← Search

འཕགས་པ་འཇམ་དཔལ་དབྱངས་ཀྱི་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུ་བླངས་ཀྱི་རྒྱུད་དོན་འབྲུ་ནོན་གྱི་ཚུལ་དུ་བཤད་པ་ལེགས་བཤད་ལུང་གི་འབྲུག་སྒྲ།

རྗེས་དཀར་ཨོ་རྒྱན་བརྩོན་འགྲུས།

སྔོན་འགྲོའི་སྤྱི་དོན།

༄༅།། འཕགས་པ་འཇམ་དཔལ་དབྱངས་ཀྱི་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུ་བླངས་ཀྱི་རྒྱུད་དོན་འབྲུ་ནོན་གྱི་ཚུལ་དུ་བཤད་པ་ལེགས་བཤད་ལུང་གི་འབྲུག་སྒྲ་ཞེས་བྱ་བ་བཞུགས་སོ།།

༄༅།། ཡང་དག་གསུང་གི་འབྲུག་སྒྲ་སྙན་པའི་རྔ་བོ་ཆེ་དབྱངས་བསོད་ཅན་གདུལ་བྱ་སྤྲིན་ལ་དགའ་བའི་རྣ་བར་ལྷུངས་མ་ཐག།

རྣམ་བྱང་ལམ་གྱི་དགའ་བ་རབ་བཞད་ཟག་མེད་འབྲས་བུའི་སྒྲོ་གཤོག་ཟླུམ་མཛེས་འགྲོ་ཀུན་ཕན་བདེའི་མིག་གི་དཔྱིད་བཀྲ་བ།།

ངོ་མཚར་རིན་ཆེན་ནོར་བུའི་ཕུང་པོ་གང་གི་འབྱུང་གནས་མཆོག་གཅིག་དངོས་དང་དངོས་མེད་ཆོས་ཀུན་རྣམ་མཁྱེན་འོད་སྟོང་ལྡན།།

མཚན་དཔེའི་སྣང་བའི་མཛེས་པ་རབ་འབར་ཤཱཀྱའི་དབང་པོ་འདྲེན་པ་མཆོག་དེའི་ཞབས་ཀྱི་པདྨོར་གུས་པས་ཕྱག་འཚལ་ལོ།།

འདྲེན་པ་མཆོག་གཅིག་ཤཱཀྱའི་དབང་པོ་དཔལ་ལྡན་རྡོ་རྗེ་འཆང་གང་མདོ་རྒྱུད་སྟོན་པ་ཐ་དད་ཚུལ།།

སྟོན་དང་སྡུད་པོ་ཉན་པའི་འཁོར་སྤྲུལ་སྣ་ཚོགས་གཟུགས་འཛིན་རྒྱལ་བ་ཀུན་གྱི་གསང་བ་རྒྱ་མཚོའི་བདག།

གཉིས་མེད་ཡེ་ཤེས་སྐུ་གསུམ་ངོ་བོ་སྐྱེ་འཇིག་མཚན་མས་མི་ཤིག་རྡོ་རྗེས་རབ་མཚོན་རྡོ་རྗེ་ཅན།།

ས་བཅུའི་ལྡིང་ཁང་ཉམས་དགར་རྒྱལ་སྲས་མཚན་གྱི་རྫ་རྔ་སྙན་སྒྲོག་ལྕང་ལོ་ཅན་གྱི་གཙོ་དེར་འདུད།།

ཤེས་རབ་རལ་གྲི་སྙིང་རྗེའི་མདའ་གཞུ་ཡིས།།

ཉོན་མོངས་དགྲ་འཇོམ་འགྲོ་ཀུན་འདྲེན་པ་ལ།།

དཔའ་བོའི་བློ་ལྡན་ས་བཅུའི་ཚུལ་འཆང་བའི།།

རྒྱལ་ཀུན་ཡབ་གཅིག་འཇམ་པའི་དབྱངས་ལ་འདུད།།

ནུ་འབུར་ལང་ཚོ་རྒྱས་པའི་འཕྱོར་སྒེག་ལ། །རབ་དཀར་ཟླ་བའི་ཞལ་མཛེས་དབྱངས་ཅན་མས། །ནོར་བུའི་རྒྱུད་མངས་དབྱངས་ལས་སྙན་པའི་ངག །བདག་བློའི་དཔལ་དུ་སྩོལ་ཅིག་སྡུག་གུ་མ།།

དཔལ་ལྡན་སངས་རྒྱས་པདྨ་ལས་འཁྲུངས་ཤིང་། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་སྨྲ་བའི་དབང་། །རྒྱལ་པོ་པཎ་གྲུབ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །རིག་སྔགས་ཆེ་རྒྱལ་མཚོ་འཁྲུངས་དབང་པོས་སྐྱོངས།།

བི་མ་དགའ་རབ་དྲན་པ་ཡེ་ཤེས་ཞབས། །འཇམ་དཔལ་བཤེས་གཉེན་སྒེག་རྡོར་ཟླ་བའི་དབང་། །གཉིས་མེད་རྡོ་རྗེ་ཌོམྦི་འཇམ་དཔལ་གྲགས། །ཙནྡྲ་གོ་མི་གཞོན་ནུ་གྲགས་སོགས་འདུད།།

མདོ་སྔགས་ཆོས་ཚུལ་ཟབ་ཡངས་ཆུ་གཏེར་དབུས། །མང་ཐོས་ནོར་བུའི་མཛོད་འཆང་ཀླུ་ཡི་དབང་། །འཆད་རྩོད་རྩོམ་པའི་མགྲིན་རྔ་འཁྲོལ་བ་ཅན། །འཕགས་བོད་མཁས་དབང་རྒྱ་མཚོས་བདག་སྐྱོངས་ཤིག།

འགྲོ་ཀུན༵་རབ་དག༵འ་ཐར་ལམ་མཆོག་དབང་ཞིང་། །ཤེ༵ས་ར༵བ་རྣོན་པོས་མདོ་རྒྱུད་གཙུག་ལག་གཞུང་། །རྣམ་པར་གས༵ལ་བྱེད༵་སྨྲ་དབང་བྱེ་བའི་ཏོག །ངུར་སྨྲིག་འོད་ཅན་མཚན་ལྡན་བླ་མར་འདུད།།

བདག་བློ་ཤེས་རབ་པདྨོ་བཞད་པའི་རྩེར།།

བྱིན་རླབས་སྣང་བ་བརྒྱ་ཡི་གཟི་འབར་བའི།།

རྩ་བའི་བླ་མ་འཇམ་དཔལ་ཆོས་ཀྱི་གྲགས།།

འཇམ་དཔལ་རྒྱུད་དོན་འཁྲོལ་བའི་བྱིན་རླབས་སྩོལ།།

གདོད་ནས་དག་པའི་ཆོས་ཉིད་མཛའ་ན་མོར། །གཉིས་མེད་ཡེ་ཤེས་གཞོན་ནུ་དགྱེས་རོལ་བ། །ཟུང་འཇུག་རྒྱལ་བའི་སྐུ་དང་ཡེ་ཤེས་སྤྲིན། །འཇམ་དཔལ་མཚན་གྱི་རོལ་མོ་འབུམ་འཁྲོལ་བ། །ཐུབ་དབང་བསོད་ནམས་བྱེ་བ་ལས་བསྐྲུན་པའི། །འགགས་མེད་མགྲིན་པ་སྐྱེ་བ་ལྔ་བའི་དབྱངས། །ལེགས་བསྡེབས་འགྲོ་བའི་དཔྱིད་དུ་རབ་འབར་གང་། །འདི་ན་ཡི་གེའི་གཟུགས་སུ་རྒྱུ་བ་དེའི། །རྣམ་བཤད་ཉི་ཟླའི་སྣང་བ་འབུམ་བརྡལ་ཡང་། །བློ་དམན་ཡིད་ལ་འཚམ་པའི་སྐལ་ཆུང་བས། །འཇམ་དཔལ་མཚན་གྱི་རྒྱུད་དོན་མ་མྱོང་བའི། །ངལ་བ་མ་བཟོད་འབྲུ་འགྲེལ་ལམ་དུ་འཇུག །གསལ་ལ་མ་ནོར་སྔོན་མེད་ལེགས་བཤད་ཀྱི། །མུ་ཏིག་ཕྲེང་བས་མཁས་པའི་ཡིད་འཕྲོག་པའི། །བློ་ལྕེའི་འཁོས་ཀ་དམན་ལ་མ་མཆིས་ཀྱང་། །དམ་པའི་རྗེས་འབྲངས་དཔྱད་པས་འགྲེལ་ལ་ལྟོས།།དེ་ཡང་ཇི་སྐད་དུ། དེ་ཉིད་བསྡུས་པའི་རྒྱུད་ལས། ཨེ་མའོ་སངས་རྒྱས་ཐམས་ཅད་ཀྱི། །འཇམ་དབྱངས་བདག་ནི་ཡིན་པར་དགོངས། །གང་ཕྱིར་ཤེས་རབ་གཟུགས་མེད་ཀྱང་། །དབྱངས་ཉིད་དུ་ནི་དམིགས་པ་ཡིན། །ཞེས་གསུངས་པ་ལྟར། འདིར་རྒྱལ་བ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དབྱངས་ཞེས་བྱ་ལ། དེའི་དོན་དང་དེ་སྒྲུབ་པའི་ཐབས་ཇི་བཞིན་བསྟན་པ་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་འདི་ཉིད་ཡིན་ལ། འགྲོ་བ་ཀུན་གྱི་མ་འདྲེས་པའི་མཛའ་བཤེས་དང་བླ་མ་ཆེན་པོ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་མཆོག་གིས་གསུངས་པའི་ཆོས་སྒོ་དཔག་ཏུ་མེད་པ་ཡོད་པ་རྣམས་ཀྱི་བརྗོད་དོན་ནི་རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་ལ། དེ་ལས་འབྲས་བུ་སྔགས་ཀྱི་ཐེག་པ་ལ་ནི། འཁོར་ལོ་སྡོམ་པ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བའི་རྒྱུད་ལས། བསྐལ་བ་རྫོགས་ལྡན་སུམ་གཉིས་དང་། །རྩོད་ལྡན་དུས་བཞིའི་རིམ་པ་ཡིས། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ། །ཞེས་གསུངས་པ་ལྟར། བྱ་རྒྱུད་དང་། སྤྱོད་རྒྱུད་དང་། རྣལ་འབྱོར་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བཞི་ཡོད་པ་ལས། མཚན་བརྗོད་ཀྱི་རྒྱུད་འདི་ཉིད་རྒྱ་གར་འཕགས་པའི་ཡུལ་གྱི་མཁས་པ་རྣམས་ཀྱིས་བཀྲལ་ཚུལ་ལ་རྣལ་འབྱོར་རྒྱུད་དུ་བཀྲལ་བ་དང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་བཀྲལ་བའི་ལུགས་གཉིས་ཡོད་ལ། དེ་ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་བ་རྒྱ་གར་གྱི་མཁན་པོ་ཤྲདྡྷ་ཀཱ་ར་ཝརྨ་དང༌བོད་ཀྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོའི་འགྱུར་དང་། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་མཚན་བརྗོད་ཀྱི་རྒྱ་ཆེར་འགྲེལ་རྒྱ་གར་གྱི་མཁན་པོ་ཨཱ་ཙརྱ་ཤྲདྡྷ་ཀཱ་ར་བརྨ་དང༌། ཀ་མ་ལ་གུཔྟ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་རྣམས་ཀྱི་འགྱུར་དང་། སློབ་དཔོན་ཟླ་བའི་དབང་པོ་གྲགས་པའི་དཔལ་གྱིས་མཛད་པའི་འགྲེལ་བ་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཤྲཱི་མ་ཧཱ་ཛཱ་ན་དང༌། ལོ་ཙཱ་བ་ཟངས་དཀར་འཕགས་པ་ཤེས་རབ་ཀྱི་འགྱུར་དང་། ཨུ་རྒྱན་གྱི་སློབ་དཔོན་ཨ་ཝ་དྷཱུ་ཏི་པས་མཛད་པའི་འགྲེལ་བ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང༌། ལོ་ཙཱ་བ་འགར་ཆོས་བཟང་གི་འགྱུར་དང་། ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟིས་མཛད་པའི་འགྲེལ་བ་མཚན་བརྗོད་ཀྱི་བཤད་འབུམ་ཞེས་པ་རང་འགྱུར་དང་། མཁན་པོ་གཞོན་ནུ་གྲགས་པས་མཛད་པའི་མཚན་བརྗོད་ཀྱི་མན་ངག་གི་འགྲེལ་བ་རྒྱ་གར་གྱི་མཁན་པོ་དེ་བ་རཱ་ཛ་དང༌ལོ་ཙཱ་བ་ཤེས་རབ་བླ་མའི་འགྱུར་དང་། སློབ་དཔོན་དབུ་མ་ལ་དགའ་བས་མཛད་པའི་མཚན་བརྗོད་ཀྱི་དཀའ་འགྲེལ་ཞ་ལུ་ལོ་ཙཱ་བ་ཆོས་སྐྱོང་བཟང་པོའི་འགྱུར་དང་། པཎྜི་ཏ་རཏྣ་ཨཱ་ཀ་ར་གུཔྟས་མཛད་པའི་མཚན་བརྗོད་ཀྱི་དཀའ་འགྲེལ་བསྡུས་པ་རྒྱ་གར་གྱི་མཁན་པོ་ཀཱ་ལ་ཙཀྲ་དང༌ལོ་ཙཱ་བ་ཛྙཱ་ན་གརྦྷ་དང་འབྲོག་ཇོ་སྲས་དང་ཆོས་ཀྱི་བརྩོན་འགྲུས་རྣམས་ཀྱི་འགྱུར་དང་། སློབ་དཔོན་ཡེ་ཤེས་གྲགས་པས་མཛད་པའི་འགྲེལ་བ་དང་། སློབ་དཔོན་སངས་རྒྱས་གསང་བས་མཛད་པའི་འགྲེལ་བ་དང་། སློབ་དཔོན་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་འགྲེལ་བ་ཉེ་བར་བསྡུས་པའི་རྣམ་པར་རྟོག་གེ་རྒྱ་གར་གྱི་མཁན་པོ་ཆེན་པོ་ཤྲཱི་བཛྲ་བོ་དྷི་དང༌། ལོ་ཙཱ་བ་དཔྱལ་སེ་ཙ་བསོད་ནམས་རྒྱལ་མཚན་གྱི་འགྱུར་དང་། སློབ་དཔོན་སྒེག་པའི་རྡོ་རྗེའམ་སྣ་ཚོགས་གཟུགས་ཅན་གྱིས་མཛད་པའི་འགྲེལ་བ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟིའི་འགྱུར་ལ་རྒྱ་གར་གྱི་མཁན་པོ་ཕྱག་ན་རྡོ་རྗེ་དང་ལོ་ཙཱ་བ་ཀློག་སྐྱ་ཤེས་རབ་བརྩེགས་ཀྱི་འགྱུར་བཅོས་མ་དང་། སློབ་དཔོན་པྲ་ཛྙཱ་གུ་རུ་སྟེ་ཤེས་རབ་བླ་མས་མཛད་པའི་སྔགས་དོན་རྣམ་གཟིགས་དང་རྣམ་པར་རྟོག་གེའི་དོན་བསྡུས་མཚན་གྱི་སྒྲོན་མེ་རྣམས་ཀྱིས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཡིན་པར་གསུངས་སོ།།

དཔལ་ཌོམྦི་ཧེ་རུ་ཀས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་བ་ལོ་ཙཱ་བ་ཁྱུང་གྲགས་ཀྱི་འགྱུར་དང་། སློབ་དཔོན་ཙནྡྲ་གོ་མིས་མཛད་པའི་མཚན་བརྗོད་ཀྱི་རྒྱ་ཆེར་འགྲེལ་ལོ་ཙཱ་བ་འགོས་ཁུག་པ་ལྷས་བཙས་དང་ཤེས་རབ་བརྩོན་འགྲུས་ཀྱི་འགྱུར་དང་། སློབ་དཔོན་བི་མ་ལ་མི་ཏྲའམ་དྲི་མེད་བཤེས་གཉེན་གྱིས་མཛད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ལོ་ཙཱ་བ་གཉགས་ཛྙཱ་ནའི་འགྱུར་དང་། སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་དོན་གསལ་བར་བྱེད་པ་འགྲེལ་བ་རྒྱུན་གཅོད་སྤུ་གྲི་ཞེས་པ་འགྱུར་བྱང་མི་གསལ་བ་དང་། སློབ་དཔོན་དཔལ་གཉིས་སུ་མེད་པའི་རྡོ་རྗེས་མཛད་པའི་འགྲེལ་བ་སྙིང་པོའི་མངོན་པར་རྟོགས་པ་པྲ་ཛྙཱ་ཤྲཱི་ཛྙཱ་ན་ཀིརྟིའི་འགྱུར་དང་། སློབ་དཔོན་གཉིས་མེད་སྦས་པས་མཛད་པའི་འགྲེལ་བ་མཚན་དོན་གསལ་བར་བྱེད་པ་རྒྱ་གར་གྱི་མཁན་པོ་དྷརྨ་ཤྲཱི་མི་ཏྲ་དང༌། དགེ་སློང་ཆོས་ཀྱི་བཟང་པོའི་འགྱུར་དང་། མིའི་དབང་པོ་གྲགས་པས་མཛད་པའི་འགྲེལ་བ་རྒྱ་གར་གྱི་མཁན་པོ་ཨ་བྷ་ཡ་བཛྲ་དང༌ལོ་ཙཱ་བ་སྦལ་རྡོ་རྗེ་རྒྱལ་པོའི་འགྱུར་དང་། མཚན་བརྗོད་ཀྱི་ཕན་ཡོན་གྱི་འགྲེལ་བ་དུས་ཞབས་པས་མཛད་པ་ཡང་ལོ་ཙཱ་བ་སྦལ་རྡོ་རྗེ་རྒྱལ་པོའི་འགྱུར་དང་། རིགས་ལྡན་པདྨ་དཀར་པོས་མཛད་པའི་མཚན་བརྗོད་ཀྱི་འགྲེལ་བ་དྲི་མ་མེད་པའི་འོད་ན་ལེནྡྲའི་བསོད་སྙོམས་པ་ཆེན་པོའི་འགྱུར་དང་། སློབ་དཔོན་དཔེ་མེད་འཚོའམ་པཎྜི་ཏ་ཆེན་པོ་ཨ་ནུ་པ་མ་རཀྵི་ཏ་ཡིས་མཛད་པའི་འགྲེལ་བ་བདུད་རྩིའི་ཐིགས་པ་སྒྲོན་མ་གསལ་བ་ཞིབ་མོ་རྣམ་པར་འཐགས་པ་ལོ་ཙཱ་བ་དྷཱརྨ་ཀིརྟི་དང་དགེ་སློང་རྡོ་རྗེ་རྒྱལ་མཚན་གྱི་འགྱུར་དང་། སློབ་དཔོན་ཉི་མའི་དཔལ་གྱི་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ་མདོར་བཤད་བདུད་རྩིའི་ཐིགས་པ་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་གྱི་འགྱུར་དང་། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་མཛད་པའི་འགྲེལ་བ་རིན་པོ་ཆེའི་ཉི་ཟླ་འབར་བའི་སྒྲོན་མ་སྐ་བ་དཔལ་བརྩེགས་ཀྱི་འགྱུར་རྣམས་ཀྱིས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དུ་བཀྲལ་བ་ཡིན་པར་གསུངས་སོ།།

དེ་ཡང་དགའ་རབ་རྡོ་རྗེའི་འགྲེལ་བ་ཕུད་པའི་དཔལ་ཌོམྦི་ཧེ་རུ་ཀའི་འགྲེལ་བ་ནས་གཉིས་མེད་རྡོ་རྗེའི་འགྲེལ་བ་བར་གྱིས་བླ་མེད་སྤྱིའི་རྒྱུད་དུའམ་སྤྱི་འགྲོས་དང་མཐུན་པར་བཀྲལ་བ་དང་། མིའི་དབང་པོ་གྲགས་པའི་འགྲེལ་བ་ནས་སློབ་དཔོན་ཉི་མ་དཔལ་གྱིས་མཛད་པའི་འགྲེལ་བ་བར་གྱིས་དུས་ཀྱི་འཁོར་ལོའི་ལུགས་ལྟར་བཀྲལ་བ་ཡིན་འདུག་གོ།

བུ་སྟོན་དཀར་ཆག་ཏུ། སློབ་དཔོན་དྲི་མེད་བཤེས་གཉེན་གྱིས་མཛད་པའི་མཚན་བརྗོད་འགྲེལ་བ་མཚན་དོན་གསལ་བའི་སྒྲོན་མ་གཉགས་ཛྙཱ་ནའི་འགྱུར། ཞེས་བི་མ་ལའི་འགྲེལ་བ་འདི་དང་། སྒེག་པའི་རྡོ་རྗེའི་འགྲེལ་བ་དང་། གཉིས་མེད་རྡོ་རྗེའི་འགྲེལ་བ་གཉིས་ཀ་དང་། ཤེས་རབ་བླ་མའི་དོན་བསྡུས་རྣམས་རྣལ་འབྱོར་རྒྱུད་ཁོངས་སུ་བཞག་པར་མཛད་ལ། ནང་དོན་ཡང་ཚིག་ཁ་དམ་དབང་གིས་གོ་དཀའ་མོད་སྒེག་རྡོར་འགྲེལ་བ་དང་རྣམ་པར་རྟོག་གེ་དང་། མཚན་སྒྲོན་གསུམ་རྣལ་འབྱོར་ཆེན་པོའི་རྒྱུད་དུ་བཞག་ཀྱང་འཐད་སྙམ་པས་རྣལ་འབྱོར་ཆེན་པོའི་རྒྱུད་ཁོངས་སུ་བཞག་པ་ཡིན་ནོ།།

བི་མ་ལའི་འགྲེལ་བ་དང་། སྙིང་པོའི་མངོན་པར་རྟོགས་པ་གཉིས་ནི་དཔྱད་ན་བླ་མེད་དུ་བཞེད་པའི་ལུགས་སུ་སྣང་བ་དང་། རྒྱལ་དབང་རིན་པོ་ཆེ་དགེ་འདུན་རྒྱ་མཚོས་ནི་བླ་མེད་དུ་བཞག་འདུག་པས་འདིར་ཡང་བླ་མེད་དུ་བཞག་པ་ལགས་ལ། དགའ་རབ་རྡོ་རྗེའི་འགྲེལ་བ་རྒྱུན་གཅོད་སྤུ་གྲིས་ནི་དོན་རྫོགས་ཆེན་ལྟར་དུ་བཀྲལ་བ་ཡིན་སྙམ་ལ་ཤིན་ཏུ་ངོ་མཚར་ཞིང་ཡིད་དབང་འཕྲོག་པའི་འགྲེལ་བ་ཞིག་ཏུ་འདུག་མོད་ཚིག་བསྡུས་ལ་གོ་དཀའ་བ་ཞིག་ཏུ་འདུག་པས་འདི་ལྟར་ཡིན་ཞེས་བརྗོད་དཀའ་ཞིང་། རྫོགས་པ་ཆེན་པོ་མན་ངག་སྡེ་རུ་གྲགས་པ་ལྟར་གྱི་རྫོགས་ཆེན་གྱི་ཆོས་སྐད་ཐུན་མིན་དག་མི་འབྱུང་བས་དཔྱད་ན་རྫོགས་ཆེན་སེམས་སྡེ་ལྟར་ཡིན་ནམ་སྙམ་མོ།།

དེ་བཞིན་དུ་པཎ་ཆེན་བི་མ་ལ་མི་ཏྲ་ཡང་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་མཁས་པ་ཆེན་པོར་གྲགས་མོད་མཚན་བརྗོད་རྫོགས་ཆེན་དུ་བཀྲལ་མེད་པ་གསལ་བར་ཤེས་སོ།།

རྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོས་མཛད་པའི་མཚན་བརྗོད་འགྲེལ་བ་དེ་ཁོ་ན་ཉིད་རབ་ཏུ་སྣང་བར་བྱེད་པའི་ཉི་མ་ཆེན་པོ་ལས་དྲི་མེད་བཤེས་གཉེན་དང་བི་མ་ལ་མི་ཏྲའི་འགྲེལ་བ་གཉིས་ཡོད་པར་བྱས་ནས་སྔ་མ་རྣལ་འབྱོར་རྒྱུད་དུ་བཀྲལ་བའི་ལུགས་དང་། ཕྱི་མ་བླ་མེད་སྤྱི་འགྲོས་སུ་བཀྲལ་བའི་ལུགས་སུ་བྱས་ནས་ཐ་དད་དུ་བགྲང་འདུག་མོད། དེ་ནི་ནོར་བ་ཡིན་ནམ་སྙམ་ཏེ། དོན་ལ་དྲི་མེད་བཤེས་གཉེན་བོད་སྐད་དང་བི་མ་ལ་མི་ཏྲ་ལེགས་སྦྱར་ཡིན་པས་གཉིས་ཀ་པཎ་ཆེན་བི་མ་ལའི་མཚན་དུ་སྣང་བས་གང་ཟག་གཅིག་ཡིན་ཞིང་། བསྟན་འགྱུར་གྱི་ཁྲོད་དུ་བི་མ་ལ་མི་ཏྲ་ལ་འགྲེལ་བ་གཅིག་ལས་གཉིས་མི་སྣང་ལ། རྒྱལ་དབང་ཁོང་གིས། དྲི་མེད་བཤེས་གཉེན་གྱི་འགྲེལ་བ་གཉགས་ཛྙཱ་ནའི་འགྱུར་ཡིན་ཟེར་བས་ཀྱང་ནོར་བ་ཡིན་པ་ཤེས་ཏེ། བསྟན་འགྱུར་ཁྲོད་ཀྱི་བི་མ་ལའི་འགྲེལ་བའི་མཇུག་ཏུ་ཡང་། སློབ་དཔོན་བི་མ་ལ་མི་ཏྲས་མཛད་ནས་ཐུགས་ཀྱི་སྲས་ཉང་ཏིང་འཛིན་གྱིས་ཞུས་པའོ། །གཉགས་ཛྙཱ་ནས་བསྒྱུར་བའོ། །ཞེས་གསུངས་པའི་ཕྱིར་ན་དྲི་མེད་བཤེས་གཉེན་གྱི་འགྲེལ་བ་ཟེར་བའང་འདི་ལས་གཞན་དུ་མི་སྣང་བའི་ཕྱིར་རོ།།

བུ་སྟོན་ཆོས་འབྱུང་དུ། མཚན་བརྗོད་རྣལ་འབྱོར་ཆེན་པོར་བཀྲལ་བ་བླ་མ་མངོན་ཤེས་ཅན་གྱིས་མཛད་པའི་མཚན་བརྗོད་འགྲེལ་བ་མ་རིག་མུན་སེལ། ཞེས་འབྱུང་བ་ནི་ཙནྡྲ་གོ་མིའི་འགྲེལ་བ་རུ་གྲགས་པ་དེ་ཡིན་པ་འདྲ་ལ། བུ་སྟོན་གྱིས། སངས་རྒྱས་གསང་བའི་མཚན་བརྗོད་འགྲེལ་བ་བསྟན་འགྱུར་དུ་མ་ཚུད་གསུངས་པའང་བདེན་ཏེ། ད་ལྟའི་བསྟན་འགྱུར་ན་མི་སྣང་ངོ་།།

ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། གྲུབ་མཐའ་མཛོད་ལས། བཤད་པའི་རྒྱུད་ལ་འཇམ་དཔལ་རྩ་རྒྱུད། མངོན་པར་བྱང་ཆུབ་པའི་རྒྱུད། གསང་བའི་རྒྱུད་རྣམ་པར་རོལ་བ། འཇམ་དཔལ་རྣམ་པར་རོལ་པ་ཡིད་བཞིན་མཆོག་གི་རྒྱུད། བསྟོད་པ་གླུ་བླངས་ཀྱི་རྒྱུད། རྡོ་རྗེ་ཕྲེང་བ་བཤད་རྒྱུད་ཆོ་ག་འདུས་པ་ལ་སོགས་པའོ། །ཞེས་མཚན་བརྗོད་འདི་བྱ་རྒྱུད་ཀྱི་བཤད་རྒྱུད་དུ་བཞག་ཅིང་། འོག་ཏུ་རྙིང་མ་བྱེ་བྲག་ཏུ་བཤད་པའི་སྐབས་སུ་ཡང་། བསྟོད་པ་གླུར་བླངས་པའི་རྒྱུད་ལ་སོགས་པའོ། །ཞེས་བྱ་རྒྱུད་ཀྱི་འཇམ་དཔལ་གྱི་སྐོར་དུ་བཞག་པ་དང་། ཡང་འོག་ཏུ་སྤྱོད་པའི་རྒྱུད་ཀྱི་སྐབས་སུ། ཁ་ཅིག་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་པ་ལ་སོགས་པ་འཇམ་དཔལ་གྱི་སྐོར་རྣམས་ཡིན་པར་འདོད་ཀྱང་། རྣལ་འབྱོར་ཆེན་པོར་གཏོགས་པ་བདེ་བའི་མྱུ་གུ་བཞེད་པས་མི་འཐད་དོ། །ཞེས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་པ་ཁ་ཅིག་གིས་སྤྱོད་རྒྱུད་དུ་བཞག་པ་ལ་བདེ་བའི་མྱུ་གུའི་རྗེས་སུ་འབྲངས་ནས་རྣལ་འབྱོར་ཆེན་པོར་འཐད་པར་བསྟན་འདུག་ལ། དེ་ལྟར་ན་མཚན་བརྗོད་འདི་ལེའུ་ཁྲི་དྲུག་སྟོང་པའི་ནང་གསེས་ཡིན་པས་རྣལ་འབྱོར་ཆེན་པོར་གཏོགས་པར་སྨོས་མ་དགོས་པ་དང་། ཁོང་གི་གསང་འགྲེལ་ཕྱོགས་བཅུའི་མུན་སེལ་དུ། བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུ་བྱང་ཆུབ་པ། །ཞེས་པ་རྣམས་རིག་མ་རབ་འབྲིང་ཐ་གསུམ་གྱི་ན་ཚོད་དང་མཚན་ཉིད་བསྟན་པའི་རྒྱབ་སྐྱོར་དུ་དྲངས་འདུག་ལ། དེས་ནི་བླ་མེད་དུ་བཀྲལ་བའི་ཕྱོགས་སུ་གསལ་བས་བྱ་རྒྱུད་ཀྱི་བཤད་རྒྱུད་དུ་འགྲོ་ཚུལ་ཙནྡྲ་གོ་མཱིའི་གསུང་ལྟར་ཡིན་ནམ་ཇི་ལྟར་འཐད་དཔྱད་པར་བྱ་ལ། བུ་སྟོན་དང་ཀློང་ཆེན་ལྟ་བུའི་མཁས་པ་ཆེན་པོའི་གསུང་ཚད་མ་དེ་དག་ལ་དཔྱད་པར་བྱ་བ་ལས་དོར་བྱ་ནི་གཏན་ནས་མ་ཡིན་པས་བདག་ལྟ་བུས་འདི་ཡིན་དང་དེ་མིན་གྱི་ཁ་ཚོད་འཛིན་ནུས་པ་མ་ཡིན་ནོ།།

སློབ་དཔོན་པདྨའི་འགྲེལ་བས་ནི་བླ་མེད་རྫོགས་པ་ཆེན་པོ་སྤྱི་ཏི་ལྟར་དུ་བཀྲལ་ཡོད་པ་གཞི་རྩ་ལ་ཚིག་དོན་རེ་ཟུང་ལས་ཐེག་པ་ཡོངས་རྫོགས་ཀྱི་དོན་དུ་བཀྲལ་འདུག་ལ། དེ་ཕྱིར་ཆེས་ངོ་མཚར་ཞིང་རྨད་དུ་བྱུང་བའི་ལེགས་བཤད་ཅིག་ཏུ་འདུག་གོ།

དེ་ལྟར་སྨོས་ཟིན་གྱི་མཚན་བརྗོད་ཀྱི་རྒྱ་འགྲེལ་ཉེར་ལྔ་པོ་དག་ལས་གཞན་འཇམ་དཔལ་མཚན་བརྗོད་ཀྱི་དོན་གསལ་བའི་ཆོས་སྐོར་རྒྱ་གཞུང་ལའང་། བྱང་ཆུབ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་ཀྱིས་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་མངོན་པར་རྟོགས་པ་དང་། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་མཚན་བརྗོད་ཀྱི་ཆོ་ག་མདོ་དང་བསྲེས་པ་དང་། སྤྱན་དབྱེ་བའི་ཆོ་ག་དང་། ངན་སྔགས་བྱད་ཀྱི་འཁོར་ལོས་གསད་པ་དང་། སྡིག་པ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་ག་དང་། ཁྲུས་ཀྱི་ཆོ་ག་དང་། དཀྱིལ་ཆོག་ནམ་མཁའ་དྲི་མ་མེད་པ་དང་། དཀྱིལ་ཆོག་ནམ་མཁའ་དྲི་མེད་ཆུང་བ་དང་། སྡིག་པ་སྦྱོང་བའི་སྦྱིན་སྲེག་གི་ཆོ་ག་དང་། སྦྱིན་སྲེག་གི་ཆོ་ག་བསྡུས་པ་དང་། མཚན་བརྗོད་ཀྱི་ཡན་ལག་བདུན་པས་ཚོགས་བསགས་ཐབས་དང་། མཚན་བརྗོད་ཀྱི་སྒོ་ནས་དབང་པོ་འབྲིང་གིས་རྟེན་འབྲེལ་བཅུ་གཉིས་བསྒོམ་པ་དང་། བྱང་ཆུབ་ཆེན་པོའི་སྐུ་གདུང་གི་ཆོ་ག་དང་། མཚན་བརྗོད་ཀྱི་བསྐོར་བ་བྱ་བའི་ཐབས་དང་། འཇམ་དཔལ་གྱི་མཚན་གདོན་པའི་མན་ངག་སོགས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་མཛད་པའི་སྐོར་དུ་མ་དང་། མཁན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་མཛད་པའི་མཚན་བརྗོད་གསང་ལྡན་སྒྲུབ་ཐབས་ཀྱི་འགྲེལ་པ་ཡེ་ཤེས་གསལ་བ་དང་། དེས་བསྒྱུར་པའི་དཀྱིལ་འཁོར་གྱི་ཆོ་ག་ཡོན་ཏན་འབྱུང་གནས་དང་། པཎྜི་ཏ་ཤཱནྟ་གརྦྷས་མཛད་པའི་མཚན་བརྗོད་དཀྱིལ་ཆོག་དང་། རབ་ཏུ་གནས་པའི་ཆོ་ག་དང་། པྲཛྙཱ་གུ་རུས་མཛད་པའི་མཚན་བརྗོད་སྒྲུབ་ཐབས་གསང་བའི་སྒྲོན་མ་དང་། ཤྲཱི་ཨ་ཝ་དྷཱུ་ཏཱི་པས་མཛད་པའི་མཚན་བརྗོད་སྒྲུབ་ཐབས་དང་། སློབ་དཔོན་གཉིས་མེད་སྦས་པས་མཛད་པའི་མཚན་བརྗོད་སྒྲུབ་ཐབས་དང་། ཟླ་བཟང་གྲགས་པའི་འཇམ་དཔལ་གྱི་དཀྱིལ་ཆོག་ཡིད་བཞིན་ནོར་བུ་དང་། སོ་མ་ཤྲཱིས་མཛད་པའི་མཚན་བརྗོད་དཀྱིལ་ཆོག་དང་། དཀྱིལ་འཁོར་བསྟོད་པ་དང་། བྲམ་ཟེ་སྡོམ་པ་བཟང་པོའི་ཐུགས་དམ་མཚན་བརྗོད་སྒྲུབ་ཐབས་དང་། དཔལ་ལྡན་བྱང་ཆུབ་མཆོག་གིས་མཛད་པའི་མཚན་བརྗོད་ཀྱི་སྒྲུབ་ཐབས་དང་། སྦྱིན་སྲེག་གི་རིམ་པ་དང་། མཚན་བརྗོད་བཀླག་པའི་སྒོམ་ཁོག་དང་། སློབ་དཔོན་ལྷ་སྦས་ཀྱིས་མཛད་པའི་འཇམ་དཔལ་གསང་བའི་རྒྱུད་ཀྱི་སྒྲུབ་ཐབས་དང་ལས་ཀུན་གྱི་གཏེར་ཞེས་པ་ཀླུ་སྒྲུབ་ཀྱི་ཞལ་རྒྱུན་བསྡུས་པ་དང་། མཛད་བྱང་མི་གསལ་བའི་མཚན་བརྗོད་མན་ངག་ཤེས་རབ་འཁོར་ལོའི་དངོས་གྲུབ་མཆོག་ཐོབ་པའི་སྒྲུབ་ཐབས་ཞེས་པ་དང་། མཚན་ཡང་དག་པར་བརྗོད་པའི་འཁོར་ལོའི་རིམ་པ་ཞེས་པ་ལ་སོགས་པ་ཤིན་ཏུ་མང་ངོ་།།

འདིར་བརྗོད་བྱ་འཇམ་དཔལ་གྱི་མཛན་ཡང་དག་པར་བརྗོད་པ་བསྟོད་པ་ཀླུ་བླངས་ཀྱི་རྒྱུད་འདིའི་དོན་ནི་ཟབ་ཅིང་རྒྱ་ཆེ་བ། རྒྱུད་སྡེ་གོང་འོག་གང་དུའང་སྦྱར་ཆོག་པའི་ཚིག་གཅིག་གིས་དོན་དུ་མ་བསྟན་པའི་གཞུང་ངོ་མཚར་བ་ཚིག་དོན་ཤིན་ཏུ་ཟབ་པ་རྟོགས་དཀའ་བ་དང་། མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་དངོས་བསྟན་དང་། དྲང་ངེས་དང་། སྤྱི་དོན་སྦས་དོན་ཐ་དད་དུ་མཆིས་པ་དང་། འགྲེལ་བྱེད་མཁན་པོ་དག་གིས་ཀྱང་ཚིག་གི་འགྲེལ་ཚུལ་ཟ་འོག་གི་རི་མོ་ལྟར་མི་འདྲ་བ་མཐའ་ཡས་པ་ཡོད་པ་ཞིག་ཡིན་པས་བདག་ལྟ་བུའི་བླུན་པོ་རང་ག་པ་ཞིག་གིས་དེ་དག་མ་འདྲེས་པར་འཆད་པ་ནི་བློ་ཡིས་མི་ལྕོག་ནའང་། འདིར་རང་གི་གོ་ཚོད་ཙམ་ཞིག་སློབ་དཔོན་གཉིས་མེད་རྡོ་རྗེའི་འགྲེལ་བ་སྙིང་པོ་མངོན་པར་རྟོགས་པའི་འགྲེལ་སྟངས་ཀྱི་རྗེས་སུ་འབྲངས་ཤིང་། དེ་ཉིད་ཀྱི་རྣམ་པར་རྟོག་གེ་དང་། ཤེས་རབ་བླ་མའི་དོན་བསྡུས་དང་། བི་མ་ལ་མི་ཏྲའི་འགྲེལ་བ་དོན་གསལ་སྒྲོན་མ་རྣམས་ཀྱི་ལེགས་ཆ་བླངས་པས་སྤྲས་པ་དང་། གཙོ་བོ་སློབ་དཔོན་ཙནྡྲ་གོ་མིའི་འགྲེལ་བ་དང་། དཔལ་ཌོམྦི་ཧེ་རུ་ཀའི་འགྲེལ་བ་གཉིས་ཟུར་རྒྱན་དུ་བཟུང་སྟེ། ལུང་འདྲེན་དང་། མཐའ་དཔྱོད་དང་། སྤྱི་དོན་རྒྱས་བཤད་ཀྱི་སྤྲོས་པ་བསྐྱུང་ནས་བླ་མེད་སྤྱི་འགྲོས་ལྟར་དུ་འབྲུ་འགྲེལ་བགྱི་བའི་ལས་ལ་འཇུག་པར་བྱ་སྟེ། སློབ་དཔོན་ཙནྡྲ་གོ་མིས། དེ་ལ་རྒྱུད་འདི་ནི་ནམ་མཁའ་དང་མཉམ་པའི་རྒྱུད་ཡིན་ཏེ། བྱ་བ་དང་། སྤྱོད་པ་དང་། གཉི་ག་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་། རྒྱུད་ཐམས་ཅད་ཀྱི་བཤད་རྒྱུད་ཡིན་ཏེ། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པས་གསལ་ལོ། །ཐེག་པ་ཐམས་ཅད་ཀྱི་གལ་འགག་ཡིན་ཏེ། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །ཞེས་པས་གསལ་ལོ། །ཞེས་རྒྱུད་འདི་རྒྱུད་ཐམས་ཅད་ཀྱི་བཤད་རྒྱུད་ཡིན་པར་གསུངས་པའི་ཕྱིར་ན་དེ་ལྟར་བཀྲལ་བར་བྱས་ནའང་མི་རུང་བ་མེད་པའི་ཕྱིར་རོ།།

དེ་ལྟར་འཆད་པ་ལའང་པྲ་ཛྙཱ་གུ་རུས་མཛད་པའི་སྔགས་དོན་རྣམ་གཟིགས་དང་རྣམ་པར་རྟོག་གེ་གཉིས་ཀྱི་དོན་བསྡུས་མཚན་གྱི་སྒྲོན་མེ་ལས། ཞུས་དང་སླར་གསུངས་རིགས་དྲུག་གཟིགས། །དམིགས་པའི་ཡུལ་དུ་བཞག་པར་བྱ། །མངོན་རྟོགས་དཀྱིལ་འཁོར་དྲུག་དང་བསྟོད། །སྔགས་རིང་དང་དགུས་ཉམས་བླང་ཐབས། །ཕན་ཡོན་གྱིས་ནི་བསྐྱེད་པ་དང་། །ཐོབ་བྱའི་འབྲས་བུ་བསྟན་པ་ཡིན། །བསྡུས་པའི་ཚིགས་སུ་བཅད་པ་ལྔས། །དམིགས་ཐབས་འབྲས་བུ་གསུམ་བསྡུས་བསྟན། །ཅེས་གསུངས་པ་ལྟར་འཆད་འགྱུར་གྱི་ཞུས་ལན་རིགས་གཟིགས་ཀྱི་ལེའུ་གསུམ་གྱིས་དམིགས་པའམ་བསྒོམ་བྱའི་ཡུལ་བསྟན་པ་དང་། བྱང་ཆུབ་མངོན་རྟོགས་དང་། ཡེ་ཤེས་དྲུག་གི་དཀྱིལ་འཁོར་དྲུག་དང་། བསྟོད་པ་དང་། སྔགས་རིང་བཅས་ཀྱི་ལེའུ་དགུ་ཡིས་དམིགས་པ་དེ་ཉམས་སུ་བླང་བའི་ཐབས་བསྟན་པ་དང་། ཕན་ཡོན་གྱི་ལེའུ་ཡིས་བྲོད་པ་བསྐྱེད་ཅིང་འབྲས་བུ་བསྟན་པ་དང་། བསྡུས་པའི་ཚིགས་སུ་བཅད་པ་ལྔ་བོ་དེས་དམིགས་ཐབས་འབྲས་བུ་བཅས་བསྡུས་ཏེ་བསྟན་པར་གསུངས་པའི་སྤྱིའི་དོན་བཅུ་བཞིར་བྱས་པ་ལྟར་འཆད་པར་བྱའོ།།

ཐོག་མར་དགེ་བ།

དེ་ཡང་མཚན་དང་ཕྱག་འཚལ་བ་ནི་སྨོས་མ་ཐག་པའི་ས་བཅད་དེ་བཅུ་བཞིའི་ནང་དུ་མི་འདུས་པས་ན་གཞུང་འགྲེལ་སྤྱི་ཁོག་གི་ས་བཅད་ལ་ནི། དོན་རྣམ་པར་ངེས་པ་ཆོས་ཀྱི་རྣམ་གྲངས་ཀྱི་མདོ་ལས། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་ལྟར་ཟབ་ཅིང་སྙན་ལ་རྒྱ་ཆེ་བའི་ཚངས་པའི་དབྱངས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ལ་ཆོས་བཤད་པར་བྱ་སྟེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། །ཚིག་འབྲུ་བཟང་པོ། །མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ་འདི་ལྟ་སྟེ། ཞེས་གསུངས་པ་ལྟར། ཟབ་མོ་ཡང་དག་པའི་རྒྱུད་འདི་ལའང་ཐོག་མར་དགེ་བ་མཚན་དོན་དང་། བར་དུ་དགེ་བ་གཞུང་དོན་དང་། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། དང་པོ་ཐོག་མར་དགེ་བ་མཚན་དོན་ལ་མཚན་དངོས་དང་། ཕྱག་འཚལ་བ་དང་གཉིས་ལས།

དང་པོ་ལ་ནི། རྒྱ་གར་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་ལྟར་གྱི་མཚན་དང་། གངས་ཅན་བོད་ཀྱི་སྐད་ལྟར་གྱི་མཚན་དང་གཉིས་ལས། དང་པོ་ནི། རྒྱ་གར་སྐད་དུ། ཨརྱ་མཉྫུ་ཤྲཱི་ནཱ་མ་སཾ་གི་ཏི། ཞེས་པ་སྟེ། དེ་ཉིད་བོད་སྐད་དུ་བསྒྱུར་ན་ཨརྱ་ནི་འཕགས་པ་དང་། མཉྫུ་ནི་འཇམ་དང་། ཤྲཱི་དཔལ་དང་། ནཱ་མ་ནི་མཚན་ནམ་མིང་དང་། སཾ་གི་ཏི་ནི་ཡང་དག་པར་བརྗོད་པ་ཞེས་པའོ།།

གཉིས་པ་ནི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ། ཞེས་པ་སྔ་མ་ལེགས་སྦྱར་གྱི་ནང་དོན་དེ་ཉིད་བོད་སྐད་ཀྱིས་སྨྲས་པ་དེ་ཡིན་ལ། ཚིག་དོན་ནི། ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་དབང་མེད་དུ་འཁོར་བའི་སོ་སོའི་སྐྱེ་བོའི་ས་ལས་འཕགས་པའི་འཕ༷གས་པ༷་གཉིས་སུ་མེད་པའི་མྱ་ངན་ལས་འདས་པའི་ས་ན་གནས་ཤིང་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ས་བཅུ་བ་པའི་ཚུལ་ཅན། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་རྩུབ་རེག་དང་ཡོངས་སུ་བྲལ་བའམ་སྡུག་བསྔལ་གསུམ་གྱི་ཟུག་རྔུ་དང་བྲལ་བའི་ཐུགས་འཇ༷མ་ཞིང་ཤེས་རབ་ཕུལ་དུ་ཕྱིན་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་དཔ༷ལ་ཕུན་སུམ་ཚོགས་པ་མངའ་བའི་གཟུགས་སྐུ་བཞིན་ལག་གི་རྣམ་པ་ཅན་གྱི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་མཚ༷ན་དོན་ནི། དགོངས་པ་ལུང་བསྟན་པ་ལས། གསང་བའི་དངོས་པོ་དེ་ཉིད་འདི། །འཇམ་དཔལ་ཡེ་ཤེས་སེམས་དམ་པའོ། །ཞེས་དང་། རོང་ཟོམ་མ་ཧཱ་པཎྜི་ཏ་ཆོས་ཀྱི་བཟང་པོས། དེ་ལ་འཕགས་པ་འཇམ་དཔལ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཏེ། དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་བདག་ཉིད། བྱང་ཆུབ་སེམས་ཀྱི་ངོ་བོ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དང་ཐ་མི་དད་པ་ཡིན་ཏེ། ཞེས་འཇམ་དཔལ་གང་ཡིན་ངོས་བཟུང་བ་དང་། ཡང་ཁོང་གིས། ཆོས་རྣམས་ཀྱི་མིང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་འཕགས་པ་འཇམ་དཔལ་གྱི་མཚན་དུ་མ་གྱུར་པ་མེད་དེ། དེ་བས་ན་དེ་དག་ཐམས་ཅད་མཚན་དུ་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་གཉིས་སུ་མེད་པའི་ཡེ་ཤེས་དང་དེའི་ཆེ་བའི་ཡོན་ཏན་རྨད་དུ་བྱུང་བ་དང་། འཁོར་འདས་ཀྱི་ཆོས་ཀུན་གྱི་ཆོས་ཉིད་གང་ཡིན་པ་དེ་ནི་འཇམ་དཔལ་དབྱངས་ཀྱི་མཚན་ཡིན་པའི་ཕྱིར་རོ།།

དེ་ལྟ་བུའི་ཟབ་པའི་དོན་དང་རྒྱ་ཆེ་བའི་དོན་ཚིག་གི་རྣམ་གཞག་གིས་བརྗོད་པའམ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་པའི་བར་གྱི་ཤོ་ལོ་ཀ་བཅུ་བཞི་ཡིས་བསྟན་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་ལྷ་ང་གསུམ་དང་མཚན་དོན་བརྒྱད་ཅུ་རྩ་དྲུག་དང་། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་གྱི་ཤོ་ལོ་ཀ་ཉེར་བཞི་དང་རྐང་པ་གསུམ་གྱིས་བསྟན་པའི། པྲ་ཛྙཱ་གུ་རུའི་དོན་བསྡུས་མཚན་གྱི་སྒྲོན་མེ་ལས། བདེ་གཤེགས་དཀྱིལ་འཁོར་ལྷ་རྣམས་ནི། །སེང་གེ་དང་ནི་རབ་གསལ་བྱེད། །ཐུབ་པ་དང་ནི་མེ་ཏོག་དང་། །མེ་ཏོག་མཛེས་དང་སྤྱན་བཟང་པོ། །ཞེས་པ་ལ་སོགས་པའི་དེ་བཞིན་གཤེགས་པའི་རིགས་ཀྱི་དཀྱིལ་འཁོར་གྱི་རྒྱལ་བ་ལྔ་རེ་རེ་ལ་མཚན་སུམ་ཅུ་རྩ་དྲུག་རེ་སྦྱར་བའི་མཚན་དོན་བརྒྱ་དང་བརྒྱད་ཅུ་དང་། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་གྱི་ཤོ་ལོ་ཀ་བཅུ་དང་རྐང་པ་གཅིག་གིས་བསྟན་པའི་རྡོ་རྗེའི་རིགས་མི་བསྐྱོད་པའི་དཀྱིལ་འཁོར་གྱི་རྒྱལ་བ་ལྔ་རེ་རེ་ལ་མཚན་བཅུ་བཞི་རེ་ཕྱེས་པའི་མཚན་དོན་བདུན་ཅུ་དང་། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་བར་གྱི་ཤོ་ལོ་ཀ་ཞེ་གཉིས་ཀྱིས། པདྨ་གར་དབང་དཀྱིལ་འཁོར་གྱི། །ལྷ་རྣམས་ངེས་པར་བརྗོད་པ་ནི། །ཡེ་ཤེས་གྲགས་དང་དེ་བཞིན་རྒྱལ། །ཡོན་ཏན་འོད་དང་ཁྱད་པར་ཆེ། །ཞེས་གསུངས་པ་ལ་སོགས་པའི་པདྨའི་རིགས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གྱི་ཡེ་ཤེས་ལྔ་རེ་རེ་ལ་ལྔ་བཅུ་རྩ་ལྔ་རེ་སྦྱར་བའི་མཚན་དོན་ཉིས་བརྒྱ་བདུན་བཅུ་དོན་ལྔ་དང་། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་གྱི་ཤོ་ལོ་ཀ་ཉེར་བཞིས། རིན་ཆེན་འབྱུང་ལྡན་དཀྱིལ་འཁོར་གྱི། །ལྷ་རྣམས་མ་ལུས་བསྟན་པ་ནི། །དོན་གྲུབ་དཔལ་དང་ཡེ་ཉི་མ། །དོན་ཡོད་གྲུབ་དང་རི་དབང་བརྩེགས། །ཞེས་པ་ལ་སོགས་པའི་རིན་ཆེན་རིགས་མཉམ་པ་ཉིད་ཀྱི་དཀྱིལ་འཁོར་ལ་རིགས་བཞི་ལ་ཉེར་གཅིག་རེ་དང་གཙོ་བོའི་རིགས་ལ་ཉི་ཤུ་སྦྱར་བས་མཚན་བརྒྱ་དང་བཞི་དང་། དེ་ནས། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་གྱི་ཤོ་ལོ་ཀ་བཅོ་ལྔས། དོན་ཡོད་གྲུབ་པའི་དཀྱིལ་འཁོར་ལྷ། །ངེས་པར་སྦྱར་བར་བྱ་བ་ནི། །དབང་བྱེད་རྒྱལ་དང་བདུད་རབ་ཞི། །སངས་རྒྱས་མཉམ་དང་རྟོག་བྲལ་དང་། །ཞེས་པ་ལ་སོགས་པ་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་གྱི་རིགས་ལྔ་ལ་མཚན་བཅུ་དགུ་རེ་སྦྱར་བའི་མཚན་གོ་ལྔ་བསྟན་པ་བཅས་འཇམ་དཔལ་གྱི་མཚན་གྱི་རྣམ་གྲངས་རྣམས་ཀྱི་དག་པ་དང་བཅས་ཡང༷་དག༷་པ༷ར་ཇི་བཞིན་བརྗོད༷་པ༷་ཞེས་པའོ།།

ཡང་ན་བརྗོད་བྱ་དོན་གྱི་སྒོ་ནས་འཕགས་པ་ནི་རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉིད་འཁོར་བའི་མཐའ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་ལས་འཕ༷གས་པ༷་སྒྲིབ་གཉིས་ཀྱི་ཞེན་པ་དང་བྲལ་བ་དང་། བརྗོད་བྱེད་ཚིག་གི་སྒོ་ནས་འཕགས་པ་ནི། ཐབས་མང་བ་དང་། ཐབས་མཁས་པ་དང་། ཐབས་སླ་བ་དང་། ཐབས་མྱུར་བ་བཞིའི་སྒོ་ནས་ཐབས་ཀྱི་ཐེག་པ་ཉིད་ཡིན་ཕྱིར་འཕགས་པ་དང་། རང་བཞིན་རྒྱུའི་འཇམ་དཔལ་དང་། སྒོམ་པ་ལམ་གྱི་འཇམ་དཔལ་དང་། མཐར་ཐུག་འབྲས་བུའི་འཇམ་དཔལ་དང་། གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་དང་། རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་རྣམ་པ་ལྔའི་བདག་ཉིད་ཅན་གྱི་འཇ༷མ་དཔ༷ལ་དབྱངས་ཀྱི༷་མཚན་དོན་དང་། དེ་ཉིད་སྒྲུབ་པའི་ཐབས་ཡང༷་ད༷ག་པ༷ར་བརྗོ༷ད་པའི་གདམས་པ་ཚང་ལ་མ་ནོར་བ་འདིར་བཞུགས་ཞེས་པ་ནི་མཚན་གྱི་དོན་ནོ།།

དེ་ཡང་འཇམ་དཔལ་རྣམ་པ་ལྔའི་དང་པོ་རང་བཞིན་རྒྱུའི་འཇམ་དཔལ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ་པའི་ཆོས་ཉིད་དེ་བཞིན་ཉིད་དོ། །གཉིས་པ་སྒོམ་པ་ལམ་གྱི་འཇམ་དཔལ་ནི་བསྐྱེད་རྫོགས་གཉིས་སུ་གྱུར་པའི་བསྒོམ་བྱའི་ལམ་རྣམས་སོ། །གསུམ་པ་མཐར་ཐུག་འབྲས་བུའི་འཇམ་དཔལ་ནི། སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཀྱི་འབྲས་བུའི་ཆོས་རྣམས་སོ།།

བཞི་བ་གདུལ་བྱ་ལས་དག་པ་ལ་སྣང་བའི་འཇམ་དཔལ་ནི། རྣལ་འབྱོར་བས་ཏིང་ངེ་འཛིན་བསྒོམས་སྟོབས་ཀྱིས་གོམས་པ་ཁྱད་པར་བའི་མཐུས་ཞལ་ཕྱག་གི་རྣམ་པ་ཅན་གྱི་ལྷའི་ཞལ་མཐོང་བ་དེའོ། །ལྔ་བ་རྣམ་པའི་བདག་ཉིད་དུ་སྣང་བའི་འཇམ་དཔལ་ནི། འཇམ་དབྱངས་ཀྱི་སྐུ་བརྙན་དུ་གྱུར་པ་རས་བལ་དང་ཤོག་བུ་ལ་སོགས་པར་རི་མོར་བྲིས་པ་དང་ཟངས་ལྕགས་གསེར་དངུལ་སོགས་འབུར་དུ་བཏོད་པ་རྣམས་ལ་བྱ་བ་ཡིན་ནོ།།

འདི་ལ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པའི་འགྱུར་དུ། མཉྫུ་ཤྲཱི་ཛྙཱ་ན་ས་ཏྭ་སྱ་བ་ར་མཱརྠ་ནཱ་མ་སཾ་གི་ཏི། ཞེས་པ་ཡོད་ལ། དེ་ལྟར་ན་མཉྫུ་ནི་གོང་ལྟར་འཇམ་དང་། ཤྲཱི་ནི་དཔལ་དང་། ཛྙཱ་ན་ནི་ཡེ་ཤེས་དང་། ས་ཏྭ་ནི་སེམས་དཔའ་དང་། སྱ་ནི་འབྲེལ་སྒྲ་འི་དང་། བ་ར་མཱརྠ་ནི་དོན་དམ་པའི་དང་། ནཱ་མ་ནི་གོང་ལྟར་མཚན་དང་། སཾ་གི་ཏི་ནི་ཡང་གོང་ལྟར་ཡང་དག་པར་བརྗོད་པ་ཞེས་པ་སྟེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ཞེས་པའོ།།

དེ་ལའང་རྒྱུད་འདི་ལ་དགོས་སོགས་ཆོས་བཞི་ལྡན་ཚུལ་ནི། འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཆོས་ཅན། ཁྱོད་ལ་དགོས་སོགས་ཆོས་བཞི་ཚང་བ་ཡིན་ཏེ། བརྗོད་བྱ་དང་། དགོས་པ་དང་། ཉང་དགོས་དང་། འབྲེལ་བ་བཞི་པོ་རེ་རེ་ནས་ཚང་བའི་ཕྱིར། དེར་ཐལ། བརྗོད་བྱ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་། དགོས་པ་ཐེག་པ་སྣ་ཚོགས་ཀྱི་དོན་རྟོགས་པ་དང་། ཉང་དགོས་ནི་སྐུ་གསུམ་ཡེ་ཤེས་ལྔ་ཐོབ་པར་བྱེད་པ་དང་། འབྲེལ་བ་ནི་ཐབས་དང་ཐབས་ལས་བྱུང་བའི་འབྲེལ་བ་དེ་ཡིན་པའི་ཕྱིར། དེར་ཐལ། ཙནྡྲ་གོ་མིས། དེའི་ཕྱིར་རྒྱུད་འདིའི་བརྗོད་པར་བྱ་བ་ནི་གང་། དགོས་པ་ནི་གང་། དགོས་པའི་དགོས་པ་ནི་གང་། འབྲེལ་བ་ནི་གང་ཞེ་ན། བརྗོད་པར་བྱ་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁོ་ན་ཡིན་ལ། དགོས་པ་ནི་ཐེག་པ་སྣ་ཚོགས་ཀྱི་དོན་རྟོགས་པའོ། །དགོས་པའི་དགོས་པ་ནི་སྐུ་གསུམ་དང་ཡེ་ཤེས་ལྔ་ཐོབ་པར་བྱེད་པའོ། །འབྲེལ་བ་ནི་ཐབས་དང་ཐབས་ལས་བྱུང་བའི་མཚན་ཉིད་ཀྱིས་འབྲེལ་བར་གནས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ནི། འཕགས་པ་འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་པ་སྟེ། ཟག་པ་མེད་པའི་འཕ༷གས་པ༷འི་ས་ལ་གནས་ཤིང་ཐུགས་རྒྱུད་ཟག་པའི་ཟུག་རྔུ་ཉེ་བར་ཞི་བས་འཇ༷མ་པ་ལ་ཆགས་ཐོགས་མེད་པའི་མཁྱེན་པའི་ཡེ་ཤེས་ཀྱི་དཔ༷ལ་གྱིས་ཕྱུག་པའི་གཟུགས་སྐུ་ལྟ་བས་ཆོག་མི་ཤེས་པ་གཞོ༷ན་ནུ༷་བཅུ་དྲུག་ལོན་པའི་ལང་ཚོ་ཅན་དུ་གྱུར༷་པ༷་དེ་ལ༷་སྒོ་གསུམ་གུས་པས་ཕྱག༷་འཚ༷ལ་ལོ༷། །ཞེས་པའོ།།

སྤྱིར་ཕྱག་འདི་རིགས་ལོ་ཙཱ་བའི་འགྱུར་ཕྱག་ཅེས་བྱ་ཞིང་གཞུང་བསྒྱུར་བའི་དུས་སུ་ལོ་ཙཱ་བས་མཛད་ཅིང་འགྱུར་ལ་བར་ཆད་མི་འབྱུང་བར་ལེགས་པར་མཐར་ཕྱིན་པའི་དགོས་པ་མཆིས་པ་དང་། བོད་ཡུལ་དུ་རྒྱལ་པོའི་བཀས་བཅད་ཀྱིས་སྡེ་སྣོད་གསུམ་གྱི་ཕྱག་འདི་ལྟར་མི་འདྲ་བ་འཇོག་དགོས་པར་བྱས་ཞེས་གྲགས་ཤིང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་མཚན་བརྗོད་འགྲེལ་བ་བསྟོད་སྦྲིན་གྱི་སྒྲ་དབྱངས་ལས། ལོ་ཆེན་རིན་ཆེན་བཟང་པོས་རྒྱུད་འདི་བསྒྱུར་པ་ལ་གེགས་མེད་པར་མཐར་ཕྱིན་པར་བྱ་བའི་ཆེད་དང་། ཞེས་སོགས་ཀྱིས་བོད་འགྲེལ་རྣམས་སུ་ལོ་ཆེན་གྱི་འགྱུར་ཕྱག་ཡིན་པར་བཤད་མོད། འདིར་ནི་དེ་ལྟར་མ་ཡིན་པར་ཕྱག་ན་རྡོ་རྗེས་རྒྱུད་ཀྱི་དབང་པོ་འདི་ཉིད་བསྡུས་པའི་དུས་སུ་ཡི་དམ་གྱི་ལྷ་འཇམ་པའི་དབྱངས་ལ་ཕྱག་མཛད་པའི་ཕྱག་ཡིན་པར་རྒྱ་འགྲེལ་འགའ་ལས་གསུངས་ཏེ། སློབ་དཔོན་བི་མ་ལ་མི་ཏྲའི་མཚན་བརྗོད་འགྲེལ་བ་གསལ་བའི་སྒྲོན་མ་ལས། ད་ནི་བར་ཆད་ཉེ་བར་ཞི་བར་བྱ་བའི་ཕྱིར་ཕྱག་བཙལ་བ་བསྟན་པ་ནི། འཇམ་དཔལ་གཞོན་ནུ་གྱུར་པ་ལ་ཕྱག་འཚལ་ལོ་ཞེས་སྨོས་ཏེ། ཕྱག་ན་རྡོ་རྗེས་ཤཱཀྱ་ཐུབ་པ་ལ་ཞུས་ནས། གླེགས་བམ་དུ་སྡུད་པའི་དུས་སུ་སླད་དུ་ཡི་དམ་ལྷ་ལ་ཕྱག་འཚལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ།།

དོགས་པ་བསླངས་ཏེ། འོ་ན་ཕྱག་ན་རྡོ་རྗེས་རྒྱུད་སྡུད་པ་ལའང་བར་ཆད་འབྱུང་དུ་ཡོད་པར་ཐལ། དེ་ལྟར་ལྷ་ལ་ཕྱག་འཚལ་བ་དེ་བར་ཆད་བསལ་བའི་ཆེད་དུ་ཡིན་པའི་ཕྱིར། ཟེར་ན། ཕྱག་ན་རྡོ་རྗེས་རྒྱུད་སྡུད་པ་ལ་བར་ཆད་འབྱུང་དུ་མེད་ནའང་། དེ་ལྟར་མཛད་པ་ནི་རྗེས་འཇུག་གི་བར་ཆད་སེལ་བའི་དོན་དུ་དགོངས་ནས་མཛད་པ་ཡིན་ཏེ། དེ་ཉིད་ལས། འོ་ན་ཕྱག་ན་རྡོ་རྗེ་ལ་ཡང་བར་ཆད་འབྱུང་ངམ་ཞེ་ན། མ་ཡིན་ཏེ། རྗེས་འཇུག་གི་དོན་དུ་དགོངས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

བར་དུ་དགེ་བ་གཞུང་དོན།

དང་པོ་ཞུས་པའི་ལེའུ་བསྟན་པ།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ནི། པྲ་ཛྙཱ་གུ་རུའི་དོན་བསྡུས་མཚན་གྱི་སྒྲོན་མེ་ལས། སངས་རྒྱས་ཀུན་གྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་བདག་གི །མཚན་རྣམས་ཡང་དག་བརྗོད་པ་ལ། །སྤྱི་དོན་བཅུ་བཞི་དེར་བསྡུས་བཞི། །དེ་ལ་སྤྱི་དོན་བཅུ་བཞི་ཡི། །རྣམ་པར་དབྱེ་བར་བྱ་བ་ནི། །ཞུས་ནས་སླར་གསུངས་རིགས་གཟིགས་དང་། །སྒྱུ་འཕྲུལ་མངོན་པར་བྱང་ཆུབ་དང་། །རྡོ་རྗེ་འཆང་ཆེན་དཀྱིལ་འཁོར་དང་། །རྣམ་པར་སྣང་མཛད་མི་བསྐྱོད་དང་། །ཚེ་དཔག་མེད་དང་རིན་ཆེན་འབྱུང་། །དོན་ཡོད་འཁོར་ལོ་དག་བསྟོད་པ། །ཕན་ཡོན་དང་ནི་སྔགས་རིང་དང་། །བསྡུས་པའི་ཚིགས་སུ་བཅད་པའོ། །ཞེས་གསུངས་པ་ལྟར་ལེའུ་བཅུ་བཞིར་ཕྱེ་བའི་སྒོ་ནས་བསྟན་པ་ལ་ནི། དང་པོ་ཞུས་པའི་ལེའུ་བསྟན་པ་དང་། གཉིས་པ་ཞུས་ལན་གྱི་ལེའུ་བསྟན་པ་དང་། གསུམ་པ་རིགས་ལ་གཟིགས་པ་བསྟན་པའི་ལེའུ་དང་། བཞི་བ་སྒྱུ་འཕྲུལ་མངོན་པར་བྱང་ཆུབ་པ་བསྟན་པའི་ལེའུའམ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་པའི་ལེའུ་དང་། ལྔ་བ་རྩ་བ་བྱང་ཆུབ་ཀྱི་སེམས་སམ་རྡོ་རྗེ་འཆང་གི་དཀྱིལ་འཁོར་གྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་དང་། དྲུག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་དང་། བདུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་བསྟན་པའི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་དང་། བརྒྱད་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་དང་། དགུ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་དང་། བཅུ་བ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་དང་། བཅུ་གཅིག་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཡེ་ཤེས་ལྔའི་འཁོར་ལོའི་སྒོ་ནས་བསྟོད་པའི་ལེའུ་དང་། བཅུ་གཉིས་པ་ཕན་ཡོན་བསྟན་པའི་ལེའུ་དང་། བཅུ་གསུམ་པ་སྔགས་དོན་བསྟན་པའི་ལེའུ་དང་། བཅུ་བཞི་བ་ཐུན་མོང་མ་ཡིན་པའི་མཚན་གསུངས་པས་འཁོར་རྗེས་སུ་ཡི་རང་བ་བསྟན་པའི་ལེའུ་དང་བཅུ་བཞིའོ།།

དེ་འདྲའི་ལེའུ་བཅུ་བཞི་པོ་བསྟན་པའི་རྗོད་བྱེད་ལ་གོང་འོག་གི་སྔགས་ཚན་གཉིས་པོ་དང་ཕན་ཡོན་ཚིགས་ལྷུག་ཡིན་པས་དེ་ཡང་མ་གཏོགས་པའི་ཚིགས་སུ་བཅད་པ་ཤོ་ལོ་ཀ་བརྒྱ་དང་དྲུག་ཅུ་རེ་ལྔས་བསྟན་པ་ཡིན་ཏེ། དཔལ་ཌོམྦི་ཧེ་རུ་ཀས། དེ་ལྟར་ཐབས་དང་ཤེས་རབ་གཉིས་ཀྱི་སྔགས་མ་གཏོགས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་ལྔས་ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཟབ་མོའི་དོན་མ་ལུས་པར་བསྡུས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

མཚན་བརྗོད་འགྲེལ་པ་དྲི་མ་མེད་པའི་འོད་ལས། དེ་བཞིན་དུ་མཚན་ཡང་དག་པར་བརྗོད་པར་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་པོར་གྱུར་པ། དེ་བཞིན་གཤེགས་པས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་སུ་བསྟན་པ་ལ། ཞེས་དང་། སྒེག་རྡོར་གྱི་གསང་སྔགས་ཀྱི་དོན་རྣམ་ལྟ་ལས། དེ་ལྟར་དེ་དག་གཅིག་ཏུ་བསྡུས་ནས་ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་རྣམས་དང་། ཞེས་དང་། རཏྣ་ཨཱ་ཀ་ར་གུཔྟས། གཅིག་ཏུ་བསྡུས་ན་ཚིགས་བཅད་བརྒྱ་དྲུག་ཅུ་རྩ་གཉིས་རྣམས་དང་། ཞེས་དང་། འགྲེལ་བ་རྣམ་པར་རྟོག་གེ་ལས། ཚིགས་བཅད་བརྒྱ་དང་དྲུག་ཅུ་གཉིས། །ཞེས་གསུངས་པ་ལྟར་ཊཱི་ཀ་དུ་མར་རྒྱུད་འདི་ལ་ཚིགས་སུ་བཅད་པ་བརྒྱ་དང་དྲུག་ཅུ་རྩ་གཉིས་ཡོད་པར་གསུངས་པ་ནི། ཕན་ཡོན་ཚིགས་ལྷུག་དང་། སྔགས་བསྟན་པ་ཚིགས་སུ་བཅད་པ་མེད་པ་དང་། མཇུག་གི་ལེའུ་གཞུང་དོན་སྟོན་བྱེད་མིན་པས་ལེའུ་ཕྱི་མ་གསུམ་མ་བགྲང་བའི་རྒྱུད་ཞུས་པའི་ལེའུ་ནས་ཡེ་ཤེས་ལྔའི་འཁོར་ལོའི་སྒོ་ནས་བསྟོད་པའི་ལེའུ་བར་གྱི་ཚིགས་བཅད་ཀྱི་གྲངས་ལ་གོ་དགོས་པ་ཡིན་ཏེ། འགྲེལ་བ་དྲི་མེད་འོད་ལས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ལྔས་དེ་བཞིན་གཤེགས་པ་ལྔ་ལ་ཡེ་ཤེས་ཀྱི་བསྟོད་པའོ། །ཚིགས་སུ་བཅད་པ་བརྒྱ་དྲུག་ཅུ་རྩ་གཉིས་པ་འདི་དག་ནི་ཐེག་པ་ཐམས་ཅད་ལས་བཏོན་ནས་བསྡུས་པ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི་སྙིང་པོའོ། །ཞེས་གསུངས་པས་ཤེས་པའི་ཕྱིར་རོ།།

དེ་ལྟར་མིན་པར་མཇུག་གི་ལེའུའི་ཚིགས་བཅད་ལྔ་དེ་ཡར་བསྣན་དགོས་ན་ལེའུ་བཅུ་གཅིག་པ་ཡན་ཆད་ཚིགས་བཅད་བརྒྱ་དང་རེ་གཉིས་དང་། དེར་མཇུག་གི་ལེའུའི་ཚིགས་བཅད་ལྔ་བསྣན་ན་ཚིགས་བཅད་བརྒྱ་དང་རེ་བདུན་དུ་འགྱུར་པའི་སྐྱོན་ཡོད་དོ།།

དེ་ཡང་ཌོམྦིས་གསུངས་པ་དེ་ནི་མཇུག་གི་འཁོར་གྱི་རྗེས་སུ་ཡི་རངས་ཀྱིས་བསྟོད་པའི་ཚིགས་བཅད་ལྔ་ཡང་ཡར་བསྣན་པའི་ལུགས་ཡིན་ཏེ། ལེའུ་བཞི་བའི་ཨ་ཨཱ་སོགས་ཀྱི་སྔགས་ཚིགས་བཅད་དུ་མ་བགྲང་བས་དེ་ལ་ཚིགས་བཅད་གཅིག་ལས་མེད་པས་ལེའུ་བཅུ་གཅིག་པ་ཡན་ལ་ཚིགས་བཅད་བརྒྱ་དང་དྲུག་ཅུ་ཐམ་པ་ལས་མེད་པའི་ཕྱིར་རོ།།

འདིར་ནི་འགྲེལ་བ་དྲི་མེད་འོད་ལས། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་བྱ་བ་ལ་སོགས་པ་ནས། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་གསུམ་གྱིས་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན། ཞེས་ལེའུ་བཞི་བ་ཚིགས་བཅད་གསུམ་གྱིས་བསྟན་པར་གསུངས་པས། དེའི་དབང་དུ་བྱས་ན་མཇུག་གི་ལེའུའི་ཚིགས་བཅད་མ་བསྣན་ན་ཚིགས་བཅད་རེ་གཉིས་སུ་འགྱུར་བ་དེར་མཐུན་པའོ།།

འོན་ཀྱང་ད་ལྟ་བོད་འགྱུར་གྱི་འཇམ་དཔལ་མཚན་བརྗོད་ལ་ནི་ལེའུ་བཞི་བའི་གཟུངས་སྔགས་ཚིགས་སུ་བཅད་པར་མེད་པས་དེ་ལ་ཚིགས་སུ་བཅད་པ་གཅིག་ལས་མེད་ཕྱིར་མཇུག་གི་ལེའུའི་ཚིགས་བཅད་ལྔ་བསྣན་པས་གཞུང་དོན་སྟོན་བྱེད་ཚིགས་སུ་བཅད་པ་བརྒྱ་དང་རེ་ལྔར་དངོས་སུ་གྱུར་ཕྱིར་དཔལ་ཌོམྦི་ཧེ་རུ་ཀའི་བཞེད་པ་ལྟར་ཤིན་ཏུ་མཐུན་ལ། སྔགས་ཀྱི་ལེའུ་སྟེ་འོག་གི་སྔགས་ཚན་དང་ཕན་ཡོན་ནི་ཚིགས་བཅད་དུ་བགྲང་མི་འདུག་མོད། ཕན་ཡོན་ལ་ཚིགས་སུ་བཅད་པ་བརྒྱ་དང་ལྔ་བཅུ་ཡོད་པར་གསུངས་ཏེ། པྲ་ཛྙཱ་གུ་རུའི་མཚན་དོན་སྒྲོན་མེ་ལས། ཕན་ཡོན་བརྗོད་པའི་གཞུང་ཚད་ནི། །བརྒྱ་དང་ལྔ་བཅུར་ཤེས་པར་བྱ། །ཞེས་དང་། འཇམ་དཔལ་བཤེས་གཉེན་གྱིས། དེའི་ཡོན་ཏན་གྱི་གཞུང་ཚིགས་བཅད་བརྒྱ་ལྔ་བཅུའོ། །ཞེས་དང་། སྒེག་རྡོར་གྱི་ཡོན་ཏན་བརྒྱ་ལྔ་བཅུའི་གཞུང་གིས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པའི་དོན་བསྡུས་པའོ། །ཞེས་དང་། རཏྣ་ཨཱ་ཀ་ར་གུཔྟས། ཡོན་ཏན་བརྒྱ་དང་ལྔ་བཅུའི་གཞུང་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡོན་ཏན་གྱི་མཚན་ཡང་དག་པར་བརྗོད་པ་བསྡུས་པའི་དོན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

འཇམ་དཔལ་བཤེས་གཉེན་གྱི་མཚན་གདོན་པའི་མན་ངག་ལས། དེ་ལྟར་རིགས་བསྡུས་པའི་དབང་དུ་བྱས་ནས་མཚན་བརྗོད་ཅིང་བསྡུས་པ་ལ་ཚིགས་བཅད་ཉིས་བརྒྱ་དྲུག་ཅུ་རྩ་གཉིས་ཀྱིས་བསྟན་ཏོ། །ཞེས་པ་ནི་དོན་ལ་ཡིག་ནོར་ཡིན་ནམ་སྙམ་པས་དཔྱད་པར་བྱའོ།།

མདོར་ན་འགྲེལ་བ་དྲི་མེད་འོད་ལས། དེ་ལྟར་ལེའུ་བཅུ་བཞིའི་དོན་བརྗོད་པར་བྱའོ། །ལེའུ་བཅུ་བཞིའི་ཚིག་ནི་རྗོད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་བརྗོད་བྱ་བསྟན་དོན་ཡོངས་རྫོགས་ས་བཅད་ཀྱི་དབང་དུ་བྱས་ན་རྗོད་བྱེད་ལེའུ་བཅུ་བཞིར་བསྡུས་ཏེ་བསྟན་པའོོ།།

དེ་དག་ལས་དང་པོ་ཞུས་པའི་ལེའུ་བསྟན་པ་ལ་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། དེ་ལ་ནང་གསེས་རྣམ་པ་བདུན། །ཞེས་གསུངས་པ་ལྟར། ཞུས་པ་ལ་ཞུ་བ་པོའམ་སྡུད་པོ་དང་ཞུས་པའི་གྲོགས་གཉིས་གཅིག་ཏུ་བསྡུས་ནས་འོག་ཏུ་གུས་པས་ཉན་ཚུལ་ཞེས་པ་སོ་སོར་ཕྱེས་ཏེ་བདུན་གསུངས་མོད། འདིར་བི་མ་ལའི་འགྲེལ་བའི་འགྲོས་ལྟར་ཞུ་གྲོགས་སོ་སོར་ཕྱེ་བ་དང་གུས་ཉན་ཁས་བླངས་སུ་བསྡུས་པའི་ལུགས་སུ་བྱས་ན། གང་གིས་ཞུས་པ་སྡུད་པ་པོའི་ཁྱད་པར་དང་། དེ་གྲོགས་གང་དང་ལྷན་ཅིག་ཏུ་ཞུས་པའི་ཁྱད་པར་དང་། ཇི་ལྟར་ཞུས་ཚུལ་ལམ་ཐབས་ཇི་ལྟར་ཞུས་པའི་ཁྱད་པར་དང་། དགོས་ཆེད་གང་གི་ཕྱིར་དུ་ཞུས་པའི་ཁྱད་པར་དང་། སྟོན་པ་གང་ལ་ཞུས་པའི་ཡུལ་གྱི་ཁྱད་པར་དང་། གང་ཞུས་པ་ཆོས་ཀྱི་ཁྱད་པར་དང་། ཞུས་དོན་གཟུང་བ་ཁས་བླངས་པའི་ཁྱད་པར་དང་བདུན་ཏེ། ཞུས་པའི་ལེའུ་འདི་ཚིགས་སུ་བཅད་པ་བཅུ་དྲུག་གིས་བསྟན་པ་ཡིན་ཏེ། མཚན་བརྗོད་འགྲེལ་པ་དྲི་མ་མེད་པའི་འོད་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ལ་སོགས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་དྲུག་གིས་ཞུ་བ་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དེ་ལ་དང་པོ་གང་གིས་ཞུས་པ་སྡུད་པ་པོའི་ཁྱད་པར་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། གང་གིས་ཞུས་ལ་ཚིགས་བཅད་ལྔ། །ཞེས་གསུངས་པ་ལྟར་འོག་གི་གཉིས་པ་ཞུས་པའི་གྲོགས་བསྟན་པ་དང་འདི་གཉིས་ཀ་གང་གིས་ཞུས་པ་ཡིན་ཕྱིར་གཉིས་པོ་སྡོམ་པ་ལ་ཚིགས་སུ་བཅད་པའམ་ཤོ་ལོ་ཀ་ལྔ་ཡོད་པར་བཤད་པ་ལས། དང་པོ་གང་གིས་ཞུས་པ་སྡུད་པ་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ། །རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། །པདྨ་རྒྱས་འདྲའི་གདན་ལ་བཞུགས། །རང་གིས་ལག་གི་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་པའི་ཤོ་ལོ་ཀའམ་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ།

དེ་ཡང་རྡོ་རྗེ་ཕྲེང་བ་ལས། འདིར་ནི་ཡི་གེ་གཉིས་པོ་ནི། །རྒྱུད་ཀྱི་དང་པོར་མེད་མི་འདོད། །ཅེས་གསུངས་པ་ལྟར་བླ་མེད་ཀྱི་རྒྱུད་ཐམས་ཅད་ལ་ཐབས་ཤེས་གཉིས་ཀྱི་མཚོན་བྱེད་ཡི་གེ་ཨེ་ཝཾ་གཉིས་པོས་བསྟན་པའི་རྒྱུད་ཀྱི་གླེང་གཞི་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་མེད་པ་མི་སྲིད་པ་ལྟ་བུ་ཡིན་ན་རྒྱུད་ཀྱི་གཙོ་བོ་འདི་འདྲ་ལ་གླེང་གཞི་དེ་འདྲ་མེད་པ་ཅི་ཞེ་ན། དེ་ལ་བཤད་ཐབས་གཉིས་ཏེ། མཚན་བརྗོད་འདི་ཉིད་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་གི་ནང་ནས་ཁོལ་དུ་ཕྱུངས་པའི་རྒྱུད་ཡིན་པས་གླེང་གཞི་ལོགས་པ་མེད་པར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་གི་གླེང་གཞི་ཡིས་མཐུས་སོ་ཟེར་བ་དང་། མཁས་པ་ལ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་སྐད་དོད་ལ། ཨ་ཐ་ཤྲཱི་བཛྲ་དྷ་ར་ཞེས་པ་ཡོད་ལ། དེ་ལས་ཨ་ཐ་ཤྲཱི་ཞེས་པའི་ཡི་གེ་གསུམ་པོས་ནི་འདི་སྐད་བདག་ཐོས་ཀྱི་སྐད་དོད་ཡི་གེ་ཨེ་ཝཾ་གཉིས་པོས་མཚོན་པའི་ཐབས་ཤེས་གཉིས་མཚོན་པ་ཡིན་ཏེ། ཨ་ཡིག་གིས་ཨེ་ཡིས་མཚོན་པའི་ཤེས་རབ་སྟོང་པ་ཉིད་དང་། ཐ་ཡིག་གིས་ཝཾ་ཡིག་གིས་མཚོན་པའི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་། ཤྲཱི་ཡིས་ཝཾ་ཡིག་གི་ཀླད་གོར་གྱིས་མཚོན་པའི་ཐབས་ཤེས་རོ་གཅིག་པའི་དོན་མཚོན་པར་བྱེད་པ་ཡིན་པར་བཞེད་ལ། དེ་ཡང་ཨ་ཐ་ཤྲཱི་ཡི་གེ་གསུམ་པོས་ཐོག་མར་དགེ་བ་རྒྱུ་དང་། བར་དུ་དགེ་བ་ལམ་དང་། ཐ་མར་དགེ་བ་འབྲས་བུའི་རྒྱུད་བཅས་དོན་མཐའ་ཡས་པ་མཚོན་པས་གཞུང་རང་དུ་གླེང་གཞིའི་དོན་ཚང་བར་གསུངས་མོད་མི་སྤྲོའོ།།

དེ་ནས་ཞེས་པའི་ཚིག་གི་དོན་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལེའུ་ཁྲི་དྲུག་སྟོང་གི་རྒྱུད་དེ་ཡི་ནང་ནས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་མན་ངག་གི་སྙིང་པོ་གླུར་བླངས་པའི་ལེའུ་ཇི་ལྟར་གསུངས་པའི་ཚུལ་ནི་ཞེས་འགྲེལ་བའམ། ཡང་ན་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་གི་ལེའུ་ལྔ་གོང་དུ་བརྗོད་ཟིན་པའམ་བསྟན་ཟིན་ལ། དེ་ནས་ཞེས་མཚམས་སྦྱོར་བའི་དོན་དུ་འགྲེལ་ཡང་ཆོག་གོ།

དེས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་གི་ལེའུ་སྔ་མ་ལྔ་བསྟན་ནས་འཁོར་རྣམས་རྗེས་སུ་ཡི་རང་ཞིང་སོ་སོའི་རྒྱུད་དོན་ཁོང་དུ་ཆུད་དོ།།

དེ༷་ནས༷་རྒྱུད་དོན་ཐོས་པ་ལ་སོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པའི་དཔལ་ལམ་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔ༷ལ་དང་ལྡན༷་པའི་རྒྱུད་ཀྱི་སྡུད་པ་པོ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་གསང་བ་རྡོ་རྗེ་མི་ཤིགས་པའི་ཡེ་ཤེས་ཀྱི་རང་གཟུགས་ས་བཅུའི་བྱང་སེམས་ཀྱི་ཚུལ་བཟུང་བ་དཔལ་གསང་བའི་བདག་པོ་ནང་ཟབ་པ་དོན་གྱི་རྡོ་རྗེ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པ་མཚོན་པའི་ཕྱག་ན་ལྕགས་ཀྱི་རྡོ༷་རྗེ༷་རྩེ་ལྔ་བ་འཆ༷ང་བ། གནོད་སྦྱིན་དྲེགས་པ་ཅན་དང་ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་གདུལ༷་བྱ་དམུ་རྒོད་འདུལ་བར་དཀའ༷་བ་རྣམས་སམ། ཡང་ན་སྔ་འགྱུར་རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པའི་མདོ་སྟེ་སྤྱི་མདོ་དགོངས་པ་འདུས་པའི་རྒྱུད་ལས། གང་ཞིག་འདེགས་པའི་ཡུལ་རྣམས་ལས། །གསུམ་དུ་ངེས་པར་སྣང་བ་ནི། །འདོད་ལ་ཞེན་དང་ངེས་པར་འབྱུང་། །གདུལ་དཀའ་དྲག་པོ་འདུལ་བྱ་གསུམ། །ཞེས་གསུངས་པ་ལྟར། འཇིག་རྟེན་འདི་ཆགས་ནས་སངས་རྒྱས་ཀྱི་བསྟན་པ་མ་བྱོན་པའི་བར་དུ་བསྟེན་པའི་གནས་དང་། འཚོ་བའི་རྐྱེན་དང་། མཐུན་པའི་གྲོགས་ལ་སོགས་པ་དབང་པོའི་ཡུལ་དུ་སྣང་བ་ཐམས་ཅད་འདོད་པ་ཕྲ་མོ་ཙམ་དང་། གཉིས་སུ་སྣང་ཡང་དེར་ཞེན་གྱི་ཉོན་མོངས་པ་རགས་པའི་སྣང་བ་མེད་ཅིང་། དེའི་གཉེན་པོ་ལམ་བསྟེན་པའི་བློ་མི་ལྡན་པའི་གང་ཟག་ལ་འདོད་པ་ལ་ཞེན་པའི་གདུལ་བྱ་ཞེས་པ་དང་། སངས་རྒྱས་ཀྱི་བསྟན་པ་འཇིག་རྟེན་དུ་བྱོན་ནས་མ་ནུབ་པའི་བར་དུ་གདུལ་བྱ་རྣམས་ཉོན་མོངས་པ་རགས་པ་ལ་སྤྱོད་ཅིང་། དེའི་གཉེན་པོ་ཐེག་པ་རང་རང་གི་ལམ་རྣམས་བློ་དང་འཚམ་པར་ཉམས་སུ་ལེན་པའི་གང་ཟག་ལ་ངེས་པར་འབྱུང་བའི་གདུལ་བྱ་ཞེས་བྱ་བ་དང་། སངས་རྒྱས་ཀྱི་བསྟན་པ་ནུབ་ནས་འཇིག་རྟེན་གྱི་ཁམས་དེ་མ་ཞིག་བར་དུ་སེམས་ཅན་རྣམས་ཉོན་མོངས་པ་རགས་པ་ལ་མངོན་གྱུར་དུ་སྤྱོད་ཅིང་། དེའི་གཉེན་པོ་ཐེག་པའི་ལམ་གྱིས་མི་འདུལ་བར་ཉོན་མོངས་པ་ཉིད་ཀྱིས་ཉོན་མོངས་པ་བཙན་ཐབས་སུ་གཅོད་པའི་གདུལ་བྱ་ལ་གདུལ་དཀའ་དྲག་པོའི་གདུལ་བྱ་ཞེས་གདུལ་བྱ་རྣམ་པ་གསུམ་གསུངས་པ་ལས་ཕྱི་མ་གདུལ་དཀའ་བ་དྲག་པོའི་གདུལ་བྱ་རྣམས་གདུལ་བྱར་གཟིགས་པ་དང་། ཐུགས་རྗེ་ཤར་བ་དང་། འགྲོ་དོན་མཛད་པའི་ཚུལ་གྱིས་ཇི་ལྟར་འདུལ་བའི་ཐབས་གསུམ་གྱི་སྒོ་ནས་འདུལ༷་བ༷་ལ་འདུལ་བྱེད་ཀྱི་འཕྲིན་ལས་ཀྱི་མཐུ་དང་ལྡན་པའི་སངས་རྒྱས་དང་བྱང་སེམས་རྣམ༷ས་ཀྱི༷་མཆོག༷་ཏུ་གྱུར་ཅིང་།

གདུལ་བྱ་འདུལ་བ་ལ་གཅིག་ཏུ་དཔའ་བའི་རྒྱལ་སྲས་དཔའ༷་བོ༷་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་མམ་འདོད་དང་གཟུགས་དང་གཟུགས་མེད་ཀྱི་འཇིག༷་རྟེན༷་གསུམ༷་གྱི་མ་ཧཱ་དེ་ཝ་དང་། ཁྱབ་འཇུག་དང་། ཚངས་པ་སོགས་དྲེགས་པ་ཅན་རྣམས་བཏུལ་ནས་དེ་དག་ལས༷་རྣམ་པར་རྒྱལ༷་བའམ།

ནང་ཉོན་མོངས་པ་དུག་གསུམ་ལས་རྣམ་པར་རྒྱལ་བ་དེ་ཉིད་རྡོ་རྗེའི་རིགས་དང་། གསང་སྔགས་རྡོ་རྗེ་ཐེག་པའི་སྡུད་པ་པོར་གྱུར་པས་རྡོ་རྗེ་ཐེག་པའི་དབང་ཕྱུག་ཏུ་གྱུར་པའམ་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཀྱི་རྡོ༷་རྗེ༷་འཛིན་པའི་དབ༷ང་ཕྱུག༷་ཏུ་གྱུར་ཅིང་། རྒྱུད་སྡེ་འོག་མ་རྣམས་སུ་མ་བསྟན་པར་རབ་ཏུ་གས༷ང་བ༷འི་བདེ་སྟོང་དབྱེར་མེད་དོན་དམ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ལ་དབང་བསྒྱུར་པའི་རྒྱ༷ལ་པོ། པདྨ༷་དཀ༷ར་པོ༷་འདབ་མ་རྣམ་པར་རྒྱས༷་པ་དང་འདྲ༷་བའི༷་སྤྱ༷ན་དང་ཞལ་མངའ་བ་དཔལ་གསང་བའི་བདག་པོ་ལག་ན་རྡོ་རྗེ་དེ་ཉིད། པདྨ༷་དཀར་པོ་དྲི་མ་མེད་པ་འདབ་མ་རབ་ཏུ་རྒྱས༷་པའི་གད༷ན་ལ༷་གཞུ༷གས་ནས་ཞེས་པའམ།

ཡང་ན་རྒྱུད་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་བཅོམ་ལྡན་འདས་རྡོ་རྗེ་བཙུན་མོའི་བྷ་ག་ན་བཞུགས་ཏེ། ཞེས་གསུངས་པ་ལྟར་གྱི་སྔགས་བླ་མེད་ཀྱི་གླེང་གཞི་ལྟར་པདྨ་ནི་ཆོས་ཀྱི་དབྱིངས་རྡོ་རྗེ་བཙུན་མོའི་བྷ་ག་ལ་འགྲེལ་ཏེ་གསང་དོན་ལྟར་གོ་ཡང་རུང་ངོ་།།

ཤོང་འགྱུར་དུ། པདྨ་རབ་ཏུ་རྒྱས་པའི་ཞལ། །ཞེས་དང་། དཔེ་ལ་ལར། པདྨ་རྒྱས་པའི་ཞལ་མངའ་བ། །ཞེས་པ་ཡོད་པས་དེ་ལྟར་ན་པདྨ༷་དཀ༷ར་པོ༷་འདབ་མ་རྒྱ༷ས་པ༷་དང་འདྲ༷་བའི་དཀྱུས་རིང་གི་སྤྱ༷ན་དང་། ཞལ་ནི་ཁྲོ་གཏུམ་དང་ལྡན་ཡང་དོན་ལ་ནང་ཉོན་མོངས་པ་དང་དེའི་འབྲས་བུ་འཁོར་བའི་འདམ་གྱི་སྐྱོན་གྱིས་མ་གོས་པས་རབ་ཏུ་དཀར་བ་པདྨ༷་དཀར་པོ་རྣམ་པར་རྒྱ༷ས་པ་དང་འདྲ༷་བའི་ཞལ༷་གྱི་དཀྱིལ་འཁོར་ཀུན་ནས་མཛེས་པ་མང༷འ་བ༷འི་ལག་ན་རྡོ་རྗེ་དེ་ཉིད་ཕྱི་པདྨ་རྒྱས་པའི་གདན་དང་ནང་པདྨ་རྒྱས་པ་དང་འདྲ་བའི་ཆོས་ཀྱི་དབྱིངས་སྤྲོས་བྲལ་སྟོང་པ་ཉིད་ཤེས་རབ་རྡོ་རྗེ་བཙུན་མོའི་བྷ་ག་ལ་གང་ཐུགས་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སྙོམས་པར་སྦྱོར་བའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་ནས་ཞེས་འགྲེལ་ཡང་རུང་སྙམ་མོ།།

ལག་ན་རྡོ་རྗེ་དེ་ལྟར་པདྨ་རྒྱས་པ་འདྲ་བའི་གདན་ལ་བཞུགས་ནས་རང༷་གི༷་ལ༷ག་པ་བརྐྱངས་པ་གང་གིས༷་རྡོ༷་རྗེ༷་རྩེ་ལྔ་བ་གཉིས་སུ་མེད་པའི་ཡེ་ཤེས་མཆོ༷ག་མཚོན་བྱེད་དེ་ཉིད་ཡ༷ང་དང༷་ཡ༷ང་དུ༷་གདུལ་བྱའི་རྒྱུད་ཀྱི་རྣམ་རྟོག་བག་ཆགས་གཞོམ་པའི་བརྡ་རུ་སྡིགས་པར་གསོ༷ར་བར་བྱེ༷ད་པ༷་པོ་དེ་ནི་རྒྱུད་འདི་གང་ཟག་གང་གིས་ཞུས་པ་སྡུད་པ་པོའི་ཁྱད་པར་ཡིན་ནོ། །ཞེས་འགྲེལ་བའམ། ཡང་ན་བདེན་གཉིས་དབྱེར་མེད་པའམ་བདེ་སྟོང་དབྱེར་མེད་པར་རྟོགས་པའི་ཡེ་ཤེས་ཀྱི་རྡོ་རྗེ་དེ་ཉིད་གདུལ་བྱའི་རྒྱུད་ཀྱི་རྣམ་རྟོག་གཞོམ་པའི་གཉེན་པོའམ་ཐབས་སུ་ཡང་དང་ཡང་དུ་གསོར་བར་བྱེད་པ་པོ་དེ་ནི་རྒྱུད་འདི་ཉིད་གང་གིས་ཞུས་པ་སྡུད་པ་པོའི་ཁྱད་པར་ཡིན་ནོ་ཞེས་འགྲེལ་བར་བྱའོ།།

འོ་ན་འདིར་དཔལ་ལྡན་རྡོ་རྗེ་འཆང་ཞེས་དངོས་སུ་རྡོ་རྗེ་འཆང་སྨོས་ན་ཅིའི་ཕྱིར་དེ་ཉིད་ལག་ན་རྡོ་རྗེར་སྦྱར་བ་ཡིན་ཞེ་ན། དེ་ནི་གསང་སྔགས་ཀྱི་རྒྱུད་ཐམས་ཅད་ཀྱི་སྡུད་པ་པོ་ལག་ན་རྡོ་རྗེ་ཡིན་པའི་ཕྱིར་དང་། རྒྱལ་དབང་ཐམས་ཅད་མཁྱེན་པའི་མཚན་བརྗོད་འགྲེལ་བ་ལས། རྡོ་རྗེ་འཆང་ནི་སྡུད་པ་པོ་ཕྱག་ན་རྡོ་རྗེ་ཡིན་ལ། ཞེས་གསུངས་པ་ལྟར་རྒྱུད་འདིའི་ཊཱི་ཀ་ཐམས་ཅད་ཀྱིས་དེར་འགྲེལ་བའི་ཕྱིར་ན་ཕྱག་ན་རྡོ་རྗེར་སྦྱར་རོ།།

འོན་ཀྱང་དོན་ལ་ནི་སྡུད་པ་པོ་ལག་ན་རྡོ་རྗེ་ཡང་རྒྱུད་སྟོན་པ་པོ་རྒྱལ་བ་རྡོ་རྗེ་འཆང་ངམ་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དང་རྒྱུད་གཅིག་ཡིན་ཏེ། ཧེ་བཛྲ་ལས། འཆད་པ་པོ་ང་ཆོས་ཀྱང་ང་། །རང་གི་ཚོགས་ལྡན་ཉན་པོའང་ང་། །ཞེས་གསུངས་པའི་ཕྱིར། དེས་ན་རྒྱལ་བ་རྡོ་རྗེ་འཆང་གིས་གདུལ་བྱ་འདུལ་བའི་ཆེད་དུ་གསང་སྔགས་ཀྱི་རྒྱུད་སྟོན་པའི་སྟོན་པ་དང་། རྒྱུད་དོན་སྡུད་པའི་སྡུད་པ་པོ་དང་། སྐབས་འགར་རྒྱུད་དར་ཞིང་གདུལ་བྱ་གསང་སྔགས་ཉམས་སུ་ལེན་པ་ལ་སྐུལ་བའི་ཕྱིར་དུ་ཉན་པ་པོའི་འཁོར་ཡང་ཁོང་ཉིད་ཀྱི་སྤྲུལ་པ་ཡིན་པར་གསུངས་སོ།།

གཉིས་མེད་རྡོ་རྗེའི་འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་ནས། ཡང་དང་ཡང་དུ་གསོར་བྱེད་པ། །ཞེས་བྱ་བའི་བར་གྱིས་ཐུན་མོང་མ་ཡིན་པའི་འཁོར་བསྟན་ཏོ། །ཞེས་རྒྱུད་འདི་ཞུ་བ་པོའི་ཐུན་མིན་གྱི་འཁོར་བསྟན་པར་གསུངས་པས། དེ་ནི་ཞུ་བ་པོ་གཙོ་བོའམ་ཐུན་མོང་མིན་པ་དེ་ནི་ཕྱག་ན་རྡོ་རྗེ་འཆང་བ་གསང་བའི་བདག་པོ་ཡིན་པར་བསྟན་པའོ།།

གཉིས་པ་རྒྱུད་དེ་གྲོགས་གང་དང་ལྷན་ཅིག་ཏུ་ཞུས་པའི་ཁྱད་པར་ནི། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ། །དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ། །སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག །དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་གཅིག་ཏུ། །ཞེས་པའི་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ། དེ་ཡང་ཕྱག་ན་རྡོ་རྗེས་འཇམ་དཔལ་མཚན་བརྗོད་ཀྱི་རྒྱུད་འདི་ཉིད་ཞུ་བའི་དུས་སུ་ཞུ་བའི་གྲོགས་གཞན་སུ་ཡོད་བསྟན་པ་ནི། རྒྱུད་ཞུ་བ་པོ་ཕྱག་ན་རྡོ་རྗེ་གཅིག་པུ་མ་ཡིན་པར་དཔྲལ་བ་དང་གདོང་ལ་ཁྲོ་བོའི་གཉེར་རིས་དང་ལྡན་པའམ་འདུལ་བའི་ཁྲོ་གཉེར་དང་། དབང་དུ་སྡུད་པའི་ཁྲོ་གཉེར་དང་། ཟིལ་གྱིས་གནོན་པའི་ཁྲོ༷་གཉེར༷་རིམ༷་པ༷་གསུམ་མམ་མཆེ་བ་གཙིགས་པ་དང་། སྤྱན་ཟློག་པ་དང་། སྨིན་མ་བསྡུས་པ་དང་། འབྲི་གུ་ཏ་གྱེན་དུ་འགྲེང་བ་སོགས་ཁྲོ་གཉེར་དང་ལྡན༷་པ་ལ༷་སོག༷ས་པའི་ཁྲོ་བོའི་ཚོགས་ལ༷ག་ན༷་རྡོ༷་རྗེ༷་རྩེ་ལྔ་པ་ཐོགས་པ་དཔག་ཏུ་མེད་པ་ཟག་པ་མེད་པའི་ཡོན་ཏན་མཐ༷འ་ཡ༷ས་པ༷་དང་ལྡན་པའི་རྒྱལ་སྲས་དཔ༷འ་བོ༷་སྟེ།

གང་ལ་དཔའ་ན་གདུལ༷་བར་དཀ༷འ་བའི་གདུལ་བྱ་དམུ་རྒོད་གདུག་པའི་ཚོགས་དང་ནང་གཉིས་སྣང་གི་རྟོག་པ་གཟུང་འཛིན་འཁོར་དང་བཅས་པ་འདུལ༷་བ༷་ལ་དཔའ་བ་པོ༷་དང་། སྒེག་པ་དཔའ་བ་མི་སྡུག་པ་ལུས་ཀྱི་ཉམས་དང་། དགོད་གཤེ་འཇིགས་རུང་ངག་གི་ཉམས་དང་། སྙིང་རྗེ་རྔམ་ཞི་ཡིད་ཀྱི་ཉམས་ཏེ་གར་གྱི་ཉམས་དགུ་དང་ལྡན་པ་ལ་སོགས་པའི་འཇི༷གས་སུ༷་རུང༷་བ་དང༷་། ཐོད་པའི་དབུ་རྒྱན་དང་། མི་མགོ་སྐམ་རློན་གྱི་དོ་ཤལ་དང་། གླང་ཆེན་གྱི་པགས་པའི་སྟོད་གཡོགས་དང་། ཞིང་ལྤགས་ཀྱི་གཡང་གཞི་དང་། སྟག་ལྤགས་ཀྱི་ཤམ་ཐབས་དང་། ཞག་གི་ཟོ་རིས་དང་། ཁྲག་གི་ཐིག་ལེ་དང་། ཐལ་ཆེན་གྱི་ཚོམ་བུ་སྟེ་དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་སྤྲས་པ་ལ་སོགས་པའི་དཔ༷འ་པོའི་ཆ་བྱ༷ད་ཅ༷ན་རྣམས་ཀྱིས་བགེགས་གཞོམ་པའི་རྡོ༷་རྗེ༷་རྩེ༷་མོ༷་ལས་རྡོ་རྗེ་ཕྲ་མོ་མང་པོ་དང་འོད་ཟེར་གྱི་ཚོགས་རབ༷་ཏུ་འཕྲོ༷་བ༷་ར༷ང་རང་གི༷་ལ༷ག་པ་དག་གིས༷་གསོར༷་བར་བྱེ༷ད་པ༷་དེས་བགེགས་དང་འབྱུང་པོའི་ཚོགས་གཞོམ་པའམ།

ཡང་ན་གཟུང་འཛིན་གཉིས་སྣང་གི་རྟོག་པ་རྩད་ནས་གཅོད་པའི་བདེ་སྟོང་དབྱེར་མེད་པའི་རྡོ༷་རྗེ༷་རྩེ༷་མོ༷ར་ཡེ་ཤེས་ཀྱི་འོད་ཟེར་ར༷བ་ཏུ་འ༷ཕྲོ་བ༷་རང་རང༷་གི༷་ཐུགས་ཀྱི་ལ༷ག་པ་རྣམ་པར་བརྐྱངས་པ་གང་དག་གིས༷་བགེགས་དང་གདུལ་བྱ་དང་རྣམ་པར་རྟོག་པ་ལ་གསོ༷ར་བར་བྱེ༷ད་པ༷་དང་། ཐུགས་རྒྱུད་ཕྱོགས་དང་རིས་སུ་མ་ཆད་པའི་སྙི༷ང་རྗེ༷་རབ་ཏུ་ཆེ༷་བ་དང༷་། བླང་དོར་རྣམ་པར་འབྱེད་པའི་ཤེས་རབ་དང་། རྒྱུད་དོན་ལེགས་པར་རྟོགས་པའི་ཤེས་རབ་དང་། བདེ་སྟོང་གཉིས་སུ་མེད་པར་རྟོགས་པའི་ཤེས༷་རབ༷་དང༷་། ལམ་སྟོན་པར་བྱེད་པའི་ཐབས་སམ་གདུལ་བྱའི་རྒྱུད་ལ་གསང་དོན་རྟོགས་པར་བྱེད་པའི་ཐབས༷་མཁས་ཀྱིས༷་འགྲོ༷་བའི་དོན༷་སྒྲུབ་པར་བྱེད༷་པ༷འི་འཕགས་པ་རྣམས་ཀྱི་ཡོན་ཏན་མཆོ༷ག་ཏུ་གྱུར་པ། འགྲོ་བའི་དོན་བྱེད་པ་ལ་སེམས་དགའ༷་ཞིང་། སྟོན་པ་མཐོང་བས་ཡིད་མགུ༷་བ། གསང་བ་སྔགས་ཀྱི་རྒྱུད་ལ་སོགས་པ་ཆོས་བཤད་པ་ལ་རྗེས་སུ་ཡི་རང༷ས་པ༷འི་བས༷མ་པ༷་དང་ལྡན་པ་ཅ༷ན་གྱི་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་པའམ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ་ཁྲོ༷་བོ༷འི་ལུས༷་ཀྱི༷་གཟུག༷ས་དང་ལྡ༷ན་པ༷་ཡི་སྒོ་ནས་སང༷ས་རྒྱ༷ས་ཀྱི་འཕྲི༷ན་ལས༷་འཛིན་པར་བྱེ༷ད་པ༷འི་འགྲོ་བའི་མགོ༷ན་པོ་ཆེན་པོ་དཔལ་ཕྱག་ན་རྡོ་རྗེ་དང་། དེ་ཉིད་རང་དང་འདྲ་བའི་འཁོར་ཁྲོ་བོ་གཏུམ་པའི་རྣམ་པ་ཅན་མང་པོ་ཕྱག་ན་རྡོ་རྗེ་དང་མཉམ་དུ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ལུས༷་ཀྱིས་བཏུ༷ད་པ་དང་ངག་རྣམ༷ས་དང༷་ཡིད་རྣམས་ཀྱང་ལྷ༷ན་ཅི༷ག་ཏུ༷་བཏུད་པར་བྱེད་པའི་འཁོར་གནོད་སྦྱིན་དྲག་པོའི་ཚོགས་དེ་དག་ནི་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་རྒྱུད་འདི་གང་གིས་ཞུས་པའི་ཞུ་གྲོགས་ཀྱི་ཁྱད་པར་རོ།།

འགྲེལ་པ་སྙིང་པོ་མངོན་པར་རྟོགས་པ་ལས། ཁྲོ་གཉེར་རིམ་པར་ལྡན་ལ་སོགས། །ཞེས་པ་ནས། ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །ཞེས་པའི་བར་གྱིས་ཐུན་མོང་གི་འཁོར་བསྟན་ཏོ། །ཞེས་ལག་ན་རྡོ་རྗེ་འཆང་བའི་རྒྱུད་ཞུ་གྲོགས་རྣམས་ནི་ཐུན་མོང་གི་འཁོར་ཡིན་པར་བསྟན་ཏོ།།

གསུམ་པ་ཇི་ལྟར་ཞུས་ཚུལ་ལམ་ཐབས་ཇི་ལྟར་གྱིས་ཞུས་པའི་ཁྱད་པར་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། གང་ལྟར་ཞུས་ལ་ཚིགས་བཅད་གཅིག །ཅེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བར་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། གཉིས་མེད་རྡོ་རྗེའི་མཚན་བརྗོད་ཊཱི་ཀ་སྙིང་པོ་མངོན་པར་རྟོགས་པ་ལས། དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །ཞེས་པ་ནས། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པའི་བར་གྱིས་མཆོད་པར་བརྗོད་པ་བསྟན་ཏོ། ། ཞེས་གསུངས་པའི་ཕྱིར། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ལ་མཆོད་པས་བསྟོད་དེ་རྒྱུད་བསྟན་པར་གསོལ་བ་བཏབ་པར་གསུངས་པས། དེ་ཡང་གོང་སྨོས་ལྟར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཁོར་དང་བཅས་པས་ལུས་བཏུད་པ་དང་ངག་ཡིད་རྣམས་ཀྱང་ལྷན་ཅིག་ཏུ་བཏུད་པའི་སྒོ་ནས་ཚུལ་ཇི་ལྟར་རྒྱུད་འདི་ཞུས་པ་ཡིན་ཞེ་ན་ཞེས་མཚམས་སྦྱར་ནས། ཆོས་རྣམས་ཀྱི་གནས་ལུགས་དེ༷་བ༷ཞིན་ཉིད་ཀྱི་དབྱིངས་སུ་གཟིགས་པ་སླར་མི་ལྡང་བའི་ཚུལ་གྱིས་གཤེ༷གས་པ༷འམ། མ་ནོར་བར་གཤེགས་པ་དང་། རྟོགས་པར་གཤེགས་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་ལ་གཤེགས་པ་སྟེ་དེ་བཞིན་གཤེགས་པ་དང་། བུ་མོ་ཟླ་མཆོག་ལུང་བསྟན་པའི་མདོ་ལས། གང་གིས་དེ་རིང་བདུད་བཞི་ཕམ་བགྱིས་ཤིང་། །ཉོན་མོངས་བདུད་དང་འཆི་བདག་བདུད་ཆེན་དང་། །གང་གིས་ཕུང་པོ་ལྷ་བུ་མང་པོའི་བདུད། །ཕམ་པར་བགྱིས་སམ་ཅི་སླད་ཁྱོད་འཛུམ་མཛད། །ཅེས་གསུངས་པ་ལྟར། ལྷའི་བུའི་བདུད་དང་། ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། འཆི་བདག་གི་བདུད་དེ་བདུད་བཞིའི་དགྲ་བཅོམ་པས་བཅོམ་པའམ། རྡོ་རྗེ་རྩེ་མོ་ལས། ཉོན་མོངས་ལས་དང་དེ་བཞིན་སྐྱེ། །ཉོན་མོངས་ཤེས་བྱའི་སྒྲིབ་དེ་བཞིན། །མི་མཐུན་ཕྱོགས་ཀྱི་ཆོས་རྣམས་ཀུན། །དེ་བཅོམ་པས་ན་བཅོམ་ཞེས་བྱ། །ཞེས་གསུངས་པ་ལྟར། སྒྲིབ་གཉིས་བག་ཆགས་དང་བཅས་པ་དང་། ཁྱད་པར་དུ་གཟུང་འཛིན་གཉིས་སྣང་གི་རྟོག་པ་ཕྲ་མོའི་དགྲ་བཅོ༷མ་ཞིང་། དཔལ་ཡང་དག་སྦྱོར་བ་སྃ་པུ་ཊའི་རྒྱུད་ལས། འདི་ལྟ་སྟེ། དབང་ཕྱུག་དང་། གཟུགས་དང་། གྲགས་པ་དང་། དཔལ་དང་། ཡེ་ཤེས་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། བྷ་ག་དྲུག་ཅེས་གསུངས་སོ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། དཔལ་དང་གྲགས་དང་ཡེ་ཤེས་དང་། །དབང་ཕྱུག་དང་ནི་གཟུགས་བཟང་གིས། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་འདིས་ནི་ལྡན་པར་གསུངས། །ཞེས་གསུངས་པ་ལྟར། དཔལ་དང་། གྲགས་པ་དང་། ཡེ་ཤེས་དང་། དབང་ཕྱུག་དང་། གཟུགས་བཟང་དང་། བརྩོན་འགྲུས་ཕུན་སུམ་ཚོགས་པ་བཅས་ལེགས་པའི་ཡོན་ཏན་དྲུག་དང་ལྡ༷ན་པའམ་ཐབས་ཤེས་གཉིས་སུ་མེད་པར་རྟོགས་པ་དང་ལྡན་པ་དང་། རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད་ལས། འཁོར་བའི་ཆོས་ནི་མྱ་ངན་ཏེ། །དེ་ལྟར་བྲལ་ཕྱིར་འདས་པའོ། །འདས་པའི་དེ་བཞིན་གཤེགས་པ་ཀུན། །འགྲོ་བའི་དོན་མཛད་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟར། སྲིད་པ་དང་ཞི་བའི་མཐའ་ལས་འདས༷་པའམ་བདེ་སྟོང་གཉིས་སུ་སྣང་བའི་རྟོག་པ་ཕྲ་བ་ལས་འདས་པའི་སྤང་རྟོགས་ཀྱི་ཡོན་ཏན་ཡང་དག་པར་རྫོག༷ས་པའི་སྒྲིབ་གཉིས་ཀྱི་མུན་པ་སང༷ས་ཤིང་བློ་གྲོས་ཆེན་པོ་མཁྱེན་པའི་ཡེ་ཤེས་ཀྱི་པདྨོའི་འདབ་མ་རྣམ་པར་རྒྱ༷ས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ༷་ལུས་ངག་ཡིད་གསུམ་གྱིས་གུས་ཕྱ༷ག་འཚ༷ལ་ནས༷་ཐམས་ཅད་ཀྱིས་ལག་པའི་ཐལ༷་མོ༷་སྙིང་གར་སྦྱ༷ར་བར༷་བྱ༷ས་ནས༷་ནི༷་སངས་རྒྱས་ཀྱི་སྤྱ༷ན་སྔ༷ར་པུས་མོ་གཡས་པའི་སླ་ང་ས་ལ་བཙུགས་པས་ཙོག་ཙོག་པོར་འདུག༷་སྟེ༷་ཡིད་དད་པ་དྲག་པོ་དང་ངག་གིས་འོག་ནས་བྱུང་བའི་ཚུལ་ཇི་བཞིན་རྒྱུད་དོན་བསྟན་དུ་གསོལ་ལོ་ཞེས་པས་འདི༷་སྐ༷ད་དུ་གསོ༷ལ་བ་བཏབ་པ་ནི་རྒྱུད་འདི་ཇི་ལྟར་ཞུས་པའི་ཚུལ་གྱི་ཁྱད་པར་ཡིན་ནོ།།

དཔལ་ཌོམྦི་ཧེ་རུ་ཀའི་འགྲེལ་བ་ལས། སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཞེས་པའི་བར་གྱི་ཚིགས་སུ་བཅད་པ་དྲུག་ནི་སྡུད་པ་པོའི་ཚིག་གོ །ཞེས་དེ་ཡན་གྱི་ཚིགས་བཅད་དྲུག་དེ་སྡུད་པ་པོ་གསང་བའི་བདག་པོའི་ཞལ་ནས་གསུངས་པའི་ཚིག་ཏུ་གསུངས་པས་སངས་རྒྱས་ཀྱིས་གསུངས་པ་མིན་པར་སྡུད་པ་པོའི་གསུང་ཡིན་པར་བཤད་དོ།།

བཞི་བ་དགོས་ཆེད་གང་གི་ཕྱིར་དུ་ཞུས་པའི་ཁྱད་པར་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། གང་ཕྱིར་ཞུས་ལ་གཉིས་སུ་གནས། །ཞེས་གསུངས་པ་ལྟར། ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བའི་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་རྣམས་ལ་སྨན་པ་དང་། །བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། རྒྱུད་དེ་དགོས་ཆེད་ཅིའི་ཕྱིར་དུ་བསྟན་པར་གསོལ་བ་བཏབ་པ་ཡིན་ཞེ་ན། ཐུགས་རྗེས་སེམས་ཅན་ཀུན་ལ་ཁྱབ་པའི་བདག་ཉིད་ཆེན་པོའམ་བརྟན་གཡོ་ཀུན་ལ་ཁྱབ་པའི་རང་བཞིན་དེ་ཁོ་ན་ཉིད་ཀྱི་ངོ་བོ་དང་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ༷་བ༷དག་ཆེན་པོ་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཁྱབ་བདག་ཅེས་སྐད་གསེང་མཐོན་པོས་བོས་ཏེ། དགོས་པ་ནི་རང་དོན་གྱི་དགོས་པ་བདག་རང་ཉིད་ཀྱིས་བདེ་བ་དང་སྟོང་པ་གཉིས་དབྱེར་མེད་པའི་དོན་ཁོང་དུ་ཆུད་པའི་རྟོགས་པ་ཕུམ་སུམ་ཚོགས་པ་རྒྱུད་ལ་སྐྱེས་ནས་གྲོལ་བ་ཐོབ་སྟེ་རྟོགས་པས་བདག་སྒྲོལ་བ་ནི་བ༷དག་ལ༷་སྨ༷ན་པ༷་དང༷་། གཞན་དོན་གྱི་དགོས་པ་ནི་བ༷དག་གིས་རྟོགས་པའི་དོ༷ན་དེ་ཉིད་སེམས་ཅན་གཞན་ཀུན་ལ་བསྟན་ནས་དེ་དག་གིས་རྟོགས་པའི་ཡེ་ཤེས་ཁོང་ཆུད་ནས་རྒྱུད་གྲོལ་བ་ཐོབ་སྟེ་ཐུགས་རྗེས་གཞན་སྒྲོལ་བས་ན་གདུལ་བྱ་དེ་དག་གི་དོན་འབྱུང་བའི་བ༷དག་གཞན་ལ༷་ཐུག༷ས་བརྩེ༷་བའི་ཕྱིར༷་དུ་སྒྱུ༷་ཞེས་པ་རྒྱ་ཆེ་བ་ཐབས་དང་། འཕྲུ༷ལ་ཞེས་པ་ཟབ་པ་ཤེས་རབ་སྟོང་པ་ཉིད་དེ། ཐབས་ཤེས་ཟུང་དུ་འཇུག་པའི་དྲྭ༷་བ༷ས་ཟབ་པ་དང་རྒྱ་ཆེ་བའི་དོན་འབྲེལ་བའི་ལམ་དེ་ཉིད་རྒྱུད་ལ་བསྐྱེད་པར་བྱས་ནས་རང་དོན་དུ་མངོ༷ན་པར་རྫོ༷གས་པར་སངས་རྒྱས་པ༷འི་འབྲས་བུ་བྱ༷ང་ཆུ༷བ་ཀྱི་གོ་འཕང་ཅི༷་ནས༷་ཀྱང་ནས་བ༷དག་གིས་ཐོ༷བ་པར་མཛོ༷ད་ཅིག་ཅེས་རང་དོན་དུ་བྱང་ཆུབ་ཆེན་པོའི་གོ་འཕང་ཐོབ་པའི་དགོས་ཆེད་ཀྱི་ཕྱིར་དང་། ཉོ༷ན་མོང༷ས་པ་འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོག་དང་། གཟུང་འཛིན་གཉིས་སུ་སྣང་བའི་རྣམ་པར་རྟོག་པ༷ས་ནི༷་སེམ༷ས་རྒྱུད་ཡོངས་སུ་དཀྲུ༷གས་ཤིང༷་། མི༷་ཤེས༷་པ་གཏི་མུག་པ་དང་ཁྱད་པར་དུ་གཉིས་སུ་འཛིན་པའི་རྣམ་པར་རྟོག་པ་གནས་ལུགས་ཀྱི་དོན་མི་ཤེས་པ་དང་དེའི་བག་ཆགས་ཕྲ་བའི་འདམ་དུ་བྱིང་བའམ། འཁོར་བ་སྡུག་བསྔལ་གསུམ་གྱི་འདམ༷་རྫབ་ཆེན་པོའི་གཏིང་དུ༷་བྱི༷ང་བ༷་ཡི༷་སེམ༷ས་ཅ༷ན་གཞན་ཀུ༷ན་ལ༷་ཚེ་འདིར་ཚེ་རིང་ནད་མེད་འབྱོར་བ་ལ་སོགས་པས་སྨ༷ན་པ༷འམ་ཕན་པར་བྱ་བ་དང༷་། ཚེ་ཕྱི་མའམ་ཚེ་རབས་གཞན་དུ་བླ༷་ན་མེ༷ད་པའི་འབྲ༷ས་བུ༷་བྱང་ཆུབ་ཆེན་པོ་ཁ་སྤྱོར་བདུན་ལྡན་རྡོ་རྗེ་འཆང་གི་གོ་འཕང་ཐོ༷བ་པར་བྱ༷་བའི༷་ཕྱིར༷་དུ་རྒྱུད་འདི་གསུང་བསྐུལ་གྱིས་ཞུས་པ་ཡིན་ཞེས་པའོ། །རྒྱུད་འདིའི་དཔེ་ལ་ལར། སྒྱུ་ཕྲུལ་དྲྭ་བ་མངོན་སངས་རྒྱས། །ཟེར་བ་ཡོད་མོད་དོན་ནི་གོང་དང་འདྲའོ།།

དེ་ཡང་ཤོ་ལོ་ཀ་སྔ་མས་བདག་དོན་དང་། ཕྱི་མས་གཞན་དོན་བསྟན་པར་གསུངས་ཏེ། དཔལ་ཌོམྦི་ཧེ་རུ་ཀའི་འགྲེལ་བ་ལས། ཁྱབ་བདག་བདག་ལ་སྨན་པ་དང་། །ཞེས་པ་ནས། བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཅེས་པ་ནི་བདག་གི་དོན་ཏོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །ཞེས་པ་ནས། བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །ཞེས་པ་ནི་གཞན་གྱི་དོན་ཏེ། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། ཁྱབ་བདག་བདག་ལ་སྨན་པ་དང་། །ཞེས་པ་ནས། བྱང་ཆུབ་ཅི་ནས་བདག་ཐོབ་མཛད། །ཅེས་པའི་བར་གྱིས་བདག་གི་དོན་དུ་གསོལ་བ་བསྟན་ཏོ། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་། །ཞེས་པ་ནས། བླ་མེད་འབྲས་བུ་ཐོབ་བྱའི་བར་གྱིས་གཞན་གྱི་དོན་དུ་གསོལ་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་བདག་གི་དོན་རང་ཉིད་གྲོལ་བ་ཐོབ་པའི་ཕྱིར་དུ་ཞུས་པས་ཉེ་བར་མཚོན་ནས། གཞན་དོན་སེམས་ཅན་རྣམས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པ་ལ་མངོན་པར་འདོད་པའི་ཕྱིར་དུ་རྒྱུད་འདི་གསུངས་པར་ཞུས་ཤིང་། ཞུས་པ་ལྟར་གསུངས་པ་ནི་གཞུང་འདིའི་དགོས་པ་དང་། རང་གཞན་རྒྱུད་འདི་ལ་མངོན་པར་དད་པ་ལས་ལམ་བསྒྲུབས་ཏེ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་དུ་བྱས་པ་ནི་དགོས་པའི་དགོས་པའམ་ཉིང་དགོས་དང་། ཉིང་དགོས་དེ་ཉིད་འགྲུབ་བྱེད་ཀྱི་ཐབས་འདིར་བརྗོད་པར་བྱ་བའི་དོན་ནི་བརྗོད་བྱ་དང་། བརྗོད་བྱ་རྗོད་པར་བྱེད་པའི་ཚུལ་དང་འབྲེལ་བ་ནི་འབྲེལ་བ་སྟེ། རྒྱུད་རང་གཞུང་ནས་དགོས་སོགས་ཆོས་བཞི་འདི་ནས་བསྟན་པ་ཡིན་པར་ཌོམྦི་པས་གསུངས་སོ།།

ལྔ་བ་སྟོན་པ་གང་ལ་ཞུས་པའི་ཡུལ་གྱི་ཁྱད་པར་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། གང་ལ་ཞུས་ལ་གཅིག་ཡིན་ནོ། །ཞེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན། །དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། ཞུས་ཚུལ་དེ་ལྟར་དང་དགོས་པ་དེ་འདྲའི་ཕྱིར་དུ་རྒྱུད་འདི་ཞུས་པ་ཡིན་ན་གང་ལ་ཞུས་པའི་ཡུལ་དེ་གང་ཞེ་ན། རྒྱུད་གང་ལ་ཞུས་པའི་ཡུལ་ནི། སྤང་རྟོགས་ཀྱི་ཡོན་ཏན་ཡང་དག་པར་རྫོག༷ས་པ༷འི་སང༷ས་རྒྱས༷་བཅོ༷མ་ལྡ༷ན་འདས༷། སེམས་ཅན་ཐམས་ཅད་ཀྱི་དོན་ལ་ཐུགས་བརྩེ་བས་རྟག་ཏུ་གཟིགས་པའི་འགྲོ༷་བ༷འི་བླ༷་མ༷་ཆེན་པོ་དང་། སྡེ་སྣོད་སྤྱི་དང་ཁྱད་པར་དུ་གསང་སྔགས་ཀྱི་གཞི་ལམ་འབྲས་བུའི་ཆོས་སྟོན༷་པ༷་པོ༷། རང་གཞན་གྱི་དོན་དུ་སྐུ་གཉིས་མངོན་དུ་མཛད་ནས་དེ་ལས་མི་འདའ་བའི་དམ༷་ཚི༷ག་ཆེ༷ན་པོ༷་དང་ལྡན་པ།

ཇི་སྐད་དུ་། ཡབ་སྲས་མཇལ་བའི་མདོ་ལས། ཁྱོད་ནི་ཆོས་དབྱིངས་མཁས་པ་སྟེ། །ཆོས་རྣམས་ཀུན་ལ་ཤིན་ཏུ་མཁས། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །ཆོས་ཀྱི་དབྱིངས་ཀྱང་རྣམ་པར་སྟོན། །ཞེས་གསུངས་པ་ལྟར། ཤེས་བྱའི་དེ༷་ཁོ་ན་ཉི༷ད་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་མཁྱེ༷ན་པ་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སེམས་ཅན་ཁམས་རྣམས་སྐྱེས་པ་དང་། །འབྱུང་བ་གནས་པའི་སྲིད་པ་རུ། །རྒྱུ་དང་རྐྱེན་ལས་གྲུབ་ཚུལ་དང་། །ཉོན་མོངས་ཁམས་དང་དབང་པོ་དང་། །བག་ལ་ཉལ་སོགས་དྲི་མ་རྣམས། །ཁམས་གསུམ་བརྟན་དང་གཡོ་བ་ཡི། །རྒྱུ་འབྲས་ཕྲ་བའི་ཕྲ་བ་ལ། །ལག་མཐིལ་སྐྱུ་རུ་ར་བཞག་འདྲ། །ཞེས་གསུངས་པ་ལྟར། གདུལ་བྱའི་ཁམས་དང་དབ༷ང་པོ༷་བས༷མ་པ༷་བག་ལ་ཉལ་རྒྱུ་འབྲས་བཅས་ཇི་ལྟ་བ་བཞིན་དུ་མཁྱེ༷ན་པའི་སྟོན་པ་མཆོ༷ག་རྒྱལ་བ་ཤཱཀྱ་ཐུབ་པ་གང་གི༷ས་རྒྱུད་འདི་གསུངས་པ་ཡིན་པའི་ཕྱིར་ན་གང་ལ་ཞུས་པའི་ཡུལ་ནི་སྟོན་པ་ཁྱད་པ་བ་དེ་ཉིད་དེ། སྙིང་པོ་མངོན་པར་རྟོགས་པ་ལས། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། དབང་པོའི་བསམ་པ་མཁྱེན་མཆོག་གིས། །ཞེས་པའི་བར་གྱིས་སྤངས་པ་དང་ཡེ་ཤེས་ཕུན་སུམ་ཚོགས་པའི་གནས་བསྟན་ཏོ། །ཞེས་གསུངས་པ་ལྟར། རྒྱུད་ཞུ་ཡུལ་གྱི་གནས་དེ་ནི་སྤངས་རྟོགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་ལྡན་པའི་སངས་རྒྱས་ཡིན་པ་ལས་འགྲོ་དང་མི་འགྲོ་བའི་སེམས་ཅན་ཞུས་པ་མ་ཡིན་པར་བསྟན་པར་གོའོ།།

འོ་ན་གོང་དུ་གསུམ་པ་ཇི་ལྟར་ཞུས་ཚུལ་ལམ་ཐབས་ཇི་ལྟར་གྱིས་ཞུས་པའི་ཁྱད་པར་གྱི་སྐབས་སུ་ཞུ་ཡུལ་དེ་སངས་རྒྱས་བཅོམ་ལྡན་འདས་ཡིན་པར་གསལ་ན་ཟློས་པར་མི་འགྱུར་རམ་ཞེ་ན། དེ་ནི་མི་འགྱུར་ཏེ། གོང་དུ་རྒྱུད་ཞུས་ཐབས་བསྟན་དུས་ལུས་ངག་ཡིད་གསུམ་གྱི་བཏུད་ཡུལ་བསྟན་པ་དང་། འདིར་ཡུལ་གང་ལ་བསྟན་པར་ཞུས་པ་དང་རྒྱུད་དོན་གང་ནས་ཞུས་པའི་ཡུལ་བསྟན་པས་མི་ཟློས་པའི་ཕྱིར་རོ།།

དྲུག་པ་གང་ཞུས་པ་ཆོས་ཀྱི་ཁྱད་པར་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། གང་ཞུས་པ་ལ་ཚིགས་བཅད་བཞི། །ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ། །འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག །དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ། །ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟར་བྱུང་བའི་རྫོགས་སངས། །ཡང་དང་ཡང་དུ་གསུང་བ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས། །རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་བཀའ་བཞིན་དུ། །གླུ་བླངས་གང་ལགས་བཤད་དུ་གསོལ། །ཞེས་པའི་ཤོ་ལོ་ཀ་བཞི་ཡིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །ཞེས་པ་ནས། གླུར་བླངས་གང་ལགས་བཤད་དུ་གསོལ། །ཞེས་བྱ་བའི་བར་གྱིས་ཡང་དག་པའི་མཚན་གྱི་དོན་གསོལ་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། འཇིག་རྟེན་མགོན་པོ་རྫོགས་སངས་རྒྱས། །འོད་མཛད་ཇི་ལྟར་སྤྱད་པ་ཡིས། །བསམ་གྱིས་མི་ཁྱབ་ཡེ་ཤེས་ཐོབ། །ཕན་མཛད་ལུང་ཡང་བསྟན་དུ་གསོལ། །མི་ཡི་ཁྱུ་མཆོག་མི་དང་ལྷས་མཆོད་པ། །མི་དབང་བདེན་གསུང་ཇི་ལྟར་སྤྱད་པ་ཡིས། །ཐེག་མཆོག་དམ་པ་གཞལ་མེད་ཐོབ་པར་འགྱུར། །མགོན་པོ་གསུང་མཆོག་ཞུས་པ་ལུང་བསྟན་གསོལ། །ཞེས་གསུངས་པ་ལྟར། གང་ལ་ཞུས་པའི་ཡུལ་སངས་རྒྱས་ཤཱཀྱ་ཐུབ་པ་ཡིན་པར་བསྟན་པའི་སྐབས་སུ། དབང་པོ་བསམ་པ་མཁྱེན་མཆོག་གིས། །ཞེས་བྱེད་སྒྲ་སྦྱར་ནས་ཞུ་ཡུལ་སྟོན་པ་སངས་རྒྱས་དེ་ཉིད་ཀྱིས་ཅི་མཛད་ཅེ་ན་ཆོས་འདི་ལྟར་གསུངས་ཞེས་མཚམས་སྦྱར་ནས་གང་གསུངས་པའི་ཆོས་ཀྱི་ཁྱད་པར་ངོས་བཟུང་བ་ནི། སངས་རྒྱས་བཅོ༷མ་ལྡ༷ན་འདས༷་ཀྱི༷་སྒྲིབ་གཉིས་སྤངས་ཤིང་ཚོགས་གཉིས་རྫོགས་པའི་ཡེ༷་ཤེ༷ས་ཀྱི་སྐུ༷་དེ་ནི་ཐམས་ཅད་ལ་གསལ་ཞིང་འཆར་བས་མེ་ལོང་ལྟ་བུའི་ཡེ་ཤེས་དང་། ཆོས་ཀུན་མཉམ་པ་ཉིད་ཀུན་གྱིས་གཙུག་ཏུ་བཀུར་བར་འོས་པའི་གཙུ༷ག་ཏོར༷་ཆེ༷ན་པོ༷་མཉམ་ཉིད་ཡེ་ཤེས་དང་། སྤྱི་མཚན་དང་རང་མཚན་གྱི་ཆོས་ཐམས་ཅད་ཀྱི་མཚན་ཉིད་མ་འདྲེས་པར་སོ་སོར་མཁྱེན་པའི་སྒོ་ནས་ཆོས་ཀྱི་ཚིག་དོན་འཆད་པ་ལ་དབང་བའི་ཚི༷ག་གི༷་བ༷དག་པོ་སོ་སོར་རྟོགས་པའི་ཡེ་ཤེས་དང་། ཡེ༷་ཤེས༷་ཀྱི་སྐུ༷་གང་ཞིག་ནི་འགྲོ་བའི་བྱ་བ་གྲུབ་པར་བྱེད་པའི་སྐུ་སྟེ༷་བྱ་གྲུབ་ཡེ་ཤེས་དང་། སྐྱེ་བ་མེད་པ་རང༷་བྱུ༷ང་བ༷་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་རྩ་བ་དོན་དམ་བྱང་ཆུབ་ཀྱི་སེམས་སམ་བདེན་གཉིས་དབྱེར་མེད་དང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ནི་འཇ༷མ་དཔ༷ལ་ཡེ༷་ཤེས༷་སེམ༷ས་དཔ༷འ་སྟེ། དེ་མཚོན་བྱེད་གཟུགས་ཀྱི་སྐུར་བཞེངས་པ་ནི་རལ་གྲི་དང་གླེགས་བམ་འཛིན་པ་དམར་སེར་སྐུ་ཡི་མཛེས་པ་ལྡན་དང་ལྡན་པའི་གཞོན་ནུ་བཅུ་དྲུག་ལོན་པའི་ན་ཚོད་ཅན་དེ་ཡིན་ཞིང་། དེ་ཡི༷་མཚན་ནམ་མིང༷་དེ་ནི༷་ཡང༷་དག༷་པར་བརྗོ༷ད་པ་གང་ཡིན་པ་ནི་གང་ཞུས་པ༷འི་ཆོས་ཏེ། དེ་ནི་དོན་གཞན་པ་རྣམས་བརྗོད་པ་ལས་ཆེས་མཆོ༷ག་ཏུ་གྱུར་པ་ཡིན་ནོ།།

དཔེ་ལ་ལར། མཚན་ནི་ཡང་དག་བརྗོད་པའི་མཆོག །ཅེས་པ་ཡོད་པ་མཚན་བརྗོད་ཅེས་པའི་མིང་དོན་དང་མཐུན་པ་སྟེ་དོན་ལ་མིང་དང་མཚན་ནི་ཞེ་སའི་ཁྱད་པར་རོ།།

འོ་ན་མིང་ལས་དོན་མ་ཞུས་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་པར་དོན་ཞུས་པར་བསྟན་པ་ནི། མིང་དེ་ལྡན་གྱི་གསང་སྔགས་ཀྱི་དོན་ནི་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་དབྱེར་མེད་པའི་ཆོས་ཐམས་ཅད་བདེན་མེད་མཉམ་པ་ཉིད་ཀྱི་དོན་ཅན་ཡིན་པས་ན་དོ༷ན་ཟ༷བ་པ་དང་། དེ་ཡང་ཆོས་གང་དང་མཚུངས་པ་མེད་པ་དང་། སྤྲོས་པའི་མཚན་མ་རབ་ཏུ་ཞི་བ་དང་། དགེ་བ་གསུམ་གྱི་རྒྱ་དང་ལྡན་པ་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་གསུངས་པ་དང་། རྡོ་རྗེ་ཐེག་པའི་གླུ་ཡིན་པས་ཀྱང་དོན་ཟབ་པ་དང་། དེ་ལྟར་བརྗོད་བྱའི་དོན་ཟབ་པས་བརྗོད་བྱེད་ཀྱི་ཚིག་ཀྱང་ཟབ་པ་ཡིན་པས་དོན་ཟབ་ཅེས་དང་། ཤཱཀྱ་ཐུབ་པའི་ཐུགས་གནས་ལུགས་སྟོང་པ་ཉིད་ཆོས་ཀྱི་དབྱིངས་ལས་མི་གཡོ་བཞིན་དུ་སྐུ་ཡི་རྣམ་འཕྲུལ་སྣ་ཚོགས་སུ་སྣང་བའི་སྒོ་ནས་ཐར་བ་དང་མྱ་ངན་ལས་འདས་པའི་ས་དང་ལམ་ལེགས་པར་སྟོན་པས་ན་དོ༷ན་ནི༷་རྒྱ༷་ཆེ༷་བ་ཡིན་ཞིང༷་། དེ་ལྟར་དོན་ཟབ་པ་དང་རྒྱ་ཆེ་བས་ན་དོ༷ན་ཆེ༷ན་པོ་གཞན་གང་དང་ཡང་མཚུ༷ངས་པ་མེ༷ད་པའི་ཆོས་དང་། དེ་ལྟར་བདེན་གཉིས་དབྱེར་མེད་དམ་བདེ་སྟོང་དབྱེར་མེད་པའི་གནས་ལུགས་དོན་དམ་པའི་ངོ་བོ་སྤྲོས་པའི་མཚན་མའམ་མཐའ་ཐམས་ཅད་རབ༷་ཏུ་ཞི༷་བ༷་དང་། དེ་ཉམས་སུ་ལེན་བྱེད་ཐོ༷ག་མ༷་ལ་ནི་དགེ་བ་ཐོས་པའི་ཤེས་རབ་དང་། བ༷ར་དུ་དགེ་བ་བསམ་པའི་ཤེས་རབ་དང༷་། མཐ༷ར་ད༷གེ་བ༷་སྟེ་ཐ་མར་དགེ་བ་སྒོམ་པའི་ཤེས་རབ་དང་ལྡན་པས་ན་ཉོན་མོངས་པ་དང་རྣམ་རྟོག་རྩད་ནས་གཅོད་པའི་དགེ་བ་གསུམ་དང་ལྡན་པའམ། ཡང་ན་ཐོག་མར་སྐྱེ་བ་མེད་པས་དགེ་བ་དང་། བར་དུ་གནས་པ་མེད་པའི་དགེ་བ་དང་། ཐ་མར་འགགས་པ་མེད་པའི་དགེ་བ་སྟེ་སྐྱེ་འགགས་གནས་གསུམ་དང་བྲལ་བའི་དགེ་བའི་ཆོས་རྣམས་ཀྱི་དོན་ནི་གང་ཞུས་པའི་ཆོས་ཡིན་ལ། དོན་དེ་ལྡན་གྱི་མཚན་བརྗོད་དེ་ནི་སུས་གསུངས་པ་ཡིན་ཞེ་ན། དཔལ་རྣམ་པར་སྣང་མཛད་དམ་མར་མེ་མཛད་ཀྱིས་འོག་མིན་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་གསུངས་པ་ལ་སོགས་པ་འདས༷་པ༷འི་སངས༷་རྒྱས༷་རྣམ༷ས་ཀྱིས༷་གསུངས༷་མྱོང་པ་དང་། དགའ་ལྡན་གྱི་གནས་སུ་རྒྱལ་བ་བྱམས་པས་ལྷ་རྣམས་ལ་གསུང་བར་འགྱུར་པ་ལ་སོགས་པ་མ༷་འོང༷ས་པའི་སངས་རྒྱས་རྣམ༷ས་ཀྱིས་ཀྱང༷་གསུང༷་བར་འགྱུར༷་ལ༷། རི་རབ་ཀྱི་རྩེར་ཐུབ་པའི་སྤྲུལ་སྐུ་འཁོར་ལོས་སྒྱུར་བའི་ཆ་ལུགས་ཅན་གྱིས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་གསུངས་པ་དང་། རི་བྱ་རྐང་ཅན་དུ་རྒྱལ་བ་ཤཱཀྱ་ཐུབ་པས་དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ལ་གསུངས་པ་དང་། དེས་བྱིན་གྱིས་བརླབས་པའི་མཐུས་བྱང་ཕྱོགས་ཀྱི་འཇིག་རྟེན་པདྨོ་ཅན་ཞེས་བྱ་བ་ན་དེ་བཞིན་གཤེགས་པ་པདྨོ་མཆོག་ཅེས་བྱ་བས་གསུངས་པ་ལ་སོགས་པ་ད༷་ལྟ༷ར་བྱུང༷་བ༷འི་རྫོགས༷་པའི་སངས༷་རྒྱས༷་རྣམས་ཀྱིས་ཀྱང་གསུངས་པས་དུས་གསུམ་ཀུན་ཏུ་རྒྱུན་ཆད་མེད་པར་ཡང༷་དང༷་ཡ༷ང་དུ༷་གསུང༷ས་པ༷་དང་། ཤཱཀྱ་ཐུབ་པས་རྩ་རྒྱུད་ལེའུ་ཁྲི་དྲུག་སྟོང་པ་གསུངས་པའི་ནང་དུ་ལན་གཅིག་གསུངས་པ་དང་། ཕྱིས་སུ་རྒྱུད་འདི་དགའ་བ་སྤྱོད་པར་ལན་གཅིག་གསུངས་པ་ལ་སོགས་པ་ཡང་དང་ཡང་དུ་གསུངས་པའི་ཆོས་གང༷་ཞིག་གསང་སྔགས་ཀྱི་རྒྱུ༷ད་ཆེ༷ན་པོ་འཇམ་དཔལ་སྒྱུ༷་འཕྲུལ༷་དྲྭ༷་བ༷་རྩ་བའི་རྒྱུད་ལས༷་ལེའུ་ཁྲི་དྲུག་སྟོང་པ་གསུངས་པའི་དུས་སུ་རྒྱལ་བ་རྡོ༷་རྗེ༷་འཆ༷ང་ཆེ༷ན་པོ་གས༷ང་སྔ༷གས་ཀྱི་མཛོད་ཆེན་པོ་འཆ༷ང་བ་གང་གིས་དོན་ཟབ་པ་དང་རྒྱ་ཆེ་བ་དཔ༷ག་ཏུ་མེ༷ད་པའི་ཆོས་ཀྱི་ཚིག་རྣམས་འཁོར་རྣམ༷ས་ཀྱིས༷་དགའ་བཞིན་སྤྲོ་བཞིན་དུ་ཉན་པ་ལ་རྡོ་རྗེའི་གླུ་ཡིས་བཀ༷འ་བསྩལ་བ་བ༷ཞིན་དུ༷་དེང་འདིར་བདག་ཅག་རྣམས་ལ་ཡང་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་བསྟོད་པ་གླུ༷་བླང༷་གི་དོན་གང༷་ལ༷གས་པའམ་གང་ཡིན་པ་དེ་བཤ༷ད་དུ༷་གསོ༷ལ་ལོ་ཞེས་པ་ནི་གང་ཞུས་པའི་ཆོས་ཀྱི་ཁྱད་པར་ཏེ། བི་མ་ལ་མི་ཏྲའི་མཚན་དོན་གསལ་བྱེད་སྒྲོན་མེ་ལས། ཡང་དང་ཡང་དུ་གསུངས་པ་གང་། །ཞེས་སྨོས་ཏེ། རྒྱལ་བ་ཤཱཀྱ་ཐུབ་པས་རི་བྱ་རྐང་ཅན་དུ་ཕྱག་ན་རྡོ་རྗེ་ལ་འདི་གསུངས་པའི་དུས་སུ། དེའི་བྱིན་གྱི་རླབས་ཀྱིས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་པདྨོ་ཅན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་པདྨོ་མཆོག་ཅེས་བྱ་བས་ཀྱང་འཁོར་གྱི་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ། །དེ་བཞིན་དུ་ཕྱོགས་ལྔ་པོར་ཡང་གསུངས་སོ། །ཆོས་ཉིད་ཀྱི་མཁའ་རྣམ་པར་དག་པས་ཀྱང་སངས་རྒྱས་རྡོ་རྗེ་འཆང་གིས་འཁོར་གྱི་དེ་བཞིན་གཤེགས་པ་ལ་འདི་གསུངས་སོ། །དཔལ་རྣམ་པར་སྣང་མཛད་ཀྱིས་ཀྱང་འོག་མིན་དུ་འཁོར་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་གསུངས་སོ། །རི་རབ་ཀྱི་རྩེར་སྤྲུལ་སྐུ་འཁོར་ལོས་སྒྱུར་བ་ལྟ་བུས་ཀྱང་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་འདི་གསུངས་སོ། །དགའ་ལྡན་གྱི་གནས་སུ་ཡང་ལྷ་རྣམས་ལ་ཡང་རྒྱལ་བ་བྱམས་པས་འདི་གསུངས་སོ། །དེར་ཡང་མ་ཟད་དེ་རྡེའུ་དང་ཤིང་བུ་དང་ནམ་མཁའ་ལ་སོགས་པ་ལ་ཡང་འདིའི་སྒྲ་གྲག་པ་འབྱུང་ངོ་། །ཞེས་གསུངས་པ་ལྟར་རོ།།

ཡང་རྒྱུད་འདི་འདས་པའི་དེ་བཞིན་གཤེགས་པ་ཁོ་ནས་གསུངས་པ་མ་ཡིན་ལ། ད་ལྟར་གྱི་དེ་བཞིན་གཤེགས་པ་ཁོ་ནས་གསུངས་པའང་མ་ཡིན་པ་དང་། མ་འོངས་པའི་དེ་བཞིན་གཤེགས་པ་ཁོ་ནས་གསུང་བར་འགྱུར་བ་ཞིག་ཀྱང་མིན་པར་དུས་གསུམ་གྱི་དེ་བཞིན་གཤེགས་པས་གསུངས་མྱོང་པ་དང་། གསུངས་པར་འགྱུར་བ་དང་། གསུངས་པ་ཡིན་ཞེས་པར་འགྲེལ་ནས་སངས་རྒྱས་སུ་དང་སུ་ཞེས་དངོས་མ་བཟུང་ཡང་རུང་སྟེ། མཚན་བརྗོད་འགྲེལ་བ་དྲི་མེད་འོད་ལས། ཡང་དང་ཡང་དུ་གསུངས་པ་གང་། །ཞེས་པ་དང་པོའི་སངས་རྒྱས་དེ་ཐོག་མ་མེད་པའི་དུས་སུ་ཐོག་མ་མེད་པའི་སངས་རྒྱས་ཀྱིས་གསུངས་སོ། །མ་འོངས་པ་རྣམས་ཀྱང་གསུང་བར་འགྱུར་བ་དང་། ད་ལྟར་ཡང་དེ་བཞིན་གཤེགས་པས་སོ། །ཞེས་དང་། ཌོམྦི་པའི་མཚན་བརྗོད་འགྲེལ་བ་ལས། འདས་པའི་དེ་བཞིན་གཤེགས་པ་མར་མེ་མཛད་གཅིག་པུས་ཀྱང་མ་ཡིན་ཏེ། ད་ལྟར་གྱི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཀྱང་མ་ཡིན། མ་འོངས་པའི་དེ་བཞིན་གཤེགས་པ་བྱམས་པས་ཀྱང་མ་ཡིན་ཞིང་། འདས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ཉིད་གསུངས་ལ། ད་ལྟར་གྱི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ཉིད་གསུངས་པ་དང་། མ་འོངས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་འདི་ཉིད་གསུང་བར་འགྱུར་རོ་ཞེས་བྱ་བར་དགོངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་ད་ལྟ་གང་ལས་གསུངས་ཞེ་ན། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལེའུ་ཁྲི་དྲུག་སྟོང་པའི་ནང་དུ་གསུངས་ཞེས་འགྲེལ་ཆོག་སྟེ། ཡང་ཌོམྦི་པས། ད་ལྟར་འདི་རྒྱུད་གང་ལས་གསུངས་ཤེ་ན། རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ལས། །ཞེས་གསུངས་ཏེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་སྒྱུ་འཕྲུལ་དྲ་བ་ལེའུ་ཁྲི་དྲུག་སྟོང་པ་ལས་གསུངས་ཞེས་བྱ་བ་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུད་དཔེ་འགའ་རེར། དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །ཞེས་པ་དང་། དཔག་མེད་རྣམས་ཀྱིས་དགྱེས་བཞིན་དུ། །ཞེས་པ་དང་། རབ་གསུང་གང་ལགས་བཤད་དུ་གསོལ། །ཞེས་པ་ཡོད་མོད། དོན་ལ་དཔ༷ག་ཏུ་མེ༷ད་པའི་ཆོས་ཀྱི་ཚིག་རྣམས་དཔག་ཏུ་མེད་པའི་འཁོར་རྣམ༷ས་ཀྱིས༷་དགའ༷་བ༷ཞིན་ནམ་དགྱེས་བཞིན་དུ༷་ཉན་པ་ཞེས་པའི་དོན་ཡིན་ལ། བཀའ་བཞིན་ཞེས་པ་འགྲེལ་བ་འགར་ཡོད་པ་ལས་ཡིག་ནོར་ཡིན་ནམ་སྙམ་པའི་ཐེ་ཚོམ་མཆིས་སོ།།

དཔེ་འགར་སྣང་བའི་ཕྱི་མའི་རྐང་པ་གཅིག་པོའི་དོན་ནི། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་བསྟོད་པ་གླུ་བླངས་ཀྱི་རྒྱུད་ལས་རབ་ཏུ་གསུངས་པ་གང་ལགས་པ་ཞེས་འགྲེལ་བ་ཡིན་ནོ།།

བདུན་པ་ཞུས་དོན་གཟུང་བ་ཁས་བླངས་པའི་ཁྱད་པར་ནི། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། ཇི་སྐད་ཞུས་པའི་དོན་བཞིན་དུ། །སྒྲུབ་པར་ཁས་བླངས་པ་ལ་གཉིས། །དེ་ཕྱིར་གུས་ཉན་ཚིགས་བཅད་གཅིག །ཅེས་གསུངས་པ་ལྟར། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར། །ངེས་པར་འབྱུང་གི་བར་དུ་འདི། །བདག་གིས་བསམ་པ་བརྟན་པོས་བཟུང་། །ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར། །བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པའི་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ།

ཏིང་འཛིན་རྒྱལ་པོ་ལས། བདག་ལ་གཡོ་ནི་མ་མཆིས་ཏེ། །ལྷག་པའི་བསམ་པས་ཞུ་བ་ལགས། །སྐྱེས་བུ་དམ་པ་མ་གཏོགས་པ། །བདག་གི་དབང་ནི་གཞན་མ་མཆིས། །འདུན་དང་སྨོན་ལམ་རྒྱ་ཆེ་བདག་ལ་མཆིས། །བདག་གི་སྤྱོད་པ་ཤཱཀྱ་སེང་གེས་མཁྱེན། །བདག་ནི་ཚིག་ལ་གཙོར་འཛིན་མ་ལགས་ཀྱིས། །མི་དབང་སྒྲུབ་པ་བདག་ལ་མྱུར་དུ་གསུངས། །སངས་རྒྱས་ཐེག་པར་གཅེས་སྤྲས་བགྱིད། །ཡོངས་སུ་སྡུད་པའི་ཆོས་རྣམས་གང་། །ཆོས་རྣམས་ཀུན་གྱི་མཐར་ཕྱིན་པ། །དཔའ་བོ་ཆེན་པོས་ལུང་བསྟན་གསོལ། །ཞེས་གསུངས་པ་ལྟར། དེ་ལྟར་གང་ཞུ་བྱ་ཆོས་ཀྱི་ཁྱད་པར་དེ་འདྲ་བ་དེ་སངས་རྒྱས་ཀྱིས་ལེགས་པར་གསུང་ནའམ་བཀའ་བསྩལ་ན། འགྲོ་བ་ཐམས་ཅད་ཀྱི་མགོ༷ན་པོ༷་རྫོ༷གས་པའི་ས༷ངས་རྒྱ༷ས་བཅོམ་ལྡན་འདས་དུས་གསུམ་ན་བྱོན་པ་ཀུ༷ན་གྱི༷་སྐུ་གསུང་ཐུགས་མི་བཟད་པ་རྒྱན་གྱི་འཁོར་ལོའི་གས༷ང་བ་གསུམ་གྱི་ཆོས་སམ་རྒྱལ་བ་ཀུན་གྱི་གསང་སྔགས་འབྲས་བུའི་ཆོས་ཀྱི་མཛོད་ཆེན་པོ་འདི་འཛི༷ན་པ་པོར་ཐབས་ཅི༷་ནས༷་ཀྱང་བ༷དག་ཉིད་འགྱུ༷ར་བར་བྱ་བའི་ཕྱི༷ར་དུ་དང་། མི་སློབ་ཟུང་འཇུག་གི་ས་བྱང་ཆུབ་ཆེན་པོའི་གོ་འཕང་ལ་ངེ༷ས་པ༷ར་འབྱུང༷་བ་གང་གི༷་བར༷་དུ༷་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་འདི༷་ཉིད་བ༷དག་ཅག་གི༷ས་ཐེ་ཚོམ་མེད་པར་བས༷མ་པ༷་བརྟ༷ན་པོ༷ས་ཚིག་དོན་རྒྱ་ཆེ་བ་རྣམས་བཟུང༷་བ་དང་། གཟུང་ནས་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོ༷ན་མོང༷ས་པ་མ༷་ལུས༷་པ་གདམས་པ་ཟབ་མོ་འདིའི་སྒོ་ནས་བས༷ལ་བ༷་དང༷་། མི༷་ཤེས༷་པ་གཏི་མུག་པ་སྟེ་གཉིས་སུ་མེད་པའི་དོན་མི་ཤེས་ཤིང་མི་མཐོང་བའི་རྣམ་པར་རྟོག་པ་མ༷་ལུས༷་པ་སྤང༷་བར་བྱ་བ༷འི་ཕྱིར༷་དུ་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོ་བས༷མ་པ༷འི་ཁྱ༷ད་པ༷ར་ཇི༷་ལྟ་བ་བཞི༷ན་དུ༷་སེམས༷་ཅ༷ན་རྣམ༷ས་ལ༷་དམ་པའི་ཆོས་ཀྱི་སྙིང་པོ་རྒྱུད་འདི་ལེགས་པར་བཤ༷ད་པ༷ར་འཚལ༷་ལོ་ཞེས་གས༷ང་བ་འཛིན་པའི་དབ༷ང་པོ་ས་བཅུའི་བྱང་ཆུབ་སེམས་དཔའི་ཚུལ་ཅན་སྡུད་པ་པོ་ལ༷ག་ན༷་རྡོ༷་རྗེ༷་འཛིན་པ་དེ་ཡི༷ས་དེ༷་བཞི༷ན་གཤེ༷གས་པ་སངས་རྒྱས་ཤཱཀྱ་ཐུབ་པ། ཤཱཀྱ་སེངྒེ། ཤཱཀྱའི་དབང་པོ། ཤཱཀྱའི་འདྲེན་པ་ཆེན་པོ་དེ་ལ༷་དེ༷་སྐ༷ད་དུ༷་གསོ༷ལ་བ་བཏབ་ནས༷་ལག་གཉིས་ཀྱི་སོར་མོ་བཅུ་མཉམ་དུ་སྦྱར་བའི་ཐལ༷་མོ༷་ཐུགས་ཀར་སྦྱ༷ར་བར་བྱས༷་ཏེ༷། གདན་པདྨ་ལས་བཞེངས་པ་དང་མགོ་བོ་དུད་པ་ལ་སོགས་པ་ལུ༷ས་གུས་པའི་ཚུལ་གྱིས་བཏུ༷ད་པར་བྱས་ནས༷་ནི༷་བཅོམ་ལྡན་འདས་ཀྱི་སྤྱ༷ན་སྔ༷ར་འདུ༷ག་སྟེ་རྒྱུད་འདི་ཉན་པ་དང་གཟུང་བར་ཁས་བླངས་སོ་ཞེས་པ་ནི་གཟུང་བ་ཁས་བླངས་པའི་ཁྱད་པར་རོ།།

དེ་ཡང་ཤོ་ལོ་ཀ་སྔ་མ་གཉིས་ཀྱིས་སྒྲུབ་པར་ཁས་བླངས་པ་དང་། ཤོ་ལོ་ཀ་ཕྱི་མ་དེས་གུས་པས་ཉན་པར་བསྟན་པ་ཡིན་པར་པྲ་ཛྙཱ་གུ་རུས་གསུངས་ཀྱང་འདིར་ནི་སྨོས་ཟིན་ལྟར་ས་བཅད་གཅིག་ཏུ་བསྡུས་སོ།།

སྙིང་པོ་མངོན་པར་རྟོགས་པ་ལས། མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་པའི་བར་གྱིས་མི་གནས་པའི་མྱ་ངན་ལས་འདས་པའི་དོན་གྱི་གསོལ་བའོ། །ཞེས་གསུངས་པ་ལྟར། མི་གནས་པའི་མྱ་ངན་ལས་འདས་པའི་དོན་ཐོབ་པའི་ཆེད་དུ་རྒྱུད་འདི་བསྟན་པར་གསོལ་བ་བཏབ་པ་བསྟན་ཅིང་། དེ་ཉིད་ལས། གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་པ་ནས། ལུས་བཏུད་ནས་ནི་སྤྱན་སྔར་འདུག །ཅེས་པ་རྒྱུད་ཉན་པ་ལ་གུས་པའི་སྦྱོར་བ་བསྟན་ཏོ། །ཞེས་ཤོ་ལོ་ཀ་གཅིག་པོ་དེས་ནི་མྱང་འདས་དེ་ཐོབ་པའི་ཕྱིར་དུ་རྒྱུད་བསྟན་པ་གུས་པས་ཉན་པ་བསྟན་པར་གསུངས་ནས་གསོལ་བ་དང་གུས་ཉན་ས་བཅད་ཐ་དད་དུ་བྱས་འདུག་གོ།

དཔེ་ལ་ལར། གསོལ་བཏབ་ཐལ་མོ་སྦྱར་བྱས་ཏེ། །ཞེས་པའང་ཡོད་དོ། །འདིར་ཡང་ལག་ན་རྡོ་རྗེས་ཞུས་པར་བཤད་པས་ཟློས་པར་འགྱུར་རོ་ཞེ་ན། གོང་དུ་རྒྱུད་འདི་ཞུ་བ་པོ་ཕྱག་ན་རྡོ་རྗེ་ཡིན་པར་བསྟན་པ་དང་། འདིར་ནི་ཕྱག་ན་རྡོ་རྗེས་ཞུས་དོན་གཟུང་བར་ཁས་བླངས་པར་བསྟན་ཅིང་དེ་ཁས་ལེན་པ་པོ་ཡང་ཕྱག་ན་རྡོ་རྗེ་ཡིན་པར་བསྟན་པ་ཡིན་ཕྱིར་མི་ཟློས་སོ།།

གོང་གི་དགོས་ཆེད་གང་གི་ཕྱིར་དུ་ཞུས་པའི་ཁྱད་པར་གྱི་སྐབས། ཁྱབ་བདག་བདག་ལ་སྨན་པ་དང་། །ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་པའི་བར་གྱི་ཤོ་ལོ་ཀ་ཚིགས་སུ་བཅད་པ་དགུ་པོ་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས་པའི་ཚིག་མིན་པར་རྒྱུད་སྡུད་པ་པོ་ལག་ན་རྡོ་རྗེས་སྟོན་པའི་ཞབས་ལ་རྒྱུད་གནང་བར་གསོལ་བ་གདབ་པའི་ཚིག་ཡིན་ཏེ། ཌོམྦི་པས། དེ་ལ་འདིར་སློབ་པ་པོ་གང་ཟག་རྡོ་རྗེ་འཆང་ཞེས་པ་ནས། སེམས་ཅན་རྣམས་ལ་བཤད་པར་འཚལ། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་དགུ་ནི་ཞུ་བ་པོས་གསོལ་བ་གདབ་པའི་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ།།

སྨྲས་པ།

འཇམ་དཔལ་མཚན་ནི་ཡང་དག་བརྗོད་པ་ཡི།།

འབུམ་ཕྲག་རྒྱུད་སྡེའི་ཡང་ཞུན་བདུད་རྩིའི་བཅུད༎

དུས་ཀྱི་མཐའ་ན་ཉན་ཀློག་འཆད་འགྲེལ་བའི༎

བསོད་ནམས་རིན་ཆེན་བུམ་པ་འདི་ཀོ་མཛེས༎

མཛེ༷ས་མཛེ༷ས་སྐུ་ཡི་དཔལ་མཛེ༷ས་གཞོན་ནུའི་གཟུགས༎

ཟ༷བ་ཟ༷བ་བདེན་གཉིས་ཆོས་ཚུལ་ཟབ༷་རྒྱས་དོན༎

སྙན༷་སྙན༷་ཚིག་གིས་བསྟན་པའི་སྙན༷་མོའི་གླུ།།

གླུ༷་བླང༷ས་རྡོ་རྗེའི་རྒྱུད་དོན་གླུ༷་བླ༷ངས་པ།།

འཕགས་ཡུལ་གངས་ལྗོངས་པཎ་གྲུབ་ལོ་ཙཱ་བའི།།

ངོ་མཚར་དཔྱོད་པའི་བློ་གྲོས་སྨིན་ལེགས་མའི།།

ལེགས་བཤད་འགྲམ་ཆང་ཟེགས་མས་རབ་ཕྱེས་ཚེ།།

ཟབ་དོན་བ་ཀུ་ལ་ཡི་འདབ་རྒྱ་གྲོལ།།

དོན་གནད་དྲི་བཟང་ཕྱོགས་སུ་འཕྱོ་བ་དང་།།

སྒྲོས་གཙང་ཚིག་གི་མེ་ཏོག་མཛེས་བཞད་ལ།།

མོས་ལྡན་བུང་བའི་དགའ་སྟོན་འབུམ་འཇོ་བའི།།

དོན་བཟང་ནོར་བུ་རིན་ཆེན་ཟོང་གིས་མིན།།

ཟབ་མོའི་མིང་གི་རྔ་སྒྲ་སྙན་སྒྲོག་པའི།།

གསང་བའི་གདམས་པ་ཆར་ལྡན་འདབ་སྟོང་དབུས།།

སྙིང་པོའི་གེ་སར་ཕྱུར་ཕྱུར་སྤུངས་པ་ཡི།།

ངེས་དོན་རྒྱུད་ཀྱི་པད་དཀར་འདི་རེ་མཛེས།།

ཞེས་བྱ་བ་ནི་ལེའུ་དང་པོའི་སྐབས་གསལ་བར་བརྗོད་ཟིན་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། ༎#div2 ཞུས་ལན་གྱི་ལེའུ་བསྟན་པ།

གཉིས་པ་ཞུས་ལན་གྱི་ལེའུ་བསྟན་པ་ལ་ནི། པྲ་ཛྙཱ་གུ་རུས། ནང་གི་དབྱེ་བ་རྣམ་པ་བདུན། །ཞེས་གསུངས་པ་ལྟར། ལན་གང་གིས་གསུངས་པ་དང་། གང་ལྟར་གསུངས་པ་དང་། གང་ལ་གསུངས་པ་དང་། གང་ཕྱིར་གསུངས་པ་དང་། གང་གསུངས་པ་དང་། ཉན་པར་འདོམས་པ་དང་། གནང་ནས་གཏང་རག་འབུལ་བ་དང་བདུན་ཡོད་ལ། དེ་བདུན་པོ་ཚིགས་སུ་བཅད་པ་དྲུག་གིས་བསྟན་པ་ཡིན་ཏེ། མཚན་བརྗོད་འགྲེལ་པ་དྲི་མེད་འོད་ལས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནས། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་དྲུག་གིས་ལན་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ནི། པྲ་ཛྙཱ་གུ་རུས། གང་གིས་གསུང་ལ་ཚིག་རྐང་གཉིས། །ཞེས་གསུངས་པ་ལྟར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག །ཅེས་པའི་ཚིགས་སུ་བཅད་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། གོང་ནས་བཤད་པ་ལྟར་ལག་ན་རྡོ་རྗེ་འཁོར་དང་བཅས་པས་རྒྱུད་གསུང་བར་ཞུས་ཤིང་གཟུང་བར་ཁས་བླངས་པར་བགྱིས་པའི་རྗེས་དེ་ནས་ཞེས་མཚམས་སྦྱར་ནས། དེ༷་ནས༷་གང་གསུང་བྱའི་ཆོས་སམ་རྒྱུད་དེ་བསྟན་པ་ཡིན་ལ། དེ་སྟོན་པ་གང་གིས་བསྟན་པ་ཡིན་ཞེ་ན། རྒྱུད་སྟོན་པ་པོ་ནི་སངས་རྒྱས་བཅོ༷མ་ལྡ༷ན་འདས་རྒྱ་གར་སེར་སྐྱའི་གནས་སུ་རྒྱལ་རིགས་ཤཱ༷ཀྱ༷་བའི་རིགས་སུ་སྐུ་འཁྲུངས་པའི་སྒོ་གསུམ་མི་མཐུན་པའི་ཕྱོགས་ལས་རང་ཤུགས་ཀྱིས་བསྡམས་པའི་མི་དགེ་བ་ཐུབ་པའི་ཐུབ༷་པ་ཆེན་པོ་རང་དང་གཞན་གྱི་དོན་ཐམས་ཅད་རྫོགས༷་པ༷འི་ཡོན་ཏན་བརྙེས་ཤིང་སྒྲིབ་གཉིས་སང༷ས་ལ་མཁྱེན་པའི་ཡེ་ཤེས་ཆགས་ཐོགས་དང་བྲལ་བར་རྒྱས༷་ཤིང་། ཡབ་སྲས་མཇལ་བའི་མདོ་ལས། གང་ཤེས་ཁྱོད་ཀྱི་བསླབ་པ་ལ། །ལེགས་བསླབས་རྨོངས་པར་མི་འགྱུར་བའི། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །དེ་ནི་ཀུན་མཁྱེན་ཁྱོད་ཀྱིས་བསྟན། །ཤེས་རབ་ཆེན་པོ་ཁྱོད་ཀྱིས་ནི། །ཡེ་ཤེས་སྒྲོན་མ་རབ་བུས་ཏེ། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །སེམས་ཅན་རྣམས་ལ་ཆོས་བསྟན་པ། །ཞེས་གསུངས་པ་ལྟར། ཐེག་པ་ཆེ་ཆུང་གི་ཟབ་ཅིང་རྒྱ་ཆེ་བའི་ཆོས་སྒོ་མཐའ་ཡས་པ་སྟོན་པ་ལ་ཟླ་བོ་གཞན་འགྲན་མེད་པའི་སྟོན་པ་ཆེན་པོ་རྐང༷་གཉིས༷་མི་དང་ལྷའི་རིགས་ཀྱི་འགྲོ་བ་རྣམས་ཀྱི་མཆོ༷ག་ཏུ་གྱུར་པའམ། ཡང་ན་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པས་སྐུ་མཆོག་ཏུ་གྱུར་པ་དང་། ཚངས་དབྱངས་ཡན་ལག་དྲུག་ཅུས་བརྒྱན་པས་གསུང་མཆོག་ཏུ་གྱུར་པ་དང་། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ལྡན་པས་ཐུགས་མཆོག་ཏུ་གྱུར་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ལྟར་ཡོན་ཏན་ཟད་པ་མེད་པས་ཡོན་ཏན་མཆོག་ཏུ་གྱུར་པ་དང་། འགྲོ་བའི་དོན་ཐོགས་པ་མེད་པར་མཛད་པས་འཕྲིན་ལས་མཆོག་ཏུ་གྱུར་པ་སྟེ་མཆོག་ཏུ་གྱུར་པ་ལྔའི་བདག་ཉིད་ཅན་དེ་ནི་ཞུས་ལན་གང་གིས་གསུང་པའི་སྟོན་པ་ཁྱད་དུ་འཕགས་པ་ཟླ་དང་བྲལ་བ་དེ་ཡིན་ནོ། །ཞེས་པའོ།།

གཉིས་པ་གང་ལྟར་གསུངས་པ་ནི། པྲ་ཛྙཱ་གུ་རུས། གང་ལྟར་གསུངས་ལ་ཤློཀ་གཉིས། །ཞེས་གསུངས་པ་ལྟར། ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུངས་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་ནས། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ།

ཞུས་ལན་རྒྱུད་སྟོན་པ་པོ་དེ་ཤཱཀྱ་ཐུབ་པ་ཡིན་ན་དེས་ཚུལ་ཇི་ལྟ་བུའི་སྒོ་ནས་བསྟན་པ་ཡིན་ཞེ་ན། འདུལ་བ་ལུང་གཞི་ལས། ལྷ་གཞོན་ནུ་ནི་ལྗགས་ཤིན་དུ་རིང་ཞིང་སྲབ་པ་ལགས་ཏེ། ལྗགས་ཤིན་དུ་རིང་བ་ཉིད་དང་སྲབ་པ་ཉིད་ཀྱི་ཕྱིར་ལྗགས་ཞལ་ནས་ཕྱུང་བས་སྐྲ་མཚམས་ནས་བཟུང་སྟེ། ཞལ་གྱི་དཀྱིལ་འཁོར་ཐམས་ཅད་ཀྱི་བར་དུ་ཡོག་པར་མཛད་པ་སྟེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ཞེས་གསུངས་པ་ལྟར། སྟོན་པ་ཤཱཀྱ་ཐུབ་པ་ཉིད༷་ཀྱི༷་ཞལ༷་ནས༷་རྫུན་སོགས་མི་དགེ་བའི་ཆོས་མི་སྨྲ་བའི་འབྲས་བུ་མཚན་བཟང་གི་ཁྱད་པར་དང་ལྡན་པའི་ལྗགས༷་བཟ༷ང་བ༷། དཔྲལ་བའི་སྐྲ་མཚམས་སུ་སླེབས་པའི་རིང༷་ཞིང༷་ཞལ་གྱི་དཀྱིལ་འཁོར་ཁེབས་པས་སྲབ་ལ་ཡང༷ས་པ༷་དེ་ཉིད་ལེགས་པར་བརྐྱང༷ས་པར་མཛ༷ད་དེ༷་དེ་འདྲའི་ལྗགས་ལས་འོད་ཟེར་འཕྲོས་ཏེ། འོག་མིན་གྱི་གནས་དང་རི་བོ་བྱ་རྐང་ཅན་གྱི་གཙོས་ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་མམ་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་པའི་ཁམས་ཀྱི་འཇི༷ག་རྟེ༷ན་གྱི་ཁམས་གསུམ༷་པོ༷་སྣང༷་བར་བྱེ༷ད་པའི་རྫུ་འཕྲུལ་བསྟན་པར་མཛད་ཅི༷ང་། འོད་ཟེར་གྱིས་ཉོན་མོངས་ཕུང་པོ་ལྷའི་བུ་འཆི་བདག་གི་བ༷དུད་བཞི༷་པོའི༷་དགྲ༷་རྣམ༷ས་དང་ཁྱད་པར་དུ་རྒྱུད་སྟོན་པ་ལ་བར་ཆད་བྱེད་པའི་ལྷའི་བུའི་བདུད་དགའ་རབ་དབང་ཕྱུག་ལ་སོགས་པ་འདུལ༷་བར་བྱེ༷ད་པའི་རྫུ་འཕྲུལ་ཡང་བསྟན་པ༷་དང་། ཡང་འོད་ཟེར་དེ་རིགས་དྲུག་གི་སེམས་ཅན་སྤྱི་ལ་ཕོག་ཅིང་སེམ༷ས་ཅ༷ན་རྣམ༷ས་ཀྱི༷་གནས་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ང༷ན་སོང༷་གི་གནས་གསུ༷མ་པོ་ཡང་སྦྱོང༷་བར༷་བྱེ༷ད་པ༷འི་རྫུ་འཕྲུལ་དང་བཅས་ཞལ་འཛུམ༷་པ་ཆེན་པོ་བ༷སྟན་ནས༷། དེ་ཉིད་ལས། ལྷ་གཞོན་ནུའི་གསུང་ནི་ཚངས་པའི་དབྱངས་དང༌། ཀ་ལ་པིང་ཀའི་སྐད་ལྟར་ཡིད་དུ་འོང་བ་དང༌། རྔའི་དབྱངས་ཅན་ལགས་ཏེ། ལྷ་འདི་ནི་གཞོན་ནུའི་སྐྱེས་བུ་ཆེན་པོའི་མཚན་ལགས་སོ། །ཞེས་གསུངས་པ་ལྟར། དབྱངས་སྙན་པ་དང་། ཆེ་བ་དང་། ཕྲ་བ་དང་། གསལ་བ་དང་། ཁུགས་འབྱིན་པ་དང་། རྒྱུན་རིང་བ་དང་། ལྟེང་ཆགས་པ་དང་། མེར་ཆགས་པ་དང་། ཟག་པ་མེད་པའི་བདེ་བ་རྒྱུད་ལ་སྐྱེ་བ་དང་། ཤིན་ཏུ་ཐག་རིང་ཡང་དྲུང་ན་འདུག་པ་ལྟར་ཐོས་པ་སོགས་ཡོན་ཏན་ཚད་མེད་པ་དང་ལྡན་པའི་ཚང༷ས་པ༷འི་གསུང༷་ནི༷་དབྱངས་སྙ༷ན་པ༷་དེ་ཡི༷ས་འཇི༷ག་རྟེ༷ན་གྱི་ཁམས་གསུམ༷་པོ༷་ཀུ༷ན་ཏུ་བཀང༷་ནས༷་ཆོས་བསྟན་པ་ཡིན་པས་ན་རྒྱུད་འདི་ཚུལ་དེ་ལྟར་གསུངས་པ་ཡིན་ནོ་ཞེས་པའོ།།

ལན་གང་གིས་གསུངས་པ་ནས་གང་ལྟར་གསུངས་པའི་ཤོ་ལོ་ཀ་ཕྱི་མའི་རྐང་པ་གཉིས་པ་བར་གྱིས་རྒྱུད་སྟོན་པ་པོ་རྒྱལ་བ་ཤཱཀྱ་ཐུབ་པས་རང་གི་ལྗགས་བྱིན་གྱིས་བརླབས་ཤིང་བདུད་རྣམས་བསྐྲགས་པར་བྱས་ཏེ་མཐར་བསྐྲད་པ་བསྟན་པར་འདོད་པའང་ཡོད་དེ། སྙིང་པོ་མངོན་པར་རྟོགས་པ་ལས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཞེས་པའི་བར་གྱིས་ལྗགས་བྱིན་གྱིས་བརླབས་པ་བདུད་མཐར་བྱེད་པའི་སྦྱོར་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

འདི་ཡི་ཤོ་ལོ་ཀ་ཕྱི་མའི་རྐང་པ་གསུམ་པ་ནས། འོག་གི་ཉན་པར་འདོམས་པའི། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་བར་གྱིས་སངས་རྒྱས་ཀྱི་ཚངས་པའི་གསུང་གིས་འཁོར་ལ་ཆེད་དུ་བརྗོད་པའམ་བསྟོད་པ་བསྟན་པར་བཞེད་པ་ཡོད་དེ། སྙིང་པོ་མངོན་པར་རྟོགས་པ་ལས། ཚངས་པའི་གསུང་ནི་སྙན་པ་ཡིས། །ཞེས་པ་ནས། ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་བར་གྱིས་ཚངས་པའི་གསུང་གི་འཁོར་ལ་ཆེད་དུ་བརྗོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་གང་ལ་གསུངས་པ་ནི། པྲ་ཛྙཱ་གུ་རུས། གང་ལ་གསུངས་ལ་ཤློཀ་ཕྱེད། །ཅེས་གསུངས་པ་ལྟར། ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །ཞེས་པའི་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏེ། རྒྱུད་གང་ལ་གསུངས་པའི་ཡུལ་ནི་གོང་དུ་ཞུ་པ་པོ་ཕྱག་རྡོར་གྱིས་ཞུས་པ་ལྟར་གསུངས་ཡུལ་ཡང་ལ༷ག་ན༷་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་མཚོན་བྱེད་རྡོ༷་རྗེ༷་རྩེ་ལྔ་བ་འཛིན་པ་རྒྱལ་བ་ཀུན་གྱི་མཐུ་དང་ནུས་པའི་དབང་ཕྱུག་གི་སྟོབ༷ས་པོ༷་ཆེ༷་བ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གས༷ང་བ་ལ་དབ༷ང་བསྒྱུར་པའམ། རྒྱལ་བ་ཀུན་གྱིས་སྐུ་གསུང་ཐུགས་ཀྱི་གསང་བ་ལ་དབང་བསྐུར་བའམ། ཡང་ན་གསང་སྔགས་ཀྱི་རྒྱུད་མཐའ་དག་གི་སྡུད་པ་པོར་གྱུར་པས་གསང་སྔགས་ཀྱི་ཐེག་པ་ལ་མངའ་དབང་མཛད་པ་པོ་དེ་ལ༷་ནི༷་སྔར་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཁྲི་དྲུག་སྟོང་པ་གསུངས་པའི་དུས་སུ་ཡང་གསུངས་མོད་དེང་འདིར་སླ༷ར་ཡང་གསུང༷ས་པ༷་ཡིན་ཞེས་པའོ།།

སླར་གསུངས་པ་ཞེས་པས་བྱིན་གྱིས་བརླབས་པའི་བཀའ་མ་ཡིན་པར་སངས་རྒྱས་ཉིད་ཀྱིས་དངོས་སུ་ཞལ་ནས་གསུངས་པའི་བཀའ་ཡིན་པར་བསྟན་པར་པཎ་ཆེན་བི་མ་ལ་མི་ཏྲ་ལ་སོགས་པས་གསུངས་སོ།།

གོང་དུ་གང་གིས་ཞུས་པ་དང་། གང་ལ་ཞུས་པའི་ཡུལ་བསྟན་ཟིན་ན་སླར་ཡང་གང་གིས་གསུངས་པ་དང་། གང་ལ་གསུངས་པའི་ཡུལ་བསྟན་མི་དགོས་ལ་ཟློས་པར་འགྱུར་བ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། གོང་དུ་ནི་ཞུ་བ་པོ་དང་། ཞུས་ཡུལ་དང་། འདིར་ནི་གསུང་བ་པོ་དང་། གསུང་ཡུལ་བསྟན་པའི་ཁྱད་པར་ཡོད་པ་གང་ཞིག། སྤྱིར་ཞུ་བ་པོ་གང་ཞིག་གིས་ཞུས་ཀྱང་གསུངས་ཡུལ་དེ་དེ་མ་ཡིན་པར་གཞན་ལ་གསུངས་པ་དང་། ཞུ་ཡུལ་དེ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཀྱང་གསུང་བ་པོ་དེ་དེ་མིན་པར་སྤྱན་རས་གཟིགས་ལྟ་བུ་གཞན་ལ་ལན་འདེབས་སུ་བཅུག་པ་ཡོད་སྲིད་ལ། འདིར་དེ་ལྟར་མིན་པར་སྨོས་མ་ཐག་པ་ལྟར་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཇི་ལྟར་ཞུས་པ་ལྟར་ཞུ་བ་པོ་ཉིད་ཕྱག་ན་རྡོ་རྗེ་དངོས་ལ་སངས་རྒྱས་དངོས་ཀྱིས་གསུངས་པ་ཡིན་པའི་ཆེ་བ་སྟོན་པའི་ཕྱིར་འདི་ལྟར་བསྟན་པས་ཟློས་པའི་སྐྱོན་ཡོད་པ་མ་ཡིན་པའི་ཕྱིར་རོ།།

ལེའུ་དང་པོའི་ཞུས་དོན་གཟུང་བ་ཁས་བླངས་པའི་ཁྱད་པར་གྱི་སྐབས་ཀྱི། གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་པ་ནས། ལེའུ་གཉིས་པ་འདིའི་གང་ལ་གསུངས་པའི་སྐབས་འདིའི། གསང་དབང་ལ་ནི་སླར་གསུངས་པ། །ཞེས་པའི་བར་གྱི་ཤོ་ལོ་ཀ་བཞི་པོ་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས་པའི་ཚིག་མིན་པར་རྒྱུད་སྡུད་པ་པོ་ཕྱག་ན་རྡོ་རྗེས་མཚམས་སྦྱོར་གྱི་གསུང་ཡིན་པར་བཤད་དེ། ཌོམྦི་པས། གསང་དབང་ལག་ན་རྡོ་རྗེ་ཡིས། །ཞེས་པ་ནས། གསང་དབང་ལ་ནི་སླར་གསུངས་པ། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་བཞི་ནི་སྡུད་པ་པོས་མཚམས་སྦྱར་བའི་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་གང་ཕྱིར་གསུངས་པ་ནི། པྲ་ཛྙཱ་གུ་རུས། གང་ཕྱིར་གསུངས་ལ་ཚིག་རྐང་གཉིས། །ཞེས་པ་ལྟར། སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད། །ཅེས་པའི་ཤོ་ལོ་ཀ་ཕྱེད་དེས་བསྟན་ཏེ། དོན་གང་གི་ཕྱིར་སྟོན་པས་རྒྱུད་བསྟན་པ་ཡིན་ཞེ་ན། ལག་ན་རྡོ་རྗེ་དེ་ཉིད་ཐུགས་བརྩེ་བ་སྙིང༷་རྗེ༷་ཆེ༷་བ་ཡི་བློ་དང༷་ལྡ༷ན་པའི་དབང་དུ་གྱུ༷ར་པ༷ས་ཀུན་ནས་བསླངས་ཏེ་འགྲོ༷་བ་རྣམས་ལ༷་ཕ༷ན་པ༷འི་དོ༷ན་དུའམ་ཆེད་དུ་ཤཱཀྱ་ཐུབ་པ་ང་ལ་ཁྱོད་ཀྱིས་ཞུས་ན་བདག་གིས་ཀྱང་དགོས་པ་དེ་ལྟ་བུ་ལ་དམིགས་ནས་ཁྱོ༷ད་ལ་བཤད་པར་བྱའོ་ཞེས་པ་ནི་དགོས་ཆེད་འགྲོ་བ་རྣམས་ལ་ཕན་པའི་དོན་གང་གི་ཕྱིར་དུ་ཞུས་ཤིང་དོན་དེའི་ཕྱིར་དུ་གསུངས་པའི་དོན་ནོ།།

ལྔ་བ་གང་གསུངས་པ་ནི། པྲ་ཛྙཱ་གུ་རུས། གང་གསུངས་པ་ལ་རྐང་པ་གསུམ། །ཞེས་གསུངས་པ་ལྟར། ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པ་ནི་དོན་ཆེ་བ། །དག་པར་བྱེད་ཅིང་སྡིག་སེལ་བ། །ཞེས་པའི་ཚིག་རྐང་གསུམ་གྱིས་བསྟན་ཏེ། སྟོན་པ་ཤཱཀྱ་ཐུབ་པས་ཞུ་བ་པོ་ཕྱག་རྡོར་ལ་ཆོས་གང་ཞིག་གསུངས་པ་ཡིན་ཞེ་ན། བདེ་སྟོང་གཉིས་སུ་མེད་པ་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་དང་རྣམ་དབྱེར་མེད་པའི་ཡེ༷་ཤེས༷་དྲུག་རོ་གཅིག་པའི་བདག་ཉིད་ཅན་ནམ་ལུས༷་ཅ༷ན་འཕགས་པ་འཇ༷མ་དཔ༷ལ་དབྱངས་ཀྱི༷་མི༷ང་ངམ་མཚན་དེ་ཉིད་བརྗོ༷ད་པ༷འམ་གསུངས་པ་ལགས་ཤིང་། དེ་བརྗོད་ན་ནི༷་དོ༷ན་ཆེ༷་བ༷་ཡིན་ཏེ། བཀླགས་པ་ཙམ་གྱིས་ཕན་ཡོན་རྒྱ་ཆེ་བ་ཡོད་པ་མ་ཟད། རྒྱུད་དོན་བསྟན་ནས་ཉམས་སུ་ལེན་པ་པོ་རང་ཉིད་ཀྱི་རྒྱུད་ཀྱི་སྒྲིབ་གཉིས་བག་ཆགས་དང་བཅས་པ་ད༷ག་པ༷ར་བྱེ༷ད་ཅི༷ང་འཕྲལ་གྱི་སྡི༷ག་པ་མི་དགེ་བའི་ཚོགས་དང་སྡུག་བསྔལ་མཐའ་དག་སེ༷ལ་བ༷་ཡིན་པའི་ཕྱིར་རོ་ཞེས་པའོ།།

དྲུག་པ་ཉན་པར་འདོམས་པ་ནི། པྲ་ཛྙཱ་གུ་རུས། རྣ་གཏོད་ཉོན་ཅིག་འདོམས་པ་ལ། །ཚིགས་བཅད་ཕྱེད་དང་གཉིས་སུ་བཞེད། །ཅེས་གསུངས་པ་ལྟར། ང་ལས་ཉན་པར་བརྩོན་པ་ནི། །ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ། །ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་ཚིགས་བཅད་གཅིག་དང་ཕྱེད་ཀྱིས་བསྟན་ཏེ། ཕྱག་ན་རྡོ་རྗེ་འཁོར་དང་བཅས་པ་ཁྱོད་ཅག་གིས་ཤཱཀྱ་ཐུབ་པ་ང༷་རང་ལ༷ས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཆོས་ཀུན་སྤྲོས་བྲལ་སྒྱུ་མ་ལྟ་བུར་གཟིགས་པ་དེས་མཆོག་ཐུན་གྱི་དངོས་གྲུབ་སྣ་ཚོགས་པ་བསྐྱེད་པའི་འཕྲུལ་འཁོར་ཕྱག་རྒྱ་བཞི་ལ་སོགས་པའི་དྲྭ་བས་སྦྲེལ་བའི་འབྲས་ཆོས་ཐམས་ཅད་སྩོལ་བའི་དོན་སྟོན་པའི་གླུ་བླངས་ཀྱི་རྒྱུད་འདི་ཉ༷ན་པ༷ར་བྱ་བ་ལ་བརྩོ༷ན་པ༷་རྒྱ་ཆེན་པོ་བསྐྱེད་པ་ནི༷་ཤིན་ཏུ་ལེ༷གས་སོ༷་ལེགས་སོ། །གསང་སྔགས་ཀྱི་མཛོད་འཛིན་ནུས་པ་ལ་སོགས་པའི་དཔ༷ལ་དང་ལྡ༷ན་པ་ལག་ན་རྡོ༷་རྗེ༷་འཆ༷ང་བ་ཞེས་བོས་ཤིང་། ལ༷ག་ན༷་རྡོ༷་རྗེ༷་ཁྱོ༷ད་ཀྱིས་ཞུས་ཤིང་མཉན་པར་འདོད་པ་ནི་ཤིན་ཏུ་ལེ༷གས་སོ༷།།

ཀྱེ་གས༷ང་བ༷འི་བ༷དག་པོ༷་རྒྱུད་ཞུས་པ་དང་མཉན་པར་བརྩོན་པ་ལེགས་པ་དེ༷་ཡི་ཕྱི༷ར་ན་ངས༷་ཁྱོ༷ད་ལ༷་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ཞེས་གྲགས་པ་དོན་ནམ་བརྗོད་བྱ་བདེ་ཆེན་མི་འགྱུར་བའི་ཡེ་ཤེས་ཀྱི་བདག་ཉིད་ཅན་བསྒྲུབ་པའི་ཐབས་འདི་ལེགས༷་པ༷ར་བསྟ༷ན་པར༷་བྱ༷་ལ། ཁྱོ༷ད་ནི༷་སེམས་རྩེ༷་གཅི༷ག་པའི་ཡི༷ད་ཀྱི༷ས་གཞན་དུ་མ་གཡེང་བར་ཉོ༷ན་ཅིག་ཅེས་པ་ནི་རྒྱུད་ཉན་པར་འདོམས་པ་ཡིན་ནོ།།

འདི་ཉན་པར་འདོམས་པ་ཡིན་པ་མི་འཐད་དེ། ལག་ན་རྡོ་རྗེ་རྣམ་གཡེང་མེད་པའི་ཡིད་ཅན་ཡིན་པའི་ཕྱིར་དང་། རྒྱུད་གསུང་བར་བསྐུལ་ཏེ་ཉན་འདོད་སྐོམ་པ་ཆུ་ལ་གདུང་བ་ལྟ་བུ་ཡོད་པའི་དབང་གིས་རྒྱུད་འདི་ཞུ་བ་པོ་ལགས་ཕྱིར་དེ་ལ་མ་གཡེང་བར་ཉོན་ཅིག་ཅེས་སྐུལ་མི་དགོས་པའི་ཕྱིར་ཟེར་ན། དེ་ནི་མ་ཡིན་ཏེ། ཞུ་བ་པོ་ལག་ན་རྡོ་རྗེ་ལགས་ཕྱིར་དངོས་སུ་དེ་ལ་མ་གཡེང་བར་ཉོན་ཅིག་ཅེས་བསྐུལ་བ་ལྟ་བུར་སྣང་མོད། དོན་ལ་ཕྱག་རྡོར་ལ་བསྐུལ་ནས་ཤུགས་ཀྱིས་ཕྱི་རབས་ཀྱི་རྣལ་འབྱོར་བ་ལ་སོགས་པ་གདུལ་བྱ་གཞན་ལ་རྒྱུད་འདི་ཉན་པ་ལ་སྣོད་ཀྱིས་མ་ཟིན་པ་དང་། བརྗེད་པ་དང་། གཞན་དང་འདྲེས་པའི་སྐྱོན་གསུམ་སྤོང་བར་གདམས་པ་ཡིན་པའི་ཕྱིར་རོ།།

འདི་ཡི། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །མན་ནས་ཤོ་ལོ་ཀ་གཅིག་པོས་ཉན་པ་པོ་ཐོས་པ་ལ་སྦྱར་བ་སྟེ་ཉན་པར་འདོམས་པ་ཡིན་པར་བཤད་པ་ཡོད་དེ། སྙིང་པོ་མངོན་པར་རྟོགས་པ་ལས། ལག་ན་རྡོ་རྗེ་ཁྱོད་ལེགས་སོ། །ཞེས་པ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་བར་གྱིས་ཉན་པ་པོ་ཐོས་པ་དང་སྦྱར་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གོང་གི་གང་ཕྱིར་གསུངས་པའི་ས་བཅད་ཀྱི། སྙིང་རྗེ་ཆེ་དང་ལྡན་གྱུར་པས། །ཞེས་པ་ནས། འདིའི་སྐབས་ཀྱི། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་བར་གྱི་ཚིགས་སུ་བཅད་པ་གསུམ་དུ་ཚིག་རྐང་གཅིག་གིས་མ་ཚང་བ་དེ་ནི་རྒྱུད་སྟོན་པ་པོ་ཤཱཀྱའི་རྒྱལ་པོ་ཉིད་ཀྱི་ཞལ་གསུང་དངོས་ཡིན་པ་མཐོང་བ་ཙམ་གྱིས་ཤེས་ལ། དེ་ལྟར་ཡིན་པར་ཡང་གསུངས་ཏེ། ཌོམྦི་པས། སྙིང་རྗེ་ཆེ་དང་ལྡན་པ་ཞེས་པ་ནས། ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །ཞེས་པའི་བར་དུ་ཚིགས་སུ་བཅད་པ་གསུམ་དུ་ཚིག་རྐང་གཅིག་གིས་མ་ཚང་བ་ནི་སྟོན་པ་པོ་ཡིས་སྐབས་གནང་བ་བྱིན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

བདུན་པ་གནང་ནས་གཏང་རག་འབུལ་བ་ནི། པྲ་ཛྙཱ་གུ་རུས། གནང་ནས་གཏང་རག་འབུལ་རྐང་གཅིག །ཅེས་གསུངས་པ་ལྟར། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པའི་རྐང་བ་གཅིག་གིས་བསྟན་ཏེ། དེ་ཡང་སངས་རྒྱས་ཀྱིས་དེ་ལྟར་གསུངས་པར་དམ་བཅས་པ་ན། ལག་ན་རྡོ་རྗེས་བཅོ༷མ་ལྡ༷ན་འདས་ཀྱིས་རྒྱུད་བསྟན་པ་ཞལ་གྱིས་བཞེས་པ་དང་གང་གདམས་པ་དེ༷་ནི༷་ཤིན་ཏུ་ལེ༷གས་པ་ཡིན་ཞེས༷་གསོ༷ལ་ནས། ལག་ན་རྡོ་རྗེ་ལ་སོགས་པའི་ཞུ་བ་པོ་རྣམས་རབ་ཏུ་དགྱེས་པའི་ཚུལ་གྱིས་སངས་རྒྱས་ལ་ལེགས་སོའི་གཏང་རག་ཕུལ་ནས་ཉན་པ་ལ་བརྩོན་པར་བྱས་སོ་ཞེས་བྱ་བའི་དོན་ཡིན་ནོ།།

སྙིང་པོ་མངོན་པར་རྟོགས་པ་ལས། རྐང་པ་ཡ་གཅིག་གིས་མཚམས་སྦྱར་བར་བསྟན་ཏོ། །འདི་དག་ནི་སྦྱོར་བ་ཕུན་སུམ་ཚོགས་པའོ། །ཞེས་གཏང་རག་འབུལ་བའི་རྐང་པ་གཅིག་པོ་དེ་སྦྱོར་བ་དང་འོག་གི་གཞུང་དང་མཚམས་སྦྱོར་བའི་ཚིག་ཡིན་ཞིང་། གོང་གི་འཁོར་མ་གཏོགས་པ་ནས་འདི་ཡན་གྱིས་སྦྱོར་བ་ཕུན་སུམ་ཚོགས་པ་བསྟན་པར་གསུངས་སོ།།

སྨྲས་པ།

ཡོན་ཏན་ཕ་མཐའ་རྣམ་བྲལ་རལ་བའི་ཁྱོན།།

རྒྱལ་གསང་གཱངྒ་རྣམ་བསྐྱིལ་རྣམ་རྟོག་ཆོས།

ལྷ་མིན་གྲོང་ཁྱེར་བསྲེགས་པའི་མིག་གསུམ་པ།།

བཅོམ་ལྡན་ཟླ་བའི་གཙུག་ཅན་རྡོ་རྗེ་འཛིན།།

ས་གསུམ་འགྲོ་ལ་རྗེས་བརྩེའི་འོད་ཞགས་ཀྱིས།།

མ་བཏང་གསན་པའི་རྨད་བྱུང་གསང་བའི་ཆོས།།

ཟུག་རྔུ་ཀུན་འཇ༵མ་ཤེས་རབ་དཔ༵ལ་ལྡན་པའི།།

མཚ༵ན་བརྗོ༵ད་ཉིན་བྱེད་ལུས་ཅན་པདྨོར་མཛའ།།

ཞུ་ཡུལ་རིན་ཆེན་འབྱུང་གནས་བཻཌཱུར་མ།།

ཞུ་མཛད་རྡོ་རྗེ་རབ་བརྗིད་གདེང་ཅན་བདག།

ཞུ་དོན་ནོར་བུའི་སྤྲིན་བཅུད་འཇོ་བའི་དཔྱིད།།

ཞུ་འབྲས་ནགས་ཀླུང་རྒྱས་སོ་གདུལ་བྱའི་རིར།།

རྒྱལ་གསུང་འཛད་མེད་ཀུན་གསལ་བུ་མོའི་ཞལ།།

ཟབ་རྒྱས་སྤྱན་ཟུང་ཉི་ཟླའི་ཟེར་འབར་ཆོས།།

འཛུམ་པའི་ཤཱཀྱ་སེང་གེའི་བཞད་སྒྲ་མཆོག།

གསང་བདག་སྙན་དུ་ཕབ་ཀྱང་ཀུན་ཀྱི་དཔྱིད།།

ཅེས་བྱ་བ་ནི་ལེའུ་གཉིས་པ་ཞུས་ལན་གྱི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

རིགས་ལ་གཟིགས་པ་བསྟན་པ།

གསུམ་པ་རིགས་ལ་གཟིགས་པའི་ལེའུ་བསྟན་པ་ལ་ནི། རིགས་ལ་གཟིགས་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། མཚན་བརྗོད་འགྲེལ་པ་དྲི་མེད་འོད་ལས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་བྱ་བ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་གཉིས་ཀྱིས་རིགས་དྲུག་ལ་གཟིགས་པ་བསྟན། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པ་ནས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པའི་བར་གྱིས་རིགས་ལ་གཟིགས་པ་བསྟན་ཏོ། །ཞེས་གསུངས་པ་ལྟར་རིགས་ལ་གཟིགས་པ་འདི་ཚིགས་བཅད་གཉིས་ཀྱིས་བསྟན་པ་ཡིན་ནོ།།

དེ་ལས་དང་པོ་མདོར་བསྟན་པ་ནི། པྲ་ཛྙཱ་གུ་རུས། འདིས་གཟིགས་དང་པོ་ཚིགས་རྐང་གཉིས། །དེ་འོག་ཚིག་གཅིག་སྤྱི་ལ་གཟིགས། །ཞེས་གསུངས་པ་ལྟར། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པའི་ཚིགས་རྐང་གཉིས་པོས་བསྟན་ཏེ། ལག་ན་རྡོ་རྗེ་ལ་སོགས་པས་རྒྱུད་ཉན་པར་ངེས་པ་དེ༷་མ་ཐག་ནས༷་སངས་རྒྱས་བཅོ༷མ་ལྡན༷་འདས་ཤཱཀྱ༷་ཐུ༷བ་པས་རྒྱུད་གསུངས་པའི་དབུ་བརྩམས་པར་བྱས་ཏེ་རིགས་ལ་གཟིགས་སོ་ཞེས་མཚམས་སྦྱར་ནས་གང་གིས་གཟིགས་པའི་རིགས་གཟིགས་པ་པོ་ཤཱཀྱ་ཐུབ་པ་ཞེས་རྐང་པ་དང་པོས་བསྟན་ཏོ།།

དེ་ནས་རྐང་བ་གཅིག་པུས་རིགས་བསྡུས་པའམ་སྤྱི་ལ་གཟིགས་པར་བསྟན་པ་ནི། གསང་སྔགས་ནི་མནྡྲ་ཞེས་པ་སྐྱོབ་པ་ལ་འཇུག་ཅིང་ཉམས་སུ་ལེན་པ་པོའི་ཡིད་ཐ་མལ་ཞེན་རྟོག་ལས་སྐྱོབ་བྱེད་ཡིན་པས་ན་དེ་སྐད་དུ་བརྗོད་དོ།།

དེ་ཕྱིར་གསང༷་སྔ༷གས་ཞེས་པ་བདེ་སྟོང་གཉིས་སུ་མེད་པར་རྟོགས་པའི་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་གྱི་ཡོན་ཏན་དང་དེ་བསྐྱེད་བྱེད་ཀྱི་ཐབས་དང་། འགྲོ་བ་འདུལ་བའི་དུམ་བུ་ལྷའི་འཁོར་ལོ་སྟེ། སྙིང་པོ་དང་། ཕྱག་རྒྱ་དང་། རིགས་སྔགས་རྣམས་ལ་བྱ་ཞིང་། དེ་འདྲའི་རིགས་ཀྱི་ལྷའི་དཀྱིལ་འཁོར་གྱི་རིགས་ལས་བྱུང་བའི་དེ་བཞིན་གཤེགས་པའི་རི༷གས་ཆེ༷ན་པོ་རྣམ་པར་སྣང་མཛད་དང་། རྡོ་རྗེའི་རིགས་རྡོ་རྗེ་མི་བསྐྱོད་པ་དང་། རིན་ཆེན་རིགས་རིན་ཆེན་འབྱུང་ལྡན་དང་། ཆུ་སྐྱེས་རིགས་སམ་པདྨའི་རིགས་སྣང་བ་མཐའ་ཡས་དང་། ལས་ཀྱི་རིགས་དོན་ཡོད་གྲུབ་པ་དང་། རིགས་དྲུག་པ་རྡོ་རྗེ་སེམས་དཔའམ་ངོ་བོ་གཅིག་པ་རྡོ་རྗེ་འཆང་ཆེན་བཅས་རིགས་ཐ༷མས་ཅ༷ད་ཀྱིས་བསྡུས་པའི་དཀྱིལ་འཁོར་ནི་འཕགས་པ་འཇམ་དཔལ་དབྱངས་ཀྱི་རང་བཞིན་ཡིན་པས་དེར་གཟིགས་ནས་བསྟན་པར་དགོངས་པ་ནི་རིགས་ལ་གཟིགས་པ་དང༷་ཞེས་རིགས་སྤྱི་ལ་གཟིགས་པ་བསྟན་ཏེ། རཏྣ་ཨ་ཀཱ་ར་གུཔྟའི་མཚན་བརྗོད་འགྲེལ་བ་ལས། འོག་མིན་དུ་སངས་རྒྱས་པ་སྟེ་རིགས་ཐམས་ཅད་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་དུ་བསྟན་པའི་ཕྱིར། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་བྱ་བ་ནས་བརྩམས་ཏེ། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བའི་བར་གྱིས་རིགས་ཀྱི་བྱེ་བྲག་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་སློབ་དཔོན་ཟླ་བའི་དབང་པོ་གྲགས་པའི་མཚན་བརྗོད་འགྲེལ་བ་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་བྱ་བ་ནི་རིགས་དྲུག་གི་བདག་ཉིད་ཅན་ཞེས་བྱ་བའི་དོན་ཏོ། །ཞེས་དང་། བི་མ་ལ་མི་ཏྲའི་མཚན་བརྗོད་འགྲེལ་བ་མཚན་དོན་གསལ་བྱེད་སྒྲོན་མེ་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་འདིས་ནི་རིགས་བསྡུས་པ་ལ་གཟིགས་པ་བསྟན་ཏེ། ཞེས་སོགས་གསུངས་པའི་ཕྱིར་རྐང་པ་གཅིག་པོ་འདིས་རིགས་དྲུག་པོ་གཅིག་ཏུ་བསྡུས་པའི་རིགས་བསྡུས་པ་སྟེ་རིགས་སྤྱི་ལ་གཟིགས་པ་དང་། དང༷་སྒྲ་ནི་དེ་ལྟར་རིགས་སྤྱི་ལ་གཟིགས་པ་དང་། དེ་ནས་བྱེ་བྲག་རྒྱས་པ་སོ་སོ་ལའང་གཟིགས་པར་མཛད་དོ་ཞེས་པའི་བར་གྱི་ཕྲད་དོ།།

ཡང་རིགས་ལ་གཟིགས་ཞེས་པ་འདི་ལྟར་རིགས་ནི་གང་མཉམ་པར་གཞག་བྱའི་ཡུལ་ལམ་བསྒོམ་བྱ་ལྷ་རྣམ་སྣང་དང་། རྡོར་སེམས་དང་། རིན་འབྱུང་དང་། སྣང་མཐའ་དང་། དོན་གྲུབ་ལ་སོགས་པའི་དཀྱིལ་འཁོར་ལྟ་བུ་དང་། གཟིགས་པ་ནི། དེ་ལ་མཉམ་པར་བཞག་པའི་དོན་ཏེ། གཟིགས་བྱེད་ཀྱི་ཡེ་ཤེས་ཀྱིས་ཡུལ་ཏིང་ངེ་འཛིན་གང་ཡང་རུང་བ་ལ་སྙོམས་པ་འཇུག་པ་ནི་གཟིགས་པའི་དོན་ཡིན་ཏེ། བི་མ་ལའི་འགྲེལ་བ་ལས། དེ་ཡང་མིང་གི་རྣམ་གྲངས་ནི་གཟིགས་ཞེས་བྱ། ཏིང་ངེ་འཛིན་ལ་སྙོམས་པར་འཇུག་ཅེས་བྱ། དེ་ཡང་ཚུལ་ཇི་ལྟར་གཟིགས་པ་ནི། ཡེ་ཤེས་ཀྱི་སྤྱན་གྱིས་ཟབ་པ་སྟོང་པ་ཉིད་ཇི་ལྟ་བའི་དོན་ལ་གཟིགས་པ་དང་། ཐུགས་ཀྱི་སྤྱན་གྱིས་རྒྱ་ཆེ་བ་ཇི་སྙེད་པ་ལ་གཟིགས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་གཟིགས་པའི་དོན་དེ་ཉོན་མོངས་པའི་གཉེན་པོ་འོག་ཏུ་འཆད་འགྱུར་གྱི་རིགས་དྲུག་གི་ལྷ་བསྒོམ་པ་ན་ལྷ་དེ་དག་རིགས་དང་། དེ་བསྒོམ་པའི་ཡེ་ཤེས་སམ་བློ་ནི་གཟིགས་བྱེད་དང་། ལྷའི་སྐུ་བསྒོམ་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་ནི་གཟིགས་པའི་དོན་དང་། ལྷ་ལ་བདེན་པར་ཞེན་པའི་ལྷ་རྟོག་བཟློག་བྱེད་ཀྱི་ཡེ་ཤེས་ལ་མཉམ་པར་འཇོག་པ་ཡང་གཟིགས་པའི་དོན་ཡིན་ཏེ། དེ་ཉིད་ལས། ཡང་གསུམ་སྟེ། སྤང་བྱ་ཉོན་མོངས་པ་དང་། དེ་སྤོང་བའི་གཉེན་པོ་ལྷའི་རིགས་དང་། ལྷའི་རྟོག་པ་ཟློག་པར་བྱེད་པ་ཡེ་ཤེས་གཟིགས་པ་རྣམས་སུ་ཡང་སྦྱར་རོ། །ཞེས་གསུངས་པའི་ཕྱིར་རོ། །མདོར་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཡེ་ཤེས་དྲུག་གི་བདག་ཉིད་དེ་བཞིན་རིགས་ལ་སོགས་པའི་རིགས་སྣང་བ་ལྷའི་གཟུགས་སམ་དཀྱིལ་འཁོར་དུ་སྣང་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ངོ་བོ་ཉིད་ཡིན་ཞིང་། དེ་ཉིད་ལ་གཟིགས་ནས་འདིར་བསྟན་པར་གཟིགས་པ་ལ་བྱེད་དོ།།

གཉིས་པ་རྒྱས་པར་བཤད་པ་ལ་ནི། ལས་ཀྱི་རིགས་ཀྱི་ལྷ་དོན་ཡོད་གྲུབ་པ་དང་། དེ་བཞིན་རིགས་ཀྱི་ལྷ་རྣམ་པར་སྣང་མཛད་དང་། རྡོ་རྗེའི་རིགས་ཀྱི་ལྷ་མི་བསྐྱོད་པ་དང་། པདྨའི་རིགས་ཀྱི་ལྷ་སྣང་བ་མཐའ་ཡས་དང་། རིགས་ཐམས་ཅད་ཀྱི་རིགས་རྡོ་རྗེ་འཆང་གི་རིགས་དང་། རིན་ཆེན་རིགས་ཀྱི་ལྷ་རིན་ཆེན་འབྱུང་ལྡན་ལ་གཟིགས་པ་སྟེ་རིགས་དྲུག་ལ་གཟིགས་པ་དྲུག་ཡོད་དེ། པྲ་ཛྙཱ་གུ་རུས། ལྷ་དྲུག་དོན་ཡོད་རྣམ་སྣང་མཛད། །མི་བསྐྱོད་མཐའ་ཡས་རིན་ཆེན་འབྱུང་། །རྡོ་རྗེ་སེམས་དང་དྲུག་རིམ་བཞིན། །ཞེས་གསུངས་པ་ལྟར་གྱི་ཕྱིར་རོ།།

དེ་ལས་དང་པོ་ལས་ཀྱི་རིགས་ལ་གཟིགས་པ་བསྟན་པ་ནི། གསང་སྔགས་རིགས་སྔགས་འཆང་བའི་རིགས། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། གསང༷་སྔ༷གས་ནི་ཕོ་སྟེ་ཐབས་དང་དེའི་བྱེད་ལས་ལོག་པར་རྟོག་པར་སེལ་བར་བྱེད་པ་དང་། རི༷གས་སྔ༷གས་ནི་མོ་སྟེ་ཤེས་རབ་དང་། དེའི་བྱེད་ལས་ནི་མ་རིག་པ་སེལ་བར་བྱེད་པ་དང་། དེ་འདྲའི་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའམ་སྙོམས་པར་འཇུག་པས་དེ་དོན་རང་རྒྱུད་ལ་འཛིན་པའམ་འཆ༷ང་བ༷འི་ལམ་དེ་ནི་ལས་ཀྱི་རི༷གས་དོན་ཡོད་གྲུབ་པ་ལ་གཟིགས་པ་ཞེས་བྱ་ལ། བྱེད་ལས་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པར་སྦྱངས་ཤིང་ཕྲག་དོག་དང་ལེ་ལོ་ཤས་ཆེ་བ་རྣམས་འདུལ་བར་བྱེད་པའི་ལས་དང་ལྡན་པར་གསུངས་ཏེ། བི་མ་ལ་མི་ཏྲས། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་འདིས་ནི་ལས་ཀྱི་རིགས་ལ་གཟིགས་པ་བསྟན་ཏེ། ཞེས་པ་ནས། འདིའི་དགོས་པ་ནི་གདུལ་བྱ་ཕྲག་དོག་དང་ལེ་ལོ་ཤས་ཆེ་བ་རྣམས་འདུལ་བའོ། །ཞེས་དང་། པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིའི་བཤད་འབུམ་ལས། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་ཅིའི་ཕྱིར་ལས་ཀྱི་རིགས་ལ་དེ་སྐད་བྱ་ཞེ་ན། ལས་ཀྱི་རིགས་ཁྱད་པར་དུ་བྱས་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ནི་ཁྱད་པར་གཞན་དོན་བྱེད་པས་དེ་ལ་ཡིད་སྐྱོབ་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

སློབ་དཔོན་ཟླ་བའི་དབང་པོ་གྲགས་པའི་མཚན་བརྗོད་འགྲེལ་བ་ལས། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ཀྱི་བདག་ཉིད་རྡོ་རྗེ་སེམས་དཔའི་རིགས་སོ། །ཞེས་རྐང་པ་འདིས་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའམ་རིགས་དྲུག་པ་རྡོ་རྗེ་འཆང་ལ་གཟིགས་པ་བསྟན་པར་གསུངས་སོ།།

གཉིས་པ་དེ་བཞིན་གཤེགས་པའི་རིགས་ལ་གཟིགས་པ་བསྟན་པ་ནི། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། རི༷གས་གསུ༷མ་ཞེས་པ་ནི་སྐུ་ཡི་རིགས་དང་། གསུང་གི་རིགས་དང་། ཐུགས་ཀྱི་རིགས་དང་གསུམ་ཡིན་ལ། དེ་གསུམ་རྣམ་སྣང་ལ་འདུས་ཤིང་། དེ་འདྲའི་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཀྱི་དཀྱིལ་འཁོར་དེ་ལ༷་ནི༷་རྣམ༷་པ༷ར་གཟི༷གས་པ་ནི་དེ་བཞིན་གཤེགས་པའི་རིགས་ལ་གཟིགས་པ་ཞེས་བྱ་ཞིང་། དེ་བསྒོམས་པས་བྱེད་ལས་གཟུགས་ཀྱི་ཕུང་པོ་རྣམ་པར་སྦྱངས་ཤིང་གཏི་མུག་ཤས་ཆེ་བ་རྣམས་འདུལ་བར་བྱེད་པ་སྟེ། ཟླ་བའི་དབང་པོ་གྲགས་པས། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་བདག་ཉིད་རྣམ་པར་སྣང་མཛད་ཀྱི་རིགས་སོ། །ཞེས་དང་། བི་མ་ལ་མི་ཏྲས། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་འདིས་ནི་དེ་བཞིན་གཤེགས་པའི་རིགས་ལ་གཟིགས་པ་བསྟན་ཏེ། རིགས་གསུམ་ནི་སྐུ་གསུང་ཐུགས་སོ། །རིགས་དེ་གསུམ་རྣམ་སྣང་ལ་འདུས་པས་དེ་སྐད་ཅེས་བྱའོ། །འདིའི་དགོས་པ་ནི་གཏི་མུག་ཤས་ཆེ་བ་རྣམས་འདུལ་བར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་པདྨའི་རིགས་ལ་གཟིགས་པ་བསྟན་པ་ནི། འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། གཟུང་འཛིན་ཐ་མལ་དུ་བརྟགས་པའི་ལོག་པའི་ཤེས་པའི་ངོའི་སྣང་བ་ནི་འཁོར་བ་སྟེ་འཇི༷ག་རྟེ༷ན་དང་དེ་ཉིད་ཀྱི་ངོ་བོ་ཡང་དག་པར་རྟོགས་པའི་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་སམ་འཇིག་རྟེན་གྱི་རང་བཞིན་དོན་དམ་མཉམ་པ་ཉིད་དུ་གནས་པ་ནི་འཇི༷ག་རྟེ༷ན་ལས་འདས༷་པ༷འི་རང་བཞིན་ཡིན་ལ། དེ་འདྲའི་འཁོར་འདས་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པའི་རང་བཞིན་དུ་ངེས་པའི་སོ་སོར་རྟོགས་པའི་ཡེ་ཤེས་ནི་སྣང་བ་མཐའ་ཡས་པདྨའི་རི༷གས་ཞེས་བྱ་ཞིང་། དེའི་བྱེད་ལས་ནི་འདུ་ཤེས་ཀྱི་ཕུང་པོ་སྦྱངས་ཤིང་འདོད་ཆགས་ཆས་ཆེ་བ་རྣམས་འདུལ་བར་བྱེད་པ་ཡིན་ཏེ། ཟླ་བའི་དབང་པོ་གྲགས་པས། འཇིག་རྟེན་འཇིག་རྟེན་འདས་པའི་རིགས་ནི་སྣང་བ་མཐའ་ཡས་ཀྱི་རིགས་ཏེ་འགྲོ་བ་འདུལ་བའི་ཕྱིར་རོ། །ཞེས་དང་། བི་མ་ལ་མི་ཏྲས། འཇིག་རྟེན་འཇིག་རྟེན་འདས་པའི་རིགས། །ཞེས་པ་འདིས་ནི་པདྨའི་རིགས་ལ་གཟིགས་པ་བསྟན་ཏེ། སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་གཉིས་མཁྱེན་ཏེ། དེ་ཡང་གཉིས་སུ་སྣང་ལ་གཉིས་སུ་མ་ཞེན་པའི་ཚུལ་དུ་མཁྱེན་ནོ། །དེས་ན་འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་པ་གཉིས་ཀའི་རིགས་སོ། །འདིའི་དགོས་པ་ནི་འདོད་ཆགས་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། དེ་ཡང་འཁོར་འདས་གཉིས་ཀའི་ཚུལ་གཉིས་སུ་སྣང་ཡང་སྣང་བ་ལ་མ་ཞེན་པར་དཔེ་པདྨོ་འདམ་དུ་གནས་ཀྱང་འདམ་གྱི་སྐྱོན་གྱིས་མ་གོས་པའི་ཚུལ་གྱིས་འཁོར་འདས་བདེ་སྟོང་དབྱེར་མེད་ཀྱི་ངོ་བོར་ཕྱག་རྒྱས་འཐེབས་པའི་མཁྱེན་པ་ཡིན་ཕྱིར་དེ་ལྟར་བཞག་གོ།

བཞི་བ་རྡོ་རྗེའི་རིགས་ལ་གཟིགས་པ་བསྟན་པ་ནི། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། མེ་ལོང་ཡེ་ཤེས་ཀྱིས་འཇིག་རྟེན་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་རྟོགས་པས་འཇི༷ག་རྟེ༷ན་སྣང༷་བར་བྱེ༷ད་པ་དང་། པདྨའི་རིགས་སོགས་རིགས་ཐམས་ཅད་ཐུགས་རྡོ་རྗེའི་རིགས་མི་བསྐྱོད་པའི་ངོ་བོར་གྱུར་བས་ན་རིགས༷་ཆེ༷ན་པོ་ཡིན་པ་དང༷་། དེ་ལ་གཟིགས་པ་སྟེ་དེའི་དོན་ལ་མཉམ་པ་བཞག་ཅིང་རྟོགས་པ་ནི་རྡོ་རྗེའི་རིགས་ལ་གཟིགས་པ་ཞེས་བྱ་ཞིང་། དེ་ཡང་རྣམ་ཤེས་ཀྱི་ཕུང་པོ་དག་པར་སྦྱངས་ཤིང་བྱེད་ལས་ཞེ་སྡང་ཤས་ཆེ་བའི་གདུལ་བྱ་རྣམས་འདུལ་བར་བྱེད་པ་སྟེ། ཟླ་བའི་དབང་པོ་གྲགས་པས། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་བྱ་བ་ནི་མི་བསྐྱོད་པའི་རིགས་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱིས་འཇིག་རྟེན་གཟིགས་པའི་ཕྱིར་རོ། །ཞེས་དང་། བི་མ་ལ་མི་ཏྲས། འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཞེས་པ་འདིས་ནི་རྡོ་རྗེའི་རིགས་ལ་གཟིགས་པ་བསྟན་ཏེ། འཇིག་རྟེན་གྱི་ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པར་མེ་ལོང་གི་གཟུགས་བརྙན་ལྟར་རྟོགས་པས་འཇིག་རྟེན་སྣང་བར་བྱེད་དོ། །ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོར་གྱུར་པས་རིགས་ཆེན་ནོ། །འདིའི་དགོས་པ་ནི་ཞེ་སྡང་ཤས་ཆེ་བ་རྣམས་འདུལ་བར་བྱེད་དོ། །ཞེས་གསུངས་པས་སོ།།

ལྔ་བ་རྩ་བ་བྱང་ཆུབ་སེམས་ཀྱི་རྡོ་རྗེ་སྟེ་རྡོ་རྗེ་སེམས་དཔའི་རིགས་སམ་རྡོ་རྗེ་འཆང་གི་རིགས་ལ་གཟིགས་པ་བསྟན་པ་ནི། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། རིགས་དྲུག་གི་རང་བཞིན་བདེ་བ་ཆེན་པོའི་ཡེ་ཤེས་དོན་དམ་བྱང་ཆུབ་སེམས་ཀྱི་རྡོ་རྗེའམ་རིགས་དྲུག་པ་རྡོ་རྗེ་འཆང་ནི་རིགས་ཐམས་ཅད་ལ་ཁྱབ་ཅིང་རིགས་ཀུན་དེ་ལས་མི་འདའ་བར་དེའི་རྒྱས་འཐེབས་པས་ན་ཕྱ༷ག་རྒྱ༷་དང་། རིགས་ཐམས་ཅད་ཀྱི་བདག་ཉིད་ཡིན་པས་ན་རིགས་ཆེ༷ན་པོ༷་ཡི་རིགས་སུ་གནས་ཤིང་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྒྱས་འདེབས་པས་ན་རི༷གས་མཆོ༷ག་ཡིན་པ་དང༷་། བྱེད་ལས་སྤྲོས་པའི་མཚན་མའི་རྟོག་པ་ཐམས་ཅད་ཞི་བར་བྱེད་པ་སྟེ། དེ་ཉིད་གཟིགས་པ་དེ་ནི་རྩ་བ་བྱང་ཆུབ་སེམས་ཀྱི་རྡོ་རྗེའི་རིགས་ལ་གཟིགས་པ་ཞེས་བྱ་སྟེ།བི་མ་ལ་མི་ཏྲས། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ་འདིས་ནི་རྩ་བ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རིགས་བསྟན་ཏེ། ཕྱག་རྒྱ་ལ་སྤྱིར་དུ་མ་ཡོད་ཀྱང་འདིར་རྒྱས་འདེབས་པའི་ཕྱིར་ཕྱག་རྒྱ་སྟེ། ཆོས་ཐམས་ཅད་སྐྱེ་བ་མེད་པའི་རྒྱས་འདེབས་པའི་མཆོག་གོ །འདིའི་དགོས་པ་ནི་སྤྲོས་པའི་མཚན་མ་ཐམས་ཅད་འཇོམས་པར་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

ཟླ་བའི་དབང་པོ་གྲགས་པས། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་བྱ་བ་ནི་དོན་ཡོད་གྲུབ་པའི་རིགས་ཏེ་བྱ་བ་ནན་ཏན་གྲུབ་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཞེས་ལས་ཀྱི་རིགས་དོན་ཡོད་གྲུབ་པ་ལ་གཟིགས་པ་བསྟན་པར་གསུངས་སོ།།

དྲུག་པ་རིན་པོ་ཆེའི་རིགས་ལ་གཟིགས་པ་བསྟན་པ་ནི། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཆོས་ཐམས་ཅད་གཟུང་འཛིན་གཉིས་སུ་མེད་པའི་དབྱིངས་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་གནས་ཡིན་པའི་ཕྱིར་ན་རིགས༷་ཆེ༷ན་དང་། ཟག་མེད་ཀྱི་ཡོན་ཏན་གྱིས་མཐོ་བའི་གཙུ༷ག་ཏོ༷ར་ལྟ་བུ་ལ་ཆེ༷ར་གཟིགས༷་ནས༷་སམ་དེ་ལ་སྙོམས་པར་འཇུག་པ་ནི་རིན་ཆེན་འབྱུང་ལྡན་རིན་པོ་ཆེའི་རིགས་ལ་གཟིགས་པ་ཞེས་བྱ་ཞིང་། དེས་ནི་ཚོར་བའི་ཕུང་པོ་སྦྱངས་ཤིང་། བྱེད་ལས་ནི་ང་རྒྱལ་ཤས་ཆེ་བའི་གདུལ་བྱ་རྣམས་འདུལ་བར་བྱེད་པའི་ལས་ཅན་ཡིན་ཏེ། ཟླ་བའི་དབང་པོ་གྲགས་པས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་བྱ་བ་ནི་ཅོད་པན་གྱི་དབང་བསྐུར་བས་རིན་ཆེན་འབྱུང་ལྡན་ནོ། །ཞེས་དང་། བི་མ་ལ་མི་ཏྲས། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་འདིས་ནི་རིན་པོ་ཆེའི་རིགས་ལ་གཟིགས་པ་བསྟན་ཏེ། རིན་ཆེན་འབྱུང་ལྡན་ནི་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་ཐམས་ཅད་འབྱུང་བའི་རིགས་ཡིན་པས་རིགས་ཆེན་ནོ། །གཙུག་ཏོར་ནི་ཡོན་ཏན་གྱིས་མཐོ་བར་བྱས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

གོང་དུ་པྲ་ཛྙཱ་གུ་རུས། ལྷ་དྲུག་དོན་ཡོད་རྣམ་སྣང་མཛད། །མི་བསྐྱོད་མཐའ་ཡས་རིན་ཆེན་འབྱུང་། །རྡོ་རྗེ་སེམས་དང་དྲུག་རིམ་བཞིན། །ཞེས་གསུངས་པ་དེ་དྲངས་མོད་དེས་རིགས་བསྟན་སྟངས་དེ་གཙོ་བོ་རྣལ་འབྱོར་རྒྱུད་ལྟར་བཀྲལ་བའི་ལུགས་ཡིན་མོད། འདི་ནི་ཐུན་མོང་གི་ཚུལ་དུ་བི་མ་ལའི་འགྲེལ་བའི་གོ་རིམ་ལྟར་བགྱིས་པ་ལས་འགྲེལ་བ་གཞན་ན་གོང་འོག་དཀྲུགས་པ་དང་། རིགས་དྲུག་སྟོན་བྱེད་རྐང་པ་གང་ཡིན་ངོས་བཟུང་ཚུལ་མི་མཐུན་པ་དང་། རིགས་ཀྱི་དོན་བཀྲལ་ལུགས་མི་གཅིག་པ་བཅས་ཀྱིས་བདག་ལྟ་བུའི་རྨོངས་པ་ལ་མགོ་འཁོར་བར་བྱེད་པ་ཡོད་དོ།།

ཡང་རྩ་བ་ལས། གསང་སྔགས་ཞེས་པས་ལྷ་ཁ་སྦྱོར་གྱི་རིགས་ལ་གཟིགས་པ་བསྟན་པ་དང་། རིགས་ཆེན་ཞེས་པས་རྫོགས་རིམ་གྱི་སྐལ་ལྡན་དུ་གཟིགས་པ་བསྟན་པ་དང་། ཐམས་ཅད་ཅེས་པས་བསྐྱེད་རྫོགས་ཐུན་མོང་བའི་གང་ཟག་དང་། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པས་ལྷ་རྐྱང་པ་ལ་དགའ་བའི་གང་ཟག་དང་། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པས་སྐུ་གསུང་ཐུགས་ཀྱི་རིགས་དང་། འཇིག་རྟེན་ཞེས་པས་ལོག་རྟོག་གིས་བརྟག་པའི་འཁོར་བ་དང་། འཇིག་རྟེན་འདས་པའི་རིགས། །ཞེས་པས་མྱ་ངན་ལས་འདས་པ་འཁྲུལ་བ་ཟད་པའི་རིགས་དང་། འཇིག་རྟེན་སྣང་བྱེད་ཅེས་པས་མུ་སྟེགས་པའི་རིགས་དང་། རིགས་ཆེན་ཞེས་པས་ཕ་རོལ་ཕྱིན་པའི་ཐེག་པ་ལ་གནས་པའི་གང་ཟག་དང་། ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པས་ཕྱག་རྒྱ་ཆེན་པོ་ནི་སྟོང་ཉིད་ཡིན་ལ། དེ་རྟོགས་པའི་གང་ཟག་རིགས་མཆོག་འགྲན་ཟླ་མེད་པ་དང་། རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པས་ཟིལ་གྱིས་མི་ནོན་པའི་གང་ཟག་ཁྱད་པར་བ་བླ་ན་མེད་པའི་རིགས་ལ་གཟིགས་པ་བསྟན་པ་ཡིན་པར་གསུངས་ཏེ། པཎྜི་ཏ་མངོན་ཤེས་ཅན་གྱི་ཕྱག་ནས་བྱུང་བའི་སློབ་དཔོན་ཙནྡྲ་གོ་མའི་མཛད་པའི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྫོད་པའི་རྒྱ་ཆེར་འགྲེལ་པ་ལས། བཅོམ་ལྡན་ཤཱཀྱ་ཐུབ་པས་འཁོར་དེ་དག་ཐམས་ཅད་རིགས་ཐ་དད་དུ་གཟིགས་ཏེ། ལ་ལ་ནི་གསང་སྔགས་ཞེས་པ་ལྷ་ཁ་སྦྱོར་གྱི་རིགས་སུ་གཟིགས། ལ་ལ་ནི་རིགས་ཆེན་ཞེས་པ་རྫོགས་པའི་རིམ་པའི་སྐལ་ལྡན་དུ་གཟིགས། ལ་ལ་ནི་ཐམས་ཅད་དང་ཞེས་པ་བསྐྱེད་རྫོགས་ཐུན་མོང་བའི་གང་ཟག་དུ་གཟིགས་སོ། །ལ་ལ་ནི། གསང་སྔགས་རིག་སྔགས་འཆང་བའི་རིགས། །ཞེས་པ་ལྷ་རྐྱང་པ་ལ་དགའ་བའི་གང་ཟག་ཏུ་གཟིགས་སོ། །ཡང་ན། རིགས་གསུམ་ལ་ནི་རྣམ་པར་གཟིགས། །ཞེས་པ་སྐུ་དང་གསུང་དང་ཐུགས་ཀྱི་རིགས་སུ་གཟིགས་སོ། །འཇིག་རྟེན་ཞེས་པ་ནི་ལོག་པའི་ཤེས་པས་བརྟགས་པའོ། །འཇིག་རྟེན་འདས་པའི་རིགས་ཞེས་པ་ནི་མྱ་ངན་ལས་འདས་པ་སྟེ་འཁྲུལ་པ་ཟད་པའོ། །འཇིག་རྟེན་སྣང་བྱེད་ཅེས་པ་ནི་འཇིག་རྟེན་སྣང་བར་བྱེད་པ་ནི་རིགས་པ་རྒྱུན་གྱི་བརྟག་པ་སྟེ་མུ་སྟེགས་ཀྱི་རིགས་སོ། །རིགས་ཆེན་དང་ཞེས་པ་ནི་མུ་སྟེགས་ལས་བཟློག་པ་སྟེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་གང་ཟག་དུ་གཟིགས་སོ། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །ཞེས་པ་ནི་ཕྱག་ནི་བློ་ལས་འདས་པ་སྟེ་སྟོང་པ་ཉིད་དོ། །རྒྱ་ནི་སྟོང་པ་ཉིད་དེས་མ་ཁྱབ་པ་མེད་པའོ། །ཆེན་པོ་ནི་དེ་ལྟ་བུ་རྟོགས་པའི་གང་ཟག་དེ་འགྲན་ཟླ་མེད་པས་ན་རིགས་མཆོག་ཅེས་བྱའོ། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཞེས་པ་ནི་ཟིལ་གྱིས་མི་ནོན་པའི་གང་ཟག་སྟེ་ཁྱད་པར་བླ་ན་མེད་པའི་གང་ཟག་ཏུ་གཟིགས་ནས། ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་། དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །ཅེས་པས་ཤཱཀྱའི་རིགས་ལས་བྱུང་བའི་སྟོན་པ་ཤཱཀྱ་ཐུབ་པ་བསྟན་པ་དང་། གསང་སྔགས་རིགས་ཆེན་ཞེས་སོགས་ཀྱིས་སྒྱུ་འཕྲུལ་ཆེན་པོ་ལ་སོགས་པའི་རྒྱུད་ཀྱི་རིགས་བསྟན་པ་དང་། དེ་ནས་རིམ་བཞིན་རིགས་དེ་ལ་གཅིག་ཏུ་གཞོལ་བའི་རིགས་དང་། སྐུ་དེ་བཞིན་གཤེགས་པ་དང་། ཐུགས་རྡོ་རྗེ་དང་། གསུང་པདྨའི་རིགས་ཏེ་རིགས་གསུམ་དང་། འཇིག་རྟེན་པའི་རིགས་ནི་ཐ་མལ་པའི་དགེ་བསྙེན་ལ་སོགས་པ་སེམས་ཅན་དང་། འཇིག་རྟེན་ལས་འདས་པའི་རིགས་ནི་ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རིགས་དང་། འཇིག་རྟེན་རྣམས་ཀྱི་ཡེ་ཤེས་ཀྱི་སྣང་བ་བྱེད་པ་དང་། དེ་མཆོག་ཏུ་གྱུར་པ་དང་། ཕྱག་རྒྱ་ཆེན་པོ་ལྷ་མོའི་རིགས་དང་། གཙོ་བོར་གྱུར་པའི་རིགས་མཆོག་དང་། རིགས་ཆེན་པོ་གཙུག་ཏོར་ཡི་གེ་གཅིག་པ་ལ་སོགས་པའི་རིགས་བསྟན་ཅིང་། རིགས་དེ་དག་སྐལ་བ་དང་ལྡན་པ་དང་། སྐལ་བ་མེད་པ་དང་། སྣོད་དུ་གྱུར་པ་དང་། སྣོད་དུ་མ་གྱུར་པ་སྟེ། དེ་དག་གི་ངོ་བོ་ཉིད་བརྟགས་པས་གཟིགས་པ་ཞེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་དེ་ལྟར་འགྲེལ་ལོ།།

དགའ་རབ་རྡོ་རྗེའི་འགྲེལ་བ་རྒྱུན་གཅོད་སྤུ་གྲི་ལས། གསང་སྔགས་རིགས་ཆེན་ཐམས་ཅད་དང་། །ཞེས་པ་སྟོན་པའི་རིགས་འཛིན་ཅིང་གསང་སྔགས་འཆང་བ་མོས་པའི་འཁོར་རོ། །ཞེས་སོགས་ཀྱིས་བཀྲལ་ཚུལ་ཁྱད་པར་བ་དང་། གཞན་དུ་རིགས་ཞེས་པ་ནི་རྒྱུད་ཉན་པའི་འཁོར་གདུལ་བྱ་རིན་པོ་ཆེ་དང་། ཙནྡན་ལྟ་བུ་དང་། པདྨ་དཀར་པོ་དང་། པདྨ་དམར་པོ་དང་། ཨུཏྤལ་ལྟ་བུའི་གང་ཟག་རིགས་ལྔ་སོགས་འཁོར་གྱི་རིགས་ལ་བྱེད་པ་སོགས་འགྲེལ་བ་རྣམས་སུ་བཀྲལ་ཚུལ་མི་འདྲ་བ་མཐའ་ཡས་པ་ཡོད་དོ།།

སྨྲས་པ།

རིགས་ཀྱི་བཀྲལ་ཚུལ་ཟ་འོག་རི་མོ་འདྲ།།

དོན་གནད་པ་ཏྲ་གང་མཛེས་དཔྱོད་པར་དཀའ།།

རྒྱུད་དོན་སྙིང་པོ་རས་དཀར་ཡུག་གཅིག་ལ།།

སྣ་ཚོགས་བཤད་པའི་རི་མོ་ཅི་ལ་བྲིས།།

ལ་ལས་ཡ་གི་ལྷུན་པོའི་སྤོ་རུ་སྟོན།།

ཁ་ཅིག་མ་གི་ཆུ་གཏེར་གཏིང་དུ་སྨྲ།།

དོན་གྱི་གོ་བརྡ་རི་བོང་ཁ་ཤོའི་རྭ།།

སྟོང་ཕྲག་བགྲང་བྱའི་ཕྲེང་བར་འཚོལ་འདི་ངལ།།

རྣམ་དཔྱོད་འདོམས་བརྒྱས་གཞལ་དཀའ་ཟབ་པའི་གཏིང་།།

རྣམ་བཤད་གཟིངས་བརྒྱས་བརྒལ་དཀའ་ཡངས་པའི་རྒྱ།།

གསང་དོན་རྦ་རླབས་རྣམ་འཁྲིགས་རྒྱུད་ཀྱི་མཚོ།།

ཐོས་ཆུང་ཕར་འགྲོས་གཞལ་འདོད་ཀླད་པའི་གཤེད།།

རྒྱལ་ཀུན་རིགས་བརྒྱའི་དཀྱིལ་འཁོར་རིགས་ལྔར་འདུས།།

རིགས་ལྔ་རིགས་དྲུག་རྡོ་རྗེ་སེམས་དཔའ་སྟེ།།

དེ་ཡི་བདག་ཉིད་འཇམ་དཔལ་ཡེ་ཤེས་སྐུ།།

གསལ་བར་གཟིགས་པའི་ཁྲི་གདུགས་འོད་པོ་ཆེ།།

བྱ་གག་རྐང་པར་ཅོ་འདྲིའི་ས་འཛིན་ནི།།

ལྗོན་ཤིང་མེ་ཏོག་གཡོ་བ་རབ་མཛེས་སྤོར།།

ཐུབ་དབང་ལྗགས་རྩེ་དབང་ཕྱོགས་མཁར་ཤར་བས།།

ཟབ་དོན་གདམས་པའི་པདྨོ་རྣམ་པར་འཛུམ།།

རྣམ་མང་གསང་རྒྱུད་རྒྱུ་སྐར་བྱེ་བའི་དབུས།།

བརྗོད་བྱེད་ཚིག་ཕྲེང་ཟླུམ་པོའི་གུར་ཁྱིམ་དུ།།

ཟབ་དོན་རི་དྭགས་མཚན་མས་ཉེར་མཛེས་པའི།།

རྒྱུད་རྒྱལ་བདུད་རྩིའི་འབྱུང་གནས་ཡི་གར་འོང་།།

ཞེས་བྱ་བ་ནི་ལེའུ་གསུམ་པ་རིགས་ལ་གཟིགས་པའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

སྒྱུ་འཕྲུལ་མངོན་པར་བྱང་ཆུབ་པ་བསྟན་པའི་ལེའུའམ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་པ།

བཞི་བ་སྒྱུ་འཕྲུལ་མངོན་པར་བྱང་ཆུབ་པ་བསྟན་པའི་ལེའུའམ་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་པ་ནི། བརྗོད་བྱེད་ཇི་ལྟ་བུས་བརྗོད་བྱའི་གཙོ་བོ་ཇི་ལྟ་བུ་གསུངས་པ་དང་། དེའི་ཚུལ་རྒྱས་པར་བཤད་པ་དང་གཉིས་ཡོད་ལ། དེ་ནི་ཚིགས་བཅད་གསུམ་གྱིས་བསྟན་པར་གསུངས་ཏེ། མཚན་བརྗོད་འགྲེལ་པ་དྲི་མེད་འོད་ལས། གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །ཞེས་བྱ་བ་ལ་སོགས་པ་ནས། ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་གསུམ་གྱིས་སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པའི་རིམ་པ་བསྟན། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། ཚིག་གི་བདག་པོས་ཚིགས་སུ་བཅད། །ཅེས་པ་ནས། སྡེ་ཚན་བཞི་པ་དང་ལྔ་པའི་མཐས་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ཏིང་ངེ་འཛིན་བསྟན་ཅིང་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ནི། ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པ་འབྱུང་བ་དང་། །མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། དེ་ལྟར་རིགས་ལ་གཟིགས་པ་བསྟན་པའི་རྗེས་སུ། ཇི་སྐད་དུ་མདོ་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་སྐད་ཅི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་སྟོན་ཏོ། །ཞེས་གསུངས་པ་ལྟར་སྒྲ་སྐད་ཐ་དད་པ་སྣ་ཚོགས་དང་ཚིག་གང་སྨྲ་བ་ལ་ཐོགས་པ་མེད་པའི་སྨྲ་བའི་རྒྱལ་པོར་གྱུར་པ་ཚི༷ག་གི༷་བ༷དག་པོ༷་སངས་རྒྱས་བཅོམ་ལྡན་འདས་ཀྱིས༷་རིགས་དྲུག་གི་རང་བཞིན་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པ་དེ་ཉིད་བརྗོད་བྱེད་སྒྱུ་འཕྲུལ་དྲྭ་བ་གླུ་བླངས་ཀྱི་ལེའུར་བསྡུས་པའི་ཚིག་ཚེག་བར་བདུན་པའི་ཚིགས༷་སུ༷་བཅ༷ད་པར་བསྡེབས་ནས་བཀའ་བསྩལ་ཏེ། བདེ་སྟོང་ཟུང་དུ་འཇུག་པ་གཉིས་སུ་མེད་པ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་དེའི་དོན་མཚོན་པའི་ཐབས་ནི། དོན་ནང་དུ་གབ་པར་བྱས་པའམ་གས༷ང་བར་བྱས་པའི་སྔགས༷་ཀྱི་རྒྱལ༷་པོ༷་ནི་སྐྱེ་བ་མེད་པའི་སྙིང་པོ་ཅན་གྱི་ཡི་གེ་ཨ་དང་། ཤེས་རབ་མཚོན་བྱེད་ཤེས་རབ་ཀྱི་ཡི་གེ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ རྣམས་ཨ་རིང་ཐུང་གཉིས་ཀྱི་སྡེ་ཚན་དང་། ཨི་རིང་ཐུང་དང་། ཨུ་རིང་ཐུང་དང་། ཨེ་དང་ཨཻ་ཀེ་ཤ་ཅན་དང་། ཨོ་དང་ཨཽ་ཀེ་ཤ་ཅན་དང་། ཨཾ་ཨཿ གཉིས་ཀྱི་སྡེ་ཚན་ཏེ། གཉིས་རེ་སྡེ་ཚན་དུ་བྱས་པའི་སྡེ་ཚན་དྲུག་གི་ཡི་གེ་དྲུ༷ག་དང་། སྠི་ཏོ་སོགས་ཐབས་མཚོན་བྱེད་ཀྱི་ཐབས་ཀྱི་ཡི་གེ་རྣམས་སྡེ་ཚན་དུ་བྱས་པ་བཅས་སྡེ་ཚན་བདུན་དང་ལྡ༷ན་པའི་ཡི་གེ་རྣམས་གསུངས་པ་ཡིན་ཞིང༷་། གསང་སྔགས་ཀྱི་ཡི་གེ་དེ་དག་གིས་གཟུང་འཛིན་གཉིས་སུ་མེད་པའམ་ཐབས་ཤེས་གཉིས༷་སུ༷་མེ༷ད་པའི་ཡེ་ཤེས་ཀྱི་སྐུའི་བདག་ཉིད་དུ་ངེས་པ༷ར་འབྱུ༷ང་བ༷་སྟེ་སངས་རྒྱས་པ་དང༷་། ཆོས་ཐམས་ཅད་ཀྱི་རང་བཞིན་མི༷་སྐྱེ༷་བའམ་སྐྱེ་བ་མེད་པ་དོན་དམ་པ་དང་། སྣང་བ་བསླུ་བ་མེད་པ་ཀུན་རྫོབ་བདེན་པའི་ཆོ༷ས་ཅ༷ན་འ༷དི་ཉིད་དབྱེར་མེད་པ་ངོ་བོ་མ་སྐྱེས་པའི་ཚུལ་དུ་གནས་པ་དང་། དེ་དག་རྟོགས་པའི་བདེ་སྟོང་གཉིས་སུ་མེད་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་དྲུག་གི་རང་བཞིན་རྣམས་ལེགས་པར་མཚོན་ནས་གསུང༷ས་པ༷་ཡིན་ཏེ། སློབ་དཔོན་གཉིས་མེད་རྡོ་རྗེས། གསང་སྔགས་ནི་སྐྱེ་བ་མེད་པའི་སྙིང་པོ་ཅན་ཡི་གེ་ཨའོ། །རྒྱལ་པོ་ནི་ཐམས་ཅད་ཀྱི་བདག་པོར་གྱུར་པས་སོ། །དྲུག་ནི་སྡེ་ཚན་ཤེས་རབ་ཀྱི་ཡི་གེའོ། །ལྡན་པ་ནི་སྡེ་ཚན་བདུན་པའི་ཐབས་ཀྱི་ཡི་གེའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ན་དོན་དམ་པའི་སྙིང་པོ་ཡི་གེ་ཨ་དང་། དེའི་ཁོང་ནས་ཡེ་ཤེས་སེམས་དཔའ་དྲུག་གི་སྙིང་པོའི་གསང་སྔགས་ཨོཾ་བཛྲ་ཏཱིཀྵྞན་ལ་སོགས་པའི་ཡི་གེ་དྲུ༷ག་ཡེ་ཤེས་དྲུག་མཚོན་བྱེད་དང་ལྡ༷ན་པར་གསུངས་པ་ཡིན་ཞིང༷་ཞེས་འགྲེལ་ཡང་ཆོག་གོ།

ཡང་ཐབས་ཀྱི་སྙིང་པོ་ཡི་གེ་ཨ་དང་། དེ་དང་ཨ་ཡིག་གི་སྡེ་ཚན་གྱི་ཡི་གེ་དྲུག་དང་བདུན་དང་ལྡན་པ་ཞེས་འགྲེལ་བ་ཡང་ཡོད་དེ། ཙནྡྲ་གོ་མིས། དྲུག་ཅེས་པ་ནི་ཨའི་སྡེ་ཚན་ནོ། །ལྡན་ཞེས་པ་ནི་ཐབས་ཀྱི་ཡི་གེ་ཨ་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་ཡི་གེ་དྲུག་གི་དོན་འགྲེལ་ཚུལ་མི་འདྲ་བ་མཐའ་ཡས་པ་ཡོད་མོད་མི་སྤྲོའོ།།

དེ་ཡང་ལེགས་པར་དཔྱད་ན་ལེའུ་གཉིས་པ་ཞུས་ལན་གྱི་སྐབས་ཀྱི་གནང་ནས་གཏང་རག་འབུལ་བའི་ཚིག། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་པ་ནས། ལེའུ་གསུམ་པ་རིགས་གཟིགས་ཡོངས་རྫོགས་དང་། སྐབས་འདི་དོན་སྟོན་བྱེད་ཀྱི་ཚིག། མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་པའི་བར་གྱི་ཤོ་ལོ་ཀ་གསུམ་དང་རྐང་པ་གཅིག་པོ་དེ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱི་ཞལ་ནས་དངོས་སུ་གསུངས་པའི་ཚིག་མིན་པ་མཐོང་བ་ཙམ་གྱིས་ཤེས་ཤིང་། དེ་ནི་རྒྱུད་སྡུད་པ་པོ་གསང་བའི་བདག་པོའི་མཚམས་སྦྱོར་བའི་ཚིག་ཡིན་པར་གསུངས་ཏེ། ཌོམྦི་པས། བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ། །ཞེས་བྱ་བ་ནས། མི་སྐྱེ་ཆོས་ཅན་འདི་གསུངས་པ། །ཞེས་བྱ་བའི་བར་དུ་ཚིགས་སུ་བཅད་པ་གསུམ་དང་། ཚིག་རྐང་གཅིག་ནི་སྡུད་པ་པོས་མཚམས་སྦྱར་བའི་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་དེའི་ཚུལ་རྒྱས་པར་བཤད་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་ཨེ་ཨཻ་ཨོ་ཨཽ་ཨཾ་ཨཿ སྠི་ཏོ་ཧྲྀ་དི་ཛྙཱ་ན་མཱུརྟྟི་ར་ཧཾ་བུདྡྷོ་བུད་དྷཱ་ནཱཾ། ཏྲྱ་དྷཱ་བརྟྟི་ནཱཾ། ཨོཾ་བཛྲ་ཏཱིཀྵྞ་དུཿ ཁ་ཙྪེ་ད་པྲ་ཛྙཱ་ཛྙཱ་ན་མཱུརྟྟི་ཡེ། ཛྙཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ཞེས་པའི་སྔགས་ཀྱིས་བསྟན་ཏེ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆར་གྱུར་པའི་དེ་བཞིན་གཤེགས་པའི་རིགས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། མཚན་དཔེའི་འཁོར་ལོ་དང་སྣང་བ་དཀར་དམར་སྣ་ཚོགས་སུ་སྣང་བ་གདུལ་བྱའི་སྣང་བ་ཡིན་ཞིང་། དོན་ལ་ངོ་བོ་གདོད་ནས་རྣམ་པར་དག་ཅིང་རང་བཞིན་འོད་གསལ་བ་ནི་ཡེ་གེ་ཨི་ཨཱི་ཡིས་མཚོན་པ་དང་། ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཁྱེན་ཆར་གྱུར་པའི་རིན་ཆེན་རིགས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ། ཐུན་མིན་དང་ཐུན་མོང་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ་ནི་གདུལ་བྱའི་དབང་པོའི་ཁྱད་པར་ཡིན་ཞིང་། དོན་ལ་རྣམ་པར་དག་པ་དང་དག་པའི་མཐའ་བཞི་ལ་མི་གནས་པ་ནི་ཡི་གེ་ཨོ་ཨཽ་ཡིས་མཚོན་པ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཁྱེན་ཆར་གྱུར་པའི་པདྨའི་རིགས་ནི་སོ་སོར་རྟོགས་པའི་ཡེ་ཤེས་ཏེ། ཞི་བ་དང་ཁྲོ་བོ་དང་མཉམ་པའི་ཁྱད་པར་གྱིས་རིགས་རྒྱས་བསྡུས་ཀྱི་བྱེ་བྲག་ཏུ་སྣང་བ་དང་། རྣམ་ཤེས་སྐྱེ་བའི་སྒོ་ཐ་དད་པར་སྣང་བ་ནི་གདུལ་བྱའི་དབང་པོའི་ཁྱད་པར་ཡིན་ཞིང་། དོན་ལ་རྣམ་པར་དག་པ་དང་། རྣམ་པར་དག་པས་ཉོན་མོངས་པ་རྣམ་བྱང་དང་རྒྱུད་གཅིག་ཏུ་གནས་པ་ཡི་གེ་ཨུ་ཨཱུ་ཡིས་མཚོན་པ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཁྱེན་ཆར་གྱུར་པའི་ལས་ཀྱི་རིགས་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ། ཐོགས་པ་མེད་པའི་སྐུ་ཡིས་རིགས་སོ་སོའི་འཕྲིན་ལས་རྒྱུན་མི་ཆད་པར་བྱེད་པ་གདུལ་བྱའི་དབང་པོའི་ཁྱད་པར་ཡིན་ཞིང་། དོན་ལ་རྣམ་པར་དག་པ་དང་རྣམ་པར་དག་པས་འབད་པ་མེད་པར་རང་གིས་ངང་གིས་འབྱུང་བ་ནི་ཡི་གེ་ཨཾ་ཨ་ཡིས་མཚོན་པ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཁྱེན་ཆར་གྱུར་པའི་རྡོ་རྗེའི་རིགས་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། ཐམས་ཅད་གཅིག་ཏུ་གྱུར་པ་དང་། སྒྲོ་སྐུར་དང་བྲལ་བ་ཉིད་ནི་སངས་རྒྱས་དང་སེམས་ཅན་སོགས་ཀྱི་ཁྱད་པར་ཡིན་ཞིང་། དོན་ལ་རྣམ་པར་དག་པ་དང་རྣམ་པར་དག་པས་འདི་ཞེས་གང་དུའང་གནས་པ་མེད་པ་ནི་ཡི་གེ་ཨེ་ཨཻ་ཡིས་མཚོན་པ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་མཁྱེན་ཆར་གྱུར་པའི་རྡོ་རྗེ་སེམས་དཔའི་རིགས་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཏེ། གཟུགས་ཅན་མིན་པ་དང་། སྐྱེ་འཇིག་མེད་པ་དང་། ཡུལ་ལ་མི་གནས་པ་དང་། འགྲོ་འོང་མེད་པ་དང་། ཕྱི་ནང་གི་ཆོས་ཀུན་དེའི་ངོ་བོར་གཅིག་པ་དང་། ཟུག་རྔུ་གང་གིས་ཀྱང་མ་གོས་པའི་ཡེ་ཤེས་སྣང་བ་མེད་པ་ལ་སོགས་པ་འབྲས་བུའི་ལུས་བརྒྱད་དང་ལྡན་པ་དང་། མཚན་མ་ཐམས་ཅད་རང་གྲོལ་བས་དབང་པོ་རང་ཞི་ཞིང་མིང་དང་བྲལ་བའི་ཟུང་འཇུག་རྒྱུད་ལ་སྐྱེས་པ་ནི་རྩོད་འདས་ཞེས་དབྱེ་བ་མེད་པའི་རང་བཞིན་ཅན་དེ་ནི་ཡི་གེ་ཨ་ཨཱ་ཡིས་མཚོན་པ་ཡིན་ནོ།།

ཡང་འགྲེལ་ཚུལ་དེ་དང་ཅུང་མི་འདྲ་བ་གསང་སྔགས་ཀྱི་དབང་དུ་བྱས་ནས་བཤད་པ་དང་། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོ་ནས་བཤད་པ་གཉིས་སུ་ཕྱེས་ནས། དང་པོ་ནི། ཡི་གེ་རྣམས་ཀྱི་གོ་རིམ་བཞིན་དུ་ཨ་ཨཱ་མེ་ལོང་ཡེ་ཤེས་དང་། ཨི་ཨཱི་མཉམ་ཉིད་ཡེ་ཤེས་དང་། ཨུ་ཨཱུ་སོར་རྟོགས་ཡེ་ཤེས་དང་། ཨེ་ཨཻ་བྱ་གྲུབ་ཡེ་ཤེས་དང་། ཨོ་ཨཽ་ཆོས་དབྱིངས་ཡེ་ཤེས་དང་། ཨཾ་ཡེ་ཤེས་དེ་དག་སྟོང་པ་ཉིད་དང་ལྡན་པ་དང་། ཨ་ནི་ཡེ་ཤེས་དང་སྟོང་པ་ཉིད་དབྱེར་མེད་པའི་དོན་བདག་གིས་བསྒོམ་ཞེས་པའི་དོན་ཡིན་པར་གསུངས་ཏེ། ཙནྡྲ་གོ་མིའི་མཚན་བརྗོད་འགྲེལ་བ་ལས། གསང་སྔགས་ཀྱི་དབང་དུ་བྱས་ནས་བཤད་ན། ཨ་ཨཱ་ནི་གསལ་ལ་རྟོག་པ་མེད་པ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས་སོ། །ཨི་ཨཱི་ཞེས་པ་ནི་ཕྱོགས་རིས་ཐམས་ཅད་དང་བྲལ་བ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས་སོ། །ཨུ་ཨཱུ་ཞེས་པ་ནི་འཁོར་འདས་གཉིས་གཉིས་མེད་དུ་ཤེས་པའི་ཡེ་ཤེས་ཏེ་སོ་སོར་རྟོགས་པའི་ཡེ་ཤེས་སོ། །ཨེ་ཨཻ་ཞེས་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་འགྲོ་བའི་དོན་འབད་པ་མེད་པར་འབྱུང་བའོ། །ཨོ་ཨཽ་ཞེས་པ་ནི་ཡེ་ཤེས་དེ་དག་དབྱེར་མི་ཕྱེད་པ་སྟེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཨཾ་ཞེས་པ་ནི་ཡེ་ཤེས་དེ་དག་སྟོང་པ་ཉིད་དང་ལྡན་ཞེས་བྱ་བའི་དོན་ཏོ། །ཨཿ ཞེས་པ་ནི་ཡེ་ཤེས་དང་སྟོང་པ་དབྱེར་མི་ཕྱེད་པའི་དོན་དེ་བདག་གིས་བསྒོམ་ཞེས་པའི་དོན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གཉིས་པ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོ་ནས་བཤད་པ་ནི། ཨ་ཨཱ་ཡིས་སྦྱིན་པའི་ཕར་ཕྱིན་དང་། ཨི་ཨཱི་ཚུལ་ཁྲིམས་ཀྱི་དང་། ཨུ་ཨཱུ་བཟོད་པའི་དང་། ཨེ་ཨཻ་བརྩོན་འགྲུས་ཀྱི་དང་། ཨོ་ཨཽ་བསམ་གཏན་གྱི་དང་། ཨཾ་ཨ་ཤེས་རབ་ཀྱི་ཕར་ཕྱིན་མཚོན་པ་ཡིན་པར་གསུངས་ཏེ། ཙནྡྲ་གོ་མིའི་མཚན་བརྗོད་འགྲེལ་བ་དེ་ཉིད་ལས། རེ་ཞིག་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྒོ་ནས་བཤད་པར་བྱ་སྟེ། ཨ་ཨཱ་ཞེས་པ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཨི་ཨཱི་ཞེས་པ་ནི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨུ་ཨཱུ་ཞེས་པ་ནི་བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །ཨེ་ཨཻ་ཞེས་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཨོ་ཨཽ་ཞེས་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཨཾ་ཨཿ ཞེས་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཡི་གེ་རིང་ཐུང་གི་བྱེ་བྲག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་བསྟན་པ་ཡིན་པར་བཤད་དེ། ཡི་གེ་ཐུང་ངུ་རྣམས་ཀྱིས་སྦྱིན་པ་པོ་དང་། སྦྱིན་ཡུལ་དང་། སྦྱིན་པའི་རྫས་གསུམ་དུ་རྣམ་པར་དམིགས་ཏེ་གཏོང་བ་འཇིག་རྟེན་པའི་སྦྱིན་པ་དང་། འཇིག་རྟེན་པའི་ཚུལ་ཁྲིམས་སོགས་གཞན་ལྔ་དང་། ཡི་གེ་རིང་པོ་རྣམས་ཀྱིས་དེ་འདྲའི་འཁོར་གསུམ་རྣམ་པར་དག་པ་དམིགས་པ་མེད་པས་ཟིན་པའི་ཡོངས་སུ་དག་པའི་སྦྱིན་པ་སྟེ་འཇིག་རྟེན་ལས་འདས་པའི་སྦྱིན་པ་དང་། འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་སོགས་བསྟན་པ་ཡིན་པར་གསུངས་པའི་ཕྱིར་ཏེ། འགྲེལ་བ་དེ་ཉིད་ལས། དེ་དག་ཀྱང་རིང་ཐུང་གི་བྱེ་བྲག་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པར་ཤེས་པར་བྱའོ། །དེ་ལ་འཇིག་རྟེན་པའི་སྦྱིན་པ་ནི་སྦྱིན་པ་པོ་དང་སྦྱིན་པ་པོའི་ཡུལ་དང་། སྦྱིན་པར་བྱ་བའི་རྫས་དང་གསུམ་དུ་དམིགས་ཏེ་གཏོང་ངོ་། །འཇིག་རྟེན་ལས་འདས་པའི་སྦྱིན་པ་ནི་འཁོར་གསུམ་ཡོངས་སུ་དག་པའོ། །དེ་བཞིན་དུ་ཚུལ་ཁྲིམས་ལ་སོགས་པ་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

འགྲེལ་བ་ཁ་ཅིག་ལས་ནི་ཡི་གེ་བཅུ་གཉིས་པོ་འདིས་ཡོ་གའི་འབྲས་བུའི་ས་བཅུ་གཉིས་བསྟན་པར་འདོད་པ་ལ། ས་བཅུ་གཉིས་ནི། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྡན། །གཉིས་པ་བདུད་རྩིའི་འོད་ཅེས་བྱ། །ཟླ་བའི་འོད་ནི་འོད་གསལ་བ། །གསུམ་པ་ནམ་མཁའི་འོད་ཅེས་བྱ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །རྡོ་རྗེ་འོད་མཐའ་གང་ཞིག་ས། །བཞི་བ་དེ་ནི་ཡིད་འོང་བ། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་ཡོངས་སུ་བསྒྲགས། །ལྔ་བ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བར་ནི་རབ་ཏུ་གནས། །དྲུག་པ་པདྨོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང་། །རང་བཞིན་གྱི་ནི་ཆོས་ཉིད་དག །བདག་གི་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་འཕྲིན་ལས་མཛད་པ་ཆེ། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །དཔེ་ནི་དེ་ལ་ཡོད་མ་ཡིན། །དགུ་བ་དཔེ་དང་བྲལ་ཞེས་བྱ། །དཔེ་རྣམས་ཐམས་ཅད་རབ་འཇུག་པ། །བཅུ་བ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཀུན་མཁྱེན་ཉིད་ཅེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་རིག་པ། །རྣལ་འབྱོར་ཡེ་ཤེས་ཡོངས་རྫོགས་ཉིད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

འདི་རྣལ་འབྱོར་རྒྱུད་ཀྱི་ལུགས་སུ་སྣང་བས་འདིར་མཁོ་བྱ་མ་ཡིན་སྙམ་དུ་མི་སེམས་པར་འདི་ལྟར་ཡང་ཞར་བྱུང་དུ་རྣམ་གྲངས་གཞན་བཀོད་པ་རྣམས་ཤེས་པར་བྱ་ལ། རྒྱ་འགྲེལ་རྣམས་སུ་ས་བཅུ་བསྟན་པའི་རྒྱུད་འདི་དྲངས་པའི་ལུང་ཚིག་ནི་འགྱུར་གྱི་དབང་གིས་འདི་དང་ཅུང་མི་འདྲ་བ་མང་བས་འདིར་རྒྱུད་དངོས་ཀྱི་ཚིག་དེ་དྲངས་པ་ལགས་སོ།།

ཡང་འགྲེལ་བ་ཁ་ཅིག་ན་ཨ་ཡི་རྣམ་པ་ནི་གནས་དང་། ཨཱ་ཡི་རྣམ་པ་ནི་ཉེ་བའི་གནས་དང་། ཨི་ཞིང་དང་། ཨཱི་ཉེ་བའི་ཞིང་། ཨུ་ཚནྡྷོ་ཧ་དང་། ཨཱུ་ཉེ་བའི་ཚནྡྷོ་ཧ་དང་། ཨེ་འདུ་བ་དང་། ཨཻ་ཉེ་བའི་འདུ་བ་དང་། ཨོ་དུར་ཁྲོད་དང་། ཨཽ་ཉེ་བའི་དུར་ཁྲོད་དང་། ཨཾ་ཐུང་གཅོད་དང་། ཨ་ཉེ་བའི་ཐུང་གཅོད་ཀྱི་རྣམ་པ་སྟེ་གནས་ཡུལ་བཅུ་གཉིས་བསྟན་པ་ཡིན་པར་གསུངས་པ་དང་། རྒྱ་གར་གྱི་མཁན་པོ་གཞོན་ནུ་གྲགས་པའི་མན་ངག་གི་འགྲེལ་བ་ལས། ཨ་ཨཱ་ནི་གདོད་ནས་མ་སྐྱེས་པ། ཨི་ཨཱི་ནི་དེ་ལ་ཡེ་ཤེས་ཆེན་པོ་འཕོ་བའོ། །ཨུ་ཨཱུ་ནི་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པའོ། །ཨེ་ཨཻ་ནི་ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་བའོ། །ཨོ་ཨཽ་ནི་སེམས་ཀྱི་སྤྲུལ་པ་སྣ་ཚོགས་སུ་ཤར་བའོ། །ཨཾ་ནི་སྐྱེ་འགགས་མེད་པའོ། །ཨཿ ནི་སྐྱེ་མེད་ལས་འདས་སོ། །ཞེས་གསུངས་སོ།།

དགའ་རབ་རྡོ་རྗེའི་འགྲེལ་བ་དང་སློབ་དཔོན་པདྨའི་འགྲེལ་བ་སོགས་ཀྱིས་འགྲེལ་ཚུལ་ཡང་དེ་དང་མི་འདྲ་བ་ཡིན་པ་སོགས་རྒྱ་འགྲེལ་རྣམས་ཀྱིས་བཀྲལ་ཚུལ་མི་འདྲ་བ་མཐའ་ཡས་པ་ཡོད་དོ།།

སྠི་ཏོ་ཞེས་པ་ནི་བརྟན་པ་དང་གནས་ཀྱི་དོན་ཏེ། གནས་གང་ཞེ་ན་སྙིང་ག་དང་། སྙིང་ག་ན་ཅི་ཞིག་གནས་ཤིང་བརྟན་ན་ནི་ཧྲྀ་དི་ཞེས་པ་ནི་སྙིང་པོ་སྟེ་སྙིང་པོ་གནས་ཞེས་སྙིང་པོའི་གནས་སྙིང་ག་ཆོས་ཀྱི་འཁོར་ལོ་བསྟན་པ་དང་། སྙིང་པོ་ནི་གང་ཞེ་ན། ཛྙཱ་ན་ཞེས་པ་ཡེ་ཤེས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཟུང་འཛིན་གཉིས་སུ་མེད་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་སྙིང་པོའམ་རྣལ་འབྱོར་བའི་ཉམས་སུ་ལེན་པའི་སྐབས་ཀྱི་དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་སྐྱེས་ཀྱི་དགའ་བ་བཞིའི་ཡེ་ཤེས་རྣམས་གནས་དེར་རྙེད་པའམ་སྐྱེ་བའི་དོན་བསྟན་པར་ཡིན་པར་གསུངས་སོ།།

མཱུརྟྟི་ཞེས་པ་ནི་རྒྱུན་ཏེ། ཡེ་ཤེས་དེ་དག་རྒྱུན་དུ་བསྒོམ་པར་བྱ་ཞེས་པ་དང་། ཡང་ན་མཱུརྟྟི་ཞེས་པ་སྤྱི་གཙུག་སྟེ། ཕྲ་མོའི་རྣལ་འབྱོར་གྱི་སྦྱོར་བས་འཁྲུལ་འཁོར་སྦྱང་ཞིང་འཁྲུལ་འཁོར་གྱི་སྦྱོར་བས་ལམ་ངེས་པར་སྦྱངས་ནས་ཐིག་ལེའི་རྣལ་འབྱོར་གྱིས་སྤྱི་གཙུག་ན་གནས་པའི་མི་ཤིགས་པའི་ཡི་གེ་ཧཾ་ཡིག་གི་རང་བཞིན་ཀུནྡ་བྱང་ཆུབ་ཀྱི་སེམས་བཞུས་ཤིང་འཛག་པ་རྩ་འཁོར་རྣམས་སུ་བརྟན་པ་ལ་རོལ་བས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་འདྲེན་པའི་དོན་དུ་གོའོ།།

ར་ཧཾ་ཞེས་པ་ནི་ར་ནི་ར་ག་སྟེ་ཆགས་པ་དང་། ཧཾ་ནི་བསྒོམ་ཞེས་པ་སྟེ་ཆགས་པ་ཆེན་པོའི་ཡེ་ཤེས་ཀྱི་སྦྱོར་བས་རྡོ་རྗེ་དང་པདྨོ་སྙོམས་པར་འཇུག་པའི་ལམ་བསྒོམ་པར་བགྱིས་ཏེ་བཅོམ་ལྡན་འདས་མའི་བདེ་བ་ལ་རོལ་ནས་བདེ་སྟོང་ལྷན་ཅིག་སྐྱེས་པ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པ་ནི་བུདྡྷོ་སྟེ་སངས་རྒྱས་ཀྱི་འབྲས་བུ་ཡིན་ལ། འབྲས་བུ་དེ་ཇི་ལྟ་བུ་ཞེ་ན། བུད་དྷཱ་ནི་སངས་རྒྱས་ཏེ་སངས་རྒྱས་ཀྱི་སྤངས་པ་ཕུན་ཚོགས་དང་རྟོགས་པ་ཕུན་ཚོགས་ཀྱི་སྐུ་རྣམ་པ་གཉིས་ཏེ། ནཱཾ་ནི་གནས་སོ་ཞེས་པའི་དོན་ཏེ་སྐུ་རྣམ་པ་གཉིས་གནས་ཞེས་པ་ལ་གོ་ཞིང་། ཡང་ན་དེ་ཉིད་ནང་གི་རིམ་པས་རྟོགས་པར་གྱུར་པ་ནི་བུད་དྷཱ་ནཱཾ་ཞེས་པའི་དོན་ཏེ་སློབ་དཔོན་གཉིས་མེད་རྡོ་རྗེའི་འགྲེལ་བར་གསུངས་སོ།།

ཏྲྱ་དྷཱ་ནི་དུས་གསུམ་དང་། བརྟྟི་ནཱཾ་ཞེས་པ་ནི་བཞུགས་པ་ཞེས་པ་ཡིན་ལ། ཅི་ཞིག་བཞུགས་པ་ཡིན་ཞེ་ན། རྩ་འཁོར་རྣམས་སུ་ཁམས་བཞུ་བཏུལ་ལས་བྱུང་བའི་དགའ་བ་གསུམ་གྱི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་འབྱུང་ཞིང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་དུས་གསུམ་དུ་འབྱུང་ཞིང་བཞུགས་པའམ། ཡང་ན་ཨོཾ་ཡར་སྦྱར་ནས་ཨོཾ་སྐུ་གསུམ་དབྱེར་མི་ཕྱེད་པའམ་སྐུ་ལྔའི་ཡེ་ཤེས་དབྱེར་མི་ཕྱེད་པ་ཡིན་ཞིང་། དེ་འདྲའི་སྐུ་གསུམ་སྐུ་ལྔ་དབྱེར་མི་ཕྱེད་པར་བཞུགས་པའི་དོན་ནོ།།

ཡང་ན་ཨོཾ་འོག་ཏུ་སྦྱར་ནས་ཨོཾ་བཛྲ་ཏཱིཀྵཎ་ནི་རྡོ་རྗེ་རྣོན་པོ་ཞེས་པ་སྟེ་ཨོཾ་ཡིག་གིས་མཚོན་པའི་སྐུ་ལྔ་དབྱེར་མི་ཕྱེད་པའི་ངོ་བོ་འཇམ་དཔལ་རྡོ་རྗེ་རྣོན་པོའི་ཡེ་ཤེས་ཀྱིས་གཅོད་པར་བྱེད་པ་ནི། དུཿ ཁ་ཙྪེ་ད་ནི་ཞེས་པ་ཉོན་མོངས་པའམ་སྡུག་བསྔལ་ལ་འཇུག་པས་གཟུང་འཛིན་ཐ་དད་དུ་ཞེན་པའི་རྟོག་པ་དང་ཐ་མལ་ཞེན་རྟོག་དང་། དེ་དག་ལས་བྱུང་བའི་ཉོན་མོངས་པ་དང་། དེའི་འབྲས་བུ་སྡུག་བསྔལ་དང་བཅས་པ་སྟེ། དེ་དག་གཅོད་པར་བྱེད་པའི་བྱེད་ལས་དང་ལྡན་པ་ཡིན་ཞེས་པའོ།།

པྲ་ཛྙཱ་ནི་ཤེས་རབ་དང་ཛྙཱ་ན་ནི་ཡེ་ཤེས་ཏེ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དང་དེ་རྟོགས་པར་བྱ་བའི་ཐབས་བཅས་ལ་ཐོས་བསམ་སྒོམ་གསུམ་ལས་བྱུང་བའི་ཤེས་རབ་ཀྱི་རྒྱུན་དང་བཅས་པ་དེ་འཇམ་དཔལ་དབྱངས་ཀྱི་ཐུགས་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་ཡིན་ཞིང་། མཱུརྟྟ་ནི་རྒྱུན་གྱི་དོན་དང་། ཡེ་ནི་གནས་པའི་དོན་ཡིན་པས་དེ་འདྲའི་རྒྱུན་ཆད་པ་མེད་པའམ་མི་ཆད་པར་གནས་པའི་ཡེ་ཤེས་དེ་ནི་ཐུགས་དང་། ཛྙཱ་ན་ཀཱ་ཡ་སྟེ་ཡེ་ཤེས་ཀྱི་སྐུ་དང་། ཝཱ་གཱི་ཤྭ་ར་སྟེ་ངག་གི་དབང་ཕྱུག་གི་བདག་ཉིད་གསུང་དང་། དེ་འདྲའི་སྐུ་གསུང་ཐུགས་གསུམ་ནི་ཡི་གེ་ཨ༷་ཡིག་གིས་མཚོན་པའི་སྐྱེ་བ་མེད་པའི་དོན་རྟོགས་པ་ལས་བྱུང་བ་དང་། དེ་ར༷་ཡིག་གིས་མཚོན་པའི་བདེ་བ་གོམས་པས་ཉམས་སུ་བླངས་པ་དང་། པ༷་ཡིག་གིས་མཚོན་པའི་ལྟ་སྒོམ་སྐྱོན་གྱིས་མ་གོས་པ་དང་། ཙ༷་ཡིག་གིས་མཚོན་པའི་བསྐྱེད་རྫོགས་ཐུན་མོང་གི་སྤྱོད་པས་གྲོལ་བ་ཡིན་ནོ་ཞེས་པ་དང་། ན༷་ཞེས་པ་ནི་རིགས་པས་ཀྱང་སྐྱེ་བ་མེད་པའི་དོན་རྟོགས་པ་དང་ལུང་དང་བླ་མའི་མན་ངག་ལས་ཀྱང་ཤེས་པ་ཡིན་ནོ་ཞེས་པ་དང་། ཡ་ཏེ་ནི་གང་ཡིན་པ་སྟེ་ཞེས་པས་སྐྱེ་བ་མེད་པའི་དོན་ལ་འབྲས་བུ་སྟེར་བ་དང་བྲལ་བ་གང་ཡིན་པར་བསྟན་པ་དང་། ན་མཿ ཞེས་པ་དོན་མ་ནོར་བ་ཞེས་པ་ཡིན་ལ། དེ་ལྟར་སྐུ་གསུམ་གྱི་ངོ་བོ་བཤད་པ་སོགས་ནི་རྒྱུད་ཀྱི་དོན་མ་ནོར་པ་ཡིན་ཞེས་པའི་དོན་དུ་ཙནྡྲ་གོ་མིས་བསྟན་ལ། །འགའ་རེས་ན་མཿ ཕྱག་འཚལ་བ་ཡིན་པས་རྒྱུད་ཀྱི་དོན་ལ་ཕྱག་འཚལ་བ་ཡིན་པར་ཡང་གསུངས་ཤིང་། གང་ལྟར་ཡང་དོན་ཟབ་པ་འདི་འདྲ་བ་འཇམ་དཔལ་དབྱངས་ཀྱི་ངོ་བོའམ་ཡོན་ཏན་ཡིན་པའི་སྒོ་ནས་འཇམ་དཔལ་ལ་བསྟོད་པ་བྱས་པའོ། །དེ་དག་ནི་རྒྱུད་ཀྱི་དོན་སྔགས་སུ་བསྡུས་ནས་བསྟན་པ་ཡིན་ནོ།།

ཌོམྦི་པས། ཨ་ཞེས་པ་ནས་མ་ཞེས་པའི་བར་དུ་ཡི་གེ་དྲུག་ཅུ་རྩ་བཞིས་ནི་ཆོས་ཀྱི་དོན་བསྟན་པའོ། །ཞེས་སྔགས་འདི་ལ་ཡི་གེ་དྲུག་ཅུ་རྩ་བཞི་ཡོད་པར་གསུངས་སོ།།

སྨྲས་པ།

བརྗོད་བྱེད་སྔགས་ཐུང་མུ་ཏིག་དམར་པོའི་ཕྲེང་།།

བརྗོད་བྱ་ཟབ་དོན་ཛམྦུ་ཆུ་བོའི་གསེར།།

ཤིན་ཏུ་རྟོགས་དཀའི་བརྒྱ་སྟོང་སྲང་གི་ལྕིད།།

དཀྱུས་མའི་བློ་ལྡན་ཕྲག་པས་མི་ཐེག་ངལ།།

ཟབ་མོའི་རྒྱུད་དོན་དབང་པའི་སྐལ་ལྡན་ལ།།

སྔགས་ཕྲེང་བཟླས་པས་ཟབ་རྒྱས་གནས་གསལ་ཡང་།།

བདག་འདྲའི་བློ་དམན་ཚིག་གི་རྩལ་རེ་ལ།།

ཨ་ཨི་བཏོན་འདི་སུན་པའི་རྒྱུ་ལས་གཞན།།

ཐུབ་པའི་དབང་པོ་སྨྲ་བྱེད་ཚིག་གི་བདག།

ཚིགས་སུ་བཅད་པ་སྙན་པའི་གླུ་ལེན་པ།།

བརྟན་གཡོའི་སྒྲ་ལ་དབང་བའི་གྲགས་ལྡན་དེས།།

བློ་དམན་བློ་འཚམ་ཚིག་གསལ་ཅིས་མ་མཛད།།

སྐྱེ་མེད་ཨ་དོན་དབྱིངས་ཀྱི་ལྷ་ལམ་ཡངས།

ལྷན་སྐྱེས་བདེ་ཆེན་ཉིན་མོར་བྱེད་འབར་བས།།

མཐར་ཐུག་འཇམ་དཔལ་འདབ་སྟོང་འཛུམ་པའི་རྩི།།

ལེགས་བཤད་རྐང་དྲུག་གཤོག་པས་མངར་དུ་བསགས།།

དོན་ལྡན་ཟབ་རྒྱས་ལུས་ཅན་གསོ་བའི་བཅུད།།

མི་གསལ་ཚིག་གི་བུམ་པར་གབ་པ་ཡི།།

གསང་བའི་རོ་མངར་རྣམ་དཔྱོད་ལྕེར་སྨིན་པ།།

མང་ཐོས་བློ་ལ་གོམས་པའི་ལག་རྗེས་ཡིན།།

ཞེས་བྱ་བ་ནི་ལེའུ་བཞི་བ་བསྟན་པའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།#div2 རྡོ་རྗེ་འཆང་གི་དཀྱིལ་འཁོར་གྱི་སྒོ་ནས་འཇམ་དཔལ་གྱི་མཚན་བསྟན་པའི་ལེའུ།

ལྔ་བ་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཏེ་རྩ་བ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པ་ལ་ནི། ཆོས་ཐམས་ཅད་ཡི་གེ་གཅིག་གི་ལུས་ལ་གནས་པར་བསྟན་པ་དང་། ཉོན་མོངས་པ་དང་རིགས་རྣམ་པར་དག་པའི་མཆོད་པ་བསྟན་པ་དང་། ཁམས་དང་ཆེ་བ་བཅུ་དྲུག་གི་རྣམ་དག་བསྟན་པ་དང་། རྣམ་ཤེས་ཀྱི་ཚོགས་དང་ལྷ་མོའི་རྣམ་དག་བསྟན་པ་དང་། ས་དང་བསྐལ་བཟང་བཅུ་དྲུག་གི་རྣམ་དག་བསྟན་པ་དང་ལྔ་ལས། འདི་ནི་རྡོ་རྗེ་འཆང་གི་དཀྱིལ་འཁོར་ཏེ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལ་བསྟོད་པའི་སྒོ་ནས་དེའི་དཀྱིལ་འཁོར་བསྟན་ཅིང་། དེ་ཡང་ཤོ་ལོ་ཀ་བཅུ་བཞིས་བསྟན་པ་ཡིན་ཏེ། མཚན་བརྗོད་འགྲེལ་པ་དྲི་མེད་འོད་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་བྱ་བ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅུ་བཞིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་བསྟོད་པ་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ཆོས་ཐམས་ཅད་ཡི་གེ་གཅིག་གི་ལུས་ལ་གནས་པར་བསྟན་པ་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །ཞེས་པ་ནས། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པའི་བར་གྱིས་ཆོས་ཐམས་ཅད་ཡི་གེ་གཅིག་གི་ལུས་ལ་གནས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་གོང་དུ་བཤད་མ་ཐག་པའི་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་དོན་རྒྱས་པར་བཤད་ན་འ༷དི་ལྟར༷་ཡིན་ཞེས་པ་སྟེ། གང་ལྟར་ཞེ་ན། མ་རིག་པའི་མུན་པ་སང༷ས་ཤིང་མཁྱེན་པའི་བློ་གྲོས་པདྨོའི་འདབ་མ་ལྟར་རྒྱ༷ས་པ་དང་། རྡོ་རྗེ་རྒྱལ་པོའི་རྒྱུད་ལས། ཉོན་མོངས་དང་ནི་འཆི་བདག་བདུད། །ཕུང་པོའི་བདུད་དང་ལྷ་ཡི་བདུད། །བདུད་བཞི་བཅོམ་པས་བཅོམ་པའོ། །ལྡན་པ་ཡོན་ཏན་དྲུག་ལྡན་ཕྱིར། །དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་དང་སྐལ་བ་བཟང་། །ཡེ་ཤེས་ཕུན་སུམ་ཚོགས་པ་ལ། །དྲུག་པོ་དེ་ལྡན་ཞེས་བྱ་བ། །འཁོར་བའི་ཆོས་ནི་མྱ་ངན་ཏེ། །དེ་ལྟར་བྲལ་ཕྱིར་འདས་པའོ། །འདས་པའི་དེ་བཞིན་གཤེགས་པ་ཀུན། །འགྲོ་བའི་དོན་མཛད་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟར། བདུད་བཞི་བཅོ༷མ་ཞིང་ལེགས་པའི་ཡོན་ཏན་དྲུག་དང་ལྡ༷ན་པ་དང་། སྲིད་ཞིའི་མྱ་ངན་གྱི་མཐའ་ལས་འདས༷་པ་དང་། སྐུ་གསུམ་དབྱེར་མི་ཕྱེད་པའི་རང་བཞིན་སྤངས་རྟོགས་ཡོངས་སུ་རྫོ༷གས་པ༷འི་ཡོན་ཏན་མངའ་བའི་སང༷ས་རྒྱ༷ས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་དེ་ནི་ཡི་གེ་ཨ༷་ཡིག་གིས་མཚོན་པའི་ཆོས་ཐམས་ཅད་སྐྱེ་བ་མེད་པར་རྟོགས་པ་ལ༷ས་བྱུང༷་བ་ཡིན་ནོ་ཞེས་པའོ།།

དེ་ཡང་ཀུན་རྫོབ་ཀྱི་དབང་དུ་བྱས་ནའང་ཡི་གེ་ཨ༷་ཡིག་ནི༷་ཡི༷ག་འབྲུ༷་ཀ་དང་ཀི་ལ་སོགས་པ་ཀུ༷ན་གྱི༷་ནང་ནས་མཆོ༷ག་ཏུ་གྱུར་པའི་ཡི་གེ་ཡིན་པས་མཚོན་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཀྱི་མཆོག་ཡིན་ཏེ། རྒྱུ་མཚན་ནི། དཔེར་ན་ཡི་གེ་གཞན་རྣམས་ནི་སོ་ལྕེ་མཆུ་དང་ཡ་རྐན་སོགས་ཀྱི་གནས་རྣམས་ལ་རག་ལས་ཤིང་བརྗོད་པ་ཡོད་པ་དང་། ཨ་ནི་དེ་དག་དང་མི་འདྲ་བར་སོ་སོགས་ལ་རག་མ་ལས་ཤིང་ཁོང་སྟོང་ནས་འབྱུང་བས་ན་ཡི་གེའི་སྐྱེ་གནས་ལས་སྐྱེ་བ་མེད་པ་དང་། ཨ་ཞེས་པ་དེ་བརྗོད་བྱའི་དོན་ཚིག་ཏུ་བརྗོད་དེ་སྟོན་པ་མེད་པས་ན་བརྗོད་པ་སྤངས་པ་ཅན་ཡིན་པའི་ཕྱིར་རོ།།

འོན་ཀྱང་གསལ་བྱེད་ཀྱི་ཡི་གེ་ལ་སོགས་པའི་ཡི་གེ་ཀུན་གྱི་སྲོག་ཏུ་ཨ་ཞུགས་ནས་ཡི་གེ་དེ་རྣམས་ཀྱི་རྗོད་པ་སྒྲའི་གདངས་དེ་བྱུང་བ་ཡིན་པ་ལས། ཨ་ཡིག་ཡི་གེ་ཀུན་གྱི་སྲོག་ཏུ་མེད་ན་ཨའི་གདངས་དེ་མེད་པས་བརྗོད་པ་གཞན་རྣམས་འབྱུང་དུ་མེད་པ་དེས་ན་ཨ་ཡིག་ནི་བརྗོད་པ་གཞན་ཀུན་སྟོན་པའི་གདངས་སུ་གྱུར་པས་བརྡ་གཞན་ལ་གོ་བར་བྱེད་པའི་དོན་ཆེན་པོ་འགྲུབ་བྱེད་ཀྱི་ཡི་གེ་ཡིན་པ་དང་། ཡང་རང་དང་གཞན་གྱི་དོ༷ན་ཆེ༷ན་པོ་འགྲུབ་བྱེད་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཚོན་པའི་ཡི༷་གེ༷་དང་། དེ་རྟོགས་བྱེད་ལམ་མ་ནོར་བ་དམ༷་པ༷་སྟོན་པའི་ཡི་གེ་ཡང་ཡི༷ན་པ་དང་། ཨ་ཡིག་གི་ཁོ༷ང་ནས༷་འབྱུང༷་བ༷་ནི་སྐྱེ༷་བ༷་མེ༷ད་པའི་དོན་སྟོན་པའམ་གནས་ལུགས་སྐྱེ་བ་མེད་པའི་དོན་དེ་ཡིན་ཞིང་། སྐྱེ་བ་མེད་པ་དེ་ཡི་དོན་ནི་ཚི༷ག་ཏུ༷་སྨྲ་བ་དང་བརྗོ༷ད་པ༷་སྤངས༷་པ༷་སྟེ༷། ཀུན་འདུས་རིག་པའི་མདོ་ལས། ཨ་ནི་རང་བཞིན་ཡི་གེ་སྟེ། །རྟེན་དང་འབྲེལ་བའི་རྒྱུ་རྐྱེན་མེད། །ཀུན་ལ་ཁྱབ་པས་ནམ་མཁའ་འདྲ། །ཨ་ནི་ཆོས་ཉིད་ཆོ་འཕྲུལ་ཏེ། །ཆོས་ཉིད་ཟབ་མོའི་ངང་ལས་ནི། །ཆོ་འཕྲུལ་ཡི་གེ་ཨ་བྱུང་བས། །ཨས་ནི་ཆོས་ཉིད་མཚོན་པར་བྱེད། །ཅེས་དང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་སྨྲ་བ་དང་བསམ་པའི་ཡུལ་ལས་འདས་པ་ཡིན་ནོ།།

ཡང་སྨོས་མ་ཐག་པ་ལྟར་ཡི་གེ་ཨ་ནི་གསལ་བྱེད་ཀྱི་ཡི་གེ་ཀུན་གྱི་སྲོག་ཏུ་ཞུགས་ནས་ཡི་གེའི་བརྗོད་པ་བསྐྱེད་པ་དང་། ཨ་མེད་ན་ཡི་གེ་ཀུན་ལ་བརྗོད་པ་མི་འབྱུང་ཞིང་ཨ་ཡི་དབང་གིས་ཡི་གེ་ཀུན་སྲོག་ལྡན་དུ་གྱུར་ནས་བརྗོད་པ་འབྱུང་བས་ན་ཡི་གེ་གཞན་ཀུན་གྱི་བརྗོད་པ་ནི་ཨ་ཡིག་ལ་ལྟོས་དགོས་པས་ཨ་ཡིག་ནི་བརྗོད༷་པ༷་ཀུན༷་གྱི་རྒྱུ་ཡིན་པ་དང་། དེ་ཡང་རྒྱུ༷་ཡི་མཆོ༷ག་ཡིན་ཞིང་། མིང་ཚིག་གི་རྩོམ་གཞིའི་ཡི་གེ་ཀུན་དང་དེའི་བསྐྱེད་པའི་མིང་དང་ཚིག་ཀུན་ཨ་ཡིག་གིས་གསལ་བར་བྱེད་པས་ན་ཡི་གེ་མཆོག་ཡིན་ནོ།།

དེ་བཞིན་དུ་ཨ་ཡིག་དེ་འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་མེད་འགགས་པ་མེད་པ་བརྗོད་མེད་བརྗོ༷ད་པ༷་དང་བྲལ་བའི་རང་བཞིན་གནས་ལུགས་བདེ་སྟོང་སྤྲོས་བྲལ་ཆེན་པོའི་དོན་དེ་ཉིད་མཚོན་བྱེད་དམ། དེ་ཉིད་སྟོན་པའི་ཚིག་གི་བརྗོད་པ་ཀུ༷ན་གྱི༷་སྐྱེད་བྱེད་དམ་དེ་ཀུན་ཏུ་འབྱུང་བའི་རྒྱུ༷་ཡི༷་མཆོ༷ག་ཡིན་པ་དང་། གནས་ལུགས་སྐྱེ་མེད་ཆོ༷ས་ཀྱི་དབྱིངས་སྟོན་པའི་ཚིག༷་ཡོད་དོ་ཅོག་ཀུ༷ན་ཨ་ཡིག་གིས་རབ༷་ཏུ༷་གསལ༷་བ༷ར་བྱེ༷ད་པའམ། ཨ་ཡིག་གི་མཚོན་པའམ་ཨ་ཡིག་དེ་ནི་སྐྱེ་མེད་སྟོང་པ་ཉིད་བརྗོད་བྱེད་ཀྱི་ཚིག་ལྟ་བུར་གྱུར་པའི་རྒྱུ་མཚན་གང་གིས་ན་སྐྱེ་མེད་ཀྱི་དོན་ཀུན་རབ་ཏུ་གསལ་བར་བྱེད་པ་ཡིན་ནོ་ཞེས་པ་སྟེ། ཀུན་འདུས་རིག་པ་ལས། ཨ་ལས་ཡིག་འབྲུའི་ཚོགས་འཕྲོས་ཏེ། །ཚིག་ཚོགས་བསྟན་པ་རྒྱ་མཚོར་གྲགས། །ཡི་གེའི་སྒྲ་སྐད་ཀུན་བཟུང་སྟེ། །སྣ་ཚོགས་ཡི་གེའི་སྐད་དུ་བསྒྱུར། །ཡིག་འབྲུ་ཡན་ལག་མང་པོ་རྣམས། །རང་བཞིན་ཨ་ཡི་ངང་དུ་འདུས། །ཞེས་དང་། ཨ་ནི་བརྗོད་པའི་རྒྱུ་ཡིན་ཏེ། །ཞེས་དང་། ཨ་ནི་ཡིག་འབྲུ་ཀུན་གྱི་གཏེར། །ཨ་ཉིད་ཆོས་ཀྱི་དབྱིངས་སུ་ཐིམ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

གཞན་ཡང་ངེས་དོན་ལྟར་ན། ཡང་དག་པར་རྫོ༷གས་པ༷འི་སང༷ས་རྒྱས༷་ཀྱི་རྒྱུར་གྱུར་པའི་སྙིང་གའི་གཉུག་སེམས་ཤིན་ཏུ་ཕྲ་བའི་བཞོན་པའི་རླུང་སྲོག་འཛིན་ཤིན་ཏུ་ཕྲ་བ་དེ་ལ་མི་ཤིགས་པའི་ཐིག་ལེ་དང་ངེས་དོན་གྱི་ཨ་ཐུང་ཞེས་བྱ་ལ། དེ་ལ་བསྒོམས་སྟོབས་ཀྱིས་རླུང་ཐིམ་པ་ལས་སྙིང་ཀའི་རྩ་མདུད་གྲོལ་ནས་ལམ་རིམ་པར་སྐྱེས་ཏེ་མཐར་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པ་ཡིན་ཕྱིར་མཐར་འབྲས་ནི་དེ་ལ༷ས་བྱུང༷་བ་ཡིན་ཞིང་། ཡི་གེའི་མིང་ཅན་གྱི་ཨ་ཐུང་དེ་ནི་ངག་མ་ལུས་པའི་རྩ་བ་ཡིན་ཞིང་། སྐྱེས་བུའི་རྒྱུད་ཀྱིས་བསྡུས་པའི་ངག་མ་ལུས་པ་བརྗོད་པ་ཡི་གེའི་གདངས་ལ་བརྟེན་ནས་སྐྱེས་ཤིང་ཡི་གེའི་གདངས་ནི་སྲོག་རླུང་ཕྲ་བ་ཨ༷་ཐུང་གི་རྩ་བ་ཅན་ཡིན་ཕྱིར་ཨ༷་ཡིག་ནི༷་ངག་དང་སྒྲའི་རྩ་བར་གྱུར་པའི་ཡི༷ག་འབྲུ༷་ཡོད་དོ་ཅོག་ཀུན༷་གྱི༷་མཆོ༷ག་གམ་གཙོ་བོ་ཡིན་ཞིང་། སྙིང་གའི་འཁོར་ལོའི་དབུས་ཀྱི་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་པའི་སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་ཨ་ཐུང་དེ་ལ་རླུང་ཐམས་ཅད་ཞུགས་གནས་ཐིམ་གསུམ་བྱས་ཏེ་སྒྱུ་ལུས་དང་དོན་གྱི་འོད་གསལ་མངོན་དུ་གྱུར་ནས་མཐར་ཟུང་འཇུག་གི་སྐུ་ཐོབ་སྟེ་སངས་རྒྱས་པར་བྱེད་པས་ན་ཨ་ཐུང་གི་མིང་ཅན་གྱི་སྲོག་རླུང་ཕྲ་བ་ནི་དོན༷་ཆེ༷ན་པོ་འགྲུབ་བྱེད་ཀྱི་ཡི༷་གེ༷་དམ༷་པ༷འམ་མཆོག་ཏུ་གྱུར་པ་ཡི༷ན་ནོ།།

ཡི་གེ་དེ་ནི་སྙིང་གའི་རྩ་འཁོར་གྱི་དྷཱུ་ཏཱིའི་དབུས་ཀྱི་ཐིག་ལེ་དང་དབྱེར་མེད་པར་དེའི་ཁོང༷་ནས༷་འབྱུང༷་བ༷་ཡིན་ཕྱིར། མི་ཤིགས་པའི་ཐིག་ལེ་དང་དབྱེར་མེད་པའི་སྲོག་རླུང་ཕྲ་བ་མཐར་ཐུག་པ་ཡིན་གྱི་ཡི་གེའི་གཟུགས་དང་གདངས་ཙམ་དུ་སྐྱེས་པའམ་སྐྱེ༷་བ༷་ནི་མེ༷ད་པ་ཡིན་ཕྱིར་ངག་ཚིག་བརྗོད་པ་ཀུན་གྱི་རྒྱུ་ཡིན་ཡང་རང་གི་ངོ་བོ་སྲོག་ལྡན་གྱི་ཡི་གེའི་གདངས་ཅན་ངག་ཚིག༷་ཏུ༷་གྲུབ་པ་དང་བརྗོ༷ད་པ༷་ནི་སྤང༷ས་པ༷་སྟེ༷་མེད་པ་ཡིན་ནོ།།

འོན་ཀྱང་འཁོར་འདས་ཀྱི་རྗོད༷་པ༷་ཀུན༷་གྱི་རྒྱུ༷་ཡི༷་མཆོ༷ག་སྲོག་རླུང་ཕྲ་བ་མི་ཤིགས་པའི་ཐིག་ལེ་དང་ངོ་བོ་དབྱེར་མེད་པ་དེ་རྗོད་བྱེད་ཀྱི་སྒྲ་དང་ངག་ཚི༷ག་ཀུན༷་ཀྱང་རབ༷་ཏུ༷་གས༷ལ་བ༷ར་བྱེད༷་པ་ཅན་ཡིན་ནོ་ཞེས་འགྲེལ་བའང་ཡོད་དོ།།

རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ནི། དཀྱིལ་འཁོར་གྱི་གཞལ་ཡས་ཁང་གི་འཁོར་ལོ་རྩིབས་བཞི་བའི་དབུས་སུ་དེ་བཞིན་གཤེགས་པའི་རིགས་དཔལ་རྣམ་པར་སྣང་མཛད་དཀར་པོ་དང་། རིགས་ཀྱི་བདག་པོ་རྡོ་རྗེ་འཆང་ངམ་དང་པོའི་སངས་རྒྱས་སྐུ་མདོག་སྣ་ཚོགས་པ་དང་། ཡེ་ཤེས་སེམས་དཔའ་དཀར་པོ་དང་། འཁོར་ལོའི་ཤར་དུ་རྡོ་རྗེ་སེམས་དཔའམ་མི་བསྐྱོད་པ་སྔོན་པོ་དང་། ལྷོར་རིན་ཆེན་འབྱུང་ལྡན་སེར་པོ་དང་། ནུབ་ཏུ་སྣང་བ་མཐའ་ཡས་དམར་པོ་དང་། བྱང་དུ་དོན་ཡོད་གྲུབ་པ་ལྗང་གུ་སྟེ་ཕྱོགས་བཞིར་བདེ་བར་གཤེགས་པ་རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་བཞིའོ།།

ཤར་ལྷོར་སྤྱན་མའམ་རྡོ་རྗེ་སེམས་མ་དཀར་པོ་དང་། ལྷོ་ནུབ་ཏུ་མཱ་མ་ཀཱིའམ་རིན་ཆེན་མ་སྔོན་མོ་དང་། ནུབ་བྱང་དུ་གོས་དཀར་མོའམ་ཆོས་མ་དམར་མོ་དང་། བྱང་ཤར་དུ་སྒྲོལ་མའམ་ལས་མ་ལྗང་གུ་སྟེ་མཚམས་རྣམས་སུ་འབྱུང་བཞིའི་ཡུམ་བཞིའོ།།

དེའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཅུ་དྲུག་པ་གྲྭ་བཞི་སྒོ་དང་བཅས་པའི་ཤར་གྱི་རྩིབས་བཞི་ལ་རྡོ་རྗེ་སེམས་དཔའི་འཁོར་རྡོ་རྗེ་སེམས་དཔའ་དཀར་པོ་དང་། རྡོ་རྗེ་རྒྱལ་པོ་སེར་པོ་དང་། རྡོ་རྗེ་ཆགས་པ་དམར་པོ་དང་། རྡོ་རྗེ་ལེགས་པ་ལྗང་གུ་སྟེ་ཤར་གྱི་སེམས་དཔའ་བཞི་དང་། ལྷོ་རྩིབས་བཞི་ལ་རིན་འབྱུང་གི་འཁོར་རྡོ་རྗེ་རིན་ཆེན་སེར་པོ་དང་། རྡོ་རྗེ་གཟི་བརྗིད་དམར་པོ་དང་། རྡོ་རྗེ་རྒྱལ་མཚན་སྔོན་པོ་དང་། རྡོ་རྗེ་བཞད་པ་དཀར་པོ་སྟེ་ལྷོའི་སེམས་དཔའ་བཞི་དང་། ནུབ་རྩིབས་བཞི་ལ་འོད་དཔག་མེད་ཀྱི་འཁོར་རྡོ་རྗེ་ཆོས་དཀར་དམར་དང་། རྡོ་རྗེ་རྣོན་པོ་སྔོན་པོ་དང་། རྡོ་རྗེ་འཁོར་ལོའམ་རྡོ་རྗེ་རྒྱུ་སེར་པོ་དང་། རྡོ་རྗེ་སྨྲ་བ་དམར་པོ་སྟེ་ནུབ་ཀྱི་སེམས་དཔའ་བཞི་དང་། བྱང་རྩིབས་བཞི་ལ་དོན་གྲུབ་ཀྱི་འཁོར་རྡོ་རྗེ་ལས་ཁྲ་བོ་དང་། རྡོ་རྗེ་སྲུང་བ་སེར་པོ་དང་། རྡོ་རྗེ་གནོད་སྦྱིན་ནག་པོ་དང་། རྡོ་རྗེ་ཁུ་ཚུར་སེར་པོ་སྟེ་བྱང་གི་སེམས་དཔའ་བཞི་སྟེ་བཅུ་དྲུག་ལ་བྱང་ཆུབ་སེམས་དཔའ་བཅུ་དྲུག་གོ།

གྲུ་ཆད་ཀྱི་གྲྭ་བཞི་ལ་ཤར་ལྷོར་སྒེག་མོ་མ་དཀར་མོ་དང་། ལྷོ་ནུབ་ཏུ་ཕྲེང་བ་མ་སེར་མོ་དང་། ནུབ་བྱང་དུ་གླུ་མ་དཀར་དམར་དང་། བྱང་ཤར་དུ་གར་མ་ལྗང་གུ་བཞི་དང་། མཚམས་བཞིའི་གྲྭ་ལ་ཤར་ལྷོར་བདུག་པ་མ་དཀར་མོ་དང་། ལྷོ་ནུབ་ཏུ་མེ་ཏོག་མ་སེར་མོ་དང་། ནུབ་བྱང་དུ་མར་མེ་མ་དམར་སྐྱ་དང་། བྱང་ཤར་དུ་བྱུག་པ་མའམ་དྲི་ཆབ་མ་ལྗང་གུ་སྟེ་ལྷ་མོ་བརྒྱད་དོ།།

ཡང་དཀྱིལ་འཁོར་གྱི་ཤར་ཁྱམས་ཀྱི་འཁོར་ལོའི་རྩིབས་ནས་བཟུང་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་སྟེ། ཤར་ཁྱམས་ཀྱི་འཁོར་ལོའི་རྩིབས་བཞིར་བྱང་ཆུབ་སེམས་དཔའ་བྱམས་པ་དཀར་པོ་དང་། འཇམ་དཔལ་ལྗང་སེར་དང་། སྤོས་ཀྱི་གླང་པོ་མཐིང་ག་དང་། ཡེ་ཤེས་ཏོག་དཀར་པོ་སྟེ་ཤར་གྱི་སེམས་དཔའ་ཆེན་པོ་བཞི་དང་། ལྷོ་ཁྱམས་ཀྱི་རྩིབས་བཞིར་བཟང་སྐྱོང་སྔོན་པོ་དང་། བློ་གྲོས་རྒྱ་མཚོ་སེར་པོ་དང་། བློ་གྲོས་མི་ཟད་པ་གསེར་མདོག་དང་། སྤོབས་པ་བརྩེགས་པ་མཐིང་ག་སྟེ་སེམས་དཔའ་ཆེན་པོ་བཞི་དང་། ནུབ་ཁྱམས་ཀྱི་རྩིབས་བཞིར་མཐུ་ཆེན་ཐོབ་དམར་པོ་དང་། ངན་སོང་ཀུན་འདྲེན་དམར་སེར་དང་། མྱ་ངན་མ་ལུས་ངེས་པར་འཇོམས་པ་དཀར་པོ་དང་། དྲྭ་བ་ཅན་དཀར་པོ་སྟེ་སེམས་དཔའ་ཆེན་པོ་བཞི་དང་། བྱང་ཁྱམས་ཀྱི་རྩིབས་བཞིར་ཟླ་འོད་གཞོན་ནུ་དཀར་སེར་དང་། འོད་དཔག་ཏུ་མེད་པ་དཀར་པོ་དང་། ནམ་མཁའ་མཛོད་མཐིང་ག་དང་། སྒྲིབ་པ་རྣམ་སེལ་ལྗང་གུ་སྟེ་སེམས་དཔའ་ཆེན་པོ་བཞི་བཅས་འགོད་པའོ།

སྒོ་བཞི་ལ་ཤར་སྒོ་རུ་ལྕགས་ཀྱུ་མ་མཐིང་ག་དང་། ལྷོར་ཞགས་པ་མ་སེར་མོ་དང་། ནུབ་ཏུ་ལྕགས་སྒྲོག་མ་དམར་སྐྱ་མོ་དང་། བྱང་དུ་དྲིལ་བུ་མ་ལྗང་གུ་སྟེ་སྒོ་བ་མ་བཞིའོ།།

དེས་ན་གོང་དུ་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །སོགས་ནས་རིགས་དྲུག་པ་རྡོ་རྗེ་འཆང་དང་། འོག་གི་རིགས་རྣམ་པར་དག་པའི་མཆོད་པ་ལྔ་བསྟན་པའི་སྐབས་སུ་དེ་བཞིན་གཤེགས་པ་རིགས་ལྔ་དང་། སེམས་མ་བཞི་བསྟན་པ་དང་། འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་གྱིས་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་དང་། ལྷ་མོ་བརྒྱད་དང་། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་རྣམས་བསྟན་པར་གསུངས་སོ།།

གཞན་ཡང་གོང་གི། ཁོང་ནས་འབྱུང་བ་སྐྱེ་བ་མེད། །ཅེས་པས་ས་ཏྭ་བཛྲ་མ་སྟེ་ཡུམ་རྡོ་རྗེ་སེམས་མ་ཡི་མཚན་དང་། ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །ཞེས་པས་རཏྣ་བཛྲ་མ་སྟེ་རིན་ཆེན་སེམས་མ་བསྟན་པ་དང་། བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག །ཅེས་པས་དྷརྨ་བཛྲ་མ་སྟེ་ཆོས་ཀྱི་རྡོ་རྗེ་མ་བསྟན་པ་དང་། ཚིག་ཀུན་རབ་ཏུ་གསལ་བར་བྱེད། །ཅེས་པས་ཀརྨ་བཛྲ་མ་སྟེ་ལས་ཀྱི་སེམས་མ་ཡི་མཚན་བསྟན་པ་ཡིན་པར་ཡང་གསུངས་ཏེ། པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། གསང་བའི་ཡུམ་བཞི་རྣམས་ལ་ནི། །ཁོང་ནས་བྱུང་དང་སྐྱེ་མེད་གཉིས། །ས་ཏྭ་བཛྲི་མ་ཡི་མཚན། །ཚིག་ཏུ་བརྗོད་པ་སྤངས་གཅིག་པུ། །རཏྣ་བཛྲི་མ་ཡི་མཚན། །བརྗོད་པ་ཀུན་གྱི་རྒྱུ་མཆོག་ཉིད། །དྷརྨ་བཛྲི་མ་ཡི་མཚན། །ཚིག་ཀུན་ཤེས་ནི་འབྱུང་བ་དང་། །རབ་ཏུ་གསལ་བྱེད་པ་དང་གཉིས། །ཀརྨ་བཛྲི་མ་ཡི་མཚན། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་རྒྱལ་བ་རིགས་ལྔ་དང་། སེམས་མ་བཞི་དང་། ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་དང་། ལྷ་མོ་བརྒྱད་དང་། སྒོ་མ་བཞི་དང་། བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་བཅས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་ལྷ་ལྔ་བཅུ་རྩ་གསུམ་དང་། རིགས་དྲུག་པ་དང་། ཡེ་ཤེས་སེམས་བསྣན་ན་དེ་ལས་མང་བ་སྟེ། མཚན་བརྫོད་ཀྱི་སྒྲུབ་ཐབས་ཐམས་ཅད་དུ་བསྟན་པའི་དཀྱིལ་འཁོར་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཤད་འདུག་ལ། རྣལ་འབྱོར་རྒྱུད་ཀྱི་ལུགས་ལ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་འདི་བཞིན་ཡོད་མོད། རྣལ་འབྱོར་བླ་ན་མེད་པའི་ལུགས་ཀྱི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་གོ་དགོས་སོ། །འདིར་ས་བཅད་དང་ཕྱོགས་བསྟུན་པ་དང་གུ་རུ་རིན་པོ་ཆེའི་ཊཱི་ཀ་ལས་དེ་ལྟར་བྱུང་ཕྱིར་བྲིས་པའོ།།

གཉིས་པ་ཉོན་མོངས་པ་དང་རིགས་རྣམ་པར་དག་པའི་མཆོད་པ་བསྟན་པ་ལ་ནི། སྙིང་པོ་མངོན་པར་རྟོགས་པ་ལས། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །ཞེས་པ་ནས། ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པའི་བར་གྱིས་ཉོན་མོངས་པ་དང་རིགས་རྣམ་པར་དག་པའི་མཆོད་པ་བསྟན་ཏོ། །ཞེས་གསུངས་པ་ལྟར། འདོད་ཆགས་རྣམ་དག་དང་པདྨའི་རིགས་ཀྱི་མཆོད་པ་དང་། ཞེ་སྡང་རྣམ་དག་དང་རྡོ་རྗེ་རིགས་ཀྱི་མཆོད་པ་དང་། གཏི་མུག་རྣམ་དག་དང་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པ་དང་། ཁྲོ་བ་རྣམ་དག་དང་རིན་ཆེན་རིགས་ཀྱི་མཆོད་པ་དང་། ཆགས་པ་ཆེན་པོ་རྣམ་དག་དང་ལས་ཀྱི་རིགས་ཀྱི་མཆོད་པ་བསྟན་པ་དང་ལྔ་ལས།

དང་པོ་ནི། མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པའི་ཤོ་ལོ་ཀ་ཕྱེད་ཀྱིས་བསྟན་ཏེ། ཉོན་མོངས་པ་སྤོང་བྱེད་ཀྱི་གཉེན་པོ་ཁྱད་པར་བ་བདེ་སྟོང་གི་ཡེ་ཤེས་ཐབས་ཤེས་སྦྱོར་བའི་མཆོ༷ད་པ༷་དེ་ནི་ཐབས་དང་ཤེས་རབ་ཐ་མི་དད་པ་ལས་དཀྱིལ་འཁོར་གྱི་ཚོགས་ཐམས་ཅད་རྫོགས་པར་འགྱུར་བ་དང་། ནང་འདོད་ཆགས་དང་། འདུ་ཤེས་ཀྱི་ཕུང་པོ་དང་། ཕྱི་མེའི་ཁམས་རྣམ་པར་དག་པའི་བདེ་པའི་ཡེ་ཤེས་ཡིན་ཞིང་། རྣལ་འབྱོར་པའི་ཡིད་ལ་ཉམས་རྟོགས་ཀྱི་ཡེ་ཤེས་རྒྱས་པ་དང་རྒྱལ་བ་ཀུན་ཐུགས་དགྱེས་པར་བྱེད་པ་པདྨའི་རིགས་རྣམ་པར་དག་པའི་མཆོད་པ་ཆེ༷ན་པོ༷་ཡང་ཡིན་ནོ།།

དེ་ཕྱིར་ཡབ་གྱི་ནོར་བུ་དང་ཕྱག་རྒྱ་མཚན་ལྡན་མའི་པདྨ་སྦྱོར་བ་ལས་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་དེ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་གཉིས་འཛིན་གྱི་རྟོག་པ་མཐའ་དག་ཞི་བྱེད་ཀྱི་འདོད་ཆགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་བའི་ལམ་ཡིན་པས་ན་འདོ༷ད་ཆ༷གས་ཆེ༷་ཞེས་པ་སྟེ་ཆགས་མེད་ཆགས་པ་ཆེན་པོའི་ཡེ་ཤེས་ཞེས་བྱ་སྟེ། དེ་ཉིད་བསྡུས་པ་ལས། འདོད་ཆགས་ཆེན་པོ་བདེ་བ་ཆེ། །ཐབས་ཆེན་དང་ནི་མཆོག་ཆེན་མཆོག །ཀུན་གྱི་མཆོག་དང་གནས་དབང་པོ། །བཅོམ་ལྡན་བྱང་ཆུབ་ཆེན་པོའི་ཐུགས། །ཞེས་དང་། གསང་བ་སྙིང་པོ་སྒྱུ་འཕྲུལ་བླ་མ་ལས། ཨེ་མ་ཧོ་བདེ་གཤེགས་སྤྱོད་པའི་མཆོག །སྣ་ཚོགས་སྤྱོད་ལ་རང་བཞིན་གསང་། །མ་ཆགས་པ་ཡི་ངོ་བོ་ལས། །ཆགས་པ་ཆེན་པོའི་སྤྱོད་པ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དགེ་སློང་ལ་རབ་ཏུ་གཅེས་པའི་མདོ་ལས། རྒྱན་སྤངས་རྒྱན་གྱིས་ལེགས་པར་བརྒྱན། །ཆགས་སྤངས་ཆགས་པ་ཆེན་པོས་སྤྱད། །ཅེས་གསུངས་པའི་ཕྱིར་ན་མདོ་ལས་ཀྱང་འདོད་ཆགས་སོགས་སྤོང་བྱེད་ཀྱི་གཉེན་པོའི་ཡེ་ཤེས་ལ་ཆགས་པ་ཆེན་པོའི་མིང་གིས་བསྙད་པ་ཡོད་པ་ལྟར་རོ།།

དེས་ན་འབྲས་བུའི་དུས་སུ་སངས་རྒྱས་ཀྱི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་མཁྱེན་ཆ་ཡིས་ཆོས་བསྟན་ཏེ་གདུལ་བྱ་སེམ༷ས་ཅ༷ན་ཐམ༷ས་ཅ༷ད་ཀྱི་ཡིད་དགའ༷་བ༷ར་བྱེད༷་པ་སྟེ་རྒྱུད་ཚིམ་པར་བྱེད་པའམ། བདེ་སྟོང་གི་ཡེ་ཤེས་ཁྱད་པར་བ་རྒྱུད་ལ་སྐྱེས་པ་དེས་སེམས་ཅན་གྱི་འདོད་ཆགས་རང་རྒྱུད་ལས་ལོག་ནས་དེའི་གཉེན་པོ་བདེ་སྟོང་འགགས་པ་མེད་པའི་སོ་སོར་རྟོགས་པའི་ཡེ་ཤེས་སྐྱེ་བ་དེ་མཆོད་པ་ཆེན་པོའམ་བླ་ན་མེད་པ་ཡིན་ཞིང་། དེས་ན་སོ་སོར་རྟོགས་པའི་ཡེ་ཤེས་དེ་དང་དེའི་ངོ་བོ་སྣང་བ་མཐའ་ཡས་པདྨའི་རིགས་ལ་བསྟོད་པ་དང་། འདོད་ཆགས་རྣམ་པར་དག་པའི་མཆོད་པ་དང་། པདྨའི་རིགས་འོད་དཔག་ཏུ་མེད་པའི་མཚན་བསྟན་པ་ཡང་ལགས་སོ།།

ཡང་ན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་བརྩེ་བ་སྙིང་རྗེ་ཆེན་པོས་འགྲོ་བའི་དོན་བསྒྲུབ་པ་ལ་བརྩོན་ཞིང་འ༷དོད་པས་གཞན་དོན་ལ་ཆགས༷་པའམ་མོས་ཞེན་ཆེན༷་པོ་དང་ལྡན་པས་གདུལ་བྱ་ལ་ཐུགས་ཆགས་ཤིང་རྗེས་སུ་བཟུང་བས་སེམ༷ས་ཅ༷ན་ཐམ༷ས་ཅ༷ད་ཀུན་ལ་ཟབ་མོའི་ལམ་བསྟན་ནས་དེ་དག་གི་ཡིད་དགའ༷་བ༷ར་བྱེ༷ད་པའམ་ཚིམ་པར་བྱེད་པ་ལ་འགྲེལ་ཡང་རུང་སྟེ།

ཙནྡྲ་གོ་མིས། སེམས་ཅན་ཐམས་ཅད་དགའ་བར་བྱེད། །ཅེས་པ་ནི་གདུལ་བྱ་ཐམས་ཅད་རྒྱུད་ཚིམ་པར་བྱེད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ནི། མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་ཆོས་ཐམས་ཅད་སྟོང་པ་དང་བདག་མེད་པ་ཀུན་ཁྱབ་སྣང་སྟོང་གཉིས་སུ་མེད་པར་རྟོགས་པ་ནི་ནང་ཞེ་སྡང་དང་། རྣམ་པར་ཤེས་པའི་ཕུང་པོ་དང་། ཕྱི་ཆུ་ཡི་ཁམས་རྣམ་པར་དག་པར་རྟོགས་པའི་འགག་པ་མེད་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན་ཕྱིར་མཆོ༷ད་པ༷་ཆེ༷ན་པོ༷་སྡང་བ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཞེ༷་སྡ༷ང་རྣམ་པར་དག་པའི་ཆེ༷་བ་དང་ལྡན་པ་དེ་ནི་རྒྱལ་བ་རྣམས་མཉེས་པར་བྱེད་པའི་ཞེ་སྡང་རྣམ་པར་དག་པ་རྡོ་རྗེའི་རིགས་ཀྱི་མཆོད་པ་ཡིན་ཞིང་། དེས་ནི་ཞེ་སྡང་གི་གཙོས་ཉོ༷ན་མོང༷ས་པ་ཀུ༷ན་གྱི༷་འཇོམ་བྱེད་ཀྱི་དགྲ༷་བྱེད་པས་ཉོན་མོངས་པའི་དགྲ་དང་། ཐ་མལ་སྣང་ཞེན་གྱི་རྟོག་པ་ཐམས་ཅད་ཀྱི་གཉེན་པོ་དང་དགྲ་རབ་ཏུ་ཆེ༷་བ༷་དེ་ཡིན་ཞིང་། ཉོན་མོངས་པ་ཐམས་ཅད་གཅོད་ཅིང་བརླགས་པའི་མ་འགགས་པའི་ཡེ་ཤེས་ཞེས་མེ་ལོང་ཡེ་ཤེས་དང་། དེའི་ངོ་བོ་མི་བསྐྱོད་རྡོ་རྗེའི་རིགས་ལ་བསྟོད་པ་དང་། ཞེ་སྡང་རྣམ་པར་དག་པའི་མཆོད་པ་དང་། མི་བསྐྱོད་པའི་མཚན་ཡང་བསྟན་པའོ།།

གསུམ་པ་ནི། མཆོད་པ་ཆེན་པོ་གཏི་མུག་ཆེ། །གཏི་མུག་བློ་སྟེ་གཏི་མུག་སེལ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཀུན་ཐ་དད་མེད་པར་རྟོགས་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི་ནང་གཏི་མུག་རྣམ་པར་དག་པ་དང་། གཟུགས་ཀྱི་ཕུང་པོ་དང་། རྟེན་འབྲེལ་བཅུ་གཉིས་ཀྱི་གཟུགས་རྣམ་པར་དག་པ་དང་། ཕྱི་ས་ཡི་ཁམས་རྣམ་པར་དག་པའི་ངོ་བོ་ཡིན་པས་ན་རྒྱལ་བ་རྣམས་དགྱེས་པའི་མཆོ༷ད་པ༷་ཆེ༷ན་པོ༷་ཡིན་ཞིང་། མི་ཤེས་པའི་རྨོངས་པ་མ་རིག་པ་གཤིས་ལ་མི་མངའ་བས་ན་གཏི༷་མུ༷ག་ཆེ༷་བའམ་གཏི་མུག་རྣམ་པར་དག་པ་དེ་བཞིན་གཤེགས་པའི་རིགས་ཀྱི་མཆོད་པ་ཡིན་ཞིང་། དེ་འདྲའི་གཏི༷་མུ༷ག་གི་བློ༷་ཡི་གཉེན་པོ་སྟེ༷་ཤེས་རབ་ཁྱད་པར་ཅན་དེས་ནི་གཏི༷་མུ༷ག་རྣམ་པར་སེལ༷་བར་བྱེད་པ་ཡིན་ནོ་ཞེས་ཆོས་དབྱིངས་ཡེ་ཤེས་དང་། དེའི་ངོ་བོ་རྣམ་པར་སྣང་མཛད་དེ་བཞིན་རིགས་ལ་བསྟོད་པ་དང་། གཏི་མུག་རྣམ་པར་དག་པའི་མཆོད་པ་དང་། རྣམ་པར་སྣང་མཛད་ཀྱི་མཚན་བསྟན་པའོ།།

བཞི་བ་ནི། མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །ཞེས་པའི་ཚིགས་སུ་བཅད་པ་ཕྱེད་ཀྱིས་བསྟན་ལ། ཆོས་ཐམས་ཅད་བྱ་བྱེད་འགྲོ་འོང་མེད་པར་རྟོགས་པའི་ཡེ་ཤེས་ནི་ཁྲོ་བ་དང་། དེའི་ཆར་གཏོགས་ནང་ཕྲག་དོག་དང་། འདུ་བྱེད་ཀྱི་ཕུང་པོ་དང་། ཕྱི་རླུང་གི་ཁམས་རྣམ་པར་དག་པ་རྟོགས་པའི་ཡེ་ཤེས་ཡིན་པས་ན་རྒྱལ་བ་རྣམས་ཐུགས་དགྱེས་པའི་མཆོ༷ད་པ་ཆེ༷ན་པོ༷་རྩུབ་སེམས་ཉེར་ཞིའི་ཁྲོ༷་བ༷་ཆེ༷་བའི་ལས་ཀྱི་རིགས་རྣམ་པར་དག་པའི་མཆོད་པ་དང་། དེ་འདྲའི་ཁྲོ༷་བ༷་མེད་པའི་ཁྲོ་བ་ཆེ༷ན་པོ༷་དང་ལྡན་པའི་བྱ་བ་གྲུབ་པའི་ཡེ་ཤེས་ནི། ཉོན་མོངས་པ་ཁོང་ཁྲོ་དང་དེའི་ཆར་གཏོགས་སམ་ཁོང་ཁྲོའི་དབང་གིས་གཞན་ལ་ཕྲག་དོག་བྱེད་པའི་རྟོག་པའི་ཉོན་མོངས་པ་སྐྱེ་བར་མི་སྟེར་བའི་དགྲ༷་ཤིན་ཏུ་ཆེ༷་བ༷་ཡིན་ནོ་ཞེས་པ་སྟེ་བྱ་གྲུབ་ཡེ་ཤེས་དང་། དེའི་ངོ་བོ་དོན་ཡོད་གྲུབ་པ་ལས་ཀྱི་རིགས་ལ་བསྟོད་པ་དང་། ཕྲག་དོག་རྣམ་པར་དག་པའི་མཆོད་པ་དང་། དོན་ཡོད་གྲུབ་པའི་མཚན་བསྟན་པའོ།།

ལ་ལས་ཁྲོ་བ་ཁོ་ན་ལ་བཤད་པ་ལས་ཕྲག་དོག་མ་སྨོས་ལ། གཉིས་མེད་རྡོ་རྗེའི་འགྲེལ་བ་ལས་ནི། ཕྲག་དོག་ཆེན་པོའི་མཆོད་པའོ། །དེ་ཡང་ཐ་མལ་བའི་ཕྲག་དོག་གཅོད་པར་བྱེད་པས་ན་དགྲ་ཆེ་བ་ཞེས་བྱའོ། །ཞེས་རྐང་པ་གཉིས་པོ་འདི་ཕྲག་དོག་ལ་སྦྱར་ནས་གསུངས་སོ། །

ལྔ་བ་ནི། མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །ཅེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པའི་ཡེ་ཤེས་ནི་ནང་སེར་སྣ་དང་། ཚོར་བའི་ཕུང་པོ་དང་། ཕྱི་ནམ་མཁའི་ཁམས་རྣམ་པར་དག་པ་དང་། རྣམ་རྟོག་གི་བློ་ཡིས་མ་སྦགས་པས་མཆོ༷ད་པ༷་ཆེ༷ན་པོ༷་རིན་ཆེན་རིགས་རྣམ་པར་དག་པའི་མཆོད་པ་དོན་ཟག་མེད་ཀྱི་བདེ་བ་ལ་ཆ༷གས་པ༷་རབ་ཏུ་ཆེ༷་བའི་མཆོད་པ། ཆགས་པའི་ཆར་གཏོགས་པའི་སེར་སྣའི་ཆ༷གས་པ༷་ཐ༷མས་ཅ༷ད་བཅོམ་ནས་སེ༷ལ་བ༷ར་བྱེ༷ད་པའི་ཡེ་ཤེས་ཡིན་ནོ་ཞེས་མཉམ་ཉིད་ཡེ་ཤེས་དང་། དེའི་ངོ་བོ་རིན་ཆེན་འབྱུང་ལྡན་ལ་བསྟོད་པ་དང་། སེར་སྣ་རྣམ་པར་དག་པ་རིན་ཆེན་རིགས་ཀྱི་མཆོད་པ་དང་། རིན་ཆེན་འབྱུང་ལྡན་གྱི་མཚན་བསྟན་པའོ།།

མཆོད་པ་འདི་དག་མན་ངག་དང་སྦྱར་ན་བཞི་སྟེ། སྤྱོད་མཐུན་གྲོལ་བའི་མཆོད་པ་དང་། གནས་འགྱུར་ཡེ་ཤེས་ཀྱི་མཆོད་པ་དང་། གྲོལ་ཐར་ཕྱག་རྒྱའི་མཆོད་པ་དང་། རང་བཞིན་དག་པའི་མཆོད་པ་དང་བཞིའོ།།

དང་པོ་ནི། གདུལ་བྱ་ཉོན་མོངས་པ་ལ་ཞེན་པ་རྣམས་ཉོན་མོངས་པ་མ་སྤངས་པར་ཉོན་མོངས་པ་དེ་དག་དང་རྗེས་སུ་མཐུན་པའི་སྤྱོད་པའི་ཐབས་ཀྱིས་གྲོལ་བར་བྱེད་པའོ། །གཉིས་པ་ནི། འདོད་ཆགས་སོགས་ཉོན་མོངས་ལྔ་ཡེ་ཤེས་ལྔར་གནས་འགྱུར་པའི་མཆོད་པའོ། །གསུམ་པ་ནི། ཉོན་མོངས་ལྔ་ཡེ་ཤེས་ལྔར་སྦྱངས་པ་ལས་གྲོལ་ཏེ་རིགས་ལྔའི་སྐུ་ཕྱག་རྒྱ་ཆེན་པོ་ཐོབ་པའོ། །བཞི་བ་ནི། ཉོན་མོངས་པ་ལ་བརྟགས་ན་ངོ་བོ་བདེན་པར་གྲུབ་པ་མེད་པར་ཆོས་ཉིད་དུ་གནས་པའོ།།

གསུམ་པ་ཁམས་དང་ཆེ་བ་བཅུ་དྲུག་གི་རྣམ་དག་བསྟན་པ་ནི། འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ། །གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོངས་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན། །ཞེས་པའི་ཤོ་ལོ་ཀ་གསུམ་དང་ཕྱེད་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འདོད་པ་ཆེན་པོ་བདེ་བ་ཆེ། །ཞེས་པ་ནས། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཆེ། །ཞེས་པའི་བར་གྱིས་ཁམས་དང་ཆེ་བ་བཅུ་དྲུག་གི་རྣམ་དག་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དེས་ན་ཐབས་ཤེས་སྦྱོར་བ་ལས་རླུང་དྷཱུ་ཏཱིར་ཐིམ་པས་གཏུམ་མོ་སྦར་ཏེ་སྤྱི་བོའི་ཧཾ་ཡིག་བཞུས་པའི་བདུད་རྩིའི་རྒྱུན་རྩ་འཁོར་རྣམས་སུ་བརྟན་པ་ལས་སྐྱེས་པའི་དགའ་བའི་ཡེ་ཤེས་ཀྱི་རང་བཞིན་ནམ་མཚན་ཉིད་ནི་ངོ་བོ་སྟོང་ལ་རྣམ་པ་དང་པའི་འ༷དོད་པ༷་ཆེ༷ན་པོ༷་དང་། མཆོག་དགའི་ཡེ་ཤེས་ཀྱི་མཚན་ཉིད་ནི་སྟོང་ལ་བ༷དེ་བ༷་ཆེ༷་བ་དང་། ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་ནི་སྟོང་ལ་སྤྲོ་བའམ་དགའ༷་བ༷་ཆེ༷ན་པོ༷འི་རང་བཞིན་དང་། དགའ་བྲལ་གྱི་ཡེ་ཤེས་ཀྱི་མཚན་ཉིད་ནི་མ༷གུ་བ༷་ཆེ༷་བ་སྟེ་བདེ་སྟོང་གིས་རོས་ཚིམ་པའི་རང་བཞིན་ཅན་ཡིན་ཞེས་དགའ་བཞིའི་ཡེ་ཤེས་སམ་དགའ་བ་བཅུ་དྲུག་གིས་བརྒྱན་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་བསྟན་པའོ།།

ཡང་ན་སེམས་ཅན་རྣམས་ཐར་བར་འདོད་པའི་བློ་དང་ལྡན་པས་འ༷དོད་པ༷་ཆེན༷་པོ༷་དང་། ཐར་བ་དེ་བདེ་བ་དང་ལྡན་པས་བ༷དེ་བ༷་ཆེ༷་བ་དང་། སེམས་ཅན་རྣམས་ལ་ཐར་བའི་བདེ་བ་བསྐྱེད་པའམ་དེ་དག་ལ་ཆོས་བསྟན་ནས་དགའ་བར་བྱས་པས་དགའ༷་བ༷་ཆེན༷་པོ༷་དང་། སེམས་ཅན་རྣམས་ཀྱིས་གནས་ལུགས་ཀྱི་དོན་རྟོགས་པས་ན་མ༷གུ་བ༷་རབ་ཏུ་ཆེ༷་བས་ཚིམ་པར་བྱེད་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཆེ་བའི་ཡོན་ཏན་ཡིན་ཞེས་བསྟོད་པའོ།།

ཐབས་ཤེས་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་ལ་དབང་བསྐུར་བས་ཡེ་ཤེས་ལ་དབང་བ་དང་། ཉོན་མོངས་ལ་དབང་བ་དང་། རླུང་ལ་དབང་བ་དང་། བདུད་ལ་དབང་བའི་སྟོབས་ཀྱིས་གཟུགས༷་ཀྱི་ཁམས་སུ་སྣང་བ་ཐམས་ཅད་དོན་དམ་གྱི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་བརྡ་རུ་སྣང་བའི་ཆེ༷་བ་དང་། ཕུང་པོའམ་ལུས༷་སུ་སྣང་བ་རྣམས་ཀྱ༷ང་དོན་དམ་གྱི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་བརྡ་རུ་སྣང་བའི་ཆེ༷་བ༷་སྟེ༷་དེ་འདྲའི་ཆེ་བ་དང་ལྡན་པ་དང་། དཀར་པོ་དང་དམར་པོ་ལ་སོགས་པའི་ཁ༷་དོག༷་ཏུ་སྣང་བ་ཐམས་ཅད་དོན་དམ་གྱི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་བརྡ་རུ་སྣང་བའི་ཆེ༷་བ་དང་ལྡན་པ་ཡིན་ཞིང༷་། ཞལ་ཕྱག་ཁ་མིག་ཅན་གྱི་ལུས༷་བོང༷་ཅན་དུ་སྣང་བ་ཐམས་ཅད་དོན་དམ་གྱི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་བརྡ་རུ་སྣང་བའི་ཆེ༷་བ་དང་ལྡན་པའོ།།

ཡང་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྣང་ལ་རང་བཞིན་མེད་པའི་གཟུགས་དང་གདོས་པ་ཅན་གྱི་ལུས་གང་དུ་སྤྲུལ་ནས་འགྲོ་བའི་དོན་མཛད་ཀྱང་ངོ་བོ་ཡེ་ཤེས་ཀྱི་རང་བཞིན་ལས་གྲུབ་པ་ཡིན་པས་གཟུ༷གས་ཆེ༷་བ་དང་ལུས༷་ཀྱང༷་ཆེ༷་བ༷་ཡིན་པ་སྟེ༷། ཡང་ན་ནང་ཡེ་ཤེས་གསལ་བའི་རྟགས་སུ་ཕྱིའི་སྐུ་ལ་ཁ་དོག་དཀར་ལ་དམར་བའི་མདངས་ཆགས་པ་དང་། གཞོན་ནུ་ལོ་བཅུ་དྲུག་ལོན་པའི་ལང་ཚོ་ཅན་གྱི་གཟི་མདངས་དང་ལྡན་པས་ཁ༷་དོག༷་ཆེ༷་ཞིང༷་། ལུས་མཚན་དཔེས་སྤྲས་པ་མཐོང་ན་མི་མཐུན་པ་མེད་པའི་བོངས་ཚད་མཆུ་དང་སྲིད་དུ་ཆེ་བ་དང་རིང་བ་མཉམ་ཞིང་འཚམ་པ་གཞན་ཟིལ་གྱིས་གནོན་པའི་ལུས་ཆེན་པོར་སྤྲུལ་ནས་འགྲོ་བ་ཀུན་སྡུག་བསྔལ་ལས་སྒྲོལ་བའི་ཕྱིར་ན་དེ་ལྟར་ཁ་དོག་དང་ལུས༷་བོང༷་ཆེ༷་བ་ཞེས་བཤད་པའོ།།

ཇི་སྲིད་མིང༷་དུ་བཏགས་པ་དེ་སྲིད་དུ་གདགས་པའི་རྟོག་པ་དང་། དེ་དག་གི་བྱེད་པོ་ནི། སྲོག་རྩོལ་དང་། ཐུར་སེལ་དང་། གྱེན་རྒྱུ་དང་། མེ་མཉམ་དང་། ཁྱབ་བྱེད་དེ་རྩ་བའི་རླུང་ལྔ་དང་། ཡང་ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷ་སྦྱིན་དང་། གཞུ་ལས་རྒྱལ་བའི་མིང་ཅན་གྱི་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་སྟེ་ཡན་ལག་གི་རླུང་ལྔ་སྟེ་རླུང་བཅུའི་མིང་ཅན་རྣམ་ཤེས་ཀྱི་བཞོན་པར་གྱུར་པ་ཡང༷་བླ་མའི་མན་ངག་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་སྙིང་གའི་རྩ་མདུད་གྲོལ་ཏེ་རགས་པའི་རླུང་སོགས་དག་ནས་རྫོགས་རིམ་གྱི་རྟོགས་པ་ཁྱད་པར་བ་སྐྱེ་བའི་ཆེ༷་བ་རྙེད་པ་ཡིན་ཞིང༷་། དེ་ལ་ཡང་ལམ་ཐམས་ཅད་ལ་འཇུག་པ་རྒྱ༷་ཆེ༷་བ༷་ལྷན་སྐྱེས་ཀྱི་ཡེ་ཤེས་ཀྱི་འཇུག་པ་ཉིད་ཀྱིས་དག་པ་ཡིན་ཞེས་པ་སྟེ་རླུང་ལྔའི་བྱེད་རྩོལ་དག་པས་ལྷན་སྐྱེས་ཀྱི་ཡེ་ཤེས་འཆར་ཞིང་། དེ་མངོན་དུ་གྱུར་པས་རླུང་ལྔ་དག་ཅིང་། དེ་དག་པས་ཐ་མལ་བའི་རླུང་ལྔ་དེས་བསྐྱེད་པའི་རྟོག་པ་འགགས་པས་ཆོས་ཀུན་མིང་མེད་ཆེན་པོར་རྟོགས་པ་ནི་མིང་ཆེ་བའི་དོན་དུ་འགྲེལ་བར་སྣང་ངོ་།།

མཁས་པ་ལ་ཡོངས་སུ་གྲགས་ཤིང་བྱང་བས་གྲངས་འདྲེན་ཙམ་དེ་མཁོ་བྱ་མ་ཡིན་ཡང་། བླུན་པོའམ་ཐོས་པ་ཆུང་བ་ལ་ནི་གྲངས་འདྲེན་ཙམ་ཡང་གལ་ཆེ་བའི་ཕྱིར་རླུང་བཅུ་དེ་ལྟར་འདྲེན་པའི་ཁུངས་ནི་ཡོད་དེ། རྡོ་རྗེ་ཕྲེང་བ་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་བྱེད་དང་ནི་མཉམ་གནས་ཉིད། །ཅེས་དང་། དགོངས་པ་ལུང་བསྟན་ལས། སྲོག་དང་གྱེན་རྒྱུ་ཐུར་སེལ་དང་། །མཉམ་གནས་ཁྱབ་བྱེད་ཅེས་བྱ་དང་། །ཞེས་དང་། བྲམ་ཟེ་བསོད་སྙོམས་པའི་དུས་འཁོར་སྙིང་པོའི་རྒྱན་དུ་དྲངས་པའི་རྡོ་རྗེ་སྒོའི་རྒྱུད་ལས། སྲོག་དང་ཐུར་དུ་སེལ་བ་དང་། །མེ་དང་མཉམ་དུ་གནས་པ་དང་། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང་། །རྒྱུ་དང་རྣམ་པར་རྒྱུ་བ་དང་། །ཡང་རྒྱུ་རྣམ་པར་རྒྱུ་བ་དང་། །རབ་ཏུ་རྒྱུ་དང་ངེས་པར་རྒྱུ། །ཞེས་དང་། འཇིགས་མེད་འབྱུང་གནས་སྦས་པའི་ཡང་དག་སྦྱོར་བའི་རྒྱུད་འགྲེལ་མན་ངག་གི་སྙེ་མ་ལས། སྲོག་དང་ཐུར་སེལ་དང་མཉམ་གནས་དང་གྱེན་རྒྱུ་དང་ཁྱབ་བྱེད་དང་རྒྱུ་བ་དང་རྣམ་པར་རྒྱུ་དང་ཡང་དག་རྒྱུ་དང་ངེས་པར་རྒྱུ་དང་རབ་ཏུ་རྒྱུ་སྟེ་རླུང་བཅུ་རྣམས་ཀྱི་བྱ་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་དག་ལ་ཡང་རྩ་བའི་རླུང་ལྔ་ལ་ནི་མིང་དེ་ལྟར་རྒྱུད་དང་དགོངས་འགྲེལ་དག་མཐུན་པར་བྱུང་ཞིང་། ཡན་ལག་གི་རླུང་ལྔ་ལ་ནི། ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། ནོར་ལས་རྒྱལ་བའམ་གཞུ་ལས་རྒྱལ་བ་ཞེས་པའི་མིང་གཞན་གྱིས་བསྟན་པའང་ཡོད་དེ། རྡོ་རྗེ་ཕྲེང་བ་ལས། རྩ་ནི་ལྔ་ལས་རྒྱུ་བའི་རྒྱུན། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་དང་། དགོངས་པ་ལུང་བསྟན་ལས། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་གཞུ་རྒྱལ་ཞེས་བྱ་བ། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། རིམ་པས་ཀླུ་དང་རུས་སྦལ་རྩངས། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་རྒྱུ་བ་སོགས་མི་བགྲང་བར་དེ་དག་གི་མིང་གཞན་ཀླུ་སོགས་ཀྱི་བརྗོད་པའི་རླུང་བཅུ་མཉམ་དུ་བསྟན་པ་ནི་ཡོད་དེ། སློབ་དཔོན་ཨཱརྱ་དེ་ཝའི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་དང་། གནས་བརྟན་ཉི་མ་དཔལ་ཡེ་ཤེས་ཀྱི་རྣལ་འབྱོར་ཡན་ལག་དྲུག་གི་བརྗེད་བྱང་ཡོན་ཏན་གྱིས་འགེངས་པ་ལས། རླུང་བཅུ་རྣམས་ཏེ་སྲོག་དང་། ཐུར་སེལ་དང་། མཉམ་གནས་དང་། གྱེན་རྒྱུ་དང་། ཁྱབ་བྱེད་དང་། ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷས་བྱིན་དང་། ནོར་ལས་རྒྱལ་བ་རྣམས་འགོག་ཅིང་ཉེ་བར་ཞི་བ་མི་འགྱུར་བར་གྱུར་པའོ། །ཞེས་དང་། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤའི་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་འགྲེལ་ལས། རྣལ་འབྱོར་ཆེན་པོའི་རྒྱུད་ལས་རླུང་བཅུ་པོ་གསུངས་པ། ཇི་སྐད་དུ། སྲོག་དང་ཐུར་སེལ་མཉམ་གནས་དང་། །གྱེན་རྒྱུ་ཁྱབ་བྱེད་ཅེས་བྱ་དང་། །ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་རྒྱལ་ལོ། །ཞེས་དང་། ཀླུའི་བྱང་ཆུབ་ཀྱི་རིམ་ལྔའི་དོན་གསལ་བར་བྱེད་པ་ལས། རླུང་ལ་ལྔ་ནི་ལྔ་སྟེ། སྲོག་འཛིན་པ་ནས་ཁྱབ་བྱེད་ཀྱི་བར་དུའོ། །བཅུ་ནི་དབང་པོ་ལ་གནས་པའི་རླུང་ལྔ་སྟེ་བཅུའོ། །རླུང་བཅུ་པོ་འདི་དག་ནི་རྣམ་པར་ཤེས་པའི་བཞོན་པའོ་ཞེས་འཁོར་ལོ་རོལ་པའི་རྒྱུད་ལས་ཀྱང་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་རྩ་བའི་རླུང་ལྔའི་ངོ་བོ་དག་པ་རྒྱལ་བ་རིགས་ལྔ་དང་། ཡན་ལག་གི་རླུང་ལྔ་ནི་གཟུགས་སྒྲ་སོགས་དང་དེ་དག་ཡུལ་དུ་བྱས་པའི་མིག་གི་རྣམ་པར་ཤེས་པའི་གནས་དང་བྱ་བ་བྱེད་པའི་རྟེན་ཡིན་པར་གསུངས་ཏེ། མཁས་པ་ཆེན་པོ་དུས་ཞབས་པའི་འཇམ་དཔལ་མཚན་བརྗོད་ཀྱི་ཕན་ཡོན་གྱི་འགྲེལ་པ་ལས། རླུང་ལྔ་ནི་དབང་པོ་རྣམས་དང་སྐྱེ་མཆེད་ཀྱི་བྱ་བ་བྱེད་དོ། །སྲོག་ཅེས་བྱ་བ་སྙིང་ག་ན་གནས་ཏེ་མི་བསྐྱོད་པའོ། །ཐུར་སེལ་འདོམས་ན་གནས་ཏེ་རིན་ཆེན་ཏོག་གོ །གྱེན་དུ་རྒྱུ་བ་ལྐོག་མ་ན་གནས་ཏེ་འོད་དཔག་མེད་པའོ། །མེ་དང་མཉམ་གནས་ལྟེ་བ་ན་གནས་པ་དོན་ཡོད་གྲུབ་པའོ། །ཁྱབ་བྱེད་ཚིགས་ཐམས་ཅད་ལ་གནས་པ་སྟེ་རྣམ་པར་སྣང་མཛད་དོ། །རྒྱུ་བའི་རླུང་ནི་གཟུགས་སོ། །རྣམ་པར་རྒྱུ་བ་ནི་སྒྲའོ། །ཡང་དག་པར་རྒྱུ་བ་ནི་དྲིའོ། །རབ་ཏུ་རྒྱུ་བ་ནི་རོའོ། །ངེས་པར་རྒྱུ་བ་ནི་རེག་བྱའོ། །ཞེས་དང་། བྷ་བྱ་ཀཱིརྟིའི་སྒྲོན་གསལ་དགོངས་པ་རབ་གསལ་ལས། དེ་དག་གི་མིག་ལ་སོགས་པའི་དབང་པོ་ལྔ་ལ་བརྟེན་ཏེ་གཟུགས་ལ་སོགས་པ་གཟུང་བའི་མཚན་ཉིད་ཅན་གྱི་ལས་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་མིག་སོགས་ལྔ་དང་གཟུགས་སོགས་ལྔ་སྟེ་བཅུ་ལ་གནས་པའི་རླུང་ལ་ཡན་ལག་གི་རླུང་བཅུ་ཞེས་རྩ་བའི་རླུང་ལྔ་མ་བགྲང་བའི་ཡན་ལག་ཁོ་ན་ལ་རླུང་བཅུ་ཡོད་པར་བཤད་པའང་མཆིས་ཏེ། དུས་ཞབས་པའི་མཚན་བརྗོད་ཕན་ཡོན་གྱི་འགྲེལ་པ་ལས། དེ་བཞིན་དུ་ཡུལ་དང་ཡུལ་ཅན་མིག་དང་། གཟུགས་དང་། རྣ་བ་དང་། སྒྲ་དང་། སྣ་དང་། དྲི་དང་། ལྕེ་དང་། རོ་དང་། ལུས་དང་། རེག་བྱ་སྟེ། ཡན་ལག་གི་རླུང་བཅུ་ལ་དགོངས་ནས་དེ་རྣམས་ལོངས་སྤྱོད་པ་དང་། ལོངས་སྤྱོད་པར་བྱེད་པའི་མཚན་ཉིད་ཅན་སྔགས་ཀྱི་ཐེག་པར་ཐབས་ཁྱད་པར་ཅན་དུ་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ད་ནི་དཀྱུས་ལ་འཇུག་སྟེ། ཡང་ན་འཕགས་པ་འཇམ་པའི་དབྱངས་དེ་ནི་གྲགས་པ་རབ་ཏུ་སྙན་པས་ཞིང་ཁམས་ཀུན་ལ་ཁྱབ་པས་མིང༷་ཡང༷་ཆེ༷་ཞིང༷་། བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དང་ལྡན་པས་ན་དེ་ལྟར་ཡོན་ཏན་ཡང་རྒྱ༷་ཆེ༷་བ༷་ཡིན་ཞེས་པའོ།།

སྐུ་བཞི་དབྱེར་མེད་པའི་འཁོར་ལོར་གྱུར་པའི་རགས་པ་བརྡ་ལ་སོགས་པའི་སངས་རྒྱས་ཀྱི་དཀྱིལ༷་འཁོར༷་ཐམས་ཅད་ནི་དོན་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་སུ་མེད་པས་ཆེ༷ན་པོ༷་དང་། དངོས་གྲུབ་ལ་བར་དུ་གཅོད་པ་ལ་སོགས་པ་མི་འབྱུང་མི་གནས་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་གཅིག་པས་ན་ཡང༷ས་པ༷་ཡི༷ན་པ་དང་། ཡང་ན་དཀྱིལ༷་འཁོར༷་ཆེན༷་པོ༷་མཐའ་དག་གི་སྒོ་ནས་འགྲོ་བའི་དོན་བྱེད་པ་ཡིན་པས་ན་ཡང༷ས་པ༷་ཡི༷ན་ཞེས་པའོ།།

ཡེ་ཤེས་ཁྱད་པར་བ་ཤེས༷་ར༷བ་ཀྱི་ཕ་རོལ་དུ་ཕྱིན་པའི་རིག་པ་ནི་སྤྲོས་པའི་དྲྭ་བའམ་མཐའ་ཐམས་ཅད་དང་བྲལ་བའི་དབུ་མ་ཆེན་པོའི་ཡེ་ཤེས་ཡིན་ལ། དེ་འདྲའི་སྒྲོ་འདོགས་ཐམས་ཅད་གཅོད་པའི་མཚོ༷ན་ཆ་ཆེ༷ན་པོ་དེ་བློས་བྱས་མཐའ་དག་ལས་གྲོལ་བའི་ཡེ་ཤེས་ཀྱི་ངོ་བོར་འཆ༷ང་བར་བྱ་བ༷་སྟེ༷་ཉམས་སུ་མྱོང་བར་བྱ་བ་དང་། དེ་འདྲའི་མཚོན་ཆ་ཡིས་ཉོ༷ན་མོང༷ས་པ་ཐམས་ཅད་རྩད་ནས་གཅོད་པར་བྱས་ཏེ། དཔེར་ན་གླང་ཆེན་སྨྱོན་པ་ལྕགས་ཀྱུས་འདུལ་བ་ལྟར་ཉོན་མོངས་པ་རྣམས་འདུལ་བའི་གཉེན་པོའི་ལྕ༷གས་ཀྱུ༷་དང་། ཁྱད་པར་དུ་ཉོན་མོངས་པ་ཡེ་ཤེས་ཀྱི་ངོ་བོར་སྒྲོལ་བྱེད་ཀྱི་མཚོན་ཆ་རབ་ཏུ་ཆེ༷་བ༷འི་མ༷ཆོག་ཡིན་ལ། ལམ་ཐམས་ཅད་སྒྲུབ་པ་ལ་གྲགས༷་པ་ཆེ༷ན་པོ་དང་ལྡན་པའི་ཕ་རོལ་དུ་ཕྱིན་པ་དྲུག་ནི་ཐབས་སོགས་ཡོན་ཏན་མ་ལུས་པ་རྫོགས་པའི་སྙ༷ན་གྲགས༷་ཆེ༷ན་པོ༷་དང་ལྡན་པ་སྟེ༷། དེ་དག་ཀུན་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡོན་ཏན་གྱི་ཆའམ་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཆེན་པོའི་ཡེ་ཤེས་ཟབ་མོའི་ངོ་བོར་རྫོགས་ཤིང་རྣམ་པར་དག་པ་ཡིན་པར་བསྟན་པའོ།།

འདིར་རྩ་བར། ཉོན་མོངས་ཆེན་པོའི་ལྕགས་ཀྱུ་མཆོག །ཅེས་པ་ཡོད་ལ། དོན་ནི་འགྲེལ་ཟིན་ཇི་བཞིན་ཉོ༷ན་མོང༷ས་པ་ཆེ༷ན་པོ༷འི་གཉེན་པོར་གྱུར་པ་འདུལ་བྱེད་ཀྱི་ལྕགས༷་ཀྱུ༷་མཆོ༷ག་ཏུ་གྱུར་པ་དེ་ནི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ཞིང་དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པའོ།།

བདག་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པའི་འབྲས་བུ་ནི་མཚན་དཔེ་དང་ཆོས་ཀྱི་འཁོར་ལོའི་སྣང༷་བ༷་ཆེ༷ན་པོ༷་སྟེ་ལོངས་སྐུ་དང་། རང་བཞིན་རྣམ་དག་དང་གློ་བུར་དྲི་བྲལ་གྱི་དྲི་མ་གཤིས་ན་མི་གནས་པའི་གསལ༷་བ༷་ཆེ༷་བ་ཆོས་སྐུ་དང་། རང་གཞན་ཐམས་ཅད་ཀྱི་དོན་སྒྲུབ་པ་ལ་ཐབས་མཁས༷་པ༷་དང་ལྡན་པའི་སྤྲུལ་སྐུ་སྟེ་སྐུ་གསུམ་གྱི་བདག་ཉིད་ཅན་དང་། དེ་ལས་འགྲོ་བ་ལ་ཚོགས་གཉིས་རྫོགས་པར་བྱེད་པའི་ཐབས་ལ་མཁས་པ་སྤྲུལ་སྐུའི་མཛད་པ་ནི་སྒྱུ༷་མ་ལྟ་བུའི་སྤྲུལ་པ་སྣ་ཚོགས་པའི་ཆོ་འཕྲུལ༷་ཆེ༷ན་པོ༷་དང་ཐབས་སྣ་ཚོགས་འཆ༷ང་ནས་སྒྱུ༷་འཕྲུལ༷་ལྷའི་དཀྱིལ་འཁོར་ཆེ༷ན་པོ༷་བསྐྱེད་རིམ་གྱི་སྒོ་ནས་འགྲོ་བའི་དོ༷ན་གྲུབ༷་པར་བྱེད་པ༷་དང་། དེ་བཞིན་རྩ་དང་རླུང་དང་ཐིག་ལེའི་སྒྱུ༷་འཕྲུལ༷་ཆེན༷་པོ༷་ལ་སོགས་པ་མཚན་མ་དང་བཅས་པ་དང་མཚན་མ་མེད་པའི་རྫོགས་པའི་རིམ་པའི་དགའ༷་བ༷ས་གདུལ་བྱ་རྣམས་ལ་དགའ༷་བ་རབ་ཏུ་བསྐྱེད་དེ་རྫོགས་རིམ་གྱིས་དོན་མཛད་པ་དང་། གཞན་ཡང་སྒྱུ་མའི་འཕྲུལ་ཆེན་པོས་ཡོད་པ་མེད་པ་དང་མེད་པ་ཡོད་པར་བསྒྱུར་བ་ལྟར་གང་གི་ངོ་བོར་ཡང་མ་གྲུབ་པའི་སྒྱུ༷་འཕྲུལ༷་ཆེ༷ན་པོ༷་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དག་པ་ལྷའི་དཀྱིལ་འཁོར་དུ་བསྒོམ་པའི་བསྐྱེད་རིམ་དང་། དེ་ལས་ཀྱང་ལྷག་པའི་རླུང་ལྔ་དྷཱུ་ཏཱིའི་མི་ཤིགས་པར་ཐིམ་པའི་སྟོབས་ཀྱིས་སྟོང་བཞི་རིམ་པར་དྲངས་པ་ལས་སྐྱེས་པའི་སྒྱུ༷་མའི་འཕྲུལ༷་ཆེ༷ན་པོ༷་ལྷ་སྐུ་འཇའ་ཚོན་ལྟ་བུའི་སྐུར་ལྡང་བའི་སྒྱུ་ལུས་དང་། བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐའི་དོན་གྱི་འོད་གསལ་གྱི་རང་བཞིན་མངོན་དུ་ཕྱུང་བའི་ཐབས་མི༷ག་འཕྲུལ༷་ལྟ་བུའི་རྫོགས་པའི་རིམ་པ་ཅ༷ན་ཏེ་བསྐྱེད་རྫོགས་གཉིས་ཀའི་ལམ་སྟོན་པའི་སྒོ་ནས་འཁོར་མཚོ་མ་སྟོང་བར་དུ་འགྲོ་བའི་མཛད་པ་ཡིན་ཞེས་སྤྲུལ་སྐུའི་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པའོ།།

མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ལས། དགའ་བ་བཅུ་དྲུག་རྟག་བརྟགས་པས། ཁམས་བཅུ་དྲུག་ཏུ་ཤེས་པར་བྱ། །རང་བཞིན་སྐྱེས་པར་གྱུར་པ་གསལ། །ཞེས་དང་། ཡང་དག་སྦྱོར་བའི་རྒྱུད་ལས། རུས་པ་རྐང་དང་ཁུ་བ་ནི། །ཕ་ལས་སྐྱེས་པར་དེ་བཞིན་གསུངས། །ལྤགས་པ་དང་ནི་ཤ་དང་ཁྲག །མ་ལས་སྐྱེས་པ་ཞེས་བྱར་བསྒྲགས། །ཞེས་གསུངས་པ་ལྟར། ཁྲག་དང་། རླུང་དང་། བད་ཀན་དང་། མཁྲིས་པ་དང་། རོ་དང་། ཚིལ་བུ་དང་། མེ་དང་། ཤ་དང་། བཤང་བ་དང་། ཞག་དང་། པགས་པ་དང་། རུས་པ་དང་། གཅི་བ་དང་། གློ་བ་དང་། པདྨ་དང་། ཁུ་བ་སྟེ། ལུས་འཚོ་བར་བྱེད་ཅིང་འཛིན་པར་བྱེད་པས་ན་ཁམས་ཞེས་འབོད་པའི་རྫས་བཅུ་དྲུག་པོ་རྣམ་པར་དག་པ་འདོད་པ་ཆེན་པོ་སོགས་ལ་སྦྱར་ཞིང་འཇམ་དཔལ་གྱི་རང་བཞིན་པར་བཤད་དོ།།

གཞན་ཡང་ཡོ་ག་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་སྒོ་བསྟུན་ནས་བཤད་ན་འདི་དག་གིས་ཤེས་རབ་ཀྱི་སེམས་དཔའ་བཅུ་དྲུག་གི་མཚན་བསྟན་པ་དང་། རྣམ་པར་ཤེས་པའི་ཁམས་ལ་སོགས་པ་རྣམ་པར་དག་པ་ནི་སེམས་དཔའ་དེ་དག་ཏུ་སྦྱར་ནས་བསྟན་པར་འདོད་དེ། འདོད་པ་ཆེན་པོ་ནི་རྡོ་རྗེ་སེམས་དཔའ་དང་། བདེ་བ་ཆེ་ནི་རྡོ་རྗེ་རྒྱལ་པོ་དང་། དགའ་བ་ཆེན་པོ་ནི་རྡོ་རྗེ་ཆགས་པ་དང་། མགུ་བ་ཆེ་ནི་རྡོ་རྗེ་ལེགས་པ་སྟེ་ཤར་གྱི་སེམས་དཔའ་བཞི་བསྟན་པར་བཞེད་དེ། པྲ་ཛྙཱ་གུ་རུའི་དོན་བསྡུས་མཚན་གྱི་སྒྲོན་མེ་ལས། འདོད་པ་ཆེ་དང་བདེ་བ་ཆེ། །རྡོ་རྗེ་སེམས་དང་རྒྱལ་པོ་གཉིས། །དགའ་བ་ཆེ་དང་མགུ་ཆེ་གཉིས། །ཆགས་པ་དང་ནི་ལེགས་པའི་མཚན། །ཚིག་རྐང་གཉིས་ལ་བཞིར་བཞེད་དེ། །བྱང་ཆུབ་སེམས་ཀྱི་མཚན་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གཟུགས་ཆེ་ལུས་ཀྱང་ཆེ་བ་ནི་རྡོ་རྗེ་རིན་ཆེན་དང་། ཁ་དོག་ཆེ་ཞིང་ལུས་བོངས་ཆེ་བ་ནི་རྡོ་རྗེ་གཟི་བརྗིད་དང་། མིང་ཡང་ཆེ་ཞིང་རྒྱ་ཆེ་བ་ནི་རྡོ་རྗེ་རྒྱལ་མཚན་དང་། དཀྱིལ་འཁོར་ཆེན་པོ་ཡངས་པ་ནི་རྡོ་རྗེ་བཞད་པ་སྟེ་ལྷོའི་སེམས་དཔའ་བཞི་བསྟན་ཏེ། མཚན་གྱི་སྒྲོན་མེ་ལས། གཟུགས་ཆེ་ལུས་ཀྱང་ཆེ་བ་ནས། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཚིགས་སུ་བཅད་པ་གཅིག་ལ་ནི། །སེམས་དཔའ་བཞི་སྟེ་མཚན་རྣམས་ལྔ། །གཟི་བརྗིད་མཆོག་ཆེ་ལུས་ཆེ་གཉིས། དེ་དག་དབང་བསྐུར་སེམས་དཔའ་བཞི། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཤེས་རབ་མཚོན་ཆེན་འཆང་བ་ནི་རྡོ་རྗེ་ཆོས་དང་། ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག་ནི་རྡོ་རྗེ་རྣོན་པོ་དང་། གྲགས་ཆེན་སྙན་གྲགས་ཆེན་པོ་ནི་རྡོ་རྗེ་འཁོར་ལོ་དང་། སྣང་བ་ཆེན་པོ་གསལ་བ་ཆེ་ནི་རྡོ་རྗེ་སྨྲ་བ་སྟེ་ནུབ་ཀྱི་སེམས་དཔའ་བཞི་བསྟན་པར་བཞེད་དེ། མཚན་གྱི་སྒྲོན་མེ་ལས། ཤེས་རབ་མཚོན་ཆེན་འཆང་བ་ནས། །སྣང་བ་ཆེན་པོ་གསལ་ཆེའི་མཐར། །ཚིགས་སུ་བཅད་པ་གཅིག་ལ་ནི། །སེམས་དཔའ་བཞི་སྟེ་མཚན་མཆོག་བདུན། །རྐང་པ་དང་པོ་རྡོ་རྗེ་ཆོས། །མཚན་མཆོག་གཅིག་ཏུ་ཤེས་པར་བྱ། །རྣོན་པོ་ལ་ནི་གཉིས་ཡིན་ཏེ། །ཉོན་མོངས་ལྕགས་ཀྱུ་ཆེ་དང་མཆོག །རྒྱུ་ལ་གྲགས་ཆེན་སྙན་གྲགས་གཉིས། །སྨྲ་ལ་སྣང་ཆེ་གསལ་ཆེ་གཉིས། །ཡེ་ཤེས་སེམས་དཔར་གྲགས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་ནི་རྡོ་རྗེ་ལས་དང་། སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ་ནི་རྡོ་རྗེ་སྲུང་བ་དང་། སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ་ནི་རྡོ་རྗེ་གནོད་སྦྱིན་དང་། སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་ཅན་ནི་རྡོ་རྗེ་ཁུ་ཚུར་ཏེ་བྱང་གི་སེམས་དཔའ་བཞི་དང་དེའི་མཚན་བསྟན་པ་ཡིན་ ཏེ། མཚན་གྱི་སྒྲོན་མེ་ལས། མཁས་པ་སྒྱུ་འཕྲུལ་ཆེ་འཆང་ནས། །སྒྱུ་འཕྲུལ་ཆེན་པོ་མིག་འཕྲུལ་མཐར། །ཚིགས་བཅད་གཅིག་ལ་སེམས་དཔའ་བཞི། །མཚན་རྣམས་དྲུག་ཏུ་བཞེད་པ་ཡིན། །མཁས་པ་སྒྱུ་འཕྲུལ་ཆེ་འཆང་གཉིས། །རྡོ་རྗེ་ལས་སུ་ཤེས་པར་བྱ། །སྒྱུ་འཕྲུལ་ཆེ་དང་དོན་གྲུབ་པ། །རྡོ་རྗེ་བསྲུང་བའི་མཚན་ཡིན་ནོ། །ལྷག་མ་གཉིས་ལ་རེ་རེའོ། །སེམས་དཔའ་དེ་དག་བཞི་པོ་ནི། །ལས་ཀྱི་སེམས་དཔའ་རྣམས་ཡིན་ནོ། །ཞེས་གསུངས་པས་སོ།།

དེས་ན་དེ་དག་གིས་སེམས་དཔའ་བཅུ་དྲུག་པོའི་དཀྱིལ་འཁོར་དང་མཚན་བསྟན་ཅིང་དེ་དག་ཀུན་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཉིས་སུ་མེད་པའི་ཡེ་ཤེས་དང་དབྱེར་མེད་པར་བསྟན་པ་ཡིན་ཏེ། པྲ་ཛྙཱ་གུ་རུས། སེམས་དཔའ་བཅུ་དྲུག་རྣམས་ལ་ནི། །ཚིགས་སུ་བཅད་པ་ཕྱེད་དང་བཞི། མཚན་རྣམས་ཉི་ཤུ་རྩ་གཉིས་ཏེ། །སེམས་དཔའི་བསྡུས་དོན་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་རྣམ་ཤེས་ཚོགས་དང་ལྷ་མོའི་རྣམ་དག་བསྟན་པ་ནི། སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོ་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྦྱིན་བདག་ཆེན་པོ་གཙོ་བོ་ཆེ། །ཞེས་པ་ནས། བསམ་པའི་ཡེ་ཤེས་རྒྱ་མཚོ་སྟེ། །ཞེས་པའི་བར་གྱིས་རྣམ་ཤེས་ཚོགས་དང་ལྷ་མོའི་རྣམ་དག་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཕར་རོལ་དུ་ཕྱིན་པ་བཅུ་འཆད་པ་ནི། ཟིང་ཟིང་གི་སྦྱིན་པ་དང་། མི་འཇིགས་པའི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ་དང་། བྱམས་པའི་སྦྱིན་པ་བཅས་སྦྱིན་པ་རྣམ་བཞི་འཁོར་གསུམ་དམིགས་པ་མེད་པས་ཟིན་པའི་འཇིག་རྟེན་ལས་འདས་པའི་སྦྱིན་པའི་ཕར་ཕྱིན་ལ་གོམས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་མྱོང་གིས་ཟིན་པས་ན་རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉིད་སྦྱི༷ན་པའི་ཕར་ཕྱིན་ལ་གོམས་པའི་བ༷དག་པོ་ཆེ༷ན་པོ༷་དང་དེའི་ཐུགས་རྒྱུད་ཀྱི་རྣམ་པར་དག་པའི་སྦྱིན་པ་གང་ཡིན་པ་དེ་སྦྱིན་པའི་གཙོ༷་བོ༷་ཉིད་དུ་གྱུར་པ་སྟེ༷། དོན་ལ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་བདེ་ཆེན་ཟག་པ་མེད་པའི་ཡེ་ཤེས་སྦྱིན་པའི་འཁོར་གསུམ་གྱི་དྲི་མ་དང་བདེན་པའི་སྤྲོས་པའི་རྣམ་པར་དག་པའི་ངོ་བོར་གནས་པས་ན་དེ་ནི་དེ་འདྲའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་བདག་པོ་ཆེན་པོ་གཙོ་བོ་ཡིན་ཞེས་པའོ།།

ཉེས་སྤྱོད་སྡོམ་པ་དང་། དགེ་བ་ཆོས་སྡུད་དང་། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་པོ་འཁོར་གསུམ་རྣམ་པར་དག་པས་ཟིན་པའི་ཚུལ༷་ཁྲིམ༷ས་ཀྱི་ཕར་རོལ་དུ་ཕྱིན་པ་རྫོགས་ཤིང་དེ་ཉིད་བདེ་བ་ཆེན་པོ་ཁམས་འཕོ་བ་མེད་པར་བརྟན་པའི་ཡེ་ཤེས་ཀྱི་ངོ་བོར་སྨིན་ནས་ཚུལ་ཁྲིམས་དག་བྱ་དག་བྱེད་དང་བྲལ་བའི་རྣམ་པར་དག་པས་ཉེས་སྤྱོད་ཀྱི་སྐྱོན་གྱིས་མ་གོས་པའི་ཚུལ་ཁྲིམས་ཆེ༷ན་པོ༷་ལ་གནས་པའམ་དེ་འདྲའི་རྩལ་འཆ༷ང་བ༷འི་དོན་ལས་མི་འདའ་བ་ནི་ཚུལ་ཁྲིམས་མཆོ༷ག་ཏུ་གྱུར་པ་སྟེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡོན་ཏན་ཏེ་ཚུལ་ཁྲིམས་རྣམ་པར་དག་པའོ།།

གནོད་བྱེད་ལ་ཇི་མི་སྙམ་པའི་བཟོད་པ་དང་། སྡུག་བསྔལ་དང་ལེན་གྱི་བཟོད་པ་དང་། ཆོས་ལ་ངེས་སེམས་ཀྱི་བཟོད་པ་བཅས་འཁོར་གསུམ་དམིགས་མེད་ཀྱིས་ཟིན་པའི་སྒོས་བ༷ཟོད་པའི་ཕ་རོལ་དུ་ཕྱིན་པ་རྫོགས་པ་ཐབས་བདེ་ཆེན་རང་བྱུང་གི་ཡེ་ཤེས་ཀྱི་རང་བཞིན་དུ་དག་པ་ཆེ༷ན་པོ་འཆང༷་བ༷་མི་མཐུན་ཕྱོགས་ཀྱིས་དཀྲུགས་པ་མེད་པའི་བརྟ༷ན་པ་མི་འགྱུར་བ་གང་ཡིན་པ་དང་ལྡན་པ༷་པོ༷་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཏེ་བཟོད་པ་རྣམ་པར་དག་པའོ།།

གོ་ཆའི་བརྩོན་འགྲུས་དང་། སྦྱོར་བའི་བརྩོན་འགྲུས་དང་། ཆོག་པར་མི་འགྱུར་བའི་བརྩོན་འགྲུས་གསུམ་འཁོར་གསུམ་རྣམ་པར་དག་པ་ལ་གོམས་པའི་བརྩོ༷ན་འགྲུས༷་ཀྱི་ཕར་ཕྱིན་རྫོགས་པ་ལ་བདེ་བ་ཆེ༷ན་པོ༷་ཟག་མེད་ཀྱི་བློའི་ངོ་བོར་དག་པ་གང་ཡིན་པ་ནི་ཁམས་གསུམ་སྣ་ཚོགས་པ་ཐམས་ཅད་སེམས་ཀྱི་རང་བཞིན་དུ་གནས་པས་བརྟུལ༷་ནས་དེ་དག་རྡོ་རྗེ་འཆང་གི་བར་གོམས་པས་བརྟུལ་བ༷་དང་ལྡན་པ་གང་ཡི༷ན་པ་ནི་བརྩོན་འགྲུས་ཀྱི་དག་པ་སྟེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡོན་ཏན་བརྩོན་འགྲུས་རྣམ་པར་དག་པའོ།།

ཞི་གནས་དང་ལྷག་མཐོང་གི་ཏིང་ངེ་འཛིན་ལ་གོམས་པའི་བས༷མ་གཏ༷ན་གྱི་ཕ་རོལ་དུ་ཕྱིན་པ་ཡང་ཐབས་ཀྱི་ཡེ་ཤེས་ཀྱིས་ཟིན་པའི་གཡེང་བའི་དགྲ་མེད་པའི་ནང་དུ་ཡང་དག་པར་འཇོག་པ་ཆེ༷ན་པོ༷་གང་ཡིན་པའི་ཏིང༷་ངེ༷་འཛི༷ན་ལ་གནས༷་པ་ནི་བསམ་གཏན་གྱི་ཕར་ཕྱིན་རྫོགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡོན་ཏན་ཏེ་བསམ་གཏན་རྣམ་པར་དག་པའོ།།

ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་སྟེ་རྒྱུའི་ཤེས་རབ་དང་། དོན་ཕྱིན་ཅི་མ་ལོག་པའི་ཤེས་རབ་སྟེ་འབྲས་བུའི་ཤེས་རབ་རྣམས་འཁོར་གསུམ་དམིགས་མེད་ཀྱིས་ཟིན་པའི་ཤེས༷་ར༷བ་ཀྱི་ཕར་ཕྱིན་ལ་གོམས་པ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཀྱི་ངོ་བོར་སྨིན་ཅིང་གཟུང་འཛིན་གཉིས་སུ་ཞེན་པ་ལ་སོགས་པའི་མི་མཐུན་ཕྱོགས་ཀྱིས་མ་གོས་པའི་ཆེ༷ན་པོ༷་དང་ལྡན་པའི་ཤེས་རབ་ཀྱི་ཕར་ཕྱིན་རྫོགས་པ་གང་ཡིན་པའི་ཟག་པ་མེད་པའི༷་ཤེས་རབ་ཀྱི་ལུས༷་འཆང༷་བ༷་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡོན་ཏན་ཏེ་ཤེས་རབ་རྣམ་པར་དག་པའོ།།

ཀུན་བརྟག་གི་སྟོབས་དང་། སྒོམ་པའི་སྟོབས་བཅས་འཁོར་གསུམ་དག་པས་ཟིན་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པ་ནི་མི་མཐུན་ཕྱོགས་ཀྱི་མི་བརྫི་ཞིང་བདུད་ཀྱི་དཔུང་འཇོམ་པས་སྟོབས༷་པོ༷་ཆེ༷་བ་དང་ལྡན་པ་ཞེས་བྱ་ལ༷། དེ་ཉིད་བདེ་ཆེན་གྱི་ཡེ་ཤེས་ཁྱད་པར་བའི་ངོ་བོར་དག་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡོན་ཏན་ཏེ་སྟོབས་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའོ།།

ནང་སངས་རྒྱས་ཀྱི་ཆོས་འགྲུབ་པར་བྱ་བའི་ཚུལ་དང་། ཕྱིའི་སེམས་ཅན་སྨིན་པར་བྱ་བའི་ཚུལ་གྱི་ཐབས་ཀྱི་ཕ་རོལ་ཕྱིན་པ་ཡོངས་སུ་དག་པ་གོམས་པ་ནི་རང་གཞན་གྲོལ་བར་བྱེད་པའི་ཐབས་སྣ་ཚོགས་མངའ་བས་ཐབ༷ས་ཆེ༷་བ༷་དང་ཐབས་ལ་མཁས་པ་ཡིན་ཞིང་། དེ་ཉིད་བདེ་བ་ཆེན་པོའི་ངོ་བོར་སྐྱེས་པའི་ཡོངས་དུ་དག་པའི་ཡེ་ཤེས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཆེ་བའི་ཡོན་ཏན་ཏེ་ཐབས་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པའོ།།

སེམས་བསྐྱེད་ཀྱི་སྨོན་ལམ་དང་། སྐྱེ་བའི་སྨོན་ལམ་དང་། སྤྱོད་ཡུལ་གྱི་སྨོན་ལམ་དང་། ཡང་དག་པའི་སྨོན་ལམ་དང་། སྨོན་ལམ་ཆེན་པོ་བཅས་སྨོན་ལམ་གྱི་ཕར་ཕྱིན་ལ་གོམས་པའི་ལམ་ཉིད་བདེ་ཆེན་གྱི་ཡེ་ཤེས་དང་གཉིས་སུ་མེད་པ་ནི་རང་གཞན་གྱི་དོན་འགྲུབ་པའི་སྨོ༷ན་ལ༷མ་གྱི་མཐུས་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བར་བྱེད་པས་ན། དེ་ནི་སྨོན་ལམ་གྱི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་པ་རྣམ་པར་དག་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་སོ་ཞེས་པའོ།།

དེ་ལྟ་བུའི་ཡེ་ཤེས་དེ་དག་ནི་ཡེ༷་ཤེ༷ས་ཀྱི་རང་བཞིན་རྒྱ༷་ཆེ་ཞིང་ཡངས་པ་དང་གཏིང་ཟབ་པའི་མ༷ཚོ་རུ་གྱུར་པ་སྟེ༷་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཆེ་བའི་ཡོན་ཏན་ཡེ་ཤེས་ཀྱི་ཕ་རོལ་དུ་ཕྱིན་པ་རྣམ་པར་དག་པ་ཡོངས་སུ་རྫོགས་པའོ།།

དེ་ཡང་མཚན་གྱི་སྒྲོན་མེ་ལས། སྦྱིན་བདག་ཆེན་པོ་ཞེས་པ་ནས། །སྨོན་ལམ་ཡེ་ཤེས་རྒྱ་མཚོའི་བར། །ཕ་རོལ་ཕྱིན་བཅུའི་ཚིགས་བཅད་གཉིས། །ལྷ་མོ་བརྒྱད་དང་སྒོ་མར་བཞེད། །ཅེས་གསུངས་པ་ལྟར་ལྷ་མོ་སྒེག་མོ་དང་། ཕྲེང་བ་མ། གླུ་མ། གར་མ། མེ་ཏོག་མ། སྤོས་མ། མར་མེ་མ། དྲི་ཆབ་མ་བརྒྱད་དང་། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་སྟེ་སྒོ་མ་བཞི་དང་། དེ་དག་གི་རྣམ་དག་དང་མཚན་བསྟན་པར་འགྲེལ་བ་ཡང་མཆིས་སོ།།

དེའི་ཚུལ་ནི་སྦྱིན་བདག་ཆེན་པོ་གཙོ་བོས་ལྷ་མོ་སྒེག་མོ་དང་དེའི་མཚན་དང་རྣམ་དག་བསྟན་པ་དང་། ཚུལ་ཁྲིམས་ཆེན་པོས་ལྷ་མོ་ཕྲེང་བ་མའི་མཚན་དང་རྣམ་དག་བསྟན་པ་དང་། བཟོད་ཆེན་འཆང་བ་བརྟན་པས་གླུ་མའམ་ལྷ་མོ་དབྱངས་ཅན་མའི་མཚན་དང་རྣམ་དག་བསྟན་པ་དང་། བརྩོན་འགྲུས་ཆེན་པོས་ལྷ་མོ་གར་མཁན་མའི་མཚན་དང་རྣམ་དག་བསྟན་པ་དང་། བསམ་གཏན་ཆེན་པོས་ལྷ་མོ་མེ་ཏོག་མའི་མཚན་དང་རྣམ་དག་བསྟན་པ་དང་། ཤེས་རབ་ཆེན་པོས་ལྷ་མོ་བདུག་སྤོས་མའི་མཚན་དང་རྣམ་དག་བསྟན་པ་དང་། སྟོབས་པོ་ཆེས་ལྷ་མོ་མར་མེ་མའི་མཚན་དང་རྣམ་དག་བསྟན་པ་དང་། ཐབས་ཆེ་བས་ལྷ་མོ་དྲི་ཆབ་མའི་མཚན་དང་རྣམ་དག་བསྟན་པ་དང་། སྨོན་ལམ་ཡེ་ཤེས་རྒྱ་མཚོས་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་སྟེ་སྒོ་མ་བཞི་དང་དེའི་མཚན་དང་རྣམ་དག་བསྟན་པར་གསུངས་ཏེ། མཚན་གྱི་སྒྲོན་མེ་ལས། སྦྱིན་བདག་ཆེན་དང་གཙོ་བོ་གཉིས། །སྒེག་མོ་ཡི་ནི་མཚན་ཡིན་ནོ། །ཚུལ་ཁྲིམས་ཆེན་དང་འཆང་མཆོག་ནི། །ཕྲེང་བ་མ་ལ་གཉིས་སུ་བཞེད། །བཟོད་ཆེན་འཆང་དང་བརྟན་པ་གཉིས། །གླུ་མ་ཡི་ནི་མཚན་ཡིན་ནོ། །བརྩོན་འགྲུས་ཆེ་དང་བརྟུལ་བ་གཉིས། །གར་མཁན་མ་ཡི་མཚན་ཡིན་ནོ། །མེ་ཏོག་མ་ལ་མཚན་གཅིག་སྟེ། །བསམ་གཏན་ཆེན་པོའི་ཏིང་འཛིན་གནས། །ཤེས་རབ་ཆེ་དང་ལུས་འཆང་གཉིས། །བདུག་པ་མ་ཡི་མཚན་ཡིན་ནོ། །བསམ་གཏན་ཞེས་པ་མར་མེ་མ། །ཐབས་ཆེན་ཞེས་པ་དྲི་ཆབ་མ། །སྟོབས་ནི་དད་སོགས་རྣམ་པ་ལྔ། །ཡེ་ཤེས་རྒྱ་མཚོ་མཐོང་སྒོམ་གཉིས། །ཡན་ལག་བདུན་དང་འཕགས་ལམ་བརྒྱད། །སྟོབས་དང་ཡེ་ཤེས་སྒོམ་པར་བཞེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ལྷ་མོ་རྣམས་ཀྱི་དག་པ་ལ་མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་དྲུག་དང་། ཉོན་ཡིད་དང་ཀུན་གཞིའི་རྣམ་ཤེས་གཉིས་བཅས་རྣམ་པར་ཤེས་པ་བརྒྱད་ཀྱི་རྣམ་དག་སྦྱར་ནས་དེ་དག་གི་དག་པ་བསྟན་པར་ཡང་གསུངས་པས་ས་བཅད་དེ་ལྟར་བཞག་པ་ལགས་སོ།།

ལྔ་བ་ས་དང་བསྐལ་བཟང་བཅུ་དྲུག་གི་རྣམ་དག་བསྟན་པ་ནི། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན། །མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས། །མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །འཇིགས་ཆེན་འཇིགས་པར་བྱེད་པ་པོ། །མགོན་པོ་རིག་མཆོག་ཆེན་སྟེ། །བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་ཤོ་ལོ་ཀ་བཞི་ཡིས་བསྟན་ཏེ།

སྙིང་པོ་མངོན་པར་རྟོགས་པ་ལས། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པ་ནས། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པའི་བར་གྱིས་ས་དང་བསྐལ་བཟང་བཅུ་དྲུག་གི་རྣམ་དག་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འགྲོ་བ་ཀུན་ལ་སྙོམས་པར་བདེ་བ་དང་ལྡན་འདོད་ཀྱི་བྱམ༷ས་པ༷་ཆེ༷ན་པོའི་ར༷ང་བ༷ཞིན་ནི་ཚད་དང་བྲལ་བས་ན་དཔ༷ག་ཏུ༷་མེ༷ད་པ་ཡིན་ཞིང་། དེ་ཡང་འདི་དག་གིས་མེ་ལོང་ཡེ་ཤེས་བསྟན་པས་ཡེ་ཤེས་ཕྱོགས་མེད་དུ་སྣང་བ་དང་། ཉམས་སུ་མྱོང་བ་དང་མཚན་མའི་རློམ་སེམས་དང་བྲལ་ཞིང་འབད་པ་ལ་རག་མ་ལས་པར་སྣང་བས་ན་དཔག་ཏུ་མེད་པ་དང་ཚད་མེད་པ་ཞེས་འགྲེལ་རུང་ངོ་།།

དེ་བཞིན་དུ་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང༷་རྗེ༷་ཆེ༷ན་པོ༷་ནི་ཀུན་ཉོན་གྱི་བློ་མ་ཟད་རྣམ་བྱང་ཕྱོགས་ཀྱི་བློ༷་ཡི༷་ནང་ནའང་བློ་ཐམས་ཅད་ཀྱི་མཆོ༷ག་ཡིན་པ་དང་། ཤེས་རབ་ཡང་ཆོས་རབ་རྣམ་པར་འབྱེད་པ་ནས་བཟུང་བདེ་སྟོང་གཉིས་སུ་མེད་པར་རྟོགས་པའི་དོན་དམ་ལྷན་ཅིག་སྐྱེས་པའི་ཤེས༷་རབ༷་ཆེ༷ན་པོ༷་གང་ཡིན་པ་དེའི་བར་དུ་རྟོགས་བྱའི་གནས་ལ་མཁས་པ་དང་། ཤེས་བྱ་མཐའ་དག་གཅིག་ཆར་དུ་མཁྱེན་པའི་བློ༷་གྲོས་ཆེ༷ན་པོ་ལྡ༷ན་པ་ཡིན་ཞིང་། དེས་ནི་འགྲོ་བའི་དོན་བྱེད་པའི་བྱ་བ་ལ་རབ་ཏུ་མཁ༷ས་པ༷་དང་ཐབས་ཆེ༷ན་པོ༷་དང་ལྡན་པ་ཡིན་ཕྱིར་གདུལ་བྱའི་བསམ་པ་དང་མཐུན་པར་གང་ལ་གང་འདུལ་གྱི་ཐེག་པ་དང་མཛད་པ་སྣ་ཚོགས་སྟོན་པའི་ཐབ༷ས་མཁས་ཀྱིས་ཆེ༷་བ༷་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཤེས་རབ་སྙིང་རྗེ་དབྱེར་མེད་པའི་ཆེ་བའི་ཡོན་ཏན་ནོ།།

ཁ་ཅིག་གོང་གི་སྙིང་རྗེའི་འཕྲོ་ནས་ཚད་མེད་རྣམ་བཞི་བསྟན་མོད་དགའ་བ་ཚད་མེད་དང་བཏང་སྙོམས་ཚད་མེད་ནི་ཚིག་ཏུ་མ་བྱུང་ཡང་ཤུགས་བསྟན་ཡིན་ཞེས་གསུངས། དེ་ལྟར་འགྲོ་བའི་དོན་མཛད་པའི་ཐབས་ལ་མཁས་ན་རྫུ་འཕྲུལ་ཇི་ལྟ་བུའི་སྒོ་ནས་འགྲོ་བའི་དོན་མཛད་པ་ཡིན་ཞེ་ན། སྐུ་སྟོད་ནས་མེ་འབར་བ་དང་། སྐུ་སྨད་ནས་ཆུ་འབྲུབ་པ་དང་། གཅིག་དུ་མ་དང་དུ་མ་གཅིག་ཏུ་བྱེད་པ་དང་། སྟོང་གསུམ་ཕྱག་རྒྱར་ཤོང་བ་དང་། ཕྱག་རྒྱ་སྟོང་གསུམ་དུ་སྤྲུལ་པ་ལ་སོགས་པའི་རྫུ༷་འཕྲུལ༷་ཆེ༷ན་པོ༷་དུ་མ་སྟོན་པས་གདུལ་བྱ་ལམ་དང་། ལམ་གྱི་རྟེན་དང་། ལམ་གྱི་འབྲས་བུ་ལ་འགོད་ཅིང་། རྫུ་འཕྲུལ་བསྟན་པ་ཡང་ཕར་ཟིལ་གྱིས་གནོན་ཞིང་ཚུར་རང་ལ་བརྫི་བར་མི་ནུས་པའི་སྟོབ༷ས་དང༷་ཡང་ལྡ༷ན་པ་ཡིན་ལ། དེ་འདྲའི་རྫུ་འཕྲུལ་གང་ལ་མངའ་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ལྡན་པ་སྟེ་དེའི་ཡོན་ཏན་ལ་བྱའོ།།

དེ་ཡང་འཁོར་འདས་སྣང་བཏགས་རྒྱུ་འབྲས་དཔེ་དོན་ཐམས་ཅད་མཉམ་པ་ཉིད་དུ་སྙོམས་པར་གཟིགས་པའི་དབང་གིས་རྫུལ་འཕྲུལ་ཆེན་པོ་དེ་ལྟར་སྟོན་ནུས་ཤིང་སྐྱེ་བ་མེད་པའི་སྟོབས་དང་ལྡན་པ་ཡིན་ཕྱིར་འདིས་མཉམ་ཉིད་ཡེ་ཤེས་བསྟན་པར་གསུངས་སོ།།

དེ་ལྟར་འགྲོ་དོན་མཛད་པ་ཡང་བེམ་པོར་ཐོགས་པ་མེད་པའི་ཡིད་ལྟར་ཤུགས༷་ཆེ༷ན་པོ་དང་མགྱོ༷གས་པ༷འམ་མྱུར་བ་ཆེ༷ན་པོ༷་དང་ལྡན་པ་སྟེ༷། སངས་རྒྱས་བྱང་སེམས་ཀྱི་གཞན་དོན་མཛད་པ་མྱུར་པ་དེའམ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་འགྲོ་བའི་དོན་མྱུར་དུ་འབྱུང་བའི་རྫུ༷་འཕྲུལ༷་ཆེ༷ན་པོ༷་དང་ལྡན་པ་ནི་འཇིག་རྟེན་པ་དང་། ཉན་རང་བྱང་སེམས་རྣམས་ལ་རྒྱ་ཆེ༷ར་གྲགས༷་པ༷་ཡིན་ཞེས་པའོ།།

ཡང་ན་གཉུག་མའི་ཡེ་ཤེས་འབྲས་བུའི་རྒྱུར་བཞག་པ་ཡང་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པ་དེ་བཞིན་དུ་འབྲས་བུའི་ངོ་བོ་ཡང་ཐ་དད་དུ་མ་གྲུབ་པར་ཐེ་ཚོམ་མེད་པའི་ཤུགས་ཆེན་པོ་དང་ལྡན་ཞིང་། རྒྱུ་དང་འབྲས་བུར་མ་གྲུབ་ཕྱིར། །བྱང་ཆུབ་མེད་ཅིང་སྒོམ་པ་མེད། །ཅེས་གསུངས་པ་ལྟར་གསང་སྔགས་ཀྱི་ལམ་འདིར་བསྐལ་བ་དུ་མར་ལམ་གོམས་པ་ལ་མ་ལྟོས་པར་མགྱོགས་པ་ཆེན་པོ་དང་བགྲོད་པ་དུས་ཐུང་ངུས་མངོན་དུ་བྱེད་ཅེས་པའང་དོན་ལ་གྲུབ་པ་མེད་པར་ངེས་པ་སྟེ། རྒྱུ་འབྲས་ཐ་དད་དུ་མེད་པའམ་དེ་ལྟར་ལམ་གྱི་སྦྱོང་བགྲོད་བདེན་སྟོང་མཉམ་པ་ཉིད་ཀྱི་དོན་དུ་གཟིགས་པ་རྣམས་ལ་དེ་ལྟར་ལགས་མོད། སྣང་ཚུལ་ལ་དེ་ལྟར་དཔེ་རྫུ་འཕྲུལ་ཆེན་པོ་བསྟན་པ་ཙམ་ལས་དོན་ལ་མ་གྲུབ་པའི་མཚོན་བྱ་རྒྱུ་འབྲས་ཐ་དད་མེད་པར་ངེས་པའི་སྟོབས་ཀྱིས་དེ་འདྲའི་གང་ཟག་དེ་ཚེ་འདིར་རྡོ་རྗེ་འཆང་གི་གོ་འཕང་མྱུར་དུ་ཐོབ་པ་དང་། གལ་དེ་དོན་ཇི་བཞིན་མ་ངེས་ཀྱང་དུལ་བའི་སེམས་མངོན་དུ་བྱས་པའི་གདུལ་བྱ་རྣམས་ཀྱང་མཚོན་བྱ་མཚོན་བྱེད་ཀྱི་དོན་དེ་ལྟར་མ་རྟོགས་པའི་བར་དུ་མཐོ་རིས་སོགས་སུ་བདེ་བླག་ཏུ་བགྲོད་པར་ནུས་ཞེས་དེ་ལྟར་གསུངས་རབ་རྣམས་ལས་རྒྱ་ཆེར་གྲགས་པ་ཡིན་ནོ་ཞེས་འགྲེལ་བའང་མཆིས་སོ།།

གཉུག་མའི་ཡེ་ཤེས་ཀྱི་དོན་མ་རྟོགས་པའི་དབང་གིས་འཁོར་བ་དང་། རྟོགས་པས་མྱ་ངན་ལས་འདས་པ་གཉིས་ཀྱི་ཁྱད་པར་བྱུང་བ་ཡིན་ཕྱིར་དེ་ལྟར་གནས་ལུགས་ཀྱི་དོན་རྟོགས་པའི་བློ་སྟོབས༷་ཆེ༷ན་པོ་དེ་ཡིས་ཕ༷་རོལ༷་མ་རྟོགས་པའི་གང་ཟག་ཟིལ་གྱིས་ག༷ནོན་པ༷་པོ༷་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་གདུལ་བྱ་འདུལ་བའི་ཟིལ་ཆེ་བ་དང་། དཔལ་ཟླ་བ་གྲགས་པས། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་པ། །འཇིག་ཚོགས་ལྟ་རི་ལྷུན་སྟུག་ལ་གནས་པ། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ །ཞེས་གསུངས་པ་ལྟར། དེ་འདྲའི་རང་རྒྱུད་ཀྱི་ཕུང་པོ་ལྔ་ལ་བདག་ཏུ་གྲུབ་པར་འཛིན་པའི་སྲི༷ད་པའི་རྩ་བ་བདག་འཛིན་མ་རིག་པ༷འི་རི༷་བོ༷་ཆེ༷ན་པོ༷་འཇིག་ཚོགས་ཀྱི་རྩེ་མོ་སྣ་ཚོགས་པ་དང་ལྡན་པ་དེ་ཉིད་རྩད་ནས་འཇོམ༷ས་པར་བྱེད་པ་སངས་རྒྱས་ཀྱི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་སོ་སོར་རྟོགས་པའི་ཡེ་ཤེས་མངའ་བས་ནི། ཇི་སྐད་དུ། སྙིང་པོ་བརྟན་ཅིང་ཁོང་སྟོང་མེད། །མི་ཆོད་མི་ཕྱེད་མཚན་ཉིད་ཅན། །མི་ཤིག་པ་ནི་མི་ཉམས་པ། །སྟོང་པ་རྡོ་རྗེ་ཞེས་བཤད་དོ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། སེམས་ཅན་ཀུན་གྱི་འཇིག་ཚོགས་ལྟ། །ལྷན་ཅིག་སྐྱེས་པའང་གཅོད་པ་ཡིན། །ཞེས་གསུངས་པ་ལྟར་རིག་པ་དང་སྟོང་པ་དབྱེར་མི་ཕྱེད་པས་མཁྲེགས༷་ཤིང༷་། རྣམ་རྟོག་གི་མཚན་མས་གཞོམ་མི་ནུས་པའི་མི་ཆོད་པ་དང་། མི་ཤིགས་པ་ལ་སོགས་པའི་རྡོ་རྗེའི་ཆོས་དང་ལྡན་པའི་གཉེན་པོའི་ཡེ་ཤེས་ཀྱི་རྡོ༷་རྗེ༷་ཆེ༷ན་པོ༷་ཉིད་ཡིན་ཞིང་། དེ་ཉིད་འཆ༷ང་བ་ནི་ཐུགས་སུ་ཆུད་པའི་དོན་ནོ།།

དོན་གྱི་སྒོ་ནས་བག་ཆགས་ཐམས་ཅད་འཇོམས་པ་དང་རྟགས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་གདུལ་བྱ་འདུལ་དཀའ་བའི་གདུག་པ་ཅན་རྣམས་འདུལ་བའི་ཆེད་དུ་དྲ༷ག་པོ༷་ཁྲོ་བོ་ཆེ༷ན་པོ༷་འཇིགས་བྱེད་དང་གཤིན་རྗེ་ཚེ་བདག་ལ་སོགས་པའི་སྐུར་སྤྲུལ་ནས་དྲ༷ག་ཤུལ༷་གྱི་ལས་རབ་ཏུ་ཆེ༷་བའི་སྒོ་ནས་གདུལ་བྱ་འཇིགས་སུ་རུང་པ་ཆེན་པོ་རྣམས་འདུལ་བ་དང་། ཡང་དུས་གསུམ་ཆ་དང་བྲལ་བའི་དྲག་པོ་ཡེ་ཤེས་ཀྱི་གཟིས་འཁོར་བའི་འཇིགས༷་པ་ཆེ༷ན་པོ་བདག་ཏུ་འཛིན་པ་དང་རྣམ་རྟོག་གི་མཚན་མའི་འཇིགས་པ་རྣམས་གཞོམ་ནས་ཕར་འཇིགས༷་པ༷ར་བྱེ༷ད་པ༷་པོ༷་ཡང་ཡིན་ནོ་ཞེས་པའོ།།

རིགས་དྲུག་འདྲེན་པའི་སྐྱབས་སུ་གྱུར་པའི་མ༷གོན་པོ༷་སངས་རྒྱས་བཅོམ་ལྡན་འདས་སམ་མགོན་པོ་འཇམ་པའི་དབྱངས་དེ་ཉིད་ནི་རིགས༷་ལྔ་འདུས་པའི་བདག་ཉིད་ཡིན་ཕྱིར་རིགས་མཆོ༷ག་ཡིན་ནོ། །དེ་ཡང་རིགས་མཆོག་ཡིན་པའི་རྒྱུ་མཚན་ཡང་། དེ་ནི་བདེ་བ་ཆེ༷ན་པོ༷་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རིགས་ཡིན་པ་སྟེ༷། དེའི་རྒྱུ་མཚན་གྱིས་སོ།།

དེ་ཉིད་འགྲོ་བ་ལ་དམ་ཆོས་ཉེ་བར་སྟོན་པའི་བླ༷་མ༷་མཆོག་དང་ཆེན་པོ་ཡང་ཡིན་ཏེ། དོན་གཅིག་ནའང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་ཐབས་ཤེས་ཁྱད་པར་བ་སྟོན་པའི་གས༷ང་བ་སྔ༷གས་ཀྱི་ཆོས་སྟོན་པ་པོ་ཡིན་པའི་ཕྱིར། དེ་ཡིན་ན་མཆོག་ཡིན་ཏེ། ཆོས་ཐམས་ཅད་རབ་ཏུ་མི་གནས་པའི་ཟུང་འཇུག་བདེ་བ་ཆེན་པོའི་དོན་གྱི་རྟོགས་པའི་ཆེ༷་བ༷འི་ཁྱད་པར་དང་ལྡན་པའི་ཡོན་ཏན་མཆོ༷ག་མངའ་བའི་གང་ཟག་ཡིན་པའི་ཕྱིར་རོ།།

དེ་ལྟ་བུའི་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ལམ་དུ་བྱེད་པའི་ཚུལ་ལ་གནས་པ་ནི་ཐེ༷ག་པ༷་ཆེ༷ན་པོ༷་ཟབ་གསང་བླ་ན་མེད་པའི༷་ཚུལ༷་ལ༷་གནས༷་པ་དང་། རང་གཞན་གྱི་དོན་ཕུན་སུམ་ཚོགས་པའམ་གཞན་དོན་ཕུན་ཚོགས་སངས་རྒྱས་ཀྱི་འབྲས་བུ་གཙོ་བོར་བཤད་པའི་ཐེ༷ག་པ༷་ཆེ༷ན་པོ་མདོ་སྔགས་གཉིས་པོ༷འི་ཆོས་ཚུལ༷་གྱི༷་ཡ་གྱལ་གསང་བ་སྔགས་ཀྱི་ཐེག་པའི་རྒྱུད་སྡེ་བཞི་ལས་མ༷ཆོག་བླ་མེད་ཀྱི་ཆོས་ཚུལ་ལ་གནས་པ་ཡིན་ཞེས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རང་བཞིན་བཤད་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བསྔགས་པའོ།།

གཞན་ཡང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གྱི་བསྐལ་བཟང་གི་སེམས་དཔའ་བཅུ་དྲུག་གམ་ཐབས་ཀྱི་རང་བཞིན་གྱི་སེམས་དཔའ་བཅུ་དྲུག་གི་དཀྱིལ་འཁོར་དང་མཚན་དང་རྣམ་པར་དག་པ་བསྟན་པར་གསུངས་ཤིང་དེའི་ཚུལ་ནི། བྱམས་ཆེན་རང་བཞིན་དཔག་ཏུ་མེད། །ཅེས་པས་བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཅེས་པས་འཇམ་དཔལ་དང་། ཤེས་རབ་ཆེན་པོ་བློ་ཆེན་ལྡན། །ཞེས་པས་སྤོས་ཀྱི་གླང་པོ་དང་། མཁས་པ་ཆེན་པོ་ཐབས་ཆེ་བ། །ཞེས་པས་ཡེ་ཤེས་ཏོག་སྟེ་ཤར་གྱི་དཀྱིལ་འཁོར་གྱི་འཁོར་ལོའི་རྩིབས་ཀྱི་སེམས་དཔའ་ཆེན་པོ་བཞིའི་མཚན་དང་རྣམ་དག་བསྟན་པར་གསུངས་ཏེ། མཚན་གྱི་སྒྲོན་མེ་ལས། བྱམས་ཆེན་རང་བཞིན་ཞེས་པ་ནས། །མཁས་པ་ཆེན་པོ་ཐབས་ཆེའི་བར། །ཚིག་རྐང་བཞི་ལ་རིམ་བཞིན་དུ། །ཤར་ཕྱོགས་གནས་པའི་སྐལ་བཟང་བཞི། །ཚིག་རྐང་དང་པོ་བྱམས་པ་ཡིན། །སྙིང་རྗེ་དང་ནི་བློ་མཆོག་གཉིས། །འཇམ་དཔལ་གྱི་ནི་མཚན་ཡིན་ནོ། །སྤོས་གླང་ཤེས་རབ་བློ་ཆེན་གཉིས། །མཁས་པ་ཆེ་དང་ཐབས་ཆེ་གཉིས། །ཡེ་ཤེས་ཏོག་གི་མཚན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན། །ཞེས་པས་བཟང་སྐྱོང་དང་། ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །ཞེས་པས་བློ་གྲོས་རྒྱ་མཚོ་དང་། རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །ཞེས་པས་བློ་གྲོས་མི་ཟད་པ་དང་། སྟོབས་ཆེན་ཕ་རོལ་གནོན་པ་པོ། །ཞེས་པས་སྤོབས་པ་བརྩེགས་པ་སྟེ་ལྷོ་རྩིབས་ཀྱི་སེམས་དཔའ་ཆེན་པོ་བཞིའི་མཚན་དང་རྣམ་དག་བསྟན་པ་ཡིན་ཏེ། ཡང་མཚན་གྱི་སྒྲོན་མེ་ལས། ལྷོ་ཡི་སེམས་དཔའ་རྣམ་བཞི་ནི། །རྫུ་འཕྲུལ་སྟོབས་ལྡན་བཟང་སྐྱོང་གི །ཤུགས་ཆེན་མགྱོགས་པ་ཆེན་པོ་ནི། །བློ་གྲོས་རྒྱ་མཚོའི་མཚན་ཡིན་ནོ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ། །བློ་གྲོས་མི་བཟད་པ་ཡི་མཚན། །སྤོབས་པ་བརྩེགས་པ་ཞེས་བྱ་བ། །སྟོབས་ཆེན་ཕ་རོལ་གནོན་གཅིག་པུ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་། སྲིད་པའི་རི་བོ་ཆེན་པོ་འཇོམས། །ཞེས་པས་མཐུ་ཆེན་ཐོབ་དང་། མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །ཞེས་པས་ངན་སོང་ཀུན་འདྲེན་དང་། དྲག་པོ་ཆེན་པོ་དྲག་ཤུལ་ཆེ། །ཞེས་པས་མྱ་ངན་མ་ལུས་ངེས་པར་འཇོམས་པ་དང་། འཇིགས་ཆེན་འཇིགས་པར་བྱེད་པ་པོ། །ཞེས་པས་དྲྭ་བ་ཅན་བཅས་ནུབ་རྩིབས་ཀྱི་སེམས་དཔའ་ཆེན་པོ་བཞིའི་མཚན་དང་རྣམ་དག་བསྟན་པ་ཡིན་ཏེ། ཡང་མཚན་གྱི་སྒྲོན་མེ་ལས། ནུབ་ཀྱི་ཕྱོགས་ཀྱི་སེམས་དཔའ་བཞི། །སྲིད་པའི་རི་བོ་ཆེ་འཇོམས་ནས། །འཇིགས་ཆེན་འཇིགས་པར་བྱེད་པའི་མཐར། །མཐུ་ཆེན་ཐོབ་དང་ངན་སོང་འདྲེན། །མྱ་ངན་འཇོམས་དང་དྲ་བ་ཅན། །གོ་རིམས་བཞིན་དུ་ཚིག་རེ་ལ། །མཚན་ཡང་རེ་རེ་དག་ཏུ་འདོད། །ཅེས་གསུངས་པའི་ཕྱིར་རོ།།

ཡང་། མགོན་པོ་རིག་མཆོག་ཆེན་པོ་སྟེ། །ཞེས་པ་ཟླ་འོད་གཞོན་ནུ་དང་། བླ་མ་གསང་སྔགས་ཆེ་བའི་མཆོག །ཅེས་པས་འོད་དཔག་ཏུ་མེད་པ་དང་། ཐེག་པ་ཆེན་པོའི་ཚུལ་ལ་གནས། །ཞེས་པས་ནམ་མཁའ་མཛོད་དང་། ཐེག་པ་ཆེན་པོའི་ཚུལ་གྱི་མཆོག །ཅེས་པས་སྒྲིབ་པ་རྣམ་སེལ་ཏེ་བྱང་རྩིབས་ཀྱི་སེམས་དཔའ་ཆེན་པོ་བཞིའི་མཚན་དང་རྣམ་དག་བསྟན་པ་ཡིན་ཏེ། མཚན་གྱི་སྒྲོན་མེ་ལས། བྱང་ཕྱོགས་ཀྱི་ཡང་སེམས་དཔའ་བཞི། །མགོན་པོ་རིགས་མཆོག་ཆེན་པོ་ནས། །ཐེག་པ་ཆེན་པོ་ཚུལ་མཆོག་མཐར། །གོ་རིམས་བཞིན་དུ་ལེགས་སྦྱར་ཏེ། །མགོན་པོ་རིགས་དང་མཆོག་ཆེན་གཉིས། །ཟླ་འོད་གཞོན་ནུའི་མཚན་ཡིན་ནོ། །འོད་དཔག་མེད་དང་ནམ་མཁའ་མཛོད། །སྒྲིབ་པ་རྣམ་པར་སེལ་དང་གསུམ། །ཚིག་གསུམ་མཚན་གསུམ་གོ་རིམས་བཞིན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡན་གྱིས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་དང་དེའི་རྣམ་དག་དེ་ཁོ་ན་ཉིད་བསྟན་པ་ཡིན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དེ་དག་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོའི་རྣམ་དག་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྟན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

སྨྲས་པ།

བདག་མེད་ལྟ་བའི་ང་རོ་སྒྲོག་པའི་མགྲིན།།

སྲིད་ན་ཟླ་མེད་ཤཱཀྱ་སེང་གེ་ཡི།།

མདོ་རྒྱུད་རྒྱ་མཚོའི་སྙིང་པོ་རིན་ཆེན་ནོར།།

འཇམ་དཔལ་དྲྭ་བའི་རིན་ཐང་གསེར་གྱིས་མིན།།

བླ་མེད་སྙིང་པོའི་སྲོག་ཤིང་བརྟན་པའི་རྩེར།།

རིམ་གཉིས་རྩིབས་མ་ཟླུམ་པོར་འཁྱིལ་བ་ལ།།

བྱ་སྤྱོད་རྣལ་འབྱོར་དར་ཟབ་གོས་བཀླུབས་ཤིང་།།

རྒྱུ་ཡི་ཐེག་གསུམ་ཤམ་མཛེས་གདུགས་དཀར་པོ།།

འཇམ་དཔལ་ཡེ་ཤེས་ཉི་མ་ཁོང་འཆར་བའི།།

ཐབས་ཤེས་གཉིས་མེད་ཟབ་ལམ་རྟ་ལྗང་ཆེ།།

རིག་བྱེད་ཚིག་གི་སྐྱ་རེངས་ཕོ་ཉ་ཡིས།།

བསྐུལ་ལ་ཞུགས་འདོད་སྐལ་བཟང་དགའ་བས་ལོངས།།

གླུ་བླངས་རྒྱུད་དོན་མཐའ་བྲལ་སྤྲིན་གྱི་ལམ།།

སྣ་ཚོགས་བཤད་པའི་རྒྱུ་སྐར་བྱེ་བའི་ཁྲོད།།

སྙིང་པོའི་སྐར་རྗེན་གཉིས་མེད་རྡོ་རྗེའི་ལུགས།།

བརྗོད་བྱེད་རབ་བསྡུས་མཚན་མོར་རྒོད་འདི་འཕངས།།

ས་ཡི་བཅད་ཁོངས་ཁོང་ལ་གཏུགས་པ་ལས།།

ལོགས་སུ་ཕྱེ་བའི་སྤོབས་པ་དང་བྲལ་བས།།

གོང་འོག་རྒྱུད་སྡེ་བསྲེས་པའི་སྦགས་གྱུར་ན།།

འཇམ་དཔལ་དབྱངས་དང་མཁས་པའི་མདུན་སར་བཤགས།།

ཞེས་བྱ་བ་ནི་ལེའུ་ལྔ་བའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།།

ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་གྱི་མཚན་བསྟན་པ།

དྲུག་པ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པ་ལ་ནི། ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་པ་དང་། ལམ་གྱི་ཡོན་ཏན་རྫོགས་པར་བསྟོད་པ་བསྟན་པ་དང་། ཐུགས་ཀྱི་བྱིན་རླབས་ལ་བསྟོད་པ་བསྟན་པ་དང་། གསུང་གི་བྱིན་རླབས་ལ་བསྟོད་པ་བསྟན་པ་དང་། སྐུའི་བྱིན་རླབས་ལ་བསྟོད་པ་བསྟན་པ་དང་། འགྲོ་བའི་འདྲེན་སྟོན་དུ་གྱུར་པར་བསྟན་པ་དང་། ཐེག་པ་གསུམ་གྱི་ལུས་ཡེ་ཤེས་སུ་བསྟན་པ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་བསྟན་པ་དང་། དེ་ཐམས་ཅད་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་པ་དང་། རང་རིག་ཏུ་གཞི་གཅིག་པར་བསྟན་པ་དང་། དེ་ཉིད་ལ་རྙོག་པ་བཅུས་མ་གོས་པར་བསྟན་པ་དང་། སྐུའི་འཁོར་ལོ་བསྟན་པ་དང་། ཡེ་ཤེས་ཀྱི་འཁོར་ལོ་བསྟན་པ་དང་། རིགས་ཀྱི་འཁོར་ལོ་བསྟན་པ་དང་བཅུ་བཞི་ཡོད་ལ། དེ་ནི་ཚིགས་སུ་བཅད་པ་ཉེར་བཞི་དང་རྐང་པ་གསུམ་སྟེ། རྐང་པ་གཅིག་གིས་ཤོ་ལོ་ཀ་ཉེར་ལྔར་མ་ལོངས་པའི་ཕྱེད་ཉེར་ལྔས་བསྟན་པ་ཡིན་ཏེ། མཚན་བརྗོད་འགྲེལ་པ་དྲི་མེད་འོད་ལས། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་བྱ་བ་ལ་སོགས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་རྐང་པ་གཅིག་གིས་མཆོག་ཉི་ཤུ་རྩ་ལྔས་ཤིན་ཏུ་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་པ་ནི། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ། །གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པ་ནས། གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཞེས་པའི་བར་གྱིས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེས་ན་ངོ་བོ་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཆོས་ཀྱི་དབྱིངས་ལས་རྣམ་པ་སྤངས་པ་ཕུན་ཚོགས་དང་རྟོགས་པའི་ཡེ་ཤེས་ཕུན་སུམ་ཚོགས་པའི་བདག་ཉིད་ཅན་གྱི་སང༷ས་རྒྱས༷་མཚན་དཔེ་བཞིན་ལག་གི་རྣམ་པར་སྣང་བ་རྒྱལ་བ་རིགས་ལྔའི་དཀྱིལ་འཁོར་གྱི་གཙོ་བོ་ལོངས་སྐུ་རྣམ༷་པ༷ར་སྣང༷་མཛ༷ད་ནི་སྤྲུལ་པ་སྐུ་ཡི་མཛད་པ་བཅུ་གཉིས་ཀྱི་འགྲོ་བའི་དོན་བྱེད་པའི་ཆེ༷་བའམ་སྐུ་གསུམ་ངོ་བོ་དབྱེར་མི་ཕྱེད་པའི་ཆེ་བ་དང་ལྡན་པ་སྟེ། དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པའི་ཆེ་བའི་ཡོན་ཏན་དང་། སྐུ་གསུང་ཐུགས་མི་མཐུན་པ་ལས་སྲུང་མི་དགོས་པར་རང་གི་ངང་གིས་ཐུབ་པའི་ཐུབ༷་པ༷་ཡོན་ཏན་གྱི་ཚོགས་ཆེ༷ན་པོ༷་དང་ལྡན་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དུས་རྟག་ཏུ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པའི་ཐུབ༷་པ་ཆེ༷ན་པོའི་དཔལ་ཕུན་སུམ་ཚོགས་པ་དང་ལྡ༷ན་པ་ཡིན་ཞིང་། ཡོན་ཏན་དེ་དག་གི་ཚོགས་གང་ལས་བྱུང་ཞེ་ན། དེ་ནི་ཤིན་ཏུ་རྟོགས་དཀའ་ཞིང་གཞན་གང་རུང་རུང་ལ་སྟོན་པ་མ་ཡིན་པའི་གསང༷་བ་དང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་གང་ཟག་རྣམས་ཀྱི་ཕན་བདེའི་སྲོག་གམ་སྣང་ཞེན་རྟོག་པའི་ནད་གསོ་བའི་གདམས་པའི་སྔ༷གས་ཏེ་ཟུང་འཇུག་རབ་ཏུ་མི་གནས་པའི་བླ་ན་མེད་པ་འབྲས་བུའི་ཆོས་འགྲུབ་བྱེད་བསྐྱེད་པ་དང་རྫོགས་པའི་རིམ་པའི་ལམ་ཟབ་མོའི་ཚུལ༷་ཆེ༷ན་པོ་ལས༷་བྱུང༷་བ༷་ཡིན་ལ། དེ་ལྟ་བུའི་ཡོན་ཏན་གྱི་ཚོགས་འབྱུང་བའི་ལམ་ཟབ་མོ་ཕྱི་བསྐྱེད་པའི་རིམ་པ་དང་། ནང་བསྐྱེད་པའི་རིམ་པ་དང་། ཟབ་མོ་བསྐྱེད་པའི་རིམ་པ་དང་། དེ་དག་ཐམས་ཅད་རང་བཞིན་མེད་པ་ཟུང་འཇུག་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱས་འདེབས་པ་རྫོགས་པའི་རིམ་པའི་གས༷ང་བ་སྔ༷གས་ལམ་གྱི་ཆོས་ཚུལ༷་ཆེ༷ན་པོ་མངའ་བའམ་འཛིན་པའི་བ༷དག་ཉི༷ད་ཅ༷ན་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ནོ། །ཡང་ན་བདག་ཉིད་ཅན་ཞེས་པ་གསང་སྔགས་ཀྱི་ཆོས་ཚུལ་བསྐྱེད་རིམ་དང་རྫོགས་པའི་རིམ་པའི་བདག་ཉིད་ཅན་གྱི་ལམ་ཞེས་འགྲེལ་ཡང་རུང་སྟེ་དེ་ལྟར་འགྲེལ་བའང་མཆིས་སོ།།

གཉིས་པ་ལམ་གྱི་ཡོན་ཏན་རྫོགས་པའི་སྒོ་ནས་བསྟོད་པར་བསྟན་པ་ལ་ནི། སྙིང་པོ་མངོན་པར་རྟོགས་པ་ལས། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཞེས་པ་ནས། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་བར་གྱིས་ལམ་གྱི་ཡོན་ཏན་རྫོགས་པར་བསྟོད་པ་བསྟན་ཏོ། །ཞེས་གསུངས་པ་ལྟར། ཕ་རོལ་ཕྱིན་པ་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་དང་། ས་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་དང་། ཤེས་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་དང་། དོན་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་དང་། སྟོབས་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་དང་། རྣམ་པ་བཅུའི་དབང་དང་ལྡན་པའི་ཡོན་ཏན་ཐོབ་པར་བསྟན་པ་དང་དྲུག་ལས།

དང་པོ་ནི། ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཏེ། གཏོང་སེམས་ཁྱད་པར་བའི་ཉམས་ལེན་རྫོགས་པའི་སྦྱིན་པའི་ཕར་ཕྱིན་དང་། ཉེས་སྤྱོད་སྤོང་སེམས་ལ་གོམས་པ་མཐར་ཕྱིན་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་དང་། སྡུག་བསྔལ་དང་གནོད་བྱེད་སོགས་ཀྱིས་སེམས་མི་འཁྲུག་པའི་བཟོད་པའི་ཕར་ཕྱིན་དང་། དགེ་བ་ལ་སྤྲོ་བའི་སེམས་མཐར་ཕྱིན་པ་བརྩོན་འགྲུས་ཀྱི་ཕར་ཕྱིན་དང་། སེམས་རྩེ་གཅིག་པའི་ཉམས་ལེན་མཐར་ཕྱིན་པ་བསམ་གཏན་གྱི་ཕར་ཕྱིན་དང་། ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་དག་པའི་ལམ་རྫོགས་པ་ཤེས་རབ་ཀྱི་ཕར་ཕྱིན་དང་། སེམས་ཅན་གྱི་དོན་བྱེད་པ་དང་མྱུར་དུ་བྱང་ཆུབ་པ་སོགས་ཐབས་ཁྱད་པ་བ་མཐར་ཕྱིན་པ་ཐབས་ཀྱི་ཕར་ཕྱིན་དང་། སེམས་ཅན་གྱི་དོན་དང་ཞིང་དག་པར་སྨོན་པ་སོགས་རྫོགས་པའི་སྨོན་ལམ་གྱི་ཕར་ཕྱིན་དང་། ལས་དང་རྣམ་སྨིན་ལ་མི་འཇུག་པ་དང་། ཉོན་མོངས་པ་མི་སྡུད་པ་དང་། བདུད་ཀྱི་རྒོལ་བས་མི་ཚུགས་པའི་སྟོབས་དག་པའི་སྟོབས་ཀྱི་ཕར་ཕྱིན་དང་། རྟོག་དང་མི་རྟོག་ལ་སོགས་པའི་ཡུལ་ཆོས་ཐམས་ཅད་མཉམ་ཉིད་རོ་གཅིག་པར་མཐོང་བའི་ཡེ་ཤེས་ཀྱི་ཕར་ཕྱིན་བཅས་ཕ༷་རོལ༷་དུ་ཕྱི༷ན་པ་བཅུ༷་ལེགས་པར་ཐོབ༷་པ༷་སྟེ༷། དེ་ལྟར་ཕ༷་རོལ༷་དུ་ཕྱི༷ན་པ༷་བ༷ཅུ་ལ༷་ལེགས་པར་སྦྱངས་པའི་སྒོ་ནས་གནས༷་པ་དང་། ཕ༷་རོལ༷་དུ་ཕྱི༷ན་པ་བཅུ༷་ལ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་དབྱེར་མེད་རོ་གཅིག་པར་རྟོགས་པའི་འཁོར་གསུམ་དམིགས་པ་མེད་པའི་ཤེས་རབ་མཆོག་གིས་ཟིན་པས་རྣམ་པར་དག༷་པ༷་སྟེ༷། དེ་ལྟ་བུའི་ཕ༷་རོལ༷་དུ་ཕྱི༷ན་པ༷་བཅུ༷་ཡི༷་ཚུལ༷་གྱི་ལམ་དང་། དེའི་འབྲས་བུ་སེམས་ཅན་རྣམས་ལ་རབ་ཏུ་སྟོན་པ་དང་ལྡན་པ་ནི་སངས་རྒྱས་ཀྱི་འབྲས་བུའི་ཡེ་ཤེས་ཏེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆ་ལ་མངའ་ཞེས་དེ་ནི་དེ་འདྲའི་ལམ་ལས་སྐྱེས་པ་ཡིན་ཞེས་ཆེ་བའི་ཡོན་ཏན་ལ་བསྟོད་པའོ།།

གཉིས་པ་ས་བཅུའི་རང་བཞིན་བསྟན་པ་ནི། མགོན་པོ་ས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། འགྲོ་བ་ཀུན་སྡུག་བསྔལ་ལས་སྐྱོབ་པའི་མ༷གོན་པོ་ཆེན་པོ༷་སངས་རྒྱས་བཅོམ་ལྡན་འདས་སམ་རྗེ་བཙུན་འཇམ་དཔལ་དབྱངས་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་ཏེ་འཇིག་རྟེན་ལས་འདས་པའི་ཟག་མེད་ཀྱི་སེམས་སྔོན་ཐོབ་མ་མྱོང་བ་དང་པོར་ཐོབ་པས་ཟག་མེད་ཀྱི་དགའ་བ་རབ་ཏུ་རྒྱས་པའི་ས་དང་པོ་རབ་ཏུ་དགའ་བ་དང་། འཆལ་ཚུལ་གྱི་དྲི་མ་དང་བྲལ་བའི་ཟག་མེད་ཀྱི་ཚུལ་ཁྲིམས་ལྷག་པར་དག་པའི་ས་གཉིས་པ་དྲི་མ་མེད་པ་དང་། མཆོག་ཏུ་གསལ་བའི་ཤེས་རབ་གསུམ་ཐོབ་ཅིང་ཤེས་བྱའི་སྒྲིབ་པའི་བུད་ཤིང་མ་ལུས་པ་བསྲེག་པའི་སྔ་རྟགས་ལྟ་བུའི་གཉེན་པོའི་ཡེ་ཤེས་ཀྱི་འོད་འབྱུང་བའི་ས་གསུམ་པ་འོད་བྱེད་པ་དང་། ཚོགས་གཉིས་ཀྱི་རྒྱུ་བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་ཅིང་བྱང་ཕྱོགས་དང་མཐུན་པའི་ཆོས་ཀྱི་འོད་འཕྲོ་བའི་ས་བཞི་བ་འོད་འཕྲོ་བ་དང་། བསམ་གཏན་དང་འགྲོ་དོན་མཛད་པས་རང་རྒྱུད་སྦྱོང་དཀའ་བ་དང་། ལམ་སྒོམ་པའི་ཐབས་དང་མཆོག་གི་ཡེ་ཤེས་ལ་དབང་བསྒྱུར་དཀའ་བ་དང་། མཐོང་སྒོམ་གྱི་སྤང་བྱ་ཐུལ་བར་དཀའ་བ་རྣམས་སྦྱངས་ཤིང་ཐུལ་བའི་ས་ལྔ་བ་སྦྱང་དཀའ་བ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་དུ་འགྱུར་བས་ས་དྲུག་པ་མངོན་དུ་འགྱུར་བ་དང་། ཟག་པ་མེད་པའི་ཆོས་བར་ཆད་མེད་པ་དང་། མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་དུ་གྱུར་པ་རྣམ་པར་དག་པ་རྒྱུན་ཇེ་རིང་དུ་གོམས་པས་མཚན་མ་ལས་རིང་དུ་འདས་པའི་ས་བདུན་པ་རིང་དུ་སོང་བ་དང་། ཏིང་ངེ་འཛིན་ལ་མཚན་མའི་རྟོག་པ་གང་གིས་ཀྱང་མི་གཡོ་བའི་ས་བརྒྱད་པ་མི་གཡོ་བ་དང་། གདུལ་བྱ་ལ་ཆོས་སྟོན་པའི་བློ་གྲོས་ཆེན་པོ་ཁྱད་པར་བ་དང་ལྡན་པའི་ས་དགུ་བ་ལེགས་པའི་བློ་གྲོས་དང་། ཆོས་ཀྱི་ཆར་གྱིས་གདུལ་བྱའི་རྒྱུད་སྨིན་པའི་ལོ་ཏོག་རྒྱས་པར་བྱེད་པའི་ཡོན་ཏན་གྱི་སྤྲིན་ཆེན་པོ་སངས་རྒྱས་དང་རྗེས་སུ་མཐུན་པ་མངའ་བའི་ས་བཅུ་བ་སྤྲིན་ཆེན་པོ་བཅས་ཐུན་མོང་གི་ས༷་བཅུ༷འི་ཚོགས་ལ་དབ༷ང་ཞིང་ས་བཅུ་རིམ་གྱིས་རྫོགས་པའི་ཡོན་ཏན་གྱིས་ཕྱུ༷ག་པ་དང་། ས་བཅུ་གཉིས་སུ་མེད་པར་སྣང་བའི་ཟུང་འཇུག་བདེ་བ་ཆེན་པོའི་ཤེས་རབ་ཁྱད་པར་བ་དང་ལྡན་པ་སྟེ༷། དེ་འདྲའི་ས༷་བཅུ༷་རྣམ་པར་དག་པ་ལ༷་ནི༷་གནས༷་པ༷་པོ༷་ཡིན་ཕྱིར་དེ་བཅུ་ལ་གནས་ནས་འགྲོ་བའི་དོན་རྒྱུན་མི་ཆད་དུ་བྱེད་དོ་ཞེས་ས་བཅུའི་ཡོན་ཏན་དང་དེ་དག་བདེ་སྟོང་གི་ངོ་བོར་རྟོགས་པའི་ཡེ་ཤེས་ཁྱད་པར་མངའ་བའི་སྒོ་ནས་བསྟོད་པའོ།།

གསུམ་པ་ཤེས་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་ནི། ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། ཆོས་ཤེས་པ་དང་། རྗེས་སུ་འགྲོ་བ་ཤེས་པ་དང་། ཕ་རོལ་གྱི་སེམས་ཤེས་པ་དང་། ཀུན་རྫོབ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། ལམ་ཤེས་པ་དང་། འགོག་པ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས་པ་དང་ཤེས༷་པ་བཅུ༷་པོ་རང་བཞིན་གྱིས་རྣམ༷་པར་ད༷ག་པའི་བ༷དག་ཉི༷ད་ཅ༷ན་དུ་རྟོགས་པ་སྟེ་རང་བཞིན་མེད་པར་ངེས་པས་རྣམ་པར་དག་པའི་བདག་ཉིད་ཅན་དུ་གྲུབ་པ་དང་། དེ་ལྟར་ཤེས༷་བ༷ཅུ་སྤོང་བྱ་སྤོང་བྱེད་གཉིས་སུ་མེད་པའམ་བླང་དོར་གཉིས་སུ་མེད་པ་བདེ་སྟོང་དབྱེར་མེད་པའི་ངོ་བོར་རྟོགས་པའི་རྣམ༷་པར་ད༷ག་པར་འཆ༷ང་བ༷་པོ༷་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་ཤེས་བཅུའི་ཆེ་བའི་ཡོན་ཏན་བརྗོད་དེ་ལ་བསྟོད་པའོ།།

བཞི་བ་དོན་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་ནི། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཞེས་པས་རྐང་པ་གཅིག་གིས་བསྟན་ཏེ། དེ་ཡང་ཕལ་མོ་ཆེ་འཇིག་རྟེན་པའི་ལྟ་བར་འབྲེལ་བའི་གཅིག་པུར་འཛིན་པ་དང་། རྒྱུར་འཛིན་པ་དང་། ཟ་བ་པོར་འཛིན་པ་དང་། བྱེད་པ་པོར་འཛིན་པ་དང་། རང་དབང་དུ་འཛིན་པ་དང་། རྟག་པར་འཛིན་པ་དང་། ཀུན་ནས་ཉོན་མོངས་པར་འཛིན་པ་དང་། རྣམ་པར་བྱང་བར་འཛིན་པ་དང་། རྣལ་འབྱོར་ཅན་དུ་འཛིན་པ་དང་། མ་གྲོལ་བ་གྲོལ་བར་འཛིན་པ་སྟེ་རྣམ༷་པ༷་བཅུ༷་པོ༷་དེ་ཉིད་རང་བཞིན་མེད་པ་རྣམ་པར་དག་པ་ནི་དེ་ཁོ་ན་ཉིད་ཀྱི་དོ༷ན་བཅུ༷འི་རང་བཞིན་དུ་འགྱུར་ལ། དེ་ཁོ་ན་ཉིད་ཀྱི་དོན་བཅུ་གང་ཞེ་ན། རྩ་བའི་དེ་ཁོ་ན་ཉིད་དང་། མཚན་ཉིད་ཀྱི་དེ་ཁོ་ན་ཉིད་དང་། ཕྱིན་ཅི་མ་ལོག་པའི་དེ་ཁོ་ན་ཉིད་དང་། འབྲས་བུའི་དེ་ཁོ་ན་ཉིད་དང་། རྒྱུའི་དེ་ཁོ་ན་ཉིད་དང་། རྣམ་པར་དག་པའི་སྤྱོད་ཡུལ་གྱི་དེ་ཁོ་ན་ཉིད་དང་། བསྡུ་བའི་དེ་ཁོ་ན་ཉིད་དང་། དབྱེ་བའི་དེ་ཁོ་ན་ཉིད་དང་། མཁས་པའི་དེ་ཁོ་ན་ཉིད་དང་། རགས་པ་དང་ཕྲ་བའི་དེ་ཁོ་ན་ཉིད་བཅས་ཡིན་ལ། དེ་རྣམས་ཀྱི་དོ༷ན་རྣམས་ཁོང་དུ་ཆུད་པའམ། ཡང་ན་རྣམ་པ་བཅུ་ནི་འཁོར་བས་བསྡུས་པའི་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་བཅས་བཅུ་དང་། དེ་བཅུ་བདེ་སྟོང་དབྱེར་མེད་པའི་རང་བཞིན་དུ་རྣམ་པར་དག་པ་ནི་དོན་བཅུ་ཡིན་ལ། དེ་བཅུ་རྟོགས་པའི་ཡེ་ཤེས་བཅུ་ནི་རིགས་ལྔ་དང་ཡེ་ཤེས་ལྔའི་བདག་ཉིད་བཅུ་ཡིན་པའི་དོན་བཅུའི་དོན་ལ་དབང་འབྱོར་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཞེས་ཡང་དེའི་ཆེ་བའི་ཡོན་ཏན་བརྗོད་དེ་བསྟོད་པའོ།།

ལྔ་བ་སྟོབས་བཅུའི་ཡོན་ཏན་ཐོབ་པར་བསྟན་པ་ནི། ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །ཅེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། ཐུབ༷་པའི་དབང༷་པོའི་ཐུགས་རྒྱུད་ན་མངའ་བའི་སྟོབས༷་བ༷ཅུ་སྟེ། གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་དང་། མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། བསམ་གཏན་དང་ཏིང་ངེ་འཛིན་མཁྱེན་པའི་སྟོབས་དང་། རྣམ་པར་ཐར་བ་དང་སྙོམས་པར་འཇུག་པ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་མཁྱེན་པའི་སྟོབས་དང་། ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། སྔོན་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་མངའ་བའི་སྒོ་ནས་སེམས་ཅན་གྱི་དོན་མཛད་པའི་འཇུག་པ་ཀུན་ལ་ཁྱབ༷་པ༷འི་བ༷དག་ཉིད་ཅན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ནི་འགྲོ་བ་ཀུ༷ན་གྱི༷་ཐར་བ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་དོན༷་དེ་ནི༷་མ༷་ལུས༷་པར་བསྒྲུབ་པར་བྱེ༷ད་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ་ཞེས་སྟོབས་བཅུ་ལྡན་པ་བརྗོད་པས་བསྟོད་པའོ།།

དྲུག་པ་རྣམ་པ་བཅུའི་དབང་དང་ལྡན་པའི་ཡོན་ཏན་བསྟན་པ་ནི། རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། གོང་དུ་འགྲོ་བའི་དོན་མ་ལུས་པར་བྱེད་པར་གསུངས་པ་ལགས་ན། འགྲོ་དོན་དེ་སྐྱོན་གྱིས་མ་གོས་པ་ཡིན་པའི་རྒྱུ་མཚན་ནི། དབང་རྣམ༷་པ་བ༷ཅུ་ལ་དབ༷ང་བ་དང་ལྡ༷ན་པས་ན་སྐྱོན་གྱིས་མ་གོས་པ་ཡིན་ཞེས་པ་སྟེ། ཚེ་ལ་དབང་བ་དང་། དེ་བཞིན་དུ་ལས་དང་། ཡོ་བྱད་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། སྐྱེ་བ་དང་། ཆོས་དང་། སེམས་དང་། ཡེ་ཤེས་ལ་དབང་བ་བཅས་དབང་བཅུ་མངའ་ཞིང་། དེ་དག་གི་རང་བཞིན་སྟོང་པ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་དང་གཉིས་སུ་མེད་པའི་བློ་གྲོས་ཀྱི་རྩལ་གྱིས་ཟིན་པའི་ཆེ༷་བ༷་དང་ལྡན་པ་པོ༷་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་བསྟོད་པའོ།།

གསུམ་པ་ཐུགས་ཀྱི་བྱིན་རླབས་ལ་བསྟོད་པ་ནི། ཐོག་པ་མེད་པ་སྤྲོས་མེད་བདག །དེ་བཞིན་བདག་དག་པའི་བདག །བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད། །གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཐོག་མ་མེད་པ་སྤྲོས་མེད་བདག །ཅེས་པ་ནས། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པའི་བར་གྱིས་ཐུགས་ཀྱི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་མཁྱེན་པ་ནི་བདེན་པར་གྲུབ་པའི་རྒྱུ་ཡིས་སྟོང་པས་ཐོ༷ག་མ༷་མེ༷ད་པ༷་སྟེ་ཡེ་གདོད་མ་ནས་སྟོང་པའི་རང་བཞིན་ཅན་དང་། བདེན་པར་གྲུབ་པའི་རྐྱེན་གྱིས་སྟོང་པས་སྤྲོ༷ས་པ་མེ༷ད་པའི་བ༷དག་ཉིད་ཅན་ཡིན་པ་དང་། རང་གི་ངོ་བོ་སྟོང་པས་ཆོས་ཐམས་ཅད་གནས་ལུགས་དེ༷་བ༷ཞིན་ཉི༷ད་ཀྱི་བ༷དག་ཉིད་ཅན་ནམ་སྤྲོས་པའི་མཚན་མས་རྣམ་པར་ད༷ག་པ༷འི་མི་འགྱུར་བའི་ཡེ་ཤེས་སྣང་བའི་རྟོག་པ་མེད་པའི་བ༷དག་ཉིད་ཅན་ཡིན་པ་དང་། ཐུགས་དེའི་མཐུས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཟབ་མོའམ། ཡང་ན་ཟབ་གསང་བདེ་བ་ཆེན་པོའི་ལམ་གྱི་རིམ་པ་དེ་ལོངས་སྐུ་གཙོ་བོར་གྱུར་པའི་གང་ལ་གང་འདུལ་གྱི་གཟུགས་ཀྱིས་གདུལ་བྱ་རང་རང་གི་བསམ་པ་དང་མཐུན་པར་མི་བསླུ་བར་དོན་ཇི་ལྟ་བ་བཞིན་དུ་བ༷དེན་པ༷ར་སྨྲ༷་བ་སྟེ་སྟོན་པར་བྱ་ཞིང༷་། གཞན་དོན་བྱེད་པར་དམ་བཅས་པ་བཞིན་དུ་ཚི༷ག་མི༷་འགྱུར༷་མི་ནོར་བའི་སྒོ་ནས་མདོ་རྒྱུད་སྤྱི་དང་ཁྱད་པར་དུ་ཟབ་གསང་བླ་ན་མེད་པའི་རྒྱུད་སྡེ་ནས་ཇི༷་སྐ༷ད་སྨྲས༷་པ༷་དེ༷་ཁོ་ན་བ༷ཞིན་དུ་སྟོན་པར་བྱེ༷ད་པའི་ཁྱད་ཆོས་དང་ལྡན་པ་ཡིན་ཏེ། ཡབ་སྲས་མཇལ་བ་ལས། ཆོས་རྣམས་ཐམས་ཅད་རྟེན་མ་མཆིས། །སེམས་ཅན་མ་མཆིས་ཕན་ཚུན་མིན། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །ཡང་དག་ཇི་བཞིན་ཁྱོད་ཀྱིས་བསྟན། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཆོས་ཐམས་ཅད་སྒྱུ་མ་དང་། སྨིག་རྒྱུ་དང་། ཆུ་ཟླ་དང་། མིག་ཡོར་དང་། བྲག་ཆ་དང་། སྤྲུལ་པ་ལྟ་བུའི་རང་བཞིན་དོན་དམ་པ་དང་ཀུན་རྫོབ་བདེན་པ་དབྱེར་མི་ཕྱེད་པའམ་སྣང་སྟོང་གཉིས་སུ་མེད་པ་དང་། རིག་སྟོང་གཉིས་སུ་མེད་པ་དང་། བདེ་སྟོང་གཉིས་སུ་མེད་པ་དང་། གསལ་སྟོང་གཉིས༷་སུ༷་མེད༷་པའི་དོན་དང༷་མཐུན་པར་གཉིས་སུ་མེད་པའི་ཐུགས་ཀྱིས་གཉིས༷་སུ་མེད༷་པའི་དོན་དེ་སྟོ༷ན་པ་དང་། དེ་ལྟར་སྟོན་ནུས་པ་ཡང་གནས་ལུགས་ཀྱི་དོན་རྟོགས་ཤིང་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་རྒྱུད་དོན་ཕྱིན་ཅི་མ་ལོག་པ་ཡང༷་ད༷ག་པའི་མཐའ༷་བདེན་པའི་རྣམ་པར་གནས་པ་དང་རྣམ་པར་མི་གནས་པ་གང་གི་མཐའ་རུ་ཡང་མ་གྲུབ་པའི་དོན་དེ་ལ༷་རྣམ༷་པ༷ར་གནས༷་པའི་མཐུ་ཡིན་པར་རིག་པར་བྱའོ། །ཞེས་ཐུགས་ཀྱི་བྱིན་རླབས་དང་ཆོས་ཀྱི་སྐུ་ལ་བསྟོད་པའོ། །རྒྱུད་ཀྱི་དཔེ་ལ་ལར། གཉིས་མེད་གཉིས་སུ་མེད་པར་སྟོན། །ཅེས་ཅུང་མི་འདྲ་བ་ཡོད་མོད་དོན་གཅིག་གོ།

བཞི་བ་གསུང་གི་བྱིན་རླབས་ལ་བསྟོད་པ་ནི། བདག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་རྣམ་རྒྱལ་དགྲ་ལས་རྒྱལ། །འཁོར་ལོས་བསྒྱུར་བ་སྟོབས་པོ་ཆེ། །ཞེས་ཚིགས་སུ་བཅད་པ་གཅིག་དང་ཚིགས་བཅད་ཕྱེད་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། བདག་མེད་སེང་གེའི་སྒྲ་དང་ལྡན། །ཞེས་པ་ནས། འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཞེས་པའི་བར་གྱིས་གསུང་གི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་བ༷དག་མེད༷་པ་སྟེ་ཆོས་ཀྱི་གནས་ལུགས་བདེན་གཉིས་དབྱེར་མེད་མཉམ་པ་ཉིད་དུ་སྟོན་པའི་གསུང་དེས་ནི་དཔེར་ན་སེང༷་གེ༷འི་མགྲིན་པ་ལས་བྱུང་བའི་ང་རོའི་སྒྲ༷་དང༷་ལྡ༷ན་པ་ཡིས་ཝ་སྐྱེས་སོགས་སྲོག་ཆགས་ཕྲ་མོའི་ཚོགས་ཐམས་ཅད་ལ་འཇིགས་སྐྲག་གི་སྣང་བ་སྟེར་བ་བཞིན་དུ་ཕྱི་རོལ་མུ༷་སྟེ༷གས་པ་རི༷་དྭགས༷་ཀྱི་ཚོགས་ལྟ་བུ་རྟག་ཆད་ཀྱི་ལྟ་བ་ང༷ན་པ་ལ་གནས་པ་རྣམས་ཀྱི་བདག་དང་བདག་གིར་ཞེན་པའི་ལྟ་བ་དང་། མཚན་མར་ཞེན་པའི་ཐ་མལ་སྣང་ཞེན་ལ་སོགས་པ་ལ་འཇིགས༷་པའམ་སྐྲག་པ་སྦྱིན་པར་བྱེ༷ད་པའི་བདག་མེད་པའི་གསུང་གི་ང་རོ་དང་། བདེ་སྟོང་དབྱེར་མེད་ཆེན་པོའི་ལྟ་བའི་སྒྲ་བསྒྲགས་ནས་མུ་སྟེགས་པ་སོགས་པ་ཟིལ་གྱིས་གནོན་པ་དང་། སེམས་ཅན་གྱི་དོན་མཛད་པའི་ཕྱིར་དུ་དུས་དང་ཕྱོགས་ཀུ༷ན་ཏུ༷་གཤེགས་ཏེ་འ༷གྲོ་བ༷འི་དོ༷ན་དུ་ཕན་བདེའི་ལས་བསྒྲུབས་ནས་དོན་ཆེན་པོ་ཡོ༷ད་པའི་འཕྲིན་ལས་མཛད་པ་ནི་སྟོབས༷་བཅུ་ཡི་སྒོ་ནས་འགྲོ་དོན་དུ་ཇི་ལྟར་བྱོན་དགོས་ན་ཡེ་ཤེས་ཀྱི་འཇུག་པ་སྔོན་དུ་བཏང་ནས་དེ༷་ཇི་ལྟ་བ་བཞི༷ན་དུ་གཤེ༷གས་པ་ཡིན་པ༷འི་ཕྱིར་ན་ཡི༷ད་ཀྱི་དབང་པོ་སྐད་ཅིག་མ་རེ་རེར་གཡོ་བ་དེ་ལྟར༷་དུ་ཤིན་ཏུ་མགྱོགས༷་པའི་སྒོས་བྱེད་པ་ཡིན་ནོ།།

གཞན་ཡང་བདུད་བཞིའི་གཡུལ་ལས་རྒྱལ་བའི་རྒྱལ༷་བ༷་སངས་རྒྱས་བཅོམ་ལྡན་འདས་ནི་བྱང་ཆུབ་སེམས་དཔའ་དང་མཚུངས་པ་མ་ཡིན་པར་སྒྲིབ་གཉིས་བག་ཆགས་དང་བཅས་པའི་དགྲ་ཡི་དཔུང་ཚོགས་ཆེན་པོ་ལས་རྣམ༷་པར་རྒྱལ༷་བས་ན་མི་མཐུན་པའི་དགྲ༷་མཐའ་དག་ལ༷ས་རྒྱལ༷་བའི་ཡོན་ཏན་གྱིས་ཆེ་བ་དང་། ཉན་རང་ལ་སོགས་སྦྱངས་ཡོན་ལ་གནས་པ་ཁོ་ན་སོགས་དང་འདྲ་བ་མ་ཡིན་པར་འཁོར༷་ལོས༷་བསྒྱུར༷་བ༷་ཆེན་པོའི་རྒྱལ་པོ་ལ་སོགས་པ་སྣ་ཚོགས་པར་སྤྲུལ་པས་ཆོས་སྒོ་དུ་མ་སྟོན་པས་ན་འགྲོ་བ་འདུལ་བའི་སྟོབས༷་ཆེན་པོ༷་དང་ལྡན་པའི་རིགས་ཀྱིས་ཆེ༷་དང་། དཔུང་དང་འབྱོར་བས་ཆེ་བ་སོགས་ཀྱི་གཟུགས་སུ་ཐུགས་རྗེ་དང་སྨོན་ལམ་གྱིས་བྱོན་པ་ཡིན་ཞེས་འཇམ་དཔལ་ཡེ་ཤེས་སེམས་དཔའ་སྤྲུལ་སྐུའི་མཛད་པ་དང་དེའི་རྒྱུ་གསུང་གི་བྱིན་རླབས་ལ་བསྟོད་པའོ། །ཡང་རྒྱུད་དཔེ་ལ་ལར། རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །ཞེས་པའང་ཡོད་མོད་དོན་འདྲའོ།།

ལྔ་བ་སྐུའི་བྱིན་རླབས་ལ་བསྟོད་པར་བསྟན་པ་ནི། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱིས་དྲང་མི་འཇོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཚོགས་ཀྱི་སློབ་དཔོན་ཚོགས་ཀྱི་བདག །ཅེས་པ་ནས། ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཅེས་པའི་བར་གྱིས་སྐུའི་བྱིན་རླབས་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་འཕགས་པ་ཉན་ཐོས་ཀྱི་ཚོགས༷་ཀྱི༷་སློབ༷་དཔོ༷ན་དུ་བྱོན་པ་ནི་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པའི་ཚུལ་དང་། རང་སངས་རྒྱས་ཀྱི་དགེ་འདུན་གྱི་ཚོགས༷་རྣམས་ཀྱི༷་མཆོ༷ག་སྟེ་སློབ་དཔོན་ནམ་སྟོན་པར་བྱོན་པ་ནི་འཕགས་པ་རིགས་གསུམ་མགོན་པོ་སོགས་སྤྲུལ་སྐུ་འཁོར་ལོས་བསྒྱུར་པའི་ཆ་བྱད་ཅན་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་ཚོགས༷་ཀྱི་རྗེ༷་བོར་བྱོན་པ་ནི་ལོངས་སྐུ་རྣམ་པར་སྣང་མཛད་ལྟ་བུ་དང་། དེ་བཞིན་གཤེགས་པའི་ཚོགས༷་ཀྱི་སྟོན་པར་བྱོན་པ་ནི་རིགས་ཐམས་ཅད་ཀྱི་བ༷དག་པོ་ཆོས་སྐུ་རྡོ་རྗེ་འཆང་དང་། དེ་རྣམས་ལ་དབང་བསྒྱུར་པའམ་དབ༷ང་བའི་དཔལ་དང༷་ལྡ༷ན་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་འཇམ་དཔལ་དབྱངས་ཀྱི་སྐུ་ཡི་ཆེ་བ་ནི་རིགས་ཐམས་ཅད་ཀྱི་བདག་པོ་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཡིན་པར་བསྟན་པའོ།།

དེ་ནི་དེ་ལྟ་བུའི་སྐུའི་སྒྱུ་འཕྲུལ་སྣ་ཚོགས་ཀྱི་མཐུ༷་ཆེ༷ན་པོས་གདུལ་བར་བྱ་བའི་སེམས་ཅན་རྣམས་ཟུང་འཇུག་རབ་ཏུ་མི་གནས་པའི་ལམ་དང་འབྲས་བུར་གཅེ༷ས་པ༷ར་འཛི༷ན་པ༷་སྟེ༷་བརྩེ་བ་ཆེན་པོས་སྦྱོར་བའི་ཚུ༷ལ་ཆེ༷ན་པོ་དེ་ལ་དབང་འབྱོར་བས་གང་ཟག་ཟླ་བོ་གཞ༷ན་གྱིས༷་དྲང༷་བ་ལ་མི༷་འཇོ༷ག་པའམ་མི་ལྟོས་པ་ཡིན་ནོ་ཞེས་པ་སྟེ། རྐང་པ་གཉིས་འདིས་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་བསྟན་པ་དང་། དེ་ནས་རྐང་པ་གཉིས་ཀྱིས་སློབ་མའི་མཚན་ཉིད་དེ་སྣོད་བསྟན་པར་འདོད་པའང་ཡོད་དོ།།

དེས་ན་ཚེ་གཅིག་ཉིད་ལ་ཟུང་འཇུག་གི་སར་སྦྱོར་བའི་མཐུ༷་ཆེ༷ན་པོ་དང་ལྡན་པའི་རྡོ་རྗེ་འཆང་གི་ལམ་སྟོན་པའི་རྡོ་རྗེ་སློབ་དཔོན་ནམ་རིགས་སོ་སོའི་བདག་པོ་བླ་མ་དང་། དེ་འདྲའི་རྡོ་རྗེ་ཐེག་པའི་སྣོད་དང་ལྡན་པའི་སློབ་མ་ནི་དེ་ལྟར་མཚན་ཉིད་ལྡན་མིན་དང་སྣོད་དུ་རུང་མིན་ལེགས་པར་བརྟག་ནས་རུང་བ་གང་ཡིན་པ་དེ་ནི་སྒོ་གསུམ་གུས་པས་གཙུག་ཏུ་བཀུར་ནས་གཅེས༷་པ༷ར་བསྟེན་པ་དང་། སྣོད་ལྡན་གྱི་སློབ་མ་དེ་གཅེས་པར་རྗེས་སུ་འ༷ཛིན་པ༷་སྟེ༷་གཟུང་འཛིན་འཇོམ་པའི་རྩལ་མངའ་བའི་གསང་སྔགས་ཀྱི་ལམ་གཉིས་སུ་མེད་པའི་དོན་ལ་སྦྱར་དགོས་པ་ཡིན་ནོ།།

གང་ལྟར་ཡང་དེ་འདྲའི་བསྟེན་པར་འོས་པའི་སྐུའི་ཆེ་བ་སྣ་ཚོགས་སྟོན་པ་དཔེར་ན་དཔག་བསམ་གྱི་ཤིང་ལ་རྣམ་རྟོག་མི་མངའ་བཞིན་དུ་འདོད་དོན་སྩོལ་བ་ལྟར་སངས་རྒྱས་སམ་འཇམ་དཔལ་ལ་རྣམ་རྟོག་གི་རློམ་སེམས་མི་མངའ་བཞིན་དུ་ཐེག་པ་ཆེན་པོའི་ཆོས་ཚུལ༷་ཆེ༷ན་པོ་གསང་བ་སྔགས་ཀྱི་ལམ་འདི་འདུ་ཤེས་སོགས་སྤྲོས་པ་ལ་ལྟོས་མི་དགོས་པར་གཞ༷ན་གྱི༷་དྲིང༷་དུ་མི༷་འཇོ༷ག་པ་སྟེ་གཞན་ལ་རག་མ་ལས་པར་འཆད་པ་ཡིན་ནོ་ཞེས་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུའི་བྱིན་རླབས་ལ་བསྟོད་པའོ།།

དྲུག་པ་འགྲོ་བའི་འདྲེན་སྟོན་དུ་གྱུར་པར་བསྟན་པ་ནི། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཞེས་པ་ནས། བདེན་པ་བཞི་ནི་སྟོན་པ་པོ། །ཞེས་པའི་བར་གྱིས་འགྲོ་བའི་འདྲེན་སྟོན་དུ་གྱུར་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་བརྗོད་བྱ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་དོན་དེ་སྟོན་བྱེད་ཀྱི་ཚི༷ག་ནི་ཡི་གེ་ཨེ་ཝཾ་གཉིས་སུ་ངེས་ཤིང་། ཐབས་ཤེས་ཟུང་འཇུག་གི་དོན་ལ་དབང་འབྱོར་བའི་རྗེ༷་བོ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ལ། དེ་འདྲའི་ཨེ་ཝཾ་གི་དོན་དེ་ཡི་གེ་ཨ་ལི་ཀ་ལི་སོགས་གསལ་བྱེད་ཀྱི་ལམ་ནས་བརྗོད་བྱེད་མིང་དང་ཚི༷ག་ཏུ་བསྡེབས་ནས་གདུལ་བྱ་ལ་སྟོན་པའི་བ༷དག་པོ་ནི་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ཡིན་ནོ།།

དེ་གཉིས་སམ་དེའི་བདག་ཉིད་དུ་གྱུར་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་དེ་དོན་སྨྲ༷་བ་ལ་བྱང་ཆུབ་པར་མཁས༷་པ༷་དང་། ཚི༷ག་གི་ཚོགས་མཐའ་ཡས་པ་བསྡེབས་པའི་གླེགས་བམ་ལ་སོགས་ལ་བརྟེན་པས་ཆོས་སྟོན་པ་སོགས་ཐབས་སྣ་ཚོགས་ལ༷་དབ༷ང་བ༷་དང་། འགྲོ་བའི་སྒྲ་སྐད་མི་འདྲ་བའི་ཚི༷ག་དུ་མ་དང་གསུང་དབྱངས་ཡན་ལག་དྲུག་ཅུའི་སྒྲ་སྐད་མཐ༷འ་ཡ༷ས་པའི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད་པ་ལ་དབང་བ་ཡིན་ནོ།།

གཞན་ཡང་ཚི༷ག་རྗེ༷་ནི་དོན་སོ་སོ་ཡང་དག་པར་རིག་པ་དང་། ཚི༷ག་བ༷དག་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང་། སྨྲ༷་མཁ༷ས་པ༷་ནི་ཆོས་སོ་སོ་ཡང་དག་པར་རིག་པ་དང་། །ཚི༷ག་ལ༷་དབ༷ང་བ༷་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྟེ་སོ་སོ་ཡང་དག་པར་རིག་པ་བཞི་ལ་འགྲེལ་ནས་དེ་བཞིའི་སྒོ་ནས་གདུལ་བྱ་ལ་སྒྲ་སྐད་མི་འདྲ་བ་ཚི༷ག་སྣ་ཚོགས་མཐ༷འ་ཡ༷ས་པའི་སྒོ་ནས་རྒྱུད་དོན་སྟོན་པའི་ཡོན་ཏན་མངའ་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པའོ།།

དེ་ལྟར་ཚི༷ག་བསླུ་བ་མེད་པ་བདེ༷ན་པ༷་དང༷་། དོན་དེ་ཡང་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་བ༷དེན་པ༷ར་གནས་པ་ཉིད་སྨྲ༷་བར་བྱེད་པ་ཡིན་ཞིང་། དེ་ཕྱིར་ཡང་དག་དང་ལོག་པའི་ཀུན་རྫོབ་ཀྱི་བདེན་པ་གཉིས་དང་། རྣམ་གྲངས་དང་རྣམ་གྲངས་མ་ཡིན་པའི་དོན་དམ་པའི་བདེན་པ་གཉིས་ཏེ་བ༷དེན་པ༷་བ༷ཞི་དང་། ཤེས་པར་བྱ་བ་སྡུལ་བསྔལ་བདེན་པ་དང་། སྤང་བར་བྱ་བ་ཀུན་འབྱུང་བདེན་པ་དང་། བསྒོམ་པར་བྱ་བ་ལམ་བདེན་པ་དང་། མངོན་དུ་བྱ་བ་འགོག་པ་བདེན་པ་སྟེ་ཐུན་མོང་གི་བདེན་པ་བཞི་དང་། བརྟགས་པ་སྡུལ་བསྔལ་བདེན་པ་དང་། རླུང་བཅུ་ཀུན་འབྱུང་བདེན་པ་དང་། སྒྱུ་མ་འགོག་པའི་བདེན་པ་དང་། སྟོང་པ་ལམ་གྱི་བདེན་པ་སྟེ་ཐུན་མིན་གྱི་བདེན་པ་བཞི་བཅས་བདེན་པའི་དོན་སྣ་ཚོགས་འགྲོ་བ་ལ་བསྟན་ནས་འཁོར་བ་ལས་འདྲེན་པར་བྱེད་པའི་ལམ་བཟང་པོ་དེ་ནི༷་སྟོ༷ན་པ༷་པོ༷་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་འགྲོ་བ་ལ་ཆོས་དོན་སོ་སོར་བསྟན་ནས་འདྲེན་པའི་མཆོག་ཡིན་པའི་སྒོ་ནས་བསྟོད་པའོ།།

བདུན་པ་ཐེག་པ་གསུམ་གྱི་ལུས་ཡེ་ཤེས་སུ་བསྟན་པ་ནི། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ། །དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ། །བདེ་བ་རྙེད་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད། །རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པའི་ཤོ་ལོ་ཀ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །ཞེས་པ་ནས། བདེ་གཤེགས་འཇིག་རྟེན་རིག་པའི་མཆོག །ཅེས་པའི་བར་གྱིས་ཐེག་པ་གསུམ་གྱི་ལུས་ཡེ་ཤེས་སུ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

གོང་དུ་བདེན་བཞི་སོགས་སོ་སོར་བསྟན་པའི་འབྲས་བུ་ཅི་ཞེ་ན། དེ་ནི་སྦྱོར་ལམ་བཟོད་པ་ཐོབ་ནས་ངན་སོང་དུ་མི་ལྡོག་པ་དང་། ས་དང་པོ་ཐོབ་ནས་འཁོར་བར་མི་ལྡོག་པ་དང་། ས་བརྒྱད་པ་ཐོབ་ནས་ཐེག་དམན་དུ་མི་ལྡོག་པ་དང་། དེ་ཕྱིན་ཆད་རྫོགས་པའི་སངས་རྒྱས་ལས་མི་ལྡོག་པ་བཅས་མི་ལྡོག་པའི་འབྲས་བུ་དུ་མ་ཡོད་མོད། འདིར་གཙོ་བོ་ཉན་ཐོས་ཀྱི་འབྲས་བུ་ལན་གཅིག་ལས་ཕྱི༷ར་མི༷་ལྡོ༷ག་པ༷་ལ་གནས་པ་དང་། ཕྱིར༷་མི༷་འོ༷ང་པའི་འབྲས་བུ་ལ་གནས་པ་དང་། ཤུགས་ཀྱིས་བསྟན་པ་རྒྱུན་ཞུགས་ཞུགས་པ་དང་འབྲས་གནས་གཉིས་དང་། ཕྱིར་འོང་མི་འོང་ཞུགས་པ་གཉིས་དང་། དགྲ་བཅོམ་ཞུགས་འབྲས་གཉིས་ཏེ་འབྲས་བུ་ཟུང་བཞི་ཡ་བརྒྱད་དང་། དེ་བཞིན་དུ་འདྲེ༷ན་པ༷་རང༷་རྒྱལ༷་ནི་ནེ་ཙོ་ལྟར་ཚོགས་ན་སྤྱོད་པ་དང་། བསེ༷་རུ༷འི་ཚུལ༷་ཅན་གྱི་རང་རྒྱལ་ནི་རི་དྭགས་བསེ་རུ་ལྟར་གཅིག་པུར་ལམ་སྒོམ་པ་སྟེ། དོན་ལ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས༷་པར་འབྱུང༷་ནས་ལམ་དང་ལམ་གྱི་འབྲས་བུའི་ལུས་སྣ༷་ཚོ༷གས་སུ་སྣང་བ་ཇི་སྙེད་པའི་ལམ་དང་འབྲས་བུའི་ཡེ་ཤེས་ཐམས་ཅད་རྗེ་བཙུན་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ལས་མ་འདས་ཤིང་དེ་དང་གཉིས་སུ་མེད་པ་དང་། དཔལ་ལྡན་ཟླ་བ་གྲགས་པས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར། ཉན་ཐོས་དེ་དག་གི་ལམ་དང་འབྲས་བུའི་ཡེ་ཤེས་ཐམས་ཅད་འཇམ་དཔལ་དབྱངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་ལ༷ས་བྱུང༷་བ༷་དང་། ཉན་ཐོས་དང་རང་རྒྱལ་གྱི་ཚོགས་སུ་སྣང་བ་ཐམས་ཅད་འཇམ་དཔལ་དབྱངས་ཀྱིས་འགྲོ་བ་འདུལ་ཕྱིར་ཐེག་པ་སྣ་ཚོགས་སྟོན་པའི་སྤྲུལ་པའི་རོལ་བ་ཙམ་དང་། ཡང་ན་ཉན་ཐོས་དང་རང་རྒྱལ་གྱི་ཚོགས་ཀྱི་ལམ་འབྲས་སུ་སྣང་བ་ཡང་དེ་དག་འདྲེན་པའི་དོན་དུ་འཇམ་དཔལ་དབྱངས་ཀྱིས་བསྟན་པ་ཡིན་ཞེས་པའོ།།

ཕྱིའི་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང༷་བ༷་ཆེ༷ན་པོ༷་ལྔ་རུ་སྣང་བ་སོགས་སྣང་བ་དང་སྟོང་པའི་ཆོས་སོ་ཅོག་ཐམས་ཅད་ཀྱི་རྒྱུ༷འམ་གང་ལས་བྱུང་བའི་གནས་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་གྲགས་པ་དོན་དམ་པ་གཉིས་སུ་མེད་པའི་ཡེ་ཤེས་གཅི༷ག་པུ༷་དེ་ཡིན་ནོ་ཞེས་པའོ།།

ཡང་ན་ཉན་རང་གི་འབྲས་བུ་དེ་དག་ནི་གཙོ་བོ་ངེས་པར་འབྱུང་བ་ཚུལ་ཁྲིམས་རྣམ་པར་དག་པ་སྤོང་བདུན་དང་། སྤོང་བཅུ་དང་། སྤོང་བ་ཡོངས་སུ་རྫོགས་པ་བཅས་སྣ་ཚོགས་ལས་བྱུང་བ་དང་། དེ་དག་གི་ཕན་ཡོན་འབྱུང་བ་ས་སོགས་ལ་སོགས་པའི་ཁམས་རྣམས་ཟད་པར་བྱེད་པ་ལ་སོགས་པའི་རྒྱུ་གཅིག་པུ་ནི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་ཞེས་པའོ།།

འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཀྱི་ཐུགས་ཟག་པ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ཁྱད་པར་ནི་དགེ་བ་ལམ་གྱི་ངོ་བོར་སློང་བར་བྱེད་པའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུངས་པ་ལ་སོགས་པའི་ཉེས་ཀུན་ཉེ་བར་དུལ་བ་དགེ༷་སློ༷ང་གི་ཡོན་ཏན་དང་། ཉོན་མོངས་པའི་སྒྲིབ་པའི་དགྲ་བཅོམ་པའི་འཕགས་པ་ཉན་རང་དགྲ༷་བཅོ༷མ་པ་ཟ༷ག་པ༷་ཉོན་མོངས་པ་ཟ༷ད་པ་དང་། ནང་གཟུང་འཛིན་གཉིས་སུ་འཛིན་པའི་རྟོག་པའི་འདོ༷ད་ཆ༷གས་དང་བྲལ༷་བ༷ས་ཕྱིའི་དབང༷་པོ༷་ཉེ་བར་ཐུལ༷་བ་དང་། ཐབས་ཤེས་གཉིས་སུ་མེད་པའི་བ༷དེ་བ༷་ཚད་མེད་པའི་ཡེ་ཤེས་རྙེ༷ད་པ་དང་། དེ་རྙེད་པས༷་རྟག་ཆད་དང་སྣང་སྟོང་རེས་འཇོག་གི་མཐའ་གཉིས་ལ་འཇི༷གས་པ་མེ༷ད་པའི་གདེང་ཐོ༷བ་པ་དང་། མངོན་ཞེན་དང་བྲལ་བས་ཐུགས་རྒྱུད་ལ་ཞེན་པའི་ཚ་གདུང་མེད་པར་བསི༷ལ་བར༷་གྱུར༷་པ༷་དང་། སྒྲིབ་པ་བག་ཆགས་དང་རྣམ་པར་རྟོག་པའི་འདམ་གྱིས་རྙོ༷ག་པ༷་མེ༷ད་པ་དང་། ཆོས་ཉིད་ཀྱི་དོན་རི༷ག་པ༷་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང༷་། གཞན་ཡང་ནི༷་ལྷག་པ་ཏིང་ངེ་འཛིན་དང་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའི་རྐང༷་པ༷་དང་ལྡ༷ན་པ་ལ་སོགས་པ་མདོར་ན་རྒྱུ་བ༷དེ་བ་བྱང་ཆུབ་ཀྱི་ལམ་ནས་འབྲས་བུ་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་གཤེགས༷་པ་འཇི༷ག་རྟེ༷ན་གྱི་གདུལ་བྱའི་ཁམས་དང་དབང་པོ་བག་ལ་ཉལ་ལ་སོགས་པ་ཇི་བཞིན་མཁྱེན་ཅིང་འདུལ་བའི་དུས་ལ་བབས་དང་མ་བབས་པའི་ཁྱད་པར་རིག༷་པ༷འི་མཆོ༷ག་གང་ཡིན་པ་དེ་ཡི་འབྲས་བུ་དང་ལྡན་པ་ཡིན་ལ། དེ་ལྟར་ཐེག་པ་གསུམ་གྱི་འབྲས་བུ་ཡེ་ཤེས་ཀྱི་ལུས་གང་ཡིན་པ་དེ་དག་གི་བདག་ཉིད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པའོ།།

སྤྱིར་སློབ་དཔོན་ཙནྡྲ་གོ་མིས། རྒྱུད་དངོས་ནི། ཡི་གེ་གཅིག་པའི་རྒྱུད་དེ་ཨ་ཡིག་གཙོ་བོར་གྱུར་པའི་ཕྱིར་རོ། །ཞེས་རྒྱུད་དོན་དངོས་སམ་སྙིང་པོ་ལྟ་བུ་དེ་སྐྱེ་བ་མེད་པའི་དོན་བསྟན་པས་ན་ཡི་གེ་ཨ་ཡིག་གཅིག་པུའི་དོན་ལྟར་ཡིན་པ་དང་། དེ་ལས་གཞན། མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཅེས་པ་དང་། ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཅེས་པས་མུ་སྟེགས་ཀྱི་ལྟ་བ་བསྟན་པ་དང་། བདེན་པ་གཉིས་ནི་རྟོགས་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །ཞེས་པས་ཉན་ཐོས་ཀྱི་ལྟ་བ་བསྟན་པ་དང་། འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །ཞེས་པས་རང་རྒྱལ་བའི་ལམ་འབྲས་བུ་དང་བཅས་པ་བསྟན་པ་དང་། རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །ཞེས་དང་། སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་པ་སོགས་ཀྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་པའི་ལྟ་བ་བསྟན་པ་དང་། གཉིས་མེད་གཉིས་སུ་མེད་པར་སྟོན། །ཞེས་པས་ཟུང་འཇུག་གི་ངོ་བོ་སྟེ་སྒྱུ་མ་ལྟ་བུ་བསྟན་པ་སྟེ་དབུ་མ་པའི་ལྟ་བ་བསྟན་པ་དང་། བདེན་པ་གཉིས་ཀྱི་ཚུལ་ལ་གནས། །ཞེས་དང་། ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་པས་རབ་ཏུ་གནས་པའི་དོན་བསྟན་པ་དང་། ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པས་གསང་སྔགས་བླ་ན་མེད་པའི་མཐར་ཐུག་པའི་དོན་བསྟན་པ་དང་། ཚོགས་གཉིས་ཚོགས་ནི་བསགས་པ་པོ། །ཞེས་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་བསྟན་པ་དང་། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་པས་ལྷ་སྐད་ཅིག་དྲན་རྫོགས་ཀྱིས་བསྐྱེད་པར་བསྟན་པ་དང་། རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོགས། །མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་སྐུ་འཆང་རྡོ་རྗེ་ཅན། །ཞེས་པས་རྡོ་རྗེའི་ཆོ་ག་གསུམ་གྱིས་བསྐྱེད་པ་བསྟན་པ་དང་། རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པས་གདན་སྐྱེད་པ་བསྟན་པ་དང་། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་པས་དབང་བསྐུར་བའི་ཆོ་ག་ཡན་ལག་དང་བཅས་པ་བསྟན་པ་དང་། ངན་སོང་ཐམས་ཅད་རྣམ་སྦྱོང་བ། །ཞེས་པས་རོ་སྲེག་པའི་ཆོ་ག་བསྟན་པ་དང་། ཡེ་ཤེས་མེ་ལྕེ་འོད་འབར་གསལ། །ཞེས་པས་སྦྱིན་སྲེག་གི་ཆོ་ག་བསྟན་པ་དང་། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་པས་གྲུབ་མཐའ་དེ་དག་སོ་སོའི་སྒོམ་པ་བསྟན་པ་དང་། ཡན་ལག་མེད་པའི་རྩིས་ལས་འདས། །ཞེས་པ་དང་། བསམ་གཏན་བཞི་པོའི་རྩེ་མོ་ཅན། །ཞེས་པས་མཚན་མ་མེད་པའི་རྫོགས་པའི་རིམ་པ་བསྟན་པ་དང་། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པས་མཚན་བཅས་ཀྱི་རྫོགས་རིམ་བསྟན་པ་དང་། དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཞེས་པས་དཀྱིལ་འཁོར་ཐམས་ཅད་ཀྱི་དོན་འདིར་རྟོགས་པར་བྱ་བར་བསྟན་པ་དང་། སངས་རྒྱས་རྣམ་པར་སྣང་མཛད་ཆེ། །ཞེས་པས་རིགས་ཀྱི་གཙོ་བོ་རྣམ་སྣང་ལ་སོགས་པའི་རིགས་ལྔའི་དཀྱིལ་འཁོར་དང་། གཙང་གནས་དམ་པ་གཽ་ཏ་མ། །ཞེས་པས་ཤཱཀྱ་ཐུབ་པའི་དཀྱིལ་འཁོར་བསྟན་པ་དང་། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྟན་དང་། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །ཞེས་པས་གཞོན་ནུ་གདོང་དྲུག་གི་དཀྱིལ་འཁོར་བསྟན་དང་། །ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པས་འཇམ་དཔལ་གདོང་བརྒྱ་པའི་དཀྱིལ་འཁོར་བསྟན་པ་དང་། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །ཞེས་པས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྟན་པ་དང་། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཞེས་པས་འཇམ་དཔལ་ཀུན་དུ་ཞལ་གྱི་དཀྱིལ་འཁོར་བསྟན་པ་དང་། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཞེས་པས་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་བསྟན་པ་དང་། ལྷའི་དབང་པོ་ཞེས་པས་ཁྱབ་འཇུག་གི་དཀྱིལ་འཁོར་བསྟན་པ་དང་། ལྷ་ཡི་བླ་ཞེས་པས་ཚངས་པའི་དཀྱིལ་འཁོར་བསྟན་པ་དང་། ལྷ་ཡི་བདག་པོ་ཞེས་པས་བརྒྱ་བྱིན་གྱི་དཀྱིལ་འཁོར་བསྟན་པ་དང་། ལྷ་མིན་བདག་ཅེས་པས་རཱ་ཧུ་ལའི་དཀྱིལ་འཁོར་བསྟན་པ་དང་། ལྷ་ཡི་བླ་ཞེས་པས་གཟའ་ཕུར་བུའི་དཀྱིལ་འཁོར་བསྟན་པ་དང་། འཇོམས་བྱེད་ཅེས་པས་གཟའ་ཐགས་ཟངས་རིས་ཀྱི་དཀྱིལ་འཁོར་བསྟན་པ་དང་། འཇོམས་བྱེད་ཕྱི་མས་ནི་སྲིན་པོའི་རྒྱལ་པོ་ལང་ཀ་མགྲིན་བཅུའི་དཀྱིལ་འཁོར་བསྟན་པ་དང་། དབང་ཕྱུག་པོ་ཞེས་པས་མ་ཧཱ་དེ་ཝའི་དཀྱིལ་འཁོར་བསྟན་པ་དང་། ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཞེས་པས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཀྱི་དཀྱིལ་འཁོར་བསྟན་པ་སྟེ་དེ་ལྟར་ཁྱད་པར་གྱི་དཀྱིལ་འཁོར་དག་བསྟན་པ་དང་། ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །ཅེས་པས་འབྲས་བུ་སྐུ་གསུམ་བསྟན་པ་ལ་སོགས་པ་མདོར་ན་མཚན་བརྗོད་འདི་ཉིད་ཀྱིས་དགག་པའི་གནས་སུ་ཤེས་པར་བྱ་བ་ཕྱི་རོལ་མུ་སྟེགས་པའི་ལྟ་བ་དང་གྲུབ་མཐའ་ནས་ནང་པའི་གྲུབ་མཐའ་དང་། ཐེག་པ་མཐའ་དག་གི་དོན་དང་། འཇིག་རྟེན་ལས་འདས་དང་མ་འདས་པའི་ལྷའི་དཀྱིལ་འཁོར་བསྟན་ཅིང་། དེ་དག་ལ་བརྟེན་ནས་ཚོགས་བསགས་པ་དང་། ས་དང་། ལམ་དང་། རྣམ་པར་ཐར་པའི་སྒོ་ཇི་སྙེད་པ་ཐོབ་པ་རྣམས་དང་། འབྲས་བུ་ཆོས་ལོངས་སྤྲུལ་པའི་སྐུ་གསུམ་དང་། ཆོས་དབྱིངས་ཡེ་ཤེས་ལ་སོགས་པ་ཡེ་ཤེས་རྣམ་པ་ལྔའི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་བསྟོད་ཅིང་དེའི་རང་བཞིན་བསྟན་པ་ཡིན་པར་གསུངས་པས་དེ་ལྟར་རྣམ་གྲངས་དུ་མས་འགྲེལ་བ་ཤེས་པར་བྱའོ།།

བརྒྱད་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་བསྟན་པ་ནི། བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས། །འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པ་སྐམ་སར་གནས། །ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། བདག་གིར་མི་འཛིན་ངར་མི་འཛིན། །ཞེས་པ་ནས། འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཅེས་པའི་བར་གྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་སྣང་བ་འདི་དག་སྒྱུ་མ་ལྟ་བུར་མཁྱེན་པས་ཕྱི་སྣང་བའི་ཡུལ་ལ་བདག་གིའོ་སྙམ་དུ་བ༷དག་གིར༷་མི༷་འཛི༷ན་ཞིང་། ནང་སེམས་ལ་བདག་གོའམ་ངའོ་སྙམ་དུ་ང༷ར་ཡང་མི༷་འཛི༷ན་པར་རྟོག་པ་མེད་པའི་རང་བཞིན་དུ་གནས་ནས་རང་གཞན་གྱི་དོན་དུ་ཀུན་རྫོབ་དང་དོན་དམ་པའི་བ༷དེན་པ༷་རྣམ་པ་གཉི༷ས་ཀྱི༷་རང་བཞིན་དབྱེར་མེད་དུ་རྟོགས་པའི་ཚུལ༷་ལ༷་གནས༷་པར་བྱེད་པ་དང་། འཁོར་བའི་འདམ་དུ་མི་ཐོགས་པར་དེ་ལྟར་བདེན་གཉིས་དབྱེར་མེད་པའམ་སྔགས་ལུགས་བདེ་སྟོང་དབྱེར་མེད་ཆེན་པོར་ངེས་པའི་ཡེ་ཤེས་ཀྱིས་གཟུང་འཛིན་ལས་བྱུང་བའི་ཕུང་པོ་འཁོ༷ར་བ༷འི་རྒྱ་མཚོ་ཆེན་པོ་ཉོན་མོངས་པ་དང་སྡུག་བསྔལ་གྱི་རླན་ཞིང་གཤེར་བ་དང་བཅས་པ་དེའི་ཕ༷་རོ༷ལ་གྱི་མཐར༷་ཉེ་བར་སོ༷ན་པ༷་དང་། དེར་སོན་པར་བྱེད་པའི་རྒྱུ་དང་བྱ༷་བ༷་དམིགས་བཅས་བསོད་ནམས་དང་། དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་རླབས་པོ་ཆེའི་གྲུ་གཟེངས་བཟང་པོ་ལེགས་པར་བྱས༷་པ༷་ཡི་སྒོ་ནས་ཐར་བ་ཆེན་པོ་མྱ་ངན་ལས་འདས་པ་སྐུ་གཉིས་ཀྱི་སྐམ༷་ས༷ར་གནས༷་པ་ཡིན་ལ། དེ་ལ་གནས་པའི་རྒྱུ་གང་ཞེ་ན། དེ་ནི་ཆོས་ཐམས་ཅད་གཉིས་སུ་མེད་པར་རྟོགས་པའམ་ཤེས༷་པ༷་འབ༷འ་ཞི༷ག་སྟེ་དེ་ཁོ་ན་ལས་ངེས༷་པར་གསལ༷་བར་བྱུང་བ༷་ཡིན་ནོ།།

དེ་ཡང་དོན་དམ་ལྷན་ཅིག་སྐྱེས་པའི་ཤེས༷་རབ༷་ཀྱི་མཚོ༷ན་ཆ༷ས་ཉོན་མོངས་པ་དང་། གཟུགས་སོགས་ཆོས་ཐམས་ཅད་ལ་རྣམ་པར་རྟོག་པའི་དྲྭ་བ་རྣམ༷་པར་འཇོམ༷ས་པ༷་ཡི་སྟོབས་ཀྱིས་མ་ནོར་མ་འཁྲུལ་བའི་ལྟ་བ་དམ༷་པ་ཆོས༷་ཐམས་ཅད་ཀྱི་ནང་ན་ཆོས༷་ཀྱི་རྒྱལ༷་པོར་གྱུར་པའི་བདེན་གཉིས་དབྱེར་མེད་པའི་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ལྟ་བ་དེ་ལ་སྒྲིབ་བྱེད་ཀྱི་དྲི་མ་མེད་པར་ཐུགས་ལ་གསལ༷་བ༷ར་ལྡ༷ན་པར་གྱུར་པ་དང་། དེ་ལྟ་བུའི་གཉུག་མ་འོད་གསལ་བའི་ཡེ་ཤེས་དེ་ནི་འ༷ཇིག་རྟེ༷ན་གྱི་ཁམས་རྣམས་ལ་བདག་མེད་པའི་མིག་རྙེད་དེ་གནས་ལུགས་ཀྱི་དོན་སྣང༷་བར༷་བྱེ༷ད་པ༷འི་མཆོ༷ག་ཡིན་ཞིང་། དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་ཡིན་ཞེས་བསྟོད་པའོ།།

དགུ་བ་དེ་ཐམས་ཅད་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་པ་ནི། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མེད་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །ཅེས་པའི་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ཞེས་པ་ནས། བསམ་གཏན་བསམ་བྱ་བློ་ལྡན་བདག །ཅེས་པའི་བར་གྱིས་དེ་ཐམས་ཅད་རྣལ་འབྱོར་གྱི་ཡེ་ཤེས་ཀྱི་བདག་ཉིད་དུ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཆོས༷་ཀྱི༷་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གི་བརྗོད་བྱའམ་ཆོས་ཀྱི་རྒྱལ་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་དབང༷་འབྱོར་ཞིང་དེ་རྟོགས་པས་ཕྱུ༷ག་པའི་རྗེ་བཙུན་འཇམ་དཔལ་དབྱངས་ནི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཡིན་ཏེ། ཆོས༷་ཐམས་ཅད་ཀྱི༷་རྒྱལ༷་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་ལྡན་པའི་ཕྱིར་རོ།།

ཡང་རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉིད་འགྲོ་བ་རྣམས་ལ་ལེགས༷་པ༷འི་ལམ༷་མ་ནོར་བ་དེ་ནི༷་སྟོ༷ན་པ༷་པོ༷་ཡིན་པ་དང་། དེ་ལྟར་གཉིས་སུ་མེད་པའི་དོན་རྟོགས་པས་རང་དོན༷་ཕུན་སུམ་ཚོགས་པ་གྲུབ༷་པ་དང་། གཞན་དོན་ཕུན་སུམ་ཚོགས་པ་གྲུབ་སྟེ་གཞན་གྱི་བསམ༷་པ༷་ལེགས་པར་གྲུབ༷་པ༷་ཡི་བྱ་བ་བགྱིས་པ་སྟེ༷། གཞན་རྒྱུད་ལ་ཡང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྟོགས་པར་བྱས་པ་དང་། རང་གཞན་གྱི་དོན་མཛད་པ་ཡང་རྣམ་པར་རྟོག་པའི་ཀུན༷་ཏུ༷་རྟོག༷་པ༷་གཉིས་སུ་འཛིན་པ་མེད་པར་རྣམ་པར་རྟོག་པ་དེ་ཐམས༷་ཅ༷ད་སྤང༷ས་ནས་རྣམ༷་པར༷་མི༷་རྟོ༷ག་པ་ཆོས་ཀྱི་དབྱིང༷ས་སྤྲོས་པ་དང་བྲལ་བ་མི༷་ཟ༷ད་པ་སྟེ་བྲི་གང་དང་ཟད་པ་མེད་པའི་དབྱིངས་ལ་གནས་ཞེས་པའམ་རྣམ་པར་རྟོག་པ་མེད་བཞིན་ཆོས་ཀྱི་དབྱིངས་ནས་འགྲོ་དོན་དང་རང་དོན་གྱི་ཡོན་ཏན་ཟད་པ་མེད་པར་འབྱུང་བ་ཡིན་ལ། དེ་ནི་ཆོས༷་ཀྱི་དབྱིང༷ས་དམ༷་པ༷་ཟད་པ་མེད་པའམ་ཟད༷་མི༷་ཤེས༷་པ་ཡིན་པའི་གནད་དང་དེ་རྟོགས་པའི་གནད་ཀྱིས་སོ་ཞེས་པའོ།།

རྗེ་བཙུན་འཇམ་དཔལ་དབྱངས་ནི་བསྐལ་བ་དཔག་ཏུ་མེད་པའི་སྔོན་རོལ་ནས་ཟད་མི་སྐྱེ་ཤེས་པ་མངོན་དུ་གྱུར་པས་བ༷སོད་ནམ༷ས་ཀྱི་ཚོགས་དང་ཡེ་ནས་ལྡ༷ན་པ༷་ལ་འགྲོ་བ་རྣམས་དེ་ལ་གཞུག་པའི་ཕྱིར་དུ་སླར་ཡང་བསོ༷ད་ནམ༷ས་ཀྱི་ཚོགས༷་རྒྱ་ཆེན་པོ་གསོག་ཚུལ་མཛད་པ་དང་། དེ་བཞིན་དུ་ཡེ༷་ཤེས༷་ཀྱི་ཚོགས་དང་ལྡན་པའང་ཡིན་ཏེ། ཉན་རང་གི་ཡེ་ཤེས་ལས་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཁྱད་པར་དུ་འཕགས་པ་དང་། དེ་ལས་ཀྱང་དེ་བཞིན་གཤེགས་པའི་ཡེ༷་ཤེས༷་ཁྱད་པར་དུ་འཕགས་པ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཀྱི་འབྱུང༷་གནས༷་སུ་གྱུར་པའི་ཁྱད་པར་ཆེ༷་བ་དེ་ཉིད་མངའ་བ་དང་། ཡང་ན་བསོད་ནམས་དང་ལྡན་པའི་རྡོ་རྗེ་སློབ་དཔོན་གྱིས་བསོད་ནམས་ཀྱི་ཤུགས་བསྐྱེད་པའི་ཕྱག་རྒྱ་ཡེ་ཤེས་ཀྱི་གཟུགས་བརྙན་གྱི་ལྷན་ཅིག་སྐྱེས་པ་བསྒོམས་པའི་ཡེ་ཤེས་ཀྱི་ཁྱད་པར་ཆེ་བ་དང་ལྡན་ཞེས་ངོ་བོ་ཉིད་ཀྱི་རྣལ་འབྱོར་བའམ་ཡོངས་སུ་རྫོགས་པའི་རྣལ་འབྱོར་བའི་ཡེ་ཤེས་དང་ལྡན་པར་བསྟན་པའོ།།

དེ་འདྲའི་ཡེ༷་ཤེས་དང་ལྡ༷ན་པ༷་དེ་ནི་ཇི་ལྟ་བ་གཟིགས་པ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཡིན་པ་བཤད་མ་ཐག་པ་ལྟར་ལ། དེ་ནི་བདེ་བ་དང་སྟོང་བ་ཟུང་དུ་འཇུག་པ་ཡོ༷ད་པ་དང་མེ༷ད་པའི་མཐའ་ཀུན་ལས་གྲོལ་བ་ཤེས༷་པའི་ཡེ་ཤེས་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོ༷གས་གཉིས༷་པོའི་མཆོག་ཏུ་གྱུར་པའི་ཚོགས༷་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ནི༷་བསགས༷་ཟིན་པ༷་པོ༷་ཡི་ཡེ་ཤེས་མཐར་ཐུག་པ་དེ་ཡིན་ཞིང་། དེ་གང་ལ་མངའ་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་སྟེ། དེའི་ཐུགས་སུ་ཡེ་ནས་རྫོགས་པའོ་ཞེས་པའོ།།

འོ་ན་ཚོགས་གཉིས་ཀྱི་འབྲས་བུ་མཐར་ཐུག་པ་སངས་རྒྱས་སྐུ་གཉིས་ཀྱི་ཡོན་ཏན་ཚོགས་གཉིས་ལས་ཇི་ལྟར་བྱུང་ཞེ་ན། དོན་དམ་ཆོས་སྐུ་མི་འགྱུར་བ་རྐྱེན་ཀུན་དང་བྲལ་བའི་རྟ༷ག་པ༷་དམ་པ་དེ་ཉིད་གཉིས་འཛིན་རྣམ་རྟོག་གི་དགྲ་ཀུ༷ན་ལས་རྒྱལ༷་ནས་ཐབས་ཤེས་ཟུང་དུ་འབྲེལ་བའི་རྣལ༷་འབྱོ༷ར་ཅ༷ན་གྱིས་ཉམས་སུ་བླངས་པ་ལས་རྣམ་པར་མི་རྟོག་པའི་སྙིང་པོ་རྩེ་གཅིག་པའི་བས༷མ་གཏ༷ན་སངས་རྒྱས་ཀྱི་གོ་འཕང་དོན་གཉེར་བ་རྣམས་ཀྱིས་བས༷མ་པར་བྱ༷་བར་འོས་པ་དེ་བརྙེས་ཤིང་། དེའི་སྟོབས་ཀྱིས་གཉིས་སུ་མེད་པའི་མཐར་ཐུག་གི་བློ༷་དང་ལྡ༷ན་པ་མཆོ༷ག་ཐོབ་པ་ཡིན་ནོ་ཞེས་པའོ།།

བཅུ་བ་རང་རིག་ཏུ་གཞི་གཅིག་པར་བསྟན་པ་ནི། སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་། །སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་། །སངས་རྒྱས་ཐམས་ཅད་བསྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སོ་སོ་རང་རིག་མི་གཡོ་བ། །ཞེས་པ་ནས། སངས་རྒྱས་སྲས་པོ་དམ་པའི་མཆོག །ཅེས་པའི་བར་གྱིས་རང་རིག་ཏུ་གཞི་གཅིག་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་པ་གཉིས་སུ་མེད་པ་སོ༷་སོ༷་རང༷་རི༷ག་པའི་ཡེ་ཤེས་ནི་རྐྱེན་གཞན་ལ་མ་ལྟོས་པས་རྐྱེན་དང་གཉིས་སུ་འཛིན་པའི་རྟོག་པ་ལ་སོགས་པས་མི༷་གཡོ༷་བ༷་དང་། ཀ་མ་ལ་ཤཱི་ལའི་མཐར་ཐུག་འབྲས་བུའི་སྒྲོན་མ་ལས། རྟོགས་པའི་འབྲས་བུ་སྐུ་ལྔ་སྟེ། །ངོ་བོ་སྟོང་པ་ཆོས་སྐུ་ལ། །རང་བཞིན་གསལ་བ་ལོངས་སྐུ་ཡིན། །མཚན་ཉིད་ཉམས་མྱོང་སྤྲུལ་པའི་སྐུ། །ཟུང་འཇུག་ངོ་བོ་ཉིད་ཀྱི་སྐུ། །རང་གྲོལ་རང་དག་བདེ་ཆེན་སྐུ། །ཞེས་གསུངས་པ་ལྟར། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་མ༷ཆོག་གི༷་བདག་ཉིད་དཔལ་མཆོག་དང༷་པོ༷་སངས་རྒྱས་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ༷་གསུམ༷་འཆ༷ང་བའི་རང་བཞིན་ཅན་དང་། ཆོས་ལོངས་སྤྲུལ་གསུམ་གྱི་སྐུ་གསུམ་ལས་སྤྲོས་པའི་ངོ་བོ་ཉིད་སྐུ་དང་བདེ་བ་ཆེན་པོའི་སྐུ་དང་ལྔ་སྟེ་སང༷ས་རྒྱས༷་ཀྱི་སྐུ༷་ལྔ༷འི་བ༷དག་ཉི༷ད་ཅ༷ན་ཡང་ཡིན་པ་དང་། སྣོད་བཅུད་ཐམས་ཅད་ལ་ཁྱབ༷་པའི་བ༷དག་ཉིད་ཆོས་ཀྱི་དབྱིངས་དང་། དེ་དང་དབྱེར་མེད་པའི་ངོ་བོ་མེ་ལོང་ཡེ་ཤེས་དང་། མཉམ་ཉིད་ཡེ་ཤེས་དང་། སོ་སོར་རྟོགས་པའི་ཡེ་ཤེས་དང་། བྱ་བ་གྲུབ་པའི་ཡེ་ཤེས་དང་། ཆོས་དབྱིངས་ཡེ་ཤེས་ཏེ་ཡེ༷་ཤེས༷་ལྔ༷་ཡི༷་བ༷དག་ཉིད་ཅན་དང་། རྣམ་པར་སྣང་མཛད་དང་། མི་སྤྱོད་པ་དང་། རིན་ཆེན་འབྱུང་ལྡན་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་སྟེ་སང༷ས་རྒྱས༷་ལྔ༷་ཡི་བ༷དག་ཉིད་ཅན་ཡང་ཡིན་པ་ལ་སོགས་པ་མདོར་ན་རང་རིག་པའི་ཡེ་ཤེས་དེ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱི་བདག་པོ་སྟེ་དཔེར་ན་ལུས་ཡོངས་སུ་རྫོགས་པའི་སྤྱི་བོའི་ཅོ༷ད་པ༷ན་ལྟ་བུའི་རང་བཞིན་ཅ༷ན་ཡིན་ནོ།།

དེ་བཞིན་དུ་ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པའི་མདོ་ལས། གང་ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལའང་མངོན་པར་མ་ཆགས་པ་དེས་དེ་བཞིན་གཤེགས་པ་མཐོང་ངོ་། །ཞེས་གསུངས་པ་ལྟར། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། ཆོས་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ཏེ་སྤྱ༷ན་ལྔ༷་ཡུལ་ལ་ཞེན་པས་ཆགས༷་པ༷་དང་མི་འཇུག་པའི་ཐོགས་པའང་མེ༷ད་པ༷་འཆ༷ང་བའི་བདག་ཉིད་ཅན་དང་། དོན་དམ་བྱང་ཆུབ་ཀྱི་སེམས་དེ་ཁོ་ན་ཉིད་གཉིས་སུ་མེད་པ་རྟོགས་པའི་དབང་གིས་སང༷ས་རྒྱས༷་ཀྱི་གོ་འཕང་ཐོབ་པས་སངས་རྒྱས་ཐམ༷ས་ཅ༷ད་བ༷སྐྱེད་པ༷་པོ༷་དང་། སངས་རྒྱས་ཀྱིས་ཆོས་བསྟན་ཅིང་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་འཕགས་པ་རྣམས་ཀྱི་ཡུམ་དུ་གྱུར་པ་གང་ཡིན་པ་ལས་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་སྐྱེས་པས་དེ་རྣམས་ནི་སང༷ས་རྒྱས༷་ལས་འཁྲུངས་པའི་སྲས༷་པོ༷་ཐམས་ཅད་ལས་དམ༷་པ༷འམ་མཆོ༷ག་ཏུ་གྱུར་པ་དེ་ཡིན་ནོ།།

འོ་ན་སངས་རྒྱས་ཀྱི་སྲས་པོ་ལ་དམ་པ་མ་ཡིན་པ་ཡོད་དམ་ཞེ་ན། སྤྱིར་སངས་རྒྱས་ཀྱི་སྲས་ལ་དམ་པ་མིན་པ་མེད་མོད། བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་རབ་ཆེ་ཞིང་སྙིང་རྗེ་ཆེ་བས་སངས་རྒྱས་ཀྱི་རིགས་འཛིན་ནུས་པས་དམ་པ་དང་། སངས་རྒྱས་ཀྱི་སྲས་སུ་གྱུར་པ་ཉན་ཐོས་དང་རང་རྒྱལ་རྣམས་ནི་ཤེས་རབ་དང་སྙིང་རྗེ་ཆུང་བས་སངས་རྒྱས་ཀྱི་རིགས་འཛིན་ནུས་པ་མ་ཡིན་པས་སྲས་ཡིན་ཡང་དམ་པའམ་མཆོག་མ་ཡིན་པར་བཤད་དོ།།

དེ་དག་གིས་ལམ་དང་འབྲས་བུས་བསྡུས་པའི་ཡེ་ཤེས་ཐམས་ཅད་སོ་སོ་རང་རིག་པ་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང་གཞི་གཅིག་པར་བསྟན་ཅིང་། དེ་ལྟ་བུའི་ཡེ་ཤེས་གང་ལ་མངའ་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཉིས་སུ་མེད་པའི་ཡེ་ཤེས་ལ་མངའ་བར་བསྟན་པའོ།།

བཅུ་གཅིག་པ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ལ་རྙོག་པ་བཅུས་མ་གོས་པར་བསྟན་པ་ནི། ཤེས་པའི་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པའི་ཤོ་ལོ་ཀ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཤེས་པ་སྲིད་འབྱུང་སྐྱེ་གནས་མེད། །ཅེས་པ་ནས། གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་པའི་བར་གྱིས་དེ་ཉིད་ལ་རྙོག་པ་བཅུས་མ་གོས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་སྲས་པོ་བསྐྱེད་པ་པོ་དང་བྱང་ཆུབ་སེམས་དཔའ་རྣམས་དེ་ལས་བྱུང་བའི་སྲས་པོ་ཡིན་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་སྐྱེ་གནས་ཀྱི་རྙོག་མ་ཅན་ཡིན་པར་ཐལ་ལོ་ཞེ་ན། དེ་མིན་པར་བསྟན་པ་ནི། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་སྐྱེ་གནས་ཀྱི་རྙོག་པ་ཅན་མ་ཡིན་ཏེ། རྣམ་པར་རྟོག་པའི་ཤེས༷་པ༷ས་ནི་སྲི༷ད་པ་གསུམ་པོ་ཀུན་ཏུ་འབྱུང༷་བར་བྱེད་པ་ཡིན་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་སྲིད་གསུམ་སྐྱེ་བ་མེད་པའི་སེམས་ཀྱི་རང་བཞིན་དུ་རྟོགས་པས་སྐྱེ༷་གནས༷་མེ༷ད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ།།

འོ་ན་སྲིད་གསུམ་སྐྱེ་མེད་དུ་རྟོགས་པའི་ཡེ་ཤེས་དེ་བློ་རྟོག་པའི་ཡུལ་དུ་སོང་བས་དངོས་པོའི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་དངོས་པོའི་རྙོག་པ་ཅན་མ་ཡིན་ཏེ། གཟུགས་སྒྲ་ལ་སོགས་པ་བདེན་པར་སྒྲོ་བཏགས་པའི་ཆོས༷་ལས༷་འབྱུང༷་བ༷་ནི་སྲི༷ད་པ༷་ཡིན་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱིས་ནི་ཆོས་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་ལས་རང་བཞིན་སྐྱེ་མེད་དུ་རྟོགས་པས་སྲིད་པའི་བདེན་པའི་མཐའ་སེལ༷་བར་བྱེད་པ་ཡིན་པའི་ཕྱིར་རོ།།

འོ་ན་ཆོས་ཐམས་ཅད་སྐྱེ་མེད་ཡིན་ན་ཆོས་རེ་རེ་ལ་སྐྱེ་མེད་ཀྱང་དེ་སྙེད་ཡོད་པས་སྐྱེ་མེད་དུ་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དུ་མའི་རང་བཞིན་ཅན་གྱི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་དུ་མའི་རྙོག་མ་ཅན་མ་ཡིན་ཏེ། ཆོས་ཅན་དུ་མ་ཡང་ངོ་བོ་སྐྱེ་མེད་དུ་གཅིག་པས་ན་དེ་རྟོགས་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ནི་དུ་མའི་རང་བཞིན་དང་བྲལ་བའི་གཅི༷ག་པུ༷་ལ་ངོ་བོ་ཡུལ་དང་ཡུལ་ཅན་བདེ་སྟོང་གཉིས་སུ་དབྱེར་མེད་པ་བདེན་པར་གྲུབ་པ་གང་ཅིའི་ངོ་བོར་མ་གྲུབ་པར་འགྱུར་བ་མེད་པ་སྲ༷་ཞིང་མཁྲེ༷གས་པའི་སྟོང་པ་ཉིད་རྡོ༷་རྗེ༷འི་གཤིས་སུ་གྲུབ་ཅིང་བརྟན་གཡོ་ཀུན་ལ་ཁྱབ་པའི་བ༷དག་ཉིད་ཅན་ཡིན་པའི་ཕྱིར་ཞེས་པའམ། སྟོང་པ་ཉིད་དང་རོ་གཅིག་པའི་འགྱུར་པ་མེད་པ་སྲ་མཁྲེགས་རྡོ་རྗེའི་རང་བཞིན་གྱི་ཡེ་ཤེས་ཡིན་པའི་ཕྱིར་རོ།།

འོ་ན་དུ་མ་དང་བྲལ་བའི་ལམ་ཡིད་ལ་བྱེད་པ་ཡིན་ན་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་དེ་ལམ་གྱི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ལམ་གྱི་རྙོག་པ་ཅན་མ་ཡིན་ཏེ། དཔེར་ན་འཁོར་བསྒྱུར་ནི་སྐྱེས༷་མ༷་ཐ༷ག་ཏུ༷་ནས་འབངས་དང་ཡུལ་གྲུའི་འགྲོ༷་བ༷འི་བདག་པོ་ཡིན་པ་བཞིན་དུ་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་སྐྱེས་མ་ཐག་ནས་ལམ་གྱི་མཚན་མ་དང་བྲལ་བའི་ཡེ་ཤེས་ཀྱི་བ༷དག་ཉིད་ཡིན་པའི་ཕྱིར་རོ།།

འོ་ན་ཡེ་ཤེས་སྐྱེས་མ་ཐག་པ་ཡོད་ན་འདུས་བྱས་བཅོས་མའི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་བཅོས་མའི་རྙོག་མ་ཅན་མ་ཡིན་ཏེ། བདེན་པའི་རྒྱུ་ལས་མ་སྐྱེས་པས་ནམ༷་མཁ༷འ་ལ༷ས་བྱུང༷་བ་ལྟར་སྤྲོས་པ་མེད་པ་དང་བདེན་པར་གྲུབ་པའི་རྐྱེན་ལས་མ་སྐྱེས་པར་ར༷ང་བྱུང༷་བ༷་བདེན་པའི་བཅོས་མ་མེད་པའི་རང་བཞིན་ཅན་ཡིན་པའི་ཕྱིར་རོ།།

འོ་ན་ནམ་མཁའ་དང་འདྲ་ན་སེམས་མེད་དྲན་མེད་སོགས་ཆད་པའམ་མེད་པ་བཏང་སྙོམས་པའི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ཆད་པའམ་བཏང་སྙོམས་པའི་རྙོག་མ་ཅན་མ་ཡིན་ཏེ། ཤེས༷་རབ༷་སྟོང་པ་ཉིད་དང་རིག་པ་བདེ་བ་ཆེན་པོའི་ཡེ༷་ཤེས༷་གཉིས་སུ་མེད་པའི་མེ༷་བོ༷་ཆེ༷་རབ་ཏུ་འབར་བ་དེས་རྟག་ཆད་གཉིས་སྣང་དང་། གཉིས་འཛིན་གྱི་མཐའ་ཐམས་ཅད་ཀྱི་རང་བཞིན་དུ་རྟོག་པའི་བུད་ཤིང་རྣམས་བསྲེགས་ནས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་ངེས་པ་ཡིན་པའི་ཕྱིར་རོ།།

འོ་ན་ཐ་དད་ཀྱི་མཐའ་ཀུན་བྲལ་ན་དངོས་མེད་ཀྱི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་དངོས་མེད་ཀྱི་རྙོག་མ་ཅན་མ་ཡིན་ཏེ། ཆོས་ཐམས་ཅད་བདེན་པར་མ་གྲུབ་པར་དོན་དམ་དབྱེར་མེད་དུ་སྣང་བའི་ཡེ་ཤེས་ཀྱི་འོ༷ད་ཆེ༷ན་པོས་སྣོད་བཅུད་ཀྱི་ཆོས་ཀུན་མ་འདྲེས་པར་རྣམ༷་པ༷ར་བསླུ་མེད་དུ་སྣང༷་བ༷ར་བྱེ༷ད་པའི་སྣང་བ་དང་ལྡན་པའི་ཕྱིར་རོ།།

འོ་ན་སྣང་བྱ་སྣང་བྱེད་གཉིས་སུ་གྲུབ་པས་མི་སྣང་བ་མ་རིག་པའི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་མ་རིག་པའི་རྙོག་མ་ཅན་མ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་རྟོགས་པའི་ཡེ༷་ཤེས༷་ཀྱི་སྣང༷་བ༷་ཁྱད་པར་བ་ལ༷མ་མེ༷་བ༷་དེ་ཉིད་གསལ་བའི་མཁྱེན་ཆ་དང་ལྡན་པ་ཡིན་པའི་ཕྱིར་རོ། །གཞུང་འགའ་རེར། ཡེ་ཤེས་སྐར་མ་ལམ་མེ་བ། །ཞེས་པའི་རྩ་བ་དང་དེར་མཐུན་གྱི་འགྲེལ་བཤད་བགྱིས་འདུག་གོ།

འོ་ན་ཡེ་ཤེས་ཀྱི་སྣང་བ་ལམ་མེ་བ་ཡོད་ན་ཕྱོགས་དང་རིས་སུ་སོང་བས་ཕྱོགས་ཀྱི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་ཕྱོགས་ཀྱི་རྙོག་མ་ཅན་མ་ཡིན་ཏེ། གཞི་དུས་སུ་འགྲོ༷་བ༷འི་རྒྱུད་ལ་བུམ་ནང་གི་མར༷་མེ༷་ལྟར་མ་རིག་པའི་གྲིབ་མའི་སྦུབས་ན་གནས་ཤིང་། ལམ་གྱི་དུས་ན་ཐེག་གསུམ་གྱི་མཁྱེན་ཆའི་ངོ་བོར་གྲུབ་པ་དང་། འབྲས་བུའི་དུས་ན་གཞི་འབྲས་དབྱེར་མེད་བདེ་བ་ཆེན་པོ་ཕྱོགས་དང་རིས་སོགས་བཅོས་མའི་ཆ་གཤིས་ལ་མ་གྲུབ་པའི་ཡེ༷་ཤེས༷་ཀྱི་སྒྲོ༷ན་མེ་འོད་རབ་ཏུ་འབར་བ་དེ་ཉིད་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ།།

འོ་ན་ཕྱོགས་མེད་ཆེན་པོར་ཡོད་ན་བློས་བཞག་པས་ན་བརྟགས་པའི་རྙོག་མ་ཅན་དུ་ཐལ་ལོ་ཞེ་ན། དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཆོས་ཅན། ཁྱོད་བརྟགས་པའི་རྙོག་མ་ཅན་མ་ཡིན་ཏེ། གཟི༷་བརྗི༷ད་རབ་ཏུ་ཆེ༷ན་པོ༷་དང་ལྡན་པའི་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་བདག་ཉིད་དུ་ཡེ་ནས་གྲུབ་ཅིང་རང་བཞིན་གྱིས་འོ༷ད་གས༷ལ་བ༷་རང་བྱུང་བའི་ཡེ་ཤེས་ཡིན་པའི་ཕྱིར་རོ་ཞེས་པ་སྟེ་དེ་ལྟར་བསྟོད་པའོ།།

བཅུ་གཉིས་པ་སྐུའི་འཁོར་ལོ་བསྟན་པ་ནི། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད། །གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་བསྐྱེད་པ་པོ། །མཆོད་ཅིང་བརྗེད་པ་དྲང་སྲོང་ཆེ། །ཞེས་པའི་ཚིགས་སུ་བཅད་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །ཞེས་པ་ནས། དྲང་སྲོང་ཆེ་དགུས་མཆོད་ཅིང་རྗེད། །ཅེས་པའི་བར་གྱིས་སྐུའི་འཁོར་ལོ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཡིད་ཐ་མལ་སྣང་ཞེན་ལས་སྐྱོབ་པའི་སྔགས༷་ཀྱི་མཆོ༷ག་ཡི་གེ་ཨ་ཡིག་གིས་མཚོན་པའི་སྐྱེ་བ་མེད་པའི་དོན་ཇི་བཞིན་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་ནི་རིགས་ཐམས་ཅད་ཀྱི་མང༷འ་བ༷དག་དང་། ཚངས་པ་ལ་སོགས་པའི་ལོག་པའི་བསྟན་པ་ངེས་པར་འཇིག་པར་བྱེད་པའི་རིག༷་པའི་སྔ༷གས་ཟབ་མོ་ཐམས་ཅད་ཀྱི་གཉེན་པོའི་རྒྱལ༷་པོ་དང་། ཐེག་པ་འོག་མ་རྣམས་ལ་གསང༷་བའི་སྔ༷གས་ཀྱི་ཆོས་ཚུལ་སྤྱི་དང་བླ་མེད་ཀྱི་རྒྱུད་རྣམས་ཀྱི་རྒྱལ༷་པོ༷་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ལམ་དུ་བྱེད་པ་ལྷ་ཁ་སྦྱོར་ལ་སོགས་པའི་སྒོ་ནས་སྣོད་ལྡན་གྱི་གདུལ་བྱའི་དོ༷ན་ཆེ༷ན་པོ་གྲུབ་པར་བྱེ༷ད་པ་གང་ཡིན་པ་སྟེ། འདི་ཉིད་ནི་དཔེར་ན་སྤྱི་བོ་རུ་བཀུར་བའི་གཙུག་ཏོར་ཇི་བཞིན་ནམ། ཕྱག་རྒྱ་དང་སྙོམས་པར་ཞུགས་པའི་ཉམས་ལེན་གྱིས་སྤྱི་བོ་གཙུ༷ག་ཏོར༷་བདེ་ཆེན་གྱི་འཁོར་ལོ་ཆེ༷ན་པོ༷འི་རྩ་འདབ་སོ་གཉིས་ལ་གནས་པའི་བདེ་བའི་ཡེ་ཤེས་ཀྱི་ས་བོན་ཧཾ་ཞུ་བ་ལས་བྱུང་བའི་བདེ་བས་རྨ༷ད་དུ་བྱུང༷་བའི་དགའ་བ་བཅུ་དྲུག་གི་ཡེ་ཤེས་དྲངས་པ་དང་། བྱང་སེམས་སྤྱི་གཙུ༷ག་གི་འཁོར་ལོར་བརྟན་པའི་བདེ་སྟོང་གི་ཡེ་ཤེས་གནས་ལུགས་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ནམ་མཁ༷འི༷་རང་བཞིན་ལྟ་བུ་འཆར་བའི་ཟབ་དོན་དེའི་བད༷ག་པོ༷་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་ཉིད་ཡིན་ཞིང་། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་བཞིན་ཡིན་ནོ་ཞེས་པའོ།།

ཟབ་ལམ་དེའི་འབྲས་བུ་ནི་གནས་སྐབས་སུ་སྒྱུ་ལུས་དང་སྟོང་གཟུགས་ཀྱི་སྣང་བ་སྣ་ཚོགས་སྟོན་པར་བྱེད་ཅིང་། མཐར་ཐུག་སྤྲུལ་པ་སྣ༷་ཚོགས༷་མུ་མེད་པ་སྟོ༷ན་ནུས་པའི་སང༷ས་རྒྱས༷་སྐུ་ལྔ་ཡེ་ཤེས་ལྔ་ཀུ༷ན་གྱི་བ༷དག་ཉིད་དང་། བརྟན་གཡོའི་དངོ༷ས་པོ༷་ཀུན་གྱི་མཆོ༷ག་དེ་ཉིད་དང་། འགྲོ༷་བ་ཀུ༷ན་ཟག་མེད་ལམ་གྱི་རོས་དགའ༷་བ༷ར་བྱེད་པའི༷་བདག་རྐྱེན་སྙིང་རྗེ་དང་ཤེས་རབ་ཀྱི་མི༷ག་དང༷་ལྡ༷ན་པའི་སྒོ་ནས་བྱ་དང་རི་དྭགས་སྐྱེས་པ་བུད་མེད་དགེ་སྦྱོང་ལ་སོགས་པ་སྣ༷་ཚོགས༷་པའི་གཟུགས༷་ཅ༷ན་གྱི་རྣམ་འཕྲུལ་བསྐྱེ༷ད་པ༷་པོ༷་དང་། བསྐྱེད་ནས་འགྲོ་བ་ལ་སྣ་ཚོགས་པའི་གཟུགས་ཅན་གྱིས་དོན་མཛད་པ་པོ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཉིས་སུ་མེད་པའི་ཡེ་ཤེས་དང་། དེ་ལྡན་གྱི་འཇམ་དཔལ་དབྱངས་ཡིན་ཞེས་དོན་དམ་པ་དང་ཀུན་རྫོབ་པའི་འཇམ་དཔལ་དབྱངས་ཀྱི་རང་བཞིན་བསྟན་ཏེ་དེ་དག་འཇམ་དཔལ་གྱི་སྐུ་ཡི་འཁོར་ལོའི་རོལ་བ་དང་བདག་ཉིད་དུ་བསྟན་པ་ཡིན་ནོ།།

དེ་མ་ཟད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་མཆོ༷ད་ཅི༷ང་། བརྗེ༷ད་པ༷་སྟེ་གུས་པས་བཀུར་སྟི་བྱེད་པ་པོ་ཡང་བཤད་མ་ཐག་པའི་སྔགས་མཆོག་དང་རིག་སྔགས་དེ་དག་གི་བདག་པོ་ཐུགས་དྲང༷་པོར་སྲོ༷ང་བའི་ཡོན་ཏན་གྱི་ཆེ༷་བའི་དྲང་སྲོང་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱང་ཡིན་ནོ་ཞེས་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་དེ་བཞིན་གཤེགས་པ་རྣམས་ཀྱིས་ཀྱང་མཆོད་པར་བསྟན་ཏེ་སྐུའི་ཆེ་བ་བརྗོད་པའོ།།

དཔེ་འགར། སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་དང་། སངས་རྒྱས་ཀུན་བདག་སྐུ་ཡི་མཆོག །ཅེས་པ་ཡོད་ལ། དེ་ནི་ཡི་གེ་ཨ་ཡིས་བསྟན་པའི་སྐྱེ་བ་མེད་པའི་དོན་ཅན་གྱི་གཟུངས་སྔགས༷་མཆོ༷ག་དང་། གསང་བའི་རྒྱུད་སྡེ་ནས་བསྟན་པའི་གསང་སྔགས༷་ཀྱི་བད༷ག་ཉིད་དང་། ཚངས་པ་ལ་སོགས་པའི་བསྟན་པ་ངེས་པར་འཇིག་པར་བྱེད་པའི་རིག༷་པའི་སྔ༷གས་ཟབ་མོ་ཐམས་ཅད་ཀྱི་གཉེན་པོའི་རྒྱལ༷་པོ་ཡིན་ཞེས་འགྲེལ་རུང་བ་དང་། ཕྱི་མ་ལྟར་ན་སང༷ས་རྒྱས༷་ནི་སྐུ་ལྔ་ཡེ་ཤེས་ལྔ་ཀུ༷ན་གྱི་བ༷དག་ཉིད་ཅན་ཡིན་ཕྱིར་སྐུ༷་ཡི༷་རྣམ་པ་ཐམས་ཅད་པའི་མཆོ༷ག་ཟག་པ་མེད་པའི་སྐུ་མངའ་ཞེས་འགྲེལ་རུང་ངོ་།།

བཅུ་གསུམ་པ་ཡེ་ཤེས་ཀྱི་འཁོར་ལོ་བསྟན་པ་ནི། རིགས་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ། །ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རིགས་གསུམ་འཆང་བ་གསང་སྔགས་འཆང་། །ཞེས་པ་ནས། ཐེག་པ་མཆོག་གསུམ་སྟོན་པ་པོ། །ཞེས་པའི་བར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་སྐུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དང་། གསུང་པདྨའི་རིགས་འོད་དཔག་མེད་དང་། ཐུགས་རྡོ་རྗེའི་རིགས་མི་བསྐྱོད་པ་བཅས་སྐུ་གསུང་ཐུགས་གསུམ་གྱི་རིགས༷་གསུམ༷་པོ་འཆང༷་བ༷་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། ཤེས་རབ་རང་བཞིན་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་སུ་གནས། །དབུས་ནས་ཨ་བ་དྷཱུ་ཏཱི་ནི། །གཟུང་དང་འཛིན་པ་རྣམ་སྤངས་པའོ། །ཞེས་གསུངས་པ་ལྟར་ལ་ལ་ནཱ་སྟེ་རྩ་རྐྱང་མ་དང་། ར་ས་ནཱ་སྟེ་རྩ་རོ་མ་དང་། ཨ་ཝ་དྷཱུ་ཏཱི་སྟེ་རྩ་དབུ་མ་བཅས་དབུ་རྐྱང་རོ་གསུམ་དུ་རླུང་བཅུ་ལས་རུང་སྟེ་རླུང་འབྱུང་འཇུག་གནས་སུམ་སྙིང་ཀའི་རྩ་དང་མི་ཤིགས་པའི་ཐིག་ལེ་ལ་ཐིམ་ནས་སྙིང་གའི་རྩ་མདུད་གྲོལ་བའི་ལམ་གྱིས་བསྐྱེད་པའི་ཐབས་ཤེས་གཉིས་སུ་མེད་པ་བདེ་སྟོང་གི་ཡེ་ཤེས་གསང༷་བ་སྔ༷གས་ཀྱི་ཉེ་ལམ་ཟབ་མོ་རྒྱུད་ལ་འཆ༷ང་བ་དང་། དེ་འཆང་བ་ལས་མི་འདའ་བའམ་སྔགས་ཀྱི་རྩ་བ་དང་ཡན་ལག་གི་དམ༷་ཚི༷ག་རྒྱ་ཆེན༷་པོ༷་རྣམས་སྲུང་བ་མེད་པའི་ངོ་བོར་ལྡན་པའི་ཚུལ་གྱིས་སྲུང་བ་དང་། གསང༷་སྔགས༷་ཀྱི་ཐབས་ཤེས་ཀྱི་ལམ་ཁྱད་པར་བའི་སྒོ་ནས་གདུལ་བྱ་རྗེས་སུ་འ༷ཛིན་པ་དང་། འཇིག་རྟེན་གསུམ་གྱི་སྐྱབས་སུ་གྱུར་པ་འགྲན་ཟླ་མེད་པའི་གཙོ༷་བོ༷་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོ༷ན་མ༷ཆོག་གསུམ༷་སྤྱི་བོར་ཁུར་ནས་སྐྱབས་སུ་འ༷ཛིན་པ༷་དང་། དེ་ཡང་། སྟོང་པ་སྙིང་རྗེ་ཐ་དད་མེད། །སེམས་ནི་གང་དུ་རབ་བསྒོམ་པ། །དེ་ཉིད་སངས་རྒྱས་ཆོས་དང་ནི། །དགེ་འདུན་ཡང་ནི་བསྟན་པའོ། །ཞེས་གསུངས་པ་ལྟར་གཙོ་བོ་ནང་གི་སྐྱབས་གསུམ་སྟོང་ཉིད་རྟོགས་པའི་ཡེ་ཤེས་སམ་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སུ་མེད་པའི་ཡེ་ཤེས་སངས་རྒྱས་དཀོན་མཆོག་དང་། དེ་རྟོགས་པ་ཆོས་དཀོན་མཆོག་དང་། དེ་དང་རྗེས་སུ་མཐུན་པར་སྒྲུབ་པ་དགེ་འདུན་དཀོན་མཆོག་གསུམ་ལ་གོ་དགོས་སོ།།

དེ་ལྟར་དཀོན་མཆོག་གསུམ་ལ་སོགས་པ་འཛིན་པའི་སྒོ་ནས་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་འཇིག་རྟེན་པའི་ལམ་ལས་འདས་པའི་ཐེག༷་པ༷་མ༷ཆོག་རིམ་པ་གསུམ༷་པོ་སྟོ༷ན་པ༷་པོ༷་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞིང་། དེ་ཡང་དེའི་ཐུགས་ཟག་པ་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་ལ་བརྟེན་ནས་བྱུང་བ་ཡིན་པས་ན་དེ་སྐད་སྟོན་པ་པོ་ཡིན་ནོ་ཞེས་པའོ།།

བཅུ་བཞི་བ་རིགས་ཀྱི་འཁོར་ལོ་བསྟན་པ་ནི། དོན་ཡོད་ཞགས་པ་རྣམ་པར་རྒྱལ། །འཛིན་པ་ཆེན་པོ་རྡོ་རྗེའི་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པས་རྐང་པ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དོན་ཡོད་ཞགས་པ་རྣམ་པར་རྒྱལ། །ཞེས་པ་ནས། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པའི་བར་གྱིས་རིགས་ཀྱི་འཁོར་ལོ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འགྲོ་བའི་དོ༷ན་ཡོ༷ད་པར་མཛད་པའི་ཐུགས་རྗེའི་ཞགས༷་པ༷་མངའ་བ་རྣམ་པར་སྣང་མཛད་དང་། འཁོར་བའི་གཡུལ་ལས་རྣམ༷་པར༷་རྒྱལ༷་བ་རིན་ཆེན་འབྱུང་ལྡན་དང་། འགྲོ་དོན་དང་ཡེ་ཤེས་འཛི༷ན་པ༷་ཆེ༷ན་པོ༷་རྡོ་རྗེ་མི་བསྐྱོད་པ་དང་། སྟོང་པ་ཉིད་ཀྱི་རྡོ༷་རྗེ༷་དང་སྙིང་རྗེའི༷་ཞགས༷་པ་འཛིན་པ་སྣང་བ་མཐའ་ཡས་དང་། སྟོང་པ་ཉིད་ཀྱི་རྡོ༷་རྗེ༷་དང་འཕྲིན་ལས་ཀྱི་ལྕ༷གས་ཀྱུ༷་དང་སྙིང་རྗེའི་ཞགས༷་པ༷་ཆེ༷་བའི་ཡོན་ཏན་དང་ལྡན་པ་དོན་ཡོད་གྲུབ་པ་བཅས་རིགས་ལྔའི་རིགས་ཀྱི་དཀྱིལ་འཁོར་འདི་དག་གིས་སེམས་ཅན་རྣམས་ལ་དབང་བསྐུར་བ་དང་། བསྐྱེད་པའི་རིམ་པས་རྒྱུད་སྨིན་པར་བྱས་ཏེ་འཁོར་བ་ལས་རྣམ་པར་རྒྱལ་བ་དང་། བདེ་ཆེན་དེ་ཁོ་ན་ཉིད་ཀྱི་དོན་འཛིན་པ་དང་། སྙིང་རྗེའི་ཞགས་པས་འཁོར་བར་འཇུག་ཀྱང་དེའི་སྐྱོན་གྱིས་མ་གོས་པ་དང་། དམ་ཚིག་གི་ལྕགས་ཀྱུས་འགྲོ་དོན་མཛད་པའི་འཕྲིན་ལས་མངའ་བའི་རིགས་ཀྱི་འཁོར་ལོ་འདི་དག་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡེ་ཤེས་ཀྱི་འཁོར་ལོ་ཡིན་ནོ་ཞེས་པ་སྟེ། དེ་ལྟར་རིགས་ལྔའི་འཁོར་ལོ་ཡིན་པར་བརྗོད་པ་ཡིན་ཞིང་། ལེའུ་འདི་ཉིད་ཀྱིས་གཙོ་བོ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ་བསྟོད་པ་ཡིན་པར་གསུངས་སོ། །འགྲེལ་བ་འགའ་རེར། རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །ཞེས་པས་དངོས་སུ་ཚིགས་སུ་ཐོན་པའི་རྡོ་རྗེ་དང་། ལྕགས་ཀྱུ་དང་། ཞགས་པ་གསུམ་གྱི་ཤུགས་ལ་དྲིལ་བུ་བསྟན་ནས་དཀྱིལ་འཁོར་གྱི་སྒོ་བཞིའི་སྒོ་བ་རྣམས་པར་བསྟན་པ་ཡིན་པར་ཡང་གསུངས་པ་མཆིས་སོ།།

སྨྲས་པ།

ཆགས་པའི་དགྲ་བོ་སྙིང་གི་མཛའ་ན་མོར།།

ཐབས་ཀྱིས་ཉེར་བཀུག་ཉོན་མོངས་མཁྲེགས་པའི་ལྕགས།།

བདེ་ཆེན་ས་ཡི་ཟླ་བར་བསྒྱུར་བྱེད་པའི།།

ངོ་མཚར་གསང་བའི་གན་མཛོད་འདི་ན་འཁྱིལ།།

རང་བྱུང་གཉུག་མ་དོན་དམ་སྒྲོན་མེ་གསལ།།

མི་འགྱུར་སྙིང་གི་ཁང་བུར་རབ་འབར་བ།།

མངོན་བྱེད་བདེ་སྟོང་གསང་བའི་ས་མཆོག་ཤིང་།།

རྒྱུད་རྒྱལ་མ་ལ་ཡ་རིར་བཞད་དེ་མཛེས།།

ལྟག་པའི་མཐའ་བྲལ་རི་བོང་མཚན་མས་དབེན།།

ཆད་པའི་མཐའ་མེད་ནག་པོའི་གྲིབ་ཆ་བྲལ།།

བདེ་ཆེན་ཡེ་ཤེས་དྲྭ་བས་ཉེར་སྤྲས་པའི།།

དམིགས་མེད་འོད་གསལ་བཅུ་གཉིས་བདག་པོ་འབར།།

མདོ་རྒྱུད་རྒྱུ་སྐར་བྱེ་བ་ཟིལ་གནོན་པ།།

འཇམ་དཔལ་ཡེ་ཤེས་མཚན་དོན་དཀྱིལ་འཁོར་ཆེ།།

ཐུབ་མཆོག་མཁྱེན་རབ་ལྷ་ཡི་རྫིང་རིང་ཁྱོན།།

རྒྱུ་བའི་ངོ་མཚར་མཁས་ཀུན་བསྔགས་པས་བྲེལ།།

ཚིག་དམ་དོན་ཟབ་ཛམྦུ་ནཱ་དི་པ།།

རྣམ་དཔྱོད་མགར་གྱིས་བརྡུངས་པའི་རྣམ་བཤད་རྒྱན།།

མོས་པའི་ལང་ཚོ་ལེགས་སྨིན་མིག་ཡངས་མའི།།

དཀར་འཇམ་བློ་གྲོས་མགུལ་བར་སྦྱིན་གྱིས་ལོངས།།

དཔྱོད་ལྡན་རྩོད་པའི་མདའ་རྩལ་ལ་སྐྱེན་པ།།

མགུ་བའི་མཐའ་དཔྱོད་སྒྲོ་ལྡན་རྣོན་པོས་དབེན།།

ཟབ་མོའི་མན་ངག་དུམ་བུས་ཡིད་ཚིམ་པའི།།

རྟོགས་ལྡན་རི་ལ་ཉལ་བའི་སླ་ཆོསའང་མིན།།

ཞེས་བྱ་བ་ནི་ལེའུ་དྲུག་པའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།#div2 མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་གྱི་མཚན་བསྟན་པ།

བདུན་པ་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་བསྟན་པའི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་ལ་ནི། ཁྲོ་བོ་གཤིན་རྗེ་གཤེད་ཀྱི་མིང་བསྟན་པ་དང་། ཡོན་ཏན་རྟགས་ཀྱི་ཕྱག་རྒྱ་བསྟན་པ་དང་། འཇིགས་བྱེད་ཆེན་པོའི་རྒྱན་བསྟན་པ་དང་། སྐུའི་འཕྲིན་ལས་བསྟན་པ་དང་། རྡོ་རྗེ་གྲགས་པའི་ཁྱད་པར་བསྟན་པ་དང་། སྐུའི་ཡོན་ཏན་བསྟན་པ་དང་། ཁྲོ་བོའི་གསུང་བསྟན་པ་དང་། ཐུགས་ཀྱི་རང་བཞིན་ནམ་ཡོན་ཏན་བསྟན་པ་དང་། ཁྲོ་བོ་དེས་ལས་ཅི་མཛད་བསྟན་པ་དང་། རྒྱན་གྱི་ཁྱད་པར་གྱི་སྒོ་ནས་ཡོན་ཏན་བསྟན་པ་དང་། གསུང་གི་སྒོ་ནས་འགྲོ་བ་འདྲེན་པའི་ཡོན་ཏན་བསྟན་པ་དང་བཅུ་གཅིག་ཡོད་ལ། དེ་ནི་ཚིགས་སུ་བཅད་པ་བཅུ་ལ་རྐང་པ་གཅིག་གིས་ལྷག་པ་སྟེ་ཤོ་ལོ་ཀ་བཅུ་དང་རྐང་པ་གཅིག་གིས་བསྟན་པ་ཡིན་ཏེ། འགྲེལ་པ་དྲི་མེད་འོད་ལས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་བྱ་བ་ལ་སོགས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་བྱ་བའི་བར་རྐང་པ་གཅིག་གིས་ལྷག་པའི་ཚིགས་སུ་བཅད་པ་བཅུས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་བསྟོད་པ་བསྟན་ཏོ། །ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པ་ནས། སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་བར་གྱིས་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་འཁོར་ལོ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་མིང་བསྟན་པ་ནི། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་པའི་རྐང་པ་གཅིག་གིས་བསྟན་ཏེ། ད་ནི་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་ནས་བསྟན་པའི་མཚན་དང་ཡོན་ཏན་གྱི་རྣམ་གྲངས་རྣམས་བཤད་པར་བྱ་ལ། དེ་ཡང་སེམས་ཅན་རྣམས་ཀྱི་སེམས་ཉིད་ངོ་བོ་ཉིད་ཀྱིས་སྟོང་པ་ནི་ཆོས་ཀྱི་དབྱིངས་དང་། ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་དག་པ་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། དེ་ཉིད་དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཆ་དེ་བཞིན་གཤེགས་པ་མི་བསྐྱོད་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་ཞེས་བྱ་ཞིང་དོན་གྱི་རྡོ་རྗེ་འཇིགས་བྱེད་དོ།།

བདེ་མཆོག་རྩ་རྒྱུད་ལས། ཤིན་ཏུ་ཁྲོ་ཞིང་གཏུམ་པ་ལས། །ཞི་བས་ཕན་པར་མི་འགྱུར་དེར། །ཤེས་རབ་ཐབས་ཀྱི་སྦྱོར་བ་ཡིས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་ལྟར། འཇམ་དཔལ་དབྱངས་དེ་ཉིད་ཞེ་སྡང་རང་མཚན་པ་འདུལ་བ་དང་གདུག་པ་ཅན་རྣམས་རྗེས་སུ་བཟུང་བའི་ཕྱིར་དུ་རྡོ༷་རྗེ༷འི་རིགས་མི་བསྐྱོད་པའི་མེ་ལོང་ལྟ་བུའི་ཡེ་ཤེས་ལས་དྲག་པོ་འཇིགས༷་བྱེ༷ད་ཆེན་པོའི་སྐུར་བཞེངས་ནས་ཁམས་གསུམ་དང་། དེ་ལས་ཀྱང་དབང་ཕྱུག་ཆེན་པོ་ལ་སོགས་པའི་དྲེགས་པ་ཅན་རྣམས་འདུལ་བ་ལ་ཤིན་ཏུ་ཁྲོས་པ་ཕྱི་གདུག་པ་ཅན་སོགས་སྐྲག་པར་བྱེད་པ་དང་། ནང་དུག་ལྔ་ཡེ་ཤེས་ལྔར་བསྒྱུར་བར་བྱེད་པས་ན་འཇིགས༷་པ༷ར་བྱེ༷ད་པའི་ཆ་བྱད་ཅན་དུ་བྱོན་པ་ནི་འཇམ་དཔལ་དྲག་པོ་རྡོ་རྗེ་འཇིགས་བྱེད་དེ་འཇམ་དཔལ་དབྱངས་དྲག་པོའི་སྐུར་བཞེངས་པ་རྟགས་ཀྱི་རྡོ་རྗེ་འཇིགས་བྱེད་དེ་ཉིད་ཡིན་ནོ།།

དེས་ནི་འཇིགས་བྱེད་ལྷ་བཅུ་གསུམ་པའི་དཀྱིལ་འཁོར་ལ་སོགས་པ་བསྐྱེད་པའི་རིམ་པ་དང་རྫོགས་པའི་རིམ་པ་དང་བཅས་པ་བསྟན་པ་རྣམས་ཀྱི་དོན་ལྟར་ཏེ། གཉིས་མེད་རྡོ་རྗེའི་མཚན་བརྗོད་ཉེ་བསྡུས་རྣམ་པར་རྟོག་གེ་ལས། རྡོ་རྗེ་འཇིགས་བྱེད་ཁྲོ་བོ་ནི། །ཕྱག་དང་ཞལ་དང་ཞབས་རྣམས་ནི། །སུམ་ཅུ་རྩ་གསུམ་དགུ་བཅུ་དྲུག །ཅེས་དང་། ཙནྡྲ་གཱོ་མིས། རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྟན་ཏོ། །ཞེས་གསུངས་པ་ལྟར་རྐང་པ་གཅིག་པོ་འདིས་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་བསྟན་པར་བཤད་པ་ལྟར་རོ།།

རྡོ་རྗེ་འཇིགས་བྱེད་ཅེས་པ་དང་། འཇིགས་པར་བྱེད་ཅེས་པའི་མཚན་འདི་འཇིགས་བྱེད་ཀྱི་རྒྱུད་ལས་བསྟན་པ་ཡིན་པར་བཤད་དེ། སྔགས་དོན་རྣམ་པར་ལྟ་བ་ལས། རྡོ་རྗེ་འཇིགས་བྱེད་དང་འཇིགས་པར་བྱེད་པ་ནི་རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་དེ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་འདི་གཉིས་སུ་ཡོངས་སུ་བརྗོད་པའི་ཕྱིར་རོ། །འདི་ལྟ་སྟེ། རྡོ་རྗེ་འཇིགས་བྱེད་དང་འཇིགས་པར་བྱེད་པ་དེ་ནི་གཉིས་ཉིད་ཀྱི་རང་བཞིན་དང་གང་ལྡན་པ་དེ་འཇིགས་བྱེད་འཇིགས་པར་བྱེད་དེ་བཅོམ་ལྡན་འདས་འཇམ་དཔལ་ལོ། །ཞེས་དང་། སྙིང་པོ་མངོན་རྟོགས་པ་ལས། རྡོ་རྗེ་འཇིགས་བྱེད་ལ་སོགས་པའི་རྒྱུད་ནས་བཤད་པའི་བར་གྱིས་ཡོན་ཏན་གྱི་རྣམ་གྲངས་སུ་བཤད་པར་བྱ་སྟེ། དེ་ལ་རྡོ་རྗེ་འཇིགས་བྱེད་ནི་རྟགས་སོ། །གཉིས་པ་ནི་ཞེ་སྡང་ལ་སོགས་པ་དག་པར་བྱེད་པས་དོན་དེ་ཉིད་ཀྱི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པའི་སྐབས་འདིར་རྒྱལ་བ་རིགས་ལྔ་རེ་རེ་ལ་མཚན་བཅུ་བཞི་རེ་བྱས་པ་བསྡོམས་པའི་མཚན་བདུན་ཅུ་ཡོད་པ་ལས། རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་མཚན་གཉིས་བསྟན་པ་ནི་རྡོ་རྗེ་འཇིགས་བྱེད་དང་། འཇིགས་པར་བྱེད་གཉིས་པོ་དེ་ཡིན་ཏེ། པྲ་ཛྙཱ་གུ་རུའི་དོན་བསྡུས་མཚན་གྱི་སྒྲོན་མེ་ལས། རྡོ་རྗེ་འཇིགས་བྱེད་རྒྱུད་ལས་གཉིས། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ནི། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས། །མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཞེས་པའི་རྐང་པ་གསུམ་གྱིས་བསྟན་ཏེ། གསོད་སྐྲོད་ལ་སོགས་པའི་ལས་མཛད་པས་ན་ཁྲོ༷་བོ༷འི་ཆ་བྱད་ཅན་ལ་ནང་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་བདེ་སྡུག་གཅོད་པར་བྱེད་པའི་རྒྱལ༷་པོ༷་ནི་ཁྲོ་བོའི་རྒྱལ་པོ་སྟེ། དེ་འཇམ་དཔལ་གྱི་མཚན་དོན་ཡིན་པར་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་དེ་ལྟར་དུ་བསྟན་པར་བཤད་དེ། སྔགས་དོན་རྣམ་པར་ལྟ་བ་ལས། དེ་ལ་ཁྲོ་བོའི་རྒྱལ་པོ་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་གསུངས་སོ། །ཞེས་དང་། སྙིང་པོ་མངོན་རྟོགས་པ་ལས། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཁྲོ་བོའི་རྒྱལ་པོའི་གཟུགས་ཀྱི་དབང་དུ་བྱས་ན་ཞབས་གཉིས་དང་། ཕྱག་གཉིས་དང་། གདོང་བ་དྲུག་གི་འཇིགས་རུང་རབ་ཏུ་ཆེ་བ་དང་། དོན་གྱི་དབང་དུ་བྱས་ན་གཟུགས་ཚོར་འདུ་ཤེས་འདུ་བྱེད་རྣམ་ཤེས་ཡིད་ཤེས་ཀྱི་དབང་པོ་དྲུག་རྣམ་པར་དག་པ་རྣམ་སྣང་རིན་འབྱུང་སྣང་མཐའ་དོན་གྲུབ་མི་བསྐྱོད་པ་དང་རྡོ་རྗེ་སེམས་དཔའ་སྟེ་རིགས་དྲུག་གི་ངོ་བོ་དང་ལྡན་ཞིང་དེ་མཚོན་བྱེད་གདོང༷་བ་དྲུག༷་གིས་ལོག་འདྲེན་རྣམས་འཇིགས༷་པར་བྱེད་པ་ནི་གདོང་དྲུག་འཇིགས་སུ་རུང་བ་དང་། མེ་ལོང་ཡེ་ཤེས་སོགས་ཡེ་ཤེས་དྲུག་གི་མི༷ག་དྲུ༷ག་གམ་མངོན་ཤེས་དྲུག་གི་མིག་དྲུག་དང་ལྡན་པས་དེའི་མཚོན་བྱེད་མིག་དྲུག་པ་དང་། ཕར་རོལ་ཕྱིན་པ་དྲུག་གི་ལ༷ག་པ་དྲུ༷ག་དང་ལྡན་པས་ལག་པ་དྲུག་པའི་ཁྲོ་བོར་བཞེངས་པ་སྟེ། དཔལ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས་འཇམ་དཔལ་གྱི་མཚན་ལ་གདོང་དྲུག་ཅེས་པའི་ཁྱད་པར་སྦྱར་ནས་བསྟན་པ་དེ་ཡིན་ཏེ། སྔགས་དོན་རྣམ་པར་ལྟ་བ་ལས། གདོང་དྲུག་ནི་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་གསུངས་ཏེ། ཞེས་གསུངས་པའི་ཕྱིར་རོ།།

སྙིང་པོ་མངོན་རྟོགས་པ་ལས། གདོང་དྲུག་ལ་སོགས་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་གསུངས་སོ། །ཞེས་གདོང་དྲུག་ཅེས་པ་ཕྱག་རྡོར་དབང་བསྐུར་རྒྱུད་ལས་བསྟན་པ་དང་། སོགས་ཁོངས་ནས་གདོང་དྲུག་དང་། མིག་དྲུག་དང་། ལག་དྲུག་དང་། འཇིགས་པ་རྣམས་ཀྱང་དེ་ནས་བསྟན་པར་གསུངས་སོ།།

ཙནྡྲ་གཱོ་མིས། གཞོན་ནུ་གདོང་དྲུག་གི་དཀྱིལ་འཁོར་བསྟན་ཏོ། །ཞེས་གསུངས་པ་ལྟར་གཞོན་ནུ་གདོང་དྲུག་གི་དཀྱིལ་འཁོར་བསྟན་པའང་ཡིན་ནོ།།

འཇིགས་ཞེས་པ་ཡང་དེ་ལྟར་ཁྲོ་བོའི་རྒྱལ་པོ་གདོང་དྲུག་དང་ལྡན་པ་ཡན་ལག་དང་བ་སྤུའི་བུ་ག་ཐམས་ཅད་ལས་རྡོ་རྗེ་མེ་ཡི་ཚ་ལ་འབར་བའི་གཟི་བརྗིད་ཅན་གྱི་དཀྱིལ་འཁོར་ཁྲོ་བོའི་རྒྱལ་པོ་རྣམ་པ་སྣ་ཚོགས་ཀྱི་གཟུགས་དང་མཚོན་ཆ་སྣ་ཚོགས་དང་ལྡན་པ། སྨིན་མཚམས་དང་དཔྲལ་བ་ལ་ཁྲོ་གཉེར་དང་། སྨ་ར་གཟེངས་པ། མཆེ་བ་གཙིགས་པ། མིག་བགྲད་པའི་འཇིགས་གཟུགས་ཉེ་བར་སྟོན་པའི་ཕྱིར་ན་འཇིགས་པ་ཞེས་པ་སྟེ། འཇིགས་པ་ཞེས་པའི་ཁྱད་པར་དེ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་དེ་ལྟར་བསྟན་པ་ཡིན་ཏེ། སྔགས་དོན་རྣམ་པར་ལྟ་བ་ལས། འཇིགས་ཞེས་པ་ནི་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཏེ། འཇིགས་པ་ནི་འཇིགས་སུ་རུང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

ལག་དྲུག་ཅེས་པ་འཇམ་དཔལ་ལ་སྦྱར་བ་ནི་དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས་གསུངས་པར་བཤད་དེ། ཡང་དེ་ཉིད་ལས། ལག་དྲུག་ནི་དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས་ཏེ། ཕྱག་དྲུག་དང་ལྡན་པ་ནི་ཡན་ལག་དྲུག་གོ །ཞེས་གསུངས་པའི་ཕྱིར་རོ།།

དེ་འདྲའི་འཇམ་དཔལ་ཁྲོ་བོ་ཆེན་པོ་ལ་སྐུ་དང་། གསུང་དང་། ཐུགས་དང་། ཡེ་ཤེས་དང་། དམ་ཚིག་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དམིགས་པ་མེད་པའི་སྙིང་རྗེ་དང་། དེ་དང་ཐ་མི་དད་པའི་བདེ་བ་དང་། དུས་ཀྱི་རླུང་ཟིན་པ་དང་། ཟུང་དུ་འཇུག་པ་དང་། ཐམས་ཅད་རོ་གཅིག་པ་ལ་སོགས་པའི་སྟོབས༷་དང༷་ལྡ༷ན་པས་རྣམ་པར་རྟོག་པའི་ཚོགས་དང་གདུག་པ་ཅན་རྣམས་འདུལ་བར་བྱེད་པས་ན་སྟོབས་དང་ལྡན་པ་སྟེ་རིག་པ་མཆོག་གི་རྒྱུད་ལས་བཤད་པའི་མཚན་དོན་དུ་བཤད་དེ། སྔགས་དོན་རྣམ་པར་ལྟ་བ་ལས། དཔལ་རིག་པ་མཆོག་གི་རྒྱུད་ཆེན་པོ་ལས་སྟོབས་པོ་ཆེ་ཞེས་རབ་ཏུ་གྲགས་སོ། །ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། རིག་པ་མཆོག་གི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

སྙིང་པོའི་དོན་མཚོན་པ་མི་མགོ་སྐམ་རློན་གྱིས་བརྒྱན་ཅིང་རྣམ་པར་རྟོག་པ་དང་བྲལ་བའི་ཡེ་ཤེས་ཀྱི་ཀེང༷་རུས༷་ཀྱི་མ༷ཆེ་བ༷་རྣོན་པོ་དེ་ཉིད་བདུད་བཞི་བཅོམ་ནས་ཡེ་ཤེས་བཞིའི་སྣང་པ་རྒྱས་པའི་བརྡར་ཀེང་རུས་ལྟར་དཀར་བའི་མཆེ་བ་རབ་ཏུ་གཙིགས༷་པ༷་པོ༷་ཞེས་པ་དེ་ཡང་འཇམ་དཔལ་དབྱངས་ཀྱི་སྐུ་ཕྱག་རྒྱའི་ཡོན་ཏན་བསྟན་ལ། ཀེང་རུས་ཞེས་པ་འཇམ་དཔལ་དབྱངས་ཀྱི་མཚན་དོན་དུ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་བསྟན་པ་དང་། མཆེ་བ་གཙིགས་པ་པོ་ཞེས་པ་རྡོ་རྗེ་སྟུག་པོ་བསྡུས་པའམ་རྡོ་རྗེ་གསང་ལུས་ཀྱི་རྒྱུད་ལས་བསྟན་པར་གསུངས་ཏེ། སྔགས་དོན་རྣམ་པར་ལྟ་བ་ལས། དེ་ལ་ཀེང་རུས་ནི་དཔལ་བདེ་མཆོག་འཁོར་ལོའི་རྒྱུད་ལས་སོ། །མཆེ་བ་གཙིགས་པ་ནི་དཔལ་རྡོ་རྗེ་སྟུག་པོ་བསྡུས་པ་ལས་ཏེ། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། ཀེང་རུས་ནི་སྙིང་པོ་མཚོན་པ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །མཆེ་བ་གཙིགས་པ་ནི་བདུད་བཞི་བཅོམ་ནས་ཡེ་ཤེས་བཞི་སྣང་བར་གྱུར་པ་སྟེ། རྡོ་རྗེ་གསང་ལུས་ཀྱི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་ནི། ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། ཧ༷་ལ༷་ནི་དུག་སྟེ་ཉོན་མོངས་པ་དང་རྣམ་རྟོག་གི་དུག་དེ་རྣམས་གཉིས་སུ་མེད་པར་རྟོགས་པའི་ཡེ་ཤེས་ཀྱིས་འཇོམས་པར་བྱེད་པ་དང་། བདུད་དམ་དུག་ཧ༷་ལ༷་ནག་པོ་དེ་འཇོམ་བྱེད་ཀྱི་ལྷ་དང་རྩི་སྨན་གྱིས་སེལ་བར་བྱེད་པ་ལྟར་དེའི་རྟགས་སུ་དུག་སྦྲུལ་གྱིས་ལུས་དང་ཡན་ལག་ཀུན་བརྒྱན་པ་དང་། ཡང་ན་གཉིས་མེད་ཀྱི་བཅུད་ཀྱིས་འབིགས་པར་བྱེད་ཅེས་པ་དང་། གདུལ་བྱའི་རྣམ་རྟོག་དང་མཐུན་པར་སྤྲུལ་པའི་གདོང༷་བ་བརྒྱ༷་བ༷་རུ་སྟོན་པའི་ཆོས་ཀྱི་སྐུ་གདོང་བརྒྱ་བའི་དཀྱིལ་འཁོར་གྱི་སྒོ་ནས་འགྲོ་དོན་མཛད་པ་སྟེ་འཇིགས་བྱེད་ཆེན་པོའི་རྒྱན་དང་ལྡན་པར་བསྟན་པའོ།།

དེ་ཡང་ཙནྡྲ་གཱོ་མིས། ཧ་ལ་ཧ་ལ་གདོང་བརྒྱ་པ། །ཞེས་པས་འཇམ་དཔལ་གདོང་བརྒྱ་པའི་དཀྱིལ་འཁོར་བསྟན་ཏོ། །ཞེས་གསུངས་པ་ལྟར་གདོང་སྟེ་ཞལ་བརྒྱ་དང་ལྡན་པའི་འཇམ་དཔལ་གཤིན་རྗེའི་གཤེད་གདོང་བ་བརྒྱ་བའི་དཀྱིལ་འཁོར་བསྟན་པའོ།།

ཡང་རྡོ་རྗེ་རིན་ཆེན་པདྨ་ལས་དང་དེ་བཞིན་རིགས་ཏེ་རྩ་བའི་རིགས་ལྔ་ལ་རིགས་རེ་རེ་ལ་ལྔ་ལྔར་ཕྱེ་བས་རིགས་ཉེར་ལྔ་དང་། དེ་ལ་ཐབས་དང་ཤེས་རབ་གཉིས་ཀྱི་དབྱེ་བས་རིགས་ལྔ་བཅུ་དང་། དེ་ལྔ་བཅུ་ལ་ལུས་ཀྱི་དབང་དུ་བྱས་པ་དང་། བསམ་པའི་དབང་དུ་བྱས་པ་གཉིས་ཀྱིས་ཕྱེ་བས་རིགས་བརྒྱ་ཐམ་པ་སྟེ། ཧ་ལ་ཧ་ལ་གདོང་བརྒྱ་པ་ཞེས་པས་ནི་རིགས་ཀྱི་དབྱེ་བ་བསྟན་པ་ཡིན་པརའང་གསུངས་སོ།།

དེ་ཡང་ཧ་ལ་ཧ་ལ་ཞེས་པ་དོན་ཞགས་ཀྱི་རྒྱུད་ལས་བསྟན་པའི་མཚན་དང་། གདོང་བརྒྱ་པ་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས་བསྟན་པའི་མཚན་དུ་བཤད་དེ། སྔགས་དོན་རྣམ་ལྟ་ལས། ཧ་ལ་ཧ་ལ་ནི་དོན་ཡོད་ཞགས་པའི་རྒྱུད་ལས་སོ། །གདོང་བརྒྱ་པ་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས་ཏེ། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། ཧ་ལ་ཧ་ལ་ནི་གཉིས་མེད་ཀྱི་བཅུད་ཀྱིས་འབིགས་པ་སྟེ། དོན་ཡོད་ཞགས་པའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གདོང་བརྒྱ་པ་ནི་རྡོ་རྗེ་ཐོད་པའི་རྒྱུད་ལས་བསྟན་པའི་མཚན་དུའང་གསུངས་ཏེ། ཕྱི་མ་དེ་ལས། གདོང་བརྒྱ་པ་ནི་གདུལ་བྱའི་རྣམ་རྟོག་དང་མཐུན་པར་འབྱུང་བས་རྒྱལ་བ་རྣམས་ནི་ཆོས་ཀྱི་སྐུ་ཡིན་ཏེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་ནི། གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། འཇིག་རྟེན་གྱི་སྲོག་བདག་ཏུ་གྲགས་པ་གཤི༷ན་རྗེ༷་རྣམས་ཀྱི་གཤེ༷ད་དུ་བཞེངས་ནས་དེ་དག་འདུལ་བས་གཤིན་རྗེའི་གཤེད་པོ་སྟེ། ཡང་གཤིན་རྗེ་ནི་འཇིག་རྟེན་པ་སྟེ་ཟག་བཅས་ཀྱི་རྣམ་པར་རྟོག་པ་དང་། དེ་ལས་བྱུང་བའི་ཉོོན་མོངས་པ་འབྲས་བུ་སྡུག་བསྔལ་དང་བཅས་པ་ལ་གོ་བ་ཡིན་ལ། གཤེད་པོ་ནི་འཇིག་རྟེན་པ་དེའི་གཤེད་དུ་གྱུར་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་བྱེད་པ་ཡིན་ཞིང་། དེས་ན་ཡེ་ཤེས་དེས་འཇིག་རྟེན་པ་དང་། ཐེག་པ་དང་། ཐེག་པ་ཆེན་པོ་ལ་ཞེན་པས་གནས་པ་རྣམས་ཕྱི་རྟགས་འཇིགས་སུ་རུང་བ་ཁྲོ་བོའི་ཆ་བྱད་ཅན་དང་། ནང་ལམ་སྐྱེ་མེད་དང་། བདེ་བ་ཆེན་པོའི་རྣལ་འབྱོར་གྱིས་འཇོམ་པར་བྱེད་པ་པོ༷་འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ཡིན་པས་གཤིན་རྗེ་གཤེད་པོ་སྟེ། དེ་ཉིད་ནི་ཕྱི་ལྟར་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་དང་། ནང་ལྟར་ཉོན་མོངས་པ་དང་། སྣང་བ་དང་། རྣམ་རྟོག་གི་བདུད་དང་བགེགས༷་ཀྱི༷་རིགས་སུ་གྱུར་པ་རྣམས་ལས་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། དོན་དམ་སྐྱེ་བ་མེད་པ་དང་། གཉུག་མ་འོད་གསལ་བའི་ཆོས་ཉིད་ཀྱི་སྐུའི་མཐུ་ཡིས་རྒྱལ༷་བས་ན་བགེགས་ཀྱི་རྒྱལ་པོའོ།།

གཤིན་རྗེ་གཤེད་པོ་ནི་དཔལ་གསང་བ་འདུས་པ་ལས་བསྟན་པའི་མཚན་དང་། བགེགས་ཀྱི་རྒྱལ་ནི་རྣམ་སྣང་མཛད་སྒྱུ་འཕྲུལ་དྲྭ་ལས་བསྟན་པའི་མཚན་དུ་གསུངས་ཏེ། སྔགས་དོན་རྣམ་ལྟ་ལས། དེ་ལ་གཤིན་རྗེ་གཤེད་པོ་ནི་དཔལ་གསང་བ་འདུས་པ་ལས་ཏེ། ཞེས་དང་། བགེགས་ཀྱི་རྒྱལ་པོ་སྟེ། བདུད་རྩི་འཁྱིལ་བའོ། །དེ་རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བ་ལ་སོགས་པའི་རྒྱུད་ལས་གྲགས་སོ། །ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། གཤིན་རྗེ་གཤེད་པོ་ནི་ཞེས་སོགས་ནས། གསང་བ་འདུས་པ་ལས་སོ། །བགེགས་ནི་ཉོན་མོངས་པ་དང་། ཞེས་སོགས་ནས། སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དོན་དམ་པར་རྒྱུ་འབྲས་དབྱེར་མེད་དུ་རྟོགས་ནས་རྡོ༷་རྗེ༷་ལྟར་ཐོགས་པ་མེད་ཅིང་གཞོམ་གཞིག་མི་ནུས་པའི་འཕྲིན་ལས་ཀྱི་ཤུགས༷་ཆེ༷ན་པོས་གདུལ་བྱ་གདུག་པ་ཅན་རྣམས་འཇིགས༷་པར་བྱེ༷ད་པ༷་དང་ལྡན་པའི་སྐུའི་འཕྲིན་ལས་མངའ་བར་བསྟན་པ་དང་། ཡང་ན་གདུག་ཅན་ནམ་གཏི་མུག་གི་ངོ་བོ་དེ་བཞིན་ཉིད་དུ་དག་ནས་མ་རིག་རྣམ་རྟོག་གི་གདོན་འཇིགས༷་པར་བྱེ༷ད་པ༷འོ།།

རྡོ་རྗེ་ཤུགས་ཆེན་ནི་དམ་ཚིག་ཆེན་པོའི་རྒྱུད་ལས་དང་། འཇིགས་བྱེད་པ་ནི་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་པའི་མཚན་དུ་བཤད་དེ། སྔགས་དོན་རྣམ་པར་ལྟ་བ་ལས། རྡོ་རྗེ་ཤུགས་འཆང་ནི་དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས་ཏེ། ཞེས་དང་། འཇིགས་པར་བྱེད་པ་ནི་དཔལ་ཟླ་གསང་ཐིག་ལེའི་རྒྱུད་ལས་གསུངས་ཏེ། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་ཤུགས་ཆེན་ནི་རྒྱུ་འབྲས་དབྱེར་མེད་པ་སྟེ། དམ་ཚིག་ཆེན་པོའི་རྒྱུད་ལས་སོ། །འཇིགས་པར་བྱེད་པ་ནི་རིགས་པའི་མཐུས་གཏི་མུག་ཉིད་དེ་བཞིན་ཉིད་དུ་གྱུར་པ་སྟེ། ཟླ་གསང་ཐིག་ལེའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར། ཡང་འདི་ཡིས་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྟན་པར་ཡང་བཞེད་དེ། ཙནྡྲ་གཱོ་མིས། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

ལྔ་བ་ནི། རྡོ་རྗེ་གྲགས་པ་རྡོ་རྗེ་སྙིང་། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཏེ། རྫས་ཀྱི་རྡོ༷་རྗེ༷་ཕ་ལམ་ལྟར་བརྟན་ཅིང་གཞོམ་གཞིག་མེད་པ་མི་ཕྱེད་མི་འཇིག་པའི་དོན་དམ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཉིད་མིང་སྣ་ཚོགས་སུ་གྲགས༷་པ༷་དང་། ཡེ་ཤེས་དེ་ལྡན་གྱི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡང་འཇིག་རྟེན་གསུམ་ན་མཚན་སྣ་ཚོགས་སུ་གྲགས་པས་ན་རྡོ་རྗེ་གྲགས་པ་སྟེ། དེ་འདྲའི་འཇམ་དཔལ་རྡོ་རྗེ་རྣོན་པོའི་ཡེ་ཤེས་དེ་རྡོ༷་རྗེ༷་ལྟར་དབྱེར་མི་ཕྱེད་ཅིང་ཆོས་ཐམས་ཅད་ཀྱི་འཕྲོ་གཞིའི་སྙིང༷་པོར་གྱུར་པའམ་ཡེ་ཤེས་ལྔའི་བསྙེན་པར་གྱུར་པས་ན་རྡོ་རྗེ་སྙིང་པོ་སྟེ། དེ་ལྟར་རྡོ་རྗེའི་མཚན་གྱི་གྲགས་པའི་ཁྱད་པར་དང་ལྡན་པར་བསྟན་པ་ཡིན་ནོ།།

རྡོ་རྗེ་གྲགས་པ་ཞེས་པ་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལས་གསུངས་པའི་མཚན་དང་། རྡོ་རྗེ་སྙིང་ཞེས་པ་དེ་ཡང་ཟླ་གསང་ནོར་བུ་ཐིག་ལེ་རྒྱན་གྱི་རྒྱུད་ལས་གསུངས་པའི་མཚན་ཏུ་གསུངས་ཏེ། སྔགས་དོན་རྣམ་པར་ལྟ་བ་ལས། རྡོ་རྗེ་གྲགས་པ་གཉིས་སུ་མེད་པར་མཉམ་པ་ཉིད་རྣམ་པར་སྦྱོང་བའི་རྒྱུད་ལས་སོ། །ཞེས་དང་། རྡོ་རྗེ་སྙིང་ནི་དཔལ་ཟླ་གསང་ཐིག་ལེ་ཉིད་ལས་ཏེ། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་གྲགས་པ་ནི་ཡེ་ཤེས་ཉིད་སྣ་ཚོགས་སུ་གྲགས་པ་སྟེ། གཉིས་མེད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །རྡོ་རྗེ་སྙིང་ཞེས་བྱ་བ་ནི་ཡེ་ཤེས་ལྔའི་བསྙེན་པར་གྱུར་པ་སྟེ། ཟླ་གསང་ནོར་བུ་ཐིག་ལེ་རྒྱན་གྱི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དྲུག་པ་ནི། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་བ་གཅིག་གིས་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། ཆོས་ཐམས་ཅད་སྒྱུ༷་མའི་རྣམ་པ་འཕྲུལ༷་བ་ལྟར་རྟོགས་ཤིང་ཟུང་འཇུག་རྡོ༷་རྗེ༷་དབྱེར་མི་ཕྱེད་པ་ལྟ་བུའི་ཡིད་རྒྱས་ཏེ་ནང་རྟོགས་པའི་ཡོན་ཏན་གྱི་གསུས༷་པའམ་ལྟོ་བའི་ཁྱིམ་པོ༷་ཆེ༷་རབ་ཏུ་ཆེ་བའི་རྟགས་སུ་སྒྱུ་མ་ལྟ་བུའི་སྤྲུལ་པ་སྣ་ཚོགས་སུ་འཕྲུལ་པའམ་བསྟན་པའི་གཟུགས་སུ་སྣང་བའི་ཁྲོ་བོ་ཆེན་པོའི་སྐུའི་རྣམ་པ་ཡང་ཡན་ལག་ཐུང་ལ་རགས་པ་དང་གསུས་པའམ་ལྟོ་བ་ལྡིར་ཞིང་ཆེ་བའི་མིའུ་ཐུང་གི་ཚུལ་དུ་གནས་པའམ། ཡང་ན་རླུང་དབུ་མར་བཟུང་ནས་ལྟེ་བར་བསྐྱིལ་བས་ལྟོ་བ་བུམ་པ་ལྟར་ལྡིར་བའི་རླུང་བརྟན་ཅིང་དབུ་མར་ཐིམ་པ་ལས་ཤེས་རབ་ཡེ་ཤེས་ཀྱི་དོན་དྲན་པས་གསུས་པོ་ཆེ་བའོ་ཞེས་འགྲེལ་ཡང་རུང་ངོ་།།

སྔ་མ་སྒྱུ་འཕྲུལ་ནི་འཇམ་དཔལ་ཁྲི་དྲུག་སྟོང་པའི་རྒྱུད་ཉིད་ལས་དང་། ཕྱི་མ་གསུས་པོ་ཆེ་ནི་གསང་བ་མཆོག་གི་རྒྱུད་ལས་གསུངས་པའི་མཚན་དུ་གསུངས་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྒྱུ་འཕྲུལ་ཞེས་པ་ནི་ཐམས་ཅད་སྒྱུ་མ་དང་འཕྲུལ་གྱི་རྣམ་པ་དང་འདྲ་བར་བསྟན་པ་སྟེ། ཁྲི་དྲུག་སྟོང་པ་འདི་ཉིད་ལས་སོ། །རྡོ་རྗེ་གསུས་པོ་ཆེ་ནི་ཟུང་འཇུག་གིས་ཡིད་རྒྱས་པ་སྟེ། གསང་བ་མཆོག་གི་རྒྱུད་ལས་སོ། །ཞེས་དང་། སྔགས་དོན་རྣམ་ལྟ་ལས། སྒྱུ་འཕྲུལ་རྡོ་རྗེ་ནི་ཁྲི་དྲུག་སྟོང་ཉིད་ལས་གསུངས་ཏེ། ཞེས་དང་། གསུས་པོ་ཆེ་ཞེས་པ་ནི་དེ་ཁོ་ན་ལས་ཏེ། ཞེས་གསུངས་པའི་ཕྱིར་རོ།།

པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། སྒྱུ་འཕྲུལ་དྲུག་སྟོང་པ་ལས་གཉིས། །ཞེས་སྒྱུ་འཕྲུལ་ལེའུ་ཁྲི་དྲུག་སྟོང་པ་ལས་མཚན་གཉིས་བསྟན་པར་གསུངས་པས་སྔགས་དོན་རྣམ་པར་ལྟ་བ་ལྟར་སྒྱུ་འཕྲུལ་རྡོ་རྗེ་དང་། གསུས་པོ་ཆེ་གཉིས་ཀ་སྒྱུ་འཕྲུལ་ལེའུ་ཁྲི་དྲུག་སྟོང་པ་ལས་གསུངས་པའི་མཚན་དུ་བཞེད་པ་ཡིན་ནམ་སྙམ་མོ།།

འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་སེམས་ཉིད་བདེ་བ་ཆེན་པོ་མི་འགྱུར་བའི་རྡོ༷་རྗེ༷་ལ༷ས་ཡོན་ཏན་གྱི་ཚོགས་སྣ་ཚོགས་སྐྱེས༷་པ་དང་། དེ་འདྲའི་སྣ་ཚོགས་པའི་ཡོན་ཏན་དང་སྣང་བ་ཐམས་ཅད་ཀྱང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྡོ༷་རྗེ༷འི་བ༷དག་ཉིད་ཡིན་པས་རྡོ་རྗེ་ལས་སྐྱེས་ཞེས་བྱ་ལ། དེ་ནི་འབྱུང་འདུལ་གྱི་རྒྱུད་དང་། རྡོ་རྗེའི་བདག་ནི་རྡོ་རྗེ་ས་འོག་གི་རྒྱུད་ལས་གསུངས་པའི་མཚན་དུ་གསུངས་ཏེ། སྔགས་དོན་རྣམ་ལྟ་ལས། དེ་ལ་རྡོ་རྗེའི་སྐྱེ་གནས་ནི་དཔལ་འབྱུང་པོ་འདུལ་བྱེད་ཀྱི་རྒྱུད་ལས་ཏེ། ཞེས་དང་། རྡོ་རྗེའི་བདག་ནི་རྡོ་རྗེ་ནི་དེའི་བདག་པོ་གཙོ་བོ་ཞེས་པའི་དོན་ཏོ། །དེ་ཡང་དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས་སོ། །ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་ལས་སྐྱེས་ནི་སེམས་བདེ་བ་ཆེན་པོ་ལས་སྣ་ཚོགས་སྐྱེས་པ་སྟེ། འབྱུང་ཕྱོགས་བཞག་པའི་རྒྱུད་ལས་སོ། །རྡོ་རྗེ་བདག་ཅེས་པ་ནི་སྣ་ཚོགས་བདེ་བ་ཆེན་པོ་ཉིད་དུ་བསྟན་པ་སྟེ། རྡོ་རྗེ་ས་འོག་གི་རྒྱུད་ལས་སོ། །ཞེས་གསུངས་པས་སོ།།

བདེ་བ་ཆེན་པོ་དང་སྟོང་པ་རྡོ༷་རྗེ༷་དབྱེར་མེད་པའི་ཡེ་ཤེས་ཀྱི་སྙིང༷་པོ༷་དངོས་དང་དངོས་མེད་ཀུན་ལ་ཁྱབ་ཅིང་ཆོ་འཕྲུལ་སྣ་ཚོགས་སུ་སྣང་བའི་གོ་མི་འགོག་པའམ་སྐྱེ་མེད་ཀྱི་ངང་ལས་སྐྱེས་པ་དང་། ཐེག་པ་གཉིས་སུ་སྣང་བ་རྣམས་ཀྱང་ཐེག་པ་གཅིག་གི་ངོ་བོར་གྲུབ་པ་གཉིས་སུ་མེད་པ་ནམ་མཁ༷འ་དང་འདྲ༷་བ༷་ནི་འཇམ་དཔལ་རྡོ་རྗེ་རྣོན་པོ་སྟེ། མཚན་མའི་རྟོག་པ་གཉིས་འཛིན་གྱིས་མི༷་གཡོ༷་བའི་གནད་ཀྱིས་མཚན་རྟོག་མེད་པ་དཔེར་ན་བེམ་པོའི་རང་བཞིན་གྱི་རལ་བ་གཡོ་འགུལ་མེད་པ་ལྟར་གནས་ཤིང་དེའི་བརྡར་རལ༷་བ༷་དམར་སེར་གྱེན་དུ་འཁྱིལ་བའི་རལ་པ་ཐོར་ཚུགས་ཀྱི་ངར་ཉམས་དང་ལྡན་པ་དང་། དེ་འདྲའི་མཚན་རྟོག་མེད་པའི་ཡེ་ཤེས་ཀྱི་རལ་བ་གཅི༷ག་གིས༷་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་ངར་ཉམས་བསྒྱིངས༷་པ་སྟེ་འཁོར་འདས་བཅིངས་ནས་བསྒྱིངས་པ་དང་། དེ་འདྲའི་རལ་བ་དང་ལྡན་པའི་གཟུགས་ཅན་ཁྲོ་བོའི་སྐུ་དེ་ཡང་རྟོགས་པའི་ཡེ་ཤེས་བརྟན་ཅིང་ཐབས་ཤེས་རྒྱུད་ལ་གོམས་པའི་བརྡར་དང་། ཁམས་གསུམ་གྱི་འགྲོ་བ་ཉོན་མོངས་པའི་ལོག་འདྲེན་གདུག་པ་ཅན་ལས་ཐར་ཞིང་འཁོར་བ་ལ་ཉམ་ང་མེད་བའི་རྟགས་སུ་གླང༷་ཆེ༷ན་གྱི་ཀོ༷་བ་རློ༷ན་པ་གོས༷་སུ༷་གྱོ༷ན་པའི་རྣམ་པར་སྟོན་པ་ཡང་འཇམ་དཔལ་རྡོ་རྗེ་རྣོན་པོ་སྟེ་དེའི་སྐུའི་ལས་སམ་ཡོན་ཏན་ཡིན་ལ་སྐུའི་སྒོ་ནས་བསྟོད་པའོ།།

རྡོ་རྗེ་སྙིང་པོ་ནི་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང་། མཁའ་འདྲ་བ་ནི་ནམ་མཁའ་འཛིན་གྱི་རྒྱུད་དང་། མི་གཡོ་བ་ནི་ཧེ་རུ་ཀ་སྒྱུ་འཕྲུལ་དྲྭ་བའི་རྒྱུད་དང་། རལ་བ་ནི་རྡོ་རྗེ་ཅོད་པན་གྱི་རྒྱུད་དང་། གླང་ཆེན་ཀོ་རློན་ནི་འཁོར་ལོ་བདེ་མཆོག་ལས་གསུངས་པའི་མཚན་དུ་གསུངས་ཏེ། སྔགས་དོན་རྣམ་ལྟ་ལས། རྡོ་རྗེ་སྙིང་པོ་ནི་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སོ། །ཞེས་དང་། མཁའ་འདྲ་བ་ནི་དཔལ་གསང་བ་མཛོད་ཀྱི་རྒྱུད་ལས་སོ། །ཞེས་དང་། དེ་ལ་མི་གཡོ་བ་ནི་དཔལ་སྒྱུ་འཕྲུལ་དྲ་བ་ལ་སོགས་པ་ལས་ཏེ། ཞེས་དང་། རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི་དཔལ་རྡོ་རྗེ་ཅོད་པན་གྱི་རྒྱུད་ལས་སོ། །ཞེས་དང་། གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་ལས་ཏེ། ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །ཞེས་པ་ནི་སྐྱེས་པ་དང་། ཐེག་པ་གཉིས་ཀྱིས་གཅིག་པ་ནི་ནམ་མཁའ་དང་འདྲ་བ་སྟེ། ནམ་མཁའ་འཛིན་གྱི་རྒྱུད་ལས་སོ། །མི་གཡོ་བ་ཞེས་བྱ་བ་ནི་སྔར་བཤད་དོ། །ཧེ་རུ་ཀ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་སོ། །རལ་པ་གཅིག་གིས་བསྒྱིངས་ཞེས་པ་ནི། རང་གི་ངོ་བོར་འཁོར་འདས་ཐམས་ཅད་ཡེ་ཤེས་གཅིག་གིས་བསྒྱིངས་ཤིང་། དབང་པོ་ཐམས་ཅད་ཉམས་མྱོང་གཅིག་གིས་བསྒྱིངས་པ་སྟེ། རྡོ་རྗེ་ཅོད་པན་གྱི་རྒྱུད་ལས་སོ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞེས་པ་ནི། རྟོགས་པ་ལ་སེམས་བརྟན་པ་དང་། ཐབས་དང་ཤེས་རབ་རྒྱུད་ལ་གོམས་པར་བྱ་བ་སྟེ། འཁོར་ལོ་བདེ་མཆོག་གི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

བདུན་པ་ནི། གྲགས་ཆེན་ཧ་ཧ་ཞེས་སྒྲོག་པ། །ཧཱི་ཧཱི་ཞེས་སྒྲོག་འཇིགས་པར་བྱེད། །གད་མོ་ཆེན་པོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོག་པ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། ཁྲོ་བོའི་སྐུའི་ཞལ་ནས་རྟག་ཆད་གཉིས་འཛིན་གྱི་མཐའ་སེལ་ཞིང་ཐབས་ཤེས་བདེ་བ་ཆེན་པོའི་ཟབ་ལམ་གྱི་གསང་བ་གཞན་ལ་སྒྲོག་པའི་གྲགས༷་པ་རབ་ཏུ་ཆེ༷ན་པོའི་དགྱེས་པའི་སྐད་ཧཱ༷་ཧཱ༷་ཞེས༷་པའི་སྒྲ་སྒྲོ༷ག་པ༷་དང་། རང་རྒྱུད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྣམ་པར་རྟོག་པ་རྣམ་པར་གཞོམ་པ་དང་། མ་རུངས་པ་རྣམས་འཇིགས་ཤིང་བརྒྱལ་བར་བྱེད་པའི་ཧཱི༷་ཧཱི༷་ཞེས༷་པའི་སྒྲ་སྒྲོག༷་པས་རྟག་ཆད་ཀྱི་མཐའ་དང་གཉིས་སུ་འཛིན་པའི་རྟོག་པ་དང་འབྱུང་བོ་གདུག་པ་ཅན་རྣམས་འཇི༷གས་པ༷ར་བྱེ༷ད་པ་ཡིན་ནོ།།

དེ་ཡང་རང་བྱུང་གསང་བ་ཆེན་པོའི་ཡེ་ཤེས་མཐོང་བའི་གདངས་རྟ་སྐད་ཀྱི་ག༷ད་མོ༷་སྒྲ་རབ་ཏུ་ཆེ༷ན་མོ༷་དང་ལྡན་པ་དང་། བདག་རྟོག་གཉིས་འཛིན་གྱི་འཁྲི་བ་དང་གདུག་པ་ཅན་རྣམས་ཟིལ་གྱིས་གནོན་པའི་དྲག་པོའི་ག༷ད་རྒྱངས༷་ཅ༷ན་དང་། རླུང་སེམས་དབུ་མར་ཞུགས་པའི་རླུང་གིས་ལྟེ་བའི་ཨ་ཤད་ཀྱི་མེ་སྦར་བས་རྡོ༷་རྗེ༷་ཙཎྜ་ལཱི་འབར་བའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གད་མོ༷་ཆེས་ཆེ༷ར་སྒྲོ༷ག་པ༷་ནི་འཇམ་དཔལ་རྡོ་རྗེ་རྣོན་པོ་སྟེ་གསུང་གི་ལས་སམ་ཡོན་ཏན་བཤད་པའོ།།

དེ་ཡང་དྲག་ཆེན་ཧཱ་ཧཱ་ནི་ཁམས་གསུམ་རྣམ་རྒྱལ་དང་། ཧཱི་ཧཱི་ནི་ཁྲོ་བོ་ཐིག་ལེ་ཟླ་བའི་རྒྱུད་དང་། འཇིགས་པར་བྱེད་ནི་ཀུན་ལས་བཏུས་པའི་རྒྱུད་དང་། གད་མོ་ཆེན་པོ་ནི་སྐུ་ཁྲོས་པའི་རྒྱུད་དང་། གད་རྒྱངས་ཅན་ནི་རྡོ་རྗེ་ཐོད་པའི་རྒྱུད་དང་། རྡོ་རྗེའི་གད་མོ་ནི་རྡོ་རྗེ་བསམ་གཏན་གྱི་རྒྱུད་ལས་གསུངས་པའི་མཚན་ཡིན་པར་གསུངས་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དྲག་ཆེན་ཧ་ཧ་ཞེས་སྒྲོགས་པ། །ཞེས་པ་ནི་མཐའ་གཉིས་སེལ་བ་དང་། ཐབས་དང་ཤེས་རབ་ཀྱི་གསང་བ་གཞན་ལ་བསྒྲག་པར་བྱ་སྟེ། ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །ཧི་ཧི་ཞེས་སྒྲོགས་ཞེས་པ་ནི། རང་རྒྱུད་ལ་སྦྱོར་བ་སྟེ། ཁྲོ་བོ་ཐིག་ལེ་ཟླ་བའི་རྒྱུད་ལས་སོ། །འཇིགས་པར་བྱེད་པ་ཞེས་པ་ནི། རྟག་ཆད་ཐ་དད་ཀྱི་མཐའ་དང་བྲལ་བ་སྟེ། ཀུན་ལས་བཏུས་པའི་རྒྱུད་ལས་སོ། །གད་མོ་ཆེན་པོ་ནི་རང་འབྱུང་གསང་བ་མཐོང་བ་སྟེ། སྐུ་ཁྲོས་པའི་རྒྱུད་ལས་སོ། །གད་རྒྱངས་ཅན་ནི་ཟིལ་གྱིས་གནོན་པའི་གསུང་སྟེ། རྡོ་རྗེ་ཐོད་པའི་རྒྱུད་ལས་སོ། །རྡོ་རྗེ་གད་མོ་ཆེར་སྒྲགས་པས་ཞེས་པ་ནི། རྡོ་རྗེ་ཙཎྜ་ལཱིར་འབར་བ་སྟེ། རྡོ་རྗེ་བསམ་གཏན་གྱི་རྒྱུད་ལས་སོ། །ཞེས་གསུངས་པས་སོ།།

སྔགས་དོན་རྣམ་ལྟ་ལས། དེ་ལ་དྲག་ཆེན་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས་ཏེ། ཞེས་དང་། ཧ་ཧ་ཞེས་སྒྲོགས་ཞེས་པ་ནི་རྒྱུད་དེ་ཉིད་ཀྱི་ཧ་ཧར་གྱུར་པ་ཞེས་དང་། ཧི་ཧི་ཞེས་སྒྲོགས་ནི་དཔལ་ཁྲོ་བོ་ཟླ་བའི་ཐིག་ལེའི་རྒྱུད་དེ་ལས་གསུངས་ཏེ། ཞེས་དང་། འཇིགས་པར་བྱེད་པ་ནི་དཔལ་རྒྱུད་ཀུན་ལས་བཏུས་པ་ལས་གསུངས་སོ། །ཞེས་དང་། དེ་ལ་གད་མོ་ཆེན་པོ་ནི་རྒྱུན་ཆད་པ་མེད་པའི་དོན་ཏོ། །དེ་ལ་དཔལ་ཐུན་མོང་མ་ཡིན་པའི་གསང་བའི་རྒྱན་གྱི་བཀོད་པའི་རྒྱུད་ལས་ཏེ། ཞེས་སོགས་ནས། བཞི་པོ་འདི་ཡང་རྒྱུད་དེ་ཉིད་ལས་བསྟན་ཏོ། །ཞེས་གད་མོ་ཆེན་པོ་དང་། གད་རྒྱངས་ཅན་དང་། རྡོ་རྗེ་གད་མོ་དང་། ཆེར་སྒྲོགས་པ་བཞི་ཕྱེས་ནས་དེ་དག་གསང་བ་རྒྱན་བཀོད་པའི་རྒྱུད་ལས་བསྟན་པར་གསུངས་སོ།།

པྲ་ཛྙཱ་གུ་རུའི་མཚན་གྱི་སྒྲོན་མེ་ལས། ཁྲོ་བོ་རྣམ་རྒྱལ་རྒྱུད་གཉིས་ལས། །ཞེས་པ་ནི་དྲག་ཆེན་དང་། ཧཱ་ཧཱ་གཉིས་ལ་བྱེད་པ་ཡིན་ངེས་སོ།།

བརྒྱད་པ་ནི། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུཾ་སྟེ་ཧཱུཾ་ཞེས་སྒྲོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། ཆོས་ཀྱི་སྐུ་སྟོང་དང་སྙིང་རྗེ་འགྱུར་བ་མེད་པ་རྡོ༷་རྗེ༷་ལྟར་ངོ་བོ་དབྱེར་མི་ཕྱེད་པའི་ཐུགས་ཡེ་ཤེས་ཆེན་པོ་ཆོས་ཀྱི་དབྱིངས་ལ་སེམས༷་ཤིང་། ཐུགས་རྗེས་འགྲོ་བའི་དོན་བརྩོན་པ་ལ་རབ་ཏུ་དཔའ༷་བ་གང་ཡིན་པ་དེ་ནི་སེམས༷་དཔ༷འ་ཆེན་པོ་ལོངས་སྤྱོད་རྫོགས་པའི་སྐུར་སྣང་བའི་ཆེ༷་བ་དང་ལྡན་པ་སྟེ་ཐུགས་ཀྱི་རང་བཞིན་བསྟན་པའོ།།

དེ་འདྲའི་ཐུགས་རྡོ༷་རྗེ༷་ཆོས་སྐུའི་ཡེ་ཤེས་དེ་ནི་དེ་ལས་གོང་ན་གཞན་མེད་པའམ་བླ་ན་མེད་པས་ན་ཡོན་ཏན་དང་ཆོས་ཐམས་ཅད་ཀྱི་རྒྱལ༷་པོ༷་དང་། དེ་ཡང་སྙོམས་པར་འཇུག་པ་ཟག་པ་མེད་པའི་བ༷དེ་བ༷་རབ་ཏུ་ཆེ༷་བའི་སྐུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་བཞུགས་པ་དང་། དེ་ཡང་གདུག་པ་ཅན་རྣམས་འདུལ་བའི་མཐུ་མངའ་བའམ་སྤྲུལ་སྐུ་སྟོང་གསུམ་དུ་ཁྱབ་པའི་སྐུར་སྤྲུལ་ནས་རྡོ༷་རྗེ༷་མེ་འབར་བ་དྲ༷ག་པོ༷་ཁྲོས་པའི་སྐུས་གདུལ་བྱ་གདུལ་དཀའ་བ་རྣམས་འདུལ་བ་དང་། ཞི་བའི་ཚུལ་གྱིས་གསང་བ་མཆོག་གི་གདུལ་བྱར་ངེས་པ་རྣམས་ལ་ལམ་དང་འབྲས་བུའི་ཆོས་ཀྱིས་དགའ༷་བ༷་རབ་ཏུ་ཆེ༷་བས་འཚིམ་པར་བྱེད་པ་དང་། བདེ་བ་ཆེན་པོའི་ཡེ་ཤེས་སྟོང་ཉིད་རྡོ༷་རྗེ༷་དང་དབྱེར་མེད་པ་དེ་ཡང་མཚན་མར་གྲུབ་པས་རྒྱུ་དང་བྲལ་བ་དང་། བརྗོད་པ་ཚིག་དང་བྲལ་བ་དང་། མཐའ་གང་ལའང་མི་གནས་པའི་དོན་དེ་རང་རྒྱུད་ལ་སྦྱངས་ནས་གསུང་ཡིག་འབྲུ་ཧཱུ༷ཾ་ཡིག་གི་རྣམ་པར་སྟོན་པ་སྟེ༷། ཧཱུཾ་ཡིག་གིས་མཚོན་པ་དང་། དེ་ལྟར་དེའི་བརྡར་ཞལ་ནས་ཧཱུཾ་སྒྲ་སྒྲོག་པས་འབྱུང་བོ་འདུལ་བ་དང་། ཧཱུ༷ཾ་ཡིག་གིས་མཚོན་པའི་གཉིས་སུ་མེད་པའི་དོན་དེ་གཞན་ལ་འདི་ཞེས༷་སྒྲོ༷ག་པར་བྱེད་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱི་ཡོན་ཏན་ཡིན་ནོ་ཞེས་པའོ།།

དེ་ཡང་རྡོ་རྗེ་སེམས་དཔའ་ནི་དེ་ཉིད་བསྡུས་པའི་རྒྱུད་དང་། སེམས་དཔའ་ཆེ་ནི་དགྱེས་པ་རྡོ་རྗེའི་རྒྱུད་དང་། རྡོ་རྗེ་རྒྱལ་པོ་ནི་པདྨ་རྡོ་རྗེ་སྙོམས་འཇུག་གི་རྒྱུད་དང་། རྡོ་རྗེ་དྲག་པོ་ནི་རྟོག་པ་བཞིའི་རྒྱུད་དང་། རྡོ་རྗེ་ཧཱུཾ་ནི་ཧེ་རུ་ཀ་མངོན་པར་འབྱུང་བ་དང་། ཧཱུཾ་སྒྲོག་ནི་རྡོ་རྗེ་མཆོག་གི་རྒྱུད་ལས་གསུངས་པའི་མཚན་དུ་གསུངས་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་སེམས་དཔའ་ནི་ཆོས་ཀྱི་སྐུ་སྟེ། དེ་ཁོ་ན་ཉིད་བསྡུས་པའི་རྒྱུད་ལས་སོ། །སེམས་དཔའ་ཆེ་ཞེས་པ་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དགྱེས་པ་རྡོ་རྗེ་ལས་སོ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །ཞེས་པ་ནི་བདེ་བ་ཆེན་པོའི་སྐུ་སྟེ། པདྨ་དང་རྡོ་རྗེ་སྙོམས་པར་འཇུག་པའི་རྒྱུད་ལས་སོ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །ཞེས་པ་ནི་སྤྲུལ་པའི་སྐུ་སྟེ། རྟོག་པ་བཞི་པའི་རྒྱུད་ལས་སོ། །རྡོ་རྗེ་ཧཱུཾ་སྟེ་ཞེས་བྱ་བ་ནི་རྒྱུ་མེད་པ་དང་། ཚིག་དང་བྲལ་བ་དང་། མི་གནས་པ་རང་རྒྱུད་ལ་སྦྱངས་པ་སྟེ། ཧེ་རུ་ཀ་མངོན་པར་འབྱུང་བའི་རྒྱུད་ལས་སོ། །ཧཱུཾ་ཞེས་སྒྲོགས་ཞེས་པ་ནི། དེ་ཉིད་གཞན་ལ་སྟོན་པ་སྟེ། །རྡོ་རྗེ་མཆོག་གི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

སྔགས་དོན་རྣམ་ལྟ་ལས། དེ་ལ་རྡོ་རྗེ་སེམས་དཔའ་ནི་དཔལ་མཆོག་དང་པོའི་རྒྱུད་ལས་སོ། །སེམས་དཔའ་ཆེ་ནི་རྡོ་རྗེ་འཛིན་པ་ཆེན་པོ་སྟེ། དཔལ་གསང་བ་འདུས་པ་ལས་གསུངས་སོ། །རྡོ་རྗེ་རྒྱལ་པོ་ནི་དཔལ་གསང་བ་མཛོད་ཀྱི་རྒྱུད་ལས་སོ། །བདེ་བ་ཆེན་པོ་ནི་དཔལ་བདེ་མཆོག་གི་རྒྱུད་ལས་སོ། །ཞེས་དང་། དེ་ལ་རྡོ་རྗེ་དྲག་པོ་ནི་དཔལ་རྡོ་རྗེ་གསང་བའི་རྒྱན་གྱི་རྒྱུད་ལས་གསུངས་སོ། །ཞེས་དང་། དགའ་བ་ཆེན་པོ་ནི་དཔལ་ནོར་བུ་གསང་བའི་ཐིག་ལེའི་རྒྱུད་ལས་སོ། །ཞེས་དང་། རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོགས། །ཞེས་པ་ནི་དཔལ་དེ་ཉིད་འདུས་པའི་རྒྱུད་ལས་ཏེ། ཞེས་སྔ་མ་དང་མི་མཐུན་པར་གསུངས་སོ།།

དགུ་བ་ནི། མཚོན་དུ་རྡོ་རྗེའི་མདའ་ཐོགས་པ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་བཅས་ལ་ཚོགས་དྲུག་གི་འཛིན་པ་གཅོད་པའི་མཚོ༷ན་བྱེད་དུ༷་ནི་ཚོགས་དྲུག་ཡུལ་ལ་ཐུག་འཕྲད་ཀྱི་སྣང་བ་ལའང་ཡེ་ཤེས་ཆེན་པོ་རང་ཆས་སུ་གནས་པའི་ཐུགས་རྡོ༷་རྗེ༷འི་མདའ༷་རྣོན་པོ་ཐོགས༷་པ༷་དང་། དེའི་རྟགས་སུ་ཁྲོ་བོ་འབར་བའི་ཕྱག་ན་གདུག་པའི་མཚོན་ཆ་མདའ་དང་གཞུ་ཆེན་པོ་འཛིན་པའི་རྣམ་པར་སྟོན་པ་དང་། དེ་ལྟར་གཟུང་འཛིན་གཉིས་མེད་བདེ་བ་ཆེན་པོའི་རྡོ༷་རྗེ༷འི་ཏིང་ངེ་འཛིན་གོམས་པའི་ར༷ལ་གྲི༷ས་ཉོན་མོངས་པ་དང་རྣམ་རྟོག་མ༷་ལུས༷་པའི་དགྲའི་སྲོག་གཅོ༷ད་པ་དང་། དེའི་བརྡར་རྡོ་རྗེ་འཇིགས་བྱེད་ཆེན་པོའི་གཟུགས་ཀྱིས་མ་རུངས་པ་མ་ལུས་པ་ཚར་གཅོད་པའི་ཚུལ་སྟོན་ཅིང་འཇམ་དཔལ་དབྱངས་ཀྱི་ཕྱག་ན་རལ་གྲི་འཛིན་པའི་རྣམ་པར་བཞུགས་པའོ།།

སངས་རྒྱས་རྣམས་ཀྱི་ཐུགས་རྡོ༷་རྗེ༷་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡོངས་སུ་རྫོགས་པའི་དུས་སུ་སོན་པ་ཀུ༷ན་འཆ༷ང་བས་ན་ཡེ་ཤེས་ཀྱི་རྡོ༷་རྗེ༷་མངའ་བའི་བདག་ཉིད་ཅ༷ན་གང་ཡིན་པ་དེ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རྡོ༷་རྗེ༷་ཆོས་ཀུན་ཐ་མི་དད་པ་བླང་དོར་མེད་པའི་ངོ་བོར་གཅི༷ག་པུ༷་རུ་གནས་པ་རྟོགས་པ་གང་ཡིན་པ་དེས་གཉིས་འཛིན་རྣམ་རྟོག་བག་ཆགས་དང་བཅས་པ་འཇོམ་པའི་སྒོ་ནས་རྣམ་རྟོག་གི་དབང་ལས་བྱུང་བའི་དགྲ་དང་ཕུང་པོ་ལ་སོགས་པའི་གཡུལ༷་གྱི་འཇིགས་པ་སེལ༷་བ༷་ཡི་ལས་བྱེད་པ་དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པ་སྟེ། ཁྲོ་བོ་རྡོ་རྗེ་རྣོན་པོ་དེ་ཉིད་ཀྱིས་ལས་ཅི་མཛད་བསྟན་པ་ཡིན་ནོ།།

དེ་ཡང་རྡོ་རྗེའི་མདའ་ནི་སྒྱུ་འཕྲུལ་ཆེན་མོ་དང་། རྡོ་རྗེ་རལ་གྲི་ནི་དཔལ་མཆོག་དང་པོའི་རྒྱུད་དང་། རྡོ་རྗེ་ཀུན་འཆང་ནི་དགོངས་པ་ལུང་བསྟན་པའི་རྒྱུད་དང་། །རྡོ་རྗེ་གཅིག་པུ་ནི་འཇམ་དཔལ་ཞལ་ལུང་དང་། རྡོ་རྗེ་གཡུལ་སེལ་ནི་དམ་པ་དང་པོའི་རྒྱུད་ལས་བསྟན་པའི་མཚན་དུ་གསུངས་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། མཚོན་དུ་རྡོ་རྗེ་མདའ་ཐོགས་པ། །ཞེས་པ་ནི་ཚོགས་དྲུག་ཐུག་ཕྲད་ཡེ་ཤེས་རང་ཆས་སུ་སྟོན་པ་སྟེ། སྒྱུ་འཕྲུལ་ཆེན་མོའི་རྒྱུད་ལས་སོ། །རྡོ་རྗེ་རལ་གྲིས་མ་ལུས་གཅོད། །ཅེས་པ་ནི་ཏིང་ངེ་འཛིན་གྱིས་གོམས་པའི་མཐུ་བསྟན་པ་སྟེ། དཔལ་མཆོག་དང་པོའི་རྒྱུད་ལས་སོ། །རྡོ་རྗེ་ཀུན་འཆང་རྡོ་རྗེ་འཆང་། །ཞེས་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡོངས་སུ་རྫོགས་པའི་དུས་ཏེ། དགོངས་པ་འདུས་པའི་ལུང་བསྟན་གྱི་རྒྱུད་ལས་སོ། །རྡོ་རྗེ་གཅིག་པུ་ཞེས་པ་ནི་སྔར་བཤད་ཟིན་ཏོ། །འཇམ་དཔལ་ལུང་བསྟན་པའི་རྒྱུད་ལས་སོ། །གཡུལ་སེལ་ནི་ཕུང་པོ་ལ་སོགས་པའི་ཚོགས་བཟློག་པ་སྟེ། དམ་པ་དང་པོའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

སྔགས་དོན་རྣམ་ལྟ་ལས། དེ་ལ་མཚོན་དུ་རྡོ་རྗེ་མདའ་ཐོགས་པ་ནི་དཔལ་དམ་ཚིག་ཆེན་པོའི་རྒྱུད་ལས་ཏེ། ཞེས་དང་། རྡོ་རྗེ་རལ་གྲི་ནི་དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ཏེ། ཞེས་དང་། རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །ཞེས་པ་ནི། དེ་ལ་སྣ་ཚོགས་རྡོ་རྗེ་འཆང་ནི་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས་ཏེ། ཞེས་དང་། རྡོ་རྗེ་ཅན་ནི་རྒྱུད་དེ་ཉིད་ལས་སོ། །ཞེས་དང་། རྡོ་རྗེ་གཅིག་པུ་ནི་དཔལ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་རྒྱུད་ལས་སོ། །ཞེས་དང་། གཡུལ་སེལ་བ་ནི་དཔལ་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ལས་ཏེ། ཞེས་ཡང་སྔ་མ་དང་མི་མཐུན་པར་གསུངས་སོ།།

བཅུ་བ་ནི། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་བ་སྟེ་རྡོ་རྗེའི་མིག །ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེའི་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེའི་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པའི་ཤོ་ལོ་ཀ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྡོ༷་རྗེ༷་ཉིད་རྣམ་སྣང་ལ་སོགས་པ་རིགས་ཀྱི་སྐུ་སྣ་ཚོགས་འབ༷ར་བ༷་ཆེན་པོར་སྣང་བར་བྱེད་པའི་རྒྱུ་སྙིང་རྗེའི་སྤྱན་དང་། སྐུ་སྣ་ཚོགས་སུ་སྣང་བ་ཉིད་ཀྱང་བདེ་བ་ཆེན་པོའི་སྐུར་གཅིག་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་བརྡར་དྲག་པོའི་སྡང་མི༷ག་ཤིན་ཏུ་མི༷་བཟ༷ད་པས་བགེགས་རྣམས་ལ་བལྟ་བའི་ཚུལ་དང་། སྙིང་པོའི་ཡེ་ཤེས་ཀྱི་སྐྲ༷་ཡ༷ང་སྲིད་པ་གསུམ་གྱི་རང་བཞིན་ལ་ཁྱབ་པས་སྟོང་ཉིད་རྡོ༷་རྗེ༷་འབ༷ར་བ༷་སྟེ༷། དེའི་བརྡར་ཁྲོ་བོའི་དབུ་སྐྲ་ཡང་རྡོ་རྗེ་ལྟར་གཞོམ་གཞིག་མི་ནུས་པར་རལ་གྲི་ལྟར་རྩུབ་ལ་མེ་སྟག་འབར་བར་སྟོན་པ་དང་། སྐུ་གསུང་ཐུགས་ཀྱི་རྡོ༷་རྗེ༷་ལ་རབ་ཏུ་གནས་པས་བདུད་དང་དབང་ཕྱུག་ལ་སོགས་པ་ལ་གསང་སྔགས་ཀྱི་ལམ་གྱི་ཡེ་ཤེས་ཀྱི་ཕྱག་འབེབ༷ས་པ༷་ཆེན་པོས་རབ་ཏུ་འབེབས་པར་བྱས་ནས་འགུགས་ཤིང་གཟིར་བར་མཛད་པ་དང་། བླ་མའི་བླ་མ་དང་། རྡོ་རྗེ་འཆང་གི་བྱིན་རླབས་འབེབ༷ས་པ༷་ཆེ༷་བ་རྣམས་འབེབས་པ་མཛད་པ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་དང་ཡོན་ཏན་གྱི་ཆེ་བ་དང་། ཐམས་ཅད་དུ་འགགས་པ་མེད་པའི་ཤེས་རབ་ཀྱི་སྤྱན་ནམ་མི༷ག་སྙིང་རྗེ་དང་དབྱེར་མི་ཕྱེད་པ་བ༷རྒྱ་ཕྲག་ཏུ་ལོངས་པ༷་སྟེ༷་མངའ་བས་འགྲོ་བའི་རྒྱུད་ལ་གཟིགས་པ་དང་། དེའི་རྟགས་སུ་ཁྲོ་བོ་ཞལ་དུ་མ་དང་ལྡན་པ་ལ་མིག་བརྒྱ་ཕྲག་འབར་བ་སྡང་བའི་སྤྱན་དང་མེ་ཡི་ཚ་ཚ་འཕྲོ་བ་ལ་སོགས་པའི་འཇིགས་པའི་སྐུར་སྟོན་པ་དང་། དེ་ལྟར་གཞན་ལ་གཟིགས་པའི་ཤེས་རབ་ཀྱི་སྤྱན་དང་ལྡན་པ་མ་ཟད་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་སངས་རྒྱས་སྐུ་ལྔའི་སྤྱན་ནམ་རྡོ༷་རྗེ༷འི་མི༷ག་དང་ལྡན་པ་དང་། རྡོ་རྗེ་ཡེ་ཤེས་ཀྱི་རྣལ་འབྱོར་ཉམས་སུ་བླངས་པ་ལས་སྐྱེས་པའི་ལུས༷་ནི༷་བ་སྤུའི་བུ་ག་རེ་རེ་ན་སངས་རྒྱས་རྣམས་ཀྱི་ཐབས་ཤེས་ཁ་སྦྱོར་བའི་དཀྱིལ་འཁོར་གྱིས་སྡོམ་པར་བྱེད་པས་ན་རྡོ༷་རྗེ༷འི་ཡེ་ཤེས་ཀྱི་བ༷་སྤུ༷་ཡིས་གཏམས་པ་ཅ༷ན་དུ་གསུངས་པ་དང་། དེའི་མཚོན་བྱེད་དུ་ཁྲོ་བོའི་ལུས་ཀྱི་བ་སྤུ་རྣམས་ཀྱང་ཚེར་མ་ལྟར་རྣོ་ལ་རགས་པས་གཏམས་ཤིང་མེ་སྟག་འཕྲོ་བ་དང་། དེ་ལྟ་བུའི་རྡོ༷་རྗེ༷འི་སྤུ༷་ཡིས་གཏམས་པའི་ཡེ་ཤེས་ཀྱི་ལུས་ཡན་ལག་དང་ཉང་ལག་ཏུ་སོ་སོར་སྣང་བ་རྣམས་ཀྱང་ནི༷་དོན་ལ་ལྷན་ཅིག་སྐྱེས་པ་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་དབྱེར་མེད་པར་གཅི༷ག་པུ༷འི་བདག་ཉིད་དུ་གྲུབ་པའི་ཡེ་ཤེས་ཀྱི་ལུས༷་ཡིན་པ་དང་། ས་བཅུའི་ཡེ་ཤེས་ཁོང་དུ་ཆུད་ཅིང་སྟོབས་བཅུ་དང་ལྡན་པ་དང་། རིགས་ལྔ་ཡེ་ཤེས་ལྔ་དབྱེར་མེད་པའི་སེ༷ན་མོ༷་སྐྱེ༷ས་པ༷་ནི་དེ་ལྟར་ཡེ་ཤེས་ཀྱི་རྡོ༷་རྗེ༷་རྩེ༷་རབ་ཏུ་འབར་བ་དང་ལྡན་པ་དང་། དེའི་མཚོན་བྱེད་ཁྲོ་བོའི་ཕྱག་གི་སེན་མོ་རྣམས་ལས་རྡོ་རྗེ་སྐྱེས་ཤིང་དེའི་རྩེ་མོ་འཇིགས་སུ་རུང་བ་རྣམས་ཀྱིས་གདུག་པའི་ཚོགས་ལ་སྐྲག་པ་བསྐྱེད་པར་བྱེད་པ་ཡིན་ནོ།།

འཁོར་བ་བདེ་བ་ཆེན་པོའི་ཡེ་ཤེས་རྡོ༷་རྗེ༷འི་སྙིང༷་པོ༷་ཅན་ཡིན་པ་དང་། ཆོས་ཉིད་མི་འགྱུར་བའི་གོ་ཆའི་པགས༷་པ༷་མཁྲེ༷གས་པ་དང་། དེའི་བརྡར་ཁྲོ་བོའི་སྐུའི་པགས་པ་ཤིན་ཏུ་སྲ་ལ་མཁྲེགས་པའི་ཚུལ་ཅན་དང་། ཐབས་བདེ་བ་ཆེན་པོ་དང་སྟོང་པ་རྡོ༷་རྗེ༷འི་ཡེ་ཤེས་ཀྱི་ངོ་བོར་ཚོགས་དང་། རྒྱུ་དང་མཚན་ཉིད་གཅིག་པའི་ཕྲེང༷་བ་རྒྱུད་ལ་ཐོགས༷་ནས་འགྲོ་བའི་དོན་རྒྱུན་མི་ཆད་པར་མཛད་པའི་བདག་རྐྱེན་མི་སློབ་པའི་འབྲས་བུའི་དཔལ༷་དང༷་ལྡ༷ན་པ་ཡིན་པ་དང་། ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ལ་ཡེ་ཤེས་ཀྱི་རྡོ༷་རྗེ༷འི་རྒྱ༷ན་ཆ་ཡིས༷་རང་ཆས་སུ་བརྒྱ༷ན་པ༷་དང་ལྡན་པ་སྟེ༷། དེའི་རྟགས་སུ་དབུ་དང་ལུས་ཀྱི་ཡན་ལག་དང་སྐུའི་ཆ་ཐམས་ཅད་ལ་རྡོ་རྗེ་རྩེ་གསུམ་པའི་ཕྲེང་བ་ལ་སོགས་པས་རྣམ་པར་བརྒྱན་པའི་གཟུགས་སུ་སྟོན་པ་ཡིན་ཞེས་པ་སྟེ། ཕྱི་རྒྱན་གྱི་ཁྱད་པར་གྱི་སྒོ་ནས་ནང་ཐུགས་ཀྱི་རིགས་ཀྱི་ཡོན་ཏན་ལ་བསྟོད་པ་ཡིན་པར་གསུངས་སོ།།

དེ་ཡང་དང་པོ་རྡོ་རྗེ་འབར་བ་ནི་དམ་ཚིག་བཀོད་པའི་རྒྱུད་དང་། གཉིས་པ་མིག་མི་བཟད་ནི་བསམ་གཏན་རྩེ་མོའི་རྒྱུད་དང་། གསུམ་པ་སྐྲ་ནི་མངོན་པར་མཐོང་བའི་རྒྱུད་དང་། བཞི་བ་རྡོ་རྗེ་འབེབས་པ་ནི་བདུད་རྩི་མཆོག་གི་རྒྱུད་དང་། ལྔ་བ་འབེབས་པ་ནི་ཐུགས་ཁྲོས་པ་རྡོ་རྗེའི་རྒྱུད་དང་། དྲུག་པ་མིག་བརྒྱ་བ་ནི་སྤྱན་གཟིགས་སྙིང་གུར་གཅིག་པའི་རྒྱུད་དང་། བདུན་པ་རྡོ་རྗེའི་མིག་ནི་རྡོ་རྗེ་ཞི་བ་བདེ་བའི་རྒྱུད་དང་། བརྒྱད་པ་བ་སྤུ་ནི་ཀུན་ཏུ་ཁ་སྦྱོར་བའི་རྒྱུད་དང་། དགུ་བ་སྤུ་ནི་རྡོ་རྗེ་དཀྱིལ་འཁོར་རྒྱལ་དང་། བཅུ་བ་སེན་མོ་ནི་གཤིན་རྗེ་གཤེད་བཞི་བརྒྱ་ལྔ་བཅུའི་རྒྱུད་དང་། བཅུ་གཅིག་པ་རྡོ་རྗེའི་སྙིང་པོ་ནི་མངོན་པར་བྱང་ཆུབ་པའི་རྒྱུད་དང་། བཅུ་གཉིས་པ་པགས་པ་ནི་སྒྱུ་མ་བསྒྲགས་པ་དང་། བཅུ་གསུམ་པ་རྡོ་རྗེའི་ཕྲེང་ཐོགས་ནི་ལྷ་མོ་བཞི་ཞུས་དང་། བཅུ་བཞི་བ་དཔལ་དང་ལྡན་པ་ནི་རྡོ་རྗེའི་ཕྲེང་བའི་རྒྱུད་དང་། བཅོ་ལྔ་བ་རྡོ་རྗེའི་རྒྱན་ནི་མཁའ་འགྲོ་མ་གུར་གྱི་རྒྱུད་ལས་བསྟན་པའི་མཚན་རྣམས་ཡིན་པར་གསུངས་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་འབར་བ་ཞེས་པ་ནི། བདེ་བ་ཆེན་པོ་ཉིད་རིགས་ཀྱི་སྐུ་སྣ་ཚོགས་སུ་སྣང་བའི་སྙིང་རྗེའི་སྤྱན་ཏེ། དམ་ཚིག་བཀོད་པའི་རྒྱུད་ལས་སོ། །མིག་མི་བཟང་ཅེས་པ་ནི། སྐུ་སྣ་ཚོགས་ཉིད་བདེ་བ་ཆེན་པོའི་སྐུར་གཅིག་པ་ཡེ་ཤེས་ཀྱི་སྤྱན་ཏེ། བསམ་གཏན་རྩེ་མོའི་རྒྱུད་ལས་སོ། །ཞེས་པ་ནས། རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་ཕུང་པོ་ལ་སོགས་པ་ཐམས་ཅད་ཡེ་ཤེས་རང་ཆས་སུ་ལྡན་པ་སྟེ། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས་སོ། །ཞེས་གསུངས་པས་སོ།།

སྔགས་དོན་རྣམ་ལྟ་ལས། རྡོ་རྗེ་འབར་བ་མིག་མི་བཟད། །སྐྲ་ཡང་རྡོ་རྗེ་འབར་བ་སྟེ། །ཞེས་པ་ནི་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་ལས་ཏེ། ཞེས་དང་། རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག །ཅེས་པ་ནི་དཔལ་ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས་ཁྲོ་བོ་འདི་བཞིར་བརྗོད་དོ། །ཞེས་དང་། རྡོ་རྗེའི་བ་སྤུ་མྱུ་གུའི་ལུས། །རྡོ་རྗེ་སྤུ་ནི་གཅིག་པུ་ལུས། །ཞེས་པ་ནི། དེ་གཉིས་ནི་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་གསུངས་ཏེ། ཞེས་དང་། སེན་མོ་བརྩམས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །ཞེས་པ་ནི་དཔལ་རྡོ་རྗེ་རྩེ་མོའི་རྒྱུད་ལས་དེ་གཉིས་གསུངས་ཏེ། ཞེས་དང་། རྡོ་རྗེ་ཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེ་རྒྱན་གྱིས་བརྒྱན་པ་སྟེ། །ཞེས་པ་ནི་དཔལ་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས། ཧ་ལའི་འཁོར་ལོ་ལས་འདི་གཉིས་གསུངས་ཏེ། ཞེས་སྔ་མ་དང་མི་མཐུན་པར་གསུངས་སོ།།

བཅུ་གཅིག་པ་ནི། གད་རྒྱངས་ཧཱ་ཧཱ་ངེས་པར་སྒྲོག །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོ་སྒྲ་ཆེ་བ། །འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ། །སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཅེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་ཡེ་ཤེས་རང་ཆས་སུ་གནས་པས་གཞན་གྱི་ཟིལ་གྱིས་མི་ནོན་པའི་དཔའ་བའི་ག༷ད་མོ་འཁོར་འདས་ཀྱི་མཐའ་རྒྱང༷ས་རིང་དུ་ཧཱ༷་ཧཱ༷་ཞེས་པའི་སྒྲ་ངེས༷་པ༷ར་དུ་སྒྲོ༷ག་པར་བྱེད་པ་སྟེ། དེའི་བརྡར་ཞལ་དྲུག་རབ་ཏུ་བཞད་པ་ལས་ཧཱ་ཧཱ་ཞེས་པའི་འཇིགས་པའི་གད་མོ་དང་། གཏུམ་པའི་རྟ་སྐད་སྟོང་གསུམ་དུ་ཁྱབ་པར་མཚེར་བར་བྱེད་པའོ།།

གད་རྒྱངས་ཧཱ་ཧཱ་སྒྲོག་ཅེས་པའི་མཚན་དེ་ཡང་དཔལ་རྡོ་རྗེའི་མཁའ་འགྲོ་མའི་རྒྱུད་ལས་གསུངས་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། གད་རྒྱངས་ཧ་ཧ་ངེས་པར་སྒྲོགས། །ཞེས་པ་ནི་ཟིལ་གྱིས་མི་གནོན་པའི་ཕུང་པོ་ལ་སོགས་པ་སྟེ། དཔལ་རྡོ་རྗེ་མཁའ་འགྲོ་མའི་རྒྱུད་ལས་སོ། །ཞེས་གསུངས་པའི་ཕྱིར་རོ།།

སྙིང་པོ་མངོན་པར་རྟོགས་པ་ལས། རིགས་དྲུག་གི་རྣམ་པར་དག་པ་ནི་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་པ་སྟེ། ཞེས་གསུངས་པ་ལྟར། འགྲོ་བ་རིགས་དྲུག་གི་ངོ་བོ་ལྷ་རིགས་དྲུག་ཏུ་རྣམ་པར་དག་པ་སྟོན་པའི་ཡི༷་གེ༷་ཨོཾ་ཝཱ་གཱི་ཤྭ་རི་མུཾ་དྲུག་སྟེ། ཁྲོ་རྒྱལ་གདོང་དྲུག་གི་རྒྱུད་ལས་གསུངས་ཤིང་། ཡི་གེ་དྲུ༷ག་པ༷་ཡི་ཚོགས་དེ་ནི་ཆོས་ཐམས་ཅད་མ་སྐྱེས་པ་ཞེས་པའི་དོན་གསང་སྔགས་རྡོ༷་རྗེ༷འི་རང་སྒྲ༷་སྟེ། སྟོང་པ་ཉིད་སྤྲོས་པའི་མཚན་མ་ཡེ་ནས་གཤིས་སུ་མ་གྲུབ་པ་གང་ཉིད་སྤྲོས་པའི་ཚིག་ཆེན་པོའི་རྣམ་པར་གྱུར་པས་ན་འཇ༷མ་དཔལ་དབྱང༷ས་ཀྱི་གསུང་སྒྲ་དང་། སྟོང་ཉིད་སྙིང་དབྱེར་མེད་པའི་མཐུས་འཇམ་དབྱངས་ཀྱི་གསུང་སྒྲ་དེ་ཡི་དོན་ལས་བསྟན་པའི་དོན་གཞན་ལ་བསྟན་པས་དེ་ཡི་དོན་ཤེས་པས་དོན་ཡོད་པ་དང་སྐལ་བ་ཆེ༷ན་པོ༷་དང་ལྡན་པར་བྱེད་པས་ན་བརྟན་གཡོའི་སྒྲ༷་ཐམས་ཅད་ལས་ཆེ༷་བ༷་འབུམ་གྱི་ཡོན་ཏན་གྱིས་ཕྱུག་པའི་སྒྲ་ཡིན་པ་དང་། ས་འོག་ས་སྟེང་ས་བླའི་འཇིག་རྟེན་གསུམ་མམ་འདོད་གཟུགས་གཟུགས་མེད་ཀྱི་འ༷ཇིག་རྟེ༷ན་གྱི་ཁམས་གསུམ༷་ན༷་སྒྲ་སྐད་ཐམས་ཅད་ཀྱི་ངོ་བོ་དང་ཆོས་ཐམས་ཅད་སྐྱེ་བ་མེད་པ་སྟོང་པ་ཉིད་དུ་གཅིག་པར་སྟོན་པའི་སྒྲ་ནི་ཨ་ཡིག་གི་སྒྲ༷་གཅི༷ག་པ༷་འདི་ཁོ་ན་ལགས་ཏེ། སྐྱེ་བ་མེད་པའི་དོན་ནི་གཅིག་ཐ་དད་གང་དུའང་གྲུབ་པ་མེད་ལ། དེ་ནི་ཨ་ཡི་སྒྲ་གཅིག་པུས་མཚོན་པ་ཡིན་པའི་ཕྱིར། དེ་ཕྱིར་བརྗོད་མེད་ཀྱི་སྒྲ་དེ་ནི་བརྟན་གཡོའི་ངོ་བོ་སྟོན་པའི་སྒྲ་གཅིག་ཁོ་ན་དེ་ཡིན་ནོ།།

དེ་ལྟར་འཇིག་རྟེན་གསུམ་མམ་ནམ༷་མཁ༷འི་མཐ༷འ་ཀླས༷་པའི་ཁམས་ཀུན་ལ་ཆོས་ཀུན་གྱི་ངོ་བོ་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་གཅིག་གིས་བསྡུས་པའི་དོན་སྟོན་པའི་ཨ་ཡིག་གི་སྒྲ༷་སྒྲོག༷་པ༷་གང་ཡིན་པ་དེ་ནི་ནམ་མཁའི་ཁམས་ལྟར་ཀུན་ལ་ཁྱབ་ཅིང་ཅིའི་ངོ་བོར་ཡང་མི་གནས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་ཡིན་ལ། དེ་ཕྱིར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ཡི་གེ་ཨ་ཡིས་མཚོན་པའི་སྒྲ༷་དང༷་ལྡ༷ན་པ༷་ཡི་དངོས་པོ་རྣམ༷ས་ཀྱི༷་མཆོ༷ག་སྟེ་གཞིའི་དུས་ན་ཆོས་རྣམས་ཀྱི་གནས་ལུགས་བདེན་སྟོང་སྐྱེ་བ་མེད་པ་ཆོས་དབྱིངས་མཉམ་པ་ཉིད་དང་། ལམ་གྱི་དུས་ན་བདེན་གཉིས་དབྱེར་མེད་ཆེན་པོར་རྟོགས་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་དང་། འབྲས་བུའི་དུས་སུ་སྐུ་གསུམ་དབྱེར་མེད་ཆེན་པོའི་ཡེ་ཤེས་ཀྱི་རང་བཞིན་ལ་བྱ་བའམ་ཟེར་བ་ཡིན་ནོ། །དེ་ནི་འཇམ་དཔལ་དབྱངས་ཀྱིས་གསུང་དབྱངས་དེ་འདྲ་བའི་གསུང་གི་སྒོ་ནས་འགྲོ་བ་འདྲེན་པའི་ཡོན་ཏན་དང་ལྡན་པར་བསྟན་པའོ།།

སྔགས་དོན་རྣམ་ལྟ་ལས། གད་རྒྱངས་ཧ་ཧ་སྒྲ་བྲལ་སྒྲོགས། །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །ཞེས་པ་ནི། དེ་ལ་གད་རྒྱངས་ཧ་ཧ་ཞེས་པ་ནི་དཔལ་དཔུང་བཟངས་ཀྱི་རྒྱུད་ལས་ཏེ། ཞེས་དང་། སྒྲ་བྲལ་བ་ནི་དཔལ་ལེགས་པར་གྲུབ་པར་བྱེད་པའི་རྒྱུད་ལས་སོ། །ཞེས་དང་། རྡོ་རྗེའི་སྒྲ་ནི་དཔལ་སྟོང་ཕྲག་བརྒྱ་པ་དེ་ཉིད་འདུས་པའི་རྒྱུད་ལས་སོ། །ཞེས་དང་། དེ་ལ་འཇམ་དབྱངས་ནི་འཕགས་པ་འཇམ་དཔལ་གྱི་རྒྱུད་ལས་ཏེ། ཞེས་དང་། སྒྲ་ཆེ་བ་ཞེས་པ་ནི་དཔལ་མངོན་པར་རྟོགས་པའི་རྒྱན་གྱི་རྒྱུད་ལས་གསུངས་ཏེ་ཞེས་དང་། འཇིག་རྟེན་གསུམ་ན་སྒྲ་གཅིག་པ་ནི་ཁམས་གསུམ་རྣམ་པར་རྒྱལ་བའི་རྒྱུད་ཉིད་ལས་སོ། །ཞེས་བྱ་རྒྱུད་ཡན་ཆད་ནས་བསྟན་ཚུལ་གསུངས་ཀྱང་མི་སྤྲོའོ།།

སྨྲས་པ།

དམར་སེར་ཉི་མ་འབར་བའི་འོད་ཕུང་དབུས།།

བཅུ་དྲུག་ལང་ཚོ་རྫོགས་པ་གཞོན་ནུའི་ལུས།།

གླེགས་བམ་རལ་གྲི་ཕྱག་ན་འོད་འཕྲོ་ཅན།།

དྲང་པའི་དོན་ཏེ་ངེས་པ་གཞན་ན་འཕྱོ།།

མི་སྡུག་མཚན་མ་སྟོང་འབར་འཆོལ་བའི་ལུས།།

དུ་མའི་ཡན་ལག་འཇིགས་པའི་མཚོན་ཆ་ཅན།།

མཁས་པས་བསྟོད་ཀྱང་སྐྱི་གཡའི་བློ་སྦྱིན་པ།།

གཤིན་རྗེ་གཤེད་ཀྱང་དྲང་བའི་དོན་དུ་འཁུམས།།

མཉྫུ་ཤྲཱི་ལྷར་གྲགས་ལྷ་མིན་པ།།

སྟོང་པ་ཡུལ་དང་ཡུལ་ཅན་ཡེ་ཤེས་ཉིད།།

དབྱེར་མེད་ཉིད་དེ་བརྟན་གཡོའི་གཤིས་སུ་འཛུམ།།

དེ་རྟོགས་བློ་གྲོས་བརྟན་པའི་འཁོར་གྲགས།།

གཞི་ཡི་ཆོས་ཉིད་འཇམ་དཔལ་རྡོ་རྗེ་རྣོན།།

ལམ་གྱི་ཡེ་ཤེས་འཇམ་དཔལ་བྱང་ཆུབ་སེམས།།

འབྲས་བུ་སྐུ་གསུམ་འཇམ་དཔལ་གཞོན་ནུ་གྱུར།།

འཁོར་འདས་མ་ལུས་འཇམ་དཔལ་མཚན་དུ་བརྗོད།།

ཤིན་ཏུ་རྟོགས་དཀའ་རྒྱུད་དོན་བ་ཀུ་ལའི།།

འདབ་མའི་ཁ་འབྱེད་རྣམ་དཔྱོད་འགྲམ་པའི་ཆང་།།

མང་ཐོས་མཛེས་མའི་ཞལ་སྒོ་ལས་འོང་བ།།

རིན་ཆེན་གསེར་གྱི་ཟོང་གིས་སུ་ཡིས་ཁུག།

ཅེས་བྱ་བ་ནི་ལེའུ་བདུན་པའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་གྱི་མཚན་བསྟན་པ།

བརྒྱད་པ་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་ལ་ནི། དོན་གྱི་རྒྱུད་ལ་བསྟོད་པ་བསྟན་པ་དང་། དེ་ལས་གཞན་པའི་དོན་རྒྱས་པར་བསྟན་པ་དང་གཉིས་ཡོད་ལ། དེ་ཡང་ཚིགས་སུ་བཅད་པ་ཞེ་གཉིས་ཀྱིས་བསྟན་པར་གསུངས་ཏེ། འགྲེལ་པ་དྲི་མེད་འོད་ལས། ཡང་དག་བདག་མེད་དེ་བཞིན་ཉིད། །ཅེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཞི་ཅུ་རྩ་གཉིས་ཀྱིས་སོ་སོར་ཀུན་དུ་རྟོགས་པའི་ཡེ་ཤེས་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་དོན་གྱི་རྒྱུད་ལ་བསྟོད་པ་ནི། ཡང་དག་བདག་མེད་དེ་བཞིན་ཉིད། །ཡང་དག་མཐའ་སྟེ་ཡི་གེ་མེད། །ཅེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཡང་དག་བདག་མེད་ལ་སོགས་པའི་རྐང་པ་གཉིས་ཀྱིས་དོན་གྱི་རྒྱུད་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེས་ན་མུ་སྟེགས་པ་ལ་སོགས་པས་བརྟགས་པའི་བདག་དང་བྱེད་པོ་དང་བྲལ་བ་དང་། རགས་པའི་རྣམ་པར་རྟོག་པ་ལོག་པས་ན་ཡང༷་ད༷ག་པ་བདག་ཏུ་གྲུབ་པ་དང་བདག་ཏུ་འཛིན་པ་བཞིན་མེད་པར་བད༷ག་མེ༷ད་པའི་རང་བཞིན་གང་ཡིན་པའི་སྟོང་པ་དེ༷་བ༷ཞིན་ཉི༷ད་དེ་ནི་ཡང༷་ད༷ག་པའི་མཐའ༷་ཞེས་བྱ་སྟེ༷། ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མདོ་ལས། སྟོང་ཉིད་སྟོང་པ་ཉིད་ཀྱི་རྣམ་པ་ཤེས་ཏེ། །དེ་ལ་མངོན་པར་ཆགས་པ་མྱེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དེ་ཉིད་ཀྱང་ཚིག་གིས་མཚོན་པ་ཙམ་ལས་ངོ་བོ་ཉིད་དུ་གྲུབ་པ་མེད་པར་སྟོང་པས་རང་བཞིན་མེད་པ་དང་། ཡུལ་ཅན་འཛིན་པས་སྟོང་པ་ཡིན་པའི་ཕྱིར་ན་ཡི༷་གེ༷་མེ༷ད་པ་ཞེས་བསྙད་ལ། གདན་བཞིའི་བཤད་པའི་རྒྱུད་ལས། སྟོང་ཉིད་སྟོང་པ་སྟོང་ཆེན་དང་། །དངོས་མེད་དངོས་པོར་བསྒོམས་པ་ཡིས། །བསྒོམས་ནས་ལྷག་མའི་མཐའ་རུ་ནི། །རྣམ་ཤེས་སྒྲོན་མ་ལྟ་བུར་འབར། །ཞེས་གསུངས་པ་ལྟར། དེ་ལས་ཀྱང་མཆོག་ཏུ་གྱུར་པ་ནི་སྔགས་ཀྱི་རྒྱུད་སྡེ་ལས་བསྟན་པའི་གསང་སྔགས་ཀྱི་ཐེག་པ་བདེ་སྟོང་གཉིས་སུ་མེད་པའི་རང་བཞིན་གང་ཡིན་པ་དེ་ཡིན་ནོ་ཞེས་བརྗོད་བྱ་དེ་ལྡན་གྱི་རྗོད་བྱེད་ཀྱི་རྒྱུད་དང་རྒྱུད་དོན་ལ་བསྟོད་པ་སྟེ་དོན་གྱི་རྒྱུད་ཅེས་པ་སྐྱེ་མེད་ཡི་གེ་མེད་པའི་དོན་དེ་ཡིན་ནོ་ཞེས་པའོ།།

གཉིས་པ་ལ་ནི། ཚིག་གི་རྒྱུད་སོགས་བསྟན་པ་དང་། དོན་གཉིས་ཕུན་སུམ་ཚོགས་པ་བསྟན་པ་དང་། རང་བཞིན་བརྟགས་པའི་དབེན་པ་བསྟན་པ་དང་། དགེ་བ་གསུམ་བསྟན་པ་དང་། བདེ་བ་ཆེན་པོའི་ལུས་ལྷན་ཅིག་སྐྱེས་པ་བསྟན་པ་དང་། ཚིག་ལ་མི་གནས་པའི་ཚིག་གི་གནས་སུ་བསྟན་པ་དང་། སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་སོགས་བསྟན་པ་དང་། བཀླགས་པའི་ཐབས་དང་མི་གནས་པར་བསྟན་པ་དང་། ཡེ་ཤེས་ལྷུན་གྱིས་གྲུབ་པ་སོགས་བསྟན་པ་དང་དགུ་ལས།

དང་པོ་ལའང་ཚིག་གི་རྒྱུད་བསྟན་པ་དངོས་དང་། རབ་ཏུ་བྱེད་པའི་རྒྱུད་བསྟན་པ་ལ་སོགས་པ་དགུ་ཡོད་པ་ལས།དང་པོ་ཚིག་གི་རྒྱུད་བསྟན་པ་དངོས་ནི། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཟབ་ཅིང་རྒྱ་ཆེའི་སྒྲ་སྒྲོག་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ། །ཞེས་པ་ནས། ཆོས་ཀྱི་གཎྜཱི་སྒྲ་བོ་ཆེ། །ཞེས་པའི་བར་གྱིས་ཚིག་གི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ལྟར་གསང་སྔགས་ནས་བསྟན་པའི་ཟབ་གསལ་གཉིས་སུ་མེད་པའི་གནས་ལུགས་སྟོང༷་པ་ཉིད༷་ཀྱི་དོན་སྟོན་ཅིང་སྨྲ་བ་ནི་ཉན་རང་དང་མདོ་ལུགས་སོགས་ཐེག་པ་སྨྲ༷་བ༷འི་ཚིག་ཐམས་ཅད་ཀྱི་ནང་གི་མཆོག་ཡིན་པའི་ཕྱིར་ན་དཔེར་ན་སྲོག་ཆགས་ཁྱུ༷་གཅིག་གི་ནང་གི་གཙོ་བོའམ་མ༷ཆོག་དེ་དང་འདྲ་བ་སྟེ༷། སྨྲ་བའི་རྒྱལ་པོ་ཡིན་པ་དང་། དེ་ལྟར་ཤེས་རབ་སྟོང་པ་ཉིད་ཀྱིས་ཟབ༷་ཅི༷ང་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་རྒྱ༷་ཆེ༷་བའི༷་བདེ་སྟོང་དབྱེར་མེད་ཆེན་པོ་གཉིས་སུ་མེད་པའི་ཆོས་ཀྱི་སྒྲ༷་སྒྲོ༷ག་པ༷་གང་ཡིན་པ་དེ་ཉིད་གཞན་ལ་སྟོན་པ་ནི་ཆོས༷་ཀྱི༷་དུང༷་སྒྲ་སྟེ༷། བདུད་དང་མུ་སྟེགས་པ་ལ་སོགས་པ་སྤ་བཀོང་བར་བྱེད་ཅིང་། དེ་ཉིད་ཀྱི་རྟོགས་བྱའི་ཡུལ་སོ་སོར་ངེས་པ་ལ་ཡིད་ཆེས་པར་བྱས་ནས་སྤྲོས་པའི་མཚན་མ་ལ་མི་གནས་པར་བྱེད་པའི་ཟབ་མོའི་དོན་སྟོན་པས་ན་དུང་སྒྲ་དང་འདྲ་བའི་སྒྲ༷་ཆེ༷ན་པོ་དང་ལྡ༷ན་པ་དང་། དེ་ལྟ་བུའི་ཆོས་དེ་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ལ་སྟོན་པ་མ་ཟད་ཐེག་པ་གསུམ་གྱི་ཚོགས་བསྡུས་ནས་རིམ་གྱིས་དེ་འདྲའི་ཟབ་མོའི་རྒྱུད་སྡེའི་དོན་ལ་སྦྱོར་བར་བྱེད་པས་སེམས་ཅན་ཐམས་ཅད་རྗེས་སུ་འཛིན་པའི་རྒྱང་རིང་ན་སྒྲོག་པའི་ཆོ༷ས་ཀྱི༷་སྒྲ་ཡིན་པས་ན་དཔེར་ན་དགེ་འདུན་པའི་ཚོགས་བསྡུ་བར་བྱེད་པའི་རྒྱང་རིང་ན་སྒྲོག་པ་ཐོས་པའི་ག༷ཎྜཱི༷་ཡི་སྒྲ༷་བོ༷་ཆེ༷་ལྟར་སྙན་ལ་སྒྲ་ཆེ་བ་ཚོགས་བསྡུ་བའི་ལས་ཅན་ཡིན་པའམ་རྒྱ་ཆེ་བའི་དོན་སྟོན་པས་གཎྜཱི་ལྟར་སྒྲ་ཡངས་པ་ཡང་ཡིན་ནོ་ཞེས་རྗོད་བྱེད་ཚིག་གི་རྒྱུད་དེ་ཇི་ལྟར་ཡིན་བསྟན་པའོ།།

གཉིས་པ་རབ་ཏུ་བྱེད་པའི་རྒྱུད་བསྟན་པ་ནི། མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། མི་གནས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་རབ་ཏུ་བྱེད་པའི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དེ་ཡང་ཤེས་པས་སྲིད་ལ་མི་གནས་ཤིང་སྙིང་རྗེས་ཞི་བ་ལ་མི༷་གནས༷་པའི་ཕུང་པོ་ལྷག་མ་མེད་པར་མྱ༷་ང༷ན་ལས་འདས༷་པ༷་པོ༷་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ཐུན་མིན་ལ་སྔགས་ལུགས་ཨེ་ཝཾ་གི་དོན་ལྟར་གསང་བའི་སྒོ་ནས་ཆོས་སྟོན་པ་ནི། ཟླ་བ་གྲགས་པའི་སྒྲོན་གསལ་ལས། གཉིས་པ་སློབ་མ་ལ་བཤད་པའོ། །ཞེས་གསུངས་པ་ལྟར་ཐུན་མིན་སློབ་བཤད་ཀྱི་མན་ངག་སྟེ། དེ་ཉིད་ནི་གདུལ་བྱ་རིན་པོ་ཆེ་ལྟ་བུའི་སློབ་བཤད་ཀྱི་སྣོད་རུང་གི་གང་ཟག་ལ་གདམས་བྱའི་ཆོས་སློབ་བཤད་ཅེས་པའི་ཆོས་ཡིན་པའི་ཕྱིར་ཏེ། ཡང་ཟླ་བས། རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང་། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཤར་ལྷོ་ནུབ་བྱང་མཚམས་བཞི་སྟེང་འོག་ཕྱོགས༷་བཅུ༷་པོ་མ་ལུས་པའི་གནས་ཀུན་ལ་ཆོས༷་ཀྱི༷་རྔ༷་བོ༷་ཆེ༷་རབ་ཏུ་བསྒྲགས་པའི་སྒོ་ནས་གདུལ་བྱ་མ་ངེས་པ་ཡང་རྗེས་སུ་འཛིན་བྱེད་ཀྱི་ཐུན་མོང་ལའང་བསྟན་པའི་མན་ངག་ནི་ཚོགས་བཤད་ཀྱི་གདམས་པ་སྟེ། ཡང་ཟླ་བས། ཆད་པས་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །ཞེས་གསུངས་པ་ལྟར་གྱི་ཆོས་དེ་ཡིན་པའི་ཕྱིར་རོ།།

དེ་ནི་གསང་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཨུཏྤལ་དང་། པད་དཀར་དང་། པདྨ་དམར་པོ་དང་། ཙནྡན་ལྟ་བུའི་གང་ཟག་བཞི་སྟེ་ཚོགས་བཤད་ཀྱི་སྣོད་དུ་གྱུར་པའི་གང་ཟག་རྣམས་ལ་བཤད་བྱའི་ཆོས་ཡིན་ཏེ། ཟླ་བས། ཨུཏྤལ་དེ་བཞིན་པད་དཀར་དང་། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །ཞེས་གསུངས་པའི་ཕྱིར། ཞེས་ཆོས་གང་ལ་བསྟན་ཚུལ་གྱི་རྣམ་གྲངས་ཀྱི་རབ་ཏུ་བྱེད་པ་ཚོགས་བཤད་དང་སློབ་བཤད་ལྟ་བུའི་རྣམ་གྲངས་བསྟན་པའོ།།

གསུམ་པ་བདེ་བ་ཆེན་པོའི་རྒྱུད་བསྟན་པ་ནི། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། གཟུགས་མེད་གཟུགས་བཟང་དམ་པ་སྟེ། །ཞེས་པ་ནས། གཟུགས་རྣམས་མ་ལུས་འཆང་བ་པོ། །ཞེས་པའི་བར་གྱིས་བདེ་བ་ཆེན་པོའི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་དངོས་དང་དངོས་མེད་ཀྱི་གཟུགས༷་སུའམ་རང་བཞིན་དུ་མེ༷ད་པའི་ཕྱག་རྒྱ་ཆེན་པོ་བདེ་སྟོང་གཉིས་སུ་མེད་པ་དོན་དམ་བྱང་ཆུབ་ཀྱི་སེམས་དང་། དེ་རྟོགས་པའི་ཐབས་སུ་གྱུར་པ་དགའ་བཞིའི་ཡེ་ཤེས་འདྲེན་བྱེད་གཟུགས༷་བཟ༷ང་ན་ཆུང་གཞོན་ནུ་མའི་ལས་ཀྱི་ཕྱག་རྒྱ་དང་། སྐུ་གསུང་ཐུགས་སྐྱེ་བ་མེད་པའི་ངང་ལས་ཧཱུཾ་ཡིག་ལ་སོགས་པའི་སྔགས་ལས་ལྷ་སྐུ་ལ་སོགས་པའི་རང་བཞིན་གསལ་སྟོང་དམ༷་པ༷་ཉིད་དུ་སྐྱེས་པ་སྟེ༷་དེར་གནས་པ་དང་། ཡང་ན་དེ་ལྟར་བསྒོམ་པ་ཆོས་ཀྱི་ཕྱག་རྒྱ་དང་། སྣང་བ་ཐབས་དང་སྟོང་པ་ཤེས་རབ་ཟུང་དུ་འཇུག་པའི་ངོ་བོ་དང་དབྱེར་མེད་པའི་སངས་ཀྱི་སྐུ་སྣ༷་ཚོགས༷་པའི་གཟུགས༷་བརྙན་སྣང་ལ་རང་བཞིན་ཉིད་དུ་མ་གྲུབ་པ་ཅ༷ན་དུ་བསྒོམ་པ་དམ་ཚིག་གི་ཕྱག་རྒྱ་བཅས་ཕྱག་རྒྱ་གསུམ་དང་། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་ཡི༷ད་ཀྱི་རང་བཞིན་ལ༷ས་སམ་ཡིད་དེ་ཉིད་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོར་གྲོལ་བ་ལས་སྐྱེས༷་པ་ཡིན་ལ། དེས་ན་དེ་འདྲའི་ཕྱག་རྒྱ་བཞི་དེ་ལྷའི་དཀྱིལ་འཁོར་ལ་སོགས་པ་སྤྲུལ་པའི་གཟུགས༷་རྣམ་པ་སྣ་ཚོགས་པ་རྣམས༷་དུས་ཐམས༷་ཅ༷ད་དུ་སྣང༷་བ༷ར་བྱེད་པའི༷་དཔལ༷་དུ་གྱུར་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་ནི་དེ་འདྲའི་གཟུགས༷་བརྙ༷ན་མ༷་ལུས༷་པ་འཆ༷ང་བ༷་པོ༷་ཡིན་ཞེས་པའོ།།

ཡང་ན་ཆོས་སྐུ་ངོ་བོ་ཉིད་དུ་མ་གྲུབ་པས་གཟུགས་མེད་པ་དང་། དེ་ལས་ལོངས་སྐུ་མཚན་དཔེས་སྤྲས་པ་བྱུང་བས་གཟུགས་བཟང་དམ་པ་དང་། དེ་ལས་སྤྲུལ་སྐུ་སྣ་ཚོགས་པའི་གཟུགས་ཅན་ཡིད་ལ་འདོད་པ་ལྟརའམ་ཡིད་ཡེ་ཤེས་སུ་གྲོལ་བ་ལས་སྐྱེས་པ་དང་། རྗེ་བཙུན་འཇམ་དཔལ་དབྱངས་དེ་ཉན་རང་བྱང་སེམས་དང་། ཚངས་པ་དང་ཁྱབ་འཇུག་ལ་སོགས་པ་སྣ་ཚོགས་པའི་གཟུགས་སུ་སྣང་བའི་དཔལ་གྱིས་འགྲོ་བའི་དོན་མཛད་པ་ཡིན་ལ། དེ་ཕྱིར་འཇམ་དཔལ་ནི་གཟུགས་བརྙན་མ་ལུས་པ་འཆང་བ་པོ་ཡིན་ཞེས་པའོ།།

ས་བཅད་ཀྱི་དབང་དུ་བྱས་ན་སྔ་མ་ལྟར་དུ་འགྲེལ་དགོས་པ་ཡིན་ཏེ། བདེ་བ་ཆེན་པོའི་རྒྱུད་བཤད་པ་ཡིན་པའི་ཕྱིར་རོ།།

བཞི་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་བསྟན་པ་ནི། ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། མཚུགས་པ་མེད་ཅིང་ཆེ་བར་གྲགས། །ཞེས་པ་ནས། དར་བ་ཆེན་པོ་ཆོས་ཀྱི་ཏོག །ཅེས་པའི་བར་གྱིས་བསམ་གྱིས་མི་ཁྱབ་པའི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་སངས་རྒྱས་ཀྱིས་གང་གསུངས་པའི་ཆོས་རྣམས་ཀྱང་རྣམ་གཡེང་དང་རྣམ་པར་རྟོག་པ་ལ་སོགས་པས་ཚུགས༷་པ༷་མེ༷ད་པའི་གནས་ལུགས་བསམ་གྱིས་མི་ཁྱབ་པའི་རྒྱུ་ལས་བྱུང་བའམ་དེས་གོ་མ་བཀག་ཅིང༷་དེ་ལྟར་གྲུབ་པའི་གནད་ཀྱིས་བྱུང་བ་དང་། དེའི་དབང་གིས་འགྲན་ཟླ་མེད་པ་དང་བདག་མེད་པ་ཡིན་ཕྱིར་ཆེ༷་བ༷ར་གྲགས༷་པ་དང་། དེ་ལྟར་ཡུལ་དང་ཡུལ་ཅན་དང་བསམ་བརྗོད་དང་བྲལ་བ་རྟོགས་པའི་བློའི་བདག་རྐྱེན་ལས་བྱུང་བའམ་གང་གསུངས་པའི་ཆོས་ཀྱང་དེ་འདྲའི་བློའི་སྤྱོད་ཡུལ་དང་བྲལ་བ་ཁམས༷་གསུམ༷་ཀྱིས་བསྡུས་པའི་ཆོས་ཀུན་ལས་འཕགས་ཤིང་དེ་དག་ལས་འདས་པའི་བསམ་བརྗོད་བྲལ་བའི་ཆོས་སུ་གྱུར་པའི་རང་བཞིན་དང་། དེ་ལ་བརྟེན་ནས་བསམ་བརྗོད་དང་བྲལ་བའི་དོན་རྟོགས་པ་ནི་ཤེས་བྱ་ཐམས་ཅད་ཀྱི་དབང༷་པོའམ་མཆོག་ཡིན་པའི་ཁྱད་པར་གྱིས་ཕྱུ༷ག་པའི་ཆོས་ཆེ༷ན་པོ༷་ཡིན་པ་སྟེ༷། འཕགས༷་པ་རྣམས་ཀྱི་ངེས་པའི་ལམ༷་དུ་གྱུར་པ་ཡིན་ལ། ཟག་པ་མེད་པ་ཤི༷ན་ཏུ༷་མཐོ༷་བའི་ས་ལ༷་གནས༷་པའི་རྡོ་རྗེ་འཛིན་པའི་ས་ཡིན་ཞིང་། གཉིས་སུ་མེད་པའི་བདེ་བའི་ཡེ་ཤེས་ཀྱི་དར༷་གྱི་བ༷་དན་ཆེ༷ན་པོ༷་མཐོན་པོར་བསྒྲེངས་ནས་རང་དོན་ཕུན་སུམ་ཚོགས་པ་འབྱུང་བ་དང་། དེ་ལ་ཐུགས་རྗེ་རྒྱུན་ཆད་མེད་པའི་ཡེ་ཤེས་ཆེན་པོའི་ཆོས༷་ཀྱི༷་ཏོ༷ག་གི་རྒྱལ་མཚན་ཆེན་པོ་ཚུགས་ནས་གཞན་དོན་ཕུན་སུམ་ཚོགས་པ་འབྱུང་བའི་བདག་རྐྱེན་དུ་གྱུར་པ་ཡིན་པས་ན་བསམ་གྱིས་མི་ཁྱབ་པ་ཡིན་ཞེས་པའོ།།

ལྔ་བ་འབྲས་བུའི་རྒྱུད་བསྟན་པ་ནི། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་དགུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གི་འཇིག་རྟེན་གསུམ་ན་མཛེས། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །ཅེས་པ་ནས། སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །ཞེས་པའི་བར་གྱིས་འབྲས་བུའི་རྒྱུད་བསྟན་ཏོ། ། ཞེས་གསུངས་པའི་ཕྱིར།

དེ་ཡང་རྗེ་བཙུན་འཇམ་དཔལ་དབྱངས་ནི་ཆོས་ཀྱི་སྐུ་བརྙེས་ཤིང་ཆོས་སྐུ་ནི་འདོད་ཁམས་དང་། གཟུགས་དང་། གཟུགས་མེད་ཀྱི་ཁམས་ཀྱི་འཇི༷ག་རྟེ༷ན་གསུམ༷་གྱི་ཁམས་ན༷་ན་འཆི་བྲི་གང་དང་གྲེས་རྒུད་མེད་པ་གཞོ༷ན་ནུའི་ལུས༷་གཅི༷ག་པུར་གྱུར་པ་དེ་ཡིན་ལ། དེ་ཕྱིར་ཆོས་སྐུའི་བདག་རྐྱེན་ལས་ཐོབ་པའི་འཇམ་དཔལ་དབྱངས་ཀྱི་གཟུགས་སུ་སྣང་བའི་སྐུ་དེ་ཡང་གཞོན་ནུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་ཇི་སྲིད་ཉི་ཟླ་ནམ་མཁའ་གནས་པ་དེ་སྲིད་དུ་བགྲེས་རྒུད་མེད་པ་གཞོན་ནུའི་ལུས་གཅིག་པུའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་ནོ།།

འཇམ་དཔལ་དབྱངས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་དང་སྤྲུལ་པ་གཟུགས་ཀྱི་སྐུ་ནི་ན་ཚོད་མ་སྨིན་པའི་བྱིས་པ་དང་གཞོན་པ་ལྟ་བུ་མིན་པར་ཉན་རང་བྱང་སེམས་ཏེ་ཐེག་པ་གསུམ་གྱི་ལམ་དང་འབྲས་བུ་ལ་གནས་པའི་གཟུགས་སུ་སྤྲུལ་ནས་ཐེག་པ་གསུམ་གྱི་ཆོས་བསྟན་པའི་གནས༷་བརྟ༷ན་དང་། ཆོས་ཀྱི་སྐུ་ལ་ཐོག་མ་དང་བྲལ་བས་རྒན་པོ་དང་། ཡང་འཇམ་དཔལ་དབྱངས་ཐོག་མ་མེད་པའི་དུས་ནས་སངས་རྒྱས་ཤིང་ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་དེ་སྲིད་དུ་འགྲོ་བའི་ཁམས་ལ་བཞུགས་པས་ན་རྒ༷ན་པོ༷་དང་། དེ་ལྟར་སྨོས་མ་ཐག་པ་ལྟར་ཉན་རང་བྱང་སེམས་གསུམ་དང་། རིགས་དྲུག་འདུལ་བའི་སྤྲུལ་སྐུ་དཔག་ཏུ་མེད་པར་བྱོན་པས་སྐྱེ་བ་དགུའམ། དེ་འདྲའི་གཟུགས་ཀྱི་སྒོ་ནས་ཁམས་གསུམ་གྱི་སྐྱེ༷་དགུ༷འི་ཚོགས་ཀུན་སྙིང་རྗེས་བདག༷་གིར་བཟུང་ནས་དོན་མཛད་པས་ན་དེ་དག་གི་གཙོ་བོ་དང་བདག་པོ་ལྟ་བུར་གྱུར་པ་དང་། དེ་བཞིན་དུ་བརྟན་གཡོའི་ཆོས་ཀུན་ཆོས་སྐུ་ཉག་གཅིག་གི་རང་བཞིན་ལས་མ་འདས་ཤིང་ཆོས་སྐུས་བདག་གིར་བཅིངས་པ་དང་འཁོར་འདས་ཀུན་གྱི་སྐྱེད་མར་གྱུར་པས་ནའང་དེ་ལྟར་བརྗོད་རུང་ངོ་།།

དེ་ལྟ་བུའི་ཆོས་སྐུ་ལས་བྱུང་བའི་འཇམ་དཔལ་དབྱངས་ཀྱི་གཟུགས་སྐུ་ནི་མངོན་རྟོགས་རྒྱན་ལས། ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས། །ཕྱག་ཞབས་སོར་མོ་དྲྭ་བས་འབྲེལ་བ་དང་། །ཕྱག་དང་ཞབས་བཅས་འཇམ་ཞིང་གཞོན་ཤ་ཆགས། །འདི་ཡི་སྐུ་ནི་བདུན་དག་མཐོ་བ་དང་། །སོར་མོ་རིང་དང་རྟིང་ཡངས་སྐུ་ཆེ་དྲང་། །ཞབས་འབུར་མི་མངོན་སྤུ་ནི་གྱེན་དུ་ཕྱོགས། །བྱིན་པ་ཨེ་ན་ཡ་འདྲའི་ཕྱག་རིང་མཛེས། །འདོམས་ཀྱི་སྦ་བ་སྦུབས་སུ་ནུབ་པའི་མཆོག །པགས་པ་གསེར་མདོག་པགས་པ་སྲབ་པ་དང་། །སྤུ་ནི་རེ་རེ་ནས་གཡས་ལེགས་འཁྲུངས་དང་། །ཞལ་མཛོད་སྤུས་བརྒྱན་རོ་སྟོད་སེང་གེ་འདྲ། །འདི་ཡི་དཔུང་བའི་མགོ་ཟླུམ་ཐལ་གོང་རྒྱས། །འདི་ལ་རོ་མི་ཞིམ་པའང་རོ་མཆོག་སྣང་། །སྐུ་ནི་ནྱ་གྲོ་དྷ་ལྟར་ཆུ་ཞིང་གབ། །གཙུག་ཏོར་འབུར་ལྡན་ལྗགས་རིང་མཛེས་པ་དང་། །ཚངས་དབྱངས་འགྲམ་པ་སེངྒེ་འདྲ་དང་ཚེམས། །ཤིན་ཏུ་དཀར་དང་ཚད་མཉམ་ཐགས་བཟང་དང་། །གྲངས་ནི་བཞི་བཅུ་ཐམ་པ་ཚང་བ་དང་། །སྤྱན་ནི་མཐོན་མཐིང་སྤྱན་རྫི་བ་མཆོག་གི །འདྲ་བ་འདི་དག་སུམ་ཅུ་རྩ་གཉིས་མཆོག །ཅེས་གསུངས་པ་ལྟར་གྱི་མཚན་བཟང་པོ་སུམ༷་བ༷ཅུ་རྩ༷་གཉིས༷་ཀྱི་མཚ༷ན་གྱི་ཡོན་ཏན་གྱིས་བརྒྱན་པའམ་དེ་འཆང༷་བ༷་དང་ལྡན་པའོ།།

ཡང་དེ་ཉིད་ལས། ཐུབ་པའི་སེན་མོ་ཟངས་མདོག་དང་། །མདོག་སྣུམ་མཐོ་དང་སོར་མོ་རྣམས། །ཟླུམ་རྒྱས་བྱིན་གྱིས་ཕྲ་བ་དང་། །རྩ་མི་མངོན་དང་མདུད་པ་མེད། །ལོང་བུ་མི་མངོན་ཞབས་མཉམ་དང་། །སེང་གེ་གླིང་ཆེན་བྱ་དང་ནི། །ཁྱུ་མཆོག་སྟབས་གཤེགས་གཡས་ཕྱོགས་དང་། །མཛེས་གཤེགས་དྲང་དང་འཁྲིལ་བག་ཆགས། །བྱི་དོར་བྱས་འདྲ་རིམ་པར་འཚམ། །གཙང་དང་འཇམ་དང་དག་པའི་སྐུ། །མཚན་ནི་ཡོངས་སུ་རྫོགས་པ་དང་། །སྐུ་ཡི་ཁོ་ལག་ཡངས་ཤིང་བཟང་། །གོམ་སྙོམས་པ་དང་སྤྱན་གཉིས་ནི། །དག་དང་གཞོན་ཤ་ཅན་ཉིད་དང་། །སྐུ་ཞུམ་མེད་དང་རྒྱས་པ་དང་། །ཤིན་ཏུ་འགྲིམ་པའི་སྐུ་ཉིད་དང་། །ཡན་ལག་ཤིན་ཏུ་རྣམ་དབྱེས་དང་། །གཟིགས་པ་སྒྲིབ་མེད་དག་པ་དང་། །དཀུ་ཟླུམ་མ་ཕྱིན་མ་རྙོངས་དང་། །ཕྱང་ངེ་བ་དང་ལྟེ་བ་ནི། །ཟབ་དང་གཡས་ཕྱོགས་འཁྱིལ་བ་དང་། །ཀུན་ནས་ལྟ་ན་སྡུག་པ་དང་། །ཀུན་སྤྱོད་གཙང་དང་སྐུ་ལ་ནི། །སྨེ་བ་གནག་བག་མེད་པ་དང་། །ཕྱག་ནི་ཤིང་བལ་ལྟར་འཇམ་དང་། །ཕྱག་རིས་མདངས་ཡོད་ཟབ་རིང་དང་། །ཞལ་ནི་ཧ་ཅང་མི་རིང་དང་། །མཆུ་ནི་བིམ་པ་ལྟར་དམར་དང་། །ལྗགས་མཉེན་པ་དང་སྲབ་པ་དང་། །དམར་དང་འབྲུག་གི་སྒྲ་ཉིད་དང་། །གསུང་མཉེན་འཇམ་དང་མཆེ་བ་ཟླུམ། །རྣོ་དང་དཀར་དང་མཉམ་པ་དང་། །བྱིན་གྱིས་ཕྲ་དང་ཤངས་མཐོ་དང་། །མཆོག་ཏུ་དག་པ་དག་དང་ནི། །སྤྱན་ཡངས་པ་དང་རྫི་མ་སྟུག །པདྨའི་འདབ་མ་འདྲ་བ་དང་། །སྨིན་ཚུགས་རིང་དང་འཇམ་པ་དང་། །སྣུམ་དང་སྤུ་ནི་མཉམ་པ་དང་། །ཕྱག་རིང་རྒྱས་དང་སྙན་མཉམ་དང་། །ཉམས་པ་རྣམ་པར་སྤངས་པ་དང་། །དཔྲལ་བར་ལེགས་པར་འབྱེས་པ་དང་། །དབྱེས་ཆེ་བ་དང་དབུ་རྒྱས་དང་། །དབུ་སྐྲ་བུང་བ་ལྟར་གནག་དང་། །སྟུག་དང་འཇམ་དང་མ་འཛིང་དང་། །མི་བཤོར་དྲི་ཞིམ་སྐྱེས་བུ་ཡི། །ཡིད་ནི་འཕྲོག་པར་བྱེད་པ་དང་། །དཔལ་གྱི་བེའུ་དང་བཀྲ་ཤིས་ནི། །སངས་རྒྱས་དཔེ་བྱད་བཟང་པོར་བཞེད། །ཅེས་གསུངས་པ་ལྟར་གྱི་སེན་མོ་ཟངས་མདོག་ལ་སོགས་པའི་དཔེ་བྱད་བརྒྱད་ཅུས་སྤྲས་པས་མིག་དང་ཡིད་ལ་སྡུག༷་གུ༷་རུ་བཀྲ་ཞིང་འ༷ཇིག་རྟེ༷ན་གྱི་ཁམས་གསུམ༷་ན༷འང་ཁོང་ལས་ལྷག་པའི་ཡིད་འོང་གི་དངོས་པོ་གཞན་མེད་པས་ཀུན་ནས་མཛེས༷་པར་བྱེད་པའམ་མཛེས་པ་དང་ལྡན་པ་སྟེ། བསོད་ནམས་ཀྱི་ཚོགས་དང་བདེ་བ་ཆེན་པོའི་ཡེ་ཤེས་མཐར་ཐུག་པ་དང་ལྡན་པའི་འབྲས་བུ་དེ་ལྟར་ཡིན་ཞིང་། ལྟ་བའི་ཆོག་མི་ཤེས་པའི་གཟུགས་ཀྱི་སྐུ་དེ་ཡང་དེའི་མཚོན་བྱེད་དུ་བསྟན་པ་ཞེས་འབྲས་བུའི་རྒྱུད་ཇི་ལྟར་ཡིན་བསྟན་པའོ།།

དྲུག་པ་ཐབས་ཀྱི་རྒྱུད་བསྟན་པ་ནི། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། །ཞེས་པ་ནས། སྐྱབས་དང་སྐྱོབ་པ་བླ་ན་མེད། །ཅེས་པའི་བར་གྱིས་ཐབས་ཀྱི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། དེ་ཡང་གོང་བཤད་འབྲས་བུ་གསལ་བའི་ཐབས་ནི། འཇི༷ག་རྟེ༷ན་གྱི་ཤེས༷་པ་ལེགས༷་པོ་རྣམས་ལེགས་པར་ཤེས་པའི་ངོ་བོར་གྱུར་པའི་ལུང་དང་རིགས་པའི་སྒོ་ནས་རྡོ་རྗེ་སློ༷བ་དཔོ༷ན་ཏེ༷། རང་ལ་མན་ངག་གནང་མཁན་གྱི་བླ་མ་གང་ཡིན་ལས་གཞུང་མན་ངག་དང་བཅས་པ་གསན་ཅིང་། གང་གསན་པའི་མན་ངག་གི་དོན་དག་ཐོས་བསམ་གྱིས་གཏན་ལ་ཕབ་ནས་སེམས་ཀྱི་ཁྱད་པར་རམ་དེ་ཉིད་ཇི་བཞིན་ཤེས་པར་བྱེད་པ་དང་། དེ་ལྟར་བསམ་སྦྱོར་ལེགས་པས་སློབ་དཔོན་བསྟེན་ནས་ལམ་ལ་སྦྱངས་སྟོབས་ཀྱིས་འཇི༷ག་རྟེ༷ན་གྱི་སྣང་བ་གང་སྣང་ཐམས་ཅད་སློབ༷་དཔོ༷ན་དུ་སྣང་ཞིང་། སྣང་སྲིད་བླ་མའི་རོལ་བར་ཤར་བའི་སྒོ་ནས་མངོན་ཞེན་ཐམས་ཅད་དང་བྲལ་བའི་ཡེ་ཤེས་ཀྱི་གདེང་ཐོབ་སྟེ། ཞེན་རྟོག་གི་འཇིགས༷་པ༷་མེ༷ད་པར་གྱུར་ཅིང་། རང་སེམས་བླ་མར་གྱུར་བའི་སྒོ་ནས་ལམ་གྱི་བགྲོད་པ་མིག་འཕྲུལ་བཞིན་དུ་བགྲོད་དེ་འགྲོ་བའི་མ༷གོན་དང་སྐྱབ༷ས་སུ་གྱུར་བའི་འཇམ་དཔལ་རྡོ་རྗེ་རྣོན་པོའི་སྐུར་མྱ་ངན་ལས་འདས་པའི་གོ་འཕང་ཐོབ་པའི་ཐབས་ལེགས་པོ་དེ་ལྡན་པར་བྱ་བ་སྟེ། རྣམ་བྱང་མྱང་འདས་དང་འ༷ཇིག་རྟེན༷་འཁོར་བའི་ཆོས་གཉིས་ཀ་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་ཡི༷ད་ཤིན་ཏུ་གཅུགས༷་པ༷་སྟེ་མཛའ་བར་བྱེད་པ་དང་། འཁོར་བའི་འདམ་ལས་སྐྱོབ་པའི་སྐྱབ༷ས་སུ་གྱུར་པ་བླ་མའི་དྲིན་མི་བརྗེད་པར་དྲན་པར་བྱ་བ་དང༷་། སྣང་བས་ཡིད་སྐྱོབ༷་པ༷་ཡི་སྒོ་ནས་དབང་པོ་རང་སྣང་དུ་རོལ་བར་བྱས་ཏེ། སེམས་ཉིད་བླ་མ་དང་དབྱེར་མེད་པའི་བླ༷་ན༷་མེ༷ད་པའི་ཉམས་ལེན་ལ་གཞོལ་ནས་ཡིད་སྐྱོ་བས་མི་ནོན་པར་བྱ་བ་ནི་འབྲས་བུ་ཐོབ་བྱེད་ཀྱི་ཐབས་ཀྱི་རྒྱུད་བསྟན་པའོ།།

ཡང་ན་བླ་མའི་སྒྲུབ་པ་ཁོ་ན་ལ་མི་བྱེད་པར་སློབ་དཔོན་ལ་བརྟེན་ནས་ཐོས་བསམ་སྒོམ་པས་ལམ་བསྒྲུབ་པས་ལམ་ཡན་ལག་དང་བཅས་པའི་ཐབས་ཀྱི་རྒྱུད་བསྟན་པར་གོ་བར་བྱའོ།།

བདུན་པ་ཐབས་ཡེ་ཤེས་སེམས་དཔའི་རྒྱུད་བསྟན་པ་ནི། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲྭ་བ་འཇོམ་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཅེས་པའི་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ནམ་མཁའི་མཐའ་ལ་ལོངས་སྤྱོད་པ། །ཞེས་པ་ནས། འཁོར་བའི་རྒྱ་མཚོ་ཕ་རོལ་ཕྱིན། །ཅེས་པའི་བར་གྱིས་ཐབས་ཡེ་ཤེས་སེམས་དཔའི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བསྔགས་པ་ཆོས་ཀྱི་སྐུ་ནམ༷་མཁ༷འི་མཐ༷འ་ལྟ་བུ་ལ༷་ལོང༷ས་སྤྱོ༷ད་ཅིང་རྟོགས་པར་བྱས་པ༷་ན་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཐམས་ཅད་མཁྱེན་པའི་ཐམ༷ས་ཅ༷ད་མ༷ཁྱེན་པ༷འི་ཡེ༷་ཤེས༷་ཟབ་ལ་རྒྱ་ཆེ་བ་མཐའ་ཡས་པའི་རྒྱ་མ༷ཚོ་ལྟ་བུ་ཟག་པ་མེད་པའི་ཡེ་ཤེས་ཀྱི་རྒྱ་མཚོ་མངོན་དུ་གྱུར་པ་ཡིན་ལ། དེ་འདྲའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་ཡེ་ནས་རང་ལ་གནས་མོད་མ་རིག་པ་གཙོ་བོར་གྱུར་པའི་སྒྲིབ་གཉིས་ཀྱི་དྲི་མའི་སྦུབས་སམ་རྒྱར་འཐུམས་པ་ཡིན་ཏེ། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་ཉིད། །ཅེས་གསུངས་པའི་ཕྱིར།

དེས་ན་དཔལ་རྡོ་ཕྲེང་བའི་རྒྱུད་ལས། རྣལ་འབྱོར་གྲུབ་པའི་བདེ་ཆེན་པོ། །མ་རིག་སྒོ་ངའི་སྦུབས་འབྱེད་ཅིང་། །འཇིག་ཚོགས་ལྟ་བའི་རི་བོ་འཇོམས། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། །རབ་ཏུ་བྱེད་པ་མཆོག་ཏུ་བཤད། །ཅེས་གསུངས་པ་ལྟར་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་ལམ་སྦྱངས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་མ༷་རི༷ག་པ་དང་རྣམ་རྟོག་གི་སྒྲིབ་པའི་དྲྭ་བས་གཡོགས་པའི་སྒོ༷་ང༷འི་སྦུབས༷་རྒྱ་ཁ་འབྱེ༷ད་པར་བྱེད་པ༷་དང་། དེ་ཡི་མཐུས་མ་རིག་པའི་རྒྱར་འཐུམས་ཤིང་མཁྱེན་པའི་ཡེ་ཤེས་ཀྱི་ཉི་མ་ཕྱོགས་སུ་མ་ཤར་བ་དེ་ཡི་འཁོར་བ་སྲི༷ད་པ༷འི་དྲྭ༷་བ༷་གཅོད་པར་བྱེད་པ་ཡིན་པས་དེ་འདྲའི་སྲིད་པ་འཇོམ༷་པར་བྱེད་པ༷་པོ༷་ཡང་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ཏེ། དཔེར་ན་སཱ་ལའི་ས་བོན་ལ་སྲིན་འབུ་ག་སྔ་ཟེར་བ་ཞུགས་ན་ལྗང་བ་སླར་སྐྱེ་མེད་དུ་སྐམ་པར་འགྱུར་བ་བཞིན་དུ་སྲིད་པའི་རྩ་བ་མ་རིག་པ་བཅོམ་ནས་ཉོན༷་མོང༷ས་མ༷་ལུས༷་པ་སླར་སྐྱེ་བར་མེད་པར་ཞི༷་བར་བྱེ༷ད་པ༷་ཡི་སྒོ་ནས་སྲིད་པ་འཇོམ་པར་བྱེད་པ་ཡིན་པའི་ཕྱིར་རོ།།

དེ་ཡང་དུག་ཟིན་ན་དེ་ལ་སྨན་བཏབ་པས་དུག་ཞི་བ་དང་སྨན་དུ་འགྱུར་བ་གཉིས་ཀ་འབྱུང་བ་ལྟར་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་དུག་ཞི་ནས་འཁོར་བའི་རྩ་བ་ཆོད་པ་དང་། ལམ་དང་། འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་མངོན་དུ་གྱུར་ཏེ་སྡུག་བསྔལ་གྱི་རྦ་རླབས་རབ་ཏུ་འཁྲིགས་པའི་འཁོར༷་བ༷འི་རྒྱ༷་མ༷ཚོ་ཆེན་པོ་མཐའ་མེད་པ་དེའི༷་ཕ༷་རོལ༷་དུ་ཕྱི༷ན་པར་བྱེད་པ་ཡིན་ནོ།།

འདིར་དེ་ལྟར་འགྲེལ་བ་འཐད་དེ། སངས་རྒྱས་ཀྱི་ཡེ་ཤེས་སེམས་ཅན་རྣམས་ཀྱི་རྒྱུད་ལ་དྲི་མའི་སྦུབས་ན་ཡེ་ནས་རང་ཆས་སུ་གནས་པར་བསྟན་པའི་ཕྱིར། གྲུབ་སྟེ། མདོ་ཏིང་འཛིན་རྒྱལ་པོ་ལས། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུག་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་དང་། ཧེ་བཛྲ་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། སངས་རྒྱས་མ་ཡིན་སེམས་ཅན་ནི། །གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །ཞེས་དང་། ར་ལི་སོ་གཉིས་ཀྱི་དཔལ་རིན་ཆེན་འབར་བའི་རྒྱུད་ལས། སེམས་ཅན་ཐམས་ཅད་གདོད་མ་ནས། །སངས་རྒྱས་ཡིན་པར་གསུངས་པ་སྟེ། །ཞེས་དང་། སེམས་ཉིད་སངས་རྒྱས་ཡིན་པའི་ཕྱིར། །སེམས་ཅན་སངས་རྒྱས་རང་བཞིན་ནོ། །ཞེས་དང་། ཡང་དེའི་གྲས་ཀྱི་རྡོ་རྗེ་མཁའ་འགྲོ་གསང་བའི་རྒྱུད་ལས། རང་སེམས་རང་གིས་རྟོགས་པ་ན། །སེམས་ཅན་གདོད་ནས་སངས་རྒྱས་སོ། །ཞེས་དང་། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་སེམས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང་། ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་བུམ་ནང་མར་མེ་ནི། །ཕྱི་རོལ་ཡུལ་དུ་མི་སྣང་ལྟར། །དེ་བཞིན་ཆོས་ཀྱི་དབྱིངས་འདི་ཡང་། །འཁོར་བར་འོད་ནི་གསལ་མ་ཡིན། །བུམ་པ་དེ་ཉིད་བཅག་གྱུར་ན། །ཐམས་ཅད་ཀུན་ཏུ་སྣང་བ་ལྟར། །གང་ཚེ་ཏིང་འཛིན་རྡོ་རྗེ་ཡིས། །སྒྲིབ་པ་ཀུན་ཏུ་བཅོམ་གྱུར་པ། །དེ་ཚེ་ནམ་མཁའི་མཐར་ཐུག་གསལ། །ཞེས་དང་། སེམས་ཀྱི་རྡོ་རྗེར་བསྟོད་པ་ལས། ས་ཡི་དཀྱིལ་ན་ཡོད་པའི་ཆུ། །དྲི་མ་མེད་པར་གནས་པ་ལྟར། །ཉོན་མོངས་ནང་ན་ཡེ་ཤེས་ཀྱང་། །དེ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། ཇི་ལྟར་བུམ་ནང་སྒྲོན་མེ་འོད་གསལ་ཡང་། །བུམ་པས་བསྒྲིབས་ཏེ་ཕྱི་རོལ་མི་མངོན་ལྟར། །སྙིང་པོའི་ཆོས་སྐུ་རང་ལ་གནས་ན་ཡང་། །སྒྲིབ་པའི་བུམ་པས་བསྒྲིབས་ཕྱིར་ཡོངས་མི་སྣང་། །ཞེས་གསུངས་པའི་ཕྱིར་རོ།།

སློབ་དཔོན་གཉིས་མེད་རྡོ་རྗེའི་འགྲེལ་བར་འདིའི་ཐད་དུ། མ་རིག་སྒོ་ངའི་སྦུབས་འབྱེད་པ། །ཞེས་པ་ནི་བསྟན་པ་དང་དགེ་བའི་བཤེས་གཉེན་ལ་དགོས་པ་མེད་པ་མ་ཡིན་ཏེ། དབུལ་བོའི་གཏེར་བཞིན་དུ་མཚོན་དགོས་པའི་ཕྱིར་རོ། །ཞེས་པའི་དབུལ་བོའི་གཏེར་ཞེས་པ་དེ་ཡང་སངས་རྒྱས་ཀྱི་ཡེ་ཤེས་འགྲོ་བའི་རྒྱུད་ལ་ཡེ་ནས་རང་ཆས་སུ་གནས་པར་གོ་བ་འདྲ་བས་འགྲེལ་བ་དེས་ཀྱང་དེ་ལྟར་གསུངས་འདུག་པར་བཟུང་ངོ་། །སེམས་ཅན་གྱི་རྒྱུད་ཀྱི་སངས་རྒྱས་ཀྱི་ཡེ་ཤེས་ཞེས་པ་དེ་ཡང་དྲི་བཅས་སེམས་ཀྱི་ཆོས་ཉིད་དང་། གཉུག་སེམས་ཕྲ་བའི་ཕྲ་བ་ལ་བྱེད་པ་སོགས་སྣ་ཚོགས་མཆིས་ཀྱང་། ཆོས་ཉིད་སྤྲོས་བྲལ་ཆེན་པོ་དང་དེ་རྟོགས་ཀྱི་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རང་ཆས་སུ་ཡོད་པ་དང་འབྲས་ཆོས་ལ་གོ་མིན་སོགས་དཔྱད་པ་རྒྱ་ཆེ་བ་མཆིས་མོད་མི་སྤྲོའོ།།

བརྒྱད་པ་དྲི་མ་རྣམ་པར་དག་པའི་རྒྱུད་བསྟན་པ་ནི། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་པའི་ཤོ་ལོ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །ཞེས་པ་ནས། གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །ཅེས་པའི་བར་གྱིས་དྲི་མ་རྣམ་པར་དག་པའི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་རྩ་ཐིག་རླུང་གསུམ་ལས་རུང་དུ་གྱུར་པའི་རྣལ་འབྱོར་བས་བཅུ་དྲུག་ལང་ཚོས་སྒེག་པའི་གཞོན་ནུ་མའི་ལས་རྒྱའི་འཁྲུལ་འཁོར་གྱི་ཐབས་སོགས་ལ་བརྟེན་ནས་བདེ་བ་ཆེན་པོའི་ཡེ༷་ཤེས༷་ཀྱི་བདུད་རྩི་སྤྱི་བོ་ནས་འབབས་པའི་དབ༷ང་བསྐུར༷་བས་དགའ་བའི་ཡེ་ཤེས་ལུགས་འབྱུང་དུ་སྐྱེས་ཤིང་རྡོ་རྗེ་ནོར་བུའི་ཁ་ནས་ཕྱིར་འཁོར་བའི་ལུགས་ལྡོག་གི་ཡེ་ཤེས་ཁྱད་པར་བ་སྤྱི་བོར་བརྟན་པས་ཉོན་མོངས་མ་སྤངས་རང་སར་གྲོལ་ཞིང་དུག་ལྔ་ཡེ་ཤེས་ལྔར་སྣང་བའི་དབང་དམ་པ་བུམ་དབང་སོགས་ལ་ལྟོས་པ་མེད་པའི་ཤེས་རབ་ཡེ་ཤེས་གཅིག་རྫོགས་ཀྱི་དབང་གི་ཅོ༷ད་པ༷ན་གྱིས་མཛེས་པ་ཅ༷ན་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་རྡོ་རྗེ་སེམས་དཔའ་ཞེས་བྱ་སྟེ། དེའི་དབང་བསྟན་པའོ།།

དེ་ལྟར་འབྲས་བུ་རྫོ༷གས་པ༷འི་སང༷ས་རྒྱས༷་སྐུ་གཉིས་ཀྱི་བདག་ཉིད་ཐོབ་བྱེད་བདེ་སྟོང་གཉིས་སུ་མེད་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདུད་རྩིས་སློབ་མའི་རྩ་འཁོར་ལོ་བཞིར་བྱིན་གྱིས་བརླབས་ཤིང་ཐིག་ལེའི་རྣལ་འབྱོར་གྱི་རྒྱན་དང་ལྡན་པ་དེ་ཉིད་རང་གི་རྒྱ༷ན་དུ༷་ཐོགས༷་ཤིང་། དེའི་དབང་སྐུར་ཁྱད་པར་བ་སྟོན་པའི་བླ་མ་ཡང་སྤྱི་བོའི་རྒྱན་དུ་ཐོགས་པ་སྟེ་གཟུང་བར་བྱ་བ་དང་། དེ་ལྟར་གྱི་དབང་བསྐུར་ལ་གནས་ནས་རྡོ་རྗེ་འཛིན་པ་སྤྱི་བོར་བསྟེན་པ་ལས་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུ༷ག་བསྔལ༷་གསུམ༷་གྱི༷་མེ་ཆེན་པོས་མནར་བའི་རང་དང་གཞན་གྱི་འགྲོ་བ་རྣམས་ཀྱིས་བདེ་བ་ཆེན་པོའི་ཡེ་ཤེས་རྙེད་དེ་སྡུ༷ག་བསྔལ༷་དེ་དག་ཉེར་བར་ཞི༷་བ་དང་། དེ་གསུམ༷་རྒྱུ་དང་བཅས་པ་སེལ༷་བའི་བདེ་བ་མཐའ༷་ཡ༷ས་པའི་གྲོལ༷་བ་ཐེག་པ་གསུམ་གྱི་འབྲས་བུ་གསུམ་ཐོབ་པའམ། ཐེ་ཚོམ་དུ་འཛིན་པ་དང་། དུ་མར་འཛིན་པ་དང་། ཕྱོགས་ཆར་འཛིན་པའི་སྤྲོས་པ་ལས་གྲོལ་བའི་གྲོལ་བ་གསུམ༷་ཐོབ༷་པ་ཡིན་ཞེས་འགྲེལ་བའམ། ཡང་ན་དགའ་བ་སྔ་མ་གསུམ་རྟོག་པ་དང་བཅས་པ་ཡིན་པའི་ཕྱིར་ན་དགའ་བ་སྡུག་བསྔལ་གྱི་སྡུག་བསྔལ་དང་། མཆོག་དགའ་འགྱུར་བའི་སྡུག་བསྔལ་དང་། དགའ་བྲལ་འདུ་བྱེད་ཀྱི་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་གསུམ་སྟེ། དེ་ལྟར་རྟོག་བཅས་ཀྱི་དགའ་བ་གསུམ་ནི་སྡུག་བསྔལ་གསུམ་ཡིན་ལ། དེ་ནི་དེ་གསུམ་དང་བྲལ་བའམ་ཞི་བའི་རྟོག་པ་མེད་པ་ལྷན་སྐྱེས་ཀྱི་དགའ་བས་སེལ་བར་བྱས་ཏེ་བདེ་བ་ཆེན་པོ་མཐའ་ཡས་པ་རྒྱུ་འབྲས་སྤྲོས་པ་ལས་གྲོལ་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་སྐུ་གསུམ་གྱི་གྲོལ་བ་གསུམ་གྱི་རང་བཞིན་ཅན་ཐོབ་པ་ཡིན་ནོ་ཞེས་དྲི་མ་རྣམ་པར་དག་བྱེད་ཀྱི་རྒྱུད་ཀྱི་མན་ངག་ཡིན་ཚུལ་བསྟན་པའོ།།

དགུ་བ་བྱ་བ་དང་བྲལ་བའི་རྒྱུད་བསྟན་པ་ནི། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་རྣམས་ཀྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ཞེས་པའི་ཚིགས་བཅད་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །ཞེས་པ་ནས། ལས་ཀུན་ལས་ནི་རྣམ་པར་གནས། །ཞེས་པའི་བར་གྱིས་བྱ་བ་དང་བྲལ་བའི་རྒྱུད་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་གོང་སྨོས་ལྷན་སྐྱེས་ཀྱི་བདེ་བ་རྙེད་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲི༷བ་པ༷་དང་དེའི་འབྲས་བུ་ལས་དང་སྡུག་བསྔལ་ཀུ༷ན་ལས༷་ངེས༷་པར༷་དུ་གྲོལ༷་ཞིང་། ཆོས་ཀྱི་སྐུ་ནམ་མཁ༷འ་ལྟར༷་བརྟན་གཡོ་ཀུན་ལ་ཁྱབ་ཅིང་མཉམ༷་པ༷་ཉིད༷་གང་ཡིན་པའི་དོན་ལ༷་གནས༷་ཏེ་བྱ་བ་ཐམས་ཅད་དང་བྲལ་བས། དེ་ཕན་ཆད་ཉོན༷་མོངས༷་པ་དང་ཤེས་བྱའི་སྒྲིབ་པའི་དྲི༷་མ༷་ཀུ༷ན་ལས༷་རིང་དུ་འདས༷་པ་ཡིན་ལ། དེ་ལྟར་རྟོགས་པའི་ངོ་བོ་ནི། ཇི་སྐད་དུ། དུས་གསུམ་དུས་མེད་ཀ་དག་དུས་ཀྱི་ཚེ། །ཞེས་གསུངས་པ་ལྟར། འདས་མ་འོངས་ད་ལྟ་སྟེ་དུས༷་གསུམ༷་གྱི་ངོ་བོ་སྤྲོས་པ་མེད་པ་འདས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་མ་འོངས་པའི་དེ་བཞིན་ཉིད་དང་། མ་འོངས་པའི་དེ་བཞིན་ཉིད་གང་ཡིན་པ་དེ་ད་ལྟར་གྱི་དེ་བཞིན་ཉིད་དེ་དུས་གསུམ་བདེན་པའི་དུས༷་མེ༷ད་པའི་དུས་གསུམ་ཆོས་ཉིད་མཉམ་པ་ཆེན་པོར་རྟོགས་པ་རྒྱུན་མི་ཆད་པའི་དོན་ལ་གནས་ཤིང་། དེ་ལྟར་རྟོགས༷་པ༷་པོ༷་རྗེ་བཙུན་འཇམ་དཔལ་དབྱངས་ལྟ་བུ་འབྲས་བུ་ལ་གནས་པའི་གང་ཟག་དེ་ནི་སེམས༷་ཅ༷ན་རྣམས་དང་མི་མཉམ་པར་ཀུ༷ན་གྱི༷་གཙོ་བོར་གྱུར་པ་དཔེར་ན་རྒྱ་མཚོ་ན་གནས་པའི་ནོར་བུའི་མཛོད་ཆེན་པོ་དང་ཆར་གྱི་བདག་པོར་གྱུར་པའི་ཀླུ༷་ཡི་རྒྱལ་པོ་ཆེ༷ན་པོ༷་ལྟ་བུ་གཞན་ལས་འཕགས་ཤིང་ཆོས་ཀྱི་ཆར་འབེབས་པར་བྱེད་པ་པོ་ཡིན་པ་དང་། ཡང་ན་དེ་ལྟར་རྟོགས་པའི་རྣལ་འབྱོར་བ་ནི་སེམས་ཅན་ཀུན་ལས་འཕགས་པའི་གཙོ་བོ་ཡིན་ཞེས་པའོ།།

དེ་ལྟ་བུའི་འབྲས་བུའི་ས་ན་གནས་པའི་སྒྲིབ་པ་དག་ཅིང་ཡེ་ཤེས་ཐོབ་པའི་ཡོ༷ན་ཏ༷ན་གྱི་གཙུག་ཏོར་རམ་ཐོ༷ད་རྒྱན་དང་ལྡན་པ་ཅ༷ན་རྣམས་ནི་སངས་རྒྱས་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ལ། དེ་རྣམས༷་ཀྱི༷་ཐོ༷ད་པའི་གཙུག་ཏུ་ཅོད་པན་ལྟར་བཀུར་འོས་ཤིང་བཀུར་དགོས་ལ་བཀུར་ཡང་བཀུར་བ་གང་ཡིན་པ་ནི་དེ་ལྟ་བུའི་ལམ་ལ་གནས་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ཉིད་ཡིན་ཏེ། རྒྱུ་མཚན་ནི། སངས་རྒྱས་ཀྱི་ཆོས་རྣམས་ནི་བླ་མ་བརྙེས་པར་བསྟེན་པ་ལས་བྱུང་བ་དང་། ཇི་སྐད་དུ། དམ་ཚིག་དག་ནི་ཐམས་ཅད་ལས། །བླ་མ་མཆོད་པ་མཆོག་ཡིན་ཏེ། །ཞེས་དང་། ཁམས་གསུམ་རིན་པོ་ཆེ་གྱུར་པ། །སློབ་དཔོན་ལས་ནི་མཆོག་གཞན་མེད། །གང་ལས་བཀའ་དྲིན་ཐོབ་པ་ཡི། །མཁས་པས་དངོས་གྲུབ་དུ་མ་ཐོབ། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

ཡང་ཉོན༷་མོང༷ས་པ་དང་། ཟག་བཅས་ཀྱི་དགེ་བ་དཀར་པོའི་ཆོས་དང་། དམ་ཚིག་གི་ནོར་དང་། འདོད་པའི་ཡུལ་ལ་འདུན་པ་དང་། སྡུག་བསྔལ་གྱིས་འཇིགས་པ་དང་། སྤྲོས་པ་དང་རྣམ་རྟོག་གི་ཚོགས་ཀུ༷ན་ལ་མི་གནས་པར་དེ་དག་ལས༷་རྣམ༷་པར་གྲོལ༷་བ༷་ཡིན་ཏེ། འཁྲུལ་བ་ཞིག་པས་དེ་འདྲའི་སྤྲོས་པའི་ལས་དང་སེམས་གང་ཡང་མི་མངའ་བའི་ཕྱིར་རོ། །འགྲེལ་བ་དུ་མར། འདིའི་ཐད་ཀྱི་རྩ་བ་ལ། ལས་ཀུན་ལས་ནི་རྣམ་པར་གྲོལ། །ཞེས་དང་། ལས་ཀུན་ལས་ནི་རྣམ་པར་གནས། །ཞེས་ཡོད་མོད། ཉོན་མོངས་པ་དང་ལས་གཉིས་ཀ་ཀུན་འབྱུང་བདེན་པ་ཡིན་པ་དང་། ལས་དེ་ཡང་ཉོན་མོངས་པའི་རྩ་བ་ཅན་ཡིན་ཕྱིར་དོན་ཕལ་ཆེར་འདིར་བཤད་པ་ལྟར་ཡིན་པ་ལས་ལྷག་པོ་མེད་དོ།།

གཉིས་པ་དོན་གཉིས་ཕུན་སུམ་ཚོགས་པ་བསྟན་པ་ལ། གཞན་དོན་ཕུན་སུམ་ཚོགས་པ་བསྟན་པ་དང་། རང་དོན་བཀྲ་ཤིས་རྒྱུད་ལས་སྐྱེ་བར་བསྟན་པ་དང་གཉིས་ལས།

དང་པོ་གཞན་དོན་ཕུན་སུམ་ཚོགས་པ་བསྟན་པ་ནི། ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པ་སེམས་ཅན་ཀུན་དོན་བྱེད། །ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་པ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་པའི་ཚིགས་བཅད་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ནམ་མཁའི་མཐའ་ལ་རབ་གནས་པ། །ཞེས་པ་ནས། ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཞེས་པའི་བར་གྱིས་གཞན་གྱི་དོན་ཕུན་སུམ་ཚོགས་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་རྒྱུ་བཅོམ་པས་འབྲས་བུ་འགྲོ་བའི་ལུས་སུ་སྐྱེ་བ་གྲོལ་ནས་འཛིན་རྟོག་ཉེ་བར་ཞིག་པའི་ནམ༷་མཁ༷འ་ལྟ་བུའི༷་ལམ༷་གྱི་ཡེ་ཤེས་དང་འབྲས་བུའི་ཡེ་ཤེས་ལ༷་ར༷བ་ཏུ་གནས༷་པ༷་ཡི་སྒོ་ནས་རྟོག་པ་མེད་བཞིན་དཔེར་ན་ཡི༷ད་བཞི༷ན་གྱི་ནོར༷་བུ༷་རིན་པོ་ཆེ་ནི་སེམས་ཅན་ལ་དགོས་འདོད་འབྱུང་བ་དང་། དེ་ཡང་གསོལ་བ་མ་བཏབ་ན་མི་འབྱུང་ཞིང་བཏབ་ན་འབྱུང་བ་དང་། དུས་ལྟར་འབྱུང་བ་དང་། ཇི་ལྟར་འཚམ་པར་འབྱུང་བ་དང་། ཟད་མི་ཤེས་པར་འབྱུང་བ་དང་། རྟོག་པ་མེད་བཞིན་འབྱུང་བ་དང་། ཕྱིས་ལན་ལ་རེ་བ་མེད་པར་འབྱུང་བ་སྟེ་ཆོས་བརྒྱད་དང་ལྡན་པ་ལྟ་བུ་སེམས་ཅན་གྱི་དོན་མཛད་པའི་ཡོན་ཏན་དང་འཕྲིན་ལས་ཆེ༷ན་པོ༷་འཆ༷ང་བ་དང་། སེམས་ཅན་རྣམས་སྒྲོལ་འདོད་ཀྱི་ཐེག་པ་ཆེན་པོའི་སེམས་བསྐྱེད་དང་། ཁྱད་པར་དུ་གསང་བ་སྔགས་ཀྱི་སེམས་བསྐྱེད་དཀྱིལ་འཁོར་ཀུན་གྱི་ཁྱབ༷་བ༷དག་ཆོས་ཀྱི་སྐུ་དང་རྣམ་དབྱེར་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་སེམས་བསྐྱེད་པ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་ཀྱི་རི༷ན་ཆེ༷ན་རིན་ཐང་དང་བྲལ་བ་རྣམས་འབྱུང་བའི་གནས་ཡིན་པས་འཁོར་འདས་ཀུ༷ན་གྱི༷་བད༷ག་ཉིད་གང་ཡིན་པ་དང་ལྡན་པའོ།།

གཞན་ཡང་གཞན་དོན་མཛད་པའི་དཔེ་གཞན་ནི་དགོས་འདོད་སྩོལ་བའི་ཤིང་ཡིད་ཀྱིས་དཔ༷ག་ཚད་བས༷མ་བཞིན་དུ་འབྱུང་བའི་ལྷ་ཡི་ལྗོན་ཤིང༷་ཆེ༷ན་པོ་ཡལ་འདབ་རྒྱས༷་པ༷་དེ་ཇི་བཞིན་གོང་སྨོས་ནོར་བུའི་ཆོས་བརྒྱད་ཀྱི་སྟེང་དུ་བསིལ་བ་དང་འགྲོ་བ་ངལ་གསོ་བའི་གནས་སུ་གྱུར་པ་གཉིས་བསྣན་པའི་ཁྱད་ཆོས་བཅུ་མངའ་བ་དང་འདྲ་བ་སྟེ༷། དེ་ལྟར་གཞན་དོན་མཛད་པ་དང་། དེ་བཞིན་དུ་དགོས་འདོད་ཀྱི་བུམ༷་པ༷་བཟང༷་པོ༷་གོང་གི་ནོར་བུའི་ཆོས་བརྒྱད་ཀྱི་སྟེང་དུ་བསྒྲུབ་ན་འདོད་དགུ་འབྱུང་ལ་མ་བསྒྲུབ་ན་མི་འབྱུང་བ་གཉིས་བསྣན་པའི་ཆོས་བཅུ་དང་ལྡན་པ་དེ་བསྒྲུབས་ནས། བུམ་པ་བཟང་པོ་དེ་ལ་གསོལ་བ་བཏབ་ན་ཡང་བསམ་པའི་དོན་ལྟར་འབད་མེད་དུ་འབྱུང་བ་ལྟར་དུ་རྣམ་རྟོག་གི་གཡོ་བ་མེད་བཞིན་འགྲོ་བའི་དོན་འཁོར་བ་མ་སྟོང་བར་དུ་མཛད་པའི་ཆེ༷་བ༷འི་ཡོན་ཏན་མ༷ཆོག་མངའ་བ་ཡིན་ནོ།།

དེ་ལྟར་ལས་གང་བྱེ༷ད་པ༷་ཐམས་ཅད་འགྲོ་བ་དང་སེམས༷་ཅ༷ན་ཀུ༷ན་གྱི་དོ༷ན་བསྒྲུབ་པར་བྱེ༷ད་པ་དང་། དེ་ཡང་སེམས་ཅན་གྱི་དོན་ཇི་ལྟར་བྱེད་ཅེ་ན། ཕ༷ན་པར་འ༷དོད་པའི་བློ་དང་ཐུགས་ཤིན་ཏུ་མཛའ་བརྩེ་བའི་བློ་ཡིས་སེམ༷ས་ཅ༷ན་རྣམས་མཉེས༷་ཤིང་དགའ་བ་དང་དེ་དག་ལ་ཡིད་གཤི༷ན་པ༷འམ་མཐུན་པའི་སྒོ་ནས་བདེ་བ་ལ་འགོད་པར་བྱེད་པ་སྟེ། སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། བློ་གྲོས་ལྡན་པ་སྦྱིན་དང་སྙན་པར་སྨྲ་བ་དང་། །དོན་བྱེད་སེམས་ཅན་ཡོངས་སུ་སྨིན་བྱེད་ཤེས་རབ་རྩ། །གལ་ཏེ་དོན་འཐུན་པ་ཡིས་སངས་རྒྱས་ཡོན་ཏན་འགོད། །འདི་ནི་སྐྱེས་བུ་དམ་པ་རྣམས་ཀྱི་ཤེས་རབ་ལས། །སྲིད་པ་ཀུན་དུ་འབར་ཤེས་སྐྲག་པ་ཤེས་རབ་རྩ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། སྦྱིན་དང་སྙན་དང་དོན་བྱེད་དོན་འཐུན་པས། །དེ་ནི་སེམས་ཅན་བརྒྱ་དག་རབ་ཏུ་སྡུད། །ཅེས་གསུངས་པ་ལྟར་སྦྱིན་དང་སྙན་སྨྲ་དོན་མཐུན་དོན་སྤྱོད་ཀྱི་བསྡུ་དངོས་བཞིས་དོན་མཛད་པའོ།།

དེ་ཡང་འགྲེལ་བ་དུ་མས། རྩ་བའི་ཚིག་ལ་ཕན་འདོགས་ཞེས་པར་བཟུང་ནས་འགྲེལ་བ་མང་བས་དེ་ལྟར་ན། སྲིད་པའི་འཇིགས་པ་སྣ་ཚོགས་པ་ལས་སྐྱོབ་པའི་ཕན་འདོགས་པ་དང་། ལམ་དང་ལམ་གྱི་འབྲས་བུ་ལ་འགོད་པའི་ཕན་འདོགས་པ་ལ་གོ་བར་བྱའོ།།

དེ་ཡང་སེམས་ཅན་འདུལ་བའི་ཚེ་གདུལ་བྱའི་སྣོད་བཟ༷ང་པོ་དང་ང༷ན་པ་གང་ཡིན་གྱི་ཁྱད་པར་དགེ་མི་དགེའི་འབྲས་བུ་ཡིད་འོང་མི་འོང་གི་ཚུལ་ཤེས༷་ཤིང༷་ཆོས་བསྟན་པའི་དུས་སྔ་ཕྱི་དང་བསྟན་པའི་དུས༷་ལ་བབས་མ་བབས་ཀྱི་གོ་རིམ་ཤེས༷་པ༷་དང་། ཐུགས་རྗེས་ཀུན་ལ་ཁྱབ༷་པའི་བ༷དག་པོ་དེས་གང་ཟག་གཞན་གྱི་ཚིག་ཤེས་པ་དང་། འཁོར་བའི་སྐྱོན་གྱིས་མ་གོས་པའི་དམ༷་པའི་ཚུལ་ཤེས༷་པ་དང་། རྟག་ཏུ་གཞན་དོན་མཛད་པའི་དམ༷་ཚི༷ག་དང་ལྡ༷ན་པ་དང་། གདུལ་བྱ་འདུལ་བའི་དུས༷་ལ་བབས་མ་བབས་ཤེས༷་པ་དང་། སེམས༷་ཅ༷ན་རྣམས་ཀྱི་དབ༷ང་པོ༷་རབ་འབྲིང་ཐ་གསུམ་དང་དད་པ་དང་བརྩོན་འགྲུས་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་ཤེས༷་པ་དང་། དུས་གསུམ་ལས་རྣམ་པར་གྲོལ་བའི་ཐབས་གསུམ་ཤེས་པའམ་ཐེག་པ་གསུམ་གྱི་རྣམ༷་པར་གྲོལ༷་བའི་ལམ་གསུམ༷་ལ༷་རྣམ་པར་མཁས་པ་དང་། དེ་འདྲའི་མཁས་བྱའི་གནས་ལ་མཁས༷་པ༷་པོ༷་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་སྐུ་དང་ཡེ་ཤེས་སྟོབས་བཅུ་མི་འཇིགས་པ་ལ་སོགས་པའི་ཡོ༷ན་ཏ༷ན་མཐའ་ཡས་པ་དང་ལྡ༷ན་ཞིང༷་། ཉན་ཐོས་རང་རྒྱལ་བྱང་སེམས་རྣམས་ཀྱི་ཡོ༷ན་ཏ༷ན་ཤེས༷་པ་བཅས་རང་གི་ཐུགས་སུ་ཆུད་ཅིང་གཞན་ལ་སྟོན་ནུས་པ་ཡིན་ནོ་ཞེས་གཞན་དོན་ཕུན་ཚོགས་འབྱུང་ཚུལ་བསྟན་པའོ།།

གཉིས་པ་རང་དོན་བཀྲ་ཤིས་རྒྱུད་ལས་སྐྱེ་བར་བསྟན་པ་ནི། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་པའི་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །ཞེས་པ་ནས། བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །ཞེས་བྱ་བའི་བར་གྱིས་རང་དོན་བཀྲ་ཤིས་རྒྱུད་ལས་སྐྱེ་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་བཞིའི་རྒྱུ་རྣམ་པར་དག་པ་དང་། དེ་ལ་བརྟེན་ནས་ཐོབ་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐབས་ཤེས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཆོས༷་དེ་ཤེས༷་པར་གྱུར་ན་ནི་བླ་མ་ལ་གུས་པ་འབྱུང་བ་དང་། རྟོགས་པ་རྗེས་ཐོབ་མེད་པར་འབྱུང་བ་དང་། འཁོར་བ་ལས་རིང་དུ་འབྱུང་བ་དང་། སེམས་ལ་དབང་ཐོབ་པར་འབྱུང་བ་དང་། སེམས་ལ་ཟག་པའི་ཟག་རྔུ་མེད་པར་འབྱུང་བ་སྟེ་ཤེས་པའི་ཁྱད་པར་ལྔ་དང་། བླ་མ་བསྙེན་ཅིང་མཉེས་པ་དང་། བུམ་གསང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་པ་དང་། སྒོམ་པ་དང་། རྟོགས་པ་དང་། སྒྲོ་འདོགས་ཆོད་པ་དང་། བརྡ་ལས་ཆོས་ཉིད་ཀྱི་དོན་ཤེས་པ་དང་། ཆོས་ཉིད་ཀྱི་དོན་ཉམས་སུ་མྱོང་བ་དང་། ཡེ་ཤེས་རྒྱུན་མི་ཆད་པ་དང་། ཡིད་དུ་འོང་བ་ཕུན་སུམ་ཚོགས་པའི་དངོས་པོ་སྣ་ཚོགས་པ་དང་འཕྲད་པ་དང་། གང་ལའང་བར་ཆད་མེད་པའི་བཀྲ༷་ཤིས༷་པ་ལ་སོགས་པའི་བཀྲ༷་ཤིས༷་སྣ་ཚོགས་འབྱུང༷་བ་དང་། ཚེ་རིང་བ་དང་། ནད་མེད་པ་དང་། རིགས་རྒྱུད་འཕེལ་བ་དང་། འབྱོར་བ་ཕྱུག་པ་དང་། སྙན་གྲགས་རྒྱས་པ་ལ་སོགས་པ་ལྷ་ཀླུ་མིའི་བཀྲ༷་ཤིས༷་པ་ཀུ༷ན་གྱི༷་ནང་ནས་བཀྲ༷་ཤིས༷་པ༷་ཐམས་ཅད་འབྱུང་བ་དང་། དེ་ཡང་ཁམས་གསུམ་ན་གྲགས༷་པ༷འི་བ་དན་དཀར་པོ་མངོན་པར་བསྒྲེང་ཞིང་སྒྲ་ཤེས་པ་དང་། དོན་ཤེས་པ་དང་། སྙན་ངག་ཤེས་པ་དང་། སྐར་མའི་རིག་པ་ཤེས་པ་དང་། བཟོ་ཡི་གནས་ལ་བྱང་བ་སོགས་ཡོན་ཏན་སྣ་ཚོགས་པ་འབྱུང་ཞིང་མི་དགེ་བ་ལོག་པའི་དངོས་པོ་མི་འབྱུང་ཞིང་དགེ་ལ་ལེགས་པའི་ཚོགས་ཐམས་ཅད་འབྱུང་བའི་བཀྲ༷་ཤིས༷་པའི་སྙ༷ན་པའི་གྲགས༷་པའི་རྔ་བོ་ཆེ་རབ་ཏུ་དགེ༷་བ་འབྱུང་བ་དང་། འགྲོ་བ་རྣམས་ཐར་བའི་ལམ་དུ་དབུགས༷་འ༷བྱིན་ཆེ༷ན་པོ༷་སྩོལ་བའི་ནུས་པ་ཐོབ་ནས་དེ་དག་ལ་ཀུན་ནས་དགའ༷་བའི་སྟོ༷ན་མོ་རབ་ཏུ་ཆེ༷་བ་རྒྱས་པའམ་གསང་བ་ལུས་རྒྱས་བསྐྱེད་པའི་སྒོམ་པའི་ཡེ་ཤེས་ཟག་མེད་བདེ་བ་ཆེན་པོའི་ངོ་བོར་དབུགས་འབྱིན་པའི་གསང་སྤྱོད་ཀྱི་དགའ་བའི་སྟོན་མོ་རབ་ཏུ་རྒྱས་པ་དང་། ཟག་མེད་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་དགའ༷་སྟོན་ཆེ༷ན་པོ་འབྱུང་བ་སྟེ། རྡོ་རྗེའི་གར་དང་། གླུ་དང་། ཛ་གད་ཀྱི་མཆོད་པ་དང་། ཚོགས་ཀྱི་འཁོར་ལོ་དང་། དུར་ཁྲོད་ན་རྒྱུ་ཞིང་བམ་རོ་ལ་རོལ་བ་ལ་སོགས་པ་སྣང་བ་ཐོག་བརྫིས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་དགའ་བ་ཆེན་པོའི་ཉམས་ཀྱི་སྣང་བ་ལ་རོ༷ལ་མོ༷་ལྟར་སྤྱོད་པའི་ཚོགས་ཀྱི་སྤྱོད་པ་ཆེ༷ན་པོ༷་ཡི་རྩལ་འབྱུང་བ་སྟེ༷། དེ་ལྟར་གནས་ལུགས་དེ་ཁོ་ན་ཉིད་ལ་དབང་འབྱོར་བའི་སེམས་སམ་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ལ་གསང་བ་ལས་རྒྱ་ལ་བརྟེན་པའི་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་ཚོགས་སྤྱོད་ལ་སོགས་པ་སྤྱོད་པ་ཁྱད་པ་བ་དུ་མས་བསྟོད་པས་བཀུར༷་སྟི༷་དང་མཆོད་པའི་རིམ༷་གྲོ༷་ཕུན་སུམ༷་ཚོགས༷་པས་བསྙེན་བཀུར་རྒྱ་ཆེན་པོ་དང་ལྡན་པའི་དོན་ལ་གནས་པར་བྱེད་དོ་ཞེས་པའོ།།

གཞན་ཡང་། ཕྱི་དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་དམ་པ་དང་། ཚོགས་ཀྱི་སྤྱོད་པའི་ཉེར་རྒྱུའམ་གསང་སྤྱོད་ཀྱི་ཉེར་རྒྱུ་རིག་མ་མཚན་བཟང་གཞོན་ནུ་མ་རྣམས་ལ་བསྟོད་པ་དང་ཟིང་ཟིང་གི་ནོར་རྫས་གྱ་ནོམ་པས་བཀུར་སྟི་དང་རིམ་གྲོའི་མཆོད་པ་རྒྱ་ཆེན་པོ་བསྒྲུབ་ནས་མཉེས་པར་བྱ་བར་ཡང་བསྟན་ཏོ།།

གསུམ་པ་རང་བཞིན་བརྟགས་པའི་དབེན་པ་བསྟན་པ་ནི། མཆོག་ཏུ་དགའ་བ་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། མཆོག་ཏུ་དགའ་བ་གྲགས་བདག་དཔལ། །ཞེས་པ་ནས། འཇིག་རྟེན་སྒྲ་སྟེ་རབ་ཀྱི་མཆོག །ཅེས་བྱ་བའི་བར་གྱིས་རང་བཞིན་བརྟགས་པས་དབེན་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་མཆོ༷ག་ཏུ༷་དགའ་བའམ་དམ་པར་དགའ༷་བ༷་ཡི་གནས་སུ་གྱུར་པའི་འབྲས་བུ་དང་དེ་ཐོབ་བྱེད་ཀྱི་ལམ་གང་ལ་བསྟན་པའི་ཡུལ་ནི་བཀའ་གསང་རྨད་དུ་བྱུང་བའི་རྒྱུད་ཀུན་ལས་དང་ཁམས་གསུམ་ན་གྲགས༷་པའི་བ༷དག་པོ་བྱང་ཆུབ་སེམས་དཔའི་ཚོགས་སམ་འཇམ་དཔལ་ཡེ་ཤེས་སེམས་དཔའ་རང་དོན་ཚོགས་གཉིས་རྫོགས་པ་རྟོགས་པ་བདག་གི་དཔལ༷་དང་། འགྲོ་བ་ཀུན་སྡུག་བསྔལ་ལས་སྐྱོབ་པའི་དོན་མཛད་པ་ཐུགས་རྗེ་གཞན་གྱི་དཔལ་དང་ལྡན་པའི་ནུས་ཅན་གྱི་གང་ཟག་ལ། གང་སྟོན་པ་ནི་འབྲས་བུ་སྙིང་པོ་དོན་གྱི་སངས་རྒྱས་ཀྱི་ཡོན་ཏན་མཆོ༷ག་དང་ལྡ༷ན་པ་དེ་ཉིད་དེ། གང་གིས་སྟོན་པ་པོ་ནི་སངས་རྒྱས་ཀྱི་གོ་འཕང་དང་དེ་ཐོབ་བྱེད་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་ཉེ་ལམ་མཆོ༷ག་གཅིག་སྦྱི༷ན་པར་བྱེད་པའི་གཙོ༷་བོ༷་སྟེ༷་དེ་བཞིན་གཤེགས་པའོ།།

དེའི་སྐྱབས་སུ་གྱུར་པས་ན་སྐྱབས༷་ཀྱི༷་མཆོག་གམ་དམ༷་པ༷་ཉིད་དུ་གྱུར་པ་གང་ཡིན་པ་དེ་ནི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོའོ། །ཅིའི་ཕྱིར་བླ་མ་དེ་དེ་ལྟར་སྐྱབས་ཀྱི་དམ་པ་ཡིན་ཞེ་ན། དེ་ནི་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དང་འབྱུང་གནས་སུ་གྱུར་ཅིང་དེ་ལས་གཞན་མེད་པའི་ཕྱིར་ན་སྐྱབས་ཀྱི་དམ་པའམ་དེ་བཞིན་གཤེགས་པ་རྣམས་ཀྱི་ཀྱང་སྐྱབས༷་སུ༷་འོས༷་པ་ཡིན་ནོ།།

འོ་ན་དངོས་གྲུབ་ཀྱི་འབྱུང་གནས་སུ་ཇི་ལྟར་འགྱུར་བ་ཡིན་ཞེ་ན། ཐར་བ་དང་མྱང་འདས་ཀྱི་གེགས་སུ་གྱུར་ཅིང་འ༷ཇིག་རྟེ༷ན་གྱི་དགྲ༷་ཆེན་པོ་སྟེ༷་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་དང་། ཐ་མལ་དུ་ཞེན་པའི་རྟོག་པའི་དགྲ་ཐམས་ཅད་འཇོམ་ཞིང་གཉུག་མའི་དོན་ཁྱད་པར་བ་ཇི་བཞིན་སྟོན་པའི་ཕྱིར་ན་དངོས་གྲུབ་ཆེན་པོ་སྟེར་བྱེད་རབ༷་ཀྱི༷་མ༷ཆོག་ཡིན་ཞེས་པ་སྟེ། འཇམ་དཔལ་ཡེ་ཤེས་སེམས་དཔའི་གཞི་ལམ་འབྲས་བུའི་རང་བཞིན་ངེས་ཤིང་རྟོགས་པ་ལ་བདག་རྐྱེན་དེ་ཉིད་སྟོན་པའི་བླ་མ་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལེགས་པར་བརྟགས་ནས་སྐྱོན་དང་ཐེག་པ་འདིའི་ཐབས་སྟོན་པ་མི་ལྡན་པས་དབེན་པའི་སློབ་དཔོན་བསྟེན་དགོས་པར་བསྟན་པའོ།།

བཞི་བ་དགེ་བ་གསུམ་བསྟན་པ་ལ་ཐོག་མར་དགེ་བ་ཕྱག་རྒྱ་ཆེན་པོ་བསྟན་པ་དང་། བར་དུ་དགེ་བ་ཆོས་ཀྱི་ཕྱག་རྒྱ་བསྟན་པ་དང་། ཐ་མར་དགེ་བ་ལས་ཀྱི་ཕྱག་རྒྱ་བསྟན་པ་དང་གསུམ་ལས།

དང་པོ་ཐོག་མར་དགེ་བ་ཕྱག་རྒྱ་ཆེན་པོ་བསྟན་པ་ནི། འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་བ་མུཉྫཱ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འཇིགས་པ་མ་ལུས་སེལ་བ་པོ། །ཞེས་པ་ནས། གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཞེས་པའི་བར་གྱིས་ཐོག་མར་དགེ་བ་ཕྱག་རྒྱ་ཆེན་པོར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ལྟར་ཉོན་མོངས་པ་དང་། ཕྱིན་ཅི་ལོག་པར་ལྟ་བ་དང་། མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་དང་། ཐ་མལ་དུ་སྣང་བའི་རྟོག་པ་སོགས་འཇིག་རྟེན་གྱི་ནང་གི་དགྲའམ་འཇིགས་པ་དང་། འཁོར་བ་སྡུག་བསྔལ་གསུམ་གྱི་རྦ་རླབས་གཡོ་བའི་འཇིགས་པ་དང་། ལམ་གོལ་བའི་འཇིགས་པ་དང་། གསོད་པའི་འཇིགས་པ་དང་། ཕྱིར་རྒོལ་བ་དང་ཕ་རོལ་གྱི་དགྲའི་འཇིགས་པ་དང་། མུ་གེའི་འཇིགས་པ་དང་། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང་། ནད་ཀྱི་འཇིགས་པ་དང་། ས་གཡོ་བའི་འཇིགས་པ་དང་། ཀླ་ཀློའི་འཇིགས་པ་དང་། གནོད་སྦྱིན་གྱི་འཇིགས་པ་དང་། སྲིན་པོའི་འཇིགས་པ་དང་། མཁའ་འགྲོ་མའི་འཇིགས་པ་དང་། གདོན་གྱི་འཇིགས་པ་དང་། སེང་གེ་དང་། གླང་ཆེན་དང་། དུག་སྦྲུལ་དང་། མེ་དང་། ཆོམ་པོ་དང་། རྐུན་མ་དང་། མཚོན་ཆ་དང་། ཤ་ཟ་དང་། རྒྱལ་པོའི་ཆད་པའི་ལས་ལྕགས་སྒྲོག་དང་། རྒྱ་མཚོ་ཆུ་སྲིན་གྱི་འཇིགས་པ་ལ་སོགས་པ་འཇིག་རྟེན་གྱི་ཕྱིའི་དགྲའམ་འཇིགས་པ་བཅས་འཇིགས༷་པ༷་ཆེན་པོ་རྣམས་མ༷་ལུས༷་པར་སེལ༷་བར་མཛད་པ༷་པོ༷་ནི་རྗེ་བཙུན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཡིན་ནོ།།

དེའི་སྐུ་འགྲོ་བ་འདུལ་བའི་གཟུགས་སུ་སྣང་བ་ལ་ནི་སྣ་ཚོགས་པ་ཞིག་མཆིས་མོད། སྐུ་བྱིས་པ་ལོ་བརྒྱད་ལོན་པའི་ཞལ་རས་ཅན། སྐུ་མདོག་གསེར་བཙོ་མ་ལྟ་བུ་ལྟ་བས་ཆོག་མི་ཤེས་པ། ཞལ་གཅིག་ཕྱག་གཉིས་པ། དབུ་སྐྲ་མིག་སྨན་གྱི་མདངས་ལྟར་གནག་ཅིང་སྣུམ་པ་དྲི་བཟང་འཐུལ་བའི་གཙུ༷ག་ཕུ༷ད་སྤྱི་བོར་བཅིངས་པ་ལ་ཕུ༷ད་བུ༷་ཞེས་པ་རིན་པོ་ཆེའི་ཐུར་མའི་གཟེར་བུ་བཏབ་པ་དང་། སྐྲ་སྤྱི་བོར་རྡོག་པོར་བཅིངས་པའི་ལྷག་མ་རྣམས་རྒྱ་ལྕང་གི་ལོ་འདབ་ཐུར་དུ་དུད་པ་ལྟར་ཐུར་དུ་དཔྱང་བའི་ལྕང༷་ལོ༷་མཛེས་པ་ཅ༷ན། རལ༷་བ༷་སྤྱི་བོར་བཅིངས་པའི་རྩེ་མོ་བཤིག་པའི་ཅོད་པན་ནམ་ཐོར་ཅོག་གྲོལ་བ་ལ་མུ༷ཉྫཱ༷་ཟེར་ཞིང་། དེ་ལ་ཉི་ཟླའི་ཅོ༷ད་པ༷ན་གྱིས་བརྒྱན་པ་དབུ་ལ་ཐོ༷གས་པ་དང་། སྐྲ་འབུར་གྱི་གདོང༷་བ་ཕྱོགས་བཞི་དང་སྤྱི་བོར་གཅིག་སྟེ་ལྔ༷་ལ་རལ་བའི་གཙུ༷ག་ཕུ༷ད་ལྔ༷་དང༷་ལྡ༷ན་པའམ། ཕྱོགས་བཞིའི་ཞལ་དང་སྟེང་ཞལ་དང་གདོང་བ་ལྔ་ལ་དབུ་སྐྲ་རལ་བའི་གཙུག་ཕུད་རེ་རེ་དང་དེ་ལ་རིན་པོ་ཆེའི་ཟུར་ཕུད་ལྔ་ལྔས་བརྒྱན་པའི་ཆ་ལུགས་འཛིན་པ་དེ་མཚོན་བྱེད་དང་། དེའི་མཚོན་བྱའི་དོན་ནི། སྲིད་ཞིའི་འཇིགས༷་པ༷་མ༷་ལུས༷་པ་སེལ༷་བར་མཛད་པ༷་པོ༷་བདེ་སྟོང་ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ནི་གཙུ༷ག་ཕུ༷ད་སྤྱི་བོར་བཅིངས་པས་མཚོན་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་། རིན་པོ་ཆེའི་ཕུ༷ད་བུ༷་སྟེ་ཐུར་མས་མཚོན་པ་མཉམ་ཉིད་ཡེ་ཤེས་དང་། དབུ་སྐྲའི་ལྕང༷་ལོ༷་ཐུར་དུ་དཔྱང་པ་ཅ༷ན་གྱིས་མཚོན་པ་སོར་རྟོགས་ཡེ་ཤེས་དང་། རལ༷་བ༷་མུ༷ཉྫཱ༷ས་མཚོན་པ་བྱ་གྲུབ་ཡེ་ཤེས་དང་། ཉི་ཟླའི་ཅོ༷ད་པ༷ན་གྱིས་མཚོན་པ་ཆོས་དབྱིངས་ཡེ་ཤེས་ཏེ་ཡེ་ཤེས་ལྔ་དབྱེར་མི་ཕྱེད་པའི་བདག་ཉིད་གཅིག་ཏུ་ཐོགས༷་པ་ཅན་དང་། ཞལ་ལྔས་མཚོན་པ་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རིན་ཆེན་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་ཏེ་རིགས་ལྔའི་གདོང༷་བ་ལྔ༷་དང་། རལ་བའི་གཙུ༷ག་ཕུ༷ད་ལྔས་མཚོན་པ་ཡེ་ཤེས་ལྔ༷་གཞན་འགྲོ་བ་རྒྱུད་ལྔ་ལ་སྟོན་པའི་དོན་དང༷་ལྡ༷ན་པ་མཚོན་པ་ལ་སོགས་པའི་དོན་དུ་འགྲེལ་བ་ནི་གཙོ་བོའི་འགྲེལ་ཚུལ་ལོ།།

གཞན་ཡང་འགྲོ་བ་འདུལ་ཕྱིར་མུ་སྟེགས་པའི་ཆ་ལུགས་སུ་ཞུགས་པ་སྟེ། གཙུག་ཕུད་ནི་སྐྲ་བྲེགས་ནས་སྤྱི་བོར་རལ་བ་བཞག་པར་སྤྲུལ་ནས་འགྲོ་དོན་མཛད་པ་དང་། ཕུད་བུ་ནི་སྐྲ་གཞན་བྲེགས་པའི་ལྷག་མ་དཔྲལ་བར་བཅིངས་པར་སྤྲུལ་པ་དང་། ལྕང་ལོ་ནི་སྐྲ་སིལ་བུ་རིང་པོ་ཅན་དུ་སྤྲུལ་པ་དང་། རལ་བ་ནི་རལ་བས་སོག་ཁ་ནོན་པ་ལྷ་ཆེན་པོ་ལ་དད་པའི་གཟུགས་སུ་སྤྲུལ་པ་དང་། མུཉྫཱ་ནི་སྐེད་པར་སླེབས་པའི་རལ་བས་སྐ་རགས་བཅིངས་པར་སྤྲུལ་པ་དང་། ཅོད་པན་ནི་རལ་བ་ལ་དར་ལ་སོགས་པའི་ཅོད་པན་བཏགས་པ་སྤྱི་བོར་བཅིངས་པར་སྤྲུལ་པ་དང་། གདོང་ལྔ་ནི་ཕྱོགས་བཞི་སྤྱི་བོ་དང་ལྔ་ལ་གདོང་ཡོད་པ་ཚངས་པ་གདོང་ལྔ་བར་སྤྲུལ་པ་དང་། ཡང་མགོ་ལ་གཙུག་ཕུད་ལྔ་དང་ལྡན་པ་མུ་སྟེགས་ཟེགས་པ་བར་སྤྲུལ་པ་དང་། མགོ་ལ་ཟུར་ཕུད་ལྔ་དང་ལྡན་པ་གཞན་འཕྲུལ་དབང་བྱེད་པར་སྤྲུལ་པས་གང་ལ་གང་འདུལ་གྱིས་འགྲོ་དོན་མཛད་པར་འགྲེལ་བ་ནི་བི་མ་ལ་མི་ཏྲའི་ཊཱི་ཀའི་འགྲེལ་ཚུལ་ལོ།།

ཡང་ན་གཙུ༷ག་ཕུ༷ད་ནི་འཛག་པ་ཉེ་བར་བསྟེན་པ་སྟེ་འཁོར་བའི་ངོ་བོར་སྐྱེ་གནས་བཞི་ལ་སོགས་པས་ཡང་ནས་ཡང་དུ་སྐྱེ་བ་ཉེ་བར་འཛག་པ་དེ་ཉིད་ཐར་བའི་ལམ་གྱིས་སྐྱོར་བར་བགྱིས་ཏེ་རྣམ་པར་སྣང་མཛད་སོགས་རིགས་ལྔའི་བདག་ཉིད་ཀྱི་འབྲས་བུའི་ཕུ༷ད་བུ༷་སྟེ་དཔྲལ་བའི་གནས་སུ་བཞག་ཅིང་། དེ་འདྲའི་ཡོན་ཏན་གྱི་ཚོགས་བསྐྱེད་པའི་ལྕང༷་ལོ༷་དང་ལྡན་པ་ཅ༷ན་གྱི་ཡེ་ཤེས་སེམས་དཔའ་ཞེས་འགྲེལ་ཡང་རུང་སྟེ། ཌོམ་བི་པའི་ཊཱི་ཀ་ལྟར་རོ།།

རལ༷་བ༷་བེམ་པོ་ལ་གོ་ཞིང་ཟག་པ་མེད་པའི་ཡེ་ཤེས་དེ་ཉིད་རྟོག་པ་དང་བྲལ་བའི་བེམ་པོ་ལྟར་རྟོག་པ་མེད་པའི་མུཉྫཱ༷་ལ་ཉེ་བར་གནས་པས་སངས་རྒྱས་ཀྱི་འབྲས་བུ་ངེས་པར་འབྱིན་པའི་ཅོ༷ད་པ༷ན་གུས་པའི་སྒོ་ནས་སྤྱི་བོར་ཐོགས༷་པ་ལྟ་བུར་མཆོག་ཏུ་བཀུར་བ་དང་། རྩ་བར་གྱུར་པ་ཡེ་ཤེས་ལྔའི་གདོང༷་ལྔ༷་དང་། གཙོ་བོ་རིགས་བདག་ཏུ་གྱུར་པ་སྐུ་ལྔའི་གཙུ༷ག་ཕུ༷ད་ལྔ༷་དང༷་ལྡ༷ན་པ་ལ་འཁོར་འབྱུང་བ་ལྔ་རྣམ་པར་དག་པའི་ཡུམ་ལྔའི་ཟུར༷་ཕུ༷ད་ལྔ༷་བ༷་དང་། སྤྱི་བོར་ཡོངས་སུ་འཛིན་པ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའི་མེ༷་ཏོག༷་གི་ཐོད༷་ཅན་ཏེ་འཇམ་དཔལ་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་དུ་འགྲེལ་བ་ཡང་ཌོམྦི་པའི་ལུགས་ཏེ། ས་བཅད་འཇོག་ཚུལ་མི་འདྲ་བའི་དབང་གིས་དེ་ལྟར་འོག་གི། ཟུར་ཕུད་ལྔ་བ་མེ་ཏོག་ཐོད། །ཅེས་པ་ཡར་བླངས་ནས་འགྲེལ་མཛད་པ་འདིའང་རུང་ངོ་།།

གཉིས་པ་བར་དུ་དགེ་བ་ཆོས་ཀྱི་ཕྱག་རྒྱ་བསྟན་པ་ནི། ཟུར་ཕུད་ལྔ་བ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ། །ཚངས་པར་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་པའི་ཚིགས་བཅད་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །ཅེས་པ་ནས། དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །ཞེས་པའི་བར་གྱིས་བར་དུ་དགེ་བ་ཆོས་ཀྱི་ཕྱག་རྒྱ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་འདོད་པའི་ཡོན་ཏན་ལྔ་མཚོན་པའི་བརྡར་དབུ་སྐྲ་སྤྱི་བོར་བཅིངས་པའི་རྩེ་མོའི་གཙུག་ཕུད་ལྔ་ཕྱི་རུ་མངོན་པ་ལ་རིན་པོ་ཆེའི་ཟུར༷་ཕུ༷ད་གྲངས་ལྔ༷་བ༷་སྟེ་གཙུག་ཕུད་རེ་ལ་ཟུར་ཕུད་རེས་བརྒྱན་པ་དང་། དེ་ལ་ཡང་མིག་རྣ་བ་སྣ་ལྕེ་ལུས་ལྔ་སྟེ་དབང་པོ་ལྔ་རྣམ་པར་དག་པ་མཚོན་པའི་བརྡར་མེ༷་ཏོ༷ག་གིས་མཛེས་པར་སྤྲས་པའི་ཐོ༷ད་རྒྱན་ཅན་དུ་སྤྲུལ་པ་སྟེ། དོན་ལ་འདོད་པའི་ཡོན་ཏན་ལྔ་མཚན་མར་གྲུབ་པ་མེད་པར་རྣམ་པར་དག་པ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས་པ་ཡི་རིན་པོ་ཆེའི་ཟུར༷་ཕུ༷ད་ལྔ༷་བ༷་དང་། དབང་པོ་ལྔ་མཚན་མར་གྲུབ་པ་མེད་པར་རྣམ་པར་དག་པ་ཉིད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་དང་དབྱེར་མི་ཕྱེད་པའི་མེ༷་ཏོག༷་དེ་ཉིད་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཐོ༷ད་དུ་བཅིང་དགོས་པ་དང་དེ་ལྟར་བཅིངས་པ་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་པར་བསྟན་ཏོ།།

དེ་ཐོབ་བྱེད་ཀྱི་ཐབས་སམ་སྤྱོད་པ་ཡང་མ༷གོ་བོའི་སྐྲ་དང་ཁ་སྤུ་བྲེགས་ནས་དབུ་ཟླུམ༷་པོ་དབུ་རེག་ཞབས་རྗེན་དང་། ཆོས་གོས་བླ་གོས་དང་། མཐང་གོས་དང་། སྣམ་སྦྱར་སོགས་གོས་ངུར་སྨྲིག་མནབས་ཤིང་། ཕྱག་དར་ཁྲོད་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་བ་པ་དང་། སྟན་གཅིག་པ་དང་། བསོད་སྙོམས་པ་དང་། ཟས་ཕྱིས་མི་ལེན་པ་དང་། དགོན་པ་བ་དང་། ཤིང་དྲུང་བ་པ་དང་། བླ་གབ་མེད་པ་བ་དང་། དུར་ཁྲོད་པ་དང་། ཙོག་པུ་བ་དང་། གཞི་ཇི་བཞིན་པ་སྟེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་པ་ལྟ་བུའི་ཐེག་པ་ཐུན་མོང་གི་སྤྱོད་པ་དང་། སྐྲ་དང་ཁ་སྤུ་རིང་པོར་བཞག་ཅིང་ཐོད་པའི་ཕྲེང་བ་དང་། ཁ་ཊྭཱཾ་དང་། ཀ་པ་ལི་ཐོགས་ཤིང་དུར་ཁྲོད་ན་གནས་པ་སོགས་ཧེ་རུ་ཀའི་ཆ་བྱད་ཀྱི་བརྟུལ༷་ཞུགས༷་ཆེ༷ན་པོ༷་ཐེག་པ་ཆེན་པོ་ཐུན་མིན་གྱི་ཆ་ལུགས་འཛིན་པ༷་པོ་རྣམ་པ་གཉིས་ཀྱི་སྤྱོད་པ་གཉིས་ཡོད་ལ། དང་པོ་ནི་ཚང༷ས་པ་སྟེ་ཐར་བ་ཆེན་པོ་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་ངམ་འབྲས་བུ་དེ་རྣམ་དག་ལམ་གྱི་རིམ་པ་དང་ཆོས་མཛད་ཀྱི་གྲོགས་རྣམས་དང་མཚུངས་པར༷་སྤྱོ༷ད་པ༷་རབ་བྱུང་འདུལ་བ་འཛིན་པ་དགེ་སློང་གི་སྤྱོད་པ་སྟེ་མུ་སྟེགས་སུ་སྨྲ་བ་རྣམས་ཀྱི་བརྟུལ་ཞུགས་ཀྱི་ཚུལ་ལས་ཁྱད་པར་དུ་འཕགས་ཤིང་མི་མཐུན་པའི་རྣམ་པར་རྟོག་པའི་ཚོགས་མཐའ་དག་འབྱང་བྱེད་དུ་གྱུར་པ་རྒྱལ་བ་མཉམ་མེད་ཤཱཀྱ་སེངྒེའི་སྤྱོད་པ་ལྟ་བུའོ།།

གཉིས་པ་ནི་ཐ་མལ་སྣང་ཞེན་ཟློག་པའི་རིག་པ་བརྟུལ༷་ཞུགས༷་ཀྱི་སྤྱོད་པ་ཉན་ཐོས་ལ་སོགས་པ་ཚངས་པར་སྤྱོད་པའི་སྐྱེ་གནས་སུ་སོང་བ་མ་ཡིན་ཞིང་སྤྲོས་པའི་དྲི་མ་དང་བྲལ་བ་དང་། རྣམ་རྟོག་ལ་སོགས་པའི་དྲི་མས་མ་གོས་པ་གསང་བ་སྔགས་ཀྱི་ལྟ་དགོངས་ཁྱད་པར་བ་དང་ལྡན་པའི་སྤྱོད་པ་མ༷ཆོག་དེ་ཡིན་ཞེས་པའོ།།

དེ་ཕྱིར་སྤྱོད་པ་སྔ་མ་ནི་སྐུ་གསུང་ཐུགས་སོགས་མཚན་མའི་རྟེན་ལ་ཕྱག་འཚལ་བ་དང་། སྒོ་གསུམ་སྡོམ་པ་དང་། ཏིང་ངེ་འཛིན་ལ་རྒྱུན་ཆད་མེད་པར་གནས་པ་དང་། གོས་ཕྱག་དར་ཁྲོད་པ་དང་། ཟས་བསོད་སྙོམས་ལ་བརྟེན་པ་དང་། གནས་བླ་གབ་མེད་པ་བསྟེན་པ་སོགས་དཀ༷འ་ཐུབ༷་ཀྱི་སྤྱོད་པ་མཐ༷ར་ཕྱི༷ན་ནས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་དེ་ཡིན་ནོ།།

ཕྱི་མ་ནི། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ་ལས། ཁྲུས་དང་གཙང་སྦྲ་དང་བྲལ་ཞིང་། །དཀའ་ཐུབ་སྤྱོད་པ་རྣམས་སྤང་ནས། །དྲག་ཤུལ་སེམས་ཀྱི་གསང་བསྔགས་འདི། །བརྗོད་པ་ཙམ་གྱིས་མྱུར་དུ་འགྲུབ། །དད་པ་བརྩོན་འགྲུས་ཀྱིས་བརྒྱན་ཅིང་། །བག་ཡོད་སྙིང་རྗེ་ཆེར་ལྡན་པ། །དེས་ནི་བླ་མ་མི་སྤོང་ལ། །དཔའ་བརྟུལ་ཤེས་རབ་དེས་པ་ཆེ། །འགྲོ་ལ་བྱམས་སེམས་ཆེ་བ་དེས། །སྔགས་དང་ཏིང་འཛིན་ཕྱག་རྒྱ་སོགས། །བརྩམས་པ་ཙམ་ལ་དངོས་གྲུབ་འབྱུང་། །ཞེས་དང་། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། སྣ་ཚོགས་སྤྱོད་པ་ཡང་དག་ལྡན། །སྤྱོད་དང་བརྟུལ་ཞུགས་སྤྱད་པ་ཡི། །སྤྱོད་དང་བརྟུལ་ཞུགས་འདིར་སྤོངས་ལ། །དེ་ཉིད་བརྟུལ་ཞུགས་ལ་དགར་བྱ། །གང་ཡང་རུང་བའི་ཟས་གནས་པ། །རྣམ་པ་དེས་བྱས་བརྟུལ་ཞུགས་ཅན། །བསམ་གཏན་ཟས་མཆོག་གཞོལ་འགྱུར་བས། །སྨྱོན་པའི་སྤྱོད་པས་གནས་པར་གྱིས། །ཞེས་དང་། ཕག་མོ་མངོན་བྱུང་གི་རྒྱུད་ལས། ཅུང་ཟད་དྲོད་ནི་ཐོབ་པ་དང་། །དེ་ཚེ་སྤྱོད་པ་སྤྱད་པར་བྱ། །དང་པོ་གསང་བའི་སྤྱོད་པ་བྱ། །བྱང་ཆུབ་སེམས་ནི་དྲོད་ཐོབ་ནས། །རིག་པ་བརྟུལ་ཞུགས་སྤྱོད་པར་བྱ། །ལྷན་ཅིག་སྐྱེས་པའི་དྲོད་ཐོབ་ནས། །མ་དད་ཟློག་པའི་སྤྱོད་པ་བྱ། །ཆུ་ཚོད་ལྟ་བུའི་དྲོད་ཐོབ་ནས། །ཚོགས་ཀྱི་སྤྱོད་པ་ཅི་བདེར་སྤྱད། །སྨྱོན་པ་ལྟ་བུའི་སེམས་ཐོབ་ནས། །ཕྱོགས་མེད་རྣམ་རྒྱལ་སྤྱོད་པ་བྱ། །ཞེས་གསུངས་པ་ལྟར། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་འདོད་པའི་ཡོན་ཏན་མི་སྤོང་བར་ཉོན་མོངས་པ་ལམ་དུ་བྱེད་པའི་ཕྱག་རྒྱ་ཆེན་པོ་གསང་བ་སྔགས་ཀྱི་བརྟུལ་ཞུགས་སྨྱོན་པའི་སྤྱོད་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ཚེ་ལུས་གཅིག་ལ་སྩོལ་བས་དཀའ༷་ཐུབ༷་རབ་ཏུ་ཆེ༷་བ་ཅན་ཡིན་ཞིང་། སྤྱོད་པ་དེ་དག་མཐར་ཕྱིན་པ་པོ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པའོ།།

གསུམ་པ་ཐ་མར་དགེ་བ་ལས་ཀྱི་ཕྱག་རྒྱ་བསྟན་པ་ནི། གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་འདས་པ་ཚངས་པ་ཐོབ། །གྲོལ་བ་ཐར་བ་རྣམ་གྲོལ་ལུས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། གཙང་གནས་དམ་པ་གཽ་ཏ་མ། །ཞེས་པ་ནས། །གྲོལ་བ་ཐར་པ་རྣམ་གྲོལ་ལུས། །ཞེས་པའི་བར་གྱིས་ཐ་མར་དགེ་བ་ལས་ཀྱི་ཕྱག་རྒྱ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ཟླ་གསང་ཐིག་ལེའི་རྒྱུད་ལས། ལུས་ངག་སེམས་ནི་བདེ་དམ་པ། །རིག་མ་ཀུན་ལ་བསྐྱོད་བྱས་ཏེ། །བྱང་ཆུབ་ཆེན་པོ་བདེ་བ་ཡིས། །ཚུལ་བཞིན་དུ་ནི་བསྔགས་པར་བྱ། །ཞེས་གསུངས་པ་ལྟར། ལས་ཀྱི་ཕྱག་རྒྱ་རིག་མ་མཚན་ལྡན་གྱི་མཁའ་ལ་བརྟེན་ནས་རྡོ་རྗེ་དང་པདྨ་སྙོམས་པར་ཞུགས་པ་ལས་སྐྱེས་པའི་སྐུ་གསུང་ཐུགས་རྡོ་རྗེ་མི་ཕྱེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཁམས་འཕོ་བ་དང་ཐ་མལ་བའི་འདོད་སྲེད་ཀྱི་དྲི་མ་མེད་པའི་རབ་ཏུ་གཙང༷་བ་གང་ཡིན་པ་དེ་ཉིད་སྤྲོས་པའི་དྲི་མ་ཡེ་ནས་དག་པའི་གནས་ལུགས་དོན་དམ་པ་ཤེས་རབ་སྟོང་པ་ཉིད་རྡོ་རྗེ་བཙུན་མོའི་བྷ་གའི་གནས༷་དམ༷་པ༷་རུ་སྦྱར་བ་ལས་སྐྱེས་པའི་བདེ་བ་དང་སྟོང་པ་དབྱེར་མེད་པ་ཟུང་འཇུག་མི་གནས་པའི་ཡེ་ཤེས་ཆེན་པོ་མཐར་ཐུག་པའི་འབྲས་བུ་བཅོམ་ལྡན་འདས་གོའུ༷་ཏམ༷་པའི་མིང་ཅན་དེ་ནི་གསང་སྔགས་ལམ་གྱི་ཐོབ་བྱ་མཐར་ཐུག་པ་དང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་ལ། དེ་ཉིད་ནི་གཞི་ལམ་འབྲས་གསུམ་གྱི་དུས་ན་གཉིས་སུ་གྲུབ་པ་དང་མཚན་མའི་རང་བཞིན་དུ་གནས་པ་ཏིལ་ཙམ་མེད་ཅིང་ཉོན་མོངས་པ་མི་མངའ་པས་རིགས་གཙང་བ་བྲམ༷་ཟེ༷་ལྟ་བུ་དང་། གཟུང་བ་ཡུལ་གྱིས་སྟོང་པས་དགའ་བའི་ཡེ་ཤེས་ཁྱད་པར་བ་དང་ལྡན་པས་ཚངས༷་པ༷་ལྟ་བུ་དང་། འཛིན་པ་ཡུལ་ཅན་གྱིས་སྟོང་པའི་མཆོག་ཏུ་དགའ་བའི་ཡེ་ཤེས་དང་ལྡན་པའི་ཚངས༷་པ༷་ཆེན་པོ་ལྟ་བུ་དང་། བདེ་བ་ཆེན་པོའི་ཡེ་ཤེས་ཁྱད་པར་བ་རྙེད་ཅིང་ཤེས༷་པ་དང་། ཉོན་མོངས་པ་དང་ཞེན་རྟོག་གི་དྲི་མ་དང་བྲལ་བའི་མྱ༷་ང༷ན་ལས་འདས༷་པ༷་ལྷན་སྐྱེས་ཀྱི་ཡེ་ཤེས་བརྙེས་པ་དང་། རྣམ་པར་རྟོག་པ་བཏང་སྙོམས་དང་བྲལ་བའི་དགའ་བྲལ་གྱི་ཡེ་ཤེས་ཚང༷ས་པ༷་ལྟ་བུ་ལྡན་པའི་སྒོ་ནས་སྙིང་པོ་ལེན་པར་བྱས་ཏེ་ཐོབ༷་པ་ཡིན་ནོ།།

དེ་ལྟ་བུའི་ཤེས་རབ་ཡེ་ཤེས་ཀྱི་དབང་དང་དབང་དོན་སྔོན་དུ་སོང་བ་ལ་བརྟེན་ནས་ཚིག་དབང་ཐོབ་པ་དང་། ཚིག་དབང་གི་ཐོབ་བྱ་ནི་གཉུག་མ་མི་འགྱུར་བའི་ཡེ་ཤེས་ཆེན་པོ་གྲོལ༷་བ༷་མཐར་ཐུག་པ་དེ་ཡིན་ལ། དེ་ཉིད་ནི་ཚིག་དབང་གི་མན་ངག་ཐ༷ར་བ༷་ཡང་དག་པའི་ཐབས་དང་། རྣམ༷་པར་གྲོལ༷་བའི་ལུས༷་ཚིག་དབང་རིན་པོ་ཆེའི་རྒྱུ་ལ་བརྟེན་ནས་ཐོབ་དགོས་པ་ཡིན་ཞེས་པའོ།།

ཡང་ན་ཉེས་པའི་ཚོགས་མཐའ་དག་དང་བྲལ་བའི་གཙང༷་ཞིང་། བསོད་ནམས་ཀྱི་ཚོགས་གསོག་པའི་ཡུལ་ལམ་གནས༷་སུ་གྱུར་ཅིང་། འགྲོ་བ་ཀུན་གྱི་མགོན་སོགས་དམ༷་པར་གྱུར་པ༷་བཅོམ་ལྡན་འདས་གོ༷འུ༷་ཏམ༷་ཆེན་པོ་ཤཱཀྱ་ཐུབ་པ་ནི་འཇིག་རྟེན་གྱི་ཁ་ན་མ་ཐོ་བ་ཐམས་ཅད་སྤངས་པས་བྲ༷མ་ཟེ༷་ལྟར་གཙང་བ་དང་། རང་ལ་ཉེས་སྐྱོན་གྱིས་མ་གོས་པས་ཚངས༷་པ༷་ལྟར་ཚུལ་བཙུན་པ་དང་། གཞན་གྱི་ཉེས་སྐྱོན་གྱི་དྲི་མ་བསལ་བའི་ཐབས་ལ་མཁས་པས་ཚངས༷་པ༷་ཤེས༷་པ་དང་། འཁོར་བའི་མྱ༷་ང༷ན་ལས་འདས༷་པ༷་ཐོབ་པས་ན་ཚངས༷་པ༷་ཐོབ༷་པ་དང་། དེ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་ལས་གྲོལ༷་བ༷་དང་། ཐར༷་བ༷་ཐོབ་སྟེ་བདེ་འགྲོའི་མཚན་ཉིད་ལ་གནས་པ་དང་། འཁོར་བའི་སྡུག་བསྔལ་མཐའ་དག་ལས་རྣམ༷་པར་གྲོལ༷་བ་དགྲ་བཅོམ་པའི་གོ་འཕང་དང་མི་གནས་པའི་མྱ་ངན་ལས་འདས་པའི་གོ་འཕང་མངོན་ཏུ་གྱུར་པའི་ལུས༷་ཐོབ་ཅེས་འགྲེལ་རུང་མོད་ས་བཅད་ཀྱི་དོན་གྱི་དབང་དུ་བྱས་ན་སྔ་མ་ལྟར་འགྲེལ་དགོས་སོ།།

ལྔ་བ་བདེ་བ་ཆེན་པོའི་ལུས་ལྷན་ཅིག་སྐྱེས་པ་བསྟན་པ་ནི། རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས། །ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བར་མཐར་གྱུར་པ། །ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་པ་དཔེ་མེད་པ། །མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ། །ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་མེད་རྡུལ་བྲལ་དྲི་མ་མེད། །ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག །ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ལས་འདས། །ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད། །ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་པའི་ཤོ་ལོ་ཀ་ལྔ་དང་རྐང་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྣམ་གྲོལ་ཞི་བ་ཞི་བ་ཉིད། །ཅེས་པ་ནས། ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཞེས་བྱ་བའི་བར་གྱིས་བདེ་བ་ཆེན་པོའི་ལུས་ལྷན་ཅིག་སྐྱེས་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ལུས་དངོས་སམ་འབའ་ཞིག་བསྟན་པ་ནི། རྣམ༷་པར་གྲོལ༷་བ་མཐར་ཐུག་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་པ་ནི་ནང་དུ་འཇོག་པའི་ཞི་བ་དང་། ནང་དུ་ཡང་དག་པར་འཇོག་པའི་ཞི་བ་གཉིས་སམ་ཉོན་མོངས་པའི་སྒྲིབ་པ་ཞི༷་བ༷་དང་། ཤེས་བྱའི་སྒྲིབ་པ་ཞི༷་བ༷་ཡི་བདག་ཉི༷ད་ཅན་དང་། གྲགས་ཆེན་གྱི་མྱ་ངན་ལས་འདས་པའི་ཞི་བ་དང་། སྙིང་པོ་དོན་གྱི་མྱ་ངན་ལས་འདས་པ་དང་། ལེགས་པར་མྱ་ངན་ལས་འདས་པ་རྡོ་རྗེ་འཆང་གི་གོ་འཕང་གསུམ་མམ། ཐེག་པ་ཆེན་པོ་སྡུག་བསྔལ་ཅི་རིགས་པའི་མྱ༷་ང༷ན་ལས་འདས༷་པ་དང་སྒྲིབ་གཉིས་ཅི་རིགས་ཞི༷་བ་བྱང་ཆུབ་སེམས་དཔའ་དང་། མྱ༷་ང༷ན་ཀུན་ལས་འདས༷་པ་སངས་རྒྱས་དང་། ལེགས༷་པ༷ར་མྱ༷་ང༷ན་ལས་འད༷ས་པའི་གོ་འཕང་དང༷་ཉེ༷་བ་ཉན་རང་གི་མྱང་འདས་ཀྱི་གོ་འཕང་ཐོབ་བྱེད་དང་། བདེ་འགྲོ་དང་ངན་སོང་གི་འཁོར་བ་གཉིས་ཀྱི་ཟག་བཅས་ཀྱི་བ༷དེ་བ་དང་སྡུ༷ག་བསྡུལ་གཉིས་ཀྱི་མཐའམ་རྣམ་བྱང་མྱང་འདས་ཀྱི་བདེ་བ་དང་། ཀུན་ཉོན་འཁོར་བའི་སྡུག་བསྔལ་གཉིས་ཀྱི་མཐའ་སེལ༷་བ༷ར་གྱུར་པ་དང་། དེ་ལྟར་བདེ་སྡུག་གི་མཐའ༷་གཉིས་སུ་འཛིན་པ་ལ་སོགས་པའི་སྐྱོན་ནམ་སྤྲོས་པ་དང་བྲལ་བར་གྱུར༷་པ༷་དང་། བློའི་སྤྱོད་ཡུལ་དང་བྲལ་བ་དང་། ཆགས༷་བྲ༷ལ་ཉན་ཐོས་དང་རང་རྒྱལ་གྱི་ལམ་དང་འབྲས་བུ་དགྲ་བཅོམ་པའི་ལུས༷་ལས༷་རིང་དུ་འདས༷་པ༷་པོ༷་ཡི་བདག་ཉིད་ཅན་དང་། རང་དོན་སྤངས་པ་ཕུན་སུམ་ཚོགས་པ་ཐོབ་པས་རང་ཉིད་ལ་ཉེས་པ་ཅི་ཡང་མེད་དོ་ཞེས་དམ་བཅས་པ་ལ་མི་འཇིགས་པ་དང་། རྟོགས་པ་ཕུན་སུམ་ཚོགས་པ་བརྙེས་སོ་ཞེས་དམ་བཅས་པ་ལ་དོན་མཐུན་གྱི་རྒོལ་བ་མེད་པས་མི་འཇིགས་པ་དང་། གཞན་དོན་དུ་སྤང་བྱ་འདི་དག་སྤང་བར་བྱ་དགོས་ཞེས་དམ་བཅས་པ་ལ་མི་འཇིགས་པ་དང་། གཉེན་པོ་འདི་དང་འདི་བསྟེན་དགོས་ཞེས་བསྒྲགས་ཤིང་དམ་བཅས་པ་ལ་མི་འཇིགས་པ་སྟེ་མི་འཇིགས་པ་བཞི་དང་ལྡན་པས་འཁོར་སོགས་གཞན་གྱི་དོན་མཐུན་གྱི་རྒོལ་བས་ཐུབ༷་པ༷་མེ༷ད་པ༷་དང་། འཁྲུལ་བ་མེད་པ་དང་། མ་བརྟག་པའི་ཅ་ཅོ་མེད་པ་དང་། བསྙེལ་བ་མེད་པ་དང་། མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། མ་བརྟག་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་གྲོལ་ཉམས་པ་མེད་པ་དང་། སྐུ་ཡི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་གཟིགས་པ་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་གཟིགས་པ་རྗེས་སུ་འབྲང་བ་དང་། གསུང་གི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་གཟིགས་པ་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་གཟིགས་པ་རྗེས་སུ་འབྲང་བ་དང་། ཐུགས་ཀྱི་འཕྲིན་ལས་ཐམས་ཅད་ཡེ་ཤེས་ཀྱི་གཟིགས་པ་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་གཟིགས་པ་རྗེས་སུ་འབྲང་བ་དང་། འདས་པའི་དུས་ལ་ཡེ་ཤེས་ཀྱི་གཟིགས་པ་ཆགས་ཐོགས་མེད་པར་འཇུག་པ་དང་། མ་འོངས་པའི་དུས་ལ་ཡེ་ཤེས་ཀྱི་གཟིགས་པ་ཆགས་ཐོགས་མེད་པར་འཇུག་པ་དང་། ད་ལྟར་གྱི་དུས་ལ་ཡེ་ཤེས་ཀྱི་གཟིགས་པ་ཆགས་ཐོགས་མེད་པ་འཇུག་པ་སྟེ་མ་འདྲེས་པའི་ཆོས་བཅོ་བརྒྱད་དང་ལྡན་པས་ན་གཞན་གྱིས་འགྲན་པའི་ཟླ་དང་བྲལ་བའི་དཔེ༷་ཟླ་མེ༷ད་པ༷་དང་། དེ་ལྟ་བུའི་འབྲས་ཆོས་ཀྱི་ཡོན་ཏན་རང་ཆས་སུ་ལྡན་པའི་ཆོས་སྐུ་མཐའ་དང་བྲལ་བ་དཔེ་ཟླ་མེད་པ་དེ་ཉིད་མི་འཇིགས་པ་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་དངོས་པོ་གང་གི་ངོ་བོར་མི༷་མངོ༷ན་ཞིང་། བློ་རྣམ་པར་ཤེས་པའི་ཡུལ་དུ་མཚན་མ་གང་གི་རྣམ་པར་མི༷་སྣང༷་བ་དང་། ལུས་དང་ངག་གི་ལུང་གིས་ཀྱང་གསལ༷་བར་བྱེ༷ད་པར་ནུས་པ་མི༷ན་པར་རང་བཞིན་འོད་གསལ་བའི་བདག་ཉིད་དུ་ཡེ་ནས་གནས་པས་གསལ་བྱེད་གཞན་ལ་མི་ལྟོས་པ་དང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་ངོ་བོ་གཞན་དུ་མི༷་འགྱུར༷་བར་རྒྱུན་གྱི་རྟག་པ་དང་། ཆོས་ཀུ༷ན་གྱི་རང་བཞིན་དུ་འ༷གྲོ་ཞིང་སྣང་བ་སྣ་ཚོགས་སུ་ཤར་བས་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་ཏིལ་ལ་སྣུམ་བཞིན་དུ་ཁྱབ༷་པ༷་པོ༷་ཡང་ཡིན་པ་དང་། ཤིན་ཏུ་ཕྲ༷་བས་རྟོགས་པར་དཀའ་ཞིང༷་། ཉོན་མོངས་པ་དང་། རྣམ་པར་རྟོག་པ་དང་། གཉིས་སྣང་གཉིས་འཛིན་གྱི་ཟག་པ་དང་བྲལ་བས་ན་ཟ༷ག་པ་མེ༷ད་པར་མ་རིག་པའི་བག་ཆགས་ཀྱི་ས༷་བོ༷ན་དང་བྲ༷ལ་བའི་རང་བཞིན་ཅན་ཡིན་ནོ།།

དཔེ་ལ་ལར། ཆ་མེད་ཀུན་འགྲོ་ཁྱབ་པ་པོ། །ཕྲ་མོ་ས་བོན་ཟག་པ་མེད། །ཅེས་པ་ཡོད་པ་ལྟར་ན། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེའི་ངོ་བོ་ལ་རྟག་མི་རྟག་སོགས་སྤྲོས་པའི་མཚན་མའི་ཆ་དང་བྲལ་བས་ཆ༷་མེད༷་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་བརྟན་གཡོའི་ཆོས་ཀུ༷ན་གྱི་རང་བཞིན་དུ་འ༷གྲོ་ཞིང་སྣང་བ་སྣ་ཚོགས་སུ་སྣང་བ་ཀུན་ལ་ཁྱབ༷་པ༷་པོ༷་ཡིན་པ་དང་། རྟོགས་པར་དཀའ་བས་ཤིན་ཏུ་ཕྲ༷་མོ༷འི་ངོ་བོར་གནས་ཤིང་མ་རིག་པའི་བག་ཆགས་ཀྱི་ས༷་བོ༷ན་དང་བྲལ་བའི་ཟ༷ག་པ༷་མེ༷ད་པའི་བདག་ཉིད་ཅན་ཡིན་ཞེས་འགྲེལ་རུང་ངོ་།།

དེ་བཞིན་དུ་ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་ཡེ་ཤེས་ལ་ངན་འགྲོའི་ཉེས་པ་དང་བདེ་འགྲོའི་རྣམ་རྟོག་གི་དྲི་མའི་རྡུལ༷་མེ༷ད་པ་དང་། ཉན་ཐོས་ཀྱི་འདོད་ཆགས་ཀྱི་རྡུལ༷་དང་བྲལ༷་བ་དང་། རང་རྒྱལ་གྱི་ནང་དུ་ཡང་དག་འཇོག་གི་འཛིན་པའི་ཤེས་པའི་དྲི༷་མ༷་མེ༷ད་པ་དང་། བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ཉེས༷་པ༷་སྤངས༷་པ༷་དང་། ཤེས་བྱའི་སྒྲིབ་པའི་སྐྱོ༷ན་མེ༷ད་པ༷་ཡིན་པ་དང་། ཡང་ན་སྤྲོས་པའི་མཚན་མའི་རྡུལ་མེད་པའི་ཆོས་ཀྱི་སྐུ་དང་། རྣམ་རྟོག་དང་མི་མཐུན་པའི་རྡུལ་དང་བྲལ་བའི་ལོངས་སྐུ་དང་། སྒྲིབ་པའི་དྲི་མ་མེད་པའི་སྤྲུལ་སྐུ་དང་། ཉེས་པའི་ཚོགས་ལེགས་པར་སྤངས་ཤིང་མི་གཟིགས་པའི་སྐྱོན་མེད་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་གློ་བུར་ཕྲལ་དག་གི་ངོ་བོ་ཉིད་སྐུ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་བདག་ཉིད་དུ་གྲུབ་པ་དང་། གཞན་ཡང་མ་རིག་པའི་གཉིད་ལས་སླར་ལྡོག་པ་མེད་པར་ཤི༷ན་ཏུ༷་ས༷ད་པ༷་དང་། རང་བཞིན་གྱིས་རྣམ་པར་གྲོལ་བ་ས༷ད་པ༷འི་བ༷དག་ཉིད་དུ་གྱུར་པ་དང་། སྤྱན་ལྔ་དང་མངོན་ཤེས་ལྔ་ལ་སོགས་པའི་ཡོན་ཏན་ཐམས་ཅད་རང་ཆས་སུ་གྲུབ་པས་ཇི་སྙེད་པའི་ཆོས་ཀུ༷ན་མ་འདྲེས་པར་ཤེས༷་པ་དང་། ཇི་ལྟ་བའི་ཆོས་ཀུ༷ན་ཡང་དག་པར་རི༷ག་པ་དང་། དོན་ལ་དེ་འདྲའི་མཁྱེན་པ་གཉིས་ཀྱི་ངོ་བོ་ཡང་ཐ་དད་ཅིང་གཉིས་སུ་མེད་པར་དབྱེར་མི་ཕྱེད་པའི་དོན་དམ༷་པ༷་པོ༷་ཡི་རང་བཞིན་དུ་གནས་པ་དང་། རྟོག་དཔྱོད་དང་བྲལ་བས་རྣམ༷་པར༷་ཤེ༷ས་པ༷འི་སྤྲོས་པའི་ཡུལ་གྱི་ཆོ༷ས་ཉི༷ད་ལས་འདས༷་ཤིང་བླ་ན་མེད་པའི་ཡེ༷་ཤེས༷་ཡུལ་དང་ཡུལ་ཅན་གཉིས༷་སུ་མེད༷་པའམ་རིག་སྟོང་དབྱེར་མེད་པའི་ཚུལ༷་གྱི་ངོ་བོ་འཆང༷་བ༷་ཅན་དང་། བློ་རྣམ༷་པར༷་རྟོ༷ག་པས་བཞག་པ་དང་བཅོས་པ་མེ༷ད་པར་ཡེ་ནས་དངོས་པོའི་འདུག་ཚུལ་གྱི་རང་བཞིན་དུ་ལྷུ༷ན་གྱིས༷་གྲུབ༷་པ་དང་། འདས་མ་འོངས་ད་ལྟ་སྟེ་དུས༷་གསུམ༷་གྱི་སངས༷་རྒྱས༷་རྣམས་འབྱུང་བའི་ལས༷་བྱེ༷ད་པ༷་དང་། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་འགྲོ་བ་རྣམས་འདྲེན་པའི་འཕྲིན་ལས་ཀྱི་རྒྱུ་བྱེད་ཅིང་སངས་རྒྱས་རྣམས་འགྲོ་བའི་ངོར་སྣང་བའི་ལས་བྱེད་པའི་བདག་ཉིད་ཅན་ཡིན་པ་དང་། གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་ཉིད་ཡེ་ནས་སངས༷་རྒྱས༷་པའི་རང་བཞིན་ཅན་ཐོག༷་མ༷་ལ་སྐྱེ་བས་སྟོང་པ་དང་། བར་དུ་གནས་པས་སྟོང་པ་དང་། ཐ༷་མ༷་ལ་འགགས་པས་སྟོང་པའི་ཐོག་མ་དང་ཐ་མ་བདེན་པར་གྲུབ་པ་མེ༷ད་པའི་རང་བཞིན་ཅན་ཡིན་ནོ།།

ལོག་རྟོག་ཅན་ཁ་ཅིག་ནི། སངས་རྒྱས་ཞེས་པ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་རྒྱུ་གང་ལ་བརྟེན་ནས་བྱུང་བ་དང་། སངས་རྒྱས་དེ་ཐབས་དང་རྒྱུ་ཅི་ལ་བརྟེན་ནས་བྱུང་སྙམ་པའི་རྟོག་པའི་སྤྲོས་པ་ཡོད་པ་དེ་ཟློག་ཕྱིར། ཐོག་མཐའ་དང་བྲལ་ཞིང་ཡེ་ནས་མ་བཅོས་ལྷུན་གྲུབ་ཏུ་གནས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཆོས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༷་པོ༷འི་སངས༷་རྒྱས༷་སུ་ཚིག་གིས་བསྙད་པ་གང་ཡིན་པ་དེ་ནི་དཔེར་ན་ནམ་མཁའ་ལ་སྤྲིན་དང་། འཇའ་ཚོན་དང་། ཁུག་སྣ་དང་། ན་བུན་དང་། ཆར་སོགས་བྱུང་ཡང་དེ་དག་ནམ་མཁའ་ལས་མ་བྱུང་ཞིང་། ནམ་མཁས་མ་བསྐྱེད་ལ། ནམ་མཁའ་རང་གི་ངོ་བོ་རྒྱུ་རྐྱེན་གྱིས་མ་བསྐྱེད་མ་སྐྱེས་ཀྱང་དེ་དག་འབྱུང་བའི་གོ་འབྱེད་པས་ནམ་མཁའ་ལས་བྱུང་ཞེས་པའི་ཐ་སྙད་བྱུང་བ་ལྟར་སངས་རྒྱས་རང་གི་ངོ་བོ་རྒྱུ་དང་རྐྱེན་ལས་བྱུང་བ་མེད་ཅིང་རྒྱུ་རྐྱེན་གྱིས་མ་བསྐྱེད་པར་ཡེ་ནས་ཆོས་ཐམས་ཅད་ཀྱི་གཤིས་སུ་བརྗོད་མེད་རང་གསལ་ཆེན་པོའི་ཚུལ་དུ་ལྷུན་གྱིས་གྲུབ་པའི་ཕྱིར་ན་རྒྱུ༷་མེ༷ད་པ༷་དང་རྐྱེན་ལས་མ་བྱུང་བ་ཡིན་ཏེ། འཁོར་ལོ་སྡོམ་པ་གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རང་རིག་གདོད་ནས་མ་སྐྱེས་པ། །སྟོང་པ་མ་བཅོས་ལྷུན་གྱིས་གྲུབ། །བདེ་བ་ཆེན་པོ་རོས་གང་བ། །ཁམས་གསུམ་འཁོར་བ་ཀུན་ཤེས་ན། །སངས་རྒྱས་ཉིད་ནི་འཁོར་བ་ལ། །འཁོར་བ་ཉིད་ནི་མྱ་ངན་འདས། །ལྟ་བའི་གདོན་དང་བྲལ་བ་སྟེ། །རང་རིག་མེད་ཅིང་གཞན་རིག་མེད། །དོན་དམ་ཀུན་རྫོབ་གཉིས་ཀ་སྤངས། །སེམས་མེད་ནམ་མཁའ་ཆོས་ཉིད་མེད། །འཁྲུལ་བ་མེད་ཅིང་མ་འཁྲུལ་མེད། །ཐེག་པ་མེད་ཅིང་རིམ་པ་མེད། །དམན་དང་གྱ་ནོམ་གཉིས་ཀ་མེད། །ཡེ་ཤེས་མེད་ཅིང་བདེ་བ་མེད། །མཐའ་བྲལ་དབུ་མར་མི་གནས་པ། །བསམ་མི་ཁྱབ་ཏུ་གནས་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་སངས་རྒྱས་རྒྱུ་ཚོགས་གཉིས་རླབས་པོ་ཆེ་བསགས་པ་ལས་བྱུང་བ་མ་ཡིན་ནམ་ཞེ་ན། དེ་ནི་སྒྲིབ་བྱེད་ཀྱི་དྲི་མ་གློ་བུར་བ་ཚོགས་གཉིས་བསགས་སྟོབས་ཀྱིས་དག་པ་ན་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་མངོན་དུ་གྱུར་པ་ཙམ་ཏེ་འདི་ནི་རྒྱལ་བའི་ངེས་དོན་གྱི་མདོ་སྡེ་ཐམས་ཅད་དང་གསང་བ་སྔགས་ཀྱི་སྡེ་སྣོད་དུ་མའི་དགོངས་པ་རྨ་མེད་པ་ཡིན་མོད་བོད་དུ་སྣ་ཚོགས་སུ་སྨྲ་བ་ལ་ཡིད་ཅུང་འཕང་ངོ་།།

དེ་ལྟར་སངས་རྒྱས་རྒྱུ་ལ་མི་གནས་པ་བསྟན་ནས་ཆོས་ཀྱི་དབྱིངས་མཐོང་བ་མེད་པ་རྒྱུ་མེད་རྐྱེན་མེད་དུ་ཡོན་ཏན་ལྷུན་གྱིས་གྲུབ་པ་དེའི་རང་བཞིན་ནི་ཡེ༷་ཤེ༷ས་ཀྱི་མི༷ག་གཅི༷ག་པུར་གྱུར་པ་གཉིས་སུ་འཛིན་པའི་དྲི༷་མ༷་མེ༷ད་པ་གང་གིས་མཐོང་བ་མེད་པའི་ཚུལ་དུ་མཐོང་བ་དང་། དེ་ལ་བརྟེན་ནས་ཡེ༷་ཤེས༷་དྲུག་རོ་གཅིག་གི་ལུས༷་ཅ༷ན་འཇམ་དཔལ་དབྱངས་ལ་སོགས་པ་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་འབྱུང་ཞིང་དངོས་གྲུབ་རྣམ་གཉིས་འབྱུང་བའི་རྒྱུ་དེ༷་བ༷ཞིན་གཤེགས༷་པ་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་བདག་ཉིད་དོ།།

གནས་ལུགས་དེ་རྟོགས་པའི་ཡེ་ཤེས་དེ་རྒྱུད་ལ་སྐྱེས་ན་ནི་རྒྱལ་བའི་སྲས་པོ་སྔགས་ཀྱི་རིག་པ་འཛིན་པའི་ས་ལ་གནས་པ་ཞེས་པ་དེ་ཡིན་ཏེ། དེ་ཉིད་ལས། འདི་རྟོགས་ཁོང་དུ་ཆུད་པ་དང་། །མི་འཇིགས་སྒྲོ་སྐུར་མི་རྩོམ་པ། །རྒྱལ་བའི་སྲས་ཀྱི་ཐུ་བོ་སྟེ། །རྒྱལ་སྲས་ཀུན་གྱི་ནང་ན་མཆོག །རྡོ་རྗེ་འཛིན་པས་བྱིན་རློབ་ཅིང་། །མཁའ་འགྲོ་ཀུན་གྱི་མཆོད་པའི་གནས། །རིག་འཛིན་ས་ལ་འཇུག་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ།།

དཔེ་འགར། དང་པོའི་སངས་རྒྱས་རིས་མེད་པ། །ཞེས་པའང་ཡོད་པས་དེ་ལྟར་ན་ཡེ་ཤེས་ཆོས་ཀྱི་སྐུ་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང༷་པོ༷འི་སངས༷་རྒྱས༷་སུ་འབོད་པ་ལ་ནི་སྤྲོས་པའི་ཕྱོགས་དང་རི༷ས་སུ་ཆད་པ་མེ༷ད་པ༷འི་དོན་དུ་འགྲེལ་རུང་བས་དོན་འདྲ་བས་འགྱུར་དག་མ་དག་གི་དོགས་པ་ནི་མི་དགོས་པ་ཡིན་སྙམ་མོ།།

དྲུག་པ་ཚིག་ལ་མི་གནས་པའི་ཚིག་གི་གནས་སུ་བསྟན་པ་ནི། ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས། །སྨྲ་བའི་སེངྒེ་ཚུགས་པ་མེད། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཚིག་གི་དབང་ཕྱུག་སྨྲ་བ་ཆེ། །ཞེས་པ་ནས། སྨྲ་བའི་སེང་གེ་ཚུགས་པ་མེད། །ཅེས་བྱ་བའི་བར་གྱིས་ཚིག་ལ་མི་གནས་པའི་ཚིག་གི་གནས་སུ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ཚིག་གི་དོན་ལ་མི་གནས་ཤིང་བརྗོད་དུ་མེད་པ་དེ་བཞིན་གཤེགས་པ་རྣམས་ཀྱི་གསུང་རྣམ་པར་དག་པ་སོ་སོར་རྟོགས་པའི་ཡེ་ཤེས་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་དང་དབྱེར་མེད་པའི་དབྱིངས་གང་ཉིད་ཚི༷ག་གི༷་ལམ་ནས་སྨྲ་བ་ལ་དབང༷་འབྱོར་བའི་ཡོན་ཏན་གྱིས་ཕྱུག༷་པའི་དྲང་དོན་སྨྲ༷་བ༷་ལ་མཁས་པའི་ཁྱད་པར་ཆེ༷་བ་སངས་རྒྱས་བཅོམ་ལྡན་འདས་སམ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཀྱིས་བརྡ་དང་ཚིག་གི་སྒོ་ནས་སྣ་ཚོགས་སུ་བསྟན་ཅིང་། ངེས་པའི་དོན་སྨྲ༷་བ༷འི་དབང་པོར་གྱུར་པའི་སྐྱེས༷་བུ་ཡང་སངས་རྒྱས་སམ་འཇམ་དཔལ་དབྱངས་ཉིད་ཀྱིས་སྟོང་པ་ཉིད་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ཚུལ་དེ་སྟོན་པ་ནི་མུ་སྟེགས་པའི་སྨྲ་བ་ལས་མཆོ༷ག་ཏུ་གྱུར་ཅིང་། ཉན་ཐོས་ཀྱི་སྨྲ༷་བ༷འི་ཚུལ་ཟིལ་གྱིས་གནོན་ཅིང་དེ་ལས་རྒྱལ༷་བ་དང་། རང་སངས་རྒྱས་ཀྱི་སྨྲ༷་བ༷འི་ཚུལ་ལས་འཕགས་པས་སྨྲ་བ་དམ༷་པ༷་དང་། སྐྱེ་བ་མེད་པའི་ཆོས་སྒྲ་བསྟན་པས་སྨྲ་བ་ཀུན་གྱི་མཆོ༷ག་གི༷་ཚུལ་ལ་གནས༷་པ་ཡིན་ཞིང་། དེ་ལྟ་བུའི་སྨྲ༷་བ༷འི་ཚུལ་ལ་མཁས་པ་ནི་རི་དྭགས་ཀྱི་རྒྱལ་པོ་སེང༷་གེ༷་ལྟར་ཕས་ཀྱི་རྒོལ་བ་ལ་མི་འཇིགས་ཤིང་དོན་མཐུན་གྱི་ལུང་རིགས་ཀྱི་གནོད་པས་ཚུ༷གས་པ༷་མེ༷ད་པའི་རྡོ་རྗེའི་སྨྲ་བ་བླ་ན་མེད་པ་ཡིན་ལ། དེ་ལྟར་ཚིག་གི་དོན་ལ་མི་གནས་ཤིང་ཚིག་ལས་འདས་པའི་ཟབ་གསལ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ནི་དེ་བཞིན་གཤེགས་པ་དང་། འཇམ་དཔལ་སྨྲ་བའི་དབང་ཕྱུག་ཅེས་བྱ་བ་དང་། དེ་ཉིད་ཚིག་གི་བརྡ་ལ་བརྟེན་ནས་འགྲོ་བ་རྣམས་ལ་སྟོན་པར་བྱེད་པའི་སྟོན་པ་པོ་ཡང་དེ་བཞིན་གཤེགས་པ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་བྱ་བ་དང་། གང་གི་སྟོན་པའི་བརྗོད་བྱེད་ཀྱི་ཚིག་གམ་དབྱངས་རྣམ་པར་དག་པ་དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་བརྗོད་མེད་ནཱ་དའི་སྒྲ་དབྱངས་ཀྱི་ངོ་བོ་སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ཞེས་བྱ་བ་ཡིན་པ་ཤེས་པར་བྱའོ་ཞེས་པའོ།།

བདུན་པ་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་སོགས་བསྟན་པ་ལ་ནི། སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་བསྟན་པ་དངོས་དང་། འགྲོ་བ་ལ་སྨན་པར་སྣང་བ་བསྟན་པ་དང་། ཆོས་ཀྱི་རྒྱལ་མཚན་དུ་སྣང་བ་བསྟན་པ་དང་། རིམ་པ་གཉིས་སུ་སྣང་བ་བསྟན་པ་དང་། རིགས་སུ་སྣང་བ་བསྟན་པ་དང་ལྔ་ལས།དང་པོ་ནི། ཀུན་ཏུ་བལྟ་བ་མཆོག་ཏུ་དགའ། །གཟི་བརྗིད་ཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་བེའུ། །ལག་ན་འོད་འབར་སྣང་བ་པོ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཀུན་དུ་དགའ་བ་མཆོག་ཏུ་དགའ། །ཞེས་པ་ནས། ལག་ན་འོད་འབར་སྣང་བ་པོ། །ཞེས་པའི་བར་གྱིས་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ཆོས་ཐམས་ཅད་ཀྱི་རང་བཞིན་ལ་ཀུ༷ན་ཏུ༷་བལྟ༷་བ༷་ཡི་ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པ་དོན་སོ་སོ་ཡང་དག་པར་རིག་པ་དང་ཆོས་སོ་སོ་ཡང་དག་པར་རིག་པའི་ཡོན་ཏན་མཆོ༷ག་ཏུ༷་དགའ༷་འོས་པའི་རང་བཞིན་དེ་བཞིན་གཤེགས་པའམ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་ཡི་སྣང་བ་ནི་ཁམས་གསུམ་གྱི་འགྲོ་བ་མཆོག་དམན་སུས་བལྟས་ཀྱང་ལྟ་བས་ཆོག་མི་ཤེས་པ་ལྟ་ན་སྡུག་ཅིང་ཡིད་དུ་འོང་བ། སེམས་གྱི་མི་འདོད་པའི་གདུང་བ་ཉེ་བར་སེལ་བར་བྱེད་པ་མཆོག་ཏུ་དགའ་བའི་གནས་སུ་གྱུར་པ་དང་། སྐུ་ལས་ཡེ་ཤེས་ཀྱི་རང་མདངས་གཟི༷་བརྗི༷ད་རབ་ཏུ་འབར་བའི་འོད་ཟེར་གྱི་ཕུང་པོའི་ཕྲེང༷་བ༷་སྟོང་གསུམ་དུ་ཁྱབ་པ་མཇལ་བ་པོ་རྣམས་ལ་ལྟ༷་ན༷་སྡུ༷ག་ཅིང་ཡིད་དུ་འོང་བའམ་དེ་ལྟར་ཡེ་ཤེས་ཀྱི་སྣང་བ་འབར་བའི་སྐུ་དང་ཡེ་ཤེས་དབྱེར་མེད་པའི་དོན་དེ་རྒྱུད་ལ་ཉམས་སུ་མྱོང་བར་བྱེད་པ་ལྟ་ན་སྡུག་པའི་དོན་དང་། ནང་དུ་ཡེ་ཤེས་དྲུག་གི་སྣང་བ་མུ་མེད་དུ་བརྡལ་བའི་མཚོན་རྟགས་སུ་ཕྱི་རུ་འོ༷ད་བཟ༷ང་པོ་དྲུག་གི་སྣང་བ་ཕྱོགས་བཅུར་འབ༷ར་བ༷་ཆེན་པོའི་སྐུའི་དཀྱིལ་འཁོར་གྱི་ཐུགས་ཀར་སེམས་ཅན་ཀུན་གྱི་རྒྱུད་ལ་ཏིལ་ལ་སྣུམ་བཞིན་དུ་ཁྱབ་པའི་བདེ་གཤེགས་ཡེ་ཤེས་ཀྱི་སྙིང་པོ་ཐུགས་རྣམ་པར་མི་རྟོག་པའི་དཔལ༷་བེ༷འུ༷་རྡོ་རྗེ་རྩེ་ལྔ་བ་དང་པདྨའི་ལྕགས་ཀྱུ་ལྟར་ཁ་ཕྱིར་བལྟས་ཀྱི་རྣམ་པར་གནས་པ་ནི། རྡོ་རྗེ་ཕྲེང་བ་ལས། སྙིང་གི་པད་སྦུབས་ནམ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །ཞེས་གསུངས་པ་ལྟར་ལ། དེ་ཉིད་བསྒོམ་པས་ཉམས་སུ་མྱོང་བའི་སྒོ་ནས་སྙིང་པོ་ལེན་པར་བྱས་པས་གདུལ་བྱ་རྣམས་ཀྱི་རྒྱུད་ལ་འབྲས་བུའི་ཡོན་ཏན་གྱིས་ཕྱུག་པར་བྱེད་པ་ལ་སོགས་པ་སྙིང་པོ་དོན་གྱི་ཆོས་དང་ཡོན་ཏན་ཁྱད་པར་བ་ཐུགས་དབུས་ཀྱི་ལ༷ག་པ་ན༷་སྙིང་རྗེ་དང་ཤེས་རབ་ཀྱི་འོ༷ད་འབར༷་བ་དང་ལྡན་པའི་སྐུའི་བྱིན་རླབས་ཀྱི་སྣང༷་བ༷་ཁམས་གསུམ་དུ་སྟོན་པར་བྱེད་པ་པོ༷་དེ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པའོ།།

གཉིས་པ་འགྲོ་བ་ལ་སྨན་པར་སྣང་བ་བསྟན་པ་ནི། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཞེས་པ་ནས། ནད་དོ་ཅོག་གི་དགྲ་ཆེ་བ། །ཞེས་པའི་བར་གྱིས་འགྲོ་བ་ལ་སྨན་པར་སྣང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་འཇིག་རྟེན་ན་འགྲོ་བའི་ལུས་སེམས་ལ་ཟུག་རྔུ་མི་བཟད་པ་བསྐྱེད་བྱེད་ཀྱི་ནད་ཐམས་ཅད་ཀྱི་རྩ་བ་ནི་རྣམ་པར་རྟོག་པའི་ནད་ཡིན་ཞིང་། དེ་ཉིད་བདེ་བ་ཆེན་པོའམ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སེལ་བར་བྱེད་པའི་ཕྱིར་ན་དེ་ཉིད་དམ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ནི་ནད་གསོ་བའི་སྨ༷ན་པ༷་ཐམས་ཅད་ཀྱི་ནང་ན་མི་ཤེས་པའི་རྨོངས་པ་མ་རིག་པ་དང་རྣམ་རྟོག་གི་ནད་གསོ་བ་ལ་མཁས་པའི་སྨན་པ་ཆེ༷་བ་མཆོ༷ག་ཏུ་གྱུར་པ་དང་། གསོ་བྱེད་ཀྱི་སྨན་ཡང་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ཡེ་ཤེས་ཀྱི་སྨན་གྱིས་གསོ་བར་བྱེད་པའི་ཕྱིར་ན་སྨན་པ་གཙོ༷་བོ༷་ཡིན་པ་སྟེ༷། སྨན་པ་གཙོ་མཆོག་དེས་ནི་འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ཀྱི་ཉོན་མོངས་པ་དང་སྡུག་བསྔལ་གྱི་ཟུ༷ག་རྔུ༷་མཐའ་དག་རྩ་བ་ནས་འབྱི༷ན་པ༷་ལ་འགྲན་པའི་ཟླ་བོ་གཞན་པ་དང་གོང་མས་དབེན་པས་བླ༷་ན༷་མེ༷ད་པ་ཉིད་ཡིན་ནོ།།

དེ་ལྟར་བདེ་བ་ཆེན་པོའི་ཡེ་ཤེས་དེ་ནི་འགྲོ་བའི་རྒྱུད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། མ་རིག་པ་ལ་སོགས་པའི་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ནད་མ་ལུས་པ་འཇོམས་པར་བྱེད་པའི་སྨ༷ན་རྣམས༷་མ༷་ལུས༷་པར་ཐམས་ཅད་འདུས་ལ་མ་ཚང་བ་མེད་པའི་སྨན་གྱི་ལྗོ༷ན་པ༷འི་ཤིང༷་ཆེན་པོ་ཡིན་ཞིང་། དེ་ཕྱིར་རྣམ་པར་རྟོག་པ་དང་། བདག་ཏུ་འཛིན་པ་དང་། མ་རིག་པ་དང་། ཉོན་མོངས་པ་གཞན་དང་། དེ་དག་གིས་བསྐྱེད་པའི་ལུས་ཀྱི་འདུ་བ་འཁྲུགས་པའི་ནད་སོགས་འགྲོ་བའི་ན༷ད་ཡོད་དོ༷་ཅོ༷ག་གི༷་འཇོམ་བྱེད་ཀྱི་དགྲ༷་ཆེས་ཆེ༷་བ༷་དེ་ནི་གཉེན་པོ་མཐར་ཐུག་པ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྨན་དེ་ཉིད་ཡིན་ཞིང་དེའི་རང་བཞིན་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཡིན་ནོ་ཞེས་པའོ།།

གསུམ་པ་ཆོས་ཀྱི་རྒྱལ་མཚན་དུ་སྣང་བ་བསྟན་པ་ནི། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགས་བཅུ་ནམ་མཁའི་མཐས་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྡུག་གུ་འཇིག་རྟེན་གསུམ་གྱི་མཆོག །ཅེས་པ་ནས། ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །ཞེས་པའི་བར་གྱིས་ཆོས་ཀྱི་རྒྱལ་མཚན་དུ་སྣང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའམ་དེ་བཞིན་གཤེགས་པ་ནི་སྐུ་མཚན་དཔེའི་མཛེས་པ་མཐོང་ན་མི་མཐུན་པ་མེད་པར་ཡིད་དུ་འོང་བ་སྡུ༷ག་གུ༷་རུ་བཀྲ་ཞིང་ནང་ཡེ་ཤེས་ཀྱི་ཚོགས་རྣམ་རྟོག་ལ་སོགས་པའི་མི་མཛེས་པ་མེད་པར་སྡུག་གུར་བཀྲ་བས་ན་འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཀྱི་ཁམས་ཀྱི་འ༷ཇིག་རྟེ༷ན་གསུམ༷་གྱི༷་བརྟན་པ་སྣོད་དང་གཡོ་བ་བཅུད་དུ་གྱུར་པའི་སྡུག་གུར་བཀྲ་བའི་ཆོས་ཡོད་དོ་ཅོག་གི་མཆོ༷ག་དང་། རྒྱུ་སྐར་ཉེར་བདུན་རེ་རེའི་ཆུ་ཚོད་དྲུག་ཅུ་གཅིག་ཏུ་སྡོམ་པའི་ཆུ་ཚོད་སྟོང་དང་དྲུག་བརྒྱ་ཉི་ཤུའི་གྲངས་ལྡན་གྱི་ལྷ་ཚོགས་ཀྱི་དཀྱིལ་འཁོར་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་དང་། ལྷ་ང་གསུམ་དང་ལྡན་པའི་དཀྱིལ་འཁོར་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དང་། ལྷ་དྲུག་བརྒྱ་སུམ་ཅུ་སོ་དྲུག་གི་ཚོགས་དང་ལྡན་པའི་ཆོས་དབྱིངས་གསུང་གི་དཀྱིལ་འཁོར་ལ་སོགས་པའི་སྒོ་ནས་འགྲོ་བའི་དོན་མཛད་པའམ། ཡང་ན་འགྲོ་བ་འདུལ་བའི་འཕྲིན་ལས་ཀྱི་དཔལ༷་དང་ལྡ༷ན་པའི་སྒོ་ནས་མཁའ་ལ་རྒྱུ༷་སྐར༷་ཤར་བ་ལྟ་བུ་མི་འཆར་བ་མེད་པ་མཐའ་ཡས་མུ་མེད་པའི་ལྷ་དང་ལྷ་མོའི་ཚོགས་ཀྱི་དཀྱིལ༷་འཁོར༷་དང་སྟོང་དང་སྙིང་རྗེ་དབྱེར་མེད་པ་ཅ༷ན་གྱི་རྣམ་པས་འགྲོ་བ་རྣམས་སྒྲོལ་བར་མཛད་ཅིང་། དེ་ཡང་གསང་བ་བསམ་གྱིས་མི་ཁྱབ་པ་བསྟན་པའི་མདོ་ལས། ནམ་མཁས་ཇི་སྙེད་ཁྱབ་གྱུར་པ། །སྐུས་ཀྱང་དེ་སྙེད་ཁྱབ་པ་ལགས། །སྐུ་ཡིས་ཇི་སྙེད་ཁྱབ་གྱུར་པ། །འོད་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །འོད་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །གསུང་གིས་ཀྱང་ནི་དེ་སྙེད་ཁྱབ། །གསུང་གིས་ཇི་སྙེད་ཁྱབ་གྱུར་པ། །ཐུགས་ཀྱིས་ཀྱང་ནི་དེ་སྙེད་ཁྱབ། །ཐུགས་ཀྱིས་ཇི་སྙེད་ཁྱབ་གྱུར་པ། །བྱམས་པས་ཀྱང་ནི་དེ་སྙེད་ཁྱབ། །བྱམས་པས་ཇི་སྙེད་ཁྱབ་གྱུར་པ། །ཡེ་ཤེས་ཀྱིས་ནི་དེ་སྙེད་ཁྱབ། །ཡེ་ཤེས་ཇི་སྙེད་ཁྱབ་གྱུར་པ། །སྐུ་ཡིས་ཀྱང་ནི་དེ་སྙེད་ཁྱབ། །ཅེས་གསུངས་པ་ལྟར། ཤར་ལྷོ་ནུབ་བྱང་ཕྱོགས་བཞི་མཚམས་བཞི་སྟེང་འོག་བཅས་ཕྱོགས༷་བཅུ༷་ནམ༷་མཁའི༷་མཐས༷་གཏུགས༷་པའི་འཇིག་རྟེན་གྱི་ཁམས་འབྱམས་སུ་ཀླས་པར༷་ཐུགས་ཟག་པ་མེད་པའི་མཁྱེན་པའི་ཡེ་ཤེས་ཀྱིས་ཁྱབ་པ་དང་། ཡེ་ཤེས་ཀྱིས་གར་ཁྱབ་ཏུ་འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྐུ་དང་སྐུའི་འོད་ཀྱི་སྣང་བས་ཁྱབ་པ་དང་། སྐུ་ཡིས་གར་ཁྱབ་ཏུ་གསུང་ཚངས་དབྱངས་ཡན་ལག་དྲུག་ཅུའི་དབྱངས་ཀྱིས་ཁྱབ་པ་དང་། གསུང་གི་དབྱངས་ཀྱིས་གར་ཁྱབ་ཏུ་བརྩེ་བ་སྙིང་རྗེ་ཆེན་པོ་དང་བྱམས་པས་ཁྱབ་པ་དང་། བྱམས་དང་སྙིང་རྗེས་གར་ཁྱབ་ཏུ་འགྲོ་བ་རྣམས་ཀྱི་ཁམས་དང་དབང་པོའི་ཁྱད་པར་དང་མཐུན་པའི་ཟབ་མོ་ཡེ་ཤེས་ཀྱི་སྙིང་པོ་ཅན་གྱི་གསུང་ཁྱད་པར་བ་ཆོས༷་ཀྱི༷་འཁོར་ལོ་དྲི་མ་མེད་པ་བདུད་བཞིའི་གཡུལ་ལས་རྒྱལ་བར་བྱེད་པའི་མཚན་མས་མཛེས་པ་ཅན་གྱི་རྒྱལ༷་མཚ༷ན་ཆེན་པོ་ལེགས༷་པར༷་འཛུགས༷་པར་བྱེད་དོ།།

དེ་ལྟར་ཆོས་ཀྱི་རྒྱལ་མཚན་འཛུགས་པར་བྱེད་པ་པོ་དང་། གང་འཛུགས་བྱའི་ཆོས་ཟབ་མོའི་རྒྱལ་མཚན་དུ་སྣང་བ་གཉིས་ཀ་རྗེ་བཙུན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ནོ་ཞེས་པའོ།།

བཞི་བ་རིམ་པ་གཉིས་སུ་སྣང་བར་བསྟན་པ་ནི། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག །ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་འཆང་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ། །སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འགྲོ་ན་གདུགས་གཅིག་ཡངས་པ་སྟེ། །ཞེས་པ་ནས། སངས་རྒྱས་ཀུན་གྱི་བསྟན་པ་གཅིག །ཅེས་པའི་བར་གྱིས་རིམ་པ་གཉིས་སུ་སྣང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་གང་ཟག་གང་ཞིག་བླ་ན་མེད་པའི་གོ་འཕང་དུ་འགྲོ༷་བར་འདོད་ན༷་རང་ལ་ཡོད་པའི་སྙིང་པོའི་རང་བཞིན་ཤེས་པ་དང་། གནས་ལུགས་ཇི་ལྟ་བ་བཞིན་དུ་རྟོགས་པ་དང་། ཡེ་ཤེས་ཀྱི་སྣང་བ་མེད་པ་དང་བརྟགས་པ་ལས་བྱུང་བའི་རྣམ་པར་རྟོག་པ་དང་བཏགས་པ་ཙམ་གྱི་གྲོལ་བ་རྣམས་སྤངས་པའི་ཉོན་མོངས་པ་དང་རྟོག་པའི་ཚ་གདུང་སེལ་བའི་ཡེ་ཤེས་ཀྱི་གདུགས༷་ཆེན་པོ་ངོ་བོ་སྤྲོས་པའི་ཐ་དད་དུ་གྲུབ་པ་དང་དེར་འཛིན་པ་མེད་པའི་གཅི༷ག་པ་དང་། བརྟན་གཡོའི་ཆོས་ཀུན་ལ་ཁྱབ་པའི་ཡངས༷་པ༷་ཆེན་པོ་གང་ཡིན་པ་སྟེ༷། ཟབ་གསལ་གཉིས་སུ་མེད་པ་བདེ་བ་ཆེན་པོའི་ཡེ་ཤེས་དེ་ལ་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་འདོད་ཀྱི་བྱམས༷་པ་དང༷་། སྡུག་བསྔལ་དང་འབྲལ་འདོད་ཀྱི་སྙིང༷་རྗེ༷་དབྱེར་མེད་པའི༷་དཀྱི༷ལ་འཁོ༷ར་གྱིས་ཀུན་ནས་བརྒྱན་པའི་སྙིང་པོ་ཅ༷ན་དེ་ཉིད་ལེགས་པར་བསྒོམ་པའི་རྣལ་འབྱོར་དུ་བགྱིས་ཏེ་སྣང་བའི་ཆ་ནས་ཆོས་ཐམས་ཅད་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུར་བསྒོམ་པའི་ཏིང་ངེ་འཛིན་དང་། སྟོང་པའི་ཆ་ནས་བདེན་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་བདེ་སྟོང་ཀ་ནས་དག་པའི་དབྱིངས་ལ་ཡུལ་དང་ཡུལ་ཅན་ཐ་དད་མེད་པའི་ཚུལ་ལ་རོལ་བ་ནི་ཆགས་རྟོག་དབྱིངས་སུ་གྲོལ་བའི་དཔལ༷་དང་ལྡ༷ན་པའི་མ་ཆགས་པ༷དྨ༷འི་རིགས་སྣང་བ་མཐའ་ཡས་ཀྱི་དཀྱིལ་འཁོར་གསུང་རྡོ་རྗེ་གར༷་གྱི༷་བ༷དག་ཉིད་སོ་སོར་རྟོགས་པའི་ཡེ་ཤེས་ལ་གོམས་པར་བྱ་བ་ཡིན་ནོ།།

དེ་འདྲའི་སྣང་བ་དང་། སྟོང་པ་གཉིས་ཀ་ལ་ཁྱབ༷་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བ༷དག་ཉིད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཀུན་ཁྱབ་ཡངས་པ་ཆེ༷ན་པོ༷་འགྲོ་བའི་འདོད་དགུ་འབྱུང་བའི་གནས་དམ་པར་གྱུར་ཅིང་འཁོར་བ་དང་རྣམ་རྟོག་གི་ཚ་གདུང་སྐྱོབ་པའི་རི༷ན་ཆེ༷ན་བཻཌཱུརྱའི་གདུགས༷་རབ་ཏུ་ཡངས་པ་དེ་ནི་མ་སྐྱེས་པའི་སྙིང་པོ་ཅན་ལགས་ཕྱིར་སྣང་གྲགས་ཐམས་ཅད་སྐྱེ་བ་མེད་པ་དོན་གྱི་སངས་རྒྱས་སུ་སྟོན་པའི་ནུས་མཐུའི་རང་བཞིན་ཡོད་པས་སངས༷་རྒྱས༷་ཀུ༷ན་གྱི༷་སྙིང་པོའི་གཟི༷་བརྗི༷ད་རབ་ཏུ་ཆེ༷་བ་དང་། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་བསྐྱེད་པའི་རྟེན་དུ་གྱུར་པས་ན་སངས༷་རྒྱས༷་ཀུ༷ན་གྱི༷་ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ༷་གསུམ་འཆ༷ང་བ༷་དང་། སངས་རྒྱས་ཀྱི་འབྲས་བུ་ཐོབ་པ་ནི་དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་ཀྱི་རྗེས་སུ་འགྲོ་ལྡོག་གི་རང་བཞིན་ཅན་ཡིན་པས་ན་དུས་གསུམ་གྱི་སངས༷་རྒྱས༷་ཀུ༷ན་གྱི༷་འབྲས་བུ་སྒྲུབ་པའི་ཐབས་སམ་རྣལ༷་འབྱོར༷་གྱི་ལམ་རབ་ཏུ་ཆེ༷་བ་ཡང་འདི་ཉིད་ཡིན་པ་དང་། དེ་ཡང་ཐ་དད་དུ་འཛིན་པ་དང་། མ་རིག་པ་དང་། གློ་བུར་བ་དང་། བློ་ཡིས་བརྟགས་པ་དང་། འདུས་བྱས་པ་དང་། ཕྱོགས་དང་མཐའ་རུ་འཛིན་པ་ནི་འཁོར་བའི་སེམས་ཅན་གྱི་རྒྱུ་ཡིན་པ་དང་། རང་བཞིན་གྱིས་འོད་གསལ་བ་དང་། གདོད་མ་ནས་ལྷུན་གྱིས་གྲུབ་པ་དང་། བློ་ཡིས་མ་བརྟགས་པ་དང་། ཐ་དད་དང་བྲལ་བའི་གཅིག་པ་ཉིད་དང་། རྒྱུ་རྐྱེན་ལས་མ་སྐྱེས་པའི་འདུས་མ་བྱས་པ་ཉིད་ནི་སང༷ས་རྒྱས༷་ཀུན་གྱི༷་སྐུ་དང་ཡེ་ཤེས་ཀྱི་བཞུགས་ཚུལ་ཡིན་པས་དེ་དག་གིས་བསྟན་པའི་བ༷སྟན་པ༷་ཐེག་པ་ཆེན་པོ་ཡོངས་སུ་རྫོགས་པའི་ཆོས་ཀྱང་གཅི༷ག་ཡིན་ཞིང་། དེ་ཉིད་རིགས་གཅིག་པའི་གདུལ་བྱ་ལ་སྟོན་པ་ཡིན་ནོ་ཞེས་ལམ་རིམ་པ་གཉིས་དང་ཐེག་པ་གཉིས་སུ་སྣང་ཡང་དོན་ལ་ཐེག་པ་གཉིས་མེད་པར་མཐར་ཐུག་གི་ཐེག་པ་གཅིག་ཏུ་བསྟན་ཏེ། ལང་ཀར་གཤེགས་པའི་མདོ་ལས། ཐེག་པ་རྣམ་པར་གཞག་མེད་དེ། །ཐེག་པ་གཅིག་ཏུ་ངས་བཤད་དོ། །བྱིས་པ་རྣམས་ནི་དྲང་བའི་ཕྱིར། །ཐེག་པ་ཐ་དད་ངས་བཤད་དོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། བགས་ཆགས་འདོད་པའི་རྒྱུ་ལས་ཀྱང་། །འདོད་བདག་བདག་པོ་ཕམ་བྱས་ཤིང་། །ཐེག་པ་གཅིག་ལ་རབ་ཏུ་འཇུག །ཅེས་དང་། དམ་ཆོས་པདྨ་དཀར་པོ་ལས། ཐེག་པ་ཐ་དད་པར་ནི་གང་སྟོན་པ། །སྐྱེས་མཆོག་རྣམས་ཀྱི་ཐབས་མཁས་མ་གཏོགས་པར། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །ཞེས་དང་། བྱང་ཆུབ་སེམས་དཔའི་སྤྱོད་ཡུལ་རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། ང་ཡི་མྱ་ངན་འདའ་གཅིག་ཐེག་པ་གཅིག །ང་ཡི་ཐེག་པ་ཐ་དད་མེད་པ་སྟེ། །ཡང་དག་ཏུ་ན་ཐེག་པ་གཅིག་ཏུ་བསྟན། །དེ་ནི་ཐབས་ཀྱི་ཡུལ་དུ་ཤེས་པར་གྱིས། །རྒྱུད་ཞན་བསམ་པ་ཆུང་བའི་སྐྱེ་བོ་དག །འཕྲལ་དུ་ཐོས་པས་འཇིགས་པར་འགྱུར་སྲིད་ཅེས། །དེ་དག་རྣམས་ལ་ཐེག་པ་གསུམ་བསྟན་གྱི། །ཐེག་པ་གཅིག་སྟེ་ཐེག་པ་གཉིས་སུ་མེད། །ངས་བསྟན་འདིས་ནི་ཆོས་ལ་མོས་པ་དང་། །བསྟན་པའི་ལམ་ལ་དེ་བཞིན་འཇུག་འགྱུར་ཞེས། །ཐེག་པ་གཅིག་པོ་རྣམ་པ་གསུམ་དུ་བསྟན། །ཐེག་པ་ཐ་དད་ནམ་ཡང་ཡོད་པ་མིན། །ཞེས་དང་། རྟོགས་པ་ཆེན་པོ་ཡོངས་སུ་རྒྱས་པའི་མདོ་ལས། ཐེག་པ་ཆུང་ངུའི་མཚན་སྩལ་ན། །ཐེག་པ་ཆེན་པོ་དེ་ཉིད་ཡོད། །ཐེག་པ་རྣམ་གཉིས་བསལ་བས་ན། །ཐེག་པ་གཅིག་པུ་ཁོ་ན་ཡོད། །ཅེས་གསུངས་པ་སོགས་མཐའ་ཡས་པའི་ཕྱིར་རོ།།

ལྔ་བ་རིགས་སུ་སྣང་བ་བསྟན་པ་ནི། རྡོ་རྗེ་རིན་ཆེན་དབང་སྐུར་དཔལ། །རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ། །སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ། །ཞེས་པ་ནས། སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །ཞེས་པའི་བར་གྱིས་རིགས་སུ་སྣང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་རིགས་དུ་མར་སྣང་བའི་སྒོ་ནས་ཐེག་པའི་སྒོ་སྣ་ཚོགས་པ་དང་སྤྲུལ་པ་སྣ་ཚོགས་པས་འགྲོ་བའི་དོན་མཛད་པ་ཡིན་ཕྱིར་འཇམ་དཔལ་དབྱངས་དེ་རིགས་དུ་མའི་རྣམ་པར་སྣང་བ་ཡོད་དོ་ཞེས་པ་སྟེ། རིགས་གང་གི་རྣམ་པར་ཡོད་དོ་ཞེ་ན། ཕྱིར་བསྙེལ་བས་གཡོ་བ་ལ་སོགས་པ་དུས་ལས་ཡོལ་བ་དང་འགྱུར་བ་མེད་པར་རྡོ༷་རྗེ༷་ལྟར་བརྟན་ཅིང་། ཡོན་ཏན་གྱི་ཚོགས་ཟད་དུ་མེད་པ་དང་གཞན་དོན་འདོད་དགུ་འབད་མེད་དུ་འབྱུང་བས་ན་སངས་རྒྱས་རིགས་ལྔའི་རིན་ཆེན་འབྱུང་ལྡན་ནི་རྡོ་རྗེ་རི༷ན་ཆེ༷ན་དང་། རིན་པོ་ཆེའི་དབུ་རྒྱན་དང་རྡོ་རྗེ་ཐོད་པ་ལ་སོགས་པའི་དབང༷་བསྐུར༷་བའི་དཔལ༷་དང་ལྡན་པ་རིན་ཆེན་སེམས་མ་དང་། ཐུགས་རྡོ་རྗེ་ཡེ་ཤེས་གཞོམ་གཞིག་དང་བྲལ་བ་རི༷ན་ཆེ༷ན་མཆོག་གཅིག་ཕ་ལམ་ལྟ་བུ་རིགས་ཀུ༷ན་གྱི་བདག༷་པོར་གྱུར་པ་རྡོ་རྗེ་མི་བསྐྱོད་པ་དང་། རྡོ་རྗེའི་རིགས་ཤེས་རབ་ཡུམ་གྱི་དབ༷ང་ཕྱུ༷ག་མར་གྱུར་པའི་སེམས་མ་སྟེ༷་རྡོ་རྗེ་སེམས་མ་དང་། འཇི༷ག་རྟེ༷ན་པའི་ས་ལས་འདས་པའི་དབ༷ང་པོར་གྱུར་པའི་ཡོན་ཏན་གྱིས་ཕྱུ༷ག་པ་སྣང་བ་མཐའ་ཡས་འོད་དཔག་མེད་འཁོར་འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅས་པདྨའི་རིགས་དང་། ཤེས་རབ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཀུ༷ན་གྱི༷་བད༷ག་པོར་གྱུར་པ་ཆོས་ཀྱི་སེམས་མ་དང་། ལས་ཀྱི་རྡོ༷་རྗེ༷་འཆ༷ང་བ༷་དོན་ཡོད་གྲུབ་པ་དང་། ཀརྨའི་རིགས་ཀུ༷ན་གྱི༷་གཙོ་མོའམ་རྗེ༷་མོར་གྱུར་པ་ལས་ཀྱི་སེམས་མ་དང་། སང༷ས་རྒྱས༷་ཀུ༷ན་གྱི༷་དཀྱིལ་འཁོར་གྱི་གཙོ་བོ་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་དང་། སྐུ་དང་ཐུགས༷་རྡོ་རྗེའི་ཆེ༷་བ༷་འཛིན་པ་མོ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་རིགས་ལྔའི་དཀྱིལ་འཁོར་དང་། རིགས་ལྔ་གཅིག་ཏུ་བསྡུས་པ་རིགས་དྲུག་པ་རྡོ་རྗེ་འཆང་ནི་སང༷ས་རྒྱས༷་ཀུ༷ན་གྱི༷་ཐུགས༷་ལ༷་རྣམ་པར་གནས༷་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་རྡོ་རྗེ་ཟག་པ་མེད་པ་དང་། སངས༷་རྒྱས༷་ཀུ༷ན་གྱི༷་སྐུ༷་མཚན་དཔེ་གསལ་རྫོགས་ཀྱི་ཆེ༷་བ༷་གང་གི་ངོ་བོར་གྱུར་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་རྣམ་པ་སྣ་ཚོགས་པའི་སྐུ་དང་། སངས༷་རྒྱས༷་ཀུ༷ན་གྱི༷་འགགས་པ་མེད་པའི་གསུང༷་རྡོ་རྗེ་དབང་ཕྱུག་གི་ངོ་བོ་ཡང༷་འཇམ་དཔལ་ཡེ་ཤེས་སེམས་དཔའི་གསུང་བརྗོད་མེད་ནཱ་དའི་སྒྲ་དབྱངས་ཀྱི་རང་བཞིན་ཏེ་སྐུ་གསུང་ཐུགས་གསུམ་གྱི་རིགས་ཀྱང་དེ་ཉིད་ཡི༷ན་ནོ་ཞེས་རིགས་ལྔ་དང་། རིགས་གསུམ་དང་། རིགས་གཅིག་པ་ཀུན་གྱི་བདག་ཉིད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རིགས་ཀྱི་རང་བཞིན་དུ་སྣང་བ་དེ་ཀུན་འཇམ་དཔལ་དབྱངས་ཡིན་པར་བསྟན་པའི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔར་བསྟོད་པའོ།།

བརྒྱད་པ་བཀླག་པའི་ཐབས་དང་མི་གནས་པར་བསྟན་པ་ནི། རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཅེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེའི་ཉི་མ་ནས་རྐང་པ་གཉིས་ཀྱིས་བཀླག་པའི་ཐབས་དང་མི་གནས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་བཀླག་པའི་ཐབས་ཞེས་པ་ལ་དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་འདོན་པ་དང་། ལྷ་རྐྱང་པའི་ཚུལ་དུ་འདོན་པའམ་བཀླག་པ་དང་གཉིས་ཡོད་ལ། དང་པོ་དཀྱིལ་འཁོར་འཁོར་ལོའི་ཚུལ་དུ་འདོན་པ་ནི། ཁ་ཡི་མས་སྐན་ཤེས་རབ་ཀྱི་རང་བཞིན་འགྱུར་བ་མེད་པ་རྡོ༷་རྗེ༷་ཉི༷་མ༷་ཡི་དཀྱིལ་འཁོར་གྱི་སྣང༷་བ༷་རབ་ཏུ་ཆེ༷་བར་བསྒོམ་པ་དང་། ཁའི་ཡ་སྐན་ཐབས་ཀྱི་རང་བཞིན་རྡོ༷་རྗེ༷་ཟླ༷་བ༷་ཡི་དཀྱིལ་འཁོར་དྲི༷་མ་མེ༷ད་པའི་འོ༷ད་ཟེར་འཕྲོ་བ་ཅན་དུ་བསྒོམ་ནས་ལྕེ་ཟག་པ་མེད་པའི་རང་བཞིན་རྡོ་རྗེར་བསྐྱེད་ཅིང་ཨ་ལཱི་དབྱངས་དང་ཀ་ལཱི་གསལ་བྱེད་ཀྱི་ཡི་གེའི་ཕྲེང་བ་རྣམས་ཉི་ཟླའི་དཀྱིལ་འཁོར་གྱི་བར་ནས་འདོན་པ་ནི་བཀླག་པའི་ཐབས་སོ།།

དེ་ལྟར་བཀླག་པའི་ཐབས་དེ་དོན་ལ་དམིགས་པ་སྤྲོས་པའི་མཚན་མར་གནས་པ་དང་བྲལ་ཏེ་སེམས་ཐབས་རྡོ༷་རྗེ༷་ཉི༷་མ༷འི་དཀྱིལ་འཁོར་རབ་ཏུ་སྣང༷་བ༷་ཆེ༷་བ་དེ་ཉིད་ཡུལ་སྟོང་པ་ཉིད་ཤེས་རབ་ཀྱི་རང་བཞིན་རྡོ༷་རྗེ༷་ཟླ༷་བ༷་མཚན་མའི་སྤྲོས་པའི་ནག་ནོག་གི་དྲི༷་མ་མེ༷ད་པའི་ངོ་བོར་སྦྱོར་བའི་བསྐྱེད་རྫོགས་ཟུང་དུ་འཇུག་པའི་འོ༷ད་ཀྱིས་ཐབས་ཤེས་གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་པར་བྱ་བའོ།།

འགྲེལ་ཚུལ་གཞན་ཡང་དུས་འཁོར་གྱི་དབང་མདོར་བསྟན་གྱི་ལེའུ་ལས། ཡུན་རིང་གསང་བར་སྤྲོས་ལས་སྐྱེས། །བྱང་ཆུབ་སེམས་ནི་འཕོ་བའི་བདེ། །གསང་བའི་དབང་བསྐུར་གསང་བ་ནི། །གང་ལས་དེ་ཐོབ་དེ་དར་མ། །ཞེས་གསུངས་པ་ལྟར། གོང་དུ་བསྟན་པའི་སྐུ་གསུང་ཐུགས་ཀྱི་ཡེ་ཤེས་རྣམས་རྣམ་པར་དག་པའི་གསང་དབང་ཐོབ་པ་ལ་རག་ལས་པར་བསྟན་ཏེ། ཤེས་རབ་སྟོང་པ་ཉིད་རྡོ༷་རྗེ༷་ཉི༷་མ༷་ཆེན་པོའི་དཀྱིལ་འཁོར་གྱི་སྣང༷་བ༷་རབ་ཏུ་འབར་བ་ཆེ༷ན་པོ་རྩ་རོ་མ་དམར་པོ་ལས་ཤེས་རབ་ཀྱི་རང་བཞིན་རཀྟ་དང་། ཐབས་བདེ་བ་ཆེན་པོ་རྡོ༷་རྗེ༷་ཟླ༷་བ༷འི་དཀྱིལ་འཁོར་རྩ་རྐྱང་མ་ལས་ཐབས་ཀྱི་རང་བཞིན་ཀུནྡ་བྱང་ཆུབ་ཀྱི་སེམས་འབབས་པ་ཐུག་འཕྲད་ཀྱི་བདེ་བ་ལམ་དུ་བྱས་པ་ལས་དྲངས་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ལ་རྣམ་པར་རྟོག་པའི་དྲི༷་མ་མེ༷ད་པར་བདེ་སྟོང་གི་རོའི་དགའ་བའི་འོ༷ད་སྣང་རྒྱས་པའི་དོན་དམ་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་དབང་མཆོག་ཉིད་བླ་མ་ཡབ་ཡུམ་སྙོམས་པར་ཞུགས་པའི་མཁའ་ལས་ལེན་དགོས་པའི་དོན་དུ་འགྲེལ་ནས་འོག་གི་ས་བཅད་དང་བསྲེས་པའང་ཡོད་ཀྱང་དེ་ནི་ལུགས་གཞན་གྱི་འགྲེལ་ཚུལ་ལོ།།

དགུ་བ་ལམ་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པ་སོགས་བསྟན་པ་ལ་བཞི་ལས། ལམ་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་པ་དང་། གཞི་ཡི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་པ་དང་། གསང་དོན་ལྷུན་གྱིས་གྲུབ་པ་བསྟན་པ་དང་། འབྲས་བུའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་པ་དང་བཞི་ལས།

དང་པོ་ནི། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པའི་ཤོ་ལོ་ཀ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཞེས་པ་ནས། ཡི་གེ་མཆོག་སྟེ་རྣམ་པར་དག །ཅེས་པའི་བར་གྱིས་ལམ་གྱི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་དཔལ་མཆོག་དང་པོའི་སྔགས་ཀྱི་རྟོག་པའི་དུམ་བུ་ལས། ཆགས་བྲལ་འདུལ་བའི་འཇིག་རྟེན་ནི། ཆགས་བྲལ་ཉིད་ཀྱིས་འདུལ་བར་འགྱུར། །ཞེས་གསུངས་པ་ལྟར། རྒྱུ་མཚན་ཉིད་ཀྱི་ཐེག་པ་ཆགས༷་པ་དང་བྲལ༷་བའི་ཆོས་ཅན་ཕ་རོལ་དུ་ཕྱིན་པའི་ལམ་ཐེག་པ་ཆེན་པོ་ལ༷་སོགས༷་པ་དང་། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་བླ་མ་ལས། ཨེ་མའོ་བདེ་གཤེགས་སྤྱོད་པའི་མཆོག །སྣ་ཚོགས་སྤྱོད་ལ་རང་བཞིན་གསང་། །མ་ཆགས་པ་ཡི་ངོ་བོ་ལས། །ཆགས་པ་ཆེན་པོའི་སྤྱོད་པ་འབྱུང་། །སྤྱོད་པ་ཆེན་པོ་རྣམ་གཉིས་ལ། །རྟོགས་ནས་ཆགས་པས་སུ་སྤྱོད་པ། །ཡང་དག་ཆགས་པ་ཆེན་པོ་སྟེ། །འདི་ནི་ཚངས་མཆོག་རྒྱལ་པོ་ཡིན། །ཞེས་གསུངས་པ་ལྟར། འབྲས་བུ་སྔགས་ཀྱི་ཐེག་པ་འདོད་པའི་ཆ༷གས་པ༷་བཞི་སྦྱོར་གྱི་བདེ་བ་ལམ་དུ་བྱེད་པའི་བླ་ན་མེད་པ་ཆོས་ཉིད་གསང་བའི་ཆོས་ཚུལ་རྒྱ་ཆེ༷་བའི་དོན་དེ་ཇི་བཞིན་ཐུགས་སུ་ཆུད་པ་དེ་ཉིད་ཀྱིས་གདུལ་བྱའི་རིག་པ་དང་། བསམ་པ་དང་། དབང་པོ་དང་། མོས་པ་མི་འདྲ་བ་སྣ་ཚོགས་མཆིས་པ་རྣམས་ལེགས་པར་མཁྱེན་པའི་སྒོ་ནས་ནང་ཐུགས་རྗེ་དང་མཁྱེན་པའི་ཡེ་ཤེས་སྣ་ཚོགས་པའི་འོད་འབར་བའི་བརྡར་ཕྱི་རོལ་གཟུགས་ཀྱི་སྐུ་དཀར་སེར་དམར་སྔོ་ལ་སོགས་པའི་ཁ༷་དོ༷ག་སྣ༷་ཚོ༷གས་པ་འབ༷ར་ཞིང་འདོམ་གང་བ༷འི་འོ༷ད་ལ་སོགས་པ་འཕྲོ་བའི་རྣམ་པར་བྱོན་ནས་འགྲོ་བ་ལ་ཆོས་སྟོན་པར་མཛད་པ་ཡང་རྗེ་བཙུན་འཇམ་དཔལ་ཡེ་ཤེས་སེམས་དཔའོ།།

ཡང་ན། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །སྔགས་ཀྱིས་བསད་པའི་དུག་བཞིན་དུ། །འཁོར་བ་ཞི་བའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་གདུལ་བྱ་ཆགས་ཅན་རྣམས་འདུལ་བྱེད་ཀྱི་ཐབས་ནི་ཉོན་མོངས་པའི་གཉེན་པོ་བསྒོམ་ནས་སྤང་པ་མ་ཡིན་པར་ཉོན་མོངས་པ་ཆགས་པ་ལམ་དུ་བྱས་ཏེ་ཆགས་པ་རང་རྒྱུད་དུ་སྤྱོད་པའི་ཚུལ་གྱིས་དེའི་ངོ་བོ་ཡེ་ཤེས་སུ་བསྒྱུར་བའི་སྒོ་ནས་ཆགས༷་པ་དང་བྲལ༷་བའི་ཆགས་མེད་བདེ་བ་ཆེན་པོ་དགའ་བ་དང་། མཆོག་དགའ་དང་། ཁྱད་དགའམ་དགའ་བྲལ་དང་། ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་བཞི་ལ༷་སོགས༷་པ་ཡས་བབས་དང་མས་བརྟན་གྱི་དགའ་བའི་ཡེ་ཤེས་སོ་གཉིས་ཀྱི་ཆགས༷་པ༷་ལམ་བྱེད་ཀྱི་ཐབས་ཆེ༷་བ་ཡིས་ཁམས་དཀར་དམར་གྱི་ཁ༷་དོ༷ག་ལ་ཡེ་ཤེས་ཀྱི་གདངས་འོད་སྣ༷་ཚོ༷གས་འབ༷ར་བ༷འི་ཐིག་ལེ་བཞུ་བཏུལ་གྱིས་བདེ་བའི་ཡེ་ཤེས་ཀྱི་འོ༷ད་ཀྱིས་འདོད་ཆགས་ལ་སོགས་པའི་སྒྲིབ་གཉིས་རྟོག་ཚོགས་དང་བཅས་པ་གཞོམ་པར་བྱེད་པ་གསང་བ་སྔགས་ཀྱི་ཉེ་ལམ་ཟབ་མོ་བསྟན་པའོ།།

དེ་ཡང་ལུས་རྡོ༷་རྗེ༷་རྩེ་ལྔ་བ་རྒྱ་གྲམ་དུ་གནས་པ་ལྟར་ལས་རྒྱ་དང་བཅས་ཞབས་དཀྱི༷ལ་ཀྲུང༷་དུ་བཞུགས། ཕྱག་ཕན་ཚུན་སྣོལ་མར་བསྡམ། ལུས་ཀྱི་རྩའི་འཁོར་ལོ་དང་དབུ་རྐྱང་རོ་གསུམ་མ་འདྲེས་པར་གསལ་གདབ་ཅིང་། རྡོ་རྗེ་ནོར་བུ་པདྨ་ལ་སྙོམས་པར་འཇུག་པའི་སྒོ་ནས་ཐིག་ལེ་བབས་ལྡོག་གི་རིམ་པས་དྲངས་པའི་བཤད་མ་ཐག་པའི་ཡེ་ཤེས་རྣམས་བསྐྱེད་པས་དོན་དམ་ལྷན་ཅིག་སྐྱེས་པ་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་ཏེ་མི་སློབ་པའི་ཟུང་འཇུག་རྫོ༷གས་པའི་སངས༷་རྒྱས༷་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་འབྲས་བུ་ལ་དབང་འབྱོར་བར་བྱེད་པ་ཅན་གྱི་གསང་སྔགས་ཀྱི་ཐབས་ཟབ་མོ་འདི་ནི་སང༷ས་རྒྱས༷་རྣམས་ཀྱིས་འ༷གྲོ་བ༷འི་རྒྱུད་ཀྱི་འདོད་ཆགས་སོགས་དང་རྣམ་པ་མཐུན་པའི་ཐབས་ཁྱད་པར་བའི་ཆོ༷ས་ཀྱིས་འགྲོ་བ་རྣམས་ཀྱི་ཆགས་སོགས་ཡེ་ཤེས་སུ་བསྒྱུར་ནས་རྗེས་སུ་འཛི༷ན་པ༷་ཡི་ཚུལ་ཡིན་ཞེས་འགྲེལ་ལོ།།

ཡང་ན་རྡོ༷་རྗེ༷་སྟེ་སྟོང་པ་ཉིད་དང་། དཀྱིལ༷་ཀྲུང༷་སྟེ་ཐབས་ཤེས་དབྱེར་མེད་པས་དེ་ལ་ཐུགས་མཉམ་པར་བཞག་པའི་སྒོ་ནས་སྤངས་རྟོགས་ཡོངས་སུ་རྫོ༷གས་པའི་སངས༷་རྒྱས༷་ཀྱི་གོ་འཕང་མངོན་དུ་བྱེད་པ་ནི་བཅོམ་ལྡན་འདས་ཤཱཀྱའི་དབང་པོ་རྒྱ་གར་རྡོ་རྗེ་གདན་དུ་རྩྭ་རེག་ན་འཇམ་པའི་གདན་སྟེང་དུ་ཞབས་གཉིས་དཀྱིལ་ཀྲུང་གིས་བཞུགས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་མངོན་དུ་མཛད་པ་ལྟ་བུ་ཡིན་ལ། དེ་འདྲའི་སངས༷་རྒྱས༷་པའི་ཐབས་ལམ་ཟབ་མོ་འགྲོ༷་བ༷འི་ཉོན་མོངས་པ་སོགས་པ་འཇོམ་བྱེད་ཀྱི་ཆོ༷ས་འཛི༷ན་པ༷་གཟུགས་ཀྱི་སྐུ་རྣམ་པ་གཉིས་འཁོར་བའི་རྒྱ་མཚོ་མ་སྟོང་གི་བར་དུ་འཇིག་རྟེན་གྱི་ཁམས་སུ་ཤར་བ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ནོ།།

དེ་ལྟར་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་མཐར་ཐུག་པའི་དཔལ༷་དང་ལྡ༷ན་པའི་སངས༷་རྒྱས༷་ནི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་བྱེད་པ༷དྨ༷་ལ་རྡོ་རྗེ་སྙོམས་པར་ཞུགས་པའི་བདེ་བ་ལམ་དུ་བྱས་པའི་རྒྱུ་བྱང་ཆུབ་ཀྱི་སེམས་ལས་སྐྱེ༷ས་པའམ་པདྨ་འདམ་གྱི་དྲི་མས་མ་གོས་པ་ལྟ་བུ་སྒྲིབ་གཉིས་ཀྱི་སྐྱོན་གྱིས་གོས་པ་མེད་པའི་ལམ་རྣམ་པར་དག་པའི་པདྨ་ལས་སྐྱེས་ཤིང་དེ་མཚོན་བྱེད་པདྨ་ཡི་གདན་ལ་བཞུགས་པའི་མཚན་ཉིད་ཅན་ཏེ། དེ་ནི་ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀུ༷ན་མ་འདྲེས་པར་མཁྱེ༷ན་པའི་མཁྱེན་པ་གཉིས་ཀྱི་ཡེ༷་ཤེས༷་ཀྱི་མཛོ༷ད་འཛི༷ན་པ༷་པོ་དང་། འཁོར་འདས་ཀུན་གྱི་གཙོ་བོའམ་རྒྱལ༷་པོ༷་ཆེན་པོ་ཉིད་དུ་གྱུར་པ་བདེ་བར་གཤེགས་པ་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་བ་སྣ་ཚོགས་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་མན་ངག་དུ་མ་དང་། ཐབས་ཀྱི་ཁྱད་པར་དུ་མ་སོགས་སྒྱུ༷་མའི་འཕྲུལ༷་ལྟ་བུ་སྣ༷་ཚོ༷གས་པའི་མཛད་པ་དང་། ཆོས་ཚུལ་དང་། ཡོན་ཏན་དང་། སྤྲུལ་པའི་ཆ་ལུགས་སྣ་ཚོགས་འཆང༷་བ་པོ་དང་། ཆོས་ཆ་ཤས་དང་བཅས་པར་རིག་པ་དང་། དོན་མ་སྐྱེས་པར་རིག་པ་དང་། སྔགས་ཆོས་ཉིད་ལམ་དུ་རིག་པ་དང་། བཟོད་པ་ཆོས་ཉིད་དུ་རིག་པའི་ཆེ༷་བ༷་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་སངས༷་རྒྱས༷་བཅོམ་ལྡན་འདས་ནི་ཤེས་རབ་སྟོང་པ་ཉིད་དང་དེ་རྟོགས་བྱེད་ཀྱི་ཡེ་ཤེས་ལ་དབང་འབྱོར་ཏེ་རིག་པ་ཁྱད་པར་བའི་ངོ་བོར་སྨིན་པ་རི༷ག་སྔགས༷་དང་། ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་གང་བསྒྲུབ་བྱའི་ལྷའི་དཀྱིལ་འཁོར་ལ་དབང་འབྱོར་བ་གསང་སྔགས་དང་། ཐབས་ཤེས་ཀྱི་རིག་པ་ཁྱད་པར་བ་རྒྱུད་ལ་སྐྱེས་པ་མི་བརྗེད་པའི་གཟུངས་སྔགས་ཀྱི་ཡོན་ཏན་མཐར་ཕྱིན་པ་འཆ༷ང་བས་ཡོན་ཏན་དེ་དག་གི་རྒྱལ་པོ་དང་། རྟགས་ཀྱི་རྡོ་རྗེ་རྣོན་པོ་ནི་མེ་ཡི་དྲྭ་བས་རྣམ་པར་འཁྱུད་པའི་རལ་གྲི་རྣོན་པོ་ཕྱག་གཡས་པའི་ནམ་མཁའ་ལ་འཕྱར་བའི་ཚུལ་མཛད་པ་དང་། དོན་གྱི་རྡོ་རྗེ་རྣོན་པོ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་འགྱུར་བ་མེད་པའི་རྡོ༷་རྗེ༷་སྟོང་པ་ཉིད་དང་། བྱེད་ལས་ཉོན་མོངས་པ་གཏི་མུག་ལ་སོགས་པ་དང་། རྣམ་པར་རྟོག་པ་མཁྲེགས་པའི་དྲྭ་བ་མ་ལུས་པ་གཅོད་པར་བྱེད་པ་ལ་ཐོགས་རྡུག་མེད་པ་རབ་ཏུ་རྣོ༷ན་པོ༷་བའི་ཁྱད་པར་དང་ལྡན་པའི་སྟོང་ཉིད་རྟོགས་པའི་ཡེ་ཤེས་སམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རལ༷་གྲི༷་རབ་ཏུ་ཆེ༷་བ་དང་ལྡན་པ་དང་། རྟགས་ཀྱི་ཡི་གེ་གླུ་བླངས་ཀྱི་རྒྱུད་ཡི་གེའི་རིས་སུ་བཏབ་པའི་གླེགས་བམ་ཕྱག་གཡོན་པ་ཨུཏྤལ་གྱི་མེ་ཏོག་རྣམ་པར་རྒྱས་པའི་ཟེའུ་འབྲུའི་དབུས་སུ་འཛིན་པ་དང་། དོན་གྱི་ཡི༷་གེ༷་མཆོ༷ག་གཅིག་ཏུ་གྱུར་པ་སྟེ༷་ཨ་ཡིས་མཚོན་དོན་རྟག་ཆད་འགྲོ་འོང་ལ་སོགས་པ་སྤྲོས་པའི་དྲྭ་བས་རྣམ༷་པར༷་ད༷ག་པའི་སྐྱེ་བ་མེད་པའི་གནས་ལུགས་ཀྱིས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་ཁྱབ་ཅིང་དེ་དོན་ཁོང་དུ་ཆུད་པའི་ཐབས་ཤེས་ཀྱི་ལམ་ཁྱད་པར་བ་ལྷུན་གྱིས་གྲུབ་པར་མངའ་བ་ཡིན་ལ། དེའི་རང་བཞིན་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ནོ་ཞེས་པའོ།།

གཉིས་པ་གཞིའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་པ་ནི། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེའི་ཆོས། །རྡོ་རྗེ་ཟབ་མོ་ཛི་ན་ཛིག །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པར་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པའི་ཚིགས་སུ་བཅད་པ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །ཅེས་པ་ནས། རྒྱུད་ཀུན་གྱི་ནི་བདག་པོ་མཆོག །ཅེས་པའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། གོང་དུ་བསྟན་མ་ཐག་པའི་ཤེས་རབ་ཀྱི་རལ་གྲི་དང་སྟོང་ཉིད་ཀྱི་ཡི་གེ་ཟུང་དུ་འཇུག་པའི་ལྷུན་གྱིས་གྲུབ་པ་གཉིས་སུ་མེད་པའི་ཟག་མེད་ལམ་གྱི་བདེན་པ་ཐེ༷ག་པ༷་ཆེ༷ན་པོ༷་བླ་ན་མེད་པའི་ལམ་འབྲས་བུ་དང་བཅས་པས་འགྲོ་བ་མཐའ་དག་གི་ཟག་བཅས་ཉེ་བར་ལེན་པའི་ཕུང་པོ་ལྔས་བསྡུས་པའི་སྡུ༷ག་བསྔ༷ལ་རྒྱུ་འབྲས་དང་བཅས་པ་དང་། ཐ་མལ་དུ་སྣང་བའི་ཞེན་རྟོག་ལ་སོགས་པ་རྩ་བ་ནས་གཅོ༷ད་པར་བྱེད་པས་ན་གཙོ་བོ་ལམ་དེ་ནི་འཁོར་བའི་སྡུལ་བསྔལ་གཅོད་བྱེད་ཀྱི་མཚོ༷ན་ཆ༷་ཆེས་ཆེ༷ན་པོ༷་ཡིན་ལ། དེ་ནི་རྟོགས་པར་དཀའ་བ་ཐེག་པ་ཆེན་པོ་གསང་སྔགས་རྡོ༷་རྗེ༷་ཐེག་པའི་ཆོ༷ས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ༷་རྗེ༷་གསང་བ་ཟབ༷་མོ༷་ཤིན་ཏུ་དཔོག་པར་དཀའ་བ་ཉིད་དང་། ཛི༷་ན༷་རྒྱལ་བ་སྟེ་ཁམས་གསུམ་གྱི་ཉོན་ཤེས་ཀྱི་སྒྲིབ་པ་ལས་རྒྱལ་བྱེད་ཀྱི་ཐབས་སྟོན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རྡོ་རྗེ་འགགས་པ་མེད་པ་དང་། ཛི༷ཀ་ནི་རྒྱལ་བའི་རྒྱལ་བ་སྟེ་ལམ་མཐར་ཕྱིན་པ་ལས་སྐྱེས་པའི་ཤིན་ཏུ་རྒྱལ་བའི་ས་བླ་ན་མེད་པ་བརྙེས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་འབྲས་བུ་ཆོས་ཀྱི་སྐུའོ།།

དེ་གསུམ་དབྱེར་མེད་པ་ཡུལ་སྟོང་ཉིད་རྡོ༷་རྗེ༷་མི་ཤིག་པ་དང་ཡུལ་ཅན་རྟོགས་བྱེད་ཀྱི་བློ༷་གྲོ༷ས་གཉིས་སུ་མེད་པ་གནས་ལུགས་ཀྱི་དོ༷ན་ཇི་ལྟ་བ་བ༷ཞིན་དུ་རི༷ག་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནི་ཕ༷་རོལ༷་དུ་ཕྱི༷ན་པ༷་བཅུ་ལ་སོགས་པ་ཕར་ཕྱིན་ཀུ༷ན་ཡོངས་སུ་རྫོ༷གས་པ༷་དང་། རབ་ཏུ་དགའ་བ་ལ་སོགས་པ་མདོ་སྔགས་ཀྱི་ས༷་ཐམས་ཅད་ཀྱི་གནད་རྣམ༷ས་དང་ཡོན་ཏན་ཀུ༷ན་གྱི༷་རང་བཞིན་ཚང་བས་ན་ས་བཅུ་གསུམ་ལ་སོགས་པའི་ཡེ་ཤེས་ཀྱི་རྒྱ༷ན་ལྷུན་གྱིས་གྲུབ་པ་དང༷་ལྡ༷ན་པ་ཡིན་ནོ་ཞེས་པའོ།།

དེ་བཞིན་དུ་གཟུང་འཛིན་རྟོག་པའི་དྲི་མ་རྣམ༷་པ༷ར་དག༷་པ༷་དང་ལྡན་པའི་ཆོས་དང་གང་ཟག་གི་བདག་སོགས་ཀྱིས་སྟོང་པའི་སྟོང་པ་ཆེན་པོ་བ༷དག་མེ༷ད་པའི་ཆོ༷ས་ཉིད་ཆོས་ཀྱི་སྐུ་བསལ་བཞག་དང་བྲལ་བའི་དོན་ཡང༷་ད༷ག་པ་ཇི་ལྟ་བ་བཞིན་རྟོགས་པའི་ཡེ༷་ཤེས༷་དྲི་མ་མེད་པ་ཟླ༷་བའི་འོ༷ད་བཟ༷ང་པོ་རྣམ་པར་དཀར་བ་དང་འདྲ་བ་རྣམ་པར་རྟོག་པའི་འཆིང་བ་ཐམས་ཅད་ཞི་བར་བྱེད་པ་དེ་ཉིད་བརྩོ༷ན་འགྲུས་ཀྱི་འབད་པ་རབ་ཏུ་ཆེ༷ན་པོ་བྱས་པ་ལས་རྫོགས་པར་བྱེད་པ་གང་ཡིན་པ་དེ་ནི་འཇམ་དཔལ་སྒྱུ༷་འཕྲུལ༷་དྲྭ༷་བ༷་གཉིས་སུ་མེད་པའི་སྐུ་སྟེ༷། དེ་ནི་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་བའི་རྒྱུད་དང་། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ་རྒྱུད་ཐམས་ཅད་ལས་བསྟན་པའི་ལྟ་དགོད་ལག་བཅིངས་གཉིས་འཁྱུད་གྱི་བདེ་བ་ལམ་བྱེད་ཀྱི་ཡེ་ཤེས་རྫོགས་པའི་དོན་མ་ལུས་པ་ཚང་བས་ན་རྒྱུ༷ད་ཐམས་ཅད་ཀུ༷ན་གྱི༷་ནི༷་བད༷ག་པོ༷་དང་། རྒྱུད་སྡེ་འོག་མ་རྣམས་སུ་གབ་པའི་དོན་དེ་འདིར་གསལ་བར་བསྟན་པའི་བརྗོད་དོན་མཐར་ཐུག་པ་དེ་ལགས་ཕྱིར་གསང་སྔགས་ཀྱི་རྒྱུད་རྣམས་ཀྱི་བརྗོད་དོན་མཆོ༷ག་དེ་ཡིན་ལ། དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའི་རང་བཞིན་ཡིན་ནོ་ཞེས་པའོ། །དཔེ་འགར། རྡོ་རྗེ་ཟབ་མོ་རྒྱལ་བའི་རྒྱལ། །ཞེས་པ་ཞིག་མཆིས་མོད་དེ་ནི་གོང་དུ་འགྲེལ་ཟིན་པ་ལྟར་ལེགས་སྦྱར་གྱི་ཛི་ན་ཛིཀ་གྱི་དོན་ལས་གཞན་མེད་དོ།།

གསུམ་པ་གསང་དོན་ལྷུན་གྱིས་གྲུབ་པ་བསྟན་པ་ནི། རྡོ་རྗེ་གདན་ནི་མ་ལུས་ལྡན། །ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་། །ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ། །སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྡོ་རྗེ་གདན་ནི་མ་ལུས་ལྡན། །ཞེས་པ་ནས། སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །ཞེས་པའི་བར་གྱིས་གསང་དོན་ལྷུན་གྱིས་གྲུབ་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ཆོས་ཐམས་ཅད་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་བ་ཨཏྨ་ཀོ྅ཧྃ་ལ་སོགས་པའི་སྔགས་ཀྱི་སྟོང་པ་ཉིད་རྡོ༷་རྗེ༷་མི་ཤིགས་པའི་ངོ་བོར་སྦྱངས། སྟོང་པ་དེའི་ངང་ལས་ས་བོན་གྱི་ཡི་གེ་ཡོངས་སུ་གྱུར་པ་ལས་རྟེན་ས་གཞི་རྡོ་རྗེའི་ར་བ་གཞལ་ཡང་ཁང་དང་། གད༷ན་པདྨ་དང་ནི༷་ཟླ་བ་དང་ཉི་མའི་གདན་ལ་སོགས་པ་མ༷་ལུས༷་པར་ལྡན༷་པར་གསལ་ཞིང་། དེ་དག་གི་སྟེང་དུ་བརྟེན་པ་ལྷ་ཡེ༷་ཤེས༷་པ་རིགས་ལྔའི་སྐུ༷་གཙོ་འཁོར་རྣམས༷་མ༷་ལུས༷་ཡོངས་རྫོགས་པྲ་ཕབ་པ་ཡི་རྣམ་པར་བསྐྱེད་པའི་རིགས་ལྔའི་དཀྱིལ་འཁོར་འཆང༷་བས་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་མཛད་པ་ཞེས་རྡོ་རྗེའི་ཆོ་ག་བཞི་དང་མངོན་བྱང་ལྔའི་སྒོ་ནས་ལྷའི་གདན་བསྐྱེད་པའི་ཆོ་ག་ཡན་ལག་དང་བཅས་པར་འགྲེལ་བའམ། ཡང་ན་ཕྱི་ལྟར་ན་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་སངས་རྒྱས་པའི་གནས་རྒྱ་གར་རྡོ༷་རྗེ༷་གད༷ན་དེ་ཉིད་དུ་ནི༷་རྒྱལ་བ་ཤཱཀྱ་ཐུབ་པའི་རྣམ་པས་རྒྱུ་ལམ་གྱི་ཡོན་ཏན་མ༷་ལུས༷་པ་ལྡ༷ན་པར་བྱས་ཏེ་འབྲས་བུ་སྐུ་གསུང་ཐུགས་རྡོ་རྗེ་དབྱེར་མི་ཕྱེད་པའི་ཡེ༷་ཤེས༷་ཀྱི་སྐུ༷་ཆོས་ལོངས་སྤྲུལ་གསུམ་རྣམས༷་མ༷་ལུས༷་པར་མངོན་དུ་བྱས་ནས་རྒྱུད་ལ་འཆ༷ང་བ་ཡང་གསང་དོན་ལྟར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ལས་གཞན་མ་ཡིན་ཞེས་བཤད་ཀྱང་རུང་ངོ་།།

གཞན་ཡང་དུས་གསུམ་ཀྱི་བདེ་བར་གཤེགས་པ་ཐམས་ཅད་སངས་རྒྱས་པའི་གནས་ཐབས་རྡོ༷་རྗེ༷་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་གད༷ན་དུ་གྱུར་པ་ཤེས་རབ་སྟོང་པ་ཉིད་གསང་ཆེན་ཡུམ་གྱི་བྷ་ག་ལམ་དང་འབྲས་བུའི་ཡོན་ཏན་མ༷་ལུས༷་པ་ལྡ༷ན་པར་བྱེད་པའི་ཟབ་ལམ་ལ་བརྟེན་ནས་བདེ་སྟོང་གཉིས་སུ་མེད་པའི་ཡེ༷་ཤེས༷་ཀྱི་སྐུ༷་རིགས་ལྔ་ཡེ་ཤེས་ལྔ་སོགས་འབྲས་ཆོས་རྣམས༷་མ༷་ལུས༷་པར་རྫོགས་པའི་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་དཀྱིལ་འཁོར་འཆང༷་བ་དེ་ནི་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀུ༷ན་ཏུ༷་བཟ༷ང་པོ༷་ཤེས་རབ་ཆེན་པོའི་ངོ་བོ་བློ༷་གྲོ༷ས་ཆེན་པོ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། རང་བཞིན་རྣམ་དག་དང་གློ་བུར་ཕྲལ་དག་གི་ངོ་བོ་ཉིད་སྐུ་བཟང༷་པོ་ཆོས་ཀྱི་སྐུ་དང་། ས༷་བཅུ་ཡི༷་སྙིང༷་པོ༷་སྟེ་ས་བཅུའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དང་འཇམ་དཔལ་དབྱངས་ལ་སོགས་པ་རྣམས་ལ་སྣང་བའི་གཟུགས་ཀྱི་སྐུའི་སྟོན་པ་ས་བཅུ་མཐར་ཕྱིན་པ་ལོངས་སྤྱོད་རྫོགས་པའི་སྐུ་འ༷གྲོ་བ༷་རྣམས་ཐུགས་རྗེས་འཛི༷ན་པར་མཛད་པ་དང་། ལོངས་སྐུའི་བདག་རྐྱེན་དང་། སངས༷་རྒྱས༷་རིགས་སོ་སོའི་དཀྱིལ་འཁོར་ཀུ༷ན་གྱི༷་སྙིང་པོ༷་རབ་ཏུ་ཆེ༷་བ་བྱང་ཆུབ་སེམས་ཀྱི་རྡོ་རྗེའམ་ཡེ་ཤེས་རྣམ་པ་ལྔ་དབྱེར་མི་ཕྱེད་པའི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས་བྱུང་བའི་སྤྲུལ༷་པ༷འི་སྐུ་འཁོར་ལོས་བསྒྱུར་བ་དང་། བླ་མ་ཆེན་པོ་དང་། རབ་ཏུ་བྱུང་བ་དང་། རི་དྭགས་ལ་སོགས་པ་གང་ལ་གང་འདུལ་གྱི་གཟུགས་ཀྱི་སྤྲུལ་པའི་འཁོར༷་ལོ༷་སྣ་ཚོགས་པའམ་འཇིག་རྟེན་དང་འཇིག་རྟེན་འདས་པ་ཐམས་ཅད་ལྷའི་འཁོར་ལོ་སྣ༷་ཚོ༷གས་པར་སྣང་བ་འཆང༷་བའི་སྒོ་ནས་འགྲོ་བ་རྣམས་འདུལ་བར་བྱེད་པའི་ཚུལ་གྱི་གསང་བ་ཟད་མི་ཤེས་པའི་འཁོར་ལོ་མངའ་བའི་བདག་ཉིད་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་ཞེས་པའོ།།

སློབ་དཔོན་ཙནྡྲ་གོ་མི་དང་གཉིས་མེད་རྡོ་རྗེའི་ཊཱི་ཀ་ལས་ནི། ཀུན་ཏུ་བཟང་པོ་ནི་བྱང་སེམས་ཀུན་ཏུ་བཟང་པོ་དང་། བློ་གྲོས་ཆེན་པོ་ནི་འཇམ་དཔལ་དབྱངས་དང་། ས་ཡི་སྙིང་པོ་ནི་བྱང་སེམས་ས་ཡི་སྙིང་པོ་དང་། འགྲོ་བ་འཛིན་ནི་སྤྱན་རས་གཟིགས་སུ་བཤད་ནས་དེ་དག་གི་རང་བཞིན་རྣམ་པར་དག་པ་ནི་ཐབས་དུ་མས་སྤྲུལ་པ་འགྱེད་པ་དང་། མཚན་མ་མི་དམིགས་པ་དང་། ཐམས་ཅད་དུ་ཡོད་པ་དང་། སྙིང་རྗེའི་སྙིང་པོ་ཅན་གྱི་གསང་བ་ཆེན་པོ་སྟེ་རང་བྱུང་གི་ཡེ་ཤེས་ཆེན་པོའི་གནས་ལུགས་ཀྱི་གསང་བ་མཆོག་དེ་ཡིན་པར་བཤད་དོ།།

བཞི་བ་འབྲས་བུའི་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་པ་ནི། དངོས་པོ་ཀུན་གྱི་རང་བཞིན་མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན། །ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཆོས་ཀུན་མངོན་པར་རྟོགས་པ་སྟེ། །ཐུབ་པ་བློ་མཆོག་འབྱུང་པོའི་མཐའ། །མི་གཡོ་རབ་ཏུ་དང་པའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་གསུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དངོས་པོ་ཀུན་གྱི་རང་བཞིན་མཆོག །ཅེས་པ་ནས། ཡེ་ཤེས་མེ་ལྕེ་འོད་རབ་གསལ། །ཞེས་པའི་བར་གྱིས་ཡེ་ཤེས་ལྷུན་གྱིས་གྲུབ་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཡེ་ཤེས་ཐམས་ཅད་ལྷུན་གྱིས་གྲུབ་པར་གནས་ཏེ། དེ་ཡང་འཁོར་བ་དང་མྱ་ངན་ལས་འདས་པའམ་དོན་དམ་པ་དང་ཀུན་རྫོབ་པའི་དངོ༷ས་པོ༷་ཀུ༷ན་ནམ་ཤེས་བྱའི་ཆོས་ཀུན་གྱི༷་རང༷་བཞི༷ན་ནི་བདེན་པར་གྲུབ་པའི་སྤྲོས་པའི་དྲི་མ་དང་བྲལ་བའི་སྐྱེ་བ་མེད་པ་གནས་ལུགས་སྟོང་པ་ཉིད་ཀྱི་རང་བཞིན་དུ་གནས་ཤིང་། དེ་ཡང་སྐུ་གསུམ་བདག་ཉིད་ཆེན་པོའི་ཡེ་ཤེས་དང་དབྱེར་མེད་པས་ན་རང་བཞིན་མཆོ༷ག་ཉིད་དུ་གནས་པ་ཡིན་ལ། དེ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་བདེན་པས་སྟོང་པའི་སྤྲོས་མེད་ཀ་དག་ཆེན་པོར་གནས་ཀྱང་གཟུགས་སྒྲ་དྲི་རོ་རེག་ཆོས་དང་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བའི་དངོ༷ས་པོ༷་སྣ་ཚོགས་སུ་ཤར་བ་ཀུ༷ན་གྱི༷་རང༷་བཞི༷ན་ནམ་ངོ་བོ་ཡང་འཛི༷ན་པ་སྟེ་སྣང་བ་དང་སྟོང་པ་གཉིས་ཀའི་ཚུལ་རྟེན་ཅིང་འབྲེལ་བ་འབྱུང་བ་ཉིད་དུ་གནས་སོ།།

དེ་ཕྱིར་ཆོས་ཀུན་གྱི་ངོ་བོ་སྐྱེ་བ་མེད་པ་ལ་སྣང་ཚུལ་འགགས་པ་མེད་པ་མི་བསླུ་བའི་རྣམ་པར་སྣང་བ་ནི་སྟོང་པ་དོན་དམ་པ་དང་སྣང་བ་ཀུན་རྫོབ་པ་གཉིས་ཀྱི་ངོ་བོའམ་གནས་ལུགས་ལགས་ཤིང་། སྣང་བ་སྣ་ཚོགས་སུ་སྣང་བ་དེ་ཡང་རང་བཞིན་སྐྱེ༷་བ་མེ༷ད་པའི་ཆོ༷ས་སུ་གྲུབ་པའི་གནད་ཀྱིས་ཏེ༷། དེ་ལྟར་ཡིན་པའི་དབང་གིས་སྣང་བ་རྟེན་འབྲེལ་བསླུ་བ་མེད་པའི་ཆོས་སྣ༷་ཚོ༷གས་པའི་དོ༷ན་ཅན་འདི་དག་སྣང་བ་ཡིན་པའི་ཕྱིར་ཏེ། དཔལ་མགོན་ཀླུ་སྒྲུབ་ཀྱིས། དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ནི་འདི་འབྱུང་ཞེས། །བྱ་བ་འདི་ནི་འཐད་མ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ལྟར། གལ་ཏེ་སྐྱེ་བ་མེད་པ་མིན་ན་སྣང་བ་སྣ་ཚོགས་པ་འདི་ཡང་སྣང་དུ་མེད་པ་ཡིན་པའི་གནད་བསྟན་པའོ།།

དེ་ལྟར་སངས་རྒྱས་ཀྱིས་ཆོ༷ས་ཀུ༷ན་གྱི་ངོ༷་བོ༷་སྐྱེ་བ་མེད་པ་ལ་སྣང་བ་སྣ་ཚོགས་པ་འགགས་པ་མེད་པའི་སྣང་སྟོང་ཟུང་འཇུག་སྒྱུ་མ་ལྟ་བུའི་ཚུལ་དེ་ཉི༷ད་ཤེས་པར་བྱས་ཏེ་དོན་དེ་འཆ༷ང་བ༷་དང་སྟོན་པར་བྱ་བ་ཉིད་ཡིན་ལ། ཚུལ་དེ་ནི་ཤེས་རབ་ཐམས་ཅད་ཀྱི་མཆོག་གམ་མཐར་ཐུག་པའི་ཤེས༷་ར༷བ་ཆེ༷ན་པོ༷་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས༷་ཤེས་བྱ་མཐའ་དག་དུས་ཐུང་མཐའི་སྐ༷ད་ཅི༷ག་མ་གཅིག་སྟེ་སྐྱེས་བུ་སྟོབས་ལྡན་ཞིག་གིས་སེ་གོལ་གཅིག་གཏོགས་པའི་ཡུན་ལ་ཆ་བརྒྱ་དང་ཉི་ཤུར་ཕྱེ་བའི་ཆ་གཅིག་གི་ཡུན་ལ༷་ཆགས་ཐོགས་མེད་པར་ཅིག་ཆར་དུ་མཁྱེན་པའི་སྒོ་ནས་དེ་འདྲའི་ཆོས༷་ཀུ༷ན་གྱི་རང་བཞིན་སྐྱེ་བ་མེད་པ་དང་སྣང་བ་འགགས་པ་མེད་པ་ཉིད་ཁོང༷་དུ༷་ཆུ༷ད་པ༷་ཡིན་ཕྱིར་མ་ནོར་བ་དང་། ཚད་མར་གནས་པ་དང་། བདེན་པའི་དོན་ཅན་དང་། ཡིད་རྟོན་འཕེར་བ་ཉིད་ཡིན་ནོ།།

དེ་ཕྱིར་དེ་ལྟར་གནས་ལུགས་ཚད་མའི་དོན་དེ་ལུང་རིགས་དང་བླ་མའི་མན་ངག་གིས་ཤེས་པར་བྱས་ཏེ་ཡིད་ལ་འཆང༷་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ཆོ༷ས་ཀུ༷ན་གྱི་རང་བཞིན་སྣང་སྟོང་ཟུང་དུ་འཇུག་པ་ཉིད་ཇི་བཞིན་ཉམས་སུ་ལེན་པའི་སྒོ་ནས་ཟག་པ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་མངོ༷ན་པ༷ར་རྟོགས༷་པ༷་མཐར་ཕྱིན་པ་སྟེ༷། བདུད་བཞི་རྨང་མེད་དུ་ཐུབ༷་པ༷་སངས་རྒྱས་བཅོམ་ལྡན་འདས་དེ་ཁོ་ན་ཉིད་རྟོགས་པའི་ཡེ་ཤེས་མངའ་བའམ་རྣམ་པ་ཐམས་ཅད་མཁྱེན་པའི་བློ༷་གྲོས་མཆོ༷ག་མངའ་པའི་ཚུལ་མངོན་དུ་བྱས་ཏེ་སྒྲིབ་གཉིས་ཀྱི་འབྱུང༷་པོ༷འི་ཚོགས་མ་ལུས་པ་མཐར་བསྐྲད་ཅིང་འཁོར་བའི་མཐའ༷་ལས་སྒྲོལ་བར་བྱེད་པ་ཡིན་ལ། དེ་ལྟར་ནུས་པ་ཡང་སྨོས་མ་ཐག་པ་ལྟར་རྣམ་པར་གཡེང་བ་ལ་སོགས་པའི་སྐྱོན་དང་བྲལ་བའི་རྣམ་པར་མི༷་གཡོ༷་བའི་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་། རྙོག་པ་རབ༷་ཏུ༷་དང༷ས་པ༷འི་བད༷ག་ཉིད་ཅན་གྱི་ལམ་ལ་བརྟེན་ནས་བྱུང་བ་ཡིན་ཕྱིར། རྗེ་བཙུན་འཇམ་དཔལ་ཡེ་ཤེས་སེམས་དཔའ་མཆོག་གིས་དེ་ལྟར་གནས་ལུགས་སྐྱེ་བ་མེད་པ་དང་། སྣང་བ་སྣ་ཚོགས་སུ་སྣང་བ་དང་། ལམ་རྣལ་འབྱོར་དྲི་མ་མེད་པའི་སྟོབས་ཀྱི་རྫོགས༷་པ༷འི་སང༷ས་རྒྱས༷་ཀྱི་ཡེ་ཤེས་བྱང༷་ཆུབ༷་ཀྱི་སེམས་བདེ་བ་ཆེན་པོའི་སྐུ་མཐར་ཐུག་པ་དེ་འཆང༷་ནས། ཇི་སྐད་དུ། དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་ངེས་པར་བསྟན་པའི་མདོ་ལས། དེ་ནི་བདག་དང་དེ་བཞིན་གཞན་དག་གི །སྔོན་གྱི་མཐའ་ནི་བྱེ་བ་ཁྲག་ཁྲིག་དག །ཐུག་པ་མེད་པར་འཇིག་རྟེན་སྒྲོན་མས་དྲན། །སྐྱུ་རུ་ར་ལྔ་ཕྱག་མཐིལ་བཞག་པ་བཞིན། །མིང་རུས་དེ་བཞིན་ཁ་དོག་རྣམ་རྟོག་དང་། །ཚེ་གནས་འཆི་འཕོ་དང་ནི་འགྲོ་བ་དང་། །རྒྱུ་གང་གིས་ནི་སེམས་ཅན་གང་འོངས་པ། །དེ་ལ་དུས་མཁྱེན་ནས་ནི་ཆོས་ཀྱང་སྟོན། །འགྲོ་བའི་སེམས་དང་སེམས་ལས་བྱུང་བའི་ཆོས། །གང་དག་འདས་པ་མཐའ་ཡས་ཐུག་མེད་དང་། །གང་གི་འོག་ཏུ་སེམས་ནི་གང་འབྱུང་བ། །ཡེ་ཤེས་ཆེ་ལྡན་རྒྱལ་བས་ཐམས་ཅད་མཁྱེན། །སེམས་ཅན་གཅིག་གི་སེམས་ནི་སྔ་མ་གང་། །འདས་པ་གང་ཡིན་བདེ་བར་གཤེགས་པས་མཁྱེན། །བསྐལ་པ་གང་གཱའི་ཀླུང་གི་བྱེ་སྙེད་དུ། །དེ་ནི་བསྟན་ཀྱང་དེ་ལ་ཐུག་པ་མེད། །གང་ཡང་སྔོན་གྱི་སྤྱོད་པ་བྱེ་བ་དག །མཐའ་ཡས་ཐུག་པ་མེད་པ་བསྟན་ཀྱང་ནི། །མཚུངས་པ་མེད་པའི་ཡེ་ཤེས་མི་ཟད་དེ། །བདེ་གཤེགས་ཡེ་ཤེས་རྒྱ་མཚོ་དེ་འདྲའོ། །ཞེས་གསུངས་པ་ལྟར། ཤེས་བྱ་ཐམས་ཅད་ལག་པའི་མཐིལ་དུ་སྐྱུ་རུ་ར་རློན་པའི་འབྲས་བུ་བཞག་པ་བཞིན་དུ་རྟོགས་ཤིང་མཁྱེན་པའི་སངས༷་རྒྱས༷་ཀུ༷ན་གྱི༷་ཐུགས་རྣམ་པ་ཐམས་ཅད་མངོ༷ན་སུམ༷་དུ་མཁྱེན་པའི་མཁྱེན་པ༷་གང་ཡིན་པ་ཡེ༷་ཤེས༷་ཀྱི་མེ༷་ལྕེ༷་རབ་ཏུ་འབར་བ་དང་ལྡན་པ་དེས་སྒྲིབ་གཉིས་བག་ཆགས་དང་བཅས་པའི་བུད་ཤིང་མ་ལུས་པ་བསྲེགས་ནས་སྨོས་མ་ཐག་པ་ལྟར་མཁྱེན་པའི་འོ༷ད་ཟེར་གྱིས་ཤེས་བྱའི་ཆོས་རྣམས་ར༷བ་ཏུ་གསལ༷་བ་ཡིན་པ་ཤེས་པར་བྱའོ་ཞེས་པའོ།།

སྨྲས་པ།

གཞི་ཡི་རང་བཞིན་སྣང་སྟོང་ཟུང་ཏུ་འཇུག།

ལམ་གྱི་ཡེ་ཤེས་བདེ་སྟོང་ཟུང་དུ་འཇུག།

འབྲས་བུ་ངོ་མཚར་སྐུ་གཉིས་ཟུང་དུ་འཇུག།

ཟུང་འཇུག་དོན་ལ་རྒྱལ་བའི་ཡིད་ཀྱང་ལྷུངས།།

ཆོས་ཀུན་ངོ་བོ་སྟོང་ཉིད་མཛེས་དགའ་མར།།

འཛིན་མེད་རིག་པའི་གཞོན་ནུ་འཛུམ་རོལ་ལ།།

གཉིས་མེད་ཡེ་ཤེས་བདེ་བའི་རོ་འབྱིན་ལས།།

སྐུ་གསུམ་འབྲས་བུའི་མངལ་ཁུར་སྦྲུམ་གྱིས་ལྕི།།

མདོ་རྒྱུད་མན་ངག་རྒྱུ་སྐར་ཕྲེང་བའི་དབུས།།

སྙིང་པོའི་འོད་དཀར་རྒྱུད་རྒྱལ་བསིལ་ཟེར་ཅན།།

རྟོགས་དཀའ་ཟབ་བརླིངས་ལྷ་ལམ་ཁྱོན་རྒྱུ་བ།།

ཕྱོགས་མཐོང་བློ་ལྡན་སྐལ་བ་བཟང་པོར་རློམ།།

ཚིག་དོན་རབ་སྟུག་རྒྱུད་དོན་ནགས་ཀྱི་ཀླུང་།།

བརྗོད་དོན་རྣམ་གསལ་སྙན་པའི་གླུ་ལེན་པའི།།

རྣམ་བཤད་ཁུ་བྱུག་བུ་མོ་འཕུར་བའི་གར།།

གཟིགས་མོར་འདོད་རྣམས་དགའ་བས་འདིར་རོལ་ཅིག།

འགྲེལ་བཤད་མཁན་པོ་ལུང་རིགས་འཕྲུལ་འཁོར་ཅན།།

ཟབ་ཡངས་དཔོག་དཀའ་གླུ་བླངས་རྒྱུད་ཀྱི་མཚོར།།

འཕྲད་ཚེ་སྣ་ཚོགས་སྨྲ་བའི་གླག་ཅོར་གྱིས།།

ཟབ་དོན་དཀྲུགས་པའི་ཁུར་དེ་སུ་ཡིས་བཀལ།།

ཞེས་བྱ་བ་ནི་ལེའུ་བརྒྱད་པའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་གྱི་མཚན་བསྟན་པ།

དགུ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་ལ། མཉམ་ཉིད་ཡེ་ཤེས་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས་མཆིས་ཤིང་། དེ་ཡང་མཉམ་ཉིད་ཡེ་ཤེས་བསྟན་པ་ལ་ཚིགས་སུ་བཅད་པ་ཉེར་བཞིས་བསྟན་པར་གསུངས་ཏེ། འགྲེལ་པ་དྲི་མེད་འོད་ལས། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་བྱ་བ་ལ་སོགས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ཉི་ཤུ་བཞིས་མཉམ་པ་ཉིད་ཀྱི་ཡེ་ཤེས་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་མཉམ་ཉིད་ཡེ་ཤེས་མདོར་བསྟན་པ་ནི། འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བ། །མགོན་པོ་སེམས་ཅན་ཀུན་གྱི་མཆོག །སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པའི་ཚིགས་བཅད་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འདོད་པའི་དོན་གྲུབ་དམ་པ་སྟེ། །ཞེས་པ་ནས། སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཅེས་པའི་བར་གྱིས་མཉམ་པ་ཉིད་ཀྱི་ཡེ་ཤེས་མདོར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཡེ་ཤེས་དང་སྐུ་གསུང་ཐུགས་ཀྱི་མཚན་རྣམས་བསྟན་ནས་དེ་དག་ཡོན་ཏན་དུ་གྱུར་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་བདག་ཉིད་ཀྱང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡིན་པར་བསྟན་པ་ནི། ང་རྒྱལ་ཆེན་པོ་ཅན་གྱི་གང་ཟག་རྣམས་འདུལ་བའི་ཕྱིར་དུ་ང་རྒྱལ་རྣམ་པར་དག་པའི་སྐུ་རིན་ཆེན་འབྱུང་ལྡན་ནི་ནོར་བུ་རིན་པོ་ཆེའི་ཕུང་པོ་ལ་སོགས་པ་སྦྱིན་པར་བཏང་ནས་གདུལ་བྱ་རྣམས་ཀྱི་འདོ༷ད་པ༷འི་དོ༷ན་ཚུལ་དང་མཐུན་པ་གང་ཡིན་པ་རྣམས་བསྒྲུབས་ཏེ་ཡིད་ལ་བསམ་པ་བཞིན་དུ་མ་ཆགས་པར་གྲུབ༷་པར་བྱས་པའི་སེར་སྣ་རྣམ་པར་དག་པའི་དམ༷་པ༷འམ་མཆོག་ཏུ་གྱུར་པའི་སྦྱིན་པའི་ཕ་རོལ་དུ་ཕྱིན་པའི་ཡེ་ཤེས་ལ་བྱ་སྟེ༷། དེས་ནི་ང་རྒྱལ་སྐྱེ་བའི་རྒྱུར་གྱུར་པའི་ཉོན་མོངས་པ་འདོད་ཆགས་སྤངས་པས་དམྱལ་བ་སྦྱོང་བ་དང་། གཏོང་སེམས་དང་ལྡན་པའི་འཁོར་གསུམ་དག་པའི་སྦྱིན་པས་སེར་སྣ་སྤངས་ནས་ཡི་དྭགས་སྦྱོང་བ་དང་། ལན་དང་རྣམ་སྨིན་ལ་རེ་བ་མེད་པས་བྱོལ་སོང་གི་སྐྱེ་གནས་སྦྱོང་བར་བྱེད་པའི་ཕྱིར་ན་ང༷ན་སོང༷་གསུམ་གྱི་གནས་ཐམས༷་ཅ༷ད་རྣམ༷་པར་སྦྱོ༷ང་བ༷་དང་། དེ་ལྟར་ང་རྒྱལ་རྣམ་པར་དག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་རྒྱུད་ལ་སྐྱེས་ན་རང་གཞན་གྱི་རྒྱུད་མཉམ་ནས་འགྲོ་བ་ཀུན་གཞན་འདྲེན་ནུས་པའི་མགོ༷ན་པོ༷་ཆེན་པོ་སེམས༷་ཅ༷ན་ཐམས་ཅད་ཀུ༷ན་གྱི༷་མཆོ༷ག་འཕགས་པ་འཇམ་དཔལ་དབྱངས་ཉིད་ཀྱི་གོ་འཕང་ལ་དབང་འབྱོར་བ་དང་། དེ་ཐོབ་ནས་སེམས༷་ཅ༷ན་ཐམ༷ས་ཅ༷ད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རབ༷་ཏུ་གྲོལ༷་བའི་འཕྲིན་ལས་བྱེ༷ད་པ་ཡིན་ནོ་ཞེས་པའོ།།གཉིས་པ་དེ་རྒྱས་པར་བཤད་པ་ལ། ལས་ཀྱི་ཕྱག་རྒྱ་བསྟན་པ་དང་། དཔེ་དོན་གྱི་འབྲེལ་བ་བསྟན་པ་དང་། མཚན་དཔེ་བསྟན་པ་དང་། ཐུན་མོང་གི་ལམ་རྫོགས་པར་བསྟན་པ་དང་། སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་དང་། སྐད་ཅིག་གི་ཡེ་ཤེས་བསྟན་པ་དང་། གསང་སྔགས་མཐའི་དོན་དུ་བསྟན་པ་དང་། འཁོར་བའི་ས་བོན་དང་བྲལ་བར་བསྟན་པ་དང་། གཞན་དོན་མཛད་པ་བསྟན་པ་དང་། དེ་ཉིད་ཀྱི་འཐད་པ་དང་། ཡེ་ཤེས་ཀྱི་ལུས་ཀྱི་མཛད་པ་བསྟན་པ་དང་བཅུ་གཅིག་ལས།

དང་པོ་ལས་ཀྱི་ཕྱག་རྒྱ་བསྟན་པ་ནི། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་བ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་ནོན། །རྐང་མཐེབ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །ཞེས་པའི་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །ཞེས་པ་ནས། ཚངས་པའི་གཡུལ་ས་རྩེ་ནས་གནོན། །ཞེས་པའི་བར་གྱིས་ལས་ཀྱི་ཕྱག་རྒྱ་བསྟན་ཏོ། ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་ལ་སོགས་པའི་ཉོ༷ན་མོང༷ས་པ་བརྒྱད་ཁྲི་བཞི་སྟོང་གི་དམག་དཔུང་ཆེན་པོའི་གཡུལ༷་བཤམས་པའི་ཁྲོད་དུ༷་མི་འཇིགས་པར་གཅི༷ག་པུར་ཏེ་གཅིག་ཏུ་དཔ༷འ་བ་ནི་གཉེན་པོ་རིག་པའི་ཡེ་ཤེས་ཉིད་ཡིན་ལ། དེ་ཉིད་ཀྱིས་ཆོས་ཉིད་ཀྱི་དོན་མི༷་ཤེས༷་པའི་རྨོངས་པ་དང་། ཆོས་ཐམས་ཅད་བདག་ཏུ་འཛིན་པའི་མ་རིག་པ་དང་། བདེན་གཉིས་མེད་པར་འཛིན་པའི་ཐེ་ཚོམ་དང་། རྣམ་པར་རྟོག་པའི་དགྲ༷་ཡི༷་དཔུང་སྟོབས་ཆེན་པོའི་ང་རྒྱལ་དང་ཁེངས་པའི་དྲེགས༷་པ༷་མ་ལུས་པར་འཇོམ༷ས་པར་བྱེད་པ་དང་། སངས་རྒྱས་ཀྱི་སྙིང་པོའི་ས་བོན་གཞི་བདེ་གཤེགས་པོའམ་མཉམ་པ་ཉིད་ཀྱི་ཤེས་རབ་ཕུལ་དུ་ཕྱིན་པའི་བློ༷་དང་ལྡ༷ན་ཞིང་། ལྷག་པ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཕུན་སུམ་ཚོགས་པ་ཡིད་དུ་འོང་བས་སྒེ༷ག་པ་འཆ༷ང་བ་དང་། ངོ་བོ་རང་ཆས་སུ་ཆོས་གཟུགས་ཀྱི་སྐུ་རྣམ་པ་གཉིས་ཀྱི་དཔལ༷་དང༷་རྣམ་པར་ལྡ༷ན་པ་སྟེ་དེའི་རང་བཞིན་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའོ།།

གཞན་ཡང་རྣམ་པར་རྟོག་པའི་ཚོགས་ཀྱིས་གཡོ་བ་མེད་པའི་ཡེ་ཤེས་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་དང་དབྱེར་མེད་པ་རབ་ཏུ་བརྟ༷ན་པོ༷་དང་ལྡན་པའི་བརྡར་ཕྱི་སྐུ་ཡི་རྣམ་པ་གདུག་པ་ཅན་རྣམས་ཀྱི་ངོར་དྲག་པོ་ཁྲོ་བོ་མི༷་སྡུ༷ག་པ་འཇིགས་སུ་རུང་བའི་གཟུ༷གས་འཆང༷་བ༷་དང་། དེ་ཡང་ཚོགས་གཉིས་རྫོགས་པ་དང་རིགས་བརྒྱ་འདུས་པ་མཚོན་པ་དང་། ཚངས་པ་སོགས་གདུལ་བྱ་གདུག་པ་ཅན་རྣམས་འདུལ་པའི་ཕྱིར་ལག་པ་མང་པོ་བརྒྱ་ཕྲག་ཅན་དང་། གདོང་བ་བརྒྱ་བ་དང་། རྐང་པ་བརྒྱ་བ་ཅན་ལ་སོགས་པར་སྤྲུལ་ནས་ལ༷ག་པ༷་བརྒྱ༷་ཕྲག་པོ༷་ཕྱོགས་ཀུ༷ན་ཏུ་བསྐྱོ༷ད་ཅིང༷་འཇིགས་པའི་ཟིལ་རྔམ་པོ་ཆེ་སྟོན་པ་དང་། ཞབས་གོམ༷་པ༷འི་གར་སྟབ༷ས་ཀྱིས༷་གར༷་བྱེ༷ད་པ༷་དང་། ཡོན་ཏན་གྱི་དཔ༷ལ་དང་ལྡ༷ན་པའི་ཁྲོ་བོའི་གཟུགས་ཀྱི་སྐུ་ལ་ལ༷ག་པ༷་བརྒྱས༷་གང༷་བ་དེ་ལ༷་ཞབས་ཀྱང་བརྒྱ་ཕྲག་དང་ལྡན་པའི་ཆོ་འཕྲུལ་གྱིས་ནམ༷་མཁའ༷་ཡི་ཁྱོན་ཀུན་ལ་ཁྱབ༷་པ༷ར་སྤྲུལ་ནས་གར༷་བྱེ༷ད་པ༷་ཡི་སྒོ་ནས་གདུལ་བྱ་དམུ་རྒོད་དེ་དག་འདུལ་བར་བྱེད་དོ།

དེ་ལྟར་འགྲེལ་བའམ་ཡང་ན་རིག་པའི་ཡེ་ཤེས་ཀྱི་ལ༷ག་པ༷་བ༷རྒྱ་ཕྲག་པོ༷་དེ་ཕྱི་ནང་གསང་བ་དང་རྟགས་དང་ཐབས་ཀྱི་བྱེ་བྲག་མི་འདྲ་བའི་ཁྱད་པར་གྱིས་ཡུལ་ཀུན༷་ལ་བདེ་བའི་རོས་ཁྱབ་པར་བ༷སྐྱོད་ཅིང༷་། དེས་དྲངས་པའི་དགའ་བའི་ཡེ་ཤེས་ཀྱི་གོམ༷་པ༷འི་སྟབ༷ས་ཀྱིས༷་ཡུལ་སྟོང་པ་ཉིད་དང་རོ་གཅིག་ཏུ་འདྲེས་པའི་གར༷་བྱེ༷ད་པ༷་ཡི་དཔ༷ལ་དང་ལྡ༷ན་པའི་ཡེ་ཤེས་ཀྱི་ལ༷ག་པ༷་བརྒྱ༷་ཕྲག་གིས༷་ལམ་འབྲས་ཡོངས་རྫོགས་ཀྱི་ལུས་ཉིད་ལ་གང༷་བ་དེ་ལ༷་ནམ༷་མཁའ༷་དང་འདྲ་བའི་ཆོས་ཀྱི་དབྱིངས་ཆོས་ཀུན་ལ་ཁྱབ༷་པ༷ར་གནས་པ་དེ་དང་རོ་གཅིག་ཏུ་འདྲེས་པའི་གར༷་བྱེ༷ད་པ༷་ཞེས་ཀྱང་འགྲེལ་ལོ།།

ཡང་གླིང་བཞི་ཁྱབ་འཇུག་གིས་དབང་དུ་བྱེད་པ་འདུལ་བའི་གཉེན་པོར་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཁྲོ་བོའི་རྒྱལ་པོ་སྐུ་ཆེ་ལ་ཡན་ལག་རགས་པར་སྤྲུལ་ནས་རྒྱ་རབ་ཏུ་ཆེ་བའི་ས༷་ཡི༷་དཀྱིལ༷་འཁོར༷་ཆེན་པོ་རི་རབ་དང་བཅས་པའི་གླིང་བ༷ཞི་ཡི༷་ཁྱོ༷ན་དེ་ཉིད་རྐང༷་པ༷་གཡས་པ་ལྟ་བུའི་ཡ༷་གཅི༷ག་གི་རྐང་མཐི༷ལ་གྱིས༷་ཁེབས་པར་གནོ༷ན་པ་དང་། རྐང༷་པའི་མཐེབ༷་བོང་གི་སེ༷ན་མོ༷འི་ཁྱོ༷ན་གཅིག་པུ་ཙམ་གྱིས༷་ཀྱང༷་གཟུགས་ཁམས་གནས་རིས་བཅུ་བདུན་གྱི་བསམ་གཏན་དང་པོའི་ཚངས༷་པ༷འི་གནས་ཀྱི་ཡུལ༷་ལ་སོགས་པའི་ཁམས་གསུམ་ས༷་དགུ་ཀུན་གྱི་རྩེ༷་མོ་ནས༷་གནོ༷ན་པའི་རྫུ་འཕྲུལ་བསྟན་ནས་འགྲོ་བ་རྣམས་འདུལ་བ་ཡིན་ཞེས་འགྲེལ་བའང་ཡོད་དོ།།

དེ་ལྟར་རམ་ཡང་ན་ས༷་དང་པོ་རབ་ཏུ་དགའ་བ་ནས་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡི༷་དཀྱིལ༷་འཁོ༷ར་གྱི་བར་གྱི་འབྱུང་བཞིའི་ཡུལ་གྱིས་བསྐྱེད་པའི་རྟོག་ཚོགས་དགའ་བ་བཞི༷་ཡི༷་ཡེ་ཤེས་ཀྱི་ངོ་བོར་སྨིན་པའི་ཁྱོ༷ན་ཀུན་ལ་ལྷན་སྐྱེས་ཀྱི་བདེ་བའི་རྐང༷་པ༷་ཡ༷་གཅི༷ག་གི་ཡེ་ཤེས་རྩེ་གཅིག་པའི་མཐི༷ལ་གྱིས༷་གནོན༷་པ་དང་། དེ་ཡང་སྤྲོས་པ་དང་བྲལ་བའི་དབྱིངས་སྟོང་པ་ཉིད་ཀྱི་རྐང༷་པའི་མཐེབ༷་བོང་ལ་བདེ་བའི་ཡེ་ཤེས་དབྱེར་མེད་པའི་སེ༷ན་མོ༷འི་ཁྱོ༷ན་གྱིས༷་ཀྱང༷་ཚང༷ས་པ༷་ཤིན་ཏུ་རྣམ་པར་དག་པ་མྱ་ངན་ལས་འདས་པའི་ཡུལ༷་ལམ་ས༷་ཐམས་ཅད་ལ་ཁྱབ་ཅིང་རྩེ༷་མོ་ནས༷་གནོ༷ན་པ་ཡིན་ཞེས་ངེས་པའི་དོན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ས་ཀུན་ཏུ་ཁྱབ་ཅིང་ས་ལམ་མངོན་རྟོགས་ཀྱི་རིམ་པ་དེ་ཡང་དེ་ལྟར་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་གོང་ནས་གོང་དུ་འཕེལ་བའི་རིམ་པ་ལ་བཞག་ཅིང་། འཇམ་དཔལ་ཡེ་ཤེས་སེམས་དཔའ་ངེས་དོན་གྱི་ངོ་བོའམ་དེའི་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་ས་ཀུན་གྱི་ངོ་བོ་དང་ས་ཀུན་ཟིལ་གྱིས་གནོན་པའི་རྩེ་མོ་ཡིན་ཞེས་པར་གོ་རུང་ཞིང་དཔལ་ལྡན་ཌོམྦི་བ་ཆེན་པོས་དེ་ལྟར་འགྲེལ་ལོ།།

དཔེ་འགར་གོང་གི། བརྟན་པོ་མི་སྡུག་སོགས་ལ། དཔའ་བོ་མི་སྡུག་གཟུགས་འཆང་བ། །ཞེས་པའང་ཡོད་ལ། དེ་ལྟར་ན་རྣམ་པར་རྟོག་པའི་ཚོགས་ཀྱི་དགྲ་ཡིས་གཡུལ་ཆེན་པོས་བརྫི་བ་མེད་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་དང་དབྱེར་མེད་པ་མི་མཐུན་པའི་ཕྱོགས་འཇོམས་པ་ལ་རབ་ཏུ་དཔ༷འ་བ་པོ༷་དང་ལྡན་པའི་བརྡར་ཕྱི་སྐུ་ཡི་རྣམ་པ་གདུག་པ་ཅན་རྣམས་ཀྱི་ངོར་དྲག་པོ་ཁྲོ་བོ་མི༷་སྡུ༷ག་པ་འཇིགས་སུ་རུང་བའི་གཟུ༷གས་འཆང༷་བ་ཞེས་འགྲེལ་རུང་བ་ཡིན་ནོ།།

གཉིས་པ་དཔེ་དོན་གྱི་འབྲེལ་བ་བསྟན་པ་ནི། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཁའི་དཀྱིལ་ལྟར་མཛེས། །ཞེས་པའི་ཤོ་ལོ་ཀ་གཉིས་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །ཞེས་པ་ནས། ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །ཞེས་པའི་བར་གྱིས་དཔེ་དོན་གྱི་འབྲེལ་བ་བསྟན་ཏོ། ། ཞེས་གསུངས་པའི་ཕྱིར།

དེ་ཡང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་མཚན་ཉིད་ནི། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་བྱ་བ་རྫོགས་པའི་དོན་དུ་གཅིག་པའམ། སྤྲོས་པ་མེད་པའི་དབྱིངས་ཉིད་དང་དོ༷ན་གཅི༷ག་པའི་གཉིས༷་སུ་མེ༷ད་པ་གཉུག་མ་མི་ཤིགས་པའི་ཡེ་ཤེས་ཏེ། དེ་འདྲའི་ཆོ༷ས་ཀྱི༷་དོ༷ན་དེ་ནི་གནས་ལུགས་མ་བཅོས་པ་དམ༷་པ༷འི་དོ༷ན་ཞེས་སུ་གྲགས་ལ། དེ་ནི༷་འཁོར་བའི་འཇི༷གས་པ༷་དང་ཉོན་མོངས་པ་དང་རྣམ་རྟོག་ལ་སོགས་པའི་འཇིགས་པ་གང་ཡང་མེ༷ད་པ་དང་། དོན་གྱི་ངོས་ནས་བདེན་པར་གྲུབ་པ་མེད་ཀྱང་རྣམ༷་པར་རིག༷་པའི་ཡུལ་དུ་གྱུར་པའི་སྣང་བ་སྣ༷་ཚོགས༷་པ་གཟུགས༷་སྒྲ་ལ་སོགས་པ་འཛིན་པའམ་འབྱུང་རུང་བ་དང་སྣང་བར་གྱུར་པ་དང་། སྣང་བ་དེ་ཡང་སྟོང་པའི་རང་བཞིན་དུ་གནས་པའི་སྣང་སྟོང་གཉིས་སུ་མེད་པ་ཡིན་ཞིང་། དེ་ཉིད་ཉམས་སུ་མྱོང་བའི་དོ༷ན་ཅ༷ན་དང་། སྣང་བའི་ཆ་ནས་སེམས༷་རྣམ་པར་ཤེས་པའི་ཚོགས་དྲུག་དང༷་ཀུན་གཞིའི་རྣམ༷་ཤེས༷་སོགས་ཡུལ་སྣ་ཚོགས་འཛིན་པ་དང་བག་ཆགས་ཀྱི་རྟེན་དུ་གྱུར་པ་ཐམས་ཅད་ཀྱང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་གི་རྒྱུ༷ད་དང༷་ལྡ༷ན་པ་སྟེ། དོན་དམ་པར་དེ་དག་གི་རང་བཞིན་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེས་ཁྱབ་པ་ཡིན་ནོ།།

དེ་ལྟ་བུའི་སེམས་ཀྱི་རང་བཞིན་རྣམ་པར་དག་པའི་དངོ༷ས་པོ་དོ༷ན་དམ་པའི་མཚན་ཉིད་མ༷་ལུས༷་པ་རྫོགས་པའི་ལམ་དང་ཡེ་ཤེས་རྣམས༷་ཤིན་ཏུ་གསལ་བར་བྱས་ཏེ། དེ་ལ༷་རླུང་སེམས་དབང་པོ་རྣམས་ནང་དུ་སྡུད་པའི་སྒོ་ནས་ཉམས་སུ་ལེན་པ་ལ་དགའ༷་བའི་བློ་སྦྱང་བར་བྱ་དགོས་ཤིང་། དབང་གསུམ་པ་ཤེར་དབང་གི་དུས་སུ་ཐོབ་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་མཚན་མའི་སྤྲོས་པ་དང་བྲལ་བའི་སྟོང༷་པ༷་ཉི༷ད་དང་རོ་གཅིག་པའི་བདེ་བ་ཆེན་པོ་ལ་རྣམ་པ་སོ་སོར་དབྱེར་མེད་པར་མངོན་པར་ཞེན་པའམ་དགའ༷་བ་དེ་ལ་འདོད༷་ཆ༷གས་ཆེན་པོའི་བློ༷་ཞེས་རྣམ་པར་ཤེས་པ་ལ་སོགས་པའི་རྟོག་ཚོགས་འགགས་པའི་སྟོང་པ་དང་རོ་གཅིག་པའི་ཆགས་མེད་ཆགས་པ་ཆེན་པོའི་ཡེ་ཤེས་ཞེས་པར་གྲགས་སོ།།

དེ་ནི་འཁོར་བའི་རྒྱུ་རྔམས་པོ་ཆེ་སྲི༷ད་པ༷འི་འདོ༷ད་ཆགས༷་དང་གཏི་མུག་སོགས༷་ཉོན་མོངས་པ་སྤངས༷་པ༷་དང་ལྡན་པའམ་སྤོང་བྱེད་ཀྱི་གཉེན་པོའི་ཡེ་ཤེས་ཁྱད་པར་བ་ཡིན་གྱི་འདོད་ཆགས་དངོས་མ་ཡིན་ཏེ། དཔེར་ན་ར་གན་ནི་ར་གན་རང་ཡིན་གྱི་གསེར་མིན་ལ། གསེར་གྱི་རང་བཞིན་ལ་ར་གན་མེད་པར་གསེར་རང་དུ་གནས་པ་བཞིན་ནོ།།

དེ་ཉིད་ནི་འདོད་དང་གཟུགས་དང་གཟུགས་མེད་དེ་སྲི༷ད་པ་གསུམ༷་གྱི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མཐའ་དག་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་དག་པའི་བདེ་བ་ཡིན་པས་དགའ༷་བ༷་ཆེ༷ན་པོ༷་སྟེ༷་ཐ་མལ་བའི་ཆགས་པ་དང་དགའ་བའི་ཚོར་བ་དང་བྲལ་བའི་དམིགས་པ་མེད་པའི་དགའ་བ་ཡིན་པའི་ཕྱིར་ན་དེ་སྐད་ཅེས་བྱའོ།།

དགའ་བ་དེ་ནི་དཔེར་ན་ནམ་མཁའ་ལ་ཤར་བའི་སྤྲི༷ན་དཀར༷་པོ་ལ་ནི་སྤྲིན་སྔོ་སེར་དམར་པོ་ནག་པའི་དྲི་མ་མེད་པར་ཤིན་ཏུ་ད༷ག་པ༷་དང་ལྡན་པའི་སྤྲིན་དཀར་པོ་ཡིན་པ་བཞི༷ན་དུ༷་བདེ་བ་དང་སྟོང་པ་ཕྲ་མོ་ཙམ་གྱི་འཛིན་ཞེན་གྱི་དྲི་མ་དང་བྲལ་བའི་རྣམ་པར་དག་པ་དཀར༷་བ་ཡིན་ལ། དེ་ལྟར་ཡིན་པ་འཐད་དེ། དཔེར་ན་འོ༷ད་བཟ༷ང་པོ་རྣམ་པར་འཕྲོ་བའི་སྟོ༷ན་ཀ༷འི་དུས་ཀྱི་ཟླ༷་བ༷འི་འོ༷ད་ནི་ཟླ་བ་དང་དབྱེར་མེད་པ་བཞིན་དུ་ཤིན་ཏུ་དག་པའི་སྟོང་པ་དང་དེ་ལས་སྐྱེས་པའི་བདེ་བ་གཉིས་སོ་སོར་དབྱེར་མེད་ཅིང་ཐ་དད་མེད་ཅིང་འཛིན་པའི་དྲི་མ་དང་བྲལ་བ་ཡིན་ཞིང་། དེ་ནི་ཕྱིའི་ལུང་རིགས་ཀྱིས་སྒྲོ་འདོགས་ཆོད་པ་ལ་སོགས་པའི་སྟོབས་ལས་བྱུང་བ་མིན་པར་ནང་རྟེན་ཅིང་འབྲེལ་བ་ཟབ་མོའི་དོན་ཉམས་སུ་མྱོང་བའི་མཐུས་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཞེས་ཉི༷་མ༷་འཆ༷ར་ཀའི༷་དུས་ཏེ་འཆར་བཞིན་པའི་དུས་ཀྱི་ཉི་མའི་དཀྱི༷ལ་འཁོར་ལྟར༷་ཐ་དད་དམ་གཉིས་སུ་དབྱེར་མེད་པ་ཤིན་ཏུ་མཛེ༷ས་ཤིང་རྣམ་པར་དག་པ་དེ་ཉིད་མངོན་དུ་གྱུར་པ་ཡིན་ནོ་ཞེས་པའོ།།

ཡང་ན་ཐབས་ཀྱི་རང་བཞིན་སྤྱི་གཙུག་བདེ་ཆེན་འཁོར་ལོའི་ཧཾ་ཞུ་བ་ལས་བྱུང་བའི་ཀུནྡ་བྱང་ཆུབ་ཀྱི་སེམས་རབ་ཏུ་དཀར་བའི་འོ༷ད་བཟང༷་འབར་བ་དེ་ཐབས་གསང་བའི་རྡོ་རྗེའི་རྩེར་བརྟན་པ་ནི་དྲི་མ་དང་བྲལ་བ་དཔེར་ན་རྡུལ་བྲལ་སྟོ༷ན་ཀ༷འི་དུས་ཀྱི་ཟླ༷་བ༷འི་འོ༷ད་ལྟར་མ་རིག་པའི་མུན་པ་སེལ་བའི་བྱེད་ལས་རབ་ཏུ་དཀར་བ་ཅན་དང་། ཤེས་རབ་ཀྱི་རང་བཞིན་མཚན་ལྡན་མའི་གསང་བའི་པདྨ་ལས་བྱུང་བའི་བྱང་སེམས་རང་བྱུང་གི་མེ་ཏོག་དང་བཅས་པ་ནི་ཞོགས་ཀའི་དུས་ཀྱི་ཉི༷་མ་འཆར༷་ཀ༷་མའི༷་དཀྱི༷ལ་འཁོར་ལྟར༷་དམར་བའི་མདངས་ཆགས་པའི་མཛེས༷་ཤིང་ཡིད་དུ་འོང་བ་ལ། དེ་གཉིས་དབྱེར་མེད་དུ་སྦྱོར་བའི་འཛག་པ་མེད་པའི་བདེ་བ་ལས་སྐྱེས་པའི་བདེ་སྟོང་དབྱེར་མི་ཕྱེད་པའི་ཡེ་ཤེས་ནི་ཆགས་རྟོག་གཉིས་འཛིན་ལ་སོགས་པའི་ཉོན་མོངས་པ་དང་སྤྲོས་པའི་མཚན་མ་དང་བྲལ་བའི་ཆགས་པ་ཆེན་པོའི་ངོ་བོར་གནས་པ་སེ༷ན་མོ༷འི་འོད་དམར་བའི་མདངས་ཆགས་པ་ལྟར་དུ་ནི༷་ཆགས་བྲལ་ཤས༷་ཆེར༷་དམར་བའི་དོན་དང་ལྡན་ཞེས་ཐབས་ཤེས་གཉིས་ཀྱི་བྱང་སེམས་དུས་མཚུངས་སུ་བབས་པ་ལས་སྐྱེས་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་རྟོག་དང་བརྗོད་པ་ཐམས་ཅད་དང་བྲལ་བའི་བདེ་བ་རྩེ་གཅིག་ཏུ་བསྒོམ་པར་བྱ་བའི་དོན་ལ་འགྲེལ་བའང་ཡོད་མོད་ས་བཅད་ཀྱི་དབང་གིས་འདིར་ནི་རྐང་པ་ཕྱི་མ་དེ་དེ་ལྟར་ཡར་མི་འདོགས་ལ་དེ་ལྟར་མི་འགྲེལ་ལོ།།

དཔེ་ལ་ལར། སྟོང་པ་ཉིད་དགའ་མཆོག་གི་བློ། །ཟེར་བ་མཆིས། དེ་ལྟར་ན་ཕྱག་རྒྱ་དང་སྦྱོར་བའི་བདེ་བ་ལས་སྐྱེས་པའི་ཆོས་ཉིད་སྟོང༷་པ༷་ཉི༷ད་རྟོགས་པའི་དགའ༷་བ་དང་། མཆོག་དགའ་དང་། དགའ་བྲལ་ལམ་ཁྱད་དགའ་དང་། དགའ་བཞིའི་མཆོ༷ག་གི༷་བློ༷་ལྷན་སྐྱེས་ཀྱི་དགའ་བའི་ཡེ་ཤེས་ནི་སྲིད་པའི་འདོད་ཆགས་སོགས་སྤོང་བྱེད་ཀྱི་གཉེན་པོ་མཆོག་ཡིན་ཞེས་པའི་དོན་ཏེ་དོན་གོང་དང་འདྲའོ།།

གསུམ་པ་མཚན་དཔེ་བསྟན་པ་ནི། སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ཀ་ཆེན་པོ་འཆང་། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སེན་མོའི་འོད་ནི་ཤས་ཆེར་དམར། །ཞེས་པ་ནས། སངས་རྒྱས་སྤྲུལ་པའི་རྒྱུད་དང་ལྡན། །ཞེས་པའི་བར་གྱིས་མཚན་དཔེ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ཕྱི་ལྟར་ན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གཟུགས་ཀྱི་སྐུ་སྤྲུལ་སྐུའི་ཆ་ལུགས་ནི་ཕྱག་ཞབས་འཁོར་ལོས་མཚན་པ་ལ་སོགས་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། ཕྱག་མཛུབ་དག་གི་སེ༷ན་མོ༷འི་འོ༷ད་ནི༷་མདངས་དམར་ཤ༷ས་ཆེར༷་འབར་བའི་ཟངས་ཀྱི་མདོག་ལྟར་དམ༷ར་པའི་འོད་ཆགས་པ་ལ་སོགས་པའི་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པའི་མཚན་དཔེ་དང་ལྡན་པ། དབུ་ལ་ཅོ༷ད་པ༷ན་བཟང༷་པོ༷་རིན་པོ་ཆེ་ཨིནྡྲ་ནཱི་ལའམ་མཐོ༷ན་མཐིང་ཀ༷འི་དབུ་རྒྱན་གྱི་རྩེ༷་ལ་རེག་ན་འཇམ་ཞིང་དྲི་བཟང་པོ་འཐུལ་བའི་དབུ་སྐྲ༷་མཆོ༷ག་ཏུ་གྱུར་པ་ནོར་བུ་མཐོ༷ན་ཀ༷་ཆེ༷ན་པོ༷་ལྟར་གནག་ལ་མཐིང་གའི་འོད་འབར་བའི་ཟུར་ཕུད་ལྔ་དང་ལྡན་པ་འཆ༷ང་བ་དང་། འགྲོ་དོན་རྫོགས་པར་མཛད་པའི་བརྡར་ཐུགས་ཀ་ན་ཡིད་བཞིན་གྱི་ནོར༷་བུ༷་ཆེ༷ན་པོ༷་ཁ་དོག་ལྔའི་འོ༷ད་ཆགས༷་པའི་དཔལ༷་འབར་བའི་གའུ་མཛེས་པས་བརྒྱན་པ། གཞན་ཡང་དར་གྱི་ཟི་ལྡིར་དང་། དར་སྣ་ལྔའི་ཅོད་པན་དང་། དར་དཀར་པོ་གསེར་རིས་ཅན་གྱི་སྟོད་གཡོགས་དང་། དར་དཔྱང་ལྗང་གུའི་གར་གྱི་ཕུ་དུང་དང་། པཉྩ་ལི་ཀའི་དར་གྱི་ཤམ་ཐབས་བཅས་དར་གྱི་ཆས་གོས་ལྔ་དང་། སྙན་རྒྱན་དང་། མགུལ་རྒྱན་དང་། སེ་མོ་དོ་དང་། དོ་ཤལ་དང་། དཔུང་རྒྱན་དང་། ཕྱག་གདུབ་དང་། ཞབས་གདུབ་དང་། བརྗོད་མ་ཐག་པའི་རིན་པོ་ཆེའི་དབུ་རྒྱན་བཅས་རིན་པོ་ཆེའི་རྒྱན་བརྒྱད་བཅས་སྡོམ་པའི་ལོངས་སྐུའི་ཆས་བཅུ་གསུམ་སོགས་སངས༷་རྒྱས༷་ཀྱི་ལོངས་སྐུ་དང་སྤྲུལ༷་པ༷འི་སྐུ་ཆགས་ལྡན་གྱི་ཚུལ་འཛིན་པའི་རྒྱ༷ན་ཆ་དང༷་ལྡ༷ན་པའི་སྐུའི་མཚན་དཔེ་མངའ་བ་ཡིན་ནོ།།

ནང་ལྟར་ན་ལས་རྒྱ་ལ་རྗེས་སུ་ཆགས་པའི་བློ་ཡི་སེ༷ན་མོ༷འི་འོ༷ད་དེ་ནི༷་ཆགས་མེད་ཆགས་པ་ཆེན་པོའི་རང་བཞིན་དུ་དག་པ་དགའ་བདེའི་ཆགས་པ་ཆེན་པོ་ཤས༷་ཆེར༷་དམ༷ར་བའི་མདངས་འབར་བའི་ཡེ་ཤེས་ཀྱི་ཉེ་རྒྱུ་དང་། དེ་ལས་སྐྱེས་པའི་ཡེ་ཤེས་དེས་བྱང་ཆུབ་ཀྱི་སེམས་ཕབ་པ་རྩ་འཁོར་རྣམས་སུ་བརྒྱུད་པ་རྡོ་རྗེ་ནོར་བུའི་རྩེ་ནས་སླར་ཅོ༷ད་པ༷ན་ལྟ་བུའི་གནས་སྤྱི་གཙུག་བདེ་བ་ཆེན་པོའི་འཁོར་ལོ་བཟང༷་པོ༷་དེར་བཀུག་པས་ཟག་པ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ནོར་བུ་མ༷ཐོན་ཀ༷འི་མདངས་ལྟ་བུ་སྟོང་པ་ནམ་མཁའི་དབྱིངས་དང་རོ་གཅིག་པར་སྐྱེས་པ་ནི་རྣམ་རྟོག་རླུང་གིས་བསྐྱོད་པར་མི་འགྱུར་པ་གང་ཡིན་པའི་རྩེ༷་ཕྲན་ནམ་ཏོག་གི་ཡེ་ཤེས་ཏེ། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དབུ་སྐྲ༷་ལ་ཡོན་ཏན་མཆོ༷ག་དེ་ཉིད་ཀྱི་ནོར་བུ་མཐོ༷ན་ཀ༷་ཆེ༷ན་པོས༷་བརྒྱན་པ་འཆ༷ང་བ་སྟེ། དེ་ནི་ནང་གི་མཚན་དཔེ་རབ་ཏུ་མཛེས་པ་ཉིད་ཡིན་ནོ།།

དེ་ལྟར་ཐབས་ཀྱི་ནོར༷་བུ༷་རིན་པོ་ཆེ་དེ་ཉིད་ཤེས་རབ་པདྨའི་ཟེའུ་ཆེ༷ན་པོ༷འི་ཐིག་ལེ་འབར་བ་ལ་རོལ་བས་ཟག་པ་མེད་པའི་བདེ་བའི་འོ༷ད་ཆགས༷་པའི་ཟེར་མུ་མེད་པར་འཕྲོ་བ་དེས་ནི་ཡིད་བཞིན་གྱི་ནོར་བུས་དགོས་འདོད་ཐམས་ཅད་འབད་མེད་དུ་སྦྱིན་པ་ལྟར་ཁམས་གསུམ་སྲིད་པ་གསུམ་གྱི་མ་རིག་པ་དང་རྣམ་རྟོག་གི་མུན་པ་མ་ལུས་པ་འཇོམས་ཤིང་། རང་རྒྱུད་རོ་མཉམ་ཆེན་པོའི་དཔ༷ལ་གྱིས་ཚིམ་པར་བྱས་ཏེ་གཞན་དོན་ཆེན་པོ་འབྱུང་བ་ཡིན་ནོ།།

སངས༷་རྒྱས༷་ཐམས་ཅད་ཀྱི་ས་བོན་བཤིག་པ་མེད་པའི་ཡེ་ཤེས་ཕྲ་བའི་ངོ་བོ་ཧཾ་ལས་སྤྲུལ༷་པ༷འི་བྱང་ཆུབ་ཀྱི་སེམས་ལ་དགའ་བ་བཞིའི་ཡེ་ཤེས་ཀྱིས་རྒྱ༷ན་པའི་དོན་དེ་ནི་ངོ་བོ་མི་མཐུན་པའི་ཆོས་གཞན་གྱིས་མཚོན་པར་བྱེད་མི་ནུས་པ་ཡང་མ་ཡིན་པར་དཔེའི་སྒོ་ནས་བསྟན་པ་དང༷་ལྡ༷ན་པ་ཡིན་ནོ་ཞེས་འགྲེལ་ཡང་རུང་སྟེ་སློབ་དཔོན་གཉིས་མེད་རྡོ་རྗེའི་ཊཱི་ཀ་ལྟར་རོ།།

རྩ་བར་ཤོང་ལོ་ཙཱ་བའི་འགྱུར་ལས། འདོད་ཆགས་ཆེན་པོ་སེན་མོའི་འོད། །ཟུར་ཕུད་བཟང་པོ་མཐོན་ཀའི་མཆོག །ཅེས་ཚིག་མི་འདྲ་བ་ཡོད་ཀྱང་དོན་གཅིག་པས་མ་སྤྲོས་སོ།།

བཞི་བ་ཐུན་མོང་གི་ལམ་རྫོགས་པར་བསྟན་པ་ནི། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པོ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུར་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། །སེམས་ཅན་ཀུན་གྱི་ཡིད་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ། །ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་ལ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པའི་ཤོ་ལོ་ཀ་ལྔ་ཡིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འཇིག་རྟེན་ཁམས་བརྒྱ་ཀུན་བསྐྱོད་པ། །ཞེས་པ་ནས། ངེས་པར་འབྱུང་བ་ཀུན་སྟོན་པ། །ཞེས་པའི་བར་གྱིས་ཐུན་མོང་གི་ལམ་རྫོགས་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་འཇི༷ག་རྟེ༷ན་གྱི༷་ཁམ༷ས་བརྒྱ༷་ཕྲག་ནས་གྲངས་མེད་པ་ལ་སོགས་པ་ཀུ༷ན་ཏུ་བསྐྱོ༷ད་པ༷འམ་ཐུགས་སྐད་ཅིག་མ་རེ་ཡང་གདུལ་བྱའི་ཞིང་འཇིག་རྟེན་གྱི་ཁམས་བརྒྱ་ཕྲག་མང་པོར་ཁྱབ་པ་དང་། ས་ཐོབ་པ་དང་བྱང་ཆུབ་ཀྱི་སྙིང་པོ་མངོན་དུ་བྱེད་པའི་དུས་འཇིག་རྟེན་གྱི་ཁམས་དུ་མར་ས་གཡོ་བ་དང་། སྒྲ་གྲགས་པ་དང་། འོད་འབྱུང་བ་ལ་སོགས་པའི་ཆོ་འཕྲུལ་བརྒྱ་ཕྲག་དུ་མས་བསྐྱོད་ཅིང་གཡོ་བར་བྱེད་དོ།།

དེ་ཡང་དེ་ལྟར་འབྱུང་བའི་རྒྱུ་རྐྱེན་ནི་ཐུན་མོང་དང་ཐུན་མིན་གྱི་ལམ་ཡོངས་རྫོགས་བགྲོད་པའི་ཚུལ་གྱིས་བྱུང་བ་ཡིན་ཞིང་། དང་པོ་ཐུན་མོང་གི་ལམ་ལུས་དྲན་པ་ཉེ་བར་བཞག་པ་དང་། སེམས་དྲན་པ་ཉེ་བར་བཞག་པ་དང་། ཚོར་བ་དྲན་པ་ཉེ་བར་བཞག་པ་དང་། ཆོས་པ་དྲན་པ་ཉེ་བར་བཞག་པ་སྟེ་དྲན་པ་ཉེར་བཞི་བསྒོམ་པའི་ཚོགས་ལམ་ཆུང་ངུ་དང་ལྡན་པ་སྟེ། འཕགས་པ་བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དྲན་པ་ཉེ་བར་གཞག་པ་བཞི་ལ་བསྟེན། །ཞེས་གསུངས་པ་ལྟར་གྱི་ཕྱིར་རོ།།

འདིར་ཕུང་པོ་ལྔ་ལྷར་ལྟ་བ་ལུས་དྲན་པ་ཉེ་བར་བཞག་པ་དང་། དེ་ལ་བརྟེན་ནས་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་ལྟ་བ་ཚོར་བ་དྲན་པ་ཉེ་བར་གཞག་པ་དང་། བླ་མའི་མན་ངག་ལ་བརྟེན་ནས་ཆོས་ཐམས་ཅད་སྐྱེ་བ་མེད་པར་རོ་གཅིག་པར་ལྟ་བ་ཆོས་དྲན་པ་ཉེ་བར་གཞག་པ་དང་། སེམས་ཕྱག་རྒྱ་ཆེན་པོ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ངོ་བོར་གཅིག་ཏུ་དྲན་པར་བྱ་བ་སེམས་དྲན་པ་ཉེ་བར་གཞག་པ་སྟེ། དེ་དག་བསྒོམ་བྱ་ཡིན་པས་དེ་དག་གི་ཏིང་ངེ་འཛིན་དང་ལྡན་པ་དང་། དེ་བཞིའི་དོད་དབང་བཞི་ཡིས་རྒྱུད་སྨིན་པར་བྱེད་པ་བཞི་ཚོགས་ལམ་དང་པོའམ་ཆུང་ངུ་དང་ལྡན་པ་སྟེ། རྡོ་རྗེ་དཔལ་མཆོག་ཆེན་པོའམ་གཉིས་མེད་རྣམ་རྒྱལ་ལས། ཚོགས་ལམ་དང་པོ་དག་ལ་ནི། །དྲན་པ་ཉེ་བར་གཞག་པ་གང་། །སྨིན་བྱེད་དབང་གིས་གཞི་བཟུང་བས། །བུམ་དབང་ལུས་ནི་ལྷ་རུ་སྟེ། །གསང་དབང་ཚོར་བ་བདེ་བ་ཉིད། །གསུམ་པ་ཆོས་ནི་ཡེ་ཤེས་དྲན། །བཞི་པ་སེམས་ནི་འོད་གསལ་དུ། །དྲན་པ་ཉེ་བར་གཞག་ཕྱིར་བརྗོད། །ཅེས་གསུངས་པ་ལྟར་གྱི་ཕྱིར་རོ།།

ཡང་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་ཉམས་པ་མེད་པར་སྲུང་བ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་རྣམས་སྤོང་བར་བྱེད་པའི་དགག་སྒྲུབ་བླང་དོར་གྱི་དྲན་པ་ལ་རྩེ་གཅིག་ཏུ་གནས་པ་ཡང་དག་སྤོང་བ་བཞི་དང་ལྡན་པའམ་བསྒོམ་པ་ཚོགས་ལམ་བར་བའམ་འབྲིང་བོ་དང་ལྡན་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཡང་དག་སྤོང་དང་ཞེས་དང་། སྙིང་རྗེ་པདྨ་དཀར་པོ་ལས། ཡང་དག་སྤོང་དང་དྲན་པ་ཉེར་གཞག་དང་། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

འདིར་ཡང་དག་པར་སྤོང་བ་བཞིར་བལྟ་བར་བྱ་བ་སྟེ། དགེ་བའི་ཆོས་མ་སྐྱེས་པ་སྐྱེད་པའི་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་རྒྱུད་སྨིན་པར་བྱེད་པ་དང་། སྐྱེས་པ་མི་ཉམས་པར་སྲུང་བའམ་འཕེལ་བར་བྱེད་པ་ནི་དབང་བཞི་པ་ཚིག་དབང་ངོ་རིན་པོ་ཆེས་སྨིན་པར་བྱེད་པ་དང་། མི་དགེ་བའི་ཆོས་མ་སྐྱེས་པ་མི་སྐྱེད་པ་ནི་དབང་གི་དམ་ཚིག་གིས་སྨིན་པར་བྱེད་པ་དང་། སྐྱེས་པ་སྤོང་བ་ནི་དམ་ཚིག་གི་མི་མཐུན་ཕྱོགས་དེ་སྤོང་བ་སྟེ་ཡང་དག་སྤོང་བཞིའི་དོད་ཐུབ་དང་ལྡན་པར་བྱེད་པ་དེ་དག་ནི་ཚོགས་ཀྱི་ལམ་གྱི་འབྲིང་བོ་དང་ལྡན་པ་སྟེ། །གཉིས་མེད་རྣམ་རྒྱལ་ལས། ཚོགས་ལམ་བར་པ་ཉིད་ལ་ནི། །ཏིང་འཛིན་མ་སྐྱེས་བསྐྱེད་པ་དང་། །སྐྱེས་པ་བརྟན་ཕྱིར་པོགས་དབྱུང་དང་། །ཡང་དག་སྤོང་བ་བཞི་པོ་དག །དེ་ཉིད་གོམས་པར་བྱེད་པ་ལ། །དགག་དང་བསྒྲུབ་པའི་ཕྱོགས་གྱུར་པ། །སྤངས་ཐོབ་རིམ་པར་ལྡན་པར་བརྗོད། །ཅེས་གསུངས་པ་ལྟར་གྱི་ཕྱིར་རོ།།

ཡང་གདུལ་བྱའི་ཞིང་དུ་བསྐྱོད་ནས་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་སྟེ་རྫུ༷་འཕྲུལ༷་གྱི་རྐང༷་པ༷འི་ཆོས་བཞི་དང་ལྡན་པའི་སྒོ་ནས་འགྲོ་བའི་དོན་མཛད་པ་དང་། དེ་འདྲའི་རྫུལ་འཕྲུལ་གྱི་རྐང་བ་བཞི་བསྒོམ་པ་མཐར་ཕྱིན་པར་བྱེད་པ་དང་ལྡན་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པ་ལས། རྫུ་འཕྲུལ་རྐང་པར་ལྡན། །ཞེས་དང་། སྙིང་རྗེ་པད་དཀར་ལས། དེ་བཞིན་རྫུ་འཕྲུལ་རྐང་བཞི་རབ་ཏུ་བསྒོམས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

འདིར་ནི་ཐུན་མིན་གསང་བ་སྔགས་ཀྱི་དེ་བཞི་ནི། དོགས་པ་མེད་པའི་སེམས་ཀྱིས་སྐད་ཅིག་གིས་རྡོ་རྗེ་འཆང་ཐོབ་པར་འདོད་པ་སེམས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། ལེ་ལོ་ལ་མི་གནས་པར་བདག་དང་གཞན་གྱིས་སྐད་ཅིག་གིས་སངས་རྒྱས་ཀྱི་ཡེ་ཤེས་འདོད་པས་ཕོ་ཉའི་ལུས་སྤྱན་མ་ལ་སོགས་པའི་རང་བཞིན་དུ་སྒོམ་པ་བརྩོན་འགྲུས་ཀྱི་རྫུ་འཕྲུལ་གྱི་རྐང་པ་དང་། སྐད་ཅིག་གིས་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་འདོད་པ་འདུན་པའི་རྫུ་འཕྲུལ་གྱི་རྐང་པ་དང་། བླ་མའི་མན་ངག་ལ་ཐེ་ཚོམ་མི་ཟ་བར་འཇུག་པས་བདེ་སྟོང་རྟོགས་པར་བྱ་བ་དཔྱོད་པའི་རྫུ་འཕྲུལ་གྱི་རྐང་པ་བཞི་བསྒོམ་པ་དང་ལྡན་པ་དང་། ཡང་རྫུ་འཕྲུལ་གྱི་རྐང་བ་བཞིའི་དོད་འབྱུང་བ་བཞིའི་རླུང་བསྒོམ་པ་ལས་སུ་རུང་བར་བྱེད་པ་ཚོགས་ལམ་ཆེན་པོ་དང་ལྡན་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། ཚོགས་ལམ་ཆེན་པོར་གྱུར་པ་དག །རྫུ་འཕྲུལ་རྐང་པ་བཞིར་ངེས་པ། །ཆུ་རླུང་རྡོ་རྗེ་མགོན་པོ་ཡི། །མཱ་མ་ཀཱི་ཡི་རྫུ་འཕྲུལ་གྱིས། །སྙིང་གའི་གནས་སུ་ཡང་དག་ལྡན། །མེ་རླུང་པདྨ་མགོན་པོ་ཡི། །གོས་དཀར་མོ་ཡི་རྫུ་འཕྲུལ་གྱིས། །གྱེན་རྒྱུ་མགྲིན་པར་བརྗོད་པར་བྱ། །ས་རླུང་རིན་ཆེན་མགོན་པོ་ཡི། །སངས་རྒྱས་སྤྱན་མའི་རྫུ་འཕྲུལ་གྱིས། །ཐུར་སེལ་གསང་བར་བརྗོད་པ་ཉིད། །རླུང་གི་དཀྱིལ་འཁོར་ལྟེ་བར་ནི། །ལས་ཀྱི་མགོན་པོའི་རིགས་དག་པའི། །ལྷ་མོ་སྒྲོལ་མའི་རྫུ་འཕྲུལ་གྱིས། །མེ་དང་མཉམ་པའི་ལས་ཞེས་བྱ། །ཞེས་གསུངས་པ་ལྟར་གྱི་ཕྱིར་རོ།།

དེ་ལྟར་མདོ་དང་ཐུན་མོང་གི་དྲན་པ་ཉེར་བཞག་བཞི་དང་། ཡང་དག་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་བ་བཅས་བསྒོམས་ནས་མཐར་ཕྱིན་པར་བྱེད་པ་ཚོགས་ལམ་གྱི་ཡོན་ཏན་རྣམས་ལ་དབང་འབྱོར་བ་དང་ལྡན་པའོ།།

དེ་བཞིན་དུ་ཡང་རྫུ་འཕྲུལ་གྱི་རྐང་བ་ཐོབ་པ་ལས་དེ་དག་ཆེར་འཕེལ་ཏེ་དད་པའི་དབང་པོ་དང་། བརྩོན་འགྲུས་ཀྱི་དབང་པོ་དང་། དྲན་པའི་དབང་པོ་དང་། ཏིང་ངེ་འཛིན་གྱི་དབང་པོ་དང་། ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་ལྔ་ལ་དབང་འབྱོར་བ་དང་། དབང་པོ་ལྔ་སྟོབས་སུ་གྱུར་པ་དད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། དྲན་པའི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། ཤེས་རབ་ཀྱི་སྟོབས་བཅས་སྟོབ༷ས་ཆེན༷་པོ་ལྔ་དང་ཡང་དག་པར་ལྡ༷ན་པའི་སྦྱོར་ལམ་གྱི་ཡོན་ཏན་རྣམས་ལ་དབང་འབྱོར་བ་དང་ལྡན་པ་སྟེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། དེ་ལྟར་དེས་ནི་དབང་པོ་ལྔ་ཡང་བསྒོམ། །དེ་ནི་གང་དུའང་སྒྲིབ་མེད་བཅིངས་པའང་མེད། །སྟོབས་རྣམས་ལྔ་པོ་དག་ལ་རབ་ཏུ་གནས། །ཞེས་དང་། སྙིང་རྗེ་པད་དཀར་ལས། བྱང་ཆུབ་དམ་པ་འདི་ནི་འདོད་པའི་ཕྱིར། །དབང་པོ་ལྔ་དང་སྟོབས་ལྔ་ལེགས་པར་བསྒོམས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

འདིར་ནི་རྡོ་རྗེ་ཐེག་པ་ལ་མོས་པ་དད་པའི་དབང་པོ་དང་། བླ་མའི་མན་ངག་ལེན་པ་ལ་བརྩོན་པ་བརྩོན་འགྲུས་ཀྱི་དབང་པོ་དང་། རྡོ་རྗེ་ཐེག་པ་དང་བླ་མའི་མན་ངག་དེ་ལ་ཤེས་བཞིན་དུ་འཇུག་པར་བྱེད་པ་དྲན་པའི་དབང་པོ་དང་། དེ་དོན་གོམས་པར་བྱེད་པ་སྟེ་བསྒོམ་པ་ཏིང་ངེ་འཛིན་གྱི་དབང་པོ་དང་། རྡོ་རྗེ་ཐེག་པའི་རིགས་ལྡན་པ་བསྟེན་པར་བྱེད་པ་ཤེས་རབ་ཀྱི་དབང་པོ་སྟེ་དབང་པོ་ལྔ་དང་ལྡན་པར་བྱེད་པ་དང་། དེ་འདྲའི་དབང་པོ་དེ་དག་ཁྱད་པར་དུ་བྱེད་པའི་དད་པའམ་འདོད་པའི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། ཏིང་ངེ་འཛིན་གྱི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་རབ་ཀྱི་སྟོབས་ལྔ་ལྡན་པར་བྱེད་པ་དང་། ཡང་ན་དབང་པོ་ལྔ་སོགས་ཀྱི་དོད་དུ་ལྷ་མོ་བཞིའི་རླུང་བསྒོམ་ཞིང་ལུས་སུ་རུང་སྟེ་ལུས་གནད་དང་། དུས་གནད་དང་། ཡུལ་གནད་དང་། རླུང་གནད་བཞི་ལ་དབང་འབྱོར་བའི་སྦྱོར་ལམ་གྱི་ཡོན་ཏན་དང་ལྡན་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། རེ་རེའང་ལྷ་མོ་བཞི་བཞི་སྟེ། །དཀྱིལ་འཁོར་བཞི་དང་ལྡན་པ་ཡི། །ལམ་དུ་རྫུ་འཕྲུལ་སྟོབས་ཀྱིས་བརྗོད། །གནད་ནི་རྣམ་པ་བཞི་དག་སྟེ། །ལུས་དང་དུས་དང་ཡུལ་དང་ནི། །རླུང་གི་གནད་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེ་ལྟར་རྫུ་འཕྲུལ་དང་དྲན་པ་དག་ལ་དབང་འབྱོར་ནས་སེང་གེ་རྣམ་པར་རྩེ་བའི་ཏིང་ངེ་འཛིན་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་དང་། དྲི་མ་མེད་པའི་ཏིང་ངེ་འཛིན་དང་། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཏེ། ཐུན་མོང་གི་ཏིང་འཛིན་རྣམས་ལ་དབང་འབྱོར་ཞིང་དྲོད་དང་རྩེ་མོའི་སྦྱོར་བའི་ལམ་གྱི་དབང་པོ་དང་སྟོབས་རྣམས་ལ་རྩལ་འབྱོང་བས་བཟོད་ཐོབ་ངན་སོང་མི་འགྲོ་བ་དང་། ཆོས་མཆོག་གིས་ཉོན་མོངས་པ་མངོན་འགྱུར་སྤོང་བ་ལ་སོགས་པ་དམན་འགྲོ་དང་ཉོན་མོངས་པ་དྲག་པོ་དང་ལམ་འོག་མ་ལས་རྒྱལ་བའི་སྦྱོར་ལམ་བཞི་ཐོབ་པར་བྱེད་པར་བསྟན་ཏོ།། ཡང་འཕགས་ལམ་ཡན་ལག་བདུན་བསྒོམས་པས་སྟོང་ཉིད་མངོན་གསུམ་དུ་རྟོགས་ཏེ་དེ༷་ཁོ་ན་ཉི༷ད་ཀྱི་དོན་བསྙེལ་བ་མེད་པའི་དྲ༷ན་པ༷་ཆེ༷ན་པོ༷་རྒྱུད་ལ་འཆ༷ང་བ་དང་ལྡན་པ་སྟེ། དེ་ཡང་ཚོགས་ལམ་གྱི་དྲན་པ་བཞི་ཡང་དྲན་པོ་ཆེན་པོ་གང་ཡིན་པའི་ངོ་བོར་གནས་གྱུར་ཏེ། ལུས་དྲན་པ་ཉེར་བར་བཞག་པ་དང་དུས་ཀྱི་ཡེ་ཤེས་བདེན་པར་དྲན་པ་དང་། སེམས་དྲན་པ་ཉེར་བར་བཞག་པ་དང་དུས་ཀྱི་ཡེ་ཤེས་སྡུག་བསྔལ་དུ་དྲན་པ་དང་། ཚོར་བ་དྲན་པ་ཉེར་བར་བཞག་པ་དང་དུས་ཀྱི་ཡེ་ཤེས་དྲན་པ་དང་། ཆོས་དྲན་པ་ཉེར་བར་བཞག་པ་དང་དུས་ཀྱི་ཡེ་ཤེས་སྣང་བར་དྲན་པ་སྟེ་དྲ༷ན་པ་ཉེར་བར་བཞག་པ་བཞི༷་པོ༷་དེ་དང་། དྲན་པས་བསྡུས་པ་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་སོགས་སྨོས་ཟིན་ཡང་དག་སྤོང་བ་བཞི་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། དབང་པོ་ལྔ་དང་། སྟོབས་ལྔ་སྟོབས་ཆེན་པོར་གྱུར་པ་དང་། ཐུན་མིན་འབྲས་བུ་སྔགས་ཀྱི་བདེ་སྟོང་ཁ་སྦྱོར་བའི་ཏིང་ངེ་འཛིན་ཏེ་ཞེན་པ་རྟོག་པའི་དྲི་མ་རྣམ་པར་དག་པའི་བདེ་བ་ཆེན་པོའི་ཏིང༷་ངེ་འཛི༷ན་གྱི་རྒྱལ༷་པོ་འཆང་བ་དང་། གཞན་ཡང་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཆོས་རབ་རྣམ་འབྱེད་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཤིན་སྦྱངས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། ཏིང་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྟེ་སྤྱི་ཐུན་མོང་གི་བྱ༷ང་ཆུབ༷་ཀྱི་ཡ༷ན་ལ༷ག་བདུན་དང་ལྡན་པར་བྱེད་པ་ནི་མཐོང་ལམ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བྱང་ཆུབ་ཡན་ལག་བསྟེན་དང་རྟག་ཏུ་ལྡན། །ཞེས་དང་། སྙིང་རྗེ་པད་དཀར་ལས། བྱང་ཆུབ་ཡན་ལག་བདུན་དང་འཕགས་པའི་ལམ། །བྱང་ཆུབ་ཕྱོགས་རྣམས་ཐམས་ཅད་ངས་བསྒོམས་སོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེ་ལྟར་སྤྱི་དང་བྱེ་བྲག་ཏུ་རྣམ་པར་ཤེས་པ་བདུན་རྣམ་པར་དག་པའི་ཡན་ལག་ཡུལ་གནས་ལུགས་དོན་དམ་པ་རྟོགས་པ་དངོས་ཀྱི་མེ༷་ཏོ༷ག་རབ་ཏུ་མཛེས་པ་མ་བཅོས་རང་སྣང་བའི་སྤོས༷་བཟང་པོ་རྒྱུད་གྲོལ་ཞིང་ཡིད་ཚིམ་པར་བྱེད་པའི་དྲི་འཐུལ་བ་ཉིད་ཀྱི་ཡན་ལག་དང་ལྡན་པ་སྟེ་བྱང་ཆུབ་ཡན་ལག་བདུན་བསྒོམས་པར་བགྱིས་ཏེ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་བའི་འཕགས་ལམ་མངོན་དུ་བྱེད་པ་དང་ལྡན་པ་སྟེ། གཉིས་མེད་རྣམ་རྒྱལ་ལས། མཐོང་ལམ་ཡན་ལག་བདུན་ལྡན་པ། །སྐུ་གསུམ་རྟོགས་ཕྱིར་ཡན་ལག་བརྗོད། །ཅེས་དང་། དང་པོའི་ཡེ་ཤེས་བླ་ན་མེད། །པདྨ་ལྟར་གསལ་རབ་འབར་བ། །ས་ནི་ཐོག་མར་མངོན་བར་བདེ། །རྒྱུ་ལམ་ཡན་ལག་བདུན་ལྡན་པ། །འཇུག་གནས་རྒྱུ་ལམ་རང་བཞིན་བཅས། །དབང་གིས་འཇུག་དང་རང་བྱིན་བརླབ། །ཕྱི་ནང་གསང་བ་མཆོག་ཏུ་གྱུར། ཞེས་གསུངས་པ་ལྟར་གྱི་ཕྱིར་རོ།།

མདོར་ན་མདོ་ལས་བྱུང་བའི་དབང་པོ་དམན་པའི་མཚན་མའི་རྣལ་འབྱོར་དུ་གྱུར་པའི་ཐུན་མོང་གི་དྲན་པ་ཉེར་བར་བཞག་པ་བཞི་ནས་བྱང་ཆུབ་ཡན་ལག་བདུན་བར་གྱི་ཐུན་མོང་གི་ལམ་དང་། ཐུན་མིན་གསང་སྔགས་ཀྱི་གཞུང་འདིར་བསྟན་པའི་བདེ་བ་ཆེན་པོའི་ཡེ་ཤེས་དྲན་པའི་དྲན་པ་དག་དང་ལྡན་པ་ནས་བདེ་སྟོང་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མངོན་གྱུར་པའི་ཐུན་མིན་གྱི་མཐོང་ལམ་རྫོགས་པར་བསྟན་པའོ།།

གཞན་ཡང་ཤེས་པར་བྱ་བ་སྡུག་བསྔལ་བདེན་པ་དང་། སྤང་བར་བྱ་བ་ཀུན་འབྱུང་བདེན་པ་དང་། མངོན་དུ་བྱ་བ་འགོག་པའི་བདེན་པ་དང་། བསྟེན་པར་བྱ་བ་ལམ་གྱི་བདེན་པ་བཅས་འཕགས་པའི་བདེན་པ་བཞི་ཤེས་པ་དང་། སྟོབས་བཅུ་དང་སངས་རྒྱས་ཀྱི་མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པ་དེ༷་བ༷ཞིན་གཤེ༷གས་པ༷འི་ཡོ༷ན་ཏ༷ན་ཇི་སྙེད་པ་དང་། ཁྱད་པར་དུ་ཡོན་ཏན་མ་ལུས་པ་འབྱུང་བའི་གནས་དོན་དམ་བྱང་ཆུབ་སེམས་ཀྱི་རྒྱ་མ༷ཚོ་དང་། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་རྟོག་པ་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་ཏེ་འཕགས་པའི་ལ༷མ་གྱི༷་ཡ༷ན་ལ༷ག་བརྒྱ༷ད་ཀྱི་ཚུ༷ལ་ཇི་ལྟ་བ་བཞིན་དུ་རི༷ག་པའམ་རྟོགས་པའི་སྒོ་ནས་སྒོམ་པའི་ལམ་རིམ་པར་བསྒོམ་པ་དང་ལྡན་པ་ཡིན་ཏེ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། བརྟན་པ་དེ་ནི་ཡན་ལག་བརྒྱད་ལ་མཆོག །ཅེས་དང་། གཉིས་མེད་རྣམ་རྒྱལ་ལས། འཕགས་ལམ་ཡན་ལག་བརྒྱད་པ་གང་། །དབང་ཕྱུག་བརྒྱད་ནི་དག་པའི་དངོས། །སྒོམ་པའི་ལམ་ནི་འདི་ཉིད་དུ། །ལམ་གྱི་ཁྱད་པར་བསྟན་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

ཡང༷་ད༷ག་པའི་སངས༷་རྒྱས༷་རྣམས་ཀྱི་ལམ་མ་ནོར་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ངེས་པའི་ལམ༷་དེ་རི༷ག་པ༷་སོགས་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་སོགས་ཀྱི་ལམ་དེ་དག་རིག་པ་དང་ལྡན་པས་བཅུ་གསུམ་རྡོ་རྗེ་འཛིན་པའི་སའི་བར་གྱི་མི་སློབ་ཟུང་འཇུག་གི་ལམ་མངོན་དུ་བྱེད་པ་བཅས་གང་ཡིན་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཐུན་མོང་དང་ཐུན་མིན་གྱི་ལམ་ཡོངས་སུ་རྫོགས་པ་ཞེས་བྱ་སྟེ། གཉིས་མེད་རྣམ་རྒྱལ་ལས། ཐབས་དང་ཤེས་རབ་དབྱེར་མེད་པ། །བདེ་ཆེན་ས་ནི་བཅུ་གཉིས་པ། །ནམ་མཁའ་ལྟ་བུར་བདག་མེད་པས། །རབ་ཏུ་མི་གནས་དངོས་མེད་པའོ། །ཟུང་འཇུག་ཆེན་པོ་དག་པའི་སྐུ། །ཐམས་ཅད་མཁྱེན་པ་རྟོག་མེད་པའི། །སྐུ་གསུམ་རྡོ་རྗེར་གཅིག་པའི་བདག །སར་གྱུར་པ་ནི་བཅུ་གསུམ་པ། །བཙུན་མོའི་བྷ་ག་བདེ་ཅན་དུ། །རང་འབྱུང་འགྱུར་བ་མེད་པར་བཞུགས། །ཞེས་གསུངས་པ་ལྟར་གྱི་ཕྱིར་རོ།།

ཏིང་འཛིན་རྒྱལ་པོ་ལས། དྲན་པ་ཉེར་གཞག་ཡང་དག་སྤོང་བ་དང་། །དྲང་སྲོང་ཆེན་པོའི་དབང་ལྔ་སྟོབས་ལྔ་དང་། །འཕགས་པའི་ལམ་མཆོག་ཡན་ལག་བརྒྱད་པོ་ཡང་། །ཞེས་དང་། འཕགས་པ་འོད་ཟེར་ཀུན་ནས་བཀྱེ་བའི་མདོ་ལས། དེ་བཞིན་ཡང་དག་སྤོང་བ་དང་། །དྲན་པ་ཉེར་གཞག་རྫུ་འཕྲུལ་རྐང་། །དབང་པོ་ལྔ་དང་སྟོབས་ལྔ་དང་། །བྱང་ཆུབ་ཡན་ལག་བདུན་པོ་དང་། །ཡན་ལག་བརྒྱད་པའི་ལམ་དག་དང་། །ཞི་གནས་ལྷག་མཐོང་ལ་སོགས་པ། །ཞེས་གསུངས་པ་ལྟར་གྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་གྱི་ལམ་དེ་དག་རིག་པའི་སྒོ་ནས་མཐར་ཕྱིན་པ་འབྲས་བུའི་ཡེ་ཤེས་ལ་དབང་འབྱོར་ཏེ། འཕྲིན་ལས་ཀྱི་འཇུག་པ་བསྙེལ་པ་མེད་པའི་ཚུལ་ནི། ཐུགས་བརྩེ་བ་སྙིང་རྗེ་ཆེན་པོ་ནི་ཁམས་གསུམ་རིགས་དྲུག་གི་སེམས༷་ཅན༷་ཀུ༷ན་ལ༷་ཤས༷་ཆེས་ཆེ༷ར་ཆགས༷་པ་སྟེ་བློས་མི་གཏོང་བར་ཉིན་མཚན་དུས་དྲུག་ཏུ་དེ་དག་སྡུལ་བསྔལ་དང་བྲལ་འདོད་དང་བདེ་བ་དང་ལྡན་འདོད་ཀྱི་ཤུགས་ཉམས་པ་མི་སྲིད་པ་མངའ་བས་སྙན་པར་སྨྲ་བ་དང་། མཁོ་བ་སྦྱིན་པ་དང་། དོན་མཐུན་དོན་སྤྱོད་དེ་བསྡུ་དངོས་བཞི་ལ་སོགས་པའི་སྒོ་ནས་དོན་མཛད་པ་དང་། དེ་ལྟར་སེམས་ཅན་ལ་བློ་ཆགས་པ་དེ་ཡང་ཐ་མལ་པའི་ཆགས་པ་དང་སྙིང་རྗེ་ཙམ་མིན་པར་སྤྲོས་མེད་ནམ༷་མཁའ༷་ལྟ༷་བུར༷་གྱུར་པའི་སེམས་ཅན་དུ་དམིགས་པ་དང་དེ་ལ་ཞེན་པའི་ཆགས༷་པ༷་མེ༷ད་པའི་སྒྱུ་མ་ལྟ་བུའི་སྙིང་རྗེ་དང་ལྡན་པ་ལགས་སོ།།

དེ་ལྟར་ན་སྒྱུ་མ་ལྟ་བུའི་སྙིང་རྗེས་དམིགས་པ་ལ་དགོས་པ་ཅི་ཡོད་ཅེ་ན། དགོས་པ་ནི་ཡོད་དེ། སེམས༷་ཅ༷ན་ཐམས་ཅད་ཀྱི་རྒྱུད་ལ་གཞི་བདེ་བར་གཤེགས་པའི་སྙིང་པོ་རང་ཆས་སུ་མངའ་བའི་ཕྱིར་ན་ཀུ༷ན་གྱི༷་ཡི༷ད་ལ༷་ཡེ་ཤེས་ཀྱི་སྙིང་པོ་དེ་འཇུ༷ག་ཅིང་ཡོད་པ་ཉིད་ཡིན་ཕྱིར་དེ་དག་གི་རྒྱུད་ལ་ལམ་གྱི་ཡེ་ཤེས་མངོན་དུ་གྱུར་དེ་གྲོལ་རུང་བ་ཡིན་པའི་ཕྱིར་རོ།།

ཡང་ན་སེམས་ཅན་ཀུན་གྱི་ཡིད་དང་མཐུན་པར་འཕྲིན་ལས་ཀྱི་འཇུག་པ་གང་ལ་གང་འདུལ་དུ་སྤྲོ་བར་བྱེད་པ་དང་། སེམས༷་ཅ༷ན་མ་ལུས་ཤིང་ལུས་པ་མེད་པ་ཀུ༷ན་གྱི༷་ཡི༷ད་ལ་འདོད་པ་ལྟར༷་དང་མཐུན་པའི་གཟུགས་ཀྱིས་རབ་ཏུ་མྱུར་པའི་བྱང་ཆུབ་བསྒྲུབ་པ་དང་དེའི་ལམ་དུ་འགོད་པ་ལ་ཤུགས་ཤིན་ཏུ་མགྱོ༷གས་པ་དང་ལྡན་པ་དང་། སེམས༷་ཅ༷ན་ཀུ༷ན་གྱི༷་དབང༷་པོའི་བྱེ་བྲག་མ་འདྲེས་པར་མཁྱེན་པ་དང་། དོ༷ན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་དག་གི་རྒྱུད་ལ་མྱོང་བར་བྱེད་པའི་ཐབས་ཤེས༷་ཤིང་མྱོང་ཟིན་པའང་ཇི་བཞིན་ཤེས་པ་དང་། གདུལ་བྱ་སེམ༷ས་ཅ༷ན་ཀུ༷ན་གྱི༷་ཡིད་དེ་དཔེར་ན་གསེར་འགྱུར་གྱི་རྩིས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་དུ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་དེ་དག་གི་ཐ་མལ་བའི་རྣམ་པར་རྟོག་པའི་ཡི༷ད་འཕྲོ༷ག་ནས་ཟག་མེད་ཀྱི་ཡེ་ཤེས་ཅན་དུ་བསྒྱུར་པ༷་དང་ལྡན་པའོ།།

ཡང་གཟུགས་སྣ་ཚོགས་སུ་སྤྲུལ་པའི་གདུལ་བྱའི་ཡིད་འཕྲོག་སྟེ་བྱང་ཆུབ་ཏུ་འགོད་པ་དང་། གཟུགས་དང་། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པ་སྟེ་ཟག་བཅས་ཉེ་བར་ལེན་པའི་ཕུང༷་པོ༷་ལྔ༷་པོ་དེ་རྣམ་པར་དག་པ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཟིན་པའི་ཟག་པ་མེད་པའི་ཕུང་པོ་ལྔའི་དོ༷ན་ཤེས་ཤིང་། དེ་དེ༷་ཁོ་ན་ཉིད༷་ཆོས་ཀྱི་དབྱིངས་དང་དབྱེར་མེད་པར་ཤེས༷་པའི་ཡེ་ཤེས་ཀྱི་རྒྱས་འཐེབས་ནས་ཕུང་པོ་ལྔ་རྣམ་པར་དག་པ་ཆོས་དབྱིངས་ཡེ་ཤེས་དང་། མེ་ལོང་མཉམ་ཉིད་སོར་རྟོགས་བྱ་བ་གྲུབ་པའི་ཡེ་ཤེས་ལྔའི་རང་སྣང་རྒྱལ་བ་རིགས་ལྔར་འཆར་བ་གཟུགས་ཕུང་རྣམ་པར་དག་པ་བཅོམ་ལྡན་རྣམ་པར་སྣང་མཛད་དང་། ཚོར་བ་རྣམ་པར་དག་པ་རིན་ཆེན་འབྱུང་ལྡན་དང་། འདུ་ཤེས་རྣམ་པར་དག་པ་སྣང་བ་མཐའ་ཡས་དང་། འདུ་བྱེད་རྣམ་པར་དག་པ་དོན་ཡོད་གྲུབ་པ་དང་། རྣམ་ཤེས་རྣམ་པར་དག་པ་མི་བསྐྱོད་པ་སྟེ་དེ་བཞིན་གཤེགས་པ་རིགས་ལྔའི་རང་བཞིན་དུ་ཤེས་པའི་རྣམ༷་པར་དག༷་པའི་ཕུང༷་པོ༷་ལྔ༷་པོ་འཆང༷་བ༷་དང་ལྡན་པའོ།།

ངེས་པར་འབྱུང་བ་ནི་འཁོར་བ་དང་ཞི་བའི་མཐའ་ལས་ངེས་པར་འབྱུང་བའི་ཐབས་སུ་གྱུར་པའི་ལམ་ཏེ། དེ་ལ་ཉན་ཐོས་ཀྱི་ངེས་པར་འབྱུང་བ་དང་། རང་རྒྱལ་གྱི་ངེས་པར་འབྱུང་བ་དང་། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོའི་ངེས་པར་འབྱུང་བ་དང་གསུམ་ལས་ངེས༷་འབྱུང༷་ཀུ༷ན་གྱི༷་མཐའ་མའམ་མཐར་ཐུག་པ་ཐེག་པ་ཆེན་པོ་གསང་བ་སྔགས་ཀྱི་ངེས་པར་འབྱུང་བ་བདེ་སྟོང་སྤྲོས་པ་བྲལ་བའི་ཡང་དག་པའི་ལྟ་བའི་མཐའ༷་ལ༷་གནས༷་པ་ཡིན་ནོ།།

འོན་ཀྱང་ཉན་རང་གི་ངེས་འབྱུང་ལ་སོགས་པ་སྤངས་པ་ཡང་མ་ཡིན་པར་དེ་དག་གི་ངེས༷་པར༷་འབྱུང༷་བ༷་ལམ་འབྲས་བུ་དང་ཐབས་ཡོད་དོ་ཅོག་ཀུ༷ན་ལ༷་མཁ༷ས་ཤིང་གལ་ཏེ་རིགས་ངེས་ཀྱི་གདུལ་བྱ་དེ་དག་གི་ལམ་དུ་དཀྲི་དགོས་ན་དེ་ལྟར་ཐབས་དེ་སྟོན་པ་ལའང་ཤིན་ཏུ་བྱང་བ་སོགས་མདོར་ན་སྲིད་པ་ལས་ངེས་པར་འབྱུང་བའི་ལམ་ཀུན་དང་ཞི་བའི་མཐའ་ལས་ངེས་པར་འབྱུང་བའི་ལམ་ཐམས་ཅད་ལ་མཁས་པ་ཡིན་ནོ།།

དེ་མ་ཟད་རང་ཉིད་ངེས༷་པར་འབྱུང༷་བ་ཐེག་པ་ཀུ༷ན་གྱི༷་ལམ༷་ལ༷་རིམ་པར་སྦྱངས་པ་དང་བདེ་བ་ཆེན་པོའི་ཡེ་ཤེས་ལ་ངེས་པར་འབྱུང་བའི་ཐེག་པ་ཀུན་གྱི་ཡེ་ཤེས་འུབ་གཅིག་ཏུ་འདུས་པས་དེ་ཀུན་ལ་གནས༷་པའི་ཡོན་ཏན་དང་ལྡན་པ་ཡིན་ནོ།།

དེས་ན་ཐེག་པ་གཅིག་ཁོ་ནར་བསྟན་པ་ལས་འོག་མ་ཁྱད་གསོད་ཀྱི་ཚུལ་དུ་དགོས་པ་མེད་པར་སྤང་པའམ་མི་སྟོན་པ་མ་ཡིན་པར་གདུལ་བྱའི་ཁམས་དབང་ལ་ལྟོས་ནས་ངེས༷་པ༷ར་འབྱུང༷་བ༷་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་ཐེག་པ་གསུམ་གྱི་གཞི་ལམ་འབྲས་གསུམ་ཀུ༷ན་གཞན་ལ་སྟོ༷ན་པ༷་དང་། སྟོན་པ་ལ་མཁས་པ་ཡིན་ནོ། །དེས་ན་འདི་ནི་ཐུན་མོང་གི་ལམ་ཡོངས་སུ་རྫོགས་པ་དང་ཐུན་མིན་གྱི་ལམ་གྱིས་མཆོག་ཏུ་ལྷག་པ་ཡིན་ཞེས་པའོ།།

ལྔ་བ་སྤངས་པ་ཕུན་སུམ་ཚོགས་པ་བསྟན་པ་ནི། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུ་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་པའི་ཤོ་ལོ་ཀ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །ཞེས་པ་ནས། བྱེ་བ་དཔག་མེད་འགྱེད་པ་པོ། །ཞེས་པའི་བར་གྱིས་སྤངས་པ་ཕུན་སུམ་ཚོགས་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་རྡོ་རྗེ་རྒྱལ་པོ་ཆེན་པོའི་རྒྱུད་ལས། མ་རིག་པ་ལས་འདུ་བྱེད་དེ། །འདུ་བྱེད་རྐྱེན་གྱིས་རྣམ་པར་ཤེས། །མིང་དང་གཟུགས་དང་སྐྱེ་མཆེད་དྲུག །རེག་དང་ཚོར་དང་སྲེད་དང་ལེན། །སྲིད་པ་སྐྱེ་དང་རྒ་ཤི་སྟེ། །ཞེས་གསུངས་པ་ལྟར། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་སྟེ་རྟེན་འབྲེལ་བཅུ་གཉིས་ལས་དང་པོ་གསུམ་ནི་སྲིད་པར་འཕེན་བྱེད་ཀྱི་ཡན་ལག་དང་། དེ་འཕྲོའི་བཞི་ནི་འཁོར་བར་འཕངས་པའི་ཡན་ལག་དང་། དེ་འཕྲོའི་གསུམ་སྲིད་པ་འགྲུབ་བྱེད་ཀྱི་ཡན་ལག་དང་། ཕྱི་མ་གཉིས་སྲིད་པ་གྲུབ་པའི་ཡན་ལག་ཏུ་གྱུར་པའི་ཡ༷ན་ལ༷ག་བཅུ༷་གཉིས༷་ནི་འཕེན་བྱེད་ཀྱི་ཡན་ལག་གིས་གང་འཕངས་པའི་ཡན་ལག་དེ་ཉིད་འགྲུབ་བྱེད་ཀྱི་ཡན་ལག་གིས་གྲུབ་པར་བྱས་ནས་སྔ་མ་སྔ་མས་ཕྱི་མ་ཕྱི་མ་བསྐྱེད་དེ་ཟོ་ཆུའི་འཁྱུད་མོ་བཞིན་དུ་ལུག་འབྱུང་དུ་བྱུང་བས་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་འདི་བསྐྱེད་པས་ན་སྲིད༷་པའི་སྐྱེད་བྱེད་དང་། དེ་དག་གི་རྩ་བ་ཡང་མ་རིག་པ་ཉིད་ཡིན་ཕྱིར་དེ་དག་བདེ་སྟོང་སྤྲོས་པ་དང་བྲལ་བའི་དོན་ཇི་བཞིན་ངེས་པའི་ཡེ་ཤེས་ཀྱིས་བཅོམ་ནས་ཐམས་ཅད་ཀྱི་གཙོ་བོར་གྱུར་པའི་སྲིད་རྩ༷་བ་མ་རིག་པ་དེ་ཉིད་རྨང་ནས་ཕྱིར་ཕྱུངས་ཤིང་བཏོ༷ན་པ་དང་། དེས་བསྐྱེད་པའི་ཉོན་མོངས་པ་དང་། རྣམ་རྟོག་བག་ཆགས་དང་བཅས་པ་སྤངས་ཤིང་། མ་རིག་པ་འགགས་པས་འདུ་བྱེད་འགགས་པ་ལ་སོགས་པ་ལུག་ལྡོག་ཏུ་འགགས་པ་དང་རྟེན་འབྲེལ་བཅུ་གཉིས་ཀྱི་ངོ་བོ་སྤྲོས་པའི་དམིགས་པའི་སྟོང་པ་བཅུ་གཉིས་ལ་དེའི་ད༷ག་པ༷་རྣམ༷་པ༷་བཅུ༷་གཉིས༷་སམ། རྒྱུད་དེ་ཉིད་ལས། དེ་རྣམས་སྤོང་བའི་གཉེན་པོ་སྟེ། །ཆོས་ཀྱི་ཡེ་ཤེས་མངོན་དུ་བྱས། །དེ་ལས་ཡེ་ཤེས་དྲུག་རང་བཞིན། །དེ་ལས་སྐུ་གསུང་ཐུགས་ངོ་བོ། །དེ་ལས་སྐྱེ་མཆེད་དྲུག་སངས་རྒྱས། །དེ་ལས་གཉིས་མེད་རེག་པ་ནི། །དེ་ལས་ཉམས་མྱོང་བདེ་ཆེན་པོ། །རང་རིག་དེ་ཉིད་སྲེད་པ་སྟེ། །ཆོས་ཀུན་སྟོན་བྱེད་ལེན་པ་སྟེ། །སྲིད་པ་ལོངས་སྤྱོད་རྫོགས་སྐུ་ཡིན། །སྐྱེ་བ་སྤྲུལ་པའི་སྐུ་རུ་བཤད། །རྒ་ཤི་རྒྱུན་དང་མྱ་ངན་འདས། །འོད་གསལ་སྟོང་ཆེན་ངང་དུ་ཐིམ། །ཞེས་གསུངས་པ་ལྟར་གྱི་དག་པ་བཅུ་གཉིས་དང་། ཡང་ན་གཟུགས་སྒྲ་དྲི་རོ་རེག་ཆོས་དྲུག་གི་སྐྱེ་མཆེད་དང་། མིག་རྣ་བ་སྣ་ལྕེ་ལུས་ཡིད་དྲུག་གི་སྐྱེ་མཆེད་དེ་སྐྱེ་མཆེད་བཅུ་གཉིས་ཀྱི་སྟོང་པ་ཉིད་དང་དེ་བཅུ་གཉིས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་དག་པའི་དག་པ་རྣམ་པ་བཅུ་གཉིས་རྒྱུད་ལ་སྐྱེས་པའི་སྒོ་ནས་དེ་བཅུ་གཉིས་འཆ༷ང་བ་དང་ལྡན་པའོ།།

སྡུག་བསྔལ་གྱི་རྒྱུ་ཡེ་ཤེས་སུ་ཤེས་པ་དང་། ཀུན་འབྱུང་བདེ་བའི་ཡེ་ཤེས་ཀྱི་ངོ་བོར་སད་པ་དང་། འགོག་པ་རང་བྱུང་བ་དང་། ལམ་ལ་འབྲས་བུ་རང་ཆས་སུ་གནས་པའི་བ༷དེན་པ་བཞི༷འི་ཚུལ༷་གྱི༷་དོན་དེ་ཇི་མ་ཇི་བཞིན་དུ་རྟོགས་པའི་རྣམ༷་པ༷་ཅན་དང་། ཟབ་ཆོས་ཞི་ཁྲོ་དགོངས་པ་གྲོལ་ལས། ཚོགས་བརྒྱད་གནས་དག་བྱང་ཆུབ་སེམས་དཔའ་བརྒྱད། །ས་སྙིང་བྱམས་པ་ཀུན་བཟང་ནམ་མཁའི་སྙིང་། །སྤྱན་གཟིགས་འཇམ་དཔལ་སྒྲིབ་སེལ་ཕྱག་རྡོར་བརྒྱད། །ཅེས་གསུངས་པ་ལྟར། མིག་གི་རྣམ་པར་ཤེས་པ་སོགས་རྣམ་པར་ཤེས་པ་ཚོགས་བརྒྱད་པོ་དེ་སྟོང་ཞིང་དམིགས་པ་མེད་པར་རྣམ་པར་དག་པ་སེམས་དཔའ་བརྒྱད་ཀྱི་ངོ་བོར་ཤེས་པའི་ཤེས༷་པ༷་བརྒྱ༷ད་པོ༷་ཡི་རྟོགས༷་པ༷་ཁྱད་པར་བའི་ཡེ་ཤེས་འཆང༷་བ་དང་ལྡན་པའོ།།

ཡང་ན་ཆོས་ཤེས་པ་དང་། རྗེས་སུ་ཤེས་པ་དང་། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་ཤེས་པ་དང་། འགོག་པ་ཤེས་པ་དང་། ལམ་ཤེས་པ་དང་། ཟད་པ་ཤེས་པ་དང་། མི་སྐྱེ་བ་ཤེས༷་པ༷་སྟེ་ཤེས་པ་བརྒྱ༷ད་པོ༷་རྣམ་པར་དག་པའི་རང་བཞིན་རྟོགས༷་པ༷འི་ཡེ་ཤེས་འཆ༷ང་བའམ། ཡང་ན་ཁ་ཅིག་གིས། སྡུག་བསྔལ་ཆོས་ཤེས་དང་། སྡུག་བསྔལ་རྗེས་ཤེས་དང་། ཀུན་འབྱུང་ཆོས་ཤེས་དང་། ཀུན་འབྱུང་རྗེས་ཤེས་དང་། འགོག་པ་ཆོས་ཤེས་དང་། འགོག་པ་རྗེས་ཤེས་དང་། ལམ་ཆོས་ཤེས་དང་། ལམ་རྗེས་ཤེས་ཏེ་ཤེས་པ་བརྒྱད་དམ། དམིགས་མེད་ཡོངས་སུ་ཤེས་པ་དང་། སྤང་བྱ་ཡོངས་སུ་ཤེས་པ་དང་། གཉེན་པོ་ཡོངས་སུ་ཤེས་པ་དང་། མཚན་ཉིད་ཡོངས་སུ་ཤེས་པ་དང་། སྒོམ་པ་ཡོངས་སུ་ཤེས་པ་དང་། སྣང་བ་ཡོངས་སུ་ཤེས་པ་དང་། གནས་འགྱུར་ཡོངས་སུ་ཤེས་པ་དང་། ཞིང་སྦྱོང་ཡོངས་སུ་ཤེས་པ་སྟེ་ཡོངས་སུ་ཤེས༷་པ༷་བ༷རྒྱད་པོ༷་ཤེས་ཤིང་དེ་དག་གི་རང་བཞིན་བདེ་སྟོང་དུ་རྟོགས༷་པ༷འི་ཡོན་ཏན་འཆ༷ང་བ་ལ་བཤད་པ་ལྟར་དེ་དག་ཤེས་པ་དང་། བ༷དེན་པ་བཞིའི་ཚུལ་གསུམ་རེ་རེ་ལ་དགའ་བ་ལ་སོགས་པའི་ཡེ་ཤེས་བཞི་བཞིའི་དོ༷ན་གྱི་རྣམ༷་པ༷་བཅུ༷་གཉིས༷་དང་ལྡ༷ན་པའི་ཡོན་ཏན་མངའ་བ་དང་ལྡན་པའོ།།

ཡང་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་དུས། དགེ་སློང་དག། བཞི་པོ་འདི་དག་ནི་འཕགས་པའི་བདེན་པ་དག་སྟེ། བཞི་གང་ཞེ་ན། སྡུག་བསྔལ་བ་དང་། སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་མོ། །ཞེས་བདེན་བཞིའི་ངོ་བོ་ཙམ་བསྟན་ཏེ། དེ་ནས་སྡུག་བསྔལ་ཡོངས་སུ་ཤེས་པར་བྱ། ཀུན་འབྱུང་ཡོངས་སུ་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། ཞེས་བདེན་བཞིའི་བྱ་བ་ལ་བཟླས་པ་དང་། དེ་ནས་སྡུག་བསྔལ་ཤེས་སོ། །ཀུན་འབྱུང་སྤངས་སོ། །འགོག་པ་མངོན་དུ་བྱས་སོ། །ལམ་བསྒོམས་སོ། །ཞེས་བདེན་བཞི་ཡོངས་སུ་རྫོགས་པ་ལ་བཟླས་པ་སྟེ་བདེ༷ན་བཞིའི་དོ༷ན་བཟླས་པ་གསུམ་གྱིས་རྣམ༷་པ༷་བ༷ཅུ་གཉིས༷་སུ་བཟླས་པའི་དོན་ཤེས་ཤིང་བདེ་སྟོང་གི་རང་བཞིན་དུ་རྟོགས་པ་དང་ལྡ༷ན་ཞིང་དེ་ལྟར་གཞན་ལ་བསྟན་པ་དང་ལྡན་པའོ་ཞེས་འགྲེལ་ལོ།།

སློབ་དཔོན་པདྨའི་འགྲེལ་བ་ལས་སྡུལ་བསྔལ་བདེན་པའི་མི་རྟག་པ་དང་། སྡུལ་བསྔལ་དང་། སྟོང་པ་གསུམ་དང་། ཀུན་འབྱུང་བདེན་པའི་ཀུན་ཏུ་འབྱུང་བ་དང་། རྒྱུ་དང་། རབ་སྐྱེ་གསུམ་དང་། འགོག་པ་བདེན་པའི་འགོག་པ་དང་། ཞི་བ་དང་། གྱ་ནོམ་གསུམ་དང་། ལམ་བདེན་གྱི་ལམ་དང་། རིག་པ་དང་། སྒྲུབ་པ་གསུམ་སྟེ་བཅུ་གཉིས་ལ་བདེན་དོན་རྣམ་པ་བཅུ་གཉིས་སུ་གསུངས་པ་སོགས་འགྲེལ་ཚུལ་མཐའ་ཡས་སོ།།

གཞན་ཡང་དགའ་བ་བཞིའི་ཡེ་ཤེས་རེ་རེ་ལ་དགའ་བའི་དགའ་བ་དང་། དགའ་བའི་མཆོག་དགའ་དང་། དགའ་བའི་ཁྱད་དགའ་དང་། དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་བཞི་དང་། མཆོག་དགའི་དགའ་བ་དང་། མཆོག་དགའི་མཆོག་དགའ་དང་། མཆོག་དགའི་ཁྱད་དགའ་དང་། མཆོག་དགའི་ལྷན་སྐྱེས་ཀྱི་དགའ་བ་བཞི་དང་། ཁྱད་དགའམ་དགའ་བྲལ་གྱི་དགའ་བ་དང་། ཁྱད་དགའི་མཆོག་དགའ་དང་། ཁྱད་དགའི་ཁྱད་དགའ་དང་། ཁྱད་དགའི་ལྷན་སྐྱེས་ཀྱི་དགའ་བ་བཞི་དང་། ལྷན་སྐྱེས་ཀྱི་དགའ་བའི་དགའ་བ་དང་། ལྷན་སྐྱེས་ཀྱི་དགའ་བའི་མཆོག་དགའ་དང་། ལྷན་སྐྱེས་ཀྱི་དགའ་བའི་ཁྱད་དགའ་དང་། ལྷན་སྐྱེས་ཀྱི་དགའ་བའི་ལྷན་སྐྱེས་ཀྱི་དགའ་བ་བཞི་བཅས་ཀྱི་དེ༷་ཁོ་ཉི༷ད་ཀྱི་རྣམ༷་པ༷་བཅུ༷་དྲུག༷་རྣམ་པར་རི༷ག་པའམ་རྟོགས་པ་དང་། ཡང་ན་ཡེ་ཤེས་ཀྱི་སྐུ་དང་གསུང་དང་ཐུགས་དང་ཡེ་ཤེས་བཞི་དང་། ཆོས་ཀྱི་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་བཞི་དང་། ལོངས་སྤྱོད་རྫོགས་པའི་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་བཞི་དང་། སྤྲུལ་སྐུའི་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་དེ༷་ཁོ་ན་ཉི༷ད་ཀྱི་རྣམ༷་པ༷་བཅུ༷་དྲུ༷ག་རྣམ་པར་དག་པར་རི༷ག་པའམ།

ཡང་ན་ཕྱི་སྟོང་པ་ཉིད་དང་། ནང་སྟོང་པ་ཉིད་དང་། ཕྱི་ནང་སྟོང་པ་ཉིད་ལ་སོགས་པའི་སྟོང་པ་ཉིད་བཅུ་དྲུག་གི་དེ༷་ཁོ་ཉི༷ད་ཀྱི་རྣམ༷་པ་བཅུ༷་དྲུ༷ག་ཡང་དག་པར་རི༷ག་པ་ལྡན་པ་དང་། ཕུང་པོ་ལྔ་རྣམ་པར་དག་པ་རྒྱལ་བ་རིགས་ལྔ་དང་། འབྱུང་བ་ལྔ་རྣམ་པར་དག་པ་སངས་རྒྱས་ལྔ་དང་། འདོད་ཡོན་ལྔ་རྣམ་པར་དག་པ་སྐུ་ལྔ་དང་། ཉོན་མོངས་པ་དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔ་ཡི་རྣམ༷་པ༷་ཉི༷་ཤུ༷་ཐམ་པ་དབྱེར་མི་ཕྱེད་པས་མངོན་པར་བྱང༷་ཆུབ༷་པ༷་གང་ཡིན་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་ནི་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་གཉིས་སུ་མེད་པར་རྟོགས་པའི་རང་རིག་པའི་ཕུང་པོ་སྟེ། རྣམ༷་པ༷་མ་ལུས་པ་ཐམས་ཅད་ཇི་ལྟ་བ་བཞིན་དུ་རྫོགས་པའི་སངས༷་རྒྱས༷་ཀྱི་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་ཀུ༷ན་རི༷ག་པའི་རིག་པ་མཆོ༷ག་དེ་ཡིན་ལ། དེ་ཐོབ་ནས་སངས༷་རྒྱས༷་ཀུ༷ན་གྱི༷་སྤྲུལ་པ་གཅིག་ཏུ་བསྡུས་པ་དང་། གཅིག་གི་སྤྲུལ་པ་ལྷ་རྐྱང་པ་དང་། དཀྱིལ་འཁོར་གྱི་འཁོར་ལོ་དང་། ཞི་བ་དང་། ཁྲོ་བོ་དང་། དགེ་སློང་དང་། ཆོས་སྨྲ་བ་དང་། སྐྱེས་པ་དང་། བུད་མེད་དང་། འདབ་ཆགས་དང་། རི་དྭགས་ལ་སོགས་པ་དུ་མར་སྤྲུལ༷་པ༷འི་སྐུ༷་བརྒྱ་སྟོང་ཁྲི་འབུམ་ས་ཡ་བྱེ༷་བ༷་ལ་སོགས་པ་དཔ༷ག་ཏུ་མེ༷ད་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཀུན་ཏུ་འགྱེ༷ད་ནས་འགྲོ་བ་སྣ་ཚོགས་པའི་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་པ་ཡིན་ལ། དེ་ལྟར་མཛད་པ༷་པོ༷་ཡང་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་ཡིན་ནོ་ཞེས་པའོ།།

རྣམ་པ་ཉི་ཤུས་བྱང་ཆུབ་པའི་དོན་ལ་བི་མ་ལའི་ཊཱི་ཀ་ལས། ས་ལ་སོགས་པ་འབྱུང་བ་ལྔ། གཟུགས་ལ་སོགས་པ་ཕུང་པོ་ལྔ། འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ལྔ། མིག་ལ་སོགས་པ་དབང་པོ་ལྔ་སྟེ། རྣམ་པ་ཉི་ཤུར་སྣང་བ་སྟེ། དོན་རྟོགས་པའི་དུས་ན་དེ་དག་ཀྱང་རིགས་ལྔ་ཡེ་ཤེས་ལྔར་ཤར་ཏེ། ཞེས་གསུངས་པས། དབང་པོ་ལྔའི་ཡུལ་འདོད་ཡོན་ལྔ་ཡིན་ཕྱིར་དཀྱུས་དང་འདྲ་ལ། ཟླ་བ་བཟང་པོ་གྲགས་པའི་འགྲེལ་བ་ལས། རྣམ་པ་ཉི་ཤུས་བྱང་ཆུབ་པ་ནི་བཟོད་པ་བརྒྱད་དང་། ཤེས་པ་བརྒྱད་དང་། ཡེ་ཤེས་བཞི་སྟེ་ཉི་ཤུས་བྱང་ཆུབ་པ་ནི་སྤོས་ཀྱི་གླང་པོའོ། །ཞེས་དང་། སྨྲྀ་ཏི་དང་སྒེག་རྡོར་སོགས་མང་པོ་ཞིག་གིས། དབུ་མ་འཇུག་པ་ལས། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཅེས་གསུངས་པ་ལྟར་གྱི་བདག་ཏུ་ལྟ་བ་ཉི་ཤུ་པོ་ཡི་དག་པ་ལ་སྦྱར་བ་སོགས་སྣ་ཚོགས་པ་ཞིག་ཡོད་མོད་མི་སྤྲོའོ།།

དྲུག་པ་སྐད་ཅིག་གི་ཡེ་ཤེས་བསྟན་པ་ནི། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །ཞེས་པ་ནས། ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་པའི་བར་གྱིས་སྐད་ཅིག་གི་ཡེ་ཤེས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་བསྟན་མ་ཐག་པའི་རྣམ་པ་ཐམས་ཅད་མཁྱེན་པའི་བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་དུས་ཡུན་ཐུང་མཐའི་སྐད༷་ཅི༷ག་མ་གཅིག་ལ་ཆོས་ཉིད་ཀྱི་དོན་དང་ཆོས་ཐམ༷ས་ཅ༷ད་གསལ་བར་མངོ༷ན་པ༷ར་རྟོགས༷་ཤིང་། སེམས༷་ཀྱི༷་རང་བཞིན་མཚན་ཉིད་དང་བྲལ་བ། སྐྱེ་འགགས་མེད་པ། གཉིས་སུ་མེད་པར་གྱུར་པ། རྣམ་རྟོག་གིས་དབེན་ཞིང་ཐ་དད་དང་དུ་མའི་རང་བཞིན་མེད་པ་སྐ༷ད་ཅི༷ག་མའི་སྒྲར་བཏགས་པའི་ལྷན་ཅིག་སྐྱེས་པ་གང་ཡིན་པའི་དེའི་དོ༷ན་དེ་དངོས་པོ་ཀུ༷ན་གྱི་དོན་དུ་རི༷ག་པ་ནི་ཐེག་པ་ཀུན་གྱི་སྐྱེལ་ས་མཐར་ཐུག་པ་རྒྱུད་འདིར་སྦས་དོན་མངོན་ཕྱུངས་ཀྱི་ཚུལ་དུ་བསྟན་པ་དེའོ།།

འགྲོ་བ་རྣམས་མྱ་ངན་ལས་འདས་པའི་གོ་འཕང་དུ་བགྲོད་བྱེད་ཀྱི་ཐེ༷ག་པ༷་ལ་ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ་དང་། བྱང་ཆུབ་སེམས་དཔའི་ཐེག་པ་དང་། དེ་ཡང་རྒྱུའི་ཐེག་པ་དང་། འབྲས་བུའི་ཐེག་པ་སོགས་སྣ༷་ཚོ༷གས་པ་ཞིག་ཡོད་དེ། ལངྐར་གཤེགས་པ་ལས། སེམས་ཅན་རྣམས་ནི་ཡོངས་དྲང་ཕྱིར། །ཐེག་པ་མཐའ་དག་ངས་བཤད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་ཐེག་པ་དེ་དག་གི་ཐབ༷ས་ལ་བརྟེན་ནས་འགྲོ་བ་རང་རང་ཐེག་པ་གང་གིས་གདུལ་དགོས་པ་ཡིན་ན་དེ་དང་དེའི་ཚུལ༷་གྱིས༷་འགྲོ༷་བ༷འི་དོ༷ན་ལ༷་དང་པོ་ཆོས་ཉིད་རང་གིས་རྟོགས༷་པར་བྱས་ཤིང་། དེ་ནས་འགྲོ་བ་རྣམས་ལ་བསྟན་ཅིང་བགྲོད་བྱེད་ཀྱི་ཐེག་པ་གང་ཡིན་གྱི་འབྲས་བུ་ལ་འགོད་པ་དང་། མཐར་ཐུག་ཐེག་པ་ཆེན་པོ་བླ་ན་མེད་པས་གཉིས་མེད་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་རྟོགས་པར་བྱས་ནས་སངས་རྒྱས་པའི་ལམ་ལ་འགོད་པ༷་པོ༷་ཡང་འཇམ་དཔལ་དབྱངས་ཉིད་དོ།།

འོ་ན་དཔལ་འབྱུང་བཞི་ཟད་པའི་རྒྱུད་ལས། རྒྱུ་ཆོས་རྣམས་དང་འབྲས་བུའི་ཕྱིར། །ཐེག་པ་དེ་ཡང་རྣམ་པ་གཉིས། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས། ངས་བསྟན་པ་ཡི་ཆོས་རྣམས་ནི། །སེམས་ཅན་བློ་ཡི་རིམ་པ་ལས། །ཆེ་དང་ཆུང་བའི་ཁྱད་པར་གྱིས། །རིམ་པ་གཉིས་ཀྱི་ཚུལ་དུ་བསྟན། །ཅེས་དེ་ལྟར་ཐེག་པ་རིམ་པ་གཉིས་དང་། གསང་བ་ཐིག་ལེ་གཏུམ་པོའི་རྒྱུད་ལས། ཕྱི་ནང་གསང་བའི་ཐེག་པ་གསུམ། །དམ་པའི་ཆོས་ནི་རབ་ཏུ་གཟུང་། །ཞེས་ཐེག་པ་གསུམ་དང་། བདུད་རྩི་བམ་པོ་བརྒྱད་པའི་རྒྱུད་ལས། ཐེག་པའི་སྒོ་ནི་གསུམ་དུ་གསུངས། །གསང་ཉིད་ཐེག་པར་བསྡུས་དང་བཞི། །ཞེས་ཐེག་པ་བཞི་དང་། ལངྐར་གཤེགས་པ་ལས། ལྷ་ཡི་ཐེག་དང་ཚངས་པའི་ཐེག །ཉན་ཐོས་ཀྱིའང་དེ་བཞིན་ཏེ། །དེ་བཞིན་གཤེགས་དང་རང་རྒྱལ་གྱི། །ཐེག་པ་དེ་དག་ངས་བཤད་དོ། །ཞེས་ཐེག་པ་ལྔ་དང་། ཀུན་བྱེད་རྒྱལ་པོ་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །ཅེས་ཐེག་པ་དྲུག་དང་། དཀྱིལ་འཁོར་བསྡུ་བ་ལས། ལྷ་དང་མི་དང་ཉན་ཐོས་དང་། །རང་སངས་རྒྱས་དང་བྱང་ཆུབ་སེམས། །གསང་བ་ཕྱི་དང་ནང་གཉིས་ཏེ། །དེ་ལྟར་ཐེག་པ་བདུན་དུ་བཤད། །ཅེས་ཐེག་པ་བདུན་དང་། ནམ་མཁའ་ཆེའི་རྒྱུད་ལས། དེ་ལྟར་ཐེག་བརྒྱད་ལས་འདས་པའི། །ཞེས་ཐེག་པ་བརྒྱད་དང་། ཀུན་བྱེད་ལས། བྱུང་ནི་ཐེག་པ་དགུ་རུ་བྱུང་། །ཞེས་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཉན་ཐོས་དང་ནི་རང་རྒྱལ་དང་། །དེ་བཞིན་བྱང་ཆུབ་སེམས་དཔའོ། །ཀྲི་ཡ་དང་ནི་ཨུ་པ་དང་། །དེ་བཞིན་ཡོ་གའི་ཐེག་པར་བཤད། །མ་ཧཱ་ཨ་ནུ་ཡོ་ག་དང་། །དེ་བཞིན་རྫོགས་ཆེན་ཨ་ཏིའོ། །དེ་ལྟར་རྣམ་པ་དགུར་བཤད་དེ། །ཆོས་ཀྱི་བསྟན་པ་ཆེན་པོ་ཡིན། །ཞེས་ཐེག་པ་དགུ་དང་། སྙིང་པོ་ཉི་མ་རབ་ཏུ་འབར་བའི་རྒྱུད་ལས། ཐེག་པའི་དང་པོ་བཅུ་དྲུག་མགོན། །ཞེས་ཐེག་པ་བཅུ་དྲུག་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། ཚུལ་དང་མོས་པའི་དབང་གིས་ན། །ཐེག་པ་སྣ་ཚོགས་ཚུལ་དུ་སྣང་། །ཐེག་གཅིག་མཉམ་པ་ཉིད་ཀྱི་ཚུལ། །གཉིས་དང་གསུམ་དང་བཞི་དང་ལྔ། །དགུ་དང་བརྒྱད་ཁྲི་ལ་སོགས་པ། །འགྲོ་བ་འདུལ་བའི་ཚུལ་གྱིས་སྣང་། །ཞེས་ཐེག་པ་བརྒྱད་ཁྲི་དང་། དུར་ཁྲོད་རྒྱན་རྨད་བྱུང་གི་རྒྱུད་ལས། གཞན་ཡང་ང་ཡིས་གསུངས་པའི་བཀའ། །གསུང་གཅིག་ཉིད་དུ་གསུངས་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །མོས་པ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །སེམས་གཟུང་ཡན་ལག་བསམ་མི་ཁྱབ། །ཅེས་ཐེག་པ་མཐའ་མེད་པ་ཡོད་པར་བཤད་པ་ལ་སོགས་པ་འདུལ་བྱེད་ཀྱི་ཐེག་པ་ལ་སྣ་ཚོགས་པ་ཞིག་ཡོད་ན་ཐམས་ཅད་ལའང་འབྲས་བུ་མཐར་ཐུག་པ་རེ་རེ་ཡོད་དམ་ཞེ་ན། དེ་ནི་མ་ཡིན་པར་མཐར་ཐུག་ཐེག་པ་གཅིག་ཏུ་བསྟན་པ་ནི། ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ་དང་། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཐེ༷ག་པ༷་གསུམ༷་གྱིས༷་ཀྱང་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ངེས༷་པར་འབྱུང༷་བ་ཐར་བའི་གོ་འཕང་ཐོབ་པར་བྱེད་ནུས་ཤིང་། དེའི་ལམ་མམ་ཐབས་ཡོད་ལ༷། དེ་ཙམ་འདྲ་ནའང་། མཐར་ཐུག་གི་འབྲས་བུ་སངས་རྒྱས་ཐོབ་བྱེད་ལ་ནི་ཐེག་པ་གཅིག་ལས་མེད་ཕྱིར་དེ་ནི་ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་ཐེག་པ་ཡིན་པ་དང་། ཁྱད་པར་དུ་དེ་ལས་མཚན་ཉིད་རྒྱུའི་ཐེག་པ་ཆེན་པོའི་ལམ་འདིས་ས་དང་ལམ་གྱི་ཡོན་ཏན་མཐའ་ཡས་པ་བསྐྱེད་ཅིང་འགྲོ་བའི་དོན་ལ་བསྙེལ་བ་མེད་པར་འཇུག་པའི་མཛད་པ་སོགས་འབྱིན་པ་ཡིན་མོད་བཅུ་གསུམ་འབྲས་བུའི་ས་བདེ་བ་ཆེན་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་གོ་འཕང་ནི་ཐེག་པ་ཆེན་པོ་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཟབ་མོ་ཁོ་ནས་ཐོབ་དགོས་ཕྱིར་མཐར་ཐུག་གི་འབྲས་བུ་ནི་ཐེ༷ག་པ༷་ཆེན་པོ་གཅི༷ག་གི༷་འབྲས༷་བུར༷་ཁོ་ནར་གནས༷་པ་ལས་ཐེག་པ་གཉིས་དང་གསུམ་ལ་སོགས་པའི་ཐོབ་བྱེད་གཞན་ཡོད་པ་མ་ཡིན་ཏེ། དམ་ཆོས་པདྨ་དཀར་པོ་ལས། ཐེག་པ་ཐ་དད་པར་ནི་གང་སྟོན་པ། །སྐྱེས་མཆོག་རྣམས་ཀྱི་ཐབས་མཁས་མ་གཏོགས་པར། །ཐེག་པ་གཅིག་སྟེ་གཉིས་སུ་ཡོད་མ་ཡིན། །འཇིག་རྟེན་ན་ནི་ནམ་ཡང་གསུམ་དུ་མེད། །ཅེས་དང་། ཐེག་པ་གསུམ་དུ་ཡོང་མེད་དེ། །འདི་ན་ཐེག་པ་གཅིག་པུ་ཡོད། །ཅེས་དང་། རྣམ་པར་འཕྲུལ་བ་བསྟན་པའི་མདོ་ལས། རྒྱུད་ཞན་བསམ་པ་ཆུང་བའི་སྐྱེ་བོ་དག །འཕྲལ་དུ་ཐོས་པས་འཇིགས་པར་འགྱུར་སྲིད་ཅེས། །དེ་དག་རྣམས་ལ་ཐེག་པ་གསུམ་བསྟན་གྱི། །ཐེག་པ་གཅིག་སྟེ་ཐེག་པ་གཉིས་སུ་མེད། །ཅེས་དང་། མདོ་ལངྐར་གཤེགས་པ་ལས། ཉོོན་མོངས་དབང་པོ་ཐ་དད་པས། །ཆོས་ནི་སྣ་ཚོགས་ཡོད་མ་ཡིན། །ཐེག་གཅིག་འབའ་ཞིག་ཆོས་སྟོན་པ། །དེ་ནི་ཐེག་པ་ཆེན་པོ་ཡིན། །ཞེས་དང་། ཉོོན་མོངས་དབང་པོ་ཐ་དད་པས། །ང་ཡི་བསྟན་པ་དབྱེར་མི་ཕྱེད། །ཡན་ལག་བརྒྱད་ལྡན་ཞི་བ་ཡི། །ལམ་ནི་ཐེག་པ་གཅིག་ཡིན་ནོ། །ཞེས་དང་། ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། མདོ་ནི་ཐེག་པ་གཅིག་སྟེ། ཐབས་དཔྱད་པས་གསུམ་དུ་བགོས་སོ། །ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཐེག་པ་ཡང་ཐེག་པ་ཆེན་པོའི་ནང་དུ་འདུ། ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་ཐེག་པའོ། །ཞེས་དང་། གསང་བ་སྙིང་པོའི་རྒྱུད་ལས། བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག །ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་དང་། རྣལ་འབྱོར་གྲུབ་པའི་ལུང་ཀུན་འདུས་རིག་པ་ལས། དཔག་མེད་བརྒྱད་ཁྲི་བཞི་སྟོང་སྒོ། །གྲགས་པའི་རྣམ་གྲངས་བསམ་ཡས་ཀྱང་། །ངེས་པའི་ཐེག་པ་གཅིག་ལས་མེད། །ཅེས་དང་། ཀུན་བྱེད་རྒྱལ་པོ་ལས། སྟོན་པ་གསུམ་གྱི་གནས་པའི་ཐེག་པ་གསུམ། །ངེས་པར་གསུམ་པ་ཐེག་པ་གཅིག་ལས་མེད། །གཅིག་ནི་ཀུན་ཐེག་བྱང་ཆུབ་སེམས་ཀྱི་ས། །དེ་ནི་ཐེག་པ་ཀུན་གྱི་ཉིང་ཁུར་བཤད། །ཅེས་དང་། གླུ་སྒྲུབ་ཀྱིས། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །གཙོ་བོར་ཐེག་དབྱེར་མ་མཆིས་ན། །ཁྱོད་ཀྱིས་ཐེག་པ་གསུམ་བསྟན་པ། །སེམས་ཅན་འཇུག་པར་བྱ་ཕྱིར་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

འདིར་བསྟན་གྱི་འཇམ་ཡེ་ཤེས་སེམས་དཔའ་ཞེས་པའི་རབ་ཏུ་མི་གནས་པའི་འབྲས་བུའི་ཡེ་ཤེས་ཆེན་པོ་དེ་ཡང་གསང་སྔགས་རྡོ་རྗེའི་ཐེག་པ་ཟབ་མོ་འདི་ཁོ་ནའི་འབྲས་བུར་གནས་པ་ཡིན་ནོ།།

བདུན་པ་གསང་སྔགས་མཐའི་དོན་དུ་བསྟན་པ་ནི། ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཉོན་མོངས་ཁམས་རྣམས་དག་པའི་བདག །ཅེས་པ་ནས། སྦྱོར་བའི་དགོན་པ་ལས་བྱུང་བ། །ཞེས་བྱ་བའི་བར་གྱིས་གསང་སྔགས་མཐའི་དོན་དུ་བསྟན་ཏོ། ། ཞེས་གསུངས་པའི་ཕྱིར།

དེ་ལྟར་བཤད་མ་ཐག་པའི་རྡོ་རྗེའི་ཐེག་པ་གཅིག་པུས་ནི་ཉོ༷ན་མོངས༷་པ་འདོད་ཆགས་ཞེ་སྡང་ལ་སོགས་པའི་དུག་ལྔ་དང་དེ་དག་གིས་བསྐྱེད་པའི་མ་དག་པའི་ཁམས༷་དང་སྐྱེ་མཆེད་རྣམ༷ས་ཉོན་མོངས་པ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་གྱིས་ངོ་བོ་སྟོང་པ་ཤེས་རབ་དང་ཐབས་བདེ་བའི་ཡེ་ཤེས་སུ་ད༷ག་པ༷འི་སྒོ་ནས་རང་བཞིན་རྣམ་པར་དག་པའི་ཡེ་ཤེས་ཀྱི་བདག༷་ཉིད་དུ་སྦྱངས་པ་དང་། མཛོད་ལས། བསོད་ནམས་བསོད་ནམས་མིན་མི་གཡོ། །ཞེས་དང་། དཀར་ནག་ལ་སོགས་བྱེ་བྲག་གིས། །ལས་ནི་རྣམ་པ་བཞི་ཡིན་ནོ། །ཞེས་སོགས་གསུངས་པ་ལྟར། ཟག་བཅས་བསོད་ནམས་དགེ་བའི་ལས་དང་། བསོད་ནམས་མིན་པ་མི་དགེ་བའི་ལས་དང་། མི་གཡོ་བའི་ལས་དང་། དཀར་པོའི་ལས་དང་། ནག་པོའི་ལས་དང་། དཀར་ནག་འདྲེས་མའི་ལས་དང་། མཐོང་ཆོས་མྱོང་འགྱུར་གྱི་ལས་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ལ་སོགས་པ་ཁམས་གསུམ་དུ་སྐྱེ་བའི་རྒྱུར་གྱུར་པའི་ལས༷་ཀྱི༷་ཁམས༷་རྣམས༷་ཀྱི་འབྲས་བུ་རྣམ་སྨིན་བསྐྱེད་ནུས་ཀྱི་ནུས་པ་དེ་ཡོངས་སུ་ཟ༷ད་པར་བྱེད་པ༷་དང་། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ༷་བོ༷་ཆེན་པོ་བརྒལ་དཀའ་བ་དང་། འཁོར་བ་སྡུལ་བསྔལ་མི་བཟད་པའི་རྒྱ༷་མཚོ༷་བརྒལ་དཀའ་བ་ཀུ༷ན་ལས༷་བརྒལ༷་བར་བྱེད་པར་ནུས་པ་ནི་ནང་རྟེན་ཅིང་འབྲེལ་བར་འབྱུང་བའི་སྦྱོར་བ་སྟེ་ཐབས་དང་ཤེས་རབ་བདེ་བ་ཆེན་པོར་མཉམ་པར་སྦྱོར༷་བ༷འི་སེམས་རྣམ་རྟོག་གི་དབེན་པ་ཐོབ་པའི་འབྲོག་དགོ༷ན་པ༷་ཉམས་དགའ་ཞིང་ཡིད་དུ་འོང་བ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་མཐུ་ལས༷་བྱུང༷་བ༷་ཡིན་པ་ཤེས་པར་བྱའོ་ཞེས་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལས་སྐྱེས་པའི་ཡེ་ཤེས་མཐར་ཐུག་པའི་དོན་དུ་བཤད་པའོ།།

(༨) འཁོར་བའི་ས་བོན་དང་བྲལ་བར་བསྟན་པ།

བརྒྱད་པ་འཁོར་བའི་ས་བོན་དང་བྲལ་བར་བསྟན་པ་ནི། ཉོན་མོངས་ཉེ་བ་ཀུན་ཉོན་མོངས། །བག་ཆགས་བཅས་པ་གཏན་སྤངས་པ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ཉོན་མོངས་པ་ལ་སོགས་པ་རྐང་པ་གཉིས་ཀྱིས་འཁོར་བའི་ས་བོན་དང་བྲལ་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ལས་སྐྱེས་པའི་ཡེ་ཤེས་ཀྱིས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་སྟེ་རྩ་བའི་ཉོ༷ན་མོང༷ས་པ་དྲུག་དང་། ཁོང་ཁྲོ་སོགས་ཉེ༷་བ༷འི་ཉོན་མོངས་པ་ཉི་ཤུ་དང་། ཀུ༷ན་ནས་ཉོ༷ན་མོང༷ས་པ་སྡུག་བསྔལ་བར་བྱེད་པའི་རྒྱུ་ཉོན་ཡིད་རྣམ་ཤེས་དང་། ཉོན་མོངས་པའི་བ༷ག་ཆ༷གས་དང་། ལས་སྣ་ཚོགས་པའི་བག་ཆགས་བགོ་གཞི་རུ་གྱུར་པ་ཀུན་གཞིའི་རྣམ་ཤེས་ཀྱི་མ་དག་པའི་ཆ་དང་བཅ༷ས་པ༷་གཏ༷ན་དུ་སྟེ་སླར་སྐྱེ་བར་མེད་པར་སྤང༷ས་པ༷་དང་། རང་གི་ངོ་བོ་ཡང་ཉོན་མོངས་པ་དང་ས་བོན་དེ་དག་དང་གཅིག་དང་ཐ་དད་ལ་སོགས་སྤྲོས་པའི་མཚན་མ་གང་ཡང་མ་གྲུབ་པར་རྟོགས་ནས་སྤངས་པའི་རང་བཞིན་ཅན་ཡིན་ཞེས་པའོ།།

དགུ་བ་གཞན་དོན་མཛད་པ་བསྟན་པ་ནི། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་ཀུན་གྱི་དོན་སྤངས་ཤིང་། །རྣམ་ཤེས་དོན་ནི་འགོག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས། །དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་བ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་པའི་ཤོ་ལོ་ཀ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྙིང་རྗེ་ཆེན་པོ་ཤེས་རབ་ཐབས། །ཞེས་པ་ནས། ནོར་བ་ཐམས་ཅད་རྣམ་པར་སྤངས། །ཞེས་པའི་བར་གྱིས་གཞན་དོན་མཛད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གོང་དུ་ཉོན་མོངས་པ་སོགས་གཏན་དུ་སྤངས་པ་དང་འབྲས་བུ་མཐར་ཐུག་ཐོབ་པར་བཤད་པ་དེ་ཡང་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པ་ཁོ་ན་ལས་བྱུང་ཡང་། འགྲོ་བའི་དོན་ཆད་པ་མེད་པར་མཛད་པ་ནི་ཡེ་ཤེས་དེ་ཁོ་ནའི་མཐུ་ཡང་མ་ཡིན་པར་ཕྱོགས་དང་རིས་མེད་པའི་འགྲོ་བ་ཀུན་ལ་སྙོམས་ཤིང་དམིགས་པ་འགྲོ་བ་ཚད་མེད་པ་ལ་དམིགས་པའི་སྙིང༷་རྗེ༷་ཆེ༷ན་པོ༷་དང་། ལས་ཀྱི་ཕྱག་རྒྱ་དང་། རྣལ་འབྱོར་གྱི་མཚན་ཉིད་སྟོང་པ་ཉིད་ངེས་པའི་ཤེས༷་རབ༷་དང་དང་། དེ་ལས་སྐྱེས་པའི་ཡེ་ཤེས་ཀྱི་ཐབས༷་རྣམས་དང་ཟུང་དུ་འཇུག་པའི་སྒོ་ནས་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བ་ལྟ་བུ་དོ༷ན་ཡོ༷ད་པ་དང་དོན་དང་ལྡན་པའི་འ༷གྲོ་བ༷འི་དོ༷ན་མ་ལུས་པ་བསྒྲུབ་པར་བྱེ༷ད་པ༷་ཡིན་ཞིང་། དེ་ཡང་བདེ་སྟོང་གི་ཡེ་ཤེས་སྐྱེས་པ་ན་སྙིང་རྗེ་ཆེན་པོ་རྩོལ་མེད་དུ་ཉི་མ་ལ་ཟེར་བཞིན་དུ་འབྱུང་ནས་འགྲོ་བའི་ཁམས་མི་གཏོང་བ་ཡིན་ནོ།།

གཞན་ཡང་ཐབས་ཤེས་རོ་མཉམ་བདེ་བ་ཆེན་པོའི་ཡེ་ཤེས་ནི་ཁམས་གསུམ་གྱི་སེམས་ཀུན་གྱི་རྒྱུད་ལ་ཁྱབ་པས་ན་སྙིང་རྗེ་ཆེན་པོའི་མིང་གིས་བསྟན་པ་ཡིན་པར་བཤད་ལ། འགོག་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་གཉིས་དང་། བསམ་གཏན་དང་གཟུགས་མེད་མུ་བཞིའི་འདུ་ཤེས་སོགས་མཚན་མར་འཛིན་པའི་འདུ༷་ཤེས༷་ཀུ༷ན་གྱི༷་དོ༷ན་དམིགས་པ་དང་བཅས་པ་རྣམས་སྤངས༷་ཤིང༷་། གཉིས་འཛིན་ཅན་གྱི་རྣམ༷་པར་ཤེས༷་པ་དང་། གཟུགས་སྒྲ་རི་ཁྱིམ་ལ་སོགས་པའི་ཕྱི་རོལ་དོ༷ན་དུ་སྣང་བའི་སྣང་བ་རྣམས་ལ་ནི༷་བདེན་པར་ཞེན་པ་མེད་པར་དེ་དག་བདེན་གྲུབ་དང་སྤྲོས་པའི་མཚན་མ་ཅན་དུ་གྲུབ་པ་འགོ༷ག་པར༷་བྱེ༷ད་པ་སྟེ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེས་པ་ན་མིག་སོགས་དབང་པོ་དང་། གཟུགས་སོགས་ཡུལ་ཐམས་ཅད་ལ་ཆགས་ཞེན་འགག་པར་མཛད་ཅིང་རང་རིག་པའི་ཡེ་ཤེས་སད་པར་མཛད་པའི་དོན་ནོ།།

དཔེར་ན་ནོར་བུ་རིན་པོ་ཆེས་སེམས་ཅན་ཀུན་གྱི་ཡིད་ལ་འདོད་པ་ལྟར་དེ་དང་མཐུན་པའི་དངོས་པོ་རྣམས་སྟེར་བ་ལྟར་སེམས༷་ཅ༷ན་ཀུ༷ན་གྱི་ཡི༷ད་ལ་འདོད་པ་དང་ཡིད་དང་མཐུན་པའི་སྐྱབས་ཡུལ༷་དང༷་དཔུང་གཉེན་གྱི་ཚུལ་དང་ལྡ༷ན་པའམ་གདུལ་བྱའི་ཤེས་པ་དེ་སྐྱོབ་བྱེད་ཀྱི་ལྷའི་སྐུར་སྣང་ནས་འཁོར་བའི་སེམས་ཅན་གྱི་དོན་མཛད་པ་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། སེམས་ཅན་ཀུན་གྱི་སེམས་ཆེན་པོ། །མཚོན་དཀའ་ལྟ་བུའི་མཚན་ཉིད་ནི། །ལག་མཐིལ་སྐྱུ་རུ་ར་བཞག་བཞིན། །རྡོ་རྗེའི་སེམས་ཀྱིས་ཤེས་པར་འགྱུར། །ཞེས་གསུངས་པ་ལྟར། སེམས༷་ཅ༷ན་མ་ལུས་པ་ཀུ༷ན་གྱི༷་ཡི༷ད་ཀྱི་རང་བཞིན་སྟོང་པ་ཉིད་དང་ཐབས་ཀྱི་ཡེ་ཤེས་དབྱེར་མེད་པ་མཚན་མར་གྲུབ་པ་མེད་པ་དེ་ཉིད་ཇི་ལྟ་བ་བཞིན་དུ་རི༷ག་པ༷་དང་། རྒྱུད་མངོན་བརྗོད་བླ་མ་ལས། ཐམས་ཅད་མཁྱེན་ཅིང་ཐམས་ཅད་མཛད། །བདེ་བ་ཆེན་པོས་ཀུན་ལ་ཁྱབ། །མགོན་པོ་སངས་རྒྱས་ཀུན་བདག་སྟེ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །ཞེས་གསུངས་པ་ལྟར། སེམས༷་ཅ༷ན་མ་ལུས་པ་ཀུ༷ན་གྱི༷་ཡིད༷་ལ༷་གདོད་མ་ནས་སངས་རྒྱས་ཀྱི་ཐུགས་གཞི་བདེ་གཤེགས་སྙིང་པོ་རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་རང་བཞིན་ཅན་གནས༷་པ་དང་། དེ་ལྟར་གནས་པའི་ཚུལ་དང་མཐུན་པར་སེམས་ཅན་དེ༷་ད༷ག་གི་སེམས༷་ཀྱི་རང་བཞིན་དང༷་སངས་རྒྱས་སམ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཐུགས་ཀྱང་མཚན་ཉིད་མ༷ཐུན་པ༷ར་འཇུ༷ག་པ་ཉིད་དེ། སེམས་ཅན་གྱི་ཡིད་ཀྱི་རང་བཞིན་ཇི་ལྟ་བར་སངས་རྒྱས་ཀྱི་ཐུགས་ཀྱང་དེ་དག་དང་མཐུན་པར་འཇུག་ལ་དེའི་དབང་གིས་སེམས་ཅན་གྱི་སེམས་དང་མཐུན་པར་དོན་མཛད་པའོ།།

སངས་རྒྱས་ཀྱི་ཐུགས་དང་སེམས་ཅན་གྱི་ཡིད་རང་བཞིན་གཅིག་ཅིང་མཚན་ཉིད་མཐུན་པར་འཇུག་པ་ཙམ་གྱི་སེམས་ཅན་གྱི་དོན་མཛད་པ་ལ་འབྲེལ་བ་ཅི་ཡང་མེད་དོ་སྙམ་ན། དེ་ནི་ཡོད་དེ། སེམས་ཅན་གྱི་སེམས་ཀྱི་རང་བཞིན་ཇི་ལྟ་བ་བཞིན་གྱི་དོན་བསྟན་ནས་སེམས༷་ཅ༷ན་རྣམས་ཀྱི་རྒྱུད་ཀྱི་རྣམ་རྟོག་ཟད་པར་བྱེད་པའི་སྒོ་ནས་རྣམ་རྟོག་གིས་གཟིར་བས་ཡིད་མི་ཚིམ་པ་བཅོམ་ནས་ཀུ༷ན་གྱི་ཡི༷ད་ལ་རྣམ་རྟོག་མེད་པའི་ཚིམ༷་པ་སྦྱིན་པ༷ར་བྱེ༷ད་པ་དང་། སེམས༷་ཅ༷ན་ཀུ༷ན་གྱི༷་རྒྱུད་ལ་ལྷན་སྐྱེས་ཀྱི་དགའ་བ་ཐོབ་པར་བྱེད་པའི་སྒོ་ནས་ཡི༷ད་ལ་དགའ༷་བ༷་བསྐྱེད་པ་དང་། སེམས་ཅན་རྣམས་ཀྱི་ཡིད་རང་བཞིན་མེད་པར་གྲུབ་པ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཆེན་པོའི་གནས་ལུགས་ལ་གོམས་པས་གྲུབ༷་པ༷་དང་པོ་མཐོང་ལམ་དང་། འབྲིང་བོ་ས་བརྒྱད་པ་དང་། གྲུབ་པ་མཆོག་སངས་རྒྱས་ཀྱི་ས་ཐོབ་པའི་བར་མཐ༷ར་ཕྱི༷ན་པ་ཤེལ་ལྟར་དག་ཅིང་དྲི་མ་མེད་པ། འཁྲུལ༷་པ༷་མེད༷་པ། དོན་ཇི་ལྟ་བ་ལ་བློ་ཇི་ལྟ་བ་ཞུགས་པའི་ཕྱིར་ན་དོན་ནོར༷་བ༷་དང་མཚན་པར་གྲུབ་པ་དང་མཚན་མའི་དམིགས་པ་ཐམས༷་ཅ༷ད་རྣམ༷་པར༷་སྤངས༷་པའི་གནས་སུ་སེམས་ཅན་རྣམས་འགོད་པར་མཛད་པ་ནི་འཇམ་དཔལ་ཡེ་ཤེས་སེམས་དཔའི་གཞན་དོན་གྱི་མཛད་པ་ཡིན་པའི་ཕྱིར་རོ།།

བཅུ་བ་དེ་ཉིད་ཀྱི་འཐད་པ་ནི། དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དང་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པའི་ཚིགས་བཅད་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཞེས་པ་ནས། སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ཞེས་པའི་བར་གྱིས་དེ་ཉིད་ཀྱི་འཐད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

བཤད་མ་ཐག་པ་ལྟར་གྱི་གཞན་དོན་མཛད་ནུས་པའི་འཐད་པ་ནི། གཞན་དོན་དེ་ལྟར་འབྱུང་བ་འཐད་དེ། སེམས་ཅན་རྣམས་ཀྱི་འདས་པའི་དོན་དང་། ད་ལྟར་གྱི་དོན་དང་། མ་འོངས་པའི་དོ༷ན་གསུམ༷་པོའི་ཕྱོགས་ཀྱི་སྣོད་དང་དབང་པོའི་བྱེ་བྲག་དང་། རྒྱུ་དང་འབྲས་བུའི་ཚུལ་སོགས་ཇི་ལྟར་མཛད་པ་ལ་ཕྱིན་ཅི་ལོག་སྤངས་ཤིང་ཚུལ་ཇི་བཞིན་པ་ལ་ཐེ༷་ཚོ༷མ་མེ༷ད་པ༷འི་བློ༷་དང་ལྡན་པའི་ཕྱིར་དང་། རང་གི་དོན་ཕུན་སུམ་ཚོགས་པ་དང་གཞན་སེམས་ཅན་གྱི་དོན་ཕུན་སུམ་ཚོགས་པ་སྟེ་རང་གཞན་ཀུ༷ན་གྱི་དོ༷ན་ཕུན་སུམ་ཚོགས་པ་ཕྱི་རོལ་བས་བཏགས་པའི་རྡུལ་མུན་སྙིང་སྟོབས་གསུམ་རྣམ་པར་དག་པ་ཆོས་ལོངས་སྤྲུལ་གསུམ་གྱི་ཡོ༷ན་ཏ༷ན་རྣམ་པ་གསུམ༷་གྱི༷་བ༷དག་ཉིད་དང་ལྡན་པའི་ཕྱིར་དང་། རྒྱུའི་དུས་ན་གཟུགས་ཕུང་སོགས་ཕུང༷་པོ༷་ལྔ༷་དང༷་འདས་མ་འོངས་ད་ལྟ་སྟེ་དུས༷་གསུམ༷་དུ༷་གྲུབ་པའི་ཆོས་ལ་སོགས་པ་ལ་ཕྱོགས་དང་དུས་ཀྱི་སྐ༷ད་ཅི༷ག་སྔ་ཕྱིའི་ཆ་སོགས་ཐོས་བསམ་གྱི་ཤེས་རབ་ཀྱིས་ཐམས༷་ཅ༷ད་སོ་སོར་དབྱེར་ཡོད་ཀྱང་། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཟད་པ་དང་མི་སྐྱེ་བ་ཤེས་པ་མངོན་དུ་བྱེད་པའི་དུས་ན་དེ་འདྲའི་ཕུང་པོ་དང་དུས་སོགས་རང་བཞིན་སྤྲོས་བྲལ་དུ་ངེས་པའི་ཡེ་ཤེས་སྐད་མ་ཅིག་གི་བདག་ཉིད་ཀྱིས་བསྡུས་པས་སྐད་ཅིག་མ་དུ་མའི་བྱེ༷་བྲ༷ག་གམ་དབྱེ་བ་མེད་པའི་རང་བཞིན་དུ་འབྱེད་པའམ་ཕྱེ༷ད་པའི་སྒོ་ནས་དུས་ཐུང་མཐའི་སྐ༷ད་ཅིག༷་མ་གཅི༷ག་གི༷་ཡུན་ཙམ་གྱིས༷་ལམ་གྱི་བགྲོད་པ་མིག་འཕྲུལ་བཞིན་དུ་བགྲོད་པའི་ངང་ནས་རྫོགས༷་པའི་སང༷ས་རྒྱས༷་ཀྱི་ས་རུ་གཤེགས་པའི་ནུས་པ་དང་ལྡན་པ་ཡིན་པའི་ཕྱིར་དང་། དེ་ལྟ་བུའི་བདེ་བ་ཆེན་པོ་སྐད་ཅིག་མ་གཅིག་གི་བདག་ཉིད་དེ་ནི་དུས་གསུམ་གྱི་སངས༷་རྒྱས༷་ཀུ༷ན་གྱི༷་མཁྱེན་པ་སྐུའི་ངོ་བོ་ཡིན་པས་དེ་འཛིན་པ་ནི་སངས་རྒྱས་ཀུན་གྱི་རང༷་བ༷ཞིན་འཆ༷ང་བ་ཡིན་པའི་ཕྱིར་རོ།།

བཅུ་གཅིག་པ་ཡེ་ཤེས་ཀྱི་ལུས་ཀྱི་མཛད་པ་བསྟན་པ་ནི། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ཅེས་པ་ནས། ནོར་བུ་ཆེན་པོ་རིན་ཆེན་ཏོག །ཅེས་པའི་བར་གྱིས་ཡེ་ཤེས་ཀྱི་ལུས་ཀྱི་མཛད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་རྣམ་སྨིན་གྱི་ལུས་དང་རྣམ་རྟོག་དང་མཚན་མའི་སྤྲོས་པའི་ལུས༷་མེ༷ད་པའི་རང་བཞིན་ཅན་གྱི་ལུས་དེ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ཡི་ལུས༷་ཏེ༷། དབྱིབས་དང་ཁ་དོག་ཅན་གྱི་ལུས་དང་གཟུགས་སུ་མེད་པ་སྤྲོས་བྲལ་ནམ་མཁའ་ལྟ་བུར་གནས་པའི་ཕྱིར་ན་ལུས་མེད་པ་ལུས༷་ཀྱི༷་མཆོ༷ག་ཡེ་ཤེས་ཀྱི་སྙིང་པོ་ཅན་ཉིད་དུ་སྣང་བ་དང་། གཟུགས་སམ་ལུས་རྣམས་ཀྱི་རབ་བམ་མཐར་ཐུག་ཏུ་གྱུར་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་ཡོངས་སུ་བརྒྱན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ནི་རྣམ་པ་གཟུགས་སྐུ་དང་། རང་བཞིན་ངོ་བོ་ཉིད་སྐུ་དང་། ཐུགས་ཡེ་ཤེས་ཆོས་སྐུ་སྟེ་སྐུ་རྣམ་པ་ཐམས་ཅད་པ་ལ་མཁས་པ་པོ་ཡིན་ཞེས་པའམ། ཡང་ན་སྐུ་དང་ཡེ་ཤེས་ཀྱི་ལུས༷་ཀྱི༷་མཐའ༷་བདེ་སྟོང་སྐྱེ་བ་མེད་པའི་དོན་ནི༷་རྟོགས༷་པ༷་པོ༷་ལོངས་སྤྱོད་རྫོགས་པའི་སྐུ་དང་། རྒྱུད་རྡོ་རྗེ་རྩེ་མོ་ལས། གང་ཕྱིར་གདུལ་བྱའི་སེམས་ཅན་རྣམས། །སྤྲུལ་པ་སྣ་ཚོགས་ཡང་དག་འབྱུང་། །ཞེས་དང་། དགོངས་པ་ལུང་བསྟན་པའི་རྒྱུད་ལས། སེམས་ཅན་ཡོངས་སུ་གཟུང་བའི་ཕྱིར། །སྣ་ཚོགས་སྤྲུལ་པ་བསྟན་ནས་ནི། །རྡོ་རྗེ་སེམས་དཔའ་དུས་ཀུན་དུ། །ཉིན་དང་མཚན་དུ་ཞུགས་པར་འགྱུར། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པ་རྣམས་ཀྱིས་འགྲོ་བ་རྣམས་གང་ལ་གང་འདུལ་གྱི་གཟུགས༷་སྐྱེས་པ་དང་། བུད་མེད་དང་། རྔོན་པ་དང་། སྨད་འཚོང་མ་དང་། ཤན་པ་དང་། དགེ་སྦྱོང་དང་། ཀུན་ཏུ་རྒྱུ་ལ་སོགས་པ་རྣམས༷་སུ་སྤྲུལ་པའི་གཟུགས་སྣ༷་ཚོ༷གས་པ་ཁམས་གསུམ་གྱི་གནས་ཀུ༷ན་ཏུ༷་རྣམ་པར་སྟོ༷ན་པ་སྤྲུལ་པའི་སྐུ་སྟེ། དེ་ལྟར་སྐུ་གསུམ་གྱི་ཡེ་ཤེས་ཀྱི་ལུས་ནི་དགོས་འདོད་ཀུན་འབྱུང་གི་ནོར༷་བུ༷་ཆེ༷ན་པོ༷་ཡིད་བཞིན་དབང་གི་རྒྱལ་པོ་དང་འདྲ་བར་རྟོག་པའི་རྩོལ་བ་མེད་བཞིན་འཇིག་རྟེན་གྱི་ཁམས་སུ་ཡོན་ཏན་བླ་ན་མེད་པ་རི༷ན་ཆེ༷ན་བཻཌཱུརྱའི་ཟ་མ་ཏོག༷་ལྟ་བུའི་ཁ་འབྱེད་དེ་གདུལ་བྱའི་ཕན་བདེ་སྤེལ་པའི་འཕྲིན་ལས་རླབས་པོ་ཆེ་སྩོལ་བར་བྱེད་པ་ཡིན་ནོ་ཞེས་པའོ།།

སྨྲས་པ།

བདེ་སྟོང་ཁ་སྦྱོར་བཙུན་མོའི་བྷ་ག་ན།།

ཐབས་མཆོག་ཀུནྡ་ཞུ་བའི་འཕྲུལ་འཁོར་ལས།།

གཉིས་མེད་བདེ་ཆེན་རོ་འབྱིན་ནམ་མཁའི་ཏོག།

ཟུང་འཇུག་འབྲས་བུའི་འདབ་སྟོང་ཕྱོགས་སུ་འཛུམ།།

གང་ཞིག་ཡེ་ནས་གནས་པའི་ངོ་ཤེས་ཤིང་།།

དེ་ཉིད་ཀུན་གྱི་རང་བཞིན་དུ་རྟོགས་པའི།།

ངོ་མཚར་ཤེས་རབ་སྒྲོན་མེ་ལག་པའི་མཐིལ།།

ཐོགས་ལ་མྱང་འདས་སྣང་བ་ཅིས་མི་འབར།།

མཉམ་ཉིད་དོན་ལ་གཅིག་ཏུ་གོམས་པ་ལས།།

ཡོན་ཏན་རིན་ཆེན་ནོར་བུའི་ཆར་འབེབས་པ།།

བྱེད་པོའི་ལག་པ་སྨུགས་འཛིན་དབང་པོའི་མཛོད།།

ཐོགས་པའི་དཔེ་ཡང་དབྱིངས་ཀྱི་མཛའ་མོས་བྱིན།།

ཐུབ་པས་གླུར་བླངས་གསང་རྒྱུད་ཟ་མ་ཏོག།

འཛིན་མེད་བློ་ཡིས་འབྱེད་པའི་མཐུ་མངའ་ན།།

སྐུ་ལྔའི་ནོར་བུ་ཡེ་ཤེས་འོད་ཕྲེང་ཅན།།

མཐོང་བའི་སྐལ་བཟང་མིག་གི་མདུན་ན་འཁྱིལ།།

ལེགས་པའི་ལམ་བཟང་ལྷ་ཡི་རྫིང་རིང་ཁྱོན།།

བགྲོད་པའི་ཚོགས་གཉིས་གཤོག་རྩལ་ན་ཕྲ་བའི།།

རྣམ་རྟོག་ནགས་ན་ཉུལ་བའི་སྤྲིན་ལ་དགའ།།

སྒྱུ་འཕྲུལ་དབྱར་རྔའི་སྒྲ་ལ་གཅིག་ཏུ་ཆགས།།

ཞེས་བྱ་བ་ནི་ལེའུ་དགུ་བའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།#div2 བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་གྱི་མཚན་བསྟན་པ།

བཅུ་བ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བསྟན་པའི་ལེའུ་ལ་ནི། མདོར་བསྟན་པ་དང་། དེའི་དོན་རྒྱས་པར་བཤད་པ་གཉིས་ཡོད་ལ། དེ་ཡང་བྱ་བ་ནན་ཏན་གྱི་ཡེ་ཤེས་བསྟན་པ་འདི་ནི་ཚིགས་སུ་བཅད་པ་བཅོ་ལྔས་བསྟན་པར་གསུངས་ཏེ། འགྲེལ་པ་དྲི་མེད་འོད་ལས། སངས་རྒྱས་ཀུན་གྱིས་རྟོགས་བྱ་བ། །ཞེས་བྱ་བ་ལ་སོགས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་བཅོ་ལྔས་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་མདོར་བསྟན་པ་ནི། སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །ཅེས་པའི་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སངས་རྒྱས་ལ་སོགས་པ་རྐང་པ་གཉིས་ཀྱིས་བྱ་བ་ནན་ཏན་གྱི་ཡེ་ཤེས་མདོར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ལྟར་ལེའུ་གོང་མ་དག་གིས་ཡེ་ཤེས་དང་། ཐུགས་དང་། གསུང་དང་། སྐུ་དང་། ཡོན་ཏན་གྱི་བདག་ཉིད་རྣམས་བཤད་ནས་ད་ནི་བྱ་བ་ནན་ཏན་དུ་བྱེད་པའི་འཕྲིན་ལས་ལྔའི་སྒོ་ནས་བྱ་བ་གྲུབ་པའི་ཡེ་ཤེས་བསྟན་པ་ནི། སངས༷་རྒྱས༷་ཀུ༷ན་གྱི༷ས་རྟོགས༷་པར་བྱ༷་བ༷་དང་། མཁྱེན་པ་དང་། མངོན་དུ་མཛད་པ་ཡི་ཆོས་ནི་སང༷ས་རྒྱས༷་རྣམས་ཀྱིས་བསྟན་པའི་བྱང༷་ཆུབ༷་གསུམ་དང་མི་གནས་པའི་མྱ་ངན་ལས་འདས་པ་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མཐར་ཐུག་པ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ཡིན་ལ། དེ་བཞིན་དུ་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱིས་རྟོགས་པར་བྱ་བ་ཡང་དེ་དག་དང་། སངས་རྒྱས་དང་སེམས་ཅན་རྣམས་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་ཉིད་དུ་རྒྱུད་གཅིག་པ་ཉིད་རྟོགས་པར་བྱ་བ་དང་། སྣང་བའི་ཆོས་སྣང་ངོ་ཅོག་ཐམས་ཅད་སེམས་ཀྱི་ཁྱད་པར་དུ་ཤེས་པར་བྱ་བ་དང་། རང་བྱུང་གི་ཡེ་ཤེས་འབད་པ་མེད་པར་རང་གི་ངང་གིས་འབྱུང་བའི་བླ༷་ན༷་མེ༷ད་པའི་དོན་རྟོགས་པ་དེ་ཡིན་ཞིང་། དེ་ལྟར་རྟོགས་པ་དང་མངོན་དུ་བྱེད་པ་ནི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་མཐུས་སོ།།

རྒྱུད་འདིའི་དཔེ་ལ་ལར། སངས་རྒྱས་ཀུན་གྱི་ཏོག་བྱ་བ། །ཞེས་པ་ཡོད་མོད། དེ་ཡི་གེ་མ་དག་པ་ཡིན་ནམ་སྙམ་ལ། གལ་ཏེ་དག་པའི་དབང་དུ་བྱས་ན་ནི་སངས༷་རྒྱས༷་ཀུ༷ན་གྱི༷་ཡོན་ཏན་གྱི་ཏོག༷་ཅེས་བྱ༷་བ༷་ཉིད་དུ་གྱུར་པའི་བདེ་བ་ཆེན་པོ་མཐར་ཐུག་པའི་ཡེ་ཤེས་ནི་སངས༷་རྒྱས༷་རྣམས་ཀྱིས་བསྟན་པའི་བྱང༷་ཆུབ༷་གསུམ་གྱི་མཐར་ཐུག་གི་སྐྱེལ་སོ་དང་། ཁྱད་པར་དུ་ཐེག་པ་ཆེན་པོ་བླ༷་ན༷་མེད་པའི་ལམ་གྱི་འབྲས་བུ་མཐར་ཐུག་པ་ཉིད་ཡིན་ནོ་ཞེས་འགྲེལ་ཡང་རུང་ངམ་སྙམ་མོ།།

གཉིས་པ་དེའི་དོན་རྒྱས་པར་བཤད་པ་ལ་ནི། ཡི་གེ་ཐམས་ཅད་ཚོགས་གཅིག་པའི་སྟོང་པར་བསྟན་པ་དང་། ཨེ་ཝཾ་གྱིས་དབུགས་དབྱུང་བ་བསྟན་པ་དང་། སྐུ་གསུམ་བསྟན་པ་དང་། འགྲོ་བ་གསུམ་གྱི་གཙོ་བོར་སྣང་བ་བསྟན་པ་དང་། བདུད་ཕམ་པར་བྱེད་པ་བསྟན་པ་དང་། བསྙེན་བཀུར་གྱི་གནས་སུ་བསྟན་པ་དང་། འཇིག་རྟེན་དང་འཇིག་རྟེན་འདས་པའི་སྤྲུལ་པ་མངའ་བར་བསྟན་པ་དང་། མཇུག་བསྡུ་བ་དང་བརྒྱད་ལས། དང་པོ་ནི། གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། གསང་སྔགས་ལས་བྱུང་ཡི་གེ་མེད། །ཅེས་པ་ནས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་པའི་བར་གྱིས་ཡི་གེ་ཐམས་ཅད་ཚོགས་གཅིག་པའི་སྟོང་པར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ཤིན་ཏུ་ཟབ་ཅིང་སྣོད་མིན་ལ་བསྟན་བྱ་མ་ཡིན་པའི་གསང༷་བ་དང་། མནྡྲའི་སྒྲ་ལས་ཡིད་རྣམ་རྟོག་ལས་སྐྱོབ་པའི་སྔགས༷་ཀྱི་རྒྱུད་སྡེ་བྱ་བ་དང་། སྤྱོད་པ་དང་། རྣལ་འབྱོར་དང་། རྣལ་འབྱོར་བླ་ན་མེད་པ་ལས༷་ནི་ཡེ་ཤེས་དང་། དེའི་ཆོ་འཕྲུལ་དང་། མ་རིག་པའི་རླུང་དང་། རླུང་བཅུ་དང་། རྩ་དང་། ཐིག་ལེ་དང་། ངག་དང་། ཡི་གེ་དང་། མིང་དང་ཚིག་དང་། ཞི་རྒྱས་དབང་དྲག་གི་ལས་སོགས་མཐའ་ཡས་པ་ཞིག་བྱུང༷་བ་རྣམས་ཀྱང་དོན་དམ་པར་ཡེ༷་གེ༷འི་དོན་དང་སྤྲོས་པའི་མཚན་མར་གདོད་ནས་གྲུབ་པ་མེ༷ད་པ་དང་། དེ་མཚོན་བྱེད་ནི་ཡི་གེ་སྟེ། དེ་ལྟར་སྐྱེ་བ་མེད་པའི་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་སྣ་ཚོགས་སུ་ཤར་བ་ལས་ཡི་གེ་ཨོཾ་ཨཱཿ ཧཱུཾ་གསུམ་གྱི་གསང༷་སྔ༷གས་ཆེ༷ན་པོ༷་གསུམ་གྱིས་རིམ་པར་མཚོན་པའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རི༷གས་གསུམ༷་དང་། དེ་ལས་རིགས་ལྔ་དང་། རིགས་དྲུག་དང་། རིགས་བརྒྱ་ལ་སོགས་པ༷་སྟོན་ཅིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐུན་མོང་དང་ཐུན་མིན་མཆོག་གི་དངོས་གྲུབ་དང་། དེའི་རྒྱུ་བསྐྱེད་པ་དང་རྫོགས་པའི་རིམ་པ་ལ་སོགས་པའི་གསང༷་བ་སྔ༷གས་ལམ་གྱི་དོ༷ན་མ་ལུས་པ་ཀུ༷ན་སྐྱེ༷ད་པར་བྱེད་པ༷་པོ༷་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ནི་དེ་ལྟར་བྱ་བ་བྱེད་པའི་ཆ་ནས་བྱ་བ་གྲུབ་པའི་ཡེ་ཤེས་ཞེས་བྱ་ལ། དེ་ཡང་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ཨེ་ནི་སྟོང་ཉིད་སྤྲོས་དང་བྲལ་བ་ལས། །ཝཾ་ནི་ཐབས་མཆོག་སྙིང་རྗེ་ཆེན་པོར་བསྟན། །གཉིས་མེད་མཉམ་པ་བྱང་སེམས་རོ་གཅིག་པའོ། །ཞེས་གསུངས་པ་ལྟར། ཡི་གེ་ཨེ་ཡིས་མཚོན་པའི་ཤེས་རབ་སྟོང་པ་ཉིད་དང་། ཝཾ་ཡིག་གིས་མཚོན་པའི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་ཡང་དོན་དམ་པར་རྣམ་རྟོག་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བའི་བདེ་སྟོང་དབྱེར་མེད་ཀུན་ཟླུམ་ཐི༷ག་ལེ༷་ཆེ༷ན་པོ༷་རང་བྱུང་གཉུག་མའི་ཡེ་ཤེས་ཡི༷་གེ༷་མེ༷ད་པའི་དབྱིངས་སུ་རོ་གཅིག་པས་མཚོན་བྱ་མཚོན་བྱེད་དང་བྱ་བྱེད་འགྲོ་འོང་དང་བྲལ་བ་ཉིད་དུ་གནས་པའོ།།

འོན་ཀྱང་བདེ་སྟོང་གཉིས་སུ་མེད་པའི་དོན་རྒྱུད་ལ་སྐྱེ་བ་ལམ་ལ་ལྟོས་ཤིང་། དེ་དོན་ངེས་པ་ལ་རག་ལས་པ་དང་། གསང་སྔགས་ཀྱི་དོན་ནི་ཡི་གེས་མཚོན་པ་ལ་སོགས་པའི་སྒོ་ནས་རྟོགས་དགོས་པས་ན་སྟོང༷་པ༷་ཆེ༷ན་པོ༷་བདེ་བའི་ཡེ་ཤེས་རྣམ་དབྱེར་མེད་པའི་ཆ་སྟེ་རིགས་ལྔ་མཚོན་བྱེད་ཡི༷་གེ༷་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨ་སྟེ་ཨོཾ་རྣམ་པར་སྣང་མཛད་དང་། ཧཱུཾ་མི་བསྐྱོད་པ་དང་། ཏྲཱཾ་རིན་འབྱུང་དང་། ཧྲཱིཿ འོད་དཔག་མེད་དང་། ཨ་དོན་ཡོད་གྲུབ་པ་ལྔ༷་དང་། སེམས་ཉིད་རང་བྱུང་གི་ངོ་བོའི་ཐི༷ག་ལེ༷་འཇམ་དཔལ་ཡེ་ཤེས་སེམས་དཔའི་ས་བོན་མཱུཾ་དང་། རིག་པ་འཛིན་མེད་སྟོང༷་པ༷་ཉིད་ཀྱི་གདངས་ལས་ལྷའི་ས་བོན་དང་དོན་སྐྱེ་མེད་ཀྱི་རྣམ་པ་མཚོན་པའི་ཡི༷་གེ༷་གྲངས་བརྒྱ༷་ཕྲག་ལྟ་བུ་ཤིན་ཏུ་མང་པོ་འཆར་བ་ལས་ལྷའི་དཀྱིལ་འཁོར་གྱི་འཁོར་ལོ་སྣ་ཚོགས་སུ་འབྱུང་བ་ཡང་དོན་དུ་ཆོས་ཀྱི་སྐུ་ལ་ཕྱོགས་རིས་མེད་ཅིང་འགགས་པ་མེད་པའི་མཐུ་ལས་ཤར་བ་ཡིན་ནོ།།

འདིར་ཡི་གེ་བརྒྱ་ཞེས་པ་གྲངས་ལྟར་རེ་རེ་ནས་ངོས་འཛིན་དུ་མེད་པར་མང་བའི་དོན་དུ་གོ་དགོས་པར་གསུངས་ཏེ། གཉིས་མེད་རྡོ་རྗེའི་འགྲེལ་བ་ལས། ཡི་གེ་བརྒྱ་ཞེས་པ་ནི་ཕྱོགས་གཅིག་མཚོན་པ་ཙམ་དུ་ཟད་ཀྱི། རི་རབ་ཀྱི་རྡུལ་ཕྲ་རབ་སྙེད་དུ་ཡང་འགྱུར་ལ། ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་གྲངས་མང་བའི་དོན་དུ་འགྲེལ་མཁན་ཡོད་དེ། དགའ་རབ་རྡོ་རྗེའི་འགྲེལ་བ་རྒྱུད་གཅོད་སྤུ་གྲི་ལས། དེ་ཡང་ཡི་གེ་བརྒྱར་གྲངས་བཅད་པ་ནི་མེད་ཀྱི་མང་བའི་ཐ་ཚིག་གོ །ཞེས་དང་། ཙནྡྲ་གོ་མིའི་མཚན་བརྗོད་ཀྱི་རྒྱ་ཆེར་འགྲེལ་ལས། བརྒྱ་ཞེས་པ་ནི་བྱེ་བྲག་གམ་དུ་མ་མཚོན་པའི་ཚིག་གོ །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་བརྒྱ་ཞེས་པ་གྲངས་ཀྱི་བརྒྱ་ལ་བྱེད་པ་ཡང་ཡོད་དེ། འཇམ་དཔལ་གྲགས་པའི་མཚན་བརྗོད་ཀྱི་རྒྱ་ཆེར་འགྲེལ་ལས། ཐིག་ལེ་སྟོང་པའི་ཡི་གེ་བརྒྱ་པོ་ནི་བཅོམ་ལྡན་འདས་སོ། །དེ་ལ་ཡི་གེ་བརྒྱ་བའི་གསང་སྔགས་འདི་ཡིན་ཏེ། ཞེས་དང་། དབུ་མ་ལ་དགའ་བའི་མཚན་བརྗོད་དཀའ་འགྲེལ་ལས། ཡི་གེ་བརྒྱ་བའི་སྔགས་ཀྱང་། ཨོཾ་བཛྲ་ས་ཏྭ་ཞེས་སོགས་གསུངས་པས། དེ་ལྟར་རྡོ་རྗེ་སེམས་དཔའི་ཡིག་བརྒྱ་ལ་འགྲེལ་ནས་གྲངས་བཅད་ཀྱི་བརྒྱ་རུ་བྱེད་པའང་ཡོད་པའི་ཕྱིར་རོ།།

དེ་བཞིན་དུ་ཟླ་བ་བཟང་པོ་གྲགས་པའི་དཔལ་གྱི་མཚན་བརྗོད་ཀྱི་འགྲེལ་བ་ལས། ཐིག་ལེ་སྟོང་པ་ནི་རླུང་ལ་བསྟེན་པའི་སྟོང་པ་ཉིད་རྟོགས་པའི་ཡི་གེ་བརྒྱ་སྟེ་མི་འགྱུར་བའི་ཡི་གེ་བརྒྱའོ། །ཞེས་དང་། ཌོམྦི་ཧེ་རུ་ཀས། སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་སྟེ། ཐིག་ལེ་ནི་ནམ་མཁའ་དང་འདྲ་བ་ཡིན་ལ། ནམ་མཁའ་ལྟར་སྟོང་པ་ཞེས་བྱ་བར་དགོངས་སོ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་བྱ་བ་ལ་དེ་རྣམ་པ་ཀུན་ཞེས་པ་ནི་རིགས་ལྔ་དང་རིགས་བརྒྱའི་བར་དུ་ཡིན་ནོ། །ཞེས་དང་། གསལ་བའི་སྒྲོན་མ་ལས། ཐིག་ལེ་སྟོང་པ་ཡི་གེ་བརྒྱ། །ཞེས་བྱ་བ་ལ། ཕུང་པོ་དང་། ཁམས་དང་། རིགས་དང་། ཡེ་ཤེས་ལྔ་ལས་བྱེ་བྲག་རེ་རེ་ལ་ཡང་ལྔ་ལྔར་ཕྱེ་བས་རིགས་བརྒྱར་འགྱུར་བ་དེ་སྐད་ཅེས་བྱའོ། །ཞེས་བརྒྱ་ཡི་གྲངས་སུ་གསུངས་པའི་ཕྱིར་རོ།།

ཤོང་ལོ་ཙཱ་བའི་འགྱུར་ལ་སོགས་པ་མཚན་བརྗོད་ཀྱི་དཔེ་ལ་ལར། འདིར། ཐིག་ལེ་སྟོང་པ་ཡི་གེ་དྲུག །ཟེར་བའང་ཡོད་ལ། དེ་ཡང་ཡིག་ནོར་མིན་པར་ཡི་གེ་དྲུག་གི་དོན་དུ་འགྲེལ་མཁན་ཡང་བྱུང་སྟེ། སྒེག་པའི་རྡོ་རྗེའི་མཚན་བརྗོད་འགྲེལ་བ་མཚན་གསང་སྔགས་ཀྱི་དོན་དུ་རྣམ་པར་ལྟ་བ་ལས། ཡི་གེ་དྲུག་ནི་ཨོཾ་ཝཱ་གཱི་ཤྭ་རི་མུཾ་ཞེས་ཏེ་ཡི་གེ་དྲུག་པའི་བདག་ཉིད་ཀྱི་ཕྱིར་རོ། །ཞེས་དང་། གཞོན་ནུ་གྲགས་པའི་མཚན་བརྗོད་མན་ངག་གི་འགྲེལ་བ་ལས། ཡི་གེ་དྲུག་ནི་ཡི་གེ་དྲུག་ཏུ་མཚོན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

ཐིག་ལེ་སྟོང་བ་ཡི་གེ་དྲུག་ཏུ་འགྲེལ་བ་ནི་དུས་འཁོར་བསྡུས་རྒྱུད་ཀྱི་འགྲེལ་བ་དྲི་མེད་འོད་ལས། ཁམས་འདི་རྣམས་ཀྱི་གཙོ་བོ་ནི་ཐབས་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་ཤེས་རབ་ཐིག་ལེ་སྟོང་པ་འགྱུར་མེད་དྲུག་ཅེས་སྐབས་དུ་མར་བྱུང་བ་ལྟར་འགྲེལ་ཚུལ་དུ་མ་ཡོད་དོ།།

གོང་གི་ཡི་གེ་ལྔ་བ་ཡང་འཇོག་ཚུལ་མི་མཐུན་པ་དུ་མ་སྣང་སྟེ། བི་མ་ལ་མི་ཏྲའི་འགྲེལ་བ་གསལ་བྱེད་སྒྲོན་མེ་ལས། ཨོཾ་ཨཱཿ ཧཱུཾ་སྭཱ་ཧཱ། དེ་ལྔའོ། །ཞེས་ཡི་གེ་ལྔ་པོ་དེ་ཨོཾ་ཨཱཿ ཧཱུཾ་སྭཱ་ཧཱ་ལྔ་རུ་བཞག་པ་དང་། ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟིའི་བཤད་འབུམ་ལས། ཡི་གེ་ལྔ་ནི་རྣམ་སྣང་གི་ས་བོན་ཡི་གེ་ཨ་དང་། མི་བསྐྱོད་པའི་ཧཱུཾ།། རིན་འབྱུང་གི་ཨོཾ། སྣང་བ་མཐའ་ཡས་ཀྱི་ཧྲཱིཿ དོན་ཡོད་གྲུབ་པའི་ཨཱཿ སྟེ། ཞེས་གོང་གི་ཡི་གེ་ལྔ་ལས་ཏྲཱཾ་མེད་པར་དེའི་ཚབ་ཏུ་ཨ་ཐུང་ཞིག་བཀོད་པ་དང་། སྒེག་པའི་རྡོ་རྗེའི་མཚན་བརྗོད་འགྲེལ་བ་ལས། ཡི་གེ་ལྔ་ནི་རྟག་པ་ལ་སོགས་པའི་ཡི་གེའི་འབྲུ་ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿ ཨ་ཞེས་པའི་བདག་ཉིད་ཀྱི་ཕྱིར་ན་ཡི་གེ་ཨ་ཞེས་གསུངས་སོ། །ཞེས་སློབ་དཔོན་གཉིས་མེད་རྡོ་རྗེའི་ལུགས་དང་མཐུན་པ་དང་། འཇམ་དཔལ་གྲགས་པའི་མཚན་བརྗོད་ཀྱི་རྒྱ་ཆེར་འགྲེལ་ལས། ཨ་ར་པ་ཙ་ནའི་སྔགས་ཀྱི་བདག་ཉིད་ཅན་དུ་གྱུར་པ་ནི་ཡི་གེ་ལྔའོ། །ཞེས་དང་། དབུ་མ་ལ་དགའ་བའི་མཚན་བརྗོད་དཀའ་འགྲེལ་ལས། དེ་བཞིན་ཨ་ར་པ་ཙ་ན་ཞེས་པའི་ཡི་གེ་ལྔའི་སྔགས་ཀྱི་དོན་གྱི་རང་བཞིན་ཡིན་པའི་ཕྱིར་ཡི་གེ་ལྔ་སྟེ། ཞེས་དེ་གཉིས་ཀས་ཨ་ར་པ་ཙ་ན་ལྔར་བྱས་པའི་ཕྱིར་རོ།།

འགྲེལ་བ་དྲི་མེད་འོད་ལས། དེ་ལ་སྟོང་པ་ཆེན་པོ་ཡི་གེ་ལྔ་ནི་རྣམ་པར་ཤེས་པའི་ཁམས་ཨ་གྲི་གུག་ལྟ་བུ་དབུས་སུའོ། །སྟེང་དུ་འདུ་བྱེད་རླུང་གི་ཁམས་ཨ་དབྱུག་པ་ལྟ་བུའོ། །གཡས་སུ་ཚོར་བ་མེའི་ཁམས་ཨ་ཚེག་དྲག་ལྟ་བུའོ། །གཡོན་དུ་འདུ་ཤེས་ཆུའི་ཁམས་ལས་ཐིག་ལེ་ལྟ་བུའོ། །འོག་ཏུ་གཟུགས་སའི་ཁམས་ཨ་ཐོང་གཤོལ་ལྟ་བུའོ། །དེ་ལྟར་ལྔ་ནི་བཾ་ཡིག་རྡོ་རྗེ་སེམས་དཔའི་རང་བཞིན་མཚོན་པར་བྱེད་པའི་བརྡའོ། །ཞེས་དང་། དུས་ཞབས་པ་ཆེན་པོའི་མཚན་བརྗོད་ཕན་ཡོན་གྱི་འགྲེལ་བ་ལས། དེའི་དབུས་ན་ཧཾ་ངོ་། །གཡས་ན་ཐིག་ལེ་ཟླ་བའོ། །གཡོན་ན་ཚེག་དྲག་ཉི་མའོ། །རྒྱབ་ན་སྒྲ་གཟུགས་ཅན་ནོ། །མདུན་ན་དུས་ཀྱི་མེ་སྟེ་སྟོང་པ་ཆེན་པོ་ཡི་གེ་ལྔ། ཨཾ་ཡཾ་རཾ་ཁཾ་ལཾ་མོ། །ཞེས་ཡི་གེ་ཨཾ་ཡཾ་རཾ་ཁཾ་ལཾ་ལྔ་ལ་བཤད་པ་དང་། པཎྜི་ཏ་ཨ་ནུ་པ་མ་རཀྵི་ཏའི་མཚན་བརྗོད་འགྲེལ་བ་བདུད་རྩིའི་ཐིགས་པ་གསལ་སྒྲོན་ལས། ཡི་གེ་ལྔ་ནི་འདི་ཡིན་ཏེ། །ཨོཾ་ཧཱུྃ་ཏྲཱྃ་ཧྲཱི་ཁྃ་ལྔ་དང་། །ལྃ་མྃ་པྃ་ཏྃ་པྃ་རྣམས་སོ། །ཞེས་གསུངས་པ་སོགས་མི་འདྲ་བ་མང་ངོ་།།

གཉིས་པ་ཨེ་ཝཾ་གྱིས་དབུགས་དབྱུང་བ་བསྟན་པ་ནི། རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་འཆང་། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་བའི་རྩེ་མོ་འཆང་། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྣམ་པ་ཀུན་ལྡན་རྣམ་པ་མེད། །ཅེས་པ་ནས། བསམ་གཏན་བཞི་ཡི་རྩེ་མོ་ཅན། །ཞེས་པའི་བར་གྱིས་ཨེ་ཝཾ་གྱིས་དབུགས་དབྱུང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པའམ་རིགས་ལྔ་རིགས་བརྒྱའི་བར་གྱི་བསྐྱེད་རིམ་ཀུན་རྫོབ་ལྷའི་འཁོར་ལོའི་རྣམ༷་པ༷་ཀུ༷ན་དང་ལྡ༷ན་པ་དེའི་རང་བཞིན་ནི་རྣམ༷་པ༷་མེ༷ད་པ་སྟོང་པ་ཉིད་དམ་གཟུགས་བརྙན་གྱི་རྣམ་པ་ལ་རྫོགས་རིམ་གྱིས་སྦྱོར་བས་ལྷའི་འཁོར་ལོ་རང་བཞིན་མེད་པར་ཤེས་པ་དང་། དེ་ལྟར་ཤེས་པའི་སྒོ་ནས་སྒྲུབ་པ་པོ་འཇམ་དཔལ་གཤིན་རྗེའི་གཤེད་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པའི་ཕྱི་རོལ་ལྷའི་རྣམ་པ་དང་། ནང་རྩའི་རྣམ་པ་གསལ་བ་ནི། བདེ་མཆོག་འབྱུང་བའི་རྒྱུད་ལས། ལ་ལ་ན་ལ་སོགས་པའི་རྩ། །རྩ་རྣམས་ཀུན་གྱི་གཙོ་བོ་སྟེ། །ཞེས་གསུངས་པ་ལྟར་རྩ་སྟོང་ཕྲག་མང་པོ་ཡོད་པའི་གཙོ་བོ་དབུ་རྐྱང་རོ་གསུམ་ཡིན་པས་དེ་གསལ་བའི་ཚུལ་ལ་སྐུའི་ནང་དུ་དབུས་སུ་རྩ་ཨ་ཝ་དྷཱི་ཏཱིའམ་རྩ་དབུ་མ་སྔོ་བསངས་ནང་དམར་བ་ལ་དྲང་པ་དང་། སྣུམ་པ་དང་། གསལ་ལ་དྭངས་པ་དང་། འཇམ་ལ་མཉེན་ཞིང་སྲབ་པའི་མཚན་ཉིད་བཞི་ལྡན་དང་། དེའི་གཡས་ན་རྩ་ར་ས་ནཱ་སྟེ་རོ་མ་དམར་པོ་ནང་དུ་རཀྟ་འབབས་པ་ལྟེ་བ་ཡན་དབུ་མའི་གཡས་དང་ལྟེ་འོག་ནས་དབུ་མའི་གཡོན་དུ་འཁྱོག་པ་དང་། དབུ་མའི་གཡོན་ན་རྩ་ལ་ལ་ནཱ་སྟེ་རྐྱང་མ་དཀར་པོ་ནང་དུ་ཁུ་བ་འབབས་པ་ལྟེ་བ་ཡན་དབུ་མའི་གཡོན་དང་ལྟེ་འོག་ནས་དབུ་མའི་གཡས་སུ་འཁྱོག་པ་གནས་ཤིང་། དེ་ཡང་རིན་ཆེན་འབར་བའི་རྒྱུད་ལས། གཡས་ནི་ཐབས་ཡིན་ལ་ལ་ནཱ། །གཡོན་པ་ཤེས་རབ་ར་ས་ནཱ། །ཨ་ཝ་དྷཱུ་ཏཱི་གཉིས་སུ་མེད། །ཐབས་དང་ཤེས་རབ་གཉིས་མེད་ཀྱིས། །ར་ལིའི་ངོ་བོ་ཤེས་པར་བྱ། །ཞེས་རྒྱུད་དུ་མར་གཡས་གཡོན་འདི་ལྟར་དང་མི་འདྲ་བའང་མཆིས་སོ།།

དེ་ནས་སྲོག་ཤིང་གི་ཚུལ་དུ་གནས་པའི་རྩའི་འཁོར་ལོ་རྣམས་ཏེ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དབུ་མའི་ཕྱོགས་བཞི་ལས་གྱེས་པའི་རྩ་འདབ་བཞི་དང་། དེ་བཞི་རེ་རེ་ལས་གཉིས་གཉིས་གྱེས་པའི་རྩ་འདབ་བརྒྱད། དེ་བརྒྱད་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་བཅུ་དྲུག་དང་། དེ་དག་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་སོ་གཉིས་གདུགས་ཀྱི་རྩིབས་མ་ལྟར་ཁ་ཐུར་དུ་སྦུབ་པ་འཁོར་ལོ་ལྟར་ཟླུམ་པོར་ཆགས་པའོ།།

མགྲིན་པ་ལོངས་སྤྱོད་འཁོར་ལོ་དབུ་མ་ལས་ཕྱོགས་བཞིར་གྱེས་པའི་རྩ་འདབ་བཞི་དང་། དེ་དག་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་བརྒྱད། ཡང་དེ་དག་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་བཅུ་དྲུག་གདུག་ཁ་གྱེན་དུ་བསླངས་པ་འདྲ་བའོ།།

སྙིང་ག་ཆོས་ཀྱི་འཁོར་ལོ་དབུ་མ་ལས་གྱེས་པའི་རྩ་འདབ་བཞི་དང་། དེ་རེ་རེ་ལས་གྱེས་པའི་རྩ་འདབ་བཞི་སྟེ་བརྒྱད་གདུགས་ཁ་ཐུར་དུ་སྦུབས་པ་འདྲ་བ་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་དབུ་མ་ལས་ཕྱོགས་བཞིར་གྱེས་པའི་རྩ་འདབ་བཞི་དང་། དེ་དག་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་བརྒྱད་དང་། དེ་དག་ལས་དེ་ལྟར་གྱེས་པའི་རྩ་འདབ་བཅུ་དྲུག་དང་། དེ་ལས་གཉིས་རེ་གྱེས་པའི་རྩ་འདབ་སོ་གཉིས་དང་། དེ་ལས་ཀྱང་གཉིས་རེ་གྱེས་པའི་རྩ་འདབ་རེ་བཞི་གདུགས་ཁ་གྱེན་དུ་བསླངས་པ་འདྲ་བའོ།།

གསང་གནས་བདེ་སྐྱོང་འཁོར་ལོ་དབུ་མ་ལས་ཕྱོགས་བཞིར་གྱེས་པའི་རྩ་འདབ་བཞི་དང་། དེ་བཞི་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་བརྒྱད་དང་། དེ་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་བཅུ་དྲུག་དང་། དེ་རེ་རེ་ལས་གཉིས་རེ་གྱེས་པའི་རྩ་འདབ་སོ་གཉིས་གདུགས་ཁ་ཐུར་དུ་སྦུབས་པ་འདྲ་བ་སྟེ། དེ་འདྲའི་རྩ་འཁོར་ལྔ་གནས་ཤིང་བསྒོམ་པས་གསལ་གདབ་བོ།།

དེ་ནས་རོ་རྐྱང་ནས་རྒྱུ་བའི་རླུང་རྩ་འཁོར་རྣམས་ཀྱི་དབུས་སུ་འབྱུང་འཇུག་གནས་གསུམ་གྱིས་སྦྱངས་ནས་རླུང་སེམས་དྷཱི་ཏཱིར་ཐིམ་པའི་རླུང་གིས་ལྟེ་འོག་གི་གཏུམ་མོ་ཙཎྜ་ལཱིའི་མེ་སྦར་བས་སྤྱི་བོའི་བྱང་སེམས་ཀྱི་ངོ་བོ་ཧཾ་ཡིག་བཞུས་པ་འཁོར་ལོ་རྣམས་སུ་སོན་པའི་བདེ་བ་བསྐྱེད་པའི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་དུས་སུ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་བྱང་ཆུབ་སེམས་ཀྱི་ཐིག་ལེ་ཆ་བཅུ་དྲུག་ཏུ་གནས་པ་ལ། དེ་ཉིད་དེ་ལྟར་ལས་རྒྱ་དང་རྩ་རླུང་གིས་ཐབས་ཀྱིས་བཞུས་པའི་བཅུ༷་དྲུག༷་གི་ཕྱེ༷ད་ཆ་བརྒྱད་སྙིང་ག་ཆོས་ཀྱི་འཁོར་ལོར་བབས། དེའི་ཕྱེ༷ད་ཆ་བཞི་ལྟེ་བའི་འཁོར་ལོར་བབས། དེ་བཞུས་པའི་ཕྱེད་ཆ་གཉིས་གསང་གནས་བདེ་སྐྱོང་འཁོར་ལོར་བབས་ནས་ཐི༷ག་ལེ༷་འཛག་མེད་དུ་འཆ༷ང་བའི་བདེ་བས་ལྷན་ཅིག་སྐྱེས་པའི་བདེ་བའི་ཡེ་ཤེས་ལ་སོགས་པའི་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་དོན་དུ་སློབ་དཔོན་བི་མ་ལ་མི་ཏྲའི་འགྲེལ་བ་གསལ་བྱེད་སྒྲོན་མེར་གསུངས་ལ། འདིས་ཕལ་ཆེར་རྩ་འཁོར་ལྔ་ལས་མགྲིན་པའི་འཁོར་ལོ་དོར་ནས་བཞི་ལ་འབབས་པར་བྱེད་པའི་ལུགས་སུ་སྣང་ངོ་།།

ཡང་དེ་ལྟར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་བདེ་བ་དང་པོ་སྐྱེ་ཡུལ་མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་བཅུ༷་དྲུ༷ག་དང་། དེ་ནས་དེའི་ཕྱེ༷ད་བདེ་བ་གཉིས་པ་སྐྱེ་ཡུལ་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འདབ་བརྒྱད་དང་། དེ་ནས་དེའི་ཕྱེ༷ད་བདེ་བ་གསུམ་པ་སོགས་སྐྱེ་ཡུལ་གསང་བའི་ནོར་བུའི་རྩ་འཁོར་ལ་བྱང་ཆུབ་སེམས་ཀྱི་ཐི༷ག་ལེ༷་འཛག་མེད་དུ་འཆ༷ང་བའི་བདེ་བ་ལམ་དུ་བྱས་ནས་དགའ་བཞིའི་ཡེ་ཤེས་བསྐྱེད་པའི་དོན་དུ་ཙནྡྲ་གོ་མིས་འགྲེལ་ཞིང་འདིའི་ལུགས་ལ་གྲངས་ཀ་དེ་ཐིག་ལེ་ལ་མི་བྱེད་པར་རྩ་ལ་ཕྱེས་ནས་འདུག་གོ།

གཞན་ཡང་དགའ་བའི་ཡེ་ཤེས་བཅུ་དྲུག་དང་། དེའི་ཕྱེད་བརྒྱད་དང་། དེའི་ཕྱེད་དགའ་བའི་ཡེ་ཤེས་བཞི་ལ་བྱེད་པ་ཡང་ཡོད་དོ། །ཡང་སློབ་བི་མ་ལ་མི་ཏྲས། དབྱངས་ཡིག་བ༷ཅུ་དྲུ༷ག་གི་ཕྱེད༷་བརྒྱད་དང་། དེའི་ཕྱེད༷་ཡི་གེ་ཨ་ཨཱ་ཨཾ་ཨཿ བཞིས་སྟོང་པ་ཉིད་ཀྱི་རྣམ་པར་ཐར་བ་དང་། མཚན་མ་མེད་པ་དང་། སྨོན་པ་མེད་དང་། ཐབས་ལ་མཁས་པའི་རྣམ་པར་ཐར་བ་བཞི་མཚོན་ཞིང་། དེ་དག་གི་རང་བཞིན་སྟོང་པ་ཉིད་ཀྱི་ཐིག༷་ལེ༷་ཆེན་པོ་འཆ༷ང་བའི་དོན་དུ་བཤད་པ་སོགས་བཤད་ཚུལ་མི་འདྲ་བ་མཐའ་ཡས་པ་ཡོད་དོ།།

གོང་གི་རྩ་འཁོར་ལོ་ལྔ་ལས་གཞན་སྤྱི་མགྲིན་སྙིང་ལྟེ་བཞིའི་རྩ་འཁོར་བཞི་ཕྱེས་ཏེ་རྩ་འཁོར་ལོ་བཞི་བྱེད་པའི་ལུགས་ཡོད་ལ། དེ་དག་གི་རྩ་འདབ་ཀྱི་གྲངས་ཀ་གོང་དང་འདྲ། ཡང་སྤྱི་མགྲིན་སྙིང་ལྟེ་གསང་གནས་དང་ནོར་བུའི་རྩ་འཁོར་བཅས་རྩ་འཁོར་ལོ་དྲུག་གི་རྣམ་གཞག་བྱེད་པ་ཡོད་ལ། དེ་དག་གི་རྩ་འདབ་ཀྱི་གྲངས་གཞན་རྣམས་གོང་དང་འདྲ་ལ། ནོར་བུའི་འཁོར་ལོ་ལ་ནོར་བུའི་དབུས་སུ་རྩ་འདབ་བརྒྱད་ཡོད་པར་འདོད་པ་སྟེ་རྒྱུད་རྡོ་རྗེ་ཕྲེང་བ་ལ་སོགས་པའི་ལུགས་སུ་གསུངས་སོ།།

ཡང་སྤྱི་མགྲིན་སྙིང་ལྟེ་གསང་ནོར་དྲུག་གི་འཁོར་ལོའི་སྟེང་གཙུག་ཏོར་འཁོར་ལོ་བསྣན་ནས་རྩ་འཁོར་ལོ་བདུན་གྱི་རྣམ་གཞག་བྱེད་པ་ཡོད་ཅིང་དུས་འཁོར་ལུགས་ལགས་ལ། གཙུག་ཏོར་འཁོར་ལོ་ལ་རྩ་འདབ་བཞི་ཡོད་ལ། ལྷག་མ་རྣམས་གོང་དང་འདྲའོ།།

དཀྱུས་ལ་འཇུག་སྟེ། དེ་ལྟར་བདེ་བ་ཆེན་པོའི་ཡེ་ཤེས་བསྒོམ་པའི་ཚེ་ན་ཕྱི་རོལ་གྱི་རྫས་ཀྱི་ཡ༷ན་ལ༷ག་ཏུ་རྣམ་པར་རྟོག་པ་དང་མཚན་མར་འཛིན་པ་མེ༷ད་པ༷འི་བདེ་སྟོང་སྤྲོས་པ་མེད་པའི་ངོ་བོར་མཉམ་པར་བཞག་པས་རྣམ་རྟོག་གིས་རྩི༷ས་སུ་གདབ་པ་ལས༷་འདས༷་པ་དང་། གཟུགས་ཁམས་ཀྱི་བསམ་གཏན་བཞི་ལས་རང་གི་ཡན་ལག་ཏུ་རྟོག་དཔྱོད་གཉེན་པོའི་ཡན་ལག་དང་། དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་སྟེ་གསུམ་པོ་དང་ལྡན་པའི་སྙོམས་འཇུག་དེ་བསམ་གཏན་དང་པོའི་དངོས་གཞི་ཙམ་པོ་བ་དང་། ཡན་ལག་དེ་དག་ལས་རྟོག་པ་དང་བྲལ་ཞིང་དཔྱོད་པ་དང་། དགའ་བདེ་དང་། ཏིང་འཛིན་གསུམ་དང་ལྡན་པའི་སྙོམས་འཇུག་དེ་དང་པོའི་དངོས་གཞི་ཁྱད་པར་ཅན་དང་། རང་གི་ཡན་ལག་ཏུ་རྟོག་དཔྱོད་དང་བྲལ་བའི་ངང་ལ་གནས་པའི་འདུ་བྱེད་བཏང་སྙོམས་པ་དང་། དེའི་དམིགས་རྣམ་མི་བརྗེད་པའི་དྲན་པ་དང་། དེར་གནས་མིན་བརྟག་པའི་ཤེས་བཞིན་གསུམ་སྟེ་ནང་རབ་དྭངས་པ་གཉེན་པོའི་ཡན་ལག་དང་། དེས་རྟོག་དཔྱོད་དང་བྲལ་བའི་དགའ་བདེ་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་དང་ལྡན་པའི་སྙོམས་འཇུག་བསམ་གཏན་གཉིས་པའི་དངོས་གཞི་དང་། རང་གི་ཡན་ལག་ཏུ་དྲན་དང་ཤེས་བཞིན་འདུ་བྱེད་བཏང་སྙོམས་གཉེན་པོའི་ཡན་ལག་དང་། དེ་དག་གིས་དགའ་བ་དང་བྲལ་ནས་དེས་དབེན་པའི་བདེ་བ་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་དང་ལྡན་པའི་བསམ་གཏན་གསུམ་པའི་སྙོམས་འཇུག་གམ་དངོས་གཞི་དང་། ཤེས་བཞིན་ཡོད་ཀྱང་གནས་མི་གནས་བརྟག་མི་དགོས་པས་དམིགས་པ་མི་བརྗེད་པའི་དྲན་པ་དང་འདུ་བྱེད་བཏང་སྙོམས་ཡོངས་དག་གཉེན་པོའི་ཡན་ལག་དང་། དེས་བདེ་བ་དང་བྲལ་ཞིང་ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གནས་ཀྱི་ཡན་ལག་ཏུ་ལྡན་པའི་སྙོམས་འཇུག་བསམ་གཏན་བཞི་བའི་དངོས་གཞི་སྟེ་བསམ་གཏན་བཞིའི་སྙོམས་འཇུག་མཐར་ཕྱིན་པ་བས༷མ་གཏ༷ན་བ༷ཞི་བ༷འི་དངོས་གཞིའི་ཏིང་འཛིན་གྱི་རྩེ༷་མོ༷་ཅ༷ན་གྱི་སེམས་རྟེན་དང་ལྡན་པའམ། དགའ་བ་དང་། མཆོག་དགའ་དང་། ལྷན་སྐྱེས་ཀྱི་དགའ་བ་དང་། དགའ་བྲལ་གྱི་དགའ་བ་རྣམས་ཀྱི་བས༷མ་གཏ༷ན་ནམ་ཏིང་ངེ་འཛིན་བ༷ཞི་བ༷འི་རྩེ༷་མོ༷་སྟེ་དེ་དག་རྣམས་ཀྱི་གོང་མའམ་བླ་མར་གྱུར་པའི་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོ་གཉིས་སུ་མེད་པའི་དམིགས་རྣམ་ཅན་གྱི་ཏིང་ངེ་འཛིན་དང་ལྡན་པ་འཆང༷་བར་བྱའོ་ཞེས་པའོ།།

གསུམ་པ་སྐུ་གསུམ་བསྟན་པ་ནི། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུན་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཞེས་པ་ནས། ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཅེས་པའི་བར་གྱིས་སྐུ་གསུམ་དུ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་བསམ་གཏན་བཞིའི་སྙོམས་འཇུག་སོགས་ལ་གནས་ན་འཇིག་རྟེན་པའི་ལམ་ལས་མི་འཕགས་པ་མ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། བདེ་སྟོང་གཉིས་སུ་མེད་པའི་ཏིང་ངེ་འཛིན་ནི་བསམ་གཏན་བཞི་དང་། གཟུགས་མེད་པའི་སྙོམས་འཇུག་བཞི་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ལ་སོགས་པའི་བསམ༷་གཏ༷ན་གྱི་ཡ༷ན་ལ༷ག་རྟོག་དཔྱོད་དགའ་བདེ་བཞི་དང་ལྡན་པ་དང་། རྟོག་དཔྱོད་དང་བྲལ་ཞིང་དགའ་བདེའི་ཡན་ལག་དང་ལྡན་པ་ལ་སོགས་པའི་ཡན་ལག་ཀུ༷ན་ཤེས༷་ཤིང༷་། དེ་དག་ལས་འདས་པའི་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བའི་དམིགས་མེད་ཟུང་འཇུག་ཆེན་པོའི་ཏིང༷་ངེ་འཛིན་སོགས་ཏིང་ངེ་འཛི༷ན་གྱི་སྒོ་མཐའ་ཡས་པ་རིག༷་པ་དང༷་། གདུལ་བྱ་དཀྱུས་མའི་རྒྱུད་དང་། ཉན་ཐོས་དང་རང་རྒྱལ་དང་བྱང་སེམས་ལ་སོགས་པའི་རྒྱུ༷ད་ཀྱི་བསམ་གཏན་མཐའ་དག་རིག༷་པ༷་ཡིན་པའི་ཕྱིར་ན། ཏིང༷་ངེ་འཛི༷ན་གྱི་ཡོན་ཏན་དང་ལྡན་པའི་ལུས༷་ཅ༷ན་གང་ཟག་ཀུན་གྱི་རྒྱུད་ཀྱི་ཏིང་འཛིན་གྱི་རྩེ་མོར་གྱུར་པའི་སྤྲོལ་བྲལ་ཆོས་སྐུའི་ཏིང་ངེ་འཛིན་གྱི་ལུས༷་ཀྱི༷་རང་བཞིན་མཆོ༷ག་གང་ཡིན་པ་དེ་དང་ལྡན་པ་ཡིན་པའི་ཕྱིར་རོ།།

དེ་ལྟ་བུའི་ཏིང་འཛིན་མཆོག་ཆོས་སྐུའི་བདག་རྐྱེན་ལས་བྱུང་བའི་གནས་འཁོར་སྐུ་ཆོས་དུས་ངེས་པ་སྟེ་ངེས་པ་ལྔ་དང་ལྡན་པའི་ལོང༷ས་སྤྱོད༷་རྫོགས༷་སྐུ༷་ས་བཅུའི་བྱང་ཆུབ་སེམས་དཔའ་ཀུ༷ན་གྱི༷་དབང་ཕྱུག་དང་རྒྱལ༷་པོར་གྱུར་པ་དང་། མདོ་རྒྱན་ལས། བཟོ་དང་སྐྱེ་དང་དེ་བཞིན་དུ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་པ་ལྟར། བཟོ་སྤྲུལ་སྐུ་དང་། སྐྱེ་བ་སྤྲུལ་སྐུ་དང་། མཆོག་གི་སྤྲུལ༷་པ༷འི་སྐུ༷་སྟེ༷་མ་དག་པའི་འགྲོ་བ་ལས་ཁྱད་དུ་འཕགས་པའི་སྐུ༷་ཡི༷་རང་བཞིན་མཆོག༷་མངའ་བའི་སངས༷་རྒྱས༷་སྤྲུལ༷་པ༷འི་སྐུ་རྣམ་པར་སྣང་མཛད་དང་། ཤཱཀྱ་ཐུབ་པ་དང་། རྡོ་རྗེ་སེམས་དཔའ་དང་། འཇམ་དཔལ་དབྱངས་ས་བཅུའི་ཚུལ་འཛིན་པ་ལ་སོགས་པའི་རྒྱུད༷་འཆང༷་བ༷་དང་། སྐུ་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོ་ལ་སོགས་པའི་འཇིག་རྟེན་གྱི་ཁམས་ཕྱོགས༷་བཅུ༷ར་སྤྲུལ༷་པ༷་སྣ༷་ཚོགས༷་པ་འ༷གྱེད་པར་བྱེད་པའི་རང་བཞིན་དང་ལྡན་པ་ཡིན་ནོ་ཞེས་པའོ།།

བཞི་བ་འགྲོ་བ་གསུམ་གྱི་གཙོ་བོར་སྣང་བ་བསྟན་པ་ནི་། ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་དང་ལྷ་དབང་ལྷ་ཡི་ལྷ། །ལྷ་ཡི་དབང་པོ་ལྷ་མིན་བདག །འཆི་མེད་དབང་པོ་ལྷ་ཡི་བླ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། དེ་བཞིན་འགྲོ་བའི་དོན་བྱེད་པ། །ཞེས་པ་ནས། སྲིད་པའི་དགོན་པ་ལས་བརྒལ་བ། །ཞེས་པའི་བར་གྱིས་འགྲོ་བ་གསུམ་གྱི་གཙོ་བོར་སྣང་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་བཤད་མ་ཐག་པར་ལྟར་སངས་རྒྱས་སམ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དཔག་མེད་ཀྱིས་འགྲོ་བའི་དོན་མཛད་ན་སྤྲུལ་པ་ཇི་ལྟ་བུ་སྟོན་ཞེ་ན། དེ་ཡང་འགྲོ་བ་གཟུགས་ཀྱིས་འདུལ་བ་ལ་གཟུགས་དང་། སྒྲ་ཡིས་འདུལ་བ་ལ་སྒྲ་ལ་སོགས་པ་འགྲོ་བའི་ཁམས་ལ་གང་འཕྲོད་པ་དེ་ཇི༷་ལྟ་བ་བཞི༷ན་དུ་སྤྲུལ་ནས་འགྲོ༷་བ༷འི་དོ༷ན་དུ་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེ༷ད་པ༷་ལ་སོགས་པས་འདུལ་བ་ཡིན་ནོ།།

སྤྲུལ་པ་ཇི་ལྟ་བུ་སྤྲུལ་པ་ཡིན་གཙོ་བོ་ཙམ་སྨོས་ན་འཇིག་རྟེན་ན་གྲགས་པའི་ལྷ་ཡི་གཟུགས་ཀྱིས་འདུལ་ནུས་པ་ལ་ལྷ༷་རུ་སྤྲུལ་པ་དང༷་། ལྷ༷་ཡི་དབ༷ང་པོ་ཁྱབ་འཇུག་ཆེན་པོས་འདུལ་བ་ལ་ཁྱབ་འཇུག་ཏུ་སྤྲུལ་པ་དང་། ལྷ་རྣམས་ཀྱི་ལྷ་རུ་གྱུར་པ་ལྷ༷་ཡི༷་ལྷ༷་ཚངས་པས་འདུལ་བ་ལ་ཚངས་པ་ཆེན་པོའི་གཟུགས་དང་། སུམ་ཅུ་རྩ་གསུམ་གྱི་ལྷ༷་ཡི༷་དབང༷་པོ༷་བརྒྱ་བྱིན་གྱིས་འདུལ་པ་ལ་དེའི་གཟུགས་དང་། ལྷ༷་མི༷ན་གྱི་བ༷དག་པོ་ཐགས་བཟང་རིས་ཀྱིས་འདུལ་བ་ལ་དེའི་གཟུགས་དང་། འཆི༷་མེ༷ད་ལྷ་ཡི་དབ༷ང་པོ༷་ཉེ་དབང་གིས་འདུལ་བ་ལ་དེའི་གཟུགས་དང་། ལྷ༷་ཡི༷་བླ༷་མ་དྲང་སྲོང་ཕུར་བུའི་གཟུགས་ཀྱིས་འདུལ་བ་ལ་དེའི་གཟུགས་དང་། འཇིག་རྟེན་འཇོམས༷་པར་བྱེ༷ད་པའི་མཐུ་དང་ལྡན་པ་གཟའ་རྒོད་རཱ་ཧུ་ལའི་གཟུགས་ཀྱིས་འདུལ་བ་ལ་དེའི་ཚུལ་དང་། མིའི་འཇིག་རྟེན་ལ་སོགས་པ་ཟ་ཞིང་འཇོམ༷ས་པར་བྱེ༷ད་པ་སྲིན་པོ་ལངྐ་མགྲིན་བཅུས་འདུལ་བ་ལ་དེའི་གཟུགས་དང་། ཕྲ་དང་ཡང་པ་ལ་སོགས་པའི་ཡོན་ཏན་བརྒྱད་དང་ལྡན་པའི་ལྷ་དབ༷ང་ཕྱུ༷ག་ཆེན་པོ༷་མ་ཧཱ་དེ་ཝས་འདུལ་བ་ལ་དེའི་གཟུགས་སུ་སྤྲུལ་པ་ལ་སོགས་པ་འགྲོ་བ་མཐོ་རིས་ལྷ་དང་ལྷ་མིན་དང་མི་གསུམ་གྱི་གཙོ་བོའི་གཟུགས་སུ་སྣང་བར་མཛད་ནས་གདུལ་བྱ་འདུལ་བ་ཡིན་ནོ།།

དེ་ཡང་འདི་དག་གི་དོན་ནི། ལྷ་མིན་ཞེས་པའི་སྒྲ་ལ་མི་སྐྱོ་བ་ཞེས་པའི་དོན་ཡོད་ལ། དེས་ན་སྐྱོ་བ་ནི་སེམས་ཡིན་ན། སྐྱོ་བའི་སེམས་ཀྱི་ངོ་བོ་ཕྱིན་ཅི་ལོག་ཏུ་འཁྲུལ་ནས་ཚངས་པ་དང་ཁྱབ་འཇུག་ལ་སོགས་པའི་མི་མ་ཡིན་དྲག་པོ་རྣམས་སྣང་བ་སོགས་གཟུང་འཛིན་གཉིས་སུ་སྣང་བའི་རྣམ་རྟོག་གི་འཛིན་པ་དང་དེའི་ཡུལ་འཁྲུལ་བ་དང་། ཉོན་མོངས་པ་རྣམས་རྒྱ་འབྱམས་སུ་འབྱུང་བ་ལ་དོན་དམ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ཡེ་ཤེས་སྤྲོས་པ་དང་གཟུང་འཛིན་གྱི་སྣང་བ་དང་བྲལ་བ་དེས་བདུད་དང་དབང་ཕྱུག་ལ་སོགས་པ་འཇིགས་བྱེད་གདུག་པའི་ཚོགས་དང་། རྣམ་རྟོག་དང་ཉོན་མོངས་པའི་ཚོགས་རྣམས་འཇོམས་པར་བྱེད་པར་བྱས་ནས་ཟག་པ་མེད་པའི་ལམ་དང་འབྲས་བུ་སྟེར་བའི་སྒོས་འཆི་བ་མེད་པའི་གནས་ཐོབ་ནས་འཆི་བ་འགོག་པ་སོགས་ལ་འགྲེལ་བ་ཡོད་དེ། ཌོམྦི་ཧེ་རུ་ཀས་སོ།།

དུས་གསུམ་གྱི་སངས་རྒྱས་རྣམས་དང་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་དེ་ལྟ་བུ་དུ་མའི་གཟུགས་ཀྱིས་འགྲོ་བ་རྣམས་ལ་ཟག་པ་མེད་པའི་ལམ་བསྟན་ཅིང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་སྤྲོས་པ་དང་རྣམ་རྟོག་གི་དྲྭ་བ་མེད་པས་ཁྱབ་པ་དང་གནས་པར་མཛད་ནས་སྲི༷ད་པ༷འི་འབྲོག་དགོ༷ན་པ༷་ཉོན་མོངས་པ་དང་། རྣམ་རྟོག་དང་། སྡུག་བསྔལ་གསུམ་གྱི་གཅན་གཟན་འཇིགས་སུ་རུང་བ་དང་། སྦྲུལ་གདུག་པ་དང་། ཇག་རྐུན་ལ་སོགས་པས་རྒྱུན་དུ་གཙེ་བར་བྱེད་པའི་གནས་ལས༷་བརྒལ༷་བ༷་ཡི་གོ་འཕང་ཞི་བ་དམ་པ་མི་གནས་པའི་ས་ལ་འགོད་པར་མཛད་པ་ཡིན་ནོ་ཞེས་པའོ།།

ལྔ་བ་བདུད་ཕམ་པར་བྱེད་པ་བསྟན་པ་ནི། སྟོན་པ་གཅིག་པུ་འགྲོ་བའི་བླ། །འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ། །བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། །དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད། །བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་པའི་ཚིགས་སུ་བཅད་པ་གཉིས་དང་རྐང་པ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། སྟོན་པ་གཅིག་པུ་འགྲོ་བའི་བླ། །ཞེས་པ་ནས། བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །ཞེས་པའི་བར་གྱིས་བདུད་ཕམ་པར་བྱེད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་དང་འཇམ་དཔལ་དབྱངས་ཀྱི་འགྲོ་བ་རྣམས་ཐབས་སྣ་ཚོགས་ཀྱིས་སྲིད་པ་ལས་བརྒལ་བར་བྱེད་མོད། བསྐལ་བཟང་འདི་ལྟ་བུ་ལ་བདེན་བཞི་དང་ཐེག་པ་ཆེན་པོའི་སྡེ་སྣོད་དང་གསང་སྔགས་ཀྱི་ཆོས་འཁོར་སྟོ༷ན་པ༷་ཡིས་འགྲོ་བ་འདུལ་བ་པོ་ནི་སངས་རྒྱས་བཅོམ་ལྡན་ཤཱཀྱ་ཐུབ་པ་གཅི༷ག་པུ༷་ཡིན་པའི་ཕྱིར་ན་འགྲོ༷་བ༷་རྣམས་ཀྱི་བླ༷་མ་ཉིད་དུ་གྱུར་པ་ཡིན་ཞེས་པའམ། ཡང་ན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྣམ་པར་ཞི་བའི་བདག་ཉིད་ཅན་གང་གིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པ་རྣམས་སྟེར་བར་བྱེད་པའི་ཕྱིར་ཟབ་རྒྱས་ཀྱི་དོན་སྟོ༷ན་པ༷་པོའི་སྟོན་པ་གཅི༷ག་པུ༷་དང་འ༷གྲོ་བ་རྣམས་འདྲེན་པ༷འི་བླ༷་མ་གཅིག་པུར་གྱུར་པ་དེ་ཡིན་ཞེས་བདེ་བའི་ཡེ་ཤེས་ལ་གོ་བར་བྱའོ།།

དེ་ལྟ་བུའི་འགྲོ་བའི་བླ་མར་གྱུར་པའི་སངས་རྒྱས་བཅོམ་ལྡན་འདས་དེ་ནི་འཇི༷ག་རྟེ༷ན་གྱི་ཁམས་རབ་ཏུ་མང་པོའི་ཕྱོགས༷་བཅུར༷་ཡོན་ཏན་ཕུན་སུམ་ཚོགས་པའི་བདག་ཉིད་དུ་རབ༷་ཏུ་གྲགས༷་པ༷་ཡིན་ཏེ། སེམས་ཅན་གྱི་ཁམས་སུ་ཆོས༷་ཀྱི༷་སྦྱི༷ན་པ་ཆེན་པོའི་ཆར་འབེབས་པར་བྱེད་པའི་བ༷དག་པོ་དང་། སྟོབས་བཅུ་མི་འཇིགས་པ་ལ་སོགས་ཀྱི་ཡོན་ཏན་རྒྱ་མཚོའི་ཆོས་ཀྱི་མཛོད་དུ་གྱུར་པའི་ཆེ༷་བ༷་དང་ལྡན་པ་པོ༷་ཡིན་པའི་ཕྱིར་ཞེས་པའམ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་འཇི༷ག་རྟེ༷ན་གྱི་ཁམས་རབ་ཏུ་མང་པོའི་ཕྱོགས༷་བཅུར༷་ཁྱབ་པའི་བརྟན་གཡོའི་ཆོས་ཀུན་གྱི་རང་བཞིན་དུ་ཁྱབ་ཅིང་གནས་པར་ར༷བ་ཏུ་གྲགས༷་པ༷་བཞིན་དུ་གནས་ཤིང་། དེའི་ངོ་བོ་དང་རྣམ་དབྱེར་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་སྟོབས་བཅུ་དང་། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པའི་འབྲས་བུའི་ཆོ༷ས་ཀྱི༷་ཡོན་ཏན་རྒྱ་ཆེ་བའི་སྦྱི༷ན་པའི་ཆར་འབེབས་པར་བྱེད་པས་ན་དེ་དག་གི་བད༷ག་པོ་དང་དེའི་ཆེ༷་བ༷་མངའ་བ་པོ༷་ཡིན་ནོ་ཞེས་པའོ།།

བདེ་བ་ཆེན་པོ་གཉིས་སུ་མེད་པའི་ཡེ་ཤེས་ལ་ནི་ཞེ་སྡང་གི་དགྲ་ཡི་དཔུང་ཚོགས་འདུལ་བར་བྱེད་པའི་སེམས་ཅན་རྣམས་བདེ་བ་དང་ལྡན་པར་འདོད་པའི་བྱམས༷་པ༷འི་མཚོན་ཆའི་གོ༷་ཆ༷་རང་ཆས་སུ་ལྡན་པའི་སྒོ་ནས་འགྲོ་བའི་རྣམ་རྟོག་དང་ཞེ་སྡང་གི་དགྲ་ཐོག་ཏུ་ཆས༷་པ༷་སྟེ༷་བགྲོད་པ་དང་ལྡན་པ་དང་། ཉོན་མོངས་པའི་དགྲ་འགོག་པ་དང་དེའི་མཚོན་སྲུང་བྱེད་ཀྱི་སེམས་ཅན་རྣམས་སྡུག་བསྔལ་དང་བྲལ་འདོད་ཀྱི་སྙིང༷་རྗེ༷་ཆེན་པོ་ཡི༷་ཁྲབ་རྨོག་དང་ཕུབ་རྣམས་ཀྱི་ནི༷་ཡ༷་ལ༷ད་རང་ཤུགས་ཀྱིས་བགོས༷་པ་དང་ལྡན་པ་དང་། དེ་བཞིན་དུ་མ་རིག་པ་དང་རྣམ་པར་རྟོག་པ་གཟུང་འཛིན་གྱི་དགྲ་དཔུང་རྩད་ནས་འཇོམ་བྱེད་ཀྱི་ཐོས་བསམ་སྒོམ་པ་དང་སྒོམ་བྱུང་བདག་མེད་རྟོགས་པའི་ཤེས༷་རབ༷་ཀྱི་རལ༷་གྲི༷་རྣོན་པོ་དང་། ཐབས་ཤེས་དབྱེར་མེད་པ་ཁ་སྦྱོར་ལ་སྙོམས་པར་ཞུགས་པའི་བདེ་ཆེན་གྱི་ཡེ་ཤེས་ཀྱི་མདའ༷་དང་གཞུ༷་རང་བཞིན་དུ་ཐོ༷གས་ཤིང་། ཉོ༷ན་མོངས༷་པ་དང་དེ་དག་གི་རྩ་བར་གྱུར་པའི་མི༷་ཤེས༷་པ་བདག་ཏུ་འཛིན་པ་དང་། རྣམ་པར་རྟོག་པའི་དགྲ་ཡི་གཡུལ༷་ངོ༷་ཆེན་པོ་ཁམས་གསུམ་དབང་འོག་ཏུ་སྡུད་པར་བྱེད་པ་གང་ཡིན་པ་དེ་སེལ༷་བར་བྱེད་པ་དང་ལྡན་པའོ།།

ཡང་རྟགས་འཇམ་དཔལ་གཤིན་རྗེའི་གཤེད་ཁྲོ་བོའི་རྒྱལ་པོའི་ཐུགས་བྱམས་དང་སྙིང་རྗེ་མཚོན་བྱེད་མི་པགས་ཀྱི་གོས་དང་། གླང་ཆེན་གྱི་པགས་པའི་སྟོད་གཡོགས་དང་། སྟག་ལྤགས་ཀྱི་ཤམ་ཐབས་ལ་སོགས་པའི་གོ་ཆ་དང་ཡ་ལད་བགོས་ཤིང་ཤེས་རབ་ཡེ་ཤེས་མཚོན་བྱེད་རལ་གྲི་དང་མདའ་གཞུ་ལ་སོགས་པའི་མཚོན་སྣ་ཚོགས་ལག་ན་ཐོགས་པས་བགེགས་ཀྱི་རྒྱལ་པོ་བི་ན་ཡ་ཀ་སོགས་འདུལ་བ་དང་། འཇམ་དཔལ་ཞི་བ་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་བཞི་བ་ཕྱག་གཡས་ན་རལ་གྲི་དང་མདའ་བསྣམས་པ་དང་། གཡོན་ན་གཞུ་དང་ཨུཏྤལའི་མེ་ཏོག་གླེགས་བམ་གྱི་སྙིང་པོ་ཅན་བསྣམས་པ་དེའི་ཐུགས་ཐབས་ཤེས་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་ཉོན་མོངས་པ་རྣམ་རྟོག་གི་གཡུལ་འཇོམས་པའི་མཚོན་བྱེད་ཕྱག་ན་རལ་གྲི་དང་མདའ་གཞུ་ཐོགས་པ་ལ་འགྲེལ་ལོ།།

དེ་ལྟར་མ་རིག་པ་དང་རྣམ་རྟོག་གི་དགྲ་ལ་མི་འཇིགས་པའི་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དཔ༷འ་བོ༷་ཆེན་པོ་ལོག་རྟོག་དང་རྣམ་པར་རྟོག་པའི་བདུད༷་རྣམས་ཀྱི་དགྲ༷འམ་གཉེན་པོར་གྱུར་པ། ཕྱི་ཡི་བདུད་བི་ན་ཡ་ཀ་ལ་སོགས་པ་དང་ནང་གི་བ༷དུད་མ་རིག་པ་དང་གཉིས་འཛིན་གཉིས་སྣང་གི་ཚོགས་འདུལ༷་བ༷་ལ་གཅིག་ཏུ་བྱང་བའི་ཤུགས་དང་ལྡན་པའི་བདུད་འདུལ་བ་ཆེན་པོ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་དང་གཉིས་སུ་མེད་པར་དགོངས་ཀློང་རོ་གཅིག་ཏུ་གྱུར་པའམ་སེམས་ཅན་རྣམས་ཀྱི་སེམས་ཀྱི་གནས་ལུགས་དང་མཐུན་པར་འཇུག་པའི་སྒོ་ནས་དེ་དག་གི་རྒྱུད་ཀྱི་སྙིང་པོའི་ཡེ་ཤེས་མངོན་དུ་གྱུར་པར་བྱས་ཏེ་སེམས་ཅན་རྣམས་ལ། ཕུང་པོའི་བདུད་དང་། ཉོན་མོངས་པའི་བདུད་དང་། འཆི་བདག་གི་བདུད་དང་། ལྷ་བུའི་བདུད་དེ་བདུ༷ད་བཞི༷འི་འ༷ཇིགས་པ༷་མ་ལུས་པ་སེལ༷་བ༷ར་བྱེ༷ད་པ་སྟེ། མདོར་ན་ཕྱི་ནང་གི་བདུ༷ད་ཀྱི༷་དཔུང༷་ཚོགས་མ་ལུས་པ་རྣམས༷་རྨང་མེད་དུ་བཅོམ་ནས་ཕམ༷་པར་བྱེ༷ད་པ༷་ཡི་མཐུ་མངའ་བ་ནི་དོན་དམ་རྣམ་པར་མི་རྟོག་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་དང་། རྟགས་རལ་གྲི་དང་མདའ་གཞུ་ཐོགས་པའི་ས་བཅུའི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས་ཉིད་ཡིན་ཞེས་པའོ།།

དྲུག་པ་བསྙེན་བཀུར་གྱི་གནས་སུ་བསྟན་པ་ནི། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །ཞེས་པའི་ཤོ་ལོ་ཀ་གཅིག་དང་རྐང་པ་གཅིག་གིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །ཞེས་པ་ནས། ཕྱག་བྱར་འོས་པ་བླ་མའི་རབ། །ཅེས་པའི་བར་གྱིས་བསྙེན་བཀུར་གྱི་གནས་སུ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་ལམ་བདེན་པ་གཉིས་དོན་དམ་པར་གཉིས་སུ་མེད་པར་མངོན་པར་རྟོགས་པའི་མཚན་ཉིད་ཅན་གྱིས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོ༷གས་པ༷འི་སྒོས་སྒྲིབ་གཉིས་ཀྱི་མུན་པ་སངས༷་ཤིང་མཁྱེན་པ་གཉིས་ཀྱི་པདྨོ་རྣམ་པར་རྒྱས༷་པ་འཇི༷ག་རྟེ༷ན་གྱི་འགྲོ་བ་རྣམས་ཐར་བའི་གྲོང་ཁྱེར་ཆེན་པོར་འདྲེ༷ན་པར་མཛད་པ་པོ་སངས་རྒྱས་བཅོམ་ལྡན་འདས་དང་། ས་བཅུའི་ཚུལ་འཛིན་རྒྱལ་ཀུན་ཡབ་གྱུར་རྗེ་བཙུན་འཇམ་དཔལ་དབྱངས་ལ་སོགས་པ་རྒྱལ་བ་སྲས་དང་བཅས་པ་རྣམས་ནི་ཟས་དང་། གོས་དང་། ཁང་བཟང་དང་། མལ་སྟན་དང་། ཁྲི་གདུགས་དང་། རྒྱན་དང་རོལ་མོའི་རིགས་དང་། རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་དང་། སྤོས་དང་མར་མེ་ཆུ་གཙང་ལ་སོགས་པའི་མཆོད་པའི་དངོས་པོ་གྱ་ནོམ་པ་རྣམས་ཀྱིས་མཆོ༷ད་པར་འོས༷་པའི་གནས་ཡིན་པ་དང་། གླུ་དབྱངས་དང་། སྙན་ངག་དང་། ཡིད་དུ་འོང་བའི་ཚིག་ལ་སོགས་པ་ངག་གི་སྒོ་ནས་ཡོན་ཏན་གྱི་ཆེ་བ་བརྗོད་དེ་བ༷སྟོད་པར་འོས༷་པ་དང་། ཡན་ལག་ལྔ་ས་ལ་ཕབ་སྟེ་ཞབས་ལ་སྤྱི་བོའི་མེ་ཏོག་གིས་གཏུགས་ནས་ཕྱག་འཚལ་ཏེ་ལུས་ཀྱི་སྒོ་ནས་བཀུར་བའི་ཕྱ༷ག་གི༷་གནས༷་ཡིན་པ་དང་། དུས་རྟ༷ག་ཏུ༷་གུས་པའི་སྒོ་ནས་ཞབས་ཕྱི་སྣ་ཚོགས་ཀྱིས་རིམ་གྲོ་བསྒྲུབས་ནས་རི༷་མོར༷་བྱ༷་བ༷འི་གནས་སུ་འོས༷་པ་ཡིན་པ་དང་། གཙུག་ཏུ་བཀུར་བ་སོགས་བཀུར༷་སྟི་བྱ་འོས༷་པའི་གནས་ཡིན་པ་དང་། ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་བཟང་པོ་དང་རྩི་མཐོང་ཆེན་པོས་ཕུད་དུའམ་མཆོག་ཏུ་འཛིན་པའི་རྗེ༷ད་པ༷ར་བྱ༷་བ༷འི་ཡང་མཆོ༷ག་ཡིན་པ་བཅས་འཇིག་རྟེན་ན་ཕྱ༷ག་བྱར༷་འོས༷་པ༷་ཇི་སྙེད་ཡོད་པ་མཐའ་དག་གི་གཙོ་བོར་གྱུར་པའི་མཆོག་དང་། གོང་མའམ་བླ་མར་གྱུར་པ་དང་། བླ༷་མ༷འི༷་ཡང་བླ་མ་ར༷བ་བམ་ཕུལ་དུ་གྱུར་པ་ཡིན་ནོ་ཞེས་པའོ།།

ཡང་དོན་ལ་ནི། རྫོགས༷་པ༷འི་སང༷ས་རྒྱས༷་ཐོབ་བྱེད་དང་སངས་རྒྱས་ཀྱི་ཐུགས་ལ་གནས་ཤིང་། འ༷ཇིག་རྟེན༷་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གནས་ཤིང་དེའི་ཚུལ་རྟོགས་པས་ཁམས་གསུམ་པོ་ཀུན་ཟག་པ་མེད་པའི་དབྱིངས་སུ་སད་པར་བྱེད་པའི་འདྲེ༷ན་བྱེད་དུ་གྱུར་པའི་གཉིས་སུ་མེད་པའི་ཡེ་ཤེས་དེ་ནི་ཐོས་པ་དང་དྲན་པ་མཐར་ཕྱིན་པའི་རང་བཞིན་ཅན་ཡིན་པས་མཆོ༷ད་པར་འོས༷་པ་དང་། རང་བཞིན་གཅིག་ལས་གཉིས་སུ་མེད་པས་བསྟོ༷ད་པར་འོས༷་པ་དང་། སྣང་བ་ཐམས་ཅད་ཀྱི་སྐྱེ་བའི་གནས་སུ་གྱུར་པས་ཕྱ༷ག་གི༷་གནས༷་དང་། ཐེག་པ་གསུམ་གྱི་ལམ་གྱི་ཡོན་ཏན་ཚང་ཞིང་རྟ༷ག་ཏུ༷་རང་རང་གི་ལམ་རྒྱུད་ལ་སྦྱངས་པས་རི༷་མོར༷་བྱ༷་བ༷འི་འོས༷་སུ་གྱུར་པ་དང་། བྱང་སེམས་ཀྱི་ལམ་དངོས་སུ་བསྟན་ཅིང་དེའི་སྒོམ་བྱར་དངོས་སུ་བཀུར༷་འོས༷་པ་དང་། ཐེག་པ་ཆེན་པོའི་གནས་ལུགས་ཀྱི་དོན་རང་བཞིན་གྱིས་སྣང་བའི་ཆོས་སུ་ཕུ་དུད་དེ་རྗེད༷་པ༷ར་བྱ༷་བ༷འི་གནས་མ༷ཆོག་ཡིན་པ་དང་། སྔགས་སྤྱོད་པ་རྣམས་ཀྱིས་སོ་སོར་རང་རིག་པའི་ཚུལ་གྱིས་རྟོགས་པའི་ཕྱ༷ག་བྱ༷ར་འོས༷་པ༷་དང་། ཆོས་ཉིད་ཀྱི་དོན་མཐོང་བ་དང་ཆོས་ཐམས་ཅད་བྱིན་གྱིས་བརླབས་པའི་དབང་བཞིས་སྟོན་བྱའམ་དེ་ཐོབ་པའི་རྟོགས་བྱ་ཡིན་པས་བླ༷་མའམ་གོང་མ༷འི་ཆོས་ཀྱི་ཡང་རབ༷་ཏུ་གྱུར་པ་དེ་ཡིན་ནོ་ཞེས་པའོ།།

བདུན་པ་འཇིག་རྟེན་དང་འཇིག་རྟེན་འདས་པའི་སྤྲུལ་པ་མངའ་བར་བསྟན་པ་ནི། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱི་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པའི་ཚིགས་སུ་བཅད་པ་གསུམ་གྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །ཅེས་པ་ནས། ཤེས་དང་ཤེས་བྱའི་བདག་པོ་མཆོག །ཅེས་པའི་བར་གྱིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྤྲུལ་པ་མངའ་བར་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་བྱ་བ་ནན་ཏན་ཏེ་བྱ་བ་གྲུབ་པའི་ཡེ་ཤེས་ཐུགས་སུ་ཆུད་པས་འདོད་ཁམས་སོགས་ཁམས་གསུམ་མམ་ས་འོག་ས་སྟེང་ས་བླའི་འཇི༷ག་རྟེ༷ན་གྱི་ཁམས་གསུམ༷་པོ༷་གོམ༷་པ་གཅི༷ག་གིས་བགྲོ༷ད་ནུས་པའི་རྫུ་འཕྲུལ་ཐོབ་པའམ། ཡང་ན་འཇི༷ག་རྟེ༷ན་གསུམ༷་པོ༷་ཡིས་བསྡུས་པའི་ཆོས་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་སྐད་ཅིག་མའི་སྤྲོས་པ་དང་བྲལ་བའི་གོམ༷་པ༷་གཅི༷ག་གི་བགྲོ༷ད་པའི་རང་བཞིན་ལས་འདའ་བ་མེད་ཅིང་། དེ་ཡང་ནམ་མཁའ༷་ལྟར༷་རྟག་ཆད་ལ་སོགས་པའི་སྤྲོས་པའི་མཐ༷འ་གང་ཡང་མེ༷ད་པར་རྣམ་རྟོག་མཐའ་ཡས་པ་རྣམས་ཟིལ་གྱིས་རྣམ༷་པར༷་གནོ༷ན་པར་བྱེད་པ་དང་། དེ་འདྲའི་ཡེ་ཤེས་དེ་འཛིན་པའི་རྣམ་པ་མེད་བཞིན་དུ་སྡེ་སྡོད་གསུམ་གྱི་དོན་ནོར་འཁྲུལ་མེད་པར་རིག་པའམ། སྐུ་གསུམ་པོའི་ངོ་བོ་འཛིན་པའི་དྲི་མ་མེད་པར་རིག་པའམ། འདས་མ་འོངས་ད་ལྟར་གྱི་དུས་གསུམ༷་གྱིས་བསྡུས་པའི་ཆོས་ཐམས་ཅད་རི༷ག་པ་ཡང་རྣམ་རྟོག་དང་ཐེ་ཚོམ་གྱི་རྙོག་པའི་དྲི་མ་མེད་པར་གཙ༷ང་ཞིང་གཙང་མ༷་སྤྲོས་བྲལ་རྣམ་པར་ད༷ག་པ༷་ཡི་རང་བཞིན་དུ་རིག་པ་སྟེ༷། རིག་བྱེད་ཀྱི་ཆ་ཤས་ལ་ནི་ལྷའི་མིག་གི་མངོན་ཤེས་དང་། ལྷའི་རྣ་བའི་མངོན་ཤེས་དང་། གཞན་སེམས་ཤེས་པའི་མངོན་ཤེས་དང་། འཆི་འཕོ་བ་དང་སྐྱེ་བ་ཤེས་པའི་མངོན་ཤེས་དང་། རྫུ་འཕྲུལ་གྱི་མངོན་ཤེས་དང་། ཟག་པ་ཟད་པའི་མངོན་ཤེས་ཏེ་མ༷ངོན་པར་ཤེས༷་པ་དྲུག༷་དང་ལྡ༷ན་པ་དང་། དེ་བཞིན་དུ་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་དང་། གཏོང་བ་དང་། ཡི་དམ་གྱི་ལྷ་དང་། དབང་བསྐུར་རྒྱུད་བཤད་མན་ངག་གནང་བའི་བླ་མ་རྗེས་སུ་དྲན་པ་སྟེ་རྗེས༷་དྲ༷ན་དྲུ༷ག་དང་ལྡན་པ་དང་། ཡེ་ཤེས་ཆེན་པོ་ནི་བྱང༷་ཆུབ༷་སེམ༷ས་དཔ༷འ་སེམ༷ས་དཔ༷འ་ཆེན་པོ་རྣམས་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་ཆེ༷་བ་བཞིན་དུ་ངོ་བོ་སྤྲོས་པའི་མཚན་མ་དང་བྲལ་བར་འགྱུར་བ་དང་བདེན་པར་མེད་པ་ཆོས་ཀྱི་དབྱིངས་ལ་རྟག་ཏུ་གནས་པ་དང་། འགྲོ་བ་རྣམས་འདུལ་བའི་ཕྱིར་དུ་དེ་དག་ལ་ཡེ་ཤེས་ཀྱི་འཇུག་པ་རྟག་ཏུ་འཇུག་པའམ། རྫུ་འཕྲུལ་དང་མངོན་ཤེས་དེ་དག་དང་ལྡན་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་དང་དེའི་རྒྱུད་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་ཉན་རང་གི་ཐེག་པ་སོགས་ཐེག་པ་གཞན་གྱི་ཡབ་ཏུ་གྱུར་པས་བྱང༷་ཆུབ༷་སེམས༷་དཔའ༷་དང་། ཐེག་པ་ཆེན་པོའི་ཡབ་ཏུ་གྱུར་པས་ན་སེམས༷་དཔའ༷་ཆེ༷་བའི་བདག་ཉིད་ཅན་ཡིན་པ་དང་། རྫུ༷་འཕྲུལ༷་ཆེ༷ན་པོ༷་སྣ་ཚོགས་པ་འབྱུང་བའི་རྒྱུ་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་དང་ལྡན་པ་དང་། འཇི༷ག་རྟེ༷ན་ལས་འདས༷་པ་ཟག་པ་མེད་པའི་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་དང་ལྡན་པས་ཤེས༷་ར༷བ་ཀྱི་ཕ༷་རོལ༷་ཏུ་ཕྱི༷ན་པ༷འི་ཆོས་ཀྱི་དབྱིངས་ཡང་དག་པའི་མཐ༷འ་དེ་ཉིད་གཉིས་སུ་མེད་པའི་ཤེས༷་རབ༷་ཀྱིས༷་རྣམ་པར་རྟོག་པ་དང་བྲལ་བའི་ཚུལ་གྱིས་ནི༷་མ་ནོར་བར་རྟོགས་པས་དེ༷་ཁོ་ཉི༷ད་ཀྱི་དོན་ཇི་བཞིན་ཐོབ༷་པ་དང་། དེ་ལྟར་ཤེས་དང་ཤེས་བྱ་དང་བདག་དང་གཞན་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་གཟིགས་པའི་སྒོ་ནས་ཇི་ལྟ་བ་བད༷ག་གི་དོན་རི༷ག་པ་དང་། ཇི་སྙེད་པ་གཞ༷ན་གྱི་དོན་རི༷ག་པའི་ཡོན་ཏན་ཐ༷མས་ཅ༷ད་ལྡན་པ༷་དང་། དེ་ལྟར་རིག་པའི་སྒོ་ནས་རང་གཞན་ཀུ༷ན་ལ༷་ཕ༷ན་པ༷འི་དོན་རྒྱ་ཆེན་པོ་བྱེད་པའི་གང་ཟག་ཏུ་མིང་བཏགས་པ་ཙམ་གྱིས་གང༷་ཟ༷ག་ཀུན་གྱི་མ༷ཆོག་ཏུ་གྱུར་པའོ།།

དེས་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་དང་དེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་ནི་འཇིག་རྟེན་ན་དཔེར༷་འོས་པ་འགྲན་པའི་ཟླ་གཞན་དང་མཚུངས་པ་མེད་པ་དང་། དཔེ་དང་དཔེ་ཅན་དུ་བྱ༷་བ་སོགས་སྤྲོས་པ་ཀུ༷ན་ལ༷ས་འདས༷་པ༷་སྟེ༷། འཇལ་བྱེད་ཀྱི་ཤེས༷་པ་དང༷་གཞལ་བར་བྱ་བའི་ཤེས༷་བྱ༷འི་ཆོས་ཀུན་དཔེ་དོན་ལས་འདས་པའི་མཉམ་པ་ཆེན་པོར་རོ་གཅིག་པར་གཟིགས་པའི་བད༷ག་པོ༷་མཆོ༷ག་ཏུ་གྱུར་པ་ཡིན་ནོ་ཞེས་པའོ།།

བརྒྱད་པ་མཇུག་བསྡུ་བ་ནི། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བསྐུར་གནས་ཀྱི་མཆོག །ངེས་བྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་བ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། སྙིང་པོ་མངོན་པར་རྟོགས་པ་ལས། གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཞེས་པ་ནས། འཇམ་དཔལ་དཔལ་དང་ལྡན་པའི་མཆོག །ཅེས་པའི་བར་གྱིས་མཇུག་བསྡུ་བ་བསྟན་ཏེ། དེ་དག་གིས་ནི་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ཞེས་བྱ་བའི་སྣང་བ་ཡེ་ཤེས་ལྔར་བསྟོད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་བཤད་མ་ཐག་པ་དེ་ལྟ་བུའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཉིད་དང་དེ་ཉིད་ཀྱི་ཐུགས་རྣམ་པར་མི་རྟོག་པ་བདེ་བ་ཆེན་པོའི་ཡེ་ཤེས་ནི་སངས་རྒྱས་ཀྱི་ཆོས་སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་ལ་སོགས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོ་དང་ལྡན་ཞིང་། དེ་དག་གདུལ་བྱའི་ཚོགས་ལ་སྦྱིན་པར་བྱེད་པའི་གཙོ༷་བོ༷་ཉིད་ཡིན་པའི་ཕྱིར་ན་ཆོས༷་ཀྱི༷་སྦྱིན་པ་གཞན་ལ་སྟེར་བའི་སྦྱི༷ན་བད༷ག་ལྟ་བུ་སྟེ༷། སྦྱིན་པའི་ག༷ཙོ་བོ༷་ནི་ཆོས༷་ཀྱི༷་སྦྱིན་པ་ཡིན་ཞིང་། སྦྱིན་པའི་གཙོ་བོ་དེའི་སྦྱི༷ན་བད༷ག་ཡིན་ཞེས་པའོ།།

ཁྱད་པར་དུ་གསང་སྔགས་བླ་མེད་པའི་ལས་ཀྱི་ཕྱག་རྒྱ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་སྟེ་གདུལ་བྱ་ལམ་གྱི་ཕྱ༷ག་རྒྱ༷་བ༷ཞི་དང་། སྐུ་ཕྱག་རྒྱ་ཆེན་པོ་དང་། གསུང་ཆོས་ཀྱི་ཕྱག་རྒྱ་དང་། ཐུགས་དམ་ཚིག་གི་ཕྱག་རྒྱ་དང་། འཕྲོ་འདུ་ལས་ཀྱི་ཕྱག་རྒྱ་སྟེ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་བཞི་པོ༷འི་དོན༷་རྣམས་སྒྲིབ་གཡོགས་མེད་པར་སྟོ༷ན་པ༷་དང་། དེ་ལྟར་བསྟན་པ་དེ་ཡང་འགྲོ༷་བ༷འི་ཚོགས་རྣམས་ཀྱི་ཕྱག་དང་མཆོད་པའི་བསྙེ༷ན་བཀུར༷་གྱི་གནས༷་ཐམས་ཅད་ཀྱི༷་མཆོ༷ག་ཏུ་གྱུར་པ་དང་། ཉན་ཐོས་དང་། རང་རྒྱལ་དང་། བྱང་སེམས་ཏེ་ངེས༷་པར་འབྱུང༷་བའི་ཐེག་པ་གསུམ༷་པོ༷་ཡི་བགྲོ༷ད་པའི་ལམ་རྣམས༷་ཀྱི༷་དོན་དུ་གཉེར་བྱ་དང་། ཐོབ་བྱ་མཐར་ཐུག་པའི་དོ༷ན་གྱི༷་དམ༷་པ༷་འབྲས་བུ་དག་པ་གཉིས་ལྡན་གྱིས་རྣམ༷་པར་ད༷ག་པའི་དཔལ༷་ཕུན་སུམ་ཚོགས་པ་དང་། ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་གཟུགས་ཀྱི་སྐུས་ཆོས་རྣམས་ཀྱི་དོན་དང་གདུལ་བྱའི་རྒྱུད་སོ་སོར་རིག་པས་འཇི༷ག་རྟེ༷ན་གསུམ༷་ན༷་གསང་སྔགས་ཀྱི་སྣོད་དང་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་རྟོགས་པའི་སྐལ༷་བ༷་བཟང༷་པོ་རབ་ཏུ་ཆེ༷་བ་སྩོལ་བར་བྱས་ཏེ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་གྲུབ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རྒྱ་ཆེན་པོའི་དཔལ༷་དང་ལྡ༷ན་པའི་འབྱོ༷ར་བ༷་ངོ་མཚར་བས་ཀུ༷ན་ནས་ཕྱུག་པར་བྱེ༷ད་པ༷་པོ་གང་ཡིན་པ་དེ་ནི་རྗེ་བཙུན་འཇ༷མ་དཔ༷ལ་ཡེ་ཤེས་སེམས་དཔའ་སྟོང་པ་ཉིད་དང་སྙིང་དབྱེར་མེད་པའི་མཚན་ཉིད་ཅན་བདེ་སྟོང་གཉིས་སུ་མེད་པའི་དཔལ༷་དང༷་ལྡ༷ན་པ༷འི་བྱ་བ་གྲུབ་པའི་ཡེ་ཤེས་མུ་མཐའ་མེད་པའི་ཡོན་ཏན་མཆོ༷ག་དང་ལྡན་པ་མངའ་བ་དེའོ་ཞེས་པའོ།།

སྨྲས་པ།

སྣང་གྲགས་འགྱུ་བ་ལྷ་སྔགས་ཆོས་ཉིད་དལ།།

རོལ་བའི་མཛའ་བ་ལྷོད་པ་མེད་པ་ཡིས།།

ཟུང་འཇུག་མཉམ་ཉིད་རྡོ་རྗེ་ལུས་ཕྲ་མའི།།

གཉིས་མེད་བདེ་བའི་རོ་ལ་གཅིག་ཏུ་སྲེད།།

བཅུ་དྲུག་དགའ་བཞིའི་ལང་ཚོ་དར་མཛེས་པའི།།

ལྷན་སྐྱེས་བདེ་ཆེན་རི་དྭགས་མིག་ཅན་མ།།

འཛིན་མེད་ཡེ་ཤེས་རིན་ཆེན་རྐང་གདུབ་ཀྱིས།།

སྐུ་གསུམ་མྱ་ངན་མེད་འདབ་རྣམ་པར་ཕྱེས།།

འཇམ་དཔལ་ཡེ་ཤེས་ནམ་མཁའི་ཐིག་ལེ་ཆེ།།

མི་འགྱུར་སྙིང་དབུས་ལྷ་རྩེན་རོལ་བའི་ཁྱིམ།།

ཤར་བའི་སྣ་ཚོགས་ལས་ཀྱི་སྣང་བ་བརྒྱས།།

འགྲོ་དྲུག་ཐར་བའི་དཔལ་གོས་རྣམ་པར་བཞད།།

པད་ཟླུམ་མགྲིན་པ་རྫིང་བུར་རོལ་བ་བཞིན།།

འཁོར་མཚོར་བསྐྱོད་ཀྱང་དུད་ཁའི་རྦ་རླབས་ལ།།

མི་འཇིགས་སེམས་དཔའི་འཕྲིན་ལས་གཤོག་པ་ཡང་།།

དབྱིངས་ཀྱི་རྩལ་ཏེ་བྱ་གྲུབ་ཡེ་ཤེས་གྲགས།།

འཇམ་དཔལ་མཚན་བཟང་བརྗོད་པའི་གླེགས་བམ་ཡང་།།

མཐོང་བའི་སྐལ་ལྡན་གྲོལ་བའི་དཔལ་ཐོབ་ནས།།

ས་བཅུའི་རིན་ཆེན་ཁྲི་འཕངས་མཐོ་བའི་རྩེར།།

ཟབ་དོན་གླུ་རུ་ལེན་པའི་བསོད་ནམས་ལྡན།།

ཞེས་བྱ་བ་ནི་ལེའུ་བཅུ་བའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།#div2 འཇམ་དཔལ་ལ་ཡེ་ཤེས་ལྔའི་འཁོར་ལོའི་སྒོ་ནས་བསྟོད་པ།

བཅུ་གཅིག་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ་ཡེ་ཤེས་ལྔའི་འཁོར་ལོའི་སྒོ་ནས་བསྟོད་པའི་ལེའུ་བཤད་པ་ལ། ཡེ་ཤེས་ལྔའི་སྒོ་ནས་བསྟོད་པ་ལྔ་ཡོད་ལ། དེ་ནི་ཚིགས་སུ་བཅད་པ་ལྔས་བསྟན་པར་བཤད་དེ། འགྲེལ་པ་དྲི་མེད་འོད་ལས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་བྱ་བ་ལ་སོགས་པ་ནས། ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་བྱ་བའི་བར་གྱི་ཚིགས་སུ་བཅད་པ་ལྔས་དེ་བཞིན་གཤེགས་པ་ལྔ་ལ་ཡེ་ཤེས་ཀྱི་བསྟོད་པའོ། །ཞེས་དང་། སྙིང་པོ་མངོན་པར་རྟོགས་པ་ལས། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡི་གེ་རེ་རེ་ཞིང་ཆོས་ཀྱི་དབྱིངས་ལ་སོགས་པ་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

འདིར་འགྲེལ་བ་རྣམས་ཀྱིས་ཚིགས་བཅད་འདི་དག་གིས་ཡེ་ཤེས་གང་བསྟན་འཇོག་ཚུལ་མི་འདྲ་བ་མཐའ་ཡས་པ་ཞིག་ཡོད་ལ། བི་མ་ལའི་འགྲེལ་བར་ཡེ་ཤེས་ལྔའི་གོ་རིམ་དེ་ཆོས་དབྱིངས་མེ་ལོང་སོར་རྟོགས་མཉམ་ཉིད་བྱ་གྲུབ་ཡེ་ཤེས་སུ་བྱས་ནས་བསྟན་པ་དང་། ཌོམྦི་ཧེ་རུ་ཀའི་ཊཱི་ཀར་དང་པོ་མེ་ལོང་དང་། དེ་ནས་སོར་རྟོགས་དང་། མཉམ་ཉིད་དང་། བྱ་གྲུབ་དང་། ཆོས་དབྱིངས་ཡེ་ཤེས་བསྟན་པར་གསུངས་པ་ཚིག་དོན་དང་ཤིན་ཏུ་ཉེ་བའི་ལེགས་བཤད་དུ་མཐོང་ངོ་།།

སློབ་དཔོན་གཉིས་མེད་རྡོ་རྗེའི་འགྲེལ་བ་སྙིང་པོ་མངོན་པར་རྟོགས་པའི་རྒྱས་བཤད་ཀྱི་སྐབས་སུ་འདི་དག་མ་འགྲེལ་ལ། བསྡུས་དོན་གྱི་སྐབས་ལས་དྲངས་མ་ཐག་པ་ལྟར། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཅེས་པ་ནས། ཡི་གེ་རེ་རེ་ཞིང་ཆོས་ཀྱི་དབྱིངས་ལ་སོགས་པ་ལ་བསྟོད་པ་བསྟན་ཏོ། །ཞེས་གསུངས་པ་ལ་དཔག་ན་ཆོས་དབྱིངས་ཡེ་ཤེས་ཐོག་མར་སྨོས་པས་དེ་དང་པོ་ཡིན་པ་ལྟ་བུར་སྣང་མོད། ཁོང་གིས་མཛད་པའི་མཚན་བརྗོད་ཀྱི་དོན་ཉེར་བསྡུས་རྣམ་པར་རྟོག་གེ་ལས། དེ་དག་ཡེ་ཤེས་ལྔ་ཉིད་དེ། །རྒྱུ་ལ་སོགས་པ་ཇི་ལྟར་རིམ། །རྒྱུ་དང་རྐྱེན་གྱི་ཡེ་ཤེས་དང་། །གནད་ཀྱི་ཡེ་ཤེས་དེ་བཞིན་གཞན། །སྒོམ་པའི་ཡེ་ཤེས་གསུངས་པ་དང་། །ལྔ་བ་གྲོལ་བའི་ཡེ་ཤེས་སོ། །རྒྱུ་ནི་མེ་ལོང་ཡང་དག་བཤད། །རྐྱེན་ནི་ཆོས་ཀྱི་དབྱིངས་ཉིད་དོ། །སོ་སོར་རྟོགས་པ་གནད་ཀྱིའོ། །མཉམ་པ་ཉིད་ནི་སྒོམ་པའི་མཆོག །གྲོལ་བའི་ཡེ་ཤེས་བྱ་གྲུབ་ཀྱིའོ། །དེ་ལྟར་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་དང་། པྲ་ཛྙཱ་གུ་རུའི་དོན་བསྡུས་མཚན་གྱི་སྒྲོན་མེ་ལས། མེ་ལོང་ཆོས་དབྱིངས་སོ་སོར་རྟོགས། །མཉམ་ཉིད་བྱ་གྲུབ་གོ་རིམ་བཞིན། །བྱང་སེམས་རྡོ་རྗེའི་འཁོར་ལོ་ལ། །ཚིགས་བཅད་ལྔ་བོ་ཀུན་གྱིས་བསྟོད། །ཅེས་གསུངས་པ་དང་། སྒེག་པའི་རྡོ་རྗེའི་སྔགས་དོན་རྣམ་པར་ལྟ་བ་ལས། མཆོག་སྦྱིན་ལ་སོགས་པས་ནི་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་སྒོ་ནས་སོ། །སངས་རྒྱས་ཆགས་པ་ལ་སོགས་པས་ནི་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་སྒོ་ནས་སོ། །སངས་རྒྱས་འཛུམ་པ་ལ་སོགས་པས་ནི་སོ་སོར་ཀུན་ཏུ་རྟོགས་པའི་ཡེ་ཤེས་ཀྱི་སྒོ་ནས་སོ། །མེད་པ་ལས་བྱུང་ལ་སོགས་པས་ནི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །སྒྱུ་འཕྲུལ་དྲྭ་བ་ལ་སོགས་པས་ནི་བྱ་བ་ནན་ཏན་གྱི་ཡེ་ཤེས་ཀྱི་སྒོ་ནས་སོ། །ཞེས་གསུངས་པས་ཕྱིར་ན་ཕྱི་མ་དེ་གསུམ་གྱི་རྗེས་སུ་འབྲངས་ནས་ཡེ་ཤེས་ལྔའི་གོ་རིམ་རིམ་པ་བཞིན་དུ་འགོད་ན། དང་པོ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་བསྟོད་པ་ནི། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་མི་བསྐྱོད་པ་ནི་རྡོ་རྗེའི་རིགས་ཀྱི་གཙོ་བོ་རྣམ་པར་དག་པའི་ཡེ་ཤེས་མཆོ༷ག་ཏུ་མི་འགྱུར་བ་མེ་ལོང་ལྟ་བུ་ཉིད་སྟོན་པའི་སྒོ་ནས་གཞན་ལ་སྦྱི༷ན་པར་བྱེད་པ་པོ་ཐུགས་བདེ་སྟོང་རྡོ༷་རྗེ༷་དབྱེར་མི་ཕྱེད་པའི་ཡེ་ཤེས་མཆོ༷ག་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ་སྒོ་གསུམ་གུས་པས་འ༷དུད་ཅིང་ཕྱག་འཚལ་ལོ་ཞེས་པའོ།།

ཡང་ཆོས་ཉིད་ཡང༷་ད༷ག་པའི་མཐ༷ར་གྱུར༷་པ་སྐྱེ་བ་མེད་པའི་དོན་དེ་ཇི་བཞིན་ཐུགས་སུ་ཆུད་པ་དྲི་མ་མེད་པའི་ཡེ་ཤེས་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་པ་དང་། དོན་ལ་དེ་ལྟ་བུའི་ཡེ་ཤེས་དེ་ཡང་སྟོང༷་པ་ཉིད༷་ཀྱི་རང་བཞིན་དུ་གནས་ཤིང་སྟོང་པ་ཉིད་ཀྱི་དོན་རྟོགས་པ་ལ༷ས་བྱུང༷་བ་ཡིན་པས་སྟོང་ཉིད་ལས་སྐྱེས་པའི་གཉིས་སུ་མེད་པ་རྣམ་པ་ཀུན་གསལ་བར་མཁྱེན་པའི་སྐུ་བརྙེས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འ༷དུད་ཅིང་ཕྱག་འཚལ་ལོ་ཞེས་པ་དང་། སངས༷་རྒྱས༷་ཀྱི་སར་སྐད་ཅིག་མའི་རྣམ་པས་བྱང་ཆུབ་པ་དང་། རྣམ་པ་ལྔ་དང་། རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པའི་བྱང༷་ཆུབ༷་པ་དམ་པའི་ཡེ་ཤེས་མེ་ལོང་ལ་གཟུགས་བརྙན་སྣང་བ་ལྟ་བུ་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འ༷དུད་ཅིང་ཕྱག་འཚལ་ལོ་ཞེས་པའོ།།

གཉིས་པ་ཆོས་དབྱིངས་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། སངས་རྒྱས་ཆགས་པ་ཁྱོད་ལ་འདུད། །སངས་རྒྱས་འདོད་ལ་ཕྱག་འཚལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད། །སངས་རྒྱས་རོལ་ལ་ཕྱག་འཚལ་འདུད། །ཅེས་པས་བསྟན་ཏེ། སང༷ས་རྒྱས༷་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཉིད་ཆོས་ཐམས་ཅད་ཀྱི་གནས་ལུགས་ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ལ་ཆགས༷་པ༷་སྟེ་ཆུ་ལ་ཆུ་ཐིམ་པ་ལྟར་མཉམ་བཞག་ལས་ལྡང་བ་མེད་པའི་སྐུ་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འ༷དུད་ཅིང་ཕྱག་འཚལ་ལོ་ཞེས་པ་དང་། སངས༷་རྒྱས༷་ཐམས་ཅད་ཀྱི་ཐུགས་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་པར་དེའི་རོ་ལ་འདོད་པ་སྟེ་ཆོས་ཀྱི་དབྱིངས་ལ་འདོད་པའི་རོ་དང་བྲལ་བའི་འདོད༷་པ་ཆེན་པོ་མངའ་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༷་སྒོ་གསུམ་གུས་པས་ཕྱ༷ག་འཚ༷ལ་ཞིང་འ༷དུད་པར་བྱའོ་ཞེས་པ་དང་། སངས༷་རྒྱས༷་ཀུན་གྱི་ཐུགས་ཆོས་སྐུ་སྤྲོས་པ་མེད་པའི་དབྱིངས་ལ་དགྱེས༷་པ༷་ཆེན་པོས་གནས་པ་གང་ཡིན་པ་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འ༷དུད་ཅིང་ཕྱག་འཚལ་ལོ་ཞེས་པ་དང་། སང༷ས་རྒྱས༷་རྣམས་ཀྱི་ཐུགས་ཆོས་ཀྱི་དབྱིངས་སྐྱེ་འགགས་མེད་པའི་དབྱིངས་དང་རོ་གཅིག་པ་ཉིད་དུ་རོལ༷་བ་གང་ཞིག་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༷་སྒོ་གསུམ་གུས་པས་ཕྱ༷ག་འཚལ༷་ཞིང་འ༷དུད་དོ་ཞེས་པའོ།།

གསུམ་པ་སོ་སོར་རྟོགས་པའི་ཡེ་ཤེས་ལ་བསྟོད་པ་ནི། སངས་རྒྱས་འཛུམ་པ་ཁྱོད་ལ་འདུད། །སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །ཅེས་པས་བསྟན་ཏེ། སངས༷་རྒྱས༷་སྣང་བ་མཐའ་ཡས་པདྨ་རིགས་ཀྱི་དཀྱིལ་འཁོར་ཆེན་པོ་ནི་ཐབས་ཤེས་ཀྱི་སྦྱོར་བས་བདེ་སྟོང་རྡོ་རྗེ་བཙུན་མོའི་དབྱིངས་ཞལ་མངོན་སུམ་དུ་མཇལ་བའི་ཞལ་འཛུམ༷་པ༷་ཆེན་པོའི་བདེ་ཆེན་སོ་སོར་རྟོགས་པའི་ཡེ་ཤེས་མངོན་དུ་གྱུར་པ་ལས་ཐོབ་པ་གང་ཡིན་པས་ཐུགས་རྒྱུད་ཕྱུག་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། ཡང་སངས༷་རྒྱས༷་ཀུན་གྱི་ཐུགས་ཐབས་ཤེས་གཉིས་སུ་མེད་པ་བདེ་ཆེན་མཉམ་པ་ཆེན་པོའི་ཡེ་ཤེས་ཀྱི་རོས་ཟག་པ་མེད་པ་ལྷན་ཅིག་སྐྱེས་པའི་དགའ་བ་རབ་ཏུ་བཞ༷ད་པ་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༷་སྒོ་གསུམ་གུས་པས་ཕྱ༷ག་འཚལ༷་ཞིང་འ༷དུད་དོ་ཞེས་པའོ།།

སངས༷་རྒྱས༷་ཐམས་ཅད་ཀྱི་གསུང༷་གི་བདག་ཉི༷ད་མ་ཆགས་པདྨའི་རིགས་ཀྱི་ཡེ་ཤེས་ལས་བྱུང་བའི་གསུང་འགགས་མེད་རྡོ་རྗེའི་སྒྲ་དབྱངས་ལ་དབང་འབྱོར་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། བདེ་ཆེན་སོ་སོར་རྟོགས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མ་འདྲེས་པར་སོ་སོར་མཁྱེན་ཡང་སངས༷་རྒྱས༷་ཀྱི་ཐུགས༷་ཆོས་ཉིད་འགྱུར་བ་མེད་པའི་དབྱིངས་ལས་སྐད་ཅིག་ཀྱང་གཡོ་བ་མེད་པའི་ངོ་བོའམ་དེ་ཉིད་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ལ༷་སྒོ་གསུམ་གུས་པས་ཕྱ༷ག་འཚལ༷་ཞིང་འ༷དུད་དོ་ཞེས་པའོ།།

བཞི་བ་མཉམ་ཉིད་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། མེད་པ་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །ཅེས་པས་བསྟན་ཏེ། ཆོས་ཐམས་ཅད་ཀྱི་གནས་ལུགས་མཉམ་པ་ཉིད་རང་བཞིན་སྐྱེ་འགགས་མེ༷ད་པ༷་དང་རོ་གཅིག་པའི་ཟུང་འཇུག་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་རིན་ཆེན་རིགས་ཡོན་ཏན་རིན་ཆེན་འབྱུང་ལྡན་གྱི་དཀྱིལ་འཁོར་ཡིད་བཞིན་གྱི་ནོར་བུ་ལྟ་བུ་བརྙེས་པ་ལ༷ས་བྱུང༷་བའི་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། སངས༷་རྒྱས༷་ཐམས་ཅད་ཀྱི་ཐུགས་རྟོག་མེད་མཉམ་པ་ཉིད་ཀྱི་ངང་ལས་གཡོ་བ་མེད་ཀྱང་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་རྟོག་པ་མེད་བཞིན་དགོས་འདོད་སྩོལ་བ་ལྟར་གདུལ་བྱའི་ཁམས་ལ་སྐུ་དང་གསུང་གི་འདོད་དགུ་རྩོལ་མེད་དུ་འབྱུང༷་བ༷་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། དེ་ལྟར་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་ཡོན་ཏན་གྱི་ཚོགས་རྩོལ་མེད་དུ་འབྱུང་བ་རྣམས་ཀྱང་ཆོས་ཉིད་ནམ་མཁའ་ལྟ་བུའི་དབྱིངས་ལས་འགྱུར་བ་མེད་པ་དང་། ཆོས་ཉིད་ནམ༷་མཁའ༷་ལྟ་བུའི་དབྱིངས་མཉམ་པ་ཉིད་ཀྱི་དོན་ཇི་བཞིན་མཐོང་བ་ལ༷ས་བྱུང༷་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། ཐབས་བདེ་བ་ཆེན་པོ་དགའ་བ་བཞིའི་ཡེ་ཤེས་ཀྱིས་དྲངས་པའི་ལམ་གྱི་འོད་གསལ་གྱི་ཡེ་ཤེས་མཐར་ཕྱིན་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ནོར་བུ་མཐའ་མེད་དུ་བརྡལ་བ་སྟེ་དེ་ལྟར་ཡེ༷་ཤེས༷་ལས༷་བྱུང༷་ཞིང་ཡེ་ཤེས་ལ་གནས་པའི་བདག་ཉིད་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་པའོ།།

ལྔ་བ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་སྒོ་ནས་བསྟོད་པ་ནི། སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཅེས་པས་བསྟན་ཏེ། ཆོས་ཐམས་ཅད་མེད་བཞིན་སྣང་བ་སྒྱུ༷་མ་ལྟ་བུ་སྟོང་པ་དང་། སྣང་བའི་ཡེ་ཤེས་གཟུགས་བརྙན་གྱི་འཕྲུལ༷་སྣང་བ་ལྟ་བུ་གསལ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་དང་ལྡན་པ་དེ་གཉིས་དོན་ལ་བདེ་སྟོང་དབྱེར་མེད་པའི་དྲྭ༷་བ༷་ཆེན་པོ་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། སངས༷་རྒྱས༷་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཉིད་རོལ་རྩེད་ཀྱིས་གཡོ་བ་མེད་བཞིན་གཟུགས་ཀྱི་སྣང་བ་ཁྲོ་བོ་དང་ཞི་བ་ལ་སོགས་པ་སྤྲུལ་པ་སྣ་ཚོགས་པའི་རོལ༷་བ་རིམ་དང་ཅིག་ཆར་དུ་སྟོ༷ན་པར་མཛད་པའི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་འགགས་མེད་པའི་ཆོས་ཉིད་ཀྱང་ཁྱོད་ཡིན་ལ། རྟོག་པ་མེད་པའི་འོད་གསལ་བའི་ཡེ་ཤེས་ཐམས་ཅད་ཀྱང་ཁྱོད་ཡིན་པ་དང་། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་སྐུ་ཡང་ཁྱོད་ཡིན་ལ། བརྗོད་མེད་བརྗོད་པ་ཆེན་པོའི་གསུང་ཡང་ཁྱོད་ཡིན་ཞིང་། འགགས་མེད་ཡེ་རྫོགས་ཆེན་པོའི་ཡོན་ཏན་ཡང་ཁྱོད་ཡིན་པ་དང་། ཆད་མེད་རོལ་བ་སྣ་ཚོགས་པའི་འཕྲིན་ལས་ཀྱི་བྱེད་པ་ཡང་ཁྱོད་ཡིན་པ་སྟེ། ཐམས༷་ཅ༷ད་ཁྱོད་ལ་ཐམས༷་ཅ༷ད་ཁྱོད་ཀྱི་རོལ་བ་ལས་བྱུང་བའི་སངས་རྒྱས་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་དང་། ཡེ༷་ཤེས༷་ཐམས་ཅད་རོ་གཅིག་པའི་བདག་ཉིད་དུ་གྲུབ་ཅིང་ཡེ་ཤེས་ཀུན་གྱི་བྱ་བ་ཡེ་ཤེས་གཅིག་གི་མཛད་པར་ལྷུན་གྱིས་གྲུབ་པའི་སྐུ༷་ཉི༷ད་མངའ་བ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཁྱོ༷ད་ལ༷་སྒོ་གསུམ་གུས་པས་འདུ༷ད་ཅིང་ཕྱག་འཚལ་ལོ་ཞེས་པའོ།།

སྨྲས་པ།

ཀུན་རྟོག་རླུང་གིས་གཞལ་ཡང་མི༷་བ༷སྐྱོད་པའི།།

མི་ཤིགས་རྡོ༷་རྗེ༷་མན་ཤེལ་ས་གཞི་འཆང་།།

སྒྲིབ་བྲལ་མཁྱེན་པའི་འོད་སྟོང་རབ་འབར་བ།

མེ༷་ལོང༷་ཡེ༷་ཤེས༷་རྒྱལ་ཀུན་སྙིང་ལ་འཛུམ།།

རྣམ༷་པར༷་ཅི་སྣང༷་དབྱིངས་ཀྱི་སྣང་བ་ཆེ།།

མཛ༷ད་པ་གང་སྟོན་དབྱིངས་ཀྱི་ཆོ་འཕྲུལ་གར།།

ཆོས༷་དབྱིང༷ས་དགའ་མའི་འཛུམ་རིས་གཡོ་བའི་ཞལ།།

གཉིས་མེད་ཡེ༷་ཤེས༷་གཞོན་ནུར་མཛའ་དེར་དུང་།།

ཀུན་ཀྱང་དབྱིངས་ཀྱི་རོལ་བར་མཉམ༷་ཉི༷ད་ཀྱང་།།

ཡོན་ཏན་ཡེ༷་ཤེས༷་རི༷ན་ཆེ༷ན་འདོད་འབྱུང༷་ཆར། །

གཟུང་འཛིན་ཚ་བའི་གདུང་བྲལ་བསིལ་ལྡ༷ན་པ།།

དག་མཉམ་སྐུ་བཞིའི་རྒྱ་མཚོ་ཡིད་གར་འོང་།།

སོ་སོར་མི་གནས་སོ་སོར༷་རྟོགས༷་པ་ཡི།།

འཁོར་འདས་སྣང༷་བ༷་མཐའ༷་ཡས༷་མཁྱེན་ལྡན་པའི།།

ཆགས་མེད་བདེ་བའི་ཡེ༷་ཤེས༷་དགྱེས་པའི་གར།།

བདེ་སྟོང་ཟླ་བའི་ཞལ་རས་འཛུམ་པར་བརྩེན།།

དོ༷ན་དམ་ཡོ༷ད་མེད་གྲུབ༷་པ༷་ལས་འདས་པའི།།

བྱ༷་བྱེད་མ་གྲུབ༷་ཆོས་ཉིད་དག་པའི་ཁྱིམ།།

སྣ་ཚོགས་འཕྲིན་ལས་བྱེ་བའི་སྒྱུ་འཕྲུལ་གྱིས། །

ཡེ༷་ནས་ཤེས༷་པའི་རང་ཞལ་སྟོན་དེར་གུས།།

ཞེས་བྱ་བ་ནི་ལེའུ་བཅུ་གཅིག་པའི་དོན་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

ཕན་ཡོན་བསྟན་པའི་ལེའུ།

བཅུ་གཉིས་པ་ཕན་ཡོན་བསྟན་པའི་ལེའུ་ནི། ལག་ན་རྡོ་རྗེ་རྡོ་རྗེ་འཆང་། འདི་ནི་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་མ་འདྲེས་པ་ཡོངས་སུ་དག་པའི་མཚན་ཡང་དག་པར་བརྗོད་པའོ། །ཁྱོད་ནི་བླ་ན་མེད་པའི་དགའ་བ་དང་རབ་ཏུ་དང་བ་དང་མགུ་བ་ཆེན་པོ་ཡང་དག་པར་བསྐྱེད་པའི་དོན་དང་། སྐུ་དང་གསུང་དང་ཐུགས་ཀྱི་གསང་བ་ཡོངས་སུ་དག་པའི་ཕྱིར་དང་། ཡོངས་སུ་མ་རྫོགས་པ་དང་། ཡོངས་སུ་མ་དག་པའི་ས་དང་ཕ་རོལ་ཏུ་ཕྱིན་པ་དང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་པ་དང་། ཡོངས་སུ་དག་པའི་ཕྱིར་དང་། བླ་ན་མེད་པའི་དོན་ལྷག་པར་མ་རྟོགས་པ་ལྷག་པར་རྟོགས་པའི་ཕྱིར་དང་། མ་ཐོབ་པ་ཐོབ་པའི་ཕྱིར་དང་། ཇི་སྲིད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་ཚུལ་ཡང་དག་པར་གཟུང་བའི་དོན་དུ་ཡང་བདག་གིས་བསྟན་པ་དང་། ཡང་དག་པར་རབ་ཏུ་བཤད་པ་དང་། རྣམ་པར་བཀྲོལ་བ་དང་། རྣམ་པར་ཕྱེ་བ་དང་། རབ་ཏུ་གསལ་བར་བྱས་པ་དང་། བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ་འཆང་། འདི་ནི་ངས་ཁྱོད་ཀྱི་རྒྱུད་ལ་སྔགས་ཀྱི་ཆོས་ཉིད་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱིས་བྱིན་གྱིས་བརླབས་པའོ། །ཞེས་པ་ནས། བསྐལ་བ་མང་པོར་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་བླ་ན་མེད་པའི་ཆོས་སྟོན་པ་པོ་དང་། ཕྱོགས་བཅུར་ཆོས་ཀྱི་རྔ་བོ་ཆེ་ལྷག་པར་གནས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་རོ། །འདི་ནི་འཁོར་ལོ་དྲུག་པའི་རྗེས་སུ་བསྔགས་པ་དཔག་ཏུ་མེད་པའོ། །ཞེས་པའི་བར་གྱིས་བསྟན་ཏེ། མཚན་བརྗོད་འགྲེལ་བ་དྲི་མེད་འོད་ལས། ལག་ན་རྡོ་རྗེ་འཆང་ཞེས་བྱ་བ་ལ་སོགས་པ་ནས། ཕྱོགས་བཅུར་དམ་པ་ཆོས་ཀྱི་རྔ་སྒྲ་ཆེན་པོ་རྒྱུན་མི་འཆད་པར་སྒྲོགས་པའི་ཆོས་ཀྱི་རྒྱལ་པོར་འགྱུར་རོའི་བར་གྱི་ཕན་ཡོན་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་འཁོར་ལོ་དང་པོའི་རྗེས་སུ་བསྔགས་པ་བཅུ་གཅིག་དང་། འཁོར་ལོ་གཉིས་པའི་རྗེས་སུ་བསྔགས་པ་ལྔ་བཅུ་རྩ་གཉིས་དང་། འཁོར་ལོ་གསུམ་པའི་རྗེས་སུ་བསྔགས་པ་ཡང་ལྔ་བཅུ་རྩ་གཉིས་དང་། འཁོར་ལོ་བཞི་བའི་རྗེས་སུ་བསྔགས་པ་བཅུ་དགུ་དང་། འཁོར་ལོ་ལྔ་བའི་རྗེས་སུ་བསྔགས་པ་ལྔ་བཅུ་རྩ་གཅིག་དང་། འཁོར་ལོ་དྲུག་པའི་རྗེས་སུ་བསྔགས་པ་དཔག་ཏུ་མེད་པ་སྟེ་འཁོར་ལོ་དྲུག་གི་སྒོ་ནས་ཕན་ཡོན་རྒྱ་ཆེན་པོའི་བསྔགས་པ་བརྗོད་འདུག་པས་ཤེས་པར་འདོད་ན་རྒྱུད་རང་གཞུང་དུ་བལྟ་བར་བྱ་ལ། ཕན་ཡོན་བསྔགས་པའི་ཚིག་དོན་ནི་གོ་སླ་མོད་ཚིག་ཧ་ཅང་མང་བས་འདིར་ཡི་གེས་འཇིགས་ནས་ཡོངས་རྫོགས་མ་བཀོད་ཅིང་འགྲེལ་བའི་ངལ་བ་མ་བགྱིས་སོ།། །།

སྨྲས་པ།

ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས།།

གཉིས་མེད་ཡེ་ཤེས་མཉམ་སྦྱོར་བའི།།

སྐུ་གསུམ་ངོ་བོ་ལྷུན་གྲུབ་པ།།

འཇམ་དཔལ་ཡེ་ཤེས་སེམས་དཔའ་ཆེ།།

སྟོན་དང་ཤེས་ཤིང་རྟོགས་པ་ལ།།

ཡོན་ཏན་མེ་ཏོག་རྣམ་བཞད་པའི།།

ཕན་ཡོན་བསྔགས་པའི་རྫ་རྔའི་དབྱངས།།

ཐུབ་དབང་མགྲིན་པའི་དུང་ལས་བརྡོལ།།

ལག་ན་རྡོ་རྗེ་མཛེས་འབར་བས།།

གསང་བའི་ཆོས་ཚུལ་དྲིལ་བུའི་སྒྲ།

སྡུད་མཁས་གཞོན་ནུའི་ཞུ་སྤོབས་ཀྱིས།།

སྟོན་པས་གླུ་བླངས་སྙན་པའི་གླུ།།

འཛིན་ཀློག་སྤེལ་འཆང་གླིང་བུའི་སྒྲར།།

བསྡེབས་ལ་འཇམ་དབྱངས་སྙིང་ཞུགས་ནས།།

ཟབ་དོན་སྦྱིན་དང་བདུད་སྐྲག་པའི།།

ངོ་མཚར་ཕན་ཡོན་དབྱངས་ལ་ཉོན།།

ཞེས་བྱ་བ་ནི་ལེའུ་བཅུ་གཉིས་པ་མིང་ཙམ་སྨོས་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

སྔགས་དོན་བསྟན་པའི་ལེའུ།

བཅུ་གསུམ་པ་སྔགས་དོན་བསྟན་པའི་ལེའུ་ནི། མཚན་བརྗོད་འགྲེལ་བ་དྲི་མེད་འོད་ལས། ཨོཾ་སརྦ་དྷརྨཱ་ཞེས་བྱ་བ་ལ་སོགས་པ་ནས། ཛྙཱ་ན་གརྦྷ་ཨཱ་ཞེས་བྱ་བ་ལ་སོགས་པའི་བར་གྱིས་སྔགས་ཀྱི་ལེའུ་བསྟན་ཏོ། །ཞེས་འདི་ལ་སྔགས་ཀྱི་ལེའུ་ཞེས་གསུངས་ལ། དེ་ལ་ཡེ་ཤེས་ཀྱི་སྔགས་ཀྱི་རང་བཞིན་བསྟན་པའམ་རྩ་སྔགས་དང་། འཇམ་དཔལ་ཡེ་ཤེས་སེམས་དཔའི་སྔགས་ཀྱི་རང་བཞིན་བསྟན་པ་དང་གཉིས་ལས། དང་པོ་ནི། ཨོཾ་སརྦ་དྷརྨཱ་བྷཱ་ཝ། སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵུཿ ཨ་ཨཱ་ཨཾ་ཨཱཿ ཞེས་པ་རྣམས་ཀྱིས་བསྟན་ཏེ། སྤྱིར་སྔགས་ལ་དོན་གྱི་སྔགས་དང་། ཚིག་གི་སྔགས་དང་། རྟགས་ཀྱི་སྔགས་དང་གསུམ་ཡོད་ལ། དང་པོ་ནི། སངས་རྒྱས་ཀྱི་ཐུགས་བདེ་བ་ཆེན་པོའི་ཡེ་ཤེས་དང་། གཉིས་པ་ནི། ཡི་གེ་ཨཱ་ལི་ཀཱ་ལིའི་ཕྲེང་བ་དང་། གསུམ་པ་ནི། ལྷ་དང་ཡེ་ཤེས་འཕྲིན་ལས་རྣམས་སྦྱོར་བ་ལ་བྱེད་པར་གསུངས་སོ།།

གཙོ་བོ་སྔགས་འདི་ཡིས་ཤེས་རབ་ཀྱི་རང་བཞིན་བསྟན་ཅིང་། ཡི་གེ་བརྒྱད་ཅུ་རྩ་གཉིས་ཡོད་པ་ཡིན་ཏེ། ཌོམྦི་པས། ཨོཾ་སརྦ་དྷརྨཱཿ ཞེས་པ་ནས་ཛྙཱ་ན་གརྦྷ་ཨཿ ཞེས་པའི་བར་དུ་ཡི་གེ་བརྒྱད་ཅུ་རྩ་གཉིས་ཀྱིས་ནི་ཆོས་ཐམས་ཅད་རྣམ་པར་དག་པའི་ཚུལ་གྱིས་ཤེས་རབ་ཀྱི་ངོ་བོ་གསུངས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་སྔགས་དོན་དངོས་ནི། རྒྱུད་རྡོ་རྗེ་རྩེ་མོ་ལས། ཨོཾ་ནི་ཅི་ཞིག་ཡིན་པར་བཤད། །མཆོག་དང་ནོར་སྟེར་དཔལ་དང་གཡང་། །སྐལ་བཟང་རྣམ་པ་དང་ལྡན་ཞིང་། །དམ་བཅའ་བ་དང་བཀྲ་ཤིས་དོན། །ནོར་བུ་འཛིན་པའི་སྔགས་སུ་བརྗོད། །ཅེས་གསུངས་པ་ལྟར་ཨོཾ་ཡིག་བཀྲ་ཤིས་པ་དང་དགེ་ལེགས་ཀྱི་བསྐལ་བཟང་འབྱུང་བའི་ཤིས་པ་བརྗོད་པའི་མགོ་འདྲེན་པའི་སྔགས་ཡིན་མོད། འདིར་ནི་ཨོཾ་ཡིག་ཡེ་ཤེས་ལྔ་དང་སྐུ་ལྔ་མཚོན་བྱེད་ཀྱི་ཡི་གེ་ཡིན་ཞིང་དེས་སྔགས་ཀྱི་མགོ་འདྲེན་པའོ།།

སརྦ་ནི་ཐམས་ཅད་དང་། དྷརྨ་ནི་ཆོས་དང་། བྷཱ་ཝ་ལ་སྔོན་དུ་ཨ་ཡོད་པས་ཨ་བྷཱ་ཝ་སྟེ། འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ། །ཞེས་པས་སྔ་མའི་མ་ཡིག་གི་སྲོག་གི་ཨ་དང་འདིའི་ཨ་འདུས་པའི་རིང་པོར་གྱུར་ནས། དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་བས་མ་ཡིག་དྲངས་པས་སྔ་མ་དྷརྨཱ་ཞེས་རིང་ཆ་ཅན་དུ་གྱུར་པ་ཡིན་ལ། ཨ་བྷཱ་ཝའི་དོན་ནི་དངོས་པོ་མེད་པའམ་སྐྱེ་བ་མེད་པ་དང་། སྭ་བྷཱ་ཝ་ནི་རང་བཞིན་ཡིན་ལ། འགྲེལ་བ་མང་པོར་རང་བཞིན་གྱིས་དག་པ་སྟེ་ངོ་བོས་སྟོང་པ་དང་། བི་ཤུདྡྷེ་ནི་རྣམ་པར་དག་པ་དང། བཛྲ་ནི་རྡོ་རྗེ་དང་། ཙཀྵུཿ ནི་མིག་དང་། ཨ་ཨཱ་ནི་སྐྱེ་བ་མེད་པ་དང་། ཨཾ་ཨཱཿ ནི་རང་ལ་ཡོད་པ་ཡིན་ཞེས་པ་སྟེ། སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཆོས་ཐམས་ཅད་ཀྱི་རང་བཞིན་རྒྱུ་རྐྱེན་གྱི་དངོས་པོ་ལས་མ་སྐྱེས་པའི་སྐྱེ་བ་མེད་པ། བདག་ཏུ་གྲུབ་པ་དང་བདེན་པར་གྲུབ་པའི་ངོ་བོས་སྟོང་པའི་སྤྲོས་པ་ཐམས་ཅད་དང་བྲལ་བ་རྣམ་པར་དག་པའི་ཆོས་ཉིད་དང་དབྱེར་མེད་པའི་མཚན་མའི་རྟོག་པས་མི་ཤིགས་པ་འགྱུར་བ་མེད་པ་རྡོ་རྗེའི་ཡེ་ཤེས་ཀྱི་མིག་སྐྱེ་འགགས་ཀྱི་རང་བཞིན་མེད་པ་གང་ཡིན་པ་དེ་ནི་ཡེ་ནས་རང་ལ་གནས་པའམ་ཡོད་པ་ཡིན་ནོ་ཞེས་པའོ།།

དཔེ་ལ་ལ་དང་། འགྲེལ་བ་འགར་ཙཀྵུཿ མེད་པ་ཡང་མཆིས་པས་རྒྱུད་དངོས་སུ་ཡོད་མེད་དཔྱད་པར་བྱ། འདི་ཡན་གྱི་སྔགས་འདི་དག་གིས་རྩ་སྔགས་བསྟན་པར་འདོད་ཏེ། སྒེག་པའི་རྡོ་རྗེའི་སྔགས་དོན་རྣམ་པར་ལྟ་བ་ལས། ཨོཾ་སརྦ་དྷརྨཱ་བྷཱ་ཝ། སྭ་བྷཱ་ཝ་བི་ཤུདྡྷེ་བཛྲ་ཙཀྵུཿ ཨ་ཨཱ་ཨཾ་ཨཱཿ ཞེས་པ་དེ་མཚན་ཡང་དག་པར་བརྗོད་པ་དེའི་རྩ་བའི་སྔགས་སོ། །ཞེས་དང་། གཞོན་ནུ་གྲགས་པའི་མཚན་བརྗོད་ཀྱི་མན་ངག་གི་འགྲེལ་བ་ལས། སྔགས་ཀྱི་དོན་ནི་གསུམ་སྟེ། རྩ་བའི་སྔགས་དང་། དམ་བཅའ་བའི་སྔགས་དང་། ཕྲེང་བའི་སྔགས་སོ། །རྩ་བའི་སྔགས་ནི་ཨོཾ་ནས་ཨ་ཡིས་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའི་སྔགས་ཀྱི་རང་བཞིན་བསྟན་པ་ལ། དམ་བཅའ་བའི་སྔགས་དང་། ཕྲེང་བའི་སྔགས་གཉིས་ལས།

དང་པོ་ནི། པྲ་ཀྲྀ་ཏི་པ་རི་ཤུདྡྷཿ སརྦ་དྷརྨཱ། ཡ་དུ་ཏ། སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་ཀཱ་ཡ་མཉྫུ་ཤྲཱི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡེ་ཏི། ཞེས་པས་བསྟན་ཏེ། པྲ་ཀྲྀ་ཏི་ནི་རང་བཞིན་དང་། པ་རི་ཤུདྡྷཿ ནི་ཡོངས་སུ་དག་པ་དང་། སརྦ་དྷརྨཱ་ནི་ཆོས་ཐམས་ཅད་དང་། ཡ་དུ་ཏ་ནི་མ་སྐྱེས་པ་དང་། སརྦ་ནི་སྔར་ལྟར་ལ། ཏ་ཐཱ་ག་ཏ་ནི་དེ་བཞིན་གཤེགས་པ་དང་། ཛྙཱ་ན་ནི་ཡེ་ཤེས་དང་། ཀཱ་ཡ་ནི་སྐུ་དང་། མཉྫུ་ཤྲཱི་ནི་འཇམ་དཔལ་དང་། པ་རི་ཤུདྡྷི་ཏཱ་ནི་གོང་བཞིན་ཡོངས་སུ་དག་པ་དང་། མུ་པཱ་དཱ་ཡེ་ཏི་ནི་བཟུང་ངོ་དང་མི་གཏོང་བར་ཁས་བླང་ངོ་ཞེས་པ་སྟེ། རང་བཞིན་ཡོངས་སུ་དག་པའི་ཕུང་པོ་ལ་སོགས་པའི་ཆོས་ཐམས་ཅད་མ་སྐྱེས་པའི་དབྱིངས་ལ་རོ་གཅིག་ཏུ་ཞུགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་ཡི་ངོ་བོ་འཇམ་དཔལ་ཡེ་ཤེས་སེམས་དཔའ་རྡུལ་བྲལ་ཤིན་ཏུ་ཡོངས་སུ་དག་པའི་སྐུ་སྟེ། དེ་ཉིད་བདག་ཅག་གིས་མི་གཏོང་བར་ཉམས་སུ་ལེན་པར་དམ་བཅའ་བར་ཁས་བླང་བར་བྱ་བའོ། །ཞེས་པའམ། སློབ་དཔོན་ཙནྡྲ་གོ་མིས། མུ་པཱ་དཱ་ཡེ་ཏི་ཨཾ་ཨཱཿ ཞེས་པ་ནི་བདག་ལ་རྗེས་སུ་ཞུགས་པའོ། །ཞེས་ཨཾ་ཨཱཿ ཡར་སྦྱར་བའི་དོན་ལྟར་ན་བཤད་མ་ཐག་པའི་ཡེ་ཤེས་དེ་བདག་གི་རྒྱུད་ལ་རྗེས་སུ་ཞུགས་པར་མཛོད་ཅེས་པའི་དོན་དུ་གོ་བར་བྱས་ཀྱང་རུང་བ་ཡིན་ནོ།།

བཟུང་བ་དང་དམ་བཅའ་བའི་དོན་དུ་འགྲེལ་བ་ནི། ཇོ་བོ་སྨྲྀ་ཏི་ཛྙཱ་ན་ཀིརྟིའམ་པཎ་ཆེན་དྲན་པ་ཡེ་ཤེས་གྲགས་པའི་མཚན་བརྗོད་བཤད་འབུམ་ལས། མུ་པཱ་དཱ་ཡེ་ཏི་ཞེས་པ་བཟུང་ངོ་། །མི་གཏོང་བར་ཁས་བླང་ངོ་། །ཞེས་པའི་དོན་ནོ། །ཞེས་གསུངས་པ་དང་། སྒེག་པའི་རྡོ་རྗེའི་འགྲེལ་བ་ལས། མུ་པཱ་དཱ་ཡེ་ཏི་ནི་ཁས་བླང་ངོ་། །གཟུང་བར་བྱའོ། །ཞེས་པའོ། །ཞེས་གསུངས་པ་ལྟར་དུ་བཞག་པའོ།།

རྒྱལ་དབང་རིན་པོ་ཆེའི་འགྲེལ་བར་སྔགས་ཚན་འདི་ལ་སྤྱན་འདྲེན་པའི་སྔགས་ཞེས་ས་བཅད་བཀོད་ནས། པྲ་ཀྲྀ་ཏི་ཞིང་གང་ལ་བཞུགས་པ་དང་། མུ་པཱ་དཱ་ཡེ་ཏི་མྱུར་བར་གཤེགས་ཤིག་ཅེས་པའི་དོན་དུ་འགྲེལ་བ་ཡང་ཨུ་རྒྱན་གྱི་སློབ་དཔོན་ཨ་ཝ་དྷཱུ་ཏཱི་པའི་མཚན་བརྗོད་ཀྱི་འགྲེལ་བ་ལས། དེས་ནི་སྤྱན་འདྲེན་པ་དང་གཤེགས་སུ་གསོལ་བའོ། །ཞེས་གསུངས་པ་དང་། མཚན་བརྗོད་དུས་འཁོར་དུ་བཀྲལ་བའི་འགྲེལ་བ་རྣམས་དང་མཐུན་པར་སྣང་ངོ་།།

གཉིས་པ་ཕྲེང་བའི་སྔགས་བསྟན་པ་ནི། ཨཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཧ་ར་ཧ་ར། ཨོཾ་ཧཱུཾ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མཱུརྟྟི། ཝཱ་གཱི་ཤྭ་ར། མ་ཧཱ་པཱ་ཙ། སརྦ་དྷརྨ་ག་ག་ནཱ་མ་ལ་སུ་པ་རི་ཤུད་དྷ་དྷརྨ་དྷ་ཏུ་ཛྙཱ་ན་གརྦྷ་ཨཱཿ ཞེས་པ་སྟེ། ཡང་ཨཾ་ཨཱཿ ནི་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་དང་། སརྦ་ཏ་ཐཱ་ག་ཏ་ནི་གོང་བཞིན་དེ་བཞིན་གཤེགས་པ་ཐམས་ཅད་དང་། ཧྲྀ་ད་ཡ་ནི་སྙིང་པོ་དང་། ཧ་ར་ཧ་ར་ནི་འཕྲོག་པའམ་གཏོར་ཅིག་དང་། ཨོཾ་ཧཱུཾ་ཧྲཱིཿ ནི་སྐུ་གསུང་ཐུགས་དང་། བྷ་ག་ཝཱན་ནི་བཅོམ་ལྡན་འདས་དང་། ཛྙཱ་ན་ནི་གོང་ལྟར་ཡེ་ཤེས་དང་། མཱུརྟྟི་ནི་སྤྱི་གཙུག་དང་། ཝཱ་གཱི་ནི་ངག་དང་། ཤྭ་ར་ནི་དབང་ཕྱུག་དང་། མ་ཧཱ་ནི་ཆེན་པོ་དང་། པཱ་ཙ་ནི་འཇམ་པའམ་ཆོས་དང་། སརྦ་དྷརྨ་ནི་ཆོས་ཐམས་ཅད་དང་། ག་ག་ན་ནི་ནམ་མཁའ་དང་། ཨ་མ་ལ་སུ་པ་རི་ནི་དྲི་མ་མེད་པ་སྟེ། ཨ་ནི་དགག་ཚིག་ཡིན་ཕྱིར་དྲི་མ་མེད་པ་དང་དྲི་མ་དང་བྲལ་བར་ཙནྡྲ་གོ་མིས་འགྲེལ་བ་ལྟར་དགག་པའི་དོན་དུ་ཡོད་དགོས་མོད། སྔ་མའི་ན་དང་ཨ་གཉིས་འཕྲད་ཚེ་མཚམས་སྦྱོར་གྱི་དབང་གིས་འདྲ་བ་འདུས་པ་རིང་པོར་གྱུར་ཞིང་། དབྱངས་ཀྱིས་དམན་པ་ཕ་རོལ་དུ་སྦྱར་བས་ནཱ་རིང་ཆ་ཅན་དུ་གྱུར་པ་དང་ཨ་སྔ་མའི་སྲོག་ཁོངས་སུ་ཡོད་པ་ལ་གོ་དགོས་སོ།།

ཤུད་དྷ་ནི་ཡོངས་སུ་དག་པ་དང་། དྷརྨ་དྷ་ཏུ་ནི་ཆོས་ཀྱི་དབྱིངས་དང་། ཛྙཱ་ན་ཡང་ཡེ་ཤེས་དང་། གརྦྷ་ནི་སྙིང་པོ་དང་། ཨཱཿ ནི་སྐྱེ་བ་མེད་པའི་དོན་ནོ།།

དེ་ཡང་སྐྱེ་བ་མེད་པའི་ཆོས་ཀྱི་དབྱིངས་དང་དབྱེར་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཉོན་མོངས་པ་དང་གཉིས་སུ་འཛིན་པ་སྒྲིབ་གཉིས་ཀྱི་དྲི་མ་དང་བཅས་པ་འཕྲོག་ཅིང་གཏོར་བར་བྱེད་པ་སྐུ་གསུངས་ཐུགས་དབྱེར་མི་ཕྱེད་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ནི། སྤྱི་གཙུག་ཏུ་དབང་བསྐུར་བའི་སྟོབས་ཀྱིས་སད་པ་སྟེ། སངས་རྒྱས་རྣམས་ཀྱིས་བསྐུར་བའི་དབང་གི་ཡེ་ཤེས་ལ་བརྟེན་ནས་མངོན་དུ་གྱུར་པ་ཡིན་ལ། དེའི་ངོ་བོ་ནི་ངག་གི་དབང་ཕྱུག་ཆེན་པོ་བརྗོད་མེད་གསུང་རྡོ་རྗེའི་རང་བཞིན་རྗེ་བཙུན་འཇམ་དཔལ་དབྱངས་ཞེས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནམ་མཁའ་ལྟ་བུ་སྤྲོས་པའི་དྲི་མ་མེད་ཅིང་དྲི་མ་དང་བྲལ་བ་ཡོངས་སུ་དག་པའི་ཆོས་ཀྱི་དབྱིངས་དང་འགྱུར་བ་མེད་པའི་ཡེ་ཤེས་ཀྱི་སྙིང་པོ་དབྱེར་མི་ཕྱེད་པར་འཛིན་པའི་སྐྱེ་བ་མེད་པའི་ཟུང་འཇུག་རབ་ཏུ་མི་གནས་པའི་དོན་ལས་གཞན་དུ་མེད་པའི་ཕྱིར་ན། འཕགས་པ་འཇམ་དཔལ་ཡེ་ཤེས་སེམས་དཔའ་ཞེས་པ་ནི་གཟུགས་དང་སྒྲ་རུ་བཏགས་པའི་ཞལ་ཕྱག་གི་མཚན་མ་ཅན་དུ་མི་འཛིན་པར་དེ་ལྟ་བུའི་དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཆོས་ཉིད་ལ་གཟུང་ཚེ་གཟོད་འཇམ་དཔལ་དབྱངས་ཀྱི་ངོ་ཤེས་ཤིང་འཇམ་དཔལ་དབྱངས་ཀྱི་ཞལ་མཇལ་བ་ཡིན་པ་ཤེས་པར་བྱའོ་ཞེས་པ་སྟེ། དེ་ལྟར་སྔགས་ཚན་ཕྱི་མ་གཉིས་པོ་ནི་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྔགས་ཕྲེང་ཡིན་ཏེ། སྒེག་པའི་རྡོ་རྗེས། འཕགས་པ་མཚན་ཡང་དག་པར་བརྗོད་པའི་སྔགས་ཀྱི་ཕྲེང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་སྔགས་ཚན་འདི་དག་ནི་རང་བཞིན་ལྷུན་གྲུབ་ཀྱི་སྔགས་དང་། ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་དང་། འཛབ་སྔགས་དང་། ཕྲེང་སྔགས་དང་། སྒྲུབ་སྔགས་དང་། ལས་སྔགས་དང་། ཡེ་ཤེས་སེམས་དཔའི་སྐུ་སྔགས་ཀྱང་ཟེར་བ་ཡིན་ཏེ། ཇོ་བོ་སྨྲྀ་ཏིའི་བཤད་འབུམ་ལས། འདི་ནི་རང་བཞིན་ལྷུན་གྲུབ་ཀྱི་སྔགས་ཞེས་བྱའོ། །འདི་ནི་ལྷ་ཐམས་ཅད་ཀྱི་ཐུན་མོང་གི་སྔགས་ཞེས་ཀྱང་བྱ། འཛབ་སྔགས་དང་ཕྲེང་སྔགས་ཞེས་ཀྱང་བྱ། སྒྲུབ་སྔགས་དང་ལས་སྔགས་ཞེས་ཀྱང་བྱ། ཡེ་ཤེས་སེམས་དཔའི་སྐུ་སྔགས་ཞེས་ཀྱང་བྱ། རྒྱུད་ཐམས་ཅད་ཀྱང་འདིར་འདུས་ཏེ། ཞེས་གསུངས་པའི་ཕྱིར་རོ།།

འདི་ལ་ཕྲེང་བའི་སྔགས་ཞེས་པ་ཡང་སྔགས་ཕྲེང་ཞེས་པའི་དོན་ལས་ཕྲེང་བ་བྱིན་གྱིས་རློབས་པའི་སྔགས་ལྟ་བུར་གོ་ན་མིན་པར་མངོན་ནོ། །སྔགས་འདི་དག་གིས་དོན་གྱི་སྙིང་པོ་འཇམ་དཔལ་ཡེ་ཤེས་སེམས་དཔའི་ཡོན་ཏན་བསྡུས་པའི་སྒོ་ནས་བསྟོད་པ་ཡིན་པར་གསུངས་སོ།།

སྨྲས་པ།

ལེགས་སྦྱར་སྔགས་ཕྲེང་པཉྩ་ལི་ཀའི་གོས།།

ཟབ་དོན་བདུད་རྩིས་གཏམས་པའི་བུམ་པ་བཟང་།།

ལེགས་དྲིལ་བསོད་ཅན་དབང་པོ་རྣོ་ལྡན་པའི།།

རྡོ་རྗེ་ཐེག་པའི་སྣོད་བཟང་ལྕེར་སྨིན་པ།།

བྱིན་རླབས་སྤྲིན་གྱི་ཕྲེང་བ་དཀྲིགས་པ་ཡི།།

རྒྱལ་གསུང་གསང་བའི་བཅུད་བཟང་རྣམ་ཆགས་ཤིང་།།

རྟོགས་དཀའི་རོ་མངར་སྙིང་པོར་སྦྲུམ་པ་ནི།།

ལེགས་བཤད་ཀྱིས་ཏེ་བཟླས་པས་མྱོང་བ་བྲལ།།

སྟོང་ཕྲག་ཟུང་ལ་ལྷག་པའི་གྲངས་བརྒལ་བའི།།

དུས་བཟང་ཐུབ་པའི་ལྗགས་རྩེ་ལས་འཐོར་བའི།།

ཟབ་དོན་བདུད་རྩིའི་བཅུད་ལྡན་བསང་གཏོར་ཡང་།།

མ་སྐེམ་ཁོ་བོའི་སྐལ་བར་ཐོབ་འདིར་སྤྲོ།།

ལེགས་སྦྱར་དོན་ལ་ལེགས་པར་སྦྱངས་དམན་ཡང་།།

ལེགས་བཤད་དཔྱོད་པའི་ལེགས་བློའི་དཔྱིད་འབར་དེས།།

ལེགས་པར་བཀྲལ་གང་ལེགས་ཚོགས་ལ་མོས་བློ།།

ལེགས་པར་ལྡན་པའི་དཔལ་དུ་ལེགས་པར་བཀོད།།

ཅེས་བྱ་བ་ནི་ལེའུ་བཅུ་གསུམ་པའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།#div2 འཁོར་རྗེས་སུ་ཡི་རང་བ་བསྟན་པ།

བཅུ་བཞི་བ་ཐུན་མོང་མ་ཡིན་པའི་མཚན་གསུངས་པས་འཁོར་རྣམས་ཀྱིས་རྗེས་སུ་ཡི་རང་བ་བསྟན་པའི་ལེའུ་ལ་ནི། འཁོར་གྱིས་མཆོད་པར་བརྗོད་པ་བསྟན་པ་དང་། ཆེད་དུ་བརྗོད་པའི་བསྟོད་པར་བསྟན་པ་དང་གཉིས་ཡོད་ལ། དེ་ཡང་ཚིགས་སུ་བཅད་པ་ལྔ་ཡིས་བསྟན་པར་གསུངས་ཏེ། མཚན་བརྗོད་འགྲེལ་བ་དྲི་མེད་འོད་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་བྱ་བ་ལ་སོགས་པ་ནས། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་གྱིས་རྗེས་སུ་ཡི་རང་བ་བསྟན་ཏོ། །ཞེས་དང་། སྒེག་རྡོར་གྱི་གསང་སྔགས་ཀྱི་དོན་རྣམ་ལྟ་ལས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པ་དང་པོ་ནས་བརྩམས་ཏེ། རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་བར་གྱི་ཚིགས་བཅད་ལྔས་ནི་ཉེ་བར་བསྡུས་པའི་སྒོ་ནས་བསྟོད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དང་པོ་ནི། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཏེ། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ། ཤཱཀྱ་སེངྒེ། ཤཱཀྱའི་དབང་པོ། འདྲེན་པ་ཟླ་མེད་པ་གང་གི་ལྗགས་རྡོ་རྗེའི་དབྱངས་ཀྱིས་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པར་བརྗོད་པ་བསྟོད་པ་གླུ་བླངས་ཀྱི་ལེའུ་འདི་ཡོངས་སུ་རྫོགས་པ་བཀའ་བསྩལ་ཟིན་པའི་རྗེས་དེ་མ་ཐག་དེ༷་ནས༷་རྒྱལ་བ་ཀུན་གྱི་གསང་བའི་མཛོད་འཛིན་པའི་དཔལ༷་དང་ལྡ༷ན་པའི་རྒྱུད་ཐམས་ཅད་ཀྱི་རྩ་བའི་སྡུད་པ་པོ་ས་བཅུའི་དབང་ཕྱུག་ཕྱག་ན་རྡོ༷་རྗེ༷་འཆ༷ང་བའི་ལག་ན་རྡོ་རྗེ་དེ་ཉིད་འཁོར་དང་བཅས་པའི་ཐུགས་ཤིན་ཏུ་དགའ༷་ཞིང༷་གང་གསུངས་པའི་དོན་དེས་ཡིད་རབ་ཏུ་མ༷གུ་བ་དང་ལྡན་པའི་ངང་ནས༷་ཕྱག་ཐ༷ལ་མོ༷་སྤྱི་བོར་སྦྱ༷ར་ཏེ། སྲིད་གསུམ་འགྲོ་བའི་མགོ༷ན་པོ༷་བཞི་བཅོམ༷་དྲུག་ལྡ༷ན་གྱི་ཡོན་ཏན་རྒྱ་མཚོས་ཐུགས་རྒྱུད་ཕྱུག་པ་དེ༷་བ༷ཞིན་གཤེ༷གས་པ་རྫོགས༷་པའི་སངས༷་རྒྱས༷་ཤཱཀྱ་ཐུབ་པའི་ཞབས་ལ༷་སྤྱི་བོས་གཏུགས་པའི་མལ་ལྔ་སར་ཕབ་པའི་ཕྱ༷ག་འཚལ༷་ནས༷་ལུས་ཙོག་པོར་བསྡད་ཅིང་ཐལ་མོ་སྙིང་གར་སྦྱར་ཏེ་འཁོར་དང་བཅས་པས་མཆོད་ཅིང་བསྟོད་ནས་དེ་ལྟར་རྒྱུད་གསུངས་པ་ལ་རབ་ཏུ་མོས་པས་རྗེས་སུ་ཡི་རང་གི་མེ་ཏོག་མངོན་པར་འཐོར་རོ་ཞེས་པའོ།།

གཉིས་པ་ནི། དེ་ནས་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཟུགས་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །འགྲོ་བ་མགོན་མེད་རྣམས་དང་ནི། །བདག་ཅག་ཡང་དག་རྫོགས་པ་ཡི། །བྱང་ཆུབ་ཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲྭ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི། །རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །ཅེས་པའི་ཚིགས་སུ་བཅད་པ་བཞི་ཡིས་བསྟན་ཏེ། མངོན་པར་མོས་པས་རྗེས་སུ་ཡི་རང་གི་མེ་ཏོག་ཇི་ལྟར་མངོན་པར་འཐོར་ཞེ་ན། ལག་ན་རྡོ་རྗེས་དེ་ལྟར་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ནས་ཐལ་མོ་སྦྱར་བ་དང་བཅས་ས་ལ་འདུག་ཟིན་པའི་དུས་དེ༷་ནས༷་འགྲོ་བ་མགོན་མེད་རྣམས་སྐྱོབ་པའི་མགོ༷ན་པོ༷་ཉིད་དུ་གྱུར་པ་རྒྱལ་བ་ཀུན་གྱི་ཐུགས་གསང་བའི་བདག་ཉིད་དམ་ཟབ་ཅིང་གསང་བའི་སྔགས་ཀྱི་རྒྱུད་སྡེ་རྒྱ་མཚོའི་སྤྲོ་སྡུད་ཀྱི་བདག་པོར་གྱུར་པའི་གསང༷་བ༷འི་བད༷ག་པོ་མཚན་དུ་ལ༷ག་ན༷་རྡོ༷་རྗེ༷་ཞེས་སངས་རྒྱས་རྣམས་ཀྱིས་གསོལ་ཞིང་གསང་རྒྱུད་རྣམས་སུ་དེ་ལྟར་གྲགས་པ། ཤིན་ཏུ་འཇིགས་པའི་ཚུལ་འཛིན་པའི་ཁྲོ༷་བོ༷འི་རྒྱལ༷་པོ་དེ་ཉིད་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོ་དང་། མིའི་རིག་པ་འཛིན་པ་ལ་སོགས་པའི་སྣ༷་ཚོ༷གས་པའི་འཁོར་སྣ་ཚོགས་པའི་ཡོན་ཏན་དང་ལྡན་པ་གཞ༷ན་རྣམས་དང༷་ལྷ༷ན་ཅི༷ག་ཏུ༷་བཅོམ་ལྡན་འདས་ལ་གསང༷་བའི་ཡོན་ཏན་དུ་མ་མངའ་བ་ལ་ཡིད་ཞུམ་པ་མེད་པའི་སྒོ་ནས་བ༷སྟོད་པ་བྱས་ནས༷་ནི༷་ཚི༷ག་འ༷དི་དག་སངས་རྒྱས་ཀྱི་སྙན་དུ་གསོ༷ལ་བ་ཡིན་ཏེ། བཅོམ་ལྡན་འདས་ལ་མགོ༷ན་པོ༷་ཞེས་བོས་ནས་། བད༷ག་ཅ༷ག་རྒྱུད་གསུང་ཡུལ་དུ་གྱུར་པའི་ཉན་པ་པོ་འཁོར་དང་དང་བཅས་པས་ཁྱེད་ཀྱིས་བླ་ན་མེད་པའི་ཟབ་རྒྱས་ཀྱི་གསང་བ་རྒྱ་མཚོས་སྤྲས་པའི་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་བརྗོད་པ་གནང་བ་ལ་རྗེས་སུ་ཡི༷་ར༷ང་ངོ༷་།།

དེ་ལྟར་རང་གཞན་གྱི་དོན་གྲུབ་པས་ཤིན་ཏུ་ལེ༷གས་སོ༷་རབ་ཏུ་ལེ༷གས་སོ༷། །ཟབ་པ་དང་རྒྱ་ཆེ་བའི་དོན་གསལ་བར་ཡང་དག་པར་གསུངས་སོ། །ནོར་བ་དང་མ་ཚང་བ་ལ་སོགས་པ་མེད་པར་རྒྱུད་སྡེ་དུ་མའི་གནད་མཐའ་དག་ཚང་བར་ལེགས༷་པ༷ར་གསུང༷ས་སོ།།

དེ་ལྟར་ལེགས་པར་གསུངས་པ་ཡིན་པའི་རྒྱུ་མཚན་ཡང་རྒྱུད་འདི་མ་གསུངས་ན་འགྲོ་བ་རྣམས་རྣམ་གྲོལ་གྱི་ལམ་དང་འབྲས་བུ་ལ་འཇུག་པ་མེད་ལ། རྒྱུད་འདི་ལེགས་པར་གསུངས་པའི་དབང་གིས་འཁོར་བ་ལས་རྣམ༷་པར་གྲོལ༷་ནས་ཟུང་འཇུག་གི་འབྲས༷་བུ༷་ཐོབ་པར་འཚ༷ལ་བ༷འམ་འདོད་པ་ཡི༷་བློ་དང་ལྡན་པའི་གདུལ་བྱའི་འགྲོ༷་བ༷་ངན་འགྲོ་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་མགོ༷ན་མེ༷ད་པ་རྣམས༷་དང༷་ནི༷་རྒྱུད་འདི་ཉན་པའི་ལས་དང་སྐལ་བར་ལྡན་པ་བ༷དག་ཅ༷ག་འཁོར་བཅས་སྤང་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་བླ་ན་མེད་པ་ཡང༷་ད༷ག་པར་རྫོ༷གས་པ༷་ཡི༷་བྱང༷་ཆུབ༷་ཆེན་པོ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འཐོ༷བ་ནུས་པ༷འི་དོ༷ན་ཆེ༷ན་པོ་ཁྱོད་ཀྱིས་བྱིན་ཅིང་མཛ༷ད་པ་ལ་བདག་ཅག་ཤིན་ཏུ་ཡི་རང་བྱའོ།།

ཆོས་ཀུན་སྒྱུ༷་མ་ལྟ་བུར་གཟིགས་ཤིང་ཐབས་བདེ་ཆེན་པོའི་ཡེ་ཤེས་དང་ཤེས་རབ་སྟོང་པ་ཉིད་དབྱེར་མི་ཕྱེད་པའི་འཕྲུལ༷་གྱི་དྲྭ༷་བ༷འི་སྒྲོམ་ཆེན་པོས་བརྟན་གཡོའི་ཆོས་ཀུན་གཅིག་ཏུ་བསྡུས་པའི་ཚུལ༷་ཇི་བཞིན་བསྟ༷ན་པ༷་འདི༷་ཉིད་ནི༷་ཤིན་ཏུ་རྣམ༷་པར་ད༷ག་པ་ཟུང་འཇུག་རབ་ཏུ་མི་གནས་པའི་ལེ༷གས་པ༷འི་ལམ༷་ཆེན་པོ་ཆོས་ཀྱི་དབྱིངས་ཟ༷བ་ཅིང༷་ཡེ་ཤེས་ཀྱི་ཚོགས་ཡངས༷་ལ༷་རྒྱ༷་རབ་ཏུ་ཆེ༷་བ༷་སྟེ། དེ་འདྲའི་དོ༷ན་ཆེ༷ན་པོས་ཕྱུག་པའི་ལམ་གྱིས་འགྲོ༷་བ་རྣམས་ཀྱི་ཐར་བ༷འི་དོ༷ན་ཆེན་པོ་འགྲུབ་པར་བྱེ༷ད་པ༷་དང་། སངས༷་རྒྱས༷་རྣམས༷་ཀྱི༷་སྤྱོད་ཡུལ༷་ཁོ་ནར་གྱུར་པའི་ཟབ་ལམ་འ༷དི་ནི༷་གང་ཟག་ཕལ་བ་ལྟ་ཞོག། ཉན་ཐོས་དང་། རང་རྒྱལ་དང་། ས་ལ་གནས་པའི་བྱང་སེམས་རྣམས་ཀྱི་ཡང་སྤྱོད་ཡུལ་མིན་པར་རྫོགས༷་པ༷འི་སང༷ས་རྒྱས༷་འདས་པ་དང་། ད་ལྟར་དང་། མ་འོངས་པའི་དུས་རྣམས་སུ་བྱོན་ཟིན་པ་དང་། བྱོན་པ་དང་། འབྱོན་པར་འགྱུར་བ་ཀུ༷ན་གྱིས༷་རྣམ་པར་བཤ༷ད་པའམ་གསུངས་པ་ལགས་ཕྱིར་གསུངས་འདི་ཤིན་ཏུ་ལེགས་སོ།།

རྒྱུ་མཚན་དེ་དག་གི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྒྱུད་འདི་ནི་རིན་ཐང་ཆེ་བ་དང་། གཞན་དང་མི་མཉམ་པ་དང་། ཤིན་ཏུ་དཀོན་པ་དང་། རྟོག་གེའི་སྤྱོད་ཡུལ་མིན་པ་དང་། བདུད་དང་མི་སྟེགས་པ་རྣམས་སྤ་བཀོང་བར་བྱེད་པ་དང་། ཐེག་པ་འོག་མ་རྣམས་ཟིལ་གྱིས་གནོན་པར་བྱེད་པ་དང་། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་གདུལ་བྱའི་ཐར་བའི་ཉེར་འཚོར་གྱུར་པ་ཡིན་ནོ་ཞེས་པའོ། །དེ་ལྟར་ཕུལ་དུ་བྱུང་བ་ཕན་ཡོན་རྒྱ་ཆེན་པོ་དང་ལྡན་པ་ཡིན་པའི་ཚུལ་སོགས་ནི་ཕན་ཡོན་གྱི་སྐབས་ནས་བྱུང་བ་ལྟར་ལགས་པས་དེར་བལྟ་བར་བྱ་བ་ལས་འདིར་ཡི་གེས་འཇིགས་ནས་མ་སྤྲོས་སོ།།

འགྲེལ་བ་དྲི་མེད་འོད་ལས། དེ་ལྟར་ལེའུ་བཅུ་བཞིའི་དོན་བརྗོད་པར་བྱ་བའོ། །ལེའུ་བཅུ་བཞིའི་ཚིག་ནི་རྗོད་པར་བྱེད་པའོ། །ཞེས་གསུངས་པ་ལྟར་ལེའུ་བཅུ་བཞིའི་ཚིག་གིས་བསྟན་པའི་བརྗོད་བྱ་འཇམ་དཔལ་ཡེ་ཤེས་སེམས་དཔའི་མཚན་ཡང་དག་པ་རྣམ་པར་དགེ་བ་ལེགས་པར་གསལ་བར་བྱས་པ་ཡིན་ཞིང་། དེ་དོན་རང་གིས་ལུང་དང་རིགས་པའི་ལམ་ལས་འདའ་བ་མེད་པའི་སྒོ་ནས་རྣམ་པར་བཤད་ཟིན་ཏོ།། །།

སྨྲས་པ།

རྒྱལ་གསུང་པདྨོའི་སྙིང་པོའི་སྙིང་པོ་རུ།།

སྦྲུམ་པའི་སྒྱུ་འཕྲུལ་རྒྱུད་རྒྱལ་ཀེ་ས་ར།།

ཐུབ་དབང་ཉིན་མོའི་འདྲེན་པ་ལས་ཕྱེས་པ།།

རྡོ་རྗེ་ཅན་འཁོར་རྐང་དྲུག་དཔྱིད་འབར་བས།།

རབ་དགའ་དད་པའི་གཤོག་ཟུང་བརྡེབས་པ་ལས།།

ལེགས་སོའི་བསྟོད་དབྱངས་རྫ་རྔ་འཁྲོལ་བ་ཡང་།།

རྒྱུད་དང་སྟོན་པ་འཁོར་གྱི་ཆེ་བ་རུ།།

འཇིག་རྟེན་རྣམ་གསུམ་དགའ་བའི་ཚལ་ན་ལྡིར།།

ལེགས་པར་གསུངས་ལ་ལེགས་སོས་བསྟོད་པ་ནི།།

བསྟོད་པར་འོས་ཏེ་བསྟོད་འོས་འབུམ་གྱི་ཏོག།

མི་ལེགས་དོན་ལ་ལེགས་པའི་ཀླག་ཅོར་གྱིས།།

བླུན་པོ་དགའ་བའི་མེ་ཆེན་སྦར་དེ་མཚར།།

ཇོ་བཟང་གཡེམ་མ་ངན་མོའི་འཛུམ་དཀར་དེས།།

སྙིགས་ལྔའི་འགྲོ་བ་ཉམ་ངའི་གཡང་སྐྱེལ་ལ།།

ལེགས་སོའི་གསོབ་སྟོང་བོན་པོའི་རྔ་གོག་སྒྲ།

བློ་ངན་ཡལ་གའི་རི་དྭགས་ཚོགས་ལ་མཛའ།།

འདི་ན་རྣམ་གྲོལ་འབྲས་བུ་གཡུར་ལྡེམ་པའི།།

འཇམ་དབྱངས་འབྲས་དཀར་སྙེ་མའི་མཛོད་བསྐྱིལ་ལ།།

རབ་བསྔགས་ཁུ་བྱུག་བུ་མོའི་མགྲིན་པའི་གླུར།།

ཤེས་ལྡན་སུ་ཞིག་སྤྲོ་དགས་མི་ཉན་ཅི།།

ཞེས་བྱ་བ་ནི་ལེའུ་བཅུ་བཞི་བའི་སྐབས་གསལ་བར་བཤད་པའི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

ཐ་མར་དགེ་བ་མཇུག་གི་དོན།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ནི། མཛད་པ་པོའམ་གསུང་བ་པོ་སུ་ཡིས་གསུངས་པ་དང་། འགྱུར་བྱང་བསྟན་པ་དང་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ། །ཞེས་པ་སྟེ། དོན་གོ་ཤིན་ཏུ་སླའོ།།

གཉིས་པ་ནི། རྒྱ་གར་གྱི་མཁན་པོ་ཤྲང་དྷ་ཀཱ་ར་ཝརྨ་དང་། ཀ་མ་ལ་གུཔྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་པའོ། །ཞེས་པ་སྟེ་ཤྲང་དྷ་ཀཱ་ར་ཝརྨ་ནི་སློབ་དཔོན་དད་བྱེད་གོ་ཆ་ཞེས་པ་དང་། ཀ་མ་ལ་གུཔྟ་ནི་པདྨ་སྦས་པ་ཟེར་བ་ཡིན་ཞིང་གོ་སླ་ལ། གཞན་ཡང་མཚན་བརྗོད་འདི་ལ་ཤོང་ལོ་ཙཱ་བ་བློ་གྲོས་བརྟན་པའི་འགྱུར་ཞིག་ཀྱང་འདུག་ལ། དེའི་དཔེའི་མཇུག་ཏུ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གསུང་རབ་ཐམས་ཅད་ལ་དབང་འབྱོར་བའི་བདག་ཉིད་ཆེན་པོ་བླ་མ་དམ་པ་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས་ཉེ་བར་བསྐྱངས་པ། སྒྲ་བསྒྱུར་གྱི་ལོ་ཙཱ་བ་དགེ་སློང་བློ་གྲོས་བརྟན་པས་བསམ་གཏན་གླིང་གི་དབེན་གནས་སུ་ལེགས་པར་བསྒྱུར་ཅིང་དག་པར་བྱས་པའོ། །ཞེས་པ་ཡོད་ལ་དོན་གོ་སླའོ།།

འདི་ཉིད་ཀྱིས། ལེའུ་དང་པོའི། གླུ་བླངས་གང་ལགས་བཤད་དུ་གསོལ། །ཞེས་པ་དེ། གང་ཡང་ཡང་དག་རབ་གསུངས་པ། །ཞེས་པར་བསྒྱུར་འདུག་པས་བླུན་པོའི་ཁ་སྐད་ལ་འགྱུར་འདི་ལ་རབ་གསུངས་མ་ཟེར་ཞིང་ར་རྫི་སྐར་རྒྱལ་གྱིས་ལྷད་བཅུག་པའི་རྒྱུད་མི་དག་པ་ལྷད་མ་ཡིན་ཟེར་བ་ནི་ཁུངས་གཏན་ནས་མེད་པའི་འུར་གཏམ་ཡིན་ངེས་ལ། འགྱུར་གྱི་དབང་གིས་ལོ་ཆེན་གྱི་འགྱུར་དང་འདི་གཉིས་ཚིག་མི་འདྲ་བ་མང་མོད་དོན་ནི་དགོངས་པ་གཅིག་ཏུ་འདུག་པ་གོ་སླ་ཞིང་། ཤོང་ལོ་ཙཱ་བའི་འགྱུར་གྱི་མཇུག་ཏུ། སྔོན་གྱི་སྒྲ་བསྒྱར་ཆེན་པོ་དེ་དག་གིས། །རྒྱུད་འདི་བསྒྱུར་ཅིང་ཀུན་ལ་གྲགས་ལགས་མོད། །འོན་ཀྱང་སྒྲ་དོན་གཙུག་ལག་ཇི་བཞིན་དུ། །རྒྱུད་འདི་བློ་བརྟན་གཉིས་པས་ལེགས་པར་བསྒྱུར། །ཟབ་ཅིང་རྒྱ་ཆེ་རྡོ་རྗེ་ཐེག་པ་ཡི། །ངེས་དོན་ཡེ་ཤེས་དོན་གཉེར་སྐྱེས་བུ་དག །ཆོས་དང་དོན་ལ་ལེགས་པར་མི་རྟོན་པར། །གང་ཟག་ཚིག་འབྲུའི་རྗེས་སུ་མ་འབྲང་ཞིག །ཅེས་པའི་ཤོ་ལོ་ཀ་གཉིས་འདུག་པ་དེ་ཡང་གོང་གི་ཟེར་སྒྲོས་ལྟ་བུ་བྱུང་བའི་དབང་གིས་བྲིས་པ་ཡིན་ནམ་སྙམ་པ་ཡོད་ལ། ལོ་ཙཱ་བ་ཁོང་གིས་གསུང་ཡིན་ནམ་སྙམ་མོ། །རྒྱུད་འདི་སྔ་འགྱུར་གྱི་དུས་སུ་འགྱུར་བ་ཡིན་ཟེར་མོད། སློབ་དཔོན་པདྨའི་སྤྱན་སྔར་ལོ་ཙཱ་བ་སྐ་ཅོག་རྣམ་གཉིས་ཀྱིས་བསྒྱུར་ཅིང་ལོ་ཆེན་བཻ་རོས་ཞུ་དག་བྱས་ཟེར་བ་དང་། གཉགས་ལོ་ཡེ་ཤེས་གཞོན་ནུའམ་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཟེར་བ་ཡོད་ལ། རྙིང་མའི་རྒྱུད་འབུམ་ཁྲོད་དུ་ཡོད་པ་དངོས་གནས་ཡིན་མོད་དཔེ་མང་པོར་ལོ་ཙཱ་བ་སུས་བསྒྱུར་ཀྱི་འགྱུར་བྱང་མི་འདུག་པའང་མཆིས་སོ།།

དེ་ཡན་གྱིས་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་རྒྱུད་ཀྱི་འབྲུ་འགྲེལ་ཆ་ཚང་བ་སོང་ཟིན་པ་ཡིན་ལ། གོང་དུ་སྨོས་པའི་བསྟན་འགྱུར་ཁྲོད་དུ་ཡོད་པའི་རྒྱ་འགྲེལ་རྣམས་ལས་ནི་སངས་རྒྱས་གསང་བའི་འགྲེལ་བ་མི་ཞུགས་པ་དང་། ཡེ་ཤེས་གྲགས་པའི་འགྲེལ་ཆུང་ལག་ཏུ་མ་སོན་པ་ཙམ་ལས་ཐམས་ཅད་ལ་ཞིབ་ཙམ་བལྟས་མོད་སྨྲས་ཟིན་ལྟར་རྒྱ་འགྲེལ་སོ་སོས་རྒྱུད་སྡེ་གང་དུ་བཀྲལ་བའི་ཚུལ་མི་མཐུན་པ་དང་། རྒྱུད་སྡེ་གཅིག་གི་ཕྱོགས་སུ་བཀྲལ་བ་རྣམས་ཀྱིས་ཀྱང་ཚིག་གི་འབྲུ་མནན་ཚུལ་མི་འདྲ་བ་དང་། མཐར་ཆགས་སུ་འབྲུ་ནོན་མེད་པ་མང་བ་དང་། ཡི་གེ་གཅིག་གི་དོན་ལྟ་བུ་ལའང་སློབ་དཔོན་སོ་སོའི་འགྲེལ་སྟངས་མི་འདྲ་བ་དང་། སྤྱིར་རྒྱུད་འདིའི་དོན་ཤིན་ཏུ་ཟབ་ཅིང་ཚིག་སྒྲོམ་ཆེ་བ་དང་། དངོས་བསྟན་དང་སྦས་དོན་གྱི་ཚུལ་རྒྱ་ཆེན་པོ་མཆིས་ཤིང་། དངོས་ཤུགས་ཟུར་གྱི་དོན་མཐའ་ཡས་པ་ལ་འགྲེལ་དུ་ཡོད་པ་དང་། བླ་ན་མེད་པའི་རྒྱུད་སྡེ་ཐམས་ཅད་ཀྱི་དོན་བསྡུས་ཡིན་པ་མ་ཟད་རྒྱུད་སྡེ་འོག་མ་ལའང་འགྲེལ་དུ་ཡོད་པ་ལ་སོགས་པ་བདག་ལྟ་བུས་འདི་ཡིན་ཞེས་བརྗོད་དགོས་ན་ཤིན་ཏུ་སྔོ་མི་ཐོགས་མོད། སྨོས་ཟིན་ལྟར་རྒྱུད་སྡེ་འོག་མ་རྣལ་འབྱོར་རྒྱུད་དུ་མ་བཀྲལ་ཞིང་། ཐུན་མིན་རྫོགས་པ་ཆེན་པོའི་དོན་དུའང་མ་བཤད་པར་སློབ་དཔོན་གཉིས་མེད་རྡོ་རྗེའི་འགྲེལ་ཚུལ་ལ་ཌོམྦི་ཧེ་རུ་ཀ་དང་། ཙནྡྲ་གོ་མིའི་འགྲེལ་བ་གཉིས་ཟུར་རྒྱན་དུ་བཟུང་ནས། ཞི་བ་ལྷས། སྔོན་ཆད་མ་བྱུང་པའང་འདིར་བརྗོད་མེད། །ཅེས་གསུངས་པ་ལྟར། དོན་གྱི་ཆ་ལ་བློ་ཡི་འཇུག་པ་ཞན་པས་སློབ་དཔོན་དེ་དག་གི་དགོངས་པར་མ་སླེབས་པའི་འཐུས་ཤོར་ཙམ་ལས་གསར་བ་ཅི་ཡང་སྨྲར་བཏུབ་མེད་མོད། ཚིག་གི་ཆ་ལ་འབྲི་བཤུས་ཙམ་ལ་གསར་འགྲེལ་དུ་སྒྲོ་བཏགས་པའི་ངལ་ལས་ཙམ་མ་ཡིན་པར་རང་གི་བློས་ལྕོགས་ཚོད་དང་ཁ་ཡིས་འཇོན་ཚོད་ཀྱིས་ཁ་གསལ་དུ་འགྲེལ་ཁུལ་བགྱིས་པ་དང་། དེ་ཡང་གཟུ་ལུམ་དང་འོལ་ཚོད་ཀྱིས་འུར་ཤོབ་ནི་ཕྲ་མོ་ཙམ་ཡང་མེད་པར་ཟབ་མོའི་རྒྱུད་ལ་དད་པ་དང་མོས་འདུན་གྱིས་རང་བློ་ཟབ་མོའི་གཞུང་འདི་ལ་གོམས་པའི་ཆེད་དུ་བརྩམས་པ་ལགས་ཤིང་། བོད་འགྲེལ་ལ་དཔལ་མ་ཧཱ་པཎྜི་ཏ་རོང་ཟོམ་ཆེན་པོའི་མཚན་བརྗོད་ཀྱི་འགྲེལ་བ་དང་། རྒྱལ་དབང་གཉིས་པ་དགེ་འདུན་རྒྱ་མཚོའི་འགྲེལ་བ་དང་། ས་བཟང་མ་ཏི་པཎ་ཆེན་ནམ་བློ་གྲོས་རྒྱལ་མཚན་གྱི་མཚན་བརྗོད་འགྲེལ་བཤད་དྲི་མ་མེད་པའི་འབྲས་བུ་ཞེས་པ་དང་། རེབ་གོང་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེའི་མཚན་བརྗོད་འགྲེལ་བ་དང་། རྫོགས་ཆེན་མཁན་པོ་འཇིགས་མེད་ཡོན་ཏན་མགོན་པོའི་འགྲེལ་བ་རྒྱུད་དོན་རབ་གསལ་ཉི་ཟླའི་སྣང་བ་དང་། མཁས་པའི་དབང་པོ་མདོ་མང་མཁན་ཆེན་ཏེ་པའམ་འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་མཚན་བརྗོད་ཁོག་དབུབ་ཉི་ཟླའི་གཟི་འབར་དང་། འབྲུ་འགྲེལ་འཇམ་དཔལ་དགྱེས་པའི་བཞད་སྒྲ་རང་བྱུང་པདྨའི་ཞལ་ལུང་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་འགྲེལ་བ་བསྟོད་སྤྲིན་གྱི་སྒྲ་དབྱངས་རྣམས་ཙམ་ལས་མིག་སོན་མ་བྱུང་ངོ་།།

འོན་ཀྱང་རོང་ཟོམ་ཆེན་པོའི་འགྲེལ་བ་ནི་དབང་པོ་ཡང་རབ་མདོ་སྔགས་ཀྱི་གཞུང་ལ་ཆགས་ཐོགས་མེད་པའི་བློ་གྲོས་མངའ་བ་ཞིག་མིན་ན་མཚན་བརྗོད་འབྲུ་ནོན་གྱི་དོན་གོ་བྱེད་ཙམ་མི་འོང་པ་ལྟ་བུར་ཡོད་ལ། རྒྱལ་དབང་རིན་པོ་ཆེ་དང་ཡོངས་འཛིན་རིན་པོ་ཆེའི་འགྲེལ་བ་དེ་ནི་མཚན་བརྗོད་དུས་འཁོར་དུ་འགྲེལ་བའི་ལུགས་སུ་འདུག་པས་ཚིག་གི་དངོས་བསྟན་གྱི་དོན་མཁོ་བ་དང་དེ་ཡང་འབྲུ་ནོན་ལ་རེ་དགོས་པའི་གང་ཟག་ལ་ལ་ཁའི་ཆུ་ལུང་ཁུག་ཏུ་འབབ་དཀའ་ཙམ་དུ་གནས་པ་དང་། མཁན་ཆེན་རིན་པོ་ཆེ་མགོན་རིས་ཀྱི་ཊཱི་ཀ་ནི་པཎ་ཆེན་བི་མ་ལའི་འགྲེལ་བས་མཆན་བཏབ་པ་ཞིག་ཏུ་སྣང་ལ། མཁས་དབང་འཇམ་དབྱངས་གྲུབ་པའི་བློ་གྲོས་ཀྱི་ལེགས་བཤད་རྣམ་གཉིས་ནི་སློབ་དཔོན་པདྨའི་འགྲེལ་བའི་རྗེས་སུ་འབྲང་ནས་རྫོགས་ཆེན་དུ་བཀྲལ་བའི་ལུགས་བཟུང་འདུག་པས་བདག་གིས་བླ་མེད་སྤྱི་འགྲོས་ཙམ་དུ་སྒྲོ་བཏགས་པའི་ཞོ་གྲོ་ཕོར་བུ་གང་པོ་འདི་ལ་ཉེར་མཁོའི་ཕན་པ་ཆེར་མ་བྱུང་ངོ་།།

འདི་ལྟར་མི་ཤེས་བཞིན་དུ་རྣམ་བཤད་བྱེད་པའི་བྱ་བ་ལ་འཇུག་དགོས་དོན་ནི། སྔོན་རང་གི་ཞང་ཕྱོགས་ཉེ་བ་དགེ་སློང་ཤེས་རབ་རྡོ་རྗེ་ཟེར་བ་ཁོང་ལ་དེ་དུས་རྒྱ་གཞུང་གིས་ཞྭ་ནག་ཅན་ཞེས་ཤིན་ཏུ་ཉེས་ཚབ་ཆེ་བའི་མི་རུ་བརྩིས་ནས་དཀའ་ལས་སྣ་ཚོགས་ལ་བཀོལ་བཞིན་པ་ཞིག་ཡོད་ལ། རང་ཉིད་རང་ལོ་བཅུ་གཉིས་ཀྱི་དགུན་དུས་སུ་ཁོང་དང་ཕྲན་གཉིས་འབྲིང་སྟོད་དབྱར་མཚེར་དུ་གནག་ལུག་གི་ཁ་ཚའི་ནད་འགོག་ཆེད་དུ་ལམ་འགྲུལ་བ་འགོག་པའི་ལས་ལ་རྒྱ་གཞུང་ནས་བཀོལ་བྱུང་། དེ་དུས་དགེ་སློང་ཚང་ནས་ཉིན་གང་པོར་གུར་ནང་དུ་སྙིང་ཐིག་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ལ་དཔེ་གཟིགས་གནང་། བདག་གིས་ཕྱི་རོལ་དུ་མགྲོན་པོ་དང་ལམ་འགྲུལ་བ་ཡོད་མེད་སོ་ལྟ་དང་། གལ་ཏེ་ཡོད་ན་དགེ་སློང་ཚང་ལ་བརྡ་གཏོང་བ་དང་། ནད་འགོག་སྨན་ཆུ་ཞིག་ཡོད་པ་འགྲུལ་བའི་སྟེང་དུ་གཏོར་བའི་ཁུར་བླངས། མཚན་མོ་དགེ་སློང་ཚང་གིས་བདག་ལ་སྔོན་འགྲོའི་ཡི་གེའི་ཁྲོད་ཀྱི་གཏམ་རྒྱུད་སྣ་ཚོགས་ཡོད་པ་རྣམས་བཤད་ཅིང་། སྐབས་སྐབས་སུ་འཇམ་དཔལ་མཚན་བརྗོད་བསླབས། དེ་དུས་བོད་ཡིག་དགའ་རབ་ཤེས་པས་སྔགས་ཕྲེང་གོང་འོག་གཉིས་པོ་ལས་སློབ་དགོས་ཆེར་མ་བྱུང་བར་བློ་ལ་བྱང་སོང་། དེ་ནས་བཟུང་ཞོར་ལས་ཞེས་པ་དང་། ཕྱུགས་རྫི་དང་། རྗེས་སུ་ཐོས་བསམ་གྱི་དུས་ཀུན་ལ་ཆག་མེད་དུ་ཁ་འདོན་བགྱིས། འོན་ཀྱང་དོན་ནི་ནེ་ཙོའི་མ་ཎིའི་དཔེ་ཟླར་སོང་། ཤེས་ན་སྙམ་པ་སྐོམ་པ་ཆུ་གདུང་དུ་མཆིས། དེ་ཕྱིར་ཚིག་དོན་ལ་བློ་བཏང་བཏང་མོད་ཚིག་ཙམ་ཤེས་པ་ལའང་ཤིན་ཏུ་རྨོངས་པས་ངལ་བ་ལ་བྱ་ཐབས་ཟད་ནས་རང་གི་བློ་རྟེན་ཙམ་དུ་འབྲི་འདོད་ཡོད་པའི་ཁར། སྤྲུལ་སྐུ་རིན་པོ་ཆེ་མཆོག་གི་བཀའ་ལུང་གིས་བསྐུལ་བའི་དབང་གིས་གྲགས་པ་དང་གཞན་ངོར་མཛེས་འདོད་སོགས་གང་གིས་མ་བསླངས་པར་བྲིས་པ་ཡིན་ནོ།།

མཚན་བརྗོད་ཀྱི་ལུང་རྒྱུན་ནི། མཁན་ཆེན་བླ་མ་བཀའ་དྲིན་ཅན་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁས་པའི་དབང་པོ་ཀུན་དགའ་ཤེས་རབ་གསལ་བྱེད་ཀྱི་ཞལ་སྔ་ནས་དང་། རྩ་བའི་བླ་མ་གཟན་དཀར་མཆོག་སྤྲུལ་རིན་པོ་ཆེ་ཐུབ་བསྟན་སྨྲ་བའི་ཉི་མའི་ཞལ་སྔ་ནས་དང་། ཨ་རིར་བཞུགས་པའི་དར་ཐང་སྤྲུལ་སྐུ་ཀུན་དགའ་དགེ་ལེགས་ཡེ་ཤེས་རྡོ་རྗེ་དང་། གསེར་བ་མཁན་པོ་དབང་ཕྱུག་རྩེ་རྒྱལ་རྣམས་ཀྱི་ཞལ་ནས་གནང་བ་ལེགས་པར་མནོས་པ་ལགས་སོ།།

སླར་སྨྲས་པ།

མཚམས་སྤྲིན་གསར་བའི་འཕྱོར་སྒེག་ལ་འཁུ་བའི།།

མཐོང་གྲོལ་མིག་གི་དཔྱིད་གྱུར་མཛེས་སྐུ་ཡིས།།

སྲིད་གསུམ་སྣང་བ་སྡུད་པ་གཞོན་ནུའི་ལུས།།

འཇམ་དབྱངས་ཉི་མ་སྙིང་དབུས་འབར་གྱུར་ཅིག།

འཇམ་དཔལ་དབྱངས་མཚན་རྒྱུ་སྐར་བྱེ་བའི་ཕྲེང་།།

བདེན་གཉིས་ལྷ་ལམ་དོག་པོར་བསྒྱུར་བྱས་ཤིང་།།

ཀུན་ཀྱང་མཉྫུ་ཤྲཱིའི་དགུ་ཚིགས་ཀྱིས།།

བཅིངས་པའི་ངོ་མཚར་རྒྱུད་འདིའི་ཁོང་ན་འཛུམ།།

ཚིག་གི་དབྱངས་སྙན་ཚངས་དབྱངས་ངག་ལས་བརྡོལ།།

དོན་གྱི་ཚུལ་ལེགས་ཐེག་གསུམ་ལམ་གྱི་སྙིང་།།

རྟོགས་དཀའ་དགོངས་ཟབ་གསང་རྒྱུད་རྒྱ་མཚོའི་རྩེ།།

དོན་དམ་འཇམ་དཔལ་སྟོན་པའི་ངོ་མཚར་ཆོས།།

ཟབ་དོན་གཏིང་མཐའ་དཔོག་དཀའི་འཇ༵མ་དཔ༵ལ་གྱི།།

མཚ༵ན་དོན་བརྗོ༵ད་བྱ་ལེགས་བཤད་འོད་དཀར་གྱིས།།

རྣམ་ཕྱེས་དོན་གསལ་ཟླ་བས་དགའ་བྱེད་དྲི།།

སྐལ་བཟང་བློ་ཡི་དྲི་འཛིན་དཔལ་དུ་སྨིན།།

སྡེ་སྣོད་སྤྲིན་གྱི་སྒྲ་དབྱངས་ཀྱིས་བསླངས་པའི།།

ལུང་རིགས་ལྔ་ལྡན་དབང་གཞུའི་ཐིག་ལེ་མཛེས།།

རབ་བཀྲའི་རྣམ་བཤད་སྒྲོ་གུར་ཟླུམ་པོའི་གར།།

སྟོན་མཁས་སྒེག་ལྡན་གཟིགས་མོ་ཡིད་གར་འོང་།།

རྒྱུད་ཀུན་བདག་པོ་རིན་ཆེན་གཟི་ཡི་ནོར།།

གོང་འོག་རྒྱུད་ཀྱི་རི་མོ་རྣམ་པར་བཀྲ།

དེ་ཕྱིར་ཊཱིཀ་མཛད་མཁན་པོའི་སྣ་ཚོགས་པའི།།

བཤད་པའི་ལྗགས་རྩེ་མི་མཐུན་ཕྱོགས་སུ་གཡོ།།

བསོད་ནམས་དམན་ཞིང་སྦྱངས་པ་ཆུང་བ་ཡི།།

བདག་འདྲའི་བྱིས་བློ་ཟབ་དོན་མེ་ཏོག་ཚལ།།

དཀར་དམར་གང་ལེགས་དཔྱོད་པའི་མཐུ་དབེན་པས།།

ཚིག་གི་ལམ་རྐྱང་གོམ་པས་གནོན་ལ་མོས།།

ཤིན་ཏུ་ན་ཕྲ་བཅུ་གཉིས་གཞོན་ནུ་ནས།།

རྒྱུད་འདི་བློར་བྱང་ཁ་ལ་ཆག་མེད་བཏོན།།

འོན་ཀྱང་གཤོག་ལྗངས་མ་ཎིའི་རྗེས་འགྲོ་ལས།།

ཚིག་དོན་འཁྲོལ་བའི་ཁ་རྗེ་གང་ནས་རྙེད།།

འཕགས་ཡུལ་མཁས་མང་ལེགས་བཤད་མཐོང་སྐལ་ལྡན།།

བསིལ་རིའི་བསྟན་བཅོས་མཁན་པོའི་གླེགས་བམ་བཀླགས།།

ཕྱུགས་རྫིའི་མཛུབ་མོས་ནོར་ལྡན་གསེར་མཛོད་བཞིན།།

ཕྱོགས་ཙམ་ཤེས་པའི་རམ་བུ་འདེགས་པ་ལས།།

ཡ་རབས་མེས་པོའི་ཚུལ་ལ་དཔེ་བླངས་ནས།།

ཡ་མ་བྲལ་བའི་ལུང་རིགས་གཤོག་ཟུང་བཅས།།

རྒྱུད་ཟབ་མེ་ཏོག་ཚལ་ན་འཕུར་ལྡིང་གིས།།

རྣམ་འགྲེལ་བུང་བའི་མགྲིན་གླུ་འདི་བླངས་སོ།།

བསྟན་བཅོས་རྩོམ་པའི་གྲགས་གཉེར་གླིང་བུ་མིན།།

འབྱོར་ལྡན་ནོར་སྐྱེས་ཐོབ་པའི་གཡའ་ཁྲལ་མིན།།

མཁས་པའི་ཟླར་མཆོང་རྩོམ་ཡིག་བང་འགྲན་མིན།།

བདག་བློ་རྒྱུད་དོན་འཇུག་པའི་རྐང་རྟ་ལགས།།

དོན་མེད་དོན་ལོག་ཐོས་རྩོད་ངན་གཡོ་དང་།།

བརྩེ་མེད་སྐྱོན་བྲལ་རང་ཡིད་ལ་གསལ་ཡང་།།

དོན་ལྡན་སྒྲུབ་གཉེར་སྡུག་བསྔལ་ལས་སྐྱོབ་པའི།།

བསྟན་བཅོས་མ་ཡིན་བྱེད་པོར་མཚན་ཉིད་དབེན།།

འདི་བྲིས་ལེགས་བྱས་གངས་རི་བཅུ་དྲུག་ཆ།།

དུང་དང་བ་ཞོ་ལ་འགྲན་རབ་དཀར་དེས།།

འཁོར་བར་འཁྲུལ་བའི་རིགས་དྲུག་འགྲོ་བ་ཀུན།།

འཇམ་དཔལ་ཡེ་ཤེས་ས་ལ་རེག་གྱུར་ཅིག།

འཇམ་དཔལ་མཚན་དོན་འཛིན་པའི་བློ་གྲོས་འོད།།

རབ་འབར་ལུས་མཆོག་བསྐྱེད་པའི་ཕ་མ་ཟུང་།།

བདེ་སྟོང་ཁ་སྦྱོར་གསང་བའི་ཟབ་ལམ་ནས།།

ཟུང་འཇུག་ཡེ་ཤེས་འཇམ་དབྱངས་སྐུ་ཐོབ་ཤོག།

ན་ཆུང་ལུས་ཡིད་རྒོད་པོའི་བདག་གི་བློར།།

ངག་གི་དབང་ཕྱུག་ས་བོན་འདེབས་མཛད་པའི།།

ཤེས༵་རབ༵་སྒྲོན་མེའི་འོད་འཛིན་ངུར་སྨྲིག་ཅན།།

འཇམ་དཔལ་རྡོ༵་རྗེ༵་རྣོན་པོའི་ཞལ་མཐོང་ཤོག།

བདག་ཀྱང་དེང་ནས་ཚེ་རབས་ཕྲེང་བ་རུ།།

ལྷག་པའི་ལྷ་གཅིག་ཟུར་ཕུད་ལྔ་བ་ཡིས།།

རྗེས་བཟུང་ཤེས་རབ་པདྨོ་རབ་རྒྱས་ནས།།

ཐེག་མཆོག་ཆོས་ཀྱི་སྦྲང་རྩི་མྱོང་བར་ཤོག།

ཆོས་ཀུན་སྤྲོས་མེད་ཆོས་དབྱིངས་མཛའ་ན་མོར།།

གཉིས་མེད་ཡེ་ཤེས་དགྱེས་པའི་རོལ་རྩེད་ཀྱིས།།

དོན་དམ་འཇམ་དཔལ་དཔའ་བོའི་ཞལ་མཐོང་ནས།།

བཅུ་གསུམ་ས་མཆོག་གནོན་པས་རྩེན་གྱུར་ཅིག།

དོན་དམ་འཇམ་དཔལ་གཉུག་མ་གཞི་ཡི་དབྱིངས།།

འོད་གསལ་ཡེ་ཤེས་དྲྭ་བའི་སྒྱུ་འཕྲུལ་ལས།།

སྣང་བའི་རོལ་ག༵ར་འབུམ་གྱིས་བརྟན་གཡོའི་ཆོས།།

དབ༵ང་བྱེད་ཉི༵་མ༵་མི་འགྱུར་རྟག་འབར་ཤོག།།

རྒྱལ་བའི་གསུང་རབ་སྤྲིན་འབྱུང་མེ་ཏོག་དབུས།།

ཡིད་འཕྲོག་རྒྱུད་རྒྱལ་རི་བོའི་རྣ་རྒྱན་ཚལ།།

སྙིགས་སྤྱོད་བསིལ་བའི་རེག་པས་མི་ཐུབ་པར།།

དུས་ཀྱི་མཐར་ཡང་དྲི་བསུང་འཐུལ་གྱུར་ཅིག།

ཅེས་རང་ལོ་བཅུ་གཉིས་པའི་དུས་ནས་རྒྱུད་འདི་ཁ་ཏོན་དུ་བགྱིས་ཤིང་ཤིན་ཏུ་དད་པས་བཀུར་མོད་དོན་ཇི་བཞིན་གོ་བ་ནི་ནམ་མཁའི་པདྨོའི་མཆེད་ཟླར་སོང་ནས་རིང་དུ་ལུས་པའི་ཟུག་རྔུ་མ་བཟོད་པར་རྒྱུད་དོན་རང་གི་ཡིད་ལ་འཛིན་བདེ་བ་ཞིག་འབྲི་ན་སྙམ་པ་མཆིས་པའི་ཞེ་འདོད་ཀྱི་གཏམ་ཕྱི་རུ་འཁྱར་བའི་དབང་གིས་སྔ་འགྱུར་བསྟན་པའི་སྲོག་ཤིང་དམ་པར་གྱུར་ཅིང་། ངུར་སྨྲིག་གི་རྒྱལ་མཚན་འཛིན་པའི་སྡོམ་བརྩོན་དགེ་སློང་ཆེན་པོ་ཐམས་ཅད་ཀྱི་གཙུག་གི་ནོར་བུ་དཔལ་ལྡན་བླ་མ་སྤྲུལ་པའི་སྐུ་རིན་པོ་ཆེ་ཐུབ་བསྟན་གར་དབང་ཉིན་བྱེད་བཤད་སྒྲུབ་འཕྲིན་ལས་དཔལ་བཟང་པོའི་ཞལ་སྔ་ནས་མཚན་བརྗོད་ཀྱི་རྣམ་བཤད་ཅིག་ཅིས་ཀྱང་ཨེ་ཐོན་ལྟོས་ཤིག་ཅེས་ལྷ་རེག་དྲི་མེད་ཀྱིས་སྣ་དྲངས་ཏེ་སྐུ་དང་གསུང་དང་ཐུགས་ཀྱི་རྟེན་བྱིན་རླབས་ཅན་དང་། པར་ཏང་གི་གདན་ལེགས་པ་དང་། ཟ་འོག་དང་། དངུལ་ལོ་བཅས་པའི་སྐུལ་བྱེད་ཀྱི་མེ་ཏོག་སྤྱི་བོའི་རྒྱན་དུ་བསྩལ་བ་ལ་བརྟེན་ནས་ལུང་འདྲེན་དང་སྤྲོས་བཤད་ཀྱིས་མ་སྤྲས་པར་འབྲུ་ནོན་གྱི་ཚུལ་དུ་འདི་འདྲའི་རྣམ་བཤད་བྱེད་པ་པོ་ནི། མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་མཚན་ནས་སྨོས་ན་གངས་ཅན་གྲུབ་རིག་རྒྱ་མཚོའི་འཁོར་བསྒྱུར་མགར་ཀློང་གཏེར་སྤྲུལ་རིན་པོ་ཆེ་པདྨ་བདེ་ཆེན་མཁའ་ཀློང་ཡངས་པ་འགྲོ་འདུལ་གསང་སྔགས་རྡོ་རྗེའམ་འཇམ་དཔལ་ཆོས་ཀྱི་གྲགས་པ་དཔལ་བཟང་པོའི་ཞལ་སྔ་ནས་ཀྱི་ཞབས་རྡུལ་གསེར་གྱི་མེ་ཏོག་སྤྱི་བོའི་ཅོད་པན་དུ་ཐོབ་པའི་སྐལ་བ་བཟང་པོ་ཅན་རྗེས་དཀར་ཨྱོན་བརྩོན་འགྲུས་སམ། མཚན་ལྡན་བླ་མས་གནང་བའི་ཆོས་མིང་དུ་ཐུབ་བསྟན་འཕྲིན་ལས་བཟང་པོའམ་ཐུབ་བསྟན་ལེགས་བཤད་བཟང་པོ་དང་། ཀུན་བཤད་བཏགས་མིང་དུ་མཚོ་བྱུང་དགྱེས་པའི་བློ་གྲོས་དང་། རང་གི་རྨི་ལམ་འཁྲུལ་བའི་སྣང་ཆར་རྗེ་བླ་མ་རིན་པོ་ཆེའི་ཞལ་སྔ་ནས་བསྩལ་བའི་གསང་མིང་ལ་འཇིགས་མེད་གནམ་ལྕགས་མེ་འབར་དུ་གསོལ་བའི་གྱི་ན་བ་བདག་གོ།

བདག་གིས་སྔོ་ཀླུང་སྒེག་མོ་ཀྱར་ཀྱུར་འབབས་པའི་ཉེ་འགྲམ་འདོད་དགུ་ལུང་པ་ཞེས་སྔར་མིང་གི་སྒྲ་དང་ཉེ་བའི་བཀྲ་ཤིས་པའི་ཐ་སྙད་གསར་བའི་ཅོད་པན་བདག་རང་གིས་གསོལ་བའི་གནས་མདོའི་ཕ་མེད་ཕ་ཁྱིམ་དུ་བོད་ལུགས་རབ་རྒྱན་ཤིང་མོ་ལུག་གི་ལོའམ་མྱོས་བྱེད་ཀྱི་ལོའི་ཁྱུ་མཆོག་གི་རྐང་པའི་དམར་ཕྱོགས་རྫོགས་པ་གཉིས་པ་སྟེ་འཁྲུམས་སྟོད་ཟླ་བའི་ཚེས་ཉེར་ལྔ་མཁའ་འགྲོ་འདུ་བའི་དུས་བཟང་ལ་དབུ་བརྩམས་ཤིང་ཞག་ཉེར་བརྒྱད་ཀྱི་ཁོངས་སུ་མཇུག་རྫོགས་པར་སྦྱར་བའི་དགེ་བས་རྒྱལ་བའི་བསྟན་པ་རིན་པོ་ཆེ་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་ཅན་འདི་ཕྱོགས་དུས་ཐ་གྲུ་ཀུན་ཏུ་ཁྱབ་པ་དང་། འགྲོ་ཀུན་རྗེ་བཙུན་འཇམ་དཔལ་རྡོ་རྗེ་རྣོན་པོའི་དབྱིངས་ཞལ་མངོན་སུམ་དུ་མཐོང་བའི་རྒྱུར་གྱུར་ཅིག། སརྦ་མངྒ་ལཾ། དགེའོ།།

Pecha page