན་གྱི་གྲོགས་སུ་གྱུར་པའི་མཚན་ལྡན་རི༷ག་མ༷་བཟང་པོའི༷་སྐུ༷་ལ༷་བཤགས་ཤིང་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་སྦྱོར་བ་ཕོ་ཉའི་ཉེར་རྒྱུ་ལ་བརྟེན་པའི་ལམ་ཟབ་མོའི་ཚད་ལ་མ་སླེབས་ཀྱི་སྔོན་ནས་ལས་རྒྱ་བསྟེན་ནས་མཚན་ཉིད་ལྡན་པའི་གཟུང་མའི་རྒྱུད་ཆུད་གཟོན་དུ་བཏང་བ་རིག་མ་ཉིད་ཀྱི་མདུན་དུ་བཤགས་པར་བསྟན་པ་ཡིན་ཏེ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས། །གཟུང་མའི་ཐུགས་དང་འགལ་བའི་སྐྱོན་དབང་གིས། །ཆགས་ཤིང་འཁོར་བའི་གནས་སུ་མཐོལ་ཞིང་བཤགས། །བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

སྒྲོལ་གིང་བདག་པོའི་བཤགས་པ།

བཅུ་གསུམ་པ་སྒྲོལ་གིང་བདག་པོའི་བཤགས་པ་ནི། སྒྲོལ་བའི་ཚེ་ན་ཏིང་འཛིན་གནས་མ་སྟོབས༔ སྐྱེས་བུ་གིང་བཞིའི་ཐུགས་དང་ཅི་འགལ་བ༔ སྒྲོལ་གིང་བདག་པོའི་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་རྐང་པ་གསུམ་གྱིས་བསྟན་ལ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དྲག་ཤུལ་སྤྱོད་ཚུལ་ལ་གནས་པ། །ཧཱུྃ་ཞེས་པ་དང་ཕཊ་དང་བཅས། །ལུས་ནི་མེ་ལྕེ་འབར་བ་དང་། །འཇིག་རྟེན་གསུམ་པོ་བཟར་བསམས་ནས། །བསྐུལ་བའི་ཚིག་དང་སྤེལ་བ་ཡི། །གསང་སྔགས་ཡི་གེ་ངེས་པར་སྦྱོར། །ཞེས་དང་། དཔལ་གདན་བཞིའི་རྒྱུད་ལས། བསད་དང་གདུག་པ་བསྐྲད་ལ་སོགས། །དྲག་པོའི་ལས་ནི་ཐམས་ཅད་ལ། །དངོས་གྲུབ་འདོད་པ་རྣལ་འབྱོར་པས། །འཇོམ་པའི་ཡི་གེ་ཐ་མར་རོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། དབང་དང་མངོན་སྤྱོད་རེངས་པ་དང་། །བསད་དང་བསྐྲད་པ་ལ་སོགས་པ། །མངོན་སྤྱོད་དུས་ལས་ཤེས་པར་བྱ། །ཞེས་གསུངས་པ་ལྟར། གསང་སྔགས་ཀྱི་ཁྱད་ཆོས་ཟབ་མོ་ལྷའི་ང་རྒྱལ་བརྟན་པོ་དང་ལྡན་པས་སྐྲོད་པ་དང་། འགུག་པ་དང་། དབྱེ་བ་དང་། རེངས་པ་དང་། གཞུག་པ་དང་། གཟིར་བ་དང་། གནོན་པ་དང་། སྒྲོལ་བ་སོགས་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་སྐལ་མེད་ལོག་ལྟ་ཅན་གྱི་གདུལ་བྱ་འདུལ་བའི་ཐབས་བསྟན་ལ། དེ་ཡང་རྡོ་རྗེ་ཕུར་བ་གསང་རྒྱུད་ལས། སྙིང་རྗེས་བསྒྲལ་བའི་དམ་ཚིག་ནི། །བསད་ཅིང་མནན་པ་ཉིད་མིན་ཏེ། །ཕུང་པོ་རྡོ་རྗེའི་བདག་ཉིད་དེ། །རྣམ་པར་ཤེས་པར་རྡོ་རྗེར་བསྒོམ། །ཞེས་གསུངས་པ་ལྟར། རྒྱུའི་ཀུན་སློང་སྙིང་རྗེས་བསྐྱེད་ཅིང་། སྦྱོར་བ་ཡི་དམ་གྱི་ལྷ་ཡེ་ཤེས་པའི་བསྐྱེད་རིམ་གསལ་དག་བརྟན་པའི་ང་རྒྱལ་གྱིས་བསྒྲལ་བྱ་ཞིང་བཅུ་ཚང་བའི་དགྲ་བོ་བསྒྲལ་ཞིང་། བསྒྲལ་བྱའི་རྣམ་པར་ཤེས་པ་རིག་སྟོང་སྐྱེ་མེད་རྡོ་རྗེའི་ཀློང་དུ་རྒྱས་གདབ་སྟེ་འབྲས་བུ་ཡེ་ཤེས་ཆེན་པོའི་ཆོས་ཀྱི་སྐུའི་བག་ཆགས་རྒྱུད་ལ་འཐེབས་སུ་གཞུག་པ་ནི་སྒྲོལ་བ་ཞེས་བྱའོ།།

དེ་ལྟ་བུའི་སྒྲོལ༷་བ༷འི་ལས་མངོན་པར་སྤྱོོད་པའི་ཚེ༷་ན༷། ཇི་སྐད་དུ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། ཡེ་ནས་དག་པ་ཆོས་ཉིད་སེམས། །མཁའ་དང་སྦྱོར་བ་བྱང་ཆུབ་སེམས། །སྙིང་རྗེས་སྒྲོལ་བ་གསུམ་སྦྱར་ཏེ། །ཆོས་ཉིད་གསང་བ་ཉི་ཤར་ཁྱབ། །སྙིང་རྗེས་སྒྲོལ་བ་གསུམ་གྱིས་སྦྱར། །ཏིང་འཛིན་བྱིན་རླབས་ཡེ་ཤེས་ཀྱིས། །ཆོས་ཉིད་དུར་ཁྲོད་མཁའ་ལ་བསྒྲལ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཡེ་གདོད་མ་ནས་རྣམ་པར་དག་པ་ཆོས་ཉིད་སྤྲོས་པ་མེད་པའི་རང་བཞིན་དུ་ངེས་པའི་ལྟ་བ་དང་། བསྐྱེད་པའི་རིམ་པས་རང་ཉིད་ཡི་དམ་ཡབ་ཡུམ་གྱི་སྐུ་དངོས་སུ་གསལ་བའི་སྒོས་ཡུམ་གྱི་མཁའ་ལ་སྦྱོར་བའི་བདེ་སྟོང་དབྱེར་མེད་དོན་དམ་བྱང་ཆུབ་སེམས་ཀྱི་རྩི་དང་མ་བྲལ་བའི་སྒོམ་པ་དང་། དེའི་ངང་ནས་བསྒྲལ་བྱ་ལ་སྙིང་རྗེ་འགོག་མེད་དུ་བསྐྱེད་པའི་སེམས་གསུམ་སྔོན་དུ་འགྲོ་བའི་སྒོ་ནས་སྒྲོལ་བ་པོ་ལྷ་དངོས་སུ་གསལ་བ་དང་། ཡང་དེ་ཉིད་ལས། དེ་ལས་ཕྱག་མཚན་ཡེ་ཤེས་ལྔ། །མི་གནས་ཡེ་ཤེས་ངང་དུ་ཐིམ། །སྒྲིབ་པའི་ཕུང་པོར་སྨིན་པ་དེ། །རྡོ་རྗེ་རོལ་པའི་རྔམ་ཚོགས་ཀྱིས། །འཇོ་ཚུལ་སྟབས་ཀྱིས་སྦྱར་བར་བྱ། །ཁ་ཊ྄ཱྃ་ལ་སོགས་སྔགས་བཅས་པས། །བསྒྱེལ་ཏེ་མ་རིག་སྒོ་དབྱེ་བྱ། །ཞེས་དང་། ཁ་ཊ྄ཱྃ་ཕྱག་རྒྱས་བསྒྱེལ་ནས་ནི། །མ་རིག་མུན་པའི་སྒོ་ཕྱེ་ནས། །ཞེས་གསུངས་པ་ལྟར། ཕྱག་མཚན་ཕུར་བུ་དང་། ཁ་ཊ྄ཱྃ་སོགས་སྒྲོལ་བྱེད་ཡེ་ཤེས་ཀྱི་ཁྲོ་བོའི་སྐུ་དངོས་སུ་གསལ་བ་དང་། ཡང་དེ་ལས། བསྒྲལ་བའི་རྒྱུ་མཆོག་མན་ཆད་ནས། །ཤེལ་ཆེན་ཙ་ར་ལ་སོགས་པ། །དེ་ལ་རྒྱུ་དྲུག་ས་བོན་གདབ། །རང་བཞིན་ཡེ་ནས་དེ་གཞོམ་བྱ། །ཞེས་གསུངས་པ་ལྟར། ཉ་བོ་སོགས་དམིགས་བྱ་གང་ཡིན་པ་དེ་ཉིད་དངོས་སུ་གསལ་བ་སྟེ་གསལ་བ་གསུམ་གྱིས་ལྡོག་རྡུག་འབྱམས་པའི་སྐྱོན་མེད་པར་དམིགས་བྱ་དངོས་སུ་སྒྲོལ་ནུས་པ་དང་། ཡང་དེ་ཉིད་ལས། བཞི་ཚལ་དག་ཏུ་བྱས་ནས་ནི། །སྨན་གྱིས་བཏབ་སྟེ་ཕུང་པོར་བཙལ། །འཁོར་བའི་ཕུང་པོ་དེ་བསྡུས་ལ། །རྡོ་རྗེ་སྟབས་དང་གླུ་ཡིས་སྦྱངས། །གནས་གནས་དག་ཏུ་བསྔོ་བར་བྱ། །ཕུང་པོ་མཆོད་པའི་རྫས་སུ་བསྟིམ། །རྡོ་རྗེ་པྲ་ཡི་ལས་རྣམས་གདབ། །དེས་ནི་མཉེས་དང་སྐོང་བ་དང་། །རྡོ་རྗེ་ལས་རྣམས་འགྲུབ་པ་ཡིན། །ཞེས་དང་། སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། ལྷག་མ་ལྷ་ལ་བསྟབ་པར་བྱ། །ཞེས་གསུངས་པ་ལྟར། བསྒྲལ་ཟིན་རྗེས་བསྒྲལ་བྱའི་གཟུགས་ཕུང་ཤ་ཁྲག་གི་ཚོགས་ཟག་པ་མེད་པའི་བདུད་རྩིར་བྱིན་གྱིས་བརླབ་ནས་ཆོས་སྐྱོང་ལས་བྱེད་ཕོ་ཉ་རྣམས་ལ་མཆོད་དེ་དངོས་སུ་དེ་དག་ལ་མཆོད་པས་འཚང་བར་བྱ་བ་དང་། ཡང་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། རྣམ་ཤེས་དབུགས་ཀྱི་སྒྲོམ་དྲངས་ལ། །རྡོ་རྗེ་རྒྱལ་པོའི་རླུང་སྒྲོམ་དུ། །བསྡུས་ཏེ་རྡོ་རྗེ་དབུགས་ཅན་ལ། །ཧཱུྃ་བྱས་སྒྲིལ་མ་དེ་ལ་བསླན། །གསང་བ་ཐུགས་ཀྱི་དཀྱིལ་འཁོར་དུ། །ཚོན་གང་འོད་དུ་བསྟིམ་པར་བྱ། །ཡུ་ཏི་ཨ་ཧཾ་ གིས་སྦར་ཏེ། །གསལ་ན་དེ་དང་མཉམ་དུ་གསལ། །རྡོ་རྗེ་ཚེ་ལ་བསླན་པར་བྱ། །ཞེས་གསུངས་པ་ལྟར། བསྒྲལ་བྱ་དེའི་ཚེ་དང་། བསོད་ནམས་དང་། མངའ་ཐང་གི་ལྷག་མ་ཅི་མཆིས་རང་ཉིད་ཀྱི་ཚེ་བསོད་རྒྱས་བྱེད་ཀྱི་གསོས་སུ་བསྡུས་ནས་རྣལ་འབྱོར་བ་རང་ཉིད་ལ་དངོས་སུ་འཚང་བར་བྱ་བ་དང་། དེ་ལས། རྡོ་རྗེ་རླུང་གིས་དབུགས་སྦར་ཏེ། །ཐུགས་ལས་རླུང་སྒྲོམ་ལམ་དུ་སྦར། །ནམ་མཁའ་ཆོས་ཀྱི་གཞལ་ཡས་སུ། །ཉི་མའི་སྟེང་དུ་ཧཱུྃ་དུ་གསལ། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །ཉི་ཟླ་གའུའི་བར་ན་གསལ། །ཨ་ཡང་ཕཊ་ཀྱིས་བསྐྱོད་འཕངས་པས། །རྡོ་རྗེ་སེམས་དཔའི་ཐུགས་ཀར་འཕྲོས། །ཡེ་ཤེས་སེམས་དཔར་གསལ་བ་ལ། །དངོས་པོར་སྣང་བར་འཛིན་དང་བྲལ། །གཡོ་འགུལ་འཕར་འཕྲིག་མ་ཆད་པར། །རྡོ་རྗེ་མིང་གི་དབང་བསྐུར་ཏེ། །རིགས་ཀྱི་ལྷ་དང་སྙིང་པོ་སྦྱིན། །ཞེས་དང་། རྣམ་ཤེས་ཨ་རུ་བྱིན་བརླབས་ཏེ། །གསང་ཆེན་ཐུགས་ཀྱི་ཀློང་དུ་བསྟིམ། །ཞེས་དང་། སྐུ་གསུང་ཐུགས་རྡོ་རྗེ་བཀོད་པའི་རྒྱུད་ལས། རྣམ་ཤེས་དབྱིངས་སུ་ཡང་དག་སྦྱར། །ཞེས་གསུངས་པ་ལྟར། གང་བསྒྲལ་བྱའི་རྣམ་པར་ཤེས་པ་འོག་མིན་དུ་རྡོ་རྗེ་སེམས་དཔའི་ཐུགས་ཀར་སྦྱར་བའི་སྒོས་མིི་གནས་པའི་ཆོས་སྐུ་ཐོབ་པའི་ས་བོན་དང་ལམ་རྒྱུད་ལ་སྨིན་པར་བྱས་པས་བསྒྲལ་བྱ་ལ་འཚང་བར་བྱ་བ་སྟེ་འཚང་བ་གསུམ་གྱིས་བསྒྲལ་བ་དང་ལྡན་པའི་སྒོ་ནས་སྒྲོལ་བའི་ལས་དེ་ལིང་པས་རི་དྭགས་དང་ཤན་པས་ར་ལུག་བསད་པའི་ཚུལ་དུ་མ་སོང་བ་ཞིག་དགོས་པ་ལ། དེ་འདྲའི་ཏིང་ངེ་འཛིན་ཁྱད་པར་བས་གང་བསྒྲལ་བ་དེ་ཉིད་སྒྲོལ་བ་ཚད་དང་ལྡན་པ་ཡིན་མོད། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སྒྲོལ་བའི་དུས་སུ་སྙིང་རྗེ་ཆུང་བ་ཡིས། །སེམས་ཅན་གནས་མ་སྟོབས་པ་མཐོལ་ཞིང་བཤགས། །ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིས། །ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར། སྒྲོལ་བ་ཚད་དང་ལྡན་པའི་ཏི༷ང་ངེ་འཛི༷ན་ཁྱད་པར་བ་དང་མ་ལྡན་པར་བསྒྲལ་བྱའི་སེམས་ཅན་དེ་ཉིད་དག་པའི་གན༷ས་སུ་མ༷་སྟོབ༷ས་པ་སྟེ་སྟོབ་པར་བྱེད་མ་ནུས་པས། ཇི་སྐད་དུ་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། རྒྱུད་སྦྱངས་བརྟུལ་ཞུགས་མཆོག་འཆང་ཞིང་། །ཐོགས་མེད་ཐེ་ཚོམ་སོམ་ཉི་བྲལ། །འཛིན་ཆགས་མེད་ཅིང་བླང་དོར་མེད། །བརྟན་ལྡན་གཟུང་ཐུབ་རྡོ་རྗེ་གིང་། །ཞེས་གསུངས་པ་ལྟར་གྱི་མཚན་ཉིད་དང་ལྡན་པའི་སློབ་དཔོན་མཁས་པ་རང་བཞིན་གྱིས་སྒྲོལ་བའི་ལྟ་བ་དང་། ཏིང་ངེ་འཛིན་གྱིས་སྒྲོལ་བའི་ཉམས་དང་། དབང་པོ་ཡུལ་དུས་ཀྱིས་སྒྲོལ་བའི་སྤྱོད་པ་དང་། ཐབས་ཆེན་པོས་སྒྲོལ་བའི་གདམས་ངག་དང་། མངོན་དུ་ཕྱུང་བས་སྒྲོལ་བའི་མཛད་སྤྱོད་ལ་མཁས་པའི་སྒྲུབ་པ་དང་སྒྲུབ་ཆེན་གྱི་དུས་སུ་མ་ཏྲཾ་བསྒྲལ་བ་དང་། ཚོགས་བསྒྲལ་དང་། སྨད་ལས་ཀྱི་བསྒྲལ་བ་ལ་སོགས་པ་སྒྲོལ་བའི་ལས་གང་དང་གང་སྤྱོད་པའི་དུས་ན་སྒྲོལ་བའི་ལས་ལ་མཁས་པ་དང་། འདིར་བསྟན་གཙོ་བོ་ཀིང་ཀ་ར་སྟེ། གཏེར་ཆེན་རཏྣ་གླིང་པའི་ཕུར་བ་ཡང་གསང་བླ་མེད་ཀྱི་སྐུལ་བྱང་དུག་མདའ་ནག་པོ་ལས། མ་མོ་རྣམས་ཀྱི་མིང་པོ་གིང་ཆེན་རྣམས༔ འཛིན་གིང་དམར་པོ་འཛིན་པའི་ལྕགས་ཀྱུ་ཐོགས༔ འཆིང་གིང་ནག་པོ་འཆིང་པའི་ཞགས་པ་ཐོགས༔ སྒྲོལ་གིང་དཀར་པོ་ཤེལ་གྱི་སྤུ་གྲི་འཕྱར༔ ཟ་གིང་སྔོན་པོ་དུག་གི་མཆེ་བ་གཙིགས༔ ཞེས་གསུངས་པ་ལྟར། དགྲ་བགེགས་རྣམས་འགུག་པའི་ལས་བྱེད་པའི་འཛིན་གིང་དམར་པོ་ལག་ན་འཛིན་པའི་ལྕགས་ཀྱུ་ཐོགས་པ་དང་། འཆིང་བའི་ལས་བྱེད་པའི་འཆིང་གིང་ནག་པོ་ལག་ན་འཆིང་བྱེད་ཀྱི་ཞགས་པ་ཐོགས་པ་དང་། སྒྲོལ་བའི་ལས་བྱེད་པའི་སྒྲོལ་གིང་དཀར་པོ་ལག་ན་ཤེལ་གྱི་སྤུ་གྲི་འཕྱར་བ་དང་། ཟ་བ་སྟོབས་པའི་ལས་ལ་རྔམ་པའི་ཟ་གིང་སྔོན་པོ་དུང་གི་མཆེ་བ་གཙིགས་པའི་ལས་བྱེད་ཀྱི་ཕོ་ཉར་བསྐུལ་བའི་སྐྱེས་བུ་གིང་ཆེན་བཞི་བསྒྲལ་བྱ་འཛིན་པ་ལ་མཁས་པའི་ཐུགས་རྗེའི་འཛིན་གིང་དང་། བསྒྲལ་བྱ་སྒྲོལ་བ་ལ་མཁས་པའི་ཁམས་གསུམ་སྒྲོལ་གིང་དང་། བསྒྲལ་བྱ་སྟོབས་པ་ལ་མཁས་པའི་ཡེ་ཤེས་སྟོབས་གིང་དུ་གསུངས་པའི་སྐྱེ༷ས་བུ༷་རྡོ་རྗེའི་ཀིངྐ་ར་སྟེ་སྒྲོལ་བའི་ཕོ་ཉ་གིང༷་ཆེན་རྣམ་པ་བཞི༷འི་ཐུག༷ས་དང༷་ཅི༷་འག༷ལ་བ༷ར་གྱུར་པ་དེ་ཉིད་འགྱོད་པ་ཆེན་པོས་སྒྲོ༷ལ་བའི་ལས་ལ་དབང་བའི་གི༷ང་ཆེན་ཁམས་གསུམ་སྲོག་གི་བད༷ག་པོ་ཆེན་པོ༷འི་སྐུ༷་ལ༷་མཐོོལ་ཞིང་། བཤགས་ལ་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་གིང་ཆེན་ལ་བཤགས་པའོ།།

འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ལས། རི་རབ་ཆེན་པོ་མཛེས་པ་ཡི། །བང་རིམ་གསུམ་པའི་ཤར་ཕྱོགས་ལ། །ཚངས་པ་དཀར་པོ་སྲོག་གི་བདག །ལྷ་ཆེན་གིང་གི་སྡེ་དཔོན་བཞེངས། །ཞེས་དང་། །བང་རིམ་གསུམ་པའི་ལྷོ་ཕྱོགས་ལ། །གནོད་སྦྱིན་རྒྱལ་པོ་ནོར་གྱི་བདག །ཅེས་དང་། བང་རིམ་གསུམ་པའི་ནུབ་ཕྱོགས་ལ། །རྡོ་རྗེ་མཛེས་པ་ཞེས་བྱ་བ། །འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིན། །ཞེས་དང་། བང་རིམ་ གསུམ་པའི་བྱང་ཕྱོགས་ལ། །ལྷ་ཆེན་ནག་པོ་ཆེན་པོ་ཏེ། །བསྟན་པ་བསྲུང་བའི་སྡེ་དཔོན་བཞེང། །ཞེས་གསུངས་པ་ནི་འདིར་བཤད་མ་ཐག་པའི་གིང་ཆེན་བཞི་དང་གཅིག་གམ་སྙམ་ལ། སྤྱིར་བཏང་ལ་གིང་ཆེན་བཅོ་བརྒྱད་ཅེས་པ་སྲིན་པོ་རུ་དྲ་ནག་པོའི་འཁོར་གསོད་གཅོད་སྒྲོལ་བའི་ལས་བྱེད་ཀྱི་གིང་ཆེན་པོ་བདུད་ལྷ་ཡོར་ཐོམ་དང་། བདུད་ལྷ་གར་གྱི་དབང་ཕྱུག་དང་། བདུད་མོ་བརྒྱ་བྱིན་ཀུན་དགའ་མོ་དང་། ཚངས་པ་དུང་གི་ཐོར་ཚུགས་ཅན་དང་། དབང་ཕྱུག་ཆེན་པོའི་ལས་མཁན་དང་། མ་བདུད་རྒྱལ་མོ་དང་། རྟ་ཞོན་རྐྱ་བཞི་དང་། དམུ་བདུད་རྔམས་པ་དང་། ཚངས་པའི་ཐེའུ་བྲང་དང་། འབྲོག་སྲིན་མགོ་དགུ་དང་། ཁམས་གསུམ་གྱི་བདག་པོ་དང་། སྤྲིན་གྱི་སྒྲོན་མ་དང་། རྡོ་རྗེ་མཆུ་དང་། བི་ནཱ་ཡ་ག་དང་། ལྷ་མོ་ནག་མོ་དང་། ནམ་གྲུ་དང་། གཤིན་རྗེའི་རྒྱལ་མོ་རྨིག་པ་མགོ་དང་། ཤེལ་གྱི་སྲོག་བདག་སྟེ་བཅོ་བརྒྱད་ཡོད་པ་ལ་བཅོམ་ལྡན་འདས་དཔལ་ཆེན་ཧེ་རུ་ཀའི་སྤྲུལ་པ་ལས་འབྱུང་བོ་དེ་དག་རྣམས་དང་སྤྱོད་པ་དང་ཆ་ལུགས་མཐུན་པར་སྤྲུལ་ནས་བཏུལ་བའི་འདུལ་བྱེད་ཆེན་པོ་དཔའ་བོ་ཆེན་པོ་ལས་རྣམས་ཀུན་བྱེད་པ་དང་། ཁྲོ་མོ་ཆེན་མོ་ཁམས་གསུམ་དབང་སྡུད་མ་དང་། རྡོ་རྗེ་གིང་ཀ་ར་དང་། རྡོ་རྗེ་གནོད་སྦྱིན་དང་། རྡོ་རྗེ་སྤྱང་ཀི་དང་། རྡོ་རྗེ་གཤིན་རྗེ་དང་། རྡོ་རྗེ་རོལ་པ་དང་། རྡོ་རྗེ་འཆི་བདག་དང་། རྡོ་རྗེ་དུས་མཚམས་དང་། རྡོ་རྗེ་རོ་ལངས་དང་། རྡོ་རྗེ་འཇོམ་མ་དང་། དབང་སྡུད་ལྕགས་ཀྱུས་འདྲེན་པ་ཆེན་མོ་དང་། ཁམས་གསུམ་གཡབ་མོས་འདེབས་པ་ཆེན་མོ་དང་། གཟུགས་མེད་རླུང་ལྟར་གྱུར་པ་ཆེན་མོ་དང་། གར་གྱི་གློག་ལྟར་སྒྱུར་བ་ཆེན་མོ་དང་། རྦོད་གཏོང་ལེན་པར་བྱེད་པ་ཆེན་མོ་དང་། རྣ་ཉན་ཕྲ་མ་ཆེན་མོ་དང་། སྲིད་གསུམ་སྒྲོལ་བར་བྱེད་པ་ཆེན་མོ་དང་། ཟ་བྱེད་ཆེན་མོ་མ་སྟེ་རྡོ་རྗེའི་གིང་ཆེན་བཅོ་བརྒྱད་དུ་གྲགས་པ་ཡོད་པར་བཤད་དོ།།

དེ་ཡང་། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ལས། ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནི། །གིང་ཆེན་བཅྭ་བརྒྱད་ཕོ་ཉར་འགྱེད། །ཅེས་གིང་ཆེན་བཅོད་བརྒྱད་དེ་ཤར་གིང་གི་ཕོ་ཉ་ཡིན་པར་གསུངས་པ་དང་། ཡང་དེ་ཉིད་ལས། འཛིན་གིང་བཞི་བཅུ་ཕོ་ཉར་འགྱེད། །ཅེས་འཛིན་གིང་བཞི་བཅུ་ཡོད་པ་དང་། དེ་དག་ཀྱང་གོང་གི་ནུབ་ཀྱི་གིང་ཆེན་གྱི་ཕོ་ཉ་ཡིན་པར་གསུངས་སོ།།

འདིར་ནི་གིང་བཞི་སྨོས་པ་ནི་བསྐྱེད་བྱ་དང་མངགས་གཞུག་ཏུ་གཏོང་བའི་ལྷ་རིགས་ཀྱི་ཕོ་ཉ་དང་། དེ་དག་གི་ཚབ་སྒྲོལ་བའི་ལས་ལ་ཐབས་མཁས་པའི་རྣལ་འབྱོར་བ་རྡོ་རྗེ་གིང་གི་ལས་བྱེད་པ་པོ་དང་གཉིས་ཡོད་པ་རྣམས་ལ་གོ་བར་བྱ་ཞིང་། སྒྲོལ་ཞེས་པའང་མཐའ་གཅིག་ཏུ་དྲག་པོའི་ལས་ཀྱིས་སྒྲོལ་བ་ཁོ་ན་ལ་གོ་མི་དགོས་པར་སྙིང་རྗེས་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྒྲོལ་བ་ལ་གོ་རུང་བ་ནི་དཔལ་འབར་ཁྲོ་མོའི་རྒྱུད་ལས་གསལ་ལོ།།

འདིར་དྲག་པོའི་ལས་ཀྱི་བསྒྲལ་བྱ་ལ་སྤྱིར་བཏང་ནི། རྒྱུད་བརྟག་པ་གཉིས་པ་མཁའ་འགྲོ་མ་དྲྭ་བའི་སྡོམ་པའི་རྒྱུད་ལས། བསྟན་ལ་གནོད་པ་བྱེད་པ་དང་། །བླ་མ་སངས་རྒྱས་འཇིག་པ་ནི། །བླ་མ་ཐུབ་པ་ལ་ཞུས་ནས། །སྙིང་རྗེས་བསད་པར་བྱ་བ་ཉིད། །

ཅེས་དང་། ཧེ་རུ་ཀ་སྙིང་རོལ་ལས། དེ་བཞིན་གཤེགས་པའི་ཚད་མ་ཁྱད་དུ་བསད་པ་དང་། ཞེས་པ་ནས་ཞིང་བཅུ་དང་ལྡན་པ་འདི་དམ་ཚིག་ཚུལ་བཞིན་དུ་བསྒྲལ་བས། འདིའི་རྣམ་པར་ཤེས་པ་བླ་ན་མེད་པའི་གནས་སུ་བསྒྲལ་བ་ཡང་གནས་སྟོབས་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པའི་བར་དུ་གསུངས་པ་ལྟར་གྱི་ཞིང་བཅུ་ཞེས་གྲགས་པ་གང་ཡིན་པ་དེ་དག་ལགས་མོད། ཕུར་བ་མྱང་འདས་ཀྱི་རྒྱུད་ལས། བྱ་རུ་མི་རུང་སྣ་ཚོགས་བྱེད། །རྫས་དང་ལག་ཆ་མངོན་པར་སྟོན། །སྦྱོར་སྒྲོལ་འཕྲིན་ལས་འཕྲོས་པར་བྱེད། །ལྟ་བ་ཆོས་ཉིད་རྒྱབ་ཏུ་འདོར། །ལོག་པའི་སྤྱོད་པ་དང་དུ་ལེན། །ང་རྒྱལ་གཏུམ་ཁྲོ་རང་ཁར་གཏོང་། །མན་ངག་དོན་བསྟན་ལོག་པར་གོ །ཕ་རོལ་དོན་ལ་ལོག་ཆོས་སྤྱོད། །དོན་ནི་ཕྱིན་ཅི་ལོག་ལ་མཁས། །བཀའ་གཞུང་བོར་ནས་ལོག་པར་རྩོམ། །སྤྱོད་པས་ལོག་པ་མཐའ་དག་བྱེད། །རུ་དྲ་དངོས་ཀ་དེ་ཡིན་ཏེ། །དངོས་སུ་བསྒྲལ་ཡང་མི་སྐྱོན་ནོ། །དོན་ལ་ཉམས་པའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་གསང་སྔགས་ལོག་པར་སྤྱོད་པ་སོགས་བྱ་བ་མི་རུང་བ་སྣ་ཚོགས་ལ་བརྩོན་པ་ཀུན་བསྒྲལ་བྱར་གསུངས་པ་དང་། སྨོས་མ་ཐག་པའི་སྔགས་ཀྱི་ཉམས་ལེན་གྱི་ཚད་དེ་དང་ལྡན་ན་ནི་ཁམས་གསུམ་གྱིས་བསྡུས་པའི་འགྲོ་བ་མཐའ་དག་བསྒྲལ་བྱ་ཡིན་ཏེ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སྲིད་གསུམ་བསྒྲལ་བའི་ཞིང་འདི་དག །སྟོང་པའི་མཚོན་ཆའི་རྒྱལ་པོ་ཡིས། །དངོས་པོ་མེད་པར་བསད་པ་ན། །ཡེ་གྲོལ་ཆེན་པོ་རྒྱུན་མི་ཆད། །ཅེས་དང། རྟ་མཆོག་རོལ་བ་ལས། བདུད་དང་སྲིན་མོ་འཇོམས་བྱེད་རྣམས། །ཁམས་གསུམ་ཟིལ་གྱིས་གནོན་པའི་གདན། །སྟོང་གསུམ་དུས་གཅིག་བསྒྲལ་བའི་ཞིང་། །རྟོག་པ་འཇོམས་པའི་བརྟུལ་ཞུགས་མཆོག །ཅེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། འཁོར་བ་བསྒྲལ་བའི་ཞིང་འདི་དག །ཡེ་ཤེས་འབར་བའི་མཚོན་ཆེན་གྱིས། །རང་བཞིན་མེད་པར་བསྒྲལ་ནས་ནི། །མཉམ་ཉིད་ཆོས་སྐུ་ཆེན་པོར་བཏོན། །ཅེས་དང་། འཇམ་དཔལ་ལས་བཞི་འཁོར་ལོ་ལས། ཉོན་མོངས་སྡུག་བསྔལ་དྲལ་བྱས་ནས། །གནས་དང་གནས་མ་ཡིན་པ་ཡི། །རྒྱུ་དང་རྒྱུ་མ་ཡིན་པ་ཡི། །ཉོན་མོངས་སེམས་ཅན་མཐོ་རིས་གནས། །བསྒྲལ་བའི་ཞིང་དུ་སྨོས་པ་སྟེ། །དེ་ལ་དེ་བཞིན་དྲག་ཏུ་བྱ། །ཞེས་དང་། འབྲས་བུ་ཆེན་པོ་ལྔ་བསྒྲལ་བ་ལས། ཡེ་ནས་རྒྱུ་ཉིད་དག་པ་ལས། །ང་དང་བདག་ཏུ་འཛིན་པ་ཡིས། །ཁམས་གསུམ་འཁོར་བའི་རྒྱུ་རུ་གྱུར། །ཁམས་གསུམ་དེ་དག་བསྒྲལ་བའི་ཞིང་། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་སྔ་འགྱུར་གྱི་རྒྱུད་སྡེ་ལས་སྒྲུབ་པ་དང་སྒྲུབ་པ་ཆེན་པོ་ཚོམ་བུ་ཚོགས་སྒྲུབ་བཤད་པའི་སྐབས་སུ་སྨོས་ཟིན་ལྟར་སྒྲུབ་པའི་རྡོ་རྗེ་སློབ་དཔོན་དང་། རྡོ་རྗེ་རྒྱལ་ཚབ་དང་། རྡོ་རྗེ་ཀརྨ་དང་། རྡོ་རྗེ་གཟུང་མ་དང་། རྡོ་རྗེ་གིང་ཆེན་རྣམས་དགོས་པར་བཤད་ཟིན་པ་ལྟར་ལ། དེ་བཞིན་དུ་མི་མ་ཡིན་པ་མཐོང་ནུས་པའི་མིག་རྣོན་གྱིས་ཉུལ་ལེ་ཤེས་ཤིང་བཟློག་ནུས་པའི་རྡོ་རྗེ་སྤྱན་པ་དང་། སྒྲུབ་པའི་དྲོད་རྟགས་འཛིན་པའི་རྡོ་རྗེ་བྱ་རོག་དང་། སྒྲུབ་པའི་དུས་མཚམས་སམ་ནམ་ཚོད་འཛིན་པའི་རྡོ་རྗེ་དུས་མཚམས་དང་། སྒྲུབ་ཟས་གཡོས་ལ་མཁས་པའི་རྡོ་རྗེ་བྱན་པོ་དང་། ཕྱི་ནང་གི་གཙང་སྦྲ་དང་བརྡ་སྦྱོར་ལ་མཁས་པའི་རྡོ་རྗེ་རྡུལ་ཕྱགས་རྣམས་ཡོད་དགོས་པར་བཤད་དེ། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། རྡོ་རྗེ་བྱ་རོག་ཅེས་བྱ་བའི་དྲོད་ཀྱི་རྟགས་འཛིན་པ་དང་། རྡོ་རྗེ་དུས་མཚམས་ཅེས་བྱ་བའི་འཐུན་འཇུག་གི་བཀའ་སྡོད་དང་། ཞེས་དང་། ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་ལས། ལས་དང་གིང་དང་རྒྱལ་འཐེབས་དང་། །སྤྱན་དང་རྡོ་རྗེ་ཚད་འཛིན་པ་། །བྱེ་བྲག་མངགས་པ་ལ་སོགས་རྣམས། །ཞེས་དང་། རྡོ་རྗེ་ཕུར་བ་གསང་རྒྱུད་ལས། རྒྱལ་ཐེབས་སྟོབས་དང་ལྡན་པ་དང་། །ལས་མཁན་བྱེ་བྲག་ཕྱེད་པ་དང་། །བརྟུལ་ཞུགས་འཆང་བའི་གིང་ཆེན་དང་། །དྲོད་ཚད་ཟིན་པའི་སྤྱན་མཐོང་དང་། །གཙང་སྦྲས་ཕྱེད་པའི་གཡོས་པ་ནི། །སྒྲུབ་པ་རྩ་བའི་འཁོར་དུ་བྱ། །ཞེས་གསུངས་པའི་ཕྱིར་རོ། །ཞར་བྱུང་གི་བཤད་པ་ཐལ་ལོ།།

འགུག་འདྲེན་ཕོ་ཉའི་བཤགས་པ།

བཅུ་བཞི་བ་འགུག་འདྲེན་ཕོ་ཉའི་བཤགས་པ་ནི། སྤྲུལ་སྐུ་ཁྲོ་མོའི་ཚུལ་དུ་མ་གྱུར་ཏེ༔ འགུག་འདྲེན་ཕོ་ཉའི་ཐུགས་དང་ཅི་འགལ་བ༔ མགྱོགས་བྱེད་ལས་མཛད་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་རྐང་པ་གསུམ་གྱིས་བསྟན་ལ། ཞི་རྒྱས་དབང་དྲག་གི་ལས་སྤྱི་དང་། ཁྱད་པར་དུ་མངོན་སྤྱོད་ཀྱི་ལས་བསྒྲུབ་པའི་དུས་ཀྱི་ཕོ་ཉ་དང་ལས་བྱེད་ཀྱི་མ་མོ་རྣམས་ཀྱང་ཡི་དམ་གྱི་ཐུགས་ལས་སྤྲུལ༷་པའི་སྐུ༷་ཁྲོ༷་མོ༷་འབར་མའི༷་ཚོགས་ཀུན་འགུག་འདྲེན་འཆིང་སྡོམ་གསོད་སྐྲོད་ཀྱི་ལས་བྱེད་དུ་སྤྲུལ་པ་ལས་གཞན་དྲེགས་པ་རང་རྒྱུད་པ་མ་ཡིན་པ་དང་དེར་འདུ་ཤེས་པ་མ་ཡིན་པ་ཞིག་དགོས་ནའང་། དེའི་ཚུལ༷་མངོན་དུ༷་མ༷་གྱུར༷་པའམ། ཡང་ན་བསྟན་པ་སྲུང་ཞིང་སྒྲུབ་པོ་སྐྱོང་བའི་དུས་ན་རང་ཉིད་དེ་འདྲའི་སྤྲུལ༷་པ༷་སྐུ༷་ཡི་ཁྲོ་མོ་འབར་བའི་ཚུལ༷་དུ༷་གསལ་བའི་མངོན་རྟོགས་སམ་ཏིང་འཛིན་གསལ་བར་མ༷་གྱུར༷་ཏེ༷་དྲེགས་པ་ཐ་མལ་བ་ཉིད་དམ་རང་ཐ་མལ་བ་ཉིད་དུ་བཟུང་བའི་དབང་གིས་ཇི་སྐད་དུ་དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ལས། འགུགས་འདྲེན་གྱིས་ནི་དེ་དག་འགུགས། །ཕོ་ཉས་ལས་ཀུན་བསྒྲུབ་པར་བྱེད། །ཅེས་གསུངས་པ་ལྟར། འགུག༷་ཅིང་འདྲེ༷ན་པའི་ཕོ་ཉ་མོ་ལྕགས་ཀྱུ་ཅན་དང་། འཆིང་བའི་ལས་བྱེད་ཀྱི་ཕོ་ཉ་མོ་ཞགས་པ་མ་དང་། སྡོམ་བྱེད་ཀྱི་ལས་མཁན་མ་ལྕགས་སྒྲོག་ཅན་དང་། སྒྲོལ་བྱེད་ཀྱི་ཕོ་ཉ་མོ་དྲིལ་བུ་དང་རལ་གྲི་ཅན་ལ་སོགས་པ་ཕོ༷་ཉ༷འི་ཚུལ་གྱིས་གནས་པའི་ལས་མཁན་རྣམས་ཀྱི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་ཉེས་པ་ཀུན་ཇི་སྐད་དུ་འཕགས་པ་ཐབས་ཀྱི་ཞགས་པ་ལས། རྔམ་ཞིང་གཏུམ་པའི་གཟུགས་ཅན་དང་། །མགྱོགས་མ་མགྱོགས་མའི་ཕོ་ཉར་ལྡན། །ཞེས་གསུངས་པ་ལྟར། འཕྲིན་ལས་ཀྱི་ཤུགས་ཤིན་ཏུ་མྱུར་ལ་མགྱོ༷གས་པར་བྱེད༷་པའི་སྒོ་ནས་བཅོལ་བསྐུལ་གྱི་ལས༷་རྣམས་མཛ༷ད་པའི་ལས་མཁན་རྣམས་ཀྱི་སྐུ༷་ལ༷་མཐོལ་ཞིང་བཤགས་ལ་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་ལས་མཛད་ཀྱི་ཕོ་ཉའི་ཚོགས་ལ་བཤགས་པའོ།།

རྡོ་རྗེ་མིང་སྲིང་གི་བཤགས་པ།

བཅོ་ལྔ་བ་རྡོ་རྗེ་མིང་སྲིང་གི་བཤགས་པ་ནི། ལེ་ལོའི་དབང་གིས་བརྩེ་དུང་རྒྱུན་བཅད་དེ༔ བྱང་ཆུབ་མཆེད་ལྕམ་ཐུགས་དང་ཅི་འགལ་བ༔ རྡོ་རྗེ་མིང་སྲིང་སྐུ་ལ་བཟོད་པར་གསོལ༔ ཞེས་པའི་ཚིགས་བཅད་རྐང་པ་གསུམ་གྱིས་བསྟན་ལ། འཕགས་པ་ཡོངས་སུ་མྱ་ངན་འདས་པ་ཆེན་པོའི་མདོ་ལས། སྤྱོད་ལམ་བཞི་པོ་ལེ་ལོའི་དབང་དུ་གྱུར་པས་ན། །འཕགས་པའི་ཐུགས་དང་འགལ་ཞིང་མཉེས་པར་མ་བགྱིས་པ། །ཞེས་གསུངས་པ་ལྟར། རྣལ་འབྱོར་བ་གང་ཞིག་སེམས་ལེ༷་ལོ༷འི་དབ༷ང་དུ་ཤོར་བའི་རྐྱེན་གང་གིས༷་བླ་མ་དང་དཀྱིལ་འཁོར་གཅིག་པའི་རྡོ་རྗེའི་མཆེད་གྲོགས་རྣམས་ལ་སྙིང་བརྩེ༷་བ་དང་དགའ་བའི་དུང༷་བ་རྒྱུན༷་བསྲིང་མ་ནུས་པར་དེའི་རྒྱུན་བཅ༷ད་དེ༷་བར་དུ་འགལ་བ་བྱུང་ནས་བྱང༷་ཆུབ༷་ཆེན་པོའི་གོ་འཕང་བསྒྲུབ་པའི་གྲོགས་གསང་སྔགས་ཀྱི་ལམ་གྱི་མཆེ༷ད་དང་ལྕམ༷་སྟེ་སྲིང་མོར་གྱུར་པ་རྣམས་ཀྱི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་ཉེས་ལྟུང་གི་ཚོགས་ཡོད་དོ་ཅོག་འགྱོད་པ་ཆེན་པོས་རྡོ༷་རྗེ༷་ཐེག་པའི་གྲོགས་མི༷ང་སྲིང༷་རྣམས་ཀྱི་སྐུ༷་ལ༷་བཟོ༷ད་པ༷ར་གསོ༷ལ་ལོ་ཞེས་པའོ།།

དམ་ཚིག་བྱ་ར་བྱེད་མཁན་གྱི་བཤགས་པ།

བཅུ་དྲུག་པ་དམ་ཚིག་བྱ་ར་བྱེད་མཁན་གྱི་བཤགས་པ་ནི། བྲེ་མོའི་ཕྱིར་ན་དམ་ཚིག་ཉམས་ལ་སོགས༔ ཕྱི་ནང་རྗེས་གཅོད་ཐུགས་དང་ཅི་འགལ་བ༔ དམ་ཚིག་བྱ་ར་བྱེད་ལ་བཟོད་པར་གསོལ༔ ཞེས་པའི་རྐང་པ་གསུམ་གྱིས་བསྟན་ལ། གོང་དུ་བཤད་པའི་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ་ཚིག་དག་མ་ཟད་ཐ་ན་གཞན་ལ་བྲེ༷་མོ༷འི་ཚུལ་དུ༷་སྟེ་བསམ་བཞིན་མིན་པ་ཀྱལ་ཀ་ཀུ་རེ་ཙམ་གྱི་ཕྱིར༷་དུ་ན༷འང་ད༷མ་ཚི༷ག་ཉམ༷ས་པའི་སྐྱོན་ཕྲ་མོ་ཙམ་ཤོར་བ་ལ༷་སོ༷གས་པ་ཕྱི༷་ཡི་དམ་ཚིག་དང་། ནང༷་གི་དམ་ཚིག་དག་ལ་འགལ་ཉམས་འདས་རལ་གྱི་ཉེས་པ་ཡོད་མེད་རྗེས༷་གཅོ༷ད་པ་སྟེ་རྩད་གཅོད་པར་བྱེད་པའི་མཁའ་འགྲོ་མ་དང་རྡོ་རྗེའི་ཆོས་སྐྱོང་བ་རྣམས་ཀྱི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་ཉེས་པ་རྣམས་གནོང་འགྱོད་དྲག་པོས་རྡོ་རྗེའི་ད༷མ་ཚི༷ག་གཉན་པོ་ལ་ཉིན་མོའི་བྱ༷་ར༷་དང་མཚན་མོའི་མེལ་ཚེ་བྱེད༷་པའི་དམ་ཅན་རྣམས་ལ༷་མཐོལ་ལོ། །བཤགས་སོ། །མི་འཆབ་པོ། །མི་སྦེད་དོ། །བཟོ༷ད་པ༷ར་གསོ༷ལ་ལོ། །ཞེས་པའོ།།

ཕྱི་འཁོར་བརྟན་མའི་བཤགས་པ།

བཅུ་བདུན་པ་ཕྱི་འཁོར་བརྟན་མའི་བཤགས་པ་ནི། ལོངས་སྤྱོད་གསོལ་ནས་ལྷག་མའི་ཕུད་ཉམས་ཏེ༔ ཕྱི་འཁོར་བརྟན་མའི་ཐུགས་དང་ཅི་འགལ་བ༔ ཐུགས་རྗེ་ཆེ་མངའ་ཁྱོད་ལ་བཟོད་པར་གསོལ༔ བཟོད་པར་བཞེས་ནས་ཚངས་པའི་དངོས་གྲུབ་སྩོལ༔ ཞེས་པའི་ཚིག་རྐང་པ་བཞི་ཡིས་བསྟན་ལ། མཁའ་འགྲོ་སྒྱུ་མ་བདེ་མཆོག་ལས། ལྷ་རྣམས་ཐམས་ཅད་ཚོགས་པས་ན། །སྐྱེ་བོ་དམ་པ་ཀུན་ཚོགས་པ། །མཛའ་བ་ཐམས་ཅད་འདུས་པ་སྟེ། །སངས་རྒྱས་ཀུན་གྱི་བརྡ་དག་གིས། །དེ་བཞིན་མཛའ་བར་འདུས་པར་གསུངས། །ཞེས་གསུངས་པར་ལྟར། སྐྱེ་བོ་མཛའ་བ་ཐམས་ཅད་འདུས་ཏེ་ཡི་དམ་གྱི་དཀྱིལ་འཁོར་གྱི་ཞལ་ཕྱེས་ནས་ཚོགས་ཀྱི་འཁོར་ལོ་དང་མཆོད་པའི་སྤྲིན་བཤམས་ཤིང་ཟས་དང་གོས་དང་གཏོར་མ་ལ་སོགས་པའི་གནས་གཅིག་ཏུ་བདོག་པའི་ལོང༷ས་སྤྱོད༷་ཀྱི་ཚོགས་ཡོད་དོ་ཅོག་ལ་རོལ་ནས་གསོ༷ལ་ཟིན་པ་ནས༷་དེའི་ལྷག་མ་ཅུང་ལུས་པར་བགྱིས་ཏེ། རྡོ་རྗེ་ཕྲེང་བ་ལས། དེ་ནས་ལྷག་མའི་གཏོར་མ་སྦྱིན། །ཞེས་དང་། བདེ་མཆོག་འབྱུང་བ་ལས། ལྷག་མའི་གཏོར་མ་བསྡུས་ནས་ནི། །འབྱུང་བོ་འཆོལ་བ་རྣམས་ལ་སྦྱིན། །གནས་དང་ཞིང་གནས་རྣལ་འབྱོར་མའི། །ཚོགས་ལ་དྲི་ཞིམ་ཚིམ་པར་བྱ། །ཞེས་གོང་དུ་དྲངས་པ་ལྟར། དེ་ཉིད་ལས་ཆང་ཕུད་ལ་སོགས་བྲན་པའི་ཟས་ཕུད་ཀྱིས་ཕྱིའི་དཀར་སྐྱོང་གི་སྡེ་བརྒྱད་ལ་མཆོད་དགོས་པར་གསུངས་ནའང་། གོང་དུ་དྲངས་པའི་ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས། །ཕུད་ཉུལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཕུད་ཉུལ་ཐུགས་དང་འགལ་བའི་སྐྱོན་དབང་གིས། །མཁའ་འགྲོའི་བཀའ་ཆད་གནས་གྱུར་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར། དེ་ལྟར་མ་བགྱིས་པར་ཚོགས་དང་ལྷ༷ག་མ༷འི་གཏོར་མ་དང་ཕུད༷་ལ་ཉམ༷ས་ཆག་ཤོར་ཏེ༷་དཀྱིལ་འཁོར་གྱི་ཕྱི༷་ཡི་འཁོར༷་དུ་གྱུར་པ་ཇི་སྐད་དུ་ཞི་ཁྲོའི་ལས་བྱང་ཤིན་ཏུ་མདོར་བསྡུས་པ་གཏོར་སྒྲུབ་རང་གྲོལ་སྙིང་པོ་ལས། བརྟན་སྐྱོང་དཔལ་ལྡན་མ་དང་ཡང་དག་ཤེས༔ ཁྱུང་བཙུན་ཀོང་ལྷ་གཡུ་བུན་མེ་ཏོག་མ༔ ཟླ་འོད་བྱང་རྒྱལ་གསེར་ཐང་ཀུན་བཟང་མ༔ ཤཱནྟིཾ་དཔལ་དང་ཀླུ་མོ་གཟི་འབར་སོགས༔ མ་སྲིང་འཁོར་བཅས་ཁྱེད་ཅག་དམ་ཚིག་ཅན༔ བོད་ཁམས་རྟག་ཏུ་བདེ་བའི་འཕྲིན་ལས་མཛོད༔ ཅེས་གསུངས་པ་ལྟར་གྱི། རྡོ་རྗེ་གཡུ་བུན་མ་ལ་སོགས་པ་མ་མོ་བརྟ༷ན་མ༷འི་ཚོགས་བཅུ་གཉིས་པོའི་ཐུག༷ས་ད༷ང་ཅི༷་འག༷ལ་བ༷་ཡི་ཉེས་པ་རྣམས་མ་མོ་དེ་རྣམས་དང་དེ་དག་གང་འཁོར་དུ་གནས་ཡུལ་གྱི་ཐུག༷ས་བརྩེ་བ་སྙིང་རྗེ༷་རྒྱ་ཆེ༷་བ་མང༷འ་བའི་བཅོམ་ལྡན་ཁྲོ་བོའི་དཀྱིལ་འཁོར་ཁྱེ༷ད་ཅག་རྣམས་ལ༷་མཐོལ་ལོ། །བཤགས་སོ། །མི་སྦེད་དོ། །བཟོ༷ད་པ༷ར་གསོ༷ལ་ལོ། །དེ་ལྟར་བཤགས་ན་བདག་ལ་ཉེས་པས་བསྒྲིབ་པར་མི་འགྱུར་ཞིང་། མ་མོ་ཆེན་མོ་རྣམས་ཀྱིས་བཟོ༷ད་གསོལ་ལེགས་པ༷ར་དང་དུ་ལེན་པ་སྟེ་དང་བཞེ༷ས་མཛད་ན༷ས་བདག་ལ་ཚང༷ས་པ་ཆེན་པོའི༷་མཆོག་གི་དངོ༷ས་གྲུབ༷་ཐོབ་པའི་གྲོགས་དང་། འཕགས་མ་ཀུ་རུ་ཀུ་ལླེའི་རྟོག་པ་ལས། རལ་གྲི་ས་འོག་དངོས་གྲུབ་དང་། །མི་སྣང་བ་དང་བཅུད་ལེན་དང་། །མི་མཐོང་བ་དང་མཁའ་སྤྱོད་ཉིད། །དེ་བཞིན་རྐང་བྱུག་མིག་སྨན་དང་། །རྨི་ལམ་མཚན་མ་འབྱུང་འགྱུར་ཞིང་། །དངོས་གྲུབ་རང་ཉིད་འབྱུང་བར་འགྱུར། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། རལ་གྲི་མིག་སྨན་རི་ལུ་དང་། །རྐང་པ་བྱུག་དང་བཅུད་ལེན་དང་། །མཆིལ་ལྷམ་དངུལ་ཆུ་ས་འོག་གི །དངོས་གྲུབ་སྒྲུབ་པ་མཁས་པས་བྱ། །ཞེས་དང་། ཁྲག་འཐུང་མངོན་འབྱུང་ལས། རི་ལུ་མིག་སྨན་དངོས་གྲུབ་དང་། །མཆིལ་ལྷམ་རྒྱལ་པོ་རལ་གྲི་དང་། །སྦྱིན་དང་དགྲ་བོ་བརླག་པ་དང་། །རྐང་བྱུག་དང་ནི་བཅུད་ཀྱིས་ལེན། །ཞེས་གསུངས་པ་ལྟ་བུའི་ཐུན་མོང་གི་དངོས་གྲུབ་རྣམས་འབད་པ་མི་དགོས་པར་སྩོལ༷་བར་མཛོད་ཅིག་ཅེས་པའོ།།

སྐབས་འདིའི་ཕྱི་འཁོར་བརྟན་མ་ཞེས་པ་ནི་མ་མོ་སྲིད་པའི་རྒྱུད་ལུང་ཆེན་མོ་ཞེས་པ་སློབ་དཔོན་པདྨའི་སྤྱན་སྔར་ཛྙཱ་ན་ཀུ་མཱ་རས་བསྒྱུར་བ་དང་། པཎྜི་ཏ་གྷུ་ཡ་གསང་བའི་དབང་ཕྱུག་གི་དྲུང་ནས་འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱིས་བསྒྱུར་ཟེར་བ་ཞིག་དང་། ལྷ་འདྲེ་སྟོང་གི་དྲྭ་བའི་རྒྱུད་ཆེན་པོ་ཟེར་བ་འགྱུར་བྱང་མེད་པ་བོན་པོའི་ལག་པ་ཐོན་འདུག་པས་བན་བོན་གང་ཡིན་དཔྱོད་དཀའ་བ་ཞིག་དང་། བདུད་མོ་བཀོལ་བྱང་ནམ་མཁའི་རྒྱུད་ཆེན་པོ་ཟེར་བ་རྣམས་ལས་བརྟན་མ་བཅུ་གཉིས་གསལ་བར་བྱུང་བ་སོགས་རྙིང་མའི་རྒྱུད་འགའ་དང་གཞུང་མང་པོར་ཡི་དམ་སོ་སོའི་སྒྲུབ་སྐོར་དུ་བརྟན་མ་བཅུ་གཉིས་རྒྱ་ཆེར་འབྱུང་བས་དེ་ལྟར་བགྱིས་སོ།།

དེ་ཡང་གཙོ་བོ་ནི་གྲུབ་པའི་འཁོར་བསྒྱུར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བརྟན་མ་བཅུ་གཉིས་གསང་སྔགས་བཀའ་ཡི་སྲུང་མར་བསྐོས་ཤིང་དཀྱིལ་འཁོར་གང་དུ་ཡང་གཏོར་མ་འབུལ་བའི་ཆད་མདོ་གནང་བའི་དབང་གིས་སློབ་དཔོན་ཆེན་པོས་རྒྱུད་འདི་དྲི་མེད་བཤགས་རྒྱུད་ལས་བསྡུས་པའི་སྐབས་སུ་བརྟན་མ་བཅུ་གཉིས་ལ་བཤགས་པ་ཁ་སྣོན་དུ་བཙུད་པའི་དབང་དུ་བྱས་པ་ཡིན་གྱི། རྒྱུད་ངོས་རྐྱང་གི་དབང་དུ་བྱས་ན་རྒྱ་གར་དུ་བརྟན་མ་བཅུ་གཉིས་མི་འབྱུང་ཞིང་གསར་རྒྱུད་རྣམས་དང་རྙིང་རྒྱུད་ཕལ་མོ་ཆེ་དག་ཏུའང་དེ་དག་གི་སྐོར་བྱུང་བ་ཤིན་ཏུ་དཀོན་པས་སྐབས་འདིའི་བརྟན་མ་ཞེས་པའང་ས་ཡི་ལྷ་མོ་བརྟན་མ་སོགས་ཕྱིའི་སྡེ་བརྒྱད་ལ་འགྲེལ་ཡང་ལེགས་ལ་འགྲེལ་དུ་བཏུབ་སྙམ་མོ།།

ས་ཡི་ལྷ་མོ་བརྟན་མ་ནི། འཕགས་པ་རྒྱ་ཆེར་རོལ་བ་ལས། དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ན་སའི་ལྷ་མོ་བརྟན་མ་ཞེས་བྱ་བ་སའི་ལྷ་མོའི་འཁོར་བྱེ་བ་ཕྲག་བརྒྱ་དང་ལྡན་པ་གང་ཡིན་པ་དེས་ས་ཆེན་པོ་ཐམས་ཅད་གཡོས་པར་བྱས་ནས། ཞེས་དང་། སངས་རྒྱས་ཕལ་བོ་ཆེའི་མདོ་ལས། དེ་ནས་ཚོང་དཔོན་གྱི་བུ་ནོར་བཟངས་ཀྱིས་སའི་ལྷ་མོའི་རྐང་པ་གཉིས་ལ་སྤྱི་བོས་ཕྱག་འཚལ་ཏེ། སའི་ལྷ་མོ་བརྟན་མ་ལ་ལན་བརྒྱ་སྟོང་དུ་མར་གཡས་ཕྱོགས་སུ་བསྐོར་བ་བྱས་ནས་སའི་ལྷ་མོ་བརྟན་མའི་མདུན་དུ་འདུག་སྟེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་སྨྲས་སོ། །ཞེས་དང་། མདོ་ཉི་མའི་སྙིང་པོ་ལས། ལྷ་མོ་ཆེན་མོ་དཔལ་དང་། ལྷ་མོ་ཆེན་མོ་དབྱངས་ཅན་དང་། སའི་ལྷ་མོ་བརྟན་མ་དང་། སྨན་གྱི་ལྷ་མོ་གྲུབ་པ་འཁོར་དང་བཅས་པས་ཞེས་དང་། གསེར་འོད་དམ་པ་མདོ་སྡེའི་དབང་པོ་ལས། ལྷ་མོ་ཆེན་མོ་དབྱངས་ཅན་དང་། །ནཻ་རཉྫ་ནར་གནས་པ་དང་། །འབྱུང་བོའི་མ་མོ་འཕྲོག་མ་དང་། །ས་ཡི་ལྷ་མོ་བརྟན་མ་དང་། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། བརྟན་མ་ཡི་ནི་འཁྲུལ་འཁོར་གྱི། །ཡི་གེའི་རྒྱལ་པོས་བཅིངས་པས་ན། །ས་འཛིན་ལྟ་བུར་བརྟན་པར་འགྱུར། །ཞེས་དང་། རྡོ་རྗེ་བདུད་རྩིའི་རྒྱུད་ལས། ས་ཡི་བརྟན་མ་འཇིག་རྟེན་ཡུམ། །རིན་ཆེན་ཐམས་ཅད་རབ་རྫོགས་པའོ། །ལྷ་ཡི་རྒྱན་གྱིས་བརྒྱན་བྱེད་མ། །ཧ་ར་ནུ་ཕུར་སྒྲ་འབྱིན་མ། །རྡོ་རྗེ་སེམས་དཔའ་རབ་ཏུ་མཆོད། །ཅེས་སོགས་མདོ་རྒྱུད་དུ་མ་ལས་རྒྱ་ཆེར་འབྱུང་ལ། དེ་ནི་བོད་ཀྱི་མ་མོ་བརྟན་མ་ཞེས་པ་དེ་དང་ཐ་དད་ཡིན་ཞིང་། ས་ལྷ་བརྟན་མ་དེ་བརྟན་མ་བཅུ་གཉིས་ཀྱི་གྲས་སུ་བགྲང་ན་ཤིན་ཏུ་ནོར་བ་ཡིན་པ་ཤེས་པར་བྱའོ།། །།

བཞི་བ་རུ་དྲའི་སྨྲེ་བཤགས་བསྟན་པ།

༈ རྩ་བའི་ས་བཅད་བཞི་བ་རུ་དྲའི་སྨྲེ་བཤགས་བསྟན་པ་ལ་ནི། དང་པོ་བཤགས་ཡུལ་ལ་སྙན་གསན་ཕབ་ཅིང་དགོངས་སུ་གསོལ་བ་དང་། སྨྲེ་སྔགས་ཀྱི་བཤགས་པ་དངོས་གཉིས་ལས། དང་པོ་ནི། ཨོཾ་ཐུགས་རྗེ་ཆེན་པོ་བཅོམ་ལྡན་རྡོ་རྗེ་སེམས༔ དྲི་མེད་དུང་མདོག་མཆོག་ཏུ་གཟུགས་བཟང་བ༔ རྣམ་དག་འོད་གསལ་ཉི་ཟླ་འབུམ་བརྡལ་ཞིང་༔ དཔའ་བོ་འོད་ཟེར་སྟོང་འབར་ལྷམ་མེ་བ༔ སྲིད་པ་གསུམ་གྱི་ས་མཁན་སྟོན་པར་གྲགས༔ ཁམས་གསུམ་འགྲོ་བ་ཀུན་གྱི་གཉེན་གཅིག་པུ༔ བྱམས་མགོན་ཐུགས་རྗེའི་ལྷ་ཁྱོད་དགོངས་སུ་གསོལ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ལ། ལེའུ་བཞི་བ་འདི་ནི་དཔལ་ཆེ་མཆོག་ཧེ་རུ་ཀ་ཡིས་རུ་དྲ་ཐར་བ་ནག་པོ་བཏུལ་བའི་དུས་སུ་རུ་དྲས་སྔོན་བསགས་ཀྱི་ལས་ལ་འགྱོད་པ་སྐྱེས་ཏེ་དཔལ་ཆེན་པོའམ་རུ་དྲའི་སྔོན་གྱི་སློབ་དཔོན་ཐུབ་དཀའ་གཞོན་ནུ་དཔལ་རྡོ་རྗེ་སེམས་དཔའི་ངོ་བོར་སངས་རྒྱས་པའི་མདུན་དུ་སྨྲེ་སྔགས་ཀྱི་སྒོ་ནས་བཤགས་པ་བགྱིས་པའི་ཚུལ་ཡིན་པས་རུ་དྲའི་སྨེ་བཤགས་ཞེས་བྱ་བ་ཡིན་ལ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའམ་སངས་རྒྱས་ཀུན་གྱི་དགོངས་པ་འདུས་པའི་མདོ་ལས་བྱུང་བའི་ཚིག་ཇི་མ་ཇི་བཞིན་དུ་འདིར་བཀོད་ནས་རྣལ་འབྱོར་བ་ཉམས་ཆག་ཅན་སུ་ཡིན་ཡང་རུང་རུ་དྲ་ལྟར་འགྱོད་པ་དྲག་པོས་སྨྲེ་སྔགས་ཀྱིས་ཉམས་ཆག་དག་བཤགས་དགོས་པར་བསྟན་པ་ཡིན་ཞིང་། དེའི་ཚུལ་ནི། ཨོཾ༷་ནི་གོང་ལྟར་ལ། དེ་ཡང་ཚིག་དོན་ནི་རིས་སུ་མ་ཆད་པའི་འགྲོ་བའི་ཁམས་ལ་ཐུག༷ས་བརྩེ་བ་སྙིང་རྗེ༷་ཆེ༷ན་པོ༷་ཚད་མེད་པ་དང་ལྡན་ཞིང་། ཇི་སྐད་དུ་བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ་ལས། གང་གིས་དེ་རིང་བདུད་བཞི་ཕམ་བགྱིས་ཤིང་། །ཉོན་མོངས་བདུད་དང་འཆི་བདག་བདུད་ཆེན་དང་། །གང་གིས་ཕུང་པོ་ལྷ་བུ་མང་པོའི་བདུད། །ཕམ་པར་བགྱིས་སམ་ཅི་སླད་ཁྱོད་འཛུམ་མཛད། །ཅེས་དང་། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ལས། གང་དག་ཉོན་མོངས་བདུད་དང་བྲལ་ཞིང་ཕུང་པོའི་བདུད་བཅོམ་དང་། །གང་དག་འཆི་བདག་བདུད་དང་བྲལ་ཞིང་ལྷ་ཡི་བདུད་བཅོམ་དང་། །གང་དག་བདུད་ཀུན་ངེས་བཅོམ་ནས་ནི་བྱང་ཆུབ་རེག་གྱུར་པ། །ཞེས་དང་། དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། ཉོན་མོངས་བདུད་དང་འཆི་བདག་བདུད། །ལྷ་ཡི་བུ་དང་ཕུང་པོའི་བདུད། །བདུད་བཞི་བཅོམ་པས་བཅོམ་པ་ལ། །ཞེས་གསུངས་པ་ལྟར། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ཕུང་པོའི་བདུད་དང་། ལྷ་ཡི་བུའི་བདུད་བཞི་བཅོ༷མ་པ་དང་། ཡང་དཔལ་འཁོར་ལོ་སྡོམ་པའི་རྒྱུད་ལས། ལྡན་པ་ཡོན་ཏན་དྲུག་ཉིད་དེ། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ཡེ་ཤེས་ཕུན་སུམ་ཚོགས་པ་ནི། །དྲུག་པོ་དེ་ལ་ལྡན་ཞེས་གསུངས། །འཁོར་བའི་ཆོས་ནི་མྱ་ངན་ཏེ། །དེ་དང་བྲལ་ཕྱིར་འདས་པའོ། །ཞེས་གསུངས་པ་ལྟར་གྱི་ལེགས་པའི་ཡོན་ཏན་དྲུག་དང་ལྡ༷ན་པ་དང་། འཁོར་བ་དང་ཞི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་བརྙེས་པའི་བདག་ཉིད་ཅན་དཔལ་རྡོ༷་རྗེ༷་སེམ༷ས་དཔའ་འཁོར་བའི་སྐྱོན་གྱིས་མ་གོས་པའི་མཚོན་བྱེད་དུ་སྐུ་ལ་ནག་ནོག་གི་དྲི༷་མ་མེ༷ད་པ་རབ་དཀར་དུང༷་གི་མདོ༷ག་དང་ལྡན་པའི་མཚན་བཟང་པོ་སོ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་བཅུ་ཡིས་བརྒྱན་པའི་མཆོ༷ག་ཏུ༷་མཛེས་པའི་གཟུ༷གས་སྐུ་ལྟ་བས་ཆོག་མི་ཤེས་པ་སོགས་བསོད་ནམས་ཆེན་པོའི་ཚོགས་ལས་བྱུང་བའི་སྐུ་ཡི་ཡོན་ཏན་རབ་ཏུ་བཟ༷ང་བ༷་མངའ་བ་དང་། སྒྲིབ་གཉིས་གཟུང་འཛིན་གྱི་དྲི་མ་རྣམ༷་པར་ད༷ག་ཅིང་རིག་སྟོང་གཉིས་མེད་འོ༷ད་གས༷ལ་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཇི་ལྟ་ཇི་སྙེད་མཁྱེན་པའི་ཉི༷་མ་དང་བརྩེ་བའི་ཟླ༷་བ་དབྱེར་མེད་པ་འབུ༷མ་ཕྲག་ཏུ་བརྡ༷ལ་བའི་ཐུགས་ཀྱི་ཡོན་ཏན་བླ་ན་མེད་པ་དང་ལྡན་ཞིང༷་། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་མཛད་པ་ལ་ཐུགས་དཔའ་བའི་དཔ༷འ་བོ༷་འཕྲིན་ལས་ཀྱི་འོ༷ད་ཟེ༷ར་ཆེན་པོ་སྟོ༷ང་གསུམ་གྱི་སྟོང་ཆེན་པོའི་འགྲོ་བའི་ཁ༷མས་ལ་རབ་དུ་འབར་བ་ལྷམ༷་མེ༷་བ༷་གསལ་བ་ཡིས་མཛེས་པའི་འཕྲིན་ལས་ཀྱི་ཡོན་ཏན་མཐའ་ཡས་པ་མངའ་བ་དང་། ཐེག་པའི་སྒོ་མཐའ་ཡས་པ་སྟོན་པའི་བདེན་པའི་གསུང་གིས་འདོད་པ་དང་། གཟུགས་དང་། གཟུགས་མེད་ཀྱི་སྲི༷ད་པ༷་གསུ༷མ་གྱི༷་ལུས་ཅན་རྣམས་ཐེག་པ་གསུམ་གྱི་ངེས་པར་འབྱུང་བ་ཐར་བའི་ས་རུ་འཁྲིད་པའི་ས༷་མཁ༷ན་ཆེན་པོ་ཐར་བའི་ལམ་སྟོ༷ན་པ༷་པོར་གྲག༷ས་ཤིང་གྲུབ་པའི་གསུངས་ཀྱི་ཡོན་ཏན་ཚད་མེད་པ་མངའ་བ་ཅན། ཁམ༷ས་གསུ༷མ་གྱི་འགྲོ༷་བ༷་མཆོག་དམན་མ་ལུས་པ་ཀུན༷་གྱི༷་འདྲེན་པ་དང་མཛའ་བའི་གཉེ༷ན་གཅི༷ག་པུ༷་རུ་གྱུར་པའི་འགྲོ་ལ་བྱམ༷ས་ཤིང་དེའི་མགོ༷ན་དུ་གྱུར་ཅིང་། རྗེས་སུ་འཛིན་པའི་ལྷག་པའི་ཐུག༷ས་རྗེ༷་དང་ལྡན་པའི༷་ལྷ༷་མཆོག་རྡོ་རྗེ་སེམས་དཔའ་ཁྱོ༷ད་ཀྱིས་ཉེས་ལྟུང་བཤགས་པ་པོ་བདག་ལ་ཉེ་བར་དགོ༷ངས་སུ༷་གསོ༷ལ་ཞེས་སྐུ་གསུང་ཐུགས་འཕྲིན་ལས་ཀྱི་ཡོན་ཏན་བླ་ན་མེད་པ་མངའ་བའི་སྒོ་ནས་བསྟོད་ཅིང་དམ་ཚིག་ཉམས་ཆག་བཤགས་པ་ལ་ཐུགས་གཏད་པར་དགོངས་སུ་གསོལ་བ་དང་སྙན་གསན་ཕབ་པའོ།།

གཉིས་པ་སྨྲེ་སྔགས་ཀྱི་བཤགས་པ་དངོས་ལ་ནི། སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ལས་དང་ཉོན་མོངས་པ་ཡིན་པར་བསྟན་པ་དང་། དེའི་འབྲས་བུ་སྡུག་བསྔལ་དེ་བཟོད་དཀའ་བར་བསྟན་པ་དང་། དེའི་རྒྱུ་དགེ་མིི་དགེ་བའི་ལས་དེ་བཟློག་དཀའ་བ་ཡིན་པར་བསྟན་པ་དང་། ལས་ངན་གྱི་འབྲས་བུས་མནར་བ་ལས་སྐྱོབ་པའི་གདུང་འབོད་ལྷ་ལ་ཞུས་པའི་སྨྲེ་སྔགས་དང་། སྐྱེ་བ་གྲངས་མེད་པ་དོན་མེད་དུ་ཆུད་ཟོན་ཏུ་བཏང་བ་ལ་སྐྱོ་བའི་སྨྲེ་སྔགས་དང་། སྐྱེ་བ་གཅིག་ཙམ་ལ་བྱང་ཆུབ་ཀྱི་ལམ་ལ་འབད་པ་དོན་ཆེ་བར་བསྟན་པ་དང། སྡུག་བསྔལ་ལས་སྐྱོབ་ཕྱིར་ལྷ་ལ་སྨྲེ་སྔགས་ཀྱིས་རེ་འཁང་འདོན་པ་དང་བདུན་གྱི་སྒོ་ནས་བཤགས་པར་བསྟན་པ་ལས།

དང་པོ་ལ་ནི་སྡུག་བསྔལ་གྱི་རྒྱུ་ལས་ཡིན་པར་བསྟན་པ་དང་། ཉོན་མོངས་པ་ཡིན་པར་བསྟན་པ་དང་གཉིས་ལས། དང་པོ་སྡུག་བསྔལ་གྱི་རྒྱུ་ལས་ཡིན་པར་བསྟན་པས་བཤགས་པ་ནི། བདག་ནི་ཐོག་མ་མེད་པའི་དུས་མཐའ་ནས༔ ལམ་ལོག་ལམ་སྟོར་སྲིད་པའི་འཁོར་བར་འཁྱམས༔ སྔོན་ཚེ་ལས་ལོག་སྡིག་པ་བྱས་པས་ནོངས༔ སྡིག་པའི་ལས་རྣམས་ཅི་སྤྱད་རབ་གནོང་འགྱོད༔ ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏོ། །དེ་ཡང་ཉེས་པའི་ཚོགས་ཀྱིས་གཟིར་བའི་རུ་དྲ་བད༷ག་ནི༷་ཚེ་རབས་ཐོ༷ག་མ༷་མེ༷ད་པ༷འི་དུས༷་ཀྱི་ཡ་མཐ༷འ་ན༷ས་བཟུང་སྟེ་ལ༷མ་ལོ༷ག་པ་རིགས་དྲུག་ཏུ་སྐྱེ་བའི་ལམ་དང་ཁྱད་པར་དུ་ངན་སོང་གསུམ་དང་། དེ་ལས་ཀྱང་མཁའ་རྒྱུའི་ཡི་དྭགས་ཀྱི་རིགས་ཀྱི་འབྱུང་པོ་མ་རུངས་པ་ལ་སོགས་པར་སྐྱེས་པའི་ལམ་དུ་ཞུགས་ཤིང་མཐོ་རིས་དང་ཁྱད་པར་དུ་ཐར་བའི་ལ༷མ་སྟོར༷་བ་སྟེ་མ་རྙེད་པར་སྲིད༷་པ༷འི་གནས་གསུམ་གྱི་འཁོ༷ར་བ༷ར་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོའི་རླབས་ཀྱིས་འཁྱེར་ཏེ་འཁྱ༷མས་ནས་བཟོད་དཀའི་སྡུག་བསྔལ་དྲག་པོ་སྟུད་མར་མྱོང་ལ། དེ་ལྟ་བུ་མྱོང་བ་ཡང་རྒྱུ་མེད་རྐྱེན་མེད་དུ་བྱུང་བ་མ་ཡིན་པར་སྐྱེ་བ་སྔོ༷ན་མ་རྣམས་ཀྱི་ཚེ༷་ན་ལ༷ས་ལོ༷ག་པ་མི་དགེ་བ་སྲོག་གཅོད་ནོར་འཕྲོག་ལ་སོགས་པའི་སྡིག༷་པ༷་དང་། གསང་སྔགས་སྟོན་པའི་བླ་མ་དང་འགལ་བའི་དམ་ཚིག་ཉམས་པའི་ལས་ངན་པ་བསགས་ཤིང་བྱ༷ས་པ༷ས་ནོང༷ས་པ་སྟེ་འཁྲུལ་བ་ལས་བྱུང་བ་ལགས་ཤིང་། དེ་ལྟ་བུའི་སྡིག༷་པ༷འི་ལ༷ས་ངན་པ་རྣམ༷ས་དེ་སྔར་ཅི༷་ཙམ་ལ་སྤྱད༷་ཡོད་ནའང་ད་ནི་རང་ཉིད་ངོ་ར༷བ་ཏུ་གནོང༷་ཞིང་རབ་ཏུ་འགྱོད༷་དོ་ཞེས་སྔར་བྱས་ཀྱི་ལས་ངན་ལ་འགྱོད་པའི་སྒོ་ནས་སྨྲེ་སྔགས་བཏོན་ཅིང་བཤགས་པའོ།།

གཉིས་པ་སྡུག་བསྔལ་གྱི་རྒྱུ་ཉོན་མོངས་པ་ཡིན་པར་བསྟན་པ་ནི། དལ་གཅིག་དྲག་པོའི་ལས་དབང་དེ་བཙན་ནས༔ འཁོར་བའི་སྡུག་བསྔལ་རྒྱ་མཚོར་བྱིང་གྱུར་ཏེ༔ ཞེ་སྡང་འབར་བའི་མེས་ནི་རང་རྒྱུད་བསྲེག༔ གཏི་མུག་མུན་པ་འཐིབས་པས་ཤེས་རབ་རྨོངས༔ འདོད་ཆགས་རྒྱ་མཚོའི་འགྲམ་དུ་རྣམ་ཤེས་བྱིང་༔ ང་རྒྱལ་དྲག་པོའི་རི་བོས་ངན་འགྲོར་མནན༔ ཕྲག་དོག་རླུང་དམར་འཚུབ་མས་འཁོར་བར་གཡེངས༔ བདག་ཏུ་ལྟ་བའི་མདུད་པ་དམ་པོས་བཅིངས་༔ ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ལ། སྨོས་མ་ཐག་པ་དེ་ལྟ་བུའི་སྡུག་བསྔལ་མྱོང་བ་དེ་ཡང་དུས་ཡུན་ཐུང་ངུ་ད༷ལ་གཅི༷ག་ཙམ་ལ་བསགས་པའི་འབྲས་བུ་རྣམ་སྨིན་བསྐྱེད་པ་ལ་ནུས་ཤུགས་དྲ༷ག་པོའི༷་ལ༷ས་ཀྱི་དབ༷ང་དེ༷་ཉིད་ཤིན་ཏུ་བཙ༷ན་པར་གྱུར་ན༷ས་འབྲས་བུ་འཁོ༷ར་བ༷འི་སྡུག༷་བསྔ༷ལ་གཏིང་ཟབ་ལ་མཐའ་ཟད་པ་མེད་པར་ཡངས་པའི་རྒྱ༷་མཚོ༷་ཆེན་པོར༷་བྱིང༷་བར་གྱུར༷་པ་ཡིན་ཏེ༷། སྡུག་བསྔལ་མི་བཟད་པའི་རྒྱུ་ནི་ལས་ངན་པ་ཤུགས་དྲག་པོ་བསགས་པ་ཉིད་ཡིན་པ་དང་། དེ་ཡང་འདོད་ཆགས་སོགས་ཉོན་མོངས་པ་དྲག་པོའི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཕལ་བོ་ཆེ་ལས། ཉོན་མོངས་ལས་ཀྱི་སྒྲིབ་པས་སྟུག་བསྒྲིབས་ཤིང་། །སྲིད་པའི་རྒྱ་མཚོ་གཏིང་རིང་ནུབ་པ་ཡི། །སེམས་ཅན་རྣམས་ལ་ཞི་བའི་སྤྱོད་ཡུལ་སྟོན། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་ཞེ་སྡང་སོགས་ཀྱིས་སྡུག་བསྔལ་གྱི་རྒྱུ་ལས་ངན་པ་དག་གསོག་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། ཉོན་མོངས་པ་ཞེ༷་སྡང༷་ནི་དྲག་ཏུ་འབ༷ར་བ༷འི་མེ་ལྟ་བུ་ཡིན་ཞིང་། དེ་འདྲ་ཡི་མེས༷་ནི༷་ར༷ང་གི་རྒྱུད༷་ཀྱི་བྱམས་པ་དང་སྙིང་རྗེ་ལ་སོགས་པའི་དགེ་བློ་རྣམས་བསྲེག༷་ནས་སྲོག་གཅོད་པ་ལ་སོགས་པའི་ལས་གསོག་སྟེ་འབྲས་བུ་དམྱལ་བའི་མེ་ཡིས་བསྲེག་པའི་སྡུག་བསྔལ་བསྐྱེད་པ་དང་། ཉོན་མོངས་པ་གཏི༷་མུ༷ག་ནི་ཤིན་ཏུ་གནག་པའི་མུན༷་པ༷་ལྟ་བུ་ཡིན་ཞིང་གཏི་མུག་འཐིབ༷ས་པ༷ས་རང་རྒྱུད་ཀྱི་ཤེས༷༷་ར༷བ་ཕྲ་མོ་ཙམ་ཡན་ཆད་འཇོམ་ཞིང་སྐྱེ་བའི་གོ་བཀག་ནས་བླང་དོར་གྱི་གནས་ལ་རབ་ཏུ་རྨོང༷ས་པས་ལས་དཀར་ནག་གི་ཁྱད་པར་འབྱེད་མི་ཤེས་པར་ལས་ངན་སྣ་ཚོགས་གསོག་པ་དང་། དེའི་དབང་གིས་དུད་འགྲོའི་སྐྱེ་གནས་སུ་ལྷུང་བར་བྱེད་པ་དང་། ཉོན་མོངས་པ་འདོ༷ད་ཆ༷གས་ནི་གཏིང་ཟབ་ལ་མཐའ་ཡངས་པའི་རྒྱ༷་མཚོ༷་ཆེན་པོ་དང་འདྲ་ཞིང་དེའི༷་འགྲ༷མ་དང་ནང་དུ༷་རང་རྒྱུད་ཀྱི་རྣམ༷་པར་ཤེས༷་པ་བྱིང༷་ནས་འདོད་པའི་ལོག་པར་གཡེམ་པ་དང་། གཞན་ནོར་འཕྲོག་པ་ལ་སོགས་པའི་ལས་གསོག་པ་དང་། དེའི་དབང་གི་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་བྱེད་པ་དང་། ཉོན་མོངས་པ་ང༷་རྒྱལ༷་ནི་ཤིན་ཏུ་ལྕི་བའི་རི་བོ་ཆེན་པོ་ལྟ་བུ་ཡིན་ཞིང་བླ་མ་ལ་སྨོད་པ་དང་། ཆོས་ལ་གཤེ་བ་ལ་སོགས་པའི་དབང་གིས་རང་རྒྱུད་ང་རྒྱལ་དྲ༷ག་པོ༷འི་རི༷་བོ༷ས་འབྲས་བུ་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་སྟེ་ང༷ན་འགྲོ༷འི་གནས་ག་ལ་བ་དེར༷་མན༷ན་པ་དང་། ཉོན་མོངས་པ་ཕྲ༷ག་དོ༷ག་ནི་རླུང༷་ཆེན་པོའི་རྡུལ་དམ༷ར་གཡོ་བ་དང་འདྲ་ཞིང་རྡོ་རྗེའི་མཆེད་ལ་སྡང་བ་ལ་སོགས་པ་ཕྲག་དོག་གི་རླུང་འཚུ༷བ་མས༷་འཁོ༷ར་བ༷ར་གཡེང༷ས་པར་བྱེད་པ་དང་། འཇིག་ལྟ་སོགས་བད༷ག་ཏུ༷་ལྟ༷་བ་དང་། མཐའ་ལྟ་དང་། ལོག་ལྟ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་ནི་ཞགས་པ་སྲ་བ༷འི་མདུད༷་པ༷་ལྟ་བུ་ཡིན་ཞིང་། དེ་འདྲའི་ལྟ་བ་ངན་པའི་ཞགས་པའི་མདུད་པ་དམ༷་པོ༷་གཞིག་པར་དཀའ་བ་ཡིས༷་རང་རྒྱུད་བཅིང༷ས་ཏེ་འབྲས་བུ་འཁོར་བའི་སྡུག་བསྔལ་མི་བཟད་པ་དག་བསྐྱེད་པ་ཡིན་ནོ་ཞེས་པའོ།།

གཉིས་པ་ལས་དང་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་དེ་བཟོད་དཀའ་བར་བསྟན་པ་ནི། འདོད་པའི་མེ་མདག་དོང་འདྲའི་འོབས་སུ་ལྷུངས༔ སྡུག་བསྔལ་དྲག་པོ་མི་བཟད་ཆར་ལྟར་འབེབས༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་ཞིང་༔ སྡིག་པའི་ལས་དབང་དྲག་པོའི་མེ་འབར་བས༔ རྣམ་ཤེས་དབང་པོའི་མྱུ་གུ་གདུང་གྱུར་ཏེ༔ ཕུང་པོ་སྒྱུ་མའི་ལུས་ཀྱིས་མི་བཟོད་ན༔ བྱམས་མགོན་ཐུགས་རྗེ་ཅན་གྱིས་བཟོད་ལགས་སམ༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ལ། དེ་ལྟ་བུའི་ཀུན་འབྱུང་ལས་དང་ཉོན་མོངས་པ་དྲག་པོའི་དབང་གིས་འབྲས་བུ་སྡུག་བསྔལ་བདེན་པར་གྲགས་པ་འདོ༷ད་པ༷འི་ཁམས་ཀྱི་སྡུག་བསྔལ་རགས་པ་མེ༷་མད༷ག་དམར་པོའི་ཚ་ཚ་འཕྲོ་བའི་དོང༷་འདྲ༷འི་འོབ༷ས་ཆེན་པོ་འཇིགས་སུ༷་རུང་བར་ལྷུང༷ས་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་དང་། ཡི་དྭགས་བཀྲེས་སྐོམ་དང་། དུད་འགྲོ་བླུན་རྨོངས་བཀོལ་སྤྱོད་དང་། མི་སྐྱེ་རྒ་ན་འཆི་དང་། ལྷ་མ་ཡིན་འཐབ་རྩོད་དང་། ལྷ་འཕོ་ལྟུང་གི་སྡུག་བསྔལ་ལ་སོགས་པ་སྡུག༷་བསྔ༷ལ་དྲག༷་པོ༷་ཡ་ང་བ་མི༷་བཟ༷ད་པ་རྣམས་ཆ༷ར་ལྟ༷ར་དུ་འབེབ༷ས་པར་བྱས་པ་ཡིན་ན། ད་ནི་འདི༷་འདྲ༷འི་སྡུག༷་བསྔ༷ལ་དྲག་པོ་དག་ནི་ཤི༷ན་ཏུ༷་བཟོ༷ད་པར་དཀ༷འ་ཞིང༷་། སྡི༷ག་པ༷འི་ལ༷ས་ཀྱི་དབ༷ང་ཤུགས་དྲ༷ག་པོ༷འི་མེ༷་ཆེན་པོ་འབ༷ར་བས༷་རྣམ༷་པར་ཤེས༷་པ་ལུས་ཀྱི་དབ༷ང་པོ༷འི་ཚོགས་དང་བཅས་པའི་མྱུ༷་གུ༷་འཇིག་སླ་ལ་རྐྱེན་མི་ཐེག་པ་དེ་ཉིད་གདུང༷་བར་གྱུར༷་ཏེ༷་ད་ལྟའི་ཟག་བཅས་ཉེར་ལེན་གྱི་ཕུང༷་པོ༷་བདེན་མེད་སྒྱུ༷་མ༷་ལྟ་བུའི༷་ལུས༷་ཀྱིས༷་མི༷་བཟོ༷ད་པར་གྱུར་ནས་ལྷ་ལ་སྐྱོབ་པར་སྐུལ་བའི་སྨྲེ་སྔགས་བཏོན་པ་ཡིན་ན༷། བྱམ༷ས་པ་ཆེན་པོ་མངའ་བའི་འགྲོ་བ་ཐམས་ཅད་ཀྱི་མགོ༷ན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཐབས་མཁས་ལ་ཐུག༷ས་རྗེ༷་ཆེ་བའི་བདག་ཉིད་ཅ༷ན་གྱིས༷་བདག་ཅག་འདི་ལྟར་སྡུག་བསྔལ་གྱིས་གདུང་ཞིང་མནར་བ་དེ་བཟོ༷ད་པ་ལ༷གས་ས༷མ་ཞེས་ཀུན་འབྱུང་ཉོན་མོངས་པས་བསྐྱེད་པའི་འབྲས་བུ་སྡུག་བསྔལ་བདེན་པའི་མིང་ཅན་གྱི་དུད་ཁ་མི་བཟད་འདི་ནི་ཤིན་ཏུ་བཟོད་པ་དཀའ་བ་ཡིན་པར་ཤེས་ནས་སྨྲེ་སྔགས་བཏོན་པའོ། །འདི་ནི་རུ་དྲ་འཁོར་དང་བཅས་པས་སྐྱོབ་པར་བསྐུལ་བའི་སྨྲེ་སྔགས་སུ་ཁ་ཅིག་བཤད་དོ།།

གསུམ་པ་སྡུག་བསྔལ་དེའི་རྒྱུ་དགེ་མིི་དགེ་བའི་ལས་བཟློག་དཀའ་བ་ཡིན་པར་བསྟན་པ་ནི། བདག་ནི་བླུན་རྨོངས་ལས་ངན་སྡིག་པོ་ཆེ༔ ལས་ཀྱི་དབང་གིས་འདོད་ཁམས་རུ་དྲར་སྐྱེས༔ སྐྱེས་པས་འགྱོད་དོ་ལས་ལ་ཡི་རེ་ཆད༔ ཡི་ཆད་འགྱོད་ཀྱང་ལས་ལ་བཅོས་སུ་མེད༔ ལས་ཀྱི་ཤུགས་ནི་ཆུ་བོའི་གཞུང་དང་འདྲ༔ ལས་དབང་ཆུ་ཀླུང་འཕྲལ་དུ་ག་ལ་བཟློག༔ རྣམ་སྨིན་ཐམས་ཅད་རང་གི་ལས་ལས་བྱུང་༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ལ། དམ་ཚིག་ཉམས་པའི་ཉེས་ལྟུང་གིས་མནར་བ་བད༷ག་ནི༷་བླང་དོར་གྱི་གནས་ལ་བློ་བླུན༷་ཞིང་ཤེས་རབ་དང་བྲལ་བའི་རྨོང༷ས་པ་དང་། སྐལ་བ་བཟང་པོ་དང་མི་ལྡན་པའི་ལས༷་སྐལ་ང༷ན་པ་ཅན་དང་། སྲོག་གཅོད་དང་འདོད་པས་ལོག་པར་གཡེམ་པ་ལ་སོགས་པའི་མི་དགེ་བ་ཚབ་ཆེན་པོ་བསགས་པའི་སྡིག༷་པོ༷་ཆེ༷་བ་ལགས་ཤིང་། བླ་མ་རྡོ་རྗེ་སློབ་དཔོན་ལ་ལོག་པར་བལྟས་པ་ལ་སོགས་པ་སྔགས་ཀྱི་དམ་ཚིག་ཉམས་པའི་ལ༷ས་ཀྱི༷་དབ༷ང་གིས༷་འདོ༷ད་པའི་ཁམ༷ས་འདིར་འབྱུང་པོ་གདོན་གྱི་རིགས་ཀྱི་རུ༷་དྲ༷་མ་རུངས་པར༷་སྐྱེས༷་པ་ཡིན་ལ། དེ་འདྲའི་ལུས་སུ་སྐྱེས༷་པ༷འི་དབང་གིས༷་ད་ལྟ་སེམས་རབ་ཏུ་འགྱོ༷ད་དོ༷། །རང་གིས་ལ༷ས་ངན་དེ་འདྲ་བསགས་པ་ལ༷་སེམས་སྐྱོ་ཞིང་ཡི༷་རེ༷་ཆ༷ད་དོ། །རང་དང་རང་བསགས་ཀྱི་ལས་ལ་ཡི༷་ཆ༷ད་ཅིང་འགྱོད༷་པ་སྐྱེས་ཀྱ༷ང་ཇི་སྐད་དུ་འདུལ་བ་ལུང་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བའང་ཚོགས་དང་དུས། །རྙེད་ན་ལུས་ཅན་རྣམས་ལ་ནི། །འབྲས་བུ་དག་ཏུ་འགྱུར་བ་ཉིད། །ཅེས་དང་། གང་པོ་ལ་སོགས་པས་ཞུས་པ་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་བ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབས་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར། ལས༷་ལ༷་ནི་འབྲས་བུ་སྨིན་པའི་བར་དུ་བློ་འཕྲུལ་སྤྱང་གྲུང་དང་། སྙན་གྲགས་ལོངས་སྤྱོད་དང་། སྟོབས་དཔུང་འབྱོར་བ་སོགས་གང་གིས་ཀྱང་བཅོ༷ས་སུ༷་མེ༷ད་པར་ལ༷ས་ཀྱི༷་ཤུག༷ས་ཀྱིས་འབྲས་བུ་སྡུལ་བསྔལ་བསྐྱེད་པ་ནི༷་བཟློག་ཏུ་མེད་པར་འབྱུང་ངེས་པ་ཡིན་ཕྱིར། དཔེར་ན་ཆུ༷་བོ༷་ཆེན་པོའི༷་གཞུང༷་རྒྱུན་གྱེན་དུ་བཟློག་པ་མེད་པ་དང༷་འདྲ༷་བའི་ཕྱིར་ན་ལ༷ས་དབ༷ང་གི་ཆུ༷་ཀླུང༷་ཆེན་པོ་དེ་དང་དེའི་འབྲས་བུ་སྡུག་བསྔལ་ནི་འཕྲ༷ལ་དུ༷་སྟེ་དུས་ད་ལྟ་ལྟ་བུ་ཐུང་ངུའི་ཡུན་ཞིག་ལ་ནི་ག༷་ལ༷་བཟློ༷ག་ནུས་ཏེ། བཟློག་ཏུ་མེད་ལ། འབྲས་བུ་རྣམ་པར་སྨིན་པ་འགའ་རེ་དེ་ལས་ལས་བྱུང་བ་དང་། འགའ་རེ་མ་བྱུང་བའང་ཡོད་དམ་སྙམ་ན། དེ་ནི་གཏན་ནས་མེད་པར་འབྲས་བུ་རྣམ༷་པར་སྨི༷ན་པ་ཡིད་དུ་འོང་བ་དང་མི་འོང་བ་ཡོད་དོ་ཅོག་ཐམ༷ས་ཅ༷ད་གང་བསགས་པའི་ར༷ང་གི༷་ལ༷ས་དཀར་ནག་ལ༷ས་བྱུང༷་བ་ཡིན་ཞེས་རྣམ་སྨིན་སྡུག་བསྔལ་བདེན་པའི་རྒྱུ་ཀུན་འབྱུང་བདེན་པ་ལས་ཀྱི་རང་བཞིན་དེ་ཆུད་མི་ཟ་ཞིང་དེའི་རྣམ་པར་སྨིན་པ་བཟློག་དཀའ་བ་ཡིན་པར་བསྟན་ཅིང་། དེ་འདྲའི་ལས་ཀྱིས་མནར་བའི་སྡུག་བསྔལ་གྱི་རྒྱུ་ཉེས་ལྟུང་མི་བཟད་པ་བསགས་པ་ལ་འགྱོད་ཅིང་མི་བཟོད་པའི་སྨྲེ་སྔགས་བཏོན་ཏེ་བཤགས་པའོ།།

བཞི་བ་ལས་ངན་གྱི་འབྲས་བུས་མནར་བ་ལས་སྐྱོབ་པའི་གདུང་འབོད་ལྷ་ལ་ཞུས་པའི་སྨྲེ་སྔགས་ནི། ལས་ཀྱི་རླུང་དམར་དྲག་པོ་དེས་བདས་པས༔ བདག་ནི་དེ་སྔོན་བསྐལ་བ་གྲངས་མེད་དུ༔ འཁོར་བའི་བཙོན་ར་མུན་པར་འཁྱམས་པ་ལ༔ བྱམས་མགོན་ཁྱེད་ཀྱི་ཐུགས་རྗེའི་བྱིན་རླབས་ཀྱིས༔ ལས་དང་ཉོན་མོངས་སྒྲིབ་པ་གནས་སྦྱངས་ནས༔ མ་ལྟར་བྱམས་པའི་ཞབས་དྲུང་ད་ལྟར་འཁོད༔ ཉི་ལྟར་འོད་འབར་ཟླ་ལྟར་མདངས་གསལ་བའི༔ ཐུགས་རྗེའི་ཞལ་ཉིད་ལྟ་བས་མི་ངོམས་པ༔ ཐོག་མ་མེད་ནས་མ་རིག་ལང་ཐོག་གིས༔ ལྡོང་བའི་ཆུ་བུར་མིག་གིས་མ་མཐོང་ན༔ འགྲོ་བའི་མགོན་ཁྱོད་དེ་སྔ་གང་ན་བཞུགས༔ ལས་དབང་དྲག་པོ་ཤིན་ཏུ་མི་བཟོད་པས༔ ཤིན་ཏུ་སྐྲག་ཅིང་སྐྱི་གཡའ་རབ་འཇིགས་ནས༔ དུང་དུང་གདུང་བའི་སྨྲེ་སྔགས་འདི་འདོན་ཞིང་༔ ཉམ་ཐག་ཕོངས་པའི་ང་རོས་འབོད་ལགས་ན༔ བྱམས་མགོན་ཐུགས་རྗེས་དུས་འདིར་མ་དགོངས་ན༔ ནམ་ཞིག་འཆི་འཕོས་ལུས་སེམས་བྲལ་བའི་ཚེ༔ གཉེན་བཤེས་གྲོགས་དང་བྲལ་ནས་གཤིན་རྗེས་འཁྲིད༔ དེ་ཚེ་འཇིག་རྟེན་ཉེ་དུས་མི་སྟོངས་ཏེ༔ ལས་ཀྱི་དབང་གིས་བདག་ཉིད་གཅིག་པུར་འཁྲིད༔ དུས་དེར་བདག་ལ་མགོན་སྐྱབས་མ་མཆིས་ཀྱི༔ གང་གིས་ཕྱི་བཤོལ་དུས་ལས་མི་གཡེལ་བར༔ ད་ལྟ་ཉིད་དུ་བཏུད་དེ་མངོན་སྤྱོད་མཛོད༔ ཅེས་པའི་ཤོ་ལོ་ཀ་ལྔ་དང་རྐང་པ་གསུམ་གྱིས་བསྟན་ཅིང་། དེ་ཡང་དྲན་པ་ཉེར་བཞག་ལས། སྣ་ཚོགས་ཁམས་ཀྱི་འཇིག་རྟེན་འདི། །སྣ་ཚོགས་ལས་ཀྱི་དབང་རྗེས་འགྲོ། །སྣ་ཚོགས་འགྲོ་ལས་འཕོ་བའི་ལྷ། །གནས་འདིར་ཀུན་ནས་འོངས་པ་ཡིན། །ཇི་ལྟར་འོངས་པ་དེ་ལྟར་སླར། །སྲིད་པ་གཞན་དུ་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར། སྨོས་མ་ཐག་པ་དེ་ལྟ་བུའི་ཟློག་པར་དཀའ་བའི་ལས༷་ཀྱི༷་རླུང༷་དམ༷ར་དྲག༷་པོ༷་དེ༷་ཡིས༷་བད༷ས་པ༷ས་ཏེ་རྗེས་དེད་པའི་དབང་གིས་བད༷ག་ནི༷་དེ༷་སྔོ༷ན་བསྐ༷ལ་བ༷་ཆེན་པོ་གྲང༷ས་ཀ་བགྲང་དུ་མེ༷ད་པ་ཞིག་གི་ཡུན་དུ༷་འཁོ༷ར་བ༷འི་བཙོ༷ན་ར༷་ཆེན་པོ་ཐར་བའི་ཉི་མ་མེད་པའི་ཤིན་ཏུ་གནག་པ་འདིའི་མུན༷་པ༷ར་འཁྱ༷མས་པ༷་ཡིན་ལ༷། མ་འོངས་པར་ཡང་དེ་ལྟར་འཁྱམ་ངེས་པས་འགྲོ་ལ་བྱམ༷ས་ཤིང་འགྲོ་བ་འདྲེན་པའི་མགོ༷ན་པོ་དམ་པ་དཔལ་རྡོ་རྗེ་སེམས་དཔའ་ཁྱེ༷ད་ཀྱི༷་ཐུག༷ས་རྗེ༷འི་བྱིན༷་རླབ༷ས་ཀྱི༷ས་བདག་གི་རྒྱུད་ལ་ཐར་བའི་ལམ་མྱུར་དུ་སྐྱེས་ཤིང་། སྡུག་བསྔལ་གྱི་རྒྱུ་ལས༷་དང༷་ཉོ༷ན་མོང༷ས་པའི་སྒྲིབ༷་པ༷་ཆོས་ཉིད་རྣམ་པར་དག་པའི་གན༷ས་སུ་སྦྱང༷ས་ན༷ས་འགྲོ་བ་ཀུན་ལ་རང་གི་ལུས་སྲོག་བསྐྱེད་པའི་ཕ་མ༷་ལྟ༷ར་དུ་བྱམ༷ས་པ༷འི་ཐུགས་ཀྱི་བརྩེ་བ་ཆེན་པོའི་མངའ་བདག་ཁྱེད་ཀྱི་ཞབ༷ས་དྲུང༷་དུ་དུས་ད༷་ལྟ༷་ཉིད་དུ་འཁོ༷ད་ནས་སངས་རྒྱས་པར་མཛོད་ཅིག།

ཁྱོད་ཀྱི་སྐུ་མཚན་དཔེས་བརྒྱན་པ་ཉི༷་མ་ལྟར༷་འོ༷ད་འབ༷ར་ཞིང་ཟླ༷་བ་ལྟར༷་དཀར་བའི་མད༷ངས་གས༷ལ་བ༷འི་བདག་ཉིད་ཅན་ཐུག༷ས་མཁྱེན་པ་དང་བརྩེ་བ་སྙིང་རྗེ༷འི་དཔལ་མངའ་བའི་ཞལ༷་རས་ཉིད༷་མིག་གིས་ལྟ༷་བ༷ས་ཆོག་མི་ཤེས་ཤིང་མི༷་ངོམ༷ས་པ༷་རབ་ཏུ་མཛེས་པ་གང་ཡིན་པ་དེ་ནི། ལས་ངན་བདག་གིས་ནི་ཚེ་རབས་ཐོ༷ག་མ༷་མེ༷ད་པའི་དུས་ནས༷་རྨོངས་པ་མ༷་རི༷ག་པའི་ལ༷ང་ཐོ༷ག་གིས༷་ཤེས་རབ་ཀྱི་མིག་ལྡོང༷་བ༷ར་བགྱིས་པས༷་རང་སེམས་རྒྱལ་བའི་ཐུགས་ཀློང་དུ་འདྲེས་པའི་སྒོ་ནས་ཁྱོད་ཞལ་མཇལ་བ་ལྟ་ཞོག། ནང་ཉོན་མོངས་པས་བསླད་པའི་བླང་དོར་ལ་ལྡོང་བའི་དབང་གིས་དམ་ཚིག་ཉམས་ཆག་ཤོར་ནས་ངན་འགྲོར་མནར་ཞིང་འཁོར་བར་ལྷུངས་ཏེ་ཆུ༷་བུ༷ར་གྱི་མི༷ག་གིས༷་ཀྱང་རྒྱལ་བ་རྡོ་རྗེ་སེམས་དཔའ་ཐུགས་རྗེའི་བདག་ཉིད་ཅན་མཆོག་གི་ཞལ་བཟང་མ༷་མཐོ༷ང་བ་ཡིན་ན༷། འགྲོ༷་བ༷འི་མགོ༷ན་དང་འདྲེན་པར་གྱུར་པ་ཁྱོ༷ད་དེ༷་སྔ༷་གནས་གང༷་ན༷་བཞུག༷ས་པ་ལགས། བདག་སྐྱོབ་པའི་ཕྱིར་དུ་ཅིའི་ཕྱིར་ན་སྐུའི་སྣང་བ་གསལ་བར་མི་སྟོན། ལ༷ས་དབ༷ང་གིས་བསྐྱེད་པའི་སྡུག་བསྔལ་དྲ༷ག་པོ༷་འདི་ཤི༷ན་ཏུ༷་མི༷་བཟོ༷ད་པ༷ས་ན་རང་སེམས་ཤིན༷་ཏུ༷་སྐྲ༷ག་ཅི༷ང་ལུས་ཀྱི་བ་སྤུ་དག་སྡང་བའི་སྐྱི༷་གཡ༷འ་བའི་སྡུག་བསྔལ་འདིས་བདག་ཡིད་ར༷བ་ཏུ་འཇིག༷ས་ནས༷་ནི་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སེམས་དུང༷་དུང༷་དུ་འབོད་པའི་སྐྱོ་ཞིང་གདུང༷་བ༷འི་སྨྲེ༷་སྔག༷ས་ཀྱི་འོ་དོད་འདི༷་ཁ་ནས་དབང་མེད་དུ་འདོ༷ན་ཞིང༷་། ཉམ༷་ཐ༷ག་པའི་གང་ཟག་ལ་བདེ་དགའ་ཡིས་ཕོང༷ས་པ༷འི་སྐྱོ་གདུང་གིས་བསླངས་པའི་སྐྱབས་སུ་རེ་འདོད་ཀྱིས་རྒྱལ་བ་ཐུགས་རྗེའི་བདག་ཉིད་ཅན་ཁྱོད་ལ་མགྲིན་པའི་དབྱངས་མཐོན་པོར་འདེགས་པའི་ང༷་རོ༷ས་འབོ༷ད་པ་ལ༷གས་ན༷། བྱམ༷ས་མགོ༷ན་ཐུག༷ས་རྗེ༷ས་དུས་འདི་འདྲའི་ཉམ་ཐག་པའི་དུས༷་འདི༷ར་དགོངས་རིགས་ལ། གལ་ཏེ་མ༷་དགོང༷ས་ན༷་དུས་ན༷མ་ཞི༷ག་ན་འཆི༷་བ་སླེབས་ཤིང་སྐྱེ་བ་ཕྱི་མར་འཕོ༷་བའི་དུས་དེ་དངོས་སུ་སླེབས་པས༷་ལུས༷་བེམ་པོ་དང་སེ༷མས་སོ་སོར་འབྲ༷ལ་བ༷ར་བྱས་པའི༷་ཚེ༷་ན་ནི་ཇི་སྐད་དུ་རྒྱལ་པོ་ལ་གདམས་པའི་མདོ་ལས། ཤི་བའི་དུས་སུ་རྫ་ཞིག་བཞིན་དུ་འབོར། །ལྷན་ཅིག་སྐྱེས་པའི་ཤ་རུས་གཉིས་ཀྱང་འབྱེད། །དབང་མེད་བདག་ཉིད་གཅིག་པུ་འཁྱམས་ནས་ནི། །ལས་ཀྱི་དབང་གིས་གང་རུ་སྐྱེས་གྱུར་ན། །ཞེས་གསུངས་པ་ལྟར། ཕ་དང་། མ་དང་། བུ་དང་། བུ་མོ་དང་། ཆུང་མ་དང་། སྤུན་མཆེད་སོགས་གཉེ༷ན་དང་མཛའ་བཤེ༷ས་ཀྱི་གྲོ༷གས་རྣམས་དང༷་བྲལ༷་ནས༷་གཤི༷ན་རྗེ༷འི་ཕོ་ཉ་རྣམས་ཀྱིས༷་འཁྲི༷ད་པར་བྱེད་ཅིང་། དུས་དེ༷་ཡི་ཚེ༷་ན་དེ་འདྲའི་འཇི༷ག་རྟེན༷་གྱི་ཉེ༷་དུ༷་མཛའ་བཤེས་རྣམས་ཀྱིས༷་མི༷་སྟོང༷ས་པ་སྟེ། མི་ཕན་པར་གྱུར་ཏེ༷་ལས༷་ཀྱི༷་དབ༷ང་གིས༷་བད༷ག་ཉི༷ད་གཅི༷ག་པུར༷་སྐྱེ་བ་ཕྱི་མའམ་སྐྱེ་གནས་གཞན་དུ་འགྲོ་དགོས་ལ། དེ་ཡང་ཤིན་ཏུ་འཇིགས་པའི་རྣམ་འགྱུར་དང་སྒྲ་སྒྲོག་པའི་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་འཁྲི༷ད་པའི་སྣང་བ་འབྱུང་བ་ཡིན་ཞིང་། དུས༷་སྐབས་དེ་འདྲ་དེར༷་སླེབས་དུས་ན་ལས་ངན་བད༷ག་ལ༷་འདྲེན་པའི་མགོ༷ན་དང་སྐྱོབ་པའི་སྐྱབ༷ས་ཅི་ཡང་མ༷་མཆིས༷་ཀྱི༷་དཔུང་ཆེན་པོ་དང་། གྲོགས་མང་པོ་བཅས་ཕྱི་མར་དགའ་སྤྲོའི་ངང་བདེ་བར་འགྲོ་བ་ནི་མ་ཡིན་པས། རྡོ་རྗེ་ཕྲེང་བ་ལས། མི་ཤེས་ལིང་ཏོག་གིས་སྒྲིབ་མིག །ཉོན་མོངས་དབང་དུ་བྱ་བ་ནི། །བདེ་བ་སྡུག་བསྔལ་འཇིགས་ལས་སྐྱོབས། །ཐུགས་རྗེའི་རྒྱ་མཚོས་བདག་སྐྱབས་མཛོད། །ཅེས་གསུངས་པ་ལྟར། ལས་ཀྱིས་དབང་མེད་དུ་འཁྲིད་པ་བདག་བྱམས་མགོན་ཐུགས་རྗེ་ཅན་ག༷ང་གི༷ས་བཏང་སྙོམས་དང་འཕྱིས་སུ་འཇོག་པའི་ཕྱི༷་བཤོ༷ལ་མི་མཛད་པར་དུས༷་སྐབས་ལ༷ས་སྐད་ཅིག་ཙམ་ཡང་མི༷་གཡེ༷ལ་བ༷ར་དུས་སྐབས་ད༷་ལྟ༷་ཉི༷ད་དུ༷་བཏུད༷་དེ༷་སྟེ་གཏད་དེའམ་བསྟུད་དེ་བདག་ཐར་བའི་ལམ་ལ་མངོ༷ན་པར་སྤྱོད༷་ནུས་པའི་སྐྱབས་དང་མགོན་མཛོ༷ད་ཅིག་ཅེས་ལས་དབང་བཟློག་མེད་ཀྱིས་བསྐྱེད་པའི་སྡུག་བསྔལ་ལ་འཇིགས་པས་དེ་ལས་སྐྱོབ་པའི་གསོལ་བ་ལྷ་ལ་འདེབས་པའི་སྨྲེ་སྔགས་བཏོན་ཅིང་ཉེས་ལྟུང་བཤགས་པའོ།།

ལྔ་བ་སྐྱེ་བ་གྲངས་མེད་པ་དོན་མེད་དུ་ཆུད་ཟོན་ཏུ་བཏང་བ་ལ་སྐྱོ་བའི་སྨྲེ་སྔགས་ནི། ལས་ཀྱིས་མནར་བའི་སྐྱེ་བོ་བདག་འདྲ་བ༔ ཐོག་མ་མེད་པའི་དུས་ནས་ལོག་རྟོག་པས༔ ཁམས་གསུམ་འཁོར་བའི་གནས་ལས་མ་ཐར་ཏེ༔ བསྐལ་པ་གྲངས་མེད་སྐྱེ་བ་ཇི་སྙེད་དུ༔ གདོས་པོ་ཅན་ལུས་གྲངས་མེད་བླངས་གྱུར་ཏེ༔ ཤ་རུས་བསོག་ན་འཇིག་རྟེན་གཏོས་དང་མཉམ༔ རྣག་ཁྲག་བསོག་ན་རྒྱ་མཚོ་ཆེན་པོ་ཙམ༔ ལས་འཕྲོ་བསོག་ན་བསམ་འདས་བརྗོད་མི་ལང་༔ ཁམས་གསུམ་བགྲང་ཞིང་སྐྱེ་ཤིའི་ཁ་བརྒྱུད་ཀྱང་༔ བྱས་པའི་ལས་རྣམས་དོན་མེད་ཆུད་རེ་ཟོས་༔ ཞེས་པའི་ཚིགས་སུ་བཅད་པ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ལ། དྲན་པ་ཉེར་བཞག་ལས། འཁོར་བ་ཐོག་མ་མེད་པ་ནས། །ལེགས་བྱས་འབྲས་བུ་བདེ་བ་དང་། །ངན་པར་བྱས་པའི་ལས་དག་ནི། །དེ་བཞིན་སྡུག་བསྔལ་འབྲས་བུ་དྲན། །ཞེས་གསུངས་པ་ལྟར། མི་དགེ་བའི་ལས༷་ཀྱིས༷་བསྐྱེད་པའི་རྣམ་སྨིན་སྡུག་བསྔལ་གྱིས་མན༷ར་བ༷འི་སྐྱེ༷་བོ༷་རུ་དྲ་བད༷ག་འདྲ༷་བ༷་དག་ནི་ཚེ་རབས་ཐོ༷ག་མ༷་མེ༷ད་པ༷འི་དུས༷་ན༷ས་བདག་འཛིན་མ་རིག་པ་སོགས་ལོ༷ག་པར་རྟོག༷་པ༷འི་དབང་གིས༷་ལམ་ཕྱིན་ཅི་ལོག་པར་གོལ་ཏེ་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམ༷ས་གསུ༷མ་གྱི་འཁོ༷ར་བ༷འི་གན༷ས་རིས་དྲུག་ཏུ་འཁྱམས་ཤིང་དེ་ལ༷ས་མ༷་ཐ༷ར་ཏེ༷་དུས་ཡུན་བགྲང་བ་ལས་འདས་པ་ཞིག་ཕྱིན་ཡོད་དེ། འདུལ་བ་ལུང་གཞི་ལས། བཙུན་པ་དེ་ལྟར་བདག་གིས་ནི། །ལས་གང་བགྱིས་པ་དྲན་ལགས་ཏེ། །བསྐལ་བ་མི་ཉུང་ཡུན་རིང་དུ། །འཁོར་བ་འདིར་ནི་བདག་གིས་བརྒྱུགས། །ཞེས་དང་། དྲན་པ་ཉེར་བཞག་ལས། འཁོར་བ་ཐོག་མ་མེད་པ་ནས། །འཁྲུལ་འཁོར་བཞིན་དུ་འཁྱམ་པར་བྱེད། །ཅེས་དང་། དཔལ་ཡེ་ཤེས་ཕྲེང་བའི་རྒྱུད་ལས། འཁོར་བ་ཐོག་མ་མེད་པ་ནས། །ལྷན་ཅིག་སྐྱེས་པའི་སྒྲིབ་གཡོགས་ཀྱིས། །རིན་ཆེན་སེམས་ནི་དྲི་ཅན་བྱས། །ཟླ་བ་རབ་རིབ་སེལ་བྱེད་དེ། །མིག་གིས་རང་གི་རྡུལ་མི་མཐོང་། །སེམས་ཀྱི་དེ་ཉིད་མ་རྟོགས་པར། །ཐ་དད་གཟུང་འཛིན་སྣ་ཚོགས་འཛིན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེས་ན་འཁོར་བའི་གནས་སུ་བསྐ༷ལ་བ༷་གྲང༷ས་མེ༷ད་པ་ཞིག་ཏུ་སྐྱེ༷་བ༷་ཇི༷་སྙེད་ཅིག་བླངས་ཡོད་ནའང་དེ་སྙེ༷ད་དུ༷་གཟུགས་མེད་ལྟ་བུའི་གདོས་བཅས་ཀྱི་ལུས་མེད་པ་ཤ་སྟག་ཡིན་མི་སྲིད་ལ། གདོས་བཅས་ཀྱི་ལུས་ཅན་ཁོ་ན་ཅནའང་ཡིན་ག་ལ་སྲིད། འོན་ཀྱང་སྐྱེ་བ་ཇི་སྙེད་དུ་གདོ༷ས་པོ༷་ཅན༷་གྱི་ཤ་ཁྲག་རུས་པ་ལ་སོགས་པས་གྲུབ་པའི་ལུ༷ས་ཀྱང་གྲང༷ས་མེ༷ད་པ་ཞིག་བླང༷ས་པར་གྱུར༷་ཏེ༷་འཁོར་བར་འཁྱམས་ཡོད་པའང་སྨོས་མ་དགོས་ལ། དེ་ལྟར་གདོས་བཅས་ཀྱི་ལུས་ཁོ་ན་བླངས་པའི་ཤ༷་དང་རུས༷་པའི་ཚོགས་གལ་ཏེ་ལྷན་ཅིག་ཏུ་གསོ༷ག་པའི་དབང་དུ་བཏང་ན༷་སྟོང་གསུམ་འཇི༷ག་རྟེ༷ན་གྱི་ཁམས་ཆེན་པོ་འདིའི་གཏོ༷ས་ད༷ང་མཉ༷མ་པར་ངེས་ཤིང་། གདོས་བཅས་ཀྱི་ལུས་བླངས་པའི་ལུས་ཀྱི་རྣ༷ག་དང་ཁྲ༷ག་གལ་ཏེ་ལྷན་གཅིག་ཏུ་གསོ༷ག་ན༷འང་མཐའ་ཡི་རྒྱ༷་མཚོ༷་ཆེ༷ན་པོ༷་ཙ༷མ་ཡོད་ངེས་སོ།།

སྐྱེ་བ་དེ་སྙེད་ཅིག་གི་དགེ་སྡིག་གི་ལ༷ས་ཀྱི་འཕྲོ༷་རྣམས་ལྷན་གཅིག་ཏུ་གསོ༷ག་ན༷་ནི་བས༷མ་ཡུལ་ལས་འད༷ས་ཤིང་བརྗོ༷ད་ཀྱིས་མི༷་ལ༷ང་བའི་མང་པོ་ཞིག་ཡོད་པ་ནི་སྨོས་མ་དགོས་སོ།།

དེ་ལྟར་ཁམ༷ས་གསུ༷མ་གྱི་གནས་སུ་སྐྱེ་བ་གཅིག་ནས་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ་བ་དུང་ཕྱུར་ནས་གྲངས་མེད་དུ་བགྲང༷་རུང་ཞིང༷་ཆོག་པའི་གྲངས་སུ་སྐྱེ་བ་བླངས་ནས་སྐྱེས་པ་དང་ཤི་བ་རེས་མོས་ཀྱིས་སྐྱེ༷་ཤི༷འི་ཁ༷་ལ་བརྒྱུད༷་ཀྱ༷ང་དོན་དང་ལྡན་པའི་ལས་བཟང་པོ་རང་ལ་གཏན་གྱི་ཕན་པ་ཡོད་པ་གཅིག་ཀྱང་སྒྲུབ་པ་མེད་པར་བྱ༷ས་པ༷འི་ལ༷ས་ཡོད་ཚད་རྣམ༷ས་དོ༷ན་ཅི་ཡང་མེ༷ད་པ་ཤ་སྟག་ཡིན་པ་མ་ཟད་རང་ལ་གནོད་ཅིང་སྡུག་བསྔལ་སྐྱེད་པའི་ལས་རྐྱང་བ་ཡིན་ཕྱིར་སྐྱེ་བ་བླངས་ཚད་ཆུད༷་རེ༷་ཟོ༷ས་པ་ལགས་པས་ཡིད་སྐྱོ་ཞེས་སྐྱེ་བ་བླངས་ཚད་དོན་མེད་དུ་སོང་བ་ལ་སྐྱོ་བའི་སྨྲེ་སྔགས་བཏོན་ཅིང་སྡིག་ལྟུང་བཤགས་པའོ།།

དྲུག་པ་སྐྱེ་བ་གཅིག་ཙམ་ལ་བྱང་ཆུབ་ཀྱི་ལམ་ལ་འབད་པ་དོན་ཆེ་བར་བསྟན་པ་ནི། སྐྱེ་བ་གྲངས་མེད་ཇི་སྙེད་དེ་ཙམ་ལས༔ སྐྱེ་བ་ཚེ་གཅིག་ཁོ་ན་ཙམ་གྱི་ལས༔ བླ་མེད་བྱང་ཆུབ་དོན་དུ་རབ་སྤྱད་ན༔ དེ་ཙམ་བྱས་པའི་ལས་ལ་དོན་ཡོད་པས༔ དོན་གྱི་ཡོང་ཡེ་མྱ་ངན་འདས་ཟིན་ན༔ ལས་ཀྱི་དབང་བཙན་ཉོན་མོངས་སྟོབས་ཆེ་བས༔ ཤ་ཁྲག་གི་དྲྭ་བའི་ལུས་བླངས་འཁོར་བར་འཁྱམས༔ སྡུག་བསྔལ་བཟོད་དཀའ་སྲིད་པའི་བཙོན་རར་ཚུད༔ མི་བཟད་དྲག་པོའི་སྡུག་བསྔལ་འདི་ལྟ་བུ༔ ཉེས་བྱས་ཐམས་ཅད་རང་གི་ལས་བྱུང་༔ ཐུགས་རྗེ་ཆེན་པོས་ལས་ངན་རྒྱུན་བཅད་དེ༔ ཉོན་མོངས་ལས་ཀྱི་རླུང་འདི་བཟློག་ཏུ་གསོལ༔ ཞེས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ལ། དེ་ལྟར་སྨོས་མ་ཐག་པ་ལྟར་སྐྱེ༷་བ༷་གྲང༷ས་མེ༷ད་པ་ཇི༷་སྙེ༷ད་ཅིག་བླངས་ཡོད་ནའང་དེ༷་དག་ཐམས་ཅད་གཅིག་ཏུ་བསྡུས་པ་ཙ༷མ་ལ༷ས་སྐྱེ༷་བ༷་གཅིག་སྟེ་མི་ཚེ༷་གཅི༷ག་ཁོ༷་ན༷་ཙམ༷་གྱི༷་ཡུན་ལ་གང་གསོག་པའི་ལ༷ས་ལ་ནི་བླ༷་ན་མེ༷ད་པ་བྱང༷་ཆུབ༷་ཆེན་པོའི་གོ་འཕང་ཐོབ་པའི་དོ༷ན་དུ༷་དགེ་བའི་ལས་ལ་ར༷བ་ཏུ་སྤྱད༷་པ་ཡིན་ན༷་ནི་དེ༷་ཙ༷མ་གྱི་དུས་ཐུང་ངུའམ་སྐྱེ་བ་གཅིག་ཙམ་པོར་བྱ༷ས་པ༷འི་དགེ་བའི་ལ༷ས་ལ༷་དོ༷ན་དང་ལྡན་པ་སྙིང་པོ་ཡོད༷་པ་ལགས་པས༷། གལ་ཏེ་དེ་སྔ་བླངས་ཟིན་པའི་སྐྱེ་བ་དེ་འདྲའི་མང་པོ་ཞིག་གི་ཡུན་ལ་བླ་མེད་བྱང་ཆུབ་ཀྱི་ལམ་ལ་འབད་པ་བགྱིས་ཡོད་ན་ནི་དོ༷ན་གྱི༷་དབང་དུ་བྱས་ན་ད་ལྟ་ཡོང༷་ཡེ༷་སྟེ་ངེས་པར་དུ་མི་གནས་པའི་མྱ༷་ང༷ན་ལས་འད༷ས་པའི་གོ་འཕང་ཐོབ་ཟི༷ན་པ་གདོན་མི་ཟ་པ་ཡིན་ན༷འང་། དཔེ་ལ་ལར་ཀྱང་ཡོད་པ་དག་ན། མྱང་ངན་ལས་འདས་པའི་གོ་འཕང་ཐོབ་ཟིན་ཡོད་ཀྱང་ད་དུང་མ་ཐར་བར་སྡུག་བསྔལ་མྱོང་དགོས་བྱུང་བ་ནི་ལ༷ས་ཀྱི༷་དབ༷ང་ཤུགས་བཙ༷ན་པ་དང་། དེ་བསྐྱེད་པའི་ཉོན༷་མོང༷ས་པ་སྟོབ༷ས་ཆེ༷་བ༷ས་ན་དེའི་དབང་གིས་ཤ༷་ཁྲ༷ག་གི་དྲྭ༷་བ༷འི་རྒྱ་དམ་པོས་དཀྲིས་པའི་རང་བཞིན་ཅན་གྱི་གདོས་བཅས་ཀྱི་ལུས༷་འདི་བླང༷ས་ནས་འཁོ༷ར་བ༷འི་གནས་རིས་འདིར༷་འཁྱ༷མས་ཤིང་། སྡུག༷་བསྔ༷ལ་བཟོ༷ད་པར་དཀ༷འ་བའི་རིགས་དྲུག་སྲི༷ད་པ༷འི་འཇིགས་རུང་གི་བཙོ༷ན་ར༷ར་ཚུ༷ད་པ་ཡིན་ཏེ། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། ཉོན་མོངས་སྟོབས་ཀྱིས་བྱིས་པ་རྣམས་གཙེས་ཏེ། །མ་འཚལ་བས་ནི་སྡིག་པའི་སུག་ལས་བགྱིད། །དེ་སླད་འགྲོ་བ་རྣམས་སུ་སྡུག་བསྔལ་མྱོང་། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེས་ན་ཤིན་ཏུ་མི༷་བཟ༷ད་པའི་གདུང་བ་དྲག༷་པོ༷འི་རང་བཞིན་ཅན་གྱི་སྡུག༷་བསྔ༷ལ་འདི༷་ལྟ༷་བུ༷་ནི་རྒྱུ་མེད་དུ་བྱུང་བ་དང་། དབང་ཕྱུག་ལྟ་བུ་བྱེད་པོ་གཞན་གྱིས་བྱས་པ་མིན་པར། སྨོས་ཟིན་ལྟར་སྲོག་གཅོད་ལ་སོགས་པའི་ཉེས༷་པ་བྱས༷་པ་ཐམ༷ས་ཅ༷ད་ཀྱི་རྒྱུ་ལས་བྱུང་བའི་ཕྱིར་ན་རང༷་གི༷་ལ༷ས་སྒྲིབ་ངན་པ་དེ་ལ༷ས་བྱུང༷་བ་ཡིན་ན་ཐུག༷ས་རྗེ༷་ཆེ༷ན་པོ༷་དང་ལྡན་པའི་རྒྱལ་བ་རྡོ་རྗེ་སེམས་དཔའ་ཡིས༷་བདག་གི་ལ༷ས་ང༷ན་གྱི་རྒྱུན༷་དེ་ཉིད་བཅ༷ད་དེ༷་ཉོ༷ན་མོ༷ངས་པ་དང་དེས་བསྐྱེད་པའི་དམ་ཚིག་ཉམས་པའི་ལས་ལ་སོགས་པའི་ཀུན་འབྱུང་ཉོན་མོངས་པ་དང་ལ༷ས་ཀྱི༷་རླུང༷་དམར་ཆེན་པོ་འདི༷་ད་ལྟ་ཉིད་དུ་བཟློ༷ག་ཏུ༷་གསོ༷ལ་ཞེས་སྐྱེ་བ་གཅིག་ཙམ་ལ་བྱང་ཆུབ་ཀྱི་དོན་དུ་འབད་པ་དོན་ཆེ་བར་མཐོང་ནས་ཚེ་རབས་དུ་མར་དོན་མེད་ཀྱི་ངང་དུ་ཆུད་ཟོས་པས་དུས་འདས་པ་ལ་འགྱོད་པས་སྨྲེ་སྔགས་བཏོན་ཅིང་སྡིག་པ་བཤགས་པའོ།།

བདུན་པ་སྡུག་བསྔལ་ལས་སྐྱོབ་ཕྱིར་ལྷ་ལ་སྨྲེ་སྔགས་ཀྱིས་རེ་འཁང་འདོན་པ་ནི། མ་རིག་ལོག་པའི་ལས་ཀྱི་དབང་བཙན་ནས༔ མི་ཤེས་མུན་པའི་ནང་དུ་གཏན་འཁྱམས་ན༔ ཡེ་ཤེས་སྒྲོན་མེ་ཟེར་གྱིས་མི་སྟོངས་སམ༔ ཉེས་བྱས་ལས་ཀྱི་རྣམ་སྨིན་མི་བཟོད་ན༔ ཐུགས་རྗེ་ཆེན་པོའི་འཕྲིན་ལས་མི་མཛད་དམ༔ ཕྱིན་ཅི་ལོག་གི་གཡང་སར་ལྟུང་ལགས་ན༔ ཐུགས་རྗེ་མྱུར་མགྱོགས་ཕྱག་གིས་མི་འཛིན་ནམ༔ དུག་གསུམ་བཟོད་དཀའི་ནད་ཀྱིས་གདུང་ལགས་ན་༔ ཐབས་མཁས་ཐུགས་རྗེ་སྨན་གྱིས་མི་གསོའམ༔ ལས་ཀྱིས་རྣམ་སྨིན་བསྔལ་གྱི་མེ་འབར་ན༔ ཐུགས་རྗེ་བསིལ་བའི་ཆུ་རྒྱུན་མི་འབེབས་སམ༔ སྡུག་བསྔལ་འཁོར་བའི་འདམ་དུ་བྱིང་གྱུར་ན༔ ཐབས་མཁས་ཐུགས་རྗེ་ལྕགས་ཀྱུས་མི་འདྲེན་ནམ༔ ཁམས་གསུམ་འཁོར་བའི་གནས་ནས་སྦྱངས་སྦྱངས་ནས༔ ནམ་ཞིག་རང་རིག་འབྲས་བུ་ཐོབ་པའི་ཚེ༔ འཕགས་པའི་ཐུགས་རྗེ་ཅི་འཚལ་དོན་མ་མཆིས༔ བདག་ཉིད་ལས་འཕྲོའི་དབང་བཙན་བཞག་ན་ལྟ༔ ཐུགས་རྗེ་ཆེ་ཞེས་སུ་ལ་ཅི་ཞིག་བགྱི༔ དཔའ་བོ་ཁྱེད་ལ་ཐུགས་རྗེའི་སྟོབས་མངའ་ཞིང་༔ སྔོན་བྱུང་འབྲེལ་བའི་ལས་ཀྱི་འཕྲོ་བཙན་ན༔ ཡལ་ཡོལ་བཏང་སྙོམས་ལེ་ལོ་མ་མཛད་པར༔ སྙིང་ནས་ད་གཟིགས་ཤིག་ཐུགས་རྗེ་རྒྱལ་བའི་ལྷ༔ འཁོར་བའི་འདམ་ནས་དྲངས་ཏེ་སྐུ་གསུམ་གྱི༔ གོ་འཕང་མཆོག་ལ་མྱུར་དུ་དྲང་དུ་གསོལ༔ ཞེས་པའི་ཚིགས་སུ་བཅད་པ་དྲུག་གིས་བསྟན་ལ། འཕགས་པ་བདག་མེད་པས་དྲིས་པའི་མདོ་ལས། ཀུན་རྫོབ་ཆོས་ལ་ཞུགས་པ་ཡི། །སེམས་ཅན་ཉོན་མོངས་དབང་དུ་འགྲོ། །དོན་དམ་ཡོངས་སུ་མ་ཤེས་པས། །འཁོར་བར་ཡུན་རིང་འཁོར་བར་འགྱུར། །ཞེས་གསུངས་པ་ལྟར། དེ་ལྟར་ཡང་ཡང་སྨོས་པ་ལྟར་དོན་དམ་པའི་གནས་ལུགས་ཇི་བཞིན་མ་རྟོགས་པར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ལ་བདག་ཏུ་ཞེན་པ་མ༷་རི༷ག་པའི་བློ་ཡིས་ཉོན་མོངས་པ་རྣམས་བསྐྱེད་ཅིང་དེས་ཕྱིན་ཅི་ལོ༷ག་པ༷འི་ལས་སྣ་ཚོགས་པ་འབྱིན། ལ༷ས་ཀྱི༷་དབ༷ང་བཙ༷ན་དྲག་ན༷ས་བླང་དོར་དང་གནས་ལུགས་ཀྱི་དོན་མི༷་ཤེས༷་པའི་མུ༷ན་པ་སྟུག་པོ་འཐིབས་པ༷འི་སྲིད་པ་གསུམ་གྱི་ན༷ང་དུ༷་དུས་གཏ༷ན་དུ་འཁྱམ༷ས་པ་ཡིན་ན༷། ད་ནི་བྱམས་མགོན་ཐུགས་སྙིང་རྗེའི་བདག་ཉིད་ཅན་དཔལ་རྡོ་རྗེ་སེམས་དཔའི་ཐུགས་རྣམ་པ་ཐམས་ཅད་ཁྱེན་པའི་ཡེ༷་ཤེས༷་ཀྱི་སྒྲོ༷ན་མེ༷་ལས་འཕྲོས་པའི༷་འཕྲིན་ལས་ཀྱི་འོད་ཟེ༷ར་གྱི༷ས་བདག་ལ་མི༷་སྟོང༷ས་ས༷མ་སྟེ་ཕན་པར་མི་བྱེད་དམ། དོན་ལ་ཕན་པར་བྱེད་རིགས་སོ་ཞེས་པའོ། །དེ་ཡང་སྟོངས་ཞེས་པ་མེད་པ་ལ་གོ་ཡང་རུང་ལ། དེ་ལྟར་ན་བདག་གི་ལས་ངན་གྱི་རྒྱུ་འབྲས་འདི་སྟོང་ནས་མེད་པར་མི་བྱེད་དམ་ཞེས་འགྲེལ་ཡང་རུང་ངམ་སྙམ་མོ།།

བདག་གིས་ནི་ཉེས༷་པ་བྱས༷་པའི་ལ༷ས་ཀྱི༷་རྒྱུ་ཡི་འབྲས་བུ་རྣ༷མ་པར་སྨི༷ན་པའི་སྡུག་བསྔལ་འདི་མི༷་བཟོ༷ད་ན༷་མགོན་པོ་ཐུག༷ས་བརྩེ་བ་སྙིང་རྗེ༷་ཆེ༷ན་པོ༷འི་ཐུགས་དང་ལྡན་པ་གང་གིས་བདག་སྡུག་བསྔལ་ལས་སྐྱོབ་པའི་འཕྲི༷ན་ལས༷་སྤྲོ་བར་མི༷་མཛ༷ད་ད༷མ། བདག་ནི་བགྲོད་པའི་གནས་མིན་པ་ཕྱི༷ན་ཅི༷་ལོ༷ག་གི༷་གཡ༷ང་ས༷་ཆེན་པོ་རུ་དྲའི་ལུས་ངན་པར༷་ལྟུང༷་པ་ལག༷ས་ན༷་དཔལ་རྡོ་རྗེ་སེམས་དཔའི་ཐུག༷ས་བརྩེ་བའི་སྙིང་རྗེ༷་ཆེན་པོ་མྱུར༷་ལ་མགྱོ༷གས་པའི་ཕྱ༷ག་གི༷ས་ངན་སོང་གི་གཡང་སར་མི་གཏོང་བར་མི༷་འཛི༷ན་ནམ༷་མམ་འཛིན་པ་མི་བྱེད་དམ་དོན་ལ་འཛིན་རིགས་སོ།།

ཐམས་ཅད་གསང་བའི་རྒྱུད་ལས། འདོད་ཆགས་ཞེ་སྡང་གཏི་མུག་སྟེ། །འདི་དག་འཇིག་རྟེན་དུག་གསུམ་ཡིན། །ཞེས་གསུངས་པ་ལྟར། བདག་ནི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་སྟེ་དུ༷ག་གསུ༷མ་གྱི་བཟོ༷ད་པར་དཀ༷འ་བའི༷་ན༷ད་ཀྱི༷ས་རྟག་ཏུ་གདུང༷་བ་ལ༷གས་ན༷་མགོན་པོ་ཁྱོད་ཀྱི་ཐབ༷ས་མཁ༷ས་ལ་ཐུག༷ས་རྗེ༷་ཆེ་བའི་སྨ༷ན་གྱི༷ས་བདག་གི་དུག་གསུམ་གྱི་ནད་དེ་མི༷་གསོ༷འ༷མ་སྟེ་གསོ་བར་མི་བྱེད་དམ། མི་དགེ་བ་སྡིག་པའི་ལས༷་ཀྱི༷་དབང་གིས་བསྐྱེད་པའི་རྣམ༷་སྨི༷ན་རིགས་དྲུག་གི་སྡུག༷་བསྔ༷ལ་གྱི་མེ༷་འབ༷ར་བས་བདག་བསྲེགས་ནས་མནར་བ་ལགས་ན༷། མེ་ཆེན་དེ་གསོད་ཕྱིར་མགོན་པོ་ཁྱོད་ཀྱི་ཐུག༷ས་རྗེ༷་རབ་ཏུ་བསི༷ལ་བ༷འི་ཆུ༷་རྒྱུན༷་མི༷་འབེ༷བས་ས༷མ་སྟེ་འབེབས་པར་མི་བྱེད་དམ། དེ་ལྟར་བདག་ནི་ཐོག་མེད་ནས་སྡུག༷་བསྔ༷ལ་འཁོ༷ར་བ༷འི་འད༷མ་རྫབ་ནང་དུ༷་བྱི༷ང་བར་གྱུར༷་པ་ཡིན་ན༷། མགོན་པོ་ཁྱོད་ཀྱི་ཐབ༷ས་མཁས༷་ལ་ཐུག༷ས་རྗེ༷་ཆེ་བའི་ལྕ༷གས་ཀྱུ༷་ཡིས༷་འཁོར་བའི་འདམ་རྫབ་ལས་མི༷་འདྲེ༷ན་ན༷མ་སྟེ་འདྲེན་པར་མི་བྱེད་དམ། མགོན་པོ་ཐུགས་རྗེ་ཅན་ཁྱོད་ནི་སེམས་ཅན་འདྲེན་པ་ཆེན་པོ་ལགས་ན་བདག་ངེས་པར་ན་འདྲེན་པར་རིགས་སོ་ཞེས་ལྷ་ལ་གདུང་ཤུགས་ཀྱིས་གསོལ་བ་རྩེ་གཅིག་ཏུ་བཏབ་པའོ།།

གལ་ཏེ་ལས་ངན་གྱིས་མནར་བའི་དུས་འདི་འདྲའི་དུས་སུ་འཕགས་པའི་ཐུགས་རྗེས་མི་གཟིགས་པར་བདག་འཁོར་བའི་སྡུག་བསྔལ་ལས་ཐར་བར་འདྲེན་པར་མི་བྱེད་པའམ་འདྲེན་པར་མ་བྱས་པར་ཁམ༷ས་གསུ༷མ་འཁོར༷་བ༷འི་གན༷ས་རིས་སྐྱོ་བོ་འདི་ན༷ས་བདག་རང་ཉིད་ཀྱིས་བརྩོན་པ་ཆེན་པོས་བྱང་ཆུབ་ཀྱི་ལམ་ལ་སྦྱང༷ས་སྦྱང༷ས་ན༷ས་ན༷མ་ཞི༷ག་གི་དུས་ན་ར༷ང་རི༷ག་འོད་གསལ་འགགས་མེད་གཞི་བཞེངས་ཆེན་པོའི་འབྲ༷ས་བུ༷་ཆོས་ཀྱི་སྐུ་མངོན་དུ་གྱུར་ཏེ་དེའི་གོ་འཕང་ཐོ༷བ་པ༷འི་ཚེ༷་ན་འཕགས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་ན་འཕ༷གས་པ༷འི་ཐུག༷ས་རྗེ༷་ཡིས་བདག་ལ་འབྲས་བུ་ཐོབ་པ་ཡིན་ཞེས་པའི་དྲིན་བརྗོད་པ་ཞིག་ཅི༷་ཞིག་འཚ༷ལ་ཏེ། འཕགས་པའི་ཐུགས་རྗེ་དང་དྲིན་ཡིན་ཟེར་བ་ཅི་ཡང་ཡོད་པ་མ་ཡིན་ལ། འཕགས་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་དུ་འཆུག་ཀྱང་བདག་ལ་དོ༷ན་ཆེན་པོ་དང་ལྡན་པར་བྱས་པ་ཅི་ཡང་མ༷་མཆི༷ས་ཏེ། བདག་ཅག་འདྲེན་པ་པོ་དེ་འཕགས་པ་མ་ཡིན་པར་རང་སྟོབས་ཀྱིས་ཐར་བ་ཡིན་པས་སོ།།

དེ་ལྟར་རང་ཉིད་ཀྱིས་ལམ་ལ་སྦྱངས་ནས་འབྲས་བུ་རང་རིག་འོད་གསལ་ཆོས་ཀྱི་སྐུ་ཐོབ་པའི་ཚེ་ན་བད༷ག་ཉི༷ད་ཀྱིས་སྦྱངས་པའི་ལ༷ས་འཕྲོ༷་བཟང་པོའི༷་དབ༷ང་ཤུགས་བཙ༷ན་པོ་དེའི་སྟོབས་ཀྱིས་ལས་དང་ཉོན་མོངས་པ་བཅོམ་ནས་དེས་སྡུག་བསྔལ་སྐྱེད་མཚམས་བཅད་པ་ལས་བྱུང་བ་ཡིན་པའི་ཕྱིར་ན་རང་གི་ལམ་ལ་སྦྱངས་པའི་ལས་འཕྲོ་བཙན་པོའི་དབང་དུ་བཞ༷ག་པ་ཡིན་ན༷། དེ་ལྟ་བུའི་དུས་སུ་འཕགས་པས་བདག་ལ་འབྲས་བུ་སངས་རྒྱས་ཀྱི་བདེ་བ་འབད་མེད་དུ་སྩོལ་བ་ལྟ༷་ཞོག་ཐ་ན་སྡུག་བསྔལ་ལས་ཐར་བའི་གྲོགས་དན་ཙམ་ཡང་མ་མཛད་པས་འཕགས་པ་ལ་ཐུག༷ས་རྗེ༷་ཆེ༷་ཞེས༷་གང་ཟག་སུ༷་ཞིག་ལ༷་བསྔགས་པ་དང་བཀའ་དྲིན་ཆེ་བ་ཅི༷་ཞི༷ག་བརྗོད་པར་བགྱི༷་བ་ཡོད་དེ་ཅི་ཡང་མེད་དེ། རང་དྲིན་རང་ལ་ཆེ་བ་ལས་འཕགས་པའི་དྲིན་གྱིས་ཐར་བ་མ་ཡིན་པའི་ཕྱིར། དེས་ན་འགྲོ་བ་འདུལ་བ་ལ་གཅིག་ཏུ་དཔའ་བའི་དཔ༷འ་བོ༷་འཕགས་པ་མཆོག་དཔལ་རྡོ་རྗེ་སེམས་དཔའ་ཁྱེ༷ད་ལ༷་ཐུག༷ས་རྗེ༷་ཆེན་པོའི༷་སྟོབ༷ས་ཕུལ་དུ་བྱུང་བ་མང༷འ་ཞི༷ང་། བདག་ཅག་ལ་དགེ་སློང་ཐུབ་དཀའ་གཞོན་ནུ་དང་སློབ་མ་ཐར་བ་ནག་པོ་ལྟ་བུའི་ཚེ་རབས་སྔོ༷ན་གྱི་བྱུང༷་བར་བླ་མ་དང་སློབ་མར་གྱུར་ཏེ་ཆོས་ཀྱིས་འབྲེ༷ལ་བ༷འི་ལ༷ས་ཀྱི༷་འཕྲོ༷་བཙ༷ན་པོ་དང་ལྡན་པ་ཡིན་ན༷་འཕགས་མཆོག་ཁྱེད་ཀྱིས་འཕྲིན་ལས་ཀྱི་ཤུགས་ཆེན་པོ་མི་འདོན་པར་ཡ༷ལ་ལེ་ཡོ༷ལ་ལེ་དང་ཅི་མི་སྙམ་པའི་བཏ༷ང་སྙོམ༷ས་སུ་འཇོག་པའི་ལེ༷་ལོ༷་ལྟ་བུའི་ཚུལ་མ༷་མཛ༷ད་པ༷ར་ཐུགས་སྙིང༷་རྗེ་ཆེན་པོའི་གཏིང་ན༷ས་ད༷་ལྟ་ཉིད་དུ་བདག་ལ་ཐུགས་རྗེས་གཟི༷གས་ཤིག། ཀྱེ་ཐུག༷ས་རྗེ༷་ཆེན་པོའི་མངའ་བདག་རྒྱལ༷་བ༷་རྫོགས་པའི་སངས་རྒྱས་སུ་གྲགས་པའི༷་ལྷ༷་མཆོག་ཆེན་པོ་ཞེས་གདུང་བས་བོས་ཏེ། ཁྱོད་ཀྱིས་བདག་འཁོར༷་བའི༷་སྡུག་བསྔལ་གྱི་འད༷མ་རྫབ་ཆེན་པོ་ནས༷་ཡར་དྲང༷ས་ཏེ༷། ཇི་སྐད་དུ་ཕག་མོ་མངོན་བྱུང་ལས། ཀུན་ལ་ཁྱབ་པ་ཆོས་སྐུ་དང་། །ཐེག་ཆེན་སྤྱོད་པ་ལོངས་སྐུ་དང་། །གང་ལ་གང་འདུལ་སྤྲུལ་སྐུ་དང་། །ཞེས་གསུངས་པ་ལྟར། ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་སྟེ་མཐར་ཐུག་གི་འབྲས་བུ་སྐུ༷་གསུ༷མ་གྱི༷་གོ༷་འཕ༷ང་མཆོ༷ག་དེ་ལ༷་ཕྱི་བཤོལ་དང་བཏང་སྙོམས་མ་མཛད་པར་དུས་ད་ལྟ་ཉིད་དུ་མྱུར་བ་མྱུར༷་དུ༷་དྲང༷་དུ༷་གསོ༷ལ་ལོ་ཞེས་གདུང་བའི་ཡུས་ཀྱི་སྨྲེ་སྔགས་ཀྱིས་ལྷག་པའི་ལྷ་མཆོག་རྡོ་རྗེ་སེམས་དཔའ་ལ་འཁོར་བ་ལས་སྐྱོབ་པར་གསོལ་བ་བཏབ་པ་སྟེ། རུ་དྲ་ཐར་པ་ནག་པོས་སྔོན་བྱས་ཀྱི་ལས་ལ་འགྱོད་པ་དྲག་པོས་སྨྲེ་སྔགས་བཏོན་ནས་རང་གི་ང་རྒྱལ་བཅག་སྟེ་རྒྱལ་བ་ལ་གདན་ཁྲི་ཕུལ་བའི་བྱུང་བ་ལས་བྱུང་བའི་བཤགས་པ་དེ་ཉིད་ཉམས་ཆག་ཅན་གྱི་ཉེས་ལྟུང་བཤགས་པའི་ཐབས་སུ་འདིར་བསྟན་པའོ།།

རྙིང་རྒྱུད་རྣམས་སུ་རུ་དྲ་ཐར་བ་ནག་པོའི་བྱུང་བ་དང་འདྲ་བར་གསར་རྒྱུད་རྣམས་ལས་དཔལ་ཁྲག་འཐུང་གི་རྒྱལ་པོ་བདེ་མཆོག་གིས་དབང་ཕྱུག་འདུལ་བའི་བྱུང་བ་མཆིས་ལ། དེ་ཡང་ཁ་ཅིག་རུ་དྲ་ཞེས་པ་འདི་རྙིང་མ་ཁོ་ནའི་ཆོས་སྐད་ཡིན་ཟེར་བ་ཐོས་རྒྱ་ཆུང་བའི་སྐྱོན་ཡིན་ཏེ། རུ་དྲ་ནི་དྲག་པོའི་མིང་ཡིན་ལ། གསར་རྒྱུད་ནས་ཀྱང་རུ་དྲ་ཞེས་པའི་ཆོས་སྐད་དང་བྱུང་བ་དངོས་སུ་བྱུང་བའི་ཕྱིར། གྲུབ་སྟེ། བདེ་མཆོག་ར་ལི་སོ་གཉིས་ཀྱི་གྲས་ཀྱི་གསང་བ་ཐམས་ཅད་གཅོད་པའི་རྒྱུད་ལས། དུར་ཁྲོད་ཆེན་པོ་སི་ཧླ་ལིང་། །རུ་དྲ་འདུལ་བའི་རིམ་པ་སྟེ། །བདུད་རྩིས་རྣམ་རྟོག་ལ་སོགས་འཇོམས། །འཕྲིན་ལས་བཞི་ནི་ཐུན་མོང་ཡིན། །ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། ལྷོ་རུ་རུ་དྲ་བྲི་བྱ་སྟེ། །དུ་བའི་མདོག་ཅན་ལག་པ་བཞི། །རྩེ་གསུམ་མདུང་དང་ཐོད་པ་དང་། །ཞགས་པ་དང་ནི་བགྲང་ཕྲེང་ཐོགས། །ཞེས་དང་། རུ་དྲ་སྐེམ་བྱེད་སྒོ་བཞིར་རོ། །ཞེས་དང་། དཔལ་ཉི་མའི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོ་ལས། ཞེ་སྡང་རུ་དྲར་སྐྱེ་བའི་ལས། །ཞེ་སྡང་རང་རིག་བསྐྱེད་པ་དང་། །ལུས་ཀྱི་དྲི་མ་འཁྲུད་པ་ལས། །ལས་ཀྱི་དབྱེ་བ་མ་སྤངས་པའོ། །ཞེས་དང་། དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད་ལས། ཞལ་གྱི་དྲག་པོ་ཧོམ་ཁུང་གདེངས་པ་ནི། །བསྟན་པ་འཇིག་པའི་རུ་དྲ་སྒྲོལ་བའི་རྟགས། །ཞེས་དང་། མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ཁེ་གད་འཁོར་ལོ་གྲགས་པའི་འགྱུར་ལ་ཀེ་བོ་ཤེས་རབ་དཔལ་གྱི་འགྱུར་ཞུས་ལས། མ་ཧཱ་རུ་དྲ་བསྟིམས་ནས་ནི། །མགོ་བོ་ལྷོ་ནུབ་མཚམས་སུ་བསྟན། །ཞེས་གསུངས་པའི་ཕྱིར་རོ།། །།

ལྔ་བ་ལྟ་བའི་ཀློང་བཤགས་བསྟན་པ།

༈ རྩ་བའི་ས་བཅད་ལྔ་བ་ལྟ་བའི་ཀློང་བཤགས་ལ་ནི། ཆོས་ཀྱི་དབྱིངས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་དངོས་པོ་མཚན་མའི་ཆོས་སུ་གྲུབ་པ་རྡུལ་ཙམ་མེད་ཅིང་མ་གྲུབ་པས་ཉེས་པ་ཐམས་ཅད་བདེན་མེད་ཀྱི་ལྟ་བས་རྒྱས་ཐེབས་པར་བྱས་ན་བཤགས་བྱ་བཤགས་བྱེད་མེད་པར་འཁྲུལ་བ་རང་ཞིག་ཏུ་གྱུར་ཏེ་ཉེས་པས་གོས་པ་དང་སྒྲིབ་པར་གྱུར་པ་མེད་པས་ན་བཤགས་ཐབས་དེས་ཟིན་པ་ནི་བཤགས་པའི་ཐབས་ཀྱི་རྒྱལ་པོ་དང་མཆོག་ཡིན་ཏེ། ཇི་སྐད་དུ། གང་ཞིག་བཤགས་པ་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་གསུངས། །ཞེས་གསུངས་པའི་ཕྱིར། དེས་ན་ཆོས་ཉིད་བདེ་ཆེན་གྱི་ཀློང་དུ་བཤགས་ཐབས་མདོར་བསྟན་པ་དང་། དེ་རྒྱས་པར་བསྟན་པ་གཉིས་ལས།

དང་པོ་ནི། ཨོཾ་ཆོས་ཀྱི་དབྱིངས་ཉིད་སྤྲོས་པ་མེད་པ་ལ༔ གཟུང་འཛིན་གཉིས་སུ་ལྟ་བ་ཡོང་རེ་གོལ༔ དངོས་པོ་མཚན་མར་འཛིན་པ་ཉོན་རེ་མོངས་༔ སྤྲོས་མེད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། འདིར་ཡོ་ག་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་དང་། གཞི་ལམ་འབྲས་གསུམ་ཕྱོགས་བསྡུས་ཀྱིས་ས་བཅད་བྱས་ཏེ་དེ་ལྟར་འགྲེལ་དུ་ཡོད་མཆི་མོད། བདག་གིས་ནི་དྲི་མེད་བཤགས་རྒྱུད་རང་ལས། གྲོལ་ལམ་ལྟ་བའི་བཤགས་པ་བསྟན་པའི་ལེའུ་སྟེ་ཞེས་གསུངས་པ་ལྟར། ལྟ་བའི་ཀློང་བཤགས་ཞེས་པའི་ཚིག་དངོས་སུ་ཐོན་པ་ལ་བརྟེན་ནས་གཞི་ཆོས་ཉིད་ཀྱི་ངོ་བོ་ལ་དབྱེ་བ་མེད་ཀྱང་དགག་བྱ་བཟང་ངན་སྐྱེ་འཆི་ལ་སོགས་པའི་ཆོས་ཅན་གྱི་ཆ་ནས་གནས་ལུགས་དོན་དམ་པའི་ལྟ་བ་གཏན་ལ་དབབ་ཚུལ་དང་ཆོས་ཅན་གང་གིས་སྟོང་པའི་ཆོས་ཉིད་ལ་མཉམ་པར་བཞག་པའི་སྒོ་ནས་བཤགས་བྱ་དང་། བཤགས་བྱེད་དང་། བཤགས་ཡུལ་ཐམས་ཅད་རིག་སྟོང་ཆོས་ཉིད་ཀྱི་ཀློང་དུ་དམིགས་པ་མེད་པར་རྒྱས་བཏབ་པས་བཤགས་པ་ནི་བཤགས་པའི་རྒྱལ་པོ་ཡིན་པས་དེའི་ཚུལ་བཤད་པ་ཡིན་པར་འགྲེལ་བར་བྱ་སྟེ།

དེ་ཡང་གསང་བ་འདུས་པ་ལས། སྐུ་གསུམ་ཨོཾ་ཡིག་རབ་ཏུ་བསྒོམ། །ཞེས་གསུངས་པ་ལྟར་ཨོཾ༷་ནི་སྐུ་གསུམ་དང་སྨོས་ཟིན་ལྟར་སྐུ་ལྔ་ཡེ་ཤེས་ལྔའི་མཚོན་བྱེད་དང་དེའི་བྱིན་རླབས་དང་ཤིས་པ་བརྗོད་པའོ།།

ཚིག་དོན་དངོས་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་མཐར་ཐུག་པ་ཆོས༷་ཀྱི༷་དབྱི༷ངས་དེ་ཁོ་ན་ཉི༷ད་ཀ་དག་བསམ་བརྗོད་དང་བྲལ་བ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དེ་ལ་ནི་རྟག་ཆད་འགྲོ་འོང་དང་། ཡོད་མེད་སྐྱེ་འགགས་ལ་སོགས་པའི་སྤྲོས་པའི་མཚན་མ་གང་ཡང་བདེན་པར་མ་གྲུབ་སྟེ། ཤེར་ཕྱིན་སྟོང་ཕྲག་བརྒྱ་བ་ལས། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཆོས་ཀྱི་གནས་ཉིད་ཀྱི་རང་བཞིན་ནི་དངོས་པོ་མེད་པའོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། འོང་དང་འགྲོ་བ་མེད་པ་དང་། །སྤྲོས་མེད་ལྷུན་གྱིས་གྲུབ་པ་ཡི། །ཆོས་རྣམས་ཀུན་གྱི་རང་བཞིན་ནི། །སངས་རྒྱས་ཀུན་གྱི་བསླབ་པ་སྟེ། །ཞེས་དང་། འཇམ་དཔལ་ལས་བཞི་འཁོར་ལོ་གསང་བའི་རྒྱུད་ལས། ཆོས་ཉིད་སྤྲོས་པ་མེད་པ་ལ། །ཀུན་ཏུ་མི་འགྱུར་ནམ་མཁའ་འདྲ། །ཞེས་གསུངས་པའི་ཕྱིར།

དེས་ན་དེ་ལྟར་ཆོས་དབྱིངས་སྤྲོས༷་པ༷་མེ༷ད་པ༷་ལ༷་གཟུ༷ང་བ་ཡུལ་དང་རྟོགས་བྱེད་ཀྱི་ཡུལ་ཅན་འཛི༷ན་པ་སེམས་ཞེས་གཉིས་སུ་དབྱེ་བ་མེད་ཅིང་མ་གྲུབ་ནའང་རྨོངས་པའི་དབང་གིས་དེ་གཉི༷ས་སུ༷་ལྟ༷་བ༷་ནི། འཕགས་པ་འོད་ཟེར་ཀུན་ཏུ་བཀྱེ་བ་ལས། བདག་ཏུ་འདུ་ཤེས་ལ་ཞེན་པས། །ཡང་དག་དོན་ལ་རྨོངས་པར་འགྱུར། །བློ་གྲོས་དག་དང་མི་ལྡན་པས། །ཚིག་གི་བྱེ་བྲག་འབྱེད་མི་ནུས། །རང་བཞིན་སྟོང་པའི་ཆོས་ཐོས་ཀྱང་། །དེ་ལ་མོས་པ་སྐྱེ་མི་འགྱུར། །ཞེས་གསུངས་པར་ལྟར་གནས་ལུགས་ཀྱི་དོན་མ་རྟོགས་པར་རྨོངས་པས་ཆོས་ཉིད་ཀྱི་དོན་ལས་ཡོ༷ང་རེ༷་སྟེ་གཏན་དུའམ་ངེས་པར་དུ་རེ་གོ༷ལ་སོང་བ་ལགས་ཤིང་། དེའི་དབང་གིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་གོལ་བ་ཕྱིན་ཅི་ལོག་པའི་ལམ་དུ་ཞུགས་པ་ཡིན་ལ། ཆོས་ཉིད་དེ་དངོ༷ས་པོ༷་ཀུན་རྫོབ་པ་དང་མཚ༷ན་མ༷ར་གྲུབ་པའི་ཆོས་སུ་འཛི༷ན་པ༷་ནི་བློ་ཤིན་ཏུ་ཉོ༷ན་རེ༷་མོ༷ངས་པ་སྟེ་འཁྲུལ་བའི་ངལ་དུབ་ཀྱི་དབང་དུ་སོང་བ་ཡིན་ཞིང་། དེ་ཕྱིར་རིགས་དྲུག་འཁྲུལ་བའི་གནས་རིས་འདིར་སྡུག་བསྔལ་མི་བཟད་པས་ངལ་ཞིང་ཉོན་རེ་མོངས་པར་བྱས་པ་ཡིན་ནོ།།

དེས་ན། འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་གྱི་མདོ་ལས། ཤིན་ཏུ་ངོ་བོ་ཉིད་ཀྱིས་ནི། །ཆོས་རྣམས་སྟོང་ཞིང་སྤྲོས་མེད་པར། །དྲན་དང་ལྡན་པ་གང་གིས་ཤེས། །དེ་དག་ཆོས་ཀྱང་འཛིན་པར་འགྱུར། །ཞེས་དང་། འཕགས་པ་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། ཟག་མེད་ཚུལ་ཁྲིམས་ཡིད་ཆེས་ལ། །རྙོག་པ་མེད་ཅིང་སྤྲོས་མེད་པ། །ཞི་བའི་དབྱིངས་ལ་མཉམ་གཞག་པ། །དེ་ཕྱིར་བློ་ལྡན་དད་པས་འབྲང་། །ཞེས་གསུངས་པ་ལྟར། ད་ནི་དོན་དམ་པར་དངོས་པོ་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་སྤྲོས༷་མེ༷ད་འོད་གསལ་བདེ༷་བ་ཆེ༷ན་པོ་དབྱིངས་ཡེ་ཟུང་དུ་འཇུག་པའི་ཀློང༷་དུ༷་མཉམ་པར་བཞག་སྟེ་མཚན་མར་འཛིན་པ་དང་སྔར་བྱས་ཀྱི་ཉེས་ལྟུང་ཐམས་ཅད་བཤགས་བྱ་བཤགས་བྱེད་མ་དམིགས་པའི་ཉམས་ལེན་གྱིས་བཤ༷གས་པ༷ར་བགྱི༷འོ་ཞེས་ཆོས་ཀྱི་དབྱིངས་ལ་དངོས་པོ་མཚན་མའི་ཆོས་སུ་བདེན་པར་མ་གྲུབ་པར་རྟོགས་ན་དམ་ཚིག་ཉམས་ཆག་ངང་གིས་དག་པ་ལས་བཤགས་ཐབས་ལོགས་སུ་མི་དགོས་པར་སྤྱིར་བསྟན་པའོ།།

གཉིས་པ་དེ་རྒྱས་པར་བསྟན་པ་ལ། བཟང་ངན་མེད་པའི་ཀློང་དུ་བཤགས་པ་དང་། མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པ་དང་། འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པ་དང་། ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པ་དང་། དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པ་དང་། རང་བྱུང་རྩོལ་མེད་ཀློང་དུ་བཤགས་པ་དང་། རིག་པ་ཡེ་ཤེས་ཀློང་དུ་བཤགས་པ་དང་། མཐའ་དབུས་མེད་པའི་ཀློང་དུ་བཤགས་པ་དང་། ཕྱི་ནང་མེད་པའི་ཀློང་དུ་བཤགས་པ་དང་། བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས་པ་དང་།ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པ་དང་། རོལ་བ་འཛིན་རྟོག་མེད་པའི་ཀློང་དུ་བཤགས་པ་དང་། ཡེ་ཤེས་རང་བཞིན་ཀློང་དུ་བཤགས་པ་དང་། བདེ་ཆེན་སྐྱེ་མེད་ཀློང་དུ་བཤགས་པ་དང་། ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས་པ་དང་། བྱང་ཆུབ་སྐྱོན་བྲལ་ཀློང་དུ་བཤགས་པ་དང་། མཉམ་ཉིད་བདེ་བ་ཆེན་པོའི་ཀློང་དུ་བཤགས་པ་དང་། ཆོས་ཉིད་བདེ་ཆེན་ཀློང་དུ་བཤགས་པ་དང་། དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པ་དང་། ཡེ་ཤེས་ལྷ་ཚོགས་དང་སྲུང་མ་དམ་ཚིག་ཅན་རྣམས་ལ་བཤགས་ཤིང་གོལ་སྒྲིབ་ལས་བསྲུང་བར་གསོལ་བ་དང་ཉི་ཤུ་ཐམ་པ་ལས།

དང་པོ་བཟང་ངན་མེད་པའི་ཀློང་དུ་བཤགས་པ་ནི། ཀུན་ཏུ་བཟང་པོ་བཟང་ངན་མེད་པ་ལ༔ བཟང་ངན་གཉིས་སུ་ལྟ་བ་ཐང་རེ་ཆད༔ གཙང་དང་སྨེ་བར་འཛིན་པ་སྙིང་རེ་རྗེ་༔ བཟང་ངན་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །སྤྲོས་མེད་ཡེ་ཤེས་དག་པ་ཡི། །ཀུན་བཟང་ཐུགས་མཆོག་ཁ་ལོ་བསྒྱུར། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཉིད་ཀུ༷ན་ཏུ༷་བཟ༷ང་པོ༷འི་ཀློང་ན་འདི་བཟ༷ང་པོ་དང་གཙང་བ་ཡིན་ཞེས་དང་། དེ་ནི་ང༷ན་པ་དང་སྨེ་བ་མི་གཙང་བ་ཡིན་ཞེས་པའི་གཉིས་ཆོས་དང་མཚན་མར་གྲུབ་པ་རྡུལ་ཙམ་མེ༷ད་པ༷་ཡིན་པ་ལ༷་རྣམ་རྟོག་གིས་བཟ༷ང་བ་དང་ང༷ན་པ་གཉི༷ས་སུ༷་ལྟ༷་བ༷་ནི་གནས་ལུགས་ཀྱི་དོན་ལ་སྒྲོ་བཏགས་པ་ཡིན་ཞིང་། དེའི་དབང་གིས་སྡུག་བསྔལ་གྱི་འཁྲུལ་འཁོར་ཆེན་པོས་སྐྱེ་བ་ནས་སྐྱེ་བར་མནར་བས་ཤིན་ཏུ་ཨ་ཐ༷ང་རེ༷་ཆ༷ད་པར་བགྱིས་པ་ཡིན་ཞིང་། དེ་བཞིན་དུ་གཙ༷ང་པའི་དངོས་པོ་ད༷ང་མི་གཙང་བ་སྨེ༷་བའི་དངོས་པོར༷་བདེན་པར་འཛི༷ན་པ༷་ཡང་སྒྲོ་བཏགས་ཀྱི་དབང་གིས་འཁྲུལ་བ་ཡིན་ཕྱིར་དེ་ལྟར་འཁྲུལ་བའི་གང་ཟག་དེ་དག་ནི་སྙིང༷་རེ༷་རྗེ༷་ཞེས་སམ་སྙིང་རེ་རྗེ་བའི་གནས་སྡུག་བདེན་གྱི་ཕུང་པོ་ཅན་དུ་གྱུར་པ་ལགས་སོ་ཞེས་པའོ།།

ཡང་ན་ཆོས་ཉིད་དོན་དམ་པའི་ངོས་ནས་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་པ་གྲོལ་བ་མཐར་ཐུག་བརྙེས་པའི་གང་ཟག་བཟང་པོ་སྤྱོད་པ་ཀུན་ནས་གཙང་བ་ཞིག་དང་། མ་དག་རིགས་དྲུག་གི་འགྲོ་བ་ཞེས་སྲིད་པའི་དུད་ཁ་ལ་འགྲིམ་པའི་གང་ཟག་ངན་པ་རྒྱུད་ཉོན་མོངས་པ་དང་ལས་སྒྲིབ་ངན་པས་སྨེ་བཙོག་གིས་སྦགས་པ་ཞིག་ཏུ་གྲུབ་པ་མེད་ཅེས་འགྲེལ་ཡང་རུང་ངམ་སྙམ། དེ་ལྟར་གནས་ལུགས་ཀུན་ཏུ་བཟང་པོ་ཞེས་པ་བཟ༷ང་ང༷ན་དང་གཙང་སྨེ་མེ༷ད་པ་ལ་སོགས་པ༷འི་དམིགས་པའི་མཚན་མ་ཐམས་ཅད་དང་བྲལ་བའི་ཆོས་ཉིད་རིག་སྟོང་སྤྲོས་བྲལ་ཆེན་པོ་དེར་ཟེར་བ་ལགས་ཤིང་། དེའི་ཀློ༷ང་དུ༷་མཉམ་པར་བཞག་པས་བཟང་ངན་དང་གཙང་སྨེར་འཛིན་པའི་བདེན་འཛིན་དག་པས་བདེན་པར་རྟོག་པའི་དབང་གིས་བྱུང་བའི་ཉེས་པ་དང་། དམ་ཚིག་ཉམས་ཆག་ཐམས་ཅད་བཤ༷གས་པ༷ར་བགྱི༷་ཞེས་པའོ།།

གཉིས་པ་མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པ་ནི། མཉམ་པ་ཉིད་ལ་ཆེ་ཆུང་མེད་པ་ལ༔ སངས་རྒྱས་སེམས་ཅན་ལྟ་བ་ཡོང་རེ་གོལ༔ ཆེ་ཆུང་གཉིས་སུ་འཛིན་པ་ཉོན་རེ་མོངས༔ མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དོན་དམ་པར་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཆེ་ཆུང་བཟང་ངན་ལ་སོགས་པ་སྤྲོས་པའི་མཚན་མའི་བདེན་པར་གྲུབ་པ་མེད་པ་མཉམ་པ་ཉིད་ཡིན་ཏེ། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དེ་ཐ་མི་དད་ཅིང་སྣ་ཚོགས་མེད་པའི་དོན་ནི་དོན་ཏོ། །ཞེས་དང་། བློ་གྲོས་མི་ཟད་པའི་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དང་། ཆོས་ཐམས་ཅད་ཐ་དད་དུ་དབྱེ་བ་མེད་པས་ཆོས་ཐམས་ཅད་མཉམ་པ་ཉིད་མངོན་པར་རྫོགས་པར་འཚང་རྒྱ་སྟེ། ཞེས་དང་། ཕལ་བོ་ཆེ་ལས། སངས་རྒྱས་ཐམས་ཅད་མཉམ་པ་ཉིད་རྟོགས་ཤིང་། །དུས་གསུམ་མཉམ་པ་ཉིད་ཀྱི་རྗེས་སོང་བས། །མཉམ་པ་ཉིད་ལ་སྣ་ཚོགས་མྱི་དམྱིགས་ཤིང་། །དུས་གསུམ་ཀུན་ལ་ཐ་དད་མྱེད་པར་འཇུག །ཅེས་གསུངས་པའི་ཕྱིར་རོ།།

དེས་ན་དོན་དམ་པར་ཆོས་ཉིད་མཉ༷མ་པ༷་ཉི༷ད་ཀྱི་ངང་ལ༷་དངོས་པོ་ཆེ༷་ཆུང༷་གི་རང་བཞིན་དུ་གྲུབ་པ་མེ༷ད་པ༷་ལ༷་སང༷ས་རྒྱས༷་ཞེས་པའི་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་ཆེན་པོ་དང་། སེམ༷ས་ཅ༷ན་ཞེས་པ་སྐྱོན་རྐྱང་བའམ་སྐྱོན་ཡོན་འདྲེས་མའི་བདག་ཉིད་ཅན་གྱི་གང་ཟག་ཆུང་དུ་ཞིག་ཏུ་བདེན་པར་གྲུབ་པ་མེད་པ་སྨོས་མ་དགོས་པས་འདི་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ཡིན་ནོ་ཞེས་དང་། འདི་ནི་སྒྲིབ་གཉིས་ཀྱིས་བཅིངས་པའི་སེམས་ཅན་ཡིན་ནོ་ཞེས་སོ་སོར་བདེན་པའི་དམིགས་པའི་མཚན་མ་ཅན་དུ་ལྟ༷་བ༷་ནི་ཡོ༷ང་རེ༷་སྟེ་ངེས་པར་ན་གོ༷ལ་བ་ཡིན་ཞིང་། དེ་ལྟར་བདག་ཏུ་གྲུབ་པར་བཟུང་དབང་གིས་ངེས་པར་དུ་ལམ་ལོག་པར་གོལ་བ་ཡང་ལགས་སོ།།

དེ་བཞིན་དུ་དེ་ལྟར་ཡོན་ཏན་ཆེ༷་ཆུང༷་ཅན་གྱི་དངོས་པོ་གཉི༷ས་སུ༷་འཛི༷ན་པ༷འང་ཉོ༷ན་རེ༷་མོང༷ས་པ་སྟེ་འཁྲུལ་བ་ཡིན་ཞིང་། དེའི་དབང་གིས་འཁོར་བའི་སྡུག་བསྔལ་གྱིས་ཉོན་རེ་མོངས་ཤིང་དུབ་པར་བྱས་པ་ཡིན་ནོ། །དེས་ན་རྟ་མཆོག་རོལ་བའི་རྒྱུད་ལས། མ་སྐྱེས་ཐབས་ཀྱི་ཡེ་ཤེས་ལྡན། །ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས། །བདེན་གཉིས་དབྱེ་བ་མེད་པ་ཡིས། །ཡང་དག་དོན་མཆོག་སྒྱུ་མའི་སྐུ། །ཞེས་དང་། རྣལ་འབྱོར་མ་བཞིའི་ཁ་སྦྱོར་གྱི་རྒྱུད་ལས། སེམས་ཀྱིས་མཉམ་པར་གནས་པ་ན། །མཉམ་པ་ཉིད་ཀྱི་ཡེ་ཤེས་བརྗོད། །དངོས་པོ་བདག་མེད་བསྲེས་པ་སྟེ། །གང་ཞིག་རྣལ་འབྱོར་རྒྱལ་བར་འགྱུར། །ཞེས་དང་། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་དུ་མཐོང་སྟེ། ཆོས་ཀྱི་དབྱིངས་འདྲེས་པ་མེད་ཅིང་རོ་གཅིག་པ་ལ་ཞུགས་པ་ཡིན་ནོ། །ཞེས་གསུངས་པ་ལྟར། ཆོས་ཀུན་གྱི་གནས་ལུགས་གཉིས་སུ་མེད་པ་མཉ༷མ་ཉི༷ད་བདེ༷་བ་ཆེ༷ན་པོའི་ཀློ༷ང་དུ༷་མཉམ་པར་བཞག་སྟེ་ཆེ་ཆུང་ལ་སོགས་པ་གཉིས་སུ་འཛིན་པས་བསྐྱེད་པའི་སྔར་བྱས་ཀྱི་ཉེས་ལྟུང་མཐའ་དག་བཤ༷གས་པ༷ར་བགྱི༷་ཞེས་ཆོས་ཐམས་ཅད་མཉམ་པ་ཉིད་ཡིན་པའི་ཆ་ནས་བཤགས་བྱ་བཤགས་བྱེད་ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས་སུ་རོ་གཅིག་པར་གཟིགས་པའི་བཤགས་པ་མཆོག་བསྟན་པའོ།།

གསུམ་པ་འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པ་ནི། བྱང་ཆུབ་སེམས་ལ་སྐྱེ་འཆི་མེད་པ་ལ༔ འདི་དང་ཕྱི་མར་ལྟ་བ་ཐང་རེ་ཆད༔ སྐྱེ་ཤི་གཉིས་སུ་འཛིན་པ་ཉོན་རེ་མོངས༔ འཆི་མེད་གཡུང་དྲུང་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། ཐམས་ཅད་བདེ་ཆེན་བྱང་ཆུབ་སེམས། །མཁའ་ལྟར་ཁྱབ་བདལ་ཉིད་དུ་སྣང་། །གློ་བུར་ལས་ཞེས་བརྟགས་པ་ཀུན། །འདུས་བྱས་ཡིན་ཏེ་མ་སྐྱེས་པ། །དེ་བཞིན་ཉིད་དེས་ཁྱབ་བདལ་ཆུབ། །བཙལ་མེད་ཡེ་ཤེས་རང་བྱུང་ཆེ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། གང་དུ་རྟོག་ལས་རྣམ་བྱུང་བ། །དེ་ཉིད་འཇོམས་པའི་རྡོ་རྗེ་ནི། །སྟོང་ཉིད་བདེ་ཆེན་བྱང་ཆུབ་སེམས། །དེ་ཉིད་ཡེ་ཤེས་ཚུལ་བསྟན་པའོ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་བདེ་སྟོང་དབྱེར་མེད་དོན་དམ་འོད་གསལ་བྱང༷་ཆུབ༷་ཀྱི་སེམ༷ས་ཞེས་རྒྱུད་རྣམས་སུ་བསྟན་པ་དེ་ལ༷་ནི་བདེན་པར་གྲུབ་པའི་རྒྱུ་རྐྱེན་གློ་བུར་བ་ལས་གསར་དུ་སྐྱེ༷་བ་མེད་ཅིང་དེ་འདྲའི་རྒྱུ་རྐྱེན་གྱི་ཚོགས་པ་མ་ཚང་བའི་དབང་གིས་འཆི༷་བ་སྟེ་འགགས་པ་ཡང་མེད་ལ། དེས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལ་ཁྱབ་པའི་ཕྱིར་ན་སེམས་ཅན་སྐྱེ་བ་དང་འཆི་བ་ཞེས་པ་དེ་ཡང་རང་བཞིན་ཡེ་ནས་མ་གྲུབ་ཅིང་མེད༷་པ༷་ལ༷་བློ་རྣམ་པར་རྟོག་པས་སྐྱེ་བ་ཞེས་ཚེ་འདི༷་དང༷་ཤི་བ་ཞེས་འཇིག་རྟེན་ཕྱི༷་མ༷ར་ལྟ༷་བ༷་ནི་ངལ་ཞིང་ཐ༷ང་རེ༷་ཆ༷ད་པའི་གནས་སོ།།

ལུས་ཀྱི་ཚོགས་པ་རྙེད་པའི་སྐྱེ༷་བ་དང་། སྲོག་གི་དབང་པོ་འགགས་ཏེ་ཤི༷་བ་གཉི༷ས་སུ༷་སྣང་བ་ལྟར་བདེན་པར་འཛི༷ན་པ༷འི་རེ་དོགས་ནི་ཉོ༷ན་རེ༷་མོང༷ས་ཏེ་ཤིན་ཏུ་རྨོངས་པ་ཡིན་ཏེ། འཕགས་པ་ཆོས་ཡང་དག་པར་སྡུད་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཁ་ཅིག་ནི་འདི་སྙམ་དུ་སེམས་ཏེ། སྐྱེ་བ་ཞེས་བྱ་བ་འདི་ཆོས་གང་གི་མིང་དུ་སྐྱེ་བ་ཞེས་བྱ་སྙམ་ནས། དེས་གང་འདི་སྐྱེ་བ་ཞེས་བགྱི་བའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །དེ་འདི་སྙམ་དུ་སེམས་པ་དང་ལྡན་པས་ཆོས་ཐམས་ཅད་ནི་མ་སྐྱེས་སོ་སྙམ་དུ་བཟོད་པ་སྐྱེས་སོ། །ཁ་ཅིག་ནི་འདི་སྙམ་དུ་སེམས་ཏེ། གང་འཆི་བ་ཞེས་བྱ་བ་འདི་འདིར་ཆོས་ཅི་ཞིག་འགགས། གང་འགགས་པས་འཆི་བ་ཞེས་བྱ་སྙམ་སྟེ། དེ་དེ་ལྟར་སོ་སོར་རྟོག་པ་ན་གང་འགགས་པས་འཆི་བ་ཞེས་བགྱི་བའི་ཆོས་དེ་དག་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་དང་། རྒྱན་སྟུག་པོ་བཀོད་པ་ལས། འཇིག་པ་མྱ་ངན་འདའ་མ་ཡིན། །སེམས་ཅན་ཡོད་མིན་སྐྱེ་བ་མེད། །འབྲི་མེད་གང་བ་མེད་པར་ཡང་། །རྒྱལ་བ་རྣམས་ཀྱིས་འགྲོ་བར་བཤད། །ཅེས་དང་། དེ་ཁོ་ན་ཉིད་ཀྱི་སྒྲོན་མ་ལས། སྐྱེ་བ་མེད་དང་འཆི་མེད་པ། །རྨད་བྱུང་ཆེན་པོའི་འདུ་ཤེས་སོ། །ཞེས་དང་། རྡོ་རྗེ་གུར་ལས། ཤི་བ་འཇིག་རྟེན་མི་གནས་པ། །སྐྱེས་པ་གླེན་ཞིང་རྨོངས་པ་གང་། །དེ་འདི་ཤི་ཞེས་སྨྲ་བར་བྱེད། །འཆི་བ་ཞེས་བྱའི་རྣམ་རྟོག་གིས། །དག་པའི་གནས་སུ་ཁྱེར་བར་བྱེད། །ཅེས་དང་། བདེ་མཆོག་ཉུང་ངུ་ལས། འཆི་བ་ཞེས་བྱའི་རྣམ་རྟོག་འདི། །མཁའ་སྤྱོད་གནས་སུ་འཁྲིད་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

རྒྱུ་མཚན་དེ་དག་གི་ཕྱིར་ན། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། མི་འགྱུར་འཆི་མེད་ཚེ་ལ་གནས། །རང་རིག་བདེ་བ་ཆེན་པོ་ཉིད། །ཐོག་མ་ཐ་མ་མེད་པར་གནས། །ཞེས་དང་། གསང་བ་སྙིང་པོ་ལས། གཟུང་དང་འཛིན་པ་རྣམ་སྤངས་ཏེ། །མཉམ་པའི་དབྱིངས་ལ་སེམས་ཀྱིས་ལྟ། །སྐྱེ་འཆི་མེད་པར་ལྷུན་གྱིས་གྲུབ། །སྐུ་གསུང་ཐུགས་དང་ཡོན་ཏན་དང་། །འཕྲིན་ལས་རྨད་བྱུང་ཀུན་གྲགས་པ། །ཞེས་གསུངས་པ་ལྟར། དོན་དམ་བྱང་ཆུབ་ཀྱི་སེམས་སྐྱེ་མེད་འཆི༷་བ་མེ༷ད་པ་འོད་གསལ་འགྱུར་བ་མེད་པ་དེ་ཉིད་ཆོས་ཉིད་རྟག་པ་གཡུ༷ང་དྲུང༷་ཆེན་པོའི་ཀློང༷་དུ༷་མཉམ་པར་བཞག་སྟེ་དབྱེར་མེད་དུ་གྱུར་པས་སྐྱེ་འཆི་གཉིས་འཛིན་དང་དམ་ཚིག་ཉམས་པའི་ཉེས་པ་ཐམས་ཅད་བཤགས་བྱ་བཤགས་བྱེད་མེད་པས་བཤ༷གས་པ༷ར་བགྱི༷འོ་ཞེས་པའོ།།

བཞི་བ་ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པ་ནི། ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ༔ གཟུགས་དང་རྫས་སུ་ལྟ་བ་ཡོང་རེ་གོལ༔ གྲྭ་ཟུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཀུན་ཟླུམ་ཐིག་ལེའི་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ལས་བྱང་ཚོར་བ་རང་གྲོལ་ལས། ཐུགས་རྗེའི་རང་འོད་ཡེ་ཤེས་རྒྱས༔ མ་བཙལ་རྫོགས་ལྡན་ཐིག་ལེའི་སྐུ༔ ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་རང་བཞིན་གཉུག་མ་མི་ཤིགས་གསལ་སྟོང་སྤྲོས་པ་མེད་པ་དབྱིངས་ཡེ་ཟུང་འཇུག་ཆེན་པོ་ལ་ཐིག་ལེའམ་ཐི༷ག་ལེ༷་ཆེ༷ན་པོོ༷་ཞེས་པའི་བརྡས་བསྟན་ལ། དེ་ལ་དཀར་དམར་ལ་སོགས་པའི་ཁ་དོག་དང་། ཟླུམ་པོ་དང་། ཟླ་གམ་དང་། གྲུ་བཞི་དང་། གྲུ་གསུམ་གྱི་གྲྭ་ཟུར་ལ་སོགས་ཀྱི་དབྱིབས་དང་། འབྱུང་བ་དང་འབྱུང་འགྱུར་གྱི་དངོས་པོ་ཕན་ཚུན་གཟུགས་ཤིང་གནོད་པའི་གཟུགས་དང་། བེམ་པོར་གྱུར་པའི་རྫས་སུ་གྲུབ་པའི་ཆོས་བདེན་པའི་སྤྲོས་པ་རྡུལ་ཙམ་མེད་པ་ཡིན་ཏེ། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ལས། སེམས་ཉིད་ཀུན་བྱེད་རྒྱལ་པོ་ང་ཉིད་ནི། །ཆོས་རྣམས་ཐམས་ཅད་ཀུན་གྱི་སྙིང་པོ་སྟེ། །སྙིང་པོ་མ་སྤྲོས་ཡེ་ནས་ཐིག་ལེ་ཡིན། །ཐིག་ལེ་ཡེ་ནས་སྤྲོས་པ་མེད་པའི་དོན། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། གསང་བ་ཐིག་ལེ་ཆེན་པོ་ནི། །རང་བྱུང་བདེ་བ་ཆེན་པོ་ཉིད། །ཅེས་དང་། ལག་ན་རྡོ་རྗེ་གོས་སྔོན་ཅན་གྱི་རྒྱུད་ལས། ཕྲ་མོའི་ཐིག་ལེ་ཆེན་པོ་ཡིས། །ཅིར་སྣང་དངོས་པོ་གཅིག་ཏུ་འདུས། །དེ་ཉིད་མཐའ་འདས་རང་བཞིན་མེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་གྲྭ༷་ཟུ༷ར་ལ་སོགས་པ་དེ་དག་བདེན་པར་གྲུབ་པ་མེ༷ད་པ༷་ལ༷་ཡོད་པར་སྒྲོ་བཏགས་ཏེ་གཟུ༷གས་ཉིད་ད༷ང་། རྫ༷ས་སུ༷་མཚན་མར་ལྟ༷་བ༷་ནི་ཡོ༷ང་རེ༷་སྟེ་གཏན་ནས་ལོག་པའི་ལམ་དུ་གོལ༷་བ་དང་། ཆོས་ཀྱི་དབྱིངས་ལ་ཐིག་ལེའི་མིང་གིས་བསྙད་དབང་གིས་ཁ་དོག་དང་གྲྭ༷་དང་ཟུ༷ར་ཅན་དུ་བདེན་པར་ཡོད་པའི་དབྱིབས་ཅན་གྱི་དངོས་པོ་གཉིས་མེད་གཉི༷ས་སུ༷་སྣང་ཞིང་འཛི༷ན་པ༷་ནི་ཉོ༷ན་རེ༷་མོ༷ངས་པ་སྟེ་འཁྲུལ་བ་ལགས་ཤིང་། དེས་ན་གསང་སྙིང་སྒྱུ་འཕྲུལ་བླ་མ་ལས། ཐུགས་ཀྱི་ཡེ་ཤེས་ལྔས་བལྟ་ཞིང་། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བས། །བདེ་བའི་ཡེ་ཤེས་ཆེན་པོར་རོལ། །ཡེ་ཤེས་དགྱེས་པ་མཆོག་ཏུ་འབུལ། །ཞེས་གསུངས་པ་ལྟར། དེ་ལྟར་ཐིག་ལེ་ཆེན་པོའི་དོན་ལ་མཉམ་པར་བཞག་སྟེ་གཟུགས་དང་རྫས་དང་གྲྭ་ཟུར་དུ་བདེན་གྲུབ་ཏུ་འཛིན་པས་བསྐྱེད་པའི་ཉེས་ལྟུང་གི་ཚོགས་ཐམས་ཅད་ཆོས་དབྱིངས་སྤྲོས་མེད་ཀུ༷ན་ནས་ཟླུམ༷་པའི་མི་ཤིགས་ཐི༷ག་ལེ༷་ཆེན་པོའི༷་ཀློ༷ང་དུ༷་མཉམ་པར་བཞག་པས་བཤ༷གས་པ༷ར་བགྱི༷་ཞེས་པའོ།།

ལྔ་བ་དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པ་ནི། དུས་གསུམ་འགྱུར་བ་མེད་པའི་ངང་ཉིད་ལས༔ ཐོག་མ་ཐ་མར་ལྟ་བ་ཡོང་རེ་གོལ༔ འཕོ་འགྱུར་གཉིས་སུ་འཛིན་པ་ཉོན་རེ་མོངས༔ དུས་གསུམ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཐ་མལ་བའི་སྣང་བར་འགྱུར་བ་ཅན་དུ་སྣང་བའི་འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟར་གྱི་དུས་གསུམ་གནས་ལུགས་དོན་དམ་པའི་དབང་དུ་ན་སྐད་ཅིག་སྔ་མ་ཞིག་ནས་ཕྱི་མ་བྱུང་བའི་འགྱུར་བའི་སྤྲོས་པ་ཀ་ནས་དག་ཅིང་དུས༷་གསུམ༷་འཕོ་འགྱུར་མེད་པ་མཉམ་པ་ཉིད་ཀྱི་རང་བཞིན་ཅན་ཡིན་ཏེ། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ལས། ལྷའི་བུ་དེ་ལྟར་ན་དུས་གསུམ་སྟོང་པ་ཉིད་ལ་རྣམ་པར་མི་རྟོག་པ་གང་ཡིན་པ་དེ་ནི་ཇི་ལྟ་བ་བཞིན་ཞེས་བྱའོ། །ཞེས་དང་།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ལས། རབ་འབྱོར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་སྔོན་གྱི་མཐར་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཕྱི་མའི་མཐར་མྱི་དམྱིགས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ད་ལྟར་བྱུང་བར་མྱི་དམྱིགས། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་དུས་གསུམ་མཉམ་པ་ཉིད་ལ་མྱི་དམྱིགས་ཏེ། ཞེས་དང་། ཀུན་བྱེད་རྒྱལ་པོ་ ལས། ཀུན་བྱེད་ང་ནི་སྤྱོད་པ་གང་རྟོགས་པས། །དུས་གསུམ་སྐྱེ་མེད་དོན་དུ་མཉམ་པ་ལ། །འཇུག་དང་མི་འཇུག་ཚིག་ལས་ཤིན་ཏུ་འདས། །འདི་ནི་བླང་དོར་མེད་པར་ལུང་བསྟན་ཏོ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་ལས། གང་ལ་མཚན་མར་མི་འཛིན་པས། །གཙང་སྨེ་མེད་ཅིང་དུས་གསུམ་མེད། །དེ་བཞིན་དམ་པ་ཡོད་མ་ཡིན། །སེམས་ཉིད་ནམ་མཁའི་སྙིང་པོ་དེ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དུས་གསུམ་བདེན་པའི་འགྱུར༷་བ༷་མེ༷ད་པ༷འི་ང༷ང་ཉིད༷་ཅན་ཡིན་ནའང་དེ་དོན་ཇི་བཞིན་མ་རྟོགས་པ་ལ༷ས་དུས་ཐོ༷ག་མ༷་ཡོད་པར་གཟུང་ནས་འདས་པར་རྟོག་པ་དང་། དུས་ཐ༷་མར༷་འགྱུར་བ་ཡོད་པར་གཟུང་ནས་མ་འོངས་པར་ལྟ་བ་དང་། དེ་གཉིས་ཀྱི་བར་དུ་རྣམ་པར་རྟོག་ནས་ད་ལྟ་བར་ལྟ༷་བ༷་ནི་ཡོ༷ང་རེ༷་སྟེ་ངེས་པར་དུ་ཕྱིན་ཅི་ལོག་པར་གོལ༷་བ་ལགས་ཤིང་། དེ་བཞིན་དུ་དུས་སྔ་མ་འདས་ནས་ཕྱི་མ་བྱུང་བར་འཛིན་པའི་དུས་གཞན་དུ་འཕོ༷་བ་དང་ངོ་བོ་འགྱུར༷་བ་གཉིས༷་སུ༷་བདེན་པར་གྲུབ་པ་ཡོད་པར་འཛི༷ན་པ༷་ནི་ཉོན༷་རེ༷་མོང༷ས་པ་སྟེ་ཤིན་ཏུ་ལོག་པར་འཁྲུལ་བ་ཡིན་ནོ།།

འཕགས་པ་སྒྱུ་མ་མཁན་བཟང་པོ་ལུང་བསྟན་པ་ལས། ཆོས་ཉིད་གང་ཡིན་སངས་རྒྱས་བཅོམ་ལྡན་འདས། །དུས་གསུམ་སྟོང་ཞིང་མཚན་ཡང་མ་སྐྱེས་པ། །རྟག་ཏུ་སྒྱུ་མའི་རང་བཞིན་རྣམ་པར་གྲོལ། །དེ་ལ་བགྲང་བས་རབ་ཏུ་ཕྱེ་བ་མེད། །ཅེས་དང་། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ལས། ཆོས་རྣམས་ཐམས་ཅད་རྟག་ཏུ་དུས་གསུམ་སྟོང་། །མཁས་པས་མི་རྟོག་རྣམ་པར་རྟོག་མི་བྱེད། །མི་རྟོག་རྣམ་པར་རྟོག་པར་མི་བྱེད་ན། །ཇི་བཞིན་མཐོང་བ་ལ་ནི་འཇིག་པ་མེད། །ཅེས་དང་། ཕག་མོ་མངོན་བྱུང་ལས། དུས་གསུམ་འགྱུར་མེད་ལྟ་བའི་མཆོག །ཅེས་གསུངས་པ་ལྟར། དམ་ཚིག་ཉེས་ལྟུང་མཐའ་དག་ལྟ་བའི་རྒྱལ་པོ་དུས༷་གསུམ༷་མཉམ་ཉིད་འགྱུར༷་བ་མེ༷ད་པའི་ཀློང༷་དུ༷་བཤགས་བྱ་བཤགས་བྱེད་མ་དམིགས་པར་བཤ༷གས་པ༷ར་བགྱི༷འོ་ཞེས་དུས་གསུམ་འགྱུར་མེད་ཀྱི་བཤགས་པ་བསྟན་པའོ།།

དྲུག་པ་རང་བྱུང་རྩོལ་མེད་ཀློང་དུ་བཤགས་པ་ནི། རང་བྱུང་ཡེ་ཤེས་བཙལ་དུ་མེད་པ་ལ༔ རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད༔ རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས་༔ རང་བྱུང་རྩོལ་མེད་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། རིག་སྟོང་གཉིས་སུ་མེད་པ་གནས་ལུགས་ར༷ང་བྱུང༷་གི་ཡེ༷་ཤེ༷ས་དེ་དོན་དམ་པར་རྩོལ་བས་བཙ༷ལ་དུ༷་དང་འབད་པས་བསྒྲུབ་ཏུ་མེ༷ད་པར་རྒྱུ་འབྲས་བྱ་རྩོལ་ལས་འདས་པ༷་ཅན་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་མི་རྟོག་གཡོས་པ་མེད། །གཞན་གྱིས་ལུང་མིན་ཀུན་བྱེད་ང་ཡི་ལུང་། །རྒྱུ་འབྲས་འདས་པས་རྩོལ་དང་སྒྲུབ་མི་བྱེད། །མ་བྱུང་བས་ན་དངོས་པོ་སྒོམ་མི་བྱེད། །མ་སྐྱེས་པས་ན་འཇིག་པའི་དོགས་པ་མེད། །ང་མི་སྣང་བས་དམིགས་པ་སྒོམ་དང་བྲལ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རང་བྱུང་ཡེ་ཤེས་སྐྱེ་འགགས་མེད། །མ་ལུས་མི་ཕྱེད་རྡོ་རྗེའི་གཟུགས། །རྣམ་པ་མཐར་ཐུག་མེད་པ་ཉིད། །ཡོན་ཏན་ལྷུན་གྲུབ་རང་སྣང་བས། །དེ་ཡི་བརྙན་པ་རང་བཞིན་འཆར། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ནའང་རང་བྱུང་ཡེ་ཤེས་ཀྱི་རང་བཞིན་ལ༷་འབྲས་བུ་ཡིན་པས་སྐྱེད་བྱེད་ཀྱི་རྒྱུ་ཡོད་པར་ལྟ་བ་དང་། རྒྱུ་ཡིས་སྐྱེད་དུ་ཡོད་པས་འབྲས་བུ་ཡིན་པར་འཛིན་པའི་རྒྱུ༷་འབྲ༷ས་གཉི༷ས་སུ༷་བདེན་པར་གྲུབ་པར་ལྟ༷་བ༷་ནི་ངལ་ཞིང་ཐ༷ང་རེ༷་ཆ༷ད་པའི་གནས་ཡིན་པ་དང་། རྒྱུ་ལ་རྩོ༷ལ་བས་འབྲས་བུ་སྒྲུབ༷་ཏུ་ཡོད་པའི་རྒྱུ་འབྲས་གཉི༷ས་སུ༷་འཛི༷ན་པ༷་ཡི་བློ་ནི་འཁྲུལ་ཞིང་ཉོ༷ན་རེ༷་མོང༷ས་པ་ལགས་སོ།།

དེས་ན་གསང་བ་སྙིང་པོ་ལས། རང་བྱུང་ཡེ་ཤེས་དཀྱིལ་འཁོར་གྱིས། །མ་ལུས་དེ་བཞིན་ཉིད་དུ་སྡུད། །སྡུད་དང་མི་སྡུད་གཉི་ག་མེད། །ཡང་དག་ཁོ་ན་ཉིད་དུའོ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། རང་བྱུང་ཡེ་ཤེས་ཉི་མ་ཉིད། །མ་བཅོས་ཇི་བཞིན་གནས་པ་ན། །སྙིང་པོ་ཉིད་དུ་གོལ་ས་མེད། །ཐམས་ཅད་བྱང་ཆུབ་སྙིང་པོ་བས། །ཀུན་ཀྱང་མ་བཙལ་བདེ་བར་མནོས། །ཞེས་གསུངས་པ་ལྟར། རིག་པ་ར༷ང་བྱུང༷་གི་ཡེ་ཤེས་རྒྱུ་འབྲས་རྩོ༷ལ་བ་མེ༷ད་པའི་ཀློང༷་དུ༷་འཛིན་སྣང་མཐའ་དག་དབྱིངས་སུ་ཞིག་པའི་ཚུལ་དུ་མཉམ་པར་བཞག་པས་གང་བསགས་ཀྱི་ཉེས་ལྟུང་དང་རྩོལ་སྒྲུབ་གཉིས་འཛིན་ཐམས་ཅད་རོ་གཅིག་མཉམ་པ་ཆེན་པོར་དག་པ་ནི་བཤགས་པའི་རྒྱལ་པོ་ཡིན་པས་དེ་ལྟར་དུ་བཤ༷གས་པ༷ར་བགྱི༷འོ་ཞེས་པའོ།།

བདུན་པ་རིག་པ་ཡེ་ཤེས་ཀློང་དུ་བཤགས་པ་ནི། རིག་པ་ཡེ་ཤེས་རྟག་ཆད་མེད་པ་ལ༔ རྟག་ཆད་གཉིས་སུ་འཛིན་པ་སྙིང་རེ་རྗེ༔ གཟུང་འཛིན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ རིག་པ་ཡེ་ཤེས་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། མདོ་ལང་ཀར་གཤེགས་པ་ལས། ཡུལ་དང་འབྲེལ་བ་སེམས་ཡིན་ཏེ། །རྣམ་རྟོགས་རིག་པ་ཡེ་ཤེས་ཡིན། །སྣང་བ་མེད་དང་ཁྱད་པར་ལས། །ཤེས་རབ་དག་ནི་སྐྱེ་བར་འགྱུར། །སེམས་དང་ཡིད་དང་རྣམ་ཤེས་དང་། །རྟོག་པའི་འདུ་ཤེས་སྤངས་པ་དང་། །རྣམ་རྟོག་མེད་པའི་ཆོས་ཐོབ་པ། །རྒྱལ་སྲས་ཡིན་ཏེ་ཉན་ཐོས་མིན། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཤིན་ཏུ་སྤྱད་པ་རིག་བྱེད་སྨན་པའི་མཆོག །རིག་པ་ཡེ་ཤེས་རྣམ་གྲོལ་ཕ་རོལ་ཕྱིན། །ཞེས་དང་། གསང་བའི་སྙིང་པོ་ལས། གཉིས་མེད་རིག་པའི་ཡེ་ཤེས་ཆེ། །མིང་དང་གཟུགས་དང་དབུར་གྱུར་པ། །ཕྱག་དང་ཞབས་སུ་རྣམ་པར་བརྟགས། །བརྟགས་པ་ལས་ནི་འཕྲོས་པའི་སྐུ། །ཅི་ཡང་མེད་ཅིང་ཅི་ཡང་སྣང་། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རིག་པའི་ཡེ་ཤེས་ཡུལ་གྱིས་བསལ་མི་དགོས། །བདེ་ཆེན་ཆོས་སྐུ་སེམས་ཀྱིས་གཅིག་པའི་ཕྱིར། །སྔ་ཕྱི་དུས་གསུམ་མེད་དེ་ཁྱད་པར་གཅིག །ཅེས་གསུངས་པ་ལྟར། མདོ་རྒྱུད་མཐའ་དག་ལས་དོན་གྱི་སྙིང་པོའི་ཡང་ཞུན་དུ་བསྔགས་པ་སྟོང་གསལ་རི༷ག་པ༷་ཉག་གཅིག་གི་ཡེ༷་ཤེ༷ས་ནི་བདེན་གྲུབ་དམིགས་པ་ཅན་དུ་ཡོད་པའི་རྟ༷ག་པ་དང་། མེད་པ་སྟོང་པ་རྐྱང་ཆ༷ད་དུ་གྱུར་པའི་ཆད་པ་དང་། ཡིན་མིན་སྤྲོས་ཆོས་ཀྱི་རང་བཞིན་དུ་དམིགས་སུ་མེ༷ད་པ༷་ཅན་ཡིན་པ་ལ༷་དེ་ལྟར་ཇི་བཞིན་མ་ངེས་པར་རྟ༷ག་པ་དང་ཆ༷ད་པའི་མཐའ་གཉིས༷་སུ༷་གང་རུང་དུ་འཛིན་པའི་སྒོ་ནས་ལྟ༷་བ༷་ངན་པའི་སྡུག་གླུ་ལེན་བཞིན་ཕྱིན་ཅི་ལོག་པའི་ལམ་ནས་འཁོར་བའི་དུད་ཁ་མི་བཟད་པའི་ཚ་གདུང་གིས་མནར་བ་རྣམས་ནི་སྙིང༷་རེ༷་རྗེ༷་སྟེ་སྙིང་རྗེ་བའི་གནས་ཡིན་པ་དང་། འཁོར་འདས་ཀྱི་ཆོས་ཐམས་ཅད་རྟོག་མེད་རིག་པའི་ཡེ་ཤེས་གཅིག་གི་ཀློང་དུ་འུབ་ཀྱིས་ཆུད་པ་ལ་གཟུང་བ་ཡུལ་དང་འཛིན་པ་ཡུལ་ཅན་དང་། དམིགས་བྱ་དམིགས་བྱེད་གཉིས་སུ་བདེན་པར་གྲུབ་པ་མེད་བཞིན་གཟུ༷ང་འཛི༷ན་གཉིས༷་སུ༷་འཛི༷ན་ཅིང་སྤྲོས་པའི་རྣམ་པར་རྟོག་པ༷་ནི་འཁྲུལ་ཞིང་ཉོ༷ན་རེ༷་མོང༷ས་པ་ཡིན་ལ། དེའི་དབང་གིས་འགྲོ་བ་རྣམས་འཁོར་བ་སྒྱུ་མའི་འཁྲུལ་འཁོར་གྱིས་ཉོན་མོངས་པར་བྱས་པ་ཡིན་ནོ།།

དེས་ན་གསང་བ་སྙིང་པོ་ལས། རིག་པ་རང་བྱུང་གྱུར་པ་ཡིས། །མཉམ་པར་མཉམ་ལ་མི་གནས་པའི། །ཆོས་སྐུ་ཕྱག་རྒྱ་ཆེན་པོ་བསྒོམ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། འཇིག་རྟེན་སྲེག་ལ་མེ་དགོས་ཀྱང་། །བག་ཆགས་སྲེག་ལ་མེ་མི་དགོས། །རིག་པའི་ཡེ་ཤེས་མེ་བྱུང་བས། །སྒྲིབ་པའི་བུད་ཤིང་ཐམས་ཅད་བསྲེགས། །ཞེས་གསུངས་པ་ལྟར། ཀ་དག་དྲི་མ་མེད་པ་མཁྱེན་ཆ་ནང་གསལ་གྱི་རི༷ག་པ༷་ཡེ༷་ཤེ༷ས་ཆེན་པོའི་ཀློང༷་དུ༷་ཆོས་ཀུན་བྱ་བྱེད་འགྲོ་འོང་མེད་པའི་ཚུལ་དེ་ཇི་བཞིན་མཐོང་བའི་ངང་ནས་རྟག་ཆད་གཟུང་འཛིན་དུ་ཞེན་པའི་སྒོ་ནས་བསགས་པའི་ཉེས་ལྟུང་ཀུན་བཤ༷གས་པ༷ར་བགྱི༷འོ་ཞེས་པའོ།།

བརྒྱད་པ་མཐའ་དབུས་མེད་པའི་ཀློང་དུ་བཤགས་པ་ནི། ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པ་ལ༔ ཕྱོགས་རིས་གཉིས་སུ་ལྟ་བ་ཐང་རེ་ཆད༔ མཐའ་དབུས་གཉིས་སུ་འཛིན་པ་ཉོན་རེ་མོངས་༔ ཆོས་དབྱིངས་རྣམ་དག་མཐའ་དབུས་མེད་པར་བཤགས་༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཐེག་པ་ཆེན་པོའི་མན་ངག་གི་མདོ་ལས། མཐའ་ཡས་འཁྱིལ་པའི་གཟུགས་ལ་མཁས་པས་དེའི་རྣམ་པར་གྲོལ་བ་ཡེ་ཤེས་མཐོང་བ་དེ་ཆོས་དབྱིངས་མཐའ་དང་དབུས་མེད་པར་ཡང་དག་པར་འདུ་བ་ཡིན། ཞེས་དང་། འཕགས་པ་སུམ་ཅུ་རྩ་གསུམ་པའི་ལེའུ་ལས། ཆོས་ཀྱི་དབྱིངས་ནི་འབྱེད་པར་མི་བྱེད་དེ། །ཆོས་ཀྱི་དབྱིངས་ལ་ཡང་དག་དམིགས་པ་མེད། །ཆོས་དབྱིངས་ཇི་བཞིན་ཆོས་ཀུན་དེ་དང་འདྲ། །འཛིན་པ་མེད་ཅིང་རྫས་ཀྱང་ཅི་ཡང་མེད། །ཅེས་དང་། རྡོ་རྗེ་སེམས་སྒྱུ་འཕྲུལ་དྲྭ་བ་ལས། བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག །མཐའ་དབུས་མེད་པའི་ཡེ་ཤེས་ནི། །གཅིག་ཅེས་འདི་ཞེས་བརྗོད་དུ་མེད། །ནམ་མཁའ་རང་བྱུང་རྟག་པ་ལྟར། །འཕོ་འགྱུར་མེད་པའི་དེ་བཞིན་ནོ། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། བརྩལ་མེད་པ་ཡི་ཆོས་ཉིད་ལ། །བཙལ་མེད་ཡེ་ནས་ལྷུན་གྱིས་གྲུབ། །མཐའ་དབུས་མེད་པས་བདལ་བ་ཆེ། །ཕྱི་ནང་མེད་པས་ཡེ་གསལ་ཁྱབ། །ཅེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་ཆོ༷ས་ཀྱི་དབྱིང༷ས་སྤྲོས་པའི་རྡུལ་དང་དྲི་མ་མེད་པར་རྣ༷མ་པར་ད༷ག་པ་ཡོད་མེད་རྟག་ཆད་ཀྱི་མཐ༷འ་དབུ༷ས་མེ༷ད་པ༷་གང་ཡིན་པ་དེ་ལ༷་བློ་རྣམ་པར་རྟོག་པས་འདི་དང་དེའོ་ཞེས་ཕྱོ༷གས་ཅན་དང་རི༷ས་སུ་ཆད་པའི་རང་བཞིན་བདེན་པར་གྲུབ་པའི་གཉི༷ས་སུ༷་ལྟ༷་བ༷་ནི་ཤིན་ཏུ་ངལ་བ་ཡིད་ཐ༷ང་རེ༷་ཆ༷ད་པའི་གནས་ལགས་ཤིང་། འགྲོ་བ་ཡང་དག་པའི་ཤེས་རབ་ཀྱིས་མ་ཟིན་པ་མཐའ་ཡས་པ་ཞིག་དེ་འདྲའི་ལྟ་བ་ཕྱིན་ཅི་ལོག་གི་རྦ་རླབས་ཀྱིས་དེད་དེ་སྡུག་བསྔལ་གྱིས་རྔམ་གནག་པའི་སྲིད་པའི་རྒྱ་མཚོ་ཆེན་པོར་ངལ་ཞིང་ཐང་ཆད་པ་ཡིན་ནོ།།

དེ་བཞིན་དུ་ཆོས་ཀྱི་དབྱིངས་ལ་མཐ༷འ་དང་དབུ༷ས་གཉི༷ས་སུ༷་བདེན་པར་གྲུབ་པར་འཛི༷ན་པ༷འང་འཁྲུལ་རྟོག་གིས་ཉོ༷ན་རེ༷་མོང༷ས་པ་ལགས་སོ། །དེས་ན་ཀུན་བྱེད་རྒྱལ་པོ་ལས། ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡི་བཀོད་པ་ཡིན། །ཞེས་དང་། གསང་བ་སྙིང་པོ་ལས། ཆོས་དབྱིངས་དམ་པ་བདག་མེད་པ། །མི་དམིགས་དབྱིངས་སུ་མ་ལུས་འདུས། །མཉམ་དང་མི་མཉམ་དབྱེར་མེད་པས། །ཐབས་དང་ཤེས་རབ་དབྱིངས་གྲུབ་ཤོག །ཅེས་གསུངས་པ་ལྟར། ཀ་དག་ཆོ༷ས་ཀྱི་དབྱིང༷ས་རྣ༷མ་པར་ད༷ག་པ་མཐ༷འ་དང་དབུ༷ས་གཉིས་སུ་མེ༷ད་པ༷ར་མཉམ་པར་བཞག་པས་ལོག་རྟོག་ཉེས་ལྟུང་དང་བཅས་པ་སྒྲིབ་བྱེད་དང་བཤགས་བྱར་མི་དམིགས་པར་འདག་པས་དེ་ལྟར་བཤ༷གས་པར་བགྱིའོ་ཞེས་པའོ།།

དགུ་བ་ཕྱི་ནང་མེད་པའི་ཀློང་དུ་བཤགས་པ་ནི། གཞལ་ཡས་ཁང་ལ་ཕྱི་ནང་མེད་པ་ལ༔ ཕྱི་དང་ནང་དུ་ལྟ་བ་ཐང་རེ་ཆད༔ ཡངས་དོག་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཡངས་དོག་ཕྱི་ནང་མེད་པའི་ཀློང་དུ་བཤགས་༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། གསང་སྙིང་སྒྱུ་འཕྲུལ་བླ་མ་ལས། སྣོད་བཅུད་འཇིག་རྟེན་མ་ལུས་པ། །ཐིག་ལེ་ཉིད་ཀྱི་རོལ་པའི་དབྱིངས། །ཚོགས་ཆེན་རྣམ་པ་གཉིས་པོ་ཡང་། །བྱང་ཆུབ་སེམས་ཀྱི་དབྱིངས་སུ་ངེས། །གཞལ་ཡས་ཁང་དང་རྒྱན་རྣམས་དང་། །ཆོ་འཕྲུལ་བྱང་ཆུབ་སེམས་སུ་ཐིམས། །ཁྲོ་ཚོགས་བདུད་འདུལ་རོལ་བ་ཡང་། །བྱང་ཆུབ་སེམས་སུ་ངེས་པ་ཡིན། །ཞེས་དང་། གསང་བ་སྙིང་པོ་ལས། དཀྱིལ་འཁོར་གཞལ་ཡས་ལྷུན་གྲུབ་དང་། །རྒྱ་དང་བྲལ་བའི་བསམ་ཡས་ཀྱིས། །ཀུན་ལ་ཁྱབ་ཅིང་མི་གནས་པ། །ཡོན་ཏན་མཆོག་གི་གནས་ཡིན་ཏེ། །ཞེས་དང་། རྟ་མཆོག་རོལ་བའི་རྒྱུད་ལས། བདེ་བ་ཆེན་པོ་གཉིས་མེད་མཐུས། །རིགས་ཀྱི་དཀྱིལ་འཁོར་ཅིག་ཏུ་གྱུར། །ཡོངས་རྫོགས་གསལ་བ་རྒྱ་ཆེན་པོས། །དཀྱིལ་འཁོར་རྒྱ་ཆེན་སྤྲུལ་པར་མཛད། །ཅེས་གསུངས་པ་ལྟར། ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་གྱི་གཞལ་མེད་ཁང་དུ་སྣང་བ་གང་ཡིན་པ་དེ་ཡང་དོན་ལ་རྒྱལ་བས་འདུལ་བྱ་འདུལ་བའི་ཕྱིར་ཐུགས་མི་རྟོག་པའི་ཡེ་ཤེས་ཀྱི་རྩལ་ལས་ནང་བརྟེན་པ་ལྷ་ཞི་དྲག་གི་རོལ་བ་གྲངས་མེད་པ་དང་། ཕྱིའི་རྟེན་གཞལ་མེད་ཁང་གི་བཀོད་པ་ཡིད་དུ་འོང་བའམ་རྔམས་ཤིང་བརྗིད་པ་ཉིད་སྣང་བར་མཛད་པ་དང་། བསྐྱེད་རིམ་ལ་རྩལ་ཁྱད་པར་བ་རྙེད་པའི་ཕྱིར་དུ་རྒྱུད་སྡེ་རྣམས་སུ་ཉམས་མཚར་ལ་རྒྱས་སྤྲོས་ཆེ་བ་ཉིད་དུ་བསྒོམ་བྱར་བསྟན་པ་ཙམ་ལས་དོན་ལ་བརྗོད་མེད་རང་བྱུང་ཆེན་པོའི་དཀྱིལ་འཁོར་དང་གཞ༷ལ་ཡ༷ས་ཁང༷་ལ༷་འདི་ནི་གཞལ་ཡས་ཁང་གི་ཕྱི༷་དང་འདི་ནི་ན༷ང་དང་། འདི་མཛེས་ཤིང་རྒྱ་ཆེ་བ་དང་། དེ་དོག་ཅིང་ཤོང་ཆུང་བ་ལ་སོགས་པའི་སྤྲོས་པའི་ཆོས་སུ་བདེན་པར་གྲུབ་པ་རྡུལ་ཙམ་མེ༷ད་པ༷་ལ༷་གཉིས་སུ་འཛིན་པའི་བློ་ཡིས་གཞལ་ཡས་ཁང་གི་ཕྱི༷་ཁ་དོག་དབྱིབས་དང་རྒྱན་སྣ་ཚོགས་ཀྱི་མཛེས་བཀོད་ད༷ང་། ན༷ང་བཅུད་ལྷ་དང་ལྷ་མོ་ཞི་ཁྲོའི་རོལ་བ་ཉིད་དུ༷་བདེན་པར་གྲུབ་པར་ལྟ༷་བ༷་ཐ༷ང་རེ༷་ཆ༷ད་པའི་གནས་དང་། རྒྱ་ཆེ་བའི་ཡ༷ངས་པ་དང་རྒྱ་ཆུང་བའི་དོ༷ག་པ་གཉི༷ས་སུ༷་བདེན་པར་ཡོད་པར་འཛི༷ན་པ༷་ཉོ༷ན་རེ༷་མོ༷ངས་སོ།།

དེས་ན་གསང་བ་སྙིང་པོ་ལས། མ་འདྲེས་རྒྱ་ཡོངས་མ་ཆད་པའི། །གཞལ་ཡས་ཁང་དང་ཉི་ཟླ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྲུབ་ནི། །སྐུ་གསུང་ཐུགས་ཡོན་བསམ་མི་ཁྱབ། །མཉམ་པའི་དབྱིངས་ཆེན་རྫོགས་པར་བསྒོམ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། དངོས་པོ་ཀུན་གྱི་བདག་ཉིད་གང་། །སྟོང་གསུམ་འཇིག་རྟེན་རང་གིས་ལུས། །ཕྱི་ནང་གཉིས་མེད་ཡེ་ཤེས་ཆེ། །གསང་བ་ཟབ་པའི་ཚུལ་བསྟན་པའོ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། ཕྱི་ནང་གཉིས་སུ་ཐ་དད་མིན། །བདེན་པ་གཉིས་སུ་དབྱེར་མེད་པ། །རྒྱལ་བ་སངས་རྒྱས་སྤྱོད་ཡུལ་དེ། །མ་ངེས་སྦས་པར་རྒྱལ་བས་གསུངས། །ཞེས་ཆོས་དབྱིངས་རྒྱ་ཆད་ཕྱོགས་རིས་དང་བྲལ་བའི་དཀྱིལ་འཁོར་ཡ༷ངས་དོ༷ག་དང་ཕྱི༷་ན༷ང་དམིགས་སུ་མེ༷ད་པ༷འི་ཀློ༷ང་དུ༷་འཛིན་པ་མཐའ་དག་དབྱིངས་སུ་ཞིག་པའི་ཚུལ་གྱིས་རྣམ་པར་རྟོག་པས་བསྐྱེད་པའི་ཉེས་ལྟུང་ཐམས་ཅད་བཤ༷གས་པར་བགྱིའོ་ཞེས་པའོ།།

བཅུ་བ་བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས་པ་ནི། ཡུམ་གྱི་མཁའ་དབྱིངས་མཐོ་དམན་མེད་པ་ལ༔ སྟེང་འོག་གཉིས་སུ་ལྟ་བ་སྙིང་རེ་རྗེ༔ མཐོ་དམན་གཉིས་སུ་འཛིན་པ་ཉོན་རེ་མོངས༔ བྷ་ག་ཡངས་དོག་མེད་པའི་ཀློང་དུ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཧེ་རུ་ཀ་སྙིང་རོལ་ལས། བདེ་བ་ཆེན་པོ་གནས་ཀྱི་མཆོག །ཡུམ་གྱི་མཁའ་དབྱིངས་གནས་ཀྱི་མཆོག །དེ་ཡང་དཔལ་ཆེན་ཉིད་ཀྱི་གནས། །ཞེས་དང་། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། ཆོས་དབྱིངས་བྷ་ག་ཞེས་ནི་བརྗོད། །བྷ་ག་རིན་ཆེན་ཟ་མ་ཏོག །གང་ཕྱིར་དབང་ཕྱུག་སོགས་ཡོན་ཏན། །ལྡན་པ་དེ་ཕྱིར་བྷ་ག་བརྗོད། །ཅེས་གསུངས་པ་ལྟར། འབྲས་ཆོས་ཀྱི་ཡོན་ཏན་རྒྱ་མཚོ་འབྱུང་བའི་གོ་འབྱེད་པའམ་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་རང་བཞིན་བདེ་སྟོང་གཉིས་སུ་མེད་པའི་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་ཡུམ༷་གྱི༷་མཁ༷འ་དབྱིང༷ས་དང་ཆོས་མཐུན་པའམ་རྒྱལ་བས་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་མ་ཞེས་བསྔགས་པ་དེ་ལ་ནི་དོན་དམ་པར་ཆོས་ཉིད་དོན་དམ་པ་དང་རྣམ་བྱང་མྱང་འདས་ཀྱི་ཆོས་ཞེས་མཐོ༷་བ་དང་། ཀུན་རྫོབ་རྫུན་པའི་ཆོས་དང་ཀུན་ཉོན་འཁོར་བའི་ཆོས་ཞེས་དམའ་བའམ་དམ༷ན་པ་དང་། བདེན་གཉིས་རང་བཞིན་གྱིས་གྲུབ་པའི་ཡངས་དོག་གཉིས་སུ་གྲུབ་པ་ཉིད་དུ་དམིགས་སུ་མེ༷ད་པ༷་ཡིན་པ་ལ༷་གཉིས་འཛིན་གྱི་བློ་རྣམ་པར་རྟོག་པས་དེ་ལྟར་སྟེ༷ང་མྱང་ངན་ལས་འདས་པ་དང་དོན་དམ་པའི་ཆོས་དང་། འོག༷་སྲིད་པ་དང་ཀུན་རྗོབ་ཀྱི་ཆོས་གཉི༷ས་སུ༷་དོན་དམ་པར་ཡོད་པར་ལྟ༷་བའི་དབང་གིས་བདག་ལྟ་དང་དེས་བསྐྱེད་པའི་འཁོར་བར་འཁྲུལ་བ༷་དེ་བྱུང་བ་ནི་སྙིང༷་རེ༷་རྗེ༷་བ་དང་། མཐོ༷་བ་དོན་དམ་པ་དང་མྱང་འདས་དང་། དམའ་བའམ་དམ༷ན་པ་ཀུན་རྫོབ་དང་འཁོར་བ་ཞེས་པའི་ཆོས་གཉིས༷་སུ༷་བདེན་གྲུབ་ཏུ་ཡོད་པར་འཛི༷ན་པ༷་ནི་བློ་ཉོ༷ན་རེ༷་མོང༷ས་པ་ཡིན་ཕྱིར། སྐུ་དང་ཡེ་ཤེས་ཀྱི་སྣང་བ་ཚད་མེད་པའི་འབྲས་ཆོས་ཀྱི་ཡོན་ཏན་རྒྱ་མཚོ་འབྱུང་བའི་གནས་སམ་གཞི་ཡིན་པས་ལུས་ཅན་ཀུན་འབྱུང་བའི་གནས་ཡུམ་གྱི་བྷ༷་ག༷་དང་ཆོས་མཐུན་པ་གནས་ལུགས་དོན་དམ་པའི་ཆོས་ཀྱི་དབྱིངས་སྟེང་འོག་མཐོ་དམན་དང་། བཟང་ངན་ཡང༷ས་དོག༷་མེད༷་པ༷འི་ཀློང༷་དུ༷་མཉམ་པར་བཞག་པས་ཉེས་ལྟུང་མཐའ་དག་བཤ༷གས་པར་བགྱི་ཞེས་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་པའམ་དོན་ལ་མཉམ་པ་བཞག་པས་ཉེས་ལྷུང་བཤགས་པའོ།།

ཡང་ན་མཚན་ཉིད་དང་ལྡན་པའི་རིག་མའམ་ཤེས་རབ་ཡུམ༷་གྱི༷་མཁ༷འ་ལ་བརྟེན་ནས་དགའ་བཞིའི་ཡེ་ཤེས་ཁྱད་པར་བས་དྲངས་པའི་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཐབས་དང་ཤེས་རབ་གཉིས་སུ་མེད་པ་མངོན་དུ་གྱུར་པའི་ངོར་སྣང་བའི་ཆོས་ཀྱི་དབྱིང༷ས་ལ་བདེ་བས་དྲངས་པའི་སྟོང་པ་དང་། སྟོང་པ་ངེས་པའི་བདེ་བ་ལ་ཆེ་བའི་མཐོ༷་བ་དང་། ཆུང་བའི་དམའ་བའམ་དམ༷ན་པ་ཉིད་དུ་བདེན་པར་གྲུབ་པ་མེད༷་པ༷་ཇི་ལྟ་བ་བཞིན་དུ་དོན་ལ་གཉིས་སུ་མེད་པ་ཉིད་དུ་ངེས་པ་དགོས་པ་ཡིན་ལ༷། དེ་ལྟར་མ་རྟོགས་པར་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་མ་གྱུར་པའི་རྟོག་ངོར་ནི་སྟེང༷་ཐབས་བདེ་བ་ཡབ་དང་། འོ༷ག་ཤེས་རབ་སྟོང་པ་ཡུམ་གྱི་རྣམ་པ་གཉིས༷་སུ༷་འཛིན་པའི་འཛིན་པ་དང་། སྟེང་ཡབ་དང་། འོག་ཡུམ་དུ་ལྟ༷་བའི་ཆགས་རྟོག་རང་མཚན་པའི་དབང་དུ་ཤོར་བ༷་ནི་སྙི༷ང་རེ༷་རྗེ༷་བའི་གནས་ལགས་ཤིང་། ཆོས་ཀྱི་དབྱིངས་ལ་མཐོ་དམན་དང་། ལས་རྒྱའི་མཁའ་གསང་གི་བདེ་བ་ལ་མཐོ༷་བ་སྟེ་བདེ་བ་ཆེ་བ་དང་། དམ༷ན་པ་སྟེ་བདེ་བ་ཆུང་བའི་དམའ་བའི་མཐའ་གཉི༷ས་སུ༷་འཛི༷ན་པའི་དབང་གིས་འཕོ་མེད་བདེ་བ་ཆེན་པོའི་ཚུལ་ཁྲིམས་ལས་ཉམས་པ༷་ནི་ཉོ༷ན་རེ༷་མོང༷ས་ཏེ་འཁྲུལ་རྟོག་དང་ཉོན་མོངས་པ་རང་ག་བའི་ངང་དུ་འཕྱན་པས་འཁོར་བར་འཆིང་བའི་རྒྱུའོ་ཞེས་པའོ།།

བྷ་ག་ཞེས་པ་ནི། ཕུར་བ་ཐུགས་རྗེ་ཁྲོས་པ་རྩ་རྒྱུད་ལས། བྷ་ག་དབྱིངས་ཀྱི་ངང་ཉིད་དུ། །ཐམས་ཅད་བདེ་བ་ཀློང་ནས་ཤར། །བསམ་གྱིས་མི་ཁྱབ་ཀུན་ལས་འདས། །བརྗོད་མེད་དབྱིངས་ཀྱི་ཐིག་ལེ་ཆེ། །འགྲོ་བ་ཡོངས་ལ་ཐམས་ཅད་ཁྱབ། །ཅེས་དང་། དཔལ་ཕྱག་ཆེན་ཐིག་ལེ་ལས། ཆོས་ཀྱི་དབྱིངས་ནི་བྷ་གར་གྲགས། །བྷ་ག་རིན་ཆེན་སྣོད་ཡིན་ནོ། །དབང་ཕྱུག་ལ་སོགས་ཡོན་ཏན་ལྡན། །དེ་ནི་བྷ་གར་ཀུན་ཏུ་གྲགས། །ཆོས་ནི་བྷ་ག་ཞེས་བྱར་བསྟན། །དབྱིངས་ནི་སེམས་སུ་ཤེས་པར་དྲན། །ཁམས་གསུམ་གྱི་ནི་མཐའ་ཡས་ལ། །སེམས་ནི་དེ་ཡི་རྒྱུ་ཡིན་ནོ། །ཀུན་རྫོབ་རྣམ་པའི་གཟུགས་སུ་ནི། །ཆུ་ཟླ་ལྟ་བུ་མཐོང་བར་འགྱུར། །དོན་དམ་དེ་ནི་མཐོང་བ་མེད། །མཐོང་མེད་མ་ཡིན་དངོས་མེད་མིན། །རང་རིག་པ་ནི་མཆོག་ཞི་བ། །དངོས་དང་དངོས་མེད་དང་བྲལ་བ། །དེ་ནི་མཆོག་གི་དེ་ཁོ་ན། །ཆོས་ཀྱི་དབྱིངས་བདག་ཞི་བའོ། །ཞེས་གསུངས་པ་ལྟར། དོན་དམ་ཆོས་ཀྱི་དབྱིངས་སྟོང་པ་ཉིད་ནི་སྨོས་མ་ཐག་པ་ལྟར་འབྲས་ཆོས་ཀྱི་ཡོན་ཏན་འབྱུང་བའི་གཞི་ཡིན་ཕྱིར་རམ་འབྲས་ཡོན་འབྱུང་བའི་གོ་མི་འགོག་ཅིང་འབྱེད་པར་བྱེད་པའི་ཆ་ནས་བྷ་ག་ཞེས་བརྗོད་པ་དང་། ཡང་དེ་ཉིད་ལས། བྷ་ག་དཀྱིལ་འཁོར་ཡིན་པར་བཤད། །ཅེས་དང་། རྒྱུད་མངོན་བརྗོད་བླ་མ་ལས། སེམས་ནི་ཐུགས་ཀྱི་དཀྱིལ་འཁོར་ཡིན། །དཀྱིལ་འཁོར་ལུས་སུ་བཤད་པ་སྟེ། །དཀྱིལ་འཁོར་བྷ་ག་ཡིན་པར་བཤད། །ཅེས་དང་། དགོངས་པ་ལུང་བསྟན་ལས། མཉམ་མེད་མཉམ་པ་ཉིད་རྣལ་འབྱོར། །རྡོ་རྗེ་བུད་མེད་བྷ་ག་མཆོག །དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ། །དེ་ནི་མི་བསྐྱོད་ཡང་དག་བྲི། །ཞེས་དང་། ཀྱེ་རྡོ་རྗེ་ལས། ནམ་མཁའི་ཁམས་སུ་བྷ་ག་བསམ། །དབུས་སུ་རྣམ་པར་བསྒོམ་པ་ནི། །འཁོར་ལོ་སྔོན་པོ་ཅི་རིགས་པར། །ལྷ་རྣམས་ཇི་ལྟར་འབྱུང་བ་ཉིད། །ཅེས་སྔགས་ཀྱི་དཀྱིལ་འཁོར་ལ་བྷ་གར་བརྗོད་པ་དང་། རྡོ་རྗེ་དཔལ་མཆོག་དང་པོའི་བརྟག་པ་དང་པོ་ལས། ཟུང་འཇུག་ཆེན་པོ་དག་པའི་སྐུ། །ཐམས་ཅད་མཁྱེན་པ་རྟོག་མེད་པའི། །སྐུ་གསུམ་རྡོ་རྗེར་གཅིག་པའི་བདག །སར་གྱུར་པ་ནི་བཅུ་གསུམ་པ། །བཙུན་མོའི་བྷ་ག་བདེ་བ་ཅན། །རང་བྱུང་འགྱུར་བ་མེད་པར་བཞུགས། །ཞེས་བཅུ་གསུམ་རྡོ་རྗེ་འཛིན་པ་འབྲས་བུའི་ས་ལ་བྷ་ག་ཞེས་བརྗོད་པ་དང་། ཡང་ཀྱེ་རྡོ་རྗེ་ལས། ནམ་མཁའི་ཁམས་ནི་པདྨ་ལ། །བྷ་ག་ཞེས་བྱ་ཡེ་ཤེས་བརྗོད། །བསྒོམ་པ་ཞེས་པ་སྙོམས་འཇུག་ཉིད། །ཅེས་དང་། རྒྱུད་རྡོ་རྗེ་རྩེ་མོ་ལས། རྣལ་འབྱོར་ཆེན་པོ་བྷ་ག་འཐུངས། །རྣལ་འབྱོར་རབ་ཏུ་བསྒྲུབ་པར་འགྱུར། །སངས་རྒྱས་ཀུན་གྱི་ཡེ་ཤེས་གང་། །བྷ་ག་ཡི་ནི་སྒྲ་རུ་བསྒྲགས། །ཞེས་དང་། བྷ་ག་ཅི་ཡིན་བརྗོད་པར་བྱ། །འཇོམས་པས་བྷ་ག་ཞེས་སུ་བརྗོད། །གང་དུ་ཉོན་མོངས་འཇོམས་བྱེད་པ། །ཤེས་རབ་ལུས་འཇོམས་ཉོན་མོངས་པ། །དེ་བས་ཤེས་རབ་བྷ་གར་བརྗོད། །ཅེས་བླ་མེད་ཀྱི་རྒྱུད་རྣམས་སུ་ཉོན་མོངས་པ་འཇོམ་བྱེད་ཀྱི་བདག་མེད་རྟོགས་པའི་ཤེས་སམ་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་ལ་བྷ་གར་བརྗོད་པ་དང་། ཡང་ཀྱེ་རྡོ་རྗེ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་རྡོ་རྗེ་བཙུན་མོའི་བྷ་ག་རྣམས་ལ་བཞུགས་སོ། །ཞེས་དང་། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཐམས་ཅད་འབྱུང་བའི་ཡུམ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། དེ་ནས་གནོད་སྦྱིན་དྲག་པོ་བྱེ་བ་ཕྲག་བཅུ་དང་། ཞེས་སོགས་གསུངས་པ་ལྟར། མཉམ་བཞག་རྣམ་པར་མི་རྟོག་པའི་མཁྱེན་པའི་ཏིང་ངེ་འཛིན་ལ་བྷ་གར་བཤད་པ་དང་། ཡང་ན་དེ་དག་ཞིང་ཁམས་ཡིན་རྒྱུར་བྱས་ན། རྡོ་རྗེ་ཕྲེང་བའི་རྒྱུད་ལས། བདེ་བ་ཀུན་གྱི་གཞི་ཡི་གནས། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཨེ་ནི་གསང་བའི་མཁའ་དབྱིངས་སམ། །བྷ་ག་ཆོས་འབྱུང་པདྨ་ལ། །རྣལ་འབྱོར་སེང་གེའི་གདན་ལ་བཞུགས། །མཆོག་ཏུ་རྨད་བྱུང་སྟོན་པར་མཛད། །ཅེས་རྒྱུད་གསུངས་པའི་ཞིང་ཁམས་སམ་གནས་ཀྱི་ངེས་དོན་ལ་བྷ་གར་བཤད་པ་ལ་སོགས་པ་སྐབས་ཐོབ་ཀྱིས་གོ་བ་ལེན་དགོས་པ་མང་བས་ཕྱག་རྒྱ་མོའི་མཁའ་གསང་ཁོ་ན་ལ་གོ་བ་ལེན་པ་མི་རུང་མོད། དཔལ་ཡེ་ཤེས་ཐིག་ལེ་ལས། ཤེས་རབ་གཟུགས་བཟང་བྷ་ག་རབ། །ཤིན་ཏུ་ལང་ཚོ་དབང་བསྐུར་ལྡན། །དགའ་སོགས་བྱེ་བྲག་མགུ་བར་བྱས། །དེ་ནས་སློབ་མ་ལ་སྦྱིན་བྱ། །ཞེས་གསུངས་པ་ལྟར། ཕྱི་ལྟར་ན་མཚན་ཉིད་དང་ལྡན་པའི་རིག་མའི་མཁའ་གསང་ལ་གོ་ཞིང་། དེ་ཡང་དཔལ་གསང་བ་རྡོ་རྗེ་རྒྱུད་ཀྱི་རྒྱལ་པོ་ལས། ཤེས་རབ་བྷ་ག་ཆེ་ཆུང་དང་། །དེ་བཞིན་བྷ་ག་གྲང་དྲོ་དང་། །ཆུ་རྣམས་ཆེ་ཞིང་བདེ་བ་ཆུང་། །དེ་ལ་རྣལ་འབྱོར་མཁས་པ་ཡིས། །ཞེས་སོགས་གསུངས་པ་ལྟར་གསང་སྔགས་ཕོ་ཉའི་ལམ་པ་བས་དང་པོ་རིག་མ་མཚན་ལྡན་འཚོལ་བ་དང་། བྷ་ག་ཆེ་ཆུང་གི་སྐྱེད་སྡུད་དང་། སྦྱོར་ཐབས་དང་། དགོས་པའི་རྫས་སོགས་རྒྱུད་ནས་ཇི་སྐད་བཤད་པ་བཞིན་དུ་མཚན་ཉིད་དང་རྒྱུ་རྐྱེན་མཐའ་དག་བླང་དོར་འཛོལ་མེད་དང་ལག་ལེན་སླ་ཆོས་སུ་མ་སོང་བ་དགོས་ནའང་ཉམས་ལེན་དངོས་ཀྱི་ཚེ་ན་འཛེམ་དོག་དང་། སྟེང་འོག་དང་། ཡངས་དོག་གི་གཉིས་འཛིན་དང་། ཐ་མལ་ཆགས་རྟོག་གི་དབང་དུ་ཤོར་ན་ནི་འཇིག་རྟེན་པའི་འཁྲིག་སྦྱོར་ཙམ་ལས་སྔགས་ཀྱི་ཉམས་ལེན་དུ་སྨྲ་བ་ནི་དམྱལ་བའི་རྒྱུ་ཡིན་ནོ།།

དེས་ན་ལྷ་མོ་སྒྱུ་འཕྲུལ་དྲྭ་བ་ཆེན་མོ་ལས། བདེན་གཉིས་སོ་སོར་སྣང་བ་ཡིས། །ཡུམ་གྱི་མཁའ་ཞེས་རྒྱལ་བས་གསུངས། །མ་ནོར་ལམ་ཆེན་ཀུན་བསྒོམས་ནས། །ཀུན་ཏུ་བཟང་མོ་བསྒོམས་པས་གྲུབ། །ཅེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། བདེ་དང་གའུའི་ཕྱག་རྒྱ་དང་། །རྡོ་རྗེ་བུམ་པའི་འཕྲོ་འདུ་ཡིས། །དངོས་གྲུབ་ཡུམ་གྱི་མཁའ་ལ་དབབ། །ཡབ་ཡུམ་སྦྱོར་བའི་ལྷག་སེམས་དག །ཅེས་དང་། གསང་བ་འདུས་པ་ལས། རིག་མའི་དབང་ཕྱུག་ཞུགས་པ་ལ། །རྡོ་རྗེའི་སྦྱོར་བ་རབ་བསྒོམ་ཞིང་། །ཆགས་ཤིང་ཆགས་པའི་ལྟ་བས་བལྟ། །འདི་ནི་དམ་ཚིག་དཀྱིལ་འཁོར་རོ། །ཞེས་གསུངས་པ་ལྟར། རྩ་ཐིག་རླུང་གསུམ་གནད་དུ་བསྣུན་པས་ལས་རུང་དུ་བགྱིས་ཏེ་མཚན་ལྡན་ལས་རྒྱའི་མཁའ་ལ་བརྟེན་ནས་ཇི་སྐད་དུ་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། རྣལ་འབྱོར་ཐབས་དང་ཤེས་རབ་མཉམ་སྦྱོར་ལས། །སྣ་ཚོགས་དགའ་བ་དང་པོ་རྗེས་ཆགས་དང་། །རྣམ་པར་སྨིན་པ་མཆོག་ཏུ་བདེ་བ་ཉིད། །མཚན་ཉིད་བྲལ་བ་སྐད་ཅིག་ལྷན་ཅིག་སྐྱེས། །བདེ་བ་མི་འགྱུར་ཡེ་ཤེས་ཕྱག་བརྒྱ་ཆེ། །རྣམ་པར་ཉིད་པ་དགའ་བྲལ་རྗེས་ལའོ། །དེ་ཉིད་སྙིང་པོ་བླ་མེད་བྱང་ཆུབ་སེམས། །བདེ་སྟོང་དབྱེར་མེད་བྱང་ཆུབ་ཆེན་པོའོ། །ཞེས་གསུངས་པ་ལྟར་གྱིས་དགའ་བཞིའི་ཡེ་ཤེས་ཀྱིས་དྲངས་པའི་ཐབས་མཆོག་བདེ་བ་ཆེན་པོ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་སྟོང་པའི་དབྱིངས་དང་རོ་གཅིག་ཏུ་འདྲེས་པའི་བདེ་སྟོང་གཉིས་མེད་ཆོས་དབྱིངས་ཡུམ་གྱི་བྷ༷་ག༷་རྒྱ་ཆེ་བའི་ཡང༷ས་པ་དང་རྒྱ་ཆུང་བས་དོག༷་པ་དང་རིས་ཆད་ཕྱོགས་ཆ་མེ༷ད་པ༷འི་ཀློ༷ང་དུ༷་དེ་ལྟར་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རོས་ཆགས་རྟོག་དང་དེ་ལས་བྱུང་བའི་ཉེས་པའི་ཚོགས་མཐའ་དག་དམིགས་མེད་དུ་དག་པར་བགྱི་བའི་སྒོ་ནས་བཤ༷གས་པར་བགྱི་ཞེས་པའོ།།

བཅུ་གཅིག་པ་ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པ་ནི། ཆོས་ཀྱི་སྐུ་ལ་དབྱེ་བ་མེད་པ་ལ༔ ཡུལ་དང་སེམས་སུ་ལྟ་བ་ཐང་རེ་ཆད༔ སྣོད་བཅུད་གཉིས་སུ་འཛིན་པ་ཉོན་རེ་མོངས༔ ཆོས་སྐུ་འགྱུར་མེད་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། སངས་རྒྱས་ཕལ་བོ་ཆེ་ལས། བདེ་གཤེགས་ཆོས་སྐུ་བསམ་གྱིས་མི་ཁྱབ་སྟེ། །ཆོས་ཀྱི་དབྱིངས་ནི་མིག་ཡོར་མཚན་ཉིད་དོ། །ཐམས་ཅད་ཆོས་ཀྱི་འོད་ཟེར་སྣང་བ་གཏོང་། །ཞི་བའི་འོད་ཟེར་སྣང་བས་འདི་ལྟར་མཐོང་། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། གང་དུ་སྟོང་ཉིད་ཆོས་ཀྱི་སྐུ། །དེ་ཉིད་སྙིང་རྗེ་དབྱེར་མི་ཕྱེད། །འབྲས་བུ་སྙིང་པོ་བྱང་ཆུབ་སེམས། །ཡེ་ཤེས་ཚུལ་འདི་བསྟན་པའོ། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། སྟོང་ཉིད་གཟུགས་མེད་ཆོས་ཀྱི་སྐུ། །སྨོན་མེད་ཡིད་ལས་འདས་པའི་གསུང་། །མཚན་མེད་རྟོག་ལས་འདས་པའི་ཐུགས། །རྟོག་མེད་རེ་སྐོང་ཡོན་ཏན་མཛོད། །ཅེས་གསུངས་པ་ལྟར། སྟོབས་བཅུ་དང་མི་འཇིགས་པ་བཞི་སོགས་འབྲས་ཆོས་ཐམས་ཅད་ཡེ་ནས་གཞི་བཞུགས་སུ་གནས་པའི་རང་བཞིན་རྣམ་པར་དག་པ་ཆོ༷ས་ཀྱི༷་སྐུ༷་ལ༷་སྣང་བ་དང་སྣང་བ་མེད་པ་ལ་སོགས་པའི་སྤྲོས་པའི་དབྱེ༷་བ༷་དང་སྒྲིབ་བྱེད་གློ་བུར་བའི་དྲི་མ་གདོད་ནས་མ་གྲུབ་ཅིང་ངོ་བོ་སྟོང་པ་ཉིད་དང་། རང་བཞིན་མཚན་མ་མེད་པ་དང་། འབྲས་བུ་སྨོན་པ་མེ༷ད་པའི་བདག་ཉིད་ཅན་ཡིན་པ༷་ལ༷། རྣམ་པར་རྟོག་པས་ཡུལ༷་སྟོང་ཉིད་ལ་སོགས་པ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཀུན་ད༷ང་། ཡུལ་ཅན་ཡེ་ཤེས་དང་དེ་ཉིད་ཀྱང་རྟོག་པ་ཅན་གྱི་སེམ༷ས་སུ༷་ལྟ༷་བ༷་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་འཁྲུལ་རྟོག་དང་འཁོར་བའི་སྡུག་བསྔལ་ལ་འཕྱན་པའི་ཐ༷ང་རེ༷་ཆ༷ད་པའི་གནས་དང་རྒྱུ་ཡིན་ལ། ཆོས་ཐམས་ཅད་ཆོས་སྐུ་ཐིག་ལེ་ཉག་གཅིག་གི་རང་བཞིན་ཡིན་པ་ལ་དེ་ལྟར་མ་རྟོགས་པར་ཕྱི་སྣོ༷ད་ཀྱི་འཇིག་རྟེན་དང་། ནང་བཅུད༷་ཀྱི་སེམས་ཅན་ཞེས་སོ་སོར་བདེན་གྲུབ་ཏུ་གཉིས༷་སུ༷་འཛི༷ན་པ༷་ཉོ༷ན་རེ༷་མོང༷ས་པ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། དེ་བཞིན་ཆོས་དབྱིངས་མཉམ་ལགས་ན། །བྱིས་པ་རྣམས་ནི་དེ་ལ་རྨོངས། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཆོས༷་སྐུ༷་བདེན་པའི་རྣམ་དབྱེར་མེད་ཅིང་འགྱུར༷་བ་མེ༷ད་པའི་ཀློ༷ང་དུ༷་རྟོག་ཚོགས་ཉེས་ལྟུང་བཅས་དག་པར་བྱེད་པས་བཤ༷གས་པ༷ར་བགྱི༷འོ་ཞེས་པའོ།།

བཅུ་གཉིས་པ་རོལ་བ་འཛིན་རྟོག་མེད་པའི་ཀློང་དུ་བཤགས་པ་ནི། ཅི་མཛད་ཅི་སྤྱོད་ཡབ་ཀྱི་རོལ་པ་ལས༔ རྣམ་རྟོག་སོ་སོར་ལྟ་བ་ཐང་རེ་ཆད༔ མིང་གིས་ལོག་པར་འཛིན་པ་ཉོན་རེ་མོངས༔ རོལ་བ་འཛིན་རྟོག་མེད་པའི་ཀློང་དུ་བཤགས་༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། སྣོད་དུ་གྱུར་པ་ཡུམ་གྱི་དབྱིངས། །བཅུད་རྣམས་རྒྱལ་བ་ཡབ་ཀྱི་མཁའ། །འབྱུང་འཇུག་རིག་པས་ལོངས་སྤྱོད་དེ། །འདི་ནི་རྡོ་རྗེའི་ཐ་ཚིག་ཡིན། །ཞེས་སྔགས་ཀྱི་རྣལ་འབྱོར་བས་སྤྱོད་ལམ་གྱི་མཛད་པ་ཅི༷་མཛ༷ད་དང་། ལུས་ངག་ཡིད་གསུམ་ལོངས་སྦྱོད་ཀྱི་གནས་ཅི༷་ལ་སྤྱོད༷་ཀྱང་མིང་ཙམ་ལས་དོན་ལ་རྟོག་མེད་རོལ་བ་ཆེན་པོར་གནས་པ་ཡིན་པས་བདག་འཛིན་དང་རྣམ་རྟོག་ངན་པས་བསླངས་པའི་སྤྱོད་པ་མེད་པས་རྒྱལ་ཀུན་བསྐྱེད་བྱེད་བདེ་བ་ཆེན་པོའི་ཡེ་ཤེས་ཡ༷བ་ཀྱི༷་རོལ༷་བ༷་ལ༷ས་མ་འདས་པ་ཡིན་པའམ། ཡང་ན། ཁྱད་པར་དུ་རྒྱལ་བ་རྣམས་ཀྱིས་རིགས་དྲུག་གི་གདུལ་བྱ་འདུལ་བའི་ཕྱིར་དུ་ཞི་བའི་ལས་དང་། རྒྱས་པའི་ལས་དང་། དབང་གི་ལས་དང་། དྲག་པོ་མངོན་སྤྱོད་ཀྱི་ལས་སོགས་འཕྲིན་ལས་ཀྱི་མཛད་པ་ཅི༷་མཛ༷ད་པ་དང་། རྒྱལ་བ་རིགས་ལྔ་དང་། བྱང་ཆུབ་སེམས་དཔའ་དང་། སེམས་མ་དང་། སྒོ་སྐྱོང་ཁྲོ་བོ་ཁྲོ་མོ་དང་། དཔལ་ཆེན་པོ་ཧེ་རུ་ཀ་ཡབ་ཡུམ་དང་། མ་མོ་མཁའ་འགྲོ་དང་། ཉན་ཐོས་དང་། རང་རྒྱལ་དང་། རིག་པ་འཛིན་པ་ལ་སོགས་པའི་སྤྲུལ་པའི་རོལ་བ་ཅི༷་སྤྱོ༷ད་པ་ཐམས་ཅད་ནི་སྟོང་པ་ཡུམ་ཀྱི་ཟླས་ཕྱེ་བའི་སྣང་བ་ཡ༷བ་ཀྱི༷་རང་བཞིན་ཐབས་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་གཅིག་གི་རྩལ་དང་རོལ༷་བ༷་ཙམ་ལ༷ས་གཞན་དུ་མ་གྲུབ་པས་གཟུང་འཛིན་ཅན་གྱི་རྣ༷མ་རྟོག༷་གིས་སོ༷་སོ༷ར་འཛིན་ཅིང་དངོས་པོ་དང་གང་ཟག་རང་མཚན་པར་ལྟ༷་བ༷་ནི་ངལ་བའི་ལས་ཐ༷ང་རེ༷་ཆ༷ད་པའི་གནས་ལགས་ཤིང་། དེ་ལྟར་མ་རྟོགས་པའི་དབང་གིས་འགྲོ་བ་ཐམས་ཅད་འཁོར་བའི་སྡུག་བསྔལ་དང་གཉིས་འཛིན་བདག་རྟོག་གིས་ངལ་ཞིང་ཤ་ཐང་ཆད་པ་ཡིན་ལ། རྒྱལ་བའི་དཀྱིལ་འཁོར་ཇི་སྙེད་པའི་རོལ་བ་མཐའ་དག་ལ་ཞི་བ་དང་ཁྲོ་བོ་ལ་སོགས་པ་མིང་བརྡ་མི་འདྲ་པ་དུ་མར་སྣང་བའི་མིང༷་གི་དབང་གིས༷་ཕྱིན་ཅི་ལོ༷ག་པ༷ར་བདེན་པར་གྲུབ་པ་དང་མཚན་མའི་ཆོས་སུ་རྣམ་པར་རྟོག་པས་དེ་དེར་འཛི༷ན་པ༷་ཡི་རྒྱུ་བྱས་ཏེ་འཁྲུལ་བ་ནི་ཉོན༷་རེ༷་མོང༷ས་པ་སྟེ་འགྲོ་བ་རྣམས་དེས་གདུང་ལ་ཉམ་ཐག་པར་བྱས་པས་གནས་པ་ཡིན་ཞིང་། དེའི་དབང་གིས་འཁོར་བར་འཁྲུལ་ཞིང་ཉོན་མོངས་པ་ཡིན་ནོ།།

རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། རྡོ་རྗེ་སེམས་དཔའ་འཇིག་རྟེན་དུ། །ཕུན་སུམ་ཚོགས་པ་སྟོན་ཕྱིར་གསུངས། །རྣལ་འབྱོར་པ་འདི་ཅི་སྤྱོད་ཀྱང་། །ཐམས་ཅད་དུ་ནི་སྨད་མི་བྱ། །རྟོག་པ་ཀུན་ལས་རྣམ་གྲོལ་ཕྱིར། །ཇི་ལྟར་འདོད་པས་བྱ་བ་མེད། །དེ་ནི་དངོས་ཀུན་ངོ་བོ་སྟེ། །ཁྱབ་བདག་སངས་རྒྱས་ཀུན་རང་བཞིན། །ཞེས་དང་། རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས། ཨེ་མ་སངས་རྒྱས་རྨད་དུ་བྱུང་། །ཨེ་མ་སངས་རྒྱས་དཔའ་བོ་ཆེ། །ཨེ་མ་སངས་རྒྱས་རབ་ཏུ་ཟབ། །ཆོས་རྣམས་སྐྱེ་མེད་འགགས་པ་མེད། །སྒྱུ་འཕྲུལ་སྣ་ཚོགས་རོལ་བ་ལྟར། །སྒྱུ་མ་གདུལ་བྱ་ཚིམ་མཛད་པ། །སྤྲོས་པ་དང་བྲལ་སྤྲོས་པ་བྲལ། །སྒྱུ་མ་རབ་ཏུ་འཕེལ་བར་མཛད། །ཅེས་སྔགས་ཀྱི་ལྟ་བ་མཐོན་པོར་སླེབས་པའི་རྣལ་འབྱོར་བའི་སྤྱོད་པ་དང་། ལྷག་པར་དུ་རྒྱལ་བའི་འཕྲིན་ལས་དང་། སྤྲུལ་པའི་རོལ༷་བ༷་ཇི་སྙེད་སྣང་བ་ཐམས་ཅད་བདེན་པར་གཉིས་འཛི༷ན་དང་མཚན་མར་རྟོག༷་པ་མེ༷ད་པ༷འི་ཆོས་ཉིད་རོལ་བ་ཆེན་པོའི་ཀློ༷ང་དུ༷་འཛིན་རྟོག་དང་ཉེས་ལྟུང་མ་ལུས་པ་ན་བུན་མཁའ་ལ་དེངས་པ་བཞིན་དུ་ངེས་པས་བཤ༷གས་པར་བགྱིའོ་ཞེས་པའོ།།

བཅུ་གསུམ་པ་ཡེ་ཤེས་རང་བཞིན་ཀློང་དུ་བཤགས་པ་ནི། རིག་པ་ཡེ་ཤེས་ནང་ནས་མ་ཤར་བས༔ མ་རིག་རྨོངས་པའི་བློ་འདི་སྙིང་རེ་རྗེ༔ གཟུགས་མེད་ཆོས་ལ་དངོས་པོ་མཚན་མར་འཛིན༔ ཡེ་ཤེས་རང་བཞིན་ཀློང་དུ་མཐོལ་ལོ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། འོད་གསལ་དྲི་མ་མེད་པའི་རི༷ག་པ༷་རང་བྱུང་གི་ཡེ༷་ཤེ༷ས་དེ་རང་ངོ་རང་གིས་ཤེས་པའི་ཚུལ་དུ་ནང་རང་སེམས་ཀྱི་ངོ་བོར་འཆར་དགོས་པ་ལ། དེ་ལྟར་མཁྱེན་ཆ་ནང༷་ན༷ས་མ༷་ཤ༷ར་བ༷་དེ་ཡི་དབང་གིས༷་རང་བློ་བདག་ཏུ་ཞེན་པའི་མ༷་རི༷ག་པ་དང་། རིག་པའི་རང་ངོ་མ་ཤེས་པའི་རྨོང༷ས་པས་ལྷད་པ༷འི་བློ༷་འདི༷་བྱུང་བ་ནི་སྙིང༷་རེ༷་རྗེ༷་བའི་གནས་ཡིན་པ་དང་། རིག་པ་རང་བྱུང་གི་ཡེ་ཤེས་ལ་གཟུག༷ས་སུ་མེ༷ད་པ་དང་། དེ་བཞིན་དུ་སྒྲ་དང་། དྲི་དང་། རོ་དང་། རེག་བྱ་དང་། མཚན་མའི་ཆོ༷ས་སུ་གྲུབ་པ་རྡུལ་ཙམ་མེད་པ་ལ༷་དེ་ལྟར་ཡོད་པར་སྒྲོ་བཏགས་ཏེ་དངོ༷ས་པོ༷་དང་། དེ་ཡང་གཟུགས་དང་། སྒྲ་དང་། ཤེས་པ་ལ་སོགས་པ་བདེན་པའི་མཚ༷ན་མ༷ར་འཛི༷ན་པ་བྱུང་བ་ཡང་རྨོངས་ཤིང་སྙིང་རྗེ་བའི་གནས་ཡིན་ཏེ། ཤེས་རབ་ཀྱི་ཕ་རོལ་ཕྱིན་པ་རྡོ་རྗེ་གཅོད་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པར་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་བལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་རིག་པར་བྱ་མིན་པས། །དེ་ནི་རྣམ་པར་ཤེས་མི་ནུས། །ཞེས་དང་། དྲི་མ་མེད་པའི་བྱིན་གྱིས་ཞུས་པ་ལས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །འདུན་པ་འདོད་ཆགས་ལྡན་པ་སྟེ། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ནམ་མཁའ་མཐའ་དབུས་མེད་པ་བཞིན། །རང་བྱུང་ཡེ་ཤེས་ཐོག་མཐའ་མེད། །མ་བྱུང་མ་སྐྱེས་བྱང་ཆུབ་སེམས། །ཡེ་ཤེས་ཉི་མའི་འོད་ལྟར་གསལ། །ཞེས་དང་། དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ལས། དོན་དམ་གཅིག་པུའི་དེ་ཉིད་ཤེས། །ལག་མཐིལ་སྐྱུ་རུ་བཞག་པ་བཞིན། །མཆོག་གི་དེ་ཉིད་ལྟར་ནི་སྣང་། །རང་རིག་ཤིན་ཏུ་དྲི་མ་མེད། །དངོས་དང་དངོས་མེད་ཟད་ནས་ནི། །རྟག་ཏུ་དེ་ཉིད་མཐོང་ཞིང་སྣང་། །ཆོས་ཀྱི་དབྱིངས་ཀྱི་གོ་འཕང་གསལ། །ཞེས་དང་། འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རང་རིག་ཡེ་ཤེས་ཆེན་པོ་ལ། །ཐབས་དང་ཐབས་ལས་བྱུང་བའམ། །རྒྱུ་དང་འབྲས་བུ་ལ་སོགས་པ། །རྡུལ་ཙམ་ཐ་སྙད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། རིག་པ་ཡེ་ཤེས་ཀྱི་གསལ་ཆ་ནང་ནས་འཆར་ཏེ་དངོས་པོ་གཟུགས་དང་མཚན་མའི་རྫས་སུ་མ་གྲུབ་པའི་ཆོས་ཉིད་རྣལ་མའི་དོན་ལ་ངེས་པ་གཏིང་ནས་རྙེད་པའི་རིག་པའི་ཡེ༷་ཤེས༷་གསལ་སྟོང་བརྗོད་པ་དང་བྲལ་བའི་ར༷ང་བཞི༷ན་གྱི་ཀློ༷ང་དུ༷་སྣོད་བཅུད་ཀྱི་སྣང་བའི་འཛིན་པ་ཐམས་ཅད་ཞིག་ནས་དམ་ཚིག་ཉམས་བྱ་ཉམས་བྱེད་དང་བཤགས་བྱ་བཤགས་བྱེད་མེད་པའི་ཚུལ་དུ་མཐོ༷ལ་ལོ༷་བཤ༷གས་སོ་ཞེས་པའོ།།

བཅུ་བཞི་བ་བདེ་ཆེན་སྐྱེ་མེད་ཀློང་དུ་བཤགས་པ་ནི། སྐྱེ་བ་མེད་པའི་དོན་དེ་མ་རྟོགས་ན༔ གང་ཟག་འཁྲུལ་པའི་བློ་འདི་ཡོང་རེ་སྡུག༔ སྐྱེ་མེད་ཆོས་ལ་ང་དང་བདག་ཏུ་འཛིན༔ བདེ་ཆེན་སྐྱེ་མེད་ཀློང་དུ་མཐོལ་ལོ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། འཕགས་པ་ཆོས་ཐམས་ཅད་འབྱུང་བ་མེད་པར་བསྟན་པའི་མདོ་ལས། ཡུན་རིང་དུས་སུ་ཚུལ་ཁྲིམས་བསྲུང་བྱས་ཤིང་། །བསྐལ་བ་བྱེ་བར་བསམ་གཏན་བསྐྱེད་བྱས་ཀྱང་། །ཡང་དག་ཉིད་མཐའ་འདི་ནི་མ་རྟོགས་ན། །བསྟན་པ་འདི་ལ་དེ་དག་བློ་ཡོད་མིན། །ཞེས་དང་། གསང་སྙིང་ལས། སེམས་ཀྱིས་མཉམ་པར་མ་རྟོགས་ན། །ཚིག་གིས་མཉམ་པས་སངས་མི་རྒྱས། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཀྱང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ལ་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་གསུངས་པ་ལྟར། གནས་ལུགས་སྐྱེ་བ་མེད་པའི་དོན་རྟོགས་པའི་སྒོ་ནས་ཐར་བ་བླ་ན་མེད་པའི་ས་རུ་གཤེགས་དགོས་པ་ལགས་ན། སྐྱེ༷་བ༷་མེ༷ད་པ༷འི་དོ༷ན་ཟབ་མོ་དེ༷་ཉིད་མ༷་རྟོག༷ས་ན༷་ནི་ཐོག་མེད་ནས་འཁོར་བ་མུ་མཐའ་མེད་པར་འཁྱམ་དགོས་པས། དེ་མ་རྟོགས་པར་བདག་ཏུ་གྲུབ་པར་ཞེན་པའི་ག༷ང་ཟ༷ག་གི་འཁྲུལ༷་པ༷འི་བློ༷་འདི༷་ནི་སྡུག་བསྔལ་དང་རྒུད་པ་ཐམས་ཅད་ཀྱི་རྩ་བ་དང་། མི་གནས་པའི་མྱ་ངན་ལས་འདས་པ་མ་ཟད་ཐར་བ་ཙམ་ལའང་སྒྲིབ་པར་བྱེད་པའི་གེགས་ཡིན་པས་ཡོང༷་རེ༷་སྟེ་གཏན་དུ་ཆེས་ཡིད་ལ་སྐྱོ་ཞིང་སྡུག༷་གེ་བ་ཞིག་རེད་འདུག་ལ་ཞེས་པའམ། དཔེ་འགར་མ་རྟོགས་པས༔ ཞེས་ཡོད་པ་ལྟར་ན་མ་རྟོགས་པའི་དབང་གིས་གང་ཟག་རྣམས་འཁྲུལ་བའི་བློ་དེ་འབྱུང་ཞེས་འགྲེལ་ལ། དེ་ཡང་ཆོས་ཐམས་ཅད་སྐྱེ༷་བ་མེ༷ད་པའི་རང་བཞིན་གྱི་ཆོ༷ས་ཉིད་དུ་གནས་བཞིན་དུ་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ༷་ང༷་དང༷་ངའོ་ཞེས་བད༷ག་ཏུ༷་དང་། གཟུགས་སྒྲ་ལ་སོགས་པ་ལ་བདག་གིའོ་ཞེས་ང་ཡིར་འཛི༷ན་པའི་སྒོ་ནས་བདག་ཏུ་བཟུང་ཞིང་། དེས་དམ་ཚིག་ཉམས་པའི་ལས་ལ་སོགས་པ་འཁོར་བར་འཆིང་བྱེད་ཀྱི་རྒྱུ་དང་དེའི་འབྲས་བུ་མི་བཟད་པ་བསྐྱེད་པ་ཡིན་ནོ།།

དེས་ན་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། ཀུན་ཀྱང་བདེ་ཆེན་བྱང་ཆུབ་སེམས། །རྟོག་བྲལ་དྲི་མེད་རྣམ་པར་དག །བདེ་ཆེན་ཉིད་ལ་བདེ་ཆེན་རྫོགས། །ཡེ་ཤེས་ཉི་མའི་སྙིང་པོ་ཤར། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། ཐབས་དང་ཤེས་རབ་གཉིས་མེད་པ། །སྟོང་དང་སྙིང་རྗེ་དབྱེར་མེད་ཕྱིར། །བདེ་ཆེན་བྱང་ཆུབ་སེམས་མཆོག་གསང་། །དེ་ཉིད་དཔལ་ལྡན་འདུས་པ་སྟེ། །ཟབ་དང་རྒྱ་ཆེའི་སྙིང་པོ་ཉིད། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གཉིས་མེད་མཉམ་པ་རོ་གཅིག་པས། །ཕྱག་རྒྱ་ཆེན་པོའི་གནས་འདི་ནི། །ཐུན་མོང་མ་ཡིན་རྒྱལ་པོ་ཆེ། །ཞེས་གསུངས་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་པ་དོན་དམ་བདེ༷་བ་ཆེ༷ན་པོ་སྐྱེ༷་བ་མེ༷ད་ཅིང་འགགས་པ་མེད་པ་སྟོང་དང་སྙིང་རྗེ་དབྱེར་མེད་པའི་ཀློ༷ང་དུ༷་མཉམ་པར་བཞག་པས་སྔར་བྱས་ཀྱི་སྡིག་ལྟུང་ཉམས་ཆག་ཐམས་ཅད་མཐོ༷ལ་ལོ༷། །བཤ༷གས་སོ། །སླད་ཆད་ཀྱང་མི་བགྱིད་དོ། །ཞེས་པ་ལྟར་བཤགས་ན་སྐྱེ་མེད་ཀྱི་དོན་ལ་ངེས་པ་གཏིང་ནས་རྙེད་པའི་ལྟ་སྒོམ་གྱི་མཐུས་ཉེས་ལྟུང་མཐའ་དག་ལན་ཚྭ་ཆུ་ལ་ཞུ་བ་བཞིན་དུ་འགྲོ་བ་ཡིན་ནོ།།

བཅོ་ལྔ་པ་ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས་པ་ནི། ཆོས་ཉིད་དོན་དེ་བློ་ལ་མ་གསལ་བས༔ སྣང་སྲིད་སྒྱུ་མ་ཡིན་པར་མ་ཤེས་པས༔ ཟང་ཟིང་ནོར་ལ་སེམས་ཀྱིས་ཆགས་པ་སྐྱེས༔ ཆོས་ཉིད་སྐྱེ་མེད་ཆགས་པ་མེད་པར་བཤགས་༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཀུན་བྱེད་རྒྱལ་པོ་ལས། སྣང་སྲིད་སྣོད་བཅུད་ཆོས་ཉིད་རང་བཞིན་ཏེ། །མ་ཡལ་མ་ཞི་རང་བཞིན་ཞི་བ་མེད། །ཆོས་རྣམས་ཐམས་ཅད་མ་ཡལ་མ་ཞི་བ། །རང་བཞིན་གསལ་ཏེ་ངོ་བོ་གཡོས་པ་མེད། །ཅེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། ས་ཆུ་མེ་རླུང་སྣོད་བཅུད་བཅས། །ཀུན་ཀྱང་རང་བཞིན་ཆོས་ཉིད་དོ། །ཆོས་ཉིད་དོན་ལ་གཞན་མེད་པ། །རང་བྱུང་ཡེ་ཤེས་གསལ་བའོ། །ཞེས་དང་། རྡོ་རྗེ་རྩེ་མོ་ལས། ཆོས་དང་ཆོས་ཉིད་སྟོང་གང་ཡིན། །གཟུགས་སོགས་ཆོས་རྣམས་ཐམས་ཅད་ཀྱི། །ཆོས་ཉིད་དེ་བཞིན་ཉིད་དུ་འདོད། །ཅེས་གསུངས་པ་ལྟར། ཆོས་རྣམས་ཀུན་གྱི་རང་བཞིན་ཆོ༷ས་ཉིད༷་འོད་གསལ་འདུས་མ་བྱས་པ་འགྲོ་འོང་སྐྱེ་འགགས་དང་བྲལ་བའི་དོན༷་དེ༷་ཉིད་ཇི་བཞིན་དུ་བློ༷་ལ༷་མ༷་གས༷ལ་བས༷་ཏེ་མ་རྟོགས་པའི་དབང་གིས་ནི་སྣ༷ང་བ་སྣོད་ཀྱི་འཇིག་རྟེན་དང་སྲི༷ད་པ་བཅུད་ཀྱི་སེམས་ཅན་ཀུན་བདེན་མེད་སྒྱུ༷་མ༷་ལྟ་བུའི་རང་བཞིན་ཡི༷ན་པ༷ར་མ༷་ཤེས༷་པར་གྱུར་ཏེ༷་སྣང་བ་ལྟར་དུ་ཡིད་འོང་དང་སྤྱད་བྱ་ཉིད་དུ་འཁྲུལ་པས་ཡུལ་དང་། ཁང་ཁྱིམ་གནས་མལ་དང་། ཟས་གོས་ཡོ་བྱད་སོགས་ཟང༷་ཟི༷ང་གི་ནོ༷ར་ལོངས་སྤྱོད་དང་། དེ་བཞིན་དུ་གཉེན་ཉེ་མཛའ་བཤེས་དང་། བུ་དང་ཆུང་མ་དང་། བུད་མེད་མཛེས་མ་དང་ཐོབ་དང་སྙན་གྲགས་ལ༷་སོགས་པར་སེམ༷ས་ཀྱི༷ས་ཆ༷གས་པའི་ཉོན་མོངས་པ༷་སྐྱེས༷་ཤིང་། དེ་ཡིས་ལས་སྣ་ཚོགས་བསགས། དེས་སྡུག་བསྔལ་མི་བཟད་པ་འབྱིན་པ་ལགས་ན། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་མདོ་ལས། ཆོས་ཉིད་དོན་ཀུན་ཆུབ་པའི་གང་ཟག་ནི། །མི་ཕྱིན་སྙམ་ཡང་ཕ་རོལ་ཕྱིན་པར་འགྱུར། །བྱང་ཆའི་རྣམ་པ་རང་བཞིན་རྫོགས་གྱུར་ནས། །སངས་རྒྱས་འབྲས་བུ་འཐོབ་པར་ཐེ་ཚོམ་མེད། །ཅེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། འཁོར་བ་ཆོས་ཉིད་རང་བཞིན་དུ། །ཤེས་ནས་སྨྲ་བར་གང་བྱེད་པ། །རིག་པའི་ཡེ་ཤེས་རང་དབང་དེ། །ཆོས་ཀྱི་རྒྱལ་པོ་རྒྱལ་བའི་སྲས། །ཞེས་གསུངས་པར་ལྟར་མཐར་ཐུག་གི་འབྲས་བུ་བླ་ན་མེད་པ་ཐོབ་བྱེད་ཀྱི་ལམ་མཆོག་ཟབ་མོ་ཆོ༷ས་ཉིད༷་སྐྱེ༷་འགགས་མེ༷ད་ཅིང་འགྱུར་བ་མེད་པའི་དོན་དེ་ལེགས་པར་བསྒོམ་ནས་སྣོད་བཅུད་ཀྱི་ཆོས་གང་ལ་ཡང་བདེན་འཛིན་དང་རྣམ་པར་རྟོག་པས་ཆ༷གས་པ༷་མེ༷ད་པའི་ལྟ་བ་ཁྱད་པར་བ་ངེས་པས་གྲོལ་བ་ཡིན་པས་ན་བློ་དེ་ལྡན་གྱི་ཐབས་ཀྱིས་བཤགས་དགོས་ཞེས་དེ་ལྟར་བདེན་པར་ཞེན་པའམ་བདེན་པར་ཆགས་པ་མེད་པར༷་གནས་པའི་ལྟ་བས་ཉེས་ལྟུང་ཐམས་ཅད་བཤ༷གས་པར་བསྟན་པའོ།།

བཅུ་དྲུག་པ་བྱང་ཆུབ་སྐྱོན་བྲལ་ཀློང་དུ་བཤགས་པ་ནི། འཁོར་བ་རང་བཞིན་མེད་པར་མ་ཤེས་པས༔ དངོས་པོ་མཚན་མའི་ཆོས་ལ་བདག་ཏུ་འཛིན༔ མི་དགེའི་ལས་ཀྱིས་བདེ་བ་འཚོལ་བྱེད་པ༔ བྱང་ཆུབ་སྐྱོན་བྲལ་ཀློང་དུ་མཐོལ་ལོ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དེ་ཡང་འགྲོ་བ་རྣམས་ཀྱི་ཟག་བཅས་ཀྱི་ཕུང་པོ་ལྔ་ལ་འཁོར་བ་ཞེས་བྱ་ཞིང་། དེ་ནི་རང་བཞིན་བདེན་པར་གྲུབ་པ་མེད་པས་སྤྲོས་པའི་ཆོས་སུ་མ་དམིགས་པར་ཡེ་ནས་སྟོང་པ་ཉིད་དུ་གནས་ཏེ། འཕགས་པ་དཀོན་མཆོག་གི་ཟ་མ་ཏོག་གི་མདོ་ལས། བཙུན་པ་གང་པོ་འཇིག་རྟེན་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ལ་མངོན་པར་ཞེན་པ་སྟེ། འཁོར་བ་སྤངས་པས་མྱ་ངན་ལས་འདས་པ་འཚོལ་ཞིང་འཁོར་བ་རང་བཞིན་གྱིས་མི་དམིགས་པ་ཉིད་མྱ་ངན་ལས་འདས་པ་ཡིན་པར་དེ་ལྟར་ནི་མི་ཤེས་སོ། །ཞེས་དང་། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ལས། མྱ་ངན་ལས་འདའ་བ་དང་འཁོར་བ་དམིགས་སུ་མེད་པ། གཉིས་ཀའི་མཐའ་མཉམ་པ་ནི་ཆོས་ཐམས་ཅད་མཉམ་པའི་ཕྱིར་རོ། །ཞེས་དང་། ཡབ་སྲས་མཇལ་བའི་མདོ་ལས། འཁོར་བ་ནི་འཁོར་བའི་རང་བཞིན་གྱིས་སྟོང་པའི་བར་དུ་སྟེ། ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། སངས་རྒྱས་མེད་ཅིང་སེམས་ཅན་མེད། །འཁོར་བ་མེད་ཅིང་ཆོས་ཉིད་མེད། །དམིགས་པ་མེད་དེ་མི་དམིགས་མེད། །དེ་ལྟར་ཤེས་པ་མཁས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་སྲིད་པའི་འགྲོ་བ་རྣམས་ཀྱིས་ནི་དེ་ལྟར་འཁོ༷ར་བ༷་རང༷་བཞི༷ན་མེ༷ད་པ༷ར་མ༷་ཤེས༷་པ༷ས་འཁོར་བ་ལ་བདེན་གྲུབ་ཀྱི་དངོ༷ས་པོ༷་ཉིད་དུ་གྲུབ་པ་དང་བདེ་སྡུག་གི་མཚ༷ན་མ༷འི་ཆོ༷ས་སུ་གྲུབ་པར་བཟུང་སྟེ་ནང་རང་རྒྱུད་ཀྱི་ཟག་བཅས་ཀྱི་ཕུང་པོ་ལྔ་ལ༷་བདག་གོ་ཞེས་དང་། ཕྱི་རོལ་གྱི་ཕུང་པོ་ལ་བདག་གིའོ་ཞེས་བད༷ག་ཏུ༷་འཛི༷ན་པ་བྱུང་བ་སྟེ་བདག་ཏུ་བཟུང་ཞིང་། དེའི་དབང་གིས། ཇི་སྐད་དུ་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་གསུངས་པ་ལྟར་འཁོར་བའི་སྡུག་བསྔལ་འདོར་འདོད་ཀྱི་བློ་ཡོད་ཀྱང་དོན་ལག་ལེན་གྱི་ངོས་ནས་སྲོག་གཅོད་རྐུ་འཕྲོག་ལ་སོགས་པའི་མི༷་དགེ༷་བའི༷་ལས༷་བཅུ་སོགས་ལས་ངན་སྣ་ཚོགས་པ་བསགས་ནས་དེ་འདྲའི་ཐབས་ཀྱིས༷་བདེ༷་བ༷་འཚོ༷ལ་བར་བྱེད༷་པ༷་ཡིན་ཞིང་། དེ་ནི་རྒྱུ་འབྲས་ལོག་པར་སོང་སྟེ་འཚོལ་བྱེད་མ་ཡིན་པས་དེའི་འཚོལ་བྱ་མ་ཡིན་པ་འཚོལ་བར་སོང་བས་ངལ་བ་ལགས་ན། ད་ནི་སྲིད་པ་སྡུག་བསྔལ་གྱི་རྦ་རླབས་གཡོ་བའི་རྒྱ་མཚོ་ལས་ཐར་བའི་ཕྱིར་ཏུ་འཁོར་བ་རང་བཞིན་མེད་པར་རྟོགས་ཏེ་དོན་དམ་བྱང༷་ཆུབ༷་ཆེན་པོ་རྟག་ཆད་ཀྱི་སྤྲོས་པ་དང་མཚན་མའི་སྐྱོན༷་དང་བྲ༷ལ་བའི་དམིགས་མེད་མཉམ་པ་ཉིད་ཀྱི་གཞི་ཀློང༷་དུ༷་ཉེས་ལྟུང་མཐའ་དག་མཐོ༷ལ་ལོ༷། །མི་འཆབ་པོ། །བཤ༷གས་སོ། །སླད་ཆད་ཀྱང་མི་བགྱིད་པར་སྡོམ་པར་བགྱིའོ་ཞེས་འཁོར་གསུམ་དམིགས་པ་མེད་པས་བཤགས་པར་བསྟན་པའོ།།

བཅུ་བདུན་པ་མཉམ་ཉིད་བདེ་ཆེན་ཀློང་དུ་བཤགས་པ་ནི། མཉམ་པའི་དོན་ཉིད་མཉམ་པར་མ་རྟོགས་པས༔ གཉེན་བཤེས་འཁྲུལ་པའི་གྲོགས་ལ་རྟག་པར་བཟུང་༔ མིི་ཤེས་སྐྱེ་བོའི་སེམས་འདི་ནི་ཡོང་རེ་གོལ༔ མཉམ་ཉིད་བདེ་ཆེན་ཀློང་དུ་མཐོལ་ལོ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། འཕགས་པ་ནམ་མཁའ་མཛོད་ཀྱིས་ཞུས་པའི་མདོ་ལས། མཉམ་པ་ཉིད་དང་མཉམ་པའང་ཡོང་མེད་ལ། །མཉམ་པ་ཉིད་ཅེས་བྱ་བར་མཚན་མེད་དེ། །མཉམ་ཉིད་དེ་ལ་གང་དག་རབ་གནས་པ། །དེ་དག་རྟག་ཏུ་མཉམ་པར་བཞག་པ་ཡིན། །ཞེས་དང་། ཕལ་བོ་ཆེ་ལས། ཆོས་དབྱིངས་དམ་པ་དེ་བཞིན་གཤེགས་པ་སྟེ། །སེམས་ཅན་ཀུན་དང་མཉམ་ཉིད་མཉམ་པར་འགྱུར། །བསམ་པ་སྣ་ཚོགས་རྒྱལ་བའི་ཆོས་ཉིད་དེ། །དྲི་མེད་བསམ་གྱིས་མི་ཁྱབ་རབ་ཏུ་འཇུག །ཅེས་དང་། ཀུན་བྱེད་རྒྱལ་པོ་ལས། ང་ཡི་རང་བཞིན་གཟུང་འཛིན་བྲལ་བ་ལས། །མི་རྟོག་མཉམ་པ་ཉིད་ཀྱི་ཆོས་སྐུ་བྱུང་། །ཆོས་སྐུའི་འཁོར་ནི་ཕྱེ་བ་མེད་པ་སྟེ། །མ་སྐྱེས་མཉམ་པ་ཉིད་ཀྱི་དོན་བསྟན་པ། །ཞེས་གསུངས་པ་ལྟར་འཁོར་འདས་ཀྱི་ཆོས་ཐམས་ཅད་དོན་དམ་པར་སྐྱེ་འགགས་འགྲོ་འོང་རྟག་ཆད་ལ་སོགས་པ་དང་བྲལ་བའི་སྤྲོས་མེད་སྟོང་པ་ཆེན་པོར་མཉམ༷་པ༷འི་རང་བཞིན་ཅན་ཡིན་ནའང་ཆོས་ཉིད་མཉམ་པ་ཉིད་ཀྱི་དོ༷ན་དེ་ཉི༷ད་དེ་ལྟར་སྤྲོས་བྲལ་བདེ་བ་ཆེན་པོའི་རང་བཞིན་དུ་མཉ༷མ་པ་ཡིན་པ༷ར་མ༷་རྟོག༷ས་པ༷ས་ན་གཉེ༷ན་དང་མཛའ་བཤེ༷ས་དང་། བུ་དང་ཆུང་མ་སོགས་གཟུང་འཛིན་འཁྲུལ༷་པ༷འི་བློ་ཡིས་བཞག་པའི་གྲོག༷ས་དག་ལ༷་རྟ༷ག་པ་སྟེ་བདེན་པར་གྲུབ་པའི་དངོས་པོ་རང་མཚན་པའི་ངོ་བོར་ཡོད་པ༷ར་བཟུང༷་བའི་བློ་གཉིས་འཛིན་དང་བདག་འཛིན་གྱིས་ལྷད་པའི་གནས་ལུགས་མཉམ་པ་ཉིད་ཀྱི་དོན་མིི༷་ཤེས༷་པའི་སྐྱེ༷་བོ༷འི་སེམ༷ས་འདི༷་ནི་ཡོ༷ང་རེ༷་སྟེ་ངེས་པར་དུ་གོ༷ལ་བ་ལགས་ཤིང་། ཉེས་ལྟུང་ཅི་བསགས་ཐམས་ཅད་ཀྱང་དེའི་དབང་གིས་བྱུང་བ་ཡིན་པས། ད་ནི་འཕགས་པ་ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མཉམ་པ་ཉིད་ལ་མཉམ་པ་མེད། །ཆོས་རྣམས་ཐམས་ཅད་དེ་དང་མཉམ། །མཉམ་པ་ཉིད་ཀྱིས་བྱང་ཆུབ་དེ། །རྣམ་པར་མི་རྟོག་བྱང་ཆུབ་གནས། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་མཉམ་ཉིད་དུ། །ཡང་དག་ཉིད་དུ་ཁོང་དུ་ཆུད། །ཐ་དད་མེད་ཅིང་རོ་གཅིག་སྟེ། །གཅིག་པུ་བགྲོད་ལམ་མཉམ་པ་ཉིད། །ལམ་གྱི་ཤེས་པ་རབ་ཏུ་རྟོགས། །ངེས་པའི་དོན་གྱི་དོན་རྣམས་མཐོང་། །བློ་ནི་དོན་གྱི་རྗེས་སུ་ཞུགས། །ཞེས་དང་། དཔལ་ཡང་དག་སྦྱོར་བ་ལས། ཕ་རོལ་ཕྱིན་པ་ཀུན་གྱི་དངོས། །མཉམ་ཉིད་བསམ་བྱ་ཉིད་དུ་གསུངས། །སངས་རྒྱས་ཀུན་མཆོག་བསྒོམ་བྱ་ཉིད། །འགྲོ་བ་བརྟན་དང་གཡོ་བའི་བདག །ཅེས་གསུངས་པ་ལྟར་མཉམ་པ་ཉིད་ཀྱི་དོན་རྟོོགས་པ་ནི་ཐར་ལམ་ཉག་གཅིག་དེ་ལགས་ཕྱིར་མཉ༷མ་ཉིད༷་བདེ༷་བ་ཆེ༷ན་པོའི་དོན་ཉམས་སུ་བླང་སྟེ་ཉེས་ལྟུང་ཐམས་ཅད་དེ་ཡི་གཞི་ཀློ༷ང་དུ༷་དམིགས་སུ་མེད་པའི་ཚུལ་དུ་རྟོགས་པས་མཐོ༷ལ་ལོ༷་བཤ༷གས་སོ་ཞེས་པའོ།།

བཅོ་བརྒྱད་པ་ཆོས་ཉིད་བདེ་ཆེན་ཀློང་དུ་བཤགས་པ་ནི། ཆོས་ཉིད་བདེན་པའི་དོན་མ་འཕྲད་ན༔ བདེན་པའི་དོན་བོར་མི་དགེའི་ལས་ལ་བརྩོན༔ སྟོན་པའི་བཀའ་བོར་མི་ཆོས་གཡེངས་པས་བསླུས་༔ ཆོས་ཉིད་བདེ་ཆེན་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ཆོས༷་ཉི༷ད་གནས་ལུགས་དོན་དམ་པའི་བདེ༷ན་པ༷འི་དོན༷་ཟབ་མོ་དེ་ད༷ང་མ༷་འཕྲ༷ད་པའམ་དེ་སྟོན་པ་དང་མ་འཕྲད་པ་དང་། སྟོན་པ་དང་འཕྲད་ཀྱང་བློ་ཕྱིན་ཅི་ལོག་པ་ཆོས་ཀུན་བདག་ཏུ་གྲུབ་པར་འཛིན་པ་དང་། གཉིས་འཛིན་དང་མཚན་མའི་ཆོས་སུ་ལྟ་བའི་བློའི་དབང་དུ་སོང་ན༷་ནི། འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། ཀུན་རྫོབ་དང་ནི་དམ་པའི་དོན། །དེ་དག་གཉི་ག་མི་རྟོགས་ཏེ། །གང་གིས་དེ་དག་མི་རྟོགས་པ། །དེ་ནི་ཆོས་ཉིད་མི་རྟོགས་སོ། །གང་དག་ཆོས་ཉིད་མི་རྟོགས་པ། །དེ་དག་སོ་སོའི་སྐྱེ་བོར་གསུངས། །ཞེས་དང་། གསང་བ་སྙིང་པོ་ལས། ཆོས་ཀྱི་དབྱིངས་དང་མཉམ་པའི་དབྱིངས། །ཐམས་ཅད་ཡེ་ཤེས་དབྱེར་མེད་ཅིང་། །གཅིག་ཏུ་ཡང་ནི་བརྗོད་པ་མེད། །དེ་ལྟར་མ་རྟོགས་སེམས་ཅན་ཡིན། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། རང་སེམས་ཆོས་ཉིད་མ་མཐོང་ན། །བསྐལ་བ་བརྒྱ་ཕྲག་ཡུན་རིངས་སུ། །རང་གི་བྱང་ཆུབ་དེ་འགེགས་པས། །བྱར་མེད་བདེ་ཆེན་དེ་མི་ཐོབ། །ཅེས་གསུངས་པ་ལྟར། ཆོས་ཉིད་བདེ༷ན་པ༷འི་དོ༷ན་བོ༷ར་ཞིང་བདག་འཛིན་གྱིས་བསྐྱེད་པའི་ཉོན་མོངས་པ་སྣ་ཚོགས་ཀྱིས་ལུས་ངག་ཡིད་ཀྱི་རང་བཞིན་གྱི་ཁ་ན་མ་ཐོ་བ་མི༷་དགེ༷་བའི༷་ལས༷་ལ༷་འབད་མེད་དུ་བརྩོ༷ན་ཞིང་། སྟོ༷ན་པ༷་བདེ་བར་གཤེགས་པ་སངས་རྒྱས་ཤཱཀྱ་སེང་གེའི༷་བཀ༷འ་མདོ་དང་རྒྱུད་ལས་ཇི་སྐད་བཤད་པའི་བཅས་པའི་ཁ་ན་མ་ཐོ་བ་སྤོང་བ་སོགས་བསླབ་པ་དང་དམ་ཚིག་བསྲུང་བར་མ་བྱས་ཤིང་། དོན་དམ་རིག་སྟོང་གཉིས་སུ་མེད་པའི་དོན་ལ་གོམས་པ་མེད་པར་དེ་དག་ཡལ་བར་བོ༷ར་ནས་དགྲ་འདུལ་གཉེན་སྐྱོང་དང་། ལོངས་སྤྱོད་གསོག་སྲུང་ལ་སོགས་པ་འཇིག་རྟེན་མི༷་ཆོ༷ས་སུ་གྱུར་པའི་དོན་མེད་ཀྱི་ལས་སྣ་ཚོགས་ལ་གཡེངས་པ་དང་། ཁྱད་པར་དུ་ཆོས་རྣམས་ལ་བདེན་པར་འཛིན་པའི་ལོག་རྟོག་གི་སྣང་བ་ལ་གཡེ༷ངས་པ༷ས་རང་ཉིད་བསླུས༷་པ་ནི་སོ་སོའི་སྐྱེ་བོ་སེམས་ཅན་རང་ག་བའི་ངང་ཚུལ་ལགས་པས། ད་ནི་སྒྲོལ་མ་འཇིགས་པ་ཀུན་སྐྱོབ་ལས། ཆོས་ཉིད་རྣམ་པར་དག་པ་དེ་རྟོགས་ན། །བདག་མེད་སྲོག་མེད་སྲོག་ཀྱང་གཅད་དུ་མེད། །ལས་མེད་དེ་ཡི་རྣམ་པར་སྨིན་པར་མེད། །མཐའ་རྣམས་རབ་སྤངས་སྐྱེས་བུ་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར། རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་དུ་གང་བསགས་ཀྱི་དམ་ཚིག་ཉམས་པ་ཐམས་ཅད་ཆོས༷་ཉི༷ད་བདེ༷་བ་ཆེ༷ན་པོ་སྐྱེ་འགགས་མཚན་མའི་སྤྲོས་པ་ཞི་བའི་ཀློང༷་དུ༷་སྲུང་བྱ་སྲུང་བྱེད་མ་དམིགས་པ་ངེས་པའི་སྒོ་ནས་ཉེས་ལྟུང་མཐའ་དག་བཤ༷གས་པ༷ར་བགྱི༷འོ་ཞེས་པའོ།།

བཅུ་དགུ་པ་དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པ་ནི། རིག་པ་ཡེ་ཤེས་རང་སར་མ་གྲོལ་བས༔ རང་རིག་དོན་བོར་གཡེངས་པའི་ལས་ལ་བརྩོན༔ འདི་འདྲའི་དོན་མེད་སེམས་ཅན་སྙིང་རེ་རྗེ༔ དབྱེ་བསྲི་མེད་པའི་ཀློང་དུ་བཤགས་པར་བགྱི༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དཔལ་ཡེ་ཤེས་ཐིག་ལེ་ལས། རྡུལ་མེད་རྣམ་པར་རྡུལ་མེད་དག །སྟོང་པ་དང་ནི་སྟོང་མིན་བྲལ། །རང་རིག་ངོ་བོ་རང་རིག་བྲལ། །ངག་གི་ལམ་གྱིས་མི་རྙེད་དོ། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། རང་རིག་པ་ནི་མཆོག་ཞི་བ། །དངོས་དང་དངོས་མེད་དང་བྲལ་བ། །དེ་ནི་མཆོག་གི་དེ་ཁོ་ན། །ཆོས་ཀྱི་དབྱིངས་བདག་ཞི་བའོ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་ལས། རང་གིས་རིག་པའི་ཡེ་ཤེས་ཆེ། །རང་གིས་རིག་པའི་བདག་ཉིད་ལྷ། །རང་གིས་རིག་པའི་རང་བཞིན་ལས། །རབ་གནས་དེ་ནི་རབ་ཏུ་བསྔགས། །ཞེས་དང་། ཀྱེ་རྡོ་རྗེ་ལས། རང་རིག་བདག་ཉིད་དག་པ་ཉིད། །དག་པ་གཞན་གྱི་རྣམ་གྲོལ་མིན། །ཡུལ་གྱི་དངོས་པོ་དག་པའི་ཕྱིར། །རང་གིས་རིག་པའི་བདེ་བ་མཆོག །ཅེས་གསུངས་པ་ལྟར་གྱི་མ་བཅོས་འོད་གསལ་འདུས་མ་བྱས་པའི་རི༷ག་པ༷་རང་བྱུང་གི་ཡེ༷་ཤེ༷ས་དེ་རང་ངོ་རང་ཤེས་ཀྱི་ཚུལ་དུ་ར༷ང་ས༷ར་མ༷་གྲོ༷ལ་བ༷འི་དབང་གིས༷་ར༷ང་རི༷ག་དོན་དམ་བདེ་བ་ཆེན་པོའི་དོ༷ན་དེ་མ་རྟོགས་པར་ཡལ་བར་བོ༷ར་ནས་བདག་ཏུ་རྟོག་པ་དང་། གཉིས་སུ་འཛིན་པའི་ལོག་རྟོག་གི་སྣང་བ་སྣ་ཚོགས་ལ་གཡེང༷ས་པ༷འི་ལ༷ས་ལ༷་བརྩོ༷ན་པའི་ལམ་ལོག་པར་གོལ་བ་འདི༷་འདྲ༷་བའི༷་དོ༷ན་གྱི་སྙིང་པོ་སྟོར་ཞིང་ཐར་བའི་ལམ་རྙེད་པ་ལ་རེ་བ་ཆེན་པོ་མེ༷ད་པའི་སེམ༷ས་ཅ༷ན་བདག་ལྟ་བུ་རྣམས་སྙིང༷་རེ༷་རྗེ༷། དེ་འདྲ་བའི་སེམས་ཅན་རྣམས་ཇི་སྐད་དུ་ཀྱེ་རྡོ་རྗེ་ལས། རང་རིག་ཡེ་ཤེས་ཉིད་དུ་འགྱུར། །རང་གཞན་ཡང་དག་རིག་པ་སྤང་། །མཁའ་མཉམ་རྡུལ་བྲལ་སྟོང་པ་ཉིད། །དངོས་དང་དངོས་མེད་བདག་ཉིད་མཆོག །ཐབས་དང་ཤེས་རབ་ཤིན་ཏུ་འདྲེས། །ཞེས་དང་། ཀུན་བྱེད་རྒྱལ་པོ་ལས། རང་བྱུང་ཡེ་ཤེས་སྒྲིབ་པ་མེད་པའི་ཕྱིར། །རིག་པའི་ཡེ་ཤེས་གསལ་བར་བསྐྱེད་དུ་མེད། །ཐམས་ཅད་ང་ཡི་ས་རུ་གནས་པའི་ཕྱིར། །སྦྱངས་ནས་བགྲོད་པའི་ས་ནི་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གྱི་རིག་སྟོང་སྐྱེ་བ་མེད་པའི་དབྱིངས་སུ་རང་ངོ་རང་ཤེས་ཀྱིས་རྟོག་ཚོགས་རང་སར་གྲོལ་ནས་ཉེས་ལྟུང་ཐམས་ཅད་སོ་སོར་དབྱེ༷་བ་དང་གཅིག་ཏུ་བསྲི༷་བའམ་སྐྱིལ་བ་མེ༷ད་པ༷འི་ཆོས་ཉིད་སྤྲོས་བཅས་ཀྱི་དབྱེ་བསྡུ་མེད་པའི་རང་བཞིན་ཅན་ལགས་ཤིང་། དེ་འདྲའི་ཆོས་ཉིད་ཀྱི་ཀློང༷་དུ༷་བཤགས་པར་བྱ་བ་མ་དམིགས་པའི་ཚུལ་དུ་བཤ༷གས་པ༷ར་བགྱི༷འོ་ཞེས་པའོ།།

ཉི་ཤུ་པ་ཡེ་ཤེས་ལྷ་ཚོགས་དང་སྲུང་མ་དམ་ཚིག་ཅན་རྣམས་ལ་བཤགས་ཤིང་གོལ་སྒྲིབ་ལས་བསྲུང་བར་གསོལ་བ་ནི། ཡེ་ཤེས་ལྷ་ཚོགས་སྲུང་མ་དམ་ཚིག་ཅན༔ དམ་ཚིག་གཞུང་བཞིན་སྒྲུབ་པའི་རྣལ་འབྱོར་བ་ལ༔ མ་རྟོགས་ལྟ་བའི་གོལ་སྒྲིབ་བྱུང་བ་ན༔ རང་གནོང་འགྱོད་པའི་སེམས་ཀྱིས་མཐོལ་ལོ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཞི་བ་བཞི་བཅུ་རྩ་གཉིས་དང་། འབར་བ་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ལ་སོགས་པ་རྒྱལ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྩལ་ལས་བྱུང་བའི་ཡེ༷་ཤེ༷ས་པའི་དཀྱིལ་འཁོར་གྱི་ལྷ༷་ཡི་ཚོ༷གས་དང་། སངས་རྒྱས་ཀྱི་བསྟན་པ་སྲུང་བའི་སྲུང༷་མ༷་མདོ་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་དང་སྔགས་ལྟར་རྒྱལ་བ་རྡོ་རྗེ་འཆང་དུ་གྲགས་པའི་མགོན་པོ་མཆོག་གི་བཀའ་ཡིས་དམ་དུ་བཞག་པའི་ཚིག་ལ་ཉན་ནས་བསྟན་པ་བསྲུང་བར་དམ་བཅས་པའི་ཚིག་ཞལ་གྱིས་བཞེས་པའི་དམ༷་ཚི༷ག་ཅ༷ན་རྣམས་ཀྱི་ཐུགས་ཀྱིས་དགོངས་ལ་སྙན་གྱིས་གསོན་ཅིག།

རྩ་བ་དང་ཡན་ལག་གི་ད༷མ་ཚི༷ག་རྣམས་རྒྱུད་ཀྱི་གཞུང༷་དུ་རྒྱལ་བས་ཇི་སྐད་བཀའ་བསྩལ་བ་བཞི༷ན་དུ་སྒྲུབ༷་པ་ལ་བརྩོན་ཞིང་དམ་ཚིག་ལས་མི་འདའ་བའི་ཐབས་ལ་འབད་པ་དང་། གལ་ཏེ་དམ་ཚིག་ལས་ཉམས་ན་གཞུང་བཞིན་འགྱོད་པས་བཤགས་པ༷འི་རྣ༷ལ་འབྱོ༷ར་བ་ལ༷་གནས་ལུགས་དོན་དམ་བདེན་པའི་ལྟ་བ་ཇི་བཞིན་མ༷་རྟོག༷ས་པར་ཕྱིན་ཅི་ལོག་ཏུ་གྱུར་པའི་ལྟ༷་བ༷འི་གོ༷ལ་ས་དང་། ཉོན་མོངས་པ་དང་དེའི་འབྲས་བུ་ལུས་ངག་ཡིད་ཀྱི་མི་དགེ་བའི་ལས་ལ་སོགས་པའི་ལྟ་བ་རྟོགས་པ་ལ་སྒྲིབ༷་བྱེད་ཅི་བྱུང༷་བ༷་ན༷། ར༷ང་ཉིད་ངོ་ཚ་བའི་གནོ༷ང་བ་དང་། ལས་དེ་ལ་འགྱོད༷་པ༷་ཆེན་པོའི༷་སེམ༷ས་ཀྱི༷ས་ལྷ་དང་སྲུང་མའི་མདུན་དུ་མཐོ༷ལ་ལོ༷། །མི་འཆབ་བོ། །མི་སྦེད་དོ། །སླད་ཆད་ཀྱང་མི་བགྱིད་པར་བསྡམ་པས་བཤ༷གས་པར་བགྱིའོ། །དེ་ལྟར་བཤགས་ན་ལྷ་དང་སྲུང་མའི་ཚོགས་ཀྱིས་བདག་གོལ་སྒྲིབ་ལོག་པའི་ལམ་དུ་མ་གཏོང་ཅིག། ལམ་ལོག་པ་དེས་མི་ཚུགས་པར་སྲུང་བར་མཛོད་ཅིག་ཅེས་པའོ།། །།

དྲུག་པ་བདེ་གཤེགས་སྤྱི་བཤགས།

བཤགས་པ་སྤྱི།

༈ རྩ་བའི་ས་བཅད་དྲུག་པ་བདེ་གཤེགས་སྤྱི་བཤགས་ལ་ནི། བཤགས་པ་སྤྱི་དང་། བྱེ་བྲག་གཉིས་ལས།དང་པོ་ལ་ནི། བཤགས་ཡུལ་མངོན་དུ་བྱ་བའམ་བཤགས་ཡུལ་གྱི་ལྷ་ཚོགས་ལ་དགོངས་གསོལ་ཞུ་བ་དང་། གང་བཤགས་བྱའི་ཉེས་ལྟུང་ངོས་བཟུང་བ་དང་གཉིས་ལས།

དང་པོ་ནི། རྩ་བའི་ས་བཅད་དྲུག་པ་བདེ་བར་གཤེགས་པ་འཁོར་བཅས་སྤྱི་ལ་བཤགས་པ་བྱ་བའི་ཚུལ་ནི་འདི་སྐད་དུ་བརྗོད་དོ། །དེ་ཡང་ཐོག་མར་ནི། ཨོཾ་དུས་གསུམ་བདེ་གཤེགས་རྒྱལ་བ་འཁོར་དང་བཅས༔ རྡོ་རྗེའི་དམ་ཅན་མ་ལུས་དགོངས་སུ་གསོལ༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། ཨོཾ༷་ནི་གོང་དུ་སྨོས་པ་ལྟར་བྱིན་རླབས་དང་བཀྲ་ཤིས་པར་བྱེད་པ་བརྗོད་པའོ། །རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། དུས་གསུམ་བདེ་གཤེགས་བདག་གནས་ཐམས་ཅད་དུ། །རྡོ་རྗེ་ཅན་དང་དམ་ཚིག་སེམས་དཔར་བསྒྲུབས། །དེ་བཞིན་གཤེགས་པ་དགྱེས་པ་དགྱེས་པ་ཀྱེ། །རྡོ་རྗེས་བདག་ཡོང་གཏན་དུ་མ་བཏང་ཞིག །ཅེས་གསུངས་པ་ལྟར། འདས་པའི་དུས་དང་། ད་ལྟའི་དུས་དང་། མ་འོངས་པའི་དུས་ཏེ་དུས༷་གསུམ༷་དུ་ནི་རྒྱུ་བདེ༷་བ་བྱང་ཆུབ་ཆེན་པོའི་ལམ་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་ས་རུ་གཤེ༷གས་པའི་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱལ༷་བ༷་ཞི་ཁྲོའི་ལྷ་ཚོགས་འཁོ༷ར་དང༷་བཅ༷ས་པ་དང་། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་པའི་རྡོ༷་རྗེ༷འི་ད༷མ་ཚིག་གཉན་པོ་མནོས་པ་ཅ༷ན་གྱི་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་མ༷་ལུས༷་པས་བདག་ལ་ཐུགས་བརྩེ་བས་ཉེ་བར་དགོང༷ས་སུ༷་གསོ༷ལ་ཅིག་ཅེས་བཤགས་ཡུལ་ལ་དགོངས་སུ་གསོལ་བ་ཞུས་དེ་བཤགས་པའི་དཔང་པོར་བཞུགས་སུ་གསོལ་བའོ།།

གོང་དུ་བརྗོད་མེད་དོན་བཤགས་ཀྱི་དགོངས་གསོལ་ནས་ལེའུ་དུ་མར་དགོངས་གསོལ་མང་པོ་བྱུང་བ་ནི་གཞུང་གཅིག་ལ་ཟློས་པའི་སྐྱོན་བྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ལེའུ་སོ་སོར་བསྟན་པའི་བཤགས་ཐབས་སོ་སོ་བ་དང་རྒྱུད་གསུངས་པའི་གོ་རིམ་གྱི་དུས་མི་འདྲ་བ་དུ་མར་བསྟན་པའི་བཤགས་པ་ཡིན་གྱི་དུས་གཅིག་ལ་དཀྱུས་གཅིག་ཏུ་བཀོད་པའི་བཤགས་ཐབས་མ་ཡིན་པའི་ཕྱིར་རོ།།

གཉིས་པ་གང་བཤགས་བྱའི་ཉེས་ལྟུང་ངོས་བཟུང་བ་ལ་ནི། ཉེས་ལྟུང་ངོས་བཟུང་བ་དངོས་དང་། གང་ངོས་བཟུང་བའི་ཉེས་ལྟུང་བཤགས་པ་དང་གཉིས་ལས། དང་པོ་ནི། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ༔ སྒྲུབ་པའི་རིག་འཛིན་བྱང་ཆུབ་གོ་འཕང་དུ༔ སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྒྲུབ་པའི་ཕྱིར༔ ཡི་དམ་ལྷ་དང་རྡོ་རྗེ་སློབ་དཔོན་དང་༔ གསང་བའི་དམ་ཚིག་གྲངས་སུ་མནོས་པ་ལས༔ དམ་བཅས་བཀའ་ལས་འདའ་བར་མི་བགྱིད་དེ༔ ལས་དང་སྐལ་བས་དམྱལ་བར་སྐྱེ་བར་འགྱུར༔ ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་གྱིས་བསྟན། གང་བཤགས་བྱའི་ཉེས་ལྟུང་དེ་གང་ཡིན་ཞེ་ན། དེ་ནི་ཐར་བའི་ལམ་བསྒྲུབ་པའི་ད༷ང་པོ༷་སྟེ་ཐོག་མར་བླ་ན་མེད་པ་ཐེག་པ་ཆེན་པོ་བྱ༷ང་ཆུབ༷་མཆོ༷ག་ཏུ༷་སེམ༷ས་བསྐྱེ༷ད་དེ༷་གསང་སྔགས་ཀྱི་ལམ་སྒྲུབ༷་པ༷འི་རི༷ག་པ་འཛི༷ན་པའི་གང་ཟག་རྣམས་ཀྱིས་མཐའ་ཡས་པའི་སེམས་ཅན་རྣམས་བྱ༷ང་ཆུབ༷་ཆེན་པོའི་གོ༷་འཕ༷ང་བླ་ན་མེད་པ་ཉིད་དུ༷་དམིགས་ཏེ། ཇི་སྐད་དུ་རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པ་དང་པོ་ལས། ལུས་དང་ངག་དང་ཡིད་རྣམས་ནི། །རྡོ་རྗེ་གསུམ་དུ་རྣམ་དག་པས། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །རྡོ་རྗེའི་ཚུལ་དུ་བསྟན་པའོ། །ཞེས་སྐུ༷་རྡོ་རྗེ་འགྱུར་བ་མེད་པ་དང་། གསུ༷ང་རྡོ་རྗེ་འགགས་པ་མེད་པ་དང་། ཐུག༷ས་ཀྱི༷་རྡོ༷་རྗེ༷་དྲི་མ་མེད་པ་གསུམ་བསྒྲུབ༷་པ༷ར་བྱ་བའི༷་ཕྱིར༷་དུ་ནི་ཡི་དམ་གྱི་ལྷ་ཞི་ཁྲོ་དམ་པ་རིགས་བརྒྱའི་དཀྱིལ་འཁོར་ལ་བརྟེན་ནས་རྒྱུད་སྨིན་པར་བྱ་བའི་ཆེད་དུ་བླ་མ་ལས་དབང་མནོས་ཏེ་དམ་ཚིག་དུ་མ་བསྲུང་བར་ཁས་བླངས་པ་སྟེ། དེ་ཡང་ཡི༷་ད༷མ་གྱི་ལྷ༷་ཡི་དམ་ཚིག་དང༷་བླ་མ་རྡོ༷་རྗེ༷་སློབ༷་དཔོ༷ན་གྱི་དམ་ཚིག་དང༷་། དེ་གཉིས་ལས་གཞན་པའི་དམ་ཚིག་ལ་སོགས་པ་གས༷ང་བ༷འི་ད༷མ་ཚི༷ག་གྲང༷ས་སུ༷་བགྲང་བས་མི་ལང་པ་ཞིག་མནོ༷ས་པ༷་རྣམས་ལ༷ས་ནི་སྣ་གཅིག་དང་ཕྲ་མོ་ཙམ་ཡན་ཆད་བསྲུང་བར་ཁས་བླངས་ཤིང་ཉམས་སུ་མི་འཇུག་པར་ད༷མ་བཅ༷ས་པ་ལགས་ཤིང་། བླ་མས་ཀྱང་དེ་ལྟར་མི་འདའ་བར་བཀ༷འ་བསྒོས་པའང་ཡིན་ན། ད་ནི་སྲོག་ལ་ཐུག་ཀྱང་དེ་ལ༷ས་འད༷འ་བ༷ར་མི༷་བགྱི༷ད་དེ༷། ཁྲོ་བོའི་རྒྱལ་པོའི་རྟོག་པ་བསྡུས་པ་ལས། དམ་ཚིག་སྡོམ་པ་མི་ལྡན་ལ། །བླ་མ་མཉེས་པར་མི་བྱེད་ན། །སྒྲུབ་པ་འབྲས་མེད་ངན་སོང་འགྲོ། །ལོག་ལྟ་ཅན་གང་བླ་མ་འཚེ། །དམྱལ་བའི་གནས་སུ་འགྲོ་བར་འགྱུར། །ཞེས་གསུངས་པ་ལྟར། གལ་ཏེ་འདའ་བར་བྱས་ན་ནི་དམ་ཚིག་ཉམས་པའི་ལ༷ས་དེ་དང༷་སྐ༷ལ་བ༷་ངན་པ་དེས༷་མནར་མེད་པའི་དམྱལ༷་བ༷ར་སྐྱེ༷་བ༷ར་འགྱུར༷་བའི་ཕྱིར་རོ། །དེས་ན་དེ་དག་བཤགས་དགོས་པ་ཡིན་ནོ་ཞེས་དམ་ཚིག་ཉམས་པའི་ཉེས་ལྟུང་སྤྱི་ཙམ་ངོས་བཟུང་བའོ།།

གཉིས་པ་གང་ངོས་བཟུང་བའི་ཉེས་ལྟུང་བཤགས་པ་ལ་ནི། སྐུའི་དམ་ཚིག་ཉམས་པའི་ཉེས་པ་བཤགས་པ་དང་། གསུང་གི་དམ་ཚིག་ཉམས་པའི་ཉེས་པ་བཤགས་པ་དང་། ཐུགས་ཀྱི་དམ་ཚིག་ཉམས་པའི་ཉེས་པ་བཤགས་པ་དང་། ཡན་ལག་གི་དམ་ཚིག་ཉམས་པའི་ཉེས་པ་བཤགས་པ་དང་། བསྙེན་སྒྲུབ་ཀྱི་དམ་ཚིག་ཉམས་པའི་ཉེས་པ་བཤགས་པ་དང་། ལུས་ངག་ཡིད་ཀྱི་སྒྲུབ་བྱའི་དམ་ཚིག་ཉམས་པ་བཤགས་པ་དང་དྲུག་ལས།

དང་པོ་ནི། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་དང་༔ ཕྲག་དོག་ལ་སོགས་ཤོར་ནས་གནོང་བགྱིས་པ༔ རྡོ་རྗེ་སློབ་དཔོན་བསྟན་པའི་སྒྲོན་མེ་ལ༔ སྙིང་ནས་སྨོད་ཅིང་དམ་ཚིག་ཉམས་པ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེའི་སྤུན་རྣམས་ལ༔ ངན་སེམས་ལོག་པར་ལྟ་བ་ལ་སོགས་པ༔ སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ལ། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ང་རྒྱལ་ཁེངས་སེམས་དབང་དུ་བསྡུས་པས་ན། །སློབ་དཔོན་སྐུ་མ་མཉེས་པ་མཐོལ་ལོ་བཤགས། །བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ན། །གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ལོ་བཤགས། །ཞེས་གསུངས་པ་ལྟར། ཀུན་སློང་འདོ༷ད་ཆ༷གས་དང་། ཞེ༷་སྡ༷ང་དང་། གཏི༷་མུ༷ག་དང་། ང༷་རྒྱལ༷་དང༷་། ཕྲ༷ག་དོ༷ག་དང་། སེར་སྣ་དང་། ལོག་ལྟ་དང་། ཐེ་ཚོམ་ལ༷་སོ༷གས་པའི་དབང་དུ་ཤོ༷ར་ནས༷་གནོང༷་པ་སྟེ་ངོ་ཚ་བ་དང་འཁྲུལ་པའི་ལས་དམ་ཚིག་ཉམས་པའི་བྱ་བ་བགྱི༷ས་པ༷་ནི་དཔེར་ན་ཡེ་ཤེས་རྔམ་གློག་ལས། སྐུ་ཡི་དམ་ཚིག་ཅེས་བྱ་བ། །བླ་མ་སྤུན་ལ་གདུང་སེམས་ལྡན། །མངན་དང་དཔྱ་སེམས་སྤངས་པ་ཡིན། །ཞེས་གསུངས་པ་ལྟར། བླ་མ་རྡོ༷་རྗེ༷་སློ༷བ་དཔོ༷ན་མདོ་སྔགས་ཀྱི་བསྟ༷ན་པ༷འི་སྒྲོན༷་མེ༷་ཆེན་པོར་གྱུར་པ་ལ༷་ཁ་ཙམ་མ་ཡིན་པར་སྙིང༷་ན༷ས་སྨོ༷ད་ཅི༷ང་སྐུ་ལ་བདོ་བ་ལ་སོགས་པས་བླ་མའི་ད༷མ་ཚི༷ག་ཉ༷མས་པ༷་དང༷་། དེ་བཞིན་དུ་བླ་མ་དང་དཀྱིལ་འཁོར་གཅིག་དུ་དབང་དང་གདམས་ངག་བླངས་པ་ལ་སོགས་པས་དམ༷་ཚི༷ག་ལྷན་གཅི༷ག་ཏུ་མནོས་པ༷འི་རྡོ༷་རྗེ༷འི་སྤུན༷་མཆེད་རྣམ༷ས་ལ༷་གནོད་པར་བྱ་འདོད་པ་སོགས་ང༷ན་སེ༷མས་འཆང་ཞིང་དེ་དག་གི་སྒོ་གསུམ་གྱི་སྤྱོད་པ་ལ་ལོ༷ག་པ༷ར་ལྟ༷་བ༷་ལ༷་སོ༷གས་པ༷་གོང་སྨོས་ལྟར་སྐུ༷་ཡི༷་དམ༷་ཚི༷ག་ཏུ་གྲགས་པ་རྣམས་ཉམ༷ས་པ༷་ལ་འགྱོད་པས་མཐོ༷ལ་ལོ༷། །མི་འཆབ་བོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱི་བས་བཤ༷གས་པར་བྱའོ། །ཞེས་པའོ།།

གཉིས་པ་ནི། ཡི་དམ་ལྷ་ཡི་ཕྱག་རྒྱ་མ་གསལ་ཞིང་༔ སྔགས་ཀྱི་བསྙེན་པ་གྲངས་ལས་ཆད་པ་དང་༔ དུས་དྲུག་ལས་ཀྱི་ཆོ་གའི་ཁྱད་པར་དུ༔ བསྙེན་སྒྲུབ་བསྐང་བའི་ཆོ་ག་མ་བགྱིས་ཏེ༔ བཀའ་ལྟར་མ་ལྕོགས་གཞུང་ལྟར་རྔོ་མ་ཐོགས༔ གསུང་གི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ལ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ཕྱག་རྒྱ་འདི་ནི་རབ་མཆོག་སྟེ། །ཕྱག་རྒྱ་མ་ལུས་རབ་ཏུ་སྒྲུབ། །ཅེས་དང་། དཀྱིལ་འཁོར་བདག་པོའི་སྔགས་དྲན་ནས། །སྔགས་ཤེས་པས་ནི་ཕྱག་རྒྱ་བཅིང་། །ཕྱག་རྒྱ་མ་ལུས་བཅིང་བ་ལ། །ཆོ་ག་མཆོག་འདི་འདོད་པ་ཡིན། །ཞེས་དང་། ཟླ་གསང་ཐིག་ལེ་ལས། དེ་ནས་ཕྱག་རྒྱ་བཅིང་བཤད་དེ། །རྟག་ལ་སོགས་པའི་དེ་ཁོ་ན། །གང་གིས་མྱུར་དུ་བཅིངས་པ་ཡིས། །སངས་རྒྱས་དངོས་གྲུབ་དེ་ཆེར་འགྲོ། །ཞེས་གསུངས་པ་ལྟར། ཡི་དམ་ཞི་ཁྲོ་དམ་པ་རིགས་བརྒྱ་ལ་སོགས་པའི་རང་གི་ཡི༷་དམ༷་གྱི་ལྷ༷་གང་ཡིན་པ་དེ་ཡི༷་ཆོས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་ལ་སོགས་པ་གསལ་དགོས་པ་ལ་དེ་ལྟར་གསལ་མ་ནུས་པས་མ༷་གས༷ལ་ཞི༷ང་། རྣམ་སྣང་མངོན་བྱང་ལས། གསང་སྔགས་གྲངས་ནི་སུམ་འབུམ་དུ། །ཕལ་ཆེར་ངས་ནི་བཤད་པ་དག །ལུས་ཅན་སྡིག་དང་བྲལ་བ་ཡི། །སྔགས་པ་རྣམ་པར་དག་པ་ལ། །བཟླས་བརྗོད་གྲངས་ནི་བསྟན་པ་སྟེ། ཞེས་དང་། ལེགས་གྲུབ་ཀྱི་རྒྱུད་ལས། མདོར་ན་ཟློས་པ་པོ་རྣམས་ཀྱིས། །བཟླས་བརྗོད་ཆོ་ག་གང་གསུངས་པ། །ཆོ་ག་དེ་དག་ཉིད་ཀྱིས་ནི། །རིག་སྔགས་བསྙེན་པས་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར། ཡི་དམ་འགྲུབ་བྱེད་ཀྱི་ཡི་དམ་གང་ཡིན་གྱི་སྔག༷ས་ཀྱི༷་བསྙེ༷ན་པ༷་གྲངས་ཀའི་ཚད་ལ་ཟིན་དགོས་པ་ལ་དེ་ལྟར་མ་སླེབས་ཤིང་མ་ཚང་བར་གྲང༷ས་ཀ་ལ༷ས་ཆ༷ད་པ༷་ད༷ང་། དམ་ཚིག་ཆེན་པོའི་རྒྱུད་ལས། མཚན་མོ་ཤེས་རབ་སྐུ་གསུང་ཐུགས། །ཉིན་མོ་ཐབས་ཀྱི་སྐུ་གསུང་ཐུགས། །ཉི་མ་ནུབ་དང་ཉི་མ་ཤར། །ཉི་མ་གུང་ནི་ཐབས་ཀྱི་དུས། །ནམ་སྲོས་ནམ་ནི་ལངས་པ་དང་། །ནམ་གྱི་གུང་ནི་ཤེས་རབ་དུས། །དུས་དྲུག་མཆོད་པ་རྒྱུན་མི་ཆད། །ཅེས་དང་། དཔལ་རྡོ་རྗེ་གདན་བཞི་ལས། ཤ་དང་ཉ་ཡིས་སྦྱར་བ་ཡིས། །ཨོཾ་གྱིས་སྤྱན་དྲངས་གཏོར་མ་སྦྱིན། །ཇི་ལྟར་ལས་ལ་སོགས་བརྩམ་པ། །བཅོ་ལྔ་དང་ནི་བཅུ་བཞི་དང་། །ཁྱད་པར་དུ་ནི་ཚེས་བརྒྱད་ལའོ། །ཞེས་གསུངས་པ་ལྟར། ཚེས་ཀྱི་དབང་དུ་བྱས་ན་ཉ་སྟོང་གཉིས་དང་། ཡར་མར་གྱི་ཚེས་བཅུ་བཞི་གཉིས་དང་། ཡར་མར་གྱི་ཚེས་བརྒྱད་གཉིས་ཏེ་དུས་དྲུག་དང་། དུས་ཀྱི་དབང་དུ་བྱས་ན་ཉི་ཤར་གྱི་དུས་དང་། ཉིན་གུང་དང་། ཉི་ནུབ་ཀྱི་དུས་ཏེ་ཉིན་མོ་ཐབས་ཀྱི་དུས་གསུམ་དང་། མུན་སྲོས་པ་དང་། མཚན་གུང་དང་། ནམ་ལང་པའི་དུས་ཏེ་མཚན་མོ་ཤེས་རབ་ཀྱི་དུས་གསུམ་སྟེ་དུས༷་དྲུག༷་གི་ཐུན་གྱི་ཡི་དམ་ལ་མཆོད་པ་ལ་སོགས་པའི་ལ༷ས་ཀྱི་ཆོ༷་ག༷འི་ཁྱ༷ད་པ༷ར་མི་འདྲ་བ་ཉིད་དུ༷་གྱུར་པ་བསྙེ༷ན་སྒྲུབ༷་དང་། ལྷ་དང་སྲུང་མའི་ཐུགས་དམ་བསྐ༷ང་བ༷འི་ཆོ༷་ག༷་དང་། ཆད་ལྷག་གི་ཁ་སྐོང་གི་བསྙེན་པ་དང་སྦྱིན་སྲེག་རྣམས་བྱ་དགོས་པ་ལ་དེ་ལྟར་མ༷་བགྱི༷ས་ཏེ༷། བླ་མའི་བཀ༷འ་ལྟར༷་སྒྲུབ་པར་མ༷་ལྕོག༷ས་པ་དང་། གསང་སྔགས་ཀྱི་རྒྱུད་གཞུང༷་ནས་སྟོན་པ་ཐུགས་རྗེ་ཅན་གྱི་ཇི་སྐད་བཀའ་བསྩལ་པ་ལྟ༷ར་དུ་ཉམས་ལེན་དང་ལག་ལེན་བྱེད་པར་རྔོ༷་མ༷་ཐོག༷ས་པར་གསུ༷ང་གི༷་ད༷མ་ཚི༷ག་ཏུ་བཤད་པ་རྣམས་ལས་འགལ་ཏེ་ཉམ༷ས་པ༷་རྣམས་འགྱོད་པས་མཐོ༷ལ་ལོ༷། །བཤ༷གས་སོ། །མི་སྦེད་དོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱི་ལགས་སོ་ཞེས་པའོ།།

གསུམ་པ་ནི། རྡོ་རྗེ་སློབ་དཔོན་བྱམས་པའི་སྐུ་དྲིན་གྱིས༔ སྙན་ཁུང་བརྒྱུད་ནས་སེམས་ཀྱི་དཀྱིལ་དུ་བཞག༔ ཐུགས་ཀྱི་མན་ངག་སྟེར་ནས་དམ་ཚིག་སྨོས༔ གསང་ཚིག་འདས་ནས་འཆོལ་བར་སྨྲ་ལ་སོགས༔ ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་རྐང་པ་གཅིག་གིས་བསྟན་ལ། བླ་མ་རྡོ༷་རྗེ༷་སློ༷བ་དཔོ༷ན་ཐུགས་གདུལ་བྱ་དང་སློབ་མ་ལ་རྟག་ཏུ་བྱམ༷ས་པ༷འི་བདག་ཉིད་ཅན་གང་གི་སྐུ༷་ཡི་དྲི༷ན་གྱི༷ས་ནི་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོའི་རྒྱུད་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་གདམས་པ་རྣམས་སྙ༷ན་ཁུང༷་སྟེ་རྣ་བའི་བུ་ག་རུ་བརྒྱུད༷་ནས༷་སློབ་མ་རང་གི་སེམ༷ས་ཀྱི༷་དཀྱི༷ལ་དུ༷་བཞ༷ག་པ་ལགས་ཤིང་། དེ་ལྟར་བཞག་པ་དེ་ཡང་གདམས་པ་ཉི་ཚེ་བ་ཙམ་མིན་པར་སློབ་དཔོན་ཉིད་ཀྱི་ཐུག༷ས་ཀྱི༷་དཀྱིལ་དུ་སྙིང་པོའི་ཡང་ཞུན་ཉིད་དུ་འཆང་བའི་གང་ཟག་གཅིག་འཚང་རྒྱ་བའི་མ༷ན་ང༷ག་ཟབ་མོ་ཆ་ཚང་ལ་དོན་མ་ནོར་བ་དེ་ཡིན་པ་ལ། དེ་ཉིད་སྟེར༷་ནས༷་ཐར་ལམ་ཡང་དག་པར་བསྟན་ཀྱང་དད་པས་མི་བཀུར་ཞིང་། དེ་ལྟར་སྟེར་བའི་མན་ངག་གི་སྐབས་ཀྱི་དམ༷་ཚི༷ག་གི་རྣམ་གྲངས་དང། དེ་དག་སྲུང་བའི་ཐབས་རྣམས་ཞིབ་པར་སྨོ༷ས་པ་རྣམས་མ་བསྲུང་པ་དང་། གོང་དུ་བཤད་ཟིན་ལྟར་གཞུང་ནས་གསང་བར་གདམས་པའི་གས༷ང་ཚི༷ག་དང་། བླ་མས་གནང་བའི་གསང་བ་རྣམས་གསང་དགོས་པར་གདམས་པ་ལྟར་གསང་བར་མ་བྱས་པར་སྣོད་མིན་དང་། རྒྱུད་མ་སྨིན་པ་དང་། ལོག་ལྟ་ཅན་རྣམས་ལ་བསྟན་པར་བགྱིས་ཏེ་བླ་མའི་བཀའ་ལས་འད༷ས་ན༷ས་ཅི་འདོད་གང་འདོད་དུ་གསང་སྒོ་འཆོ༷ལ་བ༷ར་ཕྱི་ལ་སྨྲ༷་བ་ལ༷་སོ༷གས་པ་ཐུག༷ས་ཀྱི༷་ད༷མ་ཚི༷ག་ཏུ་སྨོས་པ་དག་ལས་ཉམ༷ས་པ༷་རྣམས་རབ་ཏུ་འགྱོད་པས་མཐོ༷ལ་ལོ༷་བཤ༷གས་སོ་ཞེས་པའོ།།

དཔེ་ལ་ལའི་རྩ་བའི་ཚིག་ཏུ། ཐུགས་ཀྱི་མན་ངག་སྟོར་ནས་དམ་ཚིག་སྨོད༔ ཅེས་པ་ཡོད་པས་དེ་དག་ན་ནི་བླ་མས་ཐུག༷ས་ཀྱི༷་མ༷ན་ང༷ག་ཟབ་མོ་རྣམས་སློབ་མ་ལ་གནང་ནས་བསྐྱངས་ནའང་སློབ་མས་ནི་དམ་ཚིག་ལས་འདས་ཤིང་མན་ངག་གི་དོན་རྣམས་ཉམས་སུ་མི་ལེན་པར་སྟོར༷་བར་བྱས་ནས༷་བླ་མ་དང་དམ༷་ཚི༷ག་ལ་སྨོ༷ད་པས་ལོག་པར་ལྟ་བ་ལ་འཕྱན་ནས་གསང་སྒོ་འཆོལ་བ་ཞེས་པར་འགྲེལ་དགོས་སོ་སྙམ་མོ།།

བཞི་བ་ནི། ཆོས་རྣམས་མཉམ་པ་ཉིད་དུ་མ་རྟོགས་ཏེ༔ ཡན་ལག་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གཉིས་ཀྱིས་བསྟན། ཀུན་ཉོན་འཁོར་བ་དང་། རྣམ་བྱང་མྱང་འདས་ཀྱིས་བསྡུས་པའི་ཆོ༷ས་རྣ༷མས་བདེན་མེད་སྤྲོས་བྲལ་མཉ༷མ་པ༷་ཉི༷ད་དུ༷་གནས་པ་ལ་དེ་ལྟར་མ༷་རྟོ༷གས་པར་གྱུར་ཏེ༷་ཆོས་ཀུན་ལ་བདག་ཏུ་བཟུང་ཞིང་གཉིས་སུ་འཁྲུལ་བའི་དབང་གིས། ཇི་སྐད་དུ་ཡེ་ཤེས་རྔམ་གློག་ལས། ཡན་ལག་དམ་ཚིག་མི་སྤང་དང་། །མི་འདོར་སྤྱོད་དང་ཤེས་པ་དང་། །གྲུབ་པ་ཡིན་ཏེ་རྣམ་ལྔ་པོ། །དོན་ལ་རྣམ་པ་བརྒྱད་དུ་གྲགས། །ཞེས་དང་། དཔལ་སྐུ་གསུང་ཐུགས་ཀྱི་རྒྱུད་ལས། གཉིས་མེད་ཁྱོད་ཀྱིས་བླང་བར་བྱ། །མི་བསྐྱོད་བཅོམ་ལྡན་དང་མཚུངས་པའི། །ཟིལ་གྱིས་མི་ནོན་ཁྱོད་ཀྱིས་བླང་། །དམ་ཚིག་སྤྱོད་པ་སྤྱད་པ་ཡི། །མཆོག་གི་དེ་ཉིད་བླང་བར་བྱ། །ཐབས་དང་ཤེས་རབ་ཟུང་དུ་སྦྲེལ། །ནམ་ཡང་ཁྱོད་ཀྱིས་བླང་བར་བྱ། །ཚངས་སྤྱོད་དེ་བཞིན་བསམ་གཏན་ལ། །འབད་པས་སེམས་ནི་བརྟན་པར་བྱ། །ཆང་ནི་རྟག་བཏུང་ཁྲོ་མི་བྱ། །དེ་བཞིན་ཤ་ཡང་ངེས་པར་བྱ། །གཞན་གྱི་ཕྱག་རྒྱ་བསྟེན་པར་བྱ། །འདི་ནི་དམ་ཚིག་བརྒྱད་ཡིན་ནོ། །ཞེས་གསུངས་པ་ལྟར་གོང་སྨོས་ཀྱི་སྔགས་ཀྱི་ཡ༷ན་ལ༷ག་གི་ད༷མ་ཚི༷ག་དང་སྒོས་ཀྱི་དམ་ཚིག་རྣམས་ལས་ཉམ༷ས་པ༷་ལ་འགྱོད་པ་དྲག་པོས་མི་འཆབ་པར་མཐོ༷ལ་ལོ༷། །བཤ༷གས་པར་བགྱིའོ་ཞེས་པའོ།།

ལྔ་བ་ནི། ལེ་ལོ་སྙོམས་ལས་གཉིད་ཀྱི་དབང་གྱུར་ཏེ༔ བསྙེན་སྒྲུབ་དམ་ཚིག་ཉམས་པ་མཐོལ་ལོ་བཤགས༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གཉིས་ཀྱིས་བསྟན། དེ་ཡང་འཕགས་པ་འོད་ཟེར་ཀུན་ཏུ་བཀྱེ་བ་བསྟན་པའི་མདོ་ལས། ལེ་ལོ་སྙོམས་ལས་ལ་གནས་པས། །རྟག་ཏུ་ལུས་དང་ངག་ཡིད་ཀྱི། །མི་དགེ་ལས་ནི་སྤྱོད་པས་ན། །དེ་ལ་ཚུལ་ཁྲིམས་དག་པ་དང་། །ཤེས་རབ་མང་ཐོས་ཅི་ཡང་མེད། །ཅེས་དང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པས་ན། །སྒོམ་དང་སྒྲུབ་ལ་གཡེལ་བ་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར། རང་ཉིད་བརྙས་ཤིང་སེམས་སྒྱིད་ལུག་པའི་ལེ༷་ལོ༷་དང་། མི་བརྩོན་པར་བཏང་སྙོམས་སུ་འཇོག་པའི་སྙོམ༷ས་ལ༷ས་དང་། གཉི༷ད་ཀྱི༷་རོ་ལ་དགའ་བའི་དབ༷ང་དུ༷་གྱུར༷་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་གསུངས་པ་ལྟར་གྱི་ཞི་ཁྲོ་དམ་པ་རིགས་བརྒྱའི་ལྷ་ལ་སོགས་པའི་ཡི་དམ་གྱི་བསྙེ༷ན་པ་དང་། ཉེ་བསྙེན་དང་། སྒྲུབ་པ་དང་། སྒྲུབ༷་པ་ཆེན་པོ་རྣམས་ལ་ཚུལ་བཞིན་བརྩོན་མ་ནུས་པ་དང་། བསྙེན་སྒྲུབ་ལ་དགོས་པའི་ད༷མ་ཚི༷ག་རྣམས་བསྲུང་མ་ནུས་པར་ཉམ༷ས་པ༷་རྣམས་ཀྱང་མི་འཆབ་པར་མཐོ༷ལ་ལོ༷། །བཤ༷གས་སོ། །ཕྱིན་ཆད་ཅི་ལ་ཐུག་ཀྱང་སླར་མི་བགྱིའོ་ཞེས་བསྙེན་སྒྲུབ་ལ་བརྩོན་པར་མ་ནུས་པ་དང་དེའི་ཕྱོགས་སུ་གཏོགས་པའི་ཉེས་པ་རྣམས་བཤགས་པའོ།།

དྲུག་པ་ནི། ལུས་ངག་ཡིད་ཀྱི་སྒྲུབ་བྱ་འདས་པ་ཡི༔ སྐུ་གསུང་ཐུགས་ཀྱི་དམ་ཚིག་ཉམས་པ་བཤགས༔ ཞེས་པའི་ཚིགས་སུ་བཅད་པའི་རྐང་པ་གཉིས་ཀྱིས་བསྟན། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར་པས་ན། །ལུས་ངག་སེམས་ཀྱིས་སྡིག་བགྱིས་མཐོལ་ཞིང་བཤགས། །ཞེས་སུངས་པ་ལྟར། ཡང་ཀུན་སློང་འདོད་ཆགས་ལ་སོགས་པས་ཀུན་ནས་བསླངས་ཏེ་ལུ༷ས་ཀྱི་སྒྲུབ་བྱ་དང་། ང༷ག་གི་སྒྲུབ་བྱ་དང་། ཡི༷ད་ཀྱི༷་སྒྲུབ༷་པར་བྱ༷་བ་ཉིད་དུ་གྱུར་པའི་དམ་ཚིག་ཅི་ཡོད་པ་རྣམས་ཇི་བཞིན་བསྒྲུབ་མ་ནུས་པར་དེ་ལས་འད༷ས་པ༷་ཡི༷་ཉེས་ལྟུང་ཅི་མཆིས་པ་ཐམས་ཅད་དེ། མདོར་ཧྲིལ་གྱིས་བསྡུ་ན། ཡེ་ཤེས་རྔམ་གློག་ལས། གསང་སྔགས་རྒྱ་མཚོ་ཆེན་པོ་ཡི། །དམ་ཚིག་བསམ་ཡས་ཇི་སྙེད་པ། །རྩ་བ་ཡན་ལག་གཉིས་སུ་འདུས། །རྩ་བའི་དམ་ཚིག་གསུམ་ཡིན་ཏེ། །སྐུ་གསུང་ཐུགས་སུ་རྒྱལ་བས་གསུངས། །ཞེས་གསུངས་པ་ལྟར། སྔགས་ཀྱི་དམ་ཚིག་ཡོད་དོ་ཅོག་སྐུ༷་གསུ༷ང་ཐུག༷ས་ཀྱི༷་ད༷མ་ཚི༷ག་ལ་འདུས་པས་དེ་གསུམ་གྱིས་བསྡུས་པའི་དམ་ཚིག་ཉམ༷ས་པ༷་རྣམས་འགྱོད་པས་མཐོལ་ཞིང་བཤ༷གས་པར་བགྱིའོ་ཞེས་པས་མཇུག་བསྡུས་པའོ།།

བཤགས་པ་བྱེ་བྲག་པ།

གཉིས་པ་བཤགས་པ་བྱེ་བྲག་པ་ལ་ནི། རྩ་བ་གསུམ་གྱི་དང་པོ་བླ་མ་ལ་བཤགས་པ་དང་། གཉིས་པ་ཡི་དམ་ལ་བཤགས་པ་དང་། གསུམ་པ་མཁའ་འགྲོ་ལ་བཤགས་པ་དང་། ཆོས་སྐྱོང་སྲུང་མ་ལ་བཤགས་པ་དང་། ཕ་མ་ལ་བཤགས་པ་དང་། མཆེད་ལྕམ་ལ་བཤགས་པ་དང་། འགྲོ་དྲུག་གི་སེམས་ཅན་ལ་བཤགས་པ་དང་། སོ་བྱང་སྔགས་གསུམ་གྱི་བཤགས་པ་བསྡུས་ཏེ་བསྟན་པ་དང་། བཤགས་པའི་མཇུག་བསྡུ་བ་དང་དགུ་ལས།

དང་པོ་ནི། རྗེ་བཙུན་བླ་མ་རྣམས་ཀྱི་སྤྱན་ལམ་དུ༔ ཡོ་བྱད་འབྱོར་ཚོགས་ཆུང་བ་མཐོལ་ལོ་བཤགས༔ ཞེས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བསྟན། དེ་ཡང་དཔལ་རྡོ་རྗེ་མཁའ་འགྲོ་ལས། རྡོ་རྗེ་སློབ་དཔོན་མཚན་ཉིད་ནི། །རབ་ཏུ་བཤད་ཀྱིས་ལྷ་མོ་ཉོན། །དུལ་ཞིང་ཆ་ལུགས་མཛེས་པ་དང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །རྣལ་འབྱོར་བཟོ་ཡི་ཆ་ལ་མཁས། །ཐམས་ཅད་དུ་ནི་འཇམ་པར་སྨྲ། །སེམས་ཅན་ཀུན་ལ་བུ་བཞིན་ལྟ། །རྟག་ཏུ་གཏོང་ལ་དགའ་བ་དང་། །བསམ་གཏན་སྦྱོར་ལ་མངོན་པར་བརྩོན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་འཚེ་མི་བྱེད། །རྟག་ཏུ་མཉམ་པའི་སེམས་བསྐྱེད་པས། །སེམས་ཅན་ཀུན་གྱི་མགོན་སྐྱོབ་སྟེ། །སེམས་ཅན་བསམ་པའི་བྱེ་བྲག་མཁས། །མགོན་མེད་རྣམས་ལ་གཉེན་ལྟར་བརྩེ། །མཛའ་སྡུག་གིས་ནི་ལེགས་པས་ལྟ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས། །དམ་ཚིག་སྤྱོད་ལ་རབ་ཏུ་གུས། །ཕྱག་རྒྱ་བརྡ་ཡི་སྦྱོར་བ་རིག །རྣལ་འབྱོར་མ་རྣམས་དམ་ཚིག་ལ། །བརྡ་ཡིས་སྦྱོར་བ་སྟོན་པ་དང་། །གཉིས་མེད་སྦྱོར་བ་མི་ཕྱེད་གནས། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །དབང་བསྐུར་དོན་གྱི་ཡོན་ཏན་འབྱུང་། །གནས་སོགས་མཐོང་བའི་ངང་ཚུལ་ཅན། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །འདི་ནི་སློབ་དཔོན་ཞེས་བྱར་བརྗོད། །ཅེས་གསུངས་པ་ལྟར་གྱི་རྡོ་རྗེ་སློབ་དཔོན་དམ་པའི་ཡོན་ཏན་དང་ལྡན་པ་གདུལ་བྱ་ཀུན་གྱི་རྗེ༷་བོར་གྱུར་ཅིང་། ཐུགས་རྒྱུད་སོ་བྱང་སྔགས་གསུམ་གྱི་སྡོམ་པས་བཙུ༷ན་པའི་བླ༷་མ༷་དམ་པ་རྣམ༷ས་ཀྱི༷་སྤྱན༷་ལ༷མ་དུ༷། ཇི་སྐད་དུ་མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། སློབ་དཔོན་མཆོད་བྱ་ཡང་དག་པར། །རྡོ་རྗེ་འཆང་དུ་བྱས་ནས་ནི། །མུ་ཏིག་གསེར་དང་རིན་ཆེན་རྣམས། །གླང་རྟ་ས་གཞི་ཡུལ་ལྗོངས་དང་། །བྲན་ཕོ་བྲན་མོ་འཁོར་རྣམས་དང་། །ཆུང་མ་ཕུན་སུམ་ཚོགས་ཀུན་དང་། །གོས་ཟུང་དུ་མ་རྣམས་དང་ནི། །དགྱེས་པའམ་ས་ལ་གང་ཅུང་ཟད། །བདག་ཏུ་ལྟ་བ་དང་བྲལ་བས། །དབུལ་བྱ་གཙོ་བོ་ཞི་བར་གྱིས། །བདག་ཉིད་དངོས་པོ་ཐམས་ཅད་ཀྱིས། །ཕྱག་བྱས་ནས་ནི་དབུལ་བར་བྱ། །ཞེས་དང་། ཡེ་ཤེས་རྔམ་གློག་ལས། མགོ་དང་མིག་དང་གསང་མ་སྙིང་། །རྟག་ཏུ་འབྲལ་བར་འཕང་བ་ལྟར། །བླ་མ་རྡོ་རྗེ་སློབ་དཔོན་ལ། །མི་འབྲལ་སེམས་ཀྱིས་དེ་ལྟར་ལྟ། །དེ་ཡི་ཕྱི་བཞིན་བེའུ་ལྟར་འབྲང་། །དེ་ཡི་དགོས་པ་ཅི་ཡང་རུང་། །སྐོང་ན་སྲོག་ལའང་མི་ལྟ་ན། །ཟང་ཟིང་གཞན་ལྟ་སྨོས་ཅི་དགོས། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དེ་ནས་སྣ་ཚོགས་རྫས་ཀྱིས་ནི། །བླ་མ་དད་པས་མཆོད་པར་བྱ། །སྣ་ཚོགས་རས་ནི་བརྒྱ་སོགས་དང་། །རིན་ཆེན་སྣ་ཚོགས་རྒྱལ་མཚན་མཆོག །མུ་ཏིག་ཕྲེང་བ་རིན་ཐང་མེད། །གྲངས་མེད་གསེར་གྱིས་མཆོད་བྱའོ། །ཞེས་དང་། དཔལ་ཡེ་ཤེས་ཐིག་ལེ་ལས། དེ་བས་ཀུན་ཏུ་འབད་པ་ཡིས། །གུས་པས་བླ་མ་མཆོད་པར་བྱ། །རིན་ཆེན་སྣ་ཚོགས་བཟོར་བྱས་ལེགས། །གསེར་གྱི་པདྨ་དྲི་མ་མེད། །མུ་ཏིག་དོ་ཤལ་རིན་ཐང་མེད། །སྣ་ཚོགས་དུ་མ་ཡི་ནི་གོས། །གཅེས་པའི་བཙུན་མོ་བུ་དང་བཅས། །གླང་ཆེན་རྟ་དང་བྲན་ལ་སོགས། །དཔལ་ལྡན་བླ་མའི་སྤྱན་སྔ་རུ། །དད་གུས་བརྟན་པས་དབུལ་བར་བྱ། །ཞེས་དང་། ཆོ་ག་གསང་བ་སྤྱི་རྒྱུད་ལས། སློབ་མས་གསང་སྔགས་གྲུབ་འདོད་པས། །བླ་མ་མཆོད་པ་བྱ་བའི་ཕྱིར། །སློབ་མ་དམ་ཚིག་སྲུང་བ་ཡིས། །གོས་དང་གསེར་དང་བདག་ཉིད་དང་། །བུ་དང་བདོག་པ་ཐམས་ཅད་ནི། །བླ་མ་དག་ལ་ཡོན་དུ་འབུལ། །ཞེས་གསུངས་པ་ལྟར་རང་ལ་དབང་དང་གདམས་ངག་གནང་བའི་བླ་མ་དེ་ལ་བདོག་དགོས་ཀྱི་ཟང་ཟིང་གི་དངོས་པོ་སྣ་ཚོགས་ཀྱིས་མཆོད་དགོས་པ་ཡིན་ནའང་། རང་ཉིད་དབུལ་བའི་རྐྱེན་གྱིས་མཁོ་བའི་ཡོ༷་བྱ༷ད་དུ་མའི་ལོངས་སྤྱོད་ཀྱི་འབྱོ༷ར་བ་རྒྱ་ཆེན་པོ་ཚོ༷གས་པར་བགྱིད་མ་ནུས་པས་འབུལ་བའི་དངོས་པོ་རྒྱ་ཆུ༷ང་བ༷་དང་གྲངས་ཉུང་པ་སོགས་བླ་མ་དགྱེས་བྱེད་ཀྱི་ཡོན་ནམ་མཆོད་པ་འབུལ་བའི་སྒོས་ཟང་ཟིང་གིས་ཞབས་ཏོག་བསྒྲུབ་མ་ནུས་པ་དེ་མཐོ༷ལ་ལོ༷། །བཤ༷གས་སོ། །སླད་ཆད་ཀྱང་ཅི་ནུས་པས་མཆོད་པར་བགྱིད་ཅིང་བླ་མ་དམ་པ་མཉེས་པར་བྱའོ། །ཞེས་པའོ།།

འོ་ན་བླ་མ་ལ་གསེར་དངུལ་རྟ་གླང་དང་། བུ་དང་ཆུང་མ་སོགས་ཀྱིས་ངེས་པར་ན་མཆོད་དགོས་ཤིང་མ་འབྱོར་ན་མི་རུང་བ་ཡིན་ནམ་ཞེ་ན། དེ་ནི་གཏན་མ་ཡིན་པར་རབ་ན་རང་ལ་ཡོད་ཚད་དེ་དང་། ཡང་ན་རང་གིས་ཅི་འབྱོར་གྱི་དངོས་པོ་དེ་སེར་སྣ་དང་ངོམ་ཆོས་མེད་པར་འབུལ་ན་རུང་བ་ལས་སྲིད་ན་ལེགས་པོའི་དངོས་པོ་ཡོད་ཚད་བཙལ་ཏེ་འབུལ་དགོས་པ་དང་། བུ་དང་ཆུང་མ་དང་བཅས་པ་ངེས་པར་འབུལ་དགོས་པའི་དོན་ནི་མ་ཏེ། གསལ་རྒྱལ་གྱི་ཚིགས་སུ་བཅད་པ་ལས། སུ་དག་བདེ་བར་གཤེགས་པའི་མཆོད་པའི་རྟེན། །མཆོད་པའི་ཁྱད་པར་ཅི་ཡོད་ཅི་འབྱོར་པ། །འཚམ་པར་འབུལ་བྱེད་དེ་དག་དྲི་མེད་ཅིང་། །མྱ་ངན་མེད་པའི་བླ་མེད་བྱང་ཆུབ་འཐོབ། །ཅེས་གསུངས་པ་ལྟར་སྤྱིར་བདེ་བར་གཤེགས་པའི་རྟེན་ལ་འབྱོར་ཚེ་རིན་ཆེན་སྣ་ཚོགས་རིན་ཐང་དང་བྲལ་བ་ལ་སོགས་པ་བདོག་དགོས་ཀྱི་ལོངས་སྤྱོད་ཡོད་དོ་ཅོག་གིས་མཆོད་དགོས་པ་དང་། མ་འབྱོར་ན་ནི་རང་གི་འབྱོར་བ་དང་འཚམ་པ་ལྟར་འབུལ་དགོས་པ་ལས་རྒྱ་ཆེ་གྲངས་མང་རིན་ཐང་ཆེ་བ་ཞིག་ངེས་པར་ན་ལྡན་དགོས་པར་ནི་མ་གསུངས་ལ། བྱེ་བྲག་ཏུ་རང་གི་བླ་མ་ལ་འབུལ་བ་ཡང་སློབ་མས་ཅི་ཙམ་འབྱོར་ན་དེ་ཙམ་པོ་དེ་ལ་སེར་སྣ་དང་མ་དད་པས་མ་སྦགས་པར་མཆོད་པ་ལས་འཇིག་རྟེན་ན་བཟང་རྒུ་ཡོད་དོ་ཅོག་ཚང་བར་བགྱིས་ཏེ་ངེས་པར་ན་འབུལ་དགོས་པར་གང་དུའང་མ་གསུངས་ཏེ། སྤྱན་རས་གཟིགས་པདྨ་དྲྭ་བའི་རྒྱུད་ལས། རྡོ་རྗེ་སློབ་མ་རབ་དགའ་ནས། །ཅི་འབྱོར་ལྷ་དང་བླ་མ་མཆོད། །ཅེས་དང་། དཔལ་རྡོ་རྗེ་གདན་བཞི་ལས། བླ་མ་བསྙེན་བཀུར་བསྟེན་ལ་རིག །ཅི་འབྱོར་པ་ཡི་རྫས་ཉིད་དང་། །ཡང་ན་རིག་དང་རིག་པར་བརྗེ། །ཞེས་དང་། དཔལ་རྡོ་རྗེ་ཕྲེང་བ་ལས། ཡོ་བྱད་ཅི་འབྱོར་པ་ཡིས་ནི། །དཀྱིལ་འཁོར་མཆོད་པ་བགྱི་བར་འཚལ། །ཐུགས་ཀྱིས་བརྩེ་བར་ཉེར་དགོངས་ཏེ། །མགོན་པོས་མཆོད་པ་འདི་བཞེས་ཤིག །ཅེས་གསུངས་པའི་ཕྱིར་རོ།།

གཉིས་པ་ནི། ཡི་དམ་ལྷ་ཚོགས་རྣམས་ཀྱི་སྤྱན་ལམ་དུ༔ མངོན་རྟོགས་སྤང་ལེན་བགྱིས་པ་མཐོལ་ལོ་བཤགས༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། ཡི༷་ད༷མ་གྱི་ལྷ༷་ཡི་ཚོ༷གས་ཡོད་དོ་ཅོག་ཉེས་ལྟུང་བཤགས་པ་པོ་བདག་ལ་དགོངས་ཤིག། བདག་གིས་དེ་རིང་ཁྱེད་རྣམ༷ས་ཀྱི༷་སྤྱན༷་ལ༷མ་དུ༷་རང་གིས་རྒྱུན་དུ་ཡི་དམ་དུ་བཟུང་བའི་སྒྲུབ་པར་བྱེད་པའི་ལྷ་ཞི་དྲག་གང་ཡིན་ཡང་ཞི་བ་མི་ལེགས་དྲག་པོ་དེ་མཆོག་སྙམ་ནས་ཞི་བའི་མངོ༷ན་རྟོག༷ས་བསྒོམ་པ་སྤངས་ནས་དྲག་པོ་བསྒྲུབས་པ་དང་། ཡང་ན་དྲག་པོ་མི་ལེགས་དེ་བས་ཞི་བ་མཆོག་སྙམ་པ་དང་། དེ་བཞིན་དུ་རྒྱུད་སྡེ་གོང་འོག་གི་ཡི་དམ་ལ་མཆོག་དམན་དུ་འཛིན་པའམ། ཡང་ན་ཡི་དམ་གང་ཡོད་ཀྱི་མངོན་རྟོགས་བསྒོམ་པར་མ་ནུས་པར་དེ་ལས་རེ་ཟུང་བླངས་པ་ལ་སོགས་པའི་སྒོ་ནས་ཡི་དམ་གྱི་མངོན་རྟོགས་ལ་སྤང༷ས་ལེ༷ན་ནམ་འདོར་ལེན་བགྱི༷ས་པ༷་དེ་འགྱོད་པས་མི་འཆབ་པར་མཐོ༷ལ་ལོ༷། །བཤ༷གས་པར་བགྱིའོ་ཞེས་པའོ།།

འདི་ཡང་ཡི་དམ་གཅིག་སྤངས་ནས་གཞན་པ་ཞིག་གི་མངོན་རྟོགས་དང་ལེན་བགྱིས་པའི་ཆ་ནས་ཡི་དམ་སྤངས་པའི་ཉེས་པར་སོང་བས་ཉེས་པ་ལྕི་བ་ཡིན་ཏེ། གསང་བ་སྙིང་པོ་ལས། ཡི་དམ་ལྷ་དེ་སྤངས་བྱས་ན། །ངན་སོང་མི་བདེ་རྟག་ཏུ་མྱོང་། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་ནི། མཁའ་འགྲོ་སྡེ་བཞི་རྣམས་ཀྱི་སྤྱན་ལམ་དུ༔ ཁས་བླངས་དམ་བཅས་ཉམས་པ་མཐོལ་ལོ་བཤགས༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། མཁའ་འགྲོ་རྒྱ་མཚོ་ལས། ཡེ་ཤེས་མཁའ་འགྲོ་མ་ཡི་གཟུགས། །ལྷ་ཡི་ཚོགས་ནི་སྤྱན་དྲངས་ནས། །ནམ་མཁའི་ཁོངས་ཀྱི་དབུས་སུ་ནི། །འགྲོ་བའི་བདག་པོ་བཞག་བྱས་ལ། །ཞེས་གསུངས་པ་ལྟར་གྱི་རྡོ་རྗེའི་རིགས་ཀྱི་མཁའ་འགྲོ་མ་དང་། རིན་ཆེན་རིགས་ཀྱི་མཁའ་འགྲོ་མ་དང་། པདྨའི་རིགས་ཀྱི་མཁའ་འགྲོ་མ་དང་། ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ་བཅས་ཡེ་ཤེས་ཀྱི་མཁ༷འ་འགྲོ༷་མ་སྡེ༷་བཞི༷་རྣམས་ཉེས་ལྟུང་བཤགས་པ་པོ་བདག་ལ་དགོངས་སུ་གསོལ། ཁྱོད་རྣམ༷ས་ཀྱི༷་སྤྱན༷་ལ༷མ་དུ༷་དམ་ཚིག་བསྲུང་ཞིང་སྒྲུབ་པ་ལ་བརྩོན་པར་ཁ༷ས་བླ༷ངས་ཤིང་དེ་ལས་མི་འདའ་བར་ད༷མ་བཅ༷ས་པ་རྣམས་ཇི་བཞིན་བསྒྲུབ་མ་ནུས་པར་ཉམ༷ས་པར་གྱུར་པ༷་དག་འགྱོད་པས་མི་འཆབ་པར་མཐོ༷ལ་ལོ༷། །སླད་ཆད་མི་བགྱིད་པར་སྡོམ་པས་བཤ༷གས་པར་བགྱིའོ། །ཞེས་པའོ།།

བཞི་བ་ཆོས་སྐྱོང་སྲུང་མ་ལ་བཤགས་པ་ནི། ཆོས་སྐྱོང་སྲུང་མ་རྣམས་ཀྱི་སྤྱན་ལམ་དུ༔ གཏོར་མ་ལོ་ཟླར་འགྱངས་པ་མཐོལ་ལོ་བཤགས༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ལ། ཆོས་སྐྱོང་ཞེས་པ་ནི། གང་པོ་ལ་སོགས་པའི་རྟོགས་པ་བརྗོད་པ་ལས། ཆོས་སྐྱོང་ཞེས་བྱ་བ་ནི། སངས་རྒྱས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམས་དང་བློན་པོ་ཆེན་པོ་རྣམས་དང་ཕྱུག་པོ་རྣམས་དང་ཕོ་བྲང་འཁོར་གྱི་མི་རྣམས་དང་ཚོང་དཔོན་རྣམས་དང་དེད་དཔོན་རྣམས་དང་ལྷ་རྣམས་དང་ཀླུ་རྣམས་དང་གནོད་སྦྱིན་རྣམས་དང་ལྷ་མ་ཡིན་རྣམས་དང་ནམ་མཁའ་ལྡིང་རྣམས་དང་མི་འམ་ཅི་རྣམས་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་བཀུར་སྟི་བྱས་བླ་མར་བྱས་རི་མོར་བྱས་མཆོད་པ་བྱས་ཏེ། ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མཆོད་ཅིང་ཤེས་པའི་སངས་རྒྱས་བཅོམ་ལྡན་འདས་བསོད་ནམས་ཆེན་པོ་ཞེས་སོགས་གསུངས་པ་ལྟར། ཡུལ་གྲུ་ཆེན་པོའི་རྒྱལ་པོ་རྣམས་དང་། བློན་པོ་ཆེན་པོ་རྣམས་དང་། དམག་དཔོན་ཆེན་པོ་རྣམས་དང་། ཕྱུག་པོ་རྣམས་དང་། རྒྱལ་པོའི་ཕོ་བྲང་གི་འཁོར་གྱི་མི་རྣམས་དང་། ཚོང་དཔོན་རྣམས་དང་། དེད་དཔོན་རྣམས་ཀྱང་རྒྱལ་བའི་བསྟན་པ་ལ་སྲུང་སྐྱོབ་དང་སྲི་ཞུ་བྱེད་པའི་ཆ་ནས་ཆོས་སྐྱོང་ཡིན་པ་དང་། མྱ་ངན་ལས་འདས་པའི་མདོ་ལས། ངའི་བསྟན་པ་ནི་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཤིན་ཏུ་དཀོན་པའོ། །དབང་ཕྱུག་ནི་ཆོས་སྐྱོང་བ་སྟེ་ཆོས་སྐྱོང་བས་ན་རྒྱལ་པོའོ། །དེའི་ཕྱིར་དེ་ལ་འཇིག་རྟེན་སྐྱོང་བ་ཞེས་བྱའོ། །ཞེས་དང་། སྟོང་ཆེན་པོ་རབ་ཏུ་འཇོམས་པའི་མདོ་ལས། ལག་ན་རྡོ་རྗེ་གནོད་སྦྱིན་ཆེ། །ཆོས་སྐྱོང་རབ་ཏུ་དཀར་བ་དང་། །སེར་སྐྱ་རབ་མཛེས་ཁྱབ་འཇུག་པ། །བུམ་ལྟོ་གསུས་པ་ཟླུམ་པོ་དང་། །ཆུ་སྲིན་བདེན་པ་འཆང་བ་དང་། །ལྔ་ལྡན་རྒྱལ་བ་ཁྱུ་མཆོག་དང་། །གནོད་སྦྱིན་ཆེན་པོ་དབང་ཕྱུག་ཆེ། །ལག་པ་བཞི་ཅན་སྟོབས་པོ་ཆེ། །ཞེས་སོགས་དང་། འཕགས་པ་རིག་པ་མཆོག་གི་རྒྱུད་ལས། དེ་ནས་གནས་བརྟེན་ཆོས་སྐྱོང་བ། །བཅུ་གཉིས་དག་དང་ལྷན་ཅིག་ཏུ། ། སྒྲ་གཅན་འཛིན་ཞེས་གྲགས་པ་སྟེ། །སངས་རྒྱས་སྲས་ནི་མངོན་སུམ་གནས། །གནོད་སྦྱིན་ལྷ་མིན་ལྟོ་འཕྱེ་རྣམས། །ཉིན་མཚན་དུ་ནི་དེར་སོང་ནས། །དྲི་དང་ཕྲེང་བ་དཔེ་མེད་པས། །མཆོད་པ་བྱེད་ཅིང་ཕྱག་ཀྱང་འཚལ། །ཞེས་སོགས་གསུངས་པ་ལྟར། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མ་མོ་ལ་སོགས་པ་མི་མ་ཡིན་པའི་ཚོགས་ཀྱང་མཐའ་ཡས་ཡོད་པ་ནི་ཡོངས་གྲགས་ལྟར་ལ། འདིར་ནི་ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པའི་མདོ་ལས། རི་རབ་གླིང་བཞིའི་ཕྱོགས་ཕྱོགས་ནས། །རྡོ་རྗེ་གསང་བདག་དབང་གི་མཐུས། །འཇིག་རྟེན་སྐྱོང་བའི་ཐ་ཚིག་ཅན། །མཐུ་ཆེན་མགོན་པོ་སྡེ་བཞི་རྣམས། །སོ་སོའི་བགེགས་རིས་འདུལ་ལ་མཁས། །ཆོས་སྐྱོང་ལོངས་སྤྱོད་རྫོགས་པའི་སྐུ། །འཕྲིན་ལས་རྣམ་བཞི་མཐར་ཕྱིན་པས། །རིགས་བཞི་ཁ་དོག་སོ་སོར་གསལ། །རང་རྟགས་ལྷ་ཡི་མཚན་མ་ཐོགས། །ཕྱི་འཁོར་སྐྱོང་བའི་རྫུ་འཕྲུལ་ཅན། །བདག་ཅག་རྣལ་འབྱོར་རྩལ་སྦྱོང་གིས། །རང་རང་འཁོར་རྣམས་ཐུབ་པར་མཛོད། །ཅེས་གསུངས་པ་ལྟར་རྒྱལ་བའི་མདོ་སྡེ་དང་སྔགས་རྒྱུད་དུ་མ་ནས་བསྔགས་པའི་དམ་པའི་ཆོ༷ས་སྐྱོ༷ང་བར་རྒྱལ་བའི་སྤྱན་སྔར་ཁས་བླངས་པའི་སངས་རྒྱས་ཀྱི་བསྟན་པའི་སྲུང༷་མ༷་ཡེ་ཤེས་པ་རྣམ༷ས་ཉེས་ལྟུང་བཤགས་པ་པོ་བདག་ལ་དགོངས་སུ་གསོལ། ཇི་སྐད་དུ་བདེ་མཆོག་ཉུང་ངུ་ལས། གུས་པ་ཡིས་ནི་གཏོར་མ་སྦྱིན། །རང་འདོད་ལས་ལ་རྣལ་འབྱོར་བས། །ཆོ་ག་ཇི་བཞིན་སྦྱིན་པར་བྱ། །མར་གྱི་ངོ་ཡི་ཚེས་བཅུའམ་ཟེར། །ཟླ་བ་ཡར་ངོའི་གང་གྱུར་ལ། །མྱུར་དུ་འབད་པས་མཆོད་བྱ་སྟེ། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། ཐུགས་རྗེ་འབྱུང་བའི་འཁོར་ལོ་དག །གང་ལྟར་གོམས་ལྟར་འབད་རྩོལ་བྱ། །བསྟན་པ་སྐྱོང་བའི་ཚོགས་རྣམས་ལ། །སྦྱིན་མཆོད་སྤེལ་བའི་ལས་རྣམས་བྱ། །ཞེས་དང་། གསང་བའི་དོན་ལ་ཞུགས་བྱའི་ཕྱིར། །གསང་བའི་ལས་ཀྱི་སྔོན་ལོགས་སུ། །བསྟན་པ་སྐྱོང་བའི་མགོན་པོ་ལ། །སྦྱིན་མཆོད་བསྲུང་བའི་ལས་ཆེན་བཅོལ། །ཞེས་བསྟན་པ་སྐྱོང་བའི་དཀར་ཕྱོགས་ཀྱི་སྲུང་མ་རྣམས་ལ་ཉ་སྟོང་ལ་སོགས་པར་དུས་ལྟར་མཆོད་པ་ཆག་མེད་ཀྱིས་མཆོད་དགོས་པར་གསུངས་ནའང་། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སེར་སྣ་འཇུར་འགེགས་དབང་དུ་གྱུར་པས་ན། །མཆོད་པ་ལོ་ཟླར་འདས་པ་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར། བདག་གིས་དེ་རིང་ཆོས་སྐྱོང་ཁྱོད་རྣམ༷ས་ཀྱི༷་སྤྱ༷ན་ལ༷མ་དུ༷་སེར་སྣའི་དབང་དུ་ཤོར་བའམ། ཡང་ན་སྙོམས་ལས་སྒྱིད་ལུག་པའི་དབང་གིས་དེ་ལྟར་གཏོར༷་མ༷་འབུལ་བ་རྒྱུན་བསྲིང་མ་ནུས་པར་ལོ༷་དང་ཟླ༷་བར༷་འགྱ༷ངས་པ༷་ཡིས་དུས་མཆོད་ཆག་པའི་ཉེས་པ་རྣམས་མི་གསང་བར་མཐོ༷ལ་ལོ༷། །སླད་མར་འགྱོད་པས་བསྡམ་སྟེ་བཤ༷གས་པར་བགྱིའོ་ཞེས་པའོ།།

ལྔ་བ་ཕ་མ་ལ་བཤགས་པ་ནི། དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ༔ དྲིན་ལན་ལན་གྱིས་མ་ལོན་མཐོལ་ལོ་བཤགས༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། འདས་པ་སྟེ་སྐྱེ་བ་སྔ་མ་རྣམས་ཀྱི་དུས་སུ་ཕ་མར་གྱུར་ཟིན་པ་དང་། མ་འོངས་པ་སྟེ་སྐྱེ་བ་ཕྱི་མ་རྣམས་སུ་ཕ་མར་འགྱུར་ངེས་པ་དང་། ད་ལྟའི་རང་གི་ལུས་རྟེན་དངོས་སུ་བསྐྱེད་པའི་དྲིན་ཆེ་བའི་ཕ་མ་གཉིས་བཅས་དུས༷་གསུ༷མ་གྱི་ཕ༷་མ༷་རྣམ༷ས་ཀྱི༷་སྤྱན༷་ལ༷མ་དུ༷་སྟེ་སྤྱན་སྔར་གང་བཤགས་པར་བྱ་བ་ནི་ཕ་མ་དེ་རང་ལ་དྲིན་ཆེན་པོ་ཡིན་ནའང་རང་གིས་དེ་ལ་ཟས་གོས་གནས་མལ་ལེགས་པོས་སྐྱོང་བ་དང་། ལུས་ཀྱིས་ཞབས་ཏོག་བཟང་པོ་དང་། ངག་འཇམ་པོས་སེམས་སྤྲོ་བའི་གཏམ་སྨྲ་ཞིང་གོ་བརྡ་ལེགས་པར་སྤྲོད་པ་དང་། ནད་གཡོག་དང་སྨན་སྦྱིན་པ་དང་། དམ་པའི་ཆོས་ལམ་ལ་འཛུད་པ་ལ་སོགས་པས་དྲི༷ན་ལ༷ན་ལེགས་པར་གསོས་ཏེ་དྲིན་ཆེན་པོ་གང་ཡིན་པ་དེ་ཉིད་ལ༷ན་གྱི༷ས་ངེས་པར་དུ་ལོན་ཐུབ་པར་བྱ་དགོས་པ་ལ། དེ་ལྟར་མ༷་ལོ༷ན་ཞིང་མ་ནུས་པ་ནི་ཉེས་པ་ལྕི་བ་ཡིན་ཏེ། འཕགས་པ་སྤོབས་པའི་བློ་གྲོས་ཀྱིས་ཞུས་པའི་མདོ་ལས། ཕ་མ་རྣམས་ལ་རྨད་བྱུང་སྦྱིན་གནས་འདྲ་བར་འདུ་ཤེས་མི་བྱེད་པ། །དེ་དག་ཉེས་པས་གཞན་དུ་འཇིག་རྟེན་དབང་གྱུར་དམན་ཞིང་གཡོ་ཅན་འགྱུར་། །ཞེས་གསུངས་པའི་ཕྱིར། དེས་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཕ་མ་རྣམས་ལ་མ་གུས་པ། །དེ་དག་ཐམས་ཅད་བདག་འཆགས་སོ། །ཞེས་གསུངས་པ་ལྟར་དེ་ལྟར་ཕ་མའི་དྲིན་ལན་གསོ་བར་བྱེད་མ་ནུས་པའི་ཉེས་པ་དེ་སྒོ་གསུམ་འགྱོད་པ་ཆེན་པོས་མཐོ༷ལ་ལོ༷། མི་འཆབ་བོ། མི་སྦེད་དོ། །སླད་ཆད་ཀྱང་སྡོམ་པས་བཤ༷གས་པར་བྱའོ་ཞེས་པའོ།།

དྲུག་པ་མཆེད་ལྕམ་ལ་བཤགས་པ་ནི། མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ༔ དམ་ཚིག་བརྩེ་དུང་ཆུང་བ་མཐོལ་ལོ་བཤགས༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། དམ་པའི་ཆོས་ཐེག་པ་ཆེ་ཆུང་གི་གཞུང་མཉམ་དུ་གསན་པ་དང་ཉམས་སུ་ལེན་པའི་ཆོས་ཀྱི་གྲོགས་མཆེ༷ད་ད༷ང་། ཁྱད་པར་དུ་གསང་སྔགས་ཀྱི་དབང་དང་མན་ངག་ཟབ་མོ་མཉམ་ཞུས་དང་མཉམ་དུ་བསྒྲུབས་པའི་རྡོ་རྗེའི་སྤུན་མོ་ཡི་རིགས་གྱུར་ལྕ༷མ་མོའམ་སྲིང་མོ་དང་། ཕོ་ཡི་རིགས་གྱུར་དྲ༷ལ་པོའམ་མིང་པོ་རྣམ༷ས་ཀྱི༷་སྤྱན༷་ལ༷མ་དུ༷་ཕན་ཚུན་བར་དུ་ད༷མ་ཚི༷ག་ལ་བརྩི་བསྲུང་དང་གུས་པ་དང་དགའ་བའི་སེམས་ཀྱིས་མཛའ་ཞིང་བརྩེ༷་བ་དང་དུང༷་བའམ་གཅེས་གདུང་ཡོད་དགོས་པ་ལ། དེ་མེད་པའམ་ཡང་ན་བརྩེ་གདུང་ཆུང༷་བར་གྱུར་བ༷་དང་། དེ་ཙམ་མ་ཟད་རྡེག་རྩོད་སྡང་སྨོད་ལ་སོགས་པ་ཕན་ཚུན་འཁོན་དང་འགལ་བ་ཅན་དུ་གྱུར་པའི་ལས་ཅི་བསགས་པ་དང་བྱུང་བ་རྣམས་འགྱོད་པ་དྲག་པོས་མཐོ༷ལ་ལོ༷་བཤ༷གས་སོ་ཞེས་པའོ།།

བདུན་པ་འགྲོ་དྲུག་གི་སེམས་ཅན་ལ་བཤགས་པ་ནི། འགྲོ་དྲུག་སེམས་ཅན་རྣམས་ཀྱི་སྤྱན་ལམ་དུ༔ སྙིང་རྗེ་ཕན་སེམས་ཆུང་བ་མཐོལ་ལོ་བཤགས༔ ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། ཧེ་རུ་ཀ་སྙིང་རྗེ་རོལ་བ་ལས། སྙིང་རྗེ་ཆུང་ཞིང་ཞེ་སྡང་དབང་དུ་གྱུར་པས་ན། །འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགས། །ཞེས་གསུངས་པ་ལྟར། དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་དང་། མི་དང་ལྷ་དང་ལྷ་མིན་ཏེ་བདེ་འགྲོ་མཐོ་རིས་ཀྱི་གནས་གསུམ་བཅས་འགྲོ༷་བའི་གནས་རིས་དྲུག༷་ན་ལས་དབང་གིས་འཁོར་བའི་སེ༷མས་ཅ༷ན་རྣམ༷ས་ཀྱི༷་སྤྱན༷་ལ༷མ་དུ༷་སྒོ་གསུམ་གནོང་བ་དང་བཅས་པས་གང་བཤགས་པར་བྱ་བ་ནི། རང་རྒྱུད་ལ་བྱམས་པ་དང་སྙི༷ང་རྗེ༷་ཡི་སྒོས་ཐེག་པ་ཆེན་པོ་བྱང་ཆུབ་ཀྱི་སེམས་སྐྱེས་པ་མེད་པས་གཞན་ལ་ཕ༷ན་འདོད་ཀྱི་སེ༷མས་ཆུང༷་བ༷་དང་། དེའི་དབང་གིས་ཞེ་སྡང་སོགས་ཉོན་མོངས་པ་ཤུགས་བཙན་ཞིང་རང་འདོད་ཡིད་བྱེད་ཀྱི་བློ་ངན་ལ་གོམས་པས་སེམས་ཅན་གཞན་གྱི་དོན་ཁུར་དུ་འཁྱེར་བའི་ལྷག་བསམ་མེད་པ་དང་། སེམས་ཅན་གྱི་དོན་མ་བསྒྲུབས་པའི་ཉེས་པ་རྣམས་མཐོ༷ལ་ལོ། །བཤ༷གས་སོ། །དེ་ལྟར་བཤགས་པ་ཡིན་པས་སླད་མར་བདག་ལ་ལས་དེས་བསྒྲིབ་པར་མ་གྱུར་ཅིག་ཅེས་པའོ།།

བརྒྱད་པ་སོ་བྱང་སྔགས་གསུམ་གྱི་བཤགས་པ་བསྡུས་ཏེ་བསྟན་པ་ནི། སོ་སོར་ཐར་བ་རྣམས་ཀྱི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་ལ་སོགས་པ༔ འགལ་ཞིང་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༔ ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། གོང་དུ་སྨོས་ཟིན་ལྟར་དགེ་བསྙེན་ཕ་མ་དང་། བསྙེན་གནས་དང་། དགེ་ཚུལ་ཕ་མ་དང་། དགེ་སློབ་མ་དང་། དགེ་སློང་ཕ་མ་བཅས་སོ༷་སོ༷ར་ཐ༷ར་བ༷་རིགས་བརྒྱད་དམ་བདུན་པོ་རྣམ༷ས་ཀྱི༷་སྡོམ༷་པ༷་དང༷་། ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་གསུམ་གྱིས་བསྡུས་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་རྣམ༷ས་ཀྱི༷་བསླ༷བ་པ༷་རྒྱ་ཆེ་བ་རྣམས་དང༷་། རི༷ག་པ་འཛི༷ན་པ་གསང་སྔ༷གས་ཀྱི༷་རྒྱུད་སྡེ་བཞིའི་རིམ་པའི་ད༷མ་ཚི༷ག་ལ༷་སོ༷གས་པ༷་སྟེ་མདོར་ན་རྒྱལ་བའི་བཀའ་མདོ་རྒྱུད་ནས་ཇི་ལྟར་བཀའ་བསྩལ་བའི་མདོ་སྔགས་ཀྱི་ལམ་གྱི་ཡོན་ཏན་སྐྱེ་བའི་གཞི་རྟེན་དུ་གྱུར་པའི་སྒྲུབ་པར་བྱ་བ་དང་། དགག་པར་བྱ་བའི་བསླབ་པ་དང་དམ་ཚིག་ཡོད་དོ་ཅོག་ལས་ལུས་ངག་ཡིད་གསུམ་འག༷ལ་ཞི༷ང་། དེའི་དབང་གིས་སོ་ཐར་གྱི་སྡོམ་པ་ཉམས་པ་དང་། བྱང་སེམས་ཀྱི་བསླབ་བྱ་ཉམས་པ་དང་། སྔགས་ཀྱི་དམ་ཚིག་ཉམ༷ས་པ༷་ཐམ༷ས་ཅ༷ད་མི་གསང་བར་ངག་གིས་མཐོ༷ལ་ལོ༷། །ཕྱིན་ཆད་ཀྱང་སྲོག་ལ་བབས་ཀྱང་མི་བགྱིད་པར་བཤ༷གས་པར་བགྱི་ཞེས་སོ་བྱང་སྔགས་གསུམ་གྱི་བསླབ་བྱ་ཉམས་པ་བསྡུས་ཏེ་བཤགས་པའོ།།

གོང་དུ་ལེའུ་དང་པོའི་སྐབས་སུ་སོ་བྱང་སྔགས་གསུམ་གྱི་བསླབ་བྱ་ཉམས་པ་བཤགས་པ་ཡོད་པས་ཟློས་པར་འགྱུར་རོ་སྙམ་ན། དེ་ནི་མ་ཡིན་ཏེ། བདེ་གཤེགས་སྤྱི་བཤགས་འདི་ནི་གོང་དུ་བཤད་པ་དེ་དག་གི་དོན་བསྡུས་ཏེ་བདེ་བར་གཤེགས་པའི་དཀྱིལ་འཁོར་སྤྱི་ལ་བཤགས་པ་ཡིན་པས་མི་ཟློས་པའི་ཕྱིར་རོ།།

དགུ་བ་བཤགས་པའི་མཇུག་བསྡུ་བ་ནི། མི་འཆབ་མི་སྦེད་སླད་ཆད་སྡོམ་པར་བགྱི༔ དུས་གསུམ་བསགས་པའི་སྡིག་སྒྲིབ་མཐོལ་བཤགས་ན༔ ཚངས་པར་མཛད་ནས་སྐུ་གསུང་ཐུགས་ལ་སོགས༔ མཆོག་དང་ཐུན་མོང་དངོས་གྲུབ་བསྩལ་ཏུ་གསོལ༔ ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན། བདག་ཅག་ནི་རྒྱུད་དག་པ་དང་། ལྟ་བ་མཐོན་པོར་སླེབས་པ་མ་ཡིན་པའི་དབང་གིས་དེ་ལྟར་ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་འདིར་སྨོས་ཟིན་ལྟར་སོ་བྱང་སྔགས་གསུམ་གྱི་བསླབ་བྱའི་གནས་ལ་མི་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བའི་དབང་གིས་འགལ་ཉམས་འདས་པའི་ཉེས་ལྟུང་གི་ཚོགས་བསགས་པ་ཅི་མཆིས་པ་ཐམས་ཅད་གནོང་འགྱོད་དྲག་པོས་མི༷་འཆ༷བ་བོ། །མི༷་སྦེ༷ད་དོ། །སླ༷ད་ཆ༷ད་ཀྱང་སྲོག་ལ་ཐུག་ཀྱང་མི་བགྱིད་པར་སྡོ༷མ་པ༷ར་བགྱི༷འོ།།

དེ་ཡང་ཚེ་འདིར་བསགས་པའི་ཉེས་ལྟུང་ཙམ་མིན་པར་ཚེ་རབས་ཐོག་མེད་ནས་བཟུང་འདས་པའི་དུས་སུ་བསགས་ཟིན་གྱི་ཉེས་པ་དང་། མ་འོངས་པའི་དུས་སུ་བསག་པར་འགྱུར་བའི་ཉེས་པ་དང་། ད་ལྟའི་དུས་དུ་གསོག་བཞིན་པའི་ཉེས་པ་སྟེ་དུས༷་གསུ༷མ་ཏུ་བས༷གས་པ༷འི་སྡི༷ག་སྒྲི༷བ་ཐམས་ཅད་མཐོ༷ལ་ཞིང་བཤ༷གས་པ་ཡིན་ན༷། ད་ནི་ཉེས་ལྟུང་སྡིག་སྒྲིབ་རྣམས་འདག་ཅིང་ཟུང་འཇུག་རབ་ཏུ་མི་གནས་པ་ཆོས་ཉིད་ཡེ་གྲོལ་ཚ༷ངས་པ༷་ཆེན་པོའི་གོ་འཕང་ཐོབ་པར༷་རྒྱལ་བ་ཞི་ཁྲོའི་ལྷ་ཚོགས་བཀའ་སྡོད་ཆོས་སྐྱོང་དང་བཅས་པས་མཐུན་པའི་འཕྲིན་ལས་མཛ༷ད་ན༷ས་ནི་སྐུ༷་གསུ༷ང་ཐུག༷ས་ཀྱི་ཡོན་ཏན་རྒྱ་ཆེ་བ་དང་ལྡན་པའི་མཐར་ཐུག་འབྲས་བུའི་གོ་འཕང་ལ༷་སོ༷གས་པ་ཟག་མེད་ལམ་དང་འབྲས་བུའི་ཆོས་སུ་གྱུར་པའི་མཆོ༷ག་གི་དངོས་གྲུབ་ད༷ང་། གནས་སྐབས་ཙམ་ལ་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར་དུ་རལ་གྲི་རིལ་བུ་རྐང་མགྱོགས་ལ་སོགས་པ་ཐུན༷་མོ༷ང་གི་དངོ༷ས་གྲུབ༷་རྣམས་མྱུར་བ་མྱུར་དུ་བསྩ༷ལ་ཏུ༷་གསོ༷ལ་ལོ་ཞེས་པ་སྟེ་མཇུག་བསྡུ་བའོ།།

བདེ་གཤེགས་སྤྱི་བཤགས་འདི་ལ་རྫ་དཔལ་སྤྲུལ་རིན་པོ་ཆེས་མཛད་པའི་ས་བཅད་ཅིག་ཡོད་མོད་འདིར་དེ་དང་ཅུང་མི་འདྲ་ཞིང་དེར་བསྟུན་མེད་མོད་དེ་ལྟར་བྱས་ཀྱང་ཤིན་ཏུ་ལེགས་སོ།།

དེ་ནས་གཞུང་ལས། ཞེས༷་སོ༷གས་ཡི༷་གེ༷་བརྒྱ༷་བ༷་བཟླ༷ས་ཤི༷ང་བཤ༷གས་པ༷ར་བྱ༷འོ༷༔ ཞེས་པ་འདི་ཡང་མཇུག་སྡུད་ཀྱི་གྲས་སུ་ཡར་བསྡུས་ན་ལེགས་སོ།།

ད་ནི་འདིར་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བའི་འབྲུ་དོན་ཙམ་བཤད་ན། ཨོཾ༷་ནི་སྐུ་རྡོ་རྗེ་སྟེ། དེའི་དོན་མཚོན་པ་དང་། རྙིང་མ་ཁ་ཅིག་ཨོཾ་ནི་སྐུ་ལྔ་དང་ཡེ་ཤེས་ལྔ་ལྡན་གྱི་མཚོན་བྱེད་དུ་གསུངས་པ་དང་། གཟུངས་སྔགས་ཀྱི་མགོ་འདྲེན་དང་མཆོག་གི་དངོས་གྲུབ་སྩོལ་བའི་དོན་དུ་འགྲེལ་བའང་མཆིས། བ༷ཛྲ༷་རྡོ་རྗེ་དང་། ས༷་ཏྭ༷་སེམས་དཔའ། ས༷་མ༷་ཡ༷་ནི་དམ་ཚིག་སྟེ། རྡོ་རྗེ་སེམས་དཔས་སེམས་ཅན་འདྲེན་པར་ཇི་ལྟར་དམ་བཅས་པའི་དམ་ཚིག་དེ་དྲན་པར་མཛོད་ཅིག་ཅེས་རྡོ་རྗེ་སེམས་དཔའ་ལ་དམ་ཚིག་དྲན་པའི་ཐུགས་དམ་བསྐུལ་བའི་དོན་དང་། མ༷་ནུ༷་པཱ༷་ལ༷་ཡ༷་རྗེས་སུ་སྐྱོངས་ཞེས་པ་སྟེ་རྡོ་རྗེ་སེམས་དཔས་དམ་ཚིག་རྗེས་སུ་སྐྱོངས་ཤིག་ཞེས་པའམ་བདག་རྗེས་སུ་སྐྱོངས་ཤིག་ཅེས་པའི་དོན་དང་། བ༷ཛྲ་ས༷་ཏྭ༷་རྡོ་རྗེ་སེམས་དཔའ་དང་། ཏྭེ༷་ནོ༷་པ༷་ཏི༷ཥྛ༷་རང་བཞིན་ཉེ་བར་གནས་པར་མཛོད་ཅེས་པ་སྟེ། རྡོ་རྗེ་སེམས་དཔའ་ཉིད་ཀྱི་རང་བཞིན་ཉེ་བར་བརྟན་པར་གནས་པར་མཛོད་ཅིག་ཅེས་པའམ་རྡོ་རྗེ་སེམས་དཔའི་ཐུགས་བདག་ལ་ཉེ་བར་གནས་པར་མཛོད་ཅིག་པའི་དོན་དང་། དྲྀ༷་ཌྷོ༷་མེ༷་བྷ༷་ཝ༷་ནི་བདག་ལ་བརྟན་པའི་དངོས་པོར་མཛོད་ཅེས་པ་སྟེ། རྡོ་རྗེ་སེམས་དཔའ་བདག་རྒྱུད་ལ་བཞུགས་པ་བརྟན་པར་མཛོད་ཅིག་ཅེས་པ་དང་། འདི་རྡོ་རྗེ་སེམས་དཔས་བདག་གི་དགེ་བའི་རྩ་བ་རྣམས་བརྟན་པར་མཛོད་ཅེས་པར་འགྲེལ་བའང་མཆིས། སུ༷་ཏོ༷ཥྱོ༷་མེ༷་བྷ༷་ཝ༷་ནི་བདག་ལ་དགྱེས་པར་རམ་དགའ་བའི་དངོས་པོར་མཛོད་ཅིག་ཅེས་པ་སྟེ། རྡོ་རྗེ་སེམས་དཔས་བདག་ལ་ཐུགས་དགྱེས་པའམ་དགའ་བའི་རང་བཞིན་ཅན་དུ་མཛོད་ཅིག་ཅེས་པའམ་བདག་ཉོན་མོངས་པའི་དབང་དུ་སོང་ནའང་དེའི་དབང་གིས་ཐུགས་མི་དགྱེས་པ་མེད་པར་མཛོད་ཅིག་ཅེས་པ་དང་། ཡང་གསོ་སླ་བར་བདག་གྱུར་ཅིག་ཅེས་པར་འགྲེལ་བའང་མཆིས། སུ༷་པོ༷ཥྱོ༷་མེ༷་བྷ༷་ཝ༷་ནི་བདག་ལ་ཤིན་ཏུ་རྒྱས་པའི་དངོས་པོར་མཛོད་ཅེས་པ་སྟེ། རྡོ་རྗེ་སེམས་དཔས་བདག་ལ་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཤིན་ཏུ་རྒྱས་པའི་རང་བཞིན་ཅན་དུ་མཛོད་ཅིག་ཅེས་པ་དང་། ཡང་རྡོ་རྗེ་སེམས་དཔའ་ཚིམ་པར་མཛོད་ཅིག་གམ་རྡོ་རྗེ་སེམས་དཔའ་ཡིས་ཡོན་ཏན་སྩོལ་ནས་བདག་རྒྱུད་ཚིམ་པར་མཛོད་ཟེར་བའང་ཡོད་དོ།།

ཨ༷་ནུ༷་ར༷ཀྟོ༷་མེ༷་བྷ༷་ཝ༷་ནི་བདག་ལ་རྗེས་སུ་ཆགས་པར་མཛོད་ཅེས་པ་སྟེ། རྡོ་རྗེ་སེམས་དཔས་བདག་ལ་བྱང་ཆུབ་མ་ཐོབ་བར་དུ་ཐུགས་རྗེས་སུ་ཆགས་པས་ཐུགས་རྗེས་མ་འདོར་བར་མཛོད་ཅེས་པ་དང་། ས༷རྦ༷་སི༷དྡྷི༷་མྨེ༷་པྲ༷་ཡ༷་ཙྪ༷ ་ནི་བདག་ལ་དངོས་གྲུབ་ཐམས་ཅད་སྩོལ་ཅིག་ཅེས་པ་སྟེ། རྡོ་རྗེ་སེམས་དཔས་བདག་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་སྩོལ་བར་མཛོད་ཅེས་པ་དང་། ས༷རྦ༷་ཀ༷རྨ༷་སུ༷་ཙ༷་མེ༷་ནི་བདག་ལ་ལས་ཐམས་ཅད་སྩོལ་ཅིག་ཅེས་པ་སྟེ། རྡོ་རྗེ་སེམས་དཔས་བདག་ལ་ལས་ཐམས་ཅད་འགྲུབ་པའི་དངོས་གྲུབ་སྩོལ་ཅིག་ཅེས་པ་དང་། ཙི༷ཏྟཾ༷་ཤྲི༷་ཡཾ༷་ཀུ༷་རུ༷་ནི་བདག་གི་སྙིང་ལའམ་སེམས་ལ་གནས་པར་མཛོད་ཅེས་པ་སྟེ། གང་དུ་གནས་ན་སྙིང་དང་། གང་གནས་ན། ཧཱུ༷ྃ་ནི་ཆོས་ཀྱི་དབྱིངས་མི་འགྱུར་བའི་ཡེ་ཤེས་སམ་ཡང་ན་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཏེ། དེ་ཉིད་རྡོ་རྗེ་སེམས་དཔས་བདག་གི་སྙིང་ལ་གནས་པར་མཛོད་ཅིག་ཅེས་པ་དང་། ཧ༷་ཧ༷་ཧ༷་ཧ༷་ཧོ༷། ལྔ་ནི་ཡེ་ཤེས་ལྔ་མཚོན་པ་དང་། ཡང་ན་ཆོས་དབྱིངས་ཡེ་ཤེས་དེ་ཧཱུྃ་དུས་སུ་བརྗོད་ཟིན་པས་ཧ་བཞི་ནི་མེ་ལོང་མཉམ་ཉིད་སོར་རྟོགས་བྱ་གྲུབ་ཡེ་ཤེས་བཞི་དང་། ཧོ་ནི་དེ་བཞི་དང་ཡེ་ཤེས་ལྔ་དབྱེར་མེད་པ་སྟེ། བདག་ལ་ཡེ་ཤེས་ལྔ་ཐོབ་པར་མཛོད་ཅིག་གམ་ཡེ་ཤེས་ལྔ་དང་དབྱེར་མེད་པའི་དངོས་གྲུབ་བསྒྲུབ་པར་མཛོད་ཅེས་པ་དང་། བྷ༷་ག༷་ཝཱ༷ན་ནི་བཅོམ་ལྡན་འདས་དང་། ས༷རྦ༷་ཏ༷་ཐཱ༷་ག༷་ཏ༷་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཞེས་དང་། བ༷ཛྲ༷་མ༷་མེ༷་མུ༷ཉྩ༷་ནི་རྡོ་རྗེ་བདག་མ་འདོར་རམ་བདག་གྲོལ་བར་མཛོད་ཅིག་ཅེས་པ་དང་། བ༷ཛྲ༷་བྷ༷་ཝ༷་ནི་རྡོ་རྗེ་ཅན་ནམ་རྡོ་རྗེའི་དངོས་པོ་དང་། མ༷་ཧཱ༷་ས༷་མ༷་ཡ༷་ས༷་ཏྭ༷་ནི་དམ་ཚིག་སེམས་དཔའ་ཆེན་པོ་ཞེས་པ་སྟེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེ་སེམས་དཔའ་བདག་གི་རང་བཞིན་དུ་མ་འདོར་ཅིག །བདག་གྲོལ་བར་གྱིས་ལ་བདག་རྡོ་རྗེ་སེམས་དཔའ་ཉིད་དུ་མཛོད་ཅིག། རྡོ་རྗེ་ཅན་ནམ་རྡོ་རྗེའི་དངོས་པོར་མཛོད་ཅིག། བདག་དམ་ཚིག་སེམས་དཔའ་ཆེན་པོར་མཛོད་ཅིག་ཅེས་པ་དང་། ཨ༷་ནི་སྐྱེ་བ་མེད་པའི་དོན་མཚོན་བྱེད་དམ། ཡང་ན་གསུང་རྡོ་རྗེ་ཉིད་དུ་འགྲེལ་བ་ཡོད་པས་རྒྱལ་བའི་གསུང་རྡོ་རྗེའི་བསྟན་དོན་མཐར་ཐུག་པ་ཨ་དོན་སྐྱེ་མེད་གནས་ལུགས་དོན་དམ་པའི་དོན་ལ་སྦྱོར་ཅིག། ཅེས་ཆོས་ཐམས་ཅད་ཆོས་ཉིད་སྐྱེ་མེད་ཀྱི་ཀློང་དུ་གཅིག་པར་བསྟན་པའི་དོན་ནོ།།

མཁའ་འགྲོ་མ་རྡོ་རྗེ་གུར་ལ་སོགས་པ་རྒྱུད་འགའ་ཞིག་ཏུ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཞེས་པ་ཡོད་ལ། དེ་ལྟར་ན་ཧྲྀ་ད་ཡ་ཞེས་པ་ནི་སྙིང་པོ་ཞེས་པའི་དོན་ཡིན་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོའི་དོན་བདག་ལ་སྩོལ་ཞེས་པའི་དོན་དུ་འགྲེལ་ཆོག་ལ། ད་དུང་མི་འདྲ་བ་འགའ་རེ་དང་། ཨོཾ་ཨཿཧཱུཾ་སྭཱ་ཧཱ། སྦྱར་བ་སོགས་མཆིས་མོད་མི་སྤྲོའོ།།

རྡོ་རྗེ་སེམས་དཔའ་རིགས་ལྔའི་ཡིག་བརྒྱ་ནི། རྡོ་རྗེའི་སྐད་དོད་བཛྲ་ཞེས་པའི་ཚབ་ཏུ་སངས་རྒྱས་བྷུདྡྷ་དང་། རིན་ཆེན་རཏྣ་དང་། སྣང་མཐའ་པདྨ་དང་། དོན་ཡོད་གྲུབ་པ་ཀརྨར་ཁ་བསྒྱུར་བས་ཆོག། འགའ་རེར་ཧེ་རུ་ཀའི་ཡིག་བརྒྱ་ལ་ཧེ་རུ་ཀ་དང་ཧཱུྃ་ཕཊ་ཡོད་ལ། དེ་ནི་ཧེ་རུ་ཀ་ཁྲག་འཐུང་དང་། ཧཱུྃ་ཐུགས་རྡོ་རྗེ་དང་། ཕཊ་ནི་གསལ་བར་བྱེད་པའི་དོན་དུ་བཤད་ལ་གཟུངས་སྔགས་ཐམས་ཅད་ཀྱི་མཇུག་ཏུ་ཧཱུྃ་དང་ཕཊ་སྦྱར་དགོས་པར་གསུངས་པའི་དོན་ཡིན་ཏེ། དཔལ་གདན་བཞིའི་རྒྱུད་ལས། ཧཱུྃ་ནི་ཉོན་མོངས་བསྲེག་པ་སྟེ། །ཐུགས་ཀྱི་རྡོ་རྗེར་བྱིན་གྱིས་བརླབ། །ཞེས་དང་། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། ཡི་གེ་ཧཱུྃ་ཕཊ་མཐའ་རུ་སྦྱར། །འདི་ནི་ཁམས་གསུམ་རྒྱལ་ཞེས་བྱ། །སྔགས་ཚིག་བཞི་ཡིས་རྣམ་བརྒྱན་པའོ། །ཞེས་དང་། ཧཱུྃ་དང་ཕཊ་ནི་མཐའ་རུ་སྦྱར། །རིག་རྒྱལ་འཁོར་ལོ་སྒྱུར་བའི་སྔགས། ། འདི་ནི་མ་བྱུང་འབྱུང་མི་འགྱུར། ། ཞེས་དང་། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་རྡོ་རྗེ་མཁའ་འགྲོ་ལས། རང་མིང་བརྗོད་པའི་སྔགས་ལ་ནི། །མཐར་ནི་ཧཱུྃ་ཧཱུྃ་ཕཊ་དང་སྦྱར། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཡི་གེ་ཕཊ་དེ་གདུག་པ་དང་གདོན་ཐམས་ཅད་འཇོམས་བྱེད་དང་། བདག་འཛིན་དང་རྣམ་པར་རྟོག་པ་འཇོམ་བྱེད་དང་། ཉོན་མོངས་པ་དང་དེའི་འབྲས་བུ་མི་དགེ་བའི་ལས་དང་སྡུག་བསྔལ་འཇོམ་བྱེད་དང་། བདེ་བ་དང་དངོས་གྲུབ་ཐམས་ཅད་འགུག་བྱེད་ཡིན་པར་གསུངས་ཏེ། རྡོ་རྗེ་རྩེ་མོ་ལས། ཡི་གེ་ཕཊ་ནི་ཅི་ཡིན་བརྗོད། །གདུག་དང་སྡུག་བསྔལ་འཇོམས་བྱེད་ཅིང་། །བདེ་བ་དག་ནི་འགུག་པར་བྱེད། །ཕཊ་ནི་འཇོམས་བྱེད་སྒྲ་ཡིན་ཏེ། །གྲོགས་དང་བཅས་པ་འཇོམས་པར་བྱེད། །ཅེས་དང་། གེ་ཕཊ་ནི་མངོན་སྤྱོད་ལ། །ཞེས་གསུངས་པའི་ཕྱིར་རོ།། །།

གསུམ་པ་མཇུག་གི་དོན།

རྩ་བའི་ས་བཅད་གསུམ་པ་མཇུག་གི་དོན་ལ་ནི་གཉིས་ཏེ། ཆོས་འདི་ལ་ཕྱི་རབས་ཀྱི་གང་ཟག་གིས་བརྩོན་པ་བསྐྱེད་པར་བསྐུལ་ཞིང་དེ་ལ་འཕྲད་པར་སྨོན་ལམ་བཏབ་པ་དང་། མཇུག་བྱང་དངོས་སོ། །དང་པོ་ནི། བསྐང་བཤགས་ཉམས་ཆག་རང་གྲོལ་ཆ་རྐྱེན་དུ༔ ཞི་ཁྲོའི་ཀློང་བཤགས་བརྗོད་པ་རང་གྲོལ་བསྟན༔ འདི་ལ་བརྩོན་པར་གྱིས་ཤིག་ཕྱི་རབས་བུ༔ མ་འོངས་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། དོན་གོ་སླའོ།།

འོ་ན་གོང་དུ་ཀླད་དོན་བཤད་པའི་སྐབས་སུ་སྨོན་ལམ་གདབ་པ་དང་བརྩོན་པར་བསྐུལ་བ་ཡོད་པ་དང་། མཇུག་གི་དོན་བསྟན་པའི་སྐབས་འདིར་ཡང་ཡོད་པས་ཟློས་པར་འགྱུར་རོ་ཞེ་ན། དེ་ནི་མི་འགྱུར་ཏེ། གོང་དུ་ཉམས་ཆག་འདག་པར་སྨོན་པ་དང་། འདིར་ནི་ཆོས་འདི་སྐལ་བ་བཟང་པོའི་ལས་འཕྲོ་དང་ལྡན་པ་ལ་འཕྲད་ནས་འཇིག་རྟེན་དུ་ཡུན་རིང་བཟུང་ཐུབ་པར་སྨོན་ལམ་གདབ་པ་ཡིན་ཕྱིར་སྨོན་ལམ་གྱི་དོན་མི་འདྲ་བས་ན་མི་ཟློས་པའི་ཕྱིར་དང་། གོང་དུ་བཤགས་པའི་ཐབས་ལ་བརྩོན་པར་བསྐུལ་བ་དང་། འདིར་ནི་ཟབ་ཆོས་འདི་ཉམས་སུ་མི་འཇུག་པར་རྒྱུན་འཛིན་པ་ལ་བརྩོན་དགོས་པར་བསྐུལ་བ་ལགས་པས་མི་ཟློས་པའི་ཕྱིར་རོ།།

གཉིས་པ་ནི། ཞི་ཁྲོ་དོན་གྱི་བཤགས་པ་ཀློང་བཤགས་བརྗོད་པ་རང་གྲོལ་ཞེས་བྱ་བ༔ ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས༔ དྲི་མེད་བཤགས་པའི་རྒྱུད་ནས་བཀོལ་པ༔ ཇི་སྲིད་འཁོར་བའི་འཇིག་རྟེན་མ་སྟོང་བར༔ དེ་སྲིད་དམ་པའི་ཆོས་འདི་མ་རྫོགས་སོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཀརྨ་གླིང་པའི་གཏེར་མའོ༔ ཞེས་པ་སྟེ། དེའི་དོན་ཡང་གཞུང་དོན་ལ་བྱང་ཟིན་ནས་གོ་སླ་ཞིང་། སྤྱིར་ཀརྨ་གླིང་པའི་ཞི་ཁྲོ་འདིའི་བཤད་བྱ་རྩ་བའི་རྒྱུད་སྒྱུ་འཕྲུལ་གསང་བ་སྙིང་པོ་ཡིན་པ་དང་། རྡོ་རྗེ་སེམས་དཔའ་དབང་སྐུར་རྒྱལ་པོའི་རྒྱུད་དང་། ཞི་ཁྲོ་དཔང་ཀོང་གི་རྒྱུད་དང་། ལྟ་བ་ཀློང་ཡངས་ཀྱི་རྒྱུད་དང་། ན་རཀ་དོང་སྤྲུག་གི་རྒྱུད་དང་། གླང་ཆེན་རབ་འབོགས་ཀྱི་རྒྱུད་དང་། དྲི་མེད་བཤགས་པའི་རྒྱུད་ལ་སོགས་པ་ཡིན་པར་བཞེད་པ་སོགས་སྣ་ཚོགས་མཆིས་མོད། ཀློང་བཤགས་བརྗོད་པ་རང་གྲོལ་འདི་ནི་དྲི་མེད་བཤགས་པའི་རྒྱུད་ལས་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་ཀྱིས་ཁོལ་བུར་ཕྱུངས་པ་ཡིན་པར་གསུངས་ལ། རྒྱུད་རང་དུའང་ཀློང་བཤགས་ཆ་ཚང་བར་དངོས་སུ་ཐོན་པས་དེ་ཡིན་པར་ངེས་སོ། །ས་མ་ཡ་དང་རྒྱ་རྒྱ་དག་གི་དོན་མང་པོ་འཆད་དུ་ཡོད་མཆི་མོད་ཇི་བཞིན་བརྗོད་པར་རྔོ་ཡང་མི་ཐོགས་པས་དེ་ཙམ་གྱིས་འཐུས་པར་བྱའོ།།

དེ་ཡང་སྤྲུལ་པའི་གཏེར་ཆེན་ཀརྨ་གླིང་པའི་ཞི་ཁྲོའི་ཆོས་སྐོར་འདི་དག་ནི། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་པའི་སྐབས་ལྟར་གྱི་དོན་མེད་དང་། དོན་ལོག་དང་། ཐོས་པ་ལྷུར་ལེན་དང་། རྩོད་པ་ལྷུར་ལེན་དང་། ངན་གཡོ་དང་། བརྩེ་བ་བྲལ་བའི་བསྟན་བཅོས་བཅས་བསྟན་བཅོས་ངན་པ་དྲུག་གི་དྲི་ཙམ་མི་བྲོ་ཞིང་། དོན་དང་ལྡན་པ་དང་། སྒྲུབ་པ་ལྷུར་ལེན་དང་། སྡུག་བསྔལ་སྤོང་པ་སྟེ་བསྟན་བཅོས་རྣམ་དག་གསུམ་གྱི་དོན་ཇི་བཞིན་ལྡན་པའི་ཟབ་ཆོས་རྣམ་པར་དག་པ། རྒྱུད་བླ་མ་ལས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་བཀའ་ཡིན་ལྡོག་པ་གཞན། །ཞེས་གསུངས་པ་ལྟར། ཚིག་དོན་རེ་རེ་ལ་རྒྱལ་བའི་བཀའ་དྲི་མ་མེད་པ་སྤྱི་དང་། ཁྱད་པར་དུ་གསང་བ་སྔགས་ཀྱི་རྒྱུད་ཀྱི་རྒྱབ་རྟེན་ཕན་ཚུན་ཞུ་དག་འཕེར་བ་དང་ལྡན་ཞིང་། དོན་ཕྲ་མོའི་ཆ་ཡན་ཆད་ལ་རྒྱུད་དུ་ཁུངས་མེད་པ་གཅིག་ཀྱང་མེད་པའི་ཚད་དུ་ལགས་པས། གཏེར་ཆེན་རཏྣ་གླིང་པའི་གཏེར་ཆོས་དང་ཀརྨ་གླིང་པའི་ཞི་ཁྲོ་འདི་ལྟ་བུ་གཏེར་ཆེན་གོང་མ་དག་གི་གཏེར་ཆོས་ནི། འཕགས་པ་ཡེ་ཤེས་རྒྱས་པའི་མདོ་ལས། གང་གིས་ལག་མཐིལ་སྐྱུ་རུ་ར་བཞག་ལྟར། །དེ་བཞིན་ལྷ་དང་མི་ཡི་བསམ་པ་གཟིགས། །གང་དག་འདས་དང་མ་འོངས་ད་ལྟར་བྱུང་། །འགྲོ་བ་འདི་དག་ད་ལྟ་ཉིད་དུ་མཁྱེན། །ཞེས་གསུངས་པ་ལྟར་གྱི་དུས་གསུམ་ཀྱི་ཆོས་ཀུན་ལག་པའི་མཐིལ་གྱི་སྐྱུ་རུ་རའི་འབྲས་བུ་བཞིན་སྒྲིབ་མེད་དུ་གཟིགས་པའི་དྲི་མ་མེད་པའི་མཁྱེན་པའི་ཡེ་ཤེས་ཀྱི་དཔལ་མངའ་བའི་འཛམ་གླིང་གྲུབ་པའི་འཁོར་བསྒྱུར་སློབ་དཔོན་རིན་པོ་ཆེ་སངས་རྒྱས་གཉིས་པ་པདྨ་ཀཱ་རས་དུས་སྐད་ཅིག་མ་རེ་ལ་གསང་སྔགས་ཀྱི་རྒྱུད་སྡེ་དུ་མའི་དགོངས་དོན་བསྡུས་ཏེ་ཕྱི་རབས་གདུལ་བྱའི་དོན་དུ་གཏེར་དུ་སྦས་ཟེར་བ་དེ་འདི་འདྲ་ལ་ཟེར་བ་ཡིན་ངེས་སྙམ་པ་དབང་མེད་དུ་སྐྱེ་བའི་གནས་ཀྱི་ཟབ་ཆོས་ཡིན་ལ། དེང་སང་གི་གཏེར་སྟོན་དུ་གྲགས་པའི་གཏེར་ཆོས་རྒྱུད་སྡེ་བཞི་གང་ན་ཡང་མ་གྲགས་པའི་མགོ་བརྙན་དང་ཕྱག་མཚན་འཁོར་ཚོགས་འདྲ་མིན་ཅན་གྱི་ལྷ་རྣམས་ཀྱི་སྒྲུབ་ཐབས་སྣ་ཚོགས་ཐེ་ཚོམ་གྱི་གནས་སུ་གྱུར་ཅིང་། མ་བརྟག་ན་ཡིན་ཡིན་འདྲ་བ་ལ། བརྟགས་ཤིང་དཔྱད་ཚེ་མདོ་རྒྱུད་ཀྱི་རྒྱབ་རྟེན་བྲལ་ཞིང་། ལུང་རིགས་ཀྱི་སྒྲུབ་བྱེད་མེད་པ། ཚིག་དོན་གྱི་ཆ་ལ་འགལ་འདུ་མང་བའི་དབང་པོའི་གཞུ་ལ་ཅོ་འདྲི་བ་རྣམས་མཐོང་དུས་ཟབ་ཆོས་འདི་ལ་དད་པ་དབང་མེད་དུ་མི་སྐྱེ་ཐབས་མེད་པའི་ཚོད་ལགས་ཤིང་། ཆུང་ངུའི་དུས་ནས་ཟབ་ཆོས་འདི་ལ་ཁ་ཙམ་མིན་པའི་དད་པ་མཆིས་ཤིང་། མང་པོ་ཞིག་གིས་གཤིན་ཆོག་ཟ་ཆོག་ཙམ་ལས་ཟབ་གསང་བླ་ན་མེད་པའི་རྒྱུད་དོན་ཟླ་གཞོན་གྱི་ཁུ་བ་ལན་བརྒྱར་བཞུས་པའི་ཡང་ཞུན་དང་ཉིང་ཁུ་ལྟ་བུ་ཡིན་པར་མི་འཛིན་པ་ལ་འཕངས་སེམས་སྐྱེས་པ་ལན་གཅིག་ཙམ་མིན་པ་དང་། རྙིང་མའི་ཁྲོད་དུ་ཆོས་འདི་ཡི་སྒོ་ནས་འགྲོ་དོན་མཛད་མཁན་ཡང་ཤིན་ཏུ་མང་བས་ཆོས་འདིའི་ཆ་ལག་ཀུན་ལ་གསལ་བཤད་ཀྱི་འགྲེལ་བ་རེ་མཆིས་ན་སྙམ་པ་ཡང་ཡོད་མོད། རང་ཉིད་འགྲེལ་བ་བྱེད་པའི་བློ་གྲོས་ཀྱི་མཐུ་དང་མཚན་ཉིད་མི་ལྡན་ལ། ལས་བྱང་དང་རིགས་དྲུག་གནས་འདྲེན་སོགས་ལ་འགྲེལ་བའང་རེ་ཟུང་ཡོད་པས་ཆེད་དུ་གསལ་བཤད་བྱ་དགོས་པའང་མང་པོོ་མ་མཐོང་ལ། ཀློང་བཤགས་འདི་ལ་བརྗོད་མེད་དོན་བཤགས་ཙམ་ལས་ཆ་ཚང་གི་འགྲེལ་བ་ཡང་ལག་སོན་མ་བྱུང་བ་ལ་བརྟེན་ནས་རིང་མོ་ཞིག་ནས་འབྲུ་འགྲེལ་ཙམ་ནུས་ན་ཇི་མ་རུང་སྙམ་པ་ཡོད་མོད་ཇི་བཞིན་བརྗོད་པར་རྔོ་མ་ཐོགས་པར་ད་བར་ལུས། ད་ལོར་རྣམ་རྟོག་གློ་བུར་བ་ཞིག་གིས་རྐྱེན་བགྱིས་ཏེ་འབྲུ་ནོན་ཀྱི་བཤད་པ་ཙམ་བྱུང་བ་འདི་ལྷ་དང་བླ་མའི་བྱིན་རླབས་ཡིན་ནམ་རང་གིས་ལོག་འགྲེལ་གྱི་ལས་ངན་སྟོབས་སུ་གྱུར་པ་ཡིན་ཆ་མ་འཚལ་ཡང་། ཟབ་ཆོས་འདི་ལ་དད་དུང་དང་། ཨ་བྲ་མདའ་ཐེག་གིས་མདའ་དང་། སྲེ་མོང་མདུང་ཐེག་གིས་མདུང་གི་དཔེ་བཞིན་དམ་ཆོས་ཚད་མ་འདིའི་ཞབས་ཕྱི་དང་། སྙིགས་མའི་འགྲོ་བ་ཉེས་ལྟུང་གི་རྒྱ་མཚོར་བྱིང་བ་རྣམས་ལ་ཕན་འདོད་དང་། རང་ཉིད་སྔགས་སུ་ཞུགས་ནས་དམ་ཚིག་ཉམས་ཆག་གི་ལས་ཚབ་པོ་ཆེ་འདག་དཀའ་བ་བསགས་པ་རྣམས་ལས་ཆ་ཕྲ་མོ་ཙམ་ཡང་འདག་པའི་གཉེན་པོར་འགྲོ་སྲིད་དོ་སྙམ་པའི་ཀུན་སློང་དགེ་བས་བསྐུལ་ཏེ་བྲིས་ཤིང་། ལུང་ཚོགས་ཀྱི་སྤྲོས་པ་ཧ་ཅང་ཆེ་བ་ལྟར་གྱུར་སོང་མོད། དེང་སང་གི་དུས་སུ་སངས་རྒྱས་ལ་ཡང་དག་པ་མི་སྟེར་ཞིང་སྐྱོན་འདོགས་པའི་དུས་ཚོད་འདི་འདྲ་ལ་བདག་ལྟ་བུ་ལ་སུ་ཞིག་གིས་ཡིད་ཆེས་བྱེད་དཀའ་བས། འདི་བདག་གིས་ལྕེ་མཁས་པས་བཀོད་པ་ཙམ་མ་ཡིན་པར་མདོ་རྒྱུད་ཀྱི་གཞུང་ན་གསལ་བ་འདིའོ་ཞེས་པའི་དཔང་པོ་ལ་མཁོ་གལ་ཆེ་བར་མཐོང་ནས་ངལ་བ་ལ་མ་འཛེམ་པར་ལུང་འགོད་ཅི་ཐུབ་བགྱིས་པ་ཡིན་ལ། དེ་ཡང་སྔགས་རྙིང་མ་དང་གསར་མ་ཞེས་པའི་ཕྱོགས་ཞེན་རིས་གཅོད་ཀྱི་རང་ལུགས་ཟེར་བ་རྩ་བ་ནས་དོར་ཏེ་སྔགས་གསར་རྙིང་གི་རྒྱུད་སྡེ་དུ་མ་དགོངས་པ་གཅིག་དང་དབྱངས་གཅིག་ཡིན་པ་རང་གིས་ཚེ་འདིར་རྒྱལ་བའི་གསུང་རབ་ལ་མང་ཐོས་བསགས་པའི་མཐུ་ལས་ལེགས་པར་མཐོང་བ་ལྟར་གསར་རྙིང་རིས་མཉམ་ཆེན་པོའི་བློས་དཔྱད་དེ་བྲིས་པ་ལགས་མོད། རྒྱུད་དོན་ལོག་པར་གོ་བ་དང་ར་མགོ་ལུག་ལ་སྦྱར་བའི་མ་རྟོགས་པའི་འགལ་འཁྲུལ་གཞན་མཆིས་སྲིད་ན་གཟུར་གནས་མཁས་པའི་ཚོགས་ཀྱི་སྤྱན་སྔར་བཤགས་ཤིང་ཐུགས་ཁྲེལ་མེད་པའི་དགོངས་འཁྲོལ་གནང་བར་ཞུའོ།། །།

སྨྲས་པ། ཟུང་འཇུག་སྐྱེ་མེད་གདོད་མ་ཆོས་ཀྱི་དབྱིངས། །སྐུ་དང་ཡེ་ཤེས་ལྷུན་གྲུབ་གཞི་བཞུགས་པ། །གཞི་བཞེངས་འབྲས་བུའི་རྒྱལ་ཐབས་ལ་དབང་བའི། །ཟབ་གསང་ལམ་གྱི་ཉི་མ་འོད་པོ་ཆེ། །འདྲེན་བྱེད་གདམས་ཟབ་རྒྱུད་སྡེ་རྒྱ་མཚོའི་བཅུད། །མཁས་གྲུབ་རིག་འཛིན་བརྒྱུད་པའི་ཕྱག་སོར་ལས། །རྗོད་བྱེད་ཡི་གེའི་བུམ་བཟང་ལ་བསྐྱིལ་བ། །བསོད་ཅན་ཐར་བའི་སྲོག་གསོར་སྨིན་འདི་མཚར། །ཐར་མཆོག་སྣང་བའི་སྒྲོན་མེ་སྦར་བ་ལ། །ལྷག་པའི་མན་ངག་གཉིས་པ་མ་མཆིས་པའི། །རྨད་བྱུང་རྒྱུད་ཀྱི་སྙིང་པོ་ཐོ༵ས་ཙམ་གྱིས། །གྲོ༵ལ་བའི་རྩེ་དགའ་ཡིད་ལ་མཛའ་དེར་དད། །དད་པའི་མཆོག་སྟེ་ཡིད་ཆེས་ཚད་མའི་མདའ། །དཔྱད་དག་ལུང་གི་གཞུ་ལ་སྦྱར་ཙམ་གྱིས། །དོགས་པའི་འབེན་བརྒྱ་ཅིག་ཆར་འཐོར་བའི་ཤུལ། །འཆོས་སྐྱོབ་མེ་ཏོག་རྒོད་པའི་ཚལ་འདི་མཐོང་། །རྒྱུད་དོན་ཐོས་བསམ་སྒོམ་པའི་མཐུ་ཐོབ་པའི། །གོས་དཀར་རལ་བས་མཛེས་པ་ཀརྨ་གླིང་། །ཞི་ཁྲོ་རིགས་བརྒྱའི་རིམ་གཉིས་ལམ་བཟང་གིས། །འགྲོ་འདྲེན་བསྟན་སྲོག་གསོ་བའི་འཕྲིན་ལས་ཆེ། །ཁྱུང་ཆེན་གཤོག་པས་ཉིན་ལམ་བཅོ་བརྒྱད་ཡུན། །གཅོད་པའི་ཡུལ་ལ་ཉིན་མོར་བྱེད་འབར་བ། །འུར་པ་ཙམ་མིན་ཡིད་འཕྲོག་རྒྱལ་བའི་བཀའ། །སྙིགས་ལྔའི་རྒུད་པ་སྐྱོབ་པའི་དཔྱིད་དུ་སྣང་། །ཟབ་ཆོས་ཉིད་དེ་མདོ་སྔགས་ལམ་གྱི་སྲོག །དགོངས་པ་མཆོག་སྟེ་རྒྱལ་བའི་ཐུགས་ཀྱི་ཆོས། །རང་གྲོལ་ལགས་ཏེ་མ་ནོར་ལམ་གྱི་གནད། །ཐོ༵ས་པས་གྲོ༵ལ་ཏེ་དཔྱད་གསུམ་དག་པའི་བཀའ། །ཡིད་མི་འོང་པ་རྒྱལ་བའི་བཀར་དབེན་ཡང་། །ལྷག་པར་ཡིད་འཕྲོག་ཐོས་པ་ཙམ་གྱིས་ཀྱང་། །དད་སྤྲོའི་ཡིད་དགའ་ཁོང་ནས་འཛུམ་པའི་ཡུལ། །ཆོས་མཆོག་འདི་སྟེ་མཚན་དོན་གཅིག་ཏུ་མཛའ། །གཟུང་འཛིན་གྱིས་བསགས་ཉེས་ལྟུང་སྒྲིབ་པའི་ཚོགས། །ཆོས་ཉིད་མཉམ་པའི་ཀློང༵་དུ་བཤ༵གས་པ་ལ། །ཐབས་མཆོག་བླ་མེད་ཚིག་ཙམ་བརྗོ༵ད་པ༵་ཡིས། །ཉེས་ཚོགས་ར༵ང་སར་གྲོལ༵་བའི་མན་དག་ཟབ། །ཞི༵་བའི་འཛུམ་ལ་ཁྲོ༵་བོའི་གད་རྒྱངས་ཅན། །རི༵གས་གཅིག་བ༵རྒྱ་སྤྲོས་བརྒྱ་ཕྲག་གཅིག་བསྡུས་ཆོས། །ཡང་གསང་བཀའ་བརྒྱུད་བླ་མའི་བྱིན་རླབས་ལས། །དུས་ཀྱི་མཐའ་འདིར་འདི་འདྲ་མཇལ་ཡོད་མཚར། །ཟབ་ཟབ་ཆོས་ཀྱི་ཉིང་ཁུ་འཁྱིལ་བ་ཡི། །མཚར་མཚར་མན་ངག་རོ་ལྡན་བདུད་རྩི་འདི། །མང་མང་ཉེས་པའི་དྲི་འཁྲུད་ཆུ་རྒྱུན་གཙང་། །སྙན་སྙན་ཚིག་གི་གླིང་བུར་བསྡེབས་བྱས་ཀྱང་། །འཆོས་སྐྱོབ་ལེགས་བཤད་རྩོམ་པའི་མཚན་ཉིད་གསུམ། །མི་ལྡན་རྒྱུད་དོན་འགྲེལ་བའི་ཕོ་ཚོད་ཀྱིས། །གླང་རྒན་ས་གཤགས་རང་གཉར་ལེན་པའི་དཔེ། །མ་བསྐུལ་ཉེས་པའི་གཡང་སར་རྒྱུག་པ་བདག །མཁས་དང་གྲུབ་པའི་ཁྲི་ལ་སླེབས་མིན་ཡང་། །ཕ་མེས་སྐད་དང་ཟབ་དོན་ཆོས་ཀྱི་གླུ། །ཆུང་ནས་གོམས་པས་སྨྲ་ལ་ངལ་ཆུང་ཕྱིར། །ཚིག་དོན་ལོག་པའི་དྲི་མས་དབེན་སྙམ་སྙེམས། །སྔ་འགྱུར་ཕྱི་འགྱུར་གསར་རྙིང་ཕྱོགས་ཞེན་བློས། །རང་བཟང་གཞན་དམན་རྒྱལ་དགོངས་རིས་གཅོད་ཀྱིས། །ཆོས་སྤོང་ལོག་པའི་གཡང་སར་མི་འཇུག་པར། །མདོ་རྒྱུད་མ་ལུས་རང་གི་ལུགས་འཛིན་པ། །མི་ཚེར་ཐུབ་པའི་ལུགས་བཟང་གཙུག་ལག་གཞུང་། །དཔྱད་གསུམ་ལང་ཚོ་མཛེས་པའི་ཡིད་འོང་མ། །ཐོས་བསམ་མལ་སར་གྲོགས་པའི་རྩེ་དགའ་ལས། །ཡིད་ཆེས་རོ་བདེ་རྙེད་པའི་དཔལ་ལས་འཁྲུངས། །རང་ལུགས་གཏད་སོ་མེད་པའི་གུ་ཡངས་ལྡན། །མདོ་རྒྱུད་གཉིས་གཞན་མི་སྨྲ་གུ་རེ་དོག། ལུང་རིགས་གྲོགས་ལས་མི་འགྲོགས་རང་ཚུགས་བརྟན། །ཐུབ་གསུང་དད་པས་བཟི་བའི་རྟོག་གེ་བདག། ཤེས་རབ་ལང་ཚོ་མཛེས་མར་འགྲོགས་འགྲོགས་ནས། །གཡམ་རྒྱུག་གཡེམ་མའི་འཛུམ་ལ་ཞེན་ལོག་པས། །ལུང་མེད་རིགས་བྲལ་གྲོང་བའི་བགྲེས་གཏམ་འཁྱར། །རྣ་བའི་བུ་གར་ཤོང་བའི་གནས་ཡོད་མིན། །རྒྱལ་གསུང་རལ་བའི་ཁྱོན་འཁྱིལ་མཐོ་རིས་ཆབ། །རྣམ་དཔྱོད་ཛ་ཧུའི་ལྟོ་བར་དྲངས་པ་ལས། །ལུང་རིགས་རླབས་སྒྲ་སྙན་པའི་གངྒཱ་མ། །རྣམ་འགྲེལ་སྐལ་ལྡན་ཤིང་རྟའི་དཔྱིད་དུ་ཕབ། །འདི་ལས་བྱུང་བའི་རྣམ་དཀར་དགེ་བའི་མཐུས། །མཐའ་ཡས་ཡིད་ཅན་འཁོར་མཚོ་ལས་ཐར་ནས། །སྟོང་གསལ་བརྗོད་མེད་མཉམ་པ་ཉིད་ཀྱི་ཀློང་། །རང་བྱུང་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག །སོ་སོར་ཐར་དང་བྱང་ཆུབ་སྤྱོད་པ་དང་། །རྡོ་རྗེ་ཐེག་པའི་ཁས་བླངས་བསླབ་པའི་ཚོགས། །ཉམས་ཤིང་འགལ་བས་ངན་འགྲོའི་སྒོ་ཕྱེས་བདག །མྱུར་དུ་ཉེས་ལྟུང་དྲི་མས་བཏང་གྱུར་ཅིག །སྨིན་བྱེད་དབང་བསྐུར་རྒྱུད་དོན་ལེགས་གནང་ནས། །གཞལ་དཀའི་དྲིན་གྱིས་བསྐྱངས་པའི་བླ་མ་ཡི། །ཐུགས་དཀྲུགས་མི་མཉེས་དགོངས་བཞེད་མ་གྲུབ་པའི། །རང་བྱས་སྒྲིབ་པ་དག་པའི་རྒྱུར་གྱུར་ཤོག །ལེགས་པའི་ཆ་འདིར་བརྩོན་པའི་ཐོག་མཐའ་ཀུན། །འཚོ་བའི་རྐྱེན་སྦྱར་བདོག་པའི་མཁོ་བསྒྲུབས་པའི། །འབྲེལ་བ་ཐོགས་པའི་སྦྱིན་བདག་དད་ཅན་ཀུན། །སྒྲིབ་པའི་སྤྲིན་གྲོལ་ཆོས་སྐུའི་དབྱིངས་མཐོང་ཤོག །ལས་འདིར་དད་དགའི་འདབ་སྟོང་རབ་ཕྱེས་ནས། །ཟས་སྦྱར་གཙང་སྦྲའི་ཟིལ་མངར་རོས་མཆོད་པའི། །མིག་ཡངས་མེ་ཏོག་ཙནྡྲ་དེ་ཝཱི་མ། །སྐྱེ་བའི་ཕྲེང་བར་ཆོས་མཆོག་གླུ་ལེན་ཤོག །ཅེས་གྲུབ་པའི་རིག་པ་འཛིན་པ་ཆེན་པོ་གཏེར་ཆེན་ཀརྨ་གླིང་པའི་ཟབ་གཏེར་རྒྱ་མཚོའི་སྙིང་པོ་ཞི་ཁྲོ་དགོངས་པ་རང་གྲོལ་གྱི་ཆ་ལག་ཀློང་བཤགས་བརྗོད་པ་རང་གྲོལ་དུ་གྲགས་པའི་གཞུང་འདིའི་འབྲུ་ནོན་གྱི་བཤད་པ་གོ་བདེར་བསྡེབས་པ་པོ་ནི། ཟབ་གསང་སྔགས་ཀྱི་སྦས་པའི་རྣལ་འབྱོར་བ་ཆེན་པོ་མགར་ཀློང་གཏེར་སྤྲུལ་རྡོ་རྗེ་འཆང་པདྨ་བདེ་ཆེན་མཁའ་ཀློང་ཡངས་པའི་ཞལ་སྔ་ནས་ཀྱི་ཞབས་རྡུལ་སྤྱི་བོའི་ཅོད་པན་དུ་ཐོོབ་པའི་བན་གཟུགས་པ་ཨོ་རྒྱན་བརྩོན་འགྲུས་སམ་ཐུབ་བསྟན་ལེགས་བཤད་བཟང་པོར་འབོད་པ་བདག་ཆུང་ངུའི་དུས་ནས་ཆོས་ཟབ་མོ་འདི་ལ་དགའ་དད་མོས་པ་བརྟན་པོ་མཆིས་པའི་གཞི་རྩ་ལ་རང་གིས་ཉེས་ལྟུང་མི་བཟད་པ་ཇི་སྙེད་བསགས་པའི་གཉེན་པོར་བསམ་ནས་འབད་པ་ཆེར་འདོན་གྱིས་དབུ་དེ་བོད་ཆེན་པོའི་ཤར་རྒྱུད་མདོ་སྨད་མགོ་ལོག་གི་ཡུལ་རང་གི་སྐྱེས་རི་ཤར་གཉན་པོ་གཡུ་རྩེའི་ནུབ་པདྨ་གསུང་གི་དཀྱིལ་འཁོར་གྱི་འདབས་སུ་བརྩམས་ཤིང་མཇུག་རྒྱ་ནག་པོའི་བྱང་རྒྱུད་ཀྱི་རྒྱའི་རྒྱལ་རབས་དུ་མའི་རྒྱལ་ས་རྙིང་པ་པེ་ཅིན་གྲོང་ཁྱེར་གྱི་དབུས་ཕྱོགས་ཧེ་ཏེན་གྲོང་ཁུལ་གྱི་བིན་ཧྭེས་ཡན་ཏེ་ཤེས་རབ་རིག་གནས་ཀྱི་ར་བ་རུ་འབོད་པའི་ར་སྐོར་མ་ནུ་བའི་ཤག་མིག་རྟགས་བརྒྱད་ཐིག་ལེ་བསེ་རུ་པ་ག་ལ་བ་དེར་རྫོགས་པར་སྦྱར་བའོ།། དགེའོ། །དགེའོ།། །།

Pecha page