བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་མཚམས་སྦྱོར་ལྔ་བའི་འགྲེལ་བ་དང་པོའི་ལས་ཅན་འཇུག་པའི་ཐེམ་སྐས།
བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་མཚམས་སྦྱོར་ལྔ་བའི་འགྲེལ་བ་དང་པོའི་ལས་ཅན་འཇུག་པའི་ཐེམ་སྐས།
སྒྲ་གཞུང་གི་དོན་དངོས།
༄༅།། བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་མཚམས་སྦྱོར་ལྔ་བའི་འགྲེལ་བ་དང་པོའི་ལས་ཅན་འཇུག་པའི་ཐེམ་སྐས་ཞེས་བྱ་བ་བཞུགས་སོ།།
༄༅།། ན་མོ་སྭ་ར་སྭ་སྟཱི་ཡེ།
ཐེག་གསུམ་འཕགས་བཞིའི་ཡུམ་གྱུར་ཤེར་ཕྱིན་མ༷།།
མ༷་ལུས་སྒྲ་དབྱངས་སྙན་པའི་དཔལ་འཛིན་མ༷།།
མ༷་གྱུར་འགྲོ་བ་འདྲེན་པའི་བརྩེ་ལྡན་མ༷།།
མ༷་ཅིག་དབྱངས་ཅན་མཛེས་མས་རྗེས་འཛིན་མཛོད།།
ཚངས་དབང་བུ་མོས་ཞལ་གཟིགས་དབུགས་དབྱུང་ཞིང་། །གནས་ལྔ་ཀུན་མཁས་ཁྱད་པར་སྒྲ་རིག་པར། །ཐོགས་མེད་བློ་གྲོས་ནོར་གྱི་མཛོད་མངའ་བ། །སློབ་དཔོན་ཨ་ནུ་བྷཱུ་ཏིར་ཕྱག་གིས་འདུད།།
བརྡ་སྤྲོད་ཟླ་བས་འཕེལ་གྱི་འཇིངས་བརྒལ་ནས། །མདོ་རྒྱུད་རིག་གནས་ཡིད་བཞིན་མ་ཎི་ཀ། །གངས་ཅན་བསོད་ནམས་མཛོད་དུ་འདྲེན་མཛད་པའི། །སྔོན་བྱོན་པཎ་གྲུབ་ལོ་ཙཱའི་བཀའ་དྲིན་དྲན།།
ཀ་ཙན་དབྱངས་གསུམ་སྒྲ་རིག་ལུས་ཕྲ་མ། །པྲྀ་ཏ་ཛཱ་ཏིའི་སྡེབས་སྦྱོར་རྒྱན་སྤྲས་ནས། །མོས་ལྡན་བློ་གྲོས་གཞོན་ནུའི་རྩེ་ཟླ་རུ། །བྱིན་མཛད་སྒྲ་རིག་སྨྲ་བ་བརྒྱུད་བཅས་འདུད།།
ཀུན༵་ལ་རབ་དག༵འ་སྦྱིན་མཛད་ཤེ༵ས་ར༵བ་ཆེ། །རྣམ་པར་འབྱེད་དང་བདག་མེད་རྟོགས་པའི་བློ། །གས༵ལ་བྱེད༵་ཡོན་ཏན་ཕུན༵་ཚོ༵གས་འབྱུང༵་བའི་གནས༵། །སྒྲ་རིག་སྨྲ་དབང་སྙིང་དབུས་ཉི་མར་གུས།།
དོན་ཟབ་མེ་ཏོག་བཅུད་འཐུང་ཞིང་། །སྒྲ་རིག་མགྲིན་པའི་ལེན་པའི། །མཁས་པའི་ཁྲི་ལ་དབང་པའི་རྒྱུ། །ངོ་མཚར་གཞུང་བཟང་ནགས་ཀྱི་ཚལ། །འཇུག་ཚུལ་མཚམས་སྦྱོར་འཁོར་ལོ་ཆེ། །ལྔ་ལྡན་ནོར་བུའི་ཤིང་རྟ་གསར། །ཐོས་སྦྱངས་ཤེད་ཀྱིས་ཁ་བསྒྱུར་ནས། །ཐོགས་མེད་རྩོམ་པའི་ལམ་བུར་བགྲོད།།
དེ་ལ་འདིར་བརྡ་སྤྲོད་པ་དབྱངས་ཅན་གྱི་མདོའི་མཚམས་སྦྱོར་ལྔ་བའི་དོན་ཅུང་ཟད་གསལ་བར་འགོད་པ་ལ་དང་པོ་རྟེན་འབྲེལ་གྱི་གནད་དུ་དབྱངས་ཅན་མ་ཞེས་པའི་སྐད་དོད་སྭ་ར་སྭ་སྟཱི་ཞེས་པ་སྒྲ་སྒྲུབ་བགྱིད་ན་འདི་ལྟར་ཏེ། ཀ་ལཱ་པའི་བྱིངས་མདོ་ལས། སྦྲྀ་སྒྲ་དང་ཉེ་བར་གདུང་བ་ལའོ། །ཞེས་པའི་སྦྲྀ་ཡི་བྱིངས་ལ། དབྱངས་ཅན་གྱི་མདོ་འདི་ཉིད་ཀྱི་ཀྲྀཏ྄་ལ་སོགས་པའི་རབ་བྱེ་ལས། ཨི་མན྄་ཏྲ་ཨ་སུཀ྄འོ། །ཞེས་པས་ཨ་སུཀ྄་ཨ་ག་མ་སྦྱིན། དེ་ནས་སྦྲྀ་ཨ་སུཀ྄་ཞེས་གནས་པ་ལ། ཀ྄་རྗེས་འབྲེལ་དང་ཨུ་བརྗོད་དོན་ཙམ་ཡིན་པས་ཕྱི་བར་བྱ། དེ་ནས་སྦྲྀ་ཨ་ས྄་ཞེས་པར་གྱུར་པ་ལ། མདོ་འདིའི་བྱིངས་ལས་བྱེད་པ་པོའི་རབ་བྱེད་ལས། ཡོན་ཏན་ནོ། །ཞེས་པས་སྦྲྀའི་སྲོག་གི་རྀའི་ཡོན་ཏན་ཨར྄་དུ་སོང་བས། སྭ྄་ཨར྄་ཨ་ས྄་ཞེས་པར་གྱུར་པ་ལ། འོག་གི་ལེའུ་གཉིས་པར། དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ། །ཞེས་པས་རིམ་པར་སྭ྄་ཨ་དང་། ར྄་ཡིག་ཨ་ཡིག་བཅས་ཕ་རོལ་གྱི་སྟེང་དུ་སྦྱར་བས་སྭ་ར་ས྄་ཞེས་པར་གྱུར། དེ་ལ་དེ་ཕན་གྱི་ལེའུ་ལས། མ་དང་ཨ་མཐའ་ཨུ་པ་དྷཱ་ལས་བ་ཏུ་ཨིན་དག་གོ །ཞེས་པས་ལྡན་པའི་རྐྱེན་བ་ཏུ་ཞེས་པའི་གྲོགས་བྱིན། སྭ་ར་ས྄་བ་ཏུ་ཞེས་པར་འགྱུར་རོ།།
དེ་ནས་འོག་གི་གསལ་བྱེད་ཀྱི་མཚམས་སྦྱོར་ལས། ན་ལས་ཚ་ཏ་ལ་སཀ྄འོ། །ཞེས་པས་བ་ཏུའི་བར་དུ་སཀ྄་བྱིན། སྭ་ར་ས྄་བ་སཀ྄་ཏུ། ཞེས་པར་གྱུར་པ་ལ། ཀ྄་གནས་དོན་ཡིན་པས་ཕྱི་བ་སྟེ་བསུབ་པར་བྱ། ཨ་བརྗོད་དོན་ཡིན་པས་ཡང་ཕྱི་བ་སྟེ་སའི་སྲོག་གི་ཨ་བསུབ། ཏུ་ནི་མོ་རྐྱེན་ཨཱིབ་ཀྱི་དོན་ཡིན་པས་ཏ྄་ཨཱིབ་ཞེས་གནས་པ་ལ། ཨཱིབ་ཀྱི་བ་ཡིག་ཕྱི། མདོའི་བུད་མེད་ཀྱི་རྐྱེན་ལས། ཥ་ཊ྄་ཨུ་རྀཏ྄་ལས་སོ། །ཞེས་པས་མོ་རྐྱེན་ཨཱིབ྄་བྱིན། སྭ་ར་ས྄་བ་ས྄་ཏ྄་ཨཱིབ྄་ཞེས་པར་གྱུར་པ་ལ། ཡང་ཨཱིབ྄་ཀྱི་བ་ཡིག་རྗེས་འབྲེལ་ཡིན་པས་ཕྱི། དེ་ནས་ས྄་བ་ཡིག་དང་། ས྄་ཏ྄་ཨཱི་སྟེང་སྟེ་དབྱངས་དམན་རྣམས་ཕ་རོལ་དུ་སྦྱར་བས་སྭ་ར་སྭ་སྟཱི། ཞེས་པར་འགྱུར་རོ། །དེ་ནི་མཚོ་ལྡན་མ་ཞེས་པའོ།།
ཡང་ན་དེ་ལྟར་བྱིངས་སྒྲུབ་མ་བྱས་ན། སྭ་རཿ དབྱངས་དང་། བ་ཏཱི་ལྡན་པ་མོ་ཞེས་པ་ཡིན་ལ། མདོ་འདི་ལས། ས྄་ར྄་དག་གི་རྣམ་བཅད་དོ། །ཞེས་པས་བྱིངས་མཐའ་མ་ཡིན་པའི་མིང་དང་ཚིག་མཐའ་ལ་རྣམ་དབྱེ་སོགས་ཀྱི་རྐྱེན་གྱིས་ས྄་དང་ར྄་སྲོག་མེད་ཡོད་པ་དེ་རྣམ་བཅད་དུ་འགྱུར་བར་བཞེད་པས་སྔ་མ་མིང་མཐའི་རྣམ་བཅད་ས྄་སྲོག་མེད་དུ་གྱུར། སྭ་ར་ས྄་བ་ཏཱི་ཞེས་པ་ལ། བ་ཏཱིའི་བར་དུ་སཀ྄་སྦྱིན། སྭ་ར་ས྄་བ་སཀ྄་ཏཱི་ཞེས་པར་གྱུར། ཀ྄་ཕྱིས། ས་སྲོག་གི་ཨ་ཡང་ཕྱིས། སྭ་ར་ས྄་བ་ས྄་ཏཱི་ཞེས་པ་ལ་ས྄་སྲོག་མེད་གཉིས་རིམ་པར་ཕ་རོལ་གྱི་སྟེང་དུ་དྲངས་པས་སྭ་ར་སྭ་སྟཱི་ཞེས་པ་གྲུབ་ཅིང་དབྱངས་ཅན་མ་ཞེས་པའོ།།
ཡང་ན་སཱ་ར་མཚོ་དང་སུ་ཏཱི་བུ་མོ་ཞེས་པ་མཚམས་སྦྱར་ཏེ་མཚོ་བྱུང་ངམ་རྒྱ་མཚོའི་བུ་མོ་ཞེས་པ་བྱུང་ཚུལ་སོགས་མཆིས་ཀྱང་མི་སྤྲོ་ལ་གཞན་ནས་ཤེས་པར་བྱའོ།།
ད་ནི་སྒྲ་གཞུང་གི་དོན་དངོས་ལ་འཇུག་སྟེ། མཚམས་སྦྱོར་ལྔ་བ་ཞེས་པ་ནི་མིང་དང་། དབྱངས་དང་། རང་བཞིན་དང་། གསལ་བྱེད་དང་། རྣམ་བཅད་ཀྱི་མཚམས་སྦྱོར་ཏེ་ལྔ་པོ་ཡིན་ཞིང་དེ་དག་རིམ་བཞིན་ལེའུ་ལྔ་ཡིས་བསྟན་པ་ལས།
དང་པོ་མིང་གི་མཚམས་སྦྱོར།
དང་པོ་མིང་གི་མཚམས་སྦྱོར་ལ་ནི། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་བཤད་པ་གཉིས་ལས།
དང་པོ་ལ་ཡང་མཚུངས་པའི་ཡི་གེ་བཤད་པ་དང་། མཚམས་སྦྱོར་གྱི་ཡི་གེ་བཤད་པ་དང་། དེ་གཉིས་དབྱངས་ཡིག་ཏུ་འདུ་ཚུལ་དང་། ནཱ་མིའི་ཡི་གེ་བཤད་པ་དང་བཞི་ལས།དེའི་དང་པོ་ལ་ཡང་མཚུངས་པའི་ཡི་གེ་དངོས་དང་། དེ་དག་གི་དབྱེ་བ་འདྲ་བའི་ཡི་གེ་བཤད་པ་དང་། ལྷག་མ་གཞན་དུ་ཁ་འཕངས་པ་དང་གསུམ་ལས། དང་པོ་ནི། ཨ་ཨི་ཨུ་རྀ་ལྀ་མཚུངས་པ་རྣམས་སོ། །ཞེས་པ་སྟེ། དོན་ནི་བརྗོད་ཚུལ་བདེ་བ་དང་། བློ་མི་འཁྲུགས་པ་ལ་སོགས་པའི་ཆེད་དུ་མཚམས་སྦྱོར་གྱི་སྔོན་དུ་སོ་སོའི་མིང་གི་བརྡ་ཆད་ནི། ཨ་ཡིག་དང་། ཨི་ཡིག་དང་། ཨུ་ཡིག་དང་། རྀ་ཡིག་དང་། ལྀ་ཡིག་རྣམས་ཀྱི་མིང་ལ་མཚུངས་པའི་ཡིག་གེ་ཞེས་བརྗོད་དོ།།
དེ་དག་མཚམས་སྦྱོར་བྱས་ན་རུང་མོད་དགོས་པ་ཡོད་ན་མ་གཏོགས་མཚམས་མི་སྦྱོར་བ་ཡང་རུང་ལ། མཚམས་སྦྱོར་བ་ནི་ཡི་གེ་ཉུང་བའི་དོན་དུའམ་ཆེད་དུ་ཡིན་པས་འདིར་མཚམས་མི་སྦྱོར་རོ།།
གཉིས་པ་འདྲ་བའི་ཡི་གེ་ནི། ཐུང་ངུ་རིང་པོ་པ་ལཱུ་(པ་ལཱུ་ཐོག་ཏུ་འཇོག་དགོས།)ཏས་ཕྱེ་བ་རྣམས་འདྲ་བའོ། །ཞེས་པ་སྟེ། དོན་ནི་ཡི་གེ་ཨ་དང་ཨི་དང་ཨུ་དང་རྀ་དང་ལྀ་དང་ལྔ་ལ་ཐུང་ངུ་དང་། རིང་བོ་དང་། ཤིན་ཏུ་རིང་བོ་པ་ལཱུ་ཏ་སྟེ་གསུམ་གསུམ་ཕྱེ་བའི་བཅོ་ལྔ་ཞེས་འདོད་པ་དང་། ལྀ་ལ་རིང་བོ་མེད་པར་འདོད་པ་ལྟར་ན་མཚུངས་པའི་ཡི་གེར་གྱུར་པའི་དབྱངས་བཅུ་བཞི་པོ་དེ་རྣམས་ལ་ནི། དཔེར་ན་ཨ་ལ་ཨ་ཐུང་ངུ་དང་། ཨཱ་རིང་པོ་དང་དང་། ཨ྅་ཤིན་ཏུ་རིང་བོའམ་པ་ལཱུ་ཏ྅་འདི་འདྲ་བསྣན་པས་གསུམ་ཡོད་པ་དེ་ཨ་ཡིག་ཡིན་པ་ལ་ཕན་ཚུན་གསུམ་ཀ་འདྲ་བ་ཡིན་ཞིང་། དེ་བཞིན་ཏུ་ལྷག་མ་ཨི་ཨུ་རྀ་ལི་བཞིའི་ཨི་ཐུང་ཨཱི་རིང་ཨི྅་ཤིན་ཏུ་རིང་བོ་གསུམ་པོ་ཨི་ཡིག་ཏུ་དང་། ཨུ་ཐུང་ཨཱུ་རིང་ཨུ྅་ཤིན་ཏུ་རིང་པོ་གསུམ་ཀ་ཨུ་ཡིག་ཏུ་དང་། རྀ་ཐུང་རཱྀ་རིང་རྀ྅་ཤིན་ཏུ་རིང་བོ་གསུམ་པོ་རྀ་ཡིག་ཏུ་དང་། ལྀ་ལ་རིང་བོ་མེད་ན་ལྀ་ཐུང་དང་ལྀ྅་པ་ལཱུ་ཏ་ལྀ་ཡིག་ཏུ་འདྲ་བ་ཡིན་པས་དེ་དག་ལ་འདྲ་བའི་ཡི་གེ་ཞེས་བྱ་ཞིང་། འདིར་མཚུངས་པའི་ཡི་གེ་ཞེས་པའི་མིང་བཏགས་པ་དང་། རིང་ཐུང་གསུམ་པོ་ནང་ཕན་ཚུན་འདྲ་བས་ན་འདྲ་བའི་ཡི་གེ་ཞེས་བྱ་ལ། ཨ་ཨི་སོགས་ནང་ཕན་ཚུན་མཚུངས་པ་ཡིན་ཡང་འདྲ་བ་ནི་མིན་ནོ།།
ཁ་ཅིག་རྀ་ལྀ་ལ་ཤིན་ཏུ་རིང་བོའམ་པ་ལཱུ་ཏ་མེད་པར་འདོད་པ་ནི་མངོན་སུམ་གྱིས་གནོད་པས་མི་འཐད་པར་རྗེ་ཏཱ་ར་ནཱ་ཐས་གསུངས་སོ།།
ཡི་གེ་བཅུ་བཞི་བོ་དེ་དག་བརྗོད་པའི་ཚེ་རེ་རེ་ལ་ཡང་སྒྲ་སྐད་གསེང་མཐོན་པོར་འདོན་པ་ཨུ་དཏྟ་དང་། སྐད་མཐོ་དམན་བར་མས་འདོན་པ་སྭ་རི་ཏ་དང་། སྐད་དམའ་བས་འདོན་པ་ཨ་ནུ་དཏྟ་སྟེ་གསུམ་གསུམ་ཡོད་པས་བཞི་བཅུ་ཞེ་གཉིས་སུ་འགྱུར་རོ།།
གསུམ་པ་ལྷག་མ་གཞན་དུ་ཁ་འཕངས་པ་ནི། ལྷག་མ་འཇིག་རྟེན་ལས་གྲུབ་པ་འདིར་བཤད་དོ། །ཞེས་པ་སྟེ། དེ་ལྟར་སྔ་མའི་དབྱངས་ལྔ་དང་། ཕྱི་མའི་དབྱངས་བཅུ་བཞི་པོ་ལ་གཞུང་འདིར་མཚུངས་པའི་ཡི་གེ་དང་འདྲ་བའི་ཡི་གེ་ཞེས་པའི་མིང་འདོགས་བྱས་པ་ལས་གཞན་ལྷག་མ་སྐབས་འདིར་མིང་འདོགས་མ་བྱས་པའི་ཡི་གེ་འོག་ནས་འཆད་འགྱུར་རྣམས་ནི་འཇིག་རྟེན་ན་གྲགས་པ་དང་བསྟན་བཅོས་ལ་གྲགས་པ་ལྟར་གྱི་མིང་གིས་བརྗོད་ནས་གཞུང་འདིར་དེ་དག་དང་མཐུན་པའི་མིང་གིས་བཤད་པར་བྱའོ་ཞེས་པའོ།།གཉིས་པ་མཚམས་སྦྱོར་གྱི་ཡི་གེ་བཤད་པ་ནི། ཨེ་ཨཻ་ཨོ་ཨཽ་མཚམས་སྦྱོར་གྱི་ཡི་གེ་རྣམས་སོ། །ཞེས་པ་སྟེ། ཡི་གེ་ཨེ་ཨཻ་ཨོ་ཨཽ་བཞི་བོ་དེ་དག་ལས་ཨེ་ཡིག་ནི་ཨ་དང་ཨི་མཚམས་སྦྱར་བ་ལས་བྱུང་བ་དང་། ཨཻ་ཡིག་ནི་ཨ་དང་ཨེ་མཚམས་སྦྱར་བ་ལས་བྱུང་བ་དང་། ཨོ་ཡིག་ནི་ཨ་དང་ཨུ་མཚམས་སྦྱར་བ་ལས་བྱུང་བ་དང་། ཨཽ་ཡིག་ནི་ཨ་ཨོ་མཚམས་སྦྱར་བ་ལས་བྱུང་བས་འདི་དག་ལ་མཚམས་སྦྱོར་གྱི་ཡི་གེ་རྣམས་ཞེས་བརྗོད་པ་ཡིན་ནོ།།
ཡི་གེ་འདི་རྣམས་ལ་ཐུང་ངུ་མེད་པས་རིང་པོ་དང་ཤིན་ཏུ་རིང་པོ་ཉིད་ཀྱི་ཡི་གེ་ཞེས་བྱ་ལ། བསྡུ་ན་ཤིན་རིང་ཡང་རིང་པོར་འདུ་བས་རིང་པོའི་ཡི་གེ་ཞེས་བརྗོད་ཀྱང་རུང་ངོ་།།
གསུམ་པ་དེ་གཉིས་དབྱངས་ཡིག་ཏུ་འདུ་ཚུལ་ནི། གཉིས་པོ་རྣམས་དབྱངས་སོ། །ཞེས་པ་སྟེ། དེ་ལྟའི་མཚུངས་པའི་ཡི་གེ་ལྔ་དང་མཚམས་སྦྱོར་གྱི་ཡི་གེ་བཞི་སྟེ་གཉིས་པོ་སྡོམ་པའི་ཡི་གེ་དགུ་པོ་རྣམས་ནི་རྩ་བའི་དབྱངས་ཡིག་དགུ་ཞེས་བྱ་བ་ཡིན་ཞིང་མདོར་ན་མཚུངས་པའི་མིང་ཅན་དང་མཚམས་སྦྱོར་གྱི་མིང་ཅན་གྱི་ཡི་གེ་གཉིས་པོ་ཡང་དབྱངས་ཡིག་རྣམས་སུ་འདུ་ཞིང་དབྱངས་ཀྱི་དབྱེ་བ་ཡིན་ནོ།།
བཞི་བ་ནཱ་མིའི་ཡི་གེ་བཤད་པ་ནི། ཨ་བོར་བ་ནཱ་མིའོ། །ཞེས་པ་སྟེ། དེ་ལྟའི་མཚུངས་པ་དང་མཚམས་སྦྱོར་གྱི་ཡི་གེ་དག་ལས་ཨ་ཐུང་ངུ་དང་། ཨཱ་རིང་པོ་དང་། ཨ྅་ཤིན་ཏུ་རིང་པོ་གསུམ་བོར་བའི་ལྷག་མ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་བརྒྱད་དམ་མཚུངས་པའི་ཡི་གེ་བཅུ་གཅིག་དང་། མཚམས་སྦྱོར་གྱི་རྩ་བའི་ཡི་གེ་བཞི་ལ་རིང་པོ་དང་ཤིན་ཏུ་རིང་པོ་གཉིས་གཉིས་ཕྱེ་བའི་ཡི་གེ་བཅུ་དགུ་པོ་རྣམས་ལ་ནཱ་མིའི་ཡི་གེ་ཞེས་འབོད་པ་ཡིན་ནོ།།
གཉིས་པ་གསལ་བྱེད་ལ་ནི། གསལ་བྱེད་དངོས་དང་། ཁ་སྐོང་གི་མདོ་དང་། རབ་སྦྱོར་སོགས་བདུན་བཤད་པ་དང་གསུམ་ལས།
དང་པོ་གསལ་བྱེད་དངོས་ནི། ཧ་ཡ་ཝ་ར་ལ། ཉ་ཎ་ན་ང་མ། ཛྷ་ཌྷ་དྷ་གྷ་བྷ། ཛ་ཌ་ད་ག་བ། ཁ་ཕ་ཚ་ཋ་ཐ། ཙ་ཊ་ཏ་ཀ་པ། ཤ་ཥ་ས་ཐོག་མ་དང་མཐའ་མ་དག་གིས་སོ། །ཧ་ས་གསལ་བྱེད་རྣམས་སོ། །ཞེས་པ་སྟེ། གསལ་བྱེད་ཀྱི་གོ་རིམ་དང་སྡེ་ཚན་དུ་འཇོག་ཚུལ་དེ་ལྟར་ཡིན་ཞིང་། སྐབས་འགར་བརྗོད་བདེ་བའི་ཕྱིར་དུ་ཡི་གེ་བསྡུ་དགོས་པས། དེ་ཚེ་ཡི་གེ་དག་གི་ཐོག་མ་དེ་དང་མཐའ་མ་དེ་གཉིས་ཀྱི་མིང་མཉམ་དུ་སྦྱར་ནས་དཔེར་ན་ཧ་སའི་ཡི་གེ་ཞེས་བརྗོད་ཚེ་ཧ་ནས་ས་བར་གྱི་གསལ་བྱེད་ཀྱི་ཡི་གེ་ཡོངས་རྫོགས་སྡེ་ཚན་གཅིག་ཏུ་བསྡུས་པས་དེ་ཡོངས་རྫོགས་དང་དེ་རྣམས་ལས་གང་ཡང་རུང་བ་ཞིག་ལ་གོ་ཞིང་། དེ་བཞིན་དུ་ཙ་པའི་ཡི་གེ་ཞེས་བརྗོད་ཚེ་ཙ་ནས་པ་བར་གྱི་སྡེ་ཁག་ཆུང་ངུ་གཅིག་དང་སྡེ་ཚན་དེའི་ཡི་གེ་གང་རུང་དང་། ཛྷ་བྷ་སོ་སོར་བསྡུས་པ་ཞེས་པ་ཛྷ་ནས་བྷ་བར་གྱི་སྡེ་ཁག་ཆུང་ངུ་གཅིག་པོ་དང་། ཛ་བ་སོ་སོར་བསྡུས་པ་ཞེས་པ་ཡང་ཛ་བའི་སྡེ་ཁག་ཆུང་ངུ་གཅིག་པོ་དང་། ཁ་པ་ཞེས་པའི་ཚེ་ཁ་ནས་པ་བར་གྱི་སྡེ་ཁག་གཉིས་ཀྱི་བསྡུས་མིང་དང་། ཉ་མ་སོ་སོར་བསྡུས་པ་ཡང་ཉ་ནས་མ་བར་གྱི་སྡེ་ཁག་གཅིག་གི་ཡི་གེ་སྟེ་འདི་ལ་སྣ་ལྡན་གྱི་ཡི་གེ་ཞེས་བྱ་བ་དང་། ཁ་ས་སོ་སོར་བསྡུས་པ་ཞེས་པ་ཁ་ནས་ས་བར་གྱི་སྡེ་ཁག་གསུམ་ཙམ་གྱི་བསྡུས་མིང་སྟེ། འདི་ལ་སྒྲ་ཀ་ལཱ་པ་ལས་སྒྲ་མེད་ཀྱི་ཡི་གེ་ཞེས་བཤད་པ་དང་། ཛྷ་ས་སོ་སོར་བསྡུས་པ་ཞེས་པ་ཛྷ་ནས་ས་བར་དུ་གོ་ཞིང་། ཀ་ལཱ་པ་ལས་དྷུ་ཊའི་ཡི་གེ་ཞེས་བཤད་པ་དང་། ཧ་བའི་ཡི་གེ་ཞེས་པའི་ཚེ་ཧ་ནས་བ་བར་གྱི་ཡི་གེ་ཉི་ཤུར་གོ་ཞིང་། ཀ་ལཱ་པ་ལས་སྒྲ་ལྡན་གྱི་ཡི་གེ་ཞེས་བཤད་པ་དང་། ཐོག་མའི་ཡི་གེ་ཧ་ཡ་དོར་བའི་ལྷག་མ་ཝ་ས་སོ་སོར་བསྡུས་པ་དང་། དེ་བཞིན་དུ་དབྱངས་ཨ་ཨི་ཨུ་རྀ་ལྀ་ཨེ་ཨཻ་ཨོ་ཨཽ་རྣམས་ཀྱི་འཕྲོར་གསལ་བྱེད་ཧ་ཡ་ཝ་ར་སོགས་ནས་ཛ་ཌ་ད་ག་བ་བར་གྲལ་སྒྲིག་པ་ལ་ཨ་བ་སོ་སོར་བསྡུས་པའི་ཡི་གེ་ཞེས་བརྗོད་ཅིང་དེ་དག་ལ་སྒྲ་ལྡན་གྱི་ཡི་གེ་ཞེས་འབོད་པ་སོགས་ཡི་གེ་རྣམས་ཀྱི་ཐོག་མ་དང་མཐའ་མ་གཉིས་མཉམ་དུ་སྦྱར་ཚེ་ཐོག་མ་དེ་ནས་མཐའ་མ་གང་ཡིན་པ་དེའི་བར་དུ་གོ་དགོས་པ་ཡིན་ནོ།།
དེས་ན་ཧ་ནས་ས་བར་གྱི་ཡི་གེ་ཡོངས་རྫོགས་ལ་ཧ་ས་གསལ་བྱེད་རྣམས་ཞེས་བྱ་ལ། བརྗོད་པ་སྣ་ཚོགས་མི་འདྲ་བ་མང་པོ་གསལ་བོར་འབྱུང་བའི་གནས་ཡིན་པས་སམ་བརྗོད་པ་སྣ་ཚོགས་གསལ་བར་བྱེད་པའི་རྒྱུ་ཡིན་པས་ན་གསལ་བྱེད་ཅེས་བྱའོ།།
གཉིས་པ་ཁ་སྐོང་གི་མདོ་བཤད་པ་ལ། དབྱངས་ཉམས་པ་དང་། བྱ་བའི་ཆེད་དང་། དབྱི་བ་དང་། ཕྱིས་པ་དང་། དབྱི་བ་ཙམ་དང་། གཉེན་དང་འདྲ་བ་དང་། དགྲ་དང་འདྲ་བ་དང་བདུན་ལས། དང་པོ་དབྱངས་ཉམས་པ་ནི། དབྱངས་ཉམས་པ་གསལ་བྱེད་དོ། །ཞེས་པ་སྟེ། དེ་ཡང་དབྱངས་ཉམས་པ་སྟེ་དབྱངས་སྲོག་ཏུ་མ་ཞུགས་པའི་ཡི་གེ་སྲོག་མེད་ཁོ་ན་ལ་གསལ་བྱེད་ཅེས་ཟེར་བ་ཡིན་ཞིང་། སྲོག་ཏུ་དབྱངས་ཞུགས་ན་དེ་ནས་སྲོག་ལྡན་གྱི་ཡི་གེ་ཞེས་བྱ་ཞིང་གཙོ་བོ་དབྱངས་ལྟར་གྱི་མཚམས་སྦྱོར་བྱ་དགོས་པ་ཡིན་ནོ།།
གུག་གུ་ཞབས་ཀྱུ་འགྲེང་བུ་ན་རོ་རྣམས་མེད་པའི་ཧ་སོགས་ནི་སྲོག་ལ་ཨ་ཞུགས་པར་འདོད་པས་དབྱངས་ཨ་ལྡན་དུ་འདོད་དོ།།
གཉིས་པ་བྱ་བའི་ཆེད་ནི། བྱ་བའི་ཆེད་དུའོ། །ཞེས་པའི་དོན་ནི། ཧ་སོགས་གསལ་བྱེད་ཀྱི་ཡི་གེ་རྣམས་ལ་དབྱངས་སྲོག་ཏུ་མ་ཞུགས་ན་བརྗོད་པ་མི་འབྱུང་པའམ་ཁ་ནས་བརྗོད་པ་མི་བདེ་བར་བྱེད་པའི་ཕྱིར་ན་དབྱངས་ཨ་ལ་སོགས་པ་སྲོག་ཏུ་འཇུག་པའི་མཚམས་སྦྱོར་བ་སྲིད་པ་ནི་ཁ་ནས་སྨྲ་བ་བདེ་བར་བྱ་བའི་ཆེད་དུ་ཡིན་ནོ་ཞེས་པའོ།།
གསུམ་པ་དབྱི་བ་ནི། གང་ཞིག་ཨིཏ྄་ཀྱི་མིང་ཅན་དེ་ནི་དབྱི་བའོ། །ཞེས་པའི་དོན་ནི། རྐྱེན་དང་བྱིངས་གང་དང་གང་ཞིག་ལའང་དེའི་རྗེས་འབྲེལ་དེ་དང་དེ་དབྱི་བའམ་བསུབས་པ་ལ་ནི་ཨིཏ྄་ཞེས་པའི་མིང་ཅན་གྱིས་འབོད་ལ། དཔེར་ན་རྗེས་འབྲེལ་ཀ྄་དབྱི་བ་ལ་ཀིཏ྄་ཞེས་བརྗོད་པ་ལ་སོགས་པ་ལྟ་བུའོ༷།།
བཞི་བ་ཕྱིས་པ་ནི། ཡི་གེ་མི་མཐོང་བ་ཕྱིས་པའོ། །ཞེས་པའི་དོན་ནི། ཡེ་གེ་མི་མཐོང་བར་བསུབས་པ་ལ་ཕྱིས་པ་ཞེས་ཟེར་ཞིང་དེ་ནི་ཕྱིས་པ་ཙམ་མིན་པར་འོག་ཏུ་མཚམས་སྦྱོར་ལ་སོགས་པའི་བྱ་བ་བྱེད་སྲིད་པ་ལ་གོ་བས་ཕྱིས་པ་ཞེས་ཟེར་རོ།།
ལྔ་བ་དབྱི་བ་ནི། ཡི་གེ་རྣམ་པར་འགོག་པ་ནི་དབྱི་བ་ཙམ་མོ། །ཞེས་པའི་དོན་ནི། ཡི་གེ་གང་ཞིག་ཕྱིས་པའམ་བསུབས་པའི་འོག་ཏུ་སླར་མཚམས་སྦྱོར་སོགས་ཀྱི་བྱ་བ་མི་བྱེད་པ་དཔེར་ན་རྣམ་བཅད་ཕྱིས་པ་སླར་མཚམས་མི་སྦྱོར་བ་ལྟ་བུ་ཡི་གེ་གཏན་དུ་རྣམ་པར་འགོག་པ་ལ་ནི་དབྱི་བ་ཙམ་ལས་སླར་བྱ་བ་བྱེད་པ་མེད་པས་སྔ་མ་དང་མི་འདྲ་བར་དབྱི་བ་ཙམ་ཞེས་དང་ཡལ་བ་དང་མི་སྣང་བ་ཞེས་བྱའོ།།
དྲུག་པ་གཉེན་དང་འདྲ་བ་ནི། གཉེན་དང་འདྲ་བ་ནི་ཨཱ་ག་མའོ། །ཞེས་པའི་དོན་ནི། ནམ་དགོས་ན་གྲོགས་སུ་གྱུར་པའི་ཕན་འདོགས་པའི་གཉེན་དང་འདྲ་བའི་རྐྱེན་གྱི་ཡི་གེ་དེ་ལ་ནི་ཨཱ་ག་མ་ཞེས་བྱ་བ་ཡིན་ནོ།།
བདུན་པ་དགྲ་དང་འདྲ་བ་ནི། དགྲ་དང་འདྲ་བ་ནི་ཀུན་ནས་བསྒྱུར་བའོ། །ཞེས་པའི་དོན་ནི། དཔེར་ན་ཁྱིམ་བདག་ཅིག་ཡུལ་ཕུད་ནས་དེའི་ཤུལ་དུ་དགྲ་ཞིག་སྡོད་པ་དང་འདྲ་བར་རྐྱེན་གྱི་དབང་གིས་ཡི་གེ་འབྲེལ་མེད་གཞན་དུ་ཀུན་ནས་བསྒྱུར་འགྲོ་བ་དཔེར་ན་ན་དས྄་སྱ་དང་ཨན྄་ཨུས྄་སུ་བསྒྱུར་བ་ལྟ་བུ་འབྲེལ་མེད་དུ་བསྒྱུར་བ་དེ་ལ་ནི་ཨཱ་དེ་ཤ་སྟེ་ཀུན་ནས་བསྒྱུར་བ་ཞེས་བྱ་བ་ཡིན་ནོ། །ཨི་ཡ྄་རུ་བསྒྱུར་བ་སོགས་ལྟ་བུ་ནི་འབྲེལ་བ་ཅན་ཡིན་པར་གསུངས་སོ།།
གསུམ་པ་རབ་སྦྱོར་སོགས་བདུན་བཤད་པ་ལ། རབ་སྦྱོར་གྱི་ཡི་གེ་དང་། སྡེ་བ་དང་། ནཱ་མའི་ཡོན་ཏན་དང་། འཕེལ་བ་དང་། ཊིའི་ཡི་གེ་དང་། ཨུ་པ་དྷ་དང་། ཡང་བའི་ཡི་གེ་དང་བདུན་བཤད་པ་ལ་ཡང་མདོ་བདུན་ལས། དང་པོ་རབ་སྦྱོར་གྱི་ཡི་གེ་ནི། དབྱངས་བར་ན་མེད་པའི་ཧ་ས་དག་ནི་ཡང་དག་པར་སྦྱོར་བའོ། །ཞེས་པའི་དོན་ནི། གསལ་བྱེད་རེ་རེའི་མཐའམ་བར་ན་དབྱངས་ལྡན་གྱི་ཡི་གེ་མེད་པར་དབྱངས་མེད་གཉིས་གསུམ་ལ་སོགས་པ་འདུས་པའི་གསལ་བྱེད་ཧ་ས་རྣམས་ནི་ཡང་དག་པར་སྦྱོར་བའམ་རབ་སྦྱོར་ཞེས་ཟེར་བ་ཡིན་ནོ་ཞེས་པའོ། །མདོར་ན་གསལ་བྱེད་སྲོག་མེད་རྣམས་ལ་རབ་སྦྱོར་རམ་ཡང་དག་པར་སྦྱོར་བའི་ཡི་གེ་ཞེས་བྱ་ཞིང་བར་རམ་མཐའ་ན་སྟེ་སྲོག་ལ་དབྱངས་ཡོད་ཕྱིན་རབ་སྦྱོར་གྱི་ཡི་གེ་མ་ཡིན་ནོ།།
གཉིས་པ་སྡེ་བ་ནི། ཀུ་ཙུ་ཊུ་ཏུ་པུ་སྡེ་བ་རྣམས་སོ། །ཞེས་པའི་དོན་ནི། ཀུ་ཞེས་པ་ཀ་ཁ་ག་གྷ་ང་སྟེ་ཀ་སྡེ་དང་། ཙུ་ཞེས་པ་ཙ་ཚ་ཛ་ཛྷ་ཉ་སྟེ་ཙ་སྡེ་དང་། ཊུ་ཞེས་པ་ཊ་ཋ་ཌ་ཌྷ་ཎ་སྟེ་ཊ་སྡེ་དང་། ཏུ་ཞེས་པ་ཏ་ཐ་ད་དྷ་ན་སྟེ་ཏ་སྡེ་དང་། པུ་ཞེས་པ་པ་ཕ་བ་བྷ་མ་སྟེ་པ་སྡེ་བཅས་རང་རང་གི་སྡེ་བ་རྣམས་ལ་གོ་དགོས་པ་ཡིན་ཞིང་། དེ་ཡང་ཨུ་སྲོག་ཏུ་ཞུགས་ན་རང་རང་གི་སྡེ་བ་ལ་གོ་བ་ལས་གཞན་ཨི་སྲོག་ཏུ་ཞུགས་པ་ཀི་ཙི་ཊི་ཏི་ཞེས་སྨོས་ན་ཡི་གེ་རང་རང་ལ་གོ་བ་ལས་སྡེ་བ་ལ་མི་གོ་བ་ཡིན་ནོ།།
གསུམ་པ་ནཱ་མའི་ཡོན་ཏན་ནི། ཨར྄་ཨེཏ྄་ཨོ་ནཱ་མའི་ཡོན་ཏན་ནོ། །ཞེས་པ་ནི། དབྱངས་ཨ་ཡིག་ལ་ཡོན་ཏན་མེད་པས་ཡོན་ཏན་དང་ཡོན་ཏན་ཅན་གྱི་ཡི་གེ་ནི་ནཱ་མིའི་ཡི་གེ་བཅུ་དགུ་པོ་ལས་འབྱུང་བ་ཡིན་ཏེ། རྀའི་ཡོན་ཏན་ཨར྄་དང་། ཨིའི་ཡོན་ཏན་ཨེ་དང་། ཨུའི་ཡོན་ཏན་ཨོ་ཡིན་པས་དེ་དག་ནཱ་མིའི་ཡི་གེ་ཡིན་པས་སོ།།
སྒྲ་ཙནྡྲ་པ་ལས་ཨཱཏ྄་ཞེས་པ་ཨཱ་རིང་པོ་ཁོ་ན་དང་ཨཏ྄་ཞེས་པ་ཨ་ཐུང་ངུ་ཁོ་ན་ལ་གོ་བར་བཤད་མོད། གཞུང་འདིར་ཨཏ྄་ཞེས་པ་ཨ་ཨཱ་སྟེ་རིང་ཐུང་གཉིས་ཀ་ལ་གོ་བ་ཡོད་ལ། ཨེཏ྄་ཞེས་པ་ཨེ་ཁོ་ན་ལ་གོ་བ་ལས་ཨཻ་ལ་མི་གོ་བས་ཨཻ་ཀེ་ཤ་ཅན་ཏེ་འགྲེང་བུ་གཉིས་བརྩེགས་ཅན་དེ་ནི་ཨེ་མ་ཡིན་ཞིང་། ཨཽ་ན་རོ་ཉིས་བརྩེགས་ཅན་དེ་ཨོ་ཡིག་མིན་པར་དབྱངས་ལོགས་སུ་རང་རྐང་ཐུབ་པར་ཡོད་པ་ཡིན་པས་མཚམས་སྦྱོར་གྱི་ཡི་གེ་རྣམས་ནི་རེ་རེ་བ་ཡིན་པར་གསུངས་སོ།།
བཞི་བ་འཕེལ་བའི་ཡི་གེ་ནི། ཨཱ་ཨཱར་ཨཻ་ཨཽ་འཕེལ་བའོ། །ཞེས་པའི་དོན་ནི། ཨཱ་ཨཱར་ཨཻ་ཨཽ་བཞི་ལ་འཕེལ་བའི་ཡི་གེ་ཞེས་བྱ་ཞིང་། དེ་ཡང་ཨ་ཡིག་གི་འཕེལ་བ་ཨཱ་དང་། རྀ་ཡིག་གི་འཕེལ་བ་ཨཱར་དང་། ཨི་ཡིག་གི་འཕེལ་བ་ཨཻ་དང་། ཨུ་ཡིག་གི་འཕེལ་བ་ཨཽ་དང་། ཨི་དང་རི་དང་ཨུའི་འཕེལ་བ་ཡང་ཨཻ་ཡིག་ཡིན་པར་གསུངས་སོ།།
ལྔ་བ་ཊིའི་ཡི་གེ་ནི། མཐའི་དབྱངས་ལ་སོགས་པ་ཊིའོ། །ཞེས་པའི་དོན་ནི་བྱིངས་སམ་མིང་གི་མཐའི་དབྱངས་དེ་ལ་ཊི་ཟེར་ཞིང་། དེ་བཞིན་སོགས་ཁོངས་ནས་བྱུང་བའི་དོན་མཐའི་གསལ་བྱེད་དབྱངས་མེད་དེ་ལ་ཡང་ཊི་ཟེར་བ་ཡིན་ཞེས་པའོ།།
དཔེར་ན་མནས྄་དང་། རཱ་ཛན྄་ཞེས་པ་ལྟ་བུ་ལ་མནས྄་ཀྱི་ན་ཡིག་དང་རཱ་ཛན྄་གྱི་ཛའི་སྲོག་གི་ཨ་དང་། མཐའ་རྟེན་སྔ་མའི་ས྄་དང་ཕྱི་མའི་ན྄་སྲོག་མེད་རྣམས་རིམ་པ་བཞིན་དུ་སྡོམ་པ་དེ་ལ་ཊི་ཟེར་བ་ཞིང་། དཔེར་ན་ཊི་དབྱིའོ། །ཞེས་པའི་སྐབས་སུ་ཨས྄་དང་ཨན྄་རྣམས་བསུབས་དགོས་པ་ལ་གོ་དགོས་པ་ལྟ་བུའོ།།
དྲུག་པ་ཨུ་པ་དྷའི་ཡི་གེ་ནི། མཐའ་ལས་སྔོན་མ་ཨུ་པ་དྷའོ། །ཞེས་པའི་དོན་ནི། བྱིངས་དང་མིང་གི་མཐའ་ན་གསལ་བྱེད་ཧ་ས་སྲོག་མེད་ཅིག་ཡོད་པའམ་བྱིངས་མིང་གི་མཐའ་ལས་བྱུང་བའི་གསལ་བྱེད་སྲོག་མེད་ཀྱི་གོང་དུ་ཡི་གེ་གཞན་གྱིས་བར་མ་ཆོད་པའི་དབྱངས་ཡིག་ཅིག་ཡོད་ན་དབྱངས་ཡིག་དེ་ལ་ཨུ་པ་དྷ་ཞེས་ཟེར་བ་ཡིན་ནོ།།
བདུན་པ་ཡང་བའི་ཡི་གེ་ནི། ཕ་རོལ་དུ་ཡང་དག་པར་སྦྱོར་བ་སོགས་མེད་པའི་ཐུང་ངུ་ནི་ཡང་བའོ། །ཞེས་པ་ནི། ཡི་གེ་གང་ཞིག་གི་ཕ་རོལ་དུ་ཧ་སའི་ཡི་གེ་ཉིས་བརྩེགས་སྲོག་ལ་དབྱངས་ཡང་དག་པར་སྦྱོར་བ་དང་བཅས་པ་ཡོད་པ་དེ་ནི་ལྕི་བའི་ཡི་གེར་འགྱུར་ལ། དེ་བཞིན་དུ་རྣམ་བཅད་དེ་ཚེག་དྲག་ཅན་དང་ རྗེས་སུ་ང་རོ་སྟེ་ཀླད་གོར་ཅན་རྣམས་ནི་ལྕི་བ་ཡིན་པ་དང་། རབ་སྦྱོར་མེད་པ་དང་། སོགས་ཁོངས་ནས་བྱུང་བ་རྣམ་བཅད་དང་ང་རོ་རྣམས་མེད་པའི་ཐུང་ངུ་དེ་དག་ནི་ཡི་གེ་ཡང་པ་ཡིན་ཞེས་པའོ། །དེ་ཡན་ནི་མིང་གི་རབ་ཏུ་བྱེད་པ་སྟེ་མིང་གི་མཚམས་སྦྱོར་བཤད་ཟིན་ཏོ།། །།
གཉིས་པ་དབྱངས་ཀྱི་མཚམས་སྦྱོར།
གཉིས་པ་དབྱངས་ཀྱི་མཚམས་སྦྱོར་ལ་ནི། མཚམས་སྦྱོར་ཞེས་པ་གཙོ་བོ་ཚིག་གཉིས་སྔ་ཕྱི་གཉིས་མཚམས་སྦྱར་ནས་མཐུད་ཚུལ་ལ་ཟེར་བ་ཡིན་ཞིང་། འདིར་སྤྱིར་བཏང་བྱིངས་ལས་ཚིག་དང་མིང་དུ་སྒྲུབ་པ་དང་། མིང་ལས་ཚིག་ཏུ་སྒྲུབ་པའི་སྐབས་ཀུན་ཏུ་མཚམས་སྦྱོར་འདི་ཉིད་འཇུག་པ་ཡིན་ནོ།།
དབྱངས་ལ་ཨི་ཡ྄འོ། །ཞེས་པའི་དོན་ནི། ཕ་རོལ་དུ་དབྱངས་ཀྱི་ཡི་གེ་ཨ་ལ་སོགས་པ་མི་འདྲ་བ་གང་རུང་ཞིག་ཡོད་ན་ཚུ་རོལ་གྱི་ཚིག་མཐའི་ཡི་གེ་ཨི་ཡིག་སོགས་ནི་ཡ྄་ཡིག་སྲོག་མེད་དུ་འགྱུར་པ་ཡིན་ཏེ། དེ་ཡང་དཔེར་ན་ཞོའི་སྐད་དོད་ད་དྷི་ཞེས་པ་ལ་ལོངས་ཤིག་གི་སྐད་དོད་ཨཱ་ན་ཡ་ཞེས་པའི་ཚིག་གྲོགས་སྦྱར་བའི་དཔེར་བརྗོད་བཞག་ན་འདི་ལྟར་འགྱུར་པའི་ཕྱིར་ཏེ། ད་དྷི་ཨཱ་ན་ཡ་བཞག། དེ་ནས་སྒྲ་ཀ་ལ་པ་ལས། རིམ་པ་ལས་མ་འདས་པར་ཕྲལ་བར་བྱའོ། །ཞེས་གསུངས་པས་དྷིའི་སྲོག་གི་ཨི་འཕྲལ་ནས་དེ་འཕྲོར་འགོད། དྷ་སྲོག་མེད་དུ་གྱུར་བས་ཧ་ལན་དས་མཚན་མ་བྱས་པས་ད་དྷ྄་ཨི་ཨཱ་ན་ཡ་ཞེས་པ་གྱུར། ཧ་ལན་ད་ཞེས་པ་རེ་ཁ་སྟེ་ར་བཏགས་དང་འདྲ་སེ་བ་ལ་ཡར་ཡི་གེའི་ངོར་འབྱར་མེད་པ་ཞིག་ལགས་སོ།།
དེ་ནས་དབྱངས་ལ་ཨི་ཡ྄འོ། །ཞེས་པས་ཨི་ཡིག་ཡ་ཡིག་དབྱངས་མེད་དུ་གྱུར་པས་ད་དྷ྄་ཡ྄་ཨཱ་ན་ཡ་ཞེས་པ་གྲུབ། སྒྲ་ཀ་ལཱ་པའི་ལུགས་ལ་ད་ནི་དྷ྄་དང་ཡ྄་སྲོག་མེད་ཕ་རོལ་གྱི་ཨཱ་ཐོག་ཏུ་འདྲེན་པ་ལས་མེད་ལ། སྒྲ་ཙནྡྲ་བ་དང་པ་ཎི་བའི་ལུགས་ལ་ད་དུང་བྱ་བ་མ་རྫོགས་ཤིང་། འདིར་ཡང་དེ་ནས། ཧ་ས་ལས་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཞེས་ཚུ་རོལ་གྱི་ཚིག་མཐའ་དང་ཕ་རོལ་གྱི་ཚིག་མགོ་གཉིས་ཀར་ཧ་སའི་ཡི་གེ་ཡོད་ལ། དེ་ཡང་ཕ་རོལ་གྱི་མགོར་ཧ་ས་ལས་ར་དང་ཧ་ཡིག་མ་ཡིན་པའི་ཧ་སའི་ཡི་གེ་གང་རུང་ཞིག་ཡོད་ན་ཚུ་རོལ་གྱི་ཧ་སའི་ཡི་གེ་དྷ྄་ཡིག་སྲོག་མེད་ལྟ་བུ་དེ་གཉིས་སུ་གྱུར་པ་ཡིན་པས། གོང་གི་དྷ྄་སྲོག་མེད་དེ་དྷ྄་དྷ྄་གཉིས་སུ་གྱུར་པས་ད་དྷ྄་དྷ྄་ཡ྄་ཨཱ་ན་ཡ་ཞེས་པ་འདི་འདྲ་གྲུབ་བོ།།
དེ་ནས་དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ། །ཞེས་ཚུ་རོལ་དུ་ཧ་ས་སྲོག་མེད་ཡོད་པ་དང་། ཕ་རོལ་དུ་དབྱངས་ཡིག་གང་རུང་དང་གསལ་བྱེད་སྲོག་ལྡན་ཡོད་ན་ཚུ་རོལ་གྱི་དབྱངས་ཀྱིས་དམན་པའི་སྲོག་མེད་ཀྱི་ཡི་གེ་དེ་ཕ་རོལ་དུ་ཡང་དག་པར་སྦྱོར་དགོས་པར་གསུངས་པས་ཡ྄་ཡིག་སྲོག་མེད་དང་དྷ྄་དྷ྄་སྲོག་མེད་རྣམས་རིམ་བཞིན་ཕ་རོལ་ཨཱ་ཐོག་ཏུ་དྲངས་དགོས། དེ་ཡང་ད་ལན། ཛྷ་ས་ལ་ཛ་བ་རྣམས་སོ། །ཞེས་ཚུ་རོལ་དུ་ཛྷ་སའི་ཡི་གེ་ཡོད་ལ། ཕ་རོལ་དུ་ཛྷ་བྷའི་ཡི་གེ་ཡོད་ན། ཛྷ་སའི་ཡི་གེས་ཛྷ་བྷའི་ཡི་གེ་མཐོང་རྐྱེན་གྱིས་རང་དང་སྡེ་བ་གཅིག་པའམ་གྲངས་མཉམ་པའི་ཛ་བའི་ཡི་གེར་འགྱུར་པས་ཛྷ་སའི་ཡི་གེ་དྷ་ཡིག་སྔ་མས་ཛྷ་བྷའི་ཡི་གེ་དྷ་ཡིག་ཕྱི་མ་དེ་མཐོང་བས་དྷ་སྔ་མ་རང་དང་སྡེ་བ་གཅིག་པའི་ཛ་བའི་ཡི་གེ་ད་ཡིག་ཏུ་གྱུར་པས་ད་ད྄་དྷ྄་ཡ྄྄་ཨཱ་ན་ཡ། ཞེས་པར་འགྱུར། དེ་ནས་ཕ་རོལ་དུ་དྲངས་པས་མཐར་ཐུག་གི་གྲུབ་གཟུགས་ལ་ད་དྡྷྱ་(འདི་ལ་འོག་ཏུ་འ་ཆུང་ཞིག་འདོགས་དགོས།)ན་ཡ། ཞེས་པ་འབྱུང་ཞིང་ཞོ་ལོངས་ཤིག་ཅེས་པའོ།།
ཞོ་ནི་བཀྲ་ཤིས་པའི་རྫས་སུ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པས་ལམ་དུ་ཐོག་མར་ཞོ་ཁྱེར་བ་དང་འཕྲད་ན་ཤིན་ཏུ་བཀྲ་ཤིས་པ་ཡིན་ཕྱིར་ཐོག་མར་བཀྲ་ཤིས་པའི་རྫས་ཞོའི་དཔེར་བརྗོད་བཞག་པ་ཡིན་ནོ།།
ར་ལས་ཡ་ཡང་གཉིས་སོ། །ཞེས་པའི་དོན་ནི། ཚུ་རོལ་དུ་ར྄་ཡིག་ཡོད་ན་ཕ་རོལ་གྱི་ཡ྄་ཡིག་སྲོག་མེད་དེ་ཡང་གཉིས་སུ་འགྱུར་བ་ཡིན་ཏེ། དཔེར་ན་དཀར་མོ་འདིར་ཞེས་པའི་སྐད་དོད་གཽ་རཱི་ཨ་ཏྲཿ ཞེས་པ་བཞག་ན། ཀ་ལཱ་པ་ལས། རིམ་པ་ལས་མ་འདས་པར་འཕྲལ་བར་བྱའོ། །ཞེས་པས་རཱིའི་སྲོག་གི་ཨཱི་ཕྲལ། གཽ་ར྄་ཨཱི་ཨ་ཏྲཿ ཞེས་པར་འགྱུར། དེ་ནས་གོང་གི་དབྱངས་ལ་ཨི་ཡ྄འོ་ཞེས་པས་ཨི་ཡིག་ཡ྄་ཡིག་སྲོག་མེད་དུ་བསྒྱུར་པས། གཽ་ར྄་ཡ྄་ཨ་ཏྲཿ ཞེས་པ་འབྱུང་། དེ་ནས་རའི་དབང་གིས་ཡ྄་ཡང་གཉིས་སུ་གྱུར་པས། གཽ་ར྄་ཡ྄་ཡ྄་ཨ་ཏྲཿ ཞེས་པར་གྱུར། དེ་ནས་དབྱངས་དམན་རྣམས་རིམ་པ་བཞིན་དུ་ཕ་རོལ་དུ་ཡང་དག་པར་དྲངས་པས་གཽ་རྱ་ཡ་ཏྲཿ (ར་དང་ཡ་ཡ་གསུམ་ཀ་བརྩེག།)ཞེས་པ་གྲུབ་བོ།།
མེད་པའི་སྐད་དོད་ན་ཧི་ཞེས་པ་ལ། འདིར་གྱི་སྐད་དོད་ཨ་ཏྲཿ ཞེས་པའི་ཚིགས་གྲོགས་བཞག། ཀ་ལཱ་པ་ལས། རིམ་པ་ལས་མ་འདས་པར་འཕྲལ་བར་བྱའོ། །ཞེས་པས་ཧིའི་སྲོག་གི་ཨི་འཕྲལ། ན་ཧ྄་ཨི་ཨ་ཏྲཿ ཞེས་པར་གྱུར། དབྱངས་ལ་ཨི་ཡའོ། །ཞེས་པས་ཨི་ཡིག་ཡ྄་ཡིག་དབྱངས་མེད་དུ་གྱུར་པས། ན་ཧ྄་ཡ྄་ཨ་ཏྲཿ ཞེས་པར་གྱུར་པ་ལ། དེ་ནས་དབྱངས་དམན་ཕ་རོལ་དུ་སྦྱར་པས་ན་ཧྱ་ཏྲཿ ཞེས་པ་གྲུབ་ཅིང་འདིར་མེད་ཞེས་པའོ།།
ཨུ་ཝ྄འོ། །ཞེས་པའི་དོན་ནི། ཚུ་རོལ་དུ་ཨུ་ཡིག་ཡོད་པ་ལ། ཕ་རོལ་དུ་མི་འདྲ་བའི་དབྱངས་ཞིག་བྱུང་ན་ཨུ་ཡིག་དེ་ཝ྄་ཡིག་དབྱངས་མེད་དུ་འགྱུར་པ་ཡིན་ཏེ། དཔེར་ན་སྦྲང་རྩི་འདིར་ཞེས་པའི་སྐད་དོད་མ་དྷུ་ཨ་ཏྲཿ ཞེས་པ་བཞག་ན། དྷུའི་སྲོག་གི་ཨུ་ཕྲལ། མ་དྷ྄་ཨུ་ཨ་ཏྲཿ ཞེས་པ་ལ་ཨུ་ཝ྄འོས་ཨུ་ཝ་རུ་བསྒྱུར་བས་མ་དྷ྄་ཝ྄་ཨ་ཏྲཿ ཞེས་པར་གྱུར་པ་ལ། ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཞེས་པས་དྷ྄་སྲོག་མེད་དེ་གཉིས་སུ་བསྒྱུར། དེ་ནས་ཛྷ་ས་ལ་ཛ་བ་རྣམས་སོ། །ཞེས་པས་དྷ྄་ཡིག་སྔ་མ་ད་རུ་བསྒྱུར་ཅིང་དྲངས་པས་མ་དྡྷྭ་ཏྲཿ ཞེས་པ་གྲུབ། སྦྲང་རྩི་འདིར་ཞེས་པའོ།།
རྀ་ར྄འོ། །ཞེས་པ་ནི། ཚུ་རོལ་དུ་རྀ་ཡིག་ཡོད་པ་ལ་ཕ་རོལ་དུ་དབྱངས་མི་འདྲ་བ་ཞིག་བྱུང་ན་རྀ་ཡིག་ར྄་ཡིག་སྲོག་མེད་དུ་འགྱུར་པ་ཡིན་ཏེ། དཔེར་ན་པ་ཏྲྀ་ཨརྠཿ ཞེས་པ་བཞག་ན། ཏྲྀའི་སྲོག་གི་རྀ་ཕྲལ། པ་ཏ྄་རྀ་ཨརྠཿ ཞེས་པ་ལ། རྀ་ར྄འོ་ཞེས་པས་རྀ་ཡིག་ར྄་སྲོག་མེད་དུ་གྱུར་པས་པ་ཏ྄་ར྄་ཨརྠཿ ཞེས་པ་འབྱུང་། ཧ་ས་ལ་ར་ཧ་མ་ཡིན་པའི་ཧ་ས་རྣམས་སོ། །ཞེས་པས་སྔ་མ་ཧ་སའི་ཡི་གེ་ཏ྄་སྲོག་མེད་དེ་གཉིས་སུ་བསྒྱུར་པ་རིམ་བཞིན་དྲངས་པས་པཏྟྲརྠཿ ཞེས་པ་གྲུབ། དེ་ནི་ཕའི་དོན་ཞེས་པའོ།།
ལྀ་ལ྄འོ། །ཞེས་པ་ནི། ཚུ་རོལ་དུ་ལྀ་ཡིག་ཡོད་པ་ལ་ཕ་རོལ་དུ་དབྱངས་མི་འདྲ་བ་བྱུང་ན་ལྀ་ཡིག་དེ་ལ྄་ཡིག་སྲོག་མེད་དུ་འགྱུར་པ་ཡིན་ཏེ། དཔེར་ན་ལྀ་ཨ་ནུ་བནྡྷཿ ཞེས་པ་བཞག་ན། ད་ལན་ལྀའི་སྲོག་ཕྲལ་རྒྱུ་མེད་པས་ལྀ་ལ྄་རུ་གྱུར། ལ྄་ཨ་ཐོག་ཏུ་དྲངས་པས་ལ་ནུ་བནྡྷཿ ཞེས་པ་གྲུབ། ལི་ཡིག་དང་རྗེས་སུ་འབྲེལ་ཞེས་པའི་དོན་ནོ།།
ཨེ་ཨ་ཡ྄འོ། །ཞེས་པ་ནི། ཚུ་རོལ་དུ་དབྱངས་ཨེ་ཡོད་པ་ལ་ཕ་རོལ་དུ་དབྱངས་མི་འདྲ་བ་ཨ་བྱུང་ན་ཨེ་ཡིག་དེ་ཨ་དང་ཡ྄་ཡིག་དབྱངས་མེད་གཉིས་སུ་འགྱུར་བ་ཡིན་ཏེ། དཔེར་ན་འདྲེན་བྱེད་དེ་མིག་གི་སྐད་དོད་ནེ་ཨ་ནཾ་ཞེས་པ་བཞག་ན། ནེ་ཡི་སྲོག་གི་ཨེ་ཕྲལ། ན྄་ཨེ་ཨ་ནཾ་ཞེས་པ་ལ། ཨེ་ཨ་ཡ྄འོ་ཞེས་པས་ཨེ་ཨ་དང་ཡ྄་དབྱངས་མེད་དུ་གྱུར། ན྄་ཨ་ཡ྄་ཨ་ནཾ་ཞེས་བྱུང་བ་ལ་དབྱངས་ཀྱིས་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་བས་མཚམས་སྦྱོར་བྱས་པས་ན་ཡ་ནཾ་ཞེས་པ་གྲུབ་ཅིང་འདྲེན་བྱེད་དེ་མིག་ཅེས་པའོ།།
ཨོ་ཨ་ཝ྄འོ། །ཞེས་པ་ནི། ཚུ་རོལ་དུ་དབྱངས་ཨོ་ཡོད་པ་ལ་ཕ་རོལ་དུ་དབྱངས་མི་འདྲ་བ་བྱུང་ན་ཨོ་ཡིག་དེ་ཨ་དང་ཝ྄་ཡིག་སྲོག་མེད་དུ་གྱུར་པ་ཡིན་ཏེ། དཔེར་ན་དངོས་པོ་དང་ཡོད་པའི་སྐད་དོད་བྷོ་ཨ་ཏི་ཞེས་པ་བཞག་ན།
བྷོའི་སྲོག་གི་ཨོ་ཕྲལ། བྷ྄་ཨོ་ཨ་ཏི། ཞེས་པ་ལ་ཨོ་ཨ་ཝ྄འོས་ཨོ་ཡིག་དེ་ཨ་དང་ཝ྄་སྲོག་མེད་དུ་བསྒྱུར་པས་བྷ྄་ཨ་ཝ྄་ཨ་ཏི་ཞེས་གནས་པ་རིམ་བཞིན་དྲངས་པས་བྷ་ཝ་ཏི་ཞེས་པ་གྲུབ། ཡོད་པའམ་དངོས་པོ་ཞེས་པའི་དོན་ནོ།།
འགྲེལ་བ་གསལ་ལྡན་དུ་གོ་ལ་སོགས་པའི་ཕ་རོལ་དུ་ཨ་ཀྵ་ལ་སོགས་པ་བྱུང་ན་བར་དུ་ཨ་ཡིག་ཨཱ་ག་མ་སྟེར།ཞེས་པའི་དོན་ནི། གོ་ལ་སོགས་པའི་ཕ་རོལ་དུ་ཨ་ཀྵ་ལ་སོགས་པ་བྱུང་ན་དེ་མ་ཐག་ཨོ་ཨ་ཝ྄་ལྟར་གྱི་མཚམས་སྦྱོར་མི་བྱེད་པར་བར་དུ་གཉེན་དང་འདྲ་བའི་ཨ་ཡིག་ཨཱ་ག་མ་སྟེར་དགོས་པ་ཡིན་ཏེ། དཔེར་ན་སྐར་ཁུང་གི་སྐད་དོད་གོ་ཨ་ཀྵ་ཞེས་པ་ལ། ཨ་ཡིག་ཨཱ་ག་མ་སྟེར་བས་གོ་ཨ་ཨ་ཀྵ་ཞེས་པ་ལ། གོའི་སྲོག་གི་ཨོ་ཕྲལ། ཨོ་ཨ་ཝ྄་བྱས་པས། ག྄་ཨ་ཝ྄་ཨ་ཨ་ཀྵ་ཞེས་པར་གྱུར། དེ་ལ་འོག་ཏུ། འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ། །ཞེས་པས་ཨ་འདྲ་བ་གཉིས་པོ་རིང་པོ་གཅིག་ཏུ་བསྒྱུར་ན་ག྄་ཨ་ཝ྄་ཨཱ་ཀྵ་ཞེས་པར་འགྱུར། དེ་ཕ་རོལ་དུ་ཡང་དག་སྦྱོར་བའི་མཚམས་སྦྱོར་བྱས་པས་ག་ཝཱ་ཀྵ་ཞེས་པ་གྲུབ་པ་སྟེ། བ་ལང་མིག་ཅེས་པ་སྟེ་སྐར་ཁུང་ལ་གོ་བར་བཤད་དོ།།
དེ་བཞིན་སོགས་ཁོངས་ནས་བྱུང་བ་གོ་ཨིནྡྲ་དང་། གོ་ཨ་ཛི་ནཾ། སྭ་ཨཱི་རི་ཎཱི། པྲ་ཨཱུ་དྷཿ ཨ་ཀྵ་ཨཱུ་ཧི་ཎཱི་རྣམས་ལ་ཡང་ཨ་ཡིག་ཨཱ་ག་མ་སྟེར་བར་བྱ་དགོས་པར་གསུངས་ལ། དཔེར་ན་གོ་ཨིནྡྲ་ཞེས་པ་ལ། གོའི་སྲོག་གི་ཨོ་ཕྲལ། ཨ་ཡིག་ཨཱ་ག་མ་སྟེར་བས་ག྄་ཨོ་ཨ་ཨིནྡྲ་ཞེས་པར་གྱུར་པ་ལ་འོག་ཏུ། ཨ་ཨི་ལ་ཨེའོ། །ཞེས་པས་ཨ་ཨི་གཉིས་འཕྲད་པ་ཨེ་ཡིག་གཅིག་ཏུ་གྱུར། དེ་ནས་ཨོ་ཨ་ཝ྄ར་གྱུར་པ་རིམ་བཞིན་དྲངས་པས་ག་ཝེནྡྲ་ཞེས་པ་གྲུབ་ཅིང་བ་ལང་དབང་པོ་སྟེ་ཁྱུ་མཆོག་ལ་གོའོ།།
གོ་ཨ་ཛི་ནཾ་ལ་གོའི་སྲོག་གི་ཨོ་ཕྲལ། ཨཱ་ག་མ་སྟེར་བས་ག྄་ཨོ་ཨ་ཨ་ཛི་ནཾ་ཞེས་གནས་པ་ལ་ཨ་གཉིས་འདྲ་འདུས་རིང་པོར་བསྒྱུར་ཅིང་ཨོ་ཨ་ཝ྄་རུ་བསྒྱུར་པ་དྲངས་པས་ག་ཝཱ་ཛི་ནཾ་ཞེས་པ་གྲུབ་བོ། །དེ་ནི་བ་ལང་གི་པགས་པ་ཞེས་པའོ།།
སྭ་ཨཱི་རི་ཎཱི་ལ་ཨཱ་ག་མ་བྱིན་ན་འདི་ལྟར་སྟེ། ཐོག་མར་ཨཱི་དེ་ཡར་སྭ་ལ་མཚམས་མི་སྦྱོར་བར་ཨཱ་ག་མ་བྱིན་པས་སྭ་ཨ་ཨཱི་རི་ཎཱི་ཞེས་གནས་པ་ལ་འོག་གི་ཨ་ཨི་ལ་ཨེའོ་ཞེས་པས་ཨ་ཡིག་གིས་ཨཱི་ཡིག་མཐོང་བས་ཁོ་རང་གཉིས་ཨེ་ཡིག་ཏུ་གྱུར་པས། སྭ་ཨེ་རི་ཎཱི་ཞེས་གནས་པ་ལ། སྭའི་སྲོག་གི་ཨ་ཕྲལ། སྭ྄་ཨ་ཨེ་རི་ཎཱི་ཞེས་པར་འགྱུར། དེ་ནས་ཨ་ཡིག་གིས་ཕ་རོལ་ཨེ་ཡིག་མཐོང་བས་གཉིས་ཀ་གཅིག་ཏུ་འདུས་ཏེ་ཨཻ་ཀེ་ཤ་ཅན་དུ་འགྱུར་པ་རྣམས་རིམ་བཞིན་དྲངས་པས་སྭཻ་རི་ཎཱི་སྟེ་རང་འདོད་མ་ཞེས་སྨད་འཚོང་མ་ལ་གོ་བར་བཤད་དོ།།
པྲ་ཨཱུ་དྷཿ ལ་ཨཱ་ག་མ་བྱིན་ན་པྲ་ཨ་ཨཱུ་དྷཿ ཞེས་པར་འགྱུར། དེ་ནས་ཨུ་ལ་ཨོའོ། །ཞེས་པས་ཨ་ཨཱུ་འདུས་པ་ཨོ་རུ་གྱུར། པྲའི་སྲོག་གི་ཨ་ཕྲལ། པྲ྄་ཨ་ཨོ་དྷཿ ཞེས་པར་གྱུར་པ་ལ། ཨ་དང་ཨོ་འདུས་པ་རིང་པོར་གྱུར་པ་དྲངས་པས་པྲཽ་དྷཿ ཞེས་པ་གྲུབ་ཅིང་ལུས་རྒྱགས་པ་དང་། འཇིགས་པ་མེད་པ་དང་བརྟན་པའི་དོན་དུ་གོའོ།།
ཨ་ཀྵ་ཨཱུ་ཧི་ཎཱི་ལ་ཨཱ་ག་མ་བྱིན་ན་ཨ་ཀྵ་ཨ་ཨཱུ་ཧི་ཎཱི་ཞེས་པར་གྱུར་པ་ལ་ཨ་ཡིས་ཨཱུ་རིང་མཐོང་བས་དེ་གཉིས་ཨོ་རུ་གྱུར། ཀྵའི་སྲོག་གི་ཨ་ཕྲལ། དེས་ཨོ་མཐོང་བས་གཉིས་ཀ་ཀེ་ཤ་ཅན་དུ་གྱུར། དེ་ནས་དྲངས་པས་ཨ་ཀྵཽ་ཧི་ཎཱི་ཞེས་པ་གྲུབ་ཅིང་དམག་སྡེ་ཆེན་པོའི་གཅིག་གི་མིང་དུ་བཤད་དོ།།
གསལ་བྱེད་ལ་དབྱངས་མཚམས་སྦྱོར་བ་མ་ཡིན་ནོ། །ཞེས་པ་ནི། མིང་དང་ཚིག་དང་བྱིངས་དང་རྐྱེན་གང་ཡིན་ཡང་རུང་དེ་དག་སྔ་མའི་མཐའི་དབྱངས་དང་ཕྱི་མའི་ཡ་མཐའི་དབྱངས་གཉིས་ལ་མཚམས་སྦྱོར་འཇུག་གི་སྔ་མའི་དབྱངས་དེ་ཕྱི་མའི་གསལ་བྱེད་ལ་མཚམས་སྦྱོར་བ་མ་ཡིན་ནོ་ཞེས་པའོ།།
དེ་བཞིན་དུ་ཨ་ཀྵཽ་ཧི་ཎཱི་ལྟ་བུའི་ཡ་མཐའི་ཨ་དེ་ཀྵཽ་དང་ཀྵཽ་དེ་ཕྱི་མའི་ཧི་ལ་མཚམས་མི་སྦྱོར་ཏེ། མཚམས་སྦྱོར་ཟིན་པ་སླར་མཚམ་སྦྱོར་བ་མ་ཡིན་པའི་ཕྱིར་རོ།།
རེ་འགའ་ཡ་ཡིག་དབྱངས་དང་འདྲ་བ་ཉིད་དོ། །ཞེས་པ་ནི། ཕ་རོལ་གསལ་བྱེད་ལ་མཚམས་མི་སྦྱོར་བ་འདི་སྤྱིར་བཏང་ཡིན་ལ། དམིགས་བསལ་དུ་སྐབས་འགར་ཕ་རོལ་གྱི་གསལ་བྱེད་ཀྱང་ཚུ་རོལ་གྱི་དབྱངས་དང་མཚམས་སྦྱོར་བ་ཡོད་དེ། ཡ་ཡིག་གི་རིགས་ལ་དབྱངས་དང་ཆོ་ག་འདྲ་བར་བྱེད་པ་ཡོད་པའི་ཕྱིར་ཏེ། གོ་ཡུ་ཏི་ཞེས་པ་ཡུ་ག་ཀྲོ་ཤ་སྟེ་རྒྱང་གྲགས་གཉིས་ཀྱི་ལམ་ཚད་ལ་འཇུག་པ་དང་། ག་བཱཾ་ཤྲ་སྟེ་བ་ལང་གི་ཁྱུ་བསྲེས་པ་ལ་འཇུག་པ་གཉིས་ཡོད་ཅིང་། སྔ་མའི་ཡུའི་ཡ་ཡིག་ལ་དབྱངས་ཀྱི་བྱ་བ་འཇུག་པས། དེ་ཡང་གོ་ཡུ་ཏི་བཞག། གོའི་སྲོག་གི་ཨོ་ཕྲལ། ག྄་ཨོ་ཡུ་ཏི་ཞེས་པ་ལ། ཨོ་ཨ་ཝ྄འོས་ཨོ་དེ་ཨབ྄་རུ་བསྒྱུར། ག྄་ཨ་བ྄་ཡུ་ཏི་ཞེས་པར་གྱུར། ག྄་ཨ་དང་བ྄་ཡུ་ལ་དྲངས་པས་ག་བྱུ་ཏི་ཞེས་པ་གྲུབ་པ་དང་། ཕྱི་མ་ལ་གསལ་བྱེད་ཁོ་ནའི་བྱ་བ་འཇུག་པ་ཡིན་པའི་ཕྱིར་ན་གོའི་སྲོག་གི་ཨོ་ཡིག་ཕ་རོལ་གྱི་གསལ་བྱེད་ཡ་ལ་མཚམས་མི་སྦྱོར་བས་གོ་ཡུ་ཏི་རང་སོར་གནས་པ་ཡིན་ནོ།།
དེ་ཡང་འདི་ནས་བྱུང་བ་ལྟར་ཝ་དང་བ་སྐབས་མང་པོར་གཅིག་ཏུ་བྲི་བཞིན་ཡོད་པས་བ་ཡིག་གིས་ཝ་ཡིག་གི་གོ་ཆོད་ཀྱིན་ཡོད་པ་དང་། ཝ་ཡིག་གིས་བ་ཡིག་གི་གོ་ཆོད་ཀྱིན་མེད་པ་ཤེས་དགོས་པ་ཡིན་ནོ།།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། ཝ་ཡིག་ནི་རྒྱ་གར་གྱི་སྐད་དང་ཡི་གེ་ལ་མེད་པས་སློབ་དཔོན་ཐོན་མིས་བོད་སྐད་ལ་མཁོ་ཕྱིར་བོད་ཡིག་ལ་གསར་དུ་བསྣན་པ་ཡིན་པར་གསུངས་པས་དོན་ལ་བ་ཡིག་གིས་ཝ་ཡི་སྒྲ་གདངས་ཐོན་ཐུབ་པས་ལེགས་སྦྱར་ལ་ཝའི་ཚབ་ཏུ་བ་ཡིག་བྲིས་པ་ཤིན་ཏུ་མང་ངོ་།།
དགེ་འདུན་ཆོས་འཕེལ་གྱིས་ཝ་ཡིག་དེ་འ་ཡིག་གི་འོག་ཏུ་བ་བཏགས་པས་གཟུགས་དེ་བྱུང་བ་ཡིན་ཞིང་བ་ཡིག་གི་ཕྱི་རྐང་ཀླད་ཀྱི་ཤད་མགོ་དེ་ཡི་གེ་འདི་གསར་དུ་བསྣན་པའི་སྣོན་རྟགས་ཡིན་ཕྱིར་བོད་ཡིག་ལ་སྟོད་དུ་ཅ་ཆ་ཇ་གསུམ་བསྣན་པ་མིན་པར་ཙ་ཚ་ཛ་གསུམ་བསྣན་པ་དང་། རང་ཅག་གིས་ཙ་ཕྲུ་སོགས་སུ་འབོད་པ་དེ་སྣོན་རྟགས་ཡིན་ཞིང་། དེ་གསུམ་མ་ཟད་ཝ་དང་ཞ་ཟ་ལ་ཡང་སྔོན་གྱི་ཡིག་རྙིང་རྣམས་སུ་སྣོན་རྟགས་དེ་ཉིད་ཡོད་པ་དང་། འ་ཡིག་ལ་ཡོད་པར་མ་མཐོང་ཡང་ཡོད་ངེས་པས་དོན་ལ་བོད་སྐད་ལ་འཚམ་ཕྱིར་ཙ་ཚ་ཛ་ཝ། ཞ་ཟ་འ་བདུན་པོ་གསར་བསྣན་ཡིན་པར་གསུངས་སོ།།
དཀྱུས་ལ་འཇུག་སྟེ། ཨཻ་ཨཱ་ཡ྄འོ། །ཞེས་པ་ནི། ཚུ་རོལ་དུ་ཨཻ་ཡིག་ཡོད་ལ་ཕ་རོལ་དུ་དབྱངས་ཡིག་གང་ཡང་རུང་བ་ཞིག་ཡོད་ན་ཚུ་རོལ་གྱི་ཨཻ་དེ་ཨཱ་ཡ྄་ཞེས་པར་འགྱུར་བ་ཡིན་ཏེ། དཔེར་ན་ནཻ་ཨ་ཀཿ བཞག་ན། ནཻའི་སྲོག་ཕྲལ། ན྄་ཨཻ་ཨ་ཀཿ ཞེས་པར་གྱུར་པ་ལ། ཚུ་རོལ་གྱི་ནཻ་དེས་ཕ་རོལ་གྱི་ཨ་མཐོང་བས་ཨཻ་དེ་ཨཱ་ཡ྄་རུ་གྱུར།ན྄་ཨཱ་ཡ྄་ཨ་ཀཿ ཞེས་པར་གནས། དེ་ནས་རིམ་པར་དྲངས་པས་ནཱ་ཡ་ཀཿ ཞེས་པ་གྲུབ་ཅིང་གཙོ་བོའམ་འདྲེན་པ་ཞེས་པའོ།།
ཨཽ་ཨཱ་ཝ྄འོ། །ཞེས་པ་ནི། ཚུ་རོལ་དུ་ཨཽ་ཡིག་ཡོད་པ་ལ་ཕ་རོལ་དུ་དབྱངས་ཡིག་ཅིག་བྱུང་ན་ཨཽ་ཡིག་དེ་ཨཱ་ཝ྄་རུ་འགྱུར་བ་ཡིན་ཏེ། དཔེར་ན་ཏཽ་ཨི་ཧི་བཞག་ན། ཏཽའི་སྲོག་ཕྲལ་བས་ཏ྄་ཨཽ་ཨི་ཧི་ཞེས་པར་གྱུར། དེ་ནས་ཨཽས་ཕ་རོལ་གྱི་ཨ་མཐོང་བས་ཨཱ་ཝ྄་རུ་འགྱུར། ཏ྄་ཨཱ་ཝ྄་ཨི་ཧི་ཞེས་གནས་པ་དྲངས་པས་ཏཱ་བི་ཧི་ཞེས་པ་གྲུབ་ཅིང་དེ་དག་འདིར་ཞེས་པའི་དོན་ནོ།།
ཚིག་མཐའི་ཡ྄་ཝ྄་དག་ཡང་ན་དབྱིའོ། །ཞེས་པ་ནི། ཚིག་མཐའ་ན་ཡོད་པའི་ཨ་ཡ྄་དང་། ཨ་ཝ྄་དང་། ཨཱ་ཡ྄་དང་། ཨཱ་ཝ྄་རྣམས་ཀྱི་ཡ྄་ཡིག་དབྱངས་མེད་དང་ཝ྄་ཡིག་དབྱངས་མེད་དག་སྤྱིར་བཏང་དབྱི་བ་སྟེ་བསུབས་དགོས་པའི་ངེས་པ་མེད་མོད་སྡེབས་སྦྱོར་སོགས་ཀྱི་དགོས་པ་ཡོད་ན་དབྱི་བར་བྱས་ཀྱང་རུང་བ་ཡིན་ནོ་ཞེས་པའོ།།
དཔེར་ན་ཚུར་ཤོག་ཅེས་པའི་སྐད་དོད་ཏེ་ཨཱ་ག་ཏཱཿ བཞག་ན། ཏེའི་སྲོག་གི་ཨེ་ཕྲལ། ཨེ་ཨ་ཡ྄འོ། །ཞེས་པས་ཨེ་དེ་ཨ་དང་ཡ྄་ཡིག་དབྱངས་མེད་དུ་བསྒྱུར། ཏ྄་ཨ་ཡ྄་ཨཱ་ག་ཏཱཿ ཞེས་གནས་པ་ལ། ཡ྄་དབྱི་བར་བྱས་ནས་ཏ྄་སྲོག་མེད་ཨ་ཐོག་ཏུ་དྲངས་པས་ཏ་ཨཱ་ག་ཏཱཿ ཞེས་པ་གྲུབ། དེ་རྣམས་ཚུར་ཤོག་ཅེས་པའོ།།
ཚིག་མཐའ་མ་དབྱི་བའི་དཔེ་ནི། ཏེའི་སྲོག་ཕྲལ། ཨེ་ཨ་ཡ྄་རུ་གྱུར། རིམ་པར་དྲངས་པས་ཏ་ཡཱ་ག་ཏཱཿ ཞེས་པ་གྲུབ་པ་ལྟ་བུའོ། །དེ་ནི་དེ་ཚུར་ཤོག་ཅེས་པའོ།།
ཡང་ཏསྨཻ་ཨཱ་ས་ནཾ་ཞེས་པ་བཞག། སྨཻའི་ཨཻ་ཕྲལ། ཨཻ་ཨཱ་ཡ྄་རུ་གྱུར། ཏ་སྨྲ་ཨཱ་ཡ྄་ཨཱ་ས་ནཾ་ཞེས་པར་གྱུར། ཡ྄་དབྱི། དྲངས་པས་ཏསྨཱ་ཨཱ་ས་ནཾ་ཞེས་པ་གྲུབ། ཡང་ན་མ་དབྱི་བ་ནི། སྨཻའི་སྲོག་ཕྲལ། ཨཻ་ཨཱ་ཡ྄་གྱུར། རིམ་པར་དྲངས་པས་ཏསྨཱ་ཡཱ་ས་ནཾ་ཞེས་པ་གྲུབ། ཁྱོད་ཀྱི་གདན་ཞེས་པའོ།།
དེ་གཉིས་ནི་ཨ་རིང་ཐུང་གི་མཐའི་ཡ྄་ཡིག་དབྱི་བ་དང་མི་དབྱི་བའི་ཚུལ་གྱི་དཔེ་ཡིན་ལ། དེ་བཞིན་དུ་ཨ་རིང་ཐུང་གི་མཐའི་ཝ྄་ཡིག་དབྱི་མི་དབྱིའི་དཔེ་ནི། ཨ་སཽ་ཨིནྡྲཿ བཞག། སཽའི་སྲོག་ཕྲལ། ཨཽ་ཨཱ་ཝ྄་རུ་གྱུར། ཝ྄་ཡིག་དབྱི། ས྄་སྲོག་མེད་དྲངས་པས་ཨ་སཱ་ཨིནྡྲཿ ཞེས་པ་གྲུབ། མ་དབྱི་བ་ནི་ཨ་སཱ་ཝིནྡྲཿ ཞེས་པའོ།།
ཡང་པ་ཊོ་ཨི་ཧ་བཞག། ཊོའི་སྲོག་ཕྲལ། ཨོ་ཨ་ཝ྄་རུ་གྱུར། ཝ་ཕྱིས། དྲངས་པས་པ་ཊོ་ཨི་ཧ་ཞེས་པ་གྲུབ། ཡང་ན་ཝ྄་མ་ཕྱིས་པར་ཝ྄་ཨི་ལ་དྲངས་ན་པ་ཊ་ཝི་ཧ་གྲུབ། མཁས་པ་འདིར་ཞེས་པའོ།།
འགྲེལ་བ་གསལ་ལྡན་ལས། སྤྱིར་བཏང་ཕྱིས་པ་ལ་སླར་མཚམས་སྦྱོར་བྱ་བ་མ་ཡིན་ནོ། །སྡེབས་སྦྱོར་སོགས་ཀྱི་དགོས་པ་ཡོད་ན་ཕྱིས་པ་སླར་མཚམས་སྦྱོར་བ་ཡོད་དོ། །ཞེས་གསུངས་པས་ཨེ་དང་ཨཻའི་རྣམ་འགྱུར་ཨ་ཡ྄་དང་ཨཱ་ཡ྄་དང་། ཨོ་དང་ཨཽ་ཡི་རྣམ་འགྱུར་ཨ་ཝ྄་དང་ཨཱ་ཝ྄་རྣམས་ཀྱི་ཡ྄་དང་བ྄་དག་ཕྱིས་པ་སླར་མཚམས་སྦྱོར་ཐོབ་པ་འདྲ་ཡང་མཚམས་མི་སྦྱོར་རོ།།
འོན་ཀྱང་སྡེབས་སྦྱོར་སོགས་ཀྱི་དགོས་པ་ཡོད་ན་དེ་དག་ཕྱིས་རྗེས་ཀྱང་སླར་མཚམས་སྦྱར་ཡང་རུང་བ་ཡིན་ཏེ། དཔེར་ན་ཧེ་ས་ཁེ་ཨི་ཏི་ཞེས་པ་བཞག་ན། ཁེའི་སྲོག་ཕྲལ། ཨེ་ཨ་ཡ྄འོས། ཨེ་ཡིག་ཨ་དང་ཡ྄་དབྱངས་མེད་དུ་བསྒྱུར། དེ་ནས་ཡ྄་ཕྱིས་ཤིང་། ཨ་ཨི་ལ་ཨེའོས་ཨ་དང་ཨི་ཨེ་རུ་བསྒྱུར་ཏེ་ཁ་དྲངས་པས་ཧེ་ས་ཁེ་ཏི་ཞེས་པ་གྲུབ། དེ་ནི་ཀྱེ་གྲོགས་པོ་འདིར་ཞེས་པའོ།།
ཕྱིས་པ་མཚམས་མ་སྦྱར་བའི་དཔེ་ནི། ཧེ་ས་ཁེ་ཏི། ཁེའི་སྲོག་ཕྲལ། ཨེ་ཨ་ཡ྄འོས་ཨེ་ཨ་ཡ྄་རུ་བསྒྱུར། ཡ་ཕྱིས། ཁ་དྲངས་པས་ཧེ་ས་ཁ་ཨི་ཏི་ཞེས་པ་བྱུང་བ་ལྟ་བུའོ།།
ཨེཏ྄་ཨོཏ྄་དག་ལས་ཨཏ྄འོ། །ཞེས་པ་ནི། ཚུ་རོལ་གྱི་ཚིག་མཐར་ཨེ་དང་ཨོ་ཡི་ཡི་གེ་ཡོད་ལ་ཕ་རོལ་དུ་ཚིག་མགོར་ཨ་ཡིག་ཡོད་ན་དེ་དབྱི་བར་བྱ་བ་ཡིན་ཏེ། དཔེར་ན་ཏེ་ཨ་ཏྲཿ བཞག་ན། ཏེའི་སྲོག་ཕྲལ། ཏ྄་ཨེ་ཨ་ཏྲཿ ཞེས་པ་ལ་ཕ་རོལ་གྱི་ཨ་དབྱི། ཨ་ཕྱིས་དབང་གིས་སྔ་མའི་ཨེ་དེ་ཤིན་ཏུ་རིང་པོར་འགྲོ་བས་པ་ལཱུ་ཏ་བྲི། ཏ྄་དྲངས་པས་ཏེ྅་ཏྲཿ ཞེས་པ་གྲུབ་ཅིང་དེ་འདིར་ཞེས་པའོ།།
ཡང་པ་ཊོ་ཨ་ཏྲཿ བཞག་ན། ཊོའི་སྲོག་ཕྲལ། པ་ཊ྄་ཨོ་ཨ་ཏྲཿ ཞེས་པ་ལ། ཨ་ཕྱིས་ཤིང་པ་ལཱུ་ཏ་བྲི། ཊ་དྲངས་པས་པ་ཊོ྅་ཏྲཿ ཞེས་པ་གྲུབ་ཅིང་མཁས་པ་འདིར་ཞེས་པ་ཡིན་ནོ།།
འདྲ་བའི་ཡི་གེ་འདུས་པ་ལ་རིང་པོའོ། །ཞེས་པ་ནི། དབྱངས་ཀྱི་ཡི་གེ་ཐུང་ངུ་རིང་པོ་ཤིན་ཏུ་རིང་པོ་གསུམ་གྱིས་ཕྱེ་བའི་ཡི་གེ་བཅུ་བཞི་པོ་ལས་པ་ལཱུ་ཏ་ཅན་གྱི་ཡི་གེ་ལྔ་པོ་འབྲས་བུའི་གཟུགས་ཡིན་པ་ལས་རྒྱུའི་ཡི་གེ་མིན་པས་འདིར་མི་མཁོ་ལ། དེའི་ལྷག་མ་ཨ་ཨཱ་ཨི་ཨཱི་ཨུ་ཨཱུ་རྀ་རཱྀ་ལྀ་དགུ་པོ་ལས་ཨ་ཨ་གཉིས་དེ་ཐུང་ངུ་ཡིན་ཕྱིར་ཐུང་ངུ་གཉིས་འདྲ། དེ་བཞིན་དུ་ཨཱ་ཨཱ་དང་། ཨི་ཨི་དང་། ཨཱི་ཨཱི་དང་། ཨུ་ཨུ་དང་། ཨཱུ་ཨཱུ་དང་། རྀ་རྀ་དང་། རཱྀ་རཱྀ་དང་། ལྀ་ལྀ་རྣམས་ཕན་ཚུན་འདྲ་བ་དང་། ཨ་ཨཱ་རིང་ཐུང་ཐམས་ཅད་འདྲ། དེ་བཞིན་དུ་ཨི་ཨཱི་རིང་ཐུང་དང་། ཨུ་ཨཱུ་རིང་ཐུང་དང་། རྀ་རཱྀ་རིང་ཐུང་ཐམས་ཅད་འདྲ་ཞིང་། སྐབས་འགར་རྀ་ལྀ་གཉིས་ཀྱང་འདྲ་བ་ཡིན་ལ། ཨ་དང་ཨི་དང་། ཨ་དང་ཨཱུ་སོགས་ནི་འདྲ་བའི་ཐ་སྙད་མི་འཇུག་པ་ལགས་སོ།།
རྀ་ལྀ་འདྲ་འདུས་བྱེད་ཚེ་རྀ་ལ་བསྡུ་ན་རི་རིང་པོ་འབྲི་བ་དང་ལྀ་ལ་བསྡུ་ན་ལྀ་རིང་པོ་མེད་པས་ལྀ་ཐུང་ཞིག་འབྲི་བར་བྱ་དགོས་ཤིང་། འདྲ་བའི་ཡི་གེ་དེ་དག་རྒྱུའི་དབྱངས་ཙམ་དུ་འདྲ་བའི་སྟེང་དུ་སྒྲ་གདངས་འདྲ་བས་ན་འདྲ་བ་ཞེས་བརྗོད་པ་ཡིན་ནོ།།
འདྲ་བ་འདུས་པའི་དོན་ནི་འདྲ་བ་གཉིས་ཚིག་གོང་འོག་གི་མ་མཐའ་ཡ་མཐའ་ལ་ལྷན་དུ་འཕྲད་ཚེ་གཉིས་ཀ་གཅིག་ཏུ་བྱས་ནས་རིང་པོ་གཅིག་ཏུ་གྱུར་པའི་དོན་ཏེ། དཔེར་ན་ཤྲཱདྡྷཱ་ཨ་ཏྲ་ཞེས་པ་བཞག་ན། དྡྷཱའི་སྲོག་གི་ཨ་ཕྲལ། ཤྲཱ་དྡྷ྄་ཨ་ཨ་ཏྲ་ཞེས་པར་གྱུར་པ་ལ་འདྲ་འདུས་བྱས་པས། ཤྲཱ་དྡྷ྄་ཨཱ་ཏྲ་ཞེས་པར་འགྱུར། དེ་ནས་དྡྷ྄་སྲོག་མེད་དེ་ཨཱ་རིང་པོར་དྲངས་པས་ཤྲཱ་དྡྷཱ་ཏྲ་ཞེས་པ་གྲུབ་ཅིང་དད་ཅན་འདིར་ཞེས་པའི་དོན་ནོ།།
དེ་བཞིན་དུ་ཨི་ཡིག་གི་དཔེར་བརྗོད་ད་དྷི་ཨི་ཧ་ཞེས་པ་བཞག་ན། དྷིའི་སྲོག་ཕྲལ། འདྲ་བ་འདུས་པ་རིང་པོར་བསྒྱུར། དྷ་སྲོག་མེད་དྲངས་པས་ད་དྷཱི་ཧ་ཞེས་པ་སྟེ་ཞོ་འདི་ཞེས་པ་གྲུབ་བོ།།
ཡང་ཨུ་ཡིག་གི་དཔེར་བརྗོད་བྷཱ་ནུ་ཨུ་ད་ཡ། ཞེས་པ་བཞག་ན། ནུའི་སྲོག་ཕྲལ། བྷཱ་ན྄་ཨུ་ཨུ་ད་ཡ་ཞེས་པར་གྱུར་པ་ལ་འདྲ་འདུས་རིང་པོ་བྱས་ཏེ་དྲངས་པས་བྷཱ་ནཱུ་ད་ཡ་ཞེས་པ་གྲུབ་ཅིང་ཉི་མ་ཤར་རོ་ཞེས་པའི་དོན་ནོ།།
སྒྲ་ཀ་ལཱ་པའི་ལུགས་ལ་འདྲ་འདུས་ཀྱི་གོ་བ་ལ། རིང་པོར་གྱུར་ཏེ་ཕ་རོལའང་དབྱི། ཞེས་གསུངས་པས་འདྲ་བའི་ཡི་གེ་གཉིས་གཅིག་ཏུ་སྡོམ་ནས་གཟུགས་གཅིག་ཏུ་འགྱུར་བ་ལ་གོ་བ་མིན་པར་འདྲ་བ་སྔ་མ་ལ་རྣམ་འགྱུར་བྱས་ཤིང་ཕྱི་མ་ཡལ་བར་གྱུར་པ་ལ་གོ་བ་ཡིན་ནོ།།
ཨ་ཨི་ལ་ཨེའོ། །ཞེས་པ་ནི། ཚུ་རོལ་དུ་དབྱངས་ཨ་ཡིག་ཡོད་པ་དེ་ཕ་རོལ་གྱི་ཨི་ཡིག་དང་འཕྲད་ན་དེ་གཉིས་ཨེ་ཡིག་ཏུ་འགྱུར་པ་ཡིན་ཏེ། དཔེར་ན་ཏ་བ་ཨི་དཾ་ཞེས་པ་བཞག་ན། བའི་སྲོག་ཕྲལ། ཏ་བ྄་ཨ་ཨི་དཾ་ཞེས་པར་གྱུར་པ་ལ་ཨ་དང་ཨི་ཨེ་རུ་གྱུར་པ་དྲངས་པས་ཏ་བེ་དཾ་ཞེས་པ་གྲུབ་ཅིང་ཁྱེད་འདི་ཞེས་པའོ།།
ཡང་མ་མ་ཨི་དཾ་བཞག་ན། མའི་སྲོག་ཕྲལ། ཨ་ཨི་ཨེ་རུ་གྱུར། དྲངས་པས་མ་མེ་དཾ་ཞེས་པ་གྲུབ་ཅིང་ང་འདི་ཞེས་པའོ།།
འགྲེལ་བ་གསལ་ལྡན་ལས། ཨཱིཥཱ་ལ་སོགས་པ་ཕ་རོལ་ལ་ཧ་ལ་སོགས་པའི་ཊི་དབྱི་བར་བཤད་དོ། །ཞེས་པའི་དོན་ནི་ཨཱིཥཱ་དང་ཨོ་མ྄་ལ་སོགས་པ་ཕ་རོལ་ལ་ཡོད་ན་ཚུ་རོལ་གྱི་ཧ་ལ་དང་ལངྒ་ལ་དང་མ་ནས྄་ཨ་དྱ་ལ་སོགས་པའི་དབྱངས་མཐའ་སོགས་ཀྱི་ཊི་དབྱི་དགོས་པ་ཡིན་ཏེ། དཔེར་ན་ཧ་ལ་ཨཱིཥཱ་བཞག་ན། ལའི་སྲོག་གི་ཊི་དབྱི། ལ྄་དབྱངས་དམན་ཕ་རོལ་དུ་དྲངས་པས་ཧ་ལཱི་ཥཱ་ཞེས་པ་དང་། ལཾ་ག་ལ་ཨཱིཥཱ་བཞག་ན། ལའི་ཊི་དབྱི། ལ྄་དྲངས་པས་ལངྒ་ལཱི་ཥཱ་ཞེས་པ་དང་། མ་ནས྄་ཨཱིཥཱ་བཞག་ན། ས྄་སྲོག་མེད་དང་ནའི་སྲོག་གི་ཨ་དང་བཅས་པའི་ཊི་དབྱི། ན྄་དྲངས་པས་མ་ནཱི་ཥཱ་ཞེས་པ་གྲུབ་ཅིང་། དང་པོ་ཐོང་གཤོལ་ལམ་དེའི་རྗེས་དང་། གཉིས་པ་གཤོལ་མདའ་དང་། གསུམ་པ་བློ་གྲོས་ལ་ཤར་ཞེས་པའོ།།
ཡང་ཨ་དྱ་ཨོ་མ྄་བཞག་ན། དྱའི་ཊི་དབྱི། དྱ་དྲངས་ཤིང་མ་ང་རོ་བྱས་པས་ཨ་དྱཾོ་ཞེས་པ་གྲུབ་ཅིང་དེ་རིང་བཀྲ་ཤིས་ཞེས་པའོ།།
ཊི་ཞེས་པ་ནི་ཚུ་རོལ་གྱི་མཐའ་ལ་དབྱངས་ཡོད་ན་དབྱངས་དེ་ཁོ་ན་ཊི་ཡིན་གྱི་དབྱངས་སྲོག་ལ་ཞུགས་ཡུལ་གྱི་ཡི་གེ་དེ་ཊི་མ་ཡིན་ཞིང་། ཚུ་རོལ་གྱི་མཐའ་ལ་གསལ་བྱེད་སྲོག་མེད་ཅིག་ཡོད་ན་དེ་དང་དེའི་ཡར་ཟུར་གྱི་དབྱངས་དང་གཉིས་ཀ་སྡོམ་པ་དེ་ཊི་ཡིན་པས་སྔ་མ་ལྟར་ན་དབྱངས་དེ་དབྱི་ཞིང་དབྱངས་སྲོག་ལ་ཞུགས་ཡུལ་གྱི་ཡེ་གེ་དེ་མི་དབྱི་བ་དང་། ཕྱི་མ་ལྟར་ན་མཐའི་གསལ་བྱེད་སྲོག་མེད་དེ་དང་དེའི་ཡར་ཟུར་གྱི་དབྱངས་གཉིས་ཀ་དབྱི་ཞིང་ཡ་ཟུར་གྱི་དབྱངས་སྲོག་ལ་ཞུགས་ཡུལ་གྱི་ཡི་གེ་དེ་ཊི་མ་ཡིན་པས་མི་དབྱི་བ་ཡིན་པ་ཤེས་པར་བྱའོ།།
ཨུ་ལ་ཨཽའོ། །ཞེས་པ་ནི། ཚུ་རོལ་དུ་ཨ་ཡིག་ཡོད་པ་ཕ་རོལ་དུ་ཨུ་ཡིག་ཡོད་པ་དང་འཕྲད་ན་གཉིས་ཀ་ཨཽ་གཅིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་གཾ་ག་ཨུ་ད་ཀཾ་ཞེས་པ་བཞག་ན། གའི་སྲོག་གི་ཨ་ཕྲལ། གཾ་ག྄་ཨ་ཨུ་ད་ཀཾ་ཞེས་པར་གྱུར་པ་ལ། ཨ་ཡིས་ཕ་རོལ་གྱི་ཨུ་མཐོང་བས་གཉིས་ཀ་ཨཽ་རུ་གྱུར། གཾ་ག྄་ཨཽ་ད་ཀཾ་ཞེས་པར་གྱུར་པ་ལ། ག྄་དབྱངས་མེད་དྲངས་པས་གཾ་གཽ་ད་ཀཾ་ཞེས་པ་གྲུབ་ཅིང་གངྒའི་ཆུ་ཞེས་པའོ།།
རྀ་ཨར྄འོ། །ཞེས་པ་ནི། ཚུ་རོལ་གྱི་མཐར་ཨ་ཡིག་ཡོད་པ་ཕ་རོལ་གྱི་ཡ་མཐའི་རྀ་ཡིག་དང་འཕྲད་ན་གཉིས་ཀ་འདུས་ཏེ་ཨར྄་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་ཏ་བ་རྀ་དྡྷིཿ བཞག་ན། བའི་སྲོག་ཕྲལ། ཏ་བ྄་ཨ་རྀ་དྡྷིཿ ཞེས་པར་གྱུར་པ་དེའི་ཨ་ཡིག་རྀ་དང་འདྲེས་ནས་ཨར྄་ཡིག་ཏུ་གྱུར་ནས་ཏ་བ྄་ཨར྄་དྡྷིཿ ཞེས་གནས་པ་ལ། བ྄་ཨ་དང་། ར྄་འོག་སྟེང་རིམ་པར་དྲངས་པས་ཏ་བརྡྡྷཱིཿ སྟེ་ཁྱོད་ཀྱི་འབྱོར་བ་ཞེས་པའི་སྐད་དོད་གྲུབ། དེ་བཞིན་དུ་མ་མ་རྀ་དྡྷིཿ ཞེས་པ་བཞག་ན། མའི་སྲོག་ཕྲལ། ཨ་ཡིག་ཕ་རོལ་གྱི་རྀ་དང་ལྷན་དུ་ཨར྄་ཡིག་ཏུ་གྱུར། དེ་ནས་མ྄་ར྄་གཉིས་དྲངས་པས་མ་མརྡྡྷིཿ ཞེས་པ་གྲུབ་ཅིང་བདག་གི་འབྱོར་བ་ཞེས་པའི་དོན་ནོ།།
ལ་ལར་ཨཱར྄འོ། །ཞེས་པ་ནི། ཚུ་རོལ་མཐའི་ཨ་ཡིག་དེ་ཕ་རོལ་གྱི་རྀ་ཡིག་དང་འཕྲད་པ་ན་གཏམ་གསར་བ་ལྟ་བུ་ངོ་མཚར་བའི་རིགས་སོགས་སྐབས་ལ་ལར་ཨ་རྀ་དང་བཅས་པ་ཨཱར྄་དུ་འགྱུར་བ་ཡིན་ཏེ། དཔེར་ན་རྀ་ཎ་རྀ་ཎཾ་ཞེས་པ་བཞག་ན། ཎའི་སྲོག་ཕྲལ། རྀ་ཎ྄་ཨ་རྀ་ཎཾ་རུ་གྱུར། ཨ་རྀ་དང་བཅས་པ་ཨཱར྄་དུ་གྱུར། རྀ་ཎ྄་ཨཱར྄་ཎཾ་ཞེས་གནས་པ་ལ། ཎ྄་ཨཱ་དང་། ར྄་ཎཾ་ལ་དྲངས་པས་རྀ་ཎཱ་རྞཾ་ཞེས་པ་གྲུབ་ཅིང་བུ་ལོན་བླངས་ལ་བཞག་པའི་དོན་ནོ།།
ལྀ་ཨལ྄འོ། །ཞེས་པའི་དོན་ནི། ཚུ་རོལ་དུ་ཨ་ཡོད་པ་ཕ་རོལ་ལྀ་ཡིག་དང་འཕྲད་ན་ཨ་ཡིག་དང་ལྀ་ཡིག་གཉིས་གོང་ལྟར་འདྲེས་ནས་ཨལ྄་ཞེས་པར་འགྱུར་བ་ཡིན་ཏེ། དཔེར་ན་ཏ་བ་ལྀ་ཀཱ་ར་བཞག་ན། བའི་སྲོག་ཕྲལ། ཨ་ལྀ་དང་འདྲེས་ཏེ་ཨལ྄་ཡིག་ཏུ་གྱུར། དེ་ནས་བ྄་ལ྄་གཉིས་དྲངས་པ་ཏ་བལྐཱ་ར་ཞེས་པ་གྲུབ་ཅིང་ཁྱོད་ལྀ་ཡིག་ཅེས་པ་སྟེ་ཕུན་སུམ་ཚོགས་པའི་དོན་དུ་གོའོ།།
འགྲེལ་བ་གསལ་ལྡན་ལས། ར་དང་ལ་དང་འདྲ་བའི་ཡི་གེ་ཡང་ནའོ། །ཞེས་ར་ལ་གཉིས་བྱ་བ་མཚུངས་པས་དཔེར་བརྗོད་ལ་ཧོ་ཏྲྀ་ལྀ་ཀཱ་ར་བཞག་ན། རྀ་ཕྲལ། རྀ་ལྀ་གཉིས་གཅིག་ཏུ་འདུས། དེ་རྀའི་ནང་དུ་འདྲེས་པར་བྱས་ན་ཧོ་ཏྲཱི་ཀཱ་ར་དང་། ལྀ་ཡིག་ཏུ་ཕར་འདྲེས་པར་བྱས་ན་ལྀ་ལ་རིང་པོ་མེད་པས་ཧོ་ཏི་ཀཱ་ར་ཞེས་པར་འགྱུར་རོ། །དེ་ནི་སྦྱི་སྲེག་མཁན་པོ་མཁས་པའམ་དེའི་ངག་ཅེས་པའི་དོན་ནོ།།
ཨེ་དང་ཨཻ་དང་ཨཻའོ། །ཞེས་པ་ནི། ཚུ་རོལ་ཨ་ཡིག་ཡོད་པ་དེ་ཕ་རོལ་དུ་ཨེ་ཡིག་དང་ཨཻ་ཡིག་གང་རུང་ཡོད་པ་དང་འཕྲད་ན་གཉིས་ཀ་གོང་ལྟར་གཅིག་ཏུ་འདྲེས་ཏེ་ཨཻ་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་སྔ་མ་ཨེ་དང་འཕྲད་པས་ཨཻ་རུ་འགྱུར་བའི་དཔེ་བརྗོད་ཏ་བ་ཨེ་ཥཱ་ཞེས་པ་བཞག་ན། བའི་སྲོག་གི་ཨ་ཕྲལ། ཏ་བ྄་ཨ་ཨེ་ཥཱ་ཞེས་པར་གྱུར། ཨ་དེས་ཨེ་མཐོང་བས་གཉིས་ཀ་ཨཻ་རུ་གྱུར། བ྄་སྲོག་མེད་དེ་ཨཻ་ལ་དྲངས་པས་ཏ་བཻ་ཥཱ་ཞེས་པ་གྲུབ་ཅིང་ཁྱོད་ཀྱི་མནའ་མ་ཞེས་པའི་དོན་དུ་གོའོ། །ཕྱི་མ་ཨཻ་དང་འཕྲད་པས་ཨཻ་རུ་འགྱུར་བའི་དཔེ་ནི། ཏ་བ་ཨཻ་ཤྭ་ར་ཡཾ་ཞེས་པ་ཏ་བཻ་ཤྭ་ར་ཡཾ་དུ་འགྱུར་བ་ལྟ་བུ་སྟེ་ཁྱོད་ཀྱི་དབང་ཕྱུག་ཅེས་པའོ།།
ཨོ་དང་ཨཽ་ལ་ཨཽའོ། །ཞེས་པ་ནི། ཚུ་རོལ་ཨ་ཡིག་ཡོད་པ་དེ་ཕ་རོལ་དུ་ཨོ་དང་ཨཽ་གང་རུང་དང་འཕྲད་ན་ཡང་གཉིས་ཀ་འདྲེས་དེ་ཨཽ་ཀེ་ཤ་ཅན་དུ་འགྱུར་བ་ཡིན་ཏེ། དཔེར་ན་སྔ་མ་ཨོ་ཡིག་དང་འདྲེས་ཏེ་ཨཽ་རུ་འགྱུར་བའི་དཔེ་ནི། ཏ་བ་ཨོ་ད་ནཾ་ཞེས་པ་བཞག་ན། བའི་སྲོག་གི་ཨ་ཕྲལ། ཨ་དང་ཨོ་འདྲེས་པ་ཨཽ་རུ་གྱུར། བ྄་སྲོག་མེད་དྲངས་པས་ཏ་བཽ་ད་ནཾ་ཞེས་པ་གྲུབ་ཅིང་ཁྱོད་ཀྱི་ཟན་ཞེས་པའོ།།
ཕྱི་མ་ཨཽ་ཡིག་དང་འདྲེས་པའི་དཔེ་ནི། ཏ་བ་ཨཽ་ན་ཏྟྱཾ་ཞེས་པ་བཞག་ན། བའི་སྲོག་ཕྲལ། ཨ་ཨཽ་ཨཽ་རུ་གྱུར།དྲངས་པས་ཏ་བཽ་ན་ཏྟྱཾ་ཞེས་པ་གྲུབ་ཅིང་ཁྱོད་ཀྱི་སྐྱབས་འོག་ཅེས་པར་གོ་བར་བཤད་དོ།།
ཨོཥྛ་དང་ཨོ་ཏུའི་ཨོ་ཡང་ནའོ། །ཞེས་པ་ནི། ཚུ་རོལ་དུ་དབྱངས་ཨ་ཡོད་པ་དེ་ཕ་རོལ་དུ་ཨོཥྛ་དང་ཨོ་ཏུ་ཚིག་སྡུད་ཅན་དང་འཕྲད་ན་སྤྱིར་བཏང་ལྟར་ཨཽ་རུ་མི་འགྱུར་བར་ཨོ་ཡིག་ཏུ་འགྲོ་བ་ཡོད་དེ། དཔེར་ན་བིམྦ་ཨོཥྛཿདང་། སྠུ་ལ་ཨོ་ཏུ་གཉིས་བཞག་ན། བའི་སྲོག་གི་ཨ་ཕྲལ། བིམ྄་བ྄་ཨ་ཞེས་པར་གྱུར། ཨ་དེ་ཨོཥྛཿ དང་འཕྲད་པས་ཨ་ཨོ་གཉིས་ཀ་ཨོ་རུ་གྱུར། དྲངས་པས་བིམྦོཥྛཿ ཞེས་པ་གྲུབ་ཅིང་བིམྦའི་མཆུ་ཞེས་པ་ཡིན་ནོ།།
དེ་བཞིན་དུ་སྠུ་ལ་ཡི་ལའི་སྲོག་གི་ཨ་ཕྲལ། ཨོ་རུ་སོང་། དྲངས་པས་སྠུ་ལོ་ཏུ་ཞེས་པ་གྲུབ་ཅིང་བྱི་ལ་སྤོམ་པོ་ཞེས་པའོ།།
ཡང་ཚིག་སྡུད་ཀྱི་ཁྱད་པར་མ་ཡིན་པའི་སྤྱི་འགྲོས་ལྟར་ན་གོང་ལྟར་ཨཽ་རུ་འགྱུར་བ་ཡིན་ཏེ། དཔེར་ན་བིམྦཽཥྛ་དང་། སྠུ་ལཽ་ཏུཿ ཞེས་པ་གྲུབ་བོ། །དེ་ཡན་ནི་དབྱངས་ཀྱི་མཚམས་སྦྱོར་ཡིན་ཞིང་བཤད་ཟིན་ཏོ།། །།
གསུམ་པ་རང་བཞིན་གྱི་མཚམས་སྦྱོར།
གསུམ་པ་རང་བཞིན་གྱི་མཚམས་སྦྱོར་བཤད་པ་ནི། རང་བཞིན་གྱི་མཚམས་སྦྱོར་ཞེས་པ་ནི་དམིགས་བསལ་གྱི་རང་བཞིན་གནས་པས་རྣམ་འགྱུར་མི་བྱེད་པ་དག་ལ་ཟེར་བ་ཡིན་ཞིང་། ཨ་མཱི་ལས་མ་ཡིན་ནོ། །ཞེས་པ་ནི།དཔེར་ན་ཚུ་རོལ་དུ་ཨ་མཱི་ཞེས་པའི་མིང་ཡོད་ན་རང་སར་འཇོག་པ་ལས་ཕ་རོལ་དུ་དབྱངས་ཨ་ཅན་གྱི་མིང་བྱུང་ཡང་མཚམས་སྦྱོར་བྱེད་དགོས་པ་མ་ཡིན་ཏེ། ཨ་མཱི་ཞེས་པ་ནི་ཨ་དས྄་ཞེས་པའི་མིང་ལ་རྣམ་དབྱེ་བྱིན་པས་ཨ་མཱི་རུ་སོང་བ་ཡིན་ཞིང་། དེ་ལ་ཨ་དི་ཏྱ་ཞེས་པ་དང་འཕྲད་ཀྱང་མཚམས་མི་སྦྱོར་བ་ཡིན་པའི་ཕྱིར་རོ།།
ཨ་མཱི་སྒྲུབ་ཚུལ་ནི། ཨ་དས྄་ཞེས་པ་ལ་རྣམ་དབྱེ་དང་པོའི་མང་ཚིག་ཛས྄་བྱིན། འོག་ཏུ་སྐྱེས་པའི་རྟགས་དབྱངས་མཐའ་ཅན་གྱི་ལེའུ་ལས། ཏྱད་སོགས་ཀྱི་སི་ལ་སོགས་ལ་ཊི་ཨའོ། །ཞེས་ཚུ་རོལ་དུ་ཏྱད྄་དང་། ཏད྄། ཡཱད྄། ཨེ་ཏཏ྄། ཨི་དན྄། ཨ་དས྄། དྭི། ཀིམ྄། ཡུཥྨད། ཨཥྨད་བཅུ་པོ་ཡོད་པའི་ཕ་རོལ་དུ་རྣམ་དབྱེ་སི་ལ་སོགས་པ་བྱུང་ན་རྟགས་མཐའམ་ཡར་མཐའ་ཊི་ནི་ཨ་ཡིག་ཏུ་འགྱུར་བར་བཤད་པས་འདི་ཉིད་ཀྱི་མཐའ་ཨ་དས྄་ཞེས་པའི་ད་ཡིག་གི་སྲོག་དང་ས྄་སྲོག་མེད་དང་བཅས་པ་ཊི་ཡིན་པས་དེ་ཨ་རུ་འགྱུར་བ་ན་ད་སྲོག་སྔར་ནས་ཨ་ཡིན་པས་རང་སོར་བཞག་ཅིང་ས྄་ད་ཡིག་དང་བསྡོངས་ནས་ཨ་རུ་གྱུར་པའི་དབང་དུ་བྱས་ཏེ་ས྄་ཡིག་མི་སྣང་བར་བྱ། དེ་མིན་དཔེར་ན་དྭི་ཞེས་པ་ལ་ཛས྄་བྱིན་ན་རྟགས་མཐའ་དྭི་དེ་དྭ་ཞེས་སྲོག་ཨི་དེ་ཨ་རུ་འགྱུར་བ་ཡིན་ནོ།།
དཀྱུས་ལྟར་ན་ནི། ཨ་ད་ཛས྄་ཞེས་པར་གྱུར་པ་ལ། ཡང་དེ་ཉིད་ལས། ཛས྄་ཨཱིའོ། །ཞེས་ཚུ་རོལ་ཨ་མཐའ་ཅན་གྱི་འཕྲོར་ཛས྄་བྱིན་ན་ཛས྄་རིལ་བོ་ཨཱི་རུ་འགྱུར་བར་བཤད་པས་ཛས྄་ཨཱི་རུ་བསྒྱུར། ཨ་ད་ཨཱི། ཞེས་པར་གྱུར་པ་ལ། འོག་ཏུ་ཧ་སའི་མཐའ་ཅན་གྱི་སྐྱེས་པའི་རྟགས་ཀྱི་ལེའུ་ལས། དའི་མའོ། །ཞེས་ཚུ་རོལ་ད་ཡིག་གི་ཕ་རོལ་དུ་རྣམ་དབྱེ་སི་ལ་སོགས་པ་བྱུང་ན་ད་ཡིག་མ་ཡིག་ཏུ་འགྱུར་བར་བཤད་པས་ད་དེ་མ་རུ་བསྒྱུར། ཨ་མ་ཨཱི་ཞེས་པར་གྱུར་པ་ལ། མའི་སྲོག་གི་ཨ་ཕྲལ། ཨ་ཨི་ལ་ཨེའོས་ཨ་ཨཱི་གཉིས་པོ་ཨེ་རུ་བསྒྱུར། ཨ་མ྄་ཨེ་ཞེས་གནས་པ་ལ། ཡང་ལེའུ་དེ་ཉིད་ལས། མང་པོ་ཉིད་ཨེའི་ཨཱིའོ། །ཞེས་ཨ་དས྄་ལ་མང་ཚིག་བྱིན་པའི་ཨེ་ནི་ཨཱི་རུ་འགྱུར་བར་བཤད་པས་ཨེ་ཨཱི་རུ་གྱུར། དེ་ནས་དྲངས་པས་ཨ་མཱི་གྲུབ་པ་ཡིན་ནོ།།
དེ་ལ་གྲོགས་ཨ་དི་ཏྱ་ཞེས་པ་ཡོད་ཀྱང་ཨ་མཱི་ཨ་དི་ཏྱ་ཞེས་རང་བཞིན་དུ་གནས་པ་ལས་མཱི་དང་ཨ་གཉིས་ལ་སྤྱིར་བཏང་དབྱངས་ལ་ཨི་ཡ྄འོ་ཞེས་པ་ལྟར་གྱི་མཚམས་སྦྱོར་ཐོབ་ཀྱང་མི་སྦྱོར་རོ།།
དེ་བཞིན་དུ་ཨ་མཱི་ཨ་ཤྭ་དང་། ཨ་མཱི་ཨིཥྛཿ ཨ་མཱི་ཨུཥྚཿ ཨ་མཱི་ཨེ་ཌ་ཀཱཿ སོགས་ལ་ཡང་ཨ་མཱི་ལྟར་སྒྲུབ་པ་ཡིན་ཞིང་དེ་ཚེ་དབྱངས་ལ་ཨི་ཡ྄འོ་ཞེས་པའི་མཚམས་སྦྱོར་ཐོབ་མོད་དམིགས་བསལ་གྱི་རང་བཞིན་ཅན་ཡིན་པས་མི་སྦྱོར་རོ།།
དེ་དག་ལས་ཨ་མཱི་ཨ་དི་ཏྱ་འདི་རྣམས་ཉི་མའོ་ཞེས་པ་དང་། གཉིས་པ་རྟ་འདི་རྣམས་དང་། གསུམ་པ་སོ་ཕག་འདི་རྣམས་དང་། བཞི་བ་རྔ་མོ་འདི་རྣམས་དང་། ལྔ་བ་ལུག་འདི་རྣམས་ཞེས་པའི་དོན་ཡིན་པར་གསུངས་སོ།།
ཨི་ཨུ་ཨེ་གཉིས་ཉིད་ལས་སོ། །ཚུ་རོལ་དུ་ཨི་ཨུ་ཨེ་རྣམས་ཀྱི་མཐའ་ཅན་ཡིན་པ་དེའི་ཕ་རོལ་དུ་རྣམ་དབྱེ་དང་པོ་དང་གཉིས་པའི་གཉིས་ཚིག་ཨཽ་བྱིན་པའི་ཤུལ་ཉིད་ཡིན་ཡང་དེ་ཉིད་དུ་རང་སར་འཇོག་པ་ལས་ཕ་རོལ་དུ་དབྱངས་ཨ་ལ་སོགས་པ་བྱུང་ཡང་མཚམས་སྦྱོར་གྱི་བྱ་བ་བྱེད་དགོས་པ་མ་ཡིན་ཏེ། དཔེར་ན་ཨགྷཱི་ཨཽ་བཞག་ན། ཚུ་རོལ་མཐའི་སྲོག་ཕྲལ། འོག་ཏུ་ཡང་སྐྱེས་པའི་རྟགས་མཐའ་ཅན་གྱི་ལེའུ་ལས། ཨཽ་ནི་ཨི་ཨུ་དག་གོ །ཞེས་ཨི་དང་ཨུ་ཐུང་མཐའ་ཅན་གྱི་སྐྱེས་པའི་རྟགས་ལ་རྣམ་དབྱེ་དང་པོ་དང་གཉིས་པའི་གཉིས་ཚིག་ཨཽ་བྱིན་ན་ཨི་མཐའ་ཅན་ལ་རྣམ་དབྱེ་ཨཽ་དེ་ཨི་དང་ཨུ་མཐའ་ཅན་ལ་ཨཽ་དེ་ཨུ་རུ་འགྱུར་བར་བཤད་པས་ད་ལན་ཨཽ་ཨི་རུ་བསྒྱུར། ཨགྷ་ཨི་ཨི་ཞེས་པ་འདྲ་བ་འདུས་པས་རིང་པོར་གྱུར་པ་དྲངས་པས་ཨགྷཱི་གྲུབ། དེ་ནི་མེ་དག་ཅེས་པ་ཡིན་ལ། དེ་ལ་གྲོགས་སུ་འདིར་ཞེས་པའི་དོན་ཨ་ཏྲཿ བཞག་ན་ཨགྷི་ཨ་ཏྲཿ ཞེས་བྱུང་བ་ལ་ཨཱི་དང་ཨ་གཉིས་དབྱངས་ལ་ཨི་ཡ྄འོ་ཞེས་པ་ཐོབ་ཐོབ་འདྲ་ཡང་མཚམས་མི་སྦྱོར་བར་རང་སར་བཞག་པ་ལྟ་བུའོ།།
དེ་ནི་ཨི་མཐའ་ཅན་གྱི་དཔེར་བརྗོད་ཡིན་ལ། ཨུ་མཐའ་ཅན་གྱི་དཔེ་ནི། པ་ཊུ་ཨཽ་བཞག་ན། ཨཽ་ནི་ཨི་ཨུ་དག་གོས་ཨཽ་ཨུ་རུ་བསྒྱུར། ཊུའི་སྲོག་ཕྲལ། པ་ཊ྄་ཨུ་ཨུ་ཞེས་པ་ལ་འདྲ་རིང་བྱས་ཤིང་དྲངས་པས་པ་ཊཱུ་ཞེས་པ་གྲུབ། དེ་ནི་མཁས་པ་ཞེས་པ་ཡིན། དེ་ལ་འདིར་གྱི་སྐད་དོད་ཨ་ཏྲཿ སྦྱར་ན་སྤྱིར་བཏང་ཨུ་ཝ྄འོ་ཞེས་པས་ཨཱུ་དེ་ཝ྄་རུ་འགྲོ་མོད་ད་ལན་དེ་ཀ་རང་ལས་ཨཱུ་ཝ྄་རུ་མི་འགྲོ་བ་ཡིན་པ་ལྟ་བུའོ།།
ཨེ་མཐའི་དཔེར་བརྗོད་ནི། མཱ་ལ་ཨཽ་བཞག་ན། འོག་ཏུ་བུད་མེད་ཀྱི་རྟགས་དབྱངས་མཐའ་ཅན་གྱི་ལེའུ་ལས།བུད་མེད་ལ་ཨ་ལ་ཨཱབ྄འོ། །ཞེས་བུད་མེད་དུ་བརྗོད་པའི་ཨ་ཡིག་མཐའ་ཅན་ལ་ཨཱབ྄་རྐྱེན་སྦྱིན་དགོས་པ་དང་།དེ་འདྲའི་ཨཱབ྄་རྐྱེན་བྱིན་པའི་མཐའ་ཅན་ལ་ཕ་རོལ་དུ་རྣམ་དབྱེ་ཨཽ་བྱུང་ན། ཡང་དེ་ཉིད་ལས། ཨཽ་ཨཱིའོ། །ཞེས་ཨཽ་ཡིག་ཨཱི་ཡིག་ཏུ་འགྱུར་བར་བཤད་པས་ཨཽ་ཨཱི་རུ་བསྒྱུར། མཱ་ལ་ཨཱི་ཞེས་པ་ལ། ལའི་སྲོག་ཕྲལ། ཨ་ཨི་ལ་ཨེའོ། །ཞེས་པས་ཨ་ཨཱི་གཉིས་ཨེ་རུ་གྱུར། ལ྄་སྲོག་མེད་དྲངས་པས་མཱ་ལེ་ཞེས་པ་གྲུབ་ཅིང་ཕྲེང་བའི་མིང་ཡིན་ཞིང་། དེ་ལ་ཨ་ཏྲཿ བཞག་ཀྱང་མཚམས་མི་སྦྱར་བར་མཱ་ལེ་ཨ་ཏྲཿ ཞེས་རང་སར་གནས་པ་ལྟ་བུ་སྟེ། ཕྲེང་བ་དག་ལོངས་ཤིག་ཅེས་པ་ཡིན་ནོ།།
ཨ་ཨོ་ནི་པཱ་ཏའོ། །ཞེས་པ་ནི། ཨ་མཐའ་ཚིག་འཕྲད་དང་། ཨོ་མཐའ་ངེས་ཚིག་དང་། ཨ་ཨི་ཨུ་ལ་སོགས་པ་དབྱངས་རྐྱང་པའམ་གཅིག་པུ་ལས་ཧ་སའི་ཡི་གེ་མེད་ཅིང་དབྱངས་ལྷག་པོ་མེད་པ་ལ་ནི་མཚམས་སྦྱོར་ཐོབ་ཐོབ་འདྲ་ཡང་མི་སྦྱོར་བ་ཡིན་ནོ་ཞེས་པའོ།།
པ་ལཱུ་ཏའོ། །ཞེས་པ་ནི། ཚུ་རོལ་དུ་པ་ལཱུ་ཏ་ཡོད་པའི་ཕ་རོལ་གྱི་དབྱངས་གང་བྱུང་ཡང་མཚམས་མི་སྦྱོར་བ་ཤེས་དགོས་ཞེས་པའོ། །དཔེར་ན་དེ་བ་དཏྟ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། སིའི་སྲོག་གི་ཨི་བརྗོད་དོན་ཡིན་པས་ཕྱི། མཐའ་ཤིན་ཏུ་རིང་པོར་གྱུར་པས་དེ་བ་ཏྟཱ྅་ཞེས་གྲུབ་པ་ལ་ཨེ་ཧི་ཞེས་པ་དང་འཕྲད་ཀྱང་མཚམས་མི་སྦྱོར་བ་ལྟ་བུ་སྟེ། ཀྱེ་ལྷས་བྱིན་ཚུར་ཤོག་ཅེས་པའོ།།
རྒྱང་རིང་པོར་འབོད་པའི་ཊི་ལ་པ་ལཱུ་ཏའོ། །ཞེས་པ་ནི། རྒྱང་རིང་པོར་འབོད་པ་དང་། སྐད་གསེང་མཐོན་པོས་ཀློག་འདོན་པ་དང་། ངུ་བ་དང་། གླུ་ལེན་པ་རྣམས་ཀྱི་ཊི་སྟེ་མཐའ་ལ་པ་ལཱུ་ཏ་ཐོབ་པས་དེ་ནི་སྐད་གསེང་མཐོ་དགོས་པས་ཡི་གེ་ཉུང་ངུར་བྱས་ཏེ་མཚམས་སྦྱོར་བ་མི་རུང་ངོ་།།
འོ་ན་འདི་དག་མཚམས་མི་སྦྱོར་ན་མཚམས་སྦྱོར་གྱི་མིང་གིས་བཏགས་ནས་འདིར་ཅིའི་ཕྱིར་འགོད་ཅེ་ན། དེ་ནི་མཚམས་སྦྱོར་དང་འབྲེལ་བའི་ཕྱིར་ན་རང་བཞིན་གྱི་མཚམས་སྦྱོར་ཞེས་མིང་སྦྱར་ནས་འདིར་བཀོད་པ་ཡིན་ནོ། །རང་བཞིན་གྱི་མཚམས་སྦྱོར་བཤད་ཟིན་ཏོ།། །།
བཞི་བ་གསལ་བྱེད་ཀྱི་མཚམས་སྦྱོར།
བཞི་བ་གསལ་བྱེད་ཀྱི་མཚམས་སྦྱོར་ནི། འདི་ནི་གསལ་བྱེད་སྲོག་མེད་རྐྱང་བ་དང་། དབྱངས་སྲོག་ཞུགས་ཀྱི་གསལ་བྱེད་རྐྱང་པ་ཤ་སྟག་མཚམས་སྦྱོར་བ་ལ་གོ་བ་མ་ཡིན་པར་ཕར་ཚུར་གྱི་མཐའ་ཕྱོགས་རེར་དབྱངས་ཡོད་ཀྱང་ཚིག་མཐའ་ལ་ངེས་པར་དུ་གསལ་བྱེད་ཡོད་པ་ལ་གོ་དགོས་པ་ཡིན་ནོ།།
གསལ་བྱེད་ཀྱི་མཚམས་སྦྱོར་བསྟན་པ་ལ་དང་པོ་དབྱངས་ཅན་གྱི་མདོ་ལས། ཙ་པའི་ཨ་བ་ལ་ཛ་བའོ། །ཞེས་པའི་དོན་ནི། ཚུ་རོལ་གྱི་ཚིག་མཐར་ཙ་པའི་ཡི་གེ་ཡོད་པ་ལ་ཕ་རོལ་དུ་ཨ་བའི་ཡི་གེ་བྱུང་ན་ཙ་པའི་ཡི་གེ་ནི་ཛ་བའི་ཡི་གེའི་ནང་ནས་ཙ་པ་དང་རང་དང་སྡེ་བ་གཅིག་པའི་ཡི་གེ་ཞིག་ཏུ་འགྱུར་བ་ཡིན་ཏེ། ཙ་པའི་ཡི་གེ་ཙ་ཊ་ཏ་ཀ་པ་རྣམས་ཕ་རོལ་ཨ་ནས་བ་བར་གྱི་ཡི་གེ་གང་རུང་ཞིག་དང་འཕྲད་ན་ཡི་གེ་སྔ་མ་གང་ཡིན་དེ་ཛ་ཌ་ད་ག་བ་ལྔ་པོ་ལས་རང་དང་སྡེ་གཅིག་པའི་ཡི་གེར་འགྱུར་བ་ཙ་ཛ་དང་། ཊ་ཌ་དང་། ཏ་ད་དང་། ཀ་ག་དང་། པ་བ་རུ་འགྱུར་བ་ཡིན་པའི་ཕྱིར་རོ།།
དཔེར་བརྗོད་བཞག་ན། དྲུག་འདིར་ཞེས་པའི་སྐད་དོད་ཥ་ཊ྄་ཨ་ཏྲཿ ཞེས་པ་ལ། ཙ་པའི་ཡི་གེ་ཊ྄་ཡིག་གིས་ཕ་རོལ་ཨ་བའི་ཡི་གེ་ཨ་མཐོང་བས་ཛ་བའི་ཡི་གེ་ལས་རང་དང་སྡེ་བ་གཅིག་པ་ཌ་ཡིག་ཏུ་གྱུར། དེ་དྲངས་པས་ཥ་ཌ་ཏྲཿ ཞེས་པ་གྲུབ་པ་ལྟ་བུའོ།།
ཡང་བདེན་པའི་ངག་གི་སྐད་དོད་བཱཀ྄་ཡ་ཐཱ་བཞག་ན། ཚུ་རོལ་ཙ་པའི་ཡི་གེ་ཀ྄་ཡིག་གིས་ཕ་རོལ་ཨ་བའི་ཡི་གེ་ཡ་མཐོང་བས་ཀ྄་ཡིག་ཛ་བའི་ཡི་གེའི་རང་དང་སྡེ་བ་གཅིག་པ་ག་ཡིག་ཏུ་གྱུར། དེ་དྲངས་པས་བཱ་གྱ་ཐཱ་ཞེས་པ་གྲུབ་བོ།།
ཉ་མ་ལ་ཉ་མ་ཡང་ནའོ། །ཞེས་པའི་དོན་ནི། ཚུ་རོལ་ཚིག་མཐར་ཙ་པའི་ཡི་གེ་ཡོད་པ་ལ་ཕ་རོལ་དུ་ཉ་མ་སོ་སོར་བསྡུས་པའི་ཡི་གེ་བྱུང་ན་ཙ་པའི་ཡི་གེ་དེ་ཙ་པ་རང་དང་སྡེ་བ་གཅིག་པའི་ཉ་མའི་ཡི་གེར་འགྱུར་བའམ་ཡང་ན་མི་འགྱུར་བར་བཤད་མ་ཐག་པ་ལྟར་ཙ་པ་རང་དང་སྡེ་བ་གཅིག་པའི་ཛ་བའི་ཡི་གེར་འགྱུར་བ་ཡིན་ནོ།།དེ་ཡང་ཉ་མའི་ཡི་གེར་འགྱུར་ན་ཙ་ཉ་དང་། ཊ་ཎ་དང་། ཏ་ན་དང་། ཀ་ང་། པ་མ་རུ་འགྱུར་བ་ཡིན་ཞིང་། འགྱུར་བའི་དཔེ་བརྗོད་ནི། ཚིག་ཙམ་ཞེས་པའི་སྐད་དོད་བཱཀ྄་མཱ་ཏྲཾ་ཞེས་པ་བཞག། ཙ་པའི་ཡི་གེ་ཀ྄་ཡིག་དེ་ཉ་མའི་ཡི་གེ་མཱ་ཡིག་དང་འཕྲད་པས་ཀ྄་ང྄་རུ་སོང་། དབྱངས་དམན་གྱི་སྦྱོར་བ་བྱས་པས་བཱ་ང་མཱ་ཏྲཾ། ཞེས་པ་གྲུབ་པ་དང་། མི་འགྱུར་པའི་དཔེ་ནི། ཙ་པའི་ཡི་གེ་ཀ྄་དེ་ཨ་བའི་ནང་ཚན་མཱ་དང་འཕྲད་པས་ཛ་བའི་རང་དང་སྡེ་བ་གཅིག་པ་ག྄་རུ་འགྱུར་བ་དྲངས་པས་བཱ་གྨཱ་ཏྲཾ་ཞེས་པ་གྲུབ་པ་ལྟ་བུའོ།།
ཙ་པ་ལས་ཤ་ནི་ཚའོ། །ཞེས་པ་ནི། ཚུ་རོལ་དུ་ཙ་པའི་ཡི་གེ་ཡོད་པ་ལ་ཕ་རོལ་དུ་ཤ་ཡིག་བྱུང་ན་ཤ་དེ་ཚ་ཡིག་ཏུ་འགྱུར་བའམ་ཡང་ན་མི་འགྱུར་བར་རང་སར་གནས་པ་ཡིན་ཏེ། དཔེར་ན་བཱཀ྄་ཤཱུ་རཿ ཞེས་པ་བཞག་ན། ཙ་པའི་ཡི་གེ་ཀ྄་ཡོད་པའི་དབང་གིས་ཤཱུ་ཡིག་དེ་ཚཱུ་ཡིག་ཏུ་གྱུར། ཀ྄་དྲངས་པས་བཱ་ཀ་ཚཱུ་རཿ ཞེས་པ་གྲུབ་ཅིང་དཔའ་བོའི་ངག་ཅེས་པའོ། །མི་འགྱུར་བ་ནི་བཱ་ཀ྄་ཤཱུ་ཞེས་རང་སོར་གནས་ཤིང་ཀ྄་དྲངས་པ་ཙམ་ལས་མེད་པས། བཱ་ཀྴཱུ་ ཞེས་པར་འགྱུར་བར་ཤེས་པར་བྱའོ།།
ཧའི་ཛྷ་བྷ་རྣམས་སོ། །ཞེས་པ་ནི། ཚུ་རོལ་ཚིག་མཐར་ཙ་པའི་ཡི་གེ་ཡོད་པ་ལ་ཕ་རོལ་དུ་ཧ་ཡིག་བྱུང་ན་ཧ་ཡིག་དེ་ཛྷ་བྷའི་ཡི་གེར་འགྱུར་བའམ་ཡང་ན་མི་འགྱུར་བར་ཧ་རང་སོར་གནས་པ་ཡིན་ཞིང་། དེ་ཡང་ཧ་ཡིག་ཛྷ་བྷའི་ཡི་གེར་འགྱུར་ན་ཚུ་རོལ་ཚིག་མཐར་ཙ་པའི་ཡི་གེ་གང་ཡོད་དེའི་སྡེ་བ་ལས་ཡི་གེ་བཞི་བར་གྱུར་པའི་ཛྷ་བྷའི་ཡི་གེར་འགྱུར་བ་ཡིན་ཏེ། དཔེར་ན་ཏ་ཏ྄་ཧ་བིཿ བཞག་ན། ཚུ་རོལ་གྱི་ཙ་པའི་ཡི་གེ་ཏ྄་ཡིག་ཡོད་པའི་དབང་གིས་ཕ་རོལ་གྱི་ཧ་ཡིག་དེ་ཏ྄་ཡིག་གི་སྡེ་བ་བཞི་བར་གྱུར་པས་ཛྷ་བྷའི་ཡི་གེ་དྷ་ཡིག་ཏུ་གྱུར། ཏ་ཏ྄་དྷ་བིཿཞེས་པར་གྱུར་པ་ལ་ཙ་པའི་ཨ་བ་ལ་ཛ་བའོ། །ཞེས་པས་ཏ྄་ཡིག་ཡང་ད྄་ཡིག་ཏུ་བསྒྱུར་ཅིང་དྲངས་པས་ཏ་དྡྷ་བིཿཞེས་པ་གྲུབ་ཅིང་སྲེག་བླུགས་ཞེས་པའི་དོན་ནོ།།
དེ་བཞིན་དུ་ཚུ་རོལ་གྱི་ཚིག་མཐར་ཙ་ཡིག་ཡོད་ན་ཧ་ཡིག་དེ་ཛྷ་ཡིག་དང་། ཊ་ཡིག་ཡོད་ན་ཧ་དེ་ཌྷ་ཡིག་དང་།ཀ་ཡིག་ཡོད་ན་ཧ་དེ་གྷ་ཡིག་དང་། པ་ཡིག་ཡོད་ན་ཧ་དེ་བྷ་ཡིག་ཏུ་འགྱུར་བ་ཡིན་ནོ།།
དཔེར་ན་སྨྲ་བའི་སེངྒེ་དང་། འཕྲོག་བྱེད་ཀྱི་ངག་དང་། སེངྒེའི་སྐད་ཅེས་པ་རྣམས་ཀྱི་སྐད་དོད་བཱཀ྄་ཧ་རིཿ ཞེས་པ་ལ། ཧ་ཡིག་དེས་ཙ་པའི་ཡི་གེ་ཀ྄་མཐོང་བས་ཀ྄་སྡེའི་བཞི་བ་གྷ་ཡིག་ཏུ་གྱུར། ཙ་པའི་ཨ་བ་ལ་ཛ་བའོ། །ཞེས་པས་ཀ྄་ཡིག་ག྄་རུ་གྱུར། དེ་དྲངས་པས་བཱ་གྒྷ་རིཿ ཞེས་པ་གྲུབ་པ་ལྟ་བུའོ།།
ཡང་ཨ་ཙ྄་ཧ་ལོ་བཞག་ན། ཧ་དེས་ཙ྄་མཐོང་བས་དེའི་སྡེ་བ་བཞི་བར་གྱུར་པའི་ཛྷ་བྷའི་ཛྷ་ཡིག་ཏུ་གྱུར། ཙ྄་ཛ྄་རུ་གྱུར། དེ་དྲངས་པས་ཨ་ཛཛྷ་ལོ་ཞེས་པ་གྲུབ་ཅིང་དབྱངས་གསལ་དག་ཅེས་པའི་དོན་ཏེ། སྒྲ་པ་ཎི་བ་དང་ཙནྡྲ་བ་སོགས་ཀྱི་དབྱངས་གསལ་སོ་སོར་བསྡུ་བའི་མིང་ཡིན་ལ། ཧ་ཡིག་མ་འགྱུར་བར་རང་སར་གནས་ན་ཡང་ཙ་པའི་ཨ་བ་ལ་ཛ་བའོ་ཞེས་པས་རྣམ་འགྱུར་ནི་དགོས་སོ།།
ས་ཏུའི་ཤ་ཙུ་རྣམས་ལ་ཤ་ཙུའོ། །ཞེས་པ་ནི། ཚུ་རོལ་གྱི་ཚིག་མཐར་ས་ཡིག་དང་ཏུ་སྟེ་ཏ་སྡེ་ཏ་ཐ་ད་དྷ་ན་རྣམས་ཡོད་པ་ལ། ཕ་རོལ་དུ་ཤ་ཡིག་དང་ཙུ་སྟེ་ཙ་སྡེའི་ཙ་ཚ་ཛ་ཛྷ་ཉ་རྣམས་བྱུང་ན་ཚུ་རོལ་གྱི་ས་ཡིག་དེ་ཕ་རོལ་ཤ་དང་ཙུ་སྟེ་ཙ་སྡེའི་ཡི་གེ་ལྔ་པོ་གང་ཡོད་ཀྱང་ཤ་ཡིག་ཏུ་འགྱུར་བ་དང་། ཏ་སྡེ་ནི་ཕ་རོལ་ཤ་དང་ཙ་སྡེའི་ཡི་གེ་ལྔ་པོ་གང་དང་འཕྲད་ཀྱང་ཙ་སྡེར་འགྱུར་པ་ཡིན་ཞིང་། དེ་ཡང་ས་ཡིག་དེ་ཕ་རོལ་གྱི་ཤ་ཡིག་དང་འཕྲད་ན་ཤ་ཡིག་ཏུ་འགྱུར་པ་མ་ཟད་ཙ་སྡེ་དང་འཕྲད་ཚེ་ཤ་ཡིག་ཏུ་འགྱུར་པ་ལས་ཙ་སྡེའི་ཙ་ཚ་ཛ་ཛྷ་ཉ་གང་ལའང་འགྱུར་མི་འགྲོ་ལ། ཏ་སྡེ་ཤ་ཡིག་དང་འཕྲད་ཀྱང་ཤ་ཡིག་ཏུ་ནི་མི་འགྲོ་བར་ཙ་སྡེའི་ཡི་གེར་འགྲོ་བ་ཡིན་ནོ།།
དེ་ཡང་ཏ་སྡེ་ཙ་སྡེར་འགྲོ་ཚུལ་ཡང་སྡེ་བ་གཉིས་པོའི་གོ་རིམ་ལྟར་འགྲོ་བ་ཡིན་ཏེ། ཏ་ཙ་དང་། ཐ་ཚ་དང་། ད་ཛ་དང་། དྷ་ཛྷ་དང་། ན་ཉ་རུ་འགྲོ་བ་ཡིན་པའི་ཕྱིར། ས་ཡིག་ཤ་ཡིག་དང་འཕྲད་པའི་དཔེ་ནི། ཀས྄་ཤཱུར་ཞེས་པ་བཞག་ན། ཚིག་མཐའི་ས྄་ཡིག་གིས་ཕ་རོལ་ཤ་ཡིག་མཐོང་བས་ཤ་ཡིག་ཏུ་གྱུར། ཀཤ྄་ཤཱུར། ཞེས་གནས་པ་ལ་ཤ྄་དྲངས་པས་ཀཤྴུ་ར་ཞེས་པ་གྲུབ་ཅིང་དཔའ་བོ་གང་འདྲ་ཞེས་པའོ།།
ས་ཡིག་ཙ་སྡེ་དང་འཕྲད་པའི་དཔེ་ནི། ཀས྄་ཙ་ར་ཏི་ཞེས་པ་བཞག་ན། ས྄་ཡིག་ཕ་རོལ་གྱི་ཙ་སྡེ་དང་འཕྲད་པས་ཤ྄་རུ་སོང་། དྲངས་པས་ཀཤྩ་ར་ཏི་ཞེས་པ་གྲུབ་ཅིང་གང་ཐོས་གང་ཐུག་འགྲོ་ཞེས་པའོ།།
ཏ་སྡེས་ཙ་སྡེ་མཐོང་བའི་དཔེ་ནི། ཏ་ཏ྄་ཙི་ཏྲཾ་ཞེས་པ་བཞག་ན། ཚུ་རོལ་གྱི་ཏ་སྡེའི་ཏ྄་ཡིག་དེ་ཕ་རོལ་གྱི་ཙ་སྡེའི་ཙ་ཡིག་དང་འཕྲད་པས་ཏ྄་ཡིག་དེ་ཙ་སྡེའི་དང་པོ་ཙ྄་རུ་གྱུར། དེ་དྲངས་པས་ཏ་ཙྩི་ཏྲཾ་ཞེས་པ་གྲུབ་ཅིང་རི་མོ་ཅན་ནམ་འུད་ཤོབ་དང་ལག་འཕྲུལ་མིག་འཕྲུལ་སོགས་ཀྱི་དོན་ནོ།།
ཏ་སྡེས་ཤ་ཡིག་མཐོང་བའི་དཔེ་ནི། ཏ་ཏ྄་ཤཱསྟྲཾ་ཞེས་པ་བཞག་ན། ཚུ་རོལ་གྱི་ཏ྄་ཡིག་དེ་ཕ་རོལ་གྱི་ཤཱ་ཡིག་དང་འཕྲད་པས་ཏ྄་ཡིག་ཙ་སྡེའི་ཙ་ཡིག་ཏུ་གྱུར། ཏ་ཙ྄་ཤཱསྟྲཾ་ཞེས་གནས་པ་ལ། ཙ་པ་ལས་ཤ་ནི་ཚའོ། །ཞེས་པས་ཤཱ་ཡིག་ཕ་རོལ་ཙ་པའི་ཡི་གེ་ཙ྄་ཡིག་དང་འཕྲད་དབང་གིས་ཚཱ་ཡིག་ཏུ་གྱུར། ཏ་ཙ྄་ཚཱསྟྲཾ་ཞེས་པར་གནས་པ་དྲངས་པས་ཏ་ཙྪཱསྟྲཾ་ཞེས་པ་གྲུབ་བོ། །དེ་ནི་བསྟན་བཅོས་དེ་ཞེས་པའོ།།
ཤ་ལས་མ་ཡིན་ནོ། །ཞེས་པ་ནི། བཤད་མ་ཐག་པ་ལྟར་ས་ཡིག་དང་ཏ་སྡེས་ཕ་རོལ་ཤ་ཡིག་དང་ཙ་སྡེ་མཐོང་ཚེ་ཤ་དང་ཙ་སྡེར་འགྲོ་བ་དེ་ཡང་ཚུ་རོལ་ཏ་སྡེ་ཡོད་ལ་ཕ་རོལ་དུ་ཤ་ཡིག་བྱུང་ན་ཏ་སྡེ་ཙ་སྡེར་འགྲོ་བ་ལས་ཚུ་རོལ་དུ་ཤ་ཡིག་ཡོད་ཅིང་ཕ་རོལ་དུ་ཏ་སྡེ་ཡོད་ན་ཏ་སྡེ་ཙ་སྡེར་འགྲོ་བ་མ་ཡིན་ནོ། །ཞེས་པའོ།།
འོ་ན་ཅི་ལྟར་འགྱུར་ཞེ་ན། ཏ་སྡེ་རང་སོར་གནས་པ་ཡིན་ཏེ། དཔེར་ན་བི་ཤ྄་ནཿ ཞེས་པ་བཞག་ན། ཕ་རོལ་གྱི་ཏ་སྡེའི་ན་ཡིག་གིས་ཚུ་རོལ་གྱི་ཤ྄་མཐོང་ཡང་ཙ་སྡེར་མི་འགྲོ་བར་རང་སོར་གནས་ལ། ཤ྄་སྲོག་མེད་དྲངས་ན་བི་ཤྣཿ ཞེས་པ་གྲུབ་ཅིང་བདག་གི་གཡོག་ཅེས་པའོ།།
ཥ་ཏུ་རྣམས་ཀྱིས་ཥ་ཊུའོ། །ཞེས་པ་ནི། ཚུ་རོལ་དུ་ས་ཡིག་དང་ཏུ་སྟེ་ཡང་ཏ་ཐ་ད་དྷ་ན་ལྔའི་སྡེ་བ་ཏ་སྡེ་ཡོད་པ་ལ་ཕ་རོལ་དུ་ཡང་ཥ་ཡིག་དང་ཊུ་སྟེ་ཊ་ཋ་ཌ་ཌྷ་ཎའི་སྡེ་བ་ཊ་སྡེ་བྱུང་ན་ས་དང་ཏ་སྡེ་དེ་ཥ་ཡིག་དང་ཊ་སྡེར་འགྱུར་བ་ཡིན་ཞིང་། དེ་ཡང་ས་ཡིག་ཕ་རོལ་ཥ་དང་ཊ་སྡེ་གང་དང་འཕྲད་ཚེ་ཥ་རུ་འགྱུར་པ་ལས་ཊ་སྡེའི་ཡི་གེར་མི་འགྱུར། ཏ་སྡེ་ཕ་རོལ་ཥ་དང་ཊ་སྡེ་གང་དང་འཕྲད་ནའང་ཊ་སྡེར་འགྱུར་བ་ལས་ཥ་ཡིག་ཏུ་མི་འགྱུར་ཏེ། དཔེར་ན་ཀས྄་ཥཥྛཿ བཞག་ན། ས྄་ཡིག་ཕ་རོལ་གྱི་ཥ་ཡིག་དང་འཕྲད་པས་ཥ྄་རུ་གྱུར། དེ་དྲངས་པས་ཀཥཥཥྛཿ ཞེས་པ་གྲུབ། དྲུག་པོ་གང་ཞེས་པའི་དོན་ནོ།།
དེ་ནི་ས་ཡིག་ཥ་དང་འཕྲད་པའི་དཔེ་ཡིན་ལ། ད་ནི་ས་ཡིག་ཊ་སྡེ་དང་འཕྲད་པའི་དཔེ་ནི། ཀས྄་ཊཱི་ཀ་ཏེ་ཞེས་པ་བཞག་ན། ས྄་ཡིག་ཕ་རོལ་ཊ་སྡེའི་ཡི་གེ་དང་འཕྲད་པས་ཥ྄་རུ་གྱུར། དྲངས་པས་ཀཥྚཱི་ཀ་ཏེ་ཞེས་པ་གྲུབ། གང་ལ་འགྲེལ་བ་བྱེད་ཅེས་པའོ།།
ད་ནི་ཏ་སྡེ་ཕ་རོལ་ཊ་སྡེ་དང་འཕྲད་པའི་དཔེ་ནི། ཏ་ཏ྄་ཊཱི་ཀ་ཏེ། ཞེས་པ་བཞག་ན། ཏ་སྡེའི་ཏ྄་ཡིག་ཕ་རོལ་ཊ་སྡེ་དང་འཕྲད་པས་ཊ྄་རུ་གྱུར། དེ་དྲངས་པས་ཏ་ཊྚཱི་ཀ་ཏེ་ཞེས་པ་གྲུབ། དེ་ལ་འགྲེལ་བ་བྱེད་ཅེས་པའོ།།
དེ་ཡང་སྨོས་ཟིན་ལྟར་ཏ་སྡེ་ཊ་སྡེར་འགྱུར་ཚུལ་ནི་ཏ་ཊ་དང་། ཐ་ཋ་དང་། ད་ཌ་དང་། དྷ་ཌྷ་དང་། ན་ཎ་རུ་འགྱུར་བ་ཡིན་པ་ཤེས་པར་བྱའོ།།
ཏུའི་ལ་ལ་ལའོ། །ཞེས་པ་ནི། ཚུ་རོལ་ཚིག་མཐར་ཏ་སྡེའི་ཏ་ཐ་ད་དྷ་ན་རྣམས་གང་རུང་ཡོད་པ་ལ་ཕ་རོལ་དུ་ལ་ཡིག་བྱུང་ན་ཏ་སྡེ་ལ་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་ཏ་ཏ྄་ལཱུ་ནཱི་ཏི་བཞག་ན། ཏ་སྡེའི་ཏ྄་ཡིག་ལ་ཡིག་དང་འཕྲད་པས་ལ྄་རུ་གྱུར། དེ་དྲངས་ཏ་ལ་ལཱུ་ནཱི་ཏི་ཞེས་པ་གྲུབ་ཅིང་དེ་ཆོད་ཅིག་ཅེས་པའི་དོན་ནོ།།
མཐར་གནས་ལ་གཉིས་སུ་དབྱེའོ། །མཐར་གནས་ཀྱི་ཡི་གེ་ཡ་ར་ལ་ཝ་བཞི་ལས་ར་མ་གཏོགས་པའི་ལྷག་མ་ཡ་ལ་ཝ་གསུམ་ལ་རྗེས་སུ་སྣ་ལྡན་དང་རྗེས་སུ་སྣ་ལྡན་མེད་པ་གཉིས་སུ་དབྱེ་ཞིང་། སྣ་ལྡན་ཅན་ལ་ཚིག་མཐར་བྱུང་བའི་ན྄་ཡིག་དེ་ལ྄་ཡིག་ཏུ་འགྲོ་ཞིང་རང་གི་སྔ་ལོགས་ཀྱི་ཡི་གེ་དེ་ལ་ང་རོ་སྐྱེ་བར་འགྱུར་བ་ཡིན་ཏེ། དཔེར་ན་བྷ་བཱ་ན྄་ལི་ཁ་ཏི་ཞེས་པ་བཞག་ན། ཚིག་མཐའི་ན྄་ཡིག་ཕ་རོལ་གྱི་ཡ་མཐའི་ཡི་གེ་དང་འཕྲད་པས་ལ྄་ཡིག་ཏུ་གྱུར། ན྄་ཡིག་གི་སྔ་ལོགས་ཀྱི་ཡི་གེ་བཱ་ལ་སྣ་ལྡན་སྐྱེས་པས་བྷ་བཱྂ་ལ྄་ལི་ཁ་ཏི་ཞེས་པར་གྱུར། ལ྄་སྲོག་མེད་དྲངས་པས། བྷ་བཱྂ་ལླི་ཁ་ཏི་ཞེས་པ་གྲུབ་ཅིང་རི་མོ་བྲིའོ་ཞེས་པའོ།།
དེ་ཡང་ང་རོ་དང་སྣ་ལྡན་གྱི་ཁྱད་པར་ནི་ང་རོ་ནི་ཐིག་ལེ་རྐྱང་པ་ཞིག་སྟེང་དུ་བྲི་བ་དེ་ལ་ཟེར་ཞིང་སྣ་ལྡན་ནི་དེ་མཚོན་བྱེད་ཟླ་ཕྱེད་རྐྱང་པའམ་ཟླ་ཕྱེད་ཐིག་ལེ་དང་བཅས་པ་བྲིས་པ་ལ་བྱེད་པ་ནི་གཞུང་འདིའི་རྗེས་འབྲངས་དག་དང་སྒྲ་པཱ་ཎི་བའི་ལུགས་ཡིན་པར་གསུངས་སོ།།
མཐར་གནས་ལ་གཉིས་སུ་དབྱེའོ། །ཞེས་པའི་ཚིག་འདི་ལ་འགྲེལ་བ་གསལ་ལྡན་དུ་ཚིག་འགྲེལ་བྱུང་བས་ཁ་ཅིག་གིས་སློབ་དཔོན་ཉིད་ཀྱིས་གཞུང་གི་འགྲེལ་ཚིག་ཏུ་འདོད་པ་མི་འཐད་པར་ཏཱ་ར་ནཱ་ཐས་གསུངས། ཊཱི་ཀ་འགའ་རེར་ཀཱ་རི་ཀ་ཟེར་བའི་སྒྲ་གཞུང་ཞིག་གི་ལུང་འདྲེན་ཡིན་པར་འདོད་དོ།།
ཥ་ལ་མ་ཡིན་ནོ། །ཞེས་པ་ནི། ཥ་ཡིག་ཕ་རོལ་དུ་ཡོད་པ་ལ་ཚུ་རོལ་གྱི་ཚིག་མཐའི་ཏུའམ་ཏ་སྡེ་རྣམས་ནི་ཊ་སྡེར་འགྲོ་བ་མ་ཡིན་ནོ། །དེས་ན་ཏ་སྡེས་ཕ་རོལ་དུ་ཤ་མཐོང་ན་ཊ་སྡེར་འགྱུར་བ་ལས་ཤ་ཥ་མཚུངས་ཀྱང་ཥ་མཐོང་བས་ནི་འགྱུར་པ་མི་བསྟེན་ཏོ།།
དཔེར་བརྗོད་ནི། བྷ་བཱ་ན྄་ཥ་ཥྛཿ ཞེས་པ་ལ་ན྄་ཏ་སྡེ་ཡིན་ཡང་ཕ་རོལ་གྱི་ཥ་དང་འཕྲད་ཀྱང་འགྱུར་བ་མི་འགྲོ་བས་ན྄་སྲོག་མེད་དྲངས་ན་བྷ་བཱ་ནཥ་ཥྛཿ ཞེས་པར་གྱུར་སྟེ་ཁྱོད་དྲུག་ཅེས་པའི་དོན་ནོ།།
མཐའི་ཊུ་ལས་སོ། །ཞེས་པ་ནི། གོང་བཤད་ལྟར་ཚུ་རོལ་དུ་ས་དང་ཏ་སྡེ་ཡོད་ཅིང་ཕ་རོལ་དུ་ཥ་དང་ཊ་སྡེ་ཡོད་ན་ས་ཥ་དང་ཏ་སྡེ་ཊ་སྡེར་འགྱུར་མོད་གོ་ལྡོག་སྟེ། ཚུ་རོལ་གྱི་ཚིག་མཐར་ཊུ་སྟེ་ཊ་སྡེ་ཡོད་པ་ལ་ཕ་རོལ་དུ་ས་ཡིག་དང་ཏུ་སྟེ་ཏ་སྡེའི་ཏ་ཐ་ད་དྷ་ན་གང་ཡོད་ཀྱང་ས་ཡིག་དང་ཏུ་སྡེ་གཉིས་ཀ་ཥ་ཡིག་དང་ཊུ་སྟེ་ཊ་སྡེེར་མི་འགྱུར་ཏེ། དཔེར་ན་ཏ་སྡེ་ཊ་སྡེར་མི་འགྱུར་བའི་དཔེ་ནི། ཥ་ཊ྄་ན་རཿ བཞག་ན། ཕ་རོལ་ཏ་སྡེའི་ན་ཡིག་གིས་ཚུ་རོལ་གྱི་ཊ་སྡེའི་ཊ་མཐོང་ཡང་ཊ་སྡེར་མི་འགྱུར་བར། ཉ་མ་ལ་ཉ་མ་ཡང་ནའོ། །ཞེས་པས་ཙ་པའི་ཡི་གེ་ཊ྄་ཡིག་དེ་ཕ་རོལ་ཉ་མའི་ཡི་གེ་ན་དང་འཕྲད་པས་དེ་རང་དང་སྡེ་བ་གཅིག་པའི་ཉ་མའི་ཡི་གེ་ཎ་ཡིག་ཏུ་གྱུར། དྲངས་པས་ཥ་ཎན་རཿ ཞེས་པ་གྲུབ་བོ།།
ཡང་ན་ཙ་པའི་ཨ་བ་ལ་ཛ་བའོ། །ཞེས་པས་ཊ྄་ཡིག་དེ་ཕ་རོལ་ཨ་བའི་ཡི་གེ་དང་འཕྲད་པས་ཛ་བའི་ཡི་གེ་རང་དང་སྡེ་བ་གཅིག་པ་ཌ྄་ཡིག་ཏུ་གྱུར། དེ་དྲངས་ཥ་ཌན་རཿ ཞེས་པ་གྲུབ་བོ། །མི་དྲུག་པོ་ཞེས་པའོ།།
ན་ལས་ཚ་ཏ་ལ་སཀ྄འོ། །ཞེས་པ་ནི། ཚུ་རོལ་དུ་ན་ཡིག་དང་ཕ་རོལ་དུ་ཚ་ཏ་སོ་སོར་བསྡུས་པའི་ཡི་གེ་ཚ་ཋ་ཐ་ཙ་ཊ་ཏ་རྣམས་ཡོད་ན་བར་དུ་གཉེན་དང་འདྲ་བའི་རྐྱེན་སཀ྄་ཨཱ་ག་མ་སྦྱིན་དགོས་པས་དེ་སྟེར། དེ་ཡང་ཊིཏ྄་དང་ཀིཏ྄་དག་དང་པོ་དང་མཐའ་མ་དག་ཏུའོ། །ཞེས་ཊིཏ྄་ཨཱ་ག་མ་ཚིག་གི་ཐོག་མར་དང་། ཀིཏ྄་ཨཱ་ག་མ་མཐའ་མར་སྦྱིན་དགོས་པར་གསུངས་པས། འདིར་ཀ྄་དབྱི་དགོས་པས་ཀིཏ྄་ཨཱ་ག་མ་ཡིན་ཞིང་། དེ་སྦྱིན་ཡུལ་ཚིག་གོང་མ་ལ་བྱིན་པ་ཡིན་པས་ཚིག་གོང་མའི་མཐའ་ལ་འཇོག་དགོས་ཕྱིར་དེའི་འཕྲོ་སྟེ་ཚིག་སྔ་ཕྱི་གཉིས་ཀྱི་བར་ལ་འཇོག་སྟེ། དཔེར་ན་རཱ་ཛ་ན྄་ཙི་ཏྲཾ་ཞེས་པ་བཞག་ན། ཚུ་རོལ་ན྄་ཡིག་གིས་ཕ་རོལ་ཚ་ཏ་སོ་སོར་བསྡུ་བའི་ཡི་གེ་ཙ་མཐོང་བས་ན་བར་དུ་སྟེ་ཚིག་མཐའི་ན྄་ཡིག་ལ་སཀ྄་ཨཱ་ག་མ་བྱིན། རཱ་ཛ་ན྄་སཀ྄་ཙི་ཏྲཾ་ཞེས་པ་ལ། ཀ྄་རྗེས་འབྲེལ་ཡིན་པས་ཕྱི། སའི་སྲོག་གི་ཨ་བརྗོད་དོན་ཡིན་པས་ཕྱི། དེ་གཉིས་ཕྱིས་ན་རཱ་ཛ་ན྄་ས྄་ཙི་ཏྲཾ་ཞེས་པར་འགྱུར། དེ་ནས་ས་ཏུའི་ཥ་ཙུ་རྣམས་ལ་ཥ་ཙུའོ། །ཞེས་པས་ས྄་ཡིག་ཕ་རོལ་ཙ་སྡེ་དང་འཕྲད་པས་ཥ྄་ཡིག་ཏུ་གྱུར། རཱ་ཛ་ན྄་ཥ྄་ཙི་ཏྲཾ་ཞེས་པར་གྱུར་པ་ལ། ན྄་རྗེས་སུ་ང་རོ་བྱས་ཤིང་དབྱངས་དམན་ཕ་རོལ་དུ་དྲངས་པས་རཱ་ཛཾ་ཥྩི་ཏྲཾ་ཞེས་པ་གྲུབ་ཅིང་། གསལ་ཞིང་བཀྲ་བའོའམ་རྒྱལ་པོ་བློ་གསལ་ཞེས་པའོ།།
ང་རོ་སྟེང་དུ་འགྲོ་ཚེ་ཡི་གེ་འོག་མ་དབྱངས་མེད་ཡིན་ཚེ་ང་རོ་སྔ་མའི་སྟེང་དུ་ཕབ་ཅིང་འོག་མ་དབྱངས་ལྡན་ཡིན་ཚེ་ང་རོ་འོག་མའི་ཡི་གེའི་སྟེང་དུ་ཕབ་དགོས་པར་བཤད་དོ།།
ཤ་ལས་ཙཀ྄་ཡང་ནའོ། །ཞེས་པ་ནི། ཚུ་རོལ་གྱི་ཚིག་མཐར་ན྄་ཡིག་ཡོད་པ་ལ་ཕ་རོལ་དུ་ཤ་ཡིག་བྱུང་ན་བར་དུ་ཙཀ྄་ཨཱ་ག་མ་སྟེར་དགོས་པའམ་ཡང་ན་མ་སྦྱིན་ཀྱང་རུང་བ་ཡིན་ནོ་ཞེས་པའོ།།
དཔེར་ན་བྷ་བཱ་ན྄་ཤཱུརཿ བཞག་ན། ཙཀ྄་ཨཱ་ག་མ་བྱིན་པས་བྷ་བཱ་ན྄་ཙཀ྄་ཤཱུརཿ ཞེས་འབྱུང་། ཀ་རྗེས་འབྲེལ་ཡིན་པས་ཕྱིས། ཨ་བརྗོད་དོན་ཡིན་པས་ཡལ། དེ་ནས་བྷ་བཱ་ན྄་ཙ྄་ཤཱུརཿ ཞེས་པར་འགྱུར། ཙ་པ་ལས་ཤ་ནི་ཚའོ། །ཞེས་པས་ཚུ་རོལ་ཙ་མཐོང་དབང་གིས་ཤ་ཡིག་ཚ་རུ་གྱུར། བྷ་བཱ་ན྄་ཙ྄་ཚཱུརཿ ཞེས་པར་འགྱུར། དེ་ནས་ཡང་། ས་ཏུའི་ཤ་ཙུ་རྣམས་ལ་ཤ་ཙུའོ། །ཞེས་པས་ན྄་ཡང་ཉ྄་རུ་འགྱུར། བྷ་བཱ་ཉ྄་ཙ྄་ཚཱུརཿ ཞེས་པར་གྱུར། དབྱངས་དམན་དག་ཕ་རོལ་དུ་དྲངས་པས། བྷ་བཱ་ཉཙྪཱུརཿ ཞེས་པ་གྲུབ་ཅིང་ཁྱོད་དཔའ་བོ་ཞེས་པའོ། །ཙཀ྄་ཨཱ་ག་མ་མ་སྟེར་པ་ནི། དཔེར་ན་བྷ་བཱ་ཉཤཱུརཿ ཞེས་པར་འགྱུར་རོ།།
ཐུང་ངུ་ལས་ང྄་ཎ྄་ན྄་དབྱངས་ལ་གཉིས་སོ། །ཞེས་པ་ནི། ཚུ་རོལ་གྱི་ཚིག་མཐའ་དབྱངས་གསལ་བྱེད་སྲོག་མེད་དང་བཅས་པ་གོང་དུ་བཤད་པ་ལྟར་ཨུ་པ་དྷཱ་ཡིན་ཞིང་དེ་ཐུང་ངུ་ལས་ང྄་ཎ྄་ན྄་སྲོག་མེད་མཐའ་ཅན་གྱི་ཨུ་པ་དྷཱ་ཡིན་ན། ཕ་རོལ་དུ་དབྱངས་ཅི་བྱུང་ལ་ཚུ་རོལ་གྱི་གསལ་བྱེད་སྲོག་མེད་དེ་གསུམ་གང་ཡིན་ཡང་གཉིས་གཉིས་སུ་འགྱུར་བ་ཡིན་ཏེ། དཔེར་ན་པྲ་ཏྱ་ང྄་ཨི་དཾ་ཞེས་པ་བཞག་ན། ཚུ་རོལ་གྱི་ཨུ་པ་དྷཱའི་མཐའི་ང྄་ཡིག་དེ་ཕ་རོལ་གྱི་དབྱངས་ཨི་དང་འཕྲད་པས་ང྄་གཉིས་སུ་གྱུར། པྲ་ཏྱ་ང྄་ང྄་ཨི་དཾ་ཞེས་པར་གནས་པ་ལ། ང྄་གཉིས་དྲངས་པས་པྲ་ཏྱ་ངངི་དཾ་ཞེས་གྲུབ་ཅིང་སོ་སོར་མཆོད་པོ་འདི་ཞེས་པ་སོགས་སོ།།
ཎ྄འི་དཔེར་བརྗོད་སུ་ག་ཎ྄་ཨི་དཾ་བཞག་ན། ཎ྄་གཉིས་སུ་གྱུར། སུ་ག་ཎ྄་ཎ྄་ཨི་དཾ་ཞེས་པར་གྱུར་པ་དྲངས་པས་སུ་ག་ཎྞི་དཾ་ཞེས་པ་གྲུབ། ཚོགས་པ་བཟང་པོའམ་གཡོག་འཁོར་བཟང་པོ་ཞེས་པའོ།།
ན྄་ཡིག་གི་དཔེར་བརྗོད་རཱ་ཛ་ན྄་ཨི་ཧ་ཞེས་པ་བཞག་ན། ཡང་ན྄་གཉིས་སུ་གྱུར་པ་དྲངས་པས་རཱ་ཛ་ནྣི་ཧ་ཞེས་པ་གྲུབ། རྒྱལ་པོ་འདི་ཞེས་པའོ།།
ཚ་ཡང་ངོ་། །ཞེས་པ་ནི། ཚུ་རོལ་གྱི་ཚིག་མཐར་ཚ་ཡིག་ཡོད་ལ། ཚ་དེའི་ཡར་ཟུར་དབྱངས་ཐུང་ངུ་ཡིན་ཚེ་ཚ་སྲོག་ལྡན་ཡིན་ཡང་ཕ་རོལ་གྱི་དབྱངས་མཐོང་ཚེ་ཚ་ཡང་གཉིས་སུ་འགྱུར་བ་ཡིན་ཏེ། དཔེར་ན་ཏ་བ་ཚ་ཏྲཾ་ཞེས་པ་བཞག་ན། ཚ་ཚ་གཉིས་སུ་གྱུར། ཏ་བ་ཚ྄་ཚ་ཏྲཾ་ཞེས་པར་གྱུར། དེ་ནས་དྲངས་པས་ཏ་བ་ཚཚ་ཏྲཾ་ཞེས་པ་གྲུབ། ཁྱོད་ཀྱི་གདུགས་ཞེས་པའོ། །དེ་ཡང་ཚ་གཉིས་སུ་འགྱུར་བ་ལས་ཚའི་སྲོག་གཉིས་སུ་མི་འགྱུར་བས་ཚ་སྔ་མ་སྲོག་མེད་དུ་བྱེད་དགོས་སོ།།
ཁ་ས་ལ་ཛྷ་ས་རྣམས་ཀྱི་ཙ་པའོ། །ཞེས་པ་ནི། ཚུ་རོལ་གྱི་མཐའ་ན་ཛྷ་སའི་ཡི་གེ་སྒྲ་ལྡན་ཡོད་པ་ལ་ཕ་རོལ་དུ་ཁ་སའི་ཡི་གེ་སྒྲ་མེད་བྱུང་ན་ཛྷ་ས་དེ་ནི་ཙ་པའི་ཡི་གེ་ཛྷ་ས་རང་དང་སྡེ་བ་གཅིག་པ་འདྲ་བའི་ཡི་གེར་འགྱུར་བ་ཡིན་ཏེ། ཡང་ཏ་བ་ཚ་ཏྲཾ་བཞག་ན། ཚ་ཡང་གཉིས་པས་ཚ་གཉིས་སུ་བསྒྱུར། སྤྱིར་ཚ་ཡིག་དེ་ཛྷ་སའི་ཡི་གེ་དང་བྱེ་བྲག་ཁ་སའི་ཡི་གེ་གཉིས་ཀ་ཡིན་མོད་ད་ལན་ཚ་སྔ་མ་ཛྷ་ས་དང་ཚ་ཕྱི་མ་ཁ་སའི་ཡི་གེ་བྱས་ཏེ་ཛྷ་སས་ཁ་ས་མཐོང་བས་ཚ་སྔ་མ་ཛྷ་སའམ་ཚ་རང་དང་སྡེ་བ་གཅིག་པའི་དང་པོ་ཙ་ཡིག་ཏུ་གྱུར། ཏ་བ་ཙ྄་ཚ་ཏྲཾ་ཞེས་པ་ལ། དབྱངས་དམན་དྲངས་པས་ཏ་བ་ཙྪ་ཏྲཾ་ཞེས་པ་གྲུབ་བོ། །ཁྱོད་ཀྱི་གདུགས་ཞེས་པ་སྟེ། ཀ་ལཱ་པ་ལས། མ྄་ན྄་དག་གི་དྷུ་ཨཊྲ་ལ་རྗེས་སུ་ང་རོའོ། །ཞེས་པ་དང་ནང་དོན་གཅིག་པར་གསུངས་སོ།།
འགྲེལ་བ་གསལ་ལྡན་ལས། འགའ་ཞིག་ཏུ་རིང་པོ་ལས་ཀྱང་གཉིས་སོ། །ཞེས་པ་ནི། སྐབས་འགར་ཨུ་པ་དྷཱ་རིང་པོའི་མཐའ་ལ་ཡང་ཚ་ཡིག་གཉིས་སུ་འགྱུར་བ་ཡིན་ཞེས་པའི་དོན་ཡིན་ལ། དཔེར་ན་ཧྲཱི་ཚཿ བཞག་ན། ཚ་ཡིག་གཉིས་སུ་གྱུར། ཛྷ་སས་ཁ་ས་མཐོང་བས་ཚ་སྔ་མ་ཙ྄་རུ་གྱུར། དྲངས་པས་ཧྲཱི་ཙྪཿ ཞེས་པ་གྲུབ། ངོ་ཚ་བའི་དོན་ནོ།།
མ་ནི་རྗེས་སུ་ང་རོའོ། །ཞེས་པ་ནི། ཚུ་རོལ་གྱི་ཚིག་མཐར་མ྄་དབྱངས་མེད་ཡོད་པ་ལ་ཕ་རོལ་དུ་གསལ་བྱེད་བྱུང་ན་མ྄་ཡིག་དེ་རྗེས་སུ་ང་རོར་འགྱུར་བ་ཡིན་ཏེ། དཔེར་ན་ཏ་མ྄་ཧ་ས་ཏི་བཞག་ན། མ་རྗེས་སུ་ང་རོར་གྱུར་པས་ཏཾ་ཧ་ས་ཏི་ཞེས་པ་གྲུབ་ཅིང་ཁྱོད་གད་མོ་རྒོད་ཅེས་པའོ།།
ཚིག་མཐའ་དང་ཛྷ་ས་ལ་ཡང་ནའིའོ། །ཞེས་པ་ནི། མ་ཡིག་མ་ཟད་ཚིག་མཐའི་ན྄་ཡིག་དབྱངས་མེད་དང་ཚིག་མཐའ་མིན་པའི་ན྄་ཡིག་ཡང་ཕ་རོལ་དུ་ཛྷ་ས་བྱུང་ན་རྗེས་སུ་ང་རོར་འགྱུར་བ་ཡིན་ཏེ། དཔེར་ན་ཡ་ཤཱ་ན྄་སི་ཞེས་པ་བཞག་ན། ན྄་ཡིག་དབྱངས་མེད་དེས་ཕ་རོལ་ཛྷ་ས་མཐོང་བས་རྗེས་སུ་ང་རོར་གྱུར་ཏེ་སྔ་མའི་སྟེང་དུ་སོང་བས་ཡ་ཤཱཾ་སི་ཞེས་པ་གྲུབ་ཅིང་གྲགས་པ་རྣམས་ཞེས་པའོ།།
ཡ་པ་ལ་ཡ་མ་ཡང་ནའོ། །ཞེས་པ་ནི། ཕ་རོལ་དུ་ཡ་པའི་ཡི་གེ་སྟེ་ཡ་ནས་པ་བར་གྱི་ཡི་གེ་གང་ཡང་རུང་བ་ཞིག་ཡོད་ན་ཚུ་རོལ་དུ་ཡོད་པའི་ཡི་གེ་སྔ་མའི་སྟེང་གི་ང་རོ་དེ་ཕ་རོལ་དུ་ཡོད་པའི་ཡ་པའི་ཡི་གེ་དེའི་སྡེ་བའི་ནང་གི་གྲངས་ལྔ་བའམ་སྡེ་བའི་ཡི་གེ་རྗེས་མ་ཡང་ཡིན་ཞིང་ཡ་མའི་ཡི་གེ་སྟེ་ཡ་ནས་མ་བར་གྱི་ཡི་གེ་གང་ཡང་རུང་བ་ཡང་ཡིན་པ་དེར་འགྱུར་འགྲོ་བ་ཡིན་ཏེ། དཔེར་ན་ཏཾ་ཀ་རོ་ཏི་ཞེས་པ་བཞག་ན། ཏའི་སྟེང་གི་ང་རོ་དེ་ཕ་རོལ་ཡ་པའི་ཡི་གེ་ཀ་དང་འཕྲད་པས་ཀ་རང་གི་སྡེ་བའི་ལྔ་བ་ཡ་མའི་ཡི་གེའི་ནང་ཚན་ང་ཡིག་ཏུ་གྱུར། ཏང྄་ཀ་རོ་ཏི་ཞེས་པ་ལ་ང྄་དྲངས་པས་ཏངྐ་རོ་ཏི་ཞེས་པ་གྲུབ། དེ་གྱིས་ཤིག་ཅེས་པའོ།།
ཡང་ཏཾ་ཏ་ནོ་ཏི། ཞེས་པ་བཞག་ན། ང་རོས་ཡ་པའི་ཡི་གེ་ཏ་མཐོང་བས་ཏ་སྡེའི་ལྔ་བར་གྱུར་པ་ཡ་མའི་ཡི་གེ་ན྄་ཡིག་ཏུ་གྱུར་པས། ཏ་ན྄་ཏ་ནོ་ཏི། ཞེས་པར་གྱུར། ན྄་ཡིག་དབྱངས་མེད་་དྲངས་པས་ཏ་ནྟ་ནོ་ཏི་ཞེས་པ་གྲུབ། དེ་འཐགས་སུ་ཐོགས་ཤིག་ཅེས་པའོ།།
ཡ་བ་ལ་ཕ་རོལ་ལ་ཡ་བ་ལ་ཡང་ནའོ། །ཞེས་པ་ནི། སྐབས་འགར་ཕ་རོལ་དུ་ཡ་ཡོད་ན་སྔ་མའི་རྗེས་སུ་ང་རོ་ཡ྄་སྲོག་མེད་དང་། ཕ་རོལ་དུ་ཝ་བྱུང་ན་ང་རོ་ཝ྄་དང་། ཕ་རོལ་དུ་ལ་ཡོད་ན་ང་རོ་ལ྄་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ཡ་ཡིག་དང་འཕྲད་པའི་དཔེ་ལ་སཾ་ཡནྟ་ཞེས་པ་བཞག་ན། ཡི་གེ་སྔ་མའི་ང་རོ་ཡ྄་རུ་སོང་། ས་ཡ྄་ཡནྟ་ཞེས་གནས་པ་ལ། ཡ྄་ཡིག་དྲངས་ན་ས་ཡྱནྟ། ཞེས་པ་གྲུབ་པ་ལྟ་བུའོ། །དེ་ནི་ཤིང་རྟའི་ཁ་ལོ་བསྒྱུར་བའི་དོན་ནོ།།
ཡང་ཝ་ཡིག་གི་དཔེ་ནི། སཾ་བཏྶ་རཿ ཞེས་པ་བཞག་ན། སཾ་ཡིག་གི་ང་རོ་བ྄་རུ་གྱུར། དྲངས་པས་སབྦྷཏྶ་རཿ ཞེས་པ་གྲུབ། རང་གནས་ཏེ་དུས་ལོའི་མིང་ངོ་།།
ལ་ཡིག་དང་འཕྲད་པའི་དཔེ་ནི། ཡཾ་ལོ་ཀཾ་ཞེས་པ་བཞག་ན། ང་རོ་ལ྄་རུ་སོང་། དྲངས་པས་ཡ་ལློ་ཀཾ་ཞེས་པ་གྲུབ། གང་འདི་རྣམས་ཞེས་པའོ།།
མདོ་ལས་ཡ་ཝ་ལ་གསུམ་ལས་དངོས་སུ་མ་གསུངས་མོད། ལ་ཡིག་དང་ར་ཡིག་བྱ་བ་མཚུངས་པས་ར་ལ་ཡང་སྐབས་འགར་ང་རོ་ར་རུ་འགྱུར་བ་ཡོད་དེ། དཔེར་ན་པུཾ་རོ་གཿ ཞེས་པ་བཞག་ན། ང་རོ་ར྄་རུ་གྱུར་ཅིང་དྲངས་ན་པུ་རརོ་གཿ ཞེས་པ་གྲུབ་ཅིང་སྐྱེས་བུའི་ནད་ཅེས་པའོ། །འདི་དག་ལ་སྔ་མའི་ང་རོ་དེ་དག་ཏུ་མི་འགྱུར་བར་རང་སོར་གནས་པ་ཡང་ཡོད་མོད་སྤྲོས་པས་ཆོག་གོ།
ྊྃ་སྡེབས་སྦྱོར་ལའོ། །ཞེས་པ་ནི། ྊྃ་འདི་ནི་ཛྙཱིཾ་ཞེས་པར་འབོད་པ་ཡིན་ཞིང་། བོད་སྐད་དུ་སྒྱིང་ཞེས་དང་སྒྱ་ཡང་ཞེས་འབོད་དགོས་པར་ཏཱ་ར་ནཱ་ཐས་གསུངས་ལ། དོན་ལ་རིག་བྱེད་ཀྱི་གཞུང་ནས་བྱུང་བའི་ཡི་གེ་ལོགས་སུ་བ་ཞིག་ཡིན་པ་ལས་ཛྙཱིཾ་ཞེས་ཛྙའི་སྲོག་ཏུ་ཨཱི་ཞུགས་པ་ནི་མིན་པ་དང་། དབྱངས་གསལ་གཉིས་ལས་གསལ་བྱེད་ཀྱི་གྷ་ཡིག་གི་རིགས་སུ་གཏོགས་པར་ཡང་ཁོང་ཉིད་ཀྱིས་གསུངས་སོ།།
ཕ་རོལ་ལ་ར་ཤ་ཥ་ས་ཧ་ལྔ་བོ་ཡོད་ན་སྡེབས་སྦྱོར་གྱི་དབང་གིས་སྔ་མའི་ང་རོ་དེ་ྊྃ་ཡིག་ཏུ་འགྱུར་བ་ཡིན་ཏེ། བ་ཡཾ་སོ་མཱཿ ཞེས་པ་བཞག་ན། ཡ་ཡིག་གི་སྟེང་གི་ང་རོས་ས་ཡིག་མཐོང་བས་ྊྃ་སྟེ་ཛྙཱིཾ་ཡིག་ཏུ་གྱུར་པས་བ་ཡ་ཛྙཱིཾ་སོ་མཱཿ ཞེས་པའམ་བ་ཡ་ྊྃ་སོ་མཱཿ ཞེས་པ་གྲུབ་ཅིང་དེང་ཟླ་བ་ཞེས་པའོ།།
དེ་བཞིན་དུ་སཾ་ཧི་ཏཱ་ས་ཛྙཱིཾ་ཧི་ཏཱ་ཞེས་པ་དང་། ཏཾ་ར་བིཿ ཞེས་པ་ཏ་ཛྙཱིཾར་བིཿ ཞེས་པ་ལྟ་བུ་སྟེ། དང་པོ་ཡང་དག་པར་ཕན་པ་དང་། གཉིས་པ་ཉི་མ་ཁྱོད་ཅེས་པའོ། །དེ་ཡན་གྱིས་གསལ་བྱེད་ཀྱི་མཚམས་སྦྱོར་རྣམས་ལེགས་པར་བཤད་ཟིན་ཏོ།། །།
ལྔ་བ་རྣམ་བཅད་ཀྱི་མཚམས་སྦྱོར།
ལྔ་བ་རྣམ་བཅད་ཀྱི་མཚམས་སྦྱོར་བཤད་པ་ནི། རྣམ་པར་བཅད་བྱའི་ས྄འོ། །ཞེས་པའི་དོན་ནི། སྒྲ་མེད་དུ་གྲགས་པའི་ཡི་གེ་ཁ་ས་སོ་སོར་བསྡུ་བའི་ཡི་གེ་ཕ་རོལ་དུ་བྱུང་ན་སྔ་མའི་རྣམ་བཅད་དེ་ས་ཡིག་སྲོག་མེད་དུ་འགྱུར་བ་ཡིན་ཏེ། དཔེར་ན་ཀཿ ཏ་ནོ་ཏི་ཞེས་པ་བཞག་ན། ཕ་རོལ་ཏ་ཡིག་ནི་ཁ་སའི་ཡི་གེ་ཡིན་པས་རྣམ་བཅད་ས྄་རུ་སོང་བ་དྲངས་པས་ཀསྟ་ནོ་ཏི་ཞེས་པ་གྲུབ། གང་འཐག་པར་བྱེད་ཅེས་པའོ།།
རྣམ་བཅད་ཅེས་པ་ནི་ཿ ཐིག་ལེ་བརྩེགས་མ་འདི་ལ་ཟེར་ཞིང་དེ་ནི་འོག་ཏུ་གསལ་བ་ལྟར་ཡི་གེ་ས྄་ར྄་དག་གི་རྣམ་འགྱུར་ལས་བྱུང་བ་ཡིན་ཕྱིར་ལེགས་སྦྱར་གྱི་ཡི་གེ་ཞིག་ཡིན་པས་རྣམ་བཅད་ཆད་ན་ཡི་གེ་ཆད་ཅིང་སྒྲ་ཉམས་པ་ཡིན་ལ། རྣམ་བཅད་ལྷག་ན་ཡི་གེ་ལྷག་ཅིང་སྒྲ་ཉམས་པ་ཡིན་པས་རྣམ་བཅད་ཐོབ་མིན་ལ་བརྟག་པ་གལ་ཆེའོ།།
དེང་སང་ཁ་ཅིག་གཏེར་ཚེག་དང་རྣམ་བཅད་གཅིག་ཏུ་བྱེད་པ་ནི་ཤིན་ཏུ་འཁྲུལ་བ་ཡིན་ཞིང་། གཏེར་ཚེག་ནི་བོད་ཡིག་རྙིང་པའི་སྲོལ་ཡིན་པར་དགེ་འདུན་ཆོས་འཕེལ་གྱིས་གསུངས་ལ། དོན་ལ་གཟུགས་ཀྱང་མི་འདྲ་སྟེ། རྣམ་བཅད་ནི་སྨོས་མ་ཐག་པ་ལྟར་ཿ ཐིག་ལེ་ཉིས་བརྩེགས་འདི་དང་། གཏེར་ཚེག་ནི་༔འདི་འདྲ་ཐིག་ལེ་སྟེང་འོག་གི་བར་དུ་ནར་མོའི་གཟུགས་ཡོད་པ་ཞིག་ཡིན་པའི་ཕྱིར་རོ།།
དེས་ན་རྣམ་བཅད་ཡི་གེ་སྒྲ་དང་བཅས་པ་ཡོད་པས་ཀློག་པའི་སྒྲ་ལེགས་པར་ཐོན་དགོས་པ་དང་། གཏེར་ཚེག་ནི་ཚེག་དྲག་དང་ཤད་གང་རུང་ཡིན་པས་གཟུགས་རིས་ལས་ཡི་གེ་དང་སྒྲ་མིན་པ་ཤེས་པར་བྱའོ།།
ཤ་ཥ་ས་ལ་ཡང་ནའོ། །ཞེས་པའི་དོན་ནི། ཕ་རོལ་དུ་ཤ་ཥ་ས་གསུམ་གྱི་ཡི་གེ་ཡོད་ན་ཚུ་རོལ་གྱི་རྣམ་བཅད་དེ་ཕ་རོལ་གང་ཡོད་དེའི་གཟུགས་སུ་ཡང་ན་འགྱུར་ལ་ཡང་ན་མི་འགྱུར་བ་ཡིན་ཞིང་། དེ་ཡང་ཕ་རོལ་ཤ་ལ་རྣམ་བཅད་ཤ་དང་། ཕ་རོལ་ཥ་ལ་རྣམ་བཅད་ཥ་དང་། ཕ་རོལ་ས་ལ་རྣམ་བཅད་ས་རུ་འགྱུར་བ་ཡིན་ནོ།།
དཔེར་ན་ཀཿ ཤེ་ཏེ་ཞེས་པ་ལ། རྣམ་བཅད་ཕ་རོལ་གྱི་ཤ་ཡིག་དང་འདྲ་བའི་ཤ྄་སྲོག་མེད་དུ་གྱུར། དྲངས་པས་ཀ་ཤྴེ་ཏེ་དང་། ཀཿ ཥ་ཌེ་ཞེས་པ་ལ། རྣམ་བཅད་ཕ་རོལ་ཥ་དང་འདྲ་བའི་ཥ྄་ཡིག་ཏུ་གྱུར། དྲངས་པས་ཀ་ཥཥ་ཌེ་་དང་། ཀཿ སཱ་དྷུ་ཞེས་པ་ལ། རྣམ་བཅད་ཕ་རོལ་ས྄་ཡིག་ཏུ་གྱུར། དྲངས་པས་ཀསྶ་དྷུ་ཞེས་གྲུབ་པ་ལྟ་བུ་སྟེ། དེ་གསུམ་ལས་སྔ་མ་སུ་ཉལ་ཞེས་དང་། བར་བ་དུམ་བུ་གང་ཞེས་དང་། ཕྱི་མ་གང་ལེགས་ཞེས་པའི་དོན་ཡིན་པར་གསུངས་སོ།།
སྒྲ་ཀ་ལཱ་པར། ཕ་རོལ་ཙ་དང་ཚ་ལ་རྣམ་བཅད་ཤ་དང་། ཕ་རོལ་ཊ་དང་ཋ་ལ་རྣམ་བཅད་ཥ་དང་། ཕ་རོལ་ཏ་དང་ཐ་ལ་རྣམ་བཅད་ས་རུ་འགྱུར་པས་ཕ་རོལ་གྱི་ཡི་གེ་དྲུག་དང་འཕྲད་དབང་གིས་རྣམ་འགྱུར་མི་འདྲ་བར་གསུངས་ཀྱང་། འདིར་ནི་རྣམ་བཅད་སར་བསྡུས་ཤིང་། དེ་ཡང་སར་གྱུར་ཟིན་པ་དེ་ཕ་རོལ་ཙ་ཚ་མཐོང་ན་རྣམ་བཅད་ཤ་དང་། ཊ་ཋ་ལ་ཥ་རུ་འགྱུར་པའི་རྣམ་གྲངས་ཀྱང་མཆིས་པར་བཤད་དོ།།
ཀུ་པུ་དག་ལ་་ཀྈ་ ྉཔ་དག་ཡང་ནའོ། །ཞེས་པ་ནི། ཚུ་རོལ་གྱི་རྣམ་བཅད་ཀྱིས་ཕ་རོལ་གྱི་ཀུ་སྟེ་ཀ་སྡེ་དང་པུ་སྟེ་པ་སྡེའི་ཡི་གེ་གང་རུང་མཐོང་ན་རྣམ་བཅད་རང་ཉིད་ཀྈ་ ྈྑ -ྉྤ -ྉཕ་ཞེས་པའི་ཡི་གེར་ཡང་ན་འགྱུར་ཞིང་ཡང་ན་མི་འགྱུར་བར་རང་སོར་གནས་པ་ཡིན་ཞེས་པ་སྟེ། དེ་ཡང་རྣམ་བཅད་ཀྱི་ཕ་རོལ་དུ་ཀ་སྡེ་བྱུང་ན་རྣམ་བཅད་དེ་ཀྈ་དང་། པ་སྡེ་བྱུང་ན་རྣམ་བཅད་དེ་ ྉྤ་ྉྥ་ ་རུ་འགྱུར་བ་ཡིན་ནོ།།
དཔེར་ན་ཀཿ ཀ་རོ་ཏི་བཞག་ན། རྣམ་བཅད་འགྱུར་བས་འདི་ཀྈ་ཀ་རོ་ཏི་ཞེས་པ་གྲུབ་ཅིང་གང་བྱེད་དམ་ཞེས་པ་སྟེ། དེ་ཡང་དེ་ལ་ཀྈ་འདི་ཉིད་ཀྱི་འོག་གི་ཀ་ཡིག་བརྗོད་དོན་ཡིན་པས་ཕྱིས་ནས་དེའི་སྟེང་གི་ཌ་མ་རུ་ལྟ་བུ་དེ་ཕ་རོལ་གྱི་ཀ་གཉིས་པ་དེའི་སྟེང་དུ་དྲངས་ནས་ཀྈ་རོ་ཏི་གྲུབ་པ་ཡིན་པར་གསུངས་སོ།།
དེ་བཞིན་དུ་པ་སྡེ་མཐོང་བའི་དཔེ་ནི། ཀཿ པ་ཋ་ཏི་བཞག་ན། རྣམ་བཅད་ཀྱིས་པ་སྡེ་མཐོང་བས་ྉྤ་ ་རུ་གྱུར། ཀ་་ྉྤ ་པ་ཋ་ཏི་ཀཿ ཞེས་པར་གནས་པ་ལ། མྱོས་བུམ་ལྟ་བུའི་འོག་གི་པ་ཡིག་བརྗོད་དོན་ཡིན་པས་ཕྱིས་ནས་མྱོས་བུམ་ལྟ་བུ་པ་ཡིག་ཕྱིར་དྲངས་ན། ཀ་ྉྤ ་ཋ་ཏི་ཞེས་པ་གྲུབ་ཅིང་གང་ཀློག་པར་བྱེད་ཅེས་པའོ།།
འདི་དག་ལ་ལྕེ་རྩ་ཅན་དང་མཆུ་ཅན་གྱི་ཡི་གེ་ཞེས་བྱ་ཞིང་ཡི་གེ་ལོགས་པ་ཞིག་མ་ཡིན་པར་དྲོ་བའི་ཡི་གེའི་ནང་ཚན་ཥ་ཡིག་གི་རྣམ་འགྱུར་ཡིན་པར་བཤད་ལ། བོད་རྣམས་ཀྱིས་ཀོ་ཧ་པོ་ཧ་ཞེས་པའམ་ཀོ་པོ་ཞེས་འབོད་པ་དང་། དེ་བཞིན་དུ་ཀྈ་ ྈྐྈྑ་ འདི་གཉིས་ཌ་མ་རུ་དང་། ྉྤ་ྉྥ་ འདི་གཉིས་གླང་ཆེན་མྱོས་བུམ་ལྟ་བུའི་ཡི་གེ་ཞེས་འབོད་ཅིང་། ཀྈྑ ་ྉྥ་ འདི་གཉིས་སྔ་མ་ྈྐ་་ དང་འདྲ་བ་དང་། ཕྱི་མ་ྉྤ ་དང་འདྲ་ཞིང་འབོད་ཚེ་ཁོ་ཧ་ཕོ་ཧ་ཞེས་བརྗོད་པར་བཤད་ལ། བདག་གི་སློབ་དཔོན་པཎྜི་ཏ་པྲ་ཛྙཱའི་མཚན་ཅན་གྱིས་ཀོ་ཝ་ཁོ་ཝ་ཞེས་བཀླགས་པའང་ཐོས་སོ།།
དཔེར་ན་སྔ་མ་ལ་ཀཿ ཁ་ལུཿ བཞག་ན། རྣམ་བཅད་ ་ྈྑ ་ རུ་གྱུར། ཀ་ཕྱིས། སྟེང་མ་དྲངས་པས་ཀ ྈྑ་ ལུཿ ཞེས་པ་དང་། ཕྱི་མ་ལ་ཀཿ ཕ་ལ་ཏི་བཞག་ན། རྣམ་བཅད་ྉྥ་ ་རུ་གྱུར། ཨ་ཕྱིས། སྟེང་མ་དྲངས་པས་ཀ ་ྉྥ་ལ་ཏི་ཞེས་གྲུབ་པ་ལྟ་བུའོ།།
བཱ་ཙའི་པ་ཏི་ལ་སོགས་པ་རྣམས་སོ། །ཞེས་པ་ནི། བཱ་ཙ་ལ་སོགས་པའི་མཐའི་རྣམ་བཅད་དེ་པ་ཏི་ལ་སོགས་པ་ཕ་རོལ་ལ་མིང་གི་སྒྲ་བརྗོད་པ་བྱུང་ན་ས྄་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་བཱ་ཙཿ པ་ཏི་ཞེས་པ་ལ། རྣམ་བཅད་ས྄་རུ་གྱུར་པ་དྲངས་པས་བཱ་ཙསྤ་ཏི་ཞེས་པ་གྲུབ་པ་སྟེ་སྨྲ་བའི་བདག་པོ་ཞེས་པའི་དོན་ནོ། །དེ་བཞིན་དུ་བ་ནཿ པ་ཏིཿ ཞེས་པ་ལ། བ་ནསྤ་ཏིཿ ཞེས་པ་གྲུབ་ཅིང་སེངྒེའམ་སྔོ་ལྡུམ་གྱི་དོན་ནོ།།
ཨ་ཧན྄་གྱི་རཱ་ཏྲྀ་མ་ཡིན་པ་ལ་ར྄འོ། །ཞེས་པ་ནི། ཚུ་རོལ་ཨ་ཧན྄་ཚིག་ཏུ་གྲུབ་པ་ཨ་ཧཿ ཞེས་པའི་རྣམ་བཅད་དེ་ཕ་རོལ་དུ་རཱ་ཏྲི་རཱུ་པ་ར་ཐནྟ་ར་ལ་སོགས་པ་མ་གཏོགས་པའི་ཧ་བའི་ཡི་གེ་གང་བྱུང་ཡང་ར྄་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་ཨ་ཧཿ པ་ཏིཿ བཞག་ན། ཐོག་མར་ཨ་ཧཿ ཞེས་པ་བསྒྲུབ་ན་འདི་ལྟར་ཏེ། ཨ་ཧན྄་ལ་རྣམ་དབྱེ་དང་པོ་སི་བྱིན། ཨ་ཧན྄་སི་ཞེས་པར་གྱུར་པས་ཨ་ཧན྄་སི་པ་ཏིཿ ཞེས་པར་གནས། འོག་གི་ཧ་སའི་མཐའ་ཅན་གྱི་མ་ནིང་གི་རྟགས་ཀྱི་ལེའུ་ལས། ཨ་ཧན྄་གྱིས་སོ། །ཞེས་ཨ་ཧན྄་ཚུ་རོལ་དུ་ཡོད་པ་ལ་ཕ་རོལ་དུ་རྣམ་དབྱེ་དང་པོའི་དང་པོ་སི་བྱིན་ལ་སོགས་པ་དང་ན་ར་ས་ཡི་ཡི་གེ་བྱུང་ན་ཧ་མཐའི་ན྄་ཡིག་ས྄་ཡིག་ཏུ་འགྱུར་པར་བཤད་པས་ན྄་ཡིག་གིས་རྣམ་དབྱེ་སི་མཐོང་པས་ས྄་ཡིག་ཏུ་གྱུར། ཨ་ཧས྄་སི་ཞེས་པར་གྱུར་པ་ལ། མ་ནིང་གི་རྟགས་དབྱངས་མཐའ་ཅན་གྱི་ལེའུ་ལས། མ་ནིང་ལས་སི་ཨམ྄་དང་འཇིག་གོ །ཞེས་ཕ་རོལ་གྱི་རྣམ་དབྱེ་དང་པོའི་སི་དང་གཉིས་པའི་ཨམ྄་དག་འཇིག་འགྲོ་བར་བཤད་པས་རྣམ་དབྱེ་སི་འཇིག་པས་ས་སྲོག་གི་ཨི་ཡིག་འཇིག་སྟེ་མེད་པར་གྱུར་ཅིང་ས྄་སྲོག་མེད་ཤུལ་དུ་ལུས་པས། དེ་ནས་ཨ་ཧ་ས྄་པ་ཏིཿ ཞེས་པར་གྱུར། འོག་ཏུ་ས྄་ར྄་དག་གི་རྣམ་བཅད་དོ། །ཞེས་པས་ས྄་རྣམ་བཅད་དུ་གྱུར་པས་ཨ་ཧཿ བྱུང་། དེ་ནས་རྣམ་བཅད་ཀྱིས་ཕ་རོལ་གྱི་པ་ཡིག་མཐོང་པས་ར྄་རུ་སོང་། ཨ་ཧ་ར྄་པ་ཏིཿ ཞེས་པར་གྱུར། དྲངས་པས་ཨ་ཧརྤ་ཏིཿ ཞེས་པ་གྲུབ། ཉིན་མོའི་བདག་པོ་སྟེ་ཉི་མའོ། །དེ་ཡང་འཇིག་ཅེས་པ་ཡལ་བར་བྱས་པ་ཙམ་ལས་བྱ་བ་གང་ཡང་མེད་པ་ལ་ཟེར་རོ། །ཨ་ཧན྄་ལས་ཨ་ཧཿ དེ་ལྟར་བསྒྲུབས་པ་ཡིན་འདྲ་ཡང་དཔྱད་པར་བྱའོ།།
དེ་བཞིན་དུ་ཨ་ཧཿ ག་ཎཿ བཞག་པ་ལ། ཨ་ཧརྒ་ཎཿ ཞེས་པ་འབྱུང་ཞིང་ཉིན་མོའི་ཚོགས་པ་ཞེས་པའོ། །ཕ་རོལ་ལ་རཱ་ཏྲི་ལ་སོགས་པ་ཡོད་ན་ནི་རྣམ་བཅད་ར྄་རུ་མི་འགྲོ་བར་འོག་ཏུ་འཆད་འགྱུར་ལྟར་རྣམ་བཅད་དེ་ཨུ་རུ་འགྱུར་བ་ཡིན་ནོ།།
ཨ་ལས་ཨ་ལ་ཨུའོ། །ཞེས་པ་ནི། ཚིག་སྔ་མའི་མཐའི་ཨ་ཡིག་གི་འཕྲོར་རྣམ་བཅད་ཡོད་པ་དེ་ཕ་རོལ་ཨ་འཕྲད་ན་ཨུ་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་ཀཿ ཨརྠ་ཞེས་པ་བཞག་ན། ཀའི་འཕྲོའི་རྣམ་བཅད་ཨུ་ཡིག་ཏུ་གྱུར། ཀ་ཨུ་ཨརྠ་ཞེས་པ་ལ། ཀའི་སྲོག་གི་ཨ་ཕྲལ། ཀ྄་ཨ་ཨུ་ཨརྠ་ཞེས་པར་གྱུར། ཨུ་ལ་ཨོའོ། །ཞེས་པས་ཨ་དང་ཨུ་འདུས་པ་ཨོ་རུ་སོང་། ཀ྄་ཨོ་ཨརྠ་ཞེས་པ་གྱུར། ཨེཏ྄་ཨོཏ྄་དག་ལ་ཨཏ྄འོ། །ཞེས་པས་ཕ་རོལ་གྱི་ཨ་དབྱི། དེ་ནས་ཀ྄་སྲོག་མེད་དྲངས་པས་ཀོརྠ་ཞེས་པ་གྲུབ། དེ་ལ་པ་ལཱུ་ཏ་བྱིན་ན་ཀོ྅རྠ་ཞེས་པ་འབྱུང་ཞིང་དོན་གང་ཡིན་ཞེས་པའོ།།
ཧ་བ་ལའོ། །ཞེས་པ་ནི། ཚུ་རོལ་ཨ་ཡིག་གི་མཐའི་རྣམ་བཅད་དེ་ཕ་རོལ་དུ་ཧ་བ་སོ་སོར་བསྡུས་པའི་སྒྲ་ལྡན་དུ་གྲགས་པའི་ཡི་གེ་དང་འཕྲད་ན་ཡང་ཨུ་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་ཀཿ ག་ཏཿ ཞེས་པ་བཞག་ན། རྣམ་བཅད་ཨུ་རུ་གྱུར། ཀའི་སྲོག་ཕྲལ། ཀ྄་ཨ་ཨུ་ག་ཏཿ ཞེས་པ་ལ། ཨུ་ལ་ཨོའོས་ཨ་དང་ཨུ་ཨོ་རུ་བསྒྱུར། དྲངས་པས་ཀོ་ག་ཏཿ ཞེས་པ་གྲུབ་ཅིང་གང་ལ་འགྲོ་ཞེས་པའོ།།
དེ་བཞིན་དུ་དེ་བཿ ཡཱ་ཏི་ཞེས་པ་ལ། རྣམ་བཅད་ཨུ་རུ་གྱུར། བའི་སྲོག་ཕྲལ། དེ་བ྄་ཨ་ཨུ་ཡཱ་ཏི་ཞེས་པར་གྱུར་པ་ལ། ཨ་ཨུ་ཨོ་རུ་གྱུར། དྲངས་པས་དེ་བོ་ཡཱ་ཏི་ཞེས་པ་གྲུབ་ཅིང་ལྷ་ཐོབ་བོ། །ཞེས་པའོ།།
ཨཱ་ལས་ཨ་བ་ལ་དབྱིའོ། །ཞེས་པ་ནི། ཚུ་རོལ་ཨ་མཐའི་རྣམ་བཅད་དེ་ཕ་རོལ་ཨ་བ་སོ་སོར་བསྡུ་བའི་ཡི་གེ་སྒྲ་ལྡན་དུ་གྲགས་པ་དག་དང་འཕྲད་ན་ཁོ་རང་ལུགས་གཅིག་ལ་དབྱི་བ་དང་ལུགས་གཅིག་ལ་མི་དབྱི་བར་གོང་ལྟར་ཨུ་རུ་འགྱུར་བ་ཡིན་ཏེ། དཔེར་ན་དེ་བཱཿ ཨ་ཏྲཿ བཞག་ན། མི་དབྱི་བའི་ལུགས་ལྟར་ན་རྣམ་བཅད་ཨུ་རུ་གྱུར། བཱའི་སྲོག་ཕྲལ། ཨ་ཨུ་ཨོ་རུ་གྱུར། དྲངས་པས་དེ་བཱོ་ཨ་ཏྲཿ ཞེས་དང་། དབྱི་བའི་ལུགས་ལ་དེ་བཱ་ཨ་ཏྲཿ ཞེས་པ་གྲུབ། ལྷ་འདིར་ཞེས་པའོ།།
དབྱངས་ལ་ཡ྄་ཉིད་ཡང་ནའོ། །ཞེས་པ་ནི། ཚུ་རོལ་ཨ་མཐའི་རྣམ་བཅད་དེ་ཕ་རོལ་དབྱངས་ཨ་དང་འཕྲད་ན་ཡ྄་སྲོག་མེད་དུ་འགྱུར་བའམ་ཡང་ན་མི་འགྱུར་བར་བཤད་མ་ཐག་པ་ལྟར་དབྱི་བར་བྱ་བ་ཡིན་ཏེ། དཔེར་ན་དེ་བཱཿ ཨ་ཏྲཿ ཞེས་པ་བཞག་ན། རྣམ་བཅད་ཡ྄་རུ་སོང་། དེ་ཨ་ལ་དྲངས་པས་དེ་བཱ་ཡ་ཏྲཿ ཞེས་པ་དང་། དབྱི་ན་དེ་བཱ་ཨ་ཏྲཿ ཞེས་པ་ཡིན་ཞིང་ལྷ་རྣམས་འདིར་ཞེས་པའོ།།
འོ་ན་འདི་ནས་ད་དུང་བཱ་ཡིག་གི་སྲོག་གི་ཨ་དང་ཕ་རོལ་གྱི་དབྱངས་ཨ་གཉིས་ཀ་མཚམས་ཅིའི་ཕྱིར་མི་སྦྱོར་ཞེ་ན། ཕྱིས་པ་སླར་མཚམས་མི་སྦྱོར་བ་ཡིན་ཞིང་འདིར་རྣམ་བཅད་ཕྱིས་པ་དང་མཚམས་སྦྱོར་ཟིན་ཡིན་པས་མི་སྦྱོར་བ་ཡིན་པའི་ཕྱིར་རོ།།
བྷོས྄་ལས་སོ། །ཞེས་པ་ནི། ཚུ་རོལ་དུ་བྷོས྄་དང་། བྷ་གོས྄་དང་། ཨ་གྷོས྄་རྣམས་ཀྱི་རྣམ་བཅད་ནི་ཕ་རོལ་དུ་ཨ་བ་སོ་སོར་བསྡུས་པའི་ཡི་གེ་དང་འཕྲད་ན་དབྱི་བར་བྱེད་དགོས་པ་ཡིན་ཏེ། དཔེར་ན་བྷོཿ ཨེ་ཧི་ཞེས་བཞག་ན།
རྣམ་བཅད་ཕྱིས་པས་བྷོ་ཨེ་ཧི་ཞེས་པ་གྲུབ་ཅིང་ཀྱེ་འདིར་བྱོན་ཅེས་པའོ།།
བྷོས྄་དང་བྷ་གོས྄་དང་ཨ་གྷོས྄་ཞེས་པ་ནི་དེ་དག་གི་མཐའི་ས྄་སྲོག་མེད་རྣམ་བཅད་དུ་སོང་བའི་དོན་གྱིས་ན་དེ་ལྟར་སྨོས་པ་ཡིན་ནོ།།
དེ་ཡང་དེ་དག་གི་རྗེས་ཀྱི་ས྄་དབྱངས་མེད་རྣམ་བཅད་དུ་འགྲོ་ཚུལ་ནི། མཚམས་སྦྱོར་ལྔ་བ་རྫོགས་མ་ཐག་གི་སྐྱེས་པའི་རྟགས་དབྱངས་ཅན་གྱི་ལེའུའི་དབུར་ས྄་ར྄་དག་གི་རྣམ་བཅད་དོ། །ཞེས་པས་བྱིངས་མཐའ་མ་ཡིན་པའི་ཚིག་གི་མཐའ་ཡིན་ན་ཕ་རོལ་དུ་ཡི་གེ་གཞན་མེད་ཀྱང་ཚིག་མཐའི་ས྄་ར྄་སྲོག་མེད་རྣམ་བཅད་དུ་འགྱུར་བ་དང་། མིང་མཐའ་ཙམ་ཡིན་ན་ཕ་རོལ་ར་ས་སོ་སོ་བསྡུ་བའི་ཡི་གེ་སུམ་ཅུ་པོ་གང་ཡོད་ཀྱང་མིང་མཐའི་ས྄་ར྄་གཉིས་པོ་རྣམ་བཅད་དུ་འགྱུར་པ་ཡིན་པའི་དོན་ཡིན་ཏེ། དཔེར་ན་བྷོས྄་ཨེ་ཧི་བཞག་ན། ཚིག་མཐའ་ཡིན་ཞིང་དེ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་སྦྱིན། སི་ཡལ། ས྄་རྣམ་བཅད་བྱས་པས་བྷོཿ ཨེ་ཧི་དང་། བྷོས྄་ན་མ། དེ་ལའང་སི་སྦྱིན། སི་ཡལ། ས་རྣམ་བཅད། ན་ཡིག་ཨ་བ་སོ་སོ་བསྡུ་བའི་ཡི་གེ་ཡིན་པས་རྣམ་བཅད་དབྱི། དེ་ནས་བྷོ་ན་མ་སྟེ་སྐལ་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པའོ།།
གྷོས྄་ཡ་ཧི། དེ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་སྦྱིན། སི་དབྱི། ས྄་རྣམ་བཅད་དུ་གྱུར་པས་གྷོཿ ཡ་ཧི་ཞེས་པ་གྲུབ། ཇོ་བོ་བཞུད་ཅིག་ཅེས་པའོ།།
ནཱ་མི་ལས་ར྄འོ། །ཞེས་པ་ནི། ཚུ་རོལ་གྱི་ཨ་ཨཱ་གཉིས་སྤངས་པའི་ནཱ་མིའི་ཡི་གེའི་མཐའི་རྣམ་བཅད་དེ་ཕ་རོལ་དུ་ཨ་བ་སོ་སོ་བསྡུ་བའི་ཡི་གེ་ཡོད་ན་ར྄་སྲོག་མེད་དུ་འགྱུར་བ་ཡིན་ཏེ། དཔེར་ན་ཨགྣིཿ ཨ་ཏྲཿ ཞེས་པ་བཞག་ན། རྣམ་བཅད་ཀྱིས་ཕ་རོལ་དུ་ཨ་བའི་ཡི་གེ་ཨ་མཐོང་བས་ར྄་སྲོག་མེད་དུ་གྱུར། ཨགྣི་ར྄་ཨ་ཏྲཿ ཞེས་པར་གནས། དེ་ཕ་རོལ་ཨ་ཐོག་ཏུ་དྲངས་པས་ཨགྣི་ར་ཏྲཿ ཞེས་པ་གྲུབ། མེ་འདིར་ཞེས་པའོ།།
ཡང་པ་ཊུཿ ཡ་ཛ་ཏེ་བཞག་ན། རྣམ་བཅད་ར྄་རུ་གྱུར། ཡ་གཉིས་སུ་གྱུར་པ་དྲངས་པས་པ་ཊུ་རྱཡ་ཛ་ཏེ་ཞེས་པ་གྲུབ། མཁས་པ་ལྷ་མཆོད་ཅེས་པའོ།།
ཨུ་ཥས྄་ཀྱི་བུ་དྷ་ལ་ར྄འོ། །ཞེས་པ་ནི། ཨུ་ཥས྄་ཀྱི་ཚིག་མཐའི་རྣམ་བཅད་དེ་ཕ་རོལ་དུ་ནཱ་མིའི་ཡེ་གེ་ཡོད་པ་མིན་ཡང་བུད་དྷ་ལྟ་བུ་ཡོད་ན་ཡང་ར྄་རུ་འགྱུར་ཏེ། དཔེར་ན་ཨུ་ཥས྄་བུད་དྷཿ ཞེས་པའི་ས྄་རྣམ་བཅད་དུ་གྱུར།དེ་ར྄་ཡིག་ཏུ་གྱུར། དྲངས་པས་ཨུ་ཥརྦུདྡྷཿ ཞེས་པ་གྲུབ། སྔོན་ནས་གསལ་བ་སྟེ་མེ་འབར་བའི་དོན་ལགས་ཤིང་།
ཨུ་ཥས྄་ཀྱི་བུ་དྷ་ལ་ར྄འོ། །ཞེས་པ་འདི་ནི་ཁ་སྐོང་གི་མདོ་ཡིན་པར་བཤད་དོ།།
རེ་ཕའི་རང་བཞིན་ཅན་ནི་ཁ་པ་ལ་ཡང་ནའོ། །ཞེས་པ་ནི། ར྄་དབྱངས་མེད་རྣམ་བཅད་དུ་སོང་བ་དེ་ལ་རེ་ཕའི་རང་བཞིན་ཅན་ཏེ་ར྄་ཡིག་ལས་བྱུང་བའི་རྣམ་བཅད་ཟེར་ལ། དེས་ཕ་རོལ་དུ་ཁ་པའི་ཡི་གེའི་སྡེ་བ་དང་པོ་དག་མཐོང་ན་ར྄་རུ་འགྱུར་བའམ་ཡང་ན་མི་འགྱུར་བར་ཕ་རོལ་དང་སྦྲེལ་ནས ་ྈྐ་ྉྤ་ རུ་འགྱུར་བ་ཡིན་ཏེ། དཔེར་ན་གཱིཿ པ་ཏིཿ ཞེས་པ་བཞག་ན། རྣམ་བཅད་ཀྱིས་ཕ་རོལ་ཁ་པའི་པ་ཡིག་མཐོང་བས་ར྄་རུ་གྱུར། དེ་དྲངས་པས་གཱིརྤ་ཏིཿ ཞེས་པ་གྲུབ། ཡང་ན་རྣམ་བཅད་ཥ྄་ཡིག་ཏུ་གྱུར་པའམ་པ་དང་སྦྲེལ་ནས་ྉྤ་ ཡིག་ཏུ་གྱུར། དེ་ནི་སྨྲ་བའི་བདག་པོ་སྟེ་འཇམ་དཔལ་དབྱངས་ལྟ་བུ་ལ་གོའོ།།
ར་ལས་སོ། །ཞེས་པ་ནི། ཚུ་རོལ་གྱི་ར྄་ལས་བྱུང་བའི་རྣམ་བཅད་དེ་ཕ་རོལ་དུ་ནཱ་མི་མིན་ཡང་ཨ་བ་སོ་སོར་བསྡུ་བའི་ཡི་གེ་ཡོད་ན་ར྄་ཡིག་ཏུ་འགྱུར་བ་ཡིན་ཏེ། དཔེར་ན་པྲཱ་ཏཱཿ ཨ་ཏྲཿ ཞེས་པ་བཞག་ན། རྣམ་བཅད་ཀྱིས་ཨ་མཐོང་བས་ར྄་རུ་གྱུར། དེ་དྲངས་པས་པྲཱ་ཏཱ་ར་ཏྲཿ ཞེས་པ་གྲུབ། ཐོ་རེངས་ཞེས་པའོ།།
ར་ལ་དབྱི་སྟེ་རིང་པོ་ཡང་ངོ་། །ཞེས་པ་ནི། ར྄་ཡིག་ལས་བྱུང་བའི་རྣམ་བཅད་དེ་ཕ་རོལ་ར་ཡིག་དང་འཕྲད་ན་དེ་ར྄་རུ་འགྱུར་བ་དང་དེ་དབྱི་ཞིང་རྣམ་བཅད་ཀྱི་སྔོན་གྱི་དབྱངས་དེ་ཡང་རིང་པོར་འགྱུར་བ་ཡིན་ཏེ། དཔེར་ན་པུ་ནཿ ར་མ་ཏེ་ཞེས་པ་ལ། རྣམ་བཅད་ར྄་རུ་གྱུར། ར྄་ཡིས་ར་མཐོང་བས་ར྄་སྔ་མ་དབྱི་དགོས་པས་དེ་ཕྱིས་པ་དང་། དབྱངས་སྔ་མ་རིང་པོར་གྱུར་པས་པུ་ནཱ་ར་མ་ཏེ་ཞེས་པ་གྲུབ་ཅིང་སླར་ཡང་རྩེད་མོ་བྱེད་ཅེས་པའི་དོན་ནོ།།
ས་དང་ཨེ་ཥ་ལས་ཧ་ས་ལའོ། །ཞེས་པ་ནི། ཚུ་རོལ་དུ་ས་ཡིག་དང་ཨེ་ཥའི་མིང་ཡོད་པའི་མཐའི་རྣམ་བཅད་དེ་ཕ་རོལ་ལ་ཧ་ས་སྟེ་གསལ་བྱེད་གང་ཡོད་ཀྱང་རྣམ་བཅད་དབྱི་དགོས་པ་ཡིན་ཏེ། སཿ ཙ་ར་ཏི་ཞེས་པ་ལ། རྣམ་བཅད་ཕྱིས་པས་ས་ཙ་ར་ཏི་ཞེས་པར་གྱུར་ཅིང་དེ་འགྲོ་དང་། དེ་ཟའོ་དང་། དེ་སྤྱོད་དོ་ཞེས་པའོ།།
ཨེ་ཥཿ ས་ཧ་ཏི་ཞེས་པ་ལ། རྣམ་བཅད་མི་སྣང་བར་བྱས་ན་ཨེ་ཥ་ས་ཧ་ཏི་ཞེས་པ་སྟེ་དེ་ལ་ཕན་པ་དང་དེ་དང་འགྲོགས་པའོ་ཞེས་པའོ།།
སྤྱིར་བཏང་རྣམ་བཅད་ཕྱིས་པ་སླར་མཚམས་མི་སྦྱོར་མོད་དཔེར་ན་དེ་འདིར་ཞེས་པའི་སྐད་དོད་སཻ་ཥ་ཞེས་པ་ལྟ་བུ་སྡེབས་སྦྱོར་དང་ཚིགས་བཅད་ཀྱི་རྐང་བ་མ་འགྲིག་པ་ལ་སོགས་པ་བྱུང་ན་དམིགས་བསལ་དགོས་པའི་དབང་གིས་ངེས་ཚིག་དང་གསང་ཚིག་གི་སྒོས་མཚམས་སྦྱོར་ཡང་ཆོག་པ་ཡིན་པས་སྤྱིར་བཏང་སྒྲ་དང་འགལ་ཡང་དམིགས་བསལ་མི་འགལ་བའི་ཁྱད་པར་ཤེས་པར་བྱའོ།།
དཔེར་ན་སཿ ཨེ་ཥ་ཞེས་པའི་རྣམ་བཅད་ཕྱིས་རྗེས་ས་ཨེ་ཥ་ཞེས་པར་གྱུར་པ་ལ་ཕྱིས་ཤུལ་ཡིན་པས་སྤྱིར་བཏང་མཚམས་མི་སྦྱར་མོད། དགོས་པ་བྱུང་ན་སའི་སྲོག་གི་ཨ་ཕྲལ། ས྄་ཨ་ཨེ་ཥ་ཞེས་པ་ལ། ཨེ་དང་ཨཻ་ལ་ཨཻའོ། །ཞེས་པས་ཨ་ཨེ་གཉིས་གཅིག་ཏུ་འདུས་ཏེ་ཨཻ་ཀེ་ཤ་ཅན་དུ་གྱུར། ས྄་སྲོག་མེད་དྲངས་པས་སཻ་ཥ་ཞེས་པ་གྲུབ་སྟེ། དེ་འདིར་ཞེས་པའོ།།
དེ་ཡང་སྒྲ་གཞུང་ལ་བརྟེན་ནས་མ་ཐོབ་པ་ཐོབ་པ་དང་ཐོབ་པ་འགོངས་པ་ནི་ངེས་ཚིག་གི་སྒྲུབ་པ་ཞེས་བྱ་ལ། རིག་བྱེད་ལ་བརྟེན་ནས་མ་ཐོབ་པ་ཐོབ་པ་དང་ཐོབ་པ་འགོངས་པ་ནི་གསང་ཚིག་གི་སྒྲུབ་པ་ཞེས་བྱ་ཞིང་། གསང་ཚིག་གི་སྒྲུབ་པ་ནི་བྱིངས་སྒྲུབ་ཀྱི་སྐབས་སུ་བྱེད་པ་ཉུང་མོད་མཚམས་སྦྱོར་དང་སི་སོགས་ཀྱི་སྐབས་སུ་ནི་མང་བ་ཡིན་པར་གསུངས་སོ།།
དེ་ཡན་གྱིས་རྣམ་བཅད་ཀྱི་མཚམས་སྦྱོར་བཤད་ཟིན་ལ། དབྱངས་ཅན་གྱི་མདོའི་གཞུང་ནས་བཤད་པའི་མཚམས་སྦྱོར་ལྔ་བ་རྫོགས་སོ། །ཞེས་གསུངས་པ་ལྟར་མིང་དབྱངས་རང་བཞིན་གསལ་བྱེད་རྣམ་བཅད་དེ་ལྔ་བོ་ལ་མཚམས་སྦྱོར་ལྔ་བ་ཞེས་སྒྲ་སློབ་པའི་སྔོན་དུ་འགྲོ་དགོས་པ་ཡིན་ནོ།།
ཞར་བྱུང་འདི་འོག་དེ་མ་ཐག་ནས་བྱུང་བའི་ལེའུ་ལས་བསྟན་པའི་རྣམ་དབྱེ་སི་སོགས་ངོས་འཛིན་ཙམ་སྒྲ་གཞུང་ཡོངས་ལ་འཇུག་པའི་རྟེན་འགྲེལ་དུ་བརྗོད་ན། སྤྱིར་བཏང་སྒྲ་ནི་རྐྱེན་དང་རང་བཞིན་རྣམ་འགྱུར་གསུམ་གྱིས་བརྗོད་པ་དག་པར་བྱེད་པའི་བརྡ་སྤྲོད་ཀྱི་ལུགས་ཤིག་ཡིན་ཞིང་། དེ་ཡང་མཚམས་སྦྱོར་ནི་གོང་དུ་སྨོས་པ་ལྟར་མིང་ཚིག་ཏུ་གྲུབ་ཟིན་པ་དེ་ཡི་གེ་ཉུང་བ་ལ་སོགས་པའི་ཆེད་དུ་བྱུང་བ་ཡིན་པ་དང་། བྱིངས་ལ་ཀྲིཏ྄་མཐའ་རྐྱེན་བྱིན་པས་བྱིངས་ལས་འགྱུར་ཏེ་མིང་དུ་གྲུབ་པ་དང་། དེ་ལ་སི་སོགས་ཏི་སོགས་ཀྱི་རྣམ་དབྱེའི་རྐྱེན་མ་བྱིན་པ་ལ་རྟགས་ཞེས་བྱ་ཞིང་མིང་དངོས་ཡིན་པས་རྣམ་དབྱེ་མེད་པའམ་མི་ལྡན་པར་ཀྲིཏ྄་དང་དེ་ཕན་དང་ཚིག་སྡུད་ཀྱི་མཐའ་ཅན་དེ་ལ་ནི་མིང་དང་། རྟགས་ལ་ཡང་ཕོ་མོ་མ་ནིང་གི་རྟགས་གསུམ་དུ་དབྱེ་བ་དང་། ཕོ་མོ་མ་ནིང་གི་དོན་ཡང་གཙོ་བོ་དངོས་པོའི་སྒོ་ནས་ཕྱེ་བ་ཡིན་ནོ།།
མདོ་འདིར་དེ་འདྲའི་མིང་སྒྲུབ་ཚུལ་ནི་སྐྱེས་པའི་རྟགས་མཐའ་ཅན་དང་། བུད་མེད་ཀྱི་རྟགས་མཐའ་ཅན་དང་། མ་ནིང་གི་རྟགས་མཐའ་ཅན་དང་། སྐྱེས་པའི་རྟགས་ཧ་སའི་མཐའ་ཅན་དང་། བུད་མེད་ཀྱི་རྟགས་ཧ་སའི་མཐའ་ཅན་དང་། མ་ནིང་གི་རྟགས་ཧ་སའི་མཐའ་ཅན་དང་། བརྗོད་པའི་རྟགས་ཡུཥྨད་ཨསྨད་དང་། མི་ཟད་པའི་སྡེ་ཚན་དང་། བུད་མེད་ཀྱི་རྐྱེན་དང་། བྱེད་པ་ཅན་དང་། ཚིག་སྡུད་དང་། དེ་ཕན་གྱི་ལེའུ་བཅས་ལེའུ་བཅུ་གཉིས་ཀྱིས་བསྟན་པ་དང་། མིང་མཐར་སི་སོགས་ཀྱི་རྐྱེན་བྱིན་ཟིན་པ་དང་། བྱིངས་མཐར་ཏི་སོགས་ཀྱི་རྐྱེན་བྱིན་ཟིན་པ་དེ་ནི་ཚིག་ཡིན་པས་རྣམ་དབྱེའི་མཐའ་ཅན་དེ་ནི་ཚིག་གོ།
ཚིག་གི་ནང་དུ་མིང་ཡོད་ཀྱང་མིང་རྐྱང་བ་དང་། རྟགས་ཁོ་ན་མ་ཡིན་ལ། སྤྱིར་བཏང་བྱིངས་ལས་མིང་དང་མིང་ལས་ཚིག་ཏུ་བསྒྲུབ་པ་ཡིན་མོད། རྣམ་དབྱེ་ཏི་སོགས་ཀྱིས་ནི་ཕལ་ཆེར་མིང་ལ་མ་བརྒྱུད་པར་བྱིངས་ལས་ཚིག་ཏུ་བསྒྲུབས་པ་ཡིན་པས་ཚིག་ཡིན་ན་མིང་ལ་རྣམ་དབྱེའི་རྐྱེན་བྱིན་པ་ལས་བྱུང་བ་ཁོ་ན་ཡིན་མི་དགོས་སོ།།
དེས་ན་རྣམ་དབྱེའི་མཐའ་ཅན་ནི་ཚིག་དང་བྱིངས་ཏེ། རྣམ་དབྱེ་སི་སོགས་ཉེར་གཅིག་པོ་ཚིག་མཐར་དང་། ཏི་སོགས་བརྒྱ་དང་བརྒྱད་ཅུ་པོ་བྱིངས་མཐའ་ལ་སྦྱོར་བ་ཡིན་པས་འདིར་སི་སོགས་ངོས་བཟུང་ན་འདི་ལྟ་སྟེ། རྣམ་དབྱེ་བདུན་ལས། རྣམ་དབྱེ་དང་པོ་ལ་གཅིག་ཚིག་དང་། གཉིས་ཚིག་དང་། མང་ཚིག་སྟེ་གསུམ་ཡོད་པ་དང་།དེ་བཞིན་དུ་གཞན་རྣམས་ལ་ཡང་དེ་ལྟར་རེ་རེ་ལ་གསུམ་རེ་ཡོད་པས་ཉེར་གཅིག་ཡོད་དོ།།
དེ་ཡང་རྣམ་དབྱེ་དང་པོའི་གཅིག་ཚིག་ནི་སི་དང་། གཉིས་ཚིག་ཨཽ་དང་། མང་ཚིག་ཛས྄་དང་། རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་དང་། གཉིས་ཚིག་ཨཽ་དང་། མང་ཚིག་ཤས྄་དང་། རྣམ་དབྱེ་གསུམ་པའི་གཅིག་ཚིག་ཊཱ་དང་། གཉིས་ཚིག་བྷྱཱམ྄་དང་། མང་ཚིག་བྷིས྄་དང་། རྣམ་དབྱེ་བཞི་བའི་གཅིག་ཚིག་ངེ་དང་། གཉིས་ཚིག་བྷྱཱམ་དང་། མང་ཚིག་བྷྱས྄་དང་། རྣམ་དབྱེ་ལྔ་བའི་གཅིག་ཚིག་ང་སི་དང་། གཉིས་ཚིག་བྷྱཱམ྄་དང་། མང་ཚིག་བྷྱཱས྄་དང་། རྣམ་དབྱེ་དྲུག་པའི་གཅིག་ཚིག་ངས྄་དང་། གཉིས་ཚིག་ཨོས྄་དང་། མང་ཚིག་ཨཱམ྄་དང་། རྣམ་དབྱེ་བདུན་པའི་གཅིག་ཚིག་ངི་དང་། གཉིས་ཚིག་ཨོས྄་དང་། མང་ཚིག་སུཔ྄་རྣམས་ཡིན་ཏེ། དབྱངས་ཅན་སྒྲ་མདོ་རང་གཞུང་ལས། སི་ཨཽ་ཛས྄། ཨམ྄་ཨཽ་ཤས྄། ཊཱ་བྷྱཱཾ་བྷིས྄། ངེ་བྷྱཱཾ་བྷྱས྄། ང་སི་བྷྱཱཾ་བྷྱས྄། ངས྄་ཨོས྄་ཨཱམ྄། ངི་ཨོས྄་སུཔ྄་རྣམས་སོ། །ཞེས་གསུངས་པའི་ཕྱིར་རོ།།
འདི་དག་སྒྲ་གཞུང་གཞན་རྣམས་ལས་ཀྱང་གཅིག་པར་གསུངས་ཏེ། ཀ་ལཱ་པའི་མདོ་ལས། སི་ཨཽ་ཛས་དང་པོའོ། །ཨམ་ཨཽ་ཤས་གཉིས་པའོ། །ཊཱ་བྷྱཱམ་བྷིས་གསུམ་པའོ། །ངེ་བྷྱཱམ་བྷྱས་བཞི་པའོ། །ང་སི་བྷྱཱམ་བྷྱས་ལྔ་པའོ། །ངས་ཨོས་ཨཱམ་དྲུག་པའོ། །ངི་ཨོས་སུཔ྄་བདུན་པའོ། །ཞེས་དང་། སྒྲ་པཱ་ཎི་བ་ལས་ཀྱང་། སུ་ཨཽ་ཛས། ཨམ་ཨཽཊ་ཤས། ཊཱ་བྷྱཱམ་བྷིས། ངེ་བྷྱཱམ་བྷྱས། ང་སི་བྷྱཱམ་བྷྱས། ངས་ཨོས་ཨཱམ། ངི་ཨོས་སུཔ྄། རྣམ་དབྱེའོ། །ཞེས་དང་། ལུང་སྟོན་པ་ཙནྡྲ་བའི་མདོ་ལས། སུ། ཨཽ། ཛས། ཨམ། ཨཽཊ། ཤས། ཊཱ། བྷྱཱམ། བྷིས། ངེ་། བྷྱཱམ། བྷྱས། ང་སི། བྷྱཱམ། བྷྱས། ངས། ཨོས། ཨཱམ། ངི་། ཨོས། སུཔ་པོ། །ཞེས་གསུངས་པའི་ཕྱིར་རོ།།
འདི་དག་རྣམ་དབྱེ་དང་པོ་ནས་བདུན་པ་བར་གསུམ་གསུམ་འདི་ལྟར་དབྱེ་བ་རྣམས་སྒྲ་གཞུང་འདི་དག་གིས་གསལ་བར་ཤེས་ལ། དེ་བས་ཀྱང་ཁ་གསལ་བ་ནི། ཏི་ལ་སོགས་པའི་མཐའ་གསལ་བའི་རྒྱ་གཞུང་ལས། སི། ཨཽ། ཛས་ཞེས་པ་དང་པོའོ། །ཨམ། ཨཽ། ཤས། ཞེས་པ་གཉིས་པའོ། །ཊཱ། བྷྱཱམ། བྷིས་ཞེས་པ་གསུམ་པའོ། །ངེ་། བྷྱཱམ། བྷྱས་ཞེས་པ་བཞི་པའོ། །ངིས། བྷྱཱམ། བྷྱས་ཞེས་པ་ལྔ་པའོ། །ངས། ཨོས། ཨཱམ་ཞེས་པ་དྲུག་པའོ། །ངི་། ཨོས། སུཔ་ཞེས་པ་བདུན་པའོ་ཞེས་པ་འཇིག་རྟེན་རབ་ཏུ་གྲགས་པས་གྲུབ་པ་དང་པོ་ལ་སོགས་པའི་མིང་ཅན་རྣམས་ཀྱི་གསུམ་པ་བདུན་པོ་རྣམས་དབྱེའོ། །ཞེས་གསུངས་པ་ལྟར་རོ།།
དེ་དག་ལས་རྣམ་དབྱེ་དང་པོའི་དེ་གསུམ་མཚོན་ཙམ་བསྒྲུབ་ན། དེ་བ་ཞེས་པ་ལ་རྣམ་དབྱེ་དང་པོའི་གཅིག་ཚིག་སི་བྱིན། དེ་བ་སི། སིའི་སྲོག་གི་ཨི་བརྗོད་དོན་ཡིན་པས་ཕྱིས་པས་ས྄་སྲོག་མེད་དུ་གྱུར། དེ་བ་ས྄་ཞེས་པ་ལ། ས྄་ར྄་དག་གི་རྣམ་བཅད་དོ། །ཞེས་པས་བྱིངས་མཐའ་མ་ཡིན་པའི་མིང་དང་ཚིག་མཐའ་ལ་རྣམ་དབྱེ་སོགས་ཀྱི་རྐྱེན་གྱིས་ས྄་དང་ར྄་སྲོག་མེད་ཡོད་པ་དེ་རྣམ་བཅད་དུ་འགྱུར་པས་ས྄་རྣམ་བཅད་དུ་གྱུར། དེ་བཿ ཞེས་པ་གྲུབ། ལྷ་ཞེས་པའོ།།
དེ་བ་ལ་རྣམ་དབྱེ་དང་པོའི་གཉིས་ཚིག་བྱིན་ན་དེ་བ་ཨཽ་ཞེས་པ་ལ། ཀ་ལཱ་པ་ལས། རིམ་པ་ལས་མ་འདས་པར་འཕྲལ་བར་བྱའོ། །ཞེས་པས་བའི་སྲོག་གི་ཨ་ཕྲལ། དེ་བ྄་ཨ་ཨཽ་ཞེས་པར་གྱུར་པ་ལ། ཨོ་དང་ཨཽ་ལ་ཨཽའོ། །ཞེས་པས་རྟགས་མཐའི་ཨ་དང་ཨཽ་འདུས་པས་ཨཽ་རིང་པོར་གྱུར། བ྄་སྲོག་མེད་དྲངས་པས་དེ་བཽ་ཞེས་པ་གྲུབ། ལྷ་དག་ཅེས་ལྷ་གཉིས་ལ་གོ།
ཡང་དེ་ལ་མང་ཚིག་བྱིན་ན་དེ་བ་ཛས྄་ཞེས་པ་ལ། ཛ་རྟགས་དོན་ནམ་ཁྱད་དོན་ཡིན་པས་ཛ་ཕྱིས་ཏེ་སྲོག་གི་ཨ་མི་ཕྱི་བར་རང་སོར་བཞག་པས་དེ་བ་ཨས྄་ཞེས་པར་གྱུར། བའི་སྲོག་གི་ཨ་ཕྲལ། དེ་བ྄་ཨ་ཨས྄་ཞེས་པར་གནས་པ་ལ། འདྲ་འདུས་རིང་པོ་གྱུར་པས་དེ་བ྄་ཨཱས྄་། ཞེས་པ་ལ། བ྄་སྲོག་མེད་དྲངས་ཤིང་ས྄་རྣམ་བཅད་བྱས་པས་དེ་བཱཿ ཞེས་པ་གྲུབ། དེ་ནི་ལྷ་རྣམས་ཞེས་པ་སྟེ་མང་ཚིག་ཡིན་ནོ།།
ཡང་དེ་བ་ཞེས་པ་ལ་རྣམ་དབྱེ་གཉིས་པའི་གཅིག་ཚིག་ཨམ྄་བྱིན། དེ་བ་ཨམ྄་ཞེས་པ་ལ། མདོ་རང་ལས། ཨམ྄་ཤས྄་དག་གི་ཨའོ། །ཞེས་པས་བྱིངས་མཐའ་མ་ཡིན་པའི་མིང་མཐའ་ལ་ཕ་རོལ་ཚུ་རོལ་གཉིས་ཀའི་མཐའ་ལ་མཚུངས་པའི་ཡི་གེ་ཡོད་ན་ཕ་རོལ་གྱི་ཨམ྄་ཤས྄་དག་གི་ཨ་ཡིག་དབྱི་དགོས་པར་བཤད་པས་ཨ་དབྱི། དེ་བམ྄་ཞེས་པ་ལ། གོང་སྨོས་ལྟར་མ་རྗེས་སུ་ང་རོ་བྱས་པས་དེ་བཾ་ཞེས་པ་གྲུབ་ཅིང་ལྷ་ལ་ཞེས་པ་ལགས་ཤིང་། འདིར་མིང་མཐར་ཨ་དབྱི་བར་བཤད་པས་བྱིངས་མཐའ་ཡིན་ན་མི་དབྱི་བར་གོ་དགོས་སོ།།
ཡང་དེ་བ་ལ་རྣམ་དབྱེ་གཉིས་པའི་གཉིས་ཚིག་ཨཽ་བྱིན། དེ་བ་ཨཽ་ཞེས་པ་ལ། བའི་སྲོག་གི་ཨ་འཕྲལ །དེ་བ྄་ཨ་ཨཽ་ཞེས་པར་གྱུར། ཨོ་དང་ཨཽ་ལ་ཨཽའོ། །ཞེས་པས་ཨ་ཨཽ་གཉིས་འདུས་ཏེ་ཀེ་ཤ་ཅན་དུ་གྱུར། དེ་བ྄་ཨཽ་ཞེས་པར་གནས་པ་ལ། བ྄་དྲངས་པས་དེ་བཽ་ཞེས་པ་གྲུབ་ཅིང་ལྷ་དག་ལ་ཞེས་པའོ།།
ཡང་དེ་བ་ལ་རྣམ་དབྱེ་གཉིས་པའི་མང་ཚིག་ཤས྄་བྱིན། དེ་བ་ཤས྄་ཞེས་པར་གྱུར། ཤ་ཡིག་ཤས྄་ལའོ། །ཞེས་པས་ཁྱད་པར་གྱི་དོན་ལ་མིང་མཐའ་རིང་པོ་འབྱུང་དགོས་ཕྱིར་ཤ་ཡིག་ཕྱི་བར་བྱ། བའི་སྲོག་གི་ཨ་འཕྲལ། དེ་བ྄་ཨ་ས྄་ཞེས་པ་ལ། སྐྱེས་པ་ལ་སའི་ནའོ། །ཞེས་པས་སྐྱེས་པའི་རྟགས་མཚུངས་མཐའ་ཅན་གྱི་ཕ་རོལ་དུ་བཞག་པའི་ཤས྄་ཀྱི་ཤ་ཕྱིས་རྗེས་ཀྱི་ས྄་ཡིག་ནི་ན྄་སྲོག་མེད་དུ་འགྱུར་པས་ས྄་ན྄་རུ་འགྱུར་བས། དེ་བ་ཨ་ན྄་ཞེས་པ་ལ། ཤས྄་ལའོ། །ཞེས་པས་ཤ་ཕྱིས་ཟིན་ཀྱང་དེ་ལ་ནུས་པ་ཨས྄་ཡོད་པའི་ཕྱིར་ན་ཤས྄་ཀྱི་ནུས་པ་ད་དུང་ཕ་རོལ་དུ་གནས་ནས་ཡོད་ལ། དེ་ཡོད་ན་ཚུ་རོལ་གྱི་མིང་ངམ་རྟགས་མཐའི་དབྱངས་ཨ་ལྟ་བུ་ཡོད་ན་དེ་རིང་པོར་འགྱུར་པས་ད་ལན་བའི་སྲོག་གི་ཨ་རིང་པོར་གྱུར། དེ་བཱ་ཨན྄་ཞེས་གནས་པ་ལ། ཨམ྄་ཤས྄་དག་གི་ཨའོ། །ཞེས་པས་ཨ་དབྱི། དེ་ནས་དེ་བཱན྄་ཞེས་པ་གྲུབ་ཅིང་ལྷ་རྣམས་ལ་ཞེས་པའོ།།
དེ་མན་སྒྲུབ་པའི་ངལ་བ་མི་བྱ་ལ། འདི་ནས་བཟུང་མིང་ལས་ཚིག་སྒྲུབ་པའི་ཐབས་ཀྱི་ལེའུ་བཅུ་གཉིས་དང་།བྱིངས་ཀྱི་སྡེ་ལས་བྱེད་པ་པོའི་རབ་བྱེད་དང་། བྱིངས་ཐམས་ཅད་པའི་དངོས་པོ་དང་ལས་ཀྱི་རབ་བྱེད་དང་།ལྐོག་གྱུར་གྱི་རབ་བྱེད་དང་། སྨོན་པར་བྱེད་པའི་རྐྱེན་དང་། དེ་རིང་མ་ཡིན་པའི་འབྱུང་འགྱུར་གི་དོན་གྱི་རྐྱེན་གྱི་རབ་བྱེད་དང་། འབྱུང་འགྱུར་གྱི་རྐྱེན་གྱི་རབ་བྱེད་དང་། བྱ་བ་ཤོར་བའི་རབ་བྱེད་དང་། བྱུང་ཟིན་གྱི་རྐྱེན་གྱི་རབ་བྱེད་དང་། བྱིངས་ཕྱེད་པའི་དངོས་པོ་དང་ལས་ཀྱི་རབ་བྱེད་དང་། ཡང྄་རྐྱེན་གྱི་རབ་བྱེད་དང་། ཡང྄་འཇིག་པའི་མཐའི་རབ་བྱེད་དང་། རྐྱེན་དང་སྦྱོར་བའི་རབ་བྱེད་དང་། ཀུན་ནས་བསྒྱུར་བའི་རབ་བྱེད་དང་། ཀུན་ནས་བཤད་པའི་རབ་བྱེད་དང་། བྱིངས་དང་ཉེ་བསྒྱུར་སྦྱོར་ཚུལ་དང་། ཀྲྀཏ྄་ལ་སོགས་པའི་རབ་བྱེད་བཅས་བྱིངས་ལས་ཚིག་སྒྲུབ་པའི་ཐབས་ཀྱི་ལེའུ་བཅོ་ལྔ་སྟེ་དབྱངས་ཅན་སྒྲ་མདོའི་ཁོག་ཡོངས་རྫོགས་ལ་འཇུག་པར་བྱས་ཏེ་སྒྲ་རིག་སྨྲ་བའི་ཁྲི་ལ་དབང་བར་བྱེད་པ་གལ་ཆེའོ།།
དེ་ལྟར་སྔར་རང་ལོ་ཉེར་བདུན་པར་བཀའ་དྲིན་མཚུངས་མེད་དཔལ་ལྡན་བླ་མ་མ་ཧཱ་པཎྜི་ཏ་ཀུན་དགའ་ཤེས་རབ་གསལ་བྱེད་ཀྱི་ཞལ་སྔ་ནས་འདར་བ་ལོ་ཙཱ་བ་ངག་དབང་ཕུན་ཚོགས་ལྷུན་གྲུབ་ཀྱིས་བསྒྱུར་བའི་དབྱངས་ཅན་སྒྲ་མདོའི་འགྲེལ་བ་གསལ་ལྡན་གྱི་སྟེང་ནས་གཞུང་གི་ལྗགས་ཁྲིད་ཡོངས་སུ་རྫོགས་པ་ཞུས་ཤིང་རང་གིས་རི་མོ་ཡང་ཆ་ཚང་འབད་པས་འགྲོ་བར་བྱས་ཤིང་གཞུང་གི་མི་ཟད་པའི་སྡེ་ཚན་གྱི་འོག་གི་བུད་མེད་ཀྱི་རྐྱེན་གྱི་ལེའུ་རྫོགས་པའི་བར་དུ་ཟིན་བྲིས་ཀྱི་ཚུལ་དུ་འགྲེལ་བ་ཅུང་ཙམ་སྡུག་རུས་ཀྱིས་བགྱིས་མོད་དེ་མན་རྐྱེན་མང་དང་བྱ་བས་གཡེངས་ནས་མཇུག་སྐྱོང་མ་ནུས་པར་ལུས། རྗེས་སུ་མདོ་སྨད་སྒྲ་རིག་སྨྲ་བའི་དབང་པོ་དོ་གོང་སྐལ་བཟང་ངག་དབང་དམ་ཆོས་ཚང་གི་ཞལ་སྔ་ནས་མཇུག་གི་ལེའུ་ཁ་ཤས་ཀྱི་ཕྱག་ཁྲིད་ཀྱང་ཐོབ་པས་གོང་གི་མཇུག་འཕྲོ་བསྐྱང་རིགས་མོད་རང་གི་བློ་ནུས་ཞན་པས་ལྕོགས་དཀའ་བ་དང་། མཁས་པའི་འགྲེལ་བ་རྒྱས་པ་མང་བ་དང་། དེང་དུས་སྒྲ་འདི་ཉེར་མཁོ་ཆུང་བ་བཅས་ཀྱིས་འགྲེལ་བ་བྱེད་པའི་བྱ་བ་བཏང་སྙོམས་སུ་བཞག་གོ།
འོན་ཀྱང་རྒྱ་གར་འཕགས་པའི་ཡུལ་གྱིས་ཆོས་དང་རིག་གནས་ལེགས་པོ་དེ་བོད་དུ་དར་བའི་དབང་གིས་ད་ལྟ་བོད་ཆོས་ལྡན་གྱི་ཞིང་ཁམས་དང་རིག་གནས་ཀྱི་བང་མཛོད་ཅེས་འཛམ་གླིང་དུ་འབྲུག་ལྟར་གྲགས་པ་ཡིན་ན་ཡང་སྔ་དྲོ་རྟ་ཕོ་ཆས་ཀྱིས་གསོས་ན་ཕྱི་དྲོ་དྲིན་ལན་ཕྲ་ཡིས་མཇལ་བའི་དཔེ་ལྟར་དེང་སང་ཚོགས་མ་བསགས་པ་མང་པོས་བོད་ཀྱི་རིག་གནས་དེ་བོན་སོགས་ག་གེ་མོ་ནས་དར་ཞིང་ཆེ་གེ་མོས་སྤེལ་ཞེས་འཕགས་ཡུལ་དང་སྔོན་གྱི་ལོ་པཎ་དག་ལ་དྲིན་བཟོའི་ལན་དུ་སྨོད་པ་དང་། དེ་དག་གིས་ཕན་མ་བཏགས་པའི་ཁར་གནོད་སྐྱེལ་བ་སྐད་བྱེད་པའི་གླག་ཅོར་དབྱངས་སུ་གྱེར་བའི་དུས་འདིར་འཕགས་ཡུལ་དང་། སྔོན་གྱི་ལོ་པཎ་རྣམས་དང་། རྒྱ་བོད་ཀྱི་སྒྲ་རིག་སྨྲ་བའི་སྔོན་གཤེགས་མཁས་པ་རྣམས་ལ་དྲིན་གསོ་རྗེས་དྲན་དང་། རང་གིས་སྒྲ་རིག་པ་ལ་བག་ཆགས་ཕྲ་མོ་ཙམ་འཇོག་པའི་ཆེད་དུ་མཚམས་སྦྱོར་ལྔ་བའི་གསལ་བཤད་ཙམ་རོ་སྟོད་ན་ཡང་རྒྱས་བསྡུས་འཚམ་པར་བཀོད་པ་ལགས་སོ།།
སྨྲས་པ། སྣ་ཚོགས་རབ་མང་བརྡ་ཡི་མུཀྟི་ཀ། །བརྗོད་བྱེད་སྒྲ་ཡི་སྲད་བུར་ལ་བརྒྱུས་ནས། །དོན་གྱི་མཛེས་སྡུག་ཤེས་ལྡན་མིག་ཡངས་མའི། །རྒྱན་དུ་ཐོབ་པ་བྱེད་པོ་སུ་ཡིས་འཕྲུལ། །དབྱངས་ཅན་ངག་གི་དཔལ་མོ་ནུ་འབུར་མས། །ཞལ་འཛུམ་ཟུར་མིག་གཡོ་བའི་ཞགས་པ་ཡིས། །སྔོན་དུས་རིག་བྱེད་རྒན་པོ་མྱོས་བྱས་པས། །སྒྲ་ཀུན་མཛེས་མས་སྤྲུལ་ཞེས་རྫུན་ལབ་བརྐྱངས། །འདི་ན་དབྱངས་ཀྱི་བྱེད་པོ་གཞན་མེད་པར། །རྟེན་འབྲེལ་མཐུ་ལས་ནོར་འཛིན་འདབ་སྟོང་བཞིན། །འགོག་མེད་རྡོལ་བའི་སྨྲ་བ་མེད་ཟླ་མེད་པ། །ང་ཡི་སྟོན་པ་བུ་རམ་ཤིང་པའི་ལུགས། །ཀུན་རྟོག་རྒྱ་མཚོ་འཕྱུར་བའི་རླབས་རྩེ་ན། །ཤེས་རབ་དབྱངས་ཀྱི་ལྷ་མོ་ཟླ་ཞལ་མས། །རྣམ་འབྱེད་ནུ་འབུར་གར་གྱིས་གླུ་ལེན་པས། །བརྟན་གཡོའི་སྒྲ་ལ་མི་དབང་སུ་ཡིས་འགོག །འདི་ལ་བསམ་ཚེ་འཆི་མེད་བུ་མོ་ནི། །བཅུ་དྲུག་ལང་ཚོ་སྙན་པའི་དབྱངས་འཛིན་མ། །རྫོགས་ལྡན་ཐོག་མ་རི་རབ་ལྷོ་ཡི་མཚོར། །བྱུང་བའི་གཏམ་ལའང་ངོ་མཚར་སུ་ཡིས་འཛིན། །སྨོན་ལམ་འོད་སྲུང་བརྒྱུད་ཀྱི་ཤིང་རྟ་ལས། །འཕགས་པའི་རྣམ་འཕྲུལ་ཉིན་མོར་བྱེད་པའི་མགོན། །འགྲོ་ཁམས་གླིང་བཞིར་སྣང་ན་ཏཱ་རཱེ་མ། །དྲི་ཟའི་བུ་མོར་སྤྲུལ་ལ་སུ་ཡི་བསྙོན། །རབ་དཀར་སྒྲ་ཡི་རང་བཞིན་ཤོག་བུ་ལ། །རྐྱེན་དང་རྣམ་འགྱུར་སྣག་སྙུག་གིས་བྲིས་པའི། །བརྗོད་བྱེད་མིང་ཚིག་སྦྱོར་བའི་ཡི་གེ་འབུམ། །མི་ཡི་གྲོང་ལ་མི་བུ་མཁས་པས་བྱིན། །མཁས་པའི་ཚོགས་དབུས་མཁས་པར་གྲགས་པའི་གཏམ། །སྙན་འཇེབས་གཙང་མའི་ངག་ལ་དབང་བ་ཡི། །ཀ་ཙན་དབྱངས་གསུམ་པ་ཎཱིའི་བརྡ་སྤྲོད་གཞུང་། །འཕགས་ཡུལ་སྐྱེ་བོའི་ཡ་རབས་རིག་པའི་སྲོལ། །གངས་རི་རབ་མཐོ་ལྷོ་གླིང་གཙུག་ཏོར་དུ། །ལོ་པཎ་ངལ་བརྒྱས་རྔུལ་ཆུས་ལུས་བརླན་བཞིན། །འོ་ཅག་སྐལ་བར་དྲངས་ལ་དྲིན་གཟོ་བ། །སྐྱ་ཀའི་འཕྲུག་གུས་མ་ཡི་སྤུར་འགྲན་མང་། །བདག་ནི་གྲགས་ཆུང་ནོར་དང་ཆོ་ལོ་མེད། །ལེགས་པར་སྨྲས་ཀྱང་སུ་ཡིས་རྣ་བ་གཏོད། །རང་གིས་སྒྲ་དོན་ཕྲ་ཙམ་གོ་བ་ཡི། །དྲིན་གཟོའི་མེ་ཏོག་སྔོན་བྱོན་སྒྲ་པར་མཆོད། །རྣམ་དཀར་ལེགས་ཆ་སྲིད་ན་དེ་མཐུ་ཡིས། །མཐའ་ཡས་ཡིད་ཅན་རྨོངས་གཉིད་ལས་བསླང་སྟེ། །སྒྲ་དོན་འཛིན་དང་འཆད་ལ་དབང་ཐོབ་ནས། །འཇིག་རྟེན་རྨོངས་པའི་མུན་འཇོམ་སྒྲོན་མེར་ཤོག །བདག་ངག་གིས་བསགས་སྒྲིབ་པའི་མེ་ཞི་ནས། །སྙན་འཇེབས་བདེན་པའི་གཏམ་གྱི་ཏམྦུ་རས། །ལུས་ཅན་ཐོས་ཡིད་དགའ་བའི་དཔལ་སྦྱིན་ལ། །སྒྲ་དབྱངས་ལྷ་མོ་ཉིད་དང་མཚུངས་པར་ཤོག།
ཅེས་གངས་ཅན་སྒྲ་རིག་སྨྲ་བ་ཡོངས་ཀྱི་གྲལ་མཐའ་ལས་ཀྱང་ཆེས་གྲལ་མཐར་གྱུར་པའི་སྙིགས་དུས་ཀྱི་བཙུན་གོས་ཙམ་གྱོན་པའི་རྗེས་དཀར་རིགས་ཀྱི་སེར་གཟུགས་སྤྲང་འཁྱམ་པ་ཐུབ་བསྟན་ལེགས་བཤད་བཟང་པོའམ་ཀུན་བཤད་བཏགས་མིང་དུ་རྗེ་བླ་མ་པྲ་ཛྙཱའི་མཚན་ཅན་གྱིས་མཚོ་བྱུང་དགྱེས་པའི་བློ་གྲོས་ཞེས་དང་། དོ་གོང་སྒྲ་བ་ཚང་ནས་དབྱངས་ཅན་དགའ་བའི་བློ་གྲོས་ཞེས་འབྱུང་རུང་འབྲས་བུའི་དུས་ལ་དགོངས་པའི་རྟེན་འབྲེལ་དུ་བསྩལ་བའི་མིང་ཅན་དེས་སྔར་གྱི་རང་གི་འགྲེལ་ཟིན་ལས་ཁོལ་དུ་ཕྱུངས་ཤིང་འབྲི་སྣོན་དག་བཅོས་མང་དུ་བགྱིས་ཏེ་ཞག་བཞིའི་ཁོངས་སུ་རང་གི་ལྟེ་ཁྲག་བོར་བའི་ཡུལ་ཆུང་སྤང་ལྗོངས་མེ་ཏོག་གི་དོ་ར་རྫ་རའི་ལྷ་ལུང་དུ་སྦྱར་བའོ།། །།
(འདིར་དབྱངས་མན་གྱི་སྦྱོར་བས་ཡི་གེ་བརྩེགས་མ་དགོས་པའི་རིགས་མང་པོ་ཞིག་བརྩེགས་མ་མ་བྱས་པར་དཀྱུས་སུ་བཀོད་ཡོད་པ་ནི། གློག་ཀླད་ལ་བཏབ་ཚེ་བརྩེགས་ཐབས་མ་ལྡན་པར་དེ་ལྟར་བྲིས་པ་ཡིན་པས་དོན་ལ་བརྩེགས་མ་ཡིན་པར་ཤེས་དགོས་སོ། །མཆན)