← Search

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསང་འདུས་རིམ་ལྔའི་ཟིན་བྲིས་ནག་འགྲོས་སུ་བཀོད་པ་དཔལ་ལྡན་བླ་མའི་ཞལ་ཆབ་མྱོང་གྲོལ་བདུད་རྩིའི་ཐིགས་པ།

རྗེས་དཀར་ཨོ་རྒྱན་བརྩོན་འགྲུས།

རྒྱན་བདུན་བཤད་པ།

༄༅།། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གསང་འདུས་རིམ་ལྔའི་ཟིན་བྲིས་ནག་འགྲོས་སུ་བཀོད་པ་དཔལ་ལྡན་བླ་མའི་ཞལ་ཆབ་མྱོང་གྲོལ་བདུད་རྩིའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།།

གསང་བ་བླ་མེད་རྣལ་འབྱོར་ཆེན་པོའི་ལམ། །བདེ་སྟོང་དབྱེར་མེད་ཁ་སྦྱོར་ཐིག་ལེ་ལས། །ཟུང་འཇུག་དག་པའི་རྡོ་རྗེ་མངོན་གྱུར་པའི། །དཔལ་ལྡན་གསང་བ་འདུས་པའི་སྐུ་ལ་འདུད། །གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་འཛིན། །འདུས་པའི་བཀའ་བབས་དཔལ་ལྡན་ཀླུ་ཡི་ཞབས། །ཨརྱ་དེ་ཝ་ཟླ་བ་གྲགས་པ་སོགས། །འཕགས་བོད་བརྒྱུད་པའི་རིག་འཛིན་རྣམས་ལ་གུས། །གངས་རིའི་ར་བར་དཔལ་ལྡན་གསང་བ་འདུས། །སྨྲ་བའི་ཟླ་བྲལ་རིམ་གཉིས་ལམ་གོམས་ནས། །བར་དོར་འོད་གསལ་ཟུང་འཇུག་སྐུ་བརྙེས་པའི། །འཇམ་མགོན་རྒྱལ་བ་བློ་བཟང་གྲགས་པས་སྐྱོངས། །གོམས་པ་དམན་ཡང་བསོད་ནམས་སྐལ་ལྡན་བདག །རྒྱུད་རྒྱལ་གསང་བའི་ཆོས་མཛོད་བདུད་རྩིའི་ཟས། །རྣམ་དཔྱོད་ལྕེ་རྩེར་སྩོལ་མཛད་བཤེས་གཉེན་བཟང་། །བློ་བཟང་རྒྱལ་མཚན་ཞབས་རྡུལ་སྤྱི་བོས་མཆོད། །མན་ངག་རིམ་ལྔ་རིན་ཆེན་ནོར་བུའི་གཏེར། །ཤིན་ཏུ་ཟབ་གསང་རྒྱ་མཚོའི་འཇིངས་པ་ལས། །འདྲེན་བྱེད་ལེགས་བཤད་བླ་མའི་ལྗགས་ཀྱི་གྲུ། །མང་ཐོས་དར་གྱིས་བསྐྱོད་འདི་སྐལ་བ་བཟང་། །ལུས་ངལ་མིག་ཚ་མཛུབ་མོ་སྦྲིད་སྲན་ནས། །ཚིག་དོན་ཟབ་མོ་རིན་ཐང་གཞལ་མེད་ནོར། །བརྗེད་ངེས་རྐུན་པོས་འཁྱེར་དོགས་རེག་ཟིག་གི །སྒྲོམ་བཟང་སྣོད་དུ་ཉར་བའི་ལས་ལ་འཇུག།

ཅེས་ཚིགས་སུ་བཅད་པ་ཉུང་ངུའི་ངག་གིས་སྣ་དྲངས་ཏེ་འདིར་དཀའ་ལས་ཀྱི་རྒྱ་མཚོ་ལས་བརྒལ་ནས་གང་རེག་ཟིག་ཏུ་འགོད་པར་བྱ་བ་ནི། དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ཞལ་སྔ་ནས་མཛད་པའི་རྒྱུད་རྒྱལ་གསང་བ་འདུས་པའི་རྫོགས་རིམ་རིམ་པ་ལྔའི་ཚུལ་རྣམ་པར་གསལ་བའི་སྤྱི་དོན་གྱི་རེག་ཟིག་ས་བཅད་དང་དཔྱད་པ་སོགས་ཀྱི་སྤྲོས་པ་དོར་ནས་ནག་འགྲོས་སུ་འགོད་པར་བྱའོ།།

དེ་ཡང་གསང་བ་འདུས་པའི་བཀའ་སྲོལ་འདི་ལ་འཕགས་ཡུལ་དུ་གསང་འདུས་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་ཞེས་གྲགས་ཆེ་བ་ལས། ཕྱི་མ་ནི་སློབ་དཔོན་སྒེག་པའི་རྡོ་རྗེའམ་སྣ་ཚོགས་གཟུགས་ཅན་གྱི་སློབ་མ་སློབ་དཔོན་མཁས་པ་ཡེ་ཤེས་ཞབས་ཞེས་པ་ལ་འཕགས་པ་འཇམ་པའི་དབྱངས་ཀྱིས་ཞལ་གཟིགས་ཏེ་གསང་བ་འདུས་པའི་རྒྱུད་དོན་རིམ་པ་གཉིས་ལེགས་པར་གནང་བའི་བཀའ་སྲོལ་ལྟར་བཤད་པའི་ལུགས་དེ་ཡིན་ཞིང་། དེ་ལ་འདུས་པ་ཡེ་ཤེས་ཞབས་ལུགས་སུ་གྲགས་སོ།།

སློབ་དཔོན་སྒེག་པའི་རྡོ་རྗེས་རྒྱུད་ཀྱི་གླེང་གཞིའི་འགྲེལ་བཤད་ཙམ་མཛད་པ་ལས་རིམ་པ་གཉིས་ཀྱི་ལམ་གྱི་སྲོལ་མི་འདྲ་བའི་ལུགས་ཟུར་པ་བཤད་པ་མི་སྣང་ན་ཡང་། དེའི་ཞལ་སློབ་ཡེ་ཤེས་ཞབས་ལ་གསང་འདུས་ཀྱི་བསྐྱེད་རིམ་ལ། སྒྲུབ་ཐབས་ཀུན་ཏུ་བཟང་པོ་དང་། བཞི་བརྒྱ་ལྔ་བཅུ་པ་ལས་བཤད་པ་ལྟར་འཇམ་དཔལ་རྡོ་རྗེས་གཙོ་མཛད་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་ཏེ། གསང་འདུས་འཇམ་པའི་རྡོ་རྗེར་གྲགས་པ་དང་། རྫོགས་རིམ་ལ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཡེ་ཤེས་ཞབས་ལ་གསུངས་པའི་འཇམ་དཔལ་ཞལ་ལུང་དང་། ཡེ་ཤེས་ཞབས་ཁོང་ཉིད་ཀྱིས་མཛད་པའི་གྲོལ་བའི་ཐིག་ལེ་དང་། ཞལ་ལུང་ཆུང་ངུ་ཟེར་བ་རྣམས་ཡོད་ལ། གཞན་ཡང་བསྐྱེད་རིམ་གྱི་སྐོར་སྒྲུབ་ཐབས་ཀུན་ཏུ་བཟང་མོ་དང་། བདག་སྒྲུབ་པ་ལ་འཇུག་པ་དང་། ཧེ་རུ་ཀའི་སྒྲུབ་ཐབས་རྣམས་ཡོད་པར་བུ་སྟོན་གྱིས་གསུངས་སོ།།

སློབ་དཔོན་ཡེ་ཤེས་ཞབས་འདིའི་རྗེས་འབྲང་ལ་སློབ་དཔོན་ཀུན་དགའ་སྙིང་པོ་དང་། ཤཱནྟི་པ་ཆེན་པོ་དང་། སྨན་པའི་ཞབས་དང་། དཔལ་འབྲས་རྡོ་རྗེ་དང་། དྲི་མེད་དཔལ་ལ་སོགས་པ་མཁས་པ་མང་པོ་མཆིས་ཤིང་། སློབ་དཔོན་ཤཱནྟི་པས་བསྐྱེད་རིམ་ལ་མི་བསྐྱོད་པས་གཙོ་བྱས་པའི་ལྷ་བཅུ་དགུའི་དཀྱིལ་འཁོར་དང་། རྫོགས་རིམ་ལ་ཡན་ལག་དྲུག་སྒོམ་ཚུལ་རྣམས་བཤད་ཅིང་། སྦྱོར་བ་ཡན་ལག་དྲུག་གི་ཚུལ་དེ་ནི་ཡེ་ཤེས་ཞབས་ལུགས་དང་། འཕགས་ལུགས་དང་། དུས་འཁོར་གྱི་ལུགས་གང་དང་ཡང་མི་འདྲ་བ་ཞིག་བཤད་ཡོད་པར་གངས་ལྗོངས་མཁས་པའི་དབང་པོ་འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་སྔ་ནས་ཀྱི་བསྟན་བཅོས་དཔལ་གསང་བ་འདུས་པའི་མན་ངག་རིམ་པ་ལྔ་རབ་ཏུ་གསལ་བའི་སྒྲོན་མེ་ལས་གསུངས་སོ།།

བདག་གིས་ཟིན་བྲིས་སུ་འགོད་བྱ་འདི་ནི་གསང་འདུས་འཕགས་ལུགས་པའི་ལུགས་ལྟར་ཡིན་ལ། དེ་ནི་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱིས་བཀྲལ་བའི་གསང་བ་འདུས་པའི་བཀའ་སྲོལ་ལ་འཕགས་ལུགས་སུ་གྲགས་པ་ཡིན་ཞིང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དེའི་ཞལ་སློབ་ཨརྱ་དེ་ཝའམ་འཕགས་པ་ལྷ་དང་། དཔལ་ལྡན་ཟླ་བ་གྲགས་པ་དང་། སློབ་དཔོན་ཀླུའི་བྱང་ཆུབ་དང་། ཤཱཀྱ་བཤེས་གཉེན་ལྔ་ལ་འཕགས་པ་ཡབ་སྲས་ལྔ་ཞེས་གྲགས་ཤིང་ཕྱི་མ་བཞི་ནི་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་སོ།།

དེ་དག་ལས་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གསང་བ་འདུས་པའི་སྐོར་གྱི་གཞུང་ལ་ནི། མདོར་བྱས་དང་། མདོ་བསྲེ་དང་། ཧཱུཾ་མཛད་ཀྱི་སྒྲུབ་ཐབས་དང་། རིམ་པ་ལྔ་པའི་གཞུང་དང་། རྒྱུད་ཀྱི་འགྲེལ་པ་ལ་སོགས་མང་པོ་ཡོད་པར་ཟླ་བའི་སྒྲོན་གསལ་དུ་བཤད་ལ། འཇམ་མགོན་བླ་མ་ཙོང་ཁ་པས། འཕགས་པའི་གསུང་ཡིན་ངེས་བོད་དུ་འགྱུར་བ་ནི། བསྐྱེད་རིམ་སྟོན་པ་མདོར་བྱས་དང་། མདོ་བསྲེ་གཉིས་དང་། རྫོགས་རིམ་སྟོན་པ་རྡོ་རྗེ་བཟླས་པ་སོགས་རིམ་པ་ལྔ་བ་འདི་དང་། རྩ་རྒྱུད་ཀྱི་ལེའུ་གཉིས་པའི་བྱང་ཆུབ་སེམས་གཞུང་གི་འགྲེལ་བ་བྱང་ཆུབ་སེམས་འགྲེལ་བཅས་ཡོད་པར་གསུངས་ཤིང་། གསང་འདུས་ཀྱི་རྒྱུད་འགྲེལ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་ཡིན་ཟེར་བ་ཞིག་བོད་འགྱུར་དུ་ཡོད་པ་དེ་ནི་པཎྜི་ཏ་ཞིག་གིས་བོད་དུ་བྱས་པ་ཡིན་ཞེས་བོད་ཀྱི་མཁས་པ་དག་གིས་གསུངས་པ་དང་། ནང་དུའང་སྙན་དངགས་མེ་ལོང་མ་དང་། རྣམ་བཤད་རིགས་པ་དང་། མངོན་པ་མཛོད་ཀྱི་ལུང་དྲངས་པ་དང་། རྒྱུད་ཀྱི་བཤད་པ་ཡང་འཕགས་པ་ཡབ་སྲས་ཀྱི་གཞུང་དང་མི་མཐུན་པ་མང་པོ་སྣང་བས་འཕགས་པ་ལ་ཁ་གཡར་བ་འབའ་ཞིག་ལས་འཕགས་པའི་གསུང་མིན་པར་གསུངས་སོ།།

དེ་བཞིན་དུ་དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་ནི། བོད་རྣམས་ཀྱིས་འཕགས་པའི་གསུང་དུ་བཞེད་ཅིང་། སྒྲོན་གསལ་ལས་ཀྱང་འཕགས་པས་མཛད་པའི་དཀྱིལ་ཆོག་ཅིག་ཡོད་པར་གསུངས་པ་ཕལ་ཆེར་འདི་ལ་བསམ་པ་ཡིན་འདྲ་ཡང་། རྒྱ་གར་བའི་མཁས་པ་མང་པོས་ཚད་མར་བྱས་པའི་ཀླུ་བྱང་གི་ཆོ་ག་ཉི་ཤུ་པ་དང་མི་མཐུན་པ་མང་ཞིང་། སློབ་དཔོན་རང་གི་གཞུང་དང་ཡང་མི་མཐུན་པས་ན་དུས་ཕྱིས་ཀྱི་བོད་ཀྱི་མཁས་པ་དག་གིས་འཕགས་པ་ལ་ཁ་གཡར་བ་ཞིག་ཏུ་བཞེད་པ་ལྟར་འཐད་པར་མཐོང་བ་དང་། དབང་བཞིའི་དོན་གཏན་ལ་འབེབས་པ་ཞེས་པ་བོད་ཀྱི་མཁས་པ་དག་གིས་འཕགས་པས་མཛད་པར་འདོད་པ་ཡང་རྫུན་པ་ཡིན་པ་དང་། ཕྱག་རྒྱ་བཞིའི་རིམ་པ་འཕགས་པས་མཛད་པ་ཡིན་ཟེར་བ་ནི། རྗེ་མཻ་ཏྲི་པ་རྗེས་འབྲང་དང་བཅས་པ་རྣམས་ཀྱིས་འཕགས་པའི་གསུང་ཡིན་པར་བཞེད་ཀྱང་། འཇིགས་མེད་འབྱུང་གནས་སྦས་པའི་ཡང་དག་སྦྱོར་བའི་རྒྱུད་འགྲེལ་མན་ངག་སྙེ་མ་དང་། སློབ་དཔོན་པདྨ་རྡོ་རྗེའི་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་གྲུ་གཟིངས་གཉིས་ལས་མི་འཐད་པར་བཀག་ཡོད་པར་རྗེའི་རིམ་ལྔ་གསལ་སྒྲོན་དུ་གསུངས་སོ།།

བུ་སྟོན་གྱིས། གསང་བ་འདུས་པའི་རྒྱུད་ཀྱི་འགྲེལ་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པ་མནྟྲ་ཀ་ལ་ཤུའི་རང་འགྱུར། ཞེས་སོགས་དང་། གསང་འདུས་ལེའུ་བཅོ་བརྒྱད་པའི་འགྲེལ་བ་གཞོན་ནུ་བུམ་པའི་རང་འགྱུར། ཞེས་དང་། བྱང་ཆུབ་སེམས་ཀྱི་འགྲེལ་པ་ཚིགས་བཅད་མ་པ་ཚབ་ཀྱི་འགྱུར། ལྷུག་པ་མདོ་སྡེ་འབར་གྱི་འགྱུར་བརྒྱད་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་དོ། །ཞེས་བཤད་མ་ཐག་པའི་རྒྱུད་ཀྱི་འགྲེལ་བ་དེ་འཕགས་པའི་གསུང་ཡིན་ངེས་བགྱིས་ཤིང་། དེ་བཞིན་རྒྱུད་ཀྱི་ལེའུ་བཅོ་བརྒྱད་པའི་འགྲེལ་བ་ཞིག་དང་། བྱང་ཆུབ་སེམས་འགྲེལ་ཚིགས་བཅད་ལྷུག་གཉིས་དང་། མདོར་བྱས་དང་། མདོ་བསྲེ་དང་། སྒྲུབ་ཐབས་ཆོ་ག་ཉི་ཤུ་པ་དང་། རིམ་ལྔ་བཅས་བསྟན་བཅོས་བརྒྱད་འཕགས་པའི་གསུང་དུ་བཤད་དོ།།

ཨརྱ་དེ་ཝའམ་འཕགས་པ་ལྷས་མཛད་པ་ལ་ནི། རིམ་ལྔའི་དོན་འགྲེལ་སྤྱོད་བསྡུས་སྒྲོན་མ་དང་། བདག་བྱིན་གྱིས་བརླབ་པའི་རིམ་པ་དང་། སེམས་ཀྱི་སྒྲིབ་སྦྱོང་གི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཡ་ར་ལ་ཝའི་ཚུལ་བཞིར་བཤད་པ་དང་། རོ་བསྲེག་གི་ཆོ་ག་དང་། སྒྲོན་གསལ་གྱི་འགྲེལ་བཤད་ཨཱརྱ་དེ་བས་བྱས་ཟེར་བ་སོགས་གཞུང་འགའ་རེ་ཡོད་ལ། བུ་སྟོན་གྱིས་སྒྲོན་གསལ་གྱི་འགྲེལ་བ་ཐེ་ཚོམ་གྱི་གནས་ལས་གཞན་ཐམས་ཅད་ཨརྱ་དེ་ཝའི་གསུང་དུ་བྱས་འདུག་གོ།

འོན་ཀྱང་སྤྱོད་བསྡུས་སྒྲོན་མ་གྲགས་ཆེ་ཞིང་། བདག་བྱིན་བརླབ་པའི་རིམ་པ་ཨ་བྷྱ་ཀཱ་རས་ཁུངས་སུ་དྲངས་པས་རྣམ་དག་དང་། སེམས་ཀྱི་སྒྲིབ་སྦྱོང་ནི། སེམས་དབེན་སྟོན་པ་ཡིན་པར་གསུངས་ན་ཡང་། དོན་ལ་སེམས་གཙོ་བོར་སྟོན་པའི་སྔགས་ཀྱི་གཞུང་ཡིན་པ་ལས་གསང་འདུས་ཀྱི་སྒོས་གཞུང་མིན་ཡང་ཨ་བྷྱས་ཀཱ་རས་ཁུངས་སུ་མཛད་པས་རྣམ་དག་ལས། མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཡ་ར་ལ་ཝའི་ཚུལ་བཞིར་བཤད་པ་དང་། རོ་བསྲེག་གི་ཆོ་ག་བཅས་གཞན་རྣམས་ཐེ་ཚོམ་དང་རྩོད་པ་ཅན་ཡིན་ཞིང་། སྔ་མ་ནི། བོད་ཀྱི་མཁས་པ་དག་གིས་ཐེ་ཚོམ་གྱི་གཞིར་གསུངས་པ་ལྟར་སྤྱོད་བསྡུས་དང་མི་མཐུན་པ་ཆེན་པོ་ཡོད་པས་ཁ་གཡར་བ་དང་། བར་བ་ནི། སློབ་དཔོན་ཀུ་ལ་དྷ་རའི་སྒྲོན་གསལ་གྱི་འགྲེལ་བཤད་དུ་ཡ་ར་ལ་ཝ་སོགས་ཚུལ་བཞིར་བཤད་པ་ལོགས་སུ་བཀོད་པ་ཙམ་དུ་སྣང་བས། འཕགས་པ་ལྷས་མཛད་པའི་དོན་མེད་པ་དང་། ཕྱི་མ་ཡང་བོད་ཀྱི་མཁས་པ་དག་གིས་བརྟག་པའི་གནས་སུ་གསུངས་པ་ལྟར་རྫུན་མ་ཡིན་པར་མངོན་པ་དང་། སྒྲོན་གསལ་གྱི་འགྲེལ་བཤད་ནི་འཕགས་པ་ལྷ་དང་མིང་མཐུན་པ་ཞིག་ལས་སློབ་དཔོན་ཨཱརྱ་དེ་ཝ་མིན་ཞེས་དེ་ལྟར་གསལ་སྒྲོན་ལས་གསུངས་སོ།།

སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པ་ལ་ནི། བསྐྱེད་རིམ་གཙོ་བོ་དང་རྫོགས་རིམ་ཡང་སྟོན་པ་རྣམ་གཞག་རིམ་པ་དང་། དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་དང་། ལས་མཐའ་རྣམ་འབྱེད་དང་། རིམ་ལྔའི་འགྲེལ་པ་ནོར་བུའི་ཕྲེང་བ་དང་། རིམ་ལྔའི་འགྲེལ་པ་དོན་གསལ་བ་དང་། རིམ་པ་ཁོངས་སུ་བསྡུ་བ་རྣམས་མཆིས་ཤིང་། དང་པོ་ནི་ཀླུ་བྱང་གི་གསུང་དུ་རྣམ་པར་དག་ཅིང་རྩོད་པ་མེད་པ་དང་། དཀྱིལ་ཆོག་ཆོ་ག་ཉི་ཤུ་པ་ནི། སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་། ཨ་བྷྱ་ཀཱ་ར་དང་། ཐུགས་རྗེ་དཔལ་དང་། ཐུབ་པ་དཔལ་བཟང་པོ་སོགས་པཎྜི་ཏ་མང་པོས་ཁུངས་སུ་མཛད་པས་རྣམ་དག་དང་། ལས་མཐའ་རྣམ་འབྱེད་ནི། སྒྲོན་གསལ་ལས་ཁུངས་སུ་མཛད་པས་རྣམ་དག་ལ། བོད་འགྱུར་ལ་མདོར་བསྟན་དུ་རང་བཞིན་བརྒྱ་དང་དྲུག་ཅུ་བཤད་ནས། རྒྱས་བཤད་དུ་རང་བཞིན་བརྒྱད་ཅུ་ཚང་བར་མ་བྱུང་བ་དང་། དོན་བསྡུར་རང་བཞིན་ང་བཞིར་བཤད་པའི་འགལ་བ་སྣང་བ་ནི་རྒྱ་བོད་ཀྱི་དཔེ་མ་དག་པའི་འགྱུར་སྐྱོན་དུ་འདྲ་བ་ལས་དོན་ལ་རྣམ་དག་ཡིན་པ་བཅས་དེ་དག་གི་ཚུལ་དེ་ལྟར་རྗེ་ཙོང་ཁ་པས་གསུངས་སོ།།

ནོར་བུའི་ཕྲེང་བ་བོད་ཀྱི་བླ་མ་མང་པོས་ཁུངས་མར་བྱེད་ནའང་གསང་འདུས་ཀྱི་དོན་འཆད་པ་ལ་འཕགས་པ་ཡབ་སྲས་དང་མི་མཐུན་པ་མང་དུ་ཡོད་པ་དང་། ཕྱིས་ཀྱི་མཁས་པ་དག་གིས་དེ་དང་དོན་གསལ་གཉིས་རྫུན་པ་ཡིན་པར་འདོད་པ་དང་། རིམ་པ་ཁོངས་སུ་བསྡུ་བ་ནི་ཆག་ལོ་ཙྪཱ་བས་ཀླུ་བྱང་དང་མཚན་མཐུན་པ་ཅིག་གིས་བྱས་པ་ལས་ཀླུ་བྱང་གི་མ་ཡིན་པར་འདོད་པར་ཡང་གསལ་སྒྲོན་དུ་གསུངས་ཤིང་། བུ་སྟོན་གྱིས། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རིམ་ལྔའི་དཀའ་འགྲེལ་དོན་གསལ་བ་འདི་ཐེ་ཚོམ་གྱི་གཞིའོ། །ཞེས་དེ་ཀླུ་བྱང་གི་གསུང་དུ་མི་དག་པ་ལས་གཞན་རྣམས་དག་པའི་ཕྱོགས་སུ་བཤད་དོ།།

ཡང་བུ་སྟོན་གྱིས། སློབ་དཔོན་ཀླུའི་བློས་མཛད་པའི་བསྐྱེད་རིམ་རྣམ་གཞག་རིམ་པ་རིན་ཆེན་བཟང་པོའི་འགྱུར། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཆོས་རྗེ་དཔལ་གྱི་འགྱུར། ཞེས་དང་། སློབ་དཔོན་ཀླུའི་བློས་མཛད་པའི་རིམ་པ་ལྔ་ཁོངས་སུ་བསྡུ་བ་པ་ཚབ་ཀྱི་འགྱུར། ཞེས་ཀླུ་བྱང་དང་། ཀླུ་བློ་གཉིས་ཐ་དད་པ་ལྟ་བུར་གསུངས་མོད། ཀླུ་བློ་ནི་ཀླུ་ཡི་བྱང་ཆུབ་དང་གང་ཟག་གཅིག་ཡིན་ཏེ། རྣམ་གཞག་རིམ་པ་མཛད་པ་པོ་ཀླུ་བློ་དང་ཀླུ་བྱང་ཡིན་པར་གསུངས་པ་གང་ཞིག། དེ་ཡིན་པར་གྲུབ་ན་དེ་གཉིས་གང་ཟག་གཅིག་དང་མིང་གི་རྣམ་གྲངས་སུ་ཤེས་པའི་ཕྱིར། རྟགས་དང་པོའི་ཟུར་དང་པོ་གྲུབ་སྟེ། རྣམ་གཞག་རིམ་པའི་མཇུག་ཏུ། གྲུབ་པའི་སློབ་དཔོན་ཀླུའི་བློའི་ཞལ་སྔ་ནས་མཛད་པ་རྣམ་པར་གཞག་པའི་རིམ་པ་བཞི་པ་རྫོགས་སོ། །ཞེས་ཡོད་པའི་ཕྱིར།

རྟགས་དང་པོའི་ཟུར་ཕྱི་མ་གྲུབ་སྟེ། རྗེ་ཙོང་ཁ་པའི་རྣམ་གཞག་རིམ་པའི་རྣམ་བཤད་ཀྱི་མཆོད་བརྗོད་ལས། ཀླུ་སྒྲུབ་སྲས་མཆོག་ཀླུ་ཡི་བྱང་ཆུབ་ཀྱིས། །འཕགས་པའི་དགོངས་པ་གསལ་ཕྱིར་མཛད་པ་ཡི། །རྣམ་གཞག་རིམ་པའི་རྣམ་བཤད་སྔོན་མེད་པ། །འདུས་པའི་དོན་གསལ་བདག་གིས་བཤད་ཀྱིས་ཉོན། །ཞེས་དང་། མཇུག་བྱང་དུའང་། རྡོ་རྗེ་སློབ་དཔོན་མཁས་ལ་གྲུབ་པ་བརྙེས་པ་དཔལ་ཀླུའི་བྱང་ཆུབ་ཀྱི་ཞལ་སྔ་ནས་ཀྱིས་མཛད་པའི་རྣམ་པར་བཞག་པའི་རིམ་པ་རྫོགས་སོ་ཞེས་བྱ་བ་ནི་ཡང་དག་པར་གྲུབ་པའོ། །ཞེས་དང་། རྗེའི་གསལ་སྒྲོན་ལས། ཀླུའི་བློའམ་ཀླུའི་བྱང་ཆུབ་ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་གང་ཟག་གཅིག་གི་མཚན་གྱི་རྣམ་གྲངས་སུ་ཤེས་ན། ལས་མཐའ་རྣམ་འབྱེད་ཀྱང་ཀླུ་བྱང་གི་གསུངས་ཡིན་པ་ཤེས་ཏེ། ལས་མཐའ་རྣམ་འབྱེད་ཀྱི་མཇུག་ཏུ། ལས་ཀྱི་མཐའ་རྣམ་པར་འབྱེད་པ་ཞེས་བྱ་བ་རྗེ་བཙུན་འཕགས་པ་ཀླུའི་བློའི་ཞབས་ཀྱིས་མཛད་པ་རྫོགས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་རིམ་པ་ཁོངས་སུ་བསྡུ་བ་ཡང་དག་མིན་ཇི་ལྟར་ཡང་། མཇུག་བྱང་དུ། རིམ་པ་ཁོངས་སུ་བསྡུ་བའི་མན་ངག་གི་རིམ་པའི་རབ་ཏུ་བྱེད་པ་སློབ་དཔོན་ཆེན་པོ་ཀླུའི་བློ་རིག་པ་འཛིན་པའི་དངོས་གྲུབ་བརྙེས་ནས་ད་དུང་དཔལ་གྱི་རི་ལ་བཞུགས་པའི་ཞལ་སྔ་ནས་མཛད་པ་རྫོགས་སོ། །ཞེས་ཡོད་པས་ཀྱང་ཤེས་སོ།།

ཤཱཀྱ་བཤེས་གཉེན་གྱིས་མཛད་པ་ལ་ནི། གོང་གི་ཀླུ་སྒྲུབ་ཀྱི་རིམ་ལྔའི་རིམ་པ་གཉིས་པ་སེམས་དབེན་འཆད་པའི་གཞུང་དེ་དང་། སྤྱོད་བསྡུས་སྒྲོན་མའི་འགྲེལ་བ་དག་ཡོད་ལ། སློབ་དཔོན་འདི་ཡིས་མཛད་ཟེར་བའི་སྤྱོད་བསྡུས་ཀྱི་འགྲེལ་བ་དེ་ནི་སློབ་དཔོན་དེ་དང་མཚན་གཅིག་པ་ཙམ་གྱིས་མཛད་ན་དེར་ཟད་ཀྱི་ཀླུ་སྒྲུབ་ཀྱི་ཞལ་སློབ་ཤཱཀྱ་བཤེས་གཉེན་གྱིས་མཛད་པ་མིན་པར་གསལ་སྒྲོན་དུ་བཤད་དོ།།

དཔལ་ལྡན་ཟླ་བ་གྲགས་པས་མཛད་པ་ལ་ནི། རིམ་ལྔའི་འགྲེལ་བ་སྒྲོན་མ་གསལ་བ་སྟེ་གྲགས་ཆེ་ཞིང་། དེ་དང་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་རྣམས་ཡོད་ལ། འདུས་པའི་མངོན་རྟོགས་རྒྱན་རྩ་བ་རང་འགྲེལ་དང་བཅས་པ་ཟླ་གྲགས་ཀྱི་གསུང་དུ་བཤད་པ་ནི་བོད་རྣམས་ཀྱིས་མ་དག་པར་བཤད་ལ། མིང་མཐུན་པ་ཙམ་ལས་སྒྲོན་གསལ་མཁན་པོ་ཟླ་བ་གྲགས་པ་ལ་བྱེད་ན་ཁ་གཡར་བ་འབའ་ཞིག་ཏུ་སྣང་བར་རྗེ་བླ་མ་ཙོང་ཁ་པས་གསུངས་ཤིང་། བུ་སྟོན་གྱིས་ཀྱང་ཐེ་ཚོམ་གྱི་གཞི་རུ་གསུངས་སོ།།

དེ་དག་ནི་ཡབ་སྲས་ལྔའི་འདུས་པའི་གཞུང་སྐོར་ཏེ། མཁས་པ་ཆེན་པོ་ནཱ་རོ་པ་དང་། ཨ་བྷྱ་ཀཱ་ར་དང་། ཐུགས་རྗེ་དཔལ་དང་། ཁ་ཆེ་ལིཀྵིམ་དང་། ནག་པོ་དམ་ཚིག་རྡོ་རྗེ་དང་། བྷ་བྱ་ཀིརྟི་དང་། ཐུབ་པ་དཔལ་བཟང་པོ་དང་། སྐལ་ལྡན་གྲགས་པ་དང་། ཀུ་མཱ་ར་དང་། ཀུ་ལ་དྷ་ར་དང་། ཏ་ཐཱ་ག་ཏ་རཀྵི་ཏ་དང་། ལི་ལ་བཛྲ་དང་། ཤྲཱདྡྷ་ཀཱ་ར་ཝརྨ་དང་། སྒྲ་དབྱངས་བཅུ་གཅིག་པ་དང་། སྒྲ་གཅན་འཛིན་དཔལ་བཤེས་གཉེན་དང་། སྨྲྀ་ཏི་ཛྙཱ་ན་ཀིརྟི་དང་། དཔལ་ལྡན་ཨ་ཏི་ཤ་ལ་སོགས་པ་འཕགས་པ་ཡབ་སྲས་ཀྱི་རྗེས་སུ་འབྲངས་པའི་འདུས་པ་འཕགས་ལུགས་པ་དང་། དེ་དག་གིས་མཛད་པའི་ཆོས་སྐོར་མང་པོ་ཡོད་ཀྱང་མི་སྤྲོའོ།། ༈ དེ་ཡང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་ལུགས་འདིར། གླེང་བསླང་བའི་རྒྱན་དང་། འཚང་རྒྱ་ཚུལ་གྱི་རྒྱན་དང་། མཐའ་དྲུག་གི་རྒྱན་དང་། ཚུལ་བཞིའི་རྒྱན་དང་། འཆད་ཚུལ་གྱི་རྒྱན་དང་། ཉན་པ་པོའི་རྒྱན་དང་། དགོངས་པའི་རྒྱན་ཏེ་རྒྱན་བདུན་གྱི་སྒོ་ནས་རྒྱུད་བསྟན་པར་བཞེད་དེ། གསང་འདུས་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གླེང་བསླང་བ་རྣམ་པ་ལྔ་དང་། མཐའ་དྲུག་གིས་བཤད་པ་དང་། རིགས་པ་རྣམ་པ་བཞི་དང་། བཤད་པ་རྣམ་པ་བཞི་དང་། དབྱེ་བ་རྣམ་པ་གཉིས་དང་། གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་དང་བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་མ་གསལ་བར་བྱེད་པའི་རྒྱ་ཆེར་བཤད་པ་ལས། འདུས་པའི་རྒྱུད་ནི་རྙེད་དཀའ་ཞིང་། །རྒྱན་བདུན་རྟོགས་པར་དཀའ་བས་ན། །ཞེས་དང་། གླེང་བསླང་བ་ཡི་གྲངས་ནི་ལྔ། །ཚུལ་ནི་རྣམ་པ་བཞི་ཡིན་ལ། །རྒྱས་བཤད་མཐའ་ནི་རྣམ་པ་དྲུག །བཤད་པ་ཡང་ནི་རྣམ་པ་བཞི། །ལྔ་པའི་དབྱེ་བ་རྣམ་པ་གཉིས། །དྲུག་པའི་དབྱེ་བ་ལྔ་དང་ལྡན། །བདུན་པའི་དབྱེ་བ་རྣམ་གཉིས་ཏེ། །རྒྱན་རྣམས་མདོ་རུ་བསྡུས་པའོ། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱན་ནི་བདུན་པོ་རྣམས་ཀྱི་ནི། །རིམ་བཞིན་དུ་ནི་རེ་རེ་ཡིས། །བསྟན་པ་དག་ནི་བདག་གིས་བྱ། །ཞེས་རྒྱན་བདུན་ཞེས་པའི་ཐ་སྙད་སྦྱར་ནས་གསུངས་སོ།།

དང་པོ་གླེང་བསླང་བའི་རྒྱན་ལ་ནི། མཚན་གྱི་ཁྱད་པར་དང་། ཆེད་དུ་བྱ་བའི་གདུལ་བྱའི་ཁྱད་པར་དང་། མཛད་པ་པོའི་ཁྱད་པར་དང་། ཚིག་དོན་གྱི་ཁྱད་པར་དང་། དགོས་པའི་ཁྱད་པར་དང་ལྔར་དབྱེ་བའི་སྒོ་ནས་བསྟན་པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། གླེང་བསླང་བ་རྣམ་པ་ལྔ་ནི་འདི་ལྟ་སྟེ། མིང་དང་གང་གི་དོན་དུ་བྱས་པ་དང་བྱེད་པ་པོ་དང་ཚད་དང་དགོས་པ་རྣམས་སོ། །ཞེས་དང་། སྒྲོན་གསལ་ལས། རྒྱུད་འདིའི་མིང་ནི་ཅི་ཞིག་ཡིན། །གང་གི་དོན་དུ་འདི་ཉིད་མཛད། །སུ་ཞིག་བྱེད་པོ་འདིའི་ཚད་གང་། །འདི་ཡི་དགོས་པའང་ཅི་ཞིག་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དང་པོ་མཚན་གྱི་ཁྱད་པར་ཞེས་པ་ནི། རྒྱུད་འདིའི་མིང་ངམ་མཚན་ཅི་ཞིག་ཡིན་སྙམ་དུ་དྲི་ན་ནི། རྣལ་འབྱོར་ཆེན་པོའི་རྒྱུད་གསང་བ་འདུས་པ་ཞེས་བྱ་བ་ཡིན་ནོ་ཞེས་ལན་གྱིས་རྒྱུད་ཀྱི་མཚན་བསྟན་པའོ།།

གཉིས་པ་གདུལ་བྱ་གང་གི་དོན་དུ་རྒྱུད་འདི་བསྟན་པ་ཡིན་ཞེས་དྲི་ན། རྒྱུད་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་ནུས་པའི་གང་ཟག་གི་དོན་དུ་བསྟན་པ་ཡིན་ནོ་ཞེས་གསང་བ་འདུས་པའི་རྒྱུད་ཀྱི་ཆེད་དུ་བྱ་བའི་གདུལ་བྱའི་ཁྱད་པར་གང་ཡིན་ལན་གྱིས་བསྟན་པའོ།།

གསུམ་པ་རྒྱུད་འདི་གང་ཟག་སུ་ཞིག་གིས་བསྟན་པ་ཡིན་དྲི་ན། རྒྱུད་འདི་སྟོན་པ་པོའམ་མཛད་པ་པོ་ནི་འཁོར་བཙུན་མོ་དམ་པ་བདེ་སྟོང་གི་རོ་འབྱིན་པར་བྱེད་པ་དང་སྙོམས་པར་སྦྱོར་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཆ་ལུགས་ཅན་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཡིན་ནོ་ཞེས་ལན་གྱི་སྒོ་ནས་རྒྱུད་མཛད་པ་པོའི་གང་ཟག་གི་ཁྱད་པར་བསྟན་པའོ།།

བཞི་བ་རྒྱུད་འདིའི་ཚིག་དོན་གྱི་ཚད་གང་ཙམ་ཡོད་དྲི་ན། ལེའུ་དང་། རྟོག་པ་སྟེ་ཆོ་ག་དང་། དུམ་བུ་དང་། རིམ་པར་ཕྱེ་བ་རྣམ་པ་བཞི་ལས་ལེའུ་བཅུ་བདུན་དང་། ཕྱི་མའི་རྒྱུད་དང་ལེའུ་བཅོ་བརྒྱད་ཡོད་དོ་ཞེས་རྒྱུད་འདིར་བསྟན་པའི་རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་ཁྱད་པར་གང་ཡིན་ལན་གྱིས་བསྟན་པའོ།།

ལྔ་བ་རྒྱུད་འདིའི་དོན་རྟོགས་པའི་དགོས་པ་ཅི་ཞིག་ཡོད་དྲི་ན། རྒྱུད་འདིའི་བསྟན་དོན་རྟོགས་ན་ཞི་རྒྱས་དབང་དྲག་གི་ལས་བཞི་ཡིས་བསྡུས་པའི་དངོས་གྲུབ་ཆུང་ངུ་དང་། རལ་གྲི་རིལ་བུ་མིག་སྨན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་སོགས་དངོས་གྲུབ་འབྲིང་དང་། ཟུང་འཇུག་རྡོ་རྗེ་འཆང་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་མཆོག་གི་དངོས་གྲུབ་རྣམས་གྲུབ་པར་བྱེད་པ་ནི་དགོས་པའི་ཁྱད་པར་ཡིན་ཞེས་ལན་གྱིས་བསྟན་པའི་དོན་དེ་དག་ནི་གླེང་བསླང་བའི་རྒྱན་གྱི་དོན་ནོ།།

དེ་དག་གི་དོན་དེ་ལྟར་ཡིན་ཏེ། སྒྲོན་གསལ་ལས། རྒྱུད་ཀྱི་མཚན་ནི་མིང་ཡིན་ལ། །སྐྱེ་བོ་འདོད་ཆགས་ཅན་དོན་དུ། །འདི་ཡི་བྱེད་པོ་རྡོ་རྗེ་སེམས། །ཚད་དག་ཀྱང་ནི་བཤད་བྱ་སྟེ། །ལེའུ་དེ་བཞིན་ཆོ་ག་དང་། །དུམ་བུ་དེ་བཞིན་རིམ་པར་ཕྱེ། །དེ་ནི་རྣམ་པ་བཞིར་འགྱུར་ཏེ། །གཞུང་ཉིད་ཀྱི་ནི་གྲངས་ཀྱང་ངོ་། །དགོས་པ་ཡང་ནི་བཤད་བྱ་སྟེ། །ཞི་སོགས་བྱ་བའི་ཆོ་ག་དང་། །དེ་བཞིན་གྲུབ་པ་བརྒྱད་དང་ནི། །སངས་རྒྱས་ཀྱང་ནི་མཆོག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་འཚང་རྒྱ་ཚུལ་གྱི་རྒྱན་ལ་ནི། རྒྱུད་དང་། གླེང་གཞི་དང་། ངེས་ཚིག་དང་། རྒྱུ་དང་རིགས་པ་རྣམ་པ་བཞི་ཡི་སྒོ་ནས་བསྟན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། རིགས་པ་རྣམ་པ་བཞི་ནི་རྒྱུད་དང་གླེང་གཞི་དང་ངེས་ཚིག་དང་རྒྱུ་རྣམས་སོ། །ཞེས་དང་། ཟླ་བའི་སྒྲོན་གསལ་ལས། གླེང་བསླང་བ་ནི་འདས་ཟིན་ཏེ། །གཉིས་པ་ཡང་ནི་བཤད་པར་བྱ། །རྒྱུད་དག་དང་ནི་གླེང་གཞི་དང་། །ངེས་པའི་ཚིག་དང་རྒྱུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དང་པོ་མཚན་ཉིད་རྒྱུ་ཡི་ཐེག་པ་ལྟ་བུའི་ཆགས་བྲལ་གྱི་ལམ་གྱི་འཚང་རྒྱ་ཚུལ་ལྟར་ན་ནི། དལ་བྱོར་བཅོ་བརྒྱད་ལྡན་པའི་འཛམ་བུ་གླིང་པའི་མི་རུ་སྐྱེས་པ་ནི་དང་པོ་རྒྱུད་ཅེས་པའི་དོན་དང་། འཁོར་བ་ལ་ཡིད་ངེས་པར་འབྱུང་བས་རབ་ཏུ་བྱུང་བ་ནི་དང་པོའི་བཅའ་གཞི་སྟེ་གཞི་བཞག་པ་ཡིན་པས་གཉིས་པ་གླེང་གཞིའི་དོན་དང་། རབ་ཏུ་བྱུང་ནས་འདུལ་བའི་སྡོམ་པ་ཀུན་སྤྱོད་ལ་ལེགས་པར་བསླབ་ཅིང་གནས་པ་ནི་གསུམ་པ་ངེས་ཚིག་ཅེས་པའི་དོན་དང་། སེམས་མི་གཡོ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ནི་བཞི་བ་རྒྱུ་ཞེས་པ་སྟེ་འབྲས་བུ་བྱང་ཆུབ་ལ་ཉེ་བའི་རྒྱུ་ཡིན་པར་བསྟན་པ་ཡིན་ཏེ། ཟླ་བའི་སྒྲོན་གསལ་ལས། མི་ཡི་སྐྱེ་བར་འཁྲུངས་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །བཙུན་མོའི་འཁོར་གྱི་ནང་ནས་ནི། །ངེས་པར་འབྱུང་བ་གླེང་གཞི་ཡིན། །འདུལ་ལས་སྡོམ་པ་བསྟན་པ་ནི། །ངེས་པའི་ཚིག་ཅེས་བཤད་པར་བྱ། །འབྲས་བུ་འདོད་པས་ཆོས་སྤྱོད་པ། །དེ་ནི་རྒྱུ་ཞེས་བརྗོད་བྱ་སྟེ། །འདི་ནི་འདོད་ཆགས་བྲལ་ཆོས་ཀྱི། །ཚུལ་ནི་རྣམ་པ་བཞིར་འདོད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་འདོད་ཆགས་དང་བཅས་པའི་ལམ་གྱིས་འཚང་རྒྱ་ཚུལ་ལྟར་ན་ནི། དཔེར་ན་མཚན་ཉིད་རྒྱུ་ཡི་ཐེག་པའི་ཆགས་བྲལ་གྱི་ལམ་ནས་འཚང་རྒྱ་བ་ལ་འཛམ་བུའི་གླིང་གི་མིར་སྐྱེས་དགོས་པ་བཞིན་དུ་སྔགས་བླ་མེད་ཀྱི་ཆགས་བཅས་ཀྱི་ལམ་ནས་འཚང་རྒྱ་བ་ལའང་འཛམ་བུའི་གླིང་གི་མིར་སྐྱེ་དགོས་ཤིང་། དེར་སྐྱེས་པའི་རང་གི་ལུས་དེ་ཉིད་རྒྱལ་བ་རིགས་ལྔ་དང་འབྲེལ་བའི་བདག་ཉིད་སངས་རྒྱས་སུ་བསྐྱེད་པ་ནི་དེར་སྐྱེ་བ་བླངས་པ་དང་འདྲ་བས་མིར་སྐྱེས་པ་དང་ཆོས་མཐུན་པའི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་བསྒོམ་པ་ནི་དང་པོ་རྒྱུད་ཅེས་པའི་དོན་ནོ།།

དཔེར་ན་ཐེག་པ་གཞན་གྱི་འཛམ་བུའི་གླིང་གི་མིར་སྐྱེས་ནས་རབ་ཏུ་བྱུང་དགོས་པ་འདྲ་བར་བསྐྱེད་རིམ་མཐར་ཕྱིན་ནས་དབེན་པ་གསུམ་དང་། སྒྱུ་ལུས་དང་། ཟུང་འཇུག་བཅས་སྣང་ཕྱོགས་རྫོགས་རིམ་དང་། སྒྱུ་ལུས་ཀྱི་དཔེའི་འོད་གསལ་དང་། རིམ་པ་བཞི་བ་དང་། ཟུང་འཇུག་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་བཅས་སྟོང་ཕྱོགས་ཀྱི་རྫོགས་རིམ་གང་བསྒོམ་ཡང་གསང་ཆེན་རིགས་གཅིག་རྡོ་རྗེ་འཆང་བསྒོམ་པའི་རྫོགས་རིམ་བསྒོམ་དགོས་ཤིང་དེ་ནི་རྟེན་བརྟེན་པའི་དཀྱིལ་འཁོར་མ་ལུས་པ་སྤྲུལ་པའི་གཞི་ཡིན་པས་གཉིས་པ་གླེང་གཞིའི་དོན་ནོ།།

དཔེར་ན་ཐེག་པ་གཞན་དུ་རབ་ཏུ་བྱུང་ནས་འདུལ་བའི་སྤྱོད་པ་ལ་གནས་པ་དང་འདྲ་བར་དབང་དུས་སུ་ཁས་བླངས་པའི་བསྟེན་པའི་དམ་ཚིག་དང་། ཟ་བའི་དམ་ཚིག་དང་། སྲུང་བའི་དམ་ཚིག་རྣམས་ངེས་པར་བསྟན་དགོས་པ་དང་གནས་དགོས་པར་བསྟན་པས་ན་གསུམ་པ་ངེས་ཚིག་ཅེས་པའི་དོན་ནོ།།

དཔེར་ན་ཐེག་པ་གཞན་དུ་འདུལ་བའི་སྤྱོད་པ་ལ་གནས་ནས་འབྲས་བུ་བྱང་ཆུབ་ཀྱི་ཉེ་རྒྱུའི་ཆེད་དུ་མི་གཡོ་བའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག་དགོས་པ་དང་འདྲ་བར་སྒེག་པ་དཔའ་བ་ལ་སོགས་པའི་གར་གྱི་ཉམས་དགུ་དང་ལྡན་པའི་སྒོ་ནས་སྤྲོས་བཅས་སྤྲོས་མེད་རབ་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ལ་སྤྱོད་པ་ནི་འབྲས་བུ་བྱང་ཆུབ་ཀྱི་ཉེ་རྒྱུ་ཡིན་ཕྱིར་བཞི་བ་རྒྱུ་ཞེས་པའི་དོན་ཡིན་ནོ།།

དེ་དག་གི་དོན་དེ་ལྟར་ཡིན་པའི་སྒྲུབ་བྱེད་ནི་ཡོད་དེ། སྒྲོན་གསལ་ལས། འདོད་ཆགས་ཆོས་ཀྱི་ཚུལ་གྱིས་ནི། །དོན་གསལ་རྟོགས་ཕྱིར་བཤད་པར་བྱ། །རིགས་ལྔའི་སངས་རྒྱས་བསྐྱེད་པ་ནི། །རྒྱུད་ཅེས་བྱ་བ་ཡིན་པར་བརྗོད། །སླར་ཡང་རིགས་གཅིག་གྱུར་པ་ནི། །གླེང་གཞི་ཡིན་པར་རབ་ཏུ་བསྟན། །རྡོ་རྗེ་ལ་སོགས་གཟུང་བ་ཉིད། །ངེས་པའི་ཚིག་ནི་ཡིན་པར་བཤད། །སྒེག་པ་ལ་སོགས་སྤྱོད་པ་ནི། །རྒྱུ་ཞེས་བྱ་བ་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར་རོ།།

གསུམ་པ་མཐའ་དྲུག་གི་རྒྱན་ནི། དྲང་དོན་དང་ངེས་དོན་གཉིས་དང་། དགོངས་པ་ཅན་དང་དགོངས་པ་ཅན་མ་ཡིན་པ་གཉིས་དང་། སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་གཉིས་ཏེ་དྲུག་ནི་མཐའ་དྲུག་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། མཐའ་དྲུག་ཏུ་བཤད་པ་ནི་འདི་ལྟ་སྟེ། དགོངས་པས་བཤད་པ་དང་དགོངས་པ་མ་ཡིན་པས་བཤད་པ་དང་དྲང་བའི་དོན་དང་ངེས་པའི་དོན་དང་སྒྲ་ཇི་བཞིན་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པ་རྣམས་སོ། །ཞེས་དང་། སྟོབས་པོ་ཆེའི་རྒྱུད་ཀྱི་རྒྱལ་པོ་ལས། དེ་བཞིན་ང་ཡིས་གསུངས་པ་ཡང་། །དྲང་བའི་དོན་དང་ངེས་པའི་དོན། །སྒྲ་ནི་ཇི་བཞིན་ཇི་བཞིན་མིན། །དགོངས་པ་དང་ནི་དགོངས་པ་མིན། །བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡིས་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱིས་མཁས་པ་འཇུག་མི་བྱ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། གང་ཕྱིར་དགོངས་ཏེ་བཤད་པ་དང་། །དགོངས་མིན་དྲང་བའི་དོན་གྱུར་དང་། །ངེས་དོན་ཇི་བཞིན་པ་དང་ནི། །ཇི་བཞིན་མ་ཡིན་རྣམ་ཕྱེ་བས། །ཞེས་དང་། ཟླ་བ་གྲགས་པའི་སྒྲོན་མ་གསལ་བ་ལས། རྒྱན་ནི་གསུམ་པ་ཉིད་ཀྱང་ནི། །རྣལ་འབྱོར་རྒྱུད་ཚུལ་ལས་བཤད་པའི། །མཐའ་དྲུག་ཚིག་གིས་ངེས་བྱས་པ། །རྒྱས་བཏབ་དོན་ནི་རབ་རྟོགས་བྱ། །དྲང་བ་དང་ནི་ངེས་དོན་བཅས། །དགོངས་པས་བཤད་དང་དགོངས་མིན་དང་། །ཇི་བཞིན་སྒྲ་དང་མ་ཡིན་ཏེ། །མཐའ་ནི་དྲུག་ཏུ་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་དག་ལས་དང་པོ་དྲང་དོན་ཞེས་པ་ནི། སྐལ་བ་ངན་པ་ལ་སྦས་པའི་ཆེད་དུ་རྒྱུད་ཀྱི་རྡོ་རྗེའི་ཚིག་ལ་དོན་མི་མཐུན་པ་གཉིས་ཡོད་ན་དེའི་ནང་གི་རྡོ་རྗེའི་ཚིག་དེས་དངོས་ཟིན་གྱི་དོན་བསྟན་པའི་བཤད་པ་དེ་དྲང་དོན་ཡིན་ཏེ། ཟླ་བ་གྲགས་པའི་སྒྲོན་གསལ་ལས། སྐལ་ངན་རྣམས་ལ་རྒྱལ་བ་ཡིས། །སྦས་ཏེ་བཤད་པ་དྲང་བའི་དོན། །ཞེས་གསུངས་པའི་ཕྱིར། འཇོག་སྟངས་དེ་ནི་རྡོ་རྗེའི་ཚིག་དེས་དྲང་དོན་དུ་བསྟན་པའི་མཚན་ཉིད་ཅེས་གསུངས་པའང་ཡོད་དོ།།

དཔེར་ན་སྐལ་བ་ངན་པའི་སྣོད་མིན་ལ་གསང་བའི་ཆེད་དུ་ངེས་པའི་དོན་གྱི་གཞུང་དོན་དངོས་དེ་སྦས་ནས་བསྟན་པ་ཟུང་འཇུག་ལ་རྡོ་རྗེ་འཛིན་པ་ཞེས་པ་ཟུང་འཇུག་ལས་གཞན་ཚིག་གིས་དངོས་ཟིན་གྱི་དོན་རང་ལྷར་གསལ་བའི་ཕྱག་མཚན་དུ་རྡོ་རྗེ་རྩེ་ལྔ་བ་འཛིན་པར་བསྟན་པ་ལྟ་བུ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ག་བུར་དང་ཁྲག་ཆེན་པོ་དང་ཙན་དན་དམར་པོ་དང་རྡོ་རྗེ་དང་པད་མ་དང་ཕྱག་རྒྱ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དྲང་བའི་དོན་ཏེ། ཞེས་དེའི་དོན་ལྟར་གསུངས་པའི་ཕྱིར་རོ།།

དེ་ནི་དངོས་ཟིན་གྱི་དོན་དང་མི་མཐུན་པར་དོན་གཉིས་པ་ཞིག་དྲང་དུ་ཡོད་པའི་དོན་གྱིས་ན་དྲང་དོན་ཞེས་བྱ་ཞིང་དེ་ནི་དྲང་དོན་གྱི་སྒྲ་བཤད་དོ།།

གཉིས་པ་ངེས་དོན་ནི། རྒྱུད་ཀྱི་རྡོ་རྗེའི་ཚིག་ལ་དོན་མི་མཐུན་པ་གཉིས་ཡོད་ན་དེའི་ནང་ནས་ཚིག་དངོས་ཟིན་གྱི་དོན་དང་མི་མཐུན་པའི་ཡང་དག་པའི་དོན་གཞན་གཉིས་པའམ་དོན་དངོས་དེ་བསྟན་པའི་བཤད་པ་དེ་ངེས་དོན་ཡིན་ཏེ། ཟླ་བ་གྲགས་པའི་སྒྲོན་གསལ་ལས། ཡང་དག་དོན་ནི་རབ་སྟོན་ཕྱིར། །ངེས་པའི་དོན་ཡང་གསུངས་པ་ཡིན། །ཞེས་གསུངས་པའི་ཕྱིར། དེ་ཡང་རྡོ་རྗེའི་ཚིག་དེས་ངེས་དོན་དུ་བཤད་པའི་མཚན་ཉིད་ཅེས་གསུངས་སོ།།

དཔེར་ན་རྡོ་རྗེ་འཛིན་པ་ཞེས་པས་རྫོགས་རིམ་ཟུང་འཇུག་ཏུ་བསྟན་པ་ལྟ་བུ་དོན་ཡང་དག་པ་དངོས་དེ་བསྟན་པ་ལྟ་བུ་ལ་བྱ་བ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ག་བུར་ནི་ཁུ་བ་དང་ཁྲག་ཆེན་པོ་ནི་ཟླ་མཚན་གྱི་ཁྲག་དང་ཙན་དན་དམར་པོའི་ཁུ་བ་དང་བསྲེས་པ་ནི་ཙན་དན་དམར་པོའོ། །རྡོ་རྗེ་ནི་མཚན་མ་སྟེ་ཐབས་སོ། །པད་མ་ནི་བྷ་ག་སྟེ་ཤེས་རབ་དང་ཕྱག་རྒྱ་དང་བཙུན་མོ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་ངེས་པའི་དོན་ཏོ། །ཞེས་གསུངས་པའི་དོན་ལྟར་ཡིན་པའི་ཕྱིར་རོ།།

ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པ་མདོ་དང་རྒྱུད་སྡེ་འོག་མ་རྣམས་ལ། བདེན་གཉིས་སྟོང་པར་གསུངས་པའི་ཆ་ནས་དྲང་དོན་དང་ངེས་དོན་དུ་བཞག་པ་ཡོད་ནའང་། མཐའ་དྲུག་གི་ཡ་གྱལ་གྱི་དྲང་ངེས་ཀྱི་བཤད་པ་ནི་མདོ་དང་རྒྱུད་སྡེ་འོག་མ་དེ་དག་ལ་མི་འཇུག་པས་དྲང་ངེས་དང་སྒྲ་ཇི་བཞིན་ཡིན་མིན་སོགས་དེ་རྣམས་མིང་འདྲ་ཡང་དོན་མི་འདྲ་བ་དང་། མདོ་དང་རྒྱུད་སྡེ་འོག་མ་དེ་དག་གི་དྲང་ངེས་ནི་གཞུང་ཕན་ཚུན་དུ་འགལ་བས་གཞུང་ཡང་སོ་སོ་བ་ཡིན་ཞིང་། བླ་མེད་ཀྱི་སྐབས་འདིར་ནི་དྲང་ངེས་གཉིས་ཀྱི་བཤད་པ་གཞུང་གཅིག་ལ་བྱེད་པའི་ཕྱིར་དང་། དྲང་ངེས་སུ་འཇོག་ཚུལ་ཡང་མི་མཐུན་པར་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་ཊཱི་ཀ་ལས་གསུངས་སོ།།

རྡོ་རྗེའི་ཚིག་དེས་བསྟན་དོན་དངོས་དེ་དངོས་ཟིན་གྱི་དོན་དང་མི་མཐུན་པར་དོན་གཉིས་པ་དེར་ངེས་པའི་དོན་གྱིས་ན་ངེས་དོན་ཞེས་བྱ་ལ། དེ་ནི་ངེས་དོན་གྱི་སྒྲ་བཤད་ཀྱང་ཡིན་ནོ།།

དྲང་ངེས་གཉིས་ཀྱི་བཤད་པ་དེ་དོན་མཐའ་ལ་བརྟེན་པ་ཡིན་ཏེ། བརྗོད་བྱེད་ཀྱི་གཞུང་གཅིག་གིས་བརྗོད་བྱའི་དོན་མི་མཐུན་པ་གཉིས་བསྟན་པའི་སྒོ་ནས་བཞག་པ་ཡིན་པའི་ཕྱིར་རོ།།

གསུམ་པ་དགོངས་པ་ཅན་ཞེས་པ་ནི། མཆོག་གི་དངོས་གྲུབ་ཐོབ་པར་འདོད་པའི་གདུལ་བྱ་དབང་པོ་རྣོན་པོའི་ཕྱིར་དུ་རྒྱུད་སྡེ་འོག་མའམ་གཞུང་གཞན་དང་ཐུན་མོང་དུ་མ་གྱུར་པའི་དོན་ཟབ་མོ་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བསྟན་པའི་རྡོ་རྗེའི་ཚིག་དེའི་བཤད་པ་དེ་དགོངས་པ་ཅན་ཡིན་ཏེ། སྒྲོན་གསལ་ལས། མཆོག་འདོད་སེམས་ཅན་རྣམས་ཀྱི་ཕྱིར། །ཆོས་ཀྱི་དེ་ཉིད་རབ་སྟོན་པ། །འགལ་བའི་ཚིག་གི་སྦྱོར་བ་ཡིས། །གསུངས་པ་གང་ཡིན་དགོངས་བཤད་དེ། །ཞེས་གསུངས་པའི་ཕྱིར་རོ།།

གོང་ལྟར་དེ་ནི་རྡོ་རྗེའི་ཚིག་དེས་དགོངས་པའི་བཤད་པའི་མཚན་ཉིད་དུ་མཁས་པས་བཤད་ལ། དཔེར་ན་འོད་གསལ་དང་ཟུང་འཇུག་སྟོན་པ་ལ་སྒྲ་འགལ་བ་བུད་མེད་གཟུགས་བཟང་ན་ཆུང་རྙེད་དགོས་པར་བཤད་པ་ལྟ་བུ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། འདོད་ཆགས་མ་ཡིན་པ་དང་འདོད་ཆགས་དང་བྲལ་བ་མ་ཡིན་པ་དང་། བར་མ་ཉེ་བར་མི་དམིགས་པ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་དགོངས་པས་བཤད་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེ་ནི་དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་གཞན་གྱིས་བསྟན་པའི་བཤད་པ་ཡིན་པའི་ཕྱིར་ན་དགོངས་པ་ཅན་ཞེས་བྱ་སྟེ། དེའི་སྒྲ་བཤད་ཀྱང་དེ་ལྟར་གོའོ།།

བཞི་བ་དགོངས་པ་ཅན་མ་ཡིན་པ་ནི། གདུལ་བྱ་དབང་པོ་དམན་པས་དོན་མཆོག་ཏུ་གྱུར་པའི་གསང་བ་རྟོགས་པའི་ཕྱིར་དུ་ཐུན་མིན་གྱི་དོན་གཞན་ལ་དགོངས་ནས་བཤད་པ་མིན་པར་དོན་དེ་སྒྲ་དྲང་ཐད་ཀྱིས་གསལ་བར་བསྟན་པའི་རྡོ་རྗེའི་ཚིག་གི་བཤད་པ་དེ་དགོངས་མིན་གྱི་བཤད་པ་ཡིན་ཏེ། སྒྲོན་གསལ་ལས། དབང་པོ་དམན་པའི་སེམས་ཅན་རྣམས། །རྟོགས་ཕྱིར་མཆོག་ཏུ་གསལ་བ་ཡིས། །དེ་ཉིད་ངེས་པར་སྟོན་པ་ནི། །དགོངས་པ་མིན་པས་བཤད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དགོངས་མིན་གྱི་མཚན་ཉིད་ཀྱང་དེ་ཡིན་པར་མཁས་པས་བཤད་ལ། དཔེར་ན་བདག་མེད་དང་། ཐམས་ཅད་སྟོང་པ་དང་། འོད་གསལ་དང་། ཟུང་འཇུག་གི་དོན་དྲང་ཐད་དུ་བསྟན་པ་ལྟ་བུ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ལུས་དང་ངག་དང་ཡིད་མེད་པ་དང་བདག་མེད་པ་དང་ཐམས་ཅད་སྟོང་པ་དང་། དག་པ་དང་འོད་གསལ་བ་ཞེས་བྱ་བ་ལ་སོགས་པ་རྡོ་རྗེའི་ཚིག་ནི་དགོངས་པ་མ་ཡིན་པས་བཤད་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དོན་གཞན་ལ་དགོངས་ནས་སྒྲ་འགལ་བ་ཅན་གཞན་གྱིས་བསྟན་པ་མིན་པར་དོན་དེ་གསལ་བར་བསྟན་པའི་བཤད་པ་ཡིན་པའི་ཕྱིར་ན་དགོངས་མིན་ཞེས་བཤད་ལ། དངོས་བསྟན་གྱི་དོན་དེ་ལས་གཞན་པ་ལ་དགོངས་པ་མིན་པས་ན་དེ་ལྟར་བཤད་ཅིང་། དེའི་སྒྲ་བཤད་ཀྱང་དེའོ།།

ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ལའང་ཆོས་ཀྱི་དེ་ཁོ་ཉིད་སྟོན་པ་ན་སྒྲ་འགལ་བས་དོན་གཞན་སྟོན་པ་དང་། སྒྲ་དྲང་ཐད་དུ་དེ་ཁོ་ན་ཉིད་སྟོན་པ་ཡང་ཡོད་མོད་ཀྱང་། མཐའ་དྲུག་གི་ཡ་གྱལ་གྱི་དགོངས་དགོངས་མིན་གྱི་བཤད་པ་ནི་མདོ་དང་རྒྱུད་སྡེ་འོག་མ་གཉིས་ན་མེད་དེ། དེའི་བརྗོད་བྱ་གཙོ་བོའི་དོན་ནི་བླ་མེད་ཀྱི་རྒྱུད་རང་གཞུང་དེར་བཤད་པ་ལྟར་མཐར་ཐུག་གི་དོན་ཏེ། འོད་གསལ་དང་སྒྱུ་ལུས་ལྟ་བུ་བཤད་པ་ཡིན་ཞིང་། མདོར་ན་དེ་ལས་གཞན་པའི་དགོངས་དགོངས་མིན་གྱི་བཤད་པ་གང་ཡིན་ཡང་གཞན་དང་ཐུན་མོང་མ་ཡིན་པའི་དོན་རྣམས་བསྟན་པ་ཞིག་ལ་བཤད་སྣང་བའི་ཕྱིར་ཞེས་འཇམ་མགོན་བླ་མས་གསུངས་སོ།།

དགོངས་དགོངས་མིན་གྱི་བཤད་པ་དེ་སྒྲ་མཐའ་ལ་བརྟེན་པ་ཞེས་བྱ་སྟེ། བརྗོད་བྱའི་དོན་གཅིག་དེ་རྗོད་བྱེད་ཀྱི་གཞུང་མི་མཐུན་པའམ་ཚིག་མི་མཐུན་པ་གཉིས་ཀྱིས་བསྟན་པ་ཡིན་པའི་ཕྱིར་ན་དེ་སྐད་དུ་བརྗོད་པ་ཡིན་པའི་ཕྱིར་རོ།།

ལྔ་བ་སྒྲ་ཇི་བཞིན་པ་ནི། དཀྱིལ་འཁོར་དང་ཆོ་ག་ལ་སོགས་པ་གཞུང་དོན་གང་རུང་གསལ་བར་སྟོན་པའི་རྡོ་རྗེའི་ཚིག་གི་བཤད་པ་དེ་སྒྲ་ཇི་བཞིན་པ་ཡིན་ཏེ། སྒྲོན་གསལ་ལས། དཀྱིལ་འཁོར་སོགས་དང་ཆོག་ཞིབ་ལ། །སྤྱོད་པ་ཇི་ལྟ་ཇི་ལྟར་ལྟར་གསུངས། །དོན་རྒྱས་བཤད་པ་གང་ཡིན་པ། །དེ་ནི་ཇི་བཞིན་སྒྲར་གསུངས་པའོ། །ཞེས་གསུངས་པའི་ཕྱིར། དེ་ཡང་དེའི་མཚན་ཉིད་དུ་བཤད་པའང་མཆིས་ཤིང་། དཔེར་ན་རྒྱུད་གོང་འོག་གི་དཀྱིལ་འཁོར་དང་། ཆོ་གའི་ཚུལ་གསལ་བར་བསྟན་པའི་གཞུང་ལྟ་བུའོ།།

དེ་ལ་དབྱེ་ན། དངོས་ཟིན་དང་མི་མཐུན་པའི་དོན་གཉིས་པ་མེད་པའི་སྒྲ་ཇི་བཞིན་པ་དང་། དངོས་ཟིན་དང་མི་མཐུན་པའི་དོན་གཉིས་པ་ཡོད་པའི་སྒྲ་ཇི་བཞིན་པ་གཉིས་ཡོད་ལ། དང་པོ་ནི། རྒྱུད་སྡེ་གོང་འོག་གི་དཀྱིལ་འཁོར་དང་། ཆོ་ག་བསྟན་པ་ལྟ་བུ་དཀྱིལ་འཁོར་དང་། སྒྲུབ་ཐབས་དང་། དབང་དང་། དམ་ཚིག་དང་། མཆོད་སྦྱིན་དང་། གཏོར་མ་དང་། སྨན་དང་། ཞི་རྒྱས་དབང་དྲག་གི་ལས་ཀྱི་ཚོགས་དང་། ཐུན་མོང་འཇིག་རྟེན་པའི་དངོས་གྲུབ་ཆེན་པོ་བརྒྱད་སོགས་བསྟན་པ་ལྟ་བུ་རྣམས་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། དཀྱིལ་འཁོར་རྟོག་པའི་ཆོ་ག་སོགས། །སྤྱོད་པ་བསྙེན་བསྒྲུབ་འབྲས་ལྡན་པ། །ཡན་ལག་དོན་རྒྱས་རྣམ་བཤད་པ། །ཇི་བཞིན་སྒྲ་ཞེས་བསྟན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ནི། མཚམས་མེད་པའི་ལས་བྱས་པ་དང་། སྡིག་པ་ཆེན་པོ་བསགས་པའི་གང་ཟག་གིས་ཀྱང་རྡོ་རྗེ་ཐེག་པའི་ལམ་འགྲུབ་པར་བཤད་པ་ལྟ་བུ་དེ་ཡིན་ནོ།།

དྲུག་པ་སྒྲ་ཇི་བཞིན་པ་མིན་པ་ནི། དོན་དེ་ལ་མིང་དེ་དངོས་སུ་འཇུག་པ་འཇིག་རྟེན་པ་དང་སྒྲ་པ་རྣམས་ཀྱི་སྒྲའི་བསྟན་བཅོས་ལ་མེད་ལ་མ་གྲགས་ཀྱང་དོན་དེ་ལ་མིང་དེ་དངོས་སུ་འཇུག་པར་དེ་བཞིན་གཤེགས་པ་འབའ་ཞིག་གིས་བརྡ་མཛད་པའི་རྡོ་རྗེའི་ཚིག་གི་བཤད་པ་དེ་སྒྲ་ཇི་བཞིན་མ་ཡིན་པ་ཞེས་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། དེ་བཞིན་གཤེགས་པའི་བརྡའི་གསང་བ་གང་། །ཀོ་ཊ་ཀྵ་སོགས་མཁའ་འགྲོས་བསྟན་པ་དང་། །བརྡ་སྤྱོད་གསང་བ་འཇིག་རྟེན་མ་གྲགས་པས། །ཇི་བཞིན་མ་ཡིན་སྒྲར་བསྟན་པའོ། །ཞེས་དང་། སྒྲོན་གསལ་ལས། ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲ། །འཇིག་རྟེན་བསྟན་བཅོས་ལ་མེད་ཅིང་། །དེ་བཞིན་གཤེགས་པའི་བརྡར་གྱུར་པ། །དེ་ནི་ཇི་བཞིན་མིན་པར་བསྒྲགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ནི་དེའི་མཚན་ཉིད་ཀྱང་ཡིན་པར་བཤད་དོ།།

དཔེར་ན་ཀོ་ཏྲཱ་ཁྱ་ཀོ་ཏྲཱ་བ་ཀོ་ཏྲཱཿ ཞེས་པ་སྤྱོད་རྒྱུད་ལས་ཕྱག་ན་རྡོ་རྗེའི་མཚན་གྱི་རྣམ་གྲངས་དང་། སངས་རྒྱས་མཉམ་སྦྱོར་ལས། རླུང་བཅུ་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་དབང་པོ་ལྔ་དང་། ཡུལ་ལྔ་ཡི་མིང་བརྡ་མཛད་པ་ལྟ་བུ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ཀོ་ཏྲཱ་ཁྱ་ཀོ་ཏྲཱ་བ་ཀོ་ཏྲཱཿ ཀོ་ཏྲཱ་པཤྩ། ཀོ་ཏི་རཱ་གཱ། ཀོ་ལ་ཁྱ། ཀོ་ལ་བ། ཀོ་ལ་ཀོ་ལ་པཤྩ། ཀོ་ལསྟ་ཐ། འདིས་དབང་པོ་དང་ཡུལ་གསུངས་ཏེ། དེ་ལྟ་བུ་ལ་སོགས་པ་རྡོ་རྗེའི་ཚིག་རྣམས་ནི་སྒྲ་ཇི་བཞིན་པ་མ་ཡིན་པས་བཤད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

ཆེད་དུ་བརྗོད་པའི་ཚོམ་ལས། ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་བྱེད་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་པ། །སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །ཕ་དང་མ་ནི་བསད་བྱས་ཤིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །མི་བཟད་པ་ཡི་སྟག་བསད་པ། །སྡིག་མེད་གང་ཡིན་བྲམ་ཟེ་ཡིན། །ཞེས་དང་། རྡོ་རྗེ་མཁའ་འགྲོ་ལས། ཕ་དང་མ་ནི་བསད་བྱས་ཤིང་། །བྲམ་ཟེ་གཙང་མ་གཉིས་བཟུང་ནས། །རྒྱལ་པོ་ཡུལ་འཁོར་བཅས་བཅོམ་ན། །མི་དེ་དག་པར་འགྱུར་ཞེས་བྱ། །ཞེས་པ་ལྟ་བུ་མདོ་ཕ་རོལ་ཏུ་ཕྱིན་པ་དང་། རྒྱུད་སྡེ་འོག་མ་དང་། འོག་མ་དང་ཐུན་མོང་ནས་བཤད་པའི་སྒྲ་ཇི་བཞིན་པ་མ་ཡིན་པ་ནི། མདོ་རྒྱུད་དེ་དང་དེའི་ལུང་དེ་ནས་ཇི་ལྟར་བཤད་པ་དེ་ལྟར་དུ་དོན་གཟུང་དུ་མི་རུང་བ་ཞིག་ལ་གོ་བ་ཡིན་ལ། བླ་མེད་ཀྱི་མཐའ་དྲུག་གི་ཡ་གྱལ་གྱི་སྒྲ་ཇི་བཞིན་མ་ཡིན་པ་ནི། དོན་སྟོན་བྱེད་ཀྱི་གཞུང་ངམ་ཚིག་དེ་འཇིག་རྟེན་པ་དང་བསྟན་བཅོས་ལ་མ་གྲགས་ཤིང་། རྒྱུད་གང་དུ་གྲགས་པ་ལྟར་འཇིག་རྟེན་པ་དང་སྒྲ་དང་བརྡ་སྤྱོད་ཀྱི་ལུགས་ལ་མེད་ཀྱང་། དོན་དངོས་ཤིག་ཇི་བཞིན་སྟོན་གྱིན་ཡོད་པ་དང་། དེ་ཡང་བསྟན་པ་བཞིན་བཟུང་རུང་བ་ཞིག་སྟེ། དེ་བཞིན་གཤེགས་པས་བརྡ་མཛད་པ་ཙམ་གྱིས་དེར་བཞག་པ་ཡིན་ལ། ནང་དོན་ནི་རྒྱུད་སྡེ་འོག་མ་དང་ཡང་ཐུན་མོང་བར་ཡང་རུང་བ་སྟེ། ངན་སོང་སྦྱོང་རྒྱུད་དུ་ཀོ་ཊཱ་ཁྱ་ལ་སོགས་པའི་སྒྲ་ཡིས་ཕྱག་ན་རྡོ་རྗེའི་མཚན་བཅུ་བསྟན་པ་ལྟ་བུར་གསུངས་པས་སོ།།

སྒྲ་ཇི་བཞིན་ཡིན་མིན་འདི་ནི་སྒྲ་དོན་གཉིས་ཀའི་མཐའ་ལ་བརྟེན་པ་ཞེས་བྱ་སྟེ། བརྗོད་བྱའི་དོན་མི་མཐུན་པ་གཉིས་རྗོད་བྱེད་ཀྱི་གཞུང་ངམ་ཚིག་མི་མཐུན་པ་གཉིས་ཀྱིས་བསྟན་པ་ཡིན་པའི་ཕྱིར་ན་དེ་ལྟར་བཤད་དོ།།

བཞི་བ་ཚུལ་བཞིའི་རྒྱན་ནི། ཡི་གེའི་དོན་དང་། སྤྱིའི་དོན་དང་། སྦས་པའི་དོན་དང་། མཐར་ཐུག་པའི་དོན་དང་བཞི་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བཤད་པ་རྣམ་པ་བཞི་ནི་ཡི་གེའི་དོན་དང་སྤྱིའི་དོན་དང་སྦས་པ་དང་མཐར་ཐུག་པ་རྣམས་སོ། །ཞེས་དང་། གསང་འདུས་བཤད་རྒྱུད་གཉིས་མེད་རྣམ་རྒྱལ་ལམ་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཡི་གེའི་དོན་དང་སྤྱི་ཡི་དོན། །སྦས་པ་གསུམ་དང་མཐར་ཐུག་གཉིས། །དང་པོ་གཅིག་དང་ཚུལ་གཉིས་ལྡན། །དཔག་མེད་རྡོ་རྗེའི་ཚིག་གི་རྒྱ། །ངེས་ཕྱིར་རབ་ཏུ་སྟོན་པ་ཉིད། །ཅེས་དང་། ཟླ་བའི་སྒྲོན་གསལ་ལས། མཐའ་དྲུག་དབྱེ་བ་བསྟན་ནས་ནི། །བཤད་པའི་དབྱེ་བ་བརྗོད་པར་བྱ། །ཚིག་གི་དོན་དང་སྤྱི་ཡི་དོན། །སྦས་དང་དེ་བཞིན་མཐར་ཐུག་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་དག་གསང་བ་འདུས་པའི་རྒྱུད་དོན་ལྟར་བཤད་ན། དང་པོ་ཡི་གེའི་དོན་ནི། དོན་དེ་ལ་མིང་དེ་དངོས་སུ་འཇུག་པར་ཕྱི་རོལ་བའི་བསྟན་བཅོས་ལ་མཁས་པའི་སྒྲའི་བསྟན་བཅོས་ཀྱི་གཞུང་ལ་བརྟེན་ནས་བསྟན་པའི་རྡོ་རྗེའི་ཚིག་གི་བཤད་པ་དེ་ཡི་གེའི་དོན་ཞེས་པ་ཡིན་ཏེ། སྒྲོན་གསལ་ལས། སྒྲ་ཙམ་ལ་ནི་རབ་གཞོལ་བའི། །ཕྱི་རོལ་བསྟན་བཅོས་མཁས་པ་ཡིས། །དེ་ཡི་བཀོད་པས་རབ་བསྟན་པ། །ཡི་གེའི་དོན་ནི་ཡིན་པར་བཤད། །ཅེས་གསུངས་པའི་ཕྱིར། འདི་ལ་མིང་ཚིག་ཡི་གེ་གསུམ་གྱི་ནང་གསེས་ཀྱི་ཡི་གེ་ལ་མི་བྱེད་པར་མིང་དང་ཚིག་དུ་མ་འདུས་པའི་ཡི་གེའི་ཚོགས་ལ་བྱ་ཞིང་། ཚིག་གི་དོན་ཞེས་པའི་ཐ་སྙད་ཀྱང་སྦྱར་ཡོད་དོ།།

རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། དང་པོ་གཅིག་དང་ཞེས་དང་། ཟླ་བས། དང་པོ་གཅིག་པུ་ཁོ་ན་ཉིད། །ཅེས་གསུངས་པ་ལྟར་འདི་ལ་དབྱེ་བ་མེད་པར་བཤད་དོ།།

འདི་ནི་ནང་རིག་པའི་སྡེ་སྣོད་ལས་ཕྱིར་རོལ་ཏུ་གྱུར་པའི་མུ་སྟེགས་པའི་སྒྲའི་བསྟན་བཅོས་ལ་མཁས་པའི་གང་ཟག་རྣམས་ཀྱིས། སྒྲའི་གཞུང་ན་བཤད་པའི་ལུགས་ཇི་བཞིན་དུ་དེ་ལ་གཞོལ་བའམ་བསྟུན་པའི་སྒོ་ནས་སྒྲའི་གཞུང་གི་ལུགས་ཀྱིས་བཀོད་དེ་ཚིག་དོན་རབ་ཏུ་བཤད་པ་རྣམས་ནི་ཡི་གེའི་དོན་དུ་གསུངས་ལ། སྒྲའི་གཞུང་དང་བསྟུན་ནས་གང་སྟོན་དགོས་ཀྱི་རང་རང་གི་དོན་སྟོན་པའི་ནུས་པ་གང་ཐོན་པའི་ཆ་ནས་བཤད་པ་ནི་ཡིག་གེའི་དོན་ནོ།།

གཉིས་པ་སྤྱིའི་དོན་ནི། སྔགས་ལམ་ནས་བསྐྱེད་རིམ་པ་མན་ཆད་གང་རུང་དང་ཉམས་སུ་བླང་བྱ་ཐུན་མོང་བ་རྣམས་སྟོན་པའི་རྡོ་རྗེའི་ཚིག་གི་བཤད་པ་དེ་སྤྱིའི་དོན་ཞེས་བྱ་ཡིན་ཏེ། སྒྲོན་གསལ་ལས། མདོ་སོགས་ལ་ནི་རབ་བཞུགས་པའི། །འགྱོད་པ་ཟློག་པར་བྱེད་པ་དང་། །བསྐྱེད་པའི་རིམ་དང་ལྡན་པ་དག །སྤྱི་ཡི་དོན་ནི་ཡིན་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ།།

དེ་ནི་སྒྲའི་གཞུང་ལུགས་དང་བསྟུན་ནས་བཤད་པའི་ཡིག་དོན་གྱི་ཆ་ནས་གཙོ་བོར་མ་བྱས་པར་གཞུང་དེའི་བསྟན་བྱའི་དོན་དེ་ཉིད་སྔར་མདོ་ཕར་ཕྱིན་ཐེག་པ་དང་། རྒྱུད་སྡེ་འོག་མ་སོགས་སུ་བཤད་པའི་གང་ཟག་གཉིས་ཀྱི་ཤེས་བྱ་དང་ཉམས་སུ་བླང་བྱ་ཐུན་མོང་བའི་དོན་ཅན་དུ་སོང་བའི་སྒོ་ནས་བཤད་པ་ནི་སྤྱི་དོན་གྱི་བཤད་པ་ཡིན་ནོ།།

དེས་ན་ཡིག་དོན་དང་སྤྱི་དོན་དེ་གཉིས་ནི་གཞུང་དོན་འཆད་ཚུལ་མི་འདྲ་བ་ཡིན་པ་ལས། ཡིག་དོན་གྱི་བཤད་པའི་སྒོ་ནས་བསྟན་པའི་དོན་དེ་གང་ཟག་ཐ་དད་པ་གཉིས་ཀྱི་ཐུན་མོང་དུ་ཉམས་སུ་བླང་བྱར་མི་འགྱུར་བ་དང་། སྤྱི་དོན་གྱི་བཤད་པའི་སྒོ་ནས་བསྟན་པའི་དོན་ནི་ཡིག་དོན་འཆད་ཚུལ་གྱི་སྒོ་ནས་བཤད་དུ་མི་རུང་བ་ནི་མིན་པར་གསུངས་ཏེ། འཇམ་མགོན་བླ་མ་ཙོང་ཁ་པས། དེ་གཉིས་འཆད་ཚུལ་མི་འདྲ་བ་ཡིན་གྱི། ཡིག་དོན་གྱི་བཤད་པའི་སྒོ་ནས་བསྟན་པའི་དོན་དེ་གང་ཟག་གཉིས་ཀྱི་ཐུན་མོང་དུ་མི་འགྱུར་བ་དང་། སྤྱི་དོན་གྱི་བཤད་པའི་སྒོ་ནས་བསྟན་པའི་དོན་ནི་ཡིག་དོན་འཆད་ཚུལ་གྱི་སྒོ་ནས་བཤད་དུ་མི་རུང་བ་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལ་དབྱེ་ན། བསྐྱེད་རིམ་པའི་ལམ་ལྟ་བུ་འཇིག་རྟེན་གྱི་དངོས་གྲུབ་དོན་དུ་གཉེར་བ་དང་། མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་གཉིས་ཀའི་ཉམས་སུ་བླང་བྱ་ཐུན་མོང་བའི་སྤྱི་དོན་དང་། རྒྱུད་སྡེ་འོག་མ་གསུམ་མན་ཆད་དང་ཉམས་སུ་བླང་བྱ་ཐུན་མོང་བའི་སྤྱི་དོན་དང་གཉིས་ཡོད་དེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཚུལ་གཉིས་ལྡན། །ཞེས་དང་། སྒྲོན་གསལ་ལས། སྤྱི་ཡི་དོན་གྱི་དབྱེ་བ་གཉིས། །ཞེས་གསུངས་པའི་ཕྱིར། ཕྱི་མ་དེ་ལ་ལྷའི་རྣལ་འབྱོར་སྒོམ་པ་ལྟ་བུ་རྒྱུད་སྡེ་འོག་མ་གསུམ་དང་ཉམས་སུ་བླང་བྱ་ཐུན་མོང་བའི་སྤྱིའི་དོན་དང་། སྟོང་ཉིད་བསྒོམ་པ་དང་རྟོགས་པའི་ལྟ་བ་ལྟ་བུ་མདོ་སྡེ་དང་། འདུལ་བ་དང་། ཆོས་མངོན་པ་དང་ཉམས་སུ་བླང་བྱ་ཐུན་མོང་བའི་སྤྱིའི་དོན་དང་གཉིས་ཡོད་པར་བཤད་དེ། འཇམ་མགོན་ཙོང་ཁ་པའི་གསང་འདུས་སྒྲོན་གསལ་མཆན་གྱི་ཡང་འགྲེལ་ལས། ཐེག་པ་གཅིག་ཡིན་ཀྱང་རྒྱུད་སྡེ་འོག་མ་གསུམ་གྱི་གདུལ་བྱས་འདི་ལ་སྨོད་པ་དང་ཐེ་ཚོམ་བཟློག་པའི་ཕྱིར་དུ་དེ་དག་དང་མཐུན་པར་བཤད་པ་རྣམས་ཀྱང་སྤྱི་དོན་ཡིན་པས། མཚན་ཉིད་ཀྱི་ཐེག་པ་བ་དང་ཐུན་མོང་བ་དང་། རྒྱུད་སྡེ་འོག་མ་པ་དང་ཐུན་མོང་བ་ཡིན་པས་སྤྱི་དོན་དུ་བྱས་པ་དང་། བསྐྱེད་རིམ་ལྟ་བུ་དངོས་གྲུབ་གཉིས་སྒྲུབ་པའི་གང་ཟག་གཉིས་དང་ཐུན་མོང་བས་སྤྱི་དོན་དུ་བཞག་པ་ཡང་ཡོད་དོ། །སྨོད་པ་དང་ཐེ་ཚོམ་ཟ་བ་བཟློག་པའི་ཕྱིར་དུ་བཤད་པ་ནི་དགོས་པ་དེ་ཙམ་གྱི་ཕྱིར་མིན་གྱི་རང་གི་ལམ་རྒྱུད་ལ་བསྐྱེད་པ་ལ་ཡང་དགོངས་ནས་དེ་ལྟར་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་སྦས་དོན་ནི། རྡོ་རྗེའི་ཚིག་ལ་དོན་མི་མཐུན་པ་བཞི་ཡོད་པའི་ནང་ནས་སྦས་དོན་གསུམ་པོ་གང་རུང་སྟོན་པའི་རྡོ་རྗེའི་ཚིག་དེའི་བཤད་པ་ལ་བྱ་ཞིང་། ཕྱི་ན་མི་མངོན་ཞིང་ནང་ན་སྙིང་པོའི་ཚུལ་གྱིས་སྦས་ནས་ཡོད་

པའི་ཚུལ་ལམ་དོན་སྟོན་པས་ན་སྦས་དོན་ཞེས་བྱ་སྟེ། སྒྲོན་གསལ་ལས། འདོད་ཆགས་ཆོས་ནི་རབ་སྟོན་དོན། །ཀུན་རྫོབ་བདེན་པ་རྟོགས་པ་དང་། །ཡེ་ཤེས་གསུམ་པོ་རྣམས་བརྟགས་པའི། །སྙིང་པོ་ཡོད་པས་སྦས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལ་དབྱེ་ན། འདོད་ཆགས་ཆོས་སྦས་དང་། ཀུན་རྫོབ་སྒྱུ་མའི་སྦས་པ་དང་། སྣང་བ་སེམས་སྦས་དང་གསུམ་ཡོད་དེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྦས་པ་གསུམ་དང་ཞེས་དང་། སྒྲོན་གསལ་ལས། སྦས་པ་རྣམ་པ་གསུམ་དུ་བཤད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་ནི། བསྐྱེད་རྫོགས་ཀྱི་སྐབས་ནས་བསྟན་པའི་ལས་རྒྱ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་སོགས་ལ་སྙོམས་པར་འཇུག་ཚུལ་རྒྱུད་སྡེ་འོག་མ་གསུམ་མན་ཆད་ཀྱི་ལམ་ལ་སྦས་པ་ལ་འདོད་ཆགས་ཆོས་སྦས་ཞེས་བྱ་ཞིང་། དེ་ལ་གཞི་ལམ་གཉིས་ཀྱི་འདོད་ཆགས་ཆོས་སྦས་གཉིས་ཡོད་དེ། ལམ་གྱིས་སྦྱང་གཞིར་གྱུར་པའི་གཞི་ཕོ་མོ་གཉིས་སྙོམས་པར་འཇུག་པ་གཞིའི་འདོད་ཆགས་ཆོས་སྦས་དང་། བསྐྱེད་རིམ་པ་དང་རྫོགས་རིམ་པའི་ལས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་སྙོམས་པར་འཇུག་པ་ནི་ལམ་གྱི་འདོད་ཆགས་ཆོས་སྦས་ཏེ་བསྐྱེད་རིམ་དང་རྫོགས་རིམ་པའི་འདོད་ཆགས་ཆོས་སྦས་གཉིས་སོ།།

དོན་ལ་ལས་རྒྱའི་མཁའ་ལ་བརྟེན་ནས་བདེ་སྟོང་ལྷན་སྐྱེས་ཀྱི་ཡེ་ཤེས་འདྲེན་པའི་འདོད་ཆགས་ལམ་དུ་བྱེད་པའི་མན་ངག་དེ་རྒྱུད་གཞན་དུ་སྦས་པ་ལ་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། འདོད་ཆགས་ཆོས་ཀྱི་སྦས་པ་ཞེས་བྱ་བ། །རྣལ་འབྱོར་ཐབས་དང་ཤེས་རབ་མཉམ་སྦྱོར་ལས། །སྣ་ཚོགས་དགའ་བ་དང་པོ་རྗེས་ཆགས་དང་། །རྣམ་པར་སྨིན་པ་མཆོག་ཏུ་བདེ་བ་ཉིད། །མཚན་ཉིད་བྲལ་བ་སྐད་ཅིག་ལྷན་ཅིག་སྐྱེས། །བདེ་བ་མི་འགྱུར་ཡེ་ཤེས་ཕྱག་རྒྱ་ཆེ། །རྣམ་པར་ཉིད་པ་དགའ་བྲལ་རྗེས་ལའོ། །དེ་ཉིད་སྙིང་པོ་བླ་མེད་བྱང་ཆུབ་སེམས། །བདེ་སྟོང་དབྱེར་མེད་བྱང་ཆུབ་ཆེན་པོའོ། །ཀུན་ད་བྱང་སེམས་ཡེ་ཤེས་མེས་སྦྱངས་པས། །ཟག་མེད་བདེ་བས་ལུས་སེམས་རྣམ་དག་པའོ། །ཞེས་དང་། འཇམ་མགོན་ཙོང་ཁ་པས། རིག་མ་དང་མཉམ་པར་སྦྱོར་བའི་འདོད་ཆགས་ཀྱི་ཆོས་ནི་རབ་ཏུ་སྟོན་པའི་འདོད་ཆགས་ཆོས་ཀྱི་སྦས་པ་དང་། ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

གཉིས་པ་ཀུན་རྫོབ་སྒྱུ་མའི་སྦས་པ་ནི། ཕྲ་བ་གཉུག་མའི་ལུས་དང་། སྒྱུ་ལུས་སོགས་ནི་ཀུན་རྫོབ་སྒྱུ་མའི་སྦས་པ་ཞེས་བྱ་ཞིང་། དེ་ལའང་ཕྲ་བ་གཉུག་མའི་ལུས་དང་། རྨི་ལམ་གྱི་ལུས་དང་། བར་དོའི་རླུང་གི་ལུས་རྣམས་ནི་གཞིའི་ཀུན་རྫོབ་སྒྱུ་མའི་སྦས་པ་དང་། དབེན་པ་གསུམ་གྱི་སྐབས་ཀྱི་སྒྱུ་ལུས་རྗེས་མཐུན་པ་དང་། རིམ་པ་གསུམ་པའི་སྒྱུ་ལུས་དངོས་རྣམས་ནི་ལམ་གྱི་ཀུན་རྫོབ་སྒྱུ་མའི་སྦས་པ་ཡིན་ཏེ། འཇམ་མགོན་ཙོང་ཁ་པས། ཀུན་རྫོབ་ཀྱི་བདེན་པ་སྒྱུ་མའི་སྐུ་རྟོགས་པ་སྟེ་བསྟན་པའི་ཀུན་རྫོབ་སྒྱུ་མའི་སྦས་པ་དང་། ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་སྣང་བ་སེམས་ཀྱི་སྦས་པ་ནི། ཐ་མལ་བའི་གཉིད་དང་འཆི་སེམས་དང་། དབེན་གསུམ་སོགས་ཀྱི་སྐབས་ཀྱི་སྣང་མཆེད་ཐོབ་གསུམ་རྣམས་ནི་སྣང་བ་སེམས་ཀྱི་སྦས་པ་ཞེས་བྱ་ཞིང་། དེ་ཡང་ཐ་མལ་བའི་གཉིད་དང་འཆི་སེམས་ཀྱི་སྐབས་ཀྱི་ལུགས་འབྱུང་ལྡོག་གི་སྣང་མཆེད་ཐོབ་གསུམ་ལྟ་བུ་གཞིའི་སྣང་བ་སེམས་སྦས་དང་། དབེན་གསུམ་དང་སྒྱུ་ལུས་ཀྱི་སྐབས་ཀྱི་ལུགས་འབྱུང་ལྡོག་གི་སྣང་བ་གསུམ་རྣམས་ནི་ལམ་གྱི་སྣང་བ་སེམས་སྦས་ཡིན་ནོ།།

དེ་ཡང་འཇམ་མགོན་ཙོང་ཁ་པས། སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་གསུམ་པོ་རྣམ་པར་བརྟགས་པ་སྟེ་སྒོམ་པའི། སྣང་བ་སེམས་ཀྱི་སྦས་པ་གསུམ་སྙིང་པོར་ཡོད་པས་སྦས་པའོ། །ཞེས་གསུངས་པ་ལྟར་རོ།།

དེ་དག་ནི་རྒྱུད་སྡེ་འོག་མ་མན་ཆད་ལ་སྦས་པས་ན་དེ་ལྟར་ཟེར་ལ། བསྐྱེད་རིམ་པ་ལ་འདོད་ཆགས་ཆོས་སྦས་ཀྱི་ཕྱོགས་གཅིག་མ་གཏོགས་གཞན་སྦས་པར་བཤད་ཅིང་། སྦས་ཚུལ་ཡང་མ་བསྟན་པའི་ཚུལ་གྱིས་སྦས་པ་དང་། ལམ་མིན་པའི་ཚུལ་གྱིས་སྦས་པ་དང་། ཕྱི་ན་མི་མངོན་པར་སྙིང་པོ་ནང་ན་ཡོད་པའི་ཚུལ་གྱིས་སྦས་པ་རྣམས་ཡོད་པར་གསུངས་ཏེ། འཇམ་མགོན་ཙོང་ཁ་པས། རིམ་པ་བཞི་པའི་འོད་གསལ་བ་ནི་རབ་ཏུ་སྟོན་པ་དང་། ཟུང་དུ་འཇུག་པའི་གང་ལ་སྦས་པ་ནི་ཐ་མ་གཉིས་དང་དང་པོའི་ཆ་གཅིག་བསྐྱེད་རིམ་པ་དང་། གསུམ་ཀ་རྒྱུད་སྡེ་འོག་མ་པ་སོགས་ལ་སྦས་པ་ཡིན་ལ། སྦས་ཚུལ་ནི་ཕྱི་ནས་མི་མངོན་པར་ནང་ན་སྙིང་པོར་ཡོད་པའི་ཚུལ་གྱིས་སྦས་སོ། །ཞེས་གསུངས་པའི་ཕྱིར་རོ།།

བཞི་བ་མཐར་ཐུག་པའི་དོན་ནི། རྡོ་རྗེའི་ཚིག་ལ་དོན་མི་མཐུན་པ་བཞི་ཡོད་པའི་ནང་ནས་མཐར་ཐུག་གཉིས་པོ་གང་རུང་གི་དོན་སྟོན་པའི་རྡོ་རྗེའི་ཚིག་གི་བཤད་པ་དེ་ཡིན་ཞིང་། འོད་གསལ་དང་ཟུང་འཇུག་བསྟན་པ་ལྟ་བུ་དེ་ཡིན་ཏེ། སྒྲོན་གསལ་ལས། འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རྟོག་པ་སྟེ། །རྣམ་པ་གཉིས་སུ་མཐའ་བཤད་དེ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་དང་། འཇམ་མགོན་བླ་མ་ཙོང་ཁ་པས། རིམ་པ་རྟོགས་པ་སྟེ། དེ་ལྟར་རྣམ་པ་གཉིས་སུ་མཐར་ཐུག་པའ་བཤད་དེ། མཐར་ཐུག་པ་ནི་མུར་ཐུག་པ་ཡི་ཚིག་གི་དོན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལ་དབྱེ་ན། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་དེ་དོན་གྱི་འོད་གསལ་གྱི་ཡེ་ཤེས་དང་། དག་པའི་སྒྱུ་མའི་སྐུ་མཐར་ཐུག་པ་བསྟན་པའི་མཐར་ཐུག་པ་གཉིས་ཡོད་དེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། མཐར་ཐུག་གཉིས། །ཞེས་དང་། ཟླ་བའི་སྒྲོན་གསལ་ལས། མཐར་ཐུག་པ་ནི་རྣམ་པ་གཉིས། །ཞེས་གསུངས་པའི་ཕྱིར་རོ།།

མཐར་ཐུག་པའི་ཚུལ་ཡང་། ཤིན་ཏུ་ཕྲ་བའི་སེམས་དེ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་ངོ་བོར་གྱུར་ཏེ་སྟོང་ཉིད་ལ་གཉིས་སྣང་ནུབ་པའི་ཚུལ་གྱིས་འོད་གསལ་གྱི་མཐར་ཐུག་པ་དང་། ཤིན་ཏུ་ཕྲ་བའི་རླུང་དེ་རིགས་འདྲ་རྒྱུན་མི་ཆད་པར་མཚན་དཔེས་སྤྲས་པའི་སྒྱུ་མའི་སྐུར་བཞེངས་པའི་ཟུང་འཇུག་མཐར་ཐུག་པ་ཡིན་པས་ན་དེ་སྐད་དུ་བརྗོད་དོ།།

དེ་ཡང་སྣང་བ་གསུམ་གྱི་སྐབས་སུ་གཉིས་སྣང་མ་ནུབ་ཅིང་མ་དག་ལ། སྣང་བ་གསུམ་སྔ་མ་ཕྱི་མ་ལ་ཐིམ་ནས་སེམས་དབེན་གྱི་ཉེར་ཐོབ་དོན་གྱི་འོད་གསལ་དུ་ཞུགས་པ་ན། གཉིས་སྣང་ཕྲ་མོ་ཡང་དག་ནས་ཆུ་ལ་ཆུ་བཞག་པ་བཞིན་དུ་རོ་གཅིག་ཏུ་ཞུགས་པའི་ཕྱིར་ན། ལྷན་ཅིག་སྐྱེས་པ་བདེ་བ་ཆེན་པོའི་སེམས་དེ་ཁོ་ན་ཉིད་ཀྱི་མཐར་ཐུག་པ་ཡིན་ཞིང་། དེ་ནི་འོད་གསལ་གྱི་མཐར་ཐུག་ལུགས་ཡིན་པ་དང་། དེ་འདྲའི་འོད་གསལ་དེ་ནི་སྔགས་བླ་མེད་ཀྱི་རྫོགས་རིམ་ཐུན་མོང་མ་ཡིན་པ་ཡིན་པས། དེ་ཉིད་མདོ་ཕར་ཕྱིན་ཐེག་པའི་གཞུང་ནས་མི་སྟོན་པར་བླ་མེད་ཀྱི་སྐབས་འདིར་བསྟན་པས་མཐར་ཐུག་ཞེས་བྱ་ལ། དེས་ན་འདིར་མཐར་ཐུག་ཅེས་པ་ནི། མདོ་ལས་ཆོས་ཉིད་མཐར་ཐུག་བསྟན་མོད་ཆོས་ཉིད་རྐྱང་པ་འདིར་བཤད་པའི་མཐར་ཐུག་གི་འོད་གསལ་མིན་ཞིང་། འདིར་བཤད་པའི་མཐར་ཐུག་གི་འོད་གསལ་གྱི་གོང་ན་སློབ་པའི་ཟུང་འཇུག་ཡོད་པས་རྒྱུའི་མཐར་ཐུག་ཀྱང་མིན་ལ། འོད་གསལ་དང་སྒྱུ་ལུས་དེ་གཉིས་ཀ་སློབ་ལམ་ན་ཡང་ཡོད་པས་འབྲས་བུའི་མཐར་ཐུག་ཀྱང་མ་ཡིན་ནོ།།

དེས་ན་བཤད་མ་ཐག་པ་ལྟར་ཡུལ་ཅན་བདེ་བ་ཆེན་པོའི་སེམས་དེ་ཉིད་ཡུལ་དོན་དམ་བདེན་པའི་མཐར་ཐུག་པ་དང་། ཤིན་ཏུ་ཕྲ་བའི་རླུང་འོད་ཟེར་ལྔའི་གཉུག་མའི་ལུས་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེས་བརྒྱན་པའི་མཐར་ཐུག་པ་སྟེ། མཐར་སོན་པ་གཉིས་དུས་གཅིག་ཏུ་ཐུགས་འོད་གསལ་དང་སྐུ་སྒྱུ་མར་ཚོགས་པ་ནི་ཟུང་འཇུག་གི་མཐར་ཐུག་ལུགས་ཏེ། མཐར་ཐུག་ལུགས་དེ་ལྟར་ཡིན་གྱི་ལམ་གྱི་བགྲོད་པ་མཐར་ཐུག་པ་ནི་མིན་པ་སོགས་འདི་སྐོར་འཇམ་མགོན་བླ་མའི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་ཊཱི་ཀ་ལས་བཤད་པས་དེ་བལྟ་བར་བྱའོ།།

མཐའ་དྲུག་དང་ཚུལ་བཞིས་བཤད་པ་འཇུག་པ་ནི་རྣལ་འབྱོར་བླ་མེད་རྒྱུད་ཁོ་ན་ཡིན་པ་ལས་རྒྱུད་སྡེ་འོག་མ་གསུམ་ལ་བཤད་པ་ཚང་བ་མེད་དེ། རྒྱུད་སྡེ་འོག་མ་རྣམས་ཀྱི་དོན་ལ་ཡི་གེའི་དོན་དང་། སྤྱིའི་དོན་གཉིས་གཞི་མཐུན་ཡོད་ནའང་། ཚུལ་བཞིའི་བཤད་པ་ནི་གཞུང་གཅིག་ལ་དོན་བཞི་ཀའི་བཤད་པ་འཇུག་པ་ཞིག་ཡིན་དགོས་ཕྱིར་རྒྱུད་སྡེ་འོག་མའི་དོན་ལ་ཚུལ་ལྷག་མ་སྦས་དོན་དང་། མཐར་ཐུག་གི་དོན་གཉིས་ཀྱི་བཤད་པ་མི་འཇུག་པས་ཚུལ་བཞི་ཀའི་བཤད་པ་འཇུག་པ་ནི་རྣལ་འབྱོར་བླ་མེད་ཁོ་ན་ལ་བྱ་བ་དང་། དེ་བཞིན་དུ་མཐའ་དྲུག་གི་ཕྱོགས་གཅིག་སྒྲ་ཇི་བཞིན་པའི་བཤད་པ་ནི་རྒྱུད་སྡེ་འོག་མ་གསུམ་ག་ལ་འཇུག་པ་ཡོད་པས། དེ་ནི་རྒྱུད་སྡེ་བཞི་ཀའི་ཐུན་མོང་ཡིན་ཡང་། མཐའ་དྲུག་གི་བཤད་པ་དྲུག་པོ་ཚང་བ་ནི་རྒྱུད་སྡེ་འོག་མ་ལ་མེད་པར་འཇམ་མགོན་བླ་མ་ཙོང་ཁ་པའི་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ཀྱི་ཊཱི་ཀ་ལས་གསུངས་སོ།།

ལྔ་བ་འཆད་ཚུལ་གྱི་རྒྱན་ནི། རྒྱུད་དོན་ཉན་འདོད་པའི་གང་ཟག་གང་ལ་དོན་གང་འཆད་པའི་ཚུལ་ཏེ། གདམས་ངག་འཆད་ཚུལ་གྱི་དབང་གིས་ཚོགས་བཤད་དང་། སློབ་བཤད་གཉིས་ཡོད་དེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། དབྱེ་བ་རྣམ་པ་གཉིས་ནི་འདི་ལྟ་སྟེ། ཚོགས་ལ་བཤད་པ་དང་སློབ་མ་ལ་བཤད་པའོ། །ཞེས་དང་། སྒྲོན་གསལ་ལས། འཆད་པས་ཉན་པར་འདོད་པ་ལ། །དབྱེ་བ་ཡང་ནི་གཉིས་ཡོད་དེ། །ཚོགས་ལ་བཤད་པར་བསྟན་པ་དང་། །གཉིས་པ་སློབ་མ་ལ་བཤད་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་གདམས་ངག་འཆད་ཚུལ་ལ་ཚོགས་བཤད་དང་སློབ་བཤད་དུ་བསྟན་པ་གཉིས་ཡོད་པའི་དབང་གིས་གང་འཆད་ཡུལ་གྱི་གསང་བ་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་ཚོགས་བཤད་ཀྱི་གང་ཟག་དང་། སློབ་བཤད་ཀྱི་གང་ཟག་གཉིས་ཡོད་པར་བཤད་དོ།།

དེས་ན་ཆེད་དུ་བྱ་བའི་གདུལ་བྱ་མཆོག་དམན་ལྔ་ལས། ཙནྡན་དང་། པདྨ་དང་། པདྨ་དཀར་པོ་དང་། ཨུཏྤལ་ལྟ་བུའི་གང་ཟག་བཞི་ནི་ཚོགས་བཤད་ཀྱི་སྣོད་དུ་རུང་བ་དང་། རིན་པོ་ཆེ་ལྟ་བུའི་གདུལ་བྱ་དེ་ནི་སློབ་བཤད་ཀྱི་སྣོད་དུ་རུང་བ་ཡིན་ཏེ། ཡང་སྒྲོན་གསལ་ལས། ཨུཏྤལ་དེ་བཞིན་པད་དཀར་དང་། །པདྨ་ཙནྡན་ཉིད་དག་སྟེ། །གང་ཟག་བཞི་པོ་འདི་དག་ནི། །ཚོགས་པ་ལ་བཤད་གང་ཟག་གོ །རྫོགས་པའི་རིམ་གྱི་སྐལ་ལྡན་ཞིང་། །རྟག་ཏུ་སྤྱོད་པས་རྣམ་བརྒྱན་པ། །འདི་ནི་རིན་ཆེན་གང་ཟག་སྟེ། །སློབ་མ་ལ་བཤད་སྣོད་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་ཚོགས་བཤད་དང་སློབ་བཤད་ཀྱི་ཁྱད་པར་གང་ཞེ་ན། ཚོགས་བཤད་ཅེས་པ་ཐུན་མོང་པ་དང་། སློབ་བཤད་ཅེས་པ་གཙོ་བོ་སྟེ། དོན་ལ་སློབ་མ་ཐུན་མོང་པ་ལ་བཤད་པ་དང་། གཙོ་བོ་ལ་བཤད་པ་སྟེ། བཤད་ཡུལ་གཉིས་ཀ་སློབ་མ་ཡིན་ཡང་གཙོ་ཕལ་གྱིས་ཕྱེས་ཏེ་བཤད་བྱ་ལ་གཉིས་སུ་ཕྱེས་ཤིང་དེ་ཡུལ་གང་ལ་བཤད་པའི་ཁྱད་པར་བསྟན་པའོ།།

དེ་ཕྱིར་དེ་ནི་མཐའ་དྲུག་དང་ཚུལ་བཞིའི་བཤད་པ་ལྟར་གཞུང་འཆད་ཚུལ་གྱིས་དབྱེ་བ་ནི་མིན་པར་རྒྱུད་ཉན་པ་པོའི་བློ་ཡི་ཁྱད་པར་གྱིས་ཕྱེ་དགོས་པ་ཡིན་ཕྱིར་ཉན་པ་པོའི་སྒོ་ནས་ཕྱེས་པ་སྟེ། ཉན་པ་པོ་སྣོད་དུ་རུང་མི་རུང་གི་སྒོ་ནས་ཕྱེ་བ་དང་། སྐྱེ་བའི་སྐལ་བ་དང་ལྡན་མི་ལྡན་གྱི་སྒོ་ནས་ཕྱེས་པ་ཡིན་ནོ།།

དང་པོ་ནི། སློབ་མ་དབང་བཞི་རྫོགས་པར་ཐོབ་ཅིང་དམ་སྡོམ་ལ་གནས་པ་ཞིག་ཡིན་ཚེ་རིམ་གཉིས་རགས་པ་ཀུན་ཉན་པའི་སྣོད་དུ་རུང་བས་ཁྱབ་ལ། དེས་ན་གང་ཟག་དམན་པ་བཞི་པོ་རིམ་གཉིས་རགས་པ་ཀུན་ཉན་པའི་སྣོད་དུ་རུང་བ་ཡིན་ཡང་། དེ་བཞི་ལ་དབང་པོ་སྦྱངས་མ་སྦྱངས་པ་གཉིས་པ་ཡོད་པ་ལས་མ་སྦྱངས་པ་དེས་རིམ་གཉིས་རགས་པ་ཀུན་ཉན་རུང་ཡང་རྫོགས་རིམ་རྫོགས་པར་ཉན་པའི་སྣོད་དུ་མི་རུང་བས་ན་དེ་ནི་ཉན་པའི་ཚོགས་བཤད་ཀྱི་སྣོད་དུ་རུང་བ་སྟེ་ཚོགས་བཤད་ཀྱི་གང་ཟག་དང་། གདུལ་བྱ་དམན་པ་བཞི་པོ་བློ་སྦྱངས་པ་ཡིན་ན། རིམ་གཉིས་རགས་པ་ཀུན་ཉན་པའི་སྣོད་དུ་རུང་བ་མ་ཟད་རྫོགས་རིམ་རྫོགས་པར་ཉན་པའི་སྣོད་དུ་རུང་བས་ན་ཉན་པའི་སློབ་བཤད་ཀྱི་སྣོད་དུ་རུང་བ་སྟེ་སློབ་བཤད་ཀྱི་གང་ཟག་ཏུ་འཇོག་རུང་བ་ཡིན་ཞིང་། དེ་ནི་ཚོགས་བཤད་དང་སློབ་བཤད་འཇོག་ཚུལ་ཕལ་བ་ཡིན་ནོ།།

གཉིས་པ་སྐྱེ་བའི་སྐལ་བ་དང་ལྡན་མི་ལྡན་གྱི་སྒོ་ནས་ཕྱེས་པ་ནི། སློབ་མ་གང་ཟག་དམན་པ་བཞི་པོ་ནི་བསྐྱེད་རིམ་སྐྱེ་སླ་ཞིང་ཚེ་དེ་ལ་རྫོགས་པར་སྐྱེ་བའི་སྐལ་བ་དང་ལྡན་ན་ཡང་རྫོགས་རིམ་སྐྱེ་དཀའ་ཞིང་ཚེ་དེ་ལ་རྫོགས་པར་སྐྱེ་བའི་སྐལ་བ་དང་མི་ལྡན་པས་ན་ཚོགས་བཤད་ཀྱི་གང་ཟག་དང་། རིན་པོ་ཆེ་ལྟ་བུའི་གང་ཟག་དེ་ནི་ཚེ་དེ་ལ་བསྐྱེད་རིམ་རྫོགས་པར་སྐྱེ་སླ་བ་མ་ཟད་རྫོགས་རིམ་ཡང་སྐྱེ་སླ་ཞིང་ཚེ་དེ་ལ་རྫོགས་རིམ་རྫོགས་པར་སྐྱེ་བའི་སྐལ་བ་དང་ལྡན་པས་ན་སློབ་བཤད་ཀྱི་གང་ཟག་ཏུ་བཞག་པ་ཡིན་ཞིང་། དེ་ནི་འཇོག་བྱེད་གཙོ་བོ་ཡིན་ཏེ། ཟླ་བས། བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ནས། །བདེ་གཤེགས་རྣམས་ཀྱིས་གདུལ་བྱ་ལ། །རིམ་པ་གཉིས་ལ་བརྟེན་ནས་ནི། །བཤད་པའི་དབྱེ་བ་གསུངས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

ཚོགས་བཤད་དང་སློབ་བཤད་ཀྱི་གང་ཟག་ལ་འཆད་ཚུལ་ལམ་བཤད་བྱའི་གདམས་པའི་ཁྱད་པར་ནི། ཐུན་མོང་དུ་བཤད་པར་བྱ་བའི་ལམ་བསྐྱེད་རིམ་སོགས་དང་། མཐའ་དྲུག་ལས། སྒྲ་བཞིན་པ་དང་། དགོངས་པ་མིན་པ་དང་། དྲང་དོན་གསུམ་དང་། ཚུལ་བཞི་ལས་ཡིག་དོན་དང་། སྤྱི་དོན་རྣམས་ནི་ལམ་ཐུན་མོང་དུ་གྱུར་པའི་གདུལ་བྱ་དབང་པོ་མཆོག་མ་ཡིན་པའི་གང་ཟག་ཚོགས་པ་སྤྱི་གྱུར་པའི་ཚོགས་བཤད་ཀྱི་གང་ཟག་ལ་བཤད་པར་བྱ་བའི་ཆོས་ཡིན་ཏེ། ཡང་ཟླ་བའི་སྒྲོན་གསལ་ལས། ཇི་བཞིན་སྒྲ་དང་དགོངས་མིན་དང་། །དྲང་བའི་དོན་དུའང་གང་གྱུར་དང་། །ཡི་གེའི་དོན་དང་སྤྱི་ཡི་དོན། །ཚོགས་པ་ལ་བཤད་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ།།

ཐུན་མིན་རྫོགས་པའི་རིམ་པའི་ལམ་སོགས་ཏེ། མདོར་ན་མཐའ་དྲུག་ལས་སྒྲ་ཇི་བཞིན་མ་ཡིན་པ་དང་། ངེས་དོན་དང་། དགོངས་པ་ཅན་དང་། ཚུལ་བཞི་ལས་སྦས་པའི་དོན་དང་། མཐར་ཐུག་པའི་དོན་རྣམས་ནི་གདུལ་བྱ་དབང་པོ་རྣོན་པོ་མཆོག་ཏུ་གྱུར་པའི་སློབ་བཤད་ཀྱི་གང་ཟག་ལ་བཤད་པར་བྱ་བའི་ཆོས་ཡིན་ཏེ། ཡང་ཟླ་བས། ཇི་བཞིན་མིན་སྒྲ་ངེས་དོན་དང་། །དེ་བཞིན་དགོངས་ཏེ་བཤད་པ་དང་། །སྦས་དང་མཐར་ཐུག་པ་རྣམས་ནི། །སློབ་མ་ལ་ནི་བཤད་པར་འདོད། །ཅེས་གསུངས་པའི་ཕྱིར་རོ།།

དེས་ན་རྡོ་རྗེ་སློབ་དཔོན་རྒྱུད་དོན་སྟོན་པ་ལ་མཁས་པས་ནི་ཚོགས་བཤད་དང་སློབ་བཤད་ཀྱི་གང་ཟག་གང་ཡིན་ལེགས་པར་བརྟག་ནས་བསྐྱེད་པ་དང་རྫོགས་པའི་རིམ་པའི་ལམ་གང་འཚམ་ལེགས་པར་ཕྱེས་ཏེ་བསྟན་དགོས་པར་གསུངས་ཏེ། དེ་ཉིད་ཀྱིས། གང་ཟག་ཞེས་པའི་དབྱེ་བ་ཡིས། །སྣོད་དང་སྣོད་མིན་ཡོངས་བརྟགས་ནས། །རྡོ་རྗེ་སློབ་དཔོན་མཁས་པས་ནི། །བཤད་པ་རྣམ་པ་གཉིས་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དྲུག་པ་ཉན་པ་པོའི་རྒྱན་ནི། སྔགས་ཀྱི་གདུལ་བྱ་ལ་གང་ཟག་རྣམ་པ་ལྔ་བཤད་པ་གྲགས་ཆེ་ཞིང་། དེ་ལྔ་ནི། རིན་པོ་ཆེ་ལྟ་བུའི་གང་ཟག་དང་། ཙནྡན་ལྟ་བུའི་གང་ཟག་དང་། པདྨ་ལྟ་བུའི་གང་ཟག་དང་། པདྨ་དཀར་པོ་ལྟ་བུའི་གང་ཟག་དང་། ཨུཏྤལ་ལྟ་བུའི་གང་ཟག་རྣམས་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། གང་ཟག་རྣམ་པ་ལྔའི་སློབ་མ་བརྟག་པ་ནི་འདི་ལྟ་སྟེ། རིན་པོ་ཆེ་དང་ཙན་དན་དང་པད་མ་དང་པད་མ་དཀར་པོ་དང་ཨུཏྤ་ལ་རྣམས་སོ། །ཞེས་དང་། གང་ཟག་བློ་རིགས་དཔེ་དང་སྦྱར་བ་སྟེ། །སྣོད་ཀྱི་བྱེ་བྲག་ཆོས་མཐུན་མཚུངས་པ་སྟེ། ། རྒྱུད་ལ་འཇུག་པའི་དབང་པོའི་རིམ་པ་ནི། །ཐ་དད་ཆོས་ཅན་བློན་པོར་ཆོས་མཐུན་པ། །ཞེས་དང་། ཟླ་བའི་སྒྲོན་གསལ་ལས། རྣམ་པ་ཀུན་ཏུ་ཉན་འདོད་པའི། །འཇིག་རྟེན་ངེས་པར་གྱུར་པ་ནི། །བློ་ཡི་རྣམ་པ་དཔག་མེད་ལས། །གང་ཟག་རྣམ་པ་ལྔར་འདོད་དོ། །ཨུཏྤ་ལ་དང་པད་དཀར་དང་། །པདྨ་ཙནྡན་རིན་པོ་ཆེ། །རང་བཞིན་ཐ་དད་མིང་གིས་དེ། །ཐམས་ཅད་མཁྱེན་པས་གསུངས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་རིན་པོ་ཆེ་ལྟ་བུའི་གང་ཟག་ནི། ཚུལ་ཁྲིམས་དག་པ་དང་། དགེ་བ་ལ་བརྩོན་པ་དང་། མགོ་སྨོས་པས་དོན་གོ་བའི་མང་ཐོས་ཀྱི་ཤེས་རབ་དང་ལྡན་པ་དང་། བླ་ན་མེད་པའི་ཐེག་པ་ཆེན་པོའི་རིགས་སུ་ངེས་པའི་རྒྱུད་གཅིག་པ་དང་། རང་གིས་གང་ཐོས་པའི་དོན་གཞན་ལ་སྟོན་ནུས་པ་དང་། ཚེ་དེ་ལ་རྫོགས་རིམ་སྐྱེ་བའི་སྐལ་བ་དང་ལྡན་པ་ཞིག་སྟེ། དཔལ་ལྡན་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པར་དེ་ནི། ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུའི་གང་ཟག་གི་མཚན་ཉིད་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ཡང་རབ་རིན་ཆེན་ལྟ་བུ་བླ་ན་མེད། །རྩ་དང་བྱང་སེམས་ཡི་གེ་རླུང་དག་པ། །ངེས་པ་ཅན་དང་མ་ངེས་པར་འབྱུང་ལ། །སྦྱངས་པ་ཅན་དང་ཐོག་མ་མེད་ནས་ཀྱི། །རང་བཞིན་ཡོན་ཏན་གུས་པ་ཐོབ་གྱུར་པའོ། །ཅེས་དང་། ཟླ་བའི་སྒྲོན་གསལ་ལས། ཚུལ་ཁྲིམས་དག་ཅིང་མཁས་ལ་སྒྲིན། །ཤེས་རབ་ལྡན་ཞིང་རྒྱུད་གཅིག་པ། །ཐོས་ནས་ལེགས་པར་སྟོན་པ་ནི། །རིན་ཆེན་ཞེས་བྱའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར་རོ།།

དཔེར་ན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་དཀའ་ཞིང་རྙེད་ན་དོན་ཆེ་བ་དང་འདྲ་བས་ན་རིན་པོ་ཆེ་ལྟ་བུའི་གང་ཟག་ཅེས་གསུངས་སོ།།

གཉིས་པ་ཙནྡན་ལྟ་བུའི་གང་ཟག་ནི། ཐོས་པ་ཆུང་ཞིང་། ཐོས་པ་ལ་བསྐུལ་ན་བདག་གིས་ཤེས་ཞེས་ང་རྒྱལ་དང་ལྡན་པ་དང་། ལུང་རིགས་ཀྱི་རྩ་བ་མེད་པར་རྩོད་པས་མང་དུ་སྨྲ་བ། སྐྱོན་དེ་བསལ་ནས་ཡོན་ཏན་དང་ལྡན་པར་རྗེས་སུ་བཟུང་དཀའ་བའི་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་གང་ཟག་དེ། ཙནྡན་ལྟ་བུའི་གདུལ་བྱའི་མཚན་ཉིད་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ཙནྡན་ལྟ་བུ་དབང་པོ་དམན་པའོ། ། ཞེས་དང་། སྒྲོན་གསལ་ལས། ཐོས་པ་ཉུང་ཞིང་ང་རྒྱལ་ལྡན། །རྩ་བ་མེད་པར་མང་དུ་སྨྲ། །རྗེས་སུ་གཟུང་བར་མི་ནུས་པ། །ཙནྡན་ཞེས་བྱའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར་རོ།།

ཙནྡན་ནི་དྲི་ཆུང་བ་དང་། ཚེར་མ་མང་བ། འབྲས་བུ་མེད་པ། སྦྲུལ་གདུག་པས་དཀྲིས་པས་དྲུང་དུ་ཉེ་མི་ནུས་པ་དང་འདྲ་བའི་གང་ཟག་ཡིན་ཕྱིར་དེ་ལྟར་བརྗོད་པར་བཤད་དོ།།

གསུམ་པ་པདྨ་དམར་པོ་ལྟ་བུའི་གང་ཟག་ནི། དད་པ་དང་ལྡན་ཞིང་སྙིང་རྗེ་ཆེ་བ་དང་། ཤེས་རབ་དང་ལྡན་པ་དང་། ཆོས་ཐོས་པའི་ཤེས་རབ་འཕེལ་ཡང་རིང་བོར་མི་ཐོགས་པར་བརྗེད་པར་གྱུར་པའི་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱར་འགྱུར་པའི་གང་ཟག་དེ། པདྨ་དམར་པོ་ལྟ་བུའི་གདུལ་བྱའི་མཚན་ཉིད་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། པད་དམར་དབང་པོ་རབ་འགྱུར་བརྩོན་པ་ཆེ། །ཞེས་དང་། ཡང་སྒྲོན་གསལ་ལས། དད་དང་ལྡན་ཞིང་སྙིང་རྗེ་ཤེས། །ཐོས་ན་བློ་ཡི་ཁ་འབྱེད་ལ། །ཚིག་མེད་འོ་མ་བཞིན་འཛག་པ། །པདྨ་ཞེས་བྱའི་གང་ཟག་གོ། ཞེས་གསུངས་པའི་ཕྱིར་རོ།།

པདྨ་ནི་དྲི་ཞིམ་པ་དང་། མཐོང་ན་དགའ་བ་བསྐྱེད་པའི་ཡོན་ཏན་དང་ལྡན་པ་དང་། ཉི་མས་ཁ་འབྱེད་པ་བཅས་ཡིན་ཡང་། ཉི་འོད་འཕོག་མ་ཐག་ལྟེ་བར་ཆགས་པའི་ཟིལ་བ་ཡལ་ནས་འགྲོ་བ་དང་འདྲ་བས་དེ་སྐད་དུ་བྱའོ།།

བཞི་བ་པདྨ་དཀར་པོ་ལྟ་བུའི་གང་ཟག་ནི། གང་ཡིད་ལ་གཟུང་བྱའི་རྒྱུད་ཀྱི་ཚིག་དོན་རྣམས་གྲོགས་ལས་ལྷག་པར་མང་དུ་ཐོས་ནས་འཛིན་ནུས་ཀྱང་གཞན་ལ་སྟོན་མི་ནུས་པ་བུམ་པའི་ནང་དུ་རས་བལ་གྱི་ས་བོན་སྦངས་ན་ནང་དུ་འཕེལ་ནས་ཕྱིར་མི་འགྲོ་བ་ལྟ་བུའི་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་གང་ཟག་དེ་པདྨ་དཀར་པོ་ལྟ་བུའི་གང་ཟག་གི་མཚན་ཉིད་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། པད་དཀར་སྐལ་ལྡན་འབྲིང་གྱུར་ཅུང་ཟད་དག །ཅེས་དང་། ཟླ་བའི་སྒྲོན་ལས། གཟུང་བྱ་མང་དུ་ཐོས་གྱུར་ཀྱང་། །སྟོན་པ་ཡི་ནི་ནུས་མེད་པ། །བུམ་པའི་རས་བལ་ས་བོན་འདྲ། །པད་དཀར་ཞེས་བྱའི་གང་ཟག་གོ། ཞེས་གསུངས་པའི་ཕྱིར།

དཔེར་ན་པདྨ་དཀར་པོའི་དྲི་རང་གི་ལྟེ་བར་འཁོར་ནས་འཐུལ་བ་ལས་ཕྱིར་འགྲོ་བ་མེད་པ་དང་འདྲ་བས་ན་པདྨ་དཀར་པོ་ལྟ་བུའི་གང་ཟག་ཅེས་བྱའོ།།

ལྔ་བ་ཨུཏྤལ་ལྟ་བུའི་གང་ཟག་ནི། རྒྱུད་ཀྱི་ཚིག་དོན་མ་ལུས་པ་བླ་མ་ལས་མང་དུ་ཐོས་ནས་ཡིད་ལ་འཛིན་པ་ལ་མཁས་ཀྱང་བླ་མ་བྲལ་ན་སྐད་ཅིག་གིས་རིང་བོར་མི་ཐོགས་པར་བརྗེད་པར་གྱུར་པའི་འདུས་པའི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པ་དེ་ནི་འདུས་པའི་གདུལ་བྱར་གྱུར་པའི་ཨུཏྤལ་ལྟ་བུའི་གང་ཟག་གི་མཚན་ཉིད་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ཨུཏྤལ་ལྟ་བུ་ཐ་མར་གྱུར་པ་དང་། །ཞེས་དང་། ཟླ་བའི་སྒྲོན་གསལ་ལས། དེ་ནི་མ་ལུས་ཐོས་གྱུར་ལ། །འཛིན་པ་ལ་ནི་རྣམ་པར་མཁས། །སྐད་ཅིག་གིས་ནི་བརྗེད་འགྱུར་བ། །ཨུཏྤལ་ཞེས་བྱའི་གང་ཟག་གོ །ཞེས་གསུངས་པའི་ཕྱིར་རོ།།

ཨུཏྤལ་ཆུ་ན་གནས་པ་ན་དྲི་ཞིམ་པོ་འཛིན་ཅིང་མི་རྙིང་བ་དང་། ཆུ་དང་བྲལ་ན་མྱུར་དུ་རྙིང་ནས་དྲི་ཡལ་བར་གྱུར་བ་དང་འདྲ་བས་ན་ཨུཏྤལ་ཞེས་བྱའི་གང་ཟག་ཅེས་བྱའོ།།

གདུལ་བྱ་གང་ཟག་རྣམ་པ་ལྔ་པོ་རིགས་ཀྱི་སྒོ་ནས་ཕྱེ་ན་ཙནྡན་ལྟ་བུ་ནི་ཉན་ཐོས་ཀྱི་རིགས་ཅན་གྱི་གང་ཟག་དང་། ཨུཏྤལ་ལྟ་བུ་ནི་རང་རྒྱལ་གྱི་རིགས་ཅན་གྱི་གང་ཟག་དང་། པདྨ་དཀར་པོ་ལྟ་བུ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་ཅན་གྱི་གང་ཟག་དང་། པད་དམར་ལྟ་བུ་ནི་གསང་སྔགས་ལ་འཇུག་པའི་རིགས་ཅན་གྱི་གང་ཟག་དང་། རིན་ཆེན་ལྟ་བུ་ནི་དཔལ་རྡོ་རྗེ་འཆང་གི་རིགས་སུ་ཕྱེ་བ་སྟེ་བླ་མེད་ཀྱི་རྫོགས་རིམ་ཚེ་འདིར་རྫོགས་པའི་སྐྱེ་བའི་རིགས་ཅན་དུ་གསུངས་ཏེ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། ཙནྡན་ལྟ་བུ་ནི་ཉན་ཐོས་ཀྱི་རིགས་ཅན། ཨུཏྤལ་ལྟ་བུ་ནི་རང་རྒྱལ་བའོ། །པདྨ་དཀར་པོ་ནི་བྱང་ཆུབ་སེམས་དཔའ་རྣམས་སོ། །པད་དམར་ལྟ་བུ་ནི་གསང་སྔགས་ལ་འཇུག་པའོ། །རིན་ཆེན་ལྟ་བུ་ཡོན་ཏན་དང་ལྡན་པ་ནི། དཔལ་རྡོ་རྗེ་འཆང་གི་རིགས་སོ། །ཞེས་གསུངས་པའི་ཕྱིར་རོ།།

བདུན་པ་དགོངས་པའི་རྒྱན་ནི། རྒྱན་སྔ་མ་དྲུག་ལས་གླེང་བསླང་བའི་རྒྱན་དང་ལྡན་པའི་རྒྱུད་དེ་ཉིད་ཀྱི་དགོངས་པ་མཐའ་དྲུག་ཚུལ་བཞི་ཡིས་བཀྲལ་བ་ལས་ཐོན་པའི་ལམ་རྒྱུད་དང་། གླེང་གཞི་དང་། ངེས་པའི་ཚིག་དང་། རྒྱུ་དང་བཞི་པོ་དེ་ཡི་དོན་འཆད་ཚུལ་ཚོགས་བཤད་དང་སློབ་བཤད་གཉིས་ཀྱིས་ཉན་པ་པོ་གང་ཟག་རྣམ་པ་ལྔ་ལ་བཤད་པས། དེ་ལྔའི་རྒྱུད་ལ་ཀུན་རྫོབ་བདེན་པ་དག་པའི་སྐུ་མའི་སྐུ་དང་། དོན་དམ་བདེན་པ་དོན་གྱི་འོད་གསལ་གཉིས་ངེས་པར་བྱས་པའི་སྒོ་ནས་ཟུང་འཇུག་ལ་གོ་བ་ཆགས་པ་ནི་རྒྱན་དུ་གྱུར་པ་བདུན་པ་སྟེ། དེ་ནི་རྫོགས་རིམ་གྱི་གཙོ་བོ་ཟུང་འཇུག་བསྒྲུབ་པ་ལ་མེད་དུ་མི་རུང་བ་ཡིན་པར་བསྟན་པ་ནི་བདུན་པ་དགོངས་པའི་རྒྱན་ཞེས་བྱ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། བདེན་པ་རྣམ་པ་གཉིས་ཀྱི་དགོངས་པ་ནི་འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པའོ། །རིགས་ཀྱི་བུ་ཀུན་རྫོབ་ནི་མི་བརྟན་པ་དང་གཡོ་བའོ། །དེའི་བདེན་པ་ནི་ཆུ་ཟླ་ལྟ་བུའོ། །དོན་དམ་པའི་བདེན་པ་ནི་སྟོང་པ་ཆེན་པོ་བཅྭ་བརྒྱད་དོ། །དེའི་མཐའ་ནི་གནས་སོ། །ཞེས་དང་། སྒྲོན་གསལ་ལས། རྒྱན་ནི་དྲུག་པོ་དེ་རྣམས་ཀྱིས། །བདེན་གཉིས་རྣམ་པར་ངེས་བྱས་པ། །དེ་ནི་རྒྱན་གྱུར་བདུན་པ་སྟེ། །རྫོགས་པའི་རིམ་པ་སྒྲུབ་པའོ། །ཞེས་གསུངས་པའི་ཕྱིར་རོ།།

བསྐྱེད་རིམ་སྤྱི།

༈ དེ་ལྟར་རྒྱན་བདུན་གྱི་སྤྱི་དོན་ངེས་པར་བྱས་ནས་རིམ་པ་གཉིས་ཀྱི་ཚུལ་ཤེས་དགོས་ལ། རིམ་གཉིས་ཞེས་པ་འདི་སྔགས་བླ་མེད་དམ་རྣལ་འབྱོར་ཆེན་པོའི་ལུགས་ཁོ་ན་སྟེ། བྱ་སྤྱོད་རྣལ་འབྱོར་གྱི་རྒྱུད་སྡེ་འོག་མ་གསུམ་ལ་བསྐྱེད་རིམ་དང་རྫོགས་རིམ་མཚན་ཉིད་པ་བསྟན་པ་མེད་པས་བསྐྱེད་རྫོགས་ཀྱི་དོན་དང་ཐ་སྙད་གང་ཡང་མེད་ལ། རིམ་གཉིས་ཀྱི་དོད་དུ་སྟོང་ཉིད་རྟོགས་པའི་བློ་ཡིས་མ་ཟིན་པའི་ལྷའི་རྣལ་འབྱོར་ནི་མཚན་བཅས་ཀྱི་རྣལ་འབྱོར་དང་། སྟོང་ཉིད་རྟོགས་པའི་བློ་ཡིས་ཟིན་པའི་ལྷའི་རྣལ་འབྱོར་ལ་མཚན་མེད་ཀྱི་རྣལ་འབྱོར་ཞེས་པ་བསྒོམ་དུ་ཡོད་དོ།།

འོན་ཀྱང་དེ་ནི་དོད་ཐུབ་ཙམ་ལས་དངོས་སུ་ན་རིམ་གཉིས་ཀྱི་ལམ་མ་ཡིན་ཞིང་། རིམ་གཉིས་གང་རུང་ཡིན་ན་སྦྱངས་འབྲས་སངས་རྒྱས་ཀྱི་སའི་ཆོས་ལོངས་སྤྲུལ་གསུམ་དང་། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་ཅི་རིགས་དང་རྣམ་པ་མཐུན་པའི་སྦྱོང་བྱེད་ཀྱི་ལམ་འཁྱེར་ད་ལྟ་ལམ་སྦྱོང་བའི་དུས་ནས་བསྒོམ་པ་ཡོད་པ་ཞིག་དགོས་མོད། རྒྱུད་སྡེ་འོག་མ་གསུམ་ལ་རྣམ་བྱང་གི་ཕྱོགས་ལ་འབྲས་བུ་སངས་རྒྱས་ཀྱི་སའི་ཡོངས་སུ་དག་པ་བཞི་དང་རྣམ་པ་མཐུན་པའི་ལམ་ད་ལྟ་ནས་བསྒོམ་པ་ཡོད་ཀྱང་། ཀུན་ཉོན་གྱི་ཕྱོགས་ལ་སྦྱང་བྱ་སྲིད་པ་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པའི་སྦྱོང་བྱེད་ཀྱི་ལམ་བསྒོམ་པ་ད་ལྟ་ནས་དངོས་སུ་མེད་པའི་ཕྱིར་ན་རིམ་གཉིས་ཀྱི་ལམ་མེད་པར་གསུངས་སོ།།

དེས་ན་མདོ་ཕར་ཕྱིན་ཐེག་པ་དང་། སྔགས་ཀྱི་རྒྱུད་སྡེ་འོག་མ་གསུམ་གྱི་ལམ་ནས་ས་བཅུའི་རྒྱུན་མཐའ་བར་བགྲོད་ནུས་པ་ཡོད་ཀྱང་སངས་རྒྱས་ཀྱི་འབྲས་བུ་ཐོབ་ཐུབ་པ་མེད་པས་སྔགས་བླ་མེད་ཀྱི་ལམ་གྱི་སྣོན་པ་བཏབ་ནས་འཚང་རྒྱ་དགོས་པ་ཡིན་པར་བཤད་ལ། དེ་ལྟར་ན་མདོ་ཕར་ཕྱིན་ཐེག་པ་དང་། སྔགས་ཀྱི་རྒྱུད་སྡེ་འོག་མ་གསུམ་གྱིས་སངས་རྒྱས་པའི་འབྲས་བུ་ཐོབ་མི་སྲིད་པར་ཐལ་སྙམ་ན། དེ་ནི་མ་ཡིན་ཏེ། ཕར་ཕྱིན་ཐེག་པ་དང་རྒྱུད་སྡེ་འོག་མ་གསུམ་གྱིས་སངས་རྒྱས་པ་སྲིད་པ་ཁོ་ན་ཡིན་ཏེ། མདོ་དང་རྒྱུད་སྡེ་འོག་མ་ནས་ས་བཅུའི་རྒྱུན་མཐའ་བར་དུ་སྦྱངས་ནས་བླ་མེད་ཀྱི་ལམ་གྱི་སྣོན་པ་བཏབ་ཏེ་སངས་རྒྱས་པ་སྲིད་པའི་ཕྱིར། དེས་ན་དེ་དག་གི་རང་ལམ་ནས་སངས་རྒྱས་པ་ཡོད་ཀྱང་། རང་ལམ་རྐྱང་པས་སངས་རྒྱས་པ་མ་ཡིན་པའི་ཁྱད་པར་འབྱེད་དགོས་པར་མཁས་པས་གསུངས་སོ།།

རྒྱུད་སྡེ་འོག་མ་གསུམ་གྱིས་ཚེ་གཅིག་ལ་སངས་རྒྱ་བ་ཁས་ལེན་མོད། དེ་ནི་དབང་པོ་རྣོན་པོས་མཚན་མེད་ཀྱི་རྣལ་འབྱོར་བསྒོམས་ནས་མཐར་ཕྱིན་ཏེ་བསྐལ་ཆེན་རེར་ཐུབ་པའི་ཚེ་ཡི་རིག་འཛིན་བསྒྲུབས་ཤིང་། ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཡུན་རིང་བསྒོམས་ནས་སངས་རྒྱས་པ་ལ་བྱེད་པ་ལས་བླ་མེད་ལྟར་དུས་ཡུན་ཐུང་ངུ་མི་ཚེ་གཅིག་གི་ཡུན་ཙམ་གྱིས་འཚང་རྒྱ་བ་ནི་མེད་པར་བཤད་དོ།།

གསང་སྔགས་འབྲས་བུ་ལམ་ཁྱེར་ཞེས་པའང་འཇམ་མགོན་བླ་མ་ཙོང་ཁ་པ་བློ་བཟང་གྲགས་པའི་གསང་འདུས་བསྐྱེད་རིམ་གྱི་ཟིན་བྲིས་ལས། ལམ་འདི་ལ་འབྲས་བུའི་ཐེག་པ་ཞེས་ཟེར་ལ་འབྲས་བུ་ནི་སངས་རྒྱས་ཀྱི་གནས་ལུས་ཡོངས་སྤྱོད་མཛད་པ་ཡོངས་སུ་དག་པ་བཞི་སྟེ། སངས་རྒྱས་ཀྱི་ཕོ་བྲང་དང་སྐུ་དང་འབྱོར་པ་དང་འཕྲིན་ལས་ལས་སོ། །ཚུལ་དེ་དང་རྗེས་སུ་མཐུན་པར་ད་ལྟ་ནས་གཞལ་ཡས་ཁང་དང་ལྷའི་འཁོར་ལོ་དང་མཆོད་པའི་ཡོད་བྱད་དང་སྣོད་བཅུད་སྤྱོང་བ་སོགས་ཀྱི་མཛད་པ་ཅན་དུ་བསྒོམས་པས་ན་འབྲས་བུའི་ཐེག་པ་སྟེ། འབྲས་བུའི་རྣམ་པ་དང་མཐུན་པར་བསྒོམས་ནས་བགྲོད་པའི་ཕྱིར་ཏེ་མོས་པ་ལམ་དུ་བྱེད་པའི་དོན་ཡང་དེ་ཡིན་ནོ། །ཞེས་གསུངས་པ་ལྟར། ཡོངས་དག་བཞིའི་ལམ་ཁྱེར་ལ་བྱ་ཞིང་། ཡོངས་དག་བཞི་ནི། གནས་ཡོངས་སུ་དག་པའམ་འཁོར་ཡོངས་སུ་དག་པ་དང་། ལུས་ཡོངས་སུ་དག་པ་དང་། ལོངས་སྤྱོད་ཡོངས་སུ་དག་པ་དང་། མཛད་པ་ཡོངས་སུ་དག་པ་དང་བཞིའོ།།

དེ་དག་ལས། དང་པོ་ནི། སངས་རྒྱས་ཀྱི་ཕོ་བྲང་གཞལ་ཡས་ཁང་དང་འཁོར་རང་དང་འདྲ་བ་རྣམས་དང་། གཉིས་པ་ནི། སངས་རྒྱས་ཀྱི་ས་ལ་ཡོད་པའི་སྐུ་དང་། གསུམ་པ་ནི། སངས་རྒྱས་ཀྱི་ས་ལ་ཡོད་པའི་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་མཆོད་པའི་ཚོགས་ཀྱི་ཡོ་བྱད་དང་། བཞི་བ་ནི། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་སོ།།

དེ་འདྲའི་འབྲས་བུ་ཡོངས་དག་བཞི་དང་རྣམ་པ་མཐུན་པ་ཉམས་སུ་ལེན་པ་ཕར་ཕྱིན་ཐེག་པ་ལ་མེད་པས་གསང་སྔགས་ཀྱི་ཁྱད་པར་གྱི་ཆོས་ཡིན་ཞིང་། ད་ལྟ་ལམ་དུས་སུ་སངས་རྒྱས་ཀྱི་ས་ལ་ཡོད་པ་དེ་དག་དང་རྣམ་པ་མཐུན་པའི་ཆ་འདྲ་བ་དམིགས་ཏེ་བསྒོམ་ནས་ཉམས་སུ་བླང་ན་ནི་འབྲས་བུ་ལམ་དུ་ཁྱེར་བ་ཞེས་བྱ་ཞིང་། དགོས་པ་ནི་དེ་ཡིས་བག་ཆགས་ཁྱད་པར་བ་བཞག་པ་ཡིན་ཏེ། གཞལ་ཡས་ཁང་རྟེན་དང་བརྟེན་པ་འཁོར་དང་བཅས་པ་བསྒོམ་པ་ནི་གནས་དག་པའམ་འཁོར་དག་པའི་རྒྱུ་རུ་འགྲོ་བ་དང་། རང་ལུས་ལྷར་སྒོམ་པ་ནི་ལུས་དག་པའི་རྒྱུ་རུ་འགྲོ་བ་དང་། མཆོད་པའི་ལྷ་མོ་སོགས་སྤྲོས་ཏེ་ལྷའི་དཀྱིལ་འཁོར་ལ་མཆོད་པ་འབུལ་བ་ནི་ལོངས་སྤྱོད་དག་པའི་རྒྱུ་རུ་འགྲོ་བ་དང་། ལྷ་གཞན་བསྒོམ་སྟེ་འགྲོ་ཀུན་དེ་ཡི་ས་ལ་འགོད་པར་བསྒོམ་པའི་སྣོད་བཅུད་སྦྱོང་བ་སོགས་ནི་མཛད་པ་དག་པའི་རྒྱུ་རུ་འགྲོ་བ་ཡིན་པའི་ཕྱིར་རོ།།

བླ་མེད་ཀྱི་ལམ་རིམ་གཉིས་ཀྱི་ཡ་གྱལ་བསྐྱེད་རིམ་ནི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་བྱས་པ་ལས་བྱུང་བ་མ་ཡིན་པར་རང་འབྲས་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་དུ་གྱུར་པའི་སྐྱེ་ཤི་བར་དོ་གསུམ་པོ་ཅི་རིགས་པ་དང་རྣམ་པ་མཐུན་པར་བློ་ཡིས་གསར་དུ་བརྟགས་ནས་བསྒོམས་པའི་རིགས་སུ་གནས་པའི་རྣལ་འབྱོར་དེ། བསྐྱེད་རིམ་གྱི་མཚན་ཉིད། ཡང་མཁས་པ་ཁ་ཅིག། འཁོར་བའི་སྐྱེ་ཤི་བར་དོ་གསུམ་པོ་གང་རུང་དང་རྣམ་པ་མཐུན་པར་བརྟགས་ནས་བསྒོམས་པའི་སེམས་དཔའི་རྣལ་འབྱོར་དེ། བསྐྱེད་རིམ་གྱི་མཚན་ཉིད། ཅེས་གསུངས་པའང་ཡོད་ལ་དོན་གཅིག་པར་སྣང་ངོ་།།

ཁ་ཅིག་བསྐྱེད་རིམ་ཡིན་ན་སྐྱེ་ཤི་བར་དོ་གསུམ་གྱི་རྣམ་པ་དང་མཐུན་པར་བསྒོམ་པས་མ་ཁྱབ་པར། རིག་མ་འདུ་བྱ་བ་མན་ཆད་ཀྱི་རྣལ་འབྱོར་རྣམས་དང་། སྲུང་འཁོར་བསྒོམ་པ་རྣམས་བསྐྱེད་རིམ་ཡིན་ནའང་སྐྱེ་ཤི་བར་དོ་གསུམ་གྱི་རྣམ་པ་དང་མཐུན་པར་བསྒོམ་པ་ནི་མ་ཡིན་ཕྱིར། མཚན་ཉིད་འདི་ལྟར་ན་ནི་བསྐྱེད་རིམ་གཙོ་བོའི་མཚན་ཉིད་དུ་རུང་གི་བསྐྱེད་རིམ་ཡོངས་རྫོགས་ལ་ཟུར་ཆོད་པའི་མཚན་ཉིད་མ་ཡིན་པར་བཞེད་དོ།།

བསྐྱེད་པའི་རིམ་པ་དང་། བརྟགས་པའི་རིམ་པ་དང་། བཅོས་མའི་རྣལ་འབྱོར་དང་། བཅོས་མའི་རིམ་པ་དང་། རིམ་པ་དང་པོའི་རྣལ་འབྱོར་རྣམས་དོན་གཅིག་གོ།

དེ་དག་གི་ངེས་ཚིག་ནི་རིམ་པ་བཞིན། བསྒོམ་བྱ་ལྷ་སྐུ་དང་། དེ་རྫོགས་བྱེད་ཐབས་ཀྱི་རིམ་པ་གཉིས་ཀ་དངོས་པོའི་གནས་ཚོད་ལ་མ་གྲུབ་ཀྱང་བློ་ཡིས་བསྐྱེད་པ་ཙམ་ལ་དམིགས་པའི་འཛིན་སྟངས་སུ་བྱས་པའི་བློ་ཡི་རིམ་པ་ཞིག་ཡིན་པས་ན་བསྐྱེད་རིམ་དང་། དེ་ལྟར་བསྒོམ་པ་བློ་ཡིས་བརྟགས་པ་ཙམ་ལ་དམིགས་ནས་འཛིན་པའི་བློ་ཡིན་ཕྱིར་བརྟགས་པའི་རིམ་པ་དང་། དེ་ལྟར་སྣོད་བཅུད་ལྷ་ཡི་རྟེན་བརྟེན་པར་བློ་ཡིས་བཅོས་ནས་བསྒོམ་པའི་རྣལ་འབྱོར་རམ་རིམ་པ་ཡིན་པའི་ཕྱིར་ན་བཅོས་མའི་རྣལ་འབྱོར་དང་བཅོས་མའི་རིམ་པ་དང་། རིམ་པ་གཉིས་ཀྱི་རྣལ་འབྱོར་ལས་དང་པོ་ཡིན་ཕྱིར་རིམ་པ་དང་པོའི་རྣལ་འབྱོར་ཞེས་བརྗོད་པའོ།།

དེས་ན་བསྐྱེད་རིམ་གྱི་སྒྲ་བཤད་ནི། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་དང་རྣམ་པ་མཐུན་པར་སྐུ་གསུམ་ལམ་གྱི་རྣལ་འབྱོར་དུ་བློ་ཡིས་བཅོས་ཤིང་བསྐྱེད་པའི་སྒོ་ནས་བསྒོམ་པར་བྱ་བའི་རིམ་པ་ཡིན་པས་ན་བསྐྱེད་རིམ་ཞེས་བྱའོ།།

བསྐྱེད་རིམ་གྱི་སྐབས་སུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རིམ་པ་བསྐྱེད་པ་ནི་མ་དག་པའི་སྣོད་བཅུད་སྲིད་པ་སྐྱེ་འཇིག་གི་རིམ་པ་དང་མཐུན་པ་དང་། ཁྱད་པར་དུ་བཅུད་ཀྱི་འགྲོ་བའི་སྐྱེ་ཤི་བར་དོའི་རྣམ་པ་དང་མཐུན་པའི་ལམ་བསྐྱེད་པ་དེས་དོན་ལ་སྲིད་པའི་སྐྱེ་འཇིག་དང་སྐྱེ་ཤི་བར་དོ་སྦྱོང་བར་བྱེད་པའི་ལམ་ཡིན་ལ། རྒྱུད་སྡེ་འོག་མ་གསུམ་དུ་དེའི་ཚུལ་མེད་པ་ཡིན་ནོ།།

དེ་ཡང་བསྐྱེད་རིམ་ནི་རྫོགས་རིམ་གྱི་རྣམ་པ་དང་རྗེས་སུ་མཐུན་པར་བསྒོམ་དགོས་པ་ཞིག་ཡིན་ཞིང་། དེ་ལྟར་སྒོམ་པའི་དགོས་པ་ཡང་རྫོགས་རིམ་སྐྱེ་བའི་དགེ་རྩ་སྨིན་བྱེད་ཙམ་ཡིན་པས། གཙོ་བོ་རྫོགས་རིམ་གྱི་ལམ་རྣམས་སེམས་ཅན་གྱི་སྐྱེ་འཆི་བར་དོའི་རིམ་པ་དང་མཐུན་པར་སྐྱེད་དགོས་པ་ཡིན་ཞིང་། དེའི་ཆེད་དུ་བསྐྱེད་རིམ་ཡང་དེའི་རྣམ་པ་དང་མཐུན་པར་བསྐྱེད་པ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། ཇི་ལྟར་མེས་བསྲེགས་དངོས་མེད་དང་། །རྒྱུ་མེད་པར་ནི་ཐིམ་པར་འགྲོ། །སླར་ཡང་སྲོག་གི་རླུང་ཤར་བ། །ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེས། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །སྔོན་བཞིན་རྡོ་རྗེ་བཟླས་ལ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

བསྐྱེད་རིམ་ལ་དབྱེ་ན། རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་དང་། ཕྲ་བ་རྟོག་པའི་རྣལ་འབྱོར་གཉིས་ཡོད་ཏེ། ཨརྱ་དེ་ཝའི་སྤྱོད་བསྡུས་སྒྲོན་མ་ལས། ཐོག་མ་ཉིད་དུ་ནི་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་སློབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ་ཐེག་པ་སར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །གང་གི་ཚེ་ཐེག་པ་གསར་ལ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་ལོབས་པ་དེའི་ཚེ་རྟོག་པའི་རྣལ་འབྱོར་ལ་སློབ་བོ། །གང་གི་ཚེ་རྟོག་པའི་རྣལ་འབྱོར་ལ་ལོབས་པ་དེའི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་རབ་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་ལས་དང་པོ་པའི་ཏིང་ངེ་འཛིན་ལ་གནས་པ་དེའི་ཚེ་རིགས་བརྒྱའི་དབྱེ་བ་ལ་འཇུག་གོ །ཞེས་དང་། ཟླ་བའི་སྒྲོན་གསལ་ལས་ཀྱང་། དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་རྣལ་འབྱོར་པའི་བསྐྱེད་པའི་རིམ་པ་བསྒྲུབ་པ་ཡང་དག་པར་བསྟན་ནས། རྣམ་པར་སྣང་མཛད་ལ་སོགས་པའི་རྣལ་འབྱོར་པ་རྣམས་ཀྱི་དྲན་པ་གཅིག་པའི་ཏིང་ངེ་འཛིན་བསྟན་པར་བྱ་བའི་ཕྱིར། གསལ་བའི་དཀྱིལ་འཁོར་ཞེས་བྱ་བ་ལ་སོགས་པ་གསུངས་ཏེ། ཞེས་དང་། ཡུངས་ཀར་འདི་ཉིད་ལ་རྟོག་པའི་རྣལ་འབྱོར་སློབ་པ་ན། རྒྱུ་བ་དང་མི་རྒྱུ་བ་རྡོ་རྗེ་སེམས་དཔར་བསམ་མོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་དང་པོ་དྲན་པ་གཅིག་པ་ལ་བསྐྱེད་རིམ་རགས་པའི་རྣལ་འབྱོར་དང་། སྔགས་ལ་གཞོལ་བའི་རྣལ་འབྱོར་ཟེར་ཞིང་དེ་གཉིས་དོན་གཅིག་གོ །བསྐྱེད་རིམ་ཕྲ་མོ་ལས་དམིགས་རྟེན་རགས་ཤིང་རང་དང་ལྷ་གཅིག་ཏུ་དྲན་པའམ་གཅིག་ཏུ་ལྷ་དྲན་པའི་རྣལ་འབྱོར་ཡིན་ཕྱིར་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་ཞེས་བྱ་ཞིང་། བསྐྱེད་རིམ་རགས་པ་དྲན་པ་གཅིག་པའི་སྒྲ་བཤད་དོ།།

གཉིས་པ་ལ་བསྐྱེད་རིམ་ཕྲ་མོའི་རྣལ་འབྱོར་དང་། ནང་ལ་གཞོལ་བའི་རྣལ་འབྱོར་ཟེར་ཞིང་ཡང་དེ་གཉིས་དོན་གཅིག་གོ།

ཡང་བསྐྱེད་རིམ་རགས་པ་མཐར་ཕྱིན་པའི་རྣལ་འབྱོར་ལ་སྔགས་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་དང་། བསྐྱེད་རིམ་ཕྲ་བ་མཐར་ཕྱིན་པའི་རྣལ་འབྱོར་ལ་ནང་ལ་མཆོག་ཏུ་གཞོལ་བའི་རྣལ་འབྱོར་ཞེས་པའི་ཐ་སྙད་སྦྱར་རོ།།

གཉིས་པ་ནི་བསྐྱེད་རིམ་རགས་པ་ལས་དམིགས་རྟེན་ཕྲ་ཞིང་རྟོག་པས་བརྟགས་ནས་བསྒོམ་པའི་རྣལ་འབྱོར་ཡིན་པའི་རྒྱུ་མཚན་གྱིས་ཕྲ་བ་རྟོག་པའི་རྣལ་འབྱོར་ཞེས་བྱ་ཞིང་། བསྐྱེད་རིམ་ཕྲ་མོ་རྟོག་པའི་རྣལ་འབྱོར་གྱི་སྒྲ་བཤད་དམ་ངེས་ཚིག་གོ།

བསྐྱེད་རིམ་རགས་པ་ནི་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བསྒོམ་པའི་དཀྱིལ་འཁོར་རྒྱལ་མཆོག་ཡན་ཆད་ལ་བྱ་ཞིང་། བསྐྱེད་རིམ་ཕྲ་མོ་ནི། ཐིག་ལེ་ཕྲ་མོའི་ནང་དུ་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བསྒོམ་པའི་ལས་རྒྱལ་མཆོག་མན་ཆད་ལ་བྱ་བར་གསུངས་སོ།།

བསྐྱེད་རིམ་གྱི་རྟོགས་པ་ཐོག་མར་སྐྱེས་པའི་ཚད་དང་། བསྐྱེད་རིམ་ཕྲ་རགས་ལ་བརྟན་པ་ཐོབ་པའི་ཚད་དང་། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་ཚད་རྣམས་མི་འདྲ་བར་སོ་སོར་བཞག་ཏུ་ཡོད་དེ། དང་པོ་ནི། ཡི་དམ་གྱི་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པ་རིམ་གྱིས་གསལ་བཏབ་པ་ན་ཚད་དེ་ལས་ལྷག་ཆད་མེད་པར་གསལ་སྣང་ལྷའི་ང་རྒྱལ་ངང་གིས་སྐྱེས་པའི་བཅོས་མིན་གྱི་མྱོང་བ་ཐོན་པ་ནི་བསྐྱེད་རིམ་གྱི་རྟོགས་པ་ཐོག་མར་སྐྱེས་པའི་ཚད་ཡིན་ཞིང་། དེ་འདྲ་ཐོན་པའི་གང་ཟག་དེ་བསྐྱེད་རིམ་པའམ་བསྐྱེད་རིམ་པའི་རྣལ་འབྱོར་བར་འཇོག་པ་ཡིན་ནོ།།

གཉིས་པ་ནི། རགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ཚེ་དེའི་ཆ་ཕྲ་རགས་ཐམས་ཅད་མ་འདྲེས་པར་སྐད་ཅིག་གིས་གསལ་སིང་ངེར་ཤར་བ་ལ་བྱིང་རྒོད་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོངས་ཐུབ་པ་ནི། བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་པའི་ཚད་དང་། ཕྲ་བའི་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ཚེ་དེའི་ཆ་ཕྲ་རགས་ཐམས་ཅད་མ་འདྲེས་པར་སྐད་ཅིག་གིས་གསལ་སིང་ངེར་ཤར་བ་ལ་བྱིང་རྒོད་དང་བྲལ་བར་ཉིན་ཞག་གཅིག་གི་དྲུག་ཆ་འཁྱོངས་ཐུབ་པ་ནི། བསྐྱེད་རིམ་ཕྲ་མོ་ལ་བརྟན་པ་ཐོབ་པའི་ཚད་དོ།།

གསུམ་པ་ནི། རགས་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ཚེ་དེའི་ཆ་ཕྲ་རགས་ཐམས་ཅད་མ་འདྲེས་པར་སྐད་ཅིག་གིས་གསལ་སིང་ངེར་ཤར་བ་ལ་བྱིང་རྒོད་དང་བྲལ་བར་ལོ་དང་ཟླ་བ་སོགས་ཅི་འདོད་དུ་འཇོག་ཐུབ་པ་ནི། བསྐྱེད་རིམ་རགས་པ་མཐར་ཕྱིན་པའི་ཚད་དང་། ཕྲ་བའི་ཐིག་ལེ་ཡུངས་འབྲུ་ཙམ་གྱི་ནང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་ཚེ་དེའི་ཆ་ཕྲ་རགས་ཐམས་ཅད་མ་འདྲེས་པར་སྐད་ཅིག་གིས་གསལ་སིང་ངེར་ཤར་བ་ལ་བྱིང་རྒོད་དང་བྲལ་བར་ལོ་ཟླ་སོགས་ཅི་འདོད་དུ་འཇོག་ཐུབ་པ་ནི། བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པའི་ཚད་དུ་བཤད་ཅིང་། བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ན་ལུས་སེམས་ཤིན་སྦྱངས་ཐོབ་ནས་ཞི་གནས་མཚན་ཉིད་པ་གྲུབ་པ་དང་། ལྷའི་སྐུ་དང་ཕྱག་མཚན་སྤྲོ་བསྡུ་སོགས་ལ་དམིགས་པའི་ལྷག་མཐོང་ཡང་འབྱུང་བས་དེ་དུས་ཞི་ལྷག་ཟུང་དུ་འཇུག་པ་ཐོབ་པ་ཡིན་པར་བཤད་དོ།།

དེ་ལྟར་སྟེང་འོག་གི་སྒོར་ཕྱག་མཚན་ཕྲ་མོ་དང་ཐིག་ལེ་ཕྲ་མོ་གང་རུང་དུ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་ནི་ཕྲ་མོའི་རྣལ་འབྱོར་རམ་ཕྲ་ཐིག་གི་སྒོམ་པའམ་ཕྲ་ཐིག་གི་རྣལ་འབྱོར་ཞེས་ཟེར་ཞིང་། དེ་ནི་བསྐྱེད་རིམ་ལས་རྫོགས་རིམ་མིན་ཞིང་འདི་དུས་སུ་ཞི་གནས་ཐོབ་པར་བཤད་དོ།།

བསྐྱེད་རིམ་གྱི་ཐུན་མིན་གྱི་སྤང་བྱ་ནི། ཐ་མལ་སྣང་ཞེན་དེ་ཡིན་ཏེ། བསྐྱེད་རིམ་ནི་ཐ་མལ་སྣང་ཞེན་ནམ་ཐ་མལ་དུ་སྣང་བ་དེར་ཞེན་པའི་གཉེན་པོར་དག་པའི་དཀྱིལ་འཁོར་རྟེན་དང་བརྟེན་པའི་ང་རྒྱལ་བསྒོམ་པའི་རྣལ་འབྱོར་ཡིན་པའི་ཕྱིར། གྲུབ་སྟེ། དཔལ་འཁོར་ལོ་སྡོམ་པ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། ཐ་མལ་བ་ནི་རྣམ་རྟོག་ཀྱང་། །དག་པ་ལྷ་ཡི་འཁོར་ལོར་སྡོམ། །ཞེས་དང་། བུམ་པའི་དབང་དང་འབྲེལ་པ་ཡི། །ལྷ་ཡི་རྣལ་འབྱོར་བསྒོམས་པ་ཡིས། །ཐ་མལ་པ་ཡི་རྣམ་རྟོག་སྤོང་། །ཞེས་གསུངས་པའི་ཕྱིར། དེ་ཡང་ཐ་མལ་སྣང་ཞེན་དང་། ཐ་མལ་དུ་སྣང་བ་གཉིས་མི་འདྲ་ཞིང་། ཡིད་ཤེས་རྟོག་བཅས་ཀྱི་ངོར་སྣོད་བཅུད་གཉིས་ཀ་ཐ་མལ་བར་སྣང་བའི་ཆའམ་ཐ་མལ་དུ་སྣང་བ་ནི་ཐ་མལ་སྣང་བ་ཞེས་བྱ་ལ། དེ་ནི་བསྐྱེད་རིམ་གྱིས་སྤོང་མི་ནུས་ཤིང་ལུགས་འདིར་ཤེས་སྒྲིབ་ཏུ་བཞེད་དོ། །

ཐ་མལ་སྣང་ཞེན་ནི། ཀ་བའོ། །བུམ་པའོ་སྙམ་དུ་སྣོད་བཅུད་རྟེན་དང་བརྟེན་པ་ཐམས་ཅད་ཐ་མལ་བ་ཉིད་དུ་ཞེན་པའམ་འཛིན་པ་ལ་གོ་དགོས་ཤིང་། དེ་ནི་ས་ས་ཉིད་དང་ཆུ་ཆུ་ཉིད་དུ་ཞེན་པས་ཐ་མལ་སྣང་ཞེན་ཞེས་བྱ་ཞིང་བསྐྱེད་རིམ་གྱི་སྤང་བྱའོ།།

དེ་ཡང་གཙོ་བོ་རང་རྒྱུད་ཀྱི་ཕུང་ཁམས་སྐྱེ་མཆེད་རྣམས་ཐ་མལ་དུ་སྣང་ཞིང་ཞེན་པས་ངའོ་སྙམ་པའི་གང་ཟག་ཏུ་འཛིན་པ་དང་། དེ་བདེན་པར་གྲུབ་པར་འཛིན་པའི་གང་ཟག་གི་བདག་འཛིན་སྐྱེ་བ་ཡིན་ཕྱིར། བདག་དང་སྣོད་བཅུད་ཐམས་ཅད་དག་པ་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་སྒོམ་པའི་བསྐྱེད་རིམ་གྱིས་དེ་ལྟར་ཐ་མལ་དུ་ཞེན་པ་བཅོམ་པར་བྱེད་པས་ན་བསྐྱེད་རིམ་ནི་དེའི་གཉེན་པོར་གསུངས་སོ།།

བསྐྱེད་རིམ་གྱིས་སྤང་བྱ་སྤོང་བའི་དོན་ཡང་ཟག་མེད་འདས་ལམ་གྱིས་སྤངས་པ་ལྟར་ཐ་མལ་སྣང་ཞེན་དང་། དེས་བསྐྱེད་པའི་བདག་འཛིན་གཉིས་ཀ་ས་བོན་དང་བཅས་པ་གཏན་སྤོང་བྱེད་པ་ནི་མ་ཡིན་ཞིང་། འཇིག་རྟེན་པའི་ལམ་གྱིས་སྤོང་བ་ལྟར་ས་བོན་ཉམས་སྨད་ཅིང་མངོན་གྱུར་པ་སྤངས་ནས་ལམ་དེ་མ་ཉམས་ཀྱི་བར་དུ་སྤང་བྱ་སླར་སྐྱེ་བ་མེད་པ་ལྟར་སྤོང་བ་ཡང་མ་ཡིན་པར་སྣོད་བཅུད་ཐམས་ཅད་དག་པ་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རྣམ་པར་སྒོམ་པའི་གནས་སྐབས་སུ་སྣོད་བཅུད་དང་ཆོས་དང་གང་ཟག་གཉིས་ཀ་ཐ་མལ་དུ་སྣང་བ་དང་། ཐ་མལ་དུ་ཞེན་པའི་འཛིན་པ་གཉིས་ཀ་དང་བྲལ་བར་བྱེད་པས་ན་ཐ་མལ་སྣང་ཞེན་སྤོང་ཞེས་དང་། ཐ་མལ་སྣང་ཞེན་གྱི་གཉེན་པོ་བྱེད་ཅེས་བཤད་པས་ལས་གཏན་སྤངས་བྱས་པའི་དོན་ནི་མ་ཡིན་ལ། བསྐྱེད་རིམ་ལས་སླར་ལྡང་བའི་གནས་སྐབས་ན་ནི་བསྐྱེད་རིམ་བསྒོམས་མྱོང་གི་གང་ཟག་དེ་ལ་སླར་ཐ་མལ་སྣང་ཞེན་སྐྱེ་བ་ཡོད་པ་ཡིན་ནོ།།

བསྐྱེད་རིམ་གྱིས་སྤོང་ཚུལ་འདི་ལྟར་ན་ཐ་མལ་སྣང་བ་ཡང་བསྐྱེད་རིམ་གྱི་སྤང་བྱ་ཡིན་ཞེས་བྱས་ཀྱང་འགལ་བ་ཡོད་པར་མ་མཐོང་སྟེ། རྣལ་འབྱོར་བས་བསྐྱེད་རིམ་དངོས་སུ་གསལ་བའི་དུས་སུ་ཐ་མལ་དུ་སྣང་བ་དང་ཐ་མལ་དུ་ཞེན་པ་གཉིས་ཀ་དང་བྲལ་བའི་ཕྱིར་རོ།།

སྐབས་འདིའི་ཐ་མལ་པའི་སྣང་བ་ཞེས་པ་ནི་དབང་ཤེས་ལ་སྣང་བའི་གཟུགས་སྒྲ་དྲི་རོ་རེག་བྱ་རྣམས་སུ་གྱུར་པའི་སྣང་བ་དེ་མིན་པར་ཡིད་ཤེས་རྟོག་བཅས་ལ་ཐ་མལ་སྣོད་བཅུད་དུ་སྣང་བའི་སྣང་བ་དེ་ཡིན་པ་དང་། སྣང་ཞེན་ཡང་དེ་ལ་ཞེན་པ་ལ་བྱེད་པའི་ཡིད་ཤེས་རྟོག་བཅས་ཤིག་ཡིན་པར་བཤད་དོ།།

འོན་ཀྱང་བསྐྱེད་རིམ་གྱི་གསལ་སྣང་དངོས་སུ་སྐྱེ་བའི་དུས་སུ་ཐ་མལ་བའི་སྣང་བ་དང་སྣང་ཞེན་དེའི་གཉེན་པོར་དག་པའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་བསྒོམས་ཤིང་དེ་ཡི་སྣང་བ་དངོས་སུ་འཆར་བ་ཡིན་ཕྱིར། དེ་དུས་དབང་ཤེས་ལའང་ཐ་མལ་བའི་སྣང་བ་མེད་པར་དག་པ་ལྷའི་དཀྱིལ་འཁོར་གྱི་རོལ་བ་ཉིད་དུ་སྣང་བས་ན་དབང་ཤེས་ཀྱི་སྣང་བ་ཡང་སྤོང་ཞེས་བཤད་ཀྱང་ཆོག་པ་འདྲ་བས་དེ་ལྟར་ཡིན་མིན་དཔྱད་དོ།།

རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་གསལ་སྣང་ལེགས་པར་བྱུང་སྟེ་ཐ་མལ་བའི་སྣང་བ་དང་སྣང་ཞེན་ལྡོག་ཀྱང་། ད་དུང་རང་ཉིད་ཐ་མལ་བའི་ང་རུ་འཛིན་པ་ཡོད་སྲིད་པས་ན། རང་གི་ཕུང་ཁམས་སྐྱེ་མཆེད་ཐ་མལ་དུ་ཞེན་པའི་སྒོ་ནས་ངའོ་སྙམ་པའི་ང་རྒྱལ་གྱི་གཉེན་པོར་རང་ཉིད་རྡོ་རྗེ་འཆང་གི་ང་རྒྱལ་འཛིན་པའམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ང་རྒྱལ་བསྒོམ་པ་ནི་སྤོང་བྱེད་གཙོ་བོ་དང་། ལྷའི་གསལ་སྣང་བསྒོམ་པ་ནི་སྤོང་བྱེད་ཀྱི་ཡན་ལག་ཡིན་ཞིང་། གསལ་སྣང་ཆེན་པོ་མེད་ཀྱང་རང་གི་ངར་འཛིན་དེ་ལྷའོ་སྙམ་པ་དང་རྡོ་རྗེ་འཆང་ངོ་སྙམ་པའི་ལྷའི་ང་རྒྱལ་གྱི་རྣམ་པ་བསྒོམ་པ་དང་། བློ་དེ་འདྲའི་ངོ་བོར་འཕོ་བ་ནི་གསལ་སྣང་ལས་ཀྱང་གལ་ཆེ་བ་ཡིན་པ་དང་། ལྷའི་ང་རྒྱལ་ལ་གོམས་ན་ལྷའི་གསལ་སྣང་ཡང་རིམ་གྱིས་སྐྱེ་བས་ན་ཐ་མལ་སྣང་ཞེན་གྱི་གཉེན་པོ་གསལ་སྣང་དང་། ཐ་མལ་དུ་སྣང་བ་ངའོ་སྙམ་པའི་ང་རྒྱལ་གྱི་གཉེན་པོར་ལྷའི་ང་རྒྱལ་བསྒོམ་དགོས་པར་གསུངས་སོ།།

མཁས་པ་འགའ་རེས་ཐ་མལ་སྣང་བ་ཞེས་པ་ནི་ཀ་བ་དང་བུམ་པ་སོགས་དེ་དང་དེ་སྣང་བ་དང་། ཐ་མལ་སྣང་ཞེན་ཞེས་པ་ནི་དེ་དང་དེ་རུ་ཞེན་པའམ་འཛིན་པ་དང་། ཐ་མལ་སྣང་ཞེན་གྱི་ང་རྒྱལ་ཞེས་པ་ནི་ཀ་བ་དང་བུམ་ལ་སོགས་པ་དེ་དང་དེ་རུ་སྣང་ནས་ཞེན་པ་མ་ཟད་དེ་དག་བདེན་གྲུབ་ཏུ་འཛིན་པ་ལ་བྱེད་ཅིང་། དེ་ཡང་རང་རྒྱུད་ཀྱི་ཕུང་སོགས་སྣང་ཞིང་། དེ་དང་དེ་རུ་ཞེན་པ་དང་། དེ་དག་ངའོ་སྙམ་པ་ནི་གང་ཟག་གི་བདག་འཛིན་གྱི་ང་རྒྱལ་ཡིན་ལ། བསྐྱེད་རིམ་གྱི་དུས་རང་རྒྱུད་ཀྱི་ཕུང་སོགས་ངའོ་སྙམ་པའི་བདེན་གྲུབ་ཀྱི་ང་རུ་ཞེན་པའི་ཐ་མལ་སྣང་ཞེན་གྱི་ང་རྒྱལ་དང་། རང་ལས་གཞན་པའི་སྣོད་བཅུད་ཐམས་ཅད་དེ་དང་དེ་རུ་ཞེན་པའི་སྒོ་ནས་བདག་ཏུ་གྲུབ་པར་འཛིན་པའི་སྣོད་བཅུད་ཐ་མལ་དུ་སྣང་ཞིང་ཞེན་པའི་ཐ་མལ་སྣང་ཞེན་གྱི་ང་རྒྱལ་གཉིས་ཀ་ང་ནི་རྡོ་རྗེ་འཆང་ངོ་སྙམ་པའི་རང་རྡོ་རྗེ་འཆང་དུ་བསྒོམ་པ་དང་། ཕྱི་སྣོད་གཞལ་ཡས་ཁང་དང་། ནང་བཅུད་ལྷ་ཡི་རོལ་བར་བསྒོམ་པར་བྱས་པ་ཉིད་ཀྱིས་དེ་འདྲའི་ཐ་མལ་སྣང་ཞེན་གྱི་ང་རྒྱལ་སྤོང་བར་བྱེད་པར་གསུངས་སོ།།

འོ་ན་ལྷའི་ང་རྒྱལ་གྱིས་གང་ཟག་གི་བདག་འཛིན་སྤོང་ནུས་སམ་ཞེ་ན། ལྷའི་གསལ་སྣང་དང་ང་རྒྱལ་ལ་བཅོས་མིན་གྱི་མྱོང་བ་ཐོན་ཡང་སྟོང་ཉིད་ཀྱི་རྩི་ཡིས་མ་ཟིན་ན་བདག་འཛིན་སྤོང་མི་ནུས་ལ། སྟོང་ཉིད་ཀྱི་ལྟ་བས་རྒྱས་ཐེབས་ཏེ་རྟེན་དང་བརྟེན་པའི་དཀྱིལ་འཁོར་བདེ་སྟོང་གི་རྣམ་པར་འཆར་བ་ན་ལྷ་སྐུ་བསྒོམ་པའི་བློ་ཡང་བདེ་སྟོང་དབྱེར་མེད་པའི་ཡེ་ཤེས་ཀྱི་ངོ་བོར་སྐྱེས་པས་དེ་ཡིས་བདག་འཛིན་སྤོང་ནུས་པ་ཡིན་པར་བཤད་དོ།།

བསྐྱེད་རིམ་གྱི་སྐབས་ཀྱི་སེམས་དཔའ་སུམ་བརྩེགས་སྒོམ་པའི་ཚུལ་ནི། དམ་ཚིག་སེམས་དཔའ་དང་། ཡེ་ཤེས་སེམས་དཔའ་དང་། ཏིང་ངེ་འཛིན་སེམས་དཔའ་གསུམ་བསྒོམ་པ་ལ་ཟེར་ཏེ། ཟླ་བ་གྲགས་པའི་སྒྲོན་མ་གསལ་བར་བྱེད་པ་ལས། ཚུལ་འདིས་ན་དམ་ཚིག་དང་ཡེ་ཤེས་དང་ཏིང་ངེ་འཛིན་སེམས་དཔའ་ཞེས་གྲགས་པའི་གསུམ་པོ་དེ་དག་མི་ཕྱེད་པས་ན་རྡོ་རྗེ་སྟེ། དེ་བསམ་ཞིང་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དམ་ཚིག་སེམས་དཔའ་ནི་རང་ཉིད་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོ་བསྒོམ་པ་ལྟ་བུ་ལ་བྱ་སྟེ། ཡང་དག་སྦྱོར་བའི་རྒྱུད་འགྲེལ་མན་ངག་སྙེ་མ་ལས། ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་ལ་གཞུག་པ་སྟེ། དེ་ནི་འདིར་ཐ་མལ་པའི་ང་རྒྱལ་བསལ་བར་རང་གི་སེམས་སྣང་བའི་ངོ་བོ་ཕྱག་ལ་སོགས་པས་རྣམ་པར་མཛེས་པའི་ལྷའི་སྐུའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཁ་ཅིག་གིས་ལྷ་སྐུ་ས་བོན་དང་བཅས་པ་བསྒོམ་པ་དམ་ཚིག་སེམས་དཔའ་དང་། ཁ་ཅིག་ནི་ས་བོན་ཁོ་ན་བསྒོམ་པ་དམ་ཚིག་སེམས་དཔའ་ཡིན་པར་བཞེད་པའང་མཆིས་ཏེ། དེ་ཉིད་ལས། ཁ་ཅིག་ཏུ་ས་བོན་ཡང་གསུངས་ཤིང་། ཁ་ཅིག་ནི་ས་བོན་ཁོ་ནའོ། །ཞེས་གསུངས་པའི་ཕྱིར། དེ་ནི་དཔེར་ན་རགས་པ་གནས་སྐབས་པའི་ལུས་དང་ཆོས་མཐུན་པར་བཤད་དོ།།

དེ་ལ་དང་པོ་དམ་ཚིག་སེམས་དཔའ་ཞེས་བརྗོད་པའི་དོན་ཡང་། ཡེ་ཤེས་པ་རྣམས་ཡང་དག་པར་འགྲོ་བ་དང་འདུ་བའི་གནས་ཡིན་ཕྱིར་དམ་ཚིག་དང་། སེམས་ཅན་གྱི་དོན་ལ་སེམས་པས་སེམས་དཔའ་ཞེས་པའམ། རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་གདགས་པའི་ཡུལ་ཡིན་ཕྱིར་སེམས་དཔའ་ཞེས་བྱ་བར་གསུངས་ཏེ། དེ་ཉིད་ལས། དེའི་བདག་ཉིད་དུ་མངོན་དུ་བྱས་པའི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཉིད་ཀྱི་ཕྱིར་འདིར་ཡེ་ཤེས་སེམས་དཔའ་ཡང་དག་པར་འགྲོའོ་འདུའོ་ཞེས་པ་དམ་ཚིག་གོ །སེམས་དཔའ་ཡང་སྟེ། སེམས་ཅན་གྱི་དོན་བྱེད་པ་ཉིད་ཀྱི་ཕྱིར་དང་རྣམ་པར་དག་པའི་སེམས་ཅན་གྱི་ཐ་སྙད་ཀྱི་ཡུལ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་ཡེ་ཤེས་སེམས་དཔའ་ནི། དམ་ཚིག་སེམས་དཔའི་སྙིང་ཁར་ཞལ་ཕྱག་ཅན་གྱི་སེམས་དཔའ་གཞན་སྒོམ་པ་ལ་བྱ་སྟེ། དཔེར་ན་རྡོ་རྗེ་འཆང་སྔོན་པའི་ཐུགས་ཀར་སྣ་ཚོགས་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་དམར་པོ་རྡོར་དྲིལ་འཛིན་པ་བསྒོམ་པ་ལྟ་བུ་ལ་བྱ་ཞིང་། དེ་ལ་ཡེ་ཤེས་སེམས་དཔའ་ཞེས་བརྗོད་པའི་རྒྱུ་མཚན་ཡང་། ཡེ་ཤེས་ཀྱི་རང་བཞིན་གྱི་སེམས་དཔའ་ཡིན་ཕྱིར་དེ་ལྟར་བརྗོད་པར་བཤད་དེ། ཟླ་བའི་སྒྲོན་མ་གསལ་བར་བྱེད་པ་ལས། ཡེ་ཤེས་ཀྱི་རང་བཞིན་ཡིན་པས་ན་ཕྲ་བ་སྟེ། ཡེ་ཤེས་སེམས་དཔའ་བསྒོམ་པར་བྱ་བའོ་ཞེས་བྱ་བའི་བར་དུའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡེ་ཤེས་སེམས་དཔའ་ནི་ཕྲ་བ་གཉུག་མའི་ལུས་སུ་གྱུར་བའི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གནས་པའི་རླུང་འོད་ཟེར་ལྔ་པ་དེ་དང་ཆོས་མཐུན་པར་གསུངས་སོ།།

གསུམ་པ་ཏིང་ངེ་འཛིན་སེམས་དཔའ་ནི། ཡེ་ཤེས་སེམས་དཔའ་དེའི་ཐུགས་ཀར་ཧཱུཾ་ཡིག་བསྒོམ་པ་ལྟ་བུ་ལ་བྱ་སྟེ། གསང་བ་འདུས་པའི་རྒྱུད་ལས། ཡི་གེ་མཆོག་ཏུ་གྱུར་པའི་ཚིག །དེ་ཡི་དབུས་སུ་བསམ་པར་བྱ། །ཞེས་དང་། སློབ་དཔོན་ཨིནྡྲ་བྷཱུ་ཏིའི་དཔལ་ཁ་སྦྱོར་ཐིག་ལེའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་ལས། ཡེ་ཤེས་སེམས་དཔའ་དེ་ཉིད་ཀྱི་སྙིང་གར་ཏིང་ངེ་འཛིན་སེམས་དཔའ་སྟེ། འདབ་མ་བརྒྱད་ལ་ལྷ་མོ་རྣམས་ཉེ་བར་དགོད་པའི་ཕྱིར་རོ། །ཞེས་དང་། པདྨ་རྡོ་རྗེའི་མཁའ་འགྲོ་རྒྱ་མཚོའི་རྒྱུད་འགྲེལ་གྲུ་གཟིངས་ལས། ཏིང་ངེ་འཛིན་སེམས་དཔའ་ཞེས་བྱ་བ་ནི་ཡེ་ཤེས་སེམས་དཔའ་དེ་རྣམས་ཀྱི་ཐུགས་ཀར་སླར་ཡང་འདི་རྣམས་ཐམས་ཅད་ལ་ཏིང་ངེ་འཛིན་སེམས་དཔའ་འཆད་པར་འགྱུར་བའི་སྔགས་རྣམས་ཀྱི་གཟུགས་ཀྱིས་རང་རང་གི་ས་བོན་བསྒོམ་པར་བྱ་བའང་རུང་ངོ་། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལ་ཏིང་ངེ་འཛིན་སེམས་དཔའ་ཞེས་བརྗོད་པའི་རྒྱུ་མཚན་ཡང་། གནས་དེ་ལ་སེམས་རྩེ་གཅིག་ཏུ་དམིགས་ནས་བསྒོམས་པས་ཏིང་ངེ་འཛིན་མཆོག་ཏུ་གྱུར་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེས་ནས་སྒྲུབ་པ་པོ་དེ་ཉིད་ངེས་པར་ལེགས་པ་སངས་རྒྱས་ཀྱི་ས་ལ་སྦྱོར་བར་བྱེད་པས་ན་དེ་སྐད་དུ་བརྗོད་པར་བཤད་ལ། ཏིང་ངེ་འཛིན་སེམས་དཔའ་ནི་ཤིན་ཏུ་ཕྲ་བའི་སེམས་དང་ཆོས་མཐུན་པར་བཤད་དོ།།

སེམས་དཔའ་སུམ་བརྩེགས་ལ་གཞིའི་སེམས་དཔའ་སུམ་བརྩེགས་དང་། ལམ་གྱི་སེམས་དཔའ་སུམ་བརྩེགས་དང་། འབྲས་བུའི་སེམས་དཔའ་སུམ་བརྩེགས་གསུམ་དུ་ཕྱེས་ཤིང་། གཞིའི་སེམས་དཔའ་སུམ་བརྩེགས་ཀྱི་དྲི་མ་སྦྱངས་ཏེ། ལམ་གྱི་སེམས་དཔའ་སུམ་བརྩེགས་སུ་བསྒྱུར་ནས། འབྲས་བུའི་སེམས་དཔའ་སུམ་བརྩེགས་མྱུར་དུ་འགྲུབ་པར་བྱེད་པས་སེམས་དཔའ་སུམ་བརྩེགས་བསྒོམ་པ་ལ་དེ་འདྲའི་དྲི་མ་སྦྱངས། ལམ་དུ་བསྒྱུར། འབྲས་བུ་གྲུབ་པའི་ཚུལ་གསུམ་དུ་གསུངས་སོ།།

དེ་ཉིད་ཞེ་དགུའི་ཆིངས་ནི། གསང་བ་འདུས་པའི་བསྐྱེད་རིམ་གྱི་ཆོ་ག་ལྟར་ན། ༡ དང་པོ་གནས་ཀྱི་དེ་ཉིད་དང་།

༢ རང་མི་བསྐྱོད་རྡོ་རྗེ་སོགས་བརྩེ་བ་སྙིང་རྗེ་ཆེན་པོའི་དེ་ཉིད་དམ་སྙིང་རྗེ་ཆེན་པོ་ལ་དམིགས་པའི་དེ་ཉིད་དང་། ༣ རང་ཉིད་ཞེ་སྡང་རྡོ་རྗེ་སོགས་སྲུང་འཁོར་གཙོ་བོ་སྐྱེད་པའི་དེ་ཉིད་དང་། ༤ གཤིན་རྗེ་གཤེད་སོགས་འཁོར་ཁྲོ་བོ་སྐྱེད་པའི་དེ་ཉིད་དམ་སྲུང་འཁོར་གྱི་འཁོར་ལོ་སྐྱེད་པའི་དེ་ཉིད་དང་། ༥ འོག་གི་གནོད་མཛེས་ལ་བལྟས་པས་ཞེས་སོགས་ཕུར་གདབ་ཀྱི་དེ་ཉིད་དང་། ༦ ཊཀྐི་ཧཱུཾ་ཛཿ སོགས་ར་གུར་རྣམས་སྒོམ་པའི་དེ་ཉིད་དང་། ༧ དངོས་པོ་མེད་པས་སྒོམ་པ་མེད། །ཅེས་སོགས་ཡེ་ཤེས་ཀྱི་ས་སྐྱེད་པའི་དེ་ཉིད་དང་། ༨ སྟོང་པའི་ངང་ལས་སྐད་ཅིག་གིས་ཞེས་སོགས་རྡོ་རྗེའི་ས་སྐྱེད་པའི་དེ་ཉིད་དང་། ༩ བྷྲུཾ་དཀར་པོ་སོགས་ལྷག་མོས་ཀྱི་གཞལ་ཡས་ཁང་སྐྱེད་པའི་དེ་ཉིད་དང་། ༡༠ གདན་དེ་རྣམས་ཀྱི་དབུས་སུ་སོགས་ལྷག་མོས་ཀྱི་ལྷའི་འཁོར་ལོ་སྐྱེད་པའི་དེ་ཉིད་དང་། ༡༡ རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གྱིས་རྣམ་སྣང་ནས་ཞེས་སོགས་ལྷག་མོས་ལུས་ལ་སྡུད་པའི་དེ་ཉིད་དང་། ༡༢ གདན་དབུས་མའི་སྟེང་དུ་ཧཱུཾ་ལས་སོགས་ཉི་མ་ལ་སོགས་ལ་དམིགས་ཏེ་ལྡང་བའི་དེ་ཉིད་དང་། ༡༣ དེ་ཐམས་ཅད་གཅིག་ཏུ་འདྲེས་པ་ལས་སོགས་ཟླ་བ་ལས་བྱང་ཆུབ་པའི་དེ་ཉིད་དང་། ༡༤ དེ་ལས་འོད་ཟེར་འཕྲོས་སྣོད་བཅུད་སོགས་ཡེ་ཤེས་ཙམ་ལ་སྙོམས་པ་འཇུག་པའི་དེ་ཉིད་དང་། ༡༥ ཟླ་བའི་སྟེང་དུ་ཆུ་ལས་སོགས་ས་བོན་ལས་བྱང་ཆུབ་པའི་དེ་ཉིད་དང་། ༡༦ དེ་ལས་འོད་འཕྲོས་རིགས་ལྔ་སོགས་ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད་དང་། ༡༧ རྡོ་རྗེ་ཡི་གེ་དང་སོགས་སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་དང་། ༡༨ རང་བཞིན་གྱི་གནས་ནས་སོགས་དང་པོའི་མགོན་པོ་སྤྲུལ་སྐུ་རྡོ་རྗེ་སེམས་དཔར་བསྒྱུར་བའི་དེ་ཉིད་དང་། ༡༩ ལུས་ཀྱི་མདུན་རྒྱབ་སོགས་ལུས་རྟེན་དུ་སྒོམ་པའི་དེ་ཉིད་དམ་ལུས་གཞལ་ཡས་ཁང་དུ་བསྒྱུར་པའི་དེ་ཉིད་དང་། ༢༠ སྤྱི་གཙུག་ནས་སྐྲ་མཚམས་སོགས་ཕུང་པོ་རིགས་ལྔར་སྒོམ་པའམ་ཕུང་པོ་ལྔ་གཤེགས་པར་སྒོམ་པའི་དེ་ཉིད་དང་། ༢༡ ལྟེ་བར་སོགས་ཁམས་བཞི་ཡུམ་བཞིར་སྒོམ་པའི་དེ་ཉིད་དང་། ༢༢ མིག་གི་སྒོར་སོགས་ཡུལ་ལྔ་རྡོ་རྗེ་མ་ལྔར་སྒོམ་པའི་དེ་ཉིད་དང་། ༢༣ མིག་གཉིས་སུ་སོགས་མིག་སོགས་ས་སྙིང་སོགས་སུ་སྒོམ་པའི་དེ་ཉིད་དང་། ༢༤ ལག་པ་གཡས་ལ་སོགས་ཡན་ལག་ཁྲོ་བོར་སྒོམ་པའི་དེ་ཉིད་དང་། ༢༥ རང་གི་སྤྱི་བོར་ཨོཾ་ལས་སོགས་སྐུ་བྱིན་གྱིས་རློབ་པའི་དེ་ཉིད་དང་། ༢༦ མགྲིན་པར་ཨཱཿ ལས་སོགས་གསུང་བྱིན་གྱིས་རློབ་པའི་དེ་ཉིད་དང་། ༢༧ སྙིང་གར་ཧཱུཾ་ལས་སོགས་ཐུགས་བྱིན་གྱིས་རློབ་པའི་དེ་ཉིད་དང་། ༢༨ རང་ཉིད་དེ་བཞིན་གཤེགས་པ་སོགས་སྐུ་གསུང་ཐུགས་ཐུན་མོང་དུ་བྱིན་གྱིས་རློབ་པའི་དེ་ཉིད་དང་། ༢༩ རང་དམ་ཚིག་སེམས་དཔའ་རྡོ་རྗེ་འཆང་སྔོན་པོའི་སོགས་ཡེ་ཤེས་སེམས་དཔའ་སྒོམ་པའི་དེ་ཉིད་དང་། ༣༠ དེའི་ཐུགས་ཀར་རྡོ་རྗེ་སྔོན་པོ་སོགས་ཏིང་ངེ་འཛིན་སེམས་དཔའ་སྒོམ་པའི་དེ་ཉིད་དང་། ༣༡ རང་གི་ཐུགས་ཀ་ནས་རང་རིགས་ཀྱི་རིགས་ཀྱི་རིག་མ་སོགས་རིག་མ་འདུ་བྱ་བའི་དེ་ཉིད་དང་། ༣༢ རང་ཉིད་རིན་འབྱུང་དུ་གྱུར་སོགས་མཆོད་པའི་དེ་ཉིད་དང་། ༣༣ མི་བསྐྱོད་པ་རང་གི་ཐུགས་ཀར་དྲངས་སོགས་གཤེགས་པ་སྒོམ་པའི་དེ་ཉིད་དམ་གཤེགས་པ་འབྱུང་བའི་དེ་ཉིད་དང་། ༣༤ སྤྱན་མ་རང་གི་ཐུགས་ཀར་དྲངས་སོགས་གཤེགས་མ་དབྱུང་བའི་དེ་ཉིད་དམ་གཤེགས་མ་སྒོམ་པའི་དེ་ཉིད་དང་། ༣༥ གཟུགས་རྡོ་རྗེ་མ་སོགས་སེམས་མ་དབྱུང་བའི་དེ་ཉིད་དམ་སེམས་མ་སྒོམ་པའི་དེ་ཉིད་དང་། ༣༦ བྱམས་པ་ཞེས་སོགས་སེམས་དཔའ་དབྱུང་བའི་དེ་ཉིད་དམ་སེམས་དཔའ་སྒོམ་པའི་དེ་ཉིད་དང་། ༣༧ གཤིན་རྗེ་གཤེད་སོགས་ཁྲོ་བོ་དབྱུང་བའི་དེ་ཉིད་དང་། ༣༨ སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པའི་དེ་ཉིད་དང་། ༣༩ འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པའི་དེ་ཉིད་དང་། ༤༠ ནང་ཡིད་བཟླས་ཀྱི་དེ་ཉིད་དང་། ༤༡ བཛྲ་དྷྲིཀ་སོགས་ཕྱི་ངག་ཟླས་ཀྱི་དེ་ཉིད་དང་། ༤༢ ཡབ་ཡུམ་སྙོམས་པར་ཞུགས་པའི་རྐྱེན་གྱི་སོགས་གཙོ་བོ་འོད་གསལ་དུ་གཞུག་པའི་དེ་ཉིད་དང་། ༤༣ དེ་ནས་ཚད་མེད་པ་བཞི་སོགས་ཞུ་བ་གླུས་བསྐུལ་བའི་དེ་ཉིད་དང་། ༤༤ མི་བསྐྱོད་རྡོ་རྗེ་སོགས་མཆོད་བསྟོད་བདུད་རྩི་མྱང་བའི་དེ་ཉིད་དང་། ༤༥ རང་གི་ཐུགས་ཀའི་ཧཱུཾ་སྔོན་པོའི་སོགས་དཀྱིལ་འཁོར་ཉེ་བར་བསྡུ་བའམ་མཐར་ཉེར་བར་བསྡུ་བའི་དེ་ཉིད་དང་། ༤༦ ལུས་བརྟས་པར་བྱེད་པའི་དེ་ཉིད་དང་། ༤༧ ཟས་ཀྱི་རྣལ་འབྱོར་གྱི་དེ་ཉིད་དང་། ༤༨ དངོས་གྲུབ་ཆུང་ངུ་སྒྲུབ་པའི་དེ་ཉིད་དང་། ༤༩ དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་དང་ཞེ་དགུའོ།།

དེ་ཡན་སྡོམ་པའི་རྣམ་གྲངས་ཞེ་དགུ་བོ་ནི་བསྐྱེད་རིམ་སྒོམ་པའི་ཆིངས་དེ་ཉིད་ཞེ་དགུ་ཞེས་བྱ་སྟེ། གསང་འདུས་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་སོ་ལྔ་པ་ལས། དེ་ཉིད་དབྱེ་བ་བཞི་བཅུ་དགུ། །བསྐྱེད་པའི་རིམ་པ་བསྡུས་པ་ཡིས། །མངོན་སུམ་བྱེད་པའི་རྣལ་འབྱོར་རོ། །ཞེས་གསུངས་པའི་ཕྱིར་རོ།།

གནས་ཀྱི་དེ་ཉིད་ནས་ར་གུར་རྣམས་སྒོམ་པའི་དེ་ཉིད་བར་གྱི་དྲུག་ནི་སྔོན་འགྲོའི་དེ་ཉིད་དྲུག་དང་། གཞུང་འགའ་རེར། ཉི་མ་ལ་སོགས་ལ་དམིགས་ཏེ་ལྡང་བའི་དེ་ཉིད་ཀྱི་སྔོན་དུ་དེ་བཞིན་ཉིད་ལས་བྱང་ཆུབ་པའི་དེ་ཉིད་དང་། དམ་ཚིག་སེམས་དཔའ་སོགས་ཀྱི་སྐབས་དམ་ཚིག་སེམས་དཔའ་སྒོམ་པའི་དེ་ཉིད་བསྣན་ཏེ་སེམས་དཔའ་སུམ་བརྩེགས་གསུམ་དུ་བྱས་པ་དང་། རིག་མ་འདུ་བྱ་བའི་དེ་ཉིད་ཀྱི་འཕྲོར་རྗེས་ཆགས་ཀྱི་དེ་ཉིད་ཅེས་བགྲང་ནས་ས་བོན་དང་། ཕྱག་མཚན་དང་། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་གསུམ་སོ་སོར་མ་བགྲང་བར་གཅིག་ཏུ་བྱེད་པའང་མཆིས་པ་བཤདལ། དེ་ལྟར་ན་དེ་ཉིད་ཞེ་དགུ་ལས་ལྷག་པར་འགྱུར་རམ་སྙམ་ན། ཉི་མ་ལ་སོགས་ལ་དམིགས་ཏེ་ལྡང་བའི་དེ་ཉིད་ལས་འཕྲོས་ཏེ། ས་བོན་ལས་བྱང་ཆུབ་པའི་དེ་ཉིད་དང་། ཕྱག་མཚན་ལས་བྱང་ཆུབ་པའི་དེ་ཉིད་དང་། སྐུ་ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་གསུམ་ཀ་རྡོ་རྗེ་འཆང་བསྐྱེད་པའི་དེ་ཉིད་ཅེས་གཅིག་ཏུ་བརྩིས་པས་ཞེ་དགུ་འདིར་མ་འདུས་པའི་སྐྱོན་མེད་པར་གསུངས་སོ།།

རྣལ་འབྱོར་བཞིར་དབྱེ་བ་ནི། རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་དང་། ཤིན་ཏུ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་བཞི་པོ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །ཞེས་དང་། གཤིན་རྗེ་གཤེད་ནག་པོའི་རྒྱུད་ལས། དང་པོར་བསྒོམ་པ་རྣལ་འབྱོར་ཏེ། །གཉིས་པ་རྗེས་ཀྱི་རྣལ་འབྱོར་ཡིན། །གསུམ་པ་ཤིན་ཏུ་རྣལ་འབྱོར་ཏེ། །བཞི་པ་རྣལ་འབྱོར་ཆེན་པོའོ། །ཞེས་གསུངས་པའི་ཕྱིར།

དེ་ཡང་དེ་ཉིད་ཞེ་དགུ་པོ་དེ་རྣལ་འབྱོར་བཞིའི་ཆིངས་སུ་བསྡུས་པའི་དབང་དུ་བྱས་ན། གནས་ཀྱི་དེ་ཉིད་ནས་ར་གུར་བར་གྱི་དང་པོ་དྲུག་སྨོས་ཟིན་ལྟར་སྦྱོར་བ་ཡིན་ཡང་རྣལ་འབྱོར་བཞིའི་ཆིངས་སུ་བསྡུས་ཤིང་། སྦྱོར་བའི་དེ་ཉིད་དྲུག་དང་། དེ་ནས་ཡེ་ཤེས་ཀྱི་ས་སྐྱེད་པ་ནས་སྐུ་རྫོགས་པ་ལ་བྱང་ཆུབ་པའི་དེ་ཉིད་བཅུ་གཅིག་སྔ་མར་བསྣན་པའི་བཅུ་བདུན་དང་། དེ་བཞིན་ཉིད་ལ་བྱང་ཆུབ་པ་སོ་སོར་ཕྱེས་པས་བཅོ་བརྒྱད་པོ་དེ་རྣལ་འབྱོར་གྱི་ཡན་ལག་ཏུ་བཞག་པ་ཡིན་པ་འདྲ་སྟེ། རྡོ་རྗེ་ཕྲེང་བ་ལས། དེ་ཡི་དབྱེ་བ་བཅྭ་བརྒྱད་ཀྱིས། །དང་པོ་སྦྱོར་བ་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ནས་དང་པོའི་མགོན་པོ་སྤྲུལ་སྐུ་རྡོ་རྗེ་སེམས་དཔར་བསྒྱུར་བའི་དེ་ཉིད་ནས། མཆོད་པའི་དེ་ཉིད་བར་དང་། དེ་ལ་དམ་ཚིག་སེམས་དཔའ་དང་། རྗེས་ཆགས་གཉིས་སོ་སོར་ཕྱེས་པའི་དེ་ཉིད་བཅུ་བདུན་ནི་རྗེས་སུ་རྣལ་འབྱོར་གྱི་ཡན་ཡག་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གཤེགས་པ་སྒོམ་པའི་དེ་ཉིད་ནས་ཁྲོ་བོ་དབྱུང་བའི་དེ་ཉིད་བར་གྱི་ལྔ་ནི་དཀྱིལ་འཁོར་རྒྱལ་མཆོག་གི་ཡན་ལག་སྟེ་ཤིན་ཏུ་རྣལ་འབྱོར་མཆོག་གི་ཡན་ལག་ཏུ་གྱུར་པའི་དེ་ཉིད་ཡིན་ཏེ། དེ་ཉིད་ལས། དེ་ལས་དཀྱིལ་འཁོར་རྒྱལ་མཆོག་ནི། །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པའི་དེ་ཉིད་ནས་དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་བར་གྱི་བཅུ་གཉིས་ནི་ལས་རྒྱལ་མཆོག་གི་ཡན་ལག་སྟེ་རྣལ་འབྱོར་ཆེ་ཡི་ཡན་ལག་གི་དེ་ཉིད་ཡིན་ཏེ། དེ་ཉིད་ལས། དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་རྣལ་འབྱོར་དྲུག་གི་ཆིངས་སུ་བསྡུས་པའི་ཡན་ལག་གི་དབང་དུ་བྱས་ན་ནི། རྡོ་རྗེ་ཕྲེང་བའི་ལེའུ་རེ་ལྔ་པ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དང་པོ་སྦྱོར་བ་མདོར་བསྡུས་པས། །དེ་བཞིན་དཀྱིལ་འཁོར་རྒྱལ་པོ་མཆོག །ལས་ཀྱི་རྒྱལ་པོ་རྣལ་འབྱོར་མཆོག །ཅེས་རྒྱལ་མཆོག་གཉིས་ལོགས་སུ་ཕྱེས་པས་དྲུག་སྟེ། རྣལ་འབྱོར་དྲུག་དེ་ལྟར་གསུངས་པས་གསང་འདུས་ལྟར་ན་གོང་བཤད་དེ་ཉིད་ཞེ་དགུའི་སྦྱོར་བའི་དེ་ཉིད་ཀྱི་ཐོག་མ་གནས་ཀྱི་དེ་ཉིད་ནས་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་བར་གྱི་བཅུ་བཞི་ནི་རྣལ་འབྱོར་དང་། ས་བོན་ཕྱག་མཚན་སྐུ་རྫོགས་པ་ལས་བྱང་ཆུབ་པ་གསུམ་ནི་རྗེས་སུ་རྣལ་འབྱོར་དང་། དང་པོའི་མགོན་པོ་ལོངས་སྐུ་སྤྲུལ་སྐུར་བསྒྱུར་བ་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་དེ་ཉིད་ཀྱི་བར་གྱི་དེ་ཉིད་བདུན་ནི་ཤིན་ཏུ་རྣལ་འབྱོར་དང་། སྐུ་བྱིན་གྱིས་རློབ་པ་ནས་མཆོད་པའི་དེ་ཉིད་ཀྱི་བར་གྱི་བརྒྱད་ནི་རྣལ་འབྱོར་ཆེན་པོ་དང་། དེ་བཞིན་གཤེགས་པ་སྒོམ་པའི་དེ་ཉིད་ནས་ཁྲོ་བོ་དབྱུང་བའི་དེ་ཉིད་ཀྱི་བར་ལྔ་ནི། དཀྱིལ་འཁོར་རྒྱལ་མཆོག་གི་རྣལ་འབྱོར་དང་། སྟེང་སྒོར་ཕྲ་མོ་སྒོམ་པའི་དེ་ཉིད་ནས། དངོས་གྲུབ་འབྲིང་བསྒྲུབ་པའི་བར་གྱི་བཅུ་གཉིས་ནི་ལས་རྒྱལ་མཆོག་གི་རྣལ་འབྱོར་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བའི་ལེའུ་སོ་ལྔ་པ་ལས། རྣལ་འབྱོར་རྗེས་སུ་རྣལ་འབྱོར་དང་། །ཤིན་ཏུ་རྣལ་འབྱོར་རྣལ་འབྱོར་ཆེ། །དེ་ཡི་དབྱེ་བ་བཅྭ་བརྒྱད་ཀྱིས། །དང་པོའི་སྦྱོར་བ་བསྒོམ་པར་བྱ། །བཅུ་བདུན་རྗེས་སུ་རྣལ་འབྱོར་སོགས། །དེ་ལས་དཀྱིལ་འཁོར་རྒྱལ་མཆོག་ནི། །རྣལ་འབྱོར་མཆོག་ལ་དབྱེ་བ་ལྔ། །དེ་ལས་ཀྱང་ནི་ལས་རྒྱལ་མཆོག །རྣལ་འབྱོར་དབྱེ་བ་བཅུ་གཉིས་སོ། །ཞེས་དྲངས་མ་ཐག་པའི་ལུང་ལས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

རྒྱལ་མཆོག་གཉིས་ཞེས་པ་ནི། སྨོས་མ་ཐག་པ་དག་གིས་ཤེས་པ་ལྟར་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་ཅེས་པ་གཉིས་ལ་བྱ་ཞིང་། དང་པོ་དཀྱིལ་འཁོར་རྒྱལ་མཆོག་ཅེས་པ་ནི། མི་བསྐྱོད་རྡོ་རྗེ་འབྱིན་པ་མན་ནས་དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་བསྒོམ་པ་ལ་བྱ་ཞིང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་སྤྲུལ་ནས་གཞན་དོན་མཛད་པའི་ཐབས་མཆོག་ཡིན་པས་ན་དཀྱིལ་འཁོར་རྒྱལ་མཆོག་ཅེས་བརྗོད་པར་གསུངས་སོ།།

ལས་རྒྱལ་མཆོག་ནི། འོག་སྒོར་ཐིག་ལེ་ཕྲ་མོའི་ནང་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པའི་ཕྲ་ཐིག་གི་རྣལ་འབྱོར་དང་། བཟླས་པའི་རྣལ་འབྱོར་དང་། ཞུ་བ་ཀླུ་ཡིས་བསྐུལ་བའི་ངོར་བཞེངས་པ་དང་། མཆོད་བསྟོད་བདུད་རྩི་མྱང་བ་དང་། ཉེ་བར་བསྡུ་བའི་ཆོ་གའི་བར་གྱི་ཐུན་དངོས་དང་འབྲེལ་བའི་རྣལ་འབྱོར་དང་། ཐུན་མཚམས་ཀྱི་རྣལ་འབྱོར་རྣམས་ལ་བྱེད་པ་ཡིན་ནོ།།

ཡང་བསྙེན་སྒྲུབ་ཡན་ལག་བཞི་ནི། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། བསྙེན་པའི་ཆོ་ག་དང་པོ་སྟེ། །ཉེ་བར་སྒྲུབ་པ་གཉིས་པ་ཡིན། །སྒྲུབ་པ་ཡང་ནི་གསུམ་པ་སྟེ། །སྒྲུབ་པ་ཆེན་པོ་བཞི་པའོ། །ཞེས་གསུངས་པའི་དོན་ཏེ། དེ་ཡང་བསྙེན་པ་ནི། དམ་ཚིག་པ་བསྐྱེད་པ་དང་། ཉེ་བསྙེན་ནམ་ཉེར་སྒྲུབ་ནི། སྐྱེ་མཆེད་བྱིན་གྱིས་རློབ་པ་དང་། སྒྲུབ་པ་ནི། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པ་དང་། སྒྲུབ་ཆེན་ནི་དབང་བསྐུར་ནས་རིགས་བདག་གིས་རྒྱས་བཏབ་པ་ལ་གོ་ཞིང་། དེ་ཡང་སྲིད་ཞིར་མི་གནས་པ་ལ་ཉེ་བས་ན་བསྙེན་པ་དང་། སྒྲུབ་པ་དང་ཉེ་བས་ཉེར་སྒྲུབ་དང་། སྒོ་གསུམ་སྐུ་གསུམ་དུ་སྒྲུབ་པས་སྒྲུབ་པ་དང་། ཁམས་གསུམ་གྱི་ཆོས་ཀྱི་རྒྱལ་པོར་དབང་བསྐུར་བས་སྒྲུབ་པ་ལས་ཁྱད་པར་དུ་འཕགས་པའི་ཕྱིར་ན་སྒྲུབ་ཆེན་དུ་འཇོག་པར་རྗེ་བདག་ཉིད་ཆེན་པོའི་སྔགས་རིམ་དུ་གསུངས་སོ།།

གསང་འདུས་ལྟར་དེ་ཉིད་ཞེ་དགུ་བསྙེན་སྒྲུབ་ཡན་ལག་བཞི་ལ་སྦྱོར་ན། ཡེ་ཤེས་ཀྱི་ས་སྒོམ་པ་ནས་ལྷག་མོས་འོད་གསལ་དུ་སྡུད་པའི་བར་ལ་ནི་བསྙེན་པ་དང་། འོད་གསལ་ཉི་མའི་དཀྱིལ་འཁོར་དུ་ལངས་ཏེ་ལུས་དཀྱིལ་སྒོམ་པའི་བར་ནི་ཉེ་སྒྲུབ་སྟེ་ཉེ་བསྙེན་དང་། སྒོ་གསུམ་བྱིན་རླབས་ནས་རིགས་བདག་གིས་རྒྱས་འདེབས་པའི་བར་ནི་སྒྲུབ་པ་དང་། དཀྱིལ་འཁོར་རྒྱལ་མཆོག་མན་ནི་སྒྲུབ་ཆེན་གྱི་ཡན་ལག་ཏུ་གསུངས་སོ།།

གཞན་ཡང་བསྙེན་སྒྲུབ་ཡན་ལག་བཞི་ལ། གནས་ཀྱི་དེ་ཉིད་ནས། དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་ལ་ནི་བསྙེན་པའི་ཡན་ལག་གམ་བསྙེན་པ་ཡིན་ཞིང་། དེ་ལ་ཅིའི་ཕྱིར་བསྙེན་པ་བྱ་ཞེ་ན། བསྙེན་པ་ཞེས་པའི་རྒྱུ་མཚན་ནི། ཡུལ་སྟོང་ཉིད་ལ་ཡུལ་ཅན་གྱི་བློ་དེ་རྟོགས་པའི་ཡེ་ཤེས་ཀྱིས་ཡང་ཡང་དམིགས་ནས་བསྙེན་པའི་ཕྱིར་ན་བསྙེན་པ་ཞེས་བྱ་སྟེ། གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས། ཅིའི་ཕྱིར་བསྙེན་པ་ཞེ་ན། ཡུལ་སྟོང་པ་ཉིད་ལ་ཡུལ་ཅན་ཡེ་ཤེས་དེས་ཡང་དང་ཡང་དུ་བསྙེན་ཅིང་དམིགས་པས་བསྙེན་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ཉི་མ་ལ་སོགས་ལའང་དམིགས་ཏེ་ལྡང་བའི་དེ་ཉིད་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་བར་ནི། ཉེར་སྒྲུབ་ཀྱི་ཡན་ལག་སྟེ། དེ་ལ་ཅིའི་ཉེར་སྒྲུབ་ཅེས་བྱ་ཞེ་ན། སྔགས་ཀྱི་ལོངས་སྐུ་སྒྲུབ་པ་ལ་ཉེ་བར་བྱེད་པའི་སྒྲུབ་པ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དེ་ཉིད་ལས། ཅིའི་ཕྱིར་ཉེར་བསྒྲུབ་ཅེ་ན། གང་ལ་ཉེ་བར་རྒྱུའི་ཡུལ་ནི་ཡེ་ཤེས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་ཡིན་ལ། དེ་ལ་ཁད་ཀྱི་ཉེ་བར་བྱེད་པའི་སྔགས་ཀྱི་ལོངས་སྤྱོད་རྫོགས་པའི་སྐུ་སྒྲུབ་པས་ན་ཉེར་སྒྲུབ་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་སྐུ་བྱིན་རླབས་ནས་མཆོད་བསྟོད་ཀྱི་བར་ནི། སྒྲུབ་པའི་ཡན་ལག་ཡིན་ལ། དེ་ལ་ཅིའི་ཕྱིར་སྒྲུབ་པ་ཞེས་བྱ་ཞེ་ན། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དབྱེར་མེད་དུ་བསྒྲུབ་པར་བྱེད་པ་ཡིན་པས་ན་སྒྲུབ་པ་ཞེས་བྱ་སྟེ། དེ་ཉིད་ལས། ཅིའི་ཕྱིར་སྒྲུབ་པ་ཞེ་ན། སྒྲུབ་པ་པོའི་ལུས་ངག་ཡིད་གསུམ་དང་། སངས་རྒྱས་ཀྱི་རྡོ་རྗེ་གསུམ་དབྱེར་མེད་དུ་བསྒྲུབ་པས་ན་སྒྲུབ་པ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ནས་ཡང་མཆོད་པའི་དེ་ཉིད་ནས་དཀྱིལ་འཁོར་ཉེར་བསྡུའི་དེ་ཉིད་བར་ནི་སྒྲུབ་པ་ཆེན་པོའི་ཡན་ལག་ཡིན་ལ། དེ་ལ་ཅིའི་ཕྱིར་སྒྲུབ་པ་ཆེན་པོ་ཞེས་བྱ་ཞེ་ན། གཞན་དོན་རྒྱ་ཆེན་པོ་ལ་འཇུག་པར་བྱེད་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱ་བ་ཡིན་ཏེ། དེ་ཉིད་ལས། ཅིའི་ཕྱིར་སྒྲུབ་པ་ཆེན་པོ་ཞེ་ན། གཞན་དོན་རྒྱ་ཆེན་པོ་ལ་འཇུག་པས་ན་སྒྲུབ་པ་ཆེན་པོ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

རྒྱལ་དབང་དགེ་འདུན་རྒྱ་མཚོས་མཛད་པའི་གསང་བ་འདུས་པའི་རིམ་པ་དང་པོའི་ལམ་ལ་སློབ་པའི་ཚུལ་ཞེས་པ་ལས། མངོན་རྟོགས་ཀྱི་སྦྱོར་བ་དང་། དངོས་གཞི་དང་། འབྲས་བུ་གསུམ་སྡུད་པའི་ཆིངས་ཡིན་ལ། ཞེས་གསུངས་པ་ལྟར། དེ་ཉིད་ཞེ་དགུ་པོ་སྦྱོར་དངོས་འབྲས་གསུམ་གྱིས་བསྡུས་ཤིང་། དེ་ཉིད་ཞེ་དགུའི་སྨོས་ཟིན་གྱི་དང་པོ་དྲུག་ནི་སྦྱོར་བའི་དེ་ཉིད་དང་། དེ་ནས་དངོས་གཞི་ལ་བསྙེན་སྒྲུབ་ཡན་ལག་བཞིའི་དབང་དུ་བྱས་ན། བསྙེན་པའི་ཡན་ལག་ཏུ་གྱུར་པའི་དེ་ཉིད་དྲུག་དང་། དེ་ནས་ཉེར་སྒྲུབ་ཀྱི་ཡན་ལག་ཏུ་གྱུར་པའི་དེ་ཉིད་བཅུ་གསུམ་དང་། སྒྲུབ་པའི་དེ་ཉིད་དྲུག་དང་། སྒྲུབ་པ་ཆེན་པོའི་དེ་ཉིད་བཅོ་བརྒྱད་དུ་ཕྱེ་བ་ཡིན་པར་གསུངས་ཏེ། དེ་ཉིད་ལས། མངོན་རྟོགས་སྔོན་འགྲོ་ལ་དེ་ཉིད་དྲུག་དང་། དངོས་གཞིའི་དབང་དུ་བྱས་ནས་བསྙེན་པའི་ཡན་ལག་དྲུག། ཉེར་སྒྲུབ་ལ་བཅུ་གསུམ། སྒྲུབ་པ་ལ་དྲུག། སྒྲུབ་པ་ཆེན་པོ་ལ་བཅོ་བརྒྱད་དུ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ།།

རྡོ་རྗེ་བཞི་ཡིས་བསྐྱེད་ནི། སྟོང་པ་ཉིད་ལས་བྱང་ཆུབ་པའི་རྡོ་རྗེ་དང་། ས་བོན་བསྡུས་པའི་རྡོ་རྗེ་དང་། གཟུགས་ཉིད་རྫོགས་པའི་རྡོ་རྗེ་དང་། ཡི་གེ་འགོད་པའི་རྡོ་རྗེ་དང་བཞི་ཡིན་ལ། དང་པོ་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་ལ་མཉམ་པར་བཞག་པ་ནི་སྟོང་པ་ཉིད་ལས་བྱང་ཆུབ་པའི་རྡོ་རྗེ་དང་། དེ་ནས་ལྷའི་ཕྱག་མཚན་རྡོ་རྗེ་སོགས་ལ་ས་བོན་གྱི་ཡི་གེ་ཨ་དང་ཧཱུྃ་ལ་སོགས་པ་བསྒོམ་པ་ནི་ས་བོན་བསྡུས་པའི་རྡོ་རྗེ་དང་། དེ་ལས་འོད་ཟེར་འཕྲོ་བསྡུས་ལྷའི་སྐུ་རྫོགས་པར་བསྒོམ་པ་ནི་གཟུགས་ཉིད་རྫོགས་པའི་རྡོ་རྗེ་དང་། དེ་ནས་ལྷ་ཡབ་ཡུམ་རང་རང་གི་སྔགས་ཀྱི་ཡི་གེའི་རྒྱས་འདེབས་པ་ནི་ཡི་གེ་འགོད་པའི་རྡོ་རྗེ་ཞེས་བྱ་བ་ཡིན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། དང་པོ་སྟོང་ཉིད་བྱང་ཆུབ་སྟེ། །གཉིས་པ་ས་བོན་བསྡུས་པ་ཡིན། །གསུམ་པ་གཟུགས་ནི་རྫོགས་པ་སྟེ། །བཞི་པ་ཡི་གེ་དགོད་པའོ། །རྡོ་རྗེ་རྣམ་བཞི་འདི་དག་གིས། །ཐ་མལ་སྒྲུབ་ལ་བསྙེན་པ་བྱ། །ཞེས་དང་། ཡང་དག་སྦྱོར་བ་ལས། ཡང་ནི་སྟོང་པའི་བྱང་ཆུབ་སེམས། །གཉིས་པ་ལ་ནི་ས་བོན་བསྡུ། །གསུམ་པ་ལ་ནི་གཟུགས་བརྙན་རྫོགས། །བཞི་པ་ལ་ནི་ཡིག་འབྲུ་དགོད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཉིད་ཞེ་དགུ་རྡོ་རྗེ་བཞིའི་ཆིངས་ཀྱིས་བསྐྱེད་ཚུལ་ལམ་དེ་བཞི་ངོས་འཛིན་ནིི། སྒྲུབ་ཐབས་རྒྱས་པ་ལྟར་ན་དེ་ཉིད་ཞེ་དགུའི་གནས་ཀྱི་དེ་ཉིད་ནས་དང་། སྒྲུབ་ཐབས་བསྡུས་པ་ལྟར་ན་ཡེ་ཤེས་ཀྱི་ས་བསྒོམ་པ་ནས་དེ་བཞིན་ཉིད་ལས་བྱང་ཆུབ་པའི་བར་ལ་དང་པོ་སྟོང་པ་ཉིད་ལས་བྱང་ཆུབ་པའི་རྡོ་རྗེ་དང་། ཉི་མ་སོགས་ལ་དམིགས་ཏེ་ལྡང་བ་ནས་ཕྱག་མཚན་ལས་བྱང་ཆུབ་པའི་བར་ནི་གཉིས་པ་ས་བོན་བསྡུས་པའི་རྡོ་རྗེ་དང་། སྐུ་རྫོགས་པ་ལས་བྱང་ཆུབ་པའི་དེ་ཉིད་ནས་ཡན་ལག་ཁྲོ་བོར་བསྐྱེད་པའི་དེ་ཉིད་ཀྱི་བར་ནི་གསུམ་པ་གཟུགས་ཉིད་རྫོགས་པའི་རྡོ་རྗེར་བཞག་པ་ཡིན་ནོ།།

སྒྲུབ་ཐབས་བསྡུས་པ་ལྟར་ན་སྐུ་བྱིན་རླབས་ནས་མཆོད་པའི་དེ་ཉིད་བར་དང་། སྒྲུབ་ཐབས་རྒྱས་པ་ལྟར་ན་སྐུ་བྱིན་གྱིས་བརླབ་པ་ནས། དངོས་གྲུབ་འབྲིང་སྒྲུབ་པའི་དེ་ཉིད་ཀྱི་བར་རམ། ཡང་ན་སྐུ་བྱིན་གྱིས་བརླབ་པ་ནས་སྟེང་སྒོར་ཕྱག་མཚན་ཕྲ་མོའི་དེ་ཉིད་ཀྱི་བར་ནི་བཞི་བ་ཡི་གེ་འགོད་པའི་རྡོ་རྗེ་ཡིན་པར་རྗེའི་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་དུ་གསུངས་ཤིང་འདི་ལ་རྡོ་རྗེ་བཞིའི་ཆིངས་བཞི་ཞེས་གསུངས་སོ།།

སྦྱོར་བའི་ཏིང་ངེ་འཛིན་དང་། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་། ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་གསུམ་ལ་འདིར་བཤད་ཏིང་ངེ་འཛིན་གསུམ་ཞེས་བྱ་ལ། དེ་ཡང་དེ་ཉིད་ཞེ་དགུ་ཏིང་ངེ་འཛིན་གསུམ་གྱི་ཆིངས་ཀྱིས་བསྡུས་ཚུལ་ནི། གསང་འདུས་ཀྱི་གནས་ཀྱི་དེ་ཉིད་ནས་མཆོད་པའི་དེ་ཉིད་ལ་ཐུག་གི་བར་ནི། དང་པོ་སྦྱོར་བའི་ཏིང་ངེ་འཛིན་དང་། མཆོད་པའི་དེ་ཉིད་ནས། སྟེང་སྒོར་ཕྲ་མོ་སྒོམ་པ་ལ་ཐུག་གི་བར་ནི། དཀྱིལ་འཁོར་རྒྱལ་མཆོག་གི་ཏིང་ངེ་འཛིན་དང་། སྟེང་སྒོར་ཕྱག་མཚན་ཕྲ་མོ་སྒོམ་པ་ནས། དཀྱིལ་འཁོར་ཉེར་བསྡུའི་བར་ནི་ལས་རྒྱལ་མཆོག་གི་ཏིང་ངེ་འཛིན་ཡིན་པར་བློ་གསལ་བུང་བའི་རེ་སྐོང་དུ་གསུངས་སོ།།

ཡང་རྡོ་རྗེའི་ཆོ་ག་གསུམ་བསྐྱེད་ཅེས་པ་ནི། ལྷ་སོ་སོའི་སྙིང་པོའི་ཡི་གེ་སྤྲོས་ཏེ་འོད་དུ་ཞུ་བར་སྒོམ་པ་ནི་གསུང་ཡིག་འབྲུའི་ཆོ་ག་དང་། འོད་ཟེར་སྤྲོས་པ་ཚུར་འདུས་ཏེ་འོད་དུ་ཞུ་བ་ལྷ་རང་རང་གི་ཕྱག་མཚན་གྱིས་མཚན་པ་ཅན་བསྒོམས་པ་ནི་ཐུགས་ཕྱག་མཚན་གྱི་ཆོ་ག་དང་། ཕྱག་མཚན་དང་ཡི་གེ་རྣམས་འོད་དུ་ཞུ་ནས་ལྷའི་སྐུ་ཡོངས་རྫོགས་གསལ་བར་བསྐྱེད་པ་སྐུ་ཡོངས་སུ་རྫོགས་པའི་ཆོ་ག་ཞེས་བྱ་སྟེ། བི་ཤྭ་ན་མི་ཏྲའི་གསང་འདུས་འགྲེལ་བ་མན་ངག་རྒྱ་མཚོ་ཐིགས་པ་ལས། དེ་ལ་འཕྲོ་འདུའི་རིམ་པ་ཡང་གསུང་ཡིག་འབྲུ་དང་། ཐུགས་ཕྱག་མཚན་དང་། སྐུ་ཕྱག་རྒྱའི་འཕྲོ་འདུ་བྱ་སྟེ། ཞེས་གསུངས་པའི་ཕྱིར་རོ།།

མངོན་བྱང་ལྔ་བསྐྱེད་ནི། དེ་ཁོ་ན་ཉིད་ལ་མངོན་པར་བྱང་ཆུབ་པ་དང་། ཟླ་བ་ལ་མངོན་པར་བྱང་ཆུབ་པ་དང་། ས་བོན་ལ་མངོན་པར་བྱང་ཆུབ་པ་དང་། ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ་དང་། སྐུ་རྫོགས་པ་ལ་མངོན་པར་བྱང་ཆུབ་པ་ལྔ་ལ་འཕགས་པ་ཡབ་སྲས་བཞེད་པར་འཇམ་མགོན་ཙོང་ཁ་པས་གསུངས་ལ། དེ་ཡང་དང་པོ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམས་པ་ནི་དེ་ཁོ་ན་ཉིད་དམ་སྟོང་པ་ཉིད་ལ་མངོན་པར་བྱང་ཆུབ་པ་དང་། གདན་ཟླ་བ་དང་བཅས་པ་བསྒོམ་པ་ནི་ཟླ་བ་ལ་མངོན་པར་བྱང་ཆུབ་པ་དང་། ས་བོན་ཡི་གེ་ཨ་དང་ཧཱུྃ་ལ་སོགས་པ་བསྒོམ་པ་ནི་ས་བོན་ལ་མངོན་པར་བྱང་ཆུབ་པ་དང་། རྡོ་རྗེ་ལ་སོགས་པའི་ཕྱག་མཚན་ཕྲ་མོ་བསྒོམ་པ་ནི་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ་དང་། དེ་ལས་དཀྱིལ་འཁོར་གྱི་ལྷའི་སྐུ་ཡོངས་རྫོགས་བསྒོམ་པ་ནི་སྐུ་རྫོགས་པ་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ།།

དེ་ཡང་ཟླ་བ་ལ་མངོན་པར་བྱང་ཆུབ་པ་མེ་ལོང་ཡེ་ཤེས་དང་། ཉི་མ་ལ་མངོན་པར་བྱང་ཆུབ་པ་མཉམ་ཉིད་ཡེ་ཤེས་དང་། ཡི་གེ་དང་ཕྱག་མཚན་ལ་མངོན་པར་བྱང་ཆུབ་པ་སོར་རྟོགས་ཡེ་ཤེས་དང་། བདག་ཉིད་སྐུ་ཡོངས་རྫོགས་ལ་མངོན་པར་བྱང་ཆུབ་པ་བྱ་གྲུབ་ཡེ་ཤེས་དང་། སྟོང་པ་ཉིད་དག་པ་ལ་མངོན་པར་བྱང་ཆུབ་པ་ཆོས་དབྱིངས་ཡེ་ཤེས་ཏེ། ཡེ་ཤེས་ལྔ་ལ་བྱང་ཆུབ་པ་ལ་མངོན་བྱང་ལྔ་བྱེད་པའང་ཡོད་དོ།།

དེ་ཡང་ཀྱེ་རྡོ་རྗེའི་རྒྱུད་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །བདུན་གྱི་བདུན་པ་མཉམ་ཉིད་ལྡན། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོགས་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །རྫོགས་པ་ཆོས་དབྱིངས་དག་པ་སྟེ། །མཁས་པས་ཆོ་ག་གསུངས་པ་ཡིས། །རྣམ་པ་ལྔ་པོ་བསྒོམ་པ་ཉིད། །ཅེས་དང་། ཡང་དག་སྦྱོར་བ་ལས། ཟླ་བ་མེ་ལོང་ཡེ་ཤེས་ལྡན། །དེ་བཞིན་མཉམ་ཉིད་ཡེ་ཤེས་ཉིད། །རང་ལྷའི་ས་བོན་ཕྱག་མཚན་ནི། །སོ་སོར་རྟོགས་པར་བརྗོད་པར་བྱ། །ཐམས་ཅད་གཅིག་གྱུར་ནན་ཏན་ཉིད། །གཟུགས་བརྙན་རྫོགས་པར་དག་པའོ། །མཁས་པས་ཆོ་ག་གསུངས་པ་ནི། །རྣམ་པ་ལྔ་པོ་བསྒོམ་པར་བྱ། །ཞེས་པའི་དོན་ཡང་ཕལ་ཆེར་བཤད་མ་ཐག་པ་ལྟར་ལ། རལ་པ་གཅིག་པའི་བརྟག་པའི་རྒྱུད་ལས། ཟླ་བ་མེ་ལོང་ཉི་མཉམ་ཉིད། །ས་བོན་མཚན་མ་ཀུན་ཏུ་རྟོག །ཡོངས་གྱུར་བྱ་བ་གྲུབ་པ་སྟེ། །ཉེར་རྫོགས་ཆོས་དབྱིངས་ཡེ་ཤེས་ཡིན། །ཞེས་ཉི་མ་ལ་བྱང་ཆུབ་པར་ཞེས་གསུངས་སོ།།

དེ་ལྟར་བསྐྱེད་རིམ་གྱིས་ལྷའི་དཀྱིལ་འཁོར་རྟེན་དང་བརྟེན་པ་བསྒོམ་པ་དང་། དེ་གོམས་པ་མཐར་ཕྱིན་ནས་རྫོགས་རིམ་ལ་གཞོལ་བ་སྟེ། བསྐྱེད་རྫོགས་ཀྱི་ཁྱད་པར་འབྱེད་བྱེད་ནི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་ཡིན་མིན་གྱིས་འབྱེད་པའི་ཕྱིར་ན། དེ་ལྟར་མ་ཡིན་པར་གོང་བསྟན་གྱི་མཚན་ཉིད་ཚང་བའི་ཡེ་ཤེས་དེ་བསྐྱེད་རིམ་དང་། དེ་ཡིན་པ་རྫོགས་རིམ་དུ་བཞག་པ་ཡིན་གྱི། ལྷའི་རྣལ་འབྱོར་བསྒོམ་པའི་ལམ་ཡོད་ཚད་བསྐྱེད་རིམ་དང་། རྩ་རླུང་ཐིག་ལེ་དང་སྟོང་ཉིད་བསྒོམ་པའི་ལམ་ཐམས་ཅད་རྫོགས་རིམ་དུ་བཞག་པ་ནི་མ་ཡིན་ཏེ། བསྐྱེད་རིམ་ལའང་སྟོང་ཉིད་སྒོམ་པ་དང་། རྩ་རླུང་ཐིག་ལེ་སྒོམ་པའི་རྣལ་འབྱོར་ཡོད་པ་གང་ཞིག། རྫོགས་རིམ་ལའང་གསང་ཆེན་རིགས་གཅིག་སོགས་རང་ལུས་ལྷ་རུ་སྒོམ་པའི་རྣལ་འབྱོར་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བསྐྱེད་རིམ་གྱི་ཐོག་མར་འཆི་བ་ཆོས་སྐུ་ལམ་ཁྱེར་གྱིས་སྣོད་བཅུད་སྟོང་ཉིད་དུ་སྦྱོང་བ་དང་། ལྷའི་དཀྱིལ་འཁོར་རྟེན་བརྟེན་པ་གསལ་བའི་སྐབས་སུ་དང་པོ་སྟོང་ཉིད་ཀྱི་ལྟ་བས་རྩིས་ཟིན་པའི་བདེན་མེད་སྒྱུ་མ་ལྟ་བུར་བསྒོམ་པ་དང་། མཇུག་ཉེར་བསྡུའི་སྐབས་སུའང་དཀྱིལ་འཁོར་རྟེན་བརྟེན་པ་འོད་གསལ་སྟོང་པ་ཉིད་དུ་བསྡུས་ཏེ་ཆོས་ཀྱི་དབྱིངས་ལ་མཉམ་པར་བཞག་པ་རྣམས་ཡོད་པ་གང་ཞིག། དེ་ཐམས་ཆད་བསྐྱེད་རིམ་ལས་རྫོགས་རིམ་མ་ཡིན་ཞིང་། བསྐྱེད་རིམ་གྱི་ཕྲ་ཐིག་གི་རྣལ་འབྱོར་སྒོམ་པའི་དུས་སུ་རྩ་རླུང་ཐིག་ལེ་སྒོམ་པ་ཡོད་ཀྱང་དེ་ཡང་བསྐྱེད་རིམ་ལས་རྫོགས་རིམ་མ་ཡིན་པའི་ཕྱིར་རོ།།

གཉིས་པ་གྲུབ་སྟེ། རྫོགས་རིམ་གྱི་ལུས་དབེན་ནས་བཟུང་ལྷའི་དཀྱིལ་འཁོར་བསྒོམ་པའི་རྟེན་ལ་རྫོགས་རིམ་བསྒོམ་དགོས་པ་དང་། མཐར་སྒྱུ་ལུས་སུ་ལྡང་བ་སོགས་ལྷ་སྐུ་བསྒོམ་པའི་རིམ་པ་ཤིན་ཏུ་མང་ཡང་དེ་དག་ཐམས་ཅད་རྫོགས་རིམ་ལས་བསྐྱེད་རིམ་མ་ཡིན་པའི་ཕྱིར་རོ།།

དེས་ན་བསྒོམ་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་རང་གི་རྒྱུད་ལ་ནམ་སྐྱེས་ན། དེ་དུས་བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོས་པ་ཡིན་པར་འཇོག་ལ། གང་ཟག་དེ་རྫོགས་རིམ་པའི་རྣལ་འབྱོར་བ་ཉིད་དུ་འཇོག་པ་ཡིན་ནོ།།

རྫོགས་རིམ་བསྒོམ་པ་དང་། དེ་རྒྱུད་ལ་སྐྱེ་བ་ལ་བསྐྱེད་རིམ་གྱི་རྟོགས་པར་གོམས་པ་སྔོན་དུ་འགྲོ་དགོས་ཤིང་། རྫོགས་རིམ་སྐྱེ་བའི་སྨིན་བྱེད་སྐུ་གསུམ་ལམ་ཁྱེར་དེ་ཚང་དགོས་པས་ན་བསྐྱེད་རིམ་མཐར་ཕྱིན་པ་དེ་རིམ་པ་གཉིས་པའི་རྒྱུ་ཡིན་པར་གསུངས། དེ་ཕྱིར་བསྐྱེད་རིམ་ཕྲ་མོ་མཐར་མ་ཕྱིན་པར་རྫོགས་རིམ་མི་སྐྱེ་ཞིང་། བསྐྱེད་རིམ་ཕྲ་མོ་མཐར་ཕྱིན་པ་ནི་རྫོགས་རིམ་གྱི་སྨིན་བྱེད་ཡིན་ཕྱིར་རྫོགས་རིམ་འདོད་པ་དག་གིས་བསྐྱེད་རིམ་བསྒོམ་པ་སྔོན་དུ་འགྲོ་བར་བྱས་ཏེ། དེ་ནས་རྫོགས་རིམ་ལ་འཇུག་དགོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་སངས་རྒྱས་ཡེ་ཤེས་ཀྱིས། བསྐྱེད་པའི་རིམ་ལ་ལེགས་གནས་ནས། །རྫོགས་པའི་རིམ་པ་འདོད་རྣམས་ཀྱིས། །རིམ་གཉིས་རྣམ་པར་གནས་ནས་ནི། །སྤྲོས་པ་མེད་པའི་རང་བཞིན་ལ། །སྤྲོས་དང་སྤྲོས་མེད་རོ་མཉམ་བལྟ། །ཞེས་གསུངས་པའི་ཕྱིར་རོ།།

དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས་ཀྱང་རྡོ་རྗེ་མཁའ་འགྲོའི་རྒྱུད་ཚིག་ཇི་མ་ཇི་བཞིན་གསུངས་ལ། དེ་ཡང་རྒྱ་གར་འཕགས་ཡུལ་དུ་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་དང་། གྲུབ་པའི་དབང་ཕྱུག་དྲིལ་བུ་པ་དང་། གྲུབ་ཆེན་ལྭ་བ་པ་དང་། དཔལ་སངས་རྒྱས་ཡེ་ཤེས་ཞབས་ལ་སོགས་པ་པཎ་གྲུབ་དུ་མ་དང་། བོད་དུ་ལོ་ཙཱ་བ་ཆེན་པོ་འགོས་ཁུག་པ་ལྷས་བཙས་དང་། སྒྲ་སྒྱུར་མར་པ་ལོ་ཙཱ་བ་རྗེས་འབྲངས་དང་བཅས་པས་བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་ཡིན་པས་ཐོག་མར་བསྐྱེད་རིམ་མཐར་མ་ཕྱིན་བར་རྫོགས་རིམ་དངོས་སྐྱེ་བ་མེད་པར་བཞེད་པ་ཡིན་ཞིང་། བསྐྱེད་རིམ་སྔོན་དུ་བསྒོམ་པ་ལས་བསྐྱེད་རིམ་མ་སྐྱེས་པའི་སྔོན་དུ་རྫོགས་རིམ་བསྒོམ་པ་དང་། ཡང་ན་བསྐྱེད་རིམ་མ་གོམས་པའི་སྔོན་ནས་བསྐྱེད་རྫོགས་མཉམ་དུ་བསྒོམ་པ་ནི་མིན་པར་གསུངས་སོ།།

འོན་ཀྱང་རྗེ་མར་པའི་ལུགས་ལ་བསྒོམ་དུས་སུ་ཐུན་སྟོད་ལ་བསྐྱེད་རིམ་དང་། ཐུན་སྨད་ལ་རྫོགས་རིམ་བསྒོམ་དགོས་པར་བཞེད་ཀྱང་བསྐྱེད་རིམ་དངོས་སུ་གྲུབ་པ་སྔོན་དུ་མ་སོང་བར་རྫོགས་རིམ་སྐྱེ་བ་མེད་པར་ནི་བཞེད་དོ།།

དེས་ན་རྫོགས་རིམ་བསྒོམ་པ་ལ་བསྐྱེད་རིམ་རྒྱས་པའམ་མ་མཐའ་རྡོ་རྗེའི་ཆོ་ག་བཞི་སྐྱེད་ཙམ་གྱི་ཡི་དམ་གྱི་ལྷ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་ང་རྒྱལ་དང་གསལ་སྣང་འདོན་པའི་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་དང་། དེ་རྗེས་ཡུམ་གྱི་པདྨར་ཡིད་ཀྱིས་ཐིག་ལེ་ཕྲ་བ་ཡུང་འབྲུ་ཙམ་ཕྱུང་། དེའི་ནང་དུ་ལྷ་རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ་ང་རྒྱལ་དང་གསལ་སྣང་འདོན་པའི་ཕྲ་མོ་རྟོག་པའི་རྣལ་འབྱོར་ལ་སྦྱོང་དགོས་པ་ཡིན་ནོ།།

རྫོགས་རིམ་སྤྱི་བསྟན་པ།

༈ རིམ་པ་གཉིས་པ་རྫོགས་པའི་རིམ་པ་ནི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་བྱས་པ་ལས་བྱུང་བའི་སློབ་པའི་རྒྱུད་ཀྱི་རྣལ་འབྱོར་དེ། རྫོགས་རིམ་གྱི་མཚན་ཉིད། རྫོགས་པའི་རིམ་པ་དང་། མ་བརྟགས་པའི་རིམ་པ་དང་། རྣལ་མའི་རྣལ་འབྱོར་དང་། རིམ་པ་གཉིས་པ་རྣམས་དོན་གཅིག་གོ།

བློ་ཡིས་བརྟགས་པ་ལ་མ་ལྟོས་པར་རང་གྲུབ་ཙམ་ནས་རྫོགས་པའི་ལུས་ཀྱི་རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་ནས་བསྒོམ་པར་བྱ་བའི་རིམ་པ་ཡིན་པའི་རྒྱུ་མཚན་གྱིས་རྫོགས་རིམ་ཞེས་བྱ་སྟེ། དེ་ནི་དེའི་སྒྲ་བཤད་དོ།།

བསྐྱེད་རིམ་པ་དབང་རྣོན་གྱིས་ལས་རྒྱ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་གྱིས་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་རང་གི་རྒྱུད་ལ་འདྲེན་པ་བསྐྱེད་རིམ་གྱི་སྐབས་སུ་ཡོད་མོད། དེ་ནི་རྫོགས་རིམ་གྱི་རྟོགས་རིགས་སུ་འཇོག་པ་ལས་བསྐྱེད་རིམ་དུ་མི་འཇོག་པར་གསུངས་པས། དེ་ཡང་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཐིམ་པ་ལས་བྱུང་བ་ནི་ཡིན་འདུག་པས་རྫོགས་རིམ་དངོས་ཡིན་དགོས་པ་འདྲ་ལ། དེ་ལྟར་ན་བསྐྱེད་རིམ་མཐར་མ་ཕྱིན་པར་རྫོགས་རིམ་མི་སྐྱེ་ཟེར་བས་གནོད་ལ། གང་ཟག་དེ་འདྲ་ནི་ཁྱད་པར་བ་ཡིན་པས་དམིགས་བསལ་བྱེད་དགོས་པ་ཡིན་ནམ་དཔྱད་པར་བྱ་བའི་གནས་སོ།།

རྫོགས་རིམ་ནི། བསྒོམས་སྟོབས་ཀྱིས་རླུང་དེ་ཉིད་རྩ་དབུ་མའི་ཡར་མར་གྱི་སྣེའམ། ཡང་ན་སྙིང་གའི་དབུ་མ་དང་། དེའི་ནང་གི་མི་ཤིགས་པའི་ཐིག་ལེ་གང་རུང་ལ་ཞུགས་གནས་ཐིམ་བྱས་པ་ལས་སྐྱེས་པའི་རྟོག་བཅས་དང་རྟོག་མེད་གང་རུང་གི་ངོ་བོར་གྱུར་པའི་བདེ་ཆེན་གྱི་ཡེ་ཤེས་བསྒོམ་པའི་རྣལ་འབྱོར་ཞིག་ལ་བྱ་བ་ཡིན་ཏེ། གཤིན་རྗེ་གཤེད་དམར་གྱི་རྒྱུད་ལས། ཡི་གེས་བསྟན་པའི་འཁྲུལ་འཁོར་ལས། །རྐྱང་མ་དང་ནི་རོ་མ་ཡིས། །དབུས་སུ་གཡོ་མེད་འཇུག་པར་གྱིས། སྐུ་གསུང་ཐུགས་སུ་ངེས་སྦྱར་ནས། །ཕྱག་རྒྱ་མཆོག་ཏུ་བསམ་པར་བྱ། །སྐད་ཅིག་དེ་ལས་ལྷན་སྐྱེས་འཆར། །བསྒོམ་བྱ་འདིར་ནི་ཐེ་ཚོམ་མེད། །དོན་འདི་གང་གིས་ཤེས་བྱེད་པ། །བློ་བཟང་ཡིད་ནི་མཉམ་པར་བཞག །ཆོས་རྣམས་ཐམས་ཅད་དེ་ཤེས་བྱེད། །སངས་རྒྱས་ལམ་གྱི་མན་ངག་གོ །ཞེས་གསུངས་པའི་ཕྱིར་རོ།།

སྤྱིར་སྔགས་བླ་མེད་ཀྱི་སྐབས་འདིར་རྫོགས་རིམ་མི་འདྲ་བ་ཤིན་ཏུ་མང་པོ་མཆིས་ཏེ། གསང་འདུས་འཕགས་ལུགས་ཀྱི་རིམ་པ་ལྔ་དང་། གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་ཐིག་ལེ་བཞི་དང་། དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་དང་། བདེ་མཆོག་ལཱུ་ཨི་པའི་ལུགས་ཀྱི་རྣལ་འབྱོར་ཆེན་པོ་དང་། བདེ་མཆོག་དྲིལ་བུ་བའི་ལུགས་ཀྱི་རིམ་པ་ལྔ་དང་། འཁོར་ལོ་ཆེན་པོའི་བྱིན་རླབས་བཞི་དང་། གཤིན་རྗེ་དམར་ནག་འཇིགས་གསུམ་གྱི་རྣལ་འབྱོར་བཞི་དང་། ནཱ་རོ་ཆོས་དྲུག་སྟེ་བརྒྱད་ལ་དཔལ་རི་བོ་དགེ་ལྡན་པའི་སྔགས་ཀྱི་གྲྭ་ས་ཆེན་པོ་དཔལ་ལྡན་སྨད་རྒྱུད་ཀྱི་ཁྲིད་ཆེན་བརྒྱད་དུ་གྲགས་པ་རྣམས་ཡོད་དོ།།

དང་པོ་གསང་འདུས་འཕགས་ལུགས་ཀྱི་རིམ་པ་ལྔ་ནི། རྡོར་བཟླས་དང་། སེམས་དབེན་དང་། སྒྱུ་ལུས་དང་། འོད་གསལ་དང་། ཟུང་འཇུག་ལྔ་སྟེ་ལྔའོ།།

གཉིས་པ་གསང་འདུས་ཡེ་ཤེས་ཞབས་ལུགས་ཀྱི་ཐིག་ལེ་བཞི་ནི། རྫོགས་རིམ་བསྒོམ་པའི་ཐོག་མར་སྙིང་གར་མི་ཤིགས་པའི་ཐིག་ལེ་དང་། དེ་ནས་གསང་བར་ནོར་བུའི་རྩེར་གསང་བའི་ཐིག་ལེ་དང་། སྟེང་གི་སྣ་རྩེར་སྤྲུལ་པའི་ཐིག་ལེ་དང་། སླར་སྙིང་གར་དེ་ཁོ་ན་ཉིད་ཀྱི་ཐིག་ལེ་བསྒོམ་པ་བཞི་ནི་དགའ་བ་བཞི་སྒོམ་པའི་རྫོགས་རིམ་ཡིན་ཞིང་། དང་པོ་གཉིས་ཀྱིས་ཐིག་ལེའི་རྣལ་འབྱོར་སྦྱང་བ་དང་། གསུམ་པ་རྡོར་བཟླས་ཡིན་པས་དེས་རླུང་གི་རྣལ་འབྱོར་ལ་བསླབ་སྟེ་རླུང་དང་ཐིག་ལེ་ལས་རུང་གིས་འོད་གསལ་དུ་ལུགས་འབྱུང་གིས་སྡུད་པ་དང་ལུགས་ལྡོག་གིས་ལྡང་བ་ཡང་ཡང་གོམས་པར་བྱས་པས་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་ཀྱི་སྐུ་བསྒྲུབ་ཅིང་། དེའི་རིགས་འདྲ་ཉིད་ཀྱིས་འབྲས་བུ་རྡོ་རྗེ་འཆང་གི་ངོ་བོར་ཉེ་བར་སྦྱོར་བའི་རྫོགས་རིམ་ཞིག་གོ།

དེ་ཡང་མི་ཤིགས་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་བསྒོམ་པ་ནི་དབུགས་དགག་པའི་ཡན་ལག་ཅེས་སྦྱོར་དྲུག་ལས་སྲོག་རྩོལ་གྱི་ཡན་ལག་དང་། དེ་ནས་སྲོག་རྩོལ་བསྒོམ་པ་གཟུང་བའི་ཡན་ལག་ཅེས་འཛིན་པའི་ཡན་ལག་སྐྱེ་བ་དང་། དེ་ནས་རྗེས་དྲན་བཅུ་དྲུག་བསྒོམ་པས་རྗེས་དྲན་གྱི་ཡན་ལག་སྐྱེ་བ་དང་། དེ་ནས་སྟེང་དུ་སྤྲུལ་པའི་ཐིག་ལེ་བསྒོམ་པ་རྡོར་བཟླས་དང་། དེ་ནས་སླར་ཡང་སྙིང་གར་མི་ཤིགས་པའི་ཐིག་ལེ་བསྒོམ་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཁོ་ནའི་དབང་དུ་བྱས་ནས་བསྒོམས་པ་ཡིན་པས་སྦྱོར་དྲུག་གི་སོར་བསམ་གཉིས་མ་བསྟན་པ་ལས་ཡན་ལག་ཕྱི་མ་བཞི་ཀ་བཤད་པས་དེའི་ཤུགས་ཀྱིས་སོར་བསམ་གཉིས་བསྐྱེད་རིམ་དུ་བཞག་པ་ཡིན་པ་དང་། ཡེ་ཤེས་ཞབས་ལུགས་ཀྱི་སྦྱོར་དྲུག་གི་གཞུང་རྣམས་ལས་ཀྱང་སོར་བསམ་གཉིས་བསྐྱེད་རིམ་དུ་བསྟན་ཡོད་པར་འཇམ་མགོན་བླ་མ་ཙོང་ཁ་པས་གསུངས་སོ།།

གསུམ་པ་དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་ནི། སོར་སྡུད་ཀྱི་ཡན་ལག་དང་། བསམ་གཏན་གྱི་ཡན་ལག་དང་། སྲོག་རྩོལ་གྱི་ཡན་ལག་དང་། འཛིན་པའི་ཡན་ལག་དང་། རྗེས་དྲན་གྱི་ཡན་ལག་དང་། ཏིང་ངེ་འཛིན་གྱི་ཡན་ལག་སྟེ་དྲུག་གོ།

དེ་ཡང་མི་གཡོ་གསུམ་ལྡན་གྱི་སྦྱོར་བས་རླུང་བཅུའི་ཆ་ཤས་ཅིི་རིགས་པ་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་སྟོང་གཟུགས་དངོས་སུ་འཆར་བ་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མི་རྟོག་པའི་ཡེ་ཤེས་སུ་གྱུར་པའི་དབང་ཤེས་ལྔ་རང་རང་གི་ཡུལ་ལྔ་ལ་འཇུག་པའི་བཞོན་རླུང་དྷཱུ་ཏཱིར་འགགས་ནས་དེ་ལྔ་རང་ཡུལ་ལ་སོ་སོར་འཇུག་པའི་འབྲེལ་བ་གཅོད་ཅིང་ཡིད་ཤེས་སུ་གྱུར་པའི་མིག་སོགས་ལྔ་ཡིས་སྟོང་གཟུགས་ཀྱི་ཡུལ་ལྔ་ལ་སོ་སོར་ལོངས་སྤྱོད་པར་བྱེད་པའི་སོར་སྡུད་ཀྱི་ཡན་ལག་དང་། རྟགས་བཅུ་རྫོགས་པར་འཆར་བའི་དུས་སུ་སྟོང་གཟུགས་དང་རང་སེམས་བསྲེས་པ་དང་འདྲེས་པ་རུང་གིས་སྟོང་གཟུགས་ལ་རྩེ་གཅིག་ཏུ་གནས་པ་མི་རྟོག་པའི་ཡེ་ཤེས་སུ་གྱུར་པའི་བསམ་གཏན་གྱི་ཡན་ལག་སྟེ། དེ་འདྲའི་སོར་བསམ་གཉིས་ཀྱིས་སྟོང་གཟུགས་སྔར་མ་གྲུབ་པ་བསྒྲུབ་ཅིང་གྲུབ་ཟིན་བརྟན་པར་བྱེད་པའི་སྒོ་ནས་རྒྱལ་བའི་སྐུ་བསྒྲུབ་པའོ།།

རོ་རྐྱང་གི་རླུང་གི་རྒྱུ་བ་འགགས་ནས་སྲོག་ཐུར་དབུ་མའི་ནང་དུ་འདྲེས་པའི་རླུང་དང་དབུ་མར་འཆར་བའི་སྟོང་གཟུགས་གཉིས་ངོ་བོ་དབྱེར་མེད་དུ་རྟོགས་པའི་ཡེ་ཤེས་སུ་གྱུར་པའི་སྲོག་རྩོལ་གྱི་ཡན་ལག་དང་། སྲོག་རྩོལ་གྱིས་སྲོག་ཐུར་རོ་གཅིག་ཏུ་འདྲེས་པར་བྱས་ཟིན་པའི་ཆ་ཤས་ཅི་རིགས་པ་རླུང་བུམ་པ་ཅན་གྱིས་རྩ་འཁོར་དྲུག་པོ་གང་རུང་གི་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་བྱས་པ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར་པའི་སྲོག་ཐུར་འདྲེས་པའི་རླུང་དབུ་མར་ཐིམ་པར་བྱས་ཏེ་འགྲོ་འོང་མེད་པར་འཛིན་པ་འཛིན་པའི་ཡན་ལག་སྟེ། དེ་འདྲའི་སྲོག་འཛིན་གཉིས་ཀྱིས་ངག་གི་རྩ་བ་རླུང་ལ་དབང་ཐོབ་པར་བྱས་ཏེ་རྒྱལ་བའི་གསུང་བསྒྲུབ་པ་ཡིན་ནོ།།

རླུང་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པས་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་གཏུམ་མོ་འབར་བའི་སྣང་བ་སྟེ་ཐིག་ལེ་འབར་འཛག་གི་བདེ་བས་སྟོང་ཉིད་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་སུ་གྱུར་པའི་རྗེས་དྲན་གྱི་ཡན་ལག་དང་། སྟོང་གཟུགས་ཀྱི་ཕྱག་རྒྱ་ཆེན་པོ་ལ་སྙོམས་པར་ཞུགས་པ་ལ་བརྟེན་ནས་ཐིག་ལེའི་དྭངས་མ་དམར་པོ་ནོར་བུ་ནས་འབར་ཏེ་སྤྱི་བོར་བཅིངས་ཤིང་ནོར་བུར་ཐིམ་པ་དང་། དཀར་པོ་སྤྱི་བོ་ནས་འཛག་སྟེ་ནོར་བུའི་རྩེར་བཅིངས་ཤིང་མས་བརྟན་གྱིས་སྤྱི་བོར་ཐིམ་པའི་སྟོང་གཟུགས་ཀྱི་སྟོང་ཉིད་དང་མཚན་མེད་ཀྱི་སྟོང་ཉིད་གང་རུང་ལ་རྩེ་གཅིག་ཏུ་གནས་པའི་མཆོག་གི་མི་འགྱུར་བའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་གྱུར་པ་ཏིང་འཛིན་གྱི་ཡན་ལག་སྟེ། དེ་ལྟར་རྗེས་དྲན་མི་འགྱུར་བའི་བདེ་བའི་ཉེར་རྒྱུ་དང་། ཏིང་འཛིན་ནི་དེའི་ངོ་བོ་ཡིན་ཕྱིར་དེ་གཉིས་ཀྱིས་རྒྱལ་བའི་ཐུགས་བསྒྲུབ་པར་བྱས་ནས་འབྲས་བུ་དང་པོའི་སངས་རྒྱས་ཀྱི་ས་ལ་སྦྱོར་བའི་རིམ་པ་སྟེ་དེ་ལྟར་ཡན་ལག་དྲུག་གོ།

བཞི་བ་བདེ་མཆོག་ལཱུ་ཨི་པའི་ལུགས་ཀྱི་རྣལ་འབྱོར་ཆེན་པོ་ནི། བསམ་གྱིས་མི་ཁྱབ་པའི་རིམ་པ་གཙོ་བོར་སྟོན་པས་དྲིལ་བུ་བའི་ལུགས་ཀྱི་རིམ་པ་སྔ་མ་བཞིའམ་ནག་པོ་སྤྱོད་པའི་ལུགས་ཀྱི་རིམ་པ་རྣམས་བསྒོམ་པ་སྔོན་དུ་འགྲོ་བའི་སྒོ་ནས་རྩ་ཐིག་རླུང་གསུམ་ཤིན་ཏུ་དུལ་བར་བྱས་ནས་ལས་རུང་དུ་གྱུར་པ་ན་བསམ་གྱིས་མི་ཁྱབ་པའི་རིམ་པས་སྣོད་བཅུད་རིམ་པར་འོད་གསལ་དུ་སྡུད་པ་དང་། དེ་ལས་ལྡང་བའི་རྣལ་འབྱོར་ཡང་ཡང་བསྒོམ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་ཅིང་། དེའི་རིགས་འདྲའི་རྒྱུན་གྱིས་འབྲས་བུ་ལ་སྦྱོར་བར་བྱེད་པ་སྟེ། རྣལ་འབྱོར་ཆེན་པོ་ཞེས་པ་དེ་ལྟར་ཉམས་སུ་ལེན་པར་བྱ་བ་ལས་བསྐྱེད་རིམ་ལ་བརྟན་པ་ཐོབ་མ་ཐག་ནས་ཉམས་སུ་བླང་བྱ་ཞིག་ནི་མ་ཡིན་ནོ།།

ལྔ་བ་བདེ་མཆོག་དྲིལ་བུ་བའི་ལུགས་ཀྱི་རིམ་པ་ལྔ་ནི། རོ་རྐྱང་གི་རླུང་ཨ་ཝཱ་དྷཱུ་ཏཱིའི་ནང་གི་སྙིང་ལ་ཞུགས་གནས་ཐིམ་པས་གནད་དུ་བསྣུན་པའི་རྡོར་བཟླས་ཀྱི་སྒོ་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་གྱི་བདག་བྱིན་གྱིས་བརླབས་པའི་རིམ་པ་དང་། རོ་རྐྱང་གི་རླུང་ཨ་ཝཱ་དྷཱུ་ཏཱིའི་ཡར་སྣེ་དང་མར་སྣེ་ལ་ཞུགས་གནས་ཐིམ་པས་གནད་དུ་བསྣུན་ནས་ཏིང་ངེ་འཛིན་བསྐྱེད་ཚུལ་གྱི་སྣ་ཚོགས་རྡོ་རྗེའི་རིམ་པ་དང་། དམ་ཚིག་གི་ཕྱག་རྒྱ་དང་། ལས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་སྟེ་ཕྱག་རྒྱ་བཞི་ལ་བརྟེན་ནས་བྱང་སེམས་སྤྱི་བོ་ནས་ནོར་བུའི་རྩེར་སླེབས་པ་མི་འཕོ་བར་འཛིན་པའི་དགའ་བཞིའི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་བསྐྱེད་ཚུལ་གྱི་ནོར་བུ་འགེངས་པའི་རིམ་པ་སྟེ་བྱང་སེམས་དཀར་པོ་རྒྱས་པར་བྱེད་པ་ལ་བསྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་གྱི་རིམ་པ་གསུམ་ཞེས་བསམ་མི་ཁྱབ་པའི་རིམ་པ་བསྐྱེད་པའི་སྔོན་དུ་འགྲོ་བའི་རིམ་པ་གསུམ་དང་། ཛྭ་ལན་དྷཱ་ར་སྟེ་ལུས་ཀྱི་སུམ་མདོའི་གསང་གནས་ཀྱི་འཁོར་ལོའི་དབུ་མའི་ནང་དུ་ཆོས་འབྱུང་དཀར་དམར་གྱི་དབུས་སུ་ཐིག་ལེ་ཁ་དོག་ལྔ་ལྡན་བསྒོམ་ཞིང་སྲོག་རྩོལ་གྱི་རླུང་སྟེང་ནས་ཐུར་དུ་འཐེན་པ་དང་། འོག་ནས་གྱེན་དུ་འདྲེན་པའི་བུམ་ཅན་གྱི་སྦྱོར་བས་ཆོས་འབྱུང་དབུས་ཀྱི་ཐིག་ལེར་བསྟིམ་ནས་སྒོམ་པའི་སྒོ་ནས་གཏུམ་མོའི་མེ་སྦར་བས་བྱང་སེམས་བཞུས་ཏེ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་བསྐྱེད་ཚུལ་གྱི་ཛྭ་ལན་དྷཱ་རའི་རིམ་པ་དང་། དེ་ལྟར་རིམ་པ་བཞི་ཡིས་བྱང་སེམས་དཀར་དམར་རྒྱས་པར་བྱས་ཏེ་ཡས་བབས་དང་མས་བརྟན་གྱི་དགའ་བཞིའི་ཡེ་ཤེས་སྐྱེས་པ་ན་རླུང་སེམས་གཉིས་སྙིང་གར་བསྡུས་ཤིང་ཐིམ་ནས་སྟོང་པ་བཞིའི་རིམ་པ་ལུགས་འབྱུང་ལྡོག་ཏུ་སྐྱེས་ཤིང་སྒྱུ་ལུས་དང་འོད་གསལ་ལ་འཇུག་པ་བསམ་གྱིས་མི་ཁྱབ་པའི་རིམ་པ་སྟེ་བྱང་སེམས་དམར་པོ་རྒྱས་པར་བྱེད་པ་ལ་བརྟེན་པའི་ཏིང་ངེ་འཛིན་བསྐྱེད་ཚུལ་གྱི་རིམ་པ་གཉིས་བཅས་རྫོགས་རིམ་རིམ་པ་ལྔ་ཞེས་བཞེད་པའོ།།

དྲུག་པ་འཁོར་ལོ་ཆེན་པོའི་བྱིན་རླབས་ནི། ལུས་བྱིན་བརླབ་དང་། ངག་བྱིན་བརླབ་དང་། སེམས་བྱིན་བརླབ་དང་། དེ་ཁོ་ཉིད་ཀྱི་བྱིན་བརླབ་སྟེ་བྱིན་གྱིས་བརླབ་པ་བཞི་ལ་བརྟེན་ནས་འབྲས་བུ་ལ་སྦྱོར་བ་ཞིག་གོ།

བདུན་པ་གཤིན་རྗེ་དམར་ནག་འཇིགས་གསུམ་གྱི་རྣལ་འབྱོར་བཞི་ནི། སྔགས་ཀྱི་རྣལ་འབྱོར་དང་། དམ་ཚིག་གི་རྣལ་འབྱོར་དང་། དབྱིབས་ཀྱི་རྣལ་འབྱོར་དང་། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་བསྒོམ་པའི་རིམ་པའོ།།

བརྒྱད་པ་ནཱ་རོ་ཆོས་དྲུག་ནི། གཏུམ་མོའི་རྣལ་འབྱོར་དང་། བར་དོ་དང་། སྒྱུ་ལུས་དང་། འོད་གསལ་དང་། ཟུང་འཇུག་དང་། འཕོ་བ་གྲོང་འཇུག་སྟེ་དྲུག་ཏུ་བྱེད་པ་དང་། ཡང་བར་དོ་མི་བགྲང་བར་དགའ་བཞི་བགྲང་ནས་དྲུག་ཏུ་བྱེད་པ་དང་། ཡང་དགའ་བཞི་དང་ཟུང་འཇུག་མི་བགྲང་བར་གཏུམ་མོ་དང་། བར་དོ་དང་། སྒྱུ་ལུས་དང་། འོད་གསལ་དང་། འཕོ་བ་དང་། གྲོང་འཇུག་སྟེ་དྲུག་ཏུ་བགྲང་བའང་མཆིས་ཤིང་། གཏུམ་མོ་དང་། སྒྱུ་ལུས་དང་། འོད་གསལ་གསུམ་གཙོ་བོ་དང་། གཞན་རྣམས་དེ་དག་གི་ཡན་ལག་ཡིན་པར་གསུངས་སོ།།

གནས་པ་རྩའི་རྣམ་གཞག།

སྤྱིར་བཏང་རྫོགས་རིམ་གྱི་རྟོགས་པ་རྒྱུད་ལ་སྐྱེ་བ་ལ་རྡོ་རྗེའི་ལུས་ལ་རང་ཆས་སུ་ཡོད་པའི་གནས་པ་རྩ་དང་། གཡོ་བ་རླུང་དང་། བཀོད་པ་ཐིག་ལེ་གསུམ་ལ་གནད་དུ་བསྣུན་ནས་དེ་གསུམ་ལས་རུང་དུ་གྱུར་དགོས་པ་ཡིན་ཞིང་། དེ་གསུམ་ལས་རུང་དུ་གྱུར་པ་ལ་བརྟེན་ཏེ་སྟོང་པ་ཆོས་ཀྱི་དབྱིངས་དེ་ཁོ་ཉིད་རྟོགས་པའི་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་དྲངས་ནས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་གཉིས་པོ་སླར་སྐྱེ་མི་རུང་བའི་ཆོས་ཅན་དུ་སྤངས་ཤིང་། ཟུང་འཇུག་མི་གནས་པའི་འབྲས་བུ་ཐོབ་དགོས་པ་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། གནས་པ་རྩ་དང་གཡོ་བ་རླུང་། །མི་ཤིགས་ཐིག་ལེའི་ངོ་བོ་ཉིད། །རང་ལུས་རྡོ་རྗེའི་རང་བཞིན་ལ། །ཞེས་དང་། འཁོར་ལོ་སྡོམ་པ་དུར་ཁྲོད་ཀྱི་རྒྱན་རྨད་དུ་བྱུང་བ་ལས། གནས་པ་རྩ་དང་གཡོ་བ་རླུང་། །བཀོད་པ་བྱང་སེམས་དམན་པ་དབྱིབས། །ཟབ་པ་སྔགས་དང་ཐིག་ལེ་དང་། །མཐར་ཐུག་ཡན་ལག་བདུན་བསྒོམས་པ། །ཆོས་ཀྱི་ཕྱག་རྒྱ་གྲོལ་བའི་ལམ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་འདིར་རྒྱུད་གསང་བ་འདུས་པའི་དགོངས་པ་གཙོ་བོར་བཟུང་སྟེ་ཐོག་མར་རྩ་ཐིག་རླུང་གསུམ་གྱི་རྣམ་གཞག་ཅུང་ཟད་འཆད་ན། དང་པོ་གནས་པ་རྩའི་རྣམ་གཞག་ནི། རྩའི་གཙོ་བོ་ནི། དབུ་མ་དང་། རྐྱང་མ་དང་། རོ་མ་གསུམ་ཡིན་ཞིང་། རྩ་དབུ་མ་ལ་ནི། དྷཱུ་ཏཱི་དང་། ཐུགས་ཀྱི་རྩ་དང་། མུན་པའི་རྩ་དང་། སྒྲ་གཅན་གྱི་རྩ་དང་། ཐིམ་པའི་རྩ་དང་། གཉིས་སྤངས་ཀྱི་རྩ་དང་། ཀུན་འདར་མ་ཞེས་བརྗོད་དོ།།

རོ་མ་ལ་ནི། གསུང་གི་རྩ་དང་། འཛིན་པའི་རྩ་དང་། ཉི་མའི་རྩ་དང་། ཤེས་རབ་ཀྱི་རྩ་དང་། ལོངས་སྤྱོད་ཀྱི་རྩ་དང་། ར་ས་ན་དང་། རྡུལ་གྱི་རྩ་ཞེས་འབོད་དོ།།

རྐྱང་མ་ལ་ནི། སྐུའི་རྩ་དང་། གཟུང་བའི་རྩ་དང་། ཟླ་བའི་རྩ་དང་། ལ་ལ་ན་དང་། ཐབས་ཀྱི་རྩ་དང་། བདག་པོའི་རྩ་དང་། སྙིང་སྟོབས་ཀྱི་རྩ་ཞེས་བྱའོ།།

དེ་ཡང་རྩའི་ཆགས་ཚུལ་ནི། དང་པོ་མའི་མངལ་དུ་ལུས་གྲུབ་ནས་རྩ་ཆགས་དུས་སུ་ཐོག་མར་སྙིང་གའི་དབུས་སུ་རྩ་དབུ་རྐྱང་རོ་གསུམ་ཆགས་ལ། རོ་རྐྱང་གཉིས་ནི་དབུ་མ་ལ་ནང་དུ་བུག་པ་བརྟོལ་བའི་ཚུལ་གྱི་རྩ་བ་དབུ་མའི་ཁོང་སྦུབས་སུ་ཟུག་ནས་སྦུ་གུ་ནས་སྦུ་གུ་གྱེས་པའི་ཚུལ་དུ་ཆགས་པ་དང་། དེ་གསུམ་དང་། ཤར་གྱི་རྩ་འདབ་སུམ་སྐོར་མ་དང་། ལྷོའི་རྩ་འདབ་འདོད་མ་དང་ལྔ་མཉམ་དུ་ཆགས་པས་དེ་ལྔ་ལ་དང་པོའི་རྩ་ལྔ་ཟེར་རོ།།

དེ་རྗེས་ནུབ་ཀྱི་རྩ་འདབ་ཁྱིམ་མ་དང་། བྱང་གི་གཏུམ་མོ་དང་། དབུ་མ་དང་ལྷན་ཅིག་གནས་པའི་བདུད་བྲལ་མ་གསུམ་མཉམ་དུ་ཆགས་པས་རྩ་ལྔ་དང་གསུམ་པོ་དེ་ལ་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་ཅེས་བྱའོ།།

དེ་རྗེས་སུ་ཤར་གྱི་རྩ་འདབ་སུམ་སྐོར་མ་ལས་གྱེས་པའི་ཤར་ལྷོའི་རྩ་འདབ་དང་། ལྷོའི་འདོད་མ་ལས་གྱེས་པའི་ལྷོ་ནུབ་ཀྱི་རྩ་འདབ་དང་། ནུབ་ཀྱི་རྩ་འདབ་ཁྱིམ་མ་ལས་གྱེས་པའི་ནུབ་བྱང་གི་རྩ་འདབ་དང་། བྱང་གི་རྩ་འདབ་གཏུམ་མོ་ལས་ཕྱེས་པའི་བྱང་ཤར་གྱི་རྩ་འདབ་བཅས་སྙིང་གའི་རྩ་འདབ་བཞི་མཉམ་དུ་ཆགས་པ་ཡིན་ཞིང་། དེས་ན་དང་པོའི་རྩ་ལྔའི་གསུམ་སྐོར་མ་དང་། འདོད་མ་གཉིས་དང་། དེ་རྗེས་ཀྱི་རྩ་གསུམ་ལས་ཁྱིམ་མ་དང་། གཏུམ་མ་བཞི་ནི་ཕྱོགས་བཞིའི་རྩ་བཞི་དང་། དེ་བཞི་ལས་གྱེས་པའི་མཚམས་ཀྱི་རྩ་བཞི་སྟེ་རྩ་བརྒྱད་པོ་ནི་སྙིང་གའི་རྩ་འདབ་བརྒྱད་དོ། །

དེས་ན་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་དང་སྙིང་གའི་རྩ་འདབ་བརྒྱད་ནི་དོན་མི་གཅིག་སྟེ། དབུ་རྐྱང་རོ་གསུམ་དེ་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་ཀྱི་གྲས་ཡིན་ཡང་སྙིང་གའི་རྩ་འདབ་བརྒྱད་ཀྱི་གྲས་མ་ཡིན་ལ། བདུད་བྲལ་མ་ཡང་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་ཀྱི་གྲས་ཡིན་ཡང་སྙིང་གའི་རྩ་འདབ་བརྒྱད་ཀྱི་གྲས་ལས་མ་ཡིན་པའི་ཕྱིར་རོ།།

སྙིང་གའི་རྩ་འདབ་བརྒྱད་པོ་རེ་རེ་ལ་སྐུ་གསུང་ཐུགས་གསུམ་གྱི་རྩ་རྒྱུན་གསུམ་གསུམ་དུ་གྱེས་པ་ལས་རྩ་ཉེར་བཞི་ཆགས་པ་ནི་གནས་ཉེར་བཞིའི་རྩ་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས། རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་ཞེས་གསུངས་པའི་ཕྱིར་རོ།།

དེའི་སྟེང་དུ་སྙིང་གར་ཐོག་མར་ཆགས་པའི་རྩ་བརྒྱད་བསྣན་པའི་རྩ་སོ་གཉིས་པོ་ལས་བྱང་སེམས་གཙོ་བོར་འབབས་པས་བྱང་སེམས་འབབས་པའི་ཡུལ་གྱི་རྩ་གཙོ་བོ་སོ་གཉིས་ཞེས་བྱ་ཞིང་རྩ་རྣམས་ཀྱི་གཙོ་བོ་དང་རྩ་བ་ཡིན་པར་བཤད་དེ། ཡང་དག་པར་སྦྱོར་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་གྱིས། །རྩ་རྣམས་སུམ་བཅུ་རྩ་གཉིས་མཆོག །ཅེས་དང་། བཤད་རྒྱུད་རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་ལུས་ཀྱི་རྩ་མཆོག་ཅེས། །རྨད་བྱུང་སུམ་ཅུ་རྩ་གཉིས་ནི། །ཡི་གེ་སུམ་ཅུ་གཉིས་དབྱེ་བས། །རྟག་ཏུ་རྣལ་འབྱོར་གཙོ་བོས་ཐོབ། །ཅེས་དང་། ཀྱེ་རྡོ་རྗེའི་རྒྱུད་ལས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་རྣམས་ནི་སུམ་ཅུ་རྩ་གཉིས་ཏེ། བྱང་ཆུབ་ཀྱི་སེམས་སུམ་ཅུ་རྩ་གཉིས་འབབ་པ་བདེ་བ་ཆེན་པོའི་གནས་སུ་འཛག་པའོ། །ཞེས་གསུངས་པའི་ཕྱིར་རོ།།

སྙིང་གའི་རྩ་འདབ་བརྒྱད་ལ་གསུམ་གསུམ་དུ་གྱེས་བའི་སྐུ་གསུང་ཐུགས་ཀྱི་རྩ་བརྒྱད་གསུམ་ཉི་ཤུ་རྩ་བཞིའི་གནས་ཉེར་བཞིའི་རྩ་རེ་རེ་ལ་སྐུ་གསུང་ཐུགས་གསུམ་མམ། ཐིམ་པ་དང་། ལོངས་སྤྱོད་དང་། བདག་པོ་གསུམ་གྱི་སྒོ་ནས་དབྱེ་བའི་རྩ་གསུམ་གསུམ་གྱེས་པའི་རྩ་བདུན་ཅུ་རྩ་གཉིས་དང་། དེ་རེ་རེ་ལས་རྩ་སྟོང་ཕྲག་རེ་གྱེས་པའི་རྩ་བདུན་ཁྲི་ཉིས་སྟོང་ཆགས་པ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། དེ་ལས་འཁོར་ལོ་གསུམ་དབྱེ་བས། །རྩ་ནི་བརྒྱད་ཀྱི་དབྱེ་བ་ལས། །སྐུ་གསུང་ཐུགས་ཀྱི་སྔགས་ཀྱིས་ནི། །གསུམ་ཕྱེ་བདུན་ཅུ་རྩ་གཉིས་གསལ། །དེ་ནི་སྟོང་དུ་རབ་ཕྱེ་བ། །སོ་སོར་འཕྲོས་པའི་བདག་ཉིད་ཅན། །སྟོང་ཕྲག་བདུན་ཅུ་རྩ་གཉིས་ཀྱིས། །རྩ་རྣམས་ཀྱི་ནི་གྲངས་ཞེས་བྱ། ། ཞེས་དང་། གཞན་དག་ཏུ་ནི་རྒྱས་པར་ཡང་། །རྩ་ནི་བདུན་ཁྲི་ཉིས་སྟོང་དུ། །གནས་ཀྱི་དབྱེ་བས་ཕྱེ་བ་ནི། །ངེས་པར་བརྗོད་པ་འབུམ་སྡེར་གསུངས། །ཞེས་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། ལུས་ཀྱི་རྗེས་སུ་འགྲོ་བའི་རྩ། །སྟོང་ཕྲག་བདུན་བཅུ་རྩ་གཉིས་འགྱུར། །རྩ་རྣམས་དང་ནི་ཉེ་བའི་རྩ། །དེ་དག་གནས་ལ་བརྟེན་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་གསང་སྔགས་ལ་རྩ་ཡི་སྤྲོས་པ་བདུན་ཁྲི་ཉིས་སྟོང་དུ་བཤད་ལ། མདོ་ལས་ནི། མའི་མངལ་ན་གནས་པའི་ཞག་བདུན་ཕྲག་བཅུ་བཞི་པ་ལ་སྐུད་པའི་ཁ་ཞེས་པའི་རླུང་གིས་མངལ་ན་གནས་པ་དེའི་རྩ་རྒྱུས་སྟོང་སྐྱེད་པར་བྱེད་ཅིང་། ལུས་ཀྱི་མདུན་ན་རྩ་ཉིས་བརྒྱ་ལྔ་བཅུ་དང་། རྒྱབ་ན་ཉིས་བརྒྱ་ལྔ་བཅུ་དང་། གཡས་ཕྱོགས་ན་ཉིས་བརྒྱ་ལྔ་བཅུ་དང་། གཡོན་ཕྱོགས་ན་ཉིས་བརྒྱ་ལྔ་བཅུ་སྟེ་རྩ་སྟོང་ཕྲག་གཅིག་སྐྱེད་པ་དང་། ཞག་བདུན་ཕྲག་བཅོ་ལྔ་པ་ལ་པད་མ་ཞེས་པའི་རླུང་གིས་མངལ་གནས་པ་དེའི་ལུས་ཀྱི་མདུན་ན་རྩ་ལྔ་དང་། རྒྱབ་ན་རྩ་ལྔ་དང་། གཡས་ན་རྩ་ལྔ་དང་། གཡོན་ན་རྩ་ལྔ་སྟེ་རྩ་ཉི་ཤུ་འབྱུང་ཞིང་། རྩ་ཉི་ཤུ་པོ་དེ་དག་རེ་རེ་ལ་ཡན་ལག་གི་རྩ་བཞི་བཅུ་རེ་བྱུང་བས་རྩ་བརྒྱད་བརྒྱ་ཡོད་པ་དེ་ལུས་ཀྱི་མདུན་ན་ཉིས་བརྒྱ་དང་། རྒྱབ་ན་ཉིས་བརྒྱ་དང་། གཡས་ན་ཉིས་བརྒྱ་དང་། གཡོན་ན་ཉིས་བརྒྱ་རེ་ཆགས་ཤིང་། རྩ་བརྒྱད་བརྒྱ་པོ་དེ་དག་རེ་རེ་ལ་ཡང་ཡན་ལག་གི་རྩ་བརྒྱ་རེ་ཡོད་པས་ཐམས་ཅད་གཅིག་ཏུ་བསྡུས་ན་རྩ་སྟོང་ཕྲག་བརྒྱད་ཅུ་སྟེ་བརྒྱད་ཁྲི་མངལ་ན་གནས་པའི་ལུས་ཀྱི་མདུན་ན་ཉིས་ཁྲི་དང་། རྒྱབ་ན་ཉིས་ཁྲི་དང་། གཡས་ན་ཉིས་ཁྲི་དང་། གཡོན་ན་ཉིས་ཁྲི་ཡོད་པར་གསུངས་ཏེ། དགའ་བོ་མངལ་འཇུག་གི་མདོ་ལས། དགའ་བོ་ཞག་བདུན་ཕྲག་བཅུ་བཞི་པ་ལ་ནི་མའི་མངལ་ནས་སྐུད་པའི་ཁ་ཞེས་བྱ་བའི་རླུང་འབྱུང་སྟེ། རླུང་དེས་མངལ་ན་གནས་པ་དེའི་རྩ་རྒྱུས་སྟོང་སྐྱེད་པར་བྱེད་དེ། ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་མདུན་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་རྒྱབ་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡས་ཕྱོགས་ན་གནས་སོ། །ཉིས་བརྒྱ་ལྔ་བཅུ་ནི་ལུས་ཀྱི་གཡོན་ཕྱོགས་ན་གནས་སོ། །དགའ་བོ་ཞག་བདུན་ཕྲག་བཅོ་ལྔ་པ་ལ་ནི་མའི་མངལ་ནས་པད་མ་ཞེས་བྱ་བའི་རླུང་འབྱུང་སྟེ། མངལ་ན་གནས་པ་དེའི་ལུས་ལ་རྩར་རྒྱུ་བ་རྣམ་པ་ཉི་ཤུ་བསྐྱེད་ནས་རོ་རྣམས་གཞིབ་པར་བྱེད་དེ། དེ་ཡང་ལུས་ཀྱི་མདུན་ན་ལྔ་དང་། ལུས་ཀྱི་རྒྱབ་ན་ལྔ་དང་། ལུས་ཀྱི་གཡས་ན་ལྔ་དང་། ལུས་ཀྱི་གཡོན་ན་ལྔ་ཡོད་དོ། །ཞེས་པ་ནས། གཅིག་ཏུ་བསྡུས་ན་སྟོང་ཕྲག་བརྒྱད་ཅུ་ཡོད་པར་འགྱུར་ཏེ། སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་མདུན་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་རྒྱབ་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡས་ཕྱོགས་ན་ཡོད་དོ། །སྟོང་ཕྲག་ཉི་ཤུ་ནི་ལུས་ཀྱི་གཡོན་ཕྱོགས་ན་ཡོད་དོ། །ཞེས་གསུངས་པའི་ཕྱིར་རོ།།

འོན་ཀྱང་སྔགས་ལུགས་ཀྱི་རྩ་དེ་ཐམས་ཅད་བསྡུ་ན་སྐུ་གསུང་ཐུགས་གསུམ་གྱི་རྩ་གསུམ་དུ་འདུ་སྟེ། རྩ་དེ་དག་ལས་རླུང་དང་། བྱང་སེམས་དཀར་དམར་འབབས་ཤིང་། བྱང་སེམས་དཀར་པོ་འབབས་པའི་རྩ་སྐུ་དང་། དམར་པོ་འབབས་པའི་རྩ་གསུང་དང་། རླུང་འབབས་པའི་རྩ་ཐུགས་ཀྱི་རྩ་རུ་གསུངས་པའི་ཕྱིར། དེ་ཡང་རྩ་རྐྱང་མ་ལས་ཐིག་ལེ་དཀར་པོ་བྱང་སེམས་ཁུ་བ་འབབས་པ་དང་། རོ་མ་ལས་ཁྲག་འབབས་པར་བཤད་དེ། ཕྱག་ཆེན་ཐིག་ལེ་ལས། གཡོན་ནས་ཁུ་བ་འབྱུང་བ་དང་། །གཡས་ནས་ཁྲག་ནི་འབྱུང་བའོ། །གང་ཚེ་གཡས་ཕྱོགས་ཉི་མ་ནི། །དེ་ཚེ་བདེ་བ་དམར་པོར་འགྱུར། །གཡོན་ནས་ཟླ་བ་འབྱུང་བའི་ཕྱིར། །དེ་ནི་བདེ་བ་དཀར་པོར་འགྱུར། །ཞེས་དང་། ཀྱེ་རྡོ་རྗེ་ལས། རྐྱང་མ་མི་བསྐྱོད་འབབ་པ་སྟེ། །རོ་མ་དེ་བཞིན་ཁྲག་འབབ་ཅིང་། །ཤེས་རབ་ཟླ་བ་འབབ་བཤད་པ། །དེ་ནི་ཀུན་འདར་མ་རབ་གྲགས། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་། དཔལ་རིན་ཆེན་ཕྲེང་བའི་རྒྱུད་ལས། རོ་མ་རྟག་པའི་བྱང་ཆུབ་སེམས། །རྐྱང་མ་ཁྲག་ནི་ཆད་པའོ། །ཀུན་འདར་མ་རུ་གང་གནས་པ། །དེ་ནི་དབུ་མར་ཤེས་པར་བྱ། །ཞེས་བྱང་སེམས་དང་ཁྲག་འབབས་ཡུལ་སྔ་མ་དང་ལྡོག་ནས་གསུངས་པའང་མཆིས་སོ།།

ཡང་རྩ་ལ་ལ་ནཱ་སྟེ་རྐྱང་མ་ནི་ཤེས་རབ་ཀྱི་རྩ་དང་། ར་ས་ནཱ་སྟེ་རོ་མ་ནི་ཐབས་ཀྱི་རྩ་དང་། ཨ་བ་དྷཱུ་ཏཱི་སྟེ་དབུ་མ་ནི་ཐབས་ཤེས་གཉིས་ཀའི་རྩ་དང་། རྐྱང་མ་ལོངས་སྐུའི་རྩ་དང་། རོ་མ་སྤྲུལ་སྐུའི་རྩ་དང་། དབུ་མ་ཆོས་སྐུའི་རྩ་སྟེ་དབུ་རྐྱང་རོ་གསུམ་སྐུ་གསུམ་གྱི་རྩ་ཡིན་པར་གསུངས་ཏེ། བདེ་མཆོག་འབྱུང་བ་ལས། ཤེས་རབ་རང་བཞིན་ལ་ལ་ནཱ། །ར་ས་ནཱ་ནི་ཐབས་སུ་གནས། །དབུས་ནས་ཨ་བ་དྷཱུ་ཏཱི་ནི། །གཟུང་དང་འཛིན་པ་རྣམ་སྤངས་པའོ། །ལོངས་སྤྱོད་རྫོགས་སྐུ་ལ་ལ་ནཱ། །ར་ས་ནཱ་ནི་སྤྲུལ་པའི་སྐུ། ། ཨ་བ་དྷཱུ་ཏཱི་ཆོས་སྐུ་སྟེ། །སྐུ་གསུམ་པོར་ནི་བཤད་པ་ཡིན། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། རྐྱང་མ་དང་ནི་རོ་མའི་རྩ། །ཤེས་རབ་དང་ནི་ཐབས་འདུ་བའི། །རྟེན་ནི་ཨ་བ་དྷཱུ་ཏཱི་སྟེ། །གང་དེར་རོ་མཉམ་སོན་པའོ། །ཞེས་དང་། ཀྱེ་རྡོ་རྗེའི་རྒྱུད་ལས། རྐྱང་མ་ཤེས་རབ་རང་བཞིན་གྱིས། །ཐབས་ཀྱིས་རོ་མ་ཡང་དག་གནས། །ཀུན་འདར་མ་ནི་དབུས་གནས་སུ། །གཟུང་དང་འཛིན་པ་རྣམ་པར་སྤངས། །ཞེས་གསུངས་པས་སོ།།

རྩ་ཡི་གཙོ་བོ་དབུ་རྐྱང་རོ་གསུམ་པོ་དེ་སྐྱེས་བུའི་ལུས་ཀྱི་གང་དུ་གནས་པའི་ཚུལ་ཡོད་དེ། ལུས་ཀྱི་གཡས་སུ་རྩ་རོ་མ་དང་། གཡོན་ཏུ་རྐྱང་མ་དང་། དབུས་དྲང་པོར་དབུ་མ་གནས་པར་གསུངས་ཏེ། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། རྐྱང་མ་དང་ནི་རོ་མ་དང༌། །གཡོན་དང་གཡས་སུ་གནས་པའོ། ། ཀུན་འདར་མ་ནི་དབུས་ཕྱོགས་སུ། །ལྷན་ཅིག་སྐྱེས་པ་རྗེས་སུ་བྱེད། །ཅེས་དང་། ཁྲོ་བོ་དཔའ་བོ་གཅིག་པའི་རྒྱུད་ལས། ལ་ལཱ་ན་ནི་གཡོན་གྱི་དལ། །ར་ས་ནཱ་གཡས་རྣམ་པར་གནས། །ཨ་བ་དྷཱུ་ཏཱི་དབུས་ཕྱོགས་ནས། །ལྷན་ཅིག་སྐྱེས་དགའ་སྐད་ཅིག་འབབ། །འབྱུང་དང་འཇུག་པ་གཉིས་གྱུར་པ། །མི་གཡོའི་ཚུལ་གྱིས་རྣམ་པར་གནས། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཞིབ་ཕྲ་བཤད་ན་རྩ་དབུ་མ་ནི། བོད་ཀྱི་གསོ་རིག་ལས་སྲོག་རྩ་དཀར་པོ་ཤེལ་གྱི་ཀ་བ་བཙུགས་པ་འདྲ་བ་ལུས་ཀྱི་སྒལ་ཚིགས་ལ་སོར་བཞི་ཡིས་མ་རེག་པའི་མཚམས་ནས་ལུས་ནང་དུ་དྲང་པོར་ཡོད་པར་བཤད་པ་དེའི་ནང་ངོས་སམ་མདུན་ངོས་སུ་རྩ་ཤིན་ཏུ་ཕྲ་བ་ནང་དུ་ཡུངས་དཀར་གྱི་འབྲུ་ཤོང་བའི་ཚད་ཙམ་པ་ལུས་ཀྱི་དབུས་ནས་ཡར་སྣེ་ལུས་ཀྱི་སྤྱི་བོའི་ཚངས་བུག་ཏུ་ཟུག་ཅིང་དེ་ནས་མར་ཀྱོག་སྟེ་སྣ་རྩེར་སླེབས་པ་དང་། མར་སྣེ་ལྟེ་བ་ནས་ཁ་གསུམ་དུ་གྱེས་ཏེ་དབུས་མ་དེ་ལུས་ཀྱི་གཡས་ནས་མར་སྣེ་རྡོ་རྗེ་ནོར་བུའི་རྩེའི་བུ་གར་སླེབས་པ་དང་། གཡས་པ་དེ་དཔྱི་དམ་བརླ་ལ་བརྒྱུད་དེ་རྐང་པ་གཡས་པའི་མཐིལ་དུ་སླེབས་པ་དང་། གཡོན་པ་དེ་ཡང་དེ་ལྟར་རྐང་པ་གཡོན་པའི་མཐིལ་དུ་ཟུག་ནས་ཡོད་པ་ཡིན་ཏེ། ཡང་དག་སྦྱོར་བའི་རྒྱུད་འགྲེལ་མན་ངག་གི་སྙེ་མ་ལས། རྩ་ནི་ཨ་བ་དྷཱུ་ཏཱིའི་སྟེ་གཙུག་ཏོར་ནས་ནོར་བུའི་མཐའ་དང་རྐང་མཐིལ་གྱི་མཐའ་ཇི་སྲིད་པར་གནས་པའོ། །ཞེས་དང་། ཁ་སྦྱོར་གྱི་རྒྱུད་བཤད་རིན་ཆེན་ཕྲེང་བ་ལས། མགོ་ནི་སྤྱི་གཙུག་ནས་མགོ་མིན་གསང་བའི་རྡོ་རྗེའི་མཚམས་ཀྱི་བར་དུ་གནས་པའི་རྩ་ཨ་ཝ་དྷཱུ་ཏཱི་ལྟེ་བའི་བུ་ག་རུ་དབུགས་འབྱུང་འཇུག་ཨ་ཝ་དྷཱུ་ཏཱིར་བཅུག་ནས་གནས་པས་ན། རྟག་ཏུ་རྩ་བར་གཟིར་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་རྩ་དབུ་མ་དེ་དྲང་བ་དང་། གསལ་བ་དང་། ཕྲ་བ་དང་། ཁ་དོག་དྭངས་པའི་ཁྱད་ཆོས་དང་ལྡན་པར་གསུངས་ཏེ། ཁ་སྦྱོར་གྱི་བཤད་པ་རིན་ཆེན་ཕྲེང་བ་ལས། ད་ནི་ཤིན་ཏུ་མཛེས་པའི་རྩ་ཨ་ཝ་དྷཱུ་ཏཱི་ཆུ་ཤིང་གི་སྙིང་པོ་ལྟར་དྲང་བ། ཏིལ་གྱི་མར་མེ་ལྟར་གསལ་བ། པདྨའི་སྐུད་པ་ལྟར་ཕྲ་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བའི་རྩ་ལས་བྱུང་བའི་རྡུལ་ཕྲན་གྱི་སེམས་དེ་རྒྱུད་ཀྱི་རིམ་པ་རྩའི་རང་བཞིན་བསྟན་ཏོ། །ཞེས་གསུངས་པའི་ཕྱིར། འདིར་དབུ་མའི་ཁ་དོག་དམར་པོར་གསུངས་ཀྱང་སྤྱིར་དབུ་མ་སྔོན་པོ་དང་། རོ་མ་དམར་པོ་དང་། རྐྱང་མ་དཀར་པོར་བཤད་ལ། དེ་ཡང་ལྟེ་བ་མན་ཆད་ཀྱི་དབུ་མ་ལ་དུང་ཅན་མའི་རྩ་ཞེས་བརྗོད་དོ།།

དེ་ཡང་རོ་མ་ནི་རྩ་དབུ་མའི་གཡས་སུ་གནས་ཤིང་། དེ་ལྟེ་བ་ནས་དབུ་མ་ལ་འཁྱུད་པའི་ཚུལ་གྱིས་དཀྲིས་གཅིག་གིས་མཁལ་མ་གཡས་པའི་རྩ་ཆེན་དང་འབྲེལ་ཞིང་། དེ་ནས་མཆན་འོག་ནས་སྙིང་གའི་འཁོར་ལོ་ལ་དཀྲིས་གཉིས་དང་། དེ་ནས་གཡས་ཀྱི་མགྲིན་པའི་རྩེ་ཆུང་ནས་མགྲིན་པའི་འཁོར་ལོ་ལ་དཀྲིས་གཅིག་དང་། དེ་ནས་གཡས་ཀྱི་རྣ་བའི་འོག་ནས་ནང་དུ་སོང་སྟེ་དཔྲལ་བ་ནས་སྤྱི་བོའི་འཁོར་ལོ་ལ་དཀྲིས་གཅིག་གིས་སྣ་སྦུག་གཡས་པར་ཟུག་པ་དང་། ལྟེ་བ་མན་ནས་རྩ་དབུ་མའི་གཡོན་དུ་གནས་ཤིང་ཕོ་མོའི་རྟགས་ཀྱི་རྩེར་སོང་ནས་དྲི་ཆུ་འབེབས་པར་བྱེད་པ་དང་། དེའི་སྣེ་གཅིག་རྐང་མཐིལ་གཡོན་དུ་ཟུག་པའོ།།

རྐྱང་མ་ནི་རྩ་དབུ་མའི་གཡོན་དུ་གནས་ཤིང་། རོ་མ་ཇི་བཞིན་ལྟེ་བ་ནས་དབུ་མ་ལ་འཁྱུད་པའི་ཚུལ་གྱིས་དཀྲིས་གཅིག་གིས་མཁལ་མ་གཡོན་པའི་རྩ་ཆེན་དང་འབྲེལ་ཞིང་། དེ་ནས་གཡོན་གྱི་མཆན་འོག་ནས་སྙིང་གའི་འཁོར་ལོ་ལ་དཀྲིས་གཉིས་དང་། དེ་ནས་གཡོན་པའི་མགྲིན་པའི་རྩེ་ཆུང་ནས་མགྲིན་པའི་འཁོར་ལོ་ལ་དཀྲིས་གཅིག་དང་། དེ་ནས་གཡོན་པའི་རྣ་བའི་འོག་ནས་ནང་དུ་སོང་སྟེ་དཔྲལ་བ་ནས་སྤྱི་བོའི་འཁོར་ལོ་ལ་དཀྲིས་གཅིག་གིས་སྣ་སྦུག་གཡོན་པར་ཟུག་པ་དང་། ལྟེ་བ་མན་ནས་དབུས་ན་གནས་ཤིང་གཤང་སྒོར་ཟུག་ཅིང་དྲི་ཆེན་འབེབས་པར་བྱེད་པ་དང་། དེའི་སྣེ་གཅིག་རྐང་མཐིལ་གཡས་སུ་ཟུག་པའོ།།

ཡང་ཁ་སྦྱོར་བཤད་པ་རིན་ཕྲེང་ལས། རྩ་གསུམ་གྱི་སུམ་མདོ་ལྟེ་བའི་རྩ་བར་དུས་རྟག་ཏུ་རླུང་བཅུག། ཅེས་གསུངས་པ་ལྟར། རོ་རྐྱང་དབུ་མ་གསུམ་ནི་སྤྱི་བོ་ནས་སུམ་མདོའི་བར་དུ་ཡོད་ཅིང་། སུམ་མདོ་ནས་གསུམ་དུ་གྱེས་ཏེ་རོ་མ་གཡས་ནས་རྐང་མཐིལ་གཡོན་བར་དང་། རྐྱང་མ་དབུས་ནས་ནོར་བུའི་རྩེའི་བར་དུ་དང་། དབུ་མ་གཡོན་ནས་རྐང་མཐིལ་གཡས་བར་དུ་སོང་ཡོད་པས། རྩ་གསུམ་པོ་སུམ་མདོ་ནས་སོ་སོར་ཡལ་ག་གྱེས་པའི་ཚུལ་དུ་སོང་ཡོད་པར་བཤད་དོ།།

དཔལ་ཆགས་པའི་རྒྱལ་པོའི་རྒྱུད་ལས། རོ་མ་ཤར་དུ་མངོན་དུ་ཕྱོགས། །རྐྱང་མ་ནུབ་སྟེ་འོག་གི་ཆར། །རོ་མས་རྐྱང་མ་ལ་འཁྱུད་ཅིང་། །གཡས་པའི་ཆ་རུ་ཟུང་འཇུག་ཉིད། །རྐྱང་མས་རོ་མ་ལ་འཁྱུད་ཅིང་། །གཡོན་གྱི་ཆ་རུ་ཟུང་འཇུག་ཉིད། །གཡས་གཡོན་རྩེ་མོ་སྐུ་གསུང་ཐུགས། །ཞེས་དང་། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། མདུད་པའི་ནང་དུ་གཡས་དང་གཡོན། །རོ་མ་དང་ནི་རྐྱང་མ་གནས། ། མདུད་པ་གཉིས་དབུས་གཅིག་གཅིག་སྟེ། །སུམ་ཅུ་གཉིས་ཀྱིས་བཅུ་དྲུག་དྲང༌། །བདེ་ཆེན་འཁོར་ལོ་མགྲིན་པ་གནས། །ལྟེ་བའི་སྟེང་ནི་ཡན་ཆད་དོ། །ཞེས་གསུངས་པ་དེ་དག་ནི་རྩ་གསུམ་དེ་ལྟར་གནས་པའི་སྒྲུབ་བྱེད་ཀྱང་ཡིན་ལ། ཞིབ་ཚགས་མང་དུ་འཆད་དུ་ཡོད་པར་སྣང་ངོ་།།

ཡང་གོང་དུ་སྨོས་ཟིན་ལྟར་དེ་དག་ལས་ཀྱང་རྩ་དབུ་རྐྱང་རོ་གསུམ་གཙོ་བོ་ཡིན་ཏེ། རྩ་གཞན་རྣམས་ཡོད་དོ་ཅོག་དེ་གསུམ་ལས་སྐྱེ་དགོས་པའི་ཕྱིར་ན་གཙོ་བོར་གསུངས་པའི་ཕྱིར་ཏེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། རྩ་ཡི་གཙོ་བོ་ཉིད་རྣམས་ནི། །གསུམ་པོ་ངེས་པ་ཞེས་ནི་བྱ། །ཞེས་དང་། སྐུ་དང་གསུང་གི་སྙིང་པོ་གཉིས། །ལ་ལ་ནཱ་དང་ར་ས་ནཱ། །ཨ་བ་དྷཱུ་ཏཱི་མཆོག་གི་གནས། །དེ་གཉིས་དབུས་ན་མཆོག་གི་མཆོག །རྣམ་རྟོག་མེད་པ་རླུང་གི་རླུང་། །རྟག་ཏུ་རྒྱུ་ཞིང་ཀུན་ལ་ཁྱབ། །ཅེས་དང་། བདེ་མཆོག་སྡོམ་བྱུང་ལས། བུད་མེད་རྣམས་ལའང་གཙོ་བོ་གསུམ། །ལ་ལ་ནཱ་སོགས་རྩ་རྣམས་ཡིན། །ཞེས་དང་། ཀྱེ་རྡོ་རྗེའི་རྒྱུད་ལས། དེ་རྣམས་ཀྱི་ནང་ནས་རྩ་རྣམ་པ་གསུམ་ནི་གཙོ་མོ་སྟེ། རྐྱང་མ་དང་། རོ་མ་དང་། ཀུན་འདར་མའོ། །ཞེས་དང་། རིགས་གསུམ་མགོན་པོས་པཎྜི་ཏ་བྷི་ཀུ་ནི་ལ་གསུངས་པའི་དཔལ་དུས་ཀྱི་འཁོར་ལོའི་གདམས་ངག་ཉི་ཟླ་སྒྲུབ་པ་ལས། རྩ་ཡི་གཙོ་བོ་གསུམ་དུ་བཤད། །ཅེས་གསུངས་པའི་ཕྱིར་རོ།།

ཡང་དེ་གསུམ་ལས་ཀྱང་རྩ་དབུ་མ་གཙོ་བོ་ཡིན་ཏེ། གཞིའི་དུས་སུ་འཆི་དུས་མ་གཏོགས་དབུ་མ་ནས་རླུང་རྒྱུ་བ་མེད་ཀྱང་བསྒོམ་པའི་དུས་སུ་རོ་རྐྱང་གཉིས་ཀྱི་ནང་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་དགོས་པ་དང་། དེ་བྱས་པ་ལ་བརྟེན་ནས་འོད་གསལ་ལྷན་སྐྱེས་ཀྱི་བདེ་ཆེན་རྫོགས་པར་འཆར་བ་ཡིན་པའི་ཕྱིར་ན་རྩ་དབུ་མ་ལ་རྩ་ཡི་རྒྱལ་པོ་ཞེས་ཀྱང་བརྗོད་པ་ཡིན་པའི་ཕྱིར་ཏེ། པཎྜི་བྷི་ཀུ་ལ་ནིས། ཨ་བ་དྷཱུ་ཏཱི་ཞེས་བྱ་བ། །ལྷན་ཅིག་སྐྱེས་པ་སྐྱེད་པར་བྱེད། །འདི་ནི་རྩ་ཡི་རྒྱལ་པོར་བཤད། ཅེས་དང་། སློབ་དཔོན་ཆེན་པོ་བྷ་བའི་ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་སྦྱོར་ཀ་ཆེན་པོའི་ཆོ་ག་ལས། རྩ་དང་རླུང་དང་བྱང་ཆུབ་སེམས། །རྩ་ཡི་གཙོ་བོ་དྷཱུ་ཏཱི་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་དབུ་མའི་ནང་ནས་ནི་སྙིང་གའི་ཐད་ཀྱི་དབུ་མ་ནི་གཙོ་བོ་ཡིན་ཏེ། གཞིའི་དུས་སུ་རྣམ་ཤེས་འཇུག་གནས་འཕོ་བ་སྙིང་གའི་དབུ་མ་ནས་བྱེད་ཅིང་། ལམ་དུས་སུ་དཔེ་དང་དོན་གྱི་འོད་གསལ་སྙིང་གའི་དབུ་མའི་ནང་ནས་འཆར་བ་ཡིན་པའི་ཕྱིར་རོ།།

རྩ་སྟོང་ཕྲག་དོན་གཉིས་ཏེ་རྩ་བདུན་ཁྲི་ཉིས་སྟོང་ཡོད་པ་དེ་ལས་རྩ་གཙོ་བོ་ནི། འཁོར་ལོ་བཞིའི་རྩ་འདབ་སོ་གཉིས་དང་། བཅུ་དྲུག་དང་། བརྒྱད་དང་། རེ་བཞི་བཅས་རྩ་བརྒྱ་དང་ཉི་ཤུ་བོ་ཡིན་ཏེ། རྩ་དེ་དག་གིས་རླུང་དང་རྣམ་པར་ཤེས་པའི་རྟེན་བྱེད་པའི་ཕྱིར་ན་དེ་དག་གཙོ་བོ་ཡིན་པར་གསུངས་པའི་ཕྱིར་ཏེ། བདེ་མཆོག་འབྱུང་བའི་རྒྱུད་ལས། བརྒྱ་ལས་ཉི་ཤུ་ལྷག་པའི་རྩ། །གཙོ་བོ་ཞེས་ནི་བྱ་བར་བརྗོད། །ཅེས་དང་། ཡང་དག་པར་སྦྱོར་བའི་རྒྱུད་ལས། འཁོར་ལོ་བཞི་ཡི་རབ་དབྱེ་བས། །བརྒྱ་ཕྲག་གཅིག་དང་ཉི་ཤུ་ལྷག །ཅེས་གསུངས་པའི་ཕྱིར་རོ།།

དེ་དག་ལས་ནི་སྙིང་གའི་རྩ་ལས་གྱེས་པའི་གནས་ཡུལ་གྱི་རྩ་སོ་གཉིས་པོ་གཙོ་བོ་ཡིན་པ་དང་། དེ་དག་ལས་གནས་ཉེར་བཞིའི་རྩ་ཉེར་བཞི་གཙོ་ཆེ་བ་ཡིན་ཏེ། རྩ་དེ་དག་ལས་སོ་དང་སེན་མོ་བསྐྱེད་པ་སོགས་ཀྱིས་ཁམས་ཉེར་བཞི་གནས་པ་དང་རྒྱས་པའི་རྟེན་བྱེད་པའི་ཕྱིར་ཏེ། འཇམ་མགོན་བླ་མ་ཙོང་ཁ་པའི་གསང་འདུས་ཡིག་ཆུང་ཉེར་གཅིག་ལས། དེའི་ནང་ནས་རྩ་ཉི་ཤུ་རྩ་བཞི་ནི་གཙོ་བོ་ཡིན་ཏེ། སྐྲ་དང་སེན་མོ་སོ་ལ་སོགས་པའི་རྒྱུ་བྱེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ།།

རྩ་འཁོར་གྱི་རྣམ་གཞག་ནི། རྩ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་དཀྲིས་པའི་མདུད་པ་གང་ན་ཡོད་པ་དེར་མདུད་མཚམས་ནས་གྱེས་པའི་རྩ་ཡི་འཁོར་ལོ་རེ་རེ་ཡོད་ལ། དེ་ཡང་རྡོ་རྗེ་ཕྲེང་བའི་རྒྱུད་ལས། དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་གསུངས་པ་ལྟར། སྙིང་ག་ནས་མདུད་པ་གསུམ་སྐོར་དུ་ཡོད་པ་དང་། གཞན་རྣམས་ལ་མདུད་པ་རེ་རེ་ཡོད་པར་གསུངས་སོ།།

དེ་ཡང་རྩ་འཁོར་གཙོ་བོ་ནི་ལྔ་སྟེ། སྤྱི་བོ་ནས་གསང་བ་བར་གྱི་རྩ་དབུ་མ་ལ་རོ་རྐྱང་གཉིས་ཀྱིས་མདུད་པས་བསྡམས་པའི་མཚམས་ནས་རྩ་འདབ་གདུགས་ཀྱི་རྩིབས་མ་ལྟར་གྱེས་པའི་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་། མགྲིན་པ་ལོངས་སྤྱོད་འཁོར་ལོ་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་དང་། གསང་གནས་བདེ་སྐྱོང་འཁོར་ལོ་ལྔ་པོ་ལགས་ཤིང་། དེ་ཡང་སྤྱི་བོ་བདེ་ཆེན་འཁོར་ལོ་ལ་རྩ་འདབ་སོ་གཉིས་དང་། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ་རྩ་འདབ་བཅུ་དྲུག་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་ལ་རྩ་འདབ་བརྒྱད་དང་། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རྩ་འདབ་རེ་བཞི་དང་། གསང་གནས་བདེ་སྐྱོང་འཁོར་ལོ་ལ་རྩ་འདབ་སོ་གཉིས་ཏེ་རྩ་འདབ་ཀྱི་གྲངས་མི་འདྲ་བའི་རྩ་འཁོར་ཆེན་པོ་ལྔ་བཤད་དེ། རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་ལུས་ཀྱི་བདེ་ཆེན་པོའི། །འཁོར་ལོའི་རྩ་ནི་སུམ་ཅུ་གཉིས། །ཞེས་དང་། བདེ་ཆེན་འཁོར་ལོ་རྩ་ཡི་གནས། །རྩ་ནི་སུམ་ཅུ་རྩ་གཉིས་ལས། །ཞེས་དང་། དེ་བཞིན་ལོངས་སྤྱོད་འཁོར་ལོ་ཡང་། །རྩ་ནི་བཅུ་དྲུག་ཡང་དག་བརྗོད། །ཆོས་ཀྱི་འཁོར་ལོར་གནས་པའི་རྩ། །བརྒྱད་ནི་ཀུན་ལ་ཁྱབ་པའོ། །དེ་བཞིན་སྤྲུལ་པའི་འཁོར་ལོ་ཡང་། །དྲུག་ཅུ་རྩ་བཞིར་འཆར་བར་བཤད། །བདེ་བ་ཆེན་པོའི་འཁོར་ལོ་ཆེར། །རྩ་ནི་སུམ་ཅུ་གཉིས་སུ་བཤད། །ཅེས་དང་། མངོན་བརྗོད་བླ་མ་ལས། དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་རྩ་གཉིས་འདབ། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཡང་གཙུག་ཏོར་གྱི་འཁོར་ལོ་རྩ་འདབ་བཞི་ཅན་དང་། གསང་བ་ནོར་བུའི་དབུས་སུ་རྩ་འདབ་བརྒྱད་ཅན་གྱི་འཁོར་ལོ་གཉིས་དེ་ལྔའི་སྟེང་དུ་བསྣན་པས་རྩ་འཁོར་བདུན་དུ་བཞེད་པ་ཡོད་དེ། མན་ངག་སྙེ་མ་ལས། འོན་ཀྱང་གཙུག་ཏོར་དང་སྤྱི་བོ་དང་མགྲིན་པ་དང་སྙིང་ག་དང་། ལྟེ་བ་དང་གསང་བ་དང་ནོར་བུའི་དབུས་སུ་ཆུད་པའི་རིམ་པ་ཇི་ལྟ་བར་བཞི་དང་སུམ་ཅུ་རྩ་གཉིས་དང་བཅུ་དྲུག་དང་བརྒྱད་དང་དྲུག་ཅུ་རྩ་བཞི་དང་སུམ་ཅུ་རྩ་གཉིས་དང་བརྒྱད་ཀྱི་གྲངས་ཅན་པདྨ་ཉིད་དང་བྷ་ག་ཉིད་དང་འཁོར་ལོ་ཉིད་དུ་བསྟན་པར་བྱ་བ་རྣམས་ཀྱི་དབུས་སུ་མདུད་པའི་གཟུགས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ཡང་མགོ་བོའི་སྨིན་ཕྲག་གི་དབུས་སུ་རླུང་གི་འཁོར་ལོ་རྩ་འདབ་དྲུག་པ་དང་། མགྲིན་པ་དང་སྙིང་གའི་བར་ན་མེ་འཁོར་རྩ་འདབ་གསུམ་པ་ཡོད་པར་བཤད་དེ། རྡོ་རྗེ་ཕྲེང་བ་ལས། རླུང་གི་འཁོར་ལོར་གནས་པའི་རྩ། །འདབ་དྲུག་རླུང་ནི་མཁའ་ལ་སྤྱོད། །འདབ་གསུམ་མེ་ཡི་འཁོར་ལོར་བཤད། །ཅེས་གསུངས་པའི་ཕྱིར། དེས་ན་དེ་གཉིས་དང་། གསང་བ་ནོར་བུའི་དབུས་སུ་རྩ་འདབ་བརྒྱད་པ་སྟེ་འདི་གསུམ་ལ་རྩ་འཁོར་ཆུང་བ་གསུམ་དུ་གྲགས་ཤིང་། དེ་གསུམ་གོང་གི་ཆེ་བ་ལྔའི་སྟེང་དུ་བསྣན་པའི་རྩ་འཁོར་བརྒྱད་གསུངས་པའང་མཆིས་སོ།།

གཞན་ཡང་ནོར་བུའི་རྩ་འཁོར་དེ་སྔ་མའི་རྩ་འཁོར་གཙོ་བོ་ལྔའི་སྟེང་དུ་བསྟན་པས་རྩ་འཁོར་དྲུག་ཏུ་བྱེད་པ་ཡོད་དེ། གསང་འདུས་ཡིག་ཆུང་ཉེར་གཅིག་ལས། རྩ་འཁོར་གཙོ་བོ་དྲུག་སྟེ། དེ་ཡང་སྤྱི་བོ། མགྲིན་པ། སྙིང་ག །ལྟེ་བ། གསང་གནས། ནོར་བུའི་དབུས་ཀྱི་རྩ་འཁོར་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། དེ་ལས་རྩ་རྣམས་ལུས་ལ་མངོན་པར་འབྱུང་བ། སྟོང་ཕྲག་བདུན་བཅུ་རྩ་གཉིས་ལ་སོགས་པ། ཀུན་འདར་མ་དང་། རོ་མ་དང་། རྐྱང་མ་དང་། ལྟེ་བ་དང་། སྙིང་ག་དང་། མགྲིན་པ་དང་། སྤྱི་བོ་དང་། གསང་བ་དང་། མཛོད་སྤུའི་འཁོར་ལོ་དག་དང་། ཡང་ན་སུམ་བཅུ་གཉིས་དང་། རྩ་ཁ་གསུམ་པ་དང་། རྩ་ལུ་གུ་རྒྱུད་དང་། རྩ་བའི་མིག་ལྟ་བུ་དང་། རྩ་བར་ཏ་ཀ་རིན་པོ་ཆེའི་ཕོ་བྲང་དང་། རྩ་རིག་པའི་གནས་དང་། གཞུ་ཆེན་གྱི་དབྱིབས་དང་། བདེ་སྐྱོང་ནོར་བུའི་འཁོར་ལོ་སྟེ། དབྱིབས་ཐ་དད་དུ་མ་ལས་ཡི་གེའི་རྣམ་པ་སོགས་སྲོག་ཏུ་གྱུར་པ་སྙིང་པོར་གནས་པ་ལས། ཞེས་གསུངས་པ་ལྟར། སྔ་མའི་རྩ་འཁོར་ཆེ་བ་ལྔའི་སྟེང་དུ་མཛོད་སྤུའི་འཁོར་ལོ་དང་། བདེ་སྐྱོང་ནོར་བུའི་འཁོར་ལོ་བསྣན་པས་བདུན་དུ་གསུངས་པ་དང་། ཀྱེའི་རྡོ་རྗེའི་རྒྱུད་ལས། སྤྲུལ་པའི་འཁོར་ལོ་ལ་པདྨ་འདབ་མ་དྲུག་ཅུ་རྩ་བཞི་དང༌། ཆོས་ཀྱི་འཁོར་ལོ་ལ་འདབ་མ་བརྒྱད་དང༌། ལོངས་སྤྱོད་རྫོགས་པའི་འཁོར་ལོ་ལ་འདབ་མ་བཅུ་དྲུག་དང༌། བདེ་བ་ཆེན་པོའི་འཁོར་ལོ་ལ་འདབ་མ་སུམ་ཅུ་རྩ་གཉིས་སོ། །ཞེས་འཁོར་ལོ་ཆེན་པོ་བཞི་གསུངས་པ་ལ་སོགས་པ་རྩའི་འཁོར་ལོའི་དབྱེ་བ་དུ་མ་གསུངས་ཏེ། གོས་སྔོན་པོ་ཅན་གྱི་སྦྱོར་ཀ་ཆེན་པོའི་ཆོ་ག་ལས། འཁོར་ལོ་གཅིག་དང་འཁོར་ལོ་གཉིས། །འཁོར་ལོ་བཞི་དང་འཁོར་ལོ་དྲུག །འཁོར་ལོ་བརྒྱད་དང་འཁོར་ལོ་དགུ། །རྡོ་རྗེ་ནོར་བུའི་ཆ་ལ་ཡང་། །ཕོ་བྲང་བཞི་ཡི་གནས་རྟག་ཏུ། །འཁོར་ལོ་མི་མཐུན་འདོད་པ་དང་། །འཁོར་ལོ་མང་པོ་འདོད་པ་རྣམས། །ཨིནྡྲ་བྷཱུ་ཏི་གཞུང་ལུགས་ཡིན། །ཞེས་གསུངས་པ་ལྟར་རོ།།

འཁོར་ལོ་དེ་དག་གི་ངེས་ཚིག་ཀྱང་། བདེ་བའི་རྟེན་ཀུནྡ་བྱང་ཆུབ་ཀྱི་སེམས་ཁམས་དཀར་པོ་སྤྱི་བོར་གནས་པའི་རྒྱུ་མཚན་གྱིས་སྤྱི་བོ་བདེ་ཆེན་འཁོར་ལོ་ཞེས་བྱ་བ་དང་། རོ་དྲུག་ལ་ལོངས་སྤྱོད་པའི་གནས་མགྲིན་པ་ཡིན་པའི་རྒྱུ་མཚན་གྱིས་མགྲིན་པ་ལོངས་སྤྱོད་འཁོར་ལོ་ཞེས་དང་། ཆོས་ཀྱི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྟེན་མི་ཤིགས་པའི་ཐིག་ལེ་སྙིང་ཁར་གནས་པའི་རྒྱུ་མཚན་གྱིས་སྙིང་ག་ཆོས་ཀྱི་འཁོར་ལོ་ཞེས་དང་། བདེ་བ་ཆེན་པོ་སྤྲུལ་པའམ་སྐྱེ་བའི་གཞི་གཏུམ་མོའི་མེ་གཙོ་བོར་ལྟེ་བ་ལ་གནས་པའི་རྒྱུ་མཚན་གྱིས་ནི་ལྟེ་བ་སྤྲུལ་པའི་འཁོར་ལོ་ཞེས་དང་། ལུགས་འབྱུང་ལྡོག་གི་ལྷན་སྐྱེས་ཀྱི་བདེ་བ་གཙོ་བོར་སྐྱོང་བའི་གནས་ཡིན་པའི་རྒྱུ་མཚན་གྱིས་གསང་གནས་བདེ་སྐྱོང་འཁོར་ལོ་ཞེས་བྱ་ཞིང་། དེ་དག་ནི་སྒྲ་བཤད་ཀྱང་ཡིན་ནོ།།

རྩ་ནང་ནས་རླུང་དང་། བྱང་སེམས་དཀར་པོ་དང་། ཁམས་དམར་པོ་འབབས་པའི་ཚུལ་ནི། གཞི་ལ་འཆི་བའི་དུས་སུ་རྩ་དབུ་མའི་ནང་དུ་རླུང་འཇུག་སྟེ་ལས་ཉོན་གྱི་དབང་གིས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནས་འགྲོ་བའི་འཆི་དུས་སུ་རླུང་དབུ་མར་རྒྱུ་བ་ཡོད་པ་མ་གཏོགས་རོ་རྐྱང་གི་མདུད་པ་དམ་པོས་རྩ་དབུ་མ་བསྡམས་པའི་དབང་གིས་རླུང་དབུ་མར་རྒྱུ་བ་མེད་པར་བཤད་ལ། ཁམས་འབབས་པ་ནི་དེ་བས་ཀྱང་མེད་པར་དུས་འཁོར་མ་གཏོགས་པའི་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱིས་བཞེད་དོ།།

དེ་མ་ཟད་རྩ་བདུད་བྲལ་མ་ལས་རླུང་དང་ཁམས་མི་འབབས་ཤིང་རྩ་གཞན་ལས་དེ་གཉིས་འབབས་པ་ལའང་གེགས་བྱེད་པའི་ཕྱིར་ན་བདུད་བྲལ་མ་ལ་རྣལ་འབྱོར་མ་ཡི་འགོག་རྩ་ཞེས་བརྗོད་པ་དང་། འཆི་དུས་ནི་བདུད་བྲལ་མ་ལས་ཀྱང་རླུང་དང་ཁམས་འབྱུང་བས་དུས་ཀྱི་རྩ་ཞེས་བརྗོད་པར་གསུངས་སོ།།

རྩ་རོ་མའི་ནང་ནས་ཁམས་དམར་པོ་ཁྲག་འབབས་པ་དང་། འབྱུང་བ་བཞི་ལས་མེ་ཡི་རླུང་རྒྱུ་བ་དང་། རྐྱང་མའི་ནང་ནས་ཁམས་དཀར་པོ་ཁུ་བ་འབབས་པ་དང་། རླུང་གི་རླུང་རྒྱུ་བ་དང་། སྲོག་ཐུར་གྱི་རླུང་གཉིས་ནི་རོ་རྐྱང་གཉིས་ཀ་ནས་རྒྱུ་བ་དང་། སྙིང་གའི་ཕྱོགས་བཞིའི་རྩ་བཞིའི་ནང་ནས་ས་ཆུ་མེ་རླུང་གི་འབྱུང་བ་བཞི་ཀའི་རླུང་རྒྱུ་ཞིང་། གཟུགས་སྒྲ་དྲི་རོ་རེག་བྱ་བཞི་འབབས་པས་མཆོད་པའི་རྩ་བཞི་ཞེས་འབོད་པ་དང་། སྙིང་གའི་མཚམས་བཞིའི་རྩ་ནང་ནས་གཤང་བ་དང་། གཅི་བ། ཁྲག། ཁུ་བ། བད་ཀན་ཏེ་བདུད་རྩི་ལྔ་འབབས་པར་གསུངས། རྩའི་དབྱེ་བ་རྒྱས་བསྡུས་དེ་དག་ཀྱང་ཁྲག་དང་། ཁུ་བ་དང་། རླུང་འབབས་པའི་སྡེ་ཚན་གསུམ་སྟེ་རྡུལ་མུན་སྙིང་སྟོབས་གསུམ་གྱི་རྩ་གསུམ་དུ་འདུ་བར་གསུངས་སོ།།

གཡོ་བ་རླུང་གི་རྣམ་གཞག།

གཉིས་པ་གཡོ་བ་རླུང་གི་རྣམ་གཞག་ནི། སྤྱིར་རྡོ་རྗེའི་ལུས་ཀྱི་རྩ་ནི་ལམ་སྲང་དང་། རླུང་ནི་དེར་རྒྱུ་བའི་རྟ་ལོང་བ་རྐང་ལྡན་དང་། རྣམ་ཤེས་ནི་དེ་ལ་བཞོན་པའི་མི་ཞ་བོ་མིག་ལྡན་ལྟ་བུ་ཡིན་པའི་ཕྱིར་ན་རྩ་རླུང་སེམས་གསུམ་རྟེན་བརྟེན་པར་གྲུབ་ཅིང་། ཁྱད་པར་དུ་རླུང་ནི་རྣམ་ཤེས་ཀྱི་བཞོན་པར་གྱུར་པས་རླུང་གི་དབང་གིས་རྣམ་ཤེས་ཡུལ་ལ་གཡོ་བས་རླུང་ནི་ལས་བཟང་ངན་ཐམས་ཅད་ཀྱི་སྐྱེད་བྱེད་ཡིན་ཞིང་ཟུང་འཇུག་གི་འབྲས་བུ་ཐོབ་པ་ལའང་རླུང་གི་དེ་ཉིད་ཤེས་དགོས་པ་ཡིན་ཏེ། བདེ་མཆོག་འབྱུང་བའི་རྒྱུད་ལས། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། ། སངས་རྒྱས་གོ་འཕང་འཐོབ་བྱེད་པ། །རྒྱུད་རྣམས་ཀུན་གྱི་གསང་བ་སྟེ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་སྤྱིར་རླུང་གི་བྱེད་ལས་ནི། རླུང་གི་ཐ་མལ་པ་ལ་བྱ་བ་བྱེད་ཚུལ་ནི། སྐྱེ་ཤི་བར་དོ་གསུམ་པོ་རླུང་གིས་བྱེད་པ་ཡིན་ཏེ། འཁོར་བའི་རྩ་བ་རླུང་ཡིན་པའི་ཕྱིར། དེར་ཐལ། རླུང་དེས་འཁོར་བའི་ལྷན་ཅིག་བྱེད་རྐྱེན་བྱེད་པ་ཡིན་པའི་ཕྱིར། དེར་ཐལ། བདེན་འཛིན་འཁོར་བའི་རྩ་བ་ཡིན་པ་གང་ཞིག། བདེན་འཛིན་གྱི་བཞོན་པ་རླུང་གིས་བྱེད་པ་ཡིན་པའི་ཕྱིར། དེ་ཡང་བདེན་འཛིན་གྱི་རྩ་བ་དེའི་བཞོན་པའི་རླུང་གིས་བྱས་ཏེ་དེ་ཉིད་སྐྱེ། དེ་ལས་ཉོན་མོངས་པ་སྐྱེ། དེས་ལས་བསགས། ལས་ལས་འཁོར་བ་འབྱུང་བ་ཡིན་པའི་ཕྱིར། གྲུབ་སྟེ། རྡོ་རྗེ་ཕྲེང་བ་ལས། ལས་ཀྱི་རླུང་ནི་སྣ་ཚོགས་པ། །དེ་ནི་ལྷན་ཅིག་རྣམ་ཤེས་དང་། །སླར་ཡང་འཇིག་རྟེན་གསུམ་དུ་གནས། །དེ་ལས་ལས་དང་དེ་ལས་སྐྱེས། །དེ་ལས་ཆགས་སོགས་བག་ཆགས་དང་། །དེ་ལས་སླར་ཡང་འཆི་དང་སྐྱེ། །དེ་ལྟར་འཁོར་ལོ་བསྐོར་བ་འདྲ། །ཞེས་གསུངས་པའི་ཕྱིར་རོ།།

མདོ་ལས་ནི་མངལ་ཆགས་པའི་ཞག་བདུན་ཕྲག་གཉིས་པ་ལ་མའི་མངལ་ནས་ཀུན་ཏུ་རེག་པ་ཞེས་པའི་རླུང་བྱུང་བ་དང་། བདུན་ཕྲག་གསུམ་པ་ལ་མཛོད་ཁ་ཞེས་པའི་རླུང་དང་། བདུན་ཕྲག་བཞི་པ་ལ་རབ་ཏུ་འབྱེད་པ་དང་། བདུན་ཕྲག་ལྔ་བ་ལ་ཡང་དག་པར་སྡུད་པ་དང་། བདུན་ཕྲག་དྲུག་པ་ལ་རྒྱ་ཆེན་པོ་དང་། བདུན་ཕྲག་བདུན་པ་ལ་འཁྱིལ་བར་བྱེད་པ་དང་། བདུན་ཕྲག་བརྒྱད་པ་ལ་ཟློག་ཅིང་སྒྱུར་བར་བྱེད་པ་། བདུན་ཕྲག་དགུ་བ་ལ་རྣམ་པར་འབྱེད་པ་དང་། བདུན་ཕྲག་བཅུ་བ་སྲ་བར་བྱེད་པ་དང་། དེ་བཞིན་དུ་བུ་ག་སྣང་བ་དང་། ཡོན་པོའི་སྒོ་ཞེས་པ་དང་། དེའི་སྟོབས་ཙམ་དང་། སྐུད་པའི་ཁ་དང་། པད་མ་དང་། བདུད་རྩི་འགྲོ་བ་དང་། འབྲི་གདོང་དང་། དྲི་མ་མེད་པ་དང་། དབང་པོ་མངོན་པར་འགྲུབ་བྱེད་དང་། ཤིན་ཏུ་བརྟན་པ་དང་། ཡང་དག་སྐྱེད་པ་དང་། ཀུན་ཏུ་རྒྱལ་བ་དང་། ཡོངས་སུ་དག་པར་འཛིན་པ་དང་། ཀུན་ཏུ་འཕྱོ་བ་དང་། གྲོང་ཁྱེར་འཛིན་དང་། སྐྱེ་བ་མངོན་པར་གྲུབ་པ་དང་། སྨན་ཡོན་ཆེན་པོ་དང་། ཕྱིན་ཅི་ལོག་གི་འདུ་ཤེས་བརྒྱད་སྐྱེད་བྱེད་ཀྱི་རླུང་དང་། མེ་ཏོག་ཕྲེང་བ་དང་། ལྕགས་ཀྱི་སྒོ་ཞེས་པའི་རླུང་རྣམས་ཞག་བདུན་ཕྲག་སུམ་ཅུ་པའི་བར་དུ་འབྱུང་བ་དང་། དེ་ནས་རིམ་གྱིས་འཕེལ་ཏེ་བདུན་ཕྲག་སོ་བརྒྱད་པ་ལ་ཡན་ལག་སྡུད་པ་ཞེས་པའི་རླུང་འབྱུང་བར་དགའ་བོ་མངལ་འཇུག་གི་མདོ་ལས་གསུངས་པ་སོགས་མང་མོད་མི་སྤྲོའོོ།།

གསང་སྔགས་ལུགས་ཀྱི་རླུང་གི་དབྱེ་བ་ལ་ནི་རྩ་བའི་རླུང་ལྔ་དང་། ཡན་ལག་གི་རླུང་ལྔ་དང་རླུང་བཅུ་ཞེས་གྲགས་ཏེ། རྩ་བའི་རླུང་ལྔ་ནི། སྲོག་རྩོལ་དང་། མཉམ་གནས། གྱེན་རྒྱུ། ཐུར་སེལ། ཁྱབ་བྱེད་ཀྱི་རླུང་ལྔ་པོ་དེ་ཡིན་པའི་ཕྱིར་ཏེ། དགོངས་པ་ལུང་བསྟན་པའི་རྒྱུད་ལས། སྲོག་དང་གྱེན་རྒྱུ་ཐུར་སེལ་དང་། །མཉམ་གནས་ཁྱབ་བྱེད་ཅེས་བྱ་དང་། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། སྲོག་དང་ཐུར་སེལ་མཉམ་གནས་དང་། །ཁྱབ་བྱེད་ཇི་ལྟའི་རིམ་གཉིས་ཀྱིས། །ཞེས་དང་། ཨཱརྱ་དེ་ཝའི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། སྲོག་དང་ཐུར་སེལ་གྱེན་རྒྱུ་དང་། །ཁྱབ་དང་མཉམ་གནས་ཞེས་བཤད་དང་། །ཞེས་དང་། སློབ་དཔོན་སྒྲ་དབྱངས་བཅུ་གཅིག་པའི་ལམ་རིམ་མན་ངག་བདུད་རྩི་གསང་བ་ལས། སྲོག་དང་ཐུར་དུ་སེལ་བ་དང་། །མེ་དང་མཉམ་དུ་གནས་པ་དང་། །གྱེན་དུ་རྒྱུ་དང་ཁྱབ་བྱེད་དང་། །ཞེས་གསུངས་པའི་ཕྱིར་རོ།།

རྩ་བའི་རླུང་ལྔ་གང་དུ་གནས་པའི་ཚུལ་ནི། ནམ་མཁའ་དང་མཉམ་པའི་རྒྱུད་ལས། སྙིང་དང་གཞང་ཁ་མགྲིན་པ་དང་། །ལྟེ་བ་ལུས་ཀྱིས་ཁྱབ་པ་རུ། །རིགས་ལྔའི་རླུང་ནི་ཁྱབ་པར་གནས། །ཞེས་གསུངས་པ་ལྟར། རླུང་ལྔ་གནས་པའི་ཡུལ་ནི་སྙིང་ག་དང་། གསང་གནས་དང་། མགྲིན་པ་དང་། ལྟེ་བ་དང་། ལུས་ཀུན་ཀྱི་ཚིགས་སོགས་ཡིན་པར་གསུངས་ལ། དེ་དག་གི་གནས་ཞིབ་པར་བཤད་ན་འདི་ལྟ་སྟེ། སྲོག་འཛིན་གྱི་རླུང་དེ་སྙིང་ག་དང་། ཐུར་སེལ་གྱི་རླུང་དེ་གསང་བ་དང་། མཉམ་གནས་ཀྱི་རླུང་དེ་ལྟེ་བ་དང་། གྱེན་རྒྱུའི་རླུང་དེ་མགྲིན་པ་དང་། ཁྱབ་བྱེད་ཀྱི་རླུང་དེ་ལུས་ཀུན་ལ་གནས་པ་ཡིན་ཏེ། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལས། སྙིང་གར་སྲོག་དང་ཐུར་སེལ་བཤང༌། །ལྟེ་བའི་ཕྱོགས་སུ་མཉམ་གནས་སོ། །མགྲིན་པའི་ཕྱོགས་ནི་གྱེན་རྒྱུ་སྟེ། །ལུས་ཀུན་སོན་པ་ཁྱབ་བྱེད་དོ། །ཞེས་དང་། གཏུམ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། སྙིང་གར་སྲོག་རླུང་ཐུར་སེལ་གཤང་། །མཉམ་གནས་ལྟེ་བའི་ཕྱོགས་ན་གནས། །གྱེན་རྒྱུ་མགྲིན་པའི་ཕྱོགས་སུ་གནས། །ལུས་ཀུན་ལ་ནི་ཁྱབ་བྱེད་གནས། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། སྲོག་གི་རླུང་ནི་སྙིང་གར་གནས། །མི་བསྐྱོད་བྱེ་བྲག་རིགས་ལས་སྐྱེས། །འདོམས་ན་གནས་པའི་ཐུར་སེལ་ནི། །རིན་ཆེན་འབྱུང་ལྡན་བྱེ་བྲག་སྐྱེས། །སྟོད་དུ་རྒྱུ་བ་ལྐོག་མཐར་གནས། ། འོད་དཔག་མེད་པའི་རང་བཞིན་ནོ། །མེ་དང་མཉམ་གནས་ལྟེ་བར་གནས། །དོན་ཡོད་གྲུབ་པའི་རང་བཞིན་ནོ། །ཁྱབ་བྱེད་ཡན་ལག་ཀུན་ལ་གནས། །རྣམ་སྣང་མཛད་ཀྱིས་བྱིན་གྱིས་བརླབས། །ཞེས་གསུངས་པས་སོ།།

དེ་ཡང་གཤེད་དམར་ལས། འདི་རྣམས་དབུས་སུ་གཙོ་བོ་གང༌། །སྲོག་རླུང་སྙིང་གར་གནས་པའོ། །ཞེས་དང་། གཏུམ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། དེ་རྣམས་ནང་ནས་གཙོ་བོ་ཡི། །སྲོག་གི་རླུང་ནི་སྙིང་གར་གནས། །འབྱུང་འཇུག་དབུགས་ཀྱི་དབྱེ་བ་ཡིས། །སྐྱེ་བོ་ཀུན་གྱི་སྲོག་ཏུ་གནས། །ཞེས་གསུངས་པ་ལྟར་རླུང་ལྔའི་གཙོ་བོ་སྲོག་འཛིན་གྱི་རླུང་ནི་སྙིང་ག་ན་གནས་པ་ཡིན་ཞིང་། སྲོག་འཛིན་གྱི་རླུང་དེ་ལ་ཕྲ་རགས་གཉིས་ལས་མི་ཤིགས་པའི་རླུང་ཞེས་གྲགས་པ་སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་ནི། རྩ་དབུ་མའི་ནང་གི་སྙིང་གའི་ཐད་དུ་ཁམས་དཀར་དམར་གྱི་གའུ་ཁ་སྦྱོར་དུ་སེམས་ཤིན་ཏུ་ཕྲ་བའི་མི་ཤིགས་པའི་ཐིག་ལེ་ཡོད་པ་དེའི་རྟེན་དུ་སྙིང་གའི་རྩ་འདབ་ཀྱི་དབུས་སུ་གནས་པ་ཡིན་པར་གསུངས་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཐིག་ལེ་སྲོག་གི་རྣམ་པ་ནི། །སྙིང་གའི་དབུས་སུ་མི་ཤིགས་པ། །གསལ་བ་ཟླ་བའི་གཟུགས་བརྙན་ལ། །སེམས་ཀྱི་རྟེན་དུ་གྱུར་པར་བརྗོད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ནི་ཤིན་ཏུ་ཕྲ་བའི་གཉུག་སེམས་ཀྱི་བཞོན་པར་གྱུར་པའི་སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་ཞེས་པ་ཡིན་ཞིང་། དེ་ནི་རྐྱེན་གང་གིས་ཀྱང་གཞོམ་དུ་མེད་པ་དང་། རླུང་སེམས་རགས་པ་རྣམས་དེ་ལ་ཐིམ་པ་ན་གཞི་ལམ་འབྲས་གསུམ་གྱི་འོད་གསལ་འཆར་བ་དང་། ཤིན་ཏུ་ཕྲ་བའི་གཉུག་སེམས་དང་འབྲལ་མི་རུང་དུ་གནས་པས་ན། འོད་གསལ་གྱི་རླུང་དང་། ལྷན་སྐྱེས་ཀྱི་རླུང་ཞེས་བརྗོད་པ་ཡིན་པར་གསུངས་ཤིང་། དེ་འདྲའི་གཉུག་སེམས་ཤིན་ཏུ་ཕྲ་བའི་བཞོན་པར་གྱུར་པའི་སྲོག་འཛིན་གྱི་རླུང་བཅས་གཉུག་སེམས་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་པ་དེ་འཁོར་འདས་ཀྱི་རྩ་བ་ཡིན་ཞིང་། སེམས་ཅན་ཀུན་གྱི་རྒྱུད་ལ་ཡེ་ནས་རང་ཆས་སུ་གནས་པར་གསུངས་ཏེ། བདེ་མཆོག་སྡོམ་འབྱུང་ལས། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །སངས་རྒྱས་གོ་འཕང་འཐོབ་བྱེད་པ། །རྒྱུད་རྣམས་ཀུན་གྱི་གསང་བ་སྟེ། །བྱང་ཆུབ་རྒྱུ་ཡི་ཐབས་ཡིན་ནོ། །ཞེས་དང་། ནམ་མཁའ་དང་མཉམ་པའི་རྒྱུད་ལས། སེམས་དང་སེམས་མིན་འདྲེས་པའི་རླུང་། །རགས་པ་དང་ནི་ཕྲ་བ་ལ། །མཁས་པས་སེམས་ཀྱི་གཞོན་པར་གཟུང་། །རྣམ་རྟོག་གཟུང་འཛིན་སེམས་ཀྱི་རྟ། །གཟུང་འཛིན་གཉིས་འགགས་དབུ་མར་གནས། །དེ་ཉིད་ཡེ་ཤེས་རྡོ་རྗེའི་རླུང་། །ཞེས་དང་། མགོན་པོ་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། སེམས་ཅན་རྣམས་ཀྱི་སྲོག་གྱུར་པ། །རླུང་ཞེས་བྱ་བ་ལས་ཀུན་བྱེད། །འདི་ནི་རྣམ་ཤེས་བཞོན་པ་སྟེ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་། སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་ནི་སྙིང་ཀའི་རྩ་འཁོར་གྱི་དབུས་ན་གནས་པ་བཤད་ཟིན་ལྟར་དང་། ད་ལྟ་རྒྱུ་བཞིན་པའི་སྲོག་འཛིན་གྱི་རླུང་ནི་སྙིང་ཀའི་རྩ་མདུད་ཀྱི་གོང་དང་། ཐུར་སེལ་གྱི་རླུང་ནི་སྙིང་ཀའི་རྩ་མདུད་ཀྱི་འོག་མན་ཆད་ཀྱི་རྩ་ལ་གནས་པ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། སྟེང་དང་འོག་ཏུ་ཁ་བལྟས་ནས། །སླར་ཡང་ཁ་སྦྱོར་ཚུལ་དུ་གནས། །སྲོག་དང་ཐུར་སེལ་རྒྱུ་བར་བྱེད། །ཅེས་དང་། སྟེང་དང་འོག་ལ་བརྟེན་ནས་ནི། །སྲོག་དང་ཐུར་སེལ་རླུང་ཆེན་གནས། །ཞེས་གསུངས་པའི་ཕྱིར་རོ།།

རླུང་ལྔའི་ཁ་དོག་ནི། སྲོག་འཛིན་གྱི་རླུང་གི་ཁ་དོག་དཀར་པོ་དང་། ཐུར་སེལ་གྱི་རླུང་གི་ཁ་དོག་སེར་པོ་དང་། གྱེན་རྒྱུའི་རླུང་གི་ཁ་དོག་དམར་པོ་དང་། མཉམ་གནས་ཀྱི་རླུང་གི་ལྗང་སེར་རམ་ཁ་དོག་ནག་པོ་དང་། ཁྱབ་བྱེད་ཀྱི་རླུང་གི་ཁ་དོག་སྔོ་བསངས་སུ་བཤད་དེ། རྡོ་རྗེ་འཕྲེང་བ་ལས། གཡས་པ་ལས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་པོ་བཟང་པོ་འདི། །པདྨ་མགོན་པོའི་རྒྱུ་བ་འོ། །གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ལ་བརྟེན་པ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོའི་རྒྱུ་བ་འོ། །གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོའི་རྒྱུ་བ་འོ། །དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །འདི་ནི་ཆུ་ཡི་དཀྱིལ་འཁོར་ཏེ། །རྡོ་རྗེ་མགོན་པོའི་རྒྱུ་བ་འོ། །ཁམས་ཀུན་ལས་ནི་ཡང་དག་བྱུང་། །རྟེན་དང་བརྟེན་པའི་གཟུང་བ་ནི། །རྣམ་པར་སྣང་མཛད་རང་བཞིན་ཏེ། །འཆི་བའི་མཐར་ནི་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར་གྱི་ཕྱིར། རྒྱུད་འདི་ལས་ཕྱི་མ་ཁྱབ་བྱེད་ཀྱི་རླུང་རྣམ་སྣང་གི་རང་བཞིན་དང་འཆི་བའི་མཐར་རྒྱུ་བར་བཤད་པ་ལས་ཁ་དོག་མ་བཤད་ཀྱང་སྔོ་བསངས་སུ་འདོད་དགོས་པར་གསུངས་སོ།།

རྩ་བའི་རླུང་ལྔའི་བྱ་བ་བྱེད་ཚུལ་གྱི་བྱེད་ལས་གང་བྱེད་ནི། སྲོག་འཛིན་གྱི་རླུང་གིས་ནི་རླུང་གཞན་རྣམས་དབང་པོ་སོ་སོའི་སྒོར་འདྲེན་པ་དང་། ཚེ་སྲིང་བ་དང་སྲོག་འཚོ་བའི་བྱ་བ་བྱེད་པ་དང་། གྱེན་རྒྱུའི་རླུང་གིས་རླུང་སྟོད་དུ་འདྲེན་ཅིང་ཟས་ཟ་བ་ལ་སོགས་པའི་བྱ་བ་བྱེད་པ་དང་། མཉམ་གནས་ཀྱི་རླུང་གིས་ཟས་ཀྱི་དྭངས་སྙིགས་བྱེད་ཅིང་དྭངས་མ་རྣམས་ལུས་ལ་འདྲེན་ནས་ལུས་བཅུད་གསོ་བའི་བྱ་བ་བྱེད་པ་དང་། ཐུར་སེལ་གྱི་རླུང་གིས་རླུང་དང་གཤང་གཅི་ཁུ་ཁྲག་སོགས་འོག་ཏུ་འདྲེན་ཅིང་འཕེན་འཛིན་གྱི་ལས་བྱེད་པ་དང་། ཁྱབ་བྱེད་ཀྱི་རླུང་གིས་ལུས་གཡོ་འགུལ་གྱི་བྱ་བ་བྱེད་པ་ཡིན་ཞིང་། དེ་ནི་རྩ་བའི་རླུང་ལྔའི་བྱེད་ལས་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། དབང་པོའི་སྒོ་ཡི་རྒྱུན་ལས་ནི། །སྲོག་དང་རྩོལ་བ་རྒྱུན་འདི་དང་། །དུས་ཀུན་དུ་ནི་རྒྱུ་བ་ནི། །སྲོག་ཅེས་བྱ་བ་ཡིན་པར་བཤད། །སྲོག་དང་རླུང་དང་ཕྱི་ས་དང་། །དེ་བཞིན་དུ་ནི་ཁུ་བ་སོགས། །འོག་འདྲེན་འདི་ནི་ཐུར་སེལ་རླུང་། །རྟག་ཏུ་རྣལ་འབྱོར་པས་ཤེས་བྱ། །དགོད་དང་ཟ་དང་ལྡག་པ་དང་། །ཀུན་དུ་འཐུང་དང་འཇིབ་པ་དང་། །གང་ཞིག་རྟག་ཏུ་མཉམ་གནས་པ། །མཉམ་དུ་གནས་པ་ཞེས་བྱར་བརྗོད། །གྱེན་དུ་འགྲོ་ཞིང་སྡུད་པ་དང་། །བཟའ་དང་མྱང་བ་ལ་སོགས་པ། །ཤེས་ནས་ལྷན་ཅིག་འབྱོར་པ་དག །གྱེན་རྒྱུའི་ལས་སུ་ཤེས་པར་བྱ། །ཁྱབ་དང་འཛིན་པ་ཉིད་དང་ནི། །དེ་བཞིན་འགྲོ་དང་ལྡོག་པ་སོགས། །ཚིགས་ཀུན་དུ་ནི་ཁྱབ་པའི་ཕྱིར། །ཁྱབ་བྱེད་ཅེས་ནི་བྱ་བར་བཤད། །ཅེས་གསུངས་པའི་ཕྱིར་རོ།།

རྩ་བའི་རླུང་ལྔ་ལས་རྣམ་རྟོག་སྐྱེད་བྱེད་ཀྱི་རླུང་གཙོ་བོ་ནི་སྲོག་ཐུར་གཉིས་ཡིན་ཏེ། ཡང་རྒྱུད་དེ་ཉིད་ལས། རྣམ་པར་རྟོག་པའི་རླུང་གཉིས་ནི། །ལུས་ཀུན་ལ་ནི་ཁྱབ་པར་བྱེད། །སྣ་ཡི་བུ་ག་ལས་ནི་རྒྱུ། །ལུས་ལ་རྟག་ཏུ་འབྱུང་བར་བྱེད། །འགྲོ་བ་དྲུག་གི་འཁོར་ལོའི་ལམ། །གང་གི་སྟོབས་ཀྱིས་ཁྱབ་པར་བྱེད། །ཅེས་དང་། སྲོག་དང་མཐུར་སེལ་རྒྱུ་བར་བྱེད། །དེ་ཉིད་རྟོག་པ་དང་བཅས་པ། །རླུང་གཉིས་སུ་ནི་གསལ་བར་གསུངས། །ཞེས་དང་། པཎྜི་ཏ་ཨ་ལཾ་ཀ་ཀ་ལ་ཤ་ཡི་རྡོ་རྗེ་ཕྲེང་བའི་རྒྱ་ཆེར་འགྲེལ་པ་ཟབ་མོའི་དོན་གྱི་འགྲེལ་པ་ལས། རྟོག་པ་དང་བཅས་པ་ཞེས་བྱ་བ་ནི་ཡུལ་གྱི་སྟོབས་ཀྱིས་རྣམ་པར་རྟོག་པ་དང་། རང་བཞིན་སྐྱེད་པའི་ཕྱིར་རོ། །རླུང་ཞེས་བྱ་བ་ནི་སྲོག་དང་ཐུར་སེལ་གྱི་རང་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལའང་རླུང་ལ་དྭངས་སྙིགས་གཉིས་ཡོད་པ་ལས་རླུང་རགས་པ་སྙིགས་མའི་རླུང་ལས་ནི་སྲོག་འཛིན་གྱི་རླུང་ལས་ཞེ་སྡང་དང་། གྱེན་རྒྱུ་ལས་འདོད་ཆགས་དང་། ཁྱབ་བྱེད་ལས་གཏི་མུག་དང་། མེ་མཉམ་ལས་ཕྲག་དོག་དང་། ཐུར་སེལ་ལས་ང་རྒྱལ་དང་སེར་སྣ་འབྱུང་བར་གསུངས་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྙིགས་མའི་སྣོད་བཅུད་ཁམས་གསུམ་དུ། །དུག་གསུམ་ངང་ལས་འབྱུང་བ་ནི། །སྲོག་འཛིན་རླུང་ལས་ཞེ་སྡང་སྐྱེས། །གྱེན་རྒྱུ་ལས་ནི་འདོད་ཆགས་བྱུང་། །གཏི་མུག་ཁྱབ་བྱེད་དུས་ཀུན་དུ། ། འབྲལ་བ་མེད་པས་གནས་པ་ཡིན། །དེ་ནས་མེ་དང་མཉམ་པ་ལས། །ཕྲག་དོག་འབྱུང་བར་གྱུར་པ་ཡིན། །ཐུར་སེལ་ལས་ནི་ང་རྒྱལ་དང་། །སེར་སྣ་མངོན་པར་བྱུང་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་དེ་འདྲའི་ཉོན་མོངས་པ་བསྐྱེད་པའི་རླུང་རྣམས་གང་ལས་བྱུང་བ་ཡིན་ཞེ་ན། དེ་ཉིད་ལས། རླུང་རྣམས་གང་ལས་འབྱུང་བ་ནི། །རིག་པ་ཀུན་དུ་རྟེན་གྱུར་པ། །ས་བོན་ཆ་ལས་འབྱུང་བཞི་གནས། །དེ་ལས་རྩ་བའི་རླུང་དུ་བྱུང་། །ཕྱི་རོལ་འོད་ལྔའི་སྣང་བ་ལས། །ཞེན་པས་རྒྱུ་འབྲས་ལ་རྨོངས་ཤིང་། །མ་རིག་པས་ནི་དེ་དག་ལས། །རྟེན་འབྲེལ་བཅུ་གཉིས་ཚུལ་དུ་འཁོར། །དུག་གསུམ་ལས་ནི་རྩ་གསུམ་སྟེ། །ཆགས་སྡང་དབང་གིས་ཕོ་མོར་བྱུང་། །དེ་ཕྱིར་སྔོན་གྱི་ལས་ཀྱིས་ནི། །སྐྱེ་བ་དང་ནི་འཆི་འཕོར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

མདོར་ན་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཐམས་ཅད་རླུང་གིས་བྱེད་པས་ན། །སྡིག་པ་མི་དགེ་ངན་སོང་ལྟུང་། །འཆི་དུས་འོག་སྒོ་གཉིས་ནས་ལྟུང་། །འཕོ་བས་འབྲས་བུ་ངན་འགྲོ་ཡིན། །དགེ་བཅུ་སྤྱོད་པ་རླུང་གི་ལས། །མཐོ་རིས་ཐར་པ་རྣམས་ལ་ནི། །བགྲོད་པ་རླུང་གིས་བྱེད་པ་སྟེ། །ཚངས་པའི་སྒོ་ནས་མཁའ་སྤྱོད་དུ། །འཕོ་བར་འགྱུར་རོ་སེམས་དཔའ་ཆེ། །རླུང་འཁྲུགས་པས་ནི་ལས་རྣམས་འཁྲུགས། །ཞིང་སོགས་འཁྲུགས་པས་ལས་མི་འགྲུབ། །རོ་སྙོམས་པས་ནི་ནད་མེད་ཅིང་། །ཡོན་ཏན་ཕུན་སུམ་ཚོགས་པ་འབྱུང་། །དབུ་མ་ལེགས་པའི་ལམ་བཟང་པོས། །ཕྱག་རྒྱ་ཆེན་པོའི་གནས་ཐོབ་ནས། །སྐུ་བཞི་ཡེ་ཤེས་ལྔ་འབྱུང་བ། །དཔལ་ལྡན་རྡོ་རྗེ་འཛིན་པ་འགྲུབ། །རིག་འཛིན་མོས་པར་སྤྱོད་པ་སྟེ། །དང་པོ་ལས་ཀྱི་ས་ཞེས་པ། །འདོད་ཁམས་གནས་པའི་གཞི་ཡིན་ཏེ། །དེ་ཕྱིར་ལས་རྣམས་རླུང་གིས་བྱེད། །ཅེས་གསུངས་པ་ལྟར་འཁོར་འདས་གཉིིས་ཀྱི་རྩ་བ་རླུང་གིས་བྱེད་ཅིང་རླུང་ལ་རག་ལས་པར་བཤད་དོ།།

ཡང་ལམ་དུས་སུ་རྩ་བའི་རླུང་འདི་ལྔ་རྡོར་བཟླས་བྱས་ནས་རྣལ་འབྱོར་བ་དེས་ཞི་བའི་འཕྲིན་ལས་སོགས་ཕྱི་རོལ་བ་དང་། བྱ་སྤྱོད་རྣལ་འབྱོར་གྱི་ཐུན་མོང་བའི་ལས་འགྲུབ་ཅིང་། སྒྱུ་མའི་སྐུ་འགྲུབ་པ་དང་། དེ་ལ་བརྟེན་ནས་ཚེ་གཅིག་གིས་སངས་རྒྱས་པར་བྱེད་པ་ནི་རྩ་བའི་རླུང་ལྔས་རྣལ་འབྱོར་བ་ལ་བྱ་བ་བྱེད་ཚུལ་ཡིན་ཏེ། ། རྡོ་རྗེ་ཕྲེང་བ་ལས། སྔོན་བཞིན་རྡོ་རྗེ་བཟླས་ལ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །དེ་ནས་སེམས་དཔའ་ཆེན་པོ་ཀུན། །དེ་ཉིད་མིག་སྨན་ཐུར་མ་ཡིས། །ཐམས་ཅད་འཁྲུལ་བའི་ལོང་བ་བསལ། །ཡང་དག་དངོས་པོ་ཉིད་ནི་མཐོང་། །ཞེས་གསུངས་པའི་ཕྱིར་རོ།།

ཡན་ལག་གི་རླུང་ལྔ་ནི། རྒྱུ་བའི་རླུང་དང་། རྣམ་པར་རྒྱུ་བའི་རླུང་དང་། ཡང་དག་པར་རྒྱུ་བའི་རླུང་དང་། རབ་ཏུ་རྒྱུ་བའི་རླུང་དང་། ངེས་པར་རྒྱུ་བའི་རླུང་དང་ལྔ་པོ་ཡིན་ཏེ། སྤྱོད་པ་བསྡུས་པའི་སྒྲོན་མ་ལས། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱའོ། །ཞེས་དང་། དཔལ་ཐུགས་རྗེའི་དཔལ་གྱི་སྒྲོན་གསལ་གསལ་བྱེད་ཀྱི་དཀའ་འགྲེལ་ལས། རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ངེས་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་རྣམས་དང་འབྲེལ་པར་སྟོན་པར་བྱེད་དོ། །ཞེས་དང་། ཁ་ཆེ་ལཀྵྨཱིའི་རིམ་ལྔའི་འགྲེལ་པའི་དོན་གསལ་བྱེད་ལས། ཉེ་བའི་རླུང་ལྔ་ནི་གྱེན་དུ་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ཡང་དག་པར་རྒྱུ་བའོ། །ཞེས་དང་། ཀླུའི་བྱང་ཆུབ་ཀྱི་རིམ་ལྔའི་བཤད་པ་ནོར་བུའི་ཕྲེང་བ་ལས། སྲོག་ཅེས་བྱ་བའི་རླུང་དེ་ཉིད་རྣམ་པ་བཅུར་འགྱུར་ཏེ་སྔར་བཤད་པ་རྣམ་པ་ལྔ་དང་། དབང་པོའི་དབྱེ་བས་རྒྱུ་བ་དང་། རྣམ་པར་རྒྱུ་བ་དང་། ཡང་དག་པར་རྒྱུ་བ་དང་། རབ་ཏུ་རྒྱུ་བ་དང་། ངེས་པར་རྒྱུ་བ་ཞེས་བྱ་བ་གཞན་ལྔའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡན་ལག་གི་རླུང་ལྔ་པོ་དེ་དག་ལ་མིང་འདོགས་གཞན་ཡང་མཆིས་ཏེ། ཀླུ་དང་། རུས་སྦལ་དང་། རྩངས་པ་དང་། ལྷ་སྦྱིན་དང་། གཞུ་ལས་རྒྱལ་ཞེས་པའི་མིང་གིས་བསྟན་པ་ཡོད་པའི་ཕྱིར་ཏེ། དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། ཀླུ་དང་རུས་སྤལ་དག་དང་རྩངས་པའི་རླུང་དང་ལྷ་སྦྱིན་དང་ནི་ནོར་ལས་རྒྱལ་ཞེས་པ། །རླུང་ནི་རྣམ་པ་བཅུ་པོ་འདི་རྣམས་ལྟེ་བའི་འཁོར་ལོ་ལ་ནི་ལས་ཀྱི་དབྱེ་བས་ཡང་དག་གནས། །ཞེས་དང་། དགོངས་པ་ལུང་བསྟན་པ་རྒྱུད་ལས། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་གཞུ་རྒྱལ་ཞེས་བྱ་བ། །ཞེས་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། རིམ་པས་ཀླུ་དང་རུས་སྦལ་རྩངས། །ལྷ་སྦྱིན་དང་ནི་ནོར་ལས་རྒྱལ། །ཞེས་དང་། ཨཱརྱ་དེ་བའི་སྤྱོད་པ་བསྡུས་པའི་སྒྲོན་མ་ལས། ཀླུ་དང་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་གཞུ་ལས་རྒྱལ། །ཞེས་དང་། ཁ་ཆེ་ལཀྵྨཱིའི་རིམ་ལྔའི་འགྲེལ་པའི་དོན་གསལ་བྱེད་ལས། གླང་པོ་རུས་སྦལ་རྩངས་པ་དང་། །ལྷ་སྦྱིན་དང་ནི་ནོར་རྒྱལ་ལོ། །ཞེས་གསུངས་པའི་ཕྱིར་རོ།།

སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བའི་རྒྱུད་ལས་རླུང་བཅུ་ལ་སྒྲ་ཇི་བཞིན་མ་ཡིན་པ། ཀོ་ཊ་ཁྱ་དང་ཀོ་ཊ་བཱ། །ཀོ་ཊ་ཀོ་ཊ་པོ་ཀོར་ཐཱིར། །ཀོ་ལ་ཁྱ་དང་ཀོ་ལ་ཝ། ཀོ་ལ་ཀོ་ལ་ཝ་ཀོ་ལིར། །ཞེས་བྱ་བའི་མིང་གི་སྒོ་ནས་བསྟན་པར་མཁས་པ་ཆེན་པོ་ཁ་ཆེ་ལཀྵྨཱིས་གསུངས་ལ། ཁོ་བོས་མཐོང་བའི་སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ལས། ཀོ་ཊ་ཀྵ། ཀོ་ཊ་བ། ཀོ་ཊ་བཤྩ། ཀོ་ཊཱ་རི་ཀ །ཀོ་ལ་ག་ཀྵ། ཀོ་ལ་བ། ཀོ་ལ། ཀོ་ལ་བཤྩ། ཀོ་ལ་བྷ་སྟ་ཐཱ། ཕྱག་ན་རྡོ་རྗེ་རང་དོན་གྱི། །མཚན་འདི་རྣམས་ནི་གང་བརྗོད་པ། །དེ་ལ་རྒྱལ་པོ་རྡོ་རྗེ་འཛིན། །བྲན་བཞིན་དངོས་གྲུབ་སྟེར་བར་འགྱུར། །ཞེས་ཟེར་བ་ཕྱག་རྡོར་གྱི་མཚན་བསྟན་པ་ཞིག་ལས་མེད་ལ། དེ་ཡང་གྲངས་དགུ་ལས་བཅུ་མེད་པས་ཡི་གེ་ཆད་དམ་སྙམ་མོ།།

རླུང་བརྒྱ་རྩ་བརྒྱད་ཀྱི་དབྱེ་བ་ནི་དོན་ལ་རླུང་བཅུའི་ནང་དུ་འདུས་པར་གསུངས་ལ། དེའི་དབྱེ་ཚུལ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་དང་། མགྲིན་པའི་འོག་གི་མེ་འཁོར་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་དང་། སྨིན་མཚམས་རླུང་གི་འཁོར་ལོ་དང་། སྤྱི་བོ་བདེན་ཆེན་གྱི་འཁོར་ལོ་དྲུག་པོ་རེ་རེ་ལ་ཁྱབ་བྱེད་ཀྱི་རླུང་ནི་ལུས་ཀུན་ལ་ཁྱབ་པ་དེ་མ་གཏོགས་པའི་རྩ་བ་དང་ཡན་ལག་གི་རླུང་དགུ་པོ་རེ་རེ་རྒྱུ་བས་ལྔ་བཅུ་ང་བཞི་པོ་དེ་ཉིན་མོར་ང་བཞི་དང་། མཚན་མོ་ང་བཞི་རྒྱུ་བ་བརྒྱ་དང་བརྒྱད་དོ།།

ཡན་ལག་གི་རླུང་ལྔའི་ཁ་དོག་ནི་འོད་ཟེར་ལྔ་དང་ལྡན་པ་ལགས་ཤིང་། རྒྱུ་བའི་རླུང་དམར་པོ་དང་། རྣམ་པར་རྒྱུ་བའི་རླུང་སྔོན་པོ་དང་། ཡང་དག་པར་རྒྱུ་བའི་རླུང་སེར་པོ་དང་། རབ་ཏུ་རྒྱུ་བའི་རླུང་དཀར་པོ་དང་། ངེས་པར་རྒྱུ་བའི་རླུང་ལྗང་གུ་ཡིན་པར་འགོས་ལོ་ཙཱ་བས་གསུངས་པར་རྗེའི་རིམ་ལྔ་གསལ་སྒྲོན་དུ་གསུངས་སོ།།

ཡན་ལག་གི་རླུང་ལྔ་སོ་སོའི་གནས་ཡུལ་དང་བྱེད་ལས་ནི། ཡན་ལག་གི་རླུང་མིག་དབང་སོགས་དབང་པོ་ལྔ་སོ་སོ་ལ་གནས་ཤིང་། དབང་པོ་ལྔ་ཡིས་གཟུགས་སོགས་ཡུལ་ལྔ་འཛིན་པའི་བྱ་བ་བྱེད་པའི་ལས་བྱེད་པའམ་རྟེན་བྱེད་པར་བཤད་དེ། ཀླུ་བྱང་གི་རིམ་ལྔའི་བཤད་པ་ནོར་ཕྲེང་ལས། དེ་ལ་རྒྱུ་བ་ཞེས་བྱ་བའི་རླུང་ནི་མིག་གི་དབང་པོ་ལ་བརྟེན་ནས་གཟུགས་ཀྱི་བྱ་བ་རྫོགས་པར་བྱེད་དོ། །རྣམ་པར་རྒྱུ་བ་ནི་རྣ་བ་ལ་བརྟེན་ནས་སྒྲའི་བྱ་བ་བྱེད་དོ། །ཡང་དག་པར་རྒྱུ་བ་ནི་སྣའི་དབང་པོ་ལ་བརྟེན་ནས་དྲིའི་བྱ་བ་བྱེད་དོ། །རབ་ཏུ་རྒྱུ་བ་ནི་ལྕེའི་དབང་པོ་ལ་བརྟེན་ནས་རོའི་བྱ་བ་བྱེད་དོ། །ངེས་པར་རྒྱུ་བ་ཞེས་བྱ་བའི་རླུང་ནི་ལུས་ཀྱི་དབང་པོ་ལ་བརྟེན་ནས་རེག་བྱའི་བྱ་བ་བྱེད་དོ། །ཡང་དེ་རྣམས་ཐམས་ཅད་ནི་མིག་དང་རྣ་བ་དང་ཡིད་ལ་བྱེད་པ་དང་། གཟུགས་རྣམས་ཀྱི་ཚོགས་ལ་བརྟེན་ནས་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་སྐྱེད་པར་བྱེད་དོ། །ཞེས་དང་། ཁ་ཆེ་ལཀྵྨཱིའི་རིམ་ལྔའི་དོན་གསལ་བྱེད་ལས། དེ་ལ་གྱེན་དུ་རྒྱུ་བའི་རླུང་ནི་མིག་གི་དབང་པོ་ལ་གནས་ཏེ་གཟུགས་གཟུང་བའི་བྱ་བ་བྱེད་པ་ཡིན་ནོ། །རྣམ་པར་རྒྱུ་བའི་རླུང་ནི་རྣ་བའི་དབང་པོ་ལ་གནས་ཏེ་སྒྲ་གཟུང་བའི་བྱ་བ་བྱེད་པའོ། །ཡང་དག་པར་རྒྱུ་བའི་རླུང་ནི་སྣའི་དབང་པོ་ལ་གནས་ཏེ་དྲི་གཟུང་བའི་བྱ་བ་བྱེད་པའོ། །རབ་ཏུ་རྒྱུ་བའི་རླུང་ནི་ལྕེའི་དབང་པོ་ལ་གནས་ཏེ་རོ་འཛིན་པའི་བྱ་བ་བྱེད་པའོ། །ངེས་པར་རྒྱུ་བའི་རླུང་ནི་ལུས་ཀྱི་དབང་པོ་ལ་གནས་ཏེ་རེག་པ་གཟུང་བའི་བྱ་བ་བྱེད་པ་སྟེ་ཉེ་བའི་རླུང་རྣམས་ཀྱི་གནས་དང་ལས་ཀྱི་དབྱེ་བ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་རོ།།

ཡན་ལག་གི་རླུང་ལྔ་ནི་ཤས་ཆེར་སྲོག་འཛིན་གྱི་ཡན་ལག་དང་། འཆར་ནུབ་གཉིས་ཀའི་གཙོ་བོའི་གནས་ནི་སྙིང་ཁ་ཡིན་པར་བཤད་དོ།།

དེ་ལྔས་རྣལ་འབྱོར་བ་ལ་བྱ་བ་བྱེད་ཚུལ་ནི། ལན་ལག་གི་རླུང་རྣམས་རྡོར་བཟླས་བྱས་པས་མངོན་ཤེས་ལྔ་ཐོབ་ཅིང་ཡུལ་སྣང་ཐམས་ཅད་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཉམས་འབར་བའི་གྲོགས་བྱེད་པ་ཡིན་ནོ།།

སྣ་རྩེ་གསུམ་ཞེས་པ་ནི། རྡོ་རྗེ་ཕྲེང་བ་ལས། སྣ་རྩེ་གསུམ་གྱི་མཚན་ཉིད་ནི། །གསང་བ་སྙིང་ག་གདོང་སྣའི་མིང་། །གསུམ་པོ་རྒྱུད་ལས་གསལ་བ་ནི། །འཁོར་ལོ་གསུམ་གྱི་དབྱེ་བ་ཡིས། །རྣལ་འབྱོར་པ་ཡིས་བསྒོམ་པའི་རིམ། །ཞེས་གསུངས་པ་ལྟར། དབུ་མའི་སྟེང་གི་སྣ་རྩེ་དང་། སྙིང་གའི་སྣ་རྩེ་དང་། གསང་བའི་སྣ་རྩེ་གསུམ་ལ་བྱེད་ཅིང་། རྡོ་རྗེ་ཕྲེང་བའི་རླུང་གི་དེ་ཁོ་ན་ཉིད་བཤད་པའི་ལེའུ་སྟེ་བཅུ་གཉིས་པ་ལས། དེ་ལ་རླུང་གི་འོད་ཟེར་མཆོག །གསལ་བ་ཆེན་པོའི་ཁ་དོག་ལྔ། །དེ་བཞིན་གཤེགས་པ་ལྔ་རང་བཞིན། །ཕུང་པོ་ལྔ་ཡི་རང་ངོ་བོ། །དེ་ནི་ཡེ་ཤེས་ལྔ་དག་པ། །རླུང་ལྔ་རུ་ནི་རྒྱུ་བར་བྱེད། །མངོན་པར་བྱང་ཆུབ་རྣམ་པ་ལྔའི། །དེ་ཉིད་མཚན་ཉིད་གོ་འཕང་མཆོག །ཞེས་གསུངས་པ་ལྟར། སྟེང་གི་སྣ་རྩེ་ལས་རླུང་འོད་ཟེར་ལྔ་ལྡན་རྒྱལ་བ་རིགས་ལྔ་དང་ཡེ་ཤེས་ལྔའི་ངོ་བོར་གནས་པ་དེ་རྒྱུ་བ་ཡིན་པར་གསུངས་ཤིང་། རྒྱུ་ཚུལ་ལམ་འབྱུང་ཚུལ་ནི་རྣམ་པ་བཞི་སྟེ། སྣ་བུག་གཡས་ནས་རྒྱུ་བ་དང་། གཡོན་ནས་རྒྱུ་བ་དང་། སྣ་བུག་གཉིས་ཀ་ནས་དལ་བུར་རྒྱུ་བ་དང་། དྲག་པོར་རྒྱུ་བ་དང་བཞི་ཡོད་པར་བཤད་པའི་ཕྱིར་ཏེ། རྡོ་རྗེ་ཕྲེང་བའི་ལེའུ་བཅུ་གཉིས་པ་དེ་ཉིད་ལས། སྟེང་གི་སྣ་ལས་ངེས་འབྱུང་བ། །གཡས་དང་གཡོན་དང་གཉིས་ག་ཡང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་འདྲའི་རྒྱུ་བའི་རླུང་བཞི་པོ་དེ་གནས་གང་ནས་སམ་ཅི་འདྲ་ཞིག་ནས་རྒྱུ་འོང་བ་ཡིན་ཞེ་ན། སྣ་བུག་གཡས་ནས་རྒྱུ་བའི་རླུང་ནི་ལྐོག་མའམ་མགྲིན་པའི་རྩ་འཁོར་ནས་རྒྱུ་བ་དང་། སྣ་བུག་གཡོན་ནས་རྒྱུ་བའི་རླུང་ནི་ལྟེ་བའི་རྩ་འཁོར་ནས་རྒྱུ་བ་དང་། སྣ་བུག་གཉིས་ཀ་ནས་དལ་བུར་རྒྱུ་བའི་རླུང་ནི་སྙིང་གའི་རྩ་འཁོར་ནས་རྒྱུ་བ་དང་། སྣ་བུག་གཉིས་ཀ་ནས་དྲག་པོར་རྒྱུ་བའི་རླུང་ནི་གསང་བའི་རྩ་འཁོར་ནས་རྒྱུ་བ་ཡིན་ཕྱིར་རྒྱུ་བའི་རླུང་བཞིའི་གནས་སའམ་སྡོད་ས་དེ་ལྟར་ངེས་པར་བསྟན་པ་ཡིན་ཏེ། དེ་ཉིད་ལས། སྟེང་གི་སྣ་ལས་ངེས་འབྱུང་བ། །གཡས་དང་གཡོན་དང་གཉིས་ག་ཡང་། །དལ་བར་རྒྱུ་དང་རྣམ་བཞིར་འགྱུར། །ནང་གི་དུས་ནི་ཡིན་པར་བཤད། །ལྐོག་མ་སྙིང་ག་ལྟེ་བ་དང་། །གསང་བའི་པད་མར་འགྲོ་འོང་སྟོན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བའི་དབང་དུ་བཏང་ནས་དུས་ཡུན་བརྩི་བའི་ཚུལ་ལ་རྒྱུད་རྣམས་སུ་མི་འདྲ་བ་དུ་མ་ཡོད་དེ། དགྱེས་པ་རྡོ་རྗེ་ལས་ནི་འབྱུང་བ་བཞི་ཡི་རླུང་དེ་ཉིད་ཉིན་ཞག་ཕྲུགས་གཅིག་ལ་ཐུན་ཚོད་བཞི་དང་། ཐུན་ཚོད་རེ་ལ་འཕོ་བ་བཞི་དང་། ཉིན་ཞག་ཕྲུགས་གཅིག་གི་ཐུན་ཚོད་བཞི་པོར་འཕོ་བ་བཅུ་དྲུག་ཏུ་རྒྱུ་བ་ཡིན་ཞིང་། འཕོ་བ་རེ་ལ་ཆུ་ཚོད་གཉིས་རེ་ཡོད་པས་འཕོ་བ་བཅུ་དྲུག་པོར་ཆུ་ཚོད་སུམ་ཅུ་སོ་གཉིས་ཡོད་པ་དང་། ཆུ་ཚོད་རེ་ལ་དབྱུག་གུ་གཉིས་རེ་ཡོད་པས་ཆུ་ཚོད་སུམ་ཅུ་སོ་གཉིས་པོ་ལ་དབྱུག་གུ་དྲུག་ཅུ་རེ་བཞི་ཡོད་ཕྱིར་དེ་ལྟར་ཉིན་ཞག་གཅིག་ལ་འཕོ་བའི་དབང་དུ་བཏང་དུ་འཕོ་བ་བཅུ་དྲུག་དང་། ཆུ་ཚོད་ཀྱི་དབང་བཏང་ན་ཆུ་ཚོད་སོ་གཉིས་དང་། དབྱུག་གུའི་དབང་དུ་བྱས་ན་དབྱུག་གུ་རེ་བཞི་ཡོད་པ་དེའི་ཡུན་ལ་འབྱུང་བ་བཞིའི་རླུང་ཁུག་པ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་པར་བཤད་དེ། ཀྱེའི་རྡོ་རྗེའི་རྒྱུད་ལས། འཕོ་བ་བཅུ་དྲུག་དང༌། དབྱུག་གུ་དྲུག་ཅུ་རྩ་བཞི་དང༌། ཆུ་ཚོད་སུམ་ཅུ་རྩ་གཉིས་དང༌། ཐུན་ཚོད་བཞི་སྟེ། དེ་ལྟར་ཐམས་ཅད་བཞིའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཁྲོ་བོ་དཔའ་བོ་གཅིག་པའི་རྒྱུད་ལས། འཕོ་བ་བཅུ་དྲུག་སྦྱོར་བ་ཡིས། །སོ་སོར་དབྱུག་གུ་རེ་རེའོ། །དཀྱིལ་འཁོར་བཞི་ནི་འབབ་པ་ཡིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལ། །ཞེས་དང་། གཤེད་དམར་གྱི་རྒྱུད་ལས། འཚོ་བ་འཕོ་བ་བཅུ་དྲུག་གོ། སྦྱོར་བས་སོ་སོ་རེ་རེ་ལ། །དཀྱིལ་འཁོར་བཞི་སྟེ་རེ་རེ་ལ། །དབྱུག་གུ་རེ་རེ་འབབ་པ་ཡིས། །ཉི་ཁྲི་བརྒྱ་ཕྲག་བཅུ་དྲུག་གོ །ཞེས་གསུངས་པ་ནི་ཆུ་ཚོད་སོ་གཉིས་མ་བཤད་པ་ཙམ་ལས་ཀྱེ་རྡོར་དང་མཐུན་པར་ཉིན་ཞག་ཕྲུགས་གཅིག་ལ་འཕོ་བ་བཅུ་དྲུག་དང་དབྱུག་གུ་རེ་བཞི་རུ་རྒྱུ་བའི་ལུགས་སུ་ཤེས་ལ། འདི་དག་འབྱུང་བ་བཞིའི་རླུང་འབྱུང་ཆེན་རེ་རེ་འཕོ་བ་བཞི་དང་། ཆུ་ཚོད་བརྒྱད་དང་། དབྱུག་གུ་བཅུ་དྲུག་གི་ཡུན་ལ་རྒྱུ་བ་ཡིན་ཕྱིར་འཕོ་བ་རེ་ལ་འབྱུང་ཆུང་གི་རླུང་ཆིག་སྟོང་སུམ་བརྒྱ་ལྔ་བཅུ་རྒྱུ་བཞིན་ཡོད་པ་ཡིན་ཞིང་། དེ་ཆུ་ཚོད་དང་དབྱུག་གུར་སྦྱར་ན་གྲངས་ཇི་ལྟར་རྒྱུ་བའི་ཚུལ་ཤེས་པ་ཡིན་ནོ།།

ཡང་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྒྱུ་བ་བཞི་ནི་འབྱུང་བའི་རླུང་། །དྭངས་སྙིགས་འབྱེད་པ་བརྒྱད་དུ་འགྱུར། །འདི་ཉིད་རླུང་ནི་ཐུན་བརྒྱད་དེ། །ཐུན་རེ་ལ་ནི་འཕོ་བ་གཉིས། །རླུང་གི་འཕོ་བ་བཅུ་དྲུག་ཡིན། །འཕོ་བ་གཅིག་ལ་ཆུ་ཚོད་གཉིས། །ཆུ་ཚོད་རེ་ལ་དབྱུག་གུ་གཉིས། །རླུང་གི་དབྱུག་གུ་དྲུག་ཅུ་བཞི། །དེ་བཞིན་ཆུ་ཚོད་སུམ་ཅུ་གཉིས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་སོགས། །སེམས་དང་སེམས་མིན་འདྲེས་པའི་རླུང་། །རགས་པ་དང་ནི་ཕྲ་བ་ལ། །མཁས་པས་སེམས་ཀྱི་བཞོན་པར་གཟུང་། །ཞེས་གསུངས་པ་ནི། ཉིན་ཞག་ཕྲུགས་གཅིག་ལ་ཐུན་བརྒྱད་དང་། ཐུན་རེར་འཕོ་བ་གཉིས་དང་། འཕོ་བ་རེར་ཆུ་ཚོད་སོ་གཉིས་དང་། དེ་རེ་རེ་ལ་དབྱུག་གུ་གཉིས་རེ་བྱས་པས་དབྱུག་གུ་དྲུག་ཅུ་རེ་བཞི་བྱས་པའི་ཡུན་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བར་གསུངས་པ་ཡང་ཐུན་བརྒྱད་དང་བཞིར་དབྱེ་བའི་ཁྱད་པར་ཙམ་ལས་ཀྱེ་རྡོར་ཇི་མ་ཇི་བཞིན་དུ་དགོངས་པ་གཅིག་གོ།

རྡོ་རྗེ་གདན་བཞི་དང་། རྡོ་རྗེ་མཁའ་འགྲོ་དང་། མཁའ་འགྲོ་རྒྱ་མཚོའི་རྒྱུད་རྣམས་ཀྱི་ལུགས་ལ་ནི། ཉིན་མཚན་གཅིག་ལ་ཆུ་ཚོད་དྲུག་ཅུ་རེ་བྱས་ནས་ཆུ་ཚོད་གཅིག་ལ་འབྱུང་བའི་རླུང་སུམ་བརྒྱ་དྲུག་ཅུ་རྒྱུ་བར་བྱས་ནས་ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བར་བཞེད་དེ། རྒྱུད་ཀྱི་རྒྱལ་པོ་ཆེན་པོ་དཔལ་གདན་བཞི་ལས། དབུགས་ཀྱི་ལས་ལ་སོགས་ཐམས་ཅད། །ཡེ་ཤེས་ཅན་གྱི་ལས་སུ་སྦྱར། །ཉི་ཁྲི་དང་ནི་ཆིག་སྟོང་དང༌། །དྲུག་བརྒྱ་རུ་ནི་བརྩི་བར་བྱ། །ཆུ་ཚོད་དྲུག་ཅུའི་དབུགས་རྣམས་ཀྱིས། །ཉིན་མཚན་དུ་ནི་གྲགས་པ་ཡིན། །འབྱུང་དང་འཇུག་པའི་དབུགས་རྣམས་ནི། །འབྱུང་བའི་གྲངས་ཀྱིས་བརྩི་བར་བྱ། །བློ་དང་ལྡན་པས་དབུགས་གཉིས་ནི། །འཇུག་པ་འབྱུང་ལ་ཐིམ་པར་བྱ། །ཞེས་དང་། ཆུ་ཚོད་དྲུག་ཅུའི་གྲངས་ཀྱིས་ནི། །ཉིན་མཚན་ཕྲུགས་གཅིག་ཏུ་ནི་སྦྱར། །ཞེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཉི་ཁྲི་དང་ནི་ཆིག་སྟོང་དང་། །དྲུག་བརྒྱ་རུ་ནི་རྩིས་པ་ཡི། །ཆུ་ཚོད་དྲུག་བཅུའི་དབུགས་རྣམས་ཀྱིས། །ཉིན་མཚན་ལོ་རུ་གྲགས་པ་ཡིན། །འབྱུང་དང་འཇུག་པའི་དབུགས་དག་ལས། །འབྱུང་བའི་མཚན་མས་བགྲང་བར་བྱ། །ཞེས་དང་། མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ལས། ཁྲི་ཕྲག་གཉིས་ལ་སྟོང་དང་ནི། །དྲུག་བརྒྱ་ཡིས་ནི་ལྷག་པའོ། །དབུགས་ཀྱི་ཆུ་ཚོད་དྲུག་ཅུ་ལ། །ཞག་གཅིག་ཏུ་ནི་རབ་ཏུ་གྲགས། །ཞེས་གསུངས་པའི་ཕྱིར། གདན་བཞིའི་རྣམ་པར་བཤད་པའི་རྒྱུད་ཀྱི་རྒྱལ་པོ་ལས། གཡོན་པའི་དབུགས་ནི་དྲི་མེད་གསུམ། །ཉིན་དང་མཚན་གྱི་དངོས་པོ་ཡིས། །འཕོ་བ་བརྒྱད་དུ་བཤད་པའོ། །ཞེས་ཉིན་མཚན་གཅིག་ལ་འཕོ་བ་བརྒྱད་བཤད་པའང་ཡོད་དོ།།

དགོངས་པ་ལུང་སྟོན་དང་དཔལ་རྡོ་རྗེ་ཕྲེང་བའི་རྒྱུད་ཀྱི་ལུགས་ལ་ནི། རྡོ་རྗེ་ཕྲེང་བའི་ལེའུ་བཅུ་གཉིས་པ་ལས། ཐུན་ཕྱེད་ཀྱི་ནི་དུས་དག་ཏུ། །གོ་རིམ་ཇི་བཞིན་གནས་པས་བསྟན། །ཞེས་གསུངས་པ་ལྟར། ཉིན་ཞག་ཕྲུགས་གཅིག་ལ་ཐུན་བཅུ་གཉིས་དང་། དེ་ལ་ཐུན་ཕྱེད་པ་ཉེར་བཞི་ཡོད་པར་བྱས་ན། འབྱུང་བ་བཞིའི་རླུང་ནི་འབྱུང་བའི་དཀྱིལ་འཁོར་རེའི་རླུང་ནི་ཐུན་ཕྱེད་པ་རེར་རྒྱུ་བ་ཡིན་པས་ཐུན་ཕྱེད་རེའི་ཡུན་ལ་རླུང་དགུ་བརྒྱ་རྒྱུ་བ་ཡིན་ཕྱིར་ཉིན་ཞག་ཕྲུགས་གཅིག་ལ་ཐུན་ཕྱེད་པ་ཉེར་བཞིར་རླུང་དགུ་བརྒྱ་ཚན་པ་ཉེར་བཞི་རྒྱུ་བ་ཡིན་ནོ།།

དེ་ནི་འབྱུང་བ་མེ་སོགས་དཀྱིལ་འཁོར་རེ་རེའི་རླུང་རྒྱུ་བའི་ཡུན་ཚད་བསྟན་པ་སྟེ་དགོངས་པ་ལུང་སྟོན་དང་རྡོ་རྗེ་དཔལ་མཆོག་ཆེན་པོའི་རྒྱུད་སོགས་ཀྱི་དགོངས་པ་ཡིན་ཏེ། དགོངས་པ་ལུང་བསྟན་པའི་རྒྱུད་ལས། བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པ་ལེགས་པར་བསྒྲེས་པ་ཡིས། །སྦྱོར་བཞིས་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའོ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཆུ་ནི་ཉིས་བརྒྱ་ཉི་ཤུ་ལྔ། །ས་དང་མེ་དང་རླུང་དག་ལའང་། །དེ་ཉིད་བཞིན་དུ་མཉམ་པར་འབྱུང་། །དབྱུག་གུ་གཉིས་ལ་ཆུ་ཚོད་གཅིག །དེ་ལ་བཞི་བརྒྱ་ལྔ་བཅུ་ཡིན། །ཆུ་ཚོད་གཉིས་ལ་འཕོ་བ་གཅིག །དེ་ལ་དགུ་བརྒྱ་ཕྲག་གཅིག་སྟེ། །འཕོ་བ་གཉིས་ལ་ཐུན་གཅིག་སྟེ། །དེ་ལ་སྟོང་དང་བརྒྱད་བརྒྱའོ། །ཐུན་ནི་རྣམ་པ་བཅུ་གཉིས་ཡིན། །དེ་ལ་ཉི་ཁྲི་ཆིག་སྟོང་སྟེ། །སྤྱིར་སྡོམ་ཉིན་ཞག་གཅིག་ལ་ནི། །འཕོ་བ་ཉི་ཤུ་རྩ་བཞི་ཡིན། །ཁྲི་ཕྲག་གཉིས་དང་སྟོང་དང་ནི། །དྲུག་བརྒྱ་འབྱུང་བར་རྒྱུ་བ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

རྒྱུད་ཕྱི་མ་དེ་ལས། ཐུན་ནི་རྣམ་པ་བཅུ་གཉིས་ཡིན། །ཞེས་གསུངས་པས། ཉིན་ཞག་ཕྲུགས་གཅིག་ལ་ཐུན་བཅུ་གཉིས་དང་། ཡང་། འཕོ་བ་གཉིས་ལ་ཐུན་གཅིག་སྟེ། །ཞེས་འཕོ་བ་གཉིས་རེ་ཐུན་གཅིག་ཡིན་པར་གསུངས་པས་ཐུན་རེ་ལ་འཕོ་བ་གཉིས་རེ་བྱས་ན་ཉིན་ཞག་ཕྲུགས་གཅིག་ལ་འཕོ་བ་ཉེར་བཞི་དང་། ཡང་། དབྱུག་གུ་གཉིས་ལ་ཆུ་ཚོད་གཅིག །ཅེས་དང་། ཆུ་ཚོད་སུམ་ཅུ་གཉིས་ལ་ནི། །དབྱུག་གུ་དྲུག་ཅུ་རྩ་བཞི་ཡིན། །ཞེས་གསུངས་པས་ཉིན་ཞག་ཕྲུགས་གཅིག་ལ་ཆུ་ཚོད་སུམ་ཅུ་སོ་གཉིས་དང་། ཆུ་ཚོད་རེ་ལ་དབྱུག་གུ་གཉིས་རེ་བྱས་པས་ཉིན་ཞག་ཕྲུགས་གཅིག་ལ་དབྱུག་གུ་རེ་བཞི་བྱུང་ཞིང་། ཡང་། དེ་དག་འབྱུང་བ་འཛིན་པ་ནི། །ཆུ་སོགས་ཉི་ཤུ་རྩ་བཞི་རྒྱུ། །ཞེས་ཐུན་ཕྱེད་རེ་ལ་འབྱུང་བའི་དཀྱིལ་འཁོར་བཞི་པོའི་འབྱུང་ཆུང་གི་རླུང་ཁུག་པ་དགུ་བརྒྱ་རེ་རྒྱུ་བས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་ཉིན་ཞག་གཅིག་ལ་རྒྱུ་བར་བཞེད་ཅིང་གསང་འདུས་ཀྱི་བཞེད་པ་ནི་འདི་ལྟར་འཆད་དོ།།རླུང་འཕོ་ཚུལ་དེ་ལ་ཡང་རྩ་འདབ་གཅིག་ནས་གཅིག་ཏུ་འཕོ་བ་དང་། རླུང་གཅིག་ནས་གཅིག་ཏུ་འཕོ་བ་དང་། སྣ་བུག་གཅིག་ནས་གཅིག་ཏུ་འཕོ་བ་གསུམ་ཡོད་ལ། དང་པོ་ནི། ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྩ་ཡི་དཀྱིལ་འཁོར་བཞིའི་འདབ་མ་རེ་རེར་རྒྱུ་བའི་དབང་དུ་བྱས་ན། ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འདབ་དྲུག་ཅུ་རེ་བཞི་པོའི་འདབ་མ་རེ་ལ་རླུང་སུམ་བརྒྱ་སོ་བདུན་དང་ཕྱེད་རྒྱུ་བས་རྩ་འདབ་རེ་བཞིར་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ།།

དེ་བཞིན་གསང་བའི་དཀྱིལ་འཁོར་གྱི་རྩ་འདབ་སོ་གཉིས་ལ་སྔ་མའི་ཉིས་འགྱུར་ཏེ་རླུང་སུམ་བརྒྱ་སོ་བདུན་དང་ཕྱེད་ཉིས་འགྱུར་གྱི་རླུང་དྲུག་བརྒྱ་དོན་ལྔ་རྩའི་འདབ་མ་རེ་རེ་ལ་རྒྱུ་བས་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ།།

ཡང་མགྲིན་པའི་དཀྱིལ་འཁོར་གྱི་རྩ་འདབ་བཅུ་དྲུག་ལ་སྔ་མའི་ཉིས་འགྱུར་ཏེ། རླུང་དྲུག་བརྒྱ་དོན་ལྔ་ཉིས་འགྱུར་གྱི་རླུང་ཆིག་སྟོང་སུམ་རྒྱ་ལྔ་བཅུ་རེ་འདབ་མ་རེ་རེ་ལ་རྒྱུ་བས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ།།

དེ་བཞིན་དུ་སྙིང་གའི་དཀྱིལ་འཁོར་གྱི་རྩ་འདབ་བརྒྱད་ལ་ཡང་སྔ་མའི་ཉིས་འགྱུར་ཏེ། རླུང་ཆིག་སྟོང་སུམ་རྒྱ་ལྔ་བཅུ་ཉིས་འགྱུར་གྱི་རླུང་ཉིས་སྟོང་བདུན་བརྒྱ་འདབ་མ་རེ་རེ་ལ་རྒྱུ་བས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་ནོ།།

འདིར་སྤྱི་བོའི་འཁོར་ལོར་རླུང་རྒྱུ་ཚུལ་གྱི་གྲངས་མ་བགྲང་བ་ནི་སྤྱི་བོའི་འཁོར་ལོ་དང་གསང་བའི་འཁོར་ལོ་གཉིས་རྩ་འདབ་མཉམ་པས་ཅིག་ཤོས་བགྲང་བས་ཅིག་ཤོས་མ་བགྲང་ནའང་དེ་དང་འདྲ་བར་ཤེས་ལ། སྤྱི་བོའི་འཁོར་ལོར་རྒྱུ་ཚུལ་བགྲང་ནས་གསང་བའི་འཁོར་ལོར་རྒྱུ་ཚུལ་མ་བགྲང་ཡང་ཆོག་སྙམ་མོད། ལྟེ་བའི་ཉིས་འགྱུར་གསང་བ་ལ་རྩི་བ་ལས་སྤྱི་བོ་ལ་བརྩི་བ་མིན་པས་ལྟེ་བ་ནས་གསང་བ་ཞེས་བགྲང་དགོས་པ་ཡིན་པར་ངེས་སོ།།

གཉིས་པ་རླུང་གཅིག་ནས་གཅིག་ཏུ་འཕོ་བ་ནི། འདི་ལ་འབྱུང་ཆེ་དང་འབྱུང་ཆུང་གི་རླུང་གཉིས་སུ་འབྱེད་པ་ཡིན་ཞིང་། དཔེར་ན་མེ་ཡི་རླུང་འབྱུང་བ་ཆེ་བ་དང་། དེ་ལ་མེའི་མེ་དང་། མེའི་རླུང་དང་། མེའི་ས་དང་། མེའི་ཆུ་བཞི་ནི་འབྱུང་བ་ཆུང་བའི་རླུང་ཡིན་ཕྱིར་འབྱུང་ཆེ་གཅིག་ལ་ནང་གསེས་འབྱུང་ཆུང་བཞི་ཕྱེས་ནས་གསུངས་ཤིང་། དེ་ལྟར་འབྱུང་བ་བཞི་ཀའི་རླུང་ལ་རེ་རེ་ལ་འབྱུང་ཆུང་གི་རླུང་བཞི་བཞི་སྟེ་བཅུ་དྲུག་ཡོད་དོ།།

དཔེར་ན་ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། གཡས་ལ་རེག་ནས་འབབ་པ་ནི། །མེ་ཡི་དཀྱིལ་འཁོར་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། ཐོག་མར་སྣ་བུག་གཡས་ནས་འབྱུང་བ་ཆེ་བ་མེ་ཡི་རླུང་བྱུང་ཚེ། རླུང་ཉིས་བརྒྱ་ཉེར་ལྔ་མེའི་མེ་ཡི་རླུང་དང་། དེ་རྫོགས་ནས་ཉིས་བརྒྱ་ཉེར་ལྔ་མེའི་རླུང་གི་རླུང་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་མེའི་ས་ཡི་རླུང་དང་། དེ་ནས་ཉིས་བརྒྱ་ཉེར་ལྔ་མེའི་ཆུ་ཡི་རླུང་འཕོ་བས་རླུང་གི་རྒྱུ་བ་དགུ་བརྒྱ་བ་ཕྲག་གཅིག་པ་ཡོད་པ་ནི་འབྱུང་བ་ཆུང་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོ་བའི་གྲངས་སྡོམ་པའི་ཡུན་ཡིན་ཞིང་། དོན་ལ་འབྱུང་ཆེའམ་འབྱུང་བའི་དཀྱིལ་འཁོར་གཅིག་རྒྱུ་བའི་ཡུན་ཚད་བསྟན་པ་ཡིན་ཞིང་། རྡོ་རྗེ་དཔལ་མཆོག་ཆེན་པོའི་རྒྱུད་ལས། ཆུ་ནི་ཉིས་བརྒྱ་ཉི་ཤུ་ལྔ། །ས་དང་མེ་དང་རླུང་དག་ལའང་། །དེ་ཉིད་བཞིན་དུ་མཉམ་པར་འབྱུང་། །ཞེས་གསུངས་པའི་དོན་ནོ།།

དེ་ལྟར་འབྱུང་བའི་འབྱུང་ཆུང་གཅིག་རེ་ཉིས་བརྒྱ་ཉེར་ལྔ་རེ་རྒྱུ་ཞིང་དེ་ནས་འབྱུང་ཆུང་གཞན་རྒྱུ་བ་ལ་ནི་འབྱུང་ཆུང་ནས་འབྱུང་ཆུང་དུ་འཕོ་བ་ཡིན་ཞིང་འཕོ་ཆུང་དང་འབྱུང་ཆུང་གི་འཕོ་བ་ཞེས་ཟེར་རོ།།

དེ་ནས་ཁྲོ་བོ་དཔའ་བོ་གཅིག་ལས། གཡོན་ནས་རེག་ནས་འབབ་པ་ནི། །རླུང་གི་དཀྱིལ་འཁོར་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར། སྣ་བུག་གཡས་ནས་མེ་རླུང་གི་འཕོ་བ་དགུ་བརྒྱ་རྫོགས་ཟིན་པ་ན། སྣ་བུག་གཡོན་པའི་རླུང་གི་དཀྱིལ་འཁོར་རྒྱུ་བ་ནི་འབྱུང་བ་ཆེ་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་རྒྱུ་བ་ཡིན་ཏེ། སྣ་བུག་གཡས་ནས་འབྱུང་བ་ཆེ་བ་མེ་ཡི་རླུང་རྒྱུ་བའི་འཕྲོ་ནས་སྣ་བུག་གཡོན་པ་ནས་རླུང་གི་དཀྱིལ་འཁོར་འཕོ་བ་ཡིན་པའི་ཕྱིར། དེ་ཕྱིར་འབྱུང་ཆེན་ནས་འབྱུང་ཆེན་དུ་འཕོ་བ་ལ་ནི་འཕོ་ཆེན་དང་འབྱུང་ཆེན་གྱི་འཕོ་བ་ཞེས་ཟེར་རོ།།

དེ་ལའང་རླུང་གི་མེ་དང་། རླུང་གི་རླུང་དང་། རླུང་གི་ས་དང་། རླུང་གི་ཆུ་བཞི་རེ་རེ་ལ་ཉིས་བརྒྱ་ཉེར་ལྔ་རེ་རེ་སྟེ་དགུ་བརྒྱ་ཕྲག་གཅིག་འཕོ་བ་ནི་འབྱུང་ཆུང་གི་འཕོ་བ་དང་འཕོ་ཆུང་ཡིན་པ་གོང་དང་འདྲའོ།།

དེ་ནས་ཡང་དེ་ཉིད་ལས། གཡས་གཡོན་མཚུངས་པར་རེག་པ་ནི། །ས་ཡི་དཀྱིལ་འཁོར་ཞེས་བྱའོ། །ཞེས་གསུངས་པ་ལྟར། སྣ་བུག་གཡོན་པ་ནས་རླུང་རླུང་གི་འཕོ་བ་རྫོགས་པ་ན། སྣ་བུག་གཉིས་ཀ་ནས་ས་ཡི་རླུང་ཐད་ཀར་དྲག་ཏུ་རྒྱུ་བ་ནི། འབྱུང་བ་ཆེ་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་རྒྱུ་བ་ཡིན་ཏེ། སྣ་བུག་གཡོན་པ་ནས་རླུང་རླུང་གི་དཀྱིལ་འཁོར་འཕོ་བའི་འཕྲོ་ནས་སྣ་བུག་གཉིས་ཀ་ནས་ས་ཡི་རླུང་དྲག་ཏུ་རྒྱུ་བ་ཡིན་པའི་ཕྱིར་རོ།།

དེ་ལའང་སའི་ས་རླུང་དང་། སའི་རླུང་རླུང་དང་། སའི་མེ་རླུང་དང་། སའི་ཆུ་རླུང་སྟེ་རེ་རེ་ལ་ཉིས་བརྒྱ་ཉེར་ལྔ་རེ་འཕོ་བའི་དགུ་བརྒྱ་ཕྲག་གཅིག་པོ་དེ་ཡང་འབྱུང་ཆུང་གི་འཕོ་བ་དང་འཕོ་ཆུང་ཡིན་ནོ།།

དེ་ནས་ཡང་དེ་ཉིད་ལས། དེ་ཉིད་འདིར་ནི་དལ་འབབ་པ། །ཆུ་ཡི་དཀྱིལ་འཁོར་ཞེས་བྱའོ། །ཞེས་གསུངས་པ་ལྟར། སྣ་བུག་གཉིས་ཀ་ནས་ས་རླུང་དྲག་ཏུ་རྒྱུ་བ་རྫོགས་ཟིན་པ་ན། སྣ་བུག་གཉིས་ཀ་ནས་ཆུ་ཡི་རླུང་དལ་བུར་རྒྱུ་བ་ནི་འབྱུང་བ་ཆེ་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོ་བ་ཡིན་ཏེ། སྣ་བུག་གཉིས་ཀ་ནས་དྲག་ཏུ་རྒྱུ་བའི་འཕྲོར་སྣ་བུག་གཉིས་ཀ་ནས་ཆུ་རླུང་དལ་བུར་རྒྱུ་བ་ཡིན་པའི་ཕྱིར་རོ།།

དེ་ལའང་ཆུ་ཡི་མེ་དང་། ཆུ་ཡི་རླུང་དང་། ཆུ་ཡི་ས་དང་། ཆུ་ཡི་ཆུ་རླུང་སྟེ་འབྱུང་བ་ཆུང་བའི་དཀྱིལ་འཁོར་གཅིག་ནས་གཅིག་ཏུ་འཕོ་བ་བཞི་རེ་རེ་ལ་ཉིས་བརྒྱ་ཉེར་ལྔ་རེ་སྟེ་དགུ་བརྒྱ་ཕྲག་གཅིག་ཏུ་གྱུར་པའི་འབྱུང་ཆུང་གི་འཕོ་བ་བྱུང་ངོ་།།

དེས་ན་འབྱུང་བའི་དཀྱིལ་འཁོར་བཞི་བོའི་རླུང་བཞི་བོ་རེ་རེ་རྒྱུ་བའི་ཡུན་ཚད་ནི་དགུ་བརྒྱ་ཕྲག་རེ་རེ་རྒྱུ་བ་སྟེ་ཐུན་ཕྱེད་ཀྱི་ཡུན་དུ་རྒྱུ་བ་ཡིན་ཞིང་། དེ་བཞི་རེ་རེ་ལ་འབྱུང་ཆུང་གི་རླུང་ཉིས་བརྒྱ་ཉེར་ལྔ་བ་ཕྲག་བཞི་བཞི་འཕོ་བའམ་རྒྱུ་བ་ཡིན་ནོ།།

དེ་ལྟར་ན་ཉིན་ཞག་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཐུན་ཕྱེད་ཉེར་བཞིར་བགོས་ན་དེ་ལྟར་ཡིན་ཕྱིར་ཉིན་ཞག་གཅིག་ལ་ཐུན་བཅུ་གཉིས་ཀྱི་དབང་དུ་བྱས་ན་ཐུན་རེ་ལ་རླུང་ཆིག་སྟོང་བརྒྱད་བརྒྱ་རྒྱུ་བ་ཡིན་པར་ཤེས་སོ།།

གསུམ་པ་སྣ་བུག་གཅིག་ནས་གཅིག་ཏུ་འཕོ་བ་ནི། བཤད་མ་ཐག་པ་ལྟར་སྣ་བུག་གཡས་ནས་མེ་རླུང་དགུ་བརྒྱ་ཐུན་ཕྱེད་ཀྱི་ཡུན་ཚད་དུ་རྒྱུ་བའི་འཕྲོ་ནས་སྣ་བུག་གཡོན་པར་སྤར་ཏེ་གཡོན་ནས་རླུང་གི་རླུང་དགུ་བརྒྱ་རྒྱུ་བ་དང་། དེ་ནས་སླར་སྣ་བུག་གཡས་པར་སྤོས་ནས་རྒྱུ་བ་དགུ་བརྒྱ་དང་། དེ་ནས་ཡང་སྣ་བུག་གཡོན་ནས་རྒྱུ་བ་དགུ་བརྒྱ་སོགས་སྣ་བུག་གཡས་གཡོན་ཕན་ཚུན་བརྗེས་པའི་རྒྱུ་བ་ལ་གཡས་རྒྱུ་ལན་དྲུག་དང་། གཡོན་རྒྱུ་ལན་དྲུག་སྟེ་ཉིན་མཚན་གྱི་ཐུན་དྲུག་དང་ཐུན་ཕྱེད་བཅུ་གཉིས་ཀྱི་ཡུན་ལ་རླུང་ཆིག་ཁྲི་བརྒྱད་བརྒྱ་རྒྱུ་བ་ནི་སྣ་བུག་གཡས་གཡོན་རེས་འཇོག་ཏུ་འཕོ་བ་བཅུ་གཉིས་སོ།།

ཡང་སྣ་བུག་གཉིས་ཀ་ནས་མཉམ་པོར་རྒྱུ་བ་ལ་དྲག་རྒྱུ་ལན་དྲུག་དང་། དལ་རྒྱུ་ལན་དྲུག་རྒྱུ་བ་ནི་ཉིན་མཚན་གྱི་ཐུན་དྲུག་དང་ཐུན་ཕྱེད་བཅུ་གཉིས་ཀྱི་ཡུན་ལ་རླུང་ཆིག་ཁྲི་བརྒྱད་བརྒྱ་རྒྱུ་བ་ནི་གཉིས་ཀ་མཉམ་རྒྱུ་བཅུ་གཉིས་ཀྱི་འཕོ་བ་སྟེ། དེ་ལྟར་ཐུན་བཅུ་གཉིས་དང་ཐུན་ཕྱེད་ཉེར་བཞིའི་ཡུན་ལ་སྣ་བུག་གཡས་གཡོན་ནས་རྒྱུ་བ་དང་མཉམ་པོར་རྒྱུ་བ་རྣམས་སྡོམ་པ་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ནི་དཀྱིལ་འཁོར་གྱི་འཕོ་བ་ཉེར་བཞི་ཞེས་འབོད་དོ།།

པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རིམ་ལྔའི་འགྲེལ་བ་ཟུང་འཇུག་ནོར་བུའི་བང་མཛོད་ལས། འདི་ལ་སྣ་བུག་གཡས་གཡོན་རེས་འཇོག་ཏུ་འཕོ་བ་བཅུ་གཉིས་དང་། གཉིས་ཀ་མཉམ་རྒྱུ་བཅུ་གཉིས་སུ་འགྱུར་ཞིང་། དཀྱིལ་འཁོར་གྱི་འཕོ་བ་ཉེར་བཞིའོ། །ཞེས་པའི་དོན་ནི་དེ་ལྟར་རོ།།

འཕོ་ཚུལ་གཞན་ཡང་དུས་འཁོར་སོགས་སུ་སྣ་བུག་གཡས་པའི་ས་རླུང་ནས་སྣ་བུག་གཡོན་པའི་ནམ་མཁའི་རླུང་རྒྱུ་བ་དང་། སྣ་བུག་གཡོན་པའི་དེ་ནས་གཡས་པའི་ཆུ་དང་། དེ་ནས་གཡོན་པའི་རླུང་དང་། དེ་ནས་གཡས་པའི་མེ་དང་། དེ་ནས་གཡོན་པའི་མེ་དང་། དེ་ནས་གཡས་ཀྱི་རླུང་དང་། དེ་ནས་གཡོན་གྱི་ཆུ་དང་། དེ་ནས་གཡས་ཀྱི་ནམ་མཁའ་དང་། དེ་ནས་གཡོན་གྱི་ས་དང་། དེ་ནས་གཡས་ཀྱི་ཡེ་ཤེས་དང་། དེ་ནས་གཡོན་གྱི་ཡེ་ཤེས་ཀྱི་རླུང་འཕོ་བའི་སྣ་བུག་གཉིས་རེ་འཇོག་གི་འཕོ་བ་བཅུ་གཉིས་ཀྱང་དུས་འཁོར་དང་གསང་འདུས་ཀྱི་ལུགས་སུ་ཡོད་པར་བཤད་དོ།།

དེ་ནས་གཡོན་གྱི་ཡེ་ཤེས་ཀྱི་རླུང་དེ་སླར་ཡང་གཡས་ཀྱི་ས་རླུང་དུ་འཕོ་བ་ཡིན་ཞིང་། མཁས་གྲུབ་རྗེའི་ནང་ལེའུའི་ཟིན་བྲིས་སུ་གཡོན་ལ་ནམ་མཁའ་རླུང་མེ་ཆུ་ས་ནམ་མཁའི་རླུང་དྲུག་སྟེ་ནམ་མཁའ་ལན་གཉིས་རྒྱུ་བ་དང་། གཡས་ནས་ས་ཆུ་མེ་རླུང་ནམ་མཁའ་ས་སྟེ་དྲུག་འཕོ་བས་གཡས་ལ་ས་ལན་གཉིས་བྱས་ནས་སྣ་བུག་གཡས་གཡོན་འཕོ་བ་བཅུ་གཉིས་སུ་བྱས་པ་ལས་ཡེ་ཤེས་ཀྱི་རླུང་ཞེས་པ་མ་བཤད་ལ། དེའི་འཕོ་ཚུལ་ནི། སྣ་བུག་གཡས་པའི་ས་རླུང་འཕོ་བ་དང་། དེ་ནས་སྣ་བུག་གཡོན་པའི་ནམ་མཁའི་རླུང་འཕོ་བ་དང་། དེ་ནས་གཡས་པའི་ཆུ་དང་། དེ་ནས་གཡོན་པའི་རླུང་དང་། དེ་ནས་གཡས་པའི་མེ་དང་། དེ་ནས་གཡོན་པའི་མེ་དང་། དེ་ནས་གཡས་ཀྱི་རླུང་དང་། དེ་ནས་གཡོན་གྱི་ཆུ་དང་། དེ་ནས་གཡས་ཀྱི་ནམ་མཁའ་དང་། དེ་ནས་གཡོན་གྱི་ས་དང་། དེ་ནས་གཡས་ཀྱི་ས་དང་། དེ་ནས་གཡོན་གྱི་ནམ་མཁའི་རླུང་འཕོ་བ་ཡིན་ནོ།།

དེ་བཞིན་དུ་ས་ཆུ་མེ་རླུང་གི་དཀྱིལ་འཁོར་བཞིའི་རླུང་ནི་རྒྱལ་བ་རིགས་ལྔའི་ངོ་བོ་དང་རིགས་ལྔའི་རླུང་གི་རྒྱུ་བ་ཡིན་པར་བཤད་པ་ནི། སྣ་བུག་གཡས་པ་ནས་འབྱུང་ཞིང་རྒྱུ་བའི་རླུང་གི་ཁམས་ནི་མེ་ཡི་དཀྱིལ་འཁོར་གྱི་རླུང་གི་ཁམས་ཏེ་ཁ་དོག་དམར་པོ་པདྨའི་རིགས་མགོན་པོ་འོད་དཔག་མེད་ཀྱི་རླུང་གི་རྒྱུ་བ་ཡིན་ཏེ། རྡོ་རྗེ་ཕྲེང་བའི་རྒྱུད་ལས། གཡས་པ་ནས་ནི་འབྱུང་བའི་ཁམས། །མེ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་ཉིད། །པད་མའི་མགོན་པོ་རྒྱུ་བའོ། །ཞེས་དང་། བདེ་མཆོག་འབྱུང་བའི་རྒྱུད་ལས། གཡས་པ་ནས་ནི་རྒྱུ་བའི་ཁམས། །བྱིན་ཟའི་དཀྱིལ་འཁོར་ཉིད་ཡིན་ཏེ། །ཁ་དོག་དམར་ཞིང་གསལ་བ་ནི། །པད་མའི་མགོན་པོའི་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་སྣ་བུག་གཡོན་པ་ནས་རྒྱུ་བའི་རླུང་གི་ཁམས་ནི་རླུང་གི་དཀྱིལ་འཁོར་ཁ་དོག་ལྗང་སེར་འོད་ཟེར་ནག་པོ་ཅན་ལས་ཀྱི་རིགས་དོན་ཡོད་གྲུབ་པའི་རླུང་གི་རྒྱུ་བ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། གཡོན་པ་ནས་ནི་འབྱུང་བའི་ཁམས། །རླུང་གི་དཀྱིལ་འཁོར་ཞེས་བྱ་བ། །ལྗང་སེར་དག་ཏུ་སྣང་བ་སྟེ། །ལས་ཀྱི་མགོན་པོ་རྒྱུ་བའོ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། གཡོན་པ་ནས་ནི་རྒྱུ་བའི་ཁམས། །རླུང་གི་དཀྱིལ་འཁོར་ཉིད་ཡིན་ཏེ། ། ཁ་དོག་ལྗང་ཞིང་གསལ་བ་ནི། །ལས་ཀྱི་མགོན་པོའི་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་སྣ་བུག་གཉིས་ཀ་ནས་འབྱུང་བའི་རླུང་དྲག་ཏུ་རྒྱུ་བ་དེ་ནི་དབང་ཆེན་སའི་དཀྱིལ་འཁོར་གྱི་རླུང་གི་ཁམས་གསེར་མདོག་འོད་ཟེར་སེར་པོ་ཅན་རིན་པོ་ཆེའི་རིགས་རིན་ཆེན་འབྱུང་ལྡན་ནམ་རིན་ཆེན་མགོན་པོའི་རླུང་གི་རྒྱུ་བ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། གཉིས་ཀ་ལས་ནི་འབྱུང་བའི་ཁམས། །གསེར་གྱི་མདོག་ཏུ་སྣང་བ་སྟེ། །དབང་ཆེན་གྱི་ནི་དཀྱིལ་འཁོར་ཉིད། །རིན་ཆེན་མགོན་པོ་རྒྱུ་བའོ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། གཉི་ག་ནས་ནི་རྒྱུ་བའི་ཁམས། །གསེར་གྱི་མདོག་ལྟར་གསལ་བ་ནི། །དབང་ཆེན་དཀྱིལ་འཁོར་ཉིད་ཡིན་ཏེ། །རིན་ཆེན་མགོན་པོའི་རྒྱུ་བའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་སྣ་བུག་གཉིས་ཀ་ནས་འབྱུང་བའི་དལ་ཞིང་རྒྱུ་བ་མེད་པ་ལྟ་བུ་རྒྱུ་བ་བུལ་བའི་རླུང་གི་ཁམས་ནི་ཆུའི་དཀྱིལ་འཁོར་གྱི་རླུང་གི་ཁམས་ཏེ་ཁ་དོག་དཀར་པོ་ཤེལ་ལྟར་སྣང་བའི་འོད་ཟེར་དཀར་པོ་ཅན་རྡོ་རྗེའི་རིགས་མགོན་པོ་མི་བསྐྱོད་པའི་རླུང་གི་རྒྱུ་བ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། དལ་ཞིང་རྒྱུ་བ་མེད་པའི་ཁམས། །དག་པའི་ཤེལ་ལྟར་སྣང་བ་ནི། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །རྡོ་རྗེ་མགོན་པོ་རྒྱུ་བའོ། །ཞེས་དང་། བདེ་མཆོག་འབྱུང་བ་ལས། དལ་ཞིང་རྒྱུ་བ་མེད་པའི་ཁམས། །ཆུ་ཡི་དཀྱིལ་འཁོར་ཉིད་ཡིན་ཏེ། །དག་པའི་ཤེལ་ལྟར་སྣང་བ་ནི། །རྡོ་རྗེ་མགོན་པོའི་རྒྱུ་བའོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ལུས་ཀྱི་ཚིགས་ཀུན་ལ་ཁྱབ་ཅིང་འཇུག་པ་ལས་འཆི་བའི་དུས་མ་གཏོགས་ལུས་ཀྱི་ཕྱི་རོལ་དུ་མི་འབྱུང་བའམ་མི་རྒྱུ་བའི་ཁྱབ་བྱེད་ནམ་མཁའི་ཁམས་ཀྱི་རླུང་ནི་ཀུན་ལ་ཁྱབ་པའི་ནམ་མཁའི་འོད་ཟེར་ཅན་དེ་བཞིན་གཤེགས་པའི་རིགས་རྣམ་པར་སྣང་མཛད་ཀྱི་རྒྱུ་བ་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས། ལུས་ཀུན་ལ་ནི་གནས་པའི་རླུང་། །བྱ་བ་ཀུན་ལ་འཇུག་པའོ། །འདི་ནི་རྣམ་སྣང་ངོ་བོ་སྟེ། །འཆི་བའི་ལུས་ལ་འབྱུང་བར་འགྱུར། །ཞེས་དང་། བདེ་མཆོག་འབྱུང་བ་ལས། ཁམས་རྣམས་ཀུན་ནི་ཡང་དག་བསྡུས། །རྟེན་དང་བརྟེན་པའང་ཡང་དག་འཛིན། །རྣམ་སྣང་མཛད་ནི་རླུང་ཆེན་ཏེ། །འཆི་བའི་ལུས་ལས་རྣམ་པར་རྒྱུ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཕྱིར་སྲོག་འཛིན་གྱི་རླུང་ཆུ་ཁམས་པ་ཁ་དོག་དཀར་པོ་དང་། གྱེན་རྒྱུ་མེ་ཁམས་པ་དམར་པོ་དང་། མཉམ་གནས་རླུང་ཁམས་པ་ལྗང་ནག་དང་། ཐུར་སེལ་ས་ཁམས་པ་སེར་པོ་དང་། ཁྱབ་བྱེད་ནམ་མཁའི་ཁམས་སྔོན་པོ་ཡིན་པར་བཤད་ལ། རྒྱུ་བའི་ཚེ་ཡང་སྲོག་འཛིན་གྱི་རླུང་སྣ་སྦུབས་གཉིས་ཀ་ནས་དལ་བུར་རྒྱུ་བ་དང་། གྱེན་རྒྱུ་ནི་སྣ་བུག་གཡས་རྐྱང་ནས་དྲག་ཏུ་རྒྱུ་བ་དང་། མཉམ་གནས་ཀྱི་རླུང་ནི་སྣ་བུག་གཡོན་རྐྱང་ནས་དལ་བུར་རྒྱུ་བ་དང་། ཐུར་སེལ་གྱི་རླུང་ནི་སྣ་བུག་གཉིས་ཀ་ནས་དྲག་ཏུ་རྒྱུ་བ་དང་། ཁྱབ་བྱེད་ནི་གཞི་ལ་འཆི་བའི་དུས་མ་གཏོགས་མི་རྒྱུ་བ་ཡིན་པར་བཤད་དོ།།

ཡང་སྙིང་མགྲིན་ལྟེ་གསང་གི་དཀྱིལ་འཁོར་བཞིའི་རླུང་རྣམས་དབུ་རྐྱང་རོ་གསུམ་གྱི་རྩ་གསུམ་གང་ནས་རྒྱུ་བའི་ཚུལ་ཡོད་དེ། སྲོག་འཛིན་དང་ཐུར་སེལ་གྱི་རླུང་གཉིས་རོ་རྐྱང་གཉིས་ཀ་ནས་རྒྱུ་བ་དང་། གྱེན་རྒྱུ་རོ་མ་དང་། མཉམ་གནས་རྐྱང་མ་ནས་རྒྱུ་བ་ཡིན་པར་གསུངས་སོ།།

ཡང་ལྷ་མོ་གོས་དཀར་མོ་མེ་ཡི་རླུང་དང་། ལྷ་མོ་མ་མཱ་ཀི་ཆུ་ཡི་རླུང་། ལྷ་མོ་སངས་རྒྱས་སྤྱན་མ་ས་ཡི་རླུང་དང་། ལྷ་མོ་དམ་ཚིག་སྒྲོལ་མ་རླུང་གི་རླུང་སྟེ་ལྷ་མོ་བཞི་ཡི་རླུང་རེ་རེ་ལ་བརྒྱ་ཕྲག་གཉིས་དང་ཉེར་ལྔ་རེ་རྒྱུ་བ་ནི། མགོན་པོའི་རླུང་གཅིག་རྒྱུ་བའི་ཡུན་ལ་རྒྱུ་བ་ཡིན་ཏེ། དགོངས་པ་ལུང་བསྟན་པའི་རྒྱུད་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པ་ལེགས་པར་བསྒྲེས་པ་ཡིས། །སྦྱོར་བཞིས་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་གཅིག་སྟོང་དྲུག་བརྒྱའོ། །ཞེས་དང་། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། གོས་དཀར་ལ་སོགས་བཟླས་བཤད་པ། །བརྒྱ་ཕྲག་གཉིས་དང་ཉི་ཤུ་ལྔ། །བཞི་པོ་ལེགས་པར་བསྡུས་པ་ནི། །སྦྱོར་བཞི་བསྡུས་པ་བརྒྱ་ཕྲག་དགུ། །དགུ་བརྒྱ་དག་ཏུ་གང་བསྟན་པ། །ཉི་ཤུ་རྩ་བཞིའི་རིམ་གྱིས་ནི། །དེ་ནི་སོ་སོར་འབྱུང་བ་ལས། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ནི་གོང་གི་ཐུན་ཕྱེད་རེ་ལ་དགུ་བརྒྱ་རྒྱུ་བར་བཤད་པའི་མེ་རླུང་སོགས་ཡིན་ཞིང་། དེ་ཡང་རེ་རེ་ལ་བཞི་རེ་ཕྱེས་པའི་རེ་རེའི་རྒྱུ་ཡུན་ལ་ཉིས་བརྒྱ་ཉེར་ལྔ་ཡོད་པར་བཤད་པ་ནི་ལྷ་མོའི་རླུང་དུ་སྦྱར་བར་བགྱིས་པའོ།།

ཞར་བྱུང་རླུང་བུམ་པ་ཅན་ནི། བླ་མ་ཆེན་པོ་ནཱ་རོ་པའི་བཀའ་དཔེ་ཕྱི་མ་ལས། རླུང་གི་གནད་ལ་བཞི་ཡིན་ཏེ། །རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་གྱེན་དུ་འཕངས་པ་སྟེ། །ཞེས་གསུངས་པ་ལྟར་རླུང་སྦྱོར་ཁྱད་པར་བཞི་ལྡན་ཞིག་དགོས་ལ། རྔུབ་པའི་སྦྱོར་བ་ནི། རླུང་ཁ་ནས་མི་རྔུབ་པར་སྣ་ནས་རྔུབ་པ་དང་། དེ་དྲག་པོ་མིན་པར་འཇམ་ལ་རིང་བར་རྔུབ་པ་ལ་བྱེད་དོ།།

དགང་བའི་སྦྱོར་བ་ནི། རླུང་སྣ་བུག་ནས་ནང་དུ་རྔུབ་པའི་མཚམས་དེ་ནས་ཕྱིར་མི་གཏོང་བར་མནན་པས་རོ་རྐྱང་གི་རྩ་གཉིས་སུ་སི་རི་རི་སོང་སྟེ་རྩ་གཉིས་རྒྱུ་མ་ཕུས་བཏབ་པ་ལྟར་གང་བར་གྱུར་པར་བསྒོམ་པའོ།།

གཞིལ་བའི་སྦྱོར་བ་ནི། རྩ་གཉིས་རྒྱུ་མ་ཕུས་བཏབ་པ་ལྟར་ཁེངས་པའི་མཚམས་དེ་ནས་རྩ་གཉིས་ཀྱི་རླུང་རྣམས་དབུ་མར་ཆུད་པར་བསྒོམ་ནས་མཆིལ་མ་སྒྲ་མེད་གཅིག་མིད་དེ་སྟེང་རླུང་ལྟེ་བའི་གནས་དེར་མནན་ཞིང་འོག་རླུང་འཇམ་པོ་འོག་སྒོ་གཉིས་ནས་ལྟེ་བའི་ཨ་ཐུང་ལ་ཡར་འཕེན་ལ་དེར་དམིགས་པ་གཏད་ནས་ཅི་ཐུབ་དུ་གནས་པའོ།།

མདའ་ལྟར་འཕང་བ་ནི། རྩ་དབུ་མའི་ནང་དུ་རླུང་ཡར་བདེ་ཕྲི་ལི་ལི་སོང་བར་བསྒོམ་པའོ། །དེ་ནི་དེ་ལྟར་བྱ་བ་ལས་རླུང་སྤྱི་བོ་ནས་ཕྱིར་འཕེན་པ་ལ་མི་བྱ་བར་འཇམ་མགོན་བླ་མ་ཙོང་ཁ་པས་གསུངས་སོ།།

དེ་ཡང་བུམ་པ་ཅན་འདི་གྱེན་རྒྱུའི་རླུང་རྒྱུ་བའི་དུས་སུ་གཙོ་བོར་བསྒོམ་པར་བཤད་ལ། མགྲིན་པ་དང་སྙིང་ག་སོགས་རླུང་གིས་དགང་བའི་དམིགས་པ་སོགས་མི་བྱ་བར་ལྟེ་བའི་ཨ་ཐུང་ལ་སྟེང་འོག་གི་སྲོག་ཐུར་གཉིས་ཁ་སྦྱོར་དུ་འཛིན་ཅིང་དེ་ལ་དམིགས་པ་གཏོད་དགོས་པ་ཡིན་ཏེ། བདེ་མཆོག་འབྱུང་བའི་རྒྱུད་ལས། སྟེང་དང་འོག་ཏུ་རྒྱུ་བའི་རླུང་། །ཁ་སྦྱར་དུ་ནི་ཡིད་ཀྱིས་བྱས། །དེ་ཡི་སྦྱོར་བས་གོམས་བྱེད་ན། །དེས་ནི་བརྟན་པའི་གོ་འཕང་ཐོབ། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཡང་རོ་རྐྱང་གཉིས་ཁ་ཟུམ་དུས་དབུ་མའི་ཁ་ཕྱེ་བ་དང་། དེ་ཁ་ཟུམ་དུས་རོ་རྐྱང་གཉིས་ཁ་ཕྱེ་བས་བུམ་པ་ཅན་ནི་རླུང་རོ་རྐྱང་གཉིས་ནས་ཕྱི་རོལ་དུ་འགྲོ་བ་འགོག་པ་དང་། དབུ་མར་ཚུད་པ་ཡང་ཡང་བསྒོམ་ན་རླུང་དབུ་མར་འཛུད་ནུས་ཤིང་ཚུད་པ་ལ་དགོས་པ་ཆེ་བར་གསུངས། རླུང་བུམ་པ་ཅན་བཟུང་བའི་དུས་སུ་རྩ་འཁོར་རྣམས་སུ་སྤྱི་བོར་ཧཾ་ཡིག་དང་། མགྲིན་པར་ཨོཾ་ཡིག་དང་། སྙིང་གར་ཧཱུཾ་ཡིག་དང་། ལྟེ་བར་ཨ་ཐུང་གི་ཡི་གེ་སྒོམ་པའི་དམིགས་པ་འགྲོ་དགོས་པར་ཡང་གསུངས་སོ།།

རླུང་བུམ་པ་ཅན་ཟིན་པའི་ཚད་ནི། ལག་པ་གཡས་པའི་ཐལ་མོས་ལག་པ་གཡོན་པ་ཀན་རྐྱལ་དུ་བཞག་པ་དེ་ལན་གསུམ་མཉེས་ནས་སེ་གོལ་ལན་དྲུག་རེ་བྱས་པ་རབ་བརྒྱ་རྩ་བརྒྱད་དང་། འབྲིང་དོན་གཉིས་དང་། ཐ་མ་སོ་དྲུག་གི་ཡུན་ལ་རླུང་བཟུང་ཐུབ་པའི་ཚད་ལ་བྱ་སྟེ། དེ་ཉིད་ལས། བུམ་པ་ཅན་ལ་བརྟན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་རྩ་དྲུག་ཙམ། །དེ་ཡི་ཉིས་འགྱུར་འབྲིང་དེ་བཞིན། །སུམ་འགྱུར་ཆེན་པོར་ཤེས་བྱ་སྟེ། །བུམ་པ་ཅན་དེས་རྒྱལ་བར་བྱ། །བུམ་པ་ཅན་སྔར་ཤེས་བྱས་ནས། །བདག་ཉིད་སྐྱིལ་མོ་ཀྲུང་བཅས་ཏེ། །ལག་པ་ལན་གསུམ་མཉེས་ནས་ནི། །དེ་ནས་ལན་དྲུག་སེ་གོལ་བརྡབ། །ཇི་སྲིད་སུམ་ཅུ་རྩ་དྲུག་བར། །དེ་སྲིད་བུམ་པ་ཅན་གྱིས་བྱ། །སུམ་འགྱུར་ཆེན་པོས་གཞོམ་པ་ནི། །བརྒྱ་ལས་རྩ་བརྒྱད་ལྷག་པས་སོ། །ཞེས་གསུངས་པ་ལྟར་ལ། རླུང་བུམ་པ་ཅན་ཚད་ཕྱིན་པ་དེ་ཡིས་ནི་འཆི་བ་འཇོམ་ནུས་པར་ཡང་བཤད་དོ།།

དེ་འདྲའི་རླུང་གི་རྣམ་གཞག་རྒྱ་ཆེར་བཤད་པ་ལ་མཁས་པར་བྱས་ཏེ་རླུང་ཉམས་སུ་ལེན་པ་ལ་མཁས་པར་བྱ་བ་ནི་གལ་ཆེ་སྟེ། རླུང་གི་དེ་ཉིད་མ་ཤེས་ན་ལམ་རིམ་པ་ལྔ་བསྒོམ་པ་སོགས་ལས་གང་ཡང་མི་འགྲུབ་ལ། གསང་སྔགས་ཀྱི་ཉམས་ལེན་ནི་རླུང་གི་དེ་ཉིད་ཤེས་པ་སྔོན་དུ་འགྲོ་བས་བསྒྲུབ་དགོས་པ་ཅན་ཡིན་པར་གསུངས་ཏེ། ཡང་བདེ་མཆོག་འབྱུང་བ་ལས། རླུང་གི་དེ་ཉིད་མི་ཤེས་པར། །ལས་དང་ལས་མིན་མི་འགྲུབ་སྟེ། །རླུང་ནི་ཐམས་ཅད་བགྲོད་འགྱུར་བས། ། རྟོག་གེ་པ་ཡིས་མི་ཤེས་སོ། །རླུང་གི་དེ་ཉིད་སྔོན་འགྲོ་བས། །སྔགས་ཀྱི་དེ་ཉིད་བསྒྲུབ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

བཀོད་པ་ཐིག་ལེའི་རྣམ་གཞག།

གསུམ་པ་བཀོད་པ་ཐིག་ལེ་ནི། ཐིག་ལེ་ཁམས་དཀར་དམར་སྙིང་ཁར་ཆགས་ཤིང་། ཁམས་དཀར་དམར་གྱི་དྭངས་མ་ཤིན་ཏུ་ཕྲ་བའི་རླུང་སེམས་འདུས་པའི་གོང་བུ་ཡུངས་དཀར་སྦོམ་པོའི་ཚད་ཙམ་ཞིག་སྙིང་གི་རྩ་འཁོར་གྱི་དབུ་མའི་སྦུབས་སྟོང་ཅུང་ཟད་ཡོད་པའི་ནང་དུ་གནས་པ་དེ་ལ་མི་ཤིགས་པའི་ཐིག་ལེ་ཞེས་བྱ་སྟེ། རྡོ་རྗེ་ཕྲེང་བ་ལས། སྙིང་གི་པད་སྦུབས་ནམ་མཁའ་ལ། །ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། །ཞེས་གསུངས་པའི་ཕྱིར། མི་ཤིགས་པའི་གའུ་དེ་ལས་ཁམས་དཀར་པོ་ཧཾ་ཡིག་གི་རྣམ་པ་ཅན་ཆ་ཤས་ཅིག་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་གནས་པ་དང་། ཁམས་དམར་པོ་ཨཾ་ཡིག་གི་རྣམ་པ་ཅན་ཆ་ཤས་ཤིག་ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་སུ་ཆགས་ནས་གནས་ཤིང་། ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ་གྱི་མི་ཤིགས་པའི་ཧཱུྃ་གི་ས་བོན་ཁ་བ་ལྟ་བུར་འཛག་པ་ནི་དཔྱིད་ཅེས་བྱ་བར་གསུངས་པ་ནི་ཁམས་དཀར་པོའི་དྭངས་མ་དང་། རྒོད་མའི་མེ་ཡི་གཟུགས་ཀྱི་བདག་མེད་མ་ཞེས་པའི་ཐིག་ལེ་ལྟེ་བའི་དཀྱིལ་འཁོར་དུ་ཡོད་པར་གསུངས་པ་ནི་ཁམས་དམར་པོའི་ཐིག་ལེར་གོ་བ་ལྟར་ཡིན་ཏེ། ཡང་དག་པར་སྦྱོར་བའི་རྒྱུད་ལས། སྙིང་གི་ནང་སོང་པད་མ་ནི། །འདབ་མ་བརྒྱད་པ་སྙིང་པོར་བཅས། །དེ་ཡི་ནང་དུ་སོན་པའི་རྩ། །མར་མེའི་རང་གི་ངོ་བོ་ཅན། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །བརྐྱང་ཞིང་ཁ་ནི་འོག་ཏུའོ། །དེ་ཡི་ནང་གནས་དཔའ་བོ་ནི། །ཡུངས་ཀར་གྱི་ནི་སྦོམ་ཕྲ་ཙམ། །མི་ཤིགས་ཧཱུྃ་གི་ས་བོན་ནི། །ཁ་བ་ལྟ་བུར་འཛག་པ་ཉིད། །ལུས་ཅན་རྣམས་ཀྱི་སྙིང་དགའ་བ། །དཔྱིད་ཅེས་བྱ་བར་རྣམ་པར་བཤད། །རྒོད་མའི་མེ་ཡི་གཟུགས་ཀྱིས་ནི། །བདག་མེད་མ་ནི་ཐིག་ལེར་བརྗོད། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འཁོར་དུ་ནི་འབར། །དཔྱིད་ཐོབ་པ་ཡི་ཆོག་ཤེས་པས། །སྙོམས་པར་འཇུག་པས་རྣམ་པར་གནས། །དཔའ་བོ་ཤྲཱི་ནི་ཧེ་རུ་ཀ །འདི་ནི་དཔྱིད་ཀྱི་ཐིག་ལེར་བརྗོད། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། །སྤྱི་བོའི་འཁོར་ལོའི་བདེ་ཆེན་དུ། །རྩ་དེ་རྣམས་དང་ལྷན་ཅིག་ཏུ། །བྱང་ཆུབ་སེམས་ཀྱིས་གང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཡང་སྙིང་སྤྱི་ལྟེ་བ་གསུམ་པོ་ཐིག་ལེ་འཕེལ་བའི་གནས་གཙོ་བོ་ཡིན་ཞིང་སྤྱི་བོ་ནས་ཁམས་དཀར་པོ་གཙོ་བོར་འཕེལ་བ་དང་། ལྟེ་བ་ནས་ཁམས་དམར་པོ་གཙོ་བོར་འཕེལ་བ་དང་། སྙིང་ག་ནས་ཁམས་དཀར་དམར་ཆ་མཉམ་དུ་འཕེལ་བའི་ཕྱིར་ན་དེ་གསུམ་ཁམས་དཀར་དམར་གྱི་ཐིག་ལེའི་གནས་གཙོ་བོ་དག་ཡིན་གྱི་རྩ་འཁོར་གཞན་དུ་མི་གནས་པ་དང་མི་འཕེལ་བའང་མ་ཡིན་ཕྱིར་རྩ་འཁོར་གཞན་དུའང་གནས་པར་བཤད་དོ།།

ཐིག་ལེ་ལ་དབྱེ་ན་ཁམས་དཀར་དམར་གྱི་ཐིག་ལེ་གཉིས་དང་། སྙིང་ག་དང་ནོར་བུའི་དབུས་ན་གཉིད་མཐུག་པོའི་གནས་སྐབས་སུ་བསྐྱེད་པའི་གཉིད་འཐུག་གི་ཐིག་ལེ་དང་། མགྲིན་པ་དང་གསང་གནས་ཀྱི་དབུས་སུ་རྨི་ལམ་གྱི་གནས་སྐབས་སུ་བསྐྱེད་པའི་རྨི་ལམ་གྱི་ཐིག་ལེ་དང་། སྤྱི་བོ་དང་ལྟེ་བའི་དབུས་ན་གཉིད་སད་པའི་གནས་སྐབས་སུ་བསྐྱེད་པའི་སད་པའི་ཐིག་ལེ་དང་། སྤྱི་བོ་དང་གསང་གནས་ཀྱི་དབུས་སུ་སྙོམས་འཇུག་གི་གནས་སྐབས་སུ་བསྐྱེད་པའི་བཞི་བའི་ཐིག་ལེ་སྟེ་བཞི་ཡོད་དོ།།

ཐིག་ལེའི་སྐབས་སུ་ཁུ་རྡུལ་རླུང་གསུམ་ཞེས་པའི་ཁུ་བ་ནི་ཁམས་དཀར་པོ་དང་། རྡུལ་ནི་ཁམས་དམར་པོ་དང་། རླུང་ནི་སྲོག་རྩོལ་སོགས་ཀྱི་རླུང་ལ་གོ་ཞིང་། དེ་གསུམ་ལ་སྐུ་གསུང་ཐུགས་གསུམ་ཞེས་སྦྱར་འདུག་གོ།

ཁམས་དཀར་དམར་གྱི་དྭངས་མ་ལ་མི་ཤིགས་པའི་ཐིག་ལེ་ཞེས་སྙིང་གར་ཉི་ཟླའི་གའུ་ཁ་སྦྱོར་དུ་གནས་པར་གསུངས་ལ། མི་ཤིགས་པའི་ཐིག་ལེ་ཞེས་པ་ནི། བྱང་སེམས་དཀར་དམར་དང་། གཞིའི་འོད་གསལ་གཉུག་སེམས་ཤིན་ཏུ་ཕྲ་བ་དང་། སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་རྣམས་ལའང་ཟེར་བས་གོ་ཡུལ་མང་ངོ་།།

རྫོགས་རིམ་གྱི་དབྱེ་བ།

རིམ་པ་གཉིས་པ་རྫོགས་རིམ་ལ་དབྱེ་ན། རིམ་པ་ལྔ་དང་། སྦྱོར་བ་དྲུག་དང་། ཆོས་དྲུག་ལ་སོགས་པ་བླ་མེད་ཀྱི་རྒྱུད་སྡེ་རྣམས་སུ་གྲངས་ཤིན་ཏུ་མང་པོ་ཞིག་མཆིས་པ་བཤད་ཟིན་པ་ལྟར་ལ། འདིར་གསང་བ་འདུས་པ་ལས་ནི་རྫོགས་རིམ་རིམ་པ་ལྔ་དང་། དྲུག་ལ་སོགས་པ་བཤད་པ་ལས་རིམ་པ་ལྔ་ནི། རྡོ་རྗེའི་བཟླས་པ་དང་། སེམས་དམིགས་ཀྱི་རིམ་པ་དང་། བདག་བྱིན་རླབས་ཀྱི་རིམ་པ་དང་། མངོན་པར་བྱང་ཆུབ་པའི་རིམ་པ་དང་། ཟུང་འཇུག་གི་རིམ་པ་དང་ལྔ་ལ་བྱེད་པ་གཙོ་ཆེ་བ་དང་། ཡང་ན། ལུས་དབེན་དང་། ངག་དབེན་དང་། སེམས་དབེན་དང་། སྒྱུ་ལུས་དང་། འོད་གསལ་དང་། ཟུང་འཇུག་དང་དྲུག་བྱེད་པའང་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། དབེན་པ་གསུམ་དང་སྒྱུ་ལུས་དང་། །འོད་གསལ་སྔོན་འགྲོ་རྒྱུ་དག་ལས། །ཏིང་འཛིན་ལས་སྤྱོད་དེས་སྤྱོད་པའི། །སྙོམས་འཇུག་རིམ་པ་གཉིས་ལྡན་ལས། །དག་པའི་སྒྱུ་ལུས་རྫོགས་རིམ་གྱི། །རིགས་ལྔའི་གསང་བའི་སྤྱོད་པ་ལས། །སློབ་བཞིན་ཟུང་འཇུག་ཡེ་ཤེས་འཐོབ། །ཅེས་དང་། གསང་སྔགས་འཁོར་ལོ་རིམ་པ་ཀུན་རྫོགས་བྱེད། །དམིགས་བཅས་བཟླས་པ་སེམས་གསུམ་སྒྱུ་མར་འཆར། །འོད་གསལ་ཡེ་ཤེས་ངང་ལས་ཟུང་འཇུག་པའོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

ཡང་ན་ལུས་དབེན་ངག་དབེན་དུ་བསྡུས་ཏེ་རྡོར་བཟླས་ཀྱི་ཁོངས་སུ་བྱས་ནས་རིམ་ལྔ་བྱས་པ་སྔ་མ་ལྟར་དང་། སྒྲོན་གསལ་དུ་དབེན་པ་གསུམ་ཀ་གཅིག་ཏུ་བསྡུས་ནས་རིམ་པ་བཞི་བྱེད་པའང་མཆིས་ཏེ། རྗེའི་གསལ་སྒྲོན་ལས། དེས་ན་དབེན་པ་དང་པོ་གཉིས་སེམས་དམིགས་ཀྱི་རིམ་པར་བསྡུས་ནས་རྫོགས་རིམ་ལ་རིམ་པ་བཞིར་མཛད་པ་དང་། དེ་ལས་རྡོ་རྗེ་བཟླས་པའི་རིམ་པ་ལ་ལོགས་སུ་བཏོན་ཅིང་། དེར་ལུས་དབེན་བསྡུས་པའི་རིམ་པ་ལྔ་དང་། ལུས་དབེན་ཡང་ལོགས་སུ་བཏོན་ནས་རིམ་པ་དྲུག་ཏུ་མཛད་པ་རྣམས་ནི་དབྱེ་བསྡུ་ཡིན་པས་འགལ་བ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གོང་དུ་རྡོ་རྗེ་ཕྲེང་བ་ལས། སྔོན་བཞིན་རྡོ་རྗེ་བཟླས་ལ་སོགས། །རིམ་གྱིས་དེ་ཡི་དབྱེ་བར་འགྱུར། །ཞེས་གསུངས་པའི་དོན་སྨོས་ཟིན་ལྟར་གཞིའི་སྲིད་པ་སྐྱེ་འཆིའི་རིམ་པ་ཇི་ལྟ་བ་བཞིན་དུ་ལམ་རྒྱུད་ལ་བསྐྱེད་པའི་ཆེད་དུ་སྲིད་པ་སྐྱེ་འཇིག་གི་རྣམ་པ་དང་མཐུན་པའི་ལམ་སྒོམ་པ་གཙོ་བོ་རྫོགས་རིམ་གྱི་རིམ་པ་ལ་ཡོད་དགོས་པས་རིམ་ལྔ་ལའང་གཞིའི་རིམ་ལྔ་ཕྱེ་བར་གསུངས་ལ། དེའི་ཚུལ་ནི། གཞིའི་དུས་སུ་སེམས་ཅན་ཐ་མལ་བའི་རླུང་འབྱུང་འཇུག་རྒྱུན་ལྡན་དུ་བྱེད་པ་ནི་གཞིའི་རྡོ་རྗེའི་བཟླས་པ་དང་། འཆི་ཚེ་རླུང་ཕྱི་ནང་དུ་རྒྱུ་བ་ལོག་ནས་འབྱུང་བ་བཞི་རིམ་གྱིས་ཐིམ་ནས་སྣང་མཆེད་ཐོབ་གསུམ་རིམ་པར་འཆར་བ་ནི་གཞིའི་སེམས་དབེན་དང་། ཉེར་ཐོབ་ཀྱི་མཐའ་རུ་འཆི་བ་འོད་གསལ་འཆར་བ་ནི་གཞི་དུས་ཀྱི་འོད་གསལ་དང་གཞིའི་ཆོས་སྐུའོ།།

འཆི་བའི་འོད་གསལ་གྱི་མཐར་ཕུང་པོ་རྙིང་པའི་ནང་ན་གནས་པའི་རླུང་སེམས་ལས་ལུས་རྙིང་པ་ལས་ལོགས་སུ་ཕྱེས་པའི་བར་དོའི་ལུས་གྲུབ་པ་ནི་གཞིའི་སྒྱུ་ལུས་དང་གཞིའི་ལོངས་སྐུའོ། །དེ་ནས་བར་དོའི་ལུས་དེ་ཐ་མལ་བའི་མིག་གིས་མི་མཐོང་བ་ལ་ཐ་མལ་བའི་མིག་གིས་མཐོང་ནུས་ཀྱི་སྐྱེ་སྲིད་དུ་སྐྱེ་བ་བླངས་པ་ནི་གཞིའི་སྤྲུལ་སྐུ་དང་གཞི་དུས་ཀྱི་ཟུང་འཇུག་ཏུ་བཞག་པའི་རྣམ་གཞག་བྱ་བ་ཡིན་ནོ།།

དེ་ཕྱིར་འགོས་ལོ་ཙཱ་བའི་ལུགས་ལ་རིམ་པ་གཉིས་ཀའི་སྦྱང་གཞིར་སྲིད་པ་སྐྱེ་འཇིག་གི་རིམ་པ་བཤད་ཀྱང་གཞི་དུས་ལ་སྐུ་གསུམ་དང་རིམ་ལྔའི་རྣམ་གཞག་མི་བྱེད་པ་དང་། མར་པ་ལོ་ཙཱ་བའི་ལུགས་ལ་གཞིའི་སྐྱེ་ཤི་བར་དོ་ལ་སྐུ་གསུམ་དང་། གཞི་དུས་ཀྱི་རིམ་ལྔའི་རྣམ་གཞག་བྱེད་པ་དང་། མར་ལུགས་པས་ཞག་གཅིག་གི་རིམ་ལྔ་རླུང་འབྱུང་འཇུག་རྡོར་བཟླས་དང་། རང་བཞིན་གྱི་རྟོག་པ་སྙིང་ཁར་ཐིམ་པ་སེམས་དམིགས་དང་། གཉིད་དུ་སོང་བ་འོད་གསལ་དང་། རྨི་ལམ་འབྱུང་བ་སྒྱུ་ལུས་དང་། སད་པ་ཟུང་འཇུག་ཏུ་འཇོག་པར་འཇམ་མགོན་བླ་མ་ཙོང་ཁ་པས་གསུངས་ཤིང་། གཉིད་དུས་སུ་གཉིད་ཆོས་སྐུ་དང་། རྨི་ལམ་གྱི་དུས་སུ་རྨི་ལམ་ལོངས་སྐུ་དང་། སད་པའི་དུས་སུ་སད་པ་སྤྲུལ་སྐུ་སྟེ་ཞག་གཅིག་ལའང་སྐུ་གསུམ་དེ་ལྟར་སྦྱར་བར་གསུངས་སོ།།

དང་པོ་ལུས་དབེན་ལ་ལུས་དབེན་སྐུ་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་ཞིང་། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་རྣལ་འབྱོར་བས་འོག་སྒོར་ཕྲ་མོར་བསྒོམས་པས་རླུང་དབུ་མའི་ཡར་སྣེ་དང་མར་སྣེར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སྟོང་པའི་ཡེ་ཤེས་སྐྱེས་པ་ནས་བཟུང་སྟེ་སྟེང་འོག་གི་རླུང་རྣམས་སྙིང་ཀའི་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་མ་སྐྱེས་པའི་བར་གྱི་རྫོགས་རིམ་དེ་ཡིན་ཞིང་། དེ་ཡང་བསྐྱེད་རིམ་ནས་རྫོགས་རིམ་དུ་འཕོ་བའི་ཚུལ་ལས་རྫོགས་རིམ་ལུས་དབེན་དུ་འཕོ་ཚུལ་ཡང་བསྐྱེད་རིམ་མཐར་ཕྱིན་པའི་རྣལ་འབྱོར་བས་མཉམ་བཞག་ཏུ་རླུང་དྷཱུ་ཏཱིར་ཐིམ་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་བསྒོམས་ཤིང་། དེ་ལས་ལངས་པའི་རྗེས་ཐོབ་ཏུ་ཡུལ་སྣང་ཐམས་ཅད་ལ་བདེ་སྟོང་གི་ཡེ་ཤེས་ཀྱི་རྒྱ་ཡིས་བཏབ་ནས་རིགས་བརྒྱ་དང་། རིགས་གཅིག་ལ་སོགས་པའི་ལྷའི་རྣམ་པར་ཤར་བའི་རྣལ་འབྱོར་སྐྱེས་པ་ན་བསྐྱེད་རིམ་ནས་རྫོགས་རིམ་ལུས་དབེན་དུ་འཕོས་པ་ཡིན་ཞིང་། རྣལ་འབྱོར་བ་དེ་ནི་རྫོགས་རིམ་གྱི་ལུས་དབེན་པ་ཡིན་ནོ།།

སློབ་དཔོན་ཨ་བྷྱ་ཀཱ་ར་དང་། ཐུབ་པ་དཔལ་དང་། ལཀྵསྨི་དང་། སྐལ་ལྡན་གྲགས་པ་ལ་སོགས་པས་ལུས་དབེན་རིལ་བོ་བསྐྱེད་རིམ་དུ་འདོད་པ་དང་། བླ་མ་བཙུན་མོ་ཅན་དང་། མངོན་ཤེས་ཅན་གྱིས་ལུས་དབེན་དེ་རིལ་བོ་རྫོགས་རིམ་དུ་འདོད་པ་དང་། ནག་པོ་དམ་ཚིག་རྡོ་རྗེས་རིགས་བརྒྱ་དང་། རིགས་ལྔ་དང་། རིགས་གསུམ་གྱི་ལུས་དབེན་བསྐྱེད་རིམ་དང་། རིགས་གཅིག་གི་ལུས་དབེན་རྫོགས་རིམ་དུ་འདོད་པ་དང་། བོད་ནས་འགོས་ལུགས་པ་ཕལ་མོ་ཆེས་ལུས་དབེན་རྫོགས་རིམ་དུ་འདོད་པ་སོགས་ལུགས་དུ་མ་ཡོད་པར་རྗེ་རིན་པོ་ཆེའི་གསལ་སྒྲོན་དུ་གསུངས་སོ།།

རང་ལུགས་ལ་ནི། དེ་དག་གི་འདོད་པའི་དོན་ལྟར་ནི་མིན་པར་སྤྱིར་ལུས་དབེན་ལ་བསྐྱེད་རྫོགས་གཉིས་ཀའི་ཆར་གྱུར་པའི་ལུས་དབེན་ཡོད་པར་འདོད་ཅིང་། སྟོང་ཉིད་རྟོགས་པའི་སྟོབས་ཀྱིས་བྱུང་བ་མ་ཡིན་པར་སྟོང་ཉིད་རྟོགས་པ་མ་ཡིན་པའི་བློའི་གཟུང་རྣམ་ལྷར་ཤར་བའི་ལུས་དབེན་ཞིག་དང་། ཞུ་བདེའི་སྟོབས་ཀྱིས་སྟོང་ཉིད་རྟོགས་པ་མ་ཡིན་པའི་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བའི་ལུས་དབེན་ཞིག་དང་། རླུང་དབུ་མར་ཞུགས་གནས་ཐིམ་པ་ལས་བྱུང་བ་མ་ཡིན་པའི་ཞུ་བདེ་ཙམ་ལ་བརྟེན་ནས་བྱུང་བའི་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བའི་ལུས་དབེན་ཞིག་དང་། རླུང་དབུ་མར་ཞུགས་གནས་ཐིམ་པ་ལས་བྱུང་བའི་ཞུ་བདེ་ལ་བརྟེན་ནས་བྱུང་བའི་སྟོང་ཉིད་རྟོགས་པའི་བློའི་གཟུང་རྣམ་ལྷར་ཤར་བའི་ལུས་དབེན་ཞིག་དང་བཞི་ཡོད་པ་ལས་སྔ་མ་གསུམ་བསྐྱེད་རིམ་གྱི་སྐབས་ཀྱི་ལུས་དབེན་དང་། ཕྱི་མ་ནི་རྫོགས་རིམ་དུ་གྱུར་པའི་ལུས་དབེན་ཡིན་ཕྱིར། ལུས་དབེན་དེ་ལ་བསྐྱེད་རྫོགས་གཉིས་ཀའི་ཆ་ཡོད་པར་བཞེད་པ་སྟེ། རྗེའི་གསལ་སྒྲོན་ལས། རང་གི་ལུགས་ནི། ལུས་དབེན་ལ་རིམ་གཉིས་ཀྱི་ཆ་གཉིས་ཡོད་པའི་རིམ་པ་གཉིས་པའི་ལུས་དབེན་འཕགས་པས་ངག་དབེན་གྱི་སྔོན་དུ་མ་གསུངས་པ་ནི། རྡོ་རྗེ་བཟླས་པའི་རིམ་པར་བསྡུས་པ་ལ་དགོངས་པ་ཡིན་ནོ། །ཞེས་གསུངས་པ་དེ་ལྟར་ཤེས་པར་བྱའོ།།

ལུས་དབེན་དེ་ལ། རྗེས་ཐོབ་ཏུ་ཡུལ་དབང་སོགས་ཆོས་ཐམས་ཅད་བདེ་སྟོང་གི་རྒྱས་བཏབ་ནས་ཐམས་ཅད་བདེ་སྟོང་གི་རྣམ་འགྱུར་དུ་འཆར་བ་ཞིག་ཡོད་པ་ནི་སོར་སྡུད་དང་། བདེ་སྟོང་གི་རྣམ་འགྱུར་ལྷ་སྐུ་རུ་འཆར་བ་ཞིག་ཡོད་པ་ནི་བསམ་གཏན་ཡིན་པས་དེ་ལ་དབྱེ་ན་སོར་སྡུད་དང་། བསམ་གཏན་གཉིས་ཡོད་དོ།།

དེས་ན་ལུས་དབེན་ནི་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱས་བཏབ་པའི་སྒོ་ནས་ཕུང་ཁམས་སྐྱེ་མཆེད་ལྷ་རུ་བསྒོམ་པ་ལ་བྱེད་པས་དམ་པ་རིགས་བརྒྱ་སོགས་ལྷའི་དཀྱིལ་འཁོར་བསྒོམས་པའི་ལམ་ཞིག་ལ་བྱེད་པས་ལུས་དབེན་ཞེས་སོ།།

དེ་ཕྱིར་རྗེ་ཙོང་ཁ་པ་བློ་བཟང་གྲགས་པའི་ཞལ་ཤེས་གནད་ཀྱི་ཐེམ་ཡིག་ལས། བསྐྱེད་རིམ་ནི་རྫོགས་རིམ་གྱི་སྨིན་བྱེད་དུ་བསྒོམ་པ་ཡིན་པས། ལུས་དབེན་ནས་བཟུང་སྟེ་ཟུང་འཇུག་གི་བར་ཐམས་ཅད་དུ་རང་རྡོ་རྗེ་འཆང་དུ་ལངས་པ་ན་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་སུ་ལང་དགོས་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ལུས་དབེན་ནས་ཟུང་འཇུག་གི་བར་གྱི་རྫོགས་རིམ་ཡོངས་ལའང་རང་ལྷའི་སྐུར་བསྒོམ་དགོས་པ་ཡིན་ཞིང་། དེ་ཡང་གསང་བ་འདུས་པའི་ལྷ་ཚོགས་ལྟ་བུ་དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྐུར་བཞེངས་པ་ཞིག་དགོས་པ་ཡིན་ནོ།།

གསང་བ་འདུས་པའི་སྐབས་ཀྱི་དམ་པ་རིགས་བརྒྱ་ནི། རྒྱུད་ཕྱི་མ་ལས། དམ་པའི་རིགས་ནི་རྣམ་པ་བརྒྱ། །ཞེས་གསུངས་པ་ལྟར། གཟུགས་ཀྱི་ཕུང་པོ་སོགས་ཕུང་ལྔ་གཤེགས་པ་ལྔ་དང་། ས་སོགས་ཁམས་བཞི་ཡུམ་བཞི་དང་། མིག་གི་སྐྱེ་མཆེད་སོགས་དྲུག་བྱམས་པ་དང་ཀུན་བཟང་དོར་བའི་ས་སྙིང་སོགས་སེམས་དཔའ་དྲུག་དང་། གཟུགས་སྒྲ་སོགས་ལྔ་ལ་གཟུགས་རྡོ་རྗེ་མ་ལ་སོགས་པའི་སེམས་མ་ལྔ་སྟེ་ལྷ་ཉི་ཤུ་ལ་རེ་རེ་ལ་རྣམ་སྣང་གི་རྣམ་སྣང་དང་། རྣམ་སྣང་གི་མི་བསྐྱོད་པ་སོགས་ནས་རེག་བྱ་རྡོ་རྗེ་མའི་རྣམ་སྣང་ལ་སོགས་རིགས་ལྔ་རེ་བྱས་པའི་བརྒྱ་ཐམ་པ་བསྒོམ་པ་དེ་ཉིད་ཡིན་ཏེ། གསང་ཆེན་གསང་བ་འདུས་པ་བརྟག་པའི་རྒྱལ་པོ་ཆེན་པོ་སྟེ་གསང་འདུས་རྩ་རྒྱུད་ལས། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །རྡོ་རྗེའི་སྐྱེ་མཆེད་རྣམས་ཉིད་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཞེས་དང་། ས་ནི་སྤྱན་ཞེས་བྱ་བ་ཡིན། །ཆུའི་ཁམས་མཱ་མ་ཀཱི་ཞེས་བྱ། །དཀར་དང་སྒྲོལ་མ་ཞེས་བྱ་བ། །མེ་དང་རླུང་དུ་རབ་ཏུ་བསྒྲགས། །མཁའ་དབྱིངས་རྡོ་རྗེའི་དམ་ཚིག་ནི། །དེ་ཉིད་རྡོ་རྗེ་འཛིན་པ་ཡིན། །ཞེས་དང་། གཟུགས་སྒྲ་དྲི་སོགས་སྔགས་པ་ཡིས། །ལྷ་ཉིད་དུ་ནི་རྟག་ཏུ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཉིད་རིགས་ལྔ་ནི། དམ་པ་རིགས་བརྒྱའམ་རིགས་ཅན་ཉི་ཤུ་བོ་སའི་ཁམས་དང་། ཆུ་དང་། མེ་དང་། རླུང་དང་། རྣམ་ཤེས་ཀྱི་ཁམས་ལྔའི་རིགས་ཀྱི་ལྷའི་ཁོངས་སུ་བསྡུས་ནས་རིགས་ལྔ་བྱེད་པ་ཡིན་ཏེ། རྒྱུད་ཕྱི་མ་ལས། དེ་ཉིད་རྣམ་པ་ལྔ་རུ་བཤད། །ཅེས་གསུངས་པའི་ཕྱིར་རོ།།

གསང་བ་རིགས་གསུམ་ནི། ཁམས་ལྔར་བསྡུས་པའི་ལྷ་དེ་དག་ལས་རིན་ཆེན་འབྱུང་ལྡན་སྐུ་རྡོ་རྗེར་བསྡུས་ཏེ་རིན་ཆེན་འབྱུང་ལྡན་དང་རྣམ་སྣང་ལུས་ཀྱི་ངོ་བོ་རྣམ་པར་དག་པ་སྐུ་རྡོ་རྗེ་དང་། དོན་ཡོད་གྲུབ་པ་གསུང་རྡོ་རྗེ་རུ་བསྡུས་ཏེ་དོན་ཡོད་གྲུབ་པ་དང་འོད་དཔག་མེད་ངག་གི་ངོ་བོ་རྣམ་པར་དག་པ་གསུང་རྡོ་རྗེ་དང་། རིགས་དྲུག་པ་ཐུགས་རྡོ་རྗེར་བསྡུས་ཏེ་རྡོ་རྗེ་འཆང་དང་མི་བསྐྱོད་པ་ཡིད་རྣམ་པར་དག་པ་ཐུགས་རྡོ་རྗེ་སྟེ། དབེན་གཞི་རང་གི་ལུས་ངག་ཡིད་ཀྱི་སྒོ་གསུམ་པོ་རྣམ་པར་དག་པ་རྡོ་རྗེ་གསུམ་གྱི་ངོ་བོར་བསྒོམས་པའི་བདེ་སྟོང་གི་ཡེ་ཤེས་ཀྱིས་རྒྱས་ཐེབས་པའི་རྣལ་འབྱོར་ཞིག་ལ་བྱེད་པ་ཡིན་ཏེ། རྒྱུད་ཕྱི་མ་ལས། གསང་བ་རྣམ་པ་གསུམ་དུ་བཤད། །ཅེས་གསུངས་པའི་ཕྱིར་རོ།།

གསང་ཆེན་རིགས་གཅིག་ནི། རྡོ་རྗེ་གསུམ་དེ་ཡང་གསང་ཆེན་རྡོ་རྗེ་འཆང་གི་སྐུ་གསུང་ཐུགས་སུ་བསྡུས་པའི་རིགས་གཅིག་སྟེ། དེ་ཉིད་ལ་བདེ་སྟོང་གི་ཡེ་ཤེས་ཀྱི་རྒྱས་བཏབ་པའི་ལམ་དེ་ལ་བྱེད་པ་ཡིན་ཏེ། དེ་ཉིད་ལས། གསང་བ་རྣམ་པ་གསུམ་དུ་བཤད། །ལྷག་མའི་ལྷ་ནི་གསང་ཆེན་ཏེ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ལུས་དབེན་བསྒོམ་ཚུལ་དངོས་ནི། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་རྣལ་འབྱོར་བས་དུས་གནད་ཐོ་རངས་དང་། ཕྱི་དྲོ་མེ་ཡི་དུས་ལྟ་བུ་ལ། ལུས་གནད་རྣམ་སྣང་ཆོས་བདུན་གྱི་ངང་ནས་། རླུང་གནད་མ་བཅོས་པ་རང་སོ་བ་དེ། ཡུལ་གནད་རྩ་དབུ་མའི་ནང་དུ་བསྒོམ་དགོས་ཤིང་། རང་ལུས་གསང་ཆེན་རིགས་གཅིག་རྡོ་རྗེ་འཆང་གི་སྐུར་གསལ་བའི་དྷཱུ་ཏཱིའི་མར་སྣེ་ནོར་བུའི་རྩ་འཁོར་གྱི་དབུས་སུ་དམིགས་རྟེན་ལྷ་གང་ཡིན་གྱི་རང་རིགས་ཀྱི་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་གང་རུང་བསྒོམ་པ་ལ་སེམས་གཏད་ཏེ་གནས་པས། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་སེམས་གང་དུ་བཟུང་བའི་གནས་དེར་རླུང་འདུ་ཞིང་། དེའི་དབང་གིས་རླུང་དབུ་མར་ཞུགས་པ་དང་། གནས་པ་དང་། ཐིམ་པ་གསུམ་བྱེད་པའམ་འབྱུང་བ་ཡིན་ལ། དེ་དུས་རླུང་དབུ་མར་ཞུགས་པའི་རྟགས་སུ་སྣ་བུག་ནས་མཉམ་རྒྱུ་ཤེད་མཚུངས་ཅན་ཐེངས་པ་འབྱུང་བ་དང་། རླུང་དབུ་མར་གནས་པའི་རྟགས་སུ་སྣ་བུག་ནས་རླུང་གི་རྒྱུ་བ་ཆད་པ་དང་། ཐིམ་པའི་རྟགས་སུ་ས་ཁམས་ཆུ་ལ་ཐིམ་པས་སྨིག་རྒྱུ་ལྟ་བུའི་སྣང་བ་འཆར་བ་དང་། ཆུ་ཁམས་མེ་ལ་ཐིམ་པའི་རྟགས་སུ་དུ་བ་ལྟ་བུ་དང་། མེ་ཁམས་རླུང་ལ་ཐིམ་པའི་རྟགས་སུ་མཁའ་སྣང་མེ་ཁྱེར་ལྟ་བུ་དང་། རླུང་ཁམས་སྣང་བ་ལ་ཐིམ་པའི་རྟགས་སུ་མར་མེ་འབར་བ་ལྟ་བུའི་སྣང་བ་འཆར་བ་ཡིན་ཏེ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་རིམ་གཉིས་དེ་ཁོ་ན་ཉིད་བསྒོམ་པའི་ཞལ་ལུང་ལས། དེ་ནས་གསང་བའི་ཐིག་ལེ་ཆེ། །རབ་ཏུ་ཕྲ་བ་གོང་མ་བཞིན། །རང་སེམས་དལ་བུ་དལ་བུས་གཟུང་། །དངོས་པོ་མེད་པའི་གནས་སུ་འགྱུར། །དེ་ཡང་བཟུང་བ་གོམས་པ་ཡིས། །ཕྱིན་ཅི་ལོག་ནི་རྣམ་པར་ལྡོག །སྨིག་རྒྱུ་ལྟ་བུ་སྣང་བ་ནི། །རྟགས་ནི་དང་པོར་ཤེས་པར་བྱ། །དེ་བཞིན་དུ་ནི་ཆུ་ལོག་པས། །དུ་བ་ལྟ་བུར་འབྱུང་བ་ནི། །གཉིས་པ་ཡིན་པར་ཤེས་པར་བྱ། །མེ་ནི་རྣམ་པར་ལོག་གྱུར་པས། །མཁའ་སྣང་འདྲ་བ་གསུམ་པའོ། །རླུང་ནི་དེ་བཞིན་ལོག་པས་ན། །མར་མེ་ལྟ་བུ་རབ་སྣང་བས། །རྟགས་ནི་བཞི་པར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཉིད་ལས། དེ་བཞིན་ཕྱིན་ལོག་རྣམ་པར་ཤེས། །ལོག་པས་ཟབ་གསལ་གཉིས་མེད་ཀྱི། །དོན་དྲན་སྤྲིན་མེད་ནམ་མཁའ་ལྟར། །གསལ་བ་རྟགས་ནི་ལྔ་པའོ། །ཞེས་པ་ནི་ཉེར་ཐོབ་ཀྱི་སྣང་བ་ལོག་སྟེ་འོད་གསལ་འཆར་བའི་རྟགས་སུ་ནམ་མཁའ་སྤྲིན་མེད་པ་གཡའ་དག་པའི་སྣང་བ་འཆར་བ་དེ་བསྟན་པ་ཡིན་པར་ངེས་སོ།།

རྟགས་འདི་དག་ཀྱང་ཐིམ་པར་བརྩམ་པ་ན་འབྱུང་བ་ཡིན་གྱི་ཐིམ་པ་དང་ཐིམ་ནས་བྱུང་བ་ནི་མ་ཡིན་པའི་ཕྱིར་ན་ཐིམ་པའི་སྔ་ལོགས་དེ་མ་ཐག་ཏུ་སྔ་རྟགས་སུ་བྱུང་བ་ཡིན་ནོ།།

ལུས་དབེན་ཞེས་པའི་དོན་ཡང་དབེན་གཞི་ལུས་རང་རྒྱུད་ཀྱིས་བསྡུས་པའི་ཕུང་ཁམས་སྐྱེད་མཆེད་སོགས་ལ་རྫོགས་རིམ་གྱི་བདེ་སྟོང་གི་ཡེ་ཤེས་ཀྱི་རྒྱས་བཏབ་ནས་ཐ་མལ་གྱི་སྣང་ཞེན་ལས་དབེན་པར་བྱས་ཏེ་དག་པ་ལྷའི་རྣམ་པར་ཤར་བའི་རྣལ་འབྱོར་ཞིག་ཡིན་པའི་ཕྱིར་ན་ལུས་དབེན་ཞེས་བརྗོད་པ་ཡིན་པར་གསུངས་ཤིང་། དབེན་གཞི་ལུས་ཀྱི་ཕུང་པོ་ལྔ་དང་། ཁམས་བཞི་དང་། སྐྱེ་མཆེད་དྲུག་དང་། གཟུགས་སྒྲ་སོགས་ལྔ་སྟེ་རགས་པ་ཉི་ཤུ་དང་། དབེན་བྱ་ནི་ཐ་མལ་སྣང་ཞེན་དང་། དབེན་པའི་དོན་ནི་བདེ་སྟོང་གི་ཡེ་ཤེས་ཀྱི་རྣམ་འགྱུར་རམ་ལྷ་སྐུའི་རྣམ་པར་བསྒོམས་ནས་ཤར་བའོ། །དེ་ནི་ལུས་དབེན་གྱི་ངེས་ཚིག་གམ་སྒྲ་བཤད་དོ།།

ལུས་དབེན་གྱི་སྐབས་སུ་སྒོམ་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་ཏེ་ལུས་དབེན་བསྒོམ་དགོས་ཤིང་། དེ་ཡང་ལུས་དབེན་གྱི་སྐབས་སུ་རླུང་རྩ་དབུ་མར་ཐིམ་ཡང་དབུ་མའི་ཡར་སྣེ་དང་མར་སྣེ་ལ་ཐིམ་པ་ལས་སྙིང་ཁའི་དབུ་མ་དང་། སྙིང་གའི་རྩ་འཁོར་དང་། མི་ཤིགས་པའི་ཐིག་ལེ་ལ་ཐིམ་ཐུབ་ཀྱིན་མེད་པ་དང་། བསྒོམ་བྱའི་རླུང་དེ་ཡང་སྲོག་འཛིན་དང་། མེ་མཉམ་དང་། ཐུར་སེལ་དང་། གྱེན་རྒྱུ་སྟེ་རྩ་བའི་རླུང་བཞི་དང་། རྒྱུ་བ་དང་། རྣམ་པར་རྒྱུ་བ་སོགས་ཡན་ལག་གི་རླུང་ལྔ་དེ་ཉིད་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ལས་ཁྱབ་བྱེད་ཀྱི་རླུང་ནི་དེ་ལྟར་བྱེད་ཐུབ་ཀྱིན་མེད་པར་བཞེད་དོ།།

སྒོམ་སྟོབས་ཀྱིས་རླུང་དབུ་མར་དངོས་སུ་ཐིམ་ནས་སྣང་མཆེད་ཐོབ་གསུམ་གྱི་རྗེས་ཐོག་གམ་སྐབས་སུ་སྟོང་པའི་ཡེ་ཤེས་སྐྱེ་བ་ཡིན་ཞིང་དེ་བར་ནི་ལུས་དབེན་ཡིན་པར་གསུངས་སོ།།

རྡོར་བཟླས་བཤད་པ།

རིམ་པ་ལྔའི་དང་པོ་རྡོར་བཟླས་ཀྱི་རིམ་པ་ནི། དབེན་པ་གསུམ་གྱི་གཉིས་པ་ངག་དབེན་དང་དོན་གཅིག་ལ། དེ་ལ་ནི་ངག་དབེན་གསུང་རྡོ་རྗེའི་ཏིང་ངེ་འཛིན་ཞེས་ཀྱང་བྱ་ཞིང་། དེ་ནི། སྙིང་གའི་སྣ་རྩེ་སྟེ་དབུ་མའི་དབུས་སུ་གཞི་དུས་ཀྱི་ཡེ་ཤེས་ལྔ་དང་འབྱུང་བ་ལྔའི་ངོ་བོར་གྱུར་པའི་རླུང་ཕྲ་བ་ཐིག་ལེའི་གཟུགས་སུ་གྱུར་པ་ཨ་ཐུང་གི་རྣམ་པར་གྱུར་པའི་སྔགས་ཀྱི་ཐིག་ལེ་བསྒོམས་པས་སྟེང་འོག་གི་རླུང་རྣམས་དབུ་མ་མ་ཟད་སྙིང་གའི་དྷཱུ་ཏཱིའི་ནང་དུའང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་སྙིང་གའི་རྩ་མདུད་ལྷོད་པོར་ཡོངས་སུ་གྲོལ་ཞིང་། དེ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ནས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་རླུང་ཞུགས་གནས་ཐིམ་གསུམ་བྱས་པའི་སྣང་བའི་ཡེ་ཤེས་མ་སྐྱེས་པའི་བར་གྱི་རྫོགས་རིམ་གྱི་རྣལ་འབྱོར་དེ་ལ་བྱའོ།།

རྡོར་བཟླས་ལ་དབྱེ་ན་དུ་མ་ཡོད་པར་བཤད་ཀྱང་། རང་ལུགས་ལ་ནི་རྩ་བའི་རླུང་ལ་དམིགས་པའི་རྡོར་བཟླས་དང་། ཡན་ལག་གི་རླུང་ལ་དམིགས་པའི་རྡོར་བཟླས་གཉིས་ཡོད་ཅིང་། དང་པོ་ལ་རིན་པོ་ཆེའི་བཟླས་པ་དང་། གཉིས་པ་ལ་ཐོགས་མེད་ཀྱི་བཟླས་པ་ཞེས་བཤད་པ་ཡིན་ཏེ། གསང་བ་འདུས་པའི་རྒྱུད་ལས། དོན་གྱི་རྗེས་འགྲོ་བཟླས་པ་ནི། །ངོ་བོ་ཉིད་མེད་བཟང་པོ་ཡིས། །དུས་གསུམ་སངས་རྒྱས་རྣམ་དཔྱད་པ། །དེ་ནི་རིན་ཆེན་བཟླས་པར་བཤད། །སངས་རྒྱས་ཞིང་རྣམས་ཐམས་ཅད་དུ། །སྐུ་ཡི་སྤྲིན་རྣམས་སྤྲོ་བ་དང༌། །བཞུད་ཅིང་བྱོན་པ་རྡོ་རྗེའི་དོན། །དེ་ནི་ཐོགས་མེད་བཟླས་པར་བཤད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཡང་སྔ་མ་ལ་རིན་པོ་ཆེའི་བཟླས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡང་རིན་པོ་ཆེ་དོན་གྱི་འོད་གསལ་བསྐྱེད་པར་བྱེད་པའི་བཟླས་པ་ཡིན་པས་དེ་ལྟར་བརྗོད་པ་དང་། ཕྱི་མ་ལ་ཐོགས་མེད་ཀྱི་བཟླས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡང་དབང་ཤེས་ལྔ་ལྐོག་གྱུར་གྱི་ཡུལ་ལ་ཐོགས་མེད་དུ་འཇུག་ནུས་སུ་བསྒྲུབ་པར་བྱེད་པའི་བཟླས་པ་ཡིན་པས་ན་དེ་ལྟར་བརྗོད་པ་ཡིན་པར་གསུངས་སོ།།

ཡང་རྡོར་བཟླས་ལ་ངོ་བོའི་སྒོ་ནས་དབྱེ་ན། ཡི་གེ་གསུམ་གྱི་རྡོར་བཟླས་དང་། ཡི་གེ་གཉིས་ཀྱི་རྡོར་བཟླས་གཉིས་ཡོད་ལ། བཟླས་པའི་སྔགས་ཀྱི་སྒོ་ནས་ཕྱེས་པ་ཡིན་པར་རྗེ་རིན་པོ་ཆེས་གསུངས་ཤིང་། ཡི་གེ་གཉིས་ཀྱི་རྡོར་བཟླས་ནི་ཡི་གེ་ཧཱུཾ་ཧོཿ གཉིས་སོ།།

རྡོར་བཟླས་ཀྱི་བཟླ་བྱའི་ཡུལ་རླུང་གི་སྒོ་ནས་དབྱེ་ན་རྩ་བ་དང་། ཡན་ལག་གི་རྡོར་བཟླས་གཉིས་ཡོད་པ་དང་། རྩ་བ་ལ་རླུང་བཞི་དང་། ཡན་ལག་ལ་རླུང་ལྔའི་དབྱེ་བ་ཡོད་དོ།།

རྟེན་གྱི་སྒོ་ནས་དབྱེ་ན། བསྐྱེད་རིམ་དང་། ངག་དབེན་དང་། སེམས་དབེན་དང་། སྒྱུ་ལུས་དང་། ཟུང་འཇུག་གི་རྡོར་བཟླས་ལྔ་ཡོད་པར་བཤད་ལ། སྒྲའི་བརྗོད་རིགས་ཀྱི་དབྱེ་བའོ།།

རྡོར་བཟླས་ཞེས་བརྗོད་པའི་རྒྱུ་མཚན་ནི། བཛྲ་ནི་རྡོ་རྗེའི་སྐད་དོད་དེ། མི་ཕྱེད་པའི་དོན་ཡིན་ཞིང་། རྡོར་བཟླས་ནི་རླུང་སྔགས་དབྱེར་མི་ཕྱེད་པར་སྦྱོར་བའི་བཟླས་པ་ཡིན་པའི་ཕྱིར་ན་དེ་ལྟར་བརྗོད་ལ། དེ་ནི་རྡོར་བཟླས་ཀྱི་སྒྲ་བཤད་དོ།།

དེ་ལ་རྗེས་འགྲོའི་བཟླས་པ་ཞེས་བརྗོད་པའི་རྒྱུ་མཚན་ཡང་། ཡིད་དེ་རླུང་སྔགས་དབྱེར་མེད་པའི་རྗེས་སུ་འགྲོ་བའི་བཟླས་པ་ཡིན་པའི་ཕྱིར་ན་དེ་ལྟར་བརྗོད་པར་གསུངས་སོ།།

རྡོར་བཟླས་བསྒོམ་ཚུལ་དངོས་ནི། རིམ་ལྔ་གསལ་སྒྲོན་ལས། དྲུག་པ་ངག་དབེན་ཇི་ལྟར་ཉམས་སུ་བླང་པའི་ཚུལ་ལ་གསུམ། ཞེས་པ་ནས། སྙིང་ཁའི་སྣ་རྩེར་སྔགས་ཀྱི་ཐིག་ལེའི་སྲོག་རྩོལ་བསྒོམ་པ་དང༌། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་སྒོམ་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་སྒོམ་པའི་བཤད་པའོ། །ཞེས་གསུངས་པ་ལྟར། སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེའི་སྲོག་རྩོལ་དང་། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་དང་། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་གསུམ་ལ་སྲོག་རྩོལ་གསུམ་ཞེས་གྲགས་ཤིང་དེ་གསུམ་བསྒོམ་དགོས་སོ།།

དང་པོ་ནི། རང་ཉིད་གསང་ཆེན་རིགས་གཅིག་རྡོ་རྗེ་འཆང་གི་སྐུར་གསལ་ཞིང་དེའི་ང་རྒྱལ་དང་ལྡན་པའི་ངང་ནས་དེའི་སྙིང་གའི་རྩ་འཁོར་གྱི་དབུས་ཀྱི་དྷཱུ་ཏཱིའི་ནང་དུ་ཐིག་ལེ་དཀར་དམར་གའུ་ཁ་སྦྱོར་ལྟ་བུ་ཡུངས་འབྲུ་ཙམ་གྱི་ནང་དུ་ཡི་གེ་ཧཱུཾ་ཡིག་གམ་ཡང་ན་ཨ་ཐུང་གི་རྣམ་པ་བསྒོམས་པས་སྙིང་གར་རླུང་བསྡུད་པ་སྔགས་ཐིག་ཉི་ཚེ་བ་བསྒོམ་པ་དང་། ཡང་ན་སྙིང་ཁའི་དབུ་མའི་ནང་དུ་པདྨ་དམར་པོ་འདབ་མ་བརྒྱད་པ་སུམ་རིམ་བསྒོམ། དེ་སྙིང་གའི་རྩ་བརྒྱད་ཀྱི་ངོ་བོར་མོས། དེའི་འདབ་མ་ཕྱི་རིམ་ལ་དབྱངས་ཡིག་བཅུ་གཉིས་སྣང་བ་མཚོན་པའི་ཁ་དོག་དཀར་པོ་དང་། པད་འདབ་རིམ་པ་བར་མ་ལ་མ་ཡིག་དོར་བའི་ལྷག་མ་གསལ་བྱེད་ཀྱི་ཡི་གེ་མཆེད་པ་མཚོན་པའི་མདོག་དམར་པོ་དང་། པད་འདབ་ནང་རིམ་གྱི་ཕྱོགས་བཞི་ལ་ཡི་གེ་རྀ་ལྀ་བཞི་ཉེར་ཐོབ་མཚོན་པའི་མདོག་ནག་པོ་དང་། ཡི་གེ་ཐམས་ཅད་ཀྱི་མགོ་བོར་ཐིག་ལེས་མཚན་པ་དང་། དེ་དག་རྩ་ཡི་ནང་ན་ཕྱི་རིམ་ནང་རིམ་གྱི་རིམ་པ་བསྒྲིགས་པ་དང་། པད་འདབ་ཀྱི་སྟེང་ལ་ཕྲེང་བསྒྲིགས་པ་ཞིག་བསྒོམ། དེའི་དབུས་སུ་མི་ཤིགས་པའི་ཐིག་ལེ་ལ་སེམས་འཛིན་པ་ནི་སྔགས་འཁོར་བསྒོམ་པ་སྟེ། དེ་ལ་རླུང་སྡུད་ནས་བསྒོམས་པ་ལ་བྱ་སྟེ། རྒྱུད་ཕྱི་མ་ལས། རང་སྔགས་སྙིང་གར་བསམ་ནས་ནི། །སྲོག་ནི་ཐིག་ལེར་གྱུར་པར་བཞག །ཅེས་གསུངས་པའི་ཕྱིར་རོ།།

ཡང་སྙིང་གའི་སྣ་རྩེ་སྟེ་སྙིང་ཐད་ཀྱི་དྷཱུ་ཏཱིའི་ནང་གི་རྩ་འཁོར་གྱི་པད་འདབ་ཀྱི་དབུས་སུ་ཐིག་ལེ་དཀར་དམར་གའུ་ཁ་སྦྱར་ལྟ་བུ་ཚད་ཡུངས་འབྲུ་ཙམ་བསྒོམ་དགོས་པའི་ཁུངས་དང་ཚུལ་ནི་ཡོད་དེ། གསང་འདུས་རྩ་རྒྱུད་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །ཞེས་དང་། སྒྲོན་གསལ་ལས། །ཁ་དོག་རྣམ་པ་ལྔ་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཅན་རིན་པོ་ཆེ་ནི་མི་ཤིགས་པར་གྲགས་པ་སྟེ། སངས་རྒྱས་རིན་པོ་ཆེ་སྐྱེད་པས་སོ། །ཡུངས་ཀར་གྱི་འབྲུ་ཚད་ཙམ་ཞེས་བྱ་བ་ནི་ཐིག་ལེའི་གཟུགས་ཅན་ཡིན་པས་སོ། །སྣའི་རྩེ་མོར་ཞེས་བྱ་བ་ནི་སྙིང་གའི་པདྨའི་ལྟེ་བར་རོ། །ནན་ཏན་དུ་ཞེས་པ་ནི་དེ་ལ་ཞེན་པས་འཇུག་པ་དང་། གནས་པ་དང་། ལྡང་བ་དང་། སྡུད་པའི་རྣལ་འབྱོར་གྱིས་རྟག་པར་ཉིན་མཚན་དུ་བསྒོམ་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཁམས་དཀར་དམར་གྱི་ཐིག་ལེ་དེ་གའུ་ཁ་སྦྱར་ལྟ་བུ་ཡིན་པའི་ཁུངས་ཡོད་དེ། སློབ་དཔོན་ཀུ་ཀུ་རི་པའི་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལས། དེ་ཡི་ལྟེ་བར་བསམ་པ་ནི། །ཉི་དཀྱིལ་ཐིག་ལེ་ཟླ་བ་སྟེ། །དབྱིབས་ནི་གའུ་ཁ་སྦྱར་འདྲ། །ཉི་མ་ཐབས་ལ་ཤེས་རབ་ཟླ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་གའུ་ཁ་སྦྱོར་ལྟ་བུའི་ནང་གི་ཡི་གེ་དེ་ཧཱུཾ་ཡིག་ཡིན་པའི་ཁུངས་ཡོད་དེ། རྡོ་རྗེ་ཕྲེང་བ་ལས། ཆོས་ཀྱི་འཁོར་ལོ་དེ་ཉིད་མཆོག །སྙིང་གའི་པདྨའི་ལྟེ་བ་ལ། །དབུས་སུ་ཧཱུཾ་ནི་བཀོད་ནས་ནི། །ཞེས་དང་། རྣལ་འབྱོར་མའི་རྒྱུད་གདན་བཞི་ལས། སྙིང་གར་ཟླ་བ་བསམས་ནས་སུ། །དབུས་སུ་ཧཱུཾ་ནི་བསྒོམ་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་གའུ་ཁ་སྦྱོར་ལྟ་བུའི་ནང་གི་ཡི་གེ་དེ་ཨ་ཐུང་གི་ཡི་གེ་ཡིན་པའི་ཁུངས་ཡོད་དེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་། སྙིང་གའི་དབུས་ན་མི་ཤིགས་པ། །རབ་ཏུ་འབར་བ་མར་མེ་བཞིན། །མི་འགྱུར་མཆོག་ཏུ་ཕྲ་བ་ཡི། །ཨ་ནི་གཙོ་བོ་དམ་པའོ། །ཞེས་དང་། སློབ་དཔོན་སྙན་གྲགས་བཟང་པོའི་གསང་བ་ཐམས་ཅད་ཀྱི་སྒྲོན་མའི་རྒྱ་ཆེར་འགྲེལ་པ་ལས། རང་གི་སྙིང་གའི་པདྨ་ལས་ཨ་ཐུང་ངུ་བསམས་ཏེ། ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་ནི། རྫོགས་རིམ་པའི་རྡོར་བཟླས་འདིར་ནི། སྙིང་གའི་སྣ་རྩེར་སྔགས་ཐིག་བསྒོམ་པའི་སྲོག་རྩོལ་ལ་བརྟན་པ་ཐོབ་པའི་རྗེས་དུས་ནས་རྡོར་བཟླས་བྱེད་པ་ཞིག་ཡིན་ཏེ། གསང་འདུས་ལས། རིན་ཆེན་ཆེན་པོ་ཁ་དོག་ལྔ། །ཡུངས་ཀར་གྱི་ནི་འབྲུ་ཚད་ཙམ། །སྣ་ཡི་རྩེ་མོར་ནན་ཏན་དུ། །རྣལ་འབྱོར་གྱིས་ནི་རྟག་ཏུ་བསྒོམ། །རིན་ཆེན་བརྟན་པར་གྱུར་ན་སྤྲོ། །བརྟན་པར་མ་གྱུར་ཡོང་མི་སྤྲོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཕྱིར་གདོང་གི་སྣ་རྩེ་སྟེ་སྨིན་དབྲག་གམ་ཡང་ན་སྣའི་རྩེ་མོའི་རྩ་དབུ་མའི་ཡར་སྣེའི་སྟེང་དུ་ཡེ་ཤེས་ལྔ་དང་འབྱུང་བ་ལྔའི་ངོ་བོར་གྱུར་པའི་རླུང་ཕྲ་བ་ཐིག་ལེའི་གཟུགས་སུ་གྱུར་པ་ཨ་ཐུང་གི་རྣམ་པར་གྱུར་པ་དེ་ལ་སེམས་གཏད་དེ་རླུང་ཡི་གེ་གསུམ་གྱི་གདངས་སུ་ཤར་བ་ལ་རྡོར་བཟླས་བྱེད་པ་ནི་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ་ཞེས་བྱ་སྟེ། རྒྱུད་ཕྱི་མ་ལས། རིན་ཆེན་ཁ་དོག་སྣ་ལྔ་པ། །སྲོག་དང་རྩོལ་བ་ཞེས་བྱར་བཤད། །ཅེས་གསུངས་པའི་དོན་ཡིན་པའི་ཕྱིར། ཡང་སྟེང་གི་སྣ་རྩེར་དང་། སྟེང་སྒོར་ཞེས་བསྟན་པའང་འདི་དང་དོན་གཅིག་གོ།

དེས་ན་འདི་ནི་སེམས་དབེན་འདྲེན་པའི་ཕྱིར་དུ་རྩ་བའི་རླུང་ལ་རྡོར་བཟླས་བྱེད་པ་དང་། དེ་རྗེས་ཡན་ལག་གི་རླུང་ལ་རྡོར་བཟླས་བྱེད་པའི་ཚུལ་དེ་ཡིན་ཞིང་། འདི་དང་། གཞན་ཡང་འཕྲིན་ལས་རྣམ་བཞི་བསྒྲུབ་ཕྱིར་དུ་རྩ་འཁོར་བཞི་དང་རྩ་བའི་རླུང་བཞི་ལ་རྡོར་བཟླས་བྱེད་པ་དང་། མངོན་ཤེས་ལྔ་ཐོབ་ཕྱིར་དུ་ཡན་ལག་གི་རླུང་ལ་རྡོར་བཟླས་བྱེད་པ་དང་གསུམ་གྱི་ཚུལ་ཡོད་པར་གསུངས་སོ།།

སྙིང་ཁའི་དབུ་མའི་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམ་པའི་སྲོག་རྩོལ་འདི་དང་། སྙིང་ཁར་སྔགས་ཐིག་བསྒོམ་པའི་སྲོག་རྩོལ་གཉིས་ཀ་རྡོར་བཟླས་ལགས་ཤིང་། མདོར་ན་སེམས་དབེན་འདྲེན་པའི་ཕྱིར་དུ་རང་ཉིད་གསང་ཆེན་རིགས་གཅིག་རྡོ་རྗེ་འཆང་གི་སྐུར་གསལ་ཞིང་དེའི་སྙིང་གའི་དྷཱུ་ཏཱིའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ་དམིགས་པ་གཏད་དེ་རླུང་འབྱུང་འཇུག་གནས་གསུམ་གྱི་རང་གདངས་དེ་ཕོ་མོ་མ་ནིང་གི་ཡི་གེ་ཨོཾ་ཨཱཿ ཧཱུཾ་གསུམ་གྱི་གདངས་སུ་ཤར་བ་དེ་ཉིད་ལ་ཡིད་ཀྱིས་ཉན་པའི་ཚུལ་གྱིས་དམིགས་པ་འཛིན་པའི་སྒོ་ནས་རླུང་ཞུགས་གནས་ཐིམ་གསུམ་བྱེད་པ་ནི་རྡོར་བཟླས་བྱེད་པའི་དོན་ནོ།།

དེ་ནི་རླུང་སྔགས་དབྱེར་མེད་པའི་རྣལ་འབྱོར་ཏེ། རྫོགས་རིམ་གྱི་རྡོར་བཟླས་ལ་ནི་སྔགས་དེ་ངག་དང་ཡིད་ཀྱིས་བཟླ་བ་གང་ཡང་མེད་ལ། རླུང་སྔགས་ཐ་དད་དུ་ཞེན་པ་ནི་སྐབས་འདིའི་རྡོར་བཟླས་ཀྱི་དགག་བྱ་ཡིན་པར་གསུངས་ཏེ། དགོངས་པ་ལུང་སྟོན་ལས། ཐ་དད་ཡི་གེ་སློང་མོ་ཡིན། །དེ་འདོན་པ་ནི་ཟ་བ་སྟེ། །གང་ཞིག་ཟློས་ལ་དགའ་བ་དེ། །དེ་དག་སློང་མོ་ཟ་བར་འདོད། །ཅེས་གསུངས་པའི་ཕྱིར་རོ།།

གསུམ་པ་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་ནི། རང་དང་ལས་རྒྱ་གཉིས་སྙོམས་པར་ཞུགས་པས་ལས་བྱང་སེམས་དྷཱུ་ཏཱིའི་མ་སྣ་གཉིས་འཕྲད་མཚམས་སུ་འཕོ་མེད་དུ་འཛིན་པ་སྣ་རྩེར་རྫས་ཐིག་བསྒོམ་པའི་རྣལ་འབྱོར་ཞེས་བྱ་སྟེ། རྒྱུད་ཕྱི་མ་ལས། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས། །འབྱུང་བ་ལྔ་ཡི་ངོ་བོ་ཉིད། །གོང་བུའི་གཟུགས་ཀྱི་ཕྱུང་ནས་ནི། །སྣ་ཡི་རྩེ་མོར་རབ་ཏུ་བརྟག །ཅེས་གསུངས་པའི་དོན་དེ་ཡིན་པའི་ཕྱིར། དེ་ལ་ལས་རྒྱ་རིག་མ་ལ་བརྟེན་པ་དང་། ཡེ་རྒྱ་ལ་བརྟེན་པ་གཉིས་ཡོད་དོ།།

སྣ་རྩེར་རྫས་ཐིག་བསྒོམ་པའི་དགོས་པ་ནི། སྙིང་གའི་རྩ་མདུད་གྲོལ་བའི་ཆེད་དུ་ཡིན་ཏེ། སྲོག་རྩོལ་སྔ་མ་གཉིས་ཀྱིས་སྔར་སྙིང་གར་རླུང་སྡུད་མ་ནུས་པ་དེ་འདི་ཡིས་སྡུད་པར་བྱས་ཏེ་རྩ་མདུད་གྲོལ་བའི་ཐབས་མཆོག་ཡིན་པའི་ཕྱིར་རོ།།

རླུང་འབྱུང་འཇུག་གནས་གསུམ་གྱི་རང་གདངས་དེ་ཡི་གེ་ཨོཾ་ཨཱཿ ཧཱུཾ་གསུམ་གྱི་གདངས་སུ་ཤར་བ་དེ་ཉིད་ལ་ཡིད་གཏད་དེ་ཡང་ཡང་བསྒོམས་པས་རླུང་དབུ་མར་ཐུགས་གནས་ཐིམ་གསུམ་བྱེད་པའི་རླུང་སྔགས་དབྱེར་མེད་པའི་རྡོ་རྗེའི་བཟླས་པ་དེས་ནི། སྙིང་གའི་རྩ་མདུད་གྲོལ་བར་བྱེད་ཅིང་གྲོལ་ནུས་པ་ཡང་ཡིན་ཏེ། དཔེར་ན་སྨྱུག་མའི་སྦུབས་འགགས་པ་ཐུར་མ་རིང་པོ་ཡང་ཡང་འབྱུང་འཇུག་བགྱིས་པས་སེལ་བ་ལྟར། རྡོར་བཟླས་ཀྱིས་སྙིང་གར་རླུང་འབྱུང་འཇུག་ཡང་ཡང་བགྱིས་པས་ཁད་ཀྱིས་ཁད་ཀྱིས་རྩ་མདུད་ལྷོད་པོར་སོང་ནས་གྲོལ་བར་བྱས་ཏེ་མ་རིག་པའི་སྦུབས་འབྱེད་པ་ཡིན་པའི་ཕྱིར་རོ།།

དེ་ཡང་སྙིང་གའི་རྩ་མདུད་ནི་ཐོག་མར་ཆགས་ཤིང་། རྩ་གཞན་རྣམས་དང་མི་འདྲ་བར་སྙིང་ཁའི་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་སུམ་དཀྲིས་སུ་ཡོད་པས་སྙིང་གའི་རྩ་མདུད་གྲོལ་དཀའ་བ་ཡིན་ཏེ། རྡོར་ཕྲེང་ལས། དེ་ཡང་དབྱེ་བར་དཀའ་བ་ཡི། །དབུས་སུ་མདུད་པ་གསུམ་གྱིས་དཀྲིས། །ཞེས་གསུངས་པའི་ཕྱིར།

དེས་ན་སྙིང་གའི་རྩ་མདུད་མ་གྲོལ་ན་སེམས་དབེན་མཐར་ཐུག་གི་འོད་གསལ་མི་འཆར་ཞིང་། སྙིང་གའི་རྩ་མདུད་ནི་རྩ་མདུད་གཞན་རྣམས་ཀྱི་རྩ་བ་ཡིན་པས་སྙིང་གའི་རྩ་མདུད་མ་གྲོལ་ན་རྩ་མདུད་གཞན་རྣམས་གྲོལ་མི་ནུས་པས་ན་སྙིང་གའི་རྩ་མདུད་གྲོལ་དགོས་པ་ཡིན་ཏེ། རྡོར་ཕྲེང་ལས། སྔགས་ཀྱི་དེ་ཉིད་ཀྱིས་ནི་འབྱེད། །རྣལ་འབྱོར་མདུད་པ་བཀྲོལ་ནས་ནི། །རླུང་གི་དེ་ཉིད་རིག་པ་དེ། །ཞེས་གསུངས་པའི་ཕྱིར་རོ།།

མདོར་ན་མཆོག་གི་དངོས་གྲུབ་ཐོབ་པ་ལ་སྙིང་གར་འོད་གསལ་རྫོགས་པར་འཆར་དགོས་ཤིང་། དེ་འཆར་ཕྱིར་དུ་ནི་སྙིང་གར་སྲོག་ཐུར་བསྲེ་དགོས་ལ། དེ་བསྲེ་བ་ལ་སྙིང་གའི་རྩ་མདུད་གྲོལ་དགོས་པ་དང་། དེ་གྲོལ་བ་ལ་རྡོ་རྗེའི་བཟླས་པ་འདི་དགོས་པའི་རྒྱུ་འབྲས་ཀྱི་ཚུལ་འདི་ལྟར་ཡིན་ནོ།།

རྡོར་བཟླས་ལ་གོམས་ནས་དངོས་སུ་རླུང་སྙིང་གའི་དྷཱུ་ཏཱིར་ཐིམ་ནས་སྙིང་གའི་རྩ་ཡི་མདུད་པ་ལྷོད་པོར་གྲོལ་བ་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འགགས་ནས་སྣང་བ་སྟོང་པའི་ཡེ་ཤེས་སྐྱེས་པ་དང་། དེ་ནས་མཆེད་པ་ཤིན་ཏུ་སྟོང་པའི་ཡེ་ཤེས་དང་། དེ་ནས་ཉེར་ཐོབ་སྟོང་པ་ཆེན་པོའི་ཡེ་ཤེས་དང་། དེ་ནས་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་སྐྱེ་བའི་བར་ཐམས་ཅད་ངག་དབེན་དུ་འཇོག་ལ། འདི་ནི་རྡོ་རྗེའི་བཟླས་པ་ཞེས་བྱ་ལ། དེ་ཡང་བསྐྱེད་རིམ་གྱི་རྡོར་བཟླས་དང་མི་འདྲ་བར་ཡི་གེ་གསུམ་གྱི་འགྲོ་འོང་གི་གདངས་ལ་དམིགས་པ་གཏད་པ་ཙམ་ལས་སྔགས་ངག་དང་ཡིད་ཀྱིས་བཟླ་བ་ནི་མེད་པར་བཤད་ཟིན་ལྟར་རོ།།

ལུས་དབེན་ནས་ངག་དབེན་དུ་འཕོ་ཚུལ་ཡང་དེ་ཇི་བཞིན་ཏེ། སྙིང་ཁའི་མི་ཤིགས་པ་ལ་སེམས་གཏད་དེ་རླུང་ལྡང་འཇུག་གནས་གསུམ་གྱི་རང་གདངས་དེ་ལ་རླུང་ལྡང་བ་ཧཱུཾ་དང་། འཇུག་པ་ཨོཾ་དང་། གནས་པ་ཨཱཿ སྟེ་ལྡང་འཇུག་གནས་གསུམ་གྱི་ཕོ་མོ་མ་ནིང་གི་ཡི་གེ་གསུམ་གྱི་རང་གདངས་སུ་ཤར་བའི་རྡོ་རྗེའི་བཟླས་པ་ལ་བརྟེན་ནས་སྙིང་གའི་གོང་འོག་གི་རྩ་མདུད་ལྷོད་པོར་སོང་སྟེ་སྟེང་འོག་གི་རླུང་རྣམས་སྙིང་གའི་དྷཱུ་ཏཱིའི་ནང་དུ་ཐིམ་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་པ་ན་ལུས་དབེན་ནས་ངག་དབེན་དུ་འཕོས་པ་ཡིན་པར་བཤད་དོ།།

ངག་གི་རྩ་བ་ཤིན་ཏུ་ཕྲ་བའི་རླུང་ཐ་མལ་དུ་རྒྱུ་བ་ལས་དབེན་པར་བྱས་ཏེ་རླུང་སྔགས་དབྱེར་མེད་སྦྱོར་བའི་རྣལ་འབྱོར་ཡིན་ཕྱིར་ངག་དབེན་ཞེས་བྱ་ཞིང་། དེ་ནི་ངག་དབེན་གྱི་སྒྲ་བཤད་དམ་ངེས་ཚིག་ཡིན་ནོ།།

རང་བཞིན་གྱི་བཟླས་པ་རླུང་ལྡང་འཇུག་གནས་གསུམ་ནི་དབེན་གཞིའི་ངག་དང་། དེ་གསུམ་དང་ཡི་གེ་གསུམ་གྱི་གདངས་ཐ་དད་དུ་ཞེན་པ་ནི་དབེན་རྒྱུའམ་དབེན་བྱའི་དགག་བྱ་དང་། རླུང་ལྡང་འཇུག་གནས་གསུམ་གྱི་གདངས་དང་ཡི་གེ་གསུམ་གྱི་གདངས་དབྱེར་མི་ཕྱེད་པར་སྦྱོར་བ་ནི་དབེན་པའི་དོན་ཡིན་པར་གསུངས་སོ།།

ངག་དབེན་ནམ་རྡོར་བཟླས་ཀྱི་སྐབས་སུ་རླུང་དེ་སྙིང་ཁའི་དབུ་མའི་རྩ་འཁོར་ལ་ཐིམ་ནུས་ཀྱང་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་ཐུབ་ཀྱིན་མེད་པ་དང་། རླུང་ཡང་རྩ་བའི་རླུང་བཞི་དང་། ཡན་ལག་གི་རླུང་ལྔ་དེ་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ལས་ཁྱབ་བྱེད་ཀྱི་རླུང་དེ་ལྟར་ཐུབ་ཀྱིན་མེད་པར་འདོད་ཅིང་། སྙིང་གའི་རྩ་མདུད་གྲོལ་ཡང་རྫོགས་པར་གྲོལ་ཐུབ་མེད་པར་འདོད་དོ།།

དེ་དུས་རླུང་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པ་མ་ཡིན་པའི་ཕྱིར་ན་སྣང་མཆེད་ཐོབ་ཀྱི་རིམ་པ་ཐིམ་ཡང་གཉུག་སེམས་ཕྲ་མོ་ལ་ཐིམ་པ་མ་ཡིན་དགོས་ཏེ། མི་ཤིགས་པའི་ཐིག་ལེ་དང་གཉུག་སེམས་གཉིས་ངོ་བོ་དབྱེར་མེད་དུ་གནས་པའི་ཕྱིར། དེས་ན་དེ་དུས་ཀྱི་རྟགས་དང་སྣང་བ་གསུམ་ཐིམ་པ་ཡང་གཉུག་སེམས་སུ་གྱུར་པའི་འོད་གསལ་ལ་ཐིམ་པ་མ་ཡིན་ཕྱིར། སྙིང་གའི་རྩ་མདུད་ལྷོད་པོར་སོང་ཡང་རྫོགས་པར་མ་གྲོལ་བའི་རྫོགས་རིམ་གྱི་དུས་སུ་འཆི་བ་དངོས་ལྟ་བུའི་ཐིམ་རིིམ་བྱུང་བ་དང་། ཐིམ་རིམ་གྱི་རྟགས་རྣམས་འཆར་བ་དང་། གཉུག་སེམས་ཕྲ་མོ་མངོན་དུ་གྱུར་པ་ནི་མེད་པར་བཞེད་དོ།།

སྙིང་གའི་རྩ་མདུད་རྫོགས་པར་གྲོལ་བ་ནས་འཆི་བ་དངོས་དང་འདྲ་བའི་ཐིམ་རིམ་དང་ཐིམ་རིམ་གྱི་རྟགས་རྣམས་འཆར་ཞིང་། གཉུག་སེམས་ཕྲ་མོ་མངོོན་དུ་གྱུར་ཀྱང་ཁྱབ་བྱེད་ཀྱི་རླུང་ཆ་ཚང་སྙིང་གའི་མི་ཤིགས་པ་ལ་མ་ཐིམ་པའི་བར་དུ་རླུང་ཡོངས་རྫོགས་སྙིང་གའི་མི་ཤིགས་པ་ལ་ཐིམ་པ་ལས་བྱུང་བའི་བདེ་སྟོང་གི་རྣམ་ཅན་གྱི་གཉུག་སེམས་ཀྱི་བཞོན་པའི་རླུང་དེ་ལས་སྒྱུ་མའི་ལྷ་སྐུ་མངོན་དུ་བྱེད་མི་ནུས་ཏེ། དེ་འདྲའི་སྒྱུ་མའི་ལྷ་སྐུ་མངོན་དུ་བྱེད་པ་ནི་ཁྱབ་བྱེད་ཀྱི་རླུང་བཅས་རླུང་མཐའ་དག་སྙིང་གའི་མི་ཤིགས་པ་ལ་ཐིམ་པའི་སྟོབས་ལ་ལྟོས་དགོས་པ་ཡིན་པའི་ཕྱིར་རོ།།

སེམས་དབེན་བཤད་པ།

རིམ་ལྔའི་རིམ་པ་གཉིས་པ་སེམས་དམིགས་ཀྱི་རིམ་པའམ་སེམས་དབེན་གྱི་རིམ་པ་ནི། དབེན་པ་གསུམ་ལས་གསུམ་པ་སེམས་དབེན་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་ཞེས་བྱ་ཞིང་། ནང་གི་རྐྱེན་རྩ་བའི་རླུང་བཞི་པོ་སྙིང་གའི་དབུ་མར་སྡུད་པའི་ངག་དབེན་རྡོར་བཟླས་དང་། བསམ་གཏན་གཉིས་ཀྱི་སྡུད་རིམ་དང་། ཕྱིའི་རྐྱེན་ཕྱག་རྒྱ་མའི་སྲོག་རྩོལ་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ཏེ་རླུང་རྣམས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པ་ལས་བྱུང་བའི་སྣང་བའི་ཡེ་ཤེས་སྐྱེས་ཤིང་། མ་དག་པའི་སྒྱུ་ལུས་མ་ཐོབ་པའི་བར་གྱི་རྫོགས་རིམ་གྱི་རྣལ་འབྱོར་དེ་ནི་སེམས་དབེན་གྱི་མཚན་ཉིད་དེ་སེམས་དབེན་ཡིན་ནོ།།

དེ་ཡང་ཚེ་འདིར་སངས་རྒྱས་ཐོབ་པར་འདོད་པ་ལ་སེམས་ཀྱི་གནས་ལུགས་རྟོགས་དགོས་པ་མདོ་སྔགས་གཉིས་ཀའི་དགོངས་པ་ལགས་ཤིང་། བླ་མེད་ཀྱི་སྐབས་འདིར་སྒྱུ་ལུས་མངོན་དུ་བྱེད་པ་ལ་སེམས་ཀྱི་དེ་ཁོ་ན་ཉིད་རྟོགས་དགོས་པས་སེམས་དབེན་གྱི་སྐབས་སུ་སེམས་ཀྱི་གནས་ལུགས་རྟོགས་ཕྱིར་དུ་ཐོག་མར་རང་ཉིད་ལྷར་བསྐྱེད། དེའི་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེ་བསྒོམས་པས་སྙིང་གར་རླུང་བསྡུས་ཏེ་རྡོར་བཟླས་དང་། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་བསྒོམས་པ་ལ་རླུང་རྡོ་རྗེའི་བཟླས་པ་བྱས་པས་སྙིང་གའི་དབུ་མའི་མདུད་པའི་ནང་ནས་རླུང་འགྲོ་འོང་གནས་གསུམ་བྱས་པ་ནང་གི་རྐྱེན་ནམ་ནང་གི་ཐབས་དང་། དེ་རྗེས་གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་བསྒོམས་ཏེ་ཕྱག་རྒྱ་མ་མཚན་ལྡན་ལ་བརྟེན་ནས་བདེ་སྟོང་གི་དགའ་བཞིའི་ཡེ་ཤེས་བསྐྱེད་དེ་སྙིང་གའི་རྩ་མདུད་གྲོལ་བར་བྱེད་པ་ཕྱིའི་རྐྱེན་ནམ་ཕྱིའི་ཐབས་ཏེ། རྐྱེན་དེ་རྣམས་ལ་བརྟེན་ནས་རླུང་སྙིང་གའི་ཐིག་ལེ་ལ་ཐིམ་ནས་དང་པོ་རིལ་འཛིན་དང་རྗེས་གཞིག་གི་ཐབས་ཀྱིས་རྡོར་བཟླས་ཀྱི་རྟེན་ལྷའི་དཀྱིལ་འཁོར་བསྡུས་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། སྟོང་ཉིད་ཤིན་ཏུ་སྟོང་པ་དང་། །གསུམ་པ་ཆེན་པོ་སྟོང་པ་དང་། །བཞི་པ་ཐམས་ཅད་སྟོང་པ་ནི། །རྒྱུ་དང་འབྲས་བུའི་བྱེ་བྲག་གོ། ཞེས་གསུངས་པ་ལྟར། སྟོང་པ་སྣང་བའི་ཡེ་ཤེས་ནས། ཤིན་ཏུ་སྟོང་པ་མཆེད་པའི་ཡེ་ཤེས་དང་། སྟོང་པ་ཆེན་པོ་ཉེར་ཐོབ་ཀྱི་ཡེ་ཤེས་དང་། ཐམས་ཅད་སྟོང་པ་སྟོང་ཉིད་རྟོགས་པའི་དཔེའི་འོད་གསལ་གྱི་ཡེ་ཤེས་རྣམས་སྔ་མ་སྔ་མ་རྒྱུ་དང་། ཕྱི་མ་ཕྱི་མ་འབྲས་བུའི་ཚུལ་དུ་རིམ་གྱིས་སྐྱེས་ཏེ་དཔེའི་འོད་གསལ་གྱི་མཇུག་ཏུ་སླར་ཉེར་ཐོབ་འཆར་ནས་སྒྱུ་ལུས་ལ་འཕོ་བ་ཡིན་ནོ།།

དེ་ཡང་ནང་གི་རྐྱེན་ཁྱབ་བྱེད་ཀྱི་རླུང་གི་རྡོར་བཟླས་དང་། ཕྱིའི་རྐྱེན་ཕྱག་རྒྱའི་སྲོག་རྩོལ་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ཏེ་ཁྱབ་བྱེད་ཀྱི་རླུང་གི་ཆ་ཤས་གཅིག་བཅས་རྩ་བ་དང་ཡན་ལག་གི་རླུང་རྣམས་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པའི་སྣང་བའི་ཡེ་ཤེས་སྐྱེས་པ་ནས་ངག་དབེན་ནས་སེམས་དབེན་དུ་འཕོས་པ་ཡིན་ནོ།།

འཁོར་འདས་ཀྱི་རྩ་བར་གྱུར་པའི་སེམས་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་ལས་དབེན་པར་བྱས་ཏེ་བདེ་སྟོང་དབྱེར་མི་ཕྱེད་པའི་ངོ་བོར་ཤར་བའི་རྣལ་འབྱོར་ཞིག་ཡིན་ཕྱིར་སེམས་དབེན་ཞེས་བྱ་ལ། དེ་ནི་སེམས་དབེན་གྱི་སྒྲ་བཤད་དམ་ངེས་ཚིག་ཀྱང་ཡིན་ནོ།།

སེམས་དབེན་གྱི་སྐབས་སུ་རླུང་དབུ་མར་ཐིམ་པ་དང་སྙིང་གའི་རྩ་ལ་ཐིམ་ནུས་པ་མ་ཟད་སྙིང་ཀའི་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་ཐུབ་ཀྱིན་ཡོད་ལ། དེར་ཞུགས་གནས་ཐིམ་གསུམ་གྱིས་སྣང་བའི་ཡེ་ཤེས་སྐྱེ་བ་ནས་སེམས་དབེན་ཡིན་ལ། དེ་ནས་མཆེད་པའི་ཡེ་ཤེས་དང་། ཉེར་ཐོབ་ཀྱི་ཡེ་ཤེས་དང་། འོད་གསལ་གྱི་ཡེ་ཤེས་སྐྱེ་བ་ཡིན་པའི་ཚུལ་འདི་ངེས་དགོས་ཤིང་། དཔེར་ན་འཆི་བའི་གནས་སྐབས་སུ་སྙིང་ཀའི་མི་ཤིགས་པའི་ཐིག་ལེ་ལ་ཁྱབ་བྱེད་ཀྱི་རླུང་ཐིམ་པ་ལྟར་བསྒོམས་སྟོབས་ཀྱིས་ཁྱབ་བྱེད་ཀྱི་རླུང་དེ་སྙིང་ཀའི་མི་ཤིགས་པ་ལ་ཞུགས་གནས་ཐིམ་གསུམ་བྱས་པའི་སེམས་དབེན་མཐར་ཐུག་པའི་ཉེར་ཐོབ་ཀྱི་ཡེ་ཤེས་སྐྱེ་བའི་མཇུག་ཏུ་འོད་གསལ་སྐྱེ་བ་ནི་སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་ཞེས་བྱ་ལ། འོད་གསལ་དེ་ནི་དེའི་ཉེར་ཐོབ་ཏུ་བསྡུས་ནས་ལོགས་སུ་འོད་གསལ་ཞེས་མ་ཕྱེས་ཤིང་། དབེན་པ་གསུམ་ཀའི་ཉེར་ཐོབ་ཀྱི་མཇུག་ཏུ་འོད་གསལ་སྐྱེ་མོད་དེ་ནི་དེའི་སྔ་ལོགས་ཀྱི་ཉེར་ཐོབ་དང་གཉིས་ཀ་འདྲ་བར་གཉིས་སྣང་ཅན་གྱི་ཤེས་པ་ཡིན་ཕྱིར་དཔེ་ཡི་འོད་གསལ་ལས་དོན་གྱི་འོད་གསལ་མ་ཡིན་པས་དབེན་པ་གསུམ་ཀའི་འོད་གསལ་དེ་རང་རང་གི་ཉེར་ཐོབ་ཏུ་བསྡུ་བར་གསུངས་སོ།།

དེ་ལའང་སེམས་དབེན་ཙམ་པོ་བ་དང་། ཁྱད་པར་བའམ་མཐར་ཐུག་པ་གཉིས་ཡོད་ལ། སེམས་དབེན་ཙམ་པོ་བའི་སྐབས་སུ་ཁྱབ་བྱེད་ཀྱི་རླུང་གི་ཆ་ཤས་གཅིག་ཙམ་དབུ་མའི་ནང་གི་སྙིང་ཀའི་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་པ་ལས་ཁྱབ་བྱེད་ཀྱི་རླུང་ཆ་ཚང་ཞུགས་གནས་ཐིམ་གསུམ་བྱེད་ཐུབ་ཀྱིན་མེད་པས་ཙམ་པོ་བ་ཞེས་བྱའོ།།

སེམས་དབེན་ཁྱད་པར་བའམ་མཐར་ཐུག་པའི་སྐབས་སུ་ཁྱབ་བྱེད་ཀྱི་རླུང་ཆ་ཚང་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེ་ལ་ཞུགས་གནས་ཐིམ་གསུམ་བྱེད་ཐུབ་ཀྱིན་ཡོད་ལ། དེ་ལ་ཞུགས་གནས་ཐིམ་གསུམ་བྱས་ནས་སྣང་བའི་ཡེ་ཤེས་སྐྱེ་བ་ནས་སེམས་དབེན་མཐར་ཐུག་པར་བཞག་པ་ཡིན་ནོ།།

ཞལ་ཤེས་གནད་ཀྱི་ཐེམ་ཡིག་ལས། ཁྱབ་བྱེད་ཀྱི་རླུང་འདི་རླུང་གཞན་ལས་བསྡུ་དཀའ་ཞིང༌། འདི་རྫོགས་པར་མ་ཐིམ་ན་སེམས་དབེན་གྱི་འོད་གསལ་མཚན་ཉིད་པ་མི་འབྱུང་བས་རླུང་ཅུང་ཟད་སྡུད་ནུས་པ་ནས་འདིའི་སྡུད་རིམ་རེ་ཡང་ངེས་པར་བྱེད་དགོས་སོ། །ཞེས་གསུངས་པ་ལྟར་སེམས་དབེན་ཁྱད་པར་བ་འདིའི་དུས་མ་གཏོགས་ཁྱབ་བྱེད་ཀྱི་རླུང་ཡོངས་རྫོགས་སྙིང་ག་དང་སྙིང་གའི་མི་ཤིགས་པའི་ཐིག་ལེར་ཐིམ་མི་ནུས་པའི་ཚུལ་དེ་ཤེས་གལ་ཆེའོ།།

ཚེ་འདིར་སེམས་དབེན་མཐར་ཐུག་འདྲེན་པ་ལ་ཕྱིའི་རྐྱེན་ལས་རྒྱ་ལ་སྙོམས་པར་འཇུག་པ་ལ་ངེས་པར་དུ་ལྟོས་དགོས་ཏེ། རྒྱུ་མཚན་ནི་ལས་རྒྱ་བསྟེན་པ་ནི་སེམས་དབེན་མངོན་དུ་གྱུར་པའི་ཐབས་དང་། དེ་མངོན་དུ་གྱུར་པ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཡེ་ཤེས་སྐྱེ་བའི་ཐབས་ཡིན་ཞིང་། ལས་རྒྱ་ལ་མ་བརྟེན་པར་བདེ་བ་ཆེན་པོའི་ཡེ་ཤེས་མི་རྟོགས་པའམ་མི་སྐྱེ་བར་གསུངས་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད་ལས། རྡོ་རྗེ་དང་པདྨ་ཡང་དག་པར་སྦྱོར་བ་ནི་སེམས་དང་སེམས་ལས་བྱུང་བ་དག་གི་ཐབས་སུ་གྱུར་པའོ། །སེམས་དང་སེམས་ལས་བྱུང་བ་མཉམ་པར་སྦྱར་བ་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་གྱི་ཐབས་སུ་གྱུར་པའོ། །ཞེས་དང་། ཇི་ལྟར་འོ་མ་དང་ཏིལ་དག་ཡང་དག་པར་མངོན་པར་འདུས་བྱས་པ་མེད་པར་ཏིལ་མར་མི་འབྱུང་བ་དེ་བཞིན་དུ། སྔགས་དང་ཕྱག་རྒྱ་མངོན་པར་འདུས་བྱས་པའི་རྡོ་རྗེ་དང་པདྨ་མཉམ་པར་སྦྱར་བ་མེད་པར་རྣམ་པར་ཤེས་པ་གསུམ་ཉེ་བར་མཚོན་པར་མི་ནུས་སོ། །གང་གིས་བྷ་ག་དང་ལིང་ག་ཡང་དག་པར་སྦྱོར་བར་མི་ནུས་པ་དེས་ནི་བདེ་བ་ཆེན་པོའི་ཏིང་ངེ་འཛིན་མི་རྙེད་དོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱང་སེམས་སྤྱི་བོ་ནས་གསང་གནས་ཀྱི་རྩེའི་བར་དུ་འབེབས་ཤིང་། དགའ་བ་བཞིའི་ཡེ་ཤེས་སྐྱེད་ནུས་པ་ཡོད་ནའང་། དེ་ནི་རླུང་དབུ་མར་ཐིམ་པ་ལས་བྱུང་བའི་དགའ་བཞིའི་ཡེ་ཤེས་མིན་པའི་ཕྱིར་ན་རྫོགས་རིམ་དུ་གྱུར་པའི་བདེ་བ་ཆེན་པོའི་ཡེ་ཤེས་སུ་མི་འཇོག་ཅིང་། དེ་མཚན་ཉིད་པ་མ་ཡིན་པ་དང་། དེ་ཕྱིར་དེ་ལྟ་བུའི་བདེ་སྟོང་དགའ་བཞིས་ཟིན་པའི་ལྷ་སྐུ་སྒོམ་པ་དེ་རྫོགས་རིམ་དུ་གྱུར་པའི་ལུས་དབེན་ཡང་མིན་པར་གསུངས་ཏེ། རྗེའི་རིམ་ལྔ་གསལ་སྒྲོན་ལས་། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ན་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་གསང་གནས་ཀྱི་རྩེའི་བར་དུ་འབེབས་ནུས་ཤིང་། དེ་ཡང་དམིགས་པ་ཤིན་ཏུ་བརྟན་པས་ཕཊ་ཡིག་གིས་འགོག་ནུས་པས། དེ་ལ་བརྟེན་ནས་དགའ་བ་བཞི་སྐྱེད་ནུས་མོད་ཀྱང་། དེ་ནི་རླུང་དྷཱུ་ཏཱིར་བསྡུས་ནས་ཐིམ་པ་ལས་བྱུང་བ་མིན་པས་རྫོགས་རིམ་པའི་བདེ་ཆེན་དུ་མི་འཇོག་པའི་ཕྱིར། དེ་འདྲ་བའི་བདེ་སྟོང་སྦྱར་བའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པ་ཡང་རྫོགས་རིམ་པའི་ལུས་དབེན་དུ་མི་འདོད་དོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་ལུས་དབེན་གྱི་སྐབས་སུ་ལས་རྒྱ་བསྟེན་པ་ཡོད་པ་དེ་ནི་སྤྱི་བོ་ནས་རྟགས་ཀྱི་བར་དུ་དགའ་བཞི་ལུགས་འབྱུང་ལྡོག་ཏུ་འདྲེན་པ་ཙམ་ཡིན་ལ། རྫོགས་རིམ་གྱི་སྐབས་འདིར་ནི་འཆི་བའི་རིམ་པ་ཇི་ལྟ་བ་བཞིན་དུ་སྙིང་ཁར་སེམས་དབེན་གྱི་སྟོང་པ་དང་། ཤིན་ཏུ་སྟོང་པ་དང་། སྟོང་པ་ཆེན་པོ་སྟེ་སྟོང་པ་གསུམ་དགའ་བཞིའི་ངོ་བོར་འདྲེན་པའི་ཆེད་དུ་ཡིན་པའི་ཕྱིར། འདིར་ནི་རླུང་དང་བྱང་སེམས་ལུས་ཀྱི་སྟོད་སྨད་དུ་བསྡུས་པའི་ལུགས་འབྱུང་གི་དགའ་བཞི་དེ་འོད་གསལ་གྱི་ངོ་བོར་གྱུར་པའི་ལུགས་ལྡོག་གི་དགའ་བཞི་ལ་མི་འཇོག་པར་བཤད་པས་དེ་ཙམ་དེས་མི་ཆོག་པར་རླུང་དྷཱུ་ཏཱིར་ཐིམ་སྟོབས་ཀྱིས་དགའ་བཞི་སྟོང་བཞིར་འདྲེན་པ་ཞིག་དགོས་པ་ཡིན་ནོ།།

དེ་ཡང་དགའ་བ་བཞི་ལ་ནི་ལུགས་འབྱུང་གི་དགའ་བ་བཞི་དང་། ལུགས་ལྡོག་གི་དགའ་བ་བཞི་ཡི་དབྱེ་བ་ཡོད་ཅིང་། སྔ་མ་ལ་ཡས་བབས་ཀྱི་དགའ་བ་བཞི་དང་། ཕྱི་མ་ལ་མས་བརྟན་གྱི་དགའ་བ་བཞི་ཞེས་ཕྱེས་པ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། དེ་ནས་གཞན་ཡང་བཤད་བྱ་བ། །དགའ་བ་བཞི་ཡི་མཚན་ཉིད་ནི། ལུགས་འབྱུང་ལུགས་ལས་བཟློག་པ་ཡི། །ཇི་ལྟ་བ་ཡི་རིམ་པ་ཡི། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དགའ་བ་བཞི་ནི། དགའ་བ་དང་། མཆོག་དགའ་དང་། དགའ་བྲལ་དང་། ལྷན་སྐྱེས་ཀྱི་དགའ་བ་བཞི་ལ་བྱེད་པ་ཡིན་ཏེ། ཡང་རྡོ་རྗེ་ཕྲེང་བ་ལས། དགའ་བའི་བདེ་བ་དང་པོ་སྟེ། །མཆོག་ཏུ་དགའ་བ་གཉིས་པ་དང་། །དགའ་བྲལ་ཞེས་པ་གསུམ་པ་དང་། །བཞི་པ་ལྷན་ཅིག་སྐྱེས་པར་བཤད། །ཅེས་དང་། ཡང་དག་སྦྱོར་བ་ལས། དང་པོ་དགའ་བ་ཙམ་ཉིད་དེ། །མཆོག་ཏུ་དགའ་བ་གཉིས་པའི་གྲངས། །གསུམ་པ་དགའ་བྲལ་དགའ་བར་བཤད། །བཞི་པ་ལྷན་ཅིག་སྐྱེས་པར་བརྗོད། །ཅེས་དང་། ཕྱག་ཆེན་ཐིག་ལེ་ལས། དགའ་དང་མཆོག་གི་དགའ་བ་དང་། །དགའ་བྲལ་ལྷན་སྐྱེས་དེ་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དགའ་བྲལ་ལ་ཁྱད་པར་གྱི་དགའ་བ་སྟེ་ཁྱད་དགའ་ཞེས་བརྡ་སྦྱར་བའང་མཆིས་ཏེ། གཏུམ་པོ་དཔའ་གཅིག་ལས། ཙ་ཡིག་དགའ་དང་མཆོག་དགའ་དང་། །ཁྱད་པར་དགའ་བ་ཉིད་དང་ནི། །ལྷན་ཅིག་སྐྱེས་དགའ་ཞེས་བྱ་བའི། །དགའ་བ་བཞི་ཡི་རང་བཞིན་གསུངས། །ཞེས་དང་། དྲི་མེད་འོད་ལས། དགའ་བ་དང་། མཆོག་དགའ་དང་། ཁྱད་པར་གྱི་དགའ་བ་དང་། ལྷན་ཅིག་སྐྱེས་པའི་དབྱེ་བས་དེ་ཁོ་ན་ཉིད་བཅུ་དྲུག་ཅེས་གསུངས་པའི་ཕྱིར་རོ།།

དེ་བཞི་སོ་སོར་དངོས་བཟུང་ན་རྫོགས་རིམ་གྱི་ཕྱག་རྒྱ་ལ་བརྟེན་པས་བྱང་སེམས་ཞུ་བས་རྩ་གནས་གང་དུ་སླེབས་པ་ན་ཡས་བབས་དང་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་ནི། ཕྱག་རྒྱ་མ་མཚན་ཉིད་དང་ལྡན་པའི་མཁའ་ལ་སྦྱོར་བའི་སྒོ་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་ཏེ་བསྒོམས་པའི་སྟོབས་ཀྱིས། མཐར་རླུང་དབུ་མར་ཐིམ་པས་ལྟེ་བའི་གཏུམ་མོའི་མེ་སྦར་ནས་སྤྱི་བོའི་བྱང་སེམས་ཞུ་བས་མར་རྩ་གནས་སུ་འབེབས་པའི་གནས་སྐབས་ན། སྤྱི་བོ་བདེ་ཆེན་འཁོར་ལོ་ནས་བབས་པའི་བདེ་བ་སྟོང་པར་སྦྱར་བ་ནི་དགའ་བ་དང་། དེ་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོ་ནས་བབས་པའི་བདེ་བ་སྟོང་པར་སྦྱར་བ་ནི་མཆོག་དགའ་དང་། དེ་ནས་སྙིང་ག་ཆོས་ཀྱི་འཁོར་ལོ་ནས་བབས་པའི་བདེ་བ་སྟོང་པར་སྦྱར་བ་ནི་དགའ་བྲལ་དང་། དེ་ནས་ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་བབས་པའི་བདེ་བ་སྟོང་པར་སྦྱར་བ་ནི་ལྷན་སྐྱེས་ཀྱི་དགའ་བར་འཇོག་དགོས་ཤིང་། དེ་བཞི་ནི་སྤྱི་བོའི་གནས་ཡས་ནས་མར་གསང་གནས་བར་དུ་བྱང་སེམས་འབེབས་པའི་བདེ་བ་དང་དེ་སྟོང་པར་སྦྱར་བའི་ཡེ་ཤེས་ཡིན་ཕྱིར་ཡས་བབས་ཀྱི་དགའ་བ་བཞི་ཞེས་བྱ་ཞིང་དེ་སྐྱེ་ཚུལ་ཡིན་ཏེ། རྡོ་རྗེ་ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་བྱ་སྟེ། །བདེ་ཆེན་འཁོར་ལོ་སྤྱི་བོ་ལ། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོར་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོར་གནས། །སྤྲུལ་པའི་འཁོར་ལོར་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

མས་བརྟན་གྱི་དགའ་བཞི་སྐྱེ་ཚུལ་ཡང་གསང་གནས་བདེ་སྐྱོང་འཁོར་ལོ་ནས་ཡར། སྤྲུལ་པའི་འཁོར་ལོར་ལྡོག་པ་དགའ་བ་དང་། ལྟེ་བ་ནས་སྙིང་ག་ཆོས་ཀྱི་འཁོར་ལོར་ལྡོག་པ་ནི་མཆོག་དགའ་དང་། སྙིང་ག་ནས་མགྲིན་པ་ལོངས་སྤྱོད་འཁོར་ལོར་ལྡོག་པ་ནི་དགའ་བྲལ་དང་། མགྲིན་པ་ནས་ཡར་ལྡོག་སྟེ་སྤྱི་བོར་བརྟན་པ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་སྟེ། མས་བརྟན་གྱི་དགའ་བ་བཞི་དང་ལུགས་ལྡོག་གི་དགའ་བ་བཞི་ཞེས་བྱ་ཞིང་རིམ་པ་དེ་ལྟར་བསྐྱེད་པ་ཡིན་ཏེ། དེ་ཉིད་ལས། སྤྲུལ་པའི་འཁོར་ལོར་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོར་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དང་བདེ་བ་ཆེ། །ལུགས་བཟློག་རིམ་པ་ཞེས་ནི་གསུངས། །ཞེས་དང་། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། དགའ་བ་བཞི་པོ་དགའ་བ་དང་། །ལྟེ་བའི་སྙིང་པད་ནུ་མའི་དབུས། །ལྕེ་ཡི་རྩ་དང་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་དགའ་དང་ལྷན་ཅིག་སྐྱེས། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་ཡས་བབས་ནས་ནོར་བུའི་རྩ་བར་སླེབས་པའི་བར་ལ་ལྷན་སྐྱེས་ཀྱི་དགའ་བར་ངོས་བཟུང་དགོས་པ་ལས། ནོར་བུའི་རྩེ་ནས་ཕྱིར་འཕོ་མི་རུང་བས་ནོར་བུའི་རྩེར་སླེབས་ན་བྱང་སེམས་བཟུང་བའམ་འགོག་དཀའ་བ་ཡིན་པས་ནོར་བུའི་རྩེར་སླེབས་པ་བར་དུ་འབེབས་མི་རུང་ཞིང་། བྱང་སེམས་ནོར་བུ་ནས་ཕྱིར་མ་འཕོས་ནའང་ནོར་བུར་སླེབས་པ་ནས་རང་ལོག་བྱེད་པ་དང་། གར་སོང་ཆ་མེད་དུ་འགྲོ་བ་དང་། ཕྱིར་ལོག་ཙམ་དུ་འགྲོ་ཡང་སྤྱི་བོའི་བར་དུ་ཤར་སེར་འགྲོ་བའི་ངེས་པ་མེད་པ་དང་། རྩ་གནས་དམའ་མོ་ནས་འགྲམ་ནས་འགྲོ་བ་ཡང་འོང་བ་ཡོད་པས། དེས་ན་བྱང་སེམས་དམིགས་པ་དང་རླུང་ཡར་འདྲེན་པའི་སྦྱོར་བས་ཀུནྡ་ཡར་ལ་འདྲིལ་ནས་སྤྱི་གཙུག་བར་དུ་འགྲོ་བ་རྣལ་འབྱོར་བས་ཆེད་དུ་བྱ་བའི་མས་བརྟན་གྱི་སྦྱོར་བ་འདི་དགོས་པར་གསུངས་ཏེ། རྡོར་ཕྲེང་ལས། རླུང་གི་དེ་ཉིད་སྔོན་སོང་ནས། །དེ་ཉིད་སྟེང་དུ་རྒྱུ་བར་ནི། །རྣལ་འབྱོར་པས་ནི་སྒྲུབ་པར་བྱེད། །དེ་ལས་སྤྲུལ་པའི་འཁོར་ལོར་ནི། །དགའ་བ་ཞེས་བྱར་རྣམ་པར་ཤེས། །ཞེས་གསུངས་པའི་ཕྱིར་རོ།།

ཡས་བབས་ཀྱི་དགའ་བ་བཞི་བས་མས་བརྟན་གྱི་དགའ་བ་བཞི་བདེ་བ་ཆེ་བ་ཅིག་འོང་དགོས་ཤིང་། མས་བརྟན་གྱི་དུས་སུ་བྱང་སེམས་ཕྱིར་ལོག་པ་སྤྱི་བོར་མ་བརྟན་བར་དུ་བདེ་བ་མི་བརྟན་པ་དང་། བྱང་སེམས་སྤྱི་བོར་བརྟན་ནས་བདེ་བ་བརྟན་པར་གསུངས་པས་མས་བརྟན་ནི་གལ་ཆེ་བའོ།།

བྱང་སེམས་ཡར་མར་དུ་འབབ་ཅིང་ལྡོག་པ་གང་ཡིན་ཡང་དེ་ལ་སྤྱི་མགྲིན་སྙིང་ལྟེ་བཞིའམ་ལྟེ་སྙིང་མགྲིན་སྤྱིའི་གནས་བཞི་པོ་རེ་རེ་ལ་ཆ་བཞི་བཞིར་བྱས་པའི་ཆ་རེ་རེའི་མཚམས་རེ་རེ་ནས་བདེ་བ་རེ་མྱོང་བས་ཁམས་བྱང་སེམས་ཀྱི་དབང་གིས་བདེ་བ་བཞི་བཞི་བྱུང་བ་ཟླ་བའི་ཆ་བཅུ་དྲུག་སྟེ། དེ་ལ་ཡས་བབས་ཀྱི་དགའ་བ་བཅུ་དྲུག་དང་། མས་བརྟན་གྱི་དགའ་བ་བཅུ་དྲུག་སྟེ་སོ་གཉིས་ཡོད་དེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། ཚངས་བུག་ནས་ནི་མགྲིན་གནས་སུ། །དེ་ཙམ་དུ་ནི་ཐིག་ལེ་བཞི། །དེ་ཡི་གནས་སུ་དགའ་བ་བཞི། །རོ་གཉིས་དང་ནི་ལྡན་པའོ། །མགྲིན་པ་ནས་ནི་སྙིང་གར་གནས། །ཡང་ནི་དེ་ཙམ་བཞི་ཡིན་ནོ། །མཆོག་གི་དགའ་བའི་བཞི་ཡིན་ཏེ། །རོ་གཉིས་དང་ནི་ལྡན་པའོ། །སྙིང་གའི་གནས་ནས་རིན་ཆེན་སྐེར། །ཡང་ནི་དེ་ཙམ་བཞི་ཡིན་ནོ། །དགའ་བྲལ་དགའ་བའི་བཞི་ཡིན་ཏེ། །རོ་གཉིས་དང་ནི་ལྡན་པའོ། །རིན་ཆེན་སྐེ་ནས་སྟེང་གི་གནས། །ཡང་ནི་དེ་ཙམ་བཞི་ཡིན་ནོ། །ལྷན་ཅིག་སྐྱེས་དགའ་བཞི་ཡིན་ཏེ། །རོ་གཉིས་དང་ནི་ལྡན་པའོ། །དགའ་བ་བཅུ་དྲུག་ཐིག་ལེ་སྟེ། །ཟླ་བའི་ཆ་རུ་རབ་ཏུ་དྲན། །ཨཱ་ལི་ཐིག་ལེར་ཤེས་པར་བྱ། །འཁོར་ལོ་བཞི་ཡི་རིམ་པས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་བྱང་སེམས་ཡར་མར་དུ་འབབ་པ་དང་ལྡོག་པ་དང་ལྷན་དུ་ཁམས་དམར་པོ་ཁྲག་དང་བཅས་པ་ཡང་འབབ་ལ། དེ་ལ་གནས་བཞི་རེ་རེ་ལ་ཆ་གསུམ་རེ་བྱས་པའི་མཚམས་རེ་རེར་ཁྲག་བབ་པའི་སྒོ་ནས་བདེ་བ་ཆུང་འབྲིང་ཆེ་གསུམ་རེ་རེ་སྐྱེ་བ་ཡོད་པས་དེ་ལྟར་བྱས་ན་བདེ་བ་ཆུང་འབྲིང་ཆེན་གསུམ་བཅུ་གཉིས་ཡོད་པར་བཤད་དེ། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་མན་ངག་སྙེ་མར་དྲངས་པ་ལས། རི་བོང་མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོར་ཤེས་པར་བྱ། །འཁོར་ལོ་བཞི་རུ་རིམ་པ་ལས། །ཇི་སྐད་བཤད་རྣམས་དེ་ལྟ་ནའང་། །ཉི་མའི་བཅུ་གཉིས་རྣམས་སུ་བཤད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེས་ན་ཡས་མས་ཀྱི་དགའ་བ་བཞི་ལ་ཆ་བཞི་རེའི་མཚམས་ནས་བྱང་སེམས་ཞུ་བའི་དགའ་བདེ་ཆུང་ངུ་རེ་རེ་སྐྱེ་བ་དང་། དགའ་བཞིའི་ཆ་གསུམ་རེའི་མཚམས་ནས་ཁྲག་འབབ་ཤིང་དེ་ཁམས་དཀར་དང་འཕྲད་པའི་བདེ་བ་ཆུང་འབྲིང་ཆེན་པོ་གསུམ་དུ་སྐྱེ་བ་སོ་སོར་ཉམས་སུ་མྱོང་ཞིང་དེ་དག་སོ་སོར་ཕྱེད་པ་ནི་དགའ་བཞིའི་ཡེ་ཤེས་འདྲེན་པ་ལ་ཉམས་མྱོང་ཁྱད་པར་ཅན་ཐོབ་པའི་རྣལ་འབྱོར་བས་ཤེས་དགོས་པ་ལས། ལས་དང་པོ་བའམ་རང་དགར་སྦྱོང་བ་ཅུང་ཐོན་པའི་གང་ཟག་གིས་ནི་ཤེས་ཤིང་ངོས་འཛིན་པའི་གནས་མེད་དེ། འདི་དག་ནི་ཤིན་ཏུ་ཕྲ་བར་སྣང་བའི་ཕྱིར་རོ།།

དེ་ལྟར་ཕྱག་ཆེན་ཐིག་ལེ་ལས། དགའ་བ་ཞེས་བྱ་སྣང་བ་ཡིན། །མཆོག་དགའ་སྣང་བ་མཆེད་པར་བསྟན། །དགའ་བྲལ་སྣང་བ་ཐོབ་ཅེས་བྱ། །ལྷན་སྐྱེས་དེ་ནི་ཡང་དག་འོད། །དེ་ཡི་དུས་ན་སྐད་ཅིག་སྐྱེ། །སྣ་ཚོགས་ལ་སོགས་མཚན་ཉིད་དོ། །སྣང་བ་ཟླ་བ་ཞེས་སུ་བསྟན། །སྣང་བ་མཆེད་པ་ཉི་མའོ། །མཚམས་ནི་སྣང་བ་ཐོབ་པར་གྲགས། །གསུམ་དང་བྲལ་བ་ཡང་དག་འོད། །ཅེས་གསུངས་པ་ལྟར། རླུང་དབུ་མར་ཐིམ་པ་ལས་བྱུང་བའི་བྱང་སེམས་བབ་པའི་རིམ་པ་ལས་དགའ་བཞི་སྐྱེད་པ་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སྟོང་པ་བཞིའི་ཡེ་ཤེས་བཞིར་སྦྱོར་བའི་སྒོ་ནས་སྒྱུ་ལུས་ལ་འཇུག་ཚུལ་ནི་འདིར་རིག་མ་བསྟེན་ནས་སེམས་དབེན་མཐར་ཐུག་འདྲེན་པའི་ཚུལ་ཡིན་པ་ཤེས་པར་བྱའོ།།

ལས་རྒྱ་བསྟེན་པ་དེ་ཡང་རྒྱུན་དུ་མི་དགོས་པར་ལན་གཅིག་ཙམ་གྱིས་ཆོག་ལ། དང་པོ་རིག་མ་དང་། དེ་ནས་ཡེ་རྒྱ་ལ་བརྟེན་ནས་སེམས་དབེན་མཐར་ཐུག་འདྲེན་ནུས་པར་གསུངས་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། གང་ཞིག་ཆུ་སྐྱེས་རྡོ་རྗེ་སྦྱོར། །ཀུན་རྫོབ་ཏུ་ཡང་མེད་གྱུར་ན། །ལན་ཅིག་ཙམ་ཞིག་མྱོང་ནས་ཀྱང་། །རྣལ་འབྱོར་སྟོབས་ཀྱིས་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

སྤྱིར་ལས་རྒྱ་ངེས་པར་དུ་བསྟེན་དགོས་པའི་ཚད་ལ་སླེབས་པ་ན་བསྟེན་ཅིང་། བདེ་བ་ཆེན་པོའི་ཡེ་ཤེས་དྲངས་ནས་དགོས་པ་གྲུབ་ན་རིག་མ་དོར་དགོས་པར་གསུངས་ཏེ། དཔལ་སྟོབས་པོ་ཆེའི་རྒྱུད་ལས། དེ་བཞིན་རང་རིག་ཚོལ་བས་ཀྱང་། །བུད་མེད་སྒྱུ་མ་ལ་བརྟེན་ཏེ། །རང་རིག་ཡེ་ཤེས་ཐོབ་པར་བྱ། །རང་རིག་ཡེ་ཤེས་ཐོབ་པ་དང་། །བུད་མེད་སྒྱུ་མ་དོར་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

བསྟེན་བྱའི་ལས་རྒྱའམ་ཕྱག་རྒྱ་ལ་ནི། ལྷན་སྐྱེས་ཀྱི་རྣལ་འབྱོར་མ་དང་། ཞིང་སྐྱེས་ཀྱི་རྣལ་འབྱོར་མ་དང་། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་སྟེ་རིགས་གསུམ་ཡོད་ལ། དང་པོ་ནི་ཟུང་འཇུག་ལ་གནས་པའི་ཕྱག་རྒྱ་དང་། གཉིས་པ་ནི་དབེན་གསུམ་དང་སྒྱུ་ལུས་ཅི་རིགས་ལ་གནས་པའི་ཕྱག་རྒྱ་དང་། གསུམ་པ་ནི་བསྐྱེད་རིམ་ལ་གནས་པའི་ཕྱག་རྒྱ་མ་རྣམས་ཡིན་ཞིང་། སྔགས་སྐྱེས་ཀྱི་རྣལ་འབྱོར་མ་ལ་པདྨ་ཅན་དང་། དུང་ཅན་མ་དང་། གླང་པོ་ཅན་མ་དང་། རི་དྭགས་མ་བཞི་ཡི་རིགས་ཀྱི་དབྱེ་བའི་མཚན་ཉིད་ལྡན་དགོས་པར་གསུངས་སོ།།

སེམས་དབེན་གྱི་སྐབས་སུ་སྣང་བ་གསུམ་མམ་སྟོང་པ་གསུམ་གྱི་ཡེ་ཤེས་གསུམ་བསྐྱེད་ཚུལ་ནི། རླུང་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པ་ན་ཀུན་རྟོག་གཡོ་བའི་རླུང་ཐིམ་པའི་རྟགས་མར་མེ་འབར་བ་ལྟ་བུའི་རྟགས་འཆར། དེ་ནས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་གཡོ་བྱེད་ཀྱི་རླུང་དང་བཅས་པ་རྣམས་འགགས་ནས་སྟོན་ནམ་གཡའ་དག་པ་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་འོད་དཀར་པོའི་རྣམ་པ་ཅན་གྱི་སྟོང་སང་སྒྲིབ་མེད་དྭངས་པའི་སྣང་བ་ཞིག་འབྱུང་བ་ནི་སྣང་བ་དཀར་ལམ་པའོ།།

དེ་དུས་དེ་མ་གཏོགས་པའི་གཉིས་སྣང་རགས་པ་གང་ཡང་མི་འཆར་ཞིང་བློ་དེ་ཉིད་ཀྱང་སྟོང་ཉིད་རྟོགས་པའི་རྣམ་པ་ཅན་དུ་གྱུར་པ་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྣང་བ་ཞེས་བྱ་རྣམ་པར་མི་རྟོག་པ། །གསལ་བའི་ཆ་སྟེ་གཟུང་རྟོག་སྤངས་པ་ལས། །འབྱུང་བ་མི་མངོན་རླུང་དང་བཅས་པ་གང་། །ལྷང་ངེར་གནས་པ་སྐད་ཅིག་དང་པོ་ཡིན། །ཞེས་དང་། སྟོན་ཀའི་ནམ་མཁའ་སྤྲིན་མེད་པ། །ཟླ་བའི་འོད་ཟེར་ཀུན་གསལ་ལྟར། །གཟུང་འཛིན་སྤངས་པའི་ཡེ་ཤེས་ནི། །བདག་གཞན་བཅས་པས་སྣང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ནས་རླུང་འགགས་པ་ཆེར་ཕྱིན་ནས་སྣང་བ་དཀར་ལམ་པ་དེ་བསྡུས་པའམ་ནུབ་ནས་དེ་མཆེད་པ་ལ་ཐིམ་སྟེ་སྟོན་ནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུ་སྔ་མ་ལས་ཀྱང་དྭངས་པའི་སྟོང་སང་དམར་འོད་ལམ་མེ་བའི་སྣང་བ་འཆར་བ་ནི་མཆེད་པ་དམར་ལམ་པ་ཞེས་བྱ་ལ། དེ་དུས་ཀྱང་གཉིས་སྣང་རགས་པ་གང་ཡང་མི་འཆར་ཞིང་སྟོང་ཉིད་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་པ་ཅན་དུ་གྱུར་པ་ཡིན་ཏེ། ཡང་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། མཆེད་པའི་སྣང་བ་རབ་ཏུ་མི་རྟོག་སྟེ། །ཆེས་གསལ་བ་ལས་འཛིན་རྟོག་མ་ཞུགས་པ། །ཡེ་ཤེས་ཕྲ་བ་རླུང་ལྡན་མི་སྣང་བ། །ལྷན་ནེ་གནས་པ་སྐད་ཅིག་གཉིས་པ་ཡིན། །ཞེས་དང་། སྟོན་དུས་སྤྲིན་མེད་ནམ་མཁའ་ལ། །ཉི་མ་གསལ་བར་ཤར་བ་བཞིན། །ཐབས་ཀྱི་ཡེ་ཤེས་གཉིས་པ་ནི། །དོན་དང་སེམས་བཅས་སྣང་བར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ནས་རླུང་འགགས་པའི་ཤུགས་ཆེར་གྱུར་ནས་སྣང་བ་དམར་ལམ་པ་དེ་ནུབ་པའམ་བསྡུས་ནས་དེ་ཉེར་ཐོབ་ལ་ཐིམ་པས་སྟོན་ནམ་གཡའ་དག་པ་ལ་སྲོད་ཀྱི་སྨག་མཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པ་དྲན་པ་མ་ཉམས་པའི་ཚད་ཙམ་གྱི་སྣང་བ་འཆར་བ་ནི་ཉེར་ཐོབ་ནག་ལམ་པ་ཞེས་བྱ་ཞིང་། དེ་དུས་ཀྱང་དེ་ལས་གཞན་པའི་གཉིས་སྣང་རགས་པའི་སྣང་བ་གང་ཡང་མི་འཆར་ཞིང་སྟོང་ཉིད་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྣམ་ཅན་དུ་གྱུར་པ་ཡིན་ཏེ། ཡང་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཐོབ་པའི་ཆ་ནི་ཤིན་དུ་མི་རྟོག་པ། །གསལ་བ་ཙམ་དུའང་མི་གནས་ཤིན་དུ་ཕྲ། །རླུང་སེམས་མི་ཕྱེད་གསལ་བར་འཆར་བ་མིན། །ལྷམ་མེ་གནས་པ་སྐད་ཅིག་གསུམ་པ་ཡིན། །ཞེས་དང་། སྤྲིན་མེད་མཁའ་དང་མུན་ལྟ་བུ། །སྣང་བྱེད་ཡེ་ཤེས་གོམས་བྱེད་པས། །རང་རིག་རྩལ་ལས་གྲུབ་པ་ཡི། །སྒྱུ་མའི་ལུས་ནི་ལེན་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ནས་རླུང་ཧྲིལ་གྱིས་འགགས་ནས་སེམས་ཅན་རང་ག་བ་དྲན་མེད་དུ་བརྒྱལ་བ་ཇི་བཞིན་རྣལ་འབྱོར་བ་ཡང་བར་དུ་ཡུལ་ཅན་གྱི་དྲན་པ་ཉམས་ནས་དྲན་མེད་དུ་འགྲོ། དེའི་རྗེས་སུ་དྲན་པ་ཉམས་པ་སངས་ནས་དྲན་པ་སླར་སྐྱེས་པ་ན་ནམ་མཁའ་སྤྲིན་མེད་གཡའ་དག་པ་ལྟ་བུའི་སྟོང་སེང་གི་སྣང་བ་འཆར་བ་ནི། གཞི་དུས་ཀྱི་འཆི་བ་འོད་གསལ་དང་། ལམ་དུས་ཀྱི་ཐམས་ཅད་སྟོང་པའི་འོད་གསལ་ཞེས་པ་དེ་འཆར་བ་ཡིན་ཞིང་། ལུགས་འབྱུང་ཉེར་ཐོབ་དྲན་མེད་དུ་སོང་བ་ཇི་ལྟར་མཐུག་ཅིང་རྒྱུན་རིང་ན་དེ་ཙམ་གྱིས་མཇུག་གི་འོད་གསལ་བརྟན་ལ་རྒྱུན་རིང་བ་ཡིན་པར་བཤད་ལ། སེམས་ཅན་རང་ག་བ་འཆི་བའི་དུས་ཀྱི་སྟོང་པ་བཞི་ནི་ཡུན་ཐུང་པ་དང་། རྣལ་འབྱོར་བའི་སྒོམ་སྟོབས་ཀྱིས་ཐོབ་པའི་སྟོང་པ་བཞི་ནི་ཡུན་རིང་ཞིང་བརྟན་པ་ཡིན་པར་བཞེད་དོ།།

ཐམས་ཅད་སྟོང་པའི་འོད་གསལ་དེ་ཉིད་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་བསྐྱེད་པས་སྟོང་ཉིད་རྟོགས་པའི་འོད་གསལ་གྱི་ཡེ་ཤེས་ཐམས་ཅད་སྟོང་པའི་ཡེ་ཤེས་ཞེས་པ་དེ་ཡིན་ཏེ། དེ་ཉིད་ལས། ཉེ་བར་ཐོབ་པ་དྲི་མ་མེད་པ་སྟེ། །རང་བྱུང་རང་གསལ་བདེ་བ་དམིགས་སུ་མེད། །ཕྲ་རགས་རབ་གསལ་ཏིང་ངེ་འཛིན་དུ་གནས། །སྐད་ཅིག་བཞི་པ་མི་འགྱུར་ཁྱབ་བྱེད་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

རིམ་པ་བཞི་བའི་འོད་གསལ་མ་སྐྱེས་ཀྱི་བར་དུ་ཐམས་ཅད་སྟོང་པ་དེ་ལ་དཔེའི་འོད་གསལ་ཞེས་བྱ་བ་དང་། རིམ་པ་གསུམ་པ་མན་ཆད་ལ་སྨོས་ཟིན་ལྟར་དེ་ཉིད་ཉེར་ཐོབ་ཀྱི་ཁོངས་སུ་བསྡུས་ནས་སྟོང་པ་གསུམ་ཞེས་བཤད་ལ། དེ་ལོགས་སུ་ཕྱེས་ན་སྟོང་པ་བཞིར་འགྱུར་པ་ཡིན་ནོ།།

དཔེའི་འོད་གསལ་ལས་སླར་སྣང་བ་གསུམ་ལུགས་ལྡོག་ཏུ་འཆར་ཚུལ་ཡང་། དཔེའི་འོད་གསལ་བསྡུས་པ་སྟེ་ནུབ་ནས་ཉེར་ཐོབ་འཆར། དེ་བསྡུས་ནས་མཆེད་པ་འབྱུང་། དེ་བསྡུས་ནས་སྣང་བ་འཆར། དེ་བསྡུས་ནས་འདི་སྣང་རགས་པ་འཆར་ཞིང་རང་བཞིན་གྱི་ཀུན་རྟོག་རྣམས་ཀྱང་སྔོན་བཞིན་དུ་སྐྱེ་བ་ཡིན་ནོ།།

རྣལ་འབྱོར་བས་དེ་ལྟར་སེམས་དབེན་བསྒོམས་ནས་རླུང་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཡང་ཡང་ཐིམ་པར་བགྱིས་ན་སྣང་བ་བཞི་འོད་གསལ་དང་བཅས་པ་ཡང་ཡང་འབྱུང་ལ། དེ་ཡང་སྣང་བའི་ཡེ་ཤེས་བྱུང་ནས་སླར་རྗེས་ཐོབ་དུ་ལྡང་སྟེ་ཡུན་རིང་དེའི་རྒྱུ་ཚོགས་དེ་དག་གོམས་པར་བྱས་ཏེ་མཆེད་པའི་ཡེ་ཤེས་སྐྱེ་བ་དང་། ཡང་མཆེད་པ་བར་བྱུང་ནས་སླར་རྗེས་ཐོབ་དུ་ལྡང་བ་སོགས་ཡོད་པས་ལམ་དུས་ཀྱི་སྣང་མཆེད་ཐོབ་གསུམ་དཀྱུས་ཐོག་གཅིག་ཏུ་སྔ་མ་སྐྱེས་པའི་རྒྱུན་གཅིག་ལ་སྐྱེས་པར་ནི་མ་ངེས་པར་གསུངས་སོ།།

སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་ལས་སྔ་མ་འགགས་པའམ་ཐིམ་མ་ཐག་ནས་ཕྱི་མ་འབྱུང་བའི་ངེས་པ་ནི་མེད་པར་དཔེར་ན་སྣང་བ་དཀར་ལམ་པའི་སྣང་བ་འགགས་པའམ་ཐིམ་ཞིང་བསྡུས་ནས་དེ་མ་ཐག་ཏུ་མཆེད་པ་དམར་ལམ་པའི་སྣང་བ་མི་འབྱུང་བར་ནམ་མཁའ་གཡའ་དག་ལྟ་བུ་སྟོང་སང་ངེ་བའི་སྣང་བ་ལ་གནས་པ་ཡུན་རིང་འོང་བ་དང་། དེ་ནས་ཡང་མཆེད་པ་དམར་ལམ་པ་འགགས་ཤིང་ཐིམ་ནས་ཐོབ་པ་ནག་ལམ་པའི་སྣང་བ་མི་འབྱུང་བར་ནམ་མཁའ་གཡའ་དག་ལྟ་བུ་སྟོང་སང་ངེ་བའི་སྣང་བ་ལ་གནས་པ་དང་། ཐོབ་པ་ནག་ལམ་པ་འགགས་ནས་བརྒྱལ་བ་དང་འོད་གསལ་གྱི་སྣང་བ་དེ་མ་ཐག་ཏུ་མི་འབྱུང་བར་ནམ་མཁའ་གཡའ་དག་ལྟ་བུ་སྟོང་སང་ངེ་བའི་སྣང་བ་ལ་གནས་པ་ཡོད་པ་དང་། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་སྐྱེ་རིམ་དེ་མ་ཐག་ཏུ་སྐྱེ་བ་བཅས་ཅི་རིགས་པ་ཡོད་པར་གསུངས་སོ།།

དབེན་པ་གསུམ་ཀའི་སྐབས་སུ་སྣང་བ་གསུམ་དང་དཔེའི་འོད་གསལ་ཡོད་མོད། སྣང་བ་གསུམ་མཚན་ཉིད་པ་ནི་གཞི་ལ་འཆི་བའི་དུས་སུ་ཡོངས་སུ་རྫོགས་པར་འཆར་བ་དང་། ལམ་དུས་སེམས་དབེན་གྱི་སྐབས་ནས་བརྩམས་ཏེ་བྱུང་བ་ཡིན་ཞིང་། རྡོར་བཟླས་མན་ཆད་ཀྱི་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པ་རྗེས་མཐུན་པར་ཁས་ལེན་དགོས་པ་དང་། དབེན་གསུམ་གྱི་སྐབས་སུ་གཉིས་སྣང་ཤིན་ཏུ་ཕྲ་བ་མི་ལྡོག་ཀྱང་བསྒོམས་སྟོབས་ཀྱིས་སྙིང་གའི་རླུང་དྷཱི་ཏཱིར་ཐིམ་པའི་སྟོབས་ཀྱིས་གཉིས་སྣང་རགས་པ་འགགས་ནས་སྣང་བ་དཀར་དམར་ནག་གསུམ་འཆར་ཞིང་། སྣང་བ་དེ་དག་བདེ་སྟོང་དུ་སྦྱར་ནས་སྒོམ་དགོས་པ་ཡིན་ནོ།།

སེམས་དབེན་མན་ཆད་ཀྱི་ཉེར་ཐོབ་ཀྱི་མཇུག་ཏུ་དཔེའི་འོད་གསལ་བྱུང་ཡང་རིམ་ལྔ་དང་སྤྱོད་བསྡུས་སུ་དཔེའི་འོད་གསལ་མ་བཤད་པ་ནི། སྨོས་ཟིན་ལྟར་དཔེའི་འོད་གསལ་དེ་ཉེར་ཐོབ་ཀྱི་ནང་དུ་བསྡུས་པའི་དབང་དུ་བྱས་པ་ཡིན་ཞིང་། དཔེའི་འོད་གསལ་དང་དེའི་སྔ་ལོགས་ཀྱི་ཉེར་ཐོབ་གཉིས་པོ་གཉིས་སྣང་ཅན་གྱི་ཤེས་པ་ཡིན་པ་ལ་འདྲ་བས་དེ་གཉིས་གཅིག་ཏུ་འདུ་རུང་བས་ལོགས་སུ་རིམ་པར་མ་ཕྱེས་པ་དང་། དོན་གྱི་འོད་གསལ་གྱི་སྔ་ལོགས་ཀྱི་ཉེར་ཐོབ་ནི་གཉིས་སྣང་ཅན་གྱི་ཤེས་པ་དང་། དོན་གྱི་འོད་གསལ་ནི་གཉིས་སྣང་ཅུང་ཟད་ཀྱང་མེད་པའི་ཤེས་པ་ཡིན་པས་དེ་གཉིས་གཅིག་ཏུ་འདུ་མི་རུང་བའི་ཕྱིར་ན་དོན་གྱི་འོད་གསལ་རིམ་པ་བཞི་བར་ལོགས་སུ་བཤད་པ་ཡིན་པར་གསུངས་སོ།།

རྣལ་འབྱོར་བ་སྣང་བ་གསུམ་ལ་གོམས་པ་ཤས་ཆེ་ཆུང་དང་། ཁོའི་རྒྱུད་ལ་རླུང་འདུ་བ་དང་། ཕུལ་བ་དང་། ཐིམ་པ་ཆེ་ཆུང་གི་དབང་གིས་ཡུལ་སྣང་བ་དཀར་དམར་ནག་གསུམ་འོད་གསལ་དང་བཅས་པ་ལའང་རྒྱ་ཆེ་ཆུང་དང་། སྲབ་མཐུག་དང་། གནས་ཡུན་རིང་ཐུང་དང་། བརྟན་མི་བརྟན་གྱི་ཁྱད་པར་ནི་མི་འདྲ་བ་དུ་མ་ཡོད་པར་གསུངས་ལ། དེ་འདྲའི་སྟོང་པ་གསུམ་ནི་སྒྱུ་ལུས་ཐོབ་ནས་དོན་གྱི་འོད་གསལ་མངོན་དུ་མ་བྱས་པ་དང་། དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བའི་སྐབས་དང་། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་རྣམས་སུ་འབྱུང་བ་ཡོད་མོད། དེ་དག་ནི་སེམས་དབེན་མིན་ལ། དེ་བཞིན་དུ་སེམས་དབེན་མ་ཐོབ་པའི་སྔོན་ལའང་སྟོང་པ་གསུམ་གྱི་ཡེ་ཤེས་འབྱུང་བ་ཡོད་པ་དེ་ཡང་སེམས་དབེན་མ་ཡིན་པའི་ཕྱིར་ན་སྟོང་པ་གསུམ་གྱི་ཡེ་ཤེས་དང་སེམས་དབེན་གྱི་སྟོང་པ་གསུམ་གྱི་ཡེ་ཤེས་ལ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཡིན་པར་གསུངས་སོ།།

ལམ་དུས་སུ་སྟོང་པ་བཞི་ཀའི་ཚེ་བློ་དེ་སྟོང་ཉིད་སྒོམ་པའི་ངོ་བོར་བསྐྱེད་དེ་བདེ་སྟོང་སྦྱོར་དགོས་ཤིང་། གཙོ་བོ་ཐམས་ཅད་སྟོང་པ་དཔེའི་འོད་གསལ་གྱི་སྐབས་སུ་ནི་བདེ་སྟོང་གི་རྟོག་པའི་ངོ་བོར་བསྐྱེད་དགོས་པར་གསུངས་ལ། དེ་དུས་དེ་བཞི་སྟོང་ཉིད་རྟོགས་པའི་རྣམ་པ་ཅན་ཡིན་ཚུལ་ནི། དེ་དུས་སུ་སྣང་བ་གསུམ་གྱི་སྣང་ངོར་དཀར་དམར་ནག་གསུམ་གྱི་སྣང་བ་འབྱུང་བ་ཡིན་ནའང་། ངེས་ངོར་སྣང་བ་དེ་ཡང་བཀག་ནས་སྟོང་ཉིད་འཛིན་སྟངས་ཀྱི་ཡུལ་དུ་བྱས་ནས་རྩེ་གཅིག་ཏུ་སྒོམ་པར་བྱེད་པ་ཡིན་ཕྱིར་སྣང་བའི་ཡེ་ཤེས་དེ་གསུམ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སྐྱེད་པའི་སྟོང་ཉིད་རྟོགས་པའི་བློ་ཡིན་ནོ།།

བདེ་སྟོང་སྦྱོར་བ་ཞེས་པའི་སྟོང་པ་ནི་ཆོས་དང་གང་ཟག་གི་བདག་གིས་སྟོང་པའི་སྟོང་ཉིད་དེ་ཉིད་ལ་བྱ་ཞིང་། རྒྱུ་མཚན་ཉིད་ཐེག་པ་དང་འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཀའི་སྐབས་སུ་བཤད་པའི་ཐར་བ་ཐོབ་པ་ལ་ངེས་པར་རྟོགས་དགོས་པའི་སྟོང་ཉིད་དེ་དཔལ་ལྡན་ཐལ་འགྱུར་བའི་བཞེད་པའི་བདག་མེད་པའི་ལྟ་བ་དེ་ལ་གོ་དགོས་སོ། །

འོན་ཀྱང་གདུལ་བྱའི་དབང་གིས་སེམས་ཙམ་པ་དང་རང་རྒྱུད་པའི་བཞེད་པའི་བདག་མེད་ལྟར་གྱི་སྟོང་ཉིད་དེ་སྔགས་ཀྱི་བདེ་བ་ལ་སྦྱོར་བའང་ཡོད་པར་བཤད་དོ།།

དེས་ན་སྟོང་ཉིད་ཀྱི་ཕྱོགས་ནས་མདོ་སྔགས་གཉིས་ཀྱི་ལྟ་བ་ལ་ཁྱད་པར་མེད་པར་འཇམ་མགོན་བླ་མ་ཙོང་ཁ་པས་གསུངས་ཏེ། གསལ་སྒྲོན་ལས། སྟོང་ཉིད་ཀྱི་གོ་བའི་ཕུ་ཐག་གཅོད་ལུགས་དབུ་མ་ནས་འབྱུང་བ་ལས་ལྷག་པོ་མེད་པས། ཐེག་པ་འདི་དང་ཕར་ཕྱིན་གྱི་ཐེག་པ་གཉིས་སྟོང་ཉིད་ཀྱི་ལྟ་བ་ལ་མཆོག་དམན་མེད་དོ། །ཞེས་གསུངས་པའི་ཕྱིར།

འོ་ན་མདོ་སྔགས་ཀྱི་ལྟ་བ་ལ་ཁྱད་པར་མེད་དམ་ཞེ་ན། ཡུལ་སྟོང་ཉིད་ཀྱི་ངོས་ནས་ཁྱད་པར་མེད་ཀྱང་ཡུལ་ཅན་ཡེ་ཤེས་ཀྱི་ངོས་ནས་ཁྱད་པར་ཡོད་པར་འདོད་དེ། དེ་ཉིད་ལས། ངེས་རྒྱུའི་དོན་གཅིག་ཡིན་ཀྱང་ངེས་བྱེད་ཀྱི་བློ་ལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ངེས་པའི་སྟོབས་འདྲ་བ་ཡུལ་ཅན་གཞན་གང་གིས་ངེས་པ་ལ་མེད་པས། སྟོང་པ་ལ་ཁྱད་མེད་ཀྱང་ཐབས་བདེ་བས་ཁྱད་པར་དུ་འཕགས་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ།།

བདེ་བ་ནི། སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྒོམས་ནས་སེམས་ཤིན་སྦྱངས་གྲུབ་པ་ན་ལུས་ཀྱི་རླུང་རྣམས་ལས་རུང་དུ་གྱུར་ནས་ལུས་ཤིན་སྦྱངས་གྲུབ་ཅིང་། དེ་ལ་བརྟེན་ནས་ལུས་ལ་བདེ་བ་དང་སེམས་ལ་དགའ་བདེ་ཆེན་པོ་སྐྱེ་བ་ཡོད་པ་སོགས་ཕྱི་ནང་གཉིས་དང་། ཐེག་པ་ཆེ་ཆུང་དང་། མདོ་སྔགས་གཉིས་ཀའི་ལུགས་ལ་སེམས་མི་རྟོག་པར་འཇོག་པ་རྒྱུན་རིང་བ་ཀུན་ལ་སེམས་བདེ་འབྱུང་བ་ཡོད་པ་དང་། གཞན་ཡང་མདོ་ལས་རླུང་འབྱུང་རྔུབ་སྒོམ་པ་དང་། ས་དང་པོ་རབ་དགའ་ཐོབ་པ་དང་། བྱ་རྒྱུད་བསམ་གཏན་ཕྱི་མ་དང་། སྤྱོད་རྒྱུད་རྣམ་སྣང་མངོན་བྱང་རྣམས་སུ་རླུང་ཕྱིར་རྒྱུ་བ་བཀག་ནས་ནང་དུ་བཟུང་བ་ལ་ལྷའི་རྣལ་འབྱོར་སྒོམ་པའི་སྲོག་རྩོལ་ཞེས་པ་སོགས་ཏིང་ངེ་འཛིན་གྱི་མཐུས་བྱུང་བའི་བདེ་བ་ཡོད་མོད་དེ་དག་ནི་སྔགས་བླ་མེད་ཀྱི་སྐབས་འདིའི་བདེ་བ་མ་ཡིན་ཞིང་། སྐབས་འདིའི་བདེ་བ་ནི་ནང་ལུས་ཀྱི་རྩ་འཁོར་རྣམས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་བ་ཞིག་ལ་བྱེད་དགོས་པ་ཡིན་ནོ།།

དེ་ལ་བླ་མེད་ཀྱི་ལུགས་འདིར་དེ་འདྲའི་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དེ་ལ་དམིགས་པ་མེད་པའི་སྙིང་རྗེ་ཞེས་

ཀྱང་བཤད་དེ། སྤྲོས་པ་མེད་པའི་རང་བཞིན་སྟོང་པ་ཉིད་ངེས་པའི་ཆ་ནས་ནི་ཤེས་རབ་དང་། དེ་ལྟར་རྟོགས་པའི་ཡེ་ཤེས་དེ་ཉིད་ཐབས་བདེ་བ་ཆེན་པོའི་ངོ་བོར་སྐྱེས་པའི་ཆགས་པ་ཆེན་པོའི་ཡེ་ཤེས་ཡིན་པའི་ཆ་ནས་སེམས་ཅན་གྱི་དོན་བྱེད་པའི་སྙིང་རྗེ་ཆེན་པོའི་བློ་སྟེ་དམིགས་པ་མེད་པའི་སྙིང་རྗེ་ཞེས་བརྗོད་པ་ཡིན་པའི་ཕྱིར། གྲུབ་སྟེ། ཡང་དག་སྦྱོར་བ་ལས། སྤྲོས་པ་མེད་པའི་རང་བཞིན་ཉིད། །ཤེས་རབ་ཅེས་ནི་རབ་ཏུ་གྲགས། །ཡིད་བཞིན་ནོར་ལྟར་མ་ལུས་པའི། །ཐམས་ཅད་དོན་བྱེད་སྙིང་རྗེ་ཉིད། །དམིགས་མེད་གནས་སུ་ཤེས་རབ་དང་། ། དམིགས་མེད་སྙིང་རྗེ་ཆེན་པོ་ཉིད། །བློ་དང་ལྷན་ཅིག་གཅིག་གྱུར་པ། །ནམ་མཁར་ནམ་མཁའ་ཇི་ལྟ་བའོ། །ཞེས་གསུངས་པའི་ཕྱིར། དེས་ན་ཐབས་ཀྱི་ཆ་དེ་ལ་བརྟེན་ནས་འགྲོ་བའི་དོན་བྱུང་བས་ན་དེ་ལྟར་བརྗོད་པ་ཡིན་པ་འདྲའོ།།

དེ་ཡང་བདེ་བ་ཆེན་པོ་དང་དེའི་རྟོགས་བྱའི་ཆོས་ཉིད་ངོ་བོ་དབྱེར་མེད་ཡིན་པ་ནི། བདེ་བ་ཆེན་པོ་གྲུབ་ཙམ་ནས་དེའི་ངོ་བོ་སྟོང་ཉིད་ཡིན་ཞིང་དེ་དང་དབྱེར་མེད་ཡིན་པ་ལས་རྣལ་འབྱོར་བའི་སྒོམ་གྱི་ནུས་པས་དབྱེར་མེད་དུ་གྱུར་པ་ནི་མ་ཡིན་ཞིང་། སྟོང་ཉིད་རྟོགས་པའི་བློ་གཞན་ཞིག་ལ་བདེ་བས་རྒྱས་འདེབས་པ་དང་། བདེ་བའི་ཡེ་ཤེས་སྐྱེས་པའི་འོག་ཏུ་སྟོང་ཉིད་རྟོགས་པའི་བློ་གཞན་ཞིག་གིས་བདེ་བ་ལ་རྒྱས་འདེབས་པའང་མ་ཡིན་པར་བདེ་བ་སྐྱེས་ཙམ་ནས་སྟོང་ཉིད་དང་ངོ་བོ་དབྱེར་དུ་གྱུར་པ་ལ་བདེ་སྟོང་དབྱེར་མེད་དང་བདེ་སྟོང་སྦྱོར་བ་ཞེས་གོ་དགོས་ཤིང་། ཡུལ་ཅན་ཤེས་པ་ལྷན་སྐྱེས་བདེ་བ་ཆེན་པོའི་ངོ་བོར་སྐྱེས་པ་དེས་ཡུལ་སྟོང་པ་ཉིད་རྟོགས་པའི་སྒོ་ནས་ཡུལ་དང་ཡུལ་ཅན་སྦྱོར་ཏེ་བདེ་སྟོང་དབྱེར་མེད་དུ་སོང་པ་ལ་གོ་དགོས་པ་དང་། སྟོང་ཉིད་མངོན་སུམ་དུ་མ་རྟོགས་པར་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་མ་སྐྱེས་པའི་སྔོན་ལ་བདེ་སྟོང་སྦྱོར་བ་ནི་མོས་པ་ཡིད་བྱེད་ཀྱིས་རོ་གཅིག་ཏུ་མོས་པ་ཙམ་ལས་དོན་ལ་རོ་གཅིག་ཏུ་མ་སོང་བ་ཡིན་པར་འཇམ་མགོན་བླ་མ་ཙོང་ཁ་པས་གསུངས་སོ།།

གོང་ལྟར་སྣང་བ་གསུམ་ལམ་གྱི་ངོ་བོར་སྐྱེད་ཚུལ་མ་ཤེས་ན་དེ་གསུམ་ལས་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་སྐྱེ་ཞིང་། དེ་ལས་འཇིག་ལྟ་སྐྱེ། དེ་ལས་ཉོན་མོངས་པ་གཞན་རྣམས་སྐྱེ། དེ་དག་གིས་ལས་བསགས། དེ་ཡིས་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་སྣ་ཚོགས་མྱོང་ནས་འཁོར་བར་འཁོར་དགོས་པ་ཡིན་ཞིང་དེ་ནི་སྣང་བ་གསུམ་ལམ་གྱི་ངོ་བོར་སྐྱེད་ཚུལ་མ་ཤེས་པའི་སྐྱོན་ཡིན་ལ། ལམ་གྱི་ངོ་བོར་སྐྱེད་ཚུལ་ཤེས་ན་ནི། དཔེ་དང་དོན་གྱི་འོད་གསལ་འཆར་ཞིང་། འོད་གསལ་དེ་ཡིས་ཆོས་སྐུའི་རིགས་འདྲའི་རྒྱུ་བྱེད་པ་དང་། འོད་གསལ་དེའི་བཞོན་པའི་རླུང་འོད་ཟེར་ལྔ་པ་ལས་སྒྱུ་མའི་སྐུ་གྲུབ་སྟེ་གཟུགས་སྐུའི་རིགས་འདྲའི་རྒྱུ་བྱས་ཏེ་ཟུང་འཇུག་གི་དག་པའི་སྒྱུ་མའི་གཟུགས་སྐུ་གྲུབ་ནས་སངས་རྒྱས་པ་ཡིན་ནོ།།

སྣང་བ་གསུམ་རྣམ་པར་དག་པ་གང་ཡིན་པའི་ཡེ་ཤེས་དེ་ནི་གསང་འདུས་འཕགས་ལུགས་འདིར་ཐམས་ཅད་སྟོང་པ་འོད་གསལ་ཞེས་བྱ་སྟེ། ཡེ་ཤེས་གསུམ་རྣམ་པར་དག་པ་དེ་ནི་སྣང་མཆེད་ཐོབ་གསུམ་བཞོན་པ་རླུང་དང་བཅས་པ་ཐམས་ཅད་ཐིམ་པའི་ཐམས་ཅད་སྟོང་པ་འོད་གསལ་དུ་བརྗོད་པ་ཡིན་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། སྟོང་པ་གསུམ་གྱི་རྣམ་དག་གང་། །འོད་གསལ་བར་ནི་འདིར་བཤད་དོ། །ཐམས་ཅད་སྟོང་པར་དེ་བརྗོད་དེ། །ཡེ་ཤེས་གསུམ་ནི་རྣམ་དག་པ། །ཡེ་ཤེས་དག་ནས་དེ་ཉིད་རྟོགས། །ཞེས་གསུངས་པའི་ཕྱིར་རོ།།

སྤྱིར་གཞི་ལ་སེམས་ཅན་ཐ་མལ་བའི་རྒྱུད་ཀྱི་དེ་ལ་སྣང་བའི་སེམས་དང་། མཆེད་པའི་སེམས་དང་། ཉེར་ཐོབ་ཀྱི་སེམས་ཞེས་བརྗོད་པ་དང་། སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེར་ཐོབ་ཅེས་བརྗོད་པ་དང་། སྣང་བ་སྟོང་པ་དང་། མཆེད་པ་ཤིན་ཏུ་སྟོང་པ་དང་། ཉེར་ཐོབ་སྟོང་པ་ཆེན་པོ་ཞེས་བརྗོད་པ་དང་། ལམ་གྱི་དུས་ན་སྣང་བའི་ཡེ་ཤེས་དང་། མཆེད་པའི་ཡེ་ཤེས་དང་། ཉེར་ཐོབ་ཀྱི་ཡེ་ཤེས་ཞེས་འབོད་པ་དང་། སྣང་བ་སོགས་གསུམ་གྱི་ཡེ་ཤེས་ནི་སྟོང་པ་གསུམ་ཞེས་བྱ་ལ། དེ་སྟེང་དཔེའི་འོད་གསལ་བསྣན་པ་བཞི་ནི་སྟོང་པ་བཞི་ཞེས་གྲགས་པ་སྨོས་ཟིན་པ་ལྟར་རོ།།

དེ་ཡང་སྣང་བ་ནི། ཀུན་རྟོག་གཡོ་བྱེད་ཀྱི་རླུང་དྷཱུ་ཏཱིར་ཐིམ་ནས་ཟླ་འོད་ལྟ་བུའི་སྣང་བ་འབྱུང་བས་སྣང་བ་དང་། ཐ་མལ་བའི་འདི་སྣང་ནུབ་པས་དེ་ཡིས་སྟོང་པ་དང་། གཙོ་བོ་ཀུན་རྟོག་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་དང་། མཆེད་པ་ནི། སྣང་བ་དེ་ཉི་འོད་བཞིན་དུ་ཆེས་གསལ་བའི་སྒོ་ནས་སྣང་བས་སྣང་བ་མཆེད་པ་དང་། སྣང་བ་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་ཤིན་ཏུ་སྟོང་པ་དང་། ཉེར་ཐོབ་ནི། ཐུན་མཚམས་ཀྱི་སྨག་བཞིན་དུ་ཤིན་ཏུ་མི་གསལ་བར་སྣང་ཞིང་འོད་གསལ་དང་ཉེ་བས་ན་སྣང་བ་ཉེར་ཐོབ་དང་། མཆེད་པ་བཞོན་པའི་རླུང་དང་བཅས་པས་སྟོང་པས་སྟོང་པ་ཆེན་པོ་དང་། འོད་གསལ་ནི། མཁས་པ་འགའ་རེས་འདི་སྣང་དང་སྣང་བ་གསུམ་ཀུན་རྟོག་རླུང་དང་བཅས་པས་སྟོང་པས་སྟོང་པ་ཞེས་དང་། འགའ་རེས་འཆི་བ་འོད་གསལ་གྱི་ངོར་འཆར་བའི་སྟོང་པའམ་ཡུལ་འོད་གསལ་ནི་ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་གཞིའི་ཆོས་ཉིད་དམ་སྟོང་ཉིད་ཡིན་ཕྱིར་ཐམས་ཅད་སྟོང་པ་ཞེས་བརྗོད་པ་ཡིན་པར་བཞེད་ལ། གང་ལྟར་ཡང་ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། སྟོང་དང་སྟོང་པ་ཆེན་པོ་དང་། །ཤིན་ཏུ་སྟོང་པ་དངོས་མེད་པ། །ཐམས་ཅད་སྟོང་པ་ཟག་པ་མེད། །ཅེས་དང་། རྡོ་རྗེ་ཕྲེང་བ་ལས། སྟོང་དང་ཤིན་ཏུ་སྟོང་པ་དང་། །སྟོང་ཆེན་ཞེས་ཀྱང་རབ་ཏུ་བརྗོད། །ཅེས་གསུངས་པ་ལྟར་རོ།།

སྣང་བ་སོགས་སྐྱེ་ཚུལ་ནི། གཞིའི་དུས་སུ་སེམས་ཅན་ཐ་མལ་བ་འཆི་བ་ལ་ཕྱོགས་དུས་སུ་ས་ཆུ་ལ་ཐིམ་ཞིང་། དེའི་ཕྱི་རྟགས་སུ་ལུས་ལྕི་ཞིང་ཐུར་དུ་ས་ལ་བྱིང་བའི་སྣང་བ་འབྱུང་། ལུས་ལྷོད་ནས་འགུལ་བསྐྱོད་མི་ནུས། ནང་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་འབྱུང་ངོ་། །ཆུ་མེ་ལ་ཐིམ་ཞིང་། དེའི་ཕྱི་རྟགས་སུ་ཁ་སྣའི་ཆུ་སྐམ། ལྕེ་ཐུང་དུ་འགྲོ། གཏམ་འགགས། ནང་རྟགས་སུ་དུ་བ་ལྟ་བུའི་སྣང་བ་འབྱུང་ངོ་།།

མེ་རླུང་ལ་ཐིམ་ཞིང་། དེའི་ཕྱི་རྟགས་སུ་ལུས་དྲོད་ཆུང་དུ་འགྲོ། དྲོད་མཐའ་ནས་ལྡོག། ནང་རྟགས་སུ་སྲིན་བུ་མེ་ཁྱེར་ལྟ་བུའི་སྣང་བ་འབྱུང་ངོ་། །ཀུན་རྟོག་གི་རླུང་སེམས་ལ་ཐིམ་ཞིང་། དེའི་ཕྱི་རྟགས་སུ་དབུགས་ཕྱི་རོལ་དུ་རིང་དུ་རྒྱུ་ཞིང་ནང་དུ་སྡུད་མི་ནུས། ནང་དུ་ཅུང་སྡུད་པ་ཡང་ཐུང་ཞིང་རྩུབ་པ་འབྱུང་། ནང་རྟགས་སུ་མར་མེ་རླུང་གིས་བསྐྱོད་པ་ལྟ་བུའི་སྣང་བ་འབྱུང་ངོ་།།

དེ་ནས་སྣང་བ་མཆེད་པ་ཉེར་ཐོབ་གསུམ་བྱུང་ནས་ཉེར་ཐོབ་ནག་ལམ་པའི་མཇུག་ཏུ་བརྒྱལ་ཞིང་། བརྒྱལ་སངས་པ་ན་ནམ་མཁའ་སྤྲིན་མེད་གཡའ་དག་གི་སྣང་བ་ལྟ་བུ་འཆར་ཏེ་ཐམས་ཅད་སྟོང་པ་འོད་གསལ་གྱི་སྣང་བ་འཆར་ཞིང་། དེའི་འོག་ཏུ་འོད་གསལ་ཉམས་ནས་ཉེར་ཐོབ་དང་། མཆེད་པ་དང་། སྣང་བ་རྣམས་རིམ་པར་ལུགས་ལྡོག་ཏུ་སྐྱེས་ནས་སླར་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་བྱུང་ནས་བར་དོར་འཁྲུལ་བ་ཡིན་ནོ།།

སྨིག་རྒྱུ་སོགས་ཀྱི་རྟགས་འཆར་བ་ཡང་སྣང་བ་སྔ་མ་ཕྱི་མ་ལས་ཇེ་གསལ་དུ་སོང་བ་ལ་སྨིག་རྒྱུ་སོགས་དང་འདྲ་བར་བཤད་པ་ལས་དངོས་སུ་སྨིག་རྒྱུ་ལྟ་བུ་ལ་སོགས་པའི་སྣང་བ་འཆར་བ་ནི་མིན་པར་འདོད་མཁན་དང་། རྟགས་ཅན་གྱི་ཤེས་པ་བརྟན་པ་དང་གཡོ་བའི་ཚད་ཡིན་པར་འདོད་མཁན་དང་། དངོས་སུ་སྨིག་རྒྱུ་དང་། དུ་བ་ལྟ་བུའི་སྣང་བ་འཆར་བར་འདོད་མཁན་དང་གསུམ་ཡོད་ཅིང་། ཕྱི་མའི་བཞེད་པ་དེ་ལེགས་པར་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་གསུངས་སོ།།

རྟགས་ལྔ་ཞེས་པ་སྨིག་རྒྱུ་དུ་བ་མེ་ཁྱེར་མར་མེ་ནམ་མཁའ་ལྔའི་རྟགས་དེ་དག་དང་། རྟགས་བརྒྱད་ཅེས་པའི་སྐབས་སུ་དེ་ལྔའི་སྟེང་དུ་ཟླ་ཉི་མུན་པ་ལྟ་བུའི་སྣང་མཆེད་ཐོབ་གསུམ་གྱི་སྣང་བའི་རྟགས་དེ་བསྣན་པས་བརྒྱད་དོ།།

དེ་ཡང་ཟླ་ཉི་མུན་གསུམ་ནི་སྣང་མཆེད་ཐོབ་གསུམ་གྱི་རང་དུས་སུ་སྣང་བ་དང་། སྤྲིན་མེད་ནམ་མཁའ་གཡའ་དག་ནི་ཐམས་ཅད་སྟོང་པ་འོད་གསལ་གྱི་རང་དུས་སུ་འཆར་བ་དང་། སྨིག་རྒྱུ་སོགས་བཞི་ནི་སྟོང་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེ་བའི་སྔ་ལྟས་སུ་འཆར་བའི་རྟགས་ཡིན་ནོ།།

སེམས་མི་རྟོག་པ་ལ་མཉམ་པར་བཞག་པས་རྟགས་དེ་དག་དང་འདྲ་བ་འཆར་བ་ཡོད་མོད་དེ་ནི་སྟོང་བཞིའི་ཡེ་ཤེས་སྐྱེ་བའི་རྟགས་མ་ཡིན་ལ། སྟོང་བཞིའི་ཡེ་ཤེས་སྐྱེ་བའི་རྟགས་ནི་གཡས་གཡོན་གྱི་རླུང་དྷཱུ་ཏཱིར་བསྟིམས་ནས་ལུས་ལ་གནད་དུ་བསྣུན་ནས་བྱུང་བའི་རྟགས་ཡིན་དགོས་ལ། ལུས་ལ་གནད་དུ་བསྣུན་པའི་སྐབས་སུ་ཡང་དབང་པོའི་སྒོ་ནས་ཕྱི་རོལ་དུ་ཆེར་གཡོ་བའི་རླུང་རྣམས་ཅུང་ཟད་ནང་དུ་ལྡོག་པར་རྩོམ་པ་དང་། ཅུང་ཟད་ལོག་པ་དང་། དབུ་མར་ཅུང་ཟད་ཚུད་པ་ནས་བཟུང་ལམ་མཐོན་པོར་སླེབས་པའི་སྐབས་ཀྱི་རླུང་ལྡོག་པའི་བར་དུ་བྱུང་བའི་རྟགས་དུ་མ་ཞིག་ཡོད་པ་དང་། སྟར་སྣང་གི་རྟགས་ཀྱང་ཡོད་པར་གསུངས་སོ།།

དེ་ལྟར་འཆི་དུས་སྣང་མཆེད་ཐོབ་གསུམ་ལུགས་འབྱུང་ལུགས་ལྡོག་ཏུ་སྐྱེ་བ་ཡོད་ལ། གཉིད་མཐུག་པོར་འགྲོ་བ་དང་། བརྒྱལ་བ་དང་། ཕོ་མོ་སྦྱོར་བ་ལ་སོགས་པའི་སྐབས་ནའང་འབྱུང་དུ་ཡོད་པས་དེ་དག་གི་དུས་ཀྱི་དེ་གསུམ་ནི་སྣང་མཆེད་ཐོབ་གསུམ་རྗེས་མཐུན་པ་དང་། འཆི་དུས་དང་། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཐིམ་དུས་སུ་མཚན་ཉིད་པ་སྐྱེ་བ་ཡོད་ཅིང་། འཆི་བའི་དུས་སུ་སྣང་མཆེད་ཐོབ་གསུམ་ལུགས་འབྱུང་དུ་བྱུང་བའི་སྔོན་དུ་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་འགགས་པ་ཡིན་པར་བཤད་དོ།།

དེ་དག་སོ་སོར་ངོས་འཛིན་ཚུལ་བཤད་ན་འདི་ལྟ་སྟེ། དེ་དག་ལ་ལུགས་འབྱུང་ལྡོག་གཉིས་ཡོད་པ་ལས། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། སྣང་བ་ཟླ་བ་ཞེས་སུ་བསྟན། །ཞེས་གསུངས་པ་ལྟར། དང་པོ་ལུགས་འབྱུང་གི་སྣང་བ་ནི། ལུགས་འབྱུང་གི་སྟོང་པ་གསུམ་པོ་གང་རུང་གང་ཞིག། རང་རྒྱུ་ཀུན་རྟོག་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་བྱུང་ཞིང་སྟོན་ནམ་གཡའ་དག་པ་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དཀར་ལམ་པའི་སྣང་བ་འཆར་བ་ལས་གཞན་པའི་གཉིས་སྣང་རགས་པ་འགགས་པའི་ཡིད་ཀྱི་ཤེས་པ་

དེ་ལུགས་འབྱུང་གི་སྣང་བའི་མཚན་ཉིད། འདི་ལ་སྣང་བ་དང་། སྟོང་པ་དང་། ཤེས་རབ་དང་། སེམས་དང་། གཞན་དབང་ཞེས་པའི་ངོ་བོ་དང་ལྡན་པས་དེ་དག་གིས་མིང་གིས་བརྗོད་དེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། སྣང་བ་སྟོང་པ་ཤེས་རབ་དང་། །སེམས་དང་གཞན་གྱི་དབང་དག་སྟེ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་བཤད་མ་ཐག་པ་ལྟར་རང་མངོན་དུ་གྱུར་པའི་སྣང་ངོར་སྟོན་ནམ་གཡའ་དག་པ་ལ་མཚན་མོ་ཟླ་འོད་ཀྱིས་ཁྱབ་པ་ལྟར་དཀར་ལམ་གྱི་སྣང་བ་སྣང་བས་ན་སྣང་བ་དང་། འདི་སྣང་འགགས་པ་དང་། རང་བཞིན་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་འགགས་ཤིང་དེ་དག་གིས་སྟོང་པས་སྟོང་པ་དང་། ལམ་དུས་དེ་ཉམས་སུ་ལེན་པའི་ཚེ་བདེ་སྟོང་གཉིས་ལས་ཐབས་བདེ་བ་ཤས་ཆུང་ཞིང་ཤེས་རབ་སྟོང་ཉམས་ཆེ་བས་ཤེས་རབ་དང་། རང་གི་ཡུལ་ཐམས་ཅད་ལ་རྟོག་པས་ན་སེམས་དང་། སྔགས་དང་ཕྱག་རྒྱའི་རྒྱུ་རྐྱེན་གཞན་གྱི་དབང་ལས་བྱུང་བས་གཞན་དབང་གི་ངོ་བོར་གྲུབ་པ་ཡིན་ཞིང་དེ་སྐད་ཅེས་བརྗོད་པ་ཡིན་པར་གསུངས་སོ།།

གཞི་དུས་སུ་སྣང་མཆེད་ཐོབ་གསུམ་གྱི་རང་བཞིན་ཀུན་ཏུ་རྟོག་པ་བརྒྱད་ཅུ་ཡོད་པར་བཤད་ཅིང་། དེ་ཡང་དང་པོ་ལ་ཀུན་རྟོག་སོ་གསུམ་དང་། གཉིས་པ་ལ་བཞི་བཅུ་དང་། གསུམ་པ་ལ་བདུན་ཡོད་པར་བཤད་དེ། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། རྟོག་པ་དང་ལྡན་པའི་རང་བཞིན་གྱི་སྣང་བ། རང་བཞིན་སུམ་བཅུ་རྩ་གསུམ་དང་། མཚན་ཉིད་བཞི་བཅུ་དང་མ་རིག་པའི་སྐད་ཅིག་མ་བདུན་དུ་རབ་ཏུ་གསལ་བར་ཉིན་དང་མཚན་དུ་སྤྱོད་པས། རྗེས་སུ་ཉམས་སུ་མྱོང་བར་བྱེད་པ་མ་དག་པའི་དུས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ན་དང་པོ་འདིར་སྣང་བའི་རང་བཞིན་ཀུན་རྟོག་སོ་གསུམ་ནི། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཆགས་བྲལ་དང་ནི་བར་མ་ཉིད། །དེ་བཞིན་དུ་ནི་ཆེན་པོ་དག །ཡིད་ལ་འགྲོ་ཞིང་འོང་བ་དང་། །མྱ་ངན་ལ་སོགས་གསུམ་དེ་བཞིན། །ཞི་དང་རྣམ་རྟོག་འཇིགས་པ་དང་། །འཇིགས་པ་བར་དང་ཤིན་ཏུ་འཇིགས། །སྲེད་དང་སྲེད་པ་བར་མ་དང་། །ཤིན་ཏུ་སྲེད་དང་ཉེར་ལེན་པ། །མི་དགེ་བཀྲེས་དང་སྐོམ་ཉིད་དང་། །ཚོར་དང་ཚོར་བ་བར་མ་དང་། །ཤིན་ཏུ་ཚོར་བའི་སྐད་ཅིག་དང་། །རིག་པ་པོ་དང་རིག་འཛིན་བཞི། །སོ་སོར་རྟོག་དང་ངོ་ཚ་ཤེས། །སྙིང་རྗེ་དང་ནི་བརྩེ་བ་གསུམ། །དོགས་དང་བསམ་པ་ཉིད་དང་ནི། །ཕྲག་དོག་ཅེས་ནི་བྱ་བར་གྲགས། །རང་བཞིན་སུམ་ཅུ་རྩ་གསུམ་གང་། །ལུས་ཅན་རྣམས་ཀྱི་རང་རིག་སྟེ། །ཞེས་གསུངས་པ་ལྟར་རོ།།

སྣང་བ་འདི་ཡི་མིང་ལ་ཀུན་རྫོབ་ཀྱི་གཟུགས་ཀྱི་སྣང་བ་གསལ་བའི་ཆོས་མཐུན་སྦྱར་ནས་སྣང་བའི་ངོ་བོ་མཚོན་བྱེད་ཀྱི་མཚན་མོ་དང་། བུད་མེད་དང་། འཇམ་པོ་དང་། གཡོན་པ་དང་། ཟླ་བ་དང་། པདྨ་ཅན་དང་། དང་པོའི་ཡི་གེ་དང་། ཐིག་ལེ་དང་། ཟླ་བའི་འོད་ཟེར་ཞེས་པའི་མིང་གིས་སྣང་བའི་ཡེ་ཤེས་ལ་བརྗོད་པ་དང་དེའི་དོན་དུ་སྦྱར་དུ་ཡོད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཀུན་རྫོབ་གསལ་བའི་གཟུགས་ཀྱིས་ནི། །མཚན་མོའི་མིང་དུ་ངེས་པར་བཤད། །དེ་བཞིན་བུད་མེད་མིང་དུ་བརྗོད། །འཇམ་པོ་ལྟ་བུའང་དེ་བཞིན་ནོ། །གཡོན་པའི་མིང་ཡང་དེ་ཉིད་དེ། །ཟླ་བའི་དཀྱིལ་འཁོར་པདྨ་ཅན། །བརྟན་པར་བྱ་བའི་རྒྱུར་གྱུར་པ། །དང་པོའི་ཡི་གེ་ཐིག་ལེར་བཅས། །ཟླ་བའི་འོད་ཟེར་ལྟར་སྣང་ཞིང་། །སྣང་བའི་ཡེ་ཤེས་ཡང་དག་འབྱུང་། །ཞེས་གསུངས་པའི་ཕྱིར་རོ།།

གཉིས་པ་མཆེད་པ་ནི། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། སྣང་བ་མཆེད་པ་ཉི་མའོ། །ཞེས་གསུངས་པ་ལྟར། ལུགས་འབྱུང་གི་སྟོང་པ་གསུམ་པོ་གང་རུང་གང་ཞིག། རང་རྒྱུ་སྣང་བ་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་བྱུང་ཞིང་སྟོན་ནམ་གཡའ་དག་པ་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྟོང་སང་དམར་ལམ་པའི་སྣང་བ་འཆར་བ་ལས་གཞན་པའི་གཉིས་སྣང་རགས་པ་འགགས་པའི་ཡིད་ཀྱི་ཤེས་པ་དེ་ལུགས་འབྱུང་གི་སྣང་བ་མཆེད་པའི་མཚན་ཉིད། འདིའི་ངོ་བོ་ཡང་། ཤིན་ཏུ་སྟོང་པ་དང་། ཐབས་དང་། སྣང་བ་མཆེད་པ་དང་། ཀུན་བཏགས་དང་། སེམས་ལས་བྱུང་བའི་ངོ་བོ་དང་ལྡན་པས་དེ་དག་གིས་མིང་གིས་བརྗོད་དེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཤིན་ཏུ་སྟོང་པ་ཐབས་ལྡན་པ། །སྣང་བ་མཆེད་པ་ཞེས་བརྗོད་དེ། །དེ་བཞིན་དུ་ནི་ཀུན་བརྟགས་དང་། །དེ་བཞིན་སེམས་ལས་བྱུང་བར་བཤད། །ཅེས་གསུངས་པའི་ཕྱིར་རོ།།

ཡང་གོང་དུ་སྨོས་ཟིན་ལྟར་རང་བཞིན་བརྒྱད་ཅུ་བཞོན་པའི་རླུང་དང་བཅས་པ་མ་ཟད་སྣང་བ་བཞོན་རླུང་དང་བཅས་པ་འགགས་ཤིང་དེ་དག་གིས་སྟོང་པས་ཤིན་ཏུ་སྟོང་པ་དང་། ལམ་དུས་དེ་ཉམས་སུ་ལེན་པའི་ཚེ་བདེ་སྟོང་གཉིས་ལས་སྣང་བ་དང་མི་འདྲ་བར་འདི་བདེ་བ་ཤས་ཆེ་བས་ཐབས་དང་ལྡན་པ་དང་། ཉི་འོད་ལྟ་བུའི་སྣང་དམར་ལམ་པ་མཆེད་ཅིང་གསལ་བས་མཆེད་པ་དང་། སྟོང་པ་རྣམས་ཀྱི་ཐོག་མའི་གཞི་སྣང་བ་ཡིན་ཞིང་། དེ་ལ་བརྟེན་ནས་བྱུང་བ་ཡིན་པས་ཀུན་བཏགས་དང་། སེམས་ཀྱི་བྱེ་བྲག་ཏུ་བྱུང་བ་ཡིན་པས་སེམས་བྱུང་ཞེས་དེ་དག་གི་ཚུལ་དང་མཐུན་ཞིང་ངོ་བོར་གྲུབ་པའི་རྒྱུ་མཚན་དེ་ལྟར་བརྗོད་པ་ཡིན་ནོ།།

མཆེད་པའི་རང་བཞིན་ཀུན་ཏུ་རྟོག་པ་བཞི་བཅུ་ནི། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཆགས་དང་ཞེན་དང་དེ་བཞིན་དགའ། །དགའ་བ་བར་མ་ཤིན་ཏུ་དགའ། །རངས་དང་རབ་ཏུ་མགུ་བ་དང་། །ངོ་མཚར་དེ་བཞིན་དགོད་པ་དང་། །ཚིམ་དང་དེ་བཞིན་འཁྱུད་པ་དང་། །འོ་བྱེད་དེ་བཞིན་འཇིབ་པ་དང་། །བརྟན་དང་བརྩོན་དང་ང་རྒྱལ་དང་། །བྱ་དང་འཕྲོག་དང་སྟོབས་དང་ནི། །སྤྲོ་དང་ལྷན་ཅིག་སྐྱེས་ཉིད་དང་། །དེ་བཞིན་ལྷན་སྐྱེས་བར་མ་དང་། །ཤིན་ཏུ་ལྷན་ཅིག་སྐྱེས་དང་གྲག །རྣམ་པར་སྒེག་དང་ཞེ་འགྲས་ཉིད། །དགེ་དང་ཚིག་གསལ་བདེན་པ་དང་། །མི་བདེན་པ་དང་དེ་བཞིན་ངེས། །ཉེ་བར་མི་ལེན་སྦྱིན་པའོ། །སྐུལ་དང་དེ་བཞིན་དཔའ་བོ་དང་། །ངོ་ཚ་མེད་དང་སྒྱུ་དང་གདུག །མི་སྲུན་པ་དང་གྱ་གྱུ་ཉིད། །མཚན་ཉིད་བཞི་བཅུ་གང་ཡིན་པ། །ཤིན་ཏུ་སྟོང་པའི་སྐད་ཅིག་སྟེ། །ཞེས་གསུངས་པ་ལྟར་རོ།།

མཆེད་པ་འདི་ཡི་མིང་ལ་ཀུན་རྫོབ་ཀྱི་གཟུགས་ཀྱི་སྣང་བ་གསལ་བའི་ཆོས་མཐུན་སྦྱར་ནས་སྣང་བ་མཆེད་པའི་ངོ་བོ་མཚོན་བྱེད་ཉིན་མོ་དང་། སྐྱེས་པ་དང་། རྩུབ་མོ་དང་། གཡས་པ་དང་། ཉི་མ་དང་། རྡོ་རྗེ་དང་། ཐིག་ལེ་དང་། གཉིས་ཀྱི་མིང་གིས་སྣང་བ་མཆེད་པའི་ཡེ་ཤེས་ལ་བརྗོད་པ་དང་དེའི་དོན་དུ་སྦྱར་དུ་ཡོད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཉིན་མོ་སྐྱེས་པའི་མིང་དང་ནི། །རྩུབ་མོ་གཡས་པར་བསྟན་པ་ཡིན། །ཉི་མའི་དཀྱིལ་འཁོར་མིང་དང་ནི། །དེ་བཞིན་དུ་ནི་རྡོ་རྗེའི་མིང་། །ཐིག་ལེ་གཉིས་ཀྱིས་བརྒྱན་པ་ཡི། །ཆ་རུ་དེ་ཉིད་ཤེས་པར་བྱ། །ཉི་མའི་འོད་ཟེར་འདྲ་བ་ཡང་། །སྣང་བ་མཆེད་པའི་སྦྱོར་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་ཉེར་ཐོབ་ནི། ཕྱག་རྒྱ་ཆེན་པོའི་ཐིག་ལེའི་རྒྱུད་ལས། མཚམས་ནི་སྣང་བ་ཐོབ་པར་གྲགས། །ཞེས་གསུངས་པ་ལྟར། ལུགས་འབྱུང་གི་སྟོང་པ་གསུམ་པོ་གང་རུང་གང་ཞིག། རང་རྒྱུ་མཆེད་པ་བཞོན་པའི་རླུང་དང་བཅས་པ་ཐིམ་པ་ལས་བྱུང་ཞིང་སྟོན་ནམ་གཡའ་དག་པ་ལ་སྲོད་ཀྱི་སྨག་མཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་ལམ་པའི་སྣང་བ་འཆར་བ་ལས་གཞན་པའི་གཉིས་སྣང་རགས་པ་འགགས་པའི་ཡིད་ཀྱི་ཤེས་པ་དེ་ལུགས་འབྱུང་གི་ཉེར་ཐོབ་ཀྱི་མཚན་ཉིད། འདིའི་ངོ་བོ་ཡང་། རང་དུས་སུ་སྨག་ནག་པོས་ཁྱབ་པ་ལྟ་བུ་སྣང་བ་མི་གསལ་ཞིང་ཕྲ་བས་ན་སྣང་བ་ཐོབ་པ་ཞེས་དང་། དེ་ལྟ་བུའི་སྣང་བ་མི་གསལ་བ་ཕྲ་བ་ཐོབ་ཅིང་འོད་གསལ་གྱི་ཤེས་པ་དང་ཉེ་བའི་ཕྱིར་ན་ཉེ་བར་ཐོབ་པ་ཞེས་དང་། ཉེར་ཐོབ་རང་དུས་སུ་སྣང་མཆེད་གཉིས་ཀྱི་སྣང་བ་འགགས་ནས་མི་སྣང་བས་ཡོངས་གྲུབ་དང་། ཉེར་ཐོབ་ནི་སྣང་མཆེད་གཉིས་ལས་ཀྱང་སྣང་བ་མི་གསལ་བ་དང་ཕྲ་བས་ན་མ་རིག་པ་དང་། མཆེད་པ་བཞོན་པའི་རླུང་དང་བཅས་པས་སྟོང་པས་ན་སྟོང་པ་ཆེན་པོ་ཞེས་པ་རྣམས་ཀྱི་མིང་གི་རྣམ་གྲངས་དང་ངོ་བོའི་དོན་དེ་ལྟར་ཡིན་པར་རྒྱལ་བས་གསུངས་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། སྣང་བ་ཐོབ་པ་དག་དང་ནི། །ཉེ་བར་ཐོབ་པ་དེ་བཞིན་ཏེ། །ཡོངས་སུ་གྲུབ་པ་ཉིད་དང་ནི། །མ་རིག་པ་ནི་ཉིད་ཅེས་བྱ། །སྟོང་པ་ཆེན་པོའི་ཚིག་གིས་ནི། །རྣམ་གྲངས་འདི་དག་རྒྱལ་བས་གསུངས། །ཞེས་གསུངས་པའི་ཕྱིར་རོ།།

ཉེར་ཐོབ་ཀྱི་རང་བཞིན་གྱི་རྟོག་པ་བདུན་ནི། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཆགས་པ་བར་མའི་སྐད་ཅིག་དང་། །བརྗེད་ངས་པ་དང་འཁྲུལ་པ་དང་། །མི་སྨྲ་གྱུར་དང་སྐྱོ་བ་དང་། །ལེ་ལོ་དེ་བཞིན་ཐེ་ཚོམ་སྟེ། །མ་རིག་སྐད་ཅིག་བདུན་པོ་ནི། །ཕྲ་མོའི་རྣལ་འབྱོར་པས་ཤེས་བྱ། །ཞེས་གསུངས་པ་ལྟར་རོ།།

ཀུན་རྫོབ་ཀྱི་ཆོས་དང་མཐུན་པའི་མིང་དང་། ཉེར་ཐོབ་ཀྱི་ངོ་བོ་མཚོན་པ་ནི། ས་བོན་ཨཱཿ དང་ཐིག་ལེ་དང་ལྡན་པའི་ཨོཾ་ལས་བྱུང་བ་མིན་པར་ཨ་རྐྱང་པས་མཚོན་པ་དང་། ཉེར་ཐོབ་མངོན་དུ་གྱུར་དུས་སྲོག་རྩོལ་གྱི་རླུང་མི་རྒྱུ་བར་འགགས་པས་རླུང་གི་སྒོ་སྣ་བུག་ནས་བྱུང་བ་མིན་པ་དང་། ཉེར་ཐོབ་འབྱུང་བ་ལ་ཐོག་མར་སྣང་བ་དང་། བར་དུ་མཆེད་པ་དང་། དེ་ནས་ཉེར་ཐོབ་ཐོབ་པས་ན་ཉེར་ཐོབ་ནི་ཐོབ་པ་ཡོངས་སུ་རྫོགས་པའི་ངོ་བོའམ་མཚན་ཉིད་ཅན་ཡིན་ཏེ། ཡང་དེ་ཉིད་ལས། ས་བོན་ཐིག་ལེ་ལྡན་མིན་ལ། །རླུང་གི་སྒོ་ནས་འབྱུང་བ་མིན། །གང་ཞིག་སྣང་བ་ཐོབ་པ་ནི། །ཡོངས་སུ་རྫོགས་པའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ཉེར་ཐོབ་ཀྱི་ངོ་བོ་མཚོན་པའི་མིང་གི་རྣམ་གྲངས་གཞན་ལ། མ་ནིང་དང་། ཐུན་མཚམས་དང་། གཡས་གཡོན་མིན་པས་ན་དབུས་དང་། འཇམ་རྩུབ་མིན་པས་བར་མ་དང་། ཐབས་ཤེས་འདྲེས་པའི་འདྲེས་མ་དང་། གདན་ཟླ་ཉི་གཉིས་ཀ་དང་། ཕྱག་མཚན་རྡོ་རྗེ་པདྨ་འདྲེས་པས་འདྲེས་པ་ཞེས་པའི་ངོ་བོ་དང་མིང་གིས་ཀྱང་བསྟན་པ་ཡོད་དོ།།

ཁ་ཅིག་སྣང་བ་དང་རང་བཞིན་རྣམས་སྤེལ་ནས་སྐྱེ་བ་དང་ཐིམ་པའམ་འགགས་པར་འདོད་པ་ནི་མི་འཐད་པར་སྐྱེས་པའི་དུས་སུ་སྣང་བ་གསུམ་སྐྱེས་པའི་རྗེས་སུ་རང་བཞིན་རྣམས་སྐྱེ་བ་དང་། ཐིམ་པའམ་འགགས་པའི་དུས་སུ་རང་བཞིན་རྣམས་འགགས་པའི་རྗེས་སུ་སྣང་བ་གསུམ་འགགས་པ་ཡིན་པར་འདོད་དེ། རྒྱུ་མཚན་ནི། ཤེས་པ་ཕྲ་རགས་སྤེལ་ནས་སྐྱེ་བ་དང་འགགས་པ་མི་སྲིད་པའི་ཕྱིར། དེར་ཐལ། སྐྱེས་པའི་ཚེ་སེམས་སམ་ཤེས་པ་ནི་ཕྲ་རིམ་ནས་རགས་སུ་འགྲོ་བ་དང་། ཐིམ་པའམ་འགགས་པའི་ཚེ་རགས་རིམ་ནས་ཕྲ་བར་འགྲོ་བ་ཡིན་པའི་ཕྱིར་རོ།།

འོ་ན་རང་བཞིན་བརྒྱད་ཅུ་པོ་དེ་སྣང་བ་གསུམ་གྱི་རང་བཞིན་དུ་བཤད་པས་སྣང་བ་གསུམ་དང་རང་བཞིན་ནམ་ངོ་བོ་གཅིག་པས་དེ་དག་གི་རང་བཞིན་དུ་བཤད་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། རང་བཞིན་གྱི་རྟོག་པ་ཚན་པ་གསུམ་པོ་རྣམས་ཀྱིས་སྣང་བ་གསུམ་པོ་དེ་བྱ་རོག་གིས་ཁང་བཟང་མཚོན་པ་ལྟར་མཚོན་པར་བྱེད་པས་ན་སྣང་བའི་མཚན་ཉིད་དང་རང་བཞིན་ཞེས་བརྗོད་པ་ལས། མཚོན་བྱ་མཚོན་བྱེད་ངོ་བོ་གཅིག་པའི་སྒོ་ནས་མཚོན་པ་ནི་མ་ཡིན་པའི་ཕྱིར་རོ།།

རང་བཞིན་རྣམས་ཀྱིས་སྣང་བ་གསུམ་ཇི་ལྟར་བྱས་ཏེ་དཔོག་ནུས་པ་ཡིན་ཞེ་ན། འདི་ལྟ་སྟེ། རང་བཞིན་གྱི་རྟོག་པ་རྣམས་ལ་ཤས་ཆེ་ཆུང་བར་མ་གསུམ་ཡོད་པ་ནི་དེ་དག་གི་བཞོན་པ་རླུང་ལ་ཤས་ཆེ་ཆུང་བར་གསུམ་ཡོད་པའི་དབང་གིས་ཡིན་ཞིང་། དེ་ཇི་བཞིན་དུ་དེ་དག་བསྐྱེད་པའི་ལག་རྗེས་འཇོག་མཁན་གྱི་སྣང་བ་གསུམ་གྱི་བཞོན་པའི་རླུང་ལ་ཡང་གཡོ་བ་ཆེ་འབྲིང་ཆུང་གསུམ་གྱི་ཤས་ཆེ་ཆུང་ཡོད་པར་དཔོག་ནུས་པ་ཡིན་ཕྱིར་རང་བཞིན་བརྒྱད་ཅུ་པོ་དེ་སྣང་བ་གསུམ་གྱི་དཔོག་བྱེད་དང་། མཚོན་བྱེད་དང་། མཚན་ཉིད་དང་། རང་བཞིན་ཞེས་བཤད་པ་ཡིན་ནོ།།

འདི་ལ་སྣང་བ་གསུམ་ཆོས་ཅན། ཁྱོད་ཀྱི་བཞོན་པའི་རླུང་ལ་གཡོ་བ་ཆེ་ཆུང་བར་མ་གསུམ་ཡོད་དེ། ཁྱོད་ཀྱིས་ལག་རྗེས་བཞག་པ་ལ་བརྟེན་ནས་བྱུང་བའི་རང་བཞིན་རྟོག་པ་ཚན་གསུམ་གྱི་བཞོན་པའི་རླུང་ལ་གཡོ་བ་ཤས་ཆེ་ཆུང་བར་མ་གསུམ་ཡོད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་བཀོད་ན་རྟགས་སྦྱོར་རྣམ་དག་ཏུ་འགྲོ་བར་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་སོ།།

དེ་ཡང་རང་བཞིན་གྱི་ཀུན་རྟོག་སོ་གསུམ་དང་། བཞི་བཅུ་དང་། བདུན་ཏེ་ཚན་གསུམ་སྡོམ་པ་བརྒྱད་ཅུ་པོ་ལུགས་ལྡོག་གི་སྣང་བ་གསུམ་གྱི་འབྲས་བུ་ཡིན་ཞིང་། དེ་ཡང་གསུམ་ཀའི་འབྲས་བུ་ཡིན་པ་ལ་མཚུངས་ཀྱང་། རང་བཞིན་གྱི་རྟོག་པ་བདུན་པོ་དེ་ཉེར་ཐོབ་ཀྱི་འབྲས་བུར་འཇོག་པའི་རྒྱུ་མཚན་ནི། རང་བཞིན་བདུན་པོའི་བཞོན་པའི་རླུང་དེ་གཡོ་བ་ཤིན་ཏུ་ཞན་པ་སྟེ་ཕྲ་བ་ནི་ཉེར་ཐོབ་ཀྱི་བཞོན་པར་གྱུར་པའི་རླུང་ཤིན་ཏུ་ཞན་པའམ་ཕྲ་བ་དེས་བཞག་པའི་ལག་རྗེས་ཡིན་པའི་ཕྱིར་དེའི་འབྲས་བུར་བཞག་པའོ།།

དེ་བཞིན་དུ་རང་བཞིན་བཞི་བཅུ་པོ་སྤྱིར་སྣང་བ་གསུམ་ཀའི་འབྲས་བུ་ཡིན་ཡང་བྱེ་བྲག་མཆེད་པའི་འབྲས་བུར་འཇོག་པའི་རྒྱུ་མཚན་ནི། རང་བཞིན་བཞི་བཅུ་པོའི་བཞོན་པའི་རླུང་དེ་གཡོ་བ་ཤས་བར་མ་སྟེ་འབྲིང་དུ་གྱུར་པ་ནི་མཆེད་པའི་བཞོན་པར་གྱུར་པའི་རླུང་གཡོ་བ་ཤས་བར་མ་དེས་བཞག་པའི་ལག་རྗེས་ཡིན་པའི་ཕྱིར་ན་དེའི་འབྲས་བུར་བཞག་པའོ།།

ཡང་རང་བཞིན་གྱི་ཀུན་རྟོག་སོ་གསུམ་པོ་སྣང་བ་གསུམ་ཀའི་འབྲས་བུ་ཡིན་པ་འདྲ་ཡང་བྱེ་བྲག་སྣང་བའི་འབྲས་བུར་འཇོག་པའི་རྒྱུ་མཚན་ནི། རང་བཞིན་སོ་གསུམ་པོའི་བཞོན་པའི་རླུང་དེ་གཡོ་བ་ཤས་ཆེ་བའམ་རགས་པར་གྱུར་པ་ནི་སྣང་བའི་བཞོན་པར་གྱུར་པའི་རླུང་གཡོ་བ་རགས་པ་དེས་བཞག་པའི་ལག་རྗེས་ཡིན་པའི་ཕྱིར་ན་དེ་ལྟར་བཞག་པར་འདོད་དོ།།

རང་བཞིན་བརྒྱ་དང་དྲུག་ཅུར་དབྱེ་བའང་ཡོད་ལ། དེའི་དོན་ནི་ཉིན་མོའི་དུས་ཀྱི་ཀུན་རྟོག་བརྒྱད་ཅུ་དང་། མཚན་མོའི་དུས་ཀྱི་ཀུན་རྟོག་བརྒྱད་ཅུ་སྟེ་ཉིན་མཚན་གྱིས་ཕྱེས་པ་ཡིན་ལ། རླུང་བརྒྱ་རྩ་བརྒྱད་ཀྱི་བཞོན་པ་ཅན་གྱིས་བསྐྱོད་པའམ་གཡོ་བའི་ཀུན་རྟོག་བརྒྱ་དང་རྩ་བརྒྱད་ཡོད་པར་ཡང་བཤད་དོ།།

གཞིའི་དུས་སུ་སྣང་བ་གསུམ་ཐིམ་དུས་རང་བཞིན་རྣམས་ཐིམ་ལ། སྣང་བ་གསུམ་ལུགས་ལྡོག་ཏུ་ཐིམ་ནས་སྐྱེ་དུས་ཀུན་རྟོག་རྣམས་སྐྱེ་བ་དང་། གང་ཟག་ཐ་མལ་བས་རང་སྐྱེ་འཆི་སོགས་ཀྱི་དུས་སུ་སྣང་བ་གསུམ་འོད་གསལ་དང་བཅས་པ་ཉམས་སུ་མྱོང་ན་ཡང་དེ་ལ་མངོན་སུམ་གྱི་སྟོབས་ཀྱིས་ངེས་པ་འདྲེན་མི་ནུས་ལ། ལམ་དུས་སུ་རྣལ་འབྱོར་བས་སྣང་བ་གསུམ་སྒོམ་སྟོབས་ཀྱིས་ངེས་པ་འདྲེན་ནུས་ཤིང་། དེ་གསུམ་ཐིམ་དུས་སྣང་བ་གསུམ་དང་འོད་གསལ་རྣམས་ལ་ངེས་པ་སྐྱེས་ནས་སྒྱུ་མའི་སྐུ་གྲུབ་པ་ཡིན་ནོ།།

སྒྱུ་ལུས་བཤད་པ།

རིམ་ལྔའི་རིམ་པ་གསུམ་པ་བདག་བྱིན་རླབས་ཀྱི་རིམ་པའམ་ཀུན་རྫོབ་སྒྱུ་མའི་རྫོགས་རིམ་མམ་སྒྱུ་ལུས་ཀྱི་རིམ་པ་ཞེས་པ་ནི། སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་ལས་རླུང་ཅུང་གཡོས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་གྱིས་ལྷན་ཅིག་བྱེད་རྐྱེན་དང་། དེའི་བཞོན་པར་གྱུར་པའི་གཉུག་མའི་རླུང་གིས་ཉེར་ལེན་གྱི་རྒྱུ་བྱས་ནས་མཚན་དཔེས་སྤྲས་པའི་ལྷའི་སྐུ་དངོས་སུ་གྲུབ་པ་ནས་དོན་གྱི་འོད་གསལ་གྱི་ཐབས་ཉེ་རྒྱུས་བསྐྱེད་པའི་ཡེ་ཤེས་རྣམས་མ་སྐྱེས་པའི་བར་གྱི་ལྷ་སྐུ་ཤར་བའི་རྣལ་འབྱོར་དེ་ལ་སྒྱུ་ལུས་ཞེས་བྱ་སྟེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྒྱུ་མ་འདི་ཉིད་ཡོད་མེད་ལས་འདས་ཤིང་། །དབུ་མ་ཙམ་དུའང་མི་གནས་ཀུན་རྫོབ་སྟེ། །ཆོས་རྣམས་ཐམས་ཅད་སྒྱུ་མའི་སྣང་བ་ལས། །འགག་པ་མེད་པའི་རོལ་པ་རང་བྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་སེམས་དབེན་གྱི་ཡེ་ཤེས་རྫོགས་པར་བསྐྱེད་པའི་ལུགས་འབྱུང་གི་སྟོང་པ་དང་པོ་གཉིས་དང་། ཉེར་ཐོབ་ཀྱི་ཐོག་མ་དང་བར་གྱི་རླུང་སེམས་ལས་བརྒྱུད་ནས་མཐའི་དཔེའི་འོད་གསལ་སྐྱེས་ནས་དེ་ལས་ལུགས་ལྡོག་ཏུ་འཇུག་པའི་རླུང་སེམས་ལས་རྡོ་རྗེ་འཆང་གི་སྐུ་བཞིན་ལག་སྐྱེ་མཆེད་མཐའ་དག་ཚང་ཞིང་མཚན་དཔེས་བརྒྱན་པ་དྭངས་ཤིང་ཐོགས་རེག་མེད་པ་འཇའ་ཚོན་ཤར་བའམ་ཟླ་བ་ཆུ་སྣོད་དུ་ཤར་ལྟ་བུ་གསལ་བར་བྱུང་བ་ནི་སྒྱུ་ལུས་སོ།།

སེམས་དབེན་ནས་སྒྱུ་ལུས་སུ་འཕོ་བའི་ཚུལ་ཡང་བཤད་མ་ཐག་པ་ལྟར་སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་ལས་ལྡང་བར་རྩོམ་པ་ན་རླུང་ཅུང་ཟད་གཡོས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་ཆུ་ལས་ཉ་ལྡང་བའི་ཚུལ་གྱི་དཔེ་ཡི་འོད་གསལ་གྱི་བཞོན་པའི་རླུང་འོད་ཟེར་ལྔ་ལྡན་གྱིས་ཉེར་ལེན་གྱི་རྒྱུ་དང་། དཔེའི་འོད་གསལ་གྱི་སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་སྒྱུ་མའི་ལྷ་སྐུ་སྣང་བ་ནི་འཕོ་ཚུལ་ལོ།།

སྒྱུ་ལུས་ཞེས་པའང་སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་ལྷ་སྐུའམ་ལུས་ཡིན་པའི་ཕྱིར་ན་དེ་སྐད་དུ་བརྗོད་ཅིང་དེ་སྒྱུ་ལུས་ཀྱི་སྒྲ་བཤད་དམ་ངེས་ཚིག་གོ།

སྒྱུ་ལུས་དེ་ལ་བདག་བྱིན་རླབས་དང་། ཀུན་རྫོབ་བདེན་པ་དང་། སྒྱུ་མའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། རྡོ་རྗེའི་སྐུ་དང་། དྲི་ཟའི་སེམས་ཅན་དང་། བར་དོའི་སྐུའི་ཐ་སྙད་ཀྱང་མཛད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱིས། ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཞེས་གསུངས་པས་སོ།།

སྒྱུ་ལུས་འདི་གཉུག་སེམས་ཀྱི་བཞོན་པའི་རླུང་ལས་བྱུང་ཕྱིར་ལམ་དུས་ཀྱི་ལོངས་སྐུ་ཞེས་བྱ་ཞིང་ལོངས་སྐུ་བཏགས་པ་བ་དང་། རྡོ་རྗེའི་སྐུ་ཡང་གཉུག་མའི་རླུང་ལས་གྲུབ་ཕྱིར་དེ་སྐད་དུ་གསུངས། སྒྱུ་ལུས་སུ་གྱུར་པའི་གསང་བ་འདུས་པའི་སྐུ་དེ་ལམ་དུས་ཀྱི་གསང་བ་འདུས་པ་ཡིན་གྱི་གསང་བ་འདུས་པ་མ་ཡིན་ཟེར་དགོས་ཞེས་སློབ་དཔོན་རིན་པོ་ཆེ་བློ་བཟང་རྒྱལ་མཚན་གྱི་ཞལ་སྔ་ནས་གསུངས་སོ།།

བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་འཇའ་ཚོན་བཞིན་དུ་དྭངས་ཤིང་ཤིན་ཏུ་གསལ་བ་ཐོགས་པ་མེད་པའི་སྐུར་སྣང་བའི་ཚེ་སྟོང་ཉིད་ཀྱི་ལྟ་བ་དྲན་པར་བྱས་ནས་དེ་རང་བཞིན་གྱིས་གྲུབ་པ་མེད་བཞིན་དུ་སྣང་བའི་སྒྱུ་མ་ལྟ་བུའི་རྣམ་པར་ཤར་བ་ཡོད་པ་དེ་ལའང་སྒྱུ་ལུས་ཀྱི་དོན་མི་ཚང་ལ། བསྐྱེད་རིམ་གྱི་སྐབས་སུ་སྣོད་བཅུད་རིམ་གྱིས་བསྡུས་ནས་སྟོང་ཉིད་དུ་བལྟ། དེ་ཚེ་ཡུལ་སྣང་རགས་པ་ཐམས་ཅད་ཞི་ནས་སེམས་གསལ་རིག་ཙམ་ཞིག་གནས་པ་ལས་མཐར་ལྡང་བ་ན་བློ་ཡི་གཡོ་བ་སྔོན་དུ་སོང་བ་མེད་པར་ལྷའི་སྐུར་འཆར་བ་ཡོད་པ་དེ་ཡང་སྒྱུ་ལུས་ཀྱི་དོན་མི་ལྡན་པ་དང་། སྒྱུ་ལུས་ནི། ལུས་དབེན་དང་། ངག་དབེན་དང་། སེམས་དབེན་བསྒོམས་ཏེ་སེམས་དབེན་གྱི་སྟོང་པ་གསུམ་གྱི་ཡེ་ཤེས་བསྐྱེད་པའི་མཐར་སྐྱེད་དགོས་པ་ཡིན་ཞིང་། གཙོ་བོ་རྫོགས་རིམ་གྱི་སྐུ་ནི་རླུང་དབུ་མའི་ནང་གི་སྙིང་གར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་ཞིག་ཡིན་ལ། བསྐྱེད་རིམ་གྱི་ལྷ་སྐུ་ནི་དེ་ལས་བྱུང་བ་མ་ཡིན་པའི་ཕྱིར་ན་དེ་གཉིས་མི་འདྲ་བའི་ཁྱད་པར་ཆེའོ།།

རྫོགས་རིམ་པའི་ལྷ་སྐུ་རུ་གྱུར་པའི་སྒྱུ་ལུས་ཀྱི་སྐུ་ནི་རླུང་སྙིང་གའི་མི་ཤིགས་པ་ལ་ཐིམ་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་ཀྱི་གཟུང་རྣམ་ལྷར་ཤར་བའི་རང་ལུས་ལྷ་སྐུར་དངོས་སུ་གྱུར་པ་ཞིག་ཡིན་ལ། བསྐྱེད་རིམ་པའི་ལྷ་ནི་དངོས་པོའི་གནས་ཚོད་ལ་མ་གྲུབ་ཅིང་བདེ་སྟོང་གི་ཡེ་ཤེས་ཀྱི་གཟུང་རྣམ་ལྷར་ཤར་བའང་མ་ཡིན་པར་ཤེས་པའི་སྣང་ཆ་ཙམ་ཡིན་ནོ།།

སྒྱུ་ལུས་དེ་ལ་མཉམ་བཞག་སྒྱུ་མ་དང་། རྨི་ལམ་སྒྱུ་མ་དང་། བར་དོ་སྒྱུ་མ་ཞེས་སྒྱུ་མའི་དབྱེ་བ་མང་ལ། དང་པོ་ནི། རླུང་སེམས་ཙམ་ལས་གྲུབ་པའི་སྐུ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཞེས་པ་ལ་མཉམ་པ་བཞག་པའོ། །བསྡུ་རིམ་གྱི་རྣལ་འབྱོར་གྱིས་དཀྱིལ་འཁོར་བསྡུས་ནས་རླུང་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པར་དངོས་སུ་བསྒོམ་པའམ། ཡང་ན་རླུང་རྣམས་དྷཱི་ཏཱིར་ཐིམ་པ་ལས་བྱུང་བའི་སེམས་དབེན་རྗེས་མཐུན་པའི་སྟོང་པ་རྣམས་ཤར་མཐར་རྡོ་རྗེ་འཆང་གི་སྐུར་ལངས་ཏེ་ཏིང་ངེ་འཛིན་བསྒོམ་པ་ནི་མཉམ་བཞག་སྒྱུ་མ་ཞེས་བྱ་ཞིང་སྒྱུ་ལུས་རྗེས་མཐུན་པ་ཡིན་ཞིང་། འདི་ནི་ལུས་དབེན་གྱི་སྐབས་ནས་ཀྱང་ཡོད་པས་རིམ་པ་ལྔ་རྗེས་མཐུན་པ་ནི་ལུས་དབེན་ནས་བཞག་ཏུ་ཡོད་པར་གསུངས་སོ།།

གཉིས་པ་ནི་རྨི་ལམ་གྱི་མན་ངག་སྦྱངས་ཏེ་རྨི་ལམ་གྱི་ལུས་སྒྱུ་ལུས་སུ་ལྡང་བ་དེའོ། །གསུམ་པ་ནི་འཆི་མཐར་བར་དོ་འོང་བའི་དོད་ལ་ལོངས་སྐུ་གྲུབ་པ་དེ་ལ་བྱའོ།།

སྤྱིར་གཞི་དངོས་པོའི་གནས་ཚུལ་དུ་ལུས་སེམས་གཉིས་ཀྱི་གནས་ཚུལ་ལ་ནི། སེམས་ཅན་རྣམས་ལ་ལུས་རགས་པ་དང་། ཕྲ་བ་དང་། ཤིན་ཏུ་ཕྲ་བ་གསུམ་ཡོད་ལ། དེ་བཞིན་དུ་སེམས་ལའང་དེ་ལྟར་གསུམ་ཡོད་དོ།།

དང་པོ་ལུས་རགས་པ་ནི། འབྱུང་བ་དང་འབྱུང་འགྱུར་གྱི་ལུས་དང་། ལུས་ཕྲ་བ་ནི་རྩ་རླུང་ཐིག་ལེ་གསུམ་དང་། ལུས་ཤིན་ཏུ་ཕྲ་བ་ནི་སྟོང་པ་བཞིའི་ཡེ་ཤེས་ཀྱི་བཞོན་པར་འགྱུར་པའི་རླུང་ཕྲ་མོ་དེའོ།།

གཉིས་པ་སེམས་རགས་པ་ནི། སྒོ་ལྔའི་རྣམ་ཤེས་དང་། སེམས་ཕྲ་བ་ནི། རྩ་ཉོན་ཉེ་ཉོན་དང་། རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་དང་མཚུངས་ལྡན་གྱི་སེམས་དང་། སེམས་ཤིན་ཏུ་ཕྲ་བ་ནི། སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཅས་པའི་སྟོང་པ་བཞིའི་ངོ་བོར་གྱུར་པའི་སེམས་དེའོ།།

དེ་བཞིན་དུ་ལུས་སེམས་ཐུན་མོང་བ་ལ་ཡང་ཕྲ་རགས་གཉིས་ཡོད་དེ། རགས་པའི་ལུས་སེམས་གཉིས་ཀ་ཚོགས་ཙམ་དེ་ལུས་སེམས་ཐུན་མོང་བ་རགས་པ་དང་། འཁོར་འདས་ཀུན་གྱི་གཞིར་གྱུར་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་གཅིག་པ་དེ་ནི་ལུས་སེམས་ཐུན་མོང་བ་ཕྲ་བ་ཡིན་ནོ།།

དེ་ལྟར་སེམས་ཅན་རྣམས་ལ་རགས་པ་གནས་སྐབས་པའི་ལུས་སེམས་དང་། ཕྲ་བ་གཉུག་མའི་ལུས་སེམས་གཉིས་རེ་སྟེ་ལུས་སེམས་ཕྲ་རགས་གཉིས་རེ་གཉིས་རེ་ཡོད་པ་དེ་ལས་ཕྲ་བ་གཉུག་མའི་ལུས་དེ་ནི་རླུང་ལྔའི་ནང་གི་སྲོག་འཛིན་གྱི་རླུང་ཕྲ་རགས་གཉིས་ཡོད་པ་ལས་ཤིན་ཏུ་ཕྲ་བ་དེ་ཡིན་ལ། གཉུག་མའི་སེམས་སམ་གཉུག་མའི་ཤེས་པ་ཡང་ཡིད་ཤེས་ཡིན་ཞིང་། དེ་ཡང་ཡིད་ཤེས་ཕྲ་རགས་གཉིས་ཡོད་པའི་ཡིད་ཤེས་ཕྲ་བ་དེ་ཡིན་ནོ།།

སེམས་ཅན་ཐམས་ཅད་དེ་ལྟར་ལུས་སེམས་ཕྲ་རགས་གཉིས་རེ་ཡོད་ཀྱང་རྒྱུད་ཐ་དད་པར་མི་འགྱུར་ཏེ། རགས་པའི་ལུས་དེ་ཕྲ་བའི་ལུས་སེམས་ཀྱི་རྟེན་ཡིན་ཞིང་། གཞི་དུས་སུ་ཇི་སྲིད་རགས་པ་གནས་སྐབས་པའི་ལུས་སམ་རགས་པའི་ལུས་ཀྱིས་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་པ་དེ་སྲིད་དུ་ཕྲ་བ་གཉུག་མའི་ལུས་སམ་གཉུག་མའི་ལུས་དེ་བཞིན་ལག་གི་རྣམ་པར་མི་ལྡང་ཞིང་བག་ལ་ཞ་བའི་ཚུལ་དུ་གནས་པ་དང་། རགས་པའིི་ལུས་དེས་སེམས་ཅན་སྐྱེ་འཆི་བྱེད་པའི་ཚེ་འདོར་ལེན་བྱེད་པ་དཔེར་ན་ཆུ་དང་ཚ་བ་ལྟ་བུ་ཡིན་པ་དང་། གཉུག་མའི་ལུས་ཕྲ་བ་དེས་ཚེ་འདོར་ལེན་མི་བྱེད་པར་སེམས་ཅན་དང་དེའི་གཉུག་མའི་ལུས་གཉིས་པོ་ཆུ་དང་དེའི་གཤེར་བ་བཞིན་དུ་གནས་ཤིང་། རྨི་ལམ་དང་འཆི་བའི་དུས་སོགས་ལུས་རགས་པའི་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་པ་རྒྱུན་ཆད་པ་ན་གཉུག་མའི་ལུས་དེ་བཞིན་ལག་ཅན་གྱི་རྣམ་པར་ལངས་ཏེ་འགྲོ་འོང་སོགས་ཀྱི་བྱ་བ་བྱེད་ཅིང་ལུས་རགས་པ་དེ་བག་ལ་ཞ་ནས་བྱ་བ་མི་བྱེད་དོ།།

ཡང་ཇི་སྲིད་སེམས་རགས་པས་དམིགས་རྣམ་འཛིན་པའི་བྱ་བ་བྱེད་པ་དེ་སྲིད་དུ་སེམས་ཕྲ་བ་བག་ལ་ཞ་བའི་ཚུལ་གྱིས་གནས་པ་ལས་དམིགས་རྣམ་མི་འཛིན་ལ། འཆི་བ་དང་། རྨི་ལམ་དང་། སྒོམ་གྱི་སྟོབས་ཀྱིས་སེམས་རགས་པ་འགགས་པ་སོགས་ཀྱི་ཚེ་སེམས་ཕྲ་བས་དམིགས་རྣམ་འཛིན་པའི་བྱ་བ་བྱེད་པར་བཤད་དེ། སེམས་རགས་པ་འགགས་ནས་མེད་པའི་རྒྱུ་མཚན་གྱི་ཕྱིར་རོ།།

ཁྱད་པར་དུ་བསྒོམས་སྟོབས་ཀྱིས་རླུང་རགས་པ་མ་ལུས་པ་སྙིང་གའི་མི་ཤིགས་པའི་ཐིག་ལེ་ལ་ཐིམ་པའི་སྟོབས་ཀྱིས་ལུས་རགས་པའི་གཡོ་འགུལ་སོགས་ཀྱི་བྱ་བ་བྱེད་པ་རྒྱུན་ཆད་པ་ན་གཉུག་མའི་ལུས་དེ་བཞིན་ལག་ཅན་གྱི་རྣམ་པར་ཤར་ནས་སྒྱུ་མའི་སྐུར་ལྡང་བ་ཡིན་ནོ།།

སྤྱིར་སེམས་ཅན་རྣམས་འཆི་བ་ན་ཐོག་མར་རང་བཞིན་བརྒྱད་ཅུའི་ཀུན་རྟོག་རྣམས་འགགས་ཤིང་། དེ་ནས་སྣང་བ་དཀར་ལམ་པ་དང་། མཆེད་པ་དམར་ལམ་པ་དང་། ཐོབ་པ་ནག་ལམ་པ་རྣམས་བྱུང་ནས་དབུགས་ཆད་དེ་བརྒྱལ་བར་འགྱུར། བརྒྱལ་སངས་པ་ན་སྟོང་སང་ནམ་མཁའ་གཡའ་དག་གི་སྣང་བ་ལྟ་བུ་སྟོང་པའི་རྣམ་པ་འཆར་བ་ནི་འཆི་བ་འོད་གསལ་ཐམས་ཅད་སྟོང་པ་ཞེས་བྱ་ལ། དེ་ལས་བར་དོའི་འཁྲུལ་སྣང་འཆར་བ་དང་། བར་དོའི་ཚད་རྫོགས་པ་ན་སྐྱེ་བ་ལ་ཉིང་མཚམས་སྦྱོར་བ་ཡིན་ཞིང་། དེ་ནི་མི་དང་རྟ་གླང་རི་དྭགས་སོགས་འགྲོ་བ་ཡོད་དོ་ཅོག་ལ་བྱུང་བ་ཡིན་ནོ།།

དེས་ན་འགྲོ་བ་རྣམས་འཆི་བ་འོད་གསལ་སྔོན་དུ་སོང་བ་ལས་བར་སྲིད་གྲུབ་པ་སྟེ་བྱུང་གི་དེ་སྔོན་དུ་སོང་བ་ལ་མ་ལྟོས་པར་རང་དབང་དུ་མི་འབྱུང་བར་རང་རྒྱུ་ཐམས་ཅད་སྟོང་པ་འཆི་བ་འོད་གསལ་གྱི་ངོ་བོར་གྱུར་པའི་རླུང་སེམས་ལས་བར་དོར་སྐྱེས་ཏེ་འཁོར་བར་འཁོར་བ་ཡིན་ལ། རྣལ་འབྱོར་བ་སྔགས་ཀྱི་ཐབས་མཁས་ཀྱི་ཉམས་ལེན་ཅན་ལ་ཉམས་ལེན་གྱི་སྟོབས་ཀྱིས་འོད་གསལ་དེ་ཉིད་སྒྱུ་མའི་སྐུར་འཚང་རྒྱ་བ་ཡིན་པའི་ཕྱིར་རོ།།

དེ་ཕྱིར་འཆི་བ་འོད་གསལ་ཐམས་ཅད་སྟོང་པ་དེ་དང་། དེ་འཆར་བའི་བློའི་ངོ་བོར་གྱུར་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་དབྱེར་མེད་དུ་གྲུབ་པ་དེ་འཁོར་འདས་གཉིས་ཀའི་གཞིར་གྱུར་པར་བཤད་ཅིང་། འཁོར་འདས་ཀུན་གྱི་གཞི་བྱེད་ཚུལ་ཡང་། འཆི་བ་འོད་གསལ་ཐམས་ཅད་སྟོང་པ་དེ་ཡིས་མར་འཁོར་བར་འཁྲུལ་བ་དང་ཡར་མྱང་འདས་སུ་གྲོལ་བའི་གོ་འབྱེད་པས་གཞི་བྱེད་ཚུལ་དང་། འཆི་བ་འོད་གསལ་ཐམས་ཅད་སྟོང་པ་འཆར་བའི་རླུང་སེམས་ཕྲ་བ་དེས་གྲོལ་འཁྲུལ་གྱི་གཞི་བྱེད་ཚུལ་གཉིས་ལས། སྔ་མ་ནི་ཕར་ཕྱིན་ཐེག་པ་ནས་སྟོང་ཉིད་འཁོར་བ་དང་མྱང་འདས་ཀྱི་གཞི་ཡིན་པར་གསུངས་པ་ལྟར་ཏེ། ཕྱི་རབས་པའི་བཞེད་པ་ལྟར་ན་སེམས་བདེན་པར་གྲུབ་ཕན་ཆད་འཁོར་བ་ན་འཁོར་ཚུལ་གཏན་ནས་མེད་ཅིང་། སེམས་བདེན་གྲུབ་ཀྱིས་སྟོང་པས་ན་འཁོར་བར་སྐྱེ་བ་དང་། དེ་ལས་གྲོལ་བ་གཉིས་ཀ་འཐད་པའི་ཕྱིར་ན་སེམས་བདེན་གྲུབ་ཀྱིས་སྟོང་པའི་སྟོང་པ་ཉིད་ཆོས་ཀྱི་དབྱིངས་དེས་འཁོར་བར་སྐྱེ་བའི་གོ་འབྱེད་ཅིང་། དེའི་རང་བཞིན་མ་ཤེས་ན་འཁོར་བར་འཁྲུལ་བའི་རྒྱུ་བྱེད་པས་ན་ཆོས་ཉིད་འཁོར་བའི་གཞི་དང་། སྟོང་པ་ཉིད་ཀྱི་རང་བཞིན་ཇི་བཞིན་ཤེས་ཤིང་རྟོགས་ན་འཁོར་བ་ལས་གྲོལ་བར་བྱེད་པའི་ཕྱིར་ན་སྟོང་ཉིད་དམ་ཆོས་དབྱིངས་དེ་མྱང་འདས་ཀྱི་གཞི་ཡང་ཡིན་པས་སྟོང་ཉིད་དམ་ཆོས་ཀྱི་དབྱིངས་དེ་འཁོར་འདས་གཉིས་ཀྱི་གཞི་ཡིན་པར་གསུངས་ཏེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་དུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་བ། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་འདུད། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱང་བ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཇི་ལྟར་འོ་མ་དང་འདྲེས་པས། །མར་གྱི་སྙིང་པོ་མི་སྣང་བ། །དེ་བཞིན་ཉོན་མོངས་དང་འདྲེས་པས། །ཆོས་ཀྱི་དབྱིངས་ཀྱང་མི་མཐོང་ངོ་། །ཇི་ལྟར་འོ་མ་རྣམ་སྦྱངས་པས། །མར་གྱི་སྙིང་པོ་དྲི་མེད་འགྱུར། །དེ་བཞིན་ཉོན་མོངས་རྣམ་སྦྱངས་པས། །ཆོས་དབྱིངས་ཤིན་ཏུ་དྲི་མེད་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

ཕྱི་མ་ནི་སེམས་དེ་རླུང་གི་སྦྱོར་བ་སྟེ་གཡོ་བ་མེད་ན་སེམས་ཀྱི་རང་བཞིན་ཀུན་རྟོག་རྣམས་དང་སྣང་མཆེད་ཐོབ་གསུམ་སྟེ་སྣང་བ་གསུམ་གྱི་སེམས་རྣམས་ཡུལ་གཟུང་བའི་རྣམ་ཅན་དུ་མེད་ཅིང་མི་སྐྱེ་ལ། ཤིན་ཏུ་ཕྲ་བའི་རླུང་དེ་གཡོས་པ་ན་དེ་དང་ངོ་བོ་གཅིག་པའི་ཤིན་ཏུ་ཕྲ་བའི་སེམས་དེ་གཡོ་ཞིང་། དེ་ལས་སྣང་བ་གསུམ་གྱི་ཤེས་པ་དང་། རང་བཞིན་རྣམས་བྱུང་བ་ཡིན་ཕྱིར་དེ་ལྟར་འཆི་བ་འོད་གསལ་ཐམས་ཅད་སྟོང་པ་འཆར་བའི་ཤིན་ཏུ་ཕྲ་བའི་རླུང་སེམས་ཡིད་ཤེས་ཕྲ་མོ་དེ་སྐྱེ་བ་ལེན་མཁན་དང་འཆི་མཁན་དེ་ཡིན་པ་ལས་དེ་ལས་གཞན་པའི་གང་དུ་ཡང་སྐྱེ་བ་ལེན་པ་པོ་དང་། འཆི་བ་པོ་གང་ཡང་ཡོད་པ་མ་ཡིན་པར་ཕྲ་བའི་རླུང་སེམས་དེ་ལས་ལུགས་ལྡོག་གི་སྣང་མཆེད་ཐོབ་གསུམ་གྱི་ཤེས་པ་གསུམ་དང་། དེ་ལས་རང་བཞིན་བརྒྱད་ཅུའི་རྟོག་པ་རྣམས་བྱུང་། དེ་ལས་འཁོར་བར་ཉིང་མཚམས་སྦྱོར་བའི་སྐྱེ་བ་གྲུབ། དེ་ལ་བརྟེན་ནས་ཉོན་མོངས་པ་དང་། ལས་གསོག་པ་དང་། སྐྱེ་རྒ་ན་འཆི་རྣམས་བྱུང་སྟེ་མགལ་མེའི་འཁོར་ལོ་ལྟར་འཁོར་བར་ཡང་ཡང་དུ་འཁོར་བ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། གང་དག་འོད་གསལ་ལས་བྱུང་དེ་ཉིད་ནི། ། སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས། །ཆོས་རྣམས་ཀུན་གྱི་རྩ་བར་གྱུར་པ་སྟེ། །ཀུན་ཉོན་མོངས་དང་རྣམ་པར་བྱང་བ་ཡི། །བདག་ཉིད་དེ་ལས་རྟོགས་པ་གཉིས་རིག་བྱེད། །རྣམ་ཤེས་དེ་ཡི་བཞོན་པ་རླུང་ཡིན་ཏེ། །རླུང་ལས་མེ་དང་མེ་ལས་ཆུ་འབྱུང་ཞིང་། །ཆུ་ལས་ས་ཡང་རབ་ཏུ་འབྱུང་བར་བཤད། །དེ་རྣམས་འདུས་ལས་ཕུང་པོ་ལྔ་ཉིད་དང་། །སྐྱེ་མཆེད་དྲུག་དང་ཡུལ་ལྔར་སྣང་བ་གང་། །དེ་དག་རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ། །རླུང་དང་རྣམ་ཤེས་ཉེ་བར་འདྲེས་པའོ། །དེ་ནས་རྣམ་པར་ཤེས་པ་གསུམ་གྱིས་ནི། །རང་བཞིན་གྱི་ནི་སྣང་བར་རབ་གསལ་བར། །སྤྱོད་པ་རྗེས་སུ་མྱོང་བར་བྱེད་པའོ། །སྣང་བའི་རྒྱུ་འབྲས་ཀྱིས་ནི་རང་བཞིན་རྣམས། །ཡང་དག་པར་ཡང་རབ་ཏུ་འབྱུང་བ་དང་། །རྨི་ལམ་སྒྱུ་མ་ལྟར་ནི་སྣང་བའོ། །ཞེས་དང་། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་དུ་ནི་འབྱུང་མ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་གིས་ནི་བྱིས་པ་རྣམས། །འཁོར་བར་འཆིང་བས་བཅིངས་གྱུར་པ། །ཞེས་དང་། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་གནས་པར། །འཁོར་བ་ཉིད་ནི་ཤེས་པར་བྱ། །རླུང་གི་སྦྱོར་བ་མེད་པར་ནི། །སེམས་ཀྱི་རང་བཞིན་གཟུང་དུ་མེད། །སེམས་ཀྱི་རང་བཞིན་རྒྱུར་གྱུར་པ། །ལས་དང་སྐྱེ་བ་ཀུན་དུ་འབྱུང་། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་སྨོས་མ་ཐག་པ་ལྟར་ཐབས་མཁས་དང་བྲལ་བའི་གང་ཟག་འགྲོ་བ་རང་ག་བ་ལ་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་གཅིག་པ་དེ་བར་དོ་བཞིན་ལག་གི་རྣམ་ཅན་དུ་ལངས་ནས་འཁོར་བར་སྐྱེ་བ་ལེན་པས་རླུང་སེམས་ཕྲ་བ་དེ་ཉིད་འཁོར་བའི་རྩ་བ་དང་། ཐབས་མཁས་ཀྱི་མན་ངག་དང་ལྡན་པའི་རྣལ་འབྱོར་བས་སྒྱུ་མའི་སྐུར་ལངས་ནས་འཚང་རྒྱ་བར་བྱེད་པས་མྱང་འདས་ཀྱི་རྩ་བ་ཡིན་པར་གསུངས་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། སེམས་དེ་ཉིད་ཀྱིས་རྣལ་འབྱོར་པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །ཞེས་སུངས་པའི་ཕྱིར་རོ།།

དེ་ཕྱིར་སེམས་ཅན་རྣམས་ཀྱི་རྒྱུད་ལ་སྒྱུ་ལུས་ཀྱི་སྒྲུབ་གཞི་རང་ཆས་སུ་ཡོད་དེ། ཤིན་ཏུ་ཕྲ་བ་གཉུག་མའི་ལུས་དེ་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་པའི་ཕྱིར། དེ་ཡིན་ཏེ། སེམས་ཅན་རྣམས་ཀྱི་རྒྱུད་ལ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་དེ་ཤིན་ཏུ་ཕྲ་བ་གཉུག་མའི་ལུས་ཡིན་པ་གང་ཞིག། དེ་སྒྱུ་ལུས་ཀྱི་སྒྲུབ་གཞི་བྱེད་ཚུལ་སྨོས་ཟིན་པ་ལྟར་ཡིན་པའི་ཕྱིར། ཞེས་བསྒྲུབ་པར་བྱ་དགོས་སོ།།

གཞན་ཡང་གཞིའི་དུས་སུ་སེམས་ཅན་ལ་འཆི་བ་འོད་གསལ་གྱི་རླུང་སེམས་ཙམ་དེ་ལས་བར་དོར་ལྡང་བ་དང་། ལམ་དུས་སུ་སེམས་དབེན་མཐར་ཐུག་གི་རླུང་སེམས་ཙམ་ལས་མ་དག་པའི་སྒྱུ་མའི་སྐུར་ལྡང་བ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། དེ་ཉིད་རླུང་དང་ཡང་དག་ལྡན། །རྣམ་ཤེས་གསུམ་པོ་སླར་ཡང་ནི། །རྣལ་འབྱོར་པ་ཡི་ལུས་སུ་འབྱུང་། །སྒྱུ་མའི་ལུས་ཞེས་དེ་ལ་བཤད། །ཅེས་གསུངས་པའི་ཕྱིར་རོ།།

དེ་འདྲའི་སྒྱུ་ལུས་པའི་རྣལ་འབྱོར་བ་དེས་སྣོད་བཅུད་ཐམས་ཅད་སྤྱི་དོན་ལྟར་ན་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུའི་རང་བཞིན་དུ་དམིགས་ཤིང་མཐོང་བ་དང་། སྦས་དོན་ལྟར་ན་བླ་མེད་ཀྱི་ལམ་འདིར་འགྲོ་བ་ཐམས་ཅད་རླུང་སེམས་ཀྱི་ལུས་ཅན་དུ་བསྟན་པས་ན། སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱང་གཉུག་སེམས་ཀྱི་བཞོན་པའི་རླུང་ལས་ལུས་ཀྱི་རོལ་བར་ཤར་བས་རྣལ་འབྱོར་བ་རང་གི་སྒྱུ་ལུས་དང་འདྲ་བར་སྒྱུ་མའི་ལུས་ཅན་དང་གཉུག་སེམས་ཀྱི་རོལ་བ་རུ་མངོན་སུམ་དུ་མཐོང་བ་ཡིན་ཞིང་། དེ་ལྟར་བལྟ་དགོས་པའང་ཡིན་ཕྱིར། སྣོད་བཅུད་ཐམས་ཅད་ཀྱང་རང་རྒྱུ་རླུང་སེམས་ཙམ་གྱི་རྣམ་འཕྲུལ་ལམ་རོལ་བ་ཉིད་དུ་མཐོང་བའི་སྒྱུ་མའི་ལུས་སུ་རྟོགས་པ་ཡིན་ཏེ། དེ་ཉིད་ལས། དེ་བས་འདི་ལྟར་འགྲོ་བ་ཀུན། །སྒྱུ་མ་ལྟ་བུར་འདིར་བཤད་དེ། །སྒྱུ་མ་ལྟ་བུའི་ཏིང་འཛིན་གནས། །ཐམས་ཅད་དེ་དང་འདྲ་བར་མཐོང་། །ཞེས་དང་། གསལ་སྒྲོན་ལས། སྒྱུ་ལུས་གྲུབ་པའི་རྣལ་འབྱོར་པས་སེམས་ཅན་ཐམས་ཅད་ཀྱང་དེ་དང་འདྲ་བར་མཐོང་བ་ནི། སྔར་བཤད་པ་ལྟར་དེ་དག་གི་གཉུག་མའི་ལུས་རྣམས་དེ་ལྟར་མཐོང་བའོ། །སྣོད་ཐམས་ཅད་ཀྱང་རང་གི་སྒྱུ་ལུས་དང་འདྲ་བར་མཐོང་བ་ནི། དེ་ཐམས་ཅད་ཀྱང་རླུང་དང་སེམས་ཀྱི་རྣམ་འཕྲུལ་དུ་མཐོང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

མདོར་ན་སེམས་ཅན་ཐམས་ཅད་ཀྱི་སྐྱེ་འཆི་གནས་གསུམ་བར་དོ་དང་བཅས་པ་ཐམས་ཅད་རྒྱུ་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རྣམ་འཕྲུལ་ལམ་རོལ་བ་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་པོ་འགྲོ་བ་བཟང་ངན་སྣ་ཚོགས་སུ་འགྲོ་བ་ཡིན་པར་གསུངས་ཏེ། རྡོ་རྗེ་ཕྲེང་བ་ལས། སྐྱེ་དང་གནས་དང་འཇིག་པ་དང་། །སྲིད་པ་བར་མར་གནས་པ་སྟེ། །ཇི་སྙེད་འཇིག་རྟེན་གྱིས་བརྟགས་པ། །སེམས་ཀྱི་རླུང་ནི་རྣམ་འཕྲུལ་ལོ། །ཞེས་དང་། དགོངས་པ་ལུང་སྟོན་ལས། འདུ་ཤེས་ཅན་དང་འདུ་ཤེས་མེད། །སེམས་ཅན་དུ་བརྟགས་འདི་གནས་པ། །དེ་རྣམས་རླུང་ལས་བྱུང་བ་སྟེ། །རླུང་ལས་སླར་ཡང་འགག་པ་ཡིན། །ཉིན་དང་མཚན་མོའི་ཆ་ཡིས་ཀྱང་། །རང་གི་རྣམ་པར་རྟོག་པར་ལྷུང་། །དེ་ནས་འཁོར་བར་སྐྲག་བཞིན་དུ། །སྣ་ཚོགས་འགྲོ་བར་དེ་དག་འགྲོ། །མི་རྟོག་པ་ཡི་སེམས་དེ་ནི། །འཁོར་བའི་རྒྱ་མཚོར་གནས་གྱུར་ཀྱང་། །དེ་ནི་ཕྱིན་ཅི་ལོག་གྱུར་པས། །ཁྱི་དང་ཅེ་སྤྱང་གླང་པོ་དང་། །སེམས་དེ་ལྟར་ཡང་འགྲོ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཕྱིར་སེམས་ཅན་ཐ་མལ་བའི་ངོར་སྣང་བའི་ཉེར་ཐོབ་ཀྱི་མཐའི་འཆི་བ་འོད་གསལ་ཐམས་ཅད་སྟོང་པ་དེ་གཞིའི་ཆོས་སྐུ་དང་། དེ་ནས་འཆི་བ་འོད་གསལ་དེའི་མཐར་རང་གི་ཕུང་པོ་རྙིང་བར་གནས་པའི་རླུང་སེམས་ལས་བར་དོར་ལྡང་སྟེ་ལུས་རྙིང་པ་ལས་ལོགས་སུ་ཕྱེས་པའི་བར་དོའི་ལུས་གྲུབ་པ་དེ་གཞིའི་ལོངས་སྐུ་དང་། བར་དོའི་རྣམ་ཤེས་སྐྱེ་བར་ཉིང་མཚམས་སྦྱོར་བ་དེ་གཞིའི་སྤྲུལ་སྐུ་རུ་གསང་འདུས་སོགས་སྔགས་བླ་མེད་ནས་བཤད་ལ། གཞིའི་ཆོས་ལོངས་སྤྲུལ་གསུམ་དེ་གཞིའི་ཆོས་ལོངས་སྤྲུལ་གསུམ་ཡིན་གྱི་ཆོས་ལོངས་སྤྲུལ་གསུམ་མ་ཡིན་པས་དེ་གསུམ་བཏགས་པ་ཡིན་པར་འདོད་དགོས་སོ།།

དེ་བཞིན་དུ་སྒྱུ་ལུས་ལ་དྲི་ཟའི་སེམས་ཅན་ཞེས་བརྗོད་པ་ཡང་། དྲི་ཟའི་སེམས་ཅན་ཞེས་པ་ནི་བར་དོའི་སེམས་ཅན་ལ་བཤད་ལ། ལམ་གྱི་སྒྱུ་ལུས་སམ་སྒྱུ་མའི་སྐུ་ནི་བཤད་མ་ཐག་པ་ལྟར་བར་དོ་བ་ལུས་རྙིང་པ་ལས་ལོགས་སུ་ཕྱེས་པའི་བར་དོའི་ལུས་གྲུབ་པ་ལྟར། རང་གི་ལུས་རྙིང་པ་ལས་ལོགས་སུ་སྒྱུ་མའི་སྐུ་གྲུབ་པ་ཡིན་ཕྱིར་ལམ་གྱི་སྒྱུ་མའི་སྐུ་ལ་བར་དོ་བར་བཏགས་པ་ཡིན་ལ། དེ་བཞིན་གཞིའི་བར་དོ་དངོས་ལའང་ལམ་གྱི་སྒྱུ་མའི་སྐུ་ཞེས་བཏགས་པ་ཡིན་པར་བཤད་དོ།།

དེ་ཡང་སྒྱུ་ལུས་བསྒོམ་པའི་སྐབས་སུ་ལུས་ཕྲ་རགས་གཉིས་སོ་སོར་ཕྱེ་དགོས་ཤིང་། དེ་ཡང་ལུས་ཕྲ་རགས་སོ་སོར་ཕྱེ་ཚུལ་ནི་བསྒོམས་སྟོབས་ཀྱིས་ཕྱེ་དགོས་པས་འཕོ་བ་དང་། གྲོང་འཇུག་གི་རྣལ་འབྱོར་གྱིས་སོ་སོར་འབྱེད་པ་ནི། རླུང་བུམ་ཅན་སྔོན་དུ་སྦྱངས་ནས་སྙིང་ག་ནས་རླུང་གི་བཞོན་པ་ཅན་གྱི་རྣམ་ཤེས་ཕྱིར་འདོན་པའི་དམིགས་པ་ཡང་ཡང་བྱེད་པས་ཕྱེ་བ་ཡིན་ཡང་དེས་ནི་ལྷ་སྐུ་མཚན་ཉིད་པ་མི་འགྲུབ་པ་དང་། རྡོར་བཟླས་ཀྱིས་སོ་སོར་འབྱེད་ན་ནི་ལྷ་སྐུ་མཚན་ཉིད་པ་འགྲུབ་པ་ཡིན་པའི་ཕྱིར་རྡོར་བཟླས་ནི་སྔ་མ་དག་ལས་ལུས་ཕྲ་རགས་སོ་སོར་འབྱེད་བྱེད་མཆོག་གྱུར་དེ་ཡིན་ཞིང་། ཚུལ་དེ་དག་ནི་སྒོམ་སྟོབས་ཀྱིས་ཕྱེས་པ་ཡིན་ནོ།།

སེམས་དབེན་ཐོབ་པའི་གང་ཟག་གིས་ལས་ཉོན་གྱི་དབང་གིས་འཆི་བའི་དུས་ཀྱི་རླུང་སྡུད་རིམ་དང་སྦྲགས་ནས་རྡོར་བཟླས་དང་བསམ་གཏན་གཉིས་ཀྱིས་སྡུད་རིམ་བསྒོམས་ཏེ་འཆི་བ་འོད་གསལ་ཐམས་ཅད་སྟོང་པ་དེ་ཉིད་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་ངོ་བོར་བསྐྱེད་ཅིང་། བར་དོའི་ལུས་ལེན་པའི་དོད་ལ་སྒྱུ་མའི་ལུས་དང་། སྐྱེ་སྲིད་ལེན་པའི་དོད་ལ་སྤྲུལ་པའི་ལུས་བཟུང་སྟེ་རྟེན་དེ་ལ་རིམ་པ་ལྷག་མ་རྣམས་བསྒོམ་ནས་འཚང་རྒྱ་བར་བྱེད་པ་ཡིན་ནོ།།

སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་དེའི་མཇུག་ཐོག་ཏུ་ཉེར་ཐོབ་སྐྱེས་པ་དང་མཉམ་དུ་མ་དག་པའི་སྒྱུ་ལུས་ཞེས་པ་གསང་བ་འདུས་པའི་ལྷ་སོ་གཉིས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པ་ཤར་བའི་ཡེ་ཤེས་སྐྱེ་བ་དང་། སེམས་དབེན་མཐར་ཐུག་དཔེ་ཡི་འོད་གསལ་ནི་སྟོང་ཉིད་མངོན་གསུམ་དུ་མ་རྟོགས་པའི་རྟོག་པ་ཡིན་པས་སྔགས་ཀྱི་སྦྱོར་ལམ་ཡིན་པ་དང་། མ་དག་པའི་སྒྱུ་ལུས་ཀྱང་སྔགས་ཀྱི་སྦྱོར་ལམ་ཡིན་པར་བཤད་དོ།།

གཞི་དུས་སུ་འཆི་བ་འོད་གསལ་དུ་འགགས་པ་དང་བར་དོ་གྲུབ་པ་དུས་མཉམ་པ་ལྟར། ལམ་དུས་སུ་དཔེའི་འོད་གསལ་འགགས་པ་དང་སྒྱུ་ལུས་གྲུབ་པ་དུས་མཉམ་པ་དགོས་པས་ལུགས་ལྡོག་གི་ཉེར་ཐོབ་དང་དུས་མཉམ་དུ་སྒྱུ་ལུས་གྲུབ་པ་དང་དཔེའི་འོད་གསལ་འགགས་པ་ཡིན་པར་བཞེད་དོ།།

མ་དག་པའི་སྒྱུ་ལུས་ཀྱི་སྐབས་སུ་ཉོན་སྒྲིབ་སྤངས་པ་མེད་ཕྱིར་མ་དག་པའི་སྒྱུ་ལུས་ནི་ཉོན་སྒྲིབ་ཀྱིས་མ་དག་པས་ན་དེ་སྐད་དུ་བརྗོད་པ་དང་། ཟག་བཅས་ཀྱི་ཡེ་ཤེས་ཀྱི་སྐུ་ཞེས་ཀྱང་བྱ་བར་གསུངས་སོ།།

དེ་ཡང་མ་དག་པའི་སྒྱུ་ལུས་གྲུབ་པ་ནི་སྐུ་རྐྱང་པ་ཙམ་མིན་པར་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ངོ་བོར་ལྡང་བ་ཡིན་ཞིང་། སྒྱུ་ལུས་ནི་རང་གི་རྣམ་སྨིན་གྱི་ལུས་རགས་པ་ལས་ལོགས་སུ་གྲུབ་པ་ཡིན་ཕྱིར་ལུས་རགས་པའི་གོ་ས་ལ་ཡོད་པ་མིན་པར་ཐ་དད་དུ་ཡོད་པ་དང་། སྒྱུ་ལུས་ཐོག་མར་གྲུབ་དུས་ལུས་རྙིང་བའི་གོ་ས་སྙིང་གི་དྷཱུ་ཏཱིའི་ནང་དུ་གྲུབ་ནས་རྗེས་སུ་ལུས་རྙིང་པ་ལས་གོ་ས་ལོགས་སུ་ཕྱེ་ནས་ཕྱི་རོལ་དུ་གནས་པའམ་གྲུབ་པ་ཡིན་ཞིང་། དེ་ཕྱིར་སྙིང་གི་དྷཱུ་ཏཱིའི་ནང་དུ་གྲུབ་པ་ནང་ལྡང་དང་། རྣམ་སྨིན་གྱི་ཕུང་པོའི་ཕྱི་རོལ་ལོགས་སུ་གྲུབ་པ་ཕྱི་ལྡང་དུ་བཞེད་པའང་མཆིས་སོ། །མཁས་པ་འགའ་རེས་ཕྱི་ལྡང་ཁོ་ན་དང་། འགའ་རེས་ནང་ལྡང་ཁོ་ན་དང་། ཁ་ཅིག་གིས་ཕྱི་ལྡང་ནང་ལྡང་གཉིས་ཀ་ཡོད་པར་ཡང་བཞེད་དོ།།

ཁ་ཅིག་གིས་བསྒོམས་སྟོབས་ཀྱིས་ལུས་ཕྲ་རགས་སོ་སོར་ཕྱེ་སྐབས་ལུས་རགས་པའི་གོ་ས་ལས་ལོགས་སུ་སོ་སོར་ཕྱེ་མི་ཐུབ་ཟེར་བ་མཆིས་ལ། གང་ལྟར་ཡང་གཉུག་མའི་ལུས་དེ་མ་དག་པའི་སྒྱུ་ལུས་ཀྱི་སྐུར་ལངས་པ་ན་ཇི་སྲིད་ལུས་རགས་པ་དེ་དང་གཉུག་མའི་ལུས་ཕྲ་བ་དེ་གཉིས་ཀའི་རྟེན་བརྟེན་པའི་འབྲེལ་བ་མ་ཆད་པའི་ཡུན་ལ་དུས་ཐམས་ཅད་དུ་རགས་པའི་ལུས་སྤངས་ནས་སྒྱུ་ལུས་དེ་གནས་མི་ནུས་ལ། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པའི་ཡུན་ལ་རགས་ལུས་སྤངས་ནས་གོ་ས་ལོགས་སུ་ཕྱེ་བའི་ཚུལ་གྱིས་གནས་ཤིང་། མཉམ་བཞག་དེ་ལ་གནས་མི་ནུས་པའི་ཚེ་ན་སྒྱུ་ལུས་དེ་རང་ཤུགས་ཀྱིས་ལུས་རགས་པ་དེར་འཇུག་པ་ཡིན་པར་བཤད་དེ། རྒྱུ་མཚན་ཡང་། ཟུང་འཇུག་ཐོབ་ཚེ་ལུས་ཕྲ་རགས་གཉིས་སྔ་མའི་ལས་ཀྱིས་འཕངས་པའི་རྟེན་དང་བརྟེན་པའི་འབྲེལ་བ་བསྒོམས་སྟོབས་ཀྱིས་ཆད་པའི་ཕྱིར་ན་ལུས་རགས་པ་གཏན་དུ་སྤངས་ཏེ་གནས་ནུས་པས། དེ་ལྟར་འདོད་ན་ལུས་རགས་པ་ལས་ལོགས་སུ་གནས་ནུས་པ་དང་། ལུས་རགས་པ་གདུལ་བྱའི་དོན་དུ་འཛིན་འདོད་ན་ཡུན་ཇི་ལྟར་འདོད་པ་དེ་ལྟར་དེ་ལ་གནས་ནས་དེ་འཛིན་ནུས་པའི་ཕྱིར་རོ།།

བར་དོར་འཚང་རྒྱ་བའི་སྒྱུ་ལུས་ནི་ལུས་སྔ་མའི་ལས་ཀྱི་འཕེན་པ་ཟད་པའི་སྟོབས་ཀྱིས་ལུས་རགས་པ་དང་རྟེན་དང་བརྟེན་པའི་འབྲེལ་བ་ཆད་པས་ལུས་རགས་པ་གཏན་དུ་འདོར་ནུས་ཀྱང་། ཚེ་འདིར་འཚང་རྒྱ་བའི་མ་དག་པའི་སྒྱུ་ལུས་ནི་ལུས་རགས་པ་རྟེན་དང་བརྟེན་པའི་འབྲེལ་བ་ཆད་ཀྱང་ལུས་ཕྲ་བའི་འབྲེལ་བ་མ་ཆད་པས་དོན་གྱི་འོད་གསལ་མ་སྐྱེས་བར་དུ་སྔ་མའི་ལུས་རགས་པ་གཏན་དུ་འདོར་མི་ནུས་པ་ཡིན་ཞིང་། དོན་གྱི་འོད་གསལ་སྐྱེས་ནས་ཟུང་འཇུག་ཐོབ་པ་ན་ལུས་ཕྲ་རགས་ཀྱི་རྟེན་དང་བརྟེན་པའི་འབྲེལ་བ་ཆད་པས་ཚེ་གཅིག་ལ་འཚང་རྒྱ་བའི་རྟེན་དེས་ལུས་བརྗེས་ནས་འཚང་རྒྱ་བ་ཡིན་པར་བཞེད་པས། འཁོར་སློབ་སོགས་ཀུན་གྱིས་མཐོང་ནུས་པའི་ལུས་དེ་ལས་གཞན་པའི་དྭངས་མ་སྒྱུ་མའི་ལུས་ཤིག་གྲུབ་ནས་འཚང་རྒྱ་བ་ཡིན་ནོ།།

དེ་ལྟར་སྒྱུ་ལུས་ནི་རྣམ་སྨིན་གྱི་ལུས་རགས་པ་ལས་ལོགས་སུ་ཡེ་ཤེས་སྒྱུ་མའི་སྐུ་ཞིག་གྲུབ་པ་ཡིན་གྱི་ལུས་སྔ་མ་དེ་མིན་པ་མ་ཟད་ཡིད་ངོར་འཆར་བ་ཞིག་ཀྱང་མ་ཡིན་པས། སྣང་ལ་རང་བཞིན་མེད་པར་རྟོགས་པའི་ཏིང་ངེ་འཛིན་དེ་ཀུན་རྫོབ་སྒྱུ་ལུས་སུ་འདོད་པ་དང་། ལྷའི་སྐུ་སྣང་ལ་རང་བཞིན་མེད་པ་ཙམ་ཞིག་ཀུན་རྫོབ་སྒྱུ་ལུས་འདོད་པ་ནི་དོན་མ་ཡིན་པར་འཇམ་མགོན་བླ་མ་བློ་བཟང་གྲགས་པའི་དཔལ་གྱིས་གསུངས་སོ།།

འོ་ན་གདུལ་བྱ་རིན་པོ་ཆེ་ལྟ་བུ་དེ་ཡང་ཚེ་གཅིག་ལུས་གཅིག་གིས་འཚང་རྒྱ་བ་མེད་དམ་ཞེ་ན། དེ་ནི་མེད་དེ། རྒྱུ་མཚན་ཡང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིས་ཚེ་གཅིག་ལ་སངས་རྒྱས་པ་ཡོད་ཀྱང་ལུས་གཅིག་ལ་སངས་རྒྱས་པ་མེད་པར་གསུངས་ཞེས་གྲགས་ལ། མིའི་རྟེན་ལ་ཚེ་འདིར་སངས་རྒྱས་པ་ན་གང་ཟག་དེ་དག་པའི་སྒྱུ་མའི་སྐུ་གྲུབ་ནས་སངས་རྒྱས་ཀྱང་དེའི་སྡུག་བདེན་གྱི་ལུས་དེ་དེ་དང་ཐ་དད་དུ་གྱུར་པས་ལུས་དེས་སངས་རྒྱས་པ་མ་ཡིན་པར་བཞེད་པའི་ཕྱིར།

དཔེར་ན་ཀླུ་སྒྲུབ་ལུས་རྟེན་དེ་ལ་མི་སློབ་པའི་ཟུང་འཇུག་ཐོབ་པ་ཡིན་ཞིང་། མི་རང་བཞིན་པའི་མཐོང་ཐུབ་པའི་ཀླུ་སྒྲུབ་ཀྱི་ལུས་དེ་སྡུག་བདེན་ཡིན་ཕྱིར་དེ་ནི་ལས་ཉོན་གྱིས་འཕངས་པའི་ཀླུ་སྒྲུབ་ཀྱི་སྔ་མའི་ལུས་ཡིན་ཡང་ཀླུ་སྒྲུབ་ཀྱིས་རིམ་པ་བཞི་བའི་འོད་གསལ་མངོན་དུ་བྱས་པ་ནས་དེ་ཀླུ་སྒྲུབ་ཀྱི་ལུས་མ་ཡིན་པར་བཞེད་དེ། ཀླུ་སྒྲུབ་ཀྱི་སྔ་མའི་སྐུ་ལུས་དེ་དག་པའི་སྒྱུ་ལུས་སུ་གྱུར་པ་མ་ཡིན་པར་སྡུག་བདེན་ཡིན་ཞིང་། དེ་དག་པའི་སྒྱུ་ལུས་གྲུབ་པ་ནས་རྒྱུད་ཆད་དེ་ཀླུ་སྒྲུབ་ཀྱི་རྒྱུད་ཀྱིས་མ་བསྡུས་པར་བཞེད་པའི་ཕྱིར། དེ་ལྟར་གྲུབ་སྟེ། ཀླུ་སྒྲུབ་ཀྱིས་རིམ་པ་བཞི་བའི་འོད་གསལ་མངོན་དུ་བྱས་པ་ནས་ཀླུ་སྒྲུབ་ཀྱི་སྐུ་ལུས་སྔ་མ་དེ་དང་ཀླུ་སྒྲུབ་གཉིས་ཀྱི་ལས་ཉོན་གྱི་རྟེན་དང་བརྟེན་པའི་འབྲེལ་བ་དེ་ཆད་སོང་བ་ཡིན་པའི་ཕྱིར་ཞེས་བཞེད་དོ།།

དེས་ན་སྒྱུ་ལུས་ནི་རང་གི་ཉེར་ལེན་རླུང་ཕྲ་བ་ལས་གྲུབ་པ་ཡིན་ཕྱིར་གཟུགས་སུ་ཁས་ལེན་ཡང་རྡུལ་དུ་གྲུབ་པའི་བེམ་པོ་ནི་མ་ཡིན་པར་ཡེ་ཤེས་ཀྱི་བདག་ཉིད་ཅན་ཡིན་པར་བཞེད་ལ། སྒྱུ་ལུས་ཀྱི་སྒྲུབ་གཞི་གཉུག་མའི་ལུས་སམ་ཤིན་ཏུ་ཕྲ་བའི་རླུང་སེམས་ངོ་བོ་གཅིག་པའི་ཡ་གྱལ་གྱི་རླུང་དེ་གཟུགས་དང་ཤེས་པའི་བདག་ཉིད་དུ་འདོད་དགོས་པར་མཁས་པ་མང་པོ་གསུངས། དེས་ན་སྔགས་ལུགས་འདིར་གཟུགས་སུ་གྱུར་པའི་ལམ་ཡོད་པར་བཞེད་པ་ཡིན་དགོས་སོ།།

རིམ་པ་བཞི་བའི་འོད་གསལ་སྐྱེས་པ་ན་མ་དག་པའི་སྒྱུ་ལུས་དེ་ཐིམ་པར་གྱུར་པའམ་འགགས་འགྲོ་བའི་རྒྱུ་མཚན་ནི། སེམས་དབེན་མཐར་ཐུག་དཔེའི་འོད་གསལ་དང་། རིམ་པ་བཞི་བའི་དོན་གྱི་འོད་གསལ་གཉིས་གཉུག་སེམས་ཤིན་ཏུ་ཕྲ་བ་ཡིན་པ་དང་། དེ་གཉིས་ཀྱི་བཞོན་པའི་རླུང་དེ་ཡང་གཉུག་མའི་རླུང་ཤིན་ཏུ་ཕྲ་བ་ཡིན་པ་ལ་འདྲ་ཞིང་། སྟོང་ཉིད་རྟོགས་པའི་བློ་ཡིན་པ་ལ་པའང་འདྲ་མོད། སྔ་མ་རྟོག་བཅས་དང་། ཕྱི་མ་རྟོག་མེད་ཡིན་པའི་ཁྱད་པར་ནི་ཡོད་ལ། རིམ་པ་བཞི་བའི་དོན་གྱི་འོད་གསལ་སྐྱེས་པ་ན་རྟོག་པ་ཕྲ་རགས་བཞོན་པའི་རླུང་དང་བཅས་ཐིམ་དགོས་པ་ཡིན་པའི་རྒྱུ་མཚན་གྱིས་རྟོག་པའི་བཞོན་པར་གྱུར་པའི་རླུང་གི་དངོས་ཀྱི་ཉེར་ལེན་བྱས་པའི་མ་དག་པའི་སྒྱུ་ལུས་དེ་ཡང་ཐིམ་དགོས་པ་ཡིན་པར་བཞེད་དོ།།

སྒྱུ་ལུས་ལ་མཚུངས་པ་ལྔ་དང་། ཁྱད་པར་ལྔ་ལྡན་པར་གསུངས་ཏེ། དང་པོ་ལྔ་ནི། དཔེར་ན་གཉིད་ཀྱི་འོད་གསལ་དུ་ཞུགས་པ་ལས་རྨི་ལམ་གྱི་ལུས་སུ་ལྡང་བ་དང་མཚུངས་པར་སྒྱུ་ལུས་ནི་ལམ་དུས་ཀྱི་ཐིམ་རིམ་རྣམས་ཀྱི་མཐའི་དཔེའི་འོད་གསལ་ལས་སྒྱུ་ལུས་སུ་ལྡང་བ་དང་། དཔེར་ན་རྨི་ལམ་གྱི་ལུས་དེ་རླུང་སེམས་ཙམ་ལས་གྲུབ་པ་དང་མཚུངས་པར་སྒྱུ་ལུས་དེ་ཡང་རླུང་སེམས་ཙམ་ལས་གྲུབ་པ་དང་། དཔེར་ན་རྨི་ལམ་གྱི་ལུས་ལ་ངའོ་སྙམ་དུ་ང་རྒྱལ་འཕོ་བ་དང་མཚུངས་པར་སྒྱུ་ལུས་ལ་ངའོ་སྙམ་པའི་ང་རྒྱལ་འཕོ་བ་དང་། དཔེར་ན་རྨི་ལམ་གྱི་ལུས་དེ་རྣམ་སྨིན་གྱི་ལུས་རགས་པ་ལས་སོ་སོར་གྲུབ་པ་དང་མཚུངས་པར་སྒྱུ་ལུས་དེ་རྣམ་སྨིན་གྱི་ལུས་རགས་པ་ལས་གོ་ས་ལོགས་སུ་ཕྱེ་བ་དང་། དཔེར་ན་རྨི་ལམ་གྱི་ལུས་དེ་སླར་ལུས་རགས་པ་ལ་འཇུག་པ་དང་མཚུངས་པར་སྒྱུ་ལུས་དེ་སླར་རྣམ་སྨིན་གྱི་ལུས་དམ་ཚིག་པའི་ལྷར་གསལ་བ་ལ་འཇུག་པ་དང་ལྔའོ།།

གཉིས་པ་ལྔ་ནི། སྒྱུ་ལུས་ཀྱི་ལྷ་དེ་གང་ནས་ལྡང་བའི་གནས་ཀྱི་ཁྱད་པར་ནི། སྙིང་གའི་རྩ་འཁོར་དབུས་ཀྱི་དྷཱུ་ཏཱིའི་ནང་གི་ཐིག་ལེ་ཕྲ་མོ་གའུ་ཁ་སྦྱར་ལྟ་བུའི་གནས་ནས་ལྡང་བ་དང་། གང་ལས་ལྡང་བའི་རྒྱུའི་ཁྱད་པར་ནི། ཐིག་ལེ་དཀར་དམར་གྱི་དབུས་ཀྱི་མི་ཤིགས་པའི་སྲོག་རླུང་ཕྲ་མོ་ལས་ལྡང་བ་དང་། གང་གིས་ལྡང་བའི་རྟེན་གྱི་ཁྱད་པར་ནི། སྔ་མའི་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་དྲག་པོ་ལས་ལྡང་བ་དང་། གང་གི་ཚེ་ལྡང་བའི་དུས་ཀྱི་ཁྱད་པར་ནི། རླུང་ཡོངས་རྫོགས་སྙིང་གའི་མི་ཤིགས་པ་ལ་ཐིམ་ནས་སྣང་བ་གསུམ་དང་དཔེའི་འོད་གསལ་མངོན་དུ་གྱུར་པའི་མཇུག་དེ་མ་ཐག་ཏུ་ལྡང་བ་དང་། གང་གི་ངོ་བོར་ལྡང་བ་འབྲས་བུའི་ཁྱད་པར་ནི། གསང་བ་འདུས་པ་ལ་སོགས་པའི་ཡབ་ཡུམ་ཞལ་སྦྱོར་ཅན་གྱི་ལྷ་སྐུའི་ངོ་བོར་ལྡང་བ་དང་ལྔའོ།།

སྒྱུ་མའི་སྐུ་གྲུབ་པ་ན་སྒྱུ་ལུས་དེ་ལ་ཁྱད་པར་གྱི་ཆོས་བཅོ་ལྔ་དང་ལྡན་ཏེ། རྒྱུའི་ཁྱད་པར་དང་། དུས་ཀྱི་ཁྱད་པར། གནས་ཀྱི་ཁྱད་པར། ངོ་བོའི་ཁྱད་པར། ཁ་དོག་གི་ཁྱད་པར། དབྱིབས་ཀྱི་ཁྱད་པར། མཐོང་ཚུལ་གྱི་ཁྱད་པར། འོད་ཟེར་འཕྲོ་བའི་ཁྱད་པར། ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར། འཕེན་པའི་ཁྱད་པར། ཡོན་ཏན་གྱི་ཁྱད་པར། དཔེས་མཚོན་པའི་ཁྱད་པར། མཚན་གྱི་རྣམ་གྲངས་ཀྱི་ཁྱད་པར། ངེས་ཚིག་གི་ཁྱད་པར། ཡུན་ཚད་ཀྱི་ཁྱད་པར་དང་བཅོ་ལྔ་ལྡན་པ་ཡིན་པའི་ཕྱིར། དེ་ཡང་དང་པོ། སེམས་དབེན་མཐར་ཐུག་དཔེའི་འོད་གསལ་གྱི་བཞོན་པའི་རླུང་དང་དེ་དང་ངོ་བོ་གཅིག་པའི་གཉུག་སེམས་ཏེ་སེམས་ཙམ་ལས་བྱུང་བ་ཡིན་པ་ནི་རྒྱུའི་ཁྱད་པར་རོ།།

གཉིས་པ། སེམས་དབེན་མཐར་ཐུག་གི་ལུགས་ལྡོག་གི་ཉེར་ཐོབ་དང་དུས་མཉམ་དུ་གྲུབ་པ་ནི་དུས་ཀྱི་ཁྱད་པར་རོ། །གསུམ་པ། དྷཱུ་ཏཱིའི་དབུས་ཀྱི་མི་ཤིགས་པའི་ཐིག་ལེའི་ནང་དང་ཕྱི་རོལ་ཅི་རིགས་སུ་ལྷ་སྐུའི་ངོ་བོར་ལྡང་བ་ཡིན་ཕྱིར་ཕྱི་ནང་དེ་གཉིས་ནི་གནས་ཀྱི་ཁྱད་པར་རོ། །བཞི་བ། རླུང་སེམས་ཙམ་ལས་གྲུབ་ཅིང་དྭངས་ཤིང་ཐོགས་པ་མེད་པའི་འཇའ་ལུས་ཡིན་པ་དེ་ངོ་བོའི་ཁྱད་པར་རོ།།

ལྔ་བ། སྒྱུ་ལུས་ཀྱི་སྒྲུབ་གཞི་སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་དེ་ཁ་དོག་དཀར་པོ་ཡིན་པའི་གནད་ཀྱིས་སྒྱུ་ལུས་ཀྱི་ཁ་དོག་དེ་གཙོ་བོ་དཀར་པོ་ཡིན་པ་ནི་ཁ་དོག་གི་ཁྱད་པར་རོ། །དྲུག་པ། གསང་འདུས་ལ་ཞལ་གསུམ་ཕྱག་དྲུག་པ་ཡུམ་དང་བཅས་པར་ཡོད་པ་ནི་དབྱིབས་ཀྱི་ཁྱད་པར་རོ། །བདུན་པ། སྒྱུ་ལུས་དེ་ཉིད་སྒྱུ་ལུས་མ་ཐོབ་པའི་སོ་སྐྱེས་ཀྱིས་མངོན་སུམ་དུ་མི་མཐོང་བ་ནི་མཐོང་ཚུལ་གྱི་ཁྱད་པར་རོ།།

བརྒྱད་པ། སྐུའི་འོད་ཟེར་གྱིས་འཇིག་རྟེན་གྱི་ཁམས་གྲངས་མེད་པ་སྣང་བར་བྱེད་པ་ནི་འོད་ཟེར་འཕྲོ་བའི་ཁྱད་པར་རོ། །དགུ་བ། དབང་ཤེས་ལྔ་ཚང་ཞིང་ཡན་ལག་གི་རླུང་ལྔ་དང་ལྡན་པ་ནི་ཡུལ་ལ་ལོངས་སྤྱོད་པའི་ཁྱད་པར་རོ།།

བཅུ་བ། སྒྱུ་མའི་སྐུ་དེ་འོད་གསལ་གྱི་ངང་ནས་འཕེན་པའི་སྟོབས་ཀྱིས་གྲུབ་པ་ཡིན་པ་ནི་འཕེན་པའི་ཁྱད་པར་རོ། །བཅུ་བཅིག་པ། ལམ་གྱི་མཚན་དཔེས་རྒྱན། ནམ་མཁའ་མཛོད་བརྙེས། སངས་རྒྱས་ལས་དབང་སྐུར་ཐོབ། ཚེ་དེ་ལ་འཚང་རྒྱ་བ་རྣམས་ཀྱི་ཡོན་ཏན་དང་ལྡན་པ་ནི་ཡོན་ཏན་གྱི་ཁྱད་པར་རོ།།

བཅུ་གཉིས། དཔལ་ཡེ་ཤེས་རྡོ་རྗེ་ཀུན་ལས་བསྡུས་པ་ལས། སྒྱུ་མ་ལྟ་བུ་དང་། ཆུ་ཟླ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུ་བུར་དང་། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པའི་ཚུལ་ལོ། །ཞེས་པ་ལྟར་གྱི་སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་མཚོན་པར་བྱེད་པ་ནི་དཔེས་མཚོན་པའི་ཁྱད་པར་རོ།།

བཅུ་གསུམ་པ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། བདག་བྱིན་བརླབ་ཅེས་དེ་བཤད་དོ། །སྒྱུ་མར་བསྟན་པའི་མཚན་ཉིད་ཀྱིས། །འདི་ཉིད་ཉེ་བར་མཚོན་པ་སྟེ། །ཀུན་རྫོབ་བདེན་པའི་སྒྱུ་མ་ཉིད། །ལོངས་སྤྱོད་རྫོགས་པའི་སྐུ་ཡང་དེ། །དེ་ཉིད་དྲི་ཟའི་སེམས་ཅན་གྱུར། །རྡོ་རྗེའི་སྐུ་ཡང་དེ་ཉིད་ཡིན། །རྡོ་རྗེ་སེམས་དཔའ་བདག་ཉིད་དེ། །ཞེས་གསུངས་པ་ལྟར་གྱི་མཚན་གྱི་གྲངས་དུ་མས་བསྟན་པ་ནི་མཚན་གྱི་རྣམ་གྲངས་ཀྱི་ཁྱད་པར་རོ།།

བཅུ་བཞི་བ། བདག་ནི་ངའོ་སྙམ་དུ་ཐ་སྙད་འདྲོགས་པའི་གཞིར་གྱུར་པ་ནི་ཤིན་ཏུ་ཕྲ་བའི་རླུང་སེམས་དེ་ཡིན་ལ། དེ་ཉིད་བྱིན་གྱིས་བརླབས་ཏེ་ལྷའི་སྐུར་བསྐྱེད་པ་ཡིན་པ་ནི་ངེས་ཚིག་གི་ཁྱད་པར་རོ།།

བཅོ་ལྔ་བ། རྡོར་ཕྲེང་ལས། སྐྱེ་བའི་རིམ་ལྟར་ཐིམ་པར་འགྱུར། །ཞེས་གསུངས་པ་ལྟར་རིམ་པ་བཞི་བའི་དོན་གྱི་འོད་གསལ་མ་སྐྱེས་པའི་བར་དུ་གནས་ཤིང་། དོན་གྱི་འོད་གསལ་མངོན་དུ་བྱས་པ་ན་ནམ་མཁའ་ལ་འཇའ་ཡལ་བ་ལྟར་དག་འགྲོ་བ་ཡིན་པ་ནི་ཡུན་ཚད་ཀྱི་ཁྱད་པར་རོ།།

སྒྱུ་མ་ལ་སོགས་པའི་དཔེ་བཅུ་གཉིས་ཀྱིས་མཚོན་ཚུལ་ཡང་། སྒྱུ་ལུས་དེ་ཉིད་རླུང་སེམས་ཙམ་རྡོ་རྗེ་འཆང་གི་སྐུར་བསྐྱེད་པ་ན་ཡན་ལག་དང་ཉིང་ལག་ཚང་བར་ཡོད་ཀྱང་རླུང་སེམས་ཙམ་ལས་མེད་པའི་ཕྱིར་ན་སྒྱུ་མའི་མི་ལྟ་བུ་དང་། གདུལ་བྱའི་གནས་གང་དུ་ཡོད་པ་དེར་རྣལ་འབྱོར་བས་དེར་བསམ་པ་ཙམ་གྱིས་ཁྱབ་པས་ཆུ་ཟླ་ལྟ་བུ་དང་། ཤ་ཁྲག་རུས་པ་ལ་སོགས་པ་དང་བྲལ་བས་མིག་ཡོར་ཏེ་མིའི་གྲིབ་མའི་ལུས་ལྟ་བུ་དང་། རྣལ་འབྱོར་བའི་སེམས་གཡོ་ན་སྒྱུ་ལུས་ཀྱི་སྐུ་དེ་ཡང་སྐད་ཅིག་གིས་གཡོ་བས་སྨིག་རྒྱུ་ལྟ་བུ་དང་། ལུས་རགས་པ་ལས་ཟུར་དུ་ཕྱེ་བའི་རླུང་སེམས་ཙམ་ལས་གྲུབ་པའི་ལུས་ཡིན་པས་རྨི་ལམ་གྱི་ལུས་ལྟ་བུ་དང་། རྣམ་སྨིན་གྱི་ལུས་རགས་པ་དང་རྒྱུད་གཅིག་ཏུ་གཏོགས་ཀྱང་གཞན་དུ་སྣང་བས་བྲག་ཆ་ལྟ་བུ་དང་། སྐུ་རྟེན་བརྟེན་པའི་དཀྱིལ་འཁོར་དངོས་སུ་སྣང་བས་དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། དོན་ལ་སྤྲུལ་གཞི་སྐུ་གཅིག་ཡིན་ཡང་སྤྲུལ་པ་དུ་མར་སྣང་བས་མིག་འཕྲུལ་ལྟ་བུ་དང་། སྐུ་ལ་ཁ་དོག་ལྔ་མ་འདྲེས་པར་སྣང་བས་འཇའ་ཚོན་ལྟ་བུ་དང་། རྣམ་སྨིན་གྱི་ཕུང་པོའི་ནང་ན་གནས་པས་སྤྲིན་གསེབ་ན་གློག་འགྱུ་བ་ལྟ་བུ་དང་། སྟོང་པའི་ངང་ལས་ཐོལ་གྱིས་བཞེངས་པས་ཤིན་ཏུ་དྭངས་པའི་ཆུའི་ཆུ་བུར་བརྡོལ་བ་ལྟ་བུ་དང་། ཡན་ལག་ཉིང་ལག་དང་དབང་པོ་ལྔ་སོགས་ཐམས་ཅད་ཡོངས་སུ་རྫོགས་པས་མེ་ལོང་དུ་རྡོ་རྗེ་འཆང་གི་སྐུ་འཆར་བ་ལྟ་བུ་ཞིག་ཡིན་པར་གསུངས་ཏེ། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། སྒྱུ་མ་ལྟ་བུ་དང་། ཆུ་ཟླ་དང་། མིག་ཡོར་དང་། སྨིག་རྒྱུ་དང་། རྨི་ལམ་དང་། སྒྲ་བརྙན་དང་། དྲི་ཟའི་གྲོང་ཁྱེར་དང་། མིག་འཕྲུལ་དང་། དབང་པོའི་གཞུ་དང་། གློག་དང་། ཆུ་བུར་དང་། མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་སྟེ། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས། བདེ་བ་ཆེན་པོའི་ཏིང་ངེ་འཛིན་ཉེ་བར་མཚོན་པའི་ཚུལ་ལོ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་སྒྱུ་ལུས་ཀྱི་སྐབས་སུ་སད་གཉིད་འཆི་གསུམ་གྱི་སྐུ་གསུམ་དགུ་ལ་བསྲེ་བ་དགུ་སྐོར་གྱི་མན་ངག་ཞེས་པ་བསྒོམ་པར་བཤད་ལ། དེ་ནི་སད་དུས་སྐུ་གསུམ་དང་བསྲེ་བ་དང་། གཉིད་དུས་སྐུ་གསུམ་དང་བསྲེ་བ་དང་། འཆི་དུས་སྐུ་གསུམ་དང་བསྲེ་བ་སྟེ་དགུ་ལ་བྱ་ཞིང་། དེ་ཡང་ལམ་དུས་ཀྱི་སྐུ་གསུམ་དང་བསྲེ་བ་གསུམ་སྟེ། ལམ་དུས་ཀྱི་ཆོས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་དང༌། ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་སྟེ་གསུམ་དུ་ཕྱེས་ནས། སྐུ་གསུམ་པོ་རེ་རེ་ལ་སད་གཉིད་འཆི་བ་གསུམ་དུ་བསྲེ་བ་ཞེས་སྦྱར་རོ།།

དེ་ལས་དང་པོ་གཉིད་སད་པའི་དུས་སུ་ཆོས་སྐུ་དང་བསྲེ་བ་ནི། འོག་སྒོ་ནོར་བུའི་སྣ་རྩེ་དྷཱུ་ཏཱིའི་མར་སྣེར་རྫས་ཀྱི་ཐིག་ལེ་ཕྲ་མོ་བསྒོམ་པ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས། སྨིག་རྒྱུ་དང་། དུ་བ་དང་། མེ་ཁྱེར་དང་། མར་མེ་ལྟ་བུའི་རྟགས་བཞི་སྔོན་དུ་འཆར་ཞིང་། ས་ཆུ་མེ་རླུང་བཞི་ཐིམ་པའི་རིམ་པ་དང་། དེའི་འོག་ཏུ་སྣང་མཆེད་ཐོབ་གསུམ་རིམ་གྱིས་འཆར་ཞིང་ནུབ་པའི་མཐར་ཐམས་ཅད་སྟོང་པ་འོད་གསལ་ཆེན་པོ་འཆར་བའི་སྒོ་དང་པོ་དང་། སྙིང་གའི་སྣ་རྩེར་མི་ཤིགས་པ་སྔགས་ཀྱི་ཐིག་ལེ་བསྒོམ་པ་བརྟན་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་འཆར་ཞིང༌། དེའི་འོག་ཏུ་སྟོང་པ་དང་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ་སྟེ་སྣང་བ་གསུམ་ཤར་བའི་མཐར་ཐམས་ཅད་སྟོང་པ་འོད་གསལ་ཆེན་པོ་འཆར་བའི་སྒོ་གཉིས་པ་དང་། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་རླུང་འོད་ཟེར་ལྔ་པ་སྣ་བུག་ནས་རྒྱུ་བའི་འཇུག་གནས་ལྡང་གསུམ་མ་བཅོས་པར་རྡོ་རྗེ་གསུམ་གྱི་རང་གདངས་སུ་འཆར་བའི་རྡོར་བཟླས་གོམས་པའི་མཐར་རོ་རྐྱང་གི་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་པ་ལ་བརྟེན་ནས་རྟགས་བཞི་འཆར་མཐར་སྟོང་པ་བཞི་སྐྱེས་པའི་མཐར་ཐམས་ཅད་སྟོང་པ་འོད་གསལ་འཆར་བའི་དུས་སུ་སྟོང་ཉིད་ཀྱི་ལྟ་བའི་ཐོག་ཏུ་བཞག་ནས་སྒོམ་པ་དེ་ལ་བྱའོ།།

གཉིས་པ་གཉིད་ཀྱི་དུས་སུ་ཆོས་སྐུ་དང་བསྲེ་བ་ནི། བཤད་མ་ཐག་པའི་འོག་སྒོ་སྙིང་ག་གདོང་གི་སྣ་རྩེའི་སྒོམ་པ་གསུམ་པོ་གང་རུང་གིས་རོ་རྐྱང་གི་རླུང་དབུ་མར་ཞུགས་གནས་ཐིམ་སྟེ་སྟོང་པ་བཞི་རིམ་བཞིན་དྲང་ནུས་པ་ནས། མཚན་མོ་གཉིད་དུ་འགྲོ་ཁར་སྙིང་ཁར་མི་ཤིགས་པའི་ཐིག་ལེ་སྒོམ་པའམ། རྡོར་བཟླས་གང་རུང་ཉམས་སུ་བླངས་པ་ལ་བརྟེན་ནས་སྨིག་རྒྱུ་ལ་སོགས་པའི་རྟགས་བཞི་དང༌། སྟོང་པ་གསུམ་གྱི་མཐར་ཐམས་ཅད་སྟོང་པ་འོད་གསལ་འཆར་བའི་དུས་སུ་ལྟ་ཐོག་ཏུ་བཞག་ནས་སྒོམ་པ་དེ་ཡིན་ནོ།།

གཞི་དུས་སུ་མི་ཐ་མལ་བ་གཉིད་དུ་འགྲོ་བའི་ཚེ་རླུང་སྙིང་གར་རང་ཤུགས་ཀྱིས་འདུས་པ་ལ་བརྟེན་ནས་སྟོང་པ་བཞི་འོལ་སྤྱི་ཙམ་ཞིག་འཆར་དུ་ཡོད་པ་དེ་ཤེས་ནས་གཉིད་ཀྱི་འོད་གསལ་འཛིན་པའི་གདམས་ངག་གིས་ཉམས་སུ་བླངས་ན་སྟོང་པ་བཞི་འཆར་སླ་བའི་གནད་ཡོད་པ་དང་། གཉིད་དུ་སོང་བའི་ཐུན་སྟོད་ཀྱི་སྐབས་རྨི་ལམ་མི་འཆར་བའི་དུས་སུ་གཉིད་ཀྱི་འོད་གསལ་འཛིན་དགོས་པར་འཇམ་མགོན་བླ་མ་ཙོང་ཁ་པས་གསུངས་སོ།།

གསུམ་པ་འཆི་བའི་དུས་སུ་ཆོས་སྐུ་དང་བསྲེ་བ་ནི། ད་ལྟ་སད་གཉིད་གཉིས་ཀྱི་དུས་སུ་བཤད་མ་ཐག་པ་ལྟར་གྱི་འོད་གསལ་གྱི་ཆོས་སྐུ་དང་བསྲེ་བ་ལ་བྱང་བའི་གང་ཟག་ཞིག་ཡིན་ན་འཆི་བའི་དུས་སུ་ས་ཆུ་ལ་ཐིམ་པ་སོགས་ཀྱི་རྟགས་དང་པོ་ཤར་བའི་དུས་སུ་སྙིང་གར་མི་ཤིགས་པའི་ཐིག་ལེ་སྒོམ་པ་དང༌། སྙིང་གའི་དྷཱུ་ཏཱིའི་དབུས་ན་རླུང་ལྡང་འཇུག་གནས་གསུམ་གྱི་རྡོ་རྗེའི་བཟླས་པ་བྱས་ན། སྔར་བསྒོམས་པས་གོམས་པ་དང་། གཞི་དུས་འཆི་བའི་དུས་སུ་སྙིང་གར་རླུང་རང་ཤུགས་ཀྱིས་འདུ་བའི་གནད་ཡོད་པའི་མཐུས་རྟགས་བཞི་དང་སྟོང་པ་བཞི་རིམ་པར་འཆར་ལ། གཞི་དུས་འཆི་བའི་ཚེ་སྟོང་པ་བཞི་རང་ཤུགས་ཀྱིས་འཆར་བའི་ཐམས་ཆད་སྟོང་པ་འཆི་བ་འོད་གསལ་ནི་མ་དང་། བསྒོམས་པའི་སྟོབས་ཀྱིས་འཆར་བའི་འོད་གསལ་དེ་བུ་ཡིན་ཞིང་། དེ་འདྲའི་བུའི་འོད་གསལ་དེ་འཆི་བའི་འོད་གསལ་གྱི་དབྱིངས་སུ་འདྲེས་པ་ལ་འོད་གསལ་མ་བུ་འདྲེས་པ་ཞེས་ཟེར་ཞིང་། དེ་འདྲའི་འོད་གསལ་མངོན་དུ་གྱུར་པ་དེ་ལ་འཆི་དུས་ཆོས་སྐུ་དང་བསྲེ་བ་ཡིན་ནོ།།

གཉིས་པ་ལམ་དུས་ཀྱི་ལོངས་སྐུ་དང་བསྲེ་བ་གསུམ་ནི། སད་དུས་དང་། རྨི་ལམ་དང་། འཆི་བར་བསྲེ་བ་གསུམ་ལས། དང་པོ་གཉིད་སད་དུས་ཀྱི་སྒྱུ་མའི་ལུས་ལོངས་སྐུ་དང་བསྲེ་བ་ནི། གོང་བཤད་ལྟར་གྱི་འོག་སྙིང་གདོང་གསུམ་གྱི་སྒོ་གསུམ་པོ་བསྒོམས་ཏེ་རླུང་དྷཱུ་ཏཱིར་ཞུགས་ཤིང་ཐིམ་ནས་སྣང་མཆེད་ཐོབ་གསུམ་འོད་གསལ་དང་བཞི་འཆར་བའི་བར་གྱི་ཏིང་ངེ་འཛིན་ལེགས་པར་བསྐྱེད་ནས་འོད་གསལ་ལ་ཇི་གནས་སུ་མཉམ་པར་འཇོག །རླུང་ཐིམ་པ་སླར་ལངས་པའི་མཐུས་འོད་གསལ་གྱི་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པ་ན་དང་པོའི་མགོན་པོ་གསང་བ་འདུས་པའི་སྐུར་ལྡང་བར་བྱའོ་སྙམ་པའི་འཕེན་པ་སྔོན་སོང་གིས་སྒྱུ་མའི་སྐུར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་དེར་ཀྲོང་ངེར་ལྡང་སྟེ། དེ་ལ་སེམས་ཅི་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ལ་བྱའོ།།

གཉིས་པ་གཉིད་ཀྱི་དུས་སུ་རྨི་ལམ་གྱི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། གོང་བཤད་གཉིད་ཀྱི་འོད་གསལ་ཆོས་སྐུ་ཤར་བའི་ཚེ་དེ་ལ་ཅི་ཙམ་གནས་པར་མཉམ་པར་འཇོག་པ་དང་། དེ་ནས་རླུང་ཐིམ་པ་སླར་ལངས་པའི་མཐུས་འོད་གསལ་གྱི་ཏིང་ངེ་འཛིན་དེ་ལས་ལྡང་བར་རྩོམ་པའི་སྒྱུ་མའི་སྐུར་ལྡང་བར་བྱའོ་སྙམ་པའི་བློ་ཡི་འཕེན་པ་སྔོན་སོང་གི་སྒོ་ནས་མཐར་རྨི་ལམ་གྱི་སྣང་བ་དེ་རྨི་ལམ་ཕལ་པ་གཞན་དུ་མ་ཤོར་བར་ཆུ་ལས་ཉ་ལྡང་བ་བཞིན་དུ་འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུ་དེར་ཀྲོང་ངེར་ལྡང་ཞིང་། སྒྱུ་མའི་སྐུ་དེ་ལ་སེམས་ཅི་ཙམ་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ལ་བྱའོ།།

གསུམ་པ་འཆི་བའི་དུས་སུ་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ནི། འདི་ནི་འཆི་བ་དངོས་ལ་བསྲེ་བ་མིན་པར་འཆི་དུས་སུ་འཆི་བའི་འོད་གསལ་མངོན་དུ་ཤར་བའི་མཐར་འཆི་བ་ལས་བར་དོ་དངོས་སུ་འཆར་བ་ལ་བསྲེ་བའམ་བར་དོ་དང་རྗེས་སུ་མཐུན་པའི་སྒྱུ་ལུས་ལོངས་སྐུ་དང་བསྲེ་བ་ལ་བྱེད་ཅིང་། གོང་བཤད་ལྟར་སྒོ་གསུམ་གྱིས་རླུང་དབུ་མར་ཐིམ་པ་སོགས་ནས་འོད་གསལ་འཆར་བའི་བར་ཉམས་སུ་བླངས་ཤིང་འཆི་བའི་དུས་སུ་འཆི་བའི་མ་ཡི་འོད་གསལ་དང་། བསྒོམས་སྟོབས་ཀྱིས་གསལ་བའི་བུའི་འོད་གསལ་གཉིས་གཅིག་ཏུ་འདྲེས་པའི་འོད་གསལ་མ་བུ་བསྲེས་ཏེ་འོད་གསལ་ལ་ཅི་གནས་སུ་མཉམ་པར་འཇོག་ཅིང་། མཐར་རླུང་ཐིམ་པ་ལས་ལངས་ཏེ་འཆི་བ་འོད་གསལ་ལས་བར་དོ་འབྱུང་བར་རྩོམ་པ་ན་སྔར་ལྟར་དང་པོའི་མགོན་པོ་ཡབ་ཡུམ་གྱི་སྐུར་ལྡང་བར་བྱའོ་སྙམ་པའི་བློའི་འཕེན་པ་བཏང་ནས་དེའི་མཐར་འོད་གསལ་གྱི་ཏིང་ངེ་འཛིན་དེ་ལས་ལྡང་བ་ན་བར་དོ་ཐ་མལ་པའི་ལུས་སུ་མི་ལྡང་བར་ཆུ་ལས་ཉ་ལྡང་བའི་ཚུལ་དུ་འོད་གསལ་གྱི་ངང་ནས་སྒྱུ་མའི་སྐུར་ཀྲོང་གིས་ལྡང་ཞིང་། དེ་ལ་སེམས་བཟུང་ཅི་གནས་ཀྱི་བར་དུ་མཉམ་པར་འཇོག་པ་ལ་བྱའོ།།

འདི་ལ་བར་དོའི་ལུས་དེ་སྒྱུ་མའི་ལོངས་སྐུར་སྒོམ་པ་ཙམ་མིན་པར་སེམས་ཅན་རང་ག་བ་གཞན་ལ་བར་དོ་དངོས་སུ་གྲུབ་པའི་དོད་དུ་རྣལ་འབྱོར་བ་རང་གི་ལུས་དེ་དོན་དངོས་སྟེང་ནས་སྒྱུ་མའི་སྐུར་དངོས་སུ་སྐྱེས་པ་ཞིག་ཡོད་ལ། དེ་ནི་བར་དོར་སྒྱུ་ལུས་མཆོག་གྲུབ་པ་ཡིན་ལ། དེ་ལྟར་མི་ནུས་པར་རང་ཉིད་དོན་ལ་བར་དོ་རང་ཁ་བའི་ལུས་བླངས་པ་ཡིན་ན་ཡང་། ཡིད་ཀྱི་ངོར་བར་དོའི་ལུས་ཐ་མལ་པའི་སྣང་བ་དེ་རེ་ཞིག་མི་འཆར་བར་དང་པོའི་མགོན་པོ་ཡབ་ཡུམ་གྱི་ལྷ་སྐུ་རུ་ཤར་བ་ཞིག་སྟེ་བར་དོའི་ལོངས་སྐུའི་བསྲེ་བ་བྱུང་བ་ལ་གཉིས་ཡོད་དོ།།

གསུམ་པ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། ཡང་སད་དུས་དང་། རྨི་ལམ་དང་། འཆི་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་གསུམ་ལས། དང་པོ་གཉིད་སད་པའི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། གོང་དུ་བཤད་པ་ལྟར་བསྒོམས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པ་ནས་གཉིད་སད་དུས་ཀྱི་འོད་གསལ་གྱི་ངང་ནས་རྣལ་འབྱོར་བ་རང་གི་རྣམ་སྨིན་གྱི་ལུས་དེ་ལས་ལོགས་སུ་ཕྱེ་བའི་སྒྱུ་མའི་སྐུར་ལྡང་། དེ་འདྲའི་སྒྱུ་མའི་ཏིང་ངེ་འཛིན་བསྒོམས་པའི་མཐར་སྒྱུ་ལུས་དེ་རྣམ་སྨིན་གྱི་ཕུང་པོ་ཉིད་ལ་སླར་ཞུགས་ཏེ། རྣམ་སྨིན་གྱི་ཕུང་པོ་དེ་ཉིད་རྡོ་རྗེ་སེམས་དཔའ་མི་བསྐྱོད་པར་གསལ་བའི་ཐུགས་ཀར་སྒྱུ་ལུས་དེ་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་ལ་བྱའོ།།

དེ་ནི་འབྲས་བུའི་ལོངས་སྐུ་དེ་མ་དག་པའི་སེམས་ཅན་ཐ་མལ་བའི་མིག་གིས་མི་མཐོང་བས། ཡུམ་སྒྱུ་འཕྲུལ་ལྷ་མོ་ལྟ་བུའི་མངལ་དུ་ལུས་རགས་པའི་སྐྱེ་བ་བཟུང་སྟེ་སྤྲུལ་སྐུའི་རྣམ་པར་བྱོན་ན་ནི་དེ་ཉིད་སེམས་ཅན་མ་དག་པ་རྣམས་ཀྱིས་ཀྱང་མཐོང་ནུས་པ་དང་འདྲ་བར། ལམ་དུས་ཀྱི་སྒྱུ་མའི་ལུས་ཀྱི་ལོངས་སྐུ་དེ་སེམས་ཅན་རང་ག་བ་གཞན་གྱི་མིག་གིས་མཐོང་མི་ནུས་པས། དེ་ལུས་རགས་པ་ལ་ཞུགས་པ་ན། རགས་ལུས་དེས་བཟུང་བའི་སྒྱུ་ལུས་མི་བསྐྱོད་པར་སྣང་བའི་རགས་པའི་ལུས་དེ་ཤའི་མིག་གི་ཡུལ་དུ་གྱུར་པ་ཡིན་པས་ན་དེ་ལ་སྤྲུལ་སྐུ་ཞེས་པའི་ཐ་བརྗོད་པའམ། གཞན་ཡང་སྒྱུ་མའི་ལོངས་སྐུ་དེ་རགས་པའི་སྐུ་སེམས་ཅན་གཞན་གྱི་ཤའི་མིག་གིས་མཐོང་བའི་ཡུལ་དུ་སྤྲུལ་པ་ཡིན་པས་ན་སྤྲུལ་སྐུ་ཞེས་ཐ་སྙད་བྱས་པར་ཡིན་པར་གསུངས་སོ།།

གཉིས་པ་རྨི་ལམ་གྱི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། གོང་བཤད་ལྟར་གཉིད་ཀྱི་འོད་གསལ་གྱི་ངང་ནས་ལོངས་སྐུ་སྒྱུ་མའི་སྐུར་ལངས་ཏེ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམས་པའི་མཐར། རྣམ་སྨིན་གྱི་ལུས་རགས་པ་ལས་ལོགས་སུ་ཕྱེས་པའི་སྒྱུ་མའི་སྐུ་དེ་སླར་རྣམ་སྨིན་གྱི་ལུས་ལ་ཞུགས་ནས་སྙིང་གར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་གནས་པ་ལ་བྱ་ཞིང༌། ལམ་དུས་ཀྱི་ལོངས་སྐུ་སྒྱུ་མའི་སྐུ་དེ་རགས་པའི་སྐུ་རུ་སྤྲུལ་པས་ན་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་ཞིང་གོ་དོན་སྔོན་མ་དང་འདྲའོ།།

རྨི་ལམ་གྱི་བསྲེ་བ་ཐམས་ཅད་དུ་གོང་དུ་སྨོས་པ་ལྟར་གཉིད་དུ་སོང་ནས་རྨི་ལམ་འཆར་བ་དང་མི་འཆར་བའི་དུས་གཉིས་ཡོད་པ་ལས་རྨི་ལམ་འཆར་བའི་དུས་སུ་སྤྲུལ་སྐུ་དང་བསྲེ་བ་དང་ལོངས་སྐུ་དང་བསྲེ་བ་ཡིན་པའི་ཚུལ་ནི་ཤེས་གལ་ཆེའོ།།

གསུམ་པ་འཆི་དུས་སུ་ལམ་དུས་ཀྱི་སྤྲུལ་སྐུ་དང་བསྲེ་བ་ནི། འཆི་བའི་འོད་གསལ་གྱི་མཐར་སྤྲུལ་སྐུ་དང་བསྲེ་བའི་ཚུལ་ནི། དེ་ཡང་སྔར་བཞིན་བསྒོམས་ནས་འཆི་བའི་འོད་གསལ་གྱི་དུས་སུ་འོད་གསལ་མ་བུ་འདྲེས་པར་བྱས་ཏེ་འོད་གསལ་དེའི་ངང་ནས་མཐར་རྣམ་སྨིན་གྱི་ལུས་རགས་པ་ལས་ལོགས་སུ་ལོངས་སྐུ་སྒྱུ་མའི་སྐུར་ལངས་ནས། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བསྒོམ། དེའི་རྗེས་སུ་རྣལ་འབྱོར་བ་རང་གང་དུ་སྐྱེ་འདོད་པའི་སྐྱེ་གནས་ཁྱད་པར་ཅན་དུ་སྐྱེ་བ་ལེན་པའི་འཕེན་པ་སྔོན་ནས་བཏང་ནས། སྟོང་པ་བཞི་སྔར་གོམས་པའི་ལམ་དང་བསྲེས་ཏེ་གང་སྐྱེ་བ་ལེན་པའི་ལུས་དེ་ལོངས་སྐུ་དང་པོའི་མགོན་པོའམ་རྡོ་རྗེ་འཆང་གི་སྐུར་བསྒོམ། དེའི་སྙིང་གའི་དབུས་སུ་སྔ་ལོགས་སུ་ལྡང་བའི་ཤིན་ཏུ་ཕྲ་བའི་རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་སྐུ་དེ་བཞུགས་པར་བསྒོམ་ནས་སྐྱེ་གནས་གང་དུ་སྐྱེ་བ་ལེན་པ་ལ་སྤྲུལ་སྐུ་དང་བསྲེ་བ་ཞེས་བྱ་ཞིང་། དེའི་གོ་དོན་ཡང་སྔར་བཤད་པའི་དོན་ལྟར་རོ།།

རྡོར་བཟླས་དང་སེམས་དབེན་སོགས་ཀྱིས་རླུང་དྷཱུ་ཏཱིར་ཐིམ་པའི་ནུས་པ་ཐོབ་ནས་དེ་ལྟར་བསྲེ་བ་ནི་ཤིན་ཏུ་ལེགས་ཤིང་། གལ་ཏེ་དེ་ལྟར་མ་ཐོབ་ནའང་ད་ལྟའི་དུས་སུ་འཆི་བའི་ཚེ་སྨིག་རྒྱུ་སོགས་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ཡིད་ལ་དྲན་པར་བྱ་བ་དང་། འཆི་བ་འོད་གསལ་གྱི་མཐར་བར་དོའི་དུས་སུ་བར་དོ་ལོངས་སྐུར་ལྡང་བའི་མན་ངག་ཀྱང་ཡང་དང་ཡང་དུ་གོམས་པར་བྱས་ན་མཐར་འཆི་བ་དངོས་སུ་སླེབས་པའི་དུས་ཀྱི་ཚེ་ན་རྟགས་བཞི་དང་སྟོང་པ་བཞི་འཆར་བ་རྣམས་ངོས་ཟིན་པ་དང༌། བར་དོའི་དུས་སུ་བར་དོ་ངོས་ཟིན་པ་ལ་ཁྱད་པར་ཤིན་ཏུ་ཆེན་པོ་ཡོད་པར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གསུངས་སོ།།

འོད་གསལ་བཤད་པ།

རིམ་ལྔའི་རིམ་པ་བཞི་བ་དོན་གྱི་འོད་གསལ་ཞེས་པ་ནི། དོན་གྱི་འོད་གསལ་མངོན་ཏུ་གྱུར་པའི་ཐབས་ཉེ་རྒྱུ་རིག་མ་བསྟེན་པ་ནས་བཟུང་སྟེ་དེ་ཁོ་ཉིད་ཀྱི་ཆོས་ཉིད་མངོན་གསུམ་དུ་རྟོགས་ཤིང་ཟུང་འཇུག་མ་ཐོབ་ཀྱི་བར་ཀྱི་རྫོགས་རིམ་གྱི་རྣལ་འབྱོར་དེ་ནི་རིམ་པ་བཞི་བའི་འོད་གསལ་ཞེས་བྱ་བ་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་་ལས། འོད་གསལ་བ་ནི་བསམ་གཏན་ཟག་པ་མེད། །རྡུལ་མེད་ས་བོན་མེད་པས་མི་གཡོ་བ། །ལྷན་ཅིག་གནས་པ་ཆོས་སྐུའི་སྙིང་པོ་ནི། །ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད། །ཅེས་གསུངས་པའི་ཕྱིར་རོ།།

དོན་གྱི་འོད་གསལ་ནི་ཡུལ་ཅན་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཡུལ་དོན་དམ་བདེན་པ་འོད་གསལ་རྟོགས་པ་མངོན་དུ་གྱུར་པའི་སྒོ་ནས་ཀུན་རྫོབ་ཀྱི་སྤྲོས་པ་མ་ལུས་པ་དབྱིངས་སུ་ནུབ་པའི་ཡེ་ཤེས་ཡིན་ཕྱིར་དོན་གྱི་འོད་གསལ་ཞེས་བྱ་ཞིང་། དེ་ནི་དོན་གྱི་འོད་གསལ་གྱི་སྒྲ་བཤད་དམ་ངེས་ཚིག་ཡིན་པར་གསུངས་སོ།།

རིམ་པ་བཞི་བའི་འོད་གསལ་ཐོབ་པ་ལ་སྒྱུ་ལུས་སྔོན་དུ་འགྲོ་དགོས་ལ། རྒྱུ་མཚན་ནི། སྟོང་ཉིད་མངོན་གསུམ་དུ་རྟོགས་པ་དང་ཉོན་སྒྲིབ་སྤོང་བའི་ཆེད་དུ་སྒྱུ་ལུས་སྔོན་དུ་འགྲོ་དགོས་པ་མ་ཡིན་ཏེ། ཉན་རང་དགྲ་བཅོམ་པས་སྟོང་ཉིད་མངོན་གསུམ་དུ་རྟོགས་ཤིང་ཉོན་སྒྲིབ་སྤོང་མོད་དེ་སྔོན་དུ་འགྲོ་མི་དགོས་པའི་ཕྱིར་དང་། ཤེས་སྒྲིབ་རགས་པ་སྤོང་ཆེད་དུ་སྒྱུ་ལུས་སྔོན་དུ་འགྲོ་དགོས་པའང་མ་ཡིན་ཏེ། ཕར་ཕྱིན་ཐེག་པ་ནས་བྱང་འཕགས་ཀྱིས་ཀྱང་ཤེས་སྒྲིབ་རགས་པ་སྤོང་མོད་དེ་སྔོན་དུ་འགྲོ་དགོས་པའང་མ་ཡིན་པའི་ཕྱིར་རོ།།

འོ་ན་ཅི་ཞེ་ན། རིམ་པ་བཞི་བའི་འོད་གསལ་དེ་ཤེས་སྒྲིབ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་འགྱུར་པའི་ཕྱིར་དུ་སྒྱུ་ལུས་སྔོན་དུ་འགྲོ་དགོས་པ་ཡིན་ཏེ། རིམ་པ་གསུམ་པའི་སྒྱུ་ལུས་དེ་ཐེག་པ་གཞན་གྱི་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་ཀྱི་དོད་ཡིན་ཞིང་། འབྲས་བུ་སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་དུས་མཉམ་ངོ་བོ་དབྱེར་མེད་དུ་བྱེད་ནུས་པའི་ཕྱིར། གྲུབ་སྟེ། རིམ་པ་གསུམ་པའི་སྒྱུ་ལུས་འོད་གསལ་དུ་བཅུག་པའི་ཚེ་ཤིན་ཏུ་ཕྲ་བའི་རླུང་དེ་ཟག་མེད་ཀྱི་རླུང་དུ་གྱུར་ཏེ་གཟུགས་སྐུའི་ཉེར་ལེན་དང་། རླུང་དེ་དང་ངོ་བོ་གཅིག་པའི་སེམས་དེ་ཟག་མེད་ཀྱི་སེམས་སམ་ཡེ་ཤེས་སུ་གྱུར་ནས་ཆོས་སྐུའི་ཉེར་ལེན་བྱེད་པ་ཡིན་པའི་ཕྱིར། དེ་ཡང་སྒྱུ་ལུས་ཐོབ་ནས་མཉམ་བཞག་ཆིག་སྒྲིལ་དུ་བསྐྱངས་པས་བསོད་ནམས་ཀྱི་ཚོགས་ཀྱི་དོད་དུ་ཆོག་པ་ལས་དམིགས་བཅས་ཀྱི་བསོད་ནམས་གཞན་གསོག་དགོས་པ་མ་ཡིན་པར་གསུངས་སོ།།

རིམ་པ་བཞི་བའི་འོད་གསལ་མངོན་དུ་བྱེད་དུས་ནི། ཐོ་རེངས་ཀྱི་དུས་སུ་མངོན་དུ་བྱེད་པ་ཡིན་ཕྱིར། ཕྱིའི་ཟླ་ཉི་སྲོད་སྨག་གསུམ་སྟེ་ནམ་མཁའ་སླད་བྱེད་ཀྱི་སྐྱོན་གསུམ་ལས་འདས་པའི་ཐོ་རེངས་ཀྱི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ཕྱིའི་མངོན་བྱང་དང་། ནང་ཤེས་པ་སླད་བྱེད་ཀྱི་སྐྱོན་དཀར་དམར་ནག་གསུམ་སྟེ་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་ལས་འདས་པའི་དུས་སུ་མངོན་དུ་བྱས་པའི་ལྡོག་ཆ་ནས་ནང་གི་མངོན་བྱང་དུ་བཞག་པ་ཡིན་ཞིང་། རིམ་པ་བཞི་བའི་འོད་གསལ་ཡིན་ན་ཕྱི་ནང་གི་མངོན་བྱང་གཉིས་ཀ་ཡིན་པས་ཁྱབ་པ་ཡིན་ནོ།།

ནམ་སྲོད་ནས་སྨག་ནག་པོ་མ་སངས་ཀྱི་བར་དུ་སྨག་འཐུག་པོས་ཁྱབ་པ་དང་། ཐུན་མཚམས་ཀྱི་སྨག་ནག་པོ་སངས་ནས་ཐོ་རངས་ཀྱི་བར་དུ་ཟླ་འོད་ཀྱིས་ཁྱབ་པ་དང་། ཟླ་འོད་ཡལ་ཡང་ཐོ་རེངས་ཀྱི་དུས་ནས་ཉི་འོད་ཀྱིས་མ་ཁྱབ་པའི་བར་གྱི་སྣང་བ་ནི་ནམ་མཁའ་སློད་བྱེད་ཀྱི་སྐྱོན་གསུམ་མམ་རྐྱེན་གསུམ་ཡིན་ཏེ། དེ་དག་ནི་ཐོ་རེངས་ནམ་མཁའི་རང་མདོག་ཇི་བཞིན་མི་ཐོན་པའི་རྒྱུ་གསུམ་ཡིན་པའི་ཕྱིར། དེས་ན་དེ་གསུམ་སྐྱོན་གསུམ་དང་། ཉིན་མོ་ཉི་འོད་ཀྱིས་ཁྱབ་པའི་ནམ་མཁའ་དེ་ནི་ནམ་མཁའ་གཡའ་དག་པ་ཞེས་པ་སྟེ་དེ་བཞི་ལ་རྟགས་བཞི་ཞེས་ཟེར་རོ།།

དེ་ཡང་སྒྱུ་ལུས་ནས་དོན་གྱི་འོད་གསལ་དུ་འཕོ་ཚུལ་ནི། མ་དག་པའི་སྒྱུ་ལུས་པ་དེས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་པོ་གང་རུང་ཟླ་བ་དྲུག་ལ་སོགས་པར་སྤྱད་པས་དོན་གྱི་འོད་གསལ་ཐོབ་ཏུ་ཉེ་བའི་མཚན་མ་བྱུང་བ་ན་ཕྱག་རྒྱ་དང་སྙོམས་པར་འཇུག་བཞིན་པས་སྒྱུ་ལུས་དེ་ཉིད་འོད་གསལ་དུ་བཅུག་པ་སྟེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྒྱུ་མའི་ལུས་ཙམ་ལ་བརྟེན་ལ། །རིལ་པོར་འཛིན་དང་རྗེས་ཞིག་གིས། །དངོས་པོ་ཐམས་ཅད་བཅོམ་ནས་ནི། །དེ་ནས་དག་པའི་ངང་དུ་གནས། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས། ཁམས་གསུམ་བརྟན་གཡོ་བདག་ཉིད་བཅས། །རིལ་འཛིན་རྗེས་གཞིག་ཏིང་འཛིན་གྱིས། །ཐམས་ཅད་འོད་གསལ་གནས་འཇུག་པ། །ཡེ་ཤེས་ཟུང་འཇུག་ཐོབ་འགྱུར་བའོ། །ཞེས་གསུངས་པ་ལྟར། ཐོག་མར་རང་གི་ལུས་ངག་ཡིད་གསུམ་དང་སེམས་ཅན་གྱི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་མོས་ཤིང་། དེ་ནས་ལུས་ངག་ཡིད་གསུམ་ལས་ལུས་རྣམ་སྣང་སྐུ་དང་། ངག་འོད་དཔག་མེད་གསུང་དང་། ཡིད་མི་བསྐྱོད་པ་ཐུགས་གསུམ་གྱི་རང་བཞིན་དུ་བསྒོམ་པ་ནི་དམ་ཚིག་སེམས་དཔའ་དང་། དེ་ནས་དེ་གསུམ་གྱི་ཐུགས་ཀར་ཡི་གེ་ཨོཾ་ཨཱཿ ཧཱུཾ་གསུམ་བསྒོམ་པ་ནི་ཡེ་ཤེས་སེམས་དཔའ་དང་། ཡི་གེ་དེ་གསུམ་གྱི་ཐིག་ལེའི་ནང་དུ་རང་སེམས་ཨ་ཐུང་གི་རྣམ་པ་འཇོག་པའམ་བསྒོམ་པ་ནི་རང་སེམས་ཐིག་ལེར་འཇོག་པའི་ཏིང་ངེ་འཛིན་སེམས་དཔའ་སྟེ་དེ་ལྟར་སེམས་དཔའ་སུམ་བརྩེགས་བསྒོམ་མོ།།

དེ་ནས་རིལ་འཛིན་གྱི་བསམ་གཏན་ནི། དེ་ལྟར་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་གསུམ་གྱི་རྡོ་རྗེ་གསུམ་དུ་བསྒོམས་པའི་རང་གི་ཐུགས་ཀའི་ས་བོན་གང་ཡིན་པའམ་ཡང་ན་ཨ་ཐུང་ལས་འོད་ཟེར་འཕྲོས་ཏེ་རང་དམ་ཚིག་སེམས་དཔའ་གསལ་བ་ལ་ཐིམ། དམ་ཚིག་སེམས་དཔའ་དེའི་མགོ་བོ་ནས་ཡས་རིམ་དང་། རྐང་མཐིལ་ནས་མས་རིམ་གྱིས་བསྡུས་ཏེ་སྙིང་གའི་ཡི་གེ་ཨོཾ་ཨཱཿ ཧཱུཾ་གསུམ་གྱི་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་དཔའ་དེ་ཏིང་ངེ་འཛིན་སེམས་དཔའ་ཨ་ཐུང་ལ་ཐིམ། དེ་ཉིད་ཚུར་འོད་གསལ་ལ་བསྡུས་ཏེ་འོད་གསལ་ལམ་སྟོང་པ་ཉིད་ལ་སེམས་དམིགས་པ་མེད་པར་གཡོ་མེད་དུ་འཇོག་པའི་བསྡུ་རིམ་ནི་རིལ་འཛིན་གྱི་བསྡུ་རིམ་ཡིན་ཏེ། དེ་ལ་རིལ་འཛིན་ནི་རང་གི་མགོ་ནས་མར་སྡུད་ཅིང༌། རྐང་པ་ནས་ཡར་སྡུད་པའི་མཐའ་གཉིས་ཀ་སྙིང་གར་བསྡུས་ནས་རིམ་པ་བཞི་བའི་འོད་གསལ་ལམ་ཡང་དག་པའི་མཐའི་འོད་གསལ་དུ་འཇུག་པ་དཔེར་ན་མེ་ལོང་ལ་ཧས་བཏབ་ན་ཁ་རླངས་དེ་མཐའ་ཀུན་ནས་མེ་ལོང་གི་དབུས་སུ་སྡུད་འགྲོ་བ་ལྟར། རང་གི་ལུས་ཀྱི་སྟེང་འོག་དང་རྒྱབ་མདུན་དང་གཡས་གཡོན་ཀུན་ནས་སྙིང་གའི་དབུས་སུ་སྡུད་པ་ཞིག་ཏུ་གོ་དགོས་པའི་ཕྱིར་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། མགོ་བོ་ནས་ནི་རྐང་པའི་བར། །ཇི་སྲིད་སྙིང་གར་ཕྱིན་པའི་བར། །རྣལ་འབྱོར་ཡང་དག་མཐའ་ལ་འཇུག །རིལ་པོར་འཛིན་པ་ཞེས་བཤད་དོ། །ཞེས་དང་། དབུགས་ཀྱི་རླུང་ནི་མེ་ལོང་ལ། །ཇི་ལྟར་ཀུན་དུ་ཐིམ་གྱུར་པ། །དེ་བཞིན་རྣལ་འབྱོར་ཡང་དག་མཐར། །ཡང་དང་ཡང་དུ་འཇུག་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ།།

དེ་ཡང་རིལ་བོ་ནི་རང་གི་ལུས་དང་། འཛིན་པ་ནི་ལུས་དེ་སྟོང་པ་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སྟོང་པ་ཉིད་ཀྱི་ངོ་བོར་འཛིན་པའི་དོན་དུ་བཤད་པས་གོ་དོན་དེ་ལྟར་བཟུང་ངོ་།།

ཁ་ཅིག་སྒྱུ་ལུས་པ་དེས་བསྒོམས་པའི་གསང་བ་འདུས་པའི་ཕྱིའི་དཀྱིལ་འཁོར་དེ་གཞལ་ཡས་ཁང་ལྷ་ལ་ཐིམ། ལྷ་ཚོགས་རང་ལ་ཐིམ། རང་ཡེ་ཤེས་སེམས་དཔའ་ལ་ཐིམ། ཡེ་ཤེས་སེམས་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་འོད་གསལ་དུ་བསྡུ་བ་ནི་རིལ་འཛིན་ཡིན་ཟེར་བ་མི་འཐད་དེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ལས། སྔོན་དུ་སྣོད་བཅུད་སྡུད་པ་མེད་པར་སེམས་དཔའ་གསུམ་གྱི་སྡུད་རིམ་ཙམ་བྱེད་པ་ནི་རིལ་འཛིན་ནོ། །ཞེས་རིལ་འཛིན་དེ་ལ་དང་པོ་སྣོད་བཅུད་ཀྱི་བསྡུ་རིམ་དེ་མེད་པར་གསུངས་པས་སོ།།

སྒྱུ་ལུས་པ་དེ་ཉིད་ཀྱིས་ཐོག་མ་རང་གི་ལུས་ངག་ཡིད་གསུམ་སེམས་དཔའ་སུམ་བརྩེགས་སུ་བསྒོམ་པ་མ་ཟད་གསང་བ་འདུས་པའི་ལྷ་སོ་གཉིས་ལྟ་བུའི་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་ཡོད་མོད། སྒྱུ་ལུས་པ་དེས་འོད་གསལ་མངོན་དུ་བྱེད་དུས་དེ་ལྟར་སེམས་དཔའ་སུམ་བརྩེགས་ཙམ་ལས་དཀྱིལ་འཁོར་ཡོངས་རྫོགས་བསྒོམ་པ་མེད་པ་ཡིན་ནམ་ཡང་དཔྱད་དོ།།

གཉིས་པ་རྗེས་གཞིག་གི་བསམ་གཏན་ནི། གོང་ལྟར་སེམས་དཔའ་སུམ་བརྩེགས་བསྒོམས་པ་དེ་ཡི་ངང་ནས་རང་གི་སྙིང་གའི་ས་བོན་ནམ་ཨ་ཐུང་གང་རུང་ལས་འོད་ཟེར་འཕྲོས་ཏེ་ཐོག་མར་རང་མ་གཏོགས་པའི་སྣོད་ཐམས་ཅད་གཞལ་ཡས་ཁང་ལ་ཐིམ་པ་དང་། བཅུད་ཐམས་ཅད་ལྷ་དང་ལྷ་མོའི་ཚོགས་ལ་ཐིམ། གཞལ་ཡས་ཁང་ལྷ་ལ་ཐིམ། ལྷ་ཚོགས་མི་བསྐྱོད་པ་ལ་ཐིམ། དེ་ཧཱུཾ་ལ་ཐིམ་པ་ནས་ན་དཱའི་བར་དུ་ཐིམ་ནས་འོད་ཟེར་རང་ལ་ཕོག་སྟེ་རང་གིས་བསྒོམས་པའི་དམ་ཚིག་སེམས་དཔའ་ལ་ཐིམ། དེ་ཞུ་ནས་ཡེ་ཤེས་སེམས་དཔའ་ལ་ཐིམ། དེ་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ། དེ་འོད་གསལ་སྟོང་ཉིད་དུ་བསྡུ་བ་སྟེ། དང་པོ་སྣོད་བཅུད་འོད་གསལ་དུ་བསྡུས་ཤིང་། དེ་རྗེས་སུ་རང་ཉིད་འོད་གསལ་དུ་བསྡུ་བ་ནི་རྗེས་གཞུག་གི་བསམ་གཏན་སྟེ། དཔེར་ན་ལྟེང་ཀའི་ཆུ་ལ་ཁ་བའི་གོང་བུ་ཆགས་པ་རིམ་གྱིས་ཞུ་བ་ལྟ་བུ་ཞིག་ཏུ་བཤད་དེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། རྒྱུ་བ་དང་ནི་མི་རྒྱུ་ཉིད། །དང་པོ་འོད་གསལ་བར་བྱ་སྟེ། །ཕྱི་ནས་དེ་བཞིན་བདག་ཉིད་བྱེད། །རྗེས་སུ་གཞག་པའི་རིམ་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་བསམ་གཏན་གཉིས་པོ་དེའི་ཁྱད་པར་ནི། རྗེ་ཙོང་ཁ་པའི་སྒྲོན་གསལ་དཀའ་གནས་མཐའ་གཅོད་རིན་པོ་ཆེའི་མྱུ་གུ་ལས། རང་གི་ཕུང་པོར་རིམ་གྱིས་འཇིག་པ་གཉིས་ཀ་ལ་ཡོད་ཀྱང༌། སྔོན་དུ་སྣོད་བཅུད་གཞན་བསྡུས་པ་ཡོད་མེད་ཀྱི་ཁྱད་པར་ཙམ་མོ། །ཞེས་དང་། ཡང་རྗེ་ཙོང་ཁ་པའི་མངོན་པར་བྱང་ཆུབ་པའི་རིམ་པའི་བཤད་པ་ལས། རྗེས་གཞིག་ནི། མི་རྒྱུ་བ་དང་ཞེས་པ་བཞི་སྟེ། ཐོག་མར་སྣོད་བཅུད་གཞན་འོད་གསལ་དུ་བསྡུས་པའི་རྗེས་སུ་རང་འོད་གསལ་དུ་འཇུག་པའོ། །ཞེས་གསུངས་པ་ལྟར་དང་པོ་སྣོད་བཅུད་བསྡུ་བ་མེད་པར་རང་ཉིད་འོད་གསལ་དུ་བསྡུ་བ་ནི་རིལ་འཛིན་དང་། དང་པོར་སྣོད་བཅུད་འོད་གསལ་དུ་བསྡུས་པ་དེའི་རྗེས་སུ་རང་ཉིད་འོད་གསལ་དུ་སྡུད་པ་ནི་རྗེས་གཞིག་གི་བསམ་གཏན་དུ་བཟུང་ངོ་།།

དེ་འདྲའི་རང་གཞན་གྱི་ལུས་ངག་ཡིད་གསུམ་སྐུ་གསུང་ཐུགས་གསུམ་གྱི་རྡོ་རྗེ་གསུམ་དུ་བསྒོམས་པ་བསྡུ་རིམ་བསམ་གཏན་རྣམ་པ་གཉིས་ཀྱིས་སྡུད་པའི་གནས་མཐར་ཐུག་སྙིང་ལ་སྡུད་པར་བྱས་ཏེ་སྟོང་ཉིད་ལ་མཉམ་པར་བཞག་པའི་སྒོམ་པ་ཡང་ཡང་བསྐྱངས་པས། བློ་ཇེ་གསལ་ཇེ་གསལ་དུ་སོང་སྟེ་བསྡུ་རིམ་གྱི་ཏིང་ངེ་འཛིན་དེ་གཉིས་ལ་བརྟེན་ནས་རང་གི་སེམས་འགོག་པའི་རྡོ་རྗེ་འོད་གསལ་དུ་འཇུག་པའི་རྟགས་སུ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། དང་པོ་ས་ནི་ཆུ་ལ་ཐིམ། །ཆུ་ཡང་མེ་ལ་ཐིམ་འགྱུར་ཏེ། །མེ་ནི་རླུང་ལ་ཐིམ་གྱུར་ནས། །རླུང་ཡང་རྣམ་པར་ཤེས་ལ་ཐིམ། །རྣམ་ཤེས་བཟུང་བ་དེ་ཉིད་ནི། །འོད་གསལ་བར་ཡང་འཇུག་པར་འགྱུར། །དང་པོ་སྒྱུ་མ་ལྟ་བུ་ལ། །དང་པོ་སྨིག་རྒྱུ་དེ་ཉིད་ཀྱང་། །འོད་ཟེར་ལྔ་དང་ལྡན་པར་མཐོང་། །གཉིས་པར་ཟླ་བ་ལྟ་བུ་དང་། །གསུམ་པར་ཉི་མ་ལྟ་བུ་དང་། །བཞི་པར་མུན་པ་ལྟ་བུ་ལ། །ལྔ་པ་སྤྲིན་མེད་ནམ་མཁའ་ལས། །མི་རྟོག་མཐའ་དབུས་མེད་པར་འཆར། །ཞེས་གསུངས་པ་ལྟར། ས་ཆུ་ལ་ཐིམ་པའི་རྟགས་སུ་སྨིག་རྒྱུ་ལྟ་བུའི་སྣང་བ་དང་། དེ་ནས་ཆུ་མེ་ལ་ཐིམ་པའི་རྟགས་སུ་དུ་བ་ལྟ་བུའི་རྟགས་དང་། མེ་རླུང་ལ་ཐིམ་པའི་རྟགས་སུ་མེ་ཁྱེར་ལྟ་བུའི་སྣང་བ་དང་། རླུང་སྣང་མཆེད་ཐོབ་གསུམ་གྱི་རྣམ་ཤེས་གསུམ་གྱི་དང་པོ་སྣང་བ་ལ་ཐིམ་པའི་རྟགས་སུ་མར་མེ་འབར་བ་ལྟ་བུའི་འོད་གསལ་རྟགས་བཞི་བྱུང་ཞིང་། དེ་ནས་སྣང་མཆེད་ཐོབ་གསུམ་སྔ་མ་སྔ་མ་ཕྱི་མ་ཕྱི་མར་ཐིམ་ནས་སྣང་བ་དཀར་དམར་ནག་གསུམ་འཆར་ནས་ཉེར་ཐོབ་འོད་གསལ་དུ་ཐིམ་པ་དང་དུས་མཉམ་དུ་འོད་གསལ་གྱི་སྣང་བ་འཆར་ཏེ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རིམ་པ་བཞི་བའི་འོད་གསལ་མངོན་དུ་གྱུར་ཏེ། སྟོང་ཉིད་དང་དེ་རྟོགས་ཀྱི་ཡེ་ཤེས་ཆུ་ལ་ཆུ་བཞག་ལྟར་སོང་ཞིང་། གསང་བ་འདུས་པའི་དཀྱིལ་འཁོར་སོགས་ལྷ་སྐུའི་རྣམ་པ་མ་དག་པའི་སྒྱུ་ལུས་དེ་ཕར་འགགས་པ་ནས་འོད་གསལ་སྟོང་པའི་ཡེ་ཤེས་སྐྱེ་བ་ནི་རིམ་པ་བཞི་བའི་དོན་གྱི་འོད་གསལ་སྐྱེས་པ་ཞེས་བྱ་ཞིང་། སྒྱུ་ལུས་ནས་དོན་གྱི་འོད་གསལ་དུ་འཕོས་པའི་དོན་ཡང་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོའི་རྒྱུད་ལས། ཐོགས་པ་མེད་པའི་ཡེ་ཤེས་ཀྱིས། །སྣང་བ་ཐམས་ཅད་ནུབ་བྱས་ནས། །རང་འོད་རིག་མ་དབྱིངས་ཀྱི་ངང་། །སྣང་བའི་ཡེ་ཤེས་ཁྱབ་པར་འགྱུར། །བདག་དང་གཞན་དུ་རྟོག་པ་ཡི། །རྣམ་རྟོག་དྲ་བ་བསལ་ནས་ནི། །བདག་མེད་དམིགས་པ་མེད་པ་རུ། །མཉམ་ཉིད་ཡེ་ཤེས་ཁྱབ་པར་བྱེད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

འདི་དུས་དམིགས་པ་སྙིང་གར་བསྡུ་བ་ལས་རླུང་བསྡུ་བར་མ་བཤད་ཀྱང་དོན་ལ་དེ་ལྟར་རིལ་འཛིན་དང་རྗེས་གཞིག་གིས་བསྡུ་རིམ་དེས་རླུང་ཡང་སྙིང་གར་བསྡུས་པས་རླུང་གི་སྡུད་རིམ་བླ་ན་མེད་པ་དེ་ལགས་ཕྱིར་རླུང་དང་བྱང་སེམས་སྙིང་གར་བསྡུས་ནས་འོད་གསལ་ལ་འཇུག་པར་བྱེད་པས་སྒྱུ་ལུས་པས་འོད་གསལ་དུ་འཇུག་པའི་ཐབས་བསམ་གཏན་གཉིས་བསྒོམ་དགོས་པར་གསུངས་པའི་དོན་ཡང་དེ་ལྟར་ཡིན་ཞིང་། ལས་རྒྱ་བསྟེན་པ་ཡང་རླུང་སེམས་ཐིག་ལེ་རྣམས་སྙིང་གར་བསྡུས་ནས་སྟོང་བཞི་བསྒོམ་པ་འོད་གསལ་དུ་འཇུག་པའི་ཐབས་སུ་གྱུར་པས་ན་དེའི་བྱེད་ལས་ཀྱང་བསྡུ་རིམ་གཉིས་དང་འདྲའོ།།

མ་དག་པའི་སྒྱུ་ལུས་དེ་ནི་མ་དག་པའི་སྒྱུ་ལུས་ཐོག་མར་གྲུབ་པ་ནས་བཟུང་དོན་གྱི་འོད་གསལ་མ་ཐོབ་བར་དུ་མཉམ་རྗེས་ཐམས་ཅད་ལ་རྒྱུན་མི་ཆད་པར་ཡོད་པ་ལ། དོན་གྱི་འོད་གསལ་ཐོབ་པ་ན་སྒྱུ་ལུས་དེ་ཐིམ་ནས་ཏེ་འགགས་ནས་རིགས་འདྲ་ཕྱི་མ་མི་འབྱུང་བར་རྒྱུན་ཆད་འགྲོ་བ་ཡིན་ཕྱིར་མ་དག་པའི་སྒྱུ་ལུས་དེ་མར་འགགས་པ་དང་རིམ་པ་བཞི་བའི་དོན་གྱི་འོད་གསལ་ཡར་སྐྱེས་པ་དུས་མཉམ་ཡིན་ནོ།།

དེས་ན་སྒྱུ་ལུས་ནི་སྟོང་ཉིད་རྟོགས་པའི་གཉུག་སེམས་བདེ་བ་ཆེན་པོའི་ཡེ་ཤེས་དང་། དེའི་བཞོན་པའི་གཉུག་རླུང་ལས་སྐབས་སྐབས་སུ་ལྡང་བའི་གཟུགས་ཀྱི་རྣམ་ཅན་གྱི་སྒྱུ་མའི་སྐུ་ཡིན་གྱི་སྒྱུ་ལུས་སྔ་མའི་རྫས་རྒྱུན་ལས་སྒྱུ་ལུས་ཕྱི་མ་སྐྱེ་བ་ནི་མ་ཡིན་པར་གསུངས་སོ།།

ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། འོད་གསལ་དོན་དམ་བདེན་པ་ཉིད། །མཉམ་ཉིད་ཡེ་ཤེས་རྟོགས་པས་ནི། །དབྱིངས་ཀྱི་ངང་དུ་རྟོག་པའི་ཚོགས། །མ་དག་གཉེན་པོའི་བྱེད་པ་དང་། །རྒྱུ་རྐྱེན་ཡུལ་སྤྱོད་དངོས་པོ་ཀུན། །རྟོག་མེད་རང་འབྱུང་མེ་འབར་བས། །ཤིང་གི་བྱེ་བྲག་སྣ་ཚོགས་དང་། །རས་བལ་ཕུང་པོ་དུ་མ་ཡང་། །ཚིག་ཅིང་དངོས་མེད་བྱེད་པ་ལྟར། །དེ་བཞིན་གཟུང་འཛིན་མ་ལུས་པ། །ཆོས་ཀྱི་དབྱིངས་ཀྱི་གནས་ཉིད་དུ། །བསྲེགས་ཤིང་ཐིམ་གྱུར་མི་གནས་པའོ། །ཞེས་གསུངས་པ་ལྟར། རིམ་པ་བཞི་བའི་དོན་གྱི་འོད་གསལ་དེ་ནི་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་བློ་རྟོག་མེད་ཅིག་ཡིན་པས་ཟག་མེད་ཀྱི་ལམ་དུ་གྱུར་པའི་མཐོང་ལམ་བར་ཆད་མེད་ལམ་ཡིན་ཕྱིར་འདི་དུས་ནི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་སྔགས་བླ་མེད་ཀྱི་མཐོང་ལམ་ཐོབ་པ་ཡིན་ཞིང་། དེ་དུས་མ་དག་པའི་སྒྱུ་ལུས་འགགས་པ་དང་། ཉོན་སྒྲིབ་མཐའ་དག་སྤོང་བའི་དངོས་གཉེན་མཐོང་ལམ་བར་ཆད་མེད་ལམ་མམ་བདེན་འཛིན་ལྷན་སྐྱེས་དང་ཀུན་བཏགས་ས་བོན་དང་བཅས་པའི་དངོས་གཉེན་བར་ཆད་མེད་ལམ་ཐོབ་པ་དང་། སྔགས་བླ་མེད་ཀྱི་ས་དང་པོ་ཐོབ་པ་དང་། སྒོམ་མཁན་གྱི་རྣལ་འབྱོར་བ་དེ་འཕགས་པར་གྱུར་པ་རྣམས་དུས་མཉམ་ཡིན་པར་བཤད་དོ།།

འདི་དུས་མཐོང་སྤང་ཉོན་སྒྲིབ་ཀུན་ལྷན་གཉིས་ཀ་སྤངས་པའི་སྤངས་པ་སོ་སོར་བརྟག་འགོག་ཐོབ་པ་ནི་མ་ཡིན་ཏེ། མཐོང་ལམ་དོན་གྱི་འོད་གསལ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་དང་མཐོང་སྤངས་ཉོན་སྒྲིབ་འགགས་པ་ལ་ཕྱོགས་པ་དུས་མཉམ་པ་དང་། མཐོང་ལམ་དོན་གྱི་འོད་གསལ་སྐྱེས་པ་དང་མཐོང་སྤངས་ཉོན་སྒྲིབ་འགགས་པ་དུས་མཉམ་ཞིང་། དེ་དུས་ཉོན་སྒྲིབ་ཀྱི་དངོས་གཉེན་མཐོང་ལམ་བར་ཆད་མེད་ལམ་དངོས་སུ་སྐྱེས་ཤིང་། དེ་ཉིད་མཐོང་སྤོང་ཉོན་སྒྲིབ་སླར་སྐྱེ་མི་རུང་བའི་ཆོས་ཅན་དུ་བྱེད་པའི་ནུས་པ་བསྐྱེད་བཞིན་པ་ཅན་ཡིན་ལ། དེ་དུས་མཐོང་སྤང་ལ་རྒྱུ་ཚོགས་མ་ཚང་བའི་དབང་གིས་འགགས་ཟིན་ཀྱང་། ད་དུང་མཐོང་སྤང་སྤངས་པའི་འགོག་བདེན་ཐོབ་མེད་ལ། དེ་ཕྱིར་མཐོང་སྤང་མཐོང་ལམ་རང་དུས་སུ་སྤངས་པ་མ་ཡིན་པར་མཐོང་ལམ་རིམ་པ་བཞི་བའི་དོན་གྱི་འོད་གསལ་ལ་མཐོང་སྤང་སྤངས་པའི་ནུས་པ་ཡོངས་སུ་རྫོགས་པ་ན་དོན་གྱི་འོད་གསལ་འགགས་ནས་ཉེར་ཐོབ་གྲུབ་པ་དང་། རྣམ་གྲོལ་ལམ་སྐྱེས་ཤིང་། དེ་དང་དུས་མཉམ་དུ་ཉོན་སྒྲིབ་རྩ་བ་ནས་སྤངས་ཏེ་དེའི་སྤངས་པའི་འགོག་བདེན་ཐོབ་པ་ཡིན་པས་མཐོང་ལམ་གྱི་མཇུག་ཏུ་སྤངས་པ་ཡིན་པར་བཞེད་དོ།།

སྣང་མཆེད་ཐོབ་གསུམ་གང་རུང་ཡིན་ན་རྟོག་པ་ཡིན་པས་ཁྱབ་པས་ཁ་ཅིག་གིས་དེ་གསུམ་རྟོག་མེད་དུ་བཤད་པ་ནི་རང་བཞིན་བརྒྱད་ཅུའི་རྟོག་པ་ལ་ལྟོས་ན་སྣང་མཆེད་ཐོབ་གསུམ་རླུང་སེམས་ཀྱི་གཡོ་བ་ཤིན་ཏུ་ཞན་པས་གཉིས་སྣང་ཡོད་ཀྱང་གཉིས་སྣང་གི་སྤྲོས་པ་ཆུང་བ་ལ་དགོངས་ནས་རྟོག་མེད་དུ་བཤད་ཀྱི་རྟོག་བཅས་མིན་པར་བཤད་པ་མིན་པར་གསུངས། འོད་གསལ་གྱི་རིམ་པར་གྱུར་པའི་སྣང་མཆེད་ཐོབ་གསུམ་ནི་འོད་གསལ་མིན་པར་འོད་གསལ་གྱི་རིམ་པ་ཡིན་པར་འདོད་དོ།།

འོད་གསལ་ལ་ཡུལ་འོད་གསལ་དང་། ཡུལ་ཅན་འོད་གསལ་གཉིས་ཡོད་ལ། དེ་ཡང་སྒྲས་བརྗོད་རིགས་ཀྱི་དབྱེ་བ་ཡིན་ཞིང་། ཡུལ་འོད་གསལ་ནི་སྟོང་ཉིད་དང་དོན་གཅིག་པ་དང་། ཡུལ་ཅན་འོད་གསལ་ནི་ཡུལ་ཅན་གྱི་ཡེ་ཤེས་ཡིན་ཕྱིར། དེ་ལ་དཔེའི་འོད་གསལ་དང་། དོན་གྱི་འོད་གསལ་གཉིས་ཡོད་ལ། སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཉེར་ཐོབ་ཀྱི་མཇུག་གི་འོད་གསལ་དེ་དཔེའི་འོད་གསལ་དང་། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འོད་གསལ་དེ་དོན་གྱི་འོད་གསལ་ཞེས་བྱའོ།།

དཔེའི་འོད་གསལ་ལ་དབེན་པ་གསུམ་དང་སྒྱུ་ལུས་ཀྱི་དཔེའི་འོད་གསལ་རྣམས་ཡོད་པ་དང་། དོན་གྱི་འོད་གསལ་ལ་ཉོན་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་དོན་གྱི་འོད་གསལ་དང་། ཉོན་སྒྲིབ་སྤངས་པའི་དོན་གྱི་འོད་གསལ་དང་། ཤེས་སྒྲིབ་ཀྱི་དངོས་གཉེན་དུ་གྱུར་པའི་དོན་གྱི་འོད་གསལ་དང་། ཤེས་སྒྲིབ་སྤངས་པའི་དོན་གྱི་འོད་གསལ་བཅས་དུ་མ་ཡོད་དོ།།

ཡང་འོད་གསལ་འདི་ལ་སྨོས་ཟིན་ལྟར་དཔེའི་འོད་གསལ་དང་། རིམ་པ་བཞི་བའི་དོན་གྱི་འོད་གསལ་དང་། ཟུང་འཇུག་གི་དོན་གྱི་འོད་གསལ་དང་། ཟུང་འཇུག་མཐའི་དོན་གྱི་འོད་གསལ་རྣམས་ཡོད་པའི་ཞིབ་ཆ་ནི་ཤེས་དགོས་སོ།།

དོན་གྱི་འོད་གསལ་ལ་མཐར་ཐུག་པའི་དོན་གྱི་འོད་གསལ་ཞེས་བྱ་ཞིང་། མཐར་ཐུག་པའི་དོན་ནི་ལམ་གྱི་བགྲོད་པ་མཐར་ཐུག་པ་ལ་མི་གོ་བར་ལྷན་སྐྱེས་ཀྱི་བདེ་བའི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་རྟོགས་པ་མཐར་ཐུག་པ་ལ་བྱེད་པར་ཡང་གསུངས་ཤིང་། འདི་གཉུག་སེམས་དེ་ཉིད་སྟོང་ཉིད་རྟོགས་པའི་བདེ་ཆེན་གྱི་ཡེ་ཤེས་ཀྱི་ངོ་བོར་སྨིན་པ་ཡིན་ཕྱིར་གཉུག་སེམས་ཀྱང་ཡིན་པར་གསུངས་སོ།།

དེ་ཡང་དཔེ་དོན་གཉིས་ཀའི་འོད་གསལ་ལ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཞེས་བྱ་ཞིང་། དཔེའི་ལྷན་སྐྱེས་ཀྱི་སྐབས་སུ་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པས་གཉིས་སྣང་ཕྲ་བ་མ་ལོག་པས་བདེ་སྟོང་རོ་གཅིག་ཏུ་སྦྱོར་བའམ་དབྱེར་མེད་དུ་མོས་པ་ཡིད་བྱེད་ཙམ་མ་གཏོགས་མེད་ལ། དོན་གྱི་ལྷན་སྐྱེས་ཀྱི་སྐབས་སུ་སྟོང་ཉིད་མངོན་སུམ་རྟོགས་པས་གཉིས་སྣང་ཕྲ་མོ་དག་ནས་ཡུལ་དང་ཡུལ་ཅན་ཆུ་ལ་ཆུ་བཞག་ལྟར་གཉིས་མེད་རོ་གཅིག་ཏུ་འདྲེས་ཏེ་བདེ་སྟོང་རོ་གཅིག་ཏུ་སྦྱོར་བ་རྫོགས་པར་ཡོད་པར་གསུངས་སོ།།

ཟུང་འཇུག་བཤད་པ།

རིམ་ལྔའི་རིམ་པ་ལྔ་བ་བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་མམ་ཟུང་འཇུག་ནི། རིམ་པ་བཞི་བའི་དོན་གྱི་འོད་གསལ་དེ་ལས་རླུང་ཅུང་ཟད་གཡོས་པ་དང་དུས་མཉམ་དུ་འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་གིས་ཉེར་ལེན་གྱི་རྒྱུ་དང་། རིམ་པ་བཞི་བའི་དོན་གྱི་འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དག་པའི་སྒྱུ་མའི་སྐུར་བཞེངས་པ་ནས་བཟུང་སྟེ། སློབ་པ་མཐའི་དོན་གྱི་འོད་གསལ་བར་གྱི་རྫོགས་རིམ་གྱི་རྣལ་འབྱོར་དེ་རིམ་པ་ལྔ་བའི་སློབ་པའི་ཟུང་འཇུག་ཅེས་བྱ་སྟེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཟུང་འཇུག་བདེ་བ་ཆེན་པོའི་མཚན་ཉིད་ཅན། །ཆོས་དབྱིངས་ཆོས་ཉིད་དབྱེར་མེད་དག་པའི་སྐུ། །ཐ་དད་རྣམ་བྲལ་མི་ཕྱེད་ཡེ་ཤེས་ཏེ། །གསང་བ་ཆེན་པོའི་ལམ་ལས་འདིར་རྟོགས་བྱ། །ཞེས་གསུངས་པའི་ཕྱིར་རོ།།

འདི་ལ་ཐོ་རངས་ཀྱི་དུས་སུ་རིམ་པ་བཞི་བའི་དོན་གྱི་འོད་གསལ་མངོན་དུ་གྱུར་ཅིང་། དེ་ནས་དེ་སྔོན་དུ་སོང་བའི་མཇུག་ཐོག་ཏུ་འོད་གསལ་འགགས་པ་ན། དཔེར་ན་སེམས་ཅན་ཐ་མལ་བ་ཤི་བ་ན་འཆི་བའི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་ཏེ་ཉེར་ཐོབ་གྲུབ་པ་ན་བར་དོ་གྲུབ་པ་བཞིན་དུ་འོད་གསལ་གྱི་མཇུག་ཏུ་སྣང་བ་གསུམ་ལུགས་ལྡོག་གི་དང་པོ་ཉེར་ཐོབ་ཀྱི་སྣང་བ་དང་དུས་མཉམ་དུ་ཆུ་ལས་ཉ་ལྡང་བ་དང་། གཉིད་སད་པ་ཇི་བཞིན་བདེན་གཉིས་དབྱེར་མེད་ཀྱི་རྫོགས་རིམ་ཐོབ་སྟེ་ཟུང་འཇུག་ཐོབ་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཇི་ལྟར་དང་བའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དེ་ལྟར་རིམ་པ་བཞི་བའི་དོན་གྱི་འོད་གསལ་ལས་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་། སློབ་པའི་ཟུང་འཇུག་གྲུབ་པ་དང་། དོན་གྱི་འོད་གསལ་འགགས་པ་དང་། ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དང་། ས་གཉིས་པར་འཕོས་པ་དང་། ཐེག་པ་ཆེན་པོ་སྔགས་བླ་མེད་པའི་སྒོམ་ལམ་ཐོབ་པ་དང་། སྤངས་པ་ཟུང་འཇུག་ཐོབ་པ་དང་། དག་པའི་སྒྱུ་མའི་སྐུ་གྲུབ་པ་དང་། ཉོན་སྒྲིབ་སྤངས་པ་དང་། ཐར་བ་ཐོབ་པ་དང་། དགྲ་བཅོམ་པར་གྱུར་པ་རྣམས་དུས་མཉམ་ཡིན་ནོ།།

འདི་ལྟར་དེ་དག་དུས་མཉམ་དུ་ཐོབ་པར་བཤད་པའང་སྔགས་བླ་མེད་ཀྱི་ལམ་དུ་རིགས་ངེས་པའི་གང་ཟག་གི་རྒྱུད་ལ་ལམ་སྐྱེ་ཚུལ་གྱི་དབང་དུ་བྱས་པ་ཡིན་གྱི། མདོ་ལམ་སོགས་ལམ་གཞན་གྱི་མཐར་བྱུང་བའི་དོན་གྱི་འོད་གསལ་དང་། སློབ་པའི་ཟུང་འཇུག་སོགས་ནི་ས་བཅུ་བའི་ཡེ་ཤེས་སུ་འདོད་དེ། སྔགས་བླ་མེད་ཀྱི་ལམ་དུ་རིགས་མ་ངེས་པའི་གང་ཟག་དེ་ནི་ས་བཅུ་བ་ནས་སྔགས་ལམ་དུ་ཞུགས་དགོས་པར་བཤད་པའི་ཕྱིར་རོ།།

སྔགས་བླ་མེད་ཀྱི་ལུགས་འདིར་ལྷན་སྐྱེས་ཀྱི་ཉོན་མོངས་པ་རྣམས་ནི་རིམ་པ་བཞི་བའི་འོད་གསལ་གྱིས་དངོས་གཉེན་བྱས་ཏེ་སྤོང་ལ། འོད་གསལ་དེ་ལས་སློབ་པའི་ཟུང་འཇུག་ཐོག་མར་ཐོབ་པ་ན་ཉོན་མོངས་པ་སླར་སྐྱེ་མི་རུང་བའི་ཆོས་ཅན་དུ་བྱས་ཏེ་སྤོང་བར་བཞེད་དོ།།

དེ་ཕྱིར་རིམ་པ་བཞི་བའི་དོན་གྱི་འོད་གསལ་ནི་ཉོན་མོངས་པའི་དངོས་གཉེན་བར་ཆད་མེད་ལམ་དང་། དེ་ལས་བྱུང་བའི་ལུགས་ལྡོག་གི་ཉེར་ཐོབ་ནི་ཉོན་མོངས་སྤོང་བའི་རྣམ་གྲོལ་ལམ་ཡིན་ཟེར་ལ། ཁ་ཅིག་གིས་སྣང་མཆེད་ཐོབ་གསུམ་གང་རུང་ཡིན་ན་རྟོག་པ་ཡིན་པས་ཁྱབ་ཕྱིར་སྣང་བ་གསུམ་ནི་བློ་རགས་པ་དང་གཉིས་སྣང་ཅན་ཡིན་ཕྱིར་རྣམ་གྲོལ་ལམ་དུ་མི་རུང་ཞིང་སྟོང་ཉིད་མངོན་གསུམ་རྟོགས་པའི་ཡེ་ཤེས་སུ་མི་རུང་ཟེར་བ་དང་། འགའ་རེས། རིམ་པ་བཞི་བའི་དོན་གྱི་འོད་གསལ་དང་དེ་ལས་བྱུང་བའི་དེ་དུས་ཀྱི་ཉེར་ཐོབ་གཉིས་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་བློ་ཡིན་པ་ལ་མཚུངས་ཀྱང་སྟོང་ཉིད་འཛིན་ཚུལ་ལ་དམ་ལྷོད་ཀྱི་ཁྱད་པར་ཡོད་ཟེར་བ་དང་། ཡང་རིམ་པ་བཞི་བའི་དོན་གྱི་འོད་གསལ་ནི་གཉུག་སེམས་ཡིན་ཞིང་། སྣང་མཆེད་ཐོབ་གསུམ་གང་རུང་ཡིན་ན་གཉུག་སེམས་མ་ཡིན་པས་ཁྱབ་ཕྱིར་ཉེར་ཐོབ་ནི་གཉུག་སེམས་མ་ཡིན་པར་རིམ་པ་བཞི་བའི་དོན་གྱི་འོད་གསལ་ལ་ལྟོས་ན་བློ་ཅུང་རགས་པ་ཡིན་པས་རིམ་པ་བཞི་བའི་འོད་གསལ་དང་དེའི་རྗེས་ཀྱི་ཉེར་ཐོབ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་ཅེས་བཤད་དོ།།

མདོ་ལམ་གྱི་རྣམ་གྲོལ་ལམ་ཡིན་ན་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་ལམ་ཡིན་པས་ཁྱབ་པས། དེ་ཡིན་ན་སྟོང་ཉིད་དོན་སྤྱིའི་སྒོ་ནས་རྟོགས་པའི་བློ་མ་ཡིན་པས་ཁྱབ་མོད། འདིར་ནི་རིམ་པ་བཞི་བའི་འོད་གསལ་གཉིས་སྣང་མཐའ་དག་དབྱིངས་སུ་ནུབ་པའི་ཡེ་ཤེས་དེ་འགགས་ཤིང་ལུགས་ལྡོག་གི་ཉེར་ཐོབ་ནམ་མཁའ་གཡའ་དག་ལ་མུན་པས་ཁྱབ་པ་ལྟ་བུའི་སྣང་བ་འཆར་བས་དེ་གཉིས་སྣང་ཅན་དུ་གྱུར་པས་ཉེར་ཐོབ་དེ་སྟོང་ཉིད་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ཡང་རྟོག་བཅས་ཡིན་ལ། དེས་ན་གཉིས་སྣང་རིམ་གྱིས་ནུབ་པའི་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་རིམ་པ་བཞི་བའི་འོད་གསལ་སྐྱེས་ནས་མཐོང་ལམ་ཐོབ། དེ་ནས་སླར་ལྡང་བ་ན་ཉེར་ཐོབ་དང་། མཆེད་པ། སྣང་བ་སོགས་སྐྱེས་ནས་བློ་ཇེ་རགས་སུ་སོང་ནས་གཉིས་སྣང་ཅན་གྱི་སྟོང་ཉིད་རྟོགས་པའི་བློ་རྟོག་བཅས་ལ་ལྡང་། དེ་ནས་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཡེ་ཤེས་ལ་ལྡང་བ་ཡིན་ཕྱིར་སྔགས་བླ་མེད་ཀྱི་ལམ་འདིར་ས་བཅུའི་རྒྱུན་མཐའ་ནས་གཉིས་སྣང་མཐའ་དག་དབྱིངས་སུ་ནུབ་སྟེ་ཆོས་ཉིད་ལས་སླར་ལྡང་བ་མེད་པར་འབྲས་བུ་མངོན་དུ་གྱུར་པ་ནས་སླར་ཉེར་ཐོབ་ཏུ་ལྡང་བ་མེད་པས་སྣང་བ་གསུམ་སླར་སྐྱེ་བ་མེད་པར་འགགས་པ་དེ་ནས་བཟུང་གཉིས་སྣང་མཐའ་དག་ཟད་པ་ཡིན་ཞིང་། དེ་སྔོན་མཉམ་པར་བཞག་པ་ན་སྣང་བ་གསུམ་གྱི་ཡེ་ཤེས་སྟོང་ཉིད་ལ་གཉིས་སྣང་དང་བཅས་པའི་རིམ་པ་ཐིམ་ནས་དོན་གྱི་འོད་གསལ་གཉིས་སྣང་མེད་པའི་ཡེ་ཤེས་སྐྱེས་པ་དང་། དེ་སླར་ཉེར་ཐོབ་གཉིས་སྣང་ཅན་དུ་ལྡང་བའི་རིམ་པ་རེས་མོས་ཀྱིས་ལམ་བགྲོད་པ་ཡིན་པར་མཁས་པའི་དབང་པོ་འབའ་མདའ་དགེ་ལེགས་རྒྱ་མཚོས་གསུངས་པ་ལྟར་ཁས་བླང་ན་ཤིན་ཏུ་ལེགས་སོ།།

དེ་ཕྱིར་ལུགས་འབྱུང་ལྡོག་གི་སྣང་བ་གསུམ་པོ་རྟོག་བཅས་ཀྱིས་ཁྱབ་པ་དང་། དེ་ཡང་འཕགས་ལམ་དུ་ཡང་རྟོག་བཅས་ཀྱིས་ཁྱབ་ན་སོ་སྐྱེས་ཀྱི་ས་ན་ཐམས་ཅད་སྟོང་པ་འོད་གསལ་གྱི་ཡེ་ཤེས་བཅས་སྟོང་པ་བཞི་ཀའི་ཡེ་ཤེས་ལ་རྟོག་བཅས་ཀྱིས་ཁྱབ་པ་སྨོས་མ་དགོས་སོ།།

རིམ་པ་བཞི་བའི་དོན་གྱི་འོད་གསལ་ནི་གཉིས་སྣང་ནུབ་པའི་སྟོང་ཉིད་མངོན་གསུམ་དུ་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་ཡིན་ཕྱིར། གཉིས་སྣང་ཅན་དང་རྟོག་བཅས་མ་ཡིན་པས་ཁྱབ་ཅིང་གཉིས་སྣང་མེད་པའི་རྟོག་མེད་ཉིད་ཡིན་ཕྱིར། སྟོང་པ་དང་པོ་གསུམ་མ་ཟད་སྔགས་ཀྱི་སྦྱོར་ལམ་སྐད་ཅིག་ཐ་མའི་དུས་སུ་སྟོང་པ་བཞི་བ་ཐམས་ཅད་སྟོང་པའི་ནམ་མཁའ་གཡའ་དག་གི་སྣང་བ་འཆར་བ་དེ་ཡང་རིམ་པ་བཞི་བའི་དོན་གྱི་འོད་གསལ་དུ་འཇོག་ཏུ་མི་རུང་བ་དང་། རིམ་པ་བཞི་བའི་དོན་གྱི་འོད་གསལ་ལས་ལྡང་བའི་ཉེར་ཐོབ་ཀྱི་སྨད་ནས་མཆེད་པ་སོགས་སྟོང་པ་གསུམ་གྱི་ཡེ་ཤེས་རྣམས་ཀྱང་དེ་ཉིད་དུ་འཇོག་མི་རུང་བ་ནི། གཉིས་སྣང་ཅན་ཡིན་པའི་རྒྱུ་ཚན་གྱིས་ཡིན་པར་བཤད་དོ།།

གོང་གི་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་དང་། ས་གཉིས་པ་ཐོབ་པ་དང་། ཐེག་པ་ཆེན་པོ་སྔགས་བླ་མེད་པའི་སྒོམ་ལམ་ཐོབ་པ་རྣམས་དུས་མཉམ་པར་གསུངས། དེ་ལྟར་ན་ཉོན་སྒྲིབ་སྤངས་པའི་རྣམ་གྲོལ་ལམ་དེ་དོན་ལ་མཐོང་ལམ་རྣམ་གྲོལ་ལམ་ཡིན་དགོས་པ་འདྲ་མོད། དེ་ས་གཉིས་པ་དང་། སྔགས་བླ་མེད་པའི་སྒོམ་ལམ་དང་དུས་མཉམ་ཡིན་ན་སྒོམ་ལམ་གྱི་རྣམ་གྲོལ་ལམ་དུ་གྱུར་འདུག་པས། དེའི་སྔོན་དུ་མཐོང་ལམ་རྣམ་གྲོལ་ལམ་དང་། སྒོམ་ལམ་རྣམ་གྲོལ་ལམ་དེ་བསྐྱེད་པའི་སྒོམ་ལམ་བར་ཆད་མེད་ལམ་ཞིག་ཡོད་དགོས་པས་དེ་གཉིས་མེད་དོན་ཅི་ཡིན་དང་། གལ་ཏེ་དེ་མཐོང་ལམ་རྣམ་གྲོལ་ལམ་ཡིན་ན་སྒོམ་ལམ་དང་དུས་མཉམ་ཇི་ལྟར་ཡིན་སོགས་དོགས་པ་ཆེན་པོ་མཆིས་མོད། དེ་ལ་རྣམ་གྲོལ་ལམ་འདི་མཐོང་ལམ་རྣམ་གྲོལ་ལམ་ཡིན་མོད། དེ་སྒོམ་ལམ་ཐོབ་པ་དང་དུས་མཉམ་པར་འཇོག་ཆོག་པ་དང་། སྒོམ་ལམ་གྱི་བར་ཆད་མེད་ལམ་ནི་དེ་ཡི་དུས་ནས་ཀྱང་འཇོག་ཆོག་པ་ཡིན་ཏེ། མདོ་ལམ་ལ་སའི་ངོ་སྐལ་གྱི་སྤང་བྱ་སྤངས་ཟིན་ཀྱང་བསོད་ནམས་ཀྱི་ཚོགས་ཀྱི་གྲོགས་མེད་ན་ས་གོང་མར་བགྲོད་མི་ནུས་པས་ས་གོང་མར་འཕོ་བ་ལ་ངོས་སྐལ་གྱི་ཚོགས་རྫོགས་པ་ཡོད་དགོས་མོད། སྔགས་བླ་མེད་ཀྱི་ལུགས་འདིར་བདེ་སྟོང་གི་ཡེ་ཤེས་དང་སྒྱུ་ལུས་ཀྱིས་བསོད་ནམས་ཀྱི་ཚོགས་ཀྱི་དོད་ཐུབ་པ་ཕྱིར་ས་འོག་མ་ནས་གོང་མར་འཕོ་བ་ལ་ངོ་སྐལ་གྱི་ཚོགས་རྫོགས་པ་ལ་ལྟོས་མི་དགོས་ཤིང་། ས་འོག་མ་ནས་གོང་མར་འཕོས་མ་འཕོས་ནི་རང་གི་ངོ་སྐལ་གྱི་སྤང་བྱ་སྤངས་མ་སྤངས་ཀྱིས་འཇོག་པ་ཡིན་ཕྱིར་སྤང་བྱ་སྔ་མ་སྤངས་ཟིན་གྱི་རྣམ་གྲོལ་ལམ་ནམ་ཐོབ་ན་ས་གོང་མར་འཕོས་པ་ཡིན་པའི་ཕྱིར་ན་ཉོན་སྒྲིབ་སྤངས་པའི་མཐོང་ལམ་རྣམ་གྲོལ་ལམ་འདི་ས་གཉིས་པ་དང་། ས་གཉིས་པའི་ངོ་སྐལ་གྱི་ཤེས་སྒྲིབ་ཏུ་གྱུར་པའི་སྒོམ་སྤང་སྤངས་པའི་རྣམ་གྲོལ་ལམ་དེ་ས་གསུམ་པ་དང་། དེ་བཞིན་དུ་ས་གསུམ་པའི་ངོ་སྐལ་གྱི་སྤང་བྱ་སྤངས་པའི་རྣམ་གྲོལ་ལམ་དེ་ས་བཞི་པར་འཇོག་པ་སོགས་ནས་ས་བཅུ་བའི་རྣམ་གྲོལ་ལམ་དེ་སངས་རྒྱས་ཀྱི་ས་རུ་བཞག་པ་ཡིན་པར་མཁས་པའི་དབང་པོ་འབའ་མདའ་དགེ་ལེགས་རྒྱ་མཚོས་གསུངས་པ་ལྟར་གོས་དགོས་པ་ཡིན་ནོ།།

དེས་ན་ཉོན་སྒྲིབ་སྤངས་པའི་མཐོང་ལམ་རྣམ་གྲོལ་ལམ་ཐོབ་པ་དང་ཤེས་སྒྲིབ་ཆེན་པོའི་ཆེན་པོ་སྤོང་བའི་དངོས་གཉེན་སྒོམ་ལམ་བར་ཆད་མེད་ལམ་སྐྱེ་ཞིང་། དེ་ལ་ཤེས་སྒྲིབ་ཆེན་པོའི་ཆེན་པོ་སྤོང་བའི་ནུས་པ་རྫོགས་པ་ན་སྒོམ་ལམ་རྣམ་གྲོལ་ལམ་དུ་གྱུར་ནས་ས་གསུམ་པར་འཕོ་བ་ཡིན་ཞིང་། སློབ་ལམ་གྱི་སའི་རྣམ་གྲོལ་ལམ་འདི་དག་ཉེར་ཐོབ་དང་དུས་མཉམ་དུ་བྱུང་བས་ནག་ལམ་ལ་སོགས་པའི་གཉིས་སྣང་དང་བཅས་པའི་རྟོག་བཅས་ཀྱི་བློ་ཡིན་པས་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཡིན་ཡང་སྒྱུ་མ་ལྟ་བུར་རྟོགས་པའི་ཡེ་ཤེས་ཡིན་པར་འདོད་དགོས་སོ།།

སྒྲིབ་པ་སྤོང་ཚུལ་གྱི་བཞེད་པ་གཞན་ཡང་ཉོན་སྒྲིབ་རིམ་པ་བཞི་བའི་འོད་གསལ་ཐོབ་པ་ནས་རྫོགས་པར་སྤངས་པ་ཡིན་ན་ལམ་འདིས་ཤེས་སྒྲིབ་ཇི་ལྟར་སྤང་ཞེ་ན། ཐེག་པ་གཞན་གྱིས་བསྐལ་ཆེན་གྲངས་མེད་གསུམ་ལ་གསོག་དགོས་པའི་བསོད་ནམས་ཀྱི་ཚོགས་ཀྱི་དོད་སྒྱུ་མའི་ལུས་དང་། ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་དེ་ཁོ་ཉིད་མངོན་གསུམ་དུ་རྟོགས་པའི་རིམ་པ་བཞི་བའི་དོན་གྱི་འོད་གསལ་གཉིས་ནི་ལམ་གཞན་ལས་མཐུ་ཆེས་ཆེར་ལྷག་པའི་རྒྱུ་མཚན་གྱིས། ཐེག་པ་གཞན་གྱིས་སྤོང་ཐེབས་བདུན་དང་བསྐལ་ཆེན་གྲངས་མེད་གཅིག་གི་ཡུན་ལ་སྤོང་དགོས་པའི་ལྷན་སྐྱེས་ཀྱི་ཉོན་མོངས་པའི་སྒྲིབ་པ་རྣམས་འོད་གསལ་མཉམ་བཞག་ཐུན་གཅིག་གིས་སྤོང་ནུས་པར་འདོད་པ་དང་། དེ་བཞིན་དུ་ཤེས་སྒྲིབ་ཀྱང་ཕར་ཕྱིན་ཐེག་པས་ས་བརྒྱད་པ་ནས་སྤོང་ཐེབས་བཞི་ཡིས་སྤོང་ནུས་པ་འདིར་གཞན་གྱི་འདོད་པ་ལྟར་སྒོམ་ལམ་སྐོར་དགུར་དབྱེ་བའི་སྤང་བྱ་སྐོར་དགུར་དབྱེ་བ་ལྟ་བུ་མི་དགོས་པར་སློབ་པའི་ཟུང་འཇུག་གིས་ས་བརྒྱད་པ་ནས་སྤོང་བའི་མགོ་རྩོམ་པའམ། ཡང་ན་སློབ་པ་མཐའི་དོན་གྱི་འོད་གསལ་གྱིས་ཤེས་སྒྲིབ་ཆེ་འབྲིང་ཆུང་གསུམ་ཅིག་ཆར་དུ་སྤོང་བར་འདོད་ཅེས་བཤད་དེ། ཆོས་རྗེ་ངག་དབང་དཔལ་ལྡན་གྱི་ས་ལམ་རྒྱུད་གཞུང་གསལ་བྱེད་ལས། དེས་ནས་སློབ་པའི་ཟུང་འཇུག་ལ་ས་དགུར་ཕྱེ་བའི་ས་བརྒྱད་པ་ནས་ཤེས་སྒྲིབ་སྤོང་བའི་མགོ་རྩོམ་པའམ། སློབ་པ་མཐའི་དོན་གྱི་འོད་གསལ་གྱིས་ཤེས་སྒྲིབ་ཆེ་འབྲིང་ཆུང་གསུམ་ཅིག་ཆར་སྤོང་བར་འདོད་དོ། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་སྔགས་ལུགས་འདིར་རིགས་ངེས་ཀྱི་སྔགས་ལམ་པས་མཐོང་ལམ་གྱིས་ཉོན་སྒྲིབ་ཀུན་བཏགས་དང་ལྷན་སྐྱེས་ལྷག་ལུས་མེད་པར་སྤངས་པ་ཡིན་ན། མཐོང་ལམ་གྱི་མཇུག་ནས་ས་བརྒྱད་པའི་བར་དུའམ་ཡང་ན་ས་བཅུའི་རྒྱུན་མཐའི་བར་དུ་སྒྲིབ་པ་ཅི་ཞིག་སྤོང་དཔྱད་དུ་ཡོད་ལ། སྔགས་ལམ་འདིར་ཉོན་མོངས་པ་སྤྱི་དང་ཐ་མལ་སྣང་ཞེན་དེ་ཉོན་སྒྲིབ་དང་། ཐ་མལ་དུ་སྣང་བ་ཤེས་སྒྲིབ་ཏུ་འཇོག་པར་བཤད་ནས་ཐ་མལ་སྣང་ཞེན་དེ་བསྐྱེད་རིམ་གྱིས་སྤོང་བར་བཤད་པས་རྫོགས་རིམ་དབེན་པ་གསུམ་དང་། སྒྱུ་ལུས་རྣམས་ཀྱི་སྐབས་སུ་སྐྱེ་བའི་ཀུན་རྟོག་བརྒྱད་ཅུ་དེ་ཐ་མལ་སྣང་ཞེན་ལྡོག་ཟིན་གྱི་གང་ཟག་ལ་སྐྱེ་བ་ཡོད་མེད་ཀྱང་དཔྱད་དགོས་པའི་དོགས་པ་སློང་མཁན་ཡོད་མོད། བསྐྱེད་རིམ་གྱིས་བསྐྱེད་རིམ་ལ་གནས་པའི་སྐབས་དེར་ཐ་མལ་སྣང་ཞེན་ལྡོག་པ་ཙམ་ལ་སྤངས་པའི་ཐ་སྙད་བཤད་པ་ལས་གཏན་སྤངས་བྱེད་ཐུབ་ཀྱིན་མེད་པར་གོང་དུ་བཤད་པ་ལྟར་གོ་བར་བྱའོ།།

རིམ་པ་བཞི་བའི་དོན་གྱི་འོད་གསལ་ལས་སློབ་པའི་ཟུང་འཇུག་ཏུ་འཕོ་བའི་ཚུལ་ནི། སྨོས་མ་ཐག་པ་ལྟར་དོན་གྱི་འོད་གསལ་ལས་ལུགས་ལྡོག་ཏུ་ལྡང་བར་རྩོམ་པ་ན། འོད་གསལ་དེ་ལས་རླུང་ཅུང་ཟད་གཡོས་པ་དང་མཉམ་དུ་འོད་གསལ་དེའི་བཞོན་པར་གྱུར་པའི་རླུང་འོད་ཟེར་ལྔ་བས་ཉེར་ལེན་གྱི་རྒྱུ་དང་། འོད་གསལ་གྱི་སེམས་ཀྱི་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་སྒྱུ་མའི་སྐུར་བཞེངས་པ་ན་ཉོན་སྒྲིབ་ཟད་པར་སྤངས་པའི་སྤངས་པ་དང་། དག་པའི་སྒྱུ་མའི་སྐུ་གཉིས་ཟུང་ཏུ་འཇུག་པའི་སྤངས་པ་ཟུང་འཇུག་གི་སྐུ་དེ་ལུས་རགས་པ་ལས་ལོགས་སུ་ཕྱེས་ཏེ་དངོས་སུ་གནས་པའམ་གྲུབ་པ་ནི་འཕོ་ཚུལ་ལོ།།

ཟུང་འཇུག་ཅེས་པའི་དོན་ཡང་ཉོན་སྒྲིབ་སྤངས་པའི་སྤངས་པ་དང་། དག་པའི་སྒྱུ་ལུས་ཟུང་དུ་འཇུག་པས་ན་ཟུང་འཇུག་ཅེས་བྱ་ལ། སློབ་པའི་ཟུང་འཇུག་ཐོག་མར་གྲུབ་པའི་དུས་སུ་སྤངས་པ་ཟུང་འཇུག་ལས་རྟོགས་པ་ཟུང་འཇུག་མེད་པར་བཞེད་ལ། སྤངས་པ་ཟུང་འཇུག་ཡོད་པས་ཀྱང་ཟུང་འཇུག་ཐོབ་པ་ཡིན་ཞིང་། ཟུང་འཇུག་ཉེར་གཅིག་དང་ཉེར་གསུམ་གྱི་དབྱེ་བ་ཡོད་མོད་དོན་ལ་སྤངས་པ་ཟུང་འཇུག་དང་རྟོགས་པ་ཟུང་འཇུག་གཉིས་སུ་འདུ་བར་གསུངས་སོ།།

ཟུང་འཇུག་གི་གོ་དོན་གཙོ་བོ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་གཉིས་སུ་མེད་པ་ལ་གཉིས་ཆོས་སུ་འབྱེད་པའམ་འཛིན་པའི་བདེན་འཛིན་ཀུན་རྟོག་དེ་ཉིད་ཆོས་རྣམས་གཉིས་སུ་མེད་པར་རྟོགས་པའི་རིམ་པ་བཞི་བའི་འོད་གསལ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སྤངས་པས། བདེན་འཛིན་གྱི་རྟོག་པས་མི་ཕྱེད་པའི་གཉིས་མེད་དུ་སོང་བའི་རྡོ་རྗེའི་སྐུ་ཐོབ་པ་ལ་བྱ་ཞིང་། དེ་ནི་སྤངས་པ་ཟུང་འཇུག་ཏུ་བཞག་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་དང་། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང་། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ལུས་སྒྱུ་མའི་སྐུར་སོང་བ་དང་། སེམས་དོན་གྱི་འོད་གསལ་གྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སོང་བ་དེ་རེས་འཇོག་དུ་མ་སོང་བར་དུས་གཅིག་ལ་ཐུགས་དང་སྐུར་ཚོགས་པ་ནི་ཟུང་འཇུག་གི་དོན་ཡིན་ཞིང་། དེ་ནི་རྟོགས་པ་ཟུང་འཇུག་ཏུ་འདོད་དེ། དེ་ཉིད་ལས། དེ་ཉིད་ཤེས་པའི་རིམ་ཤེས་ནས། ། བདག་བྱིན་བརླབ་པའི་འོད་གསལ་ལ། །དེ་ཉིད་ལ་ནི་འདུས་པ་གང་། །ཟུང་དུ་འཇུག་པའི་རིམ་འདི་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལས་སྔ་མ་ནི་རིམ་པ་བཞི་བའི་དོན་གྱི་འོད་གསལ་གྱི་མཇུག་དེ་མ་ཐག་ཏུ་བྱུང་བ་དང་། ཕྱི་མ་ནི་ཟུང་འཇུག་ཐོག་མར་ཐོབ་ཅིང་། དེ་ཐོབ་པའི་རྣལ་འབྱོར་བ་དེས་སླར་དོན་གྱི་འོད་གསལ་ལ་མཉམ་པར་བཞག་ནས་ཐོབ་པ་ཡིན་པར་བཤད་དོ།།

དེ་ཡང་ཟུང་འཇུག་གྲུབ་པའི་ཐོག་མ་ནི་རིམ་པ་བཞི་བའི་འོད་གསལ་འགགས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་ནས་ཟུང་འཇུག་གྲུབ་ཅིང་། ལུགས་ལྡོག་གི་ཉེར་ཐོབ་སྐྱེ་བ་དང་། དེ་ནས་མཆེད་པ་དང་། དེ་ནས་སྣང་བའི་ཡེ་ཤེས་སྐྱེ་བ་བཅས་སྣང་བ་གསུམ་ལུགས་ལྡོག་ཏུ་སྐྱེ་བ་དང་། རིམ་བཞིན་སྨིག་རྒྱུ་བར་གྱི་རྟགས་རྣམས་བྱུང་སྟེ་རྗེས་ཐོབ་ཏུ་ལྡང་བ་ཡིན་ཞིང་། རང་བཞིན་བརྒྱད་ཅུ་ལས་ཉོན་མོངས་པ་མ་ཡིན་པའི་རྟོག་པ་ཕྲ་མོ་རྣམས་འབྱུང་དུ་ཡོད་པར་བཤད་དོ།།

འོ་ན་རིམ་པ་བཞི་བའི་འོད་གསལ་གྱི་མཇུག་གི་ལུགས་ལྡོག་གི་ཉེར་ཐོབ་དེ་འོད་གསལ་འགགས་ནས་སྐྱེས་པ་ཡིན་ན་དེའི་ཉེར་ལེན་གྱི་རྒྱུ་རིམ་པ་བཞི་བའི་འོད་གསལ་ཡིན་ནམ་གཞན་ཞིག་ཡིན་ཞེ་ན། དེ་ནི་རིམ་པ་བཞི་བའི་འོད་གསལ་འགགས་པ་ན་སྔ་མའི་ལུགས་འབྱུང་གི་ཉེར་ཐོབ་ཀྱི་རྒྱུན་ལས་སྐྱེས་པ་ཡིན་ཟེར། སྔ་མའི་ལུགས་འབྱུང་གི་ཉེར་ཐོབ་དེ་རྒྱུན་ཆད་པ་མིན་ནམ་ཟེར་ན། རིམ་པ་བཞི་བའི་འོད་གསལ་སྐྱེས་དུས་ལུགས་འབྱུང་གི་ཉེར་ཐོབ་དེ་མར་ཤིན་ཏུ་ཞན་པར་གྱུར་པ་ལས་རྒྱུད་ཆད་མེད་པར་འདོད་པས་རྗེས་སུ་ལུགས་ལྡོག་གི་ཉེར་ཐོབ་དེ་རང་གི་རིགས་འདྲ་སྔ་མའི་རྫས་རྒྱུན་ལས་སྐྱེས་པ་ཡིན་པར་བཤད་ལ། རིམ་པ་བཞི་བའི་འོད་གསལ་དེ་དང་ལུགས་ལྡོག་གི་ཉེར་ཐོབ་གཉིས་བློ་རྒྱུན་སོ་སོ་བ་ཡིན་པར་འདོད་མོད་འདི་ལ་བློར་མི་འབབས་པའི་དོན་ཡང་མཆིས་སོ།།

གཞན་ཡང་སྔ་མའི་ཉེར་ཐོབ་འགགས་ནས་རྒྱུན་ཆད་ཀྱང་གཉུག་སེམས་ཀྱི་སྟེང་གི་ཉེར་ཐོབ་སྐྱེ་བའི་ནུས་པ་ལས་བྱུང་བ་ཡིན་ཞིང་། དེ་ཡང་གཉུག་སེམས་ཀྱི་ཉེར་ལེན་གྱི་རྒྱུ་ལས་བྱུང་བ་ཡིན་ཡང་ཟེར། དེས་ན་གཉུག་སེམས་ཀྱི་ནུས་པ་གཅིག་ཉེར་ཐོབ་ཀྱི་ཉེར་ལེན་དང་། གཅིག་མཆེད་པའི་ཉེར་ལེན་དང་། གཅིག་སྣང་བའི་ཉེར་ལེན་དུ་འགྲོ་བ་ཡིན་ཞིང་། གཉུག་སེམས་ནི་དབང་ཤེས་དང་སེམས་རགས་པའི་ངོ་བོར་འགྲོ་བ་མེད་ཀྱང་དེ་ལས་སེམས་རགས་པ་གཞན་སྐྱེ་བ་ཡོད་པས་སེམས་རགས་པ་ཀུན་གྱི་ཐོག་མའི་ཉེར་ལེན་གྱི་རྒྱུ་དེ་གཉུག་སེམས་ཡིན་པར་འདོད་ལ། དཔེར་ན་ཉི་མ་འཆར་བ་ན་འོད་ཟེར་ཕྱོགས་སུ་འཕྲོ་མོད་ཉི་མ་འགྱུར་ནས་འོད་ཟེར་དུ་འགྲོ་བ་མེད་པ་བཞིན་དུ་འདོད་ལ། གཞན་ཡང་སེམས་རགས་པ་རྣམས་གཉུག་སེམས་ཀྱི་རོལ་བ་ཡིན་པར་བཞེད་པའང་ཡོད་དོ།།

ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཟུང་འཇུག་ཏིང་འཛིན་ལ་གནས་ནས། །སླར་ཞིང་གང་ལའང་མི་སློབ་བོ། །ཞེས་ཟུང་འཇུག་ཐོབ་པ་ནས་ལམ་གསར་བ་གང་ལའང་མི་སློབ་པར་གསུངས་པའི་དོན་ནི། ཟུང་འཇུག་ལས་གཞན་པའི་ལམ་གསར་བ་ཐོབ་ཏུ་མེད་པས་ལམ་གསར་བ་གཞན་ལ་མི་སློབ་པར་གསུངས་པ་ལས། ཟུང་འཇུག་གི་ལམ་དེ་ལ་ནི་སློབ་པས་མི་སློབ་པ་མ་ཡིན་པར་བཞེད་ལ། སློབ་ཟེར་བ་དེ་ཡང་སློབ་པའི་ཟུང་འཇུག་ལ་བྱེད་པ་ཡིན་གྱི་མི་སློབ་པའི་ཟུང་འཇུག་ཐོབ་པ་ནས་ནི་དོན་ལ་ལམ་གང་ལའང་མི་སློབ་པ་ཡིན་པ་ནི་ཤེས་སོ།།

ཉོན་སྒྲིབ་སྤངས་པའི་སྤངས་པ་དང་དག་པའི་སྒྱུ་མའི་སྐུ་གཉིས་ཟུང་དུ་འཇུག་པ་དེ་སྤངས་པ་ཟུང་འཇུག་ཟེར་ལ། དེ་ནི་སློབ་པའི་ཟུང་འཇུག་ལ་ཟེར་བ་ཡིན་ན། དེ་ཆོས་ཅན། ཁྱོད་ལམ་ཡིན་དགོས་པར་ཐལ། རྫོགས་རིམ་གྱི་ལམ་ཡིན་པའི་ཕྱིར། འདོད་ན། སྤོང་བ་འགོག་བདེན་ཆོས་ཅན། ཁྱོད་ལམ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན་འདུས་མ་བྱས་སུ་གྱུར་ཅིང་ཡེ་ཤེས་མ་ཡིན་པའི་ལམ་ཡོད་དམ་ཞེ་ན། འདོད་དོ་ཞེས་ལན་འདེབས་དགོས་པ་དང་། ཡང་དག་པའི་སྒྱུ་ལུས་ཆོས་ཅན། ཁྱོད་གཟུགས་སུ་གྱུར་པའི་ལམ་ཡིན་པར་ཐལ། ལམ་ཡིན་པར་འདོད་པ་གང་ཞིག། གཟུགས་ཡིན་པའི་ཕྱིར་ཟེར་ན། འདོད་དེ་འདིར་གཟུགས་སུ་གྱུར་པའི་ལམ་ཡོད་དོ་ཞེས་ཁས་ལེན་དགོས་པར་སློབ་དཔོན་གསུངས་ལ། མ་དག་པའི་སྒྱུ་ལུས་ཀྱང་དེ་དེ་བཞིན་ནོ།།

དེ་ལྟར་སློབ་པའི་ཟུང་འཇུག་གི་སྐབས་སུ་དོན་གྱི་འོད་གསལ་འགགས་ནས་ཉེར་ཐོབ་ལུགས་ལྡོག་གི་སྣང་བ་གསུམ་བྱུང་པའི་རྗེས་ཐོབ་ཏུ་བསོད་ནམས་ཀྱི་ཚོགས་བསགས་ཤིང་། དེ་ནས་སྤངས་པ་ཟུང་འཇུག་པ་དེས་སླར་ཕྱི་ནང་གི་བྱང་ཆུབ་གཉིས་ཀྱི་སྒོ་ནས་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་སྟེ་ཐོ་རངས་འོད་གསལ་བསྒོམས་པས་གཉིས་སྣང་མཐའ་དག་ཆོས་ཀྱི་དབྱིངས་སུ་ནུབ་སྟེ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ཅིང་སྐུ་དག་པ་སྒྱུ་མའི་སྐུ་དང་། ཐུགས་དག་པ་འོད་གསལ་གཉིས་སྐུ་ཐུགས་ངོ་བོ་གཅིག་པའི་ཟུང་འཇུག་གྲུབ་པ་ནི་ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་ཐོབ་པ་ཡིན་ཞིང་། དེ་ནི་སྤངས་པ་ཟུང་འཇུག་ནས་རྟོགས་པ་ཟུང་འཇུག་ཏུ་འཕོས་པའི་ཚད་དམ་དོན་ནོ།།

དེ་ནི་སྒོམ་ལམ་དང་། ས་གཉིས་པ་སོགས་ཀྱིས་བསྡུས་ཤིང་། འདི་ལ་ནི་སློབ་ལམ་དང་མི་སློབ་པའི་ས་གཉིས་ཀས་བསྡུས་པ་ཡོད་པ་ཤེས་ཤིང་། སྤངས་པ་ཟུང་འཇུག་ལའང་སློབ་མི་སློབ་གཉིས་ཀས་བསྡུས་པ་ཡོད་དམ་སྙམ་མོ།།

རྟོགས་པ་ཟུང་འཇུག་ཐོབ་རྗེས་སླར་མཉམ་པར་བཞག་པ་སྟེ་མི་སློབ་པའི་ཟུང་འཇུག་དེ་མངོན་དུ་བྱེད་ཚུལ་ཡང་སློབ་པའི་ཟུང་འཇུག་པ་དེས་རང་གི་རགས་པའི་ལུས་རྟེན་ལ་གནས་ནས་ཤེས་སྒྲིབ་སྤང་བའི་དོན་དུ་རིལ་འཛིན་དང་རྗེས་གཞིག་གི་བསམ་གཏན་གཉིས་ཀྱིས་བསྡུ་རིམ་ཡང་ཡང་བསྒོམ་པ་དང་། ལས་རྒྱ་བསྟེན་པའི་སྤྱོད་པ་གསུམ་པོས་བོགས་འབྱིན་གོམས་པར་བྱས་པས་ཟུང་འཇུག་འགྲུབ་པའི་རྟགས་སམ་མཚན་མ་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་རྟགས་རྣམས་ཐོབ་པ་ན། སྨོས་ཟིན་ལྟར་ཐོ་རངས་ཕྱི་ནང་གི་ཐབས་ཀྱིས་དྲངས་པའི་མངོན་པར་བྱང་ཆུབ་པ་གཉིས་ཀྱིས་དོན་གྱི་འོད་གསལ་མངོན་དུ་བྱས་པ་ནི་སློབ་མཐའི་དོན་གྱི་འོད་གསལ་ཡིན་ཏེ།

ཨིནྡྲ་བྷཱུ་ཏིའི་བདེ་མཆོག་བསྡུས་པའི་རྣམ་བཤད་ལས། སྲོག་རྩོལ་དབུ་མར་ཆུད་པས་ཡེ་ཤེས་ཀྱི་རླུང་དུ་གྱུར་པའོ། །གང་དང་གང་འདོད་པ་དེ་དང་དེ་འཐོབ་པར་འགྱུར་རོ་ཞེས། དབང་ཕྱུག་བརྒྱད་ལྡན་སློབ་པའི་ཟུང་འཇུག་མངོན་དུ་གྱུར་པའོ། །ཞེས་གསུངས་པ་ལྟར་རོ།།

དབང་ཕྱུག་གི་ཡོན་ཏན་བརྒྱད་ནི། ཕྲ་བ་དང་། ཡང་བ་དང་། ཕྲ་བར་ནུབ་པ་དང་། སྤྱོད་པར་ནུས་པ་དང་། བདག་ཉིད་ཆེན་པོ་དང་། དགའ་མགུར་བྱེད་པ་དང་། ཐམས་ཅད་དབང་དུ་འགྱུར་པ་དང་། ཅི་འདོད་བྱེད་པ་སྟེ་བརྒྱད་ལ་བྱེད་པ་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཐུན་མོངས་དབང་ཕྱུག་དང་ནི་རྟགས་བཅས་པ། །དབང་ཕྱུག་བརྒྱད་ལྡན་འཆར་བ་འདི་ཉིད་དོ། །ཕྲ་ཞིང་ཡང་ལ་ཕྲ་བར་ནུབ་པ་དང་། །སྤྱོད་པར་ནུས་དང་བདག་ཉིད་ཆེན་པོ་དང་། །དགའ་མགུར་བྱེད་ཅིང་ཐམས་ཅད་དབང་དུ་འགྱུར། །ཅི་འདོད་བྱེད་དང་དབང་ཕྱུག་དོན་དུ་འཆར། །ཞེས་དང་། སློབ་དཔོན་འཇམ་དཔལ་གྲགས་པའི་མཚན་བརྗོད་ཀྱི་རྒྱ་ཆེར་བཤད་པ་ལས། ཡང་བ་དང་། ཕྲ་བ་དང་། མཆོད་པར་བྱ་བ་དང་། བདག་པོར་གྱུར་པ་དང་། དབང་ཕྱུག་ཏུ་གྱུར་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་དགུར་གནས་པ་སྟེ། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ཕུན་སུམ་ཚོགས་པར་བྱེད་པའམ། ཞེས་གསུངས་པའི་ཕྱིར་རོ།།

ཡང་ཕྲ་བ་དང་། ཡང་བ། ཡང་དག་པར་ཐོབ་པ། ཁྱབ་པ། རབ་ཏུ་གསལ་བ། བརྟན་པ། དབང་དུ་གྱུར་པ། འདོད་དགུར་བསྒྱུར་པའི་ཡོན་ཏན་བརྒྱད་དུ་བྱས་པའང་མཆིས་ལ། དེ་དག་གི་དོན་ནི། རིམ་ལྔ་གསལ་སྒྲོན་གྱི་བཀྲལ་ཚུལ་ལྟར་ན། དཔེར་ན་དབང་ཕྱུག་ཆེན་པོས་བཅུད་ཀྱི་སེམས་ཅན་གྱི་འཇིག་རྟེན་སྐྱེ་འཇིག་བྱེད་པའི་ཕྲ་བའི་ཡོན་ཏན་དང་ལྡན་པ་བཞིན་དུ་སློབ་པའི་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་བས་བཅུད་ཀྱི་འཇིག་རྟེན་སྒོམ་པས་སྤྲུལ་པ་དང་སྡུད་ནུས་པས་ཕྲ་བའི་ཡོན་ཏན་དང་། དབང་ཕྱུག་གིས་སྣོད་ཀྱི་འཇིག་རྟེན་སྐྱེ་འཇིག་བྱེད་པའི་ཡང་པའི་ཡོན་ཏན་དང་ལྡན་པ་བཞིན་དུ་སློབ་པའི་ཟུང་འཇུག་ལ་གནས་པའི་རྣལ་འབྱོར་བས་སྣོད་ཀྱི་འཇིག་རྟེན་སྤྲུལ་སྡུད་ནུས་པའི་ཡང་པའི་ཡོན་ཏན་དང་ལྡན་པ་དང་། དབང་ཕྱུག་གིས་སྣོད་བཅུད་གཉིས་ཀ་སྐྱེ་འཇིག་གི་བདག་པོ་བྱེད་པ་བཞིན་དུ་རྣལ་འབྱོར་བས་དེ་ལྟར་སྣོད་བཅུད་གཉིས་ཀ་སྤྲུལ་སྡུད་བྱེད་པ་ཡང་དག་པ་ཐོབ་པའི་ཡོན་ཏན་དང་། དབང་ཕྱུག་གིས་ཀུན་ལ་ཁྱབ་པའི་ཡོན་དང་ལྡན་པ་བཞིན་དུ་རྣལ་འབྱོར་བའི་ཡིད་ཀྱིས་གང་བསམ་པར་ཕྱིན་ནུས་པ་ཁྱབ་པའི་ཡོན་ཏན་དང་། དབང་ཕྱུག་ལ་འབྱུང་བོ་ཀུན་གྱིས་མཆོད་པ་བཞིན་དུ་རྣལ་འབྱོར་བའི་འོད་དང་གཟི་བརྗིད་ཀྱིས་གཞན་རྣམས་ཟིལ་གྱིས་གནོན་པ་རབ་ཏུ་གསལ་བའི་ཡོན་ཏན་དང་། དབང་ཕྱུག་གིས་གང་ཐོབ་པར་འདོད་པ་དག་ལ་དགའ་མགུར་སྤྱོད་པ་བཞིན་དུ་རྣལ་འབྱོར་བ་གང་ཐོབ་པར་འདོད་པའི་དོན་དེ་ལྟར་ཐོབ་ནུས་པ་བརྟན་པའི་ཡོན་ཏན་དང་། དབང་ཕྱུག་གིས་སེམས་ཅན་ཀུན་ལ་དབང་བྱེད་པ་བཞིན་དུ་རྣལ་འབྱོར་བ་གཞན་ཚར་གཅོད་རྗེས་འཛིན་གྱི་དབང་ཡོད་པ་ནི་དབང་དུ་གྱུར་པའི་ཡོན་ཏན་དང་། དབང་ཕྱུག་ཡོན་ཏན་ཀུན་ལྡན་ཡིན་པ་བཞིན་དུ་རྣལ་འབྱོར་བ་ཡོན་ཏན་ཀུན་ལ་འདོད་དགུར་བསྒྱུར་ནུས་པས་ན་འདོད་དགུར་ལྡན་པའི་ཡོན་ཏན་ཏེ་བརྒྱད་ལ་དབང་ཕྱུག་གི་ཡོན་ཏན་བརྒྱད་དུ་བཤད་ཅིང་། དཔེ་དབང་ཕྱུག་གི་ཡོན་ཏན་བརྒྱད་ལྟར་དུ་དཔེ་དོན་ཟུང་འཇུག་ཐོབ་པའི་རྟགས་ཉིད་དུ་འཆར་བའི་ཡོན་ཏན་བརྒྱད་བསྟན་པ་ཡིན་ནོ།།

འཇམ་མགོན་བླ་མའི་གསལ་སྒྲོན་ལས། དབང་ཕྱུག་གི་ཡོན་བརྒྱད་ཅེས་བྱ་ཡི། དབང་ཕྱུག་བརྒྱད་ནི་མིན་ནོ། །ཞེས་དབང་ཕྱུག་གི་ཡོན་ཏན་བརྒྱད་དང་། དབང་ཕྱུག་བརྒྱད་མི་འདྲ་བར་གསུངས་པས། དབང་ཕྱུག་གི་ཡོན་ཏན་བརྒྱད་སློབ་པ་དང་། དབང་ཕྱུག་བརྒྱད་ནི་མི་སློབ་པའི་འབྲས་བུའི་ཡོན་ཏན་དུ་གོ་དགོས་པ་ཡིན་པ་ཤེས་པར་བྱའོ།།

དེས་ན་ཕྱི་མ་དབང་ཕྱུག་བརྒྱད་ནི། སྐུ་ཡི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་དང་། འཕྲིན་ལས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཕྱོགས་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། གང་འདོད་བསྐྱེད་པའི་དབང་ཕྱུག་དང་། ཁྱད་པར་ཅི་འདོད་དུ་སྦྱིན་པའི་དབང་ཕྱུག་དང་བརྒྱད་ལ་ངོས་འཛིན་གནང་བ་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །ཐུགས་ཀྱི་དབང་ཕྱུག་དེ་ཉིད་འཕྲིན་ལས་དང་། །རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། །གང་འདོད་བསྐྱེད་དང་ཁྱད་པར་དོན་བརྒྱད་དོ། །ཞེས་དང་། སློབ་དཔོན་ཐུགས་རྗེའི་དཔལ་གྱི་སྒྲོན་གསལ་གསལ་བྱེད་ལས། དབང་ཕྱུག་བརྒྱད་ཅེས་པ་ནི་སྐུའི་དབང་ཕྱུག་ལ་སོགས་པ་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་དག་གི་དོན་ཕལ་མོ་ཆེ་ནི། སློབ་དཔོན་ཛཱ་ལནྡྷ་རའི་ཀྱེ་རྡོ་རྗེའི་སྒྲུབ་ཐབས་ཀྱི་མདོར་བཤད་པ་དག་པ་རྡོ་རྗེ་སྒྲོན་མ་ལས། སྐུ་ཡི་དབང་ཕྱུག་གསུང་དབང་ཕྱུག །དེ་བཞིན་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཅན་འགྲོའི་དབང་ཕྱུག་སྟེ། །འདོད་བྱེད་ཡོན་ཏན་བརྒྱད་པའོ། །ཞེས་སོ། །སྐུ་མཐའ་ཡས་པ་ནི་སྐུའི་དབང་ཕྱུག་དང་། སེམས་ཅན་ཐམས་ཅད་ཀྱི་སྐད་སྨྲ་བས་གསུང་གི་དབང་ཕྱུག་དང་། སེམས་ཅན་གྱི་སེམས་ཤེས་པས་ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་མཐོང་བས་རྫུ་འཕྲུལ་གྱི་དབང་ཕྱུག་དང་། འཇིག་རྟེན་གསུམ་གཅིག་པའི་སྐུ་ནི་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། འདོད་པས་བདེ་བ་ཆེན་པོའི་རང་བཞིན་སེམས་ཅན་རྣམས་མངོན་པར་འདོད་པས་འདོད་པའི་དབང་ཕྱུག་སྟེ། འདོད་པའི་སྒྲས་འདོད་པ་འདོད་པ་བརྗོད་པའོ། །བྱེད་པ་པོ་ཞེས་པ་ནི་བྱེད་པ་པོ་རྡོ་རྗེ་འཛིན་པ་ཉིད་ཀྱིས་བྱེད་པའི་དབང་ཕྱུག་གོ །ཟབ་མོའི་ལྷ་ཉིད་ཀྱི་རྣམ་པ་ལས་མྱ་ངན་ལས་འདའ་བར་གཤེགས་ཤིང་མྱ་ངན་ལས་འདས་ནས་ལྷ་ཉིད་ཀྱི་རྣམ་པར་རྒྱུ་བས་ཡོན་ཏན་གྱི་དབང་ཕྱུག་སྟེ། འདིས་ནི་མཚན་མ་རྣམས་ཀྱི་རྣམ་པར་དག་པའོ། །ཞེས་དང་། སློབ་དཔོན་དཔལ་སྒྲ་གཅན་གསང་བས། ནོར་སྦྱིན་གྱི་བར་དུ་ནི་དབང་ཕྱུག་བརྒྱད་རྣམ་པར་དག་པས་སོ། །འདི་ལྟ་སྟེ། སྐུ་ཡི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་ཁོ་ནར་ཐུགས་ཀྱི་དབང་ཕྱུག་ཀྱང་། །རྫུ་འཕྲུལ་དང་ནི་ཀུན་འགྲོའི་དབང་ཕྱུག་དང་། །འདོད་དང་བྱེད་པོ་ཡོན་ཏན་བརྒྱད་པའོ། །སྐུ་མཐའ་ཡས་པ་ནི་སྐུའི་དབང་ཕྱུག་གོ །ཐམས་ཅད་ཀྱི་སྐད་དུ་སྨྲ་བ་ནི་གསུང་གི་དབང་ཕྱུག་གོ །སེམས་ཅན་ཐམས་ཅད་ཀྱི་སེམས་ཤེས་པ་ནི་ཐུགས་ཀྱི་དབང་ཕྱུག་གོ །རྫུ་འཕྲུལ་གྱིས་མཐའ་ཡས་པའི་འཇིག་རྟེན་གྱི་ཁམས་ལྟ་བ་ནི་རྫུ་འཕྲུལ་གྱི་དབང་ཕྱུག་གོ །འཇིག་རྟེན་གསུམ་པོ་གཅིག་པའི་སྐུ་ནི་ཀུན་ཏུ་འགྲོ་བའི་དབང་ཕྱུག་གོ །ཨཱཙྪིའི་སྒྲས་ནི་འདོད་པ་གསུངས་ཏེ། འདོད་པས་སེམས་ཅན་རྣམས་ཀྱི་བདེ་བ་ཆེན་པོ་སྐྱེད་པར་བྱེད་པ་ནི་འདོད་པའི་དབང་ཕྱུག་གོ །བྱེད་པོ་ནི་རྡོ་རྗེ་འཆང་ཆེན་པོ་ཞེས་བྱེད་པོའི་དབང་ཕྱུག་གོ །ལྷའི་རྣམ་པས་སྤྱོད་པ་ནི་ཡོན་ཏན་གྱི་དབང་ཕྱུག་གོ །ཞེས་གསུངས་པ་ལྟར་རོ།།

དེ་གཉིས་ཀྱིས་ཡོན་ཏན་གྱི་དབང་ཕྱུག་ཅེས་ལོགས་སུ་ཕྱེས་ནས་བརྒྱད་དུ་བཤད་པ་ལས་འཕྲིན་ལས་ཀྱི་དབང་ཕྱུག་ཟེར་བ་མ་བཤད་ལ། དཔལ་ཐུགས་རྗེའི་དཔལ་གྱི་སྒྲོན་གསལ་དཀའ་འགྲེལ་ལས། དབང་ཕྱུག་བརྒྱད་ཅེས་པ་ནི། སྐུའི་དབང་ཕྱུག་གསུང་གི་དབང་ཕྱུག་དང་། །དེ་བཞིན་ཉིད་དུའང་ཐུགས་ཀྱི་དབང་ཕྱུག་དང་། །རྫུ་འཕྲུལ་ཀུན་དུ་འགྲོ་བའི་དབང་ཕྱུག་དང་། །འདོད་པ་བྱེད་པོ་ཡོན་ཏན་བརྒྱད་པ་རྣམས། །ཞེས་སོ། །ཞེས་དེ་གཉིས་དང་འདྲ་བར་གསུངས་སོ།།

སློབ་དཔོན་བི་མ་ལ་མི་ཏྲའི་མཚན་བརྗོད་འགྲེལ་པ་མཚན་དོན་གསལ་བར་བྱེད་པའི་སྒྲོན་མ་ལས། དབང་ཕྱུག་ཕུན་སུམ་ཚོགས་པ་ནི། ཡོན་ཏན་གྱི་དབང་ཕྱུག་བརྒྱད་ལ་བྱ་སྟེ། དེ་ཡང་ཕ་རོལ་ཏུ་ཕྱིན་པའི་གཞུང་གིས། སྐུ་ཡང་བ་དང་། ཕྲ་བ་དང་། གཞན་གྱིས་མཆོད་པ་དང་། བདག་པོར་གྱུར་པ་དང་། ལོངས་སྤྱོད་པ་དང་། གར་ཡང་ཕྱིན་པ་དང་། འདོད་དགུར་ལྡན་པ་དང་། དགའ་མགུར་སྤྱོད་པ་དང་བརྒྱད་དོ། །གསང་སྔགས་ཀྱི་གཞུང་གིས་སྐུའི་དབང་ཕྱུག་དང་། གསུང་གི་དབང་ཕྱུག་དང་། ཐུགས་ཀྱི་དབང་ཕྱུག་དང་། རྫུ་འཕྲུལ་གྱི་དབང་ཕྱུག་དང་། ཕྱོགས་ཐམས་ཅད་དུ་སོང་བའི་དབང་ཕྱུག་དང་། འདོད་སྤྱོད་ཀྱི་དབང་ཕྱུག་དང་། ཅི་འདོད་སྦྱིན་པའི་དབང་ཕྱུག་དང་། གནས་ཀྱི་དབང་ཕྱུག་དང་བརྒྱད་དོ། །ཞེས་སྔ་མ་བརྒྱད་ཕ་རོལ་ཕྱིན་པའི་གཞུང་གི་ལུགས་དང་། ཕྱི་མ་དེ་གསང་སྔགས་ཀྱི་ལུགས་སུ་གསུངས་པ་ལས་དེ་གཉིས་སློབ་པ་དང་མི་སློབ་པའི་ཡོན་ཏན་གྱི་ཁྱད་པར་དུ་མ་གསུངས་ལ། གནས་ཀྱི་དབང་ཕྱུག་ཅེས་པ་ལས་འཕྲིན་ལས་ཀྱི་དབང་ཕྱུག་ཅེས་པ་མ་གསུངས་ཀྱང་རྡོ་རྗེ་དཔལ་མཆོག་ཆེན་པོའི་རྒྱུད་ལས་འཕྲིན་ལས་ཀྱི་དབང་ཕྱུག་ཅེས་པ་དངོས་སུ་ཐོན་པས་དོན་ལ་གནས་ཀྱི་དབང་ཕྱུག་ཅེས་པ་དེ་ལ་གོ་དགོས་སམ་དཔྱད་དོ།

བི་མ་ལས་གསུངས་པ་ཇི་བཞིན་མི་སློབ་པའི་འབྲས་བུའི་དབང་ཕྱུག་བརྒྱད་ལའང་ཕྲ་བ་ལ་སོགས་པའི་མིང་དོན་ནི་སྦྱར་འདུག་པ་ཡོད་དེ། སློབ་དཔོན་བྷ་བྱ་ཀཱིརྟིའི་སྒྲོན་གསལ་དགོངས་པ་རབ་གསལ་ལས། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །ཞེས་བྱ་བ་སྨོས་ཏེ། དབང་ཕྱུག་བརྒྱད་ནི་སྐུའི་དབང་ཕྱུག་ལ་སོགས་པའམ་ཕྲ་བ་ལ་སོགས་པ་སྔོན་དུ་བཤད་ཟིན་ཏོ། །ཞེས་གསུངས་པའི་ཕྱིར། དེས་ནི། དཔལ་ལྡན་ཟླ་བའི་སྒྲོན་གསལ་ལས། དབང་ཕྱུག་བརྒྱད་ཀྱིས་བཅོམ་ལྡན་འདས། །བདེ་བ་ཆེན་པོའི་གནས་ལ་བཞུགས། །འདི་ཡི་ཕུང་པོ་ལྔ་རྒྱལ་བ། །དེ་བཞིན་གཤེགས་པ་ཐམས་ཅད་ཡིན། །ཞེས་གསུངས་པའི་ཐད་ཀྱི་འགྲེལ་བ་ཡིན་པས་དེ་དག་གིས་མི་སློབ་པའི་ཟུང་འཇུག་གི་དུས་ཀྱི་ཡོན་ཏན་དབང་ཕྱུག་བརྒྱད་ལ་བྱེད་པ་ལས་མི་སློབ་པའི་ཟུང་འཇུག་ཐོབ་ཁ་མའི་དབང་ཕྱུག་གི་ཡོན་ཏན་བརྒྱད་ཀྱི་རྟགས་བསྟན་པ་མིན་པར་གོ་པས་དཔྱད་པར་བྱའོ།།

འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། སྤྱན་རས་གཟིགས་དབང་ཕྱུག་བརྒྱད་ཀྱིས་ཏེ། ལྷག་པའི་བསམ་པ་རྣམ་པར་དག་པ་དང་། སེམས་རྣམ་པར་དག་པ་དང་། སྙིང་རྗེ་རྣམ་པར་དག་པ་དང་། ཕ་རོལ་ཏུ་ཕྱིན་པ་རྣམ་པར་དག་པ་དང་། སངས་རྒྱས་མཐོང་ཞིང་བསྙེན་བཀུར་བྱེད་པ་རྣམ་པར་དག་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་རྣམ་པར་དག་པ་དང་། སྐྱེ་བ་རྣམ་པར་དག་པ་དང་། མཐུ་རྣམ་པར་དག་པས་སོ། །ཞེས་མདོ་ལས་ནི་དབང་ཕྱུག་བརྒྱད་ཀྱི་ཅེས་པ་དེ་ལྟར་གསུངས་པའང་མཆིས་མོད་འདིར་བཤད་ཀྱི་འབྲས་བུའི་ཡོན་ཏན་བརྒྱད་ལ་འགྲེལ་ཆགས་མིན་དཔྱད་པར་བྱའོ།།

ད་ནི་དཀྱུས་ལ་འཇུག་སྟེ། དེ་ལྟར་སློབ་པའི་ཟུང་འཇུག་གི་སློབ་མཐའི་འོད་གསལ་དེ་ནི་རྒྱུན་མཐའི་སྒོམ་ལམ་རྡོ་རྗེ་ལྟ་བུའི་བར་ཆད་མེད་ལམ་དང་ཡང་ན་དེའི་དོད་ཐུབ་ཡིན་ཕྱིར་དེ་ཡིས་ཤེས་སྒྲིབ་ཕྲ་བའི་ཕྲ་བ་སྤོང་བའི་དངོས་གཉེན་བྱས་ཏེ། འོད་གསལ་དེའི་སྐད་ཅིག་གཉིས་པ་ནས་གཉིས་སྣང་འཁྲུལ་བའི་བག་ཆགས་ཀྱི་ལྷག་མ་མ་ལུས་པ་སྦྱངས་ནས་གཉིས་སྣང་མཐའ་དག་ཆོས་ཀྱི་དབྱིངས་སུ་ནུབ་སྟེ་ཤེས་སྒྲིབ་སྤངས་པ་དང་། སློབ་པའི་ཟུང་འཇུག་གི་རྒྱུན་རིགས་འདྲ་ཕྱི་མ་མི་སློབ་པའི་ཟུང་འཇུག་ཏུ་གྱུར་ཅིང་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཐར་ཐུག་པ་མངོན་དུ་གྱུར་ཏེ་ཆོས་ཉིད་ཀྱི་དབྱིངས་སུ་གཟིགས་པ་སླར་མི་ལྡང་བའི་ཚུལ་གྱིས་སངས་རྒྱས་པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །ཀུན་རྟོག་མ་ལུས་བཅོམ་གྱུར་པའི། །རྣམ་པར་དག་པའི་ཡེ་ཤེས་ཀྱི། །མཁྱེན་པ་བྱང་ཆུབ་སེམས་ཀྱི་རྒྱུན། །མི་འགག་འཕྲིན་ལས་རྒྱུན་མི་འཆད། །མི་འགྱུར་སྟོང་ཉིད་བདེ་ཆེན་པོ། །ཟུང་འཇུག་རབ་ཏུ་མི་གནས་པ། །ཐོབ་ཏུ་མེད་ལས་ཀུན་དུ་འབྱུང་། །ལྷུན་གྲུབ་དེ་བཞིན་ཉིད་གནས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་སློབ་དཔོན་ནཱ་གཱརྫུ་ནའི་དབང་བཞི་པའི་རབ་བྱེད་ལས། ངོ་བོ་ཉིད་ནི་རྡོ་རྗེ་འཆང་། །ཡན་ལག་བདུན་དང་ལྡན་པ་སྟེ། །ལོངས་སྤྱོད་རྫོགས་པ་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ངེས་གང་རྒྱུན་མི་འཆད་ཅིང་འགོག་པ་མེད། །ཅེས་གསུངས་པ་ལྟར་གྱི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་ཡང་དེ་ནས་ཐོབ་པ་ཡིན་ནོ།།

ཁ་སྦྱོར་ཡན་ལག་བདུན་དེའི་དོན་ནི། སློབ་དཔོན་དགའ་བ་སྐྱོང་གི་དབང་བསྐུར་བ་ངེས་པར་བསྟན་པའི་དཀའ་འགྲེལ་ལས། དེ་ལ་ཡན་ལག་བདུན་ནི། ལོངས་སྤྱོད་རྫོགས་པའི་ཚོར་བ་དང་། ཁ་སྦྱོར་སྙོམས་པར་འཇུག་པ་དང་། བདེ་བ་ཆེན་པོ་བདེ་བའི་ངོ་བོ་ཉིད་དང་། མེད་པ་རྟོག་པ་དང་བྲལ་བ་དང་། སྙིང་རྗེ་ངེས་པར་གང་སྔོན་གྱི་སྨོན་ལམ་གྱི་དབང་གིས་ལོངས་སྤྱོད་རྫོགས་པ་ལ་སོགས་པས་སེམས་ཅན་གྱི་དོན་མཛད་པ་དང་། རྒྱུན་མི་འཆད་པར་རབ་ཏུ་རྒྱུན་ཆད་པ་མེད་པ་དང་། འགོག་པ་མེད་པས་རྒྱུད་རྒྱུན་འཆད་པ་མེད་པའོ། །ཞེས་གསུངས་པ་ལྟར་རོ།།

དེ་ཡང་ཡང་དག་མཐའ་ལས་ལྡང་ནས་ཟུང་འཇུག་ཐོབ་ཟེར་བ་ནི་སློབ་པའི་ཟུང་འཇུག་ལ་ཡིན་གྱི། མི་སློབ་པ་སངས་རྒྱས་ཀྱི་ཟུང་འཇུག་ནི་ཡང་དག་མཐའ་ལས་ལྡང་བ་མིན་པར་ཡང་དག་མཐའ་ལ་མཉམ་པར་བཞག་བཞིིན་པའི་ངང་ནས་ཐོབ་པ་ཡིན་པར་གསུངས་སོ།།

དེས་ན་མཐར་ཐུག་གི་ཟུང་འཇུག་གྲུབ་པ་ནས་སྣང་བ་གསུམ་གྱི་ཡེ་ཤེས་དབྱིངས་སུ་དག་ནས་སྐྱེ་བའམ་འབྱུང་བ་མེད་པ་ཡིན་པས་སློབ་པའི་ཟུང་འཇུག་གི་འོག་ནས་མི་སློབ་པའི་ཟུང་འཇུག་ཐོབ་པའི་ཆེད་དུ་འོད་གསལ་ལ་མཉམ་པར་བཞག་པའི་རྗེས་ནས་སྣང་མཆེད་ཐོབ་གསུམ་འགགས་ནས་མི་འབྱུང་བ་ཡིན་ཕྱིར། སྨོས་ཟིན་ལྟར་སྣང་བ་གསུམ་དེ་ནས་རྒྱུན་ཆད་པ་ཡིན་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། རྡོ་རྗེ་འོད་ཀྱི་ལུས་བཟུང་ནས། །བདག་དང་གཞན་དོན་སྒྲུབ་འགྱུར་ལ། །དམིགས་པ་ཐམས་ཅད་ཟད་བྱེད་པས། །བགྲོད་མེད་གནས་སུ་བདེ་བར་འགྱུར། །རང་འོད་ཡེ་ཤེས་ལྡན་པའི་སྐུ། །འཇའ་ཚོན་བཞིན་དུ་མཐའ་མི་དམིགས། །སྟོང་པ་གསུམ་ལ་འདས་པ་པོ། །ཐོགས་མེད་སྙིང་རྗེ་འབྱུང་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

སངས་རྒྱས་ཀྱི་ས་རུ་ཡར་འགྲོ་བ་ནི། སེམས་མཐར་ཐུག་པ་ཞིག་སངས་རྒྱས་ཀྱི་ས་རུ་འགྲོ་བ་དང་། གཟུགས་མཐར་ཐུག་པ་ཞིག་སངས་རྒྱས་ཀྱི་ས་རུ་འགྲོ་བ་དང་། རླུང་མཐར་ཐུག་པ་ཞིག་སངས་རྒྱས་ཀྱི་ས་རུ་འགྲོ་བ་ཡིན་ཕྱིར། ཤིན་ཏུ་ཕྲ་བའི་རླུང་གིས་གཟུགས་སྐུ་དང་། ཤིན་ཏུ་ཕྲ་བའི་སེམས་ཀྱིས་ཡེ་ཤེས་ཆོས་སྐུ་དང་། ཤིན་ཏུ་ཕྲ་བའི་རླུང་སེམས་དངོས་པོ་གཅིག་པ་དེས་ཟུང་འཇུག་གི་སྐུ་གྲུབ་པ་ཡིན་ཕྱིར་ཕྱི་མ་དེ་ཟུང་འཇུག་གི་སྒྲུབ་གཞི་ཞེས་བྱ་ཞིང་། སེམས་ཀྱི་བཞོན་པར་གྱུར་པའི་རླུང་རགས་པ་འགགས་པ་ན་དེ་ལྷའི་རྣམ་པར་ཤར་བའི་སྒྱུ་ལུས་རགས་པའམ་མ་དག་པའི་སྒྱུ་ལུས་དེ་འགགས་ཤིང་། གཉུག་སེམས་ཕྲ་བའི་བཞོན་པར་གྱུར་པའི་རླུང་ཕྲ་བ་ལྷའི་རྣམ་པར་ཤར་བའི་དག་པའི་སྒྱུ་མའི་སྐུ་བསྒོམས་པ་ན་ཟུང་འཇུག་ཐོབ་པ་ཡིན་ནོ།།

དེས་ན་རིམ་པ་བཞི་བའི་དོན་གྱི་འོད་གསལ་གྱི་བཞོན་པའི་རླུང་ཕྲ་བ་དེས་ཉེར་ལེན་གྱི་རྒྱུ་བྱས་ཏེ་ཉོན་སྒྲིབ་སྤངས་པའི་དག་པའི་སྒྱུ་མའི་ལུས་མངོན་དུ་གྱུར་པ་དང་། དག་པའི་སྒྱུ་མའི་སྐུ་དེ་ཇེ་དག་ཏུ་སོང་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པའི་དུས་ཀྱི་དག་པའི་སྒྱུ་མའི་སྐུ་ནི་སངས་རྒྱས་ཀྱི་སའི་གཟུགས་སྐུ་དེ་ཡིན་ཞིང་། ལོངས་སྐུ་དེ་འཕགས་པ་འབའ་ཞིག་གི་སྤྱོད་ཡུལ་དུ་གསུངས་པས་སྐུ་དེ་ཡང་དག་པའི་སྒྱུ་ལུས་པའི་བྱང་སེམས་འཕགས་པ་རྣམས་ཀྱི་སྤྱོད་ཡུལ་དུ་གྱུར་པ་ཡིན་ལ། དག་པ་གཉིས་ལྡན་གྱི་ཡུལ་གྱི་འོད་གསལ་ནི་ཆོས་ཀྱི་སྐུ་སྟེ་ངོ་བོ་ཉིད་སྐུ་དང་། ཡུལ་ཅན་འོད་གསལ་ལྷན་ཅིག་སྐྱེས་པའི་གཉུག་མའི་ཡེ་ཤེས་ནི་ཡེ་ཤེས་ཆོས་སྐུ་ཡིན་ཞིང་དེ་ལ་བདེ་བ་ཆེན་པོའི་སྐུ་ཞེས་བྱ་བ་དང་། དེའི་རྟེན་དུ་གྱུར་པའི་རླུང་སེམས་ཕྲ་བ་མཐར་ཐུག་པ་ལས་གྲུབ་པའི་སྒྱུ་མའི་སྐུ་དེ་ལོངས་སྐུར་གྱུར་པའི་གཟུགས་སྐུ་ཡིན་ཞིང་། དེ་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཀྱིས་ཕྱེས་པས་ན་གཟུགས་སྐུ་ལའང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཞེས་རྒྱུད་ལས་ལན་གྲངས་དུ་མར་གསུངས་ཏེ། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྟོབས་དང་མི་འཇིགས་ལ་སོགས་པའི། །ཆེ་བའི་ཡོན་ཏན་རྣམས་བརྒྱན་པ། །བདེན་གཉིས་སྦྱོར་བ་ཟུང་འཇུག་སྐུ། །བདེ་བ་ཆེན་པོ་དེས་ཐོབ་འགྱུར། །མཁའ་འདྲ་ཆོས་སྐུ་སྟོང་པ་ལས། །རྟོག་མེད་ཡེ་ཤེས་མཁའ་འདྲ་བ། །ཚོགས་དང་སྨོན་ལམ་སྟོབས་དག་གིས། །འབར་དང་བྲལ་བར་ལྷུན་གྱིས་གྲུབ། །ལོངས་སྤྱོད་རྫོགས་པའི་སྐུ་ལུས་ནི། །འབད་པ་མེད་པར་སྤྲུལ་པའི་སྐུ། །མཐའ་མེད་རྡུལ་བྲལ་ཇི་བཞིན་པས། །སེམས་ཅན་དོན་ཀུན་སྒྲུབ་པར་མཛད། །གང་དག་གང་གིས་འདུལ་གྱུར་པ། །དེ་དེ་བཞིན་དུ་སོ་སོར་སྣང་། །མོས་པའི་དབང་གིས་ཐ་དད་པར། །སེམས་ཅན་རྣམས་ནི་འདུལ་བར་འགྱུར། །ལྷུན་གྲུབ་བདེ་བ་ཆེན་པོའི་སྐུ། །རང་སྣང་རིག་མས་ཉེར་བརྒྱན་པའི། །འོག་མིན་གནས་སུ་དུས་རྟག་ཏུ། །མཚན་དང་དཔེ་བྱད་འབར་བས་བཞུགས། །ཡིད་བཞིན་ནོར་བུའི་རྒྱལ་པོ་ལྟར། །འབད་མེད་བདག་དང་གཞན་གྱི་དོན། །ཆེ་བའི་ཡོན་ཏན་རྣམས་ཀྱིས་བརྒྱན། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

ཟུང་འཇུག་ཉེར་གཅིག་བཤད་པ་ནི་གང་ཞེ་ན། དེ་ནི་ཡོད་དེ། འཁོར་འདས་ཟུང་འཇུག་དང་། ཀུན་བྱང་ཟུང་འཇུག་དང་། རྣམ་བཅས་རྣམ་མེད་ཟུང་འཇུག་དང་། གཟུང་འཛིན་གཉིས་མེད་ཀྱི་ཟུང་འཇུག་དང་། རྟག་ཆད་བྲལ་བའི་ཟུང་འཇུག་དང་། སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང་། ཐབས་ཤེས་ཟུང་འཇུག་དང་། ལྷག་བཅས་ལྷག་མེད་ཟུང་འཇུག་དང་། ཆོས་དང་གང་ཟག་གི་བདག་མེད་ཟུང་འཇུག་དང་། སྒྱུ་ལུས་འོད་གསལ་ཟུང་འཇུག་དང་། རིལ་འཛིན་རྗེས་གཞིག་ཟུང་འཇུག་དང་། བདེན་གཉིས་ཟུང་འཇུག་དང་། མཉམ་པར་འཇུག་ལྡང་ཟུང་འཇུག་དང་། སད་གཉིད་ཟུང་འཇུག་དང་། མཉམ་རྗེས་ཟུང་འཇུག་དང་། དྲན་དང་དྲན་མིན་ཟུང་འཇུག་དང་། བདེ་སྟོང་ཟུང་འཇུག་དང་། བྱ་བྱེད་ཟུང་འཇུག་དང་། བསྐྱེད་རྫོགས་ཟུང་འཇུག་དང་། དག་པའི་ལྷ་དང་མ་དག་པའི་ལྷའི་ཟུང་འཇུག་དང་། གཟུགས་ཅན་གཟུགས་མེད་ཟུང་འཇུག་སྟེ་ཉེར་གཅིག་པོ་ཡིན་པའི་ཕྱིར། གྲུབ་སྟེ།

ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་དུ་དངོས་པོ་གཅིག་གྱུར་པ། །ཟུང་དུ་འཇུག་ཅེས་དེ་ལ་བཤད། །ཅེས་པ་ནས། གཟུགས་ཅན་དང་ནི་གཟུགས་མེད་ཅེས། །རྟོག་པ་གཉིས་པོ་སྤངས་པས་ན། །གང་ཞིག་ཞི་རྟོགས་རྣལ་འབྱོར་དབང་། །དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་གསུངས་པའི་བར་གྱིས་བསྟན་པ་ཡིན་པའི་ཕྱིར་རོ།།

ཡང་ཟུང་འཇུག་ཉེར་གཉིས་སུ་ཕྱེ་དུས་རིལ་འཛིན་རྗེས་གཞིག་གི་ཟུང་འཇུག་ལས་འཇུག་གནས་ལྡང་གསུམ་གྱི་ཟུང་འཇུག་ཅེས་བསམ་གཏན་དེ་གཉིས་ཀྱིས་འཇུག་པ་དང་གནས་པ་དང་ལྡང་བ་གསུམ་གྱི་བྱེད་ལས་ལོགས་སུ་ཕྱེས་ཏེ་བགྲང་བ་དང་། ཡང་མཉམ་རྗེས་ཟུང་འཇུག་ལ་གཉིས་ཕྱེས་ཏེ་ཟུང་འཇུག་ཉེར་གསུམ་དུ་བྱེད་པའང་ཡོད་དོ།།

ཡང་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ཀྱི་སྲོལ་འཛིན་ཁ་ཅིག་གིས་འགོག་པ་ཟུང་འཇུག་དང་། སྣང་བ་ཟུང་འཇུག་དང་། འབྲེལ་བ་ཟུང་འཇུག་སྟེ་ཟུང་འཇུག་གསུམ་དུ་དབྱེ་བར་བྱས་པ་ཡོད་ལ། དེ་ལས་གཉིས་པ་ནི། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། དངོས་པོ་རྣམ་བཅས་ཀུན་རྟོག་དང་། །དངོས་པོ་མེད་པར་རྟོག་པ་དག །རྣལ་འབྱོར་པས་ནི་ཅིག་ཅར་སྤྱོད། །དེ་ནི་ཟུང་འཇུག་ཤེས་པའོ། །ཞེས་གསུངས་པའི་དོན་གོང་དུ་རྣམ་བཅས་རྣམ་མེད་ཀྱི་ཟུང་འཇུག་ཅེས་པ་དེ་ལ་བྱའོ། །གསུམ་པ་ནི། ཡང་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། ཐབས་དང་ཤེས་རབ་སྙོམས་འཇུག་པར། །ཐམས་ཅད་བསྡུས་ལས་ཤེས་གྱུར་པ། །རྣལ་འབྱོར་ཆེན་པོ་གང་དུ་གནས། །དེ་ནི་ཟུང་དུ་འཇུག་པར་འགྱུར། །ཞེས་གསུངས་པའི་དོན་གོང་གི་ཐབས་ཤེས་ཟུང་འཇུག་ཟེར་བ་དེ་ལ་བྱ་བའོ།།

དེ་གསུམ་གྱི་དང་པོ་ནི། ཡང་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། འཁོར་བ་དང་ནི་མྱ་ངན་འདས། །སོགས་ནས། ཀུན་ཉོན་མོངས་དང་རྣམ་པར་བྱང་། །དོན་དམ་ཉིད་དུ་ཤེས་ནས་ནི། །གང་གིས་གཅིག་ཏུ་ཤེས་གྱུར་པ། །དེ་ཡིས་ཟུང་དུ་འཇུག་པར་ཤེས། །ཞེས་དང་། གཟུང་བ་དང་ནི་འཛིན་པ་ཞེས། །རྣམ་གཉིས་བློ་ནི་ཡོད་མིན་གྱི། །གང་དུ་མི་ཕྱེད་བློ་ཡོད་པ། །དེ་ནི་ཟུང་འཇུག་ཅེས་བྱར་བཤད། །རྟག་དང་ཆད་པའི་བློ་དག་ནི། །གང་གིས་སྤངས་ནས་གནས་པ་ཡི། །ཟུང་དུ་འཇུག་པའི་རིམ་འདི་ཡི། །དེ་ཉིད་ཤེས་ཏེ་མཁས་པ་ཡིན། །ཤེས་རབ་སྙིང་རྗེ་གཅིག་པར་ནི། །ཤེས་ནས་གང་དུ་འཇུག་གྱུར་པ། །ཟུང་འཇུག་ཅེས་བྱར་བཤད་པ་སྟེ། །རིམ་འདི་སངས་རྒྱས་སྤྱོད་ཡུལ་ལོ། །ཞེས་དང་། གང་དུ་ལྷག་མར་བཅས་པ་དང་། །ཞེས་པ་ནས། དེ་ནི་ཟུང་འཇུག་ཐོབ་པའོ། །ཞེས་གསུངས་པའི་བར་གྱིས་བསྟན་པའི་སྨོས་མ་ཐག་པའི་ཟུང་འཇུག་དེ་གཉིས་ལས་ལྷག་མའི་ཟུང་འཇུག་ཡོད་ཚད་ལ་བཤད་པ་ཡིན་པར་འདོད་དོ།།

ཟུང་འཇུག་ལ་གོ་བ་ཆགས་པའི་ཚད་ཅིག་བཤད་ན་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་ས་རུ་མི་སློབ་པ་འབྲས་བུའི་ཟུང་འཇུག་ཡོད་ལ། དེའི་རྒྱུར་སློབ་པའི་ཟུང་འཇུག་སྔོན་དུ་འགྲོ་དགོས་པ་དང་། དེའི་རྒྱུར་རིམ་པ་བཞི་བའི་འོད་གསལ་དང་། དེའི་རྒྱུར་རིམ་པ་གསུམ་པའི་སྒྱུ་ལུས་དང་། དེའི་རྒྱུར་སེམས་དབེན་གྱི་སྣང་མཆེད་ཐོབ་གསུམ་དང་། དེའི་རྒྱུར་སྲོག་རྩོལ་གསུམ་བསྒོམས་པ་ལས་བྱུང་བའི་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་བ་འགྲོ་དགོས་པ་དང་། དེ་ཡང་ཚགས་ཆུང་ངུའི་སྒོ་ནས་སྔོན་དུ་འགྲོ་བ་ལ་ལུས་དབེན་དང་། དེ་ཐོབ་པ་ལ་སྐྱེ་ཤི་བར་དོ་ལམ་ཁྱེར་གྱི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་དང་། དེ་དག་གི་རྒྱུར་དབང་བཞི་རྫོགས་པར་ཐོབ་པ་དང་དམ་ཚིག་དང་སྡོམ་ལ་གནས་པ་དང་། དེའི་སྔོན་དུ་དགེ་བའི་བཤེས་གཉེན་བསྟེན་ནས་ཞི་ལྷག་གི་བར་གྱི་ལམ་ཐུན་མོང་བ་ལ་སྦྱངས་པ་འགྲོ་དགོས་པའི་ཚུལ་ལ་གོ་བ་ཆགས་པར་བྱ་དགོས་པ་ནི་ཟུང་འཇུག་ལ་གོ་བ་ཆགས་པའི་ཚད་ཡིན་པར་མཁས་པས་གསུངས་སོ།།

ས་ལམ་གྱི་རྣམ་གཞག།

གསང་བ་འདུས་པ་སོགས་སྔགས་བླ་མེད་ཀྱི་སྐབས་འདིར་ལམ་ལྔ་ས་བཅུའི་རྣམ་གཞག་ནི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་འཛུད་པ་ཐིམ་པས་སྟོང་པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་འདིའི་ཚོགས་ལམ་དང་། དེ་ནུས་པ་ནས་དྲོད་རྩེ་མོ་བཟོད་པ་ཆོས་མཆོག་སྟེ་སྦྱོར་ལམ་དང་། དོན་གྱི་འོད་གསལ་སྐྱེས་ཤིང་ཟུང་འཇུག་མ་ཐོབ་ཀྱི་བར་དེ་མཐོང་ལམ་དང་། ས་བཅུའི་དབང་དུ་བྱས་ན་ས་དང་པོ་རབ་དགའ་དང་། སློབ་པའི་ཟུང་འཇུག་ཐོབ་པ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་སྒོམ་ལམ་སྐོར་དགུ་དང་། ས་དགུ་དང་། མི་སློབ་པའི་ཟུང་འཇུག་གྲུབ་པ་ནས་སངས་རྒྱས་ཀྱི་ས་རུ་བཞག་པ་ཡིན་ནོ།།

སློབ་པའི་ཟུང་འཇུག་ལ་ས་དགུར་ཕྱེས་པའི་ས་བརྒྱད་པའི་དུས་སུ་ཤེས་སྒྲིབ་སྤོང་བའི་མགོ་བརྩམས་ཏེ་སློབ་མཐའི་དོན་གྱི་འོད་གསལ་བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱིས་ཤེས་སྒྲིབ་ཆེ་འབྲིང་ཆུང་གསུམ་ཅིག་ཆར་དུ་སྤོང་བར་བཞེད་པར་ཡང་བཤད་དོ།།

སྤྱིར་བཏང་སའི་རྣམ་གཞག་གི་གྲངས་མི་མཐུན་པ་དུ་མ་མཆིས་ཏེ། ཐེག་པ་ཆེན་པོའི་མདོ་ལས་ས་བཅུ་ཡོངས་གྲགས་དང་། འཕགས་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ས་བཅུ་གཅིག་པ་ནི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཤིན་དུ་ཕྲ་མོ་སྤངས་པས་ཆགས་པ་མེད་ཅིང་ཐོགས་པ་མེད་པར་ཤེས་བྱའི་རྣམ་པ་ཐམས་ཅད་མངོན་པར་རྫོགས་པར་བྱང་ཆུབ་པ་ཉིད་ཀྱི་ཕྱིར་སངས་རྒྱས་ཀྱི་ས་ཞེས་བྱའོ། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་ས་ལ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཞེས་ས་བཅུ་གཅིག་ཏུ་བཤད་པའང་མང་ལ། འཕགས་པ་དཀོན་མཆོག་སྤྲིན་གྱི་མདོ་ལས། དེ་ལ་ས་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་ས་དང༌། རབ་ཏུ་དགའ་བ་དང༌། དྲི་མ་མེད་པ་དང༌། འོད་བྱེད་པ་དང༌། འོད་འཕྲོ་བ་ཅན་དང༌། ཤིན་ཏུ་དཀའ་རྒྱལ་དང༌། མངོན་དུ་གྱུར་པ་དང༌། རིང་དུ་སོང་བ་དང༌། མི་གཡོ་བ་དང༌། ལེགས་པའི་བློ་གྲོས་དང༌། ཆོས་ཀྱི་སྦྲིན་དང༌། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དེ། བཅུ་གཉིས་པོ་དེ་ནི། དེ་དག་གོ །ཞེས་ཡོངས་གྲགས་སློབ་པའི་ས་བཅུ་དང་། འབྲས་བུ་སངས་རྒྱས་པའི་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་དང་། མོས་སྤྱོད་ཀྱི་ས་བསྣན་པས་ས་བཅུ་གཉིས་སུ་གསུངས་སོ།།

གསང་སྔགས་ལས་ནི། མཆོད་རྟེན་གྱི་གཟུངས་ལས། དེ་གདོན་མི་ཟ་བར་བྲམ་ཟེའི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ། བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །ཞེས་དང་། བྱ་བའི་རྒྱུད་སྤྱན་རས་གཟིགས་རྩ་རྒྱུད་པདྨ་དྲ་བ་ལས། འཇིག་རྟེན་མགོན་པོ་ས་བཅུའི་དབང་། །སྟོབས་བཅུ་རྒྱས་པའི་རང་བཞིན་ཅན། །ཕ་རོལ་ཕྱིན་བཅུ་ལྷུན་གྲུབ་པ། །ས་བཅུ་གཅིག་ཏུ་རྫོགས་ནས་ཀྱང་། །ཕྱོགས་བཅུ་ཀུན་དུ་ཁྱབ་མཛད་པའི། །བཅུ་གཅིག་ས་ཡི་མཚན་ཉིད་ཉིད། །ཅེས་རྒྱུད་སྡེ་འོག་མ་ལས་མདོ་དང་མཐུན་པར་ས་བཅུ་གཅིག་ཏུ་གསུངས་སོ།།

སྔགས་བླ་མེད་ལས་ཀྱང་མདོ་དང་མཐུན་པར་ས་བཅུར་བྱེད་པའང་ཡོད་དེ། མངོན་པར་བརྗོད་པའི་རྒྱུད་བླ་མ་ལས། རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །འདི་ཡིས་རྣམ་པར་དག་པ་བསྒོམ། །ཞེས་དང་། གསང་བ་འདུས་པ་ལས། ས་བཅུ་དག་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔར་དེ་འགྱུར་རོ། །ཞེས་དང་། མཚན་བརྗོད་ལས། མགོན་པོ་ས་བཅུའི་དབང་ཕྱུག་ཆེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ས་བཅུ་གཉིས་སུ་གསུངས་པ་ཡོད་དེ། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལས། གལ་ཏེ་སེམས་ནི་ཏིང་འཛིན་གནས། །རིམ་གྱིས་ས་བཅུ་གཉིས་པར་རོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ནི་དེ་བཞིན་གཤེགས་སྟོབས་བཅུ། །ཁྱད་པར་ཡན་ལག་བཅུ་གཉིས་བཤད། །དེ་བཞིན་གཤེགས་པའི་ས་བཅུ་གཉིས། །ཞེས་གསུངས་པའི་ཕྱིར་རོ།།

ཡང་རྒྱུད་མང་པོ་ཞལ་མཐུན་པར་ས་བཅུ་གསུམ་བཤད་པའང་ཡོད་དེ། དགོངས་པ་ལུང་བསྟན་པའི་རྒྱུད་ལས། སངས་རྒྱས་ཀུན་གྱིས་གང་བརྟེན་པ། །སར་གྱུར་དེ་ནི་བཅུ་གསུམ་པ། །ཞེས་དང་། གཏུམ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། རབ་ཏུ་ཞུགས་པ་ཙམ་གྱིས། ལོ་བརྒྱད་གཉིས་ཀྱི་རྣམ་པ་ཅན། མངོན་པར་ཤེས་པ་དྲུག་པ། ས་བཅུ་གསུམ་གྱི་དབང་ཕྱུག །ཅེས་དང་། མངོན་བརྗོད་བླ་མ་ལས། ཡན་ལག་བཅུ་གཉིས་མཆོག་དམ་པ། །ས་ནི་བཅུ་གཉིས་དག་ཉིད་དེ། །རྡོ་རྗེ་ས་ནི་བཅུ་གསུམ་པ། །རབ་ཏུ་དགའ་དང་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་བ། །སྦྱང་དཀའ་བ་དང་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། །གཟུགས་མེད་པ་དང་ཡེ་ཤེས་ལྡན། །དེ་ལྟར་ས་ནི་བཅུ་གཉིས་པོ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། རབ་ཏུ་དགའ་བ་ནས་བརྩམས་ཏེ། །མངོན་དུ་གྱུར་པའི་བར་དུ་བགྲོད། །རིང་དུ་སོང་བ་བདུན་པ་ནས། །མི་གཡོ་བ་ཡི་བར་དག་ཏུ། །སྦྱོར་བ་གསུམ་གྱིས་ངེས་པར་སྦྱངས། །ལས་ལ་སྦྱོར་བས་བརྒྱད་པའོ། །སྣང་བ་གསུམ་ལ་ཞུགས་པ་དག །ས་བཅུ་ལ་ནི་ངེས་གནས་པ། །རང་བཞིན་བརྒྱད་དང་དྲུག་ཅུ་པོ། །འོད་གསལ་བ་ལ་ཐིམ་གྱུར་པས། །སྦྱང་བྱ་སྦྱོང་བྱེད་གཉིས་ལ་ནི། །བཅུ་གཅིག་བཅུ་གཉིས་བདེ་གཤེགས་པ། །དེང་གནས་བདེ་བ་ཆེན་པོ་ཡི། །བཅུ་གསུམ་རྡོ་རྗེ་འཛིན་ལ་གནས། །ཞེས་དང་། ཟུང་འཇུག་ཆེན་པོ་དག་པའི་སྐུ། །ཐམས་ཅད་མཁྱེན་པ་རྟོག་མེད་པའི། །སྐུ་གསུམ་རྡོ་རྗེར་གཅིག་པའི་བདག །སར་གྱུར་པ་ནི་བཅུ་གསུམ་པ། །ཞེས་དང་། ཡེ་ཤེས་རྡོ་རྗེ་ཀུན་བསྡུས་ལས། གནས་ཞི་བ་སྟེ་མཐའ་ཐམས་ཅད་དང་བྲལ་བ་གཉིས་མེད་ཟུང་འཇུག་ཆེན་པོ་མངོན་དུ་གྱུར་པས་ས་བཅུ་གསུམ་པའི་དབང་ཕྱུག་དམ་པའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ཡང་གཏུམ་པོ་དཔའ་བོ་གཅིག་པའི་རྒྱུད་ལས། ས་ནི་བཅུ་གསུམ་དབང་ཕྱུག་ཏུ། །དེ་ནི་ཐེ་ཚོམ་མེད་པར་འགྱུར། །ས་ནི་རབ་དགའ་ཞེས་བྱ་དང་། །དྲི་མེད་དེ་བཞིན་འོད་བྱེད་དང་། །འོད་འཕྲོ་བ་དང་སྦྱང་དཀའ་དང་། །མངོན་གྱུར་རིང་གྱུར་མི་གཡོ་བ། །ལེགས་པའི་བློ་གྲོས་ཆོས་ཀྱི་སྤྲིན། ། ཀུན་དུ་འོད་དང་དེ་བཞིན་དུ། །དཔེ་མེད་པ་དང་ཡེ་ཤེས་སྤྱན། །བཅུ་གསུམ་ཞེས་བྱ་འདི་རྣམས་སོ། །ཞེས་སྨོས་མ་ཐག་པ་ལྟར་ས་བཅུ་གསུམ་བཞེད་ཅིང་། ས་བཅུ་གཅིག་པོ་དེ་མདོ་སོགས་ཐུན་མོང་གི་མཚན་དང་། བཅུ་གཉིས་པ་དང་བཅུ་གསུམ་པ་ལ་དཔེ་མེད་པ་དང་ཡེ་ཤེས་སྤྱན་གྱི་ས་ཞེས་པའི་ཐ་སྙད་མཛད་པ་དང་། དེ་བཞིན་དུ་མངོན་བརྗོད་བླ་མ་ལས་ཀྱང་། གཟུགས་མེད་པ་དང་ཡེ་ཤེས་ལྡན། །ཞེས་གཏུམ་པོ་དཔའ་གཅིག་ལྟར་མཚན་གཞན་གྱིས་བསྟན་འདུག་གོ།

དེ་བཞིན་དུ་ས་དང་པོ་ཀུན་ཏུ་འོད་ཀྱི་ས་ཆེན་པོ་དང་། ས་གཉིས་པ་བདུད་རྩིའི་འོད་དང་། ས་གསུམ་པ་ནམ་མཁའི་འོད་དང་། ས་བཞི་པ་རྡོ་རྗེའི་འོད་དང་། ས་ལྔ་པ་རིན་ཆེན་འོད་དང་། ས་དྲུག་པ་པདྨོ་འཆང་དང་། ས་བདུན་པ་ལས་ཀྱི་ས་དང་། ས་བརྒྱད་པ་དཔེ་མེད་པ་དང་། ས་དགུ་པ་དཔེ་དང་བྲལ་བ་དང་། ས་བཅུ་པ་ཤེས་རབ་འོད་དང་། ས་བཅུ་གཅིག་པ་ཀུན་མཁྱེན་ཉིད་དང་། ས་བཅུ་གཉིས་པ་འོད་གསལ་བ་ཞེས་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ནི་མདོ་རྒྱུད་གཞན་དུ་མ་གྲགས་པའི་མིང་གིས་ས་བཅུ་གཉིས་བསྟན་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྡན། །གཉིས་པ་བདུད་རྩིའི་འོད་ཅེས་བྱ། །ཟླ་བའི་འོད་ནི་འོད་གསལ་བ། །གསུམ་པ་ནམ་མཁའི་འོད་ཅེས་བྱ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །རྡོ་རྗེའི་འོད་མཐའ་གང་ཞིག་ས། །བཞི་པ་དེ་ནི་ཡིད་འོང་བ། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་ཡོངས་སུ་བསྒྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་པ་ནི་རབ་ཏུ་གནས། །དྲུག་པ་པདྨོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང༌། །རང་བཞིན་གྱིས་ནི་ཆོས་ཉིད་དག །བདག་གི་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་ས་ཞེས་བྱ། །སངས་རྒྱས་འཕྲིན་ལས་མཛད་པ་ཆེ། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །དཔེ་ནི་དེ་ལ་ཡོད་མ་ཡིན། །དགུ་པ་དཔེ་དང་བྲལ་ཞེས་བྱ། །དཔེ་རྣམས་ཐམས་ཅད་རབ་འཇུག་པ། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཀུན་མཁྱེན་ཉིད་ཅེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོར་བདག་རིག་པ། །ཞེས་གསུངས་པའི་ཕྱིར་རོ།།

ཡང་དཔལ་ཡེ་ཤེས་ཐིག་ལེའི་རྒྱུད་ལས། ས་དང་པོ་མོས་པས་སྤྱོད་པ། གཉིས་པ་རབ་ཏུ་དགའ་བ། གསུམ་པ་དྲི་མ་མེད་པ། བཞི་པ་འོད་བྱེད་པ། ལྔ་པ་འོད་འཕྲོ་བ། དྲུག་པ་སྦྱང་དཀའ་བ། བདུན་པ་མངོན་དུ་གྱུར་པ། བརྒྱད་པ་རིང་དུ་སོང་བ། དགུ་པ་མི་གཡོ་བ། བཅུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སའོ། །ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཀུན་ཏུ་འོད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས། ཀུན་དུ་སྣང་བ་མཆེད་པའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཀུན་དུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། །བརྗོད་དུ་མེད་པ་ཚད་མེད་པ་ནི་བདེ་བ་ཆེན་པོའི་ས་སྟེ། ཞེས་གསུངས་ནས། མོས་སྤྱོད་ཀྱི་ས་དེ་ས་དང་པོར་བཞག་སྟེ་ས་བཅུ་དྲུག་བཤད་ལ། བཅུ་པ་ལེགས་པའི་བློ་གྲོས། དེ་རྣམས་ནི་བྱང་ཆུབ་སེམས་དཔའི་སའོ། །ཞེས་དང་། ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཞེས་གསུངས་པ་ལ་དཔྱད་ན་ས་དེ་དག་ལས་ལེགས་པའི་བློ་གྲོས་མན་ཆད་ནི་བྱང་ཆུབ་སེམས་དཔའི་ས་སྟེ་སློབ་པའི་ས་དང་། ཆོས་ཀྱི་སྤྲིན་དང་། ཀུན་ཏུ་འོད་དང་། ཀུན་དུ་སྣང་བ་མཆེད་པའི་འོད་དང་། ཀུན་དུ་སྣང་བ་ཐོབ་པའི་འོད་དང་། །བརྗོད་དུ་མེད་པ་དང་། ཚད་མེད་པའི་ས་དྲུག་ནི་སངས་རྒྱས་ཀྱི་ས་རུ་བཞག་འདུག་པ་ལྟ་བུར་སྣང་ཡང་། དོན་ལ་མོས་སྤྱོད་ཀྱི་ས་ཚོགས་སྦྱོར་གཉིས་དང་། རབ་ཏུ་དགའ་བའི་ས་ནས་ཆོས་ཀྱི་སྤྲིན་བར་གྱི་བཅུ་ལ་ཡོངས་གྲགས་ལྟར་སློབ་པ་འཕགས་པའི་ས་རུ་བཞག་ཅིང་བསྡོམས་ན་ས་བཅུ་གཅིག་དང་། དེ་ནས་ས་བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་དེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྤྲུལ་པ་སྐུའི་ས་རུ་བཞག་པ་ཡིན་པར་ཨ་ཀྱང་ཡོངས་འཛིན་དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས་གསུངས་པ་ལྟར་འཐད་པར་སྣང་སྟེ། རྒྱུད་དེ་ཉིད་རང་ལས། རྟག་ཏུ་སྤྲུལ་པ་ཡི་ནི་སྐུས། །ས་ནི་བཅུ་གཅིག་པ་རུ་དྲན། །ཞེས་གསུངས་པ་དེས་ཤེས་ནུས་པའི་ཕྱིར་རོ།།

ས་བཅུ་གཉིས་པ་ནི། ཀུན་དུ་སྣང་བ་ཐོབ་པའི་འོད་ཅེས་པ་དེ་ཡིན་ཞིང་། དེ་ནི་ལོངས་སྤྱོད་རྫོགས་སྐུའི་ས་རུ་འཇོག་དགོས་པར་སྣང་སྟེ། ཡང་རྒྱུད་དེ་ཉིད་རང་ལས། ལོངས་སྤྱོད་རྫོགས་སྐུ་བཅུ་གཉིས་པ། །ཞེས་དང་། ཀུན་དུ་སྣང་བ་ཐོབ་པའི་འོད་ནི་ལོངས་སྤྱོད་རྫོགས་པའི་སྐུའི་ས། ཞེས་གསུངས་པས་ཤེས་ནུས་པའི་ཕྱིར་རོ།།

ས་བཅུ་གསུམ་པ་ནི། ཀུན་དུ་སྣང་བ་མཆེད་པའི་འོད་ཅེས་པ་དེ་ཡིན་ཞིང་། དེ་ནི་ཆོས་གཟུགས་ཀྱི་སྐུ་གཉིས་ཀྱིས་བསྡུས་པའི་འབྲས་བུ་ཆོས་ཀྱི་སྐུའི་ས་རུ་འཇོག་དགོས་པ་ཡིན་ནམ་སྙམ་སྟེ། རྒྱུད་དེ་ཉིད་ལས། ཆོས་ཀྱི་སྐུས་ནི་བཅུ་གསུམ་མོ། །ཞེས་དང་། ཀུན་དུ་སྣང་བ་མཆེད་པའི་འོད་ནི་དཔལ་རྡོ་རྗེ་སེམས་དཔའ་བཅོམ་ལྡན་འདས་ཀྱི་སྤྲུལ་པའི་སྐུའི་ས། ཞེས་གསུངས་པའི་ཕྱིར་རོ།།

ས་བཅུ་བཞི་པ་ནི། བརྗོད་དུ་མེད་པ་ཞེས་པའི་ས་དེ་ཡིན་ཞིང་དེ་ནི་སངས་རྒྱས་ཀྱི་ལྷན་སྐྱེས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ས་རུ་འཇོག་དགོས་པ་ཡིན་ཏེ། དེ་ཉིད་ལས། བདེ་བ་ཆེན་པོས་བཅུ་བཞི་པ། །ཞེས་གསུངས་པའི་ཤེས་ནུས་པའི་ཕྱིར་རོ།།

ས་བཅོ་ལྔ་བ་ནི། ཡེ་ཤེས་ཀྱི་ས་ཞེས་པའི་ས་དེ་ཡིན་ཞིང་། དེ་ནི་ཡེ་ཤེས་ཏེ་རྣམ་པ་ཐམས་ཅད་མཁྱེན་པ་ཡེ་ཤེས་ཆོས་སྐུའི་ས་རུ་འཇོག་དགོས་པ་ཡིན་ཏེ། དེ་ཉིད་ལས། གང་ཞིག་བཅྭ་ལྔ་ཡྀ་ནི་ས། །དེ་ནི་ཡེ་ཤེས་ས་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ།།

ས་བཅུ་དྲུག་པ་ནི། ཚད་མེད་པ་ཞེས་པའི་ས་དེ་ཡིན་ཞིང་། དེ་ནི་ཕལ་ཆེར་དག་པ་གཉིས་ལྡན་གྱི་ཆོས་ཀྱི་སྐུ་ངོ་བོ་ཉིད་ཀྱི་སྐུའི་ས་རུ་འཇོག་དགོས་པ་ཡིན་ངེས་ཏེ། དེ་ཉིད་ལས། བཅུ་དྲུག་པ་ནི་བཏགས་པ་མིན། །ཞེས་གསུངས་པའི་ཕྱིར་རོ།།

འདི་ནི་རང་གིས་བློ་སྟོབས་ཀྱིས་ཕོ་ཚོད་བཀྱེས་ཏེ་རྒྱུད་དོན་འགྲེལ་ཁུལ་བགྱིས་པ་ལགས་ཤིང་། དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། བརྗོད་དུ་མེད་པ་ཚད་མེད་པ་ཞེས་པ་གཅིག་ཏུ་བྱས་པ་ལས་གཉིས་སུ་བྱས་མེད་ལ། ཡེ་ཤེས་ཀྱི་ས་ཞེས་པའང་ལོགས་སུ་ཕྱེས་མི་འདུག་སྟེ། ཀུན་ཏུ་འོད་ནས་བརྗོད་དུ་མེད་པའི་བར་ལ་མི་སློབ་པའི་ས་བཞི་བྱས་ནས་དེ་དག་རིམ་བཞིན་ཀུན་ཏུ་འོད་ཆོས་སྐུ་དང་། ཀུན་དུ་སྣང་བ་མཆེད་པའི་འོད་སྤྲུལ་སྐུ། ཀུན་དུ་སྣང་བ་ཐོབ་པའི་འོད་ལོངས་སྐུ། བརྗོད་དུ་མེད་པ་ཚད་མེད་པ་བདེ་བ་ཆེན་པོའི་སྐུའི་ས་སྟེ་བཞིའི་སའམ། ཡང་ན་ས་དང་པོ་རབ་དགའ་ནས་བཅུ་བ་ཆོས་ཀྱི་སྤྲིན་བར་སློབ་པ་འཕགས་པའི་ས་བཅུ་དང་། བཅུ་གཅིག་པ་ཀུན་ཏུ་འོད་སྤྲུལ་སྐུ་དང་། དེ་ནས་རིམ་བཞིན་དུ་ལོངས་སྐུ་དང་། ཆོས་སྐུ། བདེ་བ་ཆེན་པོའི་སྐུ། ཡེ་ཤེས་ཀྱི་སྐུ་ལྔར་ཕྱེས་ནས་ས་བཅོ་ལྔ་དང་། མོས་སྤྱོད་བསྣན་པས་ས་བཅུ་དྲུག་བྱས་འདུག་མོད། དེ་ལ་བརྗོད་དུ་མེད་པ་ཚད་མེད་པ་སོ་སོར་ཕྱེས་མི་འདུག་པས་ས་བཅུ་དྲུག་ཏུ་འགྱུར་ཚུལ་དཀའ་ཞིང་འདོད་པ་ཕྱི་མའི་ཡེ་ཤེས་ཀྱི་སྐུ་ཞེས་པ་དེ་གང་ལ་སྦྱར་བའི་ཡུལ་སྨོས་མི་འདུག་གོ།

བདག་གིས་ནི་བརྗོད་དུ་མེད་པ་ཚད་མེད་པ་ཞེས་པ་སོ་སོར་ཕྱེས་ཤིང་། ཡེ་ཤེས་ཀྱི་ས་ཞེས་བསྣན་ཡོད་དེ། དེ་ལྟར་མ་བྱས་ན། ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཞེས་པ་མི་སློབ་པའི་སར་སྦྱར་དགོས་པར་འགྱུར་ལ་དེ་མ་སྦྱར་ཚེ་ས་བཅུ་དྲུག་ཏུ་མི་ལོང་བར་འགྱུར་རོ།།

བདག་གིས་འདི་ལྟར་བགྱིས་ན་ཀུན་ཏུ་འོད་ནས་གོ་རིམ་དཀྱུས་དང་མི་མཐུན་པར་སྔ་གཞུག་བརྗེ་དགོས་པ་ཡོད་མོད། དེ་ལྟར་བགྱིས་ན་འཐད་ཅིང་ཁུངས་དང་ལྡན་པ་ནི་ཡིན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་རང་ལས། རྟག་ཏུ་སྤྲུལ་པ་ཡི་ནི་སྐུས། །ས་ནི་བཅུ་གཅིག་པ་རུ་དྲན། །ལོངས་སྤྱོད་རྫོགས་སྐུ་བཅུ་གཉིས་པ། །ཆོས་ཀྱི་སྐུས་ནི་བཅུ་གསུམ་མོ། །བདེ་བ་ཆེན་པོས་བཅུ་བཞི་པ། །གང་ཞིག་བཅྭ་ལྔ་ཡི་ནི་ས། །དེ་ནི་ཡེ་ཤེས་ས་ཞེས་བྱ། །བཅུ་དྲུག་པ་ནི་བཏགས་པ་མིན། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཡང་འཐད་དེ། སློབ་དཔོན་ཆེན་པོ་རྡོ་རྗེ་གསང་བའི་ལྷན་ཅིག་སྐྱེས་པའི་དགའ་བའི་སྒྲོན་མའི་དཀའ་འགྲེལ་ལས། དེ་ཀུན་ས་ཡི་དབང་ཕྱུག་བདག །ཅེས་པ་ནི་ས་བཅུ་དྲུག་གི་བདག་པོ་ནི་བཅོམ་ལྡན་འདས་དཔལ་ཡེ་ཤེས་ཐིག་ལེ་དབང་ཕྱུག་ཆེན་པོའོ། །ཞེས་དང་། ས་ཡི་སྒྲ་ཡིས་བརྗོད་ཡིན་ནོ། །ཞེས་པ་ནི་མོས་པ་སྤྱོད་པ་ལ་སོགས་པ་བཅུ་དྲུག་དང་ཡང་སྦྱོར་རོ། །ཞེས་མོས་སྤྱོད་ཀྱི་ས་ནས་བགྲང་བའི་ས་བཅུ་དྲུག་དང་སྦྱར་བར་དངོས་སུ་གསུངས་པས་ས་བཅོ་ལྔ་ལས་མ་བཤད་པར་བྱས་ན་རྒྱུད་དོན་དུ་མ་འབྱོར་ཞིང་རྒྱུད་དང་དངོས་སུ་འགལ་བར་རྟོགས་ནུས་པས་བདག་གིས་ཕོ་ཚོད་བགྱིས་པ་ལྟར་འཐད་ཅིང་ཡང་དག་པར་ནི་ཤེས་སོ།།

ཡང་འཕགས་པ་མཐོང་ལམ་དང་སྒོམ་ལམ་པའི་ས་དགུ་དང་། ས་བཅུ་བ་ལ་ས་བཅུ་བ་ཙམ་དང་། ས་བཅུ་བའི་ཁྱད་པར་གྱི་ལམ་དང་། ས་བཅུ་བའི་བར་ཆད་མེད་པའི་ལམ་གསུམ་ཕྱེས་ཏེ། ཕྱི་མ་གཉིས་ལ་གོང་སྨོས་དཔེ་མེད་པ་དང་། ཡེ་ཤེས་ལྡན་པ་གཉིས་སུ་མིང་བཏགས་ནས་ས་བཅུ་གཉིས་དང་། སངས་རྒྱས་ཀྱི་ས་ཀུན་ཏུ་འོད་དམ་རྡོ་རྗེའི་ས་བསྣན་ནས་ས་བཅུ་གསུམ་དུ་བྱས་པ་ཡིན་པར་འདོད་ཅིང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། ཆོས་ཀྱི་སྤྲིན་ནི་སངས་རྒྱས་ཀྱི་ས། ཞེས་པ་དེ་ལྟར་སངས་རྒྱས་ཀྱི་ས་མཚན་ཉིད་པ་མིན་པར་སློབ་ལམ་གྱི་ས་ལ་འཇོག་དགོས་པ་ཡིན་ཏེ། དཔེར་ན། མངོན་རྟོགས་རྒྱན་ལས། ས་དགུ་འདས་ནས་ཡེ་ཤེས་ནི། །གང་གིས་སངས་རྒྱས་སར་གནས་པ། །དེ་ནི་བྱང་ཆུབ་སེམས་དཔའི་ས། །བཅུ་པ་ཡིན་པར་ཤེས་པར་བྱ། །ཞེས་གསུངས་པའི་དོན་ལྟར་གོ་དགོས་པ་ཡིན་པའི་ཕྱིར་རོ།།

འོ་ན་མངོན་རྟོགས་རྒྱན་ལས་གསུངས་པ་དེའི་དོན་ནི་གང་ཞེ་ན། དེ་ནི་དེ་ལྟར་ས་དགུ་འདས་ནས་ས་བཅུ་པ་ཐོབ་པ་ནི་སངས་རྒྱས་ཀྱི་ས་ལ་གནས་པ་ཞེས་པ་སློབ་པ་མཐའི་བྱང་ཆུབ་སེམས་དཔའི་ས་ཡིན་པ་ལས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པ་ནི་མ་ཡིན་ཏེ། སློབ་དཔོན་སེངྒེ་བཟང་པོའི་འགྲེལ་བ་དོན་གསལ་ལས། དེ་ལྟར་ས་དགུ་འདས་ནས་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ། །ཞེས་དང་། ཁ་ཆེའི་པཎྜི་ཏ་བུདྡྷ་ཤྲཱི་ཛྙཱ་ནའི་མངོན་རྟོགས་རྒྱན་འགྲེལ་ཤེས་རབ་སྒྲོན་མེའི་ཕྲེང་བ་ལས། དེ་ལྟར་ས་དགུ་འདས་ནས་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཀྱི་སར་གནས་པ་ཡིན་པས་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཆོས་ཀྱི་སྤྲིན་ཡིན་པར་རིག་པར་བྱའོ། །ཞེས་དང་། མན་ངག་སྙེ་མ་ལས། ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་སངས་རྒྱས་ཁོ་ནར་བརྗོད་པར་བྱའི་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་མ་ཡིན་ནོ་ཞེས་སོ། །ཞེས་གསུངས་པའི་ཕྱིར་རོ།།

འོ་ན་དེ་ལ་སངས་རྒྱས་ཀྱི་ས་ཞེས་བརྗོད་པའི་རྒྱུ་མཚན་གང་ཞེ་ན། དེ་ནི་ཡོད་དེ། བྱང་ཆུབ་སེམས་དཔའ་ས་བཅུ་པ་བ་དེས་ས་དེར་སངས་རྒྱས་ཀྱི་སྨོན་ལམ་ཤེས་པས་གནས་པ་དང་། འོད་ཟེར་ཆེན་པོའི་དབང་སྐུར་ཐོབ་པས་གནས་པ་དང་། སངས་རྒྱས་པ་ལ་སྐྱེ་བ་གཅིག་གིས་ཐོགས་པའི་ས་ལ་གནས་པའི་རྒྱུ་མཚན་གྱིས་སངས་རྒྱས་ཀྱི་ས་ཞེས་བཤད་པ་ཡིན་པའི་ཕྱིར་ཏེ། འགྲེལ་བ་དོན་གསལ་ལས། སངས་རྒྱས་ཀྱི་ས་དེ་ལ་སྨོན་ལམ་ཤེས་པ་གང་གིས་གནས་པ་དེ་ནི་བྱང་ཆུབ་སེམས་དཔའི་ས་བཅུ་པ་ཡིན་པར་ཤེས་པར་བྱ་བ་ཡིན་ནོ། ཞེས་དང་། ཆོས་ཀྱི་བཤེས་གཉེན་གྱི་མངོན་རྟོགས་རྒྱན་འགྲེལ་ཚིག་རབ་ཏུ་གསལ་བ་ལས། འདི་ནི་སྔར་ས་བཅུ་པ་ལ་ནི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཞེས་བྱ་བར་བརྗོད་ཀྱི་ཞེས་བྱ་བ་ལ་སོགས་པའི་ཚུལ་གྱིས་ན། ས་བཅུ་པའི་བྱང་ཆུབ་སེམས་དཔའ་དབང་བསྐུར་བའི་ས་ལ་གནས་པ་དང་། སྐྱེ་བ་གཅིག་གིས་ཐོགས་པའི་རྣམ་པར་འཕྲུལ་པ་སངས་རྒྱས་སུ་སྣང་བའི་དབང་དུ་བྱས་པའི་མཛད་པ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ།།

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལ། ལས་དང་པོའི་སྦྱོར་བ་བསྐྱེད་རིམ་མཐར་ཕྱིན་པས་ས་བརྒྱད་པའི་དོད་ཐུབ་དང་། ངག་དབེན་ས་དགུ་བའི་དོད་ཐུབ་དང་། སེམས་དབེན་ཐོབ་པ་དང་སྒྱུ་ལུས་ས་བཅུ་བའི་དཀྱིལ་སྟོད་ཀྱི་དོད་ཐུབ་དང་། འོད་གསལ་དང་སློབ་པའི་ཟུང་འཇུག་གཉིས་ས་བཅུ་བའི་དཀྱིལ་སྨད་ཀྱི་དོད་ཐུབ་ཏུ་བཞེད་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོས་མཐོང་བ་དག །ས་བཅུ་ལ་ནི་རབ་ཏུ་གནས། །མངོན་པར་བྱང་ཆུབ་ལེགས་ཐོབ་ནས། །གཙང་མའི་གནས་སུ་ཉེ་བར་འགྲོ། །སངས་རྒྱས་ཞིང་ནས་མི་ལྡོག་པས། །ཚེ་འདི་ཉིད་ཀྱི་ཐམས་ཅད་མཁྱེན། །ཞེས་གསུངས་པ་གང་ཞིག །དེའི་དོན་འགྲེལ་ཚེ་དེ་ལྟར་བཞེད་པར་འདོད་དགོས་པ་ཡིན་པའི་ཕྱིར། གྲུབ་སྟེ། ཨཱརྱ་དེ་ཝའི་སྤྱོད་བསྡུས་སྒྲོན་མ་ལས། རྡོ་རྗེ་ཐེག་པ་འདི་ལ་བསྐྱེད་པའི་རིམ་པ་ལ་བསླབས་ནས་ས་བརྒྱད་པ་ཐོབ་སྟེ། ཡང་ནས་ཡང་དུ་བདེ་འགྲོར་སྐྱེ་ཞིང་ཇི་སྲིད་རྫོགས་པའི་རིམ་པ་མ་ཐོབ་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་མཉེས་པར་བྱའོ། །སྐུ་དང་གསུང་དང་ཐུགས་མངོན་པར་རྟོགས་ནས་ཀྱང་ས་བཅུ་ཐོབ་པ་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་སོ་སོར་ཐོབ་ཅིང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་ཡང་དག་པར་རྟོགས་ནས་སྣང་བ་རྣམ་པར་དག་པ་སོ་སོར་ཐོབ་སྟེ། སྣང་བ་མེད་པ་ལས་ལངས་ནས་ཟུང་དུ་འཇུག་པར་གནས་པའི་རིམ་གྱིས་སངས་རྒྱས་ཀྱི་བྱ་བ་མངོན་སུམ་དུ་བྱས་ནས། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་ཡོན་ཏན་ཐམས་ཅད་ཀྱིས་བརྒྱན་ནས་གནས་པར་འགྱུར་རོ། །ཞེས་དང་། ཁ་ཆེ་ལཀྵྨཱིའི་རིམ་ལྔའི་འགྲེལ་བ་དོན་གསལ་བྱེད་ལས། སའི་རིམ་པ་བཤད་པར་བྱ་བའི་ཕྱིར། དང་པོ་ལས་ཀྱི་སྦྱོར་བ་ཡིས། །ས་བརྒྱད་པ་ནི་ཐོབ་པར་འགྱུར། །སྣང་བ་གསུམ་པོ་མཐོང་བ་དག །ས་བཅུ་པ་ནི་རབ་ཏུ་གནས། །ཞེས་བྱ་བ་གསུངས་ཏེ། ལས་དང་པོ་པ་ནི་བསྐྱེད་པའི་རིམ་པའི་རྣལ་འབྱོར་པ་སྟེ། དེའི་སྦྱོར་བ་ནི་དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་གསུམ་བསྒོམ་པ་སྟེ། ལུས་རྣམ་པར་དབེན་པའི་མཐའ་ཅན་གང་ཡིན་པ་དེ་ཡིས། ས་བརྒྱད་པ་ནི་མི་གཡོ་བ་ཐོབ་པར་འགྱུར་རོ། །དོན་གྱིས་ན་རྡོ་རྗེ་བཟླས་པའི་རིམ་པས་ས་དགུ་པ་ཐོབ་པ་དང་། སྣང་བ་གསུམ་པོ་མཐོང་བ་ཡེ་ཤེས་དབང་དུ་གྱུར་པའི་ཕྱིར་ས་བཅུ་པ་ཐོབ་པར་འགྱུར་རོ། །དེའི་རྗེས་ལས་ཐོབ་པའི་ཕྱིར་སྒྱུ་མའི་སྐུ་ས་བཅུ་པ་ཁོ་ནའོ། །རིམ་བཞི་པས་བཅུ་གཅིག་ཀུན་དུ་འོད་ཀྱི་ས་ཐོབ་པའོ། །དེའི་རྗེས་ལས་ཐོབ་པའི་ཡེ་ཤེས་ཀྱིས་རྡོ་རྗེའི་སྐུ་ནི་ས་བཅུ་གཅིག་པ་ཁོ་ནའོ། །ལས་དང་པོ་པའི་ས་ནི་ཚངས་པའི་གནས་ལ་སོགས་པ་བསྒོམས་པས་ཐོབ་པ་ཡིན་ནོ། །དེ་ལྟར་ན་ས་བཅུ་གཉིས་སོ། །ཤིན་ཏུ་བདེ་བ་དང་། ཤིན་ཏུ་མྱུར་བར་རིག་པའི་སྐྱེས་བུ་བསྒོམ་པས་གང་ཞིག་ཚེ་འདི་ཉིད་དུ་སངས་རྒྱས་ཐོབ་པ་སྟེ། དེ་ཉིད་ས་བཅུ་གསུམ་པ་ཞེས་བཤད་དོ། །ཞེས་དང་། རྡོ་རྗེ་བཟླས་པའི་རིམ་པས་ས་དགུ་པ་ཐོབ་པ་དང་། བདག་ལ་བྱིན་གྱིས་བརླབ་པའི་རིམ་པ་ལ་སེམས་ལ་དམིགས་པའི་རིམ་པ་རྒྱུ་ཡིན་པའི་ཕྱིར་དེས་ས་བཅུ་པ་ཁོ་ན་ཐོབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་གསུངས་པ་ནི་དེ་ལྟར་དོད་ཐུབ་ཏུ་གསུངས་པ་ལས་ས་དངོས་ཀྱི་བགྲོད་པ་ཡིན་མི་འདུག་པར་བཤད་ལ། དེ་ཡང་ས་བརྒྱད་པ་ཐོབ་པ་ནས་ཞིང་དག་སྦྱོར་བ་ཐོབ་པ་ལྟར་བསྐྱེད་རིམ་མཐར་ཕྱིན་ནས་སྣོད་བཅུད་དག་པའི་འཁོར་ལོའི་རྣམ་རོལ་དུ་ལྟ་ནུས་པས་དེ་ལྟར་སྦྱར་བ་དང་། ས་དགུ་བར་ཆོས་སྟོན་པའི་ངག་དག་པའི་ཡེ་ཤེས་ཐོབ་པ་ལྟར་ངག་དབེན་དུ་ངག་གི་རྩ་བ་རླུང་ལ་དབང་ཐོབ་པས་དེ་ལྟར་སྦྱར་བ་དང་། ས་བཅུ་བར་ལུས་ངན་པར་འགྱུར་པའི་བག་ཆགས་བཟང་པོར་བསྒྱུར་ནུས་ཤིང་འོད་ཟེར་ཆེན་པོའི་དབང་སྐུར་ཐོབ་པ་ལྟར་སེམས་དབེན་མཐར་ཐུག་གིས་རླུང་སེམས་ལྷར་བསྒྱུར་པ་དང་། སྒྱུ་ལུས་པས་སངས་རྒྱས་ལས་དབང་སྐུར་ཐོབ་པས་དེ་ལྟར་སྦྱར་བ་དང་། དོན་གྱི་འོད་གསལ་དང་ཟུང་འཇུག་ཐོབ་པ་ན་ཚོགས་རྫོགས་པས་སྒྲིབ་པ་སྤོང་བ་ལ་ནུས་པ་མཐུ་ཅན་དུ་གྱུར་པ་དང་ལམ་གཞན་ལ་གསར་དུ་སློབ་མི་དགོས་པའི་རྒྱུ་མཚན་གྱིས་དེ་ལྟར་སྦྱར་བ་ཡིན་པར་གསུངས་ཤིང་། དོན་ལ་དོད་ཐུབ་ཙམ་ལས་དངོས་སུ་ས་དེ་དང་དེ་ཐོབ་པར་གསུངས་པ་ནི་མིན་པར་ཤེས་དགོས་སོ།།

དེས་ན་གོང་དུ་བཤད་ཟིན་པ་ལྟར་དངོས་སུ་སྔགས་བླ་མེད་ཀྱི་ས་ལམ་དང་སྦྱར་ན་དེ་ལྟར་མ་ཡིན་ཏེ། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ནས་ལུས་དབེན་གྱི་སྐབས་སུ་རླུང་དྷཱུ་ཏཱིར་ཞུགས་གནས་ཐིམ་པ་ལས་བྱུང་བའི་སྣང་མཆེད་ཐོབ་གསུམ་གྱི་སྟོང་པ་གསུམ་ནས་མ་དག་པའི་སྒྱུ་ལུས་ཐོབ་ནས་དོན་གྱི་འོད་གསལ་མ་ཐོབ་པའི་བར་ལ་སྔགས་བླ་མེད་ཀྱི་སོ་སོའི་སྐྱེ་བོའི་ལམ་དང་། དོན་གྱི་འོད་གསལ་ཐོབ་པ་ནས་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་སྔགས་བླ་མེད་ཀྱི་ཐེག་པ་འདིའི་འཕགས་པ་སློབ་པའི་ལམ་དང་། མི་སློབ་པའི་ཟུང་འཇུག་ཐོབ་པ་ནས་འདིའི་མི་སློབ་པའི་ལམ་དུ་བཞག་པ་ཡིན་པའི་ཕྱིར་རོ།།

དེ་ཡང་ཞིབ་ཙམ་ནི་རྫོགས་རིམ་རིམ་པ་ལྔ་པོ་འདི་ལྟར་ས་ལམ་དང་སྦྱར་ན་ལམ་ཐུན་མོང་བས་རྒྱུད་སྦྱངས་ནས་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པའི་སྣང་བའི་ཡེ་ཤེས་མ་སྐྱེས་པའི་བར་ལ་སྟེ་སྐྱེས་ཁ་མ་ཚུན་ལ་ཚོགས་ལམ་དང་། སྣང་བའི་ཡེ་ཤེས་སྐྱེས་པ་ནས་བཟུང་སྒྱུ་ལུས་དེ་དོན་གྱི་འོད་གསལ་དུ་འཇུག་ཁ་བར་ནི་འདིའི་སྦྱོར་ལམ་དང་། རིམ་པ་བཞི་བའི་དོན་གྱི་འོད་གསལ་ཐོབ་པ་ནས་མཐོང་ལམ་དང་། ས་དང་པོ་རབ་དགའ་ཐོབ་པ་དང་། སློབ་པའི་ཟུང་འཇུག་ནས་སྒོམ་ལམ་དང་ས་དགུ་དང་། མི་སློབ་པའི་ཟུང་འཇུག་ཐོབ་པ་ནས་སངས་རྒྱས་ཀྱི་ས་དང་མི་སློབ་པའི་ལམ་དུ་བཞག་པ་ཡིན་ཏེ། འཇམ་མགོན་བླ་མ་ཙོང་ཁ་པའི་རིམ་ལྔ་གསལ་སྒྲོན་ལས། ཆོས་ཉིད་མངོན་སུམ་དུ་རྟོགས་མ་རྟོགས་ལ་འཕགས་པའི་ས་ཐོབ་མ་ཐོབ་ཀྱི་སྒོ་ནས་སོ་སྐྱེ་དང་། འཕགས་པའི་ལམ་གཉིས་སུ་འབྱེད་ཅིང་། སོ་སྐྱེའི་ལམ་ལ་ཚོགས་སྦྱོར་གཉིས་བྱེད་པ་དང་སྦྱོར་ན། ལམ་ཐུན་མོང་བ་ནས་བཟུང་སྟེ། བསྒོམས་སྟོབས་ཀྱིས་རླུང་དྷཱུ་ཏཱིར་བཙུད་པ་ཐིམ་པས་སྟོང་པ་དངོས་སུ་འདྲེན་མི་ནུས་པ་དེ་སྲིད་དུ་ཚོགས་ཀྱི་ལམ་དང་། དེ་ནུས་པ་ནས་བདེ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་མ་རྟོགས་པའི་སྒྱུ་ལུས་ཚུན་ཆད་སྦྱོར་ལམ་དང་། དོན་གྱི་འོད་གསལ་ནས། ཟུང་འཇུག་མ་ཐོབ་པར་མཐོང་ལམ་ས་རབ་ཏུ་དགའ་བ་དང་། སློབ་པའི་ཟུང་འཇུག་ནས། མི་སློབ་པའི་ཟུང་འཇུག་མ་ཐོབ་པར་སྒོམ་ལམ་ས་དགུ་དང་སྦྱར་རོ། །ཞེས་གསུངས་ལ། བདེ་མཆོག་བསྡུས་རྒྱུད་བཤད་པ་སྦས་དོན་ཀུན་གསལ་ལས་ཀྱང་དེ་ཇི་མ་ཇི་བཞིན་དུ་གསུངས་པའི་ཕྱིར་རོ།།

རྡོ་རྗེ་དཔལ་མཆོག་ཆེན་པོའི་བརྟག་པའམ་རྗེ་བཙུན་མར་བས་བསྒྱུར་པའི་གཉིས་མེད་རྣམ་རྒྱལ་ལས། ཚོགས་ལམ་དང་པོ་དག་ལ་ནི། །དྲན་པ་ཉེ་བར་གཞག་པ་གང་། །སྨིན་བྱེད་དབང་གིས་གཞི་བཟུང་བས། །བུམ་དབང་ལུས་ནི་ལྷ་རུ་སྟེ། །གསང་དབང་ཚོར་བ་བདེ་བ་ཉིད། །གསུམ་པ་ཆོས་ནི་ཡེ་ཤེས་དྲན། །བཞི་པ་སེམས་ནི་འོད་གསལ་དུ། །དྲན་པ་ཉེ་བར་གཞག་ཕྱིར་བརྗོད། །ཅེས་དྲན་པ་ཉེར་བཞག་བཞིའི་དོད་དབང་བཞི་བསྟེན་པ་ཚོགས་ལམ་དང་པོའམ་ཆུང་ངུ་རུ་གསུངས་སོ།།

དེ་བཞིན་དུ་ཡང་དེ་ཉིད་ལས། ཚོགས་ལམ་བར་པ་ཉིད་ལ་ནི། །ཏིང་འཛིན་མ་སྐྱེས་བསྐྱེད་པ་དང་། །སྐྱེས་པ་བརྟན་ཕྱིར་བོགས་དབྱུང་དང་། །ཡང་དག་སྤོང་བ་བཞི་པོ་དག །དེ་ཉིད་གོམས་པར་བྱེད་པ་ལ། །དགག་དང་བསྒྲུབ་པའི་ཕྱོགས་གྱུར་པ། །སྤངས་ཐོབ་རིམ་པར་ལྡན་པར་བརྗོད། །ཅེས་ཚོགས་ལམ་བར་པའམ་འབྲིང་ལ་ཏིང་འཛིན་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཡང་དག་སྤོང་བཞི་སྒོམ་པའི་ལམ་དུ་གསུངས་པས་བསྐྱེད་པའི་རིམ་པ་བསྒོམ་པ་ཚོགས་ལམ་འབྲིང་དུ་བཞག་གོ།

ཡང་དེ་ཉིད་ལས། ཚོགས་ལམ་ཆེན་པོར་གྱུར་པ་དག །རྫུ་འཕྲུལ་རྐང་པ་བཞིར་ངེས་པ། །ཆུ་རླུང་རྡོ་རྗེ་མགོན་པོ་ཡི། །མཱ་མ་ཀཱི་ཡི་རྫུ་འཕྲུལ་གྱིས། །ཞེས་སོགས་འབྱུང་བ་བཞིའི་རླུང་བསྒོམས་པ་ལུས་དབེན་ནས་སྦྱོར་ལམ་དང་། ཡང་དེ་ཉིད་ལས། དང་པོའི་ཡེ་ཤེས་བླ་ན་མེད། །པད་མ་ལྟར་གསལ་རབ་འབར་བ། །ས་ནི་ཐོག་མར་མངོན་པར་བདེ། །རྒྱུ་ལམ་ཡན་ལག་བདུན་ལྡན་པ། །ཞེས་དང་། མཐོང་ལམ་ཡན་ལག་བདུན་ལྡན་པ། །སྐུ་གསུམ་རྟོགས་ཕྱིར་ཡན་ལག་བརྗོད། །ཅེས་ཆོས་ཉིད་མངོན་གསུམ་དུ་རྟོགས་ཏེ་རིམ་པ་བཞི་བའི་འོད་གསལ་མངོན་དུ་གྱུར་པ་ནས་མཐོང་ལམ་དུ་བཞག་གོ།

དེ་བཞིན་དུ་ཡང་། དེ་ཉིད་ལས། འཕགས་ལམ་ཡན་ལག་བརྒྱད་པ་གང་། །དབང་ཕྱུག་བརྒྱད་ནི་དག་པའི་དངོས། །སྒོམ་པའི་ལམ་ནི་འདི་ཉིད་དུ། །ལམ་གྱི་ཁྱད་པར་བསྟན་པའོ། །ཞེས་སྒོམ་ལམ་དང་། ཟུང་འཇུག་ཆེན་པོ་དག་པའི་སྐུ། །ཐམས་ཅད་མཁྱེན་པ་རྟོག་མེད་པའི། །སྐུ་གསུམ་རྡོ་རྗེར་གཅིག་པའི་བདག །སར་གྱུར་པ་ནི་བཅུ་གསུམ་པ། །བཙུན་མོའི་བྷ་ག་བདེ་ཅན་དུ། །རང་འབྱུང་འགྱུར་བ་མེད་པར་བཞུགས། །ཞེས་འབྲས་བུ་མི་སློབ་པའི་ལམ་བསྟན་པ་ལ་སོགས་པ་གཞུང་རྣམས་སུ་རྒྱ་ཆེར་བཤད་ཀྱང་མི་སྤྲོའོ།།

གཞན་ཡང་སྨོས་ཟིན་ལྟར་སའི་དབྱེ་བསྡུ་མང་པོ་ཡོད་པ་ནི། དཔེར་ན་སློབ་དཔོན་ཤཱཀྱ་བཤེས་གཉེན་གྱི་སྤྱོད་བསྡུས་ཀྱི་རྒྱ་ཆེར་བཤད་པ་ལས། དེ་ནི་དྲོད་ལ་སོགས་པའི་དབང་དུ་བྱས་པ་སྟེ། གང་ཚེ་ཐ་མའི་དྲོད་གྱུར་ནས། །བཟོད་པ་ཆོས་མཆོག་དབང་དུ་ནི། །རབ་འབྲིང་སྦྱོར་བ་བཅུ་གཉིས་ཏེ། །རབ་ཏུ་དགའ་བ་བཅུ་གསུམ་མོ། །ཞེས་སྦྱོར་ལམ་བཞི་ལ་རེ་རེ་ལ་ས་གསུམ་གསུམ་བྱས་ནས་བཅུ་གཉིས་དང་། དེའི་སྟེང་དུ་ས་དང་པོ་རབ་དགའ་བསྣན་ནས་བཅུ་གསུམ་བྱས་པ་དང་། རྡོ་རྗེ་ཕྲེང་བ་ལས། དབང་བསྐུར་བ་ཡི་དབྱེ་བ་ནི། །དང་པོའི་དབང་ནི་གཙོ་བོ་སྟེ། །གཉིས་པ་གསང་བའི་མིང་ཅན་ནོ། །གསུམ་པ་ཀུན་ནས་སྦྱོར་བ་སྟེ། །བཞི་པའི་དོན་ནི་དམ་པའོ། །གཙོ་བོ་དབྱེ་བ་བཅུ་གཅིག་སྟེ། །བཅུ་གཉིས་པ་ནི་གསང་བའོ། །བཅུ་གསུམ་པ་ནི་ཡང་དག་སྦྱོར། །བཅུ་བཞི་པ་ནི་དོན་དམ་སྟེ། །དབང་བསྐུར་རེ་རེ་ས་རེའོ། །ཞེས་བུམ་དབང་ལ་ས་བཅུ་གཅིག་དང་། དབང་གོང་མ་གསུམ་པོ་ལ་ས་རེ་རེ་སྟེ་ས་བཅུ་བཞི་བྱེད་པ་སོགས་དོད་ཐུབ་སྦྱར་བའང་ཡོད་དོ།།

ད་དུང་གནས་ཡུལ་ཉེར་བཞི་རེ་རེ་སར་སྦྱར་བ་ལ་སོགས་པ་སའི་རྣམ་གཞག་དངོས་དང་དངོས་མ་ཡིན་པ་མཐའ་ཡས་པ་མཆིས་ཤིང་། ས་དངོས་ཡིན་པ་རྣམས་ཀྱང་རྒྱས་བསྡུས་ཀྱི་དབྱེ་བསྡུ་ཙམ་ལས་དོན་ལ་འགལ་བ་མེད་པས་ཞིབ་པར་གཞན་ནས་ཤེས་པར་བྱའོ།།

སྤྱོད་པ་བཤད་པ།

༈ ལུགས་འདིའི་ལམ་བོགས་འབྱིན་པའི་ཐབས་སྤྱོད་པ་ནི། རིམ་པ་ལྔའི་ལམ་འགྲུབ་པའི་ཡན་ལག་ཏུ་འདོད་ཡོན་ལམ་ཁྱེར་སྤྱི་དང་། བྱེ་བྲག་ཏུ་ཉེ་རྒྱུ་ལས་རྒྱའི་སྦྱོར་བ་བསྟེན་པ་ལ་བྱ་ཞིང་། རིག་མའི་འདོད་ཡོན་ལྔ་ཡི་རང་བཞིན་ཤེས་པའི་སྒོ་ནས་སྤྱད་དེ་བདེ་སྟོང་དུ་བསྒོམ་པ་ནི་སྤྱོད་པའི་ངོ་བོར་གསུངས་ལ། ཀུན་ཏུ་སྤྱོད་པ་མཆོག་དང་། སྔགས་ཀྱི་སྤྱོད་པ་མཆོག་དང་། བྱང་སེམས་དང་དེ་བཞིན་གཤེགས་པའི་སྤྱོད་པ་དང་། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་པའི་མིང་གི་རྣམ་གྲངས་ཀྱིས་བསྟན་ཅིང་། ངེས་པར་དུ་བསྟེན་དགོས་པར་གསུངས་ཏེ། གསང་བ་རྡོ་རྗེའི་རྒྱུད་ལས། སྦྱོར་ཐབས་མཁས་པའི་ཤེས་རབ་མ། །ཐབས་ཀྱིས་རྟག་ཏུ་བསྟེན་པར་བྱ། །སྦྱོར་ཐབས་མཁས་པའི་རྣལ་འབྱོར་བ། །རྣལ་འབྱོར་མ་ཡི་གསང་ལ་བརྟེན། །ཞེས་གསུངས་པའི་ཕྱིར་རོ།།

སྤྱིར་སྤྱོད་པ་ནི་གདུལ་བྱའི་གང་ཟག་གི་མོས་པའི་བྱེ་བྲག་གིས་བཞག་སྟེ། གདུལ་བྱ་ཐེག་པ་དམན་པའམ་ཆུང་ངུ་ལ་མོས་པ་ལ་ཆགས་བྲལ་གྱི་སྤྱོད་པ་དང་། རྒྱ་ཆེན་པོ་ལ་མོས་པ་ལ་ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་དང་། ཟབ་མོ་ལ་ལྷག་པར་མོས་པ་ལ་འདོད་ཆགས་ཀྱི་སྤྱོད་པ་བསྟན་པ་ཡིན་པའི་ཕྱིར།

ཕྱི་མ་སྟོན་པའི་ཡུལ་ནི་གང་ཟག་དེ་བདེ་བ་ཆེན་པོའི་ཡེ་ཤེས་སྐྱེད་པ་ལ་མོས་པ་ཞིག་དགོས་ཤིང་། དེ་འདྲ་ལ་ནི་ཆགས་བྲལ་གྱི་སྤྱོད་པ་བསྟན་ན་དཀའ་ཐུབ་ཀྱི་སྤྱོད་པ་དེས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་ནས་མི་འགྲུབ་པས་ན་ཆགས་བྲལ་གྱི་སྤྱོད་པ་མ་བསྟན་པར་འདོད་ཆགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་བསྒྱུར་པའི་ཆགས་ལམ་གྱི་སྤྱོད་པ་འདི་བསྟན་པ་ཡིན་ཏེ། རྒྱུ་མཚན་ཡང་། བདེ་བ་ཆེན་པོའི་ཡེ་ཤེས་སྐྱེ་བ་ལ་ཁམས་ཞུ་བའི་བདེ་བ་འདྲེན་དགོས་ལ། དེ་འདྲེན་པ་ལ་བྱང་སེམས་རྒྱས་དགོས་ཤིང་། དེ་རྒྱས་པ་ལ་ནི་ཕྱི་ནང་གི་འདོད་ཡོན་ལ་ལོངས་སྤྱོད་དགོས་པ་ཡིན་པའི་ཕྱིར་རོ།།

འོ་ན་འདོད་ཆགས་ནི་འཁོར་བར་སྡོམ་བྱེད་ཀྱི་ཉོན་མོངས་པ་དུག་ལྟ་བུ་ཡིན་པས་དེའི་སྤྱོད་པ་བྱས་ནས་ཉོན་མོངས་པའི་དུག་གིས་ཐར་བའི་སྲོག་ནམ་ཡང་གནས་པ་མེད་པར་བྱེད་པ་མ་ཡིན་ནམ་ཞེ་ན། གདུལ་བྱ་དབང་པོ་བརྟུལ་བོ་ཐབས་ལ་མི་མཁས་པ་ལ་ནི་དེ་ལྟར་ཡིན་པ་བདེན་མོད། གདུལ་བྱ་དབང་རྣོན་ཐབས་ལ་མཁས་པ་ལ་ནི་དུག་བདུད་རྩིར་བསྒྱུར་ན་སྨན་དུ་འགྲོ་བ་དང་། མི་གཙང་བའི་ལུད་ཞིང་པའི་བུ་རམ་དང་། རྒུན་འབྲུམ་དང་། ལོ་ཏོག་སྐྱེ་བའི་རྒྱུ་རུ་འགྲོ་བ་བཞིན་དུ་འདོད་ཆགས་ཀྱིས་སངས་རྒྱས་ཀྱི་ཆོས་བསྐྱེད་ཅིང་སངས་རྒྱས་པའི་རྒྱུར་འགྱུར་བ་ཡིན་ཏེ། དཀོན་མཆོག་བརྩེགས་པ་འཕགས་པ་འོད་སྲུང་གི་ལེའུ་ལས། འོད་སྲུང་འདི་ལྟ་སྟེ། དཔེར་ན་སྔགས་དང་སྨན་གྱིས་ཡོངས་སུ་ཟིན་པའི་དུག་གིས་ནི་འཆི་བར་བྱེད་མི་ནུས་སོ། །འོད་སྲུང་དེ་བཞིན་དུ་ཡེ་ཤེས་དང་ཐབས་མཁས་པས་ཡོངས་སུ་ཟིན་པའི་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་དུག་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་སྔགས་ཀྱིས་ཡོངས་སུ་ཟིན་པའི་དུག །སྐྱེ་བོ་རྣམས་ལ་ཉེས་པ་བྱེད་མི་ནུས། །དེ་བཞིན་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཅན། །ཉོན་མོངས་རྣམས་ཀྱིས་ལོག་ལྟུང་བྱེད་མི་ནུས། །འོད་སྲུང་འདི་ལྟ་སྟེ་དཔེར་ན་གྲོང་ཁྱེར་ཆེན་པོ་རྣམས་ཀྱི་ལུད་གང་ཡིན་པ་དེ་ནི་བུ་རམ་ཤིང་གི་ཞིང་དག་དང་། རྒུན་གྱི་ཞིང་དག་ལ་ཕན་པར་གྱུར་པ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་ཉོན་མོངས་པའི་ལུད་གང་ཡིན་པ་དེ་ཡང་ཐམས་ཅད་མཁྱེན་པ་ཉིད་ལ་ཕན་པར་གྱུར་པ་ཡིན་ནོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་གི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་ཉོན་མོངས་ལུད། །དེ་ནི་རྒྱལ་བའི་ཆོས་ལ་ཕན་པར་བྱེད། །ཅེས་དང་། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གང་གིས་བླུན་པོ་འཆིང་འགྱུར་བ། །འདིར་དེས་མཁས་རྣམས་རྣམ་པར་གྲོལ། །ཕྱག་རྒྱའི་སྦྱོར་བ་འདི་ཡིས་ནི། །ས་གསུམ་མ་ལུས་བཟའ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དེ་འདྲའི་འདོད་ཡོན་ལམ་ཁྱེར་རམ་ཉོན་མོངས་ལམ་ཁྱེར་གྱི་ཐབས་འདི་ལ་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཞེས་བླ་མེད་ཀྱི་རྒྱུད་ལས་རྒྱ་ཆེར་བསྔགས་པ་ཡིན་ཏེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། སྣ་ཚོགས་ཐབས་ཀྱིས་གདུལ་དོན་དུ། །སྒྱུ་མ་ལྟ་བུའི་སྤྱོད་པ་སྤྱོད། །རྣལ་འབྱོར་བརྟུལ་ཞུགས་མཆོག་འཛིན་པའི། །ཀུན་འགྲོ་ཀུན་ལ་དབང་བསྐུར་བ། །མི་འཇིགས་དགྲ་ལས་རྒྱལ་བ་སྟེ། །རིག་པ་བརྟུལ་ཞུགས་སྤྱོད་བྱ་བ། །ཀུན་བཟང་མགོན་པོ་ཀུན་སྤྱོད་དོ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། རིག་པའི་བརྟུལ་ཞུགས་སྤྱོད་པ་ཡིས། །ཉོན་མོངས་ཉེ་བའི་ཉོན་མོངས་དག །ཚར་བཅད་པ་དང་རྗེས་འཛིན་གྱི། །ཕྱོགས་ལས་རྣམ་པར་རྒྱལ་བ་ཡི། །བརྟན་གཡོ་དབང་དུ་སྡུད་པའི་ཕྱིར། །བག་མེད་འཚེ་བ་རྣམ་སྤངས་པས། །ཐམས་ཅད་སྒྱུ་མའི་ཚུལ་སྦྱོར་བ། །སྟོང་ཉིད་ཡེ་ཤེས་ཤེས་རབ་མས། །ཁྱོགས་དང་བརླབས་དང་ཁྱུང་ལྡིང་དང་། །བཀལ་བ་དང་ནི་བསྐྱོད་པ་ཡིས། །ཚངས་པར་སྤྱོད་དང་བདེ་བར་རོལ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

༢ སྤྱོད་པའི་དབྱེ་བ།

སྤྱོད་པ་ལ་ངོ་བོའི་སྒོ་ནས་དབྱེ་ན། སྤྲོས་བཅས་ཀྱི་སྤྱོད་པ་དང་། སྤྲོས་མེད་ཀྱི་སྤྱོད་པ་དང་། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་ཡོད་དེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། ཨ་བ་དྷཱ་ཏཱིའི་སྤྱོད་པ་ལས། །སྤྲོས་བཅས་སྤྲོས་མེད་དག་དང་ནི། །ཤིན་ཏུ་སྤྲོས་མེད་སྤྱོད་པ་སྤྱོད། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར། དེ་ཡང་བར་བ་སྤྲོས་མེད་ཀྱི་སྤྱོད་པ་ལ་རྒྱས་འབྲིང་བསྡུས་གསུམ་དབྱེ་མོད་སྔ་མ་དང་ཕྱི་མ་གཉིས་ལ་དེ་ལྟར་མི་དབྱེ་བར་བཤད་དོ།།

དང་པོ་སྤྲོས་བཅས་ཀྱི་སྤྱོད་པ་ནི། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ལྷ་མོ་དགུ་དང་ལྷན་ཅིག་ཏུ། །གསང་བའི་ཡེ་ཤེས་རོལ་པ་ནི། །མགོན་པོ་ཀུན་དུ་སྤྱོད་པའོ། །གཉིས་མེད་ཡེ་ཤེས་བདེ་བ་ཆེ། །ལྷ་མོ་ལྔ་དང་བཅས་པ་ཡི། །ཚོགས་ཀྱི་དཀྱིལ་འཁོར་འདུས་པ་ནི། །མཉམ་བཞག་ཆེན་པོའི་སྤྱོད་པ་ཡིན། །འདི་དག་སྤྲོས་བཅས་སྤྱོད་པ་དང་། །ཞེས་གསུངས་པ་ལྟར། དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་བ་ཕོ་མོ་ལྷའི་ཆས་སུ་ཞུགས་པ་སྟེ། དཔེར་ན་གསང་བ་འདུས་པ་ལྟར་ན། ལྷ་སོ་གཉིས་དང་གྲངས་མཉམ་གྱི་རྣལ་འབྱོར་ཕོ་མོ་ལྷའི་ཆ་ལུགས་སུ་བསྒྱུར་བ་སོ་གཉིས་འདུས་ནས་དཀྱིལ་འཁོར་བསྒོམ་པ་དང་། ལས་རྒྱ་དང་། འདྲ་འབག་དང་། ཆས་གོས་དང་། མཆོད་རྫས་སོགས་རྒྱ་ཆེ་བ་དང་། རྣལ་འབྱོར་མ་རྣམས་དང་ལྷན་ཅིག་ཏུ་གཙོ་བོས་རང་གི་ལག་པའི་ཕྱག་རྒྱ་སྟོན་པ་དང་། རིག་མས་ཕྱག་རྒྱ་དེའི་ལན་སྟོན་པ་དང་། ཕྱག་དང་ཕྱག་ལན་དང་། གླུ་དང་གླུ་ལན་དང་། གར་དང་གར་ལན་དང་། མཆོད་པ་དང་མཆོད་པའི་ལན་དང་། ལུས་བརྡ་དང་། ངག་བརྡ་བཅས་བརྡ་དང་བརྡ་ལན་གྱི་བྱ་བའི་སྤྲོས་པ་རྒྱས་པ་དང་བཅས་པས་འདོད་ཡོན་ལ་སྤྱོད་པ་ཉིན་མཚན་ཀུན་ཏུ་སྤྱོད་པའི་སྒོ་ནས་ཞག་རེ་ལ་དུས་བཞིར་བྱེད་པའི་སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པར་གསུངས་སོ།།

སྤྱོད་པ་དེ་ལྟར་སྤྲོས་པ་ཆེན་པོ་བྱེད་པའི་དགོས་པ་ཡང་། སྒྲུབ་པ་པོ་རྣམས་ཀྱི་ཐུགས་གཞན་དུ་མི་འགྱུར་བ་དང་། རྣལ་འབྱོར་ཕོ་མོ་རྣམས་ཕན་ཚུན་རབ་ཏུ་དགའ་བ་དང་། བདེ་བ་ཆེན་པོ་ལས་སེམས་གཞན་དུ་མི་གཡོ་བ་དང་། ཕན་ཚུན་གྱི་བདེ་བ་འཕེལ་བའི་དོན་དུ་ཡིན་པར་གསུངས་སོ།།

རྣལ་འབྱོར་བ་ལྷ་གྲངས་དང་མཉམ་པ་ནི་རྣལ་འབྱོར་བ་ཕོ་མོ་གྲངས་མཉམ་མིན་པར་ལྷའི་ཕོ་མོའི་གྲངས་མཉམ་པར་གོ་དགོས་ཏེ། རྗེའི་གསལ་སྒྲོན་ལས། དེར་ལྷའི་འདྲ་འབག་གི་ཆས་སུ་ཞུགས་པའི་རྣལ་འབྱོར་པ་ཉེར་གསུམ་དང་རྣལ་འབྱོར་མ་དགུ་འཁོད་པ་ནི་སྤྲོས་མེད་རྒྱས་པའོ། །ཞེས་གསུངས་པས་ཤེས་པའི་ཕྱིར་རོ།།

གཉིས་པ་སྤྲོས་མེད་ཀྱི་སྤྱོད་པ་ནི། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། སྤྲོས་མེད་ཡེ་ཤེས་ཚུལ་གྱུར་པ། །ཞེས་གསུངས་པ་ལྟར། ལོངས་སྤྱོད་ཀྱི་འབྱོར་བས་མ་ལྕོགས་ནས་དཀྱིལ་འཁོར་རྫོགས་པར་བྱ་མ་ནུས་ན། ལས་ཀྱི་ཕྱག་རྒྱ་མ་ལྔ་སོགས་པས་དཀྱིལ་འཁོར་ལ་བརྟེན་ནས་ལས་རྒྱ་དང་། འདྲ་འབག་དང་། ཆས་གོས་དང་། མཆོད་པའི་རྫས་སོགས་ཡོད་ཀྱང་། ལག་པའི་ཕྱག་རྒྱ་དང་། དེའི་ལན་དང་། གླུ་གར་དང་། བརྡ་དང་བརྡ་ལན་གྱི་བྱ་བའི་སྤྲོས་པ་མེད་པའི་སྒོ་ནས་འདོད་ཡོན་ལ་སྤྱོད་པ་ནི་སྤྲོས་མེད་ཀྱི་སྤྱོད་པའོ།།

སྤྲོས་མེད་དེ་ལ་གསང་འདུས་ལྟར་ན། རྣལ་འབྱོར་པ་ཉེར་གསུམ་དང་རྣལ་འབྱོར་མ་དགུ་འཁོད་པ་སྤྲོས་མེད་རྒྱས་པ་དང་། བུད་མེད་ལྔ་སྤྱན་མ་ལ་སོགས་པའི་ཆས་སུ་ཞུགས་པ་དེ་དག་གི་ངོ་བོར་བརྟགས་པའམ། བུད་མེད་བཞི་གཟུགས་རྡོ་རྗེ་མ་ལ་སོགས་པ་བཞིའི་རྣམ་པར་ཞུགས་པ་མཚམས་བཞི་དང་། བུད་མེད་གཅིག་རེག་བྱ་རྡོ་རྗེ་མའི་རྣམ་པར་ཞུགས་པ་གདན་དབུས་མ་ལ་སྒྲུབ་པ་པོ་རྡོ་རྗེ་འཆང་དུ་སྒོམ་པ་རང་གི་པང་ན་གནས་པའི་བུད་མེད་ལྔའམ་བཞི་ལས་མེད་པ་སྤྲོས་མེད་འབྲིང་བོ་དང་། བུད་མེད་ཅིག་དང་ལྷན་ཅིག་བྱེད་པ་སྤྲོས་མེད་བསྡུས་པ་སྟེ་གསུམ་ཡོད་པར་བཤད་དེ། བདེ་མཆོག་བསྡུས་པའི་བཤད་པ་སྦས་དོན་ཀུན་གསལ་ལས། དེ་ལ་ནི་རྣལ་འབྱོར་ཕོ་མོ་ལྷ་གྲངས་དང་མཉམ་པ་རྒྱས་པ་དང་། ཕྱག་རྒྱ་མ་ལྔའམ་བཞི་དང་ལྷན་ཅིག་བྱེད་པ་འབྲིང་དང་། གཅིག་དང་ལྷན་ཅིག་བྱེད་པ་བསྡུས་པ་སྟེ་གསུམ་བཤད་དོ། །ཞེས་གསུངས་པས་སོ།།

གསུམ་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ནི། ཡང་རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། ཤིན་ཏུ་སྤྲོས་པ་མེད་པས་ནི། །འདོད་དང་བསམ་པ་འཇུག་པ་དང་། །དུས་ཀྱི་ཁྱད་པར་རྣམ་དབྱེ་བས། །བྷུ་སུ་ཀུ་དང་ཀུན་དུ་བཟང། །ཞེས་གསུངས་པ་ལྟར། སྤྲོས་མེད་ཀྱི་སྤྱོད་པ་དེ་ཡང་མ་ལྕོགས་ན་ཕྱག་རྒྱ་མ་གཅིག་དང་ལྷན་ཅིག་ཏུ་དཀྱིལ་འཁོར་ལ་བརྟེན་ནས་སྒྲུབ་པའམ་རིག་མ་གཅིག་ཙམ་ཡང་མེད་པར་ཕྱིའི་སྤྲོས་པ་ཐམས་ཅད་སྤངས་ཏེ་ཡེ་རྒྱ་བསྟེན་པ་དང་། གཉིད་ཀྱི་འོད་གསལ་སྐྱོང་བ་ཟུང་འབྲེལ་གྱིས་བདེ་སྟོང་གི་ཡེ་ཤེས་ཆིག་སྒྲིལ་དུ་བསྒོམ་པའི་སྤྱོད་པ་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་ནོ།།

སྤྲོས་བཅས་དང་སྤྲོས་མེད་དེ་གཉིས་ནི་དངོས་སུ་བུད་མེད་ཀྱི་ལས་རྒྱ་བརྟེན་ནས་སྤྱོད་པ་བྱེད་པ་ཡིན་པར་གསུངས་པ་དང་། སྦས་དོན་ཀུན་གསལ་ལས། ཤིན་ཏུ་སྤྲོས་མེད་ནི་ཕྱིའི་སྤྲོས་པ་ཀུན་བཞག་ནས་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་སྒོམ་པར་བྱེད་པ་སྟེ། འདི་ལ་བྷུ་སུ་ཀུའི་སྤྱོད་པ་ཞེས་ཀྱང་ཟེར་རོ། །ཞེས་གསུངས་པ་ལྟར་ན་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ལ་ཡེ་རྒྱ་ལས་ལས་རྒྱ་མ་གཅིག་ཙམ་ཡང་བསྟེན་པ་མེད་པར་གོ་དགོས་པ་ཡིན་ནམ་སྙམ་མོ།།

འདི་དག་ཀྱང་ལྷ་གྲངས་དང་མཉམ་པའི་རྣལ་འབྱོར་ཕོ་མོའི་ཆས་སུ་འཇུག་སོགས་ཀྱི་ཡོ་བྱད་ཚང་མ་ཚང་བ་ཡིན་པ་ལས་དཀྱིལ་འཁོར་རྫོགས་པར་སྒོམ་པའི་ཆོ་ག་བྱེད་མི་བྱེད་ཀྱིས་ཕྱེ་བ་ནི་མིན་པར་དཀྱིལ་འཁོར་རྫོགས་པར་སྒོམ་པའི་ཆོ་ག་བྱེད་པ་ཡིན་པར་གསུངས་སོ།།

འདོད་ཡོན་གྱི་སྤྲོས་པ་སྤྱད་པ་ལ་བརྟེན་ནས་མཉམ་གཞག་ཏུ་བདེ་སྟོང་ལྷན་སྐྱེས་ཀྱི་ལམ་སྒོམ་པ་དང་། རྗེས་ཐོབ་ཏུ་བསྒོམས་སྟོབས་ཀྱིས་རླུང་ཐིམ་པའི་སྟོང་པ་རྣམས་འདྲེན་ནུས་པ་ནས་བཟུང་སྟེ། རིམ་པ་བཞི་པའི་འོད་གསལ་མ་ཐོབ་ཚུན་ཆད་ཀྱི་སྔར་མཉམ་གཞག་གི་སྟོང་པ་རྣམས་དྲན་པ་སྟེ་སྒོམ་བསམ་གྱི་དོན་རྣམས་དྲན་པའི་སྒོ་ནས་རང་རྡོ་རྗེ་འཆང་དུ་བསྐྱེད་པས་འདོད་ཡོད་ལ་སྤྱོད་པ་གཉིས་ཀ་ལ་སྟོང་པ་གསུམ་གྱི་རྒྱས་བཏབ་ནས་རྡོ་རྗེ་འཆང་ལ་འབུལ་བའི་ཚུལ་གྱིས་ལོངས་སྤྱོད་པ་སྟེ། ཡེ་ཤེས་རྡོ་རྗེ་ཀུན་བཏུས་ལས། སྤྲོས་པའི་སྤྱོད་པས་མཉམ་གཞག་དང་། །རྗེས་ཐོབ་གཉིས་མེད་ལམ་དུ་བླང་། །ཕྱོགས་ལས་རྣམ་རྒྱལ་སྤྱོད་ཐོབ་ནས། །ཡེ་ཤེས་ཆེན་པོའི་སྤྱད་བྱ་བ། །ཟུང་འཇུག་བདེ་ཆེན་རོ་མཉམ་ལས། །མཐར་ཐུག་སྤང་བླང་མེད་པར་གྲོལ། །ཞེས་དང་། རྡོ་རྗེ་དཔལ་མཆོག་ཆེན་པོ་ལས། དེ་ལྟར་མཉམ་པར་བཞག་པ་ལས། །རྗེས་ཐོབ་ཡུལ་ལ་སྤྱོད་གྱུར་པ། །སྤྲོས་བཅས་སྤྲོས་མེད་རྣམ་དབྱེ་བས། །འདོད་པའི་ཡོན་ཏན་རྣམ་ལྔ་ལ། །གཞོན་ནུ་རོལ་པའི་སྤྱོད་པ་ཡིས། །ལུས་ཀྱི་གནས་སོགས་ཀུན་དུ་རོལ། །ཞེས་དང་། རྣལ་འབྱོར་མ་ཀུན་སྤྱོད་ལས། དང་པོར་མཉམ་གཞག་རྣལ་འབྱོར་པས། །འབད་དེ་ནུས་པ་བསྐྱེད་པར་བྱ། །ནུས་པ་བསྐྱེད་པའི་རྗེས་ཐོགས་ལ། །ཡིད་ལ་འདོད་པའི་བརྟུལ་ཞུགས་སྤྱད། །སེམས་ཅན་རྗེས་གཟུང་དོན་གྱི་ཕྱིར། །དཔའ་བོ་ཆེན་པོ་འགྲོ་བྱ་ཞིང་། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེ་ལྟར་ལོངས་སྤྱོད་ཀྱིས་ལྕོགས་མི་ལྕོགས་པའི་སྒོ་ནས་བཞག་པ་དེ་ནི་བྱ་བའི་སྒོ་ནས་ཕྱེས་པ་ཡིན་ཞིང་། ལམ་སྒོམ་རིམ་གྱི་ཕྱེ་ན་བསྐྱེད་རིམ་སྒོམ་པའི་སྤྱོད་པ་རྣམས་ནི་སྤྲོས་བཅས་དང་། དོན་གྱི་འོད་གསལ་མ་ཐོབ་པའི་སྔོན་གྱི་རྫོགས་རིམ་པའི་སྤྱོད་པ་རྣམས་ནི་སྤྲོས་མེད་དང་། སློབ་པའི་ཟུང་འཇུག་གི་སྤྱོད་པ་རྣམས་ནི་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་ཡིན་ཏེ། དང་པོ་ནི་མཚན་འཛིན་གྱི་སྤྲོས་པ་ཆེ་བ་དང་། སྤྱིའི་དོན་གྱི་སྤྱོད་པ་དང་། གཉིས་པ་ནི་མཚན་འཛིན་གྱི་སྤྲོས་པ་ཆུང་བ་དང་། སྦས་པའི་དོན་གྱི་སྤྱོད་པ་དང་། གསུམ་པ་ནི་མཚན་འཛིན་གྱི་སྤྲོས་པ་གཏན་ནས་མེད་པའི་སྐབས་ཀྱི་སྤྱོད་པ་དང་། མཐར་ཐུག་པའི་དོན་གྱི་སྤྱོད་པ་ཡིན་པའི་ཕྱིར་རོ།།

ཡང་སྤྱོད་པ་ལ་རྟེན་གྱི་སྒོ་ནས་དབྱེ་ན། བསྐྱེད་རིམ་པའི་སྤྱོད་པ་དང་། རྫོགས་རིམ་པའི་སྤྱོད་པ་གཉིས་ཡོད་ལ། དེ་གཉིས་རེ་རེ་ལའང་སྤྲོས་བཅས་དང་། སྤྲོས་མེད་དང་། ཤིན་ཏུ་སྤྲོས་མེད་གསུམ་གསུམ་ཕྱེའོ།།

དུས་ཀྱི་སྒོ་ནས་དབྱེ་ན། དབང་དུས་ཀྱི་སྤྱོད་པ་དང་། ལམ་དུས་ཀྱི་སྤྱོད་པ་གཉིས་ཡོད་ལ། དང་པོ་ནི་རྒྱུད་མ་སྨིན་པ་སྨིན་པར་བྱེད་པའི་གསང་སྔགས་ཀྱི་ལམ་སྒོམ་པའི་སྣོད་རུང་དུ་བྱེད་པའི་སྤྱོད་པ་དང་། གཉིས་པ་ལ་ནི། ལམ་སྔར་མ་ཐོབ་པ་ཐོབ་པའི་ཕྱིར་དུ་སྤྱོད་པའི་སྤྱོད་པ་དང་། ཐོབ་ཟིན་བོགས་འབྱིན་ཕྱིར་དུ་སྤྱོད་པའི་སྤྱོད་པ་གཉིས་ཡོད་ཅིང་། དང་པོ་ནི་བསྐྱེད་རིམ་ཐོག་མར་བསྒོམ་པ་ནས་བཟུང་སྟེ་མི་སློབ་པའི་ཟུང་འཇུག་མ་ཐོབ་པའི་བར་དུ་སྤྱོད་པ་ཡིན་ལ། ཕྱི་མ་ལ་ནི་གནས་སྐབས་བཞི་ལས་མེད་པར་གསུངས་སོ།།

ཐོབ་ཟིན་བོགས་འབྱིན་གྱི་སྤྱོད་པའི་གནས་སྐབས་བཞི་གང་ཞེ་ན། བསྐྱེད་རིམ་མཐར་ཕྱིན་ནས་ཐུན་མོང་གི་དངོས་གྲུབ་འགྲུབ་ཕྱིར་སྤྱོད་པའི་སྤྱོད་པ་དང་། སེམས་དབེན་ཐོབ་ནས་སྒྱུ་ལུས་འགྲུབ་པའི་དོན་དུ་སྤྱོད་པའི་སྤྱོད་པ་དང་། སྒྱུ་ལུས་གྲུབ་ནས་འོད་གསལ་གྱིས་སྦྱངས་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པའི་དོན་དུ་སྤྱོད་པའི་སྤྱོད་པ་དང་། སློབ་པའི་ཟུང་འཇུག་ཐོབ་ནས་མི་སློབ་པའི་ཟུང་འཇུག་ཐོབ་པའི་དོན་དུ་སྤྱོད་པའི་སྤྱོད་པ་སྟེ་བཞི་བོ་ཡིན་ཞིང་དེ་དག་ལས་ལྷག་པ་མེད་དོ།།

བསྐྱེད་རིམ་བོགས་འབྱིན་པའི་སྤྱོད་པ་བྱ་རན་པའི་གང་ཟག་ནི་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པ་ཞིག་དགོས་པས་བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པས་ཁྱབ་པ་དང་། རྫོགས་རིམ་བོགས་འབྱིན་པའི་སྤྱོད་པ་བྱ་རན་པའི་གང་ཟག་ནི་སེམས་དབེན་ཐོབ་པ་ཞིག་དགོས་པས་སེམས་དབེན་ཐོབ་པས་ཁྱབ་པར་གསུངས་སོ།།

ཐུན་མོང་གི་དངོས་གྲུབ་མང་པོ་སྤྱོད་པ་མ་བྱས་ཀྱང་འགྲུབ་ཕྱིར་སྤྱོད་པ་ངེས་པར་ན་ཡོད་མི་དགོས་ཀྱང་། བསྐྱེད་རིམ་མཐར་ཕྱིན་ནས་ཐུན་མོང་གི་དངོས་གྲུབ་དུས་ཐུང་ངུར་བདེ་བླགས་སུ་འགྲུབ་པའི་ཆེད་དུ་དེ་ལྟར་སྤྱོད་པ་བྱེད་པ་ཡིན་པར་བཤད་དོ།།

རྫོགས་རིམ་པའི་ལམ་བོགས་འབྱིན་གྱི་སྤྱོད་པ་ནི་ཚེ་གཅིག་ལ་བྱང་ཆུབ་ཐོབ་པའི་དོན་དུ་ཡིན་ཏེ། ལས་རྒྱའི་ཐབས་ཀྱི་སྤྱོད་པ་གསུམ་པོ་གང་རུང་མེད་ན་ཚེ་འདིར་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕངས་ཐོབ་མི་ནུས་པའི་ཕྱིར། གྲུབ་སྟེ། ཕྱིའི་ཕྱག་རྒྱ་གྲོགས་སུ་མེད་ན་སེམས་དབེན་གྱི་ཡེ་ཤེས་མཚན་ཉིད་ཚང་བ་སྐྱེ་མི་ནུས་ཤིང་། ནང་གི་ལུས་ལ་གནད་དུ་བསྣུན་པའི་མཐུས་རླུང་དབུ་མར་སྡུད་པ་དང་། གཏུམ་མོའི་མེས་བྱང་སེམས་བཞུ་བའི་ནུས་པ་མཐར་སོན་པ་ཡོད་ཀྱང་ད་དུང་ཕྱག་རྒྱ་ལ་བརྟེན་ནས་དེ་ཁོ་ཉིད་རྟོགས་པའི་ཡེ་ཤེས་གོང་འཕེལ་དུ་འགྲོ་བའི་རིམ་པ་ཡོད་པ་དེ་ཉིད་བརྟེན་དགོས་པར་གསུངས་པའི་ཕྱིར་རོ།།

སྨྲས་པ། ཨ་ཤོ་ཀ་ཡི་ལྗང་མདོག་ལོ་མའི་གདུག༷ས། །གདུག༷ས་བཟང་བྱེ་བ་ཟིལ་གནོན་གུར་གྱི་ཁྱིམ༷། །ཁྱིམ༷་མེད་དབེན་པ་ནགས་ཀྱི་བྱ་སྐྱིབས་སུ༷། །སུ༷་ཡིས་འགྲན་མེད་ཤཱཀྱ་སེང་གེའི་གསུང༷་། །གསུང༷་རབ་མདོ་སྡེ་རྡོ་རྗེ་ཐེག་པའི་རྒྱུད༷། །རྒྱུད༷་ལྔའི་འགྲོ་བ་འཁྲུལ་བའི་གཡང་ས་ལ༷ས། །ལ༷ས་ཉོན་འཇིགས་ལས་ཐར་བྱེད་ཉག་གཅིག་ཐ༷བས། །ཐ༷བས་མང་དཀའ་མེད་མན་ངག་བདུད་རྩི་མང༷ར། །མང༷ར་བའི་སྦྲང་རྩི་པདྨོའི་ལྟེ་བ་ཟླུམ༷། །ཟླུམ༷་པོར་སྦྲུམ་པའི་རོ་བཅུད་གསར་བ་བཞིན༷། །བཞི༷ན་འཛུམ་ཙམ་མིན་བདེ་སྟོང་རབ་དགའི་ཡི༷ད། །ཡི༷ད་ཅན་དཔལ་དུ་འཁྱིལ་བ་འདི་ཀོ་གས༷ང་།།

གས༷ང་བ་ཀུན་ལས་རབ་ཏུ་གསང་བ་མཆོ༷ག །མཆོ༷ག་གི་ལམ་བྱེད་གསང་ཆེན་རྒྱུད་ཀྱི་རྩེ༷། །རྩེ༷་མོའི་ལམ་ཕྱིན་ཀུན་མཁྱེན་རྡོ་རྗེ་འཛི༷ན། །འཛི༷ན་མའི་སྙིང་པོ་འཕགས་པའི་ཡུལ་དུ་བསྟན༷། །བསྟ༷ན་པའི་སྙིང་པོ་རྡོ་རྗེ་ཐེག་པའི་ལ༷མ། །ལ༷མ་མིན་གཡང་སྐྱོབ་ངོ་མཚར་རིམ་པ་གཉིས༷། །གཉིས༷་མེད་བདེ་སྟོང་ལྷན་ཅིག་སྐྱེས་པའི་སྐུ༷། །སྐུ༷་གསུམ་མངོན་བྱེད་ངོ་མཚར་གདམས་པ་ཟ༷བ། །ཟ༷བ་རྒྱས་ཆོས་ཚུལ་སྐྱེད་མོས་དགའ་ཚལ་དུ༷། །དུ༷་མའི་ཐབས་མཆོག་འདབ་སྟོང་རྒྱས་པའི་དབུས༷། །དབུས༷་མཐའ་རྣམ་བྲལ་བདེ་ཆེན་སྦྲང་རྩིའི་བཅུ༷ད། །བཅུ༷ད་འཁྱིལ་ཟུང་འཇུག་གེ་སར་རྣམ་པར་བཞ༷ད།།

བཞ༷ད་པའི་ཚེམས་དཀར་ཆོས་འཁོར་པདྨོའི་འཛུམ༷། །འཛུམ༷་པ་འགྲོ་ལ་རྗེས་ཆགས་ཐུགས་རྗེའི་དྲི༷། །དྲི༷་མེད་མཁྱེན་པའི་ཉིན་བྱེད་ཀྱིས་ཕྱེས་ལ༷ས། །ལ༷ས་ཉོན་སྒྲིབ་གཉིས་ཀུན་མུད་ཟིམ་ལ་ཕྱོག༷ས། །ཕྱོག༷ས་བཞི་དབུས་ལྔ་རིགས་ལྔའི་དཀྱིལ་འཁོར་ལྷ༷། །ལྷ༷་དང་ལྷ་མོས་བསྐོར་བས་སྣང་བ་ཆེ༷ས། །ཆེ༷ས་ཆེར་རྒྱས་འཐེབས་བསྐྱེད་རིམ་མཐར་ཕྱིན་ཞིང༷་། །ཞིང༷་ཀུན་ལྷར་སྣང་ཐ་མལ་སྣང་ཞེན་ལྡོག༷ །ལྡོག༷་དང་ལུགས་འབྱུང་སྣང་གསུམ་བཅུ་དྲུག་ཆ༷། །ཆ༷་བཅུའི་རླུང་ཀུན་མི་ཤིགས་ཞལ་རས་ལ༷། །ལ༷་ལཱ་ན་དང་རོ་མ་ནས་འཇུག་ཐིམ༷། །ཐིམ༷་པའི་རྒྱ་གྲོལ་འོད་གསལ་ཉི་མ་འཆ༷ར།།

འཆ༷ར་ནུབ་མ་མཆིས་ཟུང་འཇུག་ཁ་སྦྱོར་སྐུ༷། །སྐུ༷་གསུམ་དབྱེར་མེད་རྡོ་རྗེ་ལུས་ཕྲ་མ༷། །མ༷་ལུས་ཡོན་ཏན་ལང་ཚོ་རྫོགས་མཛེས་ཚེ༷། །ཚེ༷་གཅིག་དབང་ཕྱུག་བརྒྱད་ལྡན་ནོར་ལ་དབ༷ང་། །དབ༷ང་པོས་ཕྱེས་པའི་སྔགས་ཀྱི་གདུལ་བྱ་ལྔ༷། །ལྔ༷་ལྡན་ལམ་གྱི་བགྲོད་པ་མིག་འཕྲུལ་བཞིན༷། །བཞིན༷་ལག་སྐུ་བསྐྱེད་དེ་འབྲས་རྫོགས་པའི་རི༷མ། །རི༷མ་པར་མཐར་ཕྱིན་ཐེག་པའི་མཆོག་འདི་རྨ༷ད།།

རྨ༷ད་བྱུང་གདམས་པའི་ཡང་ཞུན་རིན་ཆེན་ནོར༷། །ནོར༷་འཁྲུལ་རྐུན་པོར་མ་ཤོར་རྡོ་རྗེ་འཛི༷ན། །འཛི༷ན་མའི་ཁྱོན་ན་གཅིག་པུའི་སྐུར་བཞུགས་གང༷་། །ག༷ང་གིས་འགྲན་མེད་སྨྲ་བའི་རྒྱལ་པོའི་སྲོ༷ལ། །སྲོ༷ལ་བཟང་གཞན་ལས་ལྷག་པའི་གདུགས་དཀར་བསི༷ལ། །བསི༷ལ་རིའི་ལྫོངས་ན་འཇམ་དབྱངས་མཚན་གྱི་རྔ༷། །རྔ༷་སྒྲའི་རྒྱལ་པོའི་མགྲིན་པར་ཅོ་འདྲི་སྙན༷། །སྙན༷་པར་གྲགས་དེའི་རྗེས་འབྲངས་ལེགས་པར་བཤ༷ད།།

བཤ༷ད་སྒྲུབ་བྱ་བས་བསྟན་པ་འཛིན་པའི་ཚུལ༷། །ཚུལ༷་གནས་བསམ་ལྡན་སྒོམ་པའི་མུ་ཏིག་ཕྲེང༷་། །ཕྲེང༷་དུ་བསྟར་བའི་རིམ་པ་ལ་ཞུགས་ཤིང༷་། །ཤིང༷་མཆོག་དྲུང་ན་རྒྱལ་བ་ཇི་བཞིན་ཤོག །གདངས་གསུམ་སྙན་པ་རྡོ་རྗེའི་བཟླས་པའི་ངག །རོ་རྐྱང་རྒྱུན་སྐུད་ལས་འཕོས་ཀུན་འདར་སྦུབས། །རླུང་རྣམས་ཐིམ་པ་ནོར་བུའི་འཕང་འགྲོ་མས། །སེམས་དམིགས་ཐོས་འཛིན་འགུགས་པའི་དཔལ་འབར་ཤོག །རླུང་བཅུ་སྙིང་ཐིམ་ཁམས་དྲུག་ལྡན་པའི་ལུས། །ཀུན་རྫོབ་སྒྱུ་ལུས་འཇའ་ཚོན་ཐིག་ལེའི་སྒྲོ། །དོན་དམ་འོད་གསལ་མཁའ་ལ་གུར་ཕུབས་ཟུང་། །ཟུང་འཇུག་རྨ་བྱའི་གར་གྱི་མཛེས་མཐོང་ཤོག །ཚེ་རབས་ཀུན་ཏུ་དགེ་བའི་བཤེས་དང་འཕྲ༵ད། །འཕྲ༷ད་ནས་མི་མཉེས་སྐད་ཅིག་མི་བྱ་བ༷ར། །བ༷ར་མེད་བརྩོན་པས་གསང་རྒྱུད་ཟབ་མོའི་དོ༷ན། །དོ༷ན་དམ་འོད་གསལ་དག་པའི་ཞལ་མཐོང་ཤོག།

ལྟ་བ་ཉོན་མོངས་ཚེ་དུས་སེམས་ཅན་གྱི། །སྙིགས་མ་ལྔ་བསྡོས་ཐུབ་བསྟན་ཉམས་དམས་པ། །བཤད་སྒྲུབ་ཉི་མས་ལུང་རྟོགས་པདྨོའི་འདབ། །རྣམ་པར་རྒྱས་པའི་རྫོགས་ལྡན་སྣང་འཕེལ་ཤོག །མདོ་སྔགས་མང་ཐོས་བློ༵་གྲོས་རབ་བཟ༵ང་གཏེར། །མཁས་མང་རྒྱུ་སྐར་དབུས་ན་ལྷག་འབར་བའི། །རྒྱལ༵་གསུང་ལེགས་བཤད་སྨྲ་བའི་རི་བོང་མཚ༵ན། །ཐུབ་བསྟན་མཁའ་ལ་མཛེས་པ་བརྟན་གྱུར་ཅིག།

དམར་ནག་མེ་ལྕེས་བསྲེགས་པའི་ཡིད་ཅན་དང་། །བཀྲེས་སྐོམ་གདུང་བས་མནར་བའི་ཡི་དྭགས་འགྲོ། །བཀོལ་དང་འཚེ་བས་ངལ་བའི་དུད་འགྲོ་སྟེ། །ངན་སོང་གནས་ནས་འགྲོ་ཀུན་ཐར་གྱུར་ཅིག །ལོངས་སྤྱོད་གར་ལ་གཡེང་བའི་ལྷ་ཡི་གནས། །ཕྲག་དོག་ཆང་གིས་རབ་བཟི་ལྷ་མིན་འགྲོ། །དུག་གསུམ་རྒྱ་མཚོར་བྱིང་བའི་རྐང་གཉིས་པ། །ཟུང་འཇུག་ཡེ་ཤེས་རྒྱལ་བའི་སྐུ་ཐོབ་ཤོག།

ཅེས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་གསང་བ་འདུས་པའི་རིམ་པ་ལྔའི་བཤད་པའི་ཟིན་བྲིས་འདི་ནི་ལྕགས་སྟག་ལོའི་དབྱར་དུས་སུ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་ཆོས་གྲྭ་ཆེན་པོ་རྫ་སེར་ཤུལ་དགོན་དུ་སློབ་དཔོན་མཁས་པའི་དབང་པོ་ལྷོ་བ་བློ་བཟང་རྒྱལ་མཚན་གྱི་ཞལ་སྔ་ནས་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཀླུ་སྒྲུབ་ཀྱི་རིམ་ལྔའི་ཁྲིད་ཡིག་རྣམ་བཤད་ཟུང་འཇུག་ནོར་བུའི་བང་མཛོད་ལྟར་དཔལ་གསང་བ་འདུས་པའི་རིམ་ལྔའི་ཟབ་ཁྲིད་རྒྱས་པར་ཉན་པའི་སྐལ་བཟང་ལ་ལོངས་སུ་སྤྱོད་པའི་དུས་སུ་ཉན་པ་པོ་རྗེས་དཀར་བ་ཨོ་རྒྱན་བརྩོན་འགྲུས་སམ་ཐུབ་བསྟན་འཕྲིན་ལས་བཟང་པོར་འབོད་པ་གང་གིས་སེར་ཤུལ་དགོན་གྱི་གསོ་རིག་གྲྭ་ཚང་གི་ཚོགས་ཁང་ཆེན་མོའི་ཡང་སྟེང་དུ་རེག་ཟིག་ཏུ་ཕབ་པའོ།། །།

ཞར་བྱུང་དཔྱད་བསྡུས།

༄༅།། བླ་མ་ལ་ཕྱག་འཚལ་ལོ། །གསང་འདུས་ཀྱི་བཤད་རྒྱུད་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཅེས་པ་ཡོད་པ་འདི་ལ་བོད་དུ་འགྱུར་པ་ནི། ལྷོ་བྲག་སྒྲ་བསྒྱུར་མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དང་། ཞ་ལུ་བུ་སྟོན་རིན་ཆེན་གྲུབ་དང་། ཇོ་བོ་སྨྲྀ་ཏི་ཛྙཱ་ཀིརྟིའི་འགྱུར་གསུམ་ཡོད་པར་ཐོས་ལ། དེ་ཡང་ད་ལྟ་རྒྱུད་འབུམ་ཁྲོད་དུ་དངོས་སུ་མཐོང་དུ་ཡོད་པ་ནི། མར་བ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་པའི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་དང་། ཞ་ལུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་བསྒྱུར་པའི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་གཉིས་ཡོད་དོ།།

དེ་ལ་བུ་སྟོན་གྱི་ཆོས་འབྱུང་ལས། དཔལ་གསང་འདུས་ཀྱི་བཤད་རྒྱུད་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཆོས་ཀྱི་བློ་གྲོས་ཀྱི་འགྱུར། འདི་ལ་ཆག་ཆོས་རྗེ་དཔལ་ལ་སོགས་པས་བོད་ཀྱི་ལྷད་ཡོད་པར་སྨྲ་སྟེ། གཉིས་མེད་རྣམ་རྒྱལ་གྱི་ལུང་ནཱ་རོ་འགྲེལ་ཆེན་དང་། རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དུ་དྲངས་པ་རྣམས། འདི་བས་ཆུང་བའི་གཉིས་མེད་རྣམ་རྒྱལ་ཡང་དག་ཅིག་ཡོད་ཀྱི། འདི་རྒྱ་པོ་བ་ལུང་བས་བྱས་སོ་ཞེས་ཟེར་རོ། །ཁ་ཅིག་འདི་ལ་སྨྲྀ་ཏིའི་རང་འགྱུར་ཡོད་པས་འདི་ཡང་དག་ཡིན་ནོ་ཞེས་ཟེར་ཏེ་བརྟག་གོ །ཞེས་མར་བ་ལོ་ཙཱ་བའི་འགྱུར་དུ་གྲགས་པའི་གཉིས་མེད་རྣམ་རྒྱལ་དེ་མར་བ་ལོ་ཙཱ་བའི་འགྱུར་ལ་ལྷད་བཅུག་ཅིང་། གཙོ་བོ་མར་པའི་འགྱུར་མིན་པར་རྒྱ་ཕོ་ལུང་བ་ཞེས་པས་བརྩམས་པ་ཡིན་པས་རྒྱུད་མ་དག་པ་ཡིན་པར་ཆག་ལོ་ཆོས་དཔལ་སོགས་ཀྱིས་བཤད་པས་བརྟག་དགོས་པར་གསུངས་ཤིང་། མཐའ་གཅིག་ཏུ་མ་དག་པ་དང་། རྒྱ་ཕོ་ལུང་བས་བྱས་ཞེས་མ་བཤད་དོ།།

འོན་ཀྱང་བུ་སྟོན་ཁོང་ཉིད་ཀྱིས་བསྒྱུར་པའི་རྒྱུད་ཀྱི་མཇུག་ཏུ། རྒྱུད་མིན་རྒྱུད་ལྟར་བཅོས་པ་ཡི། །ཆོས་མིན་སུན་དབྱུང་བྱ་ཕྱིར་དང་། །དམ་ཆོས་སྣང་བ་སྤེལ་བའི་ཕྱིར། །ཇི་ལྟར་ནུས་བཞིན་བསྒྱུར་བ་ལགས། །ཞེས་བྲིས་པ་ཡང་མར་བའི་འགྱུར་དུ་གྲགས་པ་དེ་རྒྱུད་མིན་པར་རྒྱུད་ལྟར་དུ་བཅོས་པ་དང་། ཆོས་མིན་པར་ཆོས་ལྟར་དུ་བཅོས་པ་ཡིན་པས་དེ་སུན་དབྱུང་ཕྱིར་དུ་བསྒྱུར་པ་ཡིན་ཞེས་ཟུར་ཟ་མཛད་པ་ཡིན་ངེས་ཤིང་། ཡང་བུ་སྟོན་གྱི་འགྱུར་མཇུག་ཏུ། སྒྲ་ཚད་པ་ཡིན་ནམ་གང་ཟག་གཞན་ཞིག་གིས། འདི་དང་ཐུན་མོང་མ་ཡིན་པའི་གསང་བ་གཅིག་ཏུ་འདོད་པ་ཡང་དག་པར་འཁྲུལ་བར་སྣང་ངོ་། །ཞེས་པའང་མར་བའི་འགྱུར་རྫུན་པ་ཡིན་པའི་ཕྱོགས་ལ་ཁ་ཟེར་བ་ཡིན་པར་ངེས་སོ།།

རྒྱུད་འདི་གཉིས་ཀྱི་མཚན་གྱི་དབང་དུ་བྱས་ན། མར་བ་ལོ་ཙཱ་བའི་འགྱུར་གྱི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཀྱི་མཚན་ལ་ནི། དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱལ་བ་ཞེས་བྱ་བ་མཉམ་པ་ཉིད་གཉིས་སུ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ། ཞེས་ཡོད་པ་དང་། མཇུག་ཏུ། དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་ཆེན་པོར་རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོ་དང་། བོད་ཀྱི་ལོ་ཙྪ་བ་མར་པ་ལྷོ་བྲག་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ཞེས་ཡོད་པས། རྒྱ་གར་གྱི་དུ་ལ་ཀྵེ་ཏྲའི་གྲོང་ཁྱེར་ཟེར་བར་རྒྱ་གར་གྱི་མཁན་པོ་དཔལ་ཡེ་ཤེས་སྙིང་པོའི་ཞབས་དྲུང་དུ་ལྷོ་བྲག་པ་མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བ་ཡིན་པ་གསལ་བར་ཡོད་དོ།།

གཞན་ཡང་དེ་ཉིད་ལས། རྣལ་འབྱོར་ཆེན་པོ་གཉིས་སུ་མེད་པ་མཉམ་པ་ཉིད། རྣམ་པར་རྒྱལ་བ་ཞེས་བྱ་བ་མཆོག་ཏུ་དབང་སྐུར་བར་བྱེད་པ། རྒྱུད་སྡེ་སྟོང་ཕྲག་སུམ་ཅུ་རྩ་བཞིའི་སྙིང་པོ། རིག་པ་འཛིན་པའི་སྡེ་སྣོད་རྒྱ་མཚོའི་གནས་ལས་མངོན་པར་བསྔགས་པ། རྟོག་པའི་རྒྱལ་པོ་བདུན་པ་ཆོས་ཐམས་ཅད་ལ་བསམ་གྱིས་མི་ཁྱབ་པའི་དོན་བསྟན་པའི་ལེའུ་སྟེ་བདུན་ཅུ་རྩ་བདུན་པའོ། །ཞེས་གསུངས་པ་ལྟར་མར་བའི་བསྒྱུར་པའི་རྒྱུད་འདི་ལ་ལེའུ་བདུན་ཅུ་དོན་བདུན་ཡོད་དོ།།

དེ་མ་ཟད་ཡང་དེའི་མཇུག་ཏུ། པཎྜི་ཏ་མཁས་པ་ཆེན་པོ་སྨྲྀ་ཏི་ཛྙཱ་ན་ཀཱིརྟིས་རང་འགྱུར་བྱས་པ་ཅིག་ཀྱང་ཡོད་པར་གདའོ། །ཞེས་རྒྱུད་འདི་ལ་པཎྜི་ཏ་སྨྲྀ་ཏི་ཛྙཱ་ནས་ལོ་ཙཱ་མེད་པར་རང་འགྱུར་བྱས་པའི་རྒྱུད་ཅིག་ཀྱང་བོད་དུ་འགྱུར་ཡོད་པར་གསུངས་སོ།།

བུ་སྟོན་གྱིས་བསྒྱུར་པའི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཀྱི་མཚན་ལ་ནི། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ། ཞེས་དང་། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བའི་ངོ་བོ་ཉིད་ཀྱི་རྡོ་རྗེ་ཞེས་ཡོད་པ་དང་། མཇུག་ཏུའང་། མཁན་ཆེན་ཐར་པ་ལོ་ཙྪ་བའི་ཕྱག་དཔེའི་གསེབ་ནས་ཤོག་ཡར་ལྔ་བྱུང་བ་སྔར་བསྒྱུར་བ་ལས། ཕྱིས་ཉང་སྟོད་སྨོན་འགྲོའི་གཙུག་ལག་ཁང་ནས་རྒྱ་དཔེ་ལྷག་མ་རྣམས་རྙེད་ནས་བསྒྱུར་བར་རྩོམ་པ་ན། དཔལ་དུས་ཀྱི་འཁོར་ལོའི་ཕྱི་ནང་གཞན་གསུམ་གྱི་ཚུལ་ལ་མི་འཇིགས་པའི་སྤོབས་པ་ཐོབ་པའི་བླ་མ་ཡང་དག་པས། དགེ་བའི་བཤེས་གཉེན་ཆེན་པོ་ལེགས་པར་སྦྱར་བའི་སྐད་ཀྱི་བརྡ་སྤྲོད་པའི་ཚུལ་ལ་བློ་གྲོས་ཤིན་ཏུ་བྱང་བའི་འཇིག་རྟེན་གྱི་མིག་ཆོས་གྲགས་དཔལ་བཟང་པོའི་བཀས་བསྐུལ་ཞིང་སྦྱིན་བདག་མཛད་ནས། བུ་སྟོན་གྱིས་བསྒྱུར་བའི་ཡི་གེ་པ་ནི་དགེ་སློང་རིན་ཆེན་རྒྱལ་མཚན་པའོ། །ཞེས་ཡོད་པ་དང་། རྒྱུད་ཀྱི་མཇུག་ཏུ། འཕགས་པ་གཉིས་སུ་མེད་པ་མཉམ་པ་ཉིད་རྣམ་པར་རྒྱལ་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཡོངས་སུ་དག་པའི་ངོ་བོ་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བའི་ལེའུ་ཉི་ཤུ་རྩ་གཉིས་པ་རྫོགས་སོ། །ཞེས་ལེའུ་ཉི་ཤུ་རྩ་གཉིས་ ཡོད་པར་བཤད་དོ།།

འགྱུར་འདིའི་མཇུག་ཏུ་གང་ཟག་གཞན་ཞིག་གིས། རྒྱུད་འདི་ལ་ཀུན་མཁྱེན་གཉིས་པ་བུ་སྟོན་ཞབས་ཀྱི་འགྱུར་མི་འདྲ་བ་གཉིས་འདུག་པ་ལས། འདི་ནི་ཕྱིས་འགྱུར་བདེ་བ་དེ་ཉིད་ལས་བྲིས་པ་ཡིན་ལ། རྒྱ་དཔེ་ཟུགས་པའི་བར་སྐབས་ནས། ཚིགས་བཅད་རྐང་པ་རེ་རེ་གཉིས་གཉིས་ཙམ་གྱི་བར་ལ། ཧོར་ཀོང་མ་ཚང་བ་རྣམས་སུ་རྒྱ་གྲམ་གྱི་མཚན་མ་བཏབ་ཡོད་པར་ཤེས་པར་བྱའོ། །ཞེས་བུ་སྟོན་གྱིས་བསྒྱུར་པའི་འགྱུར་ལའང་སྔ་ཕྱི་གཉིས་ཡོད་པར་བཤད་པས། སྔ་མ་དེ་བུ་སྟོན་ཁོང་རང་གིས། ཐར་པ་ལོ་ཙྪ་བའི་ཕྱག་དཔེའི་གསེབ་ནས་ཤོག་ཡར་ལྔ་བྱུང་བ་སྔར་བསྒྱུར་བ་ལས། ཞེས་པ་དེ་ཡིན་པ་དང་། ཕྱི་མ་ཡང་ཁོང་རང་གིས། ཕྱིས་ཉང་སྟོད་སྨོན་འགྲོའི་གཙུག་ལག་ཁང་ནས་རྒྱ་དཔེ་ལྷག་མ་རྣམས་རྙེད་ནས། ཞེས་པ་དེ་ཡིན་ངེས་པས་དབུ་མཇུག་ཚང་བ་སྔ་ཕྱི་གཉིས་བསྒྱུར་བ་ནི་མ་ཡིན་སྙམ་མོ།།

འདི་ལ་དཔྱད་ན། མར་བའི་འགྱུར་དེ་རྒྱ་གར་དུ་ཡོད་པའི་རྒྱུད་ཡང་དག་ཡིན་པའི་སྦྲུབ་བྱེད་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་ལྔ་པའི་བསྟན་བཅོས་སུ་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལུང་དྲངས་པ་དེ་དང་ཚིག་དོན་ཇི་མ་ཇི་བཞིན་ཡིན་ཏེ། ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །དེ་ཡིས་ཟླ་བ་གཅིག་གིས་ནི། །ཁམས་གསུམ་འགྲུབ་པར་གདོན་མི་ཟ། །རྣམ་ཤེས་ལས་ནི་འབྱུང་བའི་སྔགས། །མཚན་ཉིད་དྲུག་ལྡན་བཟས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ན། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལས་བརྟུལ་ཞུགས་བཤད་པ་མེད། །ཕྲེང་བ་མི་དགོས་སྔགས་མི་དགོས། །གཟུང་དང་སྦྱིན་སྲེག་ལས་རྣམས་དག །གཅིག་ནས་གཅིག་ཏུ་ལྡོག་པར་འགྱུར། །ཡ་ཡི་དོན་གྱིས་གང་ཅིའང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་ཉིད་ཀྱིས། །འགྲོ་བའི་དོན་ལ་འཇུག་པར་བྱ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་དུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་འཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི། །འགྲོ་ན་བྱིས་པ་བཞིན་དུ་སྤྱོད། །དེས་ནི་མི་རྟོག་ཆོས་ཅན་གྱིས། །གསང་སྔགས་རྣམས་ནི་འགྲུབ་པར་འགྱུར། །ཞེས་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ལུང་དྲངས་འདུག་པ་གང་ཞིག།

མར་བས་བསྒྱུར་བའི་གཉིས་མེད་རྣམ་རྒྱལ་ལས། མཉམ་མེད་སྔགས་ནི་བཟླས་ནས་སུ། །སྒྲུབ་པོ་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གྲངས་སྔགས་ཀྱིས་ནི། །ཁམས་གསུམ་འགྲུབ་པར་ཐེ་ཚོམ་མེད། །རྣམ་ཤེས་ལས་ནི་སྔགས་འབྱུང་བ། །མཚན་ཉིད་དྲུག་ལྡན་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔའ་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །དེ་ལ་བརྟུལ་ཞུགས་སྤྱད་པ་མེད། །སྔགས་མེད་བགྲང་ཕྲེང་འཛིན་པ་མེད། །གཟུང་དང་སྦྱང་བ་སྣ་ཚོགས་དག །གཅིག་ནས་གཅིག་ཏུ་ལྡོག་འགྱུར་ཏེ། །ཡ་ཡི་དོན་གྱིས་གང་ཡང་རུང་། །དངོས་གྲུབ་འདོད་པས་བྱ་བ་ནི། །ར་ལ་སོགས་པ་གསུམ་པོ་ཉིད། །རིམ་པས་འགྲོ་དོན་ལ་འཇུག་བྱ། །མེ་དང་རླུང་དང་དབང་ཆེན་དང་། །ཆུ་སྟེ་སོ་སོའི་དཀྱིལ་འཁོར་རུ། །ཐུན་ནི་ཕྱེད་ཕྱེད་དུས་སུ་ནི། །ལས་ནི་གཉིས་གཉིས་གནས་པར་འགྱུར། །མཆོད་ལ་བརྩོན་པས་མཆོད་པར་འགྱུར། །བཟླས་ལ་བརྩོན་པས་རྣམ་པར་དག །མེ་ལ་སྦྱིན་སྲེག་བརྩོན་པས་འབྱོར། །བསམ་གཏན་བརྩོན་པས་ཐར་པ་ཐོབ། །སྔགས་པས་དེ་ལྟར་ཤེས་ནས་ནི། །བྱིས་པའི་ཚུལ་བཞིན་སྤྱད་པར་བྱ། །སྤྱོད་པའི་ཚུལ་ནི་བླ་མེད་པས། །ཡང་དག་ཡེ་ཤེས་རྒྱ་མཚོ་འཐོབ། །ཅེས་དོན་ཇི་བཞིན་གཅིག་པ་མ་ཟད་ཚིག་ཀྱང་བསྒྱུར་བ་པོའི་དབང་གིས་ཅུང་ཟད་ཙམ་རེ་མ་གཏོགས་མགྲིན་པ་གཅིག་དང་དབྱངས་གཅིག་ཡིན་པའི་ཕྱིར་རོ།།

དེ་ལྟར་ཀླུ་སྒྲུབ་ཀྱི་རིམ་ལྔ་དེར་དྲངས་པའི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་ཚིག་དག་ནི་མར་བའི་འགྱུར་གྱི་གཉིས་མེད་རྣམ་རྒྱལ་གྱི་རྒྱུད་དུ་ཕལ་ཆེར་ཇི་བཞིན་རྙེད་དུ་ཡོད་ལ། བུ་སྟོན་གྱི་འགྱུར་ལས། མཉམ་མེད་གསང་སྔགས་བཟླས་ནས་ནི། །སྒྲུབ་པའི་བདག་ཉིད་ཅན་གྱིས་བསྒྲུབ། །ཟླ་བ་གཅིག་གིས་འཇིག་རྟེན་གསུམ། །དེ་ཡིས་འགྲུབ་འགྱུར་ཐེ་ཚོམ་མེད། །རྣམ་ཤེས་ལས་ཀྱང་བྱུང་བའི་སྔགས། །འབུམ་ཕྲག་དྲུག་ཏུ་བཟླས་ནས་ཀྱང་། །རྡོ་རྗེ་སེམས་དཔར་ཕྱག་བྱས་ནས། །ཟླ་བ་ཉ་ལ་དེ་འགྲུབ་འགྱུར། །སྔགས་དང་ཕྱག་རྒྱའི་རབ་དབྱེ་བས། །ངེས་པར་སངས་རྒྱས་ཀྱང་ཐོབ་བྱེད། །ཕྱག་རྒྱའི་དབྱེ་བ་རབ་བཀོད་པ། །ངེས་པར་ལྷ་རྣམས་སྤྱན་དྲངས་མེད། །ངག་བདག་གང་ཉིད་ཚོལ་བྱེད་པ། །དེ་ཉིད་རྟག་ཏུ་འབད་བྱའོ། །ཞེས་དེ་ལས་ཇི་བཞིན་མི་རྙེད་ཅིང་ཚིག་གི་བསྡེབས་སྦྱོར་ཡང་མི་མཐུན་པའི་ཕྱིར་རོ།།

དེས་ན་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་པ་ལྔ་པའི་བསྟན་བཅོས་དེའི་མཇུག་ཏུ། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ཤྲདྡྷཱ་ཀ་ར་ཝརྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བནྡེ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ། སླད་ཀྱི་རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུཔྟ་དང་། ལོ་ཙཱ་བ་རིན་ཆེན་བཟང་པོས་ཡུལ་དབུས་ཀྱི་དཔེ་དང་ཡང་གཏུགས་ཏེ་གཏན་ལ་ཕབ་པའོ། །ཞེས་རིམ་ལྔ་དེ་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་པ་ཡིན་པར་བཤད་ལ། དེས་ན་ལོ་ཆེན་རིན་བཟང་ནི་མར་བ་ལས་ལོ་ལྔ་བཅུ་ལྷག་གིས་རྒན་པར་ཡོད་པས་མར་བའི་རྒྱུད་འདི་མ་བསྒྱུར་པའི་སྔོན་ནས་རིམ་ལྔ་བོད་སྐད་དུ་བསྒྱུར་པ་ཡིན་དགོས་པ་དང་། མར་བའི་འགྱུར་གྱི་ཚིག་ཇི་བཞིན་དེ་སྔོན་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དྲངས་ཟིན་པ་ལོ་ཆེན་གྱིས་མར་བ་ལོ་ཙཱ་བས་མ་བསྒྱུར་པའི་སྔོན་ནས་བསྒྱུར་ཟིན་པས་འདི་ཕྱིས་ནས་གཞན་ཞིག་གིས་བྲིས་པ་མ་ཡིན་པ་དེས་ཤེས་པའི་ཕྱིར་རོ།།

འོན་ཀྱང་གོང་སྨོས་ལྟར་ལྷད་བཅུག་པར་བཤད་པས། འདི་སྐོར་སླད་མ་བཅུག་པ་དང་། གཞན་པ་མང་པོ་ཞིག་ལྷད་ཚིག་ཡིན་ཟེར་ཆོག་མོད། མར་པའི་འགྱུར་ཚིག་རྒྱ་གཞུང་ཇི་མ་ཇི་བཞིན་ཡིན་པ་དང་། བུ་སྟོན་གྱི་འགྱུར་ནི་རྒྱ་གཞུང་དང་ཤར་ནུབ་ཏུ་གྱུར་པའི་ཚུལ་ལ་བསམ་ན་མར་པའི་འགྱུར་ལ་ལྷད་གཞན་ཡོད་པ་ཡིད་ཆེས་དཀའ་ལ། བུ་སྟོན་རང་གིས་བསྒྱུར་པ་དེ་ཡང་དག་གོ་ཞེས་ཡིད་ཆེས་བྱེད་པ་དེ་བས་ཀྱང་དཀའོ།།

གཞན་བུ་སྟོན་གྱི་འགྱུར་ལ་ལེའུ་ཉེར་གཉིས་ལས་མེད་ལ། མར་བའི་འགྱུར་ལ་ལེའུ་དོན་བདུན་མཆིས་པས་ལེའུ་ལྔ་བཅུ་ང་ལྔའི་ཁྱད་པར་ཡོད་པ་དང་། བུ་སྟོན་གྱི་འགྱུར་དེ་ནི། བུ་སྟོན་རང་གིས། འདི་དོན་འབྱེད་པའི་འགྲེལ་པ་དང་། །རྒྱ་དཔེའི་དཔེ་དཔང་མ་རྙེད་ཅིང་། །དོན་ཟབ་སྒྲ་ནི་རྟོགས་དཀའ་ལ། །སཾ་སྐྲྀ་ཏ་ལ་མ་བྱང་བས། །སྒྲ་དོན་ཇི་བཞིན་མ་འབྱོར་བའི། །ནོངས་དེ་མཁས་རྣམས་བཟོད་མཛད་ཅིང་། །ཕྱིས་འབྱུང་སྐད་གཉིས་སྨྲ་རྣམས་ཀྱིས། །མ་དག་ཤེས་ན་བཅོས་པར་ཞུ། །ཞེས་རྒྱ་དཔེའི་དཔང་པོ་མེད་པ་དང་། རྒྱུད་འགྲེལ་མེད་པ་དང་། དོན་ཟབ་པས་རྟོགས་དཀའ་བ་དང་། སྒྲ་ཡང་རྟོགས་དཀའ་བ་དང་། ཁོང་ཉིད་སཾ་སྐྲྀ་ཏ་ལ་མ་བྱང་བའི་མཐུན་རྐྱེན་མ་ཚང་བའི་དཀའ་ངལ་མང་པོ་ཞིག་ཡོད་ཕྱིར་སྒྲ་དོན་ཇི་བཞིན་འབྱོར་ཡོད་པ་ལ་ནི་ཁོང་རང་ཉིད་ཀྱང་ཐེ་ཚོམ་ཆེ་བ་ལས་གདེང་ཚོད་ཁྱད་པར་བ་མེད་པར་བཤད་པས་ཡང་དག་ཏུ་ཁས་ལེན་དཀའ་བའི་ཕྱིར་དང་། མཇུག་ཏུ་གང་ཟག་གཞན་ཞིག་གིས་ཀྱང་། དེ་ནས་འདི་ལ་དབུ་ནས་ཤོག་ལྷེ་གཅིག་མ་ཚང་བས་རྙེད་ན་བསྒྱུར་བར་བྱའོ། །ཞེས་རྣམ་དག་ཆ་ཚང་ཞིག་འོང་ཐུབ་མེད་པར་བཤད་པའི་ཕྱིར་དང་། གཞན་ཡང་རྒྱ་དཔེའི་དཔང་པོ་མེད་ན་བསྒྱུར་ཟེར་བ་དེ་ཅི་ལས་བྱུང་ཐེ་ཚོམ་གྱི་གནས་དང་། གོང་དུ་རྒྱ་དཔེ་ལྷག་མ་རྣམས་རྙེད་ནས་ཞེས་རྒྱ་དཔེ་ཡོད་པར་བཤད་པ་ལ་ནང་འགལ་ཆེན་པོ་ཡོད་པ་ཐེ་ཚོམ་གྱི་གནས་སུ་གྱུར་རོ།།

མར་བ་ལོ་ཙཱ་བའི་འགྱུར་དེ་ནི་ཡང་དག་ཡིན་པ་མར་བ་རང་གིས། ཨེ་མ་ཧོ་ཉི་ཟླ་ལྟར་གྲགས་དཔལ་ལྡན་འདུས་པའི་རྒྱུད། །གསང་བ་རྣལ་འབྱོར་དཔལ་མཆོག་ཆེན་པོ་འདིས། །ཤིན་ཏུ་གསལ་བར་སྟོན་པ་ངེས་པ་ཉིད། །མ་འོངས་དུས་སུ་རྣལ་འབྱོར་དབང་ཕྱུག་མཆོག །རྣམ་བཞིའི་འཁོར་ལྡན་དབུས་སུ་འདི་གསལ་འགྱུར། །བསྟན་པའི་སྒྲོན་མེ་ཉིད་དུ་འབྱུང་བའི་ཕྱིར། །སྐལ་ལྡན་རྣམས་དང་རྒྱུད་འདི་འཕྲད་པར་ཤོག །རྒྱུད་འདི་ཨུ་རྒྱན་ནས་སློབ་དཔོན་ཆེན་པོ་ཌོམ་བི་ཧེ་རུ་ཀས་གདན་དྲངས་གསུང་ངོ་རྫོགས་སོ། །ཞེས་མ་འོངས་པའི་དུས་སུ་རྣལ་འབྱོར་རྣམ་བཞིའི་འཁོར་དབུས་སུ་གསལ་བར་འགྱུར་ཞིང་བསྟན་པའི་སྒྲོན་མེ་ཉིད་དུ་འབྱུང་བར་ལུང་བསྟན་པ་དང་། རྒྱུད་འདི་ཨུ་རྒྱན་ནས་གྲུབ་ཐོབ་མཁས་པའི་དབང་པོ་ཆེན་པོ་ཌོམ་བི་ཧེ་རུ་ཀས་སྤྱན་དྲངས་པས་ཁུངས་ཐུབ་ཡིན་པར་གསུངས་པས་ཡང་དག་ཉིད་དུ་ཡིད་ཆེས་བྱ་རུང་བའི་ཕྱིར་རོ།།

ཁ་ཕོ་དེ་ཙམ་བསྒྲགས་པས་ཁུངས་ཐུབ་དང་རྒྱུད་རྣམ་དག་ཡིན་པས་མ་ཁྱབ་ཞེ་ན། དེ་བདེན་མོད། ཁ་ཕོ་བསྒྲགས་པ་ཙམ་ལས་རྒྱུད་མ་དག་པ་ཡིན་པའི་སྒྲུབ་བྱེད་མི་རྙེད་པའི་ཕྱིར་དང་། ཆག་ལོའི་གཏམ་ཙམ་དེ་མཁས་པའི་བདེན་དཔང་དུ་མི་རུང་ཞིང་། བུ་སྟོན་ལ་མར་པའི་འགྱུར་ལས་དག་ཅིང་ལྷག་པའི་ཁ་ཕོ་སྒྲོག་ཐབས་ཀྱང་ཚིག་གཅིག་མེད་པ་འདི་ཡིས་མེ་ཕར་བུས་ན་ཨ་ར་ཚུར་གཞོབ་པའི་དཔེ་རུ་འགྱུར་པའི་ཕྱིར་ན་ད་དུང་བརྟག་གོ། །།

ཞེས་སྔགས་ཀྱི་རིག་པ་ལ་མོས་པ་ཆེ་བ་བྱ་རོག་གདོང་ཅན་གྱིས་བྲིས་པའོ།། །།

ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེས་མཛད་པའི་ཞལ་གདམས་ཐུགས་རྗེ་འོད་ཀྱི་སྣང་བའི་ཚིག་འགྲེལ་ངོ་མཚར་འཇའ་ཟེར་ཐིག་ལེའི་གུར་ཁང་།

ཐོག་མར་དགེ་བ་ཀླད་ཀྱི་དོན།

༄༅།། ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེས་མཛད་པའི་ཞལ་གདམས་ཐུགས་རྗེ་འོད་ཀྱི་སྣང་བའི་ཚིག་འགྲེལ་ངོ་མཚར་འཇའ་ཟེར་ཐིག་ལེའི་གུར་ཁང་ ཞེས་བྱ་བ་བཞུགས་སོ།།

(སྔོན་མར་འགྲེལ་ཆུང་འདི་ལ་ལེགས་བཤད་ཉིན་བྱེད་འཆར་ཁའི་འོད་སྣང་ཞེས་པའི་མཚན་བརྟགས་ཏེ་ཨ་པང་སྤྲུལ་སྐུའི་ཕྱག་ཏུ་ཕུལ་མོད། ཕྱིས་སུ་རྣམ་བཤད་ཀྱི་ཉི་མ་སྤྲོ་མཁན་དང་འཆད་ཉན་གྱི་སྣང་བ་སྤེལ་མཁན་མ་བྱུང་བས་ད་ལན་གདམས་པ་འདི་ཡི་ངོ་མཚར་བའི་ཆེ་བ་ཙམ་ལས་མ་འོངས་པར་འགྲེལ་འཆད་ཀྱི་ཉི་མར་རེ་བའི་སྟོང་བསམ་འདོར་ནས་མཚན་འདི་ལྟར་རྩོམ་པ་པོས་ཡང་བསྐྱར་བརྗེས་པའོ།།)

༄༅། ། ན་མོ་གུ་རུ་པདྨ་ཀཱ་ར་ཡེ།

གཡུ་མདོག་སིནྡྷུའི་འོ་མཚོ་དྭངས་པའི་དབུས། །

འདབ་སྟོང་ཆུ་སྐྱེས་བཞད་པའི་གེ་སར་ལ། །

ངོ་མཚར་ལང་ཚོའི་མཛེས་འབར་རྒྱལ་བའི་སྤྲུལ། །

ཁྱབ་བདག་མཚོ་སྐྱེས་རྡོ་རྗེས་དགེ་ལེགས་སྩོལ། །

སྔ་འགྱུར་གསང་ཆེན་བསྟན་པའི་ཀེ་ལ་ཤར། །

ཟབ་གཏེར་ང་རོ་སྒྲོག་པའི་གདོང་ལྔ་པ། །

གཞན་ཕན་མཛད་བཟང་སྡེར་ཁྱིམ་གཡོ་བ་ཅན། །

གཏེར་ཆེན་ཆོས་དབྱིངས་རྡོ་རྗེས་རྟག་སྐྱོངས་ཤིག།

གསང་ཆེན་སྙིང་པོའི་གདམས་པའི་ཡང་ཞུན་མཆོག།

གཉུག་མ་མི་ཤིགས་རིག་སྟོང་རྡོ་རྗེའི་ཁམས། །

རྟོགས་གོམས་གདེང་ཐོབ་སྙིང་པོའི་རྣལ་འབྱོར་བ། །

མཉམ་མེད་བླ་མ་ཀློང་ཡངས་རྡོ་རྗེར་འདུད། །

ངོ་མཚར་ཐར་བའི་ལམ་མཆོག་སྣང་བྱེད་པའི། །རྒྱལ་བའི་ཞལ་ལུང་གདམས་པའི་ཡང་བཅུད་མཆོག །འགྲོ་བློའི་མུན་སེལ་ཤེས་རབ་ཉི་མའི་འོད། །འགྲེལ་བཤད་སྐྱ་རེངས་ཤིང་རྟས་དྲང་འདིར་གསོན།།

དེ་ལ་རབ་འབྱམས་རྒྱལ་བ་ཀུན་གྱི་གསང་གསུམ་རྒྱན་གྱི་འཁོར་ལོའི་དབང་ཕྱུག་ཀུན་ཁྱེན་སངས་རྒྱས་གཉིས་པ་པདྨ་ཀཱ་རའི་བསྟན་ཞབས་གཏེར་གྱི་སྐྱོང་པ་ལ་བསིལ་ལྡན་གྱི་ལྗོངས་འདིར་འགྲན་པའི་ཟླ་དང་བྲལ་བའི་རྩོད་བྲལ་དུས་བབས་ཀྱི་སྤྲུལ་བའི་གཏེར་འབྱིན་ཆེན་པོ་ཨ་པང་གཏེར་སྟོན་དཔའ་བོ་ཆོས་དབྱིངས་རྡོ་རྗེས་མཛད་པའི་ཚིག་ཉུང་ལ་དོན་ཟབ་པའི་མན་ངག་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་རིམ་པ་ཆ་ཚང་བར་སྟོན་པའི་ཞལ་གདམས་ཐུགས་རྗེ་འོད་ཀྱི་སྣང་བ་ཞེས་བྱ་བ་འདི་ཉིད་ཀྱི་དོན་ཅུང་ཟད་འཆད་པ་ལ། ཇི་སྐད་དུ། ཆོས་ནི་ཐོག་མཐའ་བར་གསུམ་དུ། །དོན་དང་ཚིག་འབྲུ་་བཟང་པོའོ། །ཞེས་གསུངས་པ་ལྟར་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན་དང་། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས།

དང་པོ་ལའང་མཚན་བསྟན་པ་དང་། མཆོད་པར་བརྗོད་པ་དང་། བརྩམ་པར་དམ་བཅའ་བ་གསུམ་ལས། དང་པོ་ནི། ཞལ༷་གདམས༷་ཐུགས༷་རྗེ༷་འོད༷་ཀྱི༷་སྣང༷་བ༷་ཞེས༷་བྱ༷་བ༷་བཞུགས༷་སོ། །ཞེས་པས་གཞུང་འདི་ཉིད་ཀྱི་མཚན་བསྟན། དེ་ཡང་རྒྱལ་བ་རྡོ་རྗེ་འཆང་གི་ཞལ༷་གྱི་གདམས་པ་རྣམས་སྒྲ་ཚིག་ཡི་གེའི་གདངས་སུ་འཕོས་པའི་རྒྱུད་ཀྱི་དགོངས་པ་གཙོ་བོར་གྱུར་པའི་མདོ་སྔགས་ཀྱི་ལམ་གནད་ཚང་ལ་མ་ནོར་བ་སྙིང་པོར་དྲིལ་བའམ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་ནས་རིམ་པར་བརྒྱུད་པའི་གྲུབ་ཐོབ་བླ་མ་བརྒྱུད་པའི་ཞལ་ནས་བྱུང་བའི་མན་ངག་གི་གདམས་པ་རྣམས་ཚིག་ཉུང་དོན་འདུས་ཀྱི་ཡི་གེར་བསྡེབས་པ་འདི་ནི་ཇི་སྐད་དུ་སྤྱོད་འཇུག་ལས། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡི་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་ཐེངས་འགའ་འབྱུང་། །ཞེས་གསུངས་པ་ལྟར་རྒྱལ་བའི་ཐུགས༷་རྗེའི༷་སྟོབས་ཀྱིས་རྗེ་གང་གི་ཐུགས་རྒྱུད་བསྐུལ་བ་ན་དུས་བབས་ཀྱི་གདུལ་བྱ་རྣམས་ཀྱི་བགོ་སྐལ་དུ་བྱུང་བ་ཡིན་ཞིང་། རྒྱལ་བའི་ཐུགས་རྗེ་དང་མཛད་པ་པོ་གང་གི་ཐུགས་རྗེ་ཉི་མ་ལྟ་བུའི་ཆ་ལས་བྱུང་བའི་གདུལ་བྱའི་བློ་མུན་སེལ་ཞིང་ཐར་ལམ་གསལ་བར་བྱེད་པའི་གདམས་པ་འོད༷་ཀྱི༷་སྣང༷་བ༷་ལྟ་བུ་ཞིག་ཡིན་པས་སམ། དཔེར་ན་ཉི་མའི་འོད་ཀྱིས་མུན་པ་བསལ་ཞིང་ལམ་དང་དངོས་པོ་ཐམས་ཅད་སྣང་བར་བྱེད་པ་ལྟར་གདམས་པ་འདི་ཉིད་ཀྱིས་གདུལ་བྱའི་མ་རྟོགས་ལོག་རྟོག་ཐེ་ཚོམ་ལ་སོགས་པའི་རྨོངས་པའི་མུན་པ་སེལ་ཞིང་ཐར་བའི་ལམ་ཡང་དག་པ་སྣང་པར་བྱེད་པས་ན་འོད་ཀྱི་སྣང་བ་དང་ཆོས་མཚུངས་སུ་སྦྱར་ཏེ་རྗེས་འཇུག་སྤྲོ་བ་སྐྱེ་ཞིང་གཞུང་དོན་ལ་གོ་བ་ལོན་པའི་ཆེད་དུ་མཚན་བཏགས་པ་ཡིན་ཞིང་། དེ་ལྟ་བུའི་བསྟན་བཅོས་སུ་གྱུར་བའི་གདམས་པ་བཟང་པོ་དེ་འདི་ན་བཞུགས༷་སོ༷། །ཞེས་པ་ནི་མཚན་དོན་ནོ།།གཉིས་པ་མཆོད་པར་བརྗོད་པ་ནི། སེམས་ཀྱི་གནས་ལུགས་ཡེ་ནས་སངས་རྒྱས་དངོས། །ཁྱབ་བདག་རྡོ་རྗེ་འཆང་དབང་བླ་མ་རྒྱལ། །ཞེས་པའི་ཤོ་ལོ་ཀ་ཕྱེད་དེས་བསྟན། སེམས༷་ཀྱི༷་གནས༷་ལུགས༷་སམ་རང་བཞིན་ནི་ཡེ༷་གདོད་མ་ནས༷་རྣམ་པར་དག་པ་རྫོགས་པའི་སངས༷་རྒྱས༷་ཀྱི་རང་བཞིན་དངོས༷་སུ་གྱུར་བ་འཁོར་འདས་ཀུན་ལ་ཁྱབ༷་ཅིང་སྲིད་ཞི་ཀུན་གྱི་བདག༷་ཉིད་གཞི་དབྱིངས་མི་འགྱུར་རིག་སྟོང་རྡོ༷་རྗེ༷་འཆང༷་པའི་དབང༷་ཕྱུག་ཏུ་གྱུར་པ་གནས་ལུགས་དོན་གྱི་བླ༷་མ༷་མཆོག་དེ་གདམས་ངག་མཛད་པ་པོ་དང་ཉན་པ་པོ་སོགས་འཁོར་སློབ་ཀུན་གྱི་སྙིང་དབུས་མི་ཤིགས་ཉུག་མ་ཐིག་ལེའི་གུར་ཁྱིམ་དུ་གཟུང་འཛིན་ཀུན་རྟོག་གི་དགྲ་ལས་རྣམ་པར་རྒྱལ༷་བའི་རང་བཞིན་དུ་བཞུགས་ཤིག། ཅེས་སེམས་ཀྱི་གནས་ལུགས་སམ་རང་སེམས་བླ་མར་ངེས་པའི་ལྟ་བ་མཇལ་བའི་ཕྱག་སྟེ་ཐུན་མོང་མ་ཡིན་པའི་མཆོད་བརྗོད་དོ།།གསུམ་པ་བརྩམ་པར་དམ་བཅའ་བ་ནི། ཐར་བ་འདོད་པའི་སྐལ་བཟང་སྐྱེ་བོ་རྣམས། །མ་རིག་མུན་པ་མཐུག་པོའི་གྲིབ་བསལ་ནས། །ཡང་དག་ལམ་མཆོག་ཚུལ་བཞིན་སྟོན་མཛད་པའི། །ཞལ་གདམས་ཐུགས་རྗེ་འོད་ཀྱི་སྣང་བ་བྲི། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་དོན་ནི། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་ཐར༷་བ༷ར་འདོད་༷པའི༷་བློ་དང་ལྡན་པའི་བགོ་སྐལ༷་བཟང༷་པོ་ལ་ལོངས་སྤྱོད་པའི་སྐྱེ༷་བོ༷་རྣམས༷་ཀྱི་རྨོངས་པ་སྤྱི་དང་ཁྱད་པར་དུ་བདག་འཛིན་མ༷་རིག༷་པའི་མུན༷་པ༷་མཐུག༷་པོའི༷་གྲིབ༷་མ་ཉེ་བར་བསལ༷་ནས༷་ཡང༷་དག༷་པའི་ལམ༷་སྤྱི་དང་བྱེ་བྲག་ཏུ་ཐེག་མཆོག༷་ལམ་ཀྱི་སྙིང་པོ་ངེས་གསང་རྫོགས་པ་ཆེན་པོའི་ཆོས་ཚུལ༷་ཇི་བཞིན༷་སྟོན༷་པར་མཛད༷་པའི༷་སངས་རྒྱས་ཀུན་ཏུ་བཟང་པོ་ནས་གདམས་ངག་མཛད་པ་པོའི་བར་གྱི་བླ་མ་བརྒྱུད་པའི་ཞལ༷་གྱི་གདམས༷་པ་དྲི་མ་མེད་པ་རྒྱལ་བ་རིག་འཛིན་བརྒྱུད་པ་དང་བཅས་པའི་ཐུགས༷་རྗེ༷འི་ཉི་མ་ལས་འཕྲོས་པའི་འོད༷་ཀྱི༷་སྣང༷་བ༷་ལྟ་བུ་དེ་འདི་ན་ཡི་གེའི་ལམ་དུ་བྲི༷་བར་བྱའོ། །ཞེས་པ་ནི་ཇི་སྐད་དུ། སྐྱེ་བོ་དམ་པས་ཁས་ལེན་མི་བྱ་ཞིང་། །གལ་ཏེ་དཀའ་བས་ཁས་ནི་བླང་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་བྱེད་པ་གཞན་དུ་མི་འགྱུར་རོ། །ཞེས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ཅིག་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པ་ལྟར་གཞུང་བརྩམ་པ་མཐར་ཕྱིན་པའི་ཆེད་དུ་དམ་བཅའ་བརྟན་པོ་མཛད་པའོ།།

བར་དུ་དགེ་བ་གཞུང་གི་དོན།

བཤེས་གཉེན་བསྟེན་ཚུལ།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བྱིན་རླབས་འཇུག་པའི་རྩ་བ་བཤེས་གཉེན་བསྟེན་ཚུལ་དང་། མདོ་སྔགས་ཐུན་མོང་གི་ལམ་གྱི་སྔོན་འགྲོ་བློ་སྦྱོང་གི་སྐོར་བསྟན་པ་དང་། ཐུན་མིན་གྱི་ཉམས་ལེན་དང་སྦས་དོན་འགའ་ཞིག་གི་སྐོར་བསྟན་པ་དང་། རྫོགས་པ་ཆེན་པོའི་གནད་གསང་རྣམས་ལེགས་པར་བསྟན་པ་དང་ཚོམ་ཆེན་པོ་བཞི་ལས།དང་པོ་ལ་ནི། བླ་མའི་མཚན་ཉིད་དང་། སློབ་མའི་མཚན་ཉིད་དང་། དད་པས་བསྟེན་ཚུལ་དང་། མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། མཚན་ཉིད་ལྡན་པའི་དགེ་བའི་བཤེས་གཉེན་ལ། །བརྟེན་ན་ནམ་ཡང་ལེགས་པའི་ཡོན་ཏན་འཕེལ། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན། དེ་ཡང་མདོ་སྔགས་ཀྱི་གཞུང་ནས་ཇི་སྐད་བཤད་པའི་མཚན༷་ཉིད༷་ཐམས་ཅད་ལེགས་པར་ལྡན༷་པའི༷་བླ་མ་དགེ༷་བའི༷་གཤེས༷་གཉེན༷་ལ༷་བརྟེན༷་ནས་ཐོས་བསམ་སྒོམ་པའི་ཚུལ་ལ་བརྩོན་ན༷་ནི་དུས་ནམ༷་དུ་སྟེ་ཐོག་མཐའ་བར་གསུམ་དུ་ཡང༷་རྣམ་བྱང་གི་ལེགས༷་པའི༷་ཡོན༷་ཏན༷་མཐའ་དག་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ༷་བ་ཡིན་པས་བཤེས་གཉེན་མཚན་ཉིད་དང་ལྡན་པ་འཚོལ་ཞིང་བརྟག་པ་ལ་མཁས་པས་གཙུག་ཏུ་བསྟེན་པ་ཤིན་ཏུ་གལ་ཆེའོ།།

བླ་མ་མཚན་ཉིད་དང་ལྡན་པ་དེ་ནི་མདོ་ལྟར་ན་མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་ལ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་ངལ་སྤངས་ལ་བསྟེན། །ཅེས་གསུངས་པ་ལྟར་ཉེས་སྤྱོད་མཐའ་དག་ལ་མི་འཇུག་ཅིང་དེ་དག་ལས་ལྡོག་པའི་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་གཙང་བས་སྒོ་གསུམ་དུལ་བ་དང་། གདམས་པའི་དོན་ལ་མཉམ་པར་བཞག་སྟེ་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མངའ་དབང་འབྱོར་བས་སེམས་རྒྱུད་ལ་རྣམ་རྟོག་ལེགས་པར་ཞི་བའི་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་ཆེན་པོ་ཆེ་དང་ལྡན་པ་དང་། རྟོགས་པའི་ཡོན་ཏན་ཁྱད་པར་བ་ལ་དབང་ཐོབ་པས་ཐུགས་རྒྱུད་ལ་ཉོན་མོངས་པའི་རྟོག་པ་ཉེ་བར་ཞི་བའི་ལྷག་པ་ཤེས་རབ་ཀྱི་བསླབ་པ་རིན་པོ་ཆེ་དང་ལྡན་པ་དང་། དེ་ལྟར་ལྷག་པའི་བསླབ་པ་གསུམ་གྱི་ཡོན་ཏན་སློབ་མ་ལས་ཁྱད་པར་དུ་ལྷག་ཅིང་ལམ་དང་གཞན་དོན་བསྒྲུབ་པ་ལ་ལེ་ལོ་མེད་པར་སྤྲོ་བའི་བརྩོན་འགྲུས་དང་བཅས་ཤིང་། གཞུང་ལུགས་རྒྱ་ཆེ་བའི་དོན་ལ་སྦྱངས་པ་མང་དུ་ཐོས་པ་ལུང་གི་ཡོན་ཏན་གྱིས་ལེགས་པར་ཕྱུག་པ་དང་། ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་ཁོ་ན་རྟོགས་པའི་ཡོན་ཏན་དང་ལྡན་ཞིང་སློབ་མ་ལ་གདམས་དོན་བརྡ་སྤྲོད་ཅིང་སྨྲ་བ་ལ་མཁས་པ་དང་། སློབ་མ་འབུལ་བ་ཆེ་ཆུང་དང་ངོ་སོ་མཐོ་དམན་མེད་པར་ཀུན་ལ་སྙོམས་པའི་སྒོ་ནས་སློབ་མ་ལ་ཐུགས་བརྩེ་བ་དང་། ཉིན་མཚན་ཀུན་ཏུ་སློབ་མ་ལ་ཆོས་སྟོན་པ་དང་གཞན་དོན་མཛད་པ་ལ་སྐྱོ་བའི་ངལ་བ་སྤངས་ཏེ་རྟག་ཏུ་སློབ་མ་དང་གདུལ་བྱ་ལ་གང་ལ་གང་འདོད་ཀྱི་དོན་མཛད་པའི་བཤེས་གཉེན་དེ་ནི་བསྟེན་བྱ་མཚན་ཉིད་དང་ལྡན་པའི་སློབ་དཔོན་ཡིན་ནོ།།

སྔགས་ལས་ནི། རྒྱུད་སྒྱུ་འཕྲུལ་རྡོ་རྗེ་ལས། མང་དུ་ཐོས་ཤིང་ཤེས་རབ་ཆེ། །ལུང་གི་དགོངས་པ་ངེས་པར་རྟོགས། །ཟང་ཟིང་རྙེད་པ་དོན་མི་གཉེར། །དཀའ་བ་སྤྱོད་ཅིང་སྐྱོ་ངལ་སྤངས། །མན་ངག་ཆེ་ཞིང་ལམ་ལས་གྲོལ། །རིགས་ལ་མཁས་ཤིང་དྲོད་ཚད་ཤེས། །བྱང་ཆུབ་སེམས་ལྡན་སྙིང་རྗེ་ཆེ། །རྒྱུད་ལྡན་བཀའ་བབས་སྒྲུབ་ལ་མཁས། །མཛོད་ལྡན་ཆུ་བོ་ཡོངས་སུ་རྫོགས། །རང་རྒྱུད་གྲོལ་ཞིང་གཞན་དོན་བརྩོན། །གསང་སྔགས་བླ་མའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར་གཞུང་ལུགས་དུ་མ་ལ་སྦྱངས་པ་མཐར་ཕྱིན་མཛད་པའི་མང་དུ་ཐོས་པའི་ཡོན་ཏན་དང་ལྡན་ཞིང་ཐོས་དོན་ལ་དཔྱད་པས་སྒྲོ་འདོགས་ལེགས་པར་ཆོད་པའི་བསམ་པའི་ཤེས་རབ་ཆེ་བ་དང་། ཐོས་བསམ་གྱི་ཡུལ་ལ་སྒོམ་པ་ཡུན་རིང་མཛད་པས་སྡེ་སྣོད་ཀུན་གྱི་ལུང་ལས་བསྟན་པའི་དོན་ངེས་པར་རྟོགས་པའི་རྟོགས་པ་རྒྱུད་ལ་འབྱོར་བ་དང་། འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་ཆུང་བས་ཟང་ཟིང་གི་རྒྱུ་ནོར་དོན་དུ་མི་གཉེར་བ་དང་། ཆོས་ཕྱིར་དང་སློབ་མ་དང་གཞན་དོན་གྱི་ཆེད་དུ་དཀའ་བ་སྤྱོད་པ་ལ་བློ་མི་ཞུམ་པར་སྐྱོ་ངལ་སྤངས་ཏེ་བསྒྲུབ་ནུས་པ་དང་། ཚིག་ཉུང་དོན་ཟབ་ཀྱི་བླ་མ་བརྒྱུད་པའི་མན་ངག་ལ་ཐུགས་རྒྱུས་ཆེ་ཞིང་ལམ་ཉམས་སུ་ལེན་སྟོབས་ཀྱིས་རང་རྒྱུད་ཉོན་མོངས་པ་ཅི་རིགས་ལས་གྲོལ་བའི་ཡོན་ཏན་དང་ལྡན་པ་དང་། ཐེག་པ་ཆེ་ཆུང་དང་དབང་པོ་རྣོ་རྟུལ་སོགས་སློབ་མའི་ཁམས་དང་དབང་པོ་རིགས་མཆོག་དམན་བརྟག་པ་ལ་མཁས་ཤིང་སློབ་མའི་རྒྱུད་ཀྱི་ཉམས་རྟོགས་ཀྱི་དྲོད་ཚད་ཤེས་པ་དང་། དབང་ལུང་མན་ངག་གི་རྒྱུད་པ་དང་ལྡན་ཞིང་མདོ་རྒྱུད་ཀྱི་བཀའ་བབས་སུ་གྱུར་པ་དང་། རྒྱུད་པའི་འཕྲིན་སྒྲུབ་ཕྱག་བཞེས་སོགས་ལ་མཁས་ཤིང་། རྟོགས་པའི་ཡོན་ཏན་གྱིས་རང་རྒྱུད་གྲོལ་ཞིང་གཞན་རྒྱུད་སྨིན་པར་བྱེད་ནུས་པའི་བླ་མ་དེ་ནི་མཚན་ཉིད་དང་ལྡན་པའི་བླ་མ་ཡིན་ནོ།།

གཞན་ཡང་སྒོ་གསུམ་དུལ་ཞིང་ཆ་ལུགས་དང་སྤྱོད་པ་མཛེས་པའི་ཚུལ་ཁྲིམས་གཙང་བ་དང་། གསང་སྔགས་ཀྱི་རྒྱུད་ཀྱི་དགོངས་པ་འགྲེལ་བ་དང་སྒྲུབ་ཐབས་ལ་མཁས་ཞིང་དེ་ཉིད་བཅུའི་སྦྱོར་བ་རྣམས་ཡོངས་སུ་ཤེས་པ་དང་། རྫུན་གྱི་ཚིག་མི་མངའ་བར་རྟག་ཏུ་བདེན་པར་སྨྲ་ཞིང་གཞན་ལ་འཚེ་བ་མི་བྱེད་པར་ངག་འཇམ་པ་དང་། སེམས་ཅན་ཀུན་ལ་ཉེ་རིང་གི་ཆགས་སྡང་མེད་པར་མ་གཅིག་པུའི་བུ་བཞིན་དུ་མཉམ་པར་བལྟ་ཞིང་སྙིང་རྗེ་དང་ཕན་སེམས་དང་། བྱང་ཆུབ་ཀྱི་སེམས་དང་ལྡན་པས་མགོན་མེད་ཀྱི་འགྲོ་བའི་མགོན་དང་དཔུང་གཉེན་དུ་གྱུར་པ་དང་། རྟག་ཏུ་དམན་པ་ལ་སྦྱིན་གཏོང་དང་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་གནང་བ་ལ་དགའ་བ་དང་། གདུལ་བྱའི་རྒྱུད་ཚོད་ཤེས་ཤིང་ཉམ་ཐག་གི་འགྲོ་བ་ལ་ལྷག་པར་བརྩེ་བ་དང་། སྔགས་ཀྱི་ལྟ་དགོངས་དང་ལྡན་ཞིང་དམ་ཚིག་སྲུང་བ་ལ་མོས་པ་ཆེ་བའི་བླ་མ་དེ་ནི་སྔགས་ཀྱི་གདམས་པ་ཞུ་ཡུལ་གྱི་བླ་མར་འོས་པ་ཡིན་ཏེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། དུལ་ཞིང་ཆ་ལུགས་མཛེས་པ་དང་། །སེམས་ཅན་ཀུན་ལ་མི་འཇིགས་སྦྱིན། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །རྣལ་འབྱོར་བཟོ་ཡི་ཆ་ལ་མཁས། །ཐམས་ཅད་དུ་ནི་འཇམ་པར་སྨྲ། །སེམས་ཅན་ཀུན་ལ་བུ་བཞིན་ལྟ། །རྟག་ཏུ་གཏོང་ལ་དགའ་བ་དང་། །བསམ་གཏན་སྦྱོར་ལ་མངོན་པར་བརྩོན། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །བདེན་པར་སྨྲ་ཞིང་འཚེ་མི་བྱེད། །རྟག་ཏུ་མཉམ་པའི་སེམས་བསྐྱེད་པས། །སེམས་ཅན་ཀུན་གྱི་མགོན་སྐྱོབ་སྟེ། །སེམས་ཅན་བསམ་པའི་བྱེ་བྲག་མཁས། །མགོན་མེད་རྣམས་ལ་གཉེན་ལྟར་བརྩེ། །མཛའ་སྡུག་གིས་ནི་ལེགས་པར་ལྟ། །སྔགས་ཀྱི་ཚུལ་ལ་ཤིན་ཏུ་གོམས། །དམ་ཚིག་སྤྱོད་ལ་རབ་ཏུ་གུས། །ཕྱག་རྒྱ་བརྡ་ཡི་སྦྱོར་བ་རིག །རྣལ་འབྱོར་མ་རྣམས་དམ་ཚིག་ལ། །བརྡ་ཡི་སྦྱོར་བ་སྟོན་པ་དང་། །གཉིས་མེད་སྦྱོར་བ་མི་ཕྱེད་གནས། །སྔགས་ཀྱི་འཁོར་ལོ་སྤྱོད་ལ་གུས། །དབང་བསྐུར་དོན་གྱི་ཡོན་ཏན་འབྱུང་། །གནས་སོགས་མཐོང་བའི་ངང་ཚུལ་ཅན། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །འདི་ཉིད་སློབ་དཔོན་ཞེས་བྱར་བརྗོད། །ཅེས་དང་། རྡོ་རྗེ་བཀོད་པའི་རྒྱུད་ལས། སྟོན་པ་མཛོད་ལྡན་ཆུ་བོ་རྫོགས། །དམ་ཚིག་སྡོམ་པ་སྙིང་བརྩེར་ལྡན། །མཁས་ཤིང་གཞན་ལ་ཕན་བརྩོན་པ། །རྡོ་རྗེ་གསང་བའི་སློབ་དཔོན་ལ། །རྣམ་པ་ཀུན་ཏུ་བསྟེན་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དང་པོ་ཡོན་ཏན་རྣམས་ལྡན་མི་ལྡན་བརྟག་པའི་སྒོ་ནས་བླ་མ་ལེགས་པར་བཙལ་ཞིང་། བར་དུ་བརྟགས་ནས་བརྙེད་པའི་ཡོན་ཏན་ཅན་གྱི་བླ་མ་དེ་ཁོང་པའི་སྙིང་དང་མིག་གི་འབྲས་བུ་བཞིན་དུ་གུས་པས་གཙུག་ཏུ་བསྟེན་པ་དང་། ཐ་མ་བླ་མས་ཇི་སྐད་བསྟན་པའི་གདམས་ངག་རྣམས་ཉམས་སུ་བླང་སྟེ་བླ་མ་དང་དགོངས་སྤྱོད་མཉམ་པའི་སློབ་མ་ཞིག་ཨེ་འགྲུབ་ལ་འབད་པ་བྱེད་པ་ནི་གལ་ཆེ་བ་ཡིན་ནོ། །

ཨྱོན་ཆེན་པོས། བླ་མ་མ་བརྟག་དུག་འཐུང་འདྲ། །ཞེས་གསུངས་པ་ལྟར་བླ་མ་མ་བརྟག་པར་བླ་མིང་ཐོགས་ཚད་དང་སེར་གཟུགས་ཆོས་སྟོན་པ་མཐོང་ཚད་ཀྱི་རྗེས་སུ་རྒྱུག་ན་ཁེ་ལས་ཉེན་ཆེ་བས་བླ་མ་བརྟག་པ་ལ་ནན་ཏན་བྱེད་པ་ཤིན་ཏུ་གལ་ཆེ། དེང་སང་དུས་དབང་གི་བླ་མ་མཚན་ཉིད་དང་ལྡན་པ་ཤིན་ཏུ་དཀོན་ཅིང་ཚེ་འདིར་སྣང་གི་བྱ་བཞག་ཁོ་ནས་གཡེངས་ཤིང་བདག་བསྟོད་གཞན་སྨོད་དང་རྙེད་བདེ་གྲགས་བསྟོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱིས་དུས་འདའ་བའི་བླ་མིང་ཅན་མང་དུ་ཡོད་པས་ཅི་ནས་ཀྱང་གཟབ་དགོས་པའི་ཚད་དུ་སོན་ཡོད་ལ། སློབ་མ་དག་གིས་ཀྱང་དོན་གྱི་ཡོན་ཏན་ཡོད་པའི་བླ་མ་ཞིག་འཚོལ་བ་འོས་སུ་ཆེ་ཡང་དེ་མི་འཚོལ་བར་མདོ་སྔགས་ལ་ཐོས་བསམ་སྒོམ་པའི་ཡོན་ཏན་གྱིས་དབེན་ཞིང་ཡོན་ཏན་ལ་ཆོག་ཤེས་ཀྱིས་རྟག་ཏུ་ཆགས་སྡང་རྨོངས་པའི་དུས་འདའ་ཡང་སླུ་ཐབས་ལ་མཁས་པའི་དབང་གིས་འཇིག་རྟེན་ན་ཆེ་བར་གཉན་པར་གྲགས་པའི་མགོ་སྐོར་རྫུན་ཤོབ་ལ་བྱང་བའི་དཀོར་ཟན་བུ་སྨད་ཀྱི་འཁོལ་པོར་འཕྱན་པ་དག་གི་ཁ་ལ་ཉན་ཅིང་རྗེས་སུ་རྒྱུག་པ་ནི་གྱོང་ཆེ་བས་རང་དྲིན་རང་ལ་ཆེ་བ་ཞིག་བྱེད་བསམ་ན་དེ་འདྲའི་བླ་མ་དེ་སྤངས་པ་ནི་གལ་ཆེ་སྟེ། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། གང་ཡང་ཁྲོ་དང་སྒྱུ་ཅན་དང་། །ངག་ནི་ཤིན་ཏུ་རྩུབ་པ་དང་། །ཡོན་ཏན་དག་གིས་ཆོག་ཤེས་པ། །དེ་ནི་བླ་མར་བསྟེན་མི་བྱ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ཡིད་བཞིན་མཛོད་ལས། དེ་ཡང་ཉོན་མོངས་ཤས་ཆེ་རང་རྒྱུད་ངན། །ཚེ་འདི་དོན་གཉེར་སྲིད་ལས་ཡིད་མ་བྱུང་། །ཐོས་བསམ་རྒྱ་ཆུང་ཤེས་བྱའི་གནས་ལ་རྨོངས། །དད་བརྩོན་མི་ལྡན་དགེ་ཚོགས་རིང་དུ་བྱེད། །སྒོ་གསུམ་མ་དུལ་ཁེངས་དང་བཅོས་པའི་ཚུལ། །གཞན་ལ་གཤེ་ཞིང་དག་སྣང་མོས་གུས་མེད། །ཟས་སྐོམ་ནོར་དང་ལོག་པའི་ཆོས་ལ་སྲེད། །སྡོམ་དང་དམ་ཚིག་འཆལ་ཞིང་རང་རྒྱུད་རྩུབ། །འགྲོགས་ཚད་ཉོན་མོངས་ལོག་པའི་ལམ་ལ་འགོད། །མི་དགེ་འཕེལ་ཞིང་དགེ་ལེགས་འགྲིབ་པ་སྟེ། །སྡིག་པའི་བཤེས་གཉེན་གྲོགས་བཅས་མཚན་ཉིད་ཡིན། །ཞེས་གསུངས་པ་ལྟར་གྱི་བླ་མ་དེ་གསར་དུ་བླ་མར་མི་བསྟེན་པ་དང་། གལ་ཏེ་སྔོན་ནས་བསྟེན་ཟིན་པ་ཞིག་ཡིན་ན་ནི་སླར་དབང་ཆོས་ཀྱང་མི་ཞུ་མི་བསྟེན་ཅིང་གཤེ་བ་དང་སྐུར་འདེབས་ཀྱང་མི་བྱེད་པར་བཏང་སྙོམས་སུ་རང་དགར་འཇོག་དགོས་པ་ཡིན་ཏེ། ས་སྐྱ་པཎྜི་ཏས། སངས་རྒྱས་བསྟན་བཞིན་མི་བྱེད་པའི། །བླ་མ་ཡིན་ཡང་བཏང་སྙོམས་ཞོག །ཅེས་གསུངས་པའི་ཕྱིར་རོ།།

གཉིས་པ་སློབ་མའི་མཚན་ཉིད་བསྟན་པ་ནི། དད་བརྩོན་ཤེས་རབ་ལྡན་པ་སློབ་མའི་མཆོག །བཀའ་བཞིན་སྒྲུབ་པས་དངོས་གྲུབ་འབད་པ་མེད། །ཅེས་པའི་ཚིག་རྐང་གཉིས་ཀྱིས་བསྟན། ཨྱོན་ཆེན་པོས། སློབ་མ་མ་བརྟག་གཡང་མཆོང་འདྲ། །ཞེས་གསུངས་པས་དམ་ཆོས་སྟོན་པའི་སྣོད་རུང་དུ་གྱུར་པའི་སློབ་མ་སྤྱི་དང་ཁྱད་པར་དུ་གསང་སྔགས་ཀྱི་སྣོད་དུ་རུང་བའི་སློབ་མ་ནི་ངེས་པར་དུ་བརྟག་སྟེ་གདམས་པ་སྟོན་དགོས་ཀྱི་མ་བརྟག་པར་གང་བྱུང་ལ་གདམས་པ་བསྟན་ན་རང་གཞན་གཉིས་གནོད་ལས་མེད་པས་མཚན་ཉིད་ལྡན་པའི་སློབ་མ་དེ་འདི་ལྟ་བུ་ཞིག་དགོས་པ་ཡིན་ཏེ། ཆོས་དང་བླ་མ་ལ་དད༷་པ་ཆེ་ཞིང་གདམས་དོན་ཉམས་སུ་ལེན་པ་ལ་སྤྲོ་བའི་བརྩོན༷་འགྲུས་དང་ལྡན་པ་དང་། གཞུང་དོན་དང་ལེགས་ཉེས་བླང་དོར་གྱི་གནས་ལ་རྣམ་པར་དཔྱོད་པའི་ཤེས༷་རབ༷་ཕུལ་དུ་ཕྱིན་པ་དང་ལྡན༷་པ༷་དེ་ནི་དམ་ཆོས་སྟོན་པའི་སྣོད་རུང་དུ་གྱུར་པའི་སློབ༷་མའི༷་མཆོག༷་ཡིན་པ་དང་། དེ་འདྲའི་ཡོན་ཏན་གཙོ་བོ་རྣམས་ལྡན་པའི་སྟེང་དུ་བླ་མའི་ཅི་གསུངས་བཀ༷འ་བཞི༷ན་དུ་སྒྲུབ༷་སྟེ་མཉེས་པ་ཁོ་ན་ལས་མི་མཉེས་པ་ལན་ཅིག་ཙམ་ཡང་མི་བྱེད་པའི་སློབ་མ་མོས་གུས་དང་ལྡན་པ༷ས་ནི་བླ་མའི་ཐུགས་ངོ་ལོན་ཏེ་གདམས་ངག་ཚང་སྤྲུགས་སུ་གནང་ཞིང་དོན་བརྒྱུད་ཀྱི་བྱིན་རླབས་སྙིང་ལ་ཞུགས་ནས་ཉམས་རྟོགས་ཀྱི་དངོ༷ས་གྲུབ༷་འབ༷ད་པ་མེ༷ད་པར་ཐོབ་ནུས་པ་ཡིན་ནོ།།

མདོར་ཧྲིལ་གྱིས་བསྡུ་ན་ནི། ཆོས་ཀྱི་སྣོད་དུ་གྱུར་པའི་སློབ་མ་དེ་ཆོས་དང་བླ་མར་མི་ཕྱེད་པའི་དད་གུས་ཆེ་བ་དང་། རྒྱུ་ནོར་ལོངས་སྤྱོད་རྣམས་བླ་མ་ལ་འབུལ་བའི་གཏོང་ཕོད་དང་ལྡན་པ་དང་། བླང་དོར་དང་ཆོས་རབ་རྣམ་པར་འབྱེད་པའི་བློ་གྲོས་དང་ལྡན་ཞིང་བློ་སྣ་མི་མང་བར་བློ་རྩེ་བརྟན་ཅིང་དཀའ་སྤྱད་ལོག་སྒྲུབ་ལ་སོགས་པ་བཟོད་པའི་བློ་ཁོག་ཡངས་པ་དང་། ཐོས་བསམ་སྒོམ་གསུམ་སྤྱི་དང་ལྷག་པར་དུ་སྒྲུབ་པ་ཉམས་ལེན་ལ་སྤྲོ་བའི་བརྩོན་འགྲུས་ཆེ་བ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་མཆོག་སྙིང་རྗེ་དང་གཞན་ཕན་གྱི་བསམ་པ་དང་ལྡན་པ་དང་། ཚུལ་ཁྲིམས་གཙང་ཞིང་གསང་སྔགས་ཀྱི་དམ་ཚིག་ཉམས་པ་མེད་པར་ལེགས་པར་སྲུང་བ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་དེ་ནི་དམ་ཆོས་སྤྱི་དང་བྱེ་བྲག་ཏུ་གསང་སྔགས་རྡོ་རྗེ་ཐེག་པ་སྟོན་པའི་སྣོད་རུང་དུ་གྱུར་པའི་སློབ་མ་ཡིན་ཏེ། རྡོ་རྗེ་བཀོད་པའི་རྒྱུད་ལས། སྐལ་ལྡན་གུས་དང་གཏོང་ཕོད་ཆེ། །བློ་བརྟན་ཡངས་ཤིང་སྒྲུབ་ལ་བརྩོན། །ཆོས་མཆོག་སྙིང་རྗེ་དམ་ཚིག་ལྡན། །རྡོ་རྗེ་སློབ་མར་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།གསུམ་པ་དད་པས་བསྟེན་ཚུལ་ནི། བྱིན་རླབས་རྩ་བ་རང་གི་མོས་གུས་ཡིན། །དད་པ་ཡོད་ན་བླ་མར་བཟང་ངན་མེད། །མོས་གུས་ཅན་མདུན་སངས་རྒྱས་མངོན་སུམ་བཞུགས། །དཔེར་ན་ཆུ་སྣོད་དྭངས་པར་ཟླ་གཟུགས་ལྟར། །དད་མོས་མེད་ན་རྫོགས་སངས་རྒྱས་མཇལ་ཡང་། །ལོག་རྟོག་ངན་པས་སྐྱོན་ཅན་ཁོ་ནར་མཐོང་། །དེ་ཕྱིར་བླ་མ་སངས་རྒྱས་དངོས་མཐོང་གི །འདུན་པ་ཡོད་ན་འདི་ཉིད་གཅིག་པུས་ཆོག །ཐང་ལྷོད་མེད་པ་སྐྱེ་བོའི་གཞུ་འགེང་བཞིན། །རྟག་ཏུ་བླ་མ་མཆོག་ལ་གསོལ་བ་ཐོབ། །ཅེས་པའི་ཤོ་ལོ་ཀ་གཉིས་དང་ཕྱེད་ཀྱིས་བསྟན།

བླ་མས་བསྟན་པའི་གདམས་དོན་ཉམས་སུ་ལོན་མི་ལོན་དང་བླ་མའི་བྱིན༷་རླབས༷་རང་རྒྱུད་ལ་ཞུགས་ཐུབ་མིན་གྱི་རྩ༷་བ༷་ནི་རང༷་གི༷་རྒྱུད་ལ་མོས༷་པ་དང་དད་གུས༷་ཡོད་མེད་ལ་རག་ལས་པ་ཡིན༷་པས་རང་ཉིད་ལ་དད༷་པ༷་ཡོད༷་ན༷་བླ༷་མ༷་དེ་བཟང༷་ཡང་རུང་ངན༷་པ་ཞིག་ཡིན་ཡང་རུང་ཁྱད་པར་མེད༷་པར་རང་རྒྱུད་ལ་རིག་འཛིན་གྲུབ་ཐོབ་བརྒྱུད་པའི་བྱིན་རླབས་ཞུགས་ཤིང་དོན་གྱི་རྟོགས་པ་དེ་སྐྱེ་ཐུབ་པ་ཡིན་ཏེ། ཐང་ཡིག་བསྡུས་པ་ལས། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །ཅེས་གསུངས་པ་ལྟར་མོས༷་གུས༷་དང་དག་སྣང་ཅན༷་གྱི་གང་ཟག་དེའི་མདུན༷་དུ་ནི་སངས༷་རྒྱས༷་མངོན༷་སུམ༷་དུ་བཞུགས༷་ཡོད་པ་དང་འདྲ་བར་བྱིན་རླབས་འཇུག་སླ་བ་ཡིན་པའི་ཕྱིར་ཏེ། དཀོན་མཆོག་སྒྲོན་མེའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །ཞེས་གསུངས་པའི་ཕྱིར།

དེ་ཡང་དཔེར༷་ན༷་ཆུ༷་སྣོད་དུ་ཆུ་ཤིན་ཏུ་དྭངས༷་པར༷་གྱུར་བླུགས་ན་ནང་དུ་ཟླ༷་བའི་གཟུགས༷་བརྙན་གསལ་བར་འཆར་བ་ལྟར༷་རང་ལ་དད་པ་དང་དག་སྣང་ཡོད་ན་ཕ་རོལ་པོའི་ངོས་ནས་བཟང་ངན་ཅི་ལྟར་ཡིན་ཡང་རང་ངོར་བཟང་པོར་སྣང་བ་ཡིན་ཏེ། རྒན་མོ་ཁྱི་སོས་སངས་རྒྱས་དང་ཀོང་པོ་འབེན་གྱིས་ཇོ་བོ་ཆུ་བོའི་ནང་དུ་མཐོང་བ་ལྟ་བུ་ཡིན་པའི་ཕྱིར་རོ། །

མདོ་སྡེ་དཀོན་མཆོག་བརྩེགས་པ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་བོན་མེ་ཡིས་འཚིགས་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་པ་ལྟར་རང་ལ་དད༷་པ་དང་མོས༷་པ་མེད༷་ན༷་རྫོགས༷་པའི་སངས༷་རྒྱས༷་དངོས་སུ་མངོན་སུམ་དུ་མཇལ༷་ན་ཡང༷་ལོག༷་རྟོག༷་ངན༷་པ༷་དེའི་དབང་གིས་སངས་རྒྱས་ཀྱི་ཡོན་ཏན་མི་མཐོང་བར་ཡོན་ཏན་རྣམས་ཀྱང་སྐྱོན༷་ཅན༷་ཁོ༷་ནར༷་མཐོང༷་བ་ཡིན་ཏེ། དཔེར་ན་སངས་རྒྱས་ཀྱི་སྐུ་དུས་སུ་ཡོད་པའི་ཕྱི་རོལ་བ་དག་དང་དགེ་སློང་ལེགས་པའི་སྐར་མ་ལྟ་བུ་ཡིན་པའི་ཕྱིར་ཏེ། གཏེར་སྟོན་རང་ཉིད་ཀྱི་ཞལ་ནས། མཉམ་འགྲོགས་ཆེ་བ་ལེགས་པའི་སྐར་མ་ཡིས། །ཐུབ་པའི་ཡོན་ཏན་མ་མཐོང་སྐྱོན་དུ་བཟུང་། །རང་མཐོང་ལྷས་བྱིན་ལོག་པའི་བརྟུལ་ཞུགས་རྩིང་། །ཐུབ་པའི་རྗེས་སུ་མ་ཞུགས་གཡང་ལ་ལྷུངས། །ལོག་རྟོག་ཆེ་བ་མུ་སྟེགས་བྱིས་པ་ཡིས། །ཐུབ་པ་མཆོག་གི་ལྟ་སྤྱོད་ལོག་པར་སྣང་། །སྐྱོན་ཡོན་མི་ཤེས་ཁྱིམ་བདག་འགའ་ཞིག་གིས། །ཐུབ་དབང་བསོད་ནམས་ཞིང་དུ་རྔོ་མ་ཐོགས། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

རྒྱུ་མཚན་དེ༷་ཉིད་ཀྱི་ཕྱིར༷་ན་བླ༷་མ༷་དེ་དོན་ལ་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ་ཅིག་མ་ཡིན་ཡང་རང་ངོས་ནས་སངས༷་རྒྱས༷་དངོས༷་མཐོང༷་གི༷་འདུན༷་པ༷འམ་སངས་རྒྱས་སུ་ལྟ་བའི་དད་པ་ཡོད༷་ན༷་འདི༷་ཉིད༷་གཅིག༷་པུས༷་ཀྱང་དོན་གྱི་རྟོགས་པ་རྒྱུད་ལ་སྐྱེས་ཏེ་འཁོར་བ་ལས་གྲོལ་ནུས་པའམ་ཆོག༷་པ་ཡིན་པས་ཐང༷་ལྷོད༷་མེད༷་པར༷་དཔེར་ན་སྐྱེ༷་བོ༷་རྩལ་དང་ལྡན་པས༷་གཞུ༷་འགེང༷་པ་བཞིན༷་དུ་དུས་རྟག༷་ཏུ༷་བླ༷་མ༷་མཆོག༷་དེ་སྙིང་དབུས་སུ་བསྒོམ་ལ༷་གསོལ༷་བ༷་དྲག་ཏུ་ཐོབ༷་ཅིག་ཅེས་གཞུང་མཛད་པ་པོས་གདམས་ཡུལ་ལ་ནན་ཏན་དུ་སྐུལ་མ་མཛད་པ་སྟེ། རྫོགས་པ་ཆེན་པོ་ཨ་ཏི་ལས། བྱུང་བའི་བླ་མ་དྲིན་ལྡན་ཉིད། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཡང་། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་པའི་དོན་ལྟར་རོ།།

དེས་ན་དང་པོ་བླ་མ་བརྟག་ལ་མཁས་པར་བྱས་ཏེ་བརྙེད་པའི་བླ་མ་དེ་ནི་བརྒྱད་སྟོང་པ་ལས་འཕགས་པ་རྟག་ཏུ་ངུས་སངས་རྒྱས་ཆོས་འཕགས་བསྟེན་ཚུལ་བཤད་པ་དང་། སྡོང་པོ་བཀོད་པ་ལས་རྒྱལ་སྲས་ནོར་བཟང་གི་རྣམ་ཐར་དང་། རྒྱ་གར་དུ་ནཱ་རོ་བས་ཏེ་ལོ་བ་བསྟེན་ཚུལ་དང་། གངས་ཅན་གྱི་ལྗོངས་འདིར་རྗེ་མི་ལ་རས་པས་མར་བ་ལོ་ཙཱ་བ་བསྟེན་པའི་ཚུལ་ལྟར། དཀའ་སྤྱད་དང་ལོག་སྒྲུབ་བཀའ་བཀྱོན་སོགས་བཟོད་སྲན་གྱི་སྒོ་ནས་ཁུར་ཐམས་ཅད་འཁུར་བས་མི་སྐྱོ་བ་ས་ལྟ་བུའི་སེམས་དང་། དབྱེན་གྱིས་མི་ཕྱེད་པ་རྡོ་རྗེ་ལྟ་བུའི་སེམས་དང་། སྡུག་བསྔལ་གྱིས་མི་བསྐྱོད་པ་ཁོར་ཡུག་ལྟ་བུའི་སེམས་དང་། ཅི་བགོ་བའི་ལས་ཐམས་ཅད་བྱེད་པ་བྲན་ལྟ་བུའི་སེམས་དང་། ངག་ཐམས་ཅད་མི་གཅག་པས་སློབ་མ་ལྟ་བུའི་སེམས་དང་། ང་རྒྱལ་རྣམ་པར་སྤངས་པ་ཕྱག་དར་བ་ལྟ་བུའི་སེམས་དང་། བྱའོ་ཅོག་ལ་མཐུན་པར་གཟུང་བ་གཡོག་ལྟ་བུའི་སེམས་དང་། དུས་དང་དུས་མ་ཡིན་པར་མཐོ་དམན་དུ་འགྱུར་བས་ཟླ་བ་ཉ་བ་ལྟ་བུའི་སེམས་དང་། ཁུར་ལྕི་བ་ཐེག་པ་གླང་པོ་ཆེ་ལྟ་བུའི་སེམས་དང་། བདག་པོ་ལ་མི་ཁྲོ་བ་ཁྱི་ལྟ་བུའི་སེམས་དང་། འགྲོ་འོང་གིས་མི་སྐྱོ་བ་གྲུ་ལྟ་བུའི་སེམས་དང་། ཉོན་མོངས་པས་མི་བསྐྱོད་པ་མ་ལྟ་བུའི་སེམས་དང་། མི་སྲུན་པ་སྤངས་པ་ཅང་ཤེས་ལྟ་བུའི་སེམས་དང་། རྐྱེན་གྱིས་མི་བསྒུལ་བ་རི་བོ་ལྟ་བུའི་སེམས་དང་། ཆེ་གྲགས་མེད་པ་གདོལ་བ་ལྟ་བུའི་སེམས་དང་། དྲེགས་པ་མེད་པ་ཁྱུ་མཆོག་རྭ་ཆད་པ་ལྟ་བུའི་སེམས་དང་། བླ་མའི་ངོར་གདུང་བས་བལྟ་བ་བུ་གཅེས་པའམ་མཛངས་པ་ལྟ་བུའི་སེམས་དང་། དགེ་བའི་བཤེས་གཉེན་གྱི་ངག་མཐར་ཕྱིན་པར་བྱེད་པ་ཟམ་པ་ལྟ་བུའི་སེམས་དང་། རློམ་སེམས་མེད་པ་འཕྱན་བུ་བྱེས་ན་འཁྱམས་པ་ལྟ་བུའི་སེམས་དང་། ཆོས་ཀྱི་རྒྱལ་པོའི་བཀའ་ལས་མི་འདའ་བ་རྒྱལ་བུ་གཞོན་ནུ་ལྟ་བུའི་སེམས་ཀྱིས་རྟག་ཏུ་བླ་མའི་བཀའ་ལ་བརྩི་ཞིང་གང་མཉེས་ཀྱི་ཞབས་ཏོག་ལེགས་པོ་བསྒྲུབ་པ་སངས་རྒྱས་ཕལ་པོ་ཆེའི་སྐབས་བཞི་པ་མདོ་སྡེ་ས་བཅུ་པའི་མདོ་སོགས་མདོ་རྒྱུད་དུ་མ་དང་། དཔའ་བོའི་བླ་མ་ལྔ་བཅུ་བ་དང་། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་རྩ་འགྲེལ་སོགས་ལས་གསུངས་པ་ལྟ་བུའི་བྱ་མི་རུང་ཞིང་དགག་དགོས་ཀྱི་བསླབ་བྱ་མཐའ་དག་སྤོང་པ་དང་། སྒྲུབ་དགོས་ཀྱི་བསླབ་བྱ་ཅི་ཡོད་ལེགས་པར་དང་དུ་བླང་ནས་བསྒྲུབ་དགོས་པ་ཡིན་ནོ།།

སངས་རྒྱས་ཕལ་པོ་ཆེའི་མདོ་ལས། རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་ནད་པར་འདུ་ཤེས་བསྐྱེད་དོ། །དགེ་བའི་བཤེས་གཉེན་ལ་ནི་སྨན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་སྨན་གྱི་འདུ་ཤེས་དང་། ནན་ཏན་ཉམས་སུ་བླང་བ་ལ་ནི་ནད་འཚོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །རིགས་ཀྱི་བུ་ཁྱོད་ཀྱིས་བདག་ལ་ནི་དྲོན་པོའི་འདུ་ཤེས་བསྐྱེད་པར་བྱའོ། །དགེ་བའི་བཤེས་གཉེན་ལ་ནི་ལམ་མཚོན་པའི་འདུ་ཤེས་དང་། གདམས་ངག་ལ་ནི་ལམ་གྱི་འདུ་ཤེས་དང་། ནན་ཏན་ལ་ནི་ཕྱོགས་བདེ་བར་འགྲོ་བའི་འདུ་ཤེས་བསྐྱེད་པར་བྱའོ། །ཞེས་སོགས་གསུངས་པ་ལྟར། དགེ་བའི་བཤེས་གཉེན་ལ་སྨན་པའི་འདུ་ཤེས་དང་། ལམ་སྟོན་པའི་འདུ་ཤེས་དང་། དེ་བཞིན་མཉན་པ་དང་། ཀླུའི་དབང་པོ་དང་། ངལ་གསོ་པོ་དང་། བཟོའི་སློབ་དཔོན་དང་། དཔའ་བོ་དང་། སྐྱ་བ་འཛིན་པ་དང་། ཕ་མ་དང་། ཆོས་ཀྱི་རྒྱལ་པོ་དང་བློན་པོ་དམ་པའི་འདུ་ཤེས་བསྐྱེད་དགོས་པར་གསུངས་པ་ལྟར་བྱ་བ་གལ་ཆེའོ།།

དེ་ལྟར་དགོས་པའི་རྒྱུ་མཚན་ཡང་། མདོ་དེ་ཉིད་ལས། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་ལྟར་དགེ་བའི་བཤེས་གཉེན་ལ་ལྷག་པའི་བསམ་པ་ཡོངས་སུ་དག་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་དགེ་བའི་བཤེས་གཉེན་གྱི་ངག་ཐམས་ཅད་ཉམས་སུ་ལེན་པའི་ཚེ། གངས་ཀྱི་རི་ལ་རྟེན་པའི་རྩྭ་དང་གེལ་བ་དང་། སྨན་དང་ནགས་ཚལ་ལྟ་བུར་དགེ་བའི་རྩ་བ་ཐམས་ཅད་ཀྱིས་རྣམ་པར་འཕེལ་ལོ། །རྒྱ་མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་ལྟར་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་རོ། །གང་ཆེན་མཚོ་ཆེན་པོ་རིན་པོ་ཆེ་མང་པོའི་འབྱུང་གནས་སུ་གྱུར་པ་ལྟར་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་སུ་འགྱུར་རོ། །མྱེའི་དྲོད་ཀྱིས་གསེར་ཡོངས་སུ་འབྱང་བ་ལྟར་བྱང་ཆུབ་ཀྱི་སེམས་ཡོངས་སུ་བྱང་བར་འགྱུར་རོ། །རྒྱ་མཚོ་ཆེན་པོ་ལས་འཕགས་པའི་རི་རབ་ལྟར་འཇིག་རྟེན་ལས་མངོན་པར་འཕགས་པར་འགྱུར་རོ། །པད་མོ་ལ་ཆུས་མྱི་ཆགས་པ་ལྟར་འཇིག་རྟེན་གྱི་ཆོས་ཀྱིས་མྱི་གོས་པར་འགྱུར་རོ། །རྒྱ་མཚོ་ཆེན་པོ་རོ་རུལ་པ་དང་མི་འགྲོགས་པ་ལྟར། སྤྱོད་པ་ངན་པ་ཐམས་ཅད་དང་མི་འགྲོགས་སོ། །ཡུད་དུ་ཡར་གྱི་ཟླ་བ་ལྟར་ཆོས་དཀར་པོས་རྣམ་པར་འཕེལ་བར་འགྱུར་རོ། །འཛམ་བུའི་གླིང་སྣང་བར་བྱེད་པའི་ཉི་མ་ལྟར་ཆོས་ཀྱི་དབྱིངས་སུ་སྣང་བར་འགྱུར་རོ། །ཞེས་སོགས་ནས། སངས་རྒྱས་ཀྱི་ཆོས་ཐམས་ཅད་རབ་ཏུ་ཐོབ་ཅིང་ཡོངས་སུ་གྲུབ་པ་རྣམས་ནི་དགེ་བའི་བཤེས་གཉེན་ལ་རག་ལས་པ་དག་གོ །དགེ་བའི་བཤེས་གཉེན་རྩ་བར་གྱུར་པ་དག་གོ །དགེ་བའི་བཤེས་གཉེན་ལས་བྱུང་བ་དག་གོ །དགེ་བའི་བཤེས་གཉེན་སྐྱེ་གནས་སུ་གྱུར་པ་དག་གོ །དགེ་བའི་བཤེས་གཉེན་སྐྱེ་མཆེད་དུ་གྱུར་པ་དག་གོ །དགེ་བའི་བཤེས་གཉེན་ལས་ཡོངས་སུ་སྐྱེས་པ་དག་གོ །དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་སྤེལ་བ་དག་གོ །དགེ་བའི་བཤེས་གཉེན་ལ་རབ་ཏུ་རྟེན་པ་དག་གོ །དགེ་བའི་བཤེས་གཉེན་རྒྱུར་གྱུར་པའོ། །དགེ་བའི་བཤེས་གཉེན་ལས་རབ་ཏུ་སྐྱེས་པ་དག་གོ །ཞེས་གསུངས་པ་ལྟར་གྱིས་ཕྱིར་རོ།།

དེ་ལྟར་བླ་མ་ཚུལ་བཞིན་དུ་བསྟེན་ཏེ་ཞབས་ཏོག་སྒྲུབ་ཅིང་བཀའ་ལ་ཉན་པའི་ཕན་ཡོན་ཡང་མཐའ་ཡས་པ་ཐོབ་པ་ཡིན་ཏེ། སའི་སྙིང་པོ་འཁོར་ལོ་བཅུ་བའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་གྱི་ཆོས་བསམ་གྱིས་མི་ཁྱབ་པ་དང་ལྡན་པོའོ། །དེས་ཡོངས་སུ་ཟིན་པས་གཏེར་བཅུ་ཡོངས་སུ་རྙེད་པར་འགྱུར་ཏེ། སངས་རྒྱས་ཀྱི་ཆོས་ཐམས་ཅད་དྲང་པོར་སྦྱོང་བ་དང་། དེ་དེ་དག་ལ་ངེས་པར་སེམས་པ་དང་། གཟུངས་ཀྱི་སྣང་བ་དང་། སོ་སོ་ཡང་དག་པར་རིག་པ་བཞི་སྟོན་པ་དང་། བརྗོད་དུ་མེད་པ་ལ་མཁས་པར་རྟོགས་པ་དང་། སངས་རྒྱས་ཀྱི་རྣམ་པར་འཕྲུལ་པ་ཐམས་ཅད་མཐོང་བ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་སྒྲུབ་པ་ལ་མཁས་པ་དང་། སངས་རྒྱས་ཐམས་ཅད་མཐོང་བ་དང་མི་འབྲལ་བ་དང་། སྒྱུ་མར་གྱུར་པའི་བསྐལ་བ་བསམ་གྱིས་མི་ཁྱབ་པར་གཞན་དོན་སྒྲུབ་པ་ལ་མཁས་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་དགའ་བ་དང་པོའི་གཏེར་རོ། །ཞེས་དང་། རྒྱུད་དགོངས་པ་འདུས་པ་ལས། ཆོས་ཀུན་མི་ཤེས་མ་རྟོགས་ཀྱང་། །མཚན་ཉིད་བཟང་ལྡན་བླ་མ་ལ། །བཀུར་ནས་རིམ་གྲོ་ཆེར་བྱས་པས། །འཁོར་བའི་རྒྱ་མཚོ་བརྒལ་བར་འགྱུར། །ཞེས་དང་། རྡོ་རྗེ་བེ་ཅོན་གྱི་རྒྱུད་ལས། བློ་དང་ལྡན་པ་སུ་ཞིག་གིས། །བླ་མའི་མདུན་དུ་ཚོགས་གཏོར་ལ། །གཏན་དུ་ཆོ་ག་རྫོགས་བྱས་ན། །ལོངས་སྤྱོད་ལྡན་དང་ཚོགས་རྫོགས་དང་། །རང་གཞན་བར་ཆད་ཀུན་སེལ་ཞིང་། །འཕོས་ནས་གསང་བདག་འཁོར་དུ་སྐྱེས། །ཞེས་གསུངས་པ་སོགས་ཀྱི་ཕྱིར་རོ།།

གཞན་ཡང་བླ་མ་ལ་དད་གུས་མེད་ཅིང་བཀུར་བསྟི་མ་བྱས་པར་བཀའ་དང་འགལ་ཞིང་ཐུགས་དཀྲུགས་པའི་ཉེས་པ་ཡང་ཚབ་ཆེ་བ་ཡིན་ཏེ། དགོངས་འདུས་ལས། བླ་མ་མཆོག་ཏུ་བཀུར་བྱ་སྟེ། །དམ་པར་གྱུར་པ་མ་ཡིན་ཡང་། །དམ་པ་མཆོག་བཞིན་ཕུ་དུད་བྱ། །གལ་ཏེ་བརྙས་ཤིང་ཁྱད་བསད་ན། །ཐུར་དུ་བལྟས་ནས་དམྱལ་བར་འཚོད། །ཅེས་དང་། དུ་མ་འདུས་པའི་རྒྱུད་ལས། སློབ་དཔོན་སྐྱོན་ལ་གང་སེམས་པ། །དགེ་བསགས་དོན་མེད་ལྷ་སྤངས་པས། །ལྷ་ཀླུ་གདུག་པ་ལ་སོགས་ཀྱིས། །མྱུར་དུ་སྲོག་གཅོད་དམྱལ་བར་ལྟུང་། །ཞེས་གསུངས་པའི་ཕྱིར་རོ།།བཞི་བ་མཇུག་བསྡུ་བ་ནི། བྱིན་རླབས་འཇུག་པའི་ཚུལ་བསྟན་པའི་ཚོམ་དང་པོའོ། །ཞེས་པ་དེ་ཡིན་ཞིང་ནང་དོན་གོ་སླའོ། །ཚོམས་དང་པོ་འགྲེལ་ཟིན་ཏོ།། །།

མདོ་སྔགས་ཐུན་མོང་གི་སྔོན་འགྲོ་བློ་སྦྱོང་གི་སྐོར་སོགས་བསྟན་པ།

གཉིས་པ་མདོ་སྔགས་ཐུན་མོང་གི་སྔོན་འགྲོ་བློ་སྦྱོང་གི་སྐོར་སོགས་བསྟན་པ་ལ་ནི། སླར་ཡང་བླ་མར་འདུད་དེ་མཚམས་སྦྱར་པ་དང་། བློ་སྦྱོང་དངོས་དང་། ཚོམ་གྱི་མཇུག་བསྡུ་དང་གསུམ་ལས། དང་པོ་ནི། ཀུན་མཁྱེན་སངས་རྒྱས་བླ་མར་ཡང་ཡང་འདུད། །ཅེས་པ་སྟེ། ཇི་ལྟ་བ་དོན་དམ་པ་སྟོང་པ་ཉིད་དང་ཇི་སྙེད་པ་ཀུན་རྫོབ་ཤེས་བྱའི་ཆོས་ཀུན༷་མ་འདྲེས་པར་ཅིག་ཆར་མངོན་སུམ་དུ་མཁྱེན༷་པའི་མཁྱེན་པ་མངའ་བའི་རྫོགས་པའི་སངས༷་རྒྱས༷་ཀུན་གྱི་ཞལ་སྐྱིན་དང་ངོ་བོར་གྱུར་པའི་དཔལ་ལྡན་བླ༷་མ༷་དམ་པར༷་གོང་དུ་མཆོད་པར་བརྗོད་པའི་སྐབས་སུ་བསྟོད་ཕྱག་མཛད་མོད་བྱིན་རླབས་འཇུག་པ་དང་བླ་མའི་བཀའ་དྲིན་མི་བརྗེད་པའི་ཕྱིར་དུས་རྟག་ཏུ་ཡང༷་ཡང༷་ཕྱག་བྱ་ཞིང་། འདིར་ཡང་འོག་གི་དོན་རྣམས་བཤད་པ་ལ་འཇུག་པའི་མཚམས་སྦྱོར་དུ་བསྟོད་ཕྱག་བྱ་ཞིང་འདུད༷་པར་བྱའོ་ཞེས་པའོ།།

གཉིས་པ་ལ། དལ་འབྱོར་རྙེད་པར་དཀའ་བ་དང་། འཁོར་བའི་ཉེས་དམིགས་དང་། ལས་རྒྱུ་འབྲས་དང་། འཆི་བ་མི་རྟག་པ་དང་། ངེས་འབྱུང་གི་བློར་སྦྱང་སྟེ་དབེན་པ་བསྟེན་ཚུལ་བཤད་པ་དང་ལྔ་ལས།དང་པོ་ནི། དལ་བརྒྱད་འབྱོར་བཅུ་ཚང་བའི་རིན་ཆེན་ལུས། །འདི་འདྲ་སྲིད་པ་གསུམ་ན་དཀོན་པའི་ནོར། །རྙེད་པ་དོན་དང་ལྡན་པ་མ་བྱས་ན། །མདོ་མེད་སྙིང་དང་བྲལ་བ་དེ་ལས་སུ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། དེའི་དོན་ནི་དལ༷་བ་བརྒྱད༷་དང་འབྱོར༷་བ་བཅུ༷་ཚང༷་བའི༷་རིན༷་ཐང་ཆེན༷་པོའི་མི་ལུས༷་འདི༷་འདྲ༷་བ་ནི་རྒྱུ་དང་དཔེ་དང་གྲངས་ཀ་གང་ལ་བསམ་ཡང་ཤིན་ཏུ་རྙེད་པར་དཀའ་བ་འདོད་ཁམས་དང་གཟུགས་དང་གཟུགས་མེད་པའི་སྲིད༷་པ༷་གསུམ༷་པོ་ན༷་ཤིན་ཏུ་དཀོན༷་པའི༷་ཡིད་བཞིན་གྱི་ནོར༷་བུ་རིན་པོ་ཆེ་ཞིག་ཡིན་ལ། ད་རེས་ཀྱི་ཚེ་འདིར་དེ་འདྲའི་ལུས་རྟེན་དེ་བརྙེད༷་པ༷་ལ་ཆོས་ཉམས་སུ་བླངས་ཏེ་ཕྱི་མ་ངན་སོང་དང་འཁོར་བའི་སྡུག་བསྔལ་མྱོང་མི་དགོས་པར་བྱས་ནས་ལུས་མཆོག་ལོན་པ་ལ་དོན༷་དང༷་ལྡན༷་པ༷་ཞིག་བྱེད་དགོས་ཀྱི། དེ་ལྟར་མ༷་བྱས༷་ན༷་ནི་མདོ༷་དོན་མེད༷་མེད་པ་སྟེ་དལ་འབྱོར་གྱི་མི་ལུས་ཐོབ་པ་རྩ་བའི་དགོས་དོན་མེད་ཅིང་ཁོག་པའི་ནང་གི་སྙིང༷་དང༷་བྲལ༷་བ༷་ལྟ་བུའམ་དོན་མེད་སྙིང་པོ་དང་བྲལ་བ་ཞིག་ལ་དེ༷་ལས༷་ཐུ་བ་ཞིག་སུ༷་ཡོད་དེ་མེད་དོ་ཞེས་པ་སྟེ། དལ་འབྱོར་སྟོང་ལོག་མི་བྱེད་པར་སྙིང་པོ་ལེན་དགོས་པ་གདམས་པ་ཡིན་ནོ།།

དེ་ཡང་དལ་བ་བརྒྱད་ནི། མདོ་དྲན་པ་ཉེར་བཞག་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཀླ་ཀློ་ཚེ་རིང་ལྷ་དང་ནི། །ལོག་ལྟ་སངས་རྒྱས་ཀྱིས་སྟོང་བ། །ལྐུག་པ་འདི་དག་མི་ཁོམ་བརྒྱད། །ཅེས་གསུངས་པ་ལྟར་དམྱལ་བ་དང་། ཡི་དྭགས་དང་། དུད་འགྲོ་དང་། ཀླ་ཀློ་དང་། ལྷ་ཚེ་རིང་བོ་དང་། ལོག་ལྟ་ཅན་དང་། སངས་རྒྱས་མ་བྱོན་པའི་མུན་པའི་བསྐལ་བ་དང་། ལྐུག་པའི་གང་ཟག་དང་བརྒྱད་ནི་མི་ཁོམ་པའི་གནས་བརྒྱད་ཅེས་གྲགས་ཤིང་མི་དལ་བ་བརྒྱད་ཡིན་ལ། དེ་བརྒྱད་དུ་མ་སྐྱེས་པའི་མི་ལུས་དེ་ནི་མི་དལ་བརྒྱད་ལས་དལ་བས་ན་དལ་བ་བརྒྱད་ཚང་བའི་ལུས་ཞེས་བྱ་བ་ཡིན་ནོ།།

འབྱོར་བ་བཅུ་ནི། མགོན་པོ་ཀླུ་སྒྲུབ་ཀྱིས། །མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནི་བརྩེ་བའོ། །ཞེས་གསུངས་པ་ལྟར་མི་ལུས་ཉིད་དུ་སྐྱེས་པ་དང་། དེ་ཡང་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ་དང་། མིག་རྣ་བ་སྣ་ལྕེ་སོགས་དབང་པོ་ཀུན་ལེགས་པར་ཚང་བ་དང་། སངས་རྒྱས་ཀྱི་ཆོས་ལས་ལས་མཐའ་མ་ལོག་པ་དང་། དད་པའི་གནས་སངས་རྒྱས་ཀྱི་ཆོས་ལ་དད་པ་དང་ལྔ་པོ་མི་ལུས་རིན་པོ་ཆེ་རྙེད་པའི་གང་ཟག་རང་ངོས་ནས་ཚང་དགོས་པས་ན་རང་འབྱོར་ལྔ་ཞེས་བརྗོད་དོ།།

སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། དེས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ་དང་། སངས་རྒྱས་ཀྱི་བསྟན་པ་མ་ནུབ་པར་གནས་པ་དང་། སངས་རྒྱས་ཀྱི་བསྟན་པའི་རྗེས་སུ་ཞུགས་པའི་གྲོགས་ཡོད་པ་དང་། རང་རྗེས་སུ་འཛིན་པའི་སྙིང་བརྩེ་བ་དང་ལྡན་པའི་དགེ་བའི་བཤེས་གཉེན་ཀྱིས་རྗེས་སུ་བཟུང་བ་དང་ལྔ་པོ་ནི་གཞན་ངོས་ནས་ཚང་དགོས་པས་གཞན་འབྱོར་ལྔ་ཞེས་བརྗོད་ཅིང་། རང་འབྱོར་གཞན་འབྱོར་གཉིས་སྡོམ་པའི་བཅུ་པོ་དེ་འབྱོར་བ་བཅུ་ཞེས་བྱ་ཞིང་དེ་འདྲའི་དལ་འབྱོར་བཅོ་བརྒྱད་ཇི་བཞིན་ཚང་བའི་མི་ལུས་དེ་ནི་རྒྱུ་དཔེ་གྲངས་གསུམ་གྱི་སྒོ་ནས་རྙེད་དཀའ་བ་ཡིན་པས་དེའི་ཚུལ་ལ་བསམ་ནས་ད་ལན་དེ་འདྲའི་མི་ལུས་ཤིག་ལོན་པ་ལ་དགའ་སྤྲོ་ཆེན་པོས་ཆོས་བསྒྲུབ་སྟེ་སྙིང་པོ་ཞིག་ཨེ་ལོན་ལ་འབད་པ་ནི་ཤིན་ཏུ་གལ་ཆེ་བར་གསུངས་ཏེ། སྤྱོད་འཇུག་ལས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་གྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབ་ན། །ཕྱིས་ནི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་དང་། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ལས། དལ་འབྱོར་དཔེས་མཚོན་རྙེད་པར་དཀའ་བ་ཡང་། །མཚོ་དབུས་གཡེངས་པའི་གཉའ་ཤིང་བུ་ག་རུ། །རུས་སྦལ་མགྲིན་ཆུད་སྲིད་ཀྱི་ངན་སོང་ལས། །མིར་གྱུར་རྙེད་དཀའ་དེ་བཞིན་རྩིག་ངོས་ཀྱི། །ཞལ་ཞལ་ལོགས་ལ་སྲན་མ་ཆགས་སྲིད་ཀྱི། །མིར་གྱུར་ན་ཡང་ཡུལ་དབུས་སྐྱེ་བ་དཀོན། །ཨུ་དུམྦཱ་ར་འཇིག་རྟེན་འབྱུང་དཀའ་བ། །དེ་བས་ཆོས་ཞུགས་ཡང་དག་ལམ་འཕྲད་དཀོན། །ཁབ་མིག་རས་ཡུག་ཆུད་པ་དཀའ་བས་ཀྱང་། །ལམ་རྙེད་དེ་དག་ཚུལ་བཞིན་སྒྲུབ་པ་དཀོན། །མཚོ་གླིང་དག་ནས་ནོར་བུ་རྙེད་པས་ཀྱང་། །ཡང་དག་བླ་མ་རྙེད་པར་དཀའ་བས་ན། །དེ་དག་བསམ་ལ་བརྩོན་པས་སྒྲུབ་འཚལ་ལོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་མི་ལུས་ཐོབ་ཅིང་ཆོས་དར་བའི་ཡུལ་དུ་སྐྱེས་ཀྱང་རང་རྒྱུད་ལ་ཉོན་མོངས་དུག་ལྔ་ཤིན་ཏུ་རགས་པས་ནོན་ཅིང་སེམས་རྒྱུད་འཁྲུག་པ་དང་། བློ་བླུན་པས་རང་ཤེས་མེད་པར་སྡིག་གྲོགས་ཀྱིས་བསླུས་ཏེ་ཆོས་སྒྲུབ་པའི་སྐལ་བ་མེད་པ་དང་། ལྟ་སྒོམ་སྤྱོད་གསུམ་ཕྱིན་ཅི་ལོག་པར་གོལ་ཏེ་ལམ་ནོར་བའི་བདུད་ལས་ཀྱིས་ཟིན་པ་དང་། ཆོས་ལ་སྦྱོང་བར་འདོད་ཀྱང་ལེ་ལོའི་གཞན་དབང་དུ་གྱུར་པ་དང་། ཆོས་ལ་བརྩོན་ན་ཡང་སྡིག་སྒྲིབ་ཀྱི་དབང་གིས་ཡོན་ཏན་མི་སྐྱེ་བའི་ལས་ངན་པའི་མཚོ་ཆེན་པོ་བརྡོལ་བ་ཅན་དང་། ཆོས་སྒྲུབ་པའི་རང་དབང་མེད་པར་གཞན་གྱི་བྲན་གཡོག་ཏུ་གྱུར་པ་དང་། ཚེ་འདིའི་ལྟོ་གོས་དང་ནད་དང་རྒྱལ་པོའི་ཆད་པ་སོགས་འཚེ་བ་ལ་འཇིགས་ནས་ཆོས་སྒྲུབ་ཀྱང་ལས་དབང་གིས་ཆོས་མིན་ཕྱིན་ཅི་ལོག་པའི་ལམ་དུ་ཞུགས་པ་དང་། ལྟར་སྣང་ལ་ཆོས་སུ་བཅོས་ནས་ཚེ་འདིའི་བསྙེན་བཀུར་དང་སྙན་གྲགས་རྙེད་པ་ལ་སོགས་པར་གཡེང་བའི་ཆོས་ཀྱི་གཟུགས་བརྙན་པ་སྟེ་བརྒྱད་པོ་ལ་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད་ཅེས་བྱ་ཞིང་ཆོས་མཚན་ཉིད་པ་སྒྲུབ་པའི་དལ་འབྱོར་གྱི་ལུས་མ་ཡིན་ཞིང་ཐར་བ་ཡང་དག་པ་ལ་ལས་འབྲེལ་མེད་པར་དལ་བ་ཆུད་ཟོན་དུ་གཏོང་བའི་ཕྱིན་ཅི་ལོག་པ་ཞེས་བྱ་བ་ཡིན་ཏེ། ཀུན་མཁྱེན་ཆེན་པོས། དུག་ལྔ་འཁྲུག་དང་བླུན་རྨོངས་བདུད་ཀྱིས་ཟིན། །ལེ་ལོ་ཅན་དང་ལས་ངན་མཚོ་ཆེན་རྡོལ། །གཞན་དབང་འཇིགས་སྐྱོབ་ཆོས་ལྟར་བཅོས་པ་སྟེ། །འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་རྣམ་པ་བརྒྱད། །ཐར་ལམ་ཆོས་ཀྱི་སྣོད་མིན་ཕྱིན་ཅི་ལོག །ཅེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་ཚེ་འདིའི་རྒྱུ་ནོར་ལོངས་སྤྱོད་གཉེན་དང་མཛའ་བཤེས་ལ་སོགས་པའི་ཆེད་དུ་གཡེང་ནས་དེ་དག་གི་འཆིང་བ་དམ་པོ་དང་ལྡན་པ་དང་། མི་གཤིས་ངན་པས་ངང་རྒྱུད་ལ་བཅོས་སུ་མེད་པས་ཆོས་ཀྱི་ཀུན་སྤྱོད་ཡར་ཐོན་མེད་པའི་བྱ་སྤྱོད་ངན་པ་ཅན་དང་། འཁོར་བའི་སྡུག་བསྔལ་ལ་མི་སྐྲག་པ་དང་། མཆོག་གསུམ་གྱི་ཡོན་ཏན་དང་ཐར་བའི་ཕན་ཡོན་དང་ཡུལ་དམ་པ་སོགས་ལ་དད་པ་ཅུང་ཟད་མེད་པ་དང་། མི་དགེ་བའི་སྡིག་སྤྱོད་ཁོ་ནས་དུས་འདའ་བ་ཅན་དང་། དམ་པའི་ཆོས་དང་དགེ་བ་ལ་ཁྱི་མདུན་དུ་རྩྭ་བཞག་པ་ལྟར་མོས་པ་མེད་པར་ཆོས་སྒྲུབ་འདོད་ཀྱི་བསམ་པ་མེད་པ་ཅན་དང་། ཐེག་པ་ཆེན་པོའི་སྡོམ་པ་སོགས་ཉམས་པས་ངན་སོང་ལས་འགྲོ་ས་མེད་པ་ཅན་དང་། གསང་སྔགས་ཀྱི་དམ་ཚིག་ཉམས་ཏེ་བདེ་འགྲོ་དང་ཐར་བའི་སྲོག་རྩ་འགགས་པ་རྣམས་ནི་རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད་ཅེས་བྱ་ཞིང་དམ་པའི་ཆོས་ལས་རྒྱང་རིང་དུ་གྱུར་ཅིང་ཐར་ལམ་གྱི་སྣང་བ་ནུབ་པའི་མི་ཁོམ་པ་དལ་རྟེན་དང་ཁ་བྲལ་བ་ཅན་ཡིན་ཏེ། ཡང་ཀུན་མཁྱེན་ཆེན་པོས། འཆིང་བ་དམ་ལྡན་ཀུན་སྤྱོད་ཤིན་ཏུ་ངན། །འཁོར་བས་མི་སྐྲག་དད་པ་ཅུང་ཟད་མེད། །མི་དགེ་སྡིག་སྤྱོད་ཆོས་ལ་སེམས་པ་མེད། །སྡོམ་དང་དམ་ཚིག་ཉམས་པ་ཞེས་བྱ་བ། །རིས་ཆད་བློ་ཡི་མི་ཁོམ་རྣམ་པ་བརྒྱད། །ཆོས་ལས་རིང་གྱུར་ཐར་ལམ་སྒྲོན་མེ་ནུབ། །ཅེས་གསུངས་པའི་ཕྱིར་རོ།།

དེ་ལྟར་ཚུལ་དེ་དག་ལ་བསམ་ན་དལ་འབྱོར་གྱི་མི་ལུས་ཟེར་བ་ཐོབ་པ་ཤིན་ཏུ་དཀའ་བས་ད་ལན་ལན་གཅིག་བརྙེད་པ་ལ་ཆུན་ཟོན་དུ་མི་གཏོང་བར་ཆོས་ཁོ་ན་སྒྲུབ་སྟེ་སྙིང་པོ་ཞིག་ལོན་དགོས་པར་གདམས་པ་ཡིན་ནོ།།

གཉིས་པ་འཁོར་བའི་ཉེས་དམིགས།

གཉིས་པ་འཁོར་བའི་ཉེས་དམིགས་ནི། འགྲོ་བ་དྲུག་ན་ལས་ཀྱིས་འཁོར་བའི་ཚོགས། །སྡུག་བསྔལ་གསུམ་གྱིས་དམ་ལ་བཞག་ནས་མནར། །དེ་ལྟའི་ཚུལ་འདི་ཡིད་ལ་གོམས་བྱས་ནས། །སྐྱོ་ནས་ངེས་འབྱུང་དྲག་པོས་ཡང་ཡང་སྐུལ། །ཞེས་པའི་ཚིགས་སུ་བཅད་པ་གཅིག་པོས་བསྟན། དལ་འབྱོར་གྱི་ལུས་ལ་ཆོས་སྒྲུབ་པའི་སྙིང་པོ་མ་ལོན་ཀྱང་འགྲོ་བའི་གནས་རིས་གཞན་དུ་སྐྱེས་ཀྱང་མི་ཆོག་པ་མེད་སྙམ་ན། དེ་ནི་མ་ཡིན་ཏེ། ལྷ་ལྷ་མིན་མི་དང་དུད་འགྲོ་དམྱལ་བ་ཡི་དྭགས་ཏེ་འགྲོ༷་བ༷འི་གནས་རིས་དྲུག༷་པོ་གང་ན༷་སྐྱེས་ཀྱང་རང་དབང་གིས་སྐྱེས་པ་ནི་མིན་པར་ལས༷་ཀྱི༷་དབང་གིས༷་བུམ་པར་ཆུད་པའི་བུང་བ་ཇི་བཞིན་འཁོར༷་ནས་ལུས་བླངས་པ་ཡིན་པས་དེ་འདྲའི་ལས་ཀྱིས་འཁོར་བ༷འི་རིགས་དྲུག་གི་ཚོགས༷་ནི་སྡུག་བསྔལ་གྱི་སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དང་། ཁྱབ་པ་འདུ་བྱེད་ཀྱི་སྡུག་༷བསྔལ་༷གསུམ༷་གྱི༷་དམ༷་ཚིག་གི་རྒྱ་ལ༷་བཞག༷་ནས༷་རྟག་ཏུ་མནར༷་བཞིན་ཡོད་པ་ཡིན་ཞིང་། དེ༷་ལྟ༷་བུའི་ཚུལ༷་འདི༷་ཉིད་ལེགས་པར་ཤེས་པར་བྱས་ཏེ་ཡང་ཡང་འཁོར་བའི་སྡུག་བསྔལ་ཡིད༷་ལ༷་གོམས༷་པར་བྱས༷་ནས༷་བློ་སྦྱང་ན་ནམ་ཞིག་ན་སྲིད་རྩེ་ནས་མནར་མེད་དམྱལ་ཁམས་ཡན་གྱི་འཁོར་བའི་སྡུག་བསྔལ་ལ་སྐྱོ༷་ནས༷་དེ་ལས་ཐར་བར་འདོད་པའམ་ངེས༷་པར་འབྱུང༷་བར་འདོད་པའི་བློ་ཤུགས་དྲག༷་པོ༷་ཞིག་སྐྱེ་བ་ལ་ཐེ་ཚོམ་མེད་པ་ཡིན་པས་ཡང༷་ཡང༷་རང་བློ་དེ་ཕྱོགས་སུ་བསྐུལ༷་བར་མཛོད་ཅིག་ཅེས་པ་སྟེ་འཁོར་བའི་ཉེས་དམིགས་སྒོམ་པ་ལ་བསྐུལ་བའི་ཞལ་གདམས་སོ།།

དེ་ལྟར་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དང་། ཡི་དྭགས་ལ་བཀྲེས་སྐོམ་དང་། དུད་འགྲོ་ལ་བླུན་རྨོངས་བཀོལ་སྤྱོད་དང་། མི་ལ་སྐྱེ་རྒ་ན་འཆི་དང་། ལྷ་མིན་ལ་འཐབ་རྩོད་དང་། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཞེས་སོ་སོར་གསུངས་མོད་དོན་ལ་སྡུག་བསྔལ་ཆེ་ཆུང་ཙམ་ལས་འགྲོ་བ་དྲུག་པོ་ཀུན་ལ་སྡུག་བསྔལ་དེ་དག་མཐུན་པར་ཡོད་པ་མ་ཟད་ཀུན་མཁྱེན་ཆེན་པོའི་མན་ངག་མཛོད་ལས། འཁོར་བའི་གནས་ལ་འཇིགས་པའི་ཆོས་དྲུག་ནི། །མི་རྣམས་སྡུག་བསྔལ་བསམ་ན་ཡིད་རེ་སྐྱོ། །ལྷ་མིན་སྡུག་བསྔལ་བསམ་ན་སྐྱི་རེ་གཡའ། །ལྷ་ཡི་སྡུག་བསྔལ་བསམ་ན་གཡང་རེ་ཟ། །བྱོལ་སོང་སྡུག་བསྔལ་བསམ་ན་ངུ་རེ་བྲོ། །ཡི་དྭགས་སྡུག་བསྔལ་བསམ་ན་སྐྱི་རེ་བུང་། །དམྱལ་བའི་སྡུག་བསྔལ་བསམ་ན་སྙིང་རེ་འདར། །དེ་བས་འགྲོ་དྲུག་གནས་ནས་འབྲོས་རེ་རན། །ཞེས་གསུངས་པ་ལྟར་སྡུག་བསྔལ་གྱི་རྣམ་གྲངས་གཞན་ཡང་ཤིན་ཏུ་མང་བའི་ཚུལ་གཞུང་དུ་མར་གསུངས་པ་ཡིད་ཡུལ་དུ་ངེས་པར་བྱས་ནས་ཡང་ཡང་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་ཅན་དུ་བསྒོམ་པ་གལ་ཆེའོ།།

གསུམ་པ་ལས་རྒྱུ་འབྲས།

གསུམ་པ་ལས་རྒྱུ་འབྲས་ནི། བཟང་ངན་ལས་ཀྱི་འབྲས་བུ་བསླུ་མེད་པ། །འདྲེན་མཆོག་རྒྱལ་བས་ཇི་བཞིན་གསུངས་པ་ལྟར། །དགེ་སྒྲུབ་སྡིག་སྤང་ཕྲ་ཞིང་ཕྲ་བ་ནས། །བླང་དོར་ཚུལ་བཞིན་བྱེད་པའི་དྲན་ཤེས་བསྐྱེད། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། འཁོར་བའི་སྡུག་བསྔལ་དེ་རྒྱུ་མེད་དུ་བྱུང་བ་མིན་པར་ལས་ཀྱི་རྒྱུ་ལས་བྱུང་བ་ཡིན་པས་ལས་བཟ༷ང་པོ་དགེ་བའི་ལས་ཀྱི་འབྲས་བུ་ཡིད་དུ་འོང་བ་བདེ་བ་དང་། ངན༷་པ་མི་དགེ་བའི་ལས༷་ཀྱི༷་འབྲས༷་བུ༷་ཡིད་དུ་མི་འོང་བ་སྡུག་བསྔལ་ནི་ཆུད་ཟ་བ་མེད་པར་བསླུ༷་བ༷་མེད༷་པར་སྨིན་པ༷ར་འགྲོ་བ་རྣམས་རྣམ་པར་གྲོལ་བའི་ལམ་ལ་འདྲེན༷་པར་བྱེད་པའི་སྐྱབས་མཆོག༷་ཏུ་གྱུར་པ་ལྷའི་བུ་ཕུང་པོ་ཉོན་མོངས་འཆི་བདག་སྟེ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ༷་བ༷འི་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས༷་ཚུལ་ཇི༷་བཞིན༷་གསུངས༷་པ༷་ལྟར༷་ཤེས་པར་བྱས་ཏེ་དགེ༷་བའི་ལས་མཐའ་དག་ཕྲ་ཞིང་ཕྲ་བ་ནས་སྒྲུབ༷་པ་དང་། མི་དགེ་བ་སྡིག༷་པའི་ལས་ཐམས་ཅད་སྤང་སྟེ་ཕྲ༷་ཞིང༷་ཕྲ༷་བ༷་ནས༷་ལས་ཀྱི་བླང༷་དོར༷་མ་ནོར་བར་ཚུལ༷་བཞིན༷་དུ་བྱེད༷་པ་དང་། རྟག་ཏུ་སྒོ་གསུམ་ལ་དྲན༷་དང་ཤེས༷་བཞིན་ཀྱིས་བྱ་ར་ལེགས་པར་བྱས་ནས་མི་དགེ་བའི་རྟོག་པ་དང་མི་དགེ་བའི་ལས་ལས་སེམས་སྲུང་ཞིང་དེ་ལས་ལྡོག་པ་དང་། དགེ་བའི་བློ་དང་དགེ་བའི་ལས་ལ་འཇུག་ཅི་ཐུབ་ཀྱིས་དགེ་སྡིག་གི་གནས་ལ་འཇུག་ལྡོག་མ་འཛོལ་བར་བསྐྱེད༷་པ་གལ་ཆེ་བ་ཡིན་ཏེ། མདོ་ཏིང་འཛིན་རྒྱལ་པོ་ལས། ལས་བསགས་པ་ན་ནམ་ཡང་མེད་མི་འགྱུར། །འཁོར་བ་ན་ཡང་དཀར་ནག་འབྲས་བུ་སྨིན། །ཞེས་གསུངས་པའི་ཕྱིར་རོ།།

ཡིད་བཞིན་མཛོད་ལས། རྒྱུ་འབྲས་ལས་ཏེ་དགེ་སྡིག་བླང་དོར་བྱ། །དགེ་བའི་ལས་ནི་བསོད་ནམས་ཆ་མཐུན་དང་། །ཐར་པ་ཆ་མཐུན་རྣམ་པ་གཉིས་དག་ལས། །ཞེས་གསུངས་པ་ལྟར་ལས་ཞེས་པ་ལ་ནི་ཉོན་མོངས་པས་ཀུན་ནས་བསླངས་ཏེ་སྲོག་བཅོད་པ་ལྟ་བུ་མི་དགེ་བའི་ལས་དང་། ཟག་བཅས་ཀྱི་དགེ་བློ་རྣམས་ཀྱིས་ཀུན་ནས་བསླངས་ཏེ་སྲོག་སྐྱོབ་པ་ལྟ་བུ་དགེ་བ་བསོད་ནམས་ཆ་མཐུན་གྱི་ལས་དང་། མཐོང་ལམ་གྱི་ངོ་བོར་གྱུར་པའི་སྙིང་རྗེས་བསླངས་པའི་གཞན་མགུ་བ་བསྐྱེད་པ་ལྟ་བུ་མྱང་འདས་ཀྱི་རྒྱུར་གྱུར་པའི་ཟག་མེད་ཀྱི་དགེ་བ་རྣམས་ནི་ཐར་བ་ཆ་མཐུན་གྱི་དགེ་བའི་ལས་ཡིན་ཞིང་། ལས་དེ་བསགས་མ་ཐག་ནས་ལས་དེའི་བག་ཆགས་སེམས་རྒྱུད་ལ་བཞག་ནས་ནམ་ཞིག་རྐྱེན་དང་འཕྲད་པ་ན་འབྲས་བུ་དེ་ཆུད་ཟ་བ་མེད་པར་འབྱུང་བ་ཡིན་པས་ལས་མ་བྱས་པ་དང་མི་འཕྲད་པ་དང་། བྱས་པ་ཆུད་མི་ཟ་བ་དང་། དགེ་སྡུག་གི་ལས་ཀྱི་འབྲས་བུ་སོ་སོར་ངེས་པ་དང་། རྒྱུ་དུས་སུ་ཆུང་ཡང་འབྲས་བུའི་དུས་སུ་འཕེལ་ཆེ་བ་དང་བཞི་ནི་ལས་འབྲས་ཀྱི་ཁྱད་ཆོས་བཞི་ཞེས་གྲགས་སོ།།

ལས་ལ་ཚེ་འདི་ཉིད་ལ་བསགས་པའི་དགེ་སྡུག་གི་ལས་དེ་ཚེ་འདི་ཉིད་ལ་སྨིན་ནས་འབྲས་བུ་བདེ་སྡུག་གང་ཡིན་པ་དེ་ཚེ་འདིར་སྤྱོད་པའི་མངོན་ཆོས་མྱོང་འགྱུར་གྱི་ལས་དང་། ཚེ་འདིར་བསགས་པའི་ལས་དེ་ཚེ་འདིའི་འཕྲོའི་སྐྱེ་བའམ་ལས་བསགས་པའི་སྐྱེ་བ་གཉིས་པ་དེར་ངེས་པར་དུ་འབྲས་བུ་སྨིན་པ་དེ་ནི་སྐྱེས་ནས་མྱོང་འགྱུར་གྱི་ལས་དང་། ཚེ་འདིར་བསགས་པའི་ལས་དེའི་འབྲས་བུ་ཚེ་འདིའི་སྐྱེ་བ་ཕྱི་མའི་ཕྱི་མ་ལ་སོགས་པ་སྐྱེ་བ་གསུམ་ནས་བཞི་ལྔ་དྲུག་བདུན་བརྒྱ་སྟོང་ལ་སོགས་པ་ནས་སྨིན་པ་དེ་ནི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་གསུམ་ཡོད་དེ། ཐོགས་མེད་ཀྱི་གཞི་བསྡུ་བ་ལས། ཚེ་འདི་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ།།

གཞན་ཡང་ལས་དེ་ལ་མྱོང་ངེས་ཀྱི་ལས་དང་། མྱོང་བར་མ་ངེས་པའི་ལས་དང་གཉིས་ཡོད་དེ། ཡང་དེ་ཉིད་ལས། མྱོང་བར་འགྱུར་བར་ངེས་པ་དང་། མྱོང་བར་འགྱུར་བར་མ་ངེས་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་ལས་དེ་ལ་ལྕི་བ་དང་ཡང་བ་གཉིས་དང་། བསགས་པ་དང་། བསགས་པར་འགྱུར་བ་མ་ཡིན་པའི་ལས་གཉིས་དང་། ཆེད་དུ་བསམ་པ་དང་། ཆེད་དུ་བསམ་པ་མ་ཡིན་པའི་ལས་གཉིས་དང་། རྣམ་པར་སྨིན་པ་སྨིན་ཟིན་པ་དང་། རྣམ་པར་སྨིན་པ་སྨིན་བཞིན་པའི་ལས་གཉིས་དང་། དགེ་བའི་ལས་དང་། མི་དགེ་བའི་ལས་དང་། ལུང་མ་བསྟན་གྱི་ལས་གསུམ་དང་། ལས་གནག་ལ་རྣམ་སྨིན་གནག་པ་དང་། ལས་དཀར་ལ་རྣམ་སྨིན་དཀར་བ་དང་། ལས་དཀར་ནག་འདྲེས་མ་ལ་རྣམ་སྨིན་དཀར་ནག་འདྲེས་མ་དང་། ལས་དཀར་ནག་གང་ཡང་མིན་པ་ལ་འབྲས་བུ་ཡང་དཀར་ནག་གང་ཡང་མེད་པའི་ལས་དང་བཞི་ཡོད་པ་ལ་སོགས་པ་དུ་མ་ཞིག་ཡོད་དེ། སྔ་མ་དེ་ཉིད་ལས། ལས་ནི་གཉིས་གཉིས་ཏེ། ལས་ལྕི་བ་དང་ཡང་པའོ། །གཞན་ཡང་གཉིས་ཏེ། བསགས་པར་འགྱུར་བ་དང་། བསགས་པར་འགྱུར་བ་མ་ཡིན་པའོ། །གཞན་ཡང་གཉིས་ཏེ། ཆེད་དུ་བསམ་པ་དང་། ཆེད་དུ་བསམ་པ་མ་ཡིན་ནོ། །ཞེས་དང་། གཞན་ཡང་གཉིས་ཏེ། རྣམ་པར་སྨིན་པ་རྣམ་པར་སྨིན་ཟིན་པ་དང་། རྣམ་པར་སྨིན་པ་རྣམ་པར་སྨིན་པའོ། །ལས་ནི་གསུམ་སྟེ། དགེ་བ་དང་། མི་དགེ་བ་དང་། ལུང་མ་བསྟན་པའོ། །ཞེས་དང་། ལས་ནི་བཞི་སྟེ། ལས་གནག་ལ་རྣམ་པར་སྨིན་པ་ཡང་གནག་པ་དང་། ལས་དཀར་ལ་རྣམ་པར་སྨིན་པ་དཀར་བ་དང་། ལས་དཀར་གནག་འདྲེས་ལ་རྣམ་པར་སྨིན་པ་ཡང་དཀར་གནག་འདྲེས་པ་དང་། ལས་དཀར་བ་ཡང་མ་ཡིན་གནག་པ་ཡང་མ་ཡིན། རྣམ་པར་སྨིན་པ་ཡང་མེད་དེ་ལས་ཟད་པར་འགྱུར་བའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་སྟེ་ལུས་ཀྱི་མི་དགེ་བ་གསུམ་དང་། ཕྲ་མ་ཚིག་རྩུབ་རྫུན་ངག་འཁྱལ་ཏེ་ངག་གི་མི་དགེ་བ་བཞི་དང་། བརྣམ་སེམས་དང་། གནོད་སེམས་དང་། ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བ་གསུམ་དང་བཅུ་བོ་ལ་མི་དགེ་བ་བཅུ་ཞེས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཡིན་པས་ཁྱིམ་པ་རང་བཞིན་པ་ཡན་ཆད་ཀྱིས་ཀྱང་སྤང་དགོས་ལ། མ་སྤང་པར་ལས་དེ་དག་བསགས་ན་རྣམ་སྨིན་ཤིན་ཏུ་ལྕི་བས་ངན་སོང་དུ་འགྲོ་བའི་རྒྱུ་ཚབ་པོ་ཆེ་ཡིན་ཞིང་། དེའི་ལྡོག་ཕྱོགས་དག་གམ་དེ་བཅུ་སྤངས་པ་ལ་དགེ་བ་བཅུ་ཟེར་བ་ཡིན་པས་དེ་དག་ཁྱིམ་པ་རང་བཞིན་པ་ཡན་ཆད་ཀྱིས་ཀྱང་ངེས་པར་དུ་བསྒྲུབ་དགོས་སོ།།

གང་ཟག་གང་ཞིག་གིས་སྡོམ་པ་ལ་གནས་པར་དམ་བཅས་དབང་གིས་སངས་རྒྱས་ཀྱིས་འདི་དང་འདི་བསྒྲུབ་པར་བྱ་ཞིང་འདི་དང་འདི་སྤང་བར་བྱ་ཞེས་གསུངས་པ་དེ་ནི་སངས་རྒྱས་ཀྱིས་ཁྲིམས་སུ་བཅས་པ་ཡིན་ཕྱིར་དེ་དག་དང་འགལ་བ་ལ་བཅས་པའི་ཁ་ན་མ་ཐོ་ཟེར་ཞིང་། དེ་དག་ལས་བསྒྲུབ་བྱ་མ་བསྒྲུབ་པ་དང་སྤང་བྱ་མ་སྤང་པ་ལ་ནི་བཅས་པ་དང་འགལ་བའི་ཉེས་པ་ལྕི་ཞིང་དེ་ལ་སོ་ཐར་གྱི་དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་དང་། དགེ་ཚུལ་ཕ་མའི་བླང་འདས་སོ་དྲུག་དང་། དགེ་སློབ་མའི་བླང་འདས་སོ་དྲུག་གི་སྟེང་དུ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་བསྣན་པའི་བསླབ་བྱ་ཞེ་བརྒྱད་དང་། དགེ་སློང་གི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་དང་། དགེ་སློང་མའི་བསླབ་བྱ་སུམ་བརྒྱ་རེ་བཞི་དང་། བྱང་སེམས་ཀྱི་རྩ་ལྟུང་བཅོ་བརྒྱད་དང་། ཉེས་བྱས་བརྒྱད་ཅུ་དང་། གསང་སྔགས་ཀྱི་རྩ་ལྟུང་བཅུ་བཞི་དང་། བླ་མེད་ཀྱི་བརྟུལ་ཞུགས་ཉེར་ལྔ་དང་། ཡན་ལག་སྦོམ་པོའི་ལྟུང་བ་བརྒྱད་དང་། རིགས་ལྔ་སྤྱི་དང་བྱེ་བྲག་གི་དམ་ཚིག་དང་། རྫོགས་པ་ཆེན་པོའི་བླ་མའི་སྐུ་གསུང་ཐུགས་གསུམ་གྱི་དམ་ཚིག་ཉི་ཤུ་རྩ་བདུན་དང་། ཡན་ལག་གི་དམ་ཚིག་ཉེར་ལྔ་ལ་སོགས་པ་བཅས་པའི་བསླབ་བྱ་དང་དགག་བྱ་ཤིན་ཏུ་མང་ལ། སྲོག་གཅོད་པ་ལྟ་བུ་ལ་སོགས་པ་མང་པོ་ཞིག་ནི་བཅས་པ་དང་རང་བཞིན་གྱི་ཁ་ན་མ་ཐོ་གཉིས་ཀ་ཡིན་པ་ཡང་ཡོད་དོ།།

དེ་བཞིན་དུ་རང་བཞིན་གྱི་ཁ་ན་མ་ཐོ་བར་གྱུར་པ་མཚམས་མེད་པ་ལྔ་དང་ཉེ་བའི་མཚམས་མེད་པ་ལྔའི་ལས་དང་། མཁས་པའི་གྲལ་གོང་ལྕི་བ་དང་། སྔགས་པའི་ནོར་ལྕི་བ་དང་། ཡོན་ཏན་ཅན་གྱི་ཕྱག་ལྕི་བ་དང་། སྒྲུབ་པ་པོའི་ཟས་ལྕི་བ་སྟེ་ལྕི་བ་བཞི་དང་། མི་དགེ་བ་ལ་བསྟོད་པ་དང་། དགེ་བ་ལ་སྨད་པ། དགེ་བ་ཅན་གྱི་ཚོགས་གཅོག་པ། དད་པ་ཅན་གྱི་ཐུགས་དཀྲུགས་པ། བཀའ་དྲིན་ཅན་གྱི་བླ་མ་སྤོང་པ། དངོས་གྲུབ་ཀྱི་རྩ་བ་ཡི་དམ་སྤོང་བ། རྡོ་རྗེ་མཆེད་ལྕམ་དང་འགལ་བ། དཀྱིལ་འཁོར་གཉན་པོ་དང་བྲལ་བ་སྟེ་ལོག་པ་བརྒྱད་ལ་སོགས་པ་མི་དགེ་བར་གྱུར་བའི་ལས་ཤིན་ཏུ་མང་པོ་ཡོད་ལ། དེ་དག་ལ་སྤྱོད་པ་ནི་མི་དགེ་བའི་ལས་བསགས་པ་དང་། དེ་དག་ལས་སེམས་སྲུང་ནས་སྤོང་བ་ནི་དགེ་བའི་ལས་བྱས་པ་ཡིན་ཞིང་། རིན་ཆེན་ཕྲེང་བ་ལས། དགེ་བ་ལས་ནི་བདེ་བ་དང་། །དེ་བཞིན་བདེ་འགྲོ་ཐམས་ཅད་དོ། །མི་དགེ་བ་ལས་སྡུག་བསྔལ་དང་། །དེ་བཞིན་ངན་འགྲོ་ཐམས་ཅད་དོ། །ཞེས་གསུངས་པ་ལྟར་དགེ་བའི་ལས་ནི་འབྲས་བུ་རྣམ་སྨིན་ཡིད་དུ་འོང་བའི་བདེ་བ་དང་བདེ་འགྲོ་མཐོ་རིས་ཀྱི་ཕུང་པོ་བསྐྱེད་བྱེད་དང་། མི་དགེ་བའི་ལས་ནི་འབྲས་བུ་རྣམ་སྨིན་ཡིད་དུ་མི་འོང་པ་སྡུག་བསྔལ་དང་ངན་སོང་གི་འགྲོ་བའི་ལུས་རྟེན་བསྐྱེད་བྱེད་ཡིན་པ་ཤེས་པར་བྱས་ནས་ལས་དགེ་སྡིག་གི་རྒྱུ་ལས་འབྲས་བུ་བདེ་སྡུག་མི་མཉམ་པའི་འཁོར་བའི་གནས་རིས་དྲུག་པོ་འདི་བྱུང་བ་ཡིན་པས་ལས་འབྲས་ལ་ཡིད་ཆེས་དང་སྤང་བླང་འཛོལ་མེད་མཛད་པ་ཤིན་ཏུ་གལ་ཆེའོ།།

བཞི་བ་འཆི་བ་མི་རྟག་པ།

བཞི་བ་འཆི་བ་མི་རྟག་པ་ནི། སྣོད་བཅུད་ཐམས་ཅད་མི་རྟག་སྒྱུ་མའི་ངང་། །རྟག་པར་འཛིན་པ་སྐྱེ་བོ་ཤིན་ཏུ་འཁྲུལ། །དེ་ཕྱིར་ཚེ་འགྲོ་ནམ་མཁའི་གློག་དང་མཚུངས། །འཆི་བ་མི་རྟག་སུས་དྲན་རྒྱལ་བའི་སྲས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན། དེའི་དོན་ནི་ཡུལ་ལྗོངས་རི་ལུང་ཆུ་མཚོ་མཁར་དང་ཁང་ཁྱིམ་ལ་སོགས་པ་ཕྱི་སྣོད༷་ཀྱི་འཇིག་རྟེན་དང་། མི་དང་དུད་འགྲོ་ལྷ་ཀླུ་ལ་སོགས་པ་ནང་བཅུད༷་ཀྱི་སེམས་ཐམས༷་ཅད༷་མི་འཇིག་པར་རྟག་པར་གནས་པ་ནི་གཅིག་ཀྱང་མེད་པར་མི༷་རྟ༷ག་པ་དཔེར་ན་སྒྱུ༷་མ་མཁན་གྱིས་བྱས་པའི༷་ཁང་བཟང་དང་རྟ་མཆོག་ལ་སོགས་པ་ལྟ་བུ་བདེན་པའི་རྟག་པ་མེད་པའི་ངང༷་ཚུལ་ཅན་མི་རྟག་པ་ཁོ་ན་ཡིན་པས་སྣོད་བཅུད་མཐའ་དག་རྟག༷་པར༷་འཛིན༷་པ༷་ཡོད་ན་དེ་འདྲའི་རྟག་འཛིན་ཅན་གྱི་སྐྱེ༷་བོ༷་དེ་ཤིན༷་ཏུ༷་འཁྲུལ༷་བ་ཡིན་པར་ཤེས་དགོས་ལ། དེ་ལྟར་རྟག་པར་གནས་པའི་འདུས་བྱས་ཀྱི་དངོས་པོ་གཅིག་ཀྱང་མེད་པའི་རྒྱུ་མཚན་དེ༷་ཡི་ཕྱིར༷་ན་སྐྱེ་བོ་དག་གི་ལུས་འདི་ཡང་རྟག་པ་མེད་པ་འཇིག་པའི་ཆོས་ཅན་ཡིན་པ་དང་། ཕུང་པོ་ལྔ་རིས་མཐུན་པར་གནས་པའི་རྒྱུན་གྱི་ཚེ༷་དེ་ཡང་སྐད་ཅིག་ཀྱང་གནས་པ་མེད་པར་འཆི་བའི་ཕྱོགས་སུ་འགྲོ༷་བ་ནི་ཇི་སྐད་དུ།སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །ཞེས་གསུངས་པ་ལྟར་དཔེར་ན་ནམ༷་མཁར༷་གློག༷་འཁྱུག་པ་དང་ཀུན་ནས་མཚུངས༷་པས་ན་ཚེ་འདི་གཏན་དུའམ་ཡུན་རིང་མི་གནས་པར་འཆི༷་བར་འགྱུར་བ༷་མི་རྟག་པའི་རང་བཞིན་ཅན་ཡིན་ཞིང་། དེའི་ཚུལ་ཇི་བཞིན་ཤེས་ཤིང་རྟག་ཏུ་ཚེ་ལ་ལོང་སྐབས་མེད་པ་མི༷་རྟག༷་པ་འཆི་དགོས་པའི་རང་བཞིན་ཅན་ཡིན་པ་མི་བརྗེད་པར་དྲན༷་ནུས་པ་ནི་རྒྱལ༷་བའི༷་སྲས༷་བྱང་ཆུབ་སེམས་དངོས་སམ་དེ་དང་འདྲ་བའི་གང་ཟག་ཁྱད་པར་བ་ཞིག་ཡིན་པར་གོར་མ་ཆག་གོ་ཞེས་པའོ།།

དེ་ཡང་གཞུང་མང་པོར་དལ་འབྱོར་རྙེད་དཀའ་དང་འཆི་བ་མི་རྟག་པའི་ཉམས་ལེན་གྱིས་ཚེ་འདིར་སྣང་ལ་ཞེན་པའི་བློ་ལྡོག་པ་དང་། ལས་རྒྱུ་འབྲས་དང་འཁོར་བའི་ཉེས་དམིགས་དྲན་པའི་ཉམས་ལེན་གྱིས་ཚེ་ཕྱི་མར་ཞེན་པའི་སྣང་ཤེས་ལྡོག་པས་གོ་རིམ་ཡང་དེ་ལྟར་དང་པོ་དལ་འབྱོར་རྙེད་དཀའ་དང་། དེ་ནས་མི་རྟག་པ་དང་། དེ་ནས་ལས་འབྲས་དང་། དེ་ནས་འཁོར་བའི་ཉེས་དམིགས་བཤད་ཡོད་ཅིང་། འགར་རེར་འཁོར་བའི་ཉེས་དམིགས་སྔོན་དུ་བཤད་ཅིང་དེ་ནས་ལས་འབྲས་ཀྱི་རྣམ་བཞག་བཤད་ཡོད་མོད། འདིར་ནི་མི་རྟག་པ་སྒོམ་ཚུལ་བཞི་ཀའི་མཇུག་ཏུ་བཞག་པའི་རྒྱུ་མཚན་ནི། དལ་འབྱོར་ལ་སྙིང་པོ་མ་ལོན་པར་འཁོར་བའི་གནས་རིས་གཞན་དུ་སྐྱེས་ཀྱང་རུང་ངོ་སྙམ་ན། དེ་ནི་མི་རུང་བར་འཁོར་བའི་གནས་རིས་སུ་སྐྱེས་ན་སྡུག་བསྔལ་ཁོ་ནས་དུས་འདའ་དགོས་པས་དེའི་ཚུལ་ཤེས་པའི་ཆེད་དུ་དེ་འཕྲོར་འཁོར་བའི་ཉེས་དམིགས་བཤད་དོ།།

དེ་ནས་དེ་འདྲའི་འཁོར་བའི་ཉེས་དམིགས་དག་གང་ལས་བྱུང་བ་ཤེས་ཤིང་དེ་ལ་འཇུག་ལྡོག་མ་ནོར་བར་བྱ་བའི་ཆེད་དུ་འཁོར་བའི་རྒྱུ་ལས་ཡིན་པར་བསྟན་ཏོ།།

དེ་ལ་བསྟེན་ནས་དལ་འབྱོར་ལ་སྙིང་པོ་ལེན་དགོས་པ་དང་། འཁོར་བའི་སྡུག་བསྔལ་གྱི་རྒྱུ་ལས་ལ་སྤང་བླང་བྱེད་དགོས་པ་ཤེས་ཤིང་། དེའི་ཆེད་དུ་དམ་པའི་ཆོས་ཉམས་སུ་ལེན་དགོས་པ་ཤེས་ན་ཡང་སང་ཕོད་གནང་ཕོད་དང་མ་འོངས་པ་ཚེ་སྨད་ལྟ་བུ་ལ་ཆོས་བསྒྲུབ་སྙམ་ནས་ཕྱི་བཤོལ་དུ་བཞག་ན་དེ་ལྟར་བགྱིད་མི་རུང་པར་ད་ལྟ་ཉིད་དུ་ཆོས་སྒྲུབ་དགོས་པའི་སྐུལ་ལྕགས་སུ་འཆི་བ་མི་རྟག་པ་འདི་བསྟན་པ་ཡིན་པས་གོ་རིམ་འདི་ནི་གདམས་ངག་འདི་ཉིད་ཀྱི་ཐུན་མིན་གྱི་མན་ངག་ཏུ་གྱུར་པའི་གོ་རིམ་ཞིག་ཡིན་པ་ཤེས་པར་བྱའོ།།

དེ་ལྟར་ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ལས། ཕྱི་ནང་དུས་བཞི་ན་ཚོད་འགྱུར་བས་ཀྱང་། །མི་རྟག་འཆི་བར་ངེས་ཀྱིས་རྟག་འཛིན་སྤོངས། །གཟུགས་ནི་རྡུལ་ཕྲན་དུས་ནི་སྐད་ཅིག་མ། །བར་སྣང་གློག་འགྱུ་བཞིན་དུ་མི་རྟག་པས། །མྱུར་བ་ཉིད་དུ་དམ་པའི་ཆོས་སྒྲུབས་ཤིག །ཅེས་གསུངས་པ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་འདི་མི་རྟག་པར་ས་འགུལ་དང་། རི་ཉིལ། མཚོ་འཕྱུར། ཤྭ་འོད། གངས་ཐན། རླུང་ལྡིང་། མེ་རི་གད་པ། ཉི་ཚད་ཕྱེ་རླུང་གིས་གདུང་བ་ལ་སོགས་པ་སྐྱེ་བོའི་རྩོལ་སྒྲུབ་ལས་མ་བྱུང་བའི་རང་བྱུང་གི་འཇིག་རྐྱེན་སྣ་ཚོགས་དང་། དམག་འཁྲུག་དང་། གཏེར་འདོན། མཁར་ལས། ལམ་བཟོ། ཞིང་རྨོ་ལ་སོགས་པ་མིའི་རྩོལ་བ་ལས་བྱུང་བའི་ཆགས་འཇིག་འཕོ་འགྱུར་སྣ་ཚོགས་པས་འཇིག་པ་དང་། དུས་མཐར་མེ་བདུན་ཆུ་གཅིག་རླུང་དང་བཅས་པས་འཇིག་པ་ཡིན་ནོ།།

གཞན་ཡང་འདུལ་བ་ལུང་ལས། བསགས་པ་ཀུན་གྱི་མཐའ་འཛད་ཅིང་། །མཐོན་པོ་རྣམས་ཀྱི་མཐའ་ལྷུང་འགྱུར། །སྐྱེས་པའི་མཐའ་ནི་འཆི་བ་སྟེ། །འདུས་པའི་མཐའ་ནི་འབྲལ་བ་ཡིན། །ཞེས་གསུངས་པ་ལྟར་ནང་བཅུད་ཀྱི་སྐྱེ་འགྲོ་འདི་མི་རྟག་པར་སྐྱེས་པའི་མཐའ་མ་འཆི་བའི་འཇིགས་པས་ཉེན་པ་དང་། མཐོན་པོའི་གོ་ས་དེ་མི་རྟག་པར་མཐོ་བའི་མཐའ་མ་ལྷུང་བ་དང་། བཙན་པའི་དབང་ཆ་དེ་མི་རྟག་པར་གཉན་པའི་ཐ་མ་གཉོམ་པ་དང་། ཕྱུག་པོའི་འབྱོར་བ་དེ་མི་རྟག་པར་ཕྱུག་པའི་མཐའ་མ་དབུལ་བ་དང་། མཛེས་པའི་ལང་ཚོ་དེ་མི་རྟག་པར་དར་བའི་མཐའ་མ་རྒས་པ་དང་། མཁས་པའི་སྙན་གྲགས་དེ་མི་རྟག་པར་བསྟོད་པའི་མཐའ་མ་སྨོད་པ་དང་། འདུས་པའི་བཟའ་ཚང་དེ་མི་རྟག་པར་འདུས་པའི་མཐའ་མ་འབྲལ་བ་དང་། གཅེས་པའི་ལུས་པོ་འདི་མི་རྟག་པར་བདེ་བའི་མཐའ་མ་ན་བ་ལ་སོགས་པ་རང་ཅག་ལ་མིག་མཐོང་ལག་ཟིན་གྱིས་ཉམས་མྱོང་དང་བཅས་ཏེ་མི་རྟག་པ་ཡིན་པ་མངོན་སུམ་དུ་གྱུར་པའི་ཚུལ་ལ་བསམ་ན་རང་ཡང་ད་ལྟ་ཉིད་དུ་མི་འཆི་བའི་ངེས་པ་མེད་པའི་ཚུལ་ལ་བློ་རྩེ་དེ་འཇུག་སླ་ཞིང་དེ་འདྲ་ལ་ཡང་ཡང་སྦྱོང་དགོས་པ་ཡིན་ནོ།།

དེ་ཡང་མདོར་དྲིལ་ན། ཀུན་མཁྱེན་ཆེན་པོའི་མན་ངག་མཛོད་ལས། འདུས་བྱས་མི་རྟག་འཇིག་པའི་ཆོས་དྲུག་ནི། །རྒྱུ་རྐྱེན་འདུས་ཕྱིར་འཇིག་པ་ཉིད་དང་ནི། །སྔར་སྐྱེས་མ་ལུས་ཤི་བས་འཇིག་ངེས་དང་། །སྣོད་བཅུད་མི་རྟག་འགྱུར་བས་འཇིག་ངེས་དང་། །ཚེ་ལ་ངེས་མེད་འཆི་བས་འཇིག་པ་དང་། །ཉིན་མཚན་སྐད་ཅིག་འགྲོ་བས་འཇིག་པ་དང་། །སྐྱེས་མཐའ་འཆི་བར་ངེས་ཕྱིར་འཇིག་པ་བསམ། །ཞེས་མི་རྟག་པའི་ཆོས་དྲུག་གསུངས་པ་དང་མཐུན་པར་འཆི་བ་མི་རྟག་པ་བསྒོམ་པ་ལ་རྩ་བ་གསུམ་དང་། རྒྱུ་མཚན་དགུ། ཐག་གཅོད་རྣམ་པ་གསུམ་གྱི་སྒོ་ནས་བསྒོམ་དགོས་ཤིང་། རྩ་བ་གསུམ་ནི་འཆི་ངེས་པ་དང་། ནམ་འཆི་ངེས་མེད་དང་། འཆི་ཚེ་ཆོས་མིན་གཞན་ཅིས་ཀྱང་མི་ཕན་པ་གསུམ་མོ།།

དེ་གསུམ་པོ་རེ་རེ་ལ་ཡང་རྒྱུ་མཚན་རྣམ་པ་གསུམ་གསུམ་ཏེ་དགུ་ཡོད་པ་ལ་རྒྱུ་མཚན་དགུ་ཞེས་ཟེར། དང་པོ་འཆི་ངེས་པའི་རྒྱུ་མཚན་གསུམ་ནི། སྔར་མ་ཤི་བར་འཇིག་རྟེན་འདིར་ལུས་པ་གཅིག་ཀྱང་མེད་པ་དང་། ལུས་འདི་རྒྱུ་དང་རྐྱེན་དུ་མ་འདུས་ཏེ་བྱས་པའི་འདུས་བྱས་ཡིན་པ་དང་། ཚེ་འདི་སྐད་ཅིག་ཀྱང་མི་སྡོད་པར་ཟད་པའི་སར་འགྲོ་བ་དང་གསུམ་པོ་ཡིན་ལ་དེ་གསུམ་གྱི་རྒྱུ་མཚན་གྱིས་འཆི་ངེས་པ་ཅན་ཡིན་པར་གྲུབ་བོ།།

གཉིས་པ་ནམ་འཆི་ཆ་མེད་ཀྱི་རྒྱུ་མཚན་གསུམ་ནི། ཡིད་བཞིན་མཛོད་ལས། ཚེ་ལ་ངེས་མེད་ནམ་འཆི་ཆ་མེད་པས། །ངེས་པར་འཆི་ཞེས་སྙིང་ནས་བསམ་པར་བྱ། །ཞེས་གསུངས་པ་ལྟར་ཚེ་ལ་ངེས་པ་མེད་པ་དང་། ལུས་ལ་སྙིང་པོ་མེད་པ་དང་། འཆི་བའི་རྐྱེན་མང་བ་སྟེ་གསུམ་པོ་ཡིན་ཞིང་། དེ་གསུམ་གྱི་རྒྱུ་མཚན་གྱིས་དུས་ནམ་ཞིག་ལ་འཆི་བ་ཡིན་པ་ལ་ངེས་པ་མེད་དོ།།

གསུམ་པ་འཆི་ཚེ་ཆོས་མིན་གང་གིས་མི་ཕན་པའི་རྒྱུ་མཚན་གསུམ་ནི། ཡང་ཡིད་བཞིན་མཛོད་ལས། འཆི་བར་གྱུར་ཚེ་གནས་དང་ལོངས་སྤྱོད་དང་། །གཉེན་དང་དཔའ་རྩལ་དཔུང་གཉེན་ལ་སོགས་ཀྱིས། །སྟོངས་པ་འགའ་མེད་དམ་པའི་ཆོས་སྒྲུབས་ཤིག །ཅེས་གསུངས་པ་ལྟར་གཉེན་དང་བཤེས་ཀྱིས་མི་ཕན་པ་དང་། ཟས་དང་ནོར་གྱིས་མི་ཕན་པ་དང་། རང་གི་ལུས་ཀྱིས་མི་ཕན་པ་གསུམ་པོ་དེ་ཡིན་ཞིང་དེ་གསུམ་གྱི་རྒྱུ་མཚན་གྱིས་ཆོས་མ་གཏོགས་འཆི་ཚེ་ཕན་པའི་དངོས་པོ་གཞན་མེད་པ་ཤེས་ནུས་པ་ཡིན་ནོ།།

གསུམ་པ་ཐག་གཅོད་རྣམ་པ་གསུམ་ནི། ངེས་པར་དུ་འཆི་བས་འཆི་ཁར་ཕན་ངེས་ཀྱི་ཆོས་སྒྲུབ་དགོས་པར་ཐག་གཅོད་པ་དང་། ནམ་འཆི་ངེས་མེད་ཡིན་པས་ད་ལྟ་ཉིད་དུ་མྱུར་བ་མྱུར་བར་ཆོས་སྒྲུབ་དགོས་པར་ཐག་གཅོད་པ་དང་། འཆི་བ་ལ་ཆོས་མིན་པ་གང་གིས་ཀྱང་མི་ཕན་པས་ཆོས་ཁོ་ན་སྒྲུབ་དགོས་པར་ཐག་གཅོད་པ་གསུམ་པོ་དེ་ཡིན་ཞིང་། དེ་གསུམ་གྱིས་ཆོས་ལ་འཇུག་པའི་སྐུལ་ལྕགས་བྱེད་ནུས་པ་ཡིན་པས་ཚུལ་དེ་ལྟར་སྤྱིར་མི་རྟག་པ་དང་བྱེ་བྲག་ཏུ་རང་གི་ཚེ་འདི་མི་རྟག་པ་ཡིན་པའི་ཚུལ་དེ་ཉིན་མཚན་ཀུན་ཏུ་ཡིད་ཡུལ་དུ་མི་བརྗེད་པར་བྱའོ།།

ལྔ་བ་ངེས་འབྱུང་གི་བློར་སྦྱང་སྟེ་དབེན་པ་བསྟེན་དགོས་ཚུལ་གདམས་པ་ལ་ནི། ངེས་འབྱུང་གི་བློ་སྦྱོང་ཚུལ་དང་། དབེན་པ་བསྟེན་པ་དང་། དམ་ཆོས་གཤའ་མ་སྒྲུབ་དགོས་པར་གདམས་པ་དང་གསུམ་ལས།དང་པོ་ནི། འཇིག་རྟེན་འདི་སྣང་ཆོས་ལ་མི་ཞེན་པར། །ཕྱི་མ་དང་དུ་ལེན་པ་གདམས་ངག་མཆོག །ཅེས་པའི་རྐང་བ་གཉིས་ཀྱིས་བསྟན་ཅིང་དེའི་དོན་ནི། འཇིག༷་རྟེན༷་ཚེ་འདིའི་རྙེད་བདེ་གྲགས་བསྟོད་ལ་སོགས་པ་འཁོར་བ་འདི༷་སྣང༷་གི་ཆོས༷་ལ༷་གཙང་བདེ་རྟག་བདག་ཏུ་བལྟ་བའི་སྒོ་ནས་ཚེ་འདི་ལ་སོགས་པ་འཁོར་བའི་བདེ་བ་ཉི་ཚེ་དེ་ལ་མི༷་ཞེན༷་པར༷་སྲིད་རྩེ་ནས་མནར་མེད་བར་གྱི་འཁོར་བའི་སྣོད་བཅུད་ཐམས་ཅད་སྡུག་བསྔལ་གྱི་འཕྲུལ་འཁོར་དང་། སྡུག་བསྔལ་གྱི་ཡོ་ལང་དང་། སྲིན་མོའི་གླིང་དང་། དུག་སྤྲུལ་གྱི་ཚང་དང་། མེ་མ་ནུར་གྱི་འོབས་ལྟ་བུར་མཐོང་ནས་དེ་ལས་རང་གཞན་གཉིས་ཀ་ཐར་ཏེ་ཚེ་ཕྱི༷་མ༷་ཐར་བ་མྱ་ངན་ལས་འདས་པའི་གོ་འཕང་དོན་དུ་གཉེར་བར་འདོད་པའི་ངེས་འབྱུང་གི་བློ་རྣམ་པར་དག་པ་དང༷་དུ༷་ལེན༷་པ༷་ནི་ལམ་སྒྲུབ་ཐབས་ཐམས་ཅད་ཀྱི་མཆོག་དང་། དེ་ལྟར་དགོས་པར་གདམས་པ་ནི་གདམ༷ས་ངག༷་ཐམས་ཅད་ཀྱི་མཆོག༷་ཡིན་ཏེ། སྲིད་པ་མཐའ་དག་སྡུག་བསྔལ་དང་བདེ་བ་མེད་པའི་གནས་སུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་དེ་ནི་ངེས་འབྱུང་ཡིན་ཞིང་། དེ་ནི་ཐར་བའི་སྒོ་ཉག་གཅིག་དེ་ཡིན་ནོ་ཞེས་པའོ།།

གཉིས་པ་ལ་ནི། དབེན་པ་བསྟེན་པ་དངོས་ལ་གདམས་པ་དང་། དབེན་པ་མ་བསྟེན་པའི་ཉེས་དམིགས་བསྟན་པ་དང་གཉིས་ལས།

དང་པོ་ནི། གྲོང་ཡུལ་སྡིག་གྲོགས་ངན་པའི་འདུ་འཛིས་བསྒྱུར། །དབེན་རི་གྲུབ་ཐོབ་གོང་མའི་གདན་ས་ཡིན། །འཇིག་རྟེན་བྱ་བ་བསྒྲུབ་ན་ཟིན་དུས་མེད། །དགོས་མེད་རྒྱུད་ལ་སྐྱེས་ན་བྱ་བཏང་གཙོ། །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། གྲོ༷ང་ཁྱིམ་དང་། གྲོང་དང་། གྲོང་རྡལ་དང་། གྲོང་ཁྱེར་ལ་སོགས་པའི་སྐྱེ་བོ་འདུ་ལོང་གི་རྒྱུ་འགྲུལ་ཆེ་བའི་ཡུལ༷་དེར་ནི་ཆོས་མིན་གྱི་གནས་ལ་བློ་བྲིད་པར་བྱེད་པའི་མཛའ་བཤེས་དང་ཉེ་དུ་ལ་སོགས་པའི་སྡིག༷་པའི་གྲོག༷ས་ངན༷་པ༷འི་རིགས་དུ་མས་རྩེ་རྒོད་བག་མེད་གཡེང་བ་དང་མི་དགེ་བ་སྲོག་གཅོད་ཆང་འཐུང་དགྲ་སྡང་གཉེན་ཆགས་ལ་སོགས་པའི་ཕྱི་ནང་གི་འདུ༷་འཛི༷་དུ་མས༷་བློ་ཁ་ལོག་པའི་ཕྱོགས་སུ་བསྒྱུར༷་བ་དང་། བསྒྱུར་འགྲོ་ངེས་པའི་གནས་ཡིན་པས་ན་དེ་འདྲའི་གནས་ཡུལ་ངན་པ་རྣམས་སྤང་བར་བྱ་ལ། དེ་དག་སྤངས་ནས་གཡའ་བྲག་གི་རྫ་རི་དང་། གངས་རི་དང་། ནགས་ཚལ་ལ་སོགས་པའི་མི་མེད་དབེན༷་པའི་རི༷་ཁྲོད་ལྟ་ན་སྡུག་པ་སྔོན་གྱི་གསང་སྔགས་ཀྱི་རིག་པ་འཛིན་པའི་གྲུབ༷་ཐོབ༷་གོང༷་མ༷་རྣམས་རྣམ་གྲོལ་གྱི་ས་ལ་གཤེགས་པའི་མཛད་པ་ཁྱད་པར་བ་བསྟན་པའི་གདན༷་ས༷་དག་ནི་ཡོན་ཏན་དུ་མས་བརྒྱན་པའི་དབེན་པའི་གནས་ཞེས་བྱ་ཞིང་། དབེན་གནས་དེ་དག་ཏུ་སྙིང་པོ་ནང་གི་ཉམས་ལེན་ལ་བརྩོན་ཏེ་དབེན་པ་བསྟེན་དགོས་པ་ཡིན༷་ཞིང་། འཇིག༷་རྟེན༷་ཚེ་འདིའི་བྱ༷་བ༷་ཐམས་ཅད་ཅི་ཙམ་བསྒྲུབ༷་ན༷་ཡང་སྙིང་པོ་ལོན་ཏེ་གྲུབ་ཟིན༷་པའི་དུས་ཤིག་ལ་སླེབས་པའི་དུས༷་མེད༷་པས། དེ་དག་ལ་དགོས༷་པ་མེད༷་པའི་བློ་རྒྱུད༷་ལ༷་སྐྱེས༷་ན༷་འཇིག་རྟེན་ལ་ཞེན་པ་སྤངས་ནས་ཚེ་འདིའི་བྱ༷་བ་བཏང༷་བའི་ཀུན་སྤངས་བྱ་བྲལ་བའི་གཙོ༷་བོ་ཉིད་དུ་གྱུར་པ་ཡིན་པས་དེ་ལྟར་དབེན་རིར་གནས་པ་ནི་གལ་ཆེ་བ་ཡིན་ཏེ། རྒྱལ་སྲས་ལག་ལེན་ལས། ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པ་བརྟེན་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གདམས་པའི་ཕྱིར་རོ།།

གཉིས་པ་ནི། ཡུན་རིང་སྡོད་གནས་རང་ཡུལ་ཆགས་སྡང་འཕེལ། །ངེས་མེད་འགྲིམ་ན་རྣམ་རྟོག་ཡུལ་གྱིས་འཕེལ། །ཞེས་པའི་རྐང་བ་གཉིས་ཀྱིས་བསྟན། དུས་ཡུན༷་རིང༷་པོར་སྡོད༷་པའི་གནས༷་དང་། རང༷་གི་ཕ་ཡུལ༷་གཉིས་ཀྱིས་ནི་རང་ཕྱོགས་ལ་ཆགས༷་པ་དང་གཞན་ཕྱོགས་ལ་སྡང༷་བའི་ཕྱོགས་རིས་ཀྱི་བློ་ངན་པ་འཕེལ༷་བར་བྱེད་པས་ན་དབེན་པ་མ་བསྟེན་པར་ཡུལ་གཅིག་ཏུ་ལོ་མང་སྡོད་པའམ་རང་ཡུལ་དང་ཁ་མ་བྲལ་བ་ནི་ཉེས་པ་ཀུན་གྱི་འབྱུང་གནས་ཡིན་ནོ།།

དེ་ཡིན་པ་མ་ཟད་གནས་གཅིག་ཏུ་ཡུན་རིང་མ་བསྡད་ཅིང་རང་ཡུལ་དེ་ཡང་སྤངས་ཁུལ་བྱས་ཀྱང་རྒྱ་གྲོང་ལ་སོགས་པ་གནས་ངེས༷་མེད༷་ཀུན་དུ་བྱ་སྒྲོ་རླུང་གིས་ཁྱེར་བ་ལྟར་འཁྱར་ཏེ་འགྲིམ༷་ན༷་ནི་ཡང་ཆགས༷་སྡང༷་དང་ངོ་ཚ་ཁྲེལ་མེད་ལ་སོགས་པའི་ཉོན་མོངས་པ་དང་དོན་མེད་ཀྱི་རྣམ་རྟོག་མང་པོ་ཡུལ༷་མཛེས་མི་མཛེས་བར་མ་ལ་སོགས་པ་མཐོང་རྐྱེན་གྱིས༷་འཕེལ༷་བར་བྱེད་པས་ན་དབེན་པ་མ་བསྟེན་པར་ཕ་ཡུལ་ལྟ་བུ་ཡུལ་གཅིག་ཏུ་སྡོད་པའམ། ཡུལ་གཞན་དུ་འཁྱམ་པ་གང་ཡིན་ཡང་ཉེས་པའི་འབྱུང་གནས་ཡིན་ཏེ། རྒྱལ་སྲས་ལག་ལེན་ལས། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་འབྱེད་པ་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤང་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་ལ་ནི། དམ་ཆོས་ལྟར་སྣང་བ་སྒྲུབ་པའི་སྐྱོན་དང་། དམ་ཆོས་གཤའ་མ་སྒྲུབ་དགོས་པར་གདམས་པ་དངོས་དང་གཉིས་ལས།

དང་པོ་ནི། སེམས་ཀྱི་དགེ་བའི་བསོད་ནམས་རིན་ཆེན་ནོར། །ཆོས་བརྒྱད་ཇག་པས་བཅོམ་པའི་སྤྲང་པོ་དངོས། །སྙིགས་མའི་ཕུང་པོ་རིན་ཆེན་དར་ཟབ་ཀྱིས། །བརྒྱན་ནས་དབུལ་བོ་ཕྱུག་པོར་རྫུ་འདི་རྨོངས། །མི་ཚེའི་སྣང་བ་རྨི་ལམ་ཙམ་ཞིག་ལ། །ཞེན་ཆགས་བླང་དོར་མི་ཤེས་བླུན་པོ་ཡིས། །རང་མགོ་རང་གིས་བསྐོར་རྣམས་སྙིང་རེ་རྗེ། །འཆི་བདག་གློ་བུར་བྱུང་དུས་ཅི་ཞིག་བྱེད། །ཅེས་པའི་ཚིགས་བཅད་གཉིས་ཀྱིས་བསྟན། ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྱེ་བྲག་ལས། །དགེ་སྡུག་གཟུགས་བརྙན་ཆེ་ཆུང་རྗེས་མི་འགྲོ། །ཞེས་གསུངས་པ་ལྟར་ཕྱི་ལུས་ངག་གི་གཟུགས་བརྙན་ཙམ་མ་ཡིན་པར་ནང་ངེས་འབྱུང་དང་བྱང་ཆུབ་ཀྱི་སེམས་ཀྱིས་ཀུན་ནས་བསླངས་པའི་སེམས༷་ཀྱི༷་དགེ༷་བ༷་རླབས་པོ་ཆེའི་འབྲས་བུ་བསོད༷་ནམས༷་ཆེན་པོར་གྱུར་པའི་རིན༷་ཐང་ཆེན༷་པོ་དང་ལྡན་པ་ཡིད་བཞིན་གྱི་ནོར༷་བུ་མཆོག་དེ་བསྒྲུབ་དགོས་མོད། དེ་བསྐྱུར་ནས་མི་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་བཞི་མི་འདོད་ཅིང་། རྙེད་པ་དང་། བདེ་བ་དང་། སྙན་གྲགས་དང་། བསྟོད་པ་བཞི་འདོད་པའི་འཇིག་རྟེན་ཆོས༷་བརྒྱ༷ད་ལ་མོས་ཤིང་ཞེན་པ་ཆེ་པོའི་བློ་ངན་གྱི་ཇག༷་ཚོགས་ཆེན་པོ༷ས་དགེ་སེམས་རྣལ་མ་བཅོ༷མ་པ༷འི་ཕྱིའི་གཟུགས་བརྙན་གྱི་དགེ་བ་ལྟར་སྣང་བ་ཙམ་ཞིག་སྒྲུབ་ཁུལ་བྱེད་པ་དེ་ནི་དོན་གྱི་དགེ་བ་ཡང་དག་པའི་ནོར་དང་བྲལ་བའི་སྤྲང༷་པོ༷་དངོས༷་ཡིན་ཞིང་། དེ་ལྟར་བླ་ཆེན་དང་མཁས་ཆེན་གྱི་མིང་གི་དྲེགས་པ་དང་བཅས་ཏེ་དབང་བསྐུར། ཆོས་འཆད། རྟེན་བཞེངས། འཁོར་སྐྱོང་སོགས་འདི་སྣང་གི་ཆེན་པོའི་བྱ་བ་དང་འདྲེས་པའི་དགེ་བ་བྱེད་པ་ཁས་འཆེ་བ་དག་གིས་སྡུག་བདེན་རྣམ་སྨིན་གྱི་གཟུགས་ཀྱི་ཕུང་པོ་དང་། བདེ་བ་ལ་ཞེན་ཅིང་མི་བདེ་ལ་འཚེར་བའི་ཚོར་བའི་ཕུང་པོ་དང་། འཁོར་བའི་རྙེད་བདེ་གྲགས་བསྟོད་སོགས་ཀྱི་སྤུ་རིས་འབྱེད་པའི་འདུ་ཤེས་ཀྱི་ཕུང་པོ་དང་། འཇིག་རྟེན་གྱི་བྱ་གཞག་ཁོ་ན་བྱེད་པའི་འདུ་བྱེད་ཀྱི་ཕུང་པོ་དང་། འཇིག་རྟེན་ཚེ་འདི་ཕྱིའི་དོན་ལ་ཞུགས་ཤིང་ཉམས་སུ་མྱོང་བའི་རྣམ་པར་ཤེས་པའི་ཕུང་པོ་སྟེ་རང་རྒྱུད་སྡུག་བདེན་གྱི་ཕུང་པོ་ལྔ་འདུས་པའི་གོང་བུ་ཤ་རུས་ཁྲག་དང་གཤང་གཅི་ལ་སོགས་པའི་སྙིགས༷་མ༷་མི་གཙང་བ་བེམ་པོ་ལུས་ཀྱི་ཕུང༷་པོ༷་དེ་གསེར་དངུལ་གཡུ་བྱུར་ལ་སོགས་པའི་རིན༷་ཐང་ཆེ༷ན་དང་ལྡན་པའི་ནོར་བུའི་རྒྱན་དང་། ཟ་འོག་དར༷་ཟབ༷་ཀྱི༷་གོས་བཟང་གིས༷་བརྒྱན༷་ན༷ས་འཇིག་རྟེན་གྱི་ཕྱུག་པོ་དང་ཆོས་ཀྱི་བསོད་ནམས་ཅན་དུ་རློམ་པ་ནི་དོན་ལ་དབུལ༷་པོ༷་ཕྱུག༷་པོར༷་བརྫུས༷་པ་ཙམ་ལས་མེད་པས་འདི༷་ཉིད་ཤིན་ཏུ་རྨོངས༷་པ་ཚབ་ཆེན་ཡིན་པ་དང་། མི༷་ཚེ༷་གཅིག་གི་སྣང༷་བ༷་དེ་བདེན་པར་མེད་ཅིང་ཡུན་ཐུང་ཡལ་སླ་རྨི༷་ལམ༷་གྱི་སྣང་བ་ཙམ༷་ཞིག༷་ལས་མེད་པ་ལ༷་ཞེན༷་ཅིང་ཆགས༷་ནས་འཇིག་རྟེན་ཆོས་བརྒྱད་དང་ལྟར་སྣང་དགེ་བའི་གཟུགས་བརྙན་ཙམ་ལ་གཡེང་སྟེ་དགེ་བ་རྣལ་མ་ཡང་དག་པ་བླང༷་བ་དང་། མི་དགེ་བ་དང་དགེ་བའི་གཟུགས་བརྙན་ཙམ་པོ་དོར༷་དགོས་པ་མི༷་ཤེས༷་པའི་བླུན༷་པོ༷་བ་གླང་ལྟ་བུ་ཡིས༷་ཚེ་འདིའི་བདེ་བ་དོན་གཉེར་དང་། དགེ་བ་མིན་པའི་དགེ་བའི་གཟུགས་བརྙན་རྫིག་པོ་དེ་ལ་དགེ་བར་རློམ་པ་ནི་རང༷་མགོ༷་རང༷་གིས༷་བསྐོར༷་བ༷་ཡིན་པས་དེ་འདྲ་རྣམ༷ས་ནི་སྙིང༷་རེ༷་རྗེ༷་བའི་གནས་ལགས་སོ།།

དེ་དག་ལ་འཆི༷་བདག༷་གིས་སྲོག་འཕྲོག་པ་གློ༷་བུར༷་དུ་བྱུང༷་སྟེ་ཚེ་འདིའི་བྱ་བ་ཐམས་ཅད་བྱེད་མཚམས་བཞག་ནས་འཇིག་རྟེན་ཕ་རོལ་དུ་འགྲོ་དགོས་པའི་དུས༷་ལ་བབས་པ་ན་ཅི༷་ཞིག༷་བྱེད༷་དེ་བྱེད་ཐབས་ཅི་ཡང་མེད་པར་ཆོས་མེད་དུ་ཕྱི་མར་འགྲོ་དགོས་པ་ཡིན་པས་དེ་འདྲ་དག་ནི་དམ་ཆོས་རྣལ་མ་མ་བསྒྲུབ་པར་དགེ་བ་ལྟར་སྣང་བ་ལ་མགོ་འཁོར་བའི་སྐྱོན་ནམ་ཉེས་དམིགས་ཡིན་པ་ཤེས་གལ་ཆེའོ་ཞེས་པའོ།།

གཉིས་པ་ནི། གདམས་ངག་ཡང་ཡང་ཉམས་ལེན་གནད་ཀྱི་འཆིང་། །རང་རྒྱུད་གང་ཕན་གནད་ཐོག་མེ་དང་མཚུངས། །དགའ་བྲོད་འཛིན་པའི་བློ་དང་རབ་བྲལ་ནས། །འཆི་ཆོས་གཤའ་མ་སྒྲུབས་དང་ཞལ་སློབ་མཆོག །ཅེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། ཐར་བའི་ལམ་བཟང་སྟོན་པའི་གདམས༷་ངག༷་བཟང་པོའི་དོན་དེ་ཡང༷་ནས་ཡང༷་དུ་རྒྱུད་ལ་ཉམས༷་སུ་ལེན༷་པའི་གནད་འགགས་ཀྱི་འཆིང༷་ནི་གང་ཞེ་ན། དེ་ནི་དོན་ལ་དགེ་བ་མིན་པར་མི་དགེ་བར་གྱུར་པའི་ཕྱིའི་དགེ་བའི་གཟུགས་བརྙན་ཙམ་པོ་བ་དང་། ཉམས་ལེན་ཁ་ཕྱིར་བལྟས་སུ་མ་སོང་བར་ནང་རང༷་རྒྱུད༷་ལ་གང༷་ཕན༷་ཅི་ཕན་བྱས་ཏེ། དཔེར་ན་ནད་ཀྱི་གནད༷་མིག་གི་ཐོག༷་ཏུ་མེ༷་བཙའ་འཇོག་པ་དང༷་མཚུངས༷་པར་སེམས་ཀྱི་གནད་ལ་ཕན་པ་ཞིག་དགོས་པ་ཡིན་ཞིང་། འཇིག་རྟེན་ཆོས་བརྒྱད་སོགས་ཚེ་འདི་སྣང་ལ་དགའ༷་བ་དང་། དམ་ཆོས་ལྟར་སྣང་བ་ཙམ་བསྒྲུབས་པས་ཡིད་ལ་བྲོད༷་པ་སྐྱེ་བའི་ཞེན་ཆགས་ཀྱི་འཛིན༷་པ༷འི་བློ༷་ངན་ད༷ང་རབ༷་ཏུ་བྲལ༷་ནས༷་འཆི༷་བའི་དུས་སུ་ངན་སོང་སོགས་སུ་མི་སྐྱེ་བར་བདེ་འགྲོ་མཐོ་རིས་དང་། ཁྱད་པར་དུ་ངེས་ལེགས་ཐར་བའི་ལམ་སྣ་ཟིན་ཐུབ་ངེས་ཀྱི་རྒྱུ་དམ་ཆོས༷་གཤའ༷་མ༷འམ་རྣལ་མ་ཡང་དག་པ་ཞིག་སྒྲུབས༷་ཤིག་དང༷་ཚེ་འདིར་མི་ལུས་བཟང་པོ་བརྙེད་པ་ལ་དོན་ཆོད་པ་ཡིན་པས་གདམས་ངག་མཛད་པ་པོ་རང་གི་ཞལ༷་སློབ༷་མཆོག༷་ཏུ་གྱུར་པའི་སྐུལ་བ་པོ་རྣམས་ཀྱིས་སེམས་ལ་ཟུངས་ཤིག་ཅེས་པའོ།།

གསུམ་པ་ཚོམ་གྱི་མཇུག་བསྡུ་བ་ནི། ཐུན༷་མོང༷་བློ༷་སྦྱོང༷་གི༷་སྐོར༷་སོགས༷་བསྟན༷་པའི༷་ཚོམ༷་གཉིས༷་པའོ༷། །ཞེས་པས་བསྟན་ལ་དོན་ནི་གོ་སླའོ། །ཚོམ་གཉིས་པའི་དོན་བཤད་ཟིན་ཏོ།། །།

གསུམ་པ་ཐུན་མིན་ཉམས་ལེན་དང་སྦས་དོན་འགའ་ཞིག་གི་སྐོར་བསྟན་པ།

སྐྱབས་འགྲོ།

གསུམ་པ་ཐུན་མིན་ཉམས་ལེན་དང་སྦས་དོན་འགའ་ཞིག་གི་སྐོར་བསྟན་པ་ལ། བླ་མ་ལ་ཕྱག་བྱ་བའི་སྒོ་ནས་མཚམས་སྦྱར་བ་དང་། གཞུང་དོན་དངོས་དང་། ཚོམ་གྱི་མཇུག་བསྡུ་བ་དང་གསུམ་ལས།དང་པོ་ནི། བདེ་ཆེན་དབྱེར་མེད་དོན་གྱི་བླ་མར་འདུད། །ཅེས་པ་སྟེ། རིག་པ་སྟོང་པ་ཀ་དག་ཆེན་པོ་དང་འོད་གསལ་ལྷུན་གྲུབ་བདེ༷་བ་ཆེན༷་པོའི་ཡེ་ཤེས་དབྱེར༷་མེད༷་པ་གཉུག་མ་མི་ཤིགས་དོན༷་གྱི༷་བླ༷་མ༷་དེ་རང་གི་སེམས་ཀྱི་ངོ་བོར་ཡེ་ནས་གནས་པའི་ཚུལ་དེ་ངོས་ཟིན་པའི་སྒོ་ནས་སྒོ་གསུམ་དེའི་ངང་ལ་ལྷོད་དེ་འཇོག་པས་དེར་ཡང་ཡང༷འདུད༷་ཅེས་པའམ་དེ་འདྲའི་བླ་མར་སྒོ་གསུམ་གུས་པས་འདུད་པར་བྱས་ཏེ་ཐུན་མིན་གྱི་ཉམས་ལེན་དང་སྦས་དོན་རྣམས་འཆད་པར་བྱ་ཞེས་པའི་དོན་ཏེ་ལྟ་བ་མཇལ་བའི་ཕྱག་དང་བཅས་འོག་གི་དོན་རྣམས་འཆད་པར་མཚམས་སྦྱར་བའོ།།གཉིས་པ་ལ། སྐྱབས་འགྲོ་དང་། སེམས་བསྐྱེད། མཎྜལ། རྡོར་སེམས་སྒོམ་བཟླས། བླ་མའི་རྣལ་འབྱོར། རྩ་རླུང་ཐིག་ལེའི་རྣལ་འབྱོར་དང་དྲུག་ལས།

དང་པོ་ནི། སླུ་མེད་དཀོན་མཆོག་རིན་ཆེན་རྣམ་གསུམ་དང་། །བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ། །ངོ་བོ་རང་བཞིན་ཐུགས་རྗེ་དབྱེར་མེད་པར། །ཡེ་ནས་འདུ་འབྲལ་མེད་པར་སྐྱབས་སུ་འགྲོ། །ཞེས་པས་བསྟན་ཏེ། འདི་ལ་ཡང་ཕྱི་ནང་གསང་བ་གསུམ་གྱི་སྐྱབས་འགྲོ་ཡོད་པའི་དང་པོ་ཕྱིའི་སྐྱབས་འགྲོ་ནི་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིའི་སྐྱབས་ཡུལ་སླུ༷་བ་མེད༷་པ་སངས་རྒྱས་དཀོན༷་མཆོག༷་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་རིན༷་པོ་ཆེ༷་རྣམ༷་པ༷་གསུམ༷་ལས་སངས་རྒྱས་དེ་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ཅིང་ཐར་བའི་སར་དབུགས་དབྱུང་བར་བྱེད་པའི་སྐྱབས་སྟོན་པ་པོ་དང༷་། ཆོས་དེ་སྐྱབས་དངོས་སུ་གྱུར་པའི་ཐར་བའི་ལམ་དང་། དགེ་འདུན་དེ་ལམ་སྒྲུབ་པའི་གྲོགས་ཉིད་དུ་བཟུང་ནས་རང་གཞན་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་ལ་དེ་གསུམ་ལས་གཞན་མེད་པར་ངེས་པའི་སྒོས་དེ་དག་ལ་སྐྱབས་སུ་འགྲོ་བ་ནི་ཕྱིའི་སྐྱབས་འགྲོའོ།།

དེ་བཞིན་དུ་བྱིན་རླབས་ཀྱི་རྩ་བ་བླ༷་མ༷་དང་། དངོས་གྲུབ་ཀྱི་རྩ་བ་ཡི༷་དམ༷་དང་། འཕྲིན་ལས་ཀྱི་རྩ་བ་དཔའ་བོ་མཁའ༷་འགྲོ༷་སྟེ་ནང་གི་སྐྱབས་ཡུལ་རྩ༷་བ༷་གསུམ༷་པོ་དེ་ལ་བསྟེན་སྒྲུབ་འགྲོགས་པའི་སྒོས་སྐྱབས་སུ་འགྲོ་བ་ནི་ནང་གི་སྐྱབས་འགྲོའོ།།

གནས་ལུགས་གསང་བའི་སྐྱབས་ཡུལ་གདོད་མ་གཞིའི་གནས་ལུགས་རང་བྱུང་འཕོ་འགྱུར་མེད་པའི་རིག་པ་ངོ༷་བོ༷་སྟོང་པ་དང་། རང༷་བཞིན༷་གསལ་བ་དང་། ཐུགས༷་རྗེ༷་ཀུན་ལ་ཁྱབ་པའི་དབྱིངས་དང་ཡེ་ཤེས་དབྱེར༷་མེད༷་པར༷་ཡེ༷་ནས༷་རང་སེམས་གཉུག་མའི་ངོ་བོ་དང་འདུ༷་བྲལ༷་མེད༷་པར༷་གནས་པ་དེ་ཉིད་རྩད་གཅོད་ལ་བཟླ་བའི་སྒོ་ནས་ལེགས་པར་རྟོགས་པར་བྱས་ཏེ་སྐྱབས༷་སུ༷་འགྲོ༷་བ་ནི་གསང་བའི་སྐྱབས་འགྲོ་ཡིན་ཞིང་འདི་སྔ་འགྱུར་རྙིང་མའི་ཐུན་མིན་གྱི་ཕྱི་ནང་གསང་བ་གསུམ་གྱི་སྐྱབས་དང་སྐྱབས་འགྲོའི་རྣམ་བཞག་དང་ལྷག་པར་དུ་གསང་བའི་སྐྱབས་དང་སྐྱབས་འགྲོ་ནི་རྫོགས་པ་ཆེན་པོའི་ལྟ་བ་རྟོགས་གོམས་གདེངས་ཐོབ་ཏུ་གྱུར་ཏེ་འཁྲུལ་སྣང་འཁོར་བའི་སྡུལ་བསྔལ་རྒྱུ་དང་བཅས་པ་དབྱིངས་སུ་ཞི་ནས་ཐར་བ་མཆོག་གཅིག་གདོད་མའི་གཞི་དབྱིངས་ཆེན་པོར་གྲོལ་བའི་ཚུལ་ལྟར་གྱི་སྐྱབས་འགྲོའོ།།

སྤྱིར་བཏང་ནི་སངས་རྒྱས་ཆོས་དགེ་འདུན་གསུམ་པོ་སྐྱབས་ཡུལ་དཀོན་མཆོག་གསུམ་ཞེས་བྱ་ཞིང་། སངས་རྒྱས་དཀོན་མཆོག་ནི་ཇི་ལྟ་ཇི་སྙེད་ཀྱིི་ཆོས་ཐམས་ཅད་མ་འདྲེས་པར་ཅིག་ཆར་དུ་མངོན་སུམ་དུ་མཁྱེན་པའི་མཁྱེན་པ་རྒྱུད་ལྡན་གྱི་གང་ཟག་དེ་དང་། དེའི་རྒྱུད་ཀྱི་ཆོས་གཟུགས་ཀྱིས་བསྡུས་པའི་འབྲས་བུའི་ཡོན་ཏན་ཐམས་ཅད་དང་། ཆོས་དཀོན་མཆོག་ནི་འགོག་བདེན་དང་ལམ་བདེན་གྱི་ངོ་བོར་གྱུར་བའི་ལམ་གྱི་ཡོན་ཏན་དག་དང་། དགེ་འདུན་དཀོན་མཆོག་ནི་མཐོང་ལམ་ཐོབ་པ་ཡན་ཆད་ཀྱི་འཕགས་པའི་གང་ཟག་ལམ་ལ་གནས་པ་དག་ལ་ངོས་འཛིན་དགོས་ཞིང་། དེ་ཡང་མ་འོངས་རང་རྒྱུད་ལ་ཐོབ་འགྱུར་གྱི་དཀོན་མཆོག་གསུམ་པོ་དེ་འབྲས་བུའི་སྐྱབས་དང་། དེ་སྐྱབས་སུ་བཟུང་བ་དེ་འབྲས་བུའི་སྐྱབས་འགྲོ་དང་། གཞན་རྒྱུད་ལ་བྱོན་ཟིན་གྱི་དཀོན་མཆོག་གསུམ་པོ་དེ་རྒྱུའི་སྐྱབས་ཡུལ་དང་། དེ་གསུམ་ལ་སྐྱབས་སུ་འགྲོ་བ་དེ་རྒྱུའི་སྐྱབས་འགྲོ་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་ཡིད་བཞིན་མཛོད་ལས། རྒྱུ་ཡི་ཡུལ་གྱུར་གཞན་རྒྱུད་བྱོན་ཟིན་པའི། །སངས་རྒྱས་སྐུ་གསུམ་སྤངས་རྟོགས་འཕྲིན་ལས་ལྡན། །ཆོས་ནི་འགོག་ལམ་བདེན་པ་རྣམ་པ་གཉིས། །དགེ་འདུན་སར་བཞུགས་རྒྱལ་སྲས་འཕགས་རྣམས་ཏེ། །གནས་སྐབས་དེ་གསུམ་མཚུངས་པར་སྐྱབས་སུ་འགྲོ། །ཞེས་དང་། འབྲས་བུའི་སྐྱབས་འགྲོ་དཀོན་མཆོག་རྣམ་པ་གསུམ། །རང་ལ་གྲུབ་འདོད་སླད་དུ་སྨོན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ།།

དང་པོ་བླ་མ་མཚན་ཉིད་དང་ལྡན་པ་ཞིག་གི་མདུན་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅས་ཏེ་སྐྱབས་འགྲོའི་སྡོམ་པ་བླང་ཞིང་། དེ་ནས་མདུན་གྱི་ནམ་མཁར་ཐ་གྲུ་ཡངས་པའི་ཡུལ་ལྗོངས་ལྟ་སྡུག་པར་མཚོ་དང་མཚེའུ་ལྗོན་ཤིང་དང་མེ་ཏོག་འབྲས་བུ་ལ་སོགས་པས་བརྒྱན་པའི་དབུས་སུ་ཡིད་དུ་འོང་བའི་པད་སྡོང་གི་ཟེའུ་འབྲུར་ཟླ་བའི་གདན་ལ་སྐྱབས་ཀུན་འདུས་པའི་ངོ་བོ་སློབ་དཔོན་པདྨ་འབྱུང་གནས་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་ན་བཟའ་དང་ཆ་ལུགས་ཐམས་ཅད་རྫོགས་པས་བརྒྱན་པ། ཕྱག་གཡས་རྡོ་རྗེ་རྩེ་དགུ་ཐུགས་ཀར་འཛིན་ཅིང་། ཕྱག་གཡོན་འཆི་མེད་བདུད་རྩིས་བཀང་བའི་ཀ་པ་ལ་ཚེ་བུམ་དང་བཅས་པ་འཛིན་པ་ཞབས་གཉིས་རྒྱལ་པོ་རོལ་བའི་སྟབས་ཀྱིས་བཞུགས་པའི་གཡས་སུ་སྟོན་པ་ཤཱཀྱ་ཐུབ་པ་ལ་འཁོར་བསྐལ་བཟང་གི་སངས་རྒྱས་སྟོང་དང་ཤཱ་རིའི་བུ་དང་མཱོ་གལ་གྱི་བུ་ལ་སོགས་པ་ཉན་ཐོས་ཆེན་པོ་དག་གིས་བསྐོར་བ་དང་། གཡོན་དུ་རྗེ་བཙུན་བྱམས་པ་མགོན་པོ་ལ་ཉེ་བའི་སྲས་ཆེན་བརྒྱད་ལ་སོགས་པ་བྱང་ཆུབ་སེམས་དཔའ་དུ་མས་བསྐོར་བ་དང་། རྒྱབ་ཏུ་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་དྲུག་གི་ཆོས་ཀྱི་ཡི་གེའི་པོ་ཏི་རྣམས་ཐུམ་གདོང་དར་དང་བཅས་ཏེ་འཇའ་འོད་འཕྲོ་ཞིང་བརྗོད་དོན་སྟོན་པའི་རང་སྒྲ་དང་བཅས་ཏེ་བརྩེགས་པ་དང་། སྟེང་དུ་ཆོས་སྐུ་ཀུན་ཏུ་བཟང་པོ་གཅེར་བུ་སྐུ་མདོག་མཐིང་ག་ཞལ་གཅིག་ཕྱག་གཉིས་མཉམ་བཞག་མཛད་པའི་པང་དུ་ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་པོ་ཅན་གྱིས་འཁྱུད་པ་འཇའ་གུར་ཐིག་ལེའི་ཀློང་དུ་བཞུགས་པ་ལ་རྒྱ་བོད་ཀྱི་རིག་པ་འཛིན་པའི་པཎ་གྲུབ་དུ་མ་དང་བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་དང་། མཐའ་འཁོར་དུ་འཇིག་རྟེན་ལས་འདས་པའི་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་བར་བསྒོམ་ནས་རང་གཞན་སེམས་ཅན་ཐམས་ཅད་སྐྱབས་སུ་འགྲོ་བར་མོས་ཏེ་སྐྱབས་འགྲོའི་ཚིག་ཅི་ཤེས་བརྗོད་པར་བྱ་བ་ནི་སྐྱབས་འགྲོའི་ཚོགས་ཞིང་གསལ་འདེབས་པ་སྟེ། བྱིན་རླབས་འཇུག་པ་དང་སྐྱབས་འགྲོ་ལ་བློ་སྦྱོང་བའི་དགོས་པར་ཁྱད་པར་ཡོད་དེ། ཡིད་བཞིན་མཛོད་ལས། མདུན་གྱི་ནམ་མཁར་དཀོན་མཆོག་རབ་བསམ་ལ། །དངོས་དང་ཡིད་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་དང་སེམས་ཅན་ཐམས་ཅད་ཐལ་སྦྱར་ཏེ། །གསུམ་ལ་ཕྱོགས་པས་སྐྱབས་སུ་འགྲོ་བར་བསམ། །བླ་མ་སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །ལན་གསུམ་བར་དུ་སྐྱབས་སུ་འགྲོ་བར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ནས་བསླབ་བྱ་ཀུན་ལ་ལེགས་པར་བསླབ་དགོས་པས་མཆོག་གསུམ་སོ་སོའི་བསླབ་བྱ་ནི་སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་གུས་པས་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་སུ་བཟུང་ནས་ཕྱག་མི་བྱ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་ལྟ་སྤྱོད་ལོག་ལམ་དུ་ཁྲིད་པ་དང་འགྲོགས་པར་མི་བྱ་བ་སྟེ་དགག་པའི་བསླབ་བྱ་གསུམ་མོ།།

དང་པོའི་སྒྲུབ་པའི་བསླབ་བྱ་ལ་སངས་ཀྱི་སྐུ་གཟུགས་དང་ཐ་ན་སཙྪ་དུམ་གཅིག་ཡན་ལ་གུས་པའི་བྱ་བ་བསྒྲུབ་སྟེ་སངས་རྒྱས་ལ་གུས་པ་བསྐྱེད་པ་དང་། གཉིས་པའི་བསླབ་བྱ་ཆོས་ཀྱི་དོན་སྟོན་པའི་ཐ་ན་ཡེ་གེ་འབྲུ་གཅིག་ཡན་ཆད་ལ་གུས་པའི་བྱ་བ་བསྒྲུབ་སྟེ་ཆོས་དཀོན་མཆོག་ལ་གུས་པ་བྱེད་པ་དང་། གསུམ་པའི་བསླབ་བྱ་ཐ་ན་དགེ་འདུན་པའི་ན་བཟའ་དུམ་གཅིག་ཡན་ཆད་ལ་གུས་པའི་བྱ་བ་བསྒྲུབ་སྟེ་དགེ་འདུན་དཀོན་མཆོག་ལ་གུས་པ་བསྒྲུབ་པ་དང་གསུམ་པོ་སྒྲུབ་པའི་བསླབ་བྱའོ།།

ཅི་ཟ་ཅི་འཐུང་གི་ཕུད་སོགས་མཆོད་པ་ཅི་འབྱོར་བས་རྟག་ཏུ་དཀོན་མཆོག་གསུམ་ལ་མཆོད་པ་དང་། ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བ་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་བླ་མ་དགེ་བའི་བཤེས་གཉེན་སོགས་ལ་བརྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་མཐུན་གྱི་སྤྱོད་པ་ལ་རྟག་ཏུ་བསླབ་པ་སྟེ་ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་གཙོ་བོ་དེ་དག་ལ་སྤང་བླང་བྱེད་པ་ནི་སྐྱབས་འགྲོའི་བསླབ་བྱ་ཡིན་ནོ།།

སེམས་བསྐྱེད།

གཉིས་པ་སེམས་བསྐྱེད་ནི། འགྲོ་རྣམས་གདོད་ནས་སངས་རྒྱས་རང་བཞིན་ལ། །གློ་བུར་གཉིས་སྣང་འཁྲུལ་བའི་དབང་གྱུར་བའི། །སེམས་ཅན་ཐམས་ཅད་ཡེ་གྲོལ་འབད་མེད་དུ། །བྱང་ཆུབ་སེམས་མཆོག་ཁྱད་པར་འཕགས་པ་བསྐྱེད། །ཅེས་པའི་ཚིགས་སུ་བཅད་པ་གཅིག་གིས་བསྟན། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས། །ཞེས་གསུངས་པ་ལྟར་འགྲོ༷་བ་རྣམས༷་ཡེ་གདོད༷་མ་ནས༷་རྣམ་པར་དག་པ་སྐུ་གསུམ་རང་ཆས་སུ་རྫོགས་པའི་སངས༷་རྒྱས༷་ཀྱི་རང༷་བཞིན༷་ཡིན་པ་ལ༷་དྲི་མ་གློ༷་བུར༷་བ་གཟུང་འཛིན་གཉིས༷་སྣང༷་འཁྲུལ༷་བའི༷་བག་ཆགས་ཀྱི་གཞན་དབང༷་དུ་གྱུར༷་བ༷འི་སྒོ་ནས་མ་དག་འཁོར་བའི་གནས་སུ་རང་ངོ་མ་ཤེས་པའི་ཚུལ་དུ་འཁྱམ་པ་ཡིན་ཞིང་། ཚུལ་དེ་ལྟའི་སེམས༷་ཅན༷་ཐམས༷་ཅད༷་ཡེ༷་གྲོལ༷་གཉུག་མ་ཀ་དག་གི་ཀློང་དུ་བྱ་རྩོལ་འབད༷་མེད༷་ཅོག་བཞག་གི་ངང་ནས་གཞི་རྫོགས་འབྲས་བུའི་རང་སར་རང་གྲོལ་བའི་ཆེད་དུ༷་གཉུག་མ་དོན་དམ་བྱང༷་ཆུབ༷་སེམས༷་ཀྱི་དཀྱིལ་འཁོར་མཆོག༷་ཏུ་གྱུར་པ་ཐེག་པ་གཞན་ལས་མ་བསྟན་པར་རྫོགས་པ་ཆེན་པོ་གསང་བ་སྙིང་ཐིག་གི་ཁྱད༷་པར༷་དུ་འཕགས༷་པའི་ཆོས་སུ་གྱུར་པ༷་དེ་སྣང་བཞི་ལ་སོགས་པའི་གསང་ལམ་ལ་བརྟེན་ནས་བསྐྱེད༷་པར་བྱའོ་ཞེས་པ་འདི་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་ཅིག་ཆར་དུ་བསྐྱེད་ཚུལ་བསྟན་པའི་གདམས་པའོ།།

སངས་རྒྱས་བྱེད་ཀྱི་རྒྱུ་གཙོ་བོ་ཀུན་རྫོབ་དང་དོན་དམ་པའི་བྱང་ཆུབ་ཀྱི་སེམས་གཉིས་པོ་ཡིན་ཞིང་། དེ་ལས་ཀྱང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཞི་མཐའ་འགོག་བྱེད་ཀྱི་རྒྱུ་ཡོད་ན་དེས་ཆོག་དང་མེད་ན་ཐབས་ཆག་ཁོ་ན་ཡིན་ཕྱིར་འདི་ཉིད་ནི་ཐེག་པ་ཆེན་པོ་མདོ་སྔགས་གཉིས་ཀྱི་ལམ་གྱི་རྨང་གཞི་དང་གཞུང་ཤིང་ཡིན་པས་འདི་རྒྱུད་ལ་བསྐྱེད་པ་གལ་ཧ་ཅང་ཆེ་བ་ལགས་སོ།།

དེ་ཡང་སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་ཏེ་ཚད་མེད་རྣམ་པ་བཞིས་བློ་སྦྱངས་ཏེ་བྱང་ཆུབ་ཀྱི་སེམས་ལ་སྦྱང་བའམ། བདག་གཞན་མཉམ་པ་དང་། བདག་གཞན་བརྗེ་བ། བདག་བས་གཞན་གཅེས་ཀྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་ལ་སྦྱང་བའམ། ཡང་ན་སེམས་ཅན་ཐམས་ཅད་མར་ཤེས་པ་དང་། དྲིན་དྲན་པ། དྲིན་གཟོ་འདོད། ཡིད་འོང་གི་བྱམས་པ། བརྩེ་བའི་སྙིང་རྗེ། ལྷག་བསམ་རྣམ་དག་སྟེ་རྒྱུ་དྲུག་དང་འབྲས་བུ་བྱང་ཆུབ་ཀྱི་སེམས་དང་རྒྱུ་འབྲས་མན་ངག་བདུན་ཞེས་གྲགས་པ་ལ་བློ་སྦྱོང་བའི་སྒོས་སེམས་བསྐྱེད་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་མི་ཉམས་པ་གོང་འཕེལ་དུ་བཏང་སྟེ་ནམ་ཞིག་བློས་བཅོས་ཏེ་ཕར་འཇོག་མི་དགོས་པར་ངང་ཤུགས་ཀྱི་སེམས་དེ་སྐྱེ་འོང་བ་ན་སེམས་བསྐྱེད་སྐྱེས་ཤིང་ཐེག་པ་ཆེན་པོའི་ལམ་ཞུགས་སུ་གྱུར་པ་དང་རང་ཉིད་རྒྱལ་བའི་ཐུགས་ཀྱི་སྲས་བྱང་ཆུབ་སེམས་དཔའ་ཞེས་པར་གྱུར་པ་ཡིན་ཏེ། སྤྱོད་འཇུག་ལས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་ལ། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མི་བཅས་པའི་ཕྱག་བྱར་གྱུར། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་ཐོག་མར་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ལས་ཀླུ་སྒྲུབ་ནས་བརྒྱུད་པའི་ཟབ་མོ་ལྟ་སྲོལ་དང་། ཐོགས་མེད་ནས་བརྒྱུད་པའི་རྒྱ་ཆེན་སྤྱོད་པའི་སྲོལ་ཏེ་སྲོལ་གཉིས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེགས་པར་མནོས་ཤིང་དེ་ནས་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་མངོན་སུམ་དུ་བཞུགས་པར་མོས་ལ་ཡང་ཡང་སེམས་སྡོམ་ལེན་པ་དང་། སྒོ་གསུམ་གཞན་གནོད་གཞི་དང་བཅས་པ་ལས་ལྡོག་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང་། ཕར་རོལ་ཏུ་ཕྱིན་པ་དྲུག་གིས་བསྡུས་པའི་ཐེག་པ་ཆེན་པོའི་ཆོས་ཚུལ་ལ་ཉིན་མཚན་ཀུན་ཏུ་ལེགས་པར་སློབ་པའི་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་དང་། བསྡུ་བ་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གཞན་དོན་ལ་བརྩོན་པའི་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་གནས་ཤིང་བསླབ་པ་ལ་བརྩོན་པ་ནི་ཐེག་པ་ཆེན་པོའི་ཉམས་ལེན་ཡིན་ནོ།།

སེམས་བསྐྱེད་དེ་ཅི་འདྲ་ཞིག་ལ་གོ་དགོས་ཟེར་ན་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང་། ཡིད་བཞིན་མཛོད་ལས། དེ་ནས་བྱང་ཆུབ་སེམས་མཆོག་བསྐྱེད་པ་ནི། །གཞན་གྱི་དོན་ཕྱིར་སངས་རྒྱས་འདོད་པ་སྟེ། །ཞེས་གསུངས་པ་ལྟར་སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་སམ་ཆོས་གཉིས་དང་ལྡན་པའི་གཙོ་སེམས་ཁྱད་པར་བ་ཞིག་ལ་གོ་དགོས་ཤིང་། མཁས་པས་མཚན་ཉིད་བཞག་པ་ལྟར་ན། རང་རྒྱུ་གཞན་དོན་དོན་གཉེར་གྱི་འདུན་པས་དྲངས་ཤིང་རང་གྲོགས་བྱང་ཆུབ་འདོད་པ་དང་མཚུངས་ལྡན་དུ་གྱུར་བའི་ཐེག་ཆེན་ལམ་གྱི་གཞུང་ཤིང་དུ་གྱུར་པའི་ཆ་ནས་བཞག་པའི་གཙོ་བོའི་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན་དེ་ཐེག་ཆེན་སེམས་བསྐྱེད་ཀྱི་མཚན་ཉིད་ཡིན་ནོ།།

དེ་ལ་དབྱེ་ན་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཡོད་དེ། ཡིད་བཞིན་མཛོད་ལས། སྨོན་དང་འཇུག་པའི་རང་བཞིན་གཉིས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་གཉིས་ཀྱི་ཁྱད་པར་ནི། དཔེར་ན་མི་གཅིག་ཡུལ་ག་གེ་མོ་ཞིག་ཏུ་འགྲོ་བར་འདོད་པ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་པར་དམ་བཅའ་བ་ཙམ་དེ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་། དཔེར་ན་མི་གཅིག་འགྲོ་བའི་ཡུལ་དེར་འཇུག་སྟེ་ལམ་ལ་དངོས་སུ་ཞུགས་པ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སར་འགོད་པའི་ཆེད་དུ་དངོས་སུ་ཚུལ་ཁྲིམས་གསུམ་ལ་སློབ་ཅིང་ཐེག་པ་ཆེན་པོའི་ལམ་ཉམས་སུ་ལེན་པ་ལ་འཇུག་པའི་སེམས་བསྐྱེད་དེ་འཇུག་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ཡིན་ཏེ། སྤྱོད་འཇུག་ལས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ།།

མདོར་ཧྲིལ་གྱིས་བསྡུ་ན་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བདེ་བ་རྫོགས་པའི་སངས་རྒྱས་ཀྱི་སར་འདོད་པའི་ཐབས་བདག་གིས་བསྒྲུབ་པར་བྱའོ་སྙམ་པ་དང་། དེ་ལྟར་བསམ་ནས་དངོས་སུ་ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་པ་དང་ལྡན་པའི་དེ་འདྲའི་བློ་དེ་ལ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡིན་ནོ།།

འོ་ན་འདིར་གདོད་མའི་གནས་ལུགས་རྟོགས་པར་བྱ་བར་གདམས་པས་དེ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་ཡིན་ཞིང་། གཞུང་ཐུན་མོང་གི་ལུགས་ལྟར་དོན་དམ་བྱང་ཆུབ་ཀྱི་སེམས་བསྐྱེད་ནི་སེམས་བསྐྱེད་བཏགས་པ་བ་ལས་མཚན་ཉིད་པའང་མ་ཡིན་པར་བཞེད་པས་འདིར་བྱང་ཆུབ་ཀྱི་སེམས་བསྐྱེད་མཚན་ཉིད་པ་བསྒོམ་པར་མ་བསྟན་པ་ཡིན་ནམ་ཞེ་ན། དེ་ནི་མ་ཡིན་ཏེ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་མཚན་ཉིད་པ་བསྟན་པ་ཡིན་པའི་ཕྱིར་ཏེ། རང་གཞན་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ཀྱིས་འགྲོ་བའི་སེམས་ཉིད་རང་བྱུང་གི་སངས་རྒྱས་ཡིན་པ་ངོས་འཛིན་ཏེ། འབད་མེད་རང་བྱུང་གི་དོན་རྟོགས་ནས་གྲོལ་བར་འདོད་པ་ནི་དོན་གཉིས་ལྡན་པའི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་ཡིན་ཕྱིར་འདིར་བསྟན་བྱ་གཙོ་བོར་གོ་ནུས་པའི་ཕྱིར་རོ།།

མཎྜལ་འབུལ་བ།

གསུམ་པ་མཎྜལ་ནི། རི་རབ་གླིང་བཞི་སྟོང་གསུམ་ཕྱིའི་མཎྜལ། །ནང་ལྟར་ཕུང་ཁམས་སྐྱེ་མཆེད་དགེ་ཚོགས་དང་། །གསང་བ་རང་སེམས་རྒྱན་གྱི་རོལ་མོའི་སྤྲིན། །དག་པ་གསུམ་ལྡན་ཞིང་ལ་རྟག་ཏུ་འབུལ། །ཞེས་པས་བསྟན་ཅིང་། དེ་ལ་ཡང་ཕྱི་ནང་གསང་བ་གསུམ་གྱི་མཎྜལ་ཡོད་པས་། དང་པོ་ཕྱིའི་མཎྜལ་ནི། རི་ཡི་རྒྱལ་པོ་རི༷་རབ༷་ལ་གསེར་གྱི་རི་བདུན་དང་རོལ་བའི་མཚོ་བདུན་གྱིས་བསྐོར་བའི་ཕྱི་རོལ་དུ་ཤར་ལུས་འཕགས་པོ་དང་། ལྷོ་འཛམ་བུ་གླིང་དང་། ནུབ་བ་ལང་སྤྱོད་དང་། བྱང་སྒྲ་མི་སྙན་ཏེ་གླིང༷་བཞི༷་དང་། ལུས་དང་ལུས་འཕགས་ཆུང་བ་སྟེ་ཤར་གྱི་གླིང་ཕྲན་གཉིས་དང་། རྔ་ཡབ་དང་རྔ་ཡབ་གཞན་པ་སྟེ་ལྷོ་ཡི་གླིང་ཕྲན་གཉིས་དང་། གཡོ་ལྡན་དང་ལམ་མཆོག་འགྲོ་སྟེ་ནུབ་ཀྱི་གླིང་ཕྲན་གཉིས་དང་། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ་བོ་སྟེ་བྱང་གི་གླིང་ཕྲན་གཉིས་ཏེ་བརྒྱད་དང་། ཉི་མ་ཟླ་བ་དང་བཅས་པ་ནས་འདོད་ལྷ་དྲུག་གཟུགས་ཁམས་ཀྱི་ཚངས་པའི་འཇིག་རྟེན་མན་ཆད་གཅིག་ཏུ་བྱས་པ་དེ་འདྲ་སྟོང་ཕྲག་གཅིག་ཕྲེད་དུ་གཤིབས་པའི་མཐར་ལྕགས་རི་གཅིག་གིས་བསྐོར་བ་ནི་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན་ཟེར་ཞིང་། དེའི་སྟེང་དུ་བསམ་གཏན་གཉིས་པའི་འོད་གསལ་གྱི་ལྷ་གནས་གཅིག་པུས་ཁེབས་ནས་ཡོད་ལ། དེ་འདྲ་སྟོང་ཕྲེད་དུ་གཤིབ་པའི་མཐར་ལྕགས་རི་གཅིག་གིས་བསྐོར་བའི་གནས་དེ་ལ་སྟོང་བར་མའི་འཇིག་རྟེན་ཟེར་ཞིང་། དེའི་སྟེང་དུ་བསམ་གཏན་གསུམ་པའི་དགེ་རྒྱས་ཀྱི་ལྷ་གནས་གཅིག་པུས་ཁེབས་ནས་ཡོད་ལ། དེ་འདྲའི་བར་མའི་འཇིག་རྟེན་སྟོང་ཕྲེད་དུ་གཤིབ་པ་ལ་ལྕགས་རི་གཅིག་གིས་བསྐོར་བ་ལ་བསམ་གཏན་བཞི་བའི་འཕགས་པའི་གནས་གཙང་ལྔའི་འོག་མིན་གྱིས་ཁེབས་པ་མན་ཆད་ལ་སྟོང་གསུམ་གྱི་སྟོང་ཆེན་པོ་ཟེར་ཞིང་། དེ་ལ་རི་རབ་གླིང་བཞི་བྱེ་བ་ཕྲག་བརྒྱ་ཡོད་ཅིང་དེ་འདྲའི་སྟོ༷ང་གསུམ༷་དེ་ལ་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བའི་ཡིད་དང་འོང་བའི་དངོས་པོ་ཅི་ཡོད་ཀྱིས་བརྒྱན་པའི་སྒོ་ནས་བླ་མ་དང་དབྱེར་མེད་པ་སངས་རྒྱས་སྤྲུལ་པའི་སྐུ་ཤཱཀྱ་ཐུབ་པ་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་རང་གི་བསོད་ནམས་ཀྱི་ཚོགས་ཁྱད་པར་བ་གསོག་པའི་སླད་དུ་འབུལ་བ་ནི་ཕྱིའི༷་མ༷ཎྜལ༷་ཡིན་ནོ།།

ནང༷་ལྟར༷་ན་ནི་རང་རྒྱུད་གི་ཕུང༷་པོ་ལྔ་དང་། ཁམས༷་བཅོ་བརྒྱད་དང་། སྐྱེ༷་མཆེད༷་བཅུ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་གནས་སུ་དག་པ་ལྷ་དང་ལྷ་མོའི་ཚོགས་ཐམས་ཅད་དང་། དུས་གསུམ་དུ་བསགས་པའི་རྣམ་དཀར་ཀྱི་དགེ༷་བ་ཟག་བཅས་ཟག་མེད་ཀྱི་ཚོགས༷་དང༷་བཅས་པ་རིགས་ལྔའི་ཞིང་ལ་སོགས་པར་ངེས་པ་ལྔ་ལྡན་གྱི་ཚུལ་ཏུ་འཁོར་ས་བཅུའི་སེམས་དཔའ་རྣམས་ལ་སྣང་བར་མཛད་པའི་བླ་མ་ལོངས་སྐུའི་ཚོགས་ལ་རང་གི་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་འབུལ་བ་ནི་ནང་གི་མཎྜལ་ལོ།།

གསང༷་བ༷་ལྟར་ན་རང༷་སེམས༷་གདོད་ནས་བདེན་པར་མ་གྲུབ་པ་སྤྲོས་པའི་མཚན་མ་ཐམས་ཅད་དང་ཉེ་བར་བྲལ་ཡང་། ལྷུན་གྲུབ་འོད་གསལ་གྱི་སྣང་ཆ་འགགས་མེད་སྐུ་དང་ཡེ་ཤེས་རྒྱན༷་གྱི༷་རོལ༷་མོ༷འི་སྤྲིན༷་ཆེན་པོར་རང་ཤར་བའི་ཚུལ་དུ་སྣང་པའི་དོན་དམ་ལྷན་ཅིག་སྐྱེས་པའི་སེམས་ཉིད་གཉུག་མ་གཤིས་ཀྱི་རིག་པ་དེ་མཆོད་བྱ་མཆོད་བྱེད་དང་བྲལ་བར་ཀ་དག་ཆོས་སྐུའི་ཀློང་དུ་བྱ་རྩོལ་ཉེ་བར་ཞི་བའི་ཚུལ་དུ་རང་གནས་པ་ནི་གསང་བའི་མཎྜལ་སྟེ་རང་བཞིན་རྣམ་པར་དག་པ་བླ་མ་ཆོས་ཀྱི་སྐུ་ལ་འབུལ་བར་བྱའོ་ཞེས་པའོ།།

དེ་འདྲའི་ཕྱི་ནང་གསང་བ་གསུམ་གྱི་མཎྜལ་དེ་ལུས་དག་པ་སྤུལ་སྐུའི་ཞིང་དང་། ངག་དག་པ་ལོངས་སྐུའི་ཞིང་དང་། ཡིད་དག་པ་ཆོས་སྐུའི་ཞིང་སྟེ་དག༷་པ༷་གསུམ༷་དང་ལྡན༷་པའི་ཞིང༷་ལ༷་དུས་རྟག༷་ཏུ༷་འབུལ༷་བར་བྱ་བ་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་ཐབས་དང་དོན་ཆེན་པོ་དང་ལྡན་པའི་མཎྜལ་འབུལ་བའི་ཚུལ་ཡིན་པ་ཤེས་པར་བྱའོ།།

དེ་ལྟར་མཎྜལ་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ཞིང་བོད་སྐད་དུ་དཀྱིལ་འཁོར་ཞེས་པ་ཡིན་པས་རི་རབ་གླིང་བཞི་ལྕགས་རི་མུ་འཁྱུད་དང་བཅས་པའི་དཀྱིལ་འཁོར་དེ་དཀོན་མཆོག་གི་ཞིང་ལ་འབུལ་ཏེ་ཚོགས་གསོག་པའི་དོན་དུ་གོ་དགོས་ཤིང་། དེས་ན་མཎྜལ་ཞེས་པའི་གསེར་དངུལ་ལ་སོགས་པས་བཟོས་པའི་རྫས་དེ་དམིགས་རྟེན་ཙམ་ཡིན་ཞིང་། དེ་ཉིད་རི་རབ་གླིང་བཞིར་དམིགས་ནས་འབུལ་བ་ནི་དབུལ་བོ་དངོས་རྫས་མི་འབྱོར་བ་དང་། སླ་ཆོས་ཙམ་གྱིས་ཚོགས་གསོག་ཐབས་ཤིག་ཡིན་ལ། རང་ལ་འབྱོར་བ་ཡོད་ན་དངོས་སུ་རྟ་གླང་ཁང་ཁྱིམ་མལ་སྟན་ཟས་གོས་རིན་པོ་ཆེ་ལ་སོགས་པ་ཕུལ་ནས་ཚོགས་གསོག་པ་དང་། གཞན་ཡང་ཚོགས་གསོག་ཡན་ལག་བདུན་པ་ལ་སོགས་པའི་ཚོགས་གསོག་པའི་སྒོ་ཀུན་ལ་འཇུག་དགོས་པ་ཡིན་ནོ།།

རྡོར་སེམས་སྒོམ་བཟླས།

བཞི་བ་རྡོར་སེམས་བསྒོམ་བཟླས་ནི། ཕྱི་ནང་གསང་བ་གསུམ་གྱི་སྒྲིབ་སྦྱོང་གི་ཐབས་ཡོད་པ་ལས།དང་པོ་ཕྱིའི་སྒྲིབ་སྦྱོང་ནི། ཕྱི་ལྟར་བླ་མ་རྡོར་སེམས་སྤྱི་བོར་བསྒོམ། །ཞེས་པས་བསྟན་ཅིང་། དེ་ལ་ཡང་ཕྱི༷་ལྟར༷་གྱི་སྡིག་སྒྲིབ་སྦྱོང་བའི་ཐབས་ནི། ངོ་བོ་རང་གི་རྩ་བའི་བླ༷་མ༷་དང་དབྱེར་མེད་པ་ལ་རྣམ་པ་བཅོམ་ལྡན་འདས་རྡོ༷་རྗེ་སེམས༷་དཔའ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་གཉིས་པ་ཞབས་གཉིས་དཀྱིལ་ཀྲུང་གིས་བཞུགས་པ། ཕྱག་གཡས་པའི་རྡོ་རྗེ་དཀར་པོ་རྩེ་ལྔ་བ་ཐུགས་ཀར་གཏོད་དེ་འཛིན་པ། ཕྱག་གཡོན་པས་དངུལ་དཀར་གྱི་དྲིལ་བུ་སྐུའི་སྟ་ཟུར་གཡོན་དུ་བརྟེན་པ། རིན་པོའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། དཔུང་གདུབ། སེ་མོ་དོ། དོ་ཤལ་ལ་སོགས་པས་བརྒྱན་པ། དར་སྣ་ཚོགས་ཀྱི་ཤམ་ཐབས་དང་། སྟོད་གཡོགས། སྐ་རགས་ལ་སོགས་པས་སྤྲས་ཤིང་། གནག་སྣུམ་དབུ་སྐྲ་སིལ་མ་སྤྱི་བོར་ཐོར་གཙུག་བཅིངས་པའི་ལྷག་མས་སྐུ་རྒྱབ་ཁེབས་པ། ཡུམ་སྙེ་མ་དཀར་མོ་རྡོར་དྲིལ་འཛིན་པས་པང་དུ་འཁྱུད་པ་གཅིག་རང་ཐ་མལ་དུ་གནས་པའི་སྤྱི་༷བོར༷་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་གསལ་བ། དེའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་སྲན་མ་ཕྱེད་པ་ཙམ་གྱི་སྟེང་དུ་ཡི་གེ་ཧཱུྃ་མཐིང་ག་གྱེན་དུ་འགྲེང་བའི་མཐའ་འཁོར་དུ་ཡི་གེ་བརྒྱ་བའི་སྔགས་ཀྱི་ཡིག་འབྲུ་ཐམས་ཅད་ལངས་ཏེ་གཡས་སུ་ཀྱི་ལི་ལི་འཁོར་བ་ལས་སྡིག་སྒྲིབ་ཁྲུད་བྱེད་ཀྱི་ཡེ་ཤེས་ཀྱི་བདུད་རྩི་དཀར་པོ་འོ་མ་ལྟ་བུ་ཆར་འབབས་པ་ལྟར་བབས་པས་རྡོ་རྗེ་སེམས་དཔའི་སྐུ་ལུས་གང་ཞིང་། ལྷག་མ་ཞབས་ཀྱི་མཐེ་བོང་ནས་ཕྱིར་ལུད་པ་རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་ལུས་ནང་ཀུན་གང་ཞིང་བཀྲུས་པས་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དུད་ཁུ་དང་སོལ་ཁུ་ལྟ་བུ་ནག་ནུར་ནུར་གྱི་རྣམ་པར་ཕྱིར་ཐོན་ཅིང་ལུས་ཕྱི་ནང་ཀུན་དག་པ་གཙང་མའི་རྣམ་པར་འཁྲུས་ནས་རང་ལུས་དུང་ལྟར་དཀར་ལྟེམ་མེར་གྱུར་པར་བསྒོམ༷་མོ།།

སྔར་བྱས་ཀྱི་མི་དགེ་བ་ལ་འགྱོད་སེམས་དང་ཕྱིན་ཆད་དེ་ལྟ་བུ་མི་བགྱི་སྙམ་པའི་སྡོམ་སེམས་ཀྱིས་ཡི་གེ་བརྒྱ་བ་དང་བཛྲ་ས་ཏྭ་ངག་ཏུ་སྒྲ་གསལ་དག་དང་ལྡན་པར་དལ་བུར་བཟླ་བར་བྱ། མཐར་སྤྱི་བོའི་རྡོ་རྗེ་སེམས་དཔའ་ཞལ་འཛུམ་པ་དང་བཅས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉམས་ཆགས་ཐམས་ཅད་དག་པར་གྱུར་ཏོ་ཞེས་གཟེངས་བསྟོད་པའི་དབུགས་དབྱུང་བ་དང་མཉམ་དུ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་། རང་ཉིད་སྐད་ཅིག་གིས་རྡོ་རྗེ་སེམས་དཔར་གནས་གྱུར་པ་དང་། དེ་ནས་རྡོ་སེམས་ཡང་དམིགས་མེད་དུ་བསྡུ་བ་སོགས་ཐུན་བཅད་དེ་འབད་པར་བྱའོ།།

སྤྱིར་སྡིག་པ་བཤགས་པ་ལ་ཡིག་བརྒྱ་བཟླ་བ་དང་རྡོར་སེམས་བསྒོམ་པ་ཙམ་གྱིས་མི་ཆོག་པར་གཉེན་པོ་སྟོབས་བཞི་ཚང་བ་ཤིན་ཏུ་གལ་ཆེ། སྔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་རྡོར་སེམས་སྒོམ་བཟླས་འདི་སྡིག་པ་འདག་སྟོབས་གཞན་ལས་ཆེ་བ་ཡིན་མོད་སྟོབས་བཞི་ཚང་ན་གཞན་པའི་ལྷ་བསྒོམ་པ་དང་། མདོ་སྡེ་ཟབ་མོ་དང་རྒྱུད་ཀློག་པ་དང་། རྟེན་ལ་ཕྱག་དང་སྐོར་བ་བྱེད་པ་དང་། གཟུངས་སྔགས་བཟླ་བ་དང་། ཕྱིན་དྲུག་སོགས་དགེ་བ་གང་དང་གང་ལ་འབད་ཀྱང་སྡིག་པ་འདག་ངེས་པ་ཅན་ཡིན་པ་ནི་མདོ་རྒྱུད་མན་ངག་དག་ན་གསལ་ལོ།།

གཉེན་པོ་སྟོབས་བཞི་ནི། དང་པོ་རྟེན་གྱི་སྟོབས་སྡིག་པ་བཤགས་ཡུལ་དང་། སུན་འབྱིན་གྱི་སྟོབས་སྔར་བྱས་ཀྱི་སྡིག་པ་ལ་འགྱོད་སེམས་བསྐྱེད་པ་དང་། སོར་ཆུད་པའི་སྟོབས་ཕྱིན་ཆད་ཅི་ནས་ཀྱང་སྔར་བྱས་པ་དེ་འདྲའི་སྡིག་པ་མི་དགེ་བ་དག་མི་བྱ་སྙམ་པའི་དམ་བཅའ་བ་དང་། ཀུན་སྤྱོད་ཀྱི་སྟོབས་སྡིག་པ་འདག་པའི་ཐབས་སྣ་ཚོགས་ལ་བརྩོན་པ་དང་བཞི་བོ་ཡིན་ལ། སྡིག་པ་ཅི་བསགས་དྲན་པ་ཐམས་ཅད་ནི་མི་གསང་མི་སྦེད་པར་བཤགས་ཡུལ་གྱི་དྲུང་དུ་བརྗོད་དགོས་པ་ཡིན་པས་སྡིག་བཤགས་ཀྱི་གཞུང་དག་ཏུ་མཐོལ་ལོ། །བཤགས་སོ། །མི་འཆབ་བོ། །མི་སྦེད་དོ། །ཞེས་གསུངས་པའི་མི་འཆབ་མི་སྦེད་པའི་དོན་ནི་དངོས་སུ་གོ་ལ་མཐོལ་ལོ་ཞེས་པ་སྨྲ་བའི་དོན་ཡིན་ནོ།།

མི་དྲན་པ་དང་ཁྱད་པར་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དག་ནི་དེ་འདྲ་ཡོད་སྲིད་ན་སྙམ་དུ་ཡིད་ཡུལ་དུ་བླང་ནས་བཤགས་པར་བྱ་དགོས་པ་ལགས་ཤིང་། བཤགས་བྱའི་སྡིག་པ་ཡང་སྦྱང་བྱ་སྡིག་པའི་སྒོ་དྲུག་ཅེས་པ། དང་པོ་དུས་ཀྱི་སྒོ་ཚེ་རབས་ཐོག་མེད་ནས་དེ་རིང་གི་བར་དུ་བསགས་པའི་སྡིིག་པ་མི་དགེ་བ་ དང་། གཉིས་པ་ཀུན་སློང་གི་སྒོ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་སོགས་ཀྱིས་ཀུན་ནས་བསླངས་པའི་སྡིག་པ་མི་དགེ་བ་དང་། གསུམ་པ་འགྲིམ་པའམ་བསགས་པའི་སྒོ་ལུས་ངག་ཡིད་གསུམ་གྱིས་བསགས་པའི་སྡིག་པ་དང་། བཞི་བ་ངོ་བོའི་སྒོ་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལ་སོགས་པ་ངོ་བོ་སྡིག་པ་མི་དགེ་པར་གྱུར་པ་ཐམས་ཅད་དང་། ལྔ་བ་ཡུལ་གྱི་སྒོ་ཞི་བ་འདས་ཀྱི་ཕྱོགས་སངས་རྒྱས་དང་། འཕགས་པ་ས་ཐོབ་པ་དང་། ཆོས་དང་བླ་མ་ལ་སོགས་པར་གཤེ་ཞིང་སྐུར་བ་འདེབས་པ་ལྟ་བུ་དེ་དག་ལ་བརྟེན་ནས་བསགས་པའི་སྡིག་པ་དང་། ཀུན་ཉོན་འཁོར་བའི་ཕྱོགས་ཕ་མ་དང་། འགྲོ་བ་གཞན་ཀུན་ལ་བརྟེན་པའི་སྡིག་པ་མི་དགེ་བ་ཐམས་ཅད་དང་། དྲུག་པ་བྱེད་ལས་ཀྱི་སྒོ་ངན་སོང་གི་སྡུག་བསྔལ་མུ་མཐའ་མེད་པ་སྐྱེད་བྱེད་དུ་གྱུར་པའི་སྡིག་པ་མི་དགེ་བ་རྣམས་སོ།།

དེ་ཡང་བསགས་ཚུལ་ལ་གཞི་བསམ་པ་སྦྱོར་བ་མཐར་ཐུག་གི་ཡན་ལག་བཞི་ཚང་བས་བསགས་པ་སྡིག་པའི་དངོས་གཞི་རྫོགས་པ་དང་། འགའ་རེ་མ་ཚང་བས་བསགས་པ་ཡན་ལག་གི་ཉེས་པ་དང་། ཉེས་པ་ཕྲ་མོར་གྱུར་པ་དང་། བསམ་པ་ཡང་སྡིག་པ་ཡིན་པར་མ་ཤེས་པ་དང་། གོ་ཐོས་ཡོད་ཀྱང་སྡིག་པ་ཡིན་པར་ཡིད་མ་ཆེས་པའི་མ་གུས་པ་དང་། སྡིག་པ་ཡིན་པར་ཤེས་ཤིང་བྱ་མི་རུང་བ་ལ་ཡིད་ཆེས་ཙམ་ཡོད་ཀྱང་རྒོད་བག་གི་དབང་དུ་ཤོར་ཏེ་སྒོ་གསུམ་སྡོམ་མ་ནུས་པའི་བག་མེད་པ་དང་། ཉོན་མོངས་པ་མང་ཞིང་རགས་པའམ་ཆེ་བའི་དབང་གིས་སྒོ་གསུམ་ཉོན་མོངས་པའི་དབང་དུ་ཤོར་ནས་བྱས་པ་གང་ཡིན་ཡང་ཁྱད་མེད་པར་སྡིག་པའམ་ཉེས་པ་ཡོད་པ་ཡིན་ཏེ། འདུལ་བ་བསྡུ་བ་ལས། དེ་ཡི་རྒྱུ་ཡང་རྣམ་བཞི་སྟེ། །མི་ཤེས་པ་དང་བག་མེད་དང་། །ཉོན་མོངས་མང་དང་མ་གུས་པའོ། །ཞེས་གསུངས་པའི་ཕྱིར་རོ།།

སྡིག་བཤགས་ཀྱི་ཐབས་ལ་ཡང་སྦྱོར་བ་རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་ནམ་བླ་མ་དང་ཡུལ་གཉན་པོའི་དྲུང་དུ་ཕྱག་དང་མཆོད་པ་ལ་སོགས་པ་ཕུལ་ནས་སྡིག་པ་བཤགས་པའི་ཉེར་བསྡོག་རྩོམ་པ་དང་། དངོས་གཞི་སྔར་བྱས་ཀྱི་སྡིག་པ་དངོས་སུ་བཤགས་པ་དང་། རྗེས་སུ་རྒྱལ་བའི་བཀའ་མདོ་རྒྱུད་དག་ལས་སྡིག་པ་བཤགས་ན་འདག་ཐུབ་པར་གསུངས་པས་ད་ནི་བདག་གི་སྡིག་པ་དེ་རྣམས་དག་ཡོད་སྙམ་པའི་ངེས་ཤེས་བསྐྱེད་ཅིང་སྡིག་བཤགས་ལ་འབད་པའི་དགེ་རྩ་རྫོགས་བྱང་ལ་བསྔོ་དགོས་པ་ལགས་སོ།།གཉིས་པ་ནང་གི་སྦྱོང་ངམ་ནང་གི་བསྒོམ་བཟླས་ནི། ནང་དུ་ཧཾ་ཡིག་བདེ་ཆེན་ཡུམ་དང་སྦྱོར། །ཞེས་པས་བསྟན་ཅིང་དོན་ནི། རྡོར་སེམས་ལ་བརྟེན་ནས་ནང༷་ལྟར་གྱི་སྡིག་སྒྲིབ་སྦྱོང་བའི་ཐབས་ལ་ནི་རང་ཉིད་རྡོར་སེམས་ཡུམ་དང་བཅས་པ་བསྒོམ་པའི་རྩ་དབུ་མའི་ཡར་སྣེ་སྤྱི་བོ་བདེ་ཆེན་འཁོར་ལོའི་རྩ་འཁོར་གྱི་ནང༷་དུ༷་བྱང་ཆུབ་སེམས་ཀྱི་ངོ་བོ་ཡི་གེ་ཧཾ༷་ཡིག༷་དཀར་པོ་མགོ་ཐུར་དུ་བསྟན་པ་ཐབས་བདེ་བ་ཆེན་པོ་མཚོན་བྱེད་དང་། ཡུམ་གྱི་གསང་བ་བདེ་སྐྱོང་འཁོར་ལོའི་རྩ་འདབ་ཏུ་ཡེ་ཤེས་ཀྱི་གཏུམ་མོའི་ངོ་བོ་ཡི་གེ་ཨ་ཤད་ཀྱི་རྣམ་པ་ཤེས་རབ་སྟོང་པ་ཉིད་ཀྱི་མཚོན་བྱེད་དུ་གསལ་གདབ། དེ་ནས་བདེ༷་ཆེན༷་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོས་བཟུང་བའི་ཆེད་དུ་ཡུམ༷་དང༷་སྦྱོར༷་ཞིང་རླུང་དབུ་མར་བཟུང་སྟེ་ཡུམ་གྱི་གསང་བའི་ཨ་ཤད་ལ་མེ་སྦར། མེ་དེ་ཡུམ་གྱི་པདྨོ་ལས་ཡབ་ཀྱི་རྡོ་རྗེའི་སྦུབས་ནས་དབུ་མའི་ནང་བརྒྱུད་ནས་སྤྱི་བོའི་ཧཾ་ཡིག་བཞུས་པ་ལས་ཐིག་ལེ་ཆར་ལྟར་འཛེག་པ་མགྲིན་པ་དང་། སྙིང་ག། ལྟེ་བ། གསང་བའི་རྩ་འཁོར་རྣམས་སུ་བབས་པ་ལས་དགའ་བདེའི་ཡེ་ཤེས་ངོས་བཟུང་སྟེ་གཉེན་པོ་སྟོབས་བཞི་དྲན་པས་ཡང་ཡང་བསྒོམ་པ་ནི་ནང་གི་བསྒོམ་བཟླས་སོ།།

གསུམ་པ་གསང་བའི་སྒྲིབ་སྦྱོང་ངམ་གསང་བའི་བསྒོམ་བཟླས་ནི། གསང་བ་རིག་སྟོང་དྲི་མས་མ་གོས་པ། །སྒྲིབ་སྦྱོང་རྒྱལ་པོ་རྡོར་སེམས་བསྒོམ་བཟླས་གཟབ། །ཅེས་པས་བསྟན་ལ། གསང༷་བ༷་ལྟར་གྱི་རྡོར་སེམས་བསྒོམ་བཟླས་སམ་སྡིག་པ་བཤགས་པའི་ཐབས་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པའི་ཡེ་ཤེས་ཕྱོགས་གར་ཡང་མ་ལྷུང་རྒྱ་གང་དུ་ཡང་མ་ཆད་པར་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀློང་དུ་འུབ་ཀྱིས་རྫོགས་པའི་རིག༷་པ་དང་སྟོང༷་པ་དབྱེར་མེད་པ་གཟུང་འཛིན་སྤྲོས་པའི་དྲི༷་མས༷་ཡེ་ནས་མ༷་གོས༷་པ༷་ལ་མཉམ་པར་བཞག་ན་སྒྲིབ༷་སྦྱོང༷་ཐམས་ཅད་ཀྱི་མཆོག་གམ་རྒྱལ༷་པོ༷་ལྟ་བུ་ཡིན་ཏེ། ཇི་སྐད་དུ། ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚངས་མཆོག་ཡིན་གསུངས། །ཞེས་གསུངས་པའི་ཕྱིར། དེས་ན་དེ་འདྲའི་སྒྲིབ་སྦྱོང་གི་མཆོག་དམིགས་མེད་ཀྱི་ལྟ་བ་བསྒོམ་པ་སོགས་དང་རྡོར༷་སེམས༷་བསྒོམ༷་བཟླས༷་ལ་དུས་རྟག་ཏུ་བརྩོན་པ་གཟབ༷་ནན་གྱིས་སྡིག་པ་བཤགས་པའི་ཐབས་ལ་འབད་པར་བྱའོ་ཞེས་པའོ།།

བླ་མའི་རྣལ་འབྱོར།

ལྔ་བ་བླ་མའི་རྣལ་འབྱོར་ལ་ནི། བླ་རྣམ་བསྒོམ་ཚུལ་དངོས་དང་། གསོལ་བ་ཕུར་ཚུགས་སུ་འདེབས་པ་དང་།བྱིན་རླབས་འཇུག་པའི་ཚད་བསྟན་པ་དང་གསུམ་ལས། དང་པོ་ལ་ཡང་ཕྱི་ནང་གསང་བ་གསུམ་ཡོད་པ་ལས། དང་པོ་ཕྱི་ལྟར་གྱི་བླ་མའི་རྣལ་འབྱོར་ནི། བླ་མ་མདུན་མཁར་བསྒོམ་ནས་དབང་བཞི་བླང་། །ཞེས་པས་བསྟན་ཅིང་། དེ་ཡང་གཞུང་དུ་མར་བྱིན་རླབས་འཇུག་པའི་དགོས་ཆེད་ལ་སོགས་པ་ཡོད་ཕྱིར་རང་ཉིད་ཐ་མལ་དུ་མི་འཛིན་པར་ཡེ་ཤེས་པའི་ལྷ་སྐུ་ཞིག་གི་རྣམ་པར་བསྒོམ་དགོས་པར་གསུངས་ཤིང་། གཞུང་དུ་མར་བསྒོམ་པར་བཤད་བྱའི་ལྷ་སྐུ་ལ་མི་མཐུན་པ་མང་ལ། གནམ་ཆོས་ལས་རྡོ་སེམས་བསྒོམ་བཟླས་ཀྱི་མཇུག་ཏུ་རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་རང་རྡོ་རྗེ་སེམས་དཔར་གྱུར་པ་བསྡུ་རིམ་མི་བྱེད་པར་རྡོ་རྗེ་སེམས་དཔའི་སྤྱི་བོར་བླ་མ་བསྒོམ་པར་གསུངས། འདིར་ནི་རྡོར་སེམས་འོད་ཞུ་དང་། བླ་མ་གང་གི་རྣམ་པར་བསྒོམ་པ་དང་། རང་གང་གི་རྣམ་པར་བསྒོམ་པ་སོགས་གསལ་ཁ་མི་སྣང་ཡང་རྡོར་སེམས་འོད་ཞུ་དང་མཐར་རང་ཡང་དམིགས་མེད་དུ་བསྡུ་བ་བཅས་གཞུང་གཞན་གྱི་རྒྱས་འགེབས་བྱས་པ་ཡིན་ལ། འདིར་ཡང་སྙིང་ཐིག་གི་གཞུང་ལྟར་བླ་མ་པདྨ་འབྱུང་གནས་དང་རང་ཉིད་ངོ་བོ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་རྣམ་པ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་བསྒོམ་པར་བྱས་ན་མི་རུང་བ་མེད་པས། དེ་ལྟར་བྱས་ཏེ་རང་ཉིད་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་པོ་གཅེར་བུ་རུས་པའི་རྒྱན་གྱིས་བརྒྱན་པ་ཕྱག་གཡས་ཐོད་པའི་ཌ་མ་རུ་དང་། ཕྱག་གཡོན་གྲི་གུག་དཀུར་བསྟེན་པ་བཞེངས་སྟབས་ཅན་སྤྱན་གཉིས་ཧྲིག་ཧྲིག་བླ་མའི་ཞལ་ལ་བལྟ་བ་ཞིག་གསལ། དེ་བླ༷་མ༷་བསྒོམ་པ་ནི་རྡོ་རྗེ་རྣལ་འབྱོར་མ་རང་གི་མདུན༷་གྱི་ནམ་མཁར༷་ཅུང་ཟད་འཕགས་པའི་གནས་སུ་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྗེ་བཙུན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་སྐུ་མདོག་དཀར་དམར་ཞི་མ་ཁྲོ་ལ་འཛུམ་པའི་ཉམས་དང་བཅས་པ། ཞལ་ཕྱག་ཆ་ལུགས་ཐམས་ཅད་གོང་གི་སྐྱབས་འགྲོའི་ཚོགས་ཞིང་གི་སྐབས་སུ་བཤད་པ་ལྟ་བུ་ཞིག་བསྒོམས་པའི་མཐའ་འཁོར་དང་སྟེང་ཕྱོགས་སུ། བརྒྱུད་པའི་བླ་མ་རྣམས་སྤྲིན་དཔུང་འཁྲིགས་པ་ལྟར་བཞུགས་པར་གསལ་བའམ་ཡང་ན་ཀུན་འདུས་ནོར་བུའི་ལུགས་སུ་བསྒོམ་པ་གང་བྱས་ཀྱང་རུང་ལ། དེའི་སྤྱི་བོར་སྐུའི་ངོ་བོ་ཨོཾ་དཀར་པོ་དང་། མགྲིན་པར་གསུང་གི་ངོ་བོ་ཨཱཿ དམར་པོ། སྙིང་ཀར་ཐུགས་ཀྱི་ངོ་བོ་ཧཱུྃ་མཐིང་ག་གསུམ་བསྒོམ༷ས་ན༷ས་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་འཕྲོས་ཏེ་རང་གི་སྤྱི་བོར་ཐིམ་པས་སྐུ་བུམ་པའི་དབང་ཐོབ། ལུས་ཀྱི་སྒྲིབ་པ་དག། ལུས་བསྐྱེད་རིམ་བསྒོམ་པ་ལ་དབང་ཞིང་འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་བསམ། མགྲིན་པའི་ཨཱཿ ལས་འོད་ཟེར་དམར་པོ་འཕྲོས་ཏེ་རང་གི་མགྲིན་པར་ཐིམ་པས་ངག་གི་སྒྲིབ་པ་དག། གསུང་གསང་བའི་དབང་ཐོབ། ལམ་རྫོགས་རིམ་སྒོམ་པ་ལ་དབང་ཞིང་འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་མོས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ག་འཕྲོས་ཏེ་རང་གི་སྙིང་གར་ཐིམ་པས་ཡིད་ཀྱི་སྒྲིབ་པ་དག། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་ཐིག་ལེ་བསྒོམ་པ་ལ་དབང་ཞིང་འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་བསམ། དེ་ནས་སླར་ཡང་བླ་མའི་སྐུའི་ཆ་ཀུན་ནས་འོད་ཟེར་ཁ་དོག་སྣ་ལྔ་འཕྲོས་ཏེ་རང་གི་གནས་ལྔར་ཐིམ་པས་སྒོ་གསུམ་ཆ་མཉམ་པའི་སྒྲིབ་པ་དག། དབང་བཞི་བ་ཚིག་དབང་རིན་པོ་ཆེ་ཐོབ། ལམ་བསྐྱེད་རྫོགས་དབྱེར་མེད་བསྒོམ་པ་ལ་དབང་ཞིང་། འབྲས་བུ་ངོ་བོ་ཉིད་སྐུ་རྒྱུད་ལ་ཐོབ་པའི་སྐལ་བ་ཅན་དུ་བྱས་པར་བསམ་པའི་སྒོ་ནས་དབང༷་བཞི༷་དེ་ལྟར་ལེགས་པར་བླང༷་ཞིང་གསོལ་བ་ཤུགས་དྲག་འདེབས་པར་བྱ་བ་ནི་ཕྱིའི་བླ་མའི་རྣལ་འབྱོར་སྒོམ་ཚུལ་ལོ།།

གཉིས་པ་ནི། དབུ་མའི་ནང་བསྒོམ་བདེ་སྟོང་འབར་འཛག་དང་། །ཞེས་པའི་རྐང་པ་གཅིག་གིས་བསྟན་ཅིང་དོན་ནི། རང་ལུས་རྡོ་རྗེ་རྣལ་འབྱོར་མ་བསྒོམ་པའི་ལུས་དབུས་སུ་རྩ་དབུ༷་མའི༷་ནང༷་དུ་ངོ་བོ་བླ་མ་ཡིན་པ་ལ་རྣམ་པ་ཧཾ་ཡིག་དཀར་པོ་གཅིག་བསྒོམ༷་ནས་རླུང་དྷཱུ་ཏཱིར་ཐིམ་པའི་རླུང་གིས་ལྟེ་བའི་རཾ་ཡིག་ཨ་ཤད་ཀྱི་རྣམ་པ་ལས་གཏུམ་མོའི་མེ་སྦར་ཏེ་ཧཾ་ཡིག་བཞུས་པས་བླ་མའི་སྐུ་གསུང་ཐུགས་གསུམ་རྗེས་ཆགས་ཀྱི་བདུད་རྩིར་ཞུ་ནས་རང་གི་ལུས་ངག་ཡིད་གསུམ་གྱི་གནས་མགྲིན་པ་སྙིང་ཀ་ལྟེ་བ་རྣམས་ལ་ཐིམ་ཞིང་དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་དང་ཆབ་གཅིག་བླ་མའི་ཐུགས་དེ་རང་སེམས་བདེ༷་སྟོང༷་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོར་དབྱེར་མི་བྱེད་པར་གྱུར་བར་བསྒོམ་པའི་གོང་བཤད་ཐིག་ལེ་འབར༷་འཛག༷་གི་རྣལ་འབྱོར་ལྟར་བསྒོམ་པ་དང༷་མཐུན་པར་ཉམས་སུ་ལེན་པ་ནི་ནང་གི་བླ་མའི་རྣལ་འབྱོར་རོ།།

གསུམ་པ་ནི། སྙིང་ཁར་བསྒོམས་ནས་ཐུགས་ཡིད་དབྱེར་མེད་བསྲེ། །བླ་མའི་རྣལ་འབྱོར་རྒྱུན་དུ་ཆག་མེད་མཛོད། །ཅེས་པའི་གཙོ་བོ་ཚིག་རྐང་དང་པོས་བསྟན་ཅིང་ཚིག་རྐང་ཕྱི་མ་དེ་གསུམ་ཀའི་ཐ་མའི་གསལ་བྱེད་ཡིན་ཚུལ་འོག་ཏུ་འཆད། དོན་ནི་དུས་རྟག་ཏུ་བླ་མ་དེ་ཉིད་རང་གི་སྙིང༷་ཁ༷ར་རྩ་འདབ་མ་བརྒྱད་པའི་དབུས་སུ་བསྒོམས༷་ནས༷་བླ་མའི་ཐུགས༷་དང་རང་གི་ཡིད༷་གཉིས་གདོད་ནས་བདེན་པར་མ་གྲུབ་ཅིང་སྤྲོས་པའི་མཚན་མ་ཉེ་བར་ཞི་བའི་བདག་ཉིད་ཅན་གྱི་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་ཐ་དད་མེད་པར་དབྱེར༷་མེད༷་རོ་གཅིག་ཏུ་བསྲེ༷་བར་བྱས་ཏེ་གནས་ལུགས་བསམ་བརྗོད་མེད་པའི་ངང་ལ་མཉམ་པ་བཞག་པ་ནི་གསང་བའི་བླ་བའི་རྣལ་འབྱོར་ཞེས་བྱ་སྟེ། དེ་འདྲའི་ཕྱི་ནང་གསང་བ་གསུམ་གྱི་བླ༷་མའི༷་རྣལ༷་འབྱོར༷་དེ་རྒྱུན༷་དུ༷་ཆག༷་མེད༷་ཆད་མེད་དུ་ཉམས་སུ་ལེན་པ་ལ་བརྩོན་པར་མཛོད༷་ཅིག་ཅེས་ཞལ་གདམས་མཛད་པ་པོས་ཉེ་བར་ནན་སྐུལ་མཛད་པ་ཡིན་ཞིང་། ཚིག་རྐང་དེ་དེ་ལྟར་ཕྱི་ནང་གསང་གསུམ་གྱི་བླ་རྣམ་ལ་བརྩོན་པའི་སྐུལ་ལྕགས་གནང་བའི་ཐ་མའི་གསལ་བྱེད་དེ་ཕྱིའི་བླ་མའི་རྣལ་འབྱོར་ལ་རྒྱུན་དུ་ཆག་མེད་དང་། ནང་གི་བླ་རྣམ་ལ་རྒྱུན་དུ་ཆག་མེད་དང་། གསང་བའི་བླ་རྣམ་ལ་རྒྱུན་དུ་ཆག་མེད་མཛོད་ཅེས་པའོ།།

གཉིས་པ་གསོལ་བ་ཕུར་ཚུགས་སུ་འདེབས་པ་ནི། བླ་མ་ནམ་དྲན་ལག་པའི་ཐལ་མོ་སྦྱོར། །མོས་གུས་དྲག་པོས་མཐོ་དམན་གར་གཏོང་ཡང་། །རེ་ས་གཞན་ན་མེད་པའི་གདུང་ཤུགས་བསྐྱེད། །ཅེས་པའི་རྐང་གསུམ་གྱིས་བསྟན་ཅིང་། དོན་ནི་རང་གི་བཀའ་དྲིན་ཅན་གྱི་བླ༷་མ༷་དམ་པ་དེ་དུས་ནམ༷་དྲན༷་ན་དྲན་པའི་དུས་དེར་ལག༷་པ༷་གཉིས་ཀའི༷་ཐ༷ལ་མོ༷་སྦྱོ༷ར་ཏེ་དད་པ་དང་། མོས༷་པ་དང་། ཡིད་ཆེས་པའི་གུས༷་པ་ཤིན་ཏུ་དྲག༷་པོས༷་མཐོ༷་བདེ་འགྲོ་ལྷ་མིའི་འཇིག་རྟེན་ནས་མྱང་འདས་ཀྱི་ས་བར་དང་། དམའ་བའམ་དམན༷་པ་ངན་སོང་གི་གནས་རིས་གང་དུའམ་གར༷་གཏོང༷་བ་ནི་བླ་མ་ཁྱེད་ཤེས། ཁྱེད་མཁྱེན། ཞེས་པ་སྟེ་དོན་ལ་ཡར་མྱང་འདས་དང་མཐོ་རིས་སུ་འདྲེན་པ་ལས་མར་ངན་སོང་དང་མི་ལུས་ངན་པར་མི་གཏོང་བ་ཡང༷་བླ་མ་ཁྱེད་ཀྱིས་ཐུགས་རྗེས་གཟིགས་ཤིག། མཁྱེན་པར་མཛོད་ཅིག། བདག་ལ་ནི་བླ་མ་ཁྱེད་མ་གཏོགས་པའི་རེ་༷ས༷་གཞན༷་ནི་གང་ཟག་སུ་ཡང་མེད་ལ། ཡུལ་གང་ན༷འང་མེད༷་དོ་ཞེས་པའི༷་གདུང༷་ཤུགས༷་དྲག་པོ་བསྐྱེད༷་དེ་གསོལ་བ་ཕུར་ཚུགས་སུའམ་མདུང་འདེད་ཀྱི་ཚུལ་ལྟར་འདེབས་པར་མཛོད་ཅེས་པའོ།།

གསུམ་པ་བྱིན་རླབས་འཇུག་པའི་ཚད་བསྟན་པ་ནི། བ་སྤུ་གཡོ་ཞིང་མཆི་མ་འཁྲུགས་པ་ཞིག །འབྱུང་ན་ངེས་པར་བྱིན་རླབས་རྒྱུད་ལ་འཇུག །ཅེས་པས་བསྟན། དེ་ལྟར་བླ་མའི་རྣལ་འབྱོར་ཉམས་སུ་བླངས་ཤིང་བླ་མ་ལ་གསོལ་བ་བཏབ་པ་ན་བླ་མའི་ཡོན་ཏན་དང་བཀའ་དྲིན་དྲན་པ་དང། ཐ་ན་མཚན་དྲན་པ་དང་མཚན་ནས་བོས་པ་ཙམ་གྱིས་རང་དབང་མེད་པར་ལུས་ཀྱི་བ༷་སྤུ༷་གཡོ༷་ཞིང༷་མིག་ནས་མཆི༷་མ༷་འཁྲུགས༷་པ༷་དང་བླ་མ་དྲན་པའི་དད་གདུང་གིས་སྡོད་མི་ཚུགས་པ་ཞིག༷་ནམ་འབྱུང༷་བར་གྱུར་ན༷་དེ་དུས་ངེས༷་པར༷་དུ་བླ་མའི་བྱིན༷་རླབས༷་རྒྱུད༷་ལ་འཇུག༷་པ་ཡིན་པས་ཚད་དེ་འདྲ་ལ་སོན་པའི་བར་བླ་མར་གསོལ་བ་བཏབ་ཅིང་བླ་མའི་རྣལ་འབྱོར་བསྒོམ་ནས་བླ་མ་ལ་དད་གུས་ཡོད་པ་ཞིག་ཅིས་ཀྱང་གལ་ཆེའོ།།

དྲུག་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར།

དྲུག་པ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ལ་ནི། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གསང་བ་སྦས་དོན་རླུང་གི་རྣལ་འབྱོར་བསྒོམ། །ཞེས་པའི་རྐང་པ་གཅིག་གིས་བསྟན། དེ་ལྟར་ཐུན་མོང་གི་བློ་སྦྱོང་དང་། མདོ་སྔགས་ཀྱི་ལམ་གྱི་འཇུག་སྒོ་དང་རྨང་གཞི་སྐྱབས་འགྲོ་སེམས་བསྐྱེད་དང་། ཚོགས་གསོག་པ་མཎྜ་ལ་དང་། སྔགས་ཀྱི་ཐུན་མིན་གྱི་ཉམས་ལེན་རྡོར་སེམས་བསྒོམ་བཟླས་དང་། བླ་མའི་རྣལ་འབྱོར་བཅས་སྔོན་དུ་སོང་ནས། ད་ནི་གསང༷་བ༷་རྫོགས་པའི་རིམ་པ་ལས་རྒྱུད་སྡེ་འོག་མ་དག་ཏུ་མ་བསྟན་པའི་སྦས༷་དོན༷་ཟབ་མོ་མ་དག་མཚན་མའི་རྣམ་རྟོག་འཇོམ་བྱེད་རྩ་དང་རླུང༷་གི༷་སྦྱོར་བ་དང་། ཐིག་ལེའི་རྣལ༷་འབྱོར༷་ལ་བརྩོན་པ་བསྐྱེད་དེ་བསྒོམ༷་དགོས་པ་ཡིན་ཏེ། རིན་ཆེན་འབར་བའི་རྒྱུད་ལས། རང་བཞིན་གནས་པའི་རྩ་རླུང་སོགས། །ཁྱད་པར་ལམ་གྱི་རྒྱུ་ཡིན་ཏེ། །ཞེས་དང་། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། འཇིག་རྟེན་འདས་དང་འཇིག་རྟེན་པའི། །ལམ་ནི་རྩ་དང་ཐིག་ལེ་དང་། །རླུང་ནི་ཕྱི་ནང་དྭངས་སྙིགས་དང་། །ལམ་དང་རྒྱུ་བའི་ཚུལ་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རོ།།གཉིས་པ་རྒྱས་པར་བཤད་པ་ལ་རྩའི་རྣམ་བཞག་དང་། རླུང་གི་རྣམ་བཞག་དང་། ཐིག་ལེའི་རྣམ་བཞག་དང་། དེ་དག་གི་ཕན་ཡོན་དང་བཞི་ལས། དང་པོ་ནི། སྣོད་བཅུད་ཐམས་ཅད་སྐུ་གསུམ་རོལ་བའི་ཞིང་། །ཆོས་འབྱུང་ཉིས་བརྩེགས་མེ་དཔུང་འབར་བའི་ཀློང་། །རང་ཉིད་གསང་ཡེ་རྒྱན་དང་ཆ་ལུགས་རྫོགས། །སྐུ་དབུས་རོ་རྐང་དབུ་གསུམ་ཚུལ་བཞིན་བསྒོམ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན། ཐོག་མར་རྩའི་སྟོང་ར་བསྒོམ་ཚུལ་ནི་ཕྱི་སྣོད༷་ཀྱི་འཇིག་རྟེན་ཐམས་ཅད་དག་པ་ཡེ་ཤེས་ལས་གྲུབ་པའི་ཞིང་དང་གཞལ་ཡས་ཁང་རྒྱན་དང་དབྱིབས་བཀོད་ཚད་མེད་པའི་རྣམ་པ་ཅན་དང་། ནང་བཅུད༷་ཀྱི་འགྲོ་བ་ཐམས༷་ཅད༷་དག་པ་ཡེ་ཤེས་པའི་ལྷ་དང་ལྷ་མོའི་རང་བཞིན་ཆོས་ལོངས་སྤྲུལ་གསུམ་སྟེ་སངས་རྒྱས་སྐུ༷་གསུམ༷་གྱི་བདག་ཉིད་ཅན་གྱིས་ལོངས་སྤྱོད་པའམ་རོལ༷་བའི༷་རང་བཞིན་པའི་ཞིང༷་ཁམས་ཀྱི་རྣམ་པར་མོས་ཤིང་། གཏེར་ཆེན་གྱི་རང་གཏེར་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བརྟེན་པའི་བདེ་སྡོང་རླུང་གི་རྫོགས་རིམ་ལས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ༔ རྒྱན་དང་ཆ་ལུགས་རྫོགས་པར་བསྒོམ༔ དབུ་མ་མཚན་ཉིད་བཞི་དང་ལྡན༔ གཡས་གཡོན་རོ་རྐྱང་དཀར་དམར་གཉིས༔ གཙོ་བོ་རྩ་གསུམ་འཁོར་ལོ་ལྔ༔ ཚུལ་བཞིན་མ་འདྲེས་ལམ་མེར་གསལ༔ ཞེས་གསུངས་པ་ལྟར། ཞིང་དང་གཞལ་ཡས་ཁང་དེའི་དབུས་སུ་ཆོས༷་འབྱུང༷་ཉིས༷་བརྩེག༷ས་ཏེ་ཆོས་འབྱུང་དམར་པོ་སྣོལ་མར་གནས་པའི་གདན་དང་། མེ༷་དཔུ༷ང་དམར་ནག་རབ་ཏུ་འབར༷་བའི༷་ཀློང༷་དབུས་སུ་རང༷་ཉིད༷་མཁའ་འགྲོ་མ་གསང༷་བ་ཡེ༷་ཤེས་སྐུ་མདོག་དམར་པོ་བྱུ་རུའི་ལྷུན་པོ་ལ་ཉི་བྱེད་འོད་ཀྱིས་འཁྱུད་པ་ལྟ་བུ། ཞལ་གཅིག་ཕྱག་གཉིས་པ། སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས་པ། ཞི་ཆགས་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ། ཕྱག་གཡས་ཀྱིས་ཁ་ཊྭཱཾ་ཀ་ཡབ་ཀྱི་ཚུལ་དུ་སྐུ་ལ་བརྟེན་པ་དང་། གཡོན་པས་ཀཱ་པ་ལ་རཀྟས་བཀང་བ་ཞལ་དུ་སྟོབ་པའི་ཚུལ་དུ་འཛིན་པ། ཞབས་གཉིས་འདོར་ཐབས་ཀྱིས་པད་ཟླ་ཉི་མ་ནོར་བུ་དགའ་འཁྱིལ་གྱི་གདན་ལ་བཞེངས་པ། བདེ་མཆོག་ཉུང་ངུ་ལས། མགུལ་རྒྱན་གདུ་བུ་དཔུང་རྒྱན་དང་། །རྣ་རྒྱན་ཚངས་པའི་སྐུད་པ་དང་། །དོ་ཤལ་མགོ་བོའི་ཕྲེང་བ་དང་། །སྐེ་རགས་སིལ་སིལ་སྒྲ་སྒྲོག་པ། །ཞེས་གསུངས་པ་ལྟར་གྱི་རིན་པོ་ཆེའི་དབུ་རྒྱན་དང་། མགུལ་རྒྱན། སྙན་རྒྱན། དཔུང་རྒྱན། དོ་ཤལ། སེ་མོ་དོ། ཕྱག་ཞབས་ཀྱི་གདུ་བུ་སོགས་དང་། ཕྱག་ཆེན་ཐིག་ལེ་ལས། རྣ་ཆ་གདུ་གུ་འཁོར་ལོ་དང་། །མགུལ་དོ་དེ་བཞིན་ཐལ་བ་དང་། །ཚངས་པའི་སྐུད་པ་ཕྱག་རྒྱ་དྲུག །ཅེས་གསུངས་པ་ལྟར་གྱི་རུས་པའི་རྒྱན་དྲུག་དང་། མེ་ཏོག་གི་ཕྲེང་བ་རྣམས་ཀྱི་རྒྱན༷་གྱིས་བརྒྱན་པ་དང༷་། གནག་ལ་སྣུམ་པའི་དབུ་སྐྲ་ཕྱེད་བཅིངས་དང་ལྷག་མའི་ཟུར་བུ་སིལ་མས་སྐུ་རྒྱབ་ཁེབས་པ། ནུ་འབུར་རྒྱས་ཤིང་སྐེད་སྟབས་ཕྲ་བ་སོགས་མཛེས་མའི་ཁྱད་ཆོས་དང་ཆ༷་ལུགས༷་ཐམས་ཅད་ཡོངས་སུ་རྫོགས༷་པ་ཤ་ཁྲག་གདོས་བཅས་ལས་མ་གྲུབ་པ་འོད་ཀྱི་ལུས་ཅན་གཅིག་སྐྱེད་པའི་སྐུ༷་ལུས་ཀྱི་དབུས༷་སུ་གཡས་ན་རྩ་རོ༷་མ་དམར་པོ་དང་། གཡོན་དུ་རྐྱང༷་མ་དཀར་པོ་དང་། དབུས་སུ་རྩ་དབུ༷་མ་སྔོ་སྐྱ་གསུམ༷་ཕན་ཚུན་མ་འཆོལ་ཞིང་། ཡ་ཡོ་དང་གཅུས་པ་མེད་པར་རོ་རྐྱང་གཉིས་མར་སྣེ་དབུ་མ་ལ་མདུད་ནས་ཡོད་པ་ཞིག་ལེགས་པར་གསལ་ཞིང་། དེ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་སོ་གཉིས་དང་། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག་དང་། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་དང་། ལྟེ་བ་སྤྲུལ་བའི་འཁོར་ན་རྩ་འདབ་དྲུག་ཅུ་རེ་བཞི་དང་། གསང་གནས་བདེ་སྐྱོང་འཁོར་ལོ་ན་རྩ་འདབ་སོ་གཉིས་ཡོད་པ་ཐམས་ཅད་དབུ་རྐྱང་རོ་གསུམ་ལས་གདུགས་ཀྱི་རྩིབས་མ་ལྟར་གྱེས་ཤིང་། རོ་མ་ལས་གྱེས་པ་ཐམས་ཅད་ལས་ཁམས་དམར་པོ་དང་ཁྲག་འབབས་པ་དང་། རྐྱང་མ་ལས་གྱེས་པ་དག་ལས་ཁམས་དཀར་པོ་འབབས་པ་དང་། དབུ་མ་ལས་གྱེས་པ་ཐམས་ཅད་ལས་རླུང་རྒྱུ་བ་ལ་སོགས་པ་ཚུལ༷་བཞིན༷་དུ་ལེགས་པར་བསྒོམ༷་མོ།།

མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཆ་ལུགས་ལ་ཞལ་གཅིག་ཕྱག་བཞི་བ། ཕྱག་གཡས་ཀྱི་དང་པོ་ན་གྲི་གུག་དང་། འོག་མ་ན་རལ་གྲི་འཛིན་པ། གཡོན་གྱི་དང་པོ་ན་ཐོད་པ་རཀྟས་གང་བ་དང་། འོག་མ་ན་ཁ་ཊྲཱཾ་ཀ་འཛིན་པ། ཞབས་གཉིས་གཡོན་བརྐྱངས་ཤིང་གཡས་བསྐུམ་པའི་བཞེངས་པའི་གར་སྟབས་ཅན། སྐུ་གཅེར་བུ་ལ་རུས་པའི་རྒྱན་དྲུག་གིས་བརྒྱན་པ་སོགས་མི་འདྲ་མང་པོ་བཤད་མོད་འདི་ནི་གཏེར་ཆེན་རང་ཉིད་ཀྱི་གཏེར་མ་རྫོགས་ཆེན་ཆོས་དྲུག་གི་སྔོན་འགྲོའི་ངག་འདོན་ཐར་ལམ་རིན་ཆེན་སྒྲོན་མེ་ལས། བཀོད་པ་ལྷུན་གྲུབ་ཆོས་འབྱུང་དམར་པོའི་དབུས༔ འོད་སྣང་འཇའ་གུར་བླ་བྲེ་འཁྲིགས་པའི་དལ༔ ཆགས་བྲལ་པདྨ་ཐབས་ཤེས་དགའ་འཁྱིལ་སྟེང་༔ སེམས་ཉིད་གཉུག་མ་གསང་བ་ཡེ་ཤེས་ཉིད༔ དམར་གསལ་གཞོན་ཚུལ་མཚན་དཔེའི་ལང་ཚོ་འབར༔ ཕྱག་གཡས་ཁ་ཊྭཱཾ་ཡབ་ལ་འཁྱུད་པའི་ཚུལ༔ གཡོན་པས་ཐོད་ཁྲག་ཞལ་དུ་སྟོབ་ཚུལ་མཛད༔ ཞལ་གཅིག་སྤྱན་གསུམ་སྐུ་གསུམ་དབྱིངས་སུ་གཟིགས༔ ཅུང་ཟད་ཞལ་གདངས་མཆེ་བ་ཟླ་ཚེས་དཀར༔ ལྗགས་རྩེ་གྱེན་འདྲིལ་ཞི་ཆགས་ཁྲོ་བཞད་ལྡན༔ ཞབས་གཉིས་མཉམ་པའི་འདོར་སྟབས་གདན་ལས་བཞེངས༔ དབུ་སྐྲ་ཕྱེད་བཅིངས་ཟར་བུས་སྐུ་རྒྱབ་ཁེབས༔ རཏྣ་སྣ་ཚོགས་པདྨ་རུས་པས་བརྒྱན༔ ཤིན་ཏུ་སྒེག་གཟུགས་འཇའ་དང་འོད་ཟེར་འཁྲིགས༔ ཞེས་དང་། ཡང་གཏེར་ཆེན་གྱི་རང་གཏེར་སྦས་དོན་གསང་བ་ཡུམ་གྱི་སྒྲུབ་པ་ཤིན་ཏུ་ཟབ་པ་བདེ་སྟོང་དགའ་བ་འཁྱིལ་བའི་རྒྱ་ཅན་ལས། ཡེ་ཤེས་མཁའ་འགྲོའི་གཙོ་མོ་ནི༔ གསང་བ་ཡེ་ཤེས་རྣལ་འབྱོར་མ༔ ཆགས་མེད་པདྨའི་རིགས་མཚོན་དམར༔ ཕྱག་གཡས་ཐབས་མཆོག་ཁ་ཊྭཱཾ་ཀ༔ དཔའ་བོ་ཡབ་ལྟར་སྐུ་ལ་འཁྱུད༔ གཟུང་འཛིན་བདག་མེད་དབྱིངས་སྒྲོལ་ཕྱིར༔ ཕྱག་གཡོན་ཐོད་ཁྲག་རྒྱུན་ལ་རོལ༔ རྣམ་བཞིའི་འཕྲིན་ལས་འགྲོ་འདུལ་ཕྱིར༔ ཞི་ཆགས་ཅུང་ཟད་ཁྲོ་ལ་བཞད༔ སྤྱན་གསུམ་སྐུ་གསུམ་དབྱིངས་སུ་གཟིགས༔ ཚད་མེད་བཞི་མཚོན་མཆེ་བ་དཀར༔ ཨེ་ཝཾ་འབར་འཛག་བབས་ལྡོག་མཚོན༔ ཞལ་གདངས་ལྗགས་རྩེ་ཡ་རྐན་འདྲིལ༔ དུས་གསུམ་འཕོ་འགྱུར་མེད་པའི་བརྡར༔ བཅུ་དྲུག་གཞོན་ནུ་ཤིན་ཏུ་མཛེས༔ འདོད་དགུ་ཆར་འབེབས་རིན་ཆེན་དང་༔ ཕར་ཕྱིན་དྲུག་ལྡན་རུས་ཆེན་རྒྱན༔ དྲི་མེད་ཆགས་བྲལ་པདྨའི་ཕྲེང་༔ ཡོན་ཏན་ལྷུན་རྫོགས་ཞི་ཚུལ་ལྡན༔ སྲིད་ཞིའི་མཐའ་ལ་མི་གནས་ཕྱིར༔ ཞབས་གཉིས་མཉམ་པའི་འདོར་ཐབས་ཅན༔ བདེ་སྟོང་སྔགས་ཀྱི་མྱུར་ལམ་གྱི༔ ས་ལམ་ཅིག་ཆར་ལྷུན་གྲུབ་ཕྱིར༔ གསང་བའི་པདྨ་རབ་ཏུ་རྒྱས༔ ཟབ་རྒྱས་དངོས་གྲུབ་བདུད་རྩིའི་རྒྱུན༔ འབད་མེད་སྩོལ་ཕྱིར་འོ་འཛིན་འབུར༔ སྐུ་གསུམ་མཁའ་འགྲོའི་དབང་ཕྱུག་མཚོན༔ སྨུག་ནག་དབུ་སྐྲ་ཕྱེད་བཅིངས་ཤིང་༔ ཟར་བུ་རྟིང་བའི་རྩ་བར་སླེབས༔ ཞེས་གསུངས་པ་ལྟར་གཏེར་ཆེན་རང་གི་ལུགས་དང་མཐུན་པར་བྱས་པ་ཡིན་ལ། ལས་དང་པོ་བའི་དབང་དུ་བྱས་ན་ཞབས་གཉིས་གདན་ལས་བཞེངས་པ་ཅན་ལ་དམིགས་པ་ཅུང་ཟིན་དཀའ་བ་དང་། ཞབས་གཡས་བསྐུམས་གཡོན་བརྐྱངས་ཀྱིས་གདན་ལ་བཞུགས་པ་ཅན་དུ་བསྒོམ་ན་དམིགས་པ་ཟིན་སླ་བ་ལ་ཕན་པས་དེ་ལྟར་བྱས་ཀྱང་འགལ་བ་མེད་སྙམ་མོ།།

དེ་ཡང་དབུ་མའི་ནང་དུ་ཀ་ཏི་གསེར་གྱི་རྩ་ཆེན་དང་། སྤྱི་བོར་དར་དཀར་སྣལ་མ། འཁོར་ལོ་བཞིར་ཕྲ་ལ་འཁྲིལ་བ། སྙིང་གར་ཤེལ་སྦུག་ཅན་བཞི་འོད་གསལ་གྱི་ཐིག་ལེ་འཆར་བའི་རྟེན་དུ་གྱུར་པའི་རྩ་ཆེན་བཞི་དང་། རྩ་འདབ་དག་གི་ཡལ་ག་སྟོང་ཕྲག་བདུན་ཅུ་རྩ་གཉིས་སོགས་རྩའི་དབྱེ་བ་གྱེས་ཚུལ་དང་རྡོ་རྗེའི་ལུས་གནས་སུ་བྱེད་ལས་གང་བྱེད་སོགས་མཐའ་ཡས་པ་འཆད་དུ་ཡོད་མོད་མི་སྤྲོའོ།།

སྨན་གྱི་རྒྱུད་བཞིར་ལུས་ཀྱི་རྩ་གནས་བཤད་པ་དག་ལ་དེང་སང་སྨན་པར་རློམ་པ་མང་པོ་ཞིག་གིས་དེ་དག་ནི་ཆོས་དང་འདྲེས་པའི་བཤད་པ་ཡིན་པས་སྒོམ་པ་པོའི་བསྒོམ་བྱ་ལས་དངོས་སུ་ལུས་ལ་དེ་འདྲ་ཡོད་པ་མ་ཡིན་ཞིང་འཕྲུལ་འཁོར་དག་གིས་བརྟགས་ནའང་མཐོང་རྒྱུ་ཅི་ཡང་མེད་ཟེར། ཧ་ཧ་ལུས་ལ་དངོས་སུ་མེད་ན་ནད་དཔྱད་ཀྱི་ཚེ་དེ་དག་བསྒོམ་པ་ལ་ནད་གསོའི་དགོས་པ་ཅི་ཞིག་ཡོད་དེ་ཤིང་གཅོད་སར་གཟར་བུ་ཡིད་ཀྱིས་བསྒོམ་པ་དང་ཁྱད་པར་ཅི་ཡོད། དེ་བཞིན་དུ་སྔགས་ལས་རྡོ་རྗེའི་ལུས་ཀྱི་རྩ་གནས་བཤད་པ་ལ་ཡང་རྣལ་འབྱོར་བའི་བསྒོམ་བྱ་ལས་ལུས་ལ་དངོས་སུ་ཡོད་པའི་རྩ་དང་རྩ་འདབ་ཀྱི་ཆགས་སྟངས་ཤིག་ཡིན་པར་མི་འཛིན་པའི་བླུན་པོ་ཤིན་ཏུ་མང་ངོ་།།

དེ་ནི་མིན་པར་ལུས་ལ་དངོས་སུ་དེ་འདྲའི་རྩ་ཆེ་ཆུང་མཐའ་ཡས་པ་ཞིག་ཡོད་པ་ཡིན་ལ། འགའ་རེ་ཤིན་ཏུ་དྭངས་ཤིང་ཕྲ་བའི་ཕྱིར་ཕལ་བའི་མིག་དང་འཕྲུལ་འཁོར་གྱིས་མཐོང་མི་ནུས། འཕྲུལ་འཁོར་གྱིས་ནི་དེ་འདྲའི་རྩ་དང་ཐིག་ལེ་ཕྲ་མོའི་རིགས་མ་ཟད་སྐྲང་འབུར་དང་མདོག་དབྱིབས་འགྱུར་པའི་ནད་ཚད་ཅུང་ཆེ་བར་གྱུར་པ་རྣམས་མ་གཏོགས་ནད་ཆུང་བ་དང་རླུང་ཁྲག་གི་ནད་སོགས་ཇི་བཞིན་མཐོང་ཐུབ་ཀྱིན་མེད་པ་མངོན་སུམ་མྱོང་གྲུབ་ཡིན་ནོ།།

ལུས་ལ་དངོས་སུ་དེ་འདྲའི་རྩ་དང་ཐིག་ལེ་དག་མེད་ན་བསྒོམ་བྱར་བསྟན་པ་ལ་ཡང་དགོས་པ་མེད་ཅིང་རྡོ་རྗེའི་ལུས་གནད་གཏན་ལ་དབབ་པ་ཡང་མ་ཡིན་པར་འགྱུར་པས་རྒྱུད་ནས་བཤད་པའི་རྩ་ཐིག་དག་ལུས་ལ་དངོས་སུ་མེད་པར་འདོད་པ་ནི་ལོག་རྟོག་ཆེན་པོ་སྟེ། ལོག་རྟོག་དེ་སྤོང་བར་འདོད་ན་སྔགས་ཀྱི་རྒྱུད་འགྲེལ་དག་དང་ཁྱད་པར་དུ་ཀུན་མཁྱེན་ཆེན་པོའི་ཐེག་མཆོག་མཛོད་དང་ཚིག་དོན་མཛོད་དུ་རྡོ་རྗེའི་ལུས་ཀྱི་རྩ་ཆགས་ཚུལ་དང་དེ་དག་གི་བྱེད་ལས་ལ་སོགས་པ་རྒྱས་པར་བཤད་པ་ལ་ལྟོས་དང་ལོག་རྟོག་དེ་རང་ཤུགས་སུ་འགགས་ཤིང་རྡོ་རྗེའི་ལུས་ཀྱི་རྣམ་བཞག་ལེགས་པར་ཤེས་པར་འགྱུར་ངེས་པས་མ་མཐོང་ཙམ་གྱིས་མེད་དོ་ཞེས་པའི་ཁ་ཐག་རྦད་ཀྱིས་མི་གཅོད་པ་ནི་གལ་ཆེའོ།།

གཉིས་པ་ནི། མ་དག་དུག་རླུང་སྣ་བུག་གཉིས་ནས་བསལ། །དྭངས་མ་ཡེ་ཤེས་ལྔ་ལྡན་རླུང་ཚུར་རྔུབ། །ལྟེ་བར་གསང་ཡེ་ནས་ཙམ་ཐུགས་ཀར་བསྟིམ། །རླུང་རྣམས་དབུ་མར་ཞུགས་མོས་དམ་དུ་བཟུང་། །སྙིགས་མའི་རླུང་བསལ་དེ་བཞིན་གྲངས་མང་བརྩོན། །ཅེས་པའི་ཚིགས་བཅད་གཅིག་དང་རྐང་བ་གཅིག་གིས་བསྟན། དེ་ལྟར་རྩའི་སྟོང་ར་ལེགས་པར་གསལ་ནས་ལུས་གནད་རྐང་པ་གཉིས་དཀྱིལ་ཀྲུང་འཆའ་ཞིང་ལག་པ་གཉིས་པུས་མོའི་སྟེང་དུ་འགེབས། མཇིང་པ་ཅུང་ཙམ་བཏེགས་ནས་དགྱེ། མིག་གཉིས་ཐད་ཀར་རང་བབས་སུ་གཏད། རླུང་གི་རྒྱུ་བ་རང་ཤུགས་སུ་བཞག་ལ་ཨེན་ཙམ་ལྷོད་དེ་སྡོད། དེ་ནས་ལག་པ་གཡས་པས་མཐེ་བོང་གིས་སྲིན་རྩ་སྟེ་ལག་པའི་སྲིན་མཛུབ་ཀྱི་འདྲེ་རྩ་མནན་ནས་མཛུབ་མོས་སྣ་སྦུག་གཡས་པ་བཀག་སྟེ་མ་དག་པ་དུག༷་གསུམ་གྱིས་བསྐྱེད་པའི་རླུང༷་རོ་རྣམས་ལན་གསུམ་དུ་སྤྲུག། དེ་ནས་ལག་པ་གཡོན་པས་དེ་ལྟར་བྱས་ཏེ་རླུང་རོ་ལན་གསུམ་སྟེ་ཁྱོན་དྲུག་གམ་དགུ་སྣ༷་སྦུག༷་གཉིས༷་ནས༷་ཕྱིར་སྤྲུག་ཅིང་བསལ༷་ནས། རོ་རྐྱང་གཉིས་ཀྱི་ཡར་སྣེ་སྣ་སྦུག་གཉིས་སུ་ཡོད་པ་ནས་ས་ཆུ་མེ་རླུང་ནམ་མཁའ་ལྔའི་རླུང་གི་དྭངས༷་མ༷་ཡེ༷་ཤེས༷་ལྔ༷་ལྡན༷་གྱི་རླུང༷་རྣམས་ཚུར༷་དལ་བུར་རྔུབ༷་ཅིང་དབུ་མའི་ནང་གི་ལྟེ༷་བ༷ར་གསལ་བའི་ཐད་དུ་མཁའ་འགྲོ་མ་གསང༷་བ་ཡེ༷་ཤེས་སྐུ་ནས༷་འབྲུ་ཙམ༷་གསལ་ལ་དེའི་ཐུགས༷་ཀར༷་བསྟིམ༷་ཞིང་རླུང༷་རྣམས༷་དབུ༷་མ༷འི་ནང་དུ་ཞུགས༷་པར་མོས༷་ལ་འོག་རླུང་བསྡམ་པ་དང་སྟེང་རླུང་མནན་པའི་སྒོ་ནས་རླུང་ཁ་སྦྱོར་དུ་དམ༷་དུ༷་བཟུང༷་ཞིང་། རླུང་ཐིམ་པ་ལས་བྱུང་བའི་བདེ་སྟོང་གི་དགའ་བ་ཉམས་སུ་མྱོང་བར་བྱ་བ་དང་། མཐར་རླུང་དབུ་མ་དང་སྙིང་གའི་ཐིག་ལེ་སོགས་ལ་ཐིམ་པའི་སྣང་བ་གསུམ་མམ་སྟོང་པ་བཞིའི་ཡེ་ཤེས་སྐྱེ་བ་ལ་འབད་པར་བྱ་བའོ།།

གཞུང་འགའ་རེ་ལས་འབྱུང་ལྔའི་རླུང་གི་ཁ་དོག་དང་དབྱིབས་ལ་སེམས་བཟུང་བ་དང་གྲངས་བགྲང་པར་ཡང་གསུངས་ཤིང་། རླུང་ཕྱིར་ཕུད་པའི་ལྷག་མའམ་སྐབས་འགར་རྩ་འཁོར་བཞིའི་གནས་སུ་རླུང་འཇུག་པར་བསྒོམ་དགོས་སོ།།

དེ་ལྟར་རླུང་ཅི་ཐུབ་བཟུང་མཐར་མ་ཐུབ་ཚེ་རླུང་དལ་བུས་ལྷག་རོ་མེད་པར་ཕྱིར་ཕུད་ཅིང་། དེ་ནས་ཡང་སྙིགས༷་མའི༷་རླུང༷་རྣམས་བསལ༷་ནས་གོང་བཤད་དེ༷་ཇི་ལྟ་བ་བཞིན༷་དུ་ཉིན་རེ་ལ་ལན་གྲངས༷་མང༷་དུ་བསྒོམ་ཏེ་བརྩོན༷་པ་བྱས་ན་ནམ་ཞིག་རླུང་ལྔ་ལས་སུ་རུང་བའི་རྟགས་སུ་ནང་དུ་ཤེས་པ་ལ་བདེ་གསལ་མི་རྟོག་པའི་ཉམས་དང་སྟོང་གཟུགས་སྣ་ཚོགས་འཆར་བ་དང་། གཡས་གཡོན་སོགས་ཀྱི་རླུང་རེ་རེ་དབུ་མར་ཞུགས་པའི་རྟགས་སུ་དུ་བ་རྨིག་རྒྱུ་མར་མེ་སྤྲིན་ལ་སོགས་པའི་སྣང་བའི་རྟགས་དང་། རླུང་ཐམས་ཅད་དབུ་མར་ཞུགས་པའི་རྟགས་སུ་འཇའ་ཚོན་དང་། ཐིག་ལེ། ལྷ་སྐུ། ཕྱག་མཚན་ལ་སོགས་པ་འཆར་བ་དང་། འགྲོ་དྲུག་གི་རླུང་སེམས་འདུས་པའི་རྟགས་སུ་ལྷ་དང་དམྱལ་བ་མི་ལ་སོགས་པའི་འགྲོ་དྲུག་གི་ཡུལ་སྣང་སྣ་ཚོགས་འཆར་བ་ཡིན་ནོ།།

དེ་ཚེ་འགྲོ་དྲུག་གི་སེམས་ཅན་ལ་སྙིང་རྗེ་བསྐྱེད་ཅིང་། རླུང་གི་ཐབས་དེས་རང་གི་ཤེས་པ་གསལ་དྭངས་བྱེད་དུས་ཆོས་ཐམས་ཅད་དང་རང་སེམས་བདེན་པར་མ་གྲུབ་པ་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ལྟ་བ་ངོས་ཟིན་པར་བྱས་ཏེ། དེའི་ངང་སྐྱོང་བ་ནི་ཤིན་ཏུ་གལ་ཆེ་ཡི། གཞན་དུ་ལྟ་བ་དེ་འདྲས་མ་ཟིན་པར་མཐོང་སྣང་དེ་དག་ལ་བཟང་ངན་དུ་ཞེན་ནས་དགག་སྒྲུབ་བྱས་ཚེ་ཕྱི་རོལ་བ་དང་ཁྱད་མེད་དུ་གྱུར་ཅིང་ལམ་ལོག་པ་དང་རང་རྒྱུད་རུ་ཊར་གོལ་ཉེན་ཆེ་བའི་ཕྱིར་ན་རིག་སྟོང་ཀ་དག་གི་ལྟ་བའི་རང་ངོ་ཤེས་པར་བྱ་བ་ནི་གནད་དམ་པའོ།།

དེ་ལྟར་གོམས་པས་ནམ་ཞིག་ན་རླུང་ལས་སུ་རུང་སྟེ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རླུང་ཐམས་ཅད་དབུགས་གཅིག་གི་རིང་ལ་འགགས་ཤིང་། ལུས་བལ་ལྟར་ཡངས་པ་དང་། འཇག་མའི་རྩེ་ལ་དཀྱིལ་ཀྲུང་འཆའ་ནུས་པ་དང་། མངོན་ཤེས་དང་རྫུ་འཕྲུལ་སྣ་ཚོགས་ཐོབ་པ་དང་། སྲོག་རྩོལ་དང་། མེ་མཉམ། ཁྱབ་བྱེད། ཐུར་སེལ། གྱེན་རྒྱུ་སྟེ་རང་བཞིན་གྱི་རླུང་ལྔ་དང་དབང་པོ་ལྔའི་རླུང་ལྔ་དབང་དུ་འདུ་བ་སོགས་པ་ཡོན་ཏན་མང་པོ་ཐོབ་པ་ཡིན་ནོ།།

གསུམ་པ་ནི། འབར་བ་ནང་གི་གསང་ཡེ་གཏུམ་མོར་གྱུར། །མེ་མཆེད་སྤྱི་བོའི་ཧཾ་ལ་རེག་པ་ཡིས། །འཛག་པ་དོན་གཉིས་བྱས་ནས་བདུད་རྩི་བབས། །སྦྱོར་བ་འཁོར་ལོ་བཞི་རུ་ཡས་མས་ཀྱི། །དགའ་བདེ་སྤེལ་བའི་ཉམས་རྟོགས་མེ་ལྟར་འབར། །རྟག་ཏུ་བར་རླུང་བུམ་པ་ཅན་དང་ནི། །ཕྲ་བ་ཡིད་ཀྱི་ཏིང་འཛིན་ཞེས་བྱར་བསྟེན། །ཞེས་པས་བསྟན། དེ་ལྟར་ལུས་གནད་དང་རྩ་འཁོར་དང་རླུང་རྣམས་ལེགས་པར་སྦྱངས་ནས་མཐར་རླུང་དབུ་མར་ཞུགས་ཏེ་ལྟེ་བར་རཾ་ཡིག་ཨ་ཤད་ཀྱི་རྣམ་པ་ཅན་ལས་གཏུམ་མོའི་མེ་འབར༷་བ༷་ན་ལྟེ་བའི་ནང༷་གི༷་མཁའ་འགྲོ་གསང༷་བ་ཡེ༷་ཤེས་ཀྱི་སྐུ་ནས་འབྲུ་ཙམ་པོ་དེ་གཏུམ༷་མོའི༷་མེ་ཡི་རྣམ་པར་གྱུར༷་ནས་དབུ་མའི་ནང་དུ་མེ་༷མཆེད༷་ཅིང་སྤྱི༷་བོ༷་བདེ་ཆེན་འཁོར་ལོའི་རྩ་འདབ་ཀྱི་དབུས་ན་བྱང་སེམས་ཀྱི་ངོ་བོ་ཡི་གེ་ཧ༷ཾ་དཀར་པོ་མགོ་བོ་ཐུར་དུ་བསྟན་ནས་གནས་པ་དེ་ལ༷་རེག༷་པ༷་ཡིས༷་ཧཾ་ཡིག་བདུད་རྩི་རུ་ཞུ་ཞིང་ཐིག་ལེ་ཆར་ལྟར་དུ་འཛག༷་པ༷ས་ཡར་སྐུ་གསུམ་ཀྱི་རྒྱལ་བ་མཉེས་ཤིང་མར་འགྲོ་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་རེག་པ་ཙམ་གྱིས་སྡིག་བསྔལ་རྒྱུ་དང་བཅས་པ་ཞི་བའི་བདག་དོན་ཆོས་སྐུ་དང་། གཞན་དོན་གཟུགས་སྐུའི་རྒྱུ་སྒྲུབ་པའི་དོན༷་གཉིས༷་བྱས༷་ནས༷་བདུད༷་རྩི༷་ལུས་ཀྱི་རྩ་གནས་ཀུན་ཏུ་བབས༷་ཤིང་། བདེ་སྟོང་གཉིས་སུ་མེད་པའི་སྦྱོར༷་བ༷་ཁྱད་པར་ཅན་གྱི་ཡེ་ཤེས་སྐྱེས་ཏེ། སྤྱི་བོ་ནས་མགྲིན་པར་བབས་པའི་དགའ་བའི་ཡེ་ཤེས་སྐྱེ། མགྲིན་པ་ནས་སྙིང་གར་བབས་པ་ན་མཆོག་དགའ་དང་། དེ་ནས་ལྟེ་བར་བབས་པ་ན་དགའ་བྲལ་དང་། དེ་ནས་གསང་བའི་འཁོར་ལོར་བབས་ཤིང་བྱང་སེམས་འཛག་པ་མེད་པར་བརྟན་པ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་ཏེ་རྩ་འཁོར༷་ལོ༷་བཞི༷་རུ༷་བརྒྱུད་རིམ་གྱིས་དེ་ལྟར་ཡས༷་བབས་ཀྱིི་དགའ་བ་བཞི་དང་། དེ་ནས་ཐིག་ལེ་ཡར་ལྡོག་སྟེ་གསང་བ་ནས་ལྟེ་བར་སླེབས་པ་ན་དགའ་བ་དང་། ལྟེ་བ་ནས་སྙིང་གར་ལྡོག་པ་ན་མཆོག་དགའ་དང་། སྙིང་ག་ནས་མགྲིན་པར་སླེབས་པ་ན་དགའ་བྲལ་དང་། མགྲིན་པ་ནས་སྤྱི་བོར་སླེབས་པ་ན་ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྐྱེས་པས་ན་དེ་འདྲའི་མས༷་བརྟན་གྱི༷་དགའ༷་བའི་ཡེ་ཤེས་རེ་རེ་སྐྱེ་བ་ངོས་བཟུང་སྟེ་ཆོས་ཉིད་སྨྲ་བསམ་དང་བྲལ་བའི་ངང་ལ་བློ་ལྷོད་ཀྱིས་བཞག་པ་བཅས་བདེ༷་སྟོང་གི་ཡེ་ཤེས་སྤེལ༷་བ༷ར་བྱས་པས༷་ཉམས༷་རྟོགས༷་ཁྱད་པར་ཅན་བདེ་སྟོང་གི་རྟོགས་པ་མེ༷་ལྟར༷་འབར༷་བ་ནི་ཐིག་ལེའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ཡིན་ནོ།།

འདི་ནི་རང་ལུས་ཐབས་ལྡན་གྱི་ལམ་སྒོམ་ཚུལ་ཡིན་ལ། ལས་རྒྱ་བརྟེན་ནས་སྒོམ་པ་ནི་འོག་སྒོ་ཁམས་གསུམ་རོལ་བའི་ཉམས་ལེན་ཡིན་མོད་འདིར་མ་བསྟན་ཏོ།།

རང་ལུས་ཐབས་ལྡན་གྱི་ལམ་འདི་ནི་ཚངས་སྤྱོད་དགེ་སློང་གི་སྡོམ་པ་དང་ལྡན་པས་ཀྱང་ཉམས་སུ་ལེན་རུང་ལ། འོག་སྒོའི་ལམ་ནི་ཕྱག་རྒྱ་དངོས་སུ་བསྟེན་དགོས་པས་རབ་བྱུང་ཚངས་སྤྱོད་ཀྱི་རྟེན་ཅན་ཡིན་ཚེ་རྩ་ཐིག་རླུང་གསུམ་གནད་དུ་འབྱོངས་ཤིང་། ཆོས་ཀུན་སྒྱུ་མར་གཟིགས་ཏེ་རི་མོའི་བུད་མེད་དང་བུད་མེད་ཁྱད་མེད་དུ་གཟིགས་པ་ཞིག་མིན་ན་རང་ག་བས་ཉམས་སུ་ལེན་ན་ཚངས་སྤྱོད་ཀྱི་སྡོམ་པ་ཉམས་པའི་ཉེས་པ་བསྐྱེད་པས་ཉམས་སུ་ལེན་རུང་བ་མ་ཡིན་ཏེ། ཇོ་བོ་རྗེའི་ལམ་སྒྲོན་ལས། གསང་བ་ཤེས་རབ་དབང་སྐུར་ནི། །ཚངས་སྤྱོད་ལྡན་པས་བླང་མི་བྱ། །ཞེས་དང་། རྒྱལ་དབང་ཀློང་ཆེན་པས། སྐལ་བ་ཅན་འགའ་ཡི་ལམ་ཡིན་གྱི། ཐམས་ཅད་ཀྱི་ནི་མ་ཡིན་ཏེ། རླུང་སེམས་འཛག་མེད་ལ་དབང་མ་ཐོབ་པའི་ཕྱིར་རོ། །ཁྱད་པར་དུ་ཚངས་པར་སྤྱོད་པས་མི་བྱ་སྟེ། ཕས་ཕམ་པས་གོས་པར་འགྱུར་ཏེ། ཞེས་གསུངས་པའི་ཕྱིར་རོ།།

དུས་རྟ༷ག་ཏུ༷་སྟེང་རླུང་མནན་འོག་རླུང་འཐེན་ཏེ་བར་དུ་རླུང་བཟུང་ཞིང་ལྟེ་བའི་ཨ་ཐུང་ལ་སེམས་གཏད་པའི་བར༷་རླུང༷་བུམ༷་པ༷འི་དབྱིབས་ཅན༷་གྱི་རླུང་གི་རྣལ་འབྱོར་དང༷་ནི༷་དེ་ལ་བརྟེན་ནས་གཉུག་མ་དོན་དམ་ལྷན་ཅིག་སྐྱེས་པའི་བདེ་སྟོང་གི་ཡེ་ཤེས་སམ་འོད་གསལ་གྱི་ཐིག་ལེ་ཕྲ་བ་ལ་སེམས་གནས་པའམ། ཡང་ན་ཡིག་འབྲུ་ཕྲ་མོ་དང་ཐིག་ལེ་ཕྲ་མོ་ལ་སོགས་པར་སེམས་གཏད་དེ་རྟོག་མེད་དུ་གནས་པའི་ཕྲ༷་བ༷་ཡིད༷་ཀྱི༷་ཏིང༷་ངེ་འཛི༷ན་ཞེས༷་བྱ༷་བ་དུས་རྒྱུན་དུ་རང་ལ་བསྟེན༷་པར་བྱ་ཞིང་གོམས་པར་བྱ་བ་ནི་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་ལོ་ཞེས་པའོ།།

བཞི་བ་དེ་དག་གི་ཕན་ཡོན་ནི། རླུང་གིས་བཅུད་ལེན་ཚེ་རིང་ནད་མེད་ཅིང་། །རྩ་དང་ཁམས་ཀྱི་ཡོན་ཏན་དཔག་མེད་ཐོབ། །ཅེས་པ་སྟེ། དེ་ལྟར་བྱང་སེམས་ཀྱི་རྩལ་འབྱོངས་པའི་གནད་ལ་རླུང་དང་རྩ་གནད་སྦྱངས་ནས་མཐར་ཐུག་རྩ་ཐིག་རླུང་གསུམ་གནད་དུ་སྨིན་པའི་འབྲས་བུའམ་ཕན་ཡོན་ཡང་རླུང༷་འབྱོངས་པའི་དབང་གིས༷་ཟས་ཀྱི་བཅུད༷་ལེན༷་འགྲུབ་ཅིང་ལུས་ལ་གཟི་མདངས་རྒྱས་པ་དང་། ཚེ༷་ཉི་ཟླ་ལྟར་རིང༷་བ་དང་། ལུས་ལ་ནད༷་མེད༷་ཅིང༷་དབང་པོ་གསལ་བ་ལ་སོགས་པའི་ཡོན་ཏན་འབྱུང་བ་དང་། རྩ༷་དང༷་ཁམ༷ས་ཀྱི༷་ཐིག་ལེ་གནད་དུ་སྨིན་པའི་ཡོན༷་ཏན༷་ཏིང་ངེ་འཛིན་དུ་མ་སྐྱེ་བ་དང་། ཞབས་ས་ལ་མི་རེག་པར་ནམ་མཁར་འཕུར་ནུས་པ་དང་། ཟས་གོས་ལ་ཞེན་པ་བྲལ་ཞིང་གང་སྣང་སྒྱུ་མར་འཆར་བ་དང་། ལུས་རྡུལ་ཕྲན་ཟང་ཐལ་དུ་འགྲོ་བ་དང་། རྣམ་ཤེས་གཞན་གྱི་གྲོང་ཁྱེར་དུ་འཇུག་ནུས་པ་དང་། དག་པའི་ཞིང་སྣང་ཉུལ་བ་དང་། སེམས་རྟོག་མེད་ཀྱི་གདེངས་ཁྱད་པར་བ་ཐོབ་པ་དང་། བྱང་སེམས་འཕོ་མེད་དུ་བསྟེན་ནུས་པ་ལ་སོགས་པའི་ཕན་ཡོན་དཔག༷་ཏུ་མེད༷་པ་ཐོབ༷་པ་ཡིན་ཏེ། རྒྱུད་ལས། འདི་ཡི་ཡོན་ཏན་བརྗོད་མི་ལང་། །རྒས་དང་ཤི་བ་མེད་པ་དང་། །གཞོན་ཤ་ཆགས་ཤིང་བཟང་བ་དང་། །བཅུད་ཀྱིས་ལེན་པ་ཆེན་པོར་འགྱུར། །ཞེས་དང་། དུར་ཁྲོད་ཁང་བུ་བརྩེགས་པའི་རྒྱུད་ལས། བྱང་སེམས་ཐིག་ལེ་ལ་སྦྱངས་པས། །མཆོག་དང་ཐུན་མོང་ཡོན་ཏན་རྣམས། །རང་གི་སེམས་ལ་གང་འདོད་པ། །འདི་ཡིས་ངེས་པར་འགྲུབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

གསུམ་པ་ཚོམ་གྱི་མཇུག་བསྡུ་བ་ནི། ཐུན༷་མིན༷་ཉམས༷་ལེན༷་སྐོར༷་དང༷་སྦས༷་དོན༷་བསྟན༷་པའི༷་ཚོམ༷་སྟེ༷་གསུམ༷་པའོ༷། །ཞེས་པས་བསྟན་ལ་དོན་གོ་སླའོ། །ཚོམ་གསུམ་པའི་རྣམ་པར་བཤད་བརྗོད་ཟིན་ཏོ།། །།

བཞི་བ་མཐར་ཐུག་རྫོགས་པ་ཆེན་པོའི་གནད་གསང་རྣམས་བསྟན་པ།

བཞི་བ་མཐར་ཐུག་རྫོགས་པ་ཆེན་པོའི་གནད་གསང་རྣམས་བསྟན་པ་ལ་ནི། བླ་མར་ཕྱག་བྱས་ཏེ་མཚམས་སྦྱར་བ་དང་། དོན་དངོས་དང་། ཚོམ་གྱི་མཇུག་བསྡུ་བ་དང་གསུམ་ལས། དང་པོ་ནི། རིག་སྟོང་ཡེ་ཤེས་མཆོག་གི་བླ་མར་འདུད། །ཅེས་པ་སྟེ། རང་སེམས་འོད་གསལ་གཉུག་མའི་རིག༷་པ་ཡོད་མེད་ཡིན་མིན་སྐྱེ་འགགས་འགྲོ་འོང་ལ་སོགས་པའི་སྤྲོས་པའི་མཚན་མ་མཐའ་དག་ཡེ་གདོད་མ་ནས་རྣམ་པར་དག་པའི་ཀ་དག་སྟོང༷་པ་ཉིད་དང་དབྱེར་མེད་པའི་ཡེ༷་ཤེས༷། ལམ་ཐམས་ཅད་ཀྱི་གསང་བ། ཡེ་ཤེས་ཐམས་ཅད་ཀྱི་མཆོག༷། ཐེག་པ་ཐམས་ཅད་ཀྱི་ཡང་རྩེ། ཟུང་འཇུག་རབ་ཏུ་མི་གནས་པའི་ཀུན་ཟླུམ་ཐིག་ལེ་ཆེན་པོ་དང་རང་བཞིན་ཐ་མི་དད་པའི་བླ༷་མར༷་སྒོ་གསུམ་བྱ་རྩོལ་དང་བྲལ་བའི་ངང་ལ་གནས་པའི་ཉེ་ལམ་བསྐྱང་སྟེ་འདུད༷་པར་བྱའོ་ཞེས་པས་བརྗོད་བྱ་འོག་མ་ལ་འཇུག་པར་མཚམས་སྦྱར་བའོ།།གཉིས་པ་ལ། ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་དང་། དེ་གཉིས་ཀྱི་འབྲས་བུའི་གྲོལ་ཚད་དང་། གེགས་སེལ་འབོགས་འདོན་བསྒོམ་པར་གདམས་པ་དང་། མཇུག་བསྡུ་བ་དང་ལྔ་ལས། དང་པོ་ལ་ཡང་ལྟ་བ་དང་། སྒོམ་པ་དང་། སྤྱོད་པ་བསྟན་པ་གསུམ་ལས།

དང་པོ་ནི། སེམས་ཀྱི་གནས་ལུགས་ཀུན་ཏུ་བཟང་པོ་འདི། །རྟོགས་ན་སངས་རྒྱས་མ་རྟོགས་སེམས་ཅན་ཏེ། །འདི་ལས་ལྷག་པའི་ལྟ་བའི་མཐར་ཐུག་མེད། །གདོད་མའི་དབྱིངས་ན་འཁོར་འདས་བླང་དོར་ཆོས། །ཏིལ་ཙམ་མི་དམིགས་སྤྲོས་མཐའ་ཀུན་དང་བྲལ། །སྐྱོན་ཀུན་ཟད་ཅིང་ཡོན་ཏན་ཡེ་རྫོགས་པའི། །ནམ་མཁའ་ལྟ་བུའི་རྫོགས་པ་ཆེན་པོའི་གཞི། །ཞེས་པས་བསྟན། རང་སེམ༷ས་གཉུག་མའི་ངོ་བོའམ་གཤིས་ལུགས་ཀྱི༷་རང་བཞིན་ནི་ཡེ་ནས་བདེན་པར་གྲུབ་པ་རྡུལ་ཙམ་མེད་པར་ངོ་བོ་ཀ་ནས་དག་ཅིང་རང་བཞིན་ལྷུན་གྱིས་གྲུབ་པའི་གནས༷་ལུགས༷་གདོད་མ་གཞིའི་ཆོས་སྐུ་ཀུན༷་ཏུ༷་བཟང༷་པོ༷་ཞེས་བྱ་བ་འཕོ་འགྱུར་བྲི་གང་དང་བྲལ་ཞིང་རྒྱ་ཆད་ཕྱོགས་ལྷུང་དང་བཟང་ངན་དགག་སྒྲུབ་ཀྱི་ཆོས་ལས་འདས་པའི་རང་བཞིན་རྣམ་དག་གི་ཆོས་ཉིད་འོད་གསལ་སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་ལྷུན་རྫོགས་སུ་གནས་པ་འདི༷་ཉིད་ཡིན་ཞིང་། དེ་རྟོགས༷་ན༷་སངས༷་རྒྱས༷་པ་ལ་དེ་ལས་གཞན་གང་ཡང་མི་དགོས་ཤིང་དེ་རྟོགས་པ་ཉིད་སངས་རྒྱས་ཡིན་ལ། དེ་ཇི་བཞིན་མ༷་རྟོགས༷་པར་གཟུང་འཛིན་འཁྲུལ་བའི་སྣང་བ་ལ་འཕྱན་པ་ནི་སེམས༷་ཅན༷་ཞེས་བྱ་བ་སྟེ༷། མདོར་ན་རང་སེམས་གདོད་མའི་བཞུགས་ཚུལ་ངོ་སྤྲོད་པ་ནི་སངས་རྒྱས་དང་དེ་ངོ་མ་སྤྲོད་ཅིང་མ་རྟོགས་པ་ནི་སེམས་ཅན་ཡིན་པས་སངས་རྒྱས་དང་སེམས་ཅན། འཁོར་བ་དང་མྱང་འདས་ཞེས་པ་ཡང་རིག་མ་རིག་གམ་རྟོགས་མ་རྟོགས་ཀྱི་ཁྱད་ཙམ་དུ་ཟད་པ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་ལས། རྟོགས་དང་མ་རྟོགས་ཁྱད་པར་ལས། །སྣ་ཚོགས་ཆོས་ནི་རྣམ་པར་འཕྲུལ་། །གཞི་དང་རྩ་བ་ལས་འདས་པའི་། །རང་བཞིན་དབྱེར་མེད་དེ་བཞིན་ཉིད། །དངོས་མེད་དངོས་པོ་ཡུལ་འདས་ལ། །འཁོར་དང་མྱ་ངན་འདས་པ་ཡི། །ངོ་བོ་སྣ་ཚོགས་རང་སྣང་བ། །གཉིས་མེད་ཐབས་ཆེན་རྡོ་རྗེ་ཉིད། །ཅེས་དང་། ཡེ་ཤེས་ལྔ་དང་ལྡན་པ་ཡི། །ཟག་མེད་ཡེ་ཤེས་བདེ་བ་ཆེ། །ནམ་མཁའི་དབྱིངས་ནི་རྒྱ་ཆེ་བ། །ཐོག་མཐའ་མེད་པར་ཁྱབ་པར་གྱུར། །འདི་ཉིད་རྟོགས་དང་མ་རྟོགས་ལས། །འཁོར་དང་མྱ་ངན་འདས་པ་ཡི། །སྤྱོད་པ་སྣ་ཚོགས་འབྱུང་བར་འགྱུར། །ཞེས་དང་། ཀུན་འདུས་རིག་པའི་མདོ་དགོངས་པ་འདུས་པ་ལས། རྟོག་མེད་རང་རིག་སྐད་ཅིག་མ། །སེམས་ཅན་སངས་རྒྱས་གཉིས་ཀྱི་དབྱིངས། །རིག་དང་མ་རིག་གཉིས་ཁོ་ན། །དག་དང་མ་དག་གཉིས་སུ་སྣང་། །ཞེས་དང་། ཁྲོ་བོ་རྡོ་རྗེའི་རིགས་ཀུན་འདུས་རིག་པ་ལས། མ་སྐྱེས་རྣམ་དག་བྱང་ཆུབ་སེམས། །མི་གནས་ཡེ་ཤེས་ཐུགས་དང་མཉམ། །རིག་དང་མ་རིག་ཁྱད་པར་ལས། །འཁོར་འདས་རྟེན་དང་འབྲེལ་བར་སྣང་། །ཞེས་དང་། གནས་ལུགས་མཛོད་ལས། རང་བཞིན་གཅིག་ལས་འཁོར་འདས་གཉིས་ཤར་ཡང་། །རྩ་བ་གཅིག་སྟེ་དོན་དམ་བྱང་སེམས་། །རིག་དང་མ་རིག་སྒྱུ་མའི་ཁྱད་པར་ཙམ། །ཞེས་གསུངས་པའི་ཕྱིར་རོ།།

ཀུན་ཏུ་བཟང་པོ་ཞེས་པ་ཡང་གོ་ས་དུ་མ་ཡོད་ཞིག་ཏེ། རང་བཞིན་ཀུན་ཏུ་བཟང་པོའམ་གཞི་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོ་དང་ལྔ་ཡོད་པའི་ཕྱིར། གྲུབ་སྟེ། ཀུན་བཟང་ཐུགས་ཀྱི་མེ་ལོང་ལས། ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོའོ། །ཞེས་གསུངས་པའི་ཕྱིར།

དེའི་དང་པོ་རང་བཞིན་ཀུན་ཏུ་བཟང་པོ་ནི། ཡེ་ཤེས་གྲུབ་པ་ལས། ཀུན་ཏུ་བཟང་པོ་ཞེས་བཤད་ཅིང་། །ཕྱག་རྒྱ་ཆེན་པོ་ཞེས་ཀྱང་བྱ། །མེ་ལོང་ཡེ་ཤེས་ཞེས་བྱ་སྟེ། །འདི་ནི་ཆོས་སྐུར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་སྐྱེ་འགགས་གནས་གསུམ་དང་བྲལ་བའི་སྤྲོས་བྲལ་རང་བཞིན་གྱི་ཆོས་ཉིད་ལ་གོ་དགོས་པ་ཡིན་ཞིང་དེ་ལ་གཞི་ཀུན་ཏུ་བཟང་པོ་ཞེས་ཀྱང་བྱའོ།།

གཉིས་པ་རྒྱན་ཀུན་ཏུ་བཟང་པོ་ནི། སྒྱུ་མ་ལྟ་བུར་སྣང་བའི་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྣང་བ་ཆོས་ཅན་རྒྱན་གྱི་རོལ་བར་འགགས་མེད་དུ་ཤར་བ་སྟེ་སྒྱུ་མ་ལྟ་བུའི་ཆོས་ཅན་ཀྱི་སྣང་བ་དེ་ལ་གོ།

གསུམ་པ་སྟོན་པ་ཀུན་ཏུ་བཟང་པོ་ཞེས་པ་ནི། སངས་རྒྱས་ཐམས་ཅད་ཀྱི་ཆོས་སྐུ་དང་ལོངས་སྐུའི་ངོ་བོ་འོག་མིན་སྟུག་པོ་བཀོད་པ་ན་བཞུགས་ཏེ་སྤྲུལ་བའི་སེམས་ཅན་གྱི་དོན་འཁོར་བ་ཇི་སྲིད་གནས་པའི་བར་དུ་མཛད་པ་དེ་ལ་གོ་དགོས་ཤིང་། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཡིན་ནོ།།

བཞི་བ་རིག་པ་ཀུན་ཏུ་བཟང་པོ་ནི་གནས་ལུགས་རང་བྱུང་གི་ཡེ་ཤེས་གཞི་བདེ་གཤེགས་སྙིང་པོ་གཉུག་མ་དོན་གྱི་རིག་པ་ལ་གོ་དགོས་པ་ཡིན་ནོ།།

ལྔ་བ་རྟོགས་པ་ཀུན་ཏུ་བཟང་པོ་ནི། ཆོས་ཐམས་ཅད་ཀྱི་གནས་ལུགས་བསམ་བརྗོད་དང་བྲལ་བའི་དོན་ཇི་བཞིན་དུ་རྟོགས་པའི་ཡེ་ཤེས་སམ་ཐར་བ་རྙེད་པའི་མིག་ཏུ་གྱུར་པའི་ལམ་དེ་ལ་ཟེར་ཞིང་། དེ་ལ་ལམ་ཀུན་ཏུ་བཟང་པོ་ཞེས་ཀྱང་བྱའོ།།

དེ་ཡང་རྒྱལ་དབང་ཀློང་ཆེན་པས། དེ་ནས་ནང་གི་སེམས་ལ་འདི་ལྟར་བརྟག །སྣ་ཚོགས་རྟོག་ལ་ངོ་བོ་མེད་པའི་སེམས། །དགག་སྒྲུབ་བདེན་རྫུན་བདེ་སྡུག་བཏང་སྙོམས་སོགས། །ཡུལ་ལ་འཕྲོ་ཞིང་ངོས་བཟུང་མེད་པ་ཁྱོད། །དང་པོ་གང་འོང་ད་ལྟ་གང་ན་གནས། །ཐ་མ་གང་འགྲོ་དབྱིབས་དང་ཁ་དོག་ཅི། །སྙམ་དུ་བརྟག་ཚེ་འདི་ལྟར་མཐོང་བར་འགྱུར། །སེམས་ནི་དང་པོ་སྐྱེ་བའི་རྒྱུས་སྟོང་ཞིང་། །བར་དུ་གནས་དང་ཐ་མར་འགགས་པས་སྟོང་། །ཁ་དོག་དབྱིབས་མེད་ངོ་བོ་ངོས་བཟུང་མེད། །འདས་པ་འགགས་ཤིང་མ་འོངས་མ་སྐྱེས་ལ། །ད་ལྟ་མི་གནས་ཕྱི་ནང་གང་ནའང་མེད། །ནམ་མཁའ་འདྲ་ཞིང་སྤྲོས་དང་བྲལ་བར་ཤེས། །ཞེས་གསུངས་པ་ལྟར་སེམས་དེ་དང་པོ་གང་ནས་འོང་དང་། བར་དུ་གང་ན་གནས་དང་། ཐ་མ་གང་དུ་འགྲོ་ལེགས་པར་བརྟགས་པས་འགྲོ་འོང་གནས་གསུམ་དང་བྲལ་བར་མཐོང་བ་དང་། དེ་བཞིན་དུ་དབྱིབས་དང་ཁ་དོག་ཅི་འདྲ་དང་ཡོད་མེད་བརྟགས་པས་དེ་དག་མ་གྲུབ་ཅིང་མ་འོངས་པའི་སེམས་མ་སྐྱེས་པས་མེད་པ་དང་། ད་ལྟ་བ་ཅིའི་ངོ་བོར་མི་གནས་པ་དང་། འདས་པ་འགགས་ཟིན་པས་མ་གྲུབ་ཅིང་སེམས་དེ་ཕྱི་ནང་གང་གི་ངོ་བོར་ཡང་མ་གྲུབ་པ་ནམ་མཁའ་དང་འདྲ་བར་སྤྲོས་པ་ཀུན་དང་བྲལ་བའི་སྟོང་གསལ་ཟང་ཐལ་རྗེན་པའི་རང་བཞིན་དུ་ངེས་པའི་རང་སེམས་ཀྱི་ངོ་བོ་ཇི་བཞིན་མཐོང་བ་འདི༷་ལས༷་ལྷག༷་པའི༷་ལྟ༷་བ༷་མཐར༷་ཐུག༷་པ་ཞིག་ནི་མེད༷་པས་འདི་ཉིད་ཁོ་ན་ལྟ་བ་མཐར་ཐུག་དང་ལྟ་བའི་རྩེ་མོ་ཡིན་ཏེ། རྡོར་སེམས་སྙིང་གི་མེ་ལོང་ལས། ཐེག་པ་ཀུན་གྱི་གོང་མར་གྱུར་པས་ཆེ། །གནས་ལུགས་དོན་ལ་ཡེངས་པ་མེད་པས་ཆེ། །ལྟ་བ་ཀུན་གྱི་རྩེ་མོར་གྱུར་པས་ཆེ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་ཡེ་གདོད༷་མའི༷་གནས་ལུགས་ཀ་དག་འོད་གསལ་གྱི་དབྱིངས༷་ན༷་འཁོར༷་བ་དང་མྱ་ངན་ལས་འདས༷་པའི་ཆོས་ཞེས་སོ་སོར་བཟང་ངན་བླང༷་དོར༷་གྱི་སྤྲོས་པ་ཐམས་ཅད་དང་བྲལ་བས་ཡོད་མེད་ཡིན་མིན་དང་། དག་དང་མ་དག་གི་ཆོས༷་སུ་གྲུབ་པ་ཏིལ༷་ཙམ༷་མི༷་དམིགས༷་པར་སྤྲོས༷་པའི་མཐའ༷་ཀུན༷་དང༷་བྲལ༷་བས་ཡེ་ནས་བདེན་པར་གྲུབ་པའི་སྐྱོན་གྱི་རྣམ་པ་ཞེས་པ་དམིགས་སུ་མ་མཆིས་ཤིང་མ་གྲུབ་པས་ན་སྐྱོན༷་ཀུན་ཟད༷་ཅིང༷་། འོད་གསལ་སྐུ་དང་ཡེ་ཤེས་ཀྱི་རྣམ་པ་འདུ་འབྲལ་མེད་པར་ཡོན་༷ཏན༷་ཐམས་ཅད་ཡེ༷་ནས་རྫོགས༷་པའི་རང་བཞིན་དུ་གནས་པའི་སྤྲོས་བྲལ་ནམ༷་མཁའ༷་ལྟ༷་བུ༷་ཅིར་ཡང་མ་གྲུབ་གར་ཡང་མི་གནས་པའི་རང་བཞིན་ངེས་པའི་ལྟ་བ་དེ་ནི་འོད་གསལ་རྫོགས༷་པ༷་ཆེན༷་པོའི༷་གཞི༷་ཡི་ལྟ་བ་ཡིན་ཏེ། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་དང་། རིག་པ་རང་ཤར་གྱི་རྒྱུད་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་དང་། སྒྱུ་འཕྲུལ་ལས། རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། །བྱང་ཆུབ་སྙིང་པོ་འདུས་མ་བྱས། །ཀུན་རྫོགས་ཡོན་ཏན་འབར་བས་བརྒྱན། །ལྷུན་གྲུབ་དཀྱིལ་འཁོར་བླ་མེད་པའོ། །ཞེས་དང་། གནས་ལུགས་མཛོད་ལས། ཨ་ཏི་ཡོ་ག་ཆོས་ལས་འདས་པའི་དབྱིངས། །གང་ཡང་མེད་པ་ནམ་མཁའི་རང་བཞིན་ནི། །ད་ལྟ་ཉིད་ནས་ཆོས་སྐུའི་རང་མལ་ལས། །གཡོས་པ་མེད་པའི་ཐོག་མའི་མཁའ་དབྱིངས་སུ། །རང་བཞག་བདེ་བ་ཆེན་པོར་ལྷུན་གྱིས་གྲུབ། །ཅེས་གསུངས་པའི་ཕྱིར་རོ།། གཉིས་པ་ལ་ནི། སྒོམ་པ་དངོས་དང་། སེམས་རིག་ཤན་འབྱེད་པ་དང་གཉིས་ལས།དང་པོ་ནི། དེ་ལ་བསལ་བཞག་ཡིད་དཔྱོད་ཀུན་བྲལ་བའི། །ཟང་ཐལ་རྗེན་པ་ད་ལྟའི་ཤེས་པའི་ངང་། །གསལ་སྟོང་འགགས་པ་མེད་པའི་རང་བཞིན་འདིར། །ཡང་ཡང་བབས་ཀྱིས་འཇོག་པ་སྒོམ་པའི་མཐིལ། །ཞེས་པས་བསྟན། དེ་ལྟར་རྫོགས་པ་ཆེན་པོའི་ལྟ་བ་གཏན་ལ་ཕབ་པ་དེ༷འི་དོན་ལ༷་བསལ༷་བཞག༷་དགག་སྒྲུབ་སོགས་ཡིད༷་དཔྱོད༷་འཛིན་པའི་རྣམ་པ་ཀུན༷་དང་བྲལ༷་བའི༷་མ་བཅོས་ཟང༷་མ་ཐལ༷་བྱུང་རྗེན་པ་སལ་ལེ་ཧྲིག་གེ་ཡེ་རེ་བའི་ད༷་ལྟའི༷་ཤེས༷་པའི༷་ངང༷་མདངས་གསལ༷་ལ་སྟོང༷་པ། འོད་གསལ་གྱི་འཆར་སྒོ་འགགས༷་པ༷་མེད་པའི་རང༷་བཞིན༷་ཅན་འདི༷་ཉིད་ལ་ཡུན་ཐུང་གྲངས་མང་ཁང་རྒན་ཐིགས་པའི་དཔེ་ལྟར་ཡང༷་ནས་ཡང༷་དུ་སྒོ་གསུམ་རང་བབས༷་སུ་ལྷོད་ཀྱིས༷་འཇོག༷་པའི་ངང་ནས་བཅོས་ལྷད་འཛིན་དཔྱོད་མེད་པར་བསྒོམ་པ༷་ནི་རྫོགས་པ་ཆེན་པོའི་ལུགས་ཀྱི་སྒོམ༷་པའི༷་སྙིང་པོའམ་སྒོམ་ཚུལ་གྱི་དགོངས་པའི་མཐིལ༷་ཡིན་ཏེ། གནས་ལུགས་མཛོད་ལས། སྒོམ་མེད་ངང་ལ་ཅོག་གཞག་རིག་པའི་འགག །གང་ཤར་བླང་དོར་མེད་པའི་ངང་དེར་བསྡམ། །ཀློང་ཆེན་སེམས་ཀྱི་དལ་ཁོད་སྙོམས་པ་ཡིན། །རང་བཞག་བདེ་བ་ཆེན་པོ་རྡོ་རྗེའི་དབྱིངས། །མ་བསྒོམ་ལྷུན་གྱིས་གྲུབ་པའི་བསམ་གཏན་མཆོག །རྟག་ཏུ་ཡོད་དེ་ཆུ་བོའི་གཞུང་དང་འདྲ། །མ་བཅོས་མཉམ་པར་བཞག་ན་ངང་གིས་གསལ། །ཞེས་དང་། ཡིད་བཞིན་མཛོད་ལས། མཚན་མའི་རྣམ་རྟོག་གང་དང་གང་ཤར་ཡང་། །གནས་ལུགས་ངང་དེར་ཆུ་ལ་རླབས་བཞིན་གྲོལ། །གློད་པས་རང་ཞི་རང་མདངས་མ་ཤོར་གཅེས། །མ་བྱིང་མ་རྨུགས་རྒོད་པར་མ་གྱུར་ཅིང་། །མ་ཆགས་མི་གཡོ་རྒྱུ་བ་ཀུན་དང་བྲལ། །བསམ་གཏན་དྭངས་པས་ཤེས་པ་རྒྱུན་ཆད་མེད། །རང་བྱུང་ཡེ་ཤེས་ལྷན་ཅིག་སྐྱེས་པ་བསྒོམ། །ཞེས་གསུངས་པའི་ཕྱིར་རོ།།གཉིས་པ་ནི། རླུང་སེམས་གཉིས་ནི་ཡུལ་ལ་དབང་མེད་དུ། །སྤྱོད་ཅིང་ཞེན་ཆགས་སྐམ་ལ་ཆུ་བཏབ་འདྲ། །རིག་པ་མཐའ་བཞི་དྲི་བྲལ་གསལ་ལ་སྟོང་། །སེམས་འདས་ས་རྡུལ་ཁྲོད་ན་དངུལ་ཆུ་བཞིན། །སེམས་རིག་ཤན་འབྱེད་སེམས་རྟོག་གློ་བུར་བ། །དང་པོ་སྔར་འདྲིས་མི་བཞིན་རང་ངོ་ཤེས། །བར་དུ་ཞེན་མེད་སྦྲུལ་མདུད་ནམ་མཁར་གྲོལ། །ཐ་མ་ཁང་སྟོང་རྐུན་བཞིན་ཕན་གནོད་བྲལ། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན། ཁ་ཅིག་སེམས་རྣམ་རྟོག་གི་ངོ་བོ་འདི་ཉིད་རིག་པ་ཡིན་པར་འདོད་ནས་རྣམ་རྟོག་སྒོམ་མཁན་གྱི་བླུན་པོ་མང་པོ་ཡང་བྱུང་མྱོང་ལ། སེམས་རིག་སོ་སོར་ཕྱེས་ནས་སེམས་ལས་འདས་པའི་འོད་གསལ་གྱི་རིག་པ་རྐྱང་པའི་ལམ་སྐྱོང་བ་ནི་གསང་བ་སྙིང་ཐིག་གི་རང་ལུགས་ཡིན་པས་སེམས་རིག་གཉིས་ཀྱི་ཁྱད་པར་འབྱེད་པ་འདི་གལ་ཆེའོ།།

དེས་ན་སེམས་ནི་རླུང་ལ་བརྟེན་ནས་རྒྱུ་བ་སྟེ། རླུང་ནི་རྟ་རྐང་ལྡན་ལོང་བ་མིག་མེད་ལྟ་བུ་ལ་སེམས་ནི་མི་ཞ་བོ་མིག་ལྡན་ལྟ་བུ་ཞིག་ཡིན་པས་རླུང༷་སེམས༷་གཉིས༷་ནི༷་ལྷན་གཅིག་ཏུ་འཕྲད་པ་ན་སེམས་རྣམ་རྟོག་དེ་ལྷང་གིས་སྐྱེས་ལ། སེམས་རླུང་དང་མ་འཕྲད་ན་མི་སྐྱེ་བས་སེམས་ཀྱིས་རླུང་གི་རྟ་ལ་བཞོན་ནས་ཡུལ༷་ལ༷་དབང༷་མེད༷་དུ༷་རྒྱུག་པའམ་འགྱུ་བ་དང་ཡུལ་གྱི་མཛེས་མི་མཛེས་དང་བདེ་སྡུག་ལ་ལོངས་སྤྱོད༷་ཅིང༷་ཞེན༷་ཆགས༷་དང་སྡང་བ་ལ་སོགས་པ་བྱུང་བ་ཡིན་པས་སེམས་ནི། དཔེར་ན་སྐམ༷་ལ༷་ཆུ༷་བཏབ༷་པ་དང་འདྲ༷་བར་ཡུལ་དེ་ལ་ཨ་འཐས་ཤིང་འཛིན་པ་དམ་ཧྲེང་ངེ་བའི་རྣམ་པ་ཅན་ཞིག་ཡིན་ལ། རིག་༷པ་༷ནི་ཡོད་མེད་ཡིན་མིན་གྱི་མཐའ༷་བཞི༷འི་དྲི༷་མ་ཡེ་ནས་གཤིས་སུ་གྲུབ་པ་མེད་པས་གཟུང་བ་འཛིན་པའི་སྤྲོས་པ་དང་བྲལ༷་ཞིང་འོད་གསལ་གྱི་རང་གདངས་འགགས་པ་མེད་པར་གསལ༷་ལ༷་སྟོང༷་སང་ངེ་བའི་རྣམ་པ་ཅན་སེམས༷་རྣམ་རྟོག་ལས་ཉེ་བར་འདས༷་པ། དཔེར་ན་ས༷་རྡུལ༷་གྱི་ཁྲོད༷་ན༷་དངུལ༷་ཆུ༷འི་རྡོག་པོ་ལྷུངས་ཀྱང་ས་རྡུལ་གྱི་དྲི་མས་གོས་པ་མེད་ཅིང་དེ་དང་འདྲེས་པ་མེད་པ་བཞིན༷་དུ་རྣམ་རྟོག་གི་ཁྲོད་ན་གནས་ཀྱང་རང་བཞིན་རྣམ་རྟོག་དང་མ་འདྲེས་ཤིང་དེས་གོས་པ་མེད་པ་ཞིག་ཡིན་ཏེ། གནས་ལུགས་མཛོད་ལས། གང་སྣང་ཅི་ཤར་འཕྲོ་གནས་ཐམས་ཅད་དང་། །དུག་ལྔ་ལ་སོགས་རིག་པའི་རྩལ་རྣམས་ལ། །ཇི་ལྟར་ཤར་བ་དེ་ཉིད་རང་དུས་དེར། །ངོ་ཤེས་རྩལ་རྫོགས་རང་ཡལ་རྗེས་མེད་ཉིད། །ཞེས་དང་། རིག་འཛིན་འཇིགས་མེད་གླིང་པས། རིག་པ་ཡུལ་ལ་ཤར་ཡང་སྣང་བ་ཡི། །ཟིལ་གྱིས་མི་ནོན་དངུལ་ཆུ་སར་ལྷུང་འདྲ། །སེམས་ནི་གཟུང་འཛིན་ཆ་དང་བཅས་པ་ཡི། །རྣམ་རྟོག་ཉེ་བར་ལེན་པའི་ཕྱོགས་དང་འདྲེས། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་སེམས༷་དང་རིག༷་པ་གཉིས་ཀྱི་ཤན༷་ལེགས་པར་འབྱེད༷་པར་བྱས་ཏེ་སེམས༷་རྣམ་རྟོག༷་གློ༷་བུར༷་བ༷་དེ་དང༷་པོ༷་སྔར༷་ནས་འདྲིས༷་པའི་མི༷་བཞིན༷་དུ་རང༷་ངོ༷་ཤེས༷་པར་བྱ་ཞིང་། བར༷་དུ༷་རྣམ་རྟོག་ཅི་བྱུང་ལ་ཡུལ་ཡུལ་ཅན་དུ་ཞེན༷་པའི་གཏད་སོ་དང་རྗེས་གཅོད་མེད༷་པར་རིག་པ་སྟོང་སང་ངེ་བ་ནམ་མཁའ་ལྟ་བུའི་ངང་ལ་མ་བཅོས་སོ་མར་བཞག་པས། དཔེར་ན་སྦྲུལ༷་གྱི་ལུས་མདུད༷་ཞིག་པ་བཞིན་དུ་རྣམ་རྟོག་ཅི་བྱུང་གསལ་དྭངས་ཀ་དག་ནི་རིག་པ་བསམ་བརྗོད་དང་བྲལ་བའི་ནམ༷་མཁར༷་རང་གྲོལ༷་དུ་འགྲོ་བ་ཡིན་ཏེ། སྒྲ་ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག །ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་དང་། ནོར་བུ་ཕྲ་བཀོད་ལས། འགགས་མེད་རྩལ་ནི་ཅི་ཡང་འཆར། །ཤར་བ་ཉིད་ནས་རང་སར་གྲོལ། །གྲོལ་ཞེས་ཙམ་དུ་བརྗོད་དུ་མེད། །དེ་བཞིན་མ་གྲོལ་བ་ཡང་ཅི། །ཞེས་དང་། རྫ་དཔལ་སྤྲུལ་ཨྱོན་འཇིགས་མེད་ཆོས་ཀྱི་དབང་པོས། རིམ་དང་རིམ་མིན་ཐེག་པའི་རྣམ་གྲངས་དང་། །བདེན་དང་མི་བདེན་གྲུབ་མཐའི་ཞེ་འདོད་ཀུན། །དྲི་ཟའི་གྲོང་ཁྱེར་བཟང་ངན་རྩོད་པ་འདྲ། །གཏད་མེད་རྟོགས་ན་སྦྲུལ་མདུད་བཞིན་དུ་འཇིག །ཟང་ཐལ་རིག་པ་བར་མེད་མཉམ་པའི་ཀློང་། །རིག་རྩལ་རྟོག་པ་ཆུ་རླབས་བཞིན་གཡོ་ཡང་། །འཛིན་པའི་སྲོག་བྲལ་ཤི་བའི་སྦྲུལ་བཞིན་དུ། །རྣལ་འབྱོར་ལྡན་པས་འདོད་རྒུར་སྤྱོད་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ།།

ཡང་ཐ༷་མ༷་རྣམ་རྟོག་ཅི་བྱུང་ཡང་དཔེར་ན་ཁང༷་སྟོང༷་ནང་དུ་རྐུན༷་པོ་འཛུལ་བ་ཇི་བཞིན༷་རིག་ཀློང་ལ་མཉམ་པར་བཞག་པའི་རྣལ་འབྱོར་བའི་སྣང་ངོ་ལ་ཕན༷་གནོད༷་དང་བྲལ༷་བར་ཚོགས་དྲུག་གི་སྣང་བ་ཅི་ཤར་ལ་དེ་དང་དེར་འཛིན་གྱི་གཏད་སོ་མེད་པར་བྱིས་པ་ཆུང་ངུ་ལྷ་ཁང་ནང་དུ་བཞག་པ་བཞིན་དུ་སྟོང་གསལ་རིག་པ་ཉག་གཅིག་གི་ངང་ལ་ཟང་ཐལ་རྗེན་པར་གནས་པ་ནི་སེམས་རིག་ཐ་དད་དུ་ལེགས་པར་ཕྱེས་ཏེ་རིག་པ་རྐྱང་དེད་ཀྱི་དོན་ལ་ལ་བཟླ་བ་ཞེས་བྱ་བ་ཡིན་ཏེ། ཆོས་དབྱིངས་མཛོད་ལས། སྣང་སྲིད་སྣོད་བཅུད་རོལ་བ་ཅི་ཤར་ཡང་། །བྱང་ཆུབ་སེམས་ཀྱི་ཀློང་ལས་གཡོས་པ་མེད། །སེམས་ཀློང་མ་གཡོས་མཉམ་པའི་ངང་གནས་ན། །འཁོར་འདས་འུབ་ཆུད་དགོངས་ཀློང་ཡངས་པར་གྲོལ། །ཞེས་དང་། གནས་ལུགས་མཛོད་ལས། སྐྱེས་དང་མ་སྐྱེས་མེད་པར་ཐག་ཆོད་པས། །སྐྱེ་འགགས་ཡོད་མེད་འཛིན་པའི་ཡུལ་ལས་འདས། །དག་དང་མ་དག་མེད་པར་ཐག་ཆོད་པས། །བཟང་ངན་སྤོང་ལེན་མེད་པར་ཕྱམ་བརྡལ་ཏེ། །ཀུན་བཟང་ཀློང་དུ་ཆོས་ཀུན་ལ་བཟླའོ། །ཞེས་དང་། སྟོང་གསལ་རིག་པའི་ཀློང་ཆེན་ཡངས་པ་འདིར། །མཚན་ཉིད་མི་འགག་སྣ་ཚོགས་ཅི་ཤར་ཡང་། །དབང་པོ་ཅིར་མཐོང་རིག་པ་ཆོས་ཉིད་གསལ། །སྣང་བ་རྒྱ་ཡན་ཤེས་པ་རང་ཤར་བདེ། །ཚོགས་དྲུག་ལྷུག་པ་ཡེ་ཤེས་རང་ཤར་ཀློང་། །ཟང་ཐལ་ཕྱི་ནང་མེད་པར་འོད་གསལ་བས། །མ་བཅོས་རྣལ་གཞག་ཆེན་པོར་ལྷུན་གྱིས་གྲུབ་། །ཅེས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ།།

དེ་ཡང་རིག་པ་སེམས་ཀྱི་དབང་དུ་མ་གྱུར་བས་སེམས་ཀྱི་རྗེས་སུ་འགྲོ་ལྡོག་མི་བྱེད་ལ་སེམས་རིག་པའི་དབང་དུ་གྱུར་པས་རིག་པ་ནི་སེམས་ཀྱི་གནས་ལུགས་ཡིན་ཞིང་། ཞིབ་ཏུ་བྱས་ན་རྫོགས་ཆེན་གྱི་ལུགས་ལ་སེམས་ནི་རིག་པའི་གདངས་སམ་རྩལ་ཡིན་ཞིང་རིག་པའི་གདངས་སུ་གྱུར་པའི་སེམས་དེ་རླུང་དང་མ་འཕྲད་པར་རླུང་དང་རིག་གདངས་སོ་སོར་གནས་ཚེ་མི་འགྱུ་དགུ་འགྱུའི་སེམས་ཀྱི་རྣམ་རྟོག་དེ་རྣམས་མི་འབྱུང་ལ། དེ་དུས་གདངས་རིག་པ་རང་ལ་རང་ཆས་སུ་གནས་ཤིང་རྣམ་རྟོག་དབྱིངས་སུ་དེངས་པས་ཡུལ་སྣང་གི་ཞེན་པའི་སྙིགས་མ་དང་བྲལ་བའི་རིག་པ་དྭངས་གསལ་གྱི་རང་ངོ་རྗེན་ཆར་དུ་མངོན་པ་ཡིན་པས་རྩ་གནད་ཀྱིས་རླུང་བཅོས་ཤིང་རླུང་གནད་ཀྱིས་རླུང་སེམས་འཕྲད་པ་མེད་པར་བཅོས་པས་གདངས་རིག་པ་ལ་བཟླུམ་ནས་རླུང་རིག་སོ་སོར་ཕྱེད་ཅིང་ཡུལ་གྱི་གཏད་སོ་ལྡོག་སྟེ་འཁྲུལ་སྣང་དབྱིངས་སུ་ཞིག་པ་ཡིན་ནོ།།

འདི་ནི་མན་ངག་ཉུང་ངུ་ཙམ་གྱིས་སེམས་རིག་ཤན་འབྱེད་ཚུལ་ཏོག་ཙམ་སྨོས་པ་ཡིན་ལ། ཞིབ་པར་ནི་རྫོགས་པ་ཆེན་པོའི་རྒྱུད་དག་དང་རྒྱལ་དབང་ཀློང་ཆེན་པའི་ཐེག་མཆོག་མཛོད་ལ་སོགས་པར་རྒྱ་ཆེར་བཤད་པའི་སྒོས་སེམས་རིག་སོ་སོར་ཕྱེས་པ་ལ་ཐོས་བསམ་ལེགས་པར་བྱས་ནས་དོན་འདི་ལ་བློ་མིག་རྙེད་པར་བྱའོ།།

ད་དུང་སྤྱི་དོན་གྱི་ཚུལ་དུ་འཆད་དགོས་གལ་ཆེ་བ་རེ་ཟུང་མཆིས་མོད་ཡིག་ཚོགས་སྐྱུང་ཕྱིར་འཇོག་པར་བྱ་ལ། གཞན་ཡང་སེམས་ཆོས་སྐུར་འདོད་པ་དང་། སྣང་བ་སེམས་སུ་འདོད་པ་དང་། ཀུན་ཏུ་བཟང་པོ་ཚོགས་མ་བསགས་པའི་སངས་རྒྱས་སུ་འདོད་པ་དང་། གཞི་ཐོག་ཏུ་གྲོལ་ཞེས་ཁམ་པོ་སྨྲས་ཏེ་གཞི་དང་གྲོལ་ས་མ་ཕྱེད་པ་སོགས་དིང་སང་རྫོགས་ཆེན་འཆད་རློམ་པ་མང་པོའི་ཁ་ལ་བུ་རམ་དམུར་བ་ལྟར་བྱེད་པའི་སྨྲ་ངན་དག་རྒྱལ་དབང་ཀློང་ཆེན་པའི་ལེགས་བཤད་མཛོད་ཆེན་བདུན་དུ་ལུང་རིགས་གནམ་ལྕགས་རྡོ་རྗེའི་འཕྲུལ་འཁོར་གྱིས་བཅོམ་ཟིན་པའི་ཚུལ་ལ་མཐོང་ཐོས་ཡོད་པར་བྱའོ།།

དེ་ལས་གཞན་སེམས་ངོ་སྤྲོད་ཐབས་ཀྱི་མན་ངག་དང་། བཞག་ཐབས་ཕྲ་བ་དང་། རིག་ངོ་དམར་རྗེན་དུ་མཐོང་བའི་མྱོང་བ་སོགས་ནི་བདག་ལ་ཉམས་མྱོང་ཅི་ཡང་མེད་པས་མི་སྨྲ་ལ། ཁོ་བོའི་རིགས་བདག་འཁོར་ལོའི་མགོན་པོ་མཚན་བརྗོད་པར་དཀའ་བ་གྲུབ་དབང་བཀའ་དྲིན་ཅན་མགར་ཀློང་གཏེར་སྤྲུལ་རིན་པོ་ཆེ་ནི་གཞུང་དོན་ངག་ཐོག་ནས་འཆད་པ་ལ་བྱང་ཆ་ཆེ་བའི་ཚུལ་ཅན་གྱི་མཁས་པར་མ་གྲགས་མོད། དོན་གྱི་རྟོགས་པའི་མྱོང་གོམས་ལ་གདེང་ཁྱད་པར་བ་ཐོབ་པའི་མིང་དོན་མཐུན་པའི་གྲུབ་ཐོབ་ཡིན་པས་རྫོགས་པ་ཆེན་པོའི་སེམས་ངོ་མཛུབ་སྟོན་གྱི་ཐབས་གཞན་ལས་ཁྱད་དུ་འཕགས་པ་ཞིག་མཆིས་ཤིང་། དེ་ཁོ་བོའི་བགོ་སྐལ་དུ་ཐོབ་ཕྱིན་ནས་རང་ལ་ཡང་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་སྟོང་པ་ཉག་གཅིག་གི་ངང་དུ་འུབ་ཀྱིས་འདུས་པའི་གོ་དོན་དང་། དུས་གསུམ་གྱི་རྟོག་པ་ལ་སྔོན་བསུ་རྗེས་གཅོད་ཀྱི་འཛིན་པ་དང་བྲལ་ནས་ལྷོད་ཤིག་གེར་བཞག་ཚེ་འཆར་བའི་མྱོང་བ་ཞིག་ནི་ཡོད་མོད་བརྗོད་པ་ལ་རབ་ཏུ་འཕངས་ཤིང་ནམ་དུ་ཡང་གསང་བར་འདོད་པས་མི་སྨྲའོ།།གསུམ་པ་སྤྱོད་པ་ནི། སྤྱོད་པ་ཐུན་མོང་སྣང་བ་སྒྱུ་མར་སྦྱང་། །རྨི་ལམ་བར་དོ་སྔ་ཕྱིའི་སྐྱེ་བ་སོགས། །ཐམས་ཅད་སྒྱུ་མ་ལྟ་བུར་རྩལ་སྦྱང་ན། །འོད་གསལ་སྒྱུ་མ་རོ་གཅིག་འབྱུང་བར་ངེས། །ཞེས་པས་བསྟན། རྫོགས་པ་ཆེན་པོའི་ལྟ་བ་རྟོགས་པའི་རྣལ་འབྱོར་བའི་སྤྱོད་པ་ཡང་ལྟ་བ་དང་མཐུན་པར་སྤྱོད་དགོས་པས་རྫོགས་ཆེན་གྱི་སྤྱོད༷་པ༷་ནི་རང་ཅག་ལ་ཐུན༷་མོང༷་དུ་སྣང་བའི་སྣང༷་བ༷་འདི་བདེན་པར་མ་གྲུབ་པར་སྒྱུ་མའི་རྟ་གླང་གི་སྣང་བ་འཆར་བ་ཇི་བཞིན་དང་། དྷ་དྷུ་ར་ཟོས་པའི་སྣང་བར་གསེར་དུ་སྣང་བ་བཞིན་དུ་འཁྲུལ་བའི་དབང་གིས་མེད་བཞིན་སྣང་བའི་གཞི་མེད་རྩ་བ་དང་བྲལ་བ་ཡིན་ཕྱིར་རྗེས་ཐོབ་ཏུའང་གང་སྣང་སྒྱུ༷་མ༷འི་སྣང་བ་དང་འདྲ་བར་རྩལ་སྦྱང༷་ནས་གང་སྣང་དགག་སྒྲུབ་བླང་དོར་མེད་པར་རེ་དོགས་ཆགས་ཞེན་གྱི་རྒྱ་ལས་གྲོལ་བའི་རྒྱ་ཡན་ཕྱོགས་ཡངས་ཆེན་པོའི་སྤྱོད་པ་ལ་གནས་པར་བྱ་དགོས་པ་ཡིན་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཨ་ཏི་ཡོ་གའི་སྤྱོད་པ་ནི། །ཇི་ལྟར་སྨྱོན་པའི་སྤྱོད་པ་བཞིན། །གང་ལའང་ཐོགས་པ་མེད་པར་སྤྱོད། །ཅེས་དང་། ཆོས་དབྱིངས་མཛོད་ལས། སྤྱོད་པ་ཉག་གཅིག་བླང་དོར་བྱར་མེད་ཅིང་། །ཞེས་གསུངས་པའི་ཕྱིར་རོ།།

དེ་བཞིན་དུ་རྨི༷་ལམ༷་གྱི་སྣང་བ་དང་། བར༷་དོའི༷་སྣང་བ་དང་། ཚེ་རབས་སྔ༷་ཕྱིའི༷་སྐྱེ༷་བ༷་དང་འབྲས་བུ་སོགས༷་ཐམས༷་ཅད༷་བདེན་པར་མ་གྲུབ་པ་མེད་བཞིན་སྣང་བ་སྒྱུ༷་མ༷་ལྟ༷་བུ༷འི་རང་བཞིན་དུ་བློའི་རྩལ༷་སྦྱང༷་ན༷་ནམ་ཞིག་ན་གང་སྣང་ལ་དེར་འཛིན་གྱི་འཛིན་པ་དབྱིངས་སུ་ཞིག་སྟེ་འོད༷་གསལ༷་སྒྱུ༷་མ༷་ལྟ་བུའི་ཡེ་ཤེས་ཀྱི་ངང་ལ་རོ༷་གཅིག༷་ཏུ་གནས་པ་འབྱུང༷་བར༷་ངེས༷་པ་ཡིན་ནོ་ཞེས་པའོ།།

གཉིས་པ་ཐོད་རྒལ་ནི། ཉེ་ལམ་ཐོད་རྒལ་བཞུགས་སྟངས་གཟིགས་སྟངས་ཀྱིས། །སྒྲོན་མ་དྲུག་གི་སྣང་བ་ལམ་བྱས་པས། །སྣང་བ་བཞི་ཡི་རྟགས་ཚད་རིམ་བཞིན་བསྒྲོད། །འཇའ་ལུས་འཕོ་བ་ཆེན་པོའི་ས་ཐོབ་འགྱུར། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ཅིང་དོན་ནི། དང་པོ་སྔོན་འགྲོའི་ཆོས་སུ་གྱུར་པ་སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བཞིའི་སྒྲ་དོན་ལ་བསླབ་པ་དང་། རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་ལ་བསླབ་པ་དང་། སེམས་ཀྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་ལ་བསླབ་པ་རྣམས་ལེགས་པར་སྦྱངས་ནས་ཉམས་ལེན་ལག་ལེན་དང་འབྲེལ་བའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། སྣང་བྱེད་སྒོའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་གནད་མངོན་སུམ་གྱི་ཁྱད་པར་། སྣང་བ་འོད་ཀྱི་ཁྱད་པར། ཉམས་སྣང་གོང་འཕེལ་གྱི་ཁྱད་པར་སྟེ་ཀ་དག་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་པའི་འབྲས་བུ་མངོན་དུ་བྱེད་པ་ལ་ཤིན་ཏུ་ཉེ༷་བའི་ལམ༷་ཟབ་མོ་འོད་གསལ་ཐོད༷་རྒལ༷་གྱི་ལམ་ཉམས་སུ་ལེན་ཚུལ་ནི། ཆོས་སྐུའི་བཞུགས་སྟངས་རྐང་མཐིལ་གཉིས་ས་ལ་ཕབ། ལག་པའི་སོར་མོ་རྣམས་བསྒོང་ནས་ཡང་ས་ལ་ཕབ། ལུས་འགྱིང་ཚུགས་སུ་བསྡད། མཇིང་པ་གྱེན་དུ་རྩལ་འདེགས། རོ་སྟོད་གསང་ལ་བོར་བ་དང་། ལོངས་སྐུའི་བཞུགས་སྟངས་ནི། གླང་ཆེན་ཉལ་བའི་ཚུལ་ལྟར་ཁ་སྦུབ་ཏུ་ཉལ་ཞིང་། རྐང་པའི་སོར་མོ་རྣམས་ཕྱིར་ལ་འཕུལ། པུས་མོ་གཉིས་བྲང་ལ་སྦྱར། ལག་པའི་གྲུ་མོ་གཉིས་ས་ལ་ཕབ་ཅིང་ལག་གཉིས་ཀྱིས་མཇིང་པ་གྱེན་ལ་བཏེགས་པ་དང་། སྤྲུལ་སྐུའི་བཞུགས་སྟངས་ནི། དྲང་སྲོང་ཙོག་པུའི་བཞུགས་སྟངས་ཏེ། རྐང་བའི་ལོང་བུ་གཉིས་སྦྱར་ནས་རྐང་མཐིལ་ཟུང་ས་ལ་ཕབ། པུས་མོ་གཉིས་བྲང་ལ་སྦྱར། ལུས་དྲང་པོར་ཙོག་པོར་བསྲིང་། ལག་གཉིས་མདུན་ནས་བསྣོལ། མཇིང་པ་ཐད་ཀར་བཞག་པ་སྟེ་བཞུགས༷་སྟངས༷་རྣམ་པ་གསུམ་གྱིས་གནད་དུ་གཅུན་པ་སྟེ་ཉམས་སུ་བླང་བར་བྱའོ།།

དེ་བཞིན་དུ་བཞུགས་སྟངས་གསུམ་གྱི་སྟེང་དུ། ཆོས་སྐུའི་གཟིགས་སྟངས་མིག་གཉིས་སྨིན་མཚམས་ཀྱི་ནམ་མཁའ་ལ་གྱེན་དུ་བལྟ་བ་དང་། ལོངས་སྐུའི་གཟིགས་སྟངས་མིག་གཉིས་གཡས་གཡོན་དུ་ཟུར་གྱིས་མཉམ་པར་བལྟ་བ་དང་། སྤྲུལ་སྐུའི་གཟིགས་སྟངས་མིག་དལ་བུས་བལྟ་ཞིང་ཐུར་དུ་ཕབ་པ་སྟེ་གཟིགས༷་སྟངས༷་རྣམ་པ་གསུམ་གྱིས༷་གནད་གཅུན་པར་བྱ་བའོ།།

དེ་ཡང་གང་ལ་གནད་དུ་གཅུན་ན། རིག་པའི་གནས་སྙིང་མཆོང་གུར་སྨུག་པོ་ཙིཏྟ་ཤ་ཡི་སྒྲོན་མ་དང་། རིག་པ་དང་རྣམ་ཤེས་འགྱུ་བའི་ལམ་སྙིང་དང་མིག་འབྲེལ་བའི་འོད་རྩ་དྭངས་པ་ཀ་ཏི་ཤེལ་གྱི་རྩ་ཆེན་གཙོ་བོ་ཡིན་པའི་དར་དཀར་སྣལ་མ་དང་། ཕྲ་ལ་འཁྲིལ་བ་དང་། ཤེལ་སྦུག་ཅན་སྟེ་ཐིག་ལེ་གནས་པའི་རྩ་ཆེན་བཞིའི་དཀར་འཇམ་རྩ་ཡི་སྒྲོན་མ་དང་། མིག་གི་ཨ་འབྲས་གཉིས་ཀྱི་དབུས་ན་རྩ་བ་མེན་གྱི་རྭ་འདྲ་བའི་འོད་རྩ་ཤིན་ཏུ་དྭངས་པ་རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་། ཐིག་ལེ་ཆེན་པོ་འོད་ལྔའི་མུ་ཁྱུད་ཟླུམ་པོས་བསྐོར་བ་རང་གསལ་ཁ་དོག་དྭངས་པར་གནས་པའི་ཐིག་ལེ་སྟོང་པའི་སྒྲོན་མ་དང་། མཐིང་དབྱིངས་ཁྱབ་པ་ཆེན་པོའི་ཀློང་དུ་འོད་ལྔའི་ཐིག་ཆེན་པོ་ཟ་འོག་དང་འཇའ་ཚོན་རིས་སུ་འཆར་བའི་དབྱིངས་རྣམ་དག་གི་སྒྲོན་མ་དང་། རིག་གདངས་རྡོ་རྗེ་ལུ་གུ་བརྒྱུད་ཀྱི་སྣང་བ་ཐིག་ལེ་ལྕགས་ཐག་ལྟ་བུ་འཆར་བ་ཤེས་རབ་རང་བྱུང་གི་སྒྲོན་མ་སྟེ་སྒྲོན༷་མ༷་དྲུག༷་གི༷་འཆར་སྒོའི་སྣང༷་བ༷་ལམ༷་དུ་བྱས༷་ནས་ཡུན་རིང་ཟླ་ཉི་སྐར་མ་སྒྲོན་མེ་ལ་སོགས་པའི་སྣང་བ་ལ་བརྟེན་ནས་ནང་ཤེས་རབ་རང་བྱུང་འོད་གསལ་གཞིའི་ཡེ་ཤེས་ཀྱི་རིག་པའི་ཕྱི་གདངས་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་དབྱིངས་དང་བསྲེས་པས༷་བཙོན་དུ་གཅུན་ནས་གནད་དུ་གཅུན་པར་བྱའོ།།

དེ་ཡང་གནད་དུ་གཅུན་ཐབས་སམ་གཅུན་ཚུལ་ནི། ལུས་ཀྱི་མི་འགུལ་བ་གསུམ་དང་། ངག་གི་མི་འགུལ་བ་གསུམ་དང་། ཡིད་ཀྱི་མི་འགུལ་བ་གསུམ་སྟེ་མི་འགུལ་བ་གསུམ་གྱིས་གཞི་ལ་འཆའ་བ་དང་། ལུས་ཀྱིས་སྡོད་པ་གསུམ་གྱིས་བྱ་བ་དང་བྲལ་བ་དང་། རླུང་གི་སྡོད་པ་གསུམ་གྱི་མི་སྐྱེ་བའི་ཚད་བཟུང་བ་དང་། སྣང་བའི་སྡོད་པ་གསུམ་གྱིས་མི་ལྡོག་པར་ཡིད་ཆེས་པ་སྟེ་སྡོད་པ་གསུམ་གྱིས་ཚད་བཟུང་བ་དང་། ཕྱི་སྣང་བ་ལ་དབང་ཐོབ་པ་དང་། ནང་སྒྱུ་ལུས་ལ་དབང་ཐོབ་པ་དང་། གསང་བ་རིག་པ་ལ་དབང་ཐོབ་པ་སྟེ་ཐོབ་པ་གསུམ་གྱིས་གཟེར་གདབ་དང་། ཡ་ང་བག་ཚ་མེད་པའི་གདེང་དང་། རང་གཞག་སྐུ་གསུམ་རྫོགས་པའི་གདེང་དང་། རྒྱུ་འབྲས་ལ་ཟློ་བའི་གདེང་དང་། ཀ་དག་རང་རྫོགས་བཙན་ས་ཟིན་པའི་གདེང་སྟེ་གདེང་བཞིས་གྲོལ་ཚད་བཟུང་བའི་སྒོ་ནས་ཡང་ཡང་སྦྱང་བར་བྱ་བའོ།།

དེ་ལྟར་ཡང་ཡང་སྦྱངས་པས་དབྱིངས་རིག་འོད་གསལ་དུ་སྨིན་ཏེ་རིག་པ་ཆོས་ཉིད་དབྱིངས་ཀྱི་གདངས་སྣང་མངོན་སུམ་དུ་འཆར་བའི་ཆོས་ཉིད་མངོན་གསུམ་དང་། དབྱིངས་རིག་བསྲེ་བའི་གནད་ལ་གོམས་པའི་སྟོབས་ཀྱིས་ནང་དུ་ཀ་དག་གི་སྟོང་དབྱིངས་ལ་རང་གདངས་ཀྱི་རིག་པའི་དབྱིངས་གཉིས་མེད་དུ་གནས་ཏེ་འོད་གསལ་མ་བུ་འདྲེས་ནས་ཕྱིའི་དབྱིངས་སྣང་གི་ཉམས་སྣ་ཚོགས་སུ་འཕེལ་ནས་ཐིག་ལེ་གྱེན་འགྲེང་དང་། རྩིབས་ཤར། གྲུ་ཆད། དུམ་བུ། སྣམ་བུ། དྲ་བ། མིག་ཚགས་ལ་སོགས་པ་སྣ་ཚོགས་པའི་སྣང་བ་འཕེལ་བའི་ཉམས་གོང་འཕེལ་དང་། དེ་ནས་དབྱིངས་རིག་ལ་གོམས་པ་ཆེར་སོང་བའི་གནད་ཀྱིས་ཕྱིའི་དབྱིངས་སྣང་ལ་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་དང་། སྐུ་རྐྱང་དང་། ཡབ་ཡུམ་ཞལ་སྦྱོར་དང་། ཚོམ་བུའི་དཀྱིལ་འཁོར་དང་། མུ་ཁྱུད་ཀྱི་ར་བར་ལྷ་སྐུ་གཙོ་འཁོར་དང་། དཀྱིལ་འཁོར་ཡོངས་སུ་རྫོགས་པའི་རྣམ་པ་འཆར་བའི་ཉམས་སྣང་གི་ཚད་ལ་སོན་པའི་རིག་པ་ཚད་ཕེབས་ཀྱི་སྣང་བ་དང་། དེ་འདྲའི་ཚད་ཕེབས་ཀྱི་ལྷ་སྐུའི་སྣང་བ་དེ་ཡལ་ནས་ཐིག་ལེ་དང་ཅི་ཡང་མི་འཆར་བའི་བར་དུ་དབྱིངས་སྣང་ཟད་ཅིང་ཀུན་གཞིའི་ཆ་སྒོ་གསུམ་གྱི་ཆོས་ཉིད་དུ་གནས་པའི་རྩ་བའི་མ་རིག་པ་ཟད་པར་སྦྱངས་ཏེ། ཆོས་ཅན་ཡུལ་དང་། ཆོས་ཉིད་དེའི་སྟོང་ཆ་དང་། དེར་འཛིན་ཡུལ་ཅན་གྱི་རྣམ་པ་དང་། ཆོས་ཅན་སྦྱོང་བྱེད་ཆོས་ཉིད་འོད་གསལ་ལམ་གྱི་ཆ་དང་བཅས་པའི་ཆོས་ཐམས་ཅད་ཟད་དེ་ཀ་དག་གི་རིག་པའི་སྣང་བ་སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུ་ལ་རང་གནས་པའི་ཆོས་ཉིད་ཟད་པའི་སྣང༷་བ༷་སྟེ་སྣང་བ་བཞི༷་ཡི༷་རྟགས༷་དང་ཚད༷་རྣམས་རིམ༷་བཞིན༷་རྒྱུད་ལ་རྫོགས་ནས་ལམ་གྱི་བགྲོད་པ་མིག་འཕྲུལ་བཞིན་དུ་བསྒྲོད༷་དེ་འབྲས་བུ་འཇའ༷་ལུས༷་འཕོ༷་བ༷་ཆེན༷་པོའི༷་ས༷་ཐོབ་པར་འགྱུར༷་བ་ཡིན་ནོ་ཞེས་པའོ།།

གསུམ་པ་ནི། དེ་ལྟར་ལམ་ནི་ཟབ་དང་རྒྱ་ཆེ་གཉིས། །བརྩོན་འགྲུས་ཆེ་ན་ཚེ་འདིར་མཆོག་ཐོབ་ཅིང་། །གོམས་འདྲིས་དབང་གིས་འཆི་ཁ་སྲིད་པ་ཡི། །བར་དོར་རིམ་བཞིན་སྐུ་གསུམ་དག་པའི་ཞིང་། །གདོད་མའི་རྒྱལ་སར་མངོན་པར་སངས་རྒྱས་འགྱུར། །རང་བཞིན་གདོད་མའི་རང་ཞལ་མཇལ་བ་ལས། །གཞན་དུ་འཕོ་བསྒྲོད་བྱ་བའི་ཡུལ་ལས་འདས། །འབྲས་བུ་ཉི་མ་སྤྲིན་ལས་གྲོལ་བཞིན་ནོ། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ཏེ། དེ༷་ལྟར༷་འབྲས་བུ་སྐུ་ལྔ་ཡེ་ཤེས་ལྔའི་བདག་ཉིད་ཡེ་རྫོགས་སུ་གནས་པ་ལ་གཟུང་འཛིན་འཁྲུལ་བའི་སྣང་བ་གློ་བུར་བས་བསྒྲིབས་པ་ལ་སྦྱོང་བྱེད་ཀྱི་ལམ༷་འོད་གསལ་རྫོགས་པ་ཆེན་པོའི་ལུགས་ལ་ནི༷་ཟབ༷་པ་ཀ་དག་ཁྲེགས་ཆོད་དང་། རྒྱ༷་ཆེ༷་བ་ལྷུན་གྲུབ་ཐོད་རྒལ་གྱི་ལམ་གཉིས༷་པོ་དང་པོ་གོ་བ་མ་ནོར། བར་དུ་བསྒོམ་པ་མ་འཆུག། ཐ་མ་རྟོགས་པ་མ་ཞན་པར་ཉམས་སུ་ལེན་པ་ལ་བརྩོན༷་འགྲུས༷་ཆེ༷་བ་རབ་ཏུ་གྱུར་པ་དང་ལྡན་ན་ཚེ༷་འདི༷ར་མཆོག༷་གི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ༷་ཅིང༷་ཆོས་སྐུའི་ཞིང་དུ་གྲོལ་བར་འགྱུར་པ་དང་། བརྩོན་འགྲུས་འབྲིང་ཅན་གྱིས་གོམས༷་འདྲིས༷་ཡུན་རིང་བྱས་ན་དེའི་དབང༷་གིས༷་འཆི༷་ཁ༷་ལ་འཆི་བ་འོད་གསལ་མ་བུ་འདྲེས་ཏེ་ལོངས་སྤྱོད་རྫོགས་པའི་སྐུ་མངོན་དུ་བྱེད་ནུས་པ་དང་། ཐ་མས་ཀྱང་སྲིད༷་པ༷་བར༷་དོར༷་རང་བཞིན་སྤྲུལ་པའི་ཞིང་ཁམས་ལ་སོགས་པར་བགྲོད་དེ་སངས་རྒྱ་བ་སྟེ། དེ་ལྟར་རིམ༷་བཞི༷ན་སྐུ༷་གསུམ༷་དག༷་པའི༷་ཞིང༷་དུ་གདོད༷་མ༷་ཆོས་སྐུའི༷་རྒྱལ༷་སར༷་མངོན༷་པ༷ར་རྫོགས་པར་སངས་རྒྱ་པའམ་ཡང་དག་པར་རྫོགས་པར་སངས༷་རྒྱས༷་པར་འགྱུར༷་བ་ཡིན་ནོ།།

འོ་ན་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། ཡང་དག་པར་རྫོགས་པར་འཚང་རྒྱ་བ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་གཉིས་ཀྱི་ཁྱད་པར་ནི་ལྷག་བཅས་ལྷག་མེད་ཀྱི་མྱང་འདས་ཙམ་གྱིས་ཕྱེ་བ་ཡིན་ཏེ། སྙིགས་མའི་ཕུང་པོའི་ལྷག་མ་དང་བཅས་ཤིང་གདུང་དང་རང་བསྲེལ་འབྱུང་བ་དང་། ས་གཡོ་སྒྲ་འབྱུང་འཇའ་དང་འོད་འཕྲོ་བའི་རྟགས་དང་བཅས་པའི་སྒོ་ནས་མྱ་ངན་ལས་འདས་པའི་སར་གཤེགས་པ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་དང་། ལུས་འཇའ་ལུས་སུ་དེངས་པའམ་འཕོ་བ་ཆེན་པོའི་སྐུ་གྲུབ་ནས་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པ་ནི་ཡང་དག་པར་རྫོགས་པར་སངས་རྒྱས་པ་ཡིན་པའི་ཕྱིར། གྲུབ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། ཡང་དག་པར་རྫོགས་པར་སངས་རྒྱས་པ་དང་། མངོན་པར་རྫོགས་པར་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ།།

དེ་ལྟར་དོན་དམ་ཆོས་སྐུའི་རང༷་བཞིན༷་ཀ་དག་གདོད༷་མའི༷་རང༷་ཞལ་༷ལ་སྒྲིབ་བྱེད་ཀྱི་དྲི་མ་ཤིན་ཏུ་ཕྲ་བའི་རྟོག་པ་བག་ཆགས་དང་བཅས་པ་ཟད་ནས་མངོན་སུམ་རྗེན་ཆར་དུ་མཇལ༷་བ༷་ལ་སངས་རྒྱས་པ་ཞེས་བྱ་བའི་ཐ་སྙད་སྦྱར་བ་ལས༷། གཞན༷་དུ༷་ན་དོན་དམ་པར་གནས་ལུགས་ཀ་དག་འོད་གསལ་ཆེན་པོ་འབྲས་བུ་ཡེ་རྫོགས་རང་གསལ་བུམ་པ་སྐུའི་ངོ་བོ་ལ་འབྲས་བུའི་སར་འཕོ༷་བ་དང་འཕོ་བྱེད་ཀྱི་ལམ་བསྒྲོད་པ་སོགས་འཕོ་བྱ་འཕོ་བྱེད་དང་བསྒྲོད༷་བྱ་བསྒྲོད་བྱེད་ཀྱི་ཡུལ༷་ལས༷་འདས་༷པ་གཞི་འབྲས་ཡེ་ནས་རང་བཞིན་སྤྲོས་བྲལ་ཆེན་པོའི་ངང་དུ་རྫོགས་པ་ཡིན་པས། འབྲས༷་བུ༷་ཐོབ་པ་ཡང་དཔེར་ན་ཉི༷་མ༷་ལ་སྤྲིན༷་ཚོགས་གློ་བུར་བས་སྒྲིབ་པ་ལྟར་སྣང་ཡང་ཉི་མ་རང་གི་ངོ་བོ་ལ་སྒྲིབ་བྱེད་ཀྱི་སྤྲིན་ཡེ་ནས་གནས་པ་མེད་པར་དེ་ལས་༷རང་གྲོལ༷་བ་ཡིན་པ་བཞིན༷་དུ་ཤེས་པར་བྱ་དགོས་པ་ཡིན་ནོ༷་ཞེས་པའོ།།

བཞི་བ་ནི། གེགས་སེལ་བོགས་འདོན་བདུད་གཅོད་ཟབ་མོ་བསྒོམ། །ཞེས་པའི་རྐང་པ་གཅིག་གིས་བསྟན། དེ་ལྟར་རྫོགས་པ་ཆེན་པོ་ཁྲེགས་ཐོད་ཀྱི་གདམས་པ་ཉམས་སུ་ལེན་ཚེ་ཉམས་ལ་བར་ཆད་གློ་བུར་བ་སོགས་ཀྱི་གེ༷གས་བྱུང་ན་དེ་སེལ༷་བའི་ཐབས་ཀྱི་མན་ངག་དང་། ཉམས་ལེན་གོང་འཕེལ་དུ་བོགས༷་འདོན༷་པའི་ཐབས་དང་། ཕྱི་ནང་གི་བདུད༷་བྱུང་ན་སྣང་བ་ཐོག་བརྫིས་ཀྱིས་བཙན་ཐབས་སུ་གཅོད༷་པའི་ཐབས་ཀྱི་མན་ངག་ཟབ༷་མོ༷་རྣམས་བླ་མ་བརྒྱུད་པའི་མན་ངག་ཕྱག་བཞེས་དང་བཅས་པ་ལ་བྱང་པར་བསླབ་ནས་དུས་ལ་བབས་ཚེ་བསྒོམ༷་པར་བྱ་དགོས་པ་ཡིན་ནོ།།

ལྔ་བ་ནི། དེ་ལྟར་ཐེག་བརྒྱད་བློ་སྟེགས་གངས་རིའི་སྤོར། །བློ་འདས་གདོང་ལྔའི་རྒྱལ་པོའི་རང་བྱུང་གི །རྡོ་རྗེའི་སྒྲ་དབྱངས་མཐའ་བྲལ་ཕྱོགས་བཅུའི་ཁམས། །རབ་ཏུ་སྒྲོག་པས་ལོག་རྟོག་སྡེར་ཆགས་རྣམས། །ཟིལ་གནོན་སྤ་བཀོང་མངོན་པའི་ང་རྒྱལ་བཅོམ། །སྔ་འགྱུར་བསྟན་པ་དར་ཞིང་རྒྱས་གྱུར་ཅིག །ཅེས་པའི་ཚིགས་བཅད་གཅིག་དང་རྐང་བ་ཕྱེད་ཀྱིས་བསྟན་པ་སྟེ། དེ༷་ལྟར༷་ཉན་ཐོས་རང་རྒྱལ་བྱང་སེམས་ཏེ་ཕྱི་མཚན་ཉིད་རྒྱུ་ཡི་ཐེག་པ་གསུམ་དང་། ཀྲི་ཡ་ཨུ་པ་ཡོ་ག་སྟེ་ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་དང་། མ་ཧཱ་ཨ་ནུ་གཉིས་སྟེ་དེ་དག་སྡོམ་པའི་ཐེག་པ་བརྒྱད་ལ་ཡིད་དཔྱོད་བློས་བྱས་ཀྱི་ཐེག༷་པ་བརྒྱད༷་ཅེས་བྱ་ལ། དེ་བརྒྱད་ཀྱི་སྔ་མ་སྔ་མ་ལམ་སྟེགས་བྱས་ཏེ་ཕྱི་མ་ཕྱི་མ་བསྐྱེད་དགོས་པས། དེ་བརྒྱད་ཀྱི་བློ༷་ཡི་ལམ་སྟེགས༷་མཐོན་པོའི་གངས༷་རིའི༷་སྤོར༷་རམ་རྩེ་མོ་ནས་བློ༷་ལས་འདས༷་པའི་ཐེག་མཆོག་རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་གི་སྡེ་གསུམ་མམ། ཁྱད་པར་དུ་ཡང་གསང་བླ་ན་མེད་པ་མན་ངག་གི་སྡེའི་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་གདོང༷་བ་ལྔ༷་བའི༷་རྒྱལ༷་པོའི༷་གདམས་པ་ཟབ་མོ། བརྗོད་མེད་རང༷་བྱུང༷་གི༷་རྡོ༷་རྗེ༷འི་ང་རོའི་སྒྲ༷་དབྱངས༷་རྒྱ་ཁྱོན་གྱི་ཕ་མཐའ༷་དང་བྲལ༷་བའི་ཕྱོགས༷་བཅུའི༷་ཁམས༷་ཀུན་ཏུ་རབ་༷ཏུ༷་སྒྲོག༷་པ༷་དེ་ཡིས༷་ལམ་འདི་ཇི་བཞིན་མ་ངེས་པར་དོན་ཕྱིན་ཅི་ལོག་ཏུ་གོལ་བའི་ལོག༷་པར་རྟོག༷་པའི་སྡེར༷་མོ་ཆགས༷་པའི་ཐེག་པ་འོག་མའི་རྣལ་འབྱོར་བ་དང་རྟོག་གེ་བའི་གཅན་གཟན་ཕལ་བའི་ཚོགས་རྣམས༷་ཟིལ༷་གྱིས་གནོན༷་པའི་སྒོས་ཐེག་པ་མཆོག་གི་ཆོས་ཚུལ་འདི་ལ་ལོག་པར་ལྟ་བའི་སྨྲ་བ་ངན་པས་འཕྱས་རྡེག་པའི་ཝ་སྐྱེས་རྣམ་རྟོག་གི་ཚེར་མ་འཁྲིགས་པའི་ནགས་མཐར་གཟུང་འཛིན་འཁྲུལ་བ་སྣང་བས་བརྒྱལ་བ་རྣམས་ཀྱི་སྤོབས་པ་འཕྲོག་སྟེ་སྤ༷་བཀོང༷་བ་སྟེ། དཔའ་ཞུམ་པར་བྱས་ནས་བློས་བྱས་ཀྱི་ཐེག་པ་འོག་མ་དག་ཟབ་ལམ་མཐར་ཐུག་ཡིན་སྙམ་པའི་མངོན༷་པའི༷་ང༷་རྒྱལ༷་རྣམ་པར་བཅོམ༷་པའི་མཐུ་ལ་བརྟེན་ནས་གསང་སྔགས་འགྱུར་སྔ་ཕྱི་གཉིས་ལས་སྔ༷་སོར་འགྱུར༷་བ་ཡོ་ག་སྡེ་གསུམ་སྤྱིའི་བསྟན༷་པ༷་དང་། ཁྱད་པར་ཐེག་མཆོག་ངེས་གསང་རྫོགས་པ་ཆེན་པོའི་བསྟན་པ་གསེར་བཙོ་མ་ལྟ་བུ་འདི་ཉིད་ཇི་སྲིད་འགྲོ་ཁམས་མ་སྟོང་པ་དེ་སྲིད་དུ་འཇིག་རྟེན་ཀུན་ཏུ་བཤད་དང་སྒྲུབ་པའི་བྱ་བ་ལེགས་པོའི་སྒོས་དར༷་ཞིང༷་རྒྱས༷་ལ་ཡུན་རིང་དུ་མི་ནུབ་པར་གནས་པར་གྱུར༷་ཅིག༷་ཅེས་སྨོན་ལམ་དང་བཅས་ཏེ་མཇུག་བསྡུས་པའོ།།

གསུམ་པ་ཚོམ་གྱི་མཇུག་བསྡུ་བ་ནི། མཐར་ཐུག་རྫོགས་པ་ཆེན་པོའི་གནད་གསང་རྣམས་བསྟན་པའི་ཚོམ་སྟེ་བཞི་བའོ། །ཞེས་པ་སྟེ་དོན་གོ་སླ་བས་མི་སྤྲོའོ། །ཚོམ་བུ་བཞི་བའི་རྣམ་པར་བཤད་པ་བརྗོད་ཟིན་ཏོ།། །།

ཐ་མར་དགེ་བ་མཇུག་གི་དོན།

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ་ནི། བསྟན་བཅོས་བརྩམས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་དང་།སྦྱར་བྱང་བཀོད་པ་དང་གཉིས་ལས། དང་པོ་ནི། བཀྲ་ཤིས་སྙིང་པོ་མཆོག་གསུམ་སྣང་བའི་གཟིས། །དགེ་ལེགས་བྱེ་བའི་འོད་སྣང་ས་གསུམ་ཁྱབ། །སྲིད་མཚོར་དུབ་པའི་མགྲོན་རྣམས་མུན་པ་བཅོམ། །སྐལ་ལྡན་ཐར་བའི་ལམ་མཆོག་རབ་རྙེད་ཤོག །ཅེས་པས་བསྟན་ཅིང་དོན་ནི། གཞུང་འདི་ཉིད་བརྩམས་པའི་དགེ་བ་ལ་བརྟེན་ནས་བཀྲ༷་ཤིས༷་པ་ཐམས་ཅད་ཀྱི་སྙིང་༷པོ༷་མཆོག་ཏུ་གྱུར་པ་དཀོན་མཆོག༷་གསུམ༷་གྱི་ཐུགས་རྒྱུད་རབ་ཏུ་བསྐུལ་ཏེ་དེ་དག་གི་ཐུགས་བསྐྱེད་འཕྲིན་ལས་ཀྱི་བྱིན་རླབས་ཉིན་མོར་བྱེད་པའི་འོད་ཀྱི་སྣང༷་བའི༷་གཟི༷་རབ་ཏུ་འབར་བས༷། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཚེ་རིང་ནད་མེད་འབྱོར་བ་རྒྱས་པའི་བདེ་སྐྱིད་ཀྱི་པདྨོ་རྣམ་པར་བཞད་ཅིང་། དགེ་བ་བཅུ་ནས་བཟུང་སོ་བྱང་སྔགས་ཀྱི་ཁྲིམས་ཀྱི་གཞི་བརྟན་པ་ལ་བརྟེན་ནས་དམ་ཆོས་སྤྱི་དང་། ཁྱད་པར་དུ་ངེས་གསང་སྙིང་པོའི་ཟབ་ལམ་ཉམས་སུ་ལེན་པའི་དགེ༷་ཞིང་ལེགས༷་པ་བརྒྱ་སྟོང་བྱེ༷་བའི༷་འོད༷་ཀྱི་སྣང༷་བ་འདོད་གཟུགས་གཟུགས་མེད་དེ་ས༷་གསུམ༷་གྱི་འགྲོ་བའི་རྒྱུད་ལ་ཁྱབ༷་སྟེ། སྲིད༷་པ་འཁོར་བའི་རྒྱ་མཚོར༷་སྡུག་བསྔལ་གསུམ་གྱིས་གཙེས་པས་ཡིད་དུབ༷་པར་གྱུར་པའི༷་འགྲོ་བའི་མགྲོན༷་པོ་རྣམས༷་ལམ་དང་བླང་དོར་སྤྱི་དང་། ཁྱད་པར་དུ་ཀ་དག་གཉུག་མ་ཆོས་སྐུའི་རང་ཞལ་མཇལ་བ་ལ་ཤིན་ཏུ་རྨོངས་པའི་མུན༷་པ༷་རྣམས་རྣམ་པར་བཅོམ༷་ནས་ཟབ་ལམ་འདི་ཉིད་ཉམས་སུ་ལེན་པའི་སྐལ༷་བ་དང་ལྡན༷་པ་རྣམས་ཀྱི་ཐར༷་བའི༷་ལམ༷་དང་ལམ་མཆོག༷་འདིའི་འབྲས་བུ་མངོན་དུ་བྱེད་པའི་ནུས་པ་རབ༷་ཏུ་རྙེད༷་པར་ཤོག༷་ཅིག་ཅེས་པའོ།།

གཉིས་པ་ནི། ཅེས་རེ་སྐོང་བ་ཞེས་སོགས་ཏེ། གདམས་ངག་གདམས་ཡུལ་ལམ་ཞལ་གདམས་གསུང་བསྐུལ་ཞུ་བ་པོ་ཁྱད་པར་དུ་འཕགས་པ་དད་བརྩོན་ཤེས་རབ་ཀྱིས་རྒྱུད་ཕྱུག་པའི་སློབ་མ་དང་། ཞལ་གདམས་གནང་སའི་གནས་ཁྱད་པར་དུ་འཕགས་པ་ཡེ་ཤེས་པའི་ཆོས་སྐྱོང་ཆེན་པོ་དཔལ་ལྡན་མ་ཧཱ་ཀ་ལའི་གནས་གསེར་སྟོད་འབྲོང་རི་སྨུག་པོའི་ཤར་གནས་དང་། ཞལ་གདམས་གནང་བ་པོ་ཁྱད་པར་དུ་འཕགས་པ་པདྨའི་ཟབ་གཏེར་ཆོས་ཀྱི་མཛོད་འཛིན་རྩོད་པ་མེད་པ་ཨ་པང་གཏེར་སྟོན་གསང་བདག་ཆོས་དབྱིངས་རྡོ་རྗེ་སྟེ། གདམས་དོན་ཆོས་ཀྱི་ཆེ་བ་གོང་དུ་ཞིབ་པར་བརྗོད་པ་ལས་གསལ་བ་ལྟར་ལ། འདིར་ཞལ་གདམས་འདི་ཉིད་ཞུ་བ་པོ་དང་། གནང་སའི་གནས་དང་། གནང་བ་པོའི་གང་ཟག་གི་ཆེ་བ་གསུམ་བསྟན་པའི་སྒོ་ནས་སྦྱར་བྱང་གསལ་བར་སྨོས་པ་ཡིན་ནོ།།

གཞུང་འདི་ཉིད་ནི་གཏེར་ཆོས་མིན་པར་བརྩམས་ཆོས་ཡིན་ལ། ཉང་རལ་དང་། ཆོས་དབང་དང་། རཏྣ་གླིང་པ་དང་། ཞིག་པོ་གླིང་པ་དང་། གཏེར་བདག་གླིང་པ་སོགས་སྔོན་གྱི་གཏེར་སྟོན་ཚད་མ་ཐམས་ཅད་ལ་གཏེར་ཆོས་དང་རྩོམ་ཆོས་ཐ་དད་དུ་ཡོད་ཅིང་། རྩོམ་ཆོས་རྣམས་ལ་གཏེར་ཚེག་མེད་པ་དང་། བྲིས་པའི་དབུ་མཇུག་དུ་ཡང་ཁྱད་པར་ལེགས་པར་ཕྱེས་ནས་གསལ་བཤད་མཛད་ཡོད་མོད། དེང་སང་གི་གཏེར་སྟོན་དུ་ཁས་འཆེ་བ་དག་གིས་ནི་རྩོམ་ཆོས་ཤོ་ལོ་ཀ་གཅིག་ཡན་ཆད་ལ་གཏེར་ཚེག་བཞག་ནས་མཁའ་འགྲོ་ཞིག་གིས་གནང་བ་སྐད་བྱེད་པ་ནི་རྫུན་ལབ་ཚུལ་ཕྱོགས་གཅིག་ལ་བྱང་ཡང་ཕྱོགས་གཅིག་ལ་མ་བྱང་པའི་སྐྱོན་གནས་པས་དགོད་བྲོ་ཞིང་བློ་ལྡན་ཡིད་ཆད་སྐྱེ་བའི་རྒྱུ་ལས་མ་འདས་སོ།།

དེ་ལྟར་ཞལ་གདམས་འདིས་དངོས་བསྟན་གྱི་དོན་རགས་པ་ཙམ་འགྲེལ་ཁུལ་བགྱིས་ལ་ཤུགས་བསྟན་དང་སྦས་དོན་གསལ་བར་བྱེད་པའི་སྐོར་སོགས་གཞུང་འདི་ཉིད་རྒྱས་པར་འགྲེལ་ན་མདོ་སྔགས་ཀྱི་ཟབ་ལམ་ཡོངས་རྫོགས་མཐའ་ཆོད་པར་བཤད་དེ་གླེགས་བམ་དུ་མར་སྤེལ་བར་བྱས་ཀྱང་ཆོག་མོད་རང་ལ་དུས་ཚོད་འབྲེལ་ཟིང་ཆེ་བ་དང་། སྒྱུ་ལུས་ལ་ནད་ཀྱི་ཁུར་ལྕི་བས་ཡུན་རིང་མནར་རྐྱེན་གྱིས་ཁམས་བདེ་བོ་རང་མེད་པ་དང་། སྐུལ་བ་པོ་སྤྲུལ་སྐུ་ཉིད་ཀྱིས་ཉུང་ངུ་གོ་སླ་ཞིག་དགོས་པར་བཀའ་བྱུང་བ་སོགས་ཀྱིས་འདི་ཙམ་ལས་མ་སྤྲོས་སོ།།

སྤྱིར་བསྟན་བཅོས་རྩོམ་པ་ལ་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་དང་། འབྲིང་ཡི་དམ་ལྷས་གནང་བ་ཐོབ་པ་དང་། ཐ་མ་ཡང་རིག་པའི་གནས་ལྔ་ཀུན་ལ་མཁས་པ་སྟེ་རྒྱུ་ཚོགས་ཆེན་པོ་གསུམ་ཚང་བའམ་དེ་དག་ལས་གང་རུང་ཞིག་ནི་ངེས་པར་དུ་ཚང་དགོས་པ་ཡིན་ཏེ། ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་མཛོད་ལས། རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བ་སྟེ། ཀླུ་སྒྲུབ་དང་། འཕགས་པ་ལྷ་དང་། ཐོགས་མེད་ལ་སོགས་པ་ལྟ་བུའོ། །འབྲིང་ཡི་དམ་ལྷའི་ཞལ་གཟིགས་ཏེ་གནང་བ་ཐོབ་པ་ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབས་པ་ཙནྡྲ་པ་དང་ཞི་བའི་ལྷ་ལ་སོགས་པ་ལྟ་བུའོ། །ཐ་མ་ཡང་རིག་པའི་གནས་ལྔ་ལ་མཁས་ཤིང་བླ་མ་བརྒྱུད་པའི་བཤད་པའི་མན་ངག་ཡོད་པ་སྟེ། སློབ་དཔོན་དཔལ་སྦས་དང་། ཡེ་ཤེས་སྙིང་པོ་དང་། ཤཱཀྱ་བློ་གྲོས་ལ་སོགས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་རང་ལ་དེ་གསུམ་ཀ་གང་ཡང་མི་ལྡན་པས་འདི་འདྲ་བྲི་བར་མི་འོས་པའི་ཁར་མ་རྟོགས་པ་དང་ལོག་པར་རྟོག་པས་བསླད་པ་སོགས་འགལ་འཁྲུལ་ཅི་ནས་མང་བ་ཞིག་ཡོད་སྲིད་པ་སྨོས་མ་དགོས་མོད། སྔོན་ཀྱི་སྨོན་ལམ་ཐེབས་ཕྱོགས་ཀྱིས་སམ་གང་ལྟར་ཡང་གདམས་པ་འདི་ཉིད་ལ་འགྲེལ་བ་ཞིག་རྩོམ་པའི་ལས་འཕྲོ་ཡོད་པར་གྱུར་པ་ལ་དགའ་ཞིང་སྤྲོའོ།།

སྨྲས་པ། མི་སྡོད་རི་སྐྱེས་ནགས་ན་འཕྱོ་བ་བཞིན། །རིམ་གྱིས་འདས་པའི་དུས་ཀྱི་ཁུག་སོ་ན། །པདྨའི་འཕྲིན་ལས་སྐྱོང་བའི་གཏེར་འབྱིན་རེ། །བྱོན་པའི་ཚུལ་ལ་ཤེས་ལྡན་སྤྲོ་རིགས་མོད། །སྔོན་ལས་ཆུང་ཞིང་ཐོས་བསམ་ཕྱོགས་རེ་བས། །བློ་གྲོས་འདྲེན་བྱེད་སྒྲིབ་པའི་རྟོག་གེ་མང་། །ཁ་ཟེར་སྒྲོ་སྐུར་ར་གན་གཡེར་དུང་གིས། །གཏེར་ལ་འཕྱ་བའི་ཕུ་སྒྲ་འདོན་འདིས་སུན།།

ཡོལ་མེད་ལུང་གིས་བསྔགས་པའི་གཏེར་སྟོན་དུ། །འཁྲུལ་བྲལ་གྲུབ་པའི་འཁོར་སྒྱུར་ཨ་པང་པ། །གང་གི་མཁྱེན་རབ་ཉི་མའི་གདེངས་ཀ་ལས། །ལེགས་བཤད་འོད་སྟོང་ཕྱོགས་སུ་བརྡལ་བ་ན། །ཞལ་གདམས་ཉིན་མོར་བྱེད་པའི་འོད་ཟེར་ཕྲེང་། །རྩོམ་པའི་ངག་རིག་རྐང་པར་བཅད་པ་ལས། །དྲངས་ཏེ་སྐལ་ལྡན་ཐར་བའི་དམིགས་བུ་རུ། །འཆར་ལ་ངོ་མཚར་དད་པའི་པདྨོ་བཞད། །ཚིག་གི་སྒྲོས་གཙང་དོན་གྱི་གནད་ཟབ་པའི། །ལེགས་བཤད་འདི་འདྲ་ཨུ་དུམ་བཱ་ར་བཞིན། །སྲིད་ན་འབྱུང་དཀའ་རྙེད་པ་དོན་ལྡན་དུ། །ཚད་མས་ངེས་ཕྱིར་བརྩོན་པས་འགྲེལ་ལ་ཞུགས།།

མདོ་སྔགས་ལམ་གྱི་གདམས་པ་ཆ་ཚང་བ། །ཚིག་ཉུང་བསྡེབས་ཀྱིས་གསལ་བར་བསྟན་པ་ཡི། །མན་ངག་རྒྱ་མཚོའི་སྙིང་པོའི་ཡང་ཞུན་འདི། །དྲང་སྲོང་གསུང་བཞིན་སྤྱི་བོའི་ཏོག་ཏུ་ཆོངས། །འདི་དོན་ངེས་ཤིང་ཉམས་ལེན་མ་ཞན་ན། །ཞི་བསིལ་ཐར་བའི་ལྡིང་ཁང་རྙེད་པ་ལ། །སོམ་ཉི་བྲལ་ཞིང་སྐུ་བཞིའི་བ་གམ་ནས། །འཕྲིན་ལས་ཉི་འོད་འགྲོ་ལ་འགྱེད་པས་ཆོག།

གདམས་དོན་རབ་ཏུ་ཟབ་ཅིང་རྒྱ་ཆེའི་ཕྱིར། །ཤིན་ཏུ་རྟོགས་དཀའ་བདག་འདྲའི་ཡུལ་མིན་ཡང་། །སྐུལ་བྱེད་རླུང་གིས་ཡང་ཡང་གཡོས་པ་ན། །རྣམ་བཤད་དྲིལ་ཆུང་མི་སྒྲོག་རང་དབང་ཅི། །ཅུང་ཟད་བརྗོད་ལ་འགལ་བའི་ཆ་མཆིས་ན། །མཁས་པ་སྤྱི་དང་གཏེར་ཆེན་རིན་པོ་ཆེ། །ཆོས་བདག་སློབ་མའི་ཚོགས་ལ་བཟོད་གསོལ་བགྱི། །བསྐྱོན་མེད་བརྩེ་བའི་ཕྱག་ཡངས་མེ་ཏོག་འཐོར།།

ལེགས་པར་བཤད་པའི་ཆ་མཆིས་རྣམ་དཀར་དགེས། །མཐའ་ཡས་ཡིད་ཅན་སྲིད་མཚོ་ལས་གྲོལ་ནས། །གཞི་གྲོལ་གཉུག་མ་ཆོས་སྐུའི་གྲོང་ཁྱེར་དུ། །ཕུང་པོ་འཇའ་སྐུར་སྨིན་པའི་དཔལ་འབར་ཤོག།

ཅེས་ཟབ་གཏེར་རྒྱ་མཚོའི་མཛོད་འཛིན་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་ཨ་པང་གསང་བདག་དཔའ་བོ་ཆོས་དབྱིངས་རྡོ་རྗེས་མཛད་པའི་ཞལ་གདམས་ཐུགས་རྗེ་འོད་ཀྱི་སྣང་བའི་ཚིག་འགྲེལ་འདི་ནི། རྗེ་གང་ཉིད་ཀྱི་ཡང་སྲིད་གྲུབ་པའི་རིག་སྔགས་འཛིན་པ་འཇིགས་མེད་དབང་དྲག་རྡོ་རྗེའི་ཞལ་སྔ་ནས་འདི་ལ་འགྲེལ་བ་ཉུང་ངུ་གོ་སླ་ཞིག་འབྲི་བར་གྱིས་ཞེས་སྲིད་དུ་རིང་བའི་ལྷ་རེག་དཀར་པོ་དྲི་མ་དང་བྲལ་བའི་སྐྱེས་བཅས་བསྐུལ་བ་ལ་ཞལ་ངོ་མ་ལྡོག་པར་རྗེས་དཀར་ཤོ་ལེབ་ཀྱི་རིགས་ལས་ཤར་གཉན་པོ་གཡུ་རྩེའི་གནས་འདབས་སུ་ལྟེ་ཁྲག་བོར་བའི་དགེ་སྦྱོང་འདུ་གསུམ་པ་ཐུབ་བསྟན་ལེགས་བཤད་བཟང་པོའམ་ཨོ་ཌི་ཡ་ན་བིརྱ་རུ་འབོད་པས་ས་ཕོ་བྱི་བའི་ལོ་ཤར་མ་ཐག་པའི་དུས་ཚེས་དགེ་བར་གྲོང་ཁྱེར་ཆེན་པོ་པེ་ཅིན་གྱི་ལྷོ་ཕྱོགས་གྲོང་རྡལ་གསར་བ་རུ་གྲགས་པའི་ར་སྐོར་བདུན་པའི་ཁང་བརྩེགས་དགུ་བ་དང་པོའི་ཤག་མིག་ཅིག་ཏུ་སྦྱར་བ་བཀྲ་ཤིས་ཤིང་དགེ་བར་གྱུར་ཅིག། སརྦ་མངྒ་ལཾ།

བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོའི་འབྲུ་འབྲེལ་རྣམ་གསལ་སྒྲོན་མེའི་སྣང་བ་ཞེས་བྱ་བ་བཞུགས་སོ།།

༄༅།། ཀུན་ཁྱབ་སྐུ་གསུམ་འབྲས་བུ་བླ་ན་མེད། །མི་འགྱུར་ཡེ་ཤེས་དོན་དམ་གཉུག་མའི་སྐུ། །ཀུན་ཏུ་བཟང་པོ་རྒྱལ་རྣམས་རིགས་ཀྱི་བདག །འཁོར་འདས་གཉིས་མེད་སྟོན་པ་ལ་ཕྱག་འཚལ། །རང་བྱུང་འོད་གསལ་སྙིང་པོ་དག་པའི་སྐུ། །ཡེ་ནས་གཞི་བཞུགས་ཡང་དག་ལམ་བཟང་གིས། །གཞི་བཞེངས་འབྲས་བུའིི་དཔལ་ལ་དབང་བསྒྱུར་པའི། །རྟོགས་པའི་དབང་ཕྱུག་པདྨ་རྒྱལ་པོར་འདུད། །བསླབ་གསུམ་རྣམ་དག་ཐར་བའི་རྒྱལ་མཚན་རྩེར། །སྙིང་པོའི་ཉམས་ལེན་སྒྲུབ་པའི་ཏོག་མཛེས་ཤིང་། །མན་ངག་བདུད་རྩིས་ལས་ཅན་འདྲེན་པའི་མགོན། །ཀརྨ་ཆོས་འཕེལ་བཟང་པོའི་ཞབས་ལ་འདུད། །སྟོང་ཕྲག་ཟབ་གསང་རྒྱུད་སྡེའི་ཡང་ཞུན་སྙིང་། །ཟབ་ལམ་རྩ་བ་བླ་མའི་རྣལ་འབྱོར་གྱི། །ཉམས་ལེན་ཐབས་བཟང་མན་ངག་ཚིག་བསྡུས་པའི། །གསལ་བཤད་སྒྲོན་མེའི་སྣང་བ་འདེགས་པར་བྱ།།

དེ་ཡང་གངས་ཅན་གྱི་ལྗོངས་སུ་མདོ་སྔགས་ཀྱི་ལམ་བཟང་རྨད་དུ་བྱུང་བ་ལ་བརྟེན་ནས་ལམ་གྱི་རྟེན་དང་། རྒྱུ་དང་། ལམ་དངོས་དང་། འཕགས་ལམ་ལ་དབང་ཞིང་། ཟུང་འཇུག་མི་སློབ་པའི་ས་རུ་གཤེགས་པའི་མཁས་པ་དང་གྲུབ་པའི་སྐྱེས་བུ་བཤད་སྒྲུབ་ཀྱི་འཕྲིན་ལས་འགྲན་དུ་མེད་པ་བྱོན་ཟིན་དང་། བྱོན་བཞིན་པའི་ཚུལ་ནི་བགྲང་བ་ལས་འདས་པ་ཞིག་མཆིས་པ་མིག་གིས་མཐོང་ཞིང་ལག་པས་འཛིན་དུ་གདའ་བ་ཁོང་ན་སྙིང་ཡོད་ཀུན་གྱིས་ཤེས་པ་ལྟར་ལགས་ཤིང་། དེ་དག་གི་ཁྲོད་ན་གདུལ་བྱ་དཀྲི་བ་ལ་མཁས་པའི་སློབ་རྒྱུད་ཀྱིས་འཛིན་མར་འཚང་གས་དོག་པར་མཛད་པའི་སྐྱེས་བུ་གྲངས་ལས་འདས་པ་བྱོན་པ་རྣམས་ལས། ད་ལན་སྒྲུབ་བརྒྱུད་བསྟན་པའི་མངའ་བདག་རྟོགས་པའི་དབང་ཕྱུག་ཆེན་པོ་ཨ་ཀྱ་བླ་མ་ཀརྨ་ཆོས་འཕེལ་བཟང་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ཞེས་བྱ་བའི་དོན་ཅུང་ཟད་འཆད་པ་ལ། ཇི་སྐད་དུ། ཆོས་རྗེས་སུ་དྲན་པའི་མདོ་ལས། དམ་པའི་ཆོས་ནི་ལེགས་པར་གསུངས་པ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ། ཞེས་དང་། མཁས་པའི་དབང་པོ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས། ཆོས་ནི་ཐོག་མཐའ་བར་གསུམ་དགེ །དོན་དང་ཚིག་འབྲུ་བཟང་བ་གཉིས། །ཞེས་གསུངས་པ་ལྟར་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན་དང་། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། དང་པོ་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ་དང་གཉིས་ལས།

དང་པོ་ནི། རྟོགས་པའི་དབང་ཕྱུག་དམ་པ་རྗེ་བཙུན་ཀརྨ་ཆོས་འཕེལ་གྱི་བླ་རྣམ་བྱིན་རླབས་འདོད་འཇོ་ཞེས་བྱ་བ་བཞུགས། ཞེས་པས་བསྟན་ལ། མན་ངག་འདི་ནི་གཞུང་གང་ཞིག་གི་ཚིག་དོན་ཤེས་པ་དང་། བླང་དོར་གྱི་གནས་རྟོགས་པ་དང་། ས་ལམ་གྱི་ཚུལ་རྒྱ་ཆེ་བ་དོན་སྤྱི་དང་། མངོན་སུམ་དུ་རྟོགས་པ་ལ་སོགས་པ་ཆོས་ཀུན་གྱི་དོན་རྟོགས་ཚུལ་དུ་མ་ཡོད་པ་ལས། འདིར་ནི་ས་ལམ་གྱི་ཚུལ་ཇི་བཞིན་དུ་རྟོགས་པའི་རྟོགས་པ་དང་ལྡན་པ་སྟེ། ཁྱད་པར་དུ་འོད་གསལ་རྫོགས་པ་ཆེན་པོ་མན་ངག་སྡེའི་བསྟན་དོན་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཚུལ་ཇི་བཞིན་རྟོག༷ས་པ༷འི་ཡོན་ཏན་ལ་དབ༷ང་འབྱོར་ཞིང་། ཆོས་ཀུན་ཀ་དག་ཟང་ཐལ་ཆེན་པོའི་ཕུ་ཐག་ནང་ནས་ཆོད་ཅིང་། ལྷུན་གྲུབ་སྣང་བ་བཞིའི་བགྲོད་ཚུལ་ཇི་བཞིན་ངེས་པས་ཐུགས་རྒྱུད་ཕྱུག༷་པའི་རྣལ་འབྱོར་བའི་མཆོག་གམ་དམ༷་པ༷་ཉིད་དུ་གྱུར་པའི་རྗེ༷་བ༷ཙུན་པ་ཆེན་པོ་ཀ༷རྨ༷་ཆོ༷ས་འཕེ༷ལ་གྱི༷་ཞལ་སྔ་ནས་ཀྱི་བླ༷་མའི་རྣལ༷་འབྱོར་ཉམས་སུ་ལེན་ཚུལ་གྱི་དམིགས་རྣམ་གསལ་བར་བསྟན་པའི་མན་ངག་རྒྱལ་བ་སྲས་བཅས་སྤྱི་དང་། བྱེ་བྲག་ཏུ་བླ་མ་དམ་པ་གང་ཉིད་ཀྱི་བྱིན༷་རླབ༷ས་ཀྱི་སྣང་བའི་འདོ༷ད་པ་འཇོ༷་བར་བྱེད་པའི་ཡི་གེ་མཚན་ལའང་བྱིན་རླབས་འདོད་འཇོ་ཞེས༷་བྱ༷་བ༷་རུ་གྲགས་པ་འདི་ན་བཞུག༷ས་སོ། །ཞེས་པ་ནི་མཚན་དོན་ཡིན་ལ། མཚན་བསྟན་པའི་དགོས་པ་སོགས་ནི་གསུང་རབ་སྤྱི་སྲོལ་ལྟར་ལགས་པས་འདིར་མི་སྤྲོའོ།།

གཉིས་པ་ནི། ན་མོ་གུ་རུ། ཞེས་པས་བསྟན་ལ། འདི་ནི་མན་ངག་རྩོམ་པ་པོས་བླ་མའི་བཀའ་དྲིན་དྲན་པ་དང་། བྱིན་རླབས་འཇུག་པ་དང་། བླ་མའི་རྣལ་འབྱོར་བསྒོམ་པ་ལ་བརྩོན་པ་འབྱུང་བ་དང་། མན་ངག་བརྩམ་པ་མཐར་ཕྱིན་པའི་ཕྱིར་དུ་བླ་མ་ལ་ཕྱག་འཚལ་བ་སྟེ། ན༷་མོ༷་ནི། ལེགས་སྦྱར་གྱི་སྐད་དུ་ཕྱག་འཚལ་ལོ་ཞེས་དང་། གང་ལ་ཕྱག་འཚལ་ན་གུ་རུ་སྟེ་བླ་མ་ལ་ཕྱག་འཚལ་ལོ་ཞེས་པའི་དོན་དུ་གོ་ལ། གུ༷་རུ༷་ནི་བླ་མ་ཞེས་པ་སྟེ་སྐབས་འདིར་མན་ངག་རྩོམ་པ་པོ་རང་གི་བླ་མ་ལ་ཀརྨ་ཆོས་དཔལ་བཟང་པོ་ལ་གོའོ།།

གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལ་ནི། བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེ་བར་བཤད་པ་དང་། གཞུང་དོན་དངོས་གཉིས་ལས། དང་པོ་ནི། མན་ངག་རང་གཞུང་ལས། དེ་ཡང་བྱིན་རླབས་དང་དངོས་གྲུབ་འབྱུང་བའི་སྒོ་ནི་བླ་མ་ཁོ་ན་ལ་རག་ལས་ཏེ། ཇི་སྐད་དུ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་ན་རྨོངས་པར་ཤེས་པར་བྱ། །ཞེས་པ་བཞིན་གང་ཟག་སུ་ཡིན་ཡང་ཚེ་འདིའི་ཉམས་ལེན་གྱི་སྙིང་པོ་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྩོན་པ་གལ་ཆེ་ཞིང་། དེ་ཡང་ཇི་ལྟར་ཉམས་སུ་ལེན་ན། དཔལ་སྤྲུལ་རིན་པོ་ཆེས། བླ་མ་བསྟེན་ཐབས་མོས་གུས་ཡིན་ཏེ་ཞེ་ས་མིན། །ཞེས་གསུངས་པ་བཞིན་ནམ་ཡང་ཁ་ཙམ་མིན་པའི་དད་མོས་དྲག་པོས་ཀུན་ནས་བསླངས་ཏེ། ཞེས་པའི་བར་གྱི་ཡིག་ཆུང་གིས་བསྟན་ལ། དོན་གོ་སླའོ།།

གཉིས་པ་གཞུང་དོན་དངོས་ལ་ནི། སྐྱབས་འགྲོ་སེམས་བསྐྱེད་དང་། རྟེན་བསྐྱེད་ཅིང་ཚོགས་བསགས་པ་དང་། ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་འདེབས་པ་དང་། ཐུགས་ཡིད་བསྲེ་ཞིང་དགེ་བ་བསྔོ་བ་དང་བཞི་ལས།

དང་པོ་ལ། སྐྱབས་སུ་འགྲོ་བ་དང་། སེམས་བསྐྱེད་པ་གཉིས་ལས། དང་པོ་ཐོག་མར་སྐྱབས་སུ་འགྲོ་བ་ནི། ན་མོ། སྐུ་གསུམ་ཡེ་རྫོགས་བླ་མ་ལ། །རང་ངོ་ཤེས་པའི་སྐྱབས་སུ་མཆི། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ལ། ན་མོ་ནི་སྨོས་ཟིན་ལྟར་ཕྱག་འཚལ་བ་སྟེ། རྗེ་བཙུན་བླ་མ་དམ་པའི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ་ཞེས་བླ་མ་ལ་ཕྱག་འཚལ་བ་སྔོན་དུ་འགྲོ་བའི་སྒོ་ནས་སྐྱབས་སུ་འགྲོ་བ་ལ་འཇུག་པའོ།།

དེ་ཡང་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་སྟེ་རྒྱལ་བའི་སྐུ༷་རྣམ་པ་གསུམ༷་པོ་རང་གི་སེམས་ཉིད་རིག་པའི་ངོ་བོ་དང་དབྱེར་མེད་ཅིང་དེའི་ངང་དུ་ཡེ༷་ནས་ལེགས་པར་ཡོངས་སུ་རྫོག༷ས་པ་ཡིན་ཏེ། རྫོགས་པ་ཆེན་པོ་ཀློང་དྲུག་པའི་རྒྱུད་ལས། ཆོས་སྐུ་ལོངས་སྐུ་སྤྲུལ་པའི་སྐུ། །མ་བསྐྱེད་རྫོགས་པའི་ཚུལ་དུ་ཐོབ། །ཅེས་དང་། ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་དག་རང་སྣང་བས། །རྩོལ་སྒྲུབ་རྣམས་དང་བྲལ་བ་ནི། །སྐུ་གསུམ་རང་ལ་ལོག་པར་རྫོགས། །ཞེས་དང་། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། རིག་པ་དྲི་མེད་ངང་ལ་འབྲས་བུ་རྣམ་དག་རྫོགས། །རིག་པ་སྣ་ཚོགས་ངང་ལ་འབྲས་བུ་ཉག་གཅིག་རྫོགས། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་དེ་ལྟར་རང་གི་སེམས་ཉིད་རིག་སྟོང་གཉུག་མའི་ངོ་བོ་དང་རྣམ་དབྱེར་མེད་པའི་གནས་ལུགས་དོན་དམ་པའི་བླ༷་མ༷་སྟེ། རང་གི་རྩ་བའི་བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱང་རྒྱལ་བའི་སྐུ་གསུམ་དང་རྣམ་དབྱེར་མ་མཆིས་ཤིང་། དེ་ཡང་སེམས་ཉིད་རིག་སྟོང་གཉུག་མའི་ཡེ་ཤེས་དང་ངོ་བོ་དབྱེར་མེད་པའི་ཕྱིར་ན། དེ་འདྲའི་བླ་མའི་ཐུགས་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་ལ་ཉམས་པར་བཞག་སྟེ་རིག་པ་རང་བྱུང་གི་ཡེ་ཤེས་རང༷་ངོ༷་ཤེས་པ་ནི་གནས་ལུགས་དོན་གྱི་སྐྱབས་འགྲོ་ཡིན་ཕྱིར་དེ་ལྟར་སྐྱབ༷ས་སུ༷་མཆི༷་བར་བགྱིའོ་ཞེས་པའོ།།

འོ་ན་འདུལ་བ་ལུང་གཞི་ལས། དེ་བས་བདག་ལ་ཕན་འདོད་པའམ། །བདག་ཉིད་ཆེན་པོ་མངོན་འདོད་པས། །སངས་རྒྱས་ཆོས་དང་དགེ་འདུན་ལ། །བཀུར་བསྟི་བྱས་ལ་སྐྱབས་སུ་དེང༌། །འདི་ནི་དེ་ཉིད་གཟིགས་པ་ཡིས། །འཇིག་རྟེན་ན་ནི་སྐྱབས་སུ་བསྔགས། །ཞེས་སངས་རྒྱས་དཀོན་མཆོག་དང་། ཆོས་དཀོན་མཆོག་དང་། དགེ་འདུན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ནི་གང་ལ་སྐྱབས་སུ་འགྲོ་བའི་སྐྱབས་ཡུལ་དང་། དེ་གསུམ་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྐྱོབ་པའི་སྐྱབས་ཉིད་དུ་བཟུང་བ་ནི་སྐྱབས་འགྲོ་ཡིན་པར་གསུངས་པ་ལས་གནས་ལུགས་ཀྱི་དོན་དེ་སྐྱབས་ཡུལ་དང་། དེ་དོན་ཤེས་པ་སྐྱབས་འགྲོ་རུ་མ་བཤད་ལ། བླ་མ་ཙམ་སྐྱབས་ཡུལ་དུ་བཟུང་ནས་སྐྱབས་སུ་འགྲོ་བ་ཡང་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་དོན་མ་ཚང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། སྐུ་གསུམ་མཚན་ཉིད་པ་ནི་སངས་རྒྱས་ལས་གཞན་དུ་མེད་ལ། རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོའི་རྒྱུད་ལས། སྟོན་པ་དཀོན་པའི་སངས་རྒྱས་དཀོན་མཆོག་ནི། །ཆོས་སྐུ་ལོངས་སྤྱོད་སྐུ་དང་སྤྲུལ་སྐུ་སྟེ། །ཞེས་གསུང་པ་ལྟར་སྐུ་གསུམ་ནི་སངས་རྒྱས་ཀྱི་ཡོན་ཏན་ཡིན་པས་སྐུ་གསུམ་གང་ལ་ལྡན་པའི་གང་ཟག་དེ་ནི་སངས་རྒྱས་ཡིན་པ་གང་ཞིག། སངས་རྒྱས་ནི་དམ་པའི་དོན་གྱི་སྐྱབས་མཐར་ཐུག་པ་དང་། སངས་རྒྱས་དང་། ཆོས་དང་། དགེ་འདུན་གསུམ་ག་ཚང་བའི་དཀོན་མཆོག་གསུམ་འདུས་ཡིན་པའི་ཕྱིར་ཏེ། རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་པའི་ཕྱིར་རོ།།

དེས་ན་སྐུ་གསུམ་ལྡན་ཕན་ཆད་དཀོན་མཆོག་གསུམ་དངོས་སུ་ཚང་བས་སྐུ་གསུམ་སྐྱབས་ཡུལ་དུ་བྱས་ཏེ་སྐྱབས་སུ་འགྲོ་བ་ནི་སྐྱབས་དང་སྐྱབས་འགྲོའི་དོན་དངོས་སུ་ཚང་བ་ཡིན་ནོ།།

དེ་བཞིན་དུ་དཔལ་བདེ་མཆོག་འབྱུང་བའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དགེ་འདུན་དེ་བཞིན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་བླ་མ་ནི་དཀོན་མཆོག་གསུམ་འདུས་ཀྱི་ངོ་བོ་ཡིན་པར་གསུངས་པའི་ཕྱིར་ན་བླ་མ་སྐྱབས་ཡུལ་དང་དེ་ལ་སྐྱབས་སུ་འགྲོ་བ་ཡང་སྐྱབས་འགྲོ་མཚན་ཉིད་པ་ལགས་སོ།།

གཞན་ཡང་འཁྲུལ་སྣང་འཁོར་བའི་སྡུག་བསྔལ་ལས་གྲོལ་བྱེད་དམ་སྐྱོབ་བྱེད་དངོས་ནི་ཆོས་དཀོན་མཆོག་སྟེ་འགོག་པ་དང་ལམ་གྱི་བདེན་པས་བསྡུས་པའི་འཕགས་པའི་མངོན་རྟོགས་དེ་ལགས་ཤིང་། སྐུ་གསུམ་ཡེ་ནས་རང་ཆས་སུ་རྫོགས་པའི་བླ་མ་སེམས་ཉིད་གཉུག་མའི་ཡེ་ཤེས་ཀྱི་རང་ངོ་མངོན་གསལ་རྗེན་མེད་དུ་ཟིན་པའམ་ཤེས་པ་དེ་ལས་གཞན་པའི་མཆོག་ཏུ་གྱུར་པའི་འཕགས་པའི་མངོན་རྟོགས་ཀྱང་མེད་ཕྱིར་སེམས་ཉིད་རང་ངོ་ཤེས་པ་དེ་སྐྱབས་འགྲོ་དངོས་དང་མཆོག་ཡིན་པས་མན་ངག་འདིར་སྐྱབས་དང་སྐྱབས་འགྲོ་མཚན་ཉིད་པ་མི་ཚང་བའི་སྐྱོན་ནི་ནམ་ཡང་མ་མཆིས་པ་ཤེས་པར་བྱའོ།།

དེ་ཡང་ཀློང་དྲུག་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཡེ་རྫོགས་རང་གི་ལུས་ལ་གནས། །ཞེས་དེ་ལྟར་རྒྱལ་བའི་སྐུ་གསུམ་ཡེ་རྫོགས་ཀྱི་ཚུལ་དུ་གནས་ཤིང་བླ་མ་རྡོ་རྗེ་འཆང་གི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་གཉིས་སུ་མེད་པའི་རང་གི་སེམས་ཉིད་གཉུག་མ་རིག་སྟོང་འཛིན་པ་དང་བྲལ་བ་ལ་ཉམས་པ་བཞག་པའི་ངང་ནས་སྐྱབས་འགྲོའི་ཚིག་དེ་ངག་ཏུ་བཟླ་བར་བྱའོ།།

ཡིད་བཞིན་རིན་པོ་ཆེ་མཛོད་ལས། དེ་ལྟར་སྐྱབས་ཡུལ་ཤེས་ནས་སྐྱབས་འགྲོ་བ། །མདུན་གྱི་ནམ་མཁར་དཀོན་མཆོག་རབ་བསམ་ལ། །དངོས་དང་ཡིད་ཀྱི་མཆོད་སྤྲིན་རྒྱ་མཚོས་མཆོད། །བདག་དང་སེམས་ཅན་ཐམས་ཅད་ཐལ་སྦྱར་ཏེ། །གསུམ་ལ་ཕྱོགས་པའི་སྐྱབས་སུ་འགྲོ་བར་བསམ། །ཞེས་གསུངས་པ་ལྟར། སྤྲོ་ན་གསང་བ་སྙིང་ཐིག་གི་སྐྱབས་འགྲོ་ལྟར། ངོ་བོ་རང་གི་རྩ་བའི་བླ་མ་ཀརྨ་ཆོས་འཕེལ་བཟང་པོ་ཉིད་ཡིན་པ་ལ་རྣམ་པ་རྗེ་བཙུན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱི་ཆ་ལུགས་ཅན་དང་། འཁོར་གྱི་སྐྱབས་འགྲོའི་ཚོགས་ཞིང་རྣམས་ལེགས་པར་གསལ་བའི་སྤྲོས་པ་བྱས་ཏེ་སྐྱབས་འགྲོ་ལ་འབད་ཅིང་། ཐུན་གྲོལ་བའི་དུས་སུ་སྐྱབས་ཡུལ་འོད་དུ་ཞུ་ནས་རང་ལ་ཐིམ་ཞིང་། རིག་པ་བརྗོད་མེད་ཀྱི་ངང་ལ་མཉམ་པར་བཞག་པ་ལ་སོགས་པ་སྐྱབས་འགྲོ་སྤྱི་ལུགས་ལྟར་བྱས་ན་ལེགས་ཤིང་། མདོ་ཆེན་པོ་རྒྱལ་མཚན་དམ་པ་ལས། གང་དག་སངས་རྒྱས་ཆོས་དང་ནི། །དགེ་འདུན་དག་ལ་སྐྱབས་སོང་བ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འགགས་པ་དང་། །བདེ་ཞིང་མྱ་ངན་འདས་འགྲོ་བའི། །འཕགས་ལམ་ཡན་ལག་བརྒྱད་པ་ཡི། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལེགས་མཐོང་འགྱུར། །དེ་ནི་སྐྱབས་ཀྱི་གཙོ་བོ་དང་། །དེ་ནི་སྐྱབས་ཀྱི་མཆོག་ཡིན་ཏེ། །སྐྱབས་དེ་དག་ལ་བརྟེན་བྱས་ན། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་སྡུག་བསྔལ་གྱི་རྒྱུ་ཀུན་འབྱུང་ཉོན་མོངས་པ་དང་། ཟག་བཅས་ཀྱི་ལས་སྣ་ཚོགས་པ་གཉིས་དང་། དེའི་འབྲས་བུ་སྡུག་བསྔལ་བདེན་པ་རྣམས་ཞི་བ་དང་། སྒྲིབ་པ་དང་སྡུག་བསྔལ་ཉེར་ཞིའི་འགོག་པ་དང་། དེ་ཐོབ་བྱེད་ལམ་གྱི་བདེན་པ་རྣམས་རྒྱུད་ལ་སྐྱེ་བ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་རག་ལས་པའི་ཚུལ་དང་། གང་ལ་སྐྱབས་སུ་འགྲོ་ཡུལ་གྱི་དཀོན་མཆོག་གསུམ་གྱི་མཚན་ཉིད་དང་། ཡོན་ཏན་དང་། དབྱེ་བ་ལ་སོགས་པ་དང་། འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་། ཐར་བ་དང་ཐམས་ཅད་མཁྱེན་པའི་ཡོན་ཏན་ཤེས་པའི་རྒྱུ་ཡིས་སྐྱབས་སུ་འགྲོ་ཚུལ་དང་། འབྲས་སྐྱབས་དང་། རྒྱུ་སྐྱབས་ལ་སོགས་པའི་སྐྱབས་འགྲོའི་དབྱེ་བ་དང་། དངོས་བཏགས་ཀྱི་ཁྱད་པར་དང་། སྐྱབས་སུ་འགྲོ་བའི་ཕན་ཡོན་དང་། སྐྱབས་འགྲོའི་བསླབ་བྱ་སོགས་སྐྱབས་འགྲོ་ལ་ཤེས་པར་བྱ་བའི་རྣམ་གྲངས་མཐའ་ཡས་པ་ཡོད་མོད་གཞུང་གཞན་ནས་ཤེས་པར་བྱ་བ་ལས་འདིར་སྤྲོ་བར་མི་བྱའོ།།

གཉིས་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། མ་རིག་གཉིས་འཛིན་འཁྲུལ་བའི་འགྲོ། །ཀ་དག་རང་ཞལ་མཇལ་བྱིན་རློབས། །ཞེས་པའི་རྐང་པ་གཉིས་ཀྱིས་བསྟན་ལ། དེ་ལྟར་སྐྱབས་སུ་འགྲོ་བ་སོང་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པ་བསྟན་པ་ནི། དེ་ཡང་རང་རྒྱུད་ཀྱི་ཕུང་པོ་ལྔའམ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་གོ་སྙམ་པ་དང་། བདག་གིའོ་སྙམ་པ་ནི་བདག་འཛིན་མ་རིག་པ་ཞེས་པ་ཡིན་ཞིང་། དེ་བཞིན་དུ་ཆོས་རྣམས་ཀྱི་ཚུལ་ལུགས་མི་ཤེས་ཤིང་བླང་དོར་ལ་རྨོངས་པའི་བློ་ནག་ཐོམ་མེ་བ་དེ་ནི་མི་ཤེས་པ་རྨོངས་པའི་མ་རིག་པ་ཞེས་བྱ་ལ། དེ་ལྟར་དོན་ལ་འཁོར་འདས་གཉིས་དང་། གཟུང་འཛིན་གཉིས་དང་། བཟང་ངན་གཉིས་ལ་སོགས་པའི་གཉིས་སུ་བདེན་པར་གྲུབ་པ་མེད་ཀྱང་བདག་འཛིན་དང་རྨོངས་པ་མ༷་རི༷ག་པའི་དབང་གིས་བདེན་པར་གྲུབ་པའི་གཉིས༷་འཛི༷ན་གྱི་བློ་བྱུང་ཞིང་། དེའི་དབང་གིས་འཁྲུལ༷་བ༷འི་སྣང་བ་བྱུང་བ་ལ་འཕྱན་ནས་སྡུག་བསྔལ་གྱིས་མནར་བའི་འགྲོ༷་བ་རྣམས་ཀྱིས་གཉིས་མེད་ཀ༷་དག༷་ཆེན་པོ་སྐུ་དང་ཡེ་ཤེས་ཀྱི་རོལ་བ་ཡེ་ནས་རྫོགས་པའི་རིག་པའི་རང༷་ཞལ༷་རྗེན་པར་མཇ༷ལ་ཏེ་ས་ལམ་གྱི་རིམ་པ་ཅིག་ཆར་དུ་བགྲོད་ནས་གྲོལ་ནུས་པར་བླ་མའི་བྱིན༷་གྱིས་རློབ༷ས་ཤིག་ཅེས་པའོ།།

འོ་ན་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །དག་ཡང་རྫོགས་པའི་བྱང་ཆུབ་འདོད། །ཅེས་ཐེག་ཆེན་སེམས་བསྐྱེད་ནི་སྙིང་རྗེས་གཞན་དོན་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་དོན་གཉིས་སམ་ཟུར་གཉིས་དང་ལྡན་པའི་བློ་རྣམ་དག་ཅིག་རང་གིས་བསྐྱེད་དགོས་པ་ཡིན་ན། འདིར་ནི་བླ་མས་བྱིན་གྱིས་རློབས་ཤིག་ཅེས་པ་ཙམ་ལ་བླ་མའི་རྣལ་འབྱོར་སྒྲུབ་པ་པོ་རང་གིས་བྱང་ཆུབ་ཀྱི་སེམས་བསྐྱེད་པའི་ཚུལ་མ་མཐོང་ངོ་ཞེ་ན། དེ་ནི་མ་ཡིན་ཏེ། མ་རིག་གཉིས་འཛིན་འཁྲུལ་བའི་འགྲོ། །ཞེས་པའི་རྐང་པ་སྔ་མས་ནི་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། ཀ་དག་རང་ཞལ་ཞེས་པས་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་དངོས་སུ་བསྟན་ལ། མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་དང་ཁྱད་པར་དུ་རྣམ་སྨིན་གྱི་ཕུང་པོས་འགྲོ་བའི་འགྲོ་བ་རྣམས་ཀྱིས་ཀ་དག་རང་ཞལ་དེ་མཇལ་ནུས་པར་བླ་མ་ལ་བྱིན་རླབས་ཞུ་འདོད་ཀྱི་བློ་ནི་བླ་མའི་རྣལ་འབྱོར་སྒྲུབ་པ་པོ་རང་གིས་བསྐྱེད་པ་ཡིན་པས་རང་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་གོ་ཆོད་པའི་ཕྱིར་དང་། ཡང་ན་མ་རིག་གཉིས་འཛིན་གྱིས་འཁྲུལ་བའི་འགྲོ་བ་རྣམས་སྒྲོལ་བའི་སླད་དུ་བླ་མའི་རྣལ་འབྱོར་སྒྲུབ་པ་པོ་རང་གིས་ཀ་དག་རང་ཞལ་མཇལ་བར་སེམས་བསྐྱེད་ཅིང་། དེ་མྱུར་བ་མྱུར་དུ་མཇལ་ནུས་པར་བླ་མས་བྱིན་གྱིས་རློབས་ཤིག་ཅེས་འགྲེལ་ཡང་རུང་བའི་ཕྱིར་རང་གིས་སེམས་བསྐྱེད་པ་མི་ཚང་བའི་སྐྱོན་མེད་དོ།།

མན་ངག་རང་གཞུང་ལས། ཐོག་མར་སྐྱབས་སུ་འགྲོ་བ་ནི། ཞེས་པའི་ཡིག་ཆུང་ལས་སེམས་བསྐྱེད་མེད་ཀྱང་། དེ་མ་ཐག་གི་རྗེས་སུ་ངག་འདོན་ལ། མ་རིག་གཉིས་འཛིན་འཁྲུལ་བའི་འགྲོ། །ཀ་དག་རང་ཞལ་མཇལ་བྱིན་རློབས། །ཞེས་པ་དེ་དངོས་སུ་ཐོན་པས་སྐྱབས་འགྲོ་བསྟན་ན་སེམས་བསྐྱེད་ཞར་ལ་འབྱུང་བ་གོ་བའི་དབང་དུ་བྱས་ནས་ཡིག་ཆུང་དུ་སེམས་བསྐྱེད་མ་སྨོས་པ་ཡིན་ནམ་སྙམ་མོ།།

སྤྲོས་པ་ལ་དགའ་ན་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དེའི་དབྱེ་བ་སྨོན་འཇུག་གཉིས་ཀྱི་ཁྱད་པར་དང་། དེ་བསྒོམ་པའི་མན་ངག་དང་། སེམས་བསྐྱེད་ཀྱི་གྲངས་ཀ་འཛིན་པ་སོགས་གསུང་རབ་སྤྱི་ལུགས་ལྟར་ཤེས་པར་བྱའོ།།

གཉིས་པ་རྟེན་བསྐྱེད་དང་ཚོགས་བསགས་ལ་ནི། རྟེན་བླ་མའི་སྐུ་བསྐྱེད་དེ་བླ་མའི་རྣལ་འབྱོར་བསྒོམ་པ་དངོས་དང་། དེའི་སྤྱན་སྔར་ཚོགས་གསོག་ཡན་ལག་བདུན་པ་ཕུལ་ཏེ་ཚོགས་བསགས་པ་དང་གཉིས་ལས། དང་པོ་ནི། མདུན་མཁར་འཇའ་ཟེར་དྭངས་མའི་ཀློང་། །སེང་ཁྲི་དར་ཟབ་འབོལ་བརྩེགས་སྟེང་། །རྩ་བའི་བླ་མ་རྡོ་རྗེ་འཆང་། །རྣམ་འདྲེན་ཀརྨ་ཆོས་འཕེལ་ཉིད། །དཀར་གསལ་རྡོར་དྲིལ་ཐུགས་ཀར་བསྣོལ། །པད་ཞྭ་ཆོས་གོས་སྐྱིལ་ཀྲུང་མཛེས། །དགྱེས་འཛུམ་མཚན་དཔེའི་ཉམས་འགྱུར་ཅན། །དང་བའི་ཡིད་ངོར་ལམ་མེར་གསལ། །ཞེས་པའི་ཤོ་ལོ་ཀ་གཉིས་ཀྱིས་བསྟན་ལ། རང་ཉིད་སྒྲུབ་ཁང་ངམ་དབེན་པའི་གནས་སུ་གདན་བདེ་བ་ལ་འཁོད་པ་ན་རང་གནས་པའི་ས་ཕྱོགས་ཐམས་ཅད་ཡིད་དུ་འོང་བ་རི་བོ་དང་། ལྗོན་ཤིང་། མེ་ཏོག་དང་། མཚོ་དང་། མཚེའུ་དང་། རྫིང་བུ་དང་། ཆུ་ཀླུང་ལ་སོགས་པས་མཛེས་ཤིང་། བྱ་རིགས་སྣ་ཚོགས་ཀྱིས་སྙན་ཅིང་འཇེབས་པའི་སྐད་འབྱིན་པ་དང་། རྩི་བདུད་ལ་རོལ་བའི་རི་དྭགས་སྣ་ཚོགས་ཀྱིས་གར་བརྩེ་བའི་གནས་ཕུན་སུམ་ཚོགས་པ་ཡིད་དུ་འོང་བར་མོས།

རང་གི་མདུན༷་གྱི་ནམ་མཁ༷ར་འཇ༷འ་དང་འོད་ཟེ༷ར་གྱི་དྲྭ་བ་རབ་ཏུ་གསལ་ཞིང་ཤིན་ཏུ་དྭངས་པའི་དྭང༷ས་མ༷འི་ཀློང༷་དུ་སེང༷་གེ་བཞིའམ་བརྒྱད་ཀྱིས་བཏེགས་པའི་གསེར་དངུལ་ལ་སོགས་པའི་ཁྲི༷་བཻཌཱུརྱ་དང་། པདྨ་རཱ་ག་དང་། ཨིནྡྲ་ནཱི་ལ་དང་། མརྒད་ལ་སོགས་པ་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་རྒྱན་གྱིས་སྤྲས་པའི་སྟེང་དུ་ཟ་འོག་དང་དར༷་ཟབ༷་ཀྱི་འབོ༷ལ་གདན་བརྩེ༷གས་པའི་སྟེང༷་དུ་རང་གི་རྩ༷་བ༷འི་བླ༷་མ༷་དཔལ་རྡོ༷་རྗེ༷་འཆ༷ང་དང་རྣམ་དབྱེར་མེད་པ་རང་དང་འགྲོ་བ་རྣམས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་རྣམ༷་པར་འདྲེན༷་པའི་རྣམ་འདྲེན་རྒྱལ་བའི་རྒྱལ་ཚབ་ཀ༷རྨ༷་ཆོས༷་འཕེ༷ལ་དཔལ་བཟང་པོ་དེ་ཉིད༷་སྐུ་མདོག་རབ་ཏུ་དཀ༷ར་ལ་གས༷ལ་བའི་མདངས་དང་ལྡན་པ་ལ་ཕྱག་གཡས་པས་རྡོ་རྗེ་དང་། གཡོན་པས་དྲིལ་བུ་འཛིན་ཅིང་། རྡོར༷་དྲིལ༷་གཉིས་ཐུག༷ས་ཀར༷་རྡོ་རྗེ་འཆང་གི་ཕྱག་རྒྱའི་ཚུལ་དུ་བསྣོལ༷་བ་དང་། དབུ་ལ་པ༷ད་ཞྭ༷་མཐོང་གྲོལ་འདབ་ལྡན་གསོལ་ཞིང་། སྐུ་ལ་ཆོས་གོ་སྣམ་སྦྱར་དང་། བླ་གོས་དང་། མཐང་གོས་སམ་ཤམ་ཐབས་ཏེ་ཆོ༷ས་གོས༷་རིན་པོ་ཆེ་རྣམ་པ་གསུམ་མཛེས་པར་སྤྲས་ཤིང་། ཞབས་གཉིས་སྐྱིལ༷་མོ་ཀྲུང༷་གིས་བཞུགས་པ་སྐུ་མཛེ༷ས་ཤིང་བརྗིད་ལ་བལྟ་བས་ཆོག་མི་ཤེས་པ། ཞལ་ཤིན་ཏུ་དགྱེས༷་པའི་ཚུལ་གྱིས་འཛུམ༷་པ་མཛད་པ། ཞལ་དང་། སྐུ་ལུས་དང་། ཞབས་ཕྱག་ཐམས་ཅད་ཚོ་བ་དང་། རིད་པ་དང་། རྒས་པའི་ཉམས་ཅན་མ་ཡིན་པར་གཞོན་ཤ་ཆགས་ཤིང་བགྲེས་རྒུད་བྲལ་བའི་སངས་རྒྱས་ཀྱི་མཚ༷ན་དཔེ༷འི་རྣམ་པ་རྗེས་སུ་མཐུན་པས་བརྒྱན་པའི་ཉམ༷ས་འགྱུར༷་ཅ༷ན་གྱི་རྣམ་པར་རང་ཉིད་ཀྱི་བློ་རབ་ཏུ་དང༷་བ༷འི་དད་པའི་ཡི༷ད་ཀྱི་ངོ༷ར་བཀྲ་ལམ༷་མེ༷ར་གས༷ལ་བར་བསྒོམ་པར་བྱའོ། །ཞེས་དད་པ་དང་བསྒོམ་པའི་རྟེན་བླ་མའི་སྐུ་བསྐྱེད་པར་བསྟན་པའོ།།

གཉིས་པ་དེའི་སྤྱན་སྔར་ཚོགས་གསོག་ཡན་ལག་བདུན་པ་ཕུལ་ཏེ་ཚོགས་བསགས་པ་ནི། མཚུངས་མེད་དྲིན་ཅན་བླ་མ་ལ། །མི་ཕྱེད་དད་པའི་ཕྱག་གིས་བཏུད། །དངོས་ཡིད་ཏིང་འཛིན་མཆོད་པའི་ཚོགས། །ཀུན་བཟང་རོལ་བའི་སྤྲིན་དུ་དབུལ། །ལས་ཉོན་འཁྲུལ་བའི་གཞན་དབང་གིས། །སྡོམ་དང་དམ་ཚིག་ཉམས་པ་བཤགས། །ཁྱེད་ཀྱི་རླབས་ཆེན་མཛད་པ་དང་། །རྣམ་དཀར་དགེ་ལ་རྗེས་ཡི་རང་། །བདག་སོགས་གདུལ་བྱའི་ཁམས་དབང་བཞིན། །བླ་མེད་ཆོས་འཁོར་བསྐོར་ཏུ་གསོལ། །ཉམ་ཐག་མ་རྣམས་མ་ཟད་པར། །འཕོ་མེད་རྡོ་རྗེའི་སྐུ་རུ་བཞུགས། །སྲིད་དང་ཞི་བའི་དགེ་ཚོགས་ཀུན། །རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ། །ཞེས་པའི་ཤོ་ལོ་ཀ་གསུམ་དང་རྐང་པ་གཉིས་ཀྱིས་བསྟན་ལ། ཡོན་ཏན་གྱི་ཆེ་བ་གཞན་དང་མཚུངས་པ་མེད་པ་དང་། བཀའ་དྲིན་གཞལ་དཀའ་བ་གཞན་དང་མཚུང༷ས་པ་མེད༷་པའི་དྲིན༷་ཆེན་པོ་བླ་ན་མེད་པ་དང་ལྡན་པ་ཅ༷ན་གྱི་དཔལ་ལྡན་བླ༷་མ༷་དམ་པའི་ཞབས་ལ༷་རང་གི་ལུས་ངག་ཡིད་གསུམ་གྱི་སྒོ་གསུམ་མི༷་ཕྱེད༷་པ་སྟེ་ཕྱིར་མི་ལྡོག་པ་འགྱུར་བ་དང་གཡེལ་བ་མེད་པའི་དད༷་པ༷་ཆེན་པོའི་ཕྱག༷་གིས༷་རབ་ཏུ་བཏུད༷་པར་འཚལ་ལོ་ཞེས་པ་ནི་ང་རྒྱལ་གྱི་གཉེན་པོ་ཕྱག་འཚལ་བའི་ཡན་ལག་གོ།

སྲིད་པ་གསུམ་ན་མངོན་པར་བདོག་པོའི་དངོས་པོ་ཡིད་དུ་འོང་བ་ཡོན་ཆབ་དང་། མེ་ཏོག་དང་། བདུག་སྤོས་དང་། དྲི་ཆབ་དང་། མར་མེ་དང་། ཞལ་ཟས་དང་། རོལ་མོ་དང་། ཁང་བཟང་དང་། མལ་ཆ་དང་། ཁྲི་གདན་དང་། ཟས་གོས་དང་། དར་ཟབ་དང་། རྟ་གླང་དང་། བཀྲ་ཤིས་པའི་རྟགས་བརྒྱད་དང་། རིན་པོ་ཆེ་སྣ་བདུན་དང་། རྫས་བརྒྱད་དང་། ནོར་བུ་ཆ་བདུན་དང་། གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པ་ད་ལྟ་དངོ༷ས་སུ་བདོག་པ་དང་། དངོས་སུ་མི་བདོག་ནའང་འཇིག་རྟེན་གྱི་ཁམས་སུ་ཡིད་དུ་འོང་བའི་མཆོད་རྗས་ཇི་སྙེད་མཆིས་པ་ཐམས་ཅད་ཡི༷ད་ཡུལ་དུ་བླངས་ཏེ་མཆོད་པའི་ཡིད་སྤྲུལ་དང་། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་འཛིན་གྱིས་མཆོད་པའི་དངོས་པོ་ཇི་སྙེད་པ་སྤྲུལ་ཞིང་རྣམ་པར་སྤྲོས་ཏེ་མཆོད་པའི་ཏིང༷་འཛི༷ན་གྱི་མཆོད་པ་ལ་སོགས་པ་མཆོ༷ད་པ༷འི་ཚོ༷གས་ཀྱི་དངོས་པོ་རྒྱ་ཆེ་བ་མདོ་ལས་ཇི་སྐད་བཤད་པའི་ཀུན༷་ཏུ་བཟ༷ང་པོའི་རྣམ་པར་རོལ༷་བ༷འི་མཆོད་པའི་སྤྲིན༷་ཉིད་དུ༷་སྤྲོས་ཏེ་དཔལ་ལྡན་བླ་མ་དམ་པ་ལ་དབུལ༷་བར་བགྱིའོ་ཞེས་པ་ནི་འདོད་ཆགས་ཀྱི་གཉེན་པོ་མཆོད་པ་འབུལ་བའི་ཡན་ལག་གོ།

ཡང་རང་དང་ཁམས་གསུམ་གྱི་འགྲོ་བ་རྣམས་མི་དགེ་བའི་ལ༷ས་དང་། འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པ་ཉོན༷་མོངས་པའི་རྒྱུ་ལས་འཁོར་བར་འཁྲུལ༷་བ༷འི་གཞ༷ན་དབ༷ང་གིས༷་རྣམ་པར་གཙེས་ཏེ་མི་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བའི་སྐྱོན་རྣམས་བྱུང་ནས་སོ་ཐར་དང་བྱང་སེམས་ཀྱི་སྡོམ༷་པ་ཉམས་པ་དང༷་། གསང་བ་སྔགས་ཀྱི་དམ༷་ཚི༷ག་ལས་ཉམ༷ས་པ༷་ཡི་ལྟུང་བ་དང་། སྤྱིར་གྱི་སྡིག་པ་མི་དགེ་བ་ཅི་བགྱིས་པ་རྣམས་དཔལ་ལྡན་བླ་མ་དམ་པའི་སྤྱན་སྔར་སེམས་རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ། །བཤ༷གས་པར་བྱའོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིའོ། །ཞེས་པ་ནི་ཞེ་སྡང་གི་གཉེན་པོ་སྡིག་པ་བཤགས་པའི་ཡན་ལག་གོ།

མཚུངས་མེད་རྩ་བའི་བླ་མ་ཁྱེ༷ད་ཀྱི༷་རྒྱལ་བའི་བསྟན་པ་བཤད་སྒྲུབ་ཀྱིས་བཟུང་བ་དང་། མཆོག་དམན་བར་མའི་འགྲོ་བ་ལ་གང་ལ་གང་འདུལ་གྱི་འཕྲིན་ལས་རྣམ་པར་སྤྲོས་ཏེ་སྙིགས་མའི་དུས་སུ་འགྲོ་བའི་ཕན་བདེ་མཛད་པ་དང་། རྒྱལ་བའི་བསྟན་པ་སྐྱོང་ན་སྐུ་ལ་ཟུག་རྔུ་འབུམ་ཕྲག་བྱིན་ཞིང་སྲོག་གི་དབང་པོ་འཕྲོག་པར་བྱེད་པའི་དུས་ལའང་ལུས་དང་སྲོག་ལ་མ་ལྟོས་པར་འགྲོ་བའི་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབས་པའི་རླབ༷ས་ཆེ༷ན་པོའི་མཛ༷ད་པ༷་བཟང་པོ་དང་ལྡན་པ་དང་། ས་དང་ལམ་གྱི་རིམ་པ་ལ་སོགས་པའི་ཐུགས་རྒྱུད་ཀྱི་ཡོན་ཏན་བླ་ན་མེད་པ་མངའ་བ་དང༷་། སྤྱིར་གྱི་སྐྱེ་འཕགས་གཉིས་ཀྱི་རྣམ༷་པར་དཀ༷ར་བ་དགེ༷་བའི་ལས་ཇི་སྙེད་མཆིས་པ་རྣམས་ལ༷་བདག་ཅག་མོས་པ་དང་དད་པས་རྗེས༷་སུ་ཡི༷་ར༷ང་ངོ་ཞེས་པ་ནི་བླ་མའི་མཛད་པ་ཡོན་ཏན་དང་། སྤྱིར་བཏང་གི་རྣམ་དཀར་དགེ་བའི་ཚོགས་ལ་རྗེས་སུ་ཡི་རང་བར་བྱེད་པའི་ཕྲག་དོག་གི་གཉེན་པོ་རྗེས་སུ་ཡི་རང་བའི་ཡན་ལག་གོ།

ཡང་དབང་བསྐུར། མན་ངག་རྒྱུད་བཤད་ཐོབ་པའི་རྡོ་རྗེའི་སློབ་མ་བད༷ག་དང་། སོ༷གས་ཁོང་ནས་ཐོན་པ་ཁམས་གསུམ་རིགས་དྲུག་གིས་བསྡུས་པའི་གདུལ༷་བྱའི༷་ཁམ༷ས་དང་། དབ༷ང་པོ་དང་། མོས་པ་ཇི་ལྟ་བ་བཞི༷ན་དུ་འཚམ་པའི་གདམས་པ་དང་། ཁྱད་པར་དུ་ལས་དང་སྐལ་བར་ལྡན་པ་རྣམས་ལ་ཟབ་གསང་བླ༷་ན་མེ༷ད་པ་འོད་གསལ་རྫོགས་ཆེན་པོའི་ཆོ༷ས་ཀྱི་འཁོ༷ར་ལོ་རབ་ཏུ་བསྐོ༷ར་ཏུ༷་གསོ༷ལ་ཞེས་པ་ནི་གཏི་མུག་གི་གཉེན་པོ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཡན་ལག་གོ།

སྲིད་པ་གསུམ་གྱིས་བསྡུས་པའི་སྡུག་བསྔལ་གསུམ་གྱི་རྦ་རླབས་ཀྱིས་ཉམ༷་ཐ༷ག་པར་བྱེད་པའི་འགྲོ་བ་དུས་གསུམ་གྱི་ཕ་དང་མ༷་རུ་གྱུར་པ་རྣམ༷ས་གྲོལ་བ་ཐོབ་སྟེ་འཁོར་བ་སྟོང་ནས་མ༷་ཟ༷ད་དེ་ཟད་པར་གྱུར་མ་སོང་གི་བ༷ར་དུ་རྡོ་རྗེའི་སྐུ་ལ་འཕོ༷་བ་དང་འགྱུར་བ་མེ༷ད་པར་མི་ཤིགས་ཆོས་བདུན་ལྡན་པའི་རྡོ༷་རྗེ༷འི་སྐུ༷་ཡི་ངོ་བོ་རུ༷་བཞུག༷ས་པར་མཛོད་ཅིག་ཅེས་པ་ནི་ལོག་ལྟའི་གཉེན་པོ་མྱ་ངན་ལས་མི་འདའ་བར་བཞུགས་སུ་གསོལ་བའི་ཡན་ལག་གོ།

སྡུག་བསྔལ་གསུམ་གྱི་རྦ་རླབས་འཁྲིགས་པའི་སྲིད༷་པ་འཁོར་བ་དང༷་། སྡུག་བསྔལ་ཉེར་ཞིའི་བདེ་བ་ལ་གནས་པ་ལ་སོགས་པའི་ཉན་ཐོས་དང་། རང་རྒྱལ་དང་། བྱང་འཕགས་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པ་སངས་རྒྱས་པའི་གོ་འཕང་སྟེ་ཞི༷་བ༷་མྱ་ངན་ལས་འདས་པ་དང་། དེའི་ཕྱོགས་གཏོགས་ལ་སོགས་པའི་ཟག་བཅས་ཟག་མེད་ཀྱི་དགེ༷་བའི་ཚོག༷ས་གཞན་གྱིས་བསགས་པ་དང་། རང་གིས་བསགས་ཟིན་པ་དང་། གསོག་བཞིན་པ་དང་། བསག་པར་འགྱུར་བ་ཇི་སྙེད་མཆིས་པ་ཀུན༷་གཅིག་ཏུ་བློ་ཡིས་བླངས་ཏེ་རང་དང་འགྲོ་བ་རྣམས་རྣམ༷་པ་ཐམས་ཅད་མཁྱེན༷་པའི་ཡེ་ཤེས་མངའ་བ་ཀུན་བཟང་གདོ༷ད་མ༷འི་མགོན་པོ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ༷་རུ༷་བསྔོ༷་བར་བྱའོ་ཞེས་པ་ནི་ཐེ་ཚོམ་གྱི་གཉེན་པོ་བསྔོ་བའི་ལན་ཡག་སྟེ་དེ་ལྟར་བླ་མའི་སྤྱན་སྔར་ཚོགས་གསོག་ལན་ལག་བདུན་ལ་འབད་པར་བྱ་བར་བསྟན་ཏོ།།

གསུམ་པ་ཐུགས་རྒྱུད་བསྐུལ་ཞིང་གསོལ་བ་འདེབས་པ་ལ་ནི། རྗེས་བཟུང་བྱིན་རླབས་ཞུ་བས་ཐུགས་རྒྱུད་བསྐུལ་བ་དང་། བླ་མ་ལ་གདུང་འབོད་ཀྱི་སྒོ་ནས་ཐུགས་རྒྱུད་བསྐུལ་བ་དང་། སྐྱབས་གནས་རེ་ལྟོས་གཅིག་པུར་བཟུང་སྟེ་ཐུགས་རྒྱུད་བསྐུལ་བ་དང་གསུམ་ལས།

དང་པོ་ནི། ཀྱེ། སྐུ་བཞིའི་དབང་ཕྱུག་བླ་མ་མཆོག །ཀརྨ་ཆོས་འཕེལ་འགྲོ་བའི་མགོན། །གཏན་གྱི་སྐྱབས་སུ་ཁྱེད་གཅིག་བསྟེན། །རྗེས་བཟུང་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་པའི་ཤོ་ལོ་ཀ་གཅིག་གིས་བསྟན་ལ། ཀྱེ༷་ཞེས་པ་ནི་འབོད་པའི་སྒྲ་སྟེ་བླ་མ་དམ་པ་ལ་སེམས་གདུང་བ་དང་དད་པ་དྲག་པོས་བོས་ཏེ། ངོ་བོ་ཉིད་སྐུ་དང་། ཡེ་ཤེས་ཆོས་སྐུ་དང་། ལོངས་སྐུ་དང་། སྤྲུལ་སྐུ་སྟེ་སྐུ༷་བཞི༷འི་དབ༷ང་ཕྱུག༷་ཏུ་གྱུར་པའི་བླ༷་མ༷་མཆོ༷ག་གཅིག་ཀ༷རྨ༷་ཆོ༷ས་འཕེ༷ལ་བཟང་པོ་ཁམས་གསུམ་གྱི་འགྲོ༷་བ༷འི་མགོ༷ན་པོ་ཆེན་པོ་ཉིད་བདག་དང་འགྲོ་བ་ཀུན་གྱི་སྐྱེ་བ་གཏ༷ན་གྱི༷་སྐྱབ༷ས་སུ༷་ཁྱེ༷ད་ཉིད་གཅི༷ག་པུ་བསྟེན༷་པར་བྱའོ། །དེ་ལྟར་བསྟེན་ན་བདག་ཅག་ཐུགས་བརྩེ་བ་ཆེན་པོས་རྗེ༷ས་སུ་བཟུང༷་ནས་སྐུ་གསུང་ཐུགས་ཀྱིས་བྱིན༷་གྱིས༷་བརླབ༷་ཏུ༷་གསོ༷ལ་ཞེས་པའོ།།

གཉིས་པ་ནི། མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ། །ཀརྨ་ཆོས་འཕེལ་བཟང་པོ་མཁྱེན་ནོ། །ཞེས་པའི་ཚིགས་བཅད་རྐང་བ་གསུམ་གྱིས་བསྟན་ལ། དོན་གོ་སླ་ལ། དེ་ཡང་སེམས་དད་པའི་གདུང་ཤུགས་དྲག་པོ་བསྐྱེད་ནས། མཁྱེན་ནོ་མཁྱེན་ནོ་བླ་མ་མཁྱེན་ནོ། །དྲིན་ཅན་རྩ་བའི་བླ་མ་མཁྱེན་ནོ། །ཀརྨ་ཆོས་འཕེལ་བཟང་པོ་མཁྱེན་ནོ། །ཞེས་པ་འདི་ཅི་ནུས་སུ་ངག་ཏུ་བཟླས་ཏེ་འབོད་དགོས་པར་བཤད་པའོ།།

དེ་ཡང་བླ་མའི་རྣལ་འབྱོར་ཡིན་ན་བླ་མ་སྒྲུབ་པའི་སྙིང་པོ་མཚན་སྔགས་ལ་དངོས་གྲུབ་སྩོལ་བ་དང་། བྱིན་རླབས་གནང་བར་བསྐུལ་བའི་སྔགས་སྦྱར་ཏེ་ལེགས་སྦྱར་གྱི་སྐད་ལྟར་བཟླས་པ་བྱས་ན་བྱིན་རླབས་འཇུག་པ་དང་། བླ་མའི་རྣལ་འབྱོར་མྱུར་དུ་གྲུབ་པའི་གནད་ཆེ་བ་ཡིན་མོད་འདིར་མཚན་སྔགས་མི་འདུག་ཅིང་། དེའི་དོད་དུ་གདུང་འབོད་དེ་ལྟར་བྱ་བར་གསུངས་འདུག་གོ།

སྤྱི་ལྟར་མཚན་སྔགས་བཟླ་བར་འདོད་ན་གུ་རུ་སིདྡྷི་བཟླས་ན་བྱིན་རླབས་དང་ཕན་ཡོན་ཆེ་བ་ལགས་ཤིང་། སྒོས་ཀྱི་མཚན་སྔགས་སྦྱར་བར་འདོད་ན་ནི། ཨོཾ་ཨཿ ཧཱུཾ། གུ་རུ་ཀརྨ་དྷརྨ་བརྡྷ་བྷ་དྲ་སརྦ་སིདྡྷི་ཧཱུཾ། ཞེས་པ་ནི་བླ་མ་ཀརྨ་ཆོས་འཕེལ་བཟང་པོས་དངོས་གྲུབ་ཐམས་ཅད་སྩོལ་ཅིག་ཅེས་པའི་དོན་ཡིན་ཕྱིར་དེ་ལྟར་བཟླས་ནའང་ལེགས་པ་ཡིན་ནོ།།

གསུམ་པ་ནི། དབྱིངས་ཟག་བྲལ་ཆོས་སྐུའི་ཕོ་བྲང་ནས། །མགོན་བརྒྱུད་གསུམ་བླ་མ་བྱིན་རླབས་ཅན། །ཐུགས་འོད་གསལ་ཀློང་ནས་ཉེར་དགོངས་ཏེ། །བུའི་ལུས་ངག་ཡིད་ལ་བྱིན་ཆེན་ཕོབ། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ན། །དཔལ་ཨོ་རྒྱན་རྗེ་དང་དབྱེར་མེད་པའི། །ཕ་གྲུབ་པའི་དབང་ཕྱུག་ཀརྨའི་མཚན། །ཡིད་དད་པའི་ཀློང་དུ་འདུ་འབྲལ་མེད། །རྗེ་ཁྱེད་ཉིད་ཀྱི་བྱིན་རླབས་རྒྱང་རིང་ན། །འབངས་སྐྱབས་བྲལ་གྱི་རེ་ལྟོས་སུ་ལ་འཆའ། །ཐུགས་བརྩེ་ཆེན་གྱིས་ནམ་ཡང་མི་འདོར་བར། །དབང་བྱིན་བརྒྱུད་ཀྱི་དྲོད་ཆེན་སྙིང་ལ་སྩོལ། །ཚེ་འདི་ཕྱི་དང་བར་དོའི་གནས་སྐབས་སུ། །མགོན་དགྱེས་ཞལ་གྱི་སྣང་བ་མི་འབྲལ་ཞིང་། །ལས་ཆོས་ལྡན་གྱི་བྱ་བ་མཐར་ཕྱིན་ཏེ། །ཕ་ཁྱེད་རང་དང་དགོངས་སྤྱོད་མཉམ་པར་ཤོག །ཅེས་པའི་ཚིགས་སུ་བཅད་པ་བཞི་ཡིས་བསྟན་ལ། ཀ་དག་ཆོས་ཀྱི་དབྱིང༷ས་ཆོས་ཉིད་རྣམ་པར་དག་པ་ངོ་བོ་ཉིད་ཀྱི་སྐུ་སྒྲིབ་གཉིས་ཀྱི་ཟ༷ག་པ་མཐའ་དག་དང་བྲལ༷་བའི་ཆོ༷ས་ཀྱི་སྐུའི༷་ཕོ༷་བྲང༷་ཆེན་པོའི་ཀློང༷་ནས༷་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་བ་འགགས་པ་མེད་པའི་འགྲོ་བའི་མགོ༷ན་པོ་རྒྱལ་བ་དགོངས་བརྒྱུད་དང་། རིག་འཛིན་བརྡ་བརྒྱུད་དང་། གང་ཟག་སྙན་བརྒྱུད་ཀྱི་བརྒྱུད༷་པ་གསུམ༷་གྱི་མན་ངག་དབང་རྒྱུད་ཀྱི་བཀའ་བབས་དང་། བྱིན་རླབས་ཀྱི་བརྒྱུད་པ་དང་ལྡན་པའི་རྩ་བའི་བླ༷་མ༷་ཀརྨ་ཆོས་འཕེལ་བཟང་པོ་ཞེས་བྱིན༷་རླབ༷ས་ཅ༷ན་གང་ཉིད་ཀྱི་ཐུག༷ས་ཟག་མེད་འོ༷ད་གས༷ལ་གྱི་ཀློང༷་ནས༷་བརྩེ་བ་ཆེན་པོས་བདག་ཅག་རྗེས་འཇུག་བུ་སློབ་དང་གདུལ་བྱ་རྣམས་ལ་ཉེ༷་བར༷་གཟིགས་ཤིང་དགོང༷ས་པར་བྱས་ཏེ༷། རྗེས་སྐྱེས་བུ༷་སློབ་བདག་ལ་སོགས་པའི༷་ལུས༷་དང་། ང༷ག་དང་། ཡི༷ད་གསུམ་ལ༷་བྱིན༷་རླབས་ཆེ༷ན་པོའི་དངོས་གྲུབ་ཕོ༷བ་པར་མཛོད་ཅིག།

རྗེ་བླ་མ་གང་དུ་བཞུགས་པའི་གནས༷་བླ་མའི་རྣལ་འབྱོར་སྒོམ་པ་པོ་རང་གི་སྤྱི༷་བོའི་གཙུག༷་ཏོར་གྱི་རྩེར་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་མཚོན་བྱེད་ཉི༷་མའི་དཀྱིལ་འཁོར་དང་། ཤེས་རབ་སྟོང་པ་ཉིད་མཚོན་བྱེད་ཟླ༷་བའི༷་དཀྱིལ་འཁོར་གྱི་གདན༷་གྱི་སྟེང༷་ན༷་ངོ་བོ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་དཔ༷ལ་ཨོ༷་རྒྱ༷ན་གྱི་སློབ་དཔོན་ཆེན་པོ་གྲུབ་པའི་རྗེ༷་བོ་གུ་རུ་པདྨ་འབྱུང་གནས་དང༷་རྣམ་དབྱེར༷་མེ༷ད་པ༷འི་ཕ༷་མཆོག་བླ་མ་གྲུབ༷་པ༷འི་དབ༷ང་ཕྱུག༷་ཀ༷རྨ༷འི་མཚ༷ན་ཅན་ཁྱོད་ཉིད་བདག་གི་ཡི༷ད་ད༷ད་པ༷འི་ཀློང༷་དུ༷་ནམ་ཡང་ཚུར་འ༷དུ་བ་སྟེ་རང་སེམས་དང་གཅིག་ཏུ་འདྲེས་པ་དེ་ཉིད་ཕར་འབྲ༷ལ་བ་མེ༷ད་པར་རང་སེམས་དང་དབྱེར་མེད་དུ་བཞུགས་པར་མོས་ཤིང་། རང་གིས་ཀྱང་སེམས་ཀློང་ནས་བརྗེད་པ་དང་འདོར་བ་མེད་པ་ཡིན་ནའང་། ད་དུང་རྗེ༷་ཁྱེ༷ད་ཉིད༷་ཀྱི༷་བྱིན༷་རླབ༷ས་མི་སྩོལ་བར་བྱིན་རླབས་དེ་རྒྱང༷་རི༷ང་པར་འགྱུར་ན༷་ནི་རྗེ་ཁྱོད་ཀྱི་སློབ་འབ༷ངས་རྣམས་སྲིད་པའི་སྡུག་བསྔལ་དང་། འཁྲུལ་སྣང་ལས་སྐྱོབ་པའི་སྐྱབ༷ས་དང་བྲ༷ལ་བ་ཡིན་ཕྱིར། ཀུན་གྱི༷་སྐྱབས་དང་རེ༷་ལྟོས༷་དེ་སུ༷་ལ༷་འཆ༷འ་བར་བྱ་སྟེ། རེ་ལྟོས་འཆའ་བའི་ཡུལ་མ་མཆིས་པའི་ཕྱིར།

དེས་ན་དཔལ་ལྡན་བླ་མ་དམ་པ་ཁྱེད་ཀྱི་ཐུག༷ས་ཟག་མེད་འོད་གསལ་གྱི་ཀློང་ནས་བརྩེ༷་བ་སྙིང་རྗེ་ཆེ༷ན་པོའི་དཔལ་གྱིས༷་འདས་མ་འོངས་ད་ལྟའི་དུས་གསུམ་དུ་ནམ༷་ཡ༷ང་མི༷་འདོར༷་བ༷ར་བདག་ཅག་རྗེས་སུ་བཟུང་སྟེ་རང་རྒྱུད་སྨིན་བྱེད་ཀྱི་དབ༷ང་དང་། གྲོལ་བྱེད་ཀྱི་མན་ངག་དང་། དེ་འདྲའི་སྨིན་གྲོལ་དང་བྱིན༷་རླབས་བླ་མ་བརྒྱུད༷་པ་རྣམས་ཀྱི༷་དངོས་གྲུབ་ཀྱི་དྲོད༷་ཆེ༷ན་པོ་བདག་ཅག་གི་སྙིང༷་ལ༷་སྩོལ༷་ཅིག།

བདག་ཅག་གི་ཚེ༷་འདི༷་དང་ཚེ་རབས་ཕྱི༷་མ་རྣམས་དང༷་། ཁྱད་པར་འཆི་སྲིད་གྲུབ་པའི་སྐད་ཅིག་གཉིས་པ་བ༷ར་དོའི༷་སྲིད་པའི་སྣང་བ་འཆར་བའི་གནས༷་སྐབ༷ས་སུ༷་མགོ༷ན་པོ་ཁྱོད་ཉིད་ཀྱི་དགྱེས༷་པའི་ཞལ༷་གྱི༷་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་སྟོན་པར་མཛོད་ཅིག།

དེ་ལྟར་བསྟན་པའི་སྣང་བ༷་དང་མི༷་འབྲ༷ལ་ཞིང༷་ཐོས་བསམ་སྒོམ་པའི་ལ༷ས་ཅི་བྱས་ཐམས་ཅད་དམ་པའི་ཆོ༷ས་ལྡ༷ན་གྱི༷་བྱ༷་བ༷་བཟང་པོར་གྱུར་ཅིང་། དེ་ཉིད་ལ་བར་ཆད་རྐྱེན་ངན་གང་ཡང་མི་འབྱུང་བར་མཐ༷ར་ལེགས་པར་ཕྱིན༷་ཏེ༷་རྗེ་བླ་མ་ཕ༷་གཅིག་རྡོ་རྗེ་འཆང་ཁྱེ༷ད་ར༷ང་ཉིད་དང༷་རྗེས་འཇུག་བདག་ཅག་ཡོན་ཏན་བླ་མའི་ཐུགས་དགོང༷ས་ཀྱི་ཡོན་ཏན་དང་མཉམ་པ་དང་། སྒོ་གསུམ་གྱི་སྤྱོད་པ་ཐམས་ཅད་ཆོས་མཐུན་གྱི་སྤྱོད་པ་ཁོ་ནར་གྱུར་ཏེ་དཔལ་ལྡན་བླ་མ་དམ་པའི་མཛད་སྤྱོད༷་དང་མཉ༷མ་པ༷ར་ཤོ༷ག་ཅིག་ཅེས་སྨོན་ལམ་བཏབ་ཅིང་གདུང་ཡུས་ཀྱིས་གསོལ་བ་འདེབས་པར་བྱ་བ་ནི་བླ་མའི་ཐུགས་རྒྱུད་སྐུལ་བྱེད་ཀྱི་ཐབས་དམ་པ་ཡིན་པར་བསྟན་པའོ།།

བཞི་བ་ཐུགས་ཡིད་བསྲེ་ཞིང་དགེ་བ་བསྔོ་བ་ནི། བླ་མ་འོད་ཞུ་རང་ལ་ཐིམ། །ཐུགས་ཡིད་གཅིག་འདྲེས་གཉུག་མའི་གཤིས། །དྲན་རྟོག་འཇུར་བུས་མ་བསླད་པར། །ཁྱབ་བརྡལ་ནམ་མཁའི་ངང་ལ་བཞག ། ཨཿ ཞེས་པའི་ཚིགས་སུ་བཅད་པ་དེས་བསྟན་ལ།

དེ་ལྟར་བླ་མ་ལ་གདུང་ཤུགས་དྲག་པོས་གསོལ་བ་བཏབ་པས་ཐུགས་དམ་བསྐུལ་མཐར་རང་གི་སྤྱི་གཙུག་ཏུ་བསྒོམས་པའི་བླ་མའི་སྐུའི་སྤྱི་བོའི་ཨོཾ་དཀར་པོ་དང་། མགྲིན་པའི་ཨཿ དམར་པོ་དང་། ཐུགས་ཀའི་ཧཱུཾ་མཐིང་ག་གསུམ་ལས་རིམ་བཞིན་འོད་ཟེར་དཀར་པོ་དང་། དམར་པོ་དང་། མཐིང་ག་གསུམ་འཕྲོ་བར་བསྒོམ་པའམ། ཡང་ན་གནས་གསུམ་གྱི་སྟེང་དུ་ལྟེ་བ་བསྣན་ཏེ་ལྟེ་བ་ལ་ཧྲཱིཿ དམར་པོ་ལས་འོད་ཟེར་སྣ་ཚོགས་འཕྲོ་བར་བསྒོམ་པའམ། ཡང་ན་བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་དུས་ཅིག་ཆར་དུ་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ཏེ་ཡང་རིམ་བཞིན་རང་གི་སྤྱི་བོ་དང་། མགྲིན་པ་དང་། སྙིང་ག་གསུམ་མམ་ལྟེ་བ་དང་བཅས་པ་ལ་ཕོག་ཅིང་། དང་པོ་འོད་ཟེར་དཀར་པོ་རང་གི་སྤྱི་བོར་ཐིམ་པས་བླ་མའི་སྐུའི་བྱིན་རླབས་ཞུགས། རང་གིས་ཚེ་རབས་ཐོག་མེད་ནས་བསགས་པའི་ལུས་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། སྐུ་བུམ་པའི་དབང་ཐོབ། ལུས་ལྷ་སྐུ་བསྐྱེད་རིམ་གྱི་ལམ་བསྒོམ་པ་ལ་དབང་བར་བྱས། འབྲས་བུ་སྤྲུལ་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པར་མོས་པ་དང་།

འོད་ཟེར་དམར་པོ་རང་གི་མགྲིན་པར་ཐིམ་པས་བླ་མའི་གསུང་གི་བྱིན་རླབས་ཞུགས། རང་གིས་ཚེ་རབས་ཐོག་མེད་ནས་བསགས་པའི་ངག་གི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། གསུང་གསང་བའི་དབང་ཐོབ། ངག་སྔགས་བཟླས་པ་གསུང་རྡོ་རྗེ་བྱ་བ་ལ་དབང་། འབྲས་བུ་ལོངས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པར་བསམ་པ་དང་།

འོད་ཟེར་སྔོན་པོ་རང་གི་སྙིང་ཁར་ཐིམ་པས་བླ་མའི་ཐུགས་ཀྱི་བྱིན་རླབས་ཞུགས། རང་གིས་ཚེ་རབས་ཐོག་མེད་ནས་བསགས་པའི་ཡིད་ཀྱི་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པ་དང་། ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་རྫོགས་རིམ་གྱི་ཏིང་ངེ་འཛིན་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པར་མོས་པ་དང་།

ཡང་བླ་མའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཆར་དུ་འཕྲོས་པ་དེའམ་ལྟེ་བ་ལས་འཕྲོས་པའི་འོད་ཟེར་སྣ་ཚོགས་པ་དེ་རང་གི་གནས་གསུམ་དུ་ཐིམ་པའམ་ཡང་ན་ལྟེ་བ་ལ་ཐིམ་པས་བླ་མའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་པའི་བྱིན་རླབས་ཞུགས། སྒོ་གསུམ་ཆ་མཉམ་གྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་ཞིང་དག་པ་དང་། དབང་བཞི་པ་ཚིག་དབང་རིན་པོ་ཆེ་ཐོབ། ལམ་བསྐྱེད་རྫོགས་དབྱེར་མེད་དམ་འོད་གསལ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་ཐེབས་པའམ་ཡང་ན་ཟུང་འཇུག་རྡོ་རྗེ་འཆང་གི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་རྒྱུད་ལ་བཞག་པར་བསམ་ཞིང་མོས་པར་བྱའོ།།

དེ་ནས་སྤྱི་བོའི་བླ༷་མ༷་ཞལ་འཛུམ་པ་དང་བཅས་འོ༷ད་དུ་ཞུ༷་ནས་བླ་མའི་རྣལ་འབྱོར་སྒོམ་པ་པོ་ར༷ང་ལ༷་ཐི༷མ་པར་བསམ་སྟེ་བླ་མའི་ཐུག༷ས་རྣམ་པར་མི་རྟོག་པའི་ཡེ་ཤེས་དང་རང་གི་ཡི༷ད་གཉིས་གཅི༷ག་ཏུ་འདྲེས༷་པར་མོས་ཤིང་རིག་སྟོང་གཉུ༷ག་མ༷འི་རང་གཤིས༷་ཀ་དག་ཟང་ཐལ་ཆེན་པོའི་ངོ་བོར་ཞེན་པའི་དྲ༷ན་རྟོག༷་གིས་འཇུར༷་བུས༷་མ་བཅིང་མ༷་བསླ༷ད་པ༷ར་ཆོས་ཉིད་རྒྱ་ཆད་ཕྱོགས་ལྷུང་མེད་པ་ཁྱབ༷་བརྡལ༷་ནམ༷་མཁ༷འ་ལྟ་བུའི་ང༷ང་ལ༷་མཉམ་པར་བཞ༷ག་སྟེ། ངག་ནས་ཨཿ ཞེས་དལ་ལ་རིང་བ་འཐེན་བཞིན་སེམས་རྟོག་མེད་ཀྱི་ངང་ལ་གནས་པར་བྱའོ།།

བླ་མའི་གནས་གསུམ་ལས་དབང་བཞི་ལེན་པ་དེ་ནི་ཉམས་ལེན་དང་། བྱིན་རླབས་ཀྱི་གནད་ཆེན་པོ་དང་ལྡན་ཕྱིར་སྤྱིར་བཏང་གི་བླ་མའི་རྣལ་འབྱོར་ཕལ་མོ་ཆེར་ཚུལ་དེ་མཆིས་མོད། འདིར་བླ་མ་འོད་དུ་ཞུ་ཞེས་པས་གོ་ནུས་པའི་དབང་དུ་བྱས་སམ་ཚིག་དངོས་སུ་ཐོན་པ་མེད་ནའང་དེ་ལྟར་དབང་བཞི་ལེན་པ་ནི་དགོས་སམ་སྙམ་ལ། ས་བཅད་ཡིག་ཆུང་དུ་ཐུགས་ཡིད་བསྲེ་ཞིང་དགེ་བ་བསྔོ་བ་ཞེས་དངོས་སུ་བྱུང་ནའང་ངག་འདོན་དུ་དགེ་བ་བསྔོ་བའི་ཚིག་དངོས་སུ་མ་ཐོན་ནའང་སེམས་ཉིད་ཀ་དག་ཟང་ཐལ་རྗེན་པར་བལྟ་བ་ནི་འཁོར་གསུམ་དམིགས་པ་མེད་པའི་དགེ་བསྔོ་ལགས་ཕྱིར་དེ་ལ་དགོངས་ནས་གསུངས་པ་ཡིན་ནམ་ཡིག་ཆུང་དུ་དགེ་བསྔོ་དགོས་པར་བཤད་པས་འཐུས་པ་ཡིན་ཆ་མ་འཚལ་ལོ།།

དེ་ལྟར་ཆོས་ཉིད་གཉུག་མའི་རང་བཞིན་ལ་སེམས་ཅི་གནས་སུ་མཉམ་པར་བཞག་མཐར། རིག་འཛིན་གཏེར་བདག་གླིང་པས། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་བ་འབྱམས་ཀླས་པ། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོ་གཅིག་ཤོག །ཅེས་གསུངས་པ་ལྟར། སླར་ཡང་སྣང་བ་སྣོད་ཀྱི་འཇིག་རྟེན་དང་། སྲིད་པ་བཅུད་ཀྱི་སེམས་ཅན་དུ་སྣང་བའི་གཟུགས་སྣང་ཐམས་ཅད་བླ་མའི་སྐུ་དང་། སྒྲ་གྲགས་ཐམས་ཅད་བླ་མའི་གསུང་དང་། འགྱུ་བ་ཐམས་ཅད་བླ་མའི་ཐུགས་ཀྱི་འཛིན་མེད་ཀ་དག་ཆེན་པོའི་རོལ་བ་རུ་མོས་ཏེ་དེ་ལ་དེར་འཛིན་གྱི་ཞེན་པ་མེད་པར་སྣང་སྲིད་བླ་མའི་རྣམ་རོལ་དུ་ཤེས་པའི་ངང་ནས་བླ་མའི་རྣལ་འབྱོར་བསྒོམས་པའི་དགེ་རྩ་བྱང་ཆུབ་ཏུ་བསྔོ་བའི་རྩོལ་བཅས་དང་། བཀྲ་ཤིས་པའི་ཚིག་སྣ་ཚོགས་བརྗོད་པ་དེ་ཡིས་མཐའ་བརྒྱན་པར་བྱ་བར་བཤད་དོ།།

དེ་ཡང་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། དེ་ཡང་ཐབས་མཁས་ཐུགས་རྗེ་དཔག་མེད་ཅིང་། །མདོ་རྒྱུད་ཡིད་བཞིན་མཛོད་མངའ་འགྲོ་བ་འདྲེན། །སྐྱོན་བྲལ་ཡོན་ཏན་རྫོགས་པའི་བླ་མ་ནི། །སྙིགས་མའི་དུས་ཀྱི་རྒྱལ་བ་གཉིས་པ་ཡིན། །ཞེས་གསུངས་པ་ལ་སོགས་པ་བླ་མ་བཟང་པོའི་མཚན་ཉིད་དང་། རྣལ་འབྱོར་ཆེན་པོའི་རྒྱུད་རྡོ་རྗེ་ཕྲེང་བ་ལས། ཡང་དག་བླ་མ་རྙེད་ནས་ནི། །སློབ་མའི་རང་བཞིན་དྲི་མ་རྣམས། །དག་དང་རྟོགས་དང་སྨིན་བྱས་ནས། །ཇི་བཞིན་ཡེ་ཤེས་བཟང་དང་ལྡན། །ཇི་ལྟར་རིན་ཆེན་བདར་བ་དང་། །གསེར་ནི་བསྲེགས་དང་བཅད་པས་བརྟག །དེ་བཞིན་དུ་ནི་སློབ་མ་ཡང་། །ལོ་ནི་བཅུ་གཉིས་བར་དུ་བརྟག །དེ་ཕྱིར་ཕན་ཚུན་དེ་ལྟ་བུས། །དུས་ཀུན་དུ་ནི་དེ་ལྟར་བརྟག །ཅེས་གསུངས་པ་ལྟར་སློབ་མས་བླ་མ་བརྟག་སྟེ་མཚན་ཉིད་ལྡན་པའི་བླ་མ་འཚོལ་བ་དང་། བླ་མས་སློབ་མ་བརྟག་སྟེ་སྣོད་ལྡན་གྱི་སློབ་མ་དཀྲི་བའི་ཚུལ་དང་། དེ་ཉིད་ལས། གཞན་དུ་བགེགས་ནི་འབྱུང་འགྱུར་ཏེ། །དངོས་གྲུབ་འཇོམས་ཤིང་སྡུག་བསྔལ་སྟེར། །དུག་ནི་སྔགས་ཀྱིས་འཇོམས་པ་བཞིན། །སྔགས་ཀྱི་དག་བྱས་བཅུད་ལེན་བྱེད། །ཅེས་གསུངས་པ་ལྟར་བླ་སློབ་ཕན་ཚུན་མ་བརྟགས་པའི་སྐྱོན་ནམ་ཉེས་པ་ལ་སོགས་པ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཤེས་པར་བྱ་བ་རྣམས་འདིར་མི་སྤྲོ་ལ་གཞན་ནས་ཤེས་པར་བྱའོ།།

གསུམ་པ་མཇུག་གི་དོན་ནི། མན་ངག་གི་རང་གཞུང་ལས། ཞེས་མགོན་པོ་མཆོག་ལ་མི་ཕྱེད་པའི་དད་པ་དང་ཞབས་ཏོག་ཕུལ་དུ་ཕྱིན་པའི་སློབ་བུ་དམ་པ་གསེར་བ་བླ་མ་སངས་རྒྱས་བསྟན་འཛིན་གྱིས་ལྷ་རེག་སྐྱེས་བཅས་ཡང་ཡང་བསྐུལ་ངོར་གུས་འབངས་ཐ་ཤལ་བ་བསྟན་པ་དར་རྒྱས་སུ་འབོད་པས་བྲིས་པའོ། །ཞེས་གསུངས་པ་སྟེ་དོན་གོ་སླའོ།།

སྨྲས་པ། ཉམས་ལེན་ཀུན་གྱི་གནད་གཅིག་མན་ངག་མཆོག །བྱིན་རླབས་བླ་མའི་རྣལ་འབྱོར་བསྒོམ་པའི་ཚུལ། །རྣམ་གསལ་ཚིག་ཉུང་དོན་ཟབ་ལེགས་བཤད་ཕུལ། །དམ་པའི་ལྗགས་ལས་བརྡོལ་བའི་རིན་ཆེན་ནོར། །རྗེས་འཇུག་ཐར་བ་སྒྲུབ་པའི་རྒྱགས་ཕྱེ་རུ། །ལེགས་བཟུང་རིན་བྲལ་གསེར་གྱི་རྩིས་ཐང་གིས། །དད་འདུན་མཛོད་དུ་བསྲེལ་བའི་དགེ་ལེགས་ཀྱིས། །བླ་མའི་ཐུགས་དགོངས་བུ་སློབ་དཔལ་དུ་ཕྱོགས། །ཐར་བ་འདོད་ཅིང་མྱུར་ལམ་ལ་མོས་རྣམས། །ཡང་ཟབ་རྒྱུད་སྡེ་བྱེ་བའི་སྙིང་པོའི་དོན། །ཟབ་དགུའི་མན་ངག་ཀུན་གྱི་ཏོག་གྱུར་པ། །དཔལ་ལྡན་བླ་མ་སྒྲུབ་ལས་གཞན་ཡོད་མིན། །ཁྱད་པར་ཀ་དག་རིག་པ་རྐྱང་པའི་ལམ། །ཡེ་བཞུགས་སྐུ་གསུམ་གདོད་མའི་ཕོ་བྲང་ལ། །སྙེགས་པར་འདོད་པའི་ཤིང་རྟ་ཉག་གཅིག་ཏུ། །ཟབ་ལམ་བླ་མའི་རྣལ་འབྱོར་ཉིད་ཤེས་མཛོད། །འདི་བྲིས་དགེ་བས་སྲིད་གསུམ་འགྲོ་ཀུན་དང་། །རྗེས་འཇུག་བུ་སློབ་འཁྲུལ་སྣང་དབྱིངས་ཞིག་ནས། །ལྷུན་གྲུབ་ཡེ་ཤེས་བླ་མའི་ཐུགས་ཀློང་དུ། །ཚོམ་བུ་གཅིག་དུ་མངོན་འཚང་རྒྱ་བར་ཤོག།

ཅེས་རྟོགས་པའི་དབང་ཕྱུག་དམ་པ་ཨ་ཀྱ་བླ་མ་རྗེ་བཙུན་ཀརྨ་ཆོས་འཕེལ་བཟང་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་འདོད་འཇོ་ཞེས་བྱ་བ་འདི་ལ་ཚིག་འགྲེལ་བསྡུས་པ་ཞིག་འབྲི་བར་གྱིས་ཞེས་རྗེ་གང་གི་ཐུགས་ཟིན་གྱི་སློབ་མ་གསེར་བ་བླ་མ་སངས་རྒྱས་བསྟན་འཛིན་གྱིས་ནན་ཆེན་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་ཆོས་མེད་ཀྱི་དྲེད་པོ་ཁ་ཤོར་བ་རྗེས་དཀར་ཨོ་རྒྱན་བརྩོན་འགྲུས་སམ་ཐུབ་བསྟན་འཕྲིན་ལས་བཟང་པོ་ཞེས་འབོད་པ་དེ་ཉིད་ཀྱིས་མགོ་ལོག་དར་ཐང་དུ་བྲིས་པ་དགེ་བར་གྱུར་ཅིག། མངྒ་ལཾ།

Pecha page