ཏཱ་ར་ནཱ་ཐའི་གསུང་འབུམ།
བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ།
བཅོམ་ལྡན་འདས་ཐུབ་པའི་དབང་པོ་ལ་བསྟོད་པ་བཞུགས།
ཨོཾ་སྭཱ་སྟཱི། བདེ་ལེགས་ཕན་དང་བདེ་བ་ནི། ཀུན་གྱི་འབྱུང་གནས་རྒྱལ་བ་ལ། །གང་ཞིག་ཅུང་ཟད་དད་བྱེད་པ། །དེ་ལའང་ཕུན་ཚོགས་ཐམས་ཅད་འབྱུང༌། །རྨོངས་རྣམས་སྐལ་བ་དམན་པའི་ཕྱིར། །རྒྱལ་བ་ལ་ཡང་མོས་བྲལ་ཞིང༌། །དམ་པའི་ཆོས་ལས་ཕྱིར་ཕྱོགས་པ། །འདི་དག་བ་ལང་མངོན་སུམ་བཞིན། །བཟླས་བརྗོད་སྨྲ་བ་ཇི་སྙེད་པས། །ཡོན་ཏན་ལན་ཅིག་བརྗོད་པ་མཆོག །ཡང་ན་མི་སྨྲའི་བརྟུལ་ཞུགས་འཛིན། །སྨྲ་ན་འདི་ཉིད་སྨྲ་བར་ཤོག ཁམས་གསུམ་འདི་འམ་གཞན་དག་ན། ཁྱོད་དང་མཉམ་པའང་མ་མཆིས་ན། །ལྷག་པའི་དྲི་ཡང་ག་ལ་ཞིག །མཉམ་མེད་མི་མཉམ་མཉམ་ལ་འདུད། །དཔེ་གཞན་རྙེད་པར་མ་གྱུར་ནས། །རྣམ་གཟིགས་ལ་སོགས་དཔེར་བགྱིད་སྙམ། །ཁྱེད་དག་དེ་དག་ཡེ་ཤེས་ཀྱི། །སྐུ་དབྱེར་མེད་པས་དཔེ་མ་རྙེད། །འགྲོ་ཀུན་ཕན་བདེར་འགོད་པའི་བྱམས་པ་དང༌། །སྡུག་བསྔལ་རྒྱུ་བཅས་ལས་སྐྱོབ་ཐུགས་རྗེ་ཅན། །ཉེ་རིང་མི་མངའ་བཏང་སྙོམས་ཚད་མེད་དེ། །ཚངས་པའི་གནས་བཞི་ལ་གནས་ཁྱོད་ལ་འདུད། །ཇི་ལྟར་བུ་གཅིག་གདུང་བའི་མ་བཞིན་དུ། །ནམ་ཡང་བརྩེ་བས་ཉིན་མཚན་དུས་དྲུག་ཏུ། །སྡུག་བསྔལ་འགྲོ་ལ་གཡེལ་བ་མེད་པར་
གཟིགས། །ཐུགས་རྗེ་ཆེན་པོའི་སྤྱན་ལྡན་ལ་ཕྱག་འཚལ། །ཚིག་དང་དོན་དང་ངེས་ཚིག་མ་ལུས་ལ། །འགྲོ་བའི་མགོན་པོའི་སྤོབས་པ་ཟད་མི་ཤེས། །ཉོན་མོངས་སྤྱོད་བའི་སེམས་ཅན་ཀུན་འདུལ་བ། །མི་མཆོག་འདུལ་བའི་གཙོ་ལ་གུས་ཕྱག་འཚལ། ཁྱོད་ནི་རྟག་ཏུ་མཉམ་པར་འཇོག་མཛད་ཀྱང༌། །ལྷུན་གྲུབ་ཆགས་ཐོགས་མེད་པའི་ཡེ་ཤེས་ཀྱིས། །སེམས་ཅན་ཀུན་གྱི་ཐེ་ཚོམ་གཅོད་མཛད་པ། །སྨྲ་བའི་སེང་གེ་ཁྱོད་ལ་ཕྱག་འཚལ་ལོ། །སེར་སྐྱ་གྲོག་མཁར་རྒྱས་པ་མེ་བཞི་འཇུག །སྣ་ཚོགས་བཤེས་གཉེན་གཤིན་རྗེ་མེ་ལ་སོགས། །ལོག་པར་སྨྲ་བའི་དྲི་མ་ཀུན་བཀྲུས་པ། །དྲང་སྲོང་ཆེན་པོ་དེ་ལ་གུས་པས་འདུད། །ཞི་བ་འཕྲོག་བྱེད་དབྱིག་གི་སྙིང་པོ་སོགས། །བྱེད་པོར་སྨྲ་རྣམས་ཤིན་ཏུ་རྨོངས་པའི་གནས། །སྟོང་ཉིད་ཆོས་ཀྱི་རྔ་བོ་ཆེ་བརྡུང་པ། །ལྷ་ཡི་ལྷར་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །རྟེན་འབྲེལ་ཆོས་ཀྱི་གཎྜིའི་སྒྲ་དབྱངས་ཀྱིས། །སྲིད་གསུམ་བདུད་རྩིའི་དགའ་སྟོན་འབོད་མཁས་པ། །སྔོན་མེད་དམ་ཆོས་རིན་ཆེན་གཏེར་གྱུར་པའི། །གཽ་ཏཾ་ཆོས་ཀྱི་རྒྱལ་མཚན་ལ་ཕྱག་འཚལ། །བདག་དང་བདག་གིར་འཇིག་རྟེན་རྟོག་བྱེད་པ། །ཤེས་པར་སྨྲ་རྣམས་ལྟ་བའི་ཐིབས་པོར་ཆུད༌། །གང་དག་ཅིར་ཡང་གང་ཟག་མ་དམིགས་པས། །བདག་མེད་སེང་གེའི་སྒྲ་དབྱངས་སྒྲོག་ལ་འདུད། །ཆོས་རྣམས་ནམ་ཡང་རང་བཞིན་མ་མཆིས་ཀྱང༌། །རྒྱུ་འབྲས་ཚུལ་ལ་བསླུ་བ་མེད་པ་ནི། །མགོན་པོ་ཁྱོད་ཀྱིས་མཁྱེན་ཞིང་གཟིགས་ནས་བསྟན། །དབུ་མའི་ལམ་གྱིས་འགྲོ་བ་སྒྲོལ་ལ་བསྟོད། །ཡོད་མེད་དངོས་དང་དངོས་མེད་མཐའ་དབུས་སོགས། །ཕན་ཚུན་ལ་ལྟོས་བློ་ཡིས་བཏགས་པར་ཟད། །སྐྱེ་འགག་རང་གཞན་
གཉིས་ཀར་མ་དམིགས་ཞེས། །སྟོང་ཉིད་ཚངས་པའི་དབྱངས་ཀྱིས་སྟོན་ལ་འདུད། །མི་སྦྱིན་བྷ་ར་དྷྭ་ཛ་འོད་བསྲུངས་སོགས། །བྱེད་པོ་ཐ་དད་རྟོག་གེས་རྣམ་པར་བརྟགས། །རྒྱལ་ཁྱོད་སེམས་ཙམ་བྱེད་པོར་གཟིགས་ནས་སྟོན། །ཕྲ་ཞིང་རྟོགས་དཀའ་མཁྱེན་པ་ཁྱོད་ལ་འདུད། །ཐལ་བ་པ་སོགས་གདུང་བ་རྩོམ་ལ་དགའ། །འཇིག་རྟེན་རྣམས་ནི་འདོད་ལ་རྣམ་པར་འཆུམས། །མཐའ་གཉིས་སྤངས་པ་དབུ་མའི་སྤྱོད་པ་ཡི། །ལམ་སྟོན་ཁྱོད་ལ་གུས་པས་ཕྱག་འཚལ་ལོ། །འགྲོ་དང་འོང་བ་རྣམ་བྲལ་ཞིང། །ཆད་པ་མ་ལགས་རྟག་མ་ལགས། །མཆིས་དང་མ་མཆིས་མ་ལགས་པ། །སྐྱེ་མེད་སྐུ་ལ་ཕྱག་མཚལ་ལོ། །ཇི་ལྟ་བ་དང་ཇི་སྙེད་ཀུན། །དུས་གསུམ་ཡེ་ཤེས་གཅིག་ཁོ་ནས། །སྐད་ཅིག་གཅིག་ལ་མཁྱེན་མོད་ཀྱང༌། །དམིགས་པ་མི་མངའ་ཁྱོད་ལ་འདུད། །ཚད་མེད་འོག་མིན་ཞིང་མཆོག་ཏུ། །སྟོན་པ་མཐོང་ན་མི་མཐུན་མེད། །སྲས་མཆོག་ཐེག་ཆེན་དབང་བསྐུར་བས། །ཆོས་ཀྱི་དགའ་སྟོན་རྒྱུན་མི་འཆད། །འོན་ཀྱང་མ་ལུས་ཞིང་རྣམས་སུ། །གང་ལ་གང་གིས་འདུལ་བ་དེར། །དེ་དེའི་ཚུལ་དུ་སྟོན་མཛད་ཀྱང༌། །ལྷུན་གྲུབ་རྣམ་པར་རྟོག་མི་མངའ། །སྨོན་ལམ་དབང་གིས་འགྲོ་བ་ནི། །མོས་པ་དབང་པོ་ཁམས་ཐ་དད། །ཇི་བཞིན་མ་འཁྲུལ་དོན་མཛད་པ། །དམིགས་མེད་ཐུགས་རྗེ་ངོ་མཚར་རྨད། །རྣམ་མི་རྟོག་ལ་ཐུགས་རྗེ་ཆེ། །མ་རྟགས་[བརྟགས་]གཏང་སྙོམས་མི་མངའ་བ། །འགལ་བ་འདྲ་ལ་མི་འགལ་ཏེ། །རྒྱལ་བའི་ཡེ་ཤེས་ལ་ཕྱག་འཚལ། ཁྱོད་ནི་ཐུགས་རྗེའི་དབང་གྱུར་པས། །སྣ་ཚོགས་ཚུལ་དང་སྤྱོད་པ་བསྟན། །ཐོགས་མེད་དུས་ནས་བྱང་ཆུབ་ཀྱང༌། །ད་དུང་སྐྱེ་རབས་
དུས་མཐར་སྟོན། ཁྱོད་སྔོན་ཉོན་མོངས་བཅས་ཚེ་ཡང། །རྒྱལ་སྲིད་བཙུན་མོ་མཛེས་མ་དང༌། །དབུ་དང་སྐུ་ཡང་གྲངས་མེད་སྩལ། །དེ་ཚེ་མཆོད་འོས་ཁྱོད་ལ་འདུད། །ལྷ་དང་དྲང་སྲོང་དབྱངས་ཅན་དང༌། །སེང་གེ་སྟག་དང་རི་བོང་སོགས། །འབྱུང་བ་བཞི་སོགས་འགྲོ་བ་ཡི། །ཉེར་འཚོ་ཀུན་ཏུ་སྤྲུལ་པར་མཛད། །གཟོ་ཡི་ལས་རྣམས་སྣ་ཚོགས་དང༌། །རིག་སྔགས་སྣ་ཚོགས་ཚུལ་ཡང་སྟོན། །དགེ་བ་ཅུང་ཟད་ཇི་སྙེད་པ། །དེ་ཀུན་མགོན་པོ་ཁྱོད་ཀྱི་མཐུ། །འཕྲིན་ལས་ཕ་མཐའ་མ་མཆིས་པ། །འདི་ལ་སུ་ཞིག་དཔྱོད་པར་སེམས། །ཤེས་རབ་མེད་ན་སྦྱིན་སོགས་གང༌། །ཐར་པར་འཇུག་པར་ནུས་མ་ཡིན། །བསོད་ནམས་ཚོགས་ནི་མེད་གྱུར་ན། །ཤེས་རབ་ཀྱིས་ཀྱང་མྱ་ངན་འདའ། །གང་ཞིག་ཚོགས་གཉིས་ཡོངས་རྫོགས་པས། །མི་གནས་མྱ་ངན་འདས་པ་བརྙེས། །ཕ་རོལ་ཕྱིན་དྲུག་ཡོངས་རྫོགས་པ། །མགོན་པོ་ཁྱོད་འདྲ་གཞན་མ་མཆིས། ཁྱོད་ཀྱི་འཁོར་གྱི་ཐ་ཆུང་ཡང༌། །འཇིག་རྟེན་གསུམ་གྱི་བརྒྱན་དུ་གྱུར། ཁྱོད་ཀྱིས་ཐབས་མང་ཡིད་བྱེད་དང༌། །དམིགས་པའི་ཁྱད་པར་ཀུན་བསྟན་ཀྱང༌། །འདི་ན་རྣམ་པར་མི་རྟོག་དང༌། །སོ་སོར་རྟོག་ལ་ཕན་ཚུན་སྨོད། ཁྱོད་སྔོན་བྱང་ཆུབ་དུས་མཐའ་ནི། །བློ་ལྡན་སུས་ཀྱང་མི་རྟོགས་མོད། །གྲངས་མེད་གསུམ་གྱིས་ཚོགས་རྫོགས་པའི། །ཚུལ་ཡང་ཕྱི་ནས་ཡང་ཡང་བསྟན། །ལམ་དང་ས་ལས་རབ་འདས་ཀྱང༌། །ས་བཅུ་སྒྲོད་པའི་ཚུལ་ཡང་སྟོན། །མེ་ཁྱེར་བྱེ་བ་ཁྲག་ཁྲིག་གིས། །ས་གཞི་རིར་བཅས་གསལ་མི་ནུས། །ཉིན་བྱེད་གཅིག་གིས་ཀུན་གསལ་ལྟར། །འཕགས་དང་བྱིས་པའི་བསོད་ནམས་ཁྱད། །མཐའ་ཡས་རྒྱུ་ལས་སྒྲུབས་པ་ཡི། །སྐུ་ཡང་ཡོན་ཏན་
དཔག་ཏུ་མེད། །མཚན་དང་དཔེ་བྱད་རེ་རེ་ཡང༌། །བསོད་ནམས་ཡེ་ཤེས་དཔག་མེད་ལས། །མངོན་པར་སྒྲུབས་ན་ཆོས་ཀྱི་སྐུའི། །རྒྱུ་རྣམས་མཐའ་ཡས་ལྟ་ཅི་སྨཽས། །དགའ་ལྡན་གནས་ཀྱི་གཞལ་མེད་ཁང༌། །མཛེས་བྱེད་དམ་པ་ཏོག་དཀར་གྱུར། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །གཞོན་ནུ་རྒྱལ་ཚབ་ངེས་འབྱུང་དང༌། །དཀའ་བ་སྤྱོད་དང་བདུད་བཏུལ་དང༌། །བྱང་ཆུབ་ཚངས་པའི་འཁོར་ལོ་བསྐོར། །མི་གནས་མྱ་ངན་འདས་སྟོན་སོགས། ཁྱོད་ཀྱི་ཐབས་མཁས་འབའ་ཞིག་ལགས། །རྒྱུ་རྐྱེན་ལས་དང་རྣམ་སྨིན་མོས་པ་ཁམས། །དབང་པོ་ལམ་དང་བསམ་གཏན་སྔོན་གྱི་གནས། །ཕྱི་མའི་དུས་དང་ཟག་པ་ཟད་མཁྱེན་པས། །སྟོབས་བཅུས་བདུད་བཞི་འཇོམས་པར་མཛད་ལ་འདུད། །ཆོས་རྣམས་ཀུན་ལ་མཁྱེན་པའི་སྣང་བ་རྒྱས། །གེགས་རྣམས་དང་ནི་ལམ་དང་འགོག་སྟོན་ལ། །སྲིད་གསུམ་འདི་ན་རྒོལ་བའི་གནས་མ་མཆིས། །མི་འཇིགས་བཞི་ལྡན་ཁྱོད་ལ་ཕྱག་འཚལ་ལོ། །སྤྱོད་ལམ་མ་འཁྲུགས་ཅ་ཅོ་མི་མངའ་ཞིང༌། །དྲན་པ་མ་ཉམས་རྟག་ཏུ་མཉམ་པར་བཞག །གདུལ་བྱའི་དོན་ལ་མ་བརྟགས་བཏང་སྙོམས་མེད། །འདུན་དང་བརྩོན་འགྲུས་དྲན་པ་ཏིང་ངེ་འཛིན། །ཤེས་རབ་རྣམ་གྲོལ་ཡེ་ཤེས་ཉམས་མི་མངའ། །ཆགས་ཐོགས་མི་མངའ་དུས་གསུམ་ཅིག་ཅར་གཟིགས། །སྐུ་གསུམ་ཐུགས་ཀྱི་ཆོ་འཕྲུལ་འཕྲིན་ལས་ལ། །ཡེ་ཤེས་སྔོན་འགྲོ་རྗེས་སུ་འཇུག་པ་སྟེ། །མ་རིག་སྒྲིབ་འཇོམས་རྡོ་རྗེ་འཇིགས་བྲལ་བས། །སེང་གེ་དང་མཚུངས་མཁའ་ལྟར་མ་འདྲེས་ཆོས། །ཉན་ཐོས་རང་སངས་རྒྱས་ཀྱི་རྟོགས་དཀའ་བས། །འཕགས་པ་ཀུན་གྱིའང་བླ་མར་གུས་པས་འདུད། །ཞིང་ཀུན་སྒྲོད་མཛད་
སེམས་ཀྱི་སྤྱོད་ཀུན་མཁྱེན། །ཐམས་ཅད་སྐད་ཀྱིས་འཆི་འཕོ་སྔོན་གྱི་གནས། །གཟིགས་ནས་ངེས་འབྱུང་མཁྱེན་པས་གཞན་ལ་འདོམས། །མངོན་པར་མཁྱེན་ནས་དོན་མཛད་ལ་ཕྱག་འཚལ། །སྤྱན་ལྔ་ལྡན་པས་བག་ཆགས་ཐམས་ཅད་སྤངས། །གཙང་མ་རྟོགས་པ་བདེ་བའི་སྐུ་བརྙེས་ཤིང༌། །དམ་པའི་བདག་ཉིད་རིན་ཆེན་གཏེར་མཚུངས་པ། ཁྱོད་ལ་རྟག་པར་སྙིང་ནས་ཕྱག་འཚལ་ལོ། །སྲིད་པ་ཐོག་མཐའ་སྨྲ་དང་རྒྱུ་མེད་དང༌། །བྱེད་པོ་དུས་སོགས་སྙིང་པོ་མེད་གཟིགས་ནས། །ཡན་ལག་བཅུ་གཉིས་རྟེན་འབྲེལ་ལས་དང་འབྲས། །སྡུག་བསྔལ་རྣམ་གྲོལ་རྒྱུ་བཅས་སྟོན་ལ་འདུད། ཁྱོད་གསུང་རྡོ་རྗེས་འཇིགས་ཚོགས་ལྟ་བའི་རི། །རྩ་བཅས་བཅོམ་ཞིང་འཁོར་བར་རྟག་འཁྱམས་རྣམས། །ཡན་ལག་བརྒྱད་ལྡན་འཕགས་པའི་ལམ་ལ་འཁྲིད། །ཆུ་བོ་ལས་སྒྲོལ་དེད་དཔོན་མཆོག་ལ་འདུད། །ཕྱིན་ཅི་ལོག་བཞིའི་རྒྱ་མཚོར་བྱིང་པ་རྣམས། །མི་གཙང་མི་རྟག་སྡུག་བསྔལ་སྟོང་པ་ཞེས། །དྲན་པ་འཇོག་བྱེད་བློ་གྲོས་གྲུར་བཅུག་ནས། །ཐར་པ་ནོར་བུའི་གླིང་དུ་སྒྲོལ་ལ་འདུད། །སྙོམས་འཇུག་དགུ་དང་རྣམ་ཐར་ཟིལ་གནོན་བརྒྱད། །ཟད་པར་བཅུ་ཐོབ་ཞུགས་འབྲས་མངོན་བྱས་པ། ཁྱོད་རྗེས་འཇུག་ན་བློ་བརྟུལ་རྣམས་ཀྱང་སྟེ། །ཞིང་གི་རྡུལ་སྙེད་དེ་རྣམས་ལ་ཕྱག་འཚལ། །རྒྱལ་བ་ལས་གཞན་རྣམ་དག་ལམ་སྟོན་པ། །དུས་རྣམས་ཀུན་ཏུ་ཡོད་པ་མ་ཡིན་པས། །སྐྱེ་བ་ཀུན་ཏུ་སྟོན་པ་གཞན་སྤངས་ནས། །སྐྱོབ་པ་ཁྱོད་ལ་རྟག་ཏུ་སྐྱབས་སུ་མཆི། །ཆུ་གཏེར་ཆེན་པོ་སྐྱལ་བ་ཡིས། །ཇི་ལྟ་བུར་ན་རྒལ་བར་བྱེད། །འདྲེན་པའི་ཡོན་ཏན་རྒྱ་མཚོ་ལ། །འདི་ལྟར་འཇུག་པའང་ག་ཞའི་རྒྱུ། །རྒྱལ་བའི་བསྟོད་པ་ནམ་མཁའ་ལ། །རྒྱལ་སྲས་མཁའ་
ལྡིང་འཇུག་མོད་ཀྱང༌། །བསྟོད་བྱེད་རང་ཉིད་ཆོག་ཤེས་ཀྱི། །བསྔགས་འོས་དག་གི་མཐའ་མ་མཐོང༌། །བདག་གིས་ཅུང་ཟད་བསྟོད་བྱས་པའང། རྨོངས་པས་མ་ཡིན་ཕྱོགས་ལྷུང་མིན། །བདག་ལ་དགོས་ཕྱིར་མ་ཡིན་ཏེ། །ཡོན་ཏན་ལྡན་ཕྱིར་དད་པས་བསྟོད། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱིས། །ཡོན་ཏན་རྒྱ་མཚོ་ཁྱོད་བསྟོད་མོད། །བསམ་པ་བླུན་པོའང་གུས་བསྟོད་པས། །དཔག་ཡས་ཆོས་ཀྱི་རྒྱལ་པོར་ཤོག །བདག་ལུས་ཞིང་རྡུལ་སྙེད་སྤྲུལ་ནས། །རྒྱལ་བ་རེ་རེའི་སྤྱན་སྔར་གནས། །རེ་རེའང་གདུང་དང་ལྕེ་དེ་སྙེད། །ཚིག་གི་བརྗོད་པའང་དེ་སྙེད་ཀྱིས། །ཕྱོགས་བཅུ་དུས་གསུམ་རྒྱལ་བ་ཡི། །གསུང་ལ་བདག་ཀྱང་རབ་འཇུག་པས། ཁྱོད་ལ་བསྟོད་ཅིང་བསྔགས་བགྱིད་ལ། །དེ་ཀུན་བདག་གིས་ཐོབ་པར་ཤོག །རྒྱལ་བ་ཀུན་གྱི་ཡོན་ཏན་དང༌། །རྒྱལ་བ་ཀུན་གྱི་འཕྲིན་ལས་དག །བདག་དང་མཐའ་ཡས་སེམས་ཅན་གྱིས། །རྒྱུན་མི་འཆད་པར་ཐོབ་གྱུར་ཅིག །ཅེས་པའང་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་དུ་སྦྱར་བ་སྟེ་རང་ལོ་ཉེར་ལྔ་པ་ལའོ། །མངྒ་ལམ་བི་སྟཱར་ཀུ་རུ། །འགྲོ་ཀུན་ཕན་བདེའི་རྩ་ལག་ཟླ་མེད་པ། །རྒྱལ་བ་ཀུན་གྱི་གཙུག་ལག་ཁང་ཆེན་འདིར། །མགོན་པོ་ཁྱོད་ཉིད་བསྐལ་པར་བཞུགས་ནས་ཀྱང༌། །བདག་སོགས་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས།། །།ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧྭཱ།། མངྒ་ལཾ།། །།
བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་ཙམ་བརྗོད་པ་མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ།
བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་ཙམ་བརྗོད་པ་མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་ཞེས་བྱ་བ་བཞུགས།
ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྡྷ་བོ་དྷི་སཏྭེ་བྷྱཿ བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ཤཱཀྱ་སེངྒེ་ཤཱཀྱའི་རྒྱལ་པོ་གང་དེའི་མཛད་པ་མདོ་ཙམ་བརྗོད་པ། མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་ཞེས་བྱ་བ། དེ་བཞིན་གཤེགས་པ་ཉིད་ལ་ཡང་དག་པར་ཕྱག་འཚལ་ལོ། །ལྷ་དབང་ཀླུ་བདག་མི་ཡི་གཙོ་སོགས་ཁམས་གསུམ་ཀུན་གྱིས་ཞབས་ལ་བཏུད། །རྣམ་པ་དུ་མར་རྟག་ཏུ་ཤར་བའི་མཚན་བཟང་སྐུ་ནི་མཚུངས་པ་མེད། །ལེགས་གསུངས་དབྱར་སྐྱེས་རྔ་སྒྲས་སྲིད་འདིར་མ་རིག་གཉིད་ལོག་ཀུན་སད་དེ། །ཡང་དག་སྣང་བས་ཕྱོགས་ཀུན་ཁྱབ་མཛད་ཐུབ་དབང་དེ་ལ་ཕྱག་འཚལ་ལོ། །མཐའ་ཡས་བསྐལ་པར་གཞན་ཕན་ཁོ་ནའི་བདུད་རྩིས་ཐུགས་རྒྱུད་གཏམས་པ་ཁྱོད། སྐད་ཅིག་ཙམ་ཡང་བདག་དོན་མ་དགོངས་འོན་ཀྱང་གོ་འཕང་མཐར་ཐུག་བརྙེས། །ངོ་མཚར་གནས་དེས་ཡིད་ཕྲོགས་གྱུར་ནས་འཕྲོག་བྱེད་དང་བཅས་
མིག་གསུམ་གྱིས། །ཉིན་རེར་མགོན་ཁྱོད་གུས་པས་བསྟེན་ཏེ་དེ་སླད་ཉིད་ནི་མཉམ་མེད་ལགས། །མཐའ་དག་ཤེས་བྱ་མ་ལུས་མཁྱེན་མོད་མཁའ་མཉམ་ཉིད་ཕྱིར་ཡ་མཚན་ཅི། །འབད་རྩོལ་བྲལ་ཡང་དཔག་ཡས་འགྲོ་ལ་གང་འདུལ་འཕྲིན་ལས་འཇུག་འདི་མཚར། །ཡིད་བཞིན་ནོར་ལྟར་གཅིག་པུའི་མཐུ་ནུས་ཁྱད་འཕགས་བསམ་མི་ཁྱབ་མངའ་བ། །འདྲེན་ཁྱོད་ཐུགས་རྗེའི་ཆར་ཀྱི་ཟེགས་མས་འཇིག་རྟེན་ཀུན་དུ་དགེ་བར་མཛོད། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གྲགས། །དམ་པའི་ཆོས་སྒྲ་སེང་གེའི་སྒྲ་སྒྲོགས་པ། །ཐམས་ཅད་མཁྱེན་པ་དཀོན་མཆོག་མཛོད་བརྙེས་པའི། །ཞབས་ལ་ཚངས་དབང་གཙུག་གི་ནོར་བུས་གཏུགས། སྡུག་བསྔལ་རྒྱ་མཚོ་གཏིང་མཐའ་མེད་བརྒལ་བ། །འགྲོ་བའི་གཙོ་ལ་སྤྱི་བོས་ཕྱག་འཚལ་ནས། །ཐམས་ཅད་མཁྱེན་པའི་མཛད་པ་དཀོན་མཆོག་སྣོད། །མང་པོའི་ཚོགས་ཀྱི་དབུས་སུ་དབྱེ་བར་བྱ། །དེ་ལ་འོ་སྐོལ་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་བདེ་བར་གཤེགས་པ་ཐམས་ཅད་མཁྱེན་པ་ཐུགས་རྗེའི་བདག་ཉིད་ཆེན་པོ་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་ཞིང༌། སྲིད་པ་དང་ཞི་བ་ཀུན་གྱི་སྐྱབས་གནས་གཅིག་པུ་པ་མཉམ་མེད་ཤཀྱ་ཐུབ་པ་འདིས་ནི། མ་ལུས་པའི་སེམས་ཅན་
ཐམས་ཅད་ཐུགས་བརྩེ་བ་ཆེན་པོས་ཉེ་བར་བཟུང་སྟེ། སྔོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་བརྩམས་བསྐལ་པ་གྲངས་མེད་པ་གསུམ་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཤིན་ཏུ་རྒྱས་པ་མཐར་ཐུག་པས་རྫོགས་པར་མཛད་ནས། ཞིང་ཁམས་འདིར་ཡང་མཛད་པ་བཅུ་གཉིས་ལ་སོགས་པ་བསྟན་པས། སྐྱེ་འགྲོ་མཐའ་ཡས་པ་གྲུབ་པ་དང་བདེ་བ་བླ་ན་མེད་པ་ལ་འགོད་པར་མཛད་དེ། དེ་ཡང་འདི་སྐད་ཅེས། བསྐལ་པ་བཟང་པོ་འདི་ལ་འཛམ་བུ་གླིང་པའི་སྐྱེ་དགུ་མིར་གྱུར་པ་རྣམས་ཚེ་ལོ་བརྒྱ་པ་ལ་ཐུག་པ། སྐྱེ་བོ་རྣམས་མཆོག་ཏུ་དབང་པོ་རྣོ་ཞིང་བརྩོན་འགྲུས་དང༌། བརྟུལ་བ་དང་དྲན་པ་དང་བློ་གྲོས་དང་རིག་པ་དང་ཤེས་རབ་དང་སྙིང་སྟོབས་ཆེས་ལྷག་པར་གྱུར་པ་ཁོ་ན་དག་འདུས་ཤིང་ཚོགས་པ་ལྟར་གནས་པ་དང༌། ཆོས་ལ་སྐུལ་བའི་རྐྱེན་མང་ལ། ཤིན་ཏུ་ཆེས་སྙིགས་མར་གྱུར་པའི་སྐྱོན་ཡང་མེད་པའི་གནས་སྐབས་ཤིག་ཏུ། སྟོབས་བཅུ་མངའ་བ་བཅོམ་ལྡན་འདས་འདི་འཇིག་རྟེན་དུ་བྱོན་ནོ། །ཞེས་གྲག་གཽ །འདིར་སྡོམས་ནི། ཏོག་དཀར་གྱུར་དང་རིགས་མཆོག་གཟིགས་པ་ལྔ། །ལྷུམས་སུ་འཇུག་དང་ལྷུམས་ན་བཞུགས་པ་དང༌། །བལྟམས་དང་སེར་སྐྱར་གཤེགས་དང་ལུང་བསྟན་སོགས། །བཟོ་ཡི་གནས་ལ་སྦྱངས་དང་སྒྱུ་རྩལ་འགྲན། །གྲགས་འཛིན་དགེ་བའི་སྙིང་པོ་ས་འཚོ་མ། །ངེས་འབྱུང་རྐྱེན་གཟིགས་ཏིང་འཛིན་བསྒྲུབས་པ་དང༌། །རི་དྭགས་སྐྱེས་དང་སྲུང་བསྐོར་ཁྱིམ་ནས་བྱུང༌། །རང་བྱུང་ལམ་ཚོལ་དཀའ་བ་སྤྱད་པ་དང༌། །སྐུ་ལུས་མཐུ་བསྐྱེད་བྱང་ཆུབ་སྙིང་པོར་གཤེགས། །བདུད་བཅོམ་ཡེ་ཤེས་མཆོག་བརྙེས་དལ་བར་བཞུགས། །གསོལ་བཏབ་ཐོག་མའི་
ཆོས་འཁོར་བསྐོར་བ་དང༌། །ཉེ་བའི་ལྔ་སྡེ་སོགས་དང་ལམ་བར་གཏམ། །རལ་པ་ཅན་སྟོང་གཟུགས་ཅན་སྙིང་པོས་བསུ། །མཆོག་ཟུང་ཨེ་ལའི་འདབ་དང་འཕགས་རྒྱལ་དགོངས། །མེ་སྐྱེས་བཙས་དང་འབར་བའི་བྲག་ཕུག་བསྟན། །ཟས་སྦྱིན་ཆོས་མཐོང་རྒྱལ་བྱེད་ཚལ་བཞེངས་དང༌། མཉན་ཡོད་གཤེགས་དང་གསལ་རྒྱལ་དད་ལ་བཀོད། །ཡབ་སྲས་མཇལ་དང་ཤཱཀ་རིགས་བུད་མེད་དང༌། །དགའ་བོ་དགེ་སློང་མ་ཚོགས་སློབ་མ་ཅན། །འོད་ཟེར་ཅན་བྱོན་པདྨའི་སྙིང་པོ་བཏུལ། ཁྱེའུ་གཉིས་ཀླུ་ཟུང་གསལ་རྒྱལ་གནོད་ལས་སྐྱབས། འབྲོག་གནས་ལག་བརྒྱུད་སྒྲ་སྒྲོགས་སེང་གེ་བཏུལ། །ཤེད་བུ་སེར་སྐྱའི་གཏམ་དང་འོད་སྲུངས་ཆེ། །སྟན་ཕྱེད་སྩལ་དང་ལྷན་ཅིག་གནས་པ་ཚོལ། །སྤྲེའུ་གཉིས་ཆོ་འཕྲུལ་ཆེ་དང་དྲང་སྲོང་སྡེ། །ལྔ་ལེན་གཉིས་བསྡུམས་ཤ་ཟ་སྟོང་བཏུལ་ནས། །འདུས་པ་ཆེ་སོགས་ཚོང་པ་ལྔ་བརྒྱ་གཉིས། །ལྷ་བབས་བཟང་བྱེད་གཤེགས་དང་དཔལ་སྦེད་དང༌། །མེ་སྐྱེས་རབ་བྱུང་འཕྲོག་མ་ཀ་པ་ནི། །གདེངས་ཅན་བདེན་མཐོང་ཀཽ་ཤམྦིར་བྱོན་དང༌། །མུ་ཏིག་ཅན་དང་བུ་རམ་ཤིང་འཕེལ་དང༌། །ལྷས་བྱིན་རྫུ་འཕྲུལ་དགེ་འདུན་དབྱེན་བསྡུམས་མཛད། །རྒྱལ་པོའི་ལོག་སྤྱོད་ལྷས་བྱིན་ལོག་སྒྲུབ་དང༌། །ནོར་སྐྱོང་འདུལ་མཛད་འཚོ་བྱེད་འཕགས་སར་བཞགརྒྱལ་ཆེན་དྲང་སྲོང་བཅས་དང་སོར་འཕྲེང་དང༌། །ལེགས་འོངས་བྱིས་པ་གསོད་དང་འོད་སྲུངས་མཆོད། །དབུལ་མོ་ལུང་བསྟན་རྒྱལ་པོའི་ང་རྒྱལ་བསལ། །མ་སྐྱེས་དགྲ་སྐྱབས་དེ་ཉིད་དད་ལ་བཀོད། །ལྷས་བྱིན་ལུང་བསྟན་མཆོག་ཟུང་དེར་བྱོན་གཏམ། །ཡངས་པར་འཇུག་དང་སྤོང་བྱེད་བདེ་བར་མཛད། །མི་ཐིལ་སོགས་དང་རྔོ་འཕངས་ནྱ་གྲོ་སོགས། །བྲམ་
ཟེའི་གྲོང་སོགས་དེ་བཞིན་བྱང་ཕྱོགས་བཏུལ། །བཅོམ་རླག་བསྐོར་དང་ཨོ་ཏ་ལར་བྱོན་སོགས། །དགྲ་མཐའ་ལྔ་ལེན་ལམ་དང་དབུལ་པོ་སོགས། །རྒྱུ་བ་ལུང་བསྟན་ཤཱཀྱ་ལྷག་མ་གྲོལ། །བྲམ་ཟེ་གང་པོ་མི་ཉམས་རྒྱུ་བདུན་དང༌། །སྤོང་བྱེད་ལམ་ཞུགས་ཤ་པའི་ཚལ་བཞུགས་དང༌། །ནོར་ཅན་འདུ་བྱེད་བཏང་དང་རྩྭ་ཅན་ལམ། །དེར་བཞུགས་མཛད་པ་རབ་དགའ་རབ་བཟང་དང༌། །མྱང་འདས་ཞུགས་ལ་བཞེན་དང་ཆ་བརྒྱད་བགོས། བཀའ་བསྡུ་འོད་སྲུངས་ཞི་དང་ཤ་ནའི་གོས། །ཀུན་དགའི་མཐའ་དང་བཀའ་བསྡུ་གཉིས་པའོ། །ཞེས་པ་འདི་ཐོག་མར་བློ་ལ་བྱང་བར་བྱའོ།།དེ་ལྟར་ན་དགའ་ལྡན་དུ་དམ་པ་ཏོག་དཀར་པོར་གྱུར་པ་དང༌།༡ རིགས་མཆོག་ཏུ་གྱུར་པ་ཤཱཀྱའི་རིགས་ཀྱི་གཏམ་དང༌།༢ གཟིགས་པ་ལྔ་ལ་གཟིགས་པ་དང༌།༣ དགའ་ལྡན་ནས་འཕོས་ཏེ་ལྷུམས་སུ་འཇུག་པ་དང༌། ༤ ཡུམ་གྱི་ལྷུམས་ན་བཞུགས་པའི་གནས་སྐབས་དང༌། ༥ ལུམྦིའི་ཚལ་དུ་སྐུ་བལྟམས་པ་དང༌། ༦ གྲོང་ཁྱེར་སེར་སྐྱར་གཤེགས་པ་དང༌། ༧ དྲང་སྲོང་ཉོན་མོངས་མེད་ཀྱིས་ལུང་བསྟན་པ་སོགས་དང༌། ༨ བཟོའི་གནས་ལ་སྦྱངས་པ་དང༌། ༩ སྒྱུ་རྩལ་གྱི་སྟོབས་བསྟན་པ་དང༌། ༡༠ བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བསྟེན་པ་དང༌། ༡༡ ཤིང་དགེ་བའི་སྙིང་པོའི་གཏམ་དང༌། ༡༢ ས་འཚོ་མ་བཙུན་མོར་གྱུར་པ་དང༌།༡༣ ངེས་པར་འབྱུང་བའི་རྐྱེན་བཞི་གཟིགས་པ་དང༌། ༡༤ ཞིང་པའི་སར་བསམ་གཏན་བསྒྲུབས་ཤིང་དུར་ཁྲོད་གཟིགས་པ་དང༌། ༡༥ བཙུན་མོ་རི་དྭགས་སྐྱེས་ཀྱི་གཏམ་དང༌། ༡༦ ཞག་བདུན་དུ་སྲུང་མས་བསྐོར་བ་དང༌། ༡༧ ཁྱིམ་ནས་མངོན་པར་བྱུང་བ་དང༌། ༡༨ རབ་ཏུ་བྱུང་ཞིང་ངན་སྤོང་གི་གནས་སུ་གཤེགས་པ་དང༌། ༡༩ མུ་སྟེགས་ཅན་དང་ལྷན་ཅིག་ལམ་འཚོལ་བར་བསྟན་པ་
དང༌།༢༠ དཀའ་བ་རྣམ་པ་བདུན་སྤྱད་པ་དང༌།༢༡ དཀའ་ཐུབ་གྲོལ་ཏེ་འོ་ཐུག་གསོལ་བས་སྐུ་ལུས་མཐུ་བསྐྱེད་པ་དང༌། ༢༢ བྱང་ཆུབ་སྙིང་པོ་རྡོ་རྗེ་གདན་གྱི་ལམ་དུ་གཤེགས་པའི་གཏམ་དང༌།༢༣ བདུད་བཏུལ་བ་དང༌།༢༤ བླ་ན་མེད་པའི་ཡེ་ཤེས་བརྙེས་པ་དང༌། ༢༥ ནགས་ཁྲོད་དུ་ཐུགས་ལས་ཆུང་ངུས་དལ་བར་བཞུགས་པ་དང༌། ༢༦ ཚངས་པ་དང་བརྒྱ་བྱིན་གྱིས་གསོལ་བ་བཏབ་སྟེ་ཝ་ར་ཎཱ་སིར་གཤེགས་པ་དང༌།༢༧ ལྔ་སྡེ་ལ་ཆོས་འཁོར་དང་པོ་བསྐོར་བ་དང༌།༢༨ ཉེ་བའི་ལྔ་སྡེ་ལ་སོགས་པའི་ལོ་རྒྱུས་དང༌།༢༩ ཝ་ར་ཎཱ་སི་ནས་མ་ག་དྷར་འབྱོན་པའི་ལམ་བར་གྱི་གཏམ་དང༌།༣༠ རལ་པ་ཅན་སྟོང་བཏུལ་བ་དང༌།༣༡ རྒྱལ་པོ་གཟུགས་ཅན་སྙིང་པོས་བསུ་བ་དང༌།༣༢ མཆོག་ཟུང་གཅིག་འཁོར་དུ་འདུས་པ་དང༌།༣༣ ཀླུ་ཨེ་ལའི་འདབ་བཏུལ་བ་དང༌།༣༤ ཀ་ཏྱ་ཡ་ན་འཕགས་རྒྱལ་འདུལ་བར་མངགས་པ་དང༌།༣༥ ཁྱིམ་བདག་མེ་སྐྱེས་བཙས་པའི་གཏམ་དང༌།༣༦ འབར་བའི་ཕུག་ཏུ་བརྒྱ་བྱིན་ལ་སོགས་པ་ལྷ་རྣམས་ལ་ཆོས་བསྟན་པ་དང༌།༣༧ ཁྱིམ་བདག་མགོན་མེད་ཟས་སྦྱིན་བདེན་པ་ལ་བཀོད་པ་དང༌།༣༨ དེས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེངས་པ་དང༌།༣༩ སྟོན་པ་ཉིད་མཉན་ཡོད་དུ་སྤྱན་དྲངས་པ་དང༌།༤༠ རྒྱལ་པོ་གསལ་རྒྱལ་དད་པ་ལ་བཀོད་པ་དང༌།༤༡ ཡབ་སྲས་མཇལ་བའི་སྐབས་དང་འབྲེལ་བའི་གཏམ་རྒྱུད་ཆེན་པོ་དང༌།༤༢ ཤཱཀརིགས་ཀྱི་བུད་མེད་ཕལ་པ་རྣམས་ལ་ཆོས་བསྟན་པ་དང༌།༤༣ གཅུང་དགའ་བོ་རབ་ཏུ་བྱུང་པའི་སྐོར་དང༌། ༤༤ སྐྱེ་དགུའི་བདག་མོ་ལ་བརྟེན་ཏེ་དགེ་སློང་མའི་དགེ་འདུན་བསྟན་པ་དང༌། ༤༥ གྲོང་ཁྱེར་སློབ་མ་ལྟ་བུར་གཤེགས་པ་དང༌། ༤༦ ནུབ་ཕྱོགས་འོད་ཟེར་ཅན་གྱི་འཇིག་རྟེན་དུ་བྱོན་པ་དང༌། ༤༧ བྲམ་ཟེ་པདྨའི་སྙིང་པོ་ཆོས་ལ་བཀོད་པ་དང༌། ༤༨ ཁྱེའུ་གཉིས་ཀྱི་གཏམ་དང༌། ༤༩ མཽད་གལ་བུ་མངགས་ཏེ་ཀླུ་དགའ་བོ་ཉེ་དགའ་བཏུལ་བ་དང༌།༥༠
རྒྱལ་པོ་གསལ་རྒྱལ་ཀླུའི་གནོད་པ་ལས་སྐྱབས་པ་དང༌། ༥༡ གནོད་སྦྱིན་འབྲོག་གནས་བཏུལ་བ་དང༌། ༥༢ ལག་བརྒྱུད་བདེན་པ་ལ་བཀོད་པ་དང༌། ༥༣ རྒྱལ་པོ་ཨུ་ཏྲ་ཡ་ཎ་ལ་སོགས་པ་གྲོང་ཁྱེར་སྒྲ་སྒྲོགས་བའི་སྐོར་དང༌། ༥༤ སེང་གེ་རལ་པ་ཅན་བཏུལ་བ་དང༌། ༥༥ ཤེད་བུ་སེར་སྐྱ་ཆུ་སྲིན་ཉའི་རིགས་ཅན་དུ་གྱུར་པའི་གཏམ་དང༌། ༥༦ འོད་སྲུངས་ཆེན་པོ་འཁོར་དུ་འདུས་པའི་གཏམ་དང༌། ༥༧ ཕྱིས་འོད་སྲུངས་ཆེན་པོ་ལ་སྟན་ཕྱེད་སྩལ་བ་དང༌། ༥༨ ཀུན་དགའ་པོ་ལྷན་ཅིག་གནས་པར་བསྟན་པ་དང༌། ༥༩ སྤྲེའུས་སྦྲང་རྩི་ཕུལ་བ་གཉིས་དང༌། ༦༠ ཆོ་འཕྲུལ་ཆེན་པོ་བསྟན་པའི་ལོ་རྒྱུས་བཏུལ་པ་དང༌། ༦༡ དྲང་སྲོང་ལྔ་བརྒྱ་བཏུལ་པ་དང༌། ༦༢ ལྔ་ལེན་གྱི་རྒྱལ་པོ་གཉིས་བསྡུམས་པ་དང༌། ༦༣ ཤ་ཟ་སྟོང་བཏུལ་བ་དང༌། ༦༤ འདུས་པ་ཆེན་པོ་ལ་སོགས་པ་དང༌། ༦༥ ཚོང་པ་ལྔ་བརྒྱ་པ་སྡེ་གཉིས་སྐྱབས་པ་དང༌། ༦༦ ཆོ་འཕྲུལ་ཆུང་བར་གྲགས་པ་ལྷ་ལས་བབས་པ་དང༌། ༦༧ གྲོང་ཁྱེར་བཟང་བྱེད་དུ་གཤེགས་པ་དང༌། ༦༨ ཁྱིམ་བདག་དཔལ་སྦེད་བཏུལ་བ་དང༌། ༦༩ མེ་སྐྱེས་རབ་ཏུ་བྱུང་བའི་སྐོར་དང༌། ༧༠ གནོད་སྦྱིན་མོ་འཕྲོག་མའི་གཏམ་དང༌། ༧༡ རྒྱལ་པོ་ཀ་པ་ནི་འཁོར་བཅས་དགྲ་བཅོམ་པ་ལ་འཁོད་པ་དང༌། ༧༢ ཁྱིམ་བདག་གདེངས་ཅན་བདེན་པ་མཐོང་བ་དང༌། ༧༣ གྲོང་ཁྱེར་ཀཽའུ་ཤམྦི་ཞབས་ཀྱིས་བཅགས་པ་དང༌། ༧༤ སིང་གྷ་ལའི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་གྱི་ལོ་རྒྱུས་དང༌། ༧༥ མ་ག་དྷཱ་བཟང་མོས་ཡུལ་བུ་རམ་ཤིང་འཕེལ་དུ་སྤྱན་དྲངས་པ་དང༌། ༧༦ ལྷས་བྱིན་གྱིས་རྫུ་འཕྲུལ་བསྒྲུབས་པ་དང༌། ༧༧ དགེ་འདུན་གྱི་དབྱེན་བསྡུམས་པ་དང༌། ༧༨ རྒྱལ་པོ་མ་སྐྱེས་དགྲའི་ལོག་སྤྱོད་དང༌། ༧༩ ལྷས་བྱིན་གྱིས་ལོག་སྒྲུབ་བྱས་ཀྱང་གནོད་པ་མི་མངའ་བ་དང༌། ༨༠ གླང་པོ་ཆེ་ནོར་སྐྱོང་བཏུལ་བ་དང༌། ༨༡ འཚོ་བྱེད་གཞོན་ནུ་གསོས་བདེན་པ་ལ་བཀོད་པ་དང༌། ༨༢ རྒྱལ་ཆེན་བཞི་དྲང་སྲོང་སྟོང་དང་བཅས་པས་བདེན་པ་མཐོང་བ་དང༌། ༨༣ སོར་མོའི་
འཕྲེང་བ་ཅན་བཏུལ་བ་དང༌། ༨༤ འཕགས་པ་ལེགས་འོངས་ཀྱི་ལོ་རྒྱུས་དང༌། ༨༥ ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་དབྱར་གནས་མཛད་པ་དང༌། ༨༦ རྒྱལ་པོ་གསལ་རྒྱལ་གྱིས་འོད་སྲུང་ཆེན་པོ་མཆོད་པ་དང༌། ༨༧ དབུལ་མོ་ཞིག་སངས་རྒྱས་སུ་ལུང་བསྟན་པ་དང༌། ༨༨ རྒྱལ་པོ་གསལ་རྒྱལ་གྱི་ང་རྒྱལ་བཅག་པ་དང༌། ༨༩ རྒྱལ་པོ་མ་སྐྱེས་དགྲ་གནོད་པ་ལས་སྐྱབས་པ་དང༌། ༩༠ མ་སྐྱེས་དགྲ་རྩ་བ་མེད་པའི་དད་པ་ལ་བཀོད་པ་དང༌། ༩༡ ལྷས་བྱིན་གྱི་གཏམ་རྒྱུད་འཕྲོས་དང༌། ༩༢ མཆོག་ཟུང་གི་དམྱལ་བའི་རྒྱུད་གཟིགས་པ་དང༌། ༩༣ ཡངས་པ་ཅན་དུ་གཤེགས་པའི་ལམ་ཁར་བྱུང་བའི་གཏམ་དང༌། ༩༤ ཡངས་པ་ཅན་པ་རྣམས་བདེ་བར་མཛད་པ་དང༌། ༩༥ ཡུལ་མི་ཐི་ལ་སོགས་སུ་བྱོན་པ་དང༌། ༩༦ ཡུལ་སྡིག་པ་ཅན་གྱི་གྱད་རྣམས་བཏུལ་བ་དང༌། ༩༧ ནྱ་གྲོ་དྷའི་གྲོང་སོགས་སུ་གཤེགས་པ་དང༌། ༩༨ བྲམ་ཟེའི་གྲོང་དུ་བྱོན་པ་སོགས་དང༌། ༩༩ བྱང་ཕྱོགས་ཀྱི་རྒྱུད་བཏུལ་བ་དང༌། ༡༠༠ །བཅོམ་རླག་ཏུ་བྱོན་པའི་སྐོར་དང༌། ༡༠༡ ཡུལ་ཨོ་ཏ་ལར་བྱོན་པ་སོགས་དང༌། ༡༠༢ གྲོང་ཁྱེར་དགྲ་མཐར་དབྱར་གནས་མཛད་པ་དང༌། ༡༠༣ ལྷོ་ཕྱོགས་ལྔ་ལེན་གྱི་ལམ་དུ་བྱུང་བའི་གཏམ་དང༌། ༡༠༤ བྲམ་ཟེ་དབུལ་པོ་ལ་སོགས་པའི་ལོ་རྒྱུས་དང༌། ༡༠༥ ལས་ཀྱི་རྒྱུ་བ་ལུང་བསྟན་པ་དང༌། ༡༠༦ ཤཱཀྱ་ལྷག་མ་རྣམས་གྲོལ་བ་ལ་བཀོད་པ་དང༌། ༡༠༧ བྲམ་ཟེ་གང་པོ་ལ་སོགས་པ་བྱང་ཆུབ་ཏུ་ལུང་བསྟན་པ་དང༌། ༡༠༨ མི་ཉམས་པའི་རྒྱུ་བདུན་གྱི་རྣམ་གྲངས་གསུངས་པ་དང༌། ༡༠༩ ཡངས་པ་ཅན་གྱི་ལམ་དུ་ཞུགས་པའི་སྐབས་དང༌། ༡༡༠ འོད་མ་ཅན་གྱི་བྱང་ཕྱོགས་ཤིང་ཤ་པའི་ཚལ་དུ་བཞུགས་པ་དང༌། ༡༡༡ ཁྱིམ་བདག་ནོར་ཅན་གྱི་གཏམ་དང༌། ༡༡༢ སྐུ་ཚེའི་འདུ་བྱེད་བཏང་བ་དང༌། ༡༡༣ རྩ་ཅན་དུ་བཞུད་པའི་ལམ་གྱི་མཛད་པ་དང༌། ༡༡༤ རྩ་ཅན་ཉིད་དུ་བྱོན་པའི་མཛད་པ་དང༌། ༡༡༥ དྲི་ཟའི་རྒྱལ་པོ་རབ་དགའ་བཏུལ་བ་དང༌། ༡༡༦ ཀུན་དུ་རྒྱུ་རབ་བཟང་དགྲ་བཅོམ་པ་ལ་
བཀོད་པ་དང༌། ༡༡༧ ཡོངས་སུ་མྱ་ངན་ལས་འདས་པར་བསྟན་པ་དང༌། ༡༡༨ སྐུ་གདུང་ཞུགས་ལ་ཕུལ་བ་དང༌། ༡༡༩ སྐུ་གདུང་ཆ་བརྒྱད་དུ་བགོས་པ་དང༌། ༡༢༠ བཀའ་བསྡུ་བ་དང་པོའི་གཏམ་དང༌། ༡༢༡ འོད་སྲུང་ཆེན་པོ་མྱ་ངན་ལས་འདས་པ་དང༌། ༡༢༢ ཤ་ནའི་གོས་ཅན་རབ་ཏུ་བྱུང་བ་དང༌། ༡༢༣ ཀུན་དགའ་བོའི་མཛད་པ་ཐ་མ་དང༌། ༡༢༤ བཀའ་བསྡུ་བ་གཉིས་པ་ཇི་ལྟར་མཛད་པ་སྟེ། ༡༢༥ རྨད་དུ་བྱུང་བའི་གཏམ་བརྒྱ་དང་ཉི་ཤུ་རྩ་ལྔའོ། །དེ་ལས་དང་པོ་དགའ་ལྡན་དུ་ལྷའི་བུ་དམ་པ་ཏོག་དཀར་པོར་གྱུར་པའི་ཚུལ་ནི། དེ་ཡང་སྔོན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པའི་དུས་ན། བཅོམ་ལྡན་འདས་འོད་སྲུངས་འཇིག་རྟེན་དུ་བྱོན། དེའི་དུས་ན་འོ་སྐོལ་གྱི་སྟོན་པ་འདི་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བར་གྱུར། དེ་ནས་འཕོས་ཏེ་དགའ་ལྡན་གྱི་ལྷ་རྣམས་ཀྱི་སྟོན་པ་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོ་ཞེས་བྱ་བར་གྱུར་ཏེ། སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས། དགའ་ལྡན་ན་གནས་པ་རྣམས་གཙོ་ཆེར་གྱུར་པའི་ལྷ་ལ་སོགས་པའི་འགྲོ་བ་རྣམས་རབ་ཏུ་སྨིན་པའི་ཕྱིར། ཡང་དག་པའི་ཆོས་སྟོན་པར་མཛད་དོ། །དེ་ནས་བརྩམས་ཏེ་འཛམ་བུ་གླྀང་པ་རྣམས་ཚེ་ལོ་བརྒྱ་པ་ལ་གནས་པའི་བར་དུ་དགའ་ལྡན་གྱི་གནས་དེ་ཉིད་དུ་སྐུ་ལུས་ཀྱི་རྟེན་དེ་ཁོ་ནས་བཞུགས་སོ། །གཉིས་པ་རིགས་མཆོག་ཏུ་གྱུར་པ་ནི། དུས་དེར་ཆུ་ཀླུང་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་ཆུ་བོ་གངྒཱའི་འགྲམ། གྲོང་ཁྱེར་ཆེན་པོ་སེར་སྐྱ་གཞི་ཞེས་བྱ་བར། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བརྒྱུད་ལས་བྱུང་བ། ཤཱཀྱ་རིགས་ལ་རྒྱལ་པོ་སེང་གེ་འགྲམ་ཞེས་བྱ་བ་རྒྱལ་སྲིད་བྱེད་དོ། །དེ་ལ་སྲས་བཞི་སྟེ། ཟས་གཙང་དང༌། ཟས་དཀར་དང༌། བྲོ་བོ་ཟས་དང༌། བདུད་རྩི་ཟས་སོ། སྲས་མོ་ཡང༌། བཞི་སྟེ། གཙང་མ་དང༌། དཀར་མོ་དང༌། བྲེ་བོ་མོ་དང༌། བདུད་རྩི་མོའོ། །ཤཱཀྱའི་གྲོང་ཁྱེར་ལྷས་བསྟན་ན་ནི། ཤཱཀྱ་
ལེགས་པར་རབ་སད་ཞེས་བྱ་བ་རྒྱས་སྲིད་སྐྱོང་བ་ལས། རྒྱལ་པོ་དེ་གཉིས་ཀར་ཡང་རྒྱལ་སྲིད་བདེ་ཞིང་ཕུན་སུམ་ཚོགས་པ་ཆོས་དང་ལྡན་པས་རྒྱལ་སྲིད་སྐྱོང་ངོ༌། །སེང་གེ་འགྲམ་ནི་བདག་གི་བརྒྱུད་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱུང་ཡང་ཅི་མ་རུང་ཞེས་སྨོན་པར་བྱེད་དོ། །རྒྱལ་པོ་ལེགས་པར་རབ་སད་ཀྱང༌། སེང་གེ་འགྲམ་དང་གཉེན་དུ་འགྱུར་བར་སྨོན་ནོ། །ལེགས་པར་རབ་སད་ལ་བུ་མོ་མཆོག་ཏུ་གྱུར་པ་ཞིག་བཙས་པ་ན། སྐྱེ་བོ་ཐམས་ཅད་ཀྱིས་འདི་ནི་མིའི་བུ་མོ་མ་ལགས་ཏེ། ལས་ཐམས་ཅད་ཀྱིས་སྤྲུལ་པའི་སྒྱུ་འཕྲུལ་ལོ་ཞེས་ཟེར་བས། དེའི་མིང་སྒྱུ་འཕྲུལ་མར་བཏགས་ཤིང༌། མཚན་མཁན་རྣམས་ཀྱིས་ལུང་བསྟན་པ། འདི་ལ་བུ་བཙའ་བ་ནི་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་རོ། །དེ་ནས་ཡང་ཕྱིས་ལེགས་པར་རབ་སད་ཀྱི་བཙུན་མོ་ལ་སྔ་མ་ལས་ཀྱང་ཆེས་ལྷག་པའི་བུ་མོ་བཙས་པར་གྱུར་ཏེ། དེའི་མིང་ལྷ་མོ་སྒྱུ་འཕྲུལ་ཆེན་པོ་ཞེས་བཏགས་ཤིང༌། འདི་ལས་ནི་སྲས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་འཁྲུང་པར་འགྱུར་ཞིང༌། དེ་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་རོ་ཞེས་ལུང་བསྟན་ཏོ། དེ་ནས་ཕྱི་ཞིག་ན་ལེགས་པར་རབ་སད་ཀྱིས་རྒྱལ་པོ་སེང་གེ་འགྲམ་ལ་འཕྲིན་དུ་སྤྲིངས་ཏེ། བདག་ལ་མཆོག་ཏུ་གྱུར་པའི་བུ་མོ་གཉིས་ཤིག་མཆིས་པ་ལས། གང་བཞེད་པ་ཞིག་གཞོན་ནུ་ཟས་གཙང་གི་བཙུན་མོར་བཞེས་ཤིག །སེང་གེ་འགྲམ་གྱིས་སླར་སྤྲིངས་པ། དེ་གཉིས་ཀ་ཡང་གཞོན་ནུ་ཟས་གཙང་ལ་དགོས་པ་ཞིག་ཡོད་མོད་ཀྱི། རེ་ཞིག་ཆུང་བ་བླང་སྟེ་ཅིག་ཤོས་ཀྱང་ཚོགས་ལ་བརྟག་པར་བྱའོ་ཞེས་སྤྲིངས་ནས་སྒྱུ་འཕྲུལ་ཆེན་མོ་འཁོར་ལྔ་བརྒྱ་དང་བཅས་པ། གཞོན་ནུ་ཟས་གཙང་མའི་བཙུན་མོར་བླངས་སོ། །དེ་ནས་དུས་གཞན་ཞིག་གི་ཚེ། ཤཱཀྱ་རྣམས་ཀྱི་དགྲ་སྐྱ་སེང་ཞེས་བྱ་བའི་རྒྱལ་རིགས་རི་ཁྲོད་པ་དག་
ཡོད་དེ། དེ་རྣམས་འདུལ་བར་གཞོན་ནུ་ཟས་གཙང་མངགས་ཤིང༌། ཤཱཀྱའི་ཚོགས་རྣམས་ཀྱིས་ཀྱང་དམ་པ་སྦྱིན་པར་ཁས་བླངས་སོ། །དེ་ནས་སྐྱ་སེང་གི་ཚོགས་རྣམས་ལེགས་པར་ཐུལ་ཏེ་འཁོར་བ་ན། ཤཱཀྱའི་ཚོགས་ཀྱིས་རྒྱལ་པོ་སེང་གེ་འགྲམ་ལ་དམ་པ་ཅི་བཞེད་དྲིས་པ་ན། ཤཱཀྱ་རྣམས་ནི་རིགས་མཉམ་པ་ལས་ཆུན་མ་བཞག་པར་མི་བྱ་བའི་ཁྲིམས་དང་ལྡན་པ་ཡིན་ན། གཞོན་ནུ་ལ་མཆོག་བླང་བར་བྱ་རྒྱུ་ནི་རིགས་མཉམ་པ་ལས་ཆུན་མ་བླང་བ་ཡིན་ནོ། །དེ་ནས་ཤཱཀྱའི་ཚོགས་པ་རྣམས་ཀྱིས་ཀྱང་གནང་བ་བྱིན་ནས། ལྷ་མོ་སྒྱུ་འཕྲུལ་མ་འཁོར་ལྔ་བརྒྱ་དང་བཅས་པ། དཔལ་དང་འབྱོར་པ་ཆེན་པོས་གཞོན་ནུ་ཟས་གཙང་གི་བཙུན་མོར་བླངས་སོ། །ཕྱི་ཞིག་ན་རྒྱལ་པོ་སེང་གེ་འགྲམ་འདས་ཏེ། སྲས་ཀྱི་ཐུ་བོ་རྒྱལ་པོ་ཟས་གཙང་མ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ལོངས་སྤྱོད་ཅིང༌། དེའི་མངའ་འབངས་རྣམས་ཀྱང་མཆོག་ཏུ་འབྱོར་ཞིང་བདེ་བ་རྒྱལ་པོ་སྔ་མ་ལས་ཀྱང་ལྷག་པ་ཙམ་དུ་གྱུར་ཏོ། །གསུམ་པ་གཟིགས་པ་ལྔ་ལ་གཟིགས་པ་ནི། དེའི་ཚེ་བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོར་གྱུར་པས། འཛམ་བུ་གླིང་དུ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ། རིགས་དང་ཡུལ་དང་དུས་དང་བརྒྱུད་དང་བུད་མེད་ལ་གཟིགས་པའོ། །དེ་ཡང་རིགས་ཀྱི་མཆོག་ཤིན་ཏུ་བཙུན་པར་བཀུར་བའི་རྒྱལ་རིགས་དང༌། ཡུལ་གྱི་མཆོག་ཡུལ་དབུས་ཀྱི་གྲོང་ཁྱེར་དམ་པ་དང༌། དུས་ཀྱང་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཧ་ཅང་རབ་སྙིགས་མ་ལྔ་བདོ་བ་ཡང་མ་ཡིན་པ་ཚེ་ལོ་བརྒྱ་པ་དང༌། བརྒྱུད་ནི་མང་པོས་བཀུར་བའི་བརྒྱུད་པ་ཡང་ཡིན་ལ། ཕ་མེས་དང་མ་མེས་ཀྱི་ཚོགས་ཟུང་དག་ལ་བདུན་བརྒྱུད་ཀྱི་བར་དུ་སྐྱོན་མེད་པ་དང༌། ཡུམ་ནི་བུད་མེད་ཀྱི་སྐྱོན་ཀུན་སྤངས། ཡོན་ཏན་ཀུན་ཚང་བ་ལས། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་
ལྷུམས་སུ་འཛིན་ནུས་པའི་བསོད་ནམས་བསགས་པ་དང༌། སྔོན་གྱི་རྒྱལ་བ་ལ་མཆོད་ནས་སངས་རྒྱས་ཀྱི་ཡུམ་དུ་འགྱུར་བར་སྨོན་ལམ་བཏབ་པ་སྟེ་དེ་དག་དགོས་པ་ལས། ལྷ་མོ་སྒྱུ་འཕྲུལ་ལ་དེ་ཡང་ཚང་བར་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་པས་དགའ་ལྡན་དུ་གནས་པ་ལ་སོགས་པའི་འདོད་པའི་ལྷ་རིགས་དྲུག་ལ་ལན་གསུམ་དུ་འདི་སྐད་ཅེས་བསྒྲགས་ཏེ་ང་ནི་དགའ་ལྡན་གྱི་ལྷའི་རིགས་འདི་ནས་འཕོས་ཏེ། རྒྱལ་པོ་ཟས་གཙང་གི་བུར་གྱུར་ནས་བདུད་རྩི་རྟོགས་པར་བྱ་ཡི། ཁྱེད་ཅག་བདུད་རྩི་དོན་དུ་གཉེར་བ་རྣམས་ཡུལ་དབུས་ཀྱི་མིར་ཉིང་མཚམས་སྦྱར་བ་ལོངས་ཤིག །ཅེས་སོ། །དེར་དགའ་ལྡན་གྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏེ་བྱང་ཆུབ་སེམས་དཔའ་མཁྱེན་པར་མཛོད་ཅིགད་ལྟ་འཇིག་རྟེན་ནི་སྡིག་པས་གོས་པ། སྐྱེ་དགུ་ནི་མ་རུངས་པའོ། །ཛམྦུའི་གླིང་ནི་འོད་སྲུང་རྫོགས་བྱེད་དང༌། གནག་ལྷས་ཀྱི་བུ་ཀུན་དུ་རྒྱུ་དང༌། ཡང་དག་རྒྱལ་བ་ཅན་སྨྲ་འདོད་ཀྱི་བུ་མོའི་བུ་དང༌། མི་ཕམ་སྐྲའི་ལྭ་བ་ཅན་དང༌། ཀ་ཏའི་བུ་ནོག་ཅན་དང༌། གཉེན་གྱི་བུ་གཅེར་བུ་པ་སྟེ་རྟོག་གེ་པ་དྲུག་དང༌། བྲམ་ཟེ་རྒྱུས་རྒྱལ་དང༌། བྲམ་ཟེ་གནག་ལྡེག་དང༌། བྲམ་ཟེ་བཟང་ལྡན་དང༌། བྲམ་ཟེ་ཚངས་པའི་ཚེ་དང༌། བྲམ་ཟེ་པདྨའི་སྙིང་པོ་དང༌། བྲམ་ཟེ་དམར་པོ་སྟེ་རྗེས་སུ་སྒྲོག་པ་དྲུག་དང༌། རེངས་བྱེད་ཀྱི་བུ་ལྷག་སྤྱོད་དང༌། སྒྱུ་རྩལ་ཤེས་ཀྱི་བུ་རིང་འཕུར་དང༌། ཀུན་དུ་རྒྱུ་རབ་བཟང་དང༌། བྲམ་ཟེའི་ཁྱེའུ་ཀུན་རྒྱལ་དང༌། དྲང་སྲོང་ཉོན་མོངས་མེད་དང༌། ལྟེང་རྒྱས་འོད་སྲུང་རལ་པ་ཅན་ཏེ། སྙོམས་འཇུག་པ་དྲུག་གོ །དེ་ལྟར་བཅོ་བརྒྱད་ཀྱི་དཀྲུགས་པ་ལགས་སོ། །དགའ་ལྡན་གྱི་གནས་འདིར་དཔག་ཚད་བཅུ་གཉིས་པའི་ཆོས་ཀྱི་ཁྲི་བཤམ་པར་བགྱི་ན། འདིར་ཆོས་སྟོན་ཞིང་བཞུགས་ན་ལེགས་སོ། །ཞེས་སོ། །དེ་
ནས་བྱང་ཆུབ་སེམས་དཔས་གྲོགས་པོ་དག དེའི་ཕྱིར་རོལ་མོའི་ཆ་བྱད་ཐམས་ཅད་རྡུངས་ཤིག །དེ་རྣམས་ཀྱིས་རོལ་མོ་ཐམས་ཅད་བརྡུངས་པ་ན། བྱང་ཆུབ་སེམས་དཔས་ཀྱང་དུང་འབུད་དང་མཛད་ནས། འདི་རྣམས་ལས་སྒྲ་ལྷག་པར་ཆེ་བ་གང་ཡིན། གསོལ་པ། དུང་གི་སྒྲ་ལགས་སོ། །བཀའ་སྩལ་པ། དུང་གི་སྒྲས་རོལ་མོའི་སྒྲ་གཞན་ཐམས་ཅད་ཟིལ་གྱིས་གནོན་པ་བཞིན་དུ། ངས་ཀྱང་དེ་དག་ཟིལ་གྱིས་མནན་ཏེ། བདུད་རྩིས་འགྲོ་བ་ཚིམ་པར་བྱའོ། །སེང་གེ་གཅིག་གིས་གཅན་གཟན་ཚོགས་ནི་དུ་མ་མཇོམས། །རྡོ་རྗེ་གཅིག་གིས་བྲག་རྩེ་དུ་མ་རྣམ་པར་འཇིག །བརྒྱ་བྱིན་གཅིག་གིས་ལྟ་མིན་དབང་པོ་དུ་མ་འཇོམས། །ཉི་མ་གཅིག་གིས་མུན་པ་དུ་མ་རྣམ་པར་སེལ། ཁྱེད་ཅག་ལས་བདུད་རྩི་དོན་དུ་གཉེར་བ་རྣམས་གྲོང་ཁྱེར་དྲུག་ཏུ་ཉིང་མཚམས་སྦྱོར་བ་ལོངས་ཤིག །ཅེས་སོ། དེ་དག་གི་ཚེ་བར་སྣང་ལ་རྒྱུ་བའི་ལྷ་རྣམས་ཀྱིས། ད་སྟེ་ལོ་བཅུ་གཉིས་ན་བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་འཇུག་པར་འགྱུར་རོ། །ཞེས་བྱ་བ་ལ་སོགས་པ་བསྒྲགས་པས། དེའི་ཚེ་ཛམྦུའི་གླིང་ན་རང་སངས་རྒྱས་ལྔ་བརྒྱ་ཙམ་བཞུགས་པ། དེ་དག་ཕན་ཚུན་གཅིག་ནས་གཅིག་ཏུ་འདུས་ནས་ཝ་ར་ཎ་སིར་བྱོན། ད་ནི་སངས་རྒྱས་མྱུར་དུ་འབྱུང་བས་བདག་ཅག་གིས་འགྲོ་བའི་དོན་བྱ་མི་དགོས་སོ་སྙམ་དུ་དགོངས་ནས། ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །གདུང་ལ་རང་བྱུང་གི་མེ་སྦར་ཏེ། ནམ་མཁའ་ལ་སོང་བ་ལས་རིང་སྲེལ་རྣམས་སའི་སྟེང་དུ་ལྷུང་བར་གྱུར་ཏོ། །བཞི་པ་དགའ་ལྡན་ནས་ཡུམ་གྱི་ལྷུམས་སུ་འཕོ་བ་ནི། དེ་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱིས། གལ་ཏེ་མགོན་པོ་ཁྱོད་ཛམྦུའི་གླིང་དུ་གཤེགས་ན། དགའ་ལྡན་གྱི་ལྷའི་གནས་འདི་ངན་པར་འགྱུར་རོ། །བྱང་ཆུབ་སེམས་དཔས་བཀའ་
སྩལ་པ། དེང་ཕྱིན་ཆད་མ་ཕམ་པས་ཆོས་སྟོན་པར་འགྱུར་ཞེས། རྒྱལ་བ་མ་རྒྱལ་པ་ལས་རྒྱལ་བ་བྱམས་པ་ལ། ཉིད་ཀྱི་ཅོད་པན་བསྐོན་ཏེ་རྒྱལ་ཚབ་ཏུ་བསྐོས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཡུམ་ལྷ་མོ་སྒྱུ་འཕྲུལ་ཆེན་མོའི་སྐུ་ལ་གཟི་མདངས་བསྐྱེད་ཅིང༌། ལྷུམས་ཀྱང་གཙང་མར་བྱས་སོ། །ཆུ་སྟོད་ཀྱི་ཟླ་བའི་ཚེས་བཅོ་ལྔ་ལ་བབ་སྟེ། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་ཡང་བསྙེན་གནས་ཀྱི་སྡོམ་པ་ཡང་དག་པ་བླངས་ཤིང་གནས་ལ་བྱང་ཆུབ་སེམས་དཔའ་ཡང་ནམ་ཀྱི་གུང་ཐུན་ལ་གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་པའི་གཟུགས་སུ་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས་སོ། །དེའི་ཚེ་ས་ཆེན་པོ་གཡོས་ཤིང་འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱི་སྣང་བས་ཁྱབ་པར་གྱུར། ཡུམ་གྱི་མནལ་ལམ་དུ་གླང་པོ་ཆེ་མཆོག་གིས་ཡུམ་ཉིད་ཀྱི་གཡས་ཕྱོགས་ཀྱི་རུམ་དྲལ་ནས་ཞུགས་པ་དང༌། སྟེང་གི་ནམ་མཁའ་ལ་འགྲོ་བ་དང༌། རི་བྲག་ཆེན་པོ་ལ་འཛེག་པ་དང༌། སྐྱེ་བོ་མང་པོ་རང་ལ་ཕྱག་བྱེད་པའོ། །དེའི་ནངས་པར་རྒྱལ་པོ་ལ་ཞུས་པས། རྒྱལ་པོས་བློན་པོ་རྣམས་མངགས་ཏེ་རྨི་ལམ་སྟོན་མཁན་དང༌། བྲམ་ཟེ་ལྟས་མཁན་རྣམས་བཀུག་སྟེ། དེ་རྣམས་ལ་རྒྱལ་པོས་དྲིས་པ་ན། དེ་རྣམས་ཀྱིས་སྨྲས་པ། ལྟས་འདི་ལས་སྦྱར་ན། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པའི་སྲས་ཞིག་བལྟམས་པར་འགྱུར་རོ། །ཞེས་སོ། །ལྔ་པ་ལྷུམས་ན་བཞུགས་པ་ནི། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བྱང་ཆུབ་སེམས་དཔའ་ལྷུམས་སུ་བཞུགས་པ་དེ་ལ། སྐུའི་སྲུང་མར་ལག་ན་རལ་གྲི་དང༌། ལག་ན་མདུང་དང༌། ལག་ན་མདུང་ཐུང་དང༌། ལག་ན་མདའ་བོ་ཆེ་སྟེ། ལྷའི་བུ་དཔའ་ཞིང་བརྟུལ་ཕོད་པ་བཞི་བཞག་གོ །དེ་ནས་ཡུམ་གྱི་ལྷུམས་སུ་བཞུགས་པ་ན་ཡང་མི་གཙང་བས་མ་སྦགས་ཤིང༌། ནོར་བུ་བཻ་ཌུརྱའི་དབུས་
སུ་ཚོན་སྐུད་སྣ་ལྔ་བཞག་པ་ལྟར་ཁྱེའུའི་ལུས་ཕུན་སུམ་ཚོགས་པ་མཚན་དང་ལྡན་པ་དེ་ཉིད་ཡུམ་གྱི་སྐུ་ལུས་ཀྱི་ཕྱི་རོལ་ནས་ཀྱང་མ་བསྒྲིབས་པར་གསལ་བར་སྣང་བ་དང༌། དུས་དེ་ནས་བརྩམས་ཏེ་ཇི་སྲིད་འཚོའི་བར་དུ་ཡུམ་ཉིད་བསླབ་པའི་གནས་ལྔ་ལ་གནས་ཤིང་འདོད་པ་ལ་ཡིད་གཏོད་པ་མེད་དོ། །དེ་ནས་ལྷ་མོ་སྒྱུ་འཕྲུལ་ཕོ་བྲང་གི་སྐྱེད་མོས་ཚལ་དུ་ཡོ་བྱད་དང་འབྱོར་པ་དཔག་ཏུ་མེད་པ་དང་བཅས་ཏེ་སྡུག་བསྔལ་དང་ཡིད་མི་བདེ་བའི་རྐྱེན་ཐམས་ཅད་སྤངས་ཏེ། དགའ་ཚལ་གྱི་ལྷའི་བུ་མོ་བཞིན་དུ་གནས་པ་ལས། ནམ་ཞིག་ན་རྒྱ་མཚོ་བཞིའི་ཆུ་བཏུང་བར་འདོད་པ་སྐྱེས་ནས། རྒྱལ་པོ་ལ་ཞུས་ཤིང་དེས་མཚན་མཁན་རྣམས་ལ་དྲིས་པས། ལྷུམས་སུ་ཞུགས་པ་འདིའི་མཐུ་ལགས་ཏེ། འདིས་ཤེས་བྱའི་རྒྱ་མཚོ་འཐུང་བར་འགྱུར་བ་ལགས་སོ། །རྒྱལ་པོས་སྨྲས་པ། གལ་ཏེ་ཆུ་དེ་ལ་མ་བླུད་ན་ཅིརད་འགྱུར། །གསོལ་པ། ཡན་ལག་མ་ཚང་བ་ཞིག་བཙའ་བར་འགྱུར་རོ། །རྒྱལ་པོས་བསམས་པ། ང་ཟས་གཙང་མ་བུ་ཡན་ལག་མ་ཚང་བར་བྱ་བ་ག་ལ་ཞིག་སྙམ་སྟེ། ཀུན་དུ་རྒྱུ་མིག་དམར་ཞེས་བྱ་བ་སྒྱུ་འཕྲུལ་གྱི་རིག་སྔགས་ལ་བྱང་བ་ཞིག་བོས་ནས། དེས་སྔགས་ཀྱིས་སྤྲུལ་པའི་རྒྱ་མཚོ་བཞི་བསྟན་ཏེ། དེའི་ཆུ་བླུད་ནས་ཚིམ་པར་བྱས་སོ། །དེ་བཞིན་དུ་བཙོན་ཐམས་ཅད་ཐར་བར་བྱའོ་སྙམ་པ་ཡང་རྒྱལ་པོས་བཏང༌། སྐྱེ་བོ་དུ་མ་སྦྱིན་པས་ཚིམ་པར་བྱའོ་སྙམ་པ་ཡང་རྒྱལ་པོས་དེ་བཞིན་དུ་མཛད། གཞན་ཡང་སྐྱེད་མོས་ཚལ་སྣ་ཚོགས་གཟིགས་པར་འདོད་པ་སོགས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དྲུག་པ་སྐུ་བལྟམས་པའི་མཛད་པ་ནི། དེ་ལྟར་ལྷུམས་སུ་ཟླ་བ་བཅུ་ལོན་ཏེ། ལྗོན་ཤིང་དང་མེ་ཏོག་ཐམས་ཅད་ནི་རབ་ཏུ་རྒྱས། བྱ་རྣམས་ནི་དགའ་བས་སྐད་འབྱིན། ཤིང་ས་ཧ་ཀ་རའི་འབྲས་བུ་སྨིན་ཞིང་དུད་པར་གྱུར། དཔྱིད་ཟླ་ཐ་ཆུང་གི་
ཡར་ངོ་ལ་བབ་པ་ན། ལྷ་མོ་སྒྱུ་འཕྲུལ་ཆེན་མོས་བསམས་པ་བདག་ལྷས་བསྟན་གྱི་སྐྱེད་མོས་ཚལ་དུ་འདུག་པར་བྱའོ་སྙམ། རྒྱལ་པོ་ལ་ཞུས་པས་རྒྱལ་པོས་ཀྱང་གནང་སྟེ། གྲོང་ཁྱེར་ལྷས་བསྟན་དང་ཉེ་བའི་ལུམྦི་ནིའི་ཚལ་དུ་འབྱིན་པར་ཆས་ནས་རིན་པོ་ཆེ་སྣ་བཞིའི་ཁྱོགས་བཤམས་པ་ལ་འདུག་ཅིང་གཡོག་མོ་དུ་མས་ཡོངས་སུ་བསྐོར། རྒྱལ་པོ་ཟས་གཙང་མ་ཡང་དཔུང་ཡན་ལག་བཞི་དང་བཅས་ཏེ། སེར་སྐྱ་གཞིའི་གྲོང་ཁྱེར་ནས་འཕགས་ཏེ། ལུམྦི་ནིའི་ཚལ་དུ་བཞུད་དོ། །དེ་ནས་མདོ་གཞན་ལས་འབྱུང་བ་ལྟར་ན་ཚེས་བརྒྱད་ཀྱི་སྔ་དྲོའི་དུས་རྒྱུ་སྐར་རྒྱལ་གྱི་རྐང་པ་དང་པོ་ལ་བབ་པ་ན། སྐུ་བལྟམས་ཞེས་འབྱུང་ངོ༌། །གང་ལྟར་ཡང་ཡུམ་གྱིས་ཀུན་དུ་གཟིགས་པས་ཤིང་མྱ་ངན་འཚང་མེ་ཏོག་རབ་ཏུ་རྒྱས་པ་ཞིག་གཟིགས་ཏེ། དེའི་ཡལ་ག་ལ་ཕྱག་གཡས་པས་བཟུང་སྟེ་བལྟམས་པར་འདོད་པ་ན། བརྒྱ་བྱིན་གྱིས་བསམས་པ། ཡུམ་འདི་ནི་ངོ་ཚ་ཤེས་པ་དང་ལྡན་པས་ཐབས་ཤིག་བྱའོ་སྙམ་རླུང་དང་ཆར་དྲག་བཏང་བས་སྐྱེ་བོའི་ཚོགས་རྣམས་གུད་དུ་སོང་བ་ན། བརྒྱ་བྱིན་བདག་ཉིད་མ་མ་རྒན་མོའི་ཆ་བྱད་དུ་སྤྲུལ་ནས་མདུན་དུ་བསྡད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཡུམ་ལ་གནོད་པ་མེད་པར་སྐུ་བལྟམས། ཡུམ་གྱི་དཀུ་གཡས་པ་བརྟོལ་ཏེ་བྱོན་པ་ནི། དཔེར་ནི་སྐྱེས་བུ་ཞིག་སྒོ་ཕྱེ་སྟེ། ཕྱིར་རོལ་དུ་འཐོན་ནས་ཡང་སྒོ་བཅད་པ་བཞིན་བལྟམས་ཟིན་པ་ན་རྨའི་སྒོར་མངོན་པ་ཅུང་ཟད་ཀྱང་མེད་དོ། །དེ་ནས་བརྒྱ་བྱིན་གྱིས་རི་དྭགས་ཀྱི་པགས་པའི་སླེ་མོས་བྱང་ཆུབ་སེམས་དཔའི་སྐུ་བཟུང་བར་བརྩམས་པ་ལ་བརྒྱ་བྱིན་གྱི་དྲེགས་པ་ཞི་བའི་ཕྱིར་རྡོ་རྗེའི་སྐུར་བྱིན་གྱིས་བརླབས་པས་བཟུང་མ་ནུས་ནས་འདར་བར་གྱུར་པ་ལ། ཀཽའུ་ཤི་ཀ་ང་ཐོངས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ལ་བྱང་ཆུབ་སེམས་དཔའ་ནི་ངོ་ཚ་ཁྲེལ་ཡོད་ཀྱིས་བརྒྱན་པའི་ཕྱིར། ལྷ་རྫས་ཀྱི་ན་བཟའ་
གསོལ་བ་དང་བཅས་པས་ཡིན་གྱི། གཅེར་བུར་མ་ཡིན་ནོ། །དེ་ལྟར་བལྟམས་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། འོད་ཀྱི་སྣང་བ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་པར་གྱུར་ཏོ། །དེ་མ་ཐག་ཏུ་ཕྱོགས་བཞིར་གོམ་པ་བདུན་བདུན་འབོར་བར་མཛད་དེ། འདི་སྐད་ཅེས། འདི་ནི་ཤར་ཕྱོགས་ཡིན་ཏེ་མྱ་ངན་ལས་འདས་པའི་ཐོག་མར་འགྲོ་བར་བྱའོ། །འདི་ནི་ལྷོ་ཕྱོགས་ཡིན་ཏེ་འགྲོ་བ་ཐམས་ཅད་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ། །འདི་ནི་ནུབ་ཕྱོགས་ཡིན་ཏེ་ངའི་སྐྱེ་བའི་ཐ་མ་ཡིན་ནོ། །འདི་ནི་བྱང་ཕྱོགས་ཡིན་ཏེ་སྲིད་པའི་མཚོ་ལས་བརྒལ་པར་བྱའོ། །ཞེས་གསུངས་སོ། །དེ་ནས་ནམ་མཁའ་ནས་ཆུའི་རྒྱུན་བསིལ་བ་དང་དྲོ་བ་གཉིས་དབུའི་སྟེང་དུ་འབབ་ཅིང་སྐུ་ཁྲུས་གསོལ་ལ། ལྷ་རྣམས་ཀྱིས་གདུགས་དཀར་པོ་དང༌། རྔ་ཡབ་དང༌། མེ་ཏོག་དང༌། སྤོས་དང༌། ན་བཟའ་དག་གིས་ཀྱང་མཆོད། རོལ་མོའི་སྒྲ་ཡང་བསྒྲགས་སོ། །ཡུམ་གྱི་སྐུ་མདུན་དུ་ཆུ་མིག་ཆེན་པོ་ཡང་བྱུང་སྟེ་ཁྲུས་མཛད་དོ། །དེ་ལྟར་སྐུ་བལྟམས་པར་གྱུར་པའི་འོད་ཟེར་དེ། རི་བོ་ཀུན་འཛིན་གྱི་ཕུག་པ་ན། དྲང་སྲོང་ཉོན་མོངས་མེད་རང་གི་ཚ་བོ་སློབ་མར་གྱུར་པ་མི་བྱིན་དང་ལྷན་ཅིག་བསམ་གཏན་བྱེད་པས། ཕུག་དེ་སྣང་བས་ཁྱབ་པ་མཐོང་སྟེ། འདི་ནི་ཉི་མ་ཐམས་ཅད་དག །ཅིག་ཅར་ཤར་བར་གྱུར་ཏམ་ཅི། །ཞེས་སོགས་མི་བྱིན་གྱིས་དྲིས་པ་ན། ཉོན་མོངས་མེད་ཀྱིས། ཉི་མའི་འོད་ནི་རྒྱུན་དུ་རྣོ། །བུ་ཅིག་སྣང་བའི་འོད་འདི་དག །ཡན་ལག་རེག་ན་བདེ་བསིལ་བས། །ངེས་པར་ཐུབ་པ་དེ་ཡི་འོད། །ཅེས་སོགས་སྨྲས་པས། མི་བྱིན་བྱང་ཆུབ་སེམས་དཔའ་འཕྲལ་དུ་བལྟ་བར་འདོད་པ་སྐྱེས་པ་ལ། ད་ལྟ་ལྷ་དབང་ཆེ་བར་གྲགས་པ་རྣམས་ཀྱིས་བསྐོར་ཞིང་བཞུགས་པས། འོ་སྐོལ་གྱིས་སྐབས་རྙེད་པར་མི་འགྱུར་གྱི། སེར་སྐྱ་གཞིར་བྱོན་པའི་ཚེ་བལྟ་བར་འགྲོའོ། །ཞེས་བྱས་སོ། །
དེའི་ཚེ་ཉི་མ་དེ་ཉིད་ལ་ཕྱོགས་བཞིའི་རྒྱལ་པོ་རྣམས་ལ་བུ་སྐྱེས་ཏེ། བྱང་ཆུབ་སེམས་དཔའ་སྐུ་བལྟམས་པའི་འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་ཁྱབ་པ་ལ་དེ་ལྟར་ཡིན་པ་མ་གཏོགས་པར་རང་རང་གི་བུའི་མཐུ་ལས་བྱུང་བ་ཡིན་ནོ་སྙམ་ནས། མ་ག་དྷར་རྒྱལ་པོ་པདྨ་ཆེན་པོའི་བུ་ལ་ནི་གཟུགས་ཅན་སྙིང་པོ། །མཉན་ཡོད་དུ་རྒྱལ་པོ་རྩིབས་ཀྱི་རིང་འཕུར་གྱི་བུ་ལ་ནི་གསལ་རྒྱལ། ཀཽ་ཤམྦིར་རྒྱལ་པོ་དམག་བརྒྱ་པའི་བུ་ལ་ནི་ཤར་པ། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་ཀྱི་བུ་ལ་ནི་རབ་སྣང་སྟེ། འོད་ཀྱི་སྣང་བས་ཁྱབ་པ་ལས་གྲས་ནས་སོ་སོར་མིང་བཏགས་སོ། །གང་གི་ཉིན་པར་བྱང་ཆུབ་སེམས་དཔའ་བལྟམས་པའི་ཞག་དེ་ལ། བཟང་ལྡན་ལ་སོགས་པར་ཤཱཀྱའི་བུ་ལྔ་བརྒྱ་ཡང་བཙས། ཤཱཀྱ་གཞོན་ནུ་མ་ལྔ་བརྒྱ་དང༌། རྒྱལ་པོའི་རིམ་གྲོ་བ་རྣམས་ལ་བུ་མདུན་པ་ལ་སོགས་པ་ལྔ་བརྒྱ་དང༌། བྲན་མོ་ལ་མདུན་མ་ལ་སོགས་པ་བུ་མོ་ལྔ་བརྒྱ་ཡང་བཙས། གླང་མོ་ལྔ་བརྒྱ་ཡང་ཕྲུ་གུ་འབྲངས། རྟ་རྒོད་མ་ལྔ་བརྒྱ་ཡང་རྟེའུ་འབྲངས། གཏེར་ལྔ་བརྒྱ་ཡང་ཁ་བྱེ། ཁམས་ཀྱི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་དཔྱ་ཕུལ་ལོ། །དེ་ནས་རྒྱལ་པོས་བདག་གི་བུ་བཙས་པ་ན་དོན་ཐམས་ཅད་གྲུབ་པར་གྱུར་པས། གཞོན་ནུའི་མཚན་དོན་ཐམས་ཅད་གྲུབ་པར་བཏགས་སོ། །ཞེས་བརྗོད་དེ་དེ་ལྟར་གྲགས་སོ། །བདུན་པ་གྲོང་ཁྱེར་སེར་སྐྱར་གཤེགས་པ་ནི། གནོད་སྦྱིན་ཤཱཀྱ་འཕེལ་ཞེས་བྱ་བ་སེར་སྐྱ་ན་གནས་པ། ཤཱཀྱ་རྣམས་ཀྱི་རིགས་ལྷ་རུ་མཆོད་པ་ཞིག་ཡོད་པ། ཤཱཀྱའི་བུ་བུ་མོ་གང་སྐྱེས་ཀྱང་དང་པོར་དེ་ལ་ཕྱག་འཚལ་བའི་སྲོལ་ཡོད་པས། རྒྱལ་པོས་ཀྱང་དེ་བཞིན་དུ་བྱེད་པར་བརྩམས་ཏེ། གཞོན་ནུ་བྱང་ཆུབ་སེམས་དཔའ་རིན་པོ་ཆེ་སྣ་བཞིའི་ཁྱོགས་ལ་སྤྱན་དྲངས། རྒྱལ་པོ་དང་བློན་པོ་སོགས་འཁོར་ཚོགས་དུ་མ་དང་བཅས་ནས་སེར་
སྐྱ་གཞིའི་གནས་སུ་ཞུགས་སོ། །གང་གི་ཚེ་བྱང་ཆུབ་སེམས་དཔའ་སེར་སྐྱ་གཞིར་ཞུགས་པ་ན། ཤཱཀྱ་གཏུམ་པོ་རྩུབ་པ་གཟོ་ལུམ་ཅན་ཅ་ཅོ་ཆེན་པོར་དག་ཀྱང་སྤྱོད་ལམ་དུལ་ཞིང་ཞི་བ་དང༌། མི་སྨྲ་བར་གནས་པར་གྱུར་ཏེ། དཔེར་ན་བརྟུལ་ཞུགས་ལ་རབ་ཏུ་བྱང་པའི་ཐུབ་པ་བཞིན་དུ་གྱུར་ཏོ། །ཤཱཀྱ་མ་རུངས་པ་རྣམས་ཐུབ་པ་ལྟར་གནས་པ་ཡང་བྱང་ཆུབ་སེམས་དཔའི་མཐུར་ཤེས་ནས། མཚན་ཤཱཀྱ་ཐུབ་པར་བཏགས་སོ། །དེ་ནས་གནོད་སྦྱིན་ཤཱཀྱ་འཕེལ་གྱི་གནས་དང་ཉེ་བར་བྱོན་པ་ན། གནོད་སྦྱིན་དེ་རང་གི་གཟུགས་ཀྱིས་གནས་ཁང་གི་ཕྱི་རོལ་ཏུ་ཐོན་ནས། བྱང་ཆུབ་སེམས་དཔའི་ཞབས་ལ་གཏུགས་ཤིང་ཕྱག་འཚལ་བ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་མཐོང་ནས། ཤཱཀྱ་རྣམས་ཀྱི་ལྷ་གནོད་སྦྱིན་འདིས་ཀྱང་ཞབས་ལ་བཏུད་པས། གཞོན་ནུ་འདི་ནི་ལྷའི་ལྷའོ་ཞེས། མཚན་གྱི་རྣམ་གྲངས་ལྷའི་ལྷར་བཏགས་སོ། །དེ་ནས་གཞོན་ནུ་བྱང་ཆུབ་སེམས་དཔའ་མ་མ་བརྒྱུད་པོ་རྣམས་ལ་རྗེས་སུ་གཏང་ཅིང༌། བདེ་བའི་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བྱེད་ལ། ཡབ་ཀྱིས་ཀྱང་ཕང་དུ་བཞེས་ཏེ་ཡང་ཡང་རྟོག་པར་མཛད་དོ། །དེའི་ཚེ་བྲམ་ཟེ་ལྟས་མཁན་སོགས་བརྟག་པ་མཁན་ཐམས་ཅད་བོས་ཏེ་དྲིས་པ་ལས། ཕལ་ཆེར་གྱིས་སྐུ་ལ་སྐྱེས་པ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡོད་པར་ཤེས་ནས། མཚན་འདི་དག་དང་ལྡན་པའི་སྐྱེས་བུ་ཆེན་པོའི་འགྲོ་བ་ནི་གཉིས་སུ་འགྱུར་གྱི་གཞན་དུ་མ་ཡིན་ནོ། །གལ་ཏེ་ཁྱིམ་དུ་གནས་ན་ནི་འཁོར་ལོས་བསྒྱུར་པའི་རྒྱལ་པོར་འགྱུར་ལ། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ན་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་རོ། །ཞེས་ལུང་སྟོན་ནོ། །བྱང་ཆུབ་སེམས་དཔའ་སྐུ་བལྟམས་ནས་ཞག་བདུན་ལོན་པ་ན། ཡུམ་སྐུ་ནོངས་ཏེ། དེ་མ་ཐག་ཏུ་སུམ་ཅུ་རྩ་གསུམ་པའི་ལྷའི་
རིགས་གྱ་ནོམ་པར་འཁྲུངས་པར་གྱུར་ཏོ། །དུས་དེ་ཙམ་ནས་བྱང་ཆུབ་སེམས་དཔའ་ནི། སྐུ་བལྟ་བས་ངོམས་པ་མེད་པ། གསུང་སྙན་ཞིང་འདེབས་པ། སྤྱན་མི་འཛུམ་ཞིང་ཉིན་མཚན་ཀུན་དུ་ཁོ་ར་ཁོར་ཡུག་ཏུ་གཟིགས་པ། དོན་ཟབ་མོའི་ཚིག་དང་ཡི་གེ་དག་སོ་སོར་འབྱེད་པར་མཛད་དོ། །བརྒྱད་པ་དྲང་སྲོང་ཆེན་པོས་ལུང་བསྟན་པ་སོགས་ནི། དེ་ནས་དྲང་སྲོང་ཉོན་མོངས་མེད་སློབ་མ་མི་བྱིན་དང་ལྷན་ཅིག་བྱང་ཆུབ་སེམས་དཔའ་ལྟ་བའི་ཕྱིར་ཆས་པ་ན། ཇི་ཙམ་བར་དུ་རྫུ་འཕྲུལ་གྱིས་འོངས་ཀྱང༌། སེར་སྐྱ་དང་ཉེ་བར་སླེབ་པ་ན། བྱང་ཆུབ་སེམས་དཔའི་གཟི་བྱིན་གྱིས་ནོན་ཏེ། རྫུ་འཕྲུལ་གྱིས་འགྲོ་བར་མ་ནུས་ནས་རྐང་གིས་སོང་སྟེ། གྲོང་ཁྱེར་སེར་སྐྱའི་ཕོ་བྲང་གི་སྒོར་སོན་པ་དང༌། སྒོ་བ་ལ་སྦྲན་ནོ། །དེས་ཀྱང་རྒྱལ་པོ་ལ་རིག་པར་བྱས་པ་ན། རྒྱལ་པོས་བཀུར་བསྟི་དང་བཅས་ཏེ་ནང་དུ་སྤྱན་དྲངས། སྟན་མཆོག་ལ་བཞུགས་སུ་གསོལ། ཡང་དག་པའི་གཏམ་གྱིས་ཀུན་དུ་དགའ་བར་བྱས་ཏེ། དྲང་སྲོང་ཆེན་པོ་དགོས་པ་ཅི་ཞིག་གི་ཕྱིར་འདིར་བྱོན། དེས་སྨྲས་པ། ཁྱེད་ཀྱི་སྲས་བལྟ་བར་འཚལ་ལོ། །རྒྱལ་པོས་སྨྲས་པ། ད་ལྟར་གཞོན་ནུ་ཉལ་གྱི། མ་སད་ཀྱི་བར་དུ་བཞུགས་ཤིག །སྨྲས་པ། ལྷ་མནལ་བ་ཉིད་བལྟའོ། དེ་ནས་དྲང་སྲོང་གིས་བལྟས་པ་ན། བྱང་ཆུབ་སེམས་དཔའ་སྤྱན་མ་བཙུམ་པར་གཟུགས་རྣམས་ལ་གཟིགས་པ་མཐོང་ནས། དྲང་སྲོང་གིས་སྨྲས་པ། རིགས་དང་ལྡན་པའི་རྟ་རྣམས་ནི། །མཚན་མོའི་བཞི་ཆ་ཉལ་བ་ལྟར། །དགོས་པ་དོན་གཉེར་རྣམས་ཀྱི་གཉིད། །མིག་ལ་ཡུན་རིང་མི་གནས་སོ། །ཞེས་ཏེ། དེས་ཀྱང་སྐྱེས་བུ་མཆོག་ཏུ་རིག་པར་བྱས་ཤིང༌། དེ་ནས་མ་མའི་གཙོ་མོས་དྲང་སྲོང་ལ་གཏད་ཅིང༌། དེས་ཀྱང་ལེགས་པར་བརྟགས་ནས། རྒྱལ་པོ་ལ་སྨྲས་པ་ལྷ་གཞོན་
ནུ་འདི་ལ་མཚན་མཁན་རྣམས་ཀྱིས་ལུང་ཇི་ལྟར་བསྟན། རྒྱལ་པོས་སྐྱེས་བུ་ཆེན་པོ་འདིའི་འགྲོ་བ་གཉིས་ཏེ་ཞེས་སོགས་སྔར་གྱི་རྣམས་རྒྱས་པར་བཤད་པས། དྲང་སྲོང་ཉོན་མོངས་མེད་ན་རེ། ས་བདག་རྟོག་པ་པོ་རྣམས་བློ་འཁྲུལ་ཏེ། །རྩོད་པའི་དུས་ན་འཁོར་ལོས་བསྒྱུར་མི་འབྱུང༌། །བསོད་ནམས་མཆོག་གི་ཆོས་ཀྱི་མཛོད་འདི་ནི། །ཉེས་ལས་རྣམ་པར་རྒྱལ་ནས་སངས་རྒྱས་འགྱུར། །གཞན་ཡང་མཚན་སོ་གཉིས་པོ་མི་གསལ་ཙམ་ཡོད་ན་འཁོར་ལོས་བསྒྱུར་བར་འགྱུར་མོད། འདི་ནི་ཤིན་ཏུ་གསལ་བའི་ཕྱིར་སངས་རྒྱས་སོ། །དེ་ནས་དྲང་སྲོང་ཉིད་ཀྱི་མངོན་ཤེས་ཀྱིས་བརྟགས་པས། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྔོན་རོལ་དུ། རང་ཉིད་འཆི་བར་མཐོང་སྟེ། ཆོས་ཀྱི་དགའ་སྟོན་མི་ཐོབ་པར་ཤེས་ནས། མིག་ནས་མཆི་མ་ཕྱུང་ངོ༌། །དེ་རྒྱལ་པོས་མཐོང་ནས་གཞོན་ནུའི་སྐུ་ལ་དོག་པ་འཚལ་པར་དོགས་ནས་རིངས་པ་རིངས་པར་དྲིས་པ་ན། དྲང་སྲོང་དེས་སྨྲས་པ། རྡོ་རྗེའི་སེར་བ་དྲག་པོ་བབས་ཀྱང་གཞོན་ནུ་འདི་ལ་གནོད་པར་མི་འགྱུར་གྱི། མི་དབང་བདག་གི་རྒུད་པ་མཐོང་ནས་ནི། །གང་ཕྱིར་ཞི་བ་མི་ཐོབ་བདག་དུ་མོད། །ཆོས་ཀྱི་མཛོད་མཆོག་འདི་དང་ཕྲལ་ནས་ནི། །དོན་མ་ཐོབ་པར་བདག་ནི་འཆི་བར་འགྱུར། །ཞེས་སོགས་སྨྲས་སོ། །དེ་ནས་དྲང་སྲོང་ཉོན་མོངས་མེད་ཕྱིར་འགྲོ་བའི་ཚེ། ལམ་སྲང་ཐམས་ཅད་བརྒྱན་ཞིང་མཛེས་པར་བྱས། རྒྱལ་པོ་བློན་པོའི་ཚོགས་དང་བཅས་པས་གྲོང་ཁྱེར་གྱི་ཕྱི་སྒོའི་མཐར་བསྐྱལ། དྲང་སྲོང་ཉོན་མོངས་མེད་རང་གི་གནས་སུ་སོང་ཞིང་རྫུ་འཕྲུལ་ཡང་བསྐྱེད་དོ། །དེ་ནས་དུས་གཞན་ཞིག་ན། བྱང་ཆུབ་སེམས་དཔའ་མ་མའི་པང་དུ་བཞུགས་ཤིང༌། གསེར་གྱི་གཞོང་པར་འབྲས་ཆན་དང་ཤ་བསྲེས་པ་གསོལ་བ་ན། ཧ་ཅང་མང་དུ་གསོལ་ན་མ་ཞུ་བར་འགྱུར་རོ་སྙམ་ནས། མ་མས་བཀག་ཀྱང་མ་ཁེགས།
སྣོད་འཕྲོག་པར་བརྩམས་ཀྱང་འཕྲོག་མ་ཐུབ། རྒྱལ་པོ་དང་བཙུན་མོ་སྒྱུ་འཕྲུལ་དང༌། བློན་པོ་སོགས་སྐྱེ་བོ་གཞན་དུ་མས་ཀྱང་མ་ཐུབ་སྟེ། གསེར་གྱི་གཞོང་པ་ལ་ཐག་པ་བཏགས་ཏེ། གླང་པོ་ཆེ་གཅིག་ནས་ལྔ་བརྒྱའི་བར་དུ་འདོགས་པར་བྱེད་པ་ན། བྱང་ཆུབ་སེམས་དཔའི་ཕྱག་གཡོན་གྱི་མཛུབ་མོས་གསེར་གྱི་གཞོང་པ་ནས་བཟུང་སྟེ་ཐེན་པས། གླང་པོ་ཆེ་ལྔ་བརྒྱ་ཁ་ཕྱིར་ཕྱོགས་ཏེ་ཕྱག་གིས་དྲངས་པར་གྱུར་ཏོ། །ཕྱག་གཡཽན་གྱིས་གླང་པོ་ཆེ་ལྔ་བརྒྱ་འདྲེན་པ་ལས་ན། ཕྱག་གཉིས་ཀྱི་གླང་པོ་ཆེ་སྟོང་འདྲེན་པར་འགྱུར་རོ་སྙམ་ནས། དེའི་ཚེ་གླང་པོ་སྟོང་གི་སྟོབས་ཅན་ཞེས་མཚན་བཏགས་སོ། །དགུ་པ་བཟོའི་གནས་ལ་སྦྱངས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཡི་གེའི་སློབ་དཔོན་སྲིན་བུའི་གོ་ཆའམ་ཀུན་གྱི་བཤེས་གཉེན་གྱི་ཡེ་གེའི་གྲྭར་བྱོན་པ་ན། །དེས་ཡེ་གཻ་གཅིག་བྲིས་ཏེ་ཕུལ་བས། འདི་ནི་ངས་ཤེས་ཀྱི་གཞན་དག་སྨྲོས་ཤིག །དེས་ཀྱང་ཡིག་རིགས་ལྔ་བརྒྱའི་བར་དུ་བྲིས་ཏེ་ཕུལ་བས་ཀྱང༌། དེ་བཞིན་དུ་གྱུར་ཏེ། དེས་གསོལ་པ། འཇིག་རྟེན་ནི་ཡི་གེ་འདི་ཙམ་སྤྱོད་ཀྱི་གཞན་ནི་བདག་གིས་མ་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔས་ཡི་གེ་བྲིས་ནས་དེ་ལ་བསྟན་པས། དེས་མ་ཤེས་ཏེ། བཀའ་སྩལ་བ། ཡི་གེ་འདི་ནི་འཇིག་རྟེན་དུ་བྱང་ཆུབ་སེམས་དཔའ་དང༌། འཁོར་ལོས་བསྒྱུར་བའི་རྒྱལ་པོ་བྱུང་བ་ན་དར་བར་འགྱུར་རོ། །དེའི་ཚེ་ནམ་མཁའ་ནས་ལྷ་ཚངས་པས་ཀྱང་དེ་དེ་བཞིན་ནོ་ཞེས་སྨྲས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རྩིས་གྱི་སློབ་དཔོན་སྲང་སྒྲུབ་ཀྱི་དྲུང་དུ་བྱོན་ནས། དེས་རྩིས་ཀྱི་གནས་བསྟན་པ་ཐམས་ཅད་བྱང་ཆུབ་སེམས་དཔས་སྔ་ནས་མཁྱེན་ཟིན་ཞིང༌། དེས་ཆ་ཙམ་ཡང་མ་རིག་པའི་གྲངས་དང་རྩིས་ཀྱི་གནས་དཔག་ཏུ་མེད་པ་བྱང་ཆུབ་སེམས་དཔས་གསུངས་སོ། །དེ་བཞིན་དུ་ཉིད་ཀྱི་
ཞང་པོ་བཟང་ལེན་ལ། གླང་པོ་ཆེ་གཉར་ཞོན་པ་ལ་སོགས་པ་དང༌། འཕོངས་གྱི་སློབ་དཔོན་ལྷར་བཅས་ལ་གནས་ལྔ་ལ་སོགས་པ་མཚོན་ཆའི་འཁྲུལ་འཁོར་རྣམས་སློབ་པ་ན། བྱང་ཆུབ་སེམས་དཔས་ནི། སློབ་དཔོན་རྣམས་གྱིས་བསྟན་པ་ལ་མ་བལྟོས་པར་རང་མཁྱེན་པ་ཡིན་ལ། ཤཱཀྱ་གཞོན་ནུ་ལྔ་བརྒྱ་རྣམས་ཀྱིས་ནི། ལེགས་པར་བསླབས་ཤིང་བྱང་བར་གྱུར་ཏོ། དེ་ལ་གནས་ལྔ་ནི། རྒྱང་ནས་འཕོག་པ་དང་སྒྲ་གྲགས་པར་འཕོག་པ་དང༌། གནད་དུ་འཕོག་པ་དང༌། མི་འཆོར་བར་འཕོག་པ་དང༌། ཚབས་ཆེ་བར་འཕོག་པའོ། འོན་ཀྱང་ལྷས་བྱིན་ནི་གདུག་པའི་སེམས་དང་ལྡན་པར་རིག་ནས། གནད་དུ་འཕོག་པ་སློབ་དཔོན་གྱིས་མ་བསྟན་ཏོ། །བཅུ་པ་སྒྱུ་རྩལ་གྱི་སྟོབས་བསྟན་པ་ནི། དེ་ནས་དུས་གཞན་ཞིག་ན། ཤཱཀྱ་གཞོན་ནུ་ལྔ་བརྒྱ་ཕྱིར་བྱུང་བ་ན། ཤཱཀྱ་གཞོན་ནུ་གཞན་རྣམས་ལྷས་བྱིན་གྱིས་སྟོབས་འགྱེད་པས་བསྒྱེལ་བ་ན། བྱང་ཆུབ་སེམས་དཔའ་ཕྱོགས་དེར་བྱོན་ནས། ལྷས་བྱིན་ཕྱག་གིས་བསྣམས་ཏེ། གནོད་པ་མེད་པར་རྒྱང་རིང་དུ་འཕངས་པས། རྐང་པ་གྱེན་དུ་བསྟན་ནས་གན་རྐྱལ་དུ་ལྟུང་ངོ༌། །ཞེས་པ་འདི་མངོན་པར་འབྱུང་བའི་མདོ་ལས་བཤད་དོ། །དེ་ནས་ཡངས་པ་ཅན་པའི་ལི་ཙ་བི་རྣམས་ཀྱིས་གླང་པོ་ཆེ་མཚན་ལྡན་ཞིག་རྙེད་ནས། ཟས་གཙང་གི་སྲས་འཁོར་ལོས་སྒྱུར་བར་འགྱུར་གྱི། དེའི་མཐུ་ལས་གླང་པོ་ཆེ་རིན་པོ་ཆེ་འདི་བྱུང་བས་དེ་ཁོ་ན་ལ་འབུལ་ལོ་ཞེས་ཕོ་ཉ་མངགས་ཏེ། སེར་སྐྱའི་གཞིར་ཕྱིན་ནས་ཕོ་བྲང་གི་སྒོ་གླང་པོ་ཆེ་དེ་ཁྲིད་ནས་བསྡད་པ་ན། ལྷས་བྱིན་ཕྱིར་བྱུང་བས་མཐོང་སྟེ་གླང་པོ་དམ་པ་འདི་ཅི་ཞེས་དྲིས་པ་ན། དེ་དག་གིས་སྔར་བཞིན་བསྙད་པས་ལྷས་བྱིན་ཕྲག་དོག་སྐྱེས་ཏེ། དེ་འཁོར་ལོས་སྒྱུར་བར་མ་སོང་བའི་སྔོན་རོལ་ནས་གླང་ཆེན་འབུལ་ལམ་ཞེས་ཐལ་ལྕག་བསྣུན་ནས་གླང་པོ་ཆེ་བསད་དོ། །དགའ་བོས་དེ་མཐོང་ནས། ལྷས་
བྱིན་གྱིས་ནི་རང་གི་མཐུ་བསྟན་གྱི། བདག་གིས་ཀྱང་བསྟན་ནོ་སྙམ་ནས་དེའི་མཇུག་མ་ནས་བཟུང་སྟེ་ཁྱེར་ནས་གོམ་པ་བདུན་ཙམ་སོང་ནས་མཐའ་ཅིག་ཏུ་བོར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱོན་ཏེ། དེ་གཟིགས་ནས་དྲི་བ་མཛད་པ་ན་སྔར་བཞིན་རྒྱས་པར་བསྙད་དོ། །འོ་ན་བདག་གིས་ཀྱང་མཐུ་སད་པར་བྱའོ་སྙམ་དུ་དགོངས་ནས་དེའི་མཇུག་མ་ནས་ཕྱག་གིས་བཟུང་སྟེ་བཏེག་ནས་རྒྱང་དུ་འཕངས་པས། ལྕགས་རི་རིམ་པ་བདུན་དང་འོབས་རིམ་པ་བདུན་འདས་ཏེ་རྒྱང་གྲགས་ཙམ་གྱི་ཕ་རོལ་ཏུ་ལྷུངས་ཤིང༌། ཕྱོགས་དེར་ས་ལ་གཤོང་བུ་དོད་པས་གླང་བོའི་གཤོང་ཞེས་གྲགས་ཤིང་དེར་མཆོད་རྟེན་ཡང་བྱས་སོ། །དེ་ནས་གཞོན་ནུ་རྣམས་ནགས་སུ་ཕྱིན་ཏེ་རལ་གྲིས་ཤིང་གཅོད་པའི་སྒྱུ་རྩལ་སྟོན་པ་ན། བྱང་ཆུབ་སེམས་དཔའ་ཡང་དེར་བྱོན་ཏེ། གཞན་རྣམས་ཀྱིས་ཤིང་བཅད་པ་ན་བཅད་ཁ་མཐོ་དམན་ཅན་དུ་གྱུར་པས་བཅད་ཙམ་ཉིད་ནས་འགྱེལ། བྱང་ཆུབ་སེམས་དཔའི་རྣམས་མཐོ་དམན་མེད་ཅིང་ཡོ་འཁྱོག་མེད་པར་བཅད་པས་མ་འགྱེལ་བར་སྔར་བཞིན་འདུག་གོ །ཤཱཀྱ་གཞན་རྣམས་ཀྱིས་དེ་མཐོང་ནས། བྱང་ཆུབ་སེམས་དཔས་གཅོད་མ་ཐུབ་བོ་སྙམ་གཅོད་པའི་རིག་པ་མི་མཁྱེན་ནོ་ཞེས་སྨོད་ཅིང་གླེང་བར་བརྩམས་པ་ན། རླུང་སེར་བུ་ཞིག་ལངས་ནས་བྱང་ཆུབ་སེམས་དཔས་བཅད་པའི་ཤིང་དེ་དག་དུས་གཅིག་ཏུ་ཆོམ་ཞེས་འགྱེལ་པས་ཐམས་ཅད་ངོ་མཚར་དུ་གྱུར་ཏོ། །དེ་ནས་ཤཱཀྱ་གཞོན་ནུ་རྣམས་མདའ་ཚབས་འགྲན་པ་ལ་ཞུགས་ཏེ། ལྕགས་ཀྱི་ཏ་ལ་བདུན་དང༌། ལྕགས་རྔ་བདུན་དང༌། ལྕགས་ཀྱི་ཕག་གཟུགས་གཅིག་རྣམས་འབེན་དུ་བཙུགས་ཏེ་སོ་སོར་མདའ་འཕངས་བ་ལས། ལྷས་བྱིན་གྱིས་ཏ་ལ་གཅིག་ཕིགས། དགའ་བོས་གཉིས་ཕུག་སྟེ། གཞན་སུས་ཀྱང་དེ་ལས་ལྷག་པ་མ་ཕུག་གོ །བྱང་ཆུབ་སེམས་དཔས་ལྕགས་
མདའ་འཕངས་པ་དང༌། འབེན་དེ་ཐམས་ཅད་ཕུག་ནས་སླར་ཡང་རྒྱང་རིང་པོར་སོང་ཞིང་མདའ་དེས་ས་ལ་ཕུག་སྟེ། མདས་ཕུག་པའི་བུ་ག་ནས་ཀླུ་རྣམས་ཀྱིས་རོ་ཕུན་སུམ་ཚོགས་པ་དང་ལྡན་པའི་ཆུ་ཕྱུང་བས་དེ་ལ་མདའ་ཆུ་ཁྲོན་པ་ཞེས་གྲགས་ཤིང་དེར་ཡང་མཆོད་རྟེན་བྱས་སོ། །དེ་ནས་མཚན་མཁན་རྣམས་ཀྱིས་གཞོན་ནུ་དོན་ཐམས་ཅད་གྲུབ་པ་ད་སྟེ་ལོ་བཅུ་གཉིས་སུ་རབ་ཏུ་མ་བྱུང་ན། གདོན་མི་ཟ་བར་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །ཞེས་ལུང་སྟོན་ཏོ།། བཅུ་གཅིག་པ་གྲགས་འཛིན་མ་ཁབ་ཏུ་གསོལ་བ་ནི། དེ་ནས་རྒྱལ་པོ་ཟས་གཙང་མས་བླཽན་པོ་རྣམས་དང་བགྲོས་ཏེ། ཡུལ་གྱི་བུད་མེད་བཟང་མོ་འོས་པར་གྱུར་པ་ཐམས་ཅད་གཞོན་ནུ་དོན་ཐམས་ཅད་གྲུབ་པའི་སྤྱན་སྔར་ཕབ་སྟེ། གང་ལ་དགྱེས་པ་དེ་བཙུན་མོར་བླང་ངོ༌། །དེའི་ཐབས་ཀྱང་གཞོན་ནུ་འདི་ནི་སྦྱིན་པ་ལ་དགྱེས་པས། རྒྱན་གྱི་རྣམ་གྲངས་དག་བུད་མེད་རྣམས་ལ་སྦྱིན་དུ་སྩལ་པ་ན་གང་ལ་དགྱེས་པར་འགྱུར་བ་ཤེས་སོ། །ཞེས་བགྲོས་ནས་གཟའ་སྐར་དང་ཚེས་གྲངས་སོགས་རབ་ཏུ་དགེ་བ་ལ་ས་ཕྱོགས་ཡངས་པར་སེང་གེའི་ཁྲི་བཤམས་པ་ལ་བྱང་ཆུབ་སེམས་དཔའ་བཞུགས། རིན་པོ་ཆེའི་རྒྱན་སྣ་ཚོགས་པ་ཕུང་པོར་སྤུངས་ཏེ་བཞགརིགས་ཀྱི་གཙོ་བོ་གཙོ་བོ་ཐམས་ཅད་ཀྱིས་ཞབས་འབྲིང་བྱས། ཆོ་རིགས་བཟང་པོའི་བུད་མེད་ཐམས་ཅད་སོ་སོའི་འབྱོར་པ་དང་བསྟུན་པའི་ཆ་བྱད་དང་རྒྱན་གྱིས་སྤྲས་ནས་འོངས་པ་ལ། རེ་རེ་བཞིན་བྱང་ཆུབ་སེམས་དཔས་རྒྱན་གྱི་རྣམ་གྲངས་རེ་སྩལ་ཏོ། །དེར་ཤཱཀྱ་ལག་ན་བེ་ཅོན་གྱི་བུ་མོ་གྲགས་འཛིན་མ་སོང་བ་ལ། ཕས་སྨྲས་པ། གཞོན་ནུ་རྒྱན་སྟེར་གྱིས་སོངས་ཤིག །དེས་སྨྲས་པ། འོ་སྐོལ་ལ་རྒྱན་མ་མཆིས་སམ། སྨྲས་པ། མ་ཡིན་མོད། གཞོན་ནུ་བུད་མེད་འདམ་པར་མཛད་དོ། །དེས་སྨྲས་པ། འདམ་ཡང་རུང་མི་འདམ་
ཡང་རུང༌། དེ་ཁོ་ན་བདག་གི་ཁྱིམ་ཐབ་ལགས་སོ། །སྨྲས་པ། དེ་ལྟ་ན་ངེས་པར་སོངས་ཤིགདེ་ནས་གྲགས་འཛིན་མ་དེ་ནི་བུད་མེད་ཐམས་ཅད་ཀྱི་ནང་ནས་ལྷའི་བུ་མོ་ལྟར་གཟི་བརྗིད་དང་ལྡན་པས་གཞན་ཀུན་གྱི་རྗེས་སུ་འོངས་པའི་ཚེ། བྱང་ཆུབ་སེམས་དཔས་རྒྱན་ཐམས་ཅད་བསྩལ་ཟིན་ནས་སོར་གདུབ་རྒྱ་རྟགས་ཅན་ཁོ་ན་ལུས་པ་དེ་ལ་བསྟན་པ་དང༌། དེ་བཞུགས་ཁྲིའི་སྐས་ལ་འཛེགས་ནས་བྱང་ཆུབ་སེམས་དཔའི་ཕྱག་ནས་རང་གི་བླངས་སོ། །དེ་ནས་བློན་པོ་དང་ཡུལ་གྱི་གཙོ་བོ་རྣམས་ཀྱིས་འདིས་གཞོན་ནུའི་ཐུགས་དང་བསྟུན་པ་ནུས་སོ་ཞེས་རྒྱལ་པོ་ལ་གསོལ་པས། ལྷ་མོ་གྲགས་འཛིན་མ་འཁོར་ཉི་ཁྲི་དང་བཅས་པ་བཙུན་མོར་བླངས་སོ། །བཅུ་གཉིས་པ་ཤིང་དགེ་བའི་སྙིང་པོའི་གཏམ་ནི། གང་གི་ཚེ། ཆོས་ཉིད་ཀྱིས་སངས་རྒྱས་འཇིག་རྟེན་དུ་བྱུང་བ་ན་ཤིང་དགེ་བའི་སྙིང་པོ་ཞེས་བྱ་བ་འབྱུང་ངོ༌། །དེའི་ཕྱིར་གྲོང་ཁྱེར་སེར་སྐྱའི་གཞི་དང་ལྷས་བསྟན་གྱི་བར་དུ་འབབ་ཆུ་རོ་ཧི་ཀའི་འགྲམ་ན་ཤིང་དགེ་བའི་སྙིང་པོ་དེ་བྱུང་ནས། ཉི་མ་གཅིག་ལ་ཡང་ཁྲུ་བརྒྱར་སྐྱེ་བ། དེ་རིང་སྐྱེས་པ་རྣམས་ནངས་པར་ཉི་མ་མ་ཤར་བར་དུ་སེན་མོས་ཀྱང་བཅད་དུ་རུང་ལ། དེ་ནས་མཚོན་གྱིས་ཀྱང་མི་ཆོད། མེས་ཀྱང་མི་འཚིག་པ་ཞིག་ཡོད་དོ། །དུས་དུས་སུ་ཆུ་ཀླུང་འབྲུབས་པས་ཤིང་དེའི་རྩ་བའི་ས་རྣམས་དྲུས་ཏེ་བར་སྐབས་དེར་རླུང་གི་ཤུགས་ཀྱིས་འགྱེལ་བས་ཆུ་བཅད་དེ། ལྷས་བསྟན་དུ་ནི་ཆུ་དཀོན་ལ། སེར་སྐྱ་གཞིར་ནི་ཆུ་ཆེས་པས་གནོད་དོ། །དེར་སྐྱེ་བོའི་ཚོགས་ཀྱིས་ཤིང་དེ་དབྱུང་བར་བརྩམས་ཀྱང་བསྐྱོད་པར་མ་ནུས་པ་ལ། རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཟས་གཙང་ལ་ཕོ་ཉ་མངགས་ཏེ། ལྷ་གཞོན་ནུ་ནི་མཐུ་དང་ལྡན་པར་ཤེས་ན་ཤིང་འགྱེལ་བ་དེ་བལྟ་བར་རིགས་སོ། །ཞེས་ཞུས་པ་ན། ཟས་གཙང་གིས་སྨྲས་པ། ཁོ་བོས་ནི་གཞོན་ནུ་ལ་བཀའ་སྩལ་བར་མི་
ནུས་སོ། །དེར་འདུན་པས་གསོལ་བ། ལྷ་བདག་ལ་གནང་བ་སྩོལ་ཤིག་དང་གཞོན་ནུ་རང་ཉིད་འབྱོན་པར་འགྱུར་བ་དེ་ལྟར་བགྱིའོ། །དེ་ནས་འདུན་པས་བསྒོས་ནས། འབབ་ཆུའི་འགྲམ་དུ་ཤཱཀྱ་གཞོན་ནུ་རྣམས་སོ་སོའི་སྐྱེད་མོས་ཚལ་བྱས་ཏེ། གཞོན་ནུ་རྣམས་སོ་སོ་རང་རང་གི་སྐྱེད་མོས་ཚལ་དུ་སོང་ངོ༌། །བྱང་ཆུབ་སེམས་དཔའ་ཡང་རང་གི་སྐྱེད་མོས་ཚལ་དུ་གཤེགས་པ་ན། ལྷས་བྱིན་གྱིས་ངང་པ་ཞིག་ནམ་མཁའ་ལ་འཕུར་བ་ལ་མདའ་བསྣུན་པ་བྱང་ཆུབ་སེམས་དཔའི་སྐྱེད་མོས་ཚལ་དུ་ལྷུང་བ་ན། མདའ་ཕྱུང་ཞིང་སྨན་གྱིས་གསོས་ཏེ་བཏང་ངོ༌། །ལྷས་བྱིན་གྱིས་འཕྲིན་དུ་བསྐུར་བ། ངང་པ་དེ་ནི་ངས་སྔར་བཟུང་བ་ཡིན་པས་ཚུར་སྐུར་ཞིགབྱང་ཆུབ་སེམས་དཔས་སླར་སྤྲིངས་པ། ངས་ནི་སྔོན་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་སེམས་ཅན་ཐམས་ཅད་བཟུང་བ་ཡིན་ནོ། །ཞེས་གསུངས་པས་ལྷས་བྱིན་བཅོམ་ལྡད་འདས་འཁོན་པའི་སེམས་ལྷག་པར་འཛིན་པ་དེ་ནས་བྱུང་ངོ༌། །དེ་ནས་རྒྱལ་པོ་ལེགས་པར་རབ་སད་ཀྱིས་སྐྱེ་བོའི་ཚོགས་ཆེན་པོ་མངགས་ཏེ། དེ་རྣམས་ཀྱིས་ཤིང་འབྱིན་པར་བརྩམས་པའི་ཅ་ཅོ་ཆེན་པོ་བྱུང་ངོ༌། །དེ་བྱང་ཆུབ་སེམས་དཔས་གསན་ཏེ་འདུན་པ་ལ་དྲིས་པས་དེས་ཇི་ལྟར་གྱུར་བ་རྒྱས་པར་གསོལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་གཞོན་ནུ་རྣམས་དང་ལྷན་ཅིག་ཤིང་འདོན་པར་གཤེགས་པ་ན། ཤིང་གི་འགྲམ་གྱི་ཁུང་བུ་ཞིག་ནས་སྦྲུལ་གདུག་པ་ཞིག་ཐོན་ཏེ་བྱུང་བ་ན། བྱང་ཆུབ་སེམས་དཔའ་ལ་གནོད་ཀྱིས་དོགས་ནས་འཆར་ཀས་རལ་གྲི་བསྣུན་ནས་སྦྲུལ་གྱི་སྐེད་པ་ནས་བཅད་དོ། །སྦྲུལ་གྱི་དབུགས་འཆར་ཀ་ལ་ཕོག་པས་ཁ་དོག་ནག་པོར་གྱུར་ཏེ་ནག་པོ་འཆར་ཀ་ཞེས་གྲགས་སོ། །དེ་ནས་ཤཱཀྱ་གཞོན་ནུ་རྣམས་ཀྱིས་ཤིང་དེ་འབྱིན་པར་བརྩམས་པ་ལས། ལྷས་བྱིན་གྱིས་འབད་པས་ཅུང་
ཟད་གཡོས་སོ། །དགའ་བོས་ཅུང་ཟད་བཏེག་གོ །གཞན་གང་གིས་ཀྱང་དེ་བས་ལྷག་པ་མ་ནུས་ཏེ། བྱང་ཆུབ་སེམས་དཔས་ཕྱག་གཅིག་གིས་བླངས་ཏེ་སྟེང་གི་ནམ་མཁའ་ལ་འཕངས་པས་ཤིང་དེ་དཀྱིལ་ནས་ཆག་སྟེ་དུམ་བུ་གཉིས་སུ་གྱུར་ནས་འབབ་ཆུའི་ཕར་འགྲམ་ཚུར་འགྲམ་དུ་ལྷུང་བར་གྱུར་ཏེ། ཆུ་ཀླུང་སྔོན་བཞིན་དུ་བདེ་བར་འབབ་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔས་སྐྱེ་བོའི་ཚོགས་ལ་ཤིང་འདི་ནི་བསིལ་བའི་རང་བཞིན་ཏེ་མཁྲིས་པའི་ནད་སེལ་ཞིང༌། ཤུ་བ་དང་ཕོལ་མིག་སོགས་ལ་བྱུགས་ན་ཞི་བར་འགྱུར་གྱི་དུམ་བུར་བྱོས་ལ་ཁྱེར་ཤིག དེ་རྣམས་ཀྱིས་ཀྱང་དེ་བཞིན་དུ་བྱས་སོ། །བཅུ་གསུམ་པ་ས་འཚོ་མ་བཙུན་མོར་བཞེས་པ་ནི། དེ་ནས་ཤཱཀྱ་གཞོན་ནུ་རྣམས་ཤིང་རྟར་ཞུགས་ནས་སེར་སྐྱ་གཞིར་འགྲོ་བ་ན། ལྟས་མཁན་རྣམས་ཀྱིས་ད་སྟེ་གཞོན་ནུ་དོན་གྲུབ་ལོ་བདུན་ནས་རབ་ཏུ་མ་བྱུང་ན་འཁོར་ལོས་བསྒྱུར་བར་འགྱུར་རོ། །ཞེས་ལུང་སྟོན་ནོ། །དེའི་ཚེ་ཤཱཀྱ་དྲིལ་བུ་སྒྲའི་བུ་མོ་ས་འཚོ་མ་ཞེས་བྱ་བ་བུད་མེད་རིན་པོ་ཆེ་ཞིག་སྟེང་གི་ཁང་བཟང་གི་གཞི་ནས་ལྟ་བཞིན་དུ་འདུག་པ་གཟིགས་ནས། བྱང་ཆུབ་སེམས་དཔའི་ཞབས་ཀྱི་མཐེ་བོས་ཤིང་རྟ་མནན་ཏེ་རྟ་ལ་སོགས་པ་འདྲེན་བྱེད་རྣམས་ཀྱིས་འདྲེན་མ་ཐུབ་བར་ཤིང་རྟ་མི་གཡོ་བར་འདུག་གོ །བྱང་ཆུབ་སེམས་དཔའ་ས་མཚོ་མ་ལ་གཟིགས་ཤིང་རྟོག་པ་ན་ཕྱག་ན་བསྣམས་པའི་ལྕགས་མདའ་ཕྱེ་མར་མཛད་དོ། །དེས་ཀྱང་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང་རྟོག་པས་ཡེངས་མ་ཐབས་སུ་རྐང་པའི་མཐེ་བོས་ཁང་བཟང་གི་ཐོག་མཐིལ་ལ་བསྣུན་པས་ཐོག་བརྡོལ་བར་གྱུར་ཏོ། །སྐྱེ་བོའི་ཚོགས་ཆེན་པོས་དེ་མཐོང་བས། བུད་མེད་འདིས་ནི་གཞོན་ནུའི་ཐུགས་དང་བསྟན་པར་ནུས་སོ། །ཞེས་ཟེར་བའི་གཏམ་དེ་རྒྱལ་པོ་ཟས་
གཙང་གིས་ཐོས་ནས་ལྷ་མོ་ས་འཚོ་མ་འཁོར་ཉི་ཁྲི་དང་བཅས་པ་བྱང་ཆུབ་སེམས་དཔའི་བཙུན་མོར་བླངས་སོ། །བཅུ་བཞི་བ་ངེས་པར་འབྱུང་བའི་རྐྱེན་ནི། དེ་ནས་དུས་གཞན་ཞིག་ན་བྱང་ཆུབ་སེམས་དཔས་ཁ་ལོ་སྒྱུར་བ་ལ་གསུངས་པ། ཀྱེ་ཁ་ལོ་སྒྱུར་བ་བཞོན་པ་བཟང་པོ་མྱུར་དུ་ཤོམས་ཤིག །སྐྱེད་མོས་ཚལ་དུ་འགྲོའོ། །དེས་ཀྱང་བཀའ་བཞིན་འཚལ་ཞེས་ཇི་ལྟར་བསྒོ་བ་བཞིན་བཤམས་ཏེ། དུས་ལ་བབ་པ་ན་ཤིང་རྟར་ཞུགས་ཏེ་བྱོན་པའི་ལམ་དུ་མི་རྒས་ཤིང་འཁོགས་པ་འཁར་བ་ལ་བརྟེན་ནས་འགྲོ་བ་གཟིགས་སོ། ཁ་ལོ་སྒྱུར་བ་ལ་གསུངས་པ། འདི་ཅི། གསོལ་པ། ལྷ་འདི་ནི་རྒས་པ་ཞེས་བྱ་སྟེ་རིང་པོར་མི་ཐོགས་པར་འགུམ་པའོ། །འོ་ན་ང་ཡང་རྒས་པའི་ཆོས་ལས་མ་འདས་སམ། ལྷ་ཡང་བགྲེས་པའི་ཆོས་ལས་མ་འདས་སོ། །བཀའ་སྩལ་པ་ཤིང་རྟ་ཕྱིར་སྒྱུར་ཞིག་ཕོ་བྲང་ཉིད་དུ་འདོང་ངོ༌། །དེར་ཕོ་བྲང་དུ་བྱོན་ནས། ང་རྒས་པ་ལས་མ་འདས་པ་ལྟ་ཞིག་ཅེས་ཐུགས་ངན་དུ་དགོངས་སོ། །དེ་ནས་རྒྱལ་པོ་ཟས་གཙང་གིས་ཁ་ལོ་སྒྱུར་བ་ལ་གཞོན་ནུ་སྐྱེད་མོས་ཚལ་དུ་དགྱེས་སམ་ཞེས་དྲིས་པ་ན། སྔར་གྱི་ཚུལ་རྒྱས་པར་གསོལ་བས་རྒྱལ་བོས་བསམས་པ། ལྟས་མཁན་རྣམས་ཀྱི་ཚིག་བདེན་པར་མི་འགྱུར་གྲང༌། གཞོན་ནུ་འདི་རབ་ཏུ་བྱུང་བར་འགྱུར་དུ་འོང་གི བདག་གིས་འདོད་པའི་ཡོན་ཏན་ལྔ་ཕལ་མོ་ཆེ་ཞིག་བྱིན་ཏེ་རབ་ཏུ་མི་འབྱུང་བར་བྱའོ་སྙམ་ནས་བྱང་ཆུབ་སེམས་དཔའ་ལ་འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་བསྟབས་སོ། །དེ་ནས་ཡང་དེ་དང་འདྲ་བ་ལས་ཤིང་རྟ་ལ་ཆིབས་ཏེ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པ་ན། མི་ནད་པ་ནད་ཀྱིས་གདུངས་པ། སྐྱ་བོ་སྦབ་སྦབ་པོ་རིད་པ་ཞིག་གཟིགས་ནས་བཀའ་སྩལ་པ། འདི་ཅི། གསོལ་བ། ལྷ་འདི་ནི་བྲོ་འཚལ་བ་ཞེས་བགྱིའོ། །ང་ཡང་ནད་ཀྱི་ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་བསྙུང་པའི་ཆོས་ལས་མ་འདས་སོ། །
ཡང་ཕོ་བྲང་དུ་གཤེགས་ཏེ། ང་ཡང་ནད་ལས་མ་འདས་པ་ལྟ་ཞིག་ཅེས་དགོངས་སོ། །དེ་ནས་འདོད་པའི་ཡོན་ཏན་ལྔས་བསྟབས་པའི་བར་གོང་བཞིན་ནོ། །ཡང་བྱང་ཆུབ་སེམས་དཔའ་ཤིང་རྟར་ཞུགས་ཏེ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པ་ན། མི་རོ་ཁྱོགས་ལ་བཏེག་ནས་ཁྱེར་ཞིང༌། སྟེང་ནས་རས་ཀྱི་གཡོགས། མདུན་ནས་མེ་སྒྲོན་ཐོགས་པ་དང༌། སྐྱེ་བོ་མང་པོ་ཡང་མདུན་ནས་འགྲོ། མྱ་ངན་བྱེད་པ་རྣམས་ཕྱི་བཞིན་འབྲང་བ་གཟིགས་ནས། འདི་ཅི། ལྷ་འདི་ནི་གུམ་པ་ཞེས་བགྱིའོ། །ང་ཡང་འཆི་བའི་ཆོས་ཉིད་ལས་མ་འདས་སམ། ལྷ་ཡང་འགྲོངས་པའི་ཆོས་ལས་མ་འདས་སོ། །ཡང་ཕོ་བྲང་ཉིད་དུ་གཤེགས་ཏེ། ངའང་འཆི་བའི་ཆོས་ལས་མ་འདས་པ་ལྟ་ཞེས་དགོངས་སོ། །ཞེས་པ་ནས། འདོད་པའི་ཡོན་ཏན་ཐམས་ཅད་ཀྱིས་བསྟབས་སོ་ཞེས་པའི་བར་གོང་བཞིན་ནོ། །དེ་ནས་གནས་གཙང་མའི་ལྷ་རྣམས་ཀྱིས་བསམས་པ། བྱང་ཆུབ་སེམས་དཔའ་འདི་རྒྱུའི་སྟོབས་ཅན་ཡིན་མོད་ཀྱི། རྒྱུའི་སྟོབས་ཆེན་པོ་ཡང་རྐྱེན་ལ་ལྟོས་པས་རབ་ཏུ་འབྱུང་བར་བསྐུལ་ལོ་སྙམ་སྟེ། རབ་ཏུ་བྱུང་བ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ཁྱིམ་ནས་ཁྱིམ་དུ་བསོད་སྙོམས་ལ་འཇུག་པ་ཞིག་སྤྲུལ་ལོ། །དེ་ནས་ཡང་སྔར་བཞིན་བྱང་ཆུབ་སེམས་དཔའ་ཤིང་རྟར་ཞུགས་ཏེ་སྐྱེད་མོས་ཚལ་གྱི་གཞིར་གཤེགས་པ་ན། རབ་ཏུ་བྱུང་བ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་གྱོན་པ་ལག་ན་ལྷུང་བཟེད་ཐོགས་པ་རྒྱུ་ཞིང་འགྲོ་བ་གཟིགས་སོ། །འདི་ཅི། ལྷ་འདི་ནི་རབ་ཏུ་བྱུང་བ་སྟེ། དུལ་བ་ལེགས་པ་ལ་སོགས་པ་ཡིན་ནོ། །འོ་ན་འདིའི་ཕྱོགས་སུ་ཤིང་རྟ་སྒྱུར་ཅིག དེས་ཀྱང་བཀའ་བཞིན་འཚལ་ཞེས་དེ་ཕྱོགས་སུ་ཕྱིན་པ་ན། བྱང་ཆུབ་སེམས་དཔས་དེ་ལ་དྲི་བ་མཛད་པས། དེས་ཀྱང་རབ་ཏུ་བྱུང་བའི་ཚུལ་རྒྱས་པར་གསོལ་བས། བྱང་ཆུབ་སེམས་
དཔས་ལེགས་སོ་སྩལ་ཏེ་ཡང་ཕྱིར་ལྡོག་སྟེ་ཕོ་བྲང་དུ་གཤེགས་ནས། ཨེ་མ་ཧོ། བདག་ནི་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བར་བྱའོ་སྙམ་དུ་སྤྲོ་བ་དང་བཅས་པས་དོན་དེ་ཉིད་དགོངས་སོ། །བཅོ་ལྔ་པ་ཞིང་པའི་སར་བསམ་གཏན་བསྒྲུབས་པ་སོགས་ནི། ཡང་རྒྱལ་པོས་ཁ་ལོ་སྒྱུར་བ་ལ་དྲིས་པ་ལ་སོགས་པ་སྔ་མ་དང་འདྲ་བ་ལས། རྒྱལ་པོས་ད་ནི་བདག་གིས་གཞོན་ནུ་ཞིང་པའི་གྲོང་དུ་བཏང་ནས་སེམས་གཡེང་བར་བགྱིའོ་སྙམ་ནས། བྱང་ཆུབ་སེམས་དཔའ་ལ་གཞོན་ནུ་ཚུར་ཤོག ཁྱོད་ཞིང་པའི་གྲོང་དུ་སོང་ལ་ལས་ཀྱི་མཐའ་ལ་ལྟོས་ཤིག །ཅེས་བརྗོད་པ་ན་བྱང་ཆུབ་སེམས་དཔའ་རྒ་ནད་འཆི་བ་གསུམ་གྱིས་ཐུགས་འབྱུང༌། རབ་ཏུ་བྱུང་བ་ལ་ནི་མངོན་པར་ཞེན་ཡང་ཡབ་ཟས་གཙང་གི་ཚིག་གསན་ནས་ཤིང་རྟར་ཞུགས་ཏེ་ཞིང་པའི་གྲོང་དུ་གཤེགས་པ་ན། ལམ་ཁར་གཏེར་ལྔ་བརྒྱ་ཁ་བྱེ་སྟེ། གཞོན་ནུ་བདག་ཅག་ནི་ཁྱེད་ཀྱི་ཉེ་དུའི་གཏེར་ལགས་ཀྱི་བདག་ཅག་བཞེས་ཤིག ཅེས་པའི་སྒྲ་བྱུང་ངོ༌། །བཀའ་སྩལ་བ། ཁྱོད་ཀྱི་ང་ལ་དགོས་པ་མེད་ཀྱི་སོང་ཞིག གང་གིས་ང་ལ་འཆི་བའི་གཏམ་སྨྲས་པ། །དེ་དག་ཤི་བའི་གཏམ་དུ་གྱུར་པ་ཡིན། །བདག་ཀྱང་ཤི་ནས་རིང་པོ་མི་ཐོགས་པར། །གཞན་དག་གིས་ཀྱང་གཏམ་དུ་འགྱུར་བ་འོང༌། །ཞེས་གསུངས། དེ་ནས་གཏེར་དེ་རྣམས་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་སོ། །དེ་རྗེས་ཞིང་པའི་གྲོང་དུ་བྱོན་ཏེ་ཞིང་ལས་ཀྱི་མཐའ་ལ་གཟིགས་པ་ན། ཞིང་པ་རྣམས་རྐང་ལག་སེར་ཀར་སོང་ཞིང༌། གླང་རྣམས་ཀྱང་ངལ་ཞིང་རྨོས་པ་སོགས་གཟིགས་ནས་ཐུགས་སྙིང་རྗེ་ཆེན་པོ་འཁྲུངས་ཏེ། ཁྱེད་རྣམས་བདེ་བ་ལ་རེག་པར་མནོས་ཤིག་ཅེས་ཞིང་པ་རྣམས་ཀྱང་བཏང༌། རྨོན་པ་རྣམས་ཀྱང་བཀྲོལ་ལོ། །དེ་ནས་ཞིང་པ་རྣམས་སྡུག་བསྔལ་བ་གཟིགས་པས་ཀྱང་ཐུགས་ལྷག་པར་འབྱུང་སྟེ་ཤིང་ཛམྦུའི་
གྲིབ་མ་ལ་བཞུགས་པས་བསམ་གཏན་དང་པོའི་ཏིང་ངེ་འཛིན་ཤུགས་འབྱུང་ལ་མངོན་དུ་མཛད་དོ། །བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དེ་ལ་མཉམ་པར་བཞག་སྟེ་བཞུགས་པ་ན། སྐྱེ་བོའི་ཚོགས་ཆེན་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་མི་སྤོང་བར་ཤིང་གཞན་གྱི་དྲུང་ན་སྡོད་དོ། །དེའི་ཚེ་རྒྱལ་པོས་བསམས་པ། ད་ནི་གཞོན་ནུ་རིང་ཞིག་ཐོགས་ཏེ་གྲོའི་དུས་ལས་ཡོལ་གྱི་བལྟ་བར་འགྲོའོ་ཞེས་ཤིང་རྟར་ཞུགས་ཏེ་བྱོན་ནས་བྱང་ཆུབ་སེམས་དཔའི་དྲུང་དུ་ཕྱིན་པ་ན་ཉི་མ་གུང་ཡོལ་བས་ཤིང་གཞན་རྣམས་ཀྱི་གྲིབ་མ་ཤར་དུ་གཞོལ་ཡང༌། ཛམྦུའི་གྲིབ་མས་བྱང་ཆུབ་སེམས་དཔའི་སྐུ་ལུས་མ་བཏང་བར་གྲིབ་མ་ཤར་དུ་མ་ཡོལ་བ་རྒྱལ་པོས་གཟིགས་ནས། རྒྱལ་པོས་བྱང་ཆུབ་སེམས་དཔའི་ཞབས་ལ་ཕྱག་མཛད་དོ། །ཇི་ལྟར་བལྟམས་ཚེ་ས་ནི་གཡོས་པ་དང༌། །ཛམྦུའི་གྲིབ་མས་ཁྱོད་སྐུ་མི་གཏོང་བ། །བློ་ཆེན་ཁྱོད་ཀྱི་ཡ་མཚན་གཉིས་འདི་སྟེ། །ཀུན་གཟིགས་ཁྱོད་ཀྱི་ཞབས་ལ་ཕྱག་འཚལ་ལོ། །ཞེས་བསྟོད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་ལས་བསླངས་ནས་ཤིང་རྟར་ཞུགས། གྲོང་ཁྱེར་དུ་གཤེགས་པའི་ལམ་དུར་ཁྲོད་ཀྱི་ཕྱོགས་ལ་བྱུང་བས་མི་རོ་རྣམ་པར་བམ་པ་ལ་སོགས་པ་གཟིགས་པ་ན། ཤིན་ཏུ་ཐུགས་སྐྱོ་བ་བསྐྱེད་པས་ཤིང་རྟ་དེ་ཉིད་ལ་བཞུགས་བཞིན་དུ་སྐྱིལ་ཀྲུང་བཅས་ནས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཡང་རྒྱལ་པོས་ཏིང་ངེ་འཛིན་ལས་བསླངས་ཏེ་སེར་སྐྱའི་གཞིར་གཤེགས་པ་ན་མཚན་མཁན་རྣམས་ཀྱིས། ད་སྟེ་གཞོན་ནུ་ཞག་བདུན་གྱི་བར་དུ་རབ་ཏུ་མ་བྱུང་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ། །གལ་ཏེ་དེ་ཡི་བཟང་པོ་གཟིགས་བཞེད་ན། །དེ་སླད་དགུང་བདུན་བར་དུ་སྲུངས་ཤིག་དང༌། །མི་དབང་གདུགས་ནི་བརྡལ་བར་གྱུར་པ་ལྟའི། །རིན་ཆེན་སྣ་བདུན་འབྱུང་བར་ཐེ་ཚོམ་མེད། །
ཅེས་སོགས་སྨྲས་སོ། །བཅུ་དྲུག་པ་བཙུན་མོ་རི་དྭགས་སྐྱེས་བ་ཞེས་པ་ནི། དེ་ནས་གྲོང་ཁྱེར་གྱི་ནང་དུ་ཚུར་ཕེབས་པ་ན། ཤཱཀྱ་དུས་ལེགས་ཀྱི་བུ་མོ་རི་དྭགས་སྐྱེས་ཞེས་བྱ་བ་བུད་མེད་མཆོག་ཞིག་དཀར་ཁུང་ནས་ལྟ་ཞིང་འདུག་པས་བྱང་ཆུབ་སེམས་དཔའ་མཐོང་སྟེ། ཀྱེ་མ་འདི་ཡི་ཡུམ་བདེ་ཞིང༌། ཡབ་དེ་ཡང་ནི་བདེ་བ་ཡིན། །ཀྱེ་མ་གང་གི་ཁྱིམ་ཐབས་གྱུར། །བུད་མེད་དེ་ཡང་མྱ་ངན་འདས། །ཞེས་སྨྲས་སོ། །བྱང་ཆུབ་སེམས་དཔའ་ནི་ཞི་བ་མྱང་འདས་ཀྱི་ཚིག་དེ་གསན་པས་དགྱེས་ཏེ། མུ་ཏིག་གི་ཕྲེང་བ་དེ་ལ་འཕངས་པ་དཀར་ཁུང་ནས་སོང་སྟེ་དེའི་མགུལ་དུ་འཁྲིས་སོ། །དེ་སྐྱེ་བོའི་ཚོགས་ཀྱིས་མཐོང་སྟེ་རྒྱལ་པོ་ལ་ཞུས་པས་རི་དྭགས་སྐྱེས་འཁོར་ཉི་ཁྲི་དང་བཅས་པ་བྱང་ཆུབ་སེམས་དཔའི་བཙུན་མོར་བླངས་ཏེ། མདོར་ན་བཙུན་མོའི་མཆོག་གསུམ་ལ་འཁོར་ཉི་ཁྲི་ཉི་ཁྲི་སྟེ་བཙུན་མོ་དྲུག་ཁྲིའོ། །བཅུ་བདུན་པ་སྲུང་མས་བསྐོར་བ་ནི། དེ་ནས་རྒྱལ་པོ་ཟས་གཙང་སྐུ་མཆེད་དང་བཅས་པ་རྣམས་གྲོས་བྱས་ཏེ། གཞོན་ནུ་དོན་ཐམས་ཅད་གྲུབ་པ་ཅི་ནས་ཀྱང་རབ་ཏུ་མི་འབྱུང་བའི་ཐབས་བསམས་ནས་གྲོང་ཁྱེར་ཆེན་པོ་ལྕགས་རི་དང་འོབས་རིམ་པ་བདུན་བདུན་གྱིས་བསྐོར། སྒོ་འཕར་རྣམས་ལྕགས་ལ་བྱས་ཤིང་དྲིལ་བུ་སྒྲ་ཆེན་པོ་འབྱུང་བ་དག་བཏགས་པས་སྒོ་ཕྱེ་ན་དཔག་ཚད་གཅིག་ཁོ་ར་ཁོར་ཡུག་ཏུ་སྒྲས་ཁྱབ་འགྲོ་བར་བྱས། ཕོ་བྲང་གི་ཕྱིའི་སྐས་སྤོ་བར་རུང་བ་ནུབ་མོ་མི་ལྔ་བརྒྱས་བསྡོག་ཅིང༌། སྔ་དྲོ་མི་ལྔ་བརྒྱས་འཛུགས་དགོས་པ་ཡང་བྱས། བྱང་ཆུབ་སེམས་དཔའ་སྟེང་གི་ཁང་བཟང་དུ་བུད་མེད་མཆོག་གི་ཚོགས་ཐམས་ཅད་ཀྱིས་བསྐོར་ཏེ་གླུ་དང་གར་དང་རོལ་མོ་སྣ་ཚོགས་པ་སྦྱོར་དུ་བཅུགབླཽན་པོའི་ཚོགས་དཔུང་ཡན་ལག་བཞི་དང་ལྷན་ཅིག་ར་བའི་ཕྱི་རོལ་ཁོར་ཡུག་ཏུ་སྤྱན་པ་བྱེད་ཅིང༌། མཚན་མོ་ནི་རྒྱལ་པོ་ཟས་གཙང་དཔུང་དང་
བཅས་པས་ཤར་སྒོའི་ཕྱི་རོལ་ནས་སྲུང་ངོ༌། །དེ་བཞིན་དུ་ནུབ་ཕྱོགས་ནས་ཟས་དཀར། ལྷོ་ཕྱོགས་ནས་བྲེ་བོ་ཟས། བྱང་ཕྱོགས་ནས་བདུད་རྩི་ཟས་འཁོར་དང་བཅས་པས་སྲུང་ངོ༌། དེ་ཐམས་ཅད་དུ་འདྲམ་པོ་སྟེ་ལྟ་ཉུལ་བྱེད་པ་པོ་ནི་ཤཱཀྱ་མིང་ཆེན་ཡིན་ཏེ། དེས་མཚན་མོའི་ཐུན་དང་པ་ལ་ཤར་སྒོ་སོང་སྟེ། འདི་ན་སུ་ཞིག་མེལ་ཚེ་བྱེད། རྒྱལ་བོ་ཟས་གཙང་གིས་སྨྲས་པ། ཁོ་བོ་མེལ་ཚེ་བྱེད་དོ། །དེས་སྨྲས་པ། ལྷ་མེལ་ཚེ་མཛོད་ཅིགཁྱོད་ལ་ལེགས་པར་འགྱུར་རོ། །འཇིག་རྟེན་གཉིད་ལོག་རོ་དང་མཚུངས། །གཉིད་ལོག་བདུད་ཀྱི་དབང་དུ་སོང༌། །འདི་ནི་མི་ཉལ་རྟག་ཏུ་མཁས། །དེ་བས་མ་ཉལ་མེལ་ཚེ་བྱོས། །ཞེས་སྨྲ་ཞིང་ཕྱོགས་གཞན་གསུམ་དང་བློན་པོ་རྣམས་ཀྱི་སར་ཡང་སོང་ཞིང་མེལ་ཚེ་ལ་སྐུལ་བར་བྱེད་དོ། །དེ་བཞིན་དུ་ཐུན་གཞན་ལ་ཡང་ངོ༌། །དེ་ནས་ནམ་ལངས་པ་ན། དགུང་བདུན་ལས་གཅིག་ནི་ཐལ་ཏེ་དྲུག་ལུས་སོ་ཞེས་ཚུལ་དེས་ཞག་དྲུག་ནི་ཡོངས་སུ་འདས། བདུན་པའི་ནུབ་མོ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཆེད་དུ་བརྗོད་པའང་བྱས། བྱང་ཆུབ་སེམས་དཔའ་འདི་སྙམ་དུ། བདག་ལ་ཕྱིས་མུ་སྟེགས་བྱེད་ལ་སོགས་པ་གཞན་དག་གང་གི་ཕྱིར་བུད་མེད་ཀྱི་མཆོག་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་བས། འདི་ནི་སྐྱེས་པ་མ་ཡིན་ནོ་ཞེས་ཁ་ཟེར་བར་བྱེད་དོ་སྙམ་དུ་དགོངས་ནས་བཙུན་མོའི་མཆོག་གྲགས་འཛིན་མ་ལ་སྲས་བསྐྲུན་པར་མཛད། དེས་ཀྱང་མངལ་སེམས་ཅན་དང་ལྡན་པར་ཤེས་ཀྱང་ནངས་པར་སྙན་དུ་གསོལ་སྙམ་མོ། །བཅོ་བརྒྱད་པ་ཁྱིམ་ནས་མངོན་པར་བྱུང་བ་ནི། དེ་ནས་བྱང་ཆུབ་སེམས་དཔས་གསུངས་པ། བདག་དང་བུད་མེད་ཁྱིམ་ཉལ་བའི། །ཐ་མ་དེང་གི་འདི་ཡིན་ཏེ། །ཕྱིན་ཆད་ཁྱིམ་དུ་བུད་མེད་དང༌། །ང་ནི་ལྷན་ཅིག་མི་གནས་སོ། །དེ་ནས་བུད་མེད་རྣམས་གླུ་གར་དང་རོལ་མོས་དུབ་སྟེ་གཉིད་དུ་སོང༌། སྐྲ་ཡང་ཞིག སྒྲེན་མོར་ཕྱུང་བ་དང༌།
ཁ་ཆུ་འཛག་ཅིང་སླ་ཅོལ་དུ་སྨྲ་བ་སོགས་གཟིགས་པས་དེ་ཐམས་ཅད་ལ་མི་སྡུག་པའི་འདུ་ཤེས་རྙེད་དོ། །སྐབས་དེར་སྐྱེ་རྒུའི་བདག་མོ་ལ་ཟླ་བ་གཟས་ཟིན་པ་དང༌། ཉི་མ་ཤར་ནས་ཤར་དུ་ནུབ་པ་དང༌། སྐྱེ་བོ་མང་པོས་བདག་ལ་ཕྱག་བྱས་པ་དང༌། རང་ཉིད་ངུ་ཞིང་རྒོད་པ་རྨིའོ། །གྲགས་འཛིན་མ་ལ་རྨི་ལམ་བརྒྱད་རྨི་སྟེ། ཁྱིམ་གྱི་གདུང་ཆག་པ་དང༌། མལ་ཁྲི་ཆག་པ་དང༌། ལག་གདུབ་ཆག་པ་དང༌། སོ་ལྷགས་པ་དང༌། ལན་བུ་ཞིག་པ་དང༌། ཁྱིམ་ནས་དཔལ་སོང་བ་དང༌། ཟླ་བ་གཟས་བཟུང་བ་དང༌། ཉི་མ་ཤར་ཕྱོགས་སུ་ནུབ་པའོ། །བྱང་ཆུབ་སེམས་དཔའ་ལ་མནལ་ལམ་ལྔ་རྨིས་ཏེ། རི་རབ་ལ་སྔས་མཛད་ཅིང་ས་གཞི་གཟིམས་མལ་དུ་མཛད་པ་དང༌། ཕྱག་གཡས་ནུབ་ཀྱི་རྒྱ་མཚོར་བཅུགགཡོན་ཤར་གྱི་རྒྱ་མཚོར་བཅུགཞབས་རྒྱ་མཚོ་ཆེན་པོའི་གཏིང་དུ་བརྐྱངས་པ་དང༌། འགྲེང་བ་ཞེས་བྱ་བའི་རྩ་རིང་པོ་ཞིག་སྐུའི་ལྟེ་བ་ནས་སྐྱེས་ཏེ་ནམ་མཁའི་དབྱིངས་སུ་འཕགས་པ་དང༌། བྱ་ལུས་དཀར་ལ་མགོ་ནག་པ་མང་པོས་ཞབས་ལ་གཏུགས་ཤིང་ལྡག་ལ། བྱ་སྣ་ཚོགས་ཕྱོགས་བཞི་ནས་འོངས་ཏེ་སྐུ་མདུན་དུ་འདུས་པ་ན་ཐམས་ཅད་ཁ་དོག་གཅིག་ཏུ་སོང་བ་དང༌། མི་གཙང་བའི་རིའི་སྟེང་ནས་བདག་ཉིད་འཆག་པར་མཛད་ཀྱང་མི་གཙང་བས་མ་གོས་པའོ། །དེར་བྱང་ཆུབ་སེམས་དཔའ་ཐུགས་དགྱེས་ཏེ། ངས་རྨི་ལམ་འདི་ལྟ་བུ་རྨི་ན། རིང་པོར་མི་ཐོགས་བར་བླ་ན་མེད་པའི་ཡེ་ཤེས་ཐོབ་པར་འགྱུར་རོ་སྙམ་དུ་དགོངས་སོ། །དེར་གྲགས་འཛིན་མས་རྨི་ལམ་རྣམས་གསོལ་བ་ན། དེར་ཡིད་མི་བདེ་བ་རྣམས་བསལ་བའི་ཕྱིར་རྨི་ལམ་མི་བདེན་པའི་དོན་ཅན་དུ་གསུངས། དེ་ནས་བྱང་ཆུབ་སེམས་དཔས་ད་ནི་བདག་གདོན་མི་ཟ་བར་ནགས་སུ་འགྲོ་བར་བྱ་དགོས་པས། འདི་ལ་ཟུར་གྱིས་བསྟན་ནོ་དགོངས་ཏེ་གྲགས་འཛིན་མ་ལ་ཕྱོགས་མཚོན་པ་
ཙམ་གསུངས་པ་ན། གྲགས་འཛིན་མས་གསོལ་པ། ལྷ་ཁྱོད་གང་དུ་བཞུད་པ་དེར་བདག་བཀྲི་བར་གསོལ། བྱང་ཆུབ་སེམས་དཔས་ཞི་བའི་དབྱིངས་ལ་དགོངས་ནས་དེ་བཞིན་དུ་བྱའོ་ཞེས་ཞལ་གྱིས་བཞེས་ཏེ། དེ་ལྟར་ན་དགུང་ལོ་ཉི་ཤུ་རྩ་དགུ་ཁབ་ཏུ་བཞུགས་སོ། །དེ་ནས་བརྒྱ་བྱིན་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ཀྱིས་བྱང་ཆུབ་སེམས་དཔའི་དགོངས་པ་ཡང་ཤེས། རབ་ཏུ་འབྱུང་བའི་དུས་ཀྱང་ཤེས་ནས་བཞེངས་སུ་གསོལ་བ་དང༌། ནགས་སུ་གཤེགས་པར་བསྐུལ་བ་ན། བཀའ་སྩལ་པ། ད་ལྟར་དམག་གི་ཚོགས་ཀྱིས་ཡོངས་སུ་བསྐོར་ཞིང་བསྲུངས་ན་ཇི་ལྟར་བགྱིད། བརྒྱ་བྱིན་གྱིས་གསོལ་པ། ཇི་ལྟར་ཁྱོད་ནི་གེགས་མེད་པར། །དེ་ཉིད་ནགས་སུ་གཤེགས་འགྱུར་བ། །བདག་ཅག་ཚངས་སོགས་བཅས་པ་ཡི། །ལྷ་རྣམས་ཀྱིས་ནི་དེ་བཞིན་བགྱིད། །ཅེས་གསོལ་བས་བྱང་ཆུབ་སེམས་དཔའ་དགྱེས་ཏེ་བཞེངས་སོ། །དེ་ནས་བརྒྱ་བྱིན་གྱིས་སྐྱེ་བོ་རྣམས་གཉིད་ཀྱིས་མྱོས་པར་བྱས་ཤིང༌། སྐས་ཆེན་པོ་མི་ལྔ་བརྒྱས་འཛུགས་དགོས་པ་དེ་གནོད་སྦྱིན་ལྔ་རྩེན་གྱིས་བཙུགས། བྱང་ཆུབ་སེམས་དཔའ་སྐས་དེ་ལས་བབས་ཏེ་ཤོད་ཀྱིས་གཞིར་ཕེབས། མདུན་པ་གཉིད་དུ་སོང་བ་བསླངས་ཏེ། རྟ་སྔགས་ལྡན་ལོངས་ཤིག ཁོ་བོ་ནི་ནགས་སུ་འགྲོའོ། །དེས་གསོལ་པ། ལྷ་ཁྱེད་ནི་སྐྱེད་མོས་ཚལ་གྱི་དུས་མ་བབ། དེས་པ་ཁྱོད་དང་འཁོན་པ་འགའ་མ་མཆིས། ཁྱོད་ལ་དགྲ་བོ་སུ་ཡང་མ་མཆིས་པར། །དགུང་ཕྱེད་ཁྱེད་ལ་ཆིབས་པས་ཅི་ཞིག་བགྱི། །བྱང་ཆུབ་སེམས་དཔས་ངའི་ཚིག་མ་གཅོག་ཅིག་ཅེས་གསུངས་ཀྱང༌། མཚན་མོ་འཇིགས་སུ་རུང་ངོ་ཞེས་ཆིབས་པ་མི་ལེན་ནོ། །དེ་ནས་ལན་དང་ཡང་ལན་མང་པོ་བྱས་ན་སྐྱེ་བོ་རྣམས་གཉིད་སད་པར་འགྱུར་རོ་བསྙམ་དུ་དགོངས་ནས། བྱང་ཆུབ་སེམས་དཔའ་ཉིད་
ཀྱིས་སྔགས་ལྡན་བཟུང་བར་བརྩམས་པ་ན། དེས་ཀྱང་བྱང་ཆུབ་སེམས་དཔའ་དཀའ་ཐུབ་ཀྱི་གནས་སུ་གཤེགས་པར་རིག་ནས་མི་དགའ་བས་འབྲོས་ཤིང༌། རྐང་པས་འཕྲ་བ་དང་འཇིང་ཀྱོག་བྱེད་དོ། །དེ་ནས་བྱང་ཆུབ་སེམས་དཔས་སྔགས་ལྡན་གྱི་མགོ་ལ་ཕྱག་གིས་བཞབས་ནས། སྔགས་ལྡན་ཐ་མ་ཡི་ནི་ཁུར་ལོང་སྟེ། །དཀའ་ཐུབ་ནགས་སུ་མ་ཐོགས་ང་སྐྱོལ་ཞིག །བྱང་ཆུབ་ཐོབ་ནས་མྱུར་དུ་འགྲོ་བ་ཀུན། །བསམ་གཏན་རྣམ་ཐར་ཆར་ཀྱི་ཚིམ་པར་བྱ། །ཞེས་གསུངས་པས་རྣལ་དུ་འདུག་པ་ན་དེ་ལ་སྒ་བསྟད་དོ། །དེ་ནས་བརྒྱ་བྱིན་གྱིས་ལྷའི་བུ་འགྲམ་དང༌། ཉེ་འགྲམ་དང༌། ལོ་མ་དང༌། ལོ་མ་གྱོན་པ་སྟེ་ལྷའི་གྱད་བཞི་སྤྱན་འདྲེན་པར་བསྐོས་སོ། །བྱང་ཆུབ་སེམས་དཔས་དེ་དག་གི་སྟོབས་དྲིས་པ་ན། དེ་དག་རིམ་པས་ས་གཞི་ཆེན་པོ་དང༌། རྒྱ་མཚོ་ཆེན་པོ་བཞི་དང༌། ས་ལ་གནས་པའི་རི་ཐམས་ཅད་དང༌། རྩྭ་དང་ཤིང་ཐམས་ཅད་ཁུར་དུ་ཐོགས་པར་ནུས་ཞེས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཞབས་ས་ལ་བཞག་པ་དེ་བཞི་ཆར་གྱིས་སྟོབས་བསྐྱེད་ཀྱང་སྒུལ་བར་མ་ནུས་ནས་ངོ་མཚར་ཆེར་སྐྱེས་སོ། །དེ་ལྟ་བུ་མཐོང་ཞིང་ཐོས་ནས་འདུན་པ་ཡང་ངོ་མཚར་སྐྱེས་ཏེ་དྲུང་དུ་འོངས། བྱང་ཆུབ་སེམས་དཔའ་སྔགས་ལྡན་ལ་ཆིབས། མདུན་པ་ཡང་ཆིབས་རྒྱབ་ཏུ་བསྐྱོན་ནས་ལྷ་རྣམས་ཀྱི་མཐུས་དང་སྔགས་ལྡན་སྟེང་གི་ནམ་མཁའ་ལ་མངོན་པར་འཕགས་པ་ན། ཕོ་བྲང་ན་གནས་པའི་ལྷ་རྣམས་མཆི་མ་ཕྱུང་ངོ༌། །དེ་ནས་སྒོ་གཞན་ནས་བྱོན་ན་གཞོན་ནུས་ཐ་མའི་དུས་ན་ཡང་ང་ལ་མ་བལྟས་སོ་སྙམ་ཡབ་རྒྱལ་པོ་ཐུགས་ཆད་པར་འགྱུར་དགོངས་ཏེ། ཤར་སྒོའི་ཕྱོགས་རྒྱལ་པོ་ཟས་གཙང་མའི་སར་ཕེབས་སོ། །དེར་ཟས་གཙང་མནལ་ཐུག་པོས་ནོན་ཏེ་མ་རིག་གོ །བྱང་ཆུབ་སེམས་དཔས་ཡབ་ལ་འདི་སྐད་ཅེས། གུས་པ་མ་མཆིས་པ་མ་ལགས་ཏེ་འཇིག་རྟེན་རྣམས་སྡུག་
བསྔལ་ལས་ཡོངས་སུ་སྒྲོལ་བའི་སླད་དུ་ལགས་སོ། །ཞེས་གསུངས་སོ། །དེ་ནས་དེ་ལྟ་བུའི་ཚུལ་མིང་ཆེན་གྱིས་མཐོང་སྟེ། མཆི་མ་དང་བཅས་པས་གཞོན་ནུ་འདི་ནི་རིགས་པ་མ་ལགས་སོ་ཞུས་སོ། །བཀའ་སྩལ་པ། མིང་ཆེན་ངས་བསྐལ་པ་གྲངས་མེད་གསུམ་དུ་དཀའ་བ་དུ་མས་སེམས་ཅན་གྱི་དོན་དུ་བྱང་ཆུབ་བསྒྲུབས་ན། ད་ནི་ང་ཅིའི་ཕྱིར་ཁྱིམ་དུ་འདུག འདི་ནི་ངེས་ཏེ་དཀའ་ཐུབ་ཀྱི་ཚལ་དུ་འགྲོའོ། །དེར་བཀའ་དྲག་པོ་སྩལ་བས། མིང་ཆེན་གྱིས་སླར་ཞུ་བར་མ་སྤོབས་ཏེ། དེང་དུ་རྒྱལ་པོ་ཟས་གཙང་དང༌། །ཤཱཀྱ་དག་ནི་ཐམས་ཅད་ཀྱིས། །ཡང་དང་ཡང་དུ་བསམས་པ་ཡི། །རེ་བ་འབྲས་བུ་མེད་པར་གྱུར། །ཞེས་སོགས་སྨྲེ་སྔགས་འདོན་བཞིན་གྲགས་འཛིན་མ་ལ་སོགས་གཉིད་ལས་བསླང་བར་བརྩམས་ཀྱང་གཉིད་མ་སད་ཅིང༌། རྒྱལ་པོ་ཟས་གཙང་ལ་སྦྲན་ཀྱང་མནལ་མ་སད་ལ། ཕྱོགས་ཐམས་ཅད་དུ་ཁུས་བཏབ་ཀྱང་འབྲོག་དགོན་པར་འོ་དོད་བོས་པ་བཞིན་དུ་སུའང་གཉིད་མ་སད་ཅིང་འགའ་ཡང་ལན་སྟེར་བ་མེད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆིབས་ཀྱི་རྐང་ལག་བཞི་ནས་ལྷའི་གྱད་བཞིས་བཏེག་ནས། གཟུགས་ཁམས་ཀྱི་ལྷ་རྣམས་ནི་སྤྱོད་ལམ་དུལ་བས་གཡས་ཕྱོགས་ནས་འགྲོ། འདོད་ཁམས་ཀྱི་ལྷ་རྣམས་ནི་གཡོན་ཕྱོགས་ནས་མཆོད་རྫས་དུ་མ་ཐོགས་ནས་འགྲོ། ཚངས་པ་དང་བརྒྱ་བྱིན་ཉིད་ཆིབས་ཀྱི་མདུན་ནས་སྤྱོད་ལམ་རང་བཞིན་བས་འགྲོ་ཞིང༌། གཞན་ཡང་ནམ་མཁའི་མཐོངས་ནས་ལྷ་རྣམས་ཀྱིས་རོལ་མོ་དཀྲོལ་ཞིང༌། མེ་ཏོག་གི་ཆར་འབེབས་པ་ལ་སོགས་པ་མཆོད་པ་སྣ་ཚོགས་པས་མཆོད་དོ། །དེ་ནས་བྱང་ཆུབ་སེམས་དཔས་ལྷ་རྣམས་ལ་ལེགས་སོ་སྩལ་ཞིང༌། ལྷ་རྣམས་ཀྱིས་ཀྱང༌། བྱང་ཆུབ་སེམས་དཔའ་ལ་ཁྱེད་ཀྱིས་ནམ་བླ་ན་མེད་པའི་བྱང་ཆུབ་བརྙེས་པ་དེའི་ཚེ་བདག་ཅག་ལའང་དགོངས་ཤིག་ཅེས་ཞུས་ཤིང༌། བྱང་ཆུབ་སེམས་
དཔས་ཀྱང་ཞལ་གྱིས་བཞེས་སོ། །བཅུ་དགུ་པ་རབ་ཏུ་བྱུང་བ་ནི། དེ་ནས་གླང་པོ་ཆེའི་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་གཟིགས་ཏེ། སངས་རྒྱས་རྣམས་ཀྱིས་བསྟན་པ་ཡི། །ལམ་གྱི་མཆོག་ནི་མ་ཐོབ་པར། །གྲོང་ཁྱེར་སེར་སྐྱའི་གཞིར་ནི་སླར། །ང་ནི་འཇུག་པ་མི་བྱའོ། །ཞེས་གསུངས། དེ་ལྟར་དཔག་ཚད་བཅུ་གཉིས་ཀྱི་ལམ་ཐུན་གཉིས་ལ་བགྲོད་དེ་ཆིབས་ལས་བབས། རྒྱན་བཀྲོལ་ཏེ་མདུན་པ་ལ་བཀའ་སྩལ་པ། རྒྱན་དང་རྟ་ཁྱེར་ལ་སླར་ལྡོག་ཅིག །མདུན་པ་གདོང་མཆི་མས་གང་བཞིན་དུ་གསོལ་པ། སེང་གེ་སྟག་གིས་གཏམས་པ་དང༌། །ཕྱུགས་རྗེས་གང་བའི་ནགས་ཚལ་དུ། །འབའ་ཞིག་སྐུ་གཉེན་དང་བྲལ་བར། །འཕགས་པ་ཇི་ལྟར་སྤྱོད་པར་འགྱུར། །བཀའ་སྩལ་པ། སྐྱེ་རྒུ་འདི་ན་སྐྱེ་ནའང་གཅིག་པུ་སྟེ། །དེ་བཞིན་འཆི་ནའང་གཅིག་པུར་འཆི་བར་འགྱུར། །འདི་ན་གཅིག་པུས་སྡུག་བསྔལ་མྱོང་འགྱུར་ཏེ། །འཁོར་བ་ལ་ནི་གྲོགས་ཡོད་མ་ཡིན་ནོ། །ཞེས་སོགས་གཞན་ཡང་ཞུས་ལན་མང་དུ་མཛད་དོ། །དེ་ནས་ཨུཏྤལ་སྔོན་པོ་འདབ་མ་ལྟ་བུའི་རལ་གྲིས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བྲེགས་ཏེ་ནམ་མཁའ་ལ་བོར་བ་བརྒྱ་བྱིན་གྱིས་བླངས་ཏེ་ལྷའི་གནས་སུ་དུས་སྟོན་བཙུགས་ཤིང༌། ཕྱོགས་དེར་མཆོད་རྟེན་ཡང་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་ཞབས་ལ་རྟའི་རྒྱལ་པོ་སྔགས་ལྡན་གྱི་ལྕེས་བལྡགས་ཤིང༌། དེའི་མགོ་ལ་ཕྱག་གིས་བྱུགས་ནས། ངས་བྱང་ཆུབ་ཐོབ་ནས་ཁྱོད་ལ་བྱས་པ་གཟོ་བར་འགྱུར་རོ་གསུངས། མདུན་པ་ལ་ཁྱོད་ཀྱིས་བསྔགས་ལྡན་ཕོ་བྲང་དུ་མ་བཀྲི་ཤིགམདུན་པ་སྐད་འཛེར་ཞིང་མིག་མཆི་མས་གང་སྟེ། སྔགས་ལྡན་ཁྲིད་ནས་ཡང་དང་ཡང་དུ་བྱང་ཆུབ་སེམས་དཔའ་ལ་ཕྱི་མིག་ལྟ་ཞིང་སླར་སོང་ངོ༌། །ཞག་བདུན་གྱིས་གྲོང་ཁྱེར་སེར་སྐྱར་ཕྱིར་འཁོར་ཏེ་མདུན་པས་བསམས་པ། བདག་རྟ་དང་ལྷན་ཅིག་སོང་ན་སྨྲེ་སྔགས་ཆེན་པོ་ཐོས་པས་
བདག་དབུགས་བརྣངས་ཏེ་འཆི་བར་འགྱུར་རོ་སྙམ་ནས། རང་ཉིད་སྐྱེད་མོས་ཚལ་དུ་འདུག་སྟེ་སྔགས་ལྡན་བཏང་ངོ༌། །དེས་སྐད་བཏོན་པས་སྐྱེ་བོའི་ཚོགས་རྣམས་ཕྱིར་བྱུང་སྟེ་བལྟས་པ་ན། བྱང་ཆུབ་སེམས་དཔའ་མ་མཐོང་བས། དེ་རྣམས་ཀྱིས་རྟའི་རྒྱལ་པོའི་མགུལ་དུ་འཇུས་ཤིང་སྨྲེ་སྔགས་འདོན་པ་དང་དུད་མོའི་སྒྲ་ཆེས་པས། སྔགས་ལྡན་དེ་དབུགས་འགགས་ཤིང་བརྣངས་ཏེ་ཤི་བ་བྲམ་ཟེ་ལས་དྲུག་ལ་བརྩོན་པ་ཞིག་གི་རིགས་སུ་ཉིང་མཚམས་སྦྱར་རོ། །དེ་ནས་བརྒྱ་བྱིན་རྔོན་པ་རྒན་པོའི་ཆ་བྱད་དུ་སྤྲུལ་ཏེ། སྔོན་རང་སངས་རྒྱས་ནས་ཤིང་གི་ལྷའི་བར་དུ་བཅོལ་བའི་ངུར་སྨྲིག་གི་གོས་ཤིག་ཡོད་པ་དེ་ལུས་ལ་གྱོན། ལག་ན་མདའ་གཞུ་ཐོགས་ཏེ་ལམ་ཁར་བསྡད་དོ། །དེ་ནས་བྱང་ཆུབ་སེམས་དཔས་གོས་རིན་པོ་ཆེ་འདི་རབ་ཏུ་བྱུང་བ་ལ་མི་འཚམ་ཞིང༌། ཤ་ནའི་ངུར་སྨྲིག་གི་གོས་དེ་རབ་ཏུ་བྱུང་བ་ལ་འོས་པར་གཟིགས་ནས་བརྗེ་བར་བཀའ་སྩལ་ཏེ། བརྒྱ་བྱིན་རྔོན་པའི་གཟུགས་ཀྱིས་ཞབས་ལ་གཏུགས་ནས་ངུར་སྨྲིག་གི་གོས་ཕུལ། དེས་ཀཱ་ཤི་ཀའི་ན་བཟའ་བླངས་ཏེ་སུམ་ཅུ་རྩ་གསུམ་གྱི་གནས་སུ་མཆོད་པ་ཆེན་པོ་བཙུགས་སོ། །ངུར་སྨྲིག་གི་གོས་དེ་སྐུ་ལ་མི་འཚམ་པ་ལ་འཚམ་པར་གྱུར་ཅིག་སྙམ་དུ་དགོངས་པས་སྐུ་དང་འཚམ་པར་གྱུར་ཏོ། །དེ་ནས་རབ་ཏུ་བྱུང་བའི་ཆ་བྱད་ཀྱིས་དྲང་སྲོང་ངན་སྤོང་གི་བུའི་བསྟི་གནས་སུ་གཤེགས་སོ། །དེ་ལ་བསྟི་གནས་དེར་དེའི་ལོ་བཅུ་གཉིས་ཀྱི་སྔོན་རོལ་ནས་ཏཱ་ལའི་ཤིང་ལ་སོགས་པ་ལྗོན་ཤིང་རྣམས་ཀྱི་མེ་ཏོག་དང༌། འབྲས་བུ་དང་ལོ་མ་གསེར་གྱི་རང་བཞིན་དུ་ཆགས་པ་ལས། ཉི་མ་དེ་ཉིད་ཀྱི་སྔ་དྲོ་ནས་ཤིང་ཕལ་པར་གྱུར་ཏོ། །དེར་དྲང་སྲོང་དེ་དག་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལས། བྱང་ཆུབ་སེམས་དཔས་སེམས་ཁོང་དུ་ཆུད་པའི་རྒྱུ་དྲི་བར་མཛད་པས། གསེར་གྱི་ལྗོན་པ་རྣམས་ཤིང་ཕལ་པར་གྱུར་པས་སོ་ཞེས་གསོལ་ཏོ། བཀའ་
སྩལ་པ། གང་གི་མཐུས་བསྟི་གནས་ཀྱི་ཤིང་རྣམས་གསེར་དུ་འགྱུར་བའི་སྐྱེས་བུ་དེ་ནི་ད་ནངས་སྔ་དྲོ་རབ་ཏུ་བྱུང་ནས། ད་ནི་དེ་ལ་དེ་འདྲ་བ་དགོས་པ་མེད་པས་དེ་ལྟར་གྱུར་ལ། གལ་ཏེ་དེ་རབ་ཏུ་མ་བྱུང་ན་ནི། ཚལ་དེ་ནི་དེའི་སྐྱེད་མོས་ཚལ་དུ་འགྱུར་བ་ཞིག་གོ །དེས་བྱང་ཆུབ་སེམས་དཔའ་ལ་ཡུན་རིང་དུ་བརྟགས་ན། གང་གི་མཐུས་དེ་ལྟར་གྱུར་པའི་སྐྱེས་བུ་དེ་ནི་འདི་ཁོ་ནའོ་སྙམ་དུ་ཤེས་ནས། དྲི་བ་ཞུས་པ་ལ། དེ་ལྟར་ངེས་སོ་གསུངས། དེ་ནས་དེས་གདན་ལ་སྤྱན་དྲངས་ནས་མེ་ཏོག་དང་འབྲས་བུས་བསྟབས་སོ། །ཉི་ཤུ་པ་ལམ་འཚོལ་བར་བསྟན་པ་ནི། དེ་ནས་གནས་དེར་ཅུང་ཟད་བཞུགས་ནས། བཀའ་སྩལ་པ། འདི་ནས་སེར་སྐྱ་ལ་ཇི་ཙམ། གསོལ་བ། དཔག་ཚད་བཅུ་གཉིས་སོ། །དེར་ཧ་ཅང་ཐག་ཉེ་དྲགས་སོ་སྙམ་དུ་དགོངས་ནས་ཆུ་བོ་གངྒ་བརྒལ་ཏེ་ལྗོངས་རྒྱུ་ཞིང་གཤེགས་པ་ནས་མཐར་གྱི་རྒྱལ་པོའི་ཁབ་ཏུ་བྱོན། ཤིང་ཀ་ར་བཱི་རིའི་ལོ་མ་ལ་ལྷུང་བཟེད་བྱས་ནས་གྲོང་ཁྱེར་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ། །དེ་རྒྱལ་པོ་གཟུགས་ཅན་སྙིང་པོས་ཁང་བཟང་གི་རྩེ་ནས་མཐོང་སྟེ། རྒྱལ་པོའི་ཁབ་འདིར་རབ་ཏུ་བྱུང་བ་ཇི་སྙེད་ཞིག་གནས་པ་ཡིན་ཡང༌། འདི་ལྟ་བུའི་སྤྱོད་ལམ་མཛེས་པ་ནི། གཞན་འགའ་ཡང་མེད་དོ་སྙམ་ནས་ཆེད་དུ་བརྗོད་པ་ཡང་བྱས་ཤིང༌། རི་དྲུང་གི་ཤིང་སྐྱ་སེང་ངམ་པ་ཊ་ལའི་སྡོང་པོའི་དྲུང་ན་བཞུགས་སོ། །རྒྱལ་པོས་རྟོག་མཁན་གྱི་ཕོ་ཉ་དག་བཏང་སྟེ། དེར་བཞུགས་པར་ཤེས་ནས། རྒྱལ་པོ་འཁོར་དང་བཅས་པ་བྱང་ཆུབ་སེམས་དཔའི་དྲུང་དུ་བྱོན། དགའ་བ་དང་མགུ་བར་གྱུར་བའི་གཏམ་མཛད་ནས། རྒྱལ་པོ་ན་རེ། གཞོན་ནུ་ལང་ཚོ་དང་པོ་ལ་བསོད་སྙོམས་སྤྱོད་པ་མི་མཛེས་ཀྱི། བདག་གིས་འདོད་པའི་ཡོན་ཏན་ཐམས་ཅད་འབུལ་བར་བགྱི་སྟེ། ཉིད་ཀྱི་རིགས་རུས་སོགས་ཇི་ལྟར་ཡིན་དྲིས་པ་ན། བཀའ་སྩལ་པ། རྒྱལ་པོ་གངས་རི་ཉེ་བ་ན། ཡུལ་
གྱི་ལྗོངས་ནི་འབྲུ་དག་དང༌། །ནོར་རྣམས་ཀུན་གྱིས་གང་བ་ཡི། །ཀོ་ས་ལ་ཞེས་གྲགས་པ་ཡོད། །བུ་རམ་ཤིང་པ་ཉི་མའི་རུས། །ཤཱཀྱ་དག་ནི་དེ་ན་གནས། །རྒྱལ་པོ་ང་ནི་རྒྱལ་རིགས་ཏེ། །ང་ནི་འདོད་པ་དོན་མི་གཉེར། །ཞེས་དང༌། རྒྱལ་པོ་ང་ནི་བྱུང་མ་ཐག་ཏུ་ཡང༌། །འདོད་པ་རྣམས་ལ་མི་དགའི་བླཽ་བསྐྱེད་ན། །འཇིགས་བྱེད་ཆོས་ཀྱི་དགྲ་བོར་གྱུར་པ་དག །བོར་བ་དེ་ཀོ་སླར་ཡང་ཇི་ལྟར་བླང༌། །ཞེས་སོགས་རྒྱ་ཆེར་གསུངས། གསོལ་པ། བརྟུལ་ཞུགས་འདིས་ཅི་ཞིག་བཞེད་ལགས། བཀའ་སྩལ་པ། རྫོགས་པའི་བྱང་ཆུབ་བཽ། གསོལ་པ། གང་གི་ཚེ་ཁྱེད་གྱིས་དེ་ཐོབ་ན་བདག་ལ་དགོངས་ཤིག བཀའ་སྩལ་པ། དེ་བཞིན་དུ་བསམ་པར་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱ་རྒོད་ཕུང་པོའི་རི་དང་ཉེ་བའི་དྲང་སྲོང་སྣ་ཚོགས་པའི་བསྟི་གནས་སུ་གཤེགས་ཏེ། དྲང་སྲོང་རྣམས་མེ་ལྔས་གདུང་བ་དང༌། རྐང་པ་ཡ་གཅིག་འགྲེང་བ་སོགས་དཀའ་ཐུབ་ཇི་ཙམ་སྤྱོད་པ་དེ་བྱང་ཆུབ་སེམས་དཔས་ཉིས་འགྱུར་ཉིས་འགྱུར་དུ་སྤྱད་དེ། དྲང་སྲོང་ཆེན་པོ་དང༌། དགེ་སྦྱོང་ཆེན་པོ་ཞེས་མཚན་དུ་གྲགས་སོ། །དེ་རྣམས་མཐོ་རིས་ཙམ་དོན་དུ་གཉེར་བར་མཁྱེན་ནས། ལམ་འདི་ནི་ནུས་པ་མ་ཡིན་པ་སླར་ལྟུང་བ་ལོག་པར་ཞུགས་པའོ་སྙམ་དུ་དགོངས་ནས་སྒྱུ་རྩལ་ཤེས་ཀྱི་བུ་རིང་དུ་འཕུར་བའི་བསྟི་གནས་སུ་གཤེགས་ཏེ། རིང་འཕུར་ལས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་ཚུན་ཆོད་ཀྱི་གདམས་ངག་ཞུས་ཏེ། དེའི་ནུབ་མོ་དེ་ཉིད་ལ་ཐོབ་པར་མཛད་ནས། ནངས་པར་རིང་འཕུར་ལ་ཁྱེད་ཀྱིས་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་བར་གྱི་ཆོས་འདི་ཁོ་ན་མངོན་དུ་བྱས་སམ། གསོལ་པ་དེ་ཁོ་ནའོ། །བཀའ་སྩལ་པ། ངས་ཀྱང་དེ་མངོན་དུ་བྱས་སོ། །དེར་རིང་འཕུར་ན་རེ། འོ་ན་འོ་སྐོལ་མཚུངས་ཤིང་མཉམ་སྟེ། ཚུར་སྤྱོན་གཉིས་ཀས་འཁོར་འདི་ཡོངས་སུ་དྲང་བར་བགྱིའོ། །ཞེས་
རབ་ཏུ་དགའ་ཞིང་མགུ་བ་དང༌། བརྗེད་པར་བྱས་སོ། །དེར་བྱང་ཆུབ་སེམས་དཔས་ལམ་འདི་ཙམ་གྱིས་ནི་ཤེས་པར་མི་ནུས་མཐོང་བར་མི་ནུས། རྫོགས་པར་བྱང་ཆུབ་པར་ནུས་པ་མ་ཡིན་ནོ་སྙམ་དུ་དགོངས་ཏེ། རེངས་བྱེད་ཀྱི་བུ་ལྷག་སྤྱོད་ཀྱི་གནས་སུ་གཤེགས་སོ། །དེར་ཡང་ཐམས་ཅད་རིང་འཕུར་གྱི་སྐབས་དང་འདྲ་བ་ལས། དེའི་དྲུང་དུ་འདུ་ཤེས་མེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཅེས་བྱ་བ་སྲིད་རྩིའི་ཏིང་ངེ་འཛིན་ཐོབ་པར་མཛད་པ་ནི་ཁྱད་པར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་ལྷག་སྤྱོད་ཀྱི་གནས་ནས་ཕྱིར་བྱུང་སྟེ་གཞན་དུ་གཤེགས་སོ། །ཉེར་གཅིག་པ་དཀའ་བ་སྤྱད་པ་ནི། དེའི་ཚེ་རྒྱལ་པོ་ཟས་གཙང་མས་བྱང་ཆུབ་སེམས་དཔའི་ཕྱོགས་སུ་ལྟ་ཉུལ་བ་མང་དུ་བཏང་བ་ལས། བྱང་ཆུབ་སེམས་དཔའ་ལ་རིམ་གྲོ་བྱེད་པའི་གཡོག་མེད་ཅིང༌། གཅིག་པུར་འཁྱམས་ཤིང་འདུག་གོ་ཞེས་ཐོས་ནས། རིམ་གྲོ་བྱེད་པ་མི་སུམ་བརྒྱ་བཏང་ཤིང༌། རྒྱལ་པོ་ལེགས་པར་རབ་སད་ཀྱིས་ཀྱང་མི་ཉིས་བརྒྱ་བཏང་ངོ༌། །དེ་ནས་འཁོར་ལྔ་བརྒྱ་དང་བཅས་ཏེ་ནགས་སུ་རྒྱུ་བ་ན། སྐྱེ་བོ་མང་པོ་དང་ལྷན་ཅིག་ཏུ་གནས་པས་བདུད་རྩི་མི་ཐོབ་པར་མཁྱེན་ནས། ཡབ་ཀྱི་ཕྱོགས་ལས་གསུམ་དང༌། ཡུམ་གྱི་ཕྱོགས་ལས་གཉིས་ཁྲིད། ལྷག་མ་རྣམས་ཕྱིར་བཀྱེ་སྟེ། དེ་རྣམས་དྲང་སྲོང་གི་ཆ་བྱད་དུ་བསྒྱུར་བ་དང་ལྷན་ཅིག་གྲོང་ཁྱེར་ག་ཡའི་ལྷོ་ཕྱོགས་སྟེང་རྒྱས་ཀྱི་གྲོང་རྡལ་རྒྱུ་ཞིང་གཤེགས་ནས། ཆུ་ཀླུང་ནཻ་རཱཉྫ་ནའི་འགྲམ། ནེའུ་སིང་ཡིད་དུ་འོང་བ་མཐའ་ནགས་ཚང་ཚིང་དང་ཤིང་སྣ་ཚོགས་ཀྱིས་བརྒྱན་པར་གཟིགས་ནས། ནགས་ཁྲོད་འདིར་བདག་གནས་ལ་སྤོང་བ་བྱའོ་སྙམ་དུ་དགོངས་ནས་ཤིང་དྲུང་ཞིག་ཏུ་བཞུགས་སོ། །དེར་ཚེམས་ལ་ཚེམས་གཏད། ལྗགས་རྐན་ལ་སྦྱར། ཐུགས་ཀྱིས་ཐུགས་བཟུང་སྟེ་ཤིན་ཏུ་མངོན་པར་བསྡམས་པ་ན་བ་སྤུའི་བུ་ག་ནས་རྔུལ་གྱི་རྒྱུན་བྱུང་བར་གྱུར་ཏོ། །དེ་ལྟར་དཀའ་བ་སྤྱད་པས་ཚོར་བ་དྲག་པོ་མི་བཟད་
པ་ཉམས་སུ་མྱོང་ཡང་ཞུམ་པ་མ་ཡིན་གྱི་བརྩོན་འགྲུས་བརྩམས་པ་ཡིན། སྐུ་མ་སྦྱངས་པ་མ་ཡིན་གྱི་སྦྱངས་པ་ཡིན། རྨུགས་པ་མ་ཡིན་གྱི་དྲན་པ་ཉེ་བར་བཞག་པ་ཡིན། གཡེང་བ་མ་ཡིན་གྱི་ཐུགས་བརྩེ་གཅིག་ཏུ་མཉམ་པར་བཞག་པ་ཡིན་ནོ། །དེ་ནས་དུས་གཉིས་པ་ལ་རྣམ་པར་བམ་པའི་བསམ་གཏན་བསྒོམ་པར་བརྩམས་ཏེ་སྦྱོར་བ་ལ་ཞུགས་པ་ན། དབུགས་འབྱུང་རྔུབ་བཀག་པས་རླུང་ཐམས་ཅད་སྤྱི་བོར་སོང་སྟེ། དབུ་ལ་ཟུག་རྔུ་མི་བཟད་པ་ལྕགས་ཀྱི་ཕུར་བུས་བཏབ་པ་ལྟ་བུ་བྱུང་སྟེ། ཞུམ་པ་མ་ཡིན་པ་སོགས་གོང་བཞིན། དུས་གསུམ་པར་རྣམ་པར་བམ་པའི་བསམ་གཏན་དངོས་ཐོབ་པའི་ཚེ་རླུང་བཀག་པ་ན་སྙན་གྱི་བུ་ག་གཉིས་ནས་རྒྱུ་བ་ནི། མགར་བའི་སྦུད་པ་བུས་པ་བཞིན་ནོ། །དེ་ལྟར་ཚོར་བ་མི་བཟད་པ་མྱོང་ཡང་ཞུམ་པ་མ་ཡིན་པ་སོགས་གོང་བཞིན། དུས་བཞི་པ་ལ་རྣམ་པར་བམ་པའི་བསམ་གཏན་མཐར་ཕྱིན་པ་ལ་སྙོམས་པར་ཞུགས་པ་ན། རླུང་རྒྱུ་བ་བཀག་པས་ཕྱལ་ཤིན་ཏུ་རྒྱས་པར་གྱུར་ཏེ། དབུ་ལ་ཟུག་རྔུ་དང་སྐུའི་ཁོང་དུ་ཆུ་གྲི་རྣོན་པོས་དྲལ་བ་ལྟ་བུའི་ཚོར་བ་དང༌། མེའི་དོང་དུ་དཔྱངས་པ་ལྟ་བུའི་ཟུག་རྔུ་ཉམས་སུ་མྱོང་ཡང་ཞུམ་པ་མ་ཡིན་པ་སོགས་གོང་བཞིན་ནོ། །དུས་ལྔ་པར་ཁ་ཟས་ངན་ངོན་ཆང་ཆུང་གསོལ་བ་ནི། མོན་སྲན་རྡཻའུ་འམ། རྒྱ་སྲན་ནམ། འབྲས་ལ་སོགས་པ་བསྐོལ་བའི་ཁུ་བ་གསོལ་བ། དེ་ཉིད་ཀྱི་མདངས་མ་ཡལ་གྱི་བར་དུ་ཕྱི་མ་མི་གསོལ་བའོ། །དེའི་ཚེ་ལྷ་རྣམས་ཀྱིས་བ་སྤུའི་བུ་ག་ནས་མདངས་སྒྲུབ་པར་ཞུས་པ་ལས། ཁ་ཟས་སྤངས་ཏེ་མདངས་སྒྲུབ་པ་བདག་གིར་བྱེད་པ་ནི། ཚུལ་འཆོས་རྫུན་པ་ལོག་པ་གཞན་བསླུ་བ་ཡིན་པར་དགོངས་ཏེ། མདངས་སྒྲུབ་པ་ཕྱིར་བཟློག་པར་མཛད་དོ། །དེས་སྐུ་ལུས་ཤིན་ཏུ་སྐེམ་ཞིང་སྨྱ་བར་གྱུར་ཀྱང་ཞུམ་པ་མ་ཡིན་པ་སོགས་གོང་དང་འདྲ། ཇི་ལྟར་སྐུ་ལུས་ཉམ་ཆུང་བར་གྱུར་ཞེ་ན།
སྐུ་ལུས་ནི་ལྡུམ་བུ་ཨ་སི་ཏ་དང༌། ཀ་ལི་ཀའི་སྡོང་བུ་ཀུན་ནས་བསྐམས་ན་འཇུམས་པར་གྱུར་པ་ལྟ་བུ་དང༌། དབུ་ཡང་འབར་འབུར་ཅན་སྐུ་བ་རྙིངས་པ་ལྟ་བུ་དང༌། སྤྱན་འབྲས་ཕུག་ཏུ་སོང་བ་ཁྲོན་པའི་སྐར་མ་ལྟ་བུ་དང༌། སྐུའི་རྩིབས་མ་མཐོ་དམན་དུ་གྱུར་ལ། སྒལ་ཚིགས་སྐྲའི་ལན་བུ་ལྟ་བུར་གྱུར་ཞིང་བཞེངས་པར་བཞེད་ན་མདུན་དུ་བུབ་ཅིང༌། བཞུགས་པར་བཞེད་ན་རྒྱབ་ཏུ་འགྱེལ་བས་སྐུའི་སྟོད་སྨད་རེས་མོས་སུ་བརྟེན་ཞིང་འཇོག་དགོས་པ་དང༌། བ་སྤུའི་རྩ་བ་རྣམས་རུལ་བས་སྐུ་ལ་ཕྱག་གིས་བྱུགས་པ་ན་བ་སྤུ་ས་ལ་ལྷགས་པར་འགྱུར་བའོ། །དེ་ནས་སྔོན་གྱི་ཁ་དོག་བཟང་པོ་གང་ཡིན་པ་དེ་ཡང་ནུབ་པར་གྱུར་ཏེ། ལྷ་གསུམ་ཞིག་དེར་ལྷགས་ནས་གཅིག་གིས་གཽ་ཏ་མ་ནི་ནག་པོ་ཞིག་གོ །དེ་བཞིན་དུ་སྔོ་སངས་ཞིག་གོ །སྨུག་པོ་ཞིག་གོ །ཞེས་སྨྲའོ། །དེར་དཔེ་གསུམ་ཞིག་ཐུགས་ལ་ཤར་ཏེ། ཆུ་ནང་གི་ཤིང་ཤིན་ཏུ་རློན་པ་ལ་བཙུབས་ཀྱང་མེ་མི་འབར་བ་བཞིན་དུ། ལུས་སེམས་གཉིས་ཀར་འདོད་པ་ལ་ཆགས་པས་གྲོལ་བར་མི་ནུས་པ་དང༌། དེ་བས་ཅུང་ཟད་ཙམ་གཤེར་ཆུང་བའི་ཤིང་རློན་པས་ཀྱང་དེ་དང་འདྲ་བ་ལྟར། ལུས་འདོད་པ་ལས་ཐག་བསྲིངས་ཀྱང་སེམས་ཀྱིས་མ་བསྲིངས་ན་གྲོལ་བར་མི་འགྱུར་བ་དང༌། ཤིང་བསྐམས་བཙུབས་པས་མེ་འབྱུང་བ་ལྟར་ལུས་སེམས་གཉིས་ཀར་འདོད་པ་ལས་ཐག་བསྲིངས་པས་ནི། ཤེས་པ་དང་མཐོང་བ་དང་རེག་པར་ནུས་པར་དགོངས་སོ། །དེ་ནས་དུས་དྲུག་པར་ཅུང་ཟད་མནལ་བ་ན་ཤིན་ཏུ་རྩུབ་པའི་རྩྭའི་སྟན་ལ་གཟིམས་ཤིང༌། གཞན་སྔ་མ་དང་འདྲ་བ་ལས། ཏིལ་ལ་སོགས་པ་འབྲུ་གཅིག་གསོལ་ཏེ། དེའི་མདངས་མ་ཡལ་གྱི་བར་དུ་འབྲུ་གཉིས་པ་མི་གསོལ་བས་སྐུ་ལུས་སྔ་མ་ལས་ཀྱང་ཆེས་ཞུམ་པར་གྱུར་ཏོ། །དེ་ལྟར་ཁ་ཟས་ཕྲ་མོའི་དཀའ་ཐུབ་མཛད་དེ་ཞུམ་པ་མ་ཡིན་པ་སོགས་གོང་བཞིན་ནོ། །དེའི་ཚེ་རྒྱལ་པོ་ཟས་གཙང་གིས་ཉིན་རེ་བཞིན་མི་ཉིས་བརྒྱ་ལྔ་བཅུ་རེ་རྟོག་པར་གཏོང་ཞིང༌། ལྷས་བསྟན་
ནས་ཀྱང་དེ་ཙམ་རེ་གཏོང་སྟེ། ཉིན་རེ་བཞིན་ཕྱིར་འཁོར་བ་རྣམས་ཀྱིས་གཏམ་སྐྱེལ་བར་བྱེད་ན། རྒྱལ་པོ་ཟས་གཙང་ལྷག་པར་ཐུགས་ངན་དུ་མཛད་ཅིང༌། བཙུན་མོའི་འཁོར་རྣམས་ཀྱང་རྩྭའི་སྟན་ལ་ཉལ་བ་དང༌། གྲགས་འཛིན་མས་ཀྱང་རྒྱན་རྣམས་བོར་ཏེ། ཇི་ལྟར་དཀའ་བ་སྤྱོད་པའི་ཚུལ་ལ་ཞུགས་སོ། །དེ་ནས་རྒྱལ་པོས་གྲགས་འཛིན་མའི་ལྷུམས་ན་སྲས་ཡོད་པས། དེ་ལ་གནོད་པར་འགྱུར་བའི་གནས་ཡོད་པའི་ཕྱིར། གྲགས་འཛིན་མ་ལ་དཀའ་བ་སྤྱོད་པའི་ཚུལ་སུས་ཀྱང་མ་སྨྲ་ཞིག །གཏམ་སྐྱེལ་བ་རྣམས་ཀྱིས་ཀྱང་ང་ཉིད་མ་གཏོགས་སུ་ལ་ཡང༌། བྱང་ཆུབ་སེམས་དཔའི་དཀའ་ཐུབ་ཀྱི་ཚུལ་མ་བརྗོད་ཅིག་ཅེས་བཀའ་བསྒོས་སོ། །རྒྱལ་པོ་རང་ཉིད་ཀྱིས་གསན་པས་ནང་དུ་ཐུགས་ངན་དུ་འགྱུར་ཡང་རྣམ་འགྱུར་སྦས་ཏེ། གཏམ་གཞན་གྱིས་བཙུན་མོའི་འཁོར་བཅས་རྣམས་འབྲིད་པར་བྱེད་དོ། །དེ་ནས་དུས་བདུན་པ་ལ་དཀའ་སྤྱད་འདི་ཙམ་གྱིས་ཀྱང་མི་ཆོག་གོ་སྙམ་དུ་དགོངས་ཏེ། ཁ་ཟས་ཤིན་ཏུ་ངན་པ་ཞེས་བྱ་བ་བེའུ་འོ་མ་འཐུང་བ་རྣམས་ཀྱི་ཆུ་དང་ལྕི་བའི་རིལ་བུ་ཕྲ་མོ་རེ་གསོལ། དེའི་མདངས་མ་ཡལ་བར་ཕྱི་མ་མི་གསོལ་ལོ། །ཅུང་ཟད་མནལ་བར་མཛད་པ་ན། དུར་ཁྲོད་དུ་གཤེགས་ནས་མི་རོ་བམ་པ་དབུ་སྔས་སུ་མཛད་དོ། །དེའི་ཚེ་སྔར་བས་ཀྱང་སྐུ་ལུས་རིད་ཅིང༌། སྐུ་ལུས་རླན་གཤེར་མེད་པ་ལྟར་གྱུར་ལ། གྲོང་ཁྱེར་གྱི་གཞོན་ནུ་དང༌། གཞོན་ནུ་མ་དང༌། ཕྱུགས་རྫི་དག་འོངས་ཏེ་རས་བལ་དང༌། མེ་ཏོག་དང་རིལ་བུ་དག་སྙན་དུ་བཅུག་སྟེ་ཤིང་བུས་བདས་ནས་ཤངས་ཀྱི་བུག་ནས་འབྱིན་པར་བྱས། ཤངས་ཀྱི་བུ་གར་བཅུག་ནས་སྙན་དུ་འབྱིན་པ་སོགས་ཕར་འདྲེན་ཚུར་འདྲེན་དུ་བྱེད་དོ། ཁ་ཅིག་དག་ནི་ཀྱཻ་ཕྱག་དར་ཁྲོད་ཀྱི་ཤ་ཟ་
ལ་ལྟོས་ཞེས་སྐུ་ལ་བོང་བ་དང༌། གསེག་མས་འཐོར་བར་བྱེད་ཀྱང་གསན་པ་དང་གཟིགས་པར་ཡང་མི་མངོན་ནོ། །འོན་ཀྱང་ཞུམ་པ་མ་ཡིན་སོགས་གོང་དང་འདྲ་བར་བཞུགས་སོ། །ཉེར་གཉིས་པ་དཀའ་ཐུབ་གྲོལ་བ་ནི། དེ་ལྟར་དཀའ་བ་སྤྱོད་པའི་དུས་ལོ་དྲུག་འདས་ནས་འདི་སྙམ་དུ་ད་ལྟར་གང་སུ་དག་སྡུག་བསྔལ་སྤོང་བར་འདོད་པ་ཐམས་ཅད་ནི་འདི་ཙམ་དུ་ཟད་དེ། འདི་ཡང་ཤེས་པ་དང་མཐོང་བ་དང་བྱང་ཆུབ་ལ་རེག་པར་ནུས་པ་མ་ཡིན་ནོ། །བདག་སྔོན་ཞིང་པའི་གྲོང་དུ་བསམ་གཏན་བསྒྲུབས་པ་དེ་ལྟ་བུ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པར་ནུས་ན། རིད་ཅིང་ཉམས་ཆུང་བས་དེ་ཡང་བསྐྱེད་མི་ནུས་ཏེ། ལུས་མདངས་སྟོབས་དང་ལྡན་པར་བྱའོ་དགོངས་ནས་དབུགས་འབྱུང་རྔུབ་ཅི་བདེར་མཛད་ཅིང༌། འབྲས་ཆན་སོགས་ཁ་ཟས། རགས་པ་ཡང་གསོལ། ཏིལ་མར་གྱིས་བྱུག་ཤིང་ཆུ་འཇམ་པོས་ཁྲུས་མཛད་དོ། །དེར་རིམ་གྲོ་པ་ལྔ་པོ་མ་དད་པར་གྱུར་ཏེ། ཤེས་ལྡན་དག་དགཻ་སྦྱོང་གཽ་ཏ་མ་འདི་ནི་སྤོང་བ་ལས་ཉམ་པ་ཡིན་ཏེ། ད་ནི་འདིས་ཅུང་ཟད་ཀྱང་ཐོབ་པར་མི་ནུས་སོ་ཞེས། བྱང་ཆུབ་སེམས་དཔའ་བོར་ནས་ཝ་ར་ནཱ་སཱིར་སོང་སྟེ། ལྔ་སྡེ་ཞེས་གྲགས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་རིམ་གྱིས་སྐུའི་མཐུ་བསྐྱེད་ནས་སྡེ་ཅན་གྱི་གྲོང་དུ་གཤེགས་སོ། །དེར་ཡུལ་དེའི་དཔོན་པོ་སྡེ་ཅན་ཞེས་བྱ་བ་ལ་བུ་མོ་དགའ་མ་དང་དགའ་སྟོབས་མ་ཞེས་བྱ་བ་གཉིས་ཡོད་དོ། །དེ་གཉིས་བུད་མེད་རིན་པོ་ཆེ་ལྟར་ཕུན་སུམ་ཚོགས་པ་ཡིན་ལ། དེ་དག་གི་བྱང་ཆུབ་སེམས་དཔའ་འཁོར་ལོས་བསྒྱུར་བར་འགྱུར་བ་ནི་ཐོས། རབ་ཏུ་བྱུང་བ་ནི་མ་ཐོས་ལ། བུད་མེད་གང་དག་ཚུལ་ཁྲིམས་དང༌། བརྟུལ་ཞུགས་འདི་དང་འདི་ལྟ་བུ་དག་ལོ་བཅུ་གཉིས་སུ་བསྟེན་ཞིང༌། དེ་རྫོགས་པ་ན་འོ་ཐུག་གི་མཆོག་བཅོས་ཏེ། དཀའ་ཐུབ་ཀྱིས་དུབ་པའི་དྲང་སྲོང་ལ་ཕུལ་ན། དེའི་བཙུན་མོར་འགྱུར་རོ་ཞེས་ཐོས་ནས། དེ་དག་གིས་བརྟུལ་ཞུགས་བླངས་ནས་དུས་དེར་ལོ་བཅུ་གཉིས་ཀྱང་རྫོགས་པས། བ་མཆོག་སྟོང་ཡོད་པ་རྣམས་བཞོས་ཏེ། བ་སྟོང་པོ་དེ་ཉིད་ལ་བླུད་དོ། །དེ་རྣམས་བཞོས་ནས་ལྔ་བརྒྱ་ལ་བླུད་དོ། །དེ་ཡང་ལྔ་བརྒྱ་བོ་དེ་ཉིད་ལའོ། །དེ་བཞིན་དུ།
ཉིས་བརྒྱ་ལྔ་བཅུ་དང༌། ལྔ་དང༌། དྲུག་ཅུ་རྩ་གསུམ་དང༌། སུམ་ཅུ་རྩ་གཉིས་དང༌། བཅུ་དྲུག་དང་བརྒྱད་དེ་ལན་བཅུ་དྲུག་ཉིང་ཁུར་བྱས་པའི་འོ་མ་རྣམས་ཤེལ་སྣོད་དུ་བསྐོལ་བའི་ཚེ། གནས་གཙང་མའི་ལྷ་རྣམས་ཀྱིས་མདོ་ལ་མཐུ་བསྐྱེད་པ་ཞེས་བྱ་བའི་སྨན་བླུགས་སོ། །འོ་མ་བསྐོལ་བ་དེ་ལ་འཁོར་ལོ་དང་བཀྲ་ཤིས་དང་གཡུང་དྲུང་འཁྱིལ་བ་ལ་སོགས་པ་དགེ་བའི་གཟུགས་དུ་མ་བྱུང་ངོ༌། །དེ་ཀུན་ཏུ་འཚོ་བ་པ་ཉེ་བར་འགྲོ་ཞེས་བྱ་བས་བླངས་ཀྱང་མ་བྱིན་ནོ། །དེ་ནས་ནངས་པར་ཤེལ་སྣོད་ནས་གསེར་གྱི་ཡོལ་གོར་བླུགས་སོ། །དེའི་ཚེ་བརྒྱ་བྱིན་བྲམ་ཟེའི་ཆ་བྱད་དུ་སྤྲུལ་ཏེ་འོངས་པ་དང༌། ཚངས་པ་དང་གནས་གཙང་མའི་ལྷ་ཞིག་ཀྱང་འོངས་ཏེ། བུ་མོ་གཉིས་ཀྱིས་བརྒྱ་བྱིན་བྲམ་ཟེའི་གཟུགས་ཅན་ལ་འོ་ཐུག་དེ་འབུལ་བར་བརྩམས་པ་ན། དེ་ན་རེ། ཅི་བདག་ལ་སྦྱིན་ནམ། འོན་ཀྱང་བདག་ལས་ཆེས་མཆོག་ཏུ་གྱུར་པ་ལ་སྦྱིན་དེ་གཉིས་གྱིས་སྨྲས་པ། ཆེས་མཆོག་ལ་འབུལ་ལོ། །འོ་ན་ཚངས་པ་ཆེན་པོ་ལ་ཕུལ་ཤིག ཚངས་པ་ལ་འབུལ་བར་བརྩམས་པ་ན་ཡང་སྔ་མ་སྐད་ཟེར་ཏེ། གནས་གཙང་མའི་ལྷ་ལ་འབུལ་བར་བརྩམས་པ་ན། དེས་ཀྱང་སྔ་མ་ལྟར་ལས། བྱང་ཆུབ་སེམས་དཔའ་ལ་ཕུལ་ཅིགདེ་ནས་དེ་གཉིས་བྱང་ཆུབ་སེམས་དཔའི་དྲུང་དུ་ཆས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་ཆུ་ཀླུང་ནཻ་རཱཉྫ་ནར་སྐུ་ཁྲུས་མཛད་དེ། སྐུ་ཉམས་ཆུང་བས་བཞེངས་པར་མི་སྤྱོད་པ་ན། ཆུ་འགྲམ་ན་ཤིང་ཨ་རྫུ་ན་ཡོད་པའི་ཡལ་ག་ལྷ་རྣམས་ཀྱིས་མནན་ཏེ་བཏུད་པ་ལ་ཕྱག་གིས་འཇུས་ཏེ་བཞེངས་ནས་ཆོས་གོས་གསོལ་ཏེ་ཆུ་འགྲམ་ན་བཞུགས་སོ། །དེར་དེ་གཉིས་ཀྱིས་འོ་ཐུག་ཕུལ་བ་བཞེས་ཏེ། བཀའ་སྩལ་པ། ཡོལ་གོ་འདི་ཡང་བཏང་བ་ཡིན་ནམ། གསོལ་པ། བཏང་བ་ལགས་སོ། །བྱང་ཆུབ་སེམས་དཔས་འོ་ཐུག་གསོལ་ནས། གསེར་གྱི་ཡོལ་གོ་བཀྲུས་ཏེ་ཆུ་ཀླུང་དེར་བོར་བ་ཀླུ་རྣམས་
ཀྱིས་བླངས་སོ། །དེར་བརྒྱ་བྱིན་མཁའ་ལྡིང་གི་ཆ་བྱད་དུ་སྤྲུལ་ནས། ཀླུ་ལས་ཡོལ་གོ་ཕྲོགས་ཏེ་སུམ་ཅུ་རྩ་གསུམ་དུ་མཆོད་པ་ཆེན་པོ་བཙུགས་སོ། །དེ་ནས་བཀའ་སྩལ་པ། སྦྱིན་པ་འདིས་ཅི་ཞིག་དོན་དུ་གཉེར། བུ་མོ་དེ་གཉིས་ཀྱིས་གསོལ་བ། ཤཱཀྱ་གཞོན་ནུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར་བ་དེའི་ཁྱིམ་ཐབ་དུའོ། །བཀའ་སྩལ་པ། དེ་ནི་འདོད་པ་སྤངས་ཏེ་རབ་ཏུ་བྱུང་ཟིན་ཏོ། །གསོལ་པ། འོ་ན་དེའི་བཞེད་པའི་དོན་ཐམས་ཅད་གྲུབ་པར་གྱུར་ཅིག དེ་ལྟར་འོ་ཐུག་མཆོག་དེ་གསོལ་བ་ཙམ་གྱིས་སྐུ་ཉམས་སྟོབས་དང་ལྡན་ཞིང༌། གསེར་གྱི་ཁ་དོག་སོགས་སྔོན་བཞིན་དུ་གྱུར་ཏོ། །ཉེར་གསུམ་པ་བྱང་ཆུབ་སྙིང་པོར་གཤེགས་པ་ནི། དེ་ནས་བྲག་རི་མེ་ཏོག་དང་འབྲས་བུས་བརྒྱན་པ་ཞིག་ཏུ་བཞུགས་པ་ན་དེ་མ་ཐག་ཏུ་རི་དེ་ཉིལ་ལོ། །ལྷ་རྣམས་ཀྱིས་གསོལ་བ། དགེ་བའི་རྩ་བ་ཡོངས་སུ་སྦྱངས་པ་མཐར་ཕྱིན་པ་ནི་ས་གཞན་གྱིས་བཟུང་བར་མི་ནུས་ཏེ། འདི་དང་ཉེ་བ་ཕྱོགས་འདི་ལྟ་བུ་ཞིག་ན་རྡོ་རྗེའི་གདན་མཆིས་ཏེ་ད་ནི་དེར་བཞུད་ཅིག དེ་ནས་ལྷས་ལམ་བསྟན་པ་བཞིན་བཞུད་པ་ན་ཞབས་གང་བཞག་སར་པདྨ་དག་བྱུང་ངོ༌། །རྒྱ་མཚོ་ཆེན་པོ་བཞི་ལས་ཆུ་བབས་ཏེ་པདྨའི་རྫིང་དག་ཏུ་གྱུར་ཏོ། །དེ་ནས་ཡང་གཤེགས་ཏེ་ཞབས་ཀྱི་གོམས་པ་བོར་བ་ནས་ཆེན་པོ་འདི་འཁར་བའི་སྣོད་ལ་དབྱུ་གུས་བསྣུན་པ་བཞིན་སྒྲ་འབྱུང་ངོ༌། །བྱ་ཙ་རྐ་དང་རི་དྭགས་དག་ཀྱང་བྱང་ཆུབ་སེམས་དཔའ་ལ་སྐོར་བ་བྱེད། ལྷ་རྣམས་ཀྱིས་ཀྱང་ཆར་ཟིམ་བུས་ཆག་ཆག་འདེབས་ཤིང་སེར་བུ་འཇམ་པོ་དག་གཏོང་བར་བྱེད་དོ། །ཆུ་ཀླུང་ནི་རཉྫ་ནར་ཀླུའི་རྒྱལ་པོ་དུས་ཅན་ཞེས་བྱ་བ་དུས་གཞན་ཐམས་ཅད་དུ་ལོང་བ་ལས། འཇིག་གརྟེན་དུ་སངས་རྒྱས་འབྱུང་བའི་ཚེ་མིག་ཐོབ་སྟེ་སྔོན་གྱི་སངས་རྒྱས་འཁོར་བ་འཇིག་ལ་སོགས་པའི་ཡང་ཞལ་མཐོང་བ་ཞིག་གོ །སྐབས་དེར་དེས་མིག་གིས་མཐོང་བར་གྱུར་ཞིང༌། ས་
ཆེན་པོ་སྒྲ་སྒྲོག་པའང་ཐོས་ནས་རང་གི་གནས་ལས་བྱུང་སྟེ་ས་སྟེང་དུ་འཐོན་ནས་རྒྱང་རིང་པོ་ཁོ་ན་ནས་བཅོམ་ལྡན་འདས་མཐོང་བ་ན། ངེས་པར་སངས་རྒྱས་སུ་འགྱུར་བར་ཤེས་ནས་དེས་སྨྲས་པ། བདག་གིས་སྔོན་ནི་མཐོང་བ་ཡི། །སངས་རྒྱས་མཐུ་ཆེན་དེ་རྣམས་དང༌། །ཐུབ་པ་ཁྱོད་ནི་མཐོང་གྱུར་ན། །དེ་དག་ཐ་དད་དབྱེར་མ་མཆིས། །ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་བསྟོད་དོ། །དེ་ནས་ཡང་གཤེགས་པ་ན་ལྷའི་རྒྱལ་པོའི་འཇུག་པ་རྩྭ་འཚོང་བཀྲ་ཤིས་དང་མཇལ་ཏེ། རི་སྤོས་ངད་ལྡན་ལས་བླངས་པའི་རྩྭ་འཇམ་ཞིང་རེག་ན་བདེ་བ་ཁུར་གཅིག་ཡོད་པ། བྱང་ཆུབ་སེམས་དཔས་རྩྭ་དེ་བསླངས་པ་ན། དེས་ཀྱང་གུས་པ་དང་བཅས་པས་ཕུལ། དེ་ནས་བྱང་ཆུབ་སྙིང་པོར་གཤེགས་ཏེ་རྡོ་རྗེའི་གདན་ལ་འཛེགས་ནས། ཤིང་ཨ་ཤྭཏྠ་བྱང་ཆུབ་ཤིང་གི་དྲུང་དེར་བཞུགས་གནས་སུ་རྩྭའི་བམ་པོ་དེ་བསྐྱུར་སྟབས་སུ་བོར་བ་ན་སྲབ་འཐུག་མེད་པར་གཡས་ཕྱོགས་སུ་འཁྱིལ་ཏེ་འདུག་གོ །ལྟས་འདི་དག་ལས་ན་ད་ནི་གདོན་མི་ཟ་བར་བླ་ན་མེད་པའི་ཡེ་ཤེས་རྟོགས་པར་འགྱུར་རོ་སྙམ་དུ་དགོངས་ནས་སྐྱིལ་ཀྲུང་བཅས་སྐུ་དྲང་པོར་བསྲངས་དྲན་པ་མངོན་དུ་བཞག་ནས་བཞུགས་ཏེ། ཇི་སྲིད་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱིལ་ཀྲུང་གཞིག་པར་མི་བྱའོ། །ཞེས་དམ་བཅའ་བར་མཛད་དོ། །ཉེར་བཞི་པ་བདུད་བཏུལ་བ་ནི། དེའང་བདུད་སྡིག་ཅན་ལ་རྒྱལ་མཚན་གཉིས་ཡོད་དེ། དགའ་བའི་གནས་དང་དོགས་པའི་གནས་སོ། །དེ་ལས་སྐབས་འདིར་དོགས་པའི་རྒྱལ་མཚན་གཡོས་པས། བདུད་ཀྱིས་བརྟགས་པ་ན། བྱང་ཆུབ་སེམས་དཔའ་རྡོ་རྗེའི་གདན་ལ་བཞུགས་པར་མཐོང་ནས། བར་ཆད་བྱ་བའི་ཕྱིར་སྐྲ་འཛིངས་ཤིང་ཤ་ནའི་གོས་ཀྱིས་སྨད་གཡོགས་པའི་འཕྲིན་པ་ཞིག་སྤྲུལ་ནས་རིངས་རིངས་སྐད་དུ་གྲོང་ཁྱེར་སེར་སྐྱ་ནི་ལྷས་བྱིན་གྱིས་མནན། ཕོ་བྲང་ནི་བཅོམ། ཤཱཀྱ་རྣམས་ནི་ཁ་བཏགས་ན།
ཁྱོད་ཅིའི་ཕྱིར་གནས་བཏབ་སྟེ་འདུག་ཅེས་སྨྲའོ། །དེར་ཐུགས་ལ་འདོད་པ་ལ་འདུན་པ་དང་གནོད་སེམས་དང་རྣམ་པར་འཚེ་བ་སྟེ་མི་དགེ་བའི་རྣམ་པར་རྟོག་པ་གསུམ་སྐྱེས་ན། དེ་བདུད་ཀྱི་དཀྲུགས་མར་མཁྱེན་ནས་དགེ་བའི་རྟོག་པ་གསུམ་གྱིས་ཟིལ་གྱིས་མནན་ནོ། །དེ་ནས་བདུད་ཉིད་འོངས་ཏེ། ཁྱེད་ཀྱིས་བླ་ན་མེད་པའི་ཡེ་ཤེས་ག་ལ་ཐོབ། ཅེས་ཟེར། བཀའ་སྩལ་པ། སྡིག་ཅན་ཁྱོད་ཀྱིས་མཆོད་སྦྱིན་གཅིག་བྱས་པས་ཀྱང་འདོད་ཁམས་ཀྱི་དབང་ཕྱུག་ཏུ་གྱུར་ན། ངས་བསྐལ་པ་གྲངས་མེད་གསུམ་དུ་མཆོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མ་བྱས། སེམས་ཅན་རྣམས་ཀྱི་ཕྱིར་མགོ་དང་ལག་པ་ནས། དབྱིག་དང་གསེར་ལ་སོགས་པའི་བར་དུ་ཐམས་ཅད་ཡོངས་སུ་བཏང་ན། བླ་ན་མེད་པའི་ཡེ་ཤེས་ཐོབ་པར་མི་འགྱུར་རེ་ཀན། བདུད་ཀྱིས་སྨྲས་པ། རེ་ཞིག་ངས་དེ་ལྟར་བྱས་པའི་དཔང་པོ་ནི་ཁྱོད་ཡིན་ལ། ཁྱོད་ཀྱི་དེ་ལ་དཔང་པོ་སུ་ཞིག་ཡོད། དེ་ནས་བྱང་ཆུབ་སེམས་དཔའི་ཕྱག་གཡས་པ་བསོད་ནམས་བརྒྱ་ཕྲག་དུ་མས་བསྐྱེད་པ་ས་ལ་རེག་པར་མཛད་དེ། ངའི་དཔང་པོ་ནི་ས་འདི་ཡིན་ནོ། །དེ་ནས་སའི་ལྷ་མོ་ས་བརྟོལ་ཏེ་བྱུང་ནས་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་དེ་བཞིན་ནོ་ཞེས་སྨྲས་པ་དང༌། བདུད་སྡིག་ཅན་བག་འཁུམས་ཤིང་སེམས་ཁོང་དུ་ཆུད་ནས་སོང་ངོ༌། །དེ་ནས་སྡིག་ཅན་གྱིས་བསྐུལ་ཏེ་བདུད་ཉིད་ཀྱི་བུ་མོ་སྲེད་མ་དང༌། དགའ་བྱེད་མ་དང༌། དགའ་སྤྱོད་མ་རྣམས་མངགས་ཏེ། དེ་རྣམས་ལྷའི་བུ་མོའི་མཆོག་ཡིན་ལ། བུད་མེད་ཀྱི་གཡོ་སྒྱུ་རྣམས་སྟོན་པར་བརྩམས་པ་ན། དེ་དག་རྒན་མོར་འགྱུར་བར་བྱིན་གྱིས་བརླབས། ཕྱིས་སྟོན་པ་ལ་མོས་པ་བསྐྱེད་པས་གྲོལ་ལོ། །དེ་ནས་བདུད་སྡིག་ཅན་གྱིས་བདུད་ཀྱི་རིགས་ཀྱི་འབྱུང་པོ་ཐམས་ཅད་སྦྲན་ཏེ། བདུད་ཀྱི་དཔུང་ཆེན་པོ་གདོང་དང་གཟུགས་སྣ་ཚོགས་པ་མཚོན་ཆ་སྣ་ཚོགས་པ་འཛིན་པ་དཔའ་ཞིང་གཏུམ་ལ་མི་
བསྲུན་པ་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་སྔོན་དུ་བདས་ཤིང༌། སྡིག་ཅན་རང་ཉིད་མདའ་གཞུ་རྣ་བའི་བར་དུ་བཀང་སྟེ་འོངས་ནས་བྱང་ཆུབ་སེམས་དཔའི་མཐའ་བསྐོར་ཏེ་འདུག་གོ །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་འབྱུང་པོ་རྣམས་ཀྱིས་མཚོན་ཆ་འཕངས་པ་དག་ནི་ཨུཏྤལ་དང་པདྨ་ལ་སོགས་པར་གྱུར། རི་འཕངས་པ་ནི་མེ་ཏོག་གི་ཁང་བརྩེགས་སུ་གྱུར། རླུང་གདུག་པ་དང་རྡོ་ཆར་ཕབ་པ་ནི་གནས་གཙང་མའི་ལྷ་རྣམས་ཀྱིས་བསྒྲིབས། ཕྱག་དར་དང་མི་གཙང་བའི་ཆར་ཕབ་པ་ཡང་དྲི་ཞིམ་པོའི་རྫས་རྣམས་སུ་གྱུར་ཏེ་བདུད་ཀྱི་གནོད་པ་ཐམས་ཅད་བརྡུགས། དེ་ནས་བདུད་ཀྱི་དཔུང་དེ་རྣམས་ཕྱོགས་དེ་ནས་གྱེས་སོ། །བསམ་གཏན་གྱི་ཚེར་མ་སྒྲ་ཡིན་པས། བདུད་ཀྱི་མཐུས་བྱང་ཆུབ་ཀྱི་ཤིང་ཤེལ་ལས་གྲུབ་པས་སོང་ཞིང༌། རླུང་གིས་བསྐྱོད་པས་སྒྲ་འབྱིན་པ་ན། གནས་གཙང་མའི་ལྷ་རྣམས་ཀྱིས་ལོ་མ་རེ་རེ་ནས་བཟུང་སྟེ་སྒྲ་མེད་པར་བྱས་སོ། །འོན་ཀྱང་བདུད་དེ་དག་ད་དུང་གནས་པ་ལ་གཙང་མའི་ལྷ་དག་གིས་བདུད་དེ་དག་ཁོར་ཡུག་གི་ཕ་རོལ་ཏུ་བསྐྲད་ན། དེ་དག་གིས་རྒྱང་རིང་པོ་ནས་འཇིགས་སུ་རུང་བའི་སྒྲ་ཆེན་པོ་ཕྱུང་ངོ༌། །བྱང་ཆུབ་སེམས་དཔའི་ཏིང་ངེ་འཛིན་ལ་གནོད་ཀྱིས་དོགས་ནས། ལྷ་རྣམས་ཀྱིས་དཔག་ཚད་བཅུ་གཉིས་ཀྱི་བར་དུ་ཤིང་ཀ་ཏམ་པའི་ནགས་འཐུག་པོས་བསྐོར་བར་སྤྲུལ་ལོ། །དེ་ནས་ཐམས་ཅད་མི་སྣང་བར་སོང་ངོ༌། །ཉེར་ལྔ་པ་མངོན་པར་རྫོགས་པར་སངས་རྒྱས་པའི་བླ་ན་མེད་པའི་ཡེ་ཤེས་བརྙེས་པ་ནི། དེ་ནས་བྱང་ཆུབ་སེམས་དཔའ་ནམ་གྱི་ཐུན་དང་པོའི་སྐབས་དེ་ཉིད་དུ་མཉམ་པར་བཞག་སྟེ་རབ་ཀྱི་མཐའི་བསམ་གཏན་ལ་བརྟེན་ནས་རྫུ་འཕྲུལ་གྱི་མངོན་ཤེས་དང་ལྷའི་རྣ་བ་བསྒྲུབས་སོ། །གུང་ཐུན་ལ་གཞན་གྱི་སེམས་ཤེས་པ་དང༌། སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྷའི་སྤྱན་བསྒྲུབས་ཤིང༌། དེ་ནས་ཐུན་ཐ་མ་ལ་
ཟག་ཟད་ཀྱི་མངོན་ཤེས་བསྒྲུབས། བླ་ན་མེད་པའི་ཡེ་ཤེས་བརྙེས་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཐམས་ཅད་མཁྱེན་པ་དེ་བཞིན་གཤེགས་པར་གྱུར་ཏོ། །དེ་ནས་བདུད་ཀྱི་རིགས་ཀྱི་ལྷ་རྣམས་ཀྱིས་གྲོང་ཁྱེར་སེར་སྐྱར་བྱང་ཆུབ་སེམས་དཔའ་གྲོངས་སོ་ཞེས་བསྒྲགས་པས་ཐམས་ཅད་མྱ་ངན་དུ་གྱུར་པ་ལ། དཀར་པོའི་ལྷ་རྣམས་ཀྱིས་ཤཱཀྱ་ཐུབ་པ་ནི་མ་ནོངས་ཏེ། ད་ནི་བླ་ན་མེད་པའི་ཡེ་ཤེས་བརྙེས་སོ་ཞེས་བསྒྲགས་པས་ཐམས་ཅད་དགའ་བ་སྐྱེས་སོ། །དེ་ལྟར་ས་གའི་ཟླ་བའི་ཚེས་བཅོ་ལྔའི་ནུབ་མོ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་ཀྱང་བརྙེས། ཟླ་བ་ལ་ཡང་སྒྲ་གཅན་ཞུགས། གྲགས་འཛིན་མའི་སྲས་སྒྲ་གཅན་འཛིན་ཡང་བཙས་ཤིང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོ་ཡང་བཙས་སོ། །དེའི་ཚེ་ས་ཆེན་པོ་ནི་རབ་ཏུ་གཡོས། ཕྱོགས་ཐམས་ཅད་ནི་འོད་གྱི་སྣང་བས་ཁྱབ་པར་གྱུར། འཇིག་རྟེན་གྱི་ཁམས་ཕན་ཚུན་གྱི་བར་ན། མུན་པ་མུན་ནག་ཏུ་གྱུར་པ་ཐམས་ཅད་ཀྱང་སྣང་བས་ཁྱབ་པར་གྱུར་ཏོ། །གྲོང་ཁྱེར་སེར་སྐྱར་ཡང་སྦྱིན་གཏོང་གི་ཁང་པ་བརྩིགས་ཤིང༌། སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱས། དགའ་སྟོན་རྒྱ་ཆེན་པོ་ཡང་བསྒྲུབས་སོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་མངོན་པར་རྫོགས་པར་སངས་རྒྱས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་སྐྱིལ་ཀྲུང་གཅིག་གིས་ཞག་བདུན་འདས་པར་མཛད་དོ། །ཉེར་དྲུག་པ་ནགས་ཁྲོད་དུ་དལ་བར་བཞུགས་པ་ནི། དེ་ནས་བདུན་ཕྲག་གཉིས་པ་ལ་བབ་པ་ན་ཚངས་རིས་ཀྱི་ལྷ་གཉིས་ཤིག་འོངས་ནས། གཅིག་གིས། དེད་དཔོན་གཡུལ་ལས་རྣམ་པར་རྒྱལ་བ་པོ། །སྡིག་པ་མི་མངའ་བཞེངས་ཤིག་འཇིག་རྟེན་གཟིགས། །རིན་ཆེན་ཆོས་ནི་འཚལ་བར་འགྱུར་མཆིས་ཀྱི། །བདེ་གཤེགས་ཆོས་ཀྱི་མཆོག་འདི་བཤད་དུ་གསོལ། །ཅིག་ཤོས་ཀྱིས་ཀྱང་དེ་དང་རྗེས་སུ་
མཐུན་པར་བསྟོད་དོ། །དེ་ནས་བཅོམ་ལྡན་འདས་སྔར་གྱི་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཞི་བའི་བདེ་བ་ལ་ཆེད་དུ་བརྗོད་པ་མཛད་ནས་རྣམ་པར་གྲོལ་བའི་དགའ་བདེ་སྐུ་ཉམས་སུ་བསྟར་ཞིང་ཞག་བདུན་ཕྲག་གཉིས་པར་ཡང་སྐྱིལ་ཀྲུང་མ་ཞིག་པར་བཞུགས་སོ། །དེ་ནས་ཞག་བདུན་ཕྲག་གསུམ་པ་ལ་བབ་པ་ན། ཚོང་དཔོན་ག་གོན་དང་བཟང་པོ་ཞེས་བྱ་བ་གཉིས་ཤིང་རྟ་ལྔ་བརྒྱ་ཙམ་དང་ལྷན་ཅིག་རྡོ་རྗེའི་གདན་དང་ཉེ་བའི་ལམ་ནས་འགྲོ་བ་ལས། ཚོང་དཔོན་དེ་དག་ཉིད་ཀྱི་གྲོགས་པོ་ཤི་ནས་ལྷར་སྐྱེས་པ་དག་གིས་དེ་གཉིས་ལ་ལུང་བསྟན་ཞིང་བསྐུལ་ནས། ཚོང་དཔོན་དེ་གཉིས་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་སྟེ། སྦྲང་རྩི་དང་ལྡེ་གུ་དག་འབུལ་གྱི་བཞེས་སུ་གསོལ་ཞེས་ཞུས་སོ། །དེ་ནས་དགོངས་པས་སྔོན་གྱི་སངས་རྒྱས་རྣམས་ཀྱང་ལྷུང་བཟེད་ཀྱི་ལྷུང་བཟེད་ཀྱི་སྣོད་དུ་བསོད་སྙོམས་བཞེས་ཀྱི། མུ་སྟེགས་བྱེད་བཞིན་དུ་སྙིམ་པ་དང་སློང་ཕོར་དུ་མ་ཡིན་ནོ། །དེའི་ཚེ་འཇྀག་རྟེན་སྐྱོང་བ་བཞི་པོས་དེ་རིག་ནས་རྡོ་ལས་བྱས་པའི་ལྷུང་བཟེད་མི་མ་ཡིན་གྱིས་བཅོས་པ་གསལ་ཞིང་གཙང་བ་དྲི་མ་མེད་པ་རེ་རེ་ཐོགས་ནས་སྟོན་པ་ལ་ཕུལ་ལོ། །དེའི་ཚེ་གཅིག་ཁོ་ན་ལས་བཞེས་ན་གསུམ་མི་དགའ་བར་འགྱུར་ལ། གཉིས་ལས་ནི་གཉིས་དང༌། གསུམ་ལས་ནི་གཅིག་མི་དགའ་བར་མཁྱེན་ནས་བཞི་ཆར་བཞེས་ཏེ་དེ་རྣམས་ལྷུང་བཟེད་གཅིག་ཏུ་འགྱུར་བར་བྱིན་གྱིས་བརླབས་སོ། །དེ་ནས་ལྷུང་བཟེད་དེར་ཚོང་དཔོན་ག་གོན་དང་བཟང་པོས་བསོད་སྙོམས་ཕུལ་བ་དག་བཞེས་ཏེ། དེ་གཉིས་སྐྱབས་སུ་འགྲོ་བ་ལ་བཀོད། སྦྱིན་པ་ལ་རྗེས་སུ་ཡི་རང་བའི་ཆོས་བསྟན་ཏོ། །དེ་ནས་ཆུ་ཀླུང་ནཻ་རཱཉྫ་ནའི་འགྲམ་དུ་གཤེགས་ཏེ་ཞལ་ཟས་ཀྱི་བྱ་བ་མཛད་དོ། །སྦྲང་རྩི་དག་ལྡེ་གུ་ནི་རླུང་ནང་སློང་བས། དེའི་རྗེས་སུ་དེ་བཞིན་གཤེགས་པ་ཅུང་ཟད་སྐུ་སྙུང་བར་གྱུར་བ་ན། བདུད་སྡིག་ཅན་འོངས་ཏེ་མྱ་ངན་ལས་འདའ་བར་གསོལ་བ་བཏབ་པ་ན། ངས་
འཁོར་རྣམ་པ་བཞི་མ་བསྟེན་ཞིང་ཚངས་པར་སྤྱོད་པའི་ལམ་སྐྱེ་བོ་རྣམས་ལ་མ་བསྟན་གྱི་བར་དུ་མྱ་ངན་ལས་མི་འདའོ་ཞེས་གསུངས་པས། བདུད་ཡིད་མི་བདེ་བས་མི་སྣང་བར་གྱུར་ཏོ། །དེའི་འོག་ཏུ་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤིང་ཛམྦུའི་ཚལ་ནས་སྨན་གྱི་མཆོག་ཨ་རུ་ར་བླངས་ཏེ། དེ་བཞིན་གཤེགས་པ་ལ་ཕུལ་ཞིང་གསོལ་བས་དེ་མ་ཐག་བསྙུན་ཞི་ཞིང༌། ཤིན་ཏུ་བཟོད་ལ་ལྷག་པར་འཚོ་བར་གྱུར་ཏོ། །དེ་ནས་བདུན་ཕྲག་བཞི་པ་ལ་བབ་པ་ན། གློ་བུར་དུ་སྤྲིན་ཆགས་ཏེ་ཡུལ་ངན་བྱུང་བ་ན། ཀླུའི་རྒྱལ་པོ་བཏང་བཟུང་གི་གནས་སུ་གཤེགས་ཏེ་རླུང་ལ་སོགས་པས་སྐུ་ལ་མི་གནོད་པའི་ཕྱིར་ཀླུ་དེ་རྣམས་རང་གི་ལུས་ཀྱིས་བཅོམ་ལྡན་འདས་ཀྱི་སྐུ་ལ་དཀྲིས་ཤིང་གདེངས་ཀ་བྱས་ཏེ་འདུག་གོ །དེ་ནས་ཡུལ་ངན་སངས་པ་ན་ལྷའི་ལུས་སུ་བསྒྱུར་ཞིང་གུས་པས་བཏུད་ནས་བསྙུན་གསོལ་བར་བྱེད་པ་ལ་དབེན་པའི་དགའ་བདེ་ལས་བརྩམས་ཏེ་ཆོས་སྟོན་པར་མཛད་དོ། །དེ་ནས་བདུན་ཕྲག་ལྔ་པ་ལ་བབ་པ་ན། བྱང་ཆུབ་སྙིང་པོར་གཤེགས་ཏེ་རྟེན་འབྲེལ་བཅུ་གཉིས་ཀྱི་དོན་ལ་དགོངས་བཞིན་དུ་ཞག་བདུན་སྐྱིལ་ཀྲུང་གཅིག་གིས་འདའ་བར་མཛད་ནས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། ཆེད་དུ་བརྗོད་པའང་མཛད་དོ། །དེ་ནས་བདུན་ཕྲག་དྲུག་པའི་དུས་ལ་བབ་པ་ན། བདག་གིས་རྟོགས་པའི་ཆོས་ཟབ་མོ་འདི་ནི་གཞན་གྱིས་ཁོང་དུ་ཆུད་པར་དཀའ་སྟེ། གལ་ཏེ་བདག་གིས་གཞན་ལ་བསྟན་པར་གྱུར་ཀྱང་དེས་མི་རྟོགས་པས་བདག་ཉིད་དུབ་པ་ཙམ་དུ་ཟད་ཀྱི། དེ་བས་ན་བདག་གཅིག་པུ་དགོན་པར་གནས་པར་བྱའོ་སྙམ་དུ་དགོངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་སོ། །ཉེར་བདུན་པ་ཚངས་པ་ཆེན་པོས་གསོལ་བ་བཏབ་སྟེ་ཝཱ་རཱ་ན་སཱིར་གཤེགས་པ་ནི། དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་དེ་ཤེས་ཏེ། འཇིག་རྟེན་འདི་ནི་མ་རུངས་པར་འགྱུར་རོ་སྙམ་ནས་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་སྟེ། གསོལ་
པ། མ་ག་དྷཱར་ནི་སྔོན་ཆད་ཆོས་བྱུང་བ། །དག་པ་མ་ལགས་དྲི་མར་བཅས་པར་རྟོགས། །བདུད་རྩི་ཆོས་ཀྱི་སྒོ་ནི་ཕྱེ་མཛོད་ལ། །དྲི་མ་མེད་པས་རྟོགས་པ་བཤད་པར་མཛོད། །ཅེས་པ་ལ། ངས་ཚོགས་ཆེན་པོས་རྟོགས་པ་འདི་གཞན་རྣམས་ཀྱིས་རྟོགས་པར་མི་འགྱུར་ཞེས། དང་པོར་ཞལ་གྱིས་མ་བཞེས་སོ། །ཡང་ཚངས་པས། འཇིག་རྟེན་ན་མཆོག་དང་འབྲིང་དང་དམན་པ་དག་ཡོད་པས་རབ་འབྲིང་དག་གིས་ཆོས་ཐོས་ན་རྟོགས་པར་འགྱུར་ལ། མ་ཐོས་ན་ཉམས་པར་འགྱུར་བ་ལགས་པས་ངེས་པར་ཆོས་གསུང་བར་ཞུས་པ་ན། སྟོན་པ་ཉིད་ཀྱིས་ཡེ་ཤེས་ཀྱི་གཟིགས་པས་ཀྱང་དེ་ལྟར་དགོངས་ཏེ། བཀའ་སྩལ་པ། བདུད་རྩིའི་སྒོ་མོ་དག་ནི་དབྱེ་བར་བྱ། །ཉན་པར་སུ་འདོད་སོམ་ཉི་སོལ་ཅིག་དང༌། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས། །ཀླན་ཀ་མི་སྩལ་མདོ་ཙམ་བཤད་པར་བྱ། །ཞེས་ཞལ་གྱིས་བཞེས་པས་ཚངས་པ་དགའ་བ་སྐྱེས་མི་སྣང་བར་སོང་ངོ༌། །གང་གི་ཚེ་ཞག་བདུན་ཕྲག་བདུན་པ་ལ་བབ་པ་ན། རིང་འཕུར་དང་ལྷག་སྤྱོད་ལ་དགོངས་པའི་ཚེ། ལྷ་རྣམས་ཀྱིས་ཀྱང་གསོལ་ཏེ། རིང་འཕུར་འདས་ནས་ནི་ཞག་བདུན། ལྷག་སྤྱོད་འདས་ནས་ནི་ཞག་གཅིག་ལོན་པར་དགོངས་ཏེ། ཀྱེ་མ་དེ་གཉིས་ནི་ཤིན་ཏུ་སྟེས་མ་འགྲིག་སྟེ། དེ་དག་གིས་ངའི་ཆོས་ཐོས་ན་བདུད་རྩི་ཐོབ་པར་འགྱུར་བ་ཞིག ད་ནི་གཞན་ལ་སྟོན་དགོས་ན། ལྔ་སྡེ་རྣམས་ང་སྔོན་དཀའ་བ་སྤྱོད་པ་ན་གུས་པ་དང་བཅས་པ་ཡིན་པས། དེ་རྣམས་ལ་བསྟན་པར་བྱའོ་དགོངས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་ནས་བཞེངས་ཏེ་རིམ་པས་ལྗོངས་རྒྱུ་ཞིང་ཀཱ་ཤཱིའི་ཡུལ་དུ་གཤེགས་སོ། །ལམ་དུ་ཀུན་ཏུ་འཚོ་བ་པ་ཉེར་འགྲོ་དང་མཇལ་ཏེ། གཽ་ཏ་མ་ཁྱེད་ཀྱི་དབང་པོ་ནི་དྭངས། བཞིན་གྱི་མདོག་ནི་ཡོངས་སུ་དགཔགས་པའི་མདོག་ནི་རབ་ཏུ་གསལ་
ན། ཁྱོད་ཀྱི་སྟོན་པ་ནི་གང༌། བཀའ་སྩལ་པ། ང་དང་འདྲ་བ་ཡོང་མེད་ཀྱི། །ང་ལ་སློབ་དཔོན་འགའ་མེད་དོ། །འཇིག་རྟེན་སངས་རྒྱས་ང་གཅིག་པུ། །ཡང་དག་བྱང་ཆུབ་དམ་པ་ཐོབ། །ཅེས་སོགས་སོ། །ཉེར་བརྒྱད་པ་ཆོས་འཁོར་ཐོག་མ་བསྐོར་བ་ནི། དེ་ནས་ཝཱ་རཱ་ཎ་སིར་བྱོན་ཏེ། དེའི་ཚེ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ན་ལྔ་སྡེ་དག་འཁོད་པས། དེ་བཞིན་གཤེགས་པ་འབྱོན་པ་རྒྱང་རིང་པོ་ནས་མཐོང་སྟེ་ཕན་ཚུན་དུ་ཁྲིམས་སུ་བཅས་པ། གཽ་ཏ་མ་བྱ་བ་མང་པོ་མང་པོས་འཚོ་བ་དེ་འོང་གི །དེ་ལ་སྨྲ་བར་མི་བྱ། ཕྱག་མི་བྱ། ལྡང་བར་མི་བྱ། སྟན་བསྟབ་པར་མི་བྱའོ། །དེ་ནས་བཅོམ་ལྡན་འདས་ཁད་ཉེ་བར་བྱོན་པ་ན་གཟི་བརྗིད་མ་བཟོད་དེ། ཐམས་ཅད་ལངས་ཤིང་ཕྱག་ཕུལ་ནས། གཅིག་གིས་ནི་གདན་བཤོམས། གཅིག་གིས་ནི་བསུས་ཏེ་ན་བཟའ་བླངས། ཁ་ཅིག་གིས་ནི་ཞབས་བཀྲུས། ཤེས་ལྡན་གཽ་ཏ་མ་བྱོན་པ་ལེགས་སོ། །གདན་བཤམས་པ་ལ་བཞུགས་ཤིག་ཅེས་ཟེར་རོ། །དེར་དེ་བཞིན་གཤེགས་པ་ལ་ཚེ་དང་ལྡན་པ་ཞེས་སམ་གདུང་ནས་མི་སྨོས་པར་གདམས་སོ། །དེ་ནས་དེ་རྣམས་ཀྱིས་འདི་སྐད་ཅེས། ཁྱེད་སྔོན་དཀའ་བ་སྤྱོད་པ་ན་ཁྱད་པར་ཅུང་ཟད་ཀྱང་མ་ཐོབ་ན། ད་ནི་ཁྱེད་མི་བརྟན་ཞིང་བྱ་བ་མང་ལ་མང་དུ་ཟ་བ་སོགས་ཀྱིས་ལྟ་སྨོས་ཀྱང་ཅི་དགོས། ཞེས་ཞུས་སོ། །བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས་ངའི་དབང་པོ་གསལ་བ་སོགས་སྔོན་ལས་གཞན་དུ་གྱུར་བ་མ་མཐོང་ངམ། ངས་ནི་བདུད་རྩི་ཐོབ་བོ། དགེ་སློང་དག་རབ་ཏུ་བྱུང་བས་མཐའ་འདི་གཉིས་ལ་བརྟེན་པར་མི་བྱ་སྟེ། འདོད་པ་བསོད་ཉམས་ཀྱི་མཐའ་དང༌། ངལ་ཞིང་དུབ་པའི་མཐའ་འོ། །དབུ་མའི་ལམ་ལ་བརྟེན་དགོས་ཏེ། དེའང་འཕགས་པའི་ལམ་ཡན་ལག་བརྒྱད་དོ། །ཞེས་སོ། །དེའི་ཚེ་དགེ་སློང་ལྔ་ལས་སྔ་དྲོ་
གཉིས་ལ་གདམས་ངག་འབོགས་ཤིང་གསུམ་བསོད་སྙོམས་ལ་འཇུག་སྟེ། བསོད་སྙོམས་དེས་སྟོན་པ་དང་བཅས་པའི་དྲུག་ཆར་འཚོ་བར་བྱེད་ལ། ཕྱི་དྲོ་ནི་གསུམ་ཆོས་ཉན་ཞིང་གཉིས་བསོད་སྙོམས་ལ་བཞུགས་ནས། བསོད་སྙོམས་དེས་དགེ་སློང་ལྔ་པོ་དག་འཚོ་བར་བྱེད་དེ། །དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་ཕྱི་དྲོ་མི་གསོལ་ལོ། །དེ་ནས་དེ་དག་གི་སྐབས་སུ་དང་པོར་བདེན་པ་བཞི་དང་ལྡན་པ་བཟླས་པ་ལན་གསུམ་སྟེ་བཅུ་གཉིས་སུ་བསྐོར་བས་ཀུན་ཤེས་ཀཽནྚི་ནྱ་དང༌། ལྷ་བརྒྱད་ཁྲིས་བདེན་པ་མཐོང་ངོ༌། །དེའི་རྗེས་སུ་ཀཽནྚི་ནྱ་ལ། ཀཽནྚི་ནྱ་ཁྱོད་ཀྱིས་ཆོས་ཀུན་ཤེས་སམ། བཅོམ་ལྡན་འདས་བདག་གིས་ཀུན་ཤེས་སོ་ཞེས་ཡང་ཡང་དྲི་སྨེད་མཛད་པས་ཀུན་ཤེས་ཀཽནྚི་ནྱ་ཞེས་གྲགས་སོ། །དེའི་ཚེ་ས་ལྷའི་གནོད་སྦྱིན་ནས་བརྩམས་ཏེ་ལྷའི་གནས་མཐར་ཐུག་པར་ཆོས་ཀྱི་འཁོར་ལོ་བསྐོར་བས་ལྷ་རྒྱས་ལྷ་མིན་འགྲིབས། སྐྱེ་བོ་ཐམས་ཅད་བདེའོ་ཞེས་རབ་ཏུ་དགའ་བས་ཆེད་དུ་བརྗོད་པའི་དབྱངས་ཀྱིས་ཁྱབ་པར་བྱས་སོ། །དེ་ནས་ཡང་དེ་བཞིན་གཤེགས་པས་ལྔ་སྡེ་རྣམས་ལ་རྣམ་གྲངས་གཞན་གྱི་སྒོ་ནས་བདེན་པ་བཞི་དང་འབྲེལ་བའི་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་བས་ཀུན་ཤེས་ཀྱིས་དགྲ་བཅོམ་པ་ཐོབ་ལ། རྟ་ཐུལ་དང༌། རླངས་པ་དང༌། མིང་ཆེན་དང༌། བཟང་ལྡན་རྣམས་ཀྱིས་ཀྱང་བདེན་པ་མཐོང༌། དེའི་ཚེ་དགྲ་བཅོམ་པ་གཉིས་ཏེ་བཅོམ་ལྡན་འདས་དང་ཀུན་ཤེས་སོ། །དེ་ནས་ཡང་བདག་མེད་པ་ལས་བརྩམས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བས་དགེ་སློང་ལྷག་མ་བཞིས་ཀྱང་དགྲ་བཅོམ་པ་ཐོབ་སྟེ། དེའི་ཚེ་དགྲ་བཅོམ་པ་དྲུག་གོ །ཉེར་དགུ་པ་ཉེ་བའི་ལྔ་སྡེ་སོགས་གྲོལ་བ་ནི། དེ་ནས་བཅོམ་ལྡན་འདས་ཝཱ་རཱ་ཎ་སཱིར་འབབ་ཆུ་གནོད་པ་ཅན་གྱི་འགྲམ་དུ་
བཞུགས་པ་ན། ཝཱ་རཱ་ཎ་སཱིའི་རིགས་གྱི་གཙོ་བོའི་བུ་གྲགས་པ་ཞེས་བྱ་བ་ཡོད་ལ། རོལ་མོ་ཐོགས་པའི་བུད་མེད་མང་པོ་དང་ལྷན་ཅིག་ཏུ་རྩེ་བར་བྱེད་པ་ལས། ནམ་ཕྱེད་ན་གཉིད་སད་དེ་བུད་མེད་ཀྱི་འཁོར་ལ་བལྟས་པ་ན་ཐམས་ཅད་གཉིད་ཀྱིས་མྱོས་ཏེ། གོས་དང་བྲལ་ཞིང་སྐྲ་གྲོལ་བ་སོགས་འདུག་ཚུལ་སྣ་ཚོགས་པ་མཐོང་བས་དུར་ཁྲོད་ཀྱི་འདུ་ཤེས་སྐྱེས་ནས་བདག་ནི་གཙེས་སོ། །བདག་ནི་ཉམས་སོ། །ཞེས་སྐད་ཆེན་པོ་ཕྱུང་ནས་སོང་བ་ན་མི་མ་ཡིན་རྣམས་ཀྱིས་སྒོ་ཕྱེ་ཞིང༌། སྐད་ཀྱང་སྐྱེ་བོས་མི་ཐོས་པར་བྱས་སོ། །དེའི་ཚེ་བཅོམ་ལྡན་འདས་བཞུགས་ཁང་གི་ཕྱི་རོལ་བླ་གབ་མེད་པ་ན་གྲགས་པ་སྒུག་པའི་ཕྱིར་ཞབས་འཆག་ཅིང་བཞུགས་སོ། །དེས་ཀྱང་ཆུའི་ཕ་ཁ་ནས་མཐོང་སྟེ། དགེ་སྦྱོང་ཆེན་པོ་བདག་ནི་གཙེས་སོ། །བདག་ནི་ཉམས་སོ། །ཞེས་སྐད་ཕྱུང་ངོ༌། །བཀའ་སྩལ་པ། གཞོན་ནུ་ཚུར་ཤོག གནས་འདི་ནི་ཁྱོད་ལ་འཚེ་བ་མེད་པ་ཡིན། ཉམས་པ་མེད་པ་ཡིན་ནོ། །དེ་ནས་གྲགས་པས་རིན་པོ་ཆེའི་ལྷམ་ཆུ་འགྲམ་དུ་ཕུད་དེ་བོར་ནས་ཆུ་ལ་བརྒལ་ཏེ་སྟོན་པའི་སྤྱན་སྔར་འོངས་ཏེ་ཞབས་ལ་ཕྱག་བྱས། དེ་ནས་ནང་དུ་གཤེགས་ནས་ཆོས་བསྟན་པས། གྲགས་པ་སྟན་དེ་ལ་འཁོད་བཞིན་དུ་བདེན་པ་མཐོང་ཞིང༌། སྐྱབས་སུ་འགྲོ་བ་བླངས་སོ། །དེ་ནས་ཁྱིམ་དུ་བྲན་མོ་ཞིག་གིས་གྲགས་པ་སོང་བར་ཤེས་ནས་ཇོ་བོ་ལ་སྦྲན་པས། ཁྱིམ་བདག་རིགས་ཀྱི་གཙོ་བོ་ཉིད་སྒྲོན་མེ་ཐོགས་པའི་མི་དང་ལྷན་ཅིག་ཏུ་འཚོལ་ཞིང་སོང༌། རྟ་པ་དག་ཀྱང་གྲགས་པ་འཚོལ་བའི་ཕྱིར་བཀྱེའོ། །དེ་ནས་ཆུ་འགྲམ་དུ་ནོར་བུའི་ལྷམ་མཐོང་བས་དོགས་པ་དང་བཅས་བཞིན་དུ་ཆུ་བརྒལ་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ༌། །དེའི་ཚེ་རིགས་ཀྱི་གཙོ་བོས་གྲགས་པ་མི་མཐོང་བར་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་གཞོན་ནུ་གྲགས་པ་གཟིགས་སམ་ཞེས་ཞུས་པས། བཀའ་སྩལ་པ།
ཁྱིམ་བདག་དེའི་ཕྱིར་སྡོད་ཅིག །སྟན་འདི་ལ་འཁོད་བཞིན་དུ་གྲགས་པ་མཐོང་བར་འགྱུར་བའི་གནས་ཡོད་དོ། །དེ་ནས་རིགས་ཀྱི་གཙོ་བོ་དགའ་སྟེ་ཕྱོགས་གཅིག་ཏུ་འདུག་གོ །ཡང་དེ་བཞིན་གཤེགས་པས་ཆོས་བསྟན་པ་ན། རིགས་ཀྱི་གཙོ་བོ་ཡང་བདེན་པ་མཐོང་ཞིང༌། གྲགས་པ་སྟན་དེ་ལ་འཁོད་བཞིན་བརྒྱན་དང་བཅས་བཞིན་པར་དགྲ་བཅོམ་པ་ཐོབ་བོ། །དེའི་ཚེ་དགྲ་བཅོམ་པ་བདུན་ནོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བསྡུས་པས་རིགས་ཀྱི་གཙོ་བོས་གྲགས་པ་མཐོང་བ་ན། དེས་སྨྲས་པ། གྲགས་པ་ཚུར་ཤོག་ཁྱིམ་དུ་དོང་ངོ༌། །དེ་ནས་སྟོན་པས་གྲགས་པ་དགྲ་བཅོམ་པ་ཐོབ་པས་ཁྱིམ་དུ་གནས་པའི་སྐབས་མེད་པར་ཁྱིམ་བདག་ལ་བརྡ་སྤྲོད་པར་མཛད་པས། དེ་ཡང་དད་ཅིང་ནངས་པར་ཁྱིམ་དུ་སྤྱན་འདྲེན་པའི་ཞུ་བ་བྱས་ཏེ་ཕྱིར་ལྡོག་གོ །དེ་ནས་ནམ་ལངས་ཤིང་གདུགས་ཚོད་ཀྱི་དུས་ལ་བབ་པ་ན། བཅོམ་ལྡན་འདས་དང་གྲགས་པ་ལྷན་ཅིག་རིགས་ཀྱི་གཙོ་བོའི་ཁྱིམ་དུ་བྱོན་ཞིང༌། གདུགས་ཚོད་གསོལ་ཟིན་པའི་འོག་ཏུ་ཆོས་བསྟན་པས། གྲགས་པའི་མ་དང་ཆུང་མས་ཀྱང་བདེན་པ་མཐོང་ངོ༌། །དེ་ལྟར་གྲགས་པ་རབ་ཏུ་བྱུང་བའི་གཏམ་ཐོས་ནས་དེའི་ནུ་བོར་གྱུར་པ་དྲི་མེད་དང་གང་བོ་དང་བ་ལང་བདག་དང་ལག་བཟང་རྣམས་ཀྱང་རབ་ཏུ་བྱུང༌། དེ་དག་གིས་དབེན་པར་རྩེ་གཅིག་ཏུ་བསྒོམས་པས་རིང་པོར་མ་ཐོགས་པར་དགྲ་བཅོམ་པ་ཐོབ་སྟེ། འཇིག་རྟེན་དུ་དགྲ་བཅོམ་པ་བཅུ་གཅིག་གོ །དེ་ནས་རིགས་ཀྱི་གཙོ་བོའི་བུ་རྣམས་ལོ་གཞོན་ཞིང་བདེ་བར་གནས་པ་ཡང་དད་པས་རབ་ཏུ་བྱུང་ངོ་ཞེས་གཏམ་ཐོས་ནས་ཝཱ་རཱ་ཎ་སཱིའི་གྲོང་གི་གཙོ་བོ་གཙོ་བོ་རྣམས་ཀྱི་ཁྱེའུ་ལྔ་བཅུའང་བཅོམ་ལྡན་འདས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིང༌། དབེན་པར་བསྒོམས་པས་ཡུན་རིང་མ་ལོན་པར་དགྲ་བཅོམ་པ་ཐོབ་སྟེ། དེའི་ཚེ་དགྲ་བཅོམ་པ་དྲུག་ཅུ་རྩ་གཅིག་གོ །སུམ་ཅུ་པ་མ་ག་དྷཱར་འབྱོན་
བའི་ལམ་བར་གྱི་གཏམ་ནི། བར་དེར་བདུད་སྡིག་ཅན་བྲམ་ཟེའི་གཟུགས་སུ་སྤྲུལ་ནས་དཀྲུགས་མ་བྱས་པའང་མ་ཚུགས་སོ། །དེ་ནས་དགེ་སློང་རྣམས་ཀྱང་སྟོན་པའི་བཀས་སོ་སོར་རྒྱུ་ཞིང་འགྲོ་བའི་དོན་བྱེད་ལ། བཅོམ་ལྡན་འདས་ཉིད་ཀཱ་ཤི་ཝཱ་རཱ་ཎ་སཱིའི་ལྗོངས་རྒྱུ་ཞིང་གཤེགས་ནས། ལྟེང་རྒྱས་ཀྱི་གྲོང་ཁྱེར་སྡེ་ཅན་བརྒྱུད་དེ་རས་བལ་གྱི་ནགས་ཚང་ཚིང་ན་ཤིང་དྲུང་ཞིག་ན་བཞུགས་སོ། །དེའི་ཚེ་བཟང་སྡེའི་ཚོགས་དྲུག་ཅུ་ཞེས་བྱ་བ་རྣམས་རོལ་མོ་ཤེས་པའི་བུད་མེད་མང་པོ་དག་དམ་བཅའ་བ་བླངས་ཏེ། གྲོང་ཁྱེར་གྱི་ཕྱི་རོལ་སྐྱེད་མོས་ཚལ་རྣམས་སུ་བཟའ་བཅའ་སྣ་ཚོགས་དང༌། རོལ་མོ་སྣ་ཚོགས་ཀྱིས་རྩེ་བར་བྱེད་པ་ན། བུད་མེད་གཅིག་དམ་བཅས་པ་དྲལ་ཏེ་བྲོས་སོ། །དེ་ནས་དེ་དག་བུད་མེད་དེ་འཚོལ་དུ་སོང་བ་ན། དེ་བཞིན་གཤེགས་པ་ཤིང་དྲུང་དུ་བཞུགས་པ་མཐོང་སྟེ་དྲུང་དུ་འོངས་ནས། བཅོམ་ལྡན་འདས་བུད་མེད་གཅིག་གཟིགས་སམ། བཀའ་སྩལ་པ། དེ་ཁྱེད་རྣམས་ཀྱི་ཅིར་འོང༌། དེ་ནས་རྒྱས་པར་གསོལ་བས། ཅི་ཁྱེད་རྣམས་བུད་མེད་དེ་འཚོལ་བ་གང་ཡིན་པ་དང༌། རང་ཉིད་འཚོལ་བ་གང་འདམ། གསོལ་པ། བདག་ཉིད་འཚོལ་བ་འདམ་ལགས་སོ། །དེ་ནས་དེ་རྣམས་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་བདེན་པ་མཐོང་ཞིང༌། གསུམ་ལ་སྐྱབས་སུ་འགྲོ་བ་ཙམ་བླངས་པས་དགེ་སློང་དུ་གྱུར་ཏོ། །སྐབས་འདིའི་ལུང་ལས། དགེ་བསྙེན་དུ་བཟུང་ངུ་གསོལ་ཞེས་པ་ཡོད་ཀྱང་སྐྱབས་འགྲོ་ཙམ་གྱི་བསྙེན་རྫོགས་ཡིན་པས་དེ་ནི་དེ་རྣམས་ཀྱི་ཚིག་བརྗོད་ཚུལ་ཙམ་ཡིན་ནོ། །སྔོན་སེར་སྐྱའི་གཞི་ན་བྲམ་ཟེ་ལྷ་ཞེས་བྱ་བ་ལོངས་སྤྱོད་དང་ལྡན་པ་བཅོམ་ལྡན་འདས་ཀྱི་ཐུགས་སུ་བྱོན་པ་ཞིག་ཡོད་པ་ལ། དེ་ཕྱིས་གཉེན་དང་ནོར་དང་འབྱོར་པ་ཐམས་ཅད་ཟད་ནས་སྐབས་དེར་སྡེ་ཅན་གྱི་གྲོང་དུ་འོངས་སོ། །དེ་ནས་བཅོམ་ལྡན་འདས་དེར་གཤེགས་པར་རིག་གནས་བྲམ་ཟེ་དང་
ཆུང་མ་གཉིས་གྲོས་བྱས་ཏེ། དེང་བཅོམ་ལྡན་འདས་ལ་བསོད་སྙོམས་ཞིག་འབུལ་དགོས་ཏེ། བདག་ཅག་ལ་ཉི་མ་གཅིག་གི་ཁ་ཟས་ཀྱང་མེད་ན་ཇི་ལྟར་བགྱི། བྲམ་ཟེས་སྨྲས་པ། ཁྱོད་ཉིད་གཏའ་མར་བཅུག་སྟེ་ཀརྴ་པ་ན་ལྔ་སྐྱིན་པར་བླང་ངོ༌། །ཞེས་གྲོས་མཐུན་ནས་དེ་བཞིན་དུ་བྱས་ཤིང༌། ཁྱིམ་བདག་གཅིག་ལས་གོས་གསར་པ་དང༌། རྒྱན་གཡར་ནས་བྲམ་ཟེའི་ཆུང་མ་ལ་བསྐོན་ཏེ། ཁྱིམ་དུ་བཅོམ་ལྡན་འདས་སྤྱན་དྲངས་ནས་གདུགས་ཚོད་གསོལ་ལོ། །དེ་ནས་ཆུང་མས་རྒྱན་ཕུད་དེ་བཞག་པ་ན་རྐུན་མས་ཁྱེར་ཏེ། བྲམ་ཟེས་བསམས་པ། བདག་གིས་རྒྱན་དེ་ལྟ་བུ་འབྱོར་པ་ནམ་ཡང་མིན་གྱི། བདག་ནགས་སུ་སོང་སྟེ་འཆི་བ་ལས་གཞན་ཐབས་མེད་དོ་སྙམ་འབྲོག་དགོན་པ་ཞིག་ཏུ་སོང་བ་ལས། མི་ཞིག་གིས་དོང་བརྐོས་ཏེ་སོང་བ་མཐོང་ནས། བྲམ་ཟེས་དེར་སོང་བས་སྔར་གྱི་རྒྱན་རྙེད་དེ་ཁྱིམ་དུ་འོངས་སོ། །ཆུང་མ་ཡང་ཡིད་མི་བདེ་བ་བཞིན་དུ་ཁྱིམ་གྱི་ཕྱག་དར་བྱས་པས་ས་འོག་ནས་གསེར་གྱི་བུམ་པ་གསེར་གྱིས་གང་བ་རྙེད་དེ། དེ་ལྟ་བུ་བྱུང་བ་དེའང་སངས་རྒྱས་ལ་བསོད་སྙོམས་ཕུལ་བའི་ཕན་ཡོན་དུ་ཤེས་ནས་དད་པས་ཆོས་ཉན་པས་བྲམ་ཟེ་ལྷ་ཆུང་མ་དང་བཅས་པས་བདེན་པ་མཐོང༌། དེ་ནས་ཕྱོགས་དེར་གྲོང་པའི་བུ་མོ་དགའ་མོ་དང༌། དགའ་སྟོབས་མས་ཀྱང་དེ་བཞིན་གཤེགས་པ་ལ་གདུགས་ཚོད་གསོལ། སྟོན་པས་ཀྱང་ཆོས་བསྟན་པས་དེ་གཉིས་ཀྱིས་ཀྱང་བདེན་པ་མཐོང་ངོ༌། །དེ་སྐབས་བཟང་སྡེའི་ཚོགས་དྲུག་ཅུས་ཀྱང་དགྲ་བཅོམ་པ་ཐོབ་སྟེ། དགྲ་བཅོམ་པ་བརྒྱ་དང་ཉི་ཤུ་རྩ་གཅིག་གོ །སོ་གཅིག་པ་རལ་པ་ཅན་སྟོང་བཏུལ་བ་ནི། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགོངས་པ། ཡུལ་མ་ག་དྷཱ་འདིར་དགེ་སྦྱོང་དག་བྲམ་ཟེ་གཅིག་དབང་དུ་གྱུར་བས་སྐྱེ་བོའི་ཚོགས་མང་པོའི་ཚོགས་ཆུང་ངུས་དབང་དུ་འགྱུར་བ་སུ་ཡོད་དགོངས་ན། ལྟེང་རྒྱས་འོད་སྲུང་རལ་
པ་ཅན་དེ་ལྟ་བུ་ཡིན་པར་དགོངས་སོ། །དེ་ལ་འོད་སྲུང་དེ་ནི་ལོ་བརྒྱ་ཉི་ཤུ་ལོན་པ། སྲིད་རྩེའི་ཏིང་ངེ་འཛིན་ཐོབ་པ། སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་ཞིང༌། རང་ཉིད་ཀྱང་དགྲ་བཅོམ་པར་རློམ་པ་ཞིག་གོ །འོད་སྲུང་དེའང་འཁོར་རལ་པ་ཅན་ལྔ་བརྒྱ་དང་བཅས་པ་ཡིན་ལ། དེའི་སློབ་མར་གྱུར་བ་སྤུན་ཟླ་ནི་ཆུ་ཀླུང་འོད་སྲུང་དང་ག་ཡ་འོད་སྲུང་སྤུན་དག་སྟེ། དེ་གཉིས་ཀྱང་སློབ་མ་རལ་པ་ཅན་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པ་ཡིན་ནོ། །དེ་དག་ཀྱང་ཆུ་ཀླུང་ནཻརཱཉྫ་ནའི་འགྲམ་དུ་དཀའ་ཐུབ་སྤྱོད་པ་སྟེ། ཆུ་མགོ་ན་ནི་ལྟེང་རྒྱས་འོད་སྲུང་གནས་ལ་སྨད་ཀྱི་ཕྱོགས་ན་ནི་གཞན་གཉིས་སོ། །དེ་ནས་བཅོམ་ལྡན་འདས་ལྟེང་རྒྱས་འོད་སྲུང་ཀྱི་བསྟི་གནས་སུ་གཤེགས་པ་ན། དེས་ཀྱང་གདན་བཤམས་ཤིང་བསུས་ཏེ་བྱོན་པ་ལེགས་སོ་ཞེས་གསོལ་ཏོ། །བཅོམ་ལྡན་འདས་གདན་བཤམས་པ་ལ་བཞུགས་ནས་འོད་སྲུང་ལ་དགའ་བ་དང་མགུ་བར་གྱུར་པའི་གཏམ་མཛད་དོ། །བཀའ་སྩལ་པ། ཁྱོད་ལ་མི་བདེ་བ་མེད་ན། ང་མེ་ཁང་འདིར་ཞག་གཅིག་ཏུ་འདུག་གོ །གསོལ་བ། བདག་ལ་མི་བདེ་བ་མ་མཆིས་ཀྱང༌། དེ་ན་ཀླུ་གདུག་པ་ཞིག་གནས་པས་མཐོ་འཚམ་པས་འགྱུར་དུ་མི་འོང་ངམ། དེ་ནས་བཅོམ་ལྡན་འདས་མེ་ཁང་དུ་བྱོན་ནས་བཞུགས་པ་ན། མཚན་མོའི་དུས་སུ་ཀླུ་ཁྲོས་པས་དུ་བ་བཏུལ། སྟོན་པས་རྫུ་འཕྲུལ་གྱིས་དེ་བས་ཀྱང་ཆེ་བའི་དུ་བ་བཏུལ། ཀླུས་མེ་སྦར་རོ། །བཅོམ་ལྡན་འདས་མེའི་ཁམས་ལ་སྙོམས་པར་ཞུགས་པས་ཁང་པ་ཐམས་ཅད་མེ་རབ་ཏུ་འབར་བར་གྱུར་ཏོ། །འོད་སྲུང་རྒྱུ་སྐར་ལ་ལྟ་བས་མཐོང་སྟེ། ཀྱེ་མ་གཽ་ཏ་མ་མཛེས་པ་དེ་ཀླུ་གདུག་པས་ཐལ་བར་མ་བྱས་གྲང་སྙམ་མོ། །དེ་ནས་ཀླུ་དེ་ཐུལ་ནས་ནངས་བར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ་བསྣམས་ནས་འོད་སྲུང་ཀྱིས་སར་བྱོན་པ་ན། ལྷུང་བཟེད་དུ་བསྣམས་ཏེ་བྱོན་
པ་དེ་ཅི། བཀའ་སྩལ་པ། རྫུ་འཕྲུལ་དང་མི་ལྡན་པ་སུ་ཡང་གནས་སུ་མྀ་སྟེར་བའི་ཀླུ་དེ། ངས་བཏུལ་ཏེ་ཁྱེར་འོངས་སོ། །དེས་བསམས་པ། དགེ་སྦྱོང་ཆེན་པོ་འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེའོ་སྙམ་མོ། །དེ་ལྟ་མོད་ཀྱི་བདག་ཀྱང་དགྲ་བཅོམ་པ་ཡིན་ནོ་སྙམ་པས་བཅོམ་ལྡན་འདས་ཀྱི་རྗེས་སུ་སློབ་པར་འདོད་པ་ནི་མེད་དོ། །དེ་ནས་བཟུང་སྟེ་བཅོམ་ལྡན་འདས་འོད་སྲུང་གི་བསྟི་གནས་ནགས་ཚང་ཚིང་དུ་བཞུགས་སོ།། འོད་སྲུང་གི་སློབ་མ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་པོ་རེ་རེ་ཡང་མེ་ཐབ་གསུམ་གསུམ་བཟུང་སྟེ་མེ་ལ་སྤྱོད་པ་ལས། མེ་མི་འབར་བར་བྱིན་གྱིས་བརླབས་པས་ཐབས་གང་གིས་ཀྱང་སྦོར་མ་ཐུབ་བོ། །དེ་རྣམས་ཀྱིས་འོད་སྲུང་ལ་སྦྲན་པས། འོད་སྲུང་གིས་སྟོན་པ་ལ་ཞུས་པ་ན། བཀའ་སྩལ་པ། འོད་སྲུང་མེ་སྦར་བར་འདོད་དམ། གསོལ་པ། དགེ་སྦྱོང་ཆེན་པོ་སྤར་དུ་གསོལ། དེ་ནས་མེ་རང་འབར་རོ། །འོད་སྲུང་གིས་བསམས་པ། དགེ་སྦྱོང་ཆེན་པོ་འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་སྟེ། བདག་ཀྱང་དགྲ་བཅོམ་པའོ་སྙམ། དེ་ནས་བྲམ་ཟེ་ལྔ་བརྒྱ་མེ་ལ་སྤྱད་ཟིན་པ་ན། མེ་བསད་པར་འདོད་ན་ཡང་བསད་མ་ཐུབ་བོ། །དེ་ནས་དེ་རྣམས་ཀྱིས་འོད་སྲུང་ལ་སྨྲས༌། དེས་སྟོན་པ་ལ་ཞུས་པས། མེ་ཞི་བར་འདོད་དམ། དེས་ཀྱང་འཚལ་ལོ་ཞུས་པས། མེ་རང་ཞིའོ། །དེ་ནས་འོད་སྲུང་རང་ཉིད་ཀྱིས་ཀྱང་མེ་སྦར་མ་ནུས་པ་དང༌། མེ་ཤི་བར་མ་ནུས་པ་ལའང་དེ་དང་འདྲའོ། །ཡང་མེ་ཁང་ཐམས་ཅད་མེས་སྲེག་པར་མཐོང་སྟེ། སྐྱེ་བོའི་ཚོགས་མང་པོ་དང་བཅས་པས་མེ་གསོད་པར་མ་ནུས་པ་ལའང་དེ་དང་འདྲའོ། །དེ་ནས་མཚན་མོ་ཞིག་སྟོན་པའི་དྲུང་དུ་རྒྱལ་པོ་ཆེན་པོ་བཞི་ཆོས་ཉན་པ་ན། འོད་སྲུང་རྒྱུ་སྐར་ལ་ལྟ་བས་རྒྱང་ནས་བལྟས་ན། མེའི་ཕུང་པོ་ཆེན་པོ་ལྟ་བུ་བཞི་མཐོང་ངོ༌། །ཡང་སྔ་དྲོ་འོད་སྲུང་གི་གནས་སུ་བྱོན་པ་ན། དེ་ན་རེ།
དགེ་སྦྱོང་ཆེན་པོ་ཡང་ཞུགས་ལ་སྤྱོད་དམ། བཀའ་སྩལ་པ་མ་ཡིན་ཏེ། རྒྱལ་པོ་ཆེན་པོ་བཞི་ང་ལ་ཆོས་ཉན་ཏོ། །ཡང་དེ་དང་འདྲ་བ་ལས་སྔ་མ་ལས་ཆེས་ལྷག་པའི་མེ་ཆེན་པོ་འབར་བར་མཐོང་སྟེ། བརྒྱ་བྱིན་ཆོས་ཉན་དུ་འོངས་པའོ། །ཡང་དེ་དང་འདྲ་བ་ལས་ཆེས་ཤིན་ཏུ་ཆེ་བའི་མེ་དཔུང་མཐོང་སྟེ། མི་མཇེད་ཀྱི་བདག་པོ་ཚངས་པས་ཆོས་ཉན་དུ་འོངས་པའོ། །འདིར་མེ་ལ་སྤྱོད་པ་ཞེས་བྱ་བ་ནི་སྦྱིན་སྲེག་བྱེད་པའི་དོན་ཡིན་ནོ། །དེ་ནས་འོད་སྲུང་གི་དྲུང་དུ་མ་ག་དྷཱའི་སྐྱེ་བོ་ཕལ་མོ་ཆེ་འོངས་ནས་ཞག་བདུན་དུ་མཆོད་སྦྱིན་གྱི་རྙེད་པ་ཆེན་པོ་འབྱུང་བ་ཡོད་པས། འོད་སྲུང་གྱིས་བསམས་པ། དགེ་སྦྱོང་ཆེན་པོ་འདི་གཞན་དུ་བྱོན་ན་ཅི་མ་རུང་སྙམ་དུ་སེམས་པ་ན། དེ་མཁྱེན་ཏེ་གཞན་ཞིག་ཏུ་གཤེགས་སོ། །ཞག་བདུན་སོང་ནས་སྐྱེ་བོ་རྣམས་ཀྱང་གྱེས། འོད་སྲུང་བཟའ་བཅའ་དང་ཡོ་བྱད་ཀྱི་ཚོགས་མང་པོ་དང་བཅས་པར་གྱུར་པ་ན། ད་ནི་དགེ་སྦྱོང་ཆེན་པོ་འདིར་བྱོན་ཏེ་ཡོ་བྱད་འདི་རྣམས་ལ་ལོངས་སྤྱད་ན་ཅི་མ་རུང་སྙམ་པ་ན། དེ་མ་ཐག་ཏུ་དེར་བྱོན་ནོ། །ཅིའི་ཕྱིར་ཞག་བདུན་གཞན་དུ་གཤེགས། དེའི་ཚེ་ཁྱོད་ཉིད་འདི་ལྟར་སེམས་པས་སོ། །གསོལ་བ། དེང་ཅིའི་ཕྱིར་བྱོན། བཀའ་སྩལ་པ། དེང་འདི་ལྟར་སེམས་པས་སོ། དགེ་སྦྱོང་ཆེན་པོ་དེ་དེ་བཞིན་ཏེ། འདི་དག་ལ་ལོངས་སྤྱད་དུ་གསོལ། དེ་ནས་ཡང་བཅོམ་ལྡན་འདས་འོད་སྲུང་གི་བསྟི་གནས་ནགས་ཚང་ཚིང་ན་བཞུགས་སོ། །འོད་སྲུང་གིས་གདུགས་ཚོད་ལ་འབྱོན་པར་ཞུས་ཏེ། བཅོམ་ལྡན་འདས་ཀྱི་ཆེད་དུ་འོད་སྲུངས་རང་ཉིད་ཀྱིས་ལག་བསྟར་བའི་གཡོས་བྱས་སོ། །དེ་ནས་སྤྱན་འདྲེན་པར་ཕྱིན་པ་ན། འོད་སྲུང་ཁྱོད་ཉིད་སོང་ཞིག་ང་ཕྱིས་འོང་ངོ༌། །དེ་ནས་སྟོན་པས་རྫུ་འཕྲུལ་གྱིས་ཤིང་ཛམྦུ་ཏྲི་ཤའི་འབྲས་བུའི་སྙེ་མ་བླངས་ཏེ་ལྷུང་བཟེད་བཀང་ནས་འོད་སྲུང་གིས་བཤམས་པའི་སྟན་
ལ་བཞུགས་སོ། །གསོལ་པ། ལྷུང་བཟེད་ན་ཅི་མཆིས། ངས་ད་ལྟ་ཛམྦུའི་སྙེ་མ་བླངས་པ་དེ། འདོད་ན་ཅི་བདེ་བར་སྤྱོད་ཅིག་ཅེས་འོད་སྲུང་ལ་སྩལ་ཏོ། །དེ་བཞིན་དུ་ནངས་བར་ནས་ཀྱང་ཛམྦུའི་ཚལ་དང་ཉེ་བའི་གནས་ནས་སྐྱུ་རུ་ར་ཆེན་པོའི་སྙེ་མ་དང༌། བྱང་སྒྲ་མི་སྙན་ནས་མ་རྨོས་པའི་འབྲས་སཱ་ལུའང་བསྣམས་ནས་དེ་ལ་སྩལ་ཏེ་གཞན་སྔ་མ་དང་འདྲའོ། །ཡང་འོད་སྲུང་གིས་གདུགས་ཚོད་ཕུལ་བ་བསྣམས་ཏེ་མཐའ་གཅིག་ཏུ་ཞལ་ཟས་ཀྱི་བྱ་བ་མཛད་དོ། །དེར་ཆུ་ཞིག་དགོས་པར་བྱུང་བ་ལྷའི་དབང་པོ་བརྒྱ་བྱིན་གྱི་ལག་པས་དྲུས་ཏེ་བཀོད་མའི་ཆུ་ཆེན་པོ་བྱུང་ཞིང་བབས་པར་གྱུར་ལ། དེ་ལ་ཆུའི་བྱ་བ་ཡང་མཛད་དོ། །འོད་སྲུང་བསྟི་གནས་སུ་འཆག་པས་མཐོང་སྟཻ། སྔོན་མེད་པའི་བཀོད་མའི་ཆུ་འདི་ཅི་ཞེས་ཞུས་པས་དེའི་ཚུལ་གསུངས་སོ། །ཡང་བཅོམ་ལྡན་འདས་ཡང་དག་འཇོག་ལས་བཞེངས་ཏེ། རྫིང་བུ་ལག་པས་བརྐོས་པ་ཞེས་བྱ་བ་སྔར་གྱི་བཀོད་མ་དེ་ལས་བྱུང་བའི་རྫིང་བུ་ལ་སྐུ་ཁྲུས་མཛད་ཅིང༌། དེའི་འགྲམ་ན་ཤིང་ཨ་རྫུ་ན་དྲང་པོར་སྐྱེས་པ་ཞིག་ཡོད་པ་ལ་རྫིང་ནས་བཞེངས་པར་བཞེད་པའི་ཚེ། ཨ་རྫུ་ནའི་ཡལ་ག་རང་དུད་ཅིང་བྱུང་བ་ལ་ཕྱག་གིས་འཇུས་ཤིང་བཞེངས་སོ། །དེ་ནས་འོད་སྲུང་འཆག་པས་ཨརྫུ་ནའི་ཡལ་ག་སྔོན་མ་དུད་པ་ལས་དུད་པར་མཐོང་ནས། དེའི་རྒྱུ་ཞུས་པས། སྔར་གྱི་ལོ་རྒྱུས་གསུངས་ཏེ། ཤིང་འདི་ནི་ལག་པས་བཟུང་བའི་ཨརྫུ་ན་ཞེས་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཕྱགས་དར་ཁྲོད་ཀྱི་ཤ་ནའི་རས་དག་ཕྱག་ཏུ་སོན་པ་ན་དེ་བཀྲུ་བར་བཞེད་དེ། བཀྲུ་བའི་སྣོད་མེད་པ་ལ་བརྒྱ་བྱིན་གྱི་བཀས་གནོད་སྦྱིན་དག་གིས་རི་བྲག་ཅིག་ནས་རྡོ་ལེབ་ཆེ་ལ་རིང་བ་ཞིག་བླངས་ཏེ་ཕུལ་བའི་སྟེང་དུ་ཤ་ནའི་རས་རྣམས་ལེགས་པར་བཀྲུས་སོ། །ཡང་དེ་འགྲེམ་པའི་གཞི་དགོས་པར་བྱུང་ནས། བརྒྱ་བྱིན་གྱི་བཀས་རྡོ་ལེབ་ཆེ་ལ་རིང་བ་གཞན་ཞིག་
ཀྱང་བླངས་ཏེ་དེ་ལ་ཤ་ནའི་གོས་ལེགས་པར་བཀྲམ་མོ། །འོད་སྲུང་འཆག་པ་ན་དེ་དག་མཐོང་སྟེ། སྔོན་མེད་པའི་རྡོ་ལེབ་འདི་དག་ཇི་ལྟར་ཡིན་ཞེས་གསོལ་བ་ན། སྔར་གྱི་ལོ་རྒྱུས་རྣམས་རྒྱས་པར་གསུངས་ཏེ། རྡོ་ལེབ་འདི་དག་ནི་གནོད་སྦྱིན་གྱིས་བླངས་པ་ཞེས་བྱའོ། །དེ་དག་ལ་སོགས་པ་ཆོ་འཕྲུལ་ལྔ་བརྒྱའི་བར་དུ་བསྟན་པའི་ཐ་མ་ནི། དུས་གཞན་ཞིག་ན་ཆར་ཆེན་པོ་བབས་ཏེ་ཆུ་ཀླུང་ནཻ་རཱཉྫ་ན་ཆེར་འཁྲུངས་ཏེ། མི་གང་ལྷག་པའི་དཔངས་ཙམ་གསར་དུ་རྒྱས་སོ། །དེ་ལྟར་ནུབ་གཅིག་ལ་ཆུ་གསར་དུ་ཟུབ་པ་ན། ནངས་པར་སྔ་བར་ཆུའི་སྟེང་ས་བུད་ཀྱིས་གང་བ་བླ་གབ་མེད་པ་ལ་ཞབས་ཀྱིས་འཆག་པར་མཛད་དོ། །འོད་སྲུང་གིས་བསམས་པ། དགེ་སྦྱོང་ཆེན་པོ་ལ་ཆུས་གནོད་པར་མ་གྱུར་ཏམ་སྙམ་སྟེ། ཤིང་གཅིག་པའི་གྲུ་ལ་ཞུགས་ཏེ་བཙལ་བ་ན་བཅོམ་ལྡན་འདས་དེ་ལྟར་མཛད་པ་མཐོང་སྟེ། དགེ་སྦྱོང་ཆེན་པོ་གྲུར་འཇུག་གམ། འོད་སྲུང་འཇུག་གོ །དེ་ནས་གྲུའི་ནང་དུ་ཕེབས་ཤིང་ཇི་ལྟར་གྲུ་ལ་ཞུགས་པ་དེ་བཞིན་དུ་ཆུའི་སྟེང་ནས་ཀྱང་གཤེགས། ཆུས་གོས་པ་མེད་ཅིང་ཆུ་ལ་འཇུག་ཅིང་གཤེགས་པ་དང༌། གྲུ་ཆུའི་གཏིང་དུ་འགྲོ་ཞིང་སྟེང་དུ་འཕར་བ་ལ་སོགས་དེ་ལྟ་བུའི་ཆོ་འཕྲུལ་བསྟན་ཏོ། །དེ་ལྟར་ཆོ་འཕྲུལ་དེ་ཐམས་ཅད་ལ་དགེ་སྦྱོང་ཆེན་པོ་འདི་ནི་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་ལ་ཡ་མཚན་ཆེ་མོད་ཀྱི། བདག་ཀྱང་དགྲ་བཅོམ་པ་ནི་ཡིན་ནོ་སྙམ་སྟེ་རྗེས་སུ་སློབ་པར་འདོད་པ་མེད་དོ། །དེ་ནས་ཆུའི་འགྲམ་སྐམས་སར་ཕེབས་ཏེ་བཀའ་སྩལ་པ། འོད་སྲུང་ཁྱོད་ནི་དགྲ་བཅོམ་པ་མ་ཡིན། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པའང་མ་ཡིན། དགྲ་བཅོམ་པའི་ལམ་ཡང་མི་ཤེས་སོ། །དེ་ནས་ལྟེང་རྒྱས་འོད་སྲུང་འདི་སྙམ་དུ། གཽ་ཏ་མ་འདིས་ནི་བདག་གི་སེམས་མཁྱེན་ཏེ། བདག་འདིའི་སློབ་མར་བགྱིའོ་སྙམ་ནས་འདི་སྐད་ཅེས་
གསོལ་ཏོ། །བདག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མཛད་དུ་གསོལ། བཀའ་སྩལ་པ། རེ་ཞིག་ཁྱོད་ཀྱིས་འཁོར་ལ་ལྟོས་ཤིག ཁྱོད་ལྟ་བུའི་མི་གྲགས་པ་དང་ལྡན་པ་ནི་འཁོར་ལ་ལྟ་བ་ལེགས་པ་ཡིན་ནོ། །དེ་ནས་འོད་སྲུང་རང་གི་བསྟི་གནས་སུ་སོང་སྟེ་འཁོར་རྣམས་ལ་སྨྲས་པ། ཁོ་བོ་ནི་དགེ་སྦྱོང་ཆེན་པོའི་དྲུང་དུ་ཚངས་པར་སྤྱོད་ན་ཤེས་ལྡན་དག་ཅི་ལྟ་བུ་བྱེད། དེ་དག་གིས་སྨྲས་པ། བདག་ཅག་གིས་ཅུང་ཟད་ཅིག་འཚལ་བ་དེ་མཁན་པོ་ལ་བརྟེན་པ་ལགས་ན། བདག་ཅག་ཀྱང་དེའི་རྗེས་སུ་རབ་ཏུ་འཇུག་གོ །དེ་ནས་བྲམ་ཟེའི་ཁྱེའུ་རལ་པ་ཅན་རྣམས་ཀྱིས་གཡང་གཞི་དང་འཁར་བ་དང་རིལ་པ་སྤྱི་བླུགས་དག་ཆུ་ཀླུང་ནཻ་རཱཉྫ་ན་ལ་དོར་ཏེ་སྟོན་པའི་སྤྱན་སྔར་འོངས་པ་ན། ཐམས་ཅད་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་དོ། །དེ་དག་གི་ཡོ་བྱད་རྣམས་ཆུས་ཁྱེར་བ་ཆུ་ཀླུང་འོད་སྲུང་དང༌། ག་ཡ་འོད་སྲུང་གྱིས་མཐོང་སྟེ། བདག་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་འཇིགས་པ་བྱུང་བར་མ་གྱུར་གྲང་སྙམ་ནས་ལྟེང་རྒྱས་འོད་སྲུང་རལ་བ་ཅན་འཚོལ་དུ་སོང་བ་ལས། དེས་རབ་ཏུ་བྱུང་སྟེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པ་མཐོང་སྟེ་དེ་གཉིས་ཀྱིས་སྨྲས་པ། འོད་སྲུང་འདི་མཆོག་ཡིན་ལ་དེ་མཆོག་མ་ཡིན་ནམ། ལྟེང་རྒྱས་འོད་སྲུང་གྱིས་སྨྲས་པ། དེ་དེ་བཞིན་ནོ། །དེ་གཉིས་ཀྱིས་བསམས་པ། དགྲ་བཅོམ་པར་བཀུར་བ་འདི་ཡང་ལན་གཉིས་ཀྱི་བར་དུ་དགེ་སྦྱོང་ཆེན་པོའི་སྤྱན་སྔར་རབ་ཏུ་བྱུང་བར་ཁས་བླངས་ན། བདག་ཅག་ཀྱང་རབ་ཏུ་བྱུང་ངོ་སྙམ་སྟེ། བཅོམ་ལྡན་འདས་ལ་རབ་ཏུ་འབྱུང་བར་ཞུས་པས་འཁོར་ལ་རིག་པར་བྱ་དགོས་པ་སོགས་ནས་དེ་གཉིས་འཁོར་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་པ་ཚུར་ཤོག་གིས་བསྙེན་པར་རྫོགས་པའི་བར་སྔ་མ་དང་འདྲའོ། །དེ་ནས་བཅོམ་
ལྡན་འདས་རལ་པ་ཅན་སྟོང་རབ་ཏུ་བྱུང་བ་དག་བཅས་པའི་ཚོགས་དེ་ལྟེང་རྒྱས་སུ་ཇི་ཙམ་བཞེད་པར་བཞུགས་ནས། ག་ཡའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། ག་ཡ་མགོའི་མཆོད་རྟེན་གྱི་རི་ལ་བཞུགས་ནས་ཆོ་འཕྲུལ་རྣམ་པར་འཕྲུལ་བ་དུ་མའང་མཛད་དེ། དེའི་དོན་རྟོགས་པའི་ཕྱིར་དུ་ཆོ་འཕྲུལ་རྣམ་པ་གསུམ་གྱི་ཆོས་ཀྱི་རྣམ་གྲངས་གསུངས་པས་རལ་པ་ཅན་སྟོང་གིས་དགྲ་བཅོམ་པ་ཐོབ་བོ། །སོ་གཉིས་པ་གཟུགས་ཅན་སྙིང་བོས་བསུ་བ་ནི། དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་ནས་མི་རིང་བ་ཉིད་ན་རྒྱལ་པོ་གཟུགས་ཅན་སྙིང་པོ་གནས་ལྔ་ལ་སྨོན་པར་བྱེད་དོ། །དེའང་སངས་རྒྱས་འབྱུང་བ་དང༌། དེ་བལྟ་བའི་ཕྱིར་འགྲོ་བ་དང༌། དེས་ཆོས་གསུང་པ་དང༌། ཆོས་དེའང་བདག་གིས་རྟོགས་པ་དང༌། དེ་ལས་བསླབ་པ་ཡང་དག་ལེན་པ་ལ་སྨོན་པའོ། །དེའི་ཚེ་གཟུགས་ཅན་སྙིང་པོའི་འཁོར་ཞོ་ཤས་འཚོ་བ་སྟེ་ནང་གི་ལས་ཀྱི་བྱ་བ་སྤྱོད་པའི་མི་འགའ་ཞིག་ལྗོངས་ལྟ་ཞིང་སོང་བས། ག་ཡའི་རི་ལ་བཅོམ་ལྡན་འདས་ཉིད་དགྲ་བཅོམ་པ་སྟོང་དང་ཐབས་ཅིག་བཞུགས་ཤིང་ཆོ་འཕྲུལ་རྣམ་པར་འཕྲུལ་པ་སྟོན་པའི་གཟི་བྱིན་མཐོང་ནས། དེས་བློར་མ་ཆུད་ཅིང་ལོག་པར་སེམས་པས་རྒྱལ་པོའི་དྲུང་ན་སོང་ནས་གནས་མ་ཡིན་པའི་དོགས་པས་བཟུང་སྟེ་ཕྲ་མ་སྨྲ་བར་བྱེད་ན་དེ་རྒྱལ་པོས་བཟློག་གོ །དེ་ནས་རྒྱལ་པོ་གནས་ལྔ་ལ་ལྷག་པར་རྩེ་གཅིག་ཏུ་སྨོན་ཞིང་སེམས་པར་གྱུར་ལ། ཡང་ཞོ་ཤས་འཚོ་བ་གཞན་འགའ་ཞིག་གིས་མཐོང་ཞིང་ཐོས་ནས། གཞོན་ནུ་དོན་གྲུབ་དེ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་སྟོན་གྱི། དེ་ལ་ལྷས་བཀུར་སྟེ་མཛོད་ཅིག་ཅེས་བསྐུལ་བ་རྒྱལ་པོའི་ཡིད་དུ་ཆེས་འཐད་པར་གྱུར་ཏེ། རྒྱལ་པོས་ནང་མི་ཞིག་ལ་སྤྱན་འདྲེན་པར་བཀའ་བསྒོས་ནས་བཅོམ་ལྡན་འདས་ཀྱིས་སྐུའི་དྲུང་དུ་བཏང་ཞིང༌། དེས་རྒྱལ་པོའི་
མིང་གིས་ཞབས་ལ་ཕྱག་བཙལ་ཞིང༌། གནོད་པ་ཆུང་ངམ་ཉམ་ང་བ་ཉུང་ངམ་འཚོའམ། སྤྱོད་པ་ཡང་ངམ། སྟོབས་དང་བདེ་བ་དང་སྐུ་ཉམས་དང་ལྡན་ནམ། རེག་པར་སྤྱོད་དམ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་ཇི་སྲིད་འཚོའི་བར་དུ་ཡོ་བྱད་ཐམས་ཅད་ཀྱིས་བསྙེན་བཀུར་བགྱིད་ན། གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞེས་གཟུགས་ཅན་སྙིང་པོའི་མཆིད་རྣམས་གསོལ་བ་དང༌། སྟོན་པས་ཀྱང་ཅང་མི་གསུང་བར་གནང་ངོ༌། །དེ་ནས་ནངས་པ་སངས་རྒྱས་དགྲ་བཅོམ་སྟོང་དང་ལྷན་ཅིག་ག་ཡ་དང་རྒྱལ་པོའི་ཁབ་ཀྱི་བར་མཆོད་རྟེན་ལེགས་པར་རབ་གནས་ཀྱི་དྲུང་ཤིང་ཏང་བྲང་གི་ཚལ་དུ་བྱོན་ཏེ་བཞུགས་སོ། །དེ་རྒྱལ་པོས་ཐོས་ནས་རང་ཉིད་ཤིང་རྟར་ཞུགས་ཏེ་འཁོར་མང་པོས་བསྐོར་ནས། བཅོམ་ལྡན་འདས་ལ་བལྟ་ཞིང་བསྙེན་བཀུར་བྱ་བའི་ཕྱིར་ཕོ་བྲང་ནས་ཕྱིར་བྱུང་བ་ན། དེར་ཤིང་རྟའི་འཁོར་ལོ་ས་ལ་བྱིང་ངོ༌། །བདག་གིས་མ་ལེགས་པ་ཞིག་བྱས་སམ་སྙམ་དོགས་པ་ལ། ལྷ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་ལས་སྐྱོན་ཅན་མ་ཡིན་མོད། ལས་མཐུན་མང་པོ་བཙོན་ར་ན་འདུག་གི་དེ་རྣམས་ཐོངས་ཤིག དེར་རྒྱལ་པོས་བཙོན་རྣམས་བཏང་ངོ༌། །ཡང་འོངས་པ་ན། རྒྱལ་པོའི་དབུ་རྒྱན་སྒོའི་ཡ་ཐེམ་ལ་ཐོགས་སོ། །ཡང་སྔར་བཞིན་དོགས་པ་སྐྱེས་ཏེ་བསྡད་པ་ན། ལྷ་རྣམས་ཀྱིས་ལས་མཐུན་མང་པོ་ཡུལ་གཞན་དུ་ལས་ཀྱི་མཐའ་བྱེད་དུ་བཅུག་འདུག་གི་དེ་རྣམས་སྤྲོན་ཞིགརྒྱལ་པོས་ཀྱང་དེ་ཐམས་ཅད་བཀུག་སྟེ་མཐར་གྱིས་རྒྱལ་པོ་ཉིད་ཤིང་རྟ་ཁྲི་ཉིས་སྟོང་དང༌། རྟ་པ་ཁྲི་བརྒྱད་སྟོང་དང༌། བྲམ་ཟེ་དང༌། ཁྱིམ་བདག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་སོང་སྟེ། བཞོན་པ་ལས་བབས་ནས་ཏང་བྲང་གི་ཚལ་གྱི་ཀུན་དགའ་ར་བར་ཞུགས་སོ། །རྒྱལ་པོའི་མཚན་མ་ལྔ་པོ་དབུ་རྒྱན་དང༌། གདུགས་དང་རལ་གྲི་
དང༌། རིན་པོ་ཆེས་བརྒྱན་པའི་ལྷམ་དང་ནོར་བུའི་ཡུ་བ་ཅན་གྱི་རྔ་ཡབ་རྣམས་ཕུད་ཅིང་བཞག་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ཏེ་ཕྱག་བཙལ་ནས། བཙུན་པ། བདག་ནི་མ་ག་དྷཱའི་རྒྱལ་པོ་བཟོ་སྦྱངས་གཟུགས་ཅན་སྙིང་པོ་ལགས་སོ་ཞེས་གསོལ་པས། རྒྱལ་པོ་ཆེན་པོ་དེ་དེ་བཞིན་ཏེ། སྟན་ལ་འདུག་ཅིང༌། རྒྱལ་པོ་ཡང་ཕྱོགས་གཅིག་ཏུ་འཁོད། བྲམ་ཟེ་དང་ཁྱིམ་བདག་ལ་ལ་ཕྱག་འཚལ། ལ་ལ་དགའ་བའི་གཏམ་གསོལ། འགའ་ཞིག་རྒྱང་རིང་པོ་ནས་ལྟ་ཞིང་འཁོད་དོ། །དེའི་དུས་ན་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་གིས་ལྟེང་རྒྱས་འོད་སྲུང་ཀྱང་འཁོར་དེ་ན་འདུག་པ་མཐོང་སྟེ། ཅི་དགེ་སྦྱོང་ཆེན་པོ་འོད་སྲུང་གི་དྲུང་དུ་ཚངས་པར་སྤྱོད་དམ། འོད་སྲུང་དགེ་སྦྱོང་ཆེན་པོའི་དྲུང་དུ་ཚངས་པར་སྤྱོད་པ་ཡིན་སྙམ་ཐེ་ཚོམ་དུ་གྱུར་པ་ལས། སྟོན་པས་དེ་མཁྱེན་ཏེ། དོན་དེའི་དབང་དུ་བྱས་ནས་འོད་སྲུང་དང་ཞུ་ལེན་འགའ་རེ་མཛད་ནས། བཀའ་སྩལ་པ། འོད་སྲུང་འཁོར་རྣམས་སྐྱོ་བ་སྐྱེད་ཅིག །དེ་ནས་འོད་སྲུང་སྟན་གྱི་སྟེང་དུ་མི་སྣང་བར་གྱུར་ཏེ། ཕྱོགས་བཞིའི་ནམ་མཁའ་ལ་འཕགས་ནས་སྤྱོད་ལམ་རྣམ་བཞི་བྱེད་པ་དང༌། འོད་འབྱིན་པ་དང༌། ཡ་མ་ཟུང་གི་ཆོ་འཕྲུལ་དག་བསྟན་ནས་སྟོན་པའི་སྤྱན་སྔར་ལུས་བཏུད་དེ། བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་སོ། །བདག་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་གསོལ་ཞིང་བཅོམ་ལྡན་འདས་ཀྱིས་ཀྱང་མཐུན་འགྱུར་མཛད། ལྟེང་རྒྱས་འོད་སྲུང་གིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་སྟན་ལ་འཁོད་པ་ན། སྐྱེ་བོ་ཐམས་ཅད་ཐེ་ཚོམ་དང་བྲལ་ཞིང་དད་པ་སྟོབས་སུ་གྱུར་པ་ན་བདག་མེད་ཀྱི་དོན་ལས་བརྩམས་ཏེ་ཆོས་གསུངས་པས་རྒྱལ་པོ་གཟུགས་ཅན་སྙིང་པོ་དང་ལྷ་བརྒྱད་ཁྲི་དང་བྲམ་ཟེ་དང་ཁྱིམ་བདག་སོགས་སྐྱེ་བོ་འབུམ་ཕྲག་དུ་མས་དུས་དེ་ཉིད་དུ་བདེན་པ་མཐོང་ངོ༌། །རྒྱལ་པོ་གཟུགས་ཅན་སྙིང་པོས་
གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་འབྱོན་པར་ཞུས་པ་ལ་ཡང་ཅང་མི་གསུང་བར་གནང་ངོ༌། །དེ་ནས་རྒྱལ་པོ་ལ་སོགས་པ་དེ་རྣམས་རང་གནས་སུ་སོང་ཞིང༌། ཇི་ཙམ་ན་དུས་ལ་བབ་པར་མཁྱེན་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལྗོངས་རྒྱུ་ཞིང༌། རྒྱལ་པོའི་ཁབ་ཀྱི་ཤིང་དྲུང་དང་ཉེ་བར་བྱོན་པ་རྒྱལ་པོས་གདུགས་ཚོད་ལ་སྤྱན་འདྲེན་པར་སྙམ་མནན་ནས། དེའི་ནངས་པར་རྒྱལ་པོ་རང་ཉིད་ཀྱིས་ལག་བདར་ཏེ་བསོད་སྙོམས་རྒྱ་ཆེར་ཕུལ་ནས། གསེར་གྱི་བྱ་མ་བུམ་བླངས་ནས་ཆུ་སྦྲེངས་ཤིང༌། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་སྔར་སྐྱེད་མོས་ཚལ་ཡིན་པ་སྟོན་པ་བཞུགས་པའི་གནས་གཙུག་ལག་ཁང་དུ་བྱས་ཏེ་ཕུལ། དེར་བཅོམ་ལྡན་འདས་འཁོར་དང་བཅས་པ་གྲོང་ཁྱེར་རྒྱལ་པོའི་ཁབ་དང་ཉེ་བ་འོད་མའི་ཚལ་བྱ་ཀ་ལན་ཏ་ཀའི་ཀུན་དགའ་ར་བ་ན་བཞུགས་ཏེ་ཆོས་སྟོན་ཏོ། །སོ་གསུམ་པ་མཆོག་ཟུང་གཅིག་བསྟན་པ་ནི། དེའི་ཚེ་ཀུན་ཏུ་རྒྱུ་ཉེར་རྒྱལ་ཞེས་བྱ་བ་ཤཱ་རིའི་བུ་དང༌། པང་ནས་སྐྱེས་ཞེས་བྱ་བ་མཽད་གལ་གྱི་བུ་སྟེ་ཀུན་ཏུ་རྒྱུ་གཉིས་པོ་དེ་འཁོར་ལྔ་བརྒྱ་དང་བཅས་ནས་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་ཕྱིན་པ་ན། གྲོང་ཁྱེར་ཅ་ཅོ་ཉུང་ཞིང་རྒྱུ་འགྲུལ་ཉུང་སྟེ་ཆེམ་མེར་འདུག་པ་མཐོང་ངོ༌། །དེ་གཉིས་ཀྱིས་བསམས་པ། ཨེ་མ་རྒྱལ་པོ་གཞན་གྱི་དམག་ཚོགས་ཀྱིས་འཇིགས་པའམ། ཡང་ན་དགེ་སྦྱོང་དང་བྲམ་ཟེ་དབང་ཆེ་བར་གྲགས་པ་དག་གནས་པ་ལས་བྱུང་ངོ་སྙམ་ནས། ནུབ་མོ་རྒྱུ་སྐར་ལ་བལྟས་པས་འཇིགས་པ་ནི་མེད་པར་ཤེས་སོ། །ནངས་པར་དཔྲལ་རིས་གསུམ་བྱས་ཏེ་སྤྱོད་ཡུལ་དུ་སོང་བ་ན། སྔར་དེ་གཉིས་ལ་སྐྱེ་བོ་འབུམ་ཕྲག་དུ་མ་ཕྱི་བཞིན་དུ་འབྲང་བ་ལས་དེ་ཉིན་གཅིག་ཀྱང་འབྲང་བ་མེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་ཏུ་རྒྱུ་གཉིས་པོ་འདུལ་བའི་དུས་ལ་བབ་པར་མཁྱེན་ཞིང༌། དེའང་སྤྱོད་ལམ་གྱིས་འདུལ་བ་ཡིན་པས། འཕགས་པ་
རྟ་ཐུལ་ལ་བཀའ་སྩལ་པ། ཁྱོད་ཀྱིས་ཀུན་ཏུ་རྒྱུ་གཉིས་པོ་ལ་སོམས་ཤིགདེས་ཀྱང་སྔ་དྲོའི་དུས་སུ་སྤྱོད་ལམ་མཆོག་གིས་བསོད་སྙོམས་ལ་ཞུགས་པའི་ཚེ། ཀུན་ཏུ་རྒྱུ་གཉིས་ཀྱིས་ཀྱང་ཐག་རིང་པོ་ནས་མཐོང་སྟེ་ངོ་མཚར་སྐྱེས་སོ། །གྲོང་ཁྱེར་ནས་ཕྱིར་འོང་བའི་ཚེ་དྲི་བར་བྱའོ་སྙམ་ནས་གྲོང་ཁྱེར་དུ་བྱ་བ་རྣམས་མགྱོགས་པར་བྱས་ཏེ། ཉེར་རྒྱལ་སྔོན་ལ་གྲོང་ཁྱེར་གྱི་ཕྱིར་ཕྱུང་སྟེ་ལམ་ཐམས་ཅད་འདུས་འདུས་པའི་མདོ་ཞིག་ཏུ་བསྒུག་ཅིང་འདུག་གོ །ཇི་ཞིག་ན་འཕགས་པ་རྟ་ཐུལ་ཡང་གྲོང་ཁྱེར་གྱི་ཕྱིར་བྱུང་བ་ན། ཉེར་རྒྱལ་གྱིས་སྨྲས་པ། ཁྱོད་ཀྱི་སྟོན་པ་ནི་གང་ཡིན། གང་གི་ཕྱིར་རབ་ཏུ་བྱུང༌། སུའི་ཆོས་ལ་དགའ། རྟ་ཐུལ་གྱིས་སྨྲས་པ། ཁོ་བོའི་སྟོན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །དེའི་ཕྱིར་རབ་ཏུ་བྱུང་ཞིང་དེའི་ཆོས་ལ་དགའོ། །ཉེར་རྒྱལ་གྱིས་སྨྲས་པ། དགེ་སློང་དེའི་ཕྱིར་ཆོས་སྟོན་ཅིག རྟ་ཐུལ་གྱིས་སྨྲས་པ། ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང༌། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ། །དེ་སྐད་གསུང་བའི་ཚུལ་ཅན་དགེ་སྦྱོང་ཆེ། །དེའི་ཚེ་ཉེར་རྒྱལ་གྱིས་བདེན་པ་མཐོང་སྟེ་རྟ་ཐུལ་ལ་ཐལ་མོ་སྦྱར་བ་བཏུད་ནས། སྐྱོབ་པ་རྣམས་ཀྱི་ཆོས་འདི་ཡིན། །བསྐལ་མང་བྱེ་བ་ཁྲག་ཁྲིག་ཏུ། །སྔོན་ཆད་མ་མཐོང་མ་ཐོས་པ། །འཆི་མེད་མྱ་ངན་འདས་པ་ཡི། །གོ་འཕང་འདི་ལ་རྗེས་སུ་རྟོགས། །བཅོམ་ལྡན་འདས་དེ་ད་ལྟར་གང་དུ་བཞུགས། རྟ་ཐུལ་གྱིས་སྨྲས་པ། འོད་མའི་ཚལ་འདི་ཉིད་ནའོ། །དེ་ནས་ཉེར་རྒྱལ་ཡང་པང་ན་སྐྱེས་ཀྱི་སར་སོང་ནས་བདུད་རྩི་ཐོབ་པར་བརྡ་སྤྲད་དེ། སྔར་གྱི་ཚིགས་བཅད་དེ་བརྗོད་པས། པང་ན་སྐྱེས་ཀྱིས་ཀྱང་བདེན་པ་མཐོང་ཞིང་ཆེད་དུ་བརྗོད་པའི་བར་སྔ་མ་བཞིན་ནོ། །དེ་ནས་ཀུན་ཏུ་རྒྱུ་གཉིས་ཀྱིས་འཁོར་རྣམས་ལ་རིག་པར་བྱས་ཏེ། དེ་དག་
ཀྱང་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་འཇུག་པར་ཁས་བླངས་ནས། ཀུན་ཏུ་རྒྱུ་གཉིས་པོ་བྲམ་ཟེའི་ཁྱེའུ་ཉིས་བརྒྱ་ལྔ་བཅུ་རེ་དང་བཅས་ཏེ་འོད་མའི་ཚལ་དུ་ཞུགས་པ་ན། འཕགས་པ་རྟ་ཐུལ་ཤིང་དྲུང་ན་བཞུགས་པ་མཐོང་སྟེ། དང་པོར་བཅོམ་ལྡན་འདས་ལ་བསྙེན་བཀུར་བྱའམ། འོན་ཏེ་ཆོས་ཐོས་པ་ལ་བྱ་སྙམ་པ་ལས། ཆོས་ཐོས་པ་ལ་ཐོག་མར་བྱ་དགོས་པར་ཤེས་ནས་དང་པོར་རྟ་ཐུལ་གྱི་ཞབས་ལ་ཕྱག་བྱས་སོ། །སྟོན་པས་བཀའ་སྩལ་པ། རྒན་ནམ་ཡང་ན་བཞོན་ཡང་རུང༌། །གང་ལས་ཆོས་ནི་རྣམ་ཤེས་པ། །དེ་ལ་ཐོག་མར་ཕྱག་བྱ་སྟེ། །བྲམ་ཟེ་གཙང་མས་མེ་བཞིན་ནོ། །དེ་ནས་དེ་གཉིས་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མས་བསྐོར་བའི་དྲུང་དུ་འོང་བ་ན། སྐུའི་དྲུང་དུ་མ་ཕྱིན་གོང་སྟོན་པས་རྒྱང་རིང་པོ་ནས་གཟིགས་ཙམ་ནས་དེ་གཉིས་ཀྱི་ཆེད་དུ་བརྗོད་པ་དུ་མ་མཛད་དེ། རྫུ་འཕྲུལ་དང་ལྡན་པའི་མཆོག་དང༌། ཤེས་རབ་ཅན་གྱི་མཆོག་ཏུ་སྔ་ཉིད་ནས་ལུང་བསྟན་ཏོ། །དེའི་ཚེ་དགེ་སློང་དགྲ་བཅོམ་པ་གཅིག་གིས་ཆེད་དུ་བརྗོད་དེ། སྟོན་པ་དགོངས་ཡུལ་མཐའ་ཡས་པ། །སྐྱེ་རྒུའི་དབང་པོ་ཁྱོད་མཐར་བྱོན། །བཅོམ་ལྡན་སྲིད་པ་མཐར་མཛད་པས། །གྲོགས་པོ་ཉེར་རྒྱལ་པང་ན་སྐྱེས། །དེ་ལྟར་འོངས་པ་གཟིགས་གྱུར་ནས། །འོད་མའི་ཚལ་དུ་མ་ཕྱིན་པར། །ཚོགས་མཆོག་དབུས་སུ་དེ་གཉིས་ནི། །འདི་གཉིས་ང་ཡི་ཉན་ཐོས་ཀྱི། །མཆོག་ཟུང་འགྱུར་ཞེས་ངེས་བསྟན་ཏེ། །གཅིག་ནི་རྫུ་འཕྲུལ་ལྡན་པའི་མཆོག །གཅིག་ཤོས་ཤེས་རབ་ལྡན་པ་ཡི། །མཆོག་ཏུ་འགྱུར་བར་ལུང་བསྟན་མཛད། །ཅེས་སོ། །དེ་ནས་ཉེར་རྒྱལ་དང་པང་ནས་སྐྱེས་པ་ལ་སོགས་པ་བྲམ་ཟེའི་རིགས་ཀྱི་ཀུན་ཏུ་རྒྱུ་ལྔ་བརྒྱ་དག་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པར་གསོལ་བ་བཏབ་པ་ན། བཅོམ་ལྡན་
འདས་ཀྱིས་དེ་དག་ལ་དགེ་སློང་དག་ཚུར་ཤོག་ཚངས་པར་སྤྱད་པ་སྤྱོད་ཅིག ཅེས་བཀའ་སྩལ་པའི་མཇུག་ཁོ་ནར་སྐྲ་དང་ཁ་སྤུ་བྲེགས་ནས་ཞག་བདུན་ལོན་པ་ཙམ་དུ་གྱུར། ལག་ན་ནི་ལྷུང་བཟེད་དང་བྱ་མ་བུམ་ཐོགས། ལུས་ལ་ནི་ཆོས་གོས་རྣམ་པ་གསུམ་གཡོགས། སྤྱོད་ལམ་ནི་བསྙེན་པར་རྫོགས་ནས་ལོ་བརྒྱ་ལོན་པ་ལྟར་ཤིན་ཏུ་དུལ་བ་གྱུར་ཏེ། དེའི་ཚེ་ལྷ་རྣམས་ཀྱིས། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། །དེ་དག་མགོ་བྲེགས་ལུས་ལ་སྣམ་སྦྱར་གྱོན། །མོད་ལ་དབང་པོ་རབ་ཞི་གནས་གྱུར་ཏེ། །སངས་རྒྱས་དགོངས་པས་ལུས་ཟུང་བཀབ་པར་གྱུར། །ཞེས་ཆེད་དུ་བརྗོད་པར་བྱེད་དོ་དེའི་ཚེ་དགེ་སློང་མང་པོ་བསོད་སྙོམས་ལ་ཞུགས་པ་ན་སྐྱེ་བོ་མ་དད་པ་དག་འདི་སྐད་ཅེས། སངས་རྒྱས་མ་ག་དྷཱ་དག་གི །གྲོང་མཆོག་རྒྱལ་པོའི་ཁབ་གཤེགས་པས། །ཡང་དག་རྒྱལ་བས་ཀུན་ཁྲིད་ན། །ཕྱི་ནས་ཅི་ཞིག་བཀྲི་བར་བྱ། །ཞེས་ཟེར་བ་ན། དགེ་སློང་རྣམས་ཀྱིས་ལན་སྨྲ་བར་མ་ནུས་སོ། །ནངས་པར། འདི་ན་དཔའ་ཆེན་བདེ་གཤེགས་དང༌། །དམ་པའི་ཆོས་ཀྱིས་བཀྲི་མཛད་དེ། །ཐམས་ཅད་ཆོས་ཀྱིས་བཀྲི་བ་ལ། །མཁས་པ་སུ་ཞིག་མི་བཟོད་བྱེད། །ཅེས་སྨྲོས་ཤིག་ཅེས་བཀའ་སྩལ་པ་ལྟར་བྱས་པས་སྤོབས་པ་ལན་མེད་དོ། །དེ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་བསྙེན་པར་རྫོགས་ནས་ཞག་བཅོ་ལྔ་ལོན་པ་ན་བཅོམ་ལྡན་འདས་ཀྱི་སྐུའི་དྲུང་དུ་བསིལ་ཡབ་གཡོབ་ཅིང་འདུག་གོ །དེའི་ཚེ་སངས་རྒྱས་ཀྱིས་ཀུན་ཏུ་རྒྱུ་སེན་རིངས་ལ་ཆོས་བསྟན་པས་སེན་རིངས་ཀྱིས་བདེན་པ་མཐོང་ཞིང༌། ཤཱ་རིའི་བུས་དགྲ་བཅོམ་པ་ལེན་པ་ལས་སེམས་རྣམ་པར་གྲོལ་བ་ཐོབ་བོ། །དེ་ནས་རིང་པོ་མ་ལོན་པ་ཁོ་ནར་མཽད་གལ་གྱི་བུ་ལ་སོགས་པ་ཀུན་ཏུ་རྒྱུ་ལྔ་བརྒྱ་ཡང་དགྲ་བཅོམ་པ་ཉིད་ཀྱི་འབྲས་བུ་མངོན་དུ་བྱས་ཏེ། དེ་ཡན་ཆད་ཉན་ཐོས་དགྲ་བཅོམ་པའི་དགེ་སློང་གི་དགེ་འདུན་ཆེན་པོ་གྲངས་ངེས་པ་དང་བཅས་པ་ཡིན་ཏེ། དགེ་སློང་དགྲ་བཅོམ་
པ་སྟོང་དྲུག་བརྒྱ་ཉི་ཤུའོ། །བདེན་པ་མཐོང་ནས་དགྲ་བཅོམ་པ་མ་ཐོབ་ཀྱི་བར་ལ་ཅུང་ཟད་རེ་ཐོགས་པའི་སྐབས་མ་གཏོགས། གཞན་དགྲ་བཅོམ་པ་ཁོ་ནའི་འཁོར་ཡིན་པས་སོ་སོ་སྐྱེ་བོའི་དགེ་འདུན་མེད་དོ། །དེར་དུས་ཅུང་ཟད་གཅིག་ལ་ཐོག་མའི་དགྲ་བཅོམ་པ་བརྒྱ་ཉི་ཤུ་དང༌། མཆོག་ཟུང་གཅིག་གི་འཁོར་ཉིས་བརྒྱ་ལྔ་བཅུ་ནི་ཡུལ་ཐ་དད་པ་སོ་སོར་ལྗོངས་རྒྱུ་ཞིང་ཆོས་སྟོན་པའི་ཕྱིར་གཤེགས་ལ། རལ་པ་ཅན་སྟོང་རབ་ཏུ་བྱུང་བ་དང༌། མཆོག་ཟུང་གཅིག་གི་འཁོར་ཉིས་བརྒྱ་ལྔ་བཅུ་ནི་སྟོན་པའི་ཞབས་འབྲིང་དུ་ཆོས་ཉན་པའི་ཕྱིར་འདུག་པས་ན། དེར་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཞེས་གྲགས་སོ། །དེ་ནས་ནི་གང་ཟག་དེ་དག་ཏུ་མ་ངེས་མོད། ཕྱིས་ཀྱང་སྟོན་པའི་སྐུ་དྲུང་དུ་ཉན་ཐོས་ཀྱི་དགེ་སློང་དགྲ་བཅོམ་པ་ཉིས་བརྒྱ་ལྔ་བཅུ་ཙམ་ཚོགས་པ་ཉིད་ཤས་ཆེ་བར་གྲགས་སོ། །གང་གི་ཚེ་མཆོག་ཟུང་གཅིག་དགྲ་བཅོམ་པ་ཐོབ་པ་ནས། དགེ་སློང་གི་དགེ་འདུན་ཉིན་རེ་བཞིན་ཕྱོགས་ཐམས་ཅད་དུ་འཕེལ་བར་གྱུར་པས་གྲངས་ངེས་པའི་ཚད་གཟུང་བར་དཀའ་བ་ཉིད་དེ། དེ་ཕྱིན་ཆད་ནས་དགྲ་བཅོམ་པ་དང༌། འཕགས་པ་སློབ་པ་དང༌། སོ་སོ་སྐྱེ་བོ་ཡང་རུང་སྟེ་མ་ངེས་པ་སྣ་ཚོགས་པའོ། །སོ་བཞི་པ་ཀླུ་ཨེ་ལའི་འདབ་བཏུལ་བ་ནི། ཡང་བཅོམ་ལྡན་འདས་ཡུལ་ཀཱ་ཤིའི་ལྗོངས་རྒྱུ་ཞིང་གཤེགས་ཏེ། དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་བཞུགས་ཤིང་ཆོས་སྟོན་ཏོ། །ལྔ་སྡེ་ལ་སོགས་པ་ནགས་ཚལ་དང་འབྲོག་དགོན་པར་གནས་པ་རྣམས་སྡིག་སྦྲུལ་དང་གཅན་གཟན་དང་ཉི་ལྷགས་དང་ཆར་པ་ལ་སོགས་པས་མི་བདེ་བར་གྱུར་ཏེ། དེའི་ཚེ་ཁྱིམ་བདག་བཟང་ལྡན་ནམ་དགེ་ལེགས་ཞེས་བྱ་བས་གཙུག་ལག་ཁང་བྱས་ཏེ་ཕུལ་ལོ། །དེའི་གོང་དུ་ཨེ་ལའི་འདབ་ཅེས་བྱ་བའི་ཀླུ་ཞིག་
གིས་ལྕང་ལོ་ཅན་དུ་ཕྱིན་ནས་འདི་སྐད་དུ། རྒྱལ་པོ་བདག་པོ་གང་ཞིག་ནི། །ཆགས་ན་རྡུལ་དང་ལྡན་པ་ཡིན། །རྡུལ་མེད་ན་ནི་རྡུལ་བྲལ་འགྱུར། །གང་གིས་འདིར་ནི་ཆགས་ཞེས་བརྗོད། །ཅེས་སོགས་ཚིགས་བཅད་གཉིས་སྔཽན་གྱི་སངས་རྒྱས་ཀྱིས་གསུངས་པའི་ཚིགས་བཅད་ཡིན་ཏེ། དེ་ལྟ་བུ་རྩིག་ལོགས་ལ་བྲིས་ནས་ཡོད་པ་ལས། གནོད་སྦྱིན་གསེར་འོད་ཞེས་བྱ་བས་བཀླགས་ཤིང་བློ་ལ་བཟུང་ནས་ཡི་གེར་བྲིས་ནས་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ལ་གཏད་དེ། འདི་ནི་སྔོན་གྱི་སངས་རྒྱས་ཀྱི་གསུང་ཡིན་ན་དོན་སུས་ཀྱང་མ་ཤེས་ཏེ། གསེར་འབུམ་དང་ལྷན་ཅིག་འདི་ཁྱེར་ལ་འདིའི་དོན་ཤེས་ན་གསེར་འདི་སྦྱིན་ནོ་ཞེས་གྲོང་ཁྱེར་དང་ཕོ་བྲང་ཀུན་ཏུ་སྐོར་ཤིགགལ་ཏེ་སྨྲ་བ་ཡོད་ན་གསེར་འབུམ་བྱིན་ཞིག མེད་ན་ནི་གྲོང་ཁྱེར་མ་ཡིན་ནོ་ཞེས་སྒྲོགས་ལ་གཞན་དུ་སོང་ཞིག ཅེས་བྱས་སོ། །དེ་ནས་ཀླུ་ཨེ་ལའི་འདབ་ཀྱིས་བྲམ་ཟེའི་གཟུགས་སུ་སྤྲུལ་ནས། དེ་གཉིས་ཐོགས་ཏེ་གྲོང་ཁྱེར་མང་པོ་ཞིག་བསྐོར་ཀྱང་ལན་འདེབས་པ་མེད་པས་གྲོང་ཁྱེར་མ་ཡིན་པར་བསྒྲགས་ཤིང་སྨད་ནས་མཐར་ཝཱ་རཱ་ན་སཱིར་སོང་ངོ༌། །དེར་ཡང་ལན་སྨྲ་བ་མ་རྙེད་ནས་སྨོད་པར་བརྩམས་པ་ལ་མི་རྣམས་ན་རེ། དགོན་པ་བ་རྣམས་ལ་དྲིས་ཤོག་ཟེར་རོ། །དྲང་སྲོང་ཉོན་མོངས་མེད་ཀྱི་སློབ་མ་མི་བྱིན་དེར་འོངས་པ་དང་འཕྲད་ནས་ཞག་བདུན་ནས་ལན་འདེབས་པར་ཁས་བླངས་ཏེ། མི་བྱིན་དང་ལྔ་སྡེ་འདྲིས་ཤེས་སུ་ཡོད་པས་ལྔ་སྡེ་རྣམས་ལ་དྲིས་པ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་ཤིག་ཟེར་རོ། །མི་བྱིན་གྱིས་སངས་རྒྱས་འཇིག་རྟེན་དུ་འབྱུང་བ་སྔར་མ་ཐོས་པ་ལས། དེར་ཐོས་ནས་དགའ་བ་སྐྱེས་ཏེ། བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཞབས་ལ་ཕྱག་བྱས་ཏེ་འདུག་པ་ལ། སྟོན་པས་ཆོས་བསྟན་པས་དེ་ཉིད་དུ་བདེན་པ་མཐོང༌། རབ་ཏུ་འབྱུང་བར་ཞུས་པ་ལ། ཁྱོད་ཀྱིས་
ཀླུ་བྲམ་ཟེའི་གཟུགས་སུ་སྤྲུལ་པ་ལ་དམ་བཅས་པའི་དོན་འདི་གྱིས་ལ། ཕྱིས་རབ་ཏུ་བྱུང་ཞིག དེ་ནས་མི་བྱིན་གྱིས་སྟོན་པ་ལ་ཚིགས་བཅད་དེའི་དོན་དྲི་བ་ཞུས་ཤིང༌། སྟོན་པས་ཀྱང་དོན་རྒྱས་པར་གསུངས། དེ་ནས་མི་བྱིན་གྱིས་ཀྱང་ཀླུ་བྲམ་ཟེའི་གཟུགས་ཀྱི་ཐད་དུ་སོང་ནས་རྒྱས་པར་བརྗོད་པས། ཀླུ་ཨེ་ལའི་འདབ་དེས་ཀྱང་སངས་རྒྱས་འཇིག་རྟེན་དུ་བྱོན་པར་ཤེས་ནས། རང་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པའི་ཆ་བྱད་དུ་སྤྲུལ་ནས་སྟོན་པའི་སྤྱན་སྔར་སོང་བ་ན། འཁོར་སོ་སོ་སྐྱེ་བོ་རྣམས་ཀྱིས་མཐོང་ནས་དེ་ལ་ཡིད་གཡེངས་ཤིང་སྨོན་པར་བྱེད་པ་ན། སྟོན་པས་བཀའ་དྲག་པོ་ཕབ་སྟེ། ཁྱོད་རང་གི་ཆ་ལུགས་ཀྱིས་ཤོག་ཅིག་ཅེས་བཀའ་སྩལ་པ་ན། བདག་ཅག་ཀླུ་རྣམས་ལ་དགྲ་མཆིས་སོ་ཞེས་ཞུས་པས། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེ་ལ་ཀླུ་ཨེ་ལའི་འདབ་ལ་གཞན་གྱིས་གནོད་པ་སྲུངས་ཤིག་པར་བཀའ་བསྒོས་ཏེ། དེའི་ཚེ་ཀླུའི་རྒྱལ་པོ་དེ་རང་གཟུགས་སྦྲུལ་གྱི་རྣམ་པ་འཇུག་མ་ནི་གྲོང་ཁྱེར་རྡོ་འཇོག་ནས་འོང་ཡང་མགོ་བོ་ཝཱ་རཱ་ན་སཱིར་སླེབ་པའི་ལུས་ཤིན་དུ་རིང་བ། མགོ་བོ་བདུན་པ་མགོ་བོ་རེ་རེ་ལ་ཡང་ཤིང་ཨེ་ལའི་སྡོང་པོ་བདུན་བདུན་སྐྱེས་པ། འབུ་སྦྲང་བརྒྱ་ཕྲག་དུ་མས་གཙོས་པ་ཞིག་བྱུང་ངོ༌། །དེར་འཁོར་སོ་སོ་སྐྱེ་བོ་རྣམས་སྐྲག་པ་ལ་སྔར་ཁྱེད་རྣམས་གང་ལ་སྨོན་པར་བྱེད་པའི་གནས་འཁོར་ལོས་སྒྱུར་བའི་རྒྱལ་པོའི་གཟུགས་ཅན་དེ་ནི་འདི་ཡིན་ནོ་ཞེས་བསྟན་པས། དེ་རྣམས་འཇིགས་ཤིང་སྐྱོ་བས་འདོད་ཆགས་དང་བྲལ་བར་གྱུར་ལ། དེ་ནས་ཀླུ་དེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད་ཅིང༌། མ་འོངས་པ་ན་སངས་རྒྱས་བྱམས་པས་ལུང་སྟོན་པར་དབུགས་ཕྱུང་བས་ཀླུ་དེ་ཡང་མི་སྣང་བར་སོང་ངོ༌། །དེ་ནས་མི་བྱིན་ཡང་ཚུར་ཤོག་གིས་བསྙེན་བར་རྫོགས་ཏེ། དེ་ནི་འཕགས་པ་ཀཱ་ཏྱ་ཡ་ན་ཆེན་པོ་ཡིན་ནོ། །
བཅོམ་ལྡན་འདས་ཀྱིས་དེ་ལ་ཡོད་པ་དང་མེད་པའི་མཐའ་གཉིས་ལ་མི་བརྟེན་པའི་ཚུལ་གྱིས་ཆོས་བསྟན་པས་ཀཱ་ཏྱ་ཡ་ནས་དགྲ་བཅོམ་པ་ཐོབ་བོ། །དེ་ནས་མི་རིང་བའི་དུས་གཞན་ཞིག་ན། སྟོན་པ་འཁོར་དང་བཅས་པ་ཡུལ་མ་ག་དྷཱར་བཞུགས་སོ། །སོ་ལྔ་པ་འཕགས་རྒྱལ་འདུལ་བར་མངགས་པ་ནི། དེའི་ཚེ་ནུབ་ཕྱོགས་ཀྱི་ཡུལ་མཱ་ལ་བའི་གྲོང་ཁྱེར་འཕགས་རྒྱལ་ན་རྒྱལ་པོ་གཏུམ་པོ་རབ་སྣང་རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ན། ཡུལ་དེར་ཡམས་ནད་ཆེན་པོ་བྱུང་སྟེ། སྔགས་མཁན་རྣམས་ཡམས་ནད་ཞི་བའི་ཐབས་ལ་བརྩོན་པར་བྱེད་ཀྱང་རེ་ཞིག་མ་ཞིའོ། །དེའི་ཚེ་གདུལ་བའི་དུས་ལ་བབ་པར་མཁྱེན་ནས། འཕགས་པ་ཀཱ་ཏྱ་ཡ་ན་འཁོར་ལྔ་བརྒྱ་དང་བཅས་པ་ལ་རྒྱལ་པོ་རབ་སྣང་ལ་སོགས་པ་འཕགས་རྒྱལ་གྱི་སྐྱེ་བོ་རྣམས་འདུལ་བར་བཀའ་སྩལ་ཏེ། དེ་རྣམས་འཕགས་ཏེ་བྱོན་པ་ན། བར་ལམ་གྱི་ཡུལ་གྲོང་ཁྱེར་ཀ་ནྱ་ཀུ་པ་ཛ་ན། སྔོན་འཕགས་པ་ཀཱ་ཏྱ་ཡ་ན་དང་མཛའ་བཤེས་སུ་གྱུར་པའི་བྲམ་ཟེ་ཞིག་ལ་བུ་མོ་གཟུགས་བཟང་བ་མིང་སྐྲ་ཅན་ཞེས་བྱ་བ་ཞིག་ཡོད་དོ། །དེའི་ཚེ་ལྷོ་ཕྱོགས་ནས་འོངས་བའི་གར་མཁན་གྱི་སློབ་དཔོན་ཞིག་གིས་དེའི་སྐྲ་མཐོང་ནས་ཕ་བྲམ་ཟེ་ལ་སྐྲ་འདི་ང་ལ་ཚོངས་ཤིག གསེར་བ་ཎ་སྟོང་འཇལ་ལོ། །བྲམ་ཟེས་ཚིག་དྲག་པོས་སྤྱོས་ཏེ་མ་བཙོངས་པ་ལས། ཕྱི་དེ་ཉིན་བྲམ་ཟེ་རང་ཉིད་ཤིའོ། །དེ་ནས་མི་རིང་བར་ཀཱ་ཏྱ་ཡ་ན་འཁོར་བཅས་འབྱོན་ནོ་ཞེས་བྲམ་ཟེའི་ཆུང་མས་ཐོས་ནས། དེ་ནི་བྲམ་ཟེ་དེའི་ཆུང་གྲོགས་ཡིན་ན། འདིར་འོངས་པ་ལ་མགྲོན་མཆོད་བྱར་མེད་དོ་སྙམ་ནས་ཤིན་ཏུ་ཡིད་ཁོང་དུ་ཆུད་པ་ལ། བུ་མོས་དྲིས་པས་དོན་དེ་བཤད་པ་ན། འོ་ན་བདག་གི་སྐྲ་ཚོངས་ཤིག་བྱས་སོ། །དེར་ཡང་གར་མཁན་གྱི་སློབ་དཔོན་དེ་ལ་དྲིས་པས། ད་ནི་མི་དགོས་མོད་འོན་ཀྱང་པ་ཎ་ལྔ་བརྒྱར་འཚོང་
ན་བླང་ངོ་ཟེར་རོ།། དེར་སྐྲ་བཙོངས་ཏེ་པ་ཎ་ལྔ་བརྒྱ་བླངས། འཕགས་པ་ཀཱ་ཏྱ་ཡ་ན་འཁོར་དང་བཅས་པ་ལ་གདུགས་ཚོད་གསོལ་བའི་མཆོད་པ་བཟང་པོར་བྱས་སོ། །དེ་ནས་བྲམ་ཟེ་མོ་ཆོས་ཉན་པའི་ཕྱིར་འདུག་པ་ན། འཕགས་པས་སྐྲ་ཅན་ག་རེ་ཞེས་དྲིས་པ་ན། སྤྱོད་ལམ་ཉམས་ཏེ་མཆིས་སོ་ཞེས་སྔར་གྱི་ལོ་རྒྱུས་གསོལ་ཏོ། །དེ་ནས་འཕགས་པའི་ཞབས་དྲུང་དུ་སྐྲ་ཅན་བོས་ཏེ་ཞབས་ལ་ཕྱག་འཚལ་དུ་བཅུག །དེར་བྲམ་ཟེ་མོས་སྐྲ་ཅན་འདི་སུ་ལ་སྦྱིན་ཞུས་པས། རབ་ཏུ་བྱུང་བ་ལ་འཚམ་པ་མ་ཡིན་པ་ཞིག་དྲིས་མོད་ཀྱི། འོན་ཀྱང་འདི་གང་ལ་སྦྱིན་པ་དེ་ལས་སྦས་པའི་རྒྱན་ལྔ་བརྒྱ། ཕྱིའི་རྒྱན་ལྔ་བརྒྱ། གྲོང་གི་མཆོག་ལྔ་བརྒྱ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ཏེ་བྱོན་པ་ལས། གང་གི་ཚེ་འཕགས་པ་འཁོར་བཅས་གྲོང་ཁྱེར་འཕགས་རྒྱལ་དུ་བྱོན་པའི་མོད་ཁོ་ན་ལ། ནད་གཏོང་བའི་མི་མ་ཡིན་ཤས་ཆེ་བ་དག་རིང་དུ་བྲོས་ཏེ། ཡམས་ནད་ཀྱི་ཕྱེད་ཙམ་ཞིའོ། །གྲོང་ཁྱེར་གྱི་སྒོ་སྲུང་པས་ཆ་བྱད་སྔོན་མ་མཐོང་བའི་དགེ་སྦྱོང་ལྔ་བརྒྱ་གྲོང་ཁྱེར་འདིར་འོངས་པའི་མོད་ལ་ཡམས་ཀྱི་ཕྱེད་ཞིའོ་ཞེས་རྒྱལ་པོ་ལ་གསོལ་བས་རྒྱལ་པོ་དགྱེས་སོ། །བྲམ་ཟེ་རྣམས་ནི་བདག་ཅག་གིས་ཞི་བའི་ལས་བྱས་པའི་མཐུའོ་ཞེས་ཟེར། དེར་རྒྱལ་པོས་གླང་པོ་ཆེའི་བྲེས་མི་གཙང་བའི་ས་ཕྱོགས་སུ་ཀཱ་ཏྱ་ཡ་ན་སོགས་དགེ་སློང་ལྔ་བརྒྱ་དང༌། བྲམ་ཟེ་རྣམས་བོས་ཏེ་ཁ་ཟས་ངན་པ་དག་བསྟབས་སོ། །ཕྱིར་བྱུང་བ་ན། རྒྱལ་པོས་མི་ཞིག་དོ་གལ་མེད་པར་ལྟར་བྱས་ཏེ། རྙེད་བཀུར་བཟང་ངན་འདྲིར་བཅུག་པས། བྲམ་ཟེ་རྣམས་ནི་རྒྱལ་པོ་ལ་ངན་དུ་སྨྲ། དགེ་སློང་རྣམས་ནི་སྦྱིན་པ་པོས་ནི་བྱིན། ལེན་པ་པོས་ནི་བླངས། འབྱུང་བ་རྣམས་ཚིམས་ཏེ་ཉིན་ཞག་གཅིག་གི་རྒྱགས་བླངས་སོ། །ཞེས་ཟེར་བ་རྒྱལ་པོ་ལ་བསྙད་དོ། །
ཡང་ནངས་པར་གནས་ཁང་གཙང་མར་སྡེ་གཉིས་ཀ་བོས་ཏེ་ཁ་ཟས་བཟང་པོས་བསྟབས་ཤིང༌། ཕྱོགས་གཞན་དུ་མི་གཞན་ཞིག་སྔར་ལྟར་འདྲིར་བཅུག་པས་བྲམ་ཟེ་རྣམས་ནི་རྒྱལ་པོ་ལ་བསྟོད། དགེ་སློང་རྣམས་ནི་སྔ་མ་ཁོ་ན་བཞིན་དུ་ཟེར་རོ། །དེ་བཞིན་དུ་རྟའི་བྲེས་ལ་སོགས་པ་མང་པོར་སྔར་བཞིན་ཡང་ཡང་བརྟགས་པས་དགེ་སློང་རྣམས་འགྱུར་བ་མེད་ཅིང༌། བྲམ་ཟེ་རྣམས་ནི་སྲེད་པས་ཟས་ངོ་ལ་ལྟ་ཞིང་འཕྲལ་འཕྲལ་དུ་ངོ་འགྱུར་བར་ཤེས་ནས། ཡོན་གནས་མཆོག་ནི་དགེ་སློང་དུ་ངེས་པ་རྙེད་པས་ཡང་ཡང་མཆོད་ཅིང༌། ལན་ཅིག་བྲོ་གར་རྩེ་བ་དུ་མ་ཡོད་པ་ལ་རྒྱལ་པོས་གླུ་གར་བཟང་ངན་དྲིས་པས། དགེ་སློང་རྣམས་ཀྱིས་མ་ཐོང་ཞིང་མ་ཐོས་སོ་ཞེས་ལན་བཏབ་པས་རྒྱལ་པོ་ཡིད་མ་ཆེས་པ་ལ། ཆད་པས་གསོད་དགོས་པ་ལ་ཐུག་པའི་མི་ཞིག་གི་ལག་ཏུ་སྣུམ་གྱིས་ཁ་ད་ཆད་དུ་གང་བའི་གཞོང་པ་གཏད། ཐིགས་པ་གཅིག་བོ་ཡང་གསོད་དོ་ཞེས་སྡིགས་ནས། བྲོ་གར་རྩེ་བ་རྣམས་ཀྱི་མདུན་ན་ཕར་ལམ་བྱས་ཏེ་འགྲོར་བཅུག་གོ །དེའི་རྗེས་སུ་གླུ་དང་རོལ་མོ་ཇི་ལྟ་བུ་མཐོང་ཞེས་འདྲིར་བཅུག་པས། བདག་ནི་གསོད་པས་འཇིགས་ཏེ་གང་ཡང་མ་མཐོང་ངོ་ཞེས་སོ། །དེར་འཕགས་པས་གསུངས་པ། འདི་ཚེ་གཅིག་གི་སྡུག་བསྔལ་གྱིས་འཇིགས་པས་བག་ཡོད་པའང་འདི་འདྲ་ན། དགེ་སློང་རྣམས་ཚེ་རབས་དུ་མའི་སྡུག་བསྔལ་གྱིས་འཇིགས་པས་བག་ཡོད་ཀུན་ཏུ་སྲུང་བ་ལྟ་ཅི་སྨོས་གསུང༌། དེ་ནས་རྒྱལ་པོ་ལྷག་པར་ཡང་དད་དེ་འཕགས་པ་འཁོར་བཅས་ལ་ཆེར་མཆོད་ནས། འཕགས་པ་ལ་མཆོད་པ་འདི་ལྟ་བུས་མཆོད་པ་གཞན་ཡོད་དམ། ཞེས་ཞུས་པས། འདི་ཙམ་ངོ་མཚར་མི་ཆེ་ཡི། བུ་མོ་ཞིག་ལ་ཡོ་བྱད་གཞན་གང་ཡང་མེད་དོ། །རང་གི་སྐྲ་པ་ན་ལྔ་བརྒྱ་ལ་བཙོངས་ཏེ་འདི་ལྟར་ཚིམ་པར་བྱས་སོ། །ཞེས་གསུངས་སོ། །རྒྱལ་པོས་པ་ན་ལྔ་བརྒྱར་འདོམས་
པའི་སྐྲ་དང་ལྡན་པ་ནི་ལྷ་རྣམས་ཀྱི་ནང་ན་ཡང་དཀོན་ནོ་སྙམ་སྟེ་ཞོ་ཤས་འཚོ་བ་རྣམས་སློང་དུ་བཏང་ནས། བྲམ་ཟེའི་བུ་མོ་སྐྲ་ཅན་མ་དེ་འབྱོར་བ་ཆེན་པོས་བཙུན་མོར་བླངས་ཤིང༌། སྦས་པའི་རྒྱན་ལྔ་བརྒྱ་ལ་སོགས་པ་ཡང་མ་བྲམ་ཟེ་མོ་ལ་བྱིན་ནོ། །སྐྲ་ཅན་མ་འཕགས་རྒྱལ་དུ་ནམ་སླེབ་པ་ན་ཡམས་ནད་ཀྱི་ལྷག་མ་རྣམས་ཀྱང་མོད་ལ་ཞི་བས་བཙུན་མོ་བ་ཞེས་མིང་དུ་བཏགས་སོ། །སྐབས་འདིར་འཕྲོས་དོན་གྱི་ལོ་རྒྱུས་ནི། དེ་ལྟ་བུའི་རྗེས་ཐོགས་ལ་མིན་ཡང༌། དེ་ནས་རིང་ཞིག་ལོན་པའི་དུས་གཞན་ཞིག་ན་རྒྱལ་པོས་ཕྲ་མེན་མ་མང་པོ་ཡང་བསད། བྲམ་ཟེ་མང་པོ་དག་ལ་མཆོད་སྟོན་སྟེར་བ་ལྟར་བྱས་ཏེ་ཚོགས་པ་ལ། ཐོག་མ་ནས་བརྡ་སྦྱར་ཏེ་བྲམ་ཟེ་རེ་རེའི་རྒྱབ་ཏུ་གཤེད་མ་རེ་བསྡད་དེ། ཞོ་ལོང་ཞིག་ཅེས་བརྗོད་པ་ན་ཐམས་ཅད་ཀྱིས་མགོ་བཅད་དེ་དུས་གཅིག་ཏུ་བསད་དོ། །དེར་དེའི་ནུབ་མོ་རྒྱལ་པོའི་རྨི་ལམ་དུ། ལོ་ནི་སྟོང་ཕྲག་དྲུག་ཅུ་དང༌། །ལོ་ནི་བརྒྱ་ཕྲག་དྲུག་ཅུ་རུ། །སེམས་ཅན་དམྱལ་བར་འཚེད་རྣམས་ཀྱིས། །ནམ་ཞིག་མཐར་ནི་ཕྱིན་པར་འགྱུར། །ཞེས་པ་ལ་སོགས་པ་ས་བླའི་སྒྲ་དྲུག་དང༌། འདི་ལ་སྙིང་པོ་ཙམ་ཞིག་ལུས། །ཐམས་ཅད་གསོག་ཏུ་ཕྱུང་ཟིན་ཏེ། །རྒྱལ་བོ་སྲིན་དེ་སྙིང་པོ་ལ། །དགའ་བ་མེད་པས་རེ་བ་བོར། །ཞེས་པ་ལ་སོགས་པ་བར་སྣང་གི་སྒྲ་དྲུག་ཀྱང་ཐོས། ལུས་ལ་ཙན་དན་དཀར་པོས་བྱུགས་པ་དང༌། དམར་པོས་གཏོར་བ་དང༌། མགོ་ལ་མེ་འབར་བ་དང༌། མཆན་ཁུང་གཉིས་ནས་སྦྲུལ་རེ་འཕྱང་བ་དང༌། རྐང་པ་གཉིས་ལ་ཉ་མཁར་བ་རེ་ལྡག་པ་དང༌། ངང་པ་གཉིས་ནམ་མཁའ་ལ་འཕུར་བ་དང༌། རི་ནག་པོ་ཞིག་མདུན་ནས་འོང་བ་དང༌། ཆུ་སྐྱར་གྱི་མགོ་ལ་མི་གཙང་བ་འཐོར་བ་སྟེ་རྨི་ལྟས་བརྒྱད་རྨིས་སོ། །ནངས་པར་བྲམ་ཟེ་རྣམས་ལ་དྲིས་པས། བཟང་བར་ཤེས་ཀྱང་
ལོག་པར་སྟོན་དགོས་སོ་སྙམ་ནས། མཆོག་ལྔ་བསད་པའི་ཁྲག་ལ་ཁྲུས་བྱེད་དགོས་པ་སོགས་སྨྲས་སོ། །གཏམ་དེས་རྒྱལ་པོ་མ་མགུ་བ་ལ་ཞི་བས་བསྐུལ་ནས་ཀཱ་ཏྱ་ཡ་ན་ལ་ཞུས་པས། རྨི་ལམ་བཟང་གི་མ་འཇིགས་ཤིག་ཅེས་དབུགས་ཕྱུང་ནས། ས་བླའི་སྒྲ་དྲུག་ནི། རྒྱལ་པོ་ཁྱོད་ཀྱི་ཕ་མེས་རིམ་པ་དྲུག་ཙམ་ཆོས་དང་མ་ཡིན་པ་འདྲེས་པས་རྒྱལ་སྲིད་བྱས་ཏེ། དམྱལ་བར་སྐྱེས་པ་རྣམས་སྡུག་བསྔལ་མྱོང་བས་སྔོན་གྱི་ཚུལ་ལ་འགྱོད་དེ་སྨྲས་པའོ། །བར་སྣང་གི་སྒྲ་དྲུག་ལས་དང་པོ་ནི། ཁྱོད་ཀྱི་ཁྱིམ་གྱི་གདུང་སྙིང་པོ་མ་གཏོགས་པ་ཕལ་ཆེར་སྲིན་བུས་ཟོས་ཟིན་པས་གདུང་དེ་སྤོས་ཤིག གཉིས་པ་ནི་རྟ་རྫི་གཉེན་ལེན་གྱིས་བྱ་རོག་མོའི་སྒོ་ང་ཐམས་ཅད་བཏོན་པ་སྟེ་ཕྱིན་ཆད་ཚང་འཇོམས་སུ་མ་འཇུག་ཅིག གསུམ་པ་ནི་སྐྱེད་མོས་ཚལ་གྱི་རྫིང་བུའི་ཆུ་བསྐམས་ནས་ཆུ་སྐྱར་སྐྱོ་བ་སྟེ་རྫིང་ཆུས་ཁོངས་ཤིག བཞི་པ་ནི་རི་བོ་གཏུམ་ལྡན་ནས་གླང་པཽ་ཆེ་གཞོན་ནུ་ཞིག་བཟུང་འདུག་པས། དེས་ཕ་མ་ལོང་བ་དག་དྲན་ཏེ་རྩྭ་མི་ཟ་ཆུ་མི་འཐུང་བར་སྨྲེ་སྔགས་འདོན་པ་སྟེ་དེ་ཐོང་ཞིགལྔ་པ་ནི་ཁྱོད་ཀྱིས་རི་དྭགས་ཅིག་བཟུང་བ་དེས་ཟླ་བོ་དྲན་པས་སྨྲས་པ་སྟེ་དེའང་ཐོང་ཞིགདྲུག་པ་ནི་ཁྱོད་ཀྱིས་ངང་པ་ཅིག་བཟུང་བ་དེ་ངང་པ་གཞན་འཕུར་འགྲོ་བ་མཐོང་པས་ཡིད་སྐྱོ་བ་སྟེ་དེའང་ཐོང་ཞིག རྨིས་ལྟས་བརྒྱད་ཀྱི་དང་པོ་ནི། རྒྱལ་པོ་ཁྱོད་ལ་ལུས་འཕགས་ཀྱི་རྒྱལ་བོས་བེའུ་རས་སྐྱཻས་སུ་བསྐུར་བ་དང༌། གཉིས་པ་ནི་ས་འཛིན་གྱི་རྒྱལ་བོས་ལྭ་བ་རིན་པོ་ཆེ་དམར་པོ་ཞིག་དང༌། གསུམ་པ་ནི་ཡ་བ་ནའི་རྒྱལ་པོས་གསེར་གྱི་ཕྲེང་བ་ཞིག་དང༌། བཞི་པ་ནི་རྒྱ་ཡུལ་གྱི་རྒྱལ་བོས་རལ་གྲི་ཟུང་ཞིག་དང༌། ལྔ་པ་ནི་སིང་གཱ་ལའི་རྒྱལ་པོས་ནོར་བུའི་ལྷམ་ཟུང་ཞིག་དང༌། དྲུག་པ་ནི་བ་ག་ལའི་རྒྱལ་པཽའི་རྟ་གཉིས་དང༌། བདུན་པ་ནི་ཀ་ལིང་ཀའི་རྒྱལ་པོའི་གླང་པོ་ཆེའི་གཙོ་བོ་ཞིག་སྐྱེས་སུ་བསྐུར་བའི་ལྟས་ཏེ།
དེ་རྣམས་ཞག་བདུན་གྱི་ནང་དུ་འོང་བར་འགྱུར་རོ། བརྒྱད་པ་ནི་ཁྱོད་དང་ཞི་བ་གཉིས་ཀྱིས་ཤེས་སོ། །འོན་ཀྱང་བྲམ་ཟེ་རྣམས་ལ་ངན་སེམས་མ་སྐྱེད་ཅིག །ཅེས་གསུངས་པས་རྒྱལ་པོ་སྲོག་རྙེད་པ་བཞིན་རབ་ཏུ་དགའ་ཞིང་ཇི་སྐད་གསུངས་པ་རྣམས་བསྒྲུབས། ཞག་བདུན་གྱི་ཁོངས་སུ་སྐྱེས་རྣམས་ཀྱང་སླེབ་སྟེ། རྒྱལ་པོ་རབ་ཏུ་དད་ནས་སྐྱེས་ཀྱི་དང་པོ་བེའུ་རས་ཡུག་ཆེན་འཕགས་པ་ཀཱ་ཏྱ་ཡ་ན་ལ་ཕུལ། གཞན་མཆོག་ལྔ་ལ་ཅི་འདོད་ཁྱེར་ཞེས་འདམ་དུ་བཅུག་པས། བཙུན་མོ་ཞི་བས་གསེར་ཕྲེང༌། བཙུན་མོ་སྐྱ་སེངས་བུ་མོ་སྒྲོལ་མས་ལྭ་བ། སྲས་གཞོན་ནུ་བ་ལང་སྐྱོང་གིས་རྟ་གཉིས། བློན་པོ་གསོས་པས་རལ་གྲི། བྲམ་ཟེ་མདུན་ན་འདོན་གྱིས་ལྷམ་འདམས་སོ། །གླང་པོ་ཆེ་ནི་རྒྱལ་པོ་ཉིད་ལའོ། །དེ་ནས་རྒྱལ་པོ་རབ་སྣང་གིས་འཕགས་པ་ཀཱ་ཏྱ་ཡ་ན་དགེ་འདུན་དང་བཅས་པ་ལ་རྒྱལ་སྲིད་ཕུལ་ཡང་བཞེས་སུ་མ་གནང༌། འདོད་པ་ཐམས་ཅད་ལ་སྟོབས་ཀྱིས་སྤྱོད་པའི་རྒྱལ་སྲིད་ཕྱེད་ཕུལ་ཡང་བཞེས་སུ་མ་གནང༌། ལོངས་སྤྱོད་དང་ཡོ་བྱད་ཀྱི་མཆོག་འབུལ་བར་ཞུས་པ་ལ། ཀཱ་ཏའི་བུས་འཕགས་རྒྱལ་གྱི་གཙུག་ལག་ཁང་ནས་སྟོན་པ་ལ་ཞུས་ཤིང༌། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་ཅིང༌། མཉན་ཡོད་ནས་བཀའི་གནང་བ་སྩལ་བ། ཀཱ་ཏྱ་ཡ་ནས་ལྷའི་རྣ་བས་གསན་ཏེ་ཞུ་བ་ཞུ་ལན་མཛད་དོ། །སྐྱེ་བོ་ཕྱི་རབས་ལ་སྙིང་བརྩེ་བའི་ཕྱིར་དང༌། སྦྱིན་བདག་གི་ལོངས་སྤྱོད་འཕེལ་པའི་ཕྱིར་དགེ་འདུན་ལ་ནི་དེ་ལྟ་བུ་གནང་གི་གང་ཟག་ལ་ནི་མ་ཡིན་ནོ། །ལོངས་སྤྱོད་ནི་གྲོང་དང་ཞིང་ངོ༌། །ལོངས་སྤྱོད་ཀྱི་མཆོག་ནི་བ་ལང་དང་མ་ཧེ་དང༌། ར་ལུག་ལ་སོགས་པ་རྣམས་སོ། །ཞེས་སོགས་གསུངས་ཤིང་རྒྱལ་པོས་ཡོ་བྱད་ཕུན་སུམ་ཚོགས་པའི་གཙུག་ལག་ཁང་མང་པོ་དང༌། ལོངས་སྤྱོད་དང་ལོངས་སྤྱོད་ཀྱི་མཆོག་རྣམས་ཕྱོགས་བཞིའི་དགེ་
འདུན་ལ་ཕུལ་ལོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་ངའི་དགེ་བསྙེན་རྣམས་ཀྱི་ནང་ནས་དགེ་འདུན་ལ་ཐོག་མར་འདོད་པ་ཐམས་ཅད་ཀྱིས་སྟོབ་པའི་མཆོག་རབ་སྣང་ངོ་ཞེས་ལུང་བསྟན་ཞིང༌། བཤོས་འབུལ་བའི་མཆོག་གཟུགས་ཅན་སྙིང་པོ། གནས་མལ་འབུལ་བའི་མཆོག་མགོན་མེད་ཟས་སྦྱིན། གཙུག་ལག་ཁང་བྱེད་པའི་མཆོག་ཁྱིམ་བདག་བཟང་ལྡན་ནོ། །ཞེས་ཀྱང་གསུངས་སོ། །རྒྱལ་པོ་གཏུམ་པོ་རབ་སྣང་དེ་ལ་ཡོད་པའི་མཆོག་ལྔ་ནི་གོང་དུ་བཤད་པ་དེ་དག་ཡིན་ཞིང༌། ཉེ་བའི་མཆོག་ལྔ་ནི་གླང་པོ་ཆེ་འདམ་བུ་རི་ཞེས་བྱ་བ་ཉི་མ་གཅིག་ལ་དཔག་ཚད་བརྒྱ་ཆོད་པ་དང༌། གླང་མོ་བཟང་ལྡན་ཞེས་བྱ་བ་ཉིན་གཅིག་ལ་དཔག་ཚད་བརྒྱད་ཅུ་ཆོད་པ་དང༌། རྔ་མོང་རྒྱ་མཚོའི་རྐང་ཞེས་བྱ་བ་ཉིན་གཅིག་ལ་དཔག་ཚད་བདུན་ཅུ་ཆོད་པ་དང༌། རྟ་གོས་མགྲིན་ཞེས་བྱ་བ་ཉི་མ་གཅིག་ལ་དཔག་ཚད་ལྔ་བཅུ་ཆོད་པ་དང༌། འཕར་མ་བ་སྟེ་ཕོ་ཉ་བ་ཁྭ་ཏ་ཞེས་བྱ་བ་ཉིན་གཅིག་ལ་དཔག་ཚད་ཉི་ཤུ་ཆོད་པ་རྣམས་སོ། །དེ་ལྟར་ན་རེ་ཞིག་ཉན་ཐོས་ཐེག་པའི་ལུགས་ལྟར་ན་གྲོང་ཁྱེར་འཕགས་རྒྱལ་དུ་སྟོན་པས་དངོས་སུ་ཞབས་ཀྱིས་མ་བཅགས་པའི་དབང་དུ་བྱས་བས། འཕགས་པ་ཀཱ་ཏྱ་ཡ་ན་དེར་མངགས་པ་ཉིད་སྟོན་པ་དངོས་ཀྱི་མཛད་པར་འགྱུར་ཞིང༌། འཕྲིན་ལས་ཀྱི་རྣམ་ཐར་ཆེ་བའི་སྡེ་ཚན་གཅིག་ཡིན་ཏེ། དེའི་ཕྱིར་སྐབས་འདིར་བཀོད་དོ། །སོ་དྲུག་པ་ཁྱིམ་བདག་མེ་སྐྱེས་བཙས་པ་ནི། ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེ་ན་ཁྱིམ་བདག་རབ་བཟང་ཞེས་བྱ་བ་ཆེས་ལོངས་སྤྱོད་དང་ལྡན་པ་ཞིག་མུ་སྟེགས་གཅེར་བུ་པ་ལ་ལྷག་པར་དད་པས་གནས་སོ། །དེའི་ཚེ་སྟོན་པ་ཁྱིམ་དེར་བསོད་སྙོམས་ལ་གཤེགས་པ་ན། ཁྱིམ་བདག་དེའི་ཆུང་མ་མངལ་སེམས་ཅན་དང་ལྡན་པ་ལ། སྟོན་པས་འདི་ལ་བུ་ཕོ་བཙའ་ཞིང་
རིགས་གསལ་བར་བྱེད། ལྷ་མིའི་དཔལ་འབྱོར་ཉམས་སུ་མྱོང་སྟེ་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན། དེར་ཁ་ཟས་མཆོག་གིས་ལྷུང་བཟེད་བཀང་སྟེ་བསོད་སྙོམས་ཕུལ་ལོ། །སྟོན་པ་ཕྱིར་གཤེགས་པ་ན། དེར་གཅེར་བུ་པ་དག་བདག་ཅག་གི་ཡོན་བདག་འདི་གཽ་ཏ་མས་ཁ་དྲངས་སོ་སྙམ་དེར་སོང་སྟེ་དྲིས་པས་སྔར་བཞིན་བཤད་པ་ན། གཅེར་བུ་པ་དེ་དག་གིས་རྡོ་རྒྱུས་བླངས་ཏེ་རྩིས་བཏབ་པས་བདེན་པར་ཤེས་མོད། འདི་བདེན་པར་ལུང་བསྟན་ཏོ་ཞེས་བརྗོད་ན་འདི་དག་དགེ་སྦྱོང་གཽ་ཏ་མ་ལ་ལྷག་པར་དད་པ་སྐྱེར་འོང་སྙམ་ནས་དེ་དག་གིས་སྨྲས་པ། བུ་ཕོར་བཙའ་བ་དང༌། རིགས་གསལ་བར་བྱེད་ཟེར་བ་ནི་བདེན་ཏེ། གསལ་བ་ནི་མེ་ཡིན་པས་བཙས་ནས་མི་རིང་བར་ཁྱིམ་མེས་འཚིག་གོ །ལྷ་མིའི་དཔལ་འབྱོར་མྱོང་བ་ནི་མི་བདེན་ཏེ་ལྷའི་དཔལ་འབྱོར་མིས་མྱོང་བ་མེད་པའི་ཕྱིར་རོ། །རབ་ཏུ་འབྱུང་བ་ནི་བདེན་ཏེ་དེས་བཟའ་རྒྱུ་མེད་ནས་རབ་ཏུ་འབྱུང་བར་འགྱུར་རོ། །དགྲ་བཅོམ་པར་འགྱུར་བ་ནི་མི་བདེན་ཏེ། རེ་ཞིག་གཽ་ཏ་མ་ཉིད་ལའང་དགྲ་བཅོམ་པ་མེད་ན་དེའི་ཉན་ཐོས་ལ་ལྟ་ཅི་སྨོས། དེ་ནས་ཁྱིམ་བདག་རབ་བཟང་མི་དགའ་བར་གྱུར་ཏེ། ཆུང་མ་ལ་མངལ་འཇིག་པར་བྱེད་པའི་སྨན་བྱིན་ཡང་སེམས་ཅན་དེ་སྲིད་པ་ཐ་མ་པ་ཡིན་པས་གནོད་པ་མེད་ཀྱི་སྟེང་དུ་ཕན་ཞིང་རྒྱས་པར་གྱུར། མའི་དཀུ་ཁུ་ཚུར་གྱིས་མཉེས་པས་ཀྱང་གཡས་གཡོན་དུ་ཕན་ཚུན་བྲོས་ཏེ་འགྲོ་ཞིང༌། བུད་མེད་དེས་ཆོ་ངེས་ཀྱིས་བཏབ་པ་ན། ཁྱིམ་མཚེས་ཀྱིས་དྲིས་པས་བུ་སྐྱེའོ་ཞེས་བྱས་སོ། །དེ་ནས་ཆོ་ངེས་བཏབ་པ་ན་གཞན་གྱིས་ཚོར་གྱིས་དོགས་ཏེ་ནགས་ཚལ་དབེན་པར་སོང་ནས་བུད་མེད་དེའི་དཀུ་གཉེས་པ་ཐལ་ཆེས་ཏེ་བུད་མེད་དེ་རང་ཤི་བ་ན། ཕུང་པོ་ཁྱིམ་དུ་ཁྱེར་ཏེ་རབ་བཟང་གི་ཆུང་མ་ཤིའོ་ཞེས་བྱས་ནས་ཡང་དུར་ཁྲོད་བསིལ་བའི་ཚལ་དུ་བསྐྱ྄ལ་
ལོ། །དེར་གཅེར་བུ་པ་དག་དགའ་སྟེ། ད་ནི་གཽ་ཏ་མས་ལུང་བསྟན་པ་ཐོག་ཏུ་མ་བབ་པོ་ཞེས་སྒྲོག་པར་བྱེད་དོ། །དེའི་ཚེ་བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་དེ། ཞལ་གྱི་སྒོ་ལས་འོད་ཟེར་སྤྲོས་ཏེ་ལས་གཉིས་མཛད་དེ་ཞལ་ཉིད་དུ་ཐིམ་མོ། །རྒྱུ་ཞུས་པས། དེང་དུར་ཁྲོད་དུ་གཤེགས་དགོས་ཀྱི་དགེ་སློང་དག་ཆོས་གོས་ལོངས་ཤིག །ཅེས་གསུངས་ཏེ་བཅོམ་ལྡན་འདས་འཁོར་ལྷ་མི་བརྒྱ་སྟོང་དུ་མས་བསྐོར་ཏེ་དུར་ཁྲོད་བསིལ་བའི་ཚལ་དུ་གཤེགས་སོ། །ལམ་ཁ་ན་བྲམ་ཟེའི་ཁྱེའུ་ཞིག་དང༌། རྒྱལ་རིགས་ཀྱི་ཁྱེའུ་ཞིག་གཏམ་འགྲོ་བར་བྱེད་པ་ལས། བྲམ་ཟེའི་ཁྱེའུ་ན་རེ། གཽ་ཏ་མའི་ལུང་བསྟན་བརྫུན་པར་མ་གྱུར་གྲང༌། རྒྱལ་རིགས་ན་རེ། གཟའ་དང་སྐར་མའི་ཚོགས་ཆེན་ས་ལ་ལྷུང་ཡང་སྲིད། །ས་འདི་རི་ཐང་ནགས་བཅས་མཁའ་ལ་འགྲོ་ཡང་སྲིད། །རྒྱ་མཚོ་ཆེན་པོའི་ཆུ་ནི་སྐམ་པར་འགྱུར་སྲིད་ཀྱི། །དྲང་སྲོང་ཆེན་པོ་རྫུན་གསུང་འགྱུར་བ་སྲིད་པ་མིན། །དེ་ནས་དེ་གཉིས་ཀྱང་སྟོན་པའི་དྲུང་དུ་ཕྱིན་ཏེ། རྒྱལ་རིགས་ཀྱི་ཁྱེའུ་དེས་ཆེད་དུ་བརྗོད་པའི་ཚིགས་བཅད་བྱས་སོ། །སྟོན་པ་དུར་ཁྲོད་དུ་བྱོན་པ་ཐོས་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་འཁོར་བཅས་ཀྱང་དེར་འོངས། བཅོམ་ལྡན་འདས་སྟན་ལ་བཞུགས་ནས་ཞལ་འཛུམ་པ་མཛད་པ་གཅེར་བུ་པས་མཐོང་ནས་ཁྱིམ་བདག་རབ་བཟང་ལ་བོས་ཏེ། སྐལ་ཆད་དེ་ད་དུང་མ་ཤིའོ་བྱས་སོ། །དེ་ནས་ཁྱིམ་བདག་དེས་ཆུང་མའི་རོ་མེ་ལ་བསྲེགས་པས་གཞན་ཐམས་ཅད་ཚིག་ཀྱང་ལྟོ་བའི་ཉེ་སྐོར་དེ་ཡུན་རིང་དུ་མ་ཚིག་གོ །ཇི་ཞིག་ན་དེ་བརྡོལ་ཏེ་མེ་ཏོག་པདྨ་ཆེན་པོ་བྱུང་ལ་པདྨ་དེའི་སྙིང་པོ་ལ་ཁྱེའུ་ལྟ་ན་སྡུག་པ་ཞིག་འདུག་གོ །དེར་སྐྱེ་བོ་རྣམས་ངོ་མཚར་སྐྱེས་ཤིང་གཅེར་བུ་པ་རྣམས་གདོང་སྨད་དེ་འདུག་གོ །སྟོན་པས་ཁྱིམ་བདག་ལ་གཞོན་ནུ་ལོང་ཤིག་ཅེས་གསུངས་པས། དེ་གཅེར་བུ་པའི་གདོང་དུ་ལྟ་ཞིང་འདུག་པ་ལ།
གཅེར་བུ་པས་ཁྱོད་ཉིད་ཚིག་པར་འགྱུར་རོ་ཞེས་སྨྲས་པས་མ་བླངས་སོ། །སྟོན་པས་འཚོ་བྱེད་གཞོན་ནུ་གསོས་ལ་གཞོན་ནུ་ལོང་ཞིག་ཅེས་བཀའ་སྩལ་བས། དེས་ཐེ་ཚོམ་མེད་པར་མེ་ནང་དུ་ཞུགས་ཏེ་བླངས་པ་ན་མེས་གནོད་པ་ལྟ་ག་ལ་ཞིག་སྟེ། ཙན་དན་ས་མཆོག་གི་རེག་པ་ལྟར་བསིལ་བ་སྔར་མ་མྱོང་བའི་བདེ་བའི་རེག་པ་མྱོང་བར་གྱུར་ཏོ། །དེ་ནས་ཁྱིམ་བདག་ལ་ཁྱེའུ་ལོང་ཤིག་ཅེས་བྱས་ན། དེ་གཅེར་བུ་པའི་གདོང་དུ་ལྟའོ། །གཅེར་བུ་པ་རྣམས་ན་རེ། འདི་བླངས་ན་ཁྱིམ་འཚིག་ལ། ཁྱོད་ཉིད་ཀྱང་སྲོག་དང་འབྲལ་ལོ་ཞེས་ཟེར་བས་དེས་མ་བླངས་སོ། དེ་ནས་སྟོན་པས་གཟུགས་ཅན་སྙིང་པོ་ལ་ཁྱེའུ་འདི་ལོང་ཞིག་ཅེས་བཀའ་སྩལ་པས་རྒྱལ་པོས་བླངས་ཏེ། མིང་མེ་སྐྱེས་ཞེས་བཏགས་སོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་འདུས་པ་དེ་དག་ལ་ཆོས་བསྟན་པས། ཕལ་ཆེར་ཞིག་དགྲ་བཅོམ་པ་ནས་རྒྱུན་དུ་ཞུགས་པའི་བར་ལ་བཀོད་དོ། །དེ་ནས་མི་སྐྱེས་མ་མ་བརྒྱད་ལ་གཏད་ཅིང༌། རྒྱལ་པོའི་ཕོ་བྲང་དུ་སྐྱེད་བསྲིངས་པ་ལས་དུས་གཞན་ཞིག་ན་མེ་སྐྱེས་ཀྱི་ཞང་པོ་ཡུལ་གཞན་ནས་འཁོར་ཏེ་འོངས་པས་སྔར་གྱི་ཚུལ་རྣམས་ཞིབ་པོར་ཐོས་ནས། ཁྱོད་ཀྱིས་ཁྱེའུ་སྤངས་འདུག་པ་ད་ལེན་ན་ལེགས། མི་ལེན་ན་དེང་ནས་གཉེན་དུ་མི་བརྩི་ལ། རབ་ཡིག་ཀྱང་འདོར། ངའི་སྲིང་མོ་བསད་པའི་དྲིལ་ཡང་སྒྲོག །རྒྱལ་པོ་ལའང་ཞུས་ཏེ་ཆད་པ་ཆེན་པོ་གཅོད་དོ་ཞེས་སྡིགས་པས། དེ་ཤིན་ཏུ་སྐྲག་པས་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་སྟེ་གཞོན་ནུ་བདག་ལ་ཞུའོ་ཞེས་ཞུས་སོ། །རྒྱལ་པོས་ཀྱང་སངས་རྒྱས་ལ་ཞུས། སྟོན་པས་ཀྱང་བཀས་གནང་སྟེ། གཞོན་ནུ་རྒྱན་ཐམས་ཅད་ཀྱིས་བརྒྱན། གླང་པོ་ཆེ་ལ་བསྐྱོན་ཏེ་ཕའི་ཁྱིམ་དུ་བཏང་ངོ༌། །དེ་ནས་རིང་ཞིག་ལོན་པའི་ཕྱིས་རབ་བཟང་ཤི་ནས་མེ་སྐྱེས་ཁྱིམ་བདག་ཏུ་གྱུར་པ་དེའི་ཚེ་ལྷའི་འབྱོར་
པ་ཉམས་སུ་མྱོང་བ་ཡིན་ནོ། །སོ་བདུན་པ་འབར་བའི་ཕུག་ཏུ་ལྷ་རྣམས་ལ་ཆོས་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་ལྷའི་དབང་པོ་བརྒྱ་བྱིན་འཁོར་བརྒྱད་ཁྲི་དང་བཅས་པ་བདེན་པ་ལ་འགོད་པར་བཞེད་ནས་འོད་མའི་ཚལ་དུ་མི་སྣང་བར་གྱུར་ཏེ། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་བྲམ་ཟེའི་གྲོང་ཨ་མྲའི་ནགས་ཁྲོད་ཀྱི་བྱང༌། རི་ལུས་འཕགས་ཀྱི་དབང་པོའི་བྲག་ཕུག་ཏུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་སོ། །དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ལྷ་དབང་ཆེ་བ་བརྒྱད་ཁྲི་དང༌། བདེ་སོག་མ་ལ་སོགས་པ་ལྷའི་བུད་མེད་རྣམས་དང༌། གྲོགས་པོ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་འཁོར་དུ་མ་དང་བཅས་པ་དང་ཡང་ལྷན་ཅིག་ཏུ་ལུས་འཕགས་ཀྱི་རི་ལ་འོངས་ནས། རབ་ཏུ་བལྟས་ན་སྐུ་ལས་འཕྲོས་པའི་མེ་དཔུང་གི་གཟི་བརྗིད་མ་བཟོད་དེ་དྲུང་དུ་བསྙེན་པར་མ་ནུས་སོ། །བརྒྱ་བྱིན་དང་ཟུར་ཕུད་ལྔ་པ་བགྲོས་ཏེ། ཟུར་ཕུད་ལྔ་པ་དྲི་ཟ་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཻ་ཌུརྱའི་པི་ཝང་བླངས་ཏེ་ཚིགས་སུ་བཅད་པའི་དབྱངས་ཀྱིས་ལྷ་རྣམས་ལ་ཆོས་སྟོན་པར་གསོལ་བ་བཏབ་ཅིང་བསྐུལ་ལོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་ལས་བཞེངས་ཤིང་དབང་པོའི་བྲག་ཕུག་དེར་ལྷ་དེ་དག་ཐམས་ཅད་འཁོད་དུ་རུང་བར་བྱིན་གྱིས་བརླབས་པས། བརྒྱ་བྱིན་འཁོར་དང་བཅས་པ་དག་དེར་འོངས་ཤིང་ཞབས་ལ་ཕྱག་འཚལ་ནས་མཆོད་པ་དཔག་ཏུ་མེད་པས་མཆོད། བར་དེར་ལྷའི་དབང་པོ་བརྒྱ་བྱིན་དང་ཞུ་ལན་མང་དུ་མཛད་དེ། བརྒྱ་བྱིན་མགུ་བས། ལྷ་དང་བཅས་པའི་འཇིག་རྟེན་ན། །གང་ཟག་ཁྱོད་ཀྱི་ཟླ་མ་མཆིས། །དཔའ་བོ་ཆེན་པོ་ཁྱེད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད། དེ་ནས་སྟོན་པས་ཆོས་བཤད་པ་དེས་བརྒྱ་བྱིན་ལྷའི་གཙོ་བོ་བརྒྱད་ཁྲི་དང་བཅས་པ་ཆོས་ལ་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་སྐྱེས་ཏེ། གནས་དེར་སྟན་དེ་ལ་འཁོད་བཞིན་དུ་བདེན་
པ་མཐོང་བའི་མཇུག་ཐོག་ཁོ་ནར་བརྒྱ་བྱིན་དེ་ཚེ་འཕོས་ཤིང༌། འཕོས་མ་ཐག་སླར་ཡང་གནས་དེ་ཉིད་དུ་བརྒྱ་བྱིན་དུ་སྐྱེས། དེ་ལྟར་འཕོས་ཤིང་སྐྱེས་པ་ནི། མིག་འཛུམ་པ་དང་མི་སྣང་བར་གྱུར་པའི་རེག་པའི་སྐད་ཅིག་ལ་རྟོགས་པར་འགྱུར་ཏེ། བརྒྱ་བྱིན་རང་ཉིད་དང་བདེ་སོག་མ་ལས་གཞན་པའི་ལྷ་རྣམས་ཀྱིས་མི་ཤེས་སོ། །དེ་ནས་ལྷ་དང་དྲི་ཟ་དེ་དག་སྐྱབས་སུ་སོང་ཞིང༌། བསླབ་པའི་གནས་ལྔ་ཡང་དག་པར་བླངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ལན་གསུམ་དུ་ཕྱག་བྱས་ཞིང༌། ལན་གསུམ་དུ་བསྐོར་བ་བྱས་ནས་མདུན་གྱིས་ཕྱོགས་པས་ཕྱི་ནུར་དུ་སོང་སྟེ་བཅོམ་ལྡན་འདས་མིག་ལམ་དུ་མི་མཐོང་བའི་སར་ཕྱིན་པ་ན་སླར་ཡང་ཕྱག་བྱས་ཏེ་མི་སྣང་བར་སོང་ངོ༌། །སོ་བརྒྱད་པ་མགོན་མེད་ཟས་སྦྱིན་བདེན་པ་ལ་བཀོད་པ་ནི། དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་རང་གི་བུ་དྲུག་གི་ཁྱིམ་ནི་ཕུག་ཟིན། བུ་བདུན་པ་ལེགས་སྐྱེས་ཀྱི་མནའ་མ་ལེན་ཞིང་ཁྱིམ་འབུབས་པའི་དོན་དུ་གངས་རིའི་གླང་པོ་བརྒྱ། རྟ་བརྒྱ། གསེར་གྱི་རྒྱན་བརྒྱ། དྲེའུའི་ཤིང་རྟ་བརྒྱ། ཐོ་གར་ཡུལ་གྱི་བུ་མོ་བརྒྱ་རྣམས་མནའ་མའི་རིན་དུ་ཁྱེར་ཞིང༌། རྒྱལ་པོ་གཟུགས་ཅན་སྙིང་པོས་གསལ་རྒྱལ་ལ་སྐྱེས་སུ་བསྐུར་རྒྱུའི་གངས་ཅན་གྱི་གླང་པོ་ཆེ་བརྒྱ་ལེན་པ་ལ་སོགས་པ་དགོས་པ་འགའ་ཞིག་གི་ཕྱིར་རྒྱལ་པོའི་ཁབ་ཏུ་འོངས་ཏེ། མནའ་མའི་ཕ་ཁྱིམ་བདག་དེའི་ཁྱིམ་དུ་ནུབ་མོ་འདུག་པ་ལས། ཁྱིམ་བདག་དེ་ནངས་པར་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲང་པར་འདོད་པས་ནམ་གྱི་གུང་ལ་ལངས་ཏེ། གཡོག་འཁོར་དག་དང་ལྷན་ཅིག་ཏུ་བཟའ་བཅའ་རྒྱ་ཆེ་བའི་སྟ་གོན་བྱེད་པ་མགོན་མེད་ཟས་སྦྱིན་གྱིས་མཐོང་སྟེ། ཁྱེད་ཅི་བག་མ་གཏོང་ལེན་བྱེད་དམ། ཚོང་པའི་ཚོགས་ལ་སྟོན་མོའམ། རྒྱལ་པོ་གཟུགས་ཅན་སྙིང་པོ་སྤྱན་འདྲེན་སོགས་དྲིས་པས། དེ་དག་མ་ཡིན་ཏེ།
སངས་རྒྱས་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་འདྲེན་ནོ་ཟེར་བ་ན། སངས་རྒྱས་ཞེས་བྱ་བའི་སྒྲ་ཐོས་པ་ཙམ་གྱིས་བ་སྤུ་ཟིང་ཞེས་བྱེད་དེ་སངས་རྒྱས་དང་དགེ་འདུན་ཇི་ལྟ་བུ་ཞེས་དྲིས་པ་ན། དེས་ཀྱང་རྒྱས་པར་བཤད་པས་མགོན་མེད་ཟས་སྦྱིན་ཤིན་ཏུ་དད་པ་སྐྱེས་ཏེ། བཅོམ་ལྡན་འདས་དེ་གང་ན་བཞུགས། ཞལ་ལྟ་བར་རུང་ངམ་ཞེས་དྲིས་པ་ལ། དུར་ཁྲོད་བསིལ་བའི་ཚལ་ན་བཞུགས་ཏེ། འདིར་བྱོན་པ་ན་ང་མཐོང་བར་འགྱུར་རོ་ཞེས་བྱས་སོ། །དེ་ནས་མགོན་མེད་ཟས་སྦྱིན་སངས་རྒྱས་ལ་དམིགས་པའི་དྲན་པ་དང་ལྡན་པས་ཅུང་ཟད་ཉལ། ཡང་གཉིད་སད་པ་ན་སྣང་བའི་འདུ་ཤེས་ཀྱི་དྲན་པའི་མཐུ་ལས་མཚན་མོའི་དུས་དེ་ཉིད་དུ་ནམ་ལངས་པ་ལྟར་ཕྱོགས་ཐམས་ཅད་གསལ་བར་མཐོང༌། དེར་ལངས་ཏེ་ལྷོ་སྒོའི་ཕྱོགས་ནས་འགྲོ་བའི་ཚེ། ཕོ་ཉ་བ་རྒྱུ་འགྲུལ་གྱི་དོན་དུ་སྒོ་ཕྱེ་བ་དང་འགྲིགས་ནས་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་ཐོན་པ་ན་ནམ་མ་ལངས་ཏེ་མུན་པར་འདུག་གོ །དེར་མི་དང་མི་མ་ཡིན་པས་གནོད་པར་མི་འགྱུར་གྲང་སྙམ་སྟེ་སླར་ལྡོག་པར་འདོད་པ་ལ་སྒོ་དེར་གནས་པའི་ལྷས། ཕྱོགས་དེ་ནས་དུར་ཁྲོད་བསིལ་བའི་ཚལ་གྱི་བར་ཐམས་ཅད་སྣང་བས་ཁྱབ་པར་བྱས་ཏེ། འདི་སྐད་ཅེས། རྟ་བརྒྱ་དང་ནི་གསེར་རྒྱན་བརྒྱ། །དྲེའུའི་ཤིང་རྟ་བརྒྱ་དང་ནི། །སྣ་ཚོགས་ནོར་གྱིས་སྤུང་པ་ཡི། །རྒོད་མ་ཡི་ནི་ཤིང་རྟ་བརྒྱ། །གོམ་པ་གཅིག་གཅིག་བོར་བ་ཡི། །བཅུ་དྲུག་ཆར་ཡང་མི་ཕོད་དོ། །ཞེས་སླར་མི་ལྡོག་ཅིང་འགྲོ་བར་བསྐུལ་བས། ཁྱོད་སུ་ཞིག་དྲིས་པས། ཁྱིམ་བདག་ཁྱོད་ཉིད་ཀྱི་གྲོགས་པོ་རྙིང་པ་བྲམ་ཟེ་སྦྲང་རྩིའི་ཕུང་པོ་ཡིན་ཏེ། མཆོག་ཟུང་གཅིག་ལ་དད་ཅིང་ཤི་བས་ལྷར་སྐྱེས་ནས་ལྷོ་སྒོ་འདིར་གནས་སོ་ཞེས་ཟེར་རོ། །དེ་ནས་ཁྱིམ་བདག་ཡ་མཚན་དུ་གྱུར་ཏེ་བསིལ་བའི་ཚལ་དུ་སོང་སྟེ། བཅོམ་ལྡན་འདས་གཙུག་ལག་ཁང་གི་ཕྱི་རོལ་ན་ཞབས་འཆག་པར་
མཛད་པར་མཐོང་ནས་སྙུན་དྲིས་པས། གང་ཞིག་འདོད་པས་མ་གོས་ལ། །ཟག་མེད་རབ་ཏུ་རྣམ་གྲོལ་བ། །མྱ་ངན་ཡོངས་འདས་བྲམ་ཟེ་ནི། །ཐམས་ཅད་དུ་ནི་བདེ་བར་མནལ། །ཞེས་སོགས་བཀའ་སྩལ་ཏེ། ནང་དུ་བྱོན་ནས་གདན་ལ་བཞུགས་པ་ན། ཁྱིམ་བདག་གིས་ཀྱང་ཞབས་ལ་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་པ་ལ་ཆོས་བསྟན་པས་དེ་ཉིད་དུ་བདེན་པ་མཐོང་ཞིང༌། ཆེད་དུ་བརྗོད་ནས་དགེ་བསྙེན་དུ་གྱུར། དེར་ཞུས་ལན་ཅུང་ཟད་མཛད་ནས། ཁྱིམ་བདག་གིས་གསོལ་པ། བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་ཤིག་དང༌། དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིའོ། །བཀའ་སྩལ་པ། དེ་ན་གཙུག་ལག་ཁང་ཡོད་དམ། གསོལ་བ་མ་མཆིས་སོ། །བཀའ་སྩལ་པ། གང་དུ་གཙུག་ལག་ཁང་ཡོད་པ་དེར་དགེ་སློང་རྣམས་འོང་བ་དང་འགྲོ་བ་དང་གནས་པར་སེམས་སོ། །གསོལ་བ། བདག་གིས་ཅི་ནས་ཀྱང་གཙུག་ལག་ཁང་བརྩིག་གོ །བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་ངོ༌། །སོ་དགུ་པ་རྒྱལ་བྱེད་ཀྱི་ཚལ་བཞེངས་པ་ནི། དེ་ནས་མགོན་མེད་ཟས་སྦྱིན་གྱིས་རྒྱལ་པོའི་ཁབ་ཏུ་རང་གི་བྱ་བ་སྒྲུབ་དགོས་པ་རྣམས་གྲུབ་པ་ན། སྟོན་པའི་ཞབས་ལ་ཕྱག་འཚལ་དུ་འོངས་ནས། བདག་ལ་དགེ་སློང་གཅིག་གྲོགས་སུ་སྩལ་ཏུ་གསོལ། ཞེས་ཞུས་པས། འཕགས་པ་ཤཱ་རིའི་བུས་འདུལ་བར་མཁྱེན་ནས་བཀའ་གནང་ངོ༌། །འཕགས་པ་ཤཱ་རིའི་བུ་ཡང་ནངས་བར་བསོད་སྙོམས་སྤྱད་ཅིང་གནས་མལ་མ་ཁོས་སུ་ཕབ་ནས། མཉན་ཡོད་ཀྱི་ཕྱོགས་སུ་རྒྱུ་ཞིང་གཤེགས། ཁྱིམ་བདག་གིས་ཀྱང་ཚུར་ལམ་མཉན་ཡོད་ཀྱི་འཁོར་གྱི་ཀུན་དགའ་ར་བ་དང༌། སྐྱེད་མོས་ཚལ་དང༌། ནགས་ཚལ་ཐམས་ཅད་དུ་རྣམ་པར་བརྟགས་ཤིང་འོངས་པ་ན།
གཙུག་ལག་ཁང་གི་ས་གཞི་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཀུན་དགའ་ར་བ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པར་མཐོང་ངོ༌། །རྒྱལ་བུ་རྒྱལ་བྱེད་ཅེས་བྱ་བ་དེ་ནི་རྒྱལ་བོ་གསལ་རྒྱལ་གྱི་སྤུན་ཟླར་གྱུར་བ་ཞིག་གོ །དེ་ནས་མགོན་མེད་ཟས་སྦྱིན་གཞོན་ནུ་རྒྱལ་བྱེད་ཀྱི་དྲུང་དུ་སོང་ནས། ཀུན་དགའ་ར་བ་བདག་ལ་སྩོལ་ཞིགདེར་སངས་རྒྱས་ཀྱི་གཙུག་ལག་ཁང་རྩིག་པ་ལགས། ཞེས་སྨྲས་པ༌། རྒྱལ་བྱེད་ཁས་མི་ལེན་ནོ། །ལན་གསུམ་དུ་བསློངས་པས་གསུམ་པ་ལ་རྒྱལ་བྱེད་ན་རེ། ཀུན་དགའ་ར་བ་གསེར་གྱི་བྱེ་མ་ཁེབས་པར་གཤིབས་ཀྱང་ང་མི་གཏོང་ངོ༌། །ཟས་སྦྱིན་གྱིས་སྨྲས་པ། གཞོན་ནུ་ཀུན་དགའ་ར་བའི་རིན་ཐང་ནི་བཅད་ཟིན་གྱིས་གསེར་གྱིས་གསེར་ལོང་ཤིག །དེ་ནས་དེ་གཉིས་རིན་ཐང་བཅད་མ་བཅད་ལ་རྩོད་པར་གྱུར་ཏོ། །དེ་ནས་ཞལ་ལྕེ་གཅོད་པ་རྣམས་ཀྱི་གན་དུ་སོང་བ་ན། འཇིག་རྟེན་སྐྱོང་བ་རྒྱལ་ཆེན་བཞི་ཞལ་ལྕེ་གཅོད་པའི་མི་བཞིར་སྤྲུལ་ཏེ། དེ་རྣམས་ཀྱིས་གཞོན་ནུ་རིན་ཐང་བཅད་ཟིན་གྱི་གསེར་ལོང་ཤིག །ཀུན་དགའ་ར་བ་འདི་ཁྱིམ་བདག་གིས་ཡིན་ནོ་ཞེས་ཟེར་བས་རྒྱལ་བྱེད་ཀྱིས་ཐབས་མ་རྙེད་དོ། །དེ་ནས་མགོན་མེད་ཟས་སྦྱིན་གྱིས་ཤིང་རྟ་ལ་སོགས་པ་མང་པོས་གསེར་བསྐྱས་ཏེ་ཀུན་དགའ་ར་བའི་ས་གཞི་ཐམས་ཅད་ལ་བཀྲམས་ན། ཕལ་ཆེར་ཁེབས་ཀྱང་ཕྱོགས་འགའ་ཞིག་མ་ཁེབས་པར་མཐོང་ནས། དེ་དང་འཚམ་པའི་གཏེར་ཞིག་གང་དུ་ཡོད་བསམས་ཤིང་ཕྱོགས་རྣམས་སུ་བལྟས་པ་ན། རྒྱལ་བྱེད་ཀྱིས་སྨྲས་པ། ཁྱིམ་བདག་འགྱོད་པ་སྐྱེས་ན་གསེར་སླར་ལོངས་ཤིག །ཀུན་དགའ་ར་བ་ནི་ང་ཉིད་ཀྱིའོ། ཁྱིམ་བདག་གིས་དོན་དེ་རྒྱས་པར་བཤད་པ་ན། རྒྱལ་བྱེད་ཀྱིས་བསམས་པ། ཀྱེ་མ་སངས་རྒྱས་འབྱུང་བ་ནི་མཆོག་ཡིན་ཏེ། འདི་ཡིས་ཀུན་དགའ་ར་བའི་ཆེད་དུ་ནོར་འདི་སྙེད་ཅིག་གཏོང་ན། བདག་གིས་ཀྱང་ཅུང་ཟད་ཅིག་བྱའོ་སྙམ་ནས། འོ་ན་གསེར་མ་བཀྲམ་པའི་ས་ཕྱོགས་འདི་བདག་ལ་
བྱིན་ཅིག །བདག་གིས་ཀྱང་སྒོ་ཁང་བརྩིག་པར་བྱའོ། །ཞེས་བགྲོས་ནས་ཁྱིམ་བདག་དང་གཞོན་ནུ་ཡང་བློ་མཐུན་པར་བྱས་སོ། །དེ་ནས་གཙུག་ལག་ཁང་རྩིག་པར་བྱས་པ་ན། མུ་སྟེགས་བྱེད་རྣམས་འདུས་ཏེ་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་ལྷགས་ནས། ཀྱེ་ཁོ་བོ་ཅག་གིས་གྲོང་ཁྱེར་བགོ་བཤའ་བྱས་ཟིན་ཏེ། དགེ་སྦྱོང་གཽ་ཏ་མའི་ནི་རྒྱལ་པོའི་ཁབ་ཡིན་ལ། ངེད་ཅག་གི་ནི་མཉན་ཡོད་ཡིན་ན། གཽ་ཏ་མའི་ཕྱིར་ཁྱོད་གཙུག་ལག་ཁང་མ་རྩིགས་ཤིག །ཅེས་ཟེར་བ་ལ་ཁྱིམ་བདག་གིས་དེ་རྣམས་ལ། ཁྱེད་ཅག་གྲོང་ཁྱེར་བགོ་བཤའ་བྱས་སྲིད་ཀྱང༌། ངའི་ནོར་ཁྱེད་ཅག་གིས་མ་བགོས་པས་རང་གང་ལ་མངོན་པར་དགའ་བའི་ཆོས་ཀྱི་ཕུང་པོ་རྩིག་གོ །དེ་ནས་རྒྱལ་པོའི་དྲུང་དུ་སོང་ནས་ཀྱང་སྔར་བཞིན་གླེང་བ་ལ། ཁྱིམ་བདག་གི་གཤགས་ཀྱིས་ཕམ་པར་བྱས་ཀྱང་ད་དུང་མུ་ཅོར་སྣ་ཚོགས་སྨྲ་ཞིང་གཙུག་ལག་ཁང་ཅི་དགར་རྩིག་ཏུ་མི་གཞུག་གི །གཽ་ཏ་མའི་ཉན་ཐོས་ཀྱི་མཆོག་དེ་དང་ནུས་པ་འགྲན་ཏེ། གལ་ཏེ་དེ་རྒྱལ་བར་གྱུར་ན་རྩིགས་ཤིག་ཅེས་ཟེར་བས། ཁྱིམ་བདག་གིས་ཤཱ་རིའི་བུ་ལ་ཞུས་པས། མུ་སྟེགས་དེ་དག་གི་རྒྱུད་ལ་དགེ་བའི་རྩ་བའང་ཡོད་ལ། དེ་དག་བདག་ཉིད་ཀྱིས་འདུལ་བ་ལ་རག་ལས་པར་ཡང་མཁྱེན་ནས་ཁྱིམ་བདག་དེ་བཞིན་དུ་བྱ་སྟེ། འོན་ཀྱང་ཞག་བདུན་ནས་སོ། །དེས་མུ་སྟེགས་རྣམས་ལ་བརྗོད་པས། དེ་རྣམས་གྲོས་བྱས་ཏེ་ད་ལྟ་ནུས་པ་མི་སྟོན་པར་ཕྱི་དུས་འདེབས་པ་ནི་ཡང་ན་ནི་འདི་འབྲོས། ཡང་ན་ནི་ཕྱོགས་འཚོལ་ཏེ། བྲོས་ན་ནི་དེར་ཟད་པས་རེ་ཤིག་བདག་ཅག་ཀྱང་ཕྱོགས་འཚོལ་ལོ་ཞེས་ཐམས་ཅད་བཀྲམ་སྟེ། ཉིན་ཞག་གི་རིམ་པ་བགྲང་ཞིང་ཙབ་ཙབ་པོར་ཕྱོགས་འཚོལ་བ་ལས། ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ་མིག་འཕྲུལ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་པ་དེ་རྙེད་ནས་གྲོགས་བཅོལ་ལོ། །དེ་དག་ཏུ་ཉིན་རེ་བཞིན་གདུལ་བྱར་གྱུར་པའི་
སྐྱེ་བོ་མང་པོ་ཡང་འདུས། ཞག་བདུན་ལོན་པ་ན་ས་ཕྱོགས་ཤིན་ཏུ་ཡངས་པར་སྟན་བཤམས། འཕགས་པ་ཤཱ་རིའི་བུ་སེང་གེའི་ཁྲི་ལ་བཞུགས་ཤིང་ཞལ་འཛུམ་པ་སྔོན་དུ་བཏང་ནས་འདུལ་བའི་སྐྱེ་བོ་རྣམས་ལ་གཟིགས་སོ། །དེ་ནས་མུ་སྟེགས་བྱེད་རྣམས་དང་ལྟད་མོ་བའི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ན། ཀུན་ཏུ་རྒྱུ་མིག་དམར་གྱིས་ཤིང་ས་ཧ་ཀཱ་ར་མེ་ཏོག་རྒྱས་པ་སྤྲུལ་པས། འཕགས་པ་ཤཱ་རིའི་བུས་རླུང་དམར་དང་ཆར་དྲག་པོ་བཏང་ནས་ཤིང་རྣམས་རྩ་བ་ནས་བཅག་ཅིང་བཏོན་ལ་གཏོར་རོ། །ཡང་པདྨའི་རྫིང་བུ་སྤྲུལ་པ་ལ། གླང་པོ་ཆེ་མང་པོ་སྤྲུལ་ནས་དཀྲུགས་ཤིང་བརྫིས་ལ་ལྷག་མ་མེད་པར་བྱས་སོ། །སྦྲུལ་མགོ་བདུན་པ་བཏང་བ་ལ། མཁའ་ལྡིང་མང་པོ་སྤྲུལ་ནས་དྲངས་ཤིང་ཟོས་སོ། །མཐར་དེས་རོ་ལངས་རྦད་པ་ན། འཕགས་པ་ཤཱ་རིའི་བུས་རོ་ལངས་ལ་ཕུར་བུས་བཏབ་བོ། འདི་ནི་ཆོས་ཉིད་དེ་རོ་ལངས་བཏང་བ་ལ་ཕ་རོལ་པོས་ཕུར་བུས་བཏབ་ན། གཏོང་བ་པོ་ཉིད་གསོད་པ་ཡིན་པས་རོ་ལངས་སླར་ལྡོག་སྟེ་མིག་དམར་ལ་སོགས་པ་མུ་སྟེགས་རྣམས་བདས་པས། དེ་དག་འཇིགས་སྐྲག་ནས་མགོན་སྐྱབས་གཞན་མེད་དེ། འཕགས་པ་ཤཱ་རིའི་བུ་ལ་སྐྱབས་སུ་སོང་བས་འཕགས་པས་ཕུར་བུ་ཕྱུང་བ་ན་རོ་ལངས་ཞི་བར་གྱུར་ཏོ། །དེ་ནས་ཀུན་ཏུ་རྒྱུ་མིག་དམར་དད་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ལ་ཆོས་བསྟན་པས་དགྲ་བཅོམ་པའི་བར་དུ་གྱུར་ཏོ། །འཕགས་པ་ཤཱ་རིའི་བུས་འཁོར་ཚོགས་འདུས་པ་ཐམས་ཅད་ལ་བསམ་པ་ཇི་ལྟ་བར་ཆོས་བསྟན་པས་ལྷ་དང་མིའི་སྐྱེ་བོ་མཐའ་ཡས་པས་བདེན་པ་མཐོང་ཞིང༌། སྐལ་བ་དང་འཚམ་པར་བྱང་ཆུབ་རྣམ་པ་གསུམ་ལ་གཞོལ་པར་གྱུར་ཏོ། །ད་དུང་བདེན་པ་མ་མཐོང་བའི་མུ་སྟེགས་ཅན་མང་པོ་དག་གླགས་ལྟ་ཞིང་སྐབས་འཚོལ་བར་འདོད་ནས། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་ལྷགས་ཏེ་སྨྲེ་སྔགས་འདོན་
བཞིན་བདག་ཅག་གླ་མི་བྱ་སྟེ་གཙུག་ལག་ཁང་རྩིག་ཏུ་ཆུག་ཅིག །ཟེར་བ་ན་ཁྱིམ་བདག་གིས་ཀྱང་ཤེས་བཞིན་དུ་ཁས་བླངས་ནས་དེ་དག་དེ་ལྟར་བྱེད་དུ་བཅུག་པ་ན། ལན་ཅིག་དེ་དག་ལས་བྱེད་པའི་ཉེ་ལོགས་ཤིང་དྲུང་ཞིག་ན་འཕགས་པ་ཤཱ་རིའི་བུ་འཆག་ཅིང་བཞུགས་སོ། །དེར་སྐྱེ་བོ་གཞན་མེད་པའི་སྐབས་ཤིག་མུ་སྟེགས་དེ་རྣམས་ཀྱིས་འཕགས་པ་ཤཱ་རིའི་བུ་འགགས་ཏེ་ཤིང་ལ་དཔྱངས་ནས་བཀྲོང་བར་བསམས་ཏེ་ཐག་པ་ཐོགས་ཤིང་དྲུང་དུ་འོངས་ཏཻ་མཐའ་བསྐོར་བ་ན། འཕགས་པས་ལས་བྱེད་པའི་རྒྱབ་མི་གྱད་སྟོབས་པཽ་ཆེའི་ལུས་ཅན་ལྕགས་དབྱུག་ཐོགས་པ་མང་པོ་སྤྲུལ་ཏེ། མུ་སྟེགས་དེ་དག་ཕན་ཚུན་དུ་བདས་ཤིང་བརྡུང་བ་སོགས་སྡིགས་པའི་ཆོ་འཕྲུལ་བསྟན་པས་འཕགས་པ་ལ་སྐྱབས་སུ་གསོལ་བས་བདེ་བར་སོང༌། དེར་དེ་དག་དད་པ་སྐྱེས་ཤིང་ཆོས་བསྟན་པས་བདེན་པ་མཐོང་ལ། ཐམས་ཅད་རབ་ཏུ་བྱུང་ནས་མི་རིང་བར་དགྲ་བཅོམ་པའི་བར་ལ་བཀོད་དོ། །དེ་ནས་གཙུག་ལག་ཁང་གི་ཐིག་འདེབས་པའི་ཚེ། ཐིག་སྐུད་ཀྱི་མཐའ་གཅིག་ནས་ནི་འཕགས་པ་ཤཱ་རིའི་བུས་བཟུང༌། གཅིག་ཤོས་ནས་ནི་མགོན་མེད་ཟས་སྦྱིན་གྱིས་བཟུང་སྟེ་ཐིག་དང་པོ་བཏབ་པ་ན་འཕགས་པ་འཛུམ་པ་མཛད་དོ། ཁྱིམ་བདག་གིས་དེའི་རྒྱུ་དྲིས་པས། དགའ་ལྡན་གྱི་ལྷའི་གནས་སུ་ཡང་གསེར་གྱི་ཁང་པ་དཔག་ཚད་བཞི་བཅུ་པ་གྲུབ་བོ་ཞེས་གོ་བར་མཛད་དོ། །དེ་ནས་ཐིག་གཉིས་པ་བཏབ་པས་གསེར་གྱི་ཁང་པ་དེ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པར་གྱུར་ཏོ། །དེ་ནས་རིམ་གྱིས་དབུས་སུ་གཙུག་ལག་ཁང་ཆེན་པོ་ཡོད་པ་ལ། གཙུག་ལག་ཁང་བཅུ་དྲུག་གིས་བསྐོར་བ་དང་མཐའ་ཁང་ཕྲན་དྲུག་ཅུས་བསྐོར་བ། ཕྱི་རོལ་ར་བ་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་རྒྱས་པར་བྱས་ཤིང༌། གཞོན་ནུ་རྒྱལ་བྱེད་ཀྱིས་ཀྱང་སྒོ་ཁང་ལེགས་པར་ཚང་བར་གྱུར་ཏོ། །
བཞི་བཅུ་པ་མཉན་ཡོད་དུ་སྤྱན་དྲངས་པ་ནི། དེ་ནས་བཅོམ་ལྡན་འདས་འཁོར་བཅས་སྤྱན་དྲངས་པར་འདོད་དེ། ཁྱིམ་བདག་གིས་འཕགས་པ་ཤཱ་རིའི་བུ་ལ། དེ་བཞིན་གཤེགས་པ་ཉི་མ་རེར་བཤུལ་སོ་ཇི་ཙམ་རེ་འབྱོན་ཞེས་དྲིས་པས། འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན་ཏེ་རྒྱང་གྲགས་བཅུའི་ལམ་དུའོ། །དེ་ནས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱི་བར་དུ་ཞག་མལ་བརྩིས་ནས་ཞག་ས་རེ་རེར་སྦྱིན་གཏོང་གི་ཁང་པ་རེ་ཡང་བརྩིགས། གཞན་དུཡང་དུས་དང་ཐུན་ཚོད་སོ་སོའི་མཆོད་པའི་ཡོ་བྱད་ཀྱང་བཞག རྟ་བབས་དག་ཀྱང་བརྩིགས། གདུགས་ཚོད་གསོལ་བའི་མི་དག་ཀྱང་བཞག ལམ་རྣམས་ཆག་ཆག་བཏབ་ཅིང་རྒྱན་ཐམས་ཅད་ཀྱིས་བརྒྱན། མི་ཞིག་ཕོ་ཉར་མངགས་ཏེ་བཅོམ་ལྡན་འདས་སྤྱན་འདྲེན་པར་བཏང༌། དེས་ཀྱང་རྒྱལ་པོའི་ཁབ་ཏུ་ཕྱིན་ཞིང་སྟོན་པའི་ཞབས་ལ་ཕྱག་འཚལ་ཏེ་མཉན་ཡོད་དུ་ཕེབས་པས་གསོལ་ལོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ། རྒྱལ་བོའི་ཁབ་ནས་མཉན་ཡོད་ཀྱི་བར་གྱི་ལྗོངས་རྣམས་རྒྱུ་ཞིང༌། ཁྱིམ་བདག་གིས་གུས་པས་བཤམས་པའི་མཆོད་ཡོན་སྦྲེངས་པའི་གནས་རྣམས་རིམ་གྱིས་བརྒྱུད་དེ། བཅོམ་ལྡན་འདས་དུལ་བ་འཁོར་དུལ་བ། ཞི་བ་འཁོར་ཞི་བ། གྲོལ་བ་འཁོར་གྲོལ་བ། དབུགས་བྱིན་པ་འཁོར་དབུགས་ཕྱིན་པ། རྣམ་པར་དུལ་བ་འཁོར་རྣམ་པར་དུལ་བ། དགྲ་བཅོམ་པ་འཁོར་དགྲ་བཅོམ་པ། འདོད་ཆགས་དང་བྲལ་བ་འཁོར་འདོད་ཆགས་དང་བྲལ་བ། ཉི་མ་འོད་ཟེར་སྟོང་གིས་བསྐོར་བ་ལྟ་བུ། སྐུ་རིན་པོ་ཆེའི་རི་བོ་འགྲོ་ཤེས་པ་དང་འདྲ་བ། འོད་འདོམ་གང་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཐུགས་རྗེ་ཆེན་པོ་དང་ལྡན་པ་དེ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། ཁྱིམ་བདག་མགོན་མེད་ཟས་སྦྱིན་སོགས་སྐྱེ་བོའི་ཚོགས་རྣམས་དང༌། ལྷ་བརྒྱ་སྟོང་དུ་མས་ཞབས་འབྲིང་
བྱས་ཏེ་གྲོང་ཁྱེར་གྱི་སྒོའི་ཐེམ་པ་ལ་ཞབས་བཞག་མ་ཐག་ཏུ་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས། འཇིག་རྟེན་གྱི་ཁམས་ཐམས་ཅད་འོད་ཀྱིས་ཁྱབ། ནམ་མཁའ་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ་ཅིང་རོལ་མོའི་སྒྲ་བསྒྲགས། ས་མཐོ་དམན་ཅན་རྣམས་ནི་མཉམ་པར་གྱུར། གླང་པོ་ཆེ་དང་རྟ་དང་ཁྱུ་མཆོག་རྣམས་ནི་སྐད་འབྱིན། རོལ་མོའི་ཆ་བྱད་ཐམས་ཅད་དང་སྣོད་ཐམས་ཅད་ལས་ནི་རང་སྒྲ་འབྱིན། ལོང་བས་མིག་ཐོབ། འོན་པས་སྒྲ་ཐོས། ལྐུགས་པས་སྨྲ་ནུས། དབང་པོ་མ་ཚང་བ་དག་དབང་པོ་རྣམས་ཡོངས་སུ་རྫོགས་ཤིང༌། ཆང་དང་དུག་གིས་མྱོས་པ་དང་ཕན་ཚུན་མཁོན་པ་རྣམས་ཞི། སྦྲུམ་མ་རྣམས་བདེ་བར་བཙས། བཙོན་དུ་བཅིངས་པ་རྣམས་ནི་ཐར། ནོར་མེད་པ་རྣམས་ཀྱིས་ནི་ནོར་རྙེད་དོ། །འདི་ལྟ་བུའི་ཡ་མཚན་གྱི་ཆོས་ནི་རྫུ་འཕྲུལ་མངོན་པར་འདུ་མཛད་པ་མ་ཡིན་པར་རང་ཤུགས་ཀྱིས་འབྱུང་བས་ཡ་མཚན་ནར་མ་སྣ་ཚོགས་ཞེས་བྱ་བ་དེ་ཡིན་ནོ། །འདི་ནི་གོང་འོག་ཏུ་སྟོན་པ་འཁོར་བཅས་རྒྱལ་པོའམ་ཁྱིམ་བདག་ལ་སོགས་པས་སྤྱན་དྲངས་ཏེ། སྔར་མ་བྱོན་པའི་ཡུལ་ཕྱོགས་གང་དང་གང་དུ་བྱོན་པ་ཐམས་ཅད་ལ་སྦྱར་རོ། །དེ་ནས་བཅོམ་ལྡན་འདས་ཁྱིམ་བདག་གིས་བཞེངས་པའི་གཙུག་ལག་ཁང་དུ་བྱོན་ཏེ་དགེ་སློང་གི་དགེ་འདུན་གྱི་དབུས་སུ་གདན་བཤམས་པ་ལ་བཞུགས་སོ། ཁྱིམ་བདག་མགོན་མེད་ཟས་སྦྱིན་ཉེ་དུ་འཁོར་ཚོགས་དང་ལྷན་ཅིག་པས་བཀུར་བསྟི་དང་བཅས་ཏེ་ཁྱིམ་བདག་ཉིད་ཀྱིས་གསེར་གྱི་བྱ་མ་བུམ་ཐོགས་ནས་ཆུ་སྦྲེངས་པ་ལས་བྱ་མ་བུམ་ནས་ཆུ་འབབ་ཏུ་མ་བཏུབ་བོ། །དེ་ནས་བདག་གིས་ལས་མ་ལེགས་པ་བྱས་སམ་སྙམ་ནས་མི་དགའ་བ་ལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་མ་ཡིན་མོད། འོན་ཀྱང་སྔོན་གྱི་སངས་རྒྱས་རྣམས་ལ་ཁྱོད་ཀྱིས་ཕྱོགས་འདི་ཉིད་
ཕུལ་བ་ཡིན་པས་ཕྱོགས་གཞན་དུ་ཆུ་སྦྲེངས་ཤིག །དེར་སྦྲེངས་པས་ཆུ་བྱུང་ངོ༌། །འདས་པའི་སངས་རྒྱས་ལ་ཕུལ་ཚུལ་ནི། སངས་རྒྱས་རྣམ་གཟིགས་ཀྱི་དུས་ཁྱིམ་བདག་རྒྱལ་བྱེད་ཅེས་བྱ་བར་གྱུར་པ་དང༌། གཙུག་ཏོར་ཅན་ལ་ཁྱིམ་བདག་རྒྱས་པ་དང༌། ཐམས་ཅད་སྐྱོབ་ལ་ཁྱིམ་བདག་མཆུ་དང༌། འཁོར་བ་འཇིག་ལ་ཁྱིམ་བདག་སྲིད་སྦྱིན་དང༌། གསེར་ཐུབ་ལ་ཁྱིམ་བདག་ཕུར་བུ་དང༌། འོད་སྲུང་ལ་ཁྱིམ་བདག་ཆུ་སྟོང་དུ་གྱུར་ཏེ་ཕུལ། མ་འོངས་པ་ན་བྱམས་པ་ལ་ཁྱིམ་བདག་ནོར་བཟང་དུ་གྱུར་ཏེ་འབུལ་ལོ། །ཞེས་ལུང་བསྟན་ཏོ། །འདིར་ཆུ་སྦྲེང་བ་ནི་འཕགས་ཡུལ་བ་རྣམས་ཀྱི་ཡུལ་ཆོས་ཏེ། བཟའ་བཏུང་མ་ཡིན་པའི་སྦྱིན་པ་རྒྱ་ཆེ་བ་གང་ལའང་ཆུ་གཙང་སྦྲེང་བ་ཡིན་པས། སྐབས་འདིར་ཡང་གཙུག་ལག་ཁང་འབུལ་བའི་བརྡ་ཡིན་ནོ། །དེའི་ཚེ་གང་སྦྱིན་པའི་དངོས་པོ་དེ་ཉིད་བརྗོད་དགོས་པས། སྐབས་དེར་རྒྱལ་བུ་རྒྱལ་བྱེད་ཀྱིས་བསམས་པ། བཅོམ་ལྡན་འདས་ཀྱིས་དངོས་པོ་བརྗོད་པ་གསུང་པ་ན། བདག་གི་མིང་ཐོག་མར་སྨོས་ཏེ་གསུངས་ན་ཅི་མ་རུང་སྙམ་པ་སྟོན་པས་མཁྱེན་ནས་བཀའ་སྩལ་པ། དགེ་སློང་དག་འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ཡིན་ནོ།། ཞེས་གསུངས་པ་ཐོས་ནས་གཞོན་ནུ་རྒྱལ་བྱེད་རབ་ཏུ་དགའ་སྟེ་སྒོ་ཁང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དང་ལྡན་པར་བྱེད་དུ་བཅུག་གོ །ཞེ་གཅིག་པ་གསལ་རྒྱལ་དད་པ་ལ་བཀོད་པ་ནི། དེ་ནས་ཞག་མང་པོ་མ་ལོན་པའི་དུས་ཤིག་ན། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་བཅོམ་ལྡན་འདས་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པར་ཐོས་ནས་རང་ཉིད་འཁོར་དང་བཅས་པ་སྟོན་པའི་དྲུང་དུ་སོང༌། ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས་དེས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ་ཞེས་གསུང་
པར་གྲགས་ན། དེ་དགེ་སྦྱོང་གཽ་ཏ་མ་ལ་རྫུན་གསུང་ཞེས་སྐུར་པ་འདེབས་པ་མ་ལགས་སམ། བཀའ་སྩལ་པ། མ་ཡིན་ཏེ་ང་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །གསོལ་པ། རེ་ཞིག་རྒན་ཞིང་རྒན་པའི་དགེ་སྦྱོང་དང་བྲམ་ཟེ་རྫོགས་བྱེད་ལ་སོགས་པ་རྣམས་ཀྱང་དེ་ལྟ་བུ་ཁས་མི་འཆེ་ན། ཤེས་ལྡན་གཽ་ཏ་མ་འཁྲུངས་ནས་རིང་པོ་མ་ལོན་པ་གསར་དུ་རབ་ཏུ་བྱུང་བ་ལྟ་སྨོས་ཀྱང་ཅི་འཚལ། ཞེས་ཞུས་པ་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས། རྒྱལ་རིགས་དཔེ་བྱད་ལྡན་པ་དང༌། །དེ་བཞིན་བྲང་འགྲོ་མེ་དང་ནི། །དགེ་སློང་ཚུལ་ཁྲིམས་ལྡན་དེ་ལ། །བློ་དང་ལྡན་པས་བརྙས་མི་བྱ། །ཞེས་པའི་དོན་གཞོན་ནུ་དཔེའི་མདོ་རྒྱས་པར་བཀའ་སྩལ་བས། རྒྱལ་པོ་གསལ་རྒྱལ། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་དང༌། རྫོགས་པའི་སངས་རྒྱས་ཉིད་དུ་ཡིད་ཆེས་ནས་ཞབས་གཉིས་ལ་མགོ་བོས་གཏུགས་ཏེ་སོང་ངོ༌། །དེའི་ཚེ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ཆེན་པོ་དང་བཅས་པ་གྲོང་ཁྱེར་མཉན་ཡོད་ཀྱི་ཕྱོགས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་ཀྱི་ཀུན་དགའ་ར་བར་དབྱར་གནས་པར་མཛད་ཅིང༌། དེའི་ལོ་ཕྱི་མ་ཡབ་སྲས་མཇལ་བར་མཛད་དོ། །ཞེ་གཉིས་པ་ཡབ་སྲས་མཇལ་བའི་སྡེ་ནི། དེ་ཡང་རྒྱལ་པོ་གསལ་རྒྱལ་ཡང་དག་པའི་དད་པ་ཐོབ་ནས་རྒྱལ་པོ་ཟས་གཙང་མ་ལ། ལྷ་དགྱེས་པ་བསྐྱེད་དུ་གསོལ། ཁྱེད་ཀྱི་སྲས་ཀྱིས་བདུད་རྩི་བརྙེས་ནས་བདུད་རྩིས་འགྲོ་བ་ཚིམ་པར་མཛད་དོ་ཞེས་འཕྲིན་ཡིག་ཕུལ་བས། རྒྱལ་པོ་ཟས་གཙང་གིས་སྟོན་པའི་དྲུང་དུ་ཕོ་ཉ་ཞིག་བཏང་བ། སྟོན་པ་དང་ཆོས་ཀྱི་གཟི་བྱིན་གྱིས་རབ་ཏུ་དགའ་བའི་ཤུགས་ཀྱིས་ཕུན་སུམ་ཚོགས་པ་ཉམས་སུ་མྱོང་ནས་དེ་ཉིད་དུ་རབ་ཏུ་བྱུང་སྟེ་ཕྱིར་མ་འོངས་སོ། །དེ་བཞིན་དུ་ཕོ་ཉ་གཉིས་པ་ནས་བདུན་པ་ལ་སོགས་
པའི་བར་དུ་བཏང་ཡང་ཐམས་ཅད་ཀྱང་རབ་ཏུ་བྱུང་སྟེ་ཕྱིར་མ་ལྡོག་པས་འཕྲིན་ལས་སྐྱེལ་བ་སུ་ཡང་མ་བྱུང་ངོ༌། །དེ་ནས་རྒྱལ་པོ་ཟས་གཙང་མ་ལག་པ་འགྲམ་པ་ལ་གཏོད་དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་ལ། མདུན་ན་འདོན་གྱི་བུ་འཆར་ཀས་རྒྱུ་མཚན་དྲིས་པས། གཞོན་ནུ་དོན་ཐམས་ཅད་གྲུབ་པ་སྔོན་དཀའ་བ་སྤྱོད་པའི་ཚེ་ཐམས་ཅད་ཀྱིས་གཏམ་ཁྱེར་ནས་འོང་ན། ད་ལྟ་བདུད་རྩི་ཐོབ་ནས་ཕུན་སུམ་ཚོགས་པས་གནས་པའི་ཚེ་འཕྲིན་སྐྱེལ་བ་བཏང་བ་ཐམས་ཅད་ཀྱང་ལྡོག་འོང་བ་མེད་པས་སོ། །དེ་ནས་འཆར་ཀས་ལྷ་དོན་དེ་ལ་བདག་འགྲོའོ། །རྒྱལ་པོས་ཁྱེད་ཀྱང་དེའི་ཕུན་སུམ་ཚོགས་པ་མཐོང་ནས་དེར་འདུག་པར་འགྱུར་རོ། །དེས་བདག་སླར་ངེས་པར་འོང་ངོ་བྱས་ནས། དེའི་ཚེ་རྒྱལ་པོ་ཟས་གཙང་མས་རང་ཉིད་ཀྱིས་འཕྲིན་ཡིག་བྲིས་ཏེ་འདི་སྐད་ཅེས། ལྷུམས་སུ་ཞུགས་པ་བཟུང་ནས་སུ། ཁྱོད་ནི་བདག་གིས་ཆེར་བསྐྲུན་ཏེ། །ཉོན་མོངས་མེ་རབ་འབར་བཞིན་དུ། །རྒྱལ་བ་ལྗོན་ཤིང་ལ་བསྡད་ན། །ད་ནི་ཁྱོད་ཀྱི་སློབ་མ་ཡི། །ཡལ་ག་ལྕུག་མ་འཕེལ་གྱུར་ན། །གཞན་ནི་བདེ་བས་དགའ་བར་གྱུར། །བདག་ནི་སྡུག་བསྔལ་སྐལ་པར་ལྡན། །གཞན་ཡང་གང་གིས་ཁྱོད་ནི་ལྗོན་ཤིང་ལྕུག་ཕྲན་མཚུངས་ཙམ་ན། །བདག་གི་བུ་ནི་འདི་ཡིན་སྙམ་ནས་ཆུང་ནས་བསྐྲུན་བསྐྲུན་ཏེ། །བུ་གཅིག་ཡུལ་མི་མང་པོས་འབྲས་བུ་ཡོངས་སུ་སྤྱད་ཐོབ་ན། །དེ་ལ་ཡོན་ཏན་འབྲས་བུ་མི་སྟེར་ཁྱོད་ལ་སྙིང་རྗེ་མེད། །གང་ཚེ་ཐོག་མ་བལྟམས་པ་ན། །ཉིད་དོན་བསྒྲུབས་ནས་གཉེན་རྣམས་ནི། །ཤིན་ཏུ་ཆེ་དང་ཕན་གདགས་ཞེས། །ཁྱོད་ཀྱིས་དམ་བཅས་མཛད་ནས་ནི། ཁྱོད་ཀྱིས་ཞི་གནས་དེ་བརྙེས་ན། །བདག་དང་གཉེན་གྱི་ཚོགས་རྣམས་ལ། །ཐུགས་བརྩེས་རྗེས་སུ་བཟུང་མཛོད་དེ། །གཤེགས་པར་དགོངས་པ་མཛད་དུ་གསོལ། ཞེས་སོ། །དེ་ནས་འཆར་ཀས་ཞུ་འཕྲིན་གྱི་ཡི་གེ་ཁྱེར་ཏེ་སོང་བ་ལས་ཞག་བདུན་མཉན་
ཡོད་དུ་ཕྱིན། སྟོན་པའི་སྤྱན་སྔར་སོང་སྟེ་རྒྱལ་པོ་ཟས་གཙང་གི་ཞུ་བའི་ཡི་གེ་ཕུལ་བ་སངས་རྒྱས་ཉིད་ཀྱི་ཕྱག་གིས་བཞེས་ཏེ་བཀླག་པར་མཛད་ནས་མཐའ་ཞིག་ཏུ་འཇོག་པར་མཛད་དོ། །འཆར་ཀས་གསོལ་བ། བཅོམ་ལྡན་འདས་སེར་སྐྱར་མི་བཞུད་དམ། བཀའ་སྩལ་པ་འགྲོའོ། །དེ་སྔོན་བཅོམ་ལྡན་འདས་དང་ལྷག་པར་འདྲིས་པས་གལ་ཏེ་མི་བཞུད་ན་བདག་གི་མཐུས་བཀྲིའོ། །ཞེས་ཅི་བརྟོལ་དུ་གསོལ་བ་ལ། གང་སྲེད་པ་དང་བྲལ་ཞིང་སྤྱོད་ཡུལ་མཐའ་ཡས་མངའ་བ་དེ་སུ་ཞིག་གིས་བཀྲི་བར་ནུས། ཞེས་གསུངས། དེས་གསོལ་པ། བདག་འགྲོ་སྟེ་ཟས་གཙང་མ་ལ་རིག་པར་བགྱིའོ། །སྟོན་པས་སངས་རྒྱས་ཀྱི་ཕོ་ཉ་ནི་འདི་ལྟ་བུ་མ་ཡིན་པས་རབ་ཏུ་བྱུང་ཞིག །གསོལ་བ། རྒྱལ་པོ་ལ་སླར་འོང་བར་དམ་བཅས་ན་ཇི་ལྟར་བགྱིད། སྔོན་ལ་རབ་ཏུ་བྱུང་ལ་དེའི་རྗེས་སུ་དམ་བཅས་པ་བཞིན་དུ་གྱིས་ཤིག །དེ་ནས་འཆར་ཀ་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གཏད་དེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཀུན་ཏུ་སྤྱོད་པའི་ཆོས་དག་བསྟན་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་བ་ན། བཀའ་སྩལ་པ། འཆར་ཀ་ཁྱོད་སོང་ལ་རྒྱལ་པོའི་ཕོ་བྲང་དུ་གྱ་ཚོམ་དུ་མ་འགྲོ་བར་སྒོར་སྡོད་ལ། ཤཱཀྱའི་དགེ་སློང་འོངས་སུ་ཞེས་རྗོད་ཅིག གལ་ཏེ་ནང་དུ་བྱོན་ཟེར་ན་འཇུག་པར་བྱའོ། །དགེ་སློང་གཞན་ཡང་ཡོད་དམ་ཞེ་ན་ཡོད་དོ། ཅཻས་སྨྲོས་ཤིག །དོན་གྲུབ་ཀྱང་ཆ་བྱད་འདི་འདྲའམ་ཟེར་ན་འདྲའོ། ཁྱོད་རྒྱལ་པོའི་ཁབ་ཏུ་མ་སྡོད་ཅིགགཞོན་ནུ་ཡང་མི་བཞུགས་སམ་ན་མི་བཞུགས་སོ། །གང་དུ་བཞུགས་ཟེར་ན་གཙུག་ལག་ཁང་དུའོ། །དེ་ཅི་འདྲ་ཟེར་ན་རྒྱལ་བྱེད་ཚལ་གྱི་རྣམ་པ་བྲིས་པ་སྟོན་ཅིག འབྱོན་ནམ་ཞེ་ན་འབྱོན་ནོ། །དུས་ཇི་སྲིད་ན་འབྱོན་ཞེ་ན་ཞག་བདུན་ལོན་ནས་སོ་ཞེས་རྗོད་ཅིག །དེ་ནས་འཆར་ཀ་སེར་སྐྱར་འགྲོ་བའི་དུས། སངས་རྒྱས་ཀྱི་མཐུས་ཡུད་ཙམ་
ཞིག་ལ་སེར་སྐྱར་སླེབ་པ་ན། འཆར་ཀ་སངས་རྒྱས་ལ་ལྷག་པར་དད་པ་སྐྱེས་སོ། །དེས་ཀྱང་སྟོན་པས་ཇི་སྐད་བཀའ་སྩལ་པ་ལྟར། ཕོ་བྲང་གི་སྒོ་དྲུང་དུ་བསྡད་ནས་ཤཱཀྱའི་དགེ་སློང་འོངས་སོ་ཞེས་བརྡ་སྦྱོར། དགེ་སློང་གཞན་དག་ཀྱང་ཡོད་དམ། ཤེས་ལྡན་དག་ཡོད་དོ། །དེ་རྣམས་ཀྱིས་རྒྱལ་པོ་ཟས་གཙང་ལ་སྨྲས་པས་ནང་དུ་བྱོན་ཅིག དེར་འཆར་ཀས་ནང་དུ་ཞུགས་ཏེ་སྔར་གྱི་ཚུལ་རྣམས་རྒྱས་པར་བསྙད་དོ། །གཞོན་ནུ་ཡང་ཆ་བྱད་འདི་འདྲའམ། ལྷ་འདི་འདྲའོ། །དེ་ནས་རྒྱལ་པོ་ཟས་གཙང་བརྒྱལ་ཞིང་ས་ལ་འགྱེལ་བ་ཙན་དན་གྱི་ཆུས་བཏབ་ནས་སླར་གསོས་པས། གཞོན་ནུ་དུས་ཇི་སྲིད་ན་འབྱོན་གསུང༌། དགུང་བདུན་ལོན་ནས་སོ། །ཞུས་སོ། །དེ་ནས་ཟས་གཙང་གིས་བློན་པོ་རྣམས་ལ་རྒྱལ་པོའི་ཁབ་དང་ཕོ་བྲང་བྱི་དོར་གྱིས་ཤིག་ཅེས་བསྒོ་བ་དང༌། འཆར་ཀས་སྨྲས་པ། བཅོམ་ལྡན་འདས་ནི་ཕོ་བྲང་དུ་མི་བཞུགས་ཏེ་དབེན་པའམ་གཙུག་ལག་ཁང་དུའོ། །རྒྱལ་པོས་གཙུག་ལག་ཁང་ཅི་འདྲ་ཞེས་དྲིས་པ་ན། འཆར་ཀས་རྒྱལ་བྱེད་ཚལ་གྱི་རྣམ་པ་རི་མོར་བྲིས་པ་བསྟན་ཏོ། །རྒྱལ་པོས་ཀྱང་སྐྱེད་མོས་ཚལ་ནྱ་གྲོ་དྷར་དེ་འདྲ་བ་བྱེད་དུ་བཅུག་སྟེ། ས་བདག་རྣམས་ནི་ཚིག་གིས་ནི། །ལྷ་རྣམས་བསམ་པས་འགྲུབ་པར་འགྱུར། །དེ་བཞིན་བསམ་གཏན་པ་རྣམས་ཀྱི། །སེམས་བསྐྱེད་པས་ནི་ཐམས་ཅད་འགྲུབ། ཅེས་བྱ་བ་ཡིན་པས་ཁང་བཟང་ཆེན་པོ་དང༌། གཙུག་ལག་ཁང་བཅུ་དྲུག་དང༌། ཁང་མིག་དྲུག་ཅུ་དང༌། རྭ་བ་སྒོ་ཁང་རྟ་བབས་དང་བཅས་པ་ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་རྒྱས་པ་ཞག་བདུན་གྱི་ཁོངས་སུ་གྲུབ་བོ། །སྐྱེད་མོས་ཚལ་རོ་ཧི་ཀ་དང༌། ཚངས་པས་བསྐོར་བར་ཡང་དེ་དང་འདྲ་བར་བྱས་སོ། །སྟོན་པའི་སྐུ་དྲུང་ནས་འཆར་ཀ་ཕྱིར་ལྡོག་པའི་མི་རིང་བ་ཁོ་ནར་སྟོན་པས་མཽང་གལ་གྱི་བུ་ལ་བཀའ་སྩལ་ཏེ། གྲོང་ཁྱེར་སེར་སྐྱར་ཡབ་སྲས་གདན་འཛོམ་པར་འགྱུར་གྱི། གང་དེ་
བལྟ་བར་འདོད་པ་ཐམས་ཅད་ཆོས་གོས་ལོང་ཞིག །ཅེས་གསུངས་ཏེ། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་ཡོད་ནས་སེར་སྐྱའི་བར་དུ་ལྗོངས་རྒྱུ་ཞིང་གཤེགས་པས་ལམ་བར་དུ་དགུང་ཞག་བདུན་མཛད་དེ། བདུན་པ་ལ་ཆུ་བོ་རོ་ཧི་ཀའི་འགྲམ་དུ་བཞུགས་སོ། །དེ་ནས་ནངས་པར་རྒྱལ་པོ་ཟས་གཙང་མས་ཆུ་ཀླུང་གི་འགྲམ་ནས་ནྱ་གྲོ་དྷའི་ཀུན་དགའ་ར་བའི་བར་ལམ་ཐམས་ཅད་བྱི་དོར་བྱས་ཤིང་རྒྱན་གྱིས་བརྒྱན། ས་ཕྱོགས་ཤིན་ཏུ་ཡངས་པ་ཞིག་ཏུ་སྟན་དང་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་བཤམས་སོ། །བསུ་བའི་བཀོད་པ་རྒྱ་ཆེན་པོ་ཡང་སྦྱར་ཏེ། འགའ་ཞིག་ཤིང་རྟ་དཀར་ལ་འདྲེན་བྱེད་ཀྱི་རྟ་ཡང་དཀར་བ། དེ་ལ་གནས་པའི་མི་གོས་དང་ལྷམ་དང་ཐོད་སོགས་ཆ་བྱད་མཐའ་དག་དཀར་བ་དང་བ་དན་ཡང་དཀར་བ། ཡང་གཞན་དག་ཐམས་ཅད་སེར་བ་དང༌། ཐམས་ཅད་དམར་བ་དང༌། ཐམས་ཅད་སྔོ་བ་དང༌། ཐམས་ཅད་ཁྲ་བོ་དག་ཀྱང་ཡོད་ལ། གཞན་ཡང་གླང་པོ་ཆེ་རྒྱན་དུ་མས་བརྒྱན་པ་དང༌། རོལ་མོ་རྣམ་པ་སྣ་ཚོགས་པ་དང༌། གར་གྱི་ཁྱད་པར་ལ་སོགས་པ་མཐའ་ཡས་པ་བཀོད་དོ། །དེ་ནས་དགེ་སློང་རྣམས་ཀྱང་ཆུ་ཀླུང་ལ་ཁྲུས་ལ་སོགས་པའི་བྱ་བ་བྱེད་དོ། །དེར་སྟོན་པས་དགོངས་པ། གལ་ཏེ་འདིར་ཞབས་ཀྱིས་གཤེགས་ན་ཤཱཀྱ་ང་རྒྱལ་ཅན་རྣམས་ནས་ཁ་ཟེར་བར་འགྱུར་རོ་སྙམ་དུ་དགོངས་ནས་རྫུ་འཕྲུལ་མངོན་པར་འདུ་མཛད་པར་བརྩམས་སོ། །དེར་ཕྱོགས་དང་ཕྱོགས་ནས་སྐྱེ་བོ་དཔག་ཏུ་མེད་པ་དག་སྔོན་གྱི་དགེ་བའི་རྩ་བས་བསྐུལ་ནས་ཕྱོགས་དེར་ཡོངས་སུ་འདུས་པར་གྱུར་ཏེ། ཁ་ཅིག་ནི་དད་པས་འོངས། ཁ་ཅིག་ནི་ཡ་མཚན་སྐྱེས། ཁ་ཅིག་ནི་ཡིད་གཉིས་སུ་གྱུར། ཁ་ཅིག་ནི་གཞན་གྱིས་བསྐུལ་བ་སོགས་རྐྱེན་འཇུག་ཚུལ་ཐ་དད་པ་དུ་མ་ཡོད་མོད་ཀྱི། ཕལ་ཆེར་ཆོས་རྟོགས་པའི་སྐལ་བ་དང་ལྡན་པ་ཤ་སྟག་གོ །དེ་ནས་སྐྱེ་བོ་དེ་ཐམས་ཅད་ཀྱི་མངོན་སུམ་
དུ་གསལ་བར་སྟོན་པ་འཁོར་བཅས་སྟེང་གི་བར་སྣང་ལ་མངོན་པར་འཕགས་ནས། ནམ་མཁའ་ལ་བཞུགས་པ་དང༌། བཞེངས་པ་དང༌། འཆག་པ་དང༌། མནལ་བར་མཛད། སྐུ་ལས་འོད་ཟེར་སྣ་ཚོགས་པ་དག་ཀྱང་སྤྲོ། སྐུ་སྨད་ནས་མེ་འབར་ཞིང་སྐུ་སྟོད་ནས་ཆུའི་རྒྱུན་གྲང་མོ་འབབ་པ་དང༌། དེ་ཉིད་གོ་ལྡོག་པ་དང༌། གློག་དང༌། སྤྲིན་དང༌། སྒྲ་དང༌། ཆར་འབབ་པ་དང༌། མེ་འབར་བ་དང༌། གསལ་བ་དང༌། ལམ་མེར་འདུག་པ་སྟེ་ཆོ་འཕྲུལ་རྣམ་པ་བཞི་པོ་ཕྱོགས་བཞིར་བསྟན། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་གྱི་རྣམ་པ་དེ་བསྡུས་ནས། ཤིང་ཏ་ལ་བདུན་སྲིད་ཙམ་གྱི་ནམ་མཁའ་ནས་ཚུར་གཤེགས་ཏེ། དེའི་ཚེ་དགེ་སློང་དག་ཏ་ལ་དྲུག་སྲིད་ཙམ་གྱི་ནམ་མཁའ་ནས་འབྱོན་ནོ། །རིམ་པ་དེས་བཅོམ་ལྡན་འདས་ཉིད་ཏ་ལ་ཉིས་སྲིད་ཙམ་དང༌། དགེ་སློང་དག་ཏ་ལ་གཅིག་ཙམ་གྱི་ནམ་མཁའ་ལ། དེ་ནས་སངས་རྒྱས་མི་འགྲེང་བདུན་ཙམ་གྱི་ནམ་མཁའ་ལ་གཤེགས་ཙམ་ན། དགེ་སློང་རྣམས་མི་འགྲེང་དྲུག་ཙམ། དེ་བཞིན་དུ་སྦྱར་ཏེ། བཅོམ་ལྡན་འདས་མི་གང་ལྷག་ཙམ་ནས་ཕེབས་པ་ན། དགེ་སློང་རྣམས་ས་གཞི་ལའོ། །དེར་རྫུ་འཕྲུལ་གྱི་བཀོད་པ་མང་པོས་ལང་ལོང་དུ་གྱུར་པས། རྒྱལ་པོས་བཅོམ་ལྡན་འདས་ངོ་མ་ཤེས་པ་ལ་འཆར་ཀས་བརྡ་སྤྲད་པས་བཅོམ་ལྡན་འདས་ཀྱི་ཞབས་ལ་ལུས་ཐམས་ཅད་ཀྱིས་བཏུད་ནས་ཕྱག་མཛད་དོ། །བློ་གྲོས་ཡངས་པ་ཁྱོད་ལ་འདི་དང་ནི། །ཀུན་སྤྱན་ཞབས་ལ་ལན་གསུམ་ཕྱག་བྱས་ཏེ། །བལྟམས་པའི་ཚེ་ན་ས་ནི་གཡོས་པ་དང༌། །ཛམྦུའི་གྲིབ་མ་སྐུ་ལས་མ་འདས་པའོ། །དེ་ནས་ཤཱཀྱ་རྣམས་ཡབ་ཀྱིས་སྲས་ལ་ཕྱག་མཛད་པ་ཅིའི་ཐ་ཚིག་ཅེས་མ་དད་པ་ལ། རྒྱལ་པོས་ངས་ད་སྡོད་ཁོ་ན་ཕྱག་བྱས་པ་མ་ཡིན་གྱི། དང་པོ་ཁོ་ནར་བལྟམས་པའི་དུས་ས་གཡོས་ཤིང་འོད་ཀྱིས་ཁྱབ་པ་དང༌། ཛམྦུའི་གྲིབ་མས་སྐུ་ལུས་མ་བཏང་བའི་སྐབས་སུའང་
ཕྱག་བྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཚོགས་དེ་དག་ཟིལ་གྱིས་མནན་ཏེ་དགེ་སློང་གི་དགེ་འདུན་གྱི་དབུས་སུ་བཞུགས་ཁྲི་བཤམས་པ་ལ་བཞུགས་སོ། །དེ་ནས་རྒྱལ་པོ་ཟས་གཙང་མས་བསམས་པ། བཅོམ་ལྡན་འདས་སྔོན་རྒྱལ་སྲིད་ཀྱི་འབྱོར་པའི་བདེ་བ་ལ་ལོངས་སྤྱོད་ཅིང་བཞུགས་པ་ལས། ད་ལྟར་འདོད་པ་སྤངས་པས་འོ་བརྒྱལ་བར་བཞུགས་སོ་སྙམ་ནས་མིག་མཆི་མས་གང་ཞིང་ཞུས་པ། གཞལ་མེད་ཁང་གི་གནས་རྣམས་སུ། །ཡབ་ཀྱི་ཁབ་ན་བཞུགས་པ་ལས། །དགོན་པ་འཇིགས་དང་བཅས་རྣམས་སུ། །ཇི་ལྟ་བུར་ན་འབའ་ཞིག་བཞུགས། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ཡི་བདག་པོ་གང་དུ་ནི། ཁྱིམ་གྱི་འཆི་བ་ལས་གྲོལ་པ། །འཕགས་པ་ཡི་ནི་གནས་པ་བཅུས། །ཐུབ་པ་རྣམས་ནི་གནས་པར་མཛད། །ཅེས་གསུངས། དེ་དག་ལ་སོགས་པ་ཞུ་བ་ཞུ་ལན་མང་དུ་མཛད་པ་ན། རྒྱལ་པོས་ཞུ་བ་ཞུས་པའི་ལན་ལས་བརྩམས་ཏེ་ཆོས་ཀྱི་གཏམ་རྒྱ་ཆེན་པོ་མཛད་དོ། །དེ་ནས་རྒྱལ་པོ་ཡང་སྲས་ཀྱིས་ཡོན་ཏན་མཆོག་བརྙེས་པར་མཁྱེན་ནས་ལྷག་པར་ཡང་དགྱེས་ཤིང༌། སྟོན་པས་འཁོར་གྱི་ཚོགས་ཐམས་ཅད་ཀྱི་བསམ་པ་མཁྱེན་ཏེ་ཆོས་བསྟན་པས་ཤཱཀྱའི་རྒྱལ་བུ་ཟས་དཀར་ལ་སོགས་པ་ཤཱཀྱ་བདུན་ཁྲི་བདུན་སྟོང་གིས་བདེན་པ་མཐོང་ངོ༌། །དེའི་ཚེ་ལྷས་བྱིན་ཁྲོ་བས་ཀུན་ནས་ཆེར་བསླངས་པའམ་དཀྲིས་པས། གལ་ཏེ་འདི་འདྲ་བའི་སྒྱུ་མ་ཤེས་ན། བདག་གིས་ཀྱང་འཇིག་རྟེན་ཐམས་ཅད་དབང་དུ་བྱ་བ་ཞིག་ཟེར་བ་ལ། ཤཱཀྱ་རྣམས་ཀྱིས་ལ་ལས་སྡིགས་ཤིང་ལ་ལས་གཞམས་ཏེ་བཟློག་པས་ལྷས་བྱིན་ཅང་མི་སྨྲའོ། །དེ་བཞིན་དུ་ནངས་པར་ཡང་ཚངས་པས་བསྐོར་བ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཆོས་བསྟན་པས་རྒྱལ་བུ་བྲེ་བོ་ཟས་ལ་སོགས་པ་ཤཱཀྱ་དྲུག་ཁྲི་དྲུག་སྟོང་གིས་བདེན་པ་མཐོང་ངོ༌། །དེའི་ཡང་
ནངས་པར་རོ་ཧི་ཀ་ཞེས་བྱ་བའི་སྐྱེད་མོས་ཚལ་དུ་ཆོས་གསུངས་པས་རྒྱལ་བུ་བདུད་རྩི་ཟས་ལ་སོགས་པ་ཤཱཀྱ་ལྔ་ཁྲི་ལྔ་སྟོང་གིས་བདེན་པ་མཐོང་ངོ༌། །ཉི་མ་དེ་གཉིས་ལ་ཡང་ལྷས་བྱིན་སྔར་སྐད་ཟེར་ཞིང་ཤཱཀྱ་རྣམས་ཀྱིས་བཟློག་གོ །དེ་ལྟར་ན་ཉིན་ཞག་གསུམ་པོ་དེ་ལ་ལྷ་དང་མིའི་སྐྱེ་བོ་བགྲང་བ་ལས་འདས་པ་ཞིག་རྒྱུན་ཞུགས་དང༌། ཕྱིར་འོང་དང༌། ཕྱིར་མི་འོང་དང༌། དགྲ་བཅོམ་པའི་འབྲས་བུ་ལ་བཀོད་པ་དང༌། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང༌། ཉན་ཐོས་དང་རང་རྒྱལ་དུ་སེམས་བསྐྱེད་པ་དང༌། ལྷའི་གཙོ་བོ་རྣམས་སུ་འགྱུར་བའི་དགེ་བ་བསགས་པ་དང༌། སྡིག་པའི་ལས་སྤངས་པ་སོགས་རང་རང་གི་སྐལ་པ་དང་འཚམ་པར་རྨད་དུ་བྱུང་བའི་གནས་ཐོབ་སྟེ། འཁོར་དེ་དག་ཕལ་ཆེར་ཡང་སངས་རྒྱས་ལ་གཞོལ་བ། ཆོས་ལ་འབབ་པ། དགེ་འདུན་ལ་བབ་པར་བཀོད་དོ། །དེ་དག་ཏུ་རྒྱལ་པོ་ཟས་གཙང་མས་བདེན་པ་མ་མཐོང་སྟེ། བདག་གི་བུ་ཁོ་ན་མཐུ་དང་རྫུ་འཕྲུལ་ཆེའོ་སྙམ་ཤིན་ཏུ་དྲེགས་ཤིང་དགའ་བ་དང༌། བཅོམ་ལྡན་འདས་ལ་སྔོན་ནི་ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་པར་བྱེད་ན། ད་ལྟ་ནི་མི་ཁོ་ནས་མཆོད་ཀྱི། ལྷས་ནི་མ་ཡིན་ནོ་སྙམ་དུ་ཧ་ཅང་ཞུམ་པ་སྟེ་རྒྱུ་གཉིས་པོ་དེས་བདེན་པ་མ་མཐོང་པ་ཡིན་ནོ། །དེ་ནས་འཕགས་པ་མཽང་གལ་གྱི་བུ་ལ་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཟས་གཙང་མ་ལ་སོམས་ཤིག་ཅེས་བཀའ་སྩལ་པས། འཕགས་པ་མཽང་གལ་གྱི་བུས་རྒྱལ་པོ་ཟས་གཙང་གི་དྲུང་དུ་སོང་སྟེ། ནམ་མཁའ་ལ་སྤྱོད་ལམ་བཞི་བྱེད་པ་དང༌། འོད་འབྱིན་པ་དང་ཡ་མ་ཟུང་གི་ཆོ་འཕྲུལ་སོགས་བསྟན་ནས་སྟན་བཤམས་པ་ལ་འདུག་གོ །དེ་ནས་རྒྱལ་པོས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱི་ཉན་ཐོས་རྫུ་འཕྲུལ་དང་མཐུ་ཆེ་བ་གཞན་ཡང་མཆིས་སམ། འཕགས་པས་ཤིན་ཏུ་མང་པོར་ཡོད་དོ། །དེར་རྒྱལ་པོ་སྔར་གྱི་
དགའ་ཆེས་པའི་དྲེགས་པ་ཞིའོ། །དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་ཐུགས་བསྐྱེད་པས་ལྷ་རྣམས་ལ་ཆོས་སྟོན་པར་བཞེད་པ་ལྷའི་ཚོགས་ཀྱིས་ཤེས་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བར་ལྷའི་བཟོ་བོས་ལྷའི་གཞལ་མེད་ཁང་སྐད་ཅིག་ལ་འདུ་བྱས་ཤིང་ཚར་བ་དང༌། བརྒྱ་བྱིན་ལ་སོགས་པ་ལྷ་དབང་ཆེ་བ་ཐམས་ཅད་འདུས་ཤིང༌། འཇིག་རྟེན་སྐྱོང་བ་བཞིས་སྒོ་བཞི་ནས་སྲུང་པ་དང༌། མཆོད་པའི་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱས་སོ། །དེ་ནས་འཕགས་པ་མཽང་གལ་གྱི་བུ་ཆེན་པོས་རྒྱལ་པོ་ཟས་གཙང་མ་ཁྲིད་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཕྱིན་ནས་ཤར་སྒོ་ནས་འཇུག་པར་བརྩམས་པ་ན། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་ན་རེ། རྒྱལ་པོ་ཆེན་པོ་ནང་དུ་མ་འགྲོ་ཞིགབཅོམ་ལྡན་འདས་ལྷའི་འཁོར་དག་པ་ལ་ཆོས་འཆད་དེ་མིར་གྱུར་པ་འཇུག་ཏུ་མི་དབང་ངོ༌། །དེ་བཞིན་དུ་སྒོ་གཞན་རྣམས་སུ་ཡང་དེ་ལྟར་སྦྱར་ཏེ་དེའི་ཚེ་སྟོན་པའི་བྱིན་གྱིས་བརླབས་ཀྱིས་ལྷ་རྣམས་ཀྱིས་བྱས་པའི་རིན་པོ་ཆེ་སྣ་བཞིའི་ཁང་པ་བརྩེགས་པ་དང༌། ནྱ་གྲོ་དྷའི་ཀུན་དགའ་ར་བ་གང་ཡིན་པ་དེ་དྭངས་ཤེལ་ལས་གྲུབ་པར་སྤྲུལ་པ་དང༌། བཅོམ་ལྡན་འདས་ལྷ་རྣམས་ཀྱིས་བཤམས་པའི་སྟན་ལ་བཞུགས་ཤིང༌། ལྷ་རྣམས་ལ་ཆོས་སྟོན་པ་རྒྱལ་བོས་མངོན་སུམ་དུ་མཐོང་སྟེ། སྔར་གྱི་ཞུམ་པའི་སེམས་དེ་ཡང་ཞི་བར་གྱུར་ནས་དགའ་བ་དང་མགུ་བ་བླ་ན་མེད་པ་ཐོབ་སྟེ་ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འཁོད་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་རྒྱལ་པོ་ཟས་གཙང་མས་ཀྱང་བདེན་པ་མཐོང་ངོ༌། །དེ་ནས་ནངས་པར་ཕོ་བྲང་དུ་གདུགས་ཚོད་ལ་སྤྱན་དྲངས་པར་ཞུས་ཏེ། ཟས་དཀར་གྱི་དྲུང་དུ་བྱོན་ནས་གཞོན་ནུ་ཁྱོད་ཀྱིས་རྒྱལ་སྲིད་གྱིས་ཤིག ལྷ་ཅིའི་སླད་དུ་མི་མཛད། ངས་བདེན་པ་མཐོང་ངོ༌། །ཉིན་མོ་གང་ལ་ལགས། དེ་རིང་ཁོ་ནའོ། །བདག་གིས་ནི་ཤཱཀྱ་བདུན་ཁྲི་བདུན་སྟོང་དང་ལྷན་ཅིག་བདེན་
པ་མཐོང་ལགས་སོ། །དེ་བཞིན་དུ་བྲེ་བོ་ཟས་དང༌། བདུད་རྩི་ཟས་ལ་ཡང་སྦྱར་རོ། །དེ་ནས་ཤཱཀྱ་བཟང་ལྡན་རྒྱལ་སྲིད་ལ་བསྐོས། ནངས་པར་རྒྱལ་པོ་ཟས་གཙང་གི་ཕོ་བྲང་དུ་བསོད་སྙོམས་གསོལ་ཞིང༌། གསེར་གྱི་བྱ་མ་བུམ་ནས་ཆུ་སྦྲེངས་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བ་ཕུལ་ལོ། །དེར་སྟོན་པས། སྦྱིན་པའི་བསོད་ནམས་གང་ཡིན་འདིས། །ཤཱཀྱ་རྣམས་ཀྱི་བསམ་པ་ཡི། །ཡིད་ལ་རེ་བ་རྫོགས་ནས་ནི། །རྟག་པའི་གནས་ནི་ཐོབ་པར་ཤོག །ཅེས་ཡོན་བསྔོ་བར་མཛད་དོ། །དེ་ནས་ཉི་མ་གཅིག་ནི་རྒྱལ་པོའི་ཕོ་བྲང་དུ་བསོད་སྙོམས་གསོལ། ཉི་མ་གཅིག་ནི་བཙུན་མོའི་འཁོར་གྱི་ནང་དུ་གདུགས་ཚོད་གསོལ་བ་ན། གྲགས་འཛིན་མ་འདི་སྙམ་དུ། བཅོམ་ལྡན་འདས་བདག་གིས་དབང་དུ་འགྱུར་པའི་ཐབས་ཤིག་ཡོད་ན་ལེགས་སོ་སྙམ་པ་ལས། ཀུན་ཏུ་རྒྱུ་བ་མོ་རིག་སྔགས་མཐར་ཕྱིན་པ་ཞིག་ལ་པ་ཎ་ལྔ་བརྒྱ་རྔན་པར་བྱིན་ནས་དབང་དུ་བྱེད་པའི་ལ་དུ་བྱས་ཏེ་གྲགས་འཛིན་མ་ལ་གཏད། དེས་གཞོན་ནུ་སྒྲ་གཅན་འཛིན་ལ་གཏད་དེ་ཁྱོད་ཀྱིས་ཡབ་ལ་ཕུལ་ཞིག་ཅེས་བསྒོས་པ་ན། གྲགས་འཛིན་མ་ལ་མི་སྙན་པར་གླེང་བ་སྤོང་བའི་དོན་དུ་སངས་རྒྱས་ཀྱི་སྐུ་ལྔ་བརྒྱ་སྤྲུལ་ལོ། །སྒྲ་གཅན་འཛིན་གྱིས་བརྟགས་པ་ན། སྤྲུལ་པ་དང་སྤྲུལ་གཞི་སོ་སོར་ངོ་ཤེས་ཏེ་སྤྲུལ་གཞིར་གྱུར་པ་སྟོན་པ་དངོས་ལ་ཕུལ་ལོ། །དེ་ནས་སླར་ཡང་ལ་དུ་དེ་གཞོན་ནུ་ཉིད་ལ་གནང་བས་དེས་ཟོས་ཤིང་སྟོན་པས་ཡོན་བསྔོ་བ་མཛད་ནས་ཕྱིར་གཤེགས་པའི་རྗེས་སུ་སུས་ཀྱང་བཟློག་ཏུ་མ་བཏུབ་པར་སྟོན་པའི་ཞབས་ཕྱིར་འབྲངས་སོ། །དེར་སྒྲ་གཅན་འཛིན་གྱིས་སྤྲུལ་པ་དང་སྤྲུལ་གཞིའི་བྱེ་བྲག་ཤེས་པས་སྟོན་པའི་སྲས་མ་ཡིན་ནམ་སྙམ་པའི་དོགས་པ་ཡང་སངས། སྒྲ་གཅན་འཛིན་འདི་སྲིད་པ་ཐ་མ་པ་ཡིན་པས་ཁྱིམ་ན་གནས་པའི་སྐབས་མེད་དོ་ཞེས་བཀའ་སྩལ་བས། རྒྱལ་པོ་ཟས་གཙང་མས་འོ་ན་དེང་གི་ཉིན་པར་རབ་ཏུ་མི་འབྱིན་
པར་གསོལ། བདག་གིས་མཆོད་པ་བྱ་དགོས་སོ་ཞེས་ཞུས་ཏེ། ཉི་མ་གཞན་ལ་དུས་སྟོན་ཆེན་པོ་དང་བཅས་ཏེ་འཕགས་པ་ཤཱ་རིའི་བུ་ལ་གཏད་དེ་རབ་ཏུ་བྱུང་ངོ༌། །དེ་ནས་ཡང་ཉི་མ་གཞན་ལ་བཙུན་མོའི་ཕོ་བྲང་དུ་གདུགས་ཚོད་གསོལ་བའི་སྐབས་ཤིག བུད་མེད་དྲུག་ཁྲི་ཐམས་ཅད་རྒྱན་གྱིས་བརྒྱན། དགའ་ཚལ་གྱི་ལྷའི་བུ་མོ་བཞིན་དུ་འདུག་ནས་སྒེག་འཆོས་དང་བརྡེག་འཆོས་སྣ་ཚོགས་པའི་ཆགས་པའི་རྣམ་འགྱུར་དང་བུད་མེད་ཀྱི་སྒྱུ་མ་དག་སྟོན་པ་ན། བུད་མེད་འདི་དག་འདོད་ཆགས་ཀྱིས་གདུངས་པས་བདེན་པའི་སྣོད་དུ་མི་འགྱུར་ཞིང༌། གདུལ་བའི་སྐྱེ་བོ་དུས་ལས་ཀྱང་ཡོལ་བར་འགྱུར་ན། སོ་སོ་སྐྱེ་བོ་རྣམས་ནི་རྫུ་འཕྲུལ་ལ་མྱུར་དུ་དད་པར་འགྱུར་རོ་ཞེས་དགོངས་ནས། འོད་ཟེར་སྤྲོ་བ་དང༌། ཉི་མ་དང་ཟླ་བ་ཕྱག་གིས་ནོམ་པ་དང༌། རི་རབ་ཕྱག་ཏུ་བླངས་ཏེ་བསྐོར་བ་སོགས་ཆོ་འཕྲུལ་དུ་མ་བསྟན་ཏེ་གདན་བཤམས་པ་ལ་བཞུགས་སོ། །དེ་ནས་བཙུན་མོའི་འཁོར་རྣམས་མངོན་པར་དད་པ་སྐྱེས་པ་ལ་ཆོས་བསྟན་པས་ས་འཚོ་མ་དང༌། རི་དྭགས་སྐྱེས་མ་ལ་སོགས་པ་བུད་མེད་དྲུག་ཁྲིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ། འོན་ཀྱང་གྲགས་འཛིན་མ་ནི་ད་དུང་འདོད་པའི་རྣམ་རྟོག་གིས་གཟིར་པས་བདེན་པ་མ་མཐོང་ངོ༌། །དེ་ནས་སྟོན་པ་ཕྱིར་གཤེགས་པ་ན་གྲགས་འཛིན་མ་ཁང་བཟང་གི་རྩེ་མོ་ནས་མཆོངས་སོ། །སངས་རྒྱས་རྣམས་ནི་བསྙེལ་བ་མི་མངའ་བའི་ཆོས་ཅན་ཡིན་པས་སྟོན་པས་རྫུ་འཕྲུལ་གྱིས་ནམ་མཁའ་ལས་བླངས་ནས་ས་ལ་བཞག་སྟེ། གང་ཐོས་ན་གྲགས་འཛིན་མས་བདེན་པ་མཐོང་བར་འགྱུར་བ་དེ་ལྟ་བུའི་ཆོས་བསྟན་པས་དུས་དེར་གྲགས་འཛིན་མས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང༌། ཕྱིས་རིང་ཞིག་ལོན་ནས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པའང་ཐོབ་སྟེ། བཙུན་མོའི་འཁོར་གཞན་ཕལ་ཆེར་ཡང་དེ་དང་འདྲའོ། །དེ་ནས་དུས་གཞན་ཞིག་ན་རྒྱལ་པོ་ཟས་གཙང་གིས་བསམས་པ། དགེ་སློང་འདི་
རྣམས་སྤྱོད་ལམ་ཞི་ཞིང་དབང་པོ་དུལ་བ་ཡིན་མོད་ཀྱི། རིགས་སྣ་ཚོགས་ལས་བྱུང་ཞིང་སྔོན་དཀའ་ཐུབ་དྲག་པོས་ལུས་གདུངས་པ་ལ་སོགས་པས་མི་མཛེས་སོ། །འཁོར་མཛེས་པ་ནི་ཤཱཀྱའི་རིགས་མཆོག་རྣམས་ཀྱིས་སོ་སྙམ་སྟེ། ཤཱཀྱ་ཐམས་ཅད་འདུས་པ་ལ་ཤེས་ལྡན་དག་བཅོམ་ལྡན་འདས་རབ་ཏུ་མ་བྱུང་ན་ཅིར་འགྱུར། དེ་རྣམས་ཀྱིས་གསོལ་བ། འཁོར་ལོས་སྒྱུར་རྒྱལ་དུའོ། །དེའི་ཚེ་ཁྱེད་ཅག་ཅི་བྱེད། གཡོག་བགྱིད་དོ། །ད་ལྟ་ཆོས་ཀྱི་རྒྱལ་པོར་གྱུར་ན་ཅིའི་ཕྱིར་གཡོག་མི་བྱེད། ལྷ་ཅི་རབ་ཏུ་འབྱུང་ངམ། རབ་ཏུ་བྱུང་ཞིགཅི་ཐམས་ཅད་ལགས་སམ། མིན་ཏེ་ཁྱིམ་རེ་ནས་རེ་རེའོ། །དེ་ནས་རྒྱལ་པོས་དྲིལ་བསྒྲགས་སོ། །དེའི་ཚེ་ཤཱཀྱ་མིང་ཆེན་གྱི་བུ་གཉིས་པོ་ལས་མ་འགགས་པ་ནི་སྟེང་གི་ཁང་བཟང་གི་གཞི་ན་དགའ་ཞིང་རྩེ་བས་གནས་ལ། མིང་ཆེན་ནི་ལས་ཀྱི་མཐའ་ལ་བརྩོན་ནོ། །དེ་གཉིས་ཀྱི་མས་མིང་ཆེན་ལ་ཁྱོད་རབ་ཏུ་བྱུང་ཞིག་ཅེས་བྱས་པ་ན། ང་ལས་ཀྱི་མཐའ་བྱེད་དགོས་པས་མ་འགགས་པ་བདེ་བར་གནས་པ་རབ་ཏུ་བྱུང་ཞིག་ཅེས་ཟེར་རོ། །དེ་བསོད་ནམས་ཅན་ཡིན་པས་མ་འགྲན་ཞིག་བྱས་པ་ན། ཡུམ་ཉིད་དགྱེས་པ་དེ་བསོད་ནམས་ཆེ་མོད། དེ་མིན་སྣོད་སྟོང་པ་ཞིག་བསྐུར་དང་མངོན་དུ་འགྱུར་རོ་ཞེས་ཟེར་རོ། །དེར་རྫེའུ་སྟོང་པ་ཞིག་ཁ་རས་ཀྱིས་གཡོགས་རྒྱས་བཏབ་ནས་གཡོག་མོ་ཞིག་ལ་བསྐུར་ཏེ་བཏང་བས། བརྒྱ་བྱིན་གྱིས་ལྷའི་ཞལ་ཟས་དང་མཚུངས་པའི་ཚོད་མ་དག་གིས་བཀང་ངོ༌། །མ་འགགས་པས་དེ་ཁ་ཕྱེ་བ་ན་ཚིལ་དེ་དྲི་ཞིམ་བོས་ཁྱབ་པར་གྱུར་ཏེ། རོ་བརྒྱ་དང་ལྡན་པའི་ཟས་མཆོག་ཏུ་ཤེས་ནས་སླར་ཡང་དེའི་ཕུད་ནས་མ་ལ་བསྐུར་ནས། ཉི་མ་རེ་རེ་བཞིན་ཟས་འདི་ལྟ་བུ་སྐུར་ཞིག་ཅེས་བྱས་ནས་སླར་བསྐུར་ཏེ་བཏང་བ་གཡོག་མོ་དེས་ཀྱང་དོན་དེ་རྒྱས་པར་སྨྲས་པས། མས་མིང་ཆེན་ལ་དེ་བསྟན་ནས་བུ་མཐོང་ངམ། མཐོང་ངོ༌། །དེ་
བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པས་ཁྱོད་རབ་ཏུ་བྱུང་ཞིག དེ་དེ་དང་ལྡན་ཡང་རུང་མི་ལྡན་ཡང་རུང༌། ཁོ་བོ་རབ་ཏུ་མི་འབྱུང་ངོ་ཟེར་རོ། །དེ་ནས་མས་མ་འགགས་པ་ལ་བུ་རབ་ཏུ་འབྱུང་ངམ། མ་འགགས་པ་ན་རེ། དེའི་ཕན་ཡོན་ཅི་ལགས། ཁྱིམ་དུ་གནས་ནས་ལེགས་པར་བསྒྲུབས་ན་ལྷ་མི་དང་ཉེས་ན་ངན་སོང་ངོ༌། །རབ་ཏུ་བྱུང་ནས་ཉེས་ནའང་ལྷ་མི་དང་ལེགས་ན་མྱ་ངན་ལས་འདས་པ་ཐོབ་བོ། འོ་ན་རབ་ཏུ་བྱུང་བའི་ཉེས་དམིགས་གང་ཡིན་པ་དེ། ཁྱིམ་ན་གནས་པའི་ཕན་ཡོན་ཡིན་པས་བདག་རབ་ཏུ་འབྱུང་ངོ༌། །མ་འགགས་པའི་ནེའུ་ལྡང་སྟེ། ན་མཉམ་ཆུང་གྲོགས་ནི་རྒྱལ་པོ་བཟང་ལྡན་ཡིན་པས་དེ་བཟང་ལྡན་གྱི་ཁྱིམ་དུ་སོང་ངོ༌། །བཟང་ལྡན་གྱིས་དེ་ལ་དོན་ཅི་ལ་བྱོན། རབ་ཏུ་འབྱུང་བའི་དོན་དུའོ། ཁོ་བོ་ཡང་རབ་ཏུ་འབྱུང་བས་གྲོས་བྱ་ཡི། འདི་ཉིད་དུ་གནས་ཐོབ་ཅིག དེའི་ནུབ་མོ་རས་བཟང་པོ་དག་བཏིང་ཞིང་མེ་ཏོག་ཀྱང་དོར། མ་འགགས་པ་དེར་ཉལ་བས་སྟན་རེག་བྱ་ཚ་ཞིང་འབར་འབུར་དུ་མི་བདེ་ནས། འདི་ན་རྡོ་བ་དག་ཡོད་དམ་ཞེས་བལྟས་པས་མེ་ཏོག་གི་རྩ་བ་ཞིག་རྙེད་པ་རིང་དུ་བསམས་པའི་དོན་གྱི་རྩ་བ་འགྲུབ་པའི་ལྟས་སུ་གོ་ནས་ངོ་མཚར་སྐྱེས་སོ། །ནངས་པར་མལ་བདེའམ་དྲིས་ན། མི་བདེ་སྟེ་རིམས་བགས་ཀྱིས་སྦགས་པའི་གོས་ཀྱིས་སོ། །དེ་ཇི་ལྟར་ཡིན་མལ་འཆའ་བ་ལ་དྲིས་སོ། །དེས་ཀྱང་འཁོར་བ་ལའོ། །དེས་ཀྱང་ཐགས་མཁན་ལ་དྲིས་པ་ན། འདི་ནི་མེད་དེ་འདི་འཐག་འཕྲོ་ལ་བདག་རིམས་ཀྱིས་ཐེབས་པ་ལགས་སོ་ཟེར། མ་འགགས་པས་རྟགས་ཅི་ལས་ཤེས། ཚ་བའི་རེག་པ་ལས་སོ། ཁྱོད་ནི་མཁས་ཤིང་སྐལ་པ་བཟང་པོའོ་ཞེས་བསྔགས་སོ། །དེར་མ་འགགས་པ་རབ་ཏུ་འབྱུང་འདོད་པས་རྒྱལ་པོ་བཟང་ལྡན་ལ་དྲིས་པས་ལེགས་སོ་ཞེས་ལན་བཏབ་ཅིང༌། བཟང་ལྡན་རང་ཉིད་ཀྱང་རབ་ཏུ་འབྱུང་བར་སྤྲོ་སྟེ། འོན་ཀྱང་ཁོ་
བོ་རབ་ཏུ་བྱུང་ན་ལྷས་བྱིན་རྒྱལ་པོར་འགྱུར་ཏེ་ཐམས་ཅད་ལ་གནོད་པར་འགྱུར་བའི་གནས་ཡོད་པས་དང་པོར་ལྷས་བྱིན་ལ་སྤྲོ་བ་དྲིའོ། །ཞེས་ལྷས་བྱིན་གྱི་ཐད་དུ་སོང་ནས་ཁོ་བོ་ཅག་ཐམས་ཅད་ནི་རབ་ཏུ་འབྱུང་ན། ཁྱོད་ཅི་བྱེད། ལྷས་བྱིན་གྱིས་བསམས་པ། ད་ལྟ་ང་རབ་ཏུ་མི་འབྱུང་ངོ་བྱས་ན་བཟང་ལྡན་འདིས་རྒྱལ་སྲིད་མི་འཇོག་ལ། ད་ལྟ་རབ་ཏུ་འབྱུང་བར་ཁས་བླངས་ནས། འདི་དག་རབ་ཏུ་བྱུང་ཟིན་པ་ན་ང་རབ་ཏུ་མི་འབྱུང་སྟེ་རྒྱལ་སྲིད་བྱེད་པས་ཐབས་བཤམ་མོ་སྙམ་སྟེ། ཁྱེད་ཅག་ཐམས་ཅད་རབ་ཏུ་འབྱུང་ན་བདག་ཅི་སྟེ་འདུག་ཅེས་སྨྲས་སོ། །རྒྱལ་པོ་བཟང་ལྡན་གྱིས་བསམས་པ། ལྷས་བྱིན་འདི་རྫུན་དུ་སྨྲ་བ་ཡིན་པས་དམ་འཆར་ཡང་བཅུག་ཅིང་མང་པོས་རིག་པར་བྱའོ་སྙམ་སྟེ་དྲིལ་བསྒྲགས་ཤིང་ཤེས་ལྡན་དག་ཉོན་ཞིག བཟང་ལྡན་དང་ནམ་གྲུ་དང་མ་འགགས་པ་དང་ལྷས་བྱིན་ཞེས་པ་ལ་སོགས་པ་ཤཱཀྱ་ལྔ་བརྒྱའི་བར་ཏུ་སྟེ། འདི་རྣམས་རབ་ཏུ་འབྱུང་བས་དགའ་བ་སྐྱེད་ཅིག་ཅེས་སོ་སོའི་རྟགས་བླངས་ཏེ། སྐྱེ་བོ་ཀུན་བསགས་པའི་ནང་དུ་དྲིལ་བསྒྲགས་སོ། །དེ་ནས་ལྷས་བྱིན་སྡུག་བསྔལ་ཆེན་པོ་སྐྱེས་ཤིང༌། ད་ནི་རབ་ཏུ་མ་བྱུང་ན་རྫུན་སྨྲ་བའོ་ཞེས་རྒྱལ་སྲིད་ཀྱང་མི་ཐོབ་པས་རེ་ཞིག་རབ་ཏུ་བྱུང་ལ་ཕྱིས་རྒྱལ་སྲིད་བྱའོ་སྙམ་མོ། །དེ་ནས་རྒྱལ་པོ་ཟས་གཙང་མས་གྲོང་ཁྱེར་བྱི་དོར་བྱས་མཚན་མཁན་རྣམས་ཀྱང་བསགས། ཤཱཀྱ་རྣམས་རང་རང་གི་འབྱོར་པས་རབ་ཏུ་འབྱུང་བར་བྱེད་དེ། ཤཱཀྱ་ལྔ་བརྒྱ་རྣམས་ཀྱི་འབྱོར་པའི་ཐ་མ་བལྟའོ་ཞེས་ཤཱཀྱ་ཕོ་མོ་རྣམས་དང་ཡུལ་སྣ་ཚོགས་ཀྱི་སྐྱེ་བོ་རྣམས་ཀྱང་འདུས། གྲོང་ཁྱེར་གྱི་ཤར་སྒོར་སེང་གེའི་ཁྲི་བཤམས་པ་ལ་རྒྱལ་པོ་ཉིད་འདུག་ནས་འཁོར་བརྒྱ་སྟོང་དུ་མས་ཡོངས་སུ་བསྐོར་ཏེ་བཞུགས་སོ། །དེར་ཐོག་མར་རྒྱལ་པོ་བཟང་ལྡན་རྒྱན་གྱིས་བརྒྱན་ཞིང་ཤིང་རྟར་ཞུགས་ཏེ་བྱུང་བ་ལ་མཚན་མཁན་རྣམས་ཀྱིས་བརྟགས་པས།
འདིས་སྟོན་པ་མཉེས་པར་བྱེད་པར་འགྱུར་རོ་ཞེས་ལུང་བསྟན། ལྷས་བྱིན་བྱུང་བ་ན། གཙུག་གི་ནོར་བུ་ཁ་དོག་དམར་པོར་ཡོད་པ་ཤ་དང་ནོར་ཏེ་བྱ་ཁྲས་ཁྱེར་བ་ན། འདི་ནི་སྟོན་པ་ལ་འཁུ་བས་དམྱལ་བར་འགྲོའོ། །ཞེས་དང༌། ཀོ་ཀ་ལི་ཀ་དང༌། ཁནྚ་དྲ་བྱ་དང༌། ཀ་ཏ་མོ་ར་ཀ་ཏི་ཥྱ་དང༌། རྒྱ་མཚོས་བྱིན་རྣམས་ཕྱིར་བྱུང་བ་ན། བོང་བུ་སྐད་འབྱིན་པས་འདི་དག་ནི་དམ་པ་ལ་ངན་དུ་སྨྲས་པས་དམྱལ་བ་འགྲོའོ། །ཉེར་དགའ་གླང་པོ་ཆེ་ལ་ཞོན་ནས་ཕན་ཚུན་ལྟ་བ་ན་མུ་ཏིག་གི་དོ་ཤལ་ལྷུངས་པ་གླང་པོ་ཆེ་ལ་བབས་ཏེ་དེ་བླངས་སོ། །འདི་ནི་ཧ་ཅང་འདོད་ཞེན་ཆེས་པས་དམྱལ་བར་སྐྱེའོ། །གཞན་ནམ་གྲུ་དང་མ་འགགས་པ་ལ་སོགས་པ་ཕལ་ཆེར་ལ་བཟང་པོར་ལུང་བསྟན་ཏེ། ཤཱཀྱ་ལྔ་བརྒྱ་པོ་རྣམས་སྐྱེད་མོས་ཚལ་དུ་དུས་སྟོན་ལ་འགྲོ་བ་བཞིན་དུ་བཟང་འགྲན་དུ་བྱས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ངོ༌། །དེ་ནས་སྟོན་པས་དགོངས་པ། ཚུར་ཤོག་གིས་བསྙེན་པར་རྫོགས་པ་ནི་སྲིད་པ་ཐ་མ་པ་ཁོ་ནར་ངེས་ལ། འདི་དག་གི་ནང་ན་སྲིད་པ་ཐ་མ་མ་ཡིན་པ་དང་དེ་བཞིན་གཤེགས་པ་མཉེས་པར་མི་བྱེད་པ་དག་ཀྱང་ཡོད་པས། དགེ་འདུན་གྱི་གསོལ་བཞིའི་ལས་ཀྱིས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སུ་གཞུག་པར་དགོངས་ཏེ། དགེ་འདུན་རྣམས་ལའང་དེ་ལྟར་དུ་བཀའ་སྩལ་ཏོ། །དེ་རྣམས་ཀྱི་སྐྲ་འབྲེག་པར་འབྲེག་མཁན་ཉེ་བར་འཁོར་རྒྱལ་པོ་ཟས་གཙང་གིས་མངགས་ཤིང༌། དེས་རྒྱལ་པོ་བཟང་ལྡན་གྱི་སྐྲ་འབྲེག་པའི་དུས་ན། དེ་མཆི་མས་བརྣངས་ཤིང་བདག་སྐྱེས་བུ་གཙོ་བོ་ལ་བསྙེན་བཀུར་བགྱིད་བགྱིད་པའི་མི། སྐྱེ་བོ་ཕལ་པ་ལ་བསྙེན་བཀུར་བགྱིད་པར་འགྱུར་བ་ལྟ། ཞེས་ཟེར་བ་ལ་བཟང་ལྡན་གྱིས། ཁྱོད་མྱ་ངན་མ་བྱེད་ཅིགཁྱོད་ཕལ་བ་ལ་བསྙེན་བཀུར་བྱ་མི་དགོས་པ་དེ་ལྟར་ངས་བྱའོ་ཞེས་བྱས་ཏེ། བཟང་ལྡན་གྱིས་ཤཱཀྱ་རྣམས་ལ་སྨྲས་པ།
འབྲེག་མཁན་ཉེ་བར་འཁོར་འདིས་བདག་ཅག་ལ་བཀུར་སྟི་བྱས་ལ། བདག་ཅག་ཀྱང་སླར་ཁྱིམ་དུ་མི་གནས་པས་རྒྱན་མི་དགོས་ཏེ། འདིའི་འཚོ་བའི་རྐྱེན་དུ་བདག་ཅག་གི་རྒྱན་ཐམས་ཅད་བྱིན་ཅིག་ཅེས་བྱས་ནས། རས་ཆེན་པོ་བཏིང་པའི་སྟེང་དུ། ཤཱཀྱ་ལྔ་བརྒྱའི་རྒྱན་རྣམས་སྤུངས་པས་ཕུང་པོ་ཆེན་པོར་གྱུར་ཏོ། །དེ་ནས་ཉེ་བར་འཁོར་གྱིས་ཤཱཀྱ་ལྔ་བརྒྱའི་སྐྲ་རིམ་གྱིས་བྲེགས་སོ། །མཐར་ཤཱཀྱ་རྣམས་ཁྲུས་ལ་སོང་བའི་བར་སྐབས་དེར་ཉེ་བར་འཁོར་གྱིས་བསམས་པ། འདི་དག་རྒྱལ་སྲིད་ལ་སོགས་པའི་དཔལ་དང་འབྱོར་པ་ཆེན་པོ་ལའང་མ་ཆགས་པར་རབ་ཏུ་འབྱིན་ན་བདག་འདི་དག་གི་རྒྱན་ལ་ཆགས་པར་མི་འོས་མོད། རིགས་ངན་དུ་མ་སྐྱེས་ན་བདག་ཀྱང་རབ་ཏུ་འབྱུང་བ་ཞིག་སྙམ་དུ་ཡིད་མི་བདེ་བར་འདུག་པ་འཕགས་པ་ཤཱ་རིའི་བུས་མཁྱེན་ནས། སྟོན་པའི་གསུང་རབ་ལ་རིགས་དང་རུས་སྙིང་པོར་བྱེད་པ་མ་ཡིན། སྒྲུབ་པ་སྙིང་པོར་བྱེད་པ་ཡིན་ཏེ། ཞེས་སོགས་དབུགས་ཕྱུང་ནས་སྟོན་པའི་སྤྱན་སྔར་ཁྲིད་དེ། སྟོན་པས་ཀྱང་ཉེ་བར་འཁོར་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་དོ། །དེ་ནས་ཤཱཀྱ་ལྔ་བརྒྱ་པོ་རྣམས། ཁྲུས་ཟིན་ནས་འཁོར་ཏེ། རྒན་རིམ་ལ་ཕྱག་འཚལ་བའི་སྐབས། ཉེ་བར་འཁོར་གྱི་ཐད་དུ་སླེབ་པ་ན། བཟང་ལྡན་གྱིས་ཉེ་བར་འཁོར་ཡིན་པར་ཤེས་ནས། ཅི་བདག་གིས་འདིའི་རྐང་པ་ལའང་བཏུད་པར་བགྱིའམ། ཞེས་གསོལ་པས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་ང་རྒྱལ་སྤོང་བའི་ཕྱིར་རབ་ཏུ་བྱུང་བ་ཡིན་པས་འདི་རྒན་གྱི། ང་རྒྱལ་དང་དྲེགས་པ་ཆོག་ལ་བཏུད་ཅིག དེ་ནས་ཉེ་བར་འཁོར་གྱི་རྐང་པ་ལ་བཟང་ལྡན་གྱིས་མགོ་བོས་བཏུད་པས་ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་སོ། །དེ་ལ་འདི་རྒན་གྱི་ཞེས་པ་ནི། བསླབ་པ་རྒན་པ་སྟེ་ན་ཚོད་རྒན་པའི་དོན་མིན་ནོ། །དེ་ནས་གཞན་རྣམས་ཀྱིས་ཀྱང་བཀའ་བཞིན་བྱས་ལ། ལྷས་བྱིན་གྱིས་མ་བཏུད་དེ། བཅོམ་ལྡན་འདས་
ཀྱིས་བཏུད་ཅིག་པར་བཀའ་སྩལ་པ་ན། ངས་འདིའི་རྐང་པ་ལ་མ་གཏུགས་ན་ཁྱེད་ལ་གནོད་པ་ཅི་མཆི་ཞེས་མི་འདུད་དེ། དང་པོ་ཉིད་ནས་སྟོན་པའི་གསུང་བཅག་གོ །དེ་ནས་ལྔ་བརྒྱ་པོ་དགེ་འདུན་གྱིས་བསྙེན་པར་རྫོགས་ཤིང་རིང་པོར་མ་ཐོགས་པར་ཉེ་བར་འཁོར་ཡང་དགྲ་བཅོམ་པ་ཐོབ་ནས་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ལ། བཟང་ལྡན་ལ་སོགས་པ་ལྔ་བརྒྱ་པོ་ཤས་ཆེ་བ་དག་གིས་ཀྱང་རིམ་གྱིས་བདེན་པ་མཐོང་ངོ༌།། གང་གི་ཚེ་བདུད་རྩི་ཟས་ཀྱི་ཁྱེའུ་ཀུན་དགའ་བོ་ལ་མཚན་མཁན་རྣམས་ཀྱིས་འདི་བཅོམ་ལྡན་འདས་ཀྱི་རིམ་གྲོ་པར་འགྱུར་རོ་ཞེས་ལུང་བསྟན་པས། བདུད་རྩི་ཟས་ཁྱེའུ་ལ་རབ་ཏུ་གཅེས་པས། སྟོན་པ་སེར་སྐྱར་བྱོན་པའི་ཚེ་ཡུལ་བཻ་ཤཱ་ལར་སྐྱེལ་བར་བྱེད། དེར་བྱོན་པའི་ཚེ་སེར་སྐྱར་སྐྱེལ་བར་བྱེད་དོ། །ལན་ཅིག་ཁྱེའུ་དེ་སེར་སྐྱ་ན་ཡོད་པ་ལ་མ་ཚོར་བ་ཁོ་ནར་བཅོམ་ལྡན་འདས་བདུད་རྩི་ཟས་ཀྱི་ཁང་པར་གཤེགས་ཤིང་གདན་བཤམས་པ་ལ་བཞུགས་སོ། །དེར་ཀུན་དགའ་བོ་ཁྱིམ་དེའི་ཕུག་གི་ཁང་ཕྲན་ཞིག་ཏུ་བཅུག་སྟེ་སྒོ་བསྡམས་སོ། །དེ་ནས་སངས་རྒྱས་ཀྱི་མཐུས་སྒོའི་རིམ་པ་རྣམས་རང་བྱེ་ཞིང༌། ཁྱེའུས་བཅོམ་ལྡན་འདས་མཐོང་བས་རབ་ཏུ་དགའ་ཆེས་ཏེ་རྒྱུགས་ཤིང་འོངས་ནས་སངས་རྒྱས་ཀྱི་ཞབས་ལ་ཕྱག་བྱས་ཏེ། སྣམ་ལོགས་སུ་བསིལ་ཡབ་གཡོབ་ཅིང་འདུག་གོ །བདུད་རྩི་ཟས་འཁོར་བཅས་ལ་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཏེ་ཕྱིར་བཞུད་པ་ན། ཁྱེའུ་ཀུན་དགའ་བོ་ཡང་ཕྱི་བཞིན་འབྲངས་ཏེ། ཕ་མ་ལ་སོགས་པ་རྣམས་ཀྱིས་ཐབས་སྣ་ཚོགས་ཀྱིས་བཟློག་ཀྱང་ངུ་ཞིང་བཟློག་པར་ནུས་སོ། །འདི་ནི་སྲིད་པ་ཐ་མ་པ་ཡིན་པས་མ་ཟློག་ཅིག་ཅེས་བཀའ་སྩལ་བ་ན། གལ་ཏེ་དེ་ལྟ་ན་རིམ་པ་བཞིན་བགྱིའོ། །དེར་གནང་སྟེ་བདུད་རྩི་ཟས་ཀྱིས་དགེ་སྦྱོང་དང་བྲམ་ཟེ་དང་ཕོངས་པའི་ཚོགས་ལ་སྦྱིན་པ་རྒྱ་ཆེན་པོའང་བཏང༌། རང་གི་
སྐྱེ་བོ་དང་གཉེན་གྱི་ཚོགས་ལ་བཟོད་པར་གསོལ་ཏེ། ཁྱེའུ་གླང་པོ་ཆེ་ལ་བསྐྱོན། འཁོར་ཚོགས་དང་བཅས་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བར་བཏང་བའི་ལམ་དུ་གླང་བོ་ཆེས་ཨུཏྤལ་ལའི་སྡོང་པོ་ཞིག་སྣ་ཞགས་ཀྱིས་ཕྱུང་ནས་ཟོས་སོ། །མཚན་མཁན་རྣམས་ཀྱིས་གཞོན་ནུ་འདི་ཐོས་པ་འཛིན་པའི་མཆོག་ཏུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེ་ནས་སྟོན་པའི་སྤྱན་སྔར་སོང་ཞིང་ཞབས་ལ་ཕྱག་བྱས། སྟོན་པས་ཀྱང་འཕགས་པ་འོད་སྲུངས་སྟོབས་བཅུ་པ་ལ་གཏད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །དེ་དག་ནི་ཡབ་སྲས་མཇལ་བའི་རྗེས་སུ་ལོ་དེ་ཉིད་ལ་འབྲེལ་ཆགས་སུ་བྱུང་བ་ཡིན་ནོ། །ཞེ་གསུམ་པ་ཤཱཀ་རིགས་ཀྱི་བུད་མེད་རྣམས་ལ་ཆོས་བསྟན་པ་ནི། ཡང་སྟོན་པ་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་ཤཱཀྱ་ཕལ་མོ་ཆེ་བདེན་པ་ལ་བཀོད་པ་དེའི་ཚེ་ཤཱཀྱ་རྣམས་དུས་གསུམ་དུ་གཙུག་ལག་ཁང་དུ་འགྲོ་ཞིང་ཆོས་ཀྱང་ཉན་ནོ། །རྒྱལ་པོ་ཟས་གཙང་མ་ཡང་དུས་གསུམ་དུ་ཤཱཀྱའི་ཚོགས་ཀྱིས་བསྐོར་ནས་སྟོན་པའི་སྤྱན་སྔར་འགྲོའོ། །སྟོན་པས་སྦྲང་རྩི་ལྟ་བུའི་ཆོས་བསྟན་པ་ན་འཁོར་ཤས་ཆེ་བ་དག་ཀྱང་དབང་པཽ་མི་གཡོ་བས་ཉན་ནོ། །དེའི་ཚེ་མིང་ཆེན་གྱིས་སངས་རྒྱས་འབྱུང་བ་ནི་བདག་ལ་འབྲས་བུ་དང་བཅས་པའོ་ཞེས་སྨྲས་པས། དེའི་ཆུང་མས་ཁྱེད་ལ་ནི་ལེགས་ན་བདག་ལ་ནི་མ་ཡིན་ཏེ། སྟོན་པ་ནི་བུད་མེད་ཀྱི་ཕྱིར་ཆོས་མི་སྟོན་པས་སོ། །མིང་ཆེན་གྱིས་ཁྱོད་དེ་སྐད་མ་ཟེར་ཅིག སྟོན་པ་ནི་སེམས་ཅན་ཐམས་ཅད་ལ་ཐུགས་མཉམ་པར་བརྩེ་བ་ཡིན་གྱི། ཆོས་ཉན་པའི་ཕྱིར་སོང་ཞིག དེས་སྨྲས་པ། ལྷ་ཟས་གཙང་འཁོར་དང་བཅས་པ་དུས་གསུམ་དུ་འབྱོན་པས་བདག་ཅག་འགྲོ་བ་ངོ་ཚ་ལགས་སོ། །གལ་ཏེ་ལྷ་སྔ་དྲོ་མཆི་ན། བདག་ཅག་ཕྱི་དྲོ་འགྲོ་བར་འཚལ། དེ་ནས་མིང་ཆེན་གྱིས་རྒྱལ་པོ་ཟས་གཙང་མ་ལ་ཞུའོ་སྙམ་ནའང༌། དངོས་
སུ་མ་ནུས་ཏེ་སྐྱེ་རྒུའི་བདག་མོ་བརྒྱུད་ནས་ཞུས་པས་ཟས་གཙང་གིས་གནང་ངོ༌། །དེ་ནས་སྔ་དྲོའམ་ཕྱི་དྲོ་རྒྱལ་པོ་མི་འབྱོན་པའི་དུས་ན་བུད་མེད་རྣམས་ཆོས་ཉན་དུ་འགྲོའོ།། ལན་ཅིག་སྐྱེ་རྒུའི་བདག་མོ་ཤཱཀྱའི་ཆུང་མ་ལྔ་བརྒྱས་བསྐོར་ཏེ་ཆོས་ཉན་དུ་སོང་བ་ན། མིང་ཆེན་གྱི་ཆུང་མ་ཡང་རྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ་སོང་ངོ༌། །དེ་ཀུན་དགའ་བོས་མཐོང་ནས། འདི་ཐམས་ཅད་འདོད་ཆགས་དང་བྲལ་བ་ཁོ་ནའང་མིན་པས། རྒྱན་གྱིས་བརྒྱན་ཏེ་འོངས་པ་མ་ལེགས་ཞེས་སྨྲས་པས། དེས་རྒྱན་བཀྲོལ་ནས་གཡོག་མོ་སྐྱེད་མ་ལ་བསྐུར་ཏེ་ཁྱིམ་དུ་བཏང་ངོ༌། །དེའང་མྱུར་དུ་འཁོར་ཏེ་སྟོན་པས་དེ་རྣམས་ལ་ཆོས་གསུངས་པ་ན། ཤཱཀྱའི་བུད་མེད་གཅིག་ཆོས་ལ་རྣ་བ་མི་གཏོད་པར་རང་གི་མུ་ཏིག་གི་དོ་ཤལ་ལ་ལྟ་ཞིང་ནོམ་པར་བྱེད་དོ། །དེ་མིང་ཆེན་གྱི་ཆུང་མས་མཐོང་ནས། སངས་རྒྱས་ཀྱིས་འདུ་བྱེད་ཐམས་ཅད་མི་རྟག་པར་གསུངས་ན་ཡང༌། འདི་འདི་ལ་ཆགས་སམ། ངའི་མུ་ཏིག་གི་དོ་ཤལ་མཐོང་ན། འདིའི་དྲེགས་པ་ཞི་བར་འགྱུར་རོ་སྙམ་སྟེ། གཡོག་མོ་སྐྱེད་མ་ལ་ངའི་མུ་ཏིག་གི་དོ་ཤལ་ལས་ཉུང་ཤས་ཤིག་ལོངས་ཤིག །གཡོག་མོ་སྐྱེད་མ་དེ་ཆོས་ཉན་པ་ལ་སེམས་བསྡུས་པས། ཀྱེ་ཧུད་བྲན་དུ་གྱུར་པ་ནི་རེ་སྡུག་བསྔལ། འདི་འདྲ་བའི་ཆོས་ཉན་པའི་དབང་ཡང་མེད་དོ་སྙམ་ནས་ཚིགས་བཅད་ཀྱང་སྨྲས་སོ། །སྟོན་པས་བྲན་མོ་འདི་སངས་རྒྱས་ལ་བྱ་བ་བྱས་པ་ཡིན་ཡང་ཚེ་ཅུང་ཟད་མེད་པར་མཁྱེན་ནས་ཆོས་ཚིགས་བཅད་གཅིག་ཡི་གེར་བྲིས་ཏེ་དེ་ལ་སྩལ། དེའང་ཡིད་དགའ་ཞིང༌། སངས་རྒྱས་ལ་དད་པའི་སེམས་ཀྱིས་སོང་བ་ལས་ལམ་དུ་བ་བྲུས་མ་ཞིག་གིས་བརྡུངས་ཏེ་ཤིའོ། །དེ་མ་ཐག་སིང་གྷ་ལའི་གླིང་གི་རྒྱལ་པོའི་བཙུན་མོ་དམ་པའི་མངལ་དུ་ཞུགས་ཤིང་ཉིང་མཚམས་སྦྱར། ཕྱིས་བཙས་པ་ན་མུ་ཏིག་གི་ཆར་ཡང་བབས་སོ། །དེར་རྒྱལ་པོའི་བུ་མོ་མུ་ཏིག་ཅན་
ཞེས་བཏགས། འདིའི་གཏམ་རྒྱུད་ཀྱི་འཕྲོས་འོག་ཏུ་འབྱུང་ངོ༌། །འདི་ཡབ་སྲས་མཇལ་བའི་རྗེས་ཐོག་རང་ལ་མིན་ཡང༌། ལོ་མང་པོ་མ་ལོན་པའི་སྐབས་ཤིག་ལ་ཡིན་པར་སྣང་ངོ༌། །ཡང་སྟོན་པ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་ཤིང༌། ཉེ་སྡེ་རབ་ཏུ་བྱུང་བ་དང༌། སྔར་ཤཱཀྱ་ལྔ་བརྒྱ་རབ་ཏུ་བྱུང་བ་རྣམས་ཀྱང་སེམས་རྣམ་པར་གྲོལ་བའི་ཕྱིར་ཆོས་སྟོན་པར་མཛད་དེ། ལྷས་བྱིན་དང་ཀོ་ཀ་ལི་ཀ་ལ་སོགས་པ་ཉུང་ཤས་ཤིག་མ་གཏོགས་པ་ཕལ་ཆེར་གྱིས་མི་རིང་བར་དགྲ་བཅོམ་པ་ཐོབ་བཽ། །ཞེ་བཞི་པ་གཅུང་དགའ་བོ་རབ་ཏུ་བྱུང་བ་ནི། ཡང་ཕྱིས་དུས་གཞན་ཞིག་གི་ཚེ། བཅོམ་ལྡན་འདས་སེར་སྐྱའི་གནས་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་གཅུང་པོ་གཅུང་དགའ་བོ་ཞེས་བྱ་བ་ཡོད་དེ། གཙུག་གཏོར་དང་མཛོད་སྤུ་མ་གཏོགས་མཚན་སུམ་ཅུ་དང་ལྡན་པ། སྟོན་པ་ལས་སོར་བཞིས་ལུས་ཐུང་བ་སྟོབས་ཀྱི་འཁོར་ལོས་སྒྱུར་བར་ལུང་བསྟན་པ་ཞིག་གོ །དེ་རང་གི་ཆུང་མ་པུནྚ་རཱི་ཀ་ཞེས་བྱ་བ་ཆེས་གཟུགས་མཛེས་ཤིང་བུད་མེད་ཀྱི་སྒྱུ་མ་མཁས་པ་ཞིག་ཡོད་པ་དེ་ལ་ལྷག་པར་ཆགས་པས་དུས་འདའ་བ་ཞིག་གོ །དེ་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། སྔ་དྲོ་ཞིག་བཅོམ་ལྡན་འདས་དེའི་ཐད་དུ་བསོད་སྙོམས་ལ་གཤེགས་ཏེ་ཕྱི་རོལ་གྱི་སྒོ་དྲུང་ན་བཞུགས་སོ། །དེར་གསེར་གྱི་ཁ་དོག་ལྟ་བུའི་འོད་བཏང་ནས་ཁྱིམ་སྣང་བར་མཛད་པས་སྟོན་པ་བྱོན་པར་ཤེས་ནས་ཕྱིར་འགྲོ་བར་བརྩམས་པ་ན། རབ་ཏུ་བྱུང་དོགས་ཏེ་བུད་མེད་ཀྱིས་དགའ་བོའི་གོས་ཀྱི་མཐའ་ནས་འཇུས་ཏེ་བཀག་ཀྱང་ནན་གྱིས་འཆུ་བས་གོས་ཀྱི་སྟེང་དུ་ཆུས་མཚན་མ་བཏབ་སྟེ། འདི་མ་བསྐམས་པར་བྱོན་ཞིག །མ་བྱུང་ན་པ་ཎ་ལྔ་བརྒྱ་བཅད་དོ། །དེ་ནས་དགའ་བོས་ཕྱིར་འོངས་ཏེ་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ། ལྷུང་བཟེད་བླངས་ནང་དུ་འོངས་ཏེ། ཁ་ཟས་མཆོག་གིས་
བཀང་ནས་དེ་བཞིན་གཤེགས་པ་ལ་འབུལ་བར་ཕྱིན་པ་ན། དེ་ཉིད་དུ་མ་བཞེས་པར་ཕྱི་བཞིན་འབྲང་པ། འཕགས་པ་ཨཱ་ནནྡ་ལའང་མ་ལེན་ཅིག་པའི་བརྡ་མཛད་ནས་ཕྱིར་གཤེགས་པའི་རྗེས་སུ་འབྲངས་ཏེ་ནྱ་གྲོ་དྷའི་ཀུན་དགའ་ར་བར་བསོད་སྙོམས་ཕུལ། བཅོམ་ལྡན་འདས་ཉིད་ཀྱིས་ཡོངས་སུ་གསོལ་བའི་ལྷག་མ་གཅུང་དགའ་བོ་ཉིད་ལ་གནང་སྟེ། དེ་ཟ་ཞིང་འདུག་པའི་ཚེ་བཀའ་སྩལ་པ། ཁྱོད་ཅི་སྟེ་རབ་ཏུ་མི་འབྱུང་སྟེ་རབ་ཏུ་བྱུང་ཞིག །དེ་བཞིན་གཤེགས་པ་ནི་སྔོན་ཐུགས་དང་པོ་བསྐྱེད་པ་ནས་བཟུང༌། མཁན་པོའམ། སློབ་དཔོན་ནམ། ཕའམ། མའམ། བཀུར་བར་འོས་པ་སུའི་ཡང་དག་ཆོས་དང་ལྡན་པ་ནམ་ཡང་གཅོག་པར་མ་མཛད་པས་ཤིན་ཏུ་བཀའ་བཙན་པའི་ཕྱིར་བཀའ་ལས་འགོང་བར་མ་ནུས་ཏེ། བཅོམ་ལྡན་འདས་བདག་རབ་ཏུ་བྱུང་ངོ་ཞེས་ཞུས་སོ། །དེ་ནས་སྟོན་པས་འདིའི་སྐྲ་བྲེགས་ཤིག་ཅེས་གསུངས་ཏེ། ཕྱི་རོལ་ཏུ་འབྲེག་མཁན་བོས་ཏེ་འབྲེག་པར་བརྩམས་པ་ན། དེས་ང་ནི་མི་རིང་བར་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་ཏེ། གལ་ཏེ་ཁྱོད་ཀྱིས་ངའི་སྐྲ་འབྲེག་ན་དེའི་ཚེ་ཁྱོད་ཀྱི་ལག་པ་གཅོད་དོ་ཞེས་སྡིགས་པས་འབྲེག་མཁན་སྐྲག་སྟེ་འབྲེག་སྤྱད་ཀྱང་སྦས་སོ། །དེ་ནས་སྟོན་པ་ཉིད་ཀྱིས་ཆུ་སྣོད་ཕྱག་ཏུ་བཞེས། དགའ་བོའི་མགོ་ལ་བླུགས་ཏེ་འབྲེག་མཁན་དེས་སྐྲ་དང་ཁ་སྤུ་བྲེགས་སོ། །དེས་བསམས་པ། ད་ལྟ་ནི་སྟོན་པའི་བཀས་རབ་ཏུ་མི་འབྱུང་བའི་དབང་མེད་ཀྱི། མུན་པ་སྲོས་པ་ན་ཁྱིམ་དུ་འགྲོའོ་སྙམ་སྟེ་དེའི་ཚེ་སོང་བ་ན། སྟོན་པས་གཡང་ས་ཆེན་པོ་སྤྲུལ་པས་སླར་ལྡོག་ནས་ནམ་ལངས་ན་འགྲོའོ་སྙམ། ནམ་ལངས་མ་ཐག་སྟོན་པའི་བཀས་དགའ་བོ་ཁང་སྐྱོང་བྱེད་དུ་བཅུག་གོ །དེ་ནས་དགེ་སློང་རྣམས་བསོད་སྙོམས་ལ་སོང་བའི་འོག་ཏུ་དགའ་བོས་ཕྱག་དར་བྱས་ལ་ཁྱིམ་དུ་འགྲོའོ་སྙམ་ནའང༌། ཕྱག་
དར་ཟིན་དུས་མེད་པར་གྱུར་ཏེ་འཕྲོ་བོར་ནས་སྒོ་བཅད་དེ་འགྲོའོ་སྙམ་པ་ལ་སྒོ་གཅིག་བཅད་པ་ན་གཞན་གཅིག་བྱེ་བ་སོགས་དེ་ཡང་ཟིན་པ་མེད་དེ། སྒོ་བཅད་འཕྲོ་བོར་ནས། བདག་རྒྱལ་པོར་གྱུར་ན་འདི་བས་ལྷག་པའི་གཙུག་ལག་ཁང་བྱའོ་ཞེས་སོང་སྟེ་ལམ་པོ་ཆེ་ལ་ཕྱིན་པ་ལ་སྟོན་པ་དང་མཇལ་གྱི་དོགས་ནས་གསེབ་ལམ་ཞིག་ནས་སོང་བས། ལམ་དེ་ཉིད་ནས་སྟོན་པ་ཚུར་འབྱོན་པ་མཐོང་སྟེ། ཤིང་གི་ཡལ་ག་ཐུར་དུ་འཕྱང་བའི་ཕག་ཏུ་ཡིབ་པ་ལས། བཅོམ་ལྡན་འདས་ཕྱོགས་དེར་བྱོན་པ་ན་ཡལ་ག་རང་ཉིད་གྱེན་དུ་འཕགས་སོ། །དགའ་བོ་གར་འགྲོ་ཚུར་ཤོག །འདོང་ངོ་ཞེས་བཀའ་སྩལ་པ་ན། དེ་ངོ་ཚ་ཞིང་ཞུམ་པས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་དུ་གཤེགས་ཏེ། རི་དྭགས་འཛིན་གྱི་མ་ས་གའི་གཙུག་ལག་ཁང་ན་བཞུགས་སོ། །དེ་ནས་དུས་གཞན་ཞིག་ན། བཅོམ་ལྡན་འདས་ཀྱིས་གཅུང་དགའ་བོ་ལ་རི་སྤོས་ངད་ལྡན་ལྟ་བར་སྤྲོ་བ་བསྐྱེད་ནས། ཆོས་གོས་ཀྱི་མཐའ་ལ་དགའ་བོ་འཇུར་བཅུག་སྟེ་དེ་བཞིན་གཤེགས་པ་ནམ་མཁའ་ལ་གཤེགས་ནས་རི་སྤོས་ངད་ལྡན་གྱི་ཨ་མྲའི་ཤིང་དྲུང་དུ་བྱོན་ནོ། །དེ་ན་ནགས་ཀྱི་སྤྲ་མོ་ཞར་མ་ཞིག་འདུག་སྟེ། སྟོན་པའི་བཀའ་ལས་ཁྱོད་ཀྱི་པུན་ད་རཱི་ཀ་དང༌། འདི་གཉིས་གཟུགས་གང་བཟང༌། ང་ནི་གཉིས་ཀ་ལ་ཆགས་པ་དང་བྲལ་བས་ཁྱད་པར་མི་རིག་གོ་ཅེས་གསུངས་པས། བཙུན་པ་འདི་ནི་དཔེ་དང་རྒྱུ་ཡང་མི་འགྲོ་སྟེ། པུན་ད་རཱི་ཀ་ནི་ལྷའི་བུ་མོ་དང་འགྲན་པ་ལགས་སོ། །ཞེས་ཞུས་སོ། །བཀའ་སྩལ་པ། དགའ་བོ་སྤྲ་མོ་འདི་ལའང་འདོད་པ་དང༌། སྡུག་པ་དང༌། ཡིད་དུ་འོང་བར་བྱེད་པ་ནི་ཡོད་དོ། །ཡང་སྔར་བཞིན་དུ་ནམ་མཁའ་ལ་གཤེགས་ཏེ། མཐར་སུམ་ཅུ་རྩ་གསུམ་ལྷའི་གནས་སུ་བྱོན་པ་ན། དགའ་ཚལ་གྱི་སྐྱེད་མོས་ཚལ་དུ་བཞུགས་ཏེ། དགའ་བོ་ཁྱོད་སོང་ལ་སུམ་ཅུ་རྩ་གསུམ་པ་རྣམས་ལ་ལྟོས་ཤིག་ཅེས་གསུངས་པས་དེས་ཀྱང་
ཐམས་ཅད་དུ་ལྟ་བར་སོང་བ་ན། གནས་ཐམས་ཅད་ན་ལྷ་དང་ལྷ་མོ་གཉིས་ཀ་འཁོད་པ་ལས། གཞལ་མེད་ཁང་གཅིག་ན་ལྷའི་བུ་མེད་པར་ལྷ་མོ་ཁོ་ནས་གང་བ་མཐོང་ནས་འདི་ཅི་ཞེས་དྲྀས་པ་ན། བཅོམ་ལྡན་འདས་ཀྱི་གཅུང་པོ་དགའ་བོ་ཞེས་བྱ་བ་ཞིག་ཡོང་པར་འདུག་སྟེ། དེ་ཚུལ་ཁྲིམས་བསྲུངས་ན་ཤི་ནས་འདིར་སྐྱེ་བར་འགྱུར་ཏེ་བདག་ཅག་དེ་ལ་སྒུག་ཅིང་སྡོད་དོ། །དེ་ལྟར་ན་པུནྚ་རཱི་ཀས་ལྷ་མོ་དེ་དག་གི་བརྒྱ་སྟོང་གི་ཆར་ཡང་མི་འགྲན། དཔེ་དང་རྒྱུར་ཡང་མ་རུང་ནས་དེ་ལ་ཆགས་པ་དྲག་པོ་དེ་ལྡོག་པར་གྱུར་ཅིང༌། ལྷ་ལ་སྨོན་པས་ཚུལ་ཁྲིམས་ལ་བརྩོན་ནོ། །དེ་ནས་མཉན་ཡོད་དུ་ཕེབས་ཤིང༌། དུས་གཞན་ཞིག་ན་དགའ་བོ་ལ་དམྱལ་བའི་གནས་ལྟ་བ་སྤྲོ་བར་མཛད་དེ། སྔར་བཞིན་དགའ་བོ་ཆོས་གོས་ཀྱི་གྲྭ་ལ་འཇུར་བཅུག་ནས་དམྱལ་བའི་གནས་སུ་གཤེགས་ནས། དགའ་བོ་དམྱལ་གནས་རྣམས་ལྟར་བཅུག་པས། དེས་ཀྱང་དམྱལ་བའི་སྡུག་བསྔལ་མཐའ་ཡས་པ་མཐོང་བས་ཤིན་ཏུ་ཡིད་སྐྱོ་ཞིང༌། ཕྱོགས་གཅིག་ན་ཟངས་སྣོད་ཟངས་ཞུན་ཁོལ་མས་གང་བ་སྲོག་ཆགས་མེད་པ་ཞིག་མཐོང་སྟེ། དམྱལ་སྲུང་རྣམས་ལ་དྲིས་པས་བཅོམ་ལྡན་འདས་ཀྱི་གཅུང་པོ་དགའ་བོ་ཞེས་བྱ་བ་ལྷའི་འཇིག་རྟེན་ལ་དགའ་བས་ཚུལ་ཁྲིམས་བསྲུངས་ན། དེ་ལྷ་ནས་ཤི་འཕོས་ནས་འདིར་འོང་བས། དེའི་ཆེད་དུ་འདི་དག་སྡོགས་ཏེ་ཁོ་བོ་ཅག་ཀྱང་དེ་ལ་སྡོད་ཅིང་འཁོད་དོ། །དེར་འཇིགས་སྐྲག་སྤུ་ཟིང་ཞེས་བྱེད་དེ་དབུགས་ཀྱང་འཁམ། མྱུར་བར་བྲོས་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། རྒྱས་པར་གསོལ་བ་ལ། དེར་འཇིག་རྟེན་ལ་སྨོན་པའི་ཉེས་དམིགས་གསུངས་པས་དགའ་བོ་ལ་ངེས་པར་འབྱུང་བའི་བསམ་པ་རྣམ་པར་དག་པ་སྐྱེས་སོ། །དེ་ནས་དུས་གཞན་ཞིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཙམ་པ་ན་དྲང་སྲོང་གར་གའི་རྫིང་འགྲམ་གྱི་གཙུག་ལག་ཁང་ན་ཞུགས་པའི་ཚེ། དགའ་བོ་
ལ་སོགས་པ་དགེ་སློང་ལྔ་བརྒྱ་ལ་མངལ་དུ་འདུག་པ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་གསུངས། དགའ་བོས་ནི་བདེན་པ་མཐོང་ལ། གཞན་ལྔ་བརྒྱས་ནི་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ཉིན་ཞག་འགའ་ཞིག་འདས་པ་ན་གཅུང་དགའ་བོས་ཀྱང་དགྲ་བཅོམ་པ་ཐོབ་སྟེ། དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། ཞེ་ལྔ་པ་དགེ་སློང་མའི་དགེ་འདུན་བསྟན་པ་ནི། ཡང་ཕྱིས་བཅོམ་ལྡན་འདས་སེར་སྐྱ་ན་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་པ་ན། དེ་བཞིན་གཤེགས་པ་ལ་སྔོན་ནུ་མ་བསྣུན་པའི་མ་མར་གྱུར་པ་སྐྱེ་རྒུའི་བདག་མོ་ཆེན་མོ་གཽ་ཏ་མཱི་ཤཱཀྱ་མོ་ལྔ་བརྒྱ་དང་ལྷན་ཅིག་འོངས་ཏེ། བུད་མེད་ཀྱི་དགེ་སྦྱོང་ཚུལ་གྱིས་འབྲས་བུ་བཞི་ཐོབ་པའི་སྐབས་མཆིས་ན། བདག་ཅག་བུད་མེད་རྣམས་རབ་ཏུ་བྱུང་ཞིང་བསྙེན་རྫོགས་པར་མཛད་དུ་གསོལ། ཞེས་ཞུས་པ་ལ། བཅོམ་ལྡན་འདས་ཀྱིས་གཽ་ཏ་མཱི་འདི་ལྟར་ཁྱོད་གོས་དཀར་པོ་གྱོན་ལ་ནམ་འཚོའི་བར་དུ་དེ་འབའ་ཞིག་པས་ཚངས་པར་སྤྱད་པ་སྤྱོད་ཅིག ཁྱོད་ལ་ཡུན་རིང་པོར་ཕན་པ་དང་བདེ་བར་འགྱུར་རོ། །ཞེས་བཀའ་སྩལ་ནས་རབ་ཏུ་འབྱུང་བར་མ་གནང་ལ། ལན་གཉིས་ལན་གསུམ་དུ་ཞུས་ཀྱང་མ་གནང་ངོ༌། །དེ་ནས་སྟོན་པ་ཡུལ་པྲྀ་ཛིའི་ལྗོངས་བརྒྱུད་དེ། ཡུལ་ན་དི་ཀར་གཤེགས་ནས་གོ་ཛི་ཞེས་བྱ་བའི་གནས་ན་བཞུགས་ཏེ། དེའི་ཚེ་གཽ་ཏ་མཱི་ལྔ་བརྒྱ་ཡང་སྐྲ་བྲེགས་ནས། གོས་སྦྱར་མ་གྱོན་ཏེ། སྟོན་པ་འཁོར་བཅས་ཀྱི་ཕྱི་བཞིན་འབྲངས་ནས་གནས་དེར་སྟོན་པའི་ཞབས་ལ་བཏུད་དེ་སྔར་བཞིན་དུ་ལན་གསུམ་དུ་གསོལ་བ་བཏབ་ཀྱང༌། སྔར་བཞིན་བཀའ་སྩལ་ཏེ་མ་གནང་ངོ༌། །དེ་ནས་དེ་དག་ཕྱི་རོལ་སྒོ་ཁང་གི་ཕྱོགས་གཅིག་ཏུ་ངུ་ཞིང་འདུག་པ་འཕགས་པ་ཀུན་དགའ་བཽས་མཐོང་སྟེ་དྲི་ལན་རྒྱས་པར་བྱས་ཏེ་དབུགས་ཕྱུང་ནས། དེ་རྣམས་ཀྱིས་ཇི་ལྟར་གསོལ་བ་བཞིན་
ཞུས་པས། ཀུན་དགའ་བོ་ཁྱོད་ཀྱིས་བུད་མེད་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་མ་གསོལ་ཅིག བུད་མེད་རབ་ཏུ་བྱུང་ན་ཆོས་འདུལ་བ་ཡུན་རིང་དུ་གནས་པར་མི་འགྱུར་རོ། །ཞེས་སོགས་རྒྱས་པར་བཀའ་སྩལ་པ་ལས། ལན་གཉིས་ལན་གསུམ་དུ་ཞུས་པ་ལས་མཐར་གནང་སྟེ། འོན་ཀྱང་དགག་ཅིང་མི་འདའ་བའི་ཕྱིར་ལྕི་བའི་ཆོས་བརྒྱད་བཅས་པ་ལ་ཇི་སྲིད་འཚོའི་བར་དུ་བསླབ་པར་བྱའོ། །དེ་ནས་ཀུན་དགའ་བོས་ལྕི་བའི་ཆོས་བརྒྱད་དེ་དག་ལ་བཤད་ཅིང༌། དེ་དག་གིས་ཀྱང་བསླབ་པར་གྱུར་པ་འདི་ནི་བདག་གི་ངག་དང་ཡིད་དང་སྤྱི་བོས་ཀྱང་ནོད་དོ། །ཞེས་ཁས་བླངས་བ་ཙམ་གྱིས་སྐྱེ་རྒུའི་བདག་མོ་སོགས་ཤཱཀྱ་མོ་ལྔ་བརྒྱ་དགེ་སློང་མར་གྱུར་ཞིང༌། བུད་མེད་རབ་ཏུ་འབྱུང་བར་འདོད་པ་གཞན་དག་ལ་གསོལ་བཞིའི་ཆོ་ག་ཡང་རྗེས་སུ་གནང་ངོ༌། །གཽ་ཏ་མཱི་ལྔ་བརྒྱ་པོ་དེ་རྣམས་ཀྱང་ཡུན་རིང་མ་ལོན་པར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །གཅུང་དགའ་བོ་དང་སྐྱེ་རྒུའི་བདག་མོ་རབ་ཏུ་བྱུང་བའི་སྐོར་འདི་རྣམས་ཡབ་སྲས་མཇལ་བའི་དུས་ཀྱི་སྐབས་ནས་ལོ་མང་དག་ཅིག་ལོན་པ་ན་བྱུང་བར་འདུག་ཀྱང་མཚམས་གང་དུ་འཇུག་གི་གསལ་ཁ་མེད་ཕྱིན། ཤཱཀྱའི་རིགས་བཏུལ་བའི་གཏམ་རྒྱུད་ཕྱོགས་མཐུན་པའི་ཕྱིར་སྐབས་འདིར་བཀོད་དོ། །ཞེ་དྲུག་པ་གྲོང་ཁྱེར་སློབ་མ་ལྟ་བུར་ཕེབས་པ་ནི། ཡུལ་དེར་ཁྱིམ་བདག་རྀདྡྷི་ན་ཞེས་བྱ་བ་ཞིག་ལ་བུ་འབྱོར་ལེན་འབྱོར་སྐྱོབ་འབྱོར་དགའ་ཞེས་བྱ་བ་དང༌། བྲན་མོ་ལས་བཙས་པའི་བུ་གང་པོ་ཞེས་བྱ་བ་ཡོད་པ་ལས། གང་པོས་རྒྱ་མཚོ་ཆེན་པོར་ཞུགས་ཏེ་རིན་པོ་ཆེ་ལེན་ཐེངས་ལན་བདུན་སོང་བ་ལས། བདུན་པའི་སྐབས་སུ་གྲུ་ནང་དུ་ཡུལ་དབུས་ཀྱི་ཚོང་པ་རྣམས་ཀྱིས་མདོ་སྡེ་དག་བཏོན་པས་རྐྱེན་བྱས་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐོས་ནས་རབ་ཏུ་འབྱུང་བར་འདོད་པ་སྐྱེས་
སོ། །དེ་ནས་གང་པོ་དང་ནོར་གཅིག་པ་འབྱོར་ལེན་ཡིན་པས་ཟོང་རྣམས་དེ་ལ་གཏད། ཇི་ལྟར་བྱས་ཀྱང་འོ་སྐོལ་གྱི་ཡོ་བྱད་ཟད་པར་མི་འགྱུར་གྱི། རྒྱ་མཚོ་ཆེན་པོ་འདི་འཇིགས་པ་དང་བཅས་པ་ཡིན་པས་མ་འགྲོ་ཞིག་ཅེས་གདམས་ཏེ། གང་པོ་ཉིད་རིམ་གྱིས་ཡུལ་དབུས་སུ་ཆས་སོ། །མཉན་ཡོད་དུ་སླེབ་སྟེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་དྲུང་དུ་ཕྱིན་ནས་བརྡ་ལོན་སྦྱར་བས་ནང་དུ་བོས་ཏེ་གང་གི་ཕྱིར་བྱོན་ཞེས་དྲིས་པས། སྟོན་པའི་སྤྱན་སྔར་རབ་ཏུ་བྱུང་བའི་ཕྱིར་འོངས་སོ་ཞེས་བརྗོད་པ་ན། ཟས་སྦྱིན་རྗེས་སུ་ཡི་རང་བར་གྱུར་ཏེ། ནངས་པར་ལྷན་ཅིག་ཏུ་སྤྱན་སྔར་སོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ། གནས་པའི་ཡུལ་དུ་བས་མཐའི་གནས་མལ་བརྟེན་ཞིང་ཟླ་བ་གསུམ་དུ་བསྒྲུབས་པས་དགྲ་བཅོམ་པར་གྱུར་ཏེ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་ཞེས་གྲགས་སོ། །དེ་ནས་བྱམས་མའི་བུ་གང་པོས་བཟོད་པའི་གོ་ཆ་ཆེན་པོ་བགོས་པས་རྔོན་པ་ཅིག་དད་ཅིང་རི་ཁྲོད་པ་ཕོ་ལྔ་བརྒྱ་དང་མོ་ལྔ་བརྒྱ་དགེ་བསྙེན་ཕོ་མོར་བཅུག་ནས་མཐའ་འཁོབ་ཀྱི་ཡུལ་ཐ་དད་པ་རྣམས་སུ་དེ་རྣམས་སུ་དེ་རྣམས་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་ལྔ་བརྒྱ་ཡང་བྱེད་དུ་བཅུག་གོ །བྱམས་མའི་བུ་གང་པོ་རབ་ཏུ་བྱུང་བའི་ཤུལ་དུ་འབྱོར་སྐྱབས་དང་འབྱོར་དགའི་ནོར་ནི་ཟད། འབྱོར་ལེན་དང་ཕྱོགས་གཅིག་བྱེད་འདོད་པ་ལ། འབྱོར་ལེན་གྱིས་ངའི་ནོར་ནི་ལུགས་ཆོས་དང་མཐུན་པར་བསྒྲུབས་པ་ཡིན། ཁྱེད་གཉིས་ཀྱིས་ནི་མ་ཡིན་པས་མི་བསྲེའོ་བྱས་པ་ན། ནུ་བོ་གཉིས་ཀྱིས་སྨྲས་པ། བྲན་མོའི་བུས་ཡང་ཡང་རྒྱ་མཚོར་ཕྱིན་ནས་བླངས་པ་ཡིན་མོད། ཁྱེད་ཀྱིས་རྒྱ་མཚོར་འགྲོ་ནི་མ་ནུས་ནོར་ཅི་ཞིག་བསྒྲུབས་ཞེས་བྱས་སོ། །ཚིག་དེ་གནད་དུ་ཕོག་ནས་འབྱོར་ལེན་ཚོང་པ་ལྔ་བརྒྱ་དང་བཅས་ཏེ་རྒྱ་མཚོར་ཞུགས། ཙན་དན་ས་མཆོག་གི་གླིང་དུ་སླེབ་སྟེ། ཚོང་པ་
རྣམས་ཀྱིས་ཙན་དན་དག་བཅད་ཅིང་གྲུ་བཀང་སྟེ་ཚུར་འཕགས་སོ། །དེའི་ཚེ་གླིང་དེ་སྲུང་བའི་གནོད་སྦྱིན་དབང་ཕྱུག་ཆེན་པོ་ཞེས་བྱ་བ། གནོད་སྦྱིན་གྱི་མདུན་ས་ཐག་རིང་པོར་སོང་བ་ལས། གནོད་སྦྱིན་གཞན་དག་གིས་སྦྲན་ཏེ་སྐབས་དེར་དེ་ཡང་དེར་སླེབ་ནས་རླུང་ནག་པོ་མི་བཟད་པ་བཏང་བས་གྲུ་ཤིན་ཏུ་བསྐྱོད་པའི་ཚེ་ཚོང་པ་ལྔ་བརྒྱ་པོ་རྣམས་ཆེས་སྐྲག་པས་ཚམ་ཚོམ་དུ་གྱུར་ཀྱང༌། འབྱོར་ལེན་ཅི་བདེར་འདུག་པ་ལ་གཞན་རྣམས་ཀྱིས་རྒྱུ་དྲིས་པས། གང་པོ་ཟེར་བ་དེ་བདེན། དེའི་ངག་མ་ཉན་པས་འདི་ལྟར་གྱུར་མོད། ད་ནི་ཐབས་མེད་པ་ལ་ཙབ་ཙོབ་བྱར་ཅི་ཡོད་བྱས་པས། ཚོང་པ་ཐམས་ཅད་ཀྱིས་གང་པོ་བདག་ཉིད་ཆེན་པོར་ཤེས་ནས། ཐམས་ཅད་ཀྱིས་གང་པོ་ལ་སྐྱབས་སུ་མཆིའོ་ཞེས་བྱས་སོ། །དེ་གང་པོ་ལ་དགའ་བའི་ལྷས་སྦྲན་ཏེ། དེར་གང་པོས་རྫུ་འཕྲུལ་གྱིས་སྐད་ཅིག་གིས་གྲུའི་སྟེང་དུ་འོངས་པ་ན། རླུང་ནག་པོ་དེའང་རི་རབ་ལ་ཐོགས་པ་བཞིན་དུ་ཕྱིར་ལྡོག་གོ །དེ་ནས་གང་པོས་གནོད་སྦྱིན་དེ་ལ་ཁྱོད་ཀྱིས་ཅིའི་ཆེད་དུ་ཙནྡན་སྲུང༌། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆེད་དུའོ། །དེ་བས་ཀྱང་ཆེས་མཆོག་ཏུ་གྱུར་པ་སངས་རྒྱས་ཡིན་པས་དེའི་དོན་དུ་ཙནྡན་རྣམས་ཐོང་ཞིག་གསུངས་པས་གནོད་སྦྱིན་གྱིས་ཀྱང་བཏང་ངོ༌། །དེ་ནས་གྲུ་བདེ་བར་འོངས་ཏེ་གྲོང་ཁྱེར་སློབ་མ་ཅན་དུ་སླེབ་ནས། སངས་རྒྱས་བཞུགས་པའི་གཙུག་ལག་ཁང་ཙན་དན་གྱི་ཁང་བཟང་བྱས་ནས་སྤུན་ཐམས་ཅད་བློ་མཐུན་པར་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་དྲང་པར་བྱས་ཤིང༌། རྒྱལ་པོ་དང་ཡང་བློ་མཐུན་པར་བྱས་སོ། །དེ་ནས་འཕགས་པ་བྱམས་མའི་བུ་གང་པོས་ཁང་སྟེངས་སུ་འཛེགས། མཆོད་པ་རྣམས་བཤམས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཁ་ཕྱོགས་ཏེ་སྟོན་པ་འཁོར་བཅས་སྤྱན་འདྲེན་པའི་དོན་དུ་གསོལ་བ་བཏབ་པས། སངས་རྒྱས་ཀྱི་མཐུས་མེ་ཏོག་
རྣམས་ཁང་བཟང་དུ་གྱུར། བདུག་སྤོས་ནི་སྤྲིན་གྱི་རྣམ་པ་དང༌། ཆུ་ནི་བཻ་ཊཱུརྱའི་ཕུང་པོའི་རྣམ་པར་གྱུར་ཏེ་ནམ་མཁའ་ལ་འཕགས་ཏེ་སོང་བར་ཀུན་ཀྱིས་མཐོང་ཞིང༌། དེ་མ་ཐག་རྒྱལ་བྱེད་ཀྱི་ཚལ་དུ་སྟོན་པའི་སྤྱན་སྔར་མཆོད་རྫས་རྣམས་སླེབ་པ་ན། ཀུན་དགའ་བོས་འདི་གང་ནས་བྱུང་ཞུས་ཤིང༌། སྟོན་པས་སློབ་མ་ཅན་ནས་ཡིན་པ་དང༌། དཔག་ཚད་བརྒྱ་ཕྲག་དུ་མའི་ཐག་ཡོད་པར་གསུངས། དགེ་སློང་རྣམས་ལ་ནངས་པར་གྲོང་ཁྱེར་སློབ་མ་ལྟ་བུར་ཟན་ཟ་བར་སྤྲོ་བ་དག་ཚུལ་ལོང་ཤིང་ལོང་ཤིག་ཅེས་བསྒྲགས་ཏེ་ཚུལ་ཤིང་བྲིམས་པ་ན། ཡུལ་ཆུ་མངས་ན་གནས་པའི་གང་པོ་ཤེས་རབ་རྐྱང་པས་རྣམ་པར་གྲོལ་པའི་དགྲ་བཅོམ་པས་ཀྱང་ལེན་པར་བརྩམས་པ་ན། ཀུན་དགའ་བོས་རྫུ་འཕྲུལ་དང་མི་ལྡན་པས་མ་ཡིན་པར་བརྡ་སྤྲད་པ་ན། དེས་རྫུ་འཕྲུལ་མོད་ལ་བསྒྲུབས་ཏེ། གནས་བརྟན་གཉིས་ལ་ཚུལ་ཤིང་འབྲིམ་པའི་བར་དུ་འགྲུབ་ནས། གསུམ་པ་ལ་མ་བྲིམས་པའི་སྔོན་དུ་བླངས་སོ། །ཡུལ་དེ་མུ་སྟེགས་ཅན་ལྷག་པར་གནས་པའི་ཕྱིར་དགེ་སློང་རྣམས་རྫུ་འཕྲུལ་སྟོན་པར་བཀས་གནང་ངོ༌། །ནངས་པར་སྔ་བར་གྲོང་ཁྱེར་སློབ་མ་ཅན་གྱི་རྒྱལ་པོས་གྲོང་ཁྱེར་ཕྱག་བདར་དང་ཙན་དན་གྱི་ཆུས་ཆག་ཆག་དང་མཆོད་པ་སྣ་ཚོགས་བཤམས། རྒྱན་སྣ་ཚོགས་བཀྲམ། གྲོང་ཁྱེར་ལ་སྒོ་ཆེན་པོ་བཅོ་བརྒྱད་ཡོད་པ་ལས། སྒོ་གཞན་བཅུ་བདུན་དུ་ནི་རྒྱལ་པོའི་སྲས་བཅུ་བདུན་པོ་རེ་རེ་བཞག ཤར་གྱི་སྒོ་མོ་ཆེར་རྒྱལ་པོ་རང་ཉིད་འཕགས་པ་བྱམས་མའི་བུ་གང་པོ་དང༌། འབྱོར་ལེན་སྤུན་དང་བཅས་པའི་སྐྱེ་བོའི་ཚོགས་མང་པོ་དང་བཅས་པ་ལྷན་ཅིག་འདུག་གོ །དེར་ནམ་ལངས་མ་ཐག་ནས་དགེ་སློང་ལོ་མ་དང་སྣོད་སྤྱད་འདྲིམ་པ་དང༌། ཆུའི་སྟ་གོན་བྱེད་པ་དག་རྫུ་འཕྲུལ་གྱིས་དེར་སླེབ་པ་ལ། རྒྱལ་པོས་སངས་རྒྱས་བྱོན་ནམ་སྙམ་དྲིས་པས། གང་པོས་འདི་ལྟའོ་ཞེས་སྨྲས་སོ། །དེ་ནས་དགེ་སློང་གནས་
བརྟན་རྣམས་སྣ་ཚོགས་པའི་རྫུ་འཕྲུལ་དང་བཅས་ཏེ་དེར་བྱོན་ཏེ། དེ་སྐད་དུ། ཁ་ཅིག་སེང་གེ་སྟག་དང་གླང་ཆེན་རྟ་དང་ཀླུ་དང་ཁྱུ་མཆོག་བཟང་པོ་ཆིབས། ཁ་ཅིག་རིན་ཆེན་གཞལ་མེད་ཁང་དང་རི་དང་ཤིང་མཛེས་ཤིང་རྟ་འབར་བ་ལ་བརྟེན། །གཞན་དག་ནམ་མཁའི་ངོས་ལས་ཆུ་འཛིན་གློག་གི་ཕྲེང་བས་བརྒྱན་པ་ལྟ་བུར་ནི། །རབ་ཏུ་དགྱེས་ཤིང་ལྷ་ཡི་ཕོ་བྲང་ལྟ་བུར་རྫུ་འཕྲུལ་དག་གིས་གཤེགས་པར་བརྩོན། །ལ་ལ་ས་བརྟོལ་གྱེན་དུ་འབྱུང༌། །འགའ་ཞིག་ནམ་མཁའི་དཀྱིལ་ནས་འབབ། ཁ་ཅིག་སྟན་ལས་སྤྲུལ་པར་བྱེད། །རྫུ་འཕྲུལ་ལྡན་པའི་མཐུ་ལ་ལྟོས། ཞེས་པ་ལྟར་རོ། །དེའི་རྗེས་སུ་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་ཞབས་བསིལ་ཏེ། དྲི་གཙང་ཁང་ལ་ཞབས་བཞག་པའི་ཚེ། ས་ཆེན་པོ་རྣམ་པ་དྲུག་ཏུ་གཡོས་པ་དང༌། གསེར་གྱི་ཁ་དོག་ལྟ་བུའི་འོད་ཟེར་བཀྱེ་སྟེ། ཕྱོགས་ཐམས་ཅད་དུ་ཁྱབ་པ་ན་ཡང༌། སློབ་མ་ཅན་གྱི་རྒྱལ་པོ་ངོ་མཚར་གྱུར་པ་ལ་གང་པོས་དེ་དང་དེར་བརྡ་སྤྲོད་དོ། །དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་ལྔ་བརྒྱ་དང་ཐབས་ཅིག་ཏུ་ནམ་མཁའ་ལ་གཤེགས་ཤིང༌། རྒྱལ་བྱེད་ཚལ་ན་གནས་པའི་ལྷས་ཤིང་བ་ཀུ་ལའི་ཡལ་ག་ཆེན་པོ་ཞིག་བཟུང་སྟེ་སྟོན་པའི་སྐུ་ལ་བསིལ་གྲིབ་འབུལ་ཞིང་སོང་བ་ལ་ཆོས་བསྟན་པས་ལྷ་དེས་ཀྱང་རྒྱུན་དུ་ཞུགས་པ་ཐོབ་བོ། །དེ་ནས་ལམ་བར་གྱི་ཡུལ་ཕྱོགས་གཞན་ཞིག་ན་ཡུག་ས་མོ་ལྔ་བརྒྱ་ཙམ་གནས་པས་སངས་རྒྱས་སྐུ་མཚན་དཔེ་འབར་བ་ནམ་མཁའ་ལ་བྱོན་པ་མཐོང་སྟེ། དད་པས་དེ་རྣམས་ཀྱིས་གདན་བཤམས་པ་ལ་སྟོན་པ་བཞུགས་ཏེ་ཆོས་བསྟན་པས་དེ་ཉིད་དུ་ཡུག་ས་མོ་ལྔ་བརྒྱས་བདེན་པ་མཐོང་ཞིང༌། དེ་དག་གིས་གསོལ་བ་བཏབ་པ་ལ་རྫུ་འཕྲུལ་གྱིས་བཅད་དེ་དབུ་སྐྲ་དང་སེན་མོ་ཡང་གནང༌། དེའི་མཆོད་རྟེན་ཡང་བརྩིགས། ལྷ་དེས་ཤིང་བ་ཀུ་ལའི་ཡལ་ག་དེའང་དེར་བཙུགས་པས་སྡོང་པོ་རབ་
ཏུ་རྒྱས་པར་གྱུར་ཏོ། །དེ་ནས་ཡང་ནམ་མཁའི་ལམ་ལ་གཤེགས་ཤིང་བྱོན་པ་ན། ཡུལ་གཞན་ཞིག་གི་བསྟི་གནས་ན་དྲང་སྲོང་ལྔ་བརྒྱ་གནས་ཏེ། དེ་རྣམས་ཀྱི་དྲེགས་པ་གཞོམ་པའི་ཕྱིར་རྫུ་འཕྲུལ་གྱི་མཐུས་སྐད་ཅིག་ལ་མེ་ཏོག་དང་འབྲས་བུ་ནི་བརླག ཆུ་ནི་བསྐམས། ནེའུ་སེང་ནི་རློག འདུག་གནས་རྣམས་སྡིབས་སོ། །དེ་དག་ཡིད་ཁོང་དུ་ཆུད་པ་ལ་བཀའ་སྩལ་པ། ཅིའི་ཕྱིར་སེམས་ཁོང་དུ་ཆུད། གསོལ་བ། ཁྱེད་གཤེགས་པས་གནས་སྐབས་འདི་འདྲ་བར་གྱུར་ཏོ། །འོ་ན་སྔོན་བཞིན་དུ་བྱའམ། བཅོམ་ལྡན་འདས་མཛད་དུ་གསོལ། དེ་མ་ཐག་སྔོན་བཞིན་དུ་གྱུར་པས་ཡ་མཚན་སྐྱེས་པ་ལ་ཆོས་བསྟན་པས་དེ་རྣམས་ཀྱིས་ཕྱིར་མི་འོང་བའི་འབྲས་བུ་ཐོབ་ཅིང་རྫུ་འཕྲུལ་ཡང་བསྒྲུབས། ཚུར་ཤོག་གིས་བསྙེན་པར་ཡང་རྫོགས་ནས་འབད་པ་དང་བརྩོན་འགྲུས་བརྩམས་པས་དེའི་མོད་ལ་དགྲ་བཅོམ་པ་ཐོབ་བོ། །དེ་རྣམས་ཀྱང་ཞབས་འབྲིང་དུ་འོངས་ཤིང༌། བརྟུན་གྱི་རི་ལ་གནས་པའི་དྲང་སྲོང་ཤིང་ལོའི་གོས་ཅན་གྱིས་ཐག་རིང་པོ་ནས་མཐོང་བས་དད་པ་སྐྱེས་ཏེ་རི་དེ་ལས་མཆོངས་པས། སྟོན་པས་རྫུ་འཕྲུལ་གྱིས་བླངས་ཏེ་ས་ལ་བཞགཆོས་བསྟན་པ་ནས་དགྲ་བཅོམ་ཐོབ་པའི་བར་སྔ་མ་བཞིན་ནོ། །དེ་ནས་བཅོམ་ལྡན་འདས་དགྲ་བཅོམ་པ་སྟོང་གིས་ཡོངས་སུ་བསྐོར་ཏེ་ནམ་མཁའ་ལ་ཆོ་འཕྲུལ་སྣ་ཚོགས་པ་སྟོན་ཞིང་སློབ་མ་ལྟ་བུར་གཤེགས་པ་ན། སྒོ་གཅིག་ནས་གཤེགས་ན་སྒོ་གཞན་དག་ན་འཁོད་པ་རྣམས་མི་དགའ་བར་འགྲོ་བར་མཁྱེན་ནས། ནམ་མཁའི་ལམ་ལས་གྲོང་ཁྱེར་གྱི་དབུས་སུ་གཤེགས་སོ། །རྒྱལ་པོ་འཁོར་བཅས་སྟོན་པའི་དྲུང་དུ་འོངས་ཤིང་ཞབས་ལ་ཕྱག་བཙལ། དེ་ནས་བཅོམ་ལྡན་འདས་ཙན་དན་གྱི་ཁང་བཟང་དུ་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ལ་བཞུགས། རྒྱལ་པོ་ལ་སོགས་པས་མཆོད་པ་དཔག་ཏུ་མེད་པས་ཡང་དག་པར་མཆོད། ཕྱི་རོལ་ཏུ་འཁོད་པའི་
སྐྱེ་བོ་རྣམས་ཀྱིས་བཅོམ་ལྡན་འདས་མ་མཐོང་ནས་ཁང་བཟང་ཞིག་པ་ལ་ཐུག་པ་ཙམ་དུ་གྱུར་པ་ན། ཁང་བཟང་ཤེལ་གཙང་མའི་རང་བཞིན་དུ་སྤྲུལ་ནས་སངས་རྒྱས་ཀྱི་སྐུ་སྒྲིབ་པ་མེད་པར་མཐོང་བས་རབ་ཏུ་དགའ་བར་གྱུར། དེ་ནས་འཁོར་དེ་དག་གི་བསམ་པ་ཐུགས་སུ་ཆུད་པས་ཡང་དག་པའི་ཆོས་བསྟན་པ་ན། འཁོར་ཚོགས་དཔག་ཏུ་མེད་པ་ཞིག་ངེས་པར་འབྱེད་པ་དང་འབྲས་བུ་བཞི་ལ་བཀོད་ཅིང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་ལ་སོགས་པ་མཐའ་ཡས་པའི་བར་དུའོ། །དེ་ནས་ཉི་མ་གཞན་ཞིག་ལ་འབྱོར་ལེན་གྱིས་གདུགས་ཚོད་འབུལ་བར་བརྩམས་པའི་དུས་ཀྱི་ཚེ་ཀླུའི་རྒྱལ་པོ་ནག་པོ་དང་གཽ་ཏ་མ་གཉིས་ཀླུ་ལྔ་བརྒྱའི་འཁོར་དང་བཅས་ཏེ་སངས་རྒྱས་ལ་བལྟ་བའི་ཆེད་དུ་འབྲུག་གི་སྒྲ་འབྱིན། ཆུ་བོའི་ལྔ་བརྒྱ་འབེབས་བཞིན་དུ་ཆས་པར་གཟིགས་ཏེ་དེ་དག་འོངས་ན་གྲོང་ཁྱེར་བུར་མར་བརླག་སྟེ་འགྲོ་བས། དེ་བཞིན་གཤེགས་པ་དང་མཽང་གལ་གྱི་བུས་གདུགས་ཚོད་ཀྱི་སྐལ་བ་སྔོན་ལ་བཞེས་ནས། རྒྱ་མཚོའི་འགྲམ་དུ་ཀླུ་གཉིས་ཀྱི་གན་དུ་ཕར་གཤེགས་ཏེ། གྲོང་ཆེར་སློབ་མ་ལྟ་བུར་གནས་པ་རྣམས་ལ་གནོད་པ་མ་བྱེད་ཅིག་ཅེས་བཀའ་སྩལ། དེས་ཀྱང་སྲོག་ཆགས་གྲོག་སྦུར་ཙམ་ལའང་གནོད་པ་མི་བགྱིད་དོ་ཞེས་ཞུས། ཀླུ་དེ་དག་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། ཆོས་བསྟན་པས་དད་པར་མཛད་དོ། །དེ་ནས་ཟས་ཀྱི་བྱ་བ་མཛད་པ་ན། ཀླུ་དེ་དག་གིས་ཀྱང་ཆུའི་བཏུང་བ་འབུལ་ལོ་སྙམ་པ་མཽང་གལ་གྱི་བུས་ཀླུས་ཕབ་པའི་ཆུ་བོ་ལྔ་བརྒྱ་འདྲེས་པ་ལས་ལྷུང་བཟེད་གང་བླངས་ཏེ་སྟོན་པ་ལ་ཕུལ་ཞིང་གསོལ་ཏོ། །ཞེ་བདུན་པ་འོད་ཟེར་ཅན་དུ་གཤེགས་པ་ནི། དེ་ནས་མི་རིང་བའི་དུས་ཞིག་ན། འཕགས་པ་མཽང་གལ་གྱི་བུ་ཆེན་པོས་རང་གི་མ་ལ་ཕན་གདགས་པར་འདོད་ནས་མ་དེ་འགྲོ་བའི་གནས་གང་དུ་སྐྱེས་ཞེས་རྣམ་པར་བརྟགས་པ་ན་
གང་དུ་ཡང་མ་མཐོང་སྟེ། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་དེ་ཞུས་པ་ན། འདི་ནས་ནུབ་ཕྱོགས་ཀྱི་ངོས་ལ་འཇིག་རྟེན་གྱི་ཁམས་འོད་ཟེར་ཅན་ཞེས་བྱ་བ་ཡོད་དེ་དེར་སྐྱེས་སོ། །དེ་ནས་མཽང་གལ་གྱི་བུས་བདག་གི་མ་དེ་ཡང་བཅོམ་ལྡན་འདས་ཀྱི་གདུལ་བྱར་འགྱུར་བ་ལགས་པས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ་གདུལ་བར་གསོལ། བཀའ་སྩལ་པ། མཽང་གལ་གྱི་བུ་འོ་སྐོལ་ཅག་སུའི་རྫུ་འཕྲུལ་གྱིས་འགྲོ། བཅོམ་ལྡན་འདས་བདག་གི་རྫུ་འཕྲུལ་གྱིའོ། །དེ་ནས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིའི་དབུས་མའི་རི་རབ་ཀྱི་རྩེ་མོ་ནས་ནུབ་ཕྱོགས་ལོགས་ཀྱི་སྟོང་གསུམ་གཞན་གྱི་རི་རབ་དབུས་མའི་རྩེ་མོར་གོམ་པ་གཅིག་འདོར་བ་དེ་ལྟ་བུའི་རྫུ་འཕྲུལ་གྱིས་བྱོན་ནས། ཉིན་ཞག་བདུན་འདས་པ་ན་འོད་ཟེར་ཅན་དུ་འབྱོན་ཏོ། །སྔོན་མཽང་གལ་གྱི་བུའི་མར་གྱུར་པ་དུས་དེར་བུ་མོ་བཟང་མོ་ཞེས་བྱ་བར་ཡོད་དེ། དེས་འཕགས་པ་མཽང་གལ་གྱི་རྒྱང་རིང་པོ་ནས་མཐོང་སྟེ་བུའི་འདུ་ཤེས་ཉེ་བར་སྐྱེས་ནས། ཨེ་མ་ཧོ་ཡུན་རིང་པོ་ཞིག་ལོན་ནས་བདག་གི་བུ་མཐོང་ངོ་ཞེས་འཕགས་པའི་ཕྱོགས་སུ་རྒྱུགས་ཤིང་དྲུང་དུ་གཏུགས་སོ། །དེར་སྐྱེ་བོའི་ཚོགས་ཀྱི་དགེ་སློང་འདི་ནི་རྒན། བུ་མོ་འདི་ནི་གཞོན་ན་འདི་ནི་འདིའི་མ་ཇི་ལྟར་ཡིན། དེ་ནས་མཽང་གལ་གྱི་བུས་དོན་དེ་རྒྱས་པར་བཤད་དོ། བཅོམ་ལྡན་འདས་ཀྱིས་བུ་མོ་དེ་ལ་ཆོས་བསྟན་པས་དེས་ཀྱང་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང༌། དེས་ཕུལ་བའི་གདུགས་ཚོད་ཀྱང་གསོལ། ཡོན་བཤད་པར་ཡང་མཛད་ནས་ལྷུང་བཟེད་འཁྲུ་བཞིན་པའི་སྐབས། མཽང་གལ་གྱི་བུ་ལ་ད་ནི་རྒྱལ་བྱེད་ཀྱི་ཚལ་དུ་འགྲོའམ། མཽང་གལ་བུས་ཞུས་པ་འཚལ་ལོ། །སུའི་རྫུ་འཕྲུལ་གྱིས་འགྲོ། བཅོམ་ལྡན་འདས་ཀྱིའོ། །འོ་ན་རྒྱལ་བྱེད་ཀྱི་ཚལ་ཡིད་ལ་གྱིས་ཤིག་གསུང༌། དེ་ཁོ་ནས་རྒྱལ་བྱེད་ཀྱི་ཚལ་དུ་བྱོན་ཏེ། སྟོན་པས་འདི་ནི་རྫུ་འཕྲུལ་ཡིད་མགྱོགས་ཞེས་བྱའོ། །མཽང་གལ་གྱི་བུ་ངོ་མཚར་དུ་གྱུར་ནས་བླ་ན་
མེད་པའི་བྱང་ཆུབ་ལ་བསྔགས་ཤིང་ཆེད་དུ་བརྗོད་པ་མཛད་དོ། །ཞེ་བརྒྱད་པ་བྲམ་ཟེ་པདྨའི་སྙིང་པོ་བཏུལ་བ་ནི། དེ་ནས་བཅོམ་ལྡན་འདས་རིམ་གྱིས་མཉན་ཡོད་ནས་གཤེགས་ཏེ། ཡུལ་འདོད་པ་མཐུན་པའི་ལྗོངས་རྒྱུ་ཞིང༌། འདོད་པ་མཐུན་པའི་ནགས་ཁྲོད་ན་བཞུགས་སོ། །དེའི་ཚེ་བྲམ་ཟེ་པདྨའི་སྙིང་པོ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་ལ་གསང་ཚིག་ཀློག་གོ །དེས་སྟོན་པ་འདོད་པ་མཐུན་པའི་ནགས་ཁྲོད་དུ་བཞུགས་པ་ཐོས་ནས། བྲམ་ཟེའི་ཁྱེའུ་མ་སྡུག་ལ་ཁྱོད་ཤེས་ལྡན་གཽ་ཏ་མ་ག་ལ་བ་དེར་སོང་ལ། ཤེས་ལྡན་གཽ་ཏ་མ་དེ་བླ་ན་མེད་པའི་བྱང་ཆུབ་བརྙེས་སོ་ཞེས་ཐོས་ཏེ། ཇི་ག་དེའི་དགེ་བ་དང་གྲགས་པའི་གཏམ་དང༌། དེའི་མཚན་བཟང་པོ་རྣམས་ཀྱང་ཡང་དག་པ་ཡིན་ནམ་མ་ཡིན་རྟོག་ཤིགདེ་ནས་བྲམ་ཟེ་རྒན་རབས་མང་པོ་དང་ལྷན་ཅིག་ཏུ་སོང་ནས་སྟོན་པའི་སྤྱན་སྔར་སླེབ་པ་ན། སྟོན་པས་བྲམ་ཟེ་རྣམས་དགའ་བ་དང་མགུ་བར་འགྱུར་བའི་ཆོས་གསུངས་པའི་ཚེ། ཁྱེའུ་མ་སྡུག་དེ་ལྷམ་གྱོན་ནས་འཆག་ཅིང༌། གློ་བུར་དུ་གཏམ་སྨྲ་ལ། གཏམ་མཐར་ཕྱིན་པར་མི་སྡོད། མ་གུས་པས་བསྙས་ཤིང་སླར་ཟློག་པར་བྱེད་དོ། །སྟོན་པས་ཁྱེད་བྲམ་ཟེ་གསུམ་རིག་པ་དང་གཏམ་འདི་ལྟ་བུ་སྨྲའམ། གསོལ་པ། བྲམ་ཟེ་འགྲོ་བ་རྣམས་ནི་འགྲོ་བ་དང༌། འགྲེང་བ་རྣམས་ནི་འགྲེང་བ་དག་དང་སྨྲ། འདུག་པ་དང་ཉལ་བ་དག་ཀྱང་ཕན་ཚུན་སྨྲ་སྟེ། དགེ་སྦྱོང་མགོ་བྲེག་ནག་པོའི་རྩ་ལག་དག་དང་འདི་ལྟར་གླེང་དུ་རུང་ངོ༌། །བཀའ་སྩལ་པ། ཁྱོད་བླ་མའི་ཚོགས་ལ་བསྙེན་བཀུར་མ་བྱས་པ་ཞིག་གོ །དེ་ཁྲོས་འཁྲུགས་ཡིད་མ་རངས་ནས། གཽ་ཏ་མ་ཤཱཀྱ་རྣམས་ནི་ད་བྱུང་གི་རིགས་ཡིན་པས་བྲམ་ཟེ་རྣམས་ལ་བླ་མར་མི་བྱེད་དོ། །བཀའ་སྩལ་པ། ཤཱཀྱ་རྣམས་ཀྱིས་ཁྱོད་ལ་གནོད་པ་བྱས་སམ། གསོལ་བ། ང་བྱ་བ་ཞིག་ལ་སེར་སྐྱར་སོང་བ་ན། འདི་ནི་བྲམ་ཟེ་ཁྱེའུ་ཡིན་
ནོ་ཞེས་མཛུབ་སྐོར་གྱིས་སྟོན་པར་བྱེད་དེ་བཀུར་བསྟི་མི་བྱེད་དོ། །བཀའ་སྩལ་པ། རེ་ཞིག་བྱེའུ་ཁུག་རྟ་ཡང་རང་གི་ཚང་དུ་ཇི་ལྟར་འདོད་པར་སྐད་འབྱིན་ན་ཤཱཀྱ་རྣམས་སྨོས་ཅི་དགོས། སེར་སྐྱ་གཞི་འདི་ནི་ཤཱཀྱ་རྣམས་རང་གིས་གནས་ཡིན་ནོ། །གསོལ་བ། རིགས་བཞི་པོ་རྣམས་ཀྱིས་བྲམ་ཟེ་ལ་བཀུར་བསྟི་བྱེད་ཀྱང༌། ཤཱཀྱ་འདི་དག་ད་བྱུང་ཁོ་ན་ཡིན་པས་མི་བྱེད་དོ། །བཀའ་སྩལ་པ། ཁྱོད་ཀྱི་རིགས་ཅི་ཡིན། གསོལ་བ། མིག་མི་འཛུམ་གྱིའོ། །བཀའ་སྩལ་པ། དེ་ནི་ཤཱཀྱ་རྣམས་ཀྱི་བྲན་མོའི་བུ་ལས་བྱུང་ངོ༌། །དེ་ནས་བྲམ་ཟེ་རྒན་རབས་རྣམས་ཀྱིས་གསོལ་བ། ཀྱེ་གཽ་ཏ་མ་དེ་སྐད་མ་གསུང་ཞིག མ་སྡུག་འདི་ནི་མང་དུ་ཐོས་པས་ལན་བཏབ་པས་རྡོ་ཐོགས་སོ། །བཀའ་སྩལ་པ། དོན་འདི་ལ་ཁྱེད་ཅག་མ་སྨྲ་བར་མ་སྡུག་ཉིད་ལན་འདེབས་སུ་ཆུག་ཅིག །བུ་རམ་ཤིང་པ་འཕགས་སྐྱེས་ཀྱིས་བུ་བཞི་བསྐྲང་པ་ལས་ཤཱཀྱར་གྲགས་སོ། །ཤཱཀྱའི་མགོ་འཛུགས་པ་དེ་ཡིན་པ་ཁྱོད་ཀྱིས་ཐོས་སམ། གསོལ་བ་ཐོས་སོ། །བུ་རམ་ཤིང་པ་འཕགས་སྐྱེས་ཀྱི་བྲན་མོ་སྡོད་ཕོད་མ་ཞེས་བྱ་བ་དང༌། གདོལ་བའི་རིགས་ཀྱི་དྲང་སྲོང་ཞིག་འདུས་པ་ལས་ཁྱེའུ་བཙས་པ་ན། ཤ་ཟ་རྣམས་ཀྱིས་མིག་མི་འཛུམ་གྱིས་ཞེས་མིང་བཏགས་སོ། །མིག་མི་འཛུམ་གྱི་མགོ་འཛུགས་པ་དེ་ཡིན་པར་ཐོས་སམ། དེ་ལྟར་ལན་གཉིས་ལན་གསུམ་དུ་དྲི་བ་མཛད་ཀྱང༌། མ་སྡུག་གནོང་ཐོག་ཏུ་བབ་པས་ཅང་མི་སྨྲའོ། །དེའི་ཚེ་གནོད་སྦྱིན་ལག་ན་རྡོ་རྗེས་ཁྱོད་ལན་བདེན་པར་མི་གསོལ་ན། རྡོ་རྗེས་མགོ་བོ་ཚལ་བ་བདུན་དུ་འགགས་པར་བྱའོ་ཞེས་རྡོ་རྗེ་མེ་འབར་བ་ཕྱར་ཞིང་མ་སྡུག་ལ་སྡིགས་པས་སྐྲག་སྟེ། གཽ་ཏ་མ་མིག་མི་འཛུམ་གྱི་ཐོག་མ་དེ་ལགས་པར་ཐོས་སོ་ཞེས་དྲང་པོར་གསོལ་ཏོ། །དེ་ནས་བྲམ་ཟེ་གཞན་ཐམས་ཅད་སྟོན་པས་ནི་བདེན་པར་གསུངས་ན། བདག་ཅག་སྔར་ཡིད་མ་ཆེས་པར་ཟད་དོ་སྙམ་མོ། །བཀའ་སྩལ་པ། ཁྱེད་རྣམས་ཀྱིས་མ་སྡུག་ལ་བྲན་
མོའི་བུ་ཞེས་མ་སྨྲ་ཞིག དྲང་སྲོང་དེ་ནི་རྫུ་འཕྲུལ་ཆེ་བ་ཡིན་ནོ་ཞེས་སོ། །དེ་ནས་མ་སྡུག་ཤིན་ཏུ་ཞུམ་པར་གྱུར་པ་ལ་སླར་ཡང་གཏམ་འཇམ་པོས་གླེང་བར་མཛད་ནས། ཞུས་ལན་ཤིན་ཏུ་རྒྱས་པར་མཛད་པའི་མཐར། བྲམ་ཟེ་ལས་ཀྱང་རྒྱལ་རིགས་གྲ་མ་མཆོག་ཏུ་བསྔགས་ཏེ། འདི་སྐད་དུ། རུས་དང་འབྲེལ་བ་གང་ཡིན་པའི། །རྒྱལ་རིགས་རྐང་གཉིས་ནང་ན་བཙུན། །ལྷ་དང་མི་རྣམས་ནང་ན་ཡང༌། །རིག་དང་ཞབས་སུ་ལྡན་པ་བཙུན། །ཞེས་མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་པའི་ལུང་འདྲེན་པར་མཛད་དོ། །དེ་ནས་མ་སྡུག་དད་པ་ཆེན་པོ་སྐྱེས་ཏེ་ཆོས་སྟོན་པར་གསོལ་བ་བཏབ་པ་ལ། སྟོན་པས་དགའ་བ་དང་མགུ་བར་གྱུར་པའི་ཆོས་རྒྱ་ཆེར་གསུངས་ནས། གང་གི་དོན་དུ་ཁྱོད་འོངས་པའི་མཚན་མ་ལེགས་པར་ཟུང་ཞིག །དེས་ཀྱང་དེ་བར་དུ་བརྟགས་པས། སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་ནི་མཐོང་སྟེ། གསོལ་བ། བདག་གིས་ཐུབ་པ་ཆེན་པོའི་མཚན། །སུམ་ཅུ་རྩ་གཉིས་ཐོབ་པ་གང༌། །སྐུ་ལ་གཉིས་ཤིག་མ་མཐོང་བས། ཞཻས་སོགས་ཞུས་པས་ལྗགས་ཀྱྀ་དཀྱིལ་འཁོར་ཞལ་རས་ཁེབས་པ་བསྟན་ཞིང༌། ལྦ་བ་སྦུབས་སུ་ནུབ་པ་ཡང་འོད་ཀྱི་མཚན་མས་གསལ་བར་མཛད་དོ། །དེ་ནས་མ་སྡུག་དང་བྲམ་ཟེའི་ཚོགས་རྣམས་ཕྱིར་དེངས་ནས་བྲམ་ཟེ་པདྨའི་སྙིང་པོའི་དྲུང་དུ་ཕྱིན་ཏེ་གཏམ་དེ་དག་རྒྱས་པས་བཤད་དོ། །དེར་བྲམ་ཟེ་པདྨའི་སྙིང་པོ་ཁྲོས་ཏེ་མཆིལ་ལྷམ་གྱིས་མ་སྡུག་གི་མགོ་བོར་བརྡེགས་ཤིང༌། ཀྱེ་མ་ཧོ་ཕོ་ཉ་བྱེད་པ་ཀྱེ་མ་ཧོ་འཕྲིན་བྱེད་པ་འདི་འདྲ་བས་ནི་བདག་ཀྱང་ངན་སོང་དུ་ལྟུང་བར་འགྱུར་རོ། ཁྱོད་ཀྱིས་ཤེས་ལྡན་གཽ་ཏ་མ་ལ་ཁྱད་དུ་བསད་པ་དེ་ལྟར་བྱས་པའི་ཁོངས་སུ་ཁོ་བོ་ཡང་བརྩི་བར་དགོངས་པར་འགྱུར་རོ། །ཞེས་སྨྲའོ། །ཤེས་ལྡན་དག་དེང་ཁོ་བོ་གཽ་ཏ་མ་ལ་བལྟ་བར་འགྲོ་བ་ལས་དགོངས་མོར་སོང་བས་མ་ནུས་པར་ཟད་དེ་སང་འགྲོའོ། །དེའི་ནུབ་མོ་སྟ་
གོན་བྱས་ཏེ། ནངས་པར་ཤིང་རྟ་མང་པོ་བཟའ་བཏུང་གིས་བཀང་ཞིང༌། བྲམ་ཟེའི་ཚོགས་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་ངོ༌། །དེར་འདོད་པ་མཐུན་པ་ན་གནས་པའི་དགེ་སློང་ཐམས་ཅད་བསྡུས་ཏེ་གཙང་ཞིང་བསོད་པའི་བསོད་སྙོམས་རྒྱ་ཆེར་ཕུལ། ཡོན་བསྔོ་བ་མཛད། བྲམ་ཟེ་དེ་དག་དགའ་བ་དང་མགུ་བར་འགྱུར་བའི་གཏམ་ཡང་དག་པར་མཛད་དེ་དེའི་མཐར་གསོལ་བ། ཁར་སང་བྲམ་ཟེའི་ཁྱེའུ་མ་སྡུག་འོངས་སམ། བཀའ་མཆིད་ཇི་ལྟ་བུ་མཛད། སྟོན་པས་རྒྱས་པར་བཀའ་སྩལ་པས། དེ་བྱིས་པའི་རང་བཞིན་ལགས་པས་བཟོད་པར་མཛད་དུ་གསོལ། བྲམ་ཟེ་བཟོད་དོ། །གསོལ་བ། ཤེས་ལྡན་གཽ་ཏ་མ་བདག་ཤིང་རྟར་ཞུགས་པའམ། སྲབ་སྐྱོགས་འཛིན་པའམ། ཐོར་ཚུགས་ལ་ནོམ་པའི་བར་དུ་བྱས་ན་ཕྱག་འཚལ་བར་བཟུང་དུ་གསོལ། ཞེས་སོགས་ཞུས་པ་ན། འདི་ད་དུང་ང་རྒྱལ་དང་བཅས་སོ་དགོངས་ཏེ། དེའི་ང་རྒྱལ་སྤང་པའི་དོན་དུ་ཆོས་བསྟན་པས་བྲམ་ཟེ་པདྨའི་སྙིང་པོས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་སྟེ་ཆེད་དུ་བརྗོད་པ་ཡང་བྱས་སོ། །དེ་དག་ལ་སོགས་པ་ཡུལ་འདོད་པ་མཐུན་པ་ན་གནས་པའི་བྲམ་ཟེ་དང་སྐྱེ་བོ་གཞན་ཡང་དཔག་ཏུ་མེད་པ་བདེན་པ་ལ་བཀོད་དེ། བྱང་ཆུབ་གསུམ་ལ་གཞོལ་བར་མཛད་དོ། །ཞེ་དགུ་པ་ཁྱེའུ་གཉིས་ནི། ཡང་དུས་གཞན་ཞིག་ན། རྒྱལ་རིགས་དང་བྲམ་ཟེའི་ཁྱེའུ་སྤྲང་པོ་གཉིས་ཤིག་དགེ་འདུན་ལ་གདུགས་ཚོད་གསོལ་པའི་སར་སློང་དུ་སོང་བ་ལ། བྲམ་ཟེའི་བུས་ནི་སྟེར་བའི་དུས་མ་ཡིན་པར་ཕྱིན་པས་ཅི་ཡང་མ་ཐོབ་ལ། རྒྱལ་རིགས་ཀྱི་བུ་དེས་དུས་སུ་ཕྱིན་པས་མང་དུ་ཐོབ་བོ། བྲམ་ཟེའི་ཁྱེའུ་དེ་དགེ་འདུན་རྣམས་ལ་ཁྲོས་ཏེ། ཁོ་བོ་ལ་དབང་ཡོད་ན་འདི་རྣམས་ཀྱི་མགོ་བོ་དྲུང་ནས་གཅོད་པ་ཞིག་ཅེས་ཟེར་ལ། རྒྱལ་རིགས་ན་རེ། ཁོ་བོ་ལ་དབང་ཡོད་ན། སངས་རྒྱས་དགེ་འདུན་དང་བཅས་པ་ལ་ཞལ་ཟས་རོ་བརྒྱ་པས་སྟོབ་པ་
ཞིག་ཅེས་ཟེར་བ་ལས། མཉན་ཡོད་ན་བྲམ་ཟེའི་བུ་དེ་ཤིང་དྲུང་ཞིག་ཏུ་ཉལ་བ་ལ་ཤིང་རྟ་འཁྱམས་པོའི་འཁོར་ལོས་དེའི་མགོ་བཅད་དོ། །ཆོས་རྣམས་སྔོན་དུ་ཡིད་འགྲོ་ཡིད་གཙོ་ཡི། །ཡིད་མགྱོགས་རབ་ཏུ་སྡང་བའི་ཡིད་ཀྱིས་ནི། །སྨྲས་སམ་བྱས་ན་དེ་ལ་སྡུག་བསྔལ་དེ། །འཐོབ་འགྱུར་འཁོར་ལོ་འཕྱན་པས་མགོ་བོ་བཅད། །ཅེས་གསུངས། དེའི་ཚེ་ཚོང་དཔོན་གཅིག་བུ་མེད་པར་ཤི་བ་ལས། ཚོང་པ་རྣམས་བགྲོས་ནས་གང་སུ་ཞིག་བསོད་ནམས་ཆེ་བ་ཞིག་ཚོང་དཔོན་དུ་བཀུར་རོ་ཞེས་བརྟགས་པ་ན། སྔར་གྱི་རྒྱལ་རིགས་ཀྱི་ཁྱེའུ་དེ་ཤིང་དྲུང་ཞིག་ཏུ་ཉལ་བ་ལ་ཤིང་གཞན་རྣམས་ཀྱི་གྲིབ་མ་འཕོས་ཀྱང་དེ་མ་འཕོས་ཏེ། བསོད་ནམས་དང་ལྡན་པར་རིག་ནས་ཚོང་དཔོན་ཆེན་པོར་དབང་བསྐུར་ཏེ་འབྱོར་པ་དཔག་ཏུ་མེད་པ་དང་ལྡན་པར་གྱུར་ནས། སངས་རྒྱས་དགེ་འདུན་དང་བཅས་པ་ལ་གདུགས་ཚོད་གསོལ་ཞིང༌། བཅོམ་ལྡན་འདས་ཀྱིས་དེ་ལ་ཆོས་བསྟན་པས་བདེན་པ་མཐོང་ངོ༌། །ལྔ་བཅུ་པ་ཀླུ་དགའ་བོ་ཉེ་དགའ་བཏུལ་བ་ནི། དེའི་ཚེ་ཀླུའི་རྒྱལ་པོ་དགའ་བོ་དང༌། གཉེན་དགའ་བོ་གཉིས་སྦྲུལ་གྱི་ལུས་རིང་པོས་རི་རབ་ལ་སྐོར་བ་གསུམ་དུ་དཀྲི་བར་ནུས་པ་དེ་དག་ཡུན་རིང་དུ་གཉིད་ལོག་ཅིང་གཉིད་སད་པ་ན། དབུགས་ཀྱི་རླུང་དྲག་པོ་བཏང་བས་རི་རབ་དང་གསེར་གྱི་རི་ལ་གནས་པའི་བྱ་དང་རི་དྭགས་སོགས་སྲོག་ཆགས་དུ་མ་དག་དུག་གིས་ཤི་ནས་མཚོ་ནང་དུ་ལྷུང་བ་རྣམས་བཟའ་བར་བྱེད་དོ། །དགེ་སློང་རྫུ་འཕྲུལ་ཐོབ་པ་དག་རི་རབ་ཀྱི་བང་རིམ་ན་གནས་ཤིང་བསམ་གཏན་སྒོམ་པ་དག་ཀྱང་དབུགས་ཀྱི་རླུང་དུག་དང་བཅས་པ་དེས་ཕོག་པས་ལུས་རིད་ཅིང་སྐྱ་བོ་སེང་སེང་པོར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་གྱིས་འཕགས་པ་མཽང་གལ་གྱི་བུ་ལ་བཀའ་སྩལ་པ། ཀླུའི་རྒྱལ་པོ་དགའ་བོ་དང་གཉེན་དགའ་བོ་གཉིས་ལ་སོམས་ཤིག དེ་ནས་འཕགས་པ་མཽང་
གལ་གྱི་བུས་དེར་རྫུ་འཕྲུལ་གྱིས་སོང་ནས། དེ་གཉིས་གཉིད་ཀྱིས་ལོག་པ་ལ་སེ་གོལ་གྱི་སྒྲ་བྱས་སོ། །དེར་དེ་གཉིས་གཉིད་མ་སད། དེ་དག་གི་ལུས་ཀྱི་སྟེང་དུ་ཕན་ཚུན་དུ་ཞབས་ཀྱིས་བཅགས་ཀྱང་གཉིད་མ་སད་ནས། དེ་དག་གི་ཁོང་པའི་ནང་དུ་སོང་སྟེ་ཡར་མར་དུ་རྒྱུ་ཞིང་སྣ་ནས་འཐོན་ནས་ནམ་མཁའ་ལ་འཕགས་ཏེ་ཡང་འཇུག་པ་སོགས་མཛད་ཀྱང་ད་དུང་གཉིད་མ་སད་དོ། །དེ་ནས་རི་རབ་ལ་ལན་བདུན་དུ་དཀྲི་བར་ནུས་པའི་སྦྲུལ་ཆེན་པོ་ཆེས་མི་བཟད་པ་ཞིག་ཏུ་སྤྲུལ་ཏེ། དེ་གཉིས་འོག་ཏུ་མནན་པ་ན་གཉིད་སད་དེ་བལྟས་པ་ན། ཀླུ་ཤིན་ཏུ་མི་བཟད་པས་རང་ཉིད་ནོན་པར་ཤེས་ནས་ཤིན་ཏུ་སྐྲག་སྟེ་བྲམ་ཟེའི་གཟུགས་ཀྱིས་བྲོས་པ་ན། ཇི་ལྟར་རི་བོ་ཁོར་ཡུག་ལ་ཉེ་བ་དེ་ལྟར་བྲོས་པའི་ཚེ། དེ་དག་གི་མདུན་དུ་འཕགས་པ་མཽང་གལ་གྱི་བུ་ལུས་དངོས་སུ་བསྟན་ཏེ་བྱོན་ནས། ཅི་ཀླུ་དག་གར་འགྲོ། ཀླུ་གཉིས་ཀྱིས་བསམས་པ། དེ་ནི་དགེ་སློང་འདིའི་མཐུ་ཡིན་ཡང་དག་གོ་སྙམ་ནས། འཕགས་པ་ཀུ་རེ་མ་བགྱིས་སམ། ཅི་སྟོན་པའི་ཕོ་ཉ་ལ་མི་སེམས་སམ། འོ་ན་ཇི་ལྟར་བགྱི། དེར་དད་པར་འགྱུར་བའི་ཆོས་བཤད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདོང་ངོ་ཞེས་ཁྲིད་ནས། སྟོན་པས་ཀྱང་རྒྱ་མཚོའི་ངོགས་སུ་གཤེགས་ཏེ་བཞུགས་པ་ན། ཀླུའི་རྒྱལ་པོ་དགའ་བོ་དང་གཉེན་དགའ་བོ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་པ་དུ་མས་ཡང་དག་པར་མཆོད་ནས་ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འདུག་པ་ལ། བཅོམ་ལྡན་འདས་ཀྱིས་ལས་ངན་པ་ལ་རབ་ཏུ་སྨད་ཅིང་ཆོས་བསྟན། རི་རབ་ཀྱི་བང་རིམ་ན་གནས་པ་རྣམས་ལ་གནོད་པ་མི་བྱེད་པར་བཀའ་སྩལ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལ་བཀོད་དོ། །དེ་ལྟར་དགའ་བོ་དང་ཉེ་དགའ་བོ་ཆོས་ལ་བཀོད་པ་དེའི་ཚེ་ནས་བརྩམས་ཏེ་ཀླུའི་འགྲོ་བ་འབུམ་ཕྲག་མང་པོ་ཞིག་མི་རིང་བར་ཆོས་ལ་འཁོད་པར་གྱུར་ཏོ། །
ང་གཅིག་པ་གསལ་རྒྱལ་ཀླུའི་གནོད་པ་ལས་བསྐྱབ་པ་ནི། དེ་ནས་ཀླུ་གཉིས་བོ་དེ་དུས་བཟང་བོ་དག་ལ་རི་རབ་ཀྱི་བང་རིམ་ནས་མཉན་ཡོད་ཀྱི་བར་དུ་རིན་པོ་ཆེའི་རྭ་བ་གཉིས་དག་བྱས་པ་དེའི་བར་ནས་སོང་སྟེ་སྟོན་པ་ལ་བསྙེན་བཀུར་བྱེད་དོ། །ཡང་རེས་འགའ་མཚན་མོ་གཞལ་མེད་ཁང་ནམ་མཁའ་ལ་འགྲོ་བའི་ནང་དུ་ཞུགས་ནས་ལྷའི་ཆ་བྱད་ཀྱིས་འོང་ལ། ཉིན་མོ་ནི་ཁྱེའུ་འམ་ཁྱིམ་བདག་གི་ཆ་བྱད་ཀྱི་འོང་བར་བྱེད་ན། ཀླུ་གཉིས་པོ་དེ་ལ་འཁོར་གྲགས་པ་དང་ལྡན་ཞིང་སྟོབས་དང་ལྡན་པའི་ཀླུ་ཉིས་སྟོང་ལྔ་བརྒྱ་རེ་ཡོད་དོ། །གཞལ་མེད་ཁང་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་དང༌། བཟའ་བཏུང་རྣམས་ལྷའི་བདུས་རྩིའོ། །དེ་ནས་ལན་གཅིག་ཁྱིམ་བདག་གི་གཟུགས་ཀྱིས་བཅོམ་ལྡན་འདས་ལ་ཆོས་ཉན་ཞིང་ཡོད་པའི་ཚེ། རྒྱལ་པོ་གསལ་རྒྱལ་ཡང་སྟོན་པའི་དྲུང་དུ་འོང་བ་རྒྱང་རིང་པོ་ནས་མཐོང་སྟེ། བདག་ཅག་གཉིས་རྒྱལ་པོ་ལ་བསྙེན་བཀུར་བགྱིའམ་ཆོས་ལ་བསྙེན་བཀུར་བགྱི། སྟོན་པས་ཆོས་ལ་བསྙེན་བཀུར་གྱིས་ཤིག །དེ་ནས་རྒྱལ་པོ་གསལ་རྒྱལ་དྲུང་དུ་བྱུང་བ་ལ་ལྡང་བ་མ་བྱས་སོ། །རྒྱལ་པོས་བལྟས་ན་དེ་གཉིས་རང་གི་ཡུལ་འཁོར་གྱི་ཁྱིམ་བདག་འདྲ་བར་སྣང་ན། འདི་གཉིས་ངའི་ཡུལ་དུ་གནས་ནས་ང་ལ་ལྡང་བ་མི་བྱེད་དོ་སྙམ་ནས་ཁྲོས་སོ། །སྟོན་པས་ཁྲོ་བའི་ཉེས་དམིགས་གསུངས་ཀྱང་རྒྱལ་པོ་སེམས་ཡད་ཡུད་དུ་གྱུར་ནས་གསལ་བར་སྙིང་ལ་མ་འཕྲོད་དེ་མྱུར་བར་ལངས་ཏེ་སོང་ནས་སྒོ་དྲུང་དུ་ཞོ་ཤས་འཚོ་བ་དག་ཅིག་བཞགཁྱིམ་བདག་དེ་གཉིས་ཕྱིར་བྱུང་ན་མགོ་བོ་ཆོད་ཅིག་བྱས་ཏེ་སྐྱེད་མོས་ཚལ་དུ་སོང་ངོ༌། །དེ་སྐད་ཟེར་བ་ཀླུ་གཉིས་ཀྱི་གཡོག་ར་བའི་ཁ་ན་སྡོད་པ་དག་གིས་ཐོས་ཏེ། རྒྱལ་པོའི་སྟེང་དུ་མཚོན་ཆ་སྣ་ཚོགས་པའི་ཆར་འབེབས་པར་བརྩམས་པ་ན། སྟོན་པས་འཕགས་པ་མཽང་གལ་གྱི་བུ་ལ་རྒྱལ་པོ་གསལ་རྒྱལ་ལ་སོམས་ཤིག་ཅེས་གསུངས། མཽང་གལ་གྱི་བུས་མཚོན་
ཆའི་ཆར་དེ་དག་པདྨ་དང་ཨུཏྤལ་ལ་སོགས་པར་བྱིན་གྱིས་བརླབས་ནས་མིའི་ལག་གིས་ལེན་ནུས་ཙམ་གྱི་བར་སྣང་ལ་ཆགས་པར་བྱས་སོ། །དེར་རྒྱལ་པོ་དང་བླཽན་པོ་དང་བཙུན་མོ་དང་རྒྱལ་པོའི་གཉེན་རྣམས་མེ་ཏོག་གི་ཆར་འདི་ནི་རང་རང་གི་བྱ་བ་ལེགས་པའི་བསོད་ནམས་ཀྱི་མཐུའོ་ཞེས་ངག་མི་མཐུན་པར་གྱུར་ནས་ཚུར་འོངས་ཏེ་སྟོན་པ་ལ་ཞུས་པས། དེ་དག་ཐམས་ཅད་མ་ཡིན་གྱི། འདི་ལྟར་མཽང་གལ་གྱི་བུའི་མཐུའོ། །གལ་ཏེ་ཡིད་མི་ཆེས་པ་ལྟ་ན་དེ་ལས་གཅིག་གཅིག་ལོང་སྟེ་ས་ལ་བོར་ཅིག དེར་དེ་དག་གིས་དེ་བླངས་ཏེ་བོར་བས་མཚོན་ཆར་གྱུར་ཞིང་སྒྲ་འབྱིན་པ་ན་ཤིན་ཏུ་སྐྲག་སྟེ་རྒྱལ་པོས་འདི་ཅི་ཞེས་ཞུས་པ་ན། ཁྱོད་ཀྱིས་ཀླུ་ལ་སྡང་སེམས་བསྐྱེད་པས་ཡིན་ནོ། །ཞེས་གསུངས། བདག་གིས་དེ་མཐོང་བར་ཡང་མི་དྲན་ན་ཞུས་པས། སྔར་གྱི་དོན་རྒྱས་པར་གསུངས་སོ། །འོན་ཀྱང་ཀླུ་གཉིས་པོ་དེ་ནི་མ་ཁྲོས་ཏེ། དེའི་འཁོར་དག་ཁྲོས་པའོ། །འོ་ན་འདི་ལ་ཇི་ལྟར་བགྱི་ཞེས་ཞུས་པས་བཟོད་པར་གསོལ་ཤིག་གསུང༌། དེ་ནས་དུས་གཞན་ཞིག་ན་ཀླུ་གཉིས་པོ་དེ་སྔར་བཞིན་འོངས་པ་ན། སྟོན་པས་སྦྲན་པ་ན་རྒྱལ་པོ་གསལ་རྒྱལ་གྱིས་ལག་པ་བརྐྱངས་ཏེ་བཟོད་པ་གསོལ་ཞིང༌། དེ་གཉིས་ཀྱིས་ཀྱང་བཟོད་པར་བྱས་སོ། །ང་གཉིས་པ་གནོད་སྦྱིན་འབྲོག་གནས་བཏུལ་བ་ནི། གང་གི་ཚེ་གསལ་རྒྱལ་དང་གཟུགས་ཅན་སྙིང་པོས་རྒྱལ་སྲིད་སྐྱོང་བ་ན། ཆོམ་རྐུན་པ་རྣམས་ཆད་པས་བཅད་པས། དེ་རྣམས་མ་ག་དྷཱ་དང་ཀོ་ས་ལའི་བར་གྱི་ནགས་ཚལ་དང་འབྲོག་དགོན་པ་དག་ཏུ་གནས་ཏེ་དོན་མཐུན་ཚོང་པ་ཐམས་ཅད་འཇོམས་པར་བྱེད་དོ། །གཟུགས་ཅན་སྙིང་པོའི་དྲུང་ན་སྟོང་ཐུབ་དཔའ་བོ་ཞིག་ཡོད་པས། ཚོང་པ་མང་པོ་རྒྱལ་པོའི་ཁབ་ནས་ཀོ་ས་ལར་འགྲོ་བའི་ལམ་སེལ་ལ་སྟོང་ཐུབ་དེ་མངགས་སོ། །དེས་མདའ་ལྔ་བརྒྱ་ལྔ་བརྒྱས་གང་བའི་དོང་པ་གཉིས་ཐོགས་ཏེ་ཚོང་པའི་གདོང་ནས་
ཕྱིན་པ་ན། ཆོམ་རྐུན་པ་རྣམས་ཀྱིས་ཁྱོད་ཕྱིར་ལྡོག་ཅིགགནོད་པར་གྱུར་ཏ་རེ། ཞེས་ཟེར་བ་ལ་སྟོང་ཐུབ་ཀྱིས་འཇམ་པོར་སྨྲས་ཀྱང་མི་ཉན་ཏེ། དེས་ཆོམ་རྐུན་པ་གཅིག་ནས་ལྔ་བརྒྱའི་བར་དུ་བྱུང་བ་ལ་མདའ་སྣུན་ནོ། །དེ་ནས་ཆོམ་པོ་གཞན་ལྔ་བརྒྱ་སླེབ་པ་དང༌། སྟོང་ཐུབ་ན་རེ། ངས་ལྔ་བརྒྱ་བསད་ཟིན་གྱི་ཁྱེད་རྣམས་ལྡོག་ཅིག དེ་དག་གིས་ངེད་གཅིག་ཀྱང་མ་ཤི་ན་ཅིའྀ་ཕྱིར་ལྡོག འོ་ན་གོ་ཕུད་ཅིག ཕུད་པ་དང་ལྔ་བརྒྱ་ཤི་སྟེ་གནོད་སྦྱིན་ཞིག་གོ་ཟེར་ནས་ཐམས་ཅད་བྱེར་རོ། །དེ་ནས་སྟོང་ཐུབ་དེས་ནགས་ཕན་ཚུན་གྱི་བར་དུ་ལམ་སེལ་གྱི་ཁྱིམ་བརྩིགས། དེང་འབྲོག་གནས་ཞེས་བྱ་བ་གྲོང་ཁྱེར་ཆགས། ཚོང་འདུས་ཆེན་པོ་ཡང་བྱུང༌། གྲོང་དཔོན་ཡང་སྟོང་ཐུབ་དེ་ཉིད་ཀྱིས་བྱེད་པ་ལས། དུས་གཞན་ཞིག་ན་ལོག་པར་ལྟ་བའི་ལྷ་ཁང་ཞིག་བརྩིགས་ཏེ། ཡུལ་དེའི་བག་གསར་ལ་འགྲོ་བ་ཐམས་ཅད་དང་པོར་ལྷ་ཁང་དེ་ལ་བཝ་ཞིང༌། ཕྱི་ནས་ཐོག་མར་གྲོང་དཔོན་དེས་མི་རིགས་པར་སྤྱོད་པ་ལས། ཕྱི་ཞིག་ན་གྲོང་མི་རྣམས་ཀྱིས་རྐྱེན་དེ་ལ་བརྟེན་ནས་གྲོང་དཔོན་གསོད་པར་བགྲོས་པ་ལས། ཉིན་གཅིག་མཆོག་ཟུང་གྲོང་དཔོན་འབྲོག་གནས་ཀྱི་སར་བྱོན་པ་ལ། དེར་བསོད་སྙོམས་ཕུལ་ནི་ཟིན། ཡོན་བཤད་པ་མ་ཚར་བའི་བར་དེ་ལ་ཡུལ་པ་རྣམས་ཀྱིས་ཁྲུས་ཀྱི་རྫིང་བུ་བྱས་ཏེ་གྲོང་དཔོན་ལ་འབུལ་བའི་ཕོ་ཉ་སླེབ་ནས་དེའི་སར་ཕྱིན་ཏེ་རྫིང་འགྲམ་དུ་སྐྲ་བཀྲུ་བའི་སྐབས་འགྱུར་བྱེད་ཀྱི་འདག་རྫས་དག་མིག་ཏུ་སོང་ནས་འགགས་པ་ལ། དེ་དག་གིས་མཚོན་ཆ་བསྣུན་ཏེ་གྲོང་དཔོན་བསད་པ་ན་མཆོག་ཟུང་གཅིག་ལ་བསོད་སྙོམས་ཕུལ་བ་དེའི་མཐུ་ལས་འདི་དག་གསོད་པ་ཞིག་ཏུ་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་མ་ཐག་དེ་གནོད་སྦྱིན་གདུག་པ་ཅན་དུ་སྐྱེས་ནས་རྣམ་ཐོས་ཀྱི་བུ་ལ་གནས་སྩོལ་བར་ཞུས་པས། འབྲོག་གནས་ཉིད་བྱིན་ཏོ། །དེ་ནས་དེས་མི་ནད་ཆེན་པོ་བཏང་སྟེ་ཁྱོགས་ནས་ཁྱོགས་སུ་
འདོམས་པ་དག་བྱུང་ངོ༌། །ལྟས་མཁན་རྣམས་ལ་དྲིས་པས་གྲོང་དཔོན་ཤི་ནས་གནོད་སྦྱིན་དུ་སྐྱེས་པས་བྱས་སོ་ཞེས་བྱུང་ནས། དེ་དག་ཡུལ་གཞན་དུ་འབྲོས་པར་བརྩམས་པ་ནི་སྲིན་པོའི་གཟུགས་ཀྱིས་དངོས་སུ་འོངས་ནས་ལམ་བཀག་པས། གྲོང་དཔོན་བཟོད་པར་མཛོད་ཅིག་བྱས་པ་ལ་ཉིན་རེ་ལ་མི་སྟོང་སྟོང་འབུལ་ན་བཟོད་དོ། །དེ་ནས་མཐར་བརྒྱའི་བར་དུ་ཕབ་བོ། །དེར་འགའ་ཞིག་གིས་དེ་ལྟ་ན་གྲོང་ཁྱེར་སྟོངས་པར་འགྱུར་གྱི། བ་ལང་དྲུག་དང་ལྡན་པའི་ཤིང་རྟ་བཟའ་བཅས་བཀང་བ་རེ་དང༌། བ་གླང་ཁྲིད་པའི་མི་རེ་ཉིན་རེ་བཞིན་འབུལ་གྱི་བཟོད་པར་མཛོད་ཅིག །གནོད་སྦྱིན་ན་རེ། འོ་ན་ཁྱོད་ཀྱིས་དེ་དུད་མོ་མ་བྱེད་པར་བྲོ་གར་དང་གླུ་དང་རོལ་མོ་དང་བཅས་པས་ཕུལ་ཞིག དེ་རྣམས་ཀྱིས་ཀྱང་ཁས་བླངས་པས་ནད་ཡམས་ཆད་དོ། །དེ་ནས་གྲོང་པ་རྣམས་ལ་རེ་མོས་འབབ་པར་བྱས། ཁྱིམ་གྱི་མིང་བྱང་རྫ་མར་བཅུག་སྟེ་དཀྲོགས་ནས་གང་ཐོན་པ་དེ་ཚབ་མ་མི་བཏང་བར་རང་ངམ་བུ་འགྲོའོ་ཞེས་ཁྲིམས་སུ་བཅས་སོ། །དེ་ལྟར་བྱེད་ཅིང་དུས་འགའ་ཞིག་འདས་པ་ན། ཁྱིམ་བདག་ཅིག་ཡུལ་གཞན་དུ་སོང་བའི་དུས་ན་ཁྱིམ་དུ་ཆུང་མ་ལ་བུ་སྐྱེས་སོ། །དེ་རང་ཁྱིམ་དུ་འཁོར་བ་ན་ཁྱིམ་བྱད་སྒོ་ལ་བཏགས་པ་མཐོང་ངོ༌། །ནང་དུ་ཆུང་མས་དགྱེས་པར་མཛོད་ཅིག །བུ་བཙས་སོ། །དེ་ཅང་མི་སྨྲ་སྟེ་དྲིས་པས། འདི་ལྟར་རོ་ཞེས་བཤད། དེ་ནས་དེས་བུ་བཏང་བར་བྱས་ཏེ་ཕ་མ་དེ་དག་གིས་མཚན་མོ་ནམ་བསྲོས་པ་ན་ཁང་སྟེང་ནས་མཆོད་པ་བཤམས། སངས་རྒྱས་ལ་གུས་པ་ཆེན་པོས་བདག་གི་བུ་བསྐྱབ་ཏུ་གསོལ། ཞེས་གསོལ་བ་བཏབ་བོ། །ནངས་པར་བུ་དང་བཅས་པའི་ཤིང་རྟ་སོགས་སྔར་བཞིན་སོང་ངོ༌། །ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་མི་མཁྱེན་པ་མེད་པས། བཅོམ་ལྡན་འདས་འབྲོག་གནས་ཀྱི་གནོད་སྦྱིན་གྱི་གནས་སུ་བཞུད་པ་ན། དུས་དེར་འབྲོག་
གནས་གནོད་སྦྱིན་གྱི་མདུན་སར་སོང་བ་ལ་གནོད་སྦྱིན་བོང་བུས་རིངས་པར་བརྡ་བཏང་སྟེ། འབྲོག་གནས་ཕྱིར་ལྡོག་འོངས་པ་ན། རང་གི་གནས་ན་སངས་རྒྱས་བཞུགས་པ་མཐོང་ནས་བརྟག་པའི་ཕྱིར་དགེ་སྦྱོང་ཕྱིར་ཕྱུང་ཞིག་བྱས་པ་ན། སྟོན་པས་ཕྱིར་བྱོན་ཏོ། །ཡང་ནང་དུ་བཞུད་ཅིག་བྱས་པ་ན་ནང་དུ་ཞུགས་སོ། །དེ་ལྟར་ལན་གསུམ་སོང་ནས། ཡང་ཕྱིར་བྱུང་ཞིག་བྱས་པ་ན། བཀའ་སྩལ་པ། ཁྱོད་ཀྱིས་གནས་འདིར་ང་ལ་ལན་གསུམ་དུ་བྱིན་པ་ཡིན་ནོ། །ཞེས་གསུངས་ཏེ་མ་བཞེངས་སོ། །དེ་ན་རེ། ངས་དྲིས་པ་བཞིན་དུ་ལན་ཐོབ་ཅིག མ་ཡིན་ན་སྐལ་ལྡན་ཤིང་རྟའི་སླད་རོལ་དུ་འཕང་ངོ༌། །སྟོན་པས་ཁྱོད་ཀྱིས་དེ་ལྟར་མི་ནུས་ཀྱི། ཅི་འདོད་པ་ཞུས་ཤིག་ཅེས་སོ། །མདོ་སྡེ་འགའ་ཞིག་དང༌། གནས་སྐབས་གཞན་གྱི་ལོ་རྒྱུས་ལས། དེ་ལྟར་མི་ནུས་ཀྱི་ཞེས་གསུངས་པས་དེ་རབ་ཏུ་ཁྲོས་ཏེ་འཇིགས་པའི་གཟུགས་ཀྱིས་སྟོན་པའི་དྲུང་དུ་རྒྱུགས་པ་ན་དེས་སྟོན་པ་ཡི་དྭགས་ཆེས་མི་སྡུག་ཅིང་དྲག་ཤུལ་ཆེ་བ། ཞལ་དང་ཕྱག་སྣ་ཚོགས་པར་འདུག་པ་ཤིན་ཏུ་འཇིགས་སུ་རུང་བར་མཐོང་སྟེ་འཇིགས་སྐྲག་དངངས་ཏེ་དྲན་མེད་དུ་འགྱེལ་ལོ། །བརྒྱལ་བ་སངས་པ་ན། སྟོན་པས་བཀའ་སྩལ་པ་སོགས་འབྱུང་ངོ༌། །དེའི་ཚེ་དྲིས་ལན་གྱིས་དེའི་སེམས་དད་པར་མཛད་ནས། ཁྱོད་ཀྱིས་མཆོག་ཟུང་གཅིག་ལ་ཟན་བྱིན་པས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེ་བ་ལས་སྨོན་ལམ་ལོག་པས་འདིར་སྐྱེས་སོ། །དེ་ནས་དེ་སྐྱབས་སུ་སོང་ཞིང་བསླབ་པའང་བླངས། འབྲོག་གནས་པ་རྣམས་ལ་གནོད་པ་མི་བྱེད་པར་བྱས་སོ། །དེ་ནས་སྟོན་པའི་བཀའ་ལྟར་དེ་ཕྱིན་ཆད་ཟས་སྐོམ་གྱི་གཏོར་མ་བླངས་ཏེ་མི་དང་བ་ལང་མི་ལེན་ནོ། །དེ་ནས་ཁྱེའུ་དེ་གནོད་སྦྱིན་གྱི་ལག་ཏུ་བྱུང་བ་སྟོན་པ་ལ་ཕུལ། སྟོན་པས་ཕ་ལ་གནང་བས་དེའི་མིང་ལག་བརྒྱུད་ཅེས་བཏགས་སོ། །དེ་ལྟར་ན་སྐབས་འདིར་འབྱུང་རྒྱུ་འབྲོག་གནས་བཏུལ་བའི་
མཛད་པ་ནི་དེ་ཡིན་ནོ། །ང་གསུམ་པ་ལག་བརྒྱུད་བདེན་པ་ལ་བཀོད་པ་ནི། དེ་ནས་ལོ་མང་ཞིག་ལོན་པའི་ཕྱིས་ལག་བརྒྱུད་ཆེར་སྐྱེས་ཏེ་སྒྱུ་རྩལ་ལ་མཁས་པར་གྱུར། གྲོང་ཁྱེར་ཀཽ་ཤམྦཱི་ན་ཁྱིམ་བདག་གི་བུ་མོ་སྔོ་སངས་མ་ཞེས་བྱ་བ་བུད་མེད་མཆོག་ཅིག་ཡོད་པ་དེས་ཡུལ་སོ་སོའི་རྒྱལ་པོ་དང་ཚོང་དཔོན་སོགས་ཀྱི་གཟུགས་བྱས་ཏེ་སྐྱེ་བོའི་དབུས་སུ་ཁྱིམ་ཐབས་འདམ་པར་བྱས་པ་ལག་བརྒྱུད་ཀྱི་ཕྱོགས་སུ་མེ་ཏོག་གཏོར་རོ། །དེ་ནས་སྔོ་སངས་མ་ཀཽ་ཤམྦཱི་ནས་སོང་སྟེ་འབྲོག་གནས་སུ་ཕྱིན་པ་ན། སྟོན་པས་དགོངས་ཏེ། ལག་བརྒྱུད་འདི་སྔོ་སངས་མ་དང་འཕྲད་ན་ཕྱིས་བདེན་པའི་སྣོད་དུ་མི་འགྱུར་བར་མཁྱེན་ནས་ལག་བརྒྱུད་ལ་ཆོས་སྟོན་པར་བཞེད་པ་ལ། ལག་བརྒྱུད་ཤིང་རྟར་ཞུགས་ཏེ་ནམ་ལངས་མ་ཐག་གྲོང་ཁྱེར་གྱི་ཕྱི་རོལ་དུ་ཕྱིན་པ་དང༌། སྔོ་སངས་མ་ཤིང་རྟར་ཞུགས་ཏེ་ནང་དུ་འོངས་པའི་ཤིང་རྟའི་གཉའ་ཤིང་ཐུག་སྟེ་ཕན་ཚུན་དུ་དྲིས་པས། ངོ་ཤེས་ཏེ་ལག་བརྒྱུད་ཀྱིས་དེ་ལ་ཁྱོད་ཁྱིམ་དུ་སོང་ཤིག ང་མྱུར་དུ་འོང་གི་ཟེར་ནས་སྟོན་པའི་སྤྱན་སྔར་སོང་སྟེ། སྟོན་པས་ལག་བརྒྱུད་ལ་ཆོས་བསྟན་པ་ན། དེས་ཕྱིར་མི་འོངས་གི་འབྲས་བུ་ཐོབ་བོ། །དེར་ལག་བརྒྱུད་ཁྱིམ་དུ་འཁོར་དུ་དགའ་སྟོན་ནི་རྒྱ་ཆེར་བྱས་ན། དེས་སྔོ་སངས་ཅན་ལ་སྨྲས་པ། ངས་ནི་ཕྱིར་མི་འོང་གི་འབྲས་བུ་ཐོབ་པས་འདོད་པ་ལ་མི་སྤྱོད་ཀྱི། ཁྱོད་ཕའི་ཁྱིམ་དུ་འགྲོ་བར་འདོད་ནའང་སོངས་ཞིག འདི་ཉིད་དུ་འདུག་པར་འདོད་ནའང་མིང་པོའི་འདུ་ཤེས་ཀྱིས་འདུག་ཅིག སྔོ་སངས་མ་ཡང་འདོད་པ་ལ་ཆགས་པ་ཤས་ཆུང་བས། བདག་གིས་འཕགས་པ་འདི་ལྟ་བུ་བཀུར་བའི་འོས་སུ་རྙེད་པ་ནི་ལེགས་སོ་སྙམ་ནས། སློབ་དཔོན་གྱི་ཚུལ་ལམ་མིང་པོའི་འདུ་ཤེས་ཀྱིས་ལག་བརྒྱུད་ལ་བཀུར་བསྟི་བྱེད་ཅིང་དེར་འདུག་གོ །སྐབས་དེ་ནི་སྟོན་པས་འབྲོག་གནས་ཀྱི་གཙུག་ལག་ཁང་དུ་དབྱར་གནས་པ་མཛད་པའི་དུས་ཏེ། འབྲོག་གནས་ཀྱི་སྐྱེ་བོ་རྣམས་ཀྱིས་རྒྱ་ཆེར་
མཆོད་ཅིང་ཕྱོགས་དེར་ཡང་ལྷ་དང་མི་དཔག་ཏུ་མེད་པ་བདེན་པ་ལ་བཀོད་དོ། །དེ་ནས་མི་རིང་བ་ཞིག་ན་ལག་བརྒྱུད་འབྲོག་གནས་ནས་དུས་ལས་འདས་ཏེ། གནས་གཙང་མའི་ནང་ཚན་མི་གདུང་བའི་ལྷར་སྐྱེས་སོ། །དུས་གཞན་ཞིག་ན། བཅོམ་ལྡན་འདས་འབྲོག་གནས་སུ་བྱོན་པ་དེ་ཆོས་ཉན་པའི་ཕྱིར་འོངས་ཏེ་ལུས་གསེར་གྱི་མདོག་ལྟར་སྣང་བ་འོད་རབ་ཏུ་འབར་བས་ལྟ་བར་དཀའ་བ། རི་བོ་དང་ས་གཞི་སོགས་གང་ལའང་ཐོགས་པ་མེད་པར་འོངས་ནས། སྟོན་པའི་སྤྱན་སྔར་འཁོད་པ་ན། འདོད་པའི་ཁམས་ཀྱི་ས་གཞི་ལ་འདུག་པར་དཀའ་བ་ལ། སའི་འདུ་ཤེས་སྐྱེད་ཅིག་པར་བཀའ་སྩལ་ནས། དེར་དེ་འདུག་པ་ལ་ཆོས་ཀྱི་གཏམ་རྒྱ་ཆེར་མཛད་དོ། །དེ་རབ་ཏུ་དགའ་ཞིང་མགུ་ནས། དེ་ཉིད་དུ་མི་སྣང་ལ་མི་གདུང་བའི་གནས་སུ་སྣང་བར་གྱུར་ཏོ། །ང་བཞི་པ་གྲོང་ཁྱེར་སྒྲ་སྒྲོགས་པའི་ལོ་རྒྱུས་ནི། ཡང་བཅོམ་ལྡན་འདས་འོད་མའི་ཚལ་ན་བཞུགས་སོ། །སྔོན་གྲོང་ཁྱེར་སྒྲ་སྒྲོགས་དང༌། རྒྱལ་པོའི་ཁབ་གཉིས་འབྱོར་རྒུད་རེས་མོས་སུ་ཡོང་པ་ཞིག་ཡོད་པ་ལས། སྐབས་དེར་གཉིས་ཀ་ཤིན་ཏུ་དར་བར་གྱུར་ཏོ། །དེའི་ཚེ་སྒྲ་སྒྲོགས་ན་རྒྱལ་པོ་ཨུ་ཏྲ་ཡ་ཎ་ཡོད་དེ། ཕྱོགས་དེར་ཡུལ་དབུས་ཀྱི་ཚོང་པ་ལྷགས་པ་རྣམས་སླར་ལྡོག་པའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སྒྲོམ་རིན་པོ་ཆེས་གང་བ་སྐྱེས་སུ་བསྐུར་ཏེ། ཁྱེད་ནི་མ་མཐོང་བའི་གྲོགས་ལགས་སོ། །གྲོང་ཁྱེར་སྒྲ་སྒྲོགས་སུ་ཁྱེད་ལ་བགྱི་བ་ཅུང་ཟད་མཆི་ན། ཐམས་ཅད་བདག་གིས་སྒྲུབ་བོ་ཞེས་བྱས་སོ། །ཡང་གཟུགས་ཅན་སྙིང་པོས་ཀྱང་གོས་ཁྱད་པར་ཅན་མང་པོས་རབ་ཏུ་གང་བའི་སྒྲོམ་སྐྱེས་སུ་བསྐུར་ཏེ། སྔར་སྐད་སྤྲིངས་སོ། །དེའང་སྒྲ་སྒྲོགས་ན་ནི་རིན་པོ་ཆེ་མོད་ལ། གོས་མཆོག་དཀོན། མ་ག་དྷ་ན་ནི་དེ་ལས་ལྡོག་གོ །དེ་ལྟར་ཚོང་པ་རྣམས་ལ་སྐྱེས་ཕན་ཚུན་དུ་བསྐུར་རེས་བྱས་པ་ལས། དུས་ལན་གཅིག་
ཨུ་ཏྲ་ཡ་ཎས་མ་ག་དྷཱའི་ཚོང་པ་རྣམས་ལ་དྲིས་པ། ཁྱེད་ཀྱི་རྒྱལ་པོ་ལུས་ཀྱི་ཆུ་ཞེང་ཅི་འདྲ། དེ་དག་གིས་ལྷ་ཉིད་ཅི་འདྲ་བ་དེ་འདྲ་སྟེ། འོན་ཀྱང་རྒྱལ་པོ་གཞན་དག་གཡུལ་འཐབ་དགོས་སོ། །དེ་ནས་ཨུ་ཏྲ་ཡ་ཎས་གོ་ཁྲབ་རིན་པོ་ཆེ་དུས་ཚིགས་སུ་ལུས་ལ་རེག་ན་བདེ་བ་དང༌། བཅད་པར་དཀའ་བ་དང༌། འབུགས་པར་དཀའ་བ་དང༌། དུག་འཇིལ་བ་དང༌། སྣང་བའི་བདག་ཉིད་དེ་ཡན་ལག་ལྔ་དང་ལྡན་པ་ཞིག་སྐྱེས་སུ་བསྐུར་ཏེ། འདི་རང་ཉིད་བཅང་བ་ལས་གཞན་སུ་ལའང་མ་སྩོལ་ཅིག་བྱས་སོ། །དེ་ནས་ཚོང་པ་རྣམས་འཁོར་ཏེ་དེ་ཕུལ་བ་ན། གཟུགས་ཅན་སྙིང་པོས་རིན་ཐང་རྟོག་པ་པོ་དག་པོས་དེ་བརྟགས་ན། ཐམས་ཅད་ཀྱིས་རིན་ཐང་མི་ཐེབས་པར་བཅད་དོ། །དེ་ནས་གཟུགས་ཅན་སྙིང་པོས་དེ་ལ་དོད་མཚུངས་པའི་སྐྱེས་ལན་བསྐུར་རྒྱུ་མ་རྙེད་ནས་མི་དགའ་བར་གྱུར་པ་ལ། བྲམ་ཟེ་དབྱར་བྱེད་ཀྱིས་ཞུས་པ། ལྷ་ཉིད་ཀྱི་ཡུལ་དུ་སངས་རྒྱས་བྱོན་པས་དེའི་སྐུ་གཟུགས་བྲིས་ལ་སྐུར་ཞིག །རྒྱལ་པོས་སྟོན་པ་ལ་ཞུས་པས་ལེགས་སོ་ཞེས་གནང་སྟེ། ལྷ་བཟོ་བ་དག་བོས་ནས་འབྲིར་བཅུག་པ་ལ། ཅི་ཙམ་བརྟགས་ཀྱང་མཚན་མ་བཟུང་བར་མ་ནུས་ནས། ཡི་ཆད་པ་ལ། སྟོན་པས་སྐུ་ཇི་ལྟ་བུའི་འོད་ཀྱི་གཟུགས་བརྙན་བཏང་བ་དེའི་སྟེང་དུ་རི་མོ་བ་རྣམས་ཀྱིས་ཚོན་རྩིས་བཀང་སྟེ། རས་བྲིས་ཀྱི་སྐུ་གཟུགས་ཟིན་པར་མཛད་དོ། །སྐུ་གཟུགས་ཀྱི་འོག་ཏུ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལྔ་དང༌། རྟེན་འབྲེལ་ལུགས་འབྱུང་ལུགས་ལྡོག་གི་ཚིག་རྣམས་ཡི་གེར་བྲིས་སོ། །སྟེང་དུ་ནི། བརྩམ་པར་བྱ་ཞིང་དབྱུང་བར་བྱ་ཞེས་པ་ལ་སོགས་པ་སོ་སོར་ཐར་པའི་ཚིགས་བཅད་གཉིས་བྲིས་སོ། །དེར་ཕོ་ཉ་ལ་བྲིས་སྐུ་འདི་སྒྲ་སྒྲོགས་ཀྱི་ས་ཕྱོགས་ཡངས་པར་ཁ་ཕྱེ་ལ། འདི་དང་འདི་ཇི་ལྟར་ཡིན་ཅིས་འདྲི་ན། འདི་དང་འདི་ལྟ་བུ་དག་གོ་རྗོད་ཅིག་ཅེས་སོགས་རྒྱས་པར་བསླབས་ནས། བྲིས་སྐུ་དྲི་བཟང་སྣ་ཚོགས་ཀྱིས་བགོས་ཏེ་ལེགས་པར་གྲིལ་ནས་གསེར་
དང་དངུལ་དང་ཟངས་ཀྱི་དོང་བུར་རིམ་པས་བཅུག །གོས་མཆོག་སྣ་ཚོགས་ཀྱིས་དཀྲིས། གྲོང་ཁྱེར་མཛེས་པར་བྱེད་པ་སོགས་བཀུར་བསྟི་ཆེན་པོ་དང་བཅས་ཏེ་སྐྱེས་སུ་བསྐུར་བ་ལས་རིམ་གྱིས་སྒྲ་སྒྲོགས་སུ་ཕྱིན་ཞིང་འཕྲིན་གྱི་ཡི་གེ་སྔར་ཁྱེར་ཏེ་རྒྱལ་པོ་ཨུ་ཏྲ་ཡ་ཎ་ལ་ཕུལ་བ་ལས། འཇིག་རྟེན་གསུམ་ན་ཆེས་ཁྱད་པར་དུ་འཕགས་པའི་སྐྱེས་བསྐུར་ཡོད་ན། དཔག་ཚད་ཕྱེད་དང་གསུམ་ལམ་མཛེས་པར་བྱེད་པ་དང༌། བདག་ཉིད་དཔུང་དང་བཅས་པས་བསུ་བ་མཛོད། ས་ཕྱོགས་ཡངས་པར་བཀུར་བསྟི་ཆེན་པོ་དང་བཅས་ཏེ་ཁ་དབྱེ་བར་མཛོད། ཅེས་བྱ་བ་འདུག་ནས། ཨུ་ཏྲ་ཡ་ཎ་ནི་དེ་ཙམ་པའི་སྐྱེས་ཅི་ཞིག་བསྐུར་ན། འདིས་ངལ་བརྙས་སོ་སྙམ་ཁྲོས་ཏེ་དམག་ཤོམས་ཤིག་ཟེར་བ་ལ་བློན་པོ་རྣམས་ན་རེ། རྒྱལ་པོ་དེ་ནི་བདག་ཉིད་ཆེན་པོ་ཞིག་ལགས་ཞེས་གདའ་ན། སྐྱེས་ངན་ངོན་ཞིག་མི་བསྐུར་བས་དང་པོར་གཟིགས་ཤིང་བརྟགས་ལ་ཐུགས་མ་མཉེས་ན་དེ་ལྟར་བགྱིའོ། །དེར་ཡི་གེའི་ནང་ནས་ཇི་སྐད་བསྒོ་བ་བཞིན་བྱས་ཏེ། ས་ཕྱོགས་ཡངས་པ་ཞིག་ཏུ་རས་བྲིས་དེ་ཤིང་རིང་པོ་ལ་གཟར་ཏེ་ཞལ་ཕྱེ་བ་ན། ཡུལ་དབུས་ཀྱི་ཚོང་པ་དག་གིས་མཐོང་ནས། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྐད་ཕྱུང་ངོ༌། །རྒྱལ་པོས་སངས་རྒྱས་ཞེས་བྱ་བའི་སྒྲ་སྔར་མ་ཐོས་པ་དེར་ཐོས་ནས་སྤུ་ཟིང་ཞེས་བྱེད་ཅིང་མིག་འབྲུ་ཚུགས་སུ་ལྟའོ། །སངས་རྒྱས་ཞེས་བྱ་བ་སུ་ཞིག དེར་སྟོན་པའི་ཡོན་ཏན་བསྙད་ཅིང༌། འོག་གི་ཡི་གེ་འདི་ཅི་ཞེས་པ་ལ་སྐྱབས་འགྲོ་དང་བསླབ་གཞི་ནི་བསྒྲུབ་པར་བྱ་བ་ཡིན་པ་དང༌། རྟེན་འབྲེལ་ནི་བསམ་པར་བྱ་བ་དང༌། སྟེང་གི་ཡི་གེ་ནི་ཁྱད་པར་ཐོབ་པས་མངོན་པར་སྤྲོ་བར་བྱ་བ་ཡིན་པར་བརྡ་སྤྲད་དོ། །དེའི་ཚེ་བྲིས་སྐུའི་སྟེང་གི་ནམ་མཁའ་ནས་ལྷ་མང་པོས་མཆོད་པར་བྱས་སོ། །དེ་ནས་བྲིས་སྐུ་ཕོ་བྲང་གི་ཁང་བཟང་དུ་སྤྱན་དྲངས། མཆོད་པ་དུ་མས་ཡོངས་སུ་མཆོད་དེ། རྒྱལ་པོ་ཉིད་གཙང་སྦྲ་དང་བཅས་
པས་སྐྱབས་འགྲོ་དང་བསླབ་གཞི་བདག་ཉིད་ཀྱིས་བླངས། རྟེན་འབྲེལ་བཅུ་གཉིས་ཀྱི་དོན་བསམས་པས་དེ་ཉིད་ཀྱི་མཚན་མོ་འདས་པའི་མཐར་རྒྱུན་དུ་ཞུགས་པའི་འབྲས་བུ་ཡང་ཐོབ། དེ་བདེན་པ་མཐོང་བ་དང་ཆེད་དུ་བརྗོད་པ། རིང་ན་བཞུགས་པའི་སངས་རྒྱས་ཀྱིས། །ཤེས་རབ་མིག་ནི་རྣམ་པར་སྤྱངས། །གང་ལ་དེ་འདྲའི་གསོས་མངའ་བ། །སྨན་པའི་མཆོག་ལ་ཕྱག་འཚལ་ལོ། །ཞེས་ཆེད་དུ་བརྗོད་དོ། །དེ་ནས་རྒྱལ་པོ་ཨུ་ཏྲ་ཡ་ཎས་གཟུགས་ཅན་སྙིང་པོ་ལ་ཁྱོད་ཀྱི་དྲིན་གྱིས་བདག་གིས་བདེན་པ་མཐོང་སྟེ། ད་དུང་དགེ་སློང་དག་མཐོང་བར་འདོད་པས་འདིར་བཏང་བར་རིགས་སོ་ཞེས་འཕྲིན་བསྐུར་བས། གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་གསོལ་བ་ན། འཕགས་པ་ཀཱ་ཏྱ་ཡ་ན་འཁོར་ལྔ་བརྒྱ་དང་བཅས་པ་མངགས་སོ། །དེ་ནས་ལམ་དུ་བསོད་སྙོམས་སྤྱོད་ཅིང༌། རིམ་གྱིས་སྒྲ་སྒྲོགས་སུ་བྱོན་པ་ན། བཀུར་བསྟི་ཆེན་པོས་བསུས་ཏེ་སྤྱན་དྲངས་ཞབས་ལ་གཏུགས་མཆོད་པ་དུ་མས་མཆོད་དོ། །དེ་ནས་ཡུལ་དེར་འཕགས་པ་ཀཱ་ཏྱ་ཡ་ནས་བྲམ་ཟེ་དང་ཁྱིམ་བདག་སོགས་སྐྱེ་བོ་མང་པོ་ལ་ཆོས་བསྟན་པས་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དཔག་ཏུ་མེད་པ་ཞིག་བྱུང་ངོ༌། །དེའི་ཚེ་ཁྱིམ་བདག་རྒྱལ་དང་སྐར་རྒྱལ་ཞེས་བྱ་བ་གཉིས་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ། འབར་བ་དང་གསལ་བ་ལ་སོགས་པའི་ཆོ་འཕྲུལ་དུ་མ་བསྟན་ནས་མྱ་ངན་ལས་འདས་ཤིང་དེ་གཉིས་ཀྱི་མཆོད་རྟེན་ཡང་བྱས་ཏེ་སྐྱེ་བོ་རྣམས་མཆོད་པར་བྱེད་དོ། །དེ་ནས་བཙུན་མོའོ་འཁོར་རྣམས་ཆོས་ཉན་པར་འདོད་ནས་འཕགས་པ་ཀཱ་ཏྱ་ཡ་ན་ལ་ཞུས་པས། དགེ་སློང་ཕ་བཙུན་མོའི་འཁོར་དུ་འགྲོ་བར་མ་གནང་ངོ༌། །འོ་ན་ཡུལ་དབུས་སུ་སུས་སྟོན། དགེ་སློང་མས་སྟོན་ནོ། །དེ་ནས་ཡང་གཟུགས་ཅན་སྙིང་པོ་ལ་དགེ་སློང་མ་དག་རྫོང་བར་ཞུས་པ་ན། དེས་ཀྱང་བཅོམ་ལྡན་འདས་ལ་ཞུས་ཏེ།
དགེ་སློང་མ་རི་མ་འཁོར་ལྔ་བརྒྱ་དང་བཅས་པ་མངགས་སོ། །དེར་དེ་དག་ལམ་དུ་བསོད་སྙོམས་སྤྱོད་ཅིང་སོང་བ་ལས་སྔ་མ་ལྟར་བཀུར་བསྟི་ཆེན་པོས་སྤྱན་དྲངས། དབྱར་ཁང་ཡང་ལྔ་བརྒྱ་བྱས་སོ། །དེས་རྒྱལ་པོའི་བཙུན་མོ་རྣམས་ལ་ཆོས་བསྟན་ཏེ། གཞན་ཡང་བུད་མེད་ཀྱི་ཚོགས་མང་པོ་རྣམས་ལའང་བསྟན་པས་སྐྱེ་བོ་མང་པོ་ཞིག་བདེན་པ་ལ་བཀོད་དོ། །རྒྱལ་པོ་ཨུ་ཏྲ་ཡ་ཎ་ནི་པི་ཝང་ལ་མཁས། བཙུན་མོ་ཟླ་འོད་ནི་གར་ལ་མཁས་པ་ལས། དེ་ནས་དུས་རིང་ཞིག་ན་རྒྱལ་པོས་པི་ཝང་བརྡུངས། ཟླ་འོད་ཀྱིས་གར་བྱས་པ་ན། རྒྱལ་པོ་ནི་བརྟག་པ་ལ་མཁས་པས་བརྟགས་པ་ན། དེ་ཞག་བདུན་ནས་འཆི་བར་ཤེས་ཏེ། ལག་ནས་པི་ཝང་ལྷུང་ངོ༌། །དེས་དེའི་རྒྱུ་མཚན་དྲིས་པ་ན། རྒྱལ་པོས་བཤད་པས་དེར་རབ་ཏུ་འབྱུང་བར་ཞུས་པ་རྒྱལ་པོས་གནང་སྟེ། དགེ་སློང་མ་རི་མས་རབ་ཏུ་བྱུང་བསྙེན་པར་རྫོགས་ཏེ། ཞག་བདུན་ནས་དུས་ལས་འདས་པ་རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེས་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པས་བདེན་པ་མཐོང་ངོ༌། །དེ་ནས་ལྷ་དེ་རྒྱལ་པོ་ཨུ་ཏྲ་ཡ་ཎ་གཉིད་ལོག་པའི་སྔས་མགོར་སོང་ནས་གཉིད་སད་པར་བྱས་པ་ན། ཁྱོད་སུ་ཡིན་ཞེས་དྲིས་པས། བདག་ནི་ཟླ་འོད་དེང་ནི་ལྷར་སྐྱེས་སོ། །རྒྱལ་པོ་ཉིད་ཀྱང་རབ་ཏུ་བྱུང་ཞིག་ཅེས་ཟེར་ཏེ་མི་སྣང་བར་སོང་ངོ༌། །དེ་ནས་ཨུ་ཏྲ་ཡ་ཎས་རང་གི་སྲས་གཙུག་ཕུད་ཅན་རྒྱལ་རིགས་ལ་བསྐོས། བློན་པོ་ཧེ་རུ་ཀ་དང་བྷི་རུ་ཀ་བསྐོས་ཏེ། ཆོས་ཀྱི་རྒྱལ་སྲིད་གྱིས་ཤིག་ཅེས་གདམས་ནས་གཡོག་གཅིག་དང་ལྷན་ཅིག་ཏུ་སོང་ནས་རྒྱལ་པོའི་ཁབ་ཏུ་འོངས། རྒྱལ་པོ་གཟུགས་ཅན་སྙིང་པོས་བཀུར་སྟི་ཆེན་པོ་དང་བཅས་ཏེ་བསུས་ནས། རབ་ཏུ་འབྱུང་བའི་དོན་དུ་བྱོན་པ་ལ་རྗེས་སུ་ཡི་རང་བ་ཕུལ། ནངས་པར་གཟུགས་ཅན་སྙིང་པོ་དང་ཨུ་ཏྲ་ཡ་ཎ་ལྷན་ཅིག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བྱོན། དོན་དེ་གསོལ་བས་
སྟོན་པས་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་དོ། །དེ་ནས་ཨུ་ཏྲ་ཡ་ཎ་བརྩོན་པ་དང་ལྡན་པས་དུས་གཞན་ཞིག་ན་ཕྱིར་མི་འོང་བའི་འབྲས་བུ་ཐོབ་བོ། །གཏམ་འདིའང་འཕགས་རྒྱལ་བཏུལ་བ་དང་འདྲ་སྟེ། ཡུལ་དེར་སྟོན་པས་ཞབས་ཀྱིས་དངོས་སུ་མ་བཅགས་པའི་རྣམ་གཞག་དང་བསྟུན་ན། ཀཱ་ཏྱ་ཡ་ནའི་མཛད་པ་ཉིད་སྟོན་པའི་མཛད་པ་ཡིན་པ་དང༌། འགྲོ་ཕན་རླབས་པོ་ཆེ་ཡིན་པའི་ཕྱིར་བཀོད་དོ། །ང་ལྔ་པ་སེང་གེ་བཏུལ་བ་ནི། བཅོམ་ལྡན་འདས་མཉན་ཡོད་ནས་རྒྱལ་པོའི་ཁབ་ཀྱི་བར་དུ་གཤེགས་པར་བཞེད་པ་ལ། དོན་མཐུན་ཚོང་པ་བཅོམ་ལྡན་འདས་དང་ལྷན་ཅིག་འབབས་པར་འདོད་པ་རྣམས་ཀྱིས་ཞལ་ཟས་འབུལ་བར་ཞུས་ཤིང་གནང་ནས། སྟོན་པ་དགེ་འདུན་དང་ལྷན་ཅིག་གཤེགས་པའི་ཚེ། ཀུན་དགའ་བོ་ནི་དོན་མཐུན་ཚོང་པ་རྣམས་དང་ལྷན་ཅིག་སོང་བ་ལས། ལམ་ཁ་ཕྲག་ཞིག་ཏུ་སླེབ་ནས་བསྡད་དེ། སྟོན་པ་འཁོར་བཅས་ཕེབས་པ་ན། ལམ་ཁ་གཉིས་སུ་གྱེས་པ་ལས་འདི་ནི་ལམ་དྲང་ལ་སེང་གེའི་འཇིགས་པ་དང་བཅས་ཤིང༌། གཅིག་ཤོས་འདི་ནི་འཁྱོག་ཆེ་ལ་བདེ་བ་ལགས་ན། གང་ནས་བཞུད་ཅེས་ཞུས་པ་ན། དེ་བཞིན་གཤེགས་པ་སེང་གེའི་འཇིགས་པ་དང་བྲལ་བ་ཡིན་ནོ། །ཞེས་གསུངས་ནས་ལམ་དྲང་པོ་ནས་གཤེགས་སོ། །དེ་བཞིན་གཤེགས་པ་དང་ལྷན་ཅིག་ཏུ་འགྲོ་བ་ནི་འཇིགས་པ་བཅོ་བརྒྱད་དང་བྲལ་བ་ཡིན་ཏེ། དེའི་ཕྱིར་རབ་བྱུང་དང༌། མུ་སྟེགས་པ་དང༌། ཁྱིམ་པ་དང༌། ཚོང་པ་དང༌། སློང་མོ་བ་ལ་སོགས་པ་སྐྱེ་བོ་མང་པོ་ཡང་ཕྱི་བཞིན་འབྲང་ངོ༌། །དེའི་ཚེ་བྱིས་པ་གཉིས་སྟོན་པ་ལ་ཤིན་ཏུ་དད་པས་གཅིག་གིས་ནི་རྔ་པ་ཊ་ཧ་ཐོགས། གཅིག་གིས་ནི་མདའ་ཆུང་གཞུ་ཆུང་ཐོགས་ཏེ། སྟོན་པའི་ལམ་སེལ་བདག་ཅག་གིས་བགྱིའོ་ཞེས་ཞུས་ནས། གཅིག་གིས་རྔ་བརྡུངས། གཅིག་གིས་གཞུ་བཀུག་སྟེ་སྟོན་པའི་སྐུ་མདུན་ནས་འགྲོའོ། །
དེ་ནས་ཅུང་ཟད་སོང་ནས། བཀའ་སྩལ་པ། ཁྱེའུ་གཉིས་ཕྱིར་ལྡོག་ཅིག་ང་ལ་སེང་གེའི་འཇིགས་པ་མེད་དོ། །དེ་གཉིས་ཀྱིས་ཀྱང་ཞབས་ལ་ཕྱག་བྱས་ཏེ་ཕྱིར་ལྡོག་གོ །དེ་ནས་བཅོམ་ལྡན་འདས་ཞལ་འཛུམ་པ་མཛད་དེ་འོད་ཟེར་བཀྱེ་ནས་འཕྲིན་ལས་གཉིས་བྱས་ཏེ་མཛོད་སྤུར་ནུབ་བོ། །ཀུན་དགའ་བོས་དེའི་རྒྱུ་ཞུས་པས། ཁྱེའུ་འདི་གཉིས་ནི་བསྐལ་པ་བཅུ་གསུམ་གྱི་འོག་ཏུ་རང་རྒྱལ་རྔ་སྒྲ་དང་མི་འཇིགས་པ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །དེའི་ནུབ་མོ་ནགས་ཀྱི་མཐོངས་སུ་ཐམས་ཅད་ཀྱིས་གནས་བཏབ་སྟེ་འདུག་པ་ལས། དགའ་བོ་དང་ཉེར་དགའ་དང༌། འགྲོ་མགྱོགས་དང༌། འཆར་ཀ་དང༌། འདུན་པ་དང༌། ནབས་སོ་སྟེ་དྲུག་སྡེ་རྣམས་ཀྱིས་ཤིང་སྐམ་ཁོང་སྟོང་ཞིག་གི་ཉེ་སྐོར་གནས་མལ་དུ་ཐོབ་ནས། དེ་དག་སྦྲེབས་ཏེ་མེ་བཏང་བ་དང༌། ཤིང་གི་ཁོང་སྟོང་ན་དུག་སྦྲུལ་ཡོད་པ། དུ་བས་གནོད་དེ་སྟེང་གི་ཡལ་གའི་བུ་ག་ནས་ཕྱིར་འཐོན་ཏེ་འཕྱང་ཞིང་འཕྱང་ཞིང་འདུག་པ་ན་དྲུག་སྡེས་བྱུང་ངོ་ཞེས་སྒྲ་ཆེན་པོ་བྱུང་བས། སྐྱེ་བོ་རྣམས་སེང་གེ་བྱུང་སྙམ་ནས་སྐྲག་སྟེ་བྲོས་པ་ལ། སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཕྱིར་ལྡོག་ཅིག་ཅེས་གསུངས་པས་ཐམས་ཅད་རྣལ་དུ་འཁོད་དོ། །དེ་ནས་ནངས་པར་སྐྱེ་བོ་རྣམས་ལ་ཁྱེད་ཅག་མང་ཡང་མདུན་དུ་མ་འགྲོ་ཅྀག །དེ་བཞིན་གཤེགས་པ་ཀུན་གྱི་མདུན་དུ་གཤེགས་སོ་ཞེས་བསྒྲགས་ནས་ཐམས་ཅད་ཀྱི་སྔོན་དུ་གཤེགས་པ་ན། སེང་གེ་རལ་པ་ཅན་ཞིག་རྔམ་ཞིང་འཁྲུགས་ནས་སྟོན་པའི་སྤྱན་སྔར་རྒྱུག་ཅིང་བྱུང་བ་ན། ཕྱག་གཡས་པའི་མཐིལ་ནས་སེང་གེ་རལ་བ་ཅན་ལྔ་སྤྲུལ་པས་དྲི་ཚོར་བ་ཙམ་གྱིས་བྲོས་ཏེ་སོང༌། ཕྱོགས་བཞི་མེས་འཁོར་བར་སྤྲུལ་པས་འགྲོ་ས་མེད་དེ་སླར་ཡང་ལྡོག་ནས། སྟོན་པའི་ཞབས་དྲུང་འབའ་ཞིག་ཞི་བར་ཤེས་ཏེ་ཞབས་ལ་བཏུད་དོ། །ཕྱག་གཡས་པས་མགོ་ལ་བྱུགས་ཏེ། ཁྱོད་སྔོན་གྱི་ཉེས་སྤྱད་ཀྱིས་དུད་འགྲོར་སྐྱེས་ན། ད་དུང་
གཞན་གྱི་སྲོག་འཕྲོག་པས་འགྲོ་བ་ཅིར་འགྱུར། ང་ལ་དད་པར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དགེ་སློང་རྣམས་ཀྱིས་དེ་ལ་རེག་པས་སྐད་འདོན་པ་ན། སེང་གེ་ནི་བསྟེན་པར་དཀའ་ཡི་རཻག་པར་མི་བྱའོ། །ཞེས་གསུངས། དེ་ནས་སྟོན་པས་སེང་གེ་ལ་མི་རྟག་པ་ལ་སོགས་པའི་ཆོས་བསྟན་པས། དེ་དགའ་བཞིན་དུ་ཟས་མ་ཟོས་པར་ཤི་བས་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷར་སྐྱེས་ཏེ། སྤྱན་སྔར་འོངས་ཤིང་ཕྱག་དང་མཆོད་པ་བྱེད་པ་ལ། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པས་རྒྱུན་དུ་ཞུགས་པ་ཐོབ་བོ། །ང་དྲུག་པ་ཤེད་བུ་སེར་སྐྱ་ཉར་སྐྱེས་པ་ནི། བཅོམ་ལྡན་འདས་ཡངས་པ་ཅན་གྱི་སྤྲེའུའི་རྫིང་འགྲམ་གྱི་ཁང་བ་བརྩེགས་པ་ན་བཞུགས་སོ། །དེའི་ཚེ་ཉ་པ་ལྔ་བརྒྱ་ཆུ་ཀླུང་ཡིད་འོང་ལྡན་ལ་རྒྱ་མོ་སྤྱོད་པ་དང༌། སྤྱོད་པ་ཆུང་བ་ཞེས་བྱ་བའི་ཉ་དོལ་ཆེན་པོ་གཉིས་རེ་མོས་སུ་འདེབས་པ་ཞིག་ཡོད་པ་ལས། ལན་གཅིག་དུས་སྟོན་བྱུང་བས་ཉ་ཤ་ཉོ་མཁན་མང་པོ་འབྱུང་བར་ཤེས་ནས། གཉིས་ཀ་བཏབ་པ་ལས་ཆུང་བས་ནི། ཉ་དང་རུས་སྦལ་ལ་སོགས་པ་སྲོག་ཆགས་འབྲུའི་ཕུང་པོ་ཙམ་ཟིན་ཏོ། །ཆེ་བས་ནི་རྒྱ་མཚོ་ནས་འོངས་པའི་ཆུ་སྲིན་ཉའི་རིགས་ཅིག་གཉིད་ལོག་པ་ཟིན་ནས། དོལ་ནས་འཐེན་པས་དེ་གཉིད་སད་དེ། མི་ཕྱེད་དང་སུམ་བརྒྱ་པོ་དེ་རྒྱུན་ཕྱོགས་སུ་ཁྱེར་རོ། །དེ་རྣམས་ཀྱིས་རམ་ཟླ་ཟློག་པས། ཉ་པ་ཕྱེད་དང་ཉིས་བརྒྱ་པོ་གཞན་དེས་ཀྱང་དྲངས་མོད། མ་ཐུབ་སྟེ་དེ་དག་གི་ཀྱང་རམ་ཟླ་བཏང་བས་སྐྱེ་བོ་བརྒྱ་སྟོང་ཕྲག་དུ་མས་གྲོགས་བྱས་ཏེ་དྲངས་པས་རྒྱ་མོ་རལ་བཞིན་དུ་ཉ་དེ་སྐམས་ལ་ཐོན་ནོ། །ཆུ་སྲིན་ཉ་དེ་ལ་ནི་མགོ་བཅོ་བརྒྱད་ཡོད་དེ། གླང་ཆེན་རྟ་དང་རྔ་མོང་བོང་བུ་གླང༌། །སྤྲེའུ་སེང་གེ་སྟག་དོམ་དྲེད་དང་གུང༌། །བྱི་ལ་ར་ལུག་རི་དྭགས་མ་ཧེ་དང༌། །ཕག་དང་ཁྱི་མགོ་མིག་ནི་སོ་དྲུག་ཡོད། །དེར་མུ་སྟེགས་བྱེད་སོགས་སྐྱེ་བོ་དུ་མ་ལྟད་མོ་ལ་ལྷགས་སོ། །དེ་ནས་སྟོན་པས་འཛུམ་པར་མཛད་པའི་འོད་ཟེར་མཐར་ལྟེ་བར་ནུབ།
ཀུན་དགའ་བོས་རྒྱུ་ཞུས་པས། ད་ཆུ་ཀླུང་རྒྱུ་བར་གཤེགས་ཀྱི་དགེ་སློང་རྣམས་ཆོས་གོས་ལོངས་ཤིག །ཅེས་བཀའ་སྩལ་ནས། སྟོན་པ་འཁོར་བཅས་ཕྱོགས་དེར་གཤེགས་སོ། །མ་དད་པ་དག་ཁ་ཟེར་ཞིང༌། ཕལ་ཆེར་དག་དོན་ཁྱད་པར་ཅན་ཡོད་དོ་སྙམ་མོ། །ཐུབ་པ་ལྟད་མོ་བྲལ་བའི་དགོངས་ལྡན་པ། །ལྟད་མོ་མེད་ལ་སྐྱེ་ངན་དོན་མེད་སྨྲ། །གཞན་ཕན་དེ་ལ་གཞོལ་བའི་རྒྱལ་བ་ནི། །ལུས་ཅན་ཕན་ཕྱིར་ངེས་པར་འདིར་གཤེགས་སོ། །ཞེས་སྒྲོག་གོ །དེ་ནས་ཕྱོགས་དེར་སྟན་བཤམས་པ་ལ་སངས་རྒྱས་བཞུགས་ཏེ། ཉ་པ་ལྔ་བརྒྱ་རྣམས་ལ་སྲོག་ཆགས་ཆུ་ལས་བཏོན་པ་འདི་དག་སླར་ཐོངས་ཤིག །ཅེས་བཀའ་སྩལ་ཏེ། དེ་རྣམས་ཀྱིས་ཀྱང་དེ་དག་ཆུ་ལ་བཏང་ངོ༌། །ཆུ་སྲིན་ཉ་དེས་མི་སྐད་དུ་སྨྲ་ཤེས་ཤིང༌། སྐྱེ་བ་དྲན་པར་བྱིན་གྱིས་རླབས་ནས། དྲི་ལན་མཛད་དེ། སྟོན་པས་ཁྱོད་སེར་སྐྱ་ཡིན་ནམ། ཉ་ན་རེ། བདག་སེར་སྐྱ་ལགས་སོ། །དེ་བཞིན་དུ་སྦྱར་ཏེ། སྒོ་གསུམ་གྱིས་ཉེས་པར་སྤྱོད་པ་བྱས་སམ་ལགས། རྣམ་སྨིན་མྱོང་ངམ། མྱོང་ངོ༌། ཁྱོད་ཀྱི་མི་དགེ་བའི་བཤེས་གཉེན་སུ་ཡིན། བདག་གི་མའོ། །དེ་རྗེས་སྔར་གང་དུ་སྐྱེས། དམྱལ་བར་རོ། །ད་ལྟ་སྐྱེ་བ་གང་ཡིན། དུད་འགྲོ་ལགས་སོ། །ད་གར་སྐྱེ། དམྱལ་བར་རོ། །ཞེས་ཟེར་ཏེ་ཉ་དེས་ངུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐུགས་རྗེ་ལྡན་རྒྱལ་ང་ལ་ནི། །ལེགས་པར་སེམས་ནི་དད་ཀྱིས་དང༌། །དུད་འགྲོའི་སྐྱེ་འདིར་ཆགས་བྲལ་ཞིང༌། །དེ་ནས་མཐོ་རིས་འགྲོ་བར་འགྱུར། །ཉ་དེས་ཀྱང་སངས་རྒྱས་ལ་དད་པ་བྱས་ཤིང༌། སྟོན་པས་ཀྱང་ཆོས་བསྟན་ཏོ། །ཀུན་དགའ་བོས་དེའི་རྒྱུ་ཞུས་པས། སྔོན་འོད་སྲུངས་ཀྱི་བསྟན་པ་ལ། བྲམ་ཟེ་སྨྲ་བ་མཁས་པ་ཤེད་བུ་སེར་སྐྱ་ཞེས་བྱ་བ་ཞིག རང་གི་མས་བསྐུལ་ནས། དགེ་སློང་རྣམས་ལ་གླང་པོ་ཆེའི་མགོ་ཅན་ཁྱོད་ཀྱིས་ཅི་ཤེས། ཞེས་པ་ལ་སོགས་པའི་
སྐུར་པ་བཏབ་པའི་འབྲས་བུར་བཀའ་སྩལ་པས། སྐྱེ་བོ་དཔག་ཏུ་མེད་པ་དེ་དག་སྐྱོ་ཤས་སུ་གྱུར་བ་ལ་ཆོས་རྒྱ་ཆེར་གསུངས་པས། སྐྱེ་བོ་འབུམ་ཕྲག་མང་པོ་འབྲས་བུ་བཞི་དང༌། སེམས་བསྐྱེད་པ་གསུམ་ལ་བཀོད་དོ། །ཆུ་སྲིན་ཉ་དེའང་ཟས་བཅད་དེ་སྟོན་པ་ལ་དད་བཞིན་དུ་ཤི་ནས་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷར་སྐྱེས། སྟོན་པའི་དྲུང་དུ་འོངས་ཤིང་མཆོད་ནས་སངས་རྒྱས་ཀྱིས་ཆོས་བསྟན་པ་ཐོས་པས་རྒྱུན་དུ་ཞུགས་པ་ཐོབ་བོ། །ཉ་པ་ལྔ་བརྒྱ་བོའང་རིགས་ངན་དུ་མ་གྱུར་ན། རབ་ཏུ་འབྱུང་བར་འདོད་པའི་འདུན་པ་དྲག་པོ་སྐྱེས་པ་ལ། ཤཱ་རིའི་བུས་དེ་མཁྱེན་ནས་དེ་དག་དབུགས་ཕྱུང་སྟེ། སྟོན་པའི་སྤྱན་སྔར་ཁྲིད་ནས་ཞུས་པས། བཅོམ་ལྡན་འདས་ཀྱིས་ཀྱང་ཉ་པ་ལྔ་བརྒྱ་པོ་དེ་དག་ཚུར་ཤོག་གིས་བསྙེན་པར་རྫོགས་པར་མཛད་ཅིང༌། ཕྱིས་ཡུན་རིང་ཞིག་ན་ལྔ་བརྒྱ་པོ་རྣམས་ཀྱིས་དགྲ་བཅོམ་པ་ཐོབ་བོ། །ཉ་པ་ལས་རབ་ཏུ་བྱུང་བ་ལྔ་བརྒྱ་པོ་དེ་དག་དགྲ་བཅོམ་མ་ཐོབ་གོང་དུ་མི་ཆོས་བླ་མ་རྫུན་དུ་སྨྲ་བའི་ཕམ་པའི་གླེང་གཞི་ལ་སོགས་པ་བཅས་པའང་ཡིན་ནོ། །ང་བདུན་པ་འོད་སྲུང་ཆེན་པོ་འཁོར་དུ་འདུས་པ་ནི། ཡང་འོད་སྲུང་གི་རིགས་ལ་བྲམ་ཟེ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ་འདོད་པ་སྤངས་པ་ཞིག་ཡོད་པ་ལས། ཡབ་ཀྱིས་བག་མ་བླང་བར་བརྩམས་པ་ན། ཛམྦུ་ཆུ་བོའི་གསེར་ལས་བུད་མེད་མཆོག་གི་གཟུགས་བྱས་ནས་འདི་འདྲ་བ་རྙེད་ན་བླང་ངོ་ཞེས་བྱ་བ་ལས། དེས་ཀྱང་དེ་འདྲ་བ་བཞི་བྱས་ཏེ་ཕྱོགས་བཞིར་ཚོལ་དུ་བཏང་བ་ལས་ནུབ་ཕྱོགས་སུ་སོང་བ་དག་གིས་ཀ་ལིདྒའི་གྲོང་ཀ་པི་ལ་ཞེས་བྱ་བ་ནས། བྲམ་ཟེ་སེར་སྐྱའི་བུ་མོ་སེར་སྐྱ་བཟང་མོ་ཞེས་བྱ་བ། ཛམྦུ་ཆུ་བོའི་གསེར་ལས་ཀྱང་ལྷག་པའི་ཁ་དོག་ཏུ་འདུག་ནས། བྲམ་ཟེའི་ཕོ་ཉ་རྣམས་ཀྱིས་དེ་ལ་བསླངས་ཏེ། དེས་ཀྱང་ཉེ་དུ་རྣམས་དང་གྲོས་བྱས་ནས་སེར་སྐྱ་བཟང་མོ་བྲམ་ཟེ་ནྱ་གྲོ་དྷ་སྐྱེས་ཀྱི་བག་མར་བཏང་ངོ༌། །དེ་ནས་དེ་གཉིས་མིང་སྲིང་གི་འདུ་ཤེས་ཀྱིས་ཁྱིམ་དུ་གནས་ཀྱང་ཚངས་པར་
སྤྱོད་པ་སྤྱད་ཅིང༌། གཅིག་ཉལ་བའམ་འདུག་པ་ན། གཅིག་ཤོས་འཆག་པའི་སྤྱོད་ལམ་གྱིས་གནས་སོ། །དེ་ནས་དེ་གཉིས་ཀ་རབ་ཏུ་འབྱུང་བར་འདོད་ཀྱང༌། ཕ་མས་མ་གནང་བས་ལོ་བཅུ་གཉིས་ཀྱི་བར་དུ་ཁྱིམ་ཉིད་དུ་གནས་ནས་ཚངས་པར་སྤྱོད་པ་སྤྱད་དོ། །ཕ་མ་དག་འདས་པའི་འོག་ཏུ་འོད་སྲུང་ནྱ་གྲོ་དྷ་སྐྱེས་ཀྱིས་ཞིང་ལ་སོགས་པ་ཕྱིའི་ལས་ཀྱི་མཐའ་ལ་བལྟས། སེར་སྐྱ་བཟང་མོས་ཁྱིམ་གྱི་ལས་ཀྱི་མཐའ་ལ་བལྟས་ན་ཐམས་ཅད་སྡུག་བསྔལ་དང་བཅས་པར་མཐོང་སྟེ། ཁྱིམ་གྱི་འབྱོར་བ་ཐམས་ཅད་སྦྱིན་པར་བཏང་བ་དང༌། གཉེན་བཤེས་སོགས་ལ་བགོས་ཏེ་གཏད། བྲན་ཕོ་མོ་དང་དུད་འགྲོ་རྣམས་མི་ཕོངས་ཤིང་མི་བཀོལ་བར་བྱས། འདི་སྐད་ཅེས། བྲེ་ཆུང་གང་གི་འབྲས་ཆན་རྡུངས། །མལ་གཅིག་གིས་ནི་བདེ་བ་སྐྱེད། །རས་བཅོས་ཟུང་གཅིག་བཅང་བར་བྱ། །ལྷག་མ་གཏི་མུག་ཡོངས་སུ་འཛིན། །ཞེས་བརྗོད་དེ་འོད་སྲུངས་ནྱ་གྲོ་དྷ་སྐྱེས་དང་སེར་སྐྱ་བཟང་མོ་གཉིས་ཁྱིམ་ནས་དུས་གཅིག་ཏུ་ཕྱི་རོལ་དུ་བྱུང་སྟེ་རས་ཡུག་ཆེན་རེ་རེ་ཁྱེར་ནས་ཕན་ཚུན་ཅི་བདེ་བར་གནང་བ་སྦྱིན་ཏེ། ལམ་ཁ་ཕྲག་གཅིག་ནས་སོ་སོར་གྱེས་སོ། །སེར་སྐྱ་བཟང་མོས་ནི་མུ་སྟེགས་བྱེད་རྫོགས་བྱེད་ཅེས་བྱ་བ་གཅེར་བུའི་སྤྱོད་པ་རྣམས་ཀྱི་དྲུང་དུ་རབ་ཏུ་བྱུང་ངོ༌། །འོན་ཀྱང་ཕྱིས་ཡུན་རིང་པོ་ཞིག་ལོན་ནས། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དགྲ་བཅོམ་གྱི་འབྲས་བུ་ཡང་ཐོབ་བོ། །འོད་སྲུང་ནྱ་གྲོ་དྷ་སྐྱེས་ནི། སྟོན་པ་དྲུག་ལ་སོ་སོར་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང༌། ལོག་པར་སྟོན་པར་བྱེད་པས་ཡིད་མ་མགུ་སྟེ། མཐར་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན་བཞུགས་པ་འོད་སྲུང་ནྱ་གྲོ་དྷ་སྐྱེས་ཤིང་གཅིག་པའི་དྲུང་ན་ཡོད་པས་མཐོང་སྟེ། ཨེ་མ་བདག་གིས་སྟོན་པ་མཐོང་ངོ་སྙམ་སྟེ་རབ་ཏུ་དགའ་བ་ཆེན་པོས་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ནས་ཞབས་ལ་ཕྱག་བྱས་ནས་
བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་ཁྱོད་ཀྱི་ཉན་ཐོས་ལགས་སོ། །ཞེས་ལན་གསུམ་དུ་བཟླས་པས། སྟོན་པས་ཀྱང་མཐུན་འགྱུར་བཀའ་སྩལ་ཏེ། ཁས་བླངས་དེ་ཁོ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པའོ། །བཀའ་སྩལ་པ། འོད་སྲུང་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་འཇིགས་པས་རྗེས་སུ་གནས་པས་བལྟ་བར་བྱའོ།། ཞེས་སོགས་གསུངས་ཏེ་དེ་བཞིན་གཤེགས་པ་བཞུད་དོ། །འོད་སྲུང་གིས་གདམས་ངག་དེ་བསྒོམས་པས་ཉི་མ་དེ་ལ་རྒྱུན་ཞུགས་ཐོབ་ཅིང༌། ཞག་བརྒྱད་ཀྱི་བར་དུ་སློབ་པའི་ལམ་ལ་འདས་པར་བྱས་ནས། ཉི་མ་དགུ་པ་ལ་དགྲ་བཅོམ་པའི་འབྲས་བུ་ཐོབ་སྟེ་ཁྱད་པར་ཐོབ་པར་གཞན་རྣམས་ལས་ཀྱང་ཆེས་ཁྱད་པར་ཐོབ་པས་འོད་སྲུང་ཆེན་པོ་ཞེས་བྱ་བར་གྲགས་སོ། །དེ་ནས་ལན་ཅིག་འོད་སྲུང་ཀྱིས་རས་འབུམ་རི་བའི་སྣམ་སྦྱར་ཁ་དོག་བཟང་པོ་གྱོན་ཞིང༌། སྟོན་པས་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་གསོལ་ཏེ་ལྷན་ཅིག་ཏུ་གཤེགས་པ་ལ། གང་དུ་སྟོན་པ་བཞུགས་པ་དེར་བདག་གི་སྣམ་སྦྱར་གདིང་ངོ་སྙམ་པ་ལས། སྟོན་པ་བཞུགས་པར་བརྩམས་པ་ན་དེས་སྣམ་སྦྱར་བལྟབས་ནས་བཏིང་བའི་སྟེང་དུ་ཅུང་ཟད་བཞུགས་ནས། ཁྱོད་ཀྱི་སྣམ་སྦྱར་ཡང་ངོ་འཇམ་མོ་ཞེས་གསུང་ངོ༌། །འོད་སྲུང་ཀྱིས་སྟོན་པ་ལ་འདི་སྐད་ཅེས། བདག་ལ་ཐུགས་བརྩེ་བའི་སླད་དུ་བདག་གི་སྣམ་སྦྱར་བཞེས་སུ་གསོལ། ཞེས་ཞུས། དེ་ནས་འོད་སྲུངས་ཀྱི་སྣམ་སྦྱར་སྟོན་པས་བཞེས་པ། སྟོན་པའི་ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་འོད་སྲུངས་ཆེན་པོ་ལ་གནང་ངོ༌། །ང་བརྒྱད་པ་འོད་སྲུངས་ལ་སྟན་ཕྱེད་སྩལ་བ་ནི། དེ་ནས་འོད་སྲུངས་ཆེན་པོ་འབྲོག་དགོན་པར་གནས་ཤིང༌། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་རྟག་ཏུ་གནས་པས་སྦྱངས་པའི་ཡོན་ཏན་ལ་གནས་པའི་མཆོག་ཏུ་ལུང་ཡང་བསྟན་ཞིང༌། དུས་ཕྱི་ཞིག་ན། བཅོམ་ལྡན་འདས་དགེ་སློང་གསར་
བུ་ཤས་ཆེ་བའི་འཁོར་ཚོགས་ཀྱི་དབུས་ན་བཞུགས་པ་ཞིག་ལ། འོད་སྲུངས་ཆེན་པོ་སྟོན་པའི་སྤྱན་སྔར་བྱོན་པ་ལས། དགེ་སློང་གསར་བུ་དག་གིས་ངོ་མ་ཤེས་ཤིང༌། ན་བཟའ་ཕྱག་དར་ཁྲོད་དང་དགོན་བ་པ་ཡིན་པའི་ཕྱིར་སྐྲ་དང་སྨ་ར་རིང་པོར་གྱུར་པ་མཐོང་བས་འཕྱ་བའི་དོན་དུ་སྒྲ་བྱས་སོ། །དེར་ཉན་ཐོས་མཆོག་ལ་བརྙེས་པ་བསལ་བའི་ཆེད་དུ་བཅོམ་ལྡན་འདས་ཉིད་ཀྱིས། འོད་སྲུངས་ཁྱོད་ནི་འདོད་པ་ཆུང་ཞིང་ཆོག་ཤེས་པ་ཡིན་གྱི། ངའི་སྟན་ཕྱེད་ལ་འདུག་ཅིག་ཅེས་སྟོན་པ་ཉིད་ཀྱི་བཞུགས་གདན་གྱི་ཕྱེད་ཀྱི་མཐའ་ལ་བཞག་གོ །དེ་ནས་འོད་སྲུང་ཆེན་པོས་བཅོམ་ལྡན་འདས་ཀྱི་དགོངས་པ་རིག་ནས། རྒྱལ་བས་སྟན་ཕྱེད་བསྟབ་པར་མཛད་པ་དེ་ཅུང་ཟད་ཙམ་དང་དུ་བླངས་ནས། སླར་ལངས་ཏེ་སྟོན་པའི་ཞབས་ལ་ཕྱག་བཙལ་ནས། འཁོར་ཚོགས་ཀྱི་ནང་དུ་ཞུགས་ཏེ་ཆོས་ཉན་ཏོ། །དེ་ལྟར་སྟོན་པས་སྟན་བྱེད་བསྟབས་པ་ནི་དུས་དེར་བརྙས་པ་བཟློག་པའི་དོན་དུ་མཛད་པ་ལྟར་བྱུང་ཡང༌། ཤུགས་ལ་རྒྱལ་ཚབ་ཏུ་བསྐོས་པའང་ཡིན་ནོ། །ང་དགུ་པ་ལྷན་ཅིག་གནས་པ་བསྟན་པ་ནི། འཕགས་པ་ཀུན་དགའ་བོ་ནི་ཆོས་ཉན་པ་ན་དད་པས་བསམ་པ་གཅིག་ཏུ་བསྡུས་པས་སྤྱི་བོའི་ཕོལ་མིག་འཚོ་བྱེད་ཀྱིས་དྲལ་བ་ཡང་མ་རིག་གོ །ཚེ་རབས་ལྔ་བརྒྱར་མཚན་མའི་བསྟན་བཅོས་དྲུག་ཁྲི་བསླབས་པས་རྟགས་དང་མཚན་མ་རྟོག་པ་ལ་ཤིན་ཏུ་མཁས་ཤིང་གསལ་ལ་རྣམ་པར་འབྱེད་པ་རྣམས་ཀྱི་མཆོག་ཏུ་གྱུར་ཏོ། །ཡང་བཅོམ་ལྡན་འདས་ཤིང་སཱ་ལ་ཅན་གྱི་བྲམ་ཟེའི་གྲོང་ཁྱེར་ན་བཞུགས་སོ། །དེའི་ཚེ་ཉན་ཐོས་ཆེན་པོ་མང་པོ་འདུས་པའི་དབུས་སུ། སྟོན་པས་ནམ་ཞིག་ན་ང་རྒས་འཁོགས་འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་པས་དུབ་པར་འགྱུར་གྱི། ངའི་རིམ་གྲོ་པ་ཐུགས་ལ་འཐད་པ་རང་གི་དོན་ཉམས་པར་མི་འགྱུར་བ་ཞིག་སྤྲོ་བ་སྐྱེད་ཅིག དེའི་ཚེ་ཀུན་ཤེས་ཀཽཎྜིནྱ་
བཞེངས་ཏེ། བདག་གིས་དེ་ལྟར་བགྱིད་ལགས་ཞུས་པས། ཀཽ་དི་ནྱ་ཁྱོད་ཉིད་ལའང་རིམ་གྲོ་པ་དགོས་ཀྱི་སྟན་ལ་འདུག་ཤིགདེ་བཞིན་དུ་རྟ་ཐུལ་ནས་བཟུང་སྟེ། གང་པོའི་བར་ལ་ལྔ་བརྒྱའི་བར་དུ་དེ་སྐད་གསུངས། དེ་ནས་མཽང་གལ་གྱི་བུས་སྟོན་པའི་ཐུགས་གང་ལ་གཏད་བརྟགས་པས་ཀུན་དགའ་བོ་ལ་གཏད་པར་མཐོང་སྟེ། ཤཱ་རིའི་བུ་ལའང་བཤད་དེ། རང་ཅག་དོང་ལ་དེ་ལ་སྤྲོ་བར་བྱའོ། །དེར་དེ་གཉིས་སོང་ནས་ཤཱ་རིའི་བུས་ཀུན་དགའ་བོ་ལ་ཁྱོད་སྟོན་པའི་རིམ་གྲོ་བྱེད་པར་སྤྲོའམ། དོན་ཆེན་པོར་འགྱུར་རོ། །ཀུན་དགའ་བོས་བཅོམ་ལྡན་འདས་ནི་བསྙེན་ཞིང་བཟོད་པར་དཀའ་བ་སྟེ། དེས་ན་བདག་མི་སྤྲོའོ། །མཽངྒལ་གྱི་བུས་སྟོན་པས་ཐུགས་དགོངས་ཁྱོད་ལ་གཏད་དོ། །ཀུན་དགའ་བོས་འདི་སྐད་ཅེས། དེ་བཞིན་གཤེགས་པའི་ན་བཟའ་བདག་གིར་མི་བྱ་བ་དང༌། མགྲོན་དུ་བོས་པ་བདག་གིར་མི་བྱ་བ་དང༌། སྟོན་པ་ལ་བལྟ་ཞིང་བསྙེན་བཀུར་བའི་ཕྱིར་དུས་མ་ཡིན་པ་ཅུང་ཟད་ཀྱང་མེད་པར་གནང་ན་རིམ་གྲོ་བྱེད་པར་སྤྲོའོ། །དེ་ནས་དོན་དེ་མཽངྒལ་གྱི་བུས་སྟོན་པ་ལ་གསོལ་བ་ན། ལེགས་སོ་སྩལ་ཏེ་ཆོས་གོས་དང་ཁ་ཟས་ཀྱི་རྒྱུས་ང་ལ་རྙེད་བཀུར་བྱེད་དོ་ཞེས་ཁ་ཟེར་བར་མི་འགྱུར་ཏེ། ཀུན་དགའ་བོ་ནི་མཁས་པ་ཡིན་ནོ། །གཞན་ཡང་སྟོན་པ་ཡང་དག་འཇོག་ལ་བཞུགས་པ་དང༌། བཞེངས་པ་དང༌། ཏིང་ངེ་འཛིན་གྱི་གནས་པ་གང་ལ་གནས་པ་ཡང་འཕགས་པ་ཀུན་དགའ་བོས་ཤེས་ཏེ། ངོ་མཚར་རྨད་དུ་བྱུང་བའི་ཆོས་ཅིག་ཡིན་ནོ། །དྲུག་ཅུ་པ་སྤྲེའུས་སྦྲང་རྩི་ཕུལ་བ་གཉིས་ནི། དེ་ནས་བཅོམ་ལྡན་འདས་ཡུལ་སྒྲ་གཅན་གྱི་གནས་དྲང་སྲོང་ཀུན་ཛི་ཀའི་ནགས་ན་བཞུགས་སོ། །དེའི་ཚེ་བླ་གབ་མེད་པར་ལྷུང་བཟེད་རབ་ཏུ་མང་པོ་བཞག་པ་ལ། སྤྲེའུ་ཞིག་ཤིང་ལས་བབས་ཏེ་དེར་སོང་བ་དགེ་སློང་རྣམས་ཀྱིས་སྤྲེའུས་ལྷུང་བཟེད་བཅག་གིས་དོགས་ཏེ་བཟློག་པ་ལས། སྟོན་པས་དགེ་སློང་དག་སྤྲེའུ་འདི་དྲན་པ་དང་ལྡན་པ་ཡིན་པས་མ་
ཟློག་ཅིག །ཅེས་བཀའ་སྩལ། དེ་ནས་སྤྲེའུ་དེས་བཅོམ་ལྡན་འདས་ཀྱི་ལྷུང་བཟེད་བླངས་ཏེ། ཤིང་སཱ་ལའི་སྡོང་པཽ་ལ་འཛེགས་ནས་སྦྲང་བུ་ལ་གནོད་པ་མེད་པར་སྦྲང་རྩིའི་དྭངས་མ་བླངས་ཏེ་ལྷུང་བཟེད་བཀང་ནས་ལྗོན་ཤིང་ལས་བབས་ཏེ། སྟོན་པ་ལ་ཕུལ་བ་ན་མ་བཞེས་ཏེ། དེས་ཕྱོགས་གཅིག་ཏུ་སོང་ནས། སྲོག་ཆགས་ཤི་བའི་ཡན་ལག་ཕྲ་མོ་ཡོད་པ་དག་བསལ་ནས་ཡང་ཕུལ། དེར་ཡང་མ་བཞེས་པ་ན། ཡང་ལྷུང་བཟེད་བླངས་ཏེ་མཐའ་གཅིག་ཏུ་སོང་ནས་ཆུ་གཙང་མས་བྲན་ཏེ་ཕུལ་བ་ན། སྟོན་པས་ཕྱག་ཏུ་བཞེས་ཤིང་གསོལ་བར་མཛད་དོ། །དེར་སྤྲེའུ་དེ་དགའ་མགུ་རངས་པས་ཕྱི་ནུར་ཕྱི་ནུར་དུ་གར་བྱས་ཤིང༌། སྟོན་པ་ལ་དད་བཞིན་དུ་ཁྲོན་པར་ལྷུང་སྟེ་ཤི་འཕོས་ནས། གྲོང་ཁྱེར་དེ་ཉིད་དུ་བྲམ་ཟེ་ལས་དྲུག་ལ་བརྩོན་པ་ཞིག་གི་ཆུང་མའི་མངལ་དུ་ཉིང་མཚམས་སྦྱར། དེ་ཕྱིས་བཙས་པ་ན་ཁྱིམ་དུ་སྦྲང་རྩིའི་ཆར་བབས། དེའི་མིང་གནས་འཇོག་གི་བུ་སྦྲང་རྩི་ཅན་ཞེས་བཏགས། དེ་ནས་ཕྱིས་ཡུན་རིང་ཞིག་ན་དེ་རབ་ཏུ་བྱུང་སྟེ་ཉིན་རེ་བཞིན་འབད་བརྩོན་མེད་པར་སྦྲང་རྩི་ལྷུང་བཟེད་གསུམ་གསུམ་རྙེད་པར་གྱུར་ཏེ། དང་པོ་ནི་སངས་རྒྱས་ལ་འབུལ། གཉིས་པ་ནི་དགེ་འདུན་ལའོ། །གསུམ་པ་ནི་བདག་ཉིད་གྲོགས་དང་བཅས་པ་ལོངས་སྤྱོད་དེ། དེས་མཐར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །ཡང་ལོ་རྒྱུས་གཞན་ཐམས་ཅད་དེ་དང་འདྲ་བ་ལས། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་སྤྲེའུའི་རྫིང་འགྲམ་གྱི་ཁང་པ་བརྩེགས་པ་ན་བཞུགས་སོ། །སྤྲེའུ་བཅོམ་ལྡན་འདས་ལ་རྩེ་གཅིག་ཏུ་ལྟ་བས་རྒྱབ་ཏུ་མ་བལྟས་ཏེ་ཁྲོན་པར་ལྟུང་བའི་སྔར་བཞིན་ལས། ཤི་ནས་ལྷར་སྐྱེས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འོངས་ནས་མེ་ཏོག་ལ་སོགས་པས་མཆོད་དེ། སྟོན་པས་ཀྱང་ཆོས་གསུངས་པས་དེས་བདེན་པ་མཐོང་ཞིང་ཆེད་དུ་བརྗོད་པ་བྱས་སོ། །ད་ལྟར་ན་གཅུང་དགའ་བོ་བཏུལ་བ་དང༌། ཤཱཀྱ་མོ་
ལྔ་བརྒྱ་རབ་ཏུ་བྱུང་བ་དང༌། སློབ་མ་ལྟ་བུར་གཤེགས་པ་དང༌། འོད་ཟེར་ཅན་དུ་གཤེགས་པ་དང༌། འདོད་པ་མཐུན་པར་བྱོན་པ་དང༌། དགའ་བོ་ཉེར་དགའ་བཏུལ་བ་དང༌། འབྲོག་གནས་བཏུལ་བ་དང༌། ཨུ་ཏྲ་ཡ་ཎ་བཏུལ་བ་དང༌། སེང་གེ་བཏུལ་བ་དང༌། ཉ་པ་སྔ་བརྒྱ་བདེན་པ་ལ་བཀོད་པ་དང༌། འོད་སྲུང་ཆེན་པོ་འཁོར་དུ་འདུས་པ་དང༌། སྤྲེའུས་སྦྲང་རྩི་ཕུལ་བ་སྔ་མ་སྟེ། འདི་རྣམས་ཡབ་སྲས་མཇལ་བའི་རྗེས་སུ་བྱུང་ཞིང་ཆོ་འཕྲུལ་ཆེན་པོའི་སྔོན་དུ་གསལ་བས། སྤྱིར་ཐམས་ཅད་བར་སྐབས་དེར་བྱུང་བ་ཡིན་གྱི། དེ་དག་རེ་རེའི་སྔ་ཕྱིའི་གོ་རིམ་ནི་རྟོགས་པར་དཀའ་བས་འདིར་བསྒྲིགས་པ་ནི་བཤད་པའི་གོ་རིམ་ཙམ་མོ། །རེ་གཅིག་པ་ཆོ་འཕྲུལ་ཆེན་པོ་ནི་རགས་རྩིས་ཀྱི་དབང་དུ་བྱས་ན། སྟོན་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་ནས། ཡོངས་སུ་མྱ་ངན་ལས་འདས་པའི་བར་གྱི་དུས་ཕྱེད་ནི་འདས། ཕྱེད་ནི་ལུས་པའི་དུས་སུ་ཆོ་འཕྲུལ་ཆེན་པོ་ནས་ལྷ་བབས་ཀྱི་བར་བསྟན་པ་ཡིན་ཏེ། དེ་ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་སངས་རྒྱས་དང་དགེ་འདུན་ལ་མཆོད་པས། མུ་སྟེགས་བྱེད་རྣམས་ཀྱི་བསོད་སྙོམས་དང་རྙེད་པ་ངན་པར་གྱུར་ཏོ། །དེར་བདུད་སྡིག་ཅན་གྱིས་བསམས་པ། ངས་ཡུན་རིང་པོ་ནས་གཽ་ཏ་མ་ལ་གླགས་བལྟས་ཀྱང་མ་རྙེད་དེ། ད་ནི་མུ་སྟེགས་ཅན་རྣམས་ལ་མཐོ་བརྩམ་མོ་སྙམ་ནས། འོད་སྲུང་རྫོགས་བྱེད་ཀྱི་དྲུང་དུ་ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུའི་གཟུགས་སུ་སྤྲུལ་ནས་མེ་འབར་བ་དང༌། འོད་འབྱིན་པ་དང༌། ཆར་འབབ་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཏེ། གདན་ལ་འཁོད་ནས་དགའ་བ་དང་མགུ་བའི་གཏམ་བྱས་སོ། །དེ་བཞིན་དུ་མུ་སྟེགས་སྟོན་པ་དྲུག་ལས་གཞན་རྣམས་ཀྱི་གཟུགས་ཀྱིས་ཀྱང་རིམ་པས་འོངས་ཏེ་ཆོ་འཕྲུལ་བསྟན་ཏོ། །དེའི་ཚེ་རྫོགས་བྱེད་ཀྱིས་བསམས་པ། ཀྱེ་མ་བདག་གཅིག་པུ་ཉམ་ཆུང་བར་
ཟད་དེ། གཞན་འདི་དག་ནི་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བའོ་སྙམ། དེ་བཞིན་དུ་གཞན་ལྔ་པོའི་སར་ཡང་ཆོ་འཕྲུལ་དེ་ཁོ་ན་འདྲ་བར་བསྟན་པས་སྟོན་པ་དྲུག་པོ་སོ་སོ་ནས་བདག་གཅིག་པུ་ཉམ་ཆུང་གི གཞན་རྣམས་རྫུ་འཕྲུལ་ཆེའོ་སྙམ་མོ། །དེ་ནས་དུས་གཞན་ཞིག་ན་སྟོན་པ་དྲུག་ལྷན་ཅིག་ཏུ་འདུས་པའི་སྐབས་ཤིག་ཏུ་འདི་སྐད་ཅེས་གྲོས་གླེང་བར་གྱུར་ཏེ། ཤེས་ལྡན་དགསྔོན་ནི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཅག་ལ་བཀུར་སྟི་བྱེད་པ་ཡིན་ན། ད་ནི་གཽ་ཏ་མ་ལ་བྱེད་ཀྱི་བདག་ཅག་ལ་མ་ཡིན་པས། དགེ་སྦྱོང་གཽ་ཏ་མ་འདི་བདག་ཅག་གིས་མིའི་ཆོས་བླ་མའི་ཆོ་འཕྲུལ་འགྲན་པའི་ཕྱིར་བཀུག་སྟེ། དེས་རྫུ་འཕྲུལ་གཅིག་སྟོན་ན་བདག་ཅག་གིས་གཉིས་སྟོན་པ་ལ་སོགས་པ་ཉིས་འགྱུར་གྱིས་ལྷག་པ་བསྟན་པར་བྱའོ། །ཞེས་སོ། །དེ་ནས་དེ་དག་རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་སྟེ་རྒྱལ་བ་དང་ཚེ་སྤེལ་བ་བྱས་ནས། ལྷ་བདག་ཅག་ཀྱང་རྫུ་འཕྲུལ་དང་ཡེ་ཤེས་ཅན་དུ་སྨྲ། གཽ་ཏ་མ་ཡང་རྫུ་འཕྲུལ་དང་ཡེ་ཤེས་ཅན་དུ་སྨྲ་བ་ལགས་ན། བདག་ཅག་ལྷན་ཅིག་རྫུ་འཕྲུལ་གྱི་ཆོ་འཕྲུལ་སྟོན་དུ་ཆུག་ཅིག བདག་ཅག་ལམ་གྱི་ཕྱེད་དུ་འགྲོ་ལ། གཽ་ཏ་མ་ཡང་ལམ་གྱི་ཕྱེད་དུ་ཁུག་གཅིག རྒྱལ་པོས་འདི་སྐད་དུ། ཀྱཻ་རོ་དང་འདྲ་བ་ཁྱེད་རྣམས་ཀྱིས་ཀྱང་སངས་རྒྱས་ལ་རྫུ་འཕྲུལ་འགྲན་ནམ། དེ་ནས་སྟོན་པ་དྲུག་ཕྱིར་སོང་ངོ༌། །ཡང་ལན་ཅིག་གཟུགས་ཅན་སྙིང་པོ་སངས་རྒྱས་ལ་ཕྱག་འཚལ་བར་འགྲོ་བའི་ལམ་དུ་སྟོན་པ་དྲུག་སོང་ནས་སྔར་ལྟར་སྨྲས་པས། དོན་འདི་ལ་ཁྱེད་ང་ལ་ལན་གསུམ་གྱི་བར་དུ་ཟེར་ན། ཁྱེད་རྣམས་སྤྱུགས་ཏེ་བཏང་ངོ་བྱས་པས། དེ་དག་ཕྱོགས་དེ་ནས་སོང་སྟེ། རྒྱལ་པོ་འདི་ནི་གཽ་ཏ་མའི་ཕྱོགས་བྱེད་ཀྱི། མཉན་ཡོད་ཀྱི་རྒྱལ་པོ་གསལ་རྒྱལ་དེ་ནི་གཟུ་བོའི་ཞེས་ཐོས་ན། དུས་ལན་ཅིག་དེར་འགྲོ་བར་བྱའོ་ཞེས་སོ། །དེ་ནས་དུས་གཞན་ཞིག་ན། སྟོན་པ་རྒྱལ་པོའི་ཁབ་ནས་མཉན་ཡོད་དུ་
ལྗོངས་རྒྱུ་ཞིང་གཤེགས་ཏེ་རྒྱལ་བྱེད་ཀྱི་ཚལ་དུ་བྱོན་ཏོ། །དེའི་རྗེས་ཉིད་ནས་སྟོན་པ་དྲུག་པོ་ཡང་སོང་སྟེ། རྒྱལ་པོ་གསལ་རྒྱལ་གྱི་ཐད་དུ་ཕྱིན་ནས་སྔར་བཞིན་བརྗོད་པས། རྒྱལ་པོས་དེ་ལྟར་ན་བདག་གིས་བཅོམ་ལྡན་འདས་ལ་ཞུས་ཏེ་བྱ་ཡི་རེ་ཞིག་སྡོད་ཅིགདེ་ནས་རྒྱལ་པོ་གསལ་རྒྱལ་སངས་རྒྱས་ཀྱི་དྲུང་དུ་ཕྱིན་ནས། ཞབས་ལ་ཕྱག་བྱས་ཏེ་ཕྱོགས་གཅིག་ཏུ་འཁོད་ནས། བཙུན་པ་མུ་སྟེགས་ཅན་རྣམས་འདི་སྐད་ཅེས་མཆི་ན། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་དུ་གསོལ། མུ་སྟེགས་ཅན་རྣམས་འཐག་ཏུ་གསོལ། ཞེས་སོགས་ཞུས་སོ། །བཀའ་སྩལ་པ། རྒྱལ་པོ་ང་ནི་དགེ་སློང་རྣམས་ལ་ཡང་ཁྱིམ་པ་ལ་རྫུ་འཕྲུལ་སྟོན་ཞིག་ཅེས་མི་ཟེར་གྱི། དགེ་བ་ནི་མ་སྤྱཽམས་ཤིག སྡིག་པ་ནི་བཤོགས་ཤིག་ཅེས་སྟོན་ནོ། །ལན་གཉིས་སུ་ཞུས་ཀྱང་དེ་སྐད་གསུང་པ་ལ། ལན་གསུམ་གསོལ་བ་བཏབ་པས། ཞག་བདུན་ནས་དུས་ལ་བབ་པར་མཁྱེན་ནས་དེ་བཞིན་དུ་བཀའ་སྩལ་ཏོ། །རྒྱལ་པོས་མུ་སྟེགས་ཅན་དག་ལ། སྟོན་པ་ཞག་བདུན་ནས་ཆོ་འཕྲུལ་སྟོན་པར་འགྱུར་གྱི། ཁྱེད་རྣམས་ལ་བཤམ་དགོས་པ་ཅི་ཡོད་པ་གྱིས་ཤིགདེར་མུ་སྟེགས་རྣམས་ཀྱིས་བགྲོས་པ། གཽ་ཏ་མ་ད་ལྟ་ཆོ་འཕྲུལ་མི་སྟོན་པར་ཞག་བདུན་གྱི་དུས་འདེབས་པ་འདི་ནི། ཡང་ན་ནི་གཽ་ཏ་མ་འབྲོས། ཡང་ན་ནི་གྲོགས་འཚོལ་བ་ཡིན། གལ་ཏེ་བྲོས་ན་ནི་དེར་ཟད་ལ། རེ་ཞིག་བདག་ཅག་གྲོགས་བཙལ་བར་བྱའོ་ཞེས་གླེང་ནས། ཕྱོགས་འཚོལ་བའི་ཕྱིར་ཐམས་ཅད་སོ་སོར་བཀྲམ་སྟེ་སོང་ངོ༌། །དེ་ནས་དེ་དག་ད་ནི་ཞག་བདུན་ལས་གཅིག་འདས་ཏེ་དྲུག་ལུས་སོ། །གཉིས་འདས་ཏེ་ལྔ་ལུས་སོ་ཞེས་སོགས་སེམས་བརྟན་པར་གནས་པ་མེད་དེ་སོང་བ་ལས། གྲོང་ཁྱེར་རྩྭ་ཅན་ཀུ་ཤའི་གྲོང་དུ་ཀུན་ཏུ་རྒྱུ་རབ་བཟང་ཅན་དུ་སོང་བ་ན། བདག་ཅག་གིས་དགེ་སྦྱོང་གཽ་ཏ་མ་ཆོ་འཕྲུལ་འགྲན་པའི་ཕྱིར་བོས་ཀྱིས་གྲོགས་གྱིས་ཤིག །དེས་སྨྲས་པ། དེ་ནི་མ་ལེགས་ཏེ་དགེ་སྦྱོང་དེ་
ནི་རྫུ་འཕྲུལ་ཆེ་བ་མཐུ་ཆེ་བའོ། །ང་སྔོན་དལ་གྱིས་འབབ་བའི་མཚོ་འགྲམ་ན་ཉིན་མོ་གནས་ཤིང༌། བསོད་སྙོམས་བླངས་ཏེ་མཚོ་མ་དྲོས་པའི་འགྲམ་དུ་ཟ་བའི་ཚེ། དེར་གནས་པའི་ལྷས་ཆུ་བཅུས་ཏེ་སྟེར་རོ། །གཽ་ཏ་མའི་སློབ་མ་དགེ་ཚུལ་སྐུལ་བྱེད་ཀྱིས་ཕྱག་དར་ཁྲོད་ཀྱི་གོས་མ་དྲོས་པའི་འགྲམ་དུ་འཁྲུད་པ་ན། དེ་ན་གནས་པའི་ལྷ་རྣམས་ཀྱིས་ཁྲུས་ཁུ་བླངས་ནས་ལྷ་རང་རང་གི་མགོ་བོར་འདེབས་སོ། །དེའི་ཆོ་འཕྲུལ་གྱིས་ང་ཡང་ཕམ་པར་བྱས་ན། བདག་ཅག་གི་མཁན་པོ་རྣམས་དང་ཡང་མི་མཉམ་མོ། །ཞེས་སྨྲས་པས། འདི་ཡང་གཽ་ཏ་མའི་ཕྱོགས་སོ་སྙམ་སྟེ་སོང་ངོ༌། །དེ་ནས་ནགས་ཚལ་གཅིག་ན་དྲང་སྲོང་མངོན་ཤེས་ལྔ་དང་ལྡན་པ་ལྔ་བརྒྱ་ཡོད་དེ། དེ་རྣམས་ལ་གྲོགས་གྱིས་ཤིག་བྱས་པས། དེ་དག་གིས་ཀྱང་གྲོགས་བྱ་བར་ཁས་བླངས་ཏེ། ནམ་རན་པའི་དུས་ན་བརྡ་ཐོངས་ཤིག་བྱས་སོ། །དེ་ནས་མུ་སྟེགས་རྣམས་རབ་ཏུ་མགུ་སྟེ་སོང་ངོ༌། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་ཕ་སྤུན་ནུ་བཽར་གྱུར་བ་གཞོན་ནུ་ནག་པོ་ཞེས་བྱ་བ་ཞིག་ཕོ་བྲང་དང་ཉེ་བར་སོང་བ་ལས་བཙུན་མོའི་འཁོར་ཞིག་གིས་ཁང་ཐོག་ནས་མེ་ཏོག་གི་ཕྲེང་བ་རྙིང་པ་བོར་བ་དེ་ལ་ཕོག་པས་བློན་པོ་ཕྲ་མ་མཁན་རྣམས་ཀྱིས། ནག་པོ་ནི་ལྷའི་བཙུན་མོ་དང་འཁྲིའོ་ཞེས་སྨྲས་པ་ན། རྒྱལ་པོ་རྣམས་ནི་མ་བརྟགས་པར་སྤྱོད་པ་མང་བས་ནག་པོའི་རྐང་ལག་གཅོད་དུ་བཅུག གཞི་མདོ་ཞིག་ན་དེ་ཉེ་དུ་ངུ་བས་བསྐོར་ཞིང་འདུག་གོ །ཕྱོགས་དེར་སྟོན་པ་དྲུག་པོ་སྔ་ཕྱིར་རིམ་ཅན་དུ་འོངས་པ་ལ། ཉེ་དུ་རྣམས་ཀྱིས་འདི་གསོས་པར་མཛོད་ཅེས་བྱས་པ་ལ། དེ་དག་ཅང་མི་སྨྲ་བར་འགྲོའོ། །འཕགས་པ་ཀུན་དགའ་བོ་ཕྱོགས་དེར་བྱུང་བ་ན། དེ་དག་སྔར་བཞིན་ཟེར་བས་ཀུན་དགའ་བོས་བཅོམ་ལྡན་འདས་ལ་ཞུས་ཤིང༌། བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ་བཞིན་དུ་ཀུན་དགའ་བོས་གཞོན་ནུ་
ནག་པོའི་སར་སོང་ནས། དཀོན་མཆོག་གསུམ་དང་འཕགས་པ་དགྱེས་པའི་ཚུལ་ཁྲིམས་མཆོག་ཡིན་པའི་བདེན་པས་ནག་པོའི་ཡན་ལག་སྔོན་བཞིན་དུ་གྱུར་ཅིག ཅེས་བརྗོད་པའི་མཇུག་ཁོ་ནར་སྔོན་བཞིན་དུ་སོས་པར་གྱུར་ཏེ། སྐྱེ་བོ་ཐམས་ཅད་ཀུན་དགའ་བོས་མུ་སྟེགས་ཕམས་པར་བྱས་སོ་ཞཻས་ཟེར་རོ། །དེ་ནས་གཞོན་ནུ་ནག་པོ་སྟོན་པའི་སྤྱན་སྔར་སོང་ཞིང༌། སྟོན་པས་ཆོས་བསྟན་པས་ཕྱིར་མི་འོང་གི་འབྲས་བུ་ཡང་ཐོབ། རྫུ་འཕྲུལ་ཡང་བསྒྲུབས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་ཁྱིམ་དུ་ཁྲིད་པར་བརྩམས་པ་ལ། བདག་སངས་རྒྱས་ལ་བསྙེན་བཀུར་བགྱིད་ཅིང་འདི་ཉིད་དུ་སྡོད་དོ། །རྒྱལ་པོས་ཀྱང་གནང་སྟེ་ཀུན་དགའ་ར་བ་ཞིག་གི་ནང་དུ་འཆག་པའི་སྤྱོད་ལམ་གྱིས་འདུག་པས། དུམ་བུའི་ཀུན་དགའ་ར་བ་ཞེས་གྲགས་སོ། །དེ་ལྟར་རྒྱལ་པོས་ཞག་བདུན་པོའི་བར་ལ་མཉན་ཡོད་དང་རྒྱལ་བྱེད་ཚལ་གྱི་བར་དི་ཆོ་འཕྲུལ་གྱི་ཁང་པ་ཆེན་པོ་ལྷའི་ཁང་བཟང་དང་རྗེས་སུ་མཐུན་པར་བྱས་ཤིང༌། བཞུགས་ཁྲི་གསེར་ལས་གྲུབ་པ་རིན་པོ་ཆེ་དུ་མས་སྤྲས་པ་ཡང་བཤམས་སོ། །མུ་སྟེགས་ཅན་གྱི་དགེ་བསྙེན་སོགས་སྟོན་པ་དྲུག་པོའི་ཕྱོགས་འཛིན་པ་རྣམས་ཀྱིས་ཀྱང་རང་རང་གི་འབྱོར་པ་དང་བསྟུན་པའི་ཆོ་འཕྲུལ་གྱི་ཁང་པ་དྲུག་རྒྱན་གྱིས་བརྒྱན་པ་དང༌། གདན་ཁྲི་དྲུག་ཀྱང་བཤམས་ཟིན་ཏོ། །དེ་ནས་ཉིན་ཞག་བརྒྱད་པ་ལ་མུ་སྟེགས་ཅན་རྣམས་རང་རང་གི་འཁོར་གྱིས་བསྐོར་ནས། ཤིན་ཏུ་སྔ་བར་འོངས་ཏེ་རྒྱལ་པོ་ལ། བདག་ཅག་ནི་འདིར་མཆིས་ལགས་ན། དགེ་སྦྱོང་གཽ་ཏ་མ་འགུག་ཏུ་གསོལ། ཞེས་ཕོ་ཉ་བཏང་བས། རྒྱལ་པོ་འཁོར་དང་བཅས་པ་འདུན་ཁང་དུ་སོང་སྟེ་བྲམ་ཟེའི་ཁྱེའུ་བླ་མ་ཞེས་བྱ་བ་སྤྱན་འདྲེན་དུ་བཏང་ངོ༌། །དེ་ལ་སྟོན་པས་ཁྱོད་སོང་ཤིག་ང་འོང་ངོ༌། །ཞེས་གསུངས་ནས། བྲམ་ཟེ་བླ་མས་ཚུར་འོངས་པའི་ཚེ། བཅོམ་ལྡན་འདས་བྱ་ངང་པའི་
རྒྱལ་པོ་ལྟར་ནམ་མཁའི་དཀྱིལ་དུ་འཕགས་ནས་ཆོ་འཕྲུལ་ཁང་པའི་འདུན་ཁང་དུ་གཤེགས་སོ། །སྐྱེ་བོ་ཐམས་ཅད་ཀྱིས་དེ་མཐོང་ནས་ངོ་མཚར་བའི་སྒྲ་འབྱིན་ཞིང༌། རྒྱལ་པོས་སྟོན་པ་དྲུག་ལ་བཅོམ་ལྡན་འདས་ཀྱིས་ཆོ་འཕྲུལ་བསྟན་ཟིན་གྱི། ཁྱེད་རྣམས་ཀྱིས་སྟོན་ཞིག་ཅེས་སོ། །དེའི་མོད་ལ་དུམ་བུའི་ཀུན་དགའ་ར་བ་པ་སྟེ་གཞོན་ནུ་ནག་པོས་རི་སྤོས་ངད་ལྡན་ནས་ཨ་མྲའི་སྡོང་པོ་ཡལ་ག་ལོ་འབྲས་རྒྱས་པ། བྱ་སྣ་ཚོགས་སྐད་འབྱིན་པས་བརྒྱན་པ་ཞིག་ཆོ་འཕྲུལ་ཁང་པའི་བྱང་ཕྱོགས་སུ་བཞག་གོ །དེ་བཞིན་དུ་ཁྱིམ་བདག་ངན་ལེགས་སྦྱིན་ཞེས་བྱ་བ་ཕྱིར་མི་འོང་ཐོབ་པ་ཞིག་གིས་ཀྱང་སུམ་ཅུ་རྩ་གསུམ་ནས་ལྷའི་ཤིང་གི་ཡལ་ག་བླངས་ནས་ལྷོ་ཕྱོགས་སུ་བཞག་གོ །དེ་དག་ལ་ཡང་རྒྱལ་པོས་སྔར་བཞིན་བརྗོད་པས། ཆོ་འཕྲུལ་དེ་གཽ་ཏ་མའི་ལགས་སམ། བདག་ཅག་གི་ལགས་སུས་འཚལ་ཞེས་སྤྱི་བརྟོལ་སྨྲ་བར་བྱེད་དོ། །དེ་ལ་དེ་བཞིན་གཤེགས་པས་ཞག་བདུན་གྱི་དུས་འདེབས་པ་ཡང་ཆོ་འཕྲུལ་ཆེན་པོ་བསྟན་པའི་གདུལ་བྱ་རྣམས་འདུ་བར་འགྱུར་བའི་དུས་ལ་དགོངས་བ་སྟེ། དེར་ཆོ་འཕྲུལ་ཆེན་པོ་བལྟ་བར་སྤྲོ་བའི་མི་དཔག་ཏུ་མེད་པ་ཡང་འདུས། ལྷ་དང༌། ཀླུ་དང༌། ལྷ་མ་ཡིན་དང༌། ནམ་མཁའ་ལྡིང་དང༌། དྲི་ཟ་དང༌། གྲུལ་བུམ་དང༌། མིའམ་ཅི་དང༌། ལྷ་མ་ཡིན་དང་འབྱུང་པོ་གྲངས་མེད་པ་དག་ཀྱང་འདུས་པར་མཁྱེན་པ་ན། སྟོན་པས་ཞབས་བཀྲུས་ཏེ་འདུན་ཁང་གི་ནང་དུ་གཤེགས་ནས་མེའི་ཁམས་ལ་སྙོམས་པར་ཞུགས་པས་སྒོ་འཕར་གྱི་གསེབ་ནས་མེ་འོད་བྱུང་ཞིང༌། དེ་ལས་མཆེད་པ་བཞིན་དུ་ཆོ་འཕྲུལ་ཁང་པའི་ཕྱི་ནང་ཐམས་ཅད་ཁ་དོག་དང་དབྱིབས་དང་འོད་ཀྱི་སྤྲོ་བ་རྣམ་པ་དུ་མ་དང་ལྡན་པའི་མེ་དཔུང་དུ་འབར་བར་གྱུར་པ་ན། ཆོ་འཕྲུལ་ཁང་པ་མེས་ཚིག་གོ་སྙམ་ནས་མུ་སྟེགས་ཅན་རྣམས་རབ་ཏུ་དགའ་ཞིང༌། གོ་ཏ་མ་མཐུ་དང་ལྡན་ན་འདི་ཞི་བར་བགྱིད་གྲང་ཅེས་
སྨྲའོ། །དེ་མ་ཐག་མེ་ལྕེའི་ཆོ་འཕྲུལ་བསྡུས་པ་ན། དྲི་མ་ནག་ནོག་མི་མཛེས་པ་ཐམས་ཅད་ནི་མེ་འོད་ཀྱིས་སྦྱངས། འདུན་ཁང་སྔར་བས་ཀྱང་གསལ་ཞིང་མཛེས་ལ་དྲི་མ་མེད་པར་སྣང་ངོ༌། །དེ་ནས་རྒྱལ་པོ་དང་སྐྱེ་བོ་ཐམས་ཅད་ཡིད་དགའ་བ་སྐྱེས་ཏེ། རྒྱལ་པོས་དེ་དག་ལ་སྟོན་པས་རྫུ་འཕྲུལ་བསྟན་ཟིན་གྱི། ད་ཁྱེད་རྣམས་ཀྱི་རེས་ལ་བབ་བོ་བྱས་པས་དེ་དག་སྤོབས་པ་མེད་དེ་ཅང་མི་སྨྲའོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་གཡས་པ་དྲི་གཙང་ཁང་གིས་ས་ལ་བསྣུན་པས་ས་རྣམ་པ་དྲུག་ཏུ་གཡོས་པ་ན། སྔར་སྟོན་པ་དྲུག་གིས་ཕྱོགས་སུ་བཙལ་བའི་དྲང་སྲོང་ལྔ་བརྒྱ་གངས་རི་དང་ཉེ་བའི་ནགས་ཁྲོད་ན་གནས་པ་དེ་རྣམས། དེར་ས་གཡོས་པ་དེ་སྟོན་པ་དྲུག་གིས་བརྡ་བཏང་བ་ཡིན་ནོ་སྙམ་སྟེ་ནམ་མཁའི་ལམ་ལས་འཕུར་ཞིང་འོངས་པ་ན། བཅོམ་ལྡན་འདས་ཀྱི་སྣང་བའི་འོད་ཟེར་ཆེན་པོ་བཀྱེ་བ་ལ་བསྟད་དེ་འོངས་པས་སངས་རྒྱས་ཀྱི་སྐུ་མཐོང་བ་ཙམ་གྱིས་ཤིན་ཏུ་དད་དེ། ས་ལ་བབས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་འདུག་པ་ལ་ཆོས་བསྟན་པས་བདེན་པ་མཐོང་ཞིང༌། རབ་ཏུ་བྱུང་བར་གསོལ་བ་བཏབ་པ་ལ་ཚུར་ཤོག་གིས་བསྙེན་པར་རྫོགས་ཏེ། སླར་ཡང་གདམས་ངག་བསྟན་པས་ཐམས་ཅད་ཀྱང་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་བོ། །དེ་ནས་སྟོན་པ་དགྲ་བཅོམ་གསར་པ་ལྔ་བརྒྱ་པོས་ཀྱང་བསྐོར་ཏེ། ཆོ་འཕྲུལ་གྱི་འདུན་ཁང་གི་སེང་གེའི་ཁྲི་ལ་བཞུགས་སོ། །དེའི་ཚེ་རྫུ་འཕྲུལ་ལེན་གྱི་མ་དགེ་བསྙེན་མ་དང༌། ཁྱིམ་བདག་ངན་པ་ལེགས་སྦྱིན་དང༌། དགེ་ཚུལ་སྐུལ་བྱེད་དང༌། དགེ་ཚུལ་མ་རྗེད་མེད་དང༌། དགེ་སློང་མ་ཨུཏྤ་ལའི་མདོག་དང༌། འཕགས་པ་མཽང་གལ་གྱི་བུ་རྣམས་རེ་རེ་ནས་མུ་སྟེགས་ཅན་འདི་དག་བདག་གིས་འཐག་ཏུ་སྩལ། ལྷ་དང་མི་རྣམས་དགའ་བར་ཡང་བགྱིད། སྐྱེ་བོ་དམ་པ་རྣམས་ཡི་རང་བར་བགྱིའོ་ཞེས་ཞུས་པ་ན། སྟོན་པས་མུ་སྟེགས་བྱེད་རྣམས་ང་འབོད་ཀྱི། ཁྱེད་
མ་ཡིན་པས་སེམས་ཁྲལ་ཆུང་ངུར་འདུག་ཅིག་ཅེས་ཟློག་པར་མཛད་དོ། །དེ་ནས་འཁོར་དཔག་ཏུ་མེད་པའི་དབུས་དེར་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གསལ་རྒྱལ་ལ་བཀའ་སྩལ་པ། རྒྱལ་བོ་ཆེན་པོ་ང་ལ་མུ་སྟེགས་ཅན་དང་ལྷན་ཅིག་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། རྒྱལ་པོས་སྟན་ལས་ལངས་ཏེ་ཐལ་མོ་སྦྱར་བ་བཏུད་ནས། བཙུན་པ་བདག་ལགས་ཏེ་བསྟན་དུ་གསོལ། སྐྱེ་རྒུ་ཀུན་ལ་ཕན་པ་དང་བདེ་བར་འགྱུར་ལགས་སོ། །ཞེས་སོ། །དེ་ནས་སྟོན་པ་མཉམ་པར་བཞག་སྟེ། གདན་ལས་མི་སྣང་བར་གྱུར་ནས་ཕྱོགས་བཞིའི་ནམ་མཁའ་ལ་སྤྱོད་ལམ་བཞི་མཛད་པ་དང༌། མེའི་ཁམས་ལ་སྙོམས་པར་ཞུགས་ཏེ་འོད་ཟེར་དྲུག་འགྱེད་པ་དང༌། མེ་འབར་ཞིང་ཆུ་འཁྲུག་པ་སོགས་ཟུང་གི་ཆོ་འཕྲུལ་དང༌། གཞན་ཡང་རྫུ་འཕྲུལ་རྣམ་པར་འཕྲུལ་པ་དུ་མ་བསྟན་ནས་སེང་གེའི་ཁྲི་ལ་བཞུགས་སོ། །རྫུ་འཕྲུལ་འདི་ནི་ཉན་ཐོས་རྣམས་དང་ཐུན་མོང་བ་ཡིན་ནོ། །ཞེས་གསུངས་སོ། །ཡང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་གཤེགས་པ་ལ་བླ་ན་མེད་པའི་ཆོ་འཕྲུལ་སྟོན་པར་གསོལ་བ་འདེབས་པ་སུ་ཡིན། རྒྱལ་པོས་སྔར་བཞིན་གསོལ་བས། བཅོམ་ལྡན་འདས་ཀྱི་ཕྱག་གཡས་པ་ས་ལ་རེག་པར་མཛད་པས་ས་འོག་ནས་ཀླུ་རྣམས་ཀྱིས་ཕུལ་བའི་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་འདབ་མ་སྟོང་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་པའི་ཆུ་བ་དང་རྡོ་རྗེའི་ཟེ་བ་ཅན་ཞིག་ས་བརྟོལ་ནས་བྱུང་སྟེ། པདྨ་དེའི་སྙིང་པོ་ལ་བཅོམ་ལྡན་འདས་ཉིད་བཞུགས་སོ། །པདྨའི་སྡོང་པོ་ཡང་ཤིན་ཏུ་ཆེ་བར་གྱུར་ཏེ། འོག་མིན་གྱི་བར་དུ་ཁྱབ་པ་ལས། གཡས་གཡོན་སོགས་ཕྱོགས་ཀུན་དུ་རབ་ཏུ་རྒྱས་ནས་པདྨ་ཆེན་པོ་ལྔ་བརྒྱར་གྱུར་པ་ལ་སྤྲུལ་པའི་སངས་རྒྱས་ལྔ་བརྒྱ་བཞུགས་སོ། །དེ་ལ་སངས་རྒྱས་ཁ་ཅིག་ནི་མེ་འབར། ལ་ལ་ནི་འོད་གསལ་བར་མཛད། གཞན་དག་ནི་
ཆར་འབེབས། འགའ་ཞིག་ནི་གློག་འབྱིན། དེ་བཞིན་དུ་ཀུན་ཤེས་པར་ལུང་སྟོན་པ་དང༌། ཞུ་བ་ཞུ་བ་དང༌། ལན་འདེབས་པ་དང༌། འཆག་པ་དང༌། བཞུགས་པ་དང༌། བཞེངས་པ་དང༌། གཟིམ་པ་ལ་སོགས་པ་མཛད་པ་ཐ་དད་པ་དང༌། ཆོ་འཕྲུལ་ཐ་དད་པ་དཔག་ཏུ་མེད་པ་ཞིག་སྟོན་ནོ། །དེར་བྱིས་པ་གཞོན་ནུ་ཚུན་ཆད་དང༌། སྲོག་ཆགས་ཕྲ་མོ་ཚུན་ཆོད་ཀྱིས་ཀྱང་མཐོང་བར་བྱིན་གྱིས་བརླབས་སོ། །དེར་རྒྱལ་པོ་ལ་སོགས་པ་སྐྱེ་བོ་འབུམ་ཕྲག་དུ་མ་དག་དང༌། ནམ་མཁའ་ལ་ལྷ་འབུམ་ཕྲག་དུ་མ་གནས་པ་རྣམས་མིག་མི་འཛུམ་པར་ལྟ་ཞིང་བསྟོད་དབྱངས་བྱེད། རྔ་བོ་ཆེ་དག་རྡུང༌། དུང་སྒྲིལ་མ་དག་འབུད། རོལ་མོ་སྣ་ཚོགས་པ་འཁྲོལ། ལ་ལ་གླུ་ལེན། ལ་ལ་གར་བྱེད། ལྷ་རྣམས་ཀྱིས་རིན་པོ་ཆེའི་མེ་ཏོག་དང༌། མེ་ཏོག་སྣ་ཚོགས་པ་དང༌། དྲི་ཞིམ་པོའི་ཕྱེ་མ་རྣམས་དང༌། ལྷ་རྫས་ཀྱི་གོས་སྣ་ཚོགས་དང༌། རྒྱན་སྣ་ཚོགས་ཀྱང་འཐོར་བར་བྱེད། ཨ་ལ་ལ་ཞེས་སྒྲ་བསྒྲགས་སོ། །བྱོལ་སོང་རྣམས་ཀྱང་ཡིད་བདེ་བ་སྐྱེས་ཏེ་རང་རིགས་ཀྱི་སྒྲ་སྐད་སྣ་ཚོགས་པ་སྒྲོག་སྟེ། གླང་པོ་ཆེ་ནི་འབོད། རྔ་མོང་ནི་འཁང༌། རྟ་ནི་འཚེར། རྨ་བྱ་འགྱུར་བ་སོགས་བྱེད་དེ་ཐམས་ཅད་རབ་ཏུ་དགའ་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་ཀྱང༌། བརྩམ་པར་བྱ་ཞིང་དབྱུང་བར་བྱ། །ཞེས་སོགས་གསུངས་ཤིང༌། སྤྲུལ་པ་རྣམས་ཀྱིས་ཅིག་ཅར་དུ། ཇི་སྲིད་ཉི་མ་མ་ཤར་བ། །དེ་སྲིད་སྲིན་བུ་མེ་ཁྱེར་གསལ། །མཁའ་ལ་ཉི་མ་ཤར་བ་ན། །མོག་མོག་པོར་འགྱུར་གསལ་མི་འགྱུར། །ཇི་སྲིད་དེ་བཞིན་གཤེགས་མ་བྱུང༌། །རྟོག་གེ་པ་རྣམས་སྔོན་གསལ་ཏེ། །རྫོགས་པའི་སངས་རྒྱས་འཇིག་རྟེན་སྣང༌། །རྟོག་གེ་མི་གསལ་དེའི་སློབ་མིན། །ཞེས་སོ། །དགེ་སློང་དག་ཆོ་འཕྲུལ་ཆེན་པོ་མི་སྣང་བར་འགྱུར་གྱི། མཚན་མ་ཟུང་ཞིག དགེ་སློང་རྣམས་ཀྱིས་ཡང་མཚན་རྟགས་སུ་བཟུང་སྟེ། དེ་མ་
ཐག་ཏུ་མི་སྣང་བར་གྱུར་ཏོ། །དེ་ནས་རྒྱལ་པོས་མུ་སྟེགས་བྱེད་རྣམས་ལ། ད་ཁྱོད་ཀྱི་རེས་ལ་བབ་ཀྱི་རྫུ་འཕྲུལ་སྟོན་ཅིག དེ་ནས་རྫོགས་བྱེད་ནི་གནག་ལྷས་ཀྱི་བུ་ལ་གྲུ་སུགས་བྱེད། དེས་ནི་ཡང་དག་རྒྱལ་བ་ཅན་ལ། དེས་ནི་སྐྲའི་ལྭ་བ་ཅན་ལ། དེས་ཀྱང་ནོག་ཅན་ལ། དེས་ཀྱང་གཉེན་གྱི་བུ་ལ། དེས་ཀྱང་རྫོགས་བྱེད་ལ་སྟེ། ཅང་མི་སྨྲའོ། །རྒྱལ་པོས་ཀྱང་ལན་གསུམ་དུ་བསྐུལ་བས། སྔར་ལྟར་གྲུ་སུགས་ལན་གསུམ་བྱེད་ཅིང༌། དེ་དག་ཡུལ་ཡུལ་པོར་གྱུར་ལ། ཞུམ་ཞིང་སེམས་ཁོང་དུ་ཆུད་ལ་གདོང་སྨད་དེ་འདུག་གོ །དེའི་ཚེ་གནོད་སྦྱིན་ལག་ན་རྡོ་རྗེ་འཁོར་དེ་ཉིད་འདུག་པས། བླུན་པོ་འདི་རྣམས་ཡུན་རིང་པོ་ནས་བཅོམ་ལྡན་འདས་ལ་མཐོ་འཚམ་པས་འདི་རྣམས་འབྲོས་པར་འགྱུར་བའི་ཐབས་བྱའོ་ཞེས་ཏེ། ཉེ་སྐོར་གཞན་གང་ལའང་མེད་པར་མུ་སྟེགས་རྣམས་གང་འདུག་པ་དང༌། གང་སོང་སར་ཆར་རླུང་དྲག་པོ་མི་བཟད་པ་བཏང་བ་དང༌། རྡོ་རྗེ་མེ་འབར་བ་ཐོགས་པའི་གནོད་སྦྱིན་མི་བཟད་པས་ཕྱི་བསྙེགས་བྱེད་པར་ཡང་མཐོང་ནས། ཤིན་ཏུ་བྲེད་དེ་ཕྱོགས་ཐམས་ཅད་དུ་འཐོར་ཞིང་བྲོས་སོ། །གནག་ལྷས་ཀྱི་བུ་ལ་སོགས་པ་ནི་རི་ཕུག་ཏུའོ། །རྒྱལ་བ་ཅན་ལ་སོགས་པ་ནི་རྩྭ་ཚང་ཚིང་དུའོ། །མི་ཕམ་ལ་སོགས་པ་ནི་ནགས་ཐིབས་པོར་རོ། །ནོག་ཅན་ནི་འདུན་ཁང་དུའོ། །གཉེན་གྱི་བུ་ནི་མགྲོན་ཁང་དུ་ཞུགས་སོ། །སྟོན་པས་ཀྱང༌། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང༌། །ཀུན་དགའ་ར་བ་ལྗོན་ཤིང་དང༌། །མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །ཅཻས་སོགས་གསུངས། དེར་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ་བཅོམ་ལྡན་འདས་ཀྱིས་ཆོས་རྒྱ་ཆེར་གསུངས་པས། མུ་སྟེགས་བྱེད་ཀྱི་དགེ་བསྙེན་རང་ཡང་ཁྲི་ཕྲག་དགུས་བདེན་པ་མཐོང་བ་ལ་སོགས་པ་གཞན་སྐྱེ་བོ་དཔག་ཏུ་མེད་པ་ཞིག་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དང༌། དཀོན་མཆོག་
གསུམ་ལ་དད་པ་ལ་བཀོད་དོ། །འོད་སྲུང་རྫོགས་བྱེད་ནི་སྔ་རོལ་གྱི་དུས་ཞིག་ནས། སློབ་མ་ལ་ལ་ལ་ནི་བདག་དང་འཇིག་རྟེན་རྟག་པར་སྟོན། ལ་ལ་ལ་ནི་མི་རྟག་པར། ལ་ལ་ལ་ནི་གཉིས་ཀར། ལ་ལ་ལ་ནི་གཉིས་མིན་དུ་སྟོན་པ་སོགས་ལུང་བསྟན་པར་མི་འོས་པ་བཅུ་བཞིར་བཤད་དོ། །དུས་དེའི་ཚེ་ཆར་རླུང་གིས་བདས་ཤིང་བྲོས་ནས། ནམ་ཞིག་ཆར་རླུང་སངས་པ་ན་མྱ་ངན་གྱི་མེས་གདུངས་ཤིང༌། དུས་གཞན་ཞིག་ན་རང་ཉིད་གཅིག་པུར་འགྲོ་བ་ལ། ཉི་མའི་འོད་ཀྱིས་གདུངས་ཏེ་ཆུ་བསིལ་བ་འདོད་ནས་འཚོལ་ཞིང་ཕྱིན་པ་ལས། ལམ་དུ་མ་ནིང་ཞིག་གིས་ཚིག་རྩུབ་པོས་སྤྱོས་པ་ན། ད་ནི་མིའི་ཐ་མ་འདི་ལྟ་བུས་ཀྱང་སྤྱོས་སོ་སྙམ་སྟེ་ཡི་ཆད་དེ། རྫིང་འགྲམ་དུ་སོང་ནས་བྱེ་མས་གང་བའི་བུམ་པ་མགུལ་དུ་བཏགས་ཏེ་རྫིང་བུ་ཟབ་མོ་དེར་མཆོངས་ནས་དུས་ལས་འདས་སོ། །དེ་ནས་ཕྱིས་དེའི་སློབ་མ་དག་གིས་ཕྱི་བཞིན་དུ་སོང་ནས་བཙལ་བ་ན་མ་རྙེད་དེ། ཕན་ཚུན་འདུས་ནས་རང་ཅག་རྣམས་ལ་མཁན་པོས་ལུང་བསྟན་པ་དག་ཡོད་དམ་ཞེས་བློ་བསྡུར་བ་ན། ཐམས་ཅད་མི་མཐུན་པར་གྱུར་ཏེ། ད་ནི་མཁན་པོ་ཉིད་བཙལ་ལ་དྲི་བར་བྱའོ་ཞེས་འཚོལ་དུ་སོང་བ། རྫིང་བུ་དེ་དང་ཉེ་བར་སླེབ་པ་ན། བུ་མོ་ཞིག་དང་འཕྲད་དེ་དེ་ལ་དྲིས་པས། ངན་སོང་སེམས་ཅན་དམྱལ་བ་པ། །ལག་པ་བརྐྱངས་ནས་འགྲོ་བ་ཡི། །རྫོགས་བྱེད་དེ་ནི་ཆུས་གཡེངས་ཏེ། །རྐང་ལག་སྐྱ་བོར་གྱུར་ཞིང་འདུག །ཅེས་ཟེར་བ་ན། དེ་དག་ཅང་མི་ཟེར་བར་རྫིང་བུའི་འགྲམ་དུ་ཕྱིན་པས། རྫོགས་བྱེད་དེ་ལྟར་ཤི་བ་མཐོང་སྟེ། དེ་ལ་ཡིད་བརྟན་པའི་སློབ་མ་རྣམས། མཁན་པོའི་དེ་ཁོ་ན་ཉིད་འདི་བདེན་ཏེ། གཞན་དག་ནི་གཏི་མུག་གོ་ཞེས་དེ་དག་ཀྱང་བྱེ་མས་གང་བའི་བུམ་པ་མགུལ་དུ་བཏགས་ནས་རྫིང་དེར་མཆོངས་ཏེ་ཤིའོ། །དེ་ནས་ལྷག་མ་དེ་དག་མཐའ་འཁོབ་ཏུ་བྲོས་ཤིང་སྔར་གྱི་རྫོགས་བྱེད་དང་རུས་དང་མིང་གཅིག་པ་ཞིག་སྟོན་པར་བསྐོས་ནས་སྔར་བཞིན་སྟོན་པ་དྲུག་
གི་ཐ་སྙད་དུ་བྱས་ཏེ་ཡུལ་དབུས་རྣམས་སུ་ངོ་ཚ་བས་ཕལ་ཆེར་མཐའ་འཁོབ་ཏུ་གནས་པར་བྱེད་དོ། །རེ་གཉིས་པ་དྲང་སྲོང་ལྔ་བརྒྱ་བཏུལ་བ་ནི། ཡང་མཉན་ཡོད་དང་ཉེ་བའི་ནགས་ཁྲོད་ཅིག་ན། དྲང་སྲོང་ལྔ་བརྒྱ་ཙམ་སྦྱིན་སྲེག་བྱེད་པས་གནས་སོ། །དེ་དག་འདུལ་བའི་དུས་ཡིན་པར་མཁྱེན་ནས། སྦྱིན་སྲེག་གི་ཐབ་ཀྱི་ནང་ཐམས་ཅད་དུ། སྟོན་པའི་ཞབས་རྗེས་རེ་མཐོང་ཞིང་མེ་སྤོར་བར་མི་ནུས་པར་བྱིན་གྱིས་བརླབས་པ་ན། དྲང་སྲོང་རྣམས་ན་རེ། རྗེས་འདིའི་མཐུ་ལས་བདག་ཅག་གིས་མེ་སྤོར་བར་མ་ནུས་ཏེ། འདི་ནི་མཐུ་ཆེ་བས་ན། ལྷ་ཆེན་པོའི་རྗེས་ཡིན་ཡང་དག་གོ་སྙམ་སྟེ། ཞབས་རྗེས་དེ་ཉིད་ལ་བསྲེག་རྫས་ཕུལ་བས། སངས་རྒྱས་ཀྱི་མཐུས་མེ་རང་འབར་དུ་གྱུར་ཏེ། ཚངས་པའི་འཇིག་རྟེན་ལ་ཐུག་པར་སོང་བས། དྲང་སྲོང་རྣམས་ཡ་མཚན་གྱུར་ཏེ་གནས་པ་ན་རྗེས་དེ་ལྟ་བུ་མེ་ཐབ་ཀྱི་དྲུང་ནས་རྒྱལ་བྱེད་ཀྱི་ཚལ་ལ་ཐུག་གི་བར་དུ་མཐོང་བར་མཛད་པ་ན། དྲང་སྲོང་རྣམས་ཀྱང་དེའི་རྗེས་བཅད་དེ་རྒྱལ་བྱེད་ཀྱི་ཚལ་དུ་སོང་ངོ༌། །དེར་བཅོམ་ལྡན་འདས་མཐོང་བས་ཤིན་ཏུ་དད་པ་ལ། ཡང་དག་པའི་ཆོས་གསུངས་པས་ཐམས་ཅད་ཀྱང་ཕྱིར་མི་འོང་བའི་འབྲས་བུ་ཐོབ། དེ་ནས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་མི་རིང་བར་དགྲ་བཅོམ་པའི་འབྲས་བུ་ཡང་མངོན་དུ་བྱས་སོ། །རེ་གསུམ་པ་ལྔ་ལེན་གཉིས་བསྡུམས་པ་ནི། ཡང་ལྷོ་ཕྱོགས་ལྔ་ལེན་དང༌། བྱང་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་གཉིས་རྟག་ཏུ་མི་མཐུན་པར་གནས་པ་ལས། རྒྱལ་པོ་གསལ་རྒྱལ་ནི་དེ་གཉིས་ཀའི་མཛའ་བཤེས་ཡིན་ནོ། །དེ་ནས་འདི་གཉིས་ཇི་ལྟར་བསྡུམ་པར་བྱ་སྙམ་པ་ལ། བཅོམ་ལྡན་འདས་ནི་མ་དུལ་བ་འདུལ་བ་ཡིན་པའི་ཕྱིར་གསོལ་བ་གདབ་བོ་སྙམ་ནས། སྟོན་པའི་སྤྱན་སྔར་སོང་སྟེ་གསོལ་བ་བཏབ་པས་ཅང་མི་གསུང་བས་གནང་ངོ༌། །དེ་ནས་བཅོམ་ལྡན་འདས་མཉན་ཡོད་ནས་མི་སྣང་པར་མཛད་དེ་རྒྱལ་པོ་གཉིས་ཀྱི་ས་མཚམས་སུ་
གཤེགས་ནས། དེ་གཉིས་འཐབ་པའི་སེམས་སྐྱེ་བ་དེ་ལྟར་བྱིན་གྱིས་བརླབས་པས། སོ་སོའི་དཔུང་ཡན་ལག་བཞི་གོ་བསྐོན་ཏེ་འོངས་པ་ལ། ལྷོ་ཕྱོགས་པ་རྣམས་ལ་ནི་བྱང་ཕྱོགས་པ་རྒྱལ་ཏེ། ལྷོ་ཕྱོགས་པ་རང་ཉིད་ཤིན་ཏུ་ཕམ་པར་བྱས་པར་མཐོང་བ་དང༌། བྱང་ཕྱོགས་པའི་དམག་རྣམས་ཀྱིས་ཀྱང༌། །ལྷོ་ཕྱོགས་པའི་དཔུང་སྟོབས་དང་ལྡན་པས། །བྱང་ཕྱོགས་པ་ཉིད་ཕམ་པར་མཐོང་བ་དེ་ལྟ་བུར་བྱིན་གྱིས་བརླབས་ནས། སོ་སོའི་རྒྱལ་པོ་ཤིང་རྟར་ཞུགས་ཏེ་འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་བ་ལས། གཅིག་གིས་གཅིག་མི་མཐོང་བར་བྱིན་གྱི་བརླབས་སོ། །དེ་ནས་ཞབས་ལ་ཕྱག་བྱས་ཏེ་འཁོད་པ་ལ་དུས་གཅིག་ཏུ་ཆོས་བསྟན་པ་ན། ལྷོ་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་ལ་བདེན་པ་བཞིའི་གཏམ་དུ་གྱུར་ཏེ། རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང༌། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པའི་བར་དུ་གྱུར་ལ། བྱང་ཕྱོགས་ལྔ་ལེན་གྱི་རྒྱལ་པོ་ལ་བླ་ན་མེད་པའི་བྱང་ཆུབ་ལ་སྤྲོ་བའི་གཏམ་དུ་གྱུར་ཏེ། དེས་ཟླ་བ་གསུམ་དུ་སངས་རྒྱས་དགེ་འདུན་དང་བཅས་པ་ལ་ཡོ་བྱད་ཐམས་ཅད་ཀྱིས་བསྟབས་ཤིང༌། མཇུག་ཏུ་ཞལ་ཟས་རོ་བརྒྱ་པའི་གདུགས་ཚོད་བཤམས། བཅོམ་ལྡན་འདས་ལ་ན་བཟའ་འབུམ་རི་བ་དང༌། དགེ་སློང་རྣམས་ལ་ཡང་རས་ཟུང་རེ་རེ་ཕུལ་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་ལེགས་སོ་བཀའ་སྩལ་ཏེ། རྒྱལ་པོ་དེ་མ་འོངས་པ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་རྒྱལ་བ་ཞེས་བྱ་བར་ལུང་བསྟན་ཏོ། །རེ་བཞི་པ་ཤ་ཟ་སྟོང་བཏུལ་བ་ནི། ཡང་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་མཉན་ཡོད་དང་མ་ག་དྷཱའི་བར་གྱི་ས་མཚམས། དགོན་པའི་ལམ་ཉམ་ང་བ་ཞིག་ན་ཤ་ཟ་སྟོང་ཕྲག་གཅིག་གནས་ནས་མི་དང་དུད་འགྲོའི་སྐྱེ་བོ་ཤིན་ཏུ་མང་བོ་དག་ཁ་ལྡོན་པར་བྱེད་དོ། །དེ་ཐོས་ནས་རྒྱལ་པོ་གསལ་རྒྱལ་གྱིས་གཟུགས་ཅན་སྙིང་
པོ་ལ་བསྐུལ། གཟུགས་ཅན་སྙིང་པོས་སྟོན་པའི་དྲུང་དུ་ཕྱིན་ཏེ་ཡུལ་མ་ག་དྷཱ་དང༌། ཀོ་ས་ལའི་བར་གྱི་ཤ་ཟ་མ་རུངས་པའི་ཚོགས་པ་ཆེན་པོ་འདི་རྣམས་འདུལ་དུ་གསོལ། ཞེས་གསོལ་བ་བཏབ་པས་ཅང་མ་གསུང་བས་གནང་ངོ༌། །དེ་ནས་རྒྱལ་པོ་སོང་ནས་མི་རིང་བར་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ནས་མི་སྣང་བར་མཛད་དེ། ཤ་ཟ་རྣམས་ཀྱི་གནས་ཤིང་སཱ་ལའི་ནགས་ཁུང་དུ་བཞུགས་སོ། །དེའི་ཚེ་སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པར་མཛད་པ་ན། རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱི་ཐུགས་ཤེས་ཏེ། རྒྱལ་པོ་ཆེན་པོ་ངལ་གསོས་པོ་རང་ཉིད་འཁོར་གནོད་སྦྱིན་དབང་ཆེ་བར་གྲགས་པ་རྣམས་དང་ལྷན་ཅིག་སྟོན་པའི་སྤྱན་སྔར་སོང་ནས་སྐུའི་དྲུང་ན་འཁོད་དོ། །དེའི་ཚེ་ཤ་ཟའི་ཚོགས་རྣམས་ཀྱིས་ཐག་རིང་པོ་ནས་རང་གི་གནས་སངས་རྒྱས་གྱིས་མནན་པ་མཐོང་ནས་མི་སྡུག་པའི་གཟུགས་སྣ་ཚོགས་པ་སྟོན་གྱིན་རྒྱུགས་ཏེ་འོངས་ན། ཉེ་བར་ཕྱིན་པའི་ཚེ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་དབང་ཆེ་བ་མང་པོ་དང་བཅས་པ་རྣམས་ཀྱིས་ཤ་ཟ་དེ་རྣམས་བཏགས་ཤིང་གཙེས་པ་ན། དེ་དག་སྐྲག་ཅིང་དངངས་པས་བྲོས་པ་བཅོམ་ལྡན་འདས་ཀྱིས་ཕྱོགས་ཐམས་ཅད་མེ་ལྕེ་ཆེན་པོས་འཁོར་བར་སྤྲུལ་པས་དེའི་ཚེ་འབྲོས་པའི་གནས་མ་རྙེད་དེ། བཅོམ་ལྡན་འདས་ཉིད་ལ་གུས་པས་སྐྱབས་སུ་སོང་ཞིང༌། སྟོན་པས་ཀྱང་གང་ཞིག་ཐོས་ན་ཤ་ཟ་རྣམས་ཀྱི་སེམས་རྒྱུད་དགེ་བར་འགྱུར་བའི་ཆོས་བསྟན་པས་དེ་དག་རབ་ཏུ་དད་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ཡང་དག་པར་བླངས་སོ། །རེ་ལྔ་པ་འདུས་པ་ཆེན་པོ་བསྟན་པ་སོགས་ནི། ཡང་བཅོམ་ལྡན་འདས་སེར་སྐྱའི་གནས་ཀྱི་ནགས་ཚལ་ན་དགྲ་བཅོམ་པ་ལྔ་བརྒྱ་དང་ལྷན་ཅིག་བཞུགས་ཏེ། མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་སྟོན་པར་མཛད་དོ། །དེའི་ཚེ་ལྷ་དབང་ཆེས་ཆེ་བར་གྲགས་པ་ཐམས་ཅད་དང༌། གཞན་ཡང་འབྱུང་པོ་མཐུ་ཆེན་རྣམས་འདུས་སོ། །དེ་ནས་ཚངས་རིགས་
ཀྱི་ལྷ་བཞི་འོངས་ནས་ཆེད་དུ་བརྗོད་པའང་བྱས། སྟོན་པས་ཀྱང་སྔོན་གྱིས་སངས་རྒྱས་རྣམས་དང༌། མ་འོངས་པའི་རྣམས་ལའང་ད་ལྟར་གྱི་བཞིན་དུ་འདུས་པ་འདི་ལྟ་བུ་འདུས་སོ་ཞེས་ཆེད་དུ་བརྗོད་པའང་མཛད་ནས། དེའི་ཚེ་སློབ་མ་ཞེས་བྱ་བ་ལྔ་བརྒྱ་པ་ཕྲག་གཉིས་དང༌། བརྒྱ་དང་བཅུ་སྟེ་དེ་དག་ནི་ལྷ་མཐུ་ཆེ་བ་འབའ་ཞིག་ཡིན་ཏེ་དེ་རྣམས་དང༌། ནགས་ཚལ་གྱི་གནོད་སྦྱིན་སྟོང་ཕྲག་བདུན་དང༌། གསེར་ཅན་གྱི་རིགས་སྟོང་ཕྲག་དྲུག་དང༌། ཤར་ཕྱོགས་རྣམ་རྒྱལ་གྱི་ཚལ་ནས་འོངས་པའི་རི་མཉམ་ཞེས་བྱ་བ་སྟོང་ཕྲག་གསུམ་སྟེ། གནོད་སྦྱིན་ལྷའི་རིགས་སྟོང་ཕྲག་བཅུ་དྲུག་གོ །རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ཆུ་སྲིན་ཞེས་བྱ་བ་འཁོར་འབུམ་ཕྲག་མང་པོ་དང༌། ཀུན་གྱི་བཤེས་གཉེན་དང༌། ཀུན་གྱི་ལྷ་འཁོར་མང་པོ་དང་བཅས་པ་དང༌། རྒྱལ་པོ་ཆེན་པོ་བཞི་སྲས་དགུ་བཅུ་རྩ་གཅིག་རེ་དང་བཅས་པ་དང༌། སླུ་བྱེད་ལ་སོགས་པ་འཇིག་རྟེན་སྐྱོང་བ་བཞིའི་གཡོག་ཏུ་གྱུར་པའི་སྡེ་དཔོན་ཤིན་དུ་མང་བ་དང༌། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང༌། འཇོག་པོ་ལ་སོགས་པའི་ཀླུའི་རྒྱལ་པོ་ཤིན་ཏུ་མང་པོ་དང༌། ཀླུ་རྒྱལ་ཟིལ་གནོན་ལེན་ལ་སོགས་པ་མཁའ་ལྡིང་གི་རྒྱལ་པོ་མང་པོ་དང༌། ཐགས་བཟང་རིས་དང༌། རབ་བཀྲ་ལ་སོགས་པ་ནས་སྟོབས་ལྡན་གྱི་བུ་བརྒྱད་དང་བཅས་པའི་བར་དུ་ལྷ་མིན་གྱི་རྒྱལ་པོ་གོ་བགོས་པ་རྣམས་དང༌། ཆུ་ལྷ་མོ་ལ་སོགས་པ་ལྷའི་བུད་མེད་བརྒྱ་དང༌། འཇུག་སེལ་སྤུན་གཉིས་དང༌། ཟླ་བ་དང་ཉི་མ་ལ་སོགས་པ་གཟའ་སྐར་བརྒྱ་དང༌། ཞི་བ་མོ་དང་དཀའ་བཟློག་མ་ལ་སོགས་པ་རྣལ་འབྱོར་མ་བརྒྱ་དང༌། སྔོ་སངས་མ་དང་ཕག་མོ་ལ་སོགས་པ་མ་མོ་བརྒྱ་དང༌། དཀར་མོ་དང་རྒྱལ་བྱེད་མ་ལ་སོགས་པ་གནོད་སྦྱིན་མོ་བརྒྱ་དང༌། བདེ་བྱེད་དགའ་ལྡན་ལ་སོགས་པ་འདོད་པའི་ཁམས་གོང་མའི་ལྷ་ཚོགས་བརྒྱ་དང་དྲུག་ཅུ་དང༌། ཚངས་པ་ཆེན་པོ་དང་ཀུན་འགྱེད་གཞོན་ནུ་ལ་སོགས་པ་ཚངས་རིས་ཀྱི་ལྷ་མང་པོ་དང༌། ཐམས་ཅད་ཀྱི་
ཐ་མར་འོངས་པ་ནག་པོ་སྡེ་བོ་ཆེ་འཇིགས་བྱེད་ཆེན་པོ་འཁོར་དང་བཅས་པ་རྣམས་སོ། །དེ་ལྟར་གྲངས་སུ་སྨོས་པ་དེ་དག་ཀྱང་དབང་ཆེ་བ་ཆེ་བར་གྲགས་པ་གཙོ་བོ་གཙོ་བོ་རྣམས་ཀྱི་གྲངས་ཡིན་གྱི། དེར་འདུས་པ་འཁོར་ཚོགས་དང་བཅས་པ་ལྷ་ཐམས་ཅད་ཀྱི་གྲངས་ནི་མ་ཡིན་ནོ། །ཕན་ཚུན་འདུས་པའི་ཤར་ཕྱོགས་ལྟ་བུ་ཕྱོགས་གཅིག་གི་མཐའ་ནས་གཅིག་ཤོས་ནུབ་ཕྱོགས་ལྟ་བུའི་མཐའ་ལྷ་རྣམས་ཀྱི་མིག་གིས་ཀྱང་མི་མཐོང་བའི་རྒྱ་ཆེན་པོ་འདུས་སོ། །དེ་དག་འདུས་ནས་ཡུན་རིང་དུ་གནས་ཤིང༌། རང་རང་གི་བསམ་པ་དང་མཚུངས་པ་བདུད་རྩི་ལྟ་བུའི་ཆོས་དྲི་མ་མེད་པའི་ཆར་ཆེན་པོ་ཕབ་པ། དེའི་ཚེ་ལྷ་ལ་སོགས་པའི་འབྱུང་པོ་ཐམས་ཅད་མཆོག་གི་དད་པ་དང༌། སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལ་བཀོད་ཅིང༌། ལྷ་ཆེས་མང་པོས་བདེན་པ་མཐོང་བ་དང༌། འབྱུང་པོ་མང་པོ་ཞིག་བྱང་ཆུབཏུ་སེམས་ཀྱང་བསྐྱེད། རང་རང་གི་རིག་སྔགས་དང་སྲོག་གི་སྙིང་པོ་ཐམས་ཅད་ཀྱང་མདོངས་གསོལ་དུ་ཕུལ་ཏེ། འགའ་ཞིག་དམ་ལ་བཞག་པ་དང༌། འགའ་ཞིག་ཆོས་ཀྱི་སྲུང་མར་བསྐོ་བ་ལ་སོགས་པ་མཛད་པ་ཡིན་ནོ། །དེ་ནས་ཐམས་ཅད་རང་རང་གི་གནས་སུ་གྱེས་པར་གྱུར་ཏེ། དེ་བཞིན་གཤེགས་པས་འགྲོ་བ་ཀུན་ལ་ཤིས་པ་བརྗོད་པར་ཡང་མཛད་དོ། །འདི་ནི་འདུས་པ་ཆེན་པོའི་མདོ་བསྟན་པའི་དུས་ཏེ། ཐེག་པ་ཐུན་མོང་ལས་ནི་འདུས་པ་ཆེན་པོའི་མདོ་ཉུང་ཟད་ཙམ་ཞིག་ཡོད་པའི་དབང་དུ་བྱས་པའོ། །ཡང་དེ་རྗེས་སུ་སྐུའི་སྐྱེ་བ་ལྔ་བརྒྱར་ཡབ་ཏུ་གྱུར་པའི་བྲམ་ཟེ་རྒན་པོ་ཞིག་བདེན་པ་ལ་བཀོད་ནས་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་བོ། །རེ་དྲུག་པ་ཚོང་པ་ལྔ་བརྒྱ་གཉིས་ནི། ཡང་མཉན་ཡོད་ནས་ཚོང་པ་ལྔ་བརྒྱ་ཟོང་ཁྱེར་ཏེ་ཡུལ་གཞན་དུ་སོང་སོང་བ་ལས་ནགས་ཁྲོད་ཆེན་པོ་གཅིག་ཏུ་ཕྱིན་པ་ན། དེ་ན་གནས་པའི་གནོད་སྦྱིན་གདུག་པ་ཅན་རྣམས་ཀྱིས་རླུང་ནག་ཆེན་པོ་
མུན་སྲོས་པ་ལྟ་བུ་བཏང་ཞིང༌། འཇིགས་པའི་གཟུགས་སྣ་ཚོགས་པ་མངོན་སུམ་དུ་བསྟན་ཏེ་ཚོང་པ་རྣམས་ཀྱི་ཐོག་ཏུ་རྒྱུགས་པ་ན། ཚོང་པ་ཐམས་ཅད་ཆེས་སྐྲག་སྟེ་ལྷའོ་ཅོག་ལ་གསོལ་བ་འདེབས་སོ། །དེར་དགེ་བསྙེན་ཞིག་ཡོད་པས། ཀྱཻ་སྐྱབས་མ་ཡིན་པ་ལ་སྐྱབས་བཙལ་བས་ཅི་བྱ། སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སུ་སོངས་ཤིག །ཅེས་སྨྲས་པས་དེ་ཐམས་ཅད་ཀྱིས། སངས་རྒྱས་ལ་ཕྱག་འཚལ་ལོ་བདག་ཅག་སྐྱབས་ཏུ་གསོལ། ཞེས་བརྗོད་པས། དེ་རྣམས་འདུལ་བའི་དུས་ལ་བབ་པར་དགོངས་ཏེ། བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་སྣ་ཞགས་ལྟ་བུའི་ཕྱག་བརྐྱངས་ཏེ་ནགས་ཁྲོད་དེ་ནས་ཚོང་པ་ལྔ་བརྒྱ་རྫས་དང་བཅས་པ་བླངས་ཏེ་མཉན་ཡོད་དང་ཉེ་བར་འཇོག་པར་མཛད་དོ། །ཚོང་པ་དེ་རྣམས་ཡུལ་དུ་སླེབ་པ་ན། སངས་རྒྱས་ལ་དད་པས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་འཁོད་པ་ལ་ཆོས་བསྟན་པས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་ཅིང་ཆེད་དུ་བརྗོད་པའང་བྱས་ལ་ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང༌། ཇི་ལྟར་ལུང་ཕོག་པ་ལྟར་བསྒོམས་པས་མི་རིང་བར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །དེ་བཞིན་དུ་ཚོང་པ་ལྔ་བརྒྱ་རྒྱ་མཚོར་སོང་བ་རླུང་གིས་བདས་ཤིང་རླབས་ཀྱིས་བསྐྱོད་ནས། རྒྱ་མཚོའི་དབུས་ཀྱི་བྲག་རིའི་སུལ་དུ་མཁར་བ་ལེགས་པར་བསྐྱབས་ནས་དགྲ་བཅོམ་པའི་བར་དུ་ཐོབ་པའི་གཏམ་རྒྱུད་ཀྱང་ཡོད་དོ། །རེ་བདུན་པ་ལྷ་ལས་བབས་པ་ནི། གང་གི་ཚེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཆོ་འཕྲུལ་ཆེན་པོ་བསྟན་པ་དེ་ཕྱིན་ཆད་ལྷ་དང་མི་རྣམས་སངས་རྒྱས་གྱི་བསྟན་པ་ཁོ་ན་ལ་མངོན་པར་དད་དོ། །དེར་དགེ་སློང་རྣམས་རྙེད་བཀུར་མང་ཞིང་ཆཻས་མང་བས། སོ་སོ་སྐྱེ་བོ་རྣམས་ཀྱི་སྤོང་བ་ལ་བར་དུ་གཅོད་པར་གྱུར་པ་གཟིགས་ནས། འབྱོར་བ་དང་རྙེད་བཀུར་མང་ཆེས་པ་དེ་ཉིད་རྒྱུན་བཅད་པའི་ཕྱིར་དང༌། ཡུམ་ལྷའི་གནས་སུ་སྐྱེ་བ་བཞེས་པ་དེ་ཉིད་བདེན་པ་
ལ་འགོད་པའི་ཕྱིར་དུ། བཅོམ་ལྡན་འདས་འཁོར་དང་བཅས་པ་རི་རབ་ཀྱི་རྩེ་མོ་ལྷའི་གནས་སུམ་ཅུ་རྩ་གསུམ་དུ་གཤེགས་སོ། །དེར་ཤིང་ཡོངས་འདུས་བརྟོལ་དང་ཉེ་བ་ལྭ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ཏུ་བཞུགས་ཏེ་ཡུམ་ལ་སོགས་པ་ལྷ་རྣམས་ལ་ཆོས་སྟོན་པར་མཛད་དོ། །འཕགས་པ་མཽང་གལ་གྱི་བུ་ཆེན་པོ་ལ་སོགས་པ་དགེ་སློང་རབ་ཏུ་མང་པོ་དག་མཉན་ཡོད་དུ་དབྱར་གནས་པར་མཛད་པ་ན། དེར་དགེ་སློང་རྣམས་ཀྱིས་མཽང་གལ་གྱི་བུ་ཆེན་པོ་ལ། དེར་དེ་བཞིན་གཤེགས་པ་ཕྱོགས་གང་དུ་དབྱར་གནས་པར་མཛད་ཅེས་དྲིས་པ་ལ་སུམ་ཅུ་རྩ་གསུམ་གྱི་གནས་སུ་མཛད་དོ་ཞེས་བཤད་དོ། །དེ་ནས་ཟླ་བ་གསུམ་འདས་པ་ན། འཁོར་རྣམ་པ་བཞིའི་ཚོགས་རྣམས་མཽང་གལ་གྱི་བུ་ཆེན་པོའི་དྲུང་དུ་ལྷགས་ནས། བདག་ཅག་གིས་བཅོམ་ལྡན་འདས་མ་མཐོང་ནས་ཡུན་རིང་ལོན་ཏེ་ཤིན་ཏུ་གདུང་པར་གྱུར་གྱི། འཕགས་པ་བཞུད་ལ། བདག་ཅག་ལ་ནི་དེར་འོང་པའི་རྫུ་འཕྲུལ་མེད། ལྷ་རྣམས་ལ་ནི་ཛམྦུའི་གླིང་འདིར་འོང་བ་ལ་དཀའ་བ་མེད་པའི་ཕྱིར་ཛམྦུའི་གླིང་དུ་གཞེགས་པར་ཞུས་ཤིག དེ་ནས་འཕགས་པས་རྫུ་འཕྲུལ་གྱིས་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་མཐའ་ཅིག་ཏུ་འདུག་ནས་འདི་སྐད་ཅེས། ལྷའི་འཁོར་འདི་དག་ནི་འཕགས་པ་དགྱེས་པའི་ཚུལ་ཁྲིམས་དང་ལྡན་པས་འདིར་སྐྱེས་སོ། །ཞེས་ཞུས། སྟོན་པས་ཀྱང་དེ་བཞིན་ནོ་ཞེས་བསྔགས་སོ། །དེ་ནས་ལྷ་རྣམས་སྟོན་པའི་དྲུང་ནས་སོང་བའི་འོག་ཏུ། འཕགས་པ་མཽང་གལ་གྱི་བུས་འཁོར་རྣམ་པ་བཞིའི་འཕྲིན་གསོལ་བས། ཁྱོད་སོང་ལ། ཞག་བདུན་ནས་གྲོང་ཁྱེར་སཾ་ཀཱ་ཤིའི་ཨ་པ་ཛ་རའི་ནགས་ཨུ་དུམ་ཝ་རའི་ཤིང་དྲུང་དུ་གཤེགས་པར་འགྱུར་རོ་ཞེས་སྒོས་ཤིག །དེས་སྐད་ཅིག་ལ་ཛམྦུ་གླིང་དུ་འོངས་ནས་འཁོར་རྣམ་པ་བཞི་ལ་བཤད་པས། དེ་རྣམས་ཀྱིས་ས་ཕྱོགས་དེ་བྱི་དོར་བྱས་ཤིང་མཆོད་པ་སྣ་ཚོགས་པ་
བཤམས་སོ། །དེ་ལྟ་བུའི་བར་སྐབས་ཞག་བདུན་གྱི་རིང་ལ། བཅོམ་ལྡན་འདས་ཀྱིས་འཐབ་བྲལ་ནས་འོག་མིན་གྱི་བར་དུ་གཤེགས་ཏེ། ས་ཕྱོགས་གཞན་དུ་འགྲོ་བར་མི་སྤྱོད་ལ་གདུལ་བྱར་ནི་གྱུར་པ་དཔག་ཏུ་མེད་པ་ཡོད་དེ། དེ་འདྲ་མཐའ་དག་ལ་ཆོས་བསྟན་ཏོ། །དེ་ལྟར་ན་ལྷའི་འགྲོ་བ་གྲངས་མེད་ཚད་མེད་པ་སྨིན་ཞིང་གྲོལ་བ་ལ་བཀོད་ནས། སླར་ཡང་ཡུལ་སུམ་ཅུ་རྩ་གསུམ་དུ་བྱོན་པ་ན། ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ཛམྦུའི་གླིང་དུ་གཤེགས་པར་བཞེད་དམ། ཞེས་ཞུས་པ་ལ་དེ་ལྟར་རོ་ཞེས་བཀའ་སྩལ་ཏེ་དེས་བཟོ་བོ་ལས་ཐམས་ཅད་པ་ལ་བཀའ་བསྒོས་ནས། སུམ་ཅུ་རྩ་གསུམ་ནས་ཛམྦུའི་གླིང་གི་བར་ལ་དབུས་སུ་བཻ་ཌཱུརྱའི་སྐས་དང༌། གཡས་སུ་གསེར་དང༌། གཡོན་དུ་ཤེལ་གྱི་སྐས་བྱས། དེའི་ཚེ་ལྟ་ཚངས་པ་གསེར་གྱི་སྐས་ལ་འབབ་ཅིང་གཟུགས་ཁམས་ཀྱི་ལྷ་དང་ལྷན་ཅིག་ཏུ་སྐུའི་གཡས་ནས་འགྲོ། བརྒྱ་བྱིན་ནི་གདུགས་རྩིབས་མ་སྟོང་དང་ལྡན་པ་འཛིན་ཞིང་ཤེལ་གྱི་སྐས་ལས་འབབ་བཞིན་དུ་འདོད་ཁམས་ཀྱི་ལྷ་དུ་མས་བསྐོར་ཏེ་སྐུའི་གཡོན་ཕྱོགས་ནས་འགྲོ། བཅོམ་ལྡན་འདས་ནི་དབུས་ཀྱི་བཻ་ཌཱུརྱའི་སྐས་ལ་གཤེགས་ཏེ། གལ་ཏེ་ཞབས་ཁོ་ནས་བྱོན་ན་ནི་མུ་སྟེགས་དག་ན་རེ། དགེ་སྦྱོང་གཽ་ཏ་མ་ལྷའི་འདོད་ཡོན་དང་བཟང་མོ་དག་མཐོང་བས་རྫུ་འཕྲུལ་ཉམས་སོ་ཞེས་འཕྱ་བར་འགྱུར་ལ། རྫུ་འཕྲུལ་ཁོ་ནས་གཤེགས་ན་ནི་ལྷ་རྣམས་ཀྱི་སྐས་བཙུགས་པ་དོན་མེད་ཅིང་བསོད་ནམས་མི་འཕེལ་བར་གཟིགས་ནས། བར་འགའ་ནི་རྫུ་འཕྲུལ་གྱིས་བྱོན། རེས་འགའ་ནི་ཞབས་ཀྱིས་གཤེགས་སོ། །མིའི་འགྲོ་བའི་དྲི་མི་ཞིམ་པ་ནི་ལྷ་རྣམས་ཀྱིས་མི་བཟོད་པ་ལ། སྟོན་པས་ཙནྡན་ས་མཆོག་གི་དྲིར་བྱིན་གྱིས་བརླབས་སོ། །དེའི་སྐབས་སུ་ཚེ་དང་ལྡན་པ་རབ་འབྱོར་ཤིང་དྲུང་ན་འདུག་པས་མཐོང་སྟེ། ཀྱེ་མ་འོ་ལྷ་འདི་དག་ཀྱང་དེང་ཉིད་རང་གི་གནས་སུ་འགྱེས། མི་འདི་དག་ཐམས་ཅད་ཀྱང་
ལོ་བརྒྱ་ཚུན་ཆད་ལ་འཆི། དེ་བཞིན་གཤེགས་པ་ཡང་མྱུར་དུ་མྱ་ངན་ལས་བཟླའོ་སྙམ་ཡིད་འབྱུང་བས་རྐྱེན་བྱས་ཏེ་བདེན་པ་ཡང་མཐོང༌། མི་རིང་བར་དགྲ་བཅོམ་པ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་ས་ལ་བྱོན་ཏེ་བཞུགས་ཁྲི་བཤམས་པ་ལ་བཞུགས་སོ། །ས་ཕྱོགས་ཐམས་ཅད་འཁོར་རྣམ་པ་བཞི་དང༌། རྒྱལ་པོ་དང༌། བློན་པོ་དང༌། བྲམ་ཟེ་དང༌། ཁྱིམ་བདག་ལ་སོགས་པ་སྐྱེ་བོའི་ཚོགས་མཐའ་ཡས་པས་ཡོངས་སུ་བསྐོར་ཏེ་ཆོས་ཀྱི་སྒོ་དུ་མ་དག་འབྱེད་པར་མཛད་དོ། །དེའི་ཚེ་འཕགས་མ་ཨུཏྤ་ལའི་མདོག་བདག་དགེ་སློང་མའི་གཟུགས་ཀྱིས་ཕྱིན་ན་སྟོན་པའི་སྤྱན་སྔར་མི་གཏོང་ངོ་སྙམ་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པར་སྤྲུལ་ཏེ་སོང་བ་ན། འཁོར་རྣམས་ཡ་མཚན་དུ་གྱུར་ཞིང་རྟོག་པ་སྣ་ཚོགས་དང་བཅས་པས་ལམ་ཕྱེའོ། །དེ་འཕགས་མ་ཨུཏྤ་ལའི་མདོག་ཡིན་པར་ཚེ་དང་ལྡན་པ་འཆར་ཀས་དྲི་བསུང་ལས་རྟོགས་སོ། །དེར་འཁོར་ལོས་བསྒྱུར་བའི་རྣམ་པ་མཐོང་བས། འཁོར་ཁ་ཅིག་ནི་ལྷའི་སྲིད་པ་ལ་ཆགས། འགའ་ཞིག་ནི་མིའི་སྲིད་པ་ལ་ཆགས་པ་ལས། དེ་བཟློག་པའི་ཕྱིར་ཆོས་གསུངས་པས་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དཔག་ཏུ་མེད་དོ། །བཀའ་སྩལ་པ། ས་རྣམས་གཅིག་གིས་ཐོབ་པ་དང༌། །ལྷ་རྣམས་སུ་ཡང་འགྲོ་བ་དང༌། །ཡང་ན་ཏིང་འཛིན་ཐོབ་པ་བས། །རྒྱུན་དུ་ཞུགས་པའི་འབྲས་བུ་མཆོག །ཅེས་སོགས་གསུངས་སོ། །དེ་དག་ནི་ལྷ་ལས་བབས་པའི་མཛད་པ་སྟེ་ཆོ་འཕྲུལ་ཆུང་བའམ། ཆོ་འཕྲུལ་གཉིས་པའམ། ཆོ་འཕྲུལ་ཕྱི་མར་ཡང་གྲགས་སྐད་དོ། །རེ་བརྒྱད་པ་གྲོང་ཁྱེར་བཟང་བྱེད་དུ་གཤེགས་པ་ནི། དེའི་ཚེ་ལྷོ་ཕྱོགས་གྲོང་ཁྱེར་བཟང་བྱེད་ན་མི་བསོད་ནམས་ཅན་དྲུག་ཡོད་དེ། ཁྱིམ་བདག་ལུག་ཅེས་བྱ་བ་མཛོད་སྟོང་པ་ལའང་མིག་གིས་བལྟས་མ་ཐག་གང་བར་འགྱུར་བ་དང༌། དེའི་ཆུང་མས་མི་གཅིག་ལ་
སྦྱོར་བའི་བཟའ་བ་བཅོས་ན། མི་བརྒྱ་སྟོང་ལ་ཁྱེབ་པའི་བཟའ་བཅའ་འབྱུང་བ་དང༌། དེའི་བུ་ལ་པ་ན་ལྔ་བརྒྱ་པའི་སྣོད་སྟོང་པ་སྐེད་པར་བཏགས་ན། པ་ན་བརྒྱ་སྟོང་གིས་གང་བར་འགྱུར་བ་དང༌། དེའི་མནའ་མས་ནི་དྲི་བཟང་གཅིག་སྦྱར་ན་བརྒྱ་སྟོང་དུ་འཕེལ་བར་འགྱུར་བ་དང༌། བྲན་ཕོས་ནི་རོལ་གཅིག་རྨོས་པས་རོལ་བདུན་རྨོས་པར་འགྱུར་བ་དང༌། བྲན་མོས་ནི་འབྲུ་སྣོད་གང་བྲུས་པས་འབྲུ་སྣོད་བདུན་ཚར་བར་འགྱུར་བའོ། །དེའི་ཚེ་བཟང་བྱེད་པ་རྣམས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། ཀུན་དགའ་བོ་ང་གྲོང་ཁྱེར་བཟང་བྱེད་དུ་འགྲོ་ཡི། དེར་འགྲོ་བ་དག་ཆོས་གོས་ལོངས་ཤིག་ཅེས་བསྒོ་བར་བྱའོ། །ཞེས་བཀའ་སྩལ་ནས། བཅོམ་ལྡན་འདས་འཁོར་དང་བཅས་པར་རིམ་གྱིས་ཕྱོགས་དེར་གཤེགས་སོ། །ཆོ་འཕྲུལ་ཆེན་པོ་བསྟན་པའི་རྗེས་ལ་མུ་སྟེགས་ཅན་རྣམས་ཡུལ་མཐའ་འཁོབ་ཏུ་བྲོས་ཏེ་གནས་པ་ལས། གྲོང་ཁྱེར་བཟང་བྱེད་ན་གནས་པའི་མུ་སྟེགས་རྣམས་ཀྱིས་སངས་རྒྱས་འབྱོན་པ་ཐོས་ནས་རོད་རོད་པོར་གྱུར་ཏེ་དེ་འདིར་བྱུང་ན་བདག་ཅག་ལ་རྙེད་པ་མེད་པར་འགྱུར་གྱི། ཐབས་ཞིག་བྱའོ་སྙམ་ནས། ཡུལ་དེའི་ཁྱིམ་བདག་ལ་སོགས་པ་སྐྱེ་བོ་རྣམས་ཀྱི་དྲུང་དུ་སོང་ནས། ཆོས་ཐོབ་པར་གྱུར་ཅིག བལྟས་ཟིན་གྱི་འགྲོའོ་ཟེར་བ་ལ་ཅི་ཡིན་དྲིས་པས། ཁྱེད་རྣམས་ཀྱི་འབྱོར་པ་མཐོང་ཟིན་གྱི་རྒུད་པ་མ་མཐོང་བ་ལ་འགྲོའོ། །དགེ་སྦྱོང་གཽ་ཏ་མ་སྤུ་གྲིའི་སེར་བ་འབེབས་ཤིང་འོང་གི ཁྱེད་དུ་མ་ཞིག་གི་བུ་དང་ཁྱིམ་ཐབས་མེད་པར་འགྱུར་རོ། །དེ་རྣམས་ན་རེ། དེ་ལྟ་ན་བདག་ཅག་སྤང་བར་བགྱིའམ་བཞུགས་ཤིག མུ་སྟེགས་རྣམས་ན་རེ། འོ་ན་ཉེ་སྐོར་གྱི་སྐྱེ་བོ་ཐམས་ཅད་གྲོང་ཁྱེར་གྱི་ནང་དུ་ཆུགརྩྭ་སྔོན་པོ་ཐམས་ཅད་རྔོས། མགྲོན་ཁང་ལ་སོགས་པ་འདུག་གནས་ཐམས་ཅད་ནི་བཤིག །མེ་ཏོག་དང་འབྲས་བུའི་ཐམས་ཅད་ནི་ཆོད། ལྟེང་ཀ་ལ་སོགས་པའི་ཆུ་ཐམས་ཅད་ལ་དུག་ཐོབ་ཅིག ཅེས་ཟེར་བ་བཞིན་དེ་དག་གིས་
ཀྱང་བྱས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ཉེ་བར་བྱོན་པ་ན། རླུང་གི་ལྷ་རྣམས་ཀྱིས་རླུང་བཏང་ནས་ཆུ་དུག་ཅན་རྣམས་བསྐམས། ཆར་འབེབས་པའི་ལྷས་ཆར་ཕབ་སྟེ་ཡན་ལག་བརྒྱད་ལྡན་གྱི་ཆུས་གང་ངོ༌། །མེ་ཏོག་དང་འབྲས་བུའི་ཤིང་རྣམས་ནི་གསོས། རྒྱལ་ཆེན་བཞིའི་ལྷ་ལ་སོགས་པས་འདུག་གནས་དང་ཡོ་བྱད་ཕུན་སུམ་ཚོགས་པར་བྱས་ཏེ། དེ་དག་ཀྱང་བརྒྱ་བྱིན་གྱི་བཀས་བསྐུལ་བའོ། །དེ་ནས་བཟང་བྱེད་པ་རྣམས་ཀྱིས་རྟོག་མཁན་བཏང་བས། ལམ་གྱི་འབྱོར་བ་རྣམས་ཤིན་ཏུ་རྒྱས་པར་མཐོང་ནས། སླར་ལྡོག་སྟེ་སོང་ནས་བཟང་བྱེད་པ་རྣམས་ལ་སྨྲས་པས། མུ་སྟེགས་བྱེད་རྣམས་ན་རེ། གཽ་ཏ་མ་དེ་ནི་སེམས་མེད་པའང་འདི་ལྟར་དུ་སྒྱུར་བར་བྱེད་ན། ཁྱེད་ཅག་མི་འགྱུར་བ་སྲིད་རེ་ཀན། ད་ནི་ཁོ་བོ་ཅག་འགྲོའོ། །དེ་རྣམས་ན་རེ་བཞུགས་ཤིག །འོ་ན་དམ་ཚིག་བཅའ་དགོས་ཏེ་ཁྱེད་ཅག་སུ་ཡང་གཽ་ཏ་མའི་དྲུང་དུ་མི་འགྲོ་ལ། གལ་ཏེ་སུ་འགྲོ་བ་དེ་ལ་པ་ཎ་དྲུག་ཅུའི་ཆད་པ་གཅོད་ན་སྡོད་དོ། །ཡུལ་པ་དེ་རྣམས་ཀྱིས་ཀྱང་དེ་ལྟར་ཁྲིམས་བཅས་སོ། །དེའི་ཚེ་བཅོམ་ལྡན་འདས་གྲོང་ཁྱེར་བཟང་བྱེད་ཀྱི་ལྷོ་ཕྱོགས་ཀྱི་གནས་ན་བཞུགས་སོ། །སེར་སྐྱ་ནས་བཟང་བྱེད་དུ་བག་མར་བཏང་བའི་བུ་མོ་ཞིག་ཡོད་པ། དེས་དེའི་ནུབ་མོ་ར་བའི་ཁ་ནས་བལྟས་པ་ན་སངས་རྒྱས་མུན་ཁུང་ན་བཞུགས་པར་མཐོང་སྟེ། གལ་ཏེ་ར་བ་འདི་ལ་སྐས་ཞིག་ཡོད་ན་མར་མེ་འབུལ་དུ་འགྲོ་བ་ལ་སྙམ་པ་ན། སྟོན་པའི་རྫུ་འཕྲུལ་གྱིས་ར་བ་སྟེ་ལྕགས་རིའི་ཕྱི་ལ་ཐེམ་སྐས་སྤྲུལ་པས། དེ་སོང་སྟེ་སྤྱན་སྔར་མར་མེ་ཕུལ། ཆོས་ཉན་པས་བདེན་པ་མཐོང་ངོ༌། །དེ་ལ་བཀའ་སྩལ་པ། ཁྱོད་ཁྱིམ་བདག་ལུག་གི་སར་སོང་ལ། ནད་མེད་པར་གྱུར་ཅིག ཁྱོད་ཀྱི་ཆེད་དུ་ང་འདིར་འོངས་ན་ཅིའི་ཕྱིར་སྒོ་བཅད་དེ་འདུག་ཅེས་གསུང་ངོ་སྨྲོས་ཤིག ཁྲིམས་བཅས་སོ་ཟེར་ན། ཁྱོད་ཀྱི་བུའི་སྐེད་པ་ལས་པ་ཎ་
བརྒྱ་སྟོང་ཟད་མེད་དུ་འབྱུང་ན། དྲུག་ཅུ་བྱིན་ནས་འོངས་མི་ནུས་སམ་ཞེས་སྨྲོས་ཤིག བུ་མོ་ངེས་ཀྱང་ཕྱིར་ལྡོག་སྟེ་དེ་ལྟར་སྨྲས་པ་ན། ཁྱིམ་བདག་ལུག་གིས་བསམས་པ། འདི་ནི་ཐམས་ཅད་མཁྱེན་པའོ་སྙམ་སྟེ། པ་ཎ་དྲུག་ཅུ་སྒོ་དྲུང་དུ་བཞག་ནས། སྔར་གྱི་སྤྲུལ་པའི་ཐེམ་སྐས་དེ་ལས། བབས་ཏེ་སྤྱན་སྔར་སོང་ནས་ཆོས་ཉན་པས་བདེན་པ་མཐོང་ངོ༌། ཁྱིམ་བདག་ལུག་གིས་ཞུས་པ། བཟང་བྱེད་ཀྱི་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་ཀྱང་ཆོས་འདི་ལྟ་བུ་ཐོབ་པར་འགྱུར་རམ། བཀའ་སྩལ་པ། ཕལ་ཆེར་གྱིས་ཐོབ་པར་འགྱུར་རོ། །དེས་བསམས་པ། འོ་ན་གྲོང་ཁྱེར་གྱི་སྐྱེ་བོའི་ཚོགས་ཐམས་ཅད་ལ་ཕན་གདགས་པར་བྱའོ་སྙམ་ནས་ནམ་མ་ལངས་པ་ལ་གྲོང་ཁྱེར་དུ་ལྡོག་ནས་ཕྱིན། ནངས་པར་ནམ་ལངས་པ་ན་གཞི་མདོར་གསེར་པ་ཎའི་ཕུང་པོ་ཆེན་པོ་སྤུངས་ཏེ་སུ་ཞིག་བཅོམ་ལྡན་འདས་མཐོང་བར་འདོད་པ་དེ་ལ་ཆད་པ་གང་དགོས་ངས་གཞལ་ལོ་ཞེས་དྲིལ་བསྒྲགས་པ་ན། སྐྱེ་བོ་ཐམས་ཅད་དགེའོ་དགེའོ་ཚོགས་ཀྱི་ཁྲིམས་ཚོགས་ཀྱིས་བཤིག་པ་ལ་འགལ་བ་ཅི་ཡོད་ཅེས་རྒྱུགས་ཏེ་སོང་བ་ལས། མུ་སྟེགས་རྣམས་ཀྱིས་སྒོ་ཡང་བསྲུངས་པ་དང༌། ཕན་ཚུན་བདོས་ཏེ་འགྲོ་མ་ཐུབ་པ་ལ། གནོད་སྦྱིན་ལག་ན་རྡོ་རྗེས་ལྕགས་རི་ལ་རྡོ་རྗེས་བསྣུན་ཏེ་དྲལ་ལོ། །དེར་སྐྱེ་བོ་ཐམས་ཅད་དགག་པ་མེད་པར་སོང་སྟེ། བཅོམ་ལྡན་འདས་ཀྱི་སྐུའི་ཉེ་འཁོར་ཁོ་ར་ཁོར་ཡུག་དཔག་ཚད་གཅིག་ཏུ་མིའི་འགྲོ་བས་ཁྱབ་པར་གྱུར་པ་ལ། རབ་ཏུ་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཡུན་རིང་དུ་བསྟན་པས་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་དུ་སེམས་བསྐྱེད་པ་དཔག་ཏུ་མེད་ཅིང༌། ཐམས་ཅད་ཀྱང་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་འཛིན་པ་ལ་བཀོད་དོ། །རེ་དགུ་པ་དཔལ་སྦེད་བཏུལ་བ་ནི། ཡང་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་ཏེ། དེའི་ཚེ་སྔར་གྱི་ཁྱེའུ་མེ་སྐྱེས་དེའི་སྲིང་མོའི་ཁྱོ་ཁྱིམ་བདག་དཔལ་སྦེད་ཅེས་བྱ་བ་གཅེར་བུ་པའི་དགེ་བསྙེན་ཞིག་
ཡོད་དོ། །དེར་མེ་སྐྱེས་ཀྱིས་དཔལ་སྦེད་ལ་ཁྱོད་ཀྱིས་དགེ་འདུན་ལ་ཡོན་ཕུལ་ཞིག་བསོད་ནམས་སུ་འགྱུར་རོ། །དཔལ་སྦེད་ཀྱིས་སྨྲས་པ། ཁྱོད་ཀྱིས་ཀྱང་གཅེར་བུ་པ་གང་པོ་ལ་ཡོན་ཕུལ་ཞིག་ཟེར་ཏེ། དེའི་དགེ་བའི་བར་ཆད་དུ་མི་འགྱུར་བའི་ཕྱིར། མེ་སྐྱེས་ཀྱིས་དེར་ཁས་བླངས་ཏེ། གང་པོ་ལ་ཞུར་ཕྱིན་པས་གང་པོས་བསམས་པ། འདི་གཽ་ཏ་མ་ལ་སུན། བདག་ལ་དད་དོ་སྙམ་ནས་ཁས་བླངས་སོ། །སང་ཉིན་གང་པ་འཁོར་བཅས་ཆས་པ་ན། དཔལ་སྦེད་ཀྱིས་གང་པོ་ལ། གཽ་ཏ་མ་ནི་སོ་སོའི་ཁྱིམ་དུ་བཞུད་ཁར་ཐེམ་པ་ལ་འགོམ་པ་ན་འཛུམ་སྟོན། དེ་ལ་ཉན་ཐོས་ཞིག་གིས་རྒྱུ་འདྲི། དེ་ནས་གཽ་ཏ་མས་ཀྱང་ལུང་སྟོན་པར་བྱེད་དེ་ཚུལ་དེས་ཁྱིམ་པ་དད་པར་བྱེད་ན། ཁྱེད་ཀྱིས་ཀྱང་དེ་བཞིན་དུ་མཛོད་ཅིག་བྱས་སོ། །དེ་ནས་གཅེར་བུ་པ་གང་པོས་མེ་སྐྱེས་ཀྱི་ཁྱིམ་དུ་སླེབ་སྟེ་ཐཻམ་པ་ལ་རྐང་པ་བཞག་ནས་གད་མོ་དགོད་དོ། །གཅེར་བུ་པ་གཅིག་གིས་རྒྱུ་དྲིས་པས། ཆུ་བོ་དྲེགས་བྲལ་གྱི་འགྲམ་ན་སྐྱེས་པའི་ཤིང་ཅིག་ལ་གནས་པའི་སྤྲེའུ་ཞིག་སྤྲེའུ་མོ་ལ་ཆགས་པས་དེད་པ་ན། སྤྲེའུ་མོ་འདྲཻད་དེ་ཆུ་ལ་ཤོར་བ་ན་སྤྲེའུ་དེ་ཡང་ཆུ་ལ་མཆོངས་ཏེ་ཤྀའོ། །དེ་ལ་ང་ནི་སེམས་ཅན་རྣམས་འདོད་པའི་རྒྱུས་སྡུག་བསྔལ་ལོ་སྙམ་མོ་ཞེས་སོ། །མེ་སྐྱེས་ཀྱིས་དེ་ཐོས་ནས། འདི་ལ་ཀྱལ་ཀ་ཞིག་བྱའོ་སྙམ་སྟེ་གང་པོ་ལ་ཚོད་མ་འབྲས་ཆན་གྱིས་བཀབ་ནས་དྲངས། འཁོར་རྣམས་ལ་འབྲས་ཆན་གྱི་སྟེང་དུ་ཚོད་མ་ཡོད་པར་བྱས་ཏེ་དྲངས་པས། ཟ་བའི་དུས་ལ་བབ་ཀྱང་གང་པོ་ནི་ཁོ་བོ་ལ་ཚོད་མ་མེད་དོ་ཞེས་སྡོད་དོ། །དེར་བྲན་ཞིག་ན་རེ། མཐོང་བྱ་མིན་པ་མཐོང་བར་བྱེད། །མཐོང་བར་བྱ་བ་མི་མཐོང་ངོ༌། །དྲེགས་བྲལ་འགྲམ་གྱི་སྤྲེའུ་མཐོང་ལ། །ཕོར་བའི་ནང་གི་ཚོད་མ་མིན། །ཞེས་སྨྲས་སོ། །དེ་ནས་མཆོད་སྟོན་ཟིན་པ་ན་གང་པཽས། སྦྱིན་བདག་གིས་ནི་སྦྱིན་པའི་དུས། །དགེ་
སྦྱོང་གཞན་ནི་ཟ་བའི་དུས། །ལྷག་མ་གཞན་ལ་འོང་བའི་དུས། །བསོད་ནམས་མི་དགེ་ཡོད་མ་ཡིན། །ཞེས་ཡོན་བཤད་ཡིན་པ་ལྟར་བྱས་ནས་སྨོད་པར་བྱེད་དོ། །དེ་མེ་སྐྱེས་ཀྱི་སྒོ་སྲུང་ཀྱིས་ཐོས་ནས། འདི་ལ་ཀྱལ་ཀ་ཞིག་བྱའོ་སྙམ་ནས་འབྲས་ཁུ་སྒོ་ཐེམ་ལ་ཕོ་ནས་བཞག་གོ །དེ་ནས་གང་པོ་ཕྱིར་བྱུང་བ་ན་འབྲས་ཁུ་ལ་འདྲེད་པས་སྒོ་ཐེམ་ལ་མགོ་བརྡབས་ཏེ་རྨ་བྱུང་ངོ༌། །དེ་ནས་དཔལ་སྦེད་ཅན་དུ་སོང་ནས། མེ་སྐྱེས་ཀྱིས་ང་ལ་འདི་འདྲ་བར་བྱས་སོ། །ད་ནི་ལན་དུ་གཽ་ཏ་མ་འཁོར་དང་བཅས་པ་འཇོམས་པར་བྱའོ་ཞེས་གྲོས་བྱས་ནས། དཔལ་སྦེད་ཀྱིས་གཽ་ཏ་མ་དེ་གལ་ཏེ་ཐམས་ཅད་མཁྱེན་པ་ཡིན་ན་ནི་ངས་མགྲོན་དུ་བོས་ན་ཁས་མི་ལེན་ནོ། །གལ་ཏེ་ཁས་ལེན་ན་ནི་ཐམས་ཅད་མཁྱེན་པ་མ་ཡིན་པས་སླའོ་སྙམ། དེ་ནས་དེ་སྟོན་པའི་དྲུང་དུ་སོང་སྟེ་ཞུས་པས། སྟོན་པས་མཁྱེན་བཞིན་དུ་གནང་ངོ༌། །དེར་དཔལ་སྦེད་དགའ་སྟེ་ཁྱིམ་དུ་སོང་ནས་སྒོའི་ཕྱི་ཁྱམས་སུ་དོང་ཆེན་པོ་བྲུས་ཏེ། དེའི་ནང་ཤིང་ཀ་ཏི་ཏའི་མེ་མདག་གིས་བཀང༌། དེའི་ཁ་ཤིང་རབ་རིབ་དང་རྩྭ་དང་སས་བཀབ་སྟེ་མི་མཐོང་བར་བྱས། གལ་ཏེ་མེའི་དོང་འདིར་བསད་མ་ཐུབ་ན། དུག་སྦྱིན་ནོ་སྙམ་སྟེ་བཟའ་བཏུང་ཐམས་ཅད་ལ་དུག་སྦྱར་ཏེ་བཞག་གོ །དེར་མེ་སྐྱེས་ཀྱི་སྲིང་མོས་ཅི་བྱེད་དྲིས་པ་ན། ནངས་པར་དགྲ་གསོད་དེ་གཽ་ཏ་མའོ། །འོ་ན་མཛའ་བོ་སུ་ཡིན་བྱས་པས། འདིས་གསང་ཤོར་བར་འགྱུར་སྙམ་སྟེ། དེ་ཁྱིམ་གྱི་ཕུག་མཛོད་ཞིག་གི་ནང་དུ་བཅུག་སྟེ་སྒོ་ལྕགས་བཏབ་བོ། །དེ་ནས་ནངས་པར་གང་པོས་གཅེར་བུ་བ་མང་པོ་དག་བོས་ཏེ། དེ་དག་དཔལ་སྦེད་ཀྱི་ཁང་པའི་ཡང་ཐོག་ན་འཁོད་དོ། །དེར་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱི་སྔོན་ལ་སུ་ཡང་མི་འགྲོ་བར་བྱས། དེ་ནས་སྟོན་པ་ཉིད་ཀྱིས་སྣ་དྲངས་ཏེ་དགེ་འདུན་དང་བཅས་པ་དཔལ་སྦེད་ཀྱི་ཁྱིམ་དུ་གཤེགས་པ་ན། འོད་མའི་ཚལ་གྱི་ལྷ་དང༌། ལམ་
དུ་རྒྱལ་པོའི་ཁབ་ཀྱི་ལྷས་མི་འབྱོན་པར་ཞུས་ཀྱང་མེ་དང་དུག་གི་གནོད་པ་མེད་པར་བཀའ་སྩལ་ཏེ་ཕེབས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་མེའི་དོང་གི་སྟེང་དུ་ཞབས་བཞག་པ་ན། མེའི་དོང་དེ་ནི་དྭངས་པའི་རྫིང་བུ་པདྨ་ལ་སོགས་པ་མེ་ཏོག་སྣ་ཚོགས་ཀྱིས་ཁེབས་པ་ཆུ་བྱ་སྣ་ཚོགས་རྒྱུ་བ་ཞིག་ཏུ་གྱུར་ཏེ། ལྷ་རྣམས་ཀྱིས་ཀྱང་ནམ་མཁའ་ནས་མེ་ཏོག་གི་ཆར་ཕབ་བོ། །བཅོམ་ལྡན་འདས་པདྨ་དེ་དག་གི་ལྟེ་བ་ལ་ཞབས་བཞག་སྟེ་ཕེབས་པའི་ཕྱི་ནས་ཉན་ཐོས་རྣམས་ཀྱང་འོངས་སོ། དཔལ་སྦེད་ཀྱིས་དེ་མཐོང་ནས་ངོ་མཚར་སྐྱེས་པ་ལ། གང་པོ་ན་རེ། ཁྱོད་གཽ་ཏ་མའི་སྒྱུ་མ་ལ་དད་དམ། དཔལ་སྦེད་ན་རེ། འདི་ལྟ་བུའི་སྒྱུ་མ་སྒྲུབ་ཏུ་རུང་ན་ཁྱོད་ཀྱིས་ཀྱང་ཅིའི་ཕྱིར་མི་སྟོན་ཟེར་རོ། །དེ་ནས་གང་པཽ་ལ་སོགས་པ་གཅེར་བུ་པ་རྣམས་སྐྱེངས་ཏེ་ངོ་ཚ་བས་སྒོ་གཞན་ཞིག་ནས་རིངས་པ་རིངས་པར་བྲོས་སོ། །མེ་སྐྱེས་ཀྱི་སྲིང་མོ་ནི་བར་དེར་ཤིན་ཏུ་ཡིད་མི་བདེ་སྟེ་གནས་པ་ལས། དེར་དཔལ་སྦེད་ཀྱིས་སྒོ་ཕྱེ་སྟེ་ཚུར་ཤོག །སྟོན་པ་ལ་ཕྱག་ཚོལ་ཞིག་ཞེས་བྱས་ཀྱང་དང་པོར་ཡིད་མ་ཆེས། ལན་གཉིས་ལན་གསུམ་དུ་སྨྲས་པས་ཡིད་ཆེས་ཏེ། དཔལ་སྦེད་རང་ཉིད་སྟོན་པའི་སྤྱན་སྔར་འགྲོ་བ་ངོ་ཚ་བས་མེ་སྐྱེས་ཀྱི་སྲིང་མོས་དཔལ་སྦེད་ཁྲིད་དེ་བཟོད་པར་གསོལ་ནས། བཅོམ་ལྡན་འདས་འཁོར་བཅས་ཅུང་ཟད་བཞུགས་ཤིག ཁ་ཟས་འདི་དག་ནི་དུག་སྦྱར་བ་ལགས་ཀྱི། གདུགས་ཚོད་ད་སྡོད་གཤོམ་དགོས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དུག་ཀྱང་བོར་ན། དུག་ཕལ་པ་འདིས་ཅི་བྱར་ཡོད། གང་སྦྱར་བ་དེ་ཁྱེར་ལ་ཤོག་ཅིག །དེར་སཾ་པྲཔྟ་ཞེས་པའི་སྒྲ་བྱུང་ནས། ཁ་ཟས་དུག་ཅན་དེ་ཉིད་གསོལ་ཏོ། །དཔལ་སྦེད་ཀྱིས་བསམས་པ། བཅོམ་ལྡན་འདས་དུག་གསུམ་སྤངས་པ་ཡིན་ཡང༌།
འཁོར་ཐམས་ཅད་ཀྱིས་ནི་མ་སྤངས་པས་དགེ་སློང་རྣམས་ལ་དུག་གིས་གནོད་དོ་སྙམ་ན། སུ་ལའང་མ་གནོད་དེ་ངོ་མཚར་ཆེར་སྐྱེས། དེ་ནས་བཤོས་གསོལ་ཟིན་པ་ན། དཔལ་སྦེད་ཀྱིས་ཆོས་ཉན་པས་བདེན་པ་མཐོང་ནས། དེ་ཕྱིན་ཆད་མུ་སྟེགས་བྱེད་རྣམས་ཀྱི་ནི་སྒོ་བཅད། འཁོར་རྣམ་པ་བཞི་ལ་ནི་སྒོ་དབྱེའོ་ཞེས་བསྒྲགས་སོ། །བདུན་ཅུ་པ་མེ་སྐྱེས་རབ་ཏུ་བྱུང་བ་ནི། ཁྱིམ་བདག་མེ་སྐྱེས་ནི། རང་གི་ཕ་འདས་པའི་རྗེས་སུ་སྔོན་རང་གི་མ་ཤི་བའི་ཕྱོགས་དེར་མཆོད་རྟེན་ཡང་བྱས། ལྷའི་དཔལ་འབྱོར་ཉམས་སུ་མྱོང་སྟེ། དེའི་ཁྱིམ་ན་ཉིན་མཚན་གྱི་བྱེ་བྲག་མེད་དེ། རྒྱལ་པོ་གཟུགས་ཅན་སྙིང་པོ་ཁྱིམ་དེར་ཕྱིན་པ་ན་ཞག་བདུན་ལོན་ཡང་ཉིན་མོ་གཅིག་ཏུ་འདུ་ཤེས་པ་བྱུང༌། ཕྱིས་མ་སྐྱེས་དགྲ་རྒྱལ་སྲིད་ལ་འཁོད་ནས། མེ་སྐྱེས་ཀྱི་ཁྱིམ་དང་རྒྱལ་པོའི་ཕོ་བྲང་ལན་བདུན་དུ་བརྗེས་ཀྱང་མ་སྐྱེས་དགྲ་གང་དུ་བསྡད་པ་ནི་ཕལ་པར་འགྱུར། དེའི་ཁྱིམ་ནི་སྔར་བཞིན་དུ་ལྷའི་གཞལ་མེད་ཁང་པར་གྱུར་པས་དམག་བཏང་སྟེ་འཕྲོག་པར་བརྩམས་པ་ན། ཁྲབ་ཅན་རྣམས་དེའི་ཁྱིམ་གྱི་བྱ་འདབས་ཁབ་ལེན་ལ་བྱས་པས་དྲངས་ཏེ་དྲིལ་བུ་ལྟར་འཕྱང་ངོ༌། །ཞེས་ཀྱང་གྲག་གོ །དེ་ནས་དེས་ལོངས་སྤྱོད་ཐམས་ཅད་སྦྱིན་པར་བཏང་སྟེ་སྟོན་པའི་སྤྱན་སྔར་སོང༌། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པའི་བར་དུ་གྱུར་ཏོ། །དོན་གཅིག་པ་འཕྲོག་མའི་གཏམ་ནི། ཡང་མ་ག་དྷར་གནོད་སྦྱིན་ལྔ་རྩེན་ལ། གནོད་སྦྱིན་ས་ཏིའི་བུ་མོ་དགའ་བྱེད་མ་བག་མར་བཏང་བ་ལས། བུ་གཅིག་ནས་ལྔ་བརྒྱའི་བར་དུ་རིམ་པས་བཙས་སོ། །དེའི་དུས་ན་དགའ་བྱེད་མ་བུའི་ང་རྒྱལ་གྱིས་ལྔ་རྩེན་ལ་ཡང་མི་ཉན་ཞིང༌། ཁྱིམ་ཐབས་རང་གྱེས་སུ་སོང་ནས་རི་བོ་དང་ནགས་ཚལ་དང་ལྗོངས་མ་ངེས་པ་དག་ཏུ་རྒྱུའོ།། དེ་ནས་མ་ག་དྷར་བུད་མེད་བུ་ཆགས་པ་ཐམས་ཅད་མངལ་གྱི་སེམས་ཅན་ཞིག བུ་བཙས་པ་ཐམས་ཅད་ཀྱང་ཤི་སྟེ་གཅིག་ཀྱང་མ་འཚོའོ། །
ལྟས་མཁན་རྣམས་ཀྱིས་གནོད་སྦྱིན་འཁྲུགས་པས་གཏོར་མ་གྱིས་ཤིག་པར་བསྐུལ་བས། དེར་རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཀྱིས་གྲོང་ཁྱེར་རྒྱན་ཐམས་ཅད་ཀྱིས་བརྒྱན། ལྷ་དང་གནོད་སྦྱིན་ཆེར་མཆོད་ཀྱང་མ་ཕན་ཏེ་རྒྱལ་པོའི་ཁབ་ཀྱི་ལྷ་རྣམས་ཀྱིས་ལུང་བསྟན་པ། ཁྱེད་རྣམས་ལ་གནོད་སྦྱིན་མོ་དགའ་བྱེད་གནོད་ཀྱི། བཅོམ་ལྡན་འདས་ལ་དེ་འདུལ་བར་ཞུས་ཤིག དེ་ནས་སྐྱེ་བོའི་ཚོགས་རྣམས་ཀྱིས་འདི་ནི་མ་ག་དྷ་པའི་བུ་རྣམས་འཕྲོག་པར་བྱེད་པས་འཕྲོག་མའོ། །ཞེས་འཕྲོག་མའི་མིང་གིས་འབོད་པར་བྱེད་དོ། །དེར་མ་ག་དྷཱའི་སྦྲུམ་མ་ཐམས་ཅད་ཡུལ་གཞན་དུ་འབྲོས་པར་བརྩམས་པ་ན། འཕྲོག་མ་རང་ཉིད་འཇིགས་པའི་གཟུགས་དངོས་སུ་བསྟན་ཏེ་ལམ་བཀག་པས་འབྲོས་མ་ནུས་སོ། །དེ་ནས་མ་ག་དྷཱ་པ་རྣམས་ཀྱིས་བསྐུལ་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོས་སྟོན་པ་ལ་གནོད་སྦྱིན་མོ་འཕྲོག་མ་འདུལ་བར་གསོལ་བ་བཏབ་བོ། བཅོམ་ལྡན་འདས་ཀྱིས་ཀྱང་འདུལ་བའི་དུས་སུ་དགོངས་ཏེ་ཅང་མི་གསུང་པས་གནང་ངོ༌། །དེ་ནས་སྔ་དྲོའི་དུས་ཤིག་བཅོམ་ལྡན་འདས་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་ནས་ཕྱི་དྲོའི་དུས་ལ་བབ་པ་ན་གནོད་སྦྱིན་མོ་འཕྲོག་མའི་གནས་སུ་གཤེགས་སོ། །དེའི་ཚེ་འཕྲོག་མ་རང་ཉིད་བུ་གཞན་རྣམས་དང་བཅས་པ་སྤྱོད་ཡུལ་དུ་སོང༌། །བུ་ཐ་ཆུང་དགའ་བྱེད་ཅེས་བྱ་བ་དེ་གཅིག་པུ་ཁྱིམ་ན་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་དགའ་བྱེད་ལ་ལྷུང་བཟེད་ཀྱིས་བཀབ་སྟེ་བཞག་ཅིང༌། དེས་གཞན་དག་མཐོང་ལ་གཞན་དག་གིས་དེ་མི་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་དེ་མ་ཐག་ཏུ་འཕྲོག་མས་འོངས་ཀྱང༌། བུ་དགའ་བྱེད་ནི་མ་རྙེད་ནས་ཁྱིམ་གྱི་ཁོ་ར་ཁོར་ཡུག་ཏུ་བཙལ་ཡང་མ་མཐོང་ངོ༌། །བུ་གཞན་རྣམས་ལ་དྲིས་ཀྱང་མཐོང་བ་མེད་དེ། དེ་མིག་མཆི་མས་གང་བཞིན་དུ་རྒྱལ་པོའི་ཁབ་ཀྱི་གྲོང་དང༌། ཚོང་འདུས་དང་ལམ་སྲང་རྣམས་སུ་རྒྱུག་ཅིང༌། ཀྱེ་ཧུད་བུ་ཞེས་སྐད་ཕྱུང་ཡང་ལན་སྟེར་བ་མེད་
ཅིང་མ་མཐོང་ངོ༌། །དེ་ནས་གྲོང་ཁྱེར་ཆེན་པོ་དྲུག་དང་རི་ནག་པོ་དགུ་འདས་ཤིང༌། གླིང་གཞན་རྣམས་དང༌། གསེར་གྱི་རི་བདུན་དང༌། རི་རབ་ཀྱི་བང་རིམ་རྣམས་སུ་བཙལ་ཡང་མ་རྙེད་དེ། རི་རབ་ཀྱི་རྩེ་མོར་ཕྱིན་ནས་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་དུ་འཇུག་པར་བརྩམས་པ་ན། གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་ཀྱིས་བཀག་གོ །དེ་ནས་ལྕང་ལོ་ཅན་དུ་སོང་ནས་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་བུ་ལ་དྲིས་ཤིང་གསོལ་བ་བཏབ་པ་ན་རྣམ་ཐོས་ཀྱི་བུ་ན་རེ། ཁྱོད་ཀྱི་གནས་སུ་ཉིན་པར་སུ་འོངས། འཕྲོག་མས་སྨྲས་པ། དགེ་སྦྱོང་གཽ་ཏ་མ་བྱོན་ཏོ། །འོ་ན་སོངས་ལ་དེ་ལ་སྐྱབས་སུ་སོང་དང༌། དེས་ཁྱོད་ལ་བུ་དགའ་བྱེད་སྟོན་པར་འགྱུར་རོ། །དེ་སྐད་ཐོས་ནས་འཕྲོག་མ་རང་ཉིད་སྲོག་སྟོར་བ་ལས་སླར་རྙེད་པ་ལྟར་གྱུར་ནས་རང་གནས་སུ་སོང༌། །བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ནས། ཀྱེ་དགེ་སྦྱོང་གཽ་ཏ་མ། བདག་ལ་བུ་དགའ་བྱེད་བསྟན་དུ་གསོལ། བཀའ་སྩལ་པ། ཁྱོད་ལ་བུ་མང་ཞེས་གྲགས་ན་ཇི་སྙེད་ཅིག་ཡོད། གསོལ་བ། ལྔ་བརྒྱ་མཆིས་སོ། །བཀའ་སྩལ་པ། འོ་ན་གཅིག་མེད་པས་ལྟ་ཅི་ཉེས། གསོལ་བ། བུ་དགའ་བྱེད་དེ་མ་མཐོང་ན་ཁྲག་དྲོན་མོ་སྐྱུགས་ཏེ་མཆིའོ། བཀའ་སྩལ་པ། ཁྱོད་བུ་དང་བྲལ་བའི་སྡུག་བསྔལ་འདི་འདྲ་ཤེས་བཞིན་དུ་གཞན་གྱི་བུ་ཅིའི་ཕྱིར་བཟའ། གང་ལ་བུ་གཅིག་ལས་མེད་པ་དེ་དག་བསད་ན་སྡུག་བསྔལ་ཅི་འདྲ་བར་འགྱུར། དེ་ནས་དེས་ཀྱང་བཀའ་བཞིན་བགྱིད་པར་དམ་བཅས། མ་ག་དྷ་པ་རྣམས་ལ་མི་འཇིགས་པ་སྦྱིན། སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་རྣམས་ཡང་དག་པར་བླངས་པ་ན་དེས་ཀྱང་དགའ་བྱེད་མཐོང་བས་དགའོ། །དེ་ཕྱིན་ཆད་མ་ག་དྷའི་སྐྱེ་བོ་རྣམས་ལ་གནོད་པ་དེ་ཞི་བས་བདེ་བར་གྱུར་ཏོ། །དོན་གཉིས་པ་རྒྱལ་པོ་ཀ་པི་ན་བཏུལ་བ་ནི། ཡང་བཅོམ་ལྡན་འདས་མཉན་ཡོད་ན་བཞུགས་ཏེ། དེའི་ཚེ་ལྷོ་ཕྱོགས་ཀྱི་ཡུལ་གསེར་གྱི་ས་ཞེས་བྱ་བ་ན་རྒྱལ་པོ་ཀ་པི་ན་
ཞེས་བྱ་བའི་སྲས་ཀ་པི་ན་ཆེན་པོ་རྒྱལ་སྲིད་ལ་བཀོད་དེ། དེ་ནི་བླཽ་གསལ་བ་ཡིད་གཞུངས་པ། དཔའ་བ། བརྟུལ་ཕོད་པ། དམག་ཚོགས་སྟོང་ཕྲག་སུམ་ཅུ་རྩ་དྲུག་ཡོད་པ། ཕས་ཀྱི་རྒོལ་བ་ཐམས་ཅད་ཐུབ་པར་ནུས་པ། རྒྱལ་ཕྲན་ཁྲི་ཕྲག་སུམ་ཅུ་རྩ་དྲུག་ལ་དབང་བྱེད་པ་ཡོད་དེ། འོན་ཀྱང་ཡུལ་དབུས་དང་འགྲུལ་བ་མེད་དོ། །སྐབས་དེའི་དམག་ཚོགས་ཞེས་བྱ་བ་ནི་དམག་མི་སྡེ་ཚན་གྱི་ཚོ་ཆེན་པོ་རེའི་མིང་ངོ༌། །སྐབས་དེར་མཉན་ཡོད་ཀྱི་ཚོང་པ་འགའ་ཞིག་ཡུལ་དེར་ཕྱིན་ནས་རས་བཟང་པོ་ཡུག་ཆེན་བཞི་རྒྱལ་པོ་ལ་ཕུལ་བས། རྒྱལ་པོས་ཡུལ་དབུས་ཞེས་བྱ་བ་ཞེས་དྲིས་པ་ན། ཡུལ་དབུས་ནི་མཉན་ཡོད་དང་རྒྱལ་པོའི་ཁབ་ལ་སོགས་པའོ། །དེར་རྒྱལ་བོ་ཀ་པི་ན་ཆེན་པོས་བསམས་པ། ངས་ཡུལ་མཐའ་ཐམས་ཅད་དབང་དུ་བྱས་ན་དེ་རྣམས་ཅིའི་ཕྱིར་ང་ལ་ཕྱག་འཚལ་དུ་མི་འོང༌། ད་ནི་དེ་དག་ཀྱང་མངའ་འོག་ཏུ་གཞུག་པར་བྱའོ་སྙམ། ཡུལ་དབུས་ན་རྒྱལ་པོ་སུ་ཆེ་དྲིས་པས། མཉན་ཡོད་ཀྱི་རྒྱལ་པོ་ཆེའོ་ཞེས་བྱས་སོ། །དེར་ཀ་པི་ནས་རྒྱལ་པོ་གསལ་རྒྱལ་ལ་ཕོ་ཉ་བཏང་སྟེ། ངའི་མཐུ་དང་གཟི་བྱིན་གྱིས་ཛམྦུའི་གླིང་ན་གཏོགས་པ་ཐམས་ཅད་དབང་ན། ཁྱོད་ཅིའི་ཕྱིར་ཕོ་ཉ་ཡང་འགྲུལ་བར་མི་བྱེད། ད་སྟེ་ཞག་བདུན་ན་ང་དང་ཕྲད་པར་ཤོག་ཅིག གཞན་དུ་ན་དམག་དྲངས་ཏེ་ཁྱོད་ཀྱི་ཡུལ་མེད་པར་བྱའོ། །ཞེས་སོ། །དེར་རྒྱལ་པོ་གསལ་རྒྱལ་ཆེས་སྐྲག་སྟེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་གཏམ་དེ་ཐམས་ཅད་རྒྱས་པར་གསོལ་བ་ན། ཕོ་ཉ་བ་དེ་ངའི་དྲུང་དུ་སྲིངས་ཤིག་གསུངས་པ་ལྟར། རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཕོ་ཉ་བ་དེ་ལ། དབུས་ཀྱི་རྒྱལ་པོའི་ནང་ནས་ཆེས་ཆེ་བ་ནི་ང་མ་ཡིན་གྱི། ཆེས་ཆེ་བའི་འཕྲུལ་གྱི་རྒྱལ་པོ་ཞིག་འདི་དང་མི་རིང་བ་ན་བཞུགས་པས་དེའི་དྲུང་དུ་སོངས་ཤིག །དེའི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་བྱེད་ཚལ་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཕོ་བྲང་ཆེན་པོར་
སྤྲུལ། བཅོམ་ལྡན་འདས་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། མཽང་གལ་གྱི་བུ་ཆེན་པོ་བློན་པོ་རིན་པོ་ཆེའི་རྣམ་པར་བྱས་ཤིང༌། ཇི་ལྟར་གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོའི་དཔུང་དང༌། གཡོག་དང༌། ལོངས་སྤྱོད་ཐམས་ཅད་སྤྲུལ་ལོ། །དེང་ཕོ་ཉ་བས་ནང་དུ་འོངས་ན་ཤིན་ཏུ་ཞུམ་པར་གྱུར་མོད་ཀྱི། འོན་ཀྱང་འཕྲིན་གྱི་ཡི་གེ་ཕུལ་ལོ། །འཕྲུལ་གྱི་རྒྱལ་པོ་དེས་ཡི་གེ་དེ་རྡོག་པས་མནན་ཏེ། ང་ནི་གླིང་བཞི་ལ་དབང་བའི་རྒྱལ་པོ་ཡིན་ན། རྒྱལ་པོ་གླེན་པ་དེ་ཅིའི་ཕྱིར་ངའི་བཀའ་མི་ཉན། ཁྱོད་སོང་ལ་ང་འདི་སྐད་ཅེས་བཀའ་སྩལ་ཏོ་སྨྲོས་ཤིག ད་སྟེ་ཞག་བདུན་ན་ཕྱག་འཚལ་དུ་འདིར་ཤོག་ཅིག གལ་ཏེ་མི་འོང་ན་ཁྲིམས་དང་སྦྱར་རོ། །ཞེས་སོ། །དེ་ནས་ཕོ་ཉ་དེ་ཕྱིར་སོང་སྟེ་ཇི་ལྟར་གྱུར་པ་རྒྱས་པར་བསྙད་པ་དང༌། རྒྱལ་པོ་ཀ་པི་ན་རབ་ཏུ་སྐྲག་ཅིང་འགྱོད་པར་གྱུར་མོད་ཀྱི། འོན་ཀྱང་ད་དུང་ཅུང་ཟད་བགམ་མོ་སྙམ་སྟེ། བདག་རྒྱལ་ཕྲན་སུམ་ཁྲི་དྲུག་སྟོང་དང་ལྷན་ཅིག་མཆིའམ། དེའི་ཕྱེད་དང་ལྷན་ཅིག་མཆི་བཀའ་སྩོལ་ཅིག དེར་རྒྱལ་ཕྲན་ཕྱེད་དང་ལྷན་ཅིག་ཏུ་ཆས་ཏེ་ཤོག་ཅིག་ཅེས་བྱུང་ངོ༌། །དེ་ནས་རྒྱལ་པོ་ཀ་པི་ན་རྒྱལ་ཕྲན་ཁྲི་བརྒྱད་སྟོང་གིས་བསྐོར་ཏེ་མཉན་ཡོད་དུ་བཅོམ་ལྡན་འདས་འཁོར་ལོས་སྒྱུ་རྒྱལ་གྱི་ཚུལ་འཛིན་པའི་སྤྱན་སྔར་ལྷགས་སོ། །དེ་ནས་ཕྱག་བྱས་ཤིང་འདུག་པ་ན། རྒྱལ་པོ་འདིའི་བྱད་གཟུགས་ནི་བདག་པས་ཆེས་ལྷག་མོད། སྟོབས་ཅི་འདྲ་སྙམ་པ་ན། བློན་པོ་རིན་པོ་ཆེ་ལ་ཁྱོད་ཀྱིས་གསེར་སའི་རྒྱལ་པོ་ལ་གཞུ་སྦྱིན་ཞིག་གསུངས་པ་ལྟར་དེས་ཀྱང་སྦྱིན་པ་ན། རྒྱལ་པོས་ལག་གིས་ཀྱང་མ་ཐེག་རྒྱུད་ཀྱང་མ་བསྒྱུར་རོ། །དེ་ནས་འཕྲུལ་གྱི་རྒྱལ་པོས་གཞུ་དེ་ཕྱག་ཏུ་བཞེས་ཏེ། གཞུ་རྒྱུད་སྦྲེངས་པ་ཙམ་གྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་དུ་ས་གཡོས་ཤིང༌། མདའ་གཅིག་འཕངས་པས་མདའ་ལྔར་གྱུར་པའི་རྩེ་མོ་ལས་འོད་ཟེར་གྲངས་མེད་པ་བྱུང༌། འོད་
ཟེར་རེ་རེའི་རྩེ་མོ་ལ་པདྨ་ཤིང་རྟའི་འཕང་ལོ་ཙམ་བྱུང་ཞིང༌། པདྨ་རེ་རེ་ལ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རིན་པོ་ཆེ་སྣ་ཚོགས་དང་བཅས་པ་རེ་རེ་བྱུང་ངོ༌། །དེའི་འོད་ཟེར་གྱིས་སེམས་ཅན་ཐམས་ཅད་བདེ་བ་ལ་བཀོད་པ་སོགས་ཆོ་འཕྲུལ་མཐའ་ཡས་པ་བསྟན་ཏོ། །དེ་ནས་རྒྱལ་པོ་ཀ་པི་ན་འཁོར་དང་བཅས་པ་ཐམས་ཅད་ང་རྒྱལ་ཆག་ཅིང་སེམས་རབ་ཏུ་དད་པར་གྱུར་པ་ན། ཆོ་འཕྲུལ་བརྟུལ་ཏེ་སངས་རྒྱས་ཉིད་ཀྱི་སྐུ་དགེ་སློང་གི་དགེ་འདུན་གྱིས་ཕྱོགས་ཀུན་ཏུ་བསྐོར་བ་དངོས་སུ་བསྟན་ཏེ་ཆོས་གསུངས་པས་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པ་ཐོབ། རྒྱལ་པོ་ཀ་པི་ན་ཆེན་པོ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་གསོལ་བ་འདེབས་པ་ལ། ཚུར་ཤོག་གིས་བསྙེན་པར་རྫོགས་ཤིང་རིང་པོར་མ་ཐོགས་བར་དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱས་སོ། །དོན་གསུམ་པ་ཁྱིམ་བདག་གདངས་ཅན་བདེན་པ་ལ་བཀོད་པ་ནི། ཡང་ཡུལ་ཀཽ་ཤམྦཱི་ན་ཁྱིམ་བདག་ནོར་བཟང་ཞེས་བྱ་བ་ཞིག་རྐང་པ་ཁོ་ནས་འགྲོ་ཞིང་ལས་ཀྱི་མཐའ་ལ་བརྩོན་པ་ལས། རྒྱལ་པོ་ཤར་པས་དེའི་སྐད་ཀྱི་གདངས་ལས་གསེར་འབུམ་ཡོད་པར་ཤེས་ནས་མིང་གདངས་ཅན་དུ་བཏགས་ཤིང་བློན་པོར་བསྐོས་སོ། །དུས་ལན་ཅིག་རྒྱལ་པོས་དེའི་སེམས་བརྟག་པའི་ཆེད་དུ་ཆད་པས་སྡིགས་ཀྱང་མི་རིགས་པའི་ལས་ལ་མི་འཇུག་པས་རྒྱལ་པོ་གཏིང་ནས་ཞེ་མགུ་སྟེ་དམ་པ་ཅི་དགོས་ཞེས་དྲིས་པ་ན། བདག་ཅི་དགར་བསོད་ནམས་དག་བགྱིད་པར་སྩལ་དུ་གསོལ། རྒྱལ་པོས་ཀྱང་གནང་ངོ༌། །དུས་དེའི་ཚེ་ལྷོ་ཕྱོགས་ནས་དྲང་སྲོང་ལྔ་བརྒྱ་ཙམ་ཡུལ་དབུས་སུ་འོངས་པ་ལ། ལམ་ཁར་ཆུ་མེད་པས་སྐོམ་སྟེ་ལྗོན་ཤིང་གཅིག་ལ་ཆུ་སློང་པས་ལག་པ་གཡས་པ་རྒྱན་གྱིས་བརྒྱན་པ་གཅིག་གིས་གསེར་གྱི་སྣོད་ནས་ཆུ་སྦྱིན་པ་ངོམས་པར་འཐུངས་ཏེ་ཅུང་ཟད་ལམ་དུ་འཕགས་པ་ན། འདྲི་བའི་བློ་སྐྱེས་ཏེ་སླར་ལྡོག་ནས་ཁྱོད་ལས་གང་གིས་འདིར་སྐྱེས་ཞེས་དྲིས་པས། ཁོ་བོ་བཟོ་
བོ་ཞིག་ཏུ་གྱུར་པ་ན་སློང་མོ་བ་རྣམས་ལ་མགོན་མེད་ཟས་སྦྱིན་གྱི་ཁྱིམ་བསྟན། དེར་དེ་དག་གིས་བཟའ་བཏུང་མང་པོ་ཐོབ་པ་ལ། བདག་གིས་རྗེས་སུ་ཡི་རང་བྱས་པས་རྒྱལ་ཆེན་བཞིའི་རིས་ཀྱི་ལྷར་སྐྱེས་སོ་ཟེར་རོ། །ཡང་དྲང་སྲོང་རྣམས་ཀྱིས་འོངས་པ་ན། བཀྲེས་སྐོམ་གྱིས་ཉེན་ཏེ་ལྗོན་ཤིང་གཅིག་ལ་ཟས་སློང་པ་ན། དེ་ལས་སྒྲ་བྱུང་སྟེ་ཕྱོགས་འདི་ལྟ་བུ་ན་རྫིང་བུ་ཡོད། དེའི་འགྲམ་གྱི་ཤིང་དྲུང་ན་བཟའ་བ་ཡོད་ཀྱི་ལོངས་ཤིག་ཟེར། དེ་བཞིན་དུ་བྱུང་ནས་ཟོས་འཐུངས་པས་ཚིམས་ཏེ་ཡང་ཅུང་ཟད་ཕར་ལྡོག་ནས་སྔ་མ་བཞིན་དྲིས་པས། སྔོན་མགོན་མེད་ཟས་སྦྱིན་གྱི་ཞོའི་བུམ་པ་དགེ་འདུན་ལ་འགྲིམ་པའི་ལག་བདེ་བ་བྱས་པ་དང༌། ཟས་སྐོམ་ཞིམ་པོ་ཐོབ་པའི་ཕྱིར་བསྙེན་གནས་བླངས་ཏེ་ཡན་ལག་གཞན་རྣམས་ནི་ཐུབ། གཞན་གྱིས་ནན་ཏན་ཆེན་པོས་ཟར་བཅུག་པས་དུས་མིན་གྱི་ཁ་ཟས་སྲུང་མ་ཐུབ་སྟེ། གསོ་སྦྱོང་དེ་མ་རལ་ན་སུམ་ཅུ་རྩ་གསུམ་དུ་སྐྱེ་བ་ཡིན་པ་ལས། རིལ་བ་དེས་རྒྱལ་ཆེན་རིགས་བཞིའི་ལྷར་སྐྱེས་སོ་ཞེས་ཟེར་རོ། །དེར་དྲང་སྲོང་རྣམས་བགྲོས་ཏེ། བདག་ཅག་བརྟུལ་ཞུགས་ལ་གནས་ཀྱང་འབྲས་བུ་ཅིར་འགྱུར་མི་ཤེས་ན། འདི་ནི་དེ་འདྲ་ཡི། འདིས་གང་ལས་གསོ་སྦྱོང་བླང་བའི་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེའི་དྲུང་དུ་འགྲོ་བར་བྱའོ། །དེ་ནས་དེ་དག་རིམ་གྱིས་སོང་ནས། ཐོག་མར་ཁྱིམ་བདག་གདངས་ཅན་གྱི་སར་སོང་ཞིང་སྔར་གྱི་ལོ་རྒྱུས་བཤད་པས་ངོ་མཚར་སྐྱེས་ཏེ་གདངས་ཅན་ཡང་རྒྱལ་པོ་ཤར་པ་ལ་ཞུས་ནས། དྲང་སྲོང་དེ་དག་དང་ལྷན་ཅིག་མཉན་ཡོད་དུ་ཕྱིན་ཏེ། མགོན་མེད་ཟས་སྦྱིན་གྱིས་ཀྱང་བཀུར་བསྟི་དང་བཅས་ཏེ་བསུས་ནས། སྔར་གྱི་གཏམ་དག་རྒྱས་པར་གླེངས་ཤིང་བསྙེན་གནས་ལེན་པར་འདོད་པ་ལ། མགོན་མེད་ཟས་སྦྱིན་གྱིས་ཁྱེད་རྣམས་ང་ལས་བསྙེན་གནས་ལེན་ནམ། བཅོམ་ལྡན་འདས་ལས་ལེན་ཞེས་དྲིས་པ་ལ། སླར་དྲིས་པ། ཁྱིམ་བདག་ཉིད་ཀྱིས་སུ་ལས་བླངས། དེས་སྨྲས་པ་བཅོམ་ལྡན་འདས་ལས་སོ། །
འོ་ན་བདག་ཅག་ཀྱང་བཅོམ་ལྡན་འདས་ལས་སོ་ཞེས་ཟེར་ཏེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་རྣམས་ཁྲིད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན། སྟོན་པས་ཀྱང་དེ་རྣམས་ལ་ཆོས་བསྟན་པས་གདངས་ཅན་གྱིས་རྒྱུན་དུ་ཞུགས་པ་ཐོབ་ཅིང་དྲང་སྲོང་ལྔ་བརྒྱ་པོ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་མི་རིང་བར་དགྲ་བཅོམ་པ་ཐོབ་བོ། །དོན་བཞི་པ་གྲོང་ཁྱེར་ཀཽ་ཤམྦྷི་པ་རྣམས་བཏུལ་བ་ནི། དེ་ནས་གདངས་ཅན་གྱིས་བཅོམ་ལྡན་འདས་ཡུལ་ཀཽ་ཤམྦྷིར་གཤེགས་སུ་གསོལ། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིའོ། །བཀའ་སྩལ་པ་དེ་ན་གཙུག་ལག་ཁང་ཡོད་དམ་ཞེས་སོགས་མགོན་མེད་ཟས་སྦྱིན་གྱི་སྐབས་དང་འདྲ་བ་ལས། ཚེ་དང་ལྡན་པ་སྐུལ་བྱེད་གདངས་ཅན་དང་ལྷན་ཅིག་མངགས་ཏེ་སོང་ངོ༌། །དེ་ནས་གནས་ཀྱི་མཚན་ཉིད་རྒྱལ་བྱེད་ཚལ་དང་འདྲ་བ་ཞིག་ཏུ་གཙུག་ལག་ཁང་ཡང་དེ་དང་ཕྱོགས་འདྲ་བ་ཞིག་བརྩིགས། བཅོམ་ལྡན་འདས་སྤྱན་འདྲེན་པའི་ཤུལ་ལམ་དུ་མཆོད་ཡོན་སྒྲེང་བ་སོགས་བཀོད་པ་ཕལ་ཆེར་མགོན་མེད་ཟས་སྦྱིན་གྱི་སྐབས་དང་འདྲ་བ་ལས། བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་སྤྱན་དྲངས། གཙུག་ལག་ཁང་དེ་ཡང་ཕུལ་ཏེ་མཆོད་པ་དུ་མས་མཆོད་ནས་རང་གི་ཁྱིམ་དུ་སོང་ངོ༌། །དེར་འཕགས་པ་སྐུ་ལ་བྱེད་ལ། རྫས་ལས་བྱུང་བའི་བསོད་ནམས་བདུན་བཀའ་སྩལ་ཏེ། ཕྱོགས་བཞིའི་དགེ་འདུན་ལ་ཀུན་དགའ་ར་བ་འབུལ་བ་དང་༡། དེར་གཙུག་ལག་ཁང་བརྩིག་ཏུ་འཇུག་པ་དང་༢གནས་མལ་འབུལ་བ་དང་༣རྗེས་སུ་མཐུན་པའི་ཡོ་བྱད་འབུལ་བ་དང་༤གློ་བུར་དུ་འོང་བ་དང་འགྲོ་བར་ཆས་ང་ལ་སྦྱིན་པ་གཏོང་པ་དང་༥ནད་པ་དང་ནད་གཡོག་ལ་སྦྱིན་པ་དང་༦ཡུལ་ངན་དང་ཆར་པ་འབབ་པའི་ཚེ་སྦྱིན་པའོ་༧ རྫས་ལས་བྱུང་བ་མ་ཡིན་པའི་བསོད་ནམས་ཀྱི་གཞི་ཆེན་པོ་བདུན་ནི། དེ་བཞིན་གཤེགས་པའམ་དེ་བཞིན་གཤེགས་པའི་ཉན་ཐོས་གནས་འདི་ལྟ་བུ་བཞུགས་སོ་ཞེས་ཐོས་ནས་དགའ་བ་དང་༡ཚུར་གཤེགས་པ་རྩོམ་པར་ཐོས་ནས་དགའ་
བ་དང་༢ ལམ་དུ་བཞུགས་པ་ཐོས་ནས་དགའ་བ་དང་༣གྲོང་དེར་བྱོན་པ་ཐོས་ནས་དགའ་བ་དང་༤ ཞལ་མཐོང་ནས་དགའ་བ་དང་༥ ཆོས་ཐོས་ནས་དགའ་བ་དང་༦ སྐྱབས་འགྲོའམ་བསླབ་གཞི་ནོད་པས་དགའ་པའོ། །དེའི་ཚེ་གདངས་ཅན་ནི་དད་པ་ཕུན་སུམ་ཚོགས་པ་དང་ལྡན་ཡང༌། དེའི་འཁོར་རྣམས་ཕལ་ཆེར་དཀོན་མཆོག་གསུམ་ལ་མི་དད་དོ། །བྲན་མོ་མགུ་བྱེད་མ་ཞེས་བྱ་བ་དེ་ཁོ་ན་སངས་རྒྱས་ལ་དད་པས། སྟོན་པ་ལ་རས་མ་ཕུལ་ནས་སྨོན་ལམ་གདབ་པའི་རྐྱེན་དང༌། ཁྱིམ་བདག་དེས་དགེ་འདུན་ལ་བསྙེན་བཀུར་བགྱིད་པའི་ཚུལ་ཤིང་བྲིམས་པའང་བླངས། ཁྱིམ་བདག་གི་ངག་ལ་ཉན་ནས་ཡོ་བྱད་མཁོ་རྒུ་དགེ་འདུན་ལ་ཕུལ་བས་བྲན་མོ་མགུ་བྱེད་མ་ཁྱིམ་གྱི་བདག་མོར་བསྐོས་སོ། །ཡང་སྔོན་ལག་བརྒྱུད་འབྲོག་གནས་ཤི་ནས་སྔོ་སངས་མ་ཀཽ་ཤམྦཱིར་ལྡོག་པ་ན། རྒྱལ་པོ་ཤར་པས་གཙུན་མོར་བླངས་ཏེ། རྙེད་བཀུར་མ་ལྔ་བརྒྱ་དང༌། ཉིན་རེ་ལ་པ་ཎ་སྟོང་སྟོང་གི་ཡོ་བྱད་དང༌། ཁང་བཟང་མེ་ཏོག་གི་སོ་ཞེས་བྱ་བ་བྱིན་ནོ། །དེ་ནས་རིང་ཞིག་ལོན་པའི་སྐབས་ཏེ། དུས་དེར་བཅོམ་ལྡན་འདས་ཀྱིས་ཀཽ་ཤམྦྷིའི་ཡུལ་གྱི་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་འབྲས་བུ་བཞི་ལ་བཀོད་ཅིང་སྐྱེ་བོ་ཕལ་ཆེར་དད་པ་མཆོག་ལ་བཞགརྒྱལ་པོ་ལ་སོགས་པས་ཡང་མཆོད་པར་བྱེད་པ་ན། སྔོ་སངས་མའི་གཡོག་མོ་སྒུར་འཇོག་ཅེས་བྱ་བ་ཡོད་དེ། དེ་དང་འདྲིས་ཤིང་ཤེས་པའི་སྤོས་འཚོང་གི་ཁྱེའུ་དད་པ་ཅན་ཞིག་གིས་སྟོན་པ་དགེ་འདུན་དང་བཅས་པ་སྤྱན་དྲངས་པའི་སར་སྒུར་འཇོག་གིས་ཀྱང་སོང་སྟེ། གདུགས་ཚོད་འབྲིམ་གྲོགས་ཀྱང་བྱས། ཆོས་ཉན་པས་སྒུར་འཇོག་གིས་རྒྱུན་དུ་བཞུགས་པ་ཐོབ་བོ། །སྔར་དེས་པ་ནའི་རིན་བརྐུ་བ་ལས། དེ་ནས་བརྩམས་ཏེ་མ་བརྐུས་པར་ཁྱེར་ཏེ་སྔོ་སངས་མ་ལ་གཏད་པས། ཡོ་བྱད་མང་པོ་བྱུང་བའི་རྒྱུ་མཚན་དྲིས་པ་ན། རྒྱུན་ཞུགས་ཐོབ་པ་གོ་བར་བྱས་ཏེ་དེང་མ་བརྐུས་པས་སོ། །འོ་ན་ཁྱོད་
ཀྱིས་ཉིན་རེ་བཞིན་སངས་རྒྱས་ལ་ཆོས་ཉན་ལ། དེ་ཁོ་མོ་ལ་སྨྲོས་ཤིག །དེར་སྔོ་སངས་མ་སེང་གེའི་ཁྲི་ལ་འདུག གཞན་རྣམས་ཀྱང་སྟན་ལ་བསྡད། གྲལ་གྱི་ཐ་མར་སྒུར་འཇོག་འགྲེང་བཞིན་པས་ཆོས་སྟོན་ནོ། །དེ་ལྟར་ལན་མང་དུ་སོང་བ་ན། སྒུར་འཇོག་སངས་རྒྱས་ལ་ཆོས་ཉན་དུ་བྱུང་བ་ལ། བཀའ་སྩལ་པ། ད་ཕྱིན་ཆད་འདི་སྐད་ཅེས། སྟོན་པས་ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པར་བྱས་ནས་ཐུགས་སུ་ཆུད་པ་དེ། གུས་པ་དང་ཞེ་ས་མེད་པར་མི་སྟོན་ནོ་གྱིས་ཤིག གལ་ཏེ་གུས་པར་ཉན་ན་སྟོན་ཅིག དེའི་ནུབ་མོ་སྒུར་འཇོག་གིས་དེ་སྐད་སྨྲས་པས། སེང་གེའི་ཁྲི་ལ་སྟན་ནང་ཚང་ཅན་བཏིང༌། དེ་ལ་སྒུར་འཇོག་བཞག བཙུན་མོ་ལྔ་བརྒྱ་པོ་རྣམས་སྟན་སྤངས་ཏེ་གུས་ཚུལ་གྱིས་ཉན་པས་བཙུན་མོ་སྔོ་སངས་མ་ལ་སོགས་པ་མང་པོས་ཕྱིར་མི་འོང་གི་འབྲས་བུ་ཐོབ། ཁ་ཅིག་གིས་ཕྱིར་འོང་དང་ཁ་ཅིག་གིས་རྒྱུན་ཞུགས་ཐོབ་བོ། དེ་ནས་སྔོ་སངས་མ་འཁོར་བཅས་པ་སངས་རྒྱས་བལྟ་བར་འདོད་དེ་རྒྱལ་པོ་ལ་ཞུས། རྒྱལ་པོས་ཀྱང་སངས་རྒྱས་ལ་ཞུས་པ་ན། བཙུན་མོའི་ཕོ་བྲང་གི་ནང་དུ་གཤེགས་པར་མ་གནང་ངོ༌། །དེར་ཁང་བཟང་མེ་ཏོག་གི་སོ་ཅན་ལ་དཀར་ཁུང་ལྔ་བརྒྱ་བཏོད་དེ། སངས་རྒྱས་བཅོམ་ལྡན་འདས་ཀྱང་དེ་དང་ཉེ་བའི་ལམ་སྲང་ན་གཤེགས་པ་ན། བཙུན་མོ་ལྔ་བརྒྱ་པོ་རྣམས་ཀྱིས་སྤོས་དང་མེ་ཏོག་དང་ན་བཟའ་ལ་སོགས་པ་དུ་མས་མཆོད་པར་བྱེད་དོ། །དེ་ནས་དུས་གཞན་ཞིག་ན། བྲམ་ཟེའི་ཀུན་དུ་རྒྱུ་མ་དུ་ཞེས་བྱ་བའི་བུ་མོ་དཔེ་མེད་མ་ཞེས་བྱ་བ་ཞིག་ཡོད་དེ། ཕ་བྲམ་ཟེས་དཔེ་མེད་མ་དེ་སྟོན་པ་ལ་འབུལ་བར་བརྩམས་པ་ལ། དེའི་མ་བུར་མ་ཞེས་བྱ་བས་ཡང་ཡང་བཟློག་ཀྱང་མ་ཉན་ཏེ་སྟོན་པའི་དྲུང་དུ་དེ་ཁྲིད་ནས་སོང་བ་ན། སྟོན་པས་དེ་འཇམ་པོའི་གཏམ་གྱིས་མི་ཐུལ་པར་མཁྱེན་ནས། ང་རེ་ཞིག་བདུད་ཀྱི་ལྷ་མོ་སྲེད་མ་ལ་སོགས་པ་ལ་ཡང་མ་ཆགས་ན། བླཽ་དང་ལྡན་པ་མི་གཙང་བའི་རང་བཞིན་འདི་ལ་རྐང་
པས་ཀྱང་རེག་པར་མི་བྱའོ་གསུང༌། དེར་དཔེ་མེད་མ་ཁྲོས་ནས་ཡུད་ཙམ་དེ་ཀ་ལ་ལུས་སྦོམ་ཞིང་སྐྲ་འགྲེང་བ་དང༌། མིག་མཆིང་བུ་ལྟ་བུར་གྱུར་ཏོ། །དེ་ནས་དེ་རྒྱལ་པོ་ཤར་པའི་བཙུན་མོར་བླངས་ཏེ་རྒྱལ་པོ་ལ་སྤྲིད་པ་བྱུང་བ་ན། སྔོ་སངས་མས་སངས་རྒྱས་ལ་ཕྱག་འཚལ་ལོ། །དཔེ་མེད་མས་ལྷ་ལ་ཕྱག་འཚལ་ལོ། །ཞེས་བྱས་ནས། དཔེ་མེད་མས་རྒྱལ་པོ་དང་སྔོ་སངས་མའི་བར་དུ་ཕྲ་མ་མང་པོ་བྱས་སོ། །རྒྱལ་པོ་དེ་བཙུན་མོ་གཉིས་ཀྱི་སར་རེས་མོས་ཀྱིས་ཟས་ཟ་བ་ལ། སྔོ་སངས་མའི་དུས་ལ་བབ་པ་ན། བྱ་བས་བྱ་གོང་མ་སྲེག་གསོན་པོ་གཏད་པས། རྒྱལ་པོ་ན་རེ་དཔེ་མེད་མ་ལ་གཏོད་ཅིག དེས་ནི་ཁོ་མོའི་རེས་མ་ཡིན་ནོ། སྔོ་སངས་མ་ལ་གཏད་པས། ཁོ་མོ་ནི་སྲོག་མི་གཅོད་ཀྱིས་སོངས་ཤིག །དེར་དཔེ་མེད་མས་བྱ་བའི་ལག་ནས་བྱ་བླངས་ཏེ་རང་གི་གཡོག་མོ་གཅིག་སྔོ་སངས་མའི་ཁང་པའི་འོག་ཏུ་བྱ་དེ་གསོད་དུ་བཅུག་ནས། འདི་སྐད་དུ། གཽ་ཏ་མའི་ཕྱིར་དུ་གསོད་ཅིག་བསྒོས་པས་སྔོ་སངས་མས་བསད་དོ་ཞེས་བརྫུན་བསྒྲིགས་ཏེ། གོང་མ་སྲེག་གི་ཤ་རྒྱལ་པོ་ལ་གཏད་དོ། །དེར་རྒྱལ་པོ་ཤར་པ་ཁྲོས་ཏེ་མདའ་གཞུ་བཀང་ནས་སྔོ་སངས་མའི་སར་སོང་བ་ལ། སྔོ་སངས་མས་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས། རྒྱལ་པོས་མདའ་འཕངས་པ་ལན་དང་པོ་ལམ་གྱི་ཕྱེད་དུ་ལྷུངས། གཉིས་པ་སླར་ལྡོག་སྟེ་རྒྱལ་པོའི་དྲུང་དུ་ལྷུངས། གསུམ་པ་འཕེན་པར་བརྩམས་པ་ལ། མ་འཕེན་ཞིག་ཁྱེད་རང་ལ་གནོད་དོ་བྱས་པ་ན། འོ་ན་ཁྱོད་ལྷ་མོའམ། གནོད་སྦྱིན་མོ་སོགས་ཡིན་ནམ། མ་ཡིན་ཏེ། བདག་ནི་ཉན་ཐོས་ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ཡིན་ཞིང༌། ལྔ་བརྒྱ་པོ་འདི་དག་ཀྱང་བདེན་པ་མཐོང་བའོ། །དེར་རྒྱལ་པོས་སྔཽ་སངས་མ་ལ་དམ་པ་ཅི་བཞེད་དྲིས་པ་ན། སྲིང་མོའི་འདུ་ཤེས་སྩལ་དུ་གསོལ། དེས་དེ་བཞིན་དུ་བྱའོ་ཟེར་ནས། རྒྱལ་པོ་སྔོ་སངས་མ་ལ་ཆོས་ལས་བྱུང་བའི་དད་པས་མཆོག་ཏུ་གུས་པ་དང་བསྙེན་
བཀུར་དཔག་ཏུ་མེད་པས་བསྟབས་སོ། །སྔོ་སངས་མ་དང་རྒྱལ་པོ་ཤར་པའི་གཏམ་རྒྱུད་འཕྲོས་གཞན་རྣམས་ནི་རེ་ཞིག་བཞག་གོ །དོན་ལྔ་པ་མུ་ཏིག་ཅན་བདེན་པ་ལ་བཀོད་པ་ནི། སྟོན་པ་མཉན་ཡོད་ན་བཞུགས་ཏེ་གང་གི་ཚེ། སིང་གྷ་ལའི་གླིང་གི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་ཆེན་མོར་གྱུར་ཞིང༌། བླཽ་གྲོས་གསལ་བ་དང་ཡིད་གཞུངས་པ་དང་བྱ་བ་ཐམས་ཅད་ལ་མཁས་པར་གྱུར་པ་དེའི་ཚེ། ཡུལ་དབུས་ནས་འོངས་པའི་ཚོང་པ་རྣམས་ཀྱིས་སིང་གྷ་ལའི་རྒྱལ་པོའི་ཕོ་བྲང་དང་ཉེ་བར། མཚན་མོ་གནས་བཏབ་སྟེ་འདུག་པ་ལས། ཐོ་རངས་ཀྱི་དུས་ན་ཆེད་དུ་བརྗོད་པ་ལ་སོགས་པའི་མདོ་རྣམས་བཏོན་པས། མུ་ཏིག་ཅན་གྱིས་དཀར་ཁུང་ནས་ཐོས་ཏེ། ཤིན་ཏུ་ཡིད་བདེ་བ་སྐྱེས་པས། ནངས་པར་རྒྱལ་པོ་ལ་ཞུས་ནས་ཚོང་པ་རྣམས་བོས་ཏཻ། ཡུལ་དབུས་ཀྱི་རོལ་མོ་དག་ལོངས་ཤིག་བྱས་པ་ན། ཚོང་པ་རྣམས་ཀྱིས་ལྷ་མོ་དེ་ནི་རོལ་མོ་མ་ལགས། སངས་རྒྱས་ཀྱི་བཀའོ། །དེར་མུ་ཏིག་ཅན་སངས་རྒྱས་ཞེས་བྱ་བ་སྔོན་མ་ཐོས་པ་གསར་དུ་ཐོས་པས། དགའ་བས་སྤུ་ཟེང་ཞེས་བྱེད་པར་གྱུར་ཏེ་སངས་རྒྱས་ཞེས་བྱ་བ་ཅི་འདྲ་ཞེས་དྲིས་པ་ན། ཚོང་པ་རྣམས་ཀྱིས་རྒྱས་པར་བཤད་དོ། །དེར་དད་པ་བླ་ན་མེད་པ་ཐོབ་ནས། དུས་གཞན་ཞིག་ན་ཚོང་པ་རྣམས་ཚོང་ཟིན་ནས་ཡུལ་དུ་ལྡོག་འགྲོ་བའི་ཚེ་མུ་ཏིག་ཅན་གྱིས་སྟོན་པ་ལ་ཞུ་བའི་འཕྲིན་ཡིག་ཕུལ་ཏེ། དེའི་ཡང་འདི་སྐད་ཅེས། ལྷ་དང་ལྷ་མིན་མི་ཡིས་ཕྱག་བྱས་པ། །སྐྱེ་དང་བསྙུངས་དང་བསྙེངས་ལས་ངེས་འབྱུང་ཞིང༌། །གཙོ་བོ་གྲགས་པ་རྒྱ་ཆེར་རབ་གྲགས་པ། །དྲང་སྲོང་བདུད་རྩིའི་ཆ་ལས་ཐུགས་རྗེས་གནོད། །ཅེས་སོ། །དེ་ནས་ཚོང་པ་རྣམས་ཀྱིས་མུ་ཏིག་ཅན་གྱི་ཞུ་བའི་འཕྲིན་ཡིག་དེ་བཅོམ་ལྡན་འདས་ལ་ཕུལ། དོན་རྣམས་ཞིབ་ཏུ་གསོལ་ཏོ། །དེར་སྟོན་པས་ཚོང་པ་རྣམས་ལ་ཁྱེད་རྣམས་སླར་སིང་གྷ་ལར་འདོང་པའི་ཚེ། ང་ལ་སྨོས་ཤིག་ཅེས་བཀའ་སྩལ་ཏོ། །ཡང་དུས་གཞན་ཞིག་ན་ཚོང་པ་རྣམས་ཟོང་
བསྒྱུར་ཟིན་ནས། སྟོན་པའི་སྤྱན་སྔར་སོང་སྟེ་གསོལ་བས། སྟོན་པས་རི་མོ་མཁན་དག་ལ་རས་ཀྱི་གཞི་ལ་ཉིད་ཀྱི་སྐུ་གཟུགས་འབྲིར་སྩལ་བ་ན། དེ་དག་གིས་མཚན་མ་བཟུང་བར་མ་ནུས་ཏེ། དེར་སྐུའི་རྣམ་པ་ཇི་ལྟ་བའི་འོད་ཟེར་སྤྲོས་པ་རས་གཞིའི་སྟེང་དུ་ཕོག་པ་ལ། བཟོ་བོ་རྣམས་ཀྱིས་ཚོན་བཀྱེ་སྟེ་ལེགས་པར་ཟིན་ཏོ། །རྒྱལ་པོ་ཨུ་ཏྲ་ཡ་ཎའི་སྐབས་བཞིན་དུ་ཡི་གེ་བྲིས་པ་ལས། འདིར་འཕགས་ལམ་ཡན་ལག་བརྒྱད་ཀྱི་ཚིག་བྲིས་པ་ལྷག་པོར་འབྱུང༌། །ཚོང་པ་རྣམས་ལ་དེའི་དོན་རྒྱས་པར་གསུངས་ནས། ཁྱེད་དག་ལས་གཅིག་ཅིག་སྔོན་དུ་སོང་སྟེ། སིང་གྷ་ལའི་རྒྱལ་པོ་ལ་རས་བྲིས་འདི་མུ་ཏིག་ཅན་ལ་སྐྱེས་སུ་བསྐུར་བ་ཡིན་གྱི། ས་ཕྱོགས་ཡངས་པར་སྐྱེ་བོའི་ཚོགས་བསྡུས་ལ། བཀུར་བསྟི་ཆེན་པོས་བྲིས་སྐུ་འདི་ཁྲོམས་ཤིག །མུ་ཏིག་ཅན་གྱིས་འདི་དང་འདི་ཅི་ཡིན་ཞེས་འདྲི་ན། འདི་དང་འདིའོ་ཞེས་རྗོད་ཅིག །དེ་ནས་བཀའ་བཞིན་འཚལ་ཞེས་ཟེར་ནས་ཚོང་པ་རྣམས་སོང་སྟེ། སིང་གྷ་ལའི་རྒྱལ་པོ་ལ་སྨྲས་པས། དེས་ཀྱང་ས་ཕྱོགས་ལེགས་པར་བསྟར། རྒྱལ་མཚན་བསྒྲེང་བ་ལ་སོགས་པ་མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་བཤམས། སྐྱེ་བོའི་ཚོགས་རྣམས་བསགས་ནས་རིན་པོ་ཆེའི་ཁྲིའི་སྟེང་དུ་བྲིས་སྐུ་ཞལ་ཕྱེ་བས། སྐྱེ་བོ་ཐམས་ཅད་སྐད་གསངས་མཐོན་པོས། སངས་རྒྱས་ལ་ཕྱག་འཚལ་ལོ་ཞེས་སྒྲོག་ཅིང་ཐམས་ཅད་དད་པ་ལ་བཀོད། མུ་ཏིག་ཅན་དད་པའི་ཤུགས་ཀྱིས་མིག་མཆི་མས་གང་ཞིང༌། འདི་དང་འདི་ཅི་ཞེས་སོ་སོར་དྲིས་པ་ལ་ཚོང་པ་རྣམས་ཀྱིས་དེ་དང་དེ་རྒྱས་པར་བཤད་པས། མུ་ཏིག་ཅན་གྱིས་རྟེན་འབྲེལ་ལུགས་འབྱུང་དང༌། ལུགས་ཟློག་གི་དོན་བསམས་ཤིང༌། ཚོང་པ་རྣམས་ཀྱིས་ལན་གསུམ་ཟློ་བར་བྱས་པ་ལས་ལན་གཉིས་ནི་བསམས། གསུམ་པ་མ་བཟླས་པའི་སྔོན་རོལ་བར་སྐབས་དེར་རྒྱལ་པོའི་བུ་མོ་མུ་ཏིག་ཅན་གྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ། །དེར་ཆེད་
དུ་བརྗོད་པའང་བྱས་ནས། ཡང་ནམ་ཞིག་ཚོང་པ་རྣམས་སླར་ལྡོག་པའི་ཚེ། བདག་གི་མིང་གིས་སངས་རྒྱས་ལ་ཕྱག་འཚོལ། བསྙུན་དྲིས་ལ། མུ་ཏིག་མཆོག་བྲེ་བོ་ཆེ་གསུམ་པོ་འདི་ཕུལ་ལ། ཆ་དང་པོ་ནི་སངས་རྒྱས། གཉིས་པ་ནི་ཆོས། གསུམ་པ་ནི་དགེ་འདུན་ལ་འབུལ་ལོ་ཞེས་རྗོད་ཅིག་ཟེར་རོ། །དེ་ནས་ཚོང་པ་རྣམས་ཀྱིས་དེས་ཇི་སྐད་བསྒོ་བ་བཞིན་དུ་ཕུལ། ཀུན་དགའ་བོས་སྐྱེས་འདི་གང་ལས་བྱུང་ཞུས་པས། མིང་ཆེན་གྱི་གཡོག་མོ་སྐྱེད་མ་རྒྱལ་པོའི་བུ་མོར་སྐྱེས་པ་དེས་བསྐུར་པ་ཡིན་ནོ། །དེ་ལ་སངས་རྒྱས་ཀྱི་སྐུ་སྐལ་ནི་དྲི་གཙང་ཁང་གི་ཞལ་བ་ལ་སོགས་པ་གཙུག་ལག་ཁང་གི་བྱ་བ་གྱིས་ཤིག ཆོས་ཀྱི་སྐལ་པ་ནི་ཆོས་འཛིན་བའི་གང་ཟག་རྣམས་ལའོ། །དགེ་འདུན་གྱི་སྐལ་བ་ནི་དགེ་འདུན་ལ་མཉམ་པར་བགོས་ཤིག །ཅེས་བཀའ་སྩལ་ཏོ། །དོན་དྲུག་པ་མ་ག་དྷ་བཟང་མོའི་རྟོགས་བརྗོད་ནི། ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ། བུ་མོ་མ་ག་དྷ་བཟང་མོ་ཞེས་བྱ་བ། བུད་མེད་ཀྱི་ཡོན་ཏན་ཐམས་ཅད་དང་ལྡན་ཞིང་དགེ་བའི་རྩ་བ་ཆེར་བསགས་པ་ཅིག་ཡོད་དོ། །གྲོང་ཁྱེར་བུ་རམ་ཤིང་འཕེལ་ན། ཚོང་དཔོན་གྱི་བུ་ཁྱུ་མཆོག་སྦྱིན་ཞེས་བྱ་བ་ཡོད་དེ། དེར་གཅེར་བུ་པ་རྣམས་ལས་མ་ག་དྷ་བཟང་མོའི་ཆེ་བ་ཐོས་སོ། ཁྱུ་མཆོག་སྦྱིན་དེ་གཅེར་བུ་པའི་ཆ་བྱད་དུ་བརྫུས་བྱས་ནས་མཉན་ཡོད་དུ་སོང་སྟེ། མ་ག་དྷ་བཟང་མོ་ཅི་འདྲ་བ་བལྟ་བའི་ཕྱིར། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་སློང་བ་ལ་ཞུགས་པ་ན། མ་ག་དྷ་བཟང་མོས་ཀྱང་ཁ་ཟས་སྦྱིན་པར་ཕྱིན་པས་ཁྱུ་མཆོག་སྦྱིན་མ་ག་དྷ་བཟང་མོ་ལ་དགའ་བས་སྙུག་ཐགས་ཀྱི་ཞྭའི་ནང་དུ་ཁ་ཟས་བླངས་སོ། །དེར་མ་ག་དྷ་བཟང་མོས་ཤེས་བཞིན་མེད་པར་སློང་མོ་ལེན་པ་འདི་སུ་ཞིག་སྙམ་ནས་དེ་ཚིག་རྩུབ་པོས་སྤྱོས་པ་ན། དེ་ཡང་གདོང་སྨད་དེ་སོང་ནས་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ་སླེབ་མ་ཐག ཁྱིམ་བདག་མགོན་མེད་
ཟས་སྦྱིན་ལ་མ་ག་དྷ་བཟང་མོ་སློང་བར་བཏང༌། ཟས་སྦྱིན་གྱིས་འདི་འོས་པ་མ་ཡིན་ཡང་མི་གསོལ་བའི་ཐབས་མེད་སྙམ་བཅོམ་ལྡན་འདས་ལ་གསོལ་བས། གལ་ཏེ་མ་ག་དྷ་བཟང་མོ་འདི་བུ་རམ་ཤིང་འཕེལ་དུ་སོང་ན་སྐྱེ་བོ་མང་པོ་ལ་ཕན་པ་དང་བདེ་བའི་རྒྱུར་འགྱུར་བ་ཤེས་སོ་ཞེས་གསུང་པ་ཐོས་པས། ཉེ་དུ་རྣམས་ལ་གོ་བར་བྱས་ནས་བུ་རམ་ཤིང་འཕེལ་དུ་བག་མར་གཏང་ངོ༌། །དེར་མ་ག་དྷ་བཟང་མོ་ཁྱིམ་གྱི་བྱ་བ་ལ་བཞུགས་ནས་མི་རིང་བ་ན་སྒྱུག་མོ་ན་རེ། དེང་མཆོད་གནས་བཤོས་གསོལ་བ་ལ་བལྟ་བར་ཤོག་ཅིག་ཟེར་བས། དེར་ཉན་ཐོས་ཆེན་པོ་དག་བྱོན་ནོ་སྙམ་སྟེ་འོངས་པ་ན། མུ་སྟེགས་གཅེར་བུ་པ་ནགས་ཀྱི་མ་ཧེ་འདྲ་བ་མགོ་བོའི་སྐྲ་བཏོགས་པ་དག་མཐོང་ནས། མ་ག་དྷ་བཟང་མོ་ངོ་ཚ་ཞིང་གདོང་ཕྱིར་ཕྱོགས་ནས། འདི་ལྟ་བུའང་མཆོད་གནས་ཡིན་ན་མཆོད་གནས་མ་ཡིན་པ་ཇི་ལྟ་བུ་ཞིག་ཅེས་སོ། །སྒྱུག་མོས་སྨྲས་པ། ཁྱེད་ཀྱི་ཡུལ་ན་ཆེས་ཁྱད་པར་དུ་འཕགས་པ་འགའ་ཞིག་ཡོད་དམ། དེས་སྨྲས་པ་ཡོད་དེ། སངས་རྒྱས་བཅོམ་ལྡན་འདས་སོ་ཞེས་རྒྱས་པར་བཤད་དོ། དེ་དག་གིས་སྨྲས་པ། འོ་ན་ནངས་པར་ཁོ་ན་སངས་རྒྱས་བཅོམ་ལྡན་འདས་དེ་ངེད་ཅག་རྣམས་ཀྱིས་མཐོང་བའི་ཐབས་ཡོད་དམ། བཟང་མོས་སྨྲས་པ། བཤོས་གཙང་སྦྱོར་ཞིག་དང་སང་སྤྱན་དྲང་ངོ་བྱས་ནས་ཁང་ཐོག་ཏུ་མཆོད་པ་རྣམས་བཤམས། གསོལ་བ་བཏབ་པས། མཆོད་རྫས་རྣམས་ནམ་མཁའ་ལ་སོང་བ་དང༌། སྟོན་པའི་སྤྱན་སྔར་བྱུང་བ་དང་ཀུན་དགའ་བོས་དྲི་བ་ཞུས་ཤིང༌། འདི་ནས་དཔག་ཚད་བརྒྱ་དྲུག་ཅུ་ན་གྲོང་ཁྱེར་བུ་རམ་ཤིང་འཕེལ་ནས་འོངས་སོ་ཞེས་སོགས་དང༌། དེར་སང་ཉིན་རྫུ་འཕྲུལ་གྱིས་བགྲོད་དགོས་པར་བཀའ་སྩལ་པ་དང༌། ཚེ་དང་ལྡན་པ་གང་པོ་ཀུན་ད་ཨུཏྤ་ཏས་རྫུ་འཕྲུལ་གསར་དུ་བསྒྲུབས་པ་སོགས་སྔར་སློབ་མ་ལྟ་བུར་གཤེགས་པའི་སྐབས་ཀྱིས་འགྲོ་ལ། དེ་ནས་དེའི་ནངས་པར། དགེ་སློང་རྣམས་
རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་ཡང་དག་པར་ཆས་ཏེ། ཀུན་ཤེས་ཀཽཎྜི་ནྱ་ནི་རྟ་མཆོག་གིས་དྲངས་པའི་ཤིང་རྟར་ཞུགས་ཏེ་གློག་འགྱུ་ཞིང་ཆར་འབེབས་པ་དང་བཅས་ཏེ་བྱོན་པ་ན། མ་ག་དྷ་བཟང་མོའི་གྱོས་སྒྱུག་དང༌། རྒྱལ་པོ་ལ་སོགས་པ་ཡུལ་དེའི་སྐྱེ་བོ་རྣམས་ཀྱིས་མཐོང་ནས། མ་ག་དྷ་བཟང་མོ་ལ་དྲིས་པ། ཁྱེད་ཀྱི་སྟོན་པ་དེ་འདི་ཡིན་ནམ། སྨྲས་པ། མ་ཡིན་ཏེ། འདི་ནི་ཀུན་ཤེས་ཀཽ་དི་ནྱ་ཡིན་ནོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་རིགས་འགྲེས་སྦྱར་ཏེ། འོད་སྲུང་ཆེན་པོ་ནི་བྲག་རི་ཤིང་དང་བྱ་དང་མེ་ཏོག་དང་འབབ་ཆུ་སྣ་ཚོགས་ཀྱིས་བརྒྱན་པ་ལ་བཞུགས་ཏེ་ནམ་མཁའ་ལས་བྱོན་ཏོ། །ཤཱ་རིའི་བུ་ནི་སེང་གེས་དྲངས་པའི་ཤིང་རྟ་ལ་བཅིབས་ཏེ་བྱོན་ཏོ། །མཽང་གལ་གྱི་བུ་ནི་གླང་པོ་ཆེ་ས་སྲུང་ལ་ཆིབས་པར་སྤྲུལ་ཏོ། །མ་འགགས་པ་ནི་གསེར་གྱི་པདྨ་ཤིང་རྟའི་འཕང་ལོ་ཙམ་པ། དངུལ་གྱི་གེ་སར་དང་བཻ་ཌཱུརྱའི་སྡོང་པོ་ཅན་གྱི་ལྟེ་བ་ལ་བཞུགས་ཏེའོ། །བྱམས་མའི་བུ་གང་པོ་ནི་བྱ་ཁྱུང་གིས་དྲངས་པའི་ཤིག་རྟ་ལའོ། །རྟ་ཐུལ་ནི་ལྷུང་བཟེད་ཐོགས་ཏེ་སྤྱོད་ལམ་ཞི་བས་ཐམས་ཅད་དད་པ་བསྐྱེད་ཅིང་བྱོན་ཏོ། །ཉེ་བ་འཁོར་ནི་གསེར་གྱི་ཏཱ་ལའི་ནགས་ཀྱི་གསེབ་ལས་སོ། །ཀཱ་ཏྱའི་བཻ་ཌཱུརྱའི་ཁང་བརྩེགས་ཀྱི་ནང་དུ་ཞུགས་ཏེའོ། །གསུས་པོ་ཆེ་ནི་ཁྱུ་མཆོག་གི་ཤིང་རྟས་སོ། །སྲུང་དབང་གི་བུ་ནི་ངང་པའི་ཤིང་རྟས་སོ། །བྱེ་བ་ཉི་ཤུ་པ་ནི་རི་དྭགས་ཀྱི་ཚོགས་ཀྱིས་ཁྱབ་པའི་ནགས་ཚལ་དང་བཅས་ནས་སོ། །སྒྲ་གཅན་ཟིན་ནི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་འཁོར་དང་བཅས་པའི་ཆ་བྱད་ཀྱིས་སོ། །དེ་དག་ལ་སོགས་པ་ལྔ་བརྒྱའི་བར་དུ་སྣ་ཚོགས་པའི་རྫུ་འཕྲུལ་གྱིས་བྱོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་གསེར་གྱི་མདོག་ལྟ་བུ་སྤྲོས་ཏེ་ཛམྦུའི་གླིང་ཐམས་ཅད་ཁྱབ་པར་མཛད་ཅིང༌། མཉན་ཡོད་ནས་བུ་རམ་ཤིང་འཕེལ་གྱི་བར་དུ་ཐག་རིང་བ་དང༌། རི་ལ་སོགས་པ་གང་གིས་ཀྱང་སྒྲིབ་པ་མེད་པར་ཕན་ཚུན་
གྱི་མི་ཐམས་ཅད་ཀྱིས་དངོས་པོ་ཕྲ་མོ་ཐམས་ཅད་ཀྱང་མཐོང་བར་བྱིན་གྱིས་བརླབས་སོ། །བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་པ་ན་ཕྱག་ན་རྡོ་རྗེ་ནི་སྐུའི་ཕྱི་བཞིན་དུ་འོང་ལ། སྟེང་ནས་གནས་གཙང་མའི་ལྷ་རྣམས་དང༌། འོག་ནས་ནི་འདོད་ཁམས་ཀྱི་ལྷ་རྣམས་དང༌། གཡས་ནས་ཚངས་པ་དང༌། གཡོན་ནས་བརྒྱ་བྱིན་དང༌། མཐའ་སྐོར་དུ་དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང༌། ཤིན་ཏུ་དགའ་བ་དང༌། མིག་སྦྱིན་ལ་སོགས་པ་དྲི་ཟ་རྣམས་ཀྱིས་རོལ་མོ་སྣ་ཚོགས་པ་ཕུལ། གཞན་ཡང་ལྷ་དང་ཀླུ་ལ་སོགས་པ་སྡེ་བརྒྱད་རྣམས་ཀྱིས་མཆོད་པ་དཔག་ཏུ་མེད་པ་དང་བཅས་ཏེ་བྱོན་པ་ན། མཉན་ཡོད་ནས་བུ་རམ་ཤིང་འཕེལ་གྱི་བར་དེར་མི་དང་མི་མ་ཡིན་པའི་སྲོག་ཆགས་སྟོང་ཕྲག་བདུན་ཅུ་རྩ་བདུན་བདེན་པ་ལ་བཀོད་ནས། གྲོང་ཁྱེར་བུ་རམ་ཤིང་འཕེལ་ལ་སྒོ་བཅོ་བརྒྱད་ཡོད་པའི་སྒོ་རེ་རེ་ནས་བཅོམ་ལྡན་འདས་རེ་རེ་བྱོན་པའི་ཆོ་འཕྲུལ་བསྟན་ཏེ་མ་ག་དྷ་བཟང་མོའི་ཁྱིམ་དུ་བྱོན་ནས་གདུགས་ཚོད་གསོལ་ཏོ། །དེར་སྐྱེ་བོའི་ཚོགས་ཀྱིས་བཅོམ་ལྡན་འདས་མ་མཐོང་ནས་ཁྱིམ་གཞིག་པར་བརྩམས་པ་ན། ཁྱིམ་དེ་དང་གྲོང་ཁྱེར་དེ་ཤེལ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་ནས་ཐམས་ཅད་ཀྱིས་མཐོང་བར་མཛད་པས་མ་བཤིག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་དེར། ཉིན་ཞག་མང་པོར་བཞུགས་ཏེ། མ་ག་དྷ་བཟང་མོ་ལ་སོགས་པ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་ལ་ཆོས་བསྟན་པས། ལུས་ཅན་བགྲང་བར་དཀའ་བ་ཞིག་འབྲས་བུ་བཞི་ཐོབ་པ་དང༌། བྱང་ཆུབ་གསུམ་ལ་གཞོལ་བར་གྱུར་ཏོ། །དེར་རྒྱུ་ཞུས་པས། སྔོན་རྒྱལ་པོ་ཀྲྀ་ཀྲྀའི་རྨི་ལྟས་བཅུ་ཞེས་གྲགས་ཏེ། སྡོམ་ནི། གླང་ཆེན་ཁྲོན་པ་ཕྱེ་དང་ཙནྡན་དང༌། །ཀུན་དགའ་ར་བ་གླང་ཕྲུག་སྤྲེའུ་གཉིས། །བརྒྱད་བཀག་འཐབ་དང་རས་ཡུག་མ་ཉམས་པ། །མ་འོངས་ཤཱཀྱའི་བསྟན་ལ་འབྱུང་བའི་ལྟས། །རྨི་ལྟས་དེ་དག་བྲམ་ཟེ་རྣམས་ཀྱིས་ལོག་པར་བསྟན་པ་ལ།
རྒྱལ་པོའི་སྲས་མོ་གསེར་ཕྲེང་ཅན་གྱིས་བཅོམ་ལྡན་འདས་འོད་སྲུང་ལ་ཞུས་ཤིག་པར་བསྐུལ་བས། རྒྱལ་པོས་ཀྱང་དེའི་ཚིག་ཉན་ཏེ་དེ་བཞིན་གཤེགས་པ་འོད་སྲུང་ཉིད་ལ་ཞུས་པས། ཕྱི་མའི་དུས་ཀྱི་ལྟས་སུ་ལུང་བསྟན་ཏེ་རྒྱལ་བོ་ཀྲི་ཀྲི་ཡིད་བདེ་བ་དང་དགེ་བ་ལ་བཀོད་དོ། །དེའི་དུས་ཀྱི་གསེར་ཕྲེང་ཅན་མ་ནི་ད་ལྟ་མ་ག་དྷ་བཟང་མོ་འདིའོ་ཞེས་ལུང་བསྟན་ཏོ། །དེ་རྗེས་གྲོང་ཁྱེར་བུ་རམ་ཤིང་འཕེལ་ནས་མི་སྣང་བར་མཛད་དེ་དེ་བཞིན་གཤེགས་པ་འཁོར་དང་བཅས་པ་རྒྱལ་བྱེད་ཀྱི་ཚལ་དུ་སྣང་བར་མཛད་དོ། །དོན་བདུན་པ་ལྷས་བྱིན་གྱིས་རྫུ་འཕྲུལ་བསྒྲུབས་པ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དེའི་ཚེ་མུ་གེ་ཉམ་ང་བ་བྱུང་སྟེ། དགེ་སློང་རྫུ་འཕྲུལ་ཡོད་པ་རྣམས་ཀྱིས། མཚོ་མ་དྲོས་པའི་འགྲམ་ནས་ཤིང་ཛམྦུའི་འབྲས་བུ་དང༌། བྱང་སྒྲ་མི་སྙན་ནས་མ་རྨོས་པའི་འབྲས་སཱ་ལུ་དང༌། ལྷའི་ཡུལ་ནས་བདུད་རྩིའི་ཟས་དག་བླངས་ཏེ་རང་ཡང་ལོངས་སྤྱོད་ཅིང་གཞན་དག་ལ་ཡང་བགོ་བཤའ་བྱེད་དོ། །དེར་ལྷས་བྱིན་གྱིས་དེ་ལྟ་བུ་མཐོང་ནས་བདག་ཀྱང་རྫུ་འཕྲུལ་ཐོབ་པར་བྱ་ཡི་སྙམ་སྟེ་སྟོན་པའི་སྤྱན་སྔར་སོང་ནས། བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ་ཞེས་ཞུས་པས་སྟོན་པས། ཁྱོད་ལྷག་པའི་ཚུལ་ཁྲིམས་དང༌། ལྷག་པའི་སེམས་པ་དང༌། ལྷག་པའི་ཤེས་རབ་ལ་བརྩོན་པར་གྱིས་ཤིགརྫུ་འཕྲུལ་དང་གཞན་ཡང་འབྱུང་ངོ་ཞེས་གསུངས་པ་ན་དེས་བསམས་པ། སྟོན་པས་བདག་ལ་རྫུ་འཕྲུལ་གྱི་ལུང་མི་འབོགས་སོ་སྙམ་ནས་འཕགས་པ་ཀུན་ཤེས་ཀྱི་དྲུང་དུ་སོང་ནས་སྔར་བཞིན་ཞུས་པ་ན། དེས་ཀྱང་སྟོན་པའི་ཐུགས་དགོངས་དང༌། ལྷས་བྱིན་གྱི་སེམས་ལ་བལྟས་པས་ལྷས་བྱིན་སྡིག་པའི་སེམས་དང་ལྡན་པར་ཤེས་ནས། ལྷས་བྱིན་གཟུགས་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག རྫུ་འཕྲུལ་དང་གཞན་ཡང་འབྱུང་ངོ༌། །དེ་དག་ལ་སོགས་པ་དགྲ་བཅོམ་པ་ལྔ་བརྒྱའི་བར་དུ་
དེའི་སེམས་ལ་བརྟགས་ན་སྡིག་སེམས་ཅན་དུ་མཁྱེན་ནས་རྫུ་འཕྲུལ་གྱི་ལུང་གསལ་བར་མ་ཕོག་གོ །དེས་བསམས་པ། འོད་སྲུང་སྟོབས་བཅུ་པ་འདི་བདག་གི་ནུ་བོའི་མཁན་པོ་ཡང་ཡིན། དྲང་པོའི་རང་བཞིན་ཅན་ཡིན་པས་སྟོན་པར་འགྱུར་རོ་སྙམ་སྟེ། ཕྱོགས་གཞན་ཞིག་ན་འོད་སྲུང་སྟོབས་བཅུ་པ་ཡོད་པའི་སར་སོང་སྟེ་ཞུས་སོ། །ཉན་ཐོས་རྣམས་ཀྱི་མངོན་ཤེས་ནི་མ་བརྟགས་ན་མི་འཇུག་པས། དེས་མ་བརྟགས་པར་རྫུ་འཕྲུལ་གྱི་གདམས་ངག་གནང་སྟེ། ལྷས་བྱིན་གྱིས་ཀྱང་དབེན་པར་སོང་ནས་བསྒྲུབས་པས། བསམ་གཏན་དང་པོའི་ཏིང་ངེ་འཛིན་ཐོབ་ཅིང་རྫུ་འཕྲུལ་ཡང་བསྒྲུབས་སོ། །ད་ནི་རྒྱལ་པོའི་བུ་མ་སྐྱེས་དགྲ་དབང་དུ་བྱའོ་སྙམ་སྟེ་མ་སྐྱེས་དགྲའི་ཕོ་བྲང་དུ་ཡང་ཡང་འཇུག་པའི་ཚེ་རེས་འགའ་ནི་གླང་པོ་ཆེའི་གཟུགས་ཀྱིས། རེས་འགའ་ནི་རྟའི་གཟུགས་ཀྱིས། རེ་འགའ་ནི་ཁྱེའུ་དང༌། བུ་མོ་དང༌། འདབ་ཆགས་ལ་སོགས་པ་སྣ་ཚོགས་པའི་གཟུགས་ཀྱིས་འོང་བ་དང་འགྲོ་བར་བྱེད་ཅིང༌། དགེ་སློང་གི་གཟུགས་ཀྱིས་གདན་ལ་འདུག་པར་ཡང་བྱེད་དོ། །རེས་འགའ་ནི་ཁྱེའུ་གསེར་གྱི་སྐེད་རྒྱན་ཅན་དུ་གྱུར་ནས་མ་སྐྱེས་དགྲའི་པང་དུ་འགྲེ་ལྡོག་བྱེད་ཅིང༌། མ་སྐྱེས་དགྲས་དེའི་ཁར་མཆིལ་མ་ལྡུགས་ན་དེས་ཀྱང་མིད་པར་བྱེད་དོ། །དེར་མ་སྐྱེས་དགྲས་བསམས་པ། ལྷས་བྱིན་འདི་ནི་སྟོན་པ་བས་ཀྱང་རྫུ་འཕྲུལ་ཆེའོ་སྙམ་མོ། །སྔ་དགོངས་བཞིན་ལྷས་བྱིན་ཚུར་འོངས་ཤིང་ཕར་འགྲོ་བ་ན་མ་སྐྱེས་དགྲས་ཤིང་རྟ་ལྔ་བརྒྱ་ཙམ་གྱིས་བསུ་ཞིང་སྐྱེས་ལ། ཁ་ཟས་བཙོས་པ་ལྔ་བརྒྱ་ཙམ་འབུལ་བར་བྱེད་དོ། །དུས་ལན་ཅིག་ལྷས་བྱིན་གྱིས་བསམས་པ། བཅོམ་ལྡན་འདས་ཀྱི་འཁོར་རྣམས་བདག་གིས་ཁ་དྲང་བར་བྱའོ་སྙམ་པ་དང༌། ཡང་དགེ་སློང་རྣམས་ཀྱིས་ལྷས་བྱིན་ལ་ཁྱོད་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་འོད་སྲུངས་སྟོབས་བཅུ་པ་ལས་བྱུང་ན། ཁྱེད་དེའི་དྲུང་དུ་མི་འགྲོའམ་ཞེས་བྱས་པ་ན། ཁོ་བོ་ཉིད་ཀྱི་བརྩོན་འགྲུས་ཀྱིས་འགྲུབ་པ་ཡིན་
གྱི། ང་ལ་དེས་ཅི་ཞིག་བྱས་ཞེས་སྨྲས་སོ། །དེ་ལྟར་ན་སློབ་དཔོན་ལ་དྲིན་དུ་མི་བཟོ་བ་དང༌། དགེ་འདུན་གྱི་དབྱེན་བྱེད་པའི་སེམས་ངན་པ་སྐྱེས་པ་དེས་ལྷས་བྱིན་གྱི་རྫུ་འཕྲུལ་དེ་མ་ཐག་ཉམས་ཤིང༌། སླར་སོར་ཆུད་པའི་ནུས་པ་ཡང་མེད་པར་གྱུར་མོད། དེ་ལྟར་ཉམས་པ་རེ་ཞིག་ལྷས་བྱིན་ཉིད་ཀྱིས་མ་ཤེས་སོ། །དོན་བརྒྱད་པ་དགེ་འདུན་གྱི་དབྱེན་བྱུང་བ་བསྡུམས་པ་ནི། དེ་ནས་དུས་གཞན་ཞིག་ན་ལྷས་བྱིན་གྱི་སེམས་ལ། བཅོམ་ལྡན་འདས་འདི་རྒས་འཁོགས་སུ་གྱུར་པས་འཁོར་རྣམ་པ་བཞིའམ་འཁོར་གྱི་ཕྱེད་བདག་ལ་གཏོད་པར་འགྱུར་གྲང་སྙམ་སྟེ། འཁོར་སློང་བའི་ཕྱིར་བཅོམ་ལྡན་འདས་ཀྱི་དྲུང་དུ་འོང་བར་ཆས་སོ། །དགེ་སློང་ནོག་ཅན་ཞེས་བྱ་བ་ཚངས་པའི་ལྷར་སྐྱེས་པ་ཞིག་ཡོད་པ་དེས་དེ་ཤེས་ཏེ། ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་མཽང་གལ་གྱི་བུ་བཞུགས་པ་ལ་སྦྲན་ཏེ་སྟོན་པ་ལ་ཞུས་ཤིག་ཅེས་བསྐུལ་ལོ། །དེས་ཀྱང་རྫུ་འཕྲུལ་གྱིས་སོང་སྟེ་ཞུས་སོ། །དེར་ལྷས་བྱིན་གྲོགས་ཀོ་ཀ་ལི་ལ་སོགས་པ་དགེ་སློང་བཞི་དང་ལྷན་ཅིག་རྒྱང་རིང་པོ་ནས་འོང་བ་གཟིགས་ནས། མཽང་གལ་གྱི་བུ་ཚིག་སྲུངས་ཤིག་ཅེས་བཀའ་སྩལ་ཞིང༌། མཽང་གལ་གྱི་བུ་སྔར་གྱི་གནས་སུ་སོང་ངོ༌། །དེ་ནས་མི་རིང་བར་ལྷས་བྱིན་གྱིས་སླེབ་སྟེ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། བཅོམ་ལྡན་འདས་བགྲེས་འཁོགས་པས་འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་པ་བསྙེལ་གྱི། འཁོར་རྣམས་བདག་ལ་གཏད་ན་ཐུགས་ལས་ཆུང་ངུས་བདེ་བ་ལ་རེག་པས་གནས་པར་འགྱུར་རོ། །ཞཻས་ཞུས་སོ། །དེ་འཇམ་པོས་གོ་བར་བྱ་བའི་དུས་མ་ཡིན་པར་དགོངས་ནས་བཀའ་སྩལ་པ། ང་རེ་ཞིག་འཁོར་རྣམས་བུམ་པ་བཟང་པོ་ལྟ་བུའི་ཤཱ་རིའི་བུ་དང་མཽང་གལ་གྱི་བུ་ལའང་མི་གཏོད་ན། གཏི་མུག་ཅན་རོ་དང་འདྲ་བ་མཆིལ་མ་ཟ་བ་ཁྱོད་ལ་གཏོད་རེ་ཀན། དེར་ལྷས་བྱིན་ཁོང་ཁྲོ་བ་དྲག་པོ་སྐྱེས་ནས་ལན་གསུམ་དུ་མགོ་
ཅོགས་ནས། འཇལ་ཏོ་སྙམ་དུ་བསམས་པས་ཕྱིར་སོང་ངོ༌། །དེ་ནས་སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཀུན་དགའ་བོས་དགེ་སློང་རྣམས་བསྡུས་ནས། སུ་ཞིག་ཉེས་པར་བཤད་པའི་ཆོས་འདུལ་བ་ལ་དག་པར་ལྟ་བ་དེ་དག་དང་ལྷན་ཅིག་ཏུ་འགྲོགས་པར་ཡང་མི་བྱ། ད་ནི་ཁྱེད་ཅག་རྣམས་ཚར་བཅད་ཅིང་ཟིལ་གྱིས་མནན་ནས་སྨྲ་ཡི། ཚིག་གི་ལམ་བཟོད་པར་གྱིས་ཤིག་ཅེས་སོགས་ལོག་པའི་རྗེས་སུ་མི་འགྲོ་བར་གདམས་སོ། །དེའི་ཚེ་ལྷས་བྱིན་གྲོགས་དགེ་སློང་བཞི་དང་གྲོས་བྱེད་དེ། འོ་སྐོལ་གྱིས་དགེ་འདུན་དབྱེ་བར་ནུས་ན་བདག་ཅག་ཚེ་འདིར་ཕུན་སུམ་ཚོགས་པར་འགྱུར་ཞིང༌། ཤི་བའི་རྗེས་སུ་ཡང་གཽ་ཏ་མ་མཐུ་ཆེ་བ་ལའང་དེ་ལྟར་བྱས་སོ་ཞེས་གྲགས་པ་ཆེན་པོ་འབྱུང་ངོ༌། །དེར་ཁ་ཅིག་དགེ་འདུན་དབྱེ་བར་མི་ནུས་སོ་ཞེས་ཟེར་ལ། ཡང་ཁ་ཅིག་འདི་ནི་ནུས་ཏེ་དགེ་སློང་རྒན་པ་རྣམས་ལ་ནི་ཡོ་བྱད་དག་སྦྱིན། གཞོན་པ་རྣམས་ཀྱང་ཟིང་ཟིང་གིས་བསྡུ་བར་བྱའོ། །ཞེས་བྱས་སོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ནས་རི་ག་ཡའི་དྲུང་དུ་བྱོན་ཏོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་འབྲས་སཱ་ལུ་སོག་མའི་སྦུབས་སུ་སྨིན་པ། ཤིང་རྟ་ལྔ་བརྒྱ་ཙམ་བཀང་སྟེ་བཅོམ་ལྡན་འདས་ལ་ཕུལ་བ་ན། ལྷས་བྱིན་གྱིས་དེ་མཐོང་སྟེ་མ་སྐྱེས་དགྲ་ལ། ང་ཡང་འཁོར་མང་པོ་དང་བཅས་ཏེ་ལྗོངས་རྒྱུ་ཞིང་འོང་ན། ད་ལྟར་རྒྱལ་པོས་གཽ་ཏ་མ་ལ་བྱེད་པ་བཞིན་དུ་ཁྱོད་ཀྱིས་ཀྱང་ང་ལ་གྱིས་ཤིག་ཅེས་ཟེར་ལ། མ་སྐྱེས་དགྲས་ཀྱང་ཁས་བླངས་སོ། །དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་མ་ཐག་པ་དང༌། སྐུ་ཚེའི་མཇུག་དང༌། མཆོག་ཟུང་གཅིག་མ་བསྟན་པའི་དུས་དང༌། བསྟན་པ་ལ་ལྟ་བ་དང་ཚུལ་ཁྲིམས་ཀྱི་སྐྱོན་མ་བྱུང་བའི་དུས་དང༌། མཚམས་མ་བཅད་པའི་དུས་སུ་ནི་དགེ་འདུན་གྱི་དབྱེན་མི་འབྱུང་ལ། སྐབས་དེར་ཆོས་འཁོར་བསྐོར་ནས་རེ་ཞིག་ལོན་ཞིང༌། སྐུ་ཚེའི་མཐའ་མ་རང་ལ་ཡང་མ་བབ་
པ་དང༌། མཆོག་ཟུང་གཅིག་ཀྱང་ཡོད། ཚུལ་ཁྲིམས་དང་ལྟ་བའི་སྐྱོན་ཡང་བྱུང་བས་དགེ་འདུན་གྱི་འབྱེན་འབྱུང་དུ་རུང་བའི་དུས་ཡིན་ལ། གྲོགས་དགེ་སློང་བཞི་དང་བཅས་པའི་ཕྱིར་དགེ་འདུན་གྱི་དབྱེན་བྱེད་ནུས་སོ་ཞེས་གཞན་ལ་བཀའ་སྩལ་པ་ལྷས་བྱིན་གྱིས་ཐོས་ནས་ལྷག་པར་ཡང་དགེ་འདུན་དབྱེ་བའི་ཕྱིར་བརྩོན་པར་བྱེད་དོ། །དེར་དགེ་སློང་ལྔ་བརྒྱ་ཡོ་བྱད་ཟང་ཟིང་གིས་མགུ་བར་བྱས་ཏེ་ལྷས་བྱིན་དང་ལྷན་ཅིག་ལྗོངས་རྒྱུ་ཞིང་སོང་བ་ལས། མ་སྐྱེས་དགྲས་ཀྱང་འབྲས་ཤིང་རྟ་ལྔ་བརྒྱ་གང་བ་དང་ཡོ་བྱད་མང་པོ་བསྟབས་སོ། །ཚུལ་དེ་སྟོན་པའི་སྙན་དུ་གསོལ་བས། ཞིང་བཟང་པོ་བོར་ནས་ཞིང་ངན་པ་ལ་མཆོད་པའི་སྔོན་གྱི་ལོ་རྒྱུས་དང༌། སྐྱེ་བོ་ངན་པ་རྙེད་བཀུར་གྱིས་ཕུང་བར་འགྱུར་བའི་ཚིགས་སུ་བཅད་པའང་བཀའ་སྩལ་ཏོ། །དེར་ལམ་གྱི་ཕྱེད་ཀྱི་ས་ཕྱོགས་ཡངས་པར་ལྷས་བྱིན་ཉིད་གྲལ་གྱི་དབུས་སུ་འདུག །དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་འདུས་ཤིང་ཟ་བར་བྱེད་དོ། །དེ་ནས་སྟོན་པ་མཉན་ཡོད་ནས་རྒྱལ་པོའི་ཁབ་ཏུ་གཤེགས་ཤིང༌། འཕགས་པའི་དགེ་འདུན་རྣམས་ནི་དབྱེ་བར་མི་ནུས་པས་སོ་སོ་སྐྱེ་བོ་དགེ་བ་ཅན་ཤས་ཆེ་བའི་དགེ་འདུན་དང་ཐབས་གཅིག་ཏུ་གཤེགས་ཏེ། རྒྱལ་པོའི་ཁབ་ཏུ་དབྱར་གནས་པར་མཛད་དེ། དེའི་ཚེ་རིམ་གྲོ་བྱེད་པ་ནི་འཕགས་པ་སྒྲ་གཅན་ཟིན་ནཽ། །བར་སྐབས་དེ་དག་ཏུ་ལྷས་བྱིན་དང་དེའི་རྗེས་སུ་འབྲང་བ་དགེ་སློང་བཞི་པོ་དག་ལ་སྟོན་པའི་བཀས། དགེ་འདུན་གྱིས་གཞམས་ཏེ་བསྒོ་བ་དང༌། བཟློག་སྟེ་བསྒོ་བ་བྱས་ཀྱང་དེ་དག་དགེ་འདུན་དབྱེན་ལ་བརྩོན་པ་འདོར་བར་མི་བྱེད་དོ། །དབྱར་གནས་པ་དེའི་ཚེ་མུ་གེའི་ཉམ་ང་བ་བྱུང་སྟེ། དགེ་སློང་རྫུ་འཕྲུལ་ཐོབ་པ་རྣམས་སྔར་བཞིན་བྱེད་ལ། བཅོམ་ལྡན་འདས་ནི་ཟླ་བ་གསུམ་དུ་ནང་དུ་ཡང་དག་འཇོག་པར་བཞེད་པས། བསོད་སྙོམས་སྟོབ་པ་དང་གསོ་སྦྱོང་གི་ཚེ་མ་གཏོགས་སུ་ཡང་སྤྱན་སྔར་མི་འགྲོའོ། །དེར་སོ་སོ་སྐྱེ་བོའི་དགེ་སློང་ལྔ་བརྒྱ་པོ་དེ་དག་ལ། ལྷས་བྱིན་གྱིས་ཡོ་བྱད་
ཐམས་ཅད་ཀྱིས་བསྟབས་སོ། །ཟླ་བ་གསུམ་འདས་པ་ན་ལྔ་བརྒྱ་པོ་རྣམས་ལྷས་བྱིན་གྱིས་ལམ་ཐག་ཅུང་ཟད་ཅིག་ཏུ་ཁྲིད་ནས་འདི་སྐད་ཅེས། དགེ་སྦྱོང་གོ་ཏ་མ་ནི་ཉན་ཐོས་རྣམས་ལ་དགོན་པ་བ་དང༌། བསོད་སྙོམས་པ་དང༌། ཕྱག་དར་ཁྲོད་པ་དང༌། ཆོས་གོས་གསུམ་པ་དང༌། བླ་གབ་མེད་པ་ཉིད་རྣམས་གྲོལ་བ་ཐོབ་པར་འགྱུར་ཞེས་སྨྲ་ན། གང་སུ་དག་བརྟུལ་ཞུགས་ལྔ་པོ་དེ་དག་མི་འདོད་པ་དེ་ནི་དགེ་སྦྱོང་གཽ་ཏ་མ་ལས་རིང་དུ་གྱུར་གྱི། ད་ཚུལ་ཤིང་ལོངས་ཤིག་བྱས་པས། དེར་ལྔ་བརྒྱས་ཚུལ་ཤིང་བླངས་སོ། །དེ་ནས་ལྷས་བྱིན་ལངས་ཏེ་སོང་བའི་རྗེས་ལ་ལྔ་བརྒྱ་པོའང་འབྲངས་སོ། །དེར་སྒྲ་གཅན་ཟིན་གྱིས་བཟློག་ཀྱང་དེ་དག་ན་རེ། མུ་གེ་འདི་ལྟ་བུ་བྱུང་ན། སྟོན་པ་ནི་མི་སྣང་བ་ན་བཞུགས། བདག་ཅག་ལྷས་བྱིན་གྱི་མཐུས་སྲོག་དང་མ་བྲལ་བ་ཡིན་མོད། གཞན་དུ་ན་གཅིག་ཀྱང་གསོན་པར་མི་འགྱུར་རོ་ཞེས་ཟེར་རོ། །དེ་ནས་ལྷས་སྦྱིན་གྱིས་རང་གི་བློས་བཅོས་པའི་བརྟུལ་ཞུགས་ལྔ་བསྒྲགས་ཤིང༌། ལྔ་བརྒྱས་ཀྱང་ཚུལ་ཤིང་བླངས་སོ། །གནས་ལྔ་ནི། འོ་མ་དང༌། ཤ་དང༌། ལན་ཚ་སྤོང་བ་སྟེ་གསུམ་དང༌། གོས་དྲས་ཤིང་དྲུབས་པ་མི་གོན་པ་དང༌། གྲོང་མཐའ་ན་གནས་པའོ། །དེ་ལྟར་བརྟུལ་ཞུགས་ལྔ་བཟུང་བ་དེ་ནི་དགེ་འདུན་བྱེ་བའི་ཚད་དོ། །དེ་ནས་ལྷས་བྱིན་འཁོར་དང་བཅས་པ་ཅུང་ཟད་འཕགས་ཏེ་རྒྱལ་པོའི་ཁབ་ཏུ་གཏོགས་པ་སྤྱོད་ཡུལ་ཡངས་པ་གཅིག་ཏུ་གནས་བཅས་ནས་རང་ཉིད་ཁྲི་ལ་འདུགསངས་རྒྱས་ལྟར་བཅོས། ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་གཉིས་མཆོག་ཟུང་གཅིག་གི་ཚུལ་ལྟར་བཅོས་ནས་གཡས་གཡོན་དུ་བཞགདགེ་སློང་ལྔ་བརྒྱ་པོ་དེ་དག་གིས་མཐའ་བསྐོར་ནས། ཟབ་པ་དང་རྒྱ་ཆེ་བ་ལྟར་བཅོས་པའི་ཆོས་སྟོན་པ་ལྟར་བྱེད་དོ། །གང་དགེ་འདུན་བྱེ་བའི་དུས་ཉིད་ན། ས་གཡོས། སྐར་མདའ་ལྟུང༌། སྒྲ་འབྱིན་ནོ། །དེ་ལྟར་དགེ་འདུན་བྱེ་
ནས་མ་བསྡུམས་བར་གྱི་ཞག་གཅིག་པོ་དེ་ལ་སྡེ་སྣོད་གསུམ་གྱི་ལུང་འབོགས་པ་དང༌། ཀློག་པ་དང༌། འདོན་པ་དང༌། འཛིན་པ་དང༌། དོན་སེམས་པ་དང༌། ཐར་པའི་ས་བོན་བསྐྱེད་པའི་རྒྱུན་ཆད། ངེས་པ་ལ་སྔར་མ་ཞུགས་པ་རྣམས་མི་འཇུགའབྲས་བུ་མ་ཐོབ་པ་རྣམས་མི་ཐོབ། འདོད་ཆགས་དག་མ་བྲལ་བ་རྣམས་མི་འབྲལ། ཟག་པ་མ་ཟད་པ་རྣམས་ཟད་པར་མི་འགྱུར་ཏེ། སྟོང་གསུམ་གྱི་འཇིག་རྟེན་གཅིག་ཏུ་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་ཅིང༌། ལྷ་མིའི་འགྲོ་བ་ཐམས་ཅད་ཡིད་མི་བདེ་བ་དང་འཁྲུགས་པས་གནས་སོ། །དེའི་ཚེ་མཆོག་ཟུང་གཅིག་ལྷོ་ཕྱོགས་ཀྱི་རི་ལ་དབྱར་གནས་པ་ལས། ས་གཡོས་པའི་རྒྱུ་བརྟགས་པས་དགེ་བདུན་བྱེ་བར་ཤེས་ཏེ་རྫུ་འཕྲུལ་གྱིས་སྟོན་པའི་སྤྱན་སྔར་འོངས་ནས། བདག་ཅག་དགེ་འདུན་བསྡུམ་པར་བགྱི་བའི་དོན་དུ་འོངས་སོ། །ཞེས་ཞུས་པས། བཅོམ་ལྡན་འདས་ཀྱིས་ལེགས་སོ་སྩལ་ཏེ། གང་ཟག་བཞི་ཚངས་པའི་བསོད་ནམས་སྐྱེད་དེ། སྔོན་མེད་པའི་ས་ཕྱོགས་སུ་དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང༌། དེར་གཙུག་ལག་ཁང་བྱེད་པ་དང༌། དགེ་འདུན་བྱེ་བ་བསྡུམ་པ་དང༌། ཚད་མེད་པ་བཞི་བསྒོམ་པའོ། །དེ་ནས་མཆོག་ཟུང་ཕྱོགས་དེར་སོང་ངོ༌། །ཉེ་བར་ཕྱིན་པ་ན་ལྷས་བྱིན་གྱིས་དེ་མཐོང་སྟེ། ད་ནི་ཉན་ཐོས་ཆེན་པོ་འདི་གཉིས་ཀྱང་མངོན་དུ་བྱས་ན། ང་ཉིད་ཐམས་ཅད་མཁྱེན་པ་སངས་རྒྱས་སུ་འགྱུར་བར་ཐེ་ཚོམ་མེད་དོ་སྙམ་ཡིད་རབ་ཏུ་དགའ་ཞིང་ང་རྒྱལ་དང༌། དྲེགས་པ་དང༌། རྒྱགས་པ་སྐྱེས་ཏེ་ཀོ་ཀ་ལི་ཀ་དང༌། ཁཎྜ་དྲ་བྱ་སྟེ་དགེ་སློང་གཉིས་པོ་དེ་ལ་གྲུ་སུགས་བྱས་ནས་བསྐྲད་དེ་མཆོག་ཟུང་གཅིག་གཡས་གཡོན་དུ་བཞག་གོ །དེ་ནས་མི་རིང་བ་ན་ལྷས་བྱིན་ནི་བཅོམ་ལྡན་འདས་ཀྱི་ལད་མོ་ཟློས་ཏེ་འཕགས་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས། ང་ནི་རྒྱབ་ཅུང་ཟད་མི་བདེ་ཡི། དེ་བསལ་དགོས་
ཀྱི། ཁྱོད་ཀྱིས་འཁོར་རྣམས་ལ་ཆོས་སྟོན་ཅིག་ཟེར་ནས། བླ་གོས་བཞི་ལྟབ་ཏུ་བཏང་སྣམ་སྦྱར་སྔས་སུ་བཅུག་ནས་གཉིད་ལོག་གོ །དེར་ཤཱ་རིའི་བུས་ལྷས་བྱིན་གཉིད་འཐུག་པོས་ནོན་ཞིང་གན་རྐྱལ་དུ་འདུག སྔུར་པའི་སྒྲ་འབྱིན་པར་བྱིན་གྱིས་བརླབས་ནས་འཁོར་རྣམས་ལ། ཁྱོད་རྣམས་ཀྱི་སྟོན་པ་འདིའི་གནས་སྐབས་འདི་ལྟ་བུ་ལ་ལྟོས་ཤིག །དེར་མཽང་གལ་གྱི་བུ་ནམ་མཁའ་ལ་འཕགས་ཏེ་རྫུ་འཕྲུལ་གྱི་ཆོ་འཕྲུལ་མང་པོ་བསྟན་པས་འཁོར་རྣམས་དད་ཅིང་འདུན་པར་བྱས། ཤཱ་རིའི་བུས་ཆོས་བསྟན་པས་འཁོར་རྣམས་སྐྱོ་བ་སྐྱེས་ཤིང་སྟོན་པ་ལ་དད་པ་དང༌། ལྷས་བྱིན་སྤོང་པར་འགྱུར་བའི་ཆོས་ཀྱང་བཤད་ནས། དགེ་སློང་དེ་ཐམས་ཅད་ཀྱང་སྔར་ཟས་ངོ་དང་ནོར་ངོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་སྤངས་ཏེ་ལྷས་བྱིན་གྱི་རྗེས་སུ་ཞུགས་པའི་རང་གི་སྤྱོད་པ་ལ་ངོ་ཚ་ཡིད་འབྱུང༌། སངས་རྒྱས་ལ་མཆོག་ཏུ་དད་པ་སྐྱེས་སོ། །དེ་ནས་མཆོག་ཟུང་གིས་ལྔ་བརྒྱ་པོ་ཁྲིད་ནས་འོངས་ཏེ། དེའི་ཚེ་ཀོ་ཀ་ལི་ཀས་ལྷས་བྱིན་ལོངས་ཤིག་འཁོར་ཕྲོགས་སོ་ཞེས་སྨྲ་ཞིང་ཐབས་དུ་མ་བྱས་ཀྱང་ལྷས་བྱིན་ཡུན་རིང་དུ་གཉིད་མ་སད་པ་ལས། རིང་ཞིག་སོང་ནས་སང་ངོ༌། །དེ་ནས་ཞེ་སྡང་དྲག་པོས་ཅི་བཞིན་བསྙེགས་ནས་འོངས་པ་ན། ཤཱ་རིའི་བུས་ལམ་བར་དེར་ངམ་གྲོག་འཇིགས་སུ་རུང་བ་ཞིག་སྤྲུལ་པས་མ་ཐར་ཏེ་ལྷས་བྱིན་སླར་ལྡོག་ནས་ཀོ་ཀ་ལི་ཀ་ལ་སྤྱོ་ཞིང་རྡེག་པར་བྱེད་དོ། །ལྔ་བརྒྱ་པོ་དེ་དག་ལྷས་བྱིན་སྤོང་ཞིང་སྟོན་པ་ལ་འདུན་པའི་སེམས་བསྐྱེད་པ་ན་དགེ་འདུན་བསྡུམ་པའི་ཚད་དེ། དགེ་འདུན་བྱེ་བ་དེའང་རིང་དུ་མི་གནས་ཏེ་ཉིན་ཞག་གཅིག་གི་ནང་དུ་བསྡུམ་པ་ཡིན་ནོ། །དེ་ནས་མཆོག་ཟུང་གིས་དགེ་སློང་དེ་དག་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཁྲིད་དེ། སྟོན་པས་དེ་དག་ཤིན་ཏུ་འགྱོད་ཅིང་མནོང་བའི་གཉེན་པོར་ཡང་དག་པར་སྤྲོ་བ་བསྐྱེད། རྟེན་འབྲེལ་ལུགས་འབྱུང་ལུགས་བཟློག་གི་ཆོས་བསྟན་པས་འགྱོད་པ་བསལ་ཏེ་རྒྱུན་དུ་
ཞུགས་པ་ནས་དགྲ་བཅོམ་པའི་བར་ལ་བཀོད་དོ། དེའི་ཚེ་ལྷས་བྱིན་གྱིས་རྒྱལ་པོའི་ཁབ་ཀྱི་སྐྱེ་བོ་རྣམས་ལ་འཚེ་བ་སྣ་ཚོགས་པ་རྒྱུན་དུ་བྱེད་ལ། གང་གཙེས་པ་དེ་སྟོན་པའི་སྙན་དུ་གསོལ་མཁན་གཏོང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀུན་དགའ་བོ་མངགས་ཏེ། རྒྱལ་པོའི་ཁབ་ཀྱི་ལམ་པོ་ཆེ་དང་གཞི་མདོ་སོགས་སུ་ལྷས་བྱིན་ནམ་ལྷས་བྱིན་གྱི་ཕྱོགས་འཚེ་བ་བྱེད་པ་པོ་དེ་དག་ནི་སངས་རྒྱས་དང༌། ཆོས་དང༌། དགེ་འདུན་དང་འབྲེལ་བ་མ་ཡིན་ནོ་ཞེས་བསྒྲགས་ཤིང༌། དེས་རྫུ་འཕྲུལ་ཉམས་པའང་གོ་བར་བྱས་སོ། །དོན་དགུ་པ་མ་སྐྱེས་དགྲའི་ལོག་སྤྱོད་ནི། དེ་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲ་ལ་ཁྱོད་ཀྱི་ཕ་ནི་སྐྲ་ཁ་དོག་ལན་གསུམ་དུ་འགྱུར་ཡང་འདོད་ཡོན་ལ་ཞེན་པས་བུ་ལ་རྒྱལ་སྲིད་མི་གཏོད་ཀྱི། ད་ཕ་རོལ་གནོན་པར་གྱིས་ཤིག་ཅེས་སོགས་ཕྲ་མ་མང་པོ་དག་འཇུག་པར་བྱེད་དོ། །མ་སྐྱེས་དགྲ་ཡང་དེ་ལ་ཉན་ཏེ་རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས་ལ་འཇམ་འཕུལ་བའི་ཕྱིར་འོད་མའི་ཚལ་དུ་འགྲོ་བ་ལ། མ་སྐྱེས་དགྲས་རྡོ་རྗེ་རྩེ་གཅིག་པ་འཕངས་པས་འཇམ་གྱི་རྫིའུ་ལ་ཐུག་སྟེ་ཆག་པ་དང་སླར་ལྡོག་གོ །སྟོན་པས་མཽང་གལ་གྱི་བུ་ལ་བཀའ་སྩལ་པ་སྟེ། མཽང་གལ་གྱི་བུས་གྲོང་ཁྱེར་ཙམ་པར་གྲུ་འཛིན་གྱི་བུ་བྱེ་བ་ཉི་ཤུ་པ་ལ་བསོད་སྙོམས་སློང་པར་བཞེད་དེ། དེ་ཉི་མ་ལ་ལྷར་འཛིན་པ་ཡིན་པས་ཉི་མ་ལ་ཕྱག་བྱེད་པའི་དུས་སུ་མཽང་གལ་གྱི་བུས་རྫུ་འཕྲུལ་གྱིས་ཉི་མའི་དཀྱིལ་འཁོར་གྱི་དཀྱིལ་བརྟོལ་ནས་བབས་པས། དེས་ཉི་མའི་ལྷའོ་སྙམ་སྟེ་ཁྱེད་ཉི་མ་ཡིན་ནམ། ཞེས་དྲིས་པ་ལ། ང་ནི་ཐུབ་པའི་ཉན་ཐོས་ཏེ་ཁྱོད་གྱིས་བཅོམ་ལྡན་འདས་ལ་བསོད་སྙོམས་ཕུལ་ཞིག་གསུང༌། བཅོམ་ལྡན་འདས་དེ་སུ། དེར་རྒྱས་པར་བཤད་པས་གྲོ་ཞུན་སྐྱེས་བྱེ་བ་ཉི་ཤུ་པ་དེ་ལྷག་པར་དད་པ་སྐྱེས་ནས་ལྷའི་ཟས་དང་མཚུངས་པའི་བཟའ་བ་སྣོད་དུ་བཙོས་པ་ལྔ་བརྒྱ་ཕུལ་བ་མཽང་གལ་གྱི་བུས་རྫུ་
འཕྲུལ་གྱིས་ཁྱེར་ཏེ་སྟོན་པ་ལ་ཕུལ་ལོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་སྣོད་དུ་བཙོས་པའི་ཞལ་ཟས་ཕྱི་མ་ཁྱེར་ཏེ་སྤྱན་སྔར་འོངས་ཙ་ན་འོད་མའི་ཚལ་ཐམས་ཅད་དྲི་ཞིམ་པོས་ཁྱབ་པར་འདུག་ནས། ལྷ་དག་མཆོད་པ་ལ་འོངས་སམ་ཞེས་ཞུས་པ་ན། གྲུ་འཛིན་གྱི་བུ་ལས་མཽང་གལ་གྱི་བུས་བསོད་སྙོམས་བླངས་པ་སྟེ། དེ་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ནོ་ཞེས་རྒྱ་ཆེར་བསྔགས་སོ། །དེ་ནས་སྟོན་པས་གསོལ་བའི་ལྷག་མ་རྒྱལ་པོ་ལ་ཡང་བསྩལ་ཏེ། རྒྱལ་པོས་ཀྱང་གསོལ་བ་ན་སྔོན་ཆད་དེ་འདྲ་བའི་ཁ་ཟས་མ་མྱོང་སྟེ། ཆེད་དུ་བརྗོད་པ་ཡང་བྱས་སོ། །དེར་མ་སྐྱེས་དགྲ་ལ་སྐྱེ་བོ་ཐམས་ཅད་འཕྱ་སྟེ། འདི་ཡབ་ཀྱི་དགྲར་འགྱུར་ཞེས་མ་སྐྱེས་པ་ནས་ལུང་བསྟན་ན་སྔོན་ནས་ཅིའི་ཕྱིར་མི་བཀུམ། ཁ་ཅིག་ན་རེ། ལུང་བསྟན་པ་ཐམས་ཅད་བདེན་ནམ་ཅི། རྒྱལ་པོས་མ་ཉེས་ཏེ་ལྷས་བྱིན་གྱིས་ཉེས་སོ། །གཞན་དག་ན་རེ། རྒྱལ་པོ་དང་ལྷས་བྱིན་གྱིས་ཀྱང་མ་ཉེས་ཏེ། འདི་གནས་ནས་བསྐྲད་པར་མ་བྱས་པས་དགེ་འདུན་གྱིས་ཉེས་སོ། །དེར་རྒྱལ་པོས་བསམས་པ། བདག་གི་ལུས་ངན་པ་འདི་ལ་བརྟེན་ནས་སྟོན་པ་དང་དགེ་འདུན་ལ་མི་སྙན་པར་བརྗོད་སྙམ་ཡིད་ཞུམ་པར་འདུག་གོ །དེ་ནས་ལྷས་བྱིན་གྱིས་རྟག་པར་བསྐུལ་ཏེ། མ་སྐྱེས་དགྲ་ཕ་རོལ་གནོན་པའི་ལས་ཁོ་ནས་དུས་འདའ་སྟེ། དང་པོར་ཡུལ་ཙམ་པ་མ་སྐྱེས་དགྲ་ལ་བྱིན་པ་དང༌། དེ་ནས་མ་ག་དྷ་ཡང་རིལ་བོར་བྱིན་པ་དང༌། དེ་ནས་བང་མཛོད་རྣམས་ཀྱང་བྱིན་པ་དང༌། དེ་ནས་འཇམ་པོར་སྨྲ་བ་རྣམས་ཀྱིས་ཀྱང་མ་བཟློག་སྟེ། ཡབ་ཀྱིས་ཚིག་རྩུབ་པོས་བཟློག་པར་བྱས་ན། དེར་མ་སྐྱེས་དགྲ་ཁྲོས་ཏེ་ཡབ་བཙོན་ཁང་དུ་བཅུག་གོ །དེ་ལ་སྐབས་འདིའི་ཕ་རོལ་གནོན་པ་ཞེས་བྱ་བ་ནི། དུས་ད་ལྟའི་རྒྱལ་པོ་ངན་པ་ཁ་ཅིག་གམ། བློན་པོ་ལོག་པའི་ཁྲིམས་བྱེད་པ་རྣམས་གྱི་སྤྱོད་པ་ལྟར་མི་འོས་པའི་དཔྱའ་བསྡུད། མི་འོས་
པའི་ཆད་པ་གཅོད། མ་རུངས་པ་ཆད་པ་འོས་པ་ལ་གཉའ་རེངས་སུ་འཇུག བཟང་པོ་རྣམས་ནི་སྨད་ཅིང་སྡིགས། ངན་པ་རྣམས་ནི་མགོ་དཔངས་གཏོད། ལྟོགས་འདོད་ཆེན་པོས་རྒྱལ་ཁམས་རླག་པར་བྱེད་པའི་མིང་ངོ༌། །དེ་ནས་བཙོན་ཁང་དུ་ཡབ་ལ་ཟས་སྐྱེལ་བ་ཡང་བཀག་པ་དང༌། ཡང་མ་སྐྱེས་དགྲ་ཉིད་ཀྱི་མ་བཙུན་མོ་ལུས་འཕགས་མོས་རྐང་གདུབ་ཀྱི་སྦུབས་ཆུས་བཀང་བ་དང༌། ལུས་ལ་ལྡེ་གུས་བྱུགས་ཏེ་སོང་ནས་ཟས་སྐོམ་དེ་ཙམ་གྱིས་འཚོ་བ་ཡིན་པ་ལས་དེའང་བཀག་གོ །དེ་ནས་བཟའ་བཏུང་མེད་ཀྱང་བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ལ་ཞབས་འཆག་པར་མཛད་དེ་དེའི་འོད་ཟེར་དཀར་ཁུང་ནས་འཇུག་ཅིང༌། །རྒྱལ་པོས་ཀྱང་དཀར་ཁུང་ཆུང་ངུ་ནས་བཅོམ་ལྡན་འདས་ཀྱི་སྐུ་མཐོང་བས། དགའ་བ་སྐྱེས་ཏེ་དེས་འཚོའོ། །དེ་ནས་དཀར་སྐར་ཁུང་ཡང་བཀག་པ་ན། སྟོན་པའི་སྐུའི་འོད་ཟེར་བཙོན་ཁང་གི་སེར་ཁ་ནས་འཇུག་ཅིང་མཐོང་བས་འཚོ་བ་ལས་དེའང་བཀག་ཅིང༌། སྤུ་གྲིས་རྐང་པ་ལ་རྨ་བྱུང་བ་ན། རྒྱལ་པོ་ཐུགས་སྡུག་བསྔལ་གྱིས་ཤིན་ཏུ་གདུངས་པ་ལ། སྟོན་པས་མཽང་གལ་གྱི་བུ་མངགས་ཏེ་དེས་རྫུ་འཕྲུལ་གྱིས་བཙོན་ཁང་དུ་སོང་ནས་སྟོན་པའི་བཀས། རྒྱལ་པོ་ལ་ནད་མེད་པར་གྱུར་ཅིགངས་ཁྱོད་ལ་དགེ་བའི་བཤེས་གཉེན་གྱི་བྱ་བ་གང་ཡིན་པ་དེ་ནི་སྔར་ནས་བྱས་ཟིན་ཏེ་ངན་སོང་ལས་ཐར་བར་བྱས་སོ། །འདི་ནི་རང་གི་ལས་ཀྱི་འབྲས་བུ་མྱོང་བ་ཡིན་པས། ལས་སྐྱབས་སུ་གྱིས་ཤིག །ཅེས་སོ། །བཀའ་དེ་མེད་པར་ཤེས་ནས་རྒྱལ་པོས་སྨྲས་པ། འཕགས་པ་ཁ་ཟས་བཟང་བོ་གང་ན་ཡོད། རྒྱལ་ཆེན་རིགས་བཞིའི་ལྷའི་གནས་ནའོ། །དེ་ནས་མཽང་གལ་གྱི་བུ་བྱོན། མ་སྐྱེས་དགྲའི་བུ་འཆར་བྱེད་བཟང་པོ་སོར་མོའི་རྩེ་མོ་ལ་ཕོལ་མིག་བྱུང་སྟེ་ངུའོ། །མ་སྐྱེས་དགྲས་དེའི་སོར་མོ་ཁར་བཅུག་པ་ལས་ཕོལ་མིག་ཁ་ནང་དུ་བརྡོལ་བ་དང་ས་ལ་ཕོ་བས་རྣག་ཁྲག་
མཐོང་བ་ན་དེ་ལྷག་པར་ཡང་ངུའོ། །དེར་ལུས་འཕགས་མོས་སྨྲས་པ། འདི་ནི་རིགས་བརྒྱུད་ལ་ཡོད་དེ། ཁྱོད་ཀྱང་སྔོན་འདི་འདྲ་བར་གྱུར་བ་ལས། ཡབ་ཀྱིས་སྐྲག་ནས་དུས་ཀྱི་དོགས་ནས་རྣག་ཁྲག་ཁར་མིད་པ་ཡིན་ནོ། །དེར་མ་སྐྱེས་དགྲ་ཞེ་སྡང་དང་བྲལ་ཞིང༌། བདག་གི་ཡབ་དེ་འདྲ་བར་བདག་ལ་བྱམས་ན། ཡབ་གསོན་ནོ་ཞེས་ཟེར་བ་དེ་ལ་རྒྱལ་སྲིད་ཀྱི་ཕྱེད་སྦྱིན་ནོ་ཞེས་སྨྲས་པས། སྐྱེ་བོ་མང་པོ་ཞིག་རབ་ཏུ་དགའ་བས་བཙོན་ཁང་གི་ཕྱོགས་སུ་རྒྱུགས་པ་ན། གཟུགས་ཅན་སྙིང་པོས་ཅ་ཅོའི་སྒྲ་ཆེན་པོ་ཚོར་བས་དངངས་ཏེ་དུས་ལས་འདས་ནས་དེ་མ་ཐག་རྣམ་ཐོས་སྲས་ཀྱི་པང་པར་སྐྱེས་ཏེ་བདུད་རྩི་ལ་ལོངས་སྤྱོད་དོ། །རྣམ་ཐོས་བུས་ཁྱོད་སུ་ཞིག་ཅེས་དྲིས་པས། ང་ནི་རྒྱལ་བ་ཁྱུ་མཆོག་གོ་ཞེས་སྨྲས་པས་མཚན་དེ་བཞིན་དུ་གྲགས་སོ། །དེར་མ་སྐྱེས་དགྲ་ཡབ་འདས་པའི་མྱ་ངན་མི་བཟད་པས་ནོན་ཏེ། དེ་གསོ་བའི་ཕྱིར་བློན་པོ་རྣམས་གྱིས་ལྷོ་ཕྱོགས་ནས་འོངས་པའི་གར་མཁན་ཞིག་བོས་ཏེ་གར་བྱེད་དུ་བཅུག་ཀྱང་མྱ་ངན་མ་སངས་ཏེ། གར་མཁན་རྣམས་ཕྱིར་བྱུང་བ་ན་ཕྱོགས་དེར་སངས་རྒྱས་བྱོན་པ་མཐོང་སྟེ་དད་པ་སྐྱེས་ནས་རྫ་རྔ་བརྡུངས་ཤིང་གར་བྱས་སོ། །སྟོན་པས་འོད་ཟེར་སྤྲོ་བསྡུ་མཛད་ནས་གར་མཁན་དེ་རང་སངས་རྒྱས་རྔ་སྒྲ་ཞེས་བྱ་བར་འགྱུར་བར་ལུང་བསྟན་ཏོ། །བརྒྱད་ཅུ་པ་ལྷས་བྱིན་གྱི་ལོག་སྒྲུབ་ནི། དེ་ནས་ལྷས་བྱིན་གྱིས་མ་སྐྱེས་དགྲ་ལ་ངས་ཁྱོད་རྒྱལ་སྲིད་ལ་བསྐོས་ཟིན་གྱི། ཁྱོད་ཀྱིས་ང་སངས་རྒྱས་སུ་སྐོས་ཤིག །རྒྱལ་པོ་སྨྲས་པ། སྟོན་པ་ནི་གསེར་གྱི་ཁ་དོག་ཏུ་འདུག་ན། ཁྱོད་ལ་དེ་མེད་དོ། །དེ་ནས་ལྷས་བྱིན་གྱིས་གསེར་མགར་བཀུག་སྟེ། ཁོ་བོའི་ལུས་གསེར་གྱིས་གཡོགས་ཤིག །དེས་སྨྲས་པ། འདི་ལ་ཚོར་བ་དྲག་པོ་མི་བཟད་པ་འབྱུང་ན་དེ་བརྣགས་པར་ཕོད་དམ་ཟེར་བ་ན། ཕོད་པར་བྱའོ་བྱས་ནས། དེར་
ཙཉྩུ་ཞེས་བྱ་བའི་འབྲུ་མར་གྱིས་ལུས་བྱུགས། གསེར་བཞུ་སྟེ་གྱིམ་འབག་གིས་བྱུགས་པས་སྡུག་བསྔལ་མི་བཟད་པ་མྱོང་ངོ༌། །ཡང་རྒྱལ་པོ་མ་སྐྱེས་དགྲ་ལ་སྔར་བཞིན་སྨྲས་པས། སྟོན་པའི་ཞབས་མཐིལ་ལ་འཁོར་ལོའི་མཚན་མ་ཡོད་ན། ཁྱོད་ལ་མེད་དོ། །ལྷས་བྱིན་གྱིས་ལྕགས་མགར་བཀུག་སྟེ། ཁོ་བོའི་ཞབས་མཐིལ་ལ་འཁོར་ལོའི་མཚན་མ་འབྲི་ནུས་སམ་སོགས་གོང་དང་འདྲ། དེས་བསམས་པ། འདི་ནི་ཤེད་སྟོབས་དང་ལྡན་པ་སྟེ་ཟུག་རྔུ་བྱུང་ན་རྡོག་པས་བསྣུན་ཏེ་གསོད་པའི་གནས་ཀྱང་ཡོད་དོ་སྙམ། རྩིག་པ་ལ་བུ་ག་བྱས་པའི་ཚུ་རོལ་ནས་ལྷས་བྱིན་གྱི་རྐང་པ་བཅུག་པའི་ཕར་ཕྱོགས་ནས། ཡང་ལྕགས་ཀྱི་འཁོར་ལོ་མེ་ལ་བསྲེགས་པ་ལྷས་བྱིན་གྱི་རྐང་མཐིལ་དུ་བསླན་ནས་འཁོར་ལོའི་མཚན་མ་བྱས་ཏེ་སྡུག་བསྔལ་མི་བཟད་པ་མྱོང་ངོ༌། །དེ་ནས་ལྷས་བྱིན་གྱིས་རྒྱལ་པོ་ལ་ངས་ཁྱོད་རྒྱལ་སྲིད་དུ་བཞག་ན། ཁྱོད་ཀྱིས་ང་སངས་རྒྱས་སུ་བསྐོ་མ་ཐུབ་ཀྱི། ད་ནི་ཁོ་བོ་ཉིད་ཀྱི་གཽ་ཏ་མ་གསོད་ཀྱི། ཁྱོད་ཀྱིས་རེ་ཞིག་སུ་ལའང་མ་སྨྲ་ཞིག་ཟེར་རོ། །དེར་ལྷོ་ཕྱོགས་ནས་འོངས་པའི་འཁྲུལ་འཁོར་མཁན་ཞིག་གི་སློབ་དཔོན་ལ། ལྷས་བྱིན་གྱིས། ཀྱཻ་འཁྲུལ་འཁོར་མཁན། གླ་མི་ལྔ་བརྒྱས་དྲངས་ཏེ། རྡོ་ཆེས་ཆེ་བ་འཕེན་པའི་སྒྱཽགས་འཆའ་ནུས་སམ། དེས་ཀྱང་ནུས་སོ་ཟེར་རོ། །དེ་ལ་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་ཕྲག་རི་བ་ཞིག་བྱིན། གླ་མི་སྟོང་ཕྲག་གཅིག་བཙལ་ནས། སོ་སོར་གླ་བྱིན་ནས་བྱ་རྒོད་ཕུང་པོའི་རི་བོ་བཅོམ་ལྡན་འདས་བཞུགས་པའི་དྲང་ཐད་ཕར་ངོས་ཀྱི་རིའི་སྟེང་དུ་སྒྱོགས་བཅས་ཤིང༌། དེ་འཕེན་པའི་མི་ལྔ་བརྒྱ་ཡང་བཞག བྱ་རྒོད་ཕུང་པོའི་རིའི་གཡས་གཡོན་གྱི་ལམ་པོ་ཆེ་དང་འབྲེལ་བའི་ས་གནད་འདོམས་པ་ཞིག་ཏུ་མི་ཉིས་བརྒྱ་ལྔ་བཅུ་བཞག གཞན་ཡང་ལམ་སྲང་འདུས་པ་སོགས་གནས་གཞན་དང་གཞན་དུ་
ཡང་མི་ཉིས་བརྒྱ་ལྔ་བཅུ་བཀྲམ་སྟེ་བཞག དེ་དག་ལ་གལ་ཏེ་གཽ་ཏ་མ་སྒྱོགས་འཕངས་པས་བསད་པར་མ་ནུས་ན། ཁྱེད་ཅག་སུའི་སར་གཽ་ཏ་མ་བྱུང་ན་ཡང་གསོད་ཅིག་ཅེས་བསྒོས། འདི་རྣམས་ཀྱིས་མ་ནུས་ན་བདག་རང་གིས་བྱའོ་སྙམ་ནས་རང་ཉིད་ཀྱང་རལ་གྲི་རྣོན་པོ་ཐོག་ནས་མཐའ་གཅིག་ཏུ་འདུག་སྟེ་ཕྱོགས་ཀུན་ཏུ་ལྟ་ཞིང་ཉུལ་ལོ། །དེར་འཁྲུལ་འཁོར་གྱི་སློབ་དཔོན་མི་ལྔ་བརྒྱ་དང་བཅས་པས་སྒྱོགས་སུ་ལ་འཕང་དྲིས་པས། གཽ་ཏ་མ་ལ་འཕང་ངཽ་ཟེར་བས། དེ་རྣམས་དེ་བས་ཤི་བ་ཡང་སླ་སྙམ་སྟེ། ལྷས་བྱིན་གྱིས་མི་མཐོང་བའི་ལམ་བཙལ་བ་ན། རིའི་ཕར་ཕྱོགས་གཡང་ས་ཡིན་ཡང༌། སྟོན་པས་ཕྱོགས་དེར་སྐས་སམ་ཐེམ་སྐས་སྤྲུལ་པས་མི་ལྔ་བརྒྱ་པོ་དེ་ལས་བྲོས་སོ། །འཕོངས་ཀྱི་སློབ་དཔོན་ཡང་མུ་ཏིག་གི་དོ་ཤལ་ཁུར་ནས་དེ་དག་གི་ཕྱི་བཞིན་སོང༌། །དེ་དག་སྟོན་པའི་སྤྱན་སྔར་སོང་བ་ན། ཆོས་བསྟན་པས་ཐམས་ཅད་ཀྱིས་བདེན་པ་མཐོང༌། སྐྱབས་འགྲོ་དང་བསླབ་པའི་གཞི་ལ་བཀོད་དོ། །ལྷས་བྱིན་གྱིས་བསྒུགས་ཤིང་ཡང་ཡང་བལྟས་ཀྱང༌། སྒྱོགས་མ་འཕངས་ནས། རང་ཉིད་ཀྱིས་མི་ལྔ་བརྒྱ་ཁྲིད་ནས་རི་ལ་འཛེགས་ཏེ། སྒྱོགས་བཅས་པའི་སར་ཕྱིན་པ་ན། ཁྲུལ་འཁོར་མཁན་གྱི་སློབ་དཔོན་ཡང་བྲོས། ལྔ་བརྒྱ་པོ་ཡང་ཆོས་ཉན་པ་མཐོང་སྟེ་ལྷག་པར་ཡང་སེམས་འཁྲུགས་སོ། །མི་ལྔ་བརྒྱ་པོ་ཡང་སྟོན་པས་བྲོས་ཤིག་པར་བཀའ་སྩལ་ཏེ་གཞན་དུ་བྲོས་སོང༌། བཅོམ་ལྡན་འདས་བླ་གབ་མེད་པ་ནས་རིའི་ཕུག་ཏུ་གཤེགས་ཏེ་བཞུགས། ལྷས་བྱིན་རང་ཉིད་འཁོར་ལྔ་བརྒྱ་དང་བཅས་པས་སྒྱོགས་དྲངས་ཏེ་རྡོ་ཆེན་པོ་མི་བཟད་པ་འཕངས་པས། གནོད་སྦྱིན་ལག་ན་རྡོ་རྗེས་སྒྱོགས་རྡོ་ལ་རྡོ་རྗེ་བསྣུན་པས་ཕྱེ་མར་བཤིག འོན་ཀྱང་དུམ་བུ་ཆེ་བ་ཞིག་སྐུ་ལ་ལྷུང་དུ་ཆ་བ་ལ། རྒྱལ་པོའི་ཁབ་ཀྱི་གནོད་སྦྱིན་ཀུ་མཱི་རས་འཛིན་རྒྱུ་ཡིན་ཡང༌། རྡོ་དེ་ཉིད་གནོད་སྦྱིན་དེ་ལ་ཕོག་པས་དུས་ལས་འདས་ཏེ་སུམ་ཅུ་རྩ་གསུམ་པའི་ལྷར་
སྐྱེས་སོ། །དེར་རྡོའི་དུམ་བུ་ཕྲ་མོ་ཡར་བ་ཞིག་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐེ་བོང་ལ་ཕོག་སྟེ་རྨ་བྱུང་ཞིང༌། སྐུ་མཚལ་གྱི་རྒྱུན་ཡང་བབས། གནོད་སྦྱིན་ཀུམྦི་ར་ལྷར་སྐྱེས་པ་དེ་ཉིད་སྟོན་པའི་སྤྱན་སྔར་ཆོས་ཉན་པས་བདེན་པ་མཐོང་ངོ༌། །བཅོམ་ལྡན་འདས་ཀྱི་བསྙུན་བརྟག་པའི་ཕྱིར་འཚོ་བྱེད་གཞོན་ནུ་གསོས་དུས་གསུམ་དུ་སྐུ་དྲུང་དུ་འགྲོའོ། །རྒྱལ་པོའི་ཁབ་ཀྱི་སྐྱེ་བོ་རྣམས་སྨན་གྱི་ཁྱད་པར་འདི་བཟང་ངོ༌། །འདི་ལྟ་བུ་བཟང་ངོ་ཞེས་གླེང་བ་ལས་འཚོ་བྱེད་ཀྱིས་སྨྲས་པ། མོད་ལ་གདངས་བའི་སྨན་ཞིག་ཡོད་དེ་མི་རྙེད་དོ། །དེ་ཅི་ཙན་དན་ས་མཆོག་གོ །དེར་ཚོང་དཔོན་གཅིག་ལ་སྔར་ཙན་དན་ས་མཆོག་མང་དུ་ཡོད་པ་བཙོངས་ཟིན་ཏེ། ལྷག་མ་ཅུང་ཟད་ཅིག་ཚགས་བྱས་ནས་ཡོད་པ་རྒྱལ་པོ་ལ་དགོས་པའི་དུས་བྱུང་ལ། གལ་ཏེ་འབུལ་རྒྱུ་མ་བྱུང་ན་མགོ་གཅོད་དུ་འོང་སྙམ་སྦས་ནས་བཞག་པ་ཞིག་ཡོད་དོ། །གལ་ཏེ་སྟོན་པ་ལ་ཕུལ་བ་མ་སྐྱེས་དགྲས་ཚོར་ན་གསོད་དུ་འོང་སྙམ་ཡང་བསད་ནའང་བླ་སྟེ། དེ་བཞིན་གཤེགས་པ་ལ་འབུལ་ལོ་སྙམ་སོང་ནས་ཕུལ་བས་བཞེས་པ་ན་དེས་དགའ་བ་དང་མགུ་བས་སྨོན་ལམ་བཏབ་སྟེ་སོང་ངོ༌། །ཚོང་དཔོན་དེ་རང་སངས་རྒྱས་ཙན་དན་ཞེས་བྱ་བར་ལུང་བསྟན་ཞིང༌། ད་དུང་སྐུ་མཚལ་མ་ཆད་དེ། བུད་མེད་དང་པོ་བ་བུ་ཐོན་བུ་བཙས་པའི་འོ་མ་བཏབ་ན་ཕན་ནོ་ཞེས་བྱ་བ་ལས། རྒྱལ་པོའི་ཁབ་ན་དེ་ལྟ་བུའི་བུད་མེད་འོ་མ་ཉུང་བ་རང་གི་བུ་ཡང་མི་ངོམས་པ་ཞིག་ཡོད་པ་དེས་ཐོས་ནས། འོ་མ་ཕུལ་ན་བུ་འཆི། མ་སྐྱེས་དགྲ་དང་ལྷས་བྱིན་གྱིས་ཐོས་ན་ང་ཡང་གསོད་སྙམ་པ་ལས་ཤིའམ་བསད་ཀྱང་བླའི་སྙམ་ནས་སྣོད་གསར་པར་འོ་མ་བཞོས་ཏེ་ཕུལ་ལོ། །འོ་མ་འབུལ་བའི་བུ་མོ་དེ་རང་སངས་རྒྱས་འོ་མ་སྦྱིན་པ་ཞེས་བྱ་བར་ལུང་བསྟན་ནོ། །འོན་ཀྱང་ད་དུང་སྐུ་མཚལ་མ་ཆད་ནས། ཁ་ཅིག་ནས་སྨན་དག་འདེབས། འགའ་ཞིག་ནི་སྔགས་དག་འབུལ་བར་བྱེད་དེ། འོན་ཀྱང་མ་ཕན་པ་ན་
འོད་སྲུང་སྟོབས་བཅུ་པས་བདེན་པ་གསོལ་བར་ཞུས་པས་བཅོམ་ལྡན་འདས་ཀྱིས་གནང་ངོ༌། །དེར་འདི་སྐད་དུ། བཅོམ་ལྡན་འདས་ཁྱོད་ཀྱི་ཐུགས་ལ་ནི། །སྲས་དང་དགྲ་བོ་མཚུངས་ཞེ་ན། །བདེན་པའི་ཚིག་ནི་འདི་ཡིས་སུ། །རྨ་ཡི་འཛག་པ་ཆད་པར་ཤོག །དེ་ལྟར་བདེན་པ་གསོལ་མ་ཐག་ཏུ་སྐུ་འཚལ་ཆད་དོ། །དེ་ནས་ལྷས་བྱིན་འཁོར་ལྔ་བརྒྱར་བཅས་པ་དང༌། མ་སྐྱེས་དགྲ་མ་གཏོགས་སྐྱེ་བོ་ཐམས་ཅད་དགའ་འོ། །ལྷས་བྱིན་གྱིས་སྒྱོགས་འཕངས་པའི་ཚུལ་དགེ་སློང་རྣམས་ཀྱིས་བརྗོད་པ་ན། ཀོ་ཀ་ལི་ཀ་ན་རེ། ཁྱེད་རྣམས་བྱུང་རྒྱལ་དུ་སྨྲ་བར་བྱེད་དམ། ལྷས་བྱིན་ནི་ཤིང་ག་གེ་མོའི་དྲུང་ན་བསམ་གཏན་བཞི་པའི་ཏིང་ངེ་འཛིན་གྱིས་གནས་ཏེ། བདག་ཉིད་ཆེན་པོ་དེ་དེ་ལྟ་བུ་ག་ལ་བྱེད་ཅེས་སོ། །མ་ག་དྷའི་ཡུལ་མཐའ་པ་རྣམས་ཀྱིས་ཀྱང་ལྷས་བྱིན་གྱིས་ཀྱང་དེ་ལྟར་བྱས་པ་ཐོས་ནས་གོ་མཚོན་ཐོགས་ནས་ལྷས་བྱིན་གསོད་པའི་ཕྱིར་འོངས་སོ། །འཇིག་རྟེན་ན་ནི་བྱམས་པ་དང་སྡང་བ་དང་བར་མ་དག་འབྱུང་བ་ཆོས་ཉིད་ཡིན་པས་ལྷས་བྱིན་ལ་བྱ་གཏོང་བ་བྱུང་སྟེ་དེས་ཀྱང་བསམས་པ། ད་ནི་བྲོས་པའམ་འཐབ་བར་མི་ནུས་ནས་ཀྱི། ཐབས་འདི་བཟང་ངོ་སྙམ་ནས་ཤིང་དྲུང་དུ་སྤྱོད་ལམ་ཞི་བས་ཏིང་ངེ་འཛིན་ལ་གནས་པ་ལྟར་བྱེད་དོ། །སྐྱེ་བོ་རྣམས་ཀྱིས་འོངས་པ་ན་དེ་ལྟར་མཐོང་སྟེ། འདི་ནི་དུལ་བར་གནས་ན་སྔར་གྱི་གཏམ་དེ་མི་བདེན་ནོ་སྙམ་ཕྱིར་ལྡོག་གོ །ལྷས་བྱིན་གྱིས་པགས་པ་གསེར་མདོག་ཏུ་བསྒྱུར་བ་ནས་བརྩམས་ཏེ། འདིའི་བར་གྱི་གཏམ་རེ་རེ་བཞིན་དུ་སྔོན་གྱི་རྒྱུ་མཐུན་པའི་གཏམ་རྒྱུ་རེ་ཡང་གསུངས་སོ། །དེར་ལྷས་བྱིན་སྡུག་བསྔལ་གྱིས་ནོན་ཏེ་བདག་གི་སྒྱོགས་འཕངས་པ་ནི་དོན་མེད་ཆེན་པོ་ཞིག་བྱས་ཏེ་གཽ་ཏ་མ་དེ་ཡང་བསད་པར་མ་ནུས་ལ། སྐྱེ་བོ་ཀུན་གྱིས་ཀྱང་ཚོར་བས་བདག་ཉིད་ངན་པའི་གྲངས་སུ་བགྲོང་ངོ་སྙམ་མོ། །གྱ་གཅིག་པ་གླང་ཆེན་སྨྱོན་པ་བཏུལ་བ་ནི། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་
ན་བཞུགས་སོ། །མ་སྐྱེས་དགྲ་ལ་གླང་པོ་ཆེ་ནོར་སྐྱོང་ཞེས་བྱ་བ་ཀླུའི་གླང་པོ་ཆེའི་བུ་ཡིན་པ་ཆེས་སྟོབས་དང་ལྡན་ཞིང་མ་རུངས་བ་ཞིག་ཡོད་པས་ཕྱིར་བྱུང་རེས་ཀྱིས་མི་ཕྱུགས་མང་པོ་གསོད་པ་ཞིག་གོ །དེ་ཉིན་རེ་བཞིན་ཕྱིར་མི་འདོན་ལ། གལ་ཏེ་ནངས་པར་ཕྱིར་འདོན་ན་དོ་ནུབ་སྐྱེ་བོ་ཐམས་ཅད་ལ་དྲིལ་སྒྲོག་པར་བྱེད་དོ། །རྒྱལ་པོའི་ཁབ་ཀྱི་ཁྱིམ་བདག་ཕྱུག་པོ་གཅིག་གིས་སངས་རྒྱས་དགེ་འདུན་དང་བཅས་པ་ནངས་པར་གདུགས་ཚོད་ལ་སྤྱན་དྲངས་ཤིང༌། ཞལ་གྱིས་བཞེས་སོ། །ལྷས་བྱིན་གྱིས་དེ་ཐོས་ནས་གླང་པོ་ཆེ་འདུལ་མཁན་ལ་མུ་ཏིག་གི་དོ་ཤལ་སྲང་བརྒྱ་སྟོང་རི་བ་ཅིག་བྱིན་ནས། ནངས་པར་དགེ་སྦྱོང་གཽ་ཏ་མ་བྱུང་བ་ན་གླང་པོ་ཆེ་ནོར་སྐྱོང་རྦོད་ཅིག །དེ་ན་རེ། བདག་གིས་དེ་ལྟར་བགྱི་མོད། ལྷ་ལའང་འོལ་བྱི་མཁྱེན་པར་མཛོད་ཅིག །ལྷས་བྱིན་གྱིས་མ་སྐྱེས་དགྲ་ལའང་རིག་པར་བྱས་པས། མ་སྐྱེས་དགྲ་ན་རེ། བཅོམ་ལྡན་འདས་འདི་མ་དུལ་བ་འདུལ་བ་ཡིན་ནོ་ཞེས་མ་ཐོས་སམ། ལྷས་བྱིན་ན་རེ། དེ་ལྟ་ན་ཐོག་མ་ཁོ་ནར་ང་འདུལ་གྲང་ན། དེ་མ་དུལ་བ་འདུལ་བ་མ་ཡིན་གྱི་ནོར་སྐྱོང་རྦད་དགོས་སོ། །དེས་ཀྱང་ཁས་བླངས་འདུལ་སྦྱོང་མཁན་ལའང་གོ་བར་བྱེད་ཏེ། ནངས་པར་གླང་པོ་ཆེ་ནོར་སྐྱོང་ཕྱིར་གཏོང་གི །རང་རང་བསྲུང་བ་ལ་སྒྲིམས་ཤིག་ཅེས་དྲིལ་བསྒྲགས་སོ། ཁྱིམ་བདག་དེས་བསམས་པ། བདག་ནི་སྐལ་པ་ངན་ཏེ་སངས་རྒྱས་ལན་ཅིག་སྤྱན་དྲངས་པ་ཡང་འདི་དང་ཐུག་གོ །འོན་ཀྱང་གཡོས་བྱས་ཏེ་ཡར་ཁྱེར་ཏེ་དྲང་ངོ་སྙམ། སང་སྔ་བར་སོང་སྟེ་སྟོན་པ་ལ་ཞུས་པས་དེ་བཞིན་གཤེགས་པ་ལ་གླང་པོ་ཆེའི་འཇིགས་པ་མེད་དོ་ཞེས་གསུངས་པས་རབ་ཏུ་དགའ་སྟེ་སོང་ངོ༌། །དེར་བཅོམ་ལྡན་འདས་དགེ་སློང་ལྔ་བརྒྱ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་གཤེགས་པ་ན་གླང་པོ་ཆེ་ནོར་སྐྱོང་རྦད་དོ། །དེ་ཡང་འགྱིང་ཞིང་སྐད་བཏོན་ཏེ་ཤུགས་ཅི་ཡོད་པས་སངས་རྒྱས་
ཀྱི་ཕྱོགས་སུ་རྒྱུགས་སོ། །ལྷས་བྱིན་དང་མ་སྐྱེས་དགྲ་གཉིས་ཁང་བཟང་གི་སྟེང་ན་ལྟ་ཞིང་འདུག་ལ། ལྷས་བྱིན་དགའ་སྟེ། གླང་ཆེན་ཙ་ཡ་ལ་བལྟས་ན། ཁྱོད་ནི་གླང་ཆེན་མཐུས་བརྫིས་པས། །ཤཱཀྱའི་བུ་ཁྱོད་དེ་རིང་དུ། །ཉན་ཐོས་བཅས་ཏེ་རེ་སྙམ་མེད། །ཅེས་ཟེར་བ་ལ་བཅོམ་ལྡན་འདས་ཀྱིས། སྟོབས་བཅུའི་སྟོབས་ལྡན་རྨད་བྱུང་བའི། །སྟོབས་ཀྱི་མཐུ་ལ་ད་ལྟོས་ཤིགཅེས་བཀའ་སྩལ་ནས་ཕྱག་གཡས་ཀྱི་སོར་མོ་ལྔ་ལས་སེང་གེ་རལ་པ་ཅན་ལྔ་སྤྲུལ་ཏེ་དེའི་དྲི་ཚོར་བ་ཙམ་གྱིས་ནོར་སྐྱོང་སྐྲག་ནས་གར་བབ་ཏུ་བྲོས་པ་ན། ཕྱོགས་ཐམས་ཅད་རབ་ཏུ་མེ་འབར་བར་མཐོང་སྟེ་འབྲོས་བའི་གནས་མ་རྙེད་ཅིང༌། བཅོམ་ལྡན་འདས་བཞུགས་པའི་གནས་ཁོ་ན་ཞི་བར་ཤེས་ནས་དལ་བུས་ཞབས་དྲུང་དུ་སོང་ངོ༌། །དེར་དགེ་སློང་གཞན་ལྔ་བརྒྱ་རྣམས་ནི་གླང་པོ་ཆེ་ཁྲོས་པ་མཐོང་བས་ཕྱོགས་བཞིར་བྲོས། འཕགས་པ་ཀུན་དགའ་བོ་གཅིག་པུ་སྟོན་པའི་དྲུང་ན་འདུག་གོ །དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་གིས་གླང་པོ་ཆེ་ནོར་སྐྱོང་ལ་བྱུགས་པར་མཛད་དེ། ཁྱོད་སྔོན་ཉེས་པར་སྤྱད་པས་དུད་འགྲོར་སྐྱེས་ལ། ད་དུང་གཞན་གྱི་སྲོག་བཅད་པས་འགྲོ་བ་ཅིར་འགྱུར་ཞེས་སོགས་ཆོས་བསྟན་ནས། ང་ལ་དད་པར་གྱིས་ཤིག་དུད་འགྲོའི་སྐྱེ་གནས་ལས་ཐར་པར་འགྱུར་རོ། །ཞེས་གསུངས། དེ་ནས་གླང་པོ་ཆེ་དེ་སངས་རྒྱས་ལ་ཤིན་ཏུ་དད་པར་གྱུར་ཏེ་རབ་ཏུ་དགའ་བས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་འབྲང་ངོ༌། །སྟོན་པ་ཁྱིམ་བདག་དེའི་ཁྱིམ་དུ་གཤེགས་པ་ན་དེའང་སྒོ་དྲུང་དུ་སྡོད་དོ། །དེས་སྟོན་པ་མ་མཐོང་བས་ཁྱིམ་གཞིག་པར་བརྩམས་པ་ན། སྟོན་པས་ཁྱིམ་དེ་ཤེལ་གྱི་རང་བཞིན་དུ་སྤྲུལ་པས་སྐུ་ཤིན་ཏུ་གསལ་བར་མཐོང་སྟེ་དེ་ལ་དགའ་བས་ལྟ་ཞིང་འདུག་གོ །དེར་དགེ་འདུན་དང་བཅས་པ་གདུགས་ཚོད་གསོལ། ཡོན་བསྔོ་བ་མཛད་དེ་ཕྱིར་གཤེགས་པ་ན་གླང་པོ་ཆེ་ནོར་སྐྱོང་ཡང་སྟོན་པའི་ཕྱི་བཞིན་དུ་སོང་ངོ༌། །དེར་མ་སྐྱེས་
དགྲས། སྔར་ཡུལ་གཞན་གྱི་རྒྱལ་པོས་ང་ལ་གནོད་མི་ནུས་པ་ནི་གླང་པོ་ཆེ་འདིའི་མཐུ་ལས་ཡིན་ན། ད་ནི་ཁྱོད་ཀྱིས་མེད་པར་བྱས་སོ་ཞེས་ལྷས་བྱིན་ལ་གྱོང་བརྡལ་ལོ། །དེ་ནས་རྒྱལ་པོས་གྲོང་ཁྱེར་གྱི་ར་བའི་སྒོ་ཆེད་ལ་གླང་པོ་ཆེ་སྒོར་ཞིག་ཟེར། དེ་ལྟར་བྱས་པས་གླང་པོ་ཆེ་ནོར་སྐྱོང་སངས་རྒྱས་མ་མཐོང་བས་རང་གི་སྣ་ཤལ་རང་གི་རྡོག་པས་བརྫིས་ཏེ་ཤི་ནས། དེ་མ་ཐག་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷར་སྐྱེས་ཏེ་སྟཽན་པའི་དྲུང་དུ་མཆོད་པར་འོངས། ཆོས་ཉན་པས་བདེན་པ་མཐོང་ངོ༌། །སྐབས་དེ་དག་ཏུ་བཅོམ་ལྡན་འདས་རྒྱལ་བོའི་ཁབ་ཀྱི་གྲོང་ཁྱེར་དུ་ཉིད་རེར་ཕེབས་པ་ལ་མ་སྐྱེས་དགྲ་ལྷས་བྱིན་དང་བཅས་པས་སྟོན་པ་འཁོར་བཅས་ལ་ཅུང་ཟད་ཀྱང་གནོད་མི་ནུས་མོད། ཁྱི་གཏུམ་པོ་རྦོད་པ་ལ་སོགས་པ་ཀྱལ་ཀ་དང་བཀུར་སྟི་མ་ཡིན་པ་ཁོ་ན་རྟག་པར་བྱེད་ཀྱང༌། རྒྱལ་པོའི་ཁབ་ཀྱི་སེམས་ཅན་མང་པོའི་དོན་ཡོད་པས་དེ་བར་དུ་རེ་ཞིག་བཞུགས་པ་ཡིན་ནོ། །གྱ་གཉིས་པ་འཚོ་བྱེད་གཞོན་ནུ་གསོས་བདེན་པ་ལ་བཀོད་པ་ནི། སྔོན་འཚོ་བྱེད་གཞོན་ནུ་གསོས་ལ་རྒྱལ་པོ་གཟུགས་ཅན་སྙིང་པོས་ལན་གཉིས་དང༌། སྐབས་འདི་དག་ཏུ་མ་སྐྱེས་དགྲས་ལན་གཅིག་སྟེ་སྨན་པའི་རྒྱལ་པཽར་ལན་གསུམ་དུ་དབང་བསྐུར་རོ། །དེར་དྲེགས་པ་སྐྱེས་ཏེ་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོ་ཐམས་ཅད་མཁྱེན་པ་ཡིན་མོད། སྨན་གྱི་ལས་ལ་ནི་བདག་ཀྱང་དེ་བཞིན་གཤེགས་པ་དང་འདྲའོ་སྙམ་སྟེ་དེའི་ཕྱིར་བདེན་པ་མ་མཐོང་ངོ༌། །དེ་ནས་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་བཀའ་སྩལ་པ། འཚོ་བྱེད་རིའི་རྒྱལ་པོ་གངས་ཅན་དང་སྤོས་ངད་ལྡན་དག་མཐོང་ངམ། གསོལ་བ་མ་མཐོང་སྟེ་བལྟ་བར་འཚལ་ལགས། སྟོན་པའི་ཆོས་གོས་ཀྱི་གྲྭ་ལ་འཚོ་བྱེད་གཞོན་ནུ་གསོས་ཀྱིས་འཇུས་ཏེ། སྟོན་པ་བར་སྣང་ལ་གཤེགས་པས་ཡུད་ཙམ་ཅིག་གིས་རི་དེ་དག་ཏུ་ཕེབས་ཏེ། དེ་ན་སྨན་རྣམ་པ་སྣ་ཚོགས་སྒྲོན་མེ་བཞིན་འོད་
འབར་བ་གཟིགས་སོ། །དེར་འཚོ་བྱེད་ལ་སྨན་ལོངས་ཤིག་པར་བཀའ་སྩལ་བ་ན། དེ་མི་མ་ཡིན་གྱི་གནོད་པས་འཇིགས་པ་ལས་གནོད་སྦྱིན་ལག་ན་རྡོ་རྗེ་ལ་འཚོ་བྱེད་གནོད་པ་ལས་སྲུངས་ཤིག་པར་བཀའ་བསྒོས་སོ། །དེས་སྨན་རྣམ་པ་སྣ་ཚོགས་པ་དག་བླངས་ཏེ། སྔར་སྨན་གྱི་རྣམ་པ་མི་ཤེས་པ་གང་ཡང་མེད་སྙམ་པ་ལ། སྔར་མ་མཐོང་ཞིང་མི་ཤེས་པའི་སྨན་ཤིན་ཏུ་མང་པོ་ཞིག་མཐོང་ངོ༌། །དེ་ནས་སྟོན་པའི་སྤྱན་སྔར་དེ་རྣམས་ཁུར་ཏེ་འོངས་པ་ལ། སྟོན་པས་དྲི་སྨེད་མཛད་པས་ཤེས་པ་རྣམས་ཀྱི་བཀའ་མཆིད་རྒྱས་པར་གསོལ། དེ་ནས་གཞན་རྣམས་མ་ཤེས་པ་ལ། རེ་རེ་བཞིན་སྟོན་པས་འདིའི་མིང་འདི་སྐད་ཅེས་བྱ། ནད་འདི་ལ་ཆོ་ག་འདི་ལྟ་བུས་ཕན་པར་འགྱུར་རོ་སོགས་རྒྱས་པར་གསུངས་པ་དང༌། ང་རྒྱལ་ཆག་སྟེ་དེ་བཞིན་གཤེགས་པ་ནི་ཡན་ལག་བཞི་དང་ལྡན་པའི་སྨན་པའི་རྒྱལ་པོ་བླ་ན་མེད་པའོ། །ཞེས་ཆེད་དུ་བརྗོད་ཅིང་སྟོན་པས་ཀྱང་ཆོས་བསྟན་པས་གཞོན་ནུ་གསོས་ཀྱིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པཽ། །དེ་ནས་སླར་རྒྱལ་པོའི་ཁབ་ཏུ་ཕེབས་པ་ན། རི་སྤོས་ངད་ལྡན་དང༌། རི་ཁ་བ་ཅན་གྱི་གནས་ཤིན་ཏུ་བསིལ་བ་དང་སྨན་གྱི་ངད་དེས་དེ་བཞིན་གཤེགས་པ་གྲང་ནད་ཀྱི་སེར་མས་བསྙུན་པར་གྱུར་པ་ལ། འཚོ་བྱེད་ཀྱིས་ཨུཏྤ་ལ་སོ་གཉིས་ཞེས་བྱ་བའི་བཀྲུ་སྨན་དྲི་མནམས་པས་ཆོག་པ་དག་ཕུལ་ཞིང༌། བུ་རམ་དང་ཨ་རུ་རའི་ཁུ་བས་རིམ་པས་བསྙུན་གདངས་སོ། །བར་སྐབས་དེར་རེ་ཞིག་རྒྱལ་པོའི་ཁབ་ཏུ་གདུལ་བྱའི་དོན་ཆེ་བ་མེད་པ་དང་མ་སྐྱེས་དགྲ་འདུལ་བའི་དུས་ལ་མ་བབ་ཅིང། བཏང་སྙོམས་ཉིད་འདུལ་བའི་ཐབས་སུ་དགོངས་པས། བཅོམ་ལྡན་འདས་འཁོར་དུ་མས་ཡོངས་སུ་བསྐོར་བ་རྒྱལ་པོའི་ཁབ་ནས་འཕགས་ཏེ་རིམ་གྱིས་མཉན་ཡོད་ཀྱི་ལྗོངས་རྒྱུ་ཞིང་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །གྱ་གསུམ་པ་རྒྱལ་ཆེན་
བཞི་བཏུལ་བ་ནི། དེ་ནས་སྐབས་ཤིག་ན་བཅོམ་ལྡན་འདས་ཡུལ་ཨུ་དུམ་པའི་ནགས་སུ་བཞུགས་ཏེ་གནས་པར་མཛད་པ་ལས། ཉིན་པར་རྫིང་བུ་དལ་འབབ་ཅེས་བྱ་བའི་འཚོ་འགྲམ་དུ་ཕེབས་ཏེ་བཞུགས་སོ། །དེར་སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པ་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཤེས་ནས། གནོད་སྦྱིན་ལྔ་རྩེ་ནས་མཚོ་དལ་འབབ་ཀྱི་འགྲམ་དུ་སྟོན་པའི་བཞུགས་ཁྲི་བཤམས་པ་དང༌། ཕྱོགས་དེ་ན་དྲང་སྲོང་ཀེ་ནའི་བུ་གནས་པས་དེ་ལ་འབྱུང་པོ་རྣམས་ཀྱི་གནོད་པ་བསྲུང་བའི་ཕྱིར་བསྐོས་སོ། །དེས་དེ་ལྟར་བྱས་ཏེ་འདུག་པ་ན། ཀེ་ནའི་བུས་སུའི་ཕྱིར་གདན་ཤོམ་དྲིས་པས། བཅོམ་ལྡན་འདས་ཀྱི་ཕྱིར་དུའོ་ཟེར། ཁྱོད་ཅི་ལ་སྡོད། དྲང་སྲོང་ཁྱོད་ཉིད་བསྲུང་བའི་ཕྱིར་དུའོ། །དེ་དགོས་པའི་རྒྱུ་མཚན་ཅི་ཡིན། འབྱུང་པོ་མང་པོ་འདུ་བར་འགྱུར་བས་སོ། །འོ་ན་གཽ་ཏ་མ་སུས་སྲུང༌། དེ་ནི་གཞན་གྱིས་སྲུང་མི་དགོས་ཏེ་དེ་ཉིད་ཀྱིས་གཞན་རྣམས་སྲུང་བར་མཛད་དོ། །དེ་ནས་སྟོན་པ་དགེ་འདུན་དང་བཅས་པ་དེར་བྱོན་ཏེ་གདན་བཤམས་པ་ལ་བཞུགས། ཕྱོགས་བཞི་ནས་རྒྱལ་པོ་ཆེན་པོ་བཞི་འཁོར་དང་བཅས་པ་འོངས་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེས་ཐུ་བ་བཀང་སྟེ། བཅོམ་ལྡན་འདས་ལ་ཕུལ་ནས་ཕྱོགས་ཕྱོགས་སུ་འཁོད་དོ། དེ་ལ་ཡུལ་འཁོར་སྲུང་དང་འཕགས་སྐྱེས་པོ་ནི་ཡུལ་དབུས་པའི་རིགས་ཡིན་ལ། མིག་མི་བཟང་དང་རྣམ་ཐོས་སྲས་ནི་མཐའ་འཁོབ་པའི་རིགས་ཡིན་པས་བག་ཆགས་སད་པའི་ཁྱད་པར་ཡོད་པར་དགོངས་ནས་སོ་སོའི་སྐད་ཀྱིས་ཆོས་བསྟན་པས། རྒྱལ་པོ་ཆེན་པོ་བཞིས་བདེན་པ་མཐོང་ཞིང༌། གཞན་ཡང་མི་མ་ཡིན་པའི་འགྲོ་བ་དཔག་ཏུ་མེད་པ་ཅིག་སྨིན་ཞིང་གྲོལ་བར་མཛད་དོ། །དེ་ནས་སྟོན་པས་དགོངས་པ། ད་ནི་མྱ་ངན་འདས་པའི་དུས་ལ་ཁད་གྱིས་ཉེ་ཡི། བསྟན་པ་ལྷ་ཁོ་ན་ལ་གཏད་ན་བག་མེད་པའི་སྐྱོན་དང༌། མི་ཁོ་ན་ལ་གཏད་ན་ཚེ་ཐུང་བའི་སྐྱོན་གྱིས་ཡུན་རིང་དུ་མི་གནས་པས་
གཉིས་ཀ་ལ་གཏད་དོ་སྙམ་དུ་དགོངས་ནས། ང་མྱ་ངན་ལས་འདས་ནས་བསྟན་པ་ཁྱེད་རྣམས་ཀྱིས་སྲུངས་ཤིག་ཅེས་བཀའ་བསྒོས་པས་དེ་བཞིས་ཀྱང་དགའ་བའི་ཡིད་ཀྱིས་ཁས་བླངས་ཏེ། ཡུལ་འཁོར་སྲུང་གིས་ཤར་ཕྱོགས་ནས། །འཕགས་སྐྱེས་པོས་ལྷོ་ཕྱོགས་ནས། །མིག་མི་བཟང་གིས་ནུབ་ཕྱོགས་ནས། །རྣམ་ཐོས་ཀྱི་བུས་བྱང་ཕྱོགས་ནས་སྲུང་བའོ། །དེ་ནས་འཕགས་པ་འོད་སྲུང་ཆེན་པོ་ལ་བསྟན་པ་མཐའ་དག་གི་བྱ་བ་རྣམས་གཏད་པ་དང༌། ཀུན་དགའ་བོ་ལ་ཡང་ཁྱོད་ཀྱིས་བསྟན་པའི་དོན་བྱ་བ་ལ་བརྩོན་པར་གྱིས་ཤིག་ཅེས་བསྒོ་བར་མཛད་དོ། །དེ་ལྟ་བུ་དྲང་སྲོང་ཀེ་ནའི་བུས་མཐོང་ཞིང་ཐོས་ནས་རབ་ཏུ་དད་དེ་ཆོས་ཉན་པས། དེས་ཀྱང་ཕྱིར་མི་འོང་གི་འབྲས་བུ་ཐོབ་བོ། །དེ་ནས་ཀེ་ནའི་བུས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་སང་གདུགས་ཚོད་གསོལ་བའི་ཕྱིར་ནུབ་མོ་སྟ་གོན་བྱས་པ་ན། དེའི་སྲིང་མོའི་བུ་དྲང་སྲོང་རི་བོ་ཞེས་བྱ་བ་དེར་འོངས་པ་དང་སྟེས་འགྲིག་སྟེ། ཅི་ཁྱེད་གྲོགས་རྣམས་མགྲོན་དུ་འབོད་དམ་ཅཻས་སོགས་དྲིས་པས། མ་ཡིན་ཏེ་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་འདྲེན་ནོ། །དེར་སངས་རྒྱས་ཞེས་བྱ་བའི་སྒྲ་ཐོས་པ་ཙམ་གྱིས་སྤུ་ཟིང་ཞེས་བྱེད་ཅིང༌། སངས་རྒྱས་དང་དགེ་འདུན་ཇི་ལྟ་བུ་ཡིན་དྲིས་པ་ན། དེས་ཀྱང་རྒྱས་པར་བཤད་དོ། །དེ་ནས་སྟོན་པ་དགེ་འདུན་དང་བཅས་པ་དེར་བྱོན་པ་ན། རི་བོ་འཁོར་ལྔ་བརྒྱ་དང་བཅས་པ་རབ་ཏུ་དད་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་སོ། །ཀེ་ནའི་བུས་དེ་ལྟར་མཐོང་ནས། ཁྱོད་རབ་ཏུ་བྱུང་ངམ། བྱུང་ངོ༌། །དེར་ཀེ་ནའི་བུས་ཀྱང་བསོད་སྙོམས་གསོལ་ཟིན་པ་ན། ཡོ་བྱད་ལྷག་མ་ཐམས་ཅད་ཡོངས་སུ་བཏང་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། སྟོན་པ་ཉིད་ནི་དྲང་སྲོང་ལས་རབ་ཏུ་བྱུང་བ་སྟོང་ཕྲག་གཅིག་པོ་དེ་དག་དང་ལྷན་ཅིག་ཏུ་འབབ་ཆུ་རབ་ཏུ་བཟང་པོ་ཞེས་བྱ་བའི་འགྲམ་དུ་དབྱར་གནས་པར་ཞལ་གྱིས་བཞེས་སོ། །དེར་དགེ་སློང་ལྔ་བརྒྱ་ནི་ཚེ་དང་
ལྡན་པ་ཀ་པི་ན་ཆེན་པོ་ལ་གཏད། ཕྱེད་དང་ཉིས་བརྒྱ་ནི་མཽང་གལ་གྱི་བུ་ལ་གཏད། ཕྱཻད་དང་ཉིས་བརྒྱ་ནི་ཤཱ་རིའི་བུ་ལ་གཏད་དོ། །དེ་རྣམས་ཀྱིས་གདམས་ངག་བསྟན་པས། ཀ་པི་ནའི་རྣམས་ཀྱིས་དགྲ་བཅོམ་པ་ཐོབ། མཽང་གལ་གྱི་བུའི་རྣམས་ཀྱིས་ཕྱིར་མི་འོང་དང༌། ཤཱ་རིའི་བུའི་རྣམས་ཀྱིས་རྒྱུན་ཞུགས་ཐོབ་བོ། །དེ་ཡང་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡིན་ཏེ། དབང་པོ་རྟུལ་པོ་དེ་དག་ཤཱ་རིའི་བུས་བསྐྱངས་པས་རྒྱུན་ཞུགས་ཐོབ་ཀྱི། ཀ་པི་ན་ལྟ་བུ་གཞན་གྱིས་བསྐྱངས་ན། དྲོད་ཙམ་ཡང་ཐོབ་པར་མི་འགྱུར་རོ་ཞེས་གསུངས་སོ། །གྱ་བཞི་པ་སོར་འཕྲེང་ཅན་བཏུལ་བ་ནི། ཡང་མཉན་ཡོད་དུ་བྲམ་ཟེའི་ཁྱེའུ་མི་གདུང་བ་ཞེས་བྱ་བ་གྱད་ཆེན་པོའི་ཚད་དུ་ཕྱིན་པའི་སྟོབས་ཅན་མི་སྟོང་ཕྲག་ཀྱང་ཐུབ་པར་ནུས་པ། ནམ་མཁའ་ལ་བྱ་འཕུར་བ་ཡང་མཆོངས་པས་ཟིན་ཞིང༌། རྟ་མཆོག་གི་འགྲོས་དང་ལྡན་པ་ཞིག་ཡོད་དོ། །དེ་བྲམ་ཟེའི་སློབ་དཔོན་གཅིག་སློབ་མ་ལྔ་བརྒྱ་དང་བཅས་པ་ཞིག་ཡོད་པ་ལ། རིག་བྱེད་དང་རིག་པའི་ཁྱད་པར་དག་སློབ་པ་ལས་ཡུད་ཙམ་གྱིས་བྱང་བར་གྱུར་ཏོ། །དེ་ནས་སྐབས་དེར་བྲམ་ཟེའི་སློབ་དཔོན་དེ་འཁོར་དང་བཅས་པ་སྦྱིན་བདག་གཅིག་གི་སར་ཟླ་བ་གསུམ་དུ་མགྲོན་དུ་གཉེར་བ་ལས་ཁྱེའུ་མི་གདུང་བ་ཁྱིམ་གྱིས་སོ་རྩིས་ལ་བཞག་གོ །དེར་སློབ་དཔོན་གྱི་ཆུང་མ་དེས་ཁྱེའུ་དེ་ལ་འདོད་པའི་དུས་བཏབ་པ་ན། དེ་ནི་དྲན་ཤེས་བཞིན་དང་ལྡན་ཞིང༌། སྡིག་པ་ལ་འཛེམ་པས་དེ་དང་དུ་མ་བླངས་པ་དང༌། བུད་མེད་དེས་འཁོན་དུ་བཟུང་སྟེ་བྲམ་ཟེའི་སློབ་དཔོན་འོང་བའི་སྔ་རོལ་ན་ཁྲིའུ་དྲ་བ་ཅན་ལ་ཉལ། གོས་ཧྲུལ་པོ་བགོས། ལུས་ལ་རྨ་ཕྱུང་སྟེ་འདུག་གོ །དེ་ནས་བྲམ་ཟེ་འོངས་ཏེ་དྲིས་ན། མི་གདུང་བས་འདི་ལྟར་བགྱིས་སོ་ཞེས་བརྫུན་དུ་སྨྲས་པ་ན། འདི་ནི་བློན་པོའི་བུ་ཆེན་པོ་སྟོང་ཐུབ་ཡིན་པས་དངོས་སུ་རྒོལ་བས་མི་ནུས་ཀྱི། རང་འཆི་བའི་ཐབས་ཞིག་བྱའོ་སྙམ་སྟེ་བྲམ་ཟེ་དེས་མི་
གདུང་བ་ལ་དགའ་དགའ་ལྟར་བྱས་ཏེ་མི་རིང་བའི་དུས་ཤིག་ནང་ལ་གསང་བའི་ཆོས་གཅིག་པུ་ཞིག་ཡོད་པ་སྔོན་ཆད་གཞན་ལ་མ་བསྟན་པ་དེ། ད་ཁྱོད་ལ་བསྟན་གྱི། ཁྱོད་ཀྱིས་ཉིན་ཞག་བདུན་དུ་མི་སྟོང་གི་མགོ་བོ་ཆོད་ལ། སོར་མོ་རེ་རེ་བླངས་ནས་ཕྲེང་བ་བྱས་ཏེ་ལུས་ལ་དཀྲིས་ན་ཚངས་པའི་ལྷ་མངོན་སུམ་དུ་མཐོང་ནས་ཚེ་འཕོས་མ་ཐག་ཏུ་ཚངས་པའི་ལྷར་འགྱུར་རོ། །ཟེར་བ་ལ། རིག་པ་མ་ཡིན་པར་ཤེས་ནས་མི་གདུང་བས་ཐོག་མར་ལན་གཅིག་དང་གཉིས་སུ་བཟློག་གོ །སློབ་དཔོན་དེས་ང་ལ་ཡིད་མི་ཆེས་པ་ལྟ་ཞེས་སྤྱོས་ནས་སྨྱོ་བྱེད་ཀྱི་སྔགས་ཀྱིས་བཏབ་པའི་རལ་གྲི་གཅིག་ས་ལ་བཙུགས་པ་ན། ཁྱེའུ་མི་གདུང་བ་རབ་ཏུ་ཁྲོས་པའི་སེམས་སྐྱེས་སོ། །དེར་རལ་གྲི་ཐོགས་ནས་སྒོའི་ཕྱི་རོལ་དུ་རྒྱུགས་ནས་མི་འཕྲད་དགུ་བསད་པ་དང༌། མི་དགུ་བརྒྱ་དང་དགུ་བཅུ་རྩ་དགུ་བསད་དེ་སོར་མོའི་ཕྲེང་བ་ཡང་བྱས་སོ། །དེ་ལྟར་ཞག་བདུན་དུ་ཁ་ཟས་མེད་ཅིང་འཁྱམས་པ་ཁྱེའུ་དེའི་མས་ཐོས་ཤིང༌། གཞན་སུའང་དེའི་དྲུང་དུ་འགྲོ་བ་མ་རྙེད་ནས་མ་དེ་ཉིད་ཟས་ཐོགས་ནས་དེའི་དྲུང་དུ་སོང་བ་ན། དེས་མ་ཡང་བསོད་པར་བསམས་ཏེ་རལ་གྲི་ཐོགས་ནས་རྒྱུགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་ཕལ་བའི་གཟུགས་ཀྱིས་དེའི་དྲུང་དུ་བྱོན་པ་ན། སོར་ཕྲེང་ཅན་དེ་སྟོན་པའི་རྗེས་སུ་རྒྱུགས་སོ། །སངས་རྒྱས་དལ་བུས་གཤེགས་པ་ལ་དེས་བང་ཐག་པ་ནས་རྒྱུགས་ཀྱང་རྗེས་མ་ཟིན་ཏེ། དགེ་སློང་སྡོད་ཅིག་ཅེས་བོས་སོ། །ང་ནི་རྟག་ཏུ་སྡོད་ན་ཁྱོད་ནི་མི་སྡོད་དོ་ཅེས་བཀའ་སྩལ་ནས། སློབ་དཔོན་སྡིག་པ་ཅན་གྱིས་ལོག་པར་བསྟན་པ་ལས་ཁྱོད་གྱི་སེམས་ནི་བསླུས་སོ། །ཞེས་སོགས་གསུངས་པ་ཙམ་གྱིས་སྡིག་པའི་ལས་ཀྱིས་ཤིན་ཏུ་འགྱོད་པས་རལ་གྲི་ས་ལ་བོར། རྒྱང་རིང་པོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་སོང༌། དེ་ནས་སྐུ་དངོས་སུ་བསྟན་པས་ལུས་ས་ལ་བརྡབས་ནས་ཉེས་པ་མཐོལ་ཞིང་བཤགས། ཆོས་
བསྟན་པས་སོར་མོའི་ཕྲེང་བས་བདེན་པ་མཐོང་བར་གྱུར་ལ། ཚུར་ཤོག་གིས་བསྙེན་པར་རྫོགས་ནས་མི་རིང་བར་དགྲ་བཅོམ་པ་ཐོབ་སྟེ། སྟོན་པ་ཡང་དེ་དང་ལྷན་ཅིག་རྒྱལ་བྱེད་ཀྱི་ཚལ་དུ་གཤེགས་སོ། །དེའི་ཚེ་སོར་མོའི་ཕྲེང་བའི་མིང་ཐོས་པ་ཙམ་གྱིས་སྐྱེ་བོ་ཐམས་ཅད་སྐྲག་གོ །དེར་རྒྱལ་པོ་གསལ་རྒྱལ་དཔུང་གི་ཚོགས་ཡན་ལག་བཞི་དང་བཅས་ཏེ་སོར་མོའི་ཕྲེང་བ་ཅན་འདུལ་བའི་ཕྱིར་ཆས་ནས་འོངས་སོ། །རྒྱལ་བྱེད་ཀྱི་ཚལ་གྱི་ཐད་དུ་སླེབ་པ་ན། སྙན་པ་བཟང་ལྡན་གྱི་དབྱངས་ཤིན་ཏུ་སྙན་པ་ཐོས་ནས་གླང་པོ་ཆེ་དང་རྟ་རྣམས་ཀྱང་དེ་ཉན་ཞིང་མི་འགྲོའོ། །དེ་ནས་དེ་བལྟ་ཞིང་ཉན་པའི་ཕྱིར་གསལ་རྒྱལ་ཡང་རྒྱལ་བྱེད་ཚལ་དུ་སོང་ནས་བཅོམ་ལྡན་འདས་ལ་ཞུས་ཏེ། སྙན་པ་བཟང་ལྡན་ལ་པ་ཎ་སྟོང་ཕྲག་བརྒྱད་ཅུའི་ཡོན་སྔར་ཕུལ་ཏེ། ཕྱིས་དགེ་སློང་དེའི་ཞལ་བལྟས་སོ། །དེ་ནས་རྒྱལ་པོ་ཆེན་པོ་གར་འགྲོ་ཞེས་བཀའ་སྩལ་པ་ན། སོར་མོའི་ཕྲེང་བ་འདུལ་ལོ་ཞེས་ཞུས་པས། དེ་ནི་ད་ལྟ་རབ་ཏུ་ཡང་བྱུང༌། དགྲ་བཅོམ་པ་ཐོབ་ནས་གནས་ཁང་ན་འདུག་གོ །དེ་ནས་རྒྱལ་པོ་འཁོར་བཅས་སོར་ཕྲེང་ཅན་ལྟ་བའི་ཕྱིར་སོང་སྟེ། སྒོ་དྲུང་དུ་སླེབ་པ་ན། དེས་ལུད་པའི་སྒྲ་ཕྱུང་བས་རྒྱལ་པོ་འཁོར་བཅས་སྐྲག་ཅིང་དངངས་ནས་ས་ལ་ཆེམས་ཞེས་འགྱེལ་ལོ། །དེ་ནས་དེའི་སྔོན་གྱི་སྐྱེས་རབས་སོགས་བཀའ་སྩལ་ནས། འདི་དགྲ་བཅོམ་པ་ཐོབ་ཀྱང་བ་སྦུའི་བུ་ག་ནས་མེ་འབར་ཞིང་གནས་ཁང་གི་ནང་རབ་ཏུ་གང་སྟེ། ཁྱོད་སོང་ལ་དགེ་སློང་གཅིག་ལ་ལྕགས་ཀྱི་ལྡེ་མིག་སོར་ཕྲེང་གི་སྒོའི་བུ་གར་ཆུག་ཅིག་ཅེས་སྨྲོས་ཤིག །དེ་ལྟར་བྱས་པ་ན་སྐད་ཅིག་དེ་ཉིད་ལ་ལྡེ་མིག་ཞུའོ། །ཡང་སྐབས་འདིར་སོར་ཕྲེང་གི་མིང་ཐོས་པས་རབ་ཏུ་སྐྲག་སྟེ་སྦྲུམ་མ་རྣམས་བུ་བཙའ་བར་མི་ནུས་ལ། གླང་མོ་རྣམས་ཀྱང་ཕྲུ་གུ་མི་བཙའ་བས། སོར་ཕྲེང་གིས་སྲོག་གཅོད་སྤངས་པའི་བདེན་སྟོབས་བརྗོད་པས་
དེ་དག་བཙས་པ་སོགས་མདོ་གཞན་ལས་བཤད་དེ་ཐེག་པ་ཆེན་པོར་གླན་པའོ། །གྱ་ལྔ་པ་ལེགས་འོངས་ཀྱི་ལོ་རྒྱུས་ནི། དེའི་ཚེ་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་ཁྱིམ་བདག་རྟོག་ལྡན་ཞེས་བྱ་བ་ཡོད་པའི་བུ་ལེགས་འོངས་ཞེས་བྱ་བ་དེ། ཕྱིས་མུ་ལྟོ་བར་སོང་སྟེ། མི་ཉེས་འོངས་སུ་གྲགས་སོ། །དེས་ཕྱི་ཞིག་ན་མཉན་ཡོད་དུ་འོངས་པ་ན་རང་གི་སྤུན་ཟླ་མོ་ཆེ་བ་ཞིག་མགོན་མེད་ཟས་སྦྱིན་གྱི་མནའ་མར་གྱུར་པ་ཡོད་ན་དེས་ཀྱང་མ་བལྟས་སོ། །ལན་ཅིག་སངས་རྒྱས་དགེ་འདུན་དང་བཅས་པ་མགོན་མེད་ཟས་སྦྱིན་གྱི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲངས་པའི་སྐབས། ཁྱིམ་བདག་གིས་ཀྱང་སྒོ་སྲུང་ལ། དེང་དགེ་འདུན་ལ་གདུགས་ཚོད་གསོལ་མ་ཚར་བར་དུ་མུ་ལྟོ་བ་མ་བཏང་ཅིག་བྱས་སོ། །མུ་ལྟོ་བ་རྣམས་དང་ལྷན་ཅིག་ལེགས་འོངས་དེ་ཡང་སློང་དུ་འོངས་པ་ན་སྒོ་བས་བཀག་གོ །དེར་མུ་ལྟོ་བ་རྣམས་ན་རེ། འདི་ནི་མགོན་མེད་ཟས་སྦྱིན་ཞེས་གྲགས་ན། དེ་རིང་ཅིའི་ཕྱིར་ཟློག་པར་བྱེད། བདག་ཅག་གི་ནང་དུ་ཉེས་འོངས་ཞུགས་སམ་ལྟོས་ཤིག །བལྟས་པས་འདུག་སྟེ་གཞན་རྣམས་ཀྱིས་ལེགས་འོངས་བརྡུངས་ཤིང་མགོ་ལ་ཕོར་བས་རྨ་ཡང་བྱུང༌། ལག་པ་ནས་ཁྲིད་དེ་ཕྱགས་དར་གྱི་ཕུང་པོའི་ཁྲོད་དུ་དོར་རོ། །དེར་བཀའ་སྩལ་པ། སྲིད་པ་ཐ་མ་པ་ཡང་འདི་འདྲ་ན། སྲིད་པ་དང་སྲིད་པའི་ཡོ་བྱད་གྱིས་ངཽམས་པར་བྱའོ། །ཀུན་དགའ་བོ་ལེགས་འོངས་ལ་ལྷུང་བཟེད་ཀྱི་ལྷག་མ་ཞོལ་ཅིག །དེའི་ལས་ཀྱི་མཐུས་ཀུན་དགའ་བོ་ཡང་བརྗེད་དེ་ལྷག་མ་མ་བཞག་གོ །དེར་སྟོན་པའི་ལྷུང་བཟེད་ཀྱི་ལྷག་མ་ཅུང་ཟད་ཅིག་ཡོད་དེ། བཀའ་སྩལ་པ། སོང་ལ་ལེགས་འོངས་བོས་ཤིག དེར་བོས་པས། ལན་སྟེར་པ་གཞན་མང་དུ་བྱུང་ལ། དེས་ནི་མིང་བརྗེད་དེ་ལན་མི་ཟེར་རོ། ཁྱིམ་བདག་རྟོག་ལྡན་གྱི་བུ་ལེགས་འོངས་ཚུར་ཤོག་བྱས་པས། དེས་རང་གི་སྔོན་གྱི་མིང་དྲན་ཏེ། ལེགས་འོངས་སྒྲ་ནི་སྐྱུད་གྱུར་ན། །གང་ལ་འདིར་ནི་མཆིས་པར་གྱུར། །ངེས་པར་མ་ལེགས་
ཟད་གྱུར་ཞིང༌། །ལེགས་པ་འབྱུང་བར་གྱུར་ཡང་དག ཅེས་སོགས་སྨྲའོ། །ཀུན་དགའ་བོས་སྟོན་པའི་དྲུང་དུ་དེ་ཁྲིད་ནས་ཕྱིན། སྟོན་པས་ཕམ་ཕབས་ཆུང་ངུ་ཞིག་སྩལ། འདི་ཆུང་ངོ་སྙམ་པ་ན་ཁྱོད་མ་ཚིམ་བར་དུ་འདི་ཟད་པར་མི་འགྱུར་རོ་གསུང་སྟེ་ཟོས་པས་ཚིམ་མོ། །དེ་ནས་ཁམ་ལྷག་མ་གཅིག་གནང་བ་ན། དེས་བླངས་པས་མི་སྣང་བར་གྱུར་ཏོ། །དེ་ནས་སྟོན་པའི་ཕྱི་བཞིན་སོང་བ་ན་བཀའ་སྩལ་པ། ཁྱོད་ལ་པ་ཎ་ཡོད་དམ། དེ་བརྗེད་དེ་གསོལ་པ་མ་མཆིས་སོ། །ཡང་བཀའ་སྩལ་པ། གོས་ཀྱི་གྲྭ་ལ་ལྟོས་ཤིག །བལྟས་པས་ཕའི་གྲོགས་པོ་ཚོང་པས་བྱིན་པའི་པ་ཎ་དག་འདུག་སྟེ་གསོལ་པས། རྒྱལ་བུ་དུམ་བུ་བ་ལ་ཨུཏྤལ་སྔོན་པོ་ཉོས་ལ་ཤོག་གཅིག་གསུངས་པ་ལྟར་དེས་ཀྱང་ཕྱིན་པ་ན། དང་པོ་སྒོ་ནང་དུ་འཇུག་ཏུ་མི་སྟེར་བ་ལ། བདག་ནི་ཨུཏྤལ་མི་སྒྲུབ་སྟེ། །པདྨ་བདག་ལ་དགོས་པ་མེད། ཁོ་བོ་ཀུན་མཁྱེན་གྲགས་ལྡན་པ། །ཐུབ་པའི་དབང་པོའི་ཕོ་ཉ་ཡིན། །ཞེས་སྨྲས་པས་འོ་ན་ཅི་འདོད་པ་ཁྱེར་ཅིག དེས་ཀྱང་ཨུཏྤ་ལའི་ཁུར་པོ་ཁྱེར་ཏེ་སྤྱན་སྔར་ཕྱིན་པ་ན། ཨུཏྤ་ལ་དགེ་འདུན་ལ་བྲིམས་ཤིག་གསུངས་པ། དེས་དགེ་འདུན་ལ་བྲིམས་པས་དགེ་སློང་རྣམས་མི་ལེན་པ་ལ། འདིའི་ལས་སྦྱང་བའི་ཕྱིར་ལོངས་ཤིག་ཅེས་བཀའ་སྩལ་པས་བླངས་སོ། །དེ་མ་ཐག་ཏུ་ལེགས་འོངས་ཀྱིས་ཟད་པར་སྔོན་པོའི་ཏིང་ངེ་འཛིན་ཐོབ་ཅིང་རབ་ཏུ་བྱུང་ནས་མི་རིང་བར་དགྲ་བཅོམ་པ་ཐོབ་སྟེ། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ། མཐུ་ཆེ་བ། རྫུ་འཕྲུལ་ཆེ་བར་གྱུར་ཏོ། །གྱ་དྲུག་པ་བྱིས་པ་གསོད་ཀྱི་རི་ལ་དབྱར་གནས་མཛད་པ་ནི། ལེགས་འོངས་རབ་ཏུ་བྱུང་བའི་སྐབས་འདིའི་དེ་མ་ཐག་ནི་མིན་པར་སྣང་ལ། སོག་མ་མེད་བཏུལ་བའི་རྗེས་སུ་ཡིན་པར་ཤིན་ཏུ་གསལ་ཡང༌། ལོ་རྒྱུས་འདི་དང་འབྲེལ་ཆེ་བས་འདིར་བཤད་ན། དེར་མུ་སྟེགས་ཅན་དག་ན་རེ། གཽ་ཏ་མ་ནི་ངའི་བསྟན་
པ་མཛེས་སོ་ཞེས་ཟེར་ན་ད་ནི་མུ་ལྟོ་བ་ཡང་རབ་ཏུ་བྱུང་ངོ་ཞེས་འཕྱའོ། །དེར་རི་རབ་ལྟ་བུའི་ཉན་ཐོས་ལ་སྨོད་པ་མི་རིགས་པས་འདིའི་ཡོན་ཏན་བསྒྲག་གོ་སྙམ་དུ་དགོངས་ནས། ཀུན་དགའ་བོ་ཡུལ་ངན་སྤོང་གི་བུའི་ལྗོངས་རྒྱུ་བར་སྤྲོ་བ་དགཆོས་གོས་ཀྱི་ལས་གྱིས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་འཁོར་དང་བཅས་པ་ཡུལ་ངན་སྤོང་གི་ལྗོངས་རྒྱུས་ཏེ་རིམ་གྱིས་ཆུ་སྲིན་བྱིས་པ་གསོད་ཀྱི་རིར་བྱོན་ནས། ཡུལ་པ་རྣམས་ཀྱིས་གདུགས་ཚོད་གསོལ། མཆོད་པས་མཆོད་ནས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་འབྲོག་གནས་དང་སོག་མ་མེད་ལ་སོགས་པ་གནོད་སྦྱིན་དང་ཀླུ་གདུག་པ་ཅན་དག་ཀྱང་བཏུལ་ན། ཀླུ་ཨ་མྲ་ཆུ་ངོགས་པ་འདིས་བདག་ཅག་ལ་ཡུན་རིང་དུ་གནོད་པ་བགྱིས་ན། འདི་འདུལ་དུ་གསོལ་ཞེས་ཞུས་སོ། །དེ་ནས་གནས་སུ་ཕེབས་ཏེ་ཀུན་དགའ་བོ་ལ། ཀླུ་དེ་འདུལ་བར་སྤྲོ་བ་ལ་ཚུལ་ཤིང་བྲིམས་ཤིག་ཅེས་བཀའ་སྩལ་བ་ལས། ཚུལ་ཤིང་བྲིམས་པ་ན་རེ་ཞིག་སྟོན་པ་ཉིད་ཀྱིས་ཀྱང་མ་བཞེས་སོ། །གནས་བརྟེན་རྣམས་ཀྱིས་བརྟགས་པས། ལེགས་འོངས་ལ་དགོངས་པ་གཏད་པར་ཤེས་ནས་སོ་སོ་ནས་མ་བླངས་སོ། །ལེགས་འོངས་ཀྱིས་དེ་ཤེས་ནས་སྟན་ཕྱེད་ལས་འཕགས་ཏེ་བླངས་སོ། །བཀའ་སྩལ་པ། ཀླུ་དེ་ནི་གདུག་པ་ཅན་ཡིན་གྱི། ལུས་ཀྱི་དབང་པོ་སྲུངས་ཤིག དེ་ནས་ནངས་པར་འཕགས་པ་ལེགས་འོངས་བསོད་སྙོམས་བླངས་ཏེ་ཀླུའི་གནས་ཨ་མྲའི་ཆུ་ངོགས་སུ་སོང་ངོ༌། །ཀླུས་བསམ་པ། འདིས་ང་ཤི་བར་ཐོས་སམ་ཅི། འོན་ཀྱང་གློ་བུར་རྒྱུས་མེད་པ་ཡིན་གྲང་སྙམ་མོ། །དེ་ནས་དེར་ཟས་ཀྱི་བྱ་བ་བྱས་ནས། ཀླུ་འདི་ནི་གདུག་པ་ཅན་ཡིན་པས་འཁྲུགས་པར་བྱའོ་དགོངས་ཏེ། ལྷུང་བཟེད་བཀྲུས་ནས་ཟས་ཀྱིས་སྦགས་པའི་འཁྲུད་མའི་ཆུ། ཀླུའི་གནས་སུ་བླུགས་པས་ཀླུ་ཁྲོས་ཏེ་དེ་མ་ཐག་རྡོ་རྗེ་རྩེ་གཅིག་པ་ལ་སོགས་པ་མཚོན་ཆ་དང་མེ་མདག་གི་ཆར་ཕབ་པས་གནས་བརྟན་ལེགས་འོངས་
ནི་བྱམས་པའི་ཏིང་ངེ་འཛིན་ལ་བཞུགས་ཏེ། དེ་རྣམས་མེ་ཏོག་གི་ཆར་དུ་གྱུར། ཕྱག་དར་ཁྲོད་མི་གཙང་བའི་ཆར་ཕབ་པ་ནི་སྤོས་སུ་གྱུར། ཀླུས་དུ་བ་བཏུལ་བ་ན། གནས་བརྟན་གྱིས་དེ་བས་ཀྱང་ཆེ་བའི་དུ་བ་བཏུལ། མེ་སྤར་བ་ན། གནས་བརྟན་ལེགས་འོངས་མེའི་ཁམས་ལ་སྙོམས་པར་ཞུགས་པས་ཕྱོགས་དེ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་ལེགས་འོངས་ནི་མེའི་ཁམས་ལ་སྙོམས་པར་འཇུག་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །ཀླུ་དེ་མཚོན་ཆ་ཟད་པ་ན། འབྲོས་པར་བརྩམས་པ་ལས། ཕྱོགས་ཐམས་ཅད་མེས་འཁོར་བར་འདུག་སྟེ། ལེགས་འོངས་ཀྱི་ཞབས་ཀྱི་དྲུང་འབའ་ཞིག་ཞི་བར་མཐོང་ནས་དེར་འཁོད་དོ། །བཙུན་པས་བདག་ལ་མཐོ་བརྩམས་སོ། །ལེགས་འོངས་ན་རེ། མ་ཡིན་ཏེ་ཁྱོད་ཀྱིས་བརྩམས་སོ། །ཡོན་ཏན་འདི་ལྟ་བུ་མ་ཐོབ་ན་ཅི་འདྲ་བར་འགྱུར་གསུང༌། དེ་ནས་ཀླུ་དེ་ལྷུང་བཟེད་དུ་བཅུག་སྟེ་ཐོགས་ནས་བཅོམ་ལྡན་འདས་ལ་ཕུལ་ལོ། །བཅོམ་ལྡན་འདས་ཀྱིས་ཀླུ་དེ་ལ་ཆོས་བསྟན། སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་ལ་བཀོད། ཡུལ་ངན་སྤོང་གི་བུ་དང་ཆུ་སྲིན་བྱིས་པ་གསོད་ཀྱི་སྐྱེ་བོ་རྣམས་ལ་གནོད་པ་མི་བྱེད་པར་བཀའ་བསྒོས་ཤིང་དེས་ཀྱང་ཁས་བླངས་སོ། །དེ་ནས་སྐྱེ་བོ་རྣམས་ཀྱིས་སྟོན་པ་ལ་ཀླུ་བཏུལ་ལམ་ཞུས་པ་ན། ངས་མིན་གྱི་ལེགས་འོངས་ཀྱིས་བཏུལ་ལོ། །དེ་སྔོན་བཀྲེན་པའི་དུས་ན་ཉེ་དུར་ཁས་བླངས་ཏེ་ཡོ་བྱད་སྟེར་བ་སུ་ཡང་མེད་མོད། སྐབས་དེར། འོ་ན་འདི་ནི་བདག་ཅག་གི་ཕུ་བོའི་བུའོ། །བདག་ཅག་གི་ཞང་པོའོ། །བདག་ཅག་གི་ཚ་བོའི་ཞེས་སོགས་དེའི་མངོན་པར་མཐོ་བ་མཐོང་བ་ན་ཉེ་དུར་སྒྲོག་པ་མང་པོ་བྱུང་ཞིང༌། བར་བུར་ཐན་ཐུན་དང་བཅའ་བ་དག་ཕུལ་ལོ། །དེ་ནས་ལེགས་འོངས་ལ་བརྟེན་ཏེ། སངས་རྒྱས་དགེ་འདུན་དང་བཅས་པ་ལ་དགུང་བདུན་དུ་ཡུལ་པ་སྤྱིས་གདུགས་ཚོད་གསོལ་ཞིང༌། དེ་ནས་རྒྱལ་བུ་རྟོག་ལྡན་གྱིས་
ཀྱང་མཆོད་པར་བྱས་སོ། །གཞན་ཡང་གནས་འདིར་བཅས་པ་དང་འབྲེལ་བའི་གཏམ་རྒྱུད་མང་དུ་ཡོད་དོ། །གྱ་བདུན་པ་གསལ་རྒྱལ་གྱིས་འོད་སྲུང་མཆོད་པ་ནི། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བྱེད་ཀྱི་ཚལ་དུ་བཞུགས་པ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། སྟོན་པ་དགེ་འདུན་དང་བཅས་པ་གདུགས་ཚོད་ལ་སྤྱན་དྲངས་སོ། །དེའི་ཚེ་འོད་སྲུང་ཆེན་པོ་འབྲོག་དགོན་པ་ནས་བྱོན་ཏེ། སྐྲ་དང་ཁ་སྤུ་རིང་ཞིང་གོས་ཕྱག་དར་ཁྲོད་གྱོན་ནས་བྱོན་པ་སྒོ་སྲུང་བས་ཀྱང་ངོ་མ་ཤེས་ཏེ་ནང་དུ་མ་གཏང་ངོ༌། །འོད་སྲུང་དེ་ནས་ཕྱིར་ལྡོག་སྟེ་སྐྱེད་མོས་ཚལ་དུ་འགྲོ་བའི་ལམ་དུ། གྲོང་གི་ཕྱི་ཉུག་མ་ཞེས་ཏེ། ཕྱོགས་ནས་འོངས་བའི་གྲོང་སྤྲང་མོ་མཛེ་ནད་ཀྱིས་ཐེབས་པ་ཞིག་གིས་རང་གི་སློངས་པའི་འབྲས་ཀྱི་ཁུ་བ་ཕུལ་ལོ། །དེར་སྤྲང་བུ་ལྷུང་བ་སོལ་དུ་ཕྱིན་པས། སོར་མོ་ཆད་དེ་དེར་ལྷུང་ངོ༌། །དེས་བསམས་པ། བདག་གི་ངོ་སྲུང་བའི་ཕྱིར་ལྷུང་བཟེད་དུ་བླངས་པ་མ་གཏོགས། གསོལ་བར་མི་འགྱུར་སྙམ་པ་ན། འཕགས་པས་དེ་མཁྱེན་ཏེ་ཕྱོགས་དེ་ཉིད་དུ་གསོལ་བར་མཛད་དོ། །གྲོང་ཉུག་མ་དེ་ཡང་རབ་ཏུ་དགའ་ཞིང་དད་པས་ཚེའི་དུས་བྱས་ཏེ་དགའ་ལྡན་གྱི་ལྷའི་ནང་དུ་སྐྱེས། སྟོན་པའི་དྲུང་དུ་ཆོས་ཉན་པས་བདེན་པ་མཐོང་ངོ༌། །གཏམ་དེ་རྒྱལ་པོ་གསལ་རྒྱལ་གྱིས་ཐོས་ཏེ་འཕགས་པ་འོད་སྲུང་ཆེན་པོ་ལ་མཆོད་པ་དུ་མས་ཀྱང་མཆོད། འོད་སྲུང་ཆེན་པོའི་ཆེད་དུ་སངས་རྒྱས་དགེ་འདུན་དང་བཅས་པ་ལ་ཞག་བདུན་དུ་གདུགས་ཚོད་གསོལ་བར་ཞུས་ཤིང༌། སྟོན་པས་གནང་བ་ཡང་སྩལ། ནངས་པར་སྔ་བར་སངས་རྒྱས་དགེ་འདུན་དང་བཅས་པ་རྒྱལ་པོའི་བཀད་སར་བྱོན་ཏེ་གདན་བཤམས་པ་ལ་བཞུགས་སོ། །དེར་རྒྱལ་པོ་རང་ཉིད་ཀྱིས་ལག་བསྟར་ཏེ་ཁ་ཟས་བཟང་པོ་དག་འབྲིམས་པར་བྱེད་པ་མུ་ཏོ་བ་ཞིག་གིས་མཐོང་ནས། དེར་རྒྱལ་པོ་དེ་དེ་ལྟ་བུའི་དགེ་བའི་ལས་བྱེད་པ་ལ་མུ་ཏོ་བ་དེ་དང་བ་དང་རྗེས་སུ་ཡི་རང་བ་ཁྱད་པར་ཅན་སྐྱེས་སོ། །དེ་ནས་རྒྱལ་པོ་ཆོས་ཉན་
པའི་ཕྱིར་འོངས་པ་ལ། ཆོས་ཀྱི་གཏམ་གྱིས་དགའ་བར་མཛད་ནས་ཡོན་བསྔོ་བ་དང་སྦྱིན་པ་བཤད་པ་མཛད་པའི་ཚེ། རྒྱལ་པོ་ཁྱོད་ཀྱི་མིང་ནས་སྔོའམ། དེ་རིང་ཁྱེད་པས་བསོད་ནམས་ཆེས་མང་དུ་བསྐྱེད་པ་དེའི་མིང་ནས་བསྔོ། རྒྱལ་པོས་བསམས་པ། དེ་རིང་འདི་ན་བདག་པས་བསོད་ནམས་ཆེས་མང་དུ་བསྐྱེད་པ་དེ་སུ་ཡིན་སྙམ། དེའི་མིང་ནས་བསྔོ་བར་ཞུས་པས་རྗེས་སུ་ཡི་རང་བྱེད་པའི་མུ་ཏོ་བ་དེའི་མིང་ནས་བསྔོ་བར་མཛད་དོ། །དེ་ལྟར་ཉི་མ་དྲུག་གི་བར་དུ་མཛད་པས་རྒྱལ་པོ་སེམས་ཁོང་དུ་ཆུད་པ་ལ། བློན་པོ་མཁས་པ་རྣམས་ཀྱིས། སང་ཉིན་ཅི་ནས་ཀྱང་ལྷའི་མཚན་ནས་བསྔོ་བར་འགྱུར་བ་དེ་ལྟར་འགྱུར་བ་དེ་ལྟར་བགྱིའོ་བྱས་ནས་བློན་པོས་ལས་བྱེད་པ་རྣམས་ལ། དེ་རིང་ཁ་ཟས་ཆེས་བསོད་པ་མང་པོ་སྟ་གོན་གྱིས་ལ་འབྲིམ་པ་ན། ཕྱེད་དགེ་སློང་རྣམས་ཀྱི་ལྷུང་བཟེད་ཀྱི་ནང་དུ་འོང་བ་དང༌། ཕྱེད་ས་ལ་བོ་བ་དེ་ལྟར་གྱིས་ཤིག་ཅེས་བསྒོས་པ་ལྟར་བྱས་པས། མུ་ཏོ་བ་དག་ཟས་ས་ལ་བོ་བ་དག་སྡུད་པའི་ཕྱིར་ཆས་པ་ན། ཕྱག་ཚད་འབྲིམ་པ་དག་གིས་ཕྱིར་བསྐྲད་དོ། །དེར་སྔར་གྱི་མུ་ཏོ་བ་དེ་སེམས་འཁྲུགས་པས་སྔ་མ་ལྟར་དད་པས་རྗེས་སུ་ཡི་རང་བ་མ་བྱུང་ངོ༌། །དེ་ནས་རྒྱལ་པོ་ཡང་ཡོན་ཕུལ་མ་ཐག་བདག་གི་མིང་ནས་ཡོད་བཤད་པ་མི་མཛད་དོ་སྙམ་ནས་ཡོན་བཤད་པ་མཉན་པར་སོང་བ་ན། སྟོན་པས་རྒྱལ་པོའི་མིང་ནས་སྨོས་ཏེ། གླང་པོ་ཤིང་རྟ་རྟ་དང་དཔུང་བུ་ཆུང༌། །ཞོན་ནས་གྲོང་ཁྱེར་ཡུལ་བཅས་འཁོལ་བྱེད་པ། །ཟན་དྲོན་ལན་ཚྭ་དག་གིས་མ་བཏབ་ཅིང༌། །སྣུམ་བག་ཡོན་པའི་མཐུ་ནི་ཡིན་པར་ལྟོས། །ཞེས་གསུངས། དེའི་རྒྱུ་ཞུས་པས། སྔོན་གསལ་རྒྱལ་འདི་བྱིས་པར་གྱུར་བས་རང་སངས་རྒྱས་ལ་ཟན་དྲོན་ལན་ཚ་མེད་པ་ཞིག་ཕུལ་བས། སྔར་སུམ་ཅུ་རྩ་གསུམ་པའི་ལྷའི་རྒྱལ་པོ་ལན་དྲུག་དང༌། གཉན་ཡོད་ཀྱི་རྒྱལ་པོ་ལན་དྲུག་བྱས་ཤིང༌། ལས་ཀྱི་
ལྷག་མས་ད་ལྟའང་རྒྱལ་པོར་གྱུར་ཏོ་ཞེས་ལུང་བསྟན་ཏོ། །གྱ་བརྒྱད་པ་དབུལ་མོ་སངས་རྒྱས་སུ་ལུང་བསྟན་པ་ནི། རྒྱལ་པོ་གསལ་རྒྱལ་གྱིས་གཏམ་དེ་བརྒྱུད་ནས་ཐོས་པས། ཡང་བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་སོང་ནས། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་བདག་གིས་ཟླ་བ་གསུམ་དུ་ན་བཟའ་དང༌། ཆོས་གོས་དང༌། བསོད་སྙོམས་དང༌། བསྙུན་སེལ་བའི་སྨན་དག་གི་ཡོ་བྱད་རྣམས་འབུལ་བར་ཞུས་པས། བཅོམ་ལྡན་འདས་ཀྱིས་ཀྱང་གནང་སྟེ། རྒྱལ་པོ་ཡང་རབ་ཏུ་དགའ་ནས་མཆོད་པའི་ཡོ་བྱད་བཤོམ་པའི་སྟ་གོན་བྱེད་པའི་ཚེ་ཅ་ཅོའི་སྒྲ་ཆེན་པོ་བྱུང་བ་ན། དབུལ་མོ་གྲོང་ཉུག་མ་བུ་མོ་སློང་བ་གཅིག་གིས་ཐོས་ནས་ཅི་ཡིན་དྲིས་པས། གཞན་དག་གིས་རྒྱས་པར་བསྙད་དོ། །དབུལ་མོ་དེས་ཀྱང་སྐྱེ་བོ་རྣམས་ལ་ཅུང་ཟད་ཅུང་ཟད་བསླངས་པས། འབྲུ་མར་ཉུང་ངུ་དག་རྙེད་པ། གྱོ་དུམ་གྱི་ནང་དུ་བླུགས། མར་མེ་གཏམས་ནས་བཅོམ་ལྡན་འདས་ལ་དད་པ་བླ་ན་མེད་པས་ཕུལ་ཏེ་འཆག་སར་བཞག་གོ །བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་སྨོན་ལམ་བཏབ་པ། དགེ་བའི་རྩ་བ་འདིས་ཇི་ལྟར་སྟོན་པ་ཤཱཀྱ་ཐུབ་པ་འདི་ཇི་ལྟ་བར། བདག་ཀྱང་ཚེ་ལོ་བརྒྱ་པའི་དུས་སུ་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་སུ་གྱུར་ཅིག །འདིའི་ཤེས་རབ་དང་ལྡན་པའི་མཆོག་ཤཱ་རིའི་བུ་དང༌། རྫུ་འཕྲུལ་དང་ལྡན་པའི་མཆོག་མཽང་གལ་གྱི་བུ་དང༌། ཉེ་གནས་ཀུན་དགའ་བོ་དང༌། ཡུམ་སྒྱུ་འཕྲུལ་ཆེན་མོ་དང༌། སྲས་སྒྲ་གཅན་ཟིན་དང༌། གྲོང་ཁྱེར་སེར་སྐྱ་དང༌། སྐུ་གདུང་རྒྱས་པར་འགྱུར་བ་དེ་བཞིན་དུ་བདག་ཀྱང་དེ་འདྲ་བར་གྱུར་ཅིག་ཅེས་སོ། །དེ་ནས་མཚན་མོའི་དུས་སུ་མར་མེ་གཞན་ཐམས་ཅད་མནལ་བ་ན། དེས་ཕུལ་བའི་མར་མེ་ནི་རབ་ཏུ་འབར་བར་སྣང་ངོ༌། །སྟོན་པ་མར་མེའི་འོད་ལ་མནལ་བར་མཛད་པས་འཕགས་པ་ཀུན་དགའ་བོས་མར་མེ་དེ་བསད་དོ་སྙམ་སྟེ་ལག་པ་དང་ཆོས་གོས་
ཀྱི་གྲྭ་དང་རླུང་ཡབ་ལ་སོགས་པས་བཏབ་ཀྱང་དེ་གསོད་པར་མ་ནུས་སོ། །བཀའ་སྩལ་པ། ཀུན་དགའ་བོ་འདི་ནི་རྣམ་པར་འཐོར་བའི་རླུང་གིས་ཀྱང་བསད་པར་མི་ནུས་ན། གཞན་གྱིས་ལྟ་ཅི་སྨོས། སེམས་མངོན་པར་འདུ་བྱེད་པ་ཆེན་པོས་སྦར་བ་ཡིན་ཏེ། བུ་མོ་འདི་ནི་ཇི་ལྟར་སྨོན་ལམ་བཏབ་པ་དེ་ལྟ་བུར་ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་རོ། །ཞེས་གསུངས་ཤིང༌། མར་མེ་དེ་ཡང་ཞག་བདུན་གྱི་བར་དུ་རབ་ཏུ་འབར་ཞིང་མཆོད་པ་གཞན་ཐམས་ཅད་ཟིལ་གྱིས་མནན་ཏེ་འདུག་གོ །དེའི་སྙན་པ་ཕྱོགས་ཐམས་ཅད་དུ་རྒྱས་པར་གྱུར་པས་རྒྱལ་པོས་ཀྱང་འབྲུ་མར་གྱི་བུམ་པ་སྟོང་དང༌། ནོར་བུའི་སྒྲོན་མེ་བཞི་འཆག་སའི་སླད་དུ་བཞག་ཅིང༌། གཞན་ཡང་ཟླ་བ་གསུམ་དུ་གདུགས་ཚོད་གཞན་པས་ཆེས་མཆོག་ཏུ་གྱུར་པ་གསོལ། དགེ་སློང་རེ་རེ་ལ་ཆོས་གོས་འབུམ་རི་བ་རེ་ཡང་བསྐོན། འབྲུ་མར་གྱི་མར་མེ་མཐའ་ཡས་པ་ཡང་བསྒྲེང་བར་བྱས་སོ། །བུ་མོ་དབུལ་མོ་དེ་ལའང་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་རྣམསཀྱིས་མ་འོངས་པའི་ཡོན་ཏན་ལ་བསམས་ནས་ཡོ་བྱད་མང་པོ་དག་ཀྱང་བྱིན་ནོ། །གྱ་དགུ་པ་གསལ་རྒྱལ་གྱི་ཁེངས་པ་བསལ་བ་ནི། དེ་ནས་རྒྱལ་པོ་གསལ་རྒྱལ་གྱིས་གསོལ་བ། བདག་གིས་དགེ་བའི་རྩ་བ་འདི་ཙམ་བགྱིས་ན་བླ་ན་མེད་པའི་བྱང་ཆུབ་ཏུ་ལུང་བསྟན་དུ་གསོལ། བཀའ་སྩལ་པ། རྒྱལ་པོ་ཆེན་པོ་བླ་ན་མེད་པའི་བྱང་ཆུབ་ནི་ཟབ་པ། བལྟ་བར་དཀའ་བ། རྟོགས་པར་དཀའ་བ་སྟེ་ཁྱེད་ཀྱི་སྦྱིན་པ་ལན་ཅིག་གིས་ཐོབ་པར་མི་འགྱུར། བརྒྱས་ཀྱང་མ་ཡིན། སྟོང་གིས་ཀྱང་མ་ཡིན། བརྒྱ་ཕྲག་སྟོང་གིས་ཀྱང་མ་ཡིན། འོན་ཀྱང་ཁྱོད་བྱང་ཆུབ་འདོད་ན་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱས། དགེ་བའི་བཤེས་གཉེན་ལ་བསྙེན་ཞིང་བཀུར་ན་ཁྱོད་ནམ་ཞིག་སངས་རྒྱས་སུ་འགྱུར་གྲང༌། དེ་ནས་རྒྱལ་པོ་ངུས་ཤིང་གོས་ཀྱིས་མཆི་མ་ཕྱིས་ཏེ།
བཅོམ་ལྡན་འདས་ཀྱིས་སྔོན་སྦྱིན་པ་དང་བསོད་ནམས་ཇི་སྙེད་ཅིག་མཛད་ལགས། བཀའ་སྩལ་པ། ངས་བསྐལ་པ་གྲངས་མེད་པ་གསུམ་དུ་སྦྱིན་པ་དག་སྦྱིན། བསོད་ནམས་དག་བྱས། སངས་རྒྱས་བྱུང་བ་དག་མཆོད་པར་བྱས་པ་དག་པར་ཞོག་གི རེ་ཞིག་བསྐལ་པ་འདི་ལ་སྦྱིན་པ་དག་བྱིན། བསོད་ནམས་དག་བྱས་པ་དེ་ཉོན་ཅིག་མཚམས་སྦྱར་ནས། བྱང་ཆུབ་སེམས་དཔའི་སྐྱེས་རབས་མང་དུ་གསུངས་པས་རྒྱལ་པོ་གསལ་རྒྱལ་དད་པ་དང་ངོ་མཚར་ཆེས་བླ་ལྷག་ཏུ་གྱུར་ནས་རབ་ཏུ་དགའ་བས་རྗེས་སུ་ཡི་རངས་ཏེ་སྟོན་པའི་དྲུང་ནས་སོང་ངོ༌། །དགུ་བཅུ་པ་མ་སྐྱེས་དགྲ་འཇིགས་པ་ལས་བསྐྱབས་པ་ནི། དེའི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་མཐའི་རྒྱལ་ཕྲན་བཅུ་བདུན་ཙམ་བློ་གྲོས་གཅིག་ཏུ་བྱས་ནས་ངོ་ལོག་སྟེ། མ་སྐྱེས་དགྲ་འདིས་ཕ་ཆོས་དང་ལྡན་པའི་རྒྱལ་པོ་ཡང་བཀྲོངས། བདག་ཅག་རྣམས་ཀྱང་གཙེས་ཀྱི། འདི་བསད་པའམ་རྒྱལ་སྲིད་ལས་བྱུང་སྟེ་བསྐྲད་པར་བྱའོ་ཞེས། དཔུང་ཡན་ལག་བཞིའི་གོ་བསྐོན་ནས་འོངས། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཕྲུ་མས་བསྐོར་ཏེ་འདུག་གོ །ཀླུ་སོག་མ་མེད་ཁྲོས་པས་ཀྱང་སེར་བ་ཕབ་སྟེ་ལོ་ཏོག་རྨེག་མེད་པར་བྱས། དཀའ་ཐུབ་ཀྱི་ཆུ་ལྔ་བརྒྱ་དང༌། ཆུ་མིག་དང་མཚེའུ་རྣམས་ཀྱང་བསྐམས། ཆུ་གཞན་རྣམས་མཐའི་རྒྱལ་ཕྲན་རྣམས་ཀྱིས་དུག་བཏབ་སྟེ་རྒྱལ་པོའི་ཁབ་པ་རྣམས་ཀྱིས་བཏུང་དུ་མི་རུང་བར་བྱས། ཡམས་ནད་ཆེན་པོ་མི་བཟད་པ་མི་རོ་སྐྱེལ་བར་ཁྱོགས་ནས་ཁྱོགས་སུ་འདོམས་པ་དག་ཀྱང་བྱུང༌། མ་སྐྱེས་དགྲ་ཉིད་ཀྱང་ནད་ཚབས་ཆེན་པོ་དག་གིས་བཏབ། དེར་ཤིན་ཏུ་སྡུག་བསྔལ་ཞིང་ཡིད་ཁོང་དུ་ཆུད་པ་ལ། མ་ལུས་འཕགས་མོས་སྔར་གྱི་ཚུལ་རྣམས་རྒྱས་པར་བརྗོད་ནས། འདི་ནི་སངས་རྒྱས་ལ་བཀུར་བསྟི་མ་ཡིན་པ་བྱས་པའི་མཐུ་ལས་ཡིན་ན། ད་བཅོམ་ལྡན་འདས་ལ་བཟོད་པ་གསོལ་ཅིག མ་སྐྱེས་དགྲས་སྨྲས་པ། ད་ནི་དབྱར་ཚ་སྟེ་དྲུང་དུ་འགྲོ་བའི་རྔོ་མི་ཐོགས་སོ། །དེས་སྨྲས་པ། སྟོན་པ་ནི་ཙནྡན་དང་སྟེའུར་མཚུངས་པ་ཡིན་གྱི། ངེས་པར་རྗེས་སུ་འཛིན་པར་འགྱུར་རོ། །དེ་ནས་མ་སྐྱེས་
དགྲས་ཕོ་ཉ་བ་ཞིག་མངགས་ཏེ། དེས་ཀྱང་རིམ་གྱིས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། རྒྱལ་པོ་མ་སྐྱེས་དགྲའི་མིང་གིས་བཅོམ་ལྡན་འདས་པ་ཕྱག་བཙལ། བསྙུན་ཡང་དྲིས། མ་སྐྱེས་དགྲའི་ཞུ་བ་གསོལ་ནས། གང་འཇིག་རྟེན་བུ་ངན་པ་ནི་མཆིས་ལ། ཕ་ངན་པ་ནི་མ་མཆིས་པས། དེའི་སླད་དུ་ཐུགས་བརྩེ་བས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་གཤེགས་སུ་གསོལ་ཞེས་ཞུས་པ་ན། འདུལ་བའི་དུས་སུ་དགོངས་ཏེ་བཅོམ་ལྡན་འདས་མཉན་ཡོད་ནས་རིམ་གྱིས་མ་ག་དྷཱར་གཤེགས་སོ། །དེར་ལྷ་རྣམས་ཀྱིས་རླུང་བཏང་སྟེ་དུག་བཏབ་པའི་ཆུ་རྣམས་ནི་སྐམས། ཆར་ཕབ་པས་ཆུ་བཟང་པོ་དག་ཀྱང་བྱུང༌། སངས་རྒྱས་ལ་དད་པའི་ལྷ་མཐུ་བོ་ཆེ་རྣམས་འདུས་པས་ཡམས་ནད་ཀྱང་ཞི། མཐའི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་སྟོན་པ་འབྱོན་པར་ཐོས་ཏེ་དམག་རྣམས་རང་གནས་སུ་ལྡོག་གོ །མ་སྐྱེས་དགྲས་བཅོམ་ལྡན་འདས་བསུ་བར་སོང་སྟེ། མཐོང་བ་ཙམ་གྱིས་དད་པ་ཆེན་པོ་ཡང་སྐྱེས། གྲོང་ཁྱེར་གྱི་སྒོ་ཐེམ་ལ། ཞབས་བཞགས་པས་ས་གཡོས་པ་ལ་སོགས་པའི་ཆོ་འཕྲུལ་བསྟན་ཏེ། དེའི་ཚེ་ཟླ་བ་གསུམ་དུ་རྒྱལ་པོ་མ་སྐྱེས་དགྲས་ཡོ་བྱེད་ཐམས་ཅད་ཀྱིས་མཆོད་པར་བྱེད་ཅིང༌། རྒྱལ་པོའི་ཁབ་འཚོ་བྱེད་ཀྱི་ཀུན་དགའ་ར་བ་ཨ་མྲའི་ཚན་དུ་དབྱར་གནས་པས་བཞུགས་སོ། །གོ་གཅིག་པ་མ་སྐྱེས་དགྲ་དད་པ་ལ་བཀོད་པ་ནི། དེ་ནས་མི་རིང་བ་ཞིག་གི་དུས། དབྱར་ཟླ་འབྲིང་བོའི་ཉ་དབུ་མའི་མཚན་མོ་ཚེས་དང་གཟའ་དང་རྒྱུ་སྐར་ཐམས་ཅད་བཟང་བར་གྱུར་པ་ལ། མཚན་མོ་ཟླ་འོད་ལ་མ་སྐྱེས་དགྲ་བློན་པོའི་ཚོགས་ཀྱིས་བསྐོར་ནས་ཁང་བཟང་དུ་སོང་སྟེ། དུས་བཟང་པོ་འདི་ལྟ་བུ་ལ་ངས་ཅི་ཞིག་བྱས་ན་བཟང་ཞེས་འཁོར་རྣམས་ལ་དྲིས་པས། སླས་ཀྱི་བུད་མེད་ཅིག་ན་རེ། འདི་ལྟ་བུ་ལ་འདོད་པའི་ཡོན་ཏན་ལྔ་ལ་རོལ་པར་མཛད་ན། ལྷའི་བྱ་བ་ནི་དེ་ལགས་སོ་སྙམ་མོ། །གཞན་ཞིག་ནི་གྲོང་ཁྱེར་གྱི་ཤུལ་ལམ་རྣམས་ཉུལ་ཞིང་ལྟ་རྟོག་མཛད་ན། ཞེས་དང༌།
གཞོན་ནུ་འཆར་བྱེད་བཟང་པོ་ནི་དཔུང་གོ་བསྐོན་ཏེ་དགྲ་གཞོམ་ན་ཞེས་སོ། །བློན་པོ་ཅིག་ན་རེ་འོད་སྲུངས་རྫོག་བྱེད་ལ་བསྙེན་བཀུར་མཛོད་ཅིག །དེ་བཞིན་དུ་བློན་པོ་སོ་སོ་དག་སྟོན་པ་དྲུག་པོ་རེ་རེ་ནས་བསྙེན་བཀུར་མཛོད་ཅིག་ཅེས་ཟེར་རོ། །འཇྀག་རྟེན་རྨོངས་པ་རྒྱལ་པོའམ། བླཽན་པོ་ལ་སོགས་པ་སྡིག་པའི་ཆོས་ཅན་རྣམས་ནི་ཕལ་ཆེར་ཡང་དག་པ་ལ་མི་མོས་ཤིང་ལོག་པ་ལ་མོས་པ་ཤ་སྟག་འབྱུང་བ་ནི་དངོས་པོའི་སྟོབས་ཡིན་ཏེ། ཡང་དག་པའི་དགེ་བ་ལ་སྤྲོ་བ་བསྐྱེད་པ་ནི་སུ་ཡང་མེད་དོ། །དེར་འཚོ་བྱེད་གཞོན་ནུ་གསོས་འཁོར་དེ་ཉིད་ན་འདུག་ཀྱང་ཅང་མི་སྨྲའོ། །རྒྱལ་པོས་ཁྱོད་ཅིའི་ཕྱིར་མི་སྨྲ། དེ་ན་རེ། བདག་ནི་དེ་དག་ལྷའི་མཛད་པ་མ་ལགས་སྙམ་བགྱིད། བདག་གི་ཨ་མྲའི་ཚལ་ན་བཅོམ་ལྡན་འདས་བཞུགས་ཏེ། ལྷས་དེ་ལ་བསྙེན་བཀུར་མཛད་ན་དོ་ནུབ་ལྷའི་མཛད་པ་དེ་ལགས་སོ་སྙམ་མོ། །དེར་རྒྱལ་པོའི་སྙིང་དུ་བབས་ཏེ་དེ་མ་ཐགགླང་པོ་ཆེ་གྲབས་གྱིས་ཤིག གླང་པོ་ཆེ་གཏོད་ཅིག་ཅེས་བསྒོས་པས། གླང་པོ་ཆེ་གླང་མོ་ལྔ་བརྒྱ་དང་བཅས་པ་བཤམས། འཚོ་བྱེད་ཀྱིས་གླང་པོ་ཆེ་ཁ་ལོ་སྒྱུར་བ་བྱས། དེའི་རྒྱབ་ཏུ་རྒྱལ་པོ་བཞུགས། ཕོ་བྲང་སླས་ཀྱི་མི་སྒྲོན་མེ་ཐོགས་པ་ལྔ་བརྒྱ་པོ་ཡང་གླང་མོ་རེ་རེའི་རྒྱབ་ཏུ་གནས་ཏེ། ཕྱི་བཞིན་སོང་ནས་རྒྱལ་པཽའི་ཁབ་ནས་བྱུང་བ་ན། ལམ་དུ་རྒྱལ་པོ་དོགས་པ་སྐྱེས་ཏེ་འཚོ་བྱེད་འདིས་ང་སྤོང་བྱེད་པ་ལ་གཏོད་པར་མི་འགྱུར་གྲང་སྙམ་སྟེ། སྟོན་པ་ལ་འཁོར་ཇི་ཙམ། སྟོང་ཉིས་བརྒྱ་ལྔ་བཅུའོ། །འཚོ་བྱེད་ཁྱོད་ང་ལ་ཅིའི་ཕྱིར་གནོད་པར་མི་འདོད། འཁོར་དེ་སྙེད་ཡོད་ན་ལུད་པའི་སྒྲ་སྐད་ཀྱང་མི་སྒྲོག་གོ །དེས་སྨྲས་པ། སྟོན་པ་སྒྲ་ཆུང་བ་ལ་དགྱེས་པས་འཁོར་ཡང་སྒྲ་ཆུང་ངོ༌། །འཁུ་འཁྲིག་མ་མཛད་ཅིག་ཅེས་དང༌། ད་གླང་པོ་ཆེ་ཐོབ་ཅིག འཁོར་གྱི་འཁྱམས་དང་ཞུགས་མར་གྱི་འོད་གདའ་བ་འདིའོ། །དེ་ནས་གླང་པོ་ཆེ་བཏབ་ནས། རྒྱལ་པོ་མ་སྐྱེས་དགྲ་རྐང་པས་ཀུན་དགའ་ར་བའི་ནང་དུ་
ཞུགས་ཏེ། སྟོན་པ་དགེ་འདུན་གྱི་དབུས་ན་མཚོ་ལྟར་དྭངས་ཤིང་རྙོག་པ་མེད་པར་བཞུགས་འདུག་པ་འཚོ་བྱེད་ཀྱིས་རྒྱལ་པོ་ལ་བསྟན་པ་ན། རྒྱལ་པོས་ཀྱང་ཕྱག་འཚལ་ཏེ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་ཐུགས་དུལ་ཞིང་ཞི་བ་བཞིན་དུ་བདག་གི་བུ་འཆར་བྱེད་བཟང་པོ་ཡང་ཞི་ཞིང་དུལ་བར་གྱུར་ཅིག །ཅེས་ཞུས་ཤིང༌། སྟོན་པས་ཀྱང་ལེགས་སོ་སྩལ་ཏེ། རྒྱལ་པོ་སྟན་ལ་འཁོད་ནས་ཐེ་ཚོམ་དག་ཞུས་ཤིང༌། སྟོན་པས་ཀྱང་ཆོས་ཀྱི་བཀའ་མཆིད་རྒྱ་ཆེར་གསུངས་པས་རྒྱལ་པོ་དད་པ་བླ་ན་མེད་པ་ལ་བཀོད། སྔོན་གྱི་ཉེས་པར་སྤྱད་པ་དྲན་པས་མཆི་མ་ཕྱུང་ཞིང་རིང་དུ་བཤུམས་ནས། བདག་སྡིག་པའི་གྲོགས་པོས་ཟིན་པས་ཕ་ཆོས་དང་ལྡན་པ་བཀུམས་པ་ནི་བདག་བླུན་པ་ལགས་ཏེ། བདག་ནོངས་པ་ལ་ནོངས་པར་གཟུང་དུ་གསོལ། བཀའ་སྩལ་པ། དེ་ནི་བདེན་ཏེ་འོན་ཀྱང་ཉེས་པ་ཤེས་ཤིང་མཐོང་ན་བཤགས་ཏེ། ཕྱིན་ཆད་སྡོམ་པར་བྱེད་ན་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བ་ཉིད་དུ་འདོད་པར་བྱའོ་གསུང་ངོ༌། །དེ་ལྟར་སྟོན་པས་མ་སྐྱེས་དགྲ་གཞི་མེད་པའི་དད་པ་ལ་བཀོད་དེ། སང་གདུགས་ཚོད་ལ་འབྱོན་པར་ཞུས་ནས་སོང་ངོ༌། །དེར་སྟོན་པས་དགེ་སློང་རྣམས་ལ་བཀའ་སྩལ་པ། མ་སྐྱེས་དགྲ་འདིས་མཚམས་མེད་བྱས་པ་མིན་ན། སྟན་འདི་ལ་འདུག་བཞིན་དུ་བདེན་པ་མཐོང་བར་འགྱུར་བ་ལས། དེ་ལྟར་ཉམས་ཀྱིས་ཁྱེད་ཅག་སྡོང་དུམ་ཚིག་པ་ལ་ཡང་ངན་སེམས་བསྐྱེད་པར་མི་བྱ་ན་སེམས་དང་བཅས་པའི་ཡུལ་ལ་ལྟ་སྨོས་ཀྱང་ཅི་དགོས། ཞེས་སོགས་སོ། །སང་མ་སྐྱེས་དགྲས་སྟོན་པ་དགེ་འདུན་དང་བཅས་པ་གདུགས་ཚོད་ཀྱིས་ཚིམ་པར་བྱས། ཆོས་ཀྱང་ཉན། སྟོན་པས་སྦྱིན་པ་ལ་རྗེས་སུ་ཡི་རང་བ་མཛད་དེ་གཤེགས་སོ། །གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་དེ་གཞི་མེད་པའི་དད་པ་ལ་བཀོད་པ་དེ་ཕྱིན་ཆད་རང་ཉིད་ཁང་སྟེང་ངམ། གླང་པོ་ཆེའི་
སྟེང་ལ་སོགས་པ་གང་ན་ཡོད་ཀྱང་སྟོན་པ་མཐོང་ན་དེ་མ་ཐག་ཚམ་ཚོམ་མེད་པར་མཆོངས་ནས་འགྲོའོ། །སྟོན་པས་ཀྱང་རྫུ་འཕྲུལ་གྱིས་བར་སྣང་ནས་བླངས་ཏེ་ས་ལ་འཇོག་པར་མཛད་དོ། །དེར་མ་སྐྱེས་དགྲས་ཞོ་ཤས་འཚོ་བ་དང་ནང་མི་རྣམས་ལ་བསྒོ་བ། ཤེས་ལྡན་དག་དེང་ཕྱིན་ཆད་ང་སངས་རྒྱས་དགེ་འདུན་དང་བཅས་པ་ལ་སྐྱབས་སུ་སོང་གི སྟོན་པ་འཁོར་རྣམ་པ་བཞི་དང་བཅས་པ་ལ་ནམ་ཡང་སྒོ་དབྱེའོ། །ལྷས་བྱིན་སློབ་མ་དང་བཅས་པ་ལ་ནི་སྒོ་ཆོད་ཅིག་ཅེས་གསུངས་ཏེ་དེ་བཞིན་དུ་བྱས་སོ། །གོ་གཉིས་པ་ལྷས་བྱིན་ལུང་བསྟན་པ་ནི། བར་འདིར་འཕགས་མ་ཨུཏྤ་ལའི་མདོག་ལྷས་བྱིན་གྱིས་བཀྲོངས་པའི་ལོ་རྒྱུས་ཡོད། དེར་ལྷས་བྱིན་ཕོ་བྲང་གི་ནང་དུ་མ་ཆུག་པས་བསམས་པ། ངས་དགེ་འདུན་གྱི་དབྱེན་དང༌། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་དང༌། དགྲ་བཅོམ་པ་བསད་པ་སྟེ་མཚམས་མེད་པ་གསུམ་བྱས་ཀྱང་དགོས་པ་ཅུང་ཟད་ཀྱང་མ་གྲུབ་སྟེ། ད་དམྱལ་བར་སྐྱེའོ་སྙམ་ཡིད་ཁོང་དུ་ཆུད་དོ། །དེར་འོད་སྲུང་རྫོགས་བྱེད་ཕྱི་མ་དེ་འོངས་ནས་ཁྱོད་ཅིའི་ཕྱིར་དེ་ལྟར་འདུག ལྷས་བྱིན་གྱིས་སྔར་བཞིན་སྨྲས་པས་དེ་ན་རེ། ཤཱཀྱའི་ནང་ན་ཁྱོད་འབའ་ཞིག་མཁས་སོ་སྙམ་ན་ཁྱོད་ཀྱང་བླུན་པ་ལྟ། འཇིག་རྟེན་ཕ་རོལ་ལྟ་ག་ལ་ཡོད། ཛའི་རིལ་བ་སྤྱི་བླུགས་གཅིག་བཅགས་ནས་སླར་མི་འབྱོར་བ་དཔེར་བྱས་སོ། །བྱེད་པ་པོའམ་བྱེད་དུ་འཇུག་བ་པོ་གང་ཡང་མེད་ཀྱི། ཡེ་བག་མ་ཚ་ཞིག སོང་ལ་སེར་སྐྱའི་རྒྱལ་སྲིད་གྱིས་ཤིག ངས་ཀྱང་བློན་པོའི་མཆོག་བྱའོ་ཞེས་ཟེར་རོ། །དེར་ལྷས་བྱིན་ལོག་ལྟ་སྐྱེས་ཏེ་དགེ་བའི་རྩ་བ་ཆད་པས། ལྷས་བྱིན་རྒྱུད་གསོར་མི་རུང་ངོ་ཞེས་སྟོན་པས་ལུང་བསྟན་ཏོ། །དེ་འཇིག་རྟེན་ཕ་རོལ་མེད་སྙམ་ནས། རང་གི་སློབ་མ་རྣམས་ལ་བརྟུལ་ཞུགས་ལྔ་པཽ་རྒྱ་ཆེར་བསྟན་ཏོ་ཞེས་ཀྱང་འབྱུང་ངོ༌། །དེ་བཞིན་གཤེགས་པ་བསྙུན་པའི་ཚུལ་མཛད་པ་ལ། གཞོན་ནུ་གསོས་ཀྱིས་སྨན་མར་ལྕགས་མདའ་འབུལ་
བར་བརྩམས་པ་ན་བཀའ་སྩལ་པ། འཚོ་བྱེད་ངོ་མཚར་ཆེའམ། གསོལ་བ་ཆེའོ། །ཡ་མཚན་ཆེའམ། ཆེའོ། །ཤེས་སམ། འཚལ་ལགས། མི་ཤེས་སམ། མ་འཚལ་ལགས། དེ་ལྟར་སྟོན་པས་དགོངས་ཏེ་གསུངས་པ་འཚོ་བྱེད་ཀྱིས་གོ་སྟེ། བ་མཆོག་རན་པར་སྤྱོད་པ་ལས་བདུད་རྩི་འབྱུང༌། དེ་དང་བསྒྲལ་བ་ལ་སྨན་མར་འབྱུང་བ་འདི་ངོ་མཚར་རོ། །སངས་རྒྱས་འབྱུང་བ་དང༌། ཆོས་བཤད་པ་ལས་དགེ་འདུན་སྒྲུབ་པ་འདི་ཡ་མཚན་ཆེ། སྐྱེ་བ་ཡོད་ན་ནི་འཆི་བར་ཤེས། ཤི་བ་རྣམས་སྐྱེ་བར་མ་ངེས་པའོ། །དེ་ནས་འཚོ་བྱེད་ཀྱིས། བཅོམ་ལྡན་འདས་ནི་རྡོ་རྗེའི་སྐུ་མངའ་བ་ལ། སྐུ་ཆེ་བ་ཡིན་པས་འདི་ཙམ་དགོས་སོ་སྙམ་སྟེ་སྨན་མར་སྲང་སུམ་ཅུ་རྩ་གཉིས་ཕུལ། ལྷག་མ་དགེ་འདུན་ལ་བྲིམས་པས་ལྷས་བྱིན་ཡང་སྟོན་པའི་དེ་ཙམ་དགོས་ཟེར་རོ། །སངས་རྒྱས་ནི་རྡོ་རྗེའི་སྐུ་མངའ་ལ། ཁྱོད་ཀྱིས་ནི་དེ་ཙམ་མི་འཇུའོ་བྱས་ན། ཁོ་བོ་ཡང་རྡོ་རྗེའི་སྐུ་ཅན་ཡིན་ན་ཅིའི་ཕྱིར་མི་འཇུ་ཟེར་ནས་སྨན་མར་སྲང་སུམ་ཅུ་སོ་གཉིས་འཐུངས་སོ། །ཕྱི་ཉིན་སྟོན་པ་ལ་འཇམ་གསོལ་བ་ན། ཡང་འགྲན་ཏེ། ལྷས་བྱིན་གྱིས་སྨན་མ་ཞུ་བཞིན་དུ་ཐུག་པ་འཐུངས་པས་མ་ཞུ་ཞིང་སྦོས་ཏེ་གཟེར་བས་ནད་དྲག་པོས་ཉིན་མཚན་དུ་གཉིད་མི་འོང་ཞིང་འགྲེ་ལྡོག་བྱེད་དོ། །དེ་ཀུན་དགའ་བོས་གསོལ་ཏེ། བཅོམ་ལྡན་འདས་བྱ་རྒོད་ཕུང་པོའི་རི་ཕུག་ན་བཞུགས་པས་ཕྱག་བརྐྱངས་ནས་ལྷས་བྱིན་གྱི་མགོ་བོར་བཞག་སྟེ་བདེན་སྟོབས་གསུངས་པས་དེ་མ་ཐག་ནད་ཞིའོ། །དེས་ཕྱག་ངོ་ཤེས་ཏེ། གཽ་ཏ་མ་སྨན་དཔྱད་ཁོང་དུ་ཆུད་པ་ནི་ལེགས་ན། འདིས་འཚོ་ནུས་སམ་ཟེར། དེར་ལྷས་བྱིན་ལ་ཤིན་ཏུ་ཞེན་པ་རྣམས་ཀྱང་སངས་རྒྱས་ནི་བྱམས་པ་དང་ལྡན་ནོ་སྙམ་ངོ་མཚར་དུ་འཛིན་ནོ། །དགེ་སློང་རྣམས་ཀྱིས་ཁྱོད་སྟོན་པས་གསོས་སོ། །ལྷས་བྱིན་ན་རེ། གཽ་ཏ་མས་དབང་དུ་བྱེད་པའི་སྒྱུ་མ་ཤེས་ཏེ་འཇིག་རྟེན་དབང་དུ་བྱེད་དོ། །ང་ནི་སྨན་མར་ཞུ་ནས་ནད་ཞི་བར་ཟད་མོད། ང་ལ་དེས་ཅི་
ཞིག་ཟེར་རོ། །དེ་ནས་ཕྱིས་ཤཱཀྱ་རྣམས་ཀྱིས་ལྷས་བྱིན་ལ་ཁྱོད་སངས་རྒྱས་ལ་བཟོད་པ་གསོལ་ཅིག་ཅེས་བསྐུལ་བས། དེས་བེའུའི་ལྟེ་བ་ལྟ་བུ་ཞེས་བྱ་བའི་རེ་གདུག་གིས་སེན་མོའི་གསེབ་བཀང་ནས། གལ་ཏེ་གཽ་ཏ་མས་བཟོད་པ་བྱས་ན་ནི་ལེགས། མ་བྱས་ན་དུག་གིས་ཞབས་ལ་བསྐུའོ་སྙམ་སྟོན་པའི་དྲུང་དུ་སོང་ནས། བཟོད་པ་གསོལ་བ་ན་སྟོན་པས་དེའི་སེམས་མཁྱེན་ཏེ། ཞབས་ཀྱི་པུས་མོའི་ལྷ་ང་མན་ཆད་ཤེལ་དུ་སྤྲུལ་ཏོ། །དེས་ཞབས་ལ་འདུད་པ་ལྟར་བྱས་ནས་དུག་བསྐུ་བའི་ཕྱིར་སེན་མོ་བཏབ་པས་ཤེལ་རྡོ་བའི་རང་བཞིན་ལ་ཐུག་པས་སེན་མོ་ཆག་སྟེ། ཀུན་གྱི་མཐོང་སར་དུག་དེ་ལྟུང་བས་དེ་སྐྱེངས་བཞིན་དུ་འདི་སྐད་ཅེས། གང་དག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོའོ། །ཞེས་ཁྱེད་ཀྱིས་གསུངས་པས་བདག་ཁྱེད་ལ་སྐྱབས་སུ་མཆི་ཡི། ངན་འགྲོར་སོང་ན་དེ་བརྫུན་ལགས་སོ་ཞེས་ཟེར་རོ། །དེ་ནས་མི་རིང་བ་ཞིག་ན་ལྷས་བྱིན་ས་ལ་གོམ་པ་བོར་ཏེ་འགྲོ་བ་ན། སའི་གསེབ་ནས་དམྱལ་བའི་མེ་ཅུང་ཟད་ཅུང་ཟད་འཐོན་ནས་རྐང་པ་ལ་རེག་པས་ཚའོ་ཚའོ་ཞེས་རྒྱུགས་པ་ན། དེ་མ་ཐག་སའི་མཐོངས་བྱེ་སྟེ་ལུས་དེར་ཆུད་ནས་དམྱལ་བ་མནར་མེད་པའི་མེ་ལྕེའི་རྩེ་མོས་ལུས་གཡོགས་པས་ཤིན་ཏུ་ཚིག་སྟེ། ངུ་བཞིན་དུ་ཀུན་དགའ་བོ་ལ་བོས་ནས་ང་ཚིག་གོ་ཟེར་བ་ལ། འཕགས་པ་ཀུན་དགའ་བོས་ཁྱོད་སངས་རྒྱས་ལ་སྐྱབས་སུ་སོང་ཤིག་བྱས་པ་ན། དེ་ཡང་དམྱལ་བའི་མེ་དངོས་སུ་མཐོང་བས་ཡིད་ཆེས་ཏེ། བདག་རུས་པའི་གཏིང་ནས་ཀྱང་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཟེར་ཏེ་ལུས་དེ་ཉིད་ཀྱིས་དམྱལ་བ་སོང་ངོ༌། །དེ་མནར་མེད་དུ་བསྐལ་པ་ཆེན་པོ་གཅིག་ཏུ་གནས་པར་འགྱུར་ལ། དམྱལ་བར་འགྲོ་ཁར་རུས་པའི་ཁོང་ནས་སྐྱབས་སུ་མཆི་ཞེས་བརྗོད་པའི་འབྲས་བུས་ཕྱི་མའི་དུས་ན་རང་སངས་རྒྱས་རུས་པ་ཅན་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ། །གོ་གསུམ་
པ་མཆོག་ཟུང་གིས་དམྱལ་བའི་རྒྱུད་གཟིགས་པ་ནི། དེ་ནས་དུས་གཞན་ཞིག་ན་ཤཱ་རིའི་བུ་དང་མཽང་གལ་གྱི་བུ་དམྱལ་བའི་རྒྱུད་ལྟ་བར་གཤེགས་ཏེ་མཽང་གལ་གྱི་བུས་མནར་མེད་ཀྱི་གནས་སུ་ཆར་གྱི་རྒྱུན་གཏུན་ཤིང་ཙམ་དང༌། ཤིང་རྟའི་སྲོག་ཤིང་ཙམ་ཕབ་ཀྱང་དམྱལ་བའི་མེ་ལྕེའི་ཚ་དབལ་གྱི་ནམ་མཁའ་ལ་བསྐམས་ཏེ་ས་ལ་མ་བབ་བོ། །ཤཱ་རིའི་བུས་མོས་པའི་ཏིང་ངེ་འཛིན་གྱིས་དམྱལ་གནས་ཆུས་གང་བར་མཛད་དོ། །མཽང་གལ་གྱི་བུས་ལྷས་བྱིན་ཚུར་ཤོག་གསུངས་པ་ན། བརྒྱ་སྟོང་ཞིག་ཚུར་བྱུང་བ་ལ། བཅོམ་ལྡན་འདས་ཀྱི་གཅུང་པོ་ལྷས་བྱིན་ཚུར་ཤོག་བྱས་པས། དེ་ནས་དེ་འོངས་ཏེ་མཆོག་ཟུང་གཅིག་གི་ཞབས་ལ་གཏུགས་སོ། །སྡུག་བསྔལ་དྲིས་པས། མནར་མེད་པ་སྤྱིའི་སྡུག་བསྔལ་ཐམས་ཅད་ཡོད་ཀྱི་སྟེང་དུ་ལྷག་པོ་བཞི་ཡོད་དེ། ལྕགས་ཀྱི་རི་འབར་བས་འཐག་པ་དང༌། སོག་ལེ་སོ་གཉིས་པས་གཏུབ་པ་དང་ལྕགས་ཀྱི་ཐོ་བ་མེ་འབར་བས་མགོ་བོ་ཕྱེ་མར་འཐག་པ་དང༌། ཕྱོགས་བཞི་ནས་གླང་པོ་ཆེ་འོངས་ནས་འབྲས་ཕྱེ་བཞིན་དུ་འཐག་པའོ། །དེ་དག་ཀྱང་རིམ་པས་སྟོན་པ་ལ་སྒྱོགས་འཕངས་པ་དང། དགེ་འདུན་གྱི་དབྱེན་དང༌། དགྲ་བཅོམ་མ་ཨུཏྤ་ལའི་མདོག་བཀྲོངས་པ་དང༌། སྟོན་པ་ལ་ནོར་སྐྱོང་རྦད་པའི་རྣམ་སྨིན་ཡིན་ནོ། །ཕྱིས་རང་སངས་རྒྱས་སུ་ལུང་བསྟན་པ་བཤད་པས། འོ་ན་དེ་བར་དུ་མནར་མེད་ཀྱི་སྡུག་བསྔལ་བརྣག་བཟོད་པར་ཞེས་བྱའོ་ཟེར་རོ། །ཀོ་ཀ་ལི་ཀའི་ལྕེ་ལ་ཐོང་གཤོལ་བརྒྱས་རྨོད་པ་ལས། ལྷ་ཚངས་པས་མཆོག་ཟུང་གཅིག་ལ་དད་པ་བསྐྱེད་ཅིག་པར་བསྐུལ་ཡང་མི་ཉན་ལ། སྐབས་དེར་མཆོག་ཟུང་མཐོང་བས་ཞེ་སྡང་སྐྱེད་དེ། སྡིག་ཅན་འདི་གཉིས་ང་དམྱལ་བར་སྐྱེས་ཀྱང་འོང་བ་ལྟ། ཞེས་སྨྲས་མ་ཐག་ཏུ་ལྕེ་ལ་ཐོང་བཤོལ་ལྟོང་གིས་རྨོད་པར་གྱུར་ཏོ། །འོད་སྲུང་རྫོགས་བྱེད་ཀྱི་སར་ཕྱིན་པས་མཆོག་ཟུང་གི་ཞབས་ལ་ཕྱག་
འཚལ་ནས། བདག་སྔོན་ཆོས་ལོག་བཤད་པས་ད་ལྟ་ལྕེ་ལ་ཐོང་གཤོལ་ལྔ་བརྒྱས་རྨོད་པར་བྱེད་ལ་མི་ཡུལ་དུ་སློབ་མ་རྣམས་ཀྱིས་དེ་བཤད་པ་ན་ལྷག་པར་ཡང་སྡུག་བསྔལ་འཕེལ་བ་སོགས་བཤད་དོ། །དམྱལ་བའི་རྒྱུད་བལྟར་བྱོན་པའི་སྐོར་འདི་ཕྱིས་ཞིག་ནས་ཡིན་ཡང༌། ལོ་རྒྱུས་འབྲེལ་ཆེ་བའི་རྒྱུ་མཚན་གྱིས་འདིར་བཤད་དོ། །གོ་བཞི་པ་ཡངས་པ་ཅན་དུ་གཤེགས་པའི་ལམ་ནི། སྟོན་པ་རྒྱལ་པོའི་ཁབ་ཏུ་བྱོན་པ་ན། མི་ངས་གཏོང་བའི་འབྱུང་པོ་རྣམས་ཡངསཔ་ཅན་དུ་འཕོས་པས་དེར་ནད་ཡམས་ཆེན་པོ་མི་བཟད་པ་བྱུང་ངོ༌། །ཡངས་པ་ཅན་གྱི་ལིཙྪ་བཱི་རྣམས་ཀྱི་མདུན་ན་འདོན་བྲམ་ཟེ་མདའ་བོ་ཆེ་ཞེས་བྱ་བའི་རྨི་ལམ་དུ། ལྷས་ལུང་བསྟན་ཏེ། བཅོམ་ལྡན་འདས་ཡངས་པ་ཅན་དུ་བྱོན་ན་མི་ངས་སངས་པར་འགྱུར་རོ་ཞེས་སོ། །དེས་ཡངས་པ་ཅན་པ་རྣམས་ལ་བཤད་དེ། ཕོ་ཉ་བ་སུ་གཏོང་ཞེས་བགྲོས་པ་ལས། འདུན་ན་འདོན་མདའ་བོ་ཆེ་ཉིད་མངགས་སོ། །དེ་ན་རེ། མ་སྐྱེས་དགྲས་ཁོ་བོ་མོ་གསོད་དམ། ཚོགས་པས་སྨྲས་པ། ཡུལ་གང་ནའང་ཕོ་ཉ་བ་གསོད་པ་མེད་དོ། །དེ་རྒྱལ་པོའི་ཁབ་ཏུ་ཕྱིན། བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ། དེ་བཞིན་གཤེགས་པ་ཡངས་པ་ཅན་དུ་གཤེགས་སུ་གསོལ། བཀའ་སྩལ་པ། རྒྱལ་པོ་ལ་རྟོགས་ཤིག །དེས་གནང་ན་འོང་ངོ༌། །དེས་ལིཙྪ་བཱི་རྣམས་ལ་སྤྲིངས་པས། ཁྱོད་ཉིད་ཀྱིས་ཞུས་ཤིག་ཟེར་བས། དེ་ནས་སྐབས་དེར་མདའ་བོ་ཆེ་མ་སྐྱེས་དགྲ་ལ་ཞུས་པ་ན། རྒྱལ་པོས་དེར་ཡངས་པ་ཅན་སྟོངས་ན་ངའི་བསམ་པ་ཚེགས་ཆུང་དུས་རྫོགས་པར་འགྱུར་གྱི། མི་གནང་ངོ་ཞེས་ཚིག་རྩུབ་པོས་སྤྱོས་སོ། །མདའ་བོ་ཆེ་ཡང་ཕོ་བྲང་ནས་ཕྱིར་ཕྱུང་སྟེ་ཡངས་པ་ཅན་དུ་ལྡོག་པར་བརྩམས་པ་ན། བློན་པོ་ཤེས་ལྡན་རྣམས་ཀྱིས་ཁྱེད་རེ་ཞིག་སྡོད་ཅིག ངེད་ཀྱིས་ལྷ་ལ་གསོལ་བར་བགྱིའོ་བྱས་ནས་རྒྱལ་པོའི་དྲུང་དུ་
སོང་སྟེ་འདི་སྐད་དུ། དོན་དེ་ལ་རྒྱལ་པཽས་གནང་ཡང་རུང་མ་གནང་ཡང་རུང་སྟེ། བཅོམ་ལྡན་འདས་ནི་ཐུགས་རྗེ་ཆེན་པོས་སེམས་ཅན་གཅིག་ཀྱང་གཏོང་བར་མི་མཛད་ན། ངེས་པར་ཡངས་པ་ཅན་དུ་གཤེགས་པར་ནི་འགྱུར་རོ། །ཞེས་ཞུས་པས། འོ་ན་ཁུག་གཅིག དེ་ནས་དེས་དྲུང་དུ་འོངས་པ་ན། རྒྱལ་པོས་སྨྲས་པ། དེང་དམ་ཞིག་བཅའ་དགོས་ཏེ། ངས་བསྙེན་བཀུར་བྱེད་པ་དང་འདྲ་བར་ཁྱོད་རྣམས་ཀྱིས་ཀྱང་བྱེད་ན་གནང་ངོ༌། །དེས་དེ་སྐད་ལིཙྪ་བཱི་རྣམས་ལ་སྤྲིངས་པས། རྒྱལ་པོ་ནི་གཅིག་པུ་ཡིན། བདག་ཅག་ནི་ཚོགས་སུ་གྱུར་བ་ཡིན་ན་ཅིའི་ཕྱིར་མི་བྱ་ཞེས་འཕྲིན་ལན་བསྐུར་རོ། །དེ་ནས་རྒྱལ་པོས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་རྗེས་ཀྱི་གདུགས་ཚོད་གསོལ་ཏེ། ཀླུ་སོག་མ་མེད་འདི་བདག་ཅག་ཤ་མཁོན་མ་མཆིས་པ་ལ་ཤ་མཁོན་བགྱིད་པས་འདི་གདུལ་དུ་གསོལ་ཞེས་ཞུས་ཤིང་ཞལ་གྱིས་བཞེས་སོ། །དེའི་ཚེ་སྟོན་པས་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་བྱང་ཕྱོགས་ན་མེ་ཏོག་དང་འབྲས་བུ་དང་ཆུ་ཕུན་སུམ་ཚོགས་པ་དང་བསོད་སྙོམས་མོད་པ་དང་སྐྱེ་བོ་རྣམས་དྲང་པོའི་རང་བཞིན་ཏེ་ཕན་ཡོན་ལྔ་ཡོད་དོ། །འདི་ནས་བྱང་དུ་སོག་མ་མེད་འདུལ་དུ་འགྲོའོ་ཞེས་གསུང་ངོ༌། །དེ་ནས་མ་སྐྱེས་དགྲས་རྒྱལ་པོའི་ཁབ་ནས་གདྒཱའི་བར་གྱི་ལམ་ཐམས་ཅད་ཤིན་ཏུ་བརྒྱན་ཞིང་བསྟར་བར་བྱས། དེ་ཐོས་ནས་ཡངས་པ་ཅན་པ་རྣམས་ཀྱིས་ཀྱང་གདྒཱའི་བྱང་ངོས་ཀྱི་ལམ་རྣམས་དེ་བས་ཀྱང་བསྟར་པར་བྱས་སོ། །དེ་ནས་བཅོམ་ལྡན་འདས་མ་ག་དྷའི་གྲོང་ཁྱེར་ན་ལདར་བྱོན་ཏེ། དེ་ནས་ཀུན་ཏུ་རྒྱུ་འདམ་བུའི་ཚོང་པ་ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་པས། དེ་ལ་གྲོགས་པོ་ལྷ་ཞིག་གིས། འདི་སངས་རྒྱས་ཀྱི་སྤྱན་སྔར་རབ་ཏུ་བྱུང་ཞིག་བྱས་ན་མི་ཉན་ཏེ་ཐབས་ཤིག་བྱའོ་སྙམ། དྲི་བ་བཞི་བོ་འདི་དག་ཡིད་ཀྱིས་དྲིས་ལ། གང་ཤེས་པ་དེའི་རྗེས་སུ་ཞུགས་ཤིག་ཅེས་ཟེར་བ་ལྟར། དེས་ཀྱང་རྫོགས་བྱེད་ལ་སོགས་པ་སྟོན་པ་དྲུག་གི་ཐད་
དུ་ཕྱིན་ནས་ཡིད་ཀྱིས་དྲི་བ་དྲིས་ན། དྲིས་པ་ཙམ་ཡང་མ་ཤེས་ན་ལན་ལྟ་ག་ལ་ཞིག །སྐབས་དེར་དེས་བསམ་པ། རེ་ཞིག་སྟོན་པ་དྲུག་གིས་ཀྱང་མ་ཤེས་ན་གཽ་ཏ་མ་གསར་བུས་ག་ལ་ཤེས། ཡང་བསམས་པ། བརྙས་པར་མི་རུང་བ་ཡང་སྲིད་སྙམ་སྟེ་སྤྱན་སྔར་སོང་ནས་ཡིད་ཀྱིས་དྲི་བ་བཞི་པོ་དྲིས་པས། སྟོན་པས་ལན་ཚིགས་སུ་བཅད་པ་བཀའ་སྩལ་པ་ན། དེ་མཆོག་ཏུ་དད་དེ་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་བོ། །དེ་ནས་འོད་མའི་དབྱུག་པ་ཅན་ཞེས་བྱ་བའི་གྲོང་དུ་དེའི་ནུབ་མོ་བཞུགས་ཏེ་དེར་བདེན་བཞིའི་ཆོས་གསུངས་ནས། ནངས་པར་གྱི་ཉིན་གྲོང་ཁྱེར་དམར་བུ་ཅན་དུ་གཤེགས་ཏེ། དམར་བུ་ཅན་གྱི་ཉེ་སྐོར་མཆོད་རྟེན་གྱི་གནས་སུ་བཞུགས་སོ། །དེར་སྐྱེ་བོའི་ཚོགས་ལ་བག་ཡོད་ལས་བརྩམས་ཏེ་ཆོས་བསྟན་ནས། དེའི་ནངས་པར་བྲམ་ཟེ་དབྱར་བྱེད་ཅེས་བྱ་བ། མ་སྐྱེས་དགྲའི་འདུན་ན་འདོན་དེ། དམར་བུ་ཅན་གྱི་གྲོང་ཁྱེར་རྩིག་པའི་ཁ་ཏ་བྱེད་ཅིང་གནས་པ། དེས་བཅོམ་ལྡན་འདས་འཁོར་དང་བཅས་པ་བསོད་སྙོམས་ལ་སྤྱན་དྲངས་ཏེ་གདན་བཤམས་པ་ལ་བཞུགས་ནས། ཕྱོགས་དེ་ན་ལྷ་མཐུ་ཆེ་བ་དག་ས་ལ་འགྲེ་བར་གཟིགས་ཏེ། དེར་མི་མཐུ་ཆེ་བ་རྣམས་སེམས་གཞོལ་བར་འགྱུར་ལ། དེ་བཞིན་དུ་བར་མ་དང་ཐ་མ་ལའང་ངོ༌། །ཡ་རབས་ཀྱི་གནས་ཀྱི་མཆོག་ནི་འདི་ཡིན་ཏེ། འདི་ལ་མེ་དང་ཆུ་དང་ནང་འཁྲུག་གི་བར་དུ་གཅོད་པ་གསུམ་འབྱུང་ངོ་གསུང་ངོ༌། །དེ་ནས་བསོད་སྙོམས་ཀྱིས་ལེགས་པར་ཚིམས་པར་བྱས་ཏེ། རྒྱལ་པོའི་དོན་དུ་དགེ་བ་བསྔོ་བར་ཞུས་པ་ལྟར་དེ་བཞིན་དུ་མཛད་དོ། །དབྱར་བྱེད་ཀྱིས་བསམས་པ། བཅོམ་ལྡན་འདས་སྒོ་གང་ལ་གཤེགས་པའི་སྒོ་དེ་ལ་གཽ་ཏ་མའི་སྒོ་དང༌། གང་གཱའི་ཆུ་ངོགས་གང་ནས་གཤེགས་པ་དེ་ལ་གཽ་ཏ་མའི་འཇུག་ངོགས་སོ་ཞེས་མིང་འདོགས་སོ་སྙམ་པ་ལ་དེ་དགོངས་ཤིང་མི་ལེགས་པར་མཁྱེན་ནས། དམར་བུ་ཅན་གྱི་དབུས་ནས་ནམ་མཁའི་ལམ་ལ་གཤེགས་ཏེ་གང་གཱའི་འགྲམ་དུ་བཞུད་དོ། །དེར་
མ་སྐྱེས་དགྲས་མངགས་པའི་མི་རྣམས་ཀྱིས་རྩིབས་བརྒྱ་དང་ལྡན་པའི་གདུགས་ལྔ་བརྒྱ་དབུ་ཐོག་ཏུ་འཛིན་ཞིང་འབུལ་ལོ། །ཡངས་པ་ཅན་པས་ཀྱང་བྱང་ངོས་ནས་གདུགས་ལྔ་བརྒྱ་འཛིན་ནོ། །མིའི་འགྲོ་བས་ཀྱང་འདི་ལྟར་མཆོད་ན། བདག་ཅག་ཅིའི་ཕྱིར་མཆོད་པར་མི་སྤྲོ་ཞེས་བསམས་ཏེ་ཀླུ་རྣམས་ཀྱིས་ཀྱང་རིན་པོ་ཆེའི་གདུགས་ལྔ་བརྒྱ་བཟུང་ངོ༌། །རྒྱལ་ཆེན་བཞི་བོས་ཀྱང་གདུགས་མཆོག་ལྔ་བརྒྱ་བཟུང་ངོ༌། །བརྒྱ་བྱིན་གྱིས་ཀྱང་གདུགས་མཆོག་ལྔ་བརྒྱ་བཟུང་སྟེ། དེ་དག་རེ་རེ་ཡང་སྟོན་པའི་དབུ་གཙུག་གི་སྟེང་ན་རང་རང་གི་གདུགས་འཛིན་པར་མཐོང་བར་བྱིན་གྱིས་བརླབས་སོ། །དེའི་རྒྱུ་ཞུས་པས། རྒྱལ་པོ་ལེགས་མཐོང་གི་ལོ་རྒྱུས་གསུངས་ནས། སྔར་འཁོར་ལོས་སྒྱུར་རྒྱལ་ཉིས་སྟོང་ལྔ་བརྒྱར་སྐྱེ་བ་བཞེས་ཤིང༌། འཕྲིན་ལས་ཀྱི་ལྷག་མ་ད་ལྟ་གདུགས་ཉིས་སྟོང་ལྔ་བརྒྱ་དུས་གཅིག་ལ་དབུ་ཐོག་ཏུ་བཟུང་བ་འདི་ཡིན་ནོ། །དེང་བྱང་ཆུབ་བརྙེས་པ་འདི་མིན་ན། ད་དུང་འཁོར་ལོས་སྒྱུར་རྒྱལ་ཉིས་སྟོང་ལྔ་བརྒྱར་འགྱུར་བ་ལས། དེའི་བསོད་ནམས་ཀྱི་རྣམ་པར་སྨིན་པ་དེའི་ཉན་ཐོས་རྣམས་ཀྱི་ལོངས་སྤྱོད་དུ་རྣམ་པར་སྨིན་པས་བསྔོས་ཏེ། མུ་ཏིག་བྲེ་གང་གིས་འབྲས་བྲེ་གང་ལས་མི་ཁུགས་པའི་ཡུལ་དུའང་ངའི་ཉན་ཐོས་རྣམས་བསོད་སྙོམས་ཀྱིས་བྲེལ་བར་མི་འགྱུར་རོ། །དེ་ནས་རྒྱལ་པོ་མ་སྐྱེས་དགྲས་གདྒཱ་ལ་གྲུ་ཟམ་བཙུགས་པས། ཡངས་པ་ཅན་པས་ཀྱང་དེ་བཞིན་དུ་བཙུགས། གདྒཱ་ལ་གནས་པའི་ཀླུས་ཀྱང་གདེངས་ཀའི་ཟམ་པ་བཙུགས་སོ། །བཅོམ་ལྡན་འདས་དང་ཀུན་དགའ་བོ་ནི་གདེངས་ཀའི་ཟམ་པ་ལས་བྱོན། དགེ་སློང་རྣམས་ནི་གྲུ་ཟམ་གཉིས་པོ་ལས་འོངས་ཤིང༌། ཆུ་བོའི་ཕར་འགྲམ་གྱིས་སའི་སྒང་མཐོ་བ་ཞིག་ཏུ་ཕཻབས་ཏེ་དེར་གཟིགས་སོ། །དགེ་སློང་དག་ལྷའི་མཆོད་སྡོང་བལྟ་བར་འདོད་དམ། འཚལ་ལགས། ཕྱག་གཡས་པ་ས་ལ་
རེག་པས། སྔོན་ལྷས་བཟོས་པའི་མཆོད་སྡོང་དཔངས་སུ་འདོམ་སྟོང་དང༌། སྦོམས་སུ་འདོམ་དྲུག་ཅུ་ཡོད་པ་ཞིག་མཆོད་སྡོང་དེའི་བདག་པོ་ཀླུ་རྣམས་ཀྱིས་ས་སྟེང་དུ་བསྒྲེང་བར་བྱས་སོ། །དེ་ནས་དགེ་སློང་རྣམས་ལ་མཆོད་སྡོང་མྱུར་དུ་ནུབ་པར་འགྱུར་གྱི་རྟགས་ཟུང་ཞིག་གསུངས་པས། དེར་དགེ་སློང་གཞན་ཐམས་ཅད་ལྟ་ཞིང་རྟོག་ལ། དགེ་སློང་ལེགས་ལྡན་ནི་མི་ལྟ་བར་རྒྱབ་ཀྱིས་ཕྱོགས་ནས། ཕྱག་དར་ཁྲོད་ཀྱི་སྣམ་སྦྱར་འཚེམ་མོ། །དེའི་རྒྱུ་ཞུས་པས་སྔོན་རྒྱལ་པོ་སྒྲ་ཆེན་ཀྱི་ལོ་རྒྱུས་དང༌། ཕྱིས་སངས་རྒྱས་བྱམས་པ་འབྱུང་བའི་ཚུལ་རྣམས་གསུངས། མཆོད་སྡོང་ཡང་ནུབ་བོ། །ཡང་ཕར་གཤེགས་ཏེ་ཤིང་ཤ་པའི་ཚལ་དུ་ཟག་མེད་ཕུང་པོ་ལྔའི་གདམས་པ་བསྟན་ནས། གྲོང་ཁྱེར་སྒྲ་ཅན་དུ་བྱོན། དེར་ལོ་དེ་ལ་མི་ངས་ཆེན་པོ་བྱུང་བས་དགེ་བསྙེན་བརྟན་པ་ལ་སོགས་པ་མང་པོ་འདས་སོ་ཞེས་ཐོས་ནས། ཀུན་དགའ་བོས་སྟོན་པ་ལ་དེ་དག་གང་དུ་སྐྱེ་ཞེས་ཞུས་པས། དགེ་བསྙེན་བརྟན་པ་ལ་སོགས་པ་སུམ་བརྒྱ་ནི་ཐ་མའི་ཆ་དང་མཐུན་པ་ལྔ་སྤངས་ཏེ། ཕྱིར་མི་འོང་བ་ཐོབ་པ་ཡིན་པས་གཟུགས་ཁམས་སུ་སྐྱེ་ལ། ལ་ལ་ནི་རྒྱུན་ཞུགས་ཡིན་པས་འདོད་པའི་ལྷར་སྐྱེའོ། ཁྱོད་དེ་ལྟར་ཞུ་བ་ཚུལ་དང་མི་མཐུན་ནོ་ཞེས་གསུངས། དེ་ནས་ཨ་མྲ་སྐྱོང་མས་སྟོན་པ་འབྱོན་པར་ཐོས་ཏེ། ནེ་ཙོ་བཞིན་རྒྱས་ཞེས་བྱ་བ་ལ་ཁྱོད་སོང་ལ། བཅོམ་ལྡན་འདས་ལ་བསྙུན་གསོལ་ཏེ། ཡངས་པ་ཅན་དུ་འབྱོན་པའི་ཐོག་མར་བདག་གི་ཁྱིམ་དུ་གདུགས་ཚོད་ལ་སྤྱན་དྲོངས་ཤིག །ནེ་ཙོ་དེ་སོང་བ་དང༌། ཁྱེའུ་དག་གིས་སྨད་འཚོང་མའི་ནེ་ཙོ་ཡིན་ནོ་ཟེར་ནས་མདའ་འཕངས་པས་མདའ་དེ་ཕྱིར་ལྡོག་ནས་འཕེན་མཁན་རྣམས་ཉིད་ཀྱི་ཐོག་ཏུ་ལྷུང་ངོ༌། །ནེ་ཙོས་སྨྲས་པ། ཡུལ་འཁོར་གཞན་ཡང་འགྱེད་པ་ན། ཕོ་ཉ་མི་གསོད་ཅེས་གྲགས་ན། །བདག་ལྟ་རྒྱལ་བའི་ཕོ་ཉ་བ། །ལུས་ཅན་ཀུན་གྱིས་གང་ལ་
གསོད། །དེ་ནས་དེ་སོང་སྟེ་སྟོན་པའི་སྤྱན་སྔར་བསྙུན་གསོལ། ཨ་མྲ་སྐྱོང་མའི་ཞུ་བ་ཞུས། སྟོན་པས་ཀྱང་བཀས་གནང༌། ནེ་ཙོ་སངས་རྒྱས་ལ་དད་བཞིན་དུ་ཕྱིར་འོངས་པའི་ལམ་དུ་འོལ་བས་བསད་དེ་རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེས་ནས་སྟོན་པའི་སྤྱན་སྔར་བདེན་པ་མཐོང་བའི་བར་དུ་གྱུར་ཏོ། །གོ་ལྔ་པ་ཡངས་པ་ཅན་པ་རྣམས་བདེ་བར་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་གྱི་ཨ་མྲའི་ཚལ་དུ་ཕེབས་ཏེ་བཞུགས་སོ། །ཨ་མྲ་སྐྱོང་མས་དེ་ཐོས་ཏེ་རྒྱན་ཐམས་ཅད་ཀྱིས་བརྒྱན། འཁོར་བུད་མེད་རྣམས་ཀྱིས་ཡོངས་སུ་བསྐོར་ཏེ་རང་གི་ཁྱིམ་ནས་བྱུང་སྟེ་འོང་བ་གཟིགས་པ་ན། དགེ་སློང་རྣམས་ལ་དྲན་ཤེས་བཞིན་ལ་གནས་པར་གྱིས་ཤིག་ཅེས་སོགས་ཡང་དག་སྤོང་བ་བཞི་རྒྱས་པར་གསུངས། དེར་ཨ་མྲ་སྐྱོང་མ་འོངས་ནས། སང་གདུགས་ཚོད་ལ་སྤྱན་འདྲེན་པའི་སྙན་གསན་ཕབ་བོ། །དེའི་རྗེས་ལ་ལིཙྪ་བཱི་རྣམས་ཀྱང་ཤིང་རྟ་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་སོགས་ཡབ་སྲས་མཇལ་བའི་སྐབས་སུ་བཤད་པ་ལྟར་བྱས་ནས་འོངས་པ་ན། དགེ་སློང་སུམ་ཅུ་རྩ་གསུམ་གྱི་གནས་དང་ལྷ་སྐྱེད་མོས་ཚལ་དུ་འགྲོ་བ་མ་མཐོང་པ་དག་འདི་ལ་ལྟོས་ཤིག་གསུང༌། དེ་ནས་ལིཙྪ་བཱི་རྣམས་སྟོན་པའི་སྤྱན་སྔར་འོངས་ཏེ། ཆོས་ཀྱི་བཀའ་མཆིད་སྩལ་བ་རྒྱ་ཆེར་ཉན། དེར་བྲམ་ཟེའི་ཁྱེའུ་སེར་སྐྱའི་བུ་ཞེས་བྱ་བས་སྟོན་པ་ལ་ཚིགས་སུ་བཅད་པས་བསྟོད། ལིཙྪ་བཱི་རྣམས་ཀྱིས་དེ་ལ་བླ་གོས་ལྔ་བརྒྱ་བྱིན་ནོ། །དེ་ནས་ལིཙྪ་བཱི་རྣམས་ཀྱིས་སང་ཉིན་གདུགས་ཚོད་འབྱོན་པར་ཞུས་པ་ན། ཐོག་མར་ཨ་མྲ་སྐྱོང་གིས་སྤྱན་དྲངས་སོ། །དེས་བདག་ཅག་བསླུས་མོད་ཀྱི། ད་དུང་བསྙེན་བཀུར་བགྱིའོ་ཟེར་ནས་སོང་ངོ༌། །དེའི་རྗེས་སུ་སེར་སྐྱའི་བུས་བླ་གོས་ལྔ་བརྒྱ་པོ་སྟོན་པ་ལ་ཕུལ་བ་ལ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱོན་པའི་ཕན་ཡོན་
ལྔ་གསུངས་ཤིང༌། ནངས་པར་ཨ་མྲ་སྐྱོང་མས་བསོད་སྙོམས་ཕུལ་ཏེ་ཆོས་ཉན། ཀུན་དགའ་བོ་ལ་བཀའ་སྩལ་ཏེ། ཀུན་དགའ་བོས་ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ལྕགས་རིའི་སྒོ་ཐེམ་ལ་རྐང་པ་བཞག་སྟེ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་བཏོན་པས། མི་ངས་གཏོང་བའི་འབྱུང་པོ་ཐམས་ཅད་བྱེར་ཞིང་ནད་ཐམས་ཅད་ཞིའོ། །རྗེས་སུ་ལིཙྪ་བཱི་རྣམས་ཀྱིས་ཀྱང་གདུགས་ཚོད་གསོལ་བ་སོགས་མཆོད་པ་རྒྱ་ཆེར་ཕུལ་ནས་ཡངས་པ་ཅན་གྱི་ཉེ་བའི་གྲོང་འོད་མ་ཅན་ཞེས་བྱ་བའི་བྱང་ངོས་ཤིང་ཤ་པའི་ཚལ་དུ་དབྱར་གནས་པར་མཛད་དོ། །དུས་དེར་མུ་གེ་ཤིན་ཏུ་ཆེ་བས། བཀའ་སྩལ་པ། དགེ་སློང་དག་ཁྱེད་རྣམས་སྨོས་མགྲིན་ཇི་ལྟ་བུ་ཡོད་པ་དག་ལས་དབྱར་གནས་པར་བྱོས་ཤིག །ང་ཡང་ཀུན་དགའ་བོ་དང་ལྷན་ཅིག་གནས་སོ། །ཞེས་གསུངས་ཏེ། དགེ་སློང་རྣམས་ཀྱང་གྲོང་དང་ཡུལ་ཐ་དད་པའི་གནས་མལ་སྣ་ཚོགས་པ་དག་བསྟེན་ཞིང་འཐོར་ཐབས་སུ་གནས་སོ། །དེར་དེ་བཞིན་གཤེགས་པ་ཤིན་ཏུ་སྐུ་བསྙུན་ཏེ། ཇི་ཙམ་དུ་འགྲོངས་པ་ལ་ཐུག་པ་དེ་ཙམ་དུ་བསྙུན་པར་གྱུར་ཀྱང༌། ད་ལྟར་དགེ་འདུན་འཐོར་བས་མྱ་ངན་ལས་འདའ་བའི་དུས་མ་ཡིན་དགོངས་ཏེ། ཚོར་བ་དེ་ཏིང་ངེ་འཛིན་གྱིས་ཟིལ་གྱིས་མནན་ཏེ་ལྷག་པར་འཚོ་བར་མཛད་དོ། །གོ་དྲུག་པ་མི་ཐི་ལ་སོགས་ལ། མི་ཐི་ལ་དང་སཱ་ལའི་གྲོང༌། །ཞེས་བྱ་སྟེ། དེ་ནས་ཟླ་བ་གསུམ་འདས་པ་ན། ཡུལ་མི་ཐི་ལའི་ཨ་མྲའི་ཚལ་དུ་བཞུགས་ཏེ་འཛུམ་པ་མཛད་དོ། །རྒྱུ་ཞུས་པས་ཕྱོགས་དེར་སྟོན་པ་ཉིད་རྒྱལ་པོ་ལྷ་ཆེན་པོར་གྱུར་པའི་སྐྱེས་རབས་གསུངས་ནས། ཡུལ་ལུས་འཕགས་སུ་སངས་རྒྱས་བཞིའི་གདན་སྟོན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་སཱ་ལའི་གྲོང་དུ་བསོད་སྙོམས་ལ་ཞུགས་པར་མཛད་པ་ན། དེར་བདུད་སྡིག་ཅན་གྱིས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་འགའ་ཡང་འབུལ་བ་འབྱུང་བ་མེད་པ་དེ་བཞིན་དུ་བྱས་ཏེ།
ཇི་ལྟར་ལྷུང་བཟེད་བཀྲུས་ཏེ་བཞག་པ་དེ་ལྟ་བུར་བྱས་སོ། །དེ་ནས་ཕྱིར་ལྡོག་སྟེ་གཤེགས་པ་ན་བདུད་སྡིག་ཅན་བྲམ་ཟེའི་ཁྱེའུར་སྤྲུལ་ཏེ་སངས་རྒྱས་ཀྱི་ཕྱི་བཞིན་དུ་སོང་ནས་བསོད་སྙོམས་ཁམ་འགའ་རྙེད་དམ་ཟེར་བ་ལ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ཁྱད་བསད་པས། ཁྱོད་ཀྱིས་བསོད་ནམས་མིན་ཡང་བསགས། སངས་རྒྱས་རྣམས་ནི་རྒལ་དཀའ་བ། །སྡིག་ཅན་ཅི་ག་མི་ཤེས་སམ། །བདུད་ན་རེ། ད་བསོད་སྙོམས་ལ་བཞུད་ཅིག་དང་རྙེད་པར་འགྱུར་རོ། །བཀའ་སྩལ་པ། ང་ལ་ཅི་ཡང་མི་དགོས་ཏེ། ཀྱེ་མ་ཤིན་ཏུ་བདེ་བར་འཚོ། །འོད་གསལ་ལྷ་རྣམས་ཇི་ལྟར་བར། །དགའ་བ་ཡི་ནི་ཟས་ཟའོ། །བཅོམ་ལྡན་འདས་ཀྱིས་ངའི་སེམས་ཤེས་སོ་སྙམ་སྐྱེངས་ཏེ་དེ་མི་སྣང་བར་སོང་ངོ༌། །གོ་བདུན་པ་རྡོ་འཕངས་པ་ནི། དེ་ནས་ཡུལ་སྡིག་པ་ཅན་དུ་བྱོན་ཏེ། དེར་ལམ་ཁ་ན་ཕ་བོང་ཆེས་ཆེ་བ་ཤིན་ཏུ་སྲ་བ་སྐྱེ་བོ་རྣམས་བསྐོར་ཏེ་འགྲོ་དགོས་པ་ཞིག་ཡོད་པ་ལས། ཡུལ་སྡིག་པ་ཅན་གྱི་གྱད་ལྔ་བརྒྱ་རྣམས་ཕ་བོང་དེ་ཕྱོགས་གཞན་དུ་སྤོ་བའམ་རྩ་བ་ནས་བཤིག་པར་ནུས་ན། ལམ་ཡང་བདེ་ཞིང་གྲགས་པ་ཆེན་པོར་འགྱུར་རོ་སྙམ་ནས་གྱད་ལྔ་བརྒྱས་ཐབས་རྣམ་པ་སྣ་ཚོགས་པ་དག་གིས་ཕ་བོང་དེ་སྤོ་བའམ་བཤིག་པར་བརྩམས་པ་ན། དེ་སྤོ་བར་ཡང་མ་ནུས། བཤིག་པར་ཡང་མ་ནུས་སོ། །ཕྱོགས་དེར་བཅོམ་ལྡན་འདས་བྱོན་ཏེ་བཀའ་སྩལ་པ། གནས་འཇོག་དག་ཅི་བྱེད་གསོལ་བ། ཤུལ་ལམ་འདི་བཟང་པོར་བགྱིད་ན། ཕ་བོང་འདི་དོར་བར་རྔོ་མི་ཐོགས་གོ །འོ་ན་ངས་དོར་རམ། དོར་བར་མཛོད་ཅིགདེར་བཅོམ་ལྡན་འདས་ཀྱིས་ཞབས་གཡས་ཀྱི་མཐེ་བོས་ཕ་བོང་དེ་ནམ་མཁའ་ལ་འཕངས་ཏེ་མིག་གིས་མི་བཟོད་པ་ཙམ་དུ་སོང་བ་ན། གྱད་རྣམས་སྐྲག་ཅིང་དངངས་པ་ལ། སངས་རྒྱས་ཀྱིས་ཕ་བོང་དེ་
ནམ་མཁའི་མཐོངས་ཏེ་དེ་ཉིད་དུ་ཕྱེ་མར་མཛད་ནས་རྡུལ་དུ་བབས་པ་ན། གསོལ་བ། རྡུལ་འདི་ཅི་ལས་བྱུང༌། བཀའ་སྩལ་པ། ཕ་བོང་དེའོ། །མ་ལེགས་སོ། །འོ་ན་སླར་སྦྱར་རམ། སྦྱར་དུ་གསོལ། དེ་མ་ཐག་ལམ་དུ་འགྲོ་བ་ལ་གནོད་པ་མེད་ཅིང༌། ཉེ་སྐོར་གྱི་སར་རྡུལ་རྣམས་འབྱར་ཏེ་ཕ་བོང་སྔོན་བཞིན་དུ་གྱུར་ཏོ། །དེ་ནས་གྱད་རྣམས་ཀྱིས་ཞུས་པ། བཅོམ་ལྡན་འདས་ཀྱི་སྟོབས་གང་གིས་ཕ་བོང་དེ་འཕངས་པ་ལགས། བཀའ་སྩལ་པ། ཡབ་ཡུམ་ལས་བྱུང་བའི་སྟོབས་ཀྱིས་སོ། །ཕྱེ་མར་གང་གིས་བརླགས་ལགས། རྫུ་འཕྲུལ་གྱི་སྟོབས་ཀྱིས་སོ། །གང་གིས་སྦྱོར་བར་མཛད་པ་ལགས། མོས་པའི་སྟོབས་ཀྱིས་སོ། །སྟོབས་གསུམ་པོ་དེ་ལས་ལྷག་པའི་སྟོབས་མཆིས་སམ། ཡོད་དེ་བསོད་ནམས་ཀྱི་སྟོབས་ཀྱིས་བདུད་བྱེ་བ་ཕྲག་སུམ་ཅུ་རྩ་དྲུག་བཅོམ་མོ། །གཞན་ཡང་མཆིས་སམ། ཡོད་དེ་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉོན་མོངས་པ་ཐམས་ཅད་རྩད་ནས་བཅོམ་མོ། །གཞན་ཡང་མཆིས་སམ། ཡོད་དེ་ཆོ་འཕྲུལ་གྱི་སྟོབས་ཀྱིས་སྟོན་པ་དྲུག་བཅོམ་མོ། །གཞན་ཡང་མཆིས་སམ། ཡོད་དེ་མི་རྟག་པའི་སྟོབས་ཀྱིས་ཤིང་སཱ་ལ་ཟུང་གི་དྲུང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །ད་ལྟར་གྱི་མིའི་ཚེ་དང་སྟོབས་ལ་སོགས་པ་ཉམས་པ་ལ་ལྟོས། རྡོ་འདི་ནི་བསྐལ་པ་དང་པོའི་མི་རྣམས་ཀྱི་ཕང་ཚད་ཡིན་ཏེ། ལག་རྗེས་ཀྱང་ཡོད་དོ། །ཞེས་སྟོན་པར་མཛད་དོ། །དེ་ནས་གྱད་ལྔ་བརྒྱ་སྟོབས་ཀྱིས་དྲེགས་པ་དང་བྲལ་བ་ལ་ཆོས་བསྟན་པས་དེ་ཐམས་ཅད་ཀྱིས་རྒྱུན་དུ་ཞུགས་པ་ཐོབ་བོ། །སྐབས་འདིར་ཡབ་ཡུམ་ལས་གྱུར་པའི་སྟོབས་ཀྱི་ཚད་ནི། མི་དང་གླང་ཕལ་བ་མེན་སྔོན་པོ་དང༌། །གླང་ཆེན་ཕྲུ་གུ་གླང་ཆེན་མོ་དང་ནི། །གླང་ཆེན་ཕལ་པ་གླང་ཆེན་མཆེ་བ་མེད། །གླང་ཆེན་སྔོ་སེར་དཀར་པོ་དམར་པོ་དང༌། །འབིགས་བྱེད་གླང་ཆེན་སྤོས་ཀྱི་གླང་ཆེན་དང༌། །ཚན་པོ་ཆེ་
དང་རབ་རྣོན་སྟོབས་མཆོག་རྣམས། །སྔ་མ་སྔ་མའི་བཅུ་འགྱུར་ཕྱི་མའི་སྟོབས། །སྟོབས་མཆོག་ཉི་ཤུ་སྲེད་མེད་བུ་ཡི་སྟོབས། །དེ་སྟོབས་ཚིགས་དང་ཚིགས་ཕྲན་རེ་རེར་ཡོད། །ཅེས་བྱའོ། ༈ གོ་བརྒྱད་པ་ནྱ་གྲོ་དྷ་གྲོང་སོགས་ནི། དེ་ནས་ནྱ་གྲོ་དྷའི་གྲོང་དུ་བྱོན་ཏེ། སེར་སྐྱ་ནས་དེར་བག་མར་བཏང་བའི་བུ་མོ་ཞིག་གིས་སྟོན་པ་བྱོན་པ་མཐོང་བས་དད་ནས་བསོད་སྙོམས་བཞེས་ན་འབུལ་དགོས་སྙམ་པ་ལ་སྟོན་པས་ཕུལ་ཞིག་གསུངས། དེས་ཀྱང་བདག་གི་སེམས་མཁྱེན་ནོ་སྙམ་ལྷག་པར་ཡང་དད་དེ་ཕུལ་ལོ། །དེར་འཛུམ་པ་མཛད་པ་སོགས་སྤྱི་དང་འདྲ་བ་ལ། རང་སངས་རྒྱས་ཤིན་ཏུ་ལེགས་སྨོན་ཞེས་བྱ་བར་ལུང་བསྟན་ཏོ། །གཏམ་དེ་བུ་མོ་དེ་ཉིད་ཀྱི་ཁྱོ་བྲམ་ཟེ་ཞིག་ཡོད་པས་ཐོས་ཏེ། ཁྱིམ་དུ་འོངས་ནས་གཏམ་དྲིས་པ་ན། བུ་མོ་དེས་ཀྱང་བཤད་དོ། །དེ་སྟོན་པའི་དྲུང་དུ་སོང་ནས་ཁྱེད་ཀྱིས་བདག་གི་མཆི་འབྲང་ལ་ལུང་བསྟན་པ་བདེན་ནམ། བཀའ་སྩལ་པ་བདེན་ནོ། ཁྱེད་བཤོས་ཙམ་གྱི་སླད་དུ་རྫུན་གསུང་ངམ། བྲམ་ཟེ་ཁྱོད་ཀྱིས་ངོ་མཚར་བ་མཐོང་བ་ཡོད་དམ། ཡོད་དེ་གྲོང་འདིའི་ཤར་ན་ནྱ་གྲོ་དྷའི་སྡོང་པོའི་ཡལ་གའི་འོག་ནས་ཤིང་རྟ་ལྔ་བརྒྱ་མ་རེག་པར་འགྲོ་བ་ཡོད་དོ། །འོ་ན་དེའི་ས་བོན་ཇི་ཙམ། ཡུངས་ཀར་གྱི་བཞི་ཆ་ཙམ་མོ། །བཀའ་སྩལ་པ། དེ་བཞིན་དུ་ངས་ཀྱང་རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་མཐོང་ངོ༌། དེར་ལྗགས་ཀྱིས་ཞལ་རས་ཁེབས་པ་བསྟན་ཏེ། འཁོར་ལོས་བསྒྱུར་རྒྱལ་རྫུན་གསུང་ངམ། གསོལ་བ་མ་ལགས་སོ། །དེར་བྲམ་ཟེ་དེ་དད་པར་གྱུར་པ་ལ་ཆོས་བསྟན་པས་བདེན་པ་མཐོང་ངོ༌། །དེ་ནས་ཡུལ་ཀ་པི་ལར་བྱོན་ཏེ། ཚེ་དང་ལྡན་པ་ཀ་པི་ལ་ལ་ཆོས་ཉན་པར་ལན་གསུམ་དུ་བསྐུལ་ཡང་ཅང་མི་ཟེར་བས།
ཀུན་དགའ་བོ་ལ་དྲན་པ་ཉེ་བར་བཞག་པ་བཞི་གསུངས་ནས། ཀ་པི་ལའི་ནགས་ཁྲོད་དུ་ལོ་མའི་སྤྱིལ་བུར་བཞུགས། འཕགས་པ་མཽདྒལ་གྱི་བུའི་ཞང་པོ་ཞིག་དེ་དང་ཉེ་བའི་རི་བོ་ཞིག་ན་ཡོད་པ། སྟོན་པས་མཽདྒལ་གྱི་བུ་ལ་ཞང་པོ་ལ་སོམས་ཤིག །དེ་ནས་མཽང་གལ་གྱི་བུས། བྲམ་ཟེའི་དྲང་སྲོང་དེ་གནས་པའི་བསྟི་གནས་དེར་ཕྱིན། དེར་ཞང་པོ་ན་རེ། དགེ་སྦྱོང་མ་འདུག་ཅིག །འདི་ནི་བྲམ་ཟེའི་བསྟི་གནས་ཡིན་ནོ། །མཽང་གལ་གྱི་བུས་སྨྲས་པ། ང་ཡང་བྲམ་ཟེའོ། །དེས་སྨྲས་པ། ཁྱོད་ལ་གཙང་བྱེད་དང་བླུགས་གཟར་ལ་སོགས་པའང་མེད་ན། ཞེས་ཟེར་བ་ལ། བྲམ་ཟེ་ང་ཡིན་ངོ་ཚ་ཤེས། །གཙང་བྱེད་བླུགས་བཟར་ཤེས་རབ་ཉིད། །ཅེས་སོགས་གསུངས། དེ་ལྟར་ཡང་སྐབས་མི་འབྱེད་ནས། མཽང་གལ་གྱི་བུས་རླུང་དང་ཆར་དྲག་ཕབ་སྟེ། རང་ཉིད་ཤིང་དྲུང་དུ་བཞུགས་པ་ལ་དགའ་བོ་ཉེར་དགའི་འཁོར་གྱི་ཀླུ་དག་གིས་མཽང་གལ་གྱི་བུའི་སྐུ་ལུས་ལ་དཀྲིས་ནས་གདེངས་ཀ་བྱས་ཏེ་འདུག་གོ །དེར་ཞང་པོ་ན་རེ། དགེ་སྦྱོང་བསྟི་གནས་སུ་ཞུགས་ཤིག་མཽང་གལ་བུས་ཁྱོད་ད་དྲང་སྲོང་གི་ཆོས་ལས་ཉམས་སམ་ཅྀ། ཞེས་གསུངས་པས། དེས་རིང་དུ་བརྟགས་ན་སྐད་ལས་ངོ་ཤེས་ནས་ཁྱོད་མཽདྒལ་གྱི་བུ་ཡིན་ནམ། ཡིན་ནོ། །ཅིའི་ཕྱིར་འདིར་འོངས། ཁྱོད་ཀྱི་ཕྱིར་དུ་སྟེ། སངས་རྒྱས་ཀྱི་དྲུང་དུ་བཞུད་དོ། །བྱས་ཏེ་དེ་སྟོན་པའི་དྲུང་དུ་ཁྲིད་དེ་ཕྱིན། སྟོན་པས་ཆོས་གསུངས་པས་དེས་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཚུར་ཤོག་གིས་བསྙེན་པར་རྫོགས། བསྟི་གནས་དེ་ན་གནས་པའི་བྲམ་ཟེའི་དྲང་སྲོང་གཞན་ཐམས་ཅད་ཀྱང་བདེན་པ་ལ་བཀོད་དོ། །དེ་ནས་བཅོམ་ལྡན་འདས་ཡུལ་ཀུ་རུའི་ཞིང་དུ་ཕེབས་ཏེ། བང་མཛོད་སྟུག་པོ་ཅན་ཞེས་པའི་གྲོང་ཁྱེར་དང༌། ཉེ་བའི་ནགས་ན་བཞུགས་སོ། །སྐབས་འདིར་འཕགས་པ་ཡུལ་འཁོར་སྐྱོང་གི་སྔར་གྱི་ལོ་རྒྱུས་རྒྱས་པར་སྦྱར། དུས་དེའི་ཚེ་ཀུ་རུའི་ཡུལ་གྱི་རྒྱལ་པོས། འཕགས་པ་ཡུལ་འཁོར་སྐྱོང་ལ་ཆོས་ཉན་ཏེ། སྟོན་པ་བང་མཛོད་སྟུག་པོ་ཅན་གྱི་ནག་ནས་གཤེགས་ཏེ། ཀུ་རུའི་ཡུལ་གྱི་སྐྱེ་བོ་མང་པོ་ལ་ཆོས་སྟོན་ཞིང༌། བྱང་ཕྱོགས་ལྔ་ལེན་གྱི་གྲོང་རྡལ་གླང་པོ་ཆེ་ཅན་དུ་གཤེགས་པ་ན། བྲམ་ཟེ་གཅིག་གི་བཅོམ་ལྡན་
འདས་མཐོང་སྟེ་དད་པ་སྐྱེས་ནས། བསྟོད་པ་བྱས་པས་འཛུམ་པ་མཛད་པ་སོགས་ནས་བསྐལ་པ་ཉི་ཤུ་ནས་རང་སངས་རྒྱས་བསྟོད་འོས་ཞེས་བྱ་བར་ལུང་བསྟན་ཏོ། །དེ་ནས་ཡུལ་སྲུབ་སྣ་ཞེས་བྱ་བར་བྱོན་ཏེ་སྐྱེ་བོ་རྣམས་ལ་ཆོས་སྟོན་པ་ན། བྲམ་ཟེ་དབང་པོ་ཞེས་བྱ་བ་གཟུགས་བཟང་བས་དྲེགས་པ་ཞིག་ཡོད་དེ། དེས་བཅོམ་ལྡན་འདས་ཀྱི་སྐུ་ཅི་འདྲ་སྙམ་བལྟ་བར་འོངས་པ་ན། རིང་དུ་བལྟས་ནས་བསམས་པ། བདག་རང་ལས་འདིའི་གཟུགས་ལྷག་པར་མཛེས་མོད་ཀྱི། ཚད་ལྷག་པ་མ་ཡིན་ནོ་སྙམ་སྟེ་གཙུག་ཏོར་གྱི་སྟེང་བལྟ་བར་བརྩམས་པ་ན་མ་མཐོང་སྟེ། ཕྱོགས་མཐོན་པོ་ཞིག་ཏུ་འཛེགས་ནས་བལྟས་པས་ཀྱང་གཙུག་ཏོར་གྱི་སྟེང་གི་མཐའ་ལ་སྟེང་ནས་ཐུར་དུ་བལྟ་བར་མ་ནུས་ཏེ། སྐུ་ཚད་ཇེ་མཐོར་སོང་ནས་གཙུག་ཏོར་གྱི་ངོས་ལ་འོག་ནས་བལྟ་བར་ཁོ་ནར་གྱུར་ཏོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཁྱོད་རི་རབ་ཀྱི་རྩེ་མོར་འཛེགས་ཏེ་བལྟས་ཀྱང་ངའི་གཙུག་ཏོར་གྱི་མཐའ་མི་མཐོང་སྟེ། འོན་ཀྱང་ཁྱོད་ཉིད་སྦྱིན་སྲེག་བྱེད་པའི་ཐབ་ཀྱི་འོག་ཐད་ས་འོག་ན་ཙནྡན་ས་མཆོག་ལས་བྱས་པའི་མཆོད་སྡོང་ཡོད་ཀྱི། དེ་ཐོན་ལ་ཚད་འཇལ་བར་གྱིས་ཤིག ང་ཡབ་ཡུམ་ལས་འཁྲུངས་པའི་སྐུ་ཚད་ནི་དེ་ཡིན་ནོ། །ཞེས་གསུངས་པས་དེས་ཀྱང་མེ་ཐབ་ཀྱི་འོག་ས་དྲུས་པས་མཆོད་སྡོང་ཐོན་ཏེ། རབ་ཏུ་དད་ནས་ཆོས་ཉན་པས་བདེན་པ་མཐོང་ངོ༌། །སྟོན་པ་ལ་བཀའི་གནང་བ་བཞུས་ཏེ་ས་ཕྱོགས་ཡངས་པ་མཆོད་སྡོང་གི་སྟོན་བཙུགས་པས། དབང་པོའི་དུས་སྟོན་ཞེས་གྲགས་སོ། །བར་སྐབས་སྡོམ་ནི། རང་རྒྱལ་ལུང་བསྟན་ཀ་པི་ལ། །ཡུལ་འཁོར་སྐྱོང་དང་གླང་པོ་ཅན། །དབང་པོ་ཞེས་བྱས་དུས་སྟོན་བཙུགས། །གོ་དགུ་པ་བྲམ་ཟེའི་གྲོང་སོགས་ནི། དེ་ནས་བྲམ་ཟེའི་གྲོང་དུ་གཤེགས་པར་བཞེད་དེ་ཆས་སོ། །གང་གི་ཚེ་ཆོ་འཕྲུལ་ཆེན་པོ་བསྟན་པ་ན་མུ་སྟེགས་རྣམས་མཐའ་འཁོབ་ཏུ་བྲོས་ཏེ་གནས་སོ། །དེར་
བྲམ་ཟེའི་གྲོང་ན་མུ་སྟེགས་མང་པོ་དག་ཡོད་དེ། དེ་རྣམས་ཀྱིས་སྟོན་པ་བྲམ་ཟེའི་གྲོང་དུ་འབྱོན་ནོ་ཞེས་ཐོས་ནས། དེས་བདག་ཅག་གི་འཚོ་བ་གཅོད་པར་འགྱུར་སྙམ་སྟེ་མུ་སྟེགས་དེ་དག་བྲམ་ཟེའི་གྲོང་གི་སྐྱེ་བོ་རྣམས་ཀྱི་མདུན་དུ་སོང་ནས། ཁྱེད་རྣམས་ཀྱི་འབྱོར་པ་མཐོང་ཟིན་གྱི་རྒུད་པ་མ་མཐོང་བ་ལ་འགྲོའོ། །ཞེས་སོགས་གྲོང་ཁྱེར་བཟང་བྱེད་ཀྱི་སྐབས་དང་འདྲ། གལ་ཏེ་གོ་ཏ་མ་གསོད་ན་ཁོ་བོ་ཅག་སྡོད་དོ། །དེར་བྲམ་ཟེའི་གྲོང་གི་སྐྱེ་བོ་མང་པོ་དག་གོ་བགོས་ཤིང་དབྱུག་པ་དང་མདའ་གཞུ་ལ་སོགས་པ་ཐོགས་ཏེ་སོང་ངོ༌། །དེ་དག་ཤཱཀྱ་རྒན་པོ་གཅིག་དང་ལམ་དུ་འཕྲད་པས། ཁྱེད་རྣམས་གང་དུ་འགྲོ། དགྲ་གསོད་དུའོ། །དགྲ་སུ་ཞིག །གཽ་ཏ་མའོ། །དེ་དགྲ་ཡིན་ན། བྱམས་པ་སུ་ཡིན། སླར་ལྡོག་ཅིག་བྱས་ཀྱང་ལྡོག་ཏུ་མ་བཏུབ་སྟེ། དེ་རྣམས་སོང་ནས་ནུབ་མོ་རི་བྲག་ཅིག་ཏུ་བྲང་བཏབ་བོ། ཤཱཀྱ་རྒན་པོ་དེས་བསམས་པ། འདི་དག་སྟོན་པས་ཆོས་བཤད་པའི་སྣོད་དུ་མི་འགྱུར་གྱི། ཕ་རོལ་གནོན་པ་བྱའོ་སྙམ་སྟེ། རི་བྲག་དེའི་ནགས་ལ་མེ་བཏང་བས་བྲམ་ཟེའི་གྲོང་གི་དམག་མི་རྣམས་ཀྱི་མཐའ་མེས་འཁོར་ཀུ་ཅོ་ཆེན་པོས་སྐད་བཏང་བས། རི་བྲག་དེའི་སྐྱེ་བོ་ཐམས་ཅད་རྒྱུགས་ཏེ་མེ་བསད་ཀྱང་ཆེར་འབར་ཏེ་མ་ཞི་བ་ལ། བཅོམ་ལྡན་འདས་ཕྱོགས་དེར་བྱོན་ཏེ། མེ་འདི་ཞི་བར་འདོད་དམ་ཞེས་བཀའ་སྩལ་པ་ན། ཞི་བར་མཛད་དུ་གསོལ་ཞེས་ཞུས་པས། དེ་མ་ཐག་ཏུ་མེ་རང་ཞིའོ། །དེ་ནས་དེ་རྣམས་ཤིན་ཏུ་དད་དེ། གུས་པས་ཕྱག་འཚལ་ཞིང་སྐུའི་དྲུང་དུ་འཁོད་པ་ལ་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པས་བྲམ་ཟེའི་གྲོང་གི་སྐྱེ་བོ་དེ་རྣམས་དང༌། རི་བྲག་བ་དེ་རྣམས་ཕལ་ཆེར་གྱིས་བདེན་པ་མཐོང་ངོ༌། །དེ་ནས་ཡུལ་རོ་ཧི་ཏ་ཀའི་ནག་པོའི་གྲོང་དུ་བྱོན་ཏེ། ཕྱོགས་འདིར་འཁོར་བ་འཇིག་དང༌། གསེར་ཐུབ་དང༌། འོད་སྲུང་སྟེ་སྔོན་གྱི་སངས་རྒྱས་གསུམ་གྱིས་བཞུགས་སོ་ཞེས་ས་གཞི་སྟོན་པར་
མཛད་དེ། བཅོམ་ལྡན་འདས་ཉིད་དེར་བཞུགས་ནས། ཕྱོགས་འདིར་སངས་རྒྱས་བཞི་བཞུགས་པར་འགྱུར་རོ། །ཞེས་སངས་རྒྱས་བཞིའི་གདན་བསྟན་པར་མཛད་ཅིང༌། ནག་པོའི་གྲོང་གི་གནོད་སྦྱིན་གྱི་གནས་སུ་གཤེགས་ནས་དེར་ཆོས་སྟོན་ཞིང་བཞུགས་པ་ན། གནོད་སྦྱིན་གླང་ཆེན་སྟོབས་ཀྱིས་རྒུན་འབྲུམ་གཟེབ་མ་ལྔ་བརྒྱ་ཕུལ་ཏེ། དགེ་འདུན་ལ་བྲིམས་སོ། །གནོད་སྦྱིན་དེ་དང་གཞན་གནོད་སྦྱིན་མང་པོ་རྣམས་སྐྱབས་འགྲོ་དང་བསླབ་པའི་གནས་ལ་བཀོད་དེ། གནོད་སྦྱིན་རྣམས་ཀྱི་དགེ་བའི་ཕྱིར་ཡུལ་པ་རྣམས་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་བཞེངས་སོ། །དེ་ལྟར་ཡངས་པ་ཅན་གནོད་པ་ལས་བསྐྱབས་པ་ན། དེའི་བར་ནི་བྱང་ཕྱོགས་དང་ཉེ་བའི་ཡུལ་རྣམས་སུ་འགྲོ་བའི་དོན་མཛད་པ་སྟེ། དེ་དག་གི་བར་བར་ན་ལོ་རྒྱུས་ཕྲ་མོ་གཞན་མང་པོ་ཡོད་ཀྱང༌། འདིར་རགས་པ་ཙམ་བཀོད་པའོ། །བར་སྐབས་སྡོམ་ནི། བྲམ་ཟེའི་གྲོང་དང་གདན་བཞི་བསྟན། ནག་པོའི་གྲོང་དུ་གླང་ཆེན་སྟོབས། །བརྒྱ་པ་བྱང་ཕྱོགས་ཀྱི་རྒྱུད་བཏུལ་བ་ནི། དེ་ནས་བཅོམ་ལྡན་འདས་ནག་པོའི་གྲོང་གི་གཙུག་ལག་ཁང་ན་བཞུགས་ཏེ་སྔ་དྲོའི་དུས་བསོད་སྙོམས་མཛད་ནས། དེའི་འོག་ཏུ་ཞབས་བཀྲུས་ཏེ། གཙུག་ལག་ཁང་གི་ནང་དུ་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་དགོངས་པ། ངའི་སྐུ་ཚེའི་ལྷག་མ་ནི་ཡུན་ཐུང༌། གདུལ་བར་བྱ་བ་ནི་ཤིན་ཏུ་མང་བ་ཞིག་ལུས་ན། གལ་ཏེ་ཀུན་དགའ་བོ་དང་ལྷན་ཅིག་གཤེགས་པར་གྱུར་ན་ནི་ལོ་བརྒྱར་ཡང་བྱང་ཕྱོགས་ཀྱི་འགྲོ་བའི་དོན་སྤྱོད་མི་ནུས་པས། ད་ནི་གནོད་སྦྱིན་ལག་ན་རྡོ་རྗེ་སྟེ་འཕགས་པ་གསང་བའི་བདག་པོ་དང་ལྷན་ཅིག་ཏུ་གཤེགས་པར་བགྱིའོ་དགོངས་ཏེ། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ད་ནི་ང་སོག་མ་མེད་འདུལ་དུ་འདོང་ངོ༌། །དེ་ནས་བཅོམ་ལྡན་འདས་གནོད་སྦྱིན་ལག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་ནམ་མཁའ་ལ་གཤེགས་ཏེ།
ནགས་ཚལ་སྔོན་པོ་སྔོ་ཞིང་བསྒྲེང་བ་གཟིགས་པས་འདི་ནི་ཨུ་ཤི་རའི་རི་ཡིན་ཏེ། ད་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་ཞི་གནས་དང་རྗེས་སུ་མཐུན་པའི་གནས་རཱ་མ་སཱ་ལའི་ཚལ་ཞེས་བྱ་བར་འགྱུར་རོ། །ཞེས་ལུང་བསྟན་ཏོ། །ཡུལ་སྤུངས་པ་ཅན་དུ་བྱོན་ཏེ་དེའི་སྐྱེ་བོའི་ཚོགས་ཐམསཅད་ལ་ཆོས་བསྟན་ནས། ཡུལ་མི་དེ་རྣམས་ཀྱིས་གསོལ་བ། གནོད་སྦྱིན་སངས་རྒྱས་སྟོབས་འདིས་བདག་ཅག་ལ་རིང་དུ་གནོད་པ་བྱས་ན་འདི་འདུལ་དུ་གསོལ། སངས་རྒྱས་སྟོབས་ཀྱང་འཁོར་དེ་ཉིད་ན་ཡོད་པས། བཀའ་སྩལ་པ། སངས་རྒྱས་སྟོབས་ཐོས་སམ། སྡིག་པའི་ཆོས་དེ་ལས་ལྡོག་ཅིག དེས་ཀྱང་སྐྱབས་སུ་འགྲོ་བ་དང༌། བསླབ་གཞི་བླངས། གཙུག་ལག་ཁང་དང་གནས་མལ་བརྩིགས་སོ། །གནོད་སྦྱིན་དེ་སངས་རྒྱས་ཀྱི་ཕྱི་བཞིན་འབྲང་བར་འདོད་པ་ལ་བཟློག་པར་མཛད་ནས་གནས་དེ་ཉིད་སྐྱོང་བར་བསྐོས་སོ། །དེ་ནས་ཡུལ་རེ་ཏུ་ཀར་སྐྱེ་བོ་རྣམས་ལ་ཆོས་བསྟན་ཞིང༌། གནོད་སྦྱིན་ཆོས་སྟོབས་བཏུལ་བའང་དེ་དང་འདྲ་སྟེ། རེ་ཏུ་ཀའི་གནས་མལ་དང་གཙུག་ལག་ཁང་བརྩིགས་སོ། །དེ་ནས་སིནྡྷཱུའི་ཡུལ་གྱི་མཉན་པ་ལ་ཆོ་འཕྲུལ་བསྟན་ཞིང་ཆོས་གསུངས་པས་བདེན་པ་ལ་བཀོད། སིནྡྷཱུའི་སྐྱེ་བོ་དང་གནོད་སྦྱིན་ཁོར་ཆེན་བཏུལ་ནས་གཙུག་ལག་ཁང་རྩིག་པའི་བར་ཡང་སྔ་མ་དང་འདྲ། དེ་ནས་དྲང་སྲོང་གི་བསྟི་གནས་གཅིག་ཏུ་དྲང་སྲོང་མགོ་བྲེག་དང་རིལ་པ་སྤྱི་བླུགས་ཅན་ཞེས་བྱ་བ་གཉིས་བདེན་པ་ལ་བཀོད་དེ། དེའི་གནས་མལ་ཡང་བརྩིགས་སོ། །དེ་ནས་སོག་མ་མེད་ཀྱི་གནས་དང་ཉེ་བར་བྱོན་པ་ན། ཀླུ་སོག་མ་མེད་དེ་ཁྲོས་འཁྲུགས་རྔམ་པར་གྱུར་ཏེ་ནམ་མཁའ་ལ་འཕགས་ནས་སེར་བ་དང་རྡུལ་ཀྱི་ཆར་ཕབ་པ་བཅོམ་ལྡན་འདས་ལ་ཨ་ཀ་རུ་དང་ཏ་མ་ལའི་ཕྱེ་མའི་ཆར་དུ་གྱུར། མཚོན་ཆའི་ཆར་ཆེན་པོ་ཕབ་པ་རྣམས་པདྨ་དང་ཨུཏྤ་ལའི་ཆར་དུ་གྱུར། དེ་ཁྲོས་པས་དུ་བ་བཏུལ་བ་ན་སྟོན་པས་དེ་བས་ཀྱང་ཆེ་བའི་རྫུ་འཕྲུལ་གྱི་དུ་བ་བཏུལ། མེ་
སྦར་བ་ན་དེ་བས་ཀྱང་ཆེ་བའི་མེ་སྦར། གནོད་སྦྱིན་གྱི་དེད་དཔོན་ལག་ན་རྡོ་རྗེས་ཀླུའི་གནས་དང་ཉེ་བའི་རི་རྩེ་ལ་རྡོ་རྗེ་འཕངས་པས་རི་ཉིལ་ཏེ། སོག་མ་མེད་ཀྱི་གནས་རྣམས་ནོན་ནོ། །དེ་འབྲོས་པར་བརྩམས་པ་ལ་ཕྱོགས་ཐམས་ཅད་མེར་འབར་ནས། སྟོན་པའི་ཞབས་དྲུང་འབའ་ཞིག་ཞི་བར་ཤེས་ཏེ་ཞབས་ལ་གཏུགས་སོ། །སྟོན་པས་དེ་ལ་ཕྱག་གིས་གཞམས་ནས། ཁྱོད་བུམ་པ་བཟང་པོ་ལྟ་བུའི་ཉན་ཐོས་བཞི་ལ་བསོད་སྙོམས་ཕུལ་བས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་བ་ལས། སྨོན་ལམ་ལོག་པ་བཏབ་པས་དུད་འགྲོར་གྱུར་ལ། ད་དུང་འཚེ་བའི་ལས་བྱས་པས་མི་བཟད་པའི་དམྱལ་བར་འགྱུར་ཏ་རེ། དེར་སོག་མ་མེད་དང་ཆུང་མ་དང་བུ་མོ་དང་མནའ་མ་རྣམས་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལྔ་ལ་བཀོད་ཅིང༌། བུ་རི་བོ་ཡང་དེ་ལྟར་འདོད་པ་ལ། སོག་མ་མེད་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ། བདག་ཅག་ཀླུ་རྣམས་ནི་མི་མཛའ་བ་མང་བ་ལགས་ཀྱི། འདི་ལ་བསླབ་གཞི་མི་འབོག་པར་གསོལ། ཞེས་ཞུས་པས། བུ་རི་བོ་སྐྱབས་འགྲོ་ཙམ་ལ་བཀོད་དོ། །དེར་ཀླུ་རྒྱལ་སོག་མ་མེད་འཁོར་ཀླུ་དྲུག་ཁྲི་དང་བཅས་པ་ཆོས་ལ་བཀོད་ཅིང༌། དེ་ལ་ལག་ན་རྡོ་རྗེ་ཐུགས་ཡི་རངས་ཏེ་རྡོ་རྗེ་གསོར་ཞིང་གར་མཛད་དོ། །ཡང་བཅོམ་ལྡན་འདས་དང་གསང་བའི་བདག་པོ་ནམ་མཁའ་ལ་གཤེགས་པ་ན། ནགས་ཚལ་སྔོན་པོ་མཚོ་དང་བཅས་པ་གཟིགས་ཏེ། འདི་ནི་ཁ་ཆེའི་ཡུལ་ཡིན་ཏེ་ང་འདས་ནས་ལོ་བརྒྱ་ལོན་པ་ན། དགེ་སློང་ཉི་མ་གུང་པ་ཞེས་བྱ་བ་འབྱུང་སྟེ། དེས་བསྟན་པ་འཇོག་པར་འགྱུར་ལ། ལྷག་མཐོང་དང་རྗེས་སུ་མཐུན་པའི་གནས་མལ་གྱི་ནང་ནས་མཆོག་ཡིན་ཏེ། གྲོང་རྡལ་དྲུག་ཁྲི་དྲུག་སྟོང་དྲུག་ཅུ་རྩ་གསུམ་མོ་ཞེས་ལུང་བསྟན་ཏོ། །བར་འདིར་ཡུལ་གཉིས་གྲོགས་སུ་དྲང་སྲོང་དང་གནོད་སྦྱིན་ཉམས་པ་འཁོར་བཅས་བཏུལ་བ་དང༌། ཡུལ་ཀ་རན་ཊའི་གནོད་སྦྱིན་མོ་འཁོར་བཅས་བཏུལ་བ་དང༌། ཡུལ་འབྲས་གྲོང་དུ་རྒྱལ་
པོ་བདེ་མཆོག་གི་མ་བདེན་པ་ལ་བཀོད་པ་དང༌། ཡུལ་དབང་ལྡན་དུ་རྫ་མཁན་བདེན་པ་ལ་བཀོད་པ་དང༌། ཡུལ་སིང་མ་ཅན་དུ་གནོད་སྦྱིན་གཅིག་གི་མིང་ལ་སྲིན་མོ་ཞེས་པ་འཁོར་བཅས་བདེན་པ་ལ་བཀོད་པ་དང༌། ཡུལ་བརྩེགས་སྐྱོང་དུ་ཀླུ་བ་ལང་སྐྱོང་དང་དགར་བ་ཞེས་བྱ་བ་བཏུལ་བ་དང༌། ཡུལ་དགའ་འཕེལ་དུ་རྒྱལ་པོ་སྲིད་པའི་ལྷ་འཁོར་བཅས་དང་གཏུམ་བྱེད་ཀྱི་བུ་བདུན་དང༌། གནོད་སྦྱིན་ས་འཚོ་འཁོར་བཅས་ཆོས་ལ་བཀོད་པ་སོགས་མང་བོ་ཞིག་མཛད་ནས། དྲུག་སྡེའི་ནང་གི་ནབ་སོ་དང་འགྲོ་མགྱོགས་གཉིས་ཤི་ནས་བྱང་ཕྱོགས་སུ་མཚོ་ཆེན་པོ་ཞིག་ཏུ་ཀླུར་སྐྱེས་ཏེ། དེ་གཉིས་ཀྱིས་བསམས་པ། བཅོམ་ལྡན་འདས་ཀྱིས་སྔོན་བདག་ཅག་གཉིས་ལ་ཆོས་མ་བཤད་པས་ད་ལྟ་ཀླུར་སྐྱེས་ན། ཅི་ནས་ཀྱང་དེའི་བསྟན་པ་བུར་མར་བརླག་པར་བྱའོ་ཞེས་ཁྲོ་ཞིང་འཁྲུགས་པས་འདུག་གོ །བཅོམ་ལྡན་འདས་ཀྱིས་དགོངས་པ་ཀླུ་འདི་གཉིས་ནི་གཞན་པས་མཐུ་ཆེ་ལ་རྫུ་འཕྲུལ་ཆེ་བ་ཡིན་པས། ང་འདས་ནས་འདུལ་བ་པོ་གཞན་མི་འབྱུང་སྟེ། བསྟན་པ་འཇིག་པའི་གནས་ཡོད་དོ་དགོངས་ནས། དེ་གཉིས་ཀྱི་གནས་ཀྱི་མཁྲིས་མཚོ་ནང་དེའི་ངོགས་གཞན་ཞིག་ཏུ་བྱོན་ཏེ་ཆོས་ཉོན་ཅིག་པར་བསྐུར་བ་ན་མཚོའི་ནང་སྟོན་པ་བཞུགས་པའི་གནས་སུ་དེ་ཉིད་ཞུགས་ཏེ། དེ་དག་ལ་སྟོན་པས་ཆོས་རྒྱ་ཆེར་གསུངས་སོ། །དེ་གཉིས་དད་ཏེ་སྟོན་པས་ནི་སྔོན་ཡང་ཆོས་བཤད་ན། བདག་ཅག་བག་མེད་པས་རྣམ་པར་མ་ཤེས་སོ། །ད་ལྟ་ཡང་བདག་ཅག་ལ་ཐུགས་ལས་སུ་མཛད་ནས། ཆོས་སྟོན་པའི་ཕྱིར་བརྩེ་བས་འདིར་བྱོན་ཏོ་སྙམ་སངས་རྒྱས་ལ་རབ་ཏུ་དགའ་བས་འདུག་གོ །དེ་ནས་སྟོན་པ་ཕྱིར་གཤེགས་ཏེ་ཕྱོགས་དེར་གནོད་སྦྱིན་མོ་སྦུ་གུ་ཅན་དང་སྦུགས་ཅན་འདུལ་བར་མཛད་དེ། དེ་བར་དུ་ཡང་སྔར་གྱི་མཚོ་ནང་གི་གནས་དེར་བཅོམ་ལྡན་འདས་ཀྱིས་སྐུའི་གཟུགས་བརྙན་བཏང་བས། ཀླུ་གཉིས་པོ་དེ་བཅོམ་ལྡན་འདས་བདག་ཅག་ལ་ཐུགས་བརྩེ་བས་ད་དུང་བཞུགས་སོ་སྙམ་མཚོ་ངོགས་དེར་ཡང་དང་ཡང་དུ་འཇུག་པར་བྱེད་དོ། །
དེ་ནས་བཅོམ་ལྡན་འདས་མདུང་ཅན་གྱི་གྲོང་དུ་གཤེགས་ཏེ། དེ་ན་གནོད་སྦྱིན་མོ་མདུང་ཅན་མ་ཞེས་བྱ་བས། གྲོང་པའི་བུ་བཙས་པ་ཐམས་ཅད་ཟ་བར་བྱེད་དོ། །དེར་གྲོང་མི་རྣམས་ཀྱིས་སྟོན་པ་ལ་གདུགས་ཚོད་གསོལ་ནས། གནོད་སྦྱིན་མོ་མདུང་ཅན་འདུལ་བར་ཞུས་པས། མདུང་ཅན་ཡང་འཁོར་དེ་ན་འདུག་པ་ལ། དྲི་སྨེད་མཛད་དེ་མདུང་ཅན་ཁྱོད་ཀྱིས་ཐོས་སམ། སྡིག་པའི་ཆོས་དེ་ལས་ལྡོག་ཅིག བདག་གི་སླད་དུ་འདི་དག་གིས་གཙུག་ལག་ཁང་རྩིག་ན་ལྡོག་གོ །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་རྣམས་ལ་དེ་ཐོས་སམ། ཐོས་སོ། །འོ་ན་ཇི་ལྟར་བྱེད། རྩིག་ལགས་སོ། །དེར་གཙུག་ལག་ཁང་བརྩིགས་སོ། །དེ་ནས་ཡུལ་འབྲ་གོར་བྱིས་པ་ཆུང་ངུ་ཞིག་རྡུལ་གྱིས་མཆོད་རྟེན་ལ་རྩེ་བ་རྒྱལ་པོ་ཀ་ནི་སྐར་ལུང་བསྟན་ཏོ། །དེ་དག་ནི་མཚོན་པར་བྱེད་པ་ཙམ་སྟེ། རོ་ཧི་ཏ་ཀའི་གཙུག་ལག་ཁང་ནས་བྱོན་པ་ནས་བརྩམས་ཏེ། སོག་མ་མེད་བཏུལ་བའི་བར་ལ་སྲོག་ཆགས་འབུམ་ཕྲག་བདུན་བཅུ་རྩ་བདུན་བཏུལ་ཞེས་འབྱུང་སྟེ། དེ་དག་ཀྱང་མི་དང་མི་མ་ཡིན་པ་གཙོ་བོར་གཙོ་བོར་གྱུར་པ་རྣམས་སྨོས་པ་སྟེ་གཞན་དུ་ན་མཐའ་ཡས་པ་ཞིག་གོ །སོག་མ་མེད་ཀྱི་རྗེས་སུ་ཡང་བགྲང་བར་མི་སྤྱོད་པ་ཞིག་བཏུལ་ཏེ། བྱང་ཕྱོགས་ཀྱི་གནས་ཁ་ཅིག་ན་ནི་མི་མང་པོ་དག་གནས་སོ། ཁ་ཅིག་ན་ནི་མི་མ་ཡིན་པ་ཁོ་ན་དག་ཡོད་དོ། །དེ་བས་ན་ལ་ལར་མི་རྣམས་ལ་ཆོས་བསྟན་ཏེ་བདེན་པ་ལ་བཀོད་དོ། ཁ་གཅིག་ཏུ་ནི་ལྷ་རྣམས་བདེན་པ་ལ་བཀོད་དོ། །དེ་བཞིན་དུ་སྲིན་པོའི་གནས་དང༌། ཀླུ་ཡི་གནས་དང༌། གནོད་སྦྱིན་གྱི་གནས་དང༌། གནོད་སྦྱིན་གཏུམ་པོའི་གནས་དང༌། མིའམ་ཅིའི་གནས་དང༌། དྲི་ཟའི་གནས་དང། གཟུགས་སྣ་ཚོགས་པ་མང་པོ་དང་ལྡན་པའི་གནོད་སྦྱིན་ནམ་འབྱུང་པོའི་གནས་དང༌། ནམ་མཁའ་ལྡིང་ལ་སོགས་པ་འདབ་ཆགས་ཀྱི་གནས་དང༌། ལྷ་མིན་གྱི་འགྲོ་བའི་གནས་
ལ་སོགས་པ་བགྲང་བ་ལས་འདས་པ་ཞིག་ཏུ་གཤེགས་ཏེ། སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལྔ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་མཐོ་རིས་དང་བྱང་གྲོལ་གྱི་ཆོས་བླ་ན་མེད་པ་ལ་འགོད་པར་མཛད་དོ། །དེ་ནས་ཕྱག་ན་རྡོ་རྗེ་དང་ལྷན་ཅིག་ནམ་མཁའི་ལམ་ལས་ཚུར་ཕེབས་ཏེ། རོ་ཧི་ཏ་ཀའི་གཙུག་ལག་ཁང་གི་ནང་དུ་གཤེགས་ནས་ཡང་དག་འཇོག་ལ་མཉམ་པར་བཞག་གོ །དེ་ལྟར་ན་བྱང་ཕྱོགས་ཀྱི་རྒྱུད་བཏུལ་བའི་སྐོར་དེ་རྣམས་ཕྱག་ན་རྡོ་རྗེ་དང་ལྷན་ཅིག་ཏུ་གཤེགས་པ་སྟེ་ཐུན་ཚོད་གཅིག་ལ་གྲུབ་པར་མཛད་པ་ཡིན་ནོ། །བརྒྱ་དང་གཅིག་པ་བཅོམ་བརླག་གི་སྐོར་སོགས་ནི། དེ་ནས་ཉི་མ་ཕྱི་ཕྲེད་ཀྱི་དུས་ན་བཅོམ་ལྡན་འདས་ཡང་དག་འཇོག་ལས་བཞེངས་ནས། ཀུན་དགའ་བོ་ལ་བཀའ་སྩལ་པ། ང་དང་པོའི་རྒྱལ་སྲིད་ལྟར་འདོད་ངོ༌། །དེར་བྱང་ཕྱོགས་ཀྱི་རྒྱུད་འདུལ་བར་མཛད་ཟིན་པ། འཕགས་པ་ཀུན་དགའ་བོས་ཀྱང་མ་མཁྱེན་ཏེ། གསོལ་བ། བཅོམ་ལྡན་འདས་སྔར་སོག་མ་མེད་འདུལ་དུ་འདོད་དོ་གསུང་ན། ང་དང་པོའི་རྒྱལ་སྲིད་དུ་གཤེགས་པ་ཅི་ལགས། བཀའ་སྩལ་པ། ང་ལག་ན་རྡོ་རྗེ་དང་ལྷན་ཅིག་གཤེགས་ཏེ་དེ་བཏུལ་ཟིན་ཏོ། །བྱང་ཕྱོགས་ན་ཉེས་དམིགས་ལྔ་ཡོད་དེ། མཐོ་དམན་ཅན་དང༌། ཚེར་མས་གང་བ་དང༌། རྡོ་དང་གསེག་མ་མང་བ་དང༌། ཁྱི་ཟ་བ་དང༌། བུད་མེད་གནས་ངན་ལེན་ཀུན་ཏུ་སྤྱོད་པའོ་གསུང་ངོ༌། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་དང་པོའི་རྒྱལ་སྲིད་ཞཻས་བྱ་བ་དང༌། གྲོང་ཁྱེར་རྟ་བཟང་བརྒྱུད་ནས་ཡུལ་བཅོམ་བརླག་གི་ལྗོངས་རྒྱུ་ཞིང་གཤེགས་ན། རི་ནགས་ཚལ་སྔོན་པོས་བརྒྱན་པ་ཞིག་གཟིགས་ནས། འདི་ནི་རི་རྩེ་མཐོ་ཞེས་བྱ་སྟེ། ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན་གར་མཁན་དང་དཔའ་བོ་ཞེས་བྱ་བས་གཙུག་ལག་ཁང་བརྩིགས་ཏེ། ཞི་ལྷག་གཉིས་ཀ་དང་མཐུན་པའི་གནས་
མལ་གྱི་མཆོག་ཏུ་འགྱུར་རོ། །འདིར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་འབྱུང་སྟེ་མཚན་མེད་པའི་སངས་རྒྱས་སུ་འགྱུར་རོ་ཞེས་ལུང་བསྟན་ཏོ། །དེར་བཅོམ་བརླག་གི་བྲམ་ཟེ་རྣམས་འདུས་ཏེ། དགེ་སྦྱོང་གཽ་ཏ་མ་དེ་འདིར་འོངས་ན་བདག་ཅག་གི་རྙེད་པའི་བར་ཆད་དུ་འགྱུར་ལ། དེ་ལ་བཀུར་བསྟི་མ་ཡིན་པ་བྱས་ན་འདིར་མི་འོང་ངོ་ཞེས་གྲོས་བྱས་ནས། བྲམ་ཟེ་རྣམས་ཀྱི་གཙོ་བོ་བྲམ་ཟེ་སྔོན་གྱུར་ཞེས་བྱ་བ་མངགས་ཏེ། མཁན་པོ་ཁྱོད་ཀྱིས་གཽ་ཏ་མ་ལ་བཀུར་བསྟི་མ་ཡིན་པའི་ཚིག་གིས་སྤྱོ་བར་གསོལ། དེས་སྨྲས་པ། བདག་གི་ལྕེ་འདི་ནི་བདེན་པའི་རྗེས་སུ་འབྲང་སྟེ། བསྟོད་པར་འོས་ན་ནི་བསྟོད། སྤྱོ་བར་འོས་ན་ནི་སྤྱོའོ། །དེ་ནས་དེ་སྟོན་པ་འབྱོན་པའི་ལམ་དུ་སོང་བ་ན། སྐུ་མཐོང་བ་ཙམ་གྱིས་ཤིན་ཏུ་དད་དེ་བསྟོད་པ་ལྔ་བརྒྱས་བསྟོད་དོ། །སྟོན་པས་ཀྱང་ཆོས་གསུངས་པས་དེ་དེ་ཉིད་དུ་བདེན་པ་མཐོང༌། དེ་ནས་དེ་ལྡོག་སྟེ་འོངས་བ་ན་བྲམ་ཟེ་རྣམས་ཀྱིས་ཚིག་རྩུབ་པོས་སྤྱོས་ཏེ། ཁྱོད་ཀྱིས་གཽ་ཏ་མ་ལ་བཀུར་སྟི་མ་ཡིན་པ་བྱོས་ཤིག་བྱས་ན་བསྟོད་དེ་འོང་ངམ། དེས་སྨྲས་པ། ཁོ་བོ་ནི་བདེན་པར་སྨྲའོ་ཞེས་སྔར་མ་སྨྲས་སམ། བཅོམ་ལྡན་འདས་ནི་བསྟོད་པར་འོས་པའོ། །ཞེས་སོ། །བཅོམ་ལྡན་འདས་གྲོང་ཁྱེར་བཅོམ་བརླག་གི་ཉེ་སྐོར་དུ་བསོད་སྙོམས་ལ་ཞུགས་པ་ན། དེའི་ནུབ་མོ་གྲོང་ཁྱེར་གྱི་ལྷ་མོའི་རྒྱུ་སྐར་ཀྱི་དུས་ཡིན་པས་གྲོང་ཁྱེར་གྱི་ལྷ་མོས་བསམས་པ། གཽ་ཏ་མ་འདིར་བྱོན་ན་ལྷ་དང་མི་མ་ཡིན་པ་མཐུ་ཆེན་པོ་གཞན་དག་ཀྱང་འོང༌། གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ཀྱང་གཽ་ཏ་མ་དེ་མཆོད་ཅིང་ཆོས་ཉན་པར་འགྱུར་བས། ངའི་རྒྱུ་སྐར་གྱི་ནུབ་མོ་ལ་བར་ཆད་དུ་འགྱུར་རོ་སྙམ་ནས་ལུས་གཅེར་བུར་ཕུད་ནས་སྒོ་དྲུང་ན་འདུག་གོ །དེ་ལ་བཀའ་སྩལ་པ། རེ་ཞིག་བུད་མེད་ཀྱི་ལུས་ནི་ཤིན་ཏུ་བཀབ་ཀྱང་བཟང་བ་མ་ཡིན་ན། སྒྲེན་མོར་ཕུད་ཅི་དགོས། དེར་ལོག་པར་ལྟ་བའི་ལྷ་མོ་དེའང་སྐྱེངས་ཏེ་ཕྱོགས་ཅིག་
ཏུ་སོང་ངོ༌། །དེ་ནས་སྟོན་པས་གྲོང་ཁྱེར་བཅོམ་བརླག་ན་ཉེས་དམིགས་ལྔ་ཡོད་དེ། མཐོ་དམན་ཅན་དང༌། སྡོང་དུམ་དང༌། ཚེར་མ་ཅན་དང༌། རྡོ་གསེག་དང་གྱོ་མོ་མང་བ་དང༌། དགོངས་ཀ་ཟ་བ་དང༌། བུད་མེད་གཡོ་སྒྱུ་ཅན་མང་བའོ་ཞེས་གསུངས་ནས། གྲོང་ཁྱེར་གྱི་ནང་དུ་མ་བྱོན་པར་ལམ་གཟུར་ནས་གནོད་སྦྱིན་བོང་བུའི་གནས་སུ་གཤེགས་ཏེ་ཤིང་དྲུང་ཞིག་ན་བཞུགས་སོ། །དེ་ལ་གནོད་སྦྱིན་དེ་ནི་བོང་བུའི་གཟུགས་སུ་སྤྲུལ་ཏེ་འཁྱམས་པ་ན། ཁྱེའུ་དང་བུ་མོ་རྣམས་དེ་ལ་ཞོན་ཞིང་རྩེ་བའི་ཚེ། སྐད་ཅིག་གིས་ནགས་ཐིབས་པོར་ཁྱེར་ཏེ་ཁྱེའུ་དང་བུ་མོ་དེ་དག་ཟ་བར་བྱེད་པས་གནོད་སྦྱིན་བོང་བུ་བ་ཞེས་གྲགས་སོ། །དེར་བཅོམ་བརླག་གི་སྐྱེ་བོ་དད་པ་ཅན་རྣམས་ཀྱིས་བཟའ་བཅའ་བཟང་པོས་ཤིང་རྟ་བཀང་སྟེ། གནོད་སྦྱིན་བོང་བུའི་གནས་སུ་སོང་ནས། ཡུལ་དེའི་ཉེ་སྐོར་གྱི་དགེ་སློང་ཐམས་ཅད་བསྡུས་ཏེ། སངས་རྒྱས་དགེ་འདུན་དང་བཅས་པ་ལ་བསོད་སྙོམས་གསོལ་ནས། གནོད་སྦྱིན་བོང་བུ་འདུལ་བར་གསོལ་བ་བཏབ་པ་སོགས་སྔ་མ་དང་འདྲ་བ་ལས། གནོད་སྦྱིན་ན་རེ་འདི་རྣམས་ཀྱིས་བདག་གི་ཆེད་དུ་ཕྱོགས་བཞིའི་དགེ་འདུན་ལ་གཙུག་ལག་ཁང་རྩིག་ན་ལྡོག་གོ །དེར་བཅོམ་བརླག་གི་སྐྱེ་བོ་རྣམས་ཀྱིས་གཙུག་ལག་ཁང་ལྔ་བརྒྱ་བརྩིགས། གནོད་སྦྱིན་བོང་བུ་འཁོར་ལྔ་བརྒྱ་དང་བཅས་པ་བཏུལ་ཞིང་ཆོས་ལ་བཀོད། དེ་ནས་གནོད་སྦྱིན་མདའ་ཅན་དང་ནག་ལྡན་གཉིས། གནོད་སྦྱིན་མོ་གླང་རྙེད་དང་མཆུ་ཅན་གཉིས་ཏེ་བཞི་པོ་དེའང་བཏུལ་ལོ། །དེ་ནས་རྫུ་འཕྲུལ་གྱིས་བཅོམ་བརླག་གི་ནང་དུ་བྱོན་ཏེ་བཞུགས་ནས། གནོད་སྦྱིན་མོ་འགྲན་ཟླ་མ་འཁོར་ལྔ་བརྒྱ་དང་བཅས་པ་བཏུལ་ཏེ་གཙུག་ལག་ཁང་ལྔ་བརྒྱ་བརྩིགས་ཤིང༌། སྤྱིར་བཅོམ་བརླག་གི་ཕྱི་ནང་དུ་གནོད་སྦྱིན་མོ་ཉིས་སྟོང་ལྔ་བརྒྱ་བཏུལ་ནས། གཙུག་ལག་ཁང་ཉིས་སྟོང་ལྔ་བརྒྱ་བྱས་སོ། །བཀའ་སྩལ་རྒྱལ་སྲིད་རྟ་བཟང་དང༌། །ཉེ་སྦས་ལུང་བསྟན་སྔོར་གྱུར་བསྟོད། །རྒྱུ་སྐར་ནུབ་མོ་བོང་བུར་གཤེགས། །
བོང་བུ་བཏུལ་དང་གྲོང་ཁྱེར་བྱོན། །བརྒྱ་གཉིས་པ་ཨོ་ཏ་ལ་སོགས་ནི། དེ་ནས་ཡུལ་ཨོ་ཏ་ལར་བྱོན་ཏེ། བསོད་སྙོམས་ཀྱི་ལམ་དུ་ཞིང་པ་ལྔ་བརྒྱ་ཙམ་ཡོད་པ་སངས་རྒྱས་མཐོང་བ་ཙམ་གྱིས་དད་པ་སྐྱེས་ཏེ་ལམ་དུ་ཕྱག་འཚལ་བར་འོངས་པ་ལ་ཆོས་གསུངས་པས་དེ་ཉིད་དུ་བདེན་པ་མཐོང༌། གླང་རྣམས་ཀྱི་གཉའ་ཤིང་བོར། རུ་ཐག་བཅད། རྨོད་གླང་སྟོང་པོ་དེ་དག་ཀྱང་སྟོན་པའི་དྲུང་དུ་སོང་བ་ལ། ཚིག་གསུམ་གྱི་ཆོས་བསྟན་པས་སྟོན་པ་ལ་དད་བཞིན་དུ་ཤི་འཕོས་ཏེ། རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེས་ནས། སངས་རྒྱས་ལ་ཆོས་ཉན་པས་བདེན་པ་མཐོང་བའི་བར་དུ་གྱུར་ཏོ། །དེ་ནས་ཨོ་ཏ་ལའི་གྲོང་དུ་འཕགས་པ་ཀུན་དགའ་བོ་དང་ལྷན་ཅིག་བསོད་སྙོམས་ལ་ཕེབས་ཏེ། དེར་བྲན་མོ་རྒན་མོ་ཀ་ཙང་ག་ལ་ཞེས་བྱ་བ་ཞིག་ཁྲོན་པའི་རྩར་ཆུ་འཆུར་འགྲོ་བ་ལ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་སྐྱེམས་ཀྱི་ཆུ་ཕུལ་ཤིག་སྨྲས་པས། རྒན་མོ་དེས་ཀྱང་ཆུ་བུམ་བཀང་སྟེ་ཁྱེར་འོངས་པ་ན། སྟོན་པ་མཐོང་མ་ཐག་ཏུ་བུ་ཡིན་པའི་འདུ་ཤེས་སྐྱེས་ཏེ་བུ་བུ་ཞེས་སྨྲ་ཞིང་རྒྱུགས་ཏེ་སྐུ་ལ་འཁྱུད་པར་བརྩམས་པ་ན། དགེ་སློང་རྣམས་ཀྱིས་ཟློག་པར་ཞུགས་པའི་ཚེ། བཀའ་སྩལ་བ་མ་ཟློག་ཅིག །འདི་ངའི་ཚེ་རབས་ལྔ་བརྒྱའི་ཡུམ་ཡིན་ནོ། །དེར་བུའི་སྲེད་པ་དང་བྲལ་ཏེ་ཆོས་ཉན་པས་བདེན་པ་མཐོང༌། སྐྱེ་རྒུའི་བདག་མོ་ལ་གཏད་དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ། དགེ་སློང་མ་མདོ་སྡེ་རྣམ་པར་འབྱེད་པའི་མཆོག་ཏུ་ལུང་བསྟན་ཏོ། །དེ་ནས་ཡུལ་དགྲ་མཐའི་ཕྱོགས་སུ་ལྗོངས་རྒྱུ་ཞིང་གཤེགས་པ་ན། བྲམ་ཟེ་ཞིག་ཁྲོན་པ་ནས་ཆུ་དྲངས་ཤིང་ཀུན་དགའ་ར་བ་འཆུ་བ་ན། དེས་སྟོན་པ་བྱོན་པ་མཐོང་ནས་ཆུ་སྣོད་དང་དཔྱང་ཐག་སྦས་ཏེ་གནས་པ་ལས། སྟོན་པས་ཀུན་དགའ་ར་བ་དེར་བྱོན་པ་ན་རྫུ་འཕྲུལ་གྱིས་ཀུན་དགའ་ར་བ་ཐམས་ཅད་ཆུས་གང་བར་གྱུར་ཏོ། །བྲམ་ཟེ་ན་རེ། ཚུར་བྱོན་དཔྱང་ཐག་དང་ཆུ་སྣོད་འདི་ལགས་སོ་ཞེས་
བསྟན་པས། ཐམས་ཅད་ན་ཆུ་ཡོད་ན་ཁྲོན་པའི་ཆུས་ཅི་ཞིག་བྱ། ཞེས་གསུངས་ཏེ་ཆོས་བསྟན་པས་དད་དེ་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་པའི་བར་དུ་གྱུར་ཏོ། །བར་སྐབས་སྡོམ་ནི། ཞིང་པ་ལྔ་བརྒྱ་བཏུལ་བ་དང༌། །ཀ་ཙང་ག་ལ་ཆུ་སྣོད་སྦས། །བརྒྱ་གསུམ་པ་དགྲ་མཐར་དབྱར་གནས་པ་ནི། དེ་ལྟར་ཡུལ་དཔའ་བོའི་སྡེ་ཞེས་བྱ་བར་ལྗོངས་རྒྱུ་ཞིང་གཤེགས་ནས། གྲོང་ཁྱེར་དགྲ་མཐའ་དང་ཉེ་བ་སྦུ་གུ་ཅན་གྱི་ཤིང་ནིམ་པའི་དྲུང་དུ་བཞུགས་སོ། །དེར་དགྲ་མཐའི་རྒྱལ་པོ་མེ་སྦྱིན་ཞེས་བྱ་བས་ཐོས་ཏེ། དགེ་སྦྱོང་གཽ་ཏ་མ་ནི་རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱིས་བཀུར་བསྟིར་བྱེད་པས་བདག་ཅག་མཐའི་རྒྱལ་ཕྲན་རྣམས་ཀྱིས་ཀྱང་བསྙེན་བཀུར་བྱའོ་སྙམ་སངས་རྒྱས་ཀྱི་དྲུང་དུ་སོང་ནས་ཕྱག་འཚལ་ཏེ། ཟླ་བ་གསུམ་དུ་བསྙེན་བཀུར་བགྱིད་པར་ཞུས་སོ། །དེས་ཕོ་བྲང་དུ་འོངས་ནས་ནང་མི་རྣམས་ལ་ཟླ་བ་གསུམ་དུ་ཉི་མ་རེ་རེ་བཞིན་བཟའ་བ་སྣ་བཅོ་བརྒྱད་དང་ཚོད་མ་རྣམ་པ་དུ་མ་སོགས་མི་ལྔ་བརྒྱ་ཚིམ་པར་ནུས་པའི་ཁ་ཟས་དག་སྦྱོར་ཞིག །ཅེས་དང༌། གྲོང་ཁྱེར་དུའང་གཽ་ཏ་མ་ལ་གཞན་གྱིས་གདུགས་ཚོད་མ་གསོལ་ཞིག །གསོལ་ན་ཆད་པས་གཅད་དོ་ཞེས་དྲིལ་བསྒྲགས་སོ། །དེའི་ནུབ་མོ་རྒྱལ་པོ་མེ་སྦྱིན་གྱི་རྨི་ལམ་དུ་རང་གི་རྒྱུ་མས་དགྲ་མཐའི་གྲོང་ཁྱེར་དཀྲིས་པ་རྨིས་སོ། །གཉིད་སད་ནས་སྐྲག་སྟེ་མདུན་ན་འདོན་བྲམ་ཟེ་ལ་དེས་ཀྱང་བཟང་བར་ཤེས་མོད། བཟང་ངོ་ཞེས་བརྗོད་ན་འདི་གཽ་ཏ་མ་ལ་ལྷག་པར་དད་པར་འགྱུར་སྲིད་སྙམ་ནས། ལྷ་འདི་ནི་རྨི་ལམ་ངན་ཏེ། རྒྱལ་སྲིད་ལས་ཉམས་པའམ་སྲོག་གི་བར་ཆད་དུ་འགྱུར་རོ། །ཞེས་སྨྲས་སོ། །འདི་ལ་ཐབས་ཅི་ཡོད། མིས་མི་མཐོང་བའི་ཕྱོགས་སུ་ཟླ་བ་གསུམ་བཞུགས་ན་དེ་ལྟར་མི་འགྱུར་རོ། །དེ་ནས་རྒྱལ་པོ་མེ་སྦྱིན་གྱིས་ཟླ་བ་གསུམ་དུ་ངའི་དྲུང་དུ་སུའང་མ་འོངས་ཤིག་བྱས་ནས་མི་སྣང་བའི་ཕྱོགས་སུ་འདུག་གོ །དེ་ནས་ནངས་པར་
འཕགས་པ་ཀུན་དགའ་བོ་རྒྱལ་པོའི་སྒོར་སོང་བས་མི་རྣམས་སྙིང་ལས་ཆུང་ངུས་འཁོད་པར་མཐོང་ནས། ཅི་སངས་རྒྱས་དགེ་འདུན་དང་བཅས་པ་སྤྱན་མ་དྲངས་སམ། དེ་དག་ན་རེ། ཁ་ཟས་སྟ་གོན་གྱིས་ཤིག་ཅེས་གསུང་ཡང་སུ་ལ་སྩལ་མི་གསུང་སྟེ། ད་ནི་ཞུ་མི་ནུས་སོ་ཟེར་རོ། །དེ་སྟོན་པ་ལ་ཞུས་པས། ཁྱོད་སོང་ལ་གྲོང་ཁྱེར་རྣམས་སུ་ཟླ་བ་གསུམ་དུ་སངས་རྒྱས་འཁོར་དང་བཅས་པ་ལ་བསོད་སྙོམས་འབུལ་བར་སྤྲོ་བ་ཡོད་དམ། ཞེས་སྦྲོན་ཅིག །ཀུན་དགའ་བོས་དེ་སྐད་བསྒྲགས་པ་ན་དེ་དག་ན་རེ། བདག་ཅག་ཤིན་ཏུ་སྤྲོ་མོད་ཀྱི། རྒྱལ་པོ་གདུག་པ་ཅན་གྱིས་བཀག་གོ་ཞེས་ཟེར་རོ། །དེར་བྱང་ཕྱོགས་ནས་དེད་དཔོན་གཅིག་རྟ་ལྔ་བརྒྱ་ལ་ཁལ་བཀལ་ནས་དགྲ་མཐར་ཡོངས་པ་ཞིག་ཡོད་པ། དེས་བསམས་པ་ང་རྒྱལ་པོ་འདིའི་ཡུལ་པ་ནི་མིན་ཅི་བྱར་ཡོད་བསམ་སྟེ། ཀུན་དགའ་བོ་ལ་བདག་གི་རྟ་ཅང་ཤེས་ལ་ཆག་ནས་བྲེ་དོ། །རྟ་གཞན་མ་རྣམས་ལ་ནས་བྲེ་རེ་རེ་ལགས་ན། བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་གསོལ་བར་སྤྲོ་ན་འབུལ་ལོ། །དེ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་གསོལ་བས། དགེ་སློང་རྣམས་ལ་བཅོམ་ལྡན་འདས་དང་ལྷན་ཅིག་ཟླ་བ་གསུམ་དུ་རྟ་ཆག་གིས་འཚོ་བས་གནས་པར་སྤྲོ་བ་རྣམས་ཚུལ་ཤིང་ལོངས་ཤིག །དེར་ཚུལ་ཤིང་བྲིམས་པ་ན། འཕགས་པ་ཤཱ་རིའི་བུ་ནི་རླུང་ནད་ཤས་ཆེ་བས་ནས་ཀྱིས་མི་འཚོ་ལ། མཽདྒལ་གྱི་བུ་ཡང་དེའི་གཡོག་ལ་དགོས་པས་དེ་གཉིས་ཀྱིས་ཚུལ་ཤིང་མ་བླངས༌། གཞན་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བས་བླངས་སོ། །མཆོག་ཟུང་གཅིག་རི་རྩེ་མོ་གསུམ་པར་སོང་ནས། དེར་ལྷའི་དབང་པོ་བརྒྱ་བྱིན་གྱིས་བདུད་རྩི་ཕུལ་ཏེ་འཚོའོ། །སྐབས་དེར་ཀུན་དགའ་བོས་སྟོན་པ་གསོལ་རྒྱུའི་ནས་དེ་བརྡུང་ཞིང་བཙོ་བའི་ལས་བྱེད་པ་རྒན་མོ་གཅིག་ལ་བཅོལ་བས། དེ་ན་རེ་ང་རྒས་ཀྱི་བདག་གི་བུ་མོ་འདི་ལ་ཆོལ་ཞིག །དེ་ལ་བཅོལ་བས་བདག་
གི་དོན་དུ་ཆོས་ཚིག་འགའ་གསུང་ན་བགྱིད་དོ་ཞེས་ལས་དེ་བྱེད་པ་ན། བུ་མོ་དེ་ན་རེ། སངས་རྒྱས་ཞེས་བྱ་བ་དེ་ཅི་ལགས། ཀུན་དགའ་བོས་བསམས་པ། སངས་རྒྱས་ཀྱི་ཆོས་ཟབ་མོ་རྣམས་ནི་བུད་མེད་འདིས་གོ་བར་མི་འགྱུར་གྱི། འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་བསྔགས་པ་བརྗོད་དོ་སྙམ་སྟེ། དེ་རྒྱ་ཆེར་བཤད་པས་འཁོར་ལོས་སྒྱུར་བའི་གཏམ་ནི་རྫོགས། སངས་རྒྱས་ཉིད་ཀྱི་ཆེ་བ་མ་བརྗོད་གོང་དེར་ནས་ཀྱི་བྱ་བ་དེ་གྲུབ་ནས། འོ་ན་དགེ་བ་འདིས་བདག་འཁོར་ལོས་སྒྱུར་བའི་རྒྱལ་པོའི་བཙུན་མོ་དམ་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དེ་གསོལ་བས། བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་ཉེས་ཏེ། དེ་ལ་སངས་རྒྱས་ཀྱི་བསྔགས་པ་བརྗོད་ན་ཕྱིར་མི་ལྡོག་པ་ཐོབ་པ་ཡིན་པ་ལ། འོན་ཀྱང་དེ་འཁོར་ལོས་སྒྱུར་རྒྱལ་གྱི་བཙུན་མོར་འགྱུར་རོ། །དེ་ལྟར་ལུང་བསྟན་པ་དེ་དགེ་འདུན་གྱི་ནས་ཀྱི་ལས་བྱེད་པའི་བུ་མོ་ལྔ་བརྒྱར་གཉིས་ཀྱིས་མ་ཚང་བས་ཐོས་ཏེ་བཙུན་མོ་རིན་པོ་ཆེའི་འཁོར་དུ་སྨོན་ལམ་བཏབ་བོ། །དེར་ཀུན་དགའ་བོ་མཆི་མ་ཕྱུང་སྟེ། བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་ཡང་བརྒྱུད་མ་ནས་བརྒྱུད་མར་སྦྱིན་པར་སྩལ་ན། ནས་རུལ་པ་གསོལ་དགོས་པ་ལྟ་ཞུས་པས། སྟོན་པས་ཚེམས་མཆེ་བའི་བར་ནས། ནས་ཆན་གཅིག་བཏོན་ཏེ་ཀུན་དགའ་བོ་འཚལ་དུ་བཅུག་ནས། ཁྱོད་ཀྱིས་འདི་ལྟ་བུའི་རོ་མྱོང་བ་དྲན་ནམ། གསོལ་བ། འདི་ལྟ་བུའི་རོ་ཕུན་སུམ་ཚོགས་པ་མྱོང་བ་སྔར་མི་དྲན་ནོ། །དེ་བཞིན་གཤེགས་པ་རོ་བྲོ་བའི་མཆོག་བརྙེས་པས། ཁ་ཟས་བཟང་ངན་གང་ཡིན་ཡང་རོ་བརྒྱ་བར་འགྱུར་རོ། །དེའི་ཚེ་དེ་ལྟ་བུ་མཐའི་རྒྱལ་ཕྲན་དག་གིས་ཐོས་ནས། མེ་སྦྱིན་ལ་ཕོ་ཉ་བཏང་བས་དེ་དག་ནང་དུ་མ་ཚུད་དོ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཀྱང་དེ་ལྟར་ཐོས་ནས་ཤིང་རྟ་ལྔ་བརྒྱ་ཙམ་འབྲས་སཱ་ལུ་པ་རབ་ཏུ་སྨིན་པས་བཀང་སྟེ་འབུལ་དུ་བཏང་བ་ན། ལམ་དུ་བདུད་སྡིག་
ཅན་ཀུན་དགའ་བོར་སྤྲུལ་ཏེ་སྟོན་པ་དགེ་འདུན་དང་བཅས་པ་ལ་ལྷས་བདུད་རྩི་འདྲེན་གྱི་ཕྱིར་ལྡོག་ཅིག་ཟེར་རོ། །འོན་ཀྱང་མ་ལྡོག་པར་འོངས་པ་ན་བདུད་ཀྱིས་ཆར་ཆེན་པོ་ཕབ་སྟེ། ཆུས་ཤིང་རྟའི་ལྟེ་བ་ཙམ་ནུབ་པས་འགྲོ་མ་ཐུབ་བོ། །དེ་ལྟར་ཟླ་བ་གསུམ་འདས་པ་ལ་དེད་དཔོན་དེས་གདུགས་ཚོད་བཟང་པོ་ཞིག་གསོལ་ཏེ། བདག་འཁོར་ལོས་སྒྱུར་རྒྱལ་དུ་གྱུར་ཅིག །རྟ་ཅང་ཤེས་ནི་བུ་ཐུ་བོ་རྒྱལ་ཚབ་དང༌། རྟ་ལྔ་བརྒྱ་ནི་བུ་ལྔ་བརྒྱ། བཙུན་མོར་ལུང་བསྟན་པ་ནི་བཙུན་མོ་དམ་པ་དང་བུ་མོ་ལྔ་བརྒྱ་པོ་རྣམས་ཀྱང་དེའི་འཁོར་དུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་ཅིང༌། སྟོན་པས་ཀྱང་དེ་ལྟར་འགྲུབ་པར་ལུང་བསྟན་ཏོ། །ཟླ་བ་གསུམ་པོ་འདས་པའི་མཚམས་དེར་རྒྱལ་པོ་མེ་སྦྱིན་ཡང་ཕྱིར་བྱུང་བ་ན་མཐའི་རྒྱལ་ཕྲན་རྣམས་ཀྱིས་བསྐུར་བའི་འཕྲིན་ཡིག་དང་ངག་འཕྲིན་ཀློག་ཅིང་ཉན་པར་བྱེད་དོ། དེ་དག་ཐམས་ཅད་ན་ཁྱོད་ཀྱིས་སྟོན་པ་ལ་ཟླ་བ་གསུམ་དུ་བསོད་སྙོམས་གསོལ་བར་ཁས་བླངས་ནས་མ་ཕུལ་བས་རྟ་ཆག་གི་ནས་གསོལ་ལོ་བྱ་བ་ཡོད་དོ། །སྟོན་པས་ཀུན་དགའ་བོ་ལ་ཁྱོད་མེ་སྦྱིན་ཅན་སོང་ལ། ཁྱོད་ཀྱི་ཡུལ་དུ་ཟླ་བ་གསུམ་གནས་ཟིན་གྱི། ད་འགྲོའོ་ཞེས་སྨོས་ཤིག ཀུན་དགའ་བོས་ཀྱང་དེ་བཞིན་བྱས་པ་ན་རྒྱལ་པོ་ན་རེ། བསོད་སྙོམས་འོ་མི་བརྒྱལ་ལམ། རྒྱལ་ཕྲན་རྣམས་ཀྱི་ཚིག་བདེན་ནམ་ཟེར་བ་ལ་ཇི་ལྟར་གྱུར་པ་བསྙད་པས། རྒྱལ་པོ་དེ་དྲན་མེད་དུ་བརྒྱལ་ཞིང་ཆུ་གཏོར་བས་དྲན་པ་རྙེད་ནས། ནང་མི་རྣམས་ལ་ངས་ཁ་ཟས་འདི་ལྟ་བུ་སྦྱོར་ཅིག་ཅེས་མ་བསྒོས་སམ། དེ་རྣམས་ན་རེ། གསུང་སྟེ་ཉིན་རེ་བཞིན་ཁ་ཟས་སྦྱོར་ལ་ད་དུང་ཡང་བགྱིད་མོད། སུ་ལ་སྩལ་བ་མ་ཤེས་སོ། །དེ་ནས་རྒྱལ་པོ་མེ་སྦྱིན་སྟོན་པའི་སྤྱན་སྔར་སོང་ནས་ནོངས་པ་བཤགས་ཏེ། ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བྱ་བར་ཞུས་པ་དང༌། དེ་མ་གནང་བར་ལོ་བདུན་དང༌། ཟླ་བ་བདུན་དང༌། དགུང་བདུན་གྱི་བར་དུ་ཞུས་ཀྱང་དེ་དག་
མ་གནང་སྟེ། རྒྱལ་པོ་གདུལ་བྱ་ནི་མདང་མྱ་ངན་ལས་འདའ་བའི་དུས་དང་ནི་ཉེ་བས་རྩོམ་པ་འདི་ཐོངས་ཤིག་གསུང༌། ཐམས་ཅད་ཀྱི་ཐ་མར་སང་ཉིན་གདུགས་ཚོད་གསོལ་བར་ཞུས་པས་དེ་གནང་ངོ༌། །བློན་པོ་མཁས་པ་རྣམས་ཀྱིས་ཐབས་བསྟན་ཏེ། ཟླ་བ་གསུམ་དུ་ཁ་ཟས་སྦྱར་བ་ཐམས་ཅད་ས་ལ་བཀྲམ་སྟེ། དགེ་འདུན་གྱི་ཞབས་ཀྱིས་བཅགས་པས་ལོངས་སྤྱད་པར་འགྱུར་བར་བྱས། སྟོན་པ་འཁོར་བཅས་ལ་གདུགས་ཚོད་གསོལ་ཞིང༌། སྟོན་པས་ཀྱང་ཆོས་བསྟན་པ་དང་ཡོན་བསྔོ་བའི་བར་དུ་མཛད་དོ། །དེ་ལྟར་ལྗོངས་དཔའ་བོའི་སྡེ་དང༌། གྲོང་ཁྱེར་དགྲ་མཐའ་ན་གནས་པའི་སྐྱེ་བོ་རྣམས་མཐོ་རིས་དང་བྱང་གྲོལ་གྱི་བདེ་བ་ལ་ཡང་དག་པར་བཀོད་དེ། ཕྱིར་གཤེགས་པ་ན་དགེ་སློང་འགའ་ཞིག་གིས་སྤྱིལ་པོ་རྣམས་བཤིག་གོ །དེ་རྣམས་ལ་བཀའ་སྩལ་པ། མ་བཤིག་ཅིག །སྤྱིལ་པོ་དག་ཇི་སྲིད་གནས་པ་དེ་སྲིད་དུ་བསོད་ནམས་ཀྱང་འཕེལ་ཏེ། དེ་བཞིན་དུ་མལ་ཆ་དང་ཆོས་གོས་དང་གནས་མལ་ལ་ཡང་དེ་དང་འདྲའོ། །བརྒྱ་བཞི་པ་ལྔ་ལེན་གྱི་ལམ་བར་དུ་བྱུང་བའི་གཏམ་ནི། དེ་ནས་བཅོམ་ལྡན་འདས་ལྷོ་ཕྱོགས་ལྔ་ལེན་གྱི་ཆུ་ཀླུང་གདྒཱའི་འགྲམ་ན་མར་གཤེགས་པ་ན། དགེ་སློང་ཞིག་གིས་མདོར་བསྡུས་པའི་ཆོས་ཀྱིས་དགྲ་བཅོམ་ཐོབ་པ་བཤད་དུ་གསོལ། ཞུས་པས། གདྒཱའི་ཆུ་ལ་ཤིང་སྡོང་ཞིག་ཁྱེར་བ་གཟིགས་ནས། འདི་ཕར་འགྲམ་དང༌། ཚུར་འགྲམ་དང༌། དབུས་སུ་མ་ཆགས། སྐམ་ལ་མ་ཕྱུང༌། མི་དང་མི་མ་ཡིན་པས་མ་བཟུང༌། ཀློང་དུ་མ་རུལ་ན་རྒྱ་མཚོར་གཞོལ་བར་འགྱུར་རོ། །དེ་བཞིན་དུ་ཁྱོད་ཀྱང་ཕ་རོལ་ཚུར་རོལ་ལམ་ཆགས་སོགས་ནས་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །མདོར་བསྡུས་པ་དེའི་དོན་དེ་རྒྱས་པར་གསུངས་པས་དེས་དགྲ་བཅོམ་པ་ཐོབ་བོ། །དེའི་ཉེ་ལོགས་ན་དགའ་བོ་ཞེས་བྱ་བའི་གནག་རྫི་རྒན་པོ་ཞིག་གིས་བ་ལང་འཚོ་བའི་ངང་ནས་འཁར་བ་ས་ལ་
བཙུགས་ཏེ་བསྡད་པ་ན་ཆོས་དེ་དག་ཐོས་སོ། །སྦལ་པ་ཞིག་ཀྱང་དེའི་ཆོས་ཉན་པ་ན། གནག་རྫི་དགའ་བོས་མ་བརྟགས་པར་འཁར་བ་ས་ལ་བཙུགས་པ་སྦལ་བའི་རྒྱབ་ཏུ་ཕོག་པ་ན། གནད་ཆད་པ་ལ་ཐུག་ཀྱང་བདག་གིས་སྐད་ཕྱུང་ན། གཞན་དག་ཆོས་ཉན་པའི་བར་ཆད་དུ་འགྱུར་སྙམ་སྟེ་སྲན་བཀྱེད་ནས་འདུག་གོ །སྦལ་པ་དེ་དེ་མ་ཐག་ཤི་ནས་རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེས། སྟོན་པའི་སྤྱན་སྔར་ཆོས་ཉན་པས་བདེན་པ་མཐོང༌། དེང་གནག་རྫི་དགའ་བོས་གསོལ་བ། བཙུན་པ་བདག་ཀྱང་ཕར་འགྲམ་ཚུར་འགྲམ་དུ་མི་ཆགས་པ་ནས། མི་རུལ་བར་བགྱིད་པས་རབ་ཏུ་དབྱུང་དུ་གསོལ། བཀའ་སྩལ་པ། གནག་རྣམས་བདག་པོ་ལ་གཏད་དམ། མ་གཏད་དེ་རང་རང་གི་གནས་སུ་འགྲོའོ། །དེ་ལྟ་ནའང་གཏོད་དགོས་སོ། །དེ་ནས་གནག་རྫི་དགའ་བོ་ཆོས་ཀྱི་ཤུགས་ཆེན་པོ་ཐོབ་ནས་འཇིགས་སོ་འཇིགས་སོ་ཞེས་བྱ་བའི་སྒྲ་ཆེན་པོ་འབྱིན་ཞིང་སོང་བ་ལས། གནག་རྫི་ངོ་ཤེས་པ་ལྔ་བརྒྱ་དང་ཕྲད་དེ་ཅིས་འཇིགས་དྲིས་པས། སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བས་འཇིགས་སོ་བྱས་པས་དེ་རྣམས་ལྡོག་གོ །དེ་བཞིན་དུ་རྩྭ་ཐུན་མང་པོ་དང༌། ཤིང་ཐུན་མང་པོ་དང༌། ལམ་དུ་འོངས་པ་རྣམས་ཀྱིས་ཀྱང་ཐོས་ཏེ་སླར་ལྡོག་པའི་བར་དུ་སྔ་མ་དང་འདྲའོ། །དེ་ནས་རི་བོ་ཞིག་ཏུ་ཕྱིན་པ་དང༌། འཇིགས་སོའི་སྒྲ་ཐོས་ཏེ་ལ་ལ་དངངས་ཏེ་བྲོས། ལ་ལ་གོ་གྱོན་ནོ། །དེར་དཔའ་བོ་ཞིག་དང་ཕྲད་དེ་ཅིས་འཇིགས་ཞེས་དྲིས་པ་ན། གོང་བཞིན་སྨྲས་པས་བག་ཕེབས་སོ། །དེ་ནས་དགའ་བོས་གནག་རྣམས་བདག་པོ་སོ་སོ་ལ་གཏད། གྲོགས་གནག་རྫི་ལྔ་བརྒྱ་ཁྲིད་ནས། སྟོན་པའི་སྤྱན་སྔར་འོངས་ཏེ་རབ་ཏུ་བྱུང༌། ཆོས་ཉན་པས་ལྔ་བརྒྱ་པོ་དེ་ཉིད་དུ་དགྲ་བཅོམ་པ་ཐོབ་བོ། འདི་ལ་འཕགས་པའི་ཡུལ་ན་འབྲི་གཡག་མེད་དེ། ཆེས་ཆེ་བ་དེ་དག་གིས་འདིར་གནག་རྫི་དང་གནག་ཅེས་བསྒྱུར་ཀྱང་ཕྱུགས་རྫི་དང་ཕྱུགས་ཅེས་
བསྒྱུར་ན་ལེགས་སོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་ལྷོ་ཕྱོགས་ལྔ་ལེན་གྱི་གདྒཱའི་ཚུགས་ལ་གཤེགས་ཏེ་གང་གཱ་བརྒལ་བ་ན། བཅོམ་ལྡན་འདས་རེས་འགའ་ནི་གྲུ་ལ་གཤེགས། རེས་འགའ་ནི་གདྒཱའི་སྟེང་དུ་ཞབས་བཞག་ནས་གཤེགས། དེར་ངང་པ་ལྔ་བརྒྱ་དང༌། ཉ་ལྔ་བརྒྱ་དང། རུས་སྦལ་ལྔ་བརྒྱ་རྣམས་དད་པས་བཅོམ་ལྡན་འདས་ལ་སྐོར་བ་བྱེད་ཅིང༌། ཚིག་བཞི་པའི་ཆོས་རེ་གསུངས། དེ་ནས་གདྒཱའི་ཚུར་འགྲམ་དུ་ཕེབས་པ་ན། དེ་དག་ཤི་ནས་རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེས་ཏེ། སྟོན་པ་ལ་ཆོས་ཉན་པས་བདེན་པ་མཐོང་བའི་བར་དུ་གྱུར་ཏོ། །དེར་ཡི་དྭགས་སྡོང་དུམ་ཚིག་པ་ལྟ་བུ་ལྟོ་བ་རི་སུལ་ཙམ། ཁ་ཁབ་མིག་ཙམ། མེ་ལྕེ་རབ་ཏུ་འབར་བ་ལྔ་བརྒྱ་འོངས་ནས་སྐུའི་མཐའ་བསྐོར་ཏེ་གསོལ་བ། བདག་ཅག་ལས་ངན་པས་ཆུ་ཡང་མི་འཚལ་ན། མཆིལ་མ་ལྟ་ཅི་སྨོས། བཅོམ་ལྡན་འདས་ཀྱིས་བདག་ཅག་ལ་ཆབ་སྩོལ་ཞིག །དེར་དེ་རྣམས་ལ་ཆུ་བོ་གདྒཱ་སྟོན་པར་མཛད་པ་ན། འདི་ནི་ཕལ་ཆེར་བདག་ཅག་ལ་རབ་ཏུ་སྐམས་པར་སྣང་ཞིང༌། ད་ལྟ་ནི་དབྱུག་པ་དང་དགྲ་སྟ་འཛིན་པ་དག་གིས་སྲུང་ངོ༌། །བཅོམ་ལྡན་འདས་ཀྱིས་གདྒཱའི་ལྷ་ལ་བཀའ་སྩལ་པ། མ་སྲུངས་ཤིག །དེས་གསོལ་བ། བདག་གིས་མ་བསྲུངས་མོད། འདི་རྣམས་ཉིད་ཀྱི་ལས་ཀྱིས་བསྲུངས་སོ། །སྟོན་པའི་རྫུ་འཕྲུལ་གྱིས་ཡི་དྭགས་དེ་རྣམས་ཉིད་ཀྱི་ཁ་བཀྱེད་ནས། མཽདྒལ་གྱི་བུས་ཆུ་བླུད་དེ་ཚིམ་པའི་གནས་སྐབས་ཐོབ་ལ་ལྟོ་བ་རྒྱས་པར་གྱུར་ཏོ། །དེ་དག་སྟོན་པ་ལ་དད་བཞིན་དུ་ཤི་བས་རྒྱལ་ཆེན་བཞི་རིགས་ཀྱི་ལྷར་སྐྱེས་ནས། བཅོམ་ལྡན་འདས་ལ་ཆོས་ཉན་པས་བདེན་པ་མཐོང་ངོ༌། །བར་སྐབས་སྡོམ་ནི། མདོར་བསྡུས་སྦལ་པ་དགའ་བོ་དང༌། །གྲུ་དང་ངང་པ་ཉ་རུས་སྦལ། །ཡི་དྭགས་ལྔ་བརྒྱ་ཚིམ་པར་མཛད། །བརྒྱ་ལྔ་པ་བྲམ་ཟེ་དབུལ་པོས་བདེན་པ་མཐོང་བ་སོགས་ནི། དེ་ནས་བཅོམ་ལྡན་འདས་ཡུལ་གཞོན་ནུ་བསྐྱེད་པ་ཞེས་
བྱ་བ་དང༌། དཔུང་རྒྱན་ལྡན་དང༌། ནོར་བུ་ཅན་དང༌། ཡུལ་སཱ་ལ་སྟོབས་དང༌། སཱ་ལའི་སྟོབས་དང༌། གསེར་བྲེ་དང༌། གནས་བཅས་རྣམས་བརྒྱུད་ནས་མཉན་ཡོད་ཀྱི་ཡུལ་མཐའ་ཟིན་པར་བྱོན་པ་ན། བྲམ་ཟེ་དབུལ་པོ་ཞིག་སྔ་དྲོ་ཟན་མ་ཟོས་པར་ནས་ཞིང་གི་ཞིང་ལས་བྱེད་དོ། །དེར་བུ་མོ་ཐུག་པ་སྐྱེལ་དུ་འོངས་པས། བཅོམ་ལྡན་འདས་ཕྱོགས་དེར་བྱོན་པ་དང་སྟེས་ཏེ། བྲམ་ཟེ་དད་པ་སྐྱེས་ནས་ཞིང་རྨོད་འཕྲོ་བཞག་སྟེ་སངས་རྒྱས་ལ་ཐུག་པ་ཕུལ་བ་ན། སྟོན་པས་ཁྲོན་པ་རྙིང་པ་ཞིག་སྟོན་པར་མཛད་དེ་ཐུག་པ་དེར་བླུགས་ཤིག་གསུངས་པ་ལྟར་བླུགས་པས་ཁྲོན་པ་ཐུག་པས་མེར་གྱིས་ཁེངས་ཏེ་རླངས་པ་འཐུལ་ལོ། །དེ་ནས་བྲམ་ཟེས་དང་པོར་བཅོམ་ལྡན་འདས་ལ་གསོལ། དེ་ནས་དགེ་འདུན་ཐམས་ཅད་ལ་ཐུག་པ་བྲིམས་ཀྱང་མ་ཟད་དེ། ཁྲོན་པ་ལྷག་པར་གང་བ་ན་བྲམ་ཟེ་མཆོག་ཏུ་དད་པ་ལ་ཆོས་བསྟན་པས་དེས་ཀྱང་བདེན་པ་མཐོང་ངོ༌། །དེ་ནས་བྲམ་ཟེ་དེའི་ཞིང་ཐམས་ཅད་གསེར་གྱི་ལྗང་བུ་དང་གསེར་གྱི་སྙེ་མ་དང་གསེར་གྱི་ནས་སུ་སྐྱེས་བར་གྱུར་ཏོ། །དེ་ནས་དེ་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་སྟེ། བདག་གི་ཞིང་ལ་ནས་རྣམས་གསེར་དུ་སྐྱེས་ཀྱི། སྤྱན་པ་སྩལ་ཏེ་དྲུག་ཆ་བཞེས་སུ་གསོལ། དེ་ནས་སྤྱན་པ་བཏང་སྟེ་སོ་སོར་བགོས་པ་ན། རྒྱལ་པོའི་སྐལ་བ་ནི་ནས་སུ་གྱུར་ལ། བྲམ་ཟེའི་སྐལ་བ་རྣམས་ནི་གསེར་དུ་འདུག་གོ །ཡང་སྤེལ་ཏེ་སླར་བགོ་བཤའ་བྱེད་པ་དེ་འདྲ་བ་ལན་བདུན་གྱི་བར་དུ་བྱས་ཀྱང་དེ་བཞིན་དུ་གྱུར་ནས་སྤྱན་པ་ན་རེ། ད་ཁྱོད་ཀྱི་གང་བློས་དཔོགས་པ་དེ་བྱིན་ཅིག །དེ་ལྟར་བྱས་པས་གསེར་ཉིད་ལས་མ་འགྱུར་བར་འདུག་སྟེ་རྒྱལ་པོ་ལ་ཕུལ་བས་ཡ་མཚན་སྐྱེས་སོ། །བར་སྐབས་འདིར་ཡང་ཞིང་པ་ལྔ་བརྒྱ་བདེན་པ་ལ་བཀོད་པ་སྔར་བཤད་པ་དང་འདྲའོ། །དེ་ནས་གྲོང་ཁྱེར་ཆུ་མངས་སུ་གཤེགས་ཏེ་བྲམ་ཟེ་ཞིག་ཞིང་རྨོད་པས་སྟོན་པ་བྱོན་པ་མཐོང་ནས། སྐུ་དྲུང་དུ་ཕྱིན་ན་ལས་ཡལ་བར་དོགས་ཏེ་ལྕག་ལག་ཏུ་
ཐོགས་བཞིན་དུ་གདུགས་དེ་ཉིད་ནས་ཕྱག་བྱས་སོ། །དེ་ནས་སྟོན་པས་གསུངས་པ། བྲམ་ཟེ་འདི་ནི་ཉེས་ཏེ། འདིར་འོངས་ཏེ་ཕྱག་བྱས་ན་སངས་རྒྱས་གཉིས་ལ་ཕྱག་བྱས་པར་འགྱུར་བ་ལ་གསུང༌། དེ་ནས་ཀུན་དགའ་བོས་བླ་གོས་བཞི་ལྟབ་དུ་བྱས་པའི་སྟེང་དུ་བཅོམ་ལྡན་འདས་བཞུགས་སུ་གསོལ་ལོ། །ཕྱོགས་འདི་ན་བཅོམ་ལྡན་འདས་འོད་སྲུང་གི་རིང་བསྲེལ་མ་ཉམས་པར་ཡོད་ཀྱི། བལྟ་བར་འདོད་དམ། འཁོར་རྣམས་ཀྱིས་ཞུས་པ། འཚལ་ལགས་སོ། །དེར་སྐྱེ་བོ་དཔག་ཏུ་མེད་པ་དག་ཀྱང་འདུས་ཤིང༌། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པས་ས་འོག་གི་ཀླུ་དང་ལྷ་རྣམས་ཀྱིས་རིན་པོ་ཆེའི་སྒྲོམ་བུའི་སྣོད་བླངས་ཏེ། དེ་ཁ་ཕྱེ་བའི་ནང་ནས། བཅོམ་ལྡན་འདས་འོད་སྲུང་གི་རིང་བསྲེལ་མ་ཉམས་བ་ཕྱུང་ངོ༌། །དེ་ལ་སྐྱེ་བོ་ཐམས་ཅད་ལྟ་ཞིང་མཆོད་པར་བྱེད་ལ། དེ་ནས་མི་རིང་བར་ས་འོག་ཏུ་ནུབ་པར་གྱུར་ཏོ། །རྒྱལ་པོ་གསལ་རྒྱལ་གྱིས་དེ་ཐོས་ནས། ལྟ་བར་འོངས་པ་ན། ས་འོག་ཏུ་ནུབ་ཟིན་ཏེ་མ་མཐོང་བས་ཡིད་མི་བདེ་བ་སྐྱེས་ཏེ་ལྡོག་གོ །དགེ་བསྙེན་ཞིག་གིས་ས་ཕྱོགས་དེ་ལ་སྐོར་བ་བྱས་པ་དང༌། སྟོན་པས་སྐྱེ་བོ་རྣམས་ལ་བཀའ་སྩལ་བ། མཁས་པ་གང་ཞིག་རབ་ཏུ་སེམས་དང་བས། །སངས་རྒྱས་མཆོད་རྟེན་དག་ཕྱིར་གོམ་འདོར་ན། །ཛམ་བུ་ཆུ་བོའི་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱར་ཡང་དེ་དང་མཉམ་པ་མིན། །དེ་བཞིན་དུ་འཇིམ་གོང་འཇོག་པ་དང་མེ་ཏོག་འཕྲེང་བ་དང་མར་མེ་དང་བྱུག་པ་འབུལ་བ་རྣམས་ཀྱི་ཕན་ཡོན་ཡང་གསུངས། དེ་བཞིན་གཤེགས་པ་བཞུགས་པ་དང༌། མྱ་ངན་ལས་འདས་པ་ལ་མཆོད་པ་བསོད་ནམས་མཉམ་པར་གསུངས་སོ། །དེར་སྐྱེ་བོ་དཔག་ཏུ་མེད་པས་འཇིམ་གོང་གཅེར། མཆོད་པས་ཀྱང་མཆོད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོའི་ཚོགས་དེ་རྣམས་ལ་ཆོས་བསྟན་པས་འབྲས་བུ་བཞི་ཐོབ་བ་དང༌། བྱང་ཆུབ་ཏུ་སེམས་བསྐྱེད་པ་ལ་སོགས་པ་དཔག་ཏུ་མེད་དེ།
ཕྱོགས་དེར་དུས་སྟོན་བཙུགས་པས་ཆུ་མངས་ཀྱི་དུས་སྟོན་ཞེས་གྲགས་སོ། །ཡང་སྔར་བཤད་པའི་བཅོམ་ལྡན་འདས་ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ་གཤེགས་པའི་ལོ་རྒྱུས་དེ་སྔ་ཕྱིའི་དབང་དུ་བྱས་ན། སྐབས་འདི་ཙམ་དུ་སྦྱར་ཡང་རུང་ངོ༌། །བར་སྐབས་སྡོམ་ནི། གྲོང་ཁྱེར་བརྒྱད་དང་དབུལ་པོ་དང༌། །ལྔ་བརྒྱ་ཞིང་རྨོད་འོད་སྲུང་གདུང༌། །བརྒྱ་དྲུག་པ་ལས་ཀྱི་རྒྱུ་བ་ལུང་བསྟན་པ་ནི། བཅོམ་ལྡན་འདས་མཉན་ཡོད་དུ་བཞུགས་པ་ན། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དང་པོར་ཐུགས་བསྐྱེད་པ་དང༌། བསྙེན་བཀུར་མཛད་པ་ཡང་བཀའ་སྩལ་གྱི། ང་བདག་ཅག་རྣམས་ལས་ཀྱི་རྒྱུ་བ་ལུང་བསྟན་པར་བགྱིའོ། །ཞེས་ཞུས་སོ། །བཅོམ་ལྡན་འདས་ཀྱི་གདོན་མི་ཟ་བར་མཛད་པ་ནི་བཅུ་སྟེ། འགའ་ཞིག་སངས་རྒྱས་སུ་ལུང་སྟོན་པ་དང༌། མང་པོ་དག་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། གདུལ་བྱ་ཐམས་ཅད་བཏུལ་བ་དང༌། མཆོག་ཟུང་གཅིག་བསྟན་པ་དང༌། མཚམས་བཅད་པ་དང༌། སྐུ་ཚེའི་ལྔ་ཆ་བཏང་བ་དང༌། ཆོ་འཕྲུལ་ཆེན་པོ་བསྟན་པ་དང༌། ལྷ་ལས་བབས་པ་དང༌། ཡབ་ཡུམ་བདེན་པ་ལ་བཀོད་པ་དང༌། ཉན་ཐོས་ཀྱི་དགེ་འདུན་རྣམས་ལས་ཀྱི་རྒྱུ་བ་ལུང་སྟོན་དུ་འཇུག་པར་མཛད་པ་རྣམས་སོ། །སྐབས་འདིར་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་དབང་དུ་མཛད་ནས། བཅོམ་ལྡན་འདས་དགྲ་བཅོམ་ཆེན་པོ་ལྔ་བརྒྱར་གཅིག་གིས་མ་ཚང་བ་དང་ལྷན་ཅིག་མཚོ་མ་དྲོས་པར་གཤེགས་སོ། སྟོན་པས་འཇིག་རྟེན་པའི་ཐུགས་བསྐྱེད་པས་ཀླུ་དགའ་བོ་དང་གཉེན་དགའ་བོ་ཡང་དེར་འོངས་ཤིང༌། རིན་པོ་ཆེའི་པདྨའི་སྡོང་པོ་བྱུང་སྟེ། སྡོང་བུ་ནི་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ། མེ་ཏོག་རྣམས་གསེར་ལས་བྱས་པ། ཟེའུ་འབྲུ་ནི་རིན་པོ་ཆེ་རྡོ་རྗེ་ལས་བྱས་པའི་པདྨའི་སྡོང་པོ་ཆེས་ཆེ་བ་དེའི་དབུས་ཀྱི་ཐོར་ཏོ་ལ་གསེར་གྱི་པདྨ་འདབ་མ་སྟོང་དང་ལྡན་པ། ཚད་ཤིང་རྟའི་འཕང་ལོ་ཙམ་ཡོད་པ་ལ་ནི་བཅོམ་ལྡན་འདས་བཞུགས།
གཞན་པདྨ་སོ་སོ་དག་ལ་ཉན་ཐོས་ཆེན་པོ་རྣམས་འདུག་གོ །དེའི་ཚེ་འཕགས་པ་ཤཱ་རིའི་བུ་ནི་བྱ་རྒོད་ཕུང་པོའི་རི་ལ་སྣམ་སྦྱར་འདྲུབ་བོ། །དེའི་དུས་ན་བཅོམ་ལྡན་འདས་ཀྱིས་མཽདྒལ་གྱི་བུ་དེའི་དྲུང་དུ་མངགས་སོ། དེས་རྫུ་འཕྲུལ་གྱིས་ཕྱིན་ནས། སྟོན་པ་དགེ་འདུན་དང་བཅས་པ་ཁྱོད་ཀྱི་དོན་དུ་བཞུགས་ཀྱི། ད་འདོང་ངོ༌། །ཤཱ་རིའི་བུས་སྨྲས་པ་རེ་ཞིག་སྣམ་སྦྱར་དྲུབས་ལ་དེ་ནས་འགྲོའོ། །དེར་མཽདྒལ་གྱི་བུས་ངས་གྲོགས་བྱའོ་བྱས་ནས་སོར་མོ་ལྔ་ཆར་གྱིས་དྲུབས་ཏེ་སྐད་ཅིག་དེ་ལ་ཟིན་པར་བྱས་སོ། །དེ་ནས་ཤཱ་རིའི་བུས་སྣམ་སྦྱར་དེ་རྒྱ་ཅང་ཞེས་བྱ་བ་སྐ་རགས་ཀྱི་ཁྱད་པར་ཞིག་གིས་བསྡམས་ཏེ། མཽདྒལ་གྱི་བུ་ལ་བསྐུར་ནས་རྒྱ་ཅང་གི་སྣེ་མོ་བྱ་རྒོད་ཕུང་པོའི་རི་ལ་བཏགས་སོ། །དེ་མཽདྒལ་གྱི་བུས་དྲངས་པས་བྱ་རྒོད་ཕུང་པོའི་རི་རྩ་བ་ནས་འབྱིན་པ་ཙམ་དུ་གཡོས་པས། ཤཱ་རིའི་བུས་རྒྱ་ཅང་གི་སྣེ་མོར་རི་རབ་ལ་བཏགས་པ་ལ་གླིང་བཞི་དང་བཅས་པའི་རི་རབ་རབ་ཏུ་གཡོས་ཏེ་མཚོ་མ་དྲོས་པའང་གཡོས།དགེ་སློང་རྣམས་ཀྱང་ལྡེག་ན། བཅོམ་ལྡན་འདས་བཞུགས་པའི་པདྨའི་གདན་ནི་གཡོ་བ་མེད་པར་འདུག་གོ །དེ་ནས་སྟོན་པའི་བཞུགས་གདན་གྱི་པདྨ་ལ་བཏགས་པས་འགུལ་མ་ནུས་པར་འདུག་གོ །མཽདྒལ་གྱི་བུ་ན་རེ། རྫུ་འཕྲུལ་རྣམ་པར་རྩེས་ཟིན་གྱི་འདོང་ངོ༌། །ཤཱ་རིའི་བུ་ན་རེ། ཁྱོད་སོང་ཞིག་ང་འོང་ངོ༌། །དེར་མཽདྒལ་གྱི་བུས་སྐད་ཅིག་དེ་ཉིད་ལ་རྫུ་འཕྲུལ་གྱིས་མཚོ་མ་དྲོས་པར་ཕྱིན་པ་ན། དེའི་ཡང་སྔོན་དུ་ཤཱ་རིའི་བུས་སླེབ་སྟེ་སངས་རྒྱས་བཅོམ་ལྡ་ན་འདས་ལ་ཕྱག་འཚལ་བ་ཡང་ཟིན། པདྨའི་སྙིང་པོ་ལ་འདུག་ཀྱང་ཟིན་ཏོ། །དེར་དགེ་སློང་རྣམས་ཀྱིས་འཕགས་པ་མཽདྒལ་གྱི་བུ་རྫུ་འཕྲུལ་དང་ལྡན་པའི་མཆོག་ཏུ་ལུང་བསྟན་ན། འཕགས་པ་ཤཱ་རིའི་བུས་རྫུ་འཕྲུལ་གྱིས་ཕམ་པར་བྱས་པ་ལ་གཟིགས། ཞེས་ཞུས་པས། མཆོག་ཟུང་གི་སྔོན་གྱི་ལོ་རྒྱུས་མང་དུ་གསུངས་ནས། དེ་བཞིན་གཤེགས་པས་བརྙེས་པའི་ཏིང་ངེ་འཛིན་གྱི་མིང་གི་རྣམ་གྲངས་ཙམ་ཡང་རང་
སངས་རྒྱས་ཀྱིས་མི་ཤེས། དེ་བཞིན་དུ་རང་རྒྱལ་གྱི་དེ་དང་འདྲ་བ་ཤཱ་རིའི་བུ་དང༌། ཤཱ་རིའི་བུའི་དེ་འདྲ་བ་མཽདྒལ་བུ་དང༌། མཽདྒལ་བུས་ཐོབ་པའི་ཏིང་ངེ་འཛིན་གྱི་མིང་ཡང་ཉན་ཐོས་གཞན་རྣམས་ཀྱིས་མི་ཤེས་སོ། །འོན་ཀྱང་མང་དུ་གནས་པ་ལ་བརྟེན་ནས་མཽདྒལ་གྱི་རྫུ་འཕྲུལ་ཆེ་བའི་མཆོག་ཏུ་ལུང་བསྟན་ཏོ་གསུང༌། དེ་ནས་འདི་སྐད་ཅེས་བྱ་སྟེ། འོད་སྲུངས་ཆེ་དང་མཆོག་གཟུང་མཛེས་ལྡན་དང༌། །བྱེ་བ་ཉི་ཤུ་ངག་དབང་བསོད་སྙོམས་ལེན། །ལེགས་འོངས་དགའ་ཡོང་གྲགས་པ་དཔལ་བསྐྱེད་དང༌། །བ་ཀུ་ལ་དང་འོད་སྲུང་སྤུན་གསུམ་དང༌། །གྲགས་པ་གཞན་དང་མེ་སྐྱེས་ཡུལ་འཁོར་སྐྱོང༌། །ས་ག་བྱིན་པ་ཅན་དང་ལམ་ཕྲན་བསྟན། །སྦྲུལ་འཁོར་མ་འགགས་རི་དྭགས་འཛིན་གྱི་བུ། །སྒྲ་གཅན་འཛིན་དང་དགའ་བོ་གྱད་བུ་ནོར། །ཉེ་སྡེ་བཟང་ལྡན་མཛེས་བཟང་སྦྲང་རྩི་ཅན། །རྒྱུ་ཅན་ཀཽ་དི་ནྱ་དང་ཉེ་བ་འཁོར། །འོད་བྱེད་ནམ་གྲུ་ལ་སོགས་དགྲ་བཅོམ་ཚོགས། །ཞེས་བྱའོ། །མདོ་ལས་དངོས་སུ་སྨོས་པ་དགེ་སློང་དེ་རྣམས་ཀྱིས་རང་རང་གི་ལས་ཀྱི་རྒྱུ་བ་ལུང་བསྟན་ཞིང༌། གཞན་ཡང་དགྲ་བཅོམ་པ་ལྔ་བརྒྱའི་བར་དུ་རང་རང་གི་སྔོན་གྱི་ལས་ཀྱི་རྒྱུ་བ་ལུང་བསྟན་པའི་མཐར། སྟོན་པ་བཅོམ་ལྡན་འདས་ཉིད་ཀྱིས་ལོ་དྲུག་དཀའ་བ་སྤྱོད་དགོས་པའི་རྒྱུ་ལ་སོགས་པ་འཕྲིན་ལས་ཀྱི་རྒྱུ་བ་ཐམས་ཅད་ལུང་སྟོན་པར་མཛད་དོ། །དེ་དག་ཏུ་ལས་འབྲས་ལ་ངེས་པ་སྐྱེད་པའི་གཏམ་རྒྱུད་མང་དུ་ཡོད་མོད་ཀྱི། འདིར་མངས་པར་འགྱུར་བས་མ་བྲིས་ཏེ་ལུང་ལས་རྟོགས་པར་བྱའོ། །དེ་ནས་བཅོམ་ལྡན་འདས་འཁོར་དང་བཅས་པ་མཚོ་མ་དྲོས་པ་ནས་མི་སྣང་བར་གྱུར་ཏེ། མཉན་ཡོད་ཀྱི་གནས་རི་དྭགས་འཛིན་གྱི་མ་ས་གའི་ཀུན་དགའ་ར་བར་བྱོན་ཏོ། །ས་གས་དེ་ཐོས་ནས་མ་དྲོས་པར་བྱོན་པའི་འཁོར་ལྔ་བརྒྱ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་གདུགས་ཚོད་རྒྱ་ཆེར་གསོལ་ཏོ། །དེ་ནས་ཡུལ་ཐིགས་པ་ཅན་དུ་གཤེགས་ཤིང་ཐིགས་པ་ཅན་གྱི་སྐྱེ་བོ་
རྣམས་དང༌། དེ་དག་གི་ཉེ་དུ་ཡི་དྭགས་ལྔ་བརྒྱ་བདེན་པ་ལ་བཀོད་ནས། བྲམ་ཟེ་སྨྲ་འདོད་ཀྱི་སེང་གེ་རབ་ཏུ་བྱུང༌། དྲི་ཞིམ་པོ་ལ་སོགས་པ་འདོད་པའི་ཡོན་ཏན་གྱི་ཐབས་མཁས་ལ་བརྟེན་ནས་དགྲ་བཅོམ་པ་ལ་བཀོད། ཉན་ཐོས་བདུག་པས་རྣམ་པར་གྲོལ་བའི་མཆོག་ཏུ་ལུང་བསྟན་ཏོ། །བརྒྱ་བདུན་པ་ཤཱཀྱ་ལྷག་མ་རྣམས་བདེན་པ་ལ་བཀོད་པ་ནི། དེ་ནས་བཅོམ་ལྡན་འདས་སེར་སྐྱ་དང་མཉན་ཡོད་ཀྱི་བར་མཚམས་ཤཱཀྱ་རྣམས་ཀྱི་གྲོང་རྡལ་མི་ཙུ་རུ་དི་ཞེས་བྱ་བར་ཡུན་རིང་དུ་བཞུགས་ཏེ། ཤཱཀྱའི་རིགས་ཤས་ཆེ་བ་དང༌། གཞན་ཡང་སྐྱེ་བོ་མང་པོ་བདེན་པ་ལ་བཀོད་དོ། །དེའི་ཚེ་རྒྱལ་པོ་གསལ་རྒྱལ་གྱི་བུ་བཞོན་ནུ་འཕགས་སྐྱེས་པོ་ནི་མདུན་ན་འདོན་གྱི་བུ་བྲམ་ཟེའི་ཁྱེའུ་མ་ལ་གནོད་ཅེས་བྱ་བ་སྡིག་པའི་གྲོགས་པོར་གྱུར་ནས། ཡབ་རྒྱལ་པོ་གསལ་རྒྱལ་དང༌། བླཽན་པོ་ལྔ་བརྒྱ་པོ་རྣམས་ཀྱི་བར་དུ་ཕྲ་མ་བཅུག་སྟེ། བླཽན་པོ་སྤྱོད་པའི་བུ་རིང་པོ་མ་གཏོགས་ཐམས་ཅད་རྒྱལ་པོ་གསལ་རྒྱལ་ལ་འཁོན་དུ་འཛིན་ལ། ཡབ་གསལ་རྒྱལ་ནི་བུ་ལ་སྙིང་ཉེ་བས་དོགས་པ་མི་བྱེད་དོ། །དེ་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་མ་མཐོང་བར་རིང་ཞིག་ལོན་པས་སྐྱོ་བར་གྱུར་ཏེ། བཅོམ་ལྡན་འདས་གང་ན་བཞུགས་ཞེས་དྲིས་པ་ན། གྲོང་རྡལ་མི་ཙུ་རུ་དི་ན་བཞུགས་ཏེ་ཤཱཀྱ་རྣམས་ལ་ཆོས་སྟོན་ནོ་ཞེས་ཞུས་སོ། །དེ་ནས་རྒྱལ་པོ་གསལ་རྒྱལ་སྤྱོད་པའི་བུ་རིང་པོ་དང༌། གཞན་ཡང་འཁོར་མང་པོ་དང་ལྷན་ཅིག་གྲོང་རྡལ་མི་ཙུ་རུ་དིར་ཕྱིན་ཏེ། ཐོར་ཚུགས་ཟེའུ་ཁ་དང༌། གདུགས་དང༌། རལ་གྲི་དང༌། རྔ་ཡབ་དང༌། ལྷམ་སྟེ་རྒྱལ་པོའི་ཆས་ལྔ་པོ་ཕུད་ནས་སྤྱོད་པའི་བུ་རིང་པོ་ལ་གཏད་དེ། གཙུག་ལག་ཁང་གི་སྒོ་དྲུང་ནས་གཡོག་རྣམས་ལ་ཕྱི་ལྟས་སུ་བྱེད་དོ། །དེར་རྒྱལ་པོའི་ལས་གསང་བ་ཞིག་ཡོད་པར་གོ་ནས་འཁོར་རྣམས་དེ་ཉིད་དུ་འདུག་གོ །དེར་ནང་དུ་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་བྱས་ཏེ་རབ་ཏུ་དད་པས་ཞུ་བ་མང་པོ་ཞུས་ཤིང༌།
བཅོམ་ལྡན་འདས་ཀྱིས་ཀྱང་ཆོས་ཀྱི་རྣམ་གྲངས་བདུད་རྩི་ལྟ་བུ་རྒྱ་ཆེར་བཀའ་སྩལ་ཏོ། །དེར་ཡུན་རིང་དུ་ཐོགས་པ་ནས་སྤྱོད་པའི་བུ་རིང་པོས་བསམས་པ། ད་ནི་འཕགས་སྐྱེས་པོ་རྒྱལ་སྲིད་དུ་མ་བསྐོས་ན། འདིས་ཡབ་གསལ་རྒྱལ་བཀྲོང་པར་འགྱུར་བའི་གནས་ཀྱང་ཡོད་ལ། བདག་ལ་ཡང་གནོད་པར་འགྱུར་རོ་སྙམ་སྟེ། རྒྱལ་པོའི་ཆས་ལྔ་པོ་ཁྱེར་ནས་མཉན་ཡོད་དུ་ལྡོག་སྟེ་འཕགས་སྐྱེས་པོ་རྒྱལ་སྲིད་ལ་བསྐོས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་སྟོན་པའི་ཞབས་ལ་ཕྱག་བཙལ་ནས་གཙུག་ལག་ཁང་གི་ཕྱིར་འོངས་པ་ན་གཡོག་དང་བཞོན་པ་སུ་ཡང་མེད་དེ་གཏམ་དྲིས་པ་ན། དེ་དག་སོང་ནས་རིང་ཞིག་ལོན་ནོ་ཞེས་ཟེར་བས། རྒྱལ་པོ་རང་ཉིད་རྐང་པས་ཅུང་ཟད་སོང་བ་ན། བཙུན་མོ་གཉིས་འོངས་པ་དང་ཕྲད་ནས་ཇི་ལྟར་གྱུར་པ་བསྙད་པ་ན། ང་ནི་འཕགས་སྐྱེས་པོ་རྒྱལ་སྲིད་འབྱོར་པ་དང་བདེ་བར་སྤྱོད་པར་གྱུར་ཅིག་ཅེས་རྟག་ཏུ་སྨོན་པ་ཡིན་ན། དེང་དེས་རྒྱལ་སྲིད་ཐོབ་ན་ལེགས་ཀྱི། འཕྲེང་ལྡན་མ་ཁྱོད་སྔར་ངའི་རྒྱལ་སྲིད་ཀྱི་བདེ་བ་ཉམས་སུ་མྱོང་ཟིན་ལ། ད་ནི་སོང་ལ་བུའི་རྒྱལ་སྲིད་ཉམས་སུ་མྱོང་བར་གྱིས་ཤིག་ཅེས་ཟེར་ཏེ་དབྱར་ཚུལ་མ་དང་ལྷན་ཅིག་རྒྱལ་པོའི་ཁབ་ཏུ་སོང་ངོ༌། །དེ་ནས་འཕགས་སྐྱེས་པོས་ཤཱཀྱ་རྣམས་འཇོམས་པའི་ཕྱིར་དམག་ཆས་ཏེ་འོངས་པ་ལ། སྟོན་པས་དགོངས་ན། ད་དུང་ཤཱཀྱའི་རིགས་བདེན་པ་མ་མཐོང་བ་མང་པོ་དག་ཡོད་པར་གཟིགས་ཏེ་ལམ་མཁར་ཤིང་ཤ་ཁོ་ཊ་བསྐམས་པས་ལོ་མ་སྲབ་པ་གྲིབ་མ་ཆུང་བ་ཞིག་གི་དྲུང་དུ་བཞུགས་སོ། །འཕགས་སྐྱེས་པོས་མཐོང་ནས་ཞབས་ལ་ཕྱག་བྱས་ཏེ། ཅིའི་ཕྱིར་ལྗོན་ཤིང་བཟང་པོ་གཞན་སྤངས་ཏེ་འདིར་བཞུགས་པ་ལགས། བཀའ་སྩལ་པ། འདི་ནི་ངའི་ཉེ་དུ་རྣམས་ཀྱིས་བསྐྱེད་བསྐྱེད་པ་ཡིན་པས་གཉེན་བཤེས་ཀྱི་གྲིབ་མ་འདི་ནི་རབ་ཏུ་བསིལ་ལོ། །དེར་འཕགས་སྐྱེས་པོ་བཅོམ་ལྡན་འདས་ནི་ཉེ་དུ་ཤཱཀྱ་རྣམས་ལ་ཐུགས་བརྩེའོ་སྙམ་སྟེ་ལན་ཅིག་
དམག་ཕྱིར་ལྡོག་སྟེ་སོང་ངོ༌། །དེར་བཅོམ་ལྡན་འདས་ཀྱིས་སེར་སྐྱ་དང་ལྷས་བསྟན་དུ་བྱོན་ཏེ། ཤཱཀྱ་རྣམས་ལ་སླར་ཡང་དབང་པོ་དང་འཚམ་པར་ཆོས་བསྟན་པས་སྔར་བདེན་པ་མ་མཐོང་བའི་ཤཱཀྱ་རིགས་གང་ཡིན་པ་ཐམས་ཅད་ཀྱང་བདེན་པ་མཐོང་སྟེ། ཁྱེའུ་དང་བུ་མོ་བཙས་ནས་རིང་པོ་མ་ལོན་པ་ཤིན་ཏུ་ཤེད་མ་བྱེ་བའི་རིགས་དང༌། ལོག་སྲེད་ཅན་རེ་རེ་ཙམ་མ་གཏོགས། ཤཱཀྱ་རིགས་ཀྱི་སྐྱེས་པ་དང་བུད་མེད་དང་ཁྱེའུ་དང་བུ་མོ་དང་དེ་རྣམས་ཀྱི་བྲན་ཕོ་བྲན་མོ་ཞོ་ཤས་འཚོ་བ་དག་ཐམས་ཅད་ཀྱིས་བདེན་པ་མཐོང་སྟེ། སེར་སྐྱ་གཞི་ལ་སོགས་པ་ཤཱཀྱའི་ཡུལ་རྣམས་སུ་འཕགས་པ་འབའ་ཞིག་མ་གཏོགས་སོ་སོ་སྐྱེ་བོ་འབད་པས་བཙལ་ཀྱང་མི་རྙེད་པ་ལྟ་བུར་གྱུར་ཏོ། །དེ་ལྟར་ན་བཅོམ་ལྡན་འདས་ཀྱི་སྐུའི་ཉེ་དུ་དང༌། དེའི་ཕྱོགས་སུ་བརྟེན་པ་ཐམས་ཅད་ཀྱང་གཏན་གྱི་བདེ་བ་བླ་ན་མེད་པ་ཐོབ་བོ། །སྐབས་དེར་རྒྱལ་པོ་གསལ་རྒྱལ་དང༌། སྡིག་ཅན་འཕགས་སྐྱེས་པོའི་ཐ་མའི་བྱ་བ་དང༌། ཤཱཀྱ་བདུན་ཁྲི་བདུན་སྟོང་ཁ་བཏགས་པ་སོགས་ཤཱཀ་རིགས་ཀྱི་བདེ་སྡུག་མྱོང་ཚུལ་འཇིགས་སུ་རུང་བ་བྱུང་ངོ༌། །བརྒྱ་དང་བརྒྱད་པ་བྲམ་ཟེ་གང་པོ་བྱང་ཆུབ་ཏུ་ལུང་བསྟན་པ་ནི། དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རི་ལ་བྲམ་ཟེ་གང་པོ་ཞེས་བྱ་བ་འབྱོར་པ་ཆེན་པོ་དང་ལྡན་པ་ཞིག་མཆོད་སྦྱིན་རྒྱ་ཆེན་པོ་གཏོང་བ་ལ་ཞུགས་པ་ན། མུ་སྟེགས་བྱེད་དང་བྲམ་ཟེ་ཐམས་ཅད་དེའི་མཆོད་སྦྱིན་གྱི་སར་འོངས་ཤིང་སྦྱིན་པ་ལེན་པར་བྱེད་པ་ལ་དེས་བསམས་པ། ཀྱེ་མ་དགེ་སྦྱོང་གཽ་ཏ་མ་དེ་བདག་གི་མཆོད་སྦྱིན་ལེན་པར་འོངས་ཀྱང་ཅི་མ་རུང་སྙམ་མོ། །བཅོམ་ལྡན་འདས་ཀྱིས་དེ་མཁྱེན་ནས་འཁོར་དགེ་སློང་སྟོང་དང་ལྷན་ཅིག་གནས་དེར་གཤེགས་ནས། ཇི་ལྟར་བྲམ་ཟེ་དེ་རྣམས་དང་སློང་མོ་དེ་རྣམས་ཀྱིས་བཅོམ་ལྡན་འདས་ཉག་གཅིག་མ་གཏོགས་འཁོར་རྣམས་མི་མཐོང་བར་བྱིན་གྱིས་བརླབས་སོ། །དེ་ནས་སྟོན་པ་བྱོན་པ་བྲམ་ཟེ་གང་བོས་
མཐོང་ནས། དགེ་སྦྱོང་ཚུར་བྱོན་བདག་གི་མཆོད་སྦྱིན་ལ་ལོངས་སྤྱོད་ཅིག །བཀའ་སྩལ་པ་དང་པོར་ངའི་ལྷུང་བཟེད་འདི་གང་བར་གྱིས་ཤིག །ཕྱིས་ལོངས་སྤྱད་པར་བྱའོ། །དེར་ཁ་ཟས་མང་པོ་བླུགས་ཀྱང་ལྷུང་བཟེད་དེ་མ་གང་ནས་བྲམ་ཟེ་ང་རྒྱལ་བསྐྱེད་དེ། ཀྱེ་མ་ལྷུང་བཟེད་འདི་དགང་བར་མ་ནུས་པར་བདག་མཆོད་སྦྱིན་བྱེད་པ་ལྟ་སྙམ། བུངས་བསྐྱེད་དེ་བླུགས་པ་ན་སྐྱེ་བོ་སྟོང་ཕྲག་གཅིག་ཚིམ་པར་འགྱུར་བའི་ཁ་ཟས་ཤོང་ཞིང་དེས་ནི་གང་བར་བྱིན་གྱིས་བརླབས་སོ། །དེ་ན་རེ། དགེ་སྦྱོང་གཽ་ཏ་མ་སྣོད་གང་བར་གྱུར་གྱི་ད་ནི་ལོངས་སྤྱད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་བརྟུལ་ཏེ། བྲམ་ཟེ་ལ་སོགས་པ་སྐྱེ་བོ་དེ་ཐམས་ཅད་ཀྱིས་དགེ་སློང་སྟོང་ཡང་དེ་ཉིད་དུ་འདུག་པ་མཐོང༌། བྲམ་ཟེ་དེའི་བཀང་སར་བཅོམ་ལྡན་འདས་འཁོར་དང་བཅས་པ་གདུགས་ཚོད་གསོལ་ཞིང༌། བྲམ་ཟེ་དེ་ཡང་རབ་ཏུ་དད་པ་ཆེན་པོ་སྐྱེས་ཏེ་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསོད་སྙོམས་གསོལ་ནས། མཐར་སྟོན་པ་ལ་ན་བཟའ་འབུམ་རི་བ་དང༌། དགེ་སློང་རྣམས་ལའང་ན་བཟའ་ཕྲུགས་རེ་ཕུལ་ཏེ་བླ་ན་མེད་པའི་སངས་རྒྱས་ཐོབ་པར་སྨོན་ལམ་བཏབ་བོ། དེ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་ལུང་ཡང་བསྟན་ཏེ། དེ་དག་ལ་སོགས་པ་སྔ་ཕྱིར་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་སྨོན་ལམ་བཏབ་ལ། ལུང་བསྟན་པ་ཡང་དཔག་ཏུ་མེད་པ་ཞིག་གོ །བརྒྱ་དགུ་པ་མི་ཉམས་པའི་རྒྱུ་གསུངས་བ་ནི། དེ་ནས་སྟོན་པ་རྒྱལ་པོའི་ཁབ་ཏུ་བྱོན་ནས་འོད་མའི་ཚལ་ན་བཞུགས་པའི་དུས་ཤིག་ན། མཆོག་ཟུང་གཅིག་མྱ་ངན་ལས་འདས་པའི་གཏམ་རྒྱུད་སྦྱར་བར་བྱའོ། །དེ་ནས་སྟོན་པ་བྱ་རྒོད་ཀྱི་ཕུང་པོའི་རི་ལ་བཞུགས་པ་ན། རྒྱལ་པོ་མ་སྐྱེས་དགྲས་བྲམ་ཟེ་དབྱར་བྱེད་སྟོན་པའི་སྤྱན་སྔར་བཏང་ནས། ངས་སྤོང་བྱེད་པ་རྣམས་རྨེག་མེད་པར་བྱ་ན། བཀའ་ཅི་སྩལ་ཞེས་ཞུས་ཤིག །བཅོམ་ལྡན་འདས་ཀྱིས་ཇི་སྐད་ལུང་བསྟན་པ་དེ་ཟུངས་ཤིག་ཟེར་རོ། །
དབྱར་བྱེད་ཀྱིས་ཀྱང་དེ་ལྟར་ཞུས་པ་ན་བཀའ་སྩལ་པ། ངས་སྤོང་བྱེད་པ་ལ་ཉམས་པར་མི་འགྱུར་བའི་རྒྱུ་བདུན་བཤད་དོ། །བདུན་ནི། ཡང་དང་ཡང་དུ་འདུ་ཞིང་འདུ་བ་ལ་རིང་དུ་གནས་པ་དང༌། འགྲོ་འདུག་དང་དགོས་པ་དང་བྱ་བ་མཐུན་པར་གནས་པ་དང༌། སྨོན་པར་བྱ་བ་མ་ཡིན་པ་ལ་མི་མོས་སྨོན་པ་མི་འདོར་ཁྲིམས་བཅས་པ་བཞིན་དུ་སྤྱོད་པ་དང༌། བུད་མེད་བགྲོད་བྱ་མ་ཡིན་པ་ལ་མི་བགྲོད་པ་དང༌། རྒན་རབས་ལ་བཀུར་བསྟི་བྱེད་ཅིང་ཚིག་ཉན་པ་དང༌། མཆོད་རྟེན་ལ་མཆོད་ཅིང་སྔོན་གྱི་མཚན་མ་མི་འདོར་བ་དང༌། ཡུལ་གྱི་དགྲ་བཅོམ་པ་རྣམས་ལ་དད་པས་བསྙེན་བཀུར་བྱེད་པའོ། །སྤོང་བྱེད་པ་རྣམས་དེ་དག་གཅིག་དང་ལྡན་ནའང་མ་སྐྱེས་དགྲས་ཐུབ་པར་མི་འགྱུར་ན། བདུན་དང་ལྡན་ན་ལྟ་ཅི་སྨོས་གསུང༌། དེ་ནས་བྲམ་ཟེ་དབྱར་བྱེད་སོང་ངོ༌། །དགེ་སློང་ཐམས་ཅད་བསྡུས་ཏེ་དགེ་འདུན་ཉམས་པར་མི་འགྱུར་བའི་རྒྱུ་བདུན་གསུངས་ཏེ། དང་པོ་གསུམ་སྤོང་བྱེད་པའི་སྐབས་དང་འདྲ། ལྷག་མ་བཞི་ནི་འདོད་ཆགས་ཀྱི་དབང་དུ་མ་གྱུར་པ་དང༌། གནས་བརྟན་རྒན་རིམ་ལ་བསྙེན་བཀུར་བྱེད་པ་དང༌། དབེན་པར་གནས་མལ་འཆའ་བ་དང༌། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་དད་པས་ཆོས་གོས་ལ་སོགས་པ་བསྙེན་བཀུར་བྱེད་པའོ། །གཞན་ཡང་ཉམས་པར་མི་འགྱུར་བའི་ཆོས་བདུན་ཚན་མང་པོ་དང༌། ཀུན་ཏུ་དགའ་བར་འགྱུར་བའི་ཆོས་དྲུག་གསུངས་སོ། །བརྒྱ་བཅུ་པ་ཡངས་པའི་ལམ་དུ་བཞུད་པ་ནི། དེ་ནས་ཡངས་པ་ཅན་པ་རྣམས་ཀྱིས་སྤྱན་འདྲེན་པའི་ཕོ་ཉ་བཏང་བ་ལྟར། བྱ་རྒོད་ཕུང་པོའི་རི་ནས་འོད་མའི་དབྱུག་པ་ཅན་གྱི་གྲོང་དུ་བྱོན་ནས་ནུབ་གཅིག་བཞུགས་ཏེ། ནངས་པར་གྲོང་ཁྱེར་དམར་བུ་ཅན་དུ་གཤེགས་ནས་དེར་གནས་པའི་ཁྱིམ་པ་རྣམས་ལ་བག་མེད་པའི་ཉེས་དམིགས་ལྔ་གསུངས་པ་ནི། ལོངས་སྤྱོད་ལས་ཉམས་པ་དང༌། ཚོགས་སུ་འགྲོ་ན་ཞུམ་པ་དང༌། གྲགས་པ་ངན་པ་དང༌། རང་འགྱོད་པ་དང༌། ཤི་
ནས་ངན་སོང་དུ་འགྲོ་བའོ། །བག་ཡོད་པ་ལ་ནི་དེ་ལས་ལྡོག་པའི་ཕན་ཡོན་ལྔ་གསུངས་ཏེ། དེའི་ནུབ་མོ་ཁྱིམ་པ་རྣམས་ཀྱིས་གནས་དེར་བཞུགས་པར་གསོལ་བ་བཏབ་པས་དམར་བུ་ཅན་གྱི་འདུག་གནས་སུ་བཞུགས་སོ། །དེའི་ཚེ་ཡང་བྲམ་ཟེ་དབྱར་བྱེད་ཀྱི་སྤོང་བྱེད་པ་རྣམས་གཞོམ་པའི་ཕྱིར་དམར་བུ་ཅན་དུ་གྲོང་ཁྱེར་རྩིག་སྟེ། ལྷ་མཐུ་ཆེ་བས་འདྲེས་བྱེད་པ་དང༌། གྲོང་ཁྱེར་གྱི་མཆོག་ཏུ་འགྱུར་བ་དང༌། འཇིགས་པ་གསུམ་འབྱུང་བར་ལུང་བསྟན་པའི་བར་གོང་བཞིན་ནོ། །དེ་ཡང་སྔ་མ་བྱང་ཕྱོགས་འདུལ་བ་དང་འབྲེལ་ཆགས་སུ་བྱུང་བ་དེ་ནི་དམར་བུ་ཅན་གྱི་གྲོང་ཁྱེར་རྩིག་པ་ཙམ་ཡིན་ལ། འདིར་སྤོང་བྱེད་པ་རྣམས་གཞོམ་པ་ཞེས་འབྱུང་སྟེ། རྫོང་དང་བཙན་གནས་དང་འཐབ་ཆས་བྱཻད་པ་ཡིན་པས་ཁྱད་པར་ནི་དེ་ཡིན་ནོ། །དེའི་ནངས་པར་བྲམ་ཟེ་དབྱར་བྱེད་ཀྱིས་གདུགས་ཚོད་གསོལ་ཏེ། དམར་བུ་ཅན་གྱི་གྲོང་ཁྱེར་པ་རྣམས་ཀྱི་དོན་དུ་དགེ་བ་བསྔོ་བར་ཞུས་ཤིང་སྟོན་པས་ཀྱང་དེ་ལྟར་མཛད་ནས་གྲོང་ཁྱེར་གྱི་དབུས་ནས་ནུབ་སྒོར་གཤེགས། ཕྱི་རོལ་དུ་ཕེབས་ཏེ་བྱང་ཕྱོགས་སུ་འཁྱོགས་ནས་གདྒཱའི་ཚུ་རོལ་གྱི་འགྲམ་ནས་མི་སྣང་བར་གྱུར་ཏེ་ཕ་རོལ་གྱི་འགྲམ་དུ་སྐད་ཅིག་གིས་སྣང་བར་མཛད་པ་དེ་ལྟ་བུའི་ཆོ་འཕྲུལ་གྱིས་གཤེགས་སོ། །དགེ་སློང་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱང་དེ་དང་འདྲ་ལ། འཁོར་ཕལ་པ་རྣམས་ནི་གྲུ་དང་སྤང་ལེབ་དང༌། རྩ་རྫིང་ལ་སོགས་པ་ཐབས་སྣ་ཚོགས་ཀྱིས་སོང་ངོ༌། དེ་ནས་གདྒཱའི་བྱང་ངོས་གྲོང་ཁྱེར་དཔྱིལ་པོ་ཅན་བརྒྱུད་དེ་བྱང་ཕྱོགས་ཤ་པའི་ཚལ་ན་བཞུགས་ཏེ། དགེ་སློང་རྣམས་ལ་བསླབ་པ་བསྲུངས་པའི་ཕན་ཡོན་གསུངས་ཏེ་གྲོང་ཁྱེར་སྒྲ་ཅན་དུ་བྱོན་ཏོ། །དེར་སྔ་རོལ་ལོ་དེ་ནང་དུ་མི་ངས་ཆེན་པོ་བྱུང་སྟེ་དགེ་བསྙེན་ཀ་ཊ་ཀ་ལ་སོགས་པ་མང་པོ་དུས་ལས་འདས་པ་ཐོས་ནས་དགེ་སློང་རྣམས་ཀྱིས་དུས་ལས་འདས་པ་དེ་དག་གར་སྐྱེ་ཞུས་པས། དགེ་བསྙེན་ཀ་ཊ་ཀ་ཕྱིར་མི་འོངས་པ་ཡིན་པས་གཟུགས་
ཁམས་སུ་སྐྱེས་ནས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། གཞན་དགེ་བསྙེན་སུམ་བརྒྱ་ནི་ཕྱིར་མི་འོངས་ཡིན། ལྔ་བརྒྱ་ནི་རྒྱུན་ཞུགས་ཡིན། ཁྱེད་དེ་བཞིན་གཤེགས་པ་ལ་དུས་ལས་འདས་སོ་དུས་ལས་འདས་སོ་ཞེས་ཞུ་བ་ནི་མཐོ་འཚམ་པ་ཡིན་ཏེ། སྐྱེ་བ་ཡོད་ན་འཆི་བ་འབྱུང་བས་དེ་ངོ་འཚར་མི་ཆེའོ། །ཞེས་རྟེན་འབྲེལ་ལུགས་འབྱུང་ལུགས་ཟློག་གསུངས་ནས་ཆོས་ཀྱི་མེ་ལོང་ཤེས་ནས་དད་པ་དང༌། འཕགས་པ་དགྱེས་པའི་ཚུལ་ཁྲིམས་གཉིས་གསུངས་ནས་ཡངས་པ་ཅན་དུ་བྱོན་ཏེ་ཨ་མྲ་སྐྱོང་མའི་ཚལ་ན་བཞུགས་སོ། །དེར་ཨ་མྲ་སྐྱོང་མ་འོངས་པ་དང༌། ལིཙྪ་བཱི་རྣམས་ཀྱང་འོངས་པ་དང༌། བྲམ་ཟེ་སེར་སྐྱས་བླ་གོས་ལྔ་བརྒྱ་ཕུལ་ཞིང༌། སངས་རྒྱས་འཇིག་རྟེན་དུ་བྱོན་ན་ངོ་མཚར་ཆེ་བའི་ཆོས་ལྔ་འཇིག་རྟེན་དུ་འབྱུང་སྟེ། །ཆོས་སྟོན་པ་དང༌། གུས་པས་ཉན་པ་དང༌། ཐོས་ནས་དགའ་བ་དང༌། དེ་སྒྲུབ་པ་དང༌། དོན་ཟབ་མོ་སོ་སོར་རྟོགས་པའོ་ཞེས་གསུངས་པའི་བར་སྔར་དང་འདྲའོ། །བརྒྱ་བཅུ་གཅིག་པ་ཤ་བའི་ཚལ་དུ་བསྟན་པ་ནི། དེ་ནས་འོད་མ་ཅན་གྱི་གྲོང་ཁྱེར་དུ་བྱོན་ནས་ཤིང་ཤ་པའི་ཚལ་དུ་བཞུགས་ཏེ། དེའི་ཚེ་མུ་གེ་ཆེན་པོ་བྱུང་བས་དགེ་སློང་སྨོས་མགྲིན་དང་ངོ་ཤེས་ཡོད་པ་རྣམས་དེ་དག་ལ་བརྟེན་པ་དང༌། བཅོམ་ལྡན་འདས་སྐུ་བསྙུན་ཚབས་ཆེན་པོ་བྱུང་བ་སོགས་ཀྱང་གོང་དང་འདྲ། དེར་དགོངས་པ་ད་ལྟ་དགེ་འདུན་འཐོར་བས་མྱ་ངན་ལས་འདའ་བའི་དུས་མ་ཡིན་གྱི། བདག་གི་ཚོར་བ་གཅིག་པུ་འདི་བརྩོན་འགྲུས་ཀྱིས་བཅིལ་ལ་མཚན་མ་མེད་པའི་ཏིང་ངེ་འཛིན་མངོན་སུམ་དུ་བྱས་ནས་གནས་པར་བྱའོ་དགོངས་ནས་དེ་ལྟར་མཛད་པས་ལྷག་པར་འཚོ་བར་གྱུར་ཏོ། །ཀུན་དགའ་བོས་གསོལ་བ། དེ་བཞིན་གཤེགས་པ་བསྙུན་ཚབས་ཆེན་པོས་ཐེབས་པས། བདག་ནི་དུག་འཚལ་བ་བཞིན་ཕྱོགས་ཀྱང་བསླད། ཆོས་རྣམས་ཀྱང་བསྐྱུད་པར་གྱུར་མོད། བདག་རེ་བ་ནི་དགེ་འདུན་རྣམས་ཀྱི་སླད་དུ་ཞལ་ཆེམས་ཅུང་
ཟད་ཅིག་བཀའ་མ་སྩལ་གྱི་བར་དུ་མྱ་ངན་ལས་མི་འདའོ་སྙམ་མོ། །བཀའ་སྩལ་པ། ཀུན་དགའ་བོ་གང་དགེ་འདུན་ནི་བདག་གི་ཡིན་ཏེ། བདག་གི་དགེ་འདུན་ལ་བརྟེན་པར་བྱའོ་སྙམ་པ་དེ་ནི་ཁ་ཆེམས་ཅུང་ཟད་སྨྲ་བར་འགྱུར་མོད། ང་ལ་ནི་དེ་འདྲའི་དགོངས་པ་མི་མངའ་བས་ཁ་ཆེམས་བསྟན་དུ་ཅི་ཡོད། ངས་རྟག་ཏུ་གོམས་པར་བྱས་པའི་བྱང་ཕྱོགས་སོ་བདུན་ནི་ཡང་དང་ཡང་དུ་བཤད་ཟིན་ཏོ། །ཀུན་དགའ་བོ་ང་ནི་རྒས་འཁོགས་ཏེ་གཉིས་ལ་བརྟེན་ནས་འཚོའོ། ཁྱོད་མྱ་ངན་མ་བྱེད་ཅིག །འདུས་བྱས་ལ་མི་འཇིག་པ་ག་ལ་ཡོད་དེ་གནས་མེད་དོ། །ཀུན་དགའ་བོ་དེ་ལྟ་བས་ན་བདག་ཉིད་སྐྱབས་དང༌། བདག་ཉིད་གནས་དང༌། བདག་ཉིད་གླིང་དང༌། ཆོས་སྐྱབས་སུ་བཙལ་བར་བྱ་ཡི། གཞན་མ་ཡིན་ནོ་ཞེས་གསུངས་སོ། །བརྒྱ་བཅུ་གཉིས་པ་ནོར་ཅན་གྱི་གཏམ་ནི། དེ་ནས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུའི་རྫིང་འགྲམ་གྱི་ཁང་པ་བརྩེགས་པ་ན་བཞུགས་སོ། །དེའི་ཚེ་ཡངས་པ་ཅན་ན་མི་བསོད་ནམས་དང་ལྡན་པ་བཞི་ཡོད་དེ། ཁྱིམ་བདག་ནོར་ཅན་དང༌། ནོར་ཅན་གྱི་ཆུང་མ་དང༌། ནོར་ཅན་གྱི་བུ་དང༌། ནོར་ཅན་གྱི་མནའ་མའོ། །སྐབས་དེར་ལི་ཙ་བཱི་རྣམས་ཀྱིས་ཁྲིམས་སུ་བཅས་ཏེ། བདག་ཅག་རེ་རེ་ནས་སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་གསོལ་ན་ཕྱི་མ་རྣམས་ཀྱིས་མི་ཐོབ་པས། ཚོགས་ཀྱིས་གསོལ་གྱི་གཅིག་གིས་མ་ཡིན་ནོ་ཞེས་དམ་བཅས་སོ། །དེར་ནོར་ཅན་གྱིས་ཁྲིམས་བཅས་པ་མ་ཐོས་ནས། སངས་རྒྱས་འཁོར་བཅས་གདུགས་ཚོད་ལ་སྤྱན་དྲངས་པས་གནང་ངོ༌། །དེ་མ་ཐག་ལི་ཙ་བཱི་ཚོགས་ཀྱིས་ཞུས་པས། བཀའ་སྩལ་པ། གནས་འཇོག་གི་བུ་དག །ནངས་པར་ནོར་ཅན་གྱིས་སྤྱན་དྲངས་ཟིན་ཏོ། །དེར་དེ་རྣམས་ལས་འགའ་ཞིག་ན་རེ། ནོར་ཅན་གྱིས་ཚོགས་ཀྱི་ཁྲིམས་ལས་འདས་སོ། །གཞན་དག་ན་རེ་དེས་ཁྲིམས་མ་ཐོས་སོ། ཁ་ཅིག་ན་རེ། དེ་སྐྱེས་བུ་མཆོག་ཡིན་པས་གདུགས་ཚོད་
གསོལ་དུ་ཆུག་ཅིག །ཅེས་ཟེར་ཏེ་གྱེས་སོ། །སང་སྔ་བར་ཀུན་དགའ་བོས་ལངས་ཏེ། དེར་ཕྱིན་ནས་ཤར་སྒོ་ནས་ཞུགས་པ་དང༌། གྲབས་སུ་བྱེད་པ་སུ་ཡང་མེད་དེ་སྨྲས་པ། ཅི་སྟོན་པ་དགེ་འདུན་དང་བཅས་པ་སྤྱན་དྲངས་ནས་སྙིང་ལས་ཆུང་ངུས་གནས་སམ། དེ་དག་ན་རེ། ཤར་སྒོའི་ཕྱོགས་འདི་ན་ནི་མ་མཆིས་ཀྱི། ལྷོ་སྒོ་ནས་ཞུགས་ཤིག་ཟེར་རོ། །དེར་ཤར་སྒོ་ནས་འཐོན་ཏེ་ལྷོ་སྒོ་ནས་ཞུགས་པ་ན་ལྷའི་ཞལ་ཟས་ལྟ་བུ་ཤིན་ཏུ་མང་པོ་སྟ་གོན་བྱས་པ་སོགས་མཐོང་ནས་ངོ་མཚར་སྐྱེས་སོ། །དེར་བཅོམ་ལྡན་འདས་འཁོར་དང་བཅས་པ་ལ་བསོད་སྙོམས་གསོལ་ཞིང་ཆོས་ཉན། དེའི་སང་ཉིན་ནོར་ཅན་གྱི་ཆུང་མས་གདུགས་ཚོད་གསོལ་བར་ཞུས་ཏེ་གནང་ངོ༌། །ནངས་པར་ཀུན་དགའ་བོས་ལྷོ་སྒོ་ནས་ཞུགས་པས་གྲབས་མ་བྱས་པ་སོགས་སྔར་དང་འདྲ། ཤར་སྒོ་ནས་ཞུགས་ཤིག ཞུགས་པས་སྔར་བཞིན་བཀོད་པ་ཕུན་སུམ་ཚོགས་པ་སོགས་གོང་མ་བཞིན་ནོ། །ཉི་མ་གསུམ་པ་ལ་ནོར་ཅན་གྱི་བུས་སྤྱན་དྲངས། ཀུན་དགའ་བོ་དང་པོར་ཤར་སྒོ་ནས་ཞུགས། དེ་ནས་ནུབ་སྒོ་ནས་ཞུགས་པས་སོགས་སྔ་མ་དང་འདྲ། ཉི་མ་བཞི་པ་ལ་ནོར་ཅན་གྱི་མནའ་མས་སྤྱན་དྲངས། ཀུན་དགའ་བོ་དང་པོར་ནུབ་སྒོ་ནས་ཞུགས། དེ་ནས་བྱང་སྒོ་ནས་ཞུགས་པ་སོགས་སྔར་དང་འདྲའོ། །དེ་སྐབས་ཉི་མ་ཕྱི་མ་དེ་རྣམས་ལ་ཡང་ཡངས་པ་ཅན་པའི་ཚོགས་ཀྱིས་སྤྱན་འདྲེན་གསོལ་བ་ན། དེ་དང་དེ་དག་གིས་སྤྱན་དྲངས་ཤིང་ཞལ་གྱིས་བཞེས་ཟིན་པ་ཁོ་ནར་གྱུར་ལ། ཉི་མ་བཞི་བའི་སྐབས་དེར་སྟོན་པ་འཁོར་བཅས་གདན་གཤམས་པ་ལ་བཞུགས་པ་ན། ཡངས་པ་ཅན་པའི་ལི་ཙ་བཱི་ཐམས་ཅད་དེའི་སྒོ་ན་འདུས་ཏེ། ནོར་ཅན་གཅིག་པུ་ལ་ནོར་ཡོད་དམ། འོ་སྐོལ་ལ་སངས་རྒྱས་མཆོད་པའི་སྐབས་མེད་པར་བྱེད། ད་བཅོམ་ལྡན་འདས་འཁོར་བཅས་འདིའི་ཁྱིམ་ནས་ཕར་གཤེགས་ཟིན་པ་ན། ཁྱིམ་གྱི་རྡོ་བ་རེ་རེ་རང་ཅག་མི་རེས་བཀོགས་ཏེ་ཁྱིམ་བཤིག་པར་བྱའོ་ཞེས་བྱས་སོ། །དེ་
ནས་བཅོམ་ལྡན་འདས་ཀྱིས་ནོར་ཅན་ལ་བཀའ་སྩལ་པ། ཡངས་པ་ཅན་པ་རྣམས་སྒོ་ན་འདུག་གི སོང་ལ་བཟོད་པར་གསོལ་ཤིག དེ་ཕྱིར་བྱུང་སྟེ་བཟོད་པ་གསོལ་བས། ཁྱོད་གཅིག་པུ་ལ་ནོར་ཡོད་དམ། བདག་ཅག་གིས་སྐབས་མི་རྙེད་པར་བྱེད། ཅེས་ཟེར་བ་ལ། ཁོ་བོས་ཚོགས་ཀྱི་ཁྲིམས་བཅས་པ་མ་ཐོས་ཀྱི་བཟོད་པ་མཛོད་ཅིག ཅེས་སྨྲས་པས་དེ་རྣམས་ཀྱིས་ཀྱང་བཟོད་པར་བྱས་སོ། །དེ་ནས་ཡངས་པ་ཅན་པ་རྣམས་ནང་དུ་བོས་པས། ནོར་ཅན་གྱི་གདན་དང་ཞལ་ཟས་ལ་སོགས་པ་མཆོད་པའི་ཡོ་བྱད་ལྷ་རྫས་དང་འདྲ་བ་ཁྱད་པར་ཅན་རྣམས་མཐོང་སྟེ། ངོ་མཚར་སྐྱེས་ནས་འབྱོར་པ་འདི་ལྟ་བུ་དང་ལྡན་པས་ཁྱོད་འབའ་ཞིག་གིས་སངས་རྒྱས་ལ་གདུགས་ཚོད་གསོལ་བར་འོས་སོ་ཞེས་བསྔགས་པ་བརྗོད་ཅིང༌། ནོར་ཅན་གྱིས་ཡངས་པ་ཅན་པ་དེ་རྣམས་ལ་རིན་པོ་ཆེ་དག་བྱིན་པ་ན། སྔོན་མ་མ་བླངས་པ་ལ། སྟོན་པས་ལོང་ཞིག་ཅེས་བཀའ་སྩལ་པས། དེ་དག་གིས་བླངས་པ་ན་གང་བླངས་པའི་ནོར་བུ་དེའི་ཁ་དོག་ཅི་འདྲ་བ་དེ་འདྲ་བར་མི་རྣམས་ཀྱི་ཁ་དོག་ཀྱང་དེ་ལྟ་བུར་སྣང་ངོ༌། །དེ་ནས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ནས་ནོར་ཅན་དང་ནོར་ཅན་གྱི་ཆུང་མ་དང་བུ་དང་མནའ་མ་ལ་སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་ཞིག་བདེན་པ་ལ་བཀོད་དོ། །བརྒྱ་བཅུ་གསུམ་པ་སྐུ་ཚེའི་འདུ་བྱེད་བཏང་བ་ནི། དེའི་རྗེས་སུ་ལི་ཙ་བཱི་རྣམས་ཀྱིས་ཀྱང་མཆོད་པས་ཡང་དག་པར་མཆོད། སྐྱེ་བོ་དཔག་ཏུ་མེད་པ་བྱང་ཆུབ་གསུམ་དུ་ངེས་པར་མཛད་དེ། དུས་ལན་ཅིག་བསོད་སྙོམས་མཛད་དེ་ཤིང་གཅིག་གི་དྲུང་དུ་བཞུགས་ནས་བཀའ་སྩལ་པ། ཀུན་དགའ་བོ་མི་རྣམས་ལ་ཚེ་གཅེས་ཏེ། གང་སུ་ཡང་རུང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ཞིང་སྒོམ་པ་ལན་མང་དུ་བྱས་པ་དེ་ནི་འདོད་ན་བསྐལ་པའམ་བསྐལ་པ་ལས་ལྷག་པའི་བར་དུ་ཡང་འདུག་གོ །དེ་བཞིན་གཤེགས་པས་ཀྱང་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་སྒོམ་ལན་མང་དུ་བྱས་པས་ན། བཞེད་ན་བསྐལ་
པའམ་བསྐལ་པ་ལས་ལྷག་པའི་བར་དུའང་བཞུགས་སོ། །ཞེས་བཀའ་སྩལ་ན་ཀུན་དགའ་བོ་ཅང་མི་ཞུའོ། །ལན་གཉིས་ལན་གསུམ་དུ་གསུངས་ཀྱང་མི་ཞུ་སྟེ། འདི་བདུད་ཀྱིས་ཁེབས་སོ་སྙམ་དུ་དགོངས་ནས། ཀུན་དགའ་བོ་ལ་བཀའ་སྩལ་པ། འོ་སྐོལ་གཉིས་འཁྲུགས་པོར་མི་འགྱུར་བའི་ཕྱིར། ང་ནི་འདིར་འདུག་ན། ཁྱོད་ཤིང་གཞན་གྱི་དྲུང་དུ་སོང་ཤིག །དེ་ནས་ཀུན་དགའ་བོ་ཤིང་གཞན་ཞིག་གི་དྲུང་དུ་སོང༌། བཅོམ་ལྡན་འདས་ཤིང་དྲུང་དེ་ན་ཉིན་བར་གྱི་སྤྱོད་ལམ་གྱིས་བཞུགས་པའི་དྲུང་དུ་བདུད་སྡིག་ཅན་འོངས་ཏེ། བཙུན་པ་ཁྱོད་སྔོན་སངས་རྒྱས་པའི་ཚེ། བདག་གིས་མྱ་ངན་ལས་འདའ་བར་མཛོད་ཅིག་ཅེས་ཞུས་པས། ང་འཁོར་རྣམ་པ་བཞི་ལ་ཚངས་པར་སྤྱོད་པ་བསྟན་ཏེ། ལྷ་མིའི་སྐྱེ་བོ་མང་པོ་ལ་རྒྱས་པར་མ་གྱུར་གྱི་བར་དུ་མྱ་ངན་ལས་མི་འདའོ་ཞེས་གསུངས་ན། ད་དེ་ལྟར་གྱུར་ལགས་ཀྱི། མྱ་ངན་ལས་འདའ་བའི་དུས་ལ་བབ་བོ། །བཀའ་སྩལ་པ། སྡིག་ཅན་ཁྱོད་རྩོམ་པ་མ་ཆེ་ཞིག །དེ་བཞིན་གཤེགས་པ་ཟླ་བ་གསུམ་ནས་འདའ་འོ། །དེར་བདུད་དེ་དགའ་ནས་མི་སྣང་བར་གྱུར་ཏོ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་ཚེའི་འདུ་བྱེད་ནི་བཏང༌། འཚོ་བའི་འདུ་བྱེད་ནི་བྱིན་གྱིས་བརླབས་སོ། །དེའི་ཚེ་ས་གཡོས། སྐར་མདའ་ལྟུང༌། ཕྱོགས་རྣམས་ནི་ཚིག ལྷའི་རྔ་རྡུང་ངོ༌། །དེར་ཀུན་དགའ་བོས་ས་གཡོས་པའི་རྒྱུ་ཞུས་པས། རླུང་གི་ཁམས་འཁྲུགས་པ་དང༌། རྫུ་འཕྲུལ་ཅན་གྱིས་ས་ཆུང་ཞིང་ཆུ་ཆེ་བར་བསྒོམས་པ་དང༌། བྱང་ཆུབ་སེམས་དཔའ་ལྷུམས་སུ་ཞུགས་པ་དང༌། བལྟམས་པ་དང༌། སངས་རྒྱས་པ་དང༌། ཆོས་འཁོར་བསྐོར་བ་དང༌། སྐུ་ཚེའི་འདུ་བྱེད་བཏང་བ་དང༌། མྱ་ངན་ལས་འདས་པ་སྟེ་རྒྱུ་བརྒྱད་གསུངས་པས་ཀུན་དགའ་བོ་དོགས་པ་སྐྱེས་ཏེ། བཅོམ་ལྡན་འདས་སྐུ་ཚེའི་འདུ་བྱེད་བཏང་བར་མ་གྱུར་ཏམ་ཞེས་ཞུས་པ་ན། དེ་བཞིན་ནོ་ཞེས་བཀའ་སྩལ། དེ་ནས་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་པར་
གསོལ་བ་བཏབ་པ་ན། ཀུན་དགའ་བོ་ཁྱོད་ཀྱིས་ཉེས་ཏེ། ངས་ལན་གསུམ་གྱི་བར་དུ་སྨྲས་ཀྱང་ཁྱོད་བདུད་ཀྱིས་ནོན་ཏེ་ཅང་མི་སྨྲའོ། །ད་ནི་འདོད་པའི་བདག་པོ་ལ་ཁས་བླངས་ཟིན་ཏེ། དེ་བཞིན་གཤེགས་པ་གཉིས་སུ་གསུང་པའི་གནས་མེད་དོ། །དེ་ནས་དགེ་སློང་ཐམས་ཅད་བསྡུ་བར་མཛད་དེ། འདུ་བྱས་ཐམས་ཅད་མི་རྟག་པ་ཡིན་ན། ཚེ་འདི་དང་ཕྱི་མ་ལ་གང་ཕན་པ་དང་བདེ་བ་དེ་བཟུང་བར་བྱ་སྟེ། དེ་གང་ཞེ་ན་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ནོ། །བརྒྱ་བཅུ་བཞི་པ་རྩྭ་ཅན་དུ་བཞུད་པ་ནི། དེ་ནས་ཡངས་པ་ཅན་གྱི་གྲོང་ཁྱེར་ལ་གཡས་ཕྱོགས་ནས་གཟིགས་ཏེ་ཕྱི་ལྟས་སུ་མཛད་ནས། འདི་ཡངས་པ་ཅན་ལ་གཟིགས་པའི་ཐ་མ་ཡིན་ནོ་ཞེས་གསུངས་ཤིང་དགེ་སློང་རྣམས་ལ་བསླབ་པ་གསུམ་གྱི་གདམས་པ་གསུངས་སོ། །དེ་ནས་རུ་ཏའི་གྲོང་དང༌། དུམ་པའི་གྲོང་དང༌། ཨ་མྲའི་གྲོང་དང༌། ཛམྦུའི་གྲོང་དང༌། རྫི་གྲོང་དང༌། ཤུར་བའི་གྲོང་དང༌། ལོངས་སྤྱོད་ཀྱི་གྲོང་དང༌། མལ་ལའི་གྲོང་སྟེ་གྲོང་ཁྱེར་བརྒྱད་པོ་དེ་དག་ཏུ་རིམ་ཅན་དུ་བྱོན་ནས། ལོངས་སྤྱོད་ཀྱི་གྲོང་གི་བྱང་ཕྱོགས་ཤིང་ཤ་པའི་ཚལ་དུ་བཞུགས་སོ། །དེར་ཡང་ས་གཡོས། སྐར་མདའ་ལྟུང༌། ཕྱོགས་ཚིག ལྷ་རྣམས་རྔ་རྡུང་བར་གྱུར་པ་ལ་རྒྱུ་ཞུས་པས། སྔར་གྱི་བརྒྱད་ལས་དང་པོ་གཉིས་དང་ཕྱི་མ་གསུམ་སྟེ་རྒྱུ་ལྔ་གསུངས་ནས། དགེ་སློང་རྣམས་ལ་མདོ་སྡེ་ལ་འཇུག འདུལ་བ་ལ་སྣང༌། ཆོས་ཉིད་དང་མི་འགལ་ན་ཆོས་ཡིན་གྱི། དེ་ལས་ལྡོག་ན་མ་ཡིན་ནོ། ཞེས་ནག་པོར་བསྟན་པ་དང༌། ཆེན་པོར་བསྟན་པ་བཀའ་སྩལ་ཏེ། དགེ་སློང་དག་མདོ་སྡེའི་མཐའ་ལ་བརྟེན་གྱི། གང་ཟག་ལ་བརྟེན་པར་མི་བྱའོ་ཞེས་གསུངས། དེ་ནས་མལ་ལའི་གྲོང་གི་ལྗོངས་རྒྱུ་ཞིང་གཤེགས་ནས། ས་པའི་གྲོང་གི་ཛ་ལུ་ཀའི་ཚལ་དུ་བཞུགས་སོ། །ཡུལ་དེའི་སྐྱེ་བོ་རྣམས་སྟོན་པའི་དྲུང་དུ་འོངས་པ་ལ་ཆོས་བསྟན་པས་དགའ་བར་མཛད་དེ། སྐྱེ་བོ་རྣམས་
སོང་བའི་འོག་ཏུ་མགར་བའི་བུ་ཙུན་དས་ནངས་པར་བཅོམ་ལྡན་འདས་འཁོར་དང་བཅས་པ་གདུགས་ཚོད་ལ་ཕེབས་པར་གསོལ་བ་བཏབ་པ་བཞིན། དེའི་ནངས་པར་བཅོམ་ལྡན་འདས་འཁོར་བཅས་ཕེབས་ཏེ་གདན་བཤམས་པ་ལ་བཞུགས། ལྕགས་གཞོང་གི་སྣོད་ནས་འབྲས་ཆེན་གསོལ་བ་ན། དགེ་སློང་སྡིག་པའི་ཆོས་ཅན་ཞིག་གིས་ལྕགས་གཞོང་བརྐུས་ཏེ་སྣམ་ཕྲག་ཏུ་སྦས་པ་སྟོན་པས་གཟིགས་ཏེ་མགར་བའི་བུ་ཙུན་ད་ལ་ཡང་གོ་བར་མཛད་དོ། །གདུགས་ཚོད་གསོལ་ཟིན་པ་ན། ཙུན་དས་དགེ་སློང་དུ་མཆིས་ཞེས་ཞུས་པས་བཀའ་སྩལ་པ། དགེ་སློང་བཞི་སྟེ་ལྔ་པ་མེད། ལམ་གྱིས་རྒྱལ་དང་ལམ་སྟོན་དང༌། །ལམ་གྱིས་འཚོ་དང་ལམ་སུན་འབྱིན། །དེ་ཉིད་ཤེས་ནས་ཁྱོད་ལ་སྨྲས། །ཞེས་སོགས་དྲི་ལན་རྒྱས་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་གྱི་ལྗོངས་རྒྱུ་ཞིང་གཤེགས་ཏེ། སྡིག་པ་ཅན་དང་ཆུ་བོ་དབྱིག་ལྡན་གྱི་བར་མཚམས་སུ་ཕེབས་ནས་སྐུ་རྒྱབ་མི་བདེ་སྟེ་སྣམ་སྦྱར་དབུ་འཕང་དུ་བཅུག །བླ་གོས་བཞི་ལྟབ་ཏུ་གཏིང་བའི་སྟེང་དུ་སྐུ་ངལ་གསོ་བའི་ཚུལ་དུ་གཟིམས་ནས་ཀུན་དགའ་བོ་ལ་ཆུ་ལོངས་ཞིག །བཏུང་བ་དང་ལུས་ལ་གཏོར་བར་བྱའོ་ཞེས་བཀའ་སྩལ། ཀུན་དགའ་བོས་ཆུ་ཀླུང་ཀ་ཀུ་ཏའི་འགྲམ་དུ་སོང་བ་ན། ཆུ་དེ་ལ་ཤིང་རྟ་ལྔ་བརྒྱ་བརྒལ་ནས་སོང་བས་ཤིན་ཏུ་རྙོག་མར་གྱུར་ཞིང༌། ཆུ་དྭངས་པ་གཞན་ཡང་མ་རྙེད་ནས་ལྷུང་བཟེད་གང་དེ་ཉིད་ནས་བླངས་ཏེ། འདིས་ཞབས་བསིལ་བ་དང༌། ཞལ་བཤལ་དུ་གསོལ། འདི་ནས་མི་རིང་བ་ན་ཆུ་བོ་དབྱིག་ལྡན་མཆིས་ཏེ་ཆུ་དེས་སྐུ་ལ་གདབ་པ་དང༌། མགུལ་དུ་གསོལ་བར་བགྱིའོ་ཞེས་ཞུས་ནས། ཆུ་དེས་ཞལ་བཤལ་ཞིང་ཞབས་བཀྲུས་པས་སྐུ་བདེ་བར་གྱུར་ཏེ་སྐྱིལ་ཀྲུང་བཅས་ཏེ་སྐུ་དྲང་པོར་བསྲང་ནས་བཞུགས་སོ། །དེར་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་གྱད་གཡུང་པོ་ཞེས་བྱ་བ་རིང་འཕུར་གྱི་ཚངས་པར་སྤྱོད་པ་ལ་དད་པ་ཞིག་བཅོམ་ལྡན་འདས་ཀྱི་ཆེ་བ་ལྷག་པར་
ཐོས་པས་རིངའཕུར་གྱི་གཙང་སྦྲའི་ཆོས་ལས་སངས་རྒྱས་ཀྱི་ཆོས་ལྷག་པར་གོ་སྟེ། རབ་ཏུ་དད་པས་བཅོམ་ལྡན་འདས་ལ་ན་བཟའ་རས་གསར་པ་གསེར་གྱི་ཁ་དོག་ལྟ་བུ་ཟུང་གཅིག་ཕུལ་ཏེ། བདག་གིས་སྟོན་པ་དགེ་འདུན་དང་བཅས་པ་ལ་རིམ་གྲོ་བགྱིའོ་ཞེས་ཁས་བླངས་སོ། །རས་དེའི་ཁ་ཚར་བཅད་དེ་དེ་མ་ཐག་སྐུ་ལ་གསོལ་ཞིང༌། དེ་ཉིད་དུ་བཅོམ་ལྡན་འདས་ཀྱི་སྐུའི་ཁ་དོག་སྔར་བས་གསལ་ཞིང་རབ་ཏུ་གསལ་ལ་ཤིན་ཏུ་སྣང་བར་གྱུར་ཏེ། ཀུན་དགའ་བོས་བདག་གིས་ལོ་ཉི་ཤུ་ལྷག་ཅིག་ཞབས་འབྲིང་དུ་བགྱིས་ན། སྐུའི་ཁ་དོག་གསལ་བ་འདི་ལྟ་བུ་སྔར་མ་མཐོང་སྟེ་འདིའི་རྒྱུ་གང་ལགས་ཞུས་པ་ན། གང་གི་ནུབ་མོ་བྱང་ཆུབ་སེམས་དཔའ་མངོན་པར་རྫོགས་པར་སངས་རྒྱ་བ་དང༌། གང་གི་ནུབ་མོ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བ་ན་གཞན་པས་ཁ་དོག་གསལ་བར་འགྱུར་རོ་ཞེས་གསུངས། དེ་ནས་ཡང་གཤེགས་ཏེ་ཆུ་བོ་དབྱིག་ལྡན་གྱི་འགྲམ་དུ་སྐུ་ཁྲུས་མཛད། དབྱིག་ལྡན་བརྒལ་ནས་ན་བཟའ་ཆིག་རྐྱང་གསོལ་ཏེ་སྐུ་སྐེམ་ཞིང་བཞུགས་ནས་ཀུན་དགའ་བོ་ལ་བཀའ་སྩལ་པ། མགར་བའི་བུ་ཙུན་ད་ལ་གཞན་དག་གིས་དེ་བཞིན་གཤེགས་པ་ལ་བསོད་སྙོམས་ཐ་མ་གསོལ་ནས་མྱ་ངན་ལས་འདས་པ་ནི་ཁྱོད་ཀྱིས་ལེགས་པ་མ་རྙེད་དེ་ཉེས་པ་རྙེད་པའོ་ཞེས་འགྱོད་པ་བསྐྱེད་འདུག་གི འདི་ལ་ཁྱོད་སོང་ལ་གནས་གཉིས་ཀྱིས་འགྱོད་པ་བསལ་དགོས་ཏེ། གང་དུ་བསོད་སྙོམས་གསོལ་ནས་སངས་རྒྱས་པ་དང༌། གང་དུ་བསོད་སྙོམས་གསོལ་ནས་མྱ་ངན་ལས་འདས་པ་གཉིས་རྣམ་སྨིན་མཉམ་སྟེ། ཚེ་དང་ཁ་དོག་དང༌། སྟོབས་དང་ལོངས་སྤྱོད་དང་བདེ་འགྲོ་དང་ཕྱུག་པ་དང་འཁོར་དང་བཅས་པར་འགྱུར་བའི་ལས་བྱས་ཤིང་བསགས་པ་ཡིན་ནོ་ཞེས་སྨྲོས་ཤིག །ཅེས་གསུངས་པ་ལྟར་ཀུན་དགའ་བོས་ཀྱང་དེའི་འགྱོད་པ་བསལ་ལོ། །དེ་ནས་བཅོམ་ལྡན་འདས་གྱད་ཡུལ་གྱི་ལྗོངས་རྒྱུ་ཞིང་རྩྭ་ཅན་གྱི་ལམ་གྱི་ཕྱེད་དུའང་
སྐུ་རྒྱབ་མི་བདེ་སྟེ། སྐུ་ངལ་གསོ་བའི་དོན་དུ་སྔོན་བཞིན་གཟིམས་པར་མཛད་དེ། ཀུན་དགའ་བོ་ལ་བྱང་ཆུབ་ཀྱི་ཡན་ལག་སྨོས་ཤིག་གསུངས། དེས་ཀྱང་བཤད་པ་ན། བརྩོན་འགྲུས་སྨྲས་སམ་གསུང་པ་ན། སྨྲས་ལགས་ཞུས་པས་བརྩོན་འགྲུས་ཀྱི་ཆེ་བ་བརྗོད་པར་མཛད་དེ་སྐྱིལ་ཀྲུང་བཅས་ནས་བཞུགས་སོ། །དེའི་ཚེ་དགེ་སློང་གཞན་ཞིག་གིས་ཀྱང་ཆོས་ཉན་པའི་ཆེ་བ་བརྗོད་དོ། །བརྒྱ་བཅོ་ལྔ་པ་རྩྭ་ཅན་དུ་བྱོན་པའི་མཛད་པ་ནི། དེ་ནས་བཅོམ་ལྡན་འདས་གྲོང་ཁྱེར་རྩྭ་ཅན་དུ་བྱོན་ནས་རྩྭ་ཅན་གྱི་གྱད་གྲོང་དང་ཉེ་བ་ཤིང་སཱ་ལ་ཟུང་གི་ཚལ་དུ་བྱོན་ནས་ཤིང་སཱ་ལ་ཟུང་གི་བར་དུ་ཁྲི་ཆོས་ལ་དབུ་འཕང་བྱང་དུ་སྟོན་ཞིག །དོ་ནུབ་ནམ་གྱི་གུང་ཐུན་ལ་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས། ཀུན་དགའ་བོས་ཀྱང་དེ་ལྟར་བྱས་ཏེ། དེ་བཞིན་གཤེགས་པ་དེར་ཕེབས་ནས་གློ་གཡས་པ་ཕབ། ཞབས་ཀྱི་སྟེང་དུ་ཞབས་བཞག སྣང་བའི་འདུ་ཤེས་དང༌། དྲན་པ་དང་ཤེས་བཞིན་དང་མྱ་ངན་ལས་འདའ་བའི་འདུ་ཤེས་མཛད་དོ། །དེར་ཀུན་དགའ་བོ་ཤིན་ཏུ་ཡིད་མི་བདེ་བར་གྱུར་པ་ཡང་དག་པར་གཟེངས་བསྟོད་དེ། ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་གྲོང་ཁྱེར་ཆེན་པོ་དྲུག་སྤངས་ནས་གྲོང་ཁྱེར་ངན་པ་ཐོ་ཤུ་ཙམ་འདིར་མྱ་ངན་ལས་འདའ་བ་གང་ལགས་ཞུས་པ་ན། འདི་ལ་གྲོང་ཁྱེར་ངན་པ་ཞེས་མི་བྱ་སྟེ། རྒྱལ་པོ་ཀུ་ཤ་ཅན་དང༌། རྒྱལ་པོ་ལེགས་མཐོང་ལ་སོགས་པའི་གཏམ་རྒྱུད་གསུངས་ནས་ཤིང་སཱ་ལ་ཟུང་གི་ཚལ་དང༌། གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་དཔག་ཚད་བཅུ་གཉིས་ཁོར་ཡུག་གི་གནས་འདིར་ངས་སྔར་འཁོར་ལོས་སྒྱུར་བའི་ལུས་དྲུག་བླངས་ཤིང་དོར་ལ། བདུན་པ་ནི་ད་ལྟར་གྱི་འདི་ཡིན་ཏེ། བརྒྱད་པ་ནི་འདོར་བའི་གནས་མེད་དོ། །དེའི་ཚེ་དགེ་སློང་དཔེ་ཅན་བཅོམ་ལྡན་འདས་ཀྱི་སྐུ་མདུན་ན་འདུག་གོ །ཀྱཻ་དགེ་སློང་ངའི་མདུན་དུ་མ་འདུག་པར་སོངས་ཤིག །ཅེས་བཀའ་སྩལ་པས་ཕྱིར་སོང་སྟེ། དེ་ཡང་དགེ་སློང་དེའི་གཟི་བརྗིད་ཀྱིས་ལྷ་རྣམས་དེར་འོང་བར་མི་ནུས་ཏེ།
སངས་རྒྱས་འབྱུང་བ་ནི་དཀོན་ལ། དོ་ནུབ་མྱ་ངན་ལས་འདའ་ན། དེ་སྤྱན་སྔར་ཡོད་པས་མཆོད་པའི་ཕྱིར་བདག་ཅག་གིས་འགྲོ་མ་ཐུབ་བོ་ཞེས་ལྷ་རྣམས་ཁ་ཟེར་བ་བཟློག་པའི་ཕྱིར་ཡིན་ནོ། །དེར་དཔག་ཚད་བཅུ་གཉིས་ཁོར་ཡུག་ཏུ་ལྷས་མ་ཁྱབ་པ་མེད་དེ། འཁར་བ་གཟུག་པའི་ཁྱོན་ཙམ་ཡང་སྟོང་པ་མེད་དོ། །དེ་ནས་ཀུན་དགའ་བོས་སྟོན་པའི་གདུང་ལ་མཆོད་པ་ཇི་ལྟར་བགྱི་བའི་ཚུལ་ཞུས་པས། འཁོར་ལོས་སྒྱུར་བའི་རྒྱལ་པོའི་གདུང་ལ་ཇི་ལྟར་བྱ་བ་བཞིན་བྱེད་ཚུལ་རྣམས་ཞུས་ལན་གྱི་ཚུལ་གྱིས་རྒྱས་པར་གསུངས་ནས། ཡང་ཀུན་དགའ་བོ་ལ་བཀའ་སྩལ་པ། རྩྭ་ཅན་གྱི་གྱད་རྣམས་ངེད་ཀྱི་ཉེ་འཁོར་དུ་སྟོན་པ་མྱ་ངན་ལས་འདས་མོད་ཀྱང༌། ངེད་ལ་སྦྲོན་མཁན་མ་བྱུང་བས་བསྙེན་བཀུར་མ་ཐུབ་བོ་ཞེས་ཕྱིས་འགྱོད་ཅིང་གྱོད་ཁ་རྡོལ་བར་ཡོང་བས། ཁྱོད་སོང་ལ་དེ་བཞིན་གཤེགས་པ་དོ་ནུབ་ཀྱི་གུང་ཐུན་ལ་མྱ་ངན་ལས་འདའ་བར་འགྱུར་བས་ཁྱེད་རྣམས་ཀྱིས་བྱ་བ་གང་ཡིན་པ་དེ་སྒྲུབས་ཤིག་ཅེས་སྦྲན་པར་བྱའོ། །ཀུན་དགའ་བོས་ཀྱང་དེ་ལྟར་བྱས་པས། རྩྭ་ཅན་གྱི་གྱད་རྣམས་རང་རང་གི་བུ་དང་ཆུང་མ་ལ་སོགས་པ་གཉེན་འདུན་རྣམས་དང་བཅས་ཏེ་དེ་བཞིན་གཤེགས་པའི་ཞལ་ལྟ་བ་དང༌། བསྙེན་བཀུར་བྱ་བའི་ཕྱིར་སྤྱན་སྔར་འོངས། དེ་རྣམས་རང་རང་གི་བསམ་པ་དང་མཐུན་པའི་ཆོས་ཀྱིས་ཚིམ་པར་མཛད། གྱད་དེ་དག་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལྔ་ལེན་པར་འདོད་པ་ལ་ཀུན་དགའ་བོ་ལ་བཀའ་སྩལ་ཏེ། དགེ་བསྙེན་གྱི་སྡོམ་པ་འབོགས་སུ་འཇུག་པར་མཛད་པ་ལས། རེ་རེ་ནས་སྡོམ་པ་ཕོག་ན་མི་ཟིན་པར་ཤེས་ནས། སངས་རྒྱས་ལ་ཞུས་པས་གནང་བ་སྩལ་ཏེ། གྱད་ལྔ་བརྒྱ་ལ་དུས་གཅིག་ཏུ་དགེ་བསྙེན་གྱི་སྡོམ་པ་ཕོག་གོ །བརྒྱ་བཅུ་དྲུག་པ་རབ་དགའ་བཏུལ་བ་ནི། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། ད་ནི་གདུལ་བྱའི་དོན་དུ་གཉིས་ཤིག་ལུས་ཏེ། རབ་དགའ་དང༌། རབ་བཟང་ངོ༌། །ཀུན་ཏུ་རྒྱུ་
རབ་བཟང་ནི་སེམས་སྦྱངས་པའི་ཕྱིར་འདུལ་བར་བླ་ན། དྲི་ཟའི་རྒྱལ་པོ་རབ་དགའ་ནི་གདུལ་བར་དཀའ་ལ། ཉན་ཐོས་ཀྱི་གདུལ་བྱ་ནི་སངས་རྒྱས་ཀྱིས་གདུལ་ནུས་ལ། སངས་རྒྱས་ཀྱི་གདུལ་བྱ་ནི་ཉན་ཐོས་ཀྱིས་མ་ཡིན་པས། ང་འདས་པའི་འོག་ཏུ་རབ་དགའ་གཞན་གྱིས་འདུལ་བར་མི་ནུས་དགོངས་སོ། །དེ་ལ་དྲི་ཟའི་རྒྱལ་པོ་རབ་དགའ་ནི་བརྒྱ་བྱིན་དང་གྲོགས་པོ་ཡིན་ལ། བྱང་ཆུབ་སེམས་དཔའ་ཡུམ་གྱི་ལྷུམས་སུ་ཞུགས་པ་ནས་བརྩམས་ཏེ། གཟིམས་མལ་ཐ་མའི་བར་དུ། སྟོན་པའི་དྲུང་དུ་མཆོད་པ་ལ་འགྲོ་བར་བརྒྱ་བྱིན་གྱིས་དེ་ལ་ཡང་ཡང་བསྐུལ་ཀྱང༌། ཀཽ་ཤི་ཀ་སོང་ཤིགཁོ་བོ་རེ་ཞིག་གླུ་དབྱངས་ལེན་ནོ་ཞེས་ང་རྒྱལ་གྱིས་འགྲོར་མ་བཏུབ་བོ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་སྐུ་ལུས་སྤྲུལ་པ་ཅིག་གཟིམས་མལ་དུ་བཞག་ནས། བཻ་ཌུརྱའི་པི་ཝང་རྒྱུད་སྟོང་དང་ལྡན་པ་བསྣམས་ཏེ་རབ་དགའ་ཅི་འདྲ་བའི་གཟུགས་ཀྱིས་སུམ་ཅུ་རྩ་གསུམ་གྱི་གནས་དང་ཉེ་བ་དྲི་ཟ་རབ་དགའི་ཕོ་བྲང་གི་སྒོར་བྱོན་ཏོ། །དེར་སྒོ་བས་རབ་དགའ་ལ་སྦྲན་པ་ན། དེ་ང་རྒྱལ་གྱི་དྲེགས་པས་ང་ལས་གཞན་པའི་དྲི་ཟ་ཡོད་དམ་ཞེས་མོད་ལ་ཕྱིར་བྱུང་བ་ན། དེ་དང་ལྷན་ཅིག་འགྲན་ཏེ་པི་ཝང་བརྡུང་ཞིང་གླུ་དབྱངས་བླངས་པས་སྒྲ་གདངས་ལ་ཁྱད་པར་མེད་དོ། །དེ་ནས་རྒྱུད་གཅིག་བཅད། གཉིས་བཅད་པ་ནས་མཐར་དགུ་བརྒྱ་དགུ་བཅུ་གོ་དགུའི་བར་བཅད་དེ་རྒྱུད་གཅིག་བརྡུང་བའི་བར་དུ་ཡང་འགྲན་ནོ། །དེ་ནས་རབ་དགའི་རྒྱུད་གཅིག་པོ་བཅད་པས་སྒྲ་མ་བྱུང་ལ། བཅོམ་ལྡན་འདས་ཀྱི་དེ་ལ་ནི་སྔོན་བཞིན་དུ་སྒྲ་བྱུང་བས་ང་ལས་ཆེས་ཁྱད་པར་དུ་འཕགས་པའི་དྲི་ཟ་ཡོད་པ་ལྟ་ཞེས་ང་རྒྱལ་ཆག་གོ །དེར་བཅོམ་ལྡན་འདས་ཀྱིས་སྐུ་དངོས་སུ་བསྟན་ཞིང་ཆོས་བཤད་པས་རྒྱུན་དུ་ཞུགས་པ་ཐོབ་སྟེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གཞི་བླངས་སོ། །བརྒྱ་བཅུ་བདུན་པ་རབ་བཟང་བཏུལ་བ་ནི། དེ་ནས་དེར་མི་སྣང་བར་མཛད་དེ་རྩྭ་ཅན་དུ་བྱོན། དེའི་ཚེ་ཀུན་ཏུ་རྒྱུ་རབ་བཟང་
ཞེས་བྱ་བ་ལོ་བརྒྱ་ཉི་ཤུ་ལོན་པ། ཕྱོགས་དེའི་སྐྱེ་བོ་རྣམས་ཀྱིས་དགྲ་བཅོམ་པར་བཀུར་བ་ཞིག་ཡོད་ན། དེ་རྫིང་བུ་དལ་གྱིས་འབབ་པའི་འགྲམ་ཨུ་དུམ་བཱ་རའི་ཚལ་ན་ཉིན་པར་གནས་ཏེ། དེས་བལྟས་པ་ན་སྟོན་པ་ལྷུམས་སུ་ཞུགས་པའི་ཚེ་ཨུ་དུམ་བཱ་རའི་མེ་ཏོག་རྣམས་སྦལ་མིག་ཐོན། སྐུ་བལྟམས་པ་ན་སྦལ་མིག་ཁ་བྱེ། གཞོན་ནུ་རོལ་པའི་ཚེ་ཁ་འབུས། དཀའ་བ་སྤྱོད་པའི་ཚེ་ཅུང་ཟད་རིང༌། སངས་རྒྱས་བ་ན་མེ་ཏོག་ཁ་བྱེ། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་ལྷན་ནེ་ལྷམ་མེ་ལྷང་ངེར་འདུག གཟིམས་མལ་གྱི་ཐ་མ་ན་བཞུགས་པའི་སྐབས་དེར་ཤིན་ཏུ་རྙིངས་པར་མཐོང༌། ལྷ་རྣམས་ཀྱིས་ཀྱང་དོ་ནུབ་སྟོན་པ་འདའོ་ཞེས་ཟེར་བ་ཐོས་ནས་བདག་གི་ཐེ་ཚོམ་བསལ་བར་བྱ་སྙམ་སྟེ། ཤིང་སཱ་ལ་ཟུང་གི་ཚལ་དུ་སོང་བ་ན་ཀུན་དགའ་བོ་ཕྱི་རོལ་ན་འཆགས་པ་དང་འཕྲད་དེ། དགེ་སྦྱོང་གཽ་ཏ་མ་དོ་ནུབ་འདའ་ཞེས་ཐོས་ན་བདག་ཐེ་ཚོམ་གྱི་ཕྱོགས་འགའ་ཞིག་ཞུའོ། །ཟེར་བ་ལ་རབ་བཟང་དེ་བཞིན་གཤེགས་པ་ལ་འཚེ་བར་མ་བྱེད་ཅིག་ཅེས་ཀུན་དགའ་བོས་བཟློག་གོ །རབ་བཟང་གིས་ལན་གསུམ་དུ་སྨྲས་ཀྱང་ཀུན་དགའ་བོས་བཟློག་པ་ན་དེ་བཞིན་གཤེགས་པས་གསན་ཏེ། ང་དང་མུ་སྟེགས་བྱེད་ལྷན་ཅིག་གཏམ་བྱེད་པའི་ཐ་མ་འདི་ཡིན་གྱིས་ཐོངས་ཤིག་ཅེས་གསུངས། རབ་བཟང་ནང་དུ་བཏང༌། དེས་ཀྱང་ཞུ་བ་ཞུས་པ་ལ། བཀའ་སྩལ་པ། རབ་བཟང་ངས་ནི་ན་ཚོད་ཉི་ཤུ་དགུ་ལོན་ཏེ། །རབ་ཏུ་བྱུང་ནས་ལོ་གྲངས་ལྔ་བཅུ་ལྷག་ཅིག་ཏུ། །དགེ་བ་གང་ཡིན་ཅི་ཞེས་གསལ་བར་བྱས་གྱུར་ཞིང༌། རབ་བཟང་ངས་ནི་རབ་ཏུ་བྱུང་བ་དེ་ཡིན་ཚེ། །ཚུལ་ཁྲིམས་དང་ནི་ཏིང་འཛིན་རིག་པ་རྐང་པ་དང༌། །ང་ཡིས་རྩེ་གཅིག་སེམས་ནི་ཀུན་ཏུ་བསྒོམ་བྱས་ཏེ། །རིགས་པའི་ཆོས་ནི་ཕྱོགས་ཙམ་བཤད་པར་བྱས་གྱུར་ན། །འདི་ལས་ཕྱི་རོལ་དག་ན་དགེ་སྦྱོང་གཞན་ཡང་མེད། །ཅེས་དང༌། དེ་བཞིན་དུ་འཕགས་པའི་ལམ་ཡན་ལག་
བརྒྱད་ཡོད་པ་ལ་དགེ་སྦྱོང་ཡོད་ཀྱི། དེ་མེད་པ་ལ་དེ་ཡང་མེད་པར་གསུངས་པས་རབ་བཟང་གིས་བདེན་པ་མཐོང་ཞིང་ཚུར་ཤོག་གིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ་བོ། །དེས་བསམས་པ། སྟོན་པ་མྱ་ངན་ལས་འདའ་བ་ལྟ་བ་ནི་ལེགས་པ་མ་ཡིན་ཏེ། སྔོན་དུ་ང་ཉིད་མྱ་ངན་ལས་འདའོ་སྙམ་སྟེ། སྟོན་པ་ལ་ཞུས་པས་གནང་ངོ༌། །དེས་གནས་ལྔ་བྱིན་གྱིས་བརླབས་ཏེ་མྱ་ངན་ལས་འདས་སོ། །གནས་ལྔ་ནི་རབ་བཟང་རང་ཉིད་ཀྱི་ལུས། དགེ་སློང་གིས་བལྟས་ན་དགེ་སློང་གི་ཆ་བྱད་དང༌། མུ་སྟེགས་པས་བལྟས་ན་མུ་སྟེགས་ཅན་གྱི་ཆ་བྱད་དུ་མཐོང་བ་དང་གཅིག །གདུང་འདེགས་པའི་ཁྱོགས་མུ་སྟེགས་པས་འདེགས་མི་ནུས། དགེ་སློང་གིས་འདེགས་ནུས་པ་དང་གཉིས། རྫིང་བུ་ཞིག་སྤྲུལ་ཏེ་དེར་མུ་སྟེགས་པ་རྣམས་བྱིང་འགྲོ་ཞིང༌། དགེ་སློང་རྣམས་མི་བྱིང་བར་སྤྱོད་པ་དང་གསུམ། རྫིང་དེར་མུ་སྟེགས་ཅན་ལ་ཉ་དང་རུས་སྦལ་གྱིས་གནོད། དགེ་སློང་ལ་མ་གནོད་པ་དང་བཞི། གདུང་སྲེག་པའི་མེ་མུ་སྟེགས་ཅན་རྣམས་ཀྱིས་སྦོར་མི་ནུས། དགེ་སློང་རྣམས་ཀྱིས་སྦོར་ནུས་པ་སྟེ་ལྔའོ། །དེ་ལྟར་ཀུན་ཏུ་རྒྱུ་རབ་བཟང་ཆོ་འཕྲུལ་དང་བཅས་ཏེ་མྱ་ངན་ལས་འདས་པ་མུ་སྟེགས་ཅན་རྣམས་ཀྱིས་ཐོས་པས་རྒྱལ་མཚན་བསྒྲེངས་ཤིང་ལམ་སྲང་རྣམས་བསྐོར་ཏེ། གཽ་ཏ་མ་ངའི་བསྟན་པ་ལས་གཞན་དུ་མྱ་ངན་ལས་འདས་པ་ཐོབ་པ་མེད་ཅེས་ཟེར་ན། དེང་ཁོ་བོ་ཅག་གི་ཚངས་པ་མཚུངས་པར་སྤྱོད་པ་ཀུན་ཏུ་རྒྱུ་རབ་བཟང་མྱ་ངན་ལས་འདས་པ་ཐོབ་བོ། །ཅཻས་ཟེར་རོ། །དེར་གྱད་ལ་སོགས་པ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་འདུས། རྫིང་དེའི་དབུས་སུ་རྡོ་སྟེགས་ཀྱི་སྟེང་དུ་ཞུགས་ལ་འབུལ་བར་བྱས་ནས། དགེ་སློང་རྣམས་དང་མུ་སྟེགས་བྱེད་རྣམས་བདེན་པའི་སྟོབས་བོར་ནས། རབ་བཟང་འདི་སངས་རྒྱས་པའམ། མུ་སྟེགས་བྱེད་སུའི་ཚངས་པ་མཚུངས་པར་སྤྱོད་པ་ཡིན་པ་དེས་གདུང་གདེགས་ཐུབ་པ་དང༌། རྫིང་གི་ཆུ་ལ་མི་
བྱིང་བ་དང༌། རྫིང་གི་ཉ་ལ་སོགས་པས་མི་གནོད་པ་དང༌། གདུང་ལ་མེ་སྦོར་ནུས་པར་འགྱུར་ལ། མ་ཡིན་པ་དེས་མི་ནུས་སོ་བྱས་ནས་བྱ་བ་དེ་དག་ལ་ཞུགས་པ་ན། མུ་སྟེགས་པ་རྣམས་ཀྱིས་དེ་དག་མ་ནུས་ལ། དགེ་སློང་རྣམས་ཀྱིས་དེ་དང་དེ་ནུས་ཏེ། དེར་སྐྱེ་བོའི་ཚོགས་ཆེན་པོ་དེས་མུ་སྟེགས་རྣམས་ཚར་བཅད་ལ། གྱད་རྣམས་དེ་བཞིན་གཤེགས་པ་ལ་ལྷག་པར་དང་བར་གྱུར་ཏོ། །བརྒྱ་བཅོ་བརྒྱད་པ་མྱ་ངན་ལས་འདས་པར་བསྟན་པ་ནི། དེར་རབ་བཟང་གི་སྔོན་བྱུང་བའི་གཏམ་གསུང་པ་ལས་འཕྲོས་ནས་སྐྱེས་བུ་དམ་པ་ལ་བརྟེན་པར་གདམས། ཤཱཀྱ་དང་མེ་པ་རལ་པ་ཅན་མ་གཏོགས་པའི་མུ་སྟེགས་ཅན་རབ་ཏུ་མི་འབྱིན་པ་དང༌། རང་གཞན་ལ་ཕན་པའི་ཕྱིར་གསུང་རབ་ཡན་ལག་བཅུ་གཉིས་ལ་བསླབ་པ་དང༌། སོ་སོར་ཐར་པའི་མདོ་ནི་སྟོན་པ་ཡིན་པར་བསྔགས་པ་དང༌། བསླབ་པའི་གཞི་ཕྲན་ཚེགས་རྣམས་ལ་དགེ་འདུན་ཚོགས་ནས་སྐབས་དབྱེ་བར་གནང་བ་དང༌། དགེ་འདུན་གསར་བུས་རྒན་རབས་ལ་མིང་འབོད་མི་བྱ་བ་དང༌། རྒན་པས་ཀྱང་ཆོས་གོས་ལྷུང་བཟེད་སོགས་ཀྱིས་བསྡུ་བ་དང༌། སྟོན་པ་སྐུ་འཁྲུངས་པ་དང༌། སངས་རྒྱས་པ་དང༌། ཆོས་འཁོར་བསྐོར་བ་དང༌། མྱ་ངན་ལས་འདས་པ་སྟེ་བཞི་པོའི་ས་ཕྱོགས་དྲན་ཞིང༌། གཞན་ལ་བཤད་པས་སངས་རྒྱས་ལ་སེམས་དད་པ་བསྐྱེད་ནས་མཐོ་རིས་སུ་འགྲོ་བར་བྱའོ་ཞེས་བཀའ་སྩལ་ལ། སླར་ཡང་ཐེ་ཚོམ་ཡོད་པ་དག་ཞུས་ཤིག་གསུང༌། ཀུན་དགའ་བོས་གསོལ་པ། སུ་ལའང་ཐེ་ཚོམ་མ་མཆིས་སོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་ལས་སྟོད་གཡོགས་བསལ་ཏེ། དགེ་སློང་དག་ལྟོས་ཤིག དེ་བཞིན་གཤེགས་པ་མཐོང་བ་ནི་རྙེད་པར་དཀའ་བ་ཡིན་ནོ། །འདུས་བྱས་ཐམས་ཅད་མི་རྟག་བའི་ཆོས་ཅན་ཡིན་ཏེ། འདི་ནི་དེ་བཞིན་གཤེགས་པའི་གསུང་གི་ཐ་མ་ཡིན་ནོ། །ཞེས་གསུངས་ནས་བསམ་གཏན་དང་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་
བཞིན་དུ་གཉིས་པ་དང་གསུམ་པ་དང༌། བཞི་པ་དང༌། ནམ་མཁའ་མཐའ་ཡས་དང༌། རྣམ་ཤེས་མཐའ་ཡས་དང༌། ཅི་ཡང་མེད་པ་དང༌། སྲིད་རྩེ་དང༌། འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་སོ། །དེར་འཕགས་པ་ཀུན་དགའ་བོས། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་སམ། ཞེས་མ་འགགས་པ་ལ་དྲིས་ན་དེ་ན་རེ། མ་ཡིན་ཏེ་འགོག་པ་ལ་སྙོམས་བར་ཞུགས་ན། བཅོམ་ལྡན་འདས་ནི་བསམ་གཏན་བཞི་པ་ལས་འདའོ་ཞེས་མངོན་སུམ་དུ་གསུང་པ་ཐོས་སོ། །དེ་ནས་ཡང་འགོག་པ་ལས་བཞེངས་ནས་སྲིད་རྩེ་དང༌། ཅི་ཡང་མེད་པ་དང༌། རྣམ་ཤེས་མཐའ་ཡས་དང༌། ནམ་མཁའ་མཐའ་ཡས་དང༌། བསམ་གཏན་བཞི་པ་དང༌། གསུམ་པ་དང༌། གཉིས་པ་དང༌། དང་པོ་དང༌། སླར་ཡང་གཉིས་པ་དང༌། གསུམ་པ་དང༌། བཞི་པ་ལ་ཡང་དག་པར་ཞུགས་ཏེ། བཞི་པ་རབ་ཀྱི་མཐའ་ལ་བརྟེན་ནས་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པར་མཛད་དོ། །དེ་མ་ཐག་ས་གཡོས། སྐར་མདའ་ལྟུང༌། ཕྱོགས་རྣམས་ནི་ཚིག ལྷའི་རྔ་སྒྲ་གྲགས་པར་བྱས་སོ། །དེའི་ཚེ་འོད་སྲུང་ཆེན་པོ་རྒྱལ་པོའི་ཁབ་ན་ཡོད་པས་ས་གཡོས་པ་ན་བརྟགས་པས་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པར་ཤེས་ནས། འདི་རྒྱལ་པོ་མ་སྐྱེས་དགྲས་གློ་བུར་དུ་ཐོས་ན། དེ་ཁྲག་དྲོན་མོ་སྐྱུགས་ནས་འཆི་བར་འགྱུར་བས་ཐབས་བཤམ་མོ་དགོངས་ཏེ་བྲམ་ཟེ་དབྱར་བྱེད་ཀྱི་སར་ཕེབས་ནས། དབྱར་སྐྱེས་ཤེས་པར་གྱིས་ཤིགསྟོན་པ་ནི་མྱ་ངན་ལས་འདས་ཏེ། དེ་རྒྱལ་པོ་གློ་བུར་དུ་ཐོས་ན་མི་རུང་བས། ལྷུམས་སུ་ཞུགས་པ་ནས་ཐ་མའི་གཟིམས་མལ་དུ་ཕེབས་པའི་བར་སྐྱེད་མོས་ཚལ་དུ་རི་མོར་བྲིས་ལ། རྒྱལ་པོ་སྒོའི་ཕྱིར་བྱུང་བ་ཞིག་ལ་སྐྱེད་མོས་ཚལ་གྱི་རི་མོ་གཟིགས་སུ་གསོལ་བྱས་ལ་རི་མོ་རེ་རེ་བཞིན་འདི་དང་འདིའོ་ཞེས་རྗོད་ཅིག འདི་གྲོང་ཁྱེར་རྩྭ་ཅན་དུ་ཐ་མའི་གཟིམས་མལ་དུ་
གཤེགས་པ་ལགས་སོ། །ཞེས་བརྗོད་པ་ན། རྒྱལ་པོ་མ་སྐྱེས་དགྲ་བརྒྱལ་ཞིང་ས་ལ་ལྷུང་བར་འགྱུར་གྱི། དེར་ཁྱོད་ཀྱིས་མ་སྐྱེས་དགྲ་གཞོང་རིངས་མར་གསར་གྱིས་བཀང་བ་བདུན་གྱི་ནང་དུ་རིམ་གྱིས་ཆུག་ལ། བརྒྱད་པ་ཙནྡན་གོར་ཤི་ཁའི་ལྡེ་གུས་གང་བའི་གཞོང་རིངས་སུ་ཆུག་ཅིག དེས་གསོས་པར་འགྱུར་རོ་ཞེས་སློབ་པར་མཛད་ནས། འོད་སྲུང་གྲོང་ཁྱེར་རྩྭ་ཅན་གྱི་ཕྱོགས་སུ་རིམ་གྱིས་བྱོན། བཅོམ་ལྡན་འདས་མྱ་ངན་ལས་འདས་མ་ཐག་ཏུ་བརྒྱ་བྱིན་དང་ཚངས་པས་ཀྱང་མི་རྟག་པ་ཆེད་དུ་བརྗོད། ལྷ་རྣམས་ཁ་ཅིག་ནི་ངུ༌། ཁ་ཅིག་ནི་འགྲེ་ཞིང་ལྡོག་ཁ་ཅིག་ནི་ཆོས་ཉིད་ལ་བརྟེན་ཞིང་འདུག་གོ །ཆགས་བྲལ་མ་ཐོབ་པའི་དགེ་སློང་མང་པོ་ནི་མྱ་ངན་བྱེད་ཅིང་སྨྲེ་སྔགས་འདོན། མང་པོ་ཞིག་ནི་ཆོས་ཉིད་ལ་བརྟེན་ཏེ་གང་ཡིད་དུ་འོང་བ་དང༌། སྡུག་པ་ཐམས་ཅད་ནི་འབྲལ་བའི་ཆོས་ཅན་ནོ། །ཞེས་སྟོན་པ་ཉིད་ཀྱིས་སྔར་ནས་གསུངས་ཟིན་ཏོ་སྙམ་མོ། །མ་འགགས་པས་ཀུན་དགའ་བོ་ལ་དགེ་སློང་དག་དལ་བུས་ཟིལ་གྱིས་མ་མནན་ན་ལྷ་རྣམས་འཕྱ་བར་འགྱུར་རོ་བྱས་ཏེ། ཀུན་དགའ་བོས་ཀྱང་དགེ་སློང་མྱ་ངན་བྱཻད་པ་རྣམས་ལ་དལ་བུས་བརྡ་སྤྲོད་དེ་ཟིལ་གྱིས་མནན་ནོ། །བརྒྱ་བཅུ་དགུ་པ་སྐུ་གདུང་ཞུགས་ལ་བཞེན་པ་ནི། དེ་ནས་ནམ་ལངས་པ་ན་མ་འགགས་པས་བསྐུལ་ཏེ་ཀུན་དགའ་བོས་རྩྭ་ཅན་དུ་སོང་སྟེ་གྱད་ལྔ་བརྒྱ་ཙམ་འདུས་པ་ལ། མདང་ནམ་གྱི་གུང་ཐུན་ལ་སྟོན་པ་མྱ་ངན་ལས་འདས་ཀྱི། ཁྱེད་ཀྱིས་བྱ་བ་བསྒྲུབ་པ་དང༌། མཆོད་པ་དག་གྱིས་ཤིགདེར་གྱད་རྣམས་མྱ་ངན་དུ་གྱུར་ཞིང༌། མེ་ཏོག་དང་སྤོས་སོགས་མཆོད་པ་སྣ་ཚོགས་པ་ཐོགས་ནས་འོངས་ཏེ་སྐུ་གདུང་ལ་མཆོད་པར་བྱེད་དོ། །དེར་གྱད་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་བདག་ཅག་གིས་ཞུགས་ལ་སོགས་པས་མཆོད་པར་བགྱི་ན། ཚུལ་ཇི་ལྟ་བུས་མཆོད་པར་བགྱིད། ཀུན་དགའ་བོས་སྨྲས་པ།
འཁོར་ལོས་སྒྱུར་བའི་རྒྱལ་པོའི་གདུང་ལ་བྱ་བ་ལྟར་ཏེ། འདི་དང་འདི་ལྟ་བུར་བྱ་དགོས་སོ་ཞེས་སྨྲས་སོ། །འོ་ན་དེ་ཞག་གཉིས་སམ་གསུམ་དུ་མི་རྫོགས་པས་ཞག་བདུན་ནས་བྱའོ་ཞེས་ཞག་རེ་བཞིན་གྱད་རྣམས་ཀྱིས་མཆོད་པ་མང་པོས་མཆོད་དོ། །གཞན་ལྷ་དང་མི་རྣམས་ཀྱིས་ཀྱང་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང༌། ཞག་བདུན་ནས་ཡོ་བྱད་རྣམས་ཀྱང་བསོགས། སཱ་ལ་ཟུང་གི་ཚལ་ནས་རྩྭ་ཅན་གྱི་གྲོང་ཁྱེར་གྱི་བར་དང༌། རྩྭ་ཅན་གྱི་ལམ་སྲང་ཀུན་དང༌། རྩྭ་ཅན་ནས་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་བར་ལམ་ཐམས་ཅད་ནི་བྱི་དཽར་བྱས། རྒྱལ་མཚན་དང༌། བ་དན་དང༌། ལྡ་ལྡི་ལ་སོགས་པས་བརྒྱན། མེ་ཏོག་དང༌། སྤོས་སོགས་མཆོད་པ་སྣ་ཚོགས་པ་ནི་བཤམས། འཁོར་ལོས་སྒྱུར་བའི་གདུང་ལ་བྱ་བ་བཞིན་དུ་སྐུ་གདུང་ལ་བཀུར་བསྟི་ཆེན་པོ་དང་བཅས་ཏེ་རིན་པོ་ཆེའི་ཁྱོགས་ལ་བཞུགས་སུ་བཅུག་སྟེ་གདུགས་དང་ཕྲེང་བ་ལ་སོགས་པས་བརྒྱན་པར་བྱས་ནས། གྱད་ཀྱི་ཆུང་མ་རྣམས་ཀྱིས་བླ་རེ་བྲེས། གཞོན་ནུ་རྣམས་ཀྱིས་ཁྱོགས་འདེགས། གྱད་རྣམས་ཀྱིས་ཕྲེང་བ་ལ་སོགས་པའི་མཆོད་པ་བྱེད་ཅིང་འགྲོའོ་ཞེས་བྱས་ནས་སྐུ་གདུང་གི་ཁྱོགས་བཏེག་པ་ན་ཅུང་ཟད་ཀྱང་སྒུལ་བར་མ་ནུས་ཏེ། མ་འགགས་པས་བརྟགས་པས་ལྷ་རྣམས་ཀྱི་བསམ་པ་ཤེས་ཏེ། ལྷ་རྣམས་ཀྱི་འདོད་པ་ལྟར་གྱིས་ཤིག་བྱས་ནས། གྱད་ཀྱི་བུད་མེད་རྣམས་ཀྱིས་བླ་བྲེ་བཟུང༌། གཞོན་ནུ་རྣམས་ཀྱིས་ཁྱོགས་བཏེག སྐུ་གདུང་གི་སྟེང་འོག་ནས་མཆོད་པ་རྣམས་ནི་ལྷ་རྣམས་ཀྱིས་བྱེད། གྱད་གཙོ་བོ་རྣམས་དེ་དག་ཀུན་གྱི་གོ་རེ་ལོང་བྱས་ཏེ་སཱ་ལ་ཟུང་གི་ཚལ་ནས་བཏེག་སྟེ་གྲོང་ཁྱེར་རྩྭ་ཅན་གྱི་ནུབ་སྒོ་ནས་ཞུགས། ལམ་སྲང་གི་དབུས་ཐོག་ཐག་བརྒྱུད་ནས་ཤར་སྒོ་ནས་འཐོན་ཏེ་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་དྲུང་དུ་སྤྱན་དྲངས་སོ། །དེར་ལྷ་རྣམས་ཀྱིས་མེ་ཏོག་མནྡྷ་ར་བའི་ཆར་ཕབ་ཅིང་གཏོར་བ་
རྣམས་སཱ་ལ་ཟུང་ནས་མཆོད་རྟེན་གྱི་བར་དུ་དཔངས་སུ་པུས་མོ་ནུབ་པ་ཙམ་ཆགས་སོ། །དེར་གྱད་རྣམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་གདུང་མཆོད་པར་འདོད་ནས་སྐུ་གདུང་ཤིང་བལ་གྱི་འདབ་མས་གཡོགས། རས་ཟུང་མཆོག་ཏུ་གྱུར་པ་ལྔ་བརྒྱས་དཀྲིས། ལྕགས་ཀྱི་སྒྲོམ་དུ་བཅུགདྲི་ཞིམ་པོའི་འབྲུ་མར་གྱི་བཀང་སྟེ། དྲི་ཞིམ་པོའི་ཤིང་སྤུངས་པའི་སྟེང་དུ་བཞག་ནས་མེ་སྦར་བར་བརྩམས་པ་ན་སྤར་བར་མ་ནུས་སོ། །དེར་མ་འགགས་པས་མངོན་ཤེས་ཀྱིས་བརྟགས་པ་དང༌། ལྷ་རྣམས་ཀྱིས་ཀྱང་སྨྲས་ཏེ། སྟོན་པའི་སྐུ་གདུང་མ་ཉམས་པ་འོད་སྲུང་ཆེན་པོས་མཇལ་བར་མ་གྱུར་གྱི་བར་དུ་སུས་ཀྱང་མེ་སྦར་མ་ནུས་པར་ཤེས་ནས། གྱད་རྣམས་ལ་གོ་བར་བྱས་ཏེ་ཅུང་ཟད་ཅིག་བསྡད་དོ། །དེ་ལ་འོད་སྲུང་ཆེན་པོ་འཁོར་དགེ་སློང་ལྔ་བརྒྱ་དང་བཅས་པ་བཅོམ་ལྡན་འདས་ཀྱི་སྐུ་གདུང་ལ་བལྟ་བའི་ཕྱིར་བྱོན་པ་ལས། ཡུལ་སྡིག་པ་ཅན་དུ་སླེབ་པ་ན། འཚོ་བ་པ་ཅིག་གིས་ལྷའི་མེ་ཏོག་ཅིག་བླངས་ཏེ་དེར་འོངས་པ་དང་ཕྲད། གཏམ་དྲིས་པས། དགེ་སྦྱོང་གཽ་ཏ་མ་ནི་མྱ་ངན་ལས་འདས་ཏེ་དགུང་བདུན་ལོན་ལ། དེའི་སྐུ་གདུང་ལ་མཆོད་པ་བྱས་པའི་མེ་ཏོག་ཀྱང་འདིའོ་ཞེས་སོ། །དེ་ཚོར་པས་རྒན་ཞུགས་ཤིག་ན་རེ། དགེ་སྦྱོང་དག་ང་ནི་འདི་ནི་བྱའོ། །འདི་ནི་བྱ་བ་མ་ཡིན་པའོ་ཞེས་པ་ལས་ཐར་གྱི། ནུས་པ་ལ་ནི་བྱ། མི་ནུས་པ་ལ་ནི་མི་བྱའོ། །ཞེས་ཟེར་བ་ན། དེར་ལྷ་རྣམས་ཀྱིས་བསྒྲིབས་ཏེ་འོད་སྲུང་མ་གཏོགས་གཞན་གྱིས་མི་ཐོས་པར་བྱས་ཤིང༌། །འོད་སྲུང་གིས་རྒན་ཞུགས་དེ་ཆོས་དང་ལྡན་པས་ཟིལ་གྱིས་མནན་ཞིང་ཚར་བཅད་ནས་དགེ་སློང་ལྔ་བརྒྱ་པོ་མི་རྟག་པའི་གཏམ་གྱིས་ཆོས་ལ་བཀོད་དོ། །གྱད་རྣམས་ཀྱིས་མེ་སྤོར་བར་མ་ནུས་པའི་སྐབས་དེར། འོད་སྲུང་ཆེན་པོ་འཁོར་དང་བཅས་པ་ཡང་གྱད་ཀྱི་དབུ་རྒྱན་བཏགས་པའི་མཆོད་རྟེན་གྱི་ས་ཕྱོགས་དེར་བྱོན་ཏོ། །དེར་གདུང་སྒྲོམ་ཞལ་ཕྱེ་ཞིང་
སྐུ་གདུང་མ་ཉམས་པ་ལ་རབ་ཏུ་ནན་ཏན་གྱིས་གཟིགས་ཤིང་ཕྱག་བཙལ་ལོ། །དེའི་ཚེ་སྐུ་གདུང་གི་དྲུང་དུ་ཉན་ཐོས་ཆེན་པོ་བཞི་ཡོད་དེ། ཀཽནྚི་ནྱ་དང༌། སྐུལ་བྱེད་དང༌། འོད་སྲུང་སྟོབས་བཅུ་པ་དང༌། འོད་སྲུང་ཆེན་པོའོ། །དེར་འོད་སྲུང་ཆེན་པོ་བསོད་ནམས་ཀྱི་སྟོབས་ཅན་ཡིན་པས་རས་ཟུང་མཆོག་ཏུ་གྱུར་བ་ལྔ་བརྒྱ་ཡང་དེ་ཉིད་དུ་འབྱོར་ཏེ། སྔར་གྱི་དང་ལྷན་ཅིག་རས་ཟུང་སྟོང་དང་ཆོས་གོས་སྟོང་གིས་དཀྲིས་ནས་སྔར་བཞིན་གདུང་སྒྲོམ་དུ་བཞུགས། མི་རྣམས་ཅུང་ཟད་ཕྱིར་བཀྱེད་དེ་འདུག་པ་ཙམ་ན་མེ་རང་འབར་བ་གྱུར་ཏོ། །དེ་ནས་མི་རིང་བ་ཉིད་ན་སྐུ་གདུང་ཞུགས་ལ་བཞེན་པར་ཤེས་ཏེ། གྱད་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ནས་འོ་མ་དང་དྲི་ཆབ་བླུགས་ཏེ་མེའི་ལྷག་མ་ཞི་བར་བྱས་ནས་གདུང་སྒྲོམ་ཞལ་ཕྱེ་བ་ན། ཚེམས་མཆེ་བ་བཞི་མ་གཏོགས་ཐམས་ཅད་རིང་བསྲེལ་ཡུངས་འབྲུ་ལྟ་བུའི་ཕུང་པོ་གྱུར་ཏོ་ཞེས་གྲག་གོ །རས་ཟུང་སྟོང་དང་ཆོས་གོས་སྟོང་སྙེད་དཀྲིས་པའི་གཞན་ཐམས་ཅད་ཚིག་སྟེ་ཐལ་བ་ཡང་མེད་ལ། ཀུན་ཀྱི་ནང་མ་སྐུ་ལ་དཀྲིས་པའི་ཆོས་གོས་དང༌། ཐམས་ཅད་ཀྱི་ཕྱི་གཡོགས་ཀྱི་ཆོས་གོས་ནི་ཅུང་ཟད་ཀྱང་མ་ཚིག་ཅིང༌། འབྲུ་མར་གྱིས་ཀྱང་མ་གོས། ནག་ནོག་ཀྱང་མེད་པར་འདུག་གོ །འོ་མས་མེ་བསད་པའི་མཚམས་དེར་གདུང་སོལ་གྱི་གསེབ་ནས་མེ་ཏོག་དུ་མ་དང་བཅས་པའི་ཤིང་བཞི་སྐད་ཅིག་དེ་ལ་སྐྱེས་པར་གྱུར་ཏེ། གསེར་ཅན་དང༌། རྟ་ཏོན་དང༌། སེར་སྐྱ་དང༌། ཨུ་དུམ་བ་རའོ། །དེར་ཀུན་དགའ་བོས་ཆེད་དུ་བརྗོད་པ་ཡང་མཛད་ཅིང༌། གདུང་རྣམས་གསེར་གྱི་བུམ་པར་བཅུག རིན་པོ་ཆེའི་ཁྱོགས་ལ་བཏེག་ནས་གྲོང་ཁྱེར་རྩྭ་ཅན་ཉིད་ཀྱི་དབུས་ཀྱི་ཕྱོགས་ཤིན་ཏུ་ཡངས་པ་ཞིག་ཏུ་སྟེགས་བུ་ཐོན་པོ་ལ་བཞག་སྟེ། མཆོད་པ་དུ་མས་མཆོད་པར་བྱེད་དོ། །བརྒྱ་ཉི་ཤུ་པ་སྐུ་གདུང་ཆ་བརྒྱད་དུ་བགོས་པ་ནི། དེའི་ཚེ་ཡུལ་སྡིག་པ་ཅན་གྱི་གྱད་རྣམས་ཀྱིས། སྟོན་པ་འདས་ནས་ཞག་བདུན་ལོན། སྐུ་
གདུང་ཞུགས་ལ་བཞེན་པར་ཡང་ཐོན་ནས་དཔུང་ཡན་ལག་བཞི་གོ་བསྐོན་ཏེ་རྩྭ་ཅན་གྱི་གྲོང་དང་ཉེ་བར་འོངས་ནས་རྩྭ་ཅན་གྱི་གྱད་རྣམས་ལ་སྨྲས་པ། བཅོམ་ལྡན་འདས་དེ་ནི་ངེད་རྣམས་ལ་ཡུན་རིང་པོ་ནས་སྡུག་ཅིང་ཕངས་པ་ཡིན་ན། དེ་ཁྱེད་ཀྱི་གྲོང་གི་ཉེ་སྐོར་དུ་མྱ་ངན་ལས་འདས་ཏེ། ད་ནི་ཁྱེད་ཀྱིས་ངེད་ལ་གདུང་ཤཱ་རི་རཾ་གྱི་སྐལ་པ་བྱིན་ཞིགངེད་ཀྱི་ཡུལ་དུ་མཆོད་རྟེན་བྱས་ལ་དུས་སྟོན་བྱེད་དོ། །ཞེས་ཟེར་བ་ལ་རྩྭ་ཅན་པ་རྣམས་ཀྱིས་ཁས་མ་བླངས་སོ། མི་སྟེར་ན་དམག་གིས་འཕྲོག་གོ་བྱས་པས་དེ་བཞིན་དུ་བྱའོ་ཞེས་འཁོན་རྒྱས་སུ་གྱུར། གཞན་ཡང་ཡུལ་རྟོག་པ་གཡོ་བ་ན་གནས་པའི་རྒྱལ་རིགས་ཨུ་ལུ་ཀ་དང༌། ཡུལ་སྒྲ་སྒྲོགས་ཀྱི་རྒྱལ་རིགས་རནྚ་ཀ་དང༌། ཁྱབ་འཇུག་གི་གླིང་གི་བྲམ་ཟེ་དང༌། སེར་སྐྱའི་ཤཱཀྱ་དང༌། ཡངས་པ་ཅན་གྱི་ལི་ཙ་བཱི་རྣམས་ཀྱང་དཔུང་དང་བཅས་པ་འོངས་ཏེ་སྔ་མ་བཞིན་ནོ། །རྒྱལ་བོ་མ་སྐྱེས་དགྲ་ནི་སྔར་འོད་སྲུང་ཆེན་པོས་བསྟན་པ་བཞིན་དུ་བྲམ་ཟེ་དབྱར་བྱེད་ཀྱིས་ཀྱང་བྱས་པས་བརྒྱལ་བ་སངས་ཤིང་ཅུང་ཟད་བདེ་བར་གནས་པ་ན། སྐུ་གདུང་གི་སྐལ་བ་ལེན་པར་གཞན་དེ་དག་སོང་ཞེས་ཐོས་ཏེ། ང་ཡང་འགྲོའོ་གསུངས་ནས་དཔུང་རྣམས་བཤམས། གླང་པོ་ཆེ་ལ་ཞོན་ནས་འགྲོ་བར་བརྩམས་པ་ན། བཅོམ་ལྡན་འདས་དྲན་ཏེ་ཡང་བརྒྱལ་ཞིང་བོག་གོ །ཡང་དེས་སངས་པ་ན། རྟ་ལ་བསྐྱོན་ནས་འགྲོ་བར་བརྩམས་ཀྱང་དེ་བཞིན་དུ་གྱུར་ཏེ། རྒྱལ་པོ་འགྲོ་མ་ཐུབ་ནས་བྲམ་ཟེ་དབྱར་བྱེད་དམག་དཔུང་དང་བཅས་པ་བཏང་སྟེ་སྔ་མ་དང་འདྲ་བར་སྨྲས་སོ། །དེ་དག་གིས་བར་དུ་དམག་དུ་མ་འདུས་པ་མཐོང་སྟེ། རྩྭ་ཅན་གྱི་གྱད་རྣམས་ཀྱི་ཆུང་མ་དང༌། གཞོན་ནུ་དང༌། བུ་མོ་རྣམས་ཀྱང་མདའ་ལ་སོགས་པའི་སྒྱུ་རྩལ་སློབ་པར་བྱེད་དོ། །སྐབས་དེར་བྲམ་ཟེ་བྲེ་བོ་དང་མཉམ་པ་ཞེས་བྱ་བ་བསོད་ནམས་དང་ལྡན་ཞིང་ཚིག་བཙུན་ལ་རྟག་ཏུ་དགེ་བའི་རང་བཞིན་ཅན་དྲང་ཞིང་བློ་གྲོས་ཆེ་བ་ཞིག་ཡོད་
པ་དེས། དེ་དག་ཕན་ཚུན་དུ་འཐབ་ན་སྐྱེ་བོ་མང་པོ་ཞིག་གསོད་པར་རིག་ནས་རྩྭ་ཅན་གྱི་གྱད་ལ་སོགས་པ་སྡེ་བརྒྱད་པོ་དེ་དག་རེ་རེའི་སར་སོང་ནས། ཤེས་ལྡན་དག་ཉོན་ཅིག བཅོམ་ལྡན་འདས་དེ་ནི་ཡུན་རིང་པོ་ནས་བཟོད་པ་དང་ལྡན་པ། བཟོད་པའི་བསྔགས་པ་བརྗོད་པ་ཡིན་ན། དེའི་སྐུ་གདུང་གི་ཕྱིར་གཅིག་གིས་གཅིག་གསོད་པ་མི་རིགས་པས་ངས་སྐུ་གདུང་ཆ་བརྒྱད་དུ་བགོ་བཤའ་བྱ་ཡི། གང་གི་ཕྱིར་སྐུ་གདུང་བཞུགས་པའི་སྣོད་དེ་ཁོ་བོ་ལ་བྱིན་ཅིག ཁོ་བོས་ཀྱང་གྲོང་ཁྱེར་དུ་མཆོད་རྟེན་བྱས་ནས་མཆོད་པ་བྱའོ། །ཞེས་སོ་སོར་སྨྲས་པས། ཐམས་ཅད་འཁོན་ཞི་སྟེ་བློ་གྲོས་གཅིག་ཏུ་གྱུར་ནས་ཁས་བླངས་སོ། །དེར་བྲམ་ཟེས་སྐུ་གདུང་ཆ་བརྒྱད་དུ་སྙོམས་པར་བགོས་ཏེ་སོ་སོ་ལ་གཏད། གདུང་སྒྲོམ་མམ་བུམ་པ་བྲམ་ཟེ་བྲེ་མཉམ་ཉིད་ཀྱིས་བླངས། གདུང་སོལ་རྣམས་ནྱ་གྲོ་དྷའི་བྲམ་ཟེས་བླངས་ཏེ་སོ་སོ་ནས་བཀུར་བསྟི་ཆེན་པོ་དང་བཅས་ཏེ་སྤྱན་དྲངས་ནས་རང་རང་གི་ཡུལ་དུ་མཆོད་རྟེན་བྱས་ན། ཚེམས་མཆེ་བ་དང་པོ་ལྷ་ཡུལ་སུམ་ཅུ་རྩ་གསུམ་ན། གཉིས་པ་ཡུལ་ཚིག་འཛིན་ན། གསུམ་པ་ཀ་ལིང་ཀ་ན་ཡོད། མཆེ་བ་བཞི་པ་དང་སྐུ་གདུང་གཅིག་སྒྲ་སྒྲོགས་པས་ཐོབ་པ་དེ་ཀླུ་རྣམས་ཀྱིས་ཕྲོགས་ཏེ་ཀླུའི་ཡུལ་ན་ཡོད། གཞན་ཆ་བདུན་པོ་རྣམས་རང་རང་གི་ཡུལ་དུའོ། །དེ་ལྟར་ཡང༌། སྤྱན་ལྡན་སྐུ་གདུང་བྲེ་བོ་བརྒྱད་དག་ལས། །བདུན་ནི་ཛམྦུའི་གླིང་པས་མཆོད་པར་ཐོབ། །སྐྱེས་བུ་མཆོག་དེའི་བྲེ་བོ་གཅིག་ཞིག་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་དག་ལས། །མཆེ་བ་གཅིག་ནི་རྩ་གསུམ་འཇིག་རྟེན་མཆོད། །གཉིས་པ་ཚིག་འཛིན་གྲོང་ཁྱེར་ཡིད་འོང་ན། །གསུམ་པ་ཀ་ལིང་རྒྱལ་པོའི་ཡུལ་ན་སྟེ། །སྐྱེས་མཆོག་དེ་ཡི་མཆེ་བ་བཞི་པ་ནི། །གྲོང་ཁྱེར་སྒྲ་སྒྲོགས་ཀླུ་ཡི་རྒྱལ་པོས་མཆོད། །མྱ་ངན་མེད་
རྒྱལ་སྐྱ་ནར་བུར་གནས་པས། མཆོད་རྟེན་བདུན་པོ་རྒྱ་ཆེར་སྤེལ་བྱས་ཏེ། །དེ་ཡི་མཐུ་ལས་དབྱིག་འཛིན་འདིར་ཡང་ནི། །སྨོན་ལམ་དངོས་པོས་མངོན་པར་བརྒྱན་གྱུར་ཏེ། །འདི་ལྟར་སྤྱན་ལྡན་སྐུ་གདུང་དེ་ལ་ནི། །ལྷ་དབང་ཀླུ་དབང་མི་ཡི་དབང་པོ་དང༌། །མི་དང་ཀླུ་དང་གནོད་སྦྱིན་བདག་པོས་ཀྱང༌། །རབ་ཏུ་བཀུར་ནས་བཀུར་བསྟི་མཆོད་པ་བྱས། །རབ་མཁྱེན་ཐུགས་རྗེ་ལྡན་པ་སྟོབས་མངའ་བ། །ཤཱཀྱའི་རིགས་འཁྲུངས་མ་ག་དྷཱར་བྱང་ཆུབ། །ཀཱ་ཤིར་ཆོས་ཀྱི་འཁོར་ལོ་བསྐོར་གྱུར་ཏེ། །གྲོང་ཁྱེར་རྩྭ་ཅན་བརྟེན་ནས་མྱ་ངན་འདས། །ཞེས་འབྱུང་ངོ༌། །གཅིག་པ་བཀའ་བསྡུ་བ་དང་པོའི་སྐོར་ནི། དེའི་ཚེ་ལྷ་རྣམས་འདི་སྐད་ཅེས་སྒྲོག་སྟེ། འཕགས་པ་ཤཱ་རིའི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བརྒྱད་ཁྲི་འདས། འཕགས་པ་མཽང་གལ་གྱི་བུ་དང་ལྷན་ཅིག་དགྲ་བཅོམ་པ་བདུན་ཁྲི་འདས། བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་པའི་དུས་ན་དགྲ་བཅོམ་པ་དབང་ཆེ་བ་ཆེ་བར་གྲགས་པ་ཁྲི་བརྒྱད་སྟོང་ཡང་མྱ་ངན་ལས་འདས་ཏེ། དམ་པའི་ཆོས་ནི་དུད་པ་ཙམ་དུ་གྱུར། དགེ་སློང་རྣམས་སྡེ་སྣོད་གསུམ་གྱི་སྒྲ་ཡང་མི་སྒྲོག་གོ་ཞེས་སོ། །དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་ལྷ་རྣམས་འདི་ལྟར་འཕྱ་ཡི། དགེ་སློང་རྣམས་སྡུས་ཤིག །དེར་འཕགས་པ་གང་པོ་དགེ་བསྐོས་ཡིན་པས། བསམ་གཏན་བཞི་པའི་རབ་མཐའ་ལ་སྙོམས་པར་ཞུགས་ཤིང་བལྟས་ནས་ལངས་ཏེ། གཎྜེ་བརྡུངས་པས་དགྲ་བཅོམ་པ་གཅིག་གིས་མ་ཚང་བའི་ལྔ་བརྒྱ་འདུས་སོ། །དེར་ཚེ་དང་ལྡན་པ་བ་ལང་བདག་མ་འདུས་པར་ཤེས་ནས། གང་པོས་རྫུ་འཕྲུལ་གྱིས་ཤིང་ཤི་རི་ཤའི་གཞལ་མེད་ཁང་དུ་བྱོན་ཏེ་བ་ལང་བདག་ལ་འདི་སྐད་ཅེས། འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་འདི་སྐད་དུ་ཚེ་དང་ལྡན་པ་བ་ལང་བདག་ནད་མེད་པར་གྱུར་ཅིག དགེ་འདུན་གྱི་བྱ་བ་
ཅུང་ཟད་ཡོད་པས་མྱུར་དུ་བྱོན་ཅིག་ཅེས་སོ། །དེ་ནས་བ་ལང་བདག་ན་རེ། གང་པོ་སྟོན་པ་གདུལ་བྱའི་དོན་དུ་འཇིག་རྟེན་གཞན་དུ་མ་གཤེགས་སམ། དགེ་འདུན་འཐབ་རྩོད་དང་མཚང་མི་འབྲུའམ། ཞེས་སོགས་ཀྱི་མཐར། དེ་ལྟ་མོད་ཀྱི་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་ཞེས་སྨྲ་བའི་རིགས་ན། འོད་སྲུང་ལ་སོགས་པ་ཞེས་སྨྲའམ། ཐུགས་རྗེ་ཆེན་པོ་ལ་གོམས་པར་གནས་པ། ཀུན་ཏུ་སྤྱོད་པ་ལ་ཞུགས་པའི་སྟོན་པ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་མ་འདས་སམ་ཞེས་སོགས་དྲིས་པས། གང་པོས་བློ་ལྡན་བསྟན་པ་གནས་བྱའི་ཕྱིར། །ཉན་ཐོས་དགེ་འདུན་ཚོགས་ནས་ནི། །དེ་དག་དེར་ནི་འདུས་གྱུར་ཏེ། ཁྱོད་ལ་སྡོད་ཅིང་དེ་བརྩོན་བྱེད། །ཅེས་སོགས་སྨྲས་ཏེ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པས་བསྟན་པ་གནས་པའི་ཕྱིར་དགེ་སློང་བསྡུ་བ་ཡིན་ན། ཁྱེད་བཞུད་དགོས་སོ་བྱས་པས། དེ་ན་རེ། གང་པོ་ཆོག་གི་དེ་སྐད་མ་སྨྲ་ཞིགསངས་རྒྱས་བཞུགས་ན་དེར་འགྲོ་བ་ཡིན་མོད། ད་ནི་ཅི་ཞེས། ལྷུང་བཟེད་ཆོས་གོས་རྣམ་གསུམ་མཆོག་འདི་དག ཁྱོད་ཀྱིས་དགེ་འདུན་དག་ལ་འབུལ་བ་གྱིས། །བདག་ནི་ཞི་བ་ཡང་སྲིད་མེད་པར་འགྲོ། །བདག་གི་བསམ་པ་འཕགས་ལ་བཟོད་པར་གསོལ། །ཟེར་ནས་ཆོ་འཕྲུལ་དུ་མ་བསྟན་ཏེ་མྱ་ངན་ལས་འདས་སོ། །དེའི་ལུས་ལས་རང་བྱུང་གི་མེ་འབར་ཏེ་ཞུགས་ལ་བཞེན་ཞིང༌། གདུང་དང་མེ་ནམ་མཁའ་ལ་འཕགས་པ་ལས་ཆུ་རྒྱུན་དེ་ལས་ཆོས་ཚིགས་སུ་བཅད་པ་རེ་རེའི་སྒྲ་བྱུང་སྟེ། དེར་གང་པོས་བ་ལང་བདག་གི་གདུང་རུས་ལ་མཆོད་པ་བྱས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། རྫུ་འཕྲུལ་གྱིས་གྲོང་ཁྱེར་རྩྭ་ཅན་དུ་སོང༌། འོད་སྲུང་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ལ་ཇི་ལྟར་འགྱུར་པ་རྒྱས་པར་བཤད། དེར་འོད་སྲུང་ཆེན་པོས་གསུངས་པ། དགེ་སློང་དབང་ཡོད་པ་གཞན་དག་ཀྱང་མྱ་ངན་ལས་འདའ་བར་ནུས་ཤིང་
སྤྲོ་བ་ཡིན་ན། བཀའ་བསྡུ་བའི་དགོས་པའི་དོན་མ་བྱས་བར་དུ་སུ་ཡང་མྱ་ངན་ལས་མི་འདའ་བར་ཁྲིམས་སུ་བཅས། འདི་སྐད་ཅེས། ཇི་ལྟར་དེ་ནི་འཕགས་པའི་ཚུལ་གྱིས་འདས། །གཞན་གྱིས་དེ་བཞིན་རབ་ཞིར་འགྲོ་མི་བྱ། །དེ་བས་ཇི་སྲིད་དགོས་པའི་དོན་བྱ་ཞིང༌། །དབང་ཅན་ཚོགས་ནས་དེ་སྲིད་བགྲོ་བར་བྱ། །ཇི་ལྟར་བསོད་ནམས་ལས་ཀྱིས་ཞི་གྱུར་པ། །ཤིར་ཤ་ཀ་ཡི་སེམས་མཆོག་བ་གླང་དག །དེ་ལྟར་ཁྱེད་ཀྱིས་དེ་བཞིན་མི་བསམ་སྟེ། །འགྲོ་དོན་དགོས་ཕྱིར་ཚོགས་ནས་བློ་གྲོས་བྱ། ཞེས་སོ། །དེ་ནས་འོད་སྲུང་ཆེན་པོས་དགེ་སློང་རྣམས་ལ་གསུངས་པ། གྲོང་ཁྱེར་རྩྭ་ཅན་འདིར་ཕྱོགས་ནས་དགེ་སློང་མང་པོ་འོངས་ཏེ་གཡེང་བར་འགྱུར་བས་ཡུལ་མ་ག་དྷཱར་སོང་ལ་ཆོས་བགྲོ་བར་བྱའོ་གསུངས་ནས། དགྲ་བཅོམ་པ་འབའ་ཞིག་མ་གཏོགས་སློབ་པ་རྣམས་བཟློག་གོ །དེར་གང་པོས་འཕགས་པ་ཀུན་དགའ་བོ་ནི་སློབ་པ་ཡིན་ལ། སྟོན་པས་མདོ་སྡེ་མཐའ་དག་ནི་དེ་ལ་གཏད་ན་ཇི་ལྟར་བགྱི་ཞེས་ཞུས་པས་ཐབས་ཤིག་བྱ་ཞེས། དེར་འཕགས་པ་ཀུན་དགའ་བོ་ཆུའི་ཞལ་ཏ་བར་དགེ་འདུན་གྱི་ལས་ཀྱི་བསྐོས་སོ། །དེ་ནས་འོད་སྲུང་ཆེན་པོས་ཀུན་དགའ་བོ་ལ་ཁྱེད་དགེ་འདུན་དག་ལྷན་ཅིག་ལྗོངས་རྒྱུས་ལ་རིམ་གྱིས་ཤོག་ཅིག །ང་ལམ་དྲང་པོ་ནས་མྱུར་བར་འགྲོའོ་གསུངས་ཏེ་སྔོན་ལ་རྒྱལ་པོའི་ཁབ་ཏུ་བྱོན་པས། མ་སྐྱེས་དགྲས་འོད་སྲུང་ཆེན་པོ་རྒྱང་ནས་མཐོང་བ་ཙམ་ན་སངས་རྒྱས་དྲན་ཏེ་གླང་པོ་ཆེའི་སྟེང་ནས་མཆོངས་པ་ན། འོས་སྲུང་གིས་རྫུ་འཕྲུལ་གྱིས་བླངས་ཏེ་ས་ལ་བཞག་ནས། སངས་རྒྱས་ནི་རྟག་ཏུ་མཉམ་པར་བཞག་པ་ཡིན་ལ། ཉན་ཐོས་ལ་དེ་ལྟ་བུ་མེད་པས་ཕྱིན་ཆད་དེ་ལྟར་མི་བྱའོ་ཞེས་ཆད་བྱས་སོ། །རྒྱལ་པོས་བློན་པོ་ལ་འོད་སྲུང་ཆེན་པོའི་དགོས་པ་ཐམས་ཅད་སྦྱོར་ཞིག་ཟེར་བ་ན། འོད་སྲུང་གིས་སྨྲས་པ། རྒྱལ་པོ་ཆེན་པོ་མ་ག་དྷཱར་
སྟོན་པས་ཆོས་ཀྱི་སྐུ་བརྙེས་པ་ཡིན་པས། དགེ་འདུན་རྣམས་ཀྱང་ལམ་དུ་ཞུགས་ཏེ་འོང་གི་ཆོས་ཀྱི་ཚུལ་བགྲོ་བར་འཚལ་ལོ། །རྒྱལ་པོ་ན་རེ། ལེགས་ཏེ་ཡོ་བྱད་ཐམས་ཅད་བདག་གིས་བསྟབ་པར་བགྱིའོ། །དེར་རིམ་པས་དགྲ་བཅོམ་པ་ལྔ་བརྒྱ་ལྷགས་པ་དང་རྒྱལ་པོས་བཀུར་བསྟི་ཆེན་པོས་བསུས། ཡོ་བྱད་ཐམས་ཅད་ཀྱིས་བསྟབས། ཕྱོགས་གང་དུ་ཆོས་འགྲོ་བར་བྱ་ཞེས་མོལ་ན། འོད་མའི་ཚལ་དང་བྱ་རྒོད་ཕུང་པོའི་རི་ནི་ཕྱོགས་ཕྱོགས་ནས་དགེ་སློང་མང་པོ་འོང་བས་གཡེང་བར་འགྱུར་ལ། ནྱ་གྲོ་དྷའི་ཕུག་ནི་དབེན་མོད་ཀྱང་གནས་མལ་མེད་དོ། །དེར་གནས་མལ་དང་ཡོ་བྱད་ཐམས་ཅད་རྒྱལ་པོས་སྦྱོར་བར་ཁས་བླངས་ཏེ་ནྱ་གྲོ་དྷའི་ཕུག་ཏུ་བྱོན་ནོ། །མ་སྐྱེས་དགྲས་འོད་སྲུང་ལ། བདག་ལ་མ་སྦྲན་པར་མྱ་ངན་ལས་མ་འདའ་ཞིག་ཅེས་ཞུས་ཤིང་འོད་སྲུང་གིས་ཀྱང་གནང་ངོ༌། །དེར་ཟླ་བ་གཅིག་ཏུ་རལ་པ་དང་འདྲུམས་པ་དག་བཅོས་ཏེ། དེ་ནས་དབྱར་གནས་པར་དགོངས་སོ། །སྐབས་དེར་འོད་སྲུང་ཆེན་པོས་ཀུན་དགའ་བོའི་སེམས་ལ་བརྟགས་ན་དྲི་མ་དང་བཅས་པར་མཁྱེན་ཏེ། འོད་སྲུང་ཆེན་པོས་མ་འགགས་པ་ལ་འདི་སྐད་ཅེས། མ་འགགས་པ་དགོངས་ཤིག །འཁོར་འདི་དེ་བཞིན་གཤེགས་པས་རབ་ཏུ་བསྔགས་པ་ཡིན་ན། འདིའི་ནང་ན་དགེ་སློང་འདོད་ཆགས་དང༌། ཞེ་སྡང་དང༌། གཏི་མུག་ཅན་ཡོད་དོ། །དེར་མ་འགགས་པས་རབ་མཐའ་ལ་ཞུགས་ཏེ་བལྟས་པ་ན། འཕགས་པ་ཀུན་དགའ་བོ་ཁོ་ན་དེ་ལྟ་བུར་འདུག་སྟེ་མ་འགགས་པས་སྨྲས་པ། འོད་སྲུང་ཆེན་པོ་མཁྱེན་པར་མཛོད་ཅིག །དགེ་འདུན་རྣམས་ནི་དག་པ། གཙང་བ། སྙིང་པོ་ཅན། བསོད་ནམས་ཀྱི་ཞིང་ཡིན་མོད་ཀྱི། འོན་ཏེ་ཀུན་དགའ་བོ་ནི་དུག་གསུམ་དང་མ་བྲལ་བའོ། །དེ་ནས་འོད་སྲུང་གིས་གཟིགས་པ་ན། དེ་སྤྲོ་བས་འདུལ་བར་མི་ནུས་ཏེ་སྤྱོ་བས་འདུལ་བར་གཟིགས་ནས། ཀུན་དགའ་བོ་ལ་ངེད་འདུས་པའི་མཆོག་
ཡིན་ལ། ཁྱེད་དང་ལྷན་ཅིག་ཆོས་བགྲོ་བར་མི་རུང་གི་སོང་ཞིག །དེ་ནས་ཀུན་དགའ་བོ་གནད་དུ་ཕོག་པ་བཞིན་དུ་གྱུར་ཏེ། འོད་སྲུང་ཆེན་པོ་ཆོག་གོ །བདག་གིས་ཚུལ་ཁྲིམས་དང༌། ལྟ་བ་དང༌། སྤྱོད་པ་དང༌། འཚོ་བ་ཉམས་པར་མ་བྱས། དགེ་འདུན་ལ་ཉེས་པ་མ་བྱས་ཀྱི་བཟོད་པར་མཛོད་ཅིག །འོད་སྲུང་ཆེན་པོས་གསུངས་པ། ཁྱོད་སྟོན་པའི་ཞབས་དྲུང་དུ་རྟག་ཏུ་འདུག་འདུག་པ་ལ། ཉམས་པ་བཞི་མ་བྱས་པ་ངོ་མཚར་ཅི་ཆེ། དགེ་འདུན་ལ་ཉེས་པ་བྱས་ཏེ་ལོངས་ལ་ཚུལ་ཤིང་ཟུངས་ཤིག་ཉེས་པ་བསྟན་པར་བྱའོ། །དེར་ཀུན་དགའ་བོས་ལངས་པ་ན་ས་གཡོས་སོ། །ནམ་མཁའ་ནས་ལྷ་རྣམས་ཀྱིས། ཨ་ལ་ལ་འོད་སྲུང་བདེན་པར་སྨྲ་བས་ཀུན་དགའ་བོ་ལ་རབ་ཏུ་དྲག་པོས་སྤྱོས་སོ། །ཞེས་སྒྲོག་གོ །དེ་ནས་འོད་སྲུང་གིས་ཀྱང་ཀུན་དགའ་བོ་ལ། ཁྱེད་ཀྱིས་དགེ་འདུན་ལ་གནོད་པ་མ་བྱས་མ་ཡིན་གྱི། བཅོམ་ལྡན་འདས་བུད་མེད་རབ་ཏུ་དབྱུང་བར་མི་བཞེད་པ་ལ། ཁྱོད་ཀྱིས་གསོལ་བ་བཏབ་པས་བསྟན་པ་ཡུན་ཐུང་ངུར་གནས་པར་བྱས་སོ། །འདི་ཉེས་པ་དང་པོ་ཡིན་གྱི་ཚུལ་ཤིང་ཞོག་ཅིག ཡང་གང་དུ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་བརྟེན་ནས་སོགས་བཀའ་སྩལ་ན་ཁྱོད་ཀྱིས་བསྐལ་པའམ་བསྐལ་པ་ལས་ལྷག་པར་བཞུགས་སུ་གསོལ་ཞེས་གསོལ་བ་མ་བཏབ་བོ། །འདི་ཁྱོད་ཀྱི་ཉེས་པ་གཉིས་པའོ། །ཡང་ཀུན་དགའ་བོ་འདི་ལྟ་བུ་ཞེས་བཀའ་སྩལ་ན། གཞན་སྨྲས་པ་ན་གཞན་དུ་ལན་འདེབས་པར་བྱེད་དེ། འདི་ནི་ཉེས་པ་གསུམ་པའོ། །ཞེས་འབྱུང་བ་དེའི་དོན་ནི་ཤཱ་རིའི་བུས་དགེ་སློང་རྣམས་ལ་ཆོས་བསྟན་པ་ཅིག་འཆར་ཀས་ལན་གསུམ་གྱི་བར་དུ་ཁྱད་དུ་བསད། སྟོན་པའི་སྤྱན་སྔར་ཕྱིན་པས་ཀྱང་འཆར་ཀས་དེ་བཞིན་དུ་ཁྱད་དུ་བསད་པ་ན། སྟོན་པས་ཀུན་དགའ་བོ་ལ། སྐྱེས་བུ་རྨོངས་པ་དགེ་སློང་གནས་བརྟན་ལ་རྩོད་པར་བྱེད་དམ། ཞེས་
གསུངས་པ་ན་ཀུན་དགའ་བོས་དགེ་སློང་དཔེ་ཅན་ལ། དཔེ་ཅན་ཁྱོད་འདིར་སྨྲ་བ་དེ་ནི་གཞན་གྱིས་བྱས་པ་ལ་གཞན་དུ་སྨྲའོ་ཞེས་བྱ་བ་མ་ཡིན་པར་བཤད་དོ། །ཡང་ནམ་བཟའ་གསེར་གྱི་ཁ་དོག་ཅན་འདྲུབ་པ་ན་པུས་མོས་བརྫིས་ཏེ། དེ་ནམ་མཁའ་ལ་ཕྱར་ན་ལྷས་འཛིན་པར་འགྱུར་བ་ཞིག་ན། འདི་ནི་ཉེས་པ་བཞི་པའོ། །ཡང་ཆུ་རྙོག་མ་ཅན་གསོལ་དུ་བཅུག་སྟེ། ལྷུང་བཟེད་ནམ་མཁའ་ལ་བཟེད་ན་ལྷས་ཡན་ལག་བརྒྱད་ལྡན་གྱི་ཆུ་ལྡུགས་པར་འགྱུར་བ་ཞིག་ན། འདི་ནི་ཉེས་པ་ལྔ་པའོ། །སོ་སོར་ཐར་པའི་མདོ་འདོན་པའི་ཚེ། ཕྲན་ཚེགས་དག་དགེ་འདུན་གྱི་ཕྱིར་གློད་ལ། བདེ་བ་ལ་རེག་པར་མནོས་ཤིག་ཅེས་གསུངས་ན། ཕྲ་མོ་ཕྲན་ཚེགས་གང་ལགས་མ་ཞུས་སོ། །ད་འདིར་སྣ་ཚོགས་སུ་སྨྲ་བར་གྱུར་གྱི། དེ་མུ་སྟེགས་ཅན་རྣམས་ཀྱིས་ཐོས་ནས་འཕྱ་བར་བྱེད་ན། འདི་ནི་ཉེས་པ་དྲུག་པའོ། །ཡང་ཁྱིམ་པ་དང་བུད་མེད་དག་ལ་སྐུ་གདུང་གི་སྦ་བ་སྦུབས་སུ་ནུབ་པ་བསྟན་ན། དེ་དག་གི་དོན་དུ་མ་གྱུར་ཏེ་འདི་ནི་ཉེས་པ་བདུན་པའོ། །སྟོན་པའི་གདུང་སྐུ་ལུས་གསེར་གྱི་མདོག་ཅན་བུད་མེད་ལ་བསྟན་པས། མཆི་མས་དྲི་མ་ཅན་དུ་གྱུར་པ་འདི་ནི་ཉེས་པ་བརྒྱད་པའོ། །དེ་བས་ན་ཁྱོད་མཆོག་འདུས་པའི་ནང་འདིར་མ་འདུག་པར་གཞན་དུ་སོང་ཞིག་དེ་ནས་ཀུན་དགའ་བོས་ཕྱོགས་བཞིར་བལྟས་ཏེ། ཀྱེ་མ་ངའི་དུས་ནི་འདི་འདྲ་སྟེ་དེ་བཞིན་གཤེགས་པས་ནི་སྤངས། འོད་སྲུང་ཆེན་པོས་ནི་སྤྱོས་ན་མགོན་དང་སྐྱབས་སུ་ལ་རེ་ཞིང་བརྟེན་པར་བྱ་ཞེས་གླང་པོ་ཆེའི་སྒྲ་སྐད་ལྟ་བུས་བཤུམས་སོ། །དེར་ལྷ་རྣམས་ཀྱིས་ཨ་ལ་ལ་ལྷ་རྒྱས་ལྷ་མིན་དམས། སྟོན་པའི་བསྟན་པ་ཡང་རྒྱས་པར་འགྱུར་ཏེ། སངས་རྒྱས་དང་འདྲ་བའི་ཉན་ཐོས་ཀྱིས་སངས་རྒྱས་དང་འདྲ་བའི་ཉན་ཐོས་ལ་སྤྱོས་སོ། །ཞེས་སྒྲོག་གོ །དེ་ནས་འོད་སྲུང་གིས། ཀུན་དགའ་བོ་ཁྱོད་མ་ངུ་ཞིག ཁྱོད་ཀྱི་དགེ་བའི་ཆོས་འཕེལ་བར་འགྱུར་གྱི་ཉམས་པར་མི་འགྱུར་རོ། །
དེ་ནས་ཀུན་དགའ་བོ་མཆོག་འདུས་པའི་ནང་ནས་ཕྱིར་ཕྱུང་སྟེ་བྲི་ཛིའི་གྲོང་དུ་བྱོན་ནས། དེར་ཚུལ་ཞུགས་པར་ཁས་བླངས་སོ། །ཀུན་དགའ་བོའི་སློབ་མ་བྲི་ཛའི་བུས་མཁན་པོའི་སེམས་ལ་བརྟགས་ན། ཉོན་མོངས་པ་དང་བཅས་པར་ཤེས་ནས། གཽ་ཏཾ་ཁྱོད་ནི་བག་མེད་མ་མཛད་པར། །ཤིང་དྲུང་འཐིབས་པོ་བརྟེན་ནས་མྱ་ངན་འདས། །ཐུགས་ལ་ཞོག་སྟེ་བསམ་གཏན་མཛོད་ཅིག་དང༌། །རིང་པོར་མི་ཐོགས་ཞི་བའི་གནས་ཐོབ་འགྱུར། །དེ་ནས་རང་གི་སློབ་མ་མཁན་བུའི་གདམས་ངག་ལ་བརྟེན་ནས་ཉིན་པར་དང་མཚན་མོའི་ཐུན་ཐ་མ་དང་དང་པོ་ལ་འཆག་པ་དང་འདུག་པས་སེམས་ཀྱི་སྒྲིབ་པ་སྦྱོང༌། གུང་ཐུན་ལ་སེང་གེའི་སྟབས་དང་དྲན་པ་དང་སྣང་བའི་འདུ་ཤེས་ཀྱིས་གཟིམས་པར་མཛད་དོ། །དེ་ནས་མི་རིང་བའི་དུས་གཞན་ཞིག་ན། དྲན་པ་དང་ལྡན་པའི་ཉལ་བར་བརྩམས་ཏེ་སྔས་ནང་ཚངས་ཅན་ལ་དབུ་བཞག་མ་ཐག་ཁོ་ནར་དགྲ་བཅོམ་པ་ཐོབ་སྟེ། དེ་ནས་ཀུན་དགའ་བོ་སླར་ནྱ་གྲོ་དྷའི་ཕུག་ཏུ་བྱོན་ཏོ། །དེར་དགྲ་བཅོམ་པ་ལྔ་བརྒྱ་འདུས་པས་སྡེ་སྣོད་གསུམ་ལས་ཐོག་མར་གང་བགྲོ་བར་བྱ་ཞེས་མོལ་བ་ལས། ཐོག་མར་མདོ་སྡེ་བསྡུ་བར་བྱ་དགོས་ཏེ་སྡེ་སྣོད་ཀྱི་གཙོ་བོ་ཡིན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །ཀུན་དགའ་བོ་མདོ་སྡེ་བསྡུ་བར་བསྐོས། ཆོས་སྨྲ་བའི་སེང་གེའི་ཁྲིའི་སྟེང་དུ་དགྲ་བཅོམ་ལྔ་བརྒྱའི་སྣམ་སྦྱར་བཏིང༌། དེ་ལ་ཀུན་དགའ་བོས་གཡས་ཕྱོགས་སུ་བསྐོར་ཞིང་མགོ་བོས་བཏུད་དེ། མི་རྟག་པ་དང་ཆོས་ཀྱི་འདུ་ཤེས་ཀྱིས་སེང་གེའི་ཁྲི་མནན་ནས། རྒྱ་མཚོ་ལྟར་ཟབ་པའི་འཁོར་མི་གཡོ་བ་ལ་བལྟས་སོ། །དེའི་ཚེ་ཀུན་དགའ་བོས་རྡོ་རྗེའི་གདན་དུ་བལྟས་ཏེ་ཐལ་མོ་སྦྱར་ནས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཝཱ་རཱ་ཎ་སཱིའི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་ན་བཞུགས་སོ། །ཞེས་ཚངས་པའི་དབྱངས་ལྟ་བུའི་སྐད་ཀྱིས་མདོ་སྡེ་བསྒྲགས་པ་ན་ལྷ་རྣམས་དང༌། ཕྱོགས་གཞན་དག་ན་གནས་པ།
ཆགས་བྲལ་མ་ཐོབ་པའི་དགེ་སློང་རྣམས་ཀྱིས་ཀྱང་ཚངས་དབྱངས་འདྲ་བ་ཉིད་ཀྱི་ཕྱིར་སྒྲ་དེ་ཐོས་པས། བདག་ཅག་གིས་སྔར་བཅོམ་ལྡན་འདས་ཆོས་གསུང་པ་མངོན་སུམ་དུ་མཐོང་ན། ད་ནི་ཐོས་པའི་ལམ་དུ་གཤེགས་སོ་སྙམ། ལ་ལ་ནི་སངས་རྒྱས་དྲན་པས་གཟིར་བར་གྱུར། ལ་ལ་ནི་ཆོས་ཉིད་ཡིད་ལ་བྱེད་དོ། །དེ་ལྟར་མདོ་སྡེ་དང་པོ་དང༌། གཉིས་པ་དང༌། གསུམ་པ་སོགས་མདོ་སྡེ་གང་དང་གང་བཤད་པ་ཐམས་ཅད་ཀུན་དགའ་བོས་བཟླས་ཏེ་གསུངས་སོ། །དེ་དག་དགྲ་བཅོམ་པ་ལྔ་བརྒྱས་ལུང་ཡང་དག་པར་ལྡན་པ་དང༌། ལུང་བར་མ་དང༌། ལུང་རིང་པོ་དང༌། ལུང་གཅིག་ལས་འཕྲོས་པ་ཞེས་བྱ་བར་བསྡུས་ཏེ་བཞག་གོ །དེ་ནས་ཀུན་དགའ་བོས་སེང་གེའི་ཁྲི་ལས་བབས་ཤིང༌། ཉེ་བར་འཁོར་འདུལ་བ་བསྡུ་བར་བསྐོས་ཏེ། བསླབ་པའི་གཞི་བཅས་པ་རིམ་པ་གསུམ་ལ་སོགས་པ་འདུལ་པ་མཐའ་དག་བཤད་དེ་ཁྲི་ལས་བབས་ནས། འོད་སྲུང་ཆེན་པོ་སྔར་བཞིན་ཁྲི་ལ་བཞུགས་ཏེ། མ་མོ་ལྟ་བུ་མངོན་པའི་སྡེ་སྣོད་མཐའ་དག་བསྡུས་པ་ཡང་སྔ་མ་བཞིན་ནོ། །དེའི་ཚེ་ས་བླའི་གནོད་སྦྱིན་དག་གིས་བཀའ་བསྡུས་པར་ཤེས་ནས་འདི་སྐད་དུ། དགྲ་བཅོམ་པ་ལྔ་བརྒྱས་སྡེ་སྣོད་གསུམ་བསྡུས་ཏེ། ལྷ་རྣམས་ནི་འཕེལ། ལྷ་མ་ཡིན་རྣམས་ནི་འགྲིབས། སངས་རྒྱས་ཀྱི་བསྟན་པ་ཡུན་རིང་བར་གནས་སོ་ཞེས་ཆེད་དུ་བརྗོད་ནས་བར་སྣང་གི་གནོད་སྦྱིན་རྣམས་ལ་གོ་བར་བྱས་སོ། །དེ་དག་གིས་ཀྱང་སུམ་ཅུ་རྩ་གསུམ་པ་རྣམས་ལ་གོ་བར་བྱས་པ་ལ་སོགས་འོག་མིན་གྱི་བར་དུ་གོ་བར་བྱས་ཤིང་ཆེད་དུ་བརྗོད་དོ། །གཉིས་པ་འོད་སྲུང་ཆེན་པོ་མྱ་ངན་ལས་འདས་པ་ནི། དེ་ལྟར་བཀའ་བསྡུ་བ་ཡང་ལེགས་པར་གྲུབ། དབྱར་གནས་པ་ཡང་གྲོལ་ཏེ། ཧ་ཅང་ཡུན་རིང་པོ་མ་ལོན་པའི་དུས་གཞན་ཞིག་ན་འོད་སྲུང་ཆེན་པོས། འཕགས་པ་ཀུན་དགའ་བོ་ལ་ཁྱོད་ཀྱིས་སངས་རྒྱས་ཀྱི་བསྟན་པ་སྐྱོངས་ཤིག་ཅེས་བསྟན་པ་གཏད་ཅིང༌། ཁྱོད་ཀྱིས་ཀྱང་ཤཱ་ནའི་གོས་ཅན་རབ་ཏུ་བྱུང་ལ་
བསྟན་པ་གཏོད་ཅིག་ཅེས་གསུངས་ནས་གནས་ཆེན་པོ་བཞིའི་མཆོད་རྟེན་དང༌། སྐུ་གདུང་གི་མཆོད་རྟེན་བརྒྱད་དང༌། ཀླུའི་ཡུལ་དུ་ཚེམས་མཆེ་བའི་མཆོད་རྟེན་རྣམས་མཇལ་ནས། སུམ་ཅུ་རྩ་གསུམ་ལྷའི་གནས་སུ་བྱོན་ཏེ་བརྒྱ་བྱིན་ལ་སོགས་པའི་ལྷ་རྣམས་ཀྱིས་ཅིའི་ཕྱིར་བྱོན་ཞེས་ཞུས་པ་ན། ཚེམས་མཆེ་བ་ལ་ཐ་མའི་མཆོད་པ་བྱེད་པའི་དོན་དུའོ་ཞེས་གསུངས། དེ་ནས་ཚེམས་མཆེ་བ་ཕྱག་ཏུ་བླངས་ཏེ་སྤྱན་མི་འཛུམས་པར་གཟིགས་ཤིང་སྤྱི་བོར་བཞག་ནས། ཙནྡན་སྦྲུལ་གྱི་སྙིང་པོའི་ཕྱེ་མས་གཏོར་ཞིང་མཆོད་དེ། ལྷ་རྣམས་ལ་བག་ཡོད། སྤྱོད་པར་གདམས་ཏེ་སྐད་ཅིག་གིས་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །དེར་རྒྱལ་བོ་མ་སྐྱེས་དགྲའི་ཕོ་བྲང་གི་སྒོ་སྲུང་ལ་ཁྱོད་ཀྱིས་ཁོ་བོ་སྒོ་དྲུང་ན་སྡོད་དོ་ཞེས་རྒྱལ་པོ་ལ་སྨྲོས་ཤིག །དེས་ནང་དུ་ཕྱིན་པ་ན་རྒྱལ་པོ་གཉིད་ལོག་སྟེ་གནས་པས། དེ་ཕྱིར་བྱུང་ནས་འདི་སྐད་ཅེས་ལྷ་གཟིམས་ཏེ། དེ་ཤིན་ཏུ་གཏུམ་པས་སད་པར་བྱས་ན་ནི་ཆད་པ་འོང་ངོ་ཟེར་རོ། །འོ་ན་གཉིད་སད་པ་ན་འོད་སྲུང་མྱ་ངན་ལས་འདའ་བ་སྦྲོན་དུ་བྱུང་ངོ་ཞེས་སྨྲོས་ཤིག་གསུངས་ཏེ། རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་རི་བྱ་གག་རྐང་ཅན་ཞེས་བྱ་བ་རྩ་བ་གཅིག་ལ་རྩེ་མོ་གསུམ་འཛོམ་ཡོད་པ་དེར་བྱོན་ནས་རི་གསུམ་གྱི་སྟེང་དུ་རྩ་བཏིང༌། སྟོན་པས་གནང་བའི་སྣམ་སྦྱར་སྐུ་ལ་གསོལ། རྒྱལ་བ་བྱམས་པའི་གསུང་རབ་མ་རྒྱས་ཀྱི་བར་དུ་མི་འཇིག་པར་བྱིན་གྱིས་བརླབས། སྐུ་ཚེའི་འདུ་བྱེད་བཏང༌། ཆོ་འཕྲུལ་དུ་མ་བསྟན། སེང་གེའི་ཉལ་སྟབས་ཀྱིས་གཟིམས་ནས་མྱ་ངན་ལས་འདས་སོ། །དེར་བརྒྱ་བྱིན་ལ་སོགས་པ་ལྷ་ཐམས་ཅད་ཀྱིས་མཆོད་རྫས་དུ་མས་མཆོད། རི་དེའི་རྩེ་གསུམ་པོ་གཅིག་ཏུ་གྱུར་པས་བཀབ་བོ། །དེའི་ཚེ་ས་གཡོས། ལྷ་རྣམས་ཡིད་ལ་གདུང་བ་སྐྱེས། མ་སྐྱེས་དགྲའི་རྨི་ལམ་དུ་ཞང་པཽའི་རིགས་རྒྱུན་ཆད་པ་རྨིས་ནས་རབ་ཏུ་སྐྲག་སྟེ་གཉིད་སད་པ་ན་སྒོ་སྲུང་གིས་སྔར་བཞིན་སྦྲན་པས་
བརྒྱལ་བར་གྱུར་ལ། ཆུ་གཏོར་བས་བསླངས་ཏེ་ཀུན་དགའ་བོ་དང་ལྷན་ཅིག་རི་བྱ་གག་རྐང་ལ་འཛེགས་པ་ན། ཡང་རིའི་རྩེ་མོ་གསུམ་དུ་ཁ་བྱེས་ནས་མ་སྐྱེས་དགྲ་ལ་སྐུ་མངོན་སུམ་དུ་བསྟན། ཕྱག་དང་མཆོད་པ་བྱས་ནས་ཞུགས་ལ་འབུལ་བར་བརྩམས་པ་ན། ཀུན་དགའ་བོས་གསུངས་པ། འདི་མ་འོངས་པ་ན་སངས་རྒྱས་བྱམས་པས་འཁོར་ཉན་ཐོས་བྱེ་བ་ཕྲག་དགུ་བཅུ་རྩ་དགུ་ལ་སྐུ་གདུང་འདི་དང་སྣམ་སྦྱར་འདི་བསྟན་པས། ཉན་ཐོས་རྣམས་སྦྱངས་པའི་ཡོན་ཏན་ལ་བསླབས་ཏེ། དགྲ་བཅོམ་ཐོབ་པར་འགྱུར་བ་ཡིན་པས། འདི་བསྲེག་མི་ནུས་སོ་ཞེས་བཟློག་སྟེ། རྒྱལ་པོ་ཕྱིར་བྱུང་བ་ན་རི་གསུམ་པོ་ཡང་ཁ་འབྱར་བས་རིའི་རྩེ་མོར་རྒྱལ་པོས་མཆོད་རྟེན་བྱས་སོ། །གསུམ་པ་ཤཱ་ནའི་གོས་ཅན་རབ་ཏུ་བྱུང་བ་ནི། སྔ་རོལ་གྱི་སྐབས་ཤིག་རྒྱལ་པཽའི་ཁབ་ཏུ་དེད་དཔོན་ཞིག་གི་བུ་མངལ་ནས་བཙས་ཙམ་ན་ཤཱ་ནའི་གོས་དང་བཅས་ཏེ་བཙས་པས་ཤཱ་ནའི་གོས་ཅན་ཞེས་གྲགས་སོ། །དེ་ཆེར་སྐྱེས་ནས་དད་པ་ཆེན་པོ་ཐོབ་སྟེ། སངས་རྒྱས་དང་དགེ་འདུན་ལ་མཆོད་པ་བྱ་བར་བསམས་པས་རྒྱ་མཚོ་ཆེན་པོར་སོང་བ་ལས། དུས་རིང་ཞིག་ལོན་ནས་སྐབས་དེར་གྲུ་བོ་ཆེ་ནོར་དང་བཅས་པ་ལེགས་པར་གྲུབ་སྟེ་རྒྱལ་པོའི་ཁབ་ཏུ་འོངས། ནོར་རྣམས་གཏེར་དུ་སྦས་ཏེ་འོད་མའི་ཚལ་དུ་སོང་བ་ན་འཕགས་པ་ཀུན་དགའ་བོ་དྲི་གཙང་ཁང་གི་སྒོ་ན་འཆག་ཅིང་འདུག་པས་མཐོང་སྟེ་ཕྱག་བྱས་ནས། བཙུན་པ་མཁྱེན་པར་མཛོད་ཅིག །བདག་ལོ་ལྔའི་དུས་སྟོན་བགྱིད་ན། བཅོམ་ལྡན་འདས་གང་ན་བཞུགས་ཞེས་དྲིས་པས་འཕགས་པ་ན་རེ་བུ་བཅོམ་ལྡན་འདས་མྱ་ངན་ལས་འདས་སོ་གསུང༌། གནས་བརྟན་ཤཱ་རིའི་བུ་དང༌། མཽདྒལ་གྱི་བུ་དང༌། འོད་སྲུང་ཆེན་པོ་ལ་སོགས་པའི་གཏམ་དྲིས་ཤིང་བཤད་པས་ཀྱང་ཤིན་ཏུ་ཡིད་གདུང་བ་བསྐྱེས་ཏེ། ད་ནི་བཙུན་པ་ཉིད་ལ་སོགས་པ་དགེ་འདུན་རྣམས་ལ་ལོ་ལྔའི་བར་དུ་དུས་སྟོན་གྱི་མཆོད་པས་
མཆོད་པར་བྱའོ། །ཞེས་ལོ་ལྔར་དགེ་འདུན་ཐམས་ཅད་ལ་མཆོད་པ་དཔག་ཏུ་མེད་པས་མཆོད་དོ། །དེ་ནས་འཕགས་པ་ཀུན་དགའ་བོས་ཤཱ་ནའི་གོས་ཅན་ལ་གསུངས་པ། བུ་ཁྱོད་ཀྱིས་སྟོན་པའི་བསྟན་པ་ལ། ཟང་ཟིང་གི་བསྡུ་བ་བྱས་ཟིན་གྱི། ད་ནི་ཆོས་ཀྱི་བསྡུ་བ་བྱོས་ཤིག་དེས་ཀྱང་བགྱིའོ་ཞེས་སྨྲས་ནས། ཀུན་དགའ་བོས་དེ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས། ཇི་སྲིད་འཚོའི་བར་དུ་ཤཱ་ནའི་གོས་ལེན་དུ་བཅུག་དེ་ཡང་འཕགས་པ་ཀུན་དགའ་བོ་བཞིན་དུ་ཐོས་པ་འཛིན་པ་ཅིག་སྟེ། བཅོམ་ལྡན་འདས་ལས་དགེ་སློང་སྡེ་གཉིས་ཀྱིས། མདོ་སྡེ་བཟུང་བ་ཐམས་ཅད་དང་འཕགས་པ་ཀུན་དགའ་བོས་ཐོས་ཤིང་བཟུང་བ་ཐམས་ཅད་དེས་བཟུང་ཞིང༌། དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་དུ་གྱུར་ཏེ། རིག་པ་གསུམ་དང་སྡེ་སྣོད་གསུམ་རྒྱས་པར་བྱས་སོ། །འདི་ལ་ད་ལྟ་བོད་དུ་འགྱུར་བའི་ལུང་ཕྲན་ཚེགས་ན་དེ་ལྟར་ཡོད་ལ། ཤཱ་ནའི་གོས་ཅན་ཉིད་ཀྱི་རྟོགས་བརྗོད་ན། འཁྲུངས་པའི་ཡུལ་མཉན་ཡོད་ཡིན་པ་དང༌། ཀུན་དགའ་བོ་སྒོ་ཁང་གང་དུ་འཆག་པའི་གཙུག་ལག་ཁང་ཡང༌། རྒྱལ་བྱེད་ཚལ་ཡིན་པར་བཤད་དོ། །སྡེ་བ་ཐ་དད་པའི་འདོད་ཚུལ་ཐ་དད་པ་ཞིག་ཡིན་པ་འདྲའོ། །བཞི་པ་ཀུན་དགའ་བོའི་ཐ་མའི་མཛད་པ་ནི། དེ་ནས་དུས་ཕྱི་ཞིག་ན། འཕགས་པ་ཀུན་དགའ་བོ་འོད་མ་འཚལ་ན་བཞུགས་པའི་ཚེ། དགེ་སློང་ཞིག་མདོ་འདོན་པ་ན། གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་ཆུ་ལ་བྱ་གར་བཞིན། །ཆུ་ལ་བྱ་གར་མཐོང་བར་ལྟར། །བདག་ཉིད་གཅིག་པུའི་འཚོ་བ་དགེ །ཞེས་ཟེར་བ་ལ་ཀུན་དགའ་བོས་བཅོམ་ལྡན་འདས་ཀྱིས་དེ་སྐད་མ་གསུངས་ཏེ། གང་ན་ལོ་བརྒྱ་འཚོ་བ་ནི། །ངེས་པར་སྐྱེ་དང་འཇིག་པ་ཡིན། །ཞེས་སོགས་ཡིན་ནོ། །ཞེས་གསུངས་སོ། །ཡང་ཕྱིས་ཀྱང་སྔ་མ་སྐད་འདོན་པ་གསན་ཏེ། རྒྱུ་མཚན་དྲིས་པས། དེ་སྐད་འདོན་པ་པོ་དེ་ན་རེ། ཀུན་དགའ་བོ་ཡང་རྒས་གྱུར་ཏེ། །དེ་ཡི་དྲན་པའང་ཉམས་པར་གྱུར། །ཞེས་སྨྲ་ཞིང་མི་ཉན་ལ་དེའི་མཁན་པོ་དེ་ཡང༌། དེ་ཁོ་ནའི་རྟིང་གནོན་པ་སྨྲ་བ་གསན་ནས། འདུ་སྙམ་དུ་དགོངས་
ཏེ། རྙིང་པ་དེ་དག་སྔར་འདས་ཏེ། །གསར་བུ་དེ་དང་བདག་མི་མཐུན། །བདག་ཉིད་གཅིག་པུར་བསམ་གཏན་ལ། །སྒོ་ང་ལས་སྐྱེས་བཞིན་དུ་གནས། །ཞེས་གསུངས་ཏེ། ཤཱ་ནའི་གོས་ཅན་གྱི་སར་བྱོན་ཏེ། བུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། དེས་ཀྱང་ང་ལ་བསྟན་པ་གཏད། ད་ནི་ངས་ཀྱང་ཁྱོད་ལ་གཏད་ནས། ང་ནི་མྱ་ངན་ལས་འདའ་ཡི། ཁྱོད་ཀྱིས་བསྟན་པ་ལེགས་པར་སྐྱོངས་ཤིག །གྲོང་ཁྱེར་བཅོམ་བརླག་རི་མུ་རུ་ན་ཏ་ཞེས་བྱ་བར་ཚོང་དཔོན་ནཊྚ་དང༌། བཊྚ་ཞེས་བྱ་བས་གཙུག་ལག་ཁང་བརྩིགས་ཏེ། དེར་སྤོས་ཚོང་སྦས་པའི་བུ་ཉེར་སྦས་ཞེས་བྱ་བ་ཞིག་འབྱུང་གི དེ་རབ་ཏུ་ཕྱུང་ཞིག་དེ་ནི་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལོན་པ་ན། མཚན་མེད་པའི་སངས་རྒྱས་སུ་འགྱུར་ཏེ། དེས་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་པར་འགྱུར་རོ། །དེ་ནས་ཤཱ་ནའི་གོས་ཅན་གྱིས་མཁན་པོ་ལ་བཀའ་སྩལ་བ་བཞིན་དུ་བགྱིའོ་ཞེས་སྨྲས་ནས། ཀུན་དགའ་བོ་མྱ་ངན་ལས་འདའོ་ཞེས་རྒྱལ་པོ་མ་སྐྱེས་དགྲ་ལ་ཤཱ་ནའི་གོས་ཅན་འཕྲིན་པར་བཏང༌། རྒྱལ་པོ་ལ་རྨི་ལམ་དུ་གདུགས་ཀྱི་ཡུ་བ་ཆག་པ་རྨིས། སད་པ་ན་ཤཱ་ནའི་གོས་ཅན་གྱིས་སྦྲན་པས། བརྒྱལ་བོག་ཏུ་གྱུར་ཀྱང་སླར་བསླངས་ཏེ། འཕགས་པ་ཀུན་དགའ་བོ་གང་དུ་འདའ་ཞེས་དྲིས་པ་ན། ཡངས་པ་ཅན་གྱི་ཕྱོགས་སུ་གཤེགས་སོ་ཞེས་བརྗོད་པས། རྒྱལ་པོ་དཔུང་ཚོགས་བཞིས་གོ་བསྐོན་ནས་གདྒཱའི་ལྷོ་འགྲམ་དུ་ཕྱིན་ཏོ། །ཡངས་པ་ཅན་པ་ལའང་ལྷ་དག་གིས་སྦྲན་པས། དཔུང་ཚོགས་དང་བཅས་ཏེ་གདྒཱའི་བྱང་འགྲམ་དུ་ལྷགས་སོ། །འཕགས་པ་ཀུན་དགའ་བོ་གྲུར་ཞུགས་ནས་གདྒཱའི་དབུས་སུ་འདུག་པ་ལ། སོ་སོ་ནས་
ཕན་ཚུན་དུ་སྤྱན་འདྲེན་པའི་ཞུ་བ་ཚིགས་བཅད་དག་གསོལ། དེའི་ཚེ་ས་གཡོས་པས། དྲང་སྲོང་ཆེན་པོ་གཅིག་འཁོར་དང་བཅས་པ་དྲང་སྲོང་ལྔ་བརྒྱས་ཀུན་དགའ་བོ་མྱ་ངན་ལས་འདའ་བའི་ལྟས་ཡིན་པར་ཤེས་ནས། རབ་ཏུ་འབྱུང་བར་འདོད་དེ་ཆུ་འགྲམ་དུ་འོངས་ནས་རབ་ཏུ་བྱུང་བར་གསོལ་བ་བཏབ། ཀུན་དགའ་བོས་ཆུའི་དབུས་སུ་ས་གཞི་སྤྲུལ་ཞིང་ལམ་མེད་པར་བྱས། དེ་རྣམས་འོང་བར་གྱུར་ཅིག་པའི་ཐུགས་བསྐྱེད་མ་ཐག་པར་དེ་རྣམས་གླིང་དེར་འོངས་སོ། །དེར་དྲང་སྲོང་ལྔ་བརྒྱ་རབ་ཏུ་བྱུང་ཞིང་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་བསྙེན་པར་རྫོགས་པའི་དུས་སུ་གསོལ་བ་བྱས་པ་ན་དེ་ཐམས་ཅད་ཀྱིས་ཕྱིར་མི་འོང་ཐོབ་ཅིང༌། བརྗོད་པ་གསུམ་གྱི་མཐར་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ཀུན་ཏུ་རྒྱུ་རབ་བཟང་བཞིན་དུ་སྔོན་ལ་མྱ་ངན་ལས་འདའ་བར་ཞུས་ཀྱང༌། བུ་སངས་རྒྱས་ཀྱིས་འོད་སྲུང་ལ་བསྟན་པ་བཏད། དེས་ང་ལ་གཏད་ན། ང་ཡང་མྱ་ངན་ལས་འདའ་བས་ཁྱོད་ཀྱིས་བསྟན་པ་ལེགས་པར་སྲུངས་ཤིག ཁ་ཆེའི་ཡུལ་ན་བསམ་གཏན་དང་མཐུན་ཞིང་གནས་མལ་གྱི་མཆོག་ཏུ་ལུང་བསྟན་ན། དེར་བསྟན་པ་བཞག་ཅིང་གནས་པར་གྱིས་ཤིག །ཅེས་གསུངས་པས་དེ་རྣམས་ཀྱིས་ཀྱང་ཁས་བླངས་སོ། །དེ་ནས་ཀུན་དགའ་བོས་འབར་བ་ལ་སོགས་པ་ཆོ་འཕྲུལ་རྣམ་པ་སྣ་ཚོགས་པ་བསྟན་ཏེ་མྱ་ངན་ལས་འདས་ཤིང༌། སྐུ་གདུང་ཡང་རང་བྱུང་གི་མེས་བསྲེགས་ནས་རིང་བསྲེལ་གྱི་གོང་བུ་ཆེན་པོ་གཉིས་སུ་གྱུར་ཏེ། གཅིག་ནི་གདྒཱའི་རླབས་ཀྱིས་ལྷོ་འགྲམ་དུ་ཁྱེར་བ་རྒྱལ་པོ་མ་སྐྱེས་དགྲས་ཐོབ། གྲོང་ཁྱེར་སྐྱ་ནར་བུར་མཆོད་རྟེན་བརྩིགས་སོ། གཅིག་ནི་བྱང་འགྲམ་དུ་བདས་ཏེ་ལི་ཙ་བཱི་རྣམས་ཀྱིས་ཐོབ་ནས་ཡངས་པ་ཅན་དུ་མཆོད་རྟེན་བྱས་སོ། །ཡེ་ཤེས་རྡོ་རྗེ་རྣོན་པོ་ཡིས། །རང་གི་ལུས་ཀྱི་རེ་བཅོམ་སྟེ། །ཕྱེད་ནི་མི་ཡི་དབང་པོར་སྦྱིན། །ཕྱེད་ནི་ཐུབ་པའི་ཚོགས་ལ་སྦྱིན། །
ཞེས་སོ། །དེ་ལྟར་ན་སྟོན་པའི་རྒྱལ་ཚབ་འོད་སྲུང་ཆེན་པོས་བཀའ་བསྡུ་བ་མཛད་ཅིང༌། ཀུན་དགའ་བོ་དགྲ་བཅོམ་པ་ལ་བཀོད་དེ། འཕགས་པ་ཀུན་དགའ་བོས་ཡུན་རིང་དུ་སངས་རྒྱས་ཀྱི་བསྟན་པ་བསྐྱངས། ཤཱ་ནའི་གོས་ཅན་གྱིས་ཀྱང་ཉེར་སྦས་རབ་ཏུ་བྱུང་ཞིང༌། བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་དོ། །ད་ལྟ་བོད་དུ་འགྱུར་བའི་འདུལ་བ་ལུང་ལས་ལུང་ཕྲན་ཚེགས་ནས་དེ་ལྟར་བཤད་ལ། སྨན་གཞིའི་ཉེར་སྦས་ལུང་བསྟན་གྱི་སྐབས་ནས་ཉི་མ་གུང་པས་ཉེར་སྦས་རབ་ཏུ་འབྱུང་བར་བཤད་དེ། དེ་ནི་ཁ་ཆེ་བའི་འདོད་པ་ཡིན་པར་མངོན་ནོ། །ཉེར་སྦས་ཀྱིས་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་དེ་ལྟ་བུར་མཛད་དེ་འཕགས་པ་དྷི་ཏི་ཀ་ལ་བསྟན་པ་གཏད་དེ། དེས་ཀྱང་འཕགས་པ་ནག་པོ་ལ་བསྟན་པ་གཏད་དོ། །དེས་ཀྱང་འཕགས་པ་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་དེ། དེ་ཡན་ཆད་བསྟན་པ་གཅིག་གིས་སྐྱོང་ཞིང༌། བདུན་པོ་དེ་དག་ཀྱང་སངས་རྒྱས་དང་འདྲ་བའི་ཉན་ཐོས་སོ། །ལྔ་པ་བཀའ་བསྡུ་བ་གཉིས་པ་མཛད་ཚུལ་ནི། གང་གི་ཚེ་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ན། ཡངས་པ་ཅན་པའི་དགེ་སློང་རྣམས་ཀྱིས་རུང་བ་མ་ཡིན་པའི་གཞི་བཅུ་བྱས་སོ། །དེ་ལ་གཞི་བཅུ་ནི་ཇི་སྐད་དུ། ཨ་ལ་ལ་དང་རྗེས་སུ་ཡི་རང་སྤྱོད་པ་དང༌། །བརྟགས་པ་དང་ནི་ལན་ཚྭ་དང་ནི་ལམ་དང་ནི། །སོར་མོ་གཉིས་ཀྱི་རུང་དང་དཀྲུགས་དང་གདིང་པ་དང༌། །གསེར་དངུལ་བྱས་པ་འདིས་ནི་བར་སྡོམ་ཡང་དག་བསྡུས། །ཞེས་འབྱུང་ངོ༌། །དེར་ཡངས་པ་ཅན་ན་འཕགས་པ། ཀུན་དགའ་བོའི་ལྷན་ཅིག་གནས་པ་གནས་བརྟན་ཐམས་ཅད་འདོད་ཅེས་བྱ་བ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་ཞིག་སྙིང་ལས་ཆུང་ངུས་གནས་སོ། །གྲོང་ཁྱེར་ནོར་ཅན་ན་གནས་བརྟན་དགྲ་བཅོམ་པ་གྲགས་པ་ཞེས་བྱ་བ་རྣམ་པར་ཐར་པ་བརྒྱད་སྒོམ་པ་ཞིག་འཁོར་ལྔ་
བརྒྱ་དང་ལྷན་ཅིག་ཡངས་པ་ཅན་དུ་འོངས་སོ། །དེར་ཡངས་པ་ཅན་གྱི་དགེ་སློང་རྣམས་དབྱར་གྱི་རྙེད་པ་བགོས་པའི་དུས་དང་འཛོམ་ནས། རྙེད་པ་མང་དུ་ཐོབ་ནས་རྒྱུ་མཚན་དྲིས་པས། གསེར་དངུལ་གྱི་རུང་བ་བྱེད་པར་ཤེས་ནས། བསྟན་པའི་ཆུ་བུར་འདི་གཅིག་པུ་ཡིན་ནམ་གཞན་ཡང་ཡོད་སྙམ་བརྟགས་པས། གཞི་བཅུ་སྤྱོད་པར་ཤེས་སོ། །དེ་ནས་གྲགས་པས་འཕགས་པ་ཐམས་ཅད་འདོད་ཀྱི་དྲུང་དུ་སོང་ནས། གཞི་བཅུ་རྒྱས་པར་བརྗོད་ཅིང་གླེང་གཞི་དང་བཅས་པ་དྲིས་ནས་མི་རུང་བ་བླཽ་མཐུན་པ་ན། ད་དེ་བཏང་སྙོམས་སུ་གཞོག་གམ་ཞེས་དྲིས་པས། ཐམས་ཅད་འདོད་ན་རེ། མི་བཞག་སྟེ་སུན་དབྱུང་དགོས་ན། ཁྱོད་ཀྱིས་ཕྱོགས་ཚོལ་ཞིག་ངས་ཀྱང་གྲོགས་བྱའོ། །དེ་ནས་གྲགས་པས་རབ་མཐའི་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་ཏེ་བལྟས་ན་དགྲ་བཅོམ་པ་བདུན་བརྒྱ་དག་ཡོད་དེ། གྲོང་ཁྱེར་ནོར་ཅན་དགྲ་བཅོམ་པ་གཡོ་ལྡན་དང༌། གྲོང་ཁྱེར་སང་ག་ཤ་ན་དགྲ་བཅོམ་པ་ནོར་ཅན་དང༌། གྲོང་ཁྱེར་དམར་བུ་ཅན་ན་དགྲ་བཅོམ་པ་ཟླ་སྒུར་འགོག་སྙོམས་ལ་བཞུགས་པས་སོ། །དེའི་ལྷན་ཅིག་གནས་པ་དགྲ་བཅོམ་པ་ཡིད་དགའ་དང༌། གྲོང་ཁྱེར་སྲུག་མ་ན་དགྲ་བཅོམ་པ་མ་ཕམ་པ་དང༌། གྲོང་ཁྱེར་མ་ཧེ་ལྡན་ན་དགྲ་བཅོམ་པ་ཡང་དག་སྐྱེས་ལ་སོགས་པ་མང་པོ་ཞིག་ལ་སྔར་བཞིན་བསྐོར་ནས། གྲོང་ཁྱེར་ལྷན་ཅིག་སྐྱེས་ན་དགྲ་བཅོམ་པ་ནམ་གྲུ་གནས་པའི་སར། སྔར་བཞིན་བརྗོད་ནས་མཐུན་པར་མཛད་དོ། །ནམ་གྲུས་བརྟགས་པ་ན་གྲགས་པས་སྔར་ཡུལ་དང་གྲོང་ཁྱེར་ཐ་དད་པ་མང་པོ་ཞིག་ཏུ་དགྲ་བཅོམ་མང་པོ་ཞིག་ལ་གོ་བར་བྱས་པར་ཤེས་ནས། ཁྱེད་འདིར་ངལ་གསོ་ཞིང་བཞུགས་ཤིག །ངས་ཕྱོགས་བཙལ་ལོ་ཞེས་ནམ་གྲུ་ཕྱོགས་འཚོལ་དུ་སོང་ངོ༌། །དེར་དགྲ་བཅོམ་པ་བདུན་བརྒྱའི་བར་དུ་ཕྱོགས་བཙལ་ལོ། །སྐབས་དེར་ཡངས་པ་ཅན་པའི་
དགེ་སློང་རྣམས་ཀྱིས་གྲགས་པའི་འཁོར་རྣམས་ལ། ཁྱེད་ཀྱི་མཁན་པོ་གར་སོང་དྲིས་པས་ཕྱོགས་འཚོལ་དུ་སོང་ངོ༌། །གང་གི་ཆེད་དུ་ཕྱོགས་འཚོལ། ཁྱེད་ཅག་གནས་ནས་དབྱུང་བའི་ཆེད་དུའོ་ཞེས་རྒྱས་པར་སྨྲས་པ་ན། ཡངས་པ་ཅན་པའི་དགེ་སློང་རྣམས་ན་རེ། སྟོན་པ་འདས་པའི་གསུང་རབ་ལ་རྣམ་པ་དེ་དང་དེ་དག་གིས་འཚོར་རུང་ན། ཅིའི་ཕྱིར་ངེད་ལ་མཐོ་འཚམ། གྲགས་པའི་སློབ་མ་གཞན་ཞིག་ན་རེ། ཁྱེད་ཅག་དགེ་སློང་གི་ཚུལ་མ་ཡིན་པས་སྤྱོད་དེ། ངེད་ཀྱིས་ནི་སྟོན་པའི་བསྟན་པ་ལོ་སྟོང་དུ་གནས་པར་ཐོས་ན། ཁྱེད་ཀྱིས་ནི་ཐུང་ངུར་བྱས་པས་ཁྱེད་ཅག་གནས་ནས་ངེས་པར་འབྱིན་ནོ་ཞེས་སྨྲས་སོ། །དེར་ཡངས་པ་ཅན་པའི་དགེ་སློང་རྣམས་ཕྱོགས་གཅིག་ཏུ་གྲོས་བྱས་ནས། ཁ་ཅིག་ནི་བདག་ཅག་ཀྱང་ཕྱོགས་འཚལ་ལོ་ཞེས། འགའ་ཞིག་ནི་འབྲོས་པར་བྱའོ་ཟེར། ལ་ལ་ནི་གང་དུ་བྲོས་པ་དེར་དེ་ཡང་འོང་གི་བཟོད་པས་གསོལ་ལོ་ཟེར། གཞན་དག་ནི་བཟོད་པ་གསོལ་མི་ནུས་ཀྱི། དཀྲིས་བཞིན་དུ་འདུག་གོ །དེར་འགའ་ཞིག་ན་རེ། སྔོན་ལ་དེའི་སློབ་མ་རྣམས་ལྷུང་བཟེད་དང་ཆོས་གོས་ཀྱིས་ཚུར་བསྡུས་ལ་ཕྱིས་གང་རིགས་བྱའོ་ཟེར་བ་ལ། ཐམས་ཅད་ཀྱིས་ཐབས་དེ་བཟང་ངོ་བྱས་ནས་གྲགས་པའི་སློབ་མ་ཁ་ཅིག་ལ་སྣམ་སྦྱར། ཁ་ཅིག་ལ་ལྷུང་བཟེད། ཁ་ཅིག་ལ་རྔུལ་གཟན་སོགས་བྱིན་པས་དེ་དག་ཀྱང་བར་ན་གནས་པར་གྱུར་ཏོ། །དེར་དགྲ་བཅོམ་པ་གྲགས་པ་ཡངས་པ་ཅན་དུ་འཁོར་ཏེ་ངལ་གསོ་བ་ན་སློབ་མ་རྣམས་ན་རེ། མཁན་པོ་དེ་ལྟ་བུ་བཟློག་པར་རིགས་ཏེ། སྟོན་པ་འདས་པའི་གསུང་རབ་ལ་རྣམ་པ་དེ་དག་གིས་འཚོ་བར་རུང་ན་ཟེར་རོ། །དེར་སྔོན་མ་བྱུང་བའི་ཚིག་ཅིག་བྱུང་བས་གྲགས་པས་བརྟགས་པ་ན། དེ་དག་གིས་སུག་བླངས་པར་རིག་ནས། ཁྱེད་རྣམས་ཀྱིས་རང་གིར་བྱ་བ་བླངས་སོ་བྱས་པས་དེ་དག་ཅང་མི་སྨྲའོ། །དེ་ནས་གྲགས་པས་འཁྱམས་སུ་ཞུགས་
ཏེ། སྨོན་ནས་ཤེས་པས་རྟོག་བཞིན་དུ་གནྚི་བརྡུངས་པས་དགྲ་བཅོམ་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་འདུས་ཏེ། འདིར་དཔེ་ཕལ་ཆེར་ལས་ཐམས་ཅད་ཀྱང་འཕགས་པ་ཀུན་དགའ་བོའི་ལྷན་ཅིག་གནས་པའོ་ཞེས་ཀྱང་འབྱུང་མོད་མཆན་བུ་དཀྱུས་ཤོར་ཡིན་ནམ་སྙམ་མོ། །ཟླ་སྒུར་གྱིས་གནྚིའི་སྒྲ་མ་ཐོས་ཀྱང༌། དེ་མ་ཐག་འགོག་པ་ལས་ལངས་པ་ན་ལྷ་ཞིག་ན་རེ། ཁྱོད་དང་མཁན་པོ་གཅིག་པ་བདུན་བརྒྱར་གཅིག་གིས་མ་ཚང་བ་འདུས་ནས་བསྟན་པ་གནས་པའི་ཕྱིར་བཀའ་བསྡུ་བ་བྱེད་ཀྱི། རིངས་པར་བཞུད་ཅིག་ཟེར་རོ། །དེ་ནས་འཕགས་པ་ཟླ་སྒུར་དམར་བུ་ཅན་ནས་མི་སྣང་བར་ཡངས་པ་ཅན་གྱི་གཙུག་ལག་ཁང་གི་སྒོ་དྲུང་དུ་སྣང་བར་བྱས་ནས་སྒོ་བརྡུངས་ཏེ། གང་དག་དམར་བུ་ཅན་ན་གནས་པ་ཡི། །དགེ་སྦྱོང་མང་དུ་ཐོས་པ་འདུལ་བ་འཛིན། །དེ་དག་ལས་ནི་གཞན་ཞིག་འདིར་འོངས་ཏེ། །དབང་པོ་དུལ་ཞེས་བྱ་བ་སྒོ་ན་འདུག །དེར་དབང་པོ་དུལ་བ་གཞན་ཡང་ཡོད་ཀྱི། ཁྱེད་སུ་བྱས་པས། ཐེ་ཚོམ་བཅད་པ་དང༌། འགྱོད་པ་མེད་པ་དང༌། མཐར་ཟླ་སྒུར་ཞེས་པ་ནི་བྱ་བ་སྒོ་ན་འདུག །བྱས་པས་སྒོ་ཕྱེ་སྟེ་ནང་དུ་ཞུགས་སོ། །དེར་ཐམས་ཅད་འདུས་པ་ལ་གྲགས་པས། ཚེ་དང་ལྡན་པ་དག་ཨ་ལ་ལའི་རུང་བ་རུང་ངམ། ཞེས་སོགས་རྒྱས་པར་བརྗོད་ནས། དེ་དག་རེ་རེ་ནས་བདག་ཅག་གིས་དོར་བ་བྱའོ་ཞེས་བརྗོད་དོ། །དེ་ལྟར་གཞི་བཅུ་རྒྱས་པར་བརྗོད་ནས། གནྚི་བརྡུངས་ཏེ་ཡངས་པ་ཅན་གྱི་དགེ་སློང་ཐམས་ཅད་འདུས་པ་ལ་ཡང༌། གྲགས་པས་རྒན་རིམ་ནས་བརྩམས་ཏེ་གཞི་བཅུ་པོ་རྒྱས་པར་བརྗོད་ཅིང༌། ཐམས་ཅད་ཀྱིས་རེ་རེ་ནས་དཽར་བར་བྱའོ་ཞེས། གཞི་བཅུ་པོ་སུན་ཕྱུང་སྟེ་བློ་མཐུན་པར་བྱས་སོ། །ལུང་གི་དངོས་བསྟན་ཀྱི་ཚིག་ལ་དེ་ཙམ་ལས་མི་གསལ་ཡང༌། འདི་ནི་ངེས་པར་དགོས་ཏེ། བཀའ་བསྡུ་བ་ཉིད་ཡིན་པའི་ཕྱིར་དགྲ་བཅོམ་པ་ཀུན་འདུས་ནས། སྡེ་སྣོད་གསུམ་པོ་མཐའ་དག་ཀུན་གྱིས་ཤེས་ཤིང༌། ཀུན་གྱིས་
བསླབ་པར་བྱ་བ་གོ་བའི་ཕྱིར་སྡེ་སྣོད་གསུམ་ཀ་ཚང་བ་ཚར་གཅིག་ལེགས་པར་བཏོན་པའང་ཡིན་ལ། དེར་མཐུན་པ་དང་བཀྲ་ཤིས་པའི་གསོ་སྦྱོང་ཡང་མཛད་དོ། །བསྡུ་བ་གཉིས་པ་འདི་ལ་ནི་དགྲ་བཅོམ་པ་བདུན་བརྒྱས་ཡང་དག་པར་བརྗོད་པ་ཞེས་གྲགས་སོ། །དེ་ལྟར་ན་ལྷ་དང་བཅས་པའི་འགྲོ་བ་ཐམས་ཅད་ཀྱི་སྐྱོབ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་མཉམ་མེད་ཤཱཀྱ་སེང་གེའི་མཛད་པ་མདོ་ཙམ་ཞིག་ལེགས་པར་བཤད་དོ། །དེ་ལྟར་རྨད་དུ་བྱུང་བའི་གཏམ་རྒྱ་ཆེན་པོ་དེ་དག་ལས་གཏམ་རྒྱུད་ཆེན་པོ་བདུན་ཏེ། སྡོམ་ནི། རལ་པ་ཅན་སྟོང་འཕགས་རྒྱལ་དང༌། །རྒྱལ་བྱེད་ཚལ་བཞེངས་ཡབ་སྲས་མཇལ། །སློབ་མ་ལྟ་བུར་གཤེགས་པ་དང༌། །ཆོ་འཕྲུལ་ཆེ་དང་བྱང་ཕྱོགས་བཏུལ། །ངོ་མཚར་ལོ་རྒྱུས་ཆེན་པོ་བདུན། །དེ་དག་རེ་རེ་བཞིན་དུ་ཡང༌། །སྡོམ་གྱིས་བསྡུས་ན་བཟུང་བདེ་བས། །རིམ་བཞིན་སྐབས་དེར་སྦྱར་བ་བྱ། །དེའི་དང་པོ་ལ། ཀླུ་དང་མེ་ཐོབ་གཉིས་པ་གཉིས། །མེ་ཁང་སྐྱོང་བཞི་བརྒྱ་བྱིན་ཚངས། །གཤེགས་དང་བྱོན་དང་ཛམྦུའི་འབྲས། །ཀྱུ་རུ་སཱ་ལུ་བཀོད་མ་རྫིང༌། །ཨུ་རྫུ་ན་དང་རྡོ་ལེབ་ཟུང༌། །ཆུ་ལ་འཆག་དང་ལམ་བསྟན་ནོ། །གཉིས་པ་ལ། མི་ངས་སྐྲ་ཅན་ཡམས་བྱེད་ཞི། །ཡོན་གནས་བརྟག་ཚུལ་རྣམ་པ་གཉིས། །ཀུན་ཞི་བྲམ་ཟེ་བསྣུན་པ་དང༌། །རྨི་ལྟས་རྨི་ལྟས་ལུང་བསྟན་དང༌། །སྐྱེས་དང་དགེ་འདུན་མཆོད་པ་དང༌། །མཆོག་ལྔ་ཉེ་བའི་མཆོག་ལྔ་སྟེ། །གཏམ་རྒྱུད་ཉེར་མཁོ་བསྡུས་པ་ཡིན། །གསུམ་པ་ལ། གསོལ་བཏབ་གྲོགས་སྦྱིན་ས་བརྟགས་དང༌། །ས་གཞི་ཉོས་དང་སྒོ་ཁང་དང༌། །རྫུ་འཕྲུལ་དུས་བཏབ་སྐྱེ་བོ་འདུས། །ལྗོན་ཤིང་རྫིང་བུ་སྦྲུལ་གདུག་དང༌། །རོ་ལངས་གླགས་ལྟ་འདུལ་བར་མཛད། །ཐིག་སྐུད་གཉིས་དང་ལེགས་པར་ཟིན། །བཞི་པ་ལ། ཕོ་ཉ་བཏང་དང་ཞུ་འཕྲིན་ཕུལ། །སླར་ཡང་
འཕྲིན་བརྫངས་བཞུགས་གནས་བརྩིགས། །ལམ་གཤེགས་བསུ་བའི་བཀོད་པ་དང༌། རྫུ་འཕྲུལ་གྱིས་བྱོན་ཞུ་ལན་མཛད། །ཟས་དཀར་ལ་སོགས་ཉིན་མོ་གསུམ། མཽང་གལ་རྫུ་འཕྲུལ་ཟས་གཙང་འཕགས། །བཟང་ལྡན་རྒྱལ་སྲིད་ལ་བཀོད་དང༌། སྒྲ་གཅན་ཟིན་ནི་རབ་ཏུ་བྱུང༌། །བཙུན་མོ་སྤྱི་དང་གྲགས་འཛིན་མ། །ཤཱཀྱ་ལྔ་བརྒྱ་རབ་བྱུང་སྐབས། །དྲིལ་བསྒྲགས་མ་འགགས་པ་ཡི་གཏམ། །ཀུན་དགའ་བོ་ཡང་རབ་ཏུ་བྱུང༌། །ལྔ་པ་ལ། གང་པོ་རབ་ཏུ་བྱུང་བ་དང༌། །འབྱོར་ལེན་རྒྱ་མཚོར་སོང་བ་དང༌། །གཙུག་ལག་ཁང་བཞེངས་གསོལ་བ་བཏབ། །ཚུལ་ཤིང་བྱི་དོར་དགེ་སློང་འོང༌། །དགྲ་བཅོམ་རྣམས་ཀྱིས་རྫུ་འཕྲུལ་བཀོད། །འོད་ཟེར་བཀྱེ་ནས་མཁའ་ལ་གཤེགས། །ཁྱོ་བྲལ་ལྔ་བརྒྱ་དྲང་སྲོང་དང༌། །ཤིང་ལོའི་གོས་དང་གྲོང་ཁྱེར་གཤེགས། །ཆོས་བསྟན་པ་དང་ཀླུ་དག་བཏུལ། དྲུག་པ་ལ། སྟོན་པ་དྲུག་ནི་བདུད་ཀྱིས་བསླུས། །རྒྱལ་པོར་སྦྲན་པ་རྣམ་གཉིས་དང༌། །དུས་མཁྱེན་ཕྱོགས་འཚོལ་ནག་པོའི་གཏམ། ཁང་པ་སྤྱན་འདྲེན་མཁའ་ལ་གཤེགས། །དུམ་བུ་ལེགས་སྦྱིན་མེ་ཁམས་དང༌། །དྲང་སྲོང་ཚོགས་དང་ཆོ་འཕྲུལ་གཉིས། །མུ་སྟེགས་བྲོས་དང་རྫོགས་བྱེད་མཐའ། བདུན་པ་ལ། དགོངས་པ་དང་ནི་ཨུ་ཤཱི་ར། །སྤུངས་པ་ཅན་དུ་སངས་རྒྱས་སྟོབས། །རེ་ཏུ་ཀར་ནི་ཆོས་སྟོབས་དང༌། །སིནྟུའི་ཡུལ་དུ་ཕོར་ཆེན་ཞབས། །དྲང་སྲོང་གཉིས་དང་སོག་མ་མེད། ཁ་ཆེ་གཉིད་གྲོགས་ཀ་རནྚ། །འབྲས་གྲོང་དབང་ལྡན་གསིང་མ་ཅན། །རྩེགས་སྐྱོང་དགའ་འཕེལ་ལ་སོགས་བྱོན། །འགྲོ་མགྱོགས་ནམ་སོ་གཟུགས་བརྙན་བཏང༌། །མདུང་ཅན་འབྲ་གོ་ལ་སོགས་པའོ། །བར་སྡོམ་འདི་དག་ཀྱང་བློ་ལ་བཞག་སྟེ་བྱང་བར་བསླབ་བོ། །གཏམ་རྒྱུད་མདོར་བསྡུས་པ་ཁོ་ན་ལ་དགའ་ན། ཆོས་འཁོར་ཐོག་མའི་
རྗེས་སུ་ལོ་རྒྱུས་བདུན་པོ་དེ་ལས་གཉིས་པ་གསུམ་པ་སྤངས་པ་དང༌། མཛད་བརྒྱད་ལྟར་སྤྲེའུ་གླང་ཆེན་ལྷ་བབས་མྱང་འདས་རྣམས་བསྣན་ན་ལེགས་པོར་འོང་ངོ༌། །འདིར་སྨྲས་པ། དེ་ལྟར་བློ་མཆོག་ཐུགས་རྗེའི་བདག་ཉིད་དེའི། །མཚན་ཙམ་ཐོས་པའི་འོད་སྣང་དཀར་པོས་ཀྱང༌། །འཇིག་རྟེན་གསུམ་འདིར་མུན་ཆེན་སེལ་འགྱུར་བ། །དེ་འདྲ་འོད་སྟོང་བྱེ་བ་བརྒྱས་ཀྱང་ཅི། །དོན་འདི་གློ་བུར་ཤར་ནས་འདིར་འབད་མོད། །རྒྱལ་བའི་མཛད་འཕྲིན་རྒྱལ་བ་ཁོ་ནས་མཁྱེན། །ཕྱོགས་བཅུའི་འགྲོ་ཀུན་ཤཱ་རིའི་བུར་གྱུར་ནས། །མཐའ་ཡས་བསྐལ་པར་བརྗོད་ཀྱང་ཟད་པ་མིན། །སྡེ་སྣོད་ཚུལ་ལས་རང་གི་ནུས་དང་སྦྱར་ནས་ཅུང་ཟད་བསྡུས་པ་འདིས། །རྒྱུད་ལྔ་འཁོར་བའི་སྐྱེ་བོ་འདི་རྣམས་ཞི་མཆོག་གོ་འཕང་ཐོབ་པ་དང༌། །དེ་སྲིད་དུ་ནི་སྡུག་བསྔལ་གསུམ་གྱི་དྲི་མ་ཙམ་ཡང་ཀུན་སྤངས་ཏེ། །དམ་པའི་སྤྱོད་པ་རབ་ཏུ་དགའ་ཞིང་སྣ་ཚོགས་དུ་མའི་བདེ་ལྡན་གྱུར། །རྒྱུ་སྒྲུབ་པ་ལ་རབ་ཏུ་གཡེལ་བཞིན་མྱུར་དུ་འབྲས་ཐོབ་འདོད་པ་བདག་ལ་ནམ་ཡང་མེད། །བགྲང་ཡས་ལུས་ཅན་འདི་རྣམས་གྲོལ་བ་མཆོག་ལ་འགོད་ཕྱིར་ཀུན་མཁྱེན་གོ་འཕང་ཤིན་ཏུ་འདོད། །འོན་ཀྱང་རིངས་པས་ཅི་ཕན་ཕྱི་མའི་མུ་མཐར་ཐུག་པར་ཉོན་མོངས་ཅན་ལ་ཕན་དོན་དུ། །སྲིད་པར་ལྷན་ཅིག་གནས་ནས་སེམས་ཅན་གཅིག་གཅིག་ཕྱིར་ཡང་སྤྱད་བྱ་ཐམས་ཅད་སྤྱོད་གྱུར་ཅིག །ཆེར་རློམ་ཕལ་པའི་གཏམ་དག་མ་སྨིན་སྐྱེ་བོ་ཀུན་ངོམ་འཇིག་རྟེན་ལྷ་མིའི་ཆེ་བ་འབྲས་མེད་ཉིད། །སྟོབས་བཅུ་མངའ་བའི་རྨད་བྱུང་གཏམ་ཉིད་ཆ་ཙམ་རྣ་བར་ལྷུང་བ་དེ་ཡང་གཏན་གྱི་བདེ་བ་ཐོབ། །དེ་སླད་གཏམ་གྱི་སྦྱོར་བ་འདི་དང་ཡི་གེའི་ཚོགས་པ་འདི་ཡང་འཁོར་བ་ཇི་སྲིད་བར་དུ་གནས། །པདྨོའི་གཉེན་གྱི་སྣང་བ་ཇི་བཞིན་ཕྱོགས་ཀུན་ཁྱབ་པས་གཅིག་ཏུ་དགེ་བའི་ཆོས་རྣམས་རྒྱས་པར་ཤོག །ཅེས་པ་བཅོམ་ལྡན་འདས་ཐུབ་པའི་དབང་པོའི་མཛད་པ་མདོ་
ཙམ་བརྗོད་པ། མཐོང་བས་དོན་ལྡན་རབ་ཏུ་དགའ་བ་དང་བཅས་པས་དད་པའི་ཉིན་བྱེད་ཕྱོགས་བརྒྱར་འཆར་བ་ཞེས་བྱ་བ་འདི་ནི། ལུང་སྡེ་བཞི་ལས་འབྱུང་བའི་ལོ་རྒྱུས་ཉིད་གཞིར་བཟུང་ཞིང༌། ལས་བརྒྱ་པ་དང༌། རྟོགས་བརྗོད་བརྒྱ་པ་དང༌། མདོ་ཕྲན་འགའ་ནས་ཉེ་བར་མཁོ་བ་རེ་རེ་ཙམ་བླངས་ཏེ་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ཉིད་ཀྱི་དད་པའི་གསོས་སུ་འགྱུར་ཞིང༌། གཞན་འགའི་དགེ་བ་སྤེལ་བའི་རྒྱུར་འགྱུར་བ་ཡང་སྲིད་སྙམ་ནས་ལེགས་པར་སྦྱར་བ་སྟེ་ནགས་རྒྱལ་གྱི་དབེན་གནས་སུའོ།། མདྒ་ལཾ།།དེ་བཞིན་གཤེགས་པའི་རྣམ་པར་ཐར་པ་སྡེ་སྣོད་གསུམ་ལས་བྱུང་མཉམ་ཡིན་ཡང༌། ཐེག་པ་ཆེ་ཆུང་གི་དབྱེ་བ་ཕྱེད་དགོས་པར་སྣང་སྟེ། འཕགས་པ་རྒྱ་ཆེ་རོལ་བ་ལས། སྟོན་པ་དགའ་ལྡན་དུ་བཞུགས་པ་ནས། ཆོས་འཁོར་ཐོག་མར་བསྐོར་བའི་བར་རྒྱས་པར་འབྱུང་བ་ལྟ་བུ། ཐེག་ཆེན་གྱི་ལུགས་ཡིན་པས་དེའི་རྗེས་མཐུད་པར་འདོད་ན། འདུས་པ་རིན་པོ་ཆེའི་ཏོག་ལས་འབྱུང་བའི་མཆོག་ཟུང་གི་ལོ་རྒྱུས་དང༌། དཀོན་མཆོག་བརྩེགས་པའི་ནང་གི་ཡབ་སྲས་མཇལ་བའི་མདོ་ལས་འབྱུང་བའི་ལོ་རྒྱུས་དང༌། མཛངས་བླུན་ནས་བཤད་པའི་ཆོ་འཕྲུལ་ཆེན་པོ་དང༌། མྱ་ངན་ལས་འདས་པའི་སྐོར་རྣམས་མྱང་འདས་ཆེན་པོ་ལས་འབྱུང་བ་སོགས་མདོར་ན་ཐེག་ཆེན་གྱི་མདོ་ཁོ་ན་ལས་ཁ་བསྐངས་ན་ཤིན་ཏུ་ལེགས་པར་འགྱུར་ལ། ཡང་མངོན་པར་འབྱུང་བའི་མདོ་དང༌། འདུལ་བ་ནས་འབྱུང་བ་ནི། ཐེག་པ་ཐུན་མོང་པ་ཉན་ཐོས་ཀྱི་སྡེ་སྣོད་ཀྱི་ལུགས་ཡིན་པས། དེ་ལ་མཐུད་པར་སྤྲོ་ན་མདོ་སྡེ་ལས་བརྒྱ་བ་དང༌། རྟོགས་བརྗོད་བརྒྱ་པ་སོགས་ཐེག་དམན་གྱི་མདོ་སྡེ་ཐོར་བུ་པ་རྣམས་ལས་འབྱུང་བ་རྣམས་ཁོ་ནས་ཁ་བསྐངས་ན་ལེགས་པར་འགྱུར་གྱི། གཉིས་པོ་ཕན་ཚུན་གཅིག་ལ་གཅིག་བསྲེས་ན་མི་འགྲིག་ཅིང་གཉིས་ཀ་མ་ཡིན་པར་འགྱུར་བས་མི་ལེགས་སོ། །མཛངས་བླུན་དང་
དྲན་པ་ཉེར་གཞག་ལ་སོགས་པ་ཉན་ཐོས་ཀྱི་སྡེ་སྣོད་ཡིན་པར་ཕྱོགས་འདི་ན་གྲགས་འདུག་ཀྱང༌། ཡིན་པ་ནི་ངེས་པར་ཐེག་པ་ཆེན་པོའི་སྡེ་སྣོད་ཉིད་ཡིན་པས། མཛངས་བླུན་ལས་འབྱུང་བའི་ཆོ་འཕྲུལ་ཆེན་པོའི་རྣམ་གཞག་ནི་ཐེག་ཆེན་ཉིད་ཀྱི་ལུགས་ཏེ། དེ་ཡང་ཉན་ཐོས་ལུགས་ལ་ཆོ་འཕྲུལ་ཉིན་གཅིག་པ་དང༌། ཐེག་ཆེན་ལུགས་ལ་ཞག་བཅོ་ལྔ་ཡིན་ནོ། །དེས་མཚོན་པ་གཞན་ཀུན་ལ་ཡང་མི་འདྲ་བའི་ཁྱད་པར་ཤིན་ཏུ་མང་ངོ༌། །དེ་ཡང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྐབས་ཀྱི་ལོག་ལྟ་ཅན་དང་མུ་སྟེགས་བྱེད་དང་མཐའ་ན་དུད་འགྲོ་ཚུན་ཆད་ཡུལ་ཉེ་བ་ན་གནས་ཤིང་རུང་བ་རྣམས་ཀུན་གྱི་ཐུན་མོང་དུ་སྣང་བའི་མཛད་འཕྲིན་ནི། ཐེག་པ་ཐུན་མོང་ལུགས་སམ། ཉན་ཐོས་ལུགས་འདི་ཡིན་ལ། ཐེག་ཆེན་ཐུན་མོང་མ་ཡིན་པའི་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ཀྱི་སྣང་ངོ་ལ་ཇི་ལྟར་ཤར་བའི་ཚུལ་ནི། ཐེག་ཆེན་གྱི་མདོ་ལས་འབྱུང་བ་རྣམས་ཡིན་པས་དེ་དག་ལ་སྤྱིར་ཡང་རྣམ་གྲངས་མི་འདྲ་བ་དང༌། སྒོས་སུ་རླབས་ཆེ་ཆུང་གི་ཁྱད་པར་ཆེར་ཡོད་པས། ཚུལ་གཉིས་དོན་ལ་མི་འགལ་ཡང་འཆད་ཚུལ་མ་འདྲེས་པར་བྱེད་དགོས་ལ། དེའི་ཕྱིར་བོད་ཀྱི་ཕྱོགས་འདིར་ཐམས་ཅད་མཁྱེན་པ་གཉིས་པར་གྲགས་པས་ཀྱང་མཛད་པ་བཅུ་གཉིས་ཀྱི་དང་པོ་བཅུ་གཅིག་རྒྱ་རོལ་དང་བསྟུན། ཐ་མ་ལུང་ཕྲན་ཚེགས་ནས་འབྱུང་བས་ཁ་འགེངས་མཛད་དེ། དེ་ནི་ཤིན་ཏུ་འགྲིག་པར་མ་མཐོང་ལ། དེས་མཚོན་པའི་གཞན་ཡང་མང་ངོ༌། །ལུགས་དེ་གཉིས་ལས་སྤྱིར་ཐེག་ཆེན་གྱི་ལུགས་ཉིད་ཆེས་རྒྱ་ཆེ་བ་དང༌། བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དང༌། གདུལ་བྱ་མཆོག་གི་སྣང་ངོ་ཡིན་པ་དང༌། གསང་བ་ཆེན་པོའི་རྣམ་པར་ཐར་པ་ཡིན་པ་དང༌། ཐེག་པ་རང་ཉིད་ཀྱི་མཐོ་དམའི་ཁྱད་པར་སོགས་རྒྱུ་མཚན་དུ་མས་མཆོག་ཡིན་མོད། འོན་ཀྱང་སྐྱེ་བོ་ཀུན་གྱི་མཐུན་སྣང་དུ་གྲུབ་པ་དང༌། སྐུ་ཚེའི་ཚད་དང༌། སྔ་ཕྱིའི་དུས་དང༌། ཡུལ་ཕྱོགས་དེ་
དང་དེར་ཞབས་ཀྱིས་བཅགས་སོ་མ་བཅགས་སོ་ཞེས་སོགས་དཔྱད་པ་སྣ་ཚོགས་པ་འཇུག་པའི་གཞི་ནི། ལུགས་ཐུན་མོང་བ་འདི་ཁོ་ན་ཡིན་གྱི། ཐེག་ཆེན་ལུགས་ནི་མིན་ཏེ་བསམ་གྱིས་མི་ཁྱབ་པའི་སྤྱོད་ཡུལ་ཡིན་པས་ན། ཡུལ་དང༌། དུས་དང༌། མཛད་པ་རྣམས་ལ་འདི་ཁོ་ནའོ་ཞེས་ཚད་གཟུང་དཀའ་བའི་ཕྱིར་རོ། །དེའི་ཕྱིར་གཏམ་རྒྱུད་ཀྱི་སྦྱོར་བ་འཆད་པའི་ཚུལ་ལ། ཐེག་པ་ཐུན་མོང་གི་ལུགས་འདི་ངེས་པར་གནད་ཆེ་བར་ཤེས་སོ། །ཕྱོགས་འདི་ན་ཉན་ཐོས་ཀྱི་མདོ་སྡེ་ཚང་བར་མ་བྱོན་པས། ཇི་ཙམ་རྙེད་པ་དེ་ཙམ་བརྗོད་པའོ། །ཞེས་པའང་སྨྲས་སོ།། །།ཞུས་དག །ཤུ་བྷ་མ་སྟུ་སརྦ་ཛཱ་ག་ཏཾ།། །།
ཤོག་སྟོང་།
སྟོན་པ་ཤཱཀྱའི་དབང་པོའི་མཛད་པ་བརྒྱ་པའི་བྲིས་ཡིག་རྗེ་བཙུན་ཀུན་སྙིང་གིས་མཛད་པ།
སྟོན་པ་ཤཱཀྱའི་དབང་པོའི་མཛད་པ་བརྒྱ་པའི་བྲིས་ཡིག་རྗེ་བཙུན་ཀུན་སྙིང་གིས་མཛད་པ་བཞུགས།
ཨོཾ་སྭཱ་སྟི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་འཛམ་བུའི་གླིང་འདིར་སྐྱེ་བའི་ཆོ་འཕྲུལ་བསྟན་པ་ནས་བརྩམས་ཏེ། གདུལ་བྱ་མཆོག་དམན་ཐམས་ཅད་ལ་ཐུན་མོང་དུ་སྣང་བའི་མཛད་པ་རྣམ་ཐར་རགས་རིམ་གྲགས་ཆེ་ཆེ་འདྲྀ་ཚུལ་ནི། དང་པོར་ནམ་མཁའ་ལ་དགའ་ལྡན་ལྷའི་གནས་མཚོན་བྱེད་སྤྲིན་གྱི་དབུས་ན་རིན་པོ་ཆེའི་རིས་བསྐོར་བའི་ཡུལ་ལྗོངས་མེ་ཏོག་དང༌། མཚོ་རྫིང་དང༌། ནགས་ཚལ་དང༌། ཁང་བཟང་མང་པོ་ཡོད་པ་ཚོ་གསུམ། ས་གཞི་གཅིག་ལ་འབྲེལ་བའམ། མ་འབྲེལ་བ་དགའ་ལྡན་གྱི་བཀོད་པ་ཚར་གསུམ། སྟབས་གང་བདེ་བ་ཞིག་འབྲི། བཀོད་པ་རྒྱས་ཤོས་ཤིག་ཏུ། དམ་པ་ཏོག་དཀར་འཁོར་ལྷ་ཐམས་ཅད་ལ་ཆོས་གསུང་པའི་ཚུལ་ཞིག་འབྲི། གཅིག་ཏུ་དམ་པ་ཏོག་དཀར་དེ་དུང་དཀར་འབུད་པ་དང༌། ལྷ་མང་པོ་རོལ་མོ་སྣ་ཚོགས་བྱེད་པ་དང༌། ལྷ་གཉིས་ཀྱི་ཞུ་བ་བྱེད་པའི་ཚུལ་བྱ། ཡང་གནས་གཅིག་ཤོས་དེར། དམ་པ་ཏོག་དཀར་གྱི་བྱམས་པ་ལ་དབུ་བརྒྱན་པྲོག་ཞུ་བསྐོན་པའི་ཚུལ་བྱེད། ས་གཞི་ལ་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ། རྒྱལ་པོ་པད་མ་ཆེན་པོ་དང་
མཉན་ཡོད་དུ་རྒྱལ་པོ་རྩིབས་ཀྱི་རིང་འཕུར་དང༌། འཕགས་རྒྱལ་དུ་རྒྱལ་པོ་མུ་ཁྱུད་མཐའ་ཡས་དང༌། ཀཽ་ཤམྦི་རུ་རྒྱལ་པོ་དམག་བརྒྱ་པ་དང༌། གྲོང་ཁྱེར་སེར་སྐྱར་རྒྱལ་པོ་ཟས་གཙང་མ་བཙུན་མོའི་མཆོག་གཉིས་དང་བཅས་པ། གྲོང་ཁྱེར་ལྷས་བསྟན་དུ་རྒྱལ་པོ་ལེགས་པར་རབ་སད་རྣམས་བཞུགས་པའི་བཀོད་པ་བྱ་སྟེ། ཁང་བཟང་ཕོ་བྲང་དྲུག་པོ་དེ་དག་ལྔ་པོ་ནི། བར་མཚམས་ཆེ་བ་དང་བཅས་འབྲི་ཞིང༌། སེར་སྐྱ་ལྷས་བསྟན་གཉིས་ཀྱི་བར་ན་ཆུ་ཡོད་པ་ཅུང་ཟད་ཐག་ཉེ་བ་ཞིག་ཡོད་པ་བྱ། དེ་རྣམས་སྤྱིར་གང་བདེ་བ་དེ་ལ་འབྲི་ནའང༌། ངོམ་ཆེ་ས་ཞིག་ཏུ་སེར་སྐྱ་ཡོད་པ་བྱེད། བར་སྣང་ལ་ལྷ་ཕྲན་མང་པོ་ཕན་ཚུན་དུ་འགྲོ་བ་དང་གཏམ་སྨྲ་བའི་ཚུལ་འབྲི་ཞིང༌། རྒྱལ་པོ་པད་མ་ཆེན་པོའི་ཕོ་བྲང་དང་ཉེ་བའི་ནགས་ཚལ་གཅིག་ཏུ། རང་སངས་རྒྱས་མང་དུ་ཚོགས་པ་དང༌། ནམ་མཁའ་ལ་འཕགས་ཏེ་ལུས་ལས་འོད་སྣ་ཚོགས་འཕྲོ་བ་གཅིག་དང༌། ལུས་ལས་སྤྲིན་སྤྲོས་ཤིང་གློག་དང་ཆར་འབབ་པ་ཞིག་དང༌། མེ་འཕྲོ་བ་གཅིག་འབྲི། གྲོང་ཁྱེར་དེ་རྣམས་ཀྱི་ཉེ་འཁོར་སོ་སོ་ན། སྤྱིར་བཀོད་པ་གང་ལེགས་དང། རྩའི་སྤྱིལ་པོ་དང༌། ལོ་མའི་
སྤྱིལ་པོ་དང༌། ཕུག་པ་སོགས་ན་མུ་སྟེགས་སྟོན་པ་དྲུག་གསུམ་བཅོ་བརྒྱད་རྣམས་འབྲིའོ། །དེ་དག་ལས་རང་སངས་རྒྱས་ལ། དེང་སང་གཙུག་ཏོར་འབྲི་བའི་སྲོལ་འདུག་ཀྱང་འབྲི་མི་དགོས། སྨིན་མཚམས་སུ་མཛོད་པུ་ནར་མོ་ཞིག་བྱ་སྟེ་མི་ནོར་བའི་ཕྱིར་ཡིན། བཤད་ཚོད་མེད། སྐུ་ཆས་རབ་བྱུང་སྤྱི་དང་འདྲ་བ་ལ། ཆོས་གོས་ལ་གྲ་མི་དགོས་ཤིང། ལྷུང་བཟེད་ནག་པོའི་ཚབ་ཏུ། ཀུ་བའམ་སློང་ཕོར་གྱི་རྣམ་པ་ཐོགས་པ། འགའ་ཞིག་ཆུ་ཤིང་གི་འཁར་བ་བསྣམས་པ་སོགས་ཀྱང་རུང། འཁར་གསིལ་དང། ཆོས་གོས་གྲ་དྲུག་དང། ལྷུང་བཟེད་དང་པོ་ཏི་སོགས་མི་བྱེད་པའི་རྒྱུ་མཚན། སངས་རྒྱས་ཀྱི་བསྟན་པ་མེད་པའི་སྐབས་སུ་རང་རྒྱལ་འབྱུང་བ་ཡིན་པས་སོ། །སྟོན་པ་དྲུག་གསུམ་བཅོ་བརྒྱད་ལ། རྫོགས་བྱེད་ལ་སོགས་པ་རྟོག་གེ་པ་དྲུག་པོའི་རིམ་ཅན་དུ། དང་པོ་སྐྲ་བྲེགས་ཤིང་གོས་ཙག་བཙོས་ཀྱི་སྨད་གཡོགས་ཆུང་ངུ་གྱོན་པ། གཉིས་པ་རལ་བ་ཁམས་སེར་བཅིངས་ཤིང༌། རྒྱ་གར་པའི་འདོམ་དཀྲིས་གྲུ་གསུམ་ཡོད་པ། །ལྷག་མ་གོས་སྤངས་ཞིང་རྣ་བརྒྱན་ཆུང་ངུ་ཡོད་པ། ལུས་ལ་ཐལ་བས་བྱུགས་པ། གསུམ་པ་ནི་སྐྲ་བྲེགས་ཤིང༌། དབྱུག་གུ་རྩེ་གཅིག་པ་དང༌། སྤྱི་བླུགས་ཡོད་པ། རི་དྭགས་ཀྱི་པགས་པས་སྨད་དཀྲིས་པ། བཞི་པ་ནི་སྐྲ་བྲེགས་ཤིང༌། འཁོར་ལོ་ལྟ་བུའི་བེམ་པོ་ནག་པོ་གྱོན་པ། ལྔ་པ་ཡང་དེ་དང་འདྲ་བ་ལས། རལ་པ་ནག་པོ་ཅན་གོས་དཀར་པོ་གྱོན་པ། དྲུག་པ་ནི་གཅེར་བུ་འདོམ་དཀྲིས་ཀྱང་མེད་པ། སྐྲ་རྣམས་བཏོགས་པས་ཟད་ཟད་པོར་གྱུར་པ། དཀྱིལ་ཀྲུངས་མཉམ་བཞག་བྱས་པ། བྲམ་ཟེ་རྒྱུས་རྒྱལ་
ལ་སོགས་པ་དྲུག་ཀར་མཚུངས་པར་བྲམ་ཟེའི་ཆ་བྱད་ཡིན་པས། ཕྲག་པ་གཡས་སྟོན་པའི་ཚངས་སྐུད་དཀར་པོ་མདུད་པ་གསུམ་དང་བཅས་པ། རི་དྭགས་ཀྱི་པགས་པའམ། རས་དཀར་པོའམ་དམར་པོས་འདོམ་གང་ཙམ་དུ་རིང་བ་སྨད་དཀྲིས་སུ་བྱས་པ། རྒྱ་གར་བའི་ལུགས་ཀྱི་གོན་ལུགས་དང་མཐུན་པ། དབྱུག་གུ་རྩེ་གསུམ་དང་རིལ་བ་སྤྱི་བླུགས་དང་པོ་ཏི་སོགས་འཆང་བ། དཔྲལ་པ་ཙན་དན་གྱི་ཐིག་ལེ་གྱེན་དུ་བགྲེང་བ་གསུམ་མམ། གཅིག་གི་འཕྲེང་ལ་གསུམ་བསྒྲིགས་སམ། སྐེད་ཉག་གསེར་བྲེ་དངུལ་བྲེ་དབྱིབས་འདྲ་རུང་ཡོད་པ་སོགས་སོ་སོར་ཇི་ལྟར་འོས་པ་འབྲི། ཐམས་ཅད་ཁ་སྤུ་རིང་བ་དང༌། སྐྲ་གཞན་བྲེགས་ཤིང་གཙུག་ཕུད་སྤྱི་བོར་བཅིངས་པའམ། རལ་པ་མ་ཡིན་པར་བཤད། མགོ་ཐོར་ཅོག་སྤྱི་གཙུག་ཏུ་ཡོད་པ་བྱ། རྒན་གཞོན་ལ་སོགས་པ་དམིགས་གསལ་གྱི་ཁྱད་ཡོད་ན་མ་གཏོགས་བྲམ་ཟེ་འབྲི་དགོས་ཕལ་ཆེར་ལ་ཆ་ལུགས་འདི་བཞིན་དུ་བྱེད། བྲམ་ཟེ་ཡིན་ཟེར་ནས་བོད་པའི་རྟོགས་ལྡན་རྒད་པོའི་འདྲ་བ་ཁོ་ན་མི་འབྲིའོ། རིང་ཕུར་ལ་སོགས་པ་སྙོམས་འཇུག་པ་དྲུག་པོ་ནི། རལ་པ་བཅིངས་ཤིང་འཛིངས་པ་ལེབ་ལེབ་པ། ཁ་སྤུ་དང་སེན་མོ་རིང་པོ། འདོམས་དཀྲིས་གྲུ་གསུམ་དང༌། རི་དྭགས་ཀྱི་པགས་པ་དང། ཤིང་ལོའི་གོས་ཅི་རིགས་པ་ཡོད་པ། བྱ་མ་བུམ་ར་འཁྲིས་སུ་བཞག་པ། མཉམ་བཞག་གི་ཕྱག་རྒྱ་བྱས་པ་འབྲི། སྟོན་པ་དྲུག་གསུམ་བཅོ་བརྒྱད་དེ་རྣམས་ལ། འཁོར་རེ་གཉིས་སམ་ཅུང་ཟད་རེ་བྱེད། དེ་དག་དགའ་ལྡན་དུ་སྐྱེ་བ་མངོན་པར་འབྱུང་བའོ། ༧ །
རྒྱལ་པོ་ཟས་གཙང་མའི་ཕོ་བྲང་མ་མོ་དེ་དང་ཉེ་བའི་ཁང་བཟང་གཅིག་ཏུ། ལྷ་མོ་སྒྱུ་འཕྲུལ་ཆེན་མོ་མནལ་མཛད་པའི་ཚུལ་དང༌། ཁང་བཟང་གི་སྟེང་གི་ནམ་མཁའ་ནས། གླང་པོ་ཆེ་དཀར་པོ་མཆེ་བ་དྲུག་པ་འབབ་བའི་ཚུལ་དང༌། གཞན་ཡང་ཁང་བཟང་དེའི་ནམ་མཁའ་ལ་མཇའ་འོད་ཟླུམ་པོ་འདྲ་བ་བཞིའི་ནང་དུ། ཡུམ་གྱི་རྨི་ལྟས་བཞི་པོ་ཧལ་ཚོན་ལྟ་བུ་ལ་ཕྲ་མོ་རེ་བྲི་བར་བྱ་སྟེ། གཅིག་ཏུ་གླང་པོ་རང་གི་ལུས་ལ་ཞུགས་པ། གཅིག་ཏུ་ཡུམ་ཉིད་ནམ་མཁའ་ལ་འཕུར་བ། གཅིག་ཏུ་ཡུམ་ཉིད་བྲག་རི་ལ་འཛེགས་པས་རྩེ་མོར་ཕྱིན་པ། གཅིག་ཏུ་སྐྱེ་བོ་མང་པོ་ཡུམ་ཉིད་ལ་ཕྱག་འཚལ་བ་འབྲིའོ། །དགའ་ལྡན་ནས་འཕོ་བའི་སྐོར་རོ། །༼ཀ༽ ཡང་དེ་དག་དང་ཉེ་བའི་ཁང་བཟང་གཅིག་ཏུ། ཡུམ་གྱི་སྐུའི་ལྟོ་བ་ན། བྱང་ཆུབ་སེམས་དཔའ་ལྷུམས་སུ་ཞུགས་པ་ནི། ལྷའི་སྐུ་འདྲ་བ་འོད་ཟེར་འཕྲོ་བས་བརྒྱན་པ་དང༌། ཡུམ་གྱི་སྐུ་གཡས་གཡོན་དུ་ལྷའི་བསྲུང་མ་བཞི། རལ་གྲི་དང༌། མདུང་དང༌། མདུང་ཐུང་དང༌། མདའ་བོ་ཆེ་རྣམས་འཛིན་པ་ཡོད་པ། འཁོར་གཡོག་མང་པོ་མཆོད་པ་སྣ་ཚོགས་པའི་རྣམ་པ་འབྲིའོ། །དེ་ནས་རྒྱལ་པོས་བཙོན་རྣམས་བཏང་བ་དང། ཀུན་ཏུ་རྒྱུ་མིག་དམར་ཞེས་བྱ་བ། ད་ལྟའི་སཱ་བྱ་ཤིའི་ཆ་ལུགས་འདྲ་བ་ཅིག་གིས། རྒྱ་མཚོ་བཞིའི་ཆུ་ཡུམ་ལ་འདྲེན་པའི་རྣམ་པ་རྣམས་འདྲིའོ། །རྒྱལ་པོ་ཟས་གཙང་མ་ཡང་དེ་གཉིས་ན་ཉེ་བ་ན་བཞུགས་པ་རེ་བྱ། ཁང་བཟང་དེ་དང་མ་འབྲེལ་བར་བར་སྟོང་ཡོད་ཙམ་དུ་གཞན་ཞིག་ཏུ། ལུམ་བུའི་ཚལ་དེ་སྐྱེད་མོས་ཚལ་ཤིང་སྣ་ཚོགས་ཡོད་པ་
གཅིག་བྱ། དེ་ན་འཁོར་མང་པོས་སྐོར་ནས། རང་ཡུམ་ཉིད་ཁྱོགས་བྱམས་ཁྲི་ལ་གཡོག་མ་འགའ་རེ་དང་བཅས་པ་ལུམྦི་ནའི་ཚལ་དུ་འབྱོན་པའི་ཚུལ་དང༌། ཚལ་དེར་སྐུ་བལྟམས་པའི་བཀོད་པ་སྦྱི་དང་འདྲ་བ་ལས། ནམ་མཁའ་ནས་ཆུ་རྒྱུན་གཉིས་དབུའི་སྟེང་དུ་འབབ་པ་དང༌། ལྷ་རྣམས་ཀྱི་གདུགས་དང་རྔ་ཡབ་ལ་སོགས་པ་མཆོད་པ་སྣ་ཚོགས་པ་འབུལ་ཞིང༌། ཚལ་དེའི་ཕྱི་ནང་ཐམས་ཅད་འོད་ཀྱི་ཁྱབ་པ་མཚོན་བྱེད་དུ། ཕྱི་ནས་འོད་ཀྱི་དཀྱིལ་འཁོར་ཟླུམ་པོས་སྐོར་བ་འབྲི། དེ་དང་ཉེ་བའི་ཕྱོགས་རྣམས་སུ། རྒོད་མ་རྟེའུ་འབྲེང་པ་མང་པོ་དང༌། གླང་ཆེན་མོ་ཕྲུག་གུ་འབྲེང་བ། བུད་མེད་ཁྱེའུ་དང་བུ་མོ་ཐོགས་པ་དང༌། ས་འོག་ནས་རིན་པོ་ཆེའི་གཏེར་ཁ་བྱེ་བ་རྣམས་ལྔ་བརྒྱ་མཚོན་བྱེད། ལྔ་ཙམ་རེ་འབྲི། ཁང་བཟང་གཞན་གཅིག་ཏུ་རྒྱལ་པོ་ཟས་གཙང་མ་ལ་རྒྱལ་ཕྲན་མང་པོས་ཕྱག་འབུལ་ཞིང་འབུལ་བ་བྱེད་པ། ཡང་ཁང་བཟང་གཅིག་ན་འཁོར་མང་པོ་ཅན་ཡབ་ཀྱིས་པང་ན། བྱང་ཆུབ་སེམས་པ་ཁྱེའུའི་གཟུགས་ཀྱི་བཞུགས་པ་ལ། མདུན་དུ་བྲམ་ཟེ་མང་པོ་འབྲི། དེ་ནས་ལམ་དུ་ཤིང་རྟའི་སྟེང་དུ་རྒྱལ་པོ་བཞུགས་པ་ལ་འཁོར་མང་པོས་སྐོར་བ་དང༌། ཁྱོགས་བྱམས་ཁྲི་སྐྱེ་བོ་མང་པོས་བཏེགས་པའི་དབུས་ན་བྱང་ཆུབ་སེམས་དཔའ་མ་མ་རྣམས་དང་བཅས་བཞུགས་པ་ལ། ལྷ་ཁང་ཞིག་ན་གནོད་སྦྱིན་ལུས་ལ་ཁྲ་གྱོན་པ་ཞིག་འོང་ནས་བྱང་ཆུབ་སེམས་དཔའ་ལ་ཕྱག་འབུལ་བ། དེ་ནས་གྲོང་ཁྱེར་སེར་སྐྱའི་བཀོད་པ་གཞན་ཞིག་གི་ཁང་བཟང་དུ། ཡབ་ཀྱི་སྐུ་པང་དུ་བཞུགས་པ་ལ། མདུན་དུ་དྲང་སྲོང་ཁ་དོག་
མི་ཤ་ཁ་ནག་པོ། རལ་པ་སེར་སྐྱ་འཛིངས་ཤིང་ཁ་སྤུ་ནག་པོ་ཅན། ཚངས་སྐུད་དང་དབྱུག་གུ་སྤྱི་བླུགས་ཡོད་པ། རྒན་པའི་ཆ་བྱད་ཅན་ཞིག་གི་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང༌། ལག་པ་གཡས་ཅུང་ཟད་སྒྲེང་བ་དང༌། ཕྱོགས་གཞན་ཞིག་ཏུ་དྲང་སྲོང་དེ་རྒྱལ་པོའི་དྲུང་དུ་མཆིལ་མ་འདོན་པའི་ཚུལ་བྱ་བ་དང༌། ཕོ་བྲང་དེའི་ཕྱི་རོལ་ན་དྲང་སྲོང་དེ་ཚུར་ཡོང་དུས་ཀྱུས་མ་ཡོང་བ་དང༌། ཕར་འགྲོ་དུས་ནི་སྒོའི་ཕྱི་ནས་དར་རས་སོགས་སྐྱང་བའི་སྟེང༌། དེ་དང་ཉེ་བའི་བྲག་ཕུག་གཅིག་ཏུ་དེ་ཉིད་བསམ་གཏན་ལ་གནས་པའི་ཚུལ་དང༌། དེའི་མདུན་དུ་དྲང་སྲོང་གཞོན་ནུ་གཅིག་འབྲི། དེ་དག་ནི་ལྷུམས་སུ་ཞུགས་པ་དང་བལྟམས་པའི་སྐོར་རོ།། ༼ཁ༽ དེ་ནས་མ་མ་བརྒྱས་སྐོར་བའི་བྱང་ཆུབ་སེམས་དཔའ་བྱིས་པའི་ཚུལ་གྱི་གསེར་གྱི་གཞོང་པ་ཤིན་ཏུ་ཆེ་བ་འབྲས་ཀྱིས་བཀང་བ། ཕྱོགས་གཅིག་ནས་གླང་པོ་ཆེ་མང་པོ་ལ་བཏགས་ལ། བྱང་ཆུབ་སེམས་དཔའ་ཁྱེའུའི་ཕྱག་མཛུབ་གཅིག་གིས། གཞོང་པ་ནས་འཐེན་པས། གླང་པོ་ཆེ་རྣམས་ཀྱང་འདྲེད་སྟབས་སུ་ཚུར་དྲུད་པ། འབྲས་ཆེན་ནས་གསོལ་བའི་རྣམ་པ་ཡང་འབྲི་སྟེ། ཕྱག་གཡོན་པས་སྣོད་ནས་འཐེན་ཚུལ་དང། གཡས་པས་གསོལ་བའི་རྣམ་པ་བྱས་ན་ལེགས། དེ་ནས་ཅུང་ཟད་སྐུ་ཆེར་སྐྱེས་པའི་རྣམ་པ་ལ། ཡི་གེའི་སློབ་དཔོན་གྱི་དྲུང་དུ་ཡི་གེ་སློབ་པ་དང༌། རྩིས་ཀྱི་སློབ་དཔོན་གྱི་དྲུང་དུ་རྩིས་སློབ་པ་དང༌། ཞང་པོ་བཟང་ལེན་ལ་རྟ་དང་གླང་པོ་ཆེའི་སྒྱུ་རྩལ་སློབ་པ་དང༌། མདའ་སོགས་མཚོན་ཆའི་འཕྲུལ་གྱི་སློབ་དཔོན་ལ་དེ་དག་སློབ་ཚུལ་ཅུང་ཟད་
རེ་དང༌། ལྷས་སྦྱིན་གྱི་གླང་པོ་ཆེ་བསད་པ་དང༌། དགའ་བོས་འཇུག་མ་ནས་བོར་བ་དང༌། བྱང་ཆུབ་སེམས་དཔས་ཕྱག་གི་རིང་དུ་འཕང་པ་རྣམས་སྤྱི་དང་འདྲ། འདི་ལ་ཞབས་ཀྱི་མཐེ་པོས་འཕང་པ་ཐེག་ཆེན་གྱི་ལུགས་ཡིན། སྔཽན་འབྱུང་ལུགས་དང༌། འདུལ་བ་སོགས་ནས་ཕྱག་གི་འཕང་པ་གསལ་བར་བཤད། ཤིང་མང་པོ་རལ་གྲིས་བཅད་པ། གཞན་རྣམས་ཀྱིས་བཅད་པ་ཚོ་བཅད་མ་ཐག་འགྱེལ། བྱང་ཆུབ་སེམས་དཔས་དེ་བཅད་ཀྱང་རིང་དུ་མ་འགྱེལ་བ་དང༌། རླུང་པོ་བྱུང་ནས་འགྱེལ་བ་འབྲི། དེ་ནས་མདའ་ཚ་བས་འདྲེན་པའི་བཀོད་པ་སྤྱི་དང་འདྲ། སྤྱིར་སྒྱུ་རྩལ་ལྔ་བརྒྱའི་བར་དུ་འགྲན་པ་ཡིན་ཀྱང༌། སྔོན་འབྱུང་དང་འདུལ་བ་ལས་ལོ་རྒྱུས་ལྷག་མ་གསུངས་པ་མེད་པས་སྐབས་འདིར་དེ་ཙམ་གྱིས་ཆོག །སྒྱུ་རྩལ་མཁས་པར་བསྟན་པའི་སྐོར་རོ། །༼ག༽ བྱང་ཆུབ་སེམས་དཔའ་ཤིང་རྟར་ཞུགས་ནས་གྲོང་ཁྱེར་གྱི་ཕྱི་རོལ་ནས་ནང་དུ་འབྱོན་པ་དང༌། བྲམ་ཟེ་མང་པོ་ཕྱིར་འགྲོ་བཞིན་པས་ལུང་བསྟན་བྱེད་པ་དང༌། ཁྱམས་ཡངས་པ་ཞིག་ཏུ་ཤཱཀྱའི་བུ་མོ་སྣ་ཚོགས་པ་ལ། དངོས་པོའི་ཁྱད་པར་རེ་རེ་སྦྱིན་ཞིང༌། གྲགས་འཛིན་མ་སྐུའི་མདུན་དུ་གུས་པས་འདུག་པ་ལ་སོར་གདུབ་གནང་བ་དང༌། ཡང་ཁང་བཟང་གཞན་ཞིག་ཏུ་གྲགས་འཛིན་མ་འཁོར་བཅས་ཁབ་ཏུ་བཞེས་པའི་དགའ་སྟོན་གྱི་བཀོད་པ་དང༌། ཡང་ཕྱོགས་གཞན་ཞིག་ཏུ། ཤིང་སྡོང་ཆེན་པོ་ཞིག་འགྱེལ་བས། རྒྱུག་ཆུ་བཀག་སྟེ། གྲོང་ཁྱེར་ཕྱོགས་གཅིག་ལ་ཆུ་ཉེན་ཡོད་པ་དང༌། ཤིང་དེ་ལ་སྐྱེ་བོ་མང་པོས་འཐེན་པའི་ཚུལ་དང༌། དེའི་ཕྱོགས་གཅིག་ནས་
སྦྲུལ་ནག་པོ་ཞིག་བྱུང་བ། གཞོན་ནུ་མཛེས་པ་ཐོད་བཅིངས་པ་ཞིག་གི་རལ་གྲིས་སྐེད་པ་ནས་བཅད་པ་དང༌། ལྷས་བྱིན་གྱི་ངང་པ་ལ་མདའ་འཕངས་ནས་ས་ལ་ལྷུང་བ། བྱང་ཆུབ་སེམས་དཔས་གསོས་པ་དང༌། བྱང་ཆུབ་སེམས་དཔས་ཤིང་སྡོང་དེ་ཕྱག་ཡ་གཅིག་གིས་ནམ་མཁའ་ལ་འཕེན་པ་དང༌། ཤིང་སྡོང་དེ་དུམ་བུ་གཉིས་སུ་སོང་ནས་ཆུ་འགྲམ་གཡས་གཡོན་དུ་ལྷུང་པ་དང༌། ཡང་ཁང་བཟང་ཞིག་གི་སྟེང་ནས། ས་མཚོ་མས་བྱང་ཆུབ་སེམས་དཔའ་ལ་ལྟ་ཞིང། རྐང་པ་ཡ་གཅིག་གི་མཐེ་བོའི་ཤུགས་ཀྱི་ཐོག་གི་མཐིལ་བརྡོལ་བ་དང༌། ཤིང་རྟའི་སྟེང་ནས་བྱང་ཆུབ་སེམས་དཔས་ཀྱང༌། ས་མཚོ་མ་ལ་གཟིགས་ཤིང༌། ཕྱག་ན་ལྕགས་ཀྱི་མདའ་དུམ་བུར་སོང་བ་དང༌། ཁང་བཟང་མཆོག་ཏུ་ས་མཚོ་འཁོར་བཅས་ཁབ་ཏུ་བཞེས་པ་དང༌། ཡང་ཕྱོགས་ཇི་ལྟར་འོས་པ་ཞིག་ཏུ། ཁང་བཟང་གཅིག་དང་ཉེ་བ་ནས། བྱང་ཆུབ་སེམས་དཔའ་ཤིང་རྟ་ལ་ཞུགས་ནས་འབྱོན་པ་དང༌། ཁང་བཟང་གི་སྐར་ཁུང་ནས་རི་དྭགས་སྐྱེས་མ་ལ་ལྟ་ཞིང་འདུག་པ་ལ། བྱང་ཆུབ་སེམས་དཔའ་མུ་ཏིག་འཕྲེང་བ་འཕངས་པ། དེའི་མགུལ་དུ་མཁྲིལ་བ་དང༌། ཁང་བཟང་མཆོག་ཏུ་རི་དྭགས་སྐྱེས་འཁོར་བཅས་ཁབ་ཏུ་བཞེས་པའི་བཀོད་པ་དང༌། བཙུན་མོའི་འཁོར་ཚོགས་བསྟན་པའི་སྐོར་རོ། །༼ང་༽ དེ་དག་ཕྱོགས་གང་ཡང་རུང་བར་ཕོ་བྲང་གི་སྒོ་བཞི་ནས། རྒས་པ་དང། ན་བ་དང། ཤི་བ་དང། རབ་ཏུ་བྱུང་བའི་ཚུལ་རྣམས་སྤྱི་དང་འདྲ། ཞིང་ལས་བྱེད་པའི་སར་ཕེབས་ནས་ཞིང་པ་རྣམས་དང༌། གླང་སོགས་བཏང་སྟེ་ཅི་
བདེ་བར་བཏང་བ་དང༌། ནང་གི་ལས་སྣ་ཚོགས་པ་བྱེད་པ་རྣམས་ཀྱི་སར་ཕེབས་ཏེ། དེ་དག་ཀྱང་བཏང་བ་དང༌། ཤིང་འཛམ་བུའི་རྩ་བར་ཏིང་ངེ་འཛིན་ལ་བཞུགས་ཏེ། གྲིབ་མས་སྐུ་ལུས་མ་བཏང་བ་ལ་ཡབ་ཀྱི་ཕྱག་མཛད་པ་དང༌། དེ་ནས་སེར་སྐྱའི་ཕྱི་རོལ་འོབས་དང་ལྕགས་རི་བདུན་བདུན་གྱི་སྐོར་ཞིང༌། ལྕགས་ཀྱི་སྒོ་འཕར་དྲིལ་བུ་ཆེན་པོ་ཅན་མི་ལྔ་བརྒྱས་འབྱེད་གཅོད་བྱེད་པ་མཚོན་བྱེད་དང༌། སྐས་ཆེན་པོ་མི་ལྔ་བརྒྱས་འཛུགས་ཤིང་བསྡུ་བ་མཚོན་བྱེད་དང༌། ལྕགས་རིའི་བར་བར་ཐམས་ཅད་དམག་མིའི་བསྲུང་ཞིང༌། ཕོ་བྲང་སྙིང་པོའི་ཕྱོགས་བཞི་ནས། རྒྱལ་པོ་སྐུ་མཆེད་བཞིས་མེལ་ཚེ་མཛད་པ་དང༌། བྱང་ཆུབ་སེམས་དཔའ་ཉིད་དང༌། ཕོ་བྲང་གི་ཁང་བཟང་གཅིག་ཏུ་བུད་མེད་མང་པོས་རོལ་མོ་དང་མཆོད་པ་སྣ་ཚོགས་འབུལ་བ་དང༌། མ་འགགས་པ་ཞེས་བྱ་བ་རྒྱལ་པོ་དང་ཆ་བྱད་འདྲ་རུང་ཞིག་གི་ལྟ་ཉུལ་བྱེད་ཅིང་སྐོར་བ་དང༌། ཁང་བཟང་གཅིག་ཏུ་བྱང་ཆུབ་སེམས་དཔའ་མནལ་བའི་ཚུལ་དང༌། འཁོར་གྱི་བུད་མེད་ཐམས་ཅད་གཉིད་ཀྱི་ནོན་པས་ཆ་བྱད་བཀོད་པ་མི་སྡུག་པའི་རྣམ་པར་གྱུར་པ་དང༌། ཁང་བཟང་གི་ནང་ལ་ཟླུམ་སྐོར་ལྔའི་ནང་དུ་བྱང་ཆུབ་སེམས་དཔའི་མནལ་ལྟས་ལྔ་འབྲི་སྟེ། རི་རབ་དབུས་སྔས་སུ་བཅུག ས་གཞི་གདན་དུ་གཏིང༌། ཕྱག་གཡོན་ནུབ་ཕྱོགས་ཀྱི་རྒྱ་མཚོ་ལ་བཅུག གཡས་ཤར་ཕྱོགས་ཀྱི་རྒྱ་མཚོ་ལ་བཅུག ཞབས་གཉིས་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ལ་བཅུག་པ་དང༌། གཅིག་ཏུ་ལྟེ་བ་ནས་རྩྭ་སྔོན་པོ་སྐྱེས་པ་ནམ་མཁའི་དབྱིངས་སུ་འཕགས་པ་དང༌། གཅིག་ཏུ་བྱ་ལུས་
དཀར་ལ་མགོ་བོ་ནག་པ་མང་པོས་ཞབས་ལ་གཏུགས་པ་དང༌། གཅིག་ཏུ་བྱ་སྤུ་མདོག་སྣ་ཚོགས་པ་ཕྱོགས་ཕྱོགས་ནས་འདུས་པ་སྐུ་མདུན་དུ་རིགས་གཅིག་ཏུ་སོང་བ་དང༌། གཅིག་ཏུ་མི་གཙང་བའི་ཕུང་པོའི་སྟེང་ཞབས་འཆག་པ་མཛད་ཀྱང༌། མི་གཙང་བས་མ་གོས་པའོ། །གྲགས་འཛིན་མ་ཡང༌། བྱང་ཆུབ་སེམས་དཔའི་དྲུང་དུ་ཉལ་བའི་བཀོད་པ་འབྲི་ཞིང༌། རྨིས་ལྟས་བརྒྱད་བཤད་ཀྱང་འབྲི་མི་དགོས། དེས་ནས་ཕྱོགས་གཅིག་ཏུ་ལྕགས་རིའི་བར་གྱི་དམག་མི་སོགས་ཐམས་ཅད་གཉིད་དུ་སོང་ཞིང༌། ལྕགས་རིའི་ནང་རྡོ་ཆལ་འདྲ་བ་ཞིག་ན། ཆིབས་པ་བསྔགས་ལྡན་ལ་ཕྱག་གི་བཞམས་པ་དང༌། རྟ་རྫི་བདུན་པས་སྒ་སྒྲོན་པའི་གྲབས་འབྲི། ཁང་བཟང་གི་རྩེ་མོའི་ཕྱོགས་གཅིག་ན། རྒྱལ་པོ་ཟས་གཙང་མནལ་དུ་སོང་བ་ལ། བྱང་ཆུབ་སེམས་དཔས་བསྐོར་བ་མཛད་ཅིང་ཐལ་མོ་སྦྱར་བ་དང༌། མ་འགགས་པས་རྒྱལ་པོའི་ན་བཟའ་ནས་འཐེན་ཞིང་མནལ་བསོད་ཚུལ་བྱེད་པ་དང༌། དེ་ནས་ཆིབས་ལ་ཆིབས་ནམ་མཁའི་ངོས་ནས་གཤེགས་པ་སོགས་སྤྱི་དང་འདྲ་བ་ལས། རྟའི་རྐང་པ་བཞི་འདེགས་བྱེད། རྒྱལ་ཆེན་བཞིས་མི་བྱེད་པར་ལྷའི་གྱད་བཞི་ཡིན་ལ། སྐུའི་མདུན་ནས་ཚངས་པ་བརྒྱ་བྱིན་གཉིས་འགྲོ་ཞིང༌། ལྷ་གཞན་མང་པོས་མཆོད་པ་འབུལ་བ་འབྲི་དགོས། རྟ་བསྔགས་ལྡན་ལ་རྒྱན་བཀལ་བ་དང༌། རྟ་རྫི་བདུན་པ་དང་བཅས་པ་རྣམས་ཕྱིར་ཀློག་པ་དང་ཡུལ་དུ་སླེབ་པ་ཡང་འབྲི། རྟ་བསྔགས་ལྡན་ལ་དད་པ་གསེར་ལྡན་ཟེར་ནས་དུང་པ་རེ་གཏོང་ཡང་ཁ་སྐད་ཙམ་ཡིན་གྱི་ཁུངས་མེད། རྒྱ་གར་གྱི་རི་མོ་ཁུང་
མ་དཀར་པོར་ཡོང་བས་དེ་བཞིན་བྱ། དེ་ནས་རི་དྭགས་རྔོན་པའི་གཟུགས་ཅན་ཞིག་གིས་ངུར་སྨིག་གི་གོས་ཕུལ་བ་དང༌། མཆོད་རྟེན་གྱི་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་པ་དང༌། གཙུག་ཕུད་ལྷས་ཁྱེར་བ་སོགས་སྤྱི་དང་འདྲ། གསེར་གྱི་ལོ་མ་ཅན་གྱི་ནགས་ཚལ་ཞིག་ན་དྲང་སྲོང་མང་པོ་འདུག་པ་དང༌། དེ་ཤིང་འཕགས་པའི་ནགས་ཚལ་དུ་སོང་བ་ལ། དྲང་སྲོང་རྣམས་མི་དགའ་བ་དང༌། དེའི་དྲུང་དུ་བྱང་ཆུབ་སེམས་དཔའ་བྱོན་ཏེ་བཞུགས་པ་རྣམས་འབྲི་སྟེ་ངེས་པར་འབྱུང་བའི་སྐོར་རོ། །༼ཅ༽ དེ་ནས་གྲོང་ཁྱེར་རྒྱལ་པོའི་ཁབ་ཀྱི་ཁང་བཟང་གི་རྩེ་མོ་ནས། རྒྱལ་པོ་གཟུགས་ཅན་སྙིང་པོས་ལྟ་བ་དང༌། ལམ་སྲང་ན་བྱང་ཆུབ་སེམས་དཔའ་ཤིང་ལོ་ཙེམས་པའི་ལྷུང་བཟེད་བསྣམས་ཏེ་བསོད་སྙོམས་མཛད་པ་དང༌། བྱང་ཆུབ་སེམས་དཔའ་ཤིང་དྲུང་དུ་བཞུགས་པའི་དྲུང་དུ། རྒྱལ་པོ་འཁོར་བཅས་བྱོན་ཏེ་ཞུ་བ་མཛད་པ་འབྲི། དེ་དང་ཉེ་བའི་ནགས་གཅིག་ཏུ། དྲང་སྲོང་ལ་ལ་རྐང་པ་ཡ་གཅིག་འབྲེང་བ་དང༌། ལ་ལ་མེ་ལྔ་གདུང་བ་དང༌། ལ་ལ་ཆུ་ལ་ཞུགས་བ་དང༌། ལ་ལ་དུ་བ་འཐུང་བ་ལ་སོགས་པ་དང༌། བྱང་ཆུབ་སེམས་དཔའ་ཡང་དཀའ་ཐུབ་དེ་གཉིས་ལྡབས་སུ་མཛད་པ་འབྲི། དེ་ནས་ཡང་ནགས་གཞན་ཞིག་ཏུ། ལོ་མའི་སྐྱལ་པོ་ན། དྲང་སྲོང་རིང་འཕུར་ཡོད་པ་འཁོར་བཅས་ཀྱི་དྲུང་དུ་བྱོན་པ་དང༌། ཡང་ལྷག་སྤྱོད་ཀྱི་དྲུང་དུ་བྱོན་པ་ཡང་དེ་ཁོ་ན་འདྲ་བ་དང༌། འདིའི་རིང་ཕུར་དང་ལྷག་སྤྱོད་ནི། གོང་གི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ཀྱི་སྙོམས་འཇུག་པ་དྲུག་གི་ནང་ཚན་ཡིན། དེ་ནས་ནགས་
གཅིག་ཏུ། འཁོར་ལྔ་དྲུང་ན་ཡོད་ཅིང༌། གཞན་མི་མང་པོ་ཞིག་ལྡོག་འགྲོ་བ་འབྲི། དེ་ནས་ཆུ་ཀླུང་ནེ་རཉྫ་ནའི་འགྲམ་མཐའ་ནགས་ཀྱི་སྐོར་བའི་ནེའུ་གསིང་གི་དབུས་ཤིང་དྲུང་གཅིག་ཏུ་དཀའ་ཐུབ་མཛད་པའི་རྣམ་པ་འབྲི་སྟེ། སྤྱི་ཁྱབ་དང་འདྲ། དཀའ་བ་རྣམ་པ་དྲུག་སྤྱོད་པའི་རིམ་པ་མང་པོ་ཡོད་ཀྱང༌། དེ་ཙམ་གྱི་ཆོག་པ་འདུགཕྱུག་རྫིས་སྙན་ལ་ཤིང་འཛུགས་པ་དང༌། ལྷ་གསུམ་གྱི་གཏམ་རྗེས་སུ་སྒྲོག་པ་སོགས་ཀྱང་འབྲི། དེ་ནས་ཕྱོགས་གཅིག་ཏུ་ཁྲུས་མཛད་ཅིང༌། མི་རོ་ལ་དབུ་སྔས་མཛད་དེ་གཟིམས་པ་འབྲི་སྟེ་དཀའ་བ་སྤྱོད་པའི་སྐོར་རོ། །༼ཆ༽ དེ་ནས་ཕྱོགས་གཅིག་ཏུ་ཁྲུས་མཛད་པ་དང༌། འཁོར་ལྔ་ཀུན་ཏུ་རྒྱུའི་ཆ་བྱད་གཞན་དུ་འགྲོ་བ་དང༌། འབྲས་ཆན་གསོལ་བའི་ཚུལ་བྱ། དེ་ནས་བུ་མོ་དགའ་མོ་དང༌། དགའ་སྟོབས་མས་འོ་ཐུག་ཕུལ་བ་དང༌། གསེར་སྣོད་ཆུ་བོ་ནེ་རཉྫ་ནར་བོར་བ་དང༌། དེ་ཀླུས་ཁྱེར་བ་དང༌། བརྒྱ་བྱིན་བྱ་ཁྱུང་དུ་སྤྲུལ་ནས་དེ་ཕྲོགས་ཏེ་ལྷ་ཡུལ་དུ་ཁྱེར་བ་དང༌། བྲག་དེའུ་མེ་ཏོག་གིས་བརྒྱན་པ་ལ་བཞུགས་པས། བྲག་ཉིལ་བ་དང༌། ལྷས་བསྐུལ་ཏེ་དེ་ནས་ཕར་གཤེགས་པ་ལ། ཆུ་ནང་ནས་ཀླུའི་རྒྱལ་པོ་དུས་ཅན་ཞེས་བྱས་བསྟོད་པ་དང༌། རྩྭ་འཚོང་བཀྲ་ཤིས་འཁོར་བཅས་ཀྱི་རྩྭ་ཕུལ་བ་དང༌། བྱང་ཆུབ་སྙིང་པོར་གཤེགས་པའི་སྐོར་རོ། །༼ཇ༽ བྱང་ཆུབ་ཀྱི་ཤིང་གི་དྲུང་དུ་རྩ་བཏང་བའི་སྟེང་དུ་བཞུགས་པ་མཉམ་བཞག་མཛད་པ་ལ། བདུད་ཀྱི་སྤྲུལ་པའི་ཕོ་ཉ་བདུན་འོང་བ་དང༌། ཡང་དེ་དང་ཉེ་བར། བདུད་འདུལ་གྱི་བཀོད་པ་སྤྱི་དང་འདྲ་བ་འབྲི་བ་ལས། རིན་
པོ་ཆེའི་བཞུགས་ཁྲི་མི་དགོས། ཡང་བྱང་ཆུབ་ཤིང་གཅིག་གི་རྩ་བ་ན། བཞུགས་ཚུལ་མཉམ་བཞག་མཛད་པ་ལ། ཤིང་གི་ཡལ་ག་ཆེ་ལ་དཀར་བ་ལོ་མ་རྣམས་ལྷ་མང་པོས་འཛིན་པ་འབྲི། །མངོན་བྱུང་དང། འདུལ་བའི་ལུགས་ལ། སླུ་བྲིད་སྟོན་པའི་བདུད་ཀྱི་བུ་མོ་གསུམ་ཁོ་ན་འབྲི་སྟེ། བདུད་བཏུལ་པའི་སྐོར་རོ། །༼ཉ༽ བདུད་འདུལ་བ་དང་སངས་རྒྱས་པ་གཉིས་དུས་མཚན་མོ་གཅིག་ཁོ་ན་ལ་ཡིན་ཀྱང༌། མཛད་པའི་ཁྱད་པར་ཤིན་ཏུ་ཆེ་བའི་ཕྱིར། བྱང་ཆུབ་བརྙེས་པ་ལོགས་སུ་འབྲི་མི་དགོས་ཏེ། བྱང་ཆུབ་ཤིང་དྲུང་དུ་རྩའི་གདན་ལ་མཉམ་བཞག་མཛད་པ། སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། སྐུའི་གཡས་གཡོན་གཉིས་ནས་ཚངས་རིས་ཀྱི་ལྷ་རེ་རེའི་བསྟོད་པ་བྱེད་པ་འབྲི། དེ་ནས་རྒྱལ་ཆེན་བཞིས་རྡོའི་ལྷུང་བཟེད་ཕུལ་བ་དང༌། ཚོང་དཔོན་ག་གོན་དང་བཟང་པོ་ལ་ལྷས་ལུང་བསྟན་ནས་བསོད་སྙོམས་ཕུལ་ཞིང༌། སངས་རྒྱས་ཀྱི་ཆོས་གསུང་པ་དང༌། ཡང་བརྒྱ་བྱིན་གྱི་ཨ་རུ་ར་ཕུལ་བ་དང༌། ཕྱོགས་གཅིག་ན་བདུད་ཀྱི་ཐལ་མོ་སྦྱར་བ་འབྲི། དེ་ནས་ཆུའི་ནང་ཀླུ་བཏང་བཟུང་གི་ཕོ་བྲང་དུ་བྱོན་ཞིང༌། སྦྲུལ་གྱི་གདེང་ཀ་བྱས་པ་དང༌། ཀླུ་དེ་རྣམས་ལ་ཆོས་གསུང་པ་དང༌། ཡང་བྱང་ཆུབ་ཤིང་གི་རྩ་བར་རྩའི་གདན་ལ་མཉམ་བཞག་མཛད་པ་སྟེ། དེ་དག་ཀྱང་སྤྱི་དང་འདྲ། མངོན་པར་བྱང་ཆུབ་པའི་སྐོར་རོ། །༼ཏ༽ དེ་ནས་ཚངས་པས་འཁོར་ལོ་འབུལ་གྱི་ཆོས་གསུང་པར་བསྐུལ་བ་དང། ཝ་ར་ནཱ་སིའི་ཕྱོགས་ལ་ཕེབས་པའི་ལམ་དུ། འཚོ་བ་པ་ཀུན་ཏུ་གཅིག་
དང་མཇལ་བ་དང༌། གྲུ་མཁན་གྱི་གྲུ་མ་བཏང་བ་ལ། ནམ་མཁའ་ལ་གཤེགས་པ་སོགས་སྤྱི་དང་འདྲ། དེ་ནས་ཝ་ར་ནཱ་སིའི་ཕྱོགས་ལ་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ཏེ། རི་ཆུང་ལ་ནགས་ཡོད་པ་ཞིག་ཏུ། འཁོར་ལྔ་སྡེ་ཀུན་ཏུ་རྒྱུའི་ཆ་བྱད་ཅན་རྣམས་ཀྱི་སངས་རྒྱས་རྒྱང་རིང་པོ་ནས་འབྱོན་པ་ལྟ་ཞིང། ཕན་ཚུན་དུ་གཏམ་སྨྲ་བའི་ཚུལ་དང༌། འཁྲིས་སུ་བྱོན་པ་ན། གཅིག་གི་གདན་གདིང༌། གཅིག་གི་ཞུ་བ་ཞུ། གཅིག་གི་ཞབས་བཀྲུ། གཅིག་གིས་བསུ་བ་བྱེད། གཅིག་གིས་ཕྱག་འཚལ་ཞིང༌། ན་བཟའ་འཁུར་བའི་ཚུལ་བྱེད། དེ་ནས་ཕྱོགས་གཅིག་ཏུ་ཕ་བོང་འདྲ་བ་ཞིག་གི་སྟེང་དུ་སྟོན་པ་བཞུགས་ཤིང༌། ལྔ་སྡེ་དགེ་སློང་གི་རྣམ་པ་ཅན་གྱི་ཆོས་ཉན་པའི་ཚུལ་དང༌། གཡས་གཡོན་དང་ནམ་མཁའ་ནས་ལྷ་ཆོས་ཉན་པའི་ཚུལ་མང་དུ་བྱ། ཡང་ཕྱོགས་གཅིག་ཏུ། སྟོན་པའི་དྲུང་དུ་དགེ་སློང་གསུམ་འདུག་ཅིང༌། དགེ་སློང་གཉིས་ཀྱི་གྲོང་ཁྱེར་ནས་བསོད་སྙོམས་ལེན་པའི་ཚུལ་དང༌། ཡང་དེ་དང་ཉེ་བ་ན། ཁྱིམ་གཅིག་ན་གྲགས་པ་བུད་མེད་ཀྱི་འཁོར་གྱི་སྐོར་བ་དང༌། ཁྱིམ་གཅིག་ཕྱོགས་གཅིག་ཏུ་བུད་མེད་རྣམས་གཉིད་དུ་སོང་བ། གྲགས་པ་སྒོ་ཕྱེ་སྟེ་འགྲོ། གྲགས་པའི་ཕ་སྒྲོན་མེ་ཐོགས་ཏེ་འཚོལ་བ་དང༌། ཆུ་འགྲམ་ཞིག་ཏུ་ལྷམ་བཞག ཆུའི་ཕར་ཕྱོགས་ན་སངས་རྒྱས་ཀྱི་དྲུང་དུ་གྲགས་པ་ཆོས་ཉན་པ་དང༌། དེ་དང་ཉེ་བར་གྲགས་པའི་ཕ་ལངས་ནས་འདུག་པའི་ཚུལ་འབྲི། ཡང་ཕྱོགས་གཅིག་ན་ཉེ་བའི་ལྔ་སྡེ་སྟེ། དགེ་སློང་ལྔ་སངས་རྒྱས་ལ་ཆོས་ཉན་པའི་ཚུལ་དང༌། དེ་རྣམས་
ཀྱི་ཉེ་དུ་མང་པོ་ཚུར་ཡོང་བའི་རྣམ་པ་འབྲི། ཡང་སྐྱེད་མོས་ཚལ་གཅིག་ཏུ། མི་མང་པོ་བུད་མེད་རོལ་མོ་ཐོགས་པ་མང་པོ་དང་ལྷན་ཅིག་ཏུ་འདུག་པ་ལས། རོལ་མོ་ཐོགས་པའི་བུད་མེད་གཅིག་བྲོས་ཤིང་མི་གཅིག་འཚོལ་དུ་འགྲོ་བ་སངས་རྒྱས་དང་མཇལ་བ་དང༌། ཕྱོགས་གཅིག་ཏུ་ཀར་པ་སའི་ཚལ་མཚོན་བྱེད་ནགས་ཚལ་གཅིག་ཏུ། བཟང་སྡེ་དྲུག་བཅུ་རབ་ཏུ་བྱུང་བ་ལ། སངས་རྒྱས་ཀྱི་ཆོས་གསུང་པའི་ཚུལ་དང་བུ་མོ་དགའ་མོ་དང་དགའ་སྟོབས་མ་ལ་ཆོས་གསུང་པའི་ཚུལ་དང༌། ཡང་ཕྱོགས་གཅིག་ཏུ། བུད་མེད་རྒྱན་གོས་ཕུན་སུམ་འཚོགས་པ་རྒན་གཞོན་གཉིས་ལ་ཆོས་སྟོན་པ་དང༌། བྲམ་ཟེ་ལྷ་ཞེས་བྱ་བ་དང༌། དེའི་ཆུང་མས་བསོད་སྙོམས་འབུལ་བ་དང༌། དེ་གཉིས་ལ་ཆོས་གསུང་པ་དང༌། བྲམ་ཟེས་ས་སྟོང་གཅིག་ནས་བརྒྱན་མང་པོ་རྙེད་པ་དང༌། ཆུང་མས་གསེར་གྱི་བུམ་པ་རྙེད་པའི་ཚུལ་འབྲི་སྟེ། ཝ་ར་ནཱ་སིར་ཆོས་འཁོར་བསྐོར་བའི་སྐོར་རོ། །༼ཐ༽ དེ་ནས་དྲང་སྲོང་སྟེང་རྒྱས་འོད་སྲུང་གི་ནགས་སུ་གཤེགས་ཤིང༌། དྲང་སྲོང་གི་བསུ་བ་བྱས་ཤིང་གདན་ལ་བཞུགས་པ་དང༌། མེ་ཁང་གཅིག་ཏུ་ཀླུས་མེ་སྦར་ཞིང་དུ་བ་འཐུལ་བ་དང༌། སྟོན་པའི་སྐུ་ལས་མེ་དང་དུ་བ་དེ་ལས་ཀྱང་ཆེར་སྤྲོས་ཏེ། ཀླུ་དེའི་མཐའ་རྣམས་མེས་འཁོར་བ་དང༌། ཀླུ་དེས་ཞབས་ལ་ཕྱག་འཚལ་བ་འབྲི། འདི་ལ་སྔཽན་གྱི་ཁ་ཆེ་དང་བལ་བོའི་རི་མོ་ཁུངས་མ་ལས། ཀླུ་དེ་ལྷའི་ལུས་ཅན་མདོག་སྔཽན་པོ་སྦྲུལ་མགོའི་གདེང་ཀ་ཡོད་པ། རལ་གྲི་འཛིན་པའི་རྣམ་པ་ཡོད་པ་མཐོང༌། ཕྱོགས་གཅིག་ཏུ་དྲང་སྲོང་འོད་སྲུང་གི་སྤྱན་དྲངས་ཤིང༌། སྟོན་པས་ལྷུང་བཟེད་ཀྱི་ནང་དུ་ཀླུ་དེ་
བཅུག་ནས་བསྣམས་པའི་ཚུལ་དང༌། ཕྱོགས་གཅིག་ཏུ་དྲང་སྲོང་མང་པོས་མེ་སྦོར་མ་ཐུབ་པ་དང༌། སྟོན་པས་རང་སྦར་དུ་བྱུང་བ་དང༌། བྲམ་ཟེ་རྣམས་ཀྱིས་མེ་བསད་ཀྱང་མ་ཤི་བ་དང༌། སྟོན་པས་རང་ཞིར་མཛད་པ་དང༌། སྟེང་རྒྱས་འོད་སྲུང་ལའང་དེ་ལྟ་བུ་དང༌། བཅོམ་ལྡན་འདས་ཀྱི་དྲུང་དུ་རྒྱལ་ཆེན་བཞི་ལུས་མེ་འོད་འབར་བ་དང་བཅས་ཆོས་ཉན་པ་དང༌། ཡང་བརྒྱ་བྱིན་ཡང་དེ་ལྟར་ཆོས་ཉན་པ་དང༌། ཚངས་པ་ཡང་དེ་དང་འདྲ་བར་ཉན་པ་སྟེ། དེ་གསུམ་ཀར་ལ་ཡང་འོད་བསྲུང་རྩྭ་སྤྱིལ་གྱི་སྒོ་དྲུང་ནས་ལྟ་བ་དང༌། ཡང་ཕྱོགས་གཅིག་ཏུ་འོད་སྲུང་ལ་སྐྱེ་བོ་མང་པོ་ཕྱག་བྱེད་ཅིང༌། ཡོ་བྱད་མང་པོ་འབུལ་བར་འདུས་པ་དང༌། དྲང་སྲོང་རང་ཡང་སྦྱིན་བསྲེག་དང་མཆོད་པ་བྱེད། སངས་རྒྱས་ཕྱོགས་གཞན་ཞིག་ལ་ཐེགས་འགྲོ་བ་དང༌། ཡང་ཕྱོགས་གཅིག་ཏུ་དྲང་སྲོང་གཅིག་པུ་ཟས་ནོར་མང་པོས་སྐོར་པའི་སར། སངས་རྒྱས་ཚུར་བྱོན་པ་དང༌། དྲང་སྲོང་འོད་སྲུང་ལ་སངས་རྒྱས་ཀྱི་ལྷུང་བཟེད་ཀྱི་ནང་ནས་ཤིང་འབྲས་ཆེན་པོ་གནང་བ་དང༌། ཆུང་ངུ་གནང་བ་དང༌། མ་སྨོས་པའི་ལོ་ཐོག་གི་འབྲས་སྐྱོས་མར་གནང་བའི་ཚུལ་དང༌། དེ་བཞིན་དུ་ལྷའི་བདུད་རྩི་གནང་བ་སྟེ་བཞི་པོ་དེ་ལ་རེ་རེ་ཞིང་དྲང་སྲོང་རང་གིས་ཀྱང་སངས་རྒྱས་ལ་བསོད་སྙོམས་འབུལ་བ་དང༌། ཆུ་མིག་རྡོལ་བ་ལ་ཁྲུས་མཛད་པ་དང༌། ཤིང་གི་ཡལ་ག་རང་དུད་དུ་བྱུང་བ་ལ། ཕྱག་འཇུས་ཏེ་བཞེངས་པ་དང༌། རྡོ་ལེབ་ཆེན་པོའི་སྟེང་དུ་སྐུ་འཁྲུ་བ་དང༌། རྡོ་ལེབ་ཆེན་པོའི་སྟེང་དུ་སྐུ་ཆོས་བརྐྱངས་ཏེ་སྐེམ་པ་དང༌། སྟོན་པ་ཆུའི་སྟེང་དུ་ཞབས་འཆག་མཛད་ཅིང༌། དྲང་སྲོང་འོད་སྲུང་སྡོང་གྲུ་ཆུང་ངུ་གཅིག་གི་ནང་དུ་བཞུགས་ཏེ་འོང་པ་
དང༌། ཆུ་འགྲམ་དུ་སྟོན་པ་དང་འོད་བསྲུང་གསུང་གླེང་མཛད་པ་དང༌། དྲང་སྲོང་རྣམས་འདུས་པ་ལ་འོད་སྲུང་ཉིད་གཏམ་སྨྲ་ཚུལ་དང༌། དེ་དག་འཁོར་བཅས་ཀྱི་རལ་པ་བྲེགས་པ་རྣམས་དང༌། ཕྲགས་གདན་དང༌། དབྱུག་གུ་ལ་སོགས་པ་ཐམས་ཅད་ཆུ་ལ་བོར་བ་དང༌། དེ་རྣམས་ཀྱི་རབ་ཏུ་བྱུང་བའི་ཆས་སུ་སྒྱུར་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་བ་དང༌། དྲང་སྲོང་གི་ཆས་ཆུས་ཁྱེར་བ། ག་ཡ་འོད་བསྲུང་དང༌། ཆུ་ཀླུང་འོད་བསྲུང་འཁོར་བཅས་ཀྱི་མཐོང་བ་དང༌། དེ་གཉིས་སྟེང་རྒྱས་འོད་བསྲུང་འཚོལ་དུ་འོང་བ་དང༌། ཁོ་རང་རྣམས་ཀྱི་ཆས་ཀྱང་སྔར་བཞིན་ཆུ་ལ་བོར་ཏེ་རབ་ཏུ་བྱུང་བ་དང༌། རི་ག་ཡའི་རྩེ་མོ་ལ། སྟོན་པ་ཉིད་བཞུགས་ཤིང་རལ་པ་ཅན་སྟོང་རབ་ཏུ་བྱུང་བ་རྣམས་ལ་ཆོས་སྟོན་པ། དེའི་ནམ་མཁའ་ལ་སངས་རྒྱས་ཉིད་གཤེགས་པ་དང༌། བཞུགས་པ་དང༌། འོད་ཟེར་རབ་ཏུ་འགྱེད་པ་དང༌། སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབབ་པ་སོགས་ཀྱི་བཀོད་པ་དང༌། རིའི་རྩ་བ་ན་རྒྱལ་པོའི་ཕོ་ཉ་མདུང་ཐུང་ཐོགས་པ་རི་ལ་ལྟ་བ་ཞིག་འབྲི། ཡང་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཕོ་བྲང་དང་བཅས་པ། ཕོ་བྲང་གི་རྩེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་བློན་པོའི་ཚོགས་ཀྱི་སྐོར་བ་ལ་ཕོ་ཉ་གཅིག་གི་ཞུ་བ་ཞུ་ཞིང༌། ཕོ་ཉ་གཅིག་འཕྲིན་པར་གཏོང་པའི་ཚུལ་དང་རིའི་རྩེ་མོ་ན་སངས་རྒྱས་འཁོར་དང་བཅས་པ་བཞུགས་པའི་དྲུང་དུ་ཕོ་ཉ་སླེབ་སྟེ། ཞུ་བ་ཞུ་བའི་ཚུལ། སངས་རྒྱས་འཁོར་བཅས་ལམ་དུ་ཕེབས་པའི་ཚུལ། རྒྱལ་པོ་ཕོ་བྲང་ནས་ཕྱིར་བྱོན་པའི་གྲོང་ཁྱེར་གྱི་སྲང་ཁ་རུ། ཤིང་རྟ་ལ་བཞུགས་པའི་
འཁོར་ལོ་ས་ལ་བྱིང་བ་དང༌། བཙོན་མང་པོ་བཏང་བའི་ཚུལ་དང༌། ཡང་རྒྱལ་པོའི་དབུ་རྒྱན་སྒོའི་ཡ་ཐེམ་ལ་ཐེགས་པ་དང༌། ཡུལ་གཞན་ན་ལས་ཀ་ལ་ཡོད་པའི་མི་རྣམས་ཚུར་བསྡུད་པ་དང༌། དེ་ནས་རྒྱལ་པོ་འཁོར་བཅས་ལམ་དུ་ཞུགས་པ་དང༌། གླང་པོ་ཆེ་དང༌། རྟ་དང༌། ཤིང་རྟ་དང༌། རྐང་ཐང་དང༌། བྲམ་ཟེ་དང་ཁྱིམ་བདག་དུ་མ་ཡང་འབྲི། ཤ་པའི་ཚལ་ལམ་ཏང་བྲང་གི་ཚལ་ཞེས་པ་སྐྱེད་མོས་ཚལ་འདྲ་བ་ཁང་བཟང་ཆེད་པའི་ནགས་མཐོང་ཞིག་ཏུ་དབུས་སུ་སངས་རྒྱས་ཉིད་བཞུགས། གཡས་སུ་སྟེང་རྒྱས་འོད་བསྲུང་དགེ་སློང་དབུ་སྐྲ་དཀར་པོ་ཅན། གཡོན་ནམ་མདུན་དུ་རྒྱལ་པོས་ཕྱག་འཚལ་བ། ཡང་ལོགས་གཅིག་ན་རྒྱལ་པོ་ཐལ་མོ་སྦྱར་ཏེ་བཞུགས་པ། སངས་རྒྱས་ཀྱི་སྐུའི་གཡས་གཡོན་རྒྱབ་ཕྱོགས་རྣམས་སུ་དགེ་སློང་མང་པོ་དང༌། མདུན་ཕྱོགས་ཤེས་ཆེ་བས་མཐའ་སྐོར་དུ་ཁྲོམ་འཚོགས་པ་དང༌། གཡས་གཡོན་གྱི་སྟེང་གི་ནམ་མཁའ་ལ། འོད་བསྲུང་དགེ་སློང་སྒྲེས་པོ་དེ་ཁ་འདྲ་བ་བཞི། མེ་འབར་བ་དང༌། ཆུ་འབབ་པ་དང༌། འོད་འཕྲོ་བ་དང༌། ནམ་མཁའ་ལ་འཆག་པའི་ཚུལ་བྱེད་པ་རེ་རེ། བཅོམ་ལྡན་འདས་ཀྱི་སྐུའི་གཡས་ཟུར་འོག་གི་ཕྱོགས་ནས་དེས་ཕྱག་འཚལ་བ་འབྲི། ཡང་རྒྱལ་པོའི་ཕོ་བྲང་སྔ་མ་དང་འདྲ་རུང་ལ། བཅོམ་ལྡན་འདས་འཁོར་བཅས་གྲོང་ཁྱེར་གྱི་ནང་དུ་ཕེབས་པ་དང༌། ཕོ་བྲང་ནང་གི་བཞུགས་ཁྲི་ལ་བཞུགས་ཤིང༌། རྒྱལ་པོས་བསོད་སྙོམས་དང་མཆོད་པ་སྣ་ཚོགས་འབུལ་བ་དང༌། ཡང་ཕྱོགས་གཞན་ཞིག་ཏུ། འོད་མའི་ཚལ་གྱི་གཙུག་ལག་ཁང་འབྲི་དགོས་ཏེ། དེ་ཡང་དབུས་སུ་
གཙུག་ལག་ཁང་ཆེན་པོ། མཐའ་ཁང་བཟང་ཆུང་ངུ་མང་པོ་དང༌། ཁང་མིག་གིས་སྐོར་བ། ཁང་བཟང་གི་གཡས་གཡོན་དང༌། མཐའ་སྐོར་དུ་ཤིང་ལྗོན་པས་མཛེས་པ། ཕྱིའི་མཐའ་ར་བས་སྐོར་བ། དབུས་ཀྱི་གཙུག་ལག་ཁང་ཆེན་པོར་དེ་བཞིན་གཤེགས་པ་མཉམ་བཞག་མཛད་པ་དང༌། ཁང་བཟང་གཞན་དང༌། ཁང་མིག་རྣམས་ན་དགེ་སློང་མང་པོ་དག་བཞུགས་པའི་བཀོད་པ་འབྲི། ཡང་འོད་མའི་ཚལ་དེ་དང་འདྲ་རུང་མདོར་བསྡུས་པ་ཞིག་ལ། སངས་རྒྱས་དགེ་འདུན་གྱིས་འཁོར་གྱི་སྐོར་བ། ཆོས་འཆད་པ་ཞིག་བྱ། གཡོན་གྱི་ཕྱོགས་ནས་བྲམ་ཟེ་ཀུན་ཏུ་རྒྱུ་གཉིས། གཅིག་ནི་སངས་རྒྱས་ལ་ཕྱག་འཚལ་བ་དང༌། གཅིག་འཁོར་གྱི་ཉན་ཐོས་གཅིག་ལ་ཕྱག་འཚལ་བ་དང༌། དེ་གཉིས་ཀྱི་རྗེས་ནས་བྲམ་ཟེ་མང་པོ་ཡོང་བ། སྐུའི་གཡས་ཕྱོགས་སུ་དེ་གཉིས་དང༌། གཞན་བྲམ་ཟེ་དེ་ཐམས་ཅད་རབ་ཏུ་བྱུང་བར་གྱུར་པ། ལག་ན་ལྷུང་བཟེད་དང་བྱ་མ་བུམ་ཐོགས་པ་འབྲི། གཙུག་ལག་ཁང་དེ་ནས་འགྱང་ཙམ་དུ་གྲོང་ཁྱེར་གྱི་བཀོད་པ་ཞིག་འབྲི་ཞིང༌། དེའི་བྱང་ལམ་དུ་དགྲ་བཅོམ་པ་གཅིག་གིས་བྲམ་ཟེ་གཅིག་ལ་ཆོས་སྟོན་པ་དང༌། ཡང་ཕྱོགས་གཞན་ཅིག་ཏུ་བྲམ་ཟེ་ཅིག་ལ་བྲམ་ཟེ་གཅིག་གི་ཆོས་སྟོན་པ་དང༌། གྲོང་ཁྱེར་གྱི་གསེབ་ཏུ་བྲམ་ཟེ་གཉིས་འཁོར་དང་བཅས་པ་འགྲོ་བ་དང༌། ནགས་ཤིག་ཏུ་དེ་གཉིས་ནམ་མཁའ་ལ་ལྟ་བ་དང༌། ཡང་དགེ་སློང་མང་པོ་དང༌། སྐྱེ་བོ་མང་པོ་གཏམ་སྨྲ་བ་འབྲི་སྟེ།མཆོག་ཟུང་གཉིས་རབ་ཏུ་བྱུངབའི་བཀོད་པ་ཡིན་ནོ། །༼ད༽ ཡང་ཕྱོགས་
གཅིག་ཏུ་ཝ་ར་ནཱ་སི་མཚོན་བྱེད་གྲོང་ཁྱེར་ཅུང་ཟད་དང༌། རི་ཆུང་ངུ་ནགས་ཚལ་ཅན་ལ། སངས་རྒྱས་འཁོར་བཅས་བཞུགས་པ། དྲང་སྲོང་དར་བབ་ཞིག་རིའི་རྩ་བ་ནས་འོང་ཞིང༌། སྟོན་པའི་སྐུ་གཞོགས་སུ་དགེ་སློང་དུ་གྱུར་པ་དང༌། གྲོང་ཁྱེར་ཅིག་གི་གསེབ་ན་བྲམ་ཟེའི་ཁྱེའུ་ཞིག་ལག་པས་གཡས་ན་ཤིང་གི་གླག་བུ་ལ་ཡི་གེ་བྲིས་པ་དང༌། གཡོན་ན་ཅུང་ཟད་གྱེན་དུ་བཏེག་པ། མཐའ་སྐྱེ་བོ་མང་པོས་སྐོར་བ་དང༌། དེ་དང་དྲང་སྲོང་དེ་གཏམ་སྨྲ་བ་འབྲིའོ། །ཡང་གྲོང་ཁྱེར་རི་དེ་ག་འདྲ་རུང་སངས་རྒྱས་འཁོར་བཅས་སྔར་བཞིན་བཞུགས་པ་ལ། སྐུའི་གཡས་ཕྱོགས་ནས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡོང་བ་འདྲ་བ་ལ། འཁོར་ཚོགས་མང་པོ་ལྟ་བའི་ཚུལ་འབྲི། ཕྱོགས་གཞན་ཅུང་ཟད་ཐག་རིང་གྲོང་ཁྱེར་གྱི་རྣམ་པ་ཅན་གཅིག་ནས། སྦྲུལ་གྱི་མཇུག་མ་ཐོན་པ་ལ་མགོ་བོས་ཝ་ར་ན་སི་མཚོན་བྱེད་སངས་རྒྱས་བཞུགས་པའི་རི་འགྲམ་གྱི་གྲོང་ཁྱེར་དེར་སླེབ་པ། སྦྲུལ་དེའི་མགོ་ལ་ཤིང་སྡོང་བདུན་སྐྱེས་ཤིང༌། བྱ་དང་སྦྲང་བུ་ལ་སོགས་པ་འཁོར་བའི་རྣམ་པ་དང༌། སྦྲུལ་དེའི་སྐང་པའི་ཐད་ཙམ་ན་གནོད་སྦྱིན་ལག་ན་རྡོ་རྗེ་འབྲི་སྟེ། ངོ་བོ་བཅོམ་ལྡན་འདས་གསང་བདག་ཡིན་ཡང༌། གསང་སྔགས་ཀྱི་སྒྲུབ་ཐབས་ནས་བཤད་པའི་མཚན་ཉིད་མཐའ་དག་ཚང་བ་རང་ཡང་མི་དགོས་ཏེ། སྐུ་མདོག་སྔོ་སང་ཁྲོ་བོའི་ཆ་བྱད་ལ། སྦྲུལ་དང་དར་སྔོན་པོ་དང༌། སྟག་ལྤགས་ལ་སོགས་པའི་རྒྱན་དང་ན་བཟའ་སྣ་ཚོགས་ཅན། མཉམ་པའི་སྟབས་ཀྱིས་བཞེངས་པ། ཕྱག་གཡོན་པས་སྐྱབས་སྦྱིན་དང༌། གཡས་པས་རྡོ་རྗེ་ཐུགས་ཁར་འཛིན་པ་བྱ། བཅོམ་ལྡན་འདས་ཀྱི་སྐུ་དྲུང་དུ། ཀླུ་ཞིག་ཆོས་ཉན་པའང་འབྲི་སྟེ། ཀ་ཏྱ་ཡ་ནའི་སྡེ་ཚན་ནོ། །
༼ན༽ ཡང་བཀོད་པ་གཅིག་ལ། བར་རི་ནགས་ཀྱི་ཆོད་པའི་ལུང་ཚོ་གསུམ་བྱ། ཚུར་ཕྱོགས་དེར་ནགས་ཀྱི་དབུས་རི་ཆུང་ཞིག་ལ། སངས་རྒྱས་བཞུགས་པའི་གཡས་གཡོན་གཉིས་ནས་རི་དྭགས་མང་པོ་དང༌། མདུན་དུ་དགེ་སློང་གཅིག་ཡོད་པ་ལ་བཀའ་སྩོལ་བའི་ཚུལ་དང༌། ཕྱོགས་གཅིག་ཏུ་དགེ་སློང་མང་པོ་སངས་རྒྱས་ལ་ཕྱག་འཚལ་བ་དང༌། དགེ་སློང་གཙོ་འཁོར་དེ་རྣམས་ཕར་ཕྱོགས་ལ་འགྲོ་བའི་ཚུལ་བྱ། ཡུལ་ལྗོངས་བར་མ་དེ་ན། ཁང་པ་གཅིག་ན་བྲམ་ཟེ་གཅིག བུད་མེད་གཅིག བུ་མོ་མཆོག་གཅིག་རྣམས་འདུག་པ་སྒོའི་ཕྱི་ནས་གར་མཁན་རྣམས་གར་བྱེད་པ། གར་མཁན་གཅིག་ལག་ཏུ་ཐུམ་པོ་ཞིག་ཐོག་ནས་བྲམ་ཟེ་དེ་ལ་གཏམ་སྨྲ་བ་དང༌། ཡང་ཁང་པ་དེ་ཁ་འདྲ་བ་ལ། ཁང་སྟེང་ན་བུད་མེད་དེ་ལ་ལག་པ་ལ་འགྲམ་པ་གཏད་ཅིང་ལྟ་བ་དང༌། མདུན་དུ་བུད་མེད་གཏམ་སྨྲ་བ་དང༌། ཕྱོགས་གཅིག་ནས་འདྲེག་མཁན་མོས་སྐྲ་འདྲེག་པ་དང༌། ཚུར་ཕྱོགས་ནས་དགྲ་བཅོམ་པ་དཔོན་སློབ་དེ་རྣམས་ལམ་ནས་ཡོང་བ་དང༌། བུད་མེད་དེས་གར་མཁན་ལ་སྐྲའི་ཆུན་པོ་ཞིག་སྤྲོད་པ་དང། གར་མཁན་དེ་ལ་སྣོད་གཅིག་ཏུ་དོད་རྩ་མང་པོ་བཅུག་ནས་སྟེར་བ་དང༌། ཁང་པ་དེའི་རྒྱབ་ན། དུར་ཁྲོད་དུ་མི་རོ་བསྲེག་པ་དང༌། ཕྱོགས་ཡངས་ས་ཞིག་ཏུ། དགེ་སློང་དགེ་འདུན་དང་བཅས་པ་ལ་བུད་མེད་དེས་གདུགས་ཚོད་གསོལ་བའི་རྣམ་པ་འབྲི།ཡུལ་ཕར་ཕྱོགས་དེ་རུ་གྲོང་ཁྱེར་ཕོ་བྲང་དང་བཅས་པའི་གྲོང་གི་སྒོའི་ཐེམ་པ་ལ། དགྲ་བཅོམ་པ་དེ་ཞབས་བཞག་ཅིང༌། དགེ་སློང་རྣམས་ཀྱང་རྗེས་ལ་འོང་བ། ནམ་མཁའ་ནས་ལྷས་མེ་ཏོག་གི་ཆར་འབེབ་ཅིང༌། འབྱུང་པོ་མང་པོ་
ཐག་རིང་དུ་བྲོས་པ་དང༌། དེ་ལ་གྲོང་ཁྱེར་གྱི་སྒོའི་སྟེང་ནས་མི་གཅིག་གི་ལྟ་ཞིང༌། མི་དེ་རྒྱལ་པོའི་དྲུང་དུ་ཞུ་བ་འབུལ་བ་དང༌། ཕྱི་ཁྱམས་སུ་དགེ་སློང་རྣམས་ལ་མཆོད་སྟོན་གསོལ་བ་དང༌། ཡང་ཁང་བཟང་གཉིས་བྱས་པའི་གཅིག་ཏུ་དགེ་སློང་དང༌། གཅིག་ཏུ་མུ་སྟེགས་ཅན་རྣམས་ལ་ཆོས་སྟོན་གསོལ། སྒོ་སོ་སོ་ནས་དེ་གཉིས་ནི་སོ་སོར་གྱེས་འགྲོ་བ་ལ། མི་རེས་དྲི་བ་རེ་བྱེད་ཚུལ་དང༌། ཡང་ཕྱོགས་གཅིག་ན་གླང་པོ་ཆེའི་ར་བ་རེ་རེར། དགེ་སློང་དང་མུ་སྟེགས་ཅན་ལ་ཁ་ཟས་ངན་པ་རེ་འདྲེན་པ་དང༌། ཡང་སོ་སོར་གྱེས་འགྲོ་བ་ལ་གཏམ་འདྲི་བའི་མི་དང༌། གྲོང་ཁྱེར་ཕོ་བྲང་དེ་ཁ་འདྲ་བའི་དབུས་ཀྱི་ཁང་བཟང་གཅིག་ཏུ། དགེ་སློང་འཁོར་བཅས་ལ་གདུགས་ཚོད་འབུལ་ཞིང༌། རྒྱལ་པོ་ཡང་ཐལ་མོ་སྦྱར་ནས་འདུག་པ་དང༌། གྲོང་ཁྱེར་གྱི་སྒོ་ནས། བུ་མོ་མཆོག་རས་ཀྱི་གོས་གཡོགས་པ་དང༌། འཁོར་དང་བཅས་པ་འཇུག་པ་དང༌། འབྱུང་པོ་མང་པོ་ཐག་རིང་དུ་འབྲོས་པ་དང༌། དེ་ལ་མི་རྣམས་ལྟ་བ་དང༌། ཁང་བཟང་གཅིག་ན། རྒྱལ་པོ་དང་བཙུན་མོ་གཉིས་དང༌། གཞོན་ནུ་གཅིག་དང༌། བྲམ་ཟེ་དང་བློན་པོ་གཅིག་རྣམས་ཡོད་ཅིང༌། ཕྱི་རོལ་གྱིས་ཁྱམས་ཞིག་ན། གླང་པོ་ཆེ་དང༌། གླང་མོ་དང༌། རྔ་མོང་དང། རྟ་མཆོག་དང༌། མི་བ་དན་རིང་པོ་ཐོགས་པ་གཅིག་རྣམས་འབྲི། ཕྱི་རོལ་ཀྱི་ས་ཕྱོགས་ཡངས་པ་ཞིག་ཏུ་དགྲ་བཅོམ་པ་དེས། སྐྱེ་བོ་མང་པོ་ལ་ཆོས་འཆད་པ་དང༌། ཡང་ཁང་བཟང་གཅིག་ཏུ་རྒྱལ་པོ་མནལ་ལོག་པ་དང༌། ནམ་མཁའ་ལ་འོད་ཁྱིམ་ཟླུམ་པོ་བརྒྱད་ཀྱི་ནང་ན། ཙནྡན་དཀར་པོས་ལུས་བྱུགས་པའི་མི་དང༌། དམར་པོས་ལུས་ལ་གཏོར་
བའི་མི་དང༌། རི་གཅིག་དང༌། ངང་པ་གཉིས་དང༌། མིའི་མཆན་ཁུང་གཉིས་ནས་སྦྲུལ་འཆང་བ་དང༌། མི་གཅིག་གི་མགོ་ལ་མེ་འབར་བ་དང༌། མིའི་རྐང་པ་ལ་ཉ་གཉིས་འཁྲིལ་བ་དང༌། བྱ་གོང་མ་བསྲེག་གཅིག་དང་བཅས་པ་བརྒྱད་པོ་དེ་རྣམས་ཧལ་ཚོན་ཏེ། རི་མོ་ཕྲ་མོས་འབྲིའོ། །ཡང་ཁང་བཟང་དེའི་ཕྱོགས་གཅིག་ན། དགྲ་བཅོམ་པ་ལ་རྒྱལ་པོས་ཞུ་བ་བྱེད་པ་དང༌། ཁྱམས་ཡངས་པ་གཅིག་ཏུ་རྒྱལ་བོ་ལ་བེའུ་རས་དང༌། ལ་དམར་རིན་པོ་ཆེ་དང༌། གླང་ཆེན་གཅིག རྟ་གཉིས། གསེར་དང་རིན་པོ་ཆེ་སྤེལ་བའི་འཕྲེང་བ། རལ་གྲི་གཉིས། ནོར་བུའི་ལྷམ་ཆ་རྣམས་འབུལ་མཁན་བྱུང་བའི་བཀོད་པ་འབྲི། ཡང་ཕྱོགས་ཡངས་པ་གཅིག་ཏུ། དགྲ་བཅོམ་པ་ལ་བེའུ་རས་དང༌། བུད་མེད་གཅིག་ལ་གསེར་འཕྲེང༌། གཅིག་ལ་ལ་དམར། བྲམ་ཟེ་ལ་རྟ། གཞོན་ནུ་ལ་ལྷམ། བློན་པོ་ལ་རལ་གྲི་རྣམས་བྱུང་བ་དང༌། ཕྱོགས་གཅིག་ཏུ་དགྲ་བཅོམ་པ་ལ་རྒྱལ་པོས་ཐལ་མོ་སྦྱར་ཞིང་ཞུ་བ་འབུལ་བ་དང༌། ཡང་གཙུག་ལག་ཁང་གཅིག་ན་དགྲ་བཅོམ་པ་དེ་ཡུལ་ལྗོངས་ཐོག་མའི་ཕྱོགས་ལ་གདོང་གཏད་ཅིང་ཐལ་མོ་སྦྱར་ནས་ཞུ་བ་འབུལ་ཚུལ་དང༌། དེ་ཡུལ་དེའི་ཕྱོགས་གཅིག་ཏུ། གཙུག་ལག་ཁང་གཅིག་ནས་སངས་རྒྱས་ཀྱི་དེ་ལ་བཀའ་སྩོལ་བའི་ཚུལ་འབྲི། སྔར་གྱི་རྒྱལ་བོའི་ཕོ་བྲང་གི་འཁྲིས་དེར། དགྲ་བཅོམ་པ་དགེ་འདུན་དང་བཅས་པ་ལ། འབྲུ་དང་ན་བཟའ་དང༌། སྣོད་སྤྱད་དང༌། ནོར་དང་ཡོ་བྱད་སྣ་ཚོགས་པ་དག་དང༌། རྟ་དང་བ་གླང་ལ་སོགས་པས་འབུལ་སྣོད་དཔག་ཏུ་མེད་པས་མཐའ་སྐོར་ཞིང་འབུལ་
བའི་ཚུལ་དང༌། རྒྱལ་པོ་ཡང་ཐལ་མོ་སྦྱར་ཞིང་སྨོན་ལམ་འདེབས་པ་འབྲི་སྟེ། འཕགས་པ་ཀ་ཏྱ་ཡ་ན་མངགས་ཏེ། གྲོང་ཁྱེར་འཕགས་རྒྱལ་དུ་རྒྱལ་པོ་རབ་སྣང་ལ་སོགས་པ་སྐྱེ་བོ་ཐམས་ཅད་དགེ་བ་ལ་འགོད་པར་མཛད་པའི་སྐབས་ཀྱི་ལེ་ཚན་ནོ། །༼པ༽ ཡང་ཁྱིམ་ཡངས་པ་གཅིག་ཏུ་སངས་རྒྱས་ལ་ཁྱིམ་བདག་མོ་གཉིས་ཀྱི་བསོད་སྙོམ་འབུལ་བ་དང༌། ཡང་དེའི་སྒོ་དྲུང་ཕྱི་ནང་གང་བདེ་བ་ཞིག་ན། སྟོན་པས་ཁྱིམ་བདག་མོ་དེ་ལ་ལུང་བསྟན་མཛད་པའི་ཚུལ་བྱ། ཡང་ཁྱིམ་དེའི་ཕྱི་རོལ་ཕྱོགས་གཅིག་ཏུ་གཅེར་བུ་པ་དང་ཁྱིམ་བདག་དེ་གྲོས་བྱེད་པ་དང༌། ཁྱིམ་བདག་མོ་སྦྲུམ་མ་དེའི་དཀུ་མཉེ་བ་དང༌། དེ་ཤི་སྟེ་ཕུང་པོ་འདོན་པའི་བཀོད་པ་དང༌། དུར་ཁྲོད་གཅིག་ཏུ་སྐྱེ་བོ་མང་པོ་ཚོགས་པའི་དབུས་སུ། དེའི་ཕུང་པོ་བསྲེགས་པས། ལྟོ་གས་པའི་དཀྱིལ་ནས། པདྨའི་སྡོང་པོ་དང་པདྨ་ཁ་ཕྱེ་བའི་དབུས་ན་ཁྱེའུ་ཡོད་པ་དང༌། སངས་རྒྱས་ཀྱི་བཀའ་སྩལ་ནས་རྒྱལ་བུ་མཚོ་བྱེད་གཞོན་ནུ་དེ་ལེན་པར་རྩོམ་པ་དང༌། སྔར་གྱི་ཁྱིམ་བདག་དེ་གཅེར་བུ་པའི་གདོང་དུ་ལྟ་བ་འབྲི། དེ་དང་ཉེ་བར་གཞལ་མེད་ཁང་གཅིག་ཏུ། གཞོན་ནུ་ཞིག་ལྷ་མོ་མང་པོ་དང༌། ལྷའི་འབྱོར་པ་ལྟ་བུ་དང་ལྡན་པ་འབྲི་སྟེ། མེ་སྐྱེས་ལུང་བསྟན་པའི་སྐབས་སོ། །༼ཕ༽ ཡང་བཀོད་པ་གཅིག་ལ། རི་གཅིག་གི་དྲུང་ན། དུར་ཁྲོད་ཞིག་ཡོད་པ་ན་སངས་རྒྱས་བཞུགས་པའི་བཀོད་པ་དང༌། དེའི་དྲུང་ན་ཁྱིམ་བདག་ཅིག་ཆོས་ཉན་པའི་ཚུལ་བྱ་ཞིང༌། དེ་དང་མི་རིང་བའི་གྲོང་ཁྱེར་གཅིག་གི་ཁང་བཟང་ན། སྐྱེ་བོ་མང་པོ་ཟས་གཡོ་བའི་ལས་བྱེད་པ་དང༌། ཁྱིམ་བདག་གཉིས་གྲོས་བྱེད་
པའི་རྣམ་པ་འབྲི། ཕྱི་ཁྱམས་ཀྱི་སྒོའི་ནང་ན་ཁྱིམ་བདག་དེ་འགྲོ་བཞིན་པ་ལ། བར་སྣང་ནས་ལྷའི་རྣམ་པ་ཞིག་གིས་གཏམ་སྨྲ་བ་དང༌། ཁྱིམ་བདག་དེ་དང་ཉན་ཐོས་ཞིག་སྡེབས་ནས་སངས་རྒྱས་ཀྱི་དྲུང་ན་བཀོད་པ་ཕྱི་མ་རྣམས་ཀྱི་ས་ལ་ཕར་འགྲོ་བའི་ཚུལ་ཞིག་བྱ། སྔར་གྱི་ཁང་བཟང་མི་མང་པོ་ལས་བྱེད་པ་དེ་དང་འབྲེལ་བའི་ཁང་པ་གཞན་ཞིག་ཏུ། སངས་རྒྱས་འཁོར་བཅས་ལ་ཁྱིམ་བདག་གཅིག་གིས་མཆོད་པ་འབུལ་བའི་རྣམ་པ་བྱེད། དེ་རྣམས་དང་མ་འབྲེལ་བར་ཐེག་ཡོད་པའི་ཕྱོགས་གཞན་གཅིག་ཏུ། ཁང་བཟང་གཅིག་གི་སྒོ་དྲུང་ན། མུ་སྟེགས་པ་ཆ་བྱད་སྣ་ཚོགས་པ་མང་པོ་འདུས་པ་དང༌། དེ་ལ་ཁྱིམ་བདག་དེས་གཏམ་སྨྲ་བ་དང༌། མཐའ་ཤིང་གིས་སྐོར་བའི་ས་ཕྱོགས་གཅིག་གསེར་གྱི་སྦྲམ་བུར་བརྡལ་ཞིང༌། མི་མང་པོས་གསེར་གྱི་ཁུར་པོ་ས་ཆ་དེར་སྐྱེལ་བའི་རྣམ་པ་དང༌། ཁྱིམ་བདག་དང་རྒྱལ་པོའི་བུ་གཉིས་གཏམ་སྨྲ་བའི་རྣམ་པ་བྱེད། ཡང་མི་གཟི་བརྗིད་ཆེ་བ་བཞིའི་རྩ་ན། ཁྱིམ་བདག་རྒྱལ་པོའི་བུ་དང་བརྩོད་པའི་ཚུལ་དང༌། རྒྱལ་པོ་ཞིག་གི་དྲུང་དུ་ཡང་ཁྱིམ་བདག་དང་མུ་སྟེགས་རྣམས། ཕན་ཚུན་དུ་གཏམ་སྨྲ་བའི་ཚུལ་བྱེད། དེ་ནས་ཕྱོགས་གཞན་གཅིག་ཏུ་སྐྱེ་བོ་མང་པོ་འདུས་པ་ལ། ཕྱོགས་གཅིག་ཏུ་འཕགས་པ་ཤཱ་རིའི་བུ་ཁྲི་ལ་འདུག་པ་དང༌། དེའི་ཕྱོགས་ནས་རླུང་ལངས་པ། གླང་པོ་ཆེ་བྱ་ཁྱུང་རྣམས་ཡོད་པ། ཕྱོགས་གཅིག་ན་མུན་སྟེགས་འགའ་རེ་འདུག་པ། དེའི་ཕྱོགས་ལ་ཤིང་སྡོང་དང་པད་ཚལ་མཚོ་སྦྲུལ་རྣམས་ཡོད་པ། ཤིང་སྡོང་གཅིག་རླུང་བུས་དུམ་བུར་བཅག་པ་རྩ་བ་ནས་བཏོན་པ་དང༌། པདྨའི་རྫིང་བུ་གླང་པོ་
ཆེ་ཆེན་པོ་ཞིག་གི་དཀྲུགས་ཤིང༌། པདྨ་ཟོས་པ་དང༌། སྦྲུལ་མགོ་བདུན་པ་ཆེན་པོ་ཞིག་འོང་བ་ལ། བྱ་ཁྱུང་མང་པོས་སྦྲུལ་གྱི་མགོ་ནས་ཟ་བ་དང༌། རོ་ལང་ཞིག་བྱུང་བ་ལ། ཤ་རིའི་བུས་ཕུར་བུའི་བཏབ་པ་དང༌། རོ་ལང་གི་མུ་སྟེགས་ཅན་གཅིག་བརྡས་པ་དང༌། མུ་སྟེགས་དེ་ཤཱ་རིའི་བུ་ལ་ཕྱག་འཚལ་ཞིང༌། ཤཱ་རིའི་བུས་རོ་ལངས་ཀྱི་ཕུར་བ་བཏོན་པ་དང༌། ཡང་ཕྱོགས་གཅིག་ན་མཐའ་ཤིང་སྡོང་གིས་སྐོར་བའི་དབུས་དེར། སྐྱེ་བོ་མང་པོ་གཙུག་ལག་ཁང་བརྩིག་པ་དང༌། དེ་ཁའི་ཕྱོགས་ཀྱི་ཟུར་ལ་ལ་ན། ཐིག་སྣ་གཅིག་ཤཱ་རིའི་བུས་བཟུང༌། གཅིག་ཁྱིམ་བདག་གཅིག་གིས་བཟུང་ནས་ཐིག་འདེབས་པའི་ཚུལ་དང༌། དེ་ཁའི་ཐད་ཀྱི་ནམ་མཁའི་ཐད་མཐོན་པོར་གསེར་གྱི་ཁང་བཟང་གཅིག་དང༌། རིན་པོ་ཆེ་སྣ་བདུན་གྱི་ཁང་བཟང་གཅིག་འབྲི། ཁང་བཟང་དེ་གཉིས་དང་འོག་གི་གཙུག་ལག་ཁང་བརྩིག་པའི་སྟེང་དེར། གསེར་རིས་ལྟ་བུ་རི་མོ་ཞིག་གི་སྦྲེལ། གཙུག་ལག་ཁང་བརྩིག་པ་དེ་དང་ཉེ་བའི་ཤིང་དྲུང་གཅིག་ན། ཤཱ་རིའི་བུ་ཞབས་འཆག་བྱེད་པ། གྱད་ལྕགས་ཀྱི་དབྱུག་པ་ཐོགས་པས། མུ་སྟེགས་མང་པོ་འདེད་པ་དང༌། ཤཱ་རིའི་བུ་ཁྲི་ལ་བཞུགས་ནས་མུ་སྟེགས་མང་པོ་ལ་ཆོས་སྟོན་པ་དང༌། རབ་ཏུ་བྱུང་བ་འབྲི་སྟེ། ཕྱོགས་གཅིག་ལ་མུ་སྟེགས་ཀྱི་ཆ་ལུགས་དང༌། ཕྱོགས་གཅིག་ལ་རབ་བྱུང་གི་ཆས་ཡོད་པ་རྣམས་འབྲི་བ་ལེགས། གཙུག་ལག་ཁང་དེའི་སྒོ་ཁང་གི་ཐད་ན། རྒྱལ་པོའི་བུས་བཀོད་པ་བྱེད་ཅིང༌། སྒོ་ཁང་བརྩིག་པ་འབྲི། བཀོད་པ་འདི་ཚོ་དང་སྔར་གྱི་དུར་ཁྲོད་ཡོད་པ་དེའི་བར་སྟོང་ལ། སངས་རྒྱས་འཁོར་བཅས་ལམ་དུ་བཞུགས་ནས་
འབྱོན་པ། ལམ་གྱི་ས་སྟོངས་སུ་འཁོར་བཅས་བཞུགས་ཤིང༌། སྐྱེ་བོ་མང་པོས་མཆོད་པ་སྣ་ཚོགས་བྱེད་པའི་བཀོད་པ་འབྲི། སྔར་གྱི་གཙུག་ལག་ཁང་བརྩིག་བཞིན་པའི་བཀོད་པ་དེ་དང་ཉེ་བར། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོའི་དབུས་ན་རྒྱལ་པོ་ཕོ་བྲང་དང་བཅས་པ་ཡོད་པ་ལ། དེ་དང་ཉེ་བ་ན་སངས་རྒྱས་འཁོར་བཅས་འབྱོན་ཞིང༌། ས་མཐིལ་ལ་སྐྱེ་བོ་མང་པོ་འདུས་པ་དང༌། སྟེང་གི་ནམ་མཁའ་ནས་ལྷ་རྣམས་ཀྱི་མེ་ཏོག་གི་ཆར་མང་པོ་འབེབས་པ་དང༌། སྔར་བརྩིག་བཞིན་པའི་གཙུག་ལག་ཁང་དེ་གྲུབ་པའི་ཚུལ་དུ་བྱས་པ། དེ་དང་ཉེ་བའི་ཕྱོགས་གཞན་ཞིག་ཏུ། ཁང་བཟང་ཆེན་པོ་ཁང་བཟང་བཅུ་དྲུག་གིས་སྐོར་བ། དེའི་མཐའ་ཁང་མིག་དྲུག་ཅུས་སྐོར་བ་མཚོན་བྱེད་དང༌། ཕྱི་ལྕགས་རིས་སྐོར་བ། ལྕགས་རིའི་ཕྱི་ནང་ཐམས་ཅད་ཤིང་སྣ་ཚོགས་པས་བཏིབས་པ། འདི་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཡིན་ཏེ། དེའི་ནང་དུ་སངས་རྒྱས་འཁོར་དུ་མས་སྐོར་བ་ལ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་གསེར་གྱི་རིལ་བ་སྤྱི་བླུགས་ནས་ཆབ་འབུལ་བའི་སྟེང་ཀ་བྱེད་པ། གཙུག་ལག་ཁང་གི་ཕྱི་རོལ་གཅིག་ཏུ་ཉན་ཐོས་གཅིག་གི་ལྷུང་བཟེད་ཆེན་པོ་གཅིག་བཟེད། ཁྱིམ་བདག་སྤྱི་བླུགས་ཆེན་པོ་གཅིག་ཐོགས་ནས། ལྷུང་བཟེད་དེར་ཆུ་ལྡུགས་པ་དང༌། གཙུག་ལག་ཁང་གི་ནང་གི་སངས་རྒྱས་འཁོར་བཅས་ལ་མཆོད་པའི་ཡོ་བྱད་མང་བོ་ཡོད་པ་ཞིག་འབྲི། ཡང་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་འདྲ་རུང་ལ། སངས་རྒྱས་དགེ་འདུན་དང་བཅས་པའི་སྐུའི་མདུན་དུ། རྒྱལ་པོ་གསལ་རྒྱལ་འཁོར་མང་པོ་
དང་བཅས་ཏེ་ཐལ་མོ་སྦྱར་ནས་ཆོས་ཉན་པ་འབྲི། དེ་དག་ནི་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་བཞེངས་ཤིང༌། རྒྱལ་པོ་གསལ་རྒྱལ་དད་པ་ལ་བཀོད་པའི་སྡེ་ཚན་ནོ། །༼བ༽ དེ་ནས་རྒྱལ་པོའི་ཕོ་བྲང་ཞིག་ནས་ཕོ་ཉ་བ་ཞིག་མངགས་ཏེ། ཕོ་བྲང་གཞན་ཞིག་ཏུ་འགྲོ་བའི་བཀོད་པ་དང༌། ཕོ་བྲང་ཕར་ཕྱོགས་དེ་ན་རྒྱལ་པོ་ཟས་གཙང་ལག་པ་ལ་འགྲམ་པ་གཏད་དེ་སེམས་ཁོང་དུ་ཆུད་པའི་ཚུལ་ལ། དེའི་མདུན་ན་འདོན་གྱི་བུ་འཆར་ཀ བློན་པོའི་རྣམ་པ་མི་ཤ་ཁ་ནག་པོ་ཞིག་གི་རྒྱལ་པོ་ལ་ཞུ་བ་བྱེད་པའི་ཚུལ་བྱ། ཕོ་བྲང་ཚུར་ཕྱོགས་དེ་དང་ཉེ་བ་ན། ཁང་བཟང་སྔ་མ་འདྲ་བ་ལ་མདོར་བསྡུས་པ་གཅིག་ཏུ། སངས་རྒྱས་བཞུགས་པའི་སྐུ་མདུན་ནས་འཆར་ཀ་དེས་ཞུ་ཡིག་གི་སྒྲོམ་བུ་འབུལ་བ་ལ། ཡང་དེ་ཁའི་ཕྱོགས་གཅིག་ཏུ་སངས་རྒྱས་ཁྲི་ལ་བཞུགས་པ། སྐུ་མདུན་ན་འདུག་པས་བཀའ་ཉན་པ་དང༌། ཡང་དེ་དང་འབྲེལ་བའི་ཕྱོགས་གཅིག་ཏུ་འཕགས་པ་ཤཱ་རིའི་བུའི་མདུན་དུ་འཆར་ཀ་རབ་ཏུ་བྱུང་བ་དང༌། འཆར་ཀ་བཅོམ་ལྡན་འདས་ཀྱི་དྲུང་ནས་ཕར་འགྲོ་བ་རྣམས་འབྲི། ཕོ་བྲང་ཕར་ཕྱོགས་དེ་དང་ཉེ་བར་ཁང་བཟང་གཞན་ཞིག་ཏུ། རྒྱལ་པོ་ཟས་གཙང་གི་མདུན་ན། འཆར་ཀ་རབ་ཏུ་བྱུང་སྟེ་གཏམ་སྨྲ་བ་དང༌། རྒྱལ་བུ་རྒྱལ་བྱེད་ཚལ་གྱི་བཀོད་པའི་རས་བྲིས་སྟོན་པ། སྒོའི་ཕྱི་ན་འཆར་ཀ་གནས་པ་མི་གཞན་ཞིག་ལ་ལོན་སྤྲོད་པའི་ཚུལ་འབྲི། དེ་དང་ཉེ་བའི་སྐྱེད་མོས་ཚལ་ཞིག་གི་དབུས་སུ་གཙུག་ལག་ཁང་བཞེངས་བཞིན་པའི་བཀོད་པ་དང༌། ཡང་ཕྱོགས་གཞན་གཅིག་ནས་སངས་རྒྱས་འཁོར་བཅས་ལམ་ལ་གཤེགས་པ་དང༌། ཆུ་འགྲམ་ཞིག་ཏུ་དགེ་སློང་
རྣམས་ཁྲུས་བྱེད་པ་དང༌། སེར་སྐྱའི་གྲོང་ཁྱེར་ཕོ་བྲང་དང་བཅས་པ་དང༌། དེའི་མདུན་ནས་ཚུར་ལ་ཤིང་རྟ་དང༌། ཤིང་རྟ་འདྲེན་བྱེད་ཀྱི་རྟ་དང༌། ཤིང་རྟ་ལ་བཙུགས་པའི་དར་པོ་ཆེ་དང༌། བ་དན་དང༌། ཤིང་རྟའི་ནང་ན་ཡོད་པའི་མི་རྣམས་ཀྱི་གོས་ལྷམ་ཐོད་རྔ་ཡབ་ལ་སོགས་པའི་ཡོ་བྱད་ཐམས་ཅད་ཁ་དོག་མཚུངས་པ་སྟེ། ཐམས་ཅད་དཀར་པོ་དང༌། ཐམས་ཅད་སྔོན་པོ་དང༌། ཐམས་ཅད་དམར་པོ་དང༌། ཐམས་ཅད་སེར་པོ་དང༌། ཐམས་ཅད་ཁྲ་བོ་ལ་སོགས་པ་དང༌། གཞན་ཡང་བསུ་བའི་བཀོད་པ་རྒྱ་ཆེན་པོ་འབྲི་ཞིང༌། ཚུར་ཕྱོགས་ནས་སངས་རྒྱས་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ནས་འབྱོན་ཞིང༌། སྤྲུལ་པ་མང་པོ་འགྱེད་པ་སོགས་རྫུ་འཕྲུལ་གྱི་བཀོད་པ་སྤྱི་དང་འདྲ་བ་དང༌། འཁོར་རྣམས་ཏ་ལ་དྲུག་སྲིད་ཀྱི་ནམ་མཁའ་ལ་འབྱོན་པ་སོགས་མཚོན་བྱེད་བྱ། ཕོ་བྲང་དེ་དང་ཉེ་བ་ན། ནྱ་གྲོ་དྷའི་ཀུན་དགའ་ར་བ། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དེ་འདྲ་རུང་གི་སྒོ་དྲུང་ན། སྐྱེ་བོའི་ཚོགས་མང་པོ་དང༌། སངས་རྒྱས་འཁོར་དང་བཅས་པ་ཕེབས་པ་ལ། རྒྱལ་པོས་ཕྱག་འཚལ་བ་དང༌། ཀུན་དགའ་ར་བ་དེའི་ནང་དུ་སངས་རྒྱས་ལ་འཁོར་མང་པོས་སྐོར་ཞིང་རྒྱལ་པོ་ལ་སོགས་པ་ཆོས་ཉན་པའི་ཚུལ་བྱ། དེའི་སྒོ་དྲུང་དུ་མི་བརྒྱན་དང་ལྡན་པ་གཅིག་ལ་སྐྱེ་བོ་མང་པོས་སྨད་ཅིང་སྡིགས་པའི་ཚུལ་འབྲི། དེ་དང་ཉེ་བ་ན་སྐྱེད་མོས་ཚལ་གཉིས་སུ་སངས་རྒྱས་ལ་རྒྱལ་པོའི་རྣམ་པ་རེ་རེ་གཙོ་བོར་གྱུར་པའི་འཁོར་མང་པོ་ཆོས་ཉན་པ་དང༌། སྒོ་དྲུང་དུ་མི་རྒྱན་ལྡན་གཅིག་ལ། མི་མང་པོས་སྨོད་པའི་སྔ་མ་དང་འདྲ་བ་འབྲི། དེ་ནས་ཁང་བཟང་གཅིག་ན་རྒྱལ་པོ་ཟས་གཙང་ཡོད་
པའི་མདུན་དུ། དགྲ་བཅོམ་པ་གཅིག་གདན་མཐོ་བ་ལ་བཞུགས་པ་དང༌། སྟེང་གི་ནམ་མཁའ་དགྲ་བཅོམ་པ་དེ་ཁའི་སྐུ་ལས་སྤྲུལ་པའི་དགེ་སློང་ནམ་མཁའ་ལ་འཆག་པ་དང༌། གཟིམས་པ་དང༌། འོད་ཟེར་འགྱེད་པ་དང༌། སྨད་ནས་མེ་འབར་ཞིང༌། སྟོད་ནས་ཆུ་འབྲུམ་པ་ལ་སོགས་པ་འབྲི། ནྱ་གྲོ་དྷའི་ཀུན་དགའ་ར་བ་སྔ་མ་དང་འདྲ་བ་ལས། ལྕགས་རི་སོགས་ཐམས་ཅད་ཤེལ་ལྟར་ཕྱི་གསལ་ནང་གསལ་དུ་ཡོད་པ། དབུས་སུ་སངས་རྒྱས་ལ་བརྒྱ་བྱིན་ལ་སོགས་པ་ལྷ་འབའ་ཞིག་གིས་སྐོར་བ་དང༌། སྒོ་བཞི་ན་རྒྱལ་ཆེན་བཞི་འཁོར་མང་པོ་དང་བཅས་པས་བསྲུང་བ། དགྲ་བཅོམ་པ་དེས་རྒྱལ་པོ་ཟས་གཙང་ཁྲིད་ནས། སྒོ་དྲུང་དུ་སླེབ་ཅིང༌། ཡུལ་འཁོར་བསྲུང་དང་གཏམ་སྨྲ་བ་དང༌། ཡང་ཁང་བཟང་གཅིག་ཏུ་བཅོམ་ལྡན་འདས་ཀྱི་དྲུང་དུ། རྒྱལ་པོ་ཟས་གཙང་ཆོས་ཉན་པའི་བཀོད་པ་འབྲི། དེ་ནས་ཁང་བཟང་གཞན་གཅིག་ཏུ་བཅོམ་ལྡན་འདས་ལ་རྒྱལ་པོ་ཟས་གཙང་འཁོར་བཅས་ཀྱིས་བསོད་སྙོམས་འབུལ་བའི་རྣམ་པ་དང༌། ཁང་བཟང་གཞན་གཅིག་ཏུ་བཅོམ་ལྡན་འདས་འཁོར་བཅས་ལ། བཙུན་མོའི་ཚོགས་ཀྱི་མཆོད་པ་འབུལ་བ་དང༌། ཡང་ཁང་བཟང་གཞན་གཅིག་ཏུ། རྒྱལ་པོ་ཟས་གཙང་དང༌། མཆེད་གསུམ་དང༌། སྐྱེ་བོ་མང་པོ་འདུས་པ་དང༌། རྒྱལ་པོའི་རྣམ་པ་ཞིག་གི་ཡི་གེ་བྲིས་པ་ལ་རྒྱལ་རིགས་ཐམས་ཅད་ཀྱི་ཉན་པའི་ཚུལ་དང༌། ཁང་བཟང་ཆུང་ངུ་གཅིག་ན་རྒྱལ་རིགས་གཉིས། གཏམ་སྨྲ་ཞིང༌། མལ་སྟན་ལ་སྙེས་པའི་ཚུལ་དང༌། ཤཱཀྱ་རྣམས་གླང་པོ་ཆེ་ལ་ཞོན། གདུགས་དང་རྔ་ཡབ་སོགས་དང༌། གོས་རྒྱན་གཟབ་
པར་བྱས་པ་དང༌། ཁ་གཅིག་ཤིང་རྟར་བཞུགས་པ་དང༌། ཁ་གཅིག་ཁྱོགས་བྱམས་ཁྲི་ལ་བཏེག་ནས་འགྲོ་བ་སོགས་རྣམ་གྲངས་མང་བ་དང༌། གཡས་གཡོན་ནས་སྐྱེ་བོ་མང་པོ་ལྟ་བ་དང༌། ཕྱོགས་གཅིག་ནས་སའི་སྟེང་དུ་གདན་ཁྲི་ལ་རྒྱལ་པོ་ཟས་གཙང་བཞུགས། འཁོར་ཁ་རེ་དང༌། བྲམ་ཟེ་བཞི་ལྔ་ཙམ། ཤཱཀྱ་རྣམས་ལ་ལྟ་བ་འབྲི། ཤཱཀྱ་དེ་རྣམས་ཀྱི་ནང་ནས་རྗེས་ན་ཁ་གཅིག་ལས། གཅིག་གི་གཙུག་གི་ནོར་བུ་དམར་པོ་ཁྲས་ཁྱེར་བ་དང༌། གཅིག་གིས་མུ་ཏིག་གི་དོ་ཤལ་ས་ལ་ལྷུང་བ་དང༌། གཅིག་གི་འཁྲིས་སུ་བོང་བུ་སྐད་འདོན་པ་འབྲི། ཕར་ཕྱོགས་སུ་ནྱ་གྲོ་དྷའི་ཀུན་དགའ་ར་བ་སྔར་གྱི་དེ་ཁ་འདྲ་རུང་ཞིག་བྱས་ནས། ཕྱི་འཁྱམས་སུ་རས་བཏིང་པའི་སྟེང་དུ། དེ་རྣམས་ཀྱི་རྒྱན་ཐམས་ཅད་སྤུད་པ་དང༌། འདྲེག་མཁན་གྱི་སྐྲ་འདྲེག་པ་དང༌། གཙུག་ལག་ཁང་གི་ཕྱི་རོལ་དུ་ཁྲུས་བྱེད་པ་དང༌། གཙུག་ལག་ཁང་གི་ཁང་བཟང་གི་ནང་ཞིག་ཏུ། སངས་རྒྱས་དགེ་འདུན་དང་བཅས་པའི་དབུས་སུ་དེ་རྣམས་རབ་ཏུ་བྱུང་བའི་བཀོད་པ་འབྲི། དགེ་འདུན་གྱི་ནང་གི་དགེ་སློང་གཅིགསྔར་གྱི་འདྲེག་མཁན་དེ་རབ་ཏུ་བྱུང་བའི་རྣམ་པ་ལ། ཤཱཀྱ་གསར་དུ་རབ་ཏུ་བྱུང་བ་ཞིག་གིས་ཞབས་ལ་མགོ་བོས་འདུད་པ་འབྲི། གཞན་རྣམས་ཤ་མདོག་དཀར་བ་ལ། འདྲེག་མཁན་དེ་སྐུ་ཤ་སྔོ་སངས་སུ་བྲིས་ན་ལེགས་པར་གོ་སྟེ། རབ་ཏུ་བྱུང་བའི་གནས་སྐབས་ན་འཕགས་པ་ཉེ་བ་འཁོར་ཡིན་ནོ། །དེ་དག་ནི་ཡབ་སྲས་མཇལ་བའི་སྡེ་ཚན་ནོ། །༼མ༽ ཡང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན། སངས་རྒྱས་ཀྱི་སྐུའི་བཀོད་པ་ལྔ་བརྒྱ་བསྟན་པ་མཚོན་བྱེད་ལ། ཆུ་སོགས་ཇི་ལྟར་རིགས་པ་ཁང་བཟང་གཅིག་ན་
བཞུགས་པ་དང༌། ཁང་བཟང་གཞན་གཅིག་ནས་བཙུན་མོ་གྲགས་འཛིན་མས་ཟས་མཆོག་གིས་གང་བའི་སྣོད་སྒྲ་གཅན་འཛིན་བྱིས་པའི་རྣམ་པ་ཅན་གྱི་ལག་ཏུ་གཏོད་པ་དང༌། སངས་རྒྱས་མང་པོ་བཞུགས་པ་དེ་རྣམས་ཀྱི་ནང་གི་སངས་རྒྱས་གཅིག་ལ་སྒྲ་གཅན་འཛིན་གྱི་ཟས་མཆོག་འབུལ་བའི་ཚུལ་འབྲི། ཡང་ཁང་བཟང་གཞན་ཞིག་ཏུ། བཅོམ་ལྡན་འདས་དགེ་འདུན་གྱིས་འཁོར་གྱིས་བསྐོར་བའི་དབུས་ན་བཞུགས་པ་ལ། བུད་མེད་ཀྱི་ཚོགས་མང་པོས་ཆོས་ཉན་པ་དང༌། ནམ་མཁའ་ལ་སངས་རྒྱས་མང་པོ་འཕུར་བ་དང༌། འོད་ཟེར་སྣ་ཚོགས་པ་འཕྲོ་བ་དང༌། ཕྱག་ཏུ་རི་བོ་བསྣམས་པ་དང༌། ཟླ་བ་ཉི་མ་ལ་ཕྱག་གིས་རེག་པ་དང༌། སྐུའི་བ་སྤུའི་ཁུང་བུ་ནས་བྱ་ཁྱུང་དང་ཀླུ་དང༌། གླང་པོ་དང༌། སེང་གེ་ལ་སོགས་པ་སྣ་ཚོགས་པ་སྤྲོ་བ་དང༌། སངས་རྒྱས་གཅིག་གི་སྐུ་ལས། སངས་རྒྱས་དཀར་པོ། དམར་པོ། ལྗང་ཁུ་སོགས་སྤྲོ་བ་དང༌། ཡང་སྐུ་ལས། ལྷ་དང༌། ལྷ་མོ་དང༌། བྲམ་ཟེ་དང༌། དགེ་སློང་སོགས་སྤྲོ་བ་དང། དེ་བཞིན་དུ་སྟོད་ནས་མེ་འབར་ཞིང༌། སྨད་ནས་ཆུ་འབབ། སྨད་ནས་མེ་འབར་ཞིང༌། སྟོད་ནས་ཆུ་འབབ་པ་ལ་སོགས་ཆོ་འཕྲུལ་སྣ་ཚོགས་སྟོན་པ་ཞིག་འབྲི། ཡང་ཁང་བཟང་གཅིག་གི་ནང་དུ། བཅོམ་ལྡན་འདས་འཁོར་དགེ་འདུན་དང་བཅས་པ་བཞུགས་ཤིང༌། བུད་མེད་མཆོག་གཅིག་གིས་ཟས་མཆོག་བཅོམ་ལྡན་འདས་ལ་ཕུལ་བ་དང༌། ཁང་བཟང་དེའི་ཕྱོགས་གཅིག་གི་རྩེ་མོ་ནས་བུད་མེད་དེ་ཉིད་འཕྱོངས་པ་སངས་རྒྱས་ཀྱི་སྤྲུལ་པས་གནོད་པ་མེད་པར་སླང་སྟེ་ས་ལ་བཞག་པ་དང༌། དེའི་ཉེ་སྐོར་གྱི་ཕྱི་རོལ་ས་མཐོ་བ་ཞིག་ཏུ་སངས་རྒྱས་བཞུགས་གནས། བུད་མེད་
མཆོག་དེ་ལ་ཆོས་སྟོན་པ། བུད་མེད་དེ་ད་ལྟ་རབ་ཏུ་བྱུང་བའི་གཟུགས་མེད་ཀྱང་དགྲ་བཅོམ་པ་ཐོབ་ཅིང༌། རྫུ་འཕྲུལ་མངོན་པར་སྒྲུབ་པ་མཚོན་བྱེད་དུ། ལུས་ལས་འོད་ཟེར་སྣ་ཚོགས་པ་འཕྲོ་བ་ཞིག་འབྲི། ཡང་ཕྱོགས་གཞན་ཞིག་ཏུ། སངས་རྒྱས་ཁང་བཟང་གི་མདོའི་ཕྱི་ཁྱམས་འདྲ་བ་ཞིག་ཏུ་བཞགས་པ་ལ། ཁང་བཟང་དེའི་སྒོ་ཐམས་ཅད་ཕྱེ་ཞིང༌། ཁྱིམ་གྱི་ཕུག་ནས་བྱིས་པ་ཞིག་སངས་རྒྱས་མཐོང་བས་དགའ་ཞིང་རྒྱུགས་ཏེ་འོང་བ་དང་བཅོམ་ལྡན་འདས་ཀྱི་སྐུའི་དྲུང་དུ་ཕྱིན་པ་དེས། ཐལ་མོ་སྦྱར་ཞིང་ཆོས་ཉན་པའི་ཚུལ་དང༌། སྒོ་ནང་ནས་སངས་རྒྱས་ཕར་ཕེབས་པའི་རྗེས་སུ་བྱིས་པ་འགྲོ་བ་དང༌། སྒོའི་ཕྱི་རོལ་དུ་ཕ་མ་དང་ཉེ་དུ་རྣམས་ཀྱིས་བྱིས་པ་དེ་སྐོར་བ་ལ། དེ་ངུ་བའི་ཚུལ་དང༌། དེ་རྣམས་ལ་སངས་རྒྱས་ཀྱི་བཀའ་སྩོལ་བའི་ཚུལ་དང༌། བྱིས་པ་དེ་གླང་པོ་ཆེའི་སྟེང་དུ་བསྐྱོན། འཁོར་གཡོག་འགའ་རེ་ཡང་གླང་པོ་ཆེ་ལ་ཞོན་པ་དང༌། གདུགས་དང་རྒྱལ་མཚན་བ་དན་རོལ་མོ་སྣ་ཚོགས་བྱེད་པ་སོགས་འཁོར་མང་པོ་བསྐོར་བ་དང༌། གླང་པོ་ཆེ་དེས་མེ་ཏོག་ཨུཏྤལའི་སྡོང་བུ་སྣ་ཞགས་ཀྱི་ས་ནས་བཏོན་ཏེ་ཟ་བའི་ཚུལ་དང༌། དེའི་ཉེ་སྐོར་ནས་སྐྱེ་བོ་མང་པོ་ལྟ་བ་དང༌། ཡབ་རྒྱལ་པོ་བདུད་རྩི་ཟས་དེ་ཉིད་ཀྱང་ལྟ་བ་དང༌། བྲམ་ཟེ་ལུང་བསྟན་བྱེད་པའི་རྣམ་པ་འབྲི། དེའི་ཕར་ཕྱོགས་སུ་གཙུག་ལག་ཁང་གི་ནང་དུ། སངས་རྒྱས་བཞུགས་པའི་དྲུང་དུ། བྱིས་པ་དེ་རབ་ཏུ་བྱུང་བའི་རྣམ་པ་འབྲི་སྟེ། དེ་ནི་འཕགས་པ་ཀུན་དགའ་བོ། མུ་ཏིག་འཁྲི་ཤིང་ངམ། མུ་ཏིག་ཅན་གྱི་ལོ་རྒྱུས་ཀྱི་རྩ་བ་དེ་སྐབས་འདིར་འབྲེལ་ཆེ་སྟེ། ཁང་བཟང་ཆུང་ངུ་ཞིག་གི་སྒོ་ནས། ཤཱཀྱ་
མིང་ཆེན་རྒྱལ་ཕྲན་གྱི་ཆ་བྱད་ཅན་གྱིས་འཇུག་པ་དང༌། ཁང་པའི་ནང་དུ་མིང་ཆེན་ཐལ་མོ་སྦྱར་སྟེ། དེ་རང་གི་མདུན་ས་ཕྱོགས་དམའ་བ་ན། རང་གི་བུད་མེད་ཁྱད་འཕགས་འདུག་པ་ལ་གཏམ་སྨྲ་བའི་ཚུལ་བྱ། བུད་མེད་དེ་རྒྱན་ཅི་རིགས་ཁྱིམ་དུ་འཇོག་པ་དང༌། སྐྱེ་རྒུའི་བདག་མོ་བུད་མེད་གཟི་བརྗིད་ཆེ་བ་ལ། འཁོར་ཤཱཀྱ་མོ་ཐམས་ཅད་ཀྱིས་བསྐོར་ཏེ་འགྲོ་བ་དང༌། དེ་རྣམས་བཅོམ་ལྡན་འདས་ལ་ཆོས་ཉན་པ་དང༌། དེ་དག་གི་ནང་ནས་གཅིག་རང་གི་མུ་ཏིག་གི་དོ་ཤལ་ལ་ལྟ་ཞིང་འདུག་པ་དང༌། མིང་ཆེན་གྱི་ཆུང་མས་གཡོག་མོ་ཞིག་རང་གི་ཁྱིམ་དུ་རྫངས་པས་འགྲོ་བའི་ཚུལ་དང༌། ལག་ཏུ་གྲོ་གའི་གླེག་བུ་ཡི་གེ་ཅན་ཐོགས་པ་དང༌། ལམ་དུ་བ་གྲུས་མ་ཞིག་གིས་བརྡུང་སྟེ་ཤི་བའི་ཚུལ་འབྲི། དགའ་བོ་རབ་ཏུ་བྱུང་བའི་ཚུལ་ཡང་འདི་དང་འགྲེལ་བར་བྲིས་ན་ལེགས་ཏེ། ཁང་བཟང་གི་སྒོ་དྲུང་དུ་སངས་རྒྱས་བསོད་སྙོམས་ལ་ཕེབས་པ་དང༌། ཁང་བཟང་གི་ནང་ནས་དགའ་བོ་རྒྱལ་པོའི་ཆ་བྱད་ཟས་མཆོག་ཐོགས་པ་དང༌། དེའི་བཙུན་མོ་པུན་ད་རི་ཀས། གོས་ས་ལ་གཏིང་བའི་སྟེང་དུ་ཆུའི་རི་མོ་ཟླུམ་པོ་འབྲི་བའི་ཚུལ་བྱ། ཁྱིམ་གྱི་ཕྱི་ནས་སངས་རྒྱས་ཀྱི་སྐུའི་རྗེས་སུ་དགའ་བོ་ལྷུང་བཟེད་ཟས་མཆོག་གིས་བཀང་སྟེ་འགྲོ་བ་དང༌། གཙུག་ལག་ཁང་གི་ནང་སངས་རྒྱས་ཀྱི་སྐུ་དྲུང་དུ་དགའ་བོ་རབ་ཏུ་བྱུང་བའི་ཆས་བསྐོན་ཞིང་སྐྲ་བྲེགས་པའི་ཚུལ་བྱ། ཕྱོགས་གཅིག་ནས་དེ་རབ་ཏུ་བྱུང་བའི་ཆ་ལུགས་སུ་སྒྱུར་ཟིན་ནས། ཕྱག་དར་བྱེད་པའི་ཚུལ་དང༌། གཙུག་ལག་ཁང་དེའི་གཡས་གཡོན་གང་རུང་གི་ཕྱོགས་གཅིག་ཏུ། ཤིང་གི་ཡལ་ག་དུད་པའི་ཕག་ན་དེ་ཡོད་པ་ལ། སངས་རྒྱས་ཀྱང་དེར་བྱོན་པ་དང༌། སངས་རྒྱས་
ཀྱི་ཆོས་གོས་ཀྱི་གྲྭ་ལ་དེ་འཇུས་ནས་ནམ་མཁའ་ལ་གཤེགས་པ་དང༌། རི་ནགས་ཚལ་ཡོད་པ། ཤིང་གཅིག་ལ་སྤྲེའུ་མོ་ཞར་མ་ཡོད་པ་ཞིག་འབྲི། དེ་དང་ཉེ་བ་ན་སྟོན་པ་དང་དགའ་བོ་གཉིས་གསུང་གླེང་མཛད་པ་དང༌། ཡང་སྟོན་པའི་ཆོས་གོས་ཀྱི་གྲྭ་ལ་འཇུས་ཏེ། སྟོན་པ་ནམ་མཁའ་ལ་གཤེགས་པ་དང༌། རི་རབ་ཀྱི་རྩེ་མོ་མཚོན་བྱེད་རིན་པོ་ཆེའི་རིའི་རྩེ་མོ་ན་སྟོན་པ་ཟུར་གཅིག་ན་བཞུགས་ཤིང༌། ཁང་བཟང་བཞི་ལྔ་ཞིག་བྲིས་པའི་གཞན་རྣམས་ན། ལྷ་ཕོ་མོ་གཉིས་ཆགས་རེ་དང༌། གཅིག་ན་ལྷ་མོ་འབའ་ཞིག་དང་ཁྲི་སྟོང་པ་ཞིག་འབྲི། དེ་དག་རེ་རེའི་སྒོ་དྲུང་ན་དགའ་བོ་རེ་རེ་འབྲི་ཞིང༌། སྟོན་པའི་དྲུང་དུ་དགའ་བོ་ཞུ་བ་བྱེད་ཚུལ་བྱ། ཡང་ཕྱོགས་གཅིག་ཏུ་དམྱལ་བའི་ལྕགས་བསྲེགས་ཀྱིས་གཞི་མེ་འབར་བ་དང༌། དེའི་ཟུར་གཅིག་ཏུ་བཅོམ་ལྡན་འདས་བཞུགས་ཤིང༌། དགའ་བོས་ཞུ་བ་བྱེད་ཚུལ་དང༌། ཕྱོགས་གཞན་ནས་ཕར་ལ་གཤིན་རྗེའི་མི་རྣམས་ཀྱི་ཟངས་ཆེན་པོར་དམྱལ་བའི་སེམས་ཅན་མང་པོ་འཚོད་པ་དང༌། སྡུག་བསྔལ་གཞན་ཡང་མི་འདྲ་བའི་རྣམ་པ་གཉིས་གསུམ་བྲིས་ལ། གཅིག་ན་ཟངས་སྣོད་ཟངས་ཞུན་གྱིས་གང་བ་བཀོལ་བཞིན་པ་སེམས་ཅན་མེད་པ་ཞིག་འབྲི། དེ་དག་རེ་རེའི་རྩ་ན་དགའ་བོ་རེ་རེ་འབྲི། ཡང་གཙུག་ལག་ཁང་གཅིག་ན། དགའ་བོ་ཏིང་ངེ་འཛིན་ལ་མཉམ་པར་བཞག་ཅིང༌། ལུས་ལས་འོད་འཕྲོ་བ་འབྲི། དམྱལ་བའི་བཀོད་པ་སྟོན་པ་དང༌། དགྲ་བཅོམ་ཐོབ་པའི་ཚུལ་འདི་གཉིས་སྟོན་པ་སེར་སྐྱར་བཞུགས་པའི་དུས་སྐབས་མིན་ཡང༌། ལོ་རྒྱུས་སྔ་མའི་ཞབས་སུ་འབྲེལ་ཆེ་བས་བཀོད་པ་ཡང་འདིར་འབྲིའོ། །གཅུང་དགའ་བོ་འདི་ནི་གཙུག་ཏོར་
དང་མཛོད་སྤུ་ན་མ་གཏོགས་པའི་མཚན་སུམ་ཅུ་དང་ལྡན་པར་བཤད་ལ། པགས་པ་གསེར་མདོག་འདྲ་རུང༌། མི་གཞན་པས་ལུས་ཚད་ཀྱང་ཅུང་ཟད་ཆེ་བར་འབྲི། མིང་ཆེན་གྱི་གཡོག་མོ་སྐྱེ་མ་ཤི་བ་དང༌། དགའ་བོ་རབ་ཏུ་བྱུང་བ་འདི་ཡབ་སྲས་མཇལ་བའི་རྗེས་ཐོབ་རང་མིན་པ་འདྲ་ཡང༌། ལོ་མང་མ་འདས་པ་མི་རིང་བའི་དུས་སུ་བྱུང་བར་མངོན། དེ་ལྟར་སྟོན་པ་ཕྱོགས་མཐོ་སར་བཞུགས་པ་ཞིག་ལ་སྐྱེ་རྒུའི་བདག་མོ་ལ་སོགས་པ། བུད་མེད་གོས་དཀར་པོ་གྱོན་པ་མང་པོ་ཐལ་མོ་སྦྱར་བ་དང༌། ཡང་བཅོམ་ལྡན་འདས་དགེ་འདུན་དང་བཅས་པ་ལམ་གཅིག་ན་གཤེགས་པའི་ཕྱི་ནས་བུད་མེད་དེ་དག་སྐྲ་བྲེགས་ཤིང་གོས་ཚེམ་བུ་ཅན་གྱོན་ཏེ་འགྲོ་བ་དང༌། ཡུལ་ན་དེ་ཁའི་གྲོང་ཁྱེར་མཚོན་བྱེད་གཅིག་གི་ནང་དུ། སྟོན་པའི་སྐུ་མདུན་དུ་དེ་དག་ཐལ་མོ་སྦྱར་ཏེ་འདུག་པ་དང༌། སྟོན་པའི་དྲུང་དུ་དགེ་སློང་གཅིག་གིས་ཞུ་བའི་ཚུལ་དང༌། གཙུག་ལག་ཁང་གི་སྒོ་དྲུང་ན། དགེ་སློང་དེ་ལ་བུད་མེད་དེ་རྣམས་ཀྱིས་ཞུ་བ་བྱེད་པའི་ཚུལ་བྱ། དེ་ནས་ཡང་ཕྱོགས་གཅིག་ན་གཙུག་ལག་ཁང་གི་དབུས་ན་སྟོན་པ་བཞུགས་པ་ལ། དེ་དག་དགེ་སློང་མར་གྱུར་ནས་ཆོས་ཉན་པའི་ཚུལ་བྱ། བུད་མེད་རབ་ཏུ་བྱུང་བའི་སྐབས་འདི་ཡང༌། ཡབ་སྲས་མཇལ་བའི་རྗེས་ལོ་མང་མ་སོང་བ་ཞིག་གི་ཕྱིས་ཡིན་པ་འདུག་ནའང༌། བཀོད་པ་འབྲི་བའི་སྐབས་གྲོང་ཁྱེར་སེར་སྐྱའི་ཕྱོགས་དང་འབྲེལ་བའི་ཕྱིར་དང༌། འདི་ཙམ་གྱི་བྲིས་སྐུ་ལོགས་པ་ཡོངས་རྫོགས་སུ་མི་ལོངས་པའི་ཕྱིར། སྔར་གྱི་དེ་ཚོའི་སྡེབས་ལ་བྲིས་ན་ལེགས་སོ། །གྲོང་ཁྱེར་སེར་སྐྱར་འགྲོ་དོན་མཛད་པ་དང་འགྲེལ་པའི་སྡེ་ཚན་ནོ། །༼ཙ༽ ཡང་རྒྱལ་བུ་
རྒྱལ་བྱེད་ཀྱི་ཚལ་དུ། ཉེ་སྡེ་དགེ་སློང་སྟོན་པའི་སྐུ་མདུན་ན་ཡོད་ཅིང༌། ཤཱཀྱ་ལྔ་བརྒྱ་རབ་ཏུ་བྱུང་བ་ལ་ཆོས་གསུང་བ་འབྲི། ཡང་དགེ་སློང་མང་པོ་མཉམ་བཞག་བྱས་པ་ལུས་ལས་འོད་འཕྲོ་བ་འབྲི། ཡང་རྒྱ་མཚོའི་དབུས་ན་གཟིངས་བཏང་བ་ཞིག་ལ། ཚོང་དཔོན་གཅིག་དང༌། ཚོང་པ་མང་པོ་གྲུ་ནང་དུ་གཏམ་མང་པོ་སྨྲ་བ་ཞིག་དང་གྲུ་རིན་པོ་ཆེས་གང་བ་ཚུར་འཁོར་བ་དང༌། ཁྱིམ་རིན་པོ་ཆེ་སོགས་ནོར་སྣ་ཚོགས་ཀྱི་གང་བ་ན། ཁྱིམ་བདག་གཅིག་དང་ཚོང་དཔོན་དེ་གཏམ་སྨྲ་བའི་ཚུལ་དང༌། ཚོང་དཔོན་དེ་གཅིག་པུ་རང་ཉིད་ལམ་དུ་ཞུགས་པའི་ཚུལ་དང༌། ཁང་བཟང་གཅིག་གི་སྒོ་དྲུང་དུ་སླེབ་པ་དང་ཁང་བཟང་དེ་དང༌། སྔར་གྱི་དེའི་བར་ལ་རི་སོགས་ཀྱིས་ཆོད་པ་ཞིག་འབྲི། ཁང་བཟང་དེའི་ནང་དུ། ཚོང་དཔོན་དེ་དང་ཁྱིམ་བདག་གཟི་བརྗིད་ཅན་ཞིག་གཏམ་སྨྲ་བ་འབྲི། དེ་དང་ཉེ་བ་ན། གཙུག་ལག་ཁང་ཞིག་གི་ནང་དུ། སངས་རྒྱས་འཁོར་བཅས་བཞུགས་པ་དང༌། དེ་གཉིས་གཙུག་ལག་ཁང་གི་ཕྱོགས་སུ་འགྲོ་བ་དང༌། སངས་རྒྱས་ཀྱི་སྐུའི་དྲུང་དུ། ཚོང་དཔོན་དེ་རབ་ཏུ་བྱུང་བའི་རྣམ་པར་གྱུར་པ་དང༌། དེ་ཡུལ་གཞན་ལ་འགྲོ་ཚུལ། གྲོང་ཁྱེར་ཆུང་ངུ་གཅིག་གི་ཉེ་འཁོར་དབེན་པ་གཅིག་ཏུ་མཉམ་བཞག་བྱེད་པ་འབྲི། ཡང་ཕྱོགས་གཞན་ཞིག་ཏུ། ཕར་ཕྱོགས་ཐག་རིང་བ་ཞིག་ལ། རྒྱ་མཚོ་ཆེན་པོ་ལ་གཟིངས་ཕར་འགྲོ་བ་དང་རྒྱ་མཚོའི་ཕར་ཕྱོགས་གླིང་ཕྲན་ན་ཚོང་པ་མང་པོ་ཙན་དན་གྱིས་ཤིང་གཅོད་པ་དང༌། གྲུ་ཚུར་ལམ་ཙནྡན་ས་མཆོག་གིས་བཀང་སྟེ་འོང་པ་ལ། རླུང་ནག་པོ་ལངས་ཏེ་རྒྱ་མཚོའི་འཁྲུགས་པ་གྲུ་ནང་གི་མི་རྣམས་ཐལ་མོ་
སྦྱར་བ་དང༌། གྲུའི་དབུས་སུ་དགེ་སློང་དེ་དཀྱིལ་མོ་ཀྲུང་བཅས་ཏེ་བཞུགས་པ་དང། རླུང་ཕྱིར་ལོག་རྒྱ་མཚོའི་འཁྲུགས་པ་ཞི་བ་འབྲི། གྲུའི་ཟུར་ནས་དགེ་སློང་དེ་དང༌། ཆུའི་སྟེང་ནས་གནོད་སྦྱིན་སྲིན་ལུས་ཅན་ཞིག་གཏམ་སྨྲ་བ་འབྲི། དེ་ནས་གྲུ་ཆུ་འགྲམ་དུ་སླེབ་པ་དང༌། དེ་དང་ཉེ་བ་ཞིག་ཏུ་ཙནྡན་གྱི་ཤིང་རྣམས་ལས་གཙུག་ལག་ཁང་བཞེངས་པའི་བཀོད་པ་དང༌། དགེ་སློང་དེ་དང་ཁྱིམ་བདག་གཅིག་གི་ཁར་ལྟ་བྱེད་པའི་ཚུལ་བྱ། དེ་ཁའི་ཁྲིས་སུ་ཤིང་གི་ཁང་བཟང་དེ་ཡང་རགས་པ་གྲུབ་པའི་རྣམ་པ་དང༌། དགེ་སློང་དེ་དང་ཁྱིམ་བདག་དེའི་པུས་མོ་བཙུགས་ཤིང་ཐལ་མོ་སྦྱར་ལ། མདུན་དུ་སྤོས་དང་མེ་ཏོག་དང་གསེར་སྣོད་ཆུས་བཀང་བ་མང་པོ་བཞག དེ་གཉིས་ལ་སྐྱེ་བོ་མང་པོས་ལྟ་བའི་ཚུལ་བྱ། མཆོད་པ་དེ་རྣམས་འཁྲིས་དེར་སྔར་གྱི་བཀོད་པ་དེ་ཁས་ནམ་མཁའ་ལ་འཕགས་པ་དང༌། ནམ་མཁའ་མཐོ་ས་ནས་མེ་ཏོག་རང་ལས་གྲུབ་པའི་ཁང་བཟང་གི་རྣམ་པ་དང༌། བདུག་སྤོས་ནི་སྤྲིན་གྱི་རྣམ་པ་དང༌། ཆུ་ནི་བཻཌུརྻའི་རྣམ་པར་སོང༌། ཚུར་ངོས་ནས་གཙུག་ལག་ཁང་གི་ནང་ན་སངས་རྒྱས་འཁོར་བཅས་བཞུགས་པའི་སྐུ་མདུན་དུ་མེ་ཏོག་གི་ཁང་བཟང་སོགས་མཆོད་པ་དེ་དག་འབབ་པ་དང༌། དེའི་ཉེ་སྐོར་ཡུལ་གྲོང་ཕྲ་མོ་རྣམས་སུ་དགེ་སློང་མང་པོ་ཡོད་པ་རྣམས་ཀུན་དགའ་བོས་ཚུལ་ཤིང་ཐོགས་ནས་བསྡུ་བའི་ཚུལ་དང༌། དེ་ནས་སངས་རྒྱས་འཁོར་བཅས་ཙནྡན་གྱི་ཁང་བཟང་ཕྱོགས་བཏད་དེ་ནམ་མཁའ་ལ་འབྱོན་པའི་ཚུལ་དང༌། ཡུལ་ཕྱོགས་གཅིག་ཏུ་བུད་མེད་རྒྱན་སྤངས་པ་མང་པོ་ནམ་མཁའ་ལ་ལྟ་སྟེ་ཐལ་མོ་སྦྱར་བ་དང༌།
སྟོན་པ་འཁོར་བཅས་ས་གཞི་ལ་ཕབ་སྟེ། མཐའ་གཅིག་ཏུ་བཞུགས་ནས་བུད་མེད་དེ་དག་ལ་ཆོས་སྟོན་པ་དང༌། དབུ་སྐྲ་དང་ཕྱག་སེན་གནང་ནས་བ་གུ་ལིའི་གྲོང་ཁྱེར་ས་ཞེས་བྱ་བའི་མཆོད་རྟེན་བརྩིགས་པ་ཡང་འབྲི། ཡང་ཡུལ་གཞན་ཞིག་ཏུ། ས་སྐྱ་བོ་དང་ནག་པོར་སོང་བ་དང༌། ཤིང་སྐམ་པ་སོགས་ཡིད་དུ་མི་འོང་བ་ཞིག་དང༌། དེ་དང་འབྲེལ་བ་ནེའུ་གསིང་དང༌། ཤིང་དང་ཆུ་སོགས་ཡོད་པ་དྲང་སྲོང་དུ་མ་གནས་པ་ཡིད་དུ་འོང་བ་ཞིག་འབྲི། དེའི་མཐའ་ཞིག་ཏུ་སངས་རྒྱས་ཀྱི་དྲང་སྲོང་དེ་རྣམས་ལ་ཆོས་སྟོན་པ་དང༌། དེ་རྣམས་རབ་བྱུང་དུ་སྐད་ཅིག་གིས་གྱུར་པ་དང༌། ཡང་སངས་རྒྱས་དང་ལྷན་ཅིག་ཏུ་ནམ་མཁའ་ལ་འཕུར་ཞིང་གཤེགས་པ་དང༌། ཕར་ངོས་ན་གྲོང་ཁྱེར་སློབ་མ་ཅན་དུ་དབུས་ན་ཕོ་བྲང་སྒོ་བཅོ་བརྒྱད་པ། ལྕགས་སྒོ་བཅུ་བདུན་ན་རྒྱལ་པོའི་བུ་རེ་རེ༌། གཅིག་ན་རྒྱལ་པོ་ཡོད་པ། དེ་རྣམས་སྤོས་ཕོར་འཛིན་ཞིང༌། སྐྱེ་བོ་གཞན་རྣམས་ཀྱང་མཆོད་པ་སྣ་ཚོགས་འབུལ་ཞིང་ལྟ་བ། རྒྱལ་པོའི་དྲུང་ན། ཁྱིམ་བདག་གསུམ་དགེ་སློང་གཅིག་གིས། རྒྱལ་པོ་ལ་བཤད་པ་བྱེད་པའི་ཚུལ། ཡང་རྒྱལ་པོའི་དྲུང་དུ་ས་ལ་མ་བབས་ཙམ་བར་སྣང་ལ་ཡོང་བའི་ཚུལ་གྱི་དགེ་སློང་འགའ་རེ་དང༌། ཡང་སངས་རྒྱས་ཀྱི་ཐུགས་ཀ་ནས་གསེར་གྱི་འོད་ཟེར་སྤྲོས་པ། གྲོང་ཁྱེར་དེའི་སྟེང་གི་ནམ་མཁའ་ལ་འོད་ཟེར་ལྟ་བུས་ཁྱབ་པ། དགེ་སློང་བར་སྣང་ལ་ཡོད་པ་དེ་ཚོའི་ཕར་ཕྱོགས་ནས་ཀྱང་ཅུང་ཟད་མཐོ་བར་ནམ་མཁའ་ནས་ཚུར་ལ་སེང་གེ་དང༌། སྟག་དང༌། གླང་པོ་ཆེ་དང༌། རྟ་དང༌།
སྦྲུལ་དང༌། བ་ལང་དང༌། བྱ་ཁྱུང་སོགས་ལ་ཆིབས་པའི་དགྲ་བཅོམ་པ་དང༌། ཤིང་རྟར་ཞུགས་པ་དང༌། ཁང་བཟང་དུ་ཞུགས་པ་དང༌། ལུས་ལས་སྤྲིན་འཕྲོ་བ་དང༌། གློག་འགྱུ་བ་དང༌། འགའ་ཞིག་སའི་དཀྱིལ་ནས་བཏོལ་ཏེ་འོང་བ་སོགས་འབྲི། དེའི་ཕར་ཕྱོགས་ན་སངས་རྒྱས་ལ་ལྷ་ཀླུ་སོགས་ཐམས་ཅད་ཀྱིས་མཆོད་པ་བྱེད་པ་དང༌། གསེར་གྱི་འོད་ཀྱང་དེའི་ཐུགས་ཀ་ནས་བྱུང་བའོ། །ཡང་གྲོང་ཁྱེར་དེ་ཁ་འདྲ་རུང་བའི་དབུས་སུ་སངས་རྒྱས་བྱོན་པ་ལ་རྒྱལ་པོ་སོགས་ཕྱག་འཚལ་བ་དང༌། ཁང་བཟང་དུ་སངས་རྒྱས་བཞུགས་པ་ལ་རྒྱལ་པོ་ཐམས་ཅད་ཀྱི་མཆོད་པ་འབུལ་བ་དང༌། དེ་དང་ཉེ་བ་ན་ཙནྡན་གྱི་ཁང་བཟང་དབུས་སུ་སངས་རྒྱས་བཞུགས། ཁང་བཟང་དེའི་ཕྱི་ནང་ཐམས་ཅད་འཁོར་སྣ་ཚོགས་པས་སྐོར་ཏེ་ཆོས་ཉན་པ་དང༌། ཁང་བཟང་དེ་ཡང་ཤེལ་ལྟར་ཕྱི་གསལ་ནང་གསལ་དུ་སོང་བའི་བཀོད་པ་འབྲི། དེའི་ཕར་ཕྱོགས་རྒྱ་མཚོའི་འགྲམ་དུ་ཀླུའི་གཙོ་བོ་གཉིས་སོགས་ཀླུ་མང་པོ་ལ་སངས་རྒྱས་ཆོས་གསུང་པ་དང༌། མཚོ་ནང་ན་ཀླུ་གཉིས་པོ་དེ་ལུས་ལས་སྤྲིན་སྤྲུལ་ཏེ། ཆུ་རྒྱུན་འདྲ་བའི་ཆར་པ་མང་པོ་འབེབས་པ་དང༌། དེ་དག་གི་ཆུ་རྒྱུན་རྣམས་གཅིག་ཏུ་འདྲེས་པའི་རྒྱུན་ཆུ་འགྲམ་དུ་བྱུང་བ་ལ། དགེ་སློང་ཞིག་གིས་དེ་ནས་ལྷུང་བཟེད་དུ་ཆུ་བླང་སྟེ་བཅོམ་ལྡན་འདས་ལ་འབུལ་བ་དང༌། གཞན་མཆོད་པ་མང་པོ་དང་བཅས་པ་འབྲི། དེ་ནས་བཅོམ་ལྡན་འདས་དང༌། དགྲ་བཅོམ་པ་གཅིག་ནམ་མཁའ་ལ་གཤེགས་པ་འབྲི། བར་མཚམས་དེ་ནམ་མཁའ་སྔོ་སངས་ཀྱི་བཅད་པའི་ཕ་རོལ་
ན། ཡུལ་ཕྱོགས་ཕུན་སུམ་ཚོགས་པ་གཅིག་དང༌། བར་བར་ན་གླིང་བཞི་རི་རབ་ཀྱི་རྣམ་པ་ཆུང་ངུ་མང་པོ་སྒྲིགས་པའི་རི་རབ་རེ་རེའི་རྩེ་མོ་ན་དགྲ་བཅོམ་པ་རེ་རེ་ཡོད་པ། ཕར་ཕྱོགས་ཀྱི་ཞིང་ཁམས་དེ་ན། དགྲ་བཅོམ་པ་དེའི་ཕྱོགས་སུ་བུ་མོ་གཞོན་ནུ་ཞིག་རྒྱུགས་ཏེ་འགྲོ་བ་དང༌། སངས་རྒྱས་གྱི་བུ་མོ་དེ་ལ་ཆོས་སྟོན་པ་དང༌། སྐྱེ་བོ་མང་པོ་འདུས་པ་འབྲི་སྟེ། གྲོང་ཁྱེར་གློག་མ་ཅན་དུ་གཤེགས་པ་དང༌། འོད་ཟེར་ཅན་གྱི་ཞིང་ཁམས་སུ་བྱོན་པའི་སྡེ་ཚན་ནོ། །༼ཚ༽ ཡང་ནགས་ཀྱི་དབུས་ཞིག་ན་སྟོན་པ་བཞུགས་པ་ལ། སྐྱེ་བོ་མང་པོ་མཆོད་པ་བྱེད་པ་འབྲི། ཡང་དེ་ཉིད་ཀྱི་འཁྲིས་སུ་སྟོན་པའི་སྐུའི་མཐའ་སྐོར་དུ་བྲམ་ཟེ་མང་པོས་སྐོར་བ་དང༌། སྐུ་མདུན་གྱི་འོག་ཕྱོགས་ཅུང་ཟད་རིང་བ་ན། བྲམ་ཟེ་གཞོན་ནུ་ཞིག་ལྷམ་ཡུ་བཅད་གྱོན་ཞིང་ལག་པ་སྒྲེང་སྟེ་གཞན་དུ་འགྲོ་བའི་ཚུལ་བྱ། ཡང་བྲམ་ཟེའི་ཁྱེའུ་དེ་ཁ་འདྲ་བ་ཞིག་བྲིས་པའི་འཁྲིས་སུ་ཕྱག་ན་རྡོ་རྗེ་བཞུགས་ཏེ། རྡོ་རྗེ་མེ་འབར་བས་དེ་ལ་སྡིགས་པའི་ཚུལ་དང༌། སྟོན་པའི་སྐུ་མདུན་ན་བྲམ་ཟེ་དེ་ཉིད་ཐལ་མོ་སྦྱར་བའི་ཚུལ་དང༌། དེ་དང་ཉེ་བའི་ནགས་མཐོང་དེ་ཁ་འདྲ་བ་ཞིག་ཏུ། སྟོན་པ་དགེ་འདུན་དང་བཅས་པ་ལ། བྲམ་ཟེ་རྒན་པོ་ཞིག་གི་ཟས་མཆོག་འབུལ་བ་དང་སྐོར་བ་བྱེད་པ། ནགས་གསེབ་སྣ་ཚོགས་ན་གནས་པའི་དགེ་སློང་རྣམས་དགེ་སློང་གཅིག་གིས་བརྡུང་བའི་ཚུལ་དང༌། ཡང་དེའི་ཕྱོགས་གཅིག་ན། བཅོམ་ལྡན་འདས་ཀྱིས་བྲམ་ཟེ་རྒན་པོ་དེ་ལ་ཆོས་སྟོན་པའི་ཚུལ་དང༌། བཀོད་པ་དེའི་ཕར་ཕྱོགས་བར་ཐག་ཅུང་ཟད་ཡོད་པ་ཞིག་ན། ཁང་པ་རྒྱ་ཆེན་པོ་ཡོད་པའི་ཕྱོགས་གཅིག་
ཏུ། བྲམ་ཟེ་རྒན་པོ་དེའི་མདུན་དུ་སྔར་གྱི་བྲམ་ཟེ་ཁྱེའུ་དེ་འདུག་ཏེ་གཏམ་སྨྲ་བ་དང༌། ཁང་པའི་ཕྱོགས་གཞན་ཞིག་ཏུ། བྲམ་ཟེ་རྒན་པོ་དེས་ལྷམ་ཡུ་བཅད་ལག་ཏུ་ཐོགས་ཏེ། བྲམ་ཟེ་གཞོན་ནུ་ལ་རྡེག་པའི་ཚུལ་བྱ། ཁང་པ་དང་ནགས་ཀྱི་བར་དེར། ཕྱོགས་གཅིག་ནས་བྲམ་ཟེ་མང་པོ་ཕར་འགྲོ་བ་དང༌། ཚུར་ཡོང་བའི་བཀོད་པ་གཉིས་ཀ་བྱེད་ཅིང༌། ཕྱོགས་གཅིག་ནས་བྲམ་ཟེ་རྒན་པོ་དེས། ཤིང་རྟར་ཞུགས་ཤིང་འཁོར་བཅས་སངས་རྒྱས་བཞུགས་པའི་ཕྱོགས་ལ་འགྲོ་བའི་བཀོད་པ་བྱ་སྟེ། ཡུལ་འདོད་པ་མཐུན་པར་བྲམ་ཟེ་པདྨའི་སྙིང་པོ་འཁོར་བཅས་བརྟུལ་བའི་བཀོད་པའོ། །༼ཛ༽ དེ་ནས་ཡང་བཀོད་པ་གཞན་ནི། རི་རབ་ལ་སྦྲུལ་གཉིས་འཁྲིལ་ཏེ་གཅིག་གི་དབུགས་འབྱིན་པ་དང༌། བྱ་དང་རི་དྭགས་མང་པོ་ལྷུང་བ་དང༌། སྦྲུལ་གཅིག་གིས་ཟ་བའི་བཀོད་པ་བྱ། ཡང་ཕྱོགས་གཅིག་ན། སྦྲུལ་ཆེན་པོ་གཉིས་འཁྲིལ་ཏེ་ཉལ་བའི་སྟེང་དུ་དགྲ་བཅོམ་པ་ཞབས་འཆག་བྱེད་པ་དང༌། སྦྲུལ་ཀྱི་ཁོག་པའི་ནང་དུ་དགྲ་བཅོམ་པས་རྒྱུག་པ་ཕྱི་གསལ་ནང་གསལ་དང༌། སྦྲུལ་གྱི་སྣ་ནས་ཆོ་འཕྲུལ་དང་བཅས་ཏེ་འཐོན་པ་དང༌། སྦྲུལ་ཆེན་པོ་དེ་གཉིས་ཤིན་ཏུ་ཆེ་བའི་སྦྲུལ་གྱིས་མནན་པ་འབྲི། ཡང་ཕྱོགས་གཅིག་ན་བྲམ་ཟེ་གཉིས་འབྲོས་ཤིང༌། དགེ་སློང་གཉིས་གཏམ་སྨྲ་བའི་ཚུལ་བྱ། དེ་ནས་དགེ་སློང་གཅིག་ལ་ཀླུ་གཉིས་ཆོས་ཉན་པ་དང༌། ཡང་སྟོན་པའི་སྐུ་མདུན་ན་ཀླུའི་རྒྱལ་པོ་དཀར་པོ་གཉིས་ཀླུ་མང་པོ་དང་བཅས་པ། ཆོས་ཉན་ཞིང་མཆོད་པ་འབུལ་བ་དང༌། མེ་ཏོག་གི་ཆར་ཆེན་པོ་འབབ་པའི་བཀོད་པ་འབྲི། ཁང་བཟང་གཅིག་ན་སྟོན་པའི་སྐུ་མདུན་
ན་ལྷའི་བུ་གཉིས་དང༌། ཕར་ཕྱོགས་ཀྱི་ནམ་མཁའ་ནས་ཁང་བཟང་གི་ནང་ན་ལྷ་རེ་ཡོད་པ། གཉིས་ཚུར་འོང་བའི་ཚུལ་དང༌། ཡང་ཁང་བཟང་གཞན་གཅིག་ན། སྟོན་པའི་སྐུ་མདུན་དུ་ཁྱིམ་བདག་གཉིས་འབྲི། དེ་གཉིས་ཀ་ལ་ཡང་མཆོད་པའི་བཀོད་པ་དུ་མ་ཡོད་པ་བྱ། ཁང་བཟང་ཕྱི་ནང་གི་ཁྱིམ་དང་བཅས་པ་ཞིག་ཏུ། བཅོམ་ལྡན་འདས་ཀྱི་སྐུ་མདུན་ན་ཁྱིམ་བདག་གཉིས་འདུག་པ་དང༌། རྒྱལ་པོ་ཞིག་བཅོམ་ལྡན་འདས་ལ་ཕྱག་འཚལ་བ་ཡང་འབྲི། གཙུག་ལག་ཁང་གི་སྒོ་ཕྱོགས་གཅིག་ན། རིན་པོ་ཆེའི་ལྕགས་རི་རིམ་པ་གཉིས་རིང་པོར་འཐེན་པ་དང༌། དེ་དག་གི་སྟེང་ན་སྦྲུལ་མགོ་ཡོད་པའི་མི་མཚོན་ཆ་ཐོགས་པ་ཡང་འབྲི། སྒོ་གཞན་གཅིག་གི་ཕྱི་ནས་རྒྱལ་པོ་འཁོར་བཅས་འགྲོ་བའི་རྣམ་པ་དང༌། སྒོའི་གཡས་གཡོན་དུ་གོ་ཆ་གྱོན་པ་རལ་གྲི་ཐོགས་པ་འགའ་རེ་ཡང་འབྲི། དེའི་ཕར་ལོགས་ཕོ་བྲང་གི་རྣམ་པ་ཡོད་ཙམ་གྱི་ཁྱམས་དང་བཅས་པ་ཞིག་ཏུ། རྒྱལ་པོ་བཙུན་མོ་བློན་པོ་འཁོར་གཡོག་དང་བཅས་པ་ཡོད་པ་ལ། སྟེང་གི་ནམ་མཁའ་ལ་སྤྲིན་ནག་འཇིགས་སུ་རུང་བ་ཡོད་པ་དང༌། སྤྲིན་གསེབ་ནས་གློག་དང་མཚོན་ཆ་ཉུག་ཉུག་ཡོད་པ། བར་སྣང་དེར་མེ་ཏོག་གི་ཆར་འབབ་པའི་རྣམ་པར་སོང་བ། དེ་དང་སངས་རྒྱས་བཞུགས་པའི་བར་དེའི་ཕྱོགས་གཅིག་ན། དགེ་སློང་མཉམ་བཞག་བྱས་པ་ཞིག་འབྲི། ཡང་ཕྱི་རོལ་གྱི་ས་གཞི་ལ། སངས་རྒྱས་བཞུགས་པའི་སྐུ་མདུན་ན་རྒྱལ་པོ་འཁོར་བཅས་ཡོད་པ་དང༌། མི་མང་པོ་མཐུ་བ་མེ་ཏོག་གིས་བཀང་ཞིང༌། མེ་ཏོག་དེ་རྣམས་ས་ལ་སྐྱུར་བ་ན། རལ་གྲི་དང་གྲི་སྒྱོག་
དང༌། དགྲ་སྟ་དང། མདའ་བོ་ཆེ་དང༌། མཚོན་རྩེ་གཅིག་པ་ལ་སོགས་པའི་མཚོན་ཆ་སྣ་ཚོགས་སུ་གྱུར་ནས་ས་ལ་འབབས་པ་འབྲི། ཡང་ཁང་བཟང་གཅིག་ཏུ་རྒྱལ་པོས་དགེ་སློང་ཞིག་ལ་མཆོད་པ་འབྲི། ཀླུ་དགའ་བོ་དང་ཉེར་དགའ་བརྟུལ་བའི་སྐོར་རོ། །༼ཝ༽ ཡང་ནགས་གསེབ་གཅིག་ན་མི་གྱད་ཀྱི་རྣམ་པ་མདའ་གཞུ་བཀང་བ་ལྔ་བརྒྱ་ལྔ་བརྒྱས་གང་བའི་དོང་པ་གཉིས་ཕྲག་པར་ཐོགས་པ། ཚོང་པ་མང་པོ་དང་ལྷན་ཅིག་ཏུ་འགྲོ་བ་འབྲི། ཆོམ་རྐུན་མང་པོ་ས་ལ་འགྱེལ་ཤིང་ཤི་བ་དང༌། མདའ་རྣམས་ས་དང་ཤིང་ལ་ཕྱེད་ཙམ་ཐིམ་པའི་རྣམ་པ་དང༌། ཆོམ་རྐུན་མང་པོ་འབྲོས་པའི་ཚུལ་བྱ། ནགས་མཐོང་ཞིག་ཏུ་ཁང་བཟང་དེའི་ནང་ན་གྱད་དེ་འཁོར་བུད་མེད་མང་པོས་སྐོར་བ་དང༌། ཕྱི་རོལ་ན་གྲོང་ཁྱེར་དང་ཚོང་འདུས་ཀྱང་ཡོད་པའི་རྣམ་པ་བྱ། ཡང་ཕྱོགས་གཅིག་ཏུ་གྱད་དེས་མཆོག་ཟུང་ལ་སོགས་པ་དགེ་སློང་འགའ་རེ་ལ་བསོད་སྙོམས་གསོལ་ཞིང་མཆོད་པ་འབུལ་བའི་བཀོད་པ་དང༌། ལྷ་ཁང་གཅིག་གི་ནང་ན་མཆོད་སྡོང་རྡིང་བཙུགས་པ་འདྲ་བའི་སྟེང་ན། རྡོ་པད་གཟུགས་ཀྱི་སྟེང་དུ་རིན་པོ་ཆེའི་ཏོག་ཡོད་པ་འདྲ་བ་དང༌། བུད་མེད་རྒྱན་གྱིས་བརྒྱན་པ་འཁོར་མཆོད་པ་ཐོགས་པ་དང་བཅས་པ་ལྷ་ཁང་དེ་ལ་མཆོད་ཅིང་བསྐོར་བ་བྱེད་པའི་ཚུལ་བྱེད། རྫིང་ཡོད་ཅིང་མཐའ་རྭ་བས་བསྐོར་བ་གཅིག་གི་འགྲམ་དུ། གྱད་དེ་སྐྲ་འཁྲུ་བའི་ཚུལ། གཤེད་མ་མཚོན་ཆ་ཐོགས་པ་མང་པོ་མཐའ་སྐོར་བ། དེའི་ཉེ་སྐོར་དུ་རླུང་ནག་གི་གསེབ་ནས་མདོག་ནག་ཅིང་མཆེ་བ་གཙིགས་པ། གོ་མཚོན་ཐོགས་པའི་རྣམ་པ་འབྲི། འཁྲིས་དེ་དང་ནགས་མཐོང༌། དེ་དང་གྲོང་ཁྱེར་སྔ་མ་
བཞིན་ལ། དེའི་ཕར་ཚད་ཀྱི་ནམ་མཁའ་ལ། རྣམ་ཐོས་སྲས་བེ་ཅོན་དང་ནེའུ་ལེ་ཐོགས་པ་འཁོར་གནོད་སྦྱིན་མང་པོས་སྐོར་བའི་དྲུང་དུ་གནོད་སྦྱིན་ནག་པོ་གོ་མཚོན་ཅན་དེ། རྣམ་ཐོས་སྲས་ཀྱི་བཀའ་ལུང་ཉན་པའི་ཚུལ་བྱ། གྲོང་ཁྱེར་དེ་ནས་ཕུང་པོ་འདོན་པ་དང༌། དུར་ཁྲོད་དུ་བསྐྱེལ་བའི་རྣམ་པ་གཉིས་གསུམ་འབྲི། སྐྱེ་བོ་ཚོགས་པ་ལ་བྲམ་ཟེ་མང་པོས་ལུང་བསྟན་བྱེད་ཚུལ་དང༌། ཤིང་རྟ་དང་བཅས་པའི་མི་མང་པོ་འབྲོས་བརྩམས་པ་ལ། སྲིན་པོ་འཇིགས་སུ་རུང་བས་ལམ་བཀག་པ་དང༌། ཕྱོགས་གཅིག་ཏུ་གནོད་སྦྱིན་གྱི་ལྷ་ཁང་ཤ་ཁྲག་མང་པོས་ལང་ལོང་དུ་གང་བ་གཅིག་གི་ཕྱི་རོལ་ནས། བ་ལང་དྲུག་གི་དྲངས་བའི་ཤིང་རྟ། གཏོར་མ་དང་བཟའ་བཅའ་སྣ་ཚོགས་ཀྱི་གང་བ། མི་གཅིག་ཞགས་པས་བཅིངས་པ་ཡང་དེར་བཞག་པ་དང༌། མཐའ་སྐོར་དུ་གླུ་གར་རོལ་མོ་བྱེད་པ་འབྲི། ཡང་དེ་དང་ཉེ་བ་ཞིག་ཏུ་ཁང་པ་གཅིག་ན་སྐྱེས་པ་གཅིག་དང༌། བུད་མེད་བུ་ཆུང་ཐོགས་པ་གཏམ་སྨྲ་བ་འབྲི། ཁང་སྟེང་ནས་བུད་མེད་དེས་མཆོད་པ་མང་པོ་བཤམས་ནས་ཐལ་མོ་སྦྱར་བ་འབྲི། དེའི་ཕར་ལོགས་གཅིག་ཏུ་གནོད་སྦྱིན་གྱི་གནས་སྔར་གྱི་དེ་ཁ་འདྲ་བ་ལ་ནང་གི་ཕྱོགས་གཅིག་ན་སངས་རྒྱས་བཞུགས་པ། སྒོ་ན་སྔར་གྱི་གནོད་སྦྱིན་ནག་པོ་དེས་གཏམ་སྨྲ་བའི་ཚུལ་ལ་སངས་རྒྱས་ཕྱི་ནས་འབྱོན་པ་དང༌། སྒོ་གཞན་གཅིག་ནས་སངས་རྒྱས་ནང་དུ་འབྱོན་པ་དང༌། ཕྱི་རོལ་ཕྱོགས་གཅིག་ནས་ཤིན་ཏུ་མི་སྡུག་ཅིང་མཆེ་བ་བཙིགས་པ། ཞལ་རས་ལ་ཁ་དོག་མ་ངེས་པ། ཕྱག་མང་པོ་ན་མཚོན་ཆ་སྣ་ཚོགས་དང༌། ཞབས་མང་པོ་ཅན། མེ་རླུང་འཚུབ་པའི་དབུས་ན་
ཡོད་པ་ཞིག་གི་མདུན་དུ། གནོད་སྦྱིན་ནག་པོ་དེ་བརྒྱལ་ཞིང་འགྱེལ་བ་ཞིག་འབྲི། འདི་ལུང་རྣམ་འབྱེད་ཀྱི་དཔེ་ལ་ལན་མེད་པ་ནི་ཆད་པ་སྟེ། དཔེ་དག་པ་རྣམས་དང༌། སྐབས་གཞན་གྱི་ལོ་རྒྱུས་ལ་ཡོད་དོ། །སྔར་གྱི་ལྷ་ཁང་དེ་འདྲ་བའི་ནང་ན། སངས་རྒྱས་ཀྱི་དྲུང་དུ་གནོད་སྦྱིན་དེ་ཆོས་ཉན་པའི་ཚུལ་དང༌། ཤིང་རྟ་སོགས་ཀྱི་བཀོད་པ་ཡང་སྔར་གྱི་དེ་ཁ་འདྲ་རུང་ལ། མི་བཅིངས་པའི་ཚབ་ཏུ་བུ་ཆུང་གཅིག་བཞག་པ། ལྷ་ཁང་དེ་ཁའི་ནང་གི་ཕྱོགས་གཅིག་ཏུ། བུ་ཆུང་དེ་གནོད་སྦྱིན་དེས་བླངས་ཏེ། སངས་རྒྱས་ཀྱི་ཕྱག་ཏུ་ཕུལ་བ་དང༌། ལྷ་ཁང་གི་ཕྱི་རོལ་དུ་སངས་རྒྱས་ཀྱི་དེའི་ཕ་མ་ཁྱིམ་བདག་ཕོ་མོའི་རྣམ་པ་ཅན་ལ། ཁྱེའུ་དེ་གཏོད་པའི་ཚུལ་འབྲི། གནོད་སྦྱིན་འབྲོག་གནས་བརྟུལ་བའི་སྐོར་རོ། །༼ཞ༽ དེ་ཡན་ཆད་ནི་སྔར་གྱི་ཀླུ་གཉིས་བརྟུལ་བ་སོགས་ཀྱི་དུས་དེ་དང་ཉེ་བ་ཡིན་ནོ། །ཡང་བཀོད་པ་དེ་དག་དང་ཉེ་བར་ནགས་མཐོང་གི་གྲོང་ཁྱེར་སྔ་མ་དང་འདྲ་བའི་སྒོ་དྲུང་དུ། བུད་མེད་གཞོན་ནུ་ཞིག་ཤིང་རྟར་ཞུགས་ནས་འཁོར་བཅས་ནང་དུ་འགྲོ་བ་དང༌། ཁྱིམ་བདག་གཞོན་ནུ་ཞིག་ཤིང་རྟར་ཞུགས་ཤིང་འཁོར་བཅས་ཕྱི་ལ་འགྲོ་བའི་ཤིང་རྟའི་གཉའ་ཤིང་སྣེ་ཐུག་པ་དང༌། གྲོང་ཁྱེར་ནང་གི་ཁང་བཟང་གཅིག་བུད་མེད་དེས་ཁྱིམ་བདག་དེ་ལ་མཆོད་པ་དང༌། ཁྱིམ་དེའི་ཕྱི་རོལ་ཕར་ཕྱོགས་གཅིག་ཏུ་སངས་རྒྱས་ལ་ཁྱིམ་བདག་དེས་ཆོས་ཉན་པ་དང༌། གཙུག་ལག་ཁང་ལྕགས་རི་ཉེ་སྐོར་དང་བཅས་པ་ཞིག་ཏུ་སྟོན་པ་འཁོར་བཅས་བཞུགས་པ་ལ་ཕྱི་རོལ་ནས་སྐྱེ་བོ་མང་པོ་བསྐོར་བ་བྱེད་པ་དང༌། ནང་དུ་མཆོད་པ་འབུལ་བའི་རྣམ་པ་འབྲི། ཡང་ཕྱོགས་གཅིག་ན་
ཁྱིམ་བདག་དེ་དུས་ལས་འདས་པ་དང༌། གནས་གཙང་མའི་ལྷ་མཚོན་བྱེད་ལྷ་གསེར་གྱི་མདོག་ཅན་ན་བཟའ་རབ་བྱུང་འདྲ་རུང་ལ་ཐོར་ཚུགས་དང་རྒྱན་གྱིས་བརྒྱན་པ། འོད་ཟེར་འབར་བས་ཡུལ་ཕྱོགས་ཁྱབ་པར་བྱེད་པ། རི་ལ་ཐོགས་པ་མེད་པ་ཡོང་བ་གཅིག་དང༌། ལྷ་དེ་བཅོམ་ལྡན་འདས་ཀྱི་དྲུང་དུ་ཆོས་ཉན་པ་འབྲི། དེའི་ཕར་ཕྱོགས་ཡུལ་ལྗོངས་གཅིག་ཏུ། ཁྱིམ་བདག་དར་བབ་གཅིག་དང༌། རྒྱལ་པོ་གཅིག་དང༌། རྒྱལ་པོ་བློན་པོ་ཚོང་དཔོན་སོགས་ཀྱི་གཟུགས་བྲིས་པའི་ཐང་ཀ་ལག་ཏུ་ཐོགས་པའི་མི་མང་པོ་དང༌། བུད་མེད་གཞོན་ནུ་ཞིག་ཕྱོགས་གཞན་ཞིག་ལ་མེ་ཏོག་འདོར་བའི་རྣམ་པ་དང༌། དེ་དག་ལ་སྐྱེ་བོ་མང་པོ་འདུས་ཤིང་ལྟ་བའི་ཚུལ་འབྲི། དེ་དག་ནི་འབྲོག་གནས་སུ་དབྱར་གནས་པ་མཛད་ཅིང་ལག་རྒྱུད་བདེན་པ་ལ་བཀོད་པའི་བཀོད་པ་ཡིན་ཏེ། མཛད་པ་འདི་གནོད་སྦྱིན་འབྲོག་གནས་བརྟུལ་བའི་རྗེས་ལ། ལོ་མང་པོ་ཞིག་འདས་པའི་སྐབས་སུ་ཡིན་ཀྱང། སྔར་གྱི་དེ་དང་འབྲེལ་བས་སྡེབས་གཅིག་ལ་འབྲིའོ། །༼ཟ༽ ཡང་ཡུལ་ལྗོངས་གཉིས་ལ། བར་དུ་རི་ནགས་སོགས་ས་སྟོང་ཅུང་ཟད་ཡོད་པར་བྱ། ཕར་ཕྱོགས་དེ་ན་རྒྱལ་པོའི་ཕོ་བྲང་ན་གོ་ཆ་གཅིག་སྡོགས་ནས་སྒྲོམ་བུར་འཇུག་ཚུལ་དང༌། ཡང་ཁང་བཟང་ཕྱོགས་གཅིག་ཏུ་རྒྱལ་པོ་དང་ཚོང་པ་རྣམས་གཏམ་སྨྲ་བ་དང༌། ཡང་ཕྱོགས་གཅིག་རྒྱལ་པོའི་དྲུང་དུ་ཚོང་དཔོན་འགའ་རེ་ལ། རྒྱལ་པོའི་འཕྲིན་གྱི་ཡི་གེ་དང་སྒྲོམ་བུ་གཏོང་བ་འབྲི། ཡུལ་ལྗོངས་ཚུར་ཕྱོགས་དེ་ན་ཕོ་བྲང་གཅིག་ཏུ་རྒྱལ་པོ་ལ་ཚོང་པས་དེ་རྣམས་འབུལ་བ་དང༌། དེའི་ཁང་བཟང་གི་ཕྱོགས་གཅིག་ཏུ་རྒྱལ་པོ་བློན་པོའི་ཚོགས་དང་བཅས་པ་གོ་ཆ་དེ་ལ་ལྟ་བ་དང༌། ཕྱོགས་གཅིག་ཏུ་རྒྱལ་པོ་བློ་རྟེན་མ་མཉེས་ཏེ། ལག་པ་འགྲམ་པ་ལ་གཏད་དེ་དོན་བསམ་པའི་ཚུལ་གྱི་མདུན་དུ་སྐྱེ་བོ་
འགའ་རེས་ཞུ་བ་བྱེད་པའི་ཚུལ་དང༌། ཕྱི་རོལ་ཁང་བཟང་གཞན་ཞིག་ཏུ། སངས་རྒྱས་ཀྱི་དྲུང་དུ་རྒྱལ་པོས་ཞུ་བ་བྱེད་པའི་ཚུལ་དང༌། ཕྱོགས་གཅིག་ཏུ་སངས་རྒྱས་བཞེངས་པ་དང༌། རས་གཞི་སྐྱང་བ་ལ་སངས་རྒྱས་ཀྱི་འོད་ཟེར་སྤྲོས་ཤིང༌། རས་གཞིའི་སྟེང་དུ་འོད་ཀྱི་གཟུགས་བརྙན་སངས་རྒྱས་ཀྱི་སྐུ་འདྲ་བ་བྱུང་བ་ལ། རི་མོ་བས་ཚོན་འགྱེད་ཅིང༌། སྐུའི་སྟེང་འོག་གཉིས་སུ་ཡིག་མཁན་གྱི་ཡི་གེ་འབྲི་བའི་ཚུལ་བྱ། འདི་སྐབས་སུ་ལུང་རྣམ་འབྱེད་ལས་སྐུའི་གྲིབ་མ་བཏང་ཞེས་འབྱུང་བ་ནི། རྒྱ་གར་གྱི་སྐད་དུ་ཚཱ་ཡ་ཞེས་པ། བོད་ཀྱི་སྐད་དུ་གྲིབ་མ་དང་གཟུགས་བརྙན་གཉིས་ཀ་ལ་འཇུག་སྟེ། མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལ་ཡང་ཚཱ་ཡ་ཞེས། རྒྱ་གར་བ་ཐམས་ཅད་ལ་གྲགས་པ་ཡིན་པས། གཟུགས་བརྙན་གྱི་གྲིབ་མ་ཡིན་གྱི་ཉི་འོད་ལྟ་བུ་སྒྲིབས་པས་གྲིབ་མ་ལྟ་བུ་མ་ཡིན་ཏེ། བོད་སྐད་ལ་གྲིབ་མ་གྲགས་པ་འདི་ཡིན་ན། ཞལ་སྤྱན་ལ་སོགས་པའི་རྣམ་པ་མི་དོད་པའི་ཕྱིར་རོ། །འདྲ་ལོང་པ་དཀའ་བས་སོ། །ཡང་ཁང་བཟང་དེ་དག་དང་ཉེ་བ་གཅིག་ན། རྒྱལ་པོའི་མདུན་ན་ཐང་སྐུ་གསེར་གྱི་དོང་བུར་བཅུག་པའི་ཚུལ་དང༌། དངུལ་སྣོད་གསེར་སྣོད་རས་ཀྱི་གཡོགས་པ་སོགས་ཀྱང་བརྡེག་པ་དང༌། ཕྱི་རོལ་དུ་ཡི་གེ་དང་བྲིས་སྐུ་དེ་ཚོང་དཔོན་ལ་གཏད་པ་དང༌། གཉིས་པོའི་བར་ལམ་གྱི་ས་ལ་གླང་པོ་ཆེའི་རྒྱབ་ཏུ་བྲིས་སྐུ་དེ་བསྐལ། གདུགས་ལ་སོགས་པའི་མཆོད་པས་སྐོར། དེ་དང་ལྷན་ཅིག་ཏུ་ཚོང་པ་མང་པོ་འགྲོ་བ་འབྲི། སྔར་གྱི་ཡུལ་ལྗོངས་ཕར་ཕྱོགས་དེའི་གྲོང་ཁྱེར་སྔ་མ་དེ་དང་འབྲེལ་བའི། སྟོད་སྨད་གང་རུང་དུ། གྲོང་ཁྱེར་ཕོ་བྲང་ཕྱི་རོལ་གྱི་ས་སྟོང་སོགས་ཡོད་པར་བྱས་ཏེ། ཕོ་བྲང་ནང་དུ་རྒྱལ་པོ་ལ་ཕོ་ཉས་
ཡི་གེ་གཏད་པ། ཕྱོགས་གཅིག་ཏུ་བློན་པོ་རྣམས་དང་གཏམ་སྨྲ་བ་དང༌། ལམ་སྲང་ཕྱག་དར་བྱེད་པ་དང༌། ཁང་ཐོག་ཐམས་ཅད་དུ་རྒྱལ་མཚན་བ་དན་བསྒྲེང་བ་དང༌། སྤོས་དང་མེ་ཏོག་སྣ་ཚོགས་པའི་མཆོད་པ་དང༌། ས་གཞི་ལ་རས་ཁྲ་བཏིངས་བ་སོགས་དང༌། ས་སྟེང་དེར་བྲིས་སྐུ་ཤིང་རིང་པོའི་རྩེ་མོ་ལ་བཏགས་ཏེ་ཞལ་ཕྱེ། རྒྱལ་པོ་ལ་སོགས་པ་སྐྱེ་བོ་མང་པོ་བསུ་བའི་བཀོད་པ་དང༌། གཡས་གཡོན་ནས་ཕྱག་འཚལ་བ་དང༌། མཆོད་པ་འབུལ་མཁན་མང་པོ། སྟེང་གི་ནམ་མཁའ་ལ་ལྷ་རྣམས་མེ་ཏོག་གི་ཆར་འབབ་པ་འབྲི། ཕོ་བྲང་ནང་གི་ཁང་བཟང་གཅིག་ཏུ་བྲིས་སྐུ་བཀྲམ་ཞིང་མཆོད་པ་འབུལ་བ་ལ། རྒྱལ་པོ་ཉིད་ལྟ་བ་དང༌། རྒྱལ་པོའི་ལུས་ལས་འོད་ཟེར་ཅུང་ཟད་འཕྲོ་བ་འབྲི། ཡང་ཡུལ་ཕྱོགས་དེ་ཉིད་ཀ་ཡིན་ཀྱང༌། སྤུང་བྲིས་ནས་བཀོད་པ་འཛིངས་པར་འགྱུར་བས། ཡུལ་ལྗོངས་སྔར་གྱི་གཉིས་པོ་འདྲ་རུང་ལ། ཡུལ་ཚུར་ཕྱོགས་དེ་ན། རྒྱལ་པོའི་ཕོ་བྲང་གཉིས་ན་རྒྱལ་པོ་ལ་འཕྲིན་ཡིག་སྐྱེས་དང་བཅས་པ་འབུལ་བའི་ཚུལ་དང༌། གཙུག་ལག་ཁང་གཉིས་ན་སངས་རྒྱས་རེ་རེ་ལ་རྒྱལ་པོས་ཞུ་བ་འབུལ་བ་རེ་རེ་དང༌། དེ་གཉིས་ཀྱི་ཕྱོགས་གཞན་རེ་རེ་ན། སངས་རྒྱས་ཀྱི་དགེ་སློང་གཟི་བརྗིད་ཆེ་བ་འཁོར་བཅས་ལ་བཀའ་སྩོལ་བ་དང༌། དགེ་སློང་མ་གཟི་བརྗིད་ཆེ་བ་ལ་བཀའ་སྩོལ་བའི་ཚུལ་རེ་རེ་འབྲི། གྲོང་ཁྱེར་གྱི་རྣམ་པ་གཉིས་ཡོད་པའི་གཅིག་ཏུ། དགེ་སློང་མང་པོ་བསོད་སྙོམས་བྱེད་པ་དང༌། ཅིག་ཤོས་སུ་དགེ་སློང་མང་པོ་བསོད་སྙོམས་བྱེད་པ་དང༌། ཡུལ་ཕར་ཕྱོགས་དེར་ཕྱོགས་གཅིག་ཏུ་དགེ་སློང་མང་པོ་འབྱོན་པ་ལ་རྒྱལ་པོས་བསུ་བ་བྱེད་པ་དང༌། ཁང་བཟང་དུ་དགེ་སློང་གཅིག་ཁྲི་ལ་བཞུགས།གཞན་མང་པོས་སྐོར་བ་ལ་རྒྱལ་པོས་མཆོད་པ་བྱེད་པ་དང༌། ཕྱི་རོལ་དུ་ཁྲི་ལ་དགྲ་
བཅོམ་པ་བཞུགས་པ་ལ། རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་ཆོས་ཉན་པ་དང༌། ཡང་ཕྱོགས་གཅིག་ཏུ་བཀོད་པ་དེ་ཁ་འདྲ་རུང་ལ། དགེ་སློང་མའི་ཚོགས་འབྱིན་པ་དང༌། ཁང་བཟང་དུ་བཙུན་མོའི་ཚོགས་ཀྱིས་མཆོད་པ་དང༌། ཁང་བཟང་དེའི་ཕྱི་ཁྱམས་སུ་དགེ་སློང་མས་བཙུན་མོའི་ཚོགས་ལ་ཆོས་སྟོན་པ་འབྲི། ཡང་ཟུར་གཅིག་ཏུ་དགྲ་བཅོམཔ་ལ་ཁྱིམ་བདག་ཆོས་ཉན་པ་དང༌། དེ་གཉིས་རབ་ཏུ་བྱུང་བ་དང༌། དེ་གཉིས་ནམ་མཁའ་ལ་འཕུར་ཏེ་རྫུ་འཕྲུལ་སྟོན་པ་ལ། སྐྱེ་བོ་མང་པོ་ལྟ་ཞིང་ཕྱག་བྱེད་པ་དང༌། མཆོད་རྟེན་ཆོས་འཁོར་བཞི་རེ་ཡོད་པ་གཉིས་ལ་མི་རྣམས་མཆོད་པ་བྱེད་པ་འབྲི། ཡང་ཁང་བཟང་གཅིག་ན་རྒྱལ་པོ་པི་ཝཾ་བརྡུངས་ཞིང༌། མདུན་དུ་བུད་མེད་གར་བྱེད་པ་དང༌། ཡང་དེ་དང་འབྲེལ་བའི་ཁང་བཟང་གཅིག་ན་རྒྱལ་པོ་མནལ་བའི་སྔས་མགོ་ནས་ལྷས་ལུང་སྟོན་པ་དང༌། རྒྱལ་པོས་གསལ་རྒྱལ་སྲིད་ལ་བསྐོས་ཤིང༌། བློན་པོ་གཉིས་ཀྱང་བསྐོས་པ་དང༌། འཁོར་ཉུང་ཤས་དང་བཅས་ཏེ་ཡུལ་ལྗོངས་ཚུར་ཕྱོགས་གྱི་ལམ་དུ་ཆས། ཡུལ་ལྗོངས་ཚུར་ཕྱོགས་དེའི་ཟུར་ན། སྟོན་པ་འཁོར་བཅས་ཀྱི་སྤྱན་སྔར་རྒྱལ་པོ་དེ་འོང་ཞིང་རབ་ཏུ་བྱུང་བའི་བཀོད་པ་དང༌། དེའི་ཉེ་སྐོར་གཅིག་ཏུ་རྒྱལ་པོ་དེ་སྐྱེད་མོས་ཚལ་ན་སྡད་པ་དང༌། རྒྱལ་པོ་གཉིས་པོ་ཕོ་བྲང་ནང་ན་ཡོད་པ་དང༌། ཕྱི་སྒོ་ནས་བསུ་བ་དང་བཅས་ཏེ། དེ་སྤྱན་དྲངས་ཏེ་ཕོ་བྲང་གི་ནང་དུ་འགྲོ་བའི་བཀོད་པ་འབྲི། དེ་དག་ནི་རྒྱལ་པོ་ཨུ་ཏྲ་ཡ་ཎ་བྲིས་སྐུས་བརྟུལ་ཞིང༌། གྲོང་ཁྱེར་སྒྲ་སྒྲོགས་སུ་བསྟན་པ་དར་བའི་སྡེ་ཚན་ནོ། །༼འ༽ འདིའི་ལོ་རྒྱུས་ལྷག་མ་ངོ་མཚར་ཅན་ཡོད་ཀྱང༌། སྟོན་པ་ཉིད་ཀྱི་རྣམ་ཐར་ལ་མེད་ཀྱང་ཆོག་པ་དང༌། བཀོད་པ་མི་མཛེས་པའི་ཕྱིར་རེ་ཞིག་བཞག་གོ །ཡང་ནགས་གསེབ་གཅིག་ན་སྟོན་པ་རབ་བྱུང་དང༌།
ཁྱིམ་པ་དང་ཚོང་པ་དང་སློང་མོ་བ་སོགས་སྣ་ཚོགས་དང་ལྷན་ཅིག་གཤེགས་པ། མདུན་དུ་བྱིས་པ་གཉིས་ལས་གཅིག་གི་རྔ་སྐེད་ཉག་འདྲ་བ་གཞན་གཅིག་དང་མདའ་གཞུ་ཐོགས་པ། བཅོམ་ལྡན་འདས་ཀྱི་ཞལ་རས་སུ་ལྟ་བ་དང༌། ཞལ་ལས་འོད་ཟེར་བྱུང་སྟེ། སྟེང་འོག་གཉིས་སུ་སོང༌། སླར་མགྲིན་པར་ཐིམ། སྐུ་གཞོགས་ནས་དགེ་སློང་གཅིག་གིས་ཞུ་བ་ཞུ། དེ་ནས་ནགས་མཐོང་གཅིག་ཏུ་སྟོན་པ་འཁོར་བཅས་ཤིང་དྲུང་སོ་སོ་ན་བཞུགས་པ་དང༌། ཤིང་སྐམ་པོ་གཅིག་གི་རྩ་བར་མེ་བཏང་ཞིང༌། ཁོང་སྟོང་གི་ནང་ནས་སྦྲུལ་འཕྱང་བ་དང༌། རི་དེའི་ཕར་ཕྱོགས་ན་འཁོར་རྣམས་སྟོན་པའི་རྗེས་ལ་ཡོང་བ། རྒྱང་རིང་པོ་ནས་སེང་གེ་ཚུར་རྔམ་ཞིང་ཚུར་རྒྱུག་པ་དང༌། ཕྱག་སོར་ལས་སེང་གེ་ལྔ་སྤྲུལ་ཏེ། སེང་གེ་བརྡས་ཤིང༌། ཕར་ཕྱོགས་ཀྱི་མཐའ་མེས་འཁོར་བ་དང༌། ཡང་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་སེང་གེ་དེས་ཆོས་ཉན་པའི་ཚུལ་དང༌། ཡང་དེའི་ཕྱོགས་སུ་སངས་རྒྱས་བཞུགས་པའི་དྲུང་དུ་ལྷ་ཞིག་ཆོས་ཉན་པ་འབྲི། བྱིས་པ་གཉིས་ལུང་བསྟན་ཞིང་སེང་གེ་རལ་པ་ཅན་བརྟུལ་བའི་སྡེ་ཚན་ནོ། །༼ཡ༽ བར་འདིར་སོག་མ་མེད་ཀྱི་དང་པོའི་ལོ་རྒྱུས་སྦྱོར་རྒྱུ་ཡིན་ཡང་འདིར་མ་བྲིས་སོ། །ཡང་གྲོང་ཁྱེར་གཅིག་གིས་འགྲམ་ན་ཆུ་ཆེན་པོ་གཅིག་འབབ་པ་ལ། ཉ་པ་མང་པོས་དོལ་ཆེན་པོ་གཉིས་བཏབ་པ་ལ། སྡེ་ཚན་གཅིག་གིས་སྲོག་ཆགས་མང་པོ་ཟིན། དེས་མི་རྣམས་སྡེ་གཅིག་གི་འོག་ཏུ་འཆད་པར་འགྱུར་བའི་ཆུ་སྲིན་ཉའི་རིགས་ཅན་མགོ་མང་པོ་དེ་ཟིན། དེས་མི་རྣམས་ཆུ་ནང་དུ་འདྲེན་གྲབས་ལ། མི་གཞན་མང་པོ་ཡང་རྒྱུག་ཅིང་འཐེན་པའི་ཚུལ་དང༌། ཉ་ཆུ་སྲིན་དེ་བསྐམ་ལ་ཐོན་པ་དང༌། དེ་ལུས་པོ་ཉ་ལ་མགོ་བོ་བཅོ་བརྒྱད་
ཡོད་དེ། གླང་པོ་ཆེ་དང༌། རྟ་དང༌། རྔ་མོང་དང༌། བོང་བུ་དང༌། གླང་དང༌། སྤྲེའུ་དང༌། སེང་གེ་དང༌། སྟག་དང༌། དོམ་དང༌། དྲེད་དང༌། གུང་དང༌། བྱི་ལ་དང༌། ར་དང༌། ལུག་དང༌། རི་དྭགས་དང༌། མ་ཧེ་དང༌། ཕག་དང༌། ཁྱིའི་མགོ་བོ་རྣམས་སོ། །བསྐམ་ལ་བཏོན་ཟིན་པ་དེའི་མཐའ་ལ་སྐྱེ་བོ་མང་པོ་དང༌། མུ་སྟེགས་སྟོན་པ་དྲུག་ལ་སོགས་པ་ཡང་ཡོད་ཅིང༌། གཙུག་ལག་ཁང་གཅིག་ནས་སངས་རྒྱས་འཁོར་བཅས་ཚུར་འབྱོན་པ་དང༌། ཡང་ཕྱོགས་གཅིག་ཏུ་སྟོན་པ་བྱོན་ཏེ། སྟོན་པས་ཉ་པ་རྣམས་ལ་བཀའ་སྩལ་ཞིང༌། ཆུ་སྲིན་དེ་མ་གཏོགས་སྲོག་ཆགས་གཞན་ཐམས་ཅད་ཉ་པ་དེས་ཆུ་ལ་གཏོང་པ་དང༌། སྟོན་པས་ཆུ་སྲིན་ཉ་དེ་ལ་དྲི་བ་མཛད་པ་དང༌། དགེ་སློང་གཅིག་གི་ལངས་ཏེ་ཞུ་བ་འབུལ་ཞིང༌། གཞན་འཁོར་ཚོགས་མང་པོ་ལ་ཆོས་གསུང་བ། ཡང་ཕྱོགས་གཅིག་ཏུ་ཉ་པ་ལྔ་བརྒྱ་པོ་དེ་དག་ཚུར་ཤོག་གི་སྙེན་པར་རྫོགས་པར་མཛད་པ་དང༌། ཡང་ནགས་ཚལ་གཅིག་ཏུ་ལྗོན་ཤིང་སོ་སོའི་སར་བཅོམ་ལྡན་འདས་འཁོར་བཅས་བཞུགས་པ་དང༌། དགེ་སློང་མང་པོས་ནོར་མང་པོ་རྙེད་ནས་ཚུར་འོང་བ་དང༌། ཡང་ཕུག་པ་དང༌། ཤིང་དྲུང་མང་པོར་དགེ་སློང་མང་པོ་མཉམ་བཞག་བྱེད་པ་དང༌། ལུས་ལས་འོད་མང་པོ་འཕྲོས་ཞིང༌། རྫུ་འཕྲུལ་མང་པོ་སྟོན་པའི་དགེ་སློང་མང་པོ་ཡང་འབྲི། ཉ་པ་རྣམས་རབ་ཏུ་བྱུང་བའི་འཁྲིས་དེར་ལྷ་གཅིག་ལ་སངས་རྒྱས་ཆོས་གསུང་པ་འབྲི། ཉ་པ་ལྔ་བརྒྱ་བརྟུལ་ཞིང་དགྲ་བཅོམ་པ་ལ་བཀོད་པའི་སྐོར་རོ། །
༼ར༽ ཁྱིམ་གཅིག་ན་བྲམ་ཟེ་གསེར་བརྒྱན་ཁྲི་ལ་འདུག་པ་དང༌། ཁང་བཟང་གི་ཕྱོགས་གཅིག་ན། བྲམ་ཟེ་བཟང་པོ་གོས་རྒྱན་བཟང་པོ་ཞིག་གི་མདུན་ན། བྲམ་ཟེ་གཞན་འགའ་རེ་ལངས་ཏེ་གཏམ་སྨྲ་བ་དང༌། ཁྱིམ་གྱི་སྒོ་བཞི་ནས་གསེར་ལས་བྱས་
པའི་ལྷ་མོའི་གཟུགས་བརྙན་འདྲ་བ་རེ་ཐོགས་ཏེ་ཕྱོགས་བཞིར་འགྲོ་བའི་ཚུལ་དང༌། ཡང་ཡུལ་གཞན་གཅིག་ན། བུད་མེད་གསེར་གྱིས་མདོག་ཅན་གཅིག་གི་དྲུང་དུ་གསེར་གྱི་སྐུ་གཟུགས་དེ་བཞག་པ་དང༌། ཁང་བཟང་གཅིག་ན་བྲམ་ཟེ་གཙོ་བོ་གཅིག་གི་དྲུང་དུ། བྲམ་ཟེ་འགའ་རེ་ལངས་ཏེ་ཤིས་པ་བརྗོད་པའི་ཚུལ་བྱ། བུད་མེད་གསེར་མདོག་དེ་ཤིང་རྟར་བཞུགས་འཁོར་མང་པོ་དང་བཅས་ཏེ་ཚུར་འོང་བ་དང༌། ཁང་བཟང་གཅིག་ཏུ། བུད་མེད་གསེར་མདོག་དེ་གདན་ལ་འདུག་ཅིང༌། བྲམ་ཟེའི་ཁྱེའུ་དེ་ཆགས་པའི་ཚུལ་དང༌། ཡང་ཁང་བཟང་གཞན་ཞིག་བྱས་ཏེ། རབ་བྱུང་དང་བྲམ་ཟེ་དང༌། དབུལ་འཕོངས་མང་པོ་ལ་ཁྱིམ་གྱི་ནོར་ཐམས་ཅད་སྦྱིན་པར་གཏོང་ཚུལ། བྲམ་ཟེ་དེ་སྟོན་པ་དྲུག་པོ་རེ་རེའི་དྲུང་དུ་དྲི་བ་རེ་བྱེད་པའི་ཚུལ། བུད་མེད་གསེར་མདོག་དེ་གཅེར་བུ་པ་སློབ་དཔོན་འགའ་རེའི་དྲུང་དུ། སྐྲ་བྲེགས་ཤིང་ཐལ་མོ་སྦྱར་བའི་ཚུལ་དང༌། མཐར་བྲམ་ཟེ་དེ་གྲོང་ཁྱེར་གཅིག་གི་འགྲམ་བུ་མང་པོའི་མཆོད་རྟེན་ཞེས་བྱ་བ། མཆོད་རྟེན་གཅིག་གི་འགྲམ་དུ། སྟོན་པའི་སྤྱན་སྔར་རབ་བྱུང་དུ་གྱུར་ཏེ་ཐལ་མོ་སྦྱར་བས་འདུག་པ་དང༌། ཡང་ཕྱོགས་གཅིག་ཏུ་བྲམ་ཟེ་དགེ་སློང་དུ་གྱུར་པ་དེ་མཉམ་བཞག་ལ་བཞུགས་ཤིང་ལུས་ལས་འོད་ཟེར་འཕྲོ་བ་དང༌། ཡང་སྟོན་པ་ན་བཟའ་ཕྱགས་དར་ཁྲོད་རྡོ་ཚོས་མ་གསོལ་བ་དང༌། དགྲ་བཅོམ་པ་རྣམ་སྦྱར་ཤིན་ཏུ་དམར་བ་གསོལ་པ་བཞེངས་ཏེ་གཏམ་མཛད་པའི་ཚུལ་དང༌། སྣམ་སྦྱར་གཏད་པའི་སྟེང་དུ་སྟོན་པ་བཞུགས་པ་དང༌། དགེ་སློང་དེས་སྣམ་སྦྱར་དམར་པོ་བཅོམ་ལྡན་འདས་ལ་ཕུལ་ཞིང༌། སྟོན་པའི་རྡོ་ཚོས་མ་དེ་ལ་གནང་བ་དང༌། དེ་ཚོས་གོས་རྡོ་ཚོས་དེ་གྱོན་ནས་ནགས་ཚལ་ན་འདུག་པ་དང༌། ཡང་དེ་རྡོ་ཚོས་མ་དེ་གསོལ། དབུ་སྐྲ་དང་ཁ་སྤུ་ཅུང་ཟད་རིང་བར་བྱས་
ནས། སྟོན་པ་ཆོས་གསུངས་པ་འཁོར་གྱིས་བསྐོར་བའི་མཐའ་ནས་ཕྱག་འཚལ་བ་དང༌། ཡང་དེ་ཁ་དང་འདྲ་བ་ལ། སྟོན་པས་དེ་ལ་བསྟན་པ་བྱེད་གནང་བ་སྟེ། བཞུགས་གདན་གཅིག་ལ་གྲལ་སྒྲིགས་ཀྱི་ཚུལ་དུ་འདུག་པ་དང༌། ཡང་དེ་འཁོར་གྱི་ནང་དུ་ཞུགས་ནས་ཆོས་ཉན་པ་འབྲི། ཡང་དེ་དང་ཉེ་བའི་ཕྱོགས་གཅིག་ན། སྔར་གྱི་བུད་མེད་གསེར་གྱི་མདོག་ཅན་དེ། དགེ་སློང་མར་གྱུར་ནས་སྟོན་པ་ལ་ཆོས་ཉན་པ་སྟེ། དེ་དག་ནི་འོད་བསྲུང་ཆེན་པོ་བདེན་པ་ལ་བཀོད་པ་སོགས་ཀྱི་སྐོར་རོ། །༼ལ༽ ཡང་སྟོན་པ་ནགས་ཚལ་གཅིག་ན་བཞུགས་པ་ལ། ཤིང་གི་སྟེང་ན་སྤྲེའུ་ཤིང་ལོའི་འདོམ་དཀྲིས་འཁྲིལ་ཤིང་གི་ཡལ་གས་སྡོམས་ཐག་བྱས་པ་ཞིག་ཡོད་པ་དང༌། ཡང་ཤིང་གི་རྩ་བར་དེ་བབས་ནས། སྟོན་པའི་ལྷུང་བཟེད་ལེན་པའི་གྲབས་བྱེད་པ་ལ། དགེ་སློང་གཅིག་གིས་དེ་ལྡོགས་པ་དང༌། ཡང་ལྷུང་བཟེད་བླང་ནས་ཤིང་གི་རྩེ་མོར་སོང་སྟེ། ལྷུང་བཟེད་དུ་སྦྲང་རྩི་བླུགས་པ་དང༌། ཡང་སྟོན་པའི་སྐུ་གཞན་ཞིག་བྲིས་པའི་སྐུ་མདུན་དུ་འབུལ་ཚུལ་བྱས་ཀྱང༌། སྟོན་པ་མཉམ་བཞག་མཛད་ནས་མི་བཞེས་པ་དང༌། ཡང་སྤྲེའུ་དེས་ལྷུང་བཟེད་སྦྲང་རྩིས་གང་བ་འཁྱེར་ནས་ས་སྟོང་གཅིག་ཏུ། སྦྲང་བུའི་རོ་རྣམས་ཕྱིར་སེལ་བ་དང༌། ཆུ་མིག་གཅིག་གི་འགྲམ་དུ་རུང་ཆུ་བླུགས་པ་དང༌། ཡང་སྟོན་པ་ལ་ཕུལ་ཞིང་སྟོན་པས་བཞེས་པ་དང༌། སྤྲེའུ་དེ་དགའ་ནས་གར་བྱེད་པ་འབྲི། དེ་དང་ཉེ་བར་ཕྱི་འགྲོས་སུ་ཕྱིན་པས་ཁྲོན་པ་ལ་ཤོར་བ་དང༌། ནམ་མཁའི་དབྱིངས་ན་ལྷའི་གཞལ་མེད་ཁང་གི་ནང་དུ་ལྷར་སྐྱེས་པ་དང༌། ཡང་ལྷ་དེ་སྟོན་པའི་དྲུང་དུ་འོངས་ནས་མཆོད་པ་འབུལ་ཞིང་ཆོས་ཉན་པ་འབྲི་སྟེ། ཡུལ་ཡངས་པ་ཅན་དུ་སྤྲེའུས་སྦྲང་རྩི་ཕུལ་བའི་བཀོད་པའོ། །གཞན་ལོ་རྒྱུས་དེ་ཁ་དང་འདྲ་བ་
ལ། ལྷར་སྐྱེས་པའི་ཚབ་ཏུ་བྲམ་ཟེ་ལས་དྲུག་ལ་བརྩོན་པའི་བུར་སྐྱེས་ཏེ། བཙས་མ་ཐག་ཏུ་སྦྲང་རྩིའི་ཆར་འབབས་པ་དང༌། མཐར་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་པའི་བར་གྱི་ལོ་རྒྱུས་ཀྱང་ཡོད་དོ། །༼ཤ༽ ཡང་བྲག་ཕུག་དང༌། རྩྭ་སྤྱིལ་དང༌། ལོ་མའི་སྤྱིལ་པོ་དང༌། ནགས་གསེབས་དང༌། ཤིང་གི་དྲུང་དང༌། སྤྱིལ་པོ་སོགས་དབེན་པའི་གནས་མི་འདྲ་བ་དྲུག་ཏུ། གོང་དུ་བཤད་པའི་རྟོག་གེ་བ་དྲུག་སྟེ། མུ་སྟེགས་སྟོན་པ་དྲུག་ཏུ་གྲགས་པ་རེ་རེ་ཡོད་པའི་དེ་དག་རེ་རེའི་མདུན་དུ་ཡང༌། མེ་འབར་བ་དང༌། འོད་འབྱིན་པ། ཆར་པ་སོགས་རྫུ་འཕྲུལ་སྟོན་མཁན་ལྔ་ཙམ་རེ་ཡོད་པ་འབྲི། ༡ དེ་ནས་སྐྱེད་མོས་ཚལ་འདྲ་བ་ཞིག་ཏུ་སྟོན་པ་དྲུག་ཀར་ཚོགས་པ་ཞིག་འབྲི། ༢ རྒྱལ་པོའི་ཕོ་བྲང་ཞིག་གི་ནང་དུ། རྒྱལ་པོའི་དྲུང་དུ་སྟོན་པ་དྲུག་ཚོགས་པ་དང༌། ཕྱི་ལ་འགྲོ་བ་འབྲི། ༣ གཙུག་ལག་ཁང་ཞིག་ན་སངས་རྒྱས་བཞུགས་ཤིང༌། རྒྱལ་པོ་ཡང་གླང་བོ་ཞོན་ནས། སངས་རྒྱས་མཇལ་དུ་འགྲོ་བའི་ལམ་དུ། སྟོན་པ་དྲུག་གི་རྒྱལ་པོ་ལ། གཏམ་སྨྲ་བ་དང༌། ༤ ཡང་དེ་ནས་ཕྱོགས་གཞན་དུ་སངས་རྒྱས་འཁོར་བཅས་ཕར་ཕྱོགས་ལ་ཐེགས་པའི་རྗེས་ནས་སྟོན་པ་དྲུག་འཁོར་མང་ཡང་འབྲི། ༥ དེ་ནས་ཡང་ཕོ་བྲང་གཞན་ཞིག་དང༌། སངས་རྒྱས་བཞུགས་པའི་གཙུག་ལག་ཁང་གི་ནང་དུ་སངས་རྒྱས་བཞུགས་པ་དང༌། རྒྱལ་པོ་གཞན་ཞིག་སངས་རྒྱས་མཇལ་དུ་འགྲོ་བའི་ལམ་དུ་སྟོན་པ་དྲུག་ལངས་བ་དང༌། སངས་རྒྱས་ལ་རྒྱལ་པོ་དེས་ཞུ་བ་བྱེད་པ་དང༌། ཡང་རྒྱལ་པོ་དེ་ཕྱིར་བྱུང་ནས། སྟོན་པ་དྲུག་ས་ལ་བསྡད་པ་ལ་གཏམ་སྨྲ་བ་དང༌། སྟོན་པ་དྲུག་དང་མུ་སྟེགས་པ་མང་པོ་གྲོང་ཁྱེར་ཆུང་ཆུང་སྣ་ཚོགས་སུ་བཀྲམ་སྟེ་འགྲོ་བ་དང༌། མཚོ་གཅིག་གི་ནང་ནས་དྲང་
སྲོང་གཅིག་འདུག་པ་དེས། སྟོན་པ་དྲུག་ལ་གཏམ་སྨྲ་བ་དང༌། སྟོན་པ་དྲུག་པོ་མ་དགའ་ཞིང་ཁྲོས་ནས་འགྲོ་བའི་ཚུལ་དང༌། རི་དང་ནགས་ཚལ་ཡོད་པ་ཞིག་ན་དྲང་སྲོང་མང་པོ་ཡོད་པའི་སར། སྟོན་པ་དྲུག་དགའ་བའི་ཚུལ་རྣམས་མཐའ་ལ་འབྲི་ཞིང༌། ༧ དབུས་ཀྱི་ཕྱོགས་སུ་གྲོང་ཁྱེར་ཐོ་རེ་བ་འགའ་རེ་དང༌། ཁང་བཟང་གཅིག་གི་རྩེ་ནས་བུད་མེད་གྱི་མེ་ཏོག་འཕྲེང་བ་འཕངས་པ། རྒྱལ་པོའི་བུའི་རྣམ་པ་འདྲ་བ་སྔོ་སང་ཞིག་གི་ལུས་ལ་ཕོག་པ་དང༌། གྲོང་གསེབ་དེར་དེའི་རྐང་ལག་རྣམས་རྒྱལ་པོའི་གཤེད་མས་བཅད་ཅིང་གཉེན་གྱི་མཐའ་བསྐོར་ནས་འཇུས་ཏེ་འདུག་པ། སྟོན་པ་དྲུག་པོ་དེའི་འཁྲིས་ནས་ཕར་གདོང་ས་ལ་བབ་སྟེ་འགྲོ་བ་དང༌། དེའི་འཁྲིས་དེ་ཁར་དགེ་སློང་གཅིག་གི་དེ་ལ་བདེན་སྟོབས་བརྗོད་པས། ཡན་ལག་བཅད་པ་རྣམས་སླར་འགྲིག་པ་དང༌། ༨ དེ་རྣམས་ཀྱི་མཐའ་བསྐོར་ཅི་རིགས་པར་སྟོན་པའི་ཆོ་འཕྲུལ་ཁང་པ་རྩིག་མཁན་དང༌། མི་གཞན་འགའ་རེས་མུ་སྟེགས་དྲུག་པོ་ཡང་ཆོ་འཕྲུལ་ཁང་བ་རྩིག་པའི་ཚུལ་འབྲི་ཡང་ཕར་ཕྱོགས་སུ། ༩ སངས་རྒྱས་གཙུག་ལག་ཁང་དུ་བཞུགས་པའི་སྐུ་མདུན་དུ་བྲམ་ཟེ་ཞིག་སྤོས་ཕོར་ཐོགས་ཏེ་སྤྱན་འདྲེན་ཞུ་བའི་ཚུལ་དང༌། ཡང་ཕྱོགས་གཅིག་ཏུ་སྟོན་པའི་ཆོ་འཕྲུལ་ཁང་བཟང་རྒྱ་ཆེན་པོ་ཞིག་གི་སྒོ་དྲུང་དུ་རྒྱལ་པོ་ལ་སོགས་པ་སྐྱེ་བོའི་ཚོགས་རྣམས་འདུས་པ་དང༌། སངས་རྒྱས་ནམ་མཁའ་ལ་འཕུར་ཞིང་འབྱོན་པ་དང༌། སྒོ་དྲུང་དུ་རྒྱལ་པོས་ཕྱག་འཚལ་བ་དང༌། ཆོ་འཕྲུལ་ཁང་པ་དེའི་དབུས་ན་སངས་རྒྱས་བཞུགས་ཤིང༌། སྒོ་གཅིག་ནས་མེ་འབར་བ་དང༌། དྲང་སྲོང་མང་པོ་ནམ་མཁའ་ལ་འཕུར་ཞིང་འོངས་པ་དང༌། སངས་རྒྱས་ཀྱི་སྐུ་མདུན་དུ་ཆོས་ཉན་པ་དང༌། དགེ་བསྙེན་གྱི་རྣམ་པ་ཞིག་གི་ཤིང་སྡོང་ལོ་འབྲས་རྒྱས་པ་བྱ་སྣ་ཚོགས་ཀྱི་ཁེངས་པ་ཞིག་ཁང་
བཟང་དེའི་གཡོན་དུ་འཛུགས་པ་དང༌། ཁྱིམ་བདག་གཅིག་གི་རིན་པོ་ཆེའི་འབྲས་བུ་ཅན་གྱི་ལྗོན་ཤིང་གོས་རྒྱན་དུ་མ་ཡལ་ཁ་ལས་འབྱུང་བ་ཞིག་གཡས་ཕྱོགས་སུ་འཛུགས་པ་དང༌། ཆོ་འཕྲུལ་ཁང་པ་དེའི་ཕྱི་ནང་གི་ཟུར་ཀུན་ནས། མི་ཁ་དོག་མ་ངེས་པ། དཀར་པོ། སེར་པོ། དམར་བོ། སྔོན་པོ་སོགས་འཇའ་འོད་དང་འབྲེལ་བ་ཅི་རིགས་ཅི་རིགས་འབྱུང་བ་འབྲིའོ། །སངས་རྒྱས་བཞེངས་པ་སྒོའི་ཐེམ་པ་ལ་ཞབས་ཀྱི་མནན་པ་ཞིག་ཀྱང་འབྲི། སངས་རྒྱས་ཀྱི་ཆོ་འཕྲུལ་ཁང་པ་དེ་དང་ཉེ་བ་ན། ༡༠ མུ་སྟེགས་ཀྱི་ཆོ་འཕྲུལ་ཁང་པ་ཆུང་བ་དྲུག་གི་ནང་ན། སྟོན་པ་དྲུག་པོ་རེ་རེ་དང༌། ཕྱི་ནང་ན་དེ་རྣམས་ཀྱི་འཁོར་དང༌། ཡོན་བདག་ཅི་རིགས་པ་འབྲི། ༡༡ ཡང་ཆོ་འཕྲུལ་ཁང་པ་སྔ་མ་དང་འདྲ་བ་ལས། ཁང་བཟང་ཕྱི་རོལ་རྡོ་ཆལ་འདྲ་བ་ཡངས་པ་ཞིག་ཏུ་པདྨའི་སྡོང་པོ་ཤིན་ཏུ་རྒྱས་པའི་རྩེ་མོ་ལ་སྟོན་པ་སངས་རྒྱས་ཉིད་བཞུགས་པ། ཕྱག་ས་གནོན་མཉམ་བཞག་བྱེད། གཞན་ཡལ་ག་རྣམས་ལས་གྱེས་པའི་པདྨ་དམར་པོ་ལ། སངས་རྒྱས་བཞུགས་ཚུལ་སྣ་ཚོགས་པ་དག་འབྲི། སྟེང་གི་ནམ་མཁའ་ལ་བཞེངས་པ་དང༌། བཞུགས་པ་དང༌། མནལ་བ་དང༌། འཆགས་པའི་ཚུལ་སྟོན་པ་དང༌། ཀློག་འགྱུ་བ་དང། སྤྲིན་འཕྲོ་པ་དང༌། འོད་འགྱེད་པ་དང༌། མེ་འབར་ཞིང་ཆུ་འཁྲུགས་བའི་རྫུ་འཕྲུལ་གྱི་བཀོད་པ་དང༌། སངས་རྒྱས་ཀྱི་སྐུའི་མཐའ་སྐོར་ཐམས་ཅད་དུ་རྒྱལ་པོ་ལ་སོགས་པ། སྐྱེ་བོ་དཔག་ཏུ་མེད་པས་ཡོངས་སྐོར་ཞིང༌། དེ་དག་གི་ཕྱི་མཐའ་མ། རྟ། གླང་པོ། རྔ་མོང༌། རྨ་བྱ་ལ་སོགས་པ་དང་ནམ་མཁའ་ལ་རྒྱུ་བའི་དུད་འགྲོ་མང་པོ་དང༌། ནམ་མཁའ་ལ་ལྷ་མང་པོས། མེ་ཏོག་དང༌། རིན་པོ་ཆེ་དང༌། གོས་ཀྱི་ཆར་འབེབས་པ། གཞན་ཡང་གནོད་སྦྱིན་དང་མི་མ་ཡིན། སྲིན་པོ་དང་ཀླུ་ལ་སོགས་
པ་མང་པོ་འཁོད་ཅིང་ཆོ་འཕྲུལ་ལ་ལྟ་བ་འབྲི། པད་སྡོང་གི་གཡས་གཡོན་དུ་དགྲ་བཅོམ་པ་རྣམས་དེ་ལ་ལྟ་བ་དང༌། སྐུ་མདུན་ཕྱོགས་ན་རྒྱལ་པོ་གསལ་རྒྱལ་ལངས་ཏེ་ཐལ་མོ་སྦྱར་བ་འབྲི། པད་སྡོང་དེ་རིན་པོ་ཆེའི་རང་བཞིན་ལས་གྲུབ་པ་དང༌། གཙོ་བོའི་པདྨ་གསེར་གྱིས་རང་བཞིན་ཡིན་པ་བཤད། ཁང་བཟང་དེས་ཕྱོགས་གཅིག་ཏུ་སངས་རྒྱས་ཀྱི་སྐུའི་གཡས་ནས་དགྲ་བཅོམ་པ་གཅིག་དང༌། གཡོན་ནས་དགེ་བསྙེན་མ་གཅིག་གི་ཞུ་བ་ཞུ་ཚུལ་བྱེད། ཡང་དེ་དང་འབྲེལ་བའི་ཁང་བཟང་གཅིག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་མདུན་ན་དགེ་སློང་བྱ་མ་བུམ་ཐོགས་པ་མང་པོ་སྤུང་བྲིས་སུ་བྲིས། ༡༢ དེའི་ཕྱི་རོལ་ཏུ་རྒྱལ་པོས་སྟོན་པ་དྲུག་ལ་གཏམ་སྨྲ་བའི་ཚུལ་དང༌། སྟོན་པ་དྲུག་པོ་གཅིག་གིས་གཅིག་ལ་གྲུ་སུག་བྱེད་པའི་ཚུལ་དང༌། ཡང་སྟོན་པ་དྲུག་གནས་པའི་སྟེང༌། ནམ་མཁའི་དབྱིངས་ན་ལག་ན་རྡོ་རྗེ་རྡོ་རྗེ་འབར་བ་ཐོགས་པའི་འགྲམ་ནས། ཆར་རླུང་དྲག་པོ་མི་ཟད་པ་བྱུང་བས་དེ་རྣམས་བྲོས་འགྲོ་ཚུལ་དང༌། དེ་དག་ལས་ཐག་རིང་རྣམས་ཀྱི་མཐའ་རྣམས་སུ། གཅིག་བྲག་ཕུག་ཏུ་བཞུགས་པ་དང༌། གཅིག་རྩྭ་འཐུག་པོའི་གསེབ་དང༌། གཅིག་ནགས་དང༌། གཅིག་མགྲོན་ཁང་དང༌། གཅིག་ལྷ་ཁང་དུ་གབ་ནས་བསྡད་པ་དང༌། རྫོགས་བྱེད་ལམ་དུ་འགྲོ་བ་ལ། མི་ངན་ངོན་གཅིག་གིས་སྡིགས་ཤིང་སྨོད་པའི་ཚུལ་དང༌། ཡང་དེའི་ཕྱོགས་གཅིག་ཏུ་བུམ་པ་བྱེ་མས་གང་བ་མགུལ་དུ་བཏགས་ཏེ། རྫིང་བུའི་ནང་དུ་འཕྱོངས་ཏེ་ཤི་བའི་བཀོད་པ་དང༌། ཆར་རླུང་བྱུང་ས་དེའི་འཁྲིས་སུ། མུ་སྟེགས་ཀྱི་ཆ་བྱད་འགའ་རེ་ཚོགས་ཤིང་གྲོས་བྱེད་པ་དང༌། ལམ་དུ་ཞུགས་ཤིང༌། བུད་མེད་གཅིག་ལ་གཏམ་འདྲི་བ་དང༌། རྫོགས་བྱེད་ཤི་བ་ལ་ལྟ་བ་དང། དེ་དང་ཉེ་བའི་ཆུ་ལ་བུམ་པ་མགུལ་དུ་
བཏགས་ཏེ་འཕྱོང་སྟེ་ཤི་བ་འགའ་རེ་བྲིས། དེ་རྣམས་མཐའ་ལ་བྲིས་ཞིང༌། དབུས་ཡངས་ས་ཞིག་ཏུ། བཞུགས་ཁྲི་མཐོན་པོ་ལ་སངས་རྒྱས་བཞུགས་ཤིང༌། འཁོར་དགེ་སློང་སོགས་འཁོར་རྣམ་བཞི་དང༌། སྐྱེས་པ་བུད་མེད་ལྷ་ཀླུ་སྡེ་བརྒྱད་སོགས་མང་པོ་དང༌། མུ་སྟེགས་ཅན་ཡང་མང་པོ་འདུས་པ་ལ། ཆོས་གསུང་བའི་ཚུལ་བྱ། དེ་དག་ནི་ཆོ་འཕྲུལ་ཆེན་པོ་བསྟན་པའི་སྡེ་ཚན་ནོ། །༼ས༽ ཆོ་འཕྲུལ་ཉི་མ་གཅིག་པ་འདི་ནི། འདུལ་བ་སོགས་ནས་བཤད་པ་ཐེག་པ་ཐུན་མོང་གི་ལུགས་ཡིན་ལ། ཆོ་འཕྲུལ་ཉི་མ་བཅོ་ལྔ་པ་ནི། ཐེག་པ་ཆེན་པོའི་ལུགས་ཡིན་ཏེ། ལུགས་འདི་གཉིས་ཀྱང་བསྲེ་བར་མི་བྱའོ། །དེའི་ཕྱིར་མདོ་སྡེ་མཛངས་བླུན་ཡང་ཐེག་ཆེན་ཡིན་གྱི། ཉན་ཐོས་ཀྱི་མདོ་མིན་ནོ། །དེ་བཞིན་དུ་དྲན་པ་ཉེར་བཞག་མདོ་ཡང་ཐེག་ཆེན་ཁོ་ན་ཡིན་པས། བཤེས་གཉེན་ཆེན་པོར་གྲགས་པ་རྣམས་གསུང་ཅ་བཅོལ་མི་འབྱོན་པར་ཞུའོ། །ཡང་གཙུག་ལག་ཁང་དབུས་མ་ཞིག་ན་སངས་རྒྱས་མཉམ་བཞག་ལ་བཞུགས་པ་དང༌། གཞན་གནས་ཁང་སོ་སོ་ན་དགེ་སློང་སོ་སོ་དག་ལ་མཆོད་པ་དང་ཡོ་བྱད་ཀྱི་ཁྱད་པར་མང་པོ་དང༌། ཕྱི་ནང་དུ་སྐྱེ་བོ་འདུ་འཚོགས་བྱེད་པའི་འབྲིའོ། །ཡང་གནས་དེ་ཁ་འདྲ་བ་གཅིག་ཏུ་དགྲ་བཅོམ་པ་ཞིག་བཞུགས་ཁྲི་ལ་འདུགའཁོར་མང་པོ་ཆོས་ཉན་པའི་ཚུལ་འབྲི། དེ་ནི་ཆོ་འཕྲུལ་བསྟན་པས་དགེ་སློང་རྣམས་ཡོ་བྱད་འཕེལ་བ་དང༌། དེས་ཆོས་སྤྱོད་འགྲིབས་པས་རྙེད་བཀུར་གྱི་རྒྱུན་གཅོད་པར་བཞེད་ནས་ལྷ་ཡུལ་དུ་གཤེགས་པ། གཉེན་ཡོད་དུ་མཽ་འགལ་གྱིས་དབྱར་གནས་མཛད་པའི་ཚུལ་ལོ། །སྔ་མ་དེའི་འཁྲིས་སུ་དགྲ་བཅོམ་པ་ས་སྟེགས་མཐོ་བ་གཅིག་ལ་བཞུགས་པ་ལ། རབ་བྱུང་དང་སྐྱེ་བོ་མང་པོ་ཞུ་
བ་བྱེད་པ་འབྲི། དེ་དང་ཉེ་བ་ན་རི་རབ་ཀྱི་བཀོད་པ་རྗེས་མཐུན་པ་བྱས་ཏེ། རིའི་རྩེ་མོ་རྒྱ་ཆེ་བ་ཞིག་བྱེད། དེའི་ཕྱོགས་གཅིག་ན་ལྷའི་གྲོང་ཁྱེར་གྱི་ཕྱོགས་ས་མཚོན་བྱེད་དང༌། ཕྱོགས་གཅིག་ན་སྐྱེད་མོས་ཚལ་གྱི་དབུས་ན། ཤིང་སྡོང་ཤིན་ཏུ་ཆེ་བ་གཅིག་ཡོད་པ། དེས་རྩ་བ་ན་བྲག་ལེབ་མོ་དཀར་པོ་ཤིན་ཏུ་ཆེ་བའི་དབུས་ན། སངས་རྒྱས་དགེ་འདུན་དང་བཅས་པ་དང༌། སྟོན་པའི་སྐུ་མདུན་དུ་ལྷ་མོ་རྒྱན་གྱིས་བརྒྱན་པ་ཞིག་དང༌། མཐའ་སྐོར་དུ་ལྷ་མང་པོ་ཆོས་ཉན་པའི་བཀོད་པ་བྱ། དེའི་འཁྲིས་སུ་ཡང་བཀོད་པ་དེ་ཁ་འདྲ་བ་ཞིག་ལ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་དགྲ་བཅོམ་པ་ཞིག་གི་ཞུ་བ་འབུལ་བའི་ཚུལ་བྱ། དེ་ནས་ཡང་སྟེང་གི་ནམ་མཁའ་ལ་ལྷ་གནས་གཞན་རྣམས་འབྲི་སྟེ། གོ་སྐབས་ཡངས་ཞིང་འབྲི་སྟབས་བདེ་ན། འདོད་ལྷ་རིགས་གཞན་བཞི་དང༌། གཟུགས་ཁམས་གནས་རིགས་བཅུ་བདུན་དུ་སངས་རྒྱས་འབྱོན་པའི་བཀོད་པ་འབྲི་དགོས་པ་ཡིན་ཀྱང༌། སྟེང་འོག་ཏུ་དེ་ཙམ་ཤོངས་དཀའ་བར་འདུག་པས། ནམ་མཁའ་ལ་འདོད་ལྷ་གོང་མའི་གནས་མཚོན་བྱེད་ས་གཞི་རི་ནགས། མེ་ཏོག་རྫིང་བུ་གཞལ་མེད་ཁང་ཁ་དོག་སྣ་ཚོགས་པ། ལྷ་ཕོ་མོ་མང་པོ་དང་བཅས་པའི་ཡུལ་ཕྱོགས་གཅིག་སྤྲིན་གསེབ་ཏུ་འབྲི་སྟེ། གནས་དེ་རང་གི་སྟེང་ལ་ཡང་སྤྲིན་ཁ་དོག་སྣ་ལྔ་དང༌། ནོར་བུ་དང་མེ་ཏོག་གི་རོལ་དཔྱད་ཀྱི་ཆར་འབབ་པའི་ཚུལ་དང༌། ལྷ་ཕོ་མོ་མང་པོའི་དབུས་ན་སངས་རྒྱས་ཆོས་གསུང་པའི་ཚུལ་དང༌། ཡང་དེ་དག་གི་སྟེང་གི་ནམ་མཁའ་ལ། ས་གཞི་མཐའ་རིས་བསྐོར་བ་འདྲ་བ། དབུས་སུ་གཞལ་ཡས་ཁང་དང་བཅས་པ་ཐམས་ཅད་ཁ་དོག་དཀར་པོ་ཉག་གཅིགཤིང་དང་སྤྲིན་དང་བྱ་དང་མཚོ་ལ་སོགས་པ་མེད་པ། ལྷ་
ཐམས་ཅད་ཁ་དོག་སེར་པོ། གོས་དཀར་པོ་ཤ་དག་ཡོད་པ། ལྷ་ཕོ་འབའ་ཞིག་ཡིན་ལ། དེ་ལྟ་བུར་སངས་རྒྱས་ཆོས་གསུང་པ་ནི། གཟུགས་ཁམས་ཕལ་པའི་གནས་རྣམས་མཚོན་བྱེད་དང༌། ཡང་དེའི་སྟེང་གི་ནམ་མཁའ་ལ་ས་གཞི་རི་སོགས་མེད་པའི་གཞལ་མེད་ཁང་དཀར་པོ་ཡངས་པ་ཞིག་ན། སངས་རྒྱས་ལ་འཁོར་ལྷ་ཁ་དོག་སེར་པོ། །ན་བཟའ་དྲ་སོགས་མེད་པ་མ་གཏོགས་རབ་འབྱུང་འདྲ་རུང་ལས། ཐོར་གཙུག་དང་རྒྱན་གྱིས་བརྒྱན་པས་བསྐོར་ཏེ་ཆོས་ཉན་པ་ནི། གནས་གཙང་མ་མཚོན་བྱེད་དོ། །རི་རབ་དེའམ་གཞན་ཞིག་བྲིས་ནས། དེའི་རྩེ་ནས་མར་སྐས་ཀྱི་རྣམ་པ་བྱེད་པའམ། ཡང་དེ་འབྲི་སྟབས་མི་བདེ་ན་ནམ་མཁའི་དབྱིངས་ལྷ་གནས་གཞན་གཅིག་ནས་སྐས་གཙུགས་པ་བྱས་ཀྱང་ཡོད། ནགས་མཐོང་ཞིག་ན་རབ་བྱུང་དང༌། ཁྱིམ་པའི་སྐྱེ་བོ་ཤིན་ཏུ་མང་བ་འདུས་པ་གཅིག་གི་དབུས་སུ་སྐས་བཤམས་གཙུགས་པ་དགོས་ཏེ། སྐས་དབུས་མ་སྔོན་པོ། །གཡས་སེར་བ། གཡོན་པ་དཀར་བ། སྐས་དབུས་མའི་དཀྱིལ་ཙམ་ན་སངས་རྒྱས་དང༌། སྐས་གཡས་པ་ན་སྟོན་པའི་མདུན་ཙམ་དུ་ཚངས་པ་རྔ་ཡབ་དཀར་པོ་འཛིན་པ། སྐས་གཡོན་པ་སྟོན་པའི་སྐུ་རྒྱབ་ཙམ་དུ། བརྒྱ་བྱིན་མིག་སྟོང་དང་ལྡན་པ་གདུག་དཀར་པོ་གསེར་གྱི་ཡུ་བ་ཅན་འཛིན་པ། གཡས་གཡོན་སྟེང་རྣམས་ནས་ལྷ་དཔག་ཏུ་མེད་པས་མཆོད་པ་དང༌། སྐས་ཀྱི་ཕྱེད་སྨད་ཙམ་ན། སྟོན་པ་ནམ་མཁའ་ལ་འབྱོན་པ་གཅིག་ཀྱང་འབྲི། ཡང་ནགས་མཐོང་དེ་ཁ་འདྲ་བ་ཞིག་ཏུ་སངས་རྒྱས་འཁོར་མང་པོ་ལ་ཆོས་སྟོན་པ་དང༌། ལྷ་མང་པོས་ནམ་མཁའ་ནས་མཆོད་པ་དང༌། ཕྱོགས་གཅིག་ནས་ཚུར་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཁོར་བཅས་ཡོང་བའི་ཚུལ་དང༌། ཕྱོགས་
གཅིག་ཤོས་དེ་ན། ཤིང་དྲུང་གཅིག་ན་དགེ་སློང་གཅིག་དང༌། གཅིག་མཉམ་བཞག་བྱེད་པ། བཅོམ་ལྡན་འདས་ཀྱི་སྐུའི་དྲུང་ན་དགེ་སློང་ཁ་དོག་མི་ཤ་མ་ཡིན་པའི་སྔོ་སང་རང་བཏང་པ་ཞིག་ཕྱག་འབུལ་བ་རྣམས་འབྲི་སྟེ། ལྷ་ལས་བབས་པའི་སྐོར་རོ། །༼ཧ༽ ཡང་སྟོན་པ་འཁོར་བཅས་ལམ་དུ་གཤེགས་པ་དང༌། སྐུ་མདུན་ཀྱི་ཐད་ལ། ལྗོན་ཤིང་གསར་པ་མང་པོ་དང༌། ཆུ་དང་རྫིང་བུ་ཡིད་དུ་འོང་བ་མེ་ཏོག་ཅན་མང་པོ་དང༌། ཁང་བཟང་སྟོང་པ་འགའ་རེ་ཡོད་པ་འབྲི་ཞིང༌། གཡས་གཡོན་འགའ་རེ་ན་ཤིང་བཅད་པ་དང༌། ཁང་པ་བཤིག་པ་དང༌། རྫིང་ལ་འགའ་ཞིག་གི་དུག་འདེབས་པའི་བཀོད་པ་འབྲི། དེའི་ཕ་རོལ་གྲོང་ཁྱེར་ཆེན་པོ་ལྕགས་རི་སྐོར་བ། གྲོང་ཁྱེར་གྱི་སྲང་ཁ་དང་འབྲེལ་བའི་རྡོ་ཆལ་འདྲ་བ་ཞིག་ན། མུ་སྟེགས་མང་པོས་སྐྱེ་བོ་མང་པོ་ལ་གཏམ་སྨྲ་བ་དང༌། གྲོང་ཁྱེར་དེའི་ལྕགས་རི་སྒོ་སྡམས་ཤིང༌། ལྕགས་རིའི་ཕྱོགས་གཅིག་ནས་མར་སྐས་བཙུགས་པ་ལ། བུད་མེད་སྒྲོན་མེ་ཆེན་པོ་ཐོགས་པ་ཞིག་འབབ་པ་དང༌། གྲོང་ཁྱེར་གྱི་ཕྱི་རོལ་ཀྱི་གནས་ཞིག་ན། སངས་རྒྱས་འཁོར་བཅས་བཞུགས་པའི་དྲུང་དུ། བུད་མེད་དེ་ཆོས་ཉན་པ་དང༌། གྲོང་ཁྱེར་དེའི་ནང་ཁང་བཟང་གཅིག་ན། ཁྱིམ་བདག་གཅིག་དང༌། གཞན་སྐྱེ་བོ་འདུས་པ་ལ། བུད་མེད་དེས་ཁས་ལེན་སྤོང་པའི་ཚུལ། ཡང་གྲོང་ཁྱེར་དེ་ཁ་ཡིན་ཀྱང༌། བཀོད་པ་ལོགས་པ་བྱ་སྟེ། གྲོང་ཁྱེར་དུ་ཁྱིམ་བདག་གཅིག་གིས་སྲང་ཁའི་བཞི་མདོར། གསེར་དོང་ཙེ་མང་པོ་སྤུང་ཤིང༌། ལྕགས་རིའི་སྐས་དེ་ལ་འབབ་པ་དང༌། ཕྱི་རོལ་ཏུ་སྟོན་པའི་སྐུ་དྲུང་དུ་ཆོས་ཉན་པ་དང༌། གྲོང་ཁྱེར་གྱི་ནང་གི་ཁང་བཟང་ཞིག་གི་སྒོ་རུ་གསེར་གྱི་ཕུང་པོ་དང༌། ནོར་བུའི་ཕུང་པོ་སྤུངས་ཤིང༌། སྐྱེ་བོ་མང་པོ་འདུས་པ་དང༌། གྲོང་
ཁྱེར་གྱི་སྒོ་ནས་ཕར་མི་མང་པོ་འགྲོ་ཞིང༌། ལྕགས་རིའི་ཕྱོགས་གཅིག་ན། ཕྱག་ན་རྡོ་རྗེས་རྡོ་རྗེ་གདེང་བའི་ཚུལ་དང༌། དེའི་ཐད་ཀྱི་ལྕགས་རི་འགྱེལ་བའི་ཐད་ནས་མི་མང་པོ་འགྲོ་བ། དེའི་ཕར་ཕྱོགས་ན་བཞུགས་ཁྲི་ལ་སངས་རྒྱས་བཞུགས་པའི་སྐུའི་མཐའ་བསྐོར་ཐམས་ཅད་སྐྱེ་བོ་སྣ་ཚོགས་པས་བསྐོར་ཞིང་ཆོས་ཉན་པའི་བཀོད་པ་དང༌། སྟེང་ནས་ལྷ་རྣམས་ཀྱིས་མཆོད་པ་དང༌། སངས་རྒྱས་འཁོར་བཅས་ཀྱིས་གནས་དེ་འོད་ཟེར་གྱི་ཁྱབ་པའི་ཚུལ་འབྲི། དེའི་ཕ་རོལ་ཁང་བཟང་ཞིག་ཏུ་ཁྱིམ་བདག་དར་མ་ཡོལ་བ་ཞིགམཛོད་གཅིག་གི་དྲ་མིག་ནས་ལྟ་བ། མཛོད་དེ་ནོར་གྱི་ཁེངས་པ། བུད་མེད་གཅིག་སྣོད་གཅིག་ཏུ་འབྲས་འཚོད་ཅིང༌། སྣོད་གཞན་མང་པོ་འབྲས་ཀྱི་གང་བ་དང༌། གཞོན་ནུ་གཅིག་སྐེད་པ་ནས་སྣོད་གཅིག་གི་ནང་ནས་གསེར་དངུལ་མང་པོ་གཞན་ལ་གཏོང་བའི་ཚུལ་དང༌། བུད་མེད་གཞོན་ནུ་ཞིག་གིས་སྣོད་གཅིག་ཏུ་དྲི་བཟང་ལྡུགས་པར་བྱེད་ཅིང༌། སྣོད་གཞན་མང་པོ་ཞིག་དྲི་བཟང་གིས་གང་བ་དང༌། ཁྱིམ་གྱི་ཕྱི་རོལ་ཏུ་གཡོག་པོའི་གཟུགས་ཞིག་ཞིང་གཅིག་རྨོས་པས་ཞིང་མང་པོར་རྨོས་པར་གྱུར་པ་དང༌། ཁྱིམ་གྱི་སྒོ་ནང་ན་གཡོག་མོའི་གཟུགས་ཞིག་ཏུན་ཤིང་ཐོགས་ནས་འབྲས་སྦྲུ་བ། གཡས་གཡོན་དུ་སྣོད་མང་པོ་འབྲས་ཀྱིས་གང་པ་རྣམས་འབྲི་སྟེ། གྲོང་ཁྱེར་བཟང་བྱེད་དུ་གཤེགས་པའི་སྡེ་ཚན་ནོ། །༼ཨ༽ བར་འདིར་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་སྟོན་པའི་སྐུ་གཟུགས་བྱ་བར་ཞུས་པ་དེ་ཡང༌། ཁྱིམ་བདག་གཅིག་གི་ཁྱིམ་དུ་གཅེར་བུ་པ་མང་པོ་ལ་ཁ་ཟས་གཡོས་པའི་འགྲམ་ནས་མི་གཅིག་གི་བཞད་གད་བྱེད་པའི་རྣམ་པ་དང༌། ཁྱིམ་གྱི་ཕྱི་སྒོའི་ནང་དུ་འབྲས་ཀྱི་ཁུ་བ་ལ་གཅེར་བུ་པ་འགྲེད་ཅིང༌། རྡོག་པའི་ཤུགས་ཀྱིས་ཐེན་པ་བུད་པ་འབྲི། ཕྱི་རོལ་ས་སྟོང་གཅིག་ཏུ།
གཅེར་བུ་བ་དེ་མགོ་ལ་རྨ་དཀྲིས་བྱེད་ཅིང༌། ཁྱིམ་བདག་ཅིག་དང་གཏམ་སྨྲ་བ་དང༌། ཡང་ཁང་པ་གཅིག་གི་ནང་ན་མི་མང་པོ་ཟས་སྣ་ཚོགས་སྦྱོར་ཞིང༌། དེ་རྣམས་ལ་དུག་འདེབས་པ་དང༌། སྒོ་ཁང་དུ་དོང་བྱས་པར། ཕྱོགས་གཅིག་ནས་མེ་ལྡུགས། ཕྱོགས་གཅིག་ནས་རྩའི་ཐོག་འགེབས། དེའི་སྟེང་དུ་ས་རབ་རིམ་མཐོར་བ་དང༌། དེའི་ཕར་ཕྱོགས་བར་སྟོང་ཅུང་ཟད་ཡོད་པར་བྱས་ནས། གཙུག་ལག་ཁང་ཁང་བཟང་དུ་མ་ཡོད་པའི་ཁང་བཟང་གཅིག་ཏུ། སངས་རྒྱས་ལ་ཁྱིམ་བདག་གཅིག་གིས་ཞུ་བ་འབུལ་བ་དང༌། ཁང་བཟང་གཅིག་ནས་སངས་རྒྱས་བཞེངས་ཤིང་འབྱོན་པ་ལ། ལྷ་འགའ་ཞིག་གིས་ལྡོག་པའི་ཚུལ་དང། གཙུག་ལག་ཁང་དང་སྔར་གྱི་དེའི་བར་ལ། གྲོང་ཁྱེར་གྱི་རྣམ་པ་ཅུང་ཟད་བྱས་པའི་འགྲམ་ནས། སངས་རྒྱས་ཕེབས་པ་ལ་ཡང༌། ལྷ་ཞིག་གིས་ལྡོག་པའི་ཚུལ་དང༌། མེ་དང་དུག་སྦྱོར་སོགས་ཡོད་པའི་ཁྱིམ་དེ་ཁའི་འཁྲིས་སུ། ཁྱིམ་དེའི་ཁོ་ན་འདྲ་བ་ཡངས་པ་ཞིག་བྱས་ནས། དེའི་སྒོ་དྲུང་མ་སླེབ་ཙམ་ན། སངས་རྒྱས་ཐོག་མར་ཕེབས་ཤིང༌། དགེ་སློང་རྣམས་ཕྱི་ནས་འབྱོན་པའི་ཚུལ་བྱ། སྐུ་མདུན་དུ་ཡང་ལྷ་ཞིག་གིས་ལྡོག་ཚུལ་བྱེད། ཁྱིམ་དེའི་སྒོ་ཁང་ཡང་པར་པདྨའི་མཚོ། དང་བ་དང་མེ་ཏོག་སྣ་ཚོགས་ཀྱི་གང་བ། སངས་རྒྱས་ཀྱིས་པདྨ་དེ་དག་གི་སྟེང་དུ་ཞབས་བཞག་སྟེ་འབྱོན་པའི་ཚུལ་དང༌། ཁང་བཟང་གི་རྩེ་ནས། གཅེར་བུ་པ་གཅིག་དང༌། ཁྱིམ་བདག་གཅིག་ལྟ་བ་དང༌། ཁང་པ་དེའི་སྒོ་གཞན་ཞིག་ནས་གཅེར་བུ་པ་དེ་འབྲོས་པ་དང༌། ཁང་བཟང་དེའི་དབུས་ན་སངས་རྒྱས་འཁོར་བཅས་བཞུགས་པ་དང༌། ཁྱིམ་བདག་ཕོ་མོ་གཉིས་གཡོག་དང་བཅས་པས། གདུགས་ཚོད་གསོལ་བ་ལས་སྣོད་སྔ་མའི་ནང་ན་ཁ་ཟས་
ནག་པོར་ཡོད་པ། ལྷུང་བཟེད་ཀྱི་ནང་དུ། བླུགས་པའི་ཚེ་ཁ་དོག་དཀར་པོར་སོང་བ་འབྲི། ཁང་པ་དེའི་ཕྱི་རོལ་ས་ཕྱོགས་ཡངས་པ་ཞིག་ཏུ། འཁོར་མང་པོ་ལ་ཆོས་གསུང་པ་དང༌། མེ་ཏོག་གི་ཆར་འབབ་པ་སོགས་འབྲི་སྟེ། ཁྱིམ་བདག་དཔལ་སྦེད་ལ་སོགས་པ་བརྟུལ་བའི་སྡེ་ཚན་ནོ། །༼ཀི༽ ཡང་རི་དང་ནགས་ཚལ་དང་ནེ་གསེང་ཡོད་པ་ཞིག་ན། ལྷ་མོ་འདྲ་རུང་མདོག་དམར་བ་བཞིན་ཞི་མ་ཁྲོ་མཆེ་བ་ཅུང་ཟད་གཙིགས་པ་ལ། འཁོར་བྱིས་པ་རྒན་གཞོན་གྱི་རིམ་པ་སྣ་ཆོགས་པ། སྲིན་པོའི་ཕྲུག་གུ་འདྲ་བ་རྒྱན་མང་པོས་བརྒྱན་པ། ལ་ལ་མིའི་བྱིས་པ་བཟུང་སྟེ་ཟ་བའི་རྣམ་པ་འབྲི། གྲོང་ཁྱེར་གཅིག་ནས་བུད་མེད་བུ་ཐོགས་པ་མང་པོ་བྲོས་ཏེ་འགྲོ་བའི་ཚུལ་ལ། སྲིན་པོའི་གཟུགས་ཀྱི་འགགས་པའི་རྣམ་པ་དང། འགའ་ཞིག་ཐག་རིང་པོར་བྲོས་ཐུབ་པའི་རྣམ་པའང་འབྲི། ཕྱོགས་གཅིག་ཏུ་སྐྱེ་བོ་མང་པོ་བཅོམ་ལྡན་འདས་ལ་ཞུ་བ་ཞུ་བའི་རྣམ་པ་འབྲི། དེ་ནས་མི་མ་ཡིན་གྱི་ཁང་པ་ཤ་ཁྲག་རུས་པ་ཐོད་པ་ཐོ་རེ་བ་གཅིག་གི་སྒོ་རྩར། སངས་རྒྱས་བཞུགས་ཤིང་སྐུའི་དྲུང་དུ། བྱིས་པ་གསེར་མདོག་གཅིག་ལ་ལྷུང་བཟེད་འགེབས་གྲབས་མཛད་པ་འབྲི། སྔར་གྱི་ལྷ་མོ་འདྲ་བའི་གནོད་སྦྱིན་མོ་དམར་མོ་དེ་ཁ་ཡིན་པ་ལ། རིངས་པར་རྒྱུགས་པའི་ཚུལ། སྐྲ་འཛིངས་པའི་རྣམ་པས་གྲོང་ཁྱེར་གྱི་སྲང་ཁ་ལ་བུ་འཚོལ་དུ་འགྲོ་བའི་རྣམ་པ་དང༌། རི་ནག་པོ་དགུ་དང༌། གངས་ཅན་སོགས་ལ་པུས་མོ་བཙུགས་ཏེ་འགྲོ་བ་དང༌། ཙོག་པོར་འདུག་པའི་ཚུལ་གྱི་སྡོད་པ་དང༌། སླར་ཡང་རྒྱུགས་པ་དང༌། ཚ་དམྱལ་གྱི་གནས་ལྕགས་བསྲེགས་དང༌། མེ་དང༌། དམྱལ་བའི་སེམས་ཅན་སྡུག་བསྔལ་མྱོང་བའི་རྣམ་པ་ཡོད་པ་གཅིག་གི་སར་ཡང་འཚོལ་བ་དང༌། གྲང་
དམྱལ་གྱི་གནས་མཚོན་བྱེད་གངས་རི་དང༌། ས་གཞི་དཀར་པོ་སེམས་ཅན་ལུས་ཚལ་པར་གས་པ་ཡོད་པ་གཅིག་ཏུ་ཡང་དེའི་ཚོལ་བ་རྒྱུགས་པ། རི་རབ་སྟེང་འོག་ཏུ་བང་རིམ་དང་བཅས་པ་རྩེ་མོ་ཚང་བ། མཚོ་ནང་ནས་སྐྱེས་པ་ལོགས་ལ་ཕྱང་ཙམ་ཕག་ནས་འཐོན་པ་ཞིག་འབྲི། དེའི་བང་རིམ་དང་རྩེ་མོ་རྣམས་སུ་དེ་རྒྱུགས་པ་དང༌། རི་རབ་གྱི་རྩེ་མོའི་ཕྱོགས་གཅིག་ན་ལྷ་དང་གནོད་སྦྱིན་ཁྲོ་བོ་འགའ་ཞིག་གི་དེ་བཟུང་ཞིང་ཕྱིར་སློག་པ་དང༌། རི་རབ་ཀྱི་བང་རིམ་གྱི་ཕྱོགས་གཅིག་ན། རྣམ་ཐོས་སྲས་བཞུགས་པའི་དྲུང་དུ་གནོད་སྦྱིན་མོ་དེ་ཞུ་བ་བྱེད་པ་དང༌། ཚུར་དེ་དགའ་བའི་ཚུལ་གྱི་ལོག་ཡོང་བ་དང༌། ཡང་གནོད་སྦྱིན་མི་མ་ཡིན་གྱི་ཁང་པ་ཤ་ཁྲག་ཐོ་རེ་བ་སྔ་མ་དེ་དང་འདྲ་བའི་དྲུང་ན། སངས་རྒྱས་བཞུགས་པའི་དྲུང་དུ། དེ་ཐལ་མོ་སྦྱར་ཏེ་ཆོས་ཉན་པ་དང༌། སྐུའི་གཡས་སུ་ལྷུང་བཟེད་ཁ་སྦུབ་པ་དང༌། གཡོན་དུ་ཁྱེའུ་གསེར་མདོག་དེ་ཉིད་ཡོད་པ་འབྲིའོ། །བསྡུ་ན་དེ་ཙམ་གྱིས་ཆོག་ལ། དེ་ལས་ཅུང་ཟད་རྒྱས་པར་བྱེད་ན། ཐོག་མའི་སྐབས་དེའི་བཀོད་པ་ལ། གྲོང་ཁྱེར་གྱི་སྟེང་དུ། གདུགས། རྒྱལ་མཚན། དར་མང་པོ་ཕྱར། ས་གཞི་ལ་མེ་ཏོག་དོར། སྤོས་མང་པོ་བཏང༌། ལྷ་རྟེན་མང་པོ་ཡོད་པའི་སར། གཏོར་མ་དང་མཆོད་པ་སྣ་ཚོགས་བཤམས་པ་དང༌། སྐྱེ་བོ་མང་པོ་ཚོགས་པ་ལ་ནམ་མཁའ་ནས་ལྷ་གཅིག་གིས་གཏམ་སྨྲ་བ་དང༌། གཞུག་ཏུ་ཡང་གྲོང་ཁྱེར་ཆེན་པོར་མི་རྣམས་དགའ་སྟོན་བྱེད་པའི་རྣམ་པ་འབྲི་སྟེ། གནོད་སྦྱིན་མོ་ཕྲོག་མ་བརྟུལ་བའི་སྡེ་ཚན་ནོ། །༼ཁི༽ ཡང་བཀོད་པ་གཅིག་ལ་ཡུལ་ལྗོངས་གཉིས་འབྲི་ཞིང༌། དེ་གཉིས་ཀྱི་བར་རི་དང་ནགས་ཚལ་དང༌། ཡུལ་ཕྲ་མོ་མང་པོས་བར་ཆོད་པ། ཡུལ་ལྗོངས་ཕར་ཕྱོགས་དེ་ཅུང་ཟད་ཆུང་བར་བྱ་སྟེ། གྲོང་ཁྱེར་གྱི་དབུས་ན་
ཕོ་བྲང་ཆེ་བ་ཞིག་བྱ། དེའི་དབུས་སུ་རྒྱལ་པོ་ཆེན་པོ་གཅིག་ལ་རྒྱལ་ཕྲན་མང་པོ་འདུད་པ་དང༌། བློན་པོ་དང་དམག་མི་སོགས་འཁོར་ཚོགས་མང་པོས་སྐོར་བ། ཡང་དེ་དང་ཉེ་བའི་ཕྱོགས་གཅིག་ཏུ། ཁང་བཟང་གི་མདུན་གྱི་ཁྱམས་ཡངས་པའི་དབུས་སུ་རྒྱལ་པོ་ཆེན་པོ་དེ་དང༌། དེའི་གཡས་གཡོན་དུ་བློན་པོ་འགའ་རེ་དང༌། མདུན་ནས་ཚོང་པ་འགའ་རེའི་སྐྱེས་འབུལ་བ་དང༌། གཏམ་བྱ་བའི་ཚུལ་བྱ། དེ་དང་འདབས་འབྱོར་བའི་ཁང་བཟང་ཞིག་རྒྱལ་པོས་ཕོ་ཉ་དྲུག་ཙམ་ལ་བཀའ་གནང་ཞིང༌། བཀའ་ཡིག་གི་སྒྲོམ་བུ་གཏོད་པ་དང༌། ཡང་ཡུལ་དེའི་ཕྱོགས་གཅིག་ནས། རྒྱལ་པོ་དེའི་དཔུང་ཚོགས་ཡན་ལག་བཞི་དང༌། འཁོར་གོས་རྒྱན་བཟང་པོ་ཅན་མང་པོས་བསྐོར་ནས། ཡུལ་ལྗོངས་ཚུར་ཕྱོགས་དེར་ཡོང་བའི་ཚུལ་དང༌། ཡང་ཡུལ་ལྗོངས་གཉིས་པའི་བར་མཚམས་དེ་ལ་ཕོ་ཉ་བ་རྣམས་ཕར་འགྲོ་དང་ཚུར་ཡོང་བའི་བཀོད་པ་བྱ། ཡུལ་ལྗོངས་ཚུར་ཕྱོགས་དེ་ལ། མཐའ་སྐོར་དུ་གྲོང་ཁྱེར་ཕོ་བྲང་དང་བཅས་པ་དྲུག་འབྲི། དེ་རེ་རེ་བཞིན་རྒྱལ་པོ་རེའི་མདུན་དུ། ཕོ་ཉ་རེ་རེའི་སྒྲོམ་བུ་གཏོད་པ་རེ་འབྲི། ཡུལ་ལྗོངས་དེའི་དབུས་ཀྱི་ཆ་ལ། གུང་དུ་གཙུག་ལག་ཁང་གཅིག་ན། བཅོམ་ལྡན་འདས་ཀྱི་སྐུའི་མཐའ་སྐོར་དུ། དགེ་སློང་གཟི་བརྗིད་ཆེ་བ་གཅིག་དང༌། གཞན་དགེ་སློང་མང་པོ་དང༌། མཐའ་ལ་སྐྱེ་བོ་སྣ་ཚོགས་པ་འབྲི། དེའི་གཡས་ཁང་བཟང་ཆེན་པོ་གཅིག་གི་མདུན། རྒྱལ་སྲིད་སྣ་བདུན་དང་བཅས་པ། ཕྱག་གཡོན་དུ་གཞུ་འཛིན་ཞིང༌། མདའ་ལྔ་ནམ་མཁའ་ལ་འགྲོ་བའི་མི་དེའུ་རྩེ་ལ་པདྨ་རེ། པདྨའི་ལྟེ་བ་ལ་རྒྱལ་པོ་རེ་རེ། དེ་རེ་རེ་ལས་འོད་ཟེར་སྟེང་འོག་ཐམས་ཅད་དུ་འགྲོ་བའི་ཚུལ་བྱ། དེའི་སྐུ་མདུན་དུ་སྔར་གྱི་ཡུལ་ལྗོངས་ཕར་
ཕྱོགས་ཀྱི་རྒྱལ་པོ་དེ་ལ་བློན་པོས་གཞུ་གཏོད་པའི་ཚུལ་དང༌། རྒྱལ་པོ་དེའི་གཞུ་འཐེན་ཀྱང༌། འཐེན་མ་ཐུབ་པ་དང༌། དེ་འཁོར་དང་བཅས་པས་རྒྱལ་པོ་དེ་ལ་ཕྱག་འབུལ་བའི་ཚུལ་འབྲི། དབུས་ཀྱི་གཙུག་ལག་ཁང་དེའི་གཡོན་གྱི་ཕྱོགས་སུ་ཁང་བཟང་གཅིག་གི་ནང་དུ། སངས་རྒྱས་འཁོར་དང་བཅས་བཞུགས་པ་ལ། རྒྱལ་པོ་གཅིག་གིས་ཞུ་བ་འབུལ་བའི་ཚུལ་འབྲིའོ། །དེ་དག་ནི་རྒྱལ་པོ་ཀ་པི་ན་འཁོར་བཅས་བརྟུལ་བའི་སྐོར་རོ། །༼གི༽ ཡང་ཡུལ་ཕྱོགས་གཉིས་ཤིག་བྱ་སྟེ། ཡུལ་ཕར་ཕྱོགས་དེ་ན། ཁང་བཟང་གཅིག་ཏུ་རྒྱལ་པོ་གཅིག་གིས་ཁྱིམ་བདག་གཅིག་ལ་བཀའ་སྩོལ་བ་དང༌། ཡང་ཁྱིམ་བདག་དེས་ཁྱིམ་གཅིག་གི་རྩར་འདོད་ཡོན་སྣ་ཚོགས་བཤམས། སྐྱེ་བོ་མང་པོ་ལ་སྦྱིན་པ་གཏོང་བའི་བཀོད་པ་བྱེད། དེའི་དྲུང་དུ་བྲམ་ཟེ་དྲང་སྲོང་མང་པོ་ཡོད་པ་ལ། ཟས་ནོར་མང་པོ་སྟེར་བ་ཞིག་འབྲི། ལོགས་གཅིག་ན་བྲམ་ཟེ་དྲང་སྲོང་དེ་རྣམས། ཡུལ་གཞན་ནས་དེར་འོང་བའི་བཀོད་པ་འབྲི། དགོས་པ་ལ་ཐོག་མར། ཐག་རིང་གཅིག་ནས་འོང་པ་ལ། ཉེ་སྐོར་གཞན་ན་ཆུ་མེད་པ་ལ། ཤིང་སྡོང་གཅིག་གི་ཕྱོགས་གཅིག་ནས་བྲམ་ཟེ་དྲང་སྲོང་རྣམས་ཀྱི་སྣོད་སོ་སོ་ནས་ཆུ་འཛེད་ཅིང༌། ཤིང་གི་རྩེ་མོ་ནས་གཟུགས་མེད་པའི་ལག་པ་ལག་གདུབ་ཅན་ཞིག་བརྐྱང་སྟེ་བུམ་པ་བཟུང་ནས་སྣོད་དེ་རྣམས་སུ་བླུགས་པའི་ཚུལ་དང༌། ཕྱོགས་གཅིག་ནས་དེ་དག་གིས་ཤིང་ལ་གཏམ་སྨྲ་བའི་ཚུལ་བྱ། དེ་ནས་རི་གཅིག་རྒྱབ་པའི་ཡུལ་ཞིག་ཏུ། ཤིང་གི་གཡས་གཡོན་གཉིས་ནས་དྲང་སྲོང་རྣམས་གཏམ་སྨྲ་བའི་ཚུལ་བྱ། རིའི་ཕག་ཞིག་ན་མཚོ་ཆུ་བྱ་དང་མེ་ཏོག་གིས་གང་བ། འགྲམ་ན་ཟས་སྣ་ཚོགས་ཀྱིས་གང་བའི་སྣོད་བཞག་པ། དྲང་སྲོང་ལ་ལ་དེ་ཕྱོགས་ལ་རྒྱུག་ཅིང༌། ལ་ལ་དེར་སླེབ་ནས། མཚོ་ནས་
འཐུང་བ་དང་ཁ་ཟས་ཟ་བའི་ཚུལ་འབྲི། དེ་དང་སྔར་གྱི་སྦྱིན་གཏོང་གི་ཁང་པའི་བར་དུ་ཡང་རི་གཅིག་གིས་ཆོད་པ་འབྲི། སྦྱིན་གཏོང་ཁང་པའི་རྒྱབ་ཏུ། སྔར་གྱི་ཁྱིམ་བདག་དེ་དང་དྲང་སྲོང་དེ་རྣམས་གཏམ་སྨྲ་བ་དང༌། ཁང་བཟང་གཅིག་ཏུ་ཁྱིམ་བདག་གཅིག་རྒྱལ་པོ་ལ་ཞུ་བ་བྱེད་པ་དང༌། ཁྱིམ་བདག་དེ་དང་དྲང་སྲོང་རྣམས་སྡེབས་ཏེ། ཡུལ་ཕྱོགས་ཚུར་དེར་འོང་བའི་བཀོད་པ་དང༌། ཡུལ་ཚུར་ཕྱོགས་དེ་ན། ཁང་བཟང་ཆེན་པོའི་ཕྱི་ཁྱམས་ཀྱི་སྒོ་དྲུང་ན། ཁྱིམ་བདག་དང་དྲང་སྲོང་དེ་རྣམས་ཚོགས་པ་དང༌། ཁང་བཟང་གི་ནང་ཁྱིམ་བདག་དེ་དང༌། ཁྱིམ་བདག་གཟི་བརྗིད་ཅན་ཞིག་སྟན་གཅིག་ལ་སྒྲིགས། དྲང་སྲོང་དེ་རྣམས་ཀྱང་མདུན་ན་འདུག་པ་དང༌། ཁང་བཟང་དེའི་ཕྱི་རོལ་ཕྱོགས་གཅིག་ན་ཕར། ཁྱིམ་བདག་གཟི་བརྗིད་ཆེ་བ་དེས། ཁྱིམ་བདག་དང་དྲང་སྲོང་རྣམས་ཁྲིད་ཅིང་འགྲོ་བ་དང༌། དེའི་ཡང་ཚུར་ཕྱོགས་ནས་སངས་རྒྱས་འཁོར་མང་པོས་བསྐོར་ཏེ། ཆོས་གསུངས་པ་དང༌། དེ་རྣམས་ཀྱང་ཕྱག་འཚལ་ཞིང་ཆོས་ཉན་པ་རྣམས་འབྲི། ཡང་ཕྱོགས་གཅིག་ཏུ་སངས་རྒྱས་ཀྱི་དྲུང་དུ། དྲང་སྲོང་དེ་རྣམས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་པའི་བར་དུ་འབྲི། ཡང་གཙུག་ལག་ཁང་གཅིག་གི་ནང་དུ་བཅོམ་ལྡན་འདས་ལ་ཞུ་བ་ཞུ་ཞིང༌། སྒོའི་ཕྱི་ནས་ཁྱིམ་བདག་དེ་ཡུལ་ཕར་ཕྱོགས་སུ་འགྲོ་བའི་ཚུལ་འབྲི། བསྐུལ་བྱེད་ཞེས་བྱ་བའི་དགྲ་བཅོམ་པ་ཞིག་དང༌། ལྷན་ཅིག་དུ་བར་ལམ་དེ་ནས་འགྲོ་བ་དང༌། ཡུལ་ལྗོངས་ཕར་ཕྱོགས་དེར་དེ་གཉིས་ཀྱི་ཁ་ལྟ་བྱེད་ཅིང་སྐྱེད་མོས་ཚལ་ཞིག་གི་དབུས་སུ་གཙུག་ལག་ཁང་རྩིག་པ་དང༌། ཡུལ་ཚུར་ཕྱོགས་དེར་སངས་རྒྱས་འཁོར་བཅས་ཀྱི་དྲུང་དུ་ཕོ་ཉ་ཞིག་སླེབ་པ་དང༌། སངས་རྒྱས་འཁོར་བཅས་ཡུལ་ཕར་ཕྱོགས་དེར་གཤེགས་པའི་ཚུལ་
དང༌། བར་ལམ་དེ་ན་མཆོད་པ་མང་པོ་དང་བཅས་བཞུགས་པ་དང༌། ཡུལ་ལྗོངས་ཕར་ཕྱོགས་དེའི་དོམ་ཆེ་ས་ཞིག་ཏུ། གཙུག་ལག་ཁང་རྒྱ་ཆེ་བར་བྱས་ཏེ། དེའི་ཕྱི་ནས་སངས་རྒྱས་འཁོར་བཅས་འབྱོན་པ་ལ་སྐྱེ་བོ་མང་པོས་བསུ་བ་དང༌། མཆོད་པ་དང༌། ལྟ་བ་དང༌། གཙུག་ལག་ཁང་གི་ཁང་བཟང་གི་ནང་ན། སངས་རྒྱས་འཁོར་བཅས་བཞུགས་པས་མཆོད་པ་འབུལ་བ་དང༌། དེ་གཉིས་ཆར་གྱི་སྟེང་གི་ནམ་མཁའ་ནས། ལྷ་རྣམས་ཀྱི་མེ་ཏོག་གི་ཆར་འབེབས་པ་འབྲི། ཡང་རྒྱལ་པོའི་ཕོ་བྲང་ཕྱི་ཁྱམས་རྡོ་ཆལ་འདྲ་བ་ཞིག་ན། སངས་རྒྱས་འཁོར་བཅས་ལ། རྒྱལ་པོ་འཁོར་བཅས་ཀྱི་མཆོད་པ་དང༌། ཆོས་ཉན་པ་འབྲི། ཡང་ཁང་བཟང་གཞན་ཞིག་གི་ཕྱོགས་གཅིག་ཏུ། རྒྱལ་པོའི་བཙུན་མོ་འཁོར་བཅས་ཁྲི་དང་གདན་ཞིག་ལ་འདུག་ཅིང༌། གཡོག་མོ་རྒུར་མོ་ཞིག་ལངས་ཏེ་ཚིག་བརྗོད་པའི་ཚུལ་དང༌། ཡང་དེ་ཁའི་ཕྱོགས་གཞན་གཅིག་ཏུ། གཡོག་མོ་དེ་ཁྲི་ལ་བཞགབཙུན་མོ་འཁོར་བཅས་ཆོས་ཉན་ཞིང་ལུས་ལ་འོད་འཕྲོ་བའི་རྣམ་པ་བྱ། ཡང་ཁང་བཟང་དེ་འདྲ་བ་ལ། གློ་དཀར་ཤིན་ཏུ་མང་བ་གཏོད་པ་ནས། བཙུན་མོ་འཁོར་བཅས་ལྟ་ཞིང༌། ཕྱི་རོལ་ཀྱི་ས་གཞི་ལ། སངས་རྒྱས་འཁོར་བཅས་ཕེབས་པའི་བཀོད་པ་འབྲི། དེ་དག་དང་འབྲེལ་བའི་ཡུལ་ལྗོངས་ལོགས་པ་ཆུང་ངུ་ཞིག་ན། སངས་རྒྱས་འཁོར་བཅས་གྲོང་ཁྱེར་དུ་གཤེགས་པ་ཞིག་དང༌། གྲོང་ཁྱེར་དེ་དང་ཉེ་བའི་ནགས་ན། སངས་རྒྱས་ཕར་འབྱོན་པ་དང་དེའི་རྗེས་བར་ཐག་ཡོད་པ་གཅིག་ན། བྲམ་ཟེ་གཅིག་དང༌། བུད་མེད་གཅིག་དང༌། བུ་མོ་ལང་ཚོ་ལ་བབ་པ་གཅིག་རྣམས་འགྲོ་བའི་བཀོད་པ་བྱ། ནགས་དེ་བརྒལ་བའི་ནགས་མཐོང་གཅིག་ན། སངས་རྒྱས་བཞུགས་པའི་ཕྱོགས་གཅིག་
ཏུ། དེ་རྣམས་སླེབ་པ་དང༌། ཉེ་སྐོར་ཕྱོགས་གཅིག་ན་བུད་མེད་ལུས་སྦོམ་པ། སྐྲ་བརྫེས་པ། མིག་ཞུམ་བུའི་མིག་ལྟ་བུ་འཇིགས་པའི་ལུས་སུ་གྱུར་པ་ཞིག་འབྲི། དེ་ནས་ཕར་ཕྱོགས་ཡུལ་ལྗོངས་སྔ་མ་དེར། སྐྱེད་མོས་ཚལ་གཅིག་ན་བྲམ་ཟེ་གཅིག་དང་བུད་མེད་གཞོན་ནུ་གཅིག་འདུག་པ་ལ་མི་མང་པོས་སྐོར་བ་དང༌། རྒྱལ་པོའི་ཕོ་བྲང་གི་ཁང་བཟང་གཉིས་ན། རྒྱལ་པོ་བཙུན་མོ་ཆེ་ཆུང་གཉིས་དང་བཅས་པ་ཟས་ཀྱི་བཀོད་པ་མང་པོ་ཡོད་པ་རེ་འབྲི། ཁང་བཟང་གཅིག་གི་འོག་ཁང་ན། མི་གོས་ངན་པ་གྱོན་པ། ཁྱིམ་བྱ་ཐོགས་པ་ཞིག་དང༌། གཅིག་གི་འོག་ཏུ་བཙུན་མོ་ཆུང་བ། བྱའི་ཤ་ཐོགས་པ་ཞིག་འབྲི། ཡང་འཁོར་སའི་ཁྱམས་ཞིག་ན། བཙུན་མོ་ཆེ་བ་འཁོར་བཅས་འདུག་པ་ལ། རྒྱལ་པོས་རྒྱང་ནས་མདའ་གཞུ་འགེངས་པ་དང༌། མདའ་གཅིག་བར་ལམ་དུ་ལྷུང་བ་དང༌། གཅིག་ཚུར་ལོག་ནས་རྒྱལ་པོ་རང་གི་དྲུང་དུ་ལྷུང་བ་དང༌། ཡང་ཁང་པ་དེ་ཁར་བཙུན་མོ་དེ་ཁྲི་ལ་འདུག་པ་ལ། རྒྱལ་པཽས་ཐལ་མོ་སྦྱར་ཞིང་བཟོད་པ་གསོལ་བའི་ཚུལ་འབྲི། ཡང་ཁང་བཟང་གཞན་ཞིག་ཏུ་བཙུན་མོ་དེ་རྣམས་འཁོར་བཅས་ལ། ཡོ་བྱད་མང་པོའི་མཆོད་པ་དང༌། དེ་རྣམས་ཀྱི་སངས་རྒྱས་ཀྱི་བཀའ་ཀློག་པ་དང༌། ཡི་གེ་འབྲི་བའི་བཀོད་པ་བྱ། འདིར་དེ་ཙམ་ཞིག་འབྲི་སྟེ། ཡུལ་ཀོ་ཤམྦྷིར་གཤེགས་ཤིང། ཁྱིམ་བདག་གདེངས་ཅན་གྱི་ཀུན་དགའ་ར་བ་ཕུལ་བ་དང༌། རྒྱལ་པོ་ཤར་པ་ལ་སོགས་པ་ཡུལ་དེའི་སྐྱེ་བོ་རྣམས་དགེ་བ་ལ་བཀོད་པའི་སྐབས་སོ། །༼ངི༽ ཡང་ཡུལ་གཅིག་ཏུ་རྒྱལ་པོའི་རྣམ་པ་གཅིག་གི་མདུན་ན། རིན་པོ་ཆེའི་ཁྲི་ལ། གཞོན་ནུ་མཛེས་པ་རིན་པོ་ཆེའི་དབུ་རྒྱན་ཅན། ལྷག་མ་རྒྱན་ཅུང་ཟད་ཙམ་དང༌། གོས་དཀར་པོ་ཅན། ལག་ན་པར་བུ་འཛིན་པ་གཅིག་ལ། མི་མང་པོས་ཕྱག་
འཚལ་ཞིང་འབུལ་བ་བྱེད་པ་འབྲི། ཡང་གཞོན་ནུ་དེ་ཁ་སྐྱེད་མོས་ཚལ་འདྲ་བ་རྭ་བས་བསྐོར་བ་གཅིག་ན། སློབ་མ་གོས་དཀར་པོ་གྱོན་པ། གཙུག་ཕུད་མ་གཏོགས་སྐྲ་བྲེགས་པ། རྣ་རྒྱན་མ་གཏོགས་རྒྱན་སྤངས་པ་མང་པོ་ཞིག་ལ་བཤད་པ་བྱེད་པའི་ཚུལ་བྱ་ཞིང༌། དེ་རྣམས་ལ་ལ་པོ་ཏི་དང༌། ལ་ལ་པར་བུ་དང༌། ལ་ལ་གཟེབ་མ་འཁྲིས་སུ་བཞག་པ་འབྲི། ཡང་ཕྱོགས་གཅིག་ན་བཅོམ་ལྡན་འདས་ཀྱི་དྲུང་ན་གཞོན་ནུ་དེ་འདུག་པ་འབྲི། བཅོམ་ལྡན་འདས་ནམ་མཁའ་ལ་གཤེགས་པའི་སྐུ་ཆོས་ཀྱི་གྲལ་འཇུས་ཏེ་འགྲོ་བ་དང༌། རི་ནགས་ཚལ་དང་སྨན་དུ་མས་གང་བ་གཅིག་གི་རྩེ་མོར་རྡོ་ལེབ་གཅིག་ལ་སངས་རྒྱས་བཞུགས་པ། གཞོན་ནུ་ནགས་ཚལ་དང༌། སྨན་ལྗོངས་ནས་སྨན་མཐུ་བའི་ཚུལ་དང༌། ཡང་རིའི་ཕྱོགས་གཅིག་ཏུ་སྨན་རྣམས་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ་སྤུང༌། སྟོན་པ་ལ་ཆོས་ཉན་པའི་ཚུལ་དང༌། ཡང་སྟོན་པའི་ཆོས་གོས་ཀྱི་གྲ་ལ་འཇུས་པ་ལ་ཚུར་འབྱོན་པའི་བཀོད་པ་དང༌། སྐྱེད་མོས་ཚལ་གྱི་དབུས་ན་གཙུག་ལག་ཁང་ཡོད་པ་གཅིག་ན་སངས་རྒྱས་ལ་བསོད་སྙོམས་འབུལ་ཞིང་གཞོན་ནུ་དེ་ཉིད་ཆོས་ཉན་པ་འབྲི། འཚོ་བྱེད་གཞོན་ནུ་པོས་འཕགས་པའི་གནས་ལ་བཀོད་པའི་སྐོར་རོ། །༼ཅི༽ ཡང་ཡུལ་ལྗོངས་གཅིག་ན། ཁང་བཟང་ཕྱི་རིམ་ནང་རིམ་མང་པོ་ཡོད་པ་གཅིག་ན། ལྷ་མོའི་གཟུགས་ཅན་ཤིན་ཏུ་མང་པོས་ཁྱབ་པ། དབུས་ཀྱི་ཁང་བཟང་ན་ལྷ་མོ་གཅིག་དང༌། རྒྱལ་པོ་གཅིག་རྣམས་གནས་པ། ཁང་བཟང་དང་ཤིང་སོགས་ཐམས་ཅད་ནས་འོད་འབྱུང་བ་གཅིག་དང༌། ཡང་དེ་དང་ཉེ་བར་ཁང་པ་དེ་ཁ་འདྲ་བ་འོད་མེད་པ། མི་ཕལ་པ་ལང་ལོང་སྣ་ཚོགས་ཀྱིས་གང་བ། ཁང་བཟང་ན་རྒྱལ་པོ་གཅིག་ཡོད་པ། གཞན་ཕོ་བྲང་
རྣམ་པ་གཅིག་ན། འོད་འཕྲོ་བ་དང༌། ལྷ་མོ་དང་ནོར་བུས་གང་བ། ཁང་བཟང་ན་སྔར་གྱི་ཁྱིམ་བདག་དེ་དང༌། ལྷ་མོ་ཞིག་འབྲིའོ། །ཕོ་བྲང་གི་རྣམ་པ་འདྲ་བ་དེའི་ཕྱི་རོལ་ན། ཡང་ཁང་པ་གཞན་གཅིག་ན། འོད་དང་ནོར་བུ་ལྷ་མོ་སོགས་སྔར་བཞིན་ལ། ཕྱི་ལ་དམག་མི་ཐོ་རེ་བ་ཡོད་པ། རྒྱ་ཕིབས་ཀྱི་བྱ་འདབས་[གོ་ཆ་གོན་པའི་མི་འགའ་རེ་རྒྱབ་གཞུང་ཀམ་པའི་ཚད་ཙམ་བྱ་འདབས།]ལ་འཕྱར་བ་དང༌། རྨོག་གྱོན་པའི་མགོ་བྱ་འདབས་འཕྱར་ཞིང་ལུས་ཀྱང་འཕྲུལ་དུ་འདུག་པ་གཅིག་དང༌། ཡང་ཁྱིམ་བདག་དེའི་ཁྱིམ་གྱི་ཡོ་བྱད་ཐམས་ཅད་རབ་བྱུང་དང༌། བྲམ་ཟེ་དང༌། ཕོངས་པ་རྣམས་ལ་སྟེར་བའི་ཚུལ་དང༌། སངས་རྒྱས་ཀྱི་དྲུང་དུ་འགྲོ་བ་དང༌། སྤྱན་སྔར་རབ་ཏུ་བྱུང་ཞིང་ལུས་ལས་འོད་འཕྲོ་བ་འབྲི་སྟེ་མེ་སྐྱེས་རབ་ཏུ་བྱུང་ཞིང་དགྲ་བཅོམ་པ་ཐོབ་པའི་སྐོར་རོ། །༼ཆི༽ ཡང་ཕྱོགས་གཅིག་ན་མཚོ་ཁ་ཞིང་ཆེ་བས་ཆོད་པའི་ཕར་ཕྱོགས་གླིང་གི་རྣམ་པ་ཞིག་ཏུ་ཁང་བཟང་དང༌། ཕོ་བྲང་དང༌། རྩྭ་ཤིང་ལོ་མའི་ཁྱིམ་དང་བཅས་པ་འབྲི། ཕོ་བྲང་དེའི་སྐར་ཁུང་ནས་བུ་མོ་ཞིག་གི་ཉན་པ་དང༌། གྲོང་ཁྱེར་གྱི་གསེབ་ན། ཚོང་པ་མང་པོའི་གསེབ་ནས་ཚོང་པ་འགའ་ཞིག་ཁ་སྟོན་བྱེད་པ། ཕྱིའི་ཕྱོགས་གཅིག་ཏུ་བུ་མོ་མཆོག་དེ་འཁོར་དང་བཅས་པ། ཚོང་པ་དེ་རྣམས་ལ་གཏམ་འབྲི་བ། ཡང་ཕྱོགས་གཅིག་ཏུ་དེས་དེ་རྣམས་ལ་ཡི་གེ་སྐྱེས་བཅས་གཏོད་པ་འབྲི། ཡང་གླིང་དེ་ཁར་དེ་དང་མ་འདྲེས་ཙམ་བྱས་ནས། ཚོང་པ་མང་པོས་སངས་རྒྱས་ཀྱི་བྲིས་སྐུ་ཕྱེ་བ་ཤིང་རིང་པོ་ལ་བཏགས་པ། བུ་མོ་དང་རྒྱལ་པོ་དང༌། སྐྱེ་བོ་མང་པོས་མཆོད་པ་བྱེད་ཅིང༌། སྟེང་གི་ནམ་མཁའ་ནས་ལྷས་མཆོད་པ་བྱེད་ཅིང་མེ་ཏོག་གི་ཆར་འབབས་པ། ཁང་བཟང་གཅིག་ཏུ་བྲིས་སྐུ་དེ་བཀྲམས་པའི་མདུན་ན།
ལུས་སྲང་ཐལ་མོ་སྦྱར་ལུས་ལས་འོད་འཕྲོ་བ་འབྲི། ཡང་ཕྱི་རོལ་ཕྱོགས་གཅིག་ན། བུ་མོ་དེ་འཁོར་བཅས་ཀྱི་མུ་ཏིག་མང་པོ་སྣོད་དུ་རྡེག་པ་དང༌། ཡིག་སྣོད་ཚོང་པ་ལ་གཏོད་པ་འབྲི། བར་གྱི་རྒྱ་མཚོ་ལ་ཚོང་པ་རྣམས་གཟིངས་ལ་ཞུགས་ཏེ་ཕར་འགྲོ་བ་དང༌། ཚུར་ཡོང་བ་གཉིས་ཀར་འབྲི། ཚུར་ཕྱོགས་དེར་ཆུ་འགྲམ་ནས། ཐང་དང་རི་དང་ནགས་ལ་སོགས་པས་ཚུར་ཕྱོགས་ཀྱི་ཡུལ་ལྗོངས་ན། གཙུག་ལག་ཁང་གཅིག་ཏུ་སངས་རྒྱས་ལ། ཚོང་པས་ཡི་གེ་འབུལ་བའི་ཚུལ་དང༌། ཡང་གཙུག་ལག་ཁང་གཞན་གཅིག་གི་མདུན་ན། སངས་རྒྱས་ཀྱི་སྐུ་མདུན་དུ་རས་གཞི་རྒྱངས་པ་ལ་བྲིས་པ་ཞིག་གིས་སངས་རྒྱས་ལ་འདྲ་ལེན་བྱེད་ཚུལ་དང༌། ཡང་ཕྱོགས་གཅིག་ཏུ་སངས་རྒྱས་ཀྱི་སྐུ་ལས་འོད་ཟེར་འཕྲོས་རས་གཞི་དེ་ལ་ཕོག་སྐུའི་རྣམ་པ་གཟུགས་བརྙན་དུ་ཤར་བ་ལ། ཚོན་འགྱེད་པ་དང༌། ཡིག་མཁན་གྱི་ཐང་ཀ་དེའི་སྟོད་སྨད་དུ་ཡི་གེ་འབྲི་ཚུལ་དང༌། བྲིས་སྐུ་སྣོད་དུ་བཅུག་དེ། ཚོང་པ་རྣམས་ལ་སངས་རྒྱས་ཀྱིས་གཏོད་པར་མཛད་པ་དང༌། ཡང་ཕྱོགས་གཅིག་ཏུ་གཙུག་ལག་ཁང་གི་ནང་ན་སངས་རྒྱས་དགེ་འདུན་དང་བཅས་པའི་མདུན་དུ། ཚོང་པ་རྣམས་ཀྱི་ཡི་གེ་དང་སྒྲོམ་བུ་འབུལ་བ་དང། སྒྲོམ་བུ་ཁ་ཕྱེ་ནས་མུ་ཏིག་ཚོ་གསུམ་དུ་བགོས་པ་འབྲི། ཡུལ་ལྗོངས་ཕར་ཕྱོགས་གླིང་དེར། ཆུ་དང་ཐང་ལ་མུ་ཏིག་འཛིན་པའི་ཉ་ཕྱིས་དང༌། རིན་པོ་ཆེ་དུ་མ་དང༌། ནགས་ཚལ་ལ་གླང་པོ་ཆེས་ཁྱབ་པ། ཁྱིམ་གྱི་བུད་མེད་རྣམས་བུད་མེད་ཀྱི་མཆོག་འབའ་ཞིག་འབྲིའོ། །དེ་ནི་རྒྱལ་པོའི་བུ་མོ་མུ་ཏིག་ཅན་བདེན་པ་ལ་བཀོད་པ་སྟེ། ལོ་རྒྱུས་སྔ་མའི་འཕྲོས་སོ། །༼ཇི༽ ཡང་བཀོད་པ་གཞན་ཞིག་ལ། ཡུལ་ལྗོངས་ཕན་ཚུན་གཉིས་བྱས་ཤིང༌། བར་དེ་ན་རི་དང་ནགས་ཚལ་དང༌། ཡུལ་ལྗོངས་ཆུང་ངུ་
འགའ་རེ་བྱ། ཡུལ་ལྗོངས་ཚུར་ཕྱོགས་དེ་ན་ཁང་བཟང་གཅིག་ན་བཅོམ་ལྡན་འདས་འཁོར་ཉན་ཐོས་ཀྱི་དགེ་འདུན་དང་བཅས་སྟེ་བཞུགས་པ་དང༌། ཡང་ཁྱིམ་བདག་ཕོ་མོ་གཟི་བརྗིད་ཆེ་བའི་མདུན་ན། བུ་མོ་མཆོག་འཁོར་འགའ་རེ་དང་བཅས་པ་འབྲི། ཁྱིམ་དེ་ཁའི་སྒོ་དྲུང་ན། གཅེར་བུ་པའི་ཆ་བྱད་གཞོན་ནུ་གཅིག་དང༌། གཞན་སློང་བ་པོ་འགའ་རེ་ཁང་བཟང་ལ་ལྟ་བ་འབྲི། ཡང་ཁྱིམ་གྱི་སྒོ་གཅིག་ནས། གཅེར་བུ་པའི་གཟུགས་ཅན་དེ་ལ་བུད་མེད་མཆོག་དེས་ཕྱེ་སྣོད་གང་སྟེར་བ་དང༌། དེས་ཀྱང་སྙུག་ཐགས་ཀྱི་སྣོད་གཅིག་ཏུ་འཛེད་པ་འབྲི། བུ་མོ་དེས་དེ་ལ་སྨོད་པའི་ཚུལ་ཡང་འབྲི། ཡང་དེ་དང་ཉེ་བ་གཅིག་ན། བཅོམ་ལྡན་འདས་ལ་ཁྱིམ་བདག་གཅིག་གིས་ཞུ་བ་ཞུ་བ་དང༌། ཕྱོགས་གཅིག་ནས་བུ་མོ་དེ་ཤིང་རྟར་བཞུགས་ནས་ཡུལ་ཕར་ཕྱོགས་དེ་ལ་གཏད་ནས་འགྲོ་ཚུལ་དང༌། ཡང་ཕྱོགས་གཅིག་ཏུ་གཙུག་ལག་ཁང་གི་ཕྱི་ཁྱམས་ན་སངས་རྒྱས་འཁོར་བཅས་བཞུགས་པའི་སྟེང་གི་ནམ་མཁའ་ལ་མེ་ཏོག་གི་ཁང་བཟང་དང༌། བདུག་སྤོས་ཀྱི་སྤྲིན་དང༌། ཆུ་ནོར་བུ་འབར་བའི་དབྱིབས་ཅན་ཡོད་པ་དང༌། དགེ་སློང་གཅིག་ལངས་པ་ལ་བཅོམ་ལྡན་འདས་ཀྱི་བཀའ་སྩོལ་བ་དང༌། ཡུལ་ཆུང་ཕྲ་མོ་མང་པོ་ན། དགེ་སློང་མང་པོ་ཡོད་པའི་སར། དགེ་སློང་རེ་རེས་ཚུལ་ཤིང་འགྲེམས་པའི་ཚུལ་དང༌། ཡང་ཡུལ་ལྗོངས་གཉིས་པོའི་བར་གྱི་ཡུལ་ཆུང་ངུ་དེ་རྣམས་སུ་སངས་རྒྱས་རེ་རེ་སྐྱེ་བོ་མང་པོ་ལ་ཆོས་སྟོན་པ་དང༌། ཡུལ་ཆུང་ཕྲ་མོ་མང་པོ་ན། དགེ་སློང་མང་པོ་ཡོད་པ་དེ་སར་ལྗོངས་ཕར་ཕྱོགས་དེ་ན། སྔར་གྱི་བུ་མོ་འཁོར་བཅས་ཚུར་ཡོང་བ་དང༌། གྲོང་གི་ཁང་བཟང་དུ་ཁྱིམ་བདག་གི་བུ་ཁྱུ་མཆོག་ཅེས་བྱ་བས། དེ་བག་མར་སློང་བའི་བཀོད་པ་དང༌། ཡང་ཁྱིམ་དེའི་ཕྱོགས་གཅིག་ན་སྒྱུག་མོས་མནའ་མ་དེ་ལ་གཏམ་སྨྲ་བ་དང༌། འཁོར་སའི་
ཁྱམས་ཡངས་པ་ཞིག་ཏུ། གཅེར་བུ་པ་མང་པོ་འདུས་པ་ཞིག་ལ། སྒྱུག་མོ་དེ་དང་ཁྱིམ་བདག་དེ་མཆོད་པ་བྱེད་ཅིང༌། བུ་མོ་དེ་གདོང་ཕྱིར་ཕྱོགས་དེ་འདུག་པ་དང༌། ཡང་ཁྱིམ་དེའི་ཕྱོགས་གཅིག་ན། བུ་མོ་དེས་དེ་གཉིས་ལ་གཏམ་སྨྲ་བ་དང༌། ཁང་སྟེང་ན་མཆོད་པ་བཤམས་ཤིང༌། བུ་མོ་དེས་ཡུལ་ལྗོངས་ཚུར་ཕྱོགས་དེ་ལ་གདོང་ཕྱོགས་དེ་ཐལ་མོ་སྦྱར་བ་དང༌། མཆོད་པ་ནམ་མཁའ་ལ་འཕགས་པ་ལ་སྐྱེ་བོ་མང་པོ་ལྟ་བ་སྟེ། བཀོད་པ་དེ་རྣམས་ཡུལ་ལྗོངས་དེ་ཁའི་འོག་ཕྱོགས་སུ་ཡོང་བར་བྱ་ཞིང༌། དེའི་སྟོད་ཀྱི་ཕྱོགས་དོམ་ཆེ་སར། ཕར་ཕྱོགས་དང་ཉེ་བ་ཤས་ཆེ་བའི་ནམ་མཁའ་ལ། སངས་རྒྱས་འཁོར་བཅས་འབྱོན་པ་དང༌། ཚུར་ཕྱོགས་ས་མཐིལ་ལ། གྲོང་ཁྱེར་ཕོ་བྲང་སོགས་འབྲི་སྟེ། དེ་ཡང་གྲོང་ཁྱེར་དུ་སླེབ་ལ་ཁད་ཀྱི་ནམ་མཁའ་ལ། ཤིང་རྟའི་སྟེང་ན་དགེ་སློང་གཅིག་གློག་འགྱུ་བ་དང༌། ཆར་འབེབས་པ། དེའི་རྒྱབ་ཕྱོགས་ཀྱི་གཡས་གཡོན་སྟེང་འོག་ངེས་མེད་ལ། ཤིང་དང་བྱ་དང་མེ་ཏོག་གི་རྒྱན་པའི་བྲག་རིའི་རྩེ་མོ་ལ། དགེ་སློང་ཡོད་པ་གཅིག་དང༌། སེང་གེས་དྲངས་པའི་ཤིང་རྟ་ལ་དགེ་སློང་གནས་པ་ཞིག་དང༌། གླང་པོ་ཆེ་ཐལ་ཀར་མཆེ་བ་དྲུག་པ་ལ་ཆིབས་པའི་དགེ་སློང་དང༌། གསེར་གྱི་པདྨ་བཻ་ཌུརྻའི་སྡོང་བུ་དངུལ་གྱི་གེ་སར་ཅན་ལ་གནས་པའི་དགེ་སློང་དང༌། བྱ་ཁྱུང་གིས་དྲངས་པའི་ཤིང་རྟ་ལ་གནས་པའི་དགེ་སློང་དང༌། སྤྱོད་ལམ་ཤིན་ཏུ་ཞི་བས་ནམ་མཁའ་ལ་འབྱོན་པའི་དགེ་སློང་ཞིག་དང༌། གསེར་གྱི་ཏ་ལའི་ནགས་ན་གནས་པའི་དགེ་སློང་ཞིག་དང༌། བཻ་ཌུརྻ་ལས་གྲུབ་པའི་ཁང་བཟང་ན་གནས་པའི་དགེ་སློང་ཞིག་དང༌། གླང་དཀར་པོས་ཤིང་རྟ་ལ་གནས་པའི་དགེ་སློང་ཞིག་དང༌། ངང་པས་དྲངས་པའི་ཤིང་རྟ་ལ་གནས་པའི་དགེ་སློང་ཞིག་དང༌། ནགས་ཚལ་ན་འཆག་ཅིང་འོང་པའི་དགེ་སློང་
ཞིག་དང༌། རྒྱལ་སྲིད་སྣ་བདུན། དཔུང་ཡན་ལག་བཞི། བུ་སྟོང་དང་བཅས་པའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཞིག་འོང་བའི་རྣམ་པ་དང༌། ལ་ལ་མེ་འབར་བ། ལ་ལ་ཆར་འབེབས་པ། ལ་ལ་འོད་འགྱེད་པ། ལ་ལ་གདན་གྱི་ཟུར་བཞི་ནས་ལྷའམ་གནོད་སྦྱིན་གྱིས་འདེགས་པ། ལ་ལ་དཀྱིལ་ཀྲུང་གི་གནས་པ་སོགས་ཐམས་ཅད་ཀྱང་ནམ་མཁའི་མཐོང་ནས་འོང་བ། དེ་ཐམས་ཅད་ཀྱི་རྗེས་མཐོ་སར། ཡང་དག་པར་རྫོགས་པའི་སངས་རྒྱས། སྐུའི་རྒྱབ་ནས་ཕྱག་ན་རྡོ་རྗེ། གཡས་ན་བརྒྱ་བྱིན། གཡོན་ན་ཚངས་པ། སྟེང་ན་གནས་གཙང་མའི་ལྷ། འོག་ནས་འདོད་ཁམས་ཀྱི་ལྷ་རྣམས་ཀྱིས་མཆོད་པ་སྣ་ཚོགས་འབུལ་ཞིང༌། སྐུ་མདུན་ནས་ཟུར་ཕུད་ལྔ་པ་སོགས་དྲི་ཟ་རྣམས་ཀྱི་རོལ་མོ་བརྡུང་པ། སྐུའི་གསེར་གྱི་འོད་ཟེར་གྱིས་ནམ་མཁའ་ཁྱབ་པ་འབྲི། མཉན་ཡོད་ནས་བྱོན་ནས་དེའི་བར་དུ་མི་དང་མི་མིན་གྱི་སྲོག་ཆགས་བདུན་ཁྲི་བདུན་སྟོང་བདེན་པ་ལ་བཀོད་དོ། །དེ་ནས་གྲོང་ཁྱེར་དང་ཉེ་བའི་ས་སྒང་མཐོ་བ་ན། ཁྱིམ་བདག་དང་དགེ་སློང་སོགས་སྐྱེ་བོ་མང་པོ་ལ། བུ་མོ་དེས་དེ་དག་སྟོན་པའི་ཚུལ་དང༌། ཚུར་ཕྱོགས་དེའི་ས་གཞི་ལ། སངས་རྒྱས་འཁོར་བཅས་ཕེབས་ཤིང༌། སྐྱེ་བོ་དཔག་ཏུ་མེད་པས་མཆོད་པ་དང༌། སྒོ་བཅོ་བརྒྱད་ནས། སྟོན་པ་སྐུའི་བཀོད་པ་རེ་རེ་འཇུག་ཅིང༌། དབུས་ཀྱི་ཁང་བཟང་གཅིག་ན། བཅོམ་ལྡན་འདས་འཁོར་བཅས་ལ་གདུགས་ཚོད་གསོལ་ཞིང༌། མཆོད་པ་དཔག་ཏུ་མེད་པ་གཏིབས་པ་དང༌། གཅིག་ན་ཁང་བཟང་ཤེལ་ལས་གྲུབ་པ། ཕྱི་ནང་ཐམས་ཅད་འཁོར་གྱིས་གང་བ་ལ་ཆོས་སྟོན་པ། སྟེང་གི་ནམ་མཁའ་ནས་མེ་ཏོག་གི་ཆར་འབེབ་ཅིང༌། ལྷ་དང་མི་མ་ཡིན་དུ་མས་མཆོད་ཅིང་ཆོས་ཉན་པ་འབྲི། དེ་ནི་གྲོང་ཁྱེར་བུ་རམ་ཤིང་འཕེལ་དུ་བྱོན་ཞིང༌། མ་ག་དྷ་བཟང་མོ་ལ་
སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་བདེན་པ་ལ་བཀོད་པའི་ལེ་ཚན་ནོ། །༼ཉི༽ ཡང་ཡུལ་ཡངས་པ་ཅན་མཚོན་བྱེད་ཀྱི་གྲོང་ཁྱེར་གཅིག་དང༌། དེ་དང་ཉེ་བའི་གཙུག་ལག་ཁང་གཅིག་ཏུ། སངས་རྒྱས་མཉམ་བཞག་ལ་བཞུགས། གཙུག་ལག་ཁང་དང༌། རྩྭའི་སྤྱིལ་པོ་སོགས་གནས་མལ་སྣ་ཚོགས་པ་ན་དགེ་སློང་དག་འཁོད་པ་དང༌། དགེ་སློང་ནམ་མཁའ་ནས་འབྱོན་པ་མང་པོས། ལྷུང་བཟེད་ཤིང་ཏོག་གིས་བཀང་ནས་དགེ་སློང་གཞན་ལ་སྟེར་བ་དང༌། འབྲས་ལ་སོགས་པ་འབྲུ་མང་པོས་བཀང་ནས་སྟེར་བ་དང༌། ཁ་ཟས་ཀྱི་ཁྱད་པར་བླངས་ནས་སྟེར་བ་དང༌། ས་ལ་འདུག་ནས་རང་ཉིད་ཀྱང་ལོངས་སྤྱོད་པ་སོགས་འབྲི། དེ་ནས་ཡང་ས་སྟོང་གཅིག་ཏུ། སངས་རྒྱས་ཀྱི་སྐུ་མདུན་ན། དགེ་སློང་རྟགས་མཚན་ཡོད་པ་གཅིག་ཞུ་བ་ཞུ་བའི་ཚུལ་བྱ་སྟེ། དེ་ལྷས་སྦྱིན་ནོ། །རྟགས་མཚན་ནི་ཁ་དོག་དབྱིབས་གཞན་དང་མི་འདྲ་བའམ། གོས་ལ་སོགས་པའི་རྟགས་མཚན་ནོ། །དེའི་དགོས་པ་འདི་རྣམས་གྲངས་དུ་མ་འབྲི་དགོས་པས། མ་ནོར་བར་གོ་བའི་ཆེད་དོ། །ཡང་དགེ་སློང་གཞན་མང་པོ་སོ་སོར་འདུག་པའི་རྩ་ན་ཡང་ལྷས་སྦྱིན་དེ་ཞུ་བ་ཞུ་བའི་ཚུལ་བྱ། གྲོང་ཁྱེར་གཞན་གཅིག་ཏུ་ལྷས་སྦྱིན་དེ་དགྲ་བཅོམ་པ་གཅིག་གི་ཞབས་ལ་གཏུགས་པ་ཡང་འབྲི། སྤྱིལ་པོ་གཅིག་ན་ལྷས་སྦྱིན་དེ་མཉམ་བཞག་བྱས་པ་ཡང་འབྲི། ཡུལ་དེ་དང་བར་དུ་ཆུ་བོ་གངྒ་གིས་ཆོད་པའི་ཡུལ་གཞན་ཞིག་ཏུ། རྒྱལ་པོའི་ཕོ་བྲང་སྒོ་འགའ་རེ་ཡོད་པ་ཞིག་གིས་སྒོ་གཅིག་ནས་གླང་པོ་ཆེ་དཀར་པོ་ནང་དུ་འོང་བ་དང༌། གཅིག་ནས་ཕྱིར་འགྲོ་བ་དང༌། གཅིག་ནས་རྟ་རྒྱན་གྱིས་བརྒྱན་པ་ཡོང་ཞིང༌། གཅིག་ཤོས་ནས་ཕྱིར་འགྲོ་བ་དང༌། དགེ་སློང་སྣམ་སྦྱར་གོན་པ་དང༌། ཁྱེའུ་དང་བུ་མོ་དང༌། རྨ་བྱ་ལ་སོགས་པ་གཞན་ཡང་གཟུགས་སྣ་ཚོགས་དང༌། དེ་ལ་ཁང་བཟང་གི་ནང་ནས། རྒྱལ་པོ་མ་སྐྱེས་དགྲ་དེ།
རྒྱལ་པོ་དར་བབ་གཅིག་གི་རྣམ་པས་ལྟ་བ་དང༌། ཡང་ཁང་བཟང་གཅིག་ཏུ་བྱིས་པ་ལོ་བདུན་བརྒྱད་འགྲོ་བའི་རྣམ་པ། གསེར་གྱི་མདོག་ཅན་རྒྱན་གྱིས་བརྒྱན་པ་ཞིག་རྒྱལ་པོའི་པང་དུ་འགྲོ་ལྡོག་བྱེད་པ་དང༌། ཡང་ཕྱོགས་གཅིག་ན་སྤྱིལ་པོའི་གནས་ཁང་ན་ལྷས་སྦྱིན་ལ་འཁོར་དགེ་སློང་མང་པོ་ཡོད་པ་དང༌། རྒྱལ་པོ་ཤིང་རྟ་ལ་ཞུགས། འཁོར་ཕྲུ་བ་ཟས་ཀྱིས་གང་བ་མང་པོ་དག་ཐོགས་པས་བསྐོར་བ་སྟེ། ལྷས་སྦྱིན་གྱི་ཕྱོགས་སུ་འགྲོ་བ་དང༌། ལྷས་སྦྱིན་འཁོར་བཅས་ཕྱོགས་ཡངས་པ་ཞིག་ཏུ་གྲལ་སྒྲིགས་ཏེ་ཁ་ཟས་ལ་ལོངས་སྤྱོད་པ་དང༌། དེ་དག་ལས་གཞན་པའི་ཕྱོགས་གཅིག་གི་རེ་ཞིག་གི་རྩེ་ན། དགྲ་བཅོམ་པ་གཅིག་གི་མདུན་ན། ལྷ་སེར་པོ་གོས་དཀར་གྱོན་པ་ཞིག་གིས་གཏམ་སྨྲ་བ་དང༌། སྔར་གྱི་རྒྱལ་པོའི་ཕོ་བྲང་དང་ཉེ་བ་ཞིག་ན། གཙུག་ལག་ཁང་ཕྱི་ར་བ་གཅིག་གི་ནང་ཁང་བཟང་ལོགས་གཅིག་ན། སངས་རྒྱས་ལ་དགྲ་བཅོམ་པ་གཅིག་གིས་ཞུ་བ་བྱེད་པ་དང༌། ཁང་བཟང་གཞན་ཞིག་ཏུ། སྟོན་པའི་དྲུང་ན་ལྷས་སྦྱིན་ཞུ་གསོལ་བྱེད་ཅིང༌། སྒོ་དྲུང་དེ་ནས་དེ་ཁྲོས་ཏེ། མགོ་བཅོགས་ཤིང་འགྲོ་བའི་རྣམ་པ་བྱ། དེ་ནས་སྟོན་པས་དགེ་སློང་གཅིག་ལ་བཀའ་སྩལ་བའི་ཚུལ་དང༌། དགེ་སློང་སྟོན་པ་ལ་རྔ་ཡབ་གཡོབ་པའི་ཚུལ་དང༌། དེ་དང་ཉེ་བར་དགེ་འདུན་རྣམས་ཕྱོགས་གཅིག་ཏུ་ཚོགས་པ་དང༌། ཕྱོགས་གཅིག་ཏུ་ལྷས་སྦྱིན་ལ་དགེ་སློང་གཅིག་གིས་གཏམ་སྨྲ་བ་དང༌། དགེ་སློང་ཞིག་ལ་དགེ་སློང་གཞན་ཞིག་གཏམ་སྨྲ་བ་དང༌། དེ་ནས་ཡང་ཕྱོགས་གཞན་ཞིག་ཏུ། ཕོ་བྲང་གཅིག་མས་རྒྱལ་པོ་བགྲེས་ཉམས་ཡོད་པ། ཤིང་རྟར་ཞུགས་པ་འཁོར་བཅས་སྣོད་མང་པོ་ཁ་ཟས་ཀྱིས་བཀང་པ་ཐོགས་པ་དང་བཅས་པ་ལ། ཕོ་བྲང་དེ་ཉིད་ཀྱི་ཕྱོགས་གཞན་གཅིག་ནས་རྒྱལ་པོ་དར་བབ་དེས། རྡོ་རྗེ་རྩེ་གཅིག་པར་གྲགས་པའི་མདུང་ཕྱེད་པ་འཕངས་པས། སྣོད་རྣམས་
ཆག་སྟེ། ཁ་ཟས་བོ་བ་དང༌། ཕྱོགས་གཞན་ས་ཁུལ་ཐག་རིང་ཙམ་ཞིག་ཏུ་ཁང་པ་ཁྱད་པར་ཅན་གྱི་སྟེང་ནས། གཞོན་ནུ་རྒྱན་གྱིས་བརྒྱན་པ་ནམ་མཁའ་ལ་ཐལ་མོ་སྦྱར་བ་དང༌། ཉི་མའི་དཀྱིལ་འཁོར་གྱི་དཀྱིལ་ནས་དགྲ་བཅོམ་པ་ཞིག་བྱུང་སྟེ། ཁང་སྟེང་དུ་བབས་པ་དང༌། ཕྱོགས་གཅིག་ཏུ་དེ་ལ་ཆོས་སྟོན་པའི་བཀོད་པ་དང༌། དགྲ་བཅོམ་པ་དེས་རྫུ་འཕྲུལ་གྱིས་ཁ་ཟས་ཀྱི་སྣོད་ཆེན་པོ་བླངས་ཏེ་ནམ་མཁའ་ལ་འགྲོ་བའི་ཚུལ་དང༌། བཀོད་པ་སྔ་མ་དེའི་སྡེབས་ལ། གཙུག་ལག་ཁང་གི་ནང་དུ་སངས་རྒྱས་འཁོར་བཅས་བཞུགས་པའི་སྐུ་མདུན་དུ། དགྲ་བཅོམ་པ་དེས་ཁ་ཟས་དེ་འབུལ་བའི་ཚུལ་བྱ། ཡང་བཀོད་པ་གཞན་ལ་ཡུལ་ཕྱོགས་རིམ་པ་གཉིས་བྱས་ཏེ། བར་དུ་ཆུ་ཕྲན་ཆུང་ངུས་ཆོད་པར་བྱ། ཚུར་ཕྱོགས་དེ་ན་གཙུག་ལག་ཁང་ན་སངས་རྒྱས་མཉམ་པར་བཞག་པ་དང༌། དགེ་སློང་རྫུ་འཕྲུལ་ཅན་རྣམས་ཀྱིས་ཤིང་འབྲས་དང༌། འབྲུ་དང་ཟས་བླང་ནས་དགེ་སློང་གཞན་ལ་སྟེར་བ་སྔ་མ་དང་འདྲ་བ་འབྲི། དེའི་འཁྲིས་ཕྱོགས་གཅིག་ན། ལྷ་སྦྱིན་འཁོར་བཞི་དང་བཅས་པས་དགེ་སློང་མང་པོ་ལ་ཁ་ཟས་དང་ཆོས་གོས་སྟེར་བ་ཡང་འབྲི། དེ་ནས་དགེ་སློང་མང་པོ་ལྷས་སྦྱིན་གྱིས་ཁྲིད་ནས་འགྲོ་བ་དང༌། ཆུའི་ཕ་རོལ་ཀྱི་ཡུལ་དེའི་སྣེ་ཟིན་པའི་ནགས་ཀྱི་གུང་ཞིག་ཏུ་དགེ་སློང་དེ་རྣམས་ཀྱིས་མཐའ་བསྐོར་ཏེ་འདུག །ལྷས་སྦྱིན་དབུས་སུ་འདུག་ནས་གཏམ་སྨྲ། དགེ་སློང་གཅིག་ཚུལ་ཤིང་འགྲེམས་པའི་ཚུལ་བྱ། ཡང་དེ་འཁོར་བཅས་ཕར་སོང་སྟེ་གནས་གཅིག་ཏུ་འདུག་པ་ལ། རྒྱལ་པོས་ཤིང་རྟ་མང་པོ་བཟའ་བཅས་བཀང་སྟེ་སྐྱེལ་བ་དང༌། ཡང་ས་ཕྱོགས་ཡངས་པ་ཞིག་ཏུ། ལྷས་སྦྱིན་ཆོས་སྟོན་པའི་ཚུལ་བྱེད་པ། གཡས་གཡོན་དུ་དགེ་སློང་གཉིས་བཞག་པ་ལ་གྲུ་སུག་བྱེད་པ་དང༌། རྒྱང་རིང་པོ་ནས་མཆོག་ཟུང་གཅིག་
འབྱོན་པའི་ཚུལ་བྱ། ཡང་ལྷས་སྦྱིན་གྱི་གཡས་གཡོན་ནས་དགེ་སློང་གཉིས་འབྲོས་པ་དང༌། མཆོག་ཟུང་གཅིག་གཡས་གཡོན་དུ་འགྲེང་སྟེ་བཞུགས་པའི་བཀོད་པ་གཅིག ཡང་ལྷས་སྦྱིན་ཆོས་གོས་སྔས་སུ་བཅུག་ནས་གཉིད་ལོག་པ་ཁ་གདེངས་ཏེ་ཉལ་པ་དང༌། མཽ་འགལ་གྱི་བུས་ནམ་མཁའ་ལ་རྫུ་འཕྲུལ་སྣ་ཚོགས་སྟོན་པ་དང༌། ཤཱ་རིའི་བུས་འཁོར་རྣམས་ལ་ཆོས་སྟོན་པ་དང༌། དགེ་སློང་གཅིག་གིས་ལྷས་སྦྱིན་གཉིད་ལོག་པ་མཛུབ་མོས་སྟོན་པ་དང༌། དེ་ནས་མཆོག་ཟུང་གཅིག་གིས་དགེ་སློང་དག་ཁྲིད་དེ་བྱོན། ལྷས་སྦྱིན་གཉིད་ཀྱི་ནོན་པ། དགེ་སློང་གཅིག་གི་གཉིད་གསོད་ཚུལ་བྱས་ཀྱང་མ་སད་པ་དང༌། དེའི་འཁྲིས་ན་རྗེས་ལ་གཉིད་སད་ནས་ཕྱིར་སྙེགས་སྤྲོད་པའི་ཚུལ་ལ། མདུན་དུ་གྲོག་པོ་ཆེན་པོས་ལམ་ཆོད་དེ་མཐར་ནས། ཚུར་ལྡོག་ནས་ཁོང་རང་གི་གྲོགས་དགེ་སློང་གཅིག་ལ་ཁུ་ཚུར་བསྣུན་པའི་ཚུལ་དང༌། དེ་ནས་ཆུ་བརྒལ་བའི་ཡུལ་ཚུར་ཕྱོགས་དེར་མཆོག་ཟུང་དགེ་སློང་དེ་དག་ལམ་ནས་ཡོད་པའི་ཚུལ་དང༌། སྟོན་པའི་དྲུང་དུ་དེ་རྣམས་ཐམས་ཅད་ཆོས་ཉན་པ། ཚོགས་པའི་མཐའ་སྐོར་དུ་འོད་ཟེར་གྱིས་བསྐོར་པ་འབྲི། དེ་དག་ནི་དགེ་འདུན་གྱི་དབྱེན་བྱུང་ཞིང་མཆོག་ཟུང་གཅིག་གིས་བསྡུམ་པའི་སྐབས་སོ། །༼ཏི༽ དེ་ནས་ཁང་པ་ཞིག་གི་ནང་ན་རྒྱལ་པོ་བགྲེས་ཉམས་ཅུང་ཟད་ཡོད་པ་ཅིགལུས་རིད་ཅིང་སྐེམས་པ་བཙོན་དུ་ཞུགས་པའི་རྣམ་པ་དང༌། དེའི་མདུན་ན་དགེ་སློང་གཅིག་ཆོས་སྟོན་པའི་ཚུལ་དང༌། དེའི་ཕར་ཕྱོགས་རིའི་ངོས་ལ་སངས་རྒྱས་ཞབས་འཆག་པའི་ཚུལ་དང༌། སྐུ་ལས་འོད་ཟེར་འཕྲོས་པ། བཙོན་ཁང་དེའི་དཀར་ཁུང་ཆུང་ངུ་གཅིག་དང༌། བརྩིག་པ་གས་པའི་སེར་ཁ་ནས་ཞུགས་ཏེ། བཙོན་ཁང་གི་ནང་འོད་ཟེར་གྱིས་ཁྱབ་པ་དང༌། ཡང་
བཙོན་ཁང་དེའི་ཕྱོགས་གཅིག་ནས་སྐྱེ་བོ་མང་པོ་འཛུགས་པ་དང༌། ཁང་པ་དེའི་ཕྱོགས་གཅིག་ཏུ། རྒྱལ་པོ་དེ་ཡང་འདས་པ་དང༌། དེའི་ཐད་ཀྱི་ནམ་མཁའ་ལ་གཞལ་མེད་ཁང་གཅིག་ན། རྒྱལ་པོ་རྣམ་ཐོས་སྲས་ཀྱི་པང་ན་ལྷའི་བུ་གསེར་མདོག་གཅིག་ཡོད་པ། དེ་དང་བཙོན་ཁང་དེའི་བར་གསེར་རིས་ཀྱིས་སྦྲེལ། ཡང་ཕྱོགས་གཅིག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་མདུན་དུ། ལྷའི་བུ་གསེར་མདོག་དེས་མཆོད་པ་མང་པོ་བྱེད་པ་འབྲི། དེ་ནི་གཟུགས་ཅན་སྙིང་པོ་རྣམ་ཐོས་བུའི་གནས་སུ་སྐྱེས་པའི་བཀོད་པ་སྟེ་གཞན་དང་འབྲེལ་བ་མ་སྐྱེས་དགྲ་སྡིག་པའི་གྲོགས་པོས་བཟུང་བའི་ལོ་རྒྱུས་མང་དུ་ཡོད་དེ། བཀོད་པ་མི་མཛེས་པས་རེ་ཞིག་བཞག་གོ །དེ་ནས་སྟོན་པའི་སྐུ་མདུན་ན་གར་མཁན་འགའ་ཞིག་གིས་གར་སྒྱུར་བ་དང༌། སངས་རྒྱས་ཀྱི་ཞལ་ལས་འོད་ཟེར་སྤྲོས་ཏེ། སྟེང་འོག་གཉིས་ལ་མཐའ་མེད་དུ་སོང་པ་དང༌། འོད་ཟེར་གྱི་སྣེ་གཅིག་སྐུའི་མགྲིན་པར་ཐིམ་པའི་བཀོད་པ་འབྲི། དེ་ན་ཕྱི་རྒྱ་གཅིག་གི་ཁང་པ་མི་འདྲ་བ་གསུམ་ན། རྒྱལ་པོ་མ་སྐྱེས་དགྲ་དར་བབ་དེ་དང༌། ལྷས་སྦྱིན་གྲོས་བྱེད་པའི་ཚུལ་རེ་རེ་འབྲི། ཡང་ཡུལ་ལྗོངས་གྲོང་ཐོ་རེ་བའི་རྣམ་པའི་ཕྱོགས་གཅིག་ན། མི་གཅིག་གི་གསེར་བཞུ་བ་དང༌། འགའ་ཞིག་གི་ལྷས་སྦྱིན་གྱི་ལུས་ལ་གསེར་བྱུག་པ་དང༌། དེའི་འཁྲིས་སུ་ལྷས་སྦྱིན་ལུས་གཅེར་བུ་གསེར་གྱི་མདོག་སྲབ་སྲེབ་ཏུ་སོང་བ་གཅིག་འབྲི། ཡང་ཕྱོགས་གཅིག་ཏུ་ལྷས་སྦྱིན་རྩིག་པའི་ཚུར་ཕྱོགས་ན་ཡོད་པ། རྩིག་པའི་བུ་གར་རྐང་པ་གཉིས་བཅུག་ནས་རྐང་པ་ཕར་ཕྱོགས་སུ་ཐོན་པ། དེ་ལ་ལྕགས་མགར་འགའ་ཞིག་གིས་ལྕགས་སྲེགས་ཀྱི་འཁོར་ལོའི་པར་ཐོག་ནས། ལྷས་སྦྱིན་ཀྱི་རྐང་མཐིལ་ལ་སྦྱོར་བ་དང༌། དེ་བཞིན་དུ་ལག་མཐིལ་ལ་ཡང་བྱེད་པ་འབྲི། ཡང་ཕྱོགས་གཅིག་ཏུ་གྲོང་ཁྱེར་གྱི་གཡས་ཕྱོགས་ཀྱི་ལམ་
དུ། མི་མང་པོ་མཚོན་ཆ་ཐོགས་པ་དང༌། གཡོན་ཕྱོགས་ཀྱི་ལམ་བཞི་མདོ་ན་ཡང་དེ་ལྟ་བུ་དང༌། གཞན་ཡང་ལམ་གྱི་བཞི་མདོ་དག་མི་མཚོན་ཆ་ཐོགས་པ་འགའ་རེ་འགའ་རེ་ཡོད་པ་དང༌། སའི་སྒང་ངམ་རི་ཆུང་པོ་དོ་གཅིག་གི་རྩེ་ན། ལྷས་སྦྱིན་རང་ཡང་རལ་གྲི་དང་ཕུབ་ཐོགས་ནས་གནས་པ། སྒྱོགས་འཆའ་བ་ལྟ་བ་རི་གཅིག་གི་རྩེ་མོ་ན། སྒྱོགས་འཆའ་བའི་ཚུལ་དང༌། རི་དེའི་རི་འགྲམ་ན་གྱད་འདྲ་རུང་ཞིག་འཁོར་བཅས་ལ། ལྷས་སྦྱིན་གྱིས་མུ་ཏིག་གི་དོ་ཤལ་སོགས་སྟེར་བ་དང༌། རི་དེའི་ཕར་ཕྱོགས་བྲག་གཡངས་སུ་ཡོད་པ། དེ་ལ་སྐས་བཙུགས་ནས་མི་མང་དུ་འབབ་པ་དང༌། སྒྱོགས་བཤམས་པའི་རྩེ་ནས། གྱད་ལྟ་བུ་དེ་དང་མི་གཞན་ཞིག་གཏམ་སྨྲ་བ་ཡང་འབྲི། རི་དེའི་ཕར་ཕྱོགས་རི་བོ་ནགས་ཚལ་གྱིས་བརྒྱན་པ་ཞིག་ལ་སངས་རྒྱས་ཞབས་འཆག་པའི་ཚུལ་འབྲི། ཡང་དེའི་སྟེང་འོག་ཉེ་སྐོར་གང་འོས་སུ། རི་དེ་གཉིས་ཀ་སྔར་དང་འདྲ་བ་ལ། གཡང་ས་ལ་བཙུགས་པའི་སྐྲས་ཀ་དེ་མེད་པ། རིའི་སྟེང་ལ་ལྷས་སྦྱིན་འཛེགས་པ་དང༌། རིའི་རྩེ་མོ་ལྷས་སྦྱིན་ཉིད་ཀྱིས་སྒྱོགས་ཐག་འཐེན་ནས། སྒྱོགས་འཕེན་ཚུལ་དང༌། སྒྱོགས་རྡོ་ཤིན་ཏུ་ཆེ་བ་བར་སྣང་ལ་བྱུང་བས། གནོད་སྦྱིན་ལག་ན་རྡོ་རྗེས། སྒྱོགས་རྡོ་དེ་ཕྱེད་མར་བཏང་བ་དང༌། གནོད་སྦྱིན་གྱད་གྱི་གཟུགས་འདྲ་བ་ཞིགསྒྱོགས་རྡོ་དེའི་དུམ་བུ་ཆེ་བ་གཅིག་དང་ཐུག་ནས་ས་ལ་ལྷུང་བ་དང༌། ཕར་ཕྱོགས་ཀྱི་རི་དེའི་སྐེད་པ་ན། སྟོན་པས་གྱད་འདྲ་བའི་མི་དེ་སོགས་མི་མང་པོ་ལ་ཆོས་གསུང་ཞིང་འཁོར་བཅས་འོད་ཟེར་འཕྲོ་བ། རིའི་རྩེ་མོའི་ཕུག་ཞིག་ན། སངས་རྒྱས་བཞུགས་པའི་ཞབས་ཀྱི་མཐེ་བོང་ལ། རྡོའི་དུམ་བུ་ཕྲ་མོ་ཞིག་ཕོག་སྟེ་སྐུ་མཚལ་བྱུང་བའི་རྣམ་པ་དང༌། རིའི་སྐེད་ནས་ཕར་གྱད་འདྲ་བ་དེ་སོགས་མི་རྣམས་མགྱོགས་པར་བྲོས་པའི་རྣམ་པ་འབྲི།
ཡང་རི་བོ་ནགས་ཚལ་དང་ལྡན་པ་དེ་ཁ་འདྲ་བ་ཞིག་གི་ངོས་ལ། སྟོན་པ་འཁོར་ཅི་རིགས་དང་ལྡན་པ། ཞབས་ཀྱི་མཐེ་བོང་ལས། སྐུ་མཚལ་གྱི་རྒྱུན་ཕྲ་མོ་འབབ་པ། ཞལ་ལས་གསེར་གྱི་འོད་ཟེར་སྤྲོས་པ། སྟེང་འོག་ཏུ་སོང་ཞིང༌། འོད་ཟེར་གྱི་རྩེ་མོ་མགྲིན་པར་འདུ་བ། དེ་འདྲ་ཚར་གསུམ་ཡོད་པ་ལས། གཅིག་གི་སྐུ་མདུན་ན་ཚོང་དཔོན་གྱིས་ཙན་དན་ས་མཆོག་འབུལ་བ་དང༌། གཅིག་གི་སྐུ་མདུན་ན་བུད་མེད་གཅིག་གི་རང་གི་འོ་མ་སྣོད་ཆུང་གཅིག་ཏུ་འབུལ་བ་དང༌། གཅིག་ལ་སྨན་པ་འདྲ་བ་གཉིས་ལས། གཅིག་གིས་སྨན་འདེབས་པ་དང༌། གཅིག་གིས་སྔགས་འདེབས་པའི་ཚུལ་བྱ། ཡང་དེ་ཁ་འདྲ་བ་གཞན་གཅིག་ལ། ཞལ་ལས་འོད་ཟེར་སྤྲོ་བ་མི་དགོས། སྐུ་མདུན་ན་དགེ་སློང་དར་ཡོལ་གཅིག་ཐལ་མོ་སྦྱར་ཏེ་བཞུགས་པ་དང༌། སྐུ་མཚལ་གྱི་རྒྱུན་ཆད་པ་འབྲི། ཡང་ཕྱོགས་གཅིག་ན། ཤིང་དྲུང་གཅིག་ན་ལྷས་སྦྱིན་མཉམ་བཞག་བྱེད་པ་ལྟར་རྫུ་བ་དང༌། སྐྱེ་བོ་མཚོན་ཆ་ཐོགས་པ་འགའ་རེ་ཡོང་ཞིང༌། དེ་མཐོང་ནས་ལྡོག་འགྲོ་བ་དང༌། བཀོད་པ་དེ་དག་ཐམས་ཅད་ཀྱི་བར་ན། དགེ་སློང་གཉིས་གཉིས་གསུམ་གསུམ་ཚོགས་ནས་གཏམ་བྱེད་པའི་ཚུལ་མང་དུ་འབྲི། དེ་ནས་ཡང་ཕྱོགས་གཅིག་ན། རྒྱལ་པོའི་ཕོ་བྲང་གི་ནང་ན་རྒྱལ་པོ་དང་ལྷས་སྦྱིན་གྲོས་བྱེད་པ་དང༌། གྲོང་ཁྱེར་གྱི་གསེབ་ན་རྒྱལ་པོའི་ནང་འཁོར་ཐོད་བཅིངས་ཤིག མཚོན་ཆ་བཏགས་པ། བ་དན་རིང་པོ་ཐོགས་པས་མི་རྣམས་ལ་དྲིལ་སྒྲོག་པའི་ཚུལ་དང༌། ར་བ་གཅིག་ན་གླང་པོ་ཆེ་མང་པོའི་དབུས་ན། གླང་པོ་ཆེ་ཆེས་ཆེ་བ་ཡོད་པ། རྒྱལ་པོའི་ནང་འཁོར་དེས་གླང་རྫི་ལ་གཏམ་སྨྲ་བའི་ཚུལ་དང༌། ཁྱིམ་བདག་གཅིག་གིས་ཁང་པ་ཡངས་པོ་ཞིག་གི་ཕྱོགས་གཅིག་ན་ཁ་ཟས་མང་པོ་སྦྱོར་ཚུལ་དང༌། གཙུག་ལག་ཁང་སངས་རྒྱས་དང་དགེ་སློང་མང་པོས་གང་བའི་ཕྱོགས་གཅིག་ན།
སངས་རྒྱས་ལ་ཁྱིམ་བདག་གཅིག་གིས་ཞུ་བ་ཞུ། ཕྱོགས་གཅིག་ན་སངས་རྒྱས་ཀྱི་མདུན་དུ་ཁྱིམ་བདག་དེ་མཆི་མ་འབྱིན་པའི་ཚུལ་བྱ། སྔར་གྱི་ཕོ་བྲང་དེའི་ཐོག་ཁ་ནས། རྒྱལ་པོ་དང་ལྷས་སྦྱིན་གཉིས་ལྟ་བའི་ཚུལ་དང༌། གཙུག་ལག་ཁང་དང༌། ཁྱིམ་བདག་གི་ཁང་པའི་བར་ས་སྟོང་ཡངས་སར་བཞག་ལ། སངས་རྒྱས་ཕེབས་པ་ལ་ཕྱོགས་གཅིག་ནས་གླང་པོ་ཆེ་དེ་སྦད་ཅིང༌། དེ་ཡང་ཁྲོས་ནས་རྒྱུགས་པའི་ཚུལ་དང༌། བཅོམ་ལྡན་འདས་ཀྱི་དྲུང་ན་དགེ་སློང་གཅིག་འདུག་ཅིང༌། གཞན་རྣམས་ཕན་ཚུན་དུ་བྲོས་པ་དང༌། ཡང་སངས་རྒྱས་ཀྱི་ཕྱག་གཡས་པའི་ཕྱག་སོར་ལྔ་བརྐྱངས་བ་ལས། སེང་གེ་རལ་པ་ཅན་ལྔ་བྱུང་ནས། གླང་པོ་ཆེ་ཕར་བདས་ཤིང་ཕར་ཕྱོགས་གཡང་ས་དང་མེས་འཁོར་ཏེ་འདུག་པ་དང༌། ཡང་གླང་པོ་ཆེ་དེ་ཚུར་ལྡོག་ནས་སངས་རྒྱས་ལ་སྣས་ཕྱག་འཚལ་བ་དང༌། སངས་རྒྱས་ཀྱིས་གླང་པོ་ལ་ཕྱག་གིས་བྱུགས་པ་མཛད་པ་དང༌། ཁྱིམ་བདག་གི་ཁྱིམ་དེའི་ཕྱོགས་གཅིག་གི་ནང་ནས་སངས་རྒྱས་འཁོར་བཅས་བཞུགས་ཤིང༌། མཆོད་སྟོན་གསོལ། སྒོ་དྲུང་ན་གླང་པོ་ཆེ་དེ་འདུག དེ་ཕྱོགས་ཀྱི་ཁང་པ་ཡང་ཤེལ་ལྟར་དྭངས་པར་སོང༌། སངས་རྒྱས་གཙུག་ལག་ཁང་ལ་གཤེགས་ཤུལ་དུ་གླང་པོ་ཆེ་དེ་ཡང་འགྲོ་བ་དང༌། ཡང་གླང་པོ་ཆེ་དེ་དབང་མེད་དུ་བཀུག་ནས་རྭ་བར་བཅུག་པ་དང༌། རྭ་ཁའི་ནང་དུ་སྣ་ཞགས་ཁོ་རང་གི་རྡོག་པས་མནན་ཏེ་ཤི་བ་དང༌། གཙུག་ལག་ཁང་གི་ཁྱམས་ན། སྟོན་པའི་དྲུང་དུ་ལྷ་ཞིག་ཆོས་ཉན་པ་འབྲི་སྟེ། གླང་ཆེན་སྨྱོན་པ་བརྟུལ་བ་སྟེ། དེ་དག་དགེ་འདུན་གྱི་དབྱེན་གྱི་རྗེས་སུ་འབྲང་བ། ལྷས་སྦྱིན་རྒྱལ་པོ་དང་བཅས་པས་བཀུར་སྟི་མ་ཡིན་པ་བགྱིས་ཀྱང༌། དེ་བཞིན་གཤེགས་པ་མངོན་པར་མཐོ་བར་གྱུར་པའི་སྡེ་ཚན་ནོ། །༼ཐི༽ དེ་ནས་སངས་
རྒྱས་མཉན་ཡོད་དུ་གཤེགས་པའི་ཚུལ་དང༌། མཉན་ཡོད་དུ་རྒྱལ་པོ་སོགས་ལ་ཆོས་སྟོན་པའི་ཚུལ། ཡང་ཡུལ་ཨུ་དུམ་ཞེས་བྱ་བ་མཚོན་བྱེད་ཀྱི་གྲོང་ཁྱེར་ཞིག་ཏུ་བྱོན་ནས་ཆོས་གསུང་པ་དེ་དང༌། རི་ནགས་ཀྱི་བར་ཆོད་པའི་ནགས་མཐོང་ཞིག་གི་མཚོ་འགྲམ་ཞིག་ན། རིན་པོ་ཆེའི་ཕུང་པོའི་སྟེང་དུ་བཞུགས་ཁྲི་འཆའ་བའི་ལྷ་མང་པོ་དང༌། ཕར་ཕྱོགས་ནགས་གསེབ་ཀྱི་སྤྱིལ་པོ་གཅིག་ན་དྲང་སྲོང་གཅིག་ཡོད་པའི་དྲུང་ན། གནོད་སྦྱིན་གོ་མཚོན་ཐོགས་པ་གཅིག་ཀྱང་འདུག་པ་དང༌། ཡང་སངས་རྒྱས་འཁོར་ཉུང་ངུ་དང་བཅས་ཏེ་གྲོང་ཁྱེར་དེ་ལ་བསོད་སྙོམས་ལ་ཕེབས་པའི་བཀོད་པ་དང༌། སངས་རྒྱས་འཁོར་བཅས་མཚོ་འགྲམ་གྱི་ནགས་གཅིག་ན་ཏིང་ངེ་འཛིན་ལ་བཞུགས་པ་དང༌། བཞུགས་ཁྲི་སྔ་མ་འདྲ་བའི་སྟེང་དུ་སྟོན་པ་བཞུགས་པ་ལ། ཡུལ་འཁོར་སྲུང་དྲི་ཟའི་འཁོར་གྱིས་བསྐོར་བས་ནོར་བུ་སྣ་ཚོགས་ཐོགས་པ་དང༌། འཕགས་སྐྱེས་པོ་གྲུལ་བུམ་གྱི་ཚོགས་ཀྱིས་སྐོར་བས་མུ་ཏིག་གི་ཐུ་བ་བཀང་བ་དང༌། མིག་མི་བཟང་ཀླུའི་ཚོགས་ཀྱིས་སྐོར་བས་མེ་ཏོག་སྣ་ཚོགས་དང༌། རྣམ་ཐོས་སྲས་གནོད་སྦྱིན་གྱི་ཚོགས་ཀྱིས་སྐོར་བས་གསེར་སྣ་ཚོགས་ཀྱི་མཆོད་པ་དང༌། སྟོན་པའི་དྲུང་དུ་དེ་རྣམས་འཁོར་བཅས་ཐལ་མོ་སྦྱར་ཏེ་ཆོས་ཉན་པ་དང༌། དེའི་མཐའ་ན་དྲང་སྲོང་དེ་ཡང་ཆོས་ཉན་པ་འབྲི། ཡང་བཅོམ་ལྡན་འདས་ཀྱི་སྐུ་མདུན་ན་རྒྱལ་ཆེན་བཞི་ཡོད་པ་དང༌། དེའི་མཐའ་གཡས་ན་དགྲ་བཅོམ་པ་ཅུང་ཟད་བགྲེས་པ་ཞིག་དང་གཡོན་དུ་དར་བབ་ཞིག་འབྲི། ཡང་དེ་དང་རིས་ཆོད་ཅིང་ཉེ་བའི་ནགས་མཐོང་གྲོང་ཐོ་རེ་བ་ན། གནས་གཅིག་ཏུ་དྲང་སྲོང་སྔ་མ་དེའི་དྲུང་ན་དྲང་སྲོང་གཞན་ཞིག་ཡོད་པ་བྲམ་ཟེའི་ཁྱེའུ་འདྲ་བ་གཞན་མང་པོ་ཁ་ཟས་གཡོ་བའི་བྱ་བ་བྱེད་པ། ཡང་ཕྱོགས་གཅིག་ཏུ་སངས་རྒྱས་འཁོར་བཅས་ལ། དྲང་སྲོང་དེ་
གཉིས་ཀྱིས་མཆོད་སྟོན་གསོལ་བ། ཡང་ཕྱོགས་གཅིག་ཏུ་དྲང་སྲོང་གཉིས་པོ་འཁོར་བཅས་ཆོས་ཉན་པ། ཕྱོགས་གཅིག་ཏུ་དེ་དག་ཐམས་ཅད་དགེ་སློང་དུ་གྱུར་པ་འབྲི། དེ་ནས་ཡུལ་འབབ་ཆུ་བཟང་པོ་ཞེས་བྱ་བ་མཚོན་བྱེད། གྲོང་ཁྱེར་གཅིག་གི་སྟོད་ན་ཨ་མྲའི་ཚལ་གདུགས་ལྟ་བུ་ཞེས་བྱ་བའི་གཙུག་ལག་ཁང་དུ་སྟོན་པས་དགེ་སློང་གསུམ་ལ་བཀའ་གནང་བ། ཁང་བཟང་གསུམ་ན་དགྲ་བཅོམ་པ་གསུམ་ལ་གཅིག་ལ་འཁོར་མང་བ་དང༌། གཞན་གཉིས་ལ་ཅུང་ཟད་ཉུང་བའི་འཁོར་དགེ་སློང་གི་ཚོགས་ཀྱིས་སྐོར་བ་འབྲི། རྒྱལ་ཆེན་བཞི་བདེན་པ་ལ་བཀོད་ཅིང༌། དྲང་སྲོང་ཀེ་ནའི་བུ་དང། དྲང་སྲོང་རི་བོ་འཁོར་བཅས་བདེན་པ་ལ་བཀོད་པའི་སྡེ་ཚན་ནོ། །༼དི༽ ཡང་ཡུལ་གཅིག་ན། བྲམ་ཟེ་གཅིག་སློབ་མ་གཙོ་བོ་གཅིག་སོགས་སློབ་མ་མང་པོ་ལ་རིག་བྱེད་སློབ་པའི་ཚུལ་དང༌། བྲམ་ཟེ་གཙོ་བོ་དེ་ཡུལ་གཞན་དུ་འགྲོ་བའི་ཚུལ་དང༌། ཡང་སྔར་གྱི་ཁྱིམ་དེ་འདྲ་བ་ན། བུད་མེད་གཅིག་དང༌། བྲམ་ཟེའི་ཁྱེའུ་ཞིག་གཏམ་སྨྲ་བ་དང༌། ཁྱིམ་དེའི་ཕྱོགས་གཅིག་ན། བུད་མེད་ཁྲི་ལ་ཉལ་བ་གོས་ཧྲུལ་བ་གྱོན་པ། སྐྲ་འཛིངས་པ་ཞིག་ལ་བྲམ་ཟེའི་གཙོ་བོ་དེ་གཏམ་སྨྲ་བ་དང༌། ཁྱིམ་གྱི་ཕྱི་རོལ་ཕྱོགས་གཅིག་ན། བྲམ་ཟེའི་གཙོ་བོ་དེ་མདུན་ན་རལ་གྲི་གཅིག་ས་ལ་བཙུགས། སློབ་མའི་གཙོ་བོ་དེ་ལ་ཆོས་སྟོན་པའི་ཚུལ་བྱ། དེ་ནས་བྲམ་ཟེའི་སློབ་མ་དེ། ཤིན་ཏུ་སྟོབས་དང་ལྡན་པ་འཇིགས་སུ་རུང་བའི་རྣམ་པར་སོང་ནས་ཕྱོགས་གཞན་གཅིག་ན། ལག་ན་རལ་གྲི་ཐོགས་པ། སོར་མོའི་འཕྲེང་བ་མགོ་ལ་ཐོགས་པ། གཡས་གཡོན་དུ་སོར་མོ་བཅད་པའི་མི་མང་པོ་ཤི་ནས་འགྱེལ་བ། བྱ་དང་གཅན་གཟན་སྣ་ཚོགས་དང་བཅས་པས་དུར་ཁྲོད་ལྟར་གྱུར་པ་དང༌། ཡང་ཕྱོགས་གཞན་གཅིག་ཏུ། དེ་རྔམ་ཞིང་རལ་གྲི་ཐོགས་ནས་རྒྱུགས། ཕར་ཕྱོགས་ཐག་རིང་བ་ན། བུད་མེད་ཅུང་
ཟད་རྒན་པ་ཁ་ཟས་ཐོགས་པ་གཅིག་དང༌། དེའི་བར་ན་སངས་རྒྱས་ཕར་གཤེགས་ཤིང་ཕྱི་ལྟས་མཛད་པ་ཞིག་འབྲི། ཡང་ཕྱོགས་གཅིག་ཏུ། ས་སྟེགས་གཅིག་ན་སངས་རྒྱས་བཞུགས་སྟེ། དེ་ལ་ཆོས་གསུང་པའི་རྣམ་པ་དང༌། གཙུག་ལག་ཁང་གཅིག་ན། སངས་རྒྱས་འཁོར་མང་པོ་ལ་ཆོས་གསུང་པའི་དབུས་ན། དེ་ཡང་ཐལ་མོ་སྦྱར་ཏེ་འདུག་པ་དང༌། ཡང་ཕྱི་རོལ་ས་ཕྱོགས་ཡངས་པ་གཅིག་ཏུ། སངས་རྒྱས་ཉིད་སོར་མོའི་འཕྲེང་པ་ཅན་སོགས་སྐྱེ་བོ་མང་པོ་མང་པོ་ལ་ཆོས་གསུང་པ། སོར་འཕྲེང་དེ་ལ་མེ་རིས་སྐོར་བ། ཕར་ལོག་ནས་རྒྱལ་པོ་དཔུང་ཡན་ལག་བཞིས་སྐོར་ཏེ་ཡོང་བ་དང༌། འཁོར་དེའི་མཐའ་རྒྱལ་པོ་ཡང་གླང་པོ་ཆེ་ལས་བབས་པའི་ཚུལ་དང༌། འཁོར་ཚོགས་དེའི་དབུས་སུ་རྒྱལ་པོ་ཐལ་མོ་སྦྱར་ཏེ་བཞུགས་པ་འབྲི། སོར་མོའི་འཕྲེང་བ་བརྟུལ་བའི་སྐོར་རོ། །༼ནི༽ ཡང་བཀོད་པ་ཞིག་ལ། མཐའ་རི་དང་ནགས་ཚལ་གྱིས་སྐོར་བ། ཡུལ་ལྗོངས་ཆེན་པོ་མི་མེད་པ། ཀླུ་དང་གནོད་སྦྱིན་མིའམ་ཅི་སོགས་གནས་པ་གཅིག་གི་ལུང་ཟུར་གཅིག་ན། གྲུམ་མཚོ་གྲུ་བཞི་པ་གཅིག་གི་དབུས་ན་པད་སྡོང་སྐྱེས་པ། དབུས་ན་སངས་རྒྱས་གཞན་ཡལ་གའི་པདྨ་རྣམས་ལ། ཉན་ཐོས་རེ་རེ་ཡོད་པ་ལས། སྐུའི་འཁྲིས་ཀྱི་གཡས་གཡོན་མཐོ་སའི་པདྨ་གཉིས་སྟོང་པར་ཡོད་པ། མཚོ་འགྲམ་ནས་དགེ་སློང་ཞིག་ཕྱོགས་གཞན་ལ་འགྲོ་ཚུལ། ཡང་མཚོ་པད་སྡོང་དེ་ཁ་རང་འདྲ་བ་ལ། སྐུའི་གཡས་ཀྱི་པད་སྡོང་མཐོ་ས་དེ་ལ་ཉན་ཐོས་གཅིག་བཞུགས་ཤིང༌། གཡོན་གྱི་དེ་ལ་མེད་པ། གཡོན་ཕྱོགས་ཀྱི་ནམ་མཁའ་ལ། ཉན་ཐོས་གཅིག་ཕ་ཚད་ནས་འབྱོན་པ། ཡུལ་ལྗོངས་དེ་ཉིད་ཀྱི་དབུས་སོགས་ངོམ་ཆེ་ས་ན། གཡས་ན་གསེར་གྱི་བྲག་རི་བྲག་ཕུག་ཅན་ལ། རི་ཆུང་འགའ་རེས་སྐོར་བ།
གཡོན་ན་ནགས་ཀྱི་དཀྱིལ་ན་ཤིང་སྡོང་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེའི་འཁྲིས་ན་རྫིང་ཟླུམ་པོ་ཆེ་བ་གཅིག་ལ། རྫིང་ཆུང་འགའ་རེས་སྐོར་བ། དེ་ན་གླང་པོ་ཆེ་མཆེ་བ་དྲུག་པ་ཞིག་ཉལ་བ། དབུས་ན་མཚོ་གྲུ་བཞི་ཆེན་པོ། ཆུ་བྱ་དང་ཉ་སྲོག་ཆགས་དུ་མ་དང༌། ནོར་བུ་དུ་མས་གང་བ། ཕྱོགས་བཞི་ནས་ཆུ་འབབ་པ་མཚོན་བྱེད། རྒྱབ་མ་གཏོགས་ཕྱོགས་གསུམ་གྱི་ཕ་ཚད་ནས། བྲག་གི་ཁུང་བུ་ནས་ཆུ་རེ་འབབ་པ། མཚོའི་དབུས་སུ་པད་སྡོང་དབུས་ཀྱི་པདྨ་གསེར་མདོག་ལན་སངས་རྒྱས་ཆོས་འཆད་མཛད་པ། ཡལ་གའི་མེ་ཏོག་མང་པོ་ལ་ཉན་ཐོས་རེ་རེ་བཞུགས་པ། པད་སྡོང་གི་འོག་ཆུའི་སྟེང་ན། ཀླུ་དཀར་པོ་གསུམ་པད་སྡོང་གི་ཡལ་ག་འདེགས་པའི་ཚུལ་གྱིས་བཞུགས་པ། སྐུ་རྒྱབ་ཀྱི་ཕྱོགས་མཚོ་འགྲམ་ནས། ཤིང་སྡོང་ཤིན་ཏུ་ཆེ་བ་སྐྱེས་པ། རྩེ་མོ་དབུའི་གཙུག་ཏོར་ལས་ཀྱང་ཡར་ཐལ་བ། ཡལ་ག་ལོ་འདབས་འབྲས་བུ་ཤིན་ཏུ་རྒྱས་པ་ཞིག་འབྲི། དེ་དང་རི་མང་པོས་ཆོད་པའི་ཕར་ཕྱོགས་ཡུལ་གཅིག་ཏུ། ས་མཐིལ་ལ་གྲོང་མང་པོ་ཡོད་པའི་རི། རྩ་བ་ནགས་དང་རྩེ་མོ་གཡའ་ལྟ་བུ་གཅིག་ན། ཕྱོགས་གཅིག་ན་ཉན་ཐོས་གཅིག་སྣམ་སྦྱར་འཚེམ་པའི་ཚུལ་གྱིས་མདུན་ན་ཉན་ཐོས་གཅིག་བཞེངས་པ། དེ་ཁའི་འཁྲིས་ན། དེ་གཉིས་ཀར་གྱི་སོར་མོ་ལྔ་ཆར་གྱིས་ཚེམ་བུ་བྱེད་པ། ཡང་དེ་ཁའི་འཁྲིས་སུ། རི་དེ་ཁ་དང་འདྲ་བའི་བྲག་རྩེ་གཅིག་ལ། སྐེ་རགས་ཀྱི་སྣེ་བཏགས་པ། སྐེ་རགས་ཀྱི་སྣེ་ཕྱོགས་གཅིག་གིས་སྣམ་སྦྱར་བཅིངས་ཏེ། དགེ་སློང་གཅིག་གིས་ནམ་མཁའ་ལ་འདྲེན་པ་དང༌། རི་དེ་ཡང་གཡོ་བའི་རྣམ་པ་འབྲི། དེ་ཁའི་འཁྲིས་དེར་རི་རབ་ལྷ་གནས་དང་བཅས་པ་ཡོ་བ་ཞིག་ལ། སྔ་མ་ལྟར་སྐེ་རགས་ཀྱི་སྣེ་བཏགས་ཤིང༌། སྣམ་
སྦྱར་དེ་དག་དགེ་སློང་གིས་ཐོགས་ནས་ནམ་མཁའ་ལ་འདྲེན་པ་ཞིག་འབྲི། ཚེམ་བུ་འཚེམས་པའི་རི་དེ་ཉིད་ལ། དགེ་སློང་ཞིག་གནས་ཤིང༌། དགེ་སློང་གཅིག་ཤོས་ནམ་མཁའ་ལ་གནས་པས་སྣམ་སྦྱར་ཐོགས། སྐེ་རགས་ཐག་གུ་ལྟ་བུ་ཤིན་ཏུ་ཕྲ་བ་དེ། ཡུལ་ལྗོངས་སྔ་མའི་ཟུར་ན་བྲིས་ཡོད་པའི་སངས་རྒྱས་ཀྱི་སྐུའི་གཡས་གཡོན་གྱི་པདྨ་ལ་ཉན་ཐོས་མེད་པའི་པད་སྡོང་དེ་ལ་བཏགས་པས་གཡོ་འགུལ་མ་བྱུང་བ་འབྲི། ལས་ཀྱི་རྒྱུ་བ་ལུང་བསྟན་པའི་སྐབས་ཀྱི་སྡེ་ཚན་ནོ། །༼པི༽ དེ་ནས་ཡུལ་ལྗོངས་ཚོ་གཉིས་བྲིས་པའི། ཚུར་ཕྱོགས་ན་སངས་རྒྱས་འཁོར་མང་པོ་ལ་ཆོས་གསུང་པ་དང༌། ཕར་ཕྱོགས་དེའི་ཕྱོགས་གཅིག་ན། རྒྱལ་པོའི་ཕོ་བྲང་གྲོང་ཁྱེར་གྱི་སྐེད་པ་ཞིག་དང༌། ཕོ་བྲང་དེ་ན་རྒྱལ་མོ་ཁྲི་ལ་གནས་པ་དང༌། ཁྲི་གཞན་ཞིག་ལ་རྒྱལ་པོ་དར་བན་ཞིག་ཡོད་སེམས་ཁོང་དུ་ཆུད་པ་དང༌། ཕྱི་རོལ་ཀྱི་གྲོང་ཁྱེར་ཁང་པ་སོ་སོའི་ནང་ན་མི་འགའ་ཞིག་ན་བའི་རྣམ་པ་དང༌། ཕུང་པོ་ཁྱོགས་ལ་བཏེགས་ནས་དུར་ཁྲོད་དུ་སྐྱེལ་པ་དང༌། གྲོང་ཁྱེར་གྱི་མཐའ་རྣམས་དམག་གི་ཕྲུ་མས་སྐོར་བ་དང༌། ཆུ་རྣམས་བསྐམས་པ་དང༌། མཚེའུ་ལ་དུག་འདེབས་པའི་རྣམ་པ་དང༌། སྤྲིན་གསེབ་ན་སྦྲུལ་གདུག་པ་སོགས་གནས་པས་སེར་བ་འབེབས་པ་དང༌། ལྕེ་འབབ་པ་རྩྭ་ཤིང་གསེབ་ཏུ་སྦྲུལ་གྱིས་གང་བ་འབྲི། ཕོ་བྲང་དེའི་ཕྱོགས་གཅིག་ན་རྒྱལ་པོས་ཕོ་ཉ་ཞིག་མངགས་པ་དང༌། ཡུལ་ལྗོངས་ཚུར་ཕྱོགས་དེར་གཙུག་ལག་ཁང་གཅིག་ཏུ་སངས་རྒྱས་ཀྱི་དྲུང་ན་ཕོ་ཉ་དེ་ཞུ་བ་བྱེད་པའི་ཚུལ་དང༌། ཡང་དེའི་ཕྱོགས་གཅིག་ན། ཁྱམས་ཡངས་པ་ཞིག་ཏུ། རྒྱལ་པོ་དང་སྐྱེ་བོ་མང་པོས་སངས་རྒྱས་ལ་གདུགས་ཚོད་གསོལ་བ་དང༌། ཡུལ་ལྗོངས་ཚོ་གཉིས་པོ་དེའི་བར་ནས་སངས་རྒྱས་ཕར་གཤེགས་པ་དང༌། ལྗོངས་ཕར་ཕྱོགས་དེར། གྲོང་ཁྱེར་གཅིག་
གི་འགྲམ་ནས་སངས་རྒྱས་འཁོར་བཅས་འབྱོན་པ་དང༌། སྐུ་མདུན་ནས་རྒྱལ་པོ་སོགས་ཀྱིས་བསུ་ཞིང༌། སྐྱེ་བོ་མང་པོས་མཆོད་པ་དང་སྟེང་ནས་ལྷ་རྣམས་ཀྱིས་མཆོད་ཅིང་མེ་ཏོག་གི་ཆར་འབེབས་པ། གཞན་ཡང་མཐའ་རྣམས་ནས་ཆར་འབབ་པས། ཆུ་གསར་པ་རྒྱུག་ཅིང་རྫིང་བུ་ཁེངས་པ་དང༌། མཐའི་དམག་རྣམས་ཕྱོགས་ཕྱོགས་སུ་གྱེས་འགྲོ་བའི་རྣམ་པ་དང༌། དེ་ནས་སངས་རྒྱས་འཁོར་བཅས་གཙུག་ལག་ཁང་གཅིག་ལ་འབྱོན་པ་དང༌། གཙུག་ལག་ཁང་གི་ནང་ན་བཞུགས་པ་སོགས་འབྲི། ཡང་ཕོ་བྲང་གཅིག་གི་བ་གམ་གྱི་འོག་ན། རྒྱལ་པོ་དང༌། བཙུན་མོ་དང༌། སྲས་དང༌། བླཽན་པོ་དྲུག་གིས་གྲོས་བྱེད་པའི་ཚུལ་དང༌། དེའི་འགྲམ་ན་རིན་པོ་ཆེའི་དབུ་རྒྱན་ཅན་གོས་དཀར་པོ་གྱོན་པ། ལངས་ཏེ་འདུག་པ་འབྲི། ཕོ་བྲང་དེའི་སྒོ་དྲུང་ནས་གླང་པོ་ཆེ་གཅིག་གི་གཉའ་བར་གོས་དཀར་པོ་ཅན་དེ་ཞོན་ཞིང༌། ལྕགས་ཀྱུས་ཁ་བསྒྱུར། གླང་པོ་ཆེའི་རྒྱབ་ཏུ། རྒྱལ་པོ་དང་གདུགས་དང་རྔ་ཡབ་འཛིན་པ་སོགས་འཁོད། གཡས་གཡོན་དུ་གླང་མོ་སོགས་མང་པོ་ལ། བུད་མེད་དཔལ་འབར་ཐོགས་པ་འགའ་རེ་དང༌། གཞན་ཡང་ཡོ་བྱད་ཐོགས་པ་དག་ཞོན་ནས་འགྲོ་བའི་བཀོད་པ་བྱ། ཕར་ཕྱོགས་ན་གཙུག་ལག་ཁང་གཅིག་ཡོད་པའི་ཕྱི་རོལ་གྱི་ནེ་གསིང་རྣམས་སུ། གླང་པོ་དང༌། གླང་མོ་དེ་དག་གཏོད་ནས་བཞག སྒོ་ནས་རྒྱལ་པོ་དང༌། གོས་དཀར་པོ་གྱོན་པ་དེ་འགྲོ་བ་དང༌། གཙུག་ལག་ཁང་གི་ཁང་མིག་རྣམས་ན་དགེ་སློང་རྣམས་བསམ་གཏན་བྱེད་པ་དང༌། དབུས་ཀྱི་ཁང་བཟང་ན་བཅོམ་ལྡན་འདས་ཀྱི་སྐུ་མདུན་ན། རྒྱལ་པོ་དེ་ཐལ་མོ་སྦྱར་ཞིང༌། སྟོན་པས་ཆོས་གསུང་པའི་རྣམ་པ་དང༌། གོས་དཀར་པོ་གྱོན་པ་དེ་སྒོ་དྲུང་ན་འདུག་པ་འབྲི། ཡང་ལོགས་གཅིག་ཏུ་རྒྱལ་པོ་ཕོ་བྲང་གི་ཕྱི་ཁྱམས་ན། བཅོམ་ལྡན་འདས་འཁོར་བཅས་ལ་གདུགས་ཚོད་གསོལ་ཞིང༌།
ཆོས་ཉན་པ་དང། སངས་རྒྱས་ལམ་དུ་འབྱོན་པ་མཐོང་བ་ལ། རྒྱལ་པོ་ཁང་བཟང་གི་རྩེ་ནས་འཕྱོངས། སྤྲུལ་པའི་སངས་རྒྱས་གཅིག་གིས་བར་སྣང་ནས་བླངས་ཏེ་ས་ལ་འཇོག་པ་དང༌། ཡང་རྒྱལ་པོ་གླང་པོ་ཆེའི་སྟེང་ན་ཡོད་པས་སངས་རྒྱས་རྒྱང་ནས་མཐོང་བ་ན། གླང་པོ་ཆེའི་སྟེང་ནས་འཕྱོངས་པ་དང༌། སྤྲུལ་པའི་སངས་རྒྱས་ཀྱིས་བར་སྣང་ནས་བཟུང་ནས་ས་ལ་འཇོག་པ་དང༌། དེའི་རྗེས་སུ་ལྷས་སྦྱིན་བྱ་བ་མ་ཡིན་པས་ཉམ་ཐག་པའི་གཏམ་བརྒྱུད་མང་པོ་ཞིག་ཡོད་ཀྱང༌། ཐམས་ཅད་འབྲི་མི་ལངས་ལ། ལྷས་སྦྱིན་ཤིང་དྲུང་གཅིག་ན་འདུག་པའི་དྲུང་ན། འོད་སྲུང་རྫོགས་བྱེད་ཀྱི་རྫའི་རིལ་བ་སྤྱི་བླུགས་བཅག་པ་དང༌། སངས་རྒྱས་བཞུགས་པའི་གཙུག་ལག་ཁང་ཞིག་གི་ཕྱི་ན་ལྷས་སྦྱིན་སྨན་མར་ཟ་ཞིང༌། ཐུག་པའི་སྣོད་འཁྲིས་སུ་བཞག་པ་དང༌། ནང་དུ་ཞུགས་པའི་སྟོན་པའི་སྐུ་གཞོགས་སུ་ཡང༌། སྨན་མར་གྱིས་གང་པའི་སྣོད་ཡོད་པ་དང༌། ཕྱི་རོལ་ཕྱོགས་གཅིག་ན་ལྷས་སྦྱིན་ན་ཞིང་འདྲེ་ལྡོག་བྱེད་པ་དང༌། དགེ་སློང་འགའ་རེས་འཛིན་ཞིང༌། ལ་ལས་ལྟ་བ་དང༌། ཁང་བཟང་གཅིག་ན་སྟོན་པ་བཞུགས་པའི་ཕྱག་བརྐྱང་བ། ཤིང་སྡོང་ལ་སོགས་པ་གཞན་གྱི་ཕག་ནས་སོང་སྟེ། ན་བ་དེའི་མགོ་བོར་ཕྱག་བཞག་པ་དང༌། ནད་དྲག་སྟེ་ལངས་ནས་བཞད་གད་སྨྲ་བའི་ཚུལ་དང༌། ཡང་སྟོན་པའི་ཞབས་ལ་ཕྱག་འཚལ་ཞིང་བཟོད་པ་གསོལ་བའི་ཚུལ་ལ། སྟོན་པའི་ཞབས་ཤེལ་དུ་བྱིན་གྱིས་བརླབས། ལྷས་སྦྱིན་གྱི་སེན་མོ་ཆག་ཅིང༌། སེན་མོའི་སྲུབས་སུ་བཅུག་པའི་རེག་དུག་ས་ལ་ལྷུང་བ་དང༌། བཅོམ་ལྡན་འདས་ཀྱི་དྲུང་ན་དགེ་སློང་ཞིག་ཡོད་པ་ལ་སྟོན་པས་བཀའ་སྩོལ་བའི་ཚུལ་དང༌། དེས་ཀྱང་ལྷས་སྦྱིན་བསྐྱོར་པའི་ཚུལ་དང༌། སངས་རྒྱས་བཞུགས་པའི་རྒྱང་མ་ནས། ལྷས་སྦྱིན་འགྲོ་བའི་རྐང་པའི་འོག་སའི་གསེབ་ནས་མེ་ལྷག་ལྷག་བྱུང་བ་དང༌། སགས་
ཤིང་མེ་དཔུང་འབར་བའི་ནང་དུ་ལྷས་སྦྱིན་མགོ་རྡོག་ཙམ་མ་གཏོགས་ཤོར། ལག་པ་ཐལ་མོ་སྤྱི་བོར་སྦྱར། ས་སྟེང་ནས་ཀུན་དགའ་བོས་གདམས་པ་བྱེད་པའི་ཚུལ་བྱ། དེ་ནས་བཀོད་པའི་བར་མཚམས་བཅད་དེ། འོག་གི་ཕྱོགས་གཅིག་ཏུ་དམྱལ་གྱི་གནས་ལྕགས་སྲེགས་ཀྱི་ས་གཞི་སྐོར་བ་གཅིག་ན། ལྕགས་ཀྱི་ཁང་པ་མེ་འབར་བའི་དབུས་སུ་སྐྱེས་བུ་གཅིག་ལུས་ལ་མེ་འབར་ཞིང༌། གན་རྐྱལ་དུ་འདུག་པ་ལ། ལྕགས་བྲག་ཆེན་པོ་ནམ་མཁའ་ནས་འབབ་པས་འཚེར་བ་དང༌། ལྕགས་ཀྱི་གླང་པོ་ཆེ་མེ་འབར་བས་སྐྱེས་བུ་གཅིག་རྫི་བ་དང༌། ལྕགས་ཀྱི་སོག་ལེ་འབར་བས་སྐྱེས་བུ་གཅིག་གཅོད་པ་དང༌། ལྕགས་ཀྱི་ཐོ་བ་མེ་འབར་བས། སྐྱེས་བུ་གཅིག་གི་མགོ་ཕྱེ་མར་བྱེད་པ་དང༌། ཕྱོགས་དེ་ནས་མཚོན་ཆའི་བུ་ཡུག་འབབ་པ་དག་འབྲི་སྟེ། ལྷས་སྦྱིན་སྡུག་བསྔལ་མྱོང་ཚུལ་ལོ། །ཡང་ཕྱོགས་གཅིག་ན་སྐྱེས་བུ་གཅིག་གི་ལྕེ་ཤིན་ཏུ་ཆེ་བ་ཕྱི་རོལ་ཏུ་བཀྲམས་ཏེ། ལྕགས་ཀྱི་གླང་རྨིག་པ་མེ་འབར་བ་དང་བཅས་ཏེ་གཤོལ་ལྕགས་མེ་འབར་བས་རྨོད་པར་བྱེད་པའི་རྣམ་པ་ཚོ་གཉིས་འབྲི། ཕྱོགས་གཅིག་ན་ནམ་མཁའ་ནས་ཆར་བབས་པ་མེའི་དུག་ཀྱིས་བསྐམ་པའི་ཚུལ་དང༌། ཕྱོགས་གཅིག་ན་མཆུ་དང༌། དེའི་དྲུང་ན་དགེ་སློང་གཉིས་འབྲིའོ། །དེ་དག་ནི་སྟོན་པ་དང་ཆོས་ལ་སྡིག་བསགས་པས། སྡུག་བསྔལ་མྱོང་ཚུལ་ལྷས་སྦྱིན་ལ་དཔེར་མཚོན་པའི་བཀོད་པའོ། །༼ཕི༽ ཡང་བཀོད་པ་གཞན་ལ། ཡུལ་ཚོ་གཉིས་བར་ན་གང་གཱ་མཚོན་བྱེད་ཆུ་ཆེན་པོས་ཆོད་པ་ཞིག་འབྲི། བྱང་མ་དེའི་ཕྱོགས་གཅིག་གྲོང་ཁྱེར་གཅིག་ན། སྐྱེ་བོ་མང་པོ་ན་བའི་ཚུལ་དང༌། ནད་བདག་འབྱུང་པོ་དང་མ་མོ་ནམ་མཁའ་ལ་འགྲོ་བའི་ཚུལ་དང༌། བྲམ་ཟེ་གཅིག་ལ་ནམ་མཁའ་ནས་ལྷས་ལུང་སྟོན་པ་དང༌། བྲམ་ཟེས་
སྐྱེ་བོ་སྣ་ཚོགས་པ་མཇལ་དུ་འོང་བ་དང་བྲམ་ཟེ་གཅིག་གཅིག་གིས་མཆོད་པ་འབུལ་བ་དང༌། གྲོང་ཁྱེར་དེའི་ཕྱི་རོལ་ཕྱོགས་གཅིག་ན། ལྷ་མང་པོ་ས་ལ་འབྲེས་རྒྱག་པ་གཟིགས་པ་དང༌། གྲོང་ཁྱེར་དེའི་དབུས་ན་སངས་རྒྱས་བཞུགས་པ་དང༌། ནམ་མཁའ་ལ་འཕགས་ནས་ཆུ་འགྲམ་དུ་གཤེགས་པ་དང༌། ཆུ་བོའི་འགྲམ་དེ་ན་སངས་རྒྱས་ལ་གདུགས་འཛིན་པ་མང་པོ་དང༌། ཡུལ་ཚུར་ཕྱོགས་ཀྱི་ཆུ་འགྲམ་ན་ཡང་སྟོན་པའི་དབུ་གཙུག་ཏུ་གདུགས་འཛིན་པ་མང་པོ་དང༌། ཆུའི་སྟེང་ན་ཀླུ་གདུགས་འཛིན་པ་མང་པོ་དང༌། ནམ་མཁའ་ལ་རྒྱལ་ཆེན་བཞི་སོགས་ལྷ་རྣམས་གདུགས་འཛིན་པ་དང༌། དེ་ལས་ཀྱང་མཐོ་བའི་ནམ་མཁའ་ལ་བརྒྱ་བྱིན་འཁོར་བཅས་གདུགས་འཛིན་པ་དང༌། ཆུ་དེ་ལ་གྲུ་གཟིང་གཉིས་བྱས་ཏེ། དེ་གཉིས་ལ་དགེ་སློང་རྣམས་འགྲོ་བ་དང༌། ཆུའི་དཀྱིལ་ནས་སྦྲུལ་མང་པོ་སྦྲུལ་མགོའི་གདེངས་ཁ་བྱས་པ་གཅིག་ལ་གཅིག་རེག་པའི་གདེང་ཁའི་ཟམ་པ་བྱས་པའི་སྟེང་ནས་བཅོམ་ལྡན་འདས་དང་དགེ་སློང་གཅིག་འབྱོན་པ་འབྲི། ཡུལ་ཚུར་ཕྱོགས་ཀྱི་ཆུ་འགྲམ་དེར་གདུགས་ཡོད་པའི་ཡས་མར་གང་རིགས་གཅིག་ཏུ། སྟོན་པ་བཞུགས་གདན་མེད་པ་ས་གནོན་མཛད་པ་ཞིག་འབྲི། ཡང་ཆུ་འགྲམ་དེ་ནས་རྒྱལ་པོ་སྨྲ་ཆེན་འཛིན་པ་ཞེས་བྱ་བས་གསེར་གྱི་མཆོད་སྡོང་གྲུ་བཞི་ཤིན་ཏུ་རིང་བ་བཟོ་ཁྱད་ཅན་དང༌། དེ་ལ་དགེ་སློང་གཞན་རྣམས་ལྟ་ཞིང༌། གཅིག་རྒྱབ་བསྟན་ནས་ཆོས་གོས་འཚེམས་པ་འབྲི། ས་སྟོང་དེ་ཁར་བཅོམ་ལྡན་འདས་ཀྱི་སྐུ་དྲུང་དུ། དགེ་སློང་རྣམས་ཆོས་ཉན་པ་ཞིག་ཀྱང་བྱའོ། །རྒྱལ་པོ་མ་སྐྱེས་དགྲ་དད་པ་ལ་བཀོད་པའི་སྡེ་ཚན་ནོ། །༼བི༽ དེ་ནས་ཡུལ་ལྗོངས་ཚུར་ཕྱོགས་དེར། ཡུལ་སྒྲ་གཅན་མཚོན་བྱེད་གྲོང་ཁྱེར་ཆུང་ངུ་ཞིག་ཏུ། སྟོན་པ་བཞུགས་ཞིང་འཁོར་རྣམས་ལ་ཆོས་
སྟོན་པའི་སར། ནམ་མཁའ་ནས་ནེ་ཙོ་ཞིག་འཕུར་སྟེ་འོང་པས། སྐུ་མདུན་དུ་འདུག་སྟེ། སྤྱན་འདྲེན་པའི་ཞུ་བ་འབུལ་བ་དང༌། ནེ་ཙོ་ཕར་ལྡོག་པ་ན་འོལ་བས་བསད་དེ། ལྷར་སྐྱེས་སྟོན་པ་ལ་ཆོས་ཉན་པས་བདེན་པ་མཐོང་བ་དང༌། སྤོང་བྱེད་ཀྱི་གྲོང་ཁྱེར་མཚོན་པའི་གྲོང་ཁྱེར་གཅིག་གི་ལྟག་ན་ཨ་མྲའི་ཚལ་མཚོན་བྱེད་ཀྱི་གཙུག་ལག་ཁང་ན་སྟོན་པ་འཁོར་བཅས་བཞུགས་ཤིང༌། ལམ་བར་དེ་ནས་བུད་མེད་བཟང་མོ་རྟ་པ་ཞིག་འཁོར་རྟ་པ་བུད་མེད་མང་པོས་བསྐོར་ཏེ་སངས་རྒྱས་མཇལ་བར་འགྲོ་བ་དང༌། སྟོན་པའི་སྐུ་མདུན་དུ་ཞུ་བ་ཞུ་བ་དང༌། དེ་ནས་ཕྱོགས་གཅིག་ནས། ཡབ་སྲས་མཇལ་བའི་སྐབས་སུ་འབྱུང་བ་ལྟར། ཤིང་རྟ་མི་དང་བཅས་པ། སྔོ་སེར་དཀར་ལྗང་དམར་བ་འཁོར་དུ་མ་དང་བཅས་ཏེ་སྟོན་པ་མཇལ་དུ་ཡོང་བ་འབྲི། ཡང་ཕྱོགས་གཅིག་ན་བྲམ་ཟེ་གཅིག་ལ། ལི་ཙ་བྱི་མང་པོས་གོས་རེ་རེ་སྟེར་བ་དང༌། གོས་དེ་རྣམས་བཅོམ་ལྡན་འདས་ལ་ཕུལ་བ་དང༌། ལི་ཙ་བྱི་ཤིང་རྟ་ནས་བབས་པ་དེ་རྣམས་ལ་སྟོན་པས་ཆོས་གསུང་པ་དང༌། གྲོང་ཁྱེར་སྤོང་བྱེད་ཀྱི་སྒོ་བཞི་པོའི་སྒོ་ཐེམ་ལ་དགྲ་བཅོམ་པ་རེ་རེས་ཞབས་བཞག་སྟེ་གཟུངས་མདོ་འདོན་པ་དང་ནད་གཏོང་པའི་འབྱུང་པོ་ཐམས་ཅད་རྒྱང་རིང་དུ་བྲོས་པ་དང༌། ཁྱིམ་ཡངས་པ་གཉིས་སུ་སངས་རྒྱས་འཁོར་བཅས་ལ། སྔར་གྱི་བུད་མེད་བཟང་པོ་དེས། གདུགས་ཚོད་གསོལ་པ་དང༌། ཅིག་ཤོས་སུ་ལི་ཙ་བྱི་དེ་རྣམས་ཀྱི་གདུགས་ཚོད་གསོལ་བ་འབྲི། གྲོང་ཁྱེར་དེའི་རྒྱབ་ན། འོད་མ་ཅན་གྱི་གྲོང་མཚོན་བྱེད་ཀྱི་གྲོང་ཆུང་ངུ་གཅིག་གི་ལྟག་ན། ཤིང་ཤ་པའི་ནགས་ཚལ་གྱི་དབུས་ན་སྟོན་པ་ཅུང་ཟད་སྐུ་བསྙུང་བའི་ཚུལ་མཛད་པ་དང༌། དགེ་སློང་མང་པོ་ཡུལ་ཐོར་བུ་པ་སོ་སོ་ན་བསམ་གཏན་བྱེད་པ་འབྲི། དེ་ནས་ཡུལ་ལུས་འཕགས་ཀྱི་གྲོང་ཁྱེར་མི་ཐི་ལར་གཤེགས་ཤིང༌། སྐྱེས་པའི་
རབས་གསུང་པའི་བཀོད་པ་དང༌། ས་ལ་ཞེས་བྱ་བ་བྲམ་ཟེ་ཁོ་ནའི་གྲོང་གཅིག་ཏུ། བསོད་སྙོམས་འབུལ་བ་མེད་པར་ལྷུང་བཟེད་སྟོང་པ་གྱུར་པ་དང༌། བདུད་སྡིག་ཅན་མིའི་གཟུགས་དང་གཏམ་གསུང་ཞིང༌། བདུད་དེ་རླུང་འཚུབ་ལྟ་བུར་བྱས་ཏེ་ཡལ་བ་དང༌། ཡུལ་སྡིག་པ་ཅན་དུ་གཤེགས་ཏེ། གྱད་མང་པོས། ཕ་བོང་ཤིན་ཏུ་ཆེ་བ་ཞིག་མེས་བསྲེགས་པ་དང༌། ལྕགས་ཀྱི་བརྐོ་ཞིང་གསིལ་བ་དང༌། ཐག་པས་འཐེན་པ་དང༌། གཟུ་བྱེད་པ་སོགས་ཡོད་པ་ལྟར། སྟོན་པ་བྱོན་པ་དང༌། སྟོན་པའི་ཞབས་ཀྱི་མཐེ་བོང་གིས་མཁའ་དབྱིངས་མཐོན་པོར་འཕངས་པ་དང༌། དེ་ལ་མི་མང་པོ་ལྟ་ཞིང་འཇིགས་པའི་ཚུལ་བྱེད་པ་དང༌། དེ་བྱེ་མར་སོང་བྱེ་མའི་ཕུང་པོ་བྱུང་བ་དང༌། སླར་ཡང་ལམ་གྱི་ལོགས་གཞན་ཞིག་ཏུ། ཕ་བོང་སྔར་བཞིན་དུ་འབྱོར་བ་དང༌། དེ་ལ་མིའི་ལག་པའི་ཤུལ་ཡོད་པར་སྟོན་པར་མཛད་པ་དང༌། གྱད་དེ་རྣམས་འདུས་པ་ལ་ཆོས་གསུང་པ་རྣམས་འབྲི། བར་དེར་ཡུལ་སོ་སོར་བྱོན་པའི་རྣམ་གྲངས་མང་པོ་ཡོད་ཀྱང་འབྲིར་མ་ལང༌། ཤིང་སྡོང་ཤིན་ཏུ་ཆེ་བ་ཡོད་པའི་གྲོང་གཅིག་ཏུ། སྟོན་པ་ལ་བུད་མེད་གཅིག་གིས་བསོད་སྙོམས་འབུལ་ཞིང་ཆོས་སྟོན་ལ་འོད་ཟེར་སྟེང་འོག་གཉིས་སུ་སོང་ནས་གཙུག་ཏོར་དུ་ནུབ་པ་དང༌། ཁང་པའི་ཕྱི་རོལ་དུ་བྲམ་ཟེ་ལ་ཆོས་སྟོན་པ་རྣམས་འབྲི། དེ་ནས་གི་བ་ལི་ཞེས་བྱ་བའི་ནགས་ཁྲོད་དུ། ལོ་མའི་སྤྱིལ་པོར་སྟོན་པ་བཞུགས་པ་དང༌། སྟོན་པས་དགེ་སློང་གཅིག་ལ་བཀའ་སྩོལ་བ་དང༌། ནགས་གཅིག་ན་བྲམ་ཟེ་མང་པོ་གནས་པའི་སར། དགེ་སློང་དེ་སྦྲུལ་གྱིས་གདེངས་ཀ་བདུན་དུ་བྱས་ཏེ་གནས་པ་དང༌། བྲམ་ཟེའི་དྲང་སྲོང་དེ་རྣམས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཆོས་ཉན་པ་དང༌། དེ་ནས་ཀུ་རུའི་ཡུལ་གྱི་ནགས་ཚལ་ན་བཞུགས་པ་དང༌། སྐྱེ་བོ་མང་པོ་འདུས་ཏེ་ཆོས་སྟོན་པ་དང༌། དེའི་
ཕྱོགས་གཅིག་ན་དགེ་སློང་གཅིག་གིས་རྒྱལ་པོ་ལ་ཆོས་སྟོན་པ་དང༌། དེ་ནས་གྲོང་ཁྱེར་གླང་པོ་ཅན་དུ་བྲམ་ཟེ་གཅིག་གིས་སྟོན་པ་ལ་བསྟོད་པ་འབུལ་ཏེ། འོད་ཟེར་སྟེང་འོག་ཏུ་སྤྲོས་ཏེ་གཙུག་ཏོར་ནུབ་པ་དང༌། ཡང་བཅོམ་ལྡན་འདས་འཁོར་བཅས་ཆོས་གསུང་པ་ལ་བྲམ་ཟེ་གཅིག་རི་ཆུང་གཅིག་གི་རྩེ་ནས་ལྟ་བ་དང༌། སྟོན་པས་བྲམ་ཟེ་ལ་བཀའ་བཀོད་མཛད་པའི་ཚུལ་དང༌། བྲམ་ཟེས་ཁྱིམ་གྱི་ཕྱོགས་གཅིག་ཏུ་སྦྱིན་སྲེག་གི་ཐབ་ཁ་བཤིག་པའི་འོག་གི་ས་འབྲུ་བ་དང༌། དེ་ནས་ཙན་དན་ས་མཆོག་གི་མཆོད་སྡོང་ཐོན་པ་དང༌། མཆོད་སྡོང་དེ་དང་སྟོན་པའི་སྐུ་ཚད་མཉམ་པར་བྱུང་བ་དང༌། མཆོད་སྡོང་དེ་ལ་དུས་སྟོན་ཆེན་པོ་བྱེད་པ་འབྲི། ཡང་བཅོམ་ལྡན་འདས་བྲམ་ཟེའི་གྲོང་ལ་གཤེགས་པའི་ཚུལ་དང༌། ཕར་ཕྱོགས་གྲོང་ཁྱེར་གཅིག་ན། སྐྱེ་བོ་དུ་མ་འདུས་པ་ལ། མུ་སྟེགས་ཅན་རྣམས་གཏམ་སྨྲ་བ་དང༌། དེ་རྣམས་དམག་ཆས་སྟེ་ཚུར་འོང་བ་ལ། རྒྱལ་རིགས་རྒན་པོ་གཅིག་གིས་གཏམ་སྨྲ་བ་དང༌། བར་གྱི་ནགས་གསེབ་གཅིག་ན་དམག་རྣམས་བསྡད་པ་ལ། རྒན་པོ་དེས་མེ་བཏང་ཞིང༌། དེ་རྣམས་ཀྱིས་མེ་བསད་ཀྱང་མ་གསོད་པ་དང༌། སྟོན་པ་ཕེབས་པའི་ཕྱོགས་ནས་མེ་ཞི་བ་དང༌། དམག་མི་རྣམས་གོ་ཕུད་དེ་སྟོན་པ་ལ་ཆོས་ཉན་པ་དང༌། བྲམ་ཟེའི་གྲོང་དུ་ཕེབས་ནས་སྐྱེ་བོ་རྣམས་ཀྱིས་མཆོད་པ་དང༌། ནག་པོ་གྲོང་དུ་སངས་རྒྱས་བཞིའི་གཏན། སྟན་གཅིག་གཙུག་ལག་ཁང་དུ་བཞུགས་པ་དང༌། གནོད་སྦྱིན་གྱི་གནས་གཅིག་ཏུ་བཅོམ་ལྡན་འདས་ཀྱི་སྐུའི་དྲུང་ན་གནོད་སྦྱིན་མང་པོས་སྐོར་བ་ལ། གནོད་སྦྱིན་གླང་ཆེན་སྟོབས་ཞེས་བྱ་བ་གཅིག་ཚུར་ཡོང་བ་དང༌། གཙུག་ལག་ཁང་ལྔ་བརྒྱ་མཚོན་བྱེད་ཀྱི་གཙུག་ལག་ཁང་མང་པོར། འཁོར་དགེ་སློང་མང་པོ་ལ་རྒུན་འབྲུམ་སོགས་ཤིང་འབྲས་འབུལ་བ་སྟེ།
དེ་དག་ནི་ཡངས་པ་ཅན་རྣམས་འཇིགས་པ་ལས་སྐྱབས་པ་ལ་སོགས་པའི་སྡེ་ཚན་ནོ། །༼མི༽ གཙུག་ལག་ཁང་དེའི་ནང་དུ་སངས་རྒྱས་ཡང་དག་འཇོག་ལ་བཞུགས་པ་དང༌། བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེ་ལྷན་ཅིག་ཏུ་ནམ་མཁའ་ལ་གཤེགས་པ་དང༌། ནགས་ཚལ་སྔོན་པོ་ཡོད་པ་གཟིགས་ཤིང༌། ཡུལ་གཅིག་ན་གནོད་སྦྱིན་གདུག་པ་ཅན་གྱི་སྐྱེ་བོ་མང་པོ་ལ་གནོད་པ་བྱེད་པ་ལས། མི་རྣམས་ཀྱིས་བཅོམ་ལྡན་འདས་ལ་ཆོས་ཉན་ཞིང་གསོལ་བ་འདེབས་པའི་འགྲམ་ན་གནོད་སྦྱིན་དེ་ཡང་འདུག་པ་དང༌། ཡང་གནོད་སྦྱིན་དེ་ལ་དགོས་སུ་ཆོས་གསུང་པ་དང༌། གཙུག་ལག་ཁང་རྩིག་པ་དང༌། དེ་ཁ་འདྲ་བ་གཞན་ཡང་གཉིས་འབྲི། ཡང་ནགས་ཚལ་དང་འབབ་ཆུ་དུ་མ་ཡོད་པ་ཞིག་ན་སངས་རྒྱས་བཞུགས་པ་དང་སྟེང་ནས་མཚོན་ཆའི་ཆར་ཕབ་པ་མེ་ཏོག་གི་ཚལ་དུ་གྱུར་པ་དང༌། ཀླུས་དུ་བ་བཏང་བ་ལས། ཆེས་ཆེ་བ་སངས་རྒྱས་ཀྱི་སྤྲུལ་པ་དང༌། དེས་མེ་སྦར་བ་ལས་ཆེས་ཆེ་བ་སངས་རྒྱས་ཀྱིས་སྤྲུལ་པ་དང༌། ཕྱག་ན་རྡོ་རྗེས་བྲག་རིའི་རྩེ་མོ་ལ་རྡོ་རྗེ་འཕངས་པས། རི་ཉིལ་ཞིང༌། ཀླུའི་གནས་རྣམས་ནོན་པ་དང༌། ཡང་ཀླུ་རྣམས་འབྲོས་པར་རྩོམ་པ་ལས། མཐའ་མེས་འཁོར་བ་དང༌། དེ་ནས་བཅོམ་ལྡན་འདས་ཀྱི་དྲུང་དུ་ཀླུ་སོག་མ་མེད་དེ། ཆུང་མ་དང༌། བུ་དང་མནའ་མ་དང་འཁོར་དང་བཅས་ཏེ་སྐྱབས་འགྲོ་དང༌། བསླབས་པ་ཞུ་བའི་ཚུལ་བྱ། དེའི་ལག་གཅིག་ན། ཕྱག་ན་རྡོ་རྗེས། རྡོ་རྗེ་གསོར་བས་གར་མཛད་པ་འབྲི། ཡང་བཅོམ་ལྡན་འདས་དང་ཕྱག་ན་རྡོ་རྗེ་ལྷན་ཅིག་ནམ་མཁའ་ལ་གཤེགས་ཤིང༌། མཚལ་སྔོན་པོ་མཚོ་དང་བཅས་གཟིགས་པ་དང་མཚོ་གཅིག་ན་ཀླུའི་ཕོ་བྲང་གཉིས་ཡོད་པ་དང༌། བཅོམ་ལྡན་འདས་མཚོ་ནང་དུ་བྱོན་པ་ལ་ཀླུ་དེ་གཉིས་ཆོས་ཉན་པ། ཀླུའི་ཕོ་བྲང་གི་
རྒྱབ་ཕྱོགས་ན་མཚོ་ལ་སངས་རྒྱས་ཀྱི་སྐུའི་གཟུགས་བརྙན་ཤར་བ་ལ། ཀླུ་དེ་གཉིས་ལྟ་བ་དང༌། ཡང་སངས་རྒྱས་དང་ཕྱག་ན་རྡོ་རྗེ་ནམ་མཁའ་ལ་གཤེགས་ཏེ། རི་གཅིག་རྒལ་བའི་ཕ་རོལ་ན། ཡུལ་ལྗོངས་ཆུང་ངུ་ཞིག་འབྲི། ཡུལ་དེའི་ཟུར་གཅིག་ན་གནོད་སྦྱིན་མོ་སྲིན་མོ་འདྲ་བ་ཞིག་གིས་བྱིས་པ་མང་པོ་ཟ་བའི་ཚུལ་ལ། གཡས་ཕྱོགས་སུ་མདུང་ཞགས་པ་གཅིག་འབྲི། ཡུལ་དེའི་འདབས་ན་སངས་རྒྱས་ལ་བྲམ་ཟེ་དང་ཁྱིམ་བདག་མང་པོས་མཆོད་པ་བྱེད་ཅིང་ཆོས་ཉན་པ་དང༌། ཡང་ཕྱོགས་གཅིག་ན་སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་གསོལ་ཞིང༌། ཡང་ཕྱོགས་གཅིག་ན་བྲམ་ཟེ་དང་ཁྱིམ་བདག་འབའ་ཞིག་གི་གསེར་གྱི་རིལ་བ་སྤྱི་བླུགས་ཐོགས་ནས་སངས་རྒྱས་ལ་ཞུ་བའི་ཚུལ་དང༌། དེ་དག་གི་འགྲམ་ན་གནོད་སྦྱིན་མོ་སྲིན་མོའི་ལུས་ཅན་དེ་ཡང་ཆོས་ཉན་པའི་ཚུལ་བྱ། ལོགས་གཅིག་ན་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་མོ་དེ་ཁོ་ན་ལ་ཆོས་སྟོན་པ་དང༌། མི་རྣམས་ཀྱི་གཙུག་ལག་ཁང་རྩིག་པའི་ཚུལ་བྱ། གཞན་ཡང་ཡུལ་ལྗོངས་གཅིག་ན། སྲིན་པོ་སྲིན་མོ་མང་པོ་ལ་ཆོས་སྟོན་པ་དང༌། ཡང་གཅིག་ན་ཀླུ་རྣམས་འདུས་པ་ལ་ཆོས་སྟོན་པ་དང༌། ཡང་གཅིག་ན་ལྷ་སྣ་ཚོགས་འདུས་པ་དང༌། ཡང་གཅིག་ན་གནོད་སྦྱིན་སྣ་ཚོགས་འདུས་པ་དང༌། ཡང་གཅིག་ན་མིའམ་ཅི་སྣ་ཚོགས་འདུས་པ་དང༌། ཡང་གཅིག་ན་འབྱུང་པོ་གཟུགས་སྣ་ཚོགས་འདུས་པ་དང༌། ཡང་གཅིག་ན་ནམ་མཁའ་ལྡིང་སོགས་བྱ་སྣ་ཚོགས་འདུས་པ་དང༌། ཡང་གཅིག་ན་ལྷ་མ་ཡིན་དང་ལྷ་མིན་གྱི་བུད་མེད་སྣ་ཚོགས་ལ་ཆོས་གསུང་པ་སྟེ། སྐབས་དེར་མི་མ་ཡིན་གྱི་གཙོ་བོ་མཐུ་ཆེ་བ། རྫུ་འཕྲུལ་ཆེ་བ་འབུམ་ཕྲག་བདུན་ཅུ་དོན་བདུན་བརྟུལ་བ་མཚོན་བྱེད་དོ། །དེ་དག་ལས་འབྱུང་པོ་གཟུགས་སྣ་ཚོགས་བཅོས་པ་ནི། འདི་ལྟ་བུ་དག་ཡིན་ཏེ། སེང་གེ་ལ་སོགས་པ་མགོ་བརྙན་སྣ་ཚོགས་
དང༌། མགོ་མི་ལ་ལུས་དུད་འགྲོ་སོགས་སུ་འདུག་པ་དང༌། ལུས་གཅིག་ལ་མགོ་མང་པོ་དང༌། མགོ་གཅིག་ལ་ལུས་མང་པོ་དང༌། ལུས་མགོ་མེད་དང༌། མགོ་ལུས་བྲལ་བ་དང༌། ལག་མང་དང༌། ལུས་ཕྱེད་པ་དང༌། ཕྲག་མིག་དང༌། མིག་མང་དང༌། རྐང་མང་དང༌། རྐང་གཅིག་དང༌། རྐང་མེད་དང༌། ཁ་མང་པོ་དང༌། རྐང་ལག་ལ་སོགས་པ་ཡན་ལག་སྲོག་ཆགས་སྣ་ཚོགས་པའི་རྣམ་པ་གཞན་དང་གཞན་དུ་འདུག་པ་རྣམས་སོ། །དེ་ནས་ནམ་མཁའ་ལ་ཕྱག་ན་རྡོ་རྗེ་དང་ལྷན་ཅིག་ཚུར་བྱོན་པ་དང༌། གཙུག་ལག་ཁང་གཅིག་གི་ནང་དུ་བཅོམ་ལྡན་འདས་མཉམ་བཞག་མཛད་ཅིང༌། སྒོ་དྲུང་ན་དགེ་སློང་གཅིག་ཡོད་པ་དང༌། ཕྱི་ཁྱམས་ན་དགེ་སློང་མང་པོ་བཞུགས་པ་འབྲི་སྟེ། འདི་ནི་ཐུན་གཅིག་ལ། མི་དང་མི་མ་ཡིན་པའི་འགྲོ་བ་དཔག་ཏུ་མེད་པ་ཡང་དག་པའི་ལམ་ལ་བཀོད་པ་སྟེ། བྱང་ཕྱོགས་ཀྱི་རྒྱུད་དུ་གཤེགས་པའི་སྡེ་ཚན་ནོ། །༼ཙི༽ དེ་ནས་གཙུག་ལག་ཁང་དེའི་འགྲམ་ནས་སངས་རྒྱས་དགེ་སློང་གཅིག་དང་གཤེགས་པ་དང་གྲོང་ཁྱེར་ཆུང་ངུ་གཉིས་རིམ་གྱི་བརྒྱུད་ནས། རི་གཅིག་ན་ནགས་ཚལ་སྔོན་པོ་ཡོད་པ། གཅིག་སྟོན་པར་མཛད་པ་དང༌། གྲོང་ཁྱེར་གཅིག་གི་འདབས་སུ་བྱོན་པ་ལ། སྔོན་པོར་གྱུར་ཞེས་བྱ་བའི་བྲམ་ཟེ་གཅིག་གིས་བསྟོད་པ་འབུལ་བ་དང༌། བྲམ་ཟེ་དེ་ལ་ཆོས་སྟོན་ཞིང་འོད་འཕྲོ་བ་དང༌། བྲམ་ཟེ་མང་པོ་གྲོས་བྱེད་པ་དང༌། ཡང་དེ་རྣམས་བྲམ་ཟེ་ལ་སྨོད་པ་དང༌། སངས་རྒྱས་གྲོང་ཁྱེར་དུ་ཕེབས་ལ་ཁད་པ་ལས། གྲོང་ཁྱེར་གྱི་སྒོ་དྲུང་ན་ལྷ་མོ་གཅིག་ལུས་གཅེར་བུར་ཕྱུང་ནས་འདུག་པ་དང༌། གྲོང་ཁྱེར་གྱི་གཡོན་ཕྱོགས་ས་སྟོང་གཅིག་ལ་འབྱོན་པ་དང༌། རི་ཆུང་གཅིག་གི་ཕུག་ན་བཞུགས་པ་དང༌། རིའི་རྒྱབ་ཀྱི་ནགས་ནང་ན། བྱིས་པ་བོང་བུ་ལ་ཞོན་པ་དང༌། བོང་བུས་བྱིས་
པ་ཟ་བ་དང༌། རི་དེའི་འགྲམ་ཚུར་ཕྱོགས་ན། སངས་རྒྱས་ལ་འཁོར་མང་པོས་བསྐོར་ཞིང་མཆོད་པ་འབུལ་བ་ལ། དེའི་འགྲམ་ན་གནོད་སྦྱིན་ཏེ། འབྱུང་པོ་བོང་བུའི་མགོ་ཅན་ཞིག་ལ། གཞན་ཡང་གནོད་སྦྱིན་ཉིས་སྟོང་ལྔ་བརྒྱ་མཚོན་བྱེད་ཀྱི་གནོད་སྦྱིན་མང་པོ་ཐལ་མོ་སྦྱར་བ་འདྲི། དེ་ནས་མི་རྣམས་ཀྱི་ཕྱོགས་གཅིག་ཏུ་གཙུག་ལག་ཁང་ལྔ་བརྒྱ་བཞེངས་པ་དང༌། ཕྱོགས་གཞན་གཅིག་ཏུ་ཉིས་སྟོང་ལྔ་བརྒྱ་བཞེངས་པ་མཚོན་བྱེད་གཙུག་ལག་ཁང་ཆུང་ངུ་མང་པོ་བཞེངས་པ་ཚོ་གཉིས། དེ་ནས་ཡུལ་ལྗོངས་གཞན་ཞིག་ན། ཞིང་པ་མང་པོ་ཞིང་རྨོད་པའི་ཕར་འགྲམ་ན་སངས་རྒྱས་འབྱོན་པ་དང༌། དེའི་ཕྱོགས་གཅིག་ས་སྟོང་གཅིག་ལ་སངས་རྒྱས་བཞུགས་ཤིང༌། ཞིང་པ་རྣམས་འདུས་པ་ལ། སངས་རྒྱས་ཆོས་སྟོན་པ་དང༌། ཕྱོགས་གཅིག་ན་གླང་ཐམས་ཅད་གཉའ་ཤིང་ཆུ་ཐག་བཅད་དེ། བཅོམ་ལྡན་འདས་ཀྱི་མཐའ་སྐོར་དུ་འཁོད་པ་དང༌། ནགས་གཅིག་ན་བཅོམ་ལྡན་འདས་བཞུགས་པའི་དྲུང་དུ་བྲམ་ཟེ་དཔོན་སློབ་མང་པོ་ཞིག་ཆོས་ཉན་པ་དང༌། ཉེ་སྐོར་དེ་ན་རྟ་དཀར་པོས་དྲངས་པའི་ཤིང་རྟ་དག་ཡོད་པ། དེ་ནས་བྲན་མོ་རྒན་མོ་ཞིག་ཁྲོན་པ་ནས་ཆུ་འདྲེན་པ་དང༌། ཀུན་དགའ་བོས་ལྷུང་བཟེད་དུ་ཆུ་སློང་བ་དང༌། ཟུར་གཅིག་ཏུ་བུད་མེད་མཆོག་དང༌། རྒན་མོ་དེ་སྟོན་པ་ལ་ཆོས་ཉན་པ་དང༌། བྲམ་ཟེ་གཅིག་གི་ཟླུམ་ར་ཆུའི་གང་བ་དང༌། དེ་སྟོན་པ་ལ་ཆོས་ཉན་ཞིང་དགེ་སློང་དུ་གྱུར་པ་སྟེ། བཅོམ་བརླག་དང་ཨོ་ཏ་ལ་སོགས་སུ་བྱོན་པའི་བཀོད་པའོ། །༼ཚི༽ དེ་ནས་ཡུལ་ལྗོངས་གཅིག་ན་ནེམ་པ་ལ་སོགས་པའི་ཤིང་གི་ནགས་ཚལ་གཅིག་ན། སངས་རྒྱས་འཁོར་བཅས་བཞུགས་པའི་དྲུང་དུ་རྒྱལ་པོ་འཁོར་བཅས་ཀྱང་ཐལ་མོ་སྦྱར་བ། དེའི་ལམ་ཕྱོགས་ལམ་གནས། རྒྱལ་པོ་འཁོར་བཅས་ཚུར་
ཡོང་བ་དང༌། ཕར་འགྲོ་བ་གཉིས་ཆར་གྱིས། ཕོ་བྲང་གི་ནང་དུ་རྒྱལ་པོས་བློན་པོ་རྣམས་ལ་བཀའ་སྒོ་བ་དང༌། ཁང་པའི་ཕྱི་ཁྱམས་ན་ཁ་ཟས་མང་པོ་བཤམ་པ་དང༌། ཕྱོགས་གཅིག་གི་ཁང་བཟང་ན་རྒྱལ་པོ་གཉིད་ལོག་པ་དང༌། དེའི་ནམ་མཁའ་ལ་འོད་སྐོར་གཅིག་གི་ནང་ན། གྲོང་ཁྱེར་གྱི་མཐའ་རྒྱལ་པོ་རང་གི་རྒྱུ་མས་དཀྲིས་པ་གཅིག་གི་ཧལ་མཚན་གྱིས་ཕྲ་མོར་འབྲི། དེ་ནས་ཁང་བཟང་གི་ཕྱོགས་གཅིག་ཏུ། རྒྱལ་པོ་དང་བྲམ་ཟེ་ཞིག་གཏམ་སྨྲ་བ་དང༌། ཁང་བཟང་གི་ནང་ཞིག་ན་རྒྱལ་པོ་གཅིག་པོར་འདུག་པ་དང༌། ཕོ་བྲང་གི་ཕྱི་རོལ་དུ་མི་མང་པོ་བསགས་པ་ན། བློན་པོས་བཀའ་སྒོ་བ་དང༌། གྲོང་ཁྱེར་ཆེ་ཆུང་མང་པོའི་སྲང་ཁ་ན། དགེ་སློང་གཉིས་ཏེ་བརྡའ་སྤྲོད་པའི་ཚུལ་དང༌། ཕོ་བྲང་དེའི་སྒོ་ནས་དགེ་སློང་གཉིས་བརྡའ་སྤྲོད་པའི་ཚུལ་འབྲི། ཕྱོགས་གཅིག་ན་ཚོང་པ་རྟ་ཁལ་མང་པོ་ཅན་ཡོང་པ་དང༌། ཚོང་པ་དེ་རྣམས་ཁལ་སྤོག་ནས་འདུག་པའི་སར། ཚོང་དཔོན་དང་དགེ་སློང་གཅིག་གཏམ་སྨྲ་བའི་ཚུལ་དང༌། རི་ནགས་ཚལ་ཅན་གཅིག་གི་འགྲམ་ན། དགེ་སློང་གཅིག་གིས་དགེ་སློང་རྣམས་ལ་ཚུལ་ཤིང་འགྲེམ་པ་དང༌། སྟོན་པའི་དྲུང་དུ་དགེ་སློང་གཉིས་ཞུ་བ་བྱེད་པ་དང༌། དེ་གཉིས་ཕྱོགས་གཞན་གཅིག་ལ་འགྲོ་ཚུལ་དང༌། རི་དེའི་སྐེད་པ་ཙམ་ན་སངས་རྒྱས་འཁོར་བཅས་བཞུགས་པ་ལ་ཚོང་དཔོན་དེ་འོང་ནས། སོ་སོ་ནས་ཕྱག་འབུལ་བའི་ཚུལ་བྱ། ཕྱོགས་གཅིག་ཏུ་བུ་མོ་གཅིག་གིས་ནས་བརྡུང་ཞིང༌། དགེ་སློང་ཞིག་ས་སྟེང་མཐོ་བ་གཅིག་ན་བཞུགས་ནས་དེ་ཚོ་ལ་ཆོས་འཆད་པའི་རྣམ་པ་དང༌། རིའི་རྩ་བ་ན་རྟ་ལྔ་བརྒྱ་མཚོན་བྱེད་རྟ་མང་པོ་ཡང་བཅོམ་ལྡན་འདས་ལ་ལྟ་ཞིང་སྐད་འབྱིན་པའི་ཚུལ་དང༌། དེ་དང་ཉེ་བའི་ཕྱོགས་གཅིག་ན་བུ་མོ་ལྔ་བརྒྱ་མཚོན་བྱེད་བུ་མོ་མང་པོ་ཡང་ཐལ་མོ་སྦྱར་ཞིང་སྨོན་ལམ་
འདེབས་ཚུལ་བྱེད། ཡང་སྔར་གྱི་ཕོ་བྲང་དེའི་འཁྲིས་སུ། ཁང་བཟང་དེ་འདྲ་རུང་གི་སྒོ་ཐ་དད་ན་ཕྱོགས་ཀྱི་ཕོ་ཉ་པ་མང་པོ་ཡོད་པ་དང༌། སྒོ་བསྲུང་གཅིག་ལ་གནས་བརྟན་གཅིག་གི་གཏམ་སྨྲ་བ་དང༌། སྒོ་ནང་མ་གཅིག་ལ་སྒོ་བསྲུང་གིས་འཁྲིད་དེ། དགེ་སློང་དེ་འགྲོ་བ་དང༌། རྒྱལ་པོའི་དྲུང་ན་ཡང་ཡང་དགེ་སློང་ཡོད་པ་འབྲི། སྔར་གྱི་རི་དེའི་འཁྲིས་སུ་རི་དེ་ཀ་འདྲ་བ་ཞིག་ལ་ཕྱོགས་གཅིག་ན་སངས་རྒྱས་ཀྱི་དྲུང་ན། དགེ་སློང་གཅིག་མཆིལ་མ་འབྱིན་པའི་ཚུལ། སྟོན་པའི་ཕྱག་གཡོན་དུ་ལྷུང་བཟེད་བསྣམས། གཡས་ཀྱི་ནས་འབྲུ་གཅིག་དགེ་སློང་དེ་ལ་གནང་བའི་ཚུལ་བྱ། སྔར་གྱི་དགེ་སློང་ཕར་ཕྱོགས་གཉིས་པོ་ཚུར་འོང་པ་དང༌། རི་དེའི་ཕྱོགས་གཅིག་ན་རྒྱལ་པོ་འཁོར་བཅས་སྟོན་པ་ལ་ཕྱག་འཚལ་བའི་ཚུལ་བྱེད། ཕོ་བྲང་སྟཻང་མ་དེའི་ཕྱོགས་གཅིག་ན། སངས་རྒྱས་འཁོར་བཅས་ལ། རྒྱལ་པོ་དེས་བསོད་སྙོམས་འབུལ་བ་དང༌། བཅོམ་ལྡན་འདས་འཁོར་བཅས་ཡུལ་གཞན་ལ་གཤེགས་པའི་ཚུལ་འབྲི། རི་སྟེང་མ་དེའི་ཕྱོགས་གཅིག་ལ། དགེ་སློང་རྣམས་ཀྱི་ལོ་མའི་སྤྱིལ་པོ་དང༌། རྩའི་སྤྱིལ་པོ་དང༌། རང་ཤོང་ཁང་བུ་དག་བཤིག་པར་བརྩམས་པ་ལས། སྟོན་པས་བཟློག་པ་དང༌། བཀོད་པ་དེ་དག་དང་རི་ནགས་ཀྱི་ཆོད་པའི་ཡུལ་ལྗོངས་ཆུང་ངུ་གཅིག་ན། རི་རྩེ་གསུམ་པ་གཅིག་ལ་དགེ་སློང་གཉིས་བཞུགས་ཤིང༌། བརྒྱ་བྱིན་གྱི་བདུད་རྩི་འདྲེན་པ་འབྲི། དེ་དང་ཕྱོགས་མི་གཅིག་པ་ལྗོངས་སྔ་མ་དེ་དང་རི་ནགས་ཀྱི་ཆོད་པའི་ཡུལ་ལྗོངས་གཅིག་ན་ཕར་ཤིང་རྟ་འབྲས་ཀྱི་བཀང་བ་དང༌། མི་མང་པོ་འགྲོ་བའི་མདུན་ནས། དགེ་སློང་གི་གཟུགས་ཅན་གཅིག་གི་བཟློག་པ་དང༌། ཡང་ཤིང་རྟ་སོང་བ་ལ། ཆར་པ་དང༌། འོབས་ཆེན་པོའི་རྒྱུན་ལ་མ་ཐར་བ་རྣམས་འབྲི་སྟེ། གྲོང་ཁྱེར་སྒྲ་མཐར་དབྱར་གནས་པའི་བསྐོར་རོ་སྐོར་རོ། །༼ཛི༽
ཡང་བཀོད་པ་གཅིག་ལ། ཆུ་འགྲམ་གཅིག་ལ་སྟོན་པ་འཁོར་བཅས་གཤེགས་ཤིང༌། ཆུས་ཤིང་སྡོང་ཆེན་པོ་ཁྱེར་བ་གཅིག་དང༌། ཆུ་འགྲམ་ན་སྟོན་པ་འཁོར་མང་པོ་ཆོས་གསུང་པའི་འཁྲིས་ན། གནག་རྫི་རྒན་པོ་གཅིག་ཆོས་ཉན་ཞིང་འཁར་བ་ས་ལ་བཙུགས་པ། སྦལ་བ་ཞིག་གི་སྟེང་དུ་ཁེལ་བ་དང༌། སྦལ་བ་ལྷར་སྐྱེས་ནས་བཅོམ་ལྡན་འདས་ལ་ཆོས་ཉན་པ་དང༌། དེ་དང་ཉེ་བའི་རི་སུལ་མང་པོ་གཅིག་ན་ཕར་རྒན་པོ་དེ་སོང་བས་ཕྱུགས་རྫི་ལ་སོགས་པའི་མི་མང་པོ་འབྲོས་པ་དང༌། གྲོང་གཅིག་གི་མི་རྣམས་གོ་ཆ་གྱོན་པ་དང༌། རྒན་པོས་གནག་ཕྱུགས་རྣམས་བདག་པོ་སོ་སོ་ལ་གཏོད་པའི་ཚུལ་དང༌། ཚུར་ལམ་རྒན་པ་དེ་ཕྱུགས་རྫི་མང་པོས་སྐོར་ནས་སྟོན་པའི་དྲུང་དུ་སླེབ་ལ་ཁད་པ། སྟོན་པས་ཆོས་གསུང་པ་དང༌། རབ་ཏུ་བྱུང་བ་དང༌། འོད་འཕྲོ་བ་འབྲིའོ། །དེ་ནས་ཆུ་བོ་ཆེན་པོ་གངྒའི་སྟེང་ལ་བཅོམ་ལྡན་འདས་རེས་གྲུ་དང་རེས་ཆུ་ལ་ཞབས་བཞག་གིན་ཕེབས་པས་ངང་པ་མང་པོ་བསྐོར་བ་བྱེད་པ་དང༌། ཉ་མང་པོ་བསྐོར་བ་བྱེད་པ་དང༌། རུས་སྦལ་མང་པོ་བསྐོར་བ་བྱེད་པ་དང༌། སྟོན་པས་ཀྱང་ཆོས་གསུང་པའི་རྣམ་པ་དང༌། གངྒའི་ཚུར་འགྲམ་དུ་ཕེབས་པ་ན། དེ་རྣམས་ལྷར་སྐྱེས་པ་སྟོན་པ་ལ་ཆོས་ཉན་པའི་ཚུལ་དང༌། ཡང་ཕྱོགས་གཅིག་ན་ཡི་དྭགས་ལུས་ཀེང་རུས་ལྟ་བུ་ལྟོ་བ་ཆེ་ཞིང་གདོང་དང་ལུས་སྐྲས་གཡོགས་བ། ཁ་ཁབ་མིག་ཙམ། མདོག་ནག་ཕྲ་ཐོར་རེ་བ་མང་པོ་ལ་བཅོམ་ལྡན་འདས་ཀྱི་ཆུ་བོ་སྟོན་པར་མཛད་པ་དང༌། དེ་རྣམས་ཁ་ཆེན་པོར་སོང་བ་ལ། དགེ་སློང་གཅིག་གི་ཆུ་བླུད་པ་དང༌། དེ་དག་ཤི་ནས་ལྷར་སྐྱེས་པ་ལ་ཆོས་སྟོན་པས་བདེན་པ་མཐོང་བ་འབྲི། ཡི་དྭགས་ཁ་ཁབ་མིག་ཙམ་ནི་རྒྱ་གར་གྱི་རི་མོ་ཁུངས་མ་ལས། སྦྲང་བུའི་མཆུ་ལྟར་རིང་བའི་རྩེ་ན།
ཁའི་བུག་ག་ཡོད་པའི་རྣམ་པ་བྲིས་འདུག་གོ །དེ་ནས་ཇི་སྐད་དུ། གཞོན་ནུ་སྐྱེ་དང་གླང་ཆེན་སྐྲ། །དཔུང་རྒྱན་ལྡན་དང་ནོར་བུ་ཅན། །ས་ལ་སྟོབས་དང་ས་ལའི་སྟོབས། །གསེར་བྲེ་དང་ནི་གནས་བཅས་དང༌། །ཐུག་པ་དང་ནི་མཉན་ཡོད་དང༌། །མ་དྲོས་གྲོང་ཁྱེར་སིནྡུ་དང༌། །ཡངས་པ་ཅན་ནི་ཐ་མ་ཡིན། །ཞེས་ཡུལ་མང་པོར་བྱོན་པར་བཤད་པ་ལས་འདི་ཙམ་ཞིག་འབྲི་སྟེ། བྲམ་ཟེ་དབུལ་པོ་ཞིག་ཞིང་རྨོ་བའི་སར། བུ་མོ་ཞིག་གི་ཐུག་པ་བསྐྱེལ་བ་དང༌། དེ་དང་ཉེ་བའི་ལམ་ན་སངས་རྒྱས་འབྱོན་པ་དང༌། བྲམ་ཟེས་ཐུག་པ་སངས་རྒྱས་ལ་ཕུལ་བ་དང༌། ཐུག་པ་དེ་ཁྲོན་པ་རྙིང་པ་གཅིག་ཏུ་བླུག་པས་ཁྲོན་པ་ཁེངས་པ་དང༌། ཐུག་པ་དེ་སངས་རྒྱས་འཁོར་བཅས་ཀྱིས་གསོལ་ཡང་ཉུང་དུ་མ་སོང་ཞིང༌། ཁྲོན་པ་ནས་རླང་པ་འཐུལ་བ་དང༌། སངས་རྒྱས་ཀྱི་བྲམ་ཟེ་ལ་ཆོས་སྟོན་པ་དང༌། ཁོའི་ཞིང་གི་ནས་སོགས་ལོ་ཐོག་ཐམས་ཅད་གསེར་འབའ་ཞིག་ཏུ་སྐྱེས་པ་དང༌། སྟོན་ཐོག་རྒྱལ་པོ་དང་བགོ་བཤ་བྱས་པས། རྒྱལ་པོའི་དེ་རྣམས་འབྲུར་སོང༌། བྲམ་ཟེ་དེ་རྣམས་གསེར་དུ་འདུག་པའི་རྣམ་པ་འབྲི། ཡང་ཐོན་མཁན་གཅིག་གི་ལྕགས་ཏེ་རྒྱང་རིང་པོ་ནས་ཕྱག་འཚལ་བ་དང༌། དེ་དག་ཉེ་བར་སྟོན་པ་བཞུགས་ཤིང་ས་འོག་ནས། ལྷ་དང་ཀླུ་རྣམས་ཀྱི་རིན་པོ་ཆེའི་སྒྲོམ་བུའི་སྣོད་བྱུང་བ་དང༌། དེ་ཁ་ཕྱེ་བའི་ནང་ནས་སངས་རྒྱས་འོད་སྲུང་གི་རིང་སྲེལ་མ་ཉམས་པ་ཐོན་པ་ལ། སྐྱེ་བོ་མང་པོ་ཕྱག་མཆོད་བྱེད་ཅིང་ལྟ་བ་དང༌། ཡང་དེ་ས་འོག་ཏུ་ནུབ་པ་དང༌། ཕྱོགས་གཅིག་ནས་རྒྱལ་པོ་འཁོར་བཅས་འོང་པ་དང་ལྡོག་པ་གཉིས་འབྲི་སྟེ། ལྷོ་ཕྱོགས་ལྔ་ལེན་ཀྱི་གངྒའི་ཚུགས་གཤེགས་པ་ལ་སོགས་པའི་སྡེ་ཚན་ནོ། །༼ཝི༽ དེ་ནས་ཁྱིམ་ཁང་བཟང་ཅན་གཅིག་ན་ཁྱིམ་བདག་གཅིག་གིས་སངས་རྒྱས་འཁོར་བཅས་ལ་གདུགས་ཚོད་གསོལ་
ཞིང༌། ཕྱི་སྒོ་ནས་སྤྲང་པོ་མང་པོ་འཇུག་ཚད་པ་ལ། སྒོ་སྲུང་བས་བསྲུང་བ་དང༌། སྤྲང་པོ་གཅིག་སྤྲང་པོ་གཞན་རྣམས་གྱི་སྐྲོད་པ་དང༌། དེ་ཕྱགས་དར་གྱི་ཕུང་པོའི་གསེབ་ན་མགོ་ལ་རྨ་བྱུང་ནས་འདུག་པ་དང༌།སྟོན་པ་དང་ཉན་ཐོས་གཅིག་དེའི་འཁྲིས་སུ་གཤེགས་ནས། དེ་ལ་ཁ་ཟས་སྩོལ་བ་དང༌། སྤྲང་པོ་སྟོན་པའི་ཕྱི་བཞིན་དུ་འགྲོ་བ་དང༌། གཙུག་ལག་ཁང་དུ་སྟོན་པའི་དེ་ལ་བཀའ་སྩོལ་བ་དང༌། དེ་དོང་ཙེ་གཉིས་ཐོགས་ནས་མེ་ཏོག་གི་ར་བའི་སྒོ་དྲུང་ན་འདུགས་པ་ལ། མི་གཅིག་གིས་གཏམ་སྨྲ་བ་དང། དོང་ཙེ་དེ་ལ་གཏད་དེ་མེ་ཏོག་ཨུཏྤལ་མང་པོ་བླངས་ཏེ། གཙུག་ལག་ཁང་དུ་འགྲོ་བ་དང༌། སངས་རྒྱས་དང་དགེ་འདུན་རྣམས་ལ་དེས་ཨུཏྤལ་རེ་རེ་འབུལ་བ་དང༌། དེ་ནས་སྤྲང་པོ་དེ་སངས་རྒྱས་ལ་ཆོས་ཉན་པ་དང༌། རབ་ཏུ་བྱུང་བ་དང༌། ཕྱོགས་གཅིག་ཏུ་མཉམ་བཞག་བྱེད་ཅིང་ལུས་ལས་འོད་འཕྲོ་བ་འབྲི། སྟོན་པ་འཁོར་བཅས་ཡུལ་གཞན་དུ་གཤེགས་པ་དང༌། ཡུལ་ལྗོངས་དེར་རྒྱལ་པོའི་ཕོ་བྲང་ཞིག་ཏུ་མཆོད་སྟོན་གསོལ་བ་དང༌། རི་བོ་ནགས་ཚལ་ཅན་ལ་སངས་རྒྱས་འཁོར་བཅས་བཞུགས་པ་དང་ཕྱི་ར་བས་སྐོར་བའི་རྡོ་ཆལ་ཡངས་པ་ཞིག་ཏུ། ཕྱོགས་གཅིག་ན་སངས་རྒྱས་འཁོར་བཅས་ལ་མཆོད་སྟོན་གསོལ་བ་དང༌། ཕྱོགས་གཅིག་ཏུ་བྲམ་ཟེ་དང་ཁྱིམ་བདག་མང་པོས་སངས་རྒྱས་ལ་ཞུ་བ་འབུལ་བ་དང༌། དེའི་ཕྱི་རོལ་གྱི་ས་ལ། སྟོན་པས་དགེ་སློང་གཅིག་ལ་བཀའ་བསྒོ་བ་དང༌། ནགས་གསེབ་གཅིག་ལ་དགེ་སློང་འགྲོ་ཞིང་མཚོ་གཅིག་གི་འགྲམ་དུ་ཟས་ཟ་བ་དང༌། ལྷུང་བཟེད་འཁྲུད་པ་དང༌། ཕྱོགས་གཅིག་ན་སྐྱིལ་ཀྲུང་བཅས་ནས་འདུག་པ་ལ། མཚོན་ཆའི་ཆར་འབབ་པ་མེ་ཏོག་གི་ཆར་པར་སོང༌། དུ་བ་འཐུལ་བ་དང་མེ་འབར་བ་འབྲི། ཕྱོགས་གཅིག་ཏུ་ཀླུ་ལ་དགེ་སློང་དེས་ཆོས་གསུང་པ་འབྲི། དེ་དག་ནི་ཀླུ་ཨར་མྲ་ཆུ་ངོགས་པ་བརྟུལ་
བའི་བཀོད་པ་སྟེ། ཆུ་སྲིན་བྱིས་པ་གསོད་ཀྱྀ་རི་ལ་བཞུགས་པ་ལ་སོགས་པའི་སྡེ་ཚན་ནོ། །༼ཞི༽ དེ་ནས་ཁྱིམ་ཁང་བཟང་ཅན་ཞིག་གི་ནང་ན། སངས་རྒྱས་འཁོར་བཅས་ལ་ཁྱིམ་བདག་ཅིག་གིས་གདུགས་ཚོད་གསོལ་བ་དང༌། སྒོ་དྲུང་དུ་འོད་སྲུང་ཆེན་པོ་ཕྱགས་དར་ཁྲོད་གྱོན་པ་སྒོ་བས་མ་བཏང་བ་དང། འགྲམ་གཅིག་ཏུ་མུ་ལྟོ་མ་མཛེ་མོ་ཞིག་གིས་འབྲས་ཁུ་འོད་སྲུང་ལ་ཕུལ་བ་དང༌། ཕྱོགས་གཅིག་ཏུ་འབྲས་ཁུ་འོད་སྲུང་ལ་ཕུལ་བ་དེ་གསོལ་བ་དང༌། དེ་དགའ་ལྡན་གྱི་རིགས་ཀྱི་ལྷར་སྐྱེས་ནས་སྟོན་པ་ལ་ཆོས་ཉན་པ་དང༌། འོད་སྲུང་ལ་རྒྱལ་པོ་གསལ་རྒྱལ་གྱི་ཕོ་བྲང་དུ་བསོད་སྙོམས་གསོལ་བ་དང༌། ཡང་གཙུག་ལག་ཁང་དུ་སངས་རྒྱས་དགེ་འདུན་དང་བཅས་པ་ལ། རྒྱལ་པོས་མཆོད་པ་དཔག་ཏུ་མེད་པས་མཆོད་དེ། ན་བཟའ་གསེར་གྱི་མདོག་ཅན་ཕུལ་བ་དང༌། ཟས་ཀྱི་ལྷག་མ་ས་ལ་བོ་བ་རྣམས་མུལ་ལྟོ་བ་རྣམས་ཀྱིས་ཁྱེར་བ་དང༌། རྒྱལ་པོ་བཅོམ་ལྡན་འདས་ཀྱི་སྐུ་མདུན་ན་འདུག་ཅིང༌། མུལ་ལྟོ་བ་གཅིག་སྒོ་ཁང་ན་འདུག་པ་དང༌། ཡང་དེ་ཁ་དང་འདྲ་བ་གཅིག་ལ། རྒྱལ་པོ་ཕྱོགས་གཞན་དུ་འབྱོན་ཞིང༌། སྒོ་སྲུང་གི་མུལ་ལྟོ་བ་རྣམས་སྤྲོད་པ་དང༌། ཡང་གཙུག་ལག་ཁང་གི་ནང་ན་སངས་རྒྱས་ལ་རྒྱལ་པོ་ཞུ་བ་མཛད་པ་དང༌། དེ་མ་ཡིན་པའི་གཙུག་ལག་ཁང་གཅིག་ཏུ་སངས་རྒྱས་དགེ་འདུན་དང་བཅས་པ་ལ། བཟའ་བཏུང་དང༌། ན་བཟའ་དང༌། སྨན་དང༌། མར་མེ་དང༌། འབྲུ་མར་གྱི་བུམ་པ་ལ་སོགས་པ་མང་པོ་ཞིག་འབུལ་བ་དང༌། སྤྲང་མོས་གྱོ་མོག་ཏུ་མར་མེ་སྤར་ཏེ། ཁྱམས་སུ་བཞག་ནས་སྨོན་ལམ་འདེབས་པ་དང༌། ཕྱོགས་གཞན་གཅིག་ན་མར་མེ་གཞན་རྣམས་ཤི གྱོ་མོག་གི་མར་མེ་དེ་ཆེས་འབར་ཞིང་འོད་ཟེར་འཕྲོ་བ། སྟོན་པའི་ཞལ་ལས་འོད་འཕྲོས་དོན་གཉིས་བྱས།
གཙུག་ཏོར་དུ་ཐིམ་པ་དང༌། དགེ་སློང་གཅིག་གི་ཆོས་གོས་ཀྱི་དྲས་གཡོབ་པ་ལ། སངས་རྒྱས་ཀྱིས་བཟློག་པར་མཛད་ཅིང༌། ཤཱཀྱ་ཐུབ་པ་ཞེས་བྱ་བའི་སངས་རྒྱས་སུ་འགྱུར་བར་ལུང་སྟོན་པ་དང༌། ཡང་གཙུག་ལག་ཁང་གཅིག་ཏུ། སྟོན་པའི་དྲུང་ན་རྒྱལ་པོ་གསལ་རྒྱལ་ཐལ་མོ་སྦྱར་ཏེ་འདུག་པ་རྣམས་འབྲི་སྟེ། འགའ་ཞིག་བྱང་ཆུབ་མཆོག་ཏུ་ལུང་བསྟན་པའི་སྐབས་སོ། །༼ཟི༽ དེ་ནས་གྲོང་བརྡལ་མེ་ཙུ་རུ་དི་མཚོན་པའི་གྲོང་དང༌། གཙུག་ལག་ཁང་ན་སྟོན་པ་ཆོས་གསུང་པ་དང༌། དེའི་ཁང་བཟང་ན་སྟོན་པས་རྒྱལ་པོ་གསལ་རྒྱལ་ལ་ཆོས་གསུང་པ་དང༌། སྒོ་དྲུང་ནས་བྲམ་ཟེ་གཅིག་ཤིང་རྟར་བཞུགས་རལ་གྲི་དང༌། རྔ་ཡབ་ཅོད་པན་ཐོགས་ཏེ་འགྲོ་བ་དང༌། ཤིང་དྲུང་བསྐམ་སེ་བ་གཅིག་ན། སྟོན་པ་བཞུགས། རྒྱལ་པོ་དར་བབ་གཅིག་ཕྱག་འཚལ་བ་དང༌། དམག་ཚུར་ཡོང་བ་དང་ཕར་ལྡོག་པ་དང༌། གྲོང་ཁྱེར་གཅིག་ཏུ་སྟོན་པས་སྐྱེས་པ་བུད་མེད་མང་པོ་ལ་ཆོས་གསུང་པ་དང༌། འོད་འཕྲོ་བ་འབྲི། ཤཱཀྱ་ལྷག་མ་རྣམས་བདེན་པ་ལ་བཀོད་པའི་སྐབས་སོ། །༼འི༽ ཡང་རྒྱལ་པོའི་ཕོ་བྲང་དང་བཅས་པ་ན། ཕོ་བྲང་ནང་ན་རྒྱལ་པོས་བྲམ་ཟེ་ལ་གསུང་འབྱོན་པ་དང༌། གྲོང་ཁྱེར་གྱི་ཕྱི་རོལ་བྱ་རྒོད་ཕུང་པོའི་རི་ལ། སྟོན་པ་དགེ་འདུན་རྣམས་ལ་ཆོས་སྟོན་པའི་སྐུ་མདུན་དུ། བྲམ་ཟེ་དེ་ཡང་ཞུ་བ་ཞུ་བའི་ཚུལ་བྱ། དེ་ནས་སྟོན་པ་འཁོར་བཅས་ལམ་ལ་ཕེབས་པའི་ཚུལ་དང༌། གངྒའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་གཅིག་གི་དབུས་སུ་བཞུགས་ཤིང་བྲམ་ཟེ་དེས་མཆོད་སྟོན་གསོལ་བ་དང༌། གྲོང་ཁྱེར་དེའི་ནུབ་སྒོ་ནས་བྱོན། བྱང་ཕྱོགས་སུ་འཁྱོགས། གངྒའི་ཚུར་འགྲམ་ནས་མི་སྣང་བར་མཛད་པ་དང༌། གཞན་སྐྱེ་བོ་སྣ་ཚོགས་པ་ནི། སྡོད་གྲུ་དང༌། ཤིང་ལེབ་
དང༌། ར་སྐྱལ་སོགས་ལ་འཇུས་ཏེ་གངྒ་ལ་འགྲོ་བ་ཏེ། ཚུར་འགྲམ་ནས་མི་སྣང་བ་སོགས་ཀྱི་རིགས་འདི་ལ། རྣམ་པ་གསལ་བ་ཞིག་འབྲི་དཀའ་བར་འདུག་ཀྱང༌། འདི་ལྟར་བྱ་སྟེ། ཚུར་འགྲམ་ཏུ་སྐུ་གསལ་པོ་གཅིག་དང་འཇའ་འོད་བན་བུན་གྱི་དཀྱིལ་ན་རིབ་སེ་བ་ཞིག་འབྲི། ཕར་ལོགས་སུ་ཡང་འོད་ཀྱི་དཀྱིལ་ན་རིབ་སེ་ཞིག་དང༌། དེ་དྲུང་ན་སྐུ་གསལ་བ་འོད་འཕྲོ་བ་ཞིག་འབྲི། གངྒའི་བྱང་ངོས་ཡངས་པ་ཅན་མཚོན་པའི་གྲོང་ཁྱེར་གྱི་ནང་ན། ཁང་པ་ཆེན་པོ་གཅིག་ལ་ཁང་བཟང་དུ་མ་ཡོད་ཅིང་སྒོ་བཞི་པ། གྲོང་ཁྱེར་དེའི་ལྟག་ན་གཙུག་ལག་ཁང་ཡོད་པ་ན། སངས་རྒྱས་འཁོར་བཅས་བཞུགས་ཤིང༌། ཁྱིམ་བདག་གཅིག་དང་ལི་ཙ་བྱི་མང་པོ། དེ་བཞིན་གཤེགས་པ་ལ་བཀའ་མཆིད་འབུལ་བའི་ཚུལ་དང༌། གྲོང་ཁྱེར་གྱི་དབུས་ཀྱི་ཁང་པ་ཆེན་པོ་དེའི་ནང་གི་ཕྱོགས་བཞིའི་ཁང་བཟང་བཞི་ཀར་ན། སངས་རྒྱས་འཁོར་བཅས་ལ་མཆོད་སྟོན་གསོལ་བ། ཤར་མ་ན་ཁྱིམ་བདག་ཅུང་ཟད་རྒན་ཉམས་ཡོད་པ་ཞིག ལྷོ་མ་ན་ཁྱིམ་བདག་མོ་གཅིག ནུབ་མ་ན་གཞོན་ནུ་གཅིག བྱང་མ་ན་བུ་མོ་གཅིག་རྣམས་ཐལ་མོ་སྦྱར་བའི་ཚུལ་འབྲི། ཕྱོགས་བཞིའི་སྒོ་ནང་ནས་དགེ་སློང་རེ་རེ་ལྟ་བའི་ཚུལ་དང༌། སྒོ་བཞིའི་ཕྱི་ན་ལི་ཙ་བྱི་འགའ་རེ་འགའ་རེ་འདུས་ཏེ་གཏམ་སྨྲ་བ་འབྲི། སྒོ་ནང་ཕྱོགས་བཞི་ཆར་ན་ཕྱི་ཁྱམས་རེ་ཡོད་པ་ལ་གཡོག་ཕོ་མོ་ལས་ཀྱི་མཐའ་སྣ་ཚོགས་བྱེད་པ་དག་འབྲིའོ། །དེ་ནས་ཡུལ་ལྗོངས་དེའི་ཕྱོགས་སྦ་དང༌། སྙུག་མའི་ནགས་མང་པོ་ཡོད་པའི་གྲོང་ཁྱེར་ཆུང་ངུ་གཅིག་གིས་འགྲམ་གྱི་སྐྱེད་མོས་ཚལ་ན། སྟོན་པ་ཉིད་བཞུགས་ཤིང༌། གློ་རྟེན་ལ་ཅུང་ཟད་སྙེས་པའི་ཚུལ་གྱིས་བཞུགས་པ་དང༌། སྐུ་མདུན་དུ་དགེ་སློང་གཅིག་ཞུ་བ་ཞུ་བ་དང༌། གྲོང་ཆུང་སྣ་ཚོགས་
དང༌། ཕུག་དང༌། ཤིང་དྲུང་རྩ་སྤྱིལ་སོགས་ཡུལ་ལྗོངས་དེའི་གནས་མ་ངེས་པ་རྣམས་ན་དགེ་སློང་མང་པོ་དག་འཁོད་པའི་ཚུལ་འབྲིའོ། །དེ་དག་དང་ཉེ་བའི་མཚོ་འགྲམ་ཞིག་ན་གཙུག་ལག་ཁང་ཞིག་ཡོད་པ་ན། བཅོམ་ལྡན་འདས་བཞུགས་པ་དང༌། སྔར་གྱི་གྲོང་ཁྱེར་ཆེ་བ་དེ་ཕྱོགས་སུ་བསོད་སྙོམས་ལ་འབྱོན་པ་དང༌། ཙ་ས་ལའི་མཆོད་རྟེན་གྱི་འཁྲིས་ཤིང་དྲུང་གཅིག་ཏུ་བཞུགས་པ་ནས། ཀུན་དགའ་བོ་ལ་བཀའ་སྩོལ་བ་དང༌། ཀུན་དགའ་བོ་ཅང་མི་ཞུ་བ་དང༌། དེ་ནས་ཡང་ཤིང་དྲུང་གཅིག་ན་བཅོམ་ལྡན་འདས་བཞུགས། ཤིང་དྲུང་གཞན་གཅིག་ན་ཀུན་དགའ་བོ་འདུག་པ་དང༌། བཅོམ་ལྡན་འདས་ཀྱི་དྲུང་ན་བདུད་སྡིག་ཅན་ཐལ་མོ་སྦྱར་བའི་ཚུལ་གྱི་འདུག་པ་དང༌། ས་གཡོ་བའི་ལྟས་ཆུ་འཁྲུགས་པ་དང༌། རི་འགུལ་དང༌། ཁང་པ་འཁྱོགས་པ་སོགས་འབྲིའོ། །ཡང་དེའི་ཕྱོགས་གཅིག་ཏུ་དགེ་སློང་གཅིག་གིས་དགེ་སློང་ཐམས་ཅད་བསྡུས་ཤིང༌། སྟོན་པའི་དྲུང་དུ་འདུས་ནས་ཆོས་ཉན་པ་དང༌། དེ་ནས་ཕར་ལམ་ལ་གཤེགས་ཤིང༌། ཡངས་པ་ཅན་ལ་ཕྱི་ལྟས་ཀྱི་གཟིགས་པའི་ཚུལ་འབྲི་སྟེ། རྒྱལ་བོའི་ཁབ་དང་ཡངས་པ་ཅན་གྱི་གདུལ་བྱ་མཐར་ཕྱིན་པའི་སྡེ་ཚན་ནོ། །༼ཡི༽ དེ་ནས་རུ་རྟའི་གྲོང་དང༌། དུམ་བུའི་གྲོང་དང༌། ཨ་མྲའི་གྲོང་དང༌། ཛམ་བུའི་གྲོང་དང༌། རྫི་གྲོང་དང༌། ཤུར་པའི་གྲོང་དང༌། ལོངས་སྤྱོད་ཀྱི་གྲོང་དང༌། གྲོང་ཆུང་བརྒྱད་པོ་རྣམས་སུ་གཤེགས་ནས། ཤིང་ཤ་པའི་ཚལ་ན་བཞུགས། དེར་ཡང་ས་གཡོས་སྐར་མདའ་ལྷུང༌། ཕྱོགས་དམར་ཞིང་འབར་བར་གྱུར། བར་སྣང་ནས་ལྷ་རྣམས་རྔ་བརྡུང་བ། དེ་ནས་གྱད་ཡུལ་སྡིག་པ་ཅན་གཤེགས་པ་སྟེ། སྟོན་པ་འཁོར་བཅས་ལམ་ལ་ཕེབས་ཚུལ་དང༌། ཛ་ལུ་དཀའི་
ཚལ་ཞེས་བྱ་བ་སྐྱེད་མོས་ཚལ་འདྲ་བ་གཅིག་ན་བཞུགས་པ་དང༌། གྱད་དང་སྐྱེ་བོ་མང་པོ་འོང་ཞིང༌། སྟོན་པའི་སྤྱན་སྔར་ཆོས་ཉན་པ་དང༌། དེའི་མཐའ་ཅིག་ཏུ་མགར་བའི་བུ་བཙུན་པ་ཞུ་བ་འབུལ་བ་དང༌། དེ་ནས་ཡང་ཕྱོགས་གཅིག་ཏུ་བཙུན་དའི་ཁང་པའི་ཁྱམས་སུ། བཅོམ་ལྡན་འདས་འཁོར་བཅས་ལ་ལྕགས་གཞོང་གི་སྣོད་ནས། འབྲས་ཅན་བཟང་པོ་ཞུ་བ་དང༌། ཡང་སྟོན་པ་འཁོར་བཅས་ཡུལ་གཞན་ལ་གཤེགས་ཏེ། ཆུ་ཞིག་བརྒལ་བ་དང༌། མི་རིང་བར་གཟིམས་པའི་ཚུལ་དང༌། ཀུན་དགའ་བོས་གསོལ་ལྷུང་དུ་ཆུ་བོ་དེ་ནས་ཆུ་ལེན་པའི་ཚུལ་དང༌། ཤིང་རྟ་མང་པོ་ཆུའི་ཕར་ལོགས་སུ་འགྲོ་བ་དང༌། ཆུ་དེའི་ཞབས་འཁྲུད་པ་དང༌། ཡང་ལམ་དུ་བཞུགས་པ་ལ། གྱད་གཡོག་མང་པོ་དང་བཅས་པ་ཅིག་མཇལ་བ་དང༌། སྟོན་པས་དེ་ལ་སྟོན་པ་དང༌། དེ་རས་གསེར་མདོག་ཟུང་གི་ན་བཟའ་འབུལ་ཞིང༌། སྐུ་ལ་གསོལ་བ་དང༌། དེ་ནས་སྟོན་པའི་སྐུ་ཤིན་ཏུ་ཁ་དོག་གསལ་བ་མཚོན་བྱེད་དུ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ་ལ་དགེ་སླཽང་རྣམས་གྱི་ཐེ་ཚོམ་ཞུ་བ་དང༌། དེ་ནས་ཆུ་བོ་གཅིག་གི་ནང་དུ་བཞུགས་ཏེ། སྐུ་ཁྲུས་མཛད་པ་དང༌། ཆུ་འགྲམ་དུ་ན་བཟའ་གཅིག་པས་བཞུགས་པ་དང༌། བཙུན་དའི་ཐེ་ཚོམ་གཅོད་པ་དང༌། ཆུ་བོ་དེའི་བར་འགྲམ་གྱི་ཕྱོགས་གཅིག་ཏུ་གཟིམས་པའི་ཚུལ་ལས། དྲུང་དུ་ཀུན་དགའ་བོ་བཞེངས་པ་དང༌། དེ་ནས་ཡང་ཕར་བྱོན་ཏེ་ཡུལ་ལྗོངས་གཅིག་གི་སྨད་ན་གྱད་ཀྱི་གྲོང་ཁྱེར་ཡོད་པ། སྟོད་ན་སྐྱེད་ཚལ་འདྲ་བ་ལྗོན་ཤིང་སྣ་ཚོགས་ཀྱིས་བརྒྱན་པའི་མཐའ་གཉིས་ན། ས་ལའི་སྡོང་པོ་ཤིན་ཏུ་ཆེ་བ་ཡོད་པ། དེའི་དབུས་སུ་གཟིམས་ཁྲི་དབུ་སྔས་དང་བཅས་པ་བཤམས་ཤིང༌། ཚལ་དེར་ཕེབས་པ་དང༌། ཁྲི་ལ་གཟིམས་པའི་ཚུལ་དང༌། གྲོང་ཁྱེར་དེའི་ཕྱོགས་གཅིག་ན། གྱད་མང་པོ་འཚོགས་
པ་ལ་དགེ་སློང་གཅིག་གིས་གཏམ་སྨྲ་བ་དང༌། གྱད་བུད་མེད་འཁོར་དང་བཅས་པ་ཡར་ཡོང་བ་དང༌། ཚལ་དེའི་ཕྱོགས་གཅིག་ཏུ་དེ་དག་ལ་ཆོས་གསུང་པ་དང༌། ཚུལ་གྱི་ཕྱི་རོལ་ཏུ་ཀུན་དགའ་བོས་གྱད་རྣམས་ལ་བསླབས་པའི་གནས་འབོགས་པ་དང༌། དེ་རྣམས་གྲོང་ཁྱེར་དུ་ལྡོག་སྟེ་འགྲོ་བ་དང༌། ཡང་སཱ་ལ་ཟུང་གི་ཚལ་སྔ་མ་བཞིན་ཚར་གཅིག་བྲིས། སྟོན་པ་གློ་རྟེན་ལ་སྙེས་པའི་ཚུལ་གྱི་ས་ལ་བཞུགས་ཤིང༌། སྐུ་མདུན་ན་དགེ་སློང་ལུས་ལས་འོད་ཆེར་འཕྲོ་བ་ཞིག་འདུག་པ་དང༌། དེ་ལངས་ཏེ་ཕྱི་ལ་འགྲོ་བ་དང༌། ཀུན་དགའ་བོ་བཞུགས་ཁྲིའི་རྐང་ལ་འཇུས་ཏེ། སྤྱན་ཆབ་འབྱིན་པའི་ཚུལ་དང༌། དེའི་གཡོན་ཟུར་ཕྱོགས་ཐག་རིང་བ་ཞིག་གི་ནམ་མཁའ་ལ། སྤྲིན་གྱི་སྒྲིབས་པའི་གསེབ་ནས། རི་རབ་ཀྱི་རྩེ་སུམ་ཅུ་རྩ་གསུམ་གྱི་གྲོང་ཁྱེར་མཚོན་བྱེད་ལ། གཞལ་མེད་ཁང་ཞིག་ན་དྲི་ཟ་པི་ཝཾ་བརྡུང་བ་ཞིག་དང༌། སྒོ་དྲུང་ན་ཡང་དེ་འདྲ་བའི་བཻ་ཌུརྻའི་པི་ཝཾ་བརྡུང་བ་ཞིག་བྱ། དེ་དང་དྲི་ཟའི་སྒོ་སྲུང་གཏམ་སྨྲ་བ་དང༌། ཁང་བཟང་ནང་གི་དྲི་ཟ་དེ་ལ་ཡང༌། སྒོ་སྲུང་དེས་གཏམ་སྨྲ་བ་འབྲི། དེ་ནས་དྲི་ཟའི་རྣམ་པ་དེ་གཉིས་ཁང་བཟང་གི་ཕྱི་རོལ་དུ། པི་ཝཾ་གི་རྒྱུད་ཡོངས་རྫོགས་ཡོད་པར་བརྡུང་བ་དང༌། རྒྱུད་ཕྱེད་ཙམ་བཅད་སྙམ་བྱས་ཏེ་བརྡུང་བ་དང༌། གཅིག་རྒྱུད་ཐམས་ཅད་བཅད་ནས་འཁྲིས་སུ་བཞགགཅིག་གི་རྒྱུད་བཅད་ཀྱང་ཕྱག་ཏུ་ཐོགས་ནས་གླུ་ལེན་པའི་ཚུལ་འབྲི། དེའི་ཕྱོགས་གཅིག་ན་སྟོན་པས་དྲི་ཟ་དེ་ལ་ཆོས་སྟོན་པའི་རྣམ་པ་ཞ། སཱ་ལ་ཟུང་གི་ཚལ་དང་དེའི་བར་གསར་རིས་ཕྲ་མོ་ཞིག་གི་སྦྲེལ་ལོ། །སཱ་ལ་ཟུང་གིས་ཚལ་སྟེང་མ་དེའི་སྒོ་དྲུང་ན། ཀུན་ཏུ་རྒྱུ་རྒས་འཁོག་པ་ཞིག་དང༌། དགེ་སློང་ཞིག་གཏམ་འདྲི་བ་དང༌། ཚལ་དེའི་ནང་ཕྱོགས་གཞན་ཞིག་ན། སྟོན་པས་ཀུན་ཏུ་རྒྱུ་དེ་ལ་ཆོས་གསུང་པ་དང༌། དེའི་
ལུས་ལས་འོད་འཕྲོ་ཞིང༌། དེ་དགེ་སློང་དུ་གྱུར། ཚལ་གྱི་ཕྱི་རོལ་དུ་དེ་མཉམ་བཞག་བཅས་ཏེ་མྱ་ངན་ལས་འདས་པ། མུ་སྟེགས་ཅན་རྣམས་ཀྱི་མུ་སྟེགས་པའི་གཟུགས་སུ་མཐོང་བའི་བཀོད་པ་གཅིག གཞན་རྣམས་ཀྱི་དགེ་སློང་གི་གཟུགས་སུ་མཐོང་བའི་བཀོད་པ་གཅིག མུ་སྟེགས་རྣམས་ཀྱི་ཁྱོགས་བཏེགས་ཀྱང་མ་ཐེགས། རྫིང་བུའི་དབུས་སུ་རྡོ་རྟེགས་ལ་བཞག་ནས་ཞུགས་ལ་འབུལ་རྒྱུའི་རྫིང་གི་ཆུ་ལ་བྱིང་ཞིང༌། ཆུའི་སྲོག་ཆགས་ཀྱིས་སྨུགས་པས་ཆུ་འགྲམ་ནས་དོན་ཅིང་བྲོས་པ་དང༌། དགེ་སློང་རྣམས་ཀྱིས་ཁྱོགས་ཀྱང་ཐེག ཆུ་ལ་བྱིང་ཞིང་སྲོག་ཆགས་ཀྱིས་གནོད་པ་མེད་པ། མུ་སྟེགས་ཀྱི་མེ་སྤར་བས་མ་འབར། དགེ་སློང་རྣམས་ཀྱིས་སྤར་བས་འབར་བ་ལ་སྐྱེ་བོ་མང་པོ་ལྟ་བ་འབྲི། ཡང་སཱ་ལ་ཟུང་གི་ཚལ་གསུམ་པ་ཞིག་ཀྱང་བྱས་ཏེ། གཟིམས་ཁྲིས་སྟེང་དུ་གཟིམས་པ་དང༌། སྐུའི་མཐའ་དགེ་སློང་རྣམས་ཀྱིས་སྐོར་བ་ལ། གཟིམས་པའི་ངང་ནས་ཆོས་གསུང་པ་དང༌། ནམ་མཁའ་ལ་བཞུགས་ནས། སྐུ་སྟོད་ཀྱི་ན་བཟའ་གསོལ་ནས་དགེ་སློང་རྣམས་ལ་སྟོན་པ་འོད་ཟེར་དཔག་ཏུ་མེད་པ་འཕྲོ་བ། དེའི་མཐའི་གཡས་གཡོན་རྒྱབ་སྟེང་ཕྱོགས་རྣམས་ལྷའི་ཁྲོམ་ཆེན་པོ་གོ་མ་ཚམས་མེད་པ་དང༌། མདུན་གྱི་ཕྱོགས་ཚལ་གྱི་ཕྱི་ན་མིའི་འགྲོ་བ་འཁོར་རྣམ་པ་བཞི། སྐྱེས་པ་བུད་མེད་སོགས་གནས་པ་དང༌། བྱ་དང་གཅན་གཟན་དང་རི་དྭགས་དང༌། རྟ་གླང་ལ་སོགས་སྲོག་ཆགས་དུ་མ་ཡོད་པའང་འབྲི། མཆོད་པའི་བཀོད་པ་སྣ་ཚོགས་པ་ཐོགས་པ་དང༌། ནམ་མཁའ་ནས་མེ་ཏོག་གི་ཆར་ཤས་ཆེ་བ་དང༌། གོས་དང་རིན་པོ་ཆེ་དང༌། གཞན་ཡང་མཆོད་པའི་ཡོ་བྱད་ཀྱི་ཆར་པ་ཡང་ཐོ་རེ་བ་འབྲི། དེ་ནས་དེའི་ཕྱི་རོལ་གྱི་ཕྱོགས་གཅིག་ནས། ལྕགས་ཀྱི་སྒྲོམ་བུ་དཀྱུས་རིང་པོ་ཁ་གཅོད་ཅན་ཁ་
གཅོད་ཀྱི་སྟེང་དུ་གཟོ་ཁྱད་ཀྱི་ཁེབས་དང་ལྡན་པ། གྱད་ཀྱི་བཏེགས་པ་ལ་ཐེགས་པ་དང༌། མཆོད་པ་མང་པོ་འབུལ་བ་དང༌། སླར་བཏེགས་པས་ཐེགས་པའི་ཚུལ་དང༌། སྒྲོམ་གྱད་བརྒྱད་ཀྱི་བཏེགས་ནས། མཐའ་སྐོར་དུ་མཆོད་པ་བྱེད་མཁན་མང་པོས་སྐོར། རས་བལ་གྱི་ཁུར་ཐོགས་པ་མང་པོ་དང༌། རས་ཁ་དོག་སྣ་ཚོགས་མང་པོ་དང༌། གསེར་གྱི་བུམ་པ་ཐོགས་པ་སོགས་ཀྱིས་སྐོར་ནས་འགྲོ་བའི་ཚུལ་དང༌། གྲོང་ཁྱེར་གཅིག་གི་ནུབ་སྒོ་ནས་འཛུགས་པའི་ཚུལ་དང༌། དབུས་ནས་འགྲོ་བའི་ཚུལ་དང༌། ཤར་སྒོ་ནས་འཐོན་པའི་ཚུལ་དང༌། ཆུ་བོ་གཅིག་བརྒལ་འགྲོ་བའི་ཚུལ་དང༌། ཆུའི་ཕ་རོལ་མཆོད་རྟེན་གྱི་འགྲམ་དུ་བཞུགས་སུ་གསོལ། ལམ་དེ་དག་ཐམས་ཅད་དུ་མེ་ཏོག་དང༌། སྤོས་དང་ན་བཟའི་ཆར་འབབ་པ་དང༌། ནམ་མཁའ་ནས་ལྷ་རྣམས་རོལ་མོ་བརྡུང་བའི་བཀོད་པ་བྱ། དེར་ཤིང་གི་ཕུང་པོའི་སྟེང་དུ་ལྕགས་ཀྱི་སྒྲོམ་བུ་བཞག་སྟེ། མི་རྣམས་ཀྱིས་མེ་སྤར་བའི་ཚུལ་བྱས་པ་ལས། མེ་མ་འབར་བའི་རྣམ་པ་འབྲི། དེའི་དྲུང་དུ་དགེ་སློང་ཞིག་གིས་གྱད་ལ་སོགས་པའི་མི་རྣམས་ལ་གཏམ་སྨྲ་བ་དང༌། དེ་རྣམས་མཆོད་པ་བྱེད་པ། ཡང་དེ་ཁའི་ཁྲིས་སུ་དགེ་སློང་འོད་སྲུང་ཆེན་པོ་དགེ་སློང་མང་པོའི་འཁོར་གྱི་སྐོར་ནས་ཡོང་བ་དང༌། ལྕགས་ཀྱི་སྒྲོམ་བུ་ཁ་ཕྱེ་ནས་གདུང་ལ་ལྟ་བ་དང༌། རས་ཟུང་ལྔ་བརྒྱ་མཚོན་བྱེད་འབུལ་བ་དང༌། ཡང་ཁ་བཀབ་སྟེ་སྒྲོམ་བུ་དེ་ཙནྡན་གྱི་ཕུང་པཽའི་སྟེང་དུ་བཞགམེ་རང་འབར་དུ་བྱུང་བའི་ཚུལ་བྱ། དེ་ནས་ཡང་དེ་དང་ཉེ་བར་གསེར་གྱི་བུམ་པས་འོ་མ་བླུག་ཏེ་མེ་བསད་པ་དང༌། སོལ་བའི་དབུས་ནས་མེ་ཏོག་གི་སྡོང་པོ་ཆེན་པོ་ཞིག་སྐྱེས་པ་དང༌། གདུང་སྒྲོམ་སླར་ཁ་ཕྱེ་བས་ཚེམས་ཆེ་བ་བཞི་རིང་བསྲེལ་གྱི་ཕུང་པོ་དང༌། ཆོས་གོས་གཉིས་ཁ་དོག་མ་ཉམས་ཤིང་མ་ཚིག་པར་འདུག་པ་དང༌། ཕྱོགས་གཅིག་ཏུ་རིང་བསྲེས་དེ་དག་གསེར་གྱི་བུམ་པར་བཅུག་སྟེ། ཁྲི་
ཆེན་པོ་ལ་བཞག་སྟེ་མཆོད་པ་འབུལ་བ་དང༌། དེ་དག་ལས་ཞུགས་ལ་ཞེན་པ་དང༌། གདུང་སྒྲོམ་ཁ་ཕྱེ་བ་དང༌། གསེར་གྱི་བུམ་པར་རིང་བསྲེལ་བཅུག་པའི་གནས་སྐབས་དེ་དག་ལས། དགེ་སློང་དང་སྐྱེ་བོ་དང་ལྷ་མང་པོ་མཐའ་སྐོར་བའི་ཚུལ་བྱ། དེ་དག་ནི་མྱ་ངན་ལས་འདས་པ་ཉེ་བར་བསྟན་པའི་སྡེ་ཚན་ནོ། །༼རི༽ དེ་ནས་ཡང་བཀོད་པ་གཞན་ཡུལ་ལྗོངས་གཉིས་ཡོད་པ་ཞིག་བྱ་སྟེ། ཚུར་ཕྱོགས་དེའི་དབུས་ན་གྲོང་ཁྱེར་དང༌། ཆུ་རླུང་དང༌། ཕར་ཕྱོགས་ན་མཆོད་རྟེན་དང༌། གསེར་གྱི་བུམ་པ་འོད་འཕྲོ་བ་ལ། སྐྱེ་བོ་མང་པོ་མཆོད་པ་བྱེད་པ་འབྲི། གྲོང་ཁྱེར་གྱི་ནང་ན་གྱད་གོ་མཚོན་ཐོགས་པ་དང༌། བུད་མེད་རྒན་གཞོན་རྣམས་ཀྱང་མདའ་གཞུ་དང་རལ་གྲི་ཐོགས་པ་སོགས་འབྲི། རྟ་དང་གླང་པོ་དང་ཤིང་རྟ་བཤམས་པ་དང༌། གྲོང་ཁྱེར་གྱི་ཕྱི་རོལ་དང༌། ཡུལ་ལྗོངས་ཕྲ་མོ་མི་འདྲ་ཙམ་བདུན་དང༌། དམག་ཚོ་ཚན་བདུན་ཡོད་པ་ལ། གཉིས་ཀྱི་མགོ་མི་བྲམ་ཟེ་ཡིན་ལ། གཞན་དམག་དཔོན་རྒྱལ་རིགས་ཀྱི་རྣམ་པ་འབྲིའོ། །དེ་རྣམས་རེ་རེའི་དྲུང་དུ། བྲམ་ཟེ་འཁོར་དང་བཅས་པ་གཅིག་རིམ་གྱི་སོང་ནས་སོ་སོར་གཏམ་སྨྲ་བའི་ཚུལ་དང༌། སྔར་གྱི་བུམ་པ་མཆོད་པ་དང་བཅས་པའི་ཉེ་སྐོར་དེར། བྲམ་ཟེ་གཉིས་གྱད་གཉིས། རྒྱལ་རིགས་བཞི་རྣམས་མཐའ་ནས་སྐོར་བ་དང༌། དབུས་སུ་གསེར་གྱི་བུམ་པ་ཁ་ཕྱེ་ནས། བྲམ་ཟེ་དེས་དེ་དག་ཆ་བརྒྱད་དུ་བགོ་བ་དང་དེ་དག་སོ་སོའི་ལག་ཏུ་གསེར་གྱི་བུམ་པ་སྐུ་གདུང་གི་གང་བ་རེ་རེ་གཏོད་པ་དང༌། བྲམ་ཟེ་གཅིག་གི་གདུང་སོལ་རྣམས་འཁྱེར་བ་དང། བྲམ་ཟེ་རྒན་པ་དེ་ཉིད་ཀྱིས་ལྕགས་ཀྱི་སྒྲོམ་བུ་འཁྱེར་བ་དང། གྲོང་ཁྱེར་གྱི་དབུས་སུ་གྱད་དེ་རྣམས་གྱིས་མཆོད་རྟེན་བྱེད་པ་དང༌། དམག་ཚོ་བདུན་པོ་དེ་དག་ཀྱང༌། སྐུ་གདུང་གི་བུམ་པ་གླང་པོ་
ཆེ་ལ་བཀལ་ཏེ་མཆོད་པ་དང་བཅས་ནས་གྱེས་འགྲོ་བའི་ཚུལ་དང༌། རྒྱལ་པོའི་ཚུལ་ཅན་གཉིས་ཀྱིས་ཚེམས་མཆེ་བ་རེ་ཐོགས་ཏེ་འགྲོ་བ་དང༌།ཚེམས་མཆེ་བ་གཅིག་ལྷའི་དབང་པོ་བརྒྱ་བྱིན་གྱི་ཐོགས་ནས་ནམ་མཁའ་ལ་འགྲོ་བ། དེ་ནས་ར་སོགས་ཀྱི་ཆོད་པའི་ཡུལ་ལྗོངས་གཅིག་ཏུ། དམག་ཚོ་གཅིག་རྣམས་ཆུ་བོ་གཅིག་གི་འགྲམ་དུ་ཁྲུ་མ་བཏབ་ཏེ་གནས་པ་ལས། སྐུ་གདུང་གི་བུམ་པ་དང་ཚེམས་མཆེ་བ་གཅིག་ཀླུས་ཁྱེར་ཏེ། ཀླུ་རྣམས་ཆུ་ལ་སོང་བའི་བཀོད་པ་དང༌། ཡུལ་ལྗོངས་གཉིས་ཡོད་པའི་ཕར་ཕྱོགས་དེར། གྲོང་ཁྱེར་རྒྱལ་པོའི་ཕོ་བྲང་དང་བཅས་པའི་འཁྲིས་ན་སྐྱེད་མོས་ཚལ་གཅིག་དང༌། སྐྱེད་མོས་ཚལ་དེར་བྲམ་ཟེ་གཅིག་གི་བཀོད་པ་བྱས་ནས། རི་མོ་མཁན་གྱི་རི་མོ་འབྲི་བའི་ཚུལ་དེ་ཡང་སྐུ་བལྟམས་པ་དང༌། བདུད་བརྟུལ་བ་དང༌། ཆོས་འཁོར་བསྐོར་བ་དང༌། ཆོ་འཕྲུལ་དང༌། ལྷ་བབས་དང༌། མྱང་འདས་ཀྱི་བར་དུ་བྲིས་པ་མཚོན་བྱེད་གཉིས་རི་མོ་ཕྲ་མོས་ཧལ་ཚོན་དུ་བྲི། གཞོང་པ་མར་ཁུས་བཀང་བ་བདུན་དང་ཙནྡན་གྱི་ལྡེ་གུས་བཀང་བ་གཅིག་བཤམས། དེར་རྒྱལ་པོ་མ་སྐྱེས་དགྲ་ཡང་བྱོན་ཞིང༌། བྲམ་ཟེ་དེས་རི་མོ་ལ་རྟེན་བཤད་བྱེད་པའི་ཚུལ་བྱ། དེ་ནས་རྒྱལ་པོ་དེ་འགྱེལ་བ་དང༌། མར་ཁུའི་ནང་དུ་ལུས་བཅུག་པ་དང༌། ཙནྡན་གྱི་ལྡེ་གུའི་ནང་དུ་བཅུག་པས་སོས་པའི་ཚུལ་འབྲི། དེའི་ཕྱི་རོལ་ཏུ་གླང་པོ་ཆེ་ལ་ཆིབས་པས་ཀྱང་ལྷུང་བའི་ཚུལ་བྱ། དེ་ནས་ཕྱོགས་གཞན་ཞིག་ཏུ། དཔུང་ཡན་ལག་བཞི་མདུན་དུ་བཤམས། རྒྱལ་པོ་ཉིད་ཁྲི་ལ་འདུགམདུན་དུ་བྲམ་ཟེ་ཡོད་པ་ལ་བཀའ་གནང་བའི་ཚུལ་བྱ། ཡུལ་དེ་ཁའི་ཕྱོགས་གཅིག་གི་རི་ལ། འོད་སྲུང་ཆེན་པོ་མཉམ་བཞག་བྱེད་པ་དང༌། སའི་མཐིལ་ལ་འོད་སྲུང་འཁོར་དགེ་སློང་མང་པོས་སྐོར་ནས། ཡུལ་ལྗོངས་ཚུར་ཕྱོགས་ལ་
ཆས་པའི་རྣམ་པ་དང༌། ཡུལ་ལྗོངས་གཉིས་པོའི་བར་དེ་དག་ཏུ་འོད་སྲུང་འཁོར་བཅས་ལ། རས་ཟུང་འབུལ་བ་མང་པོ་བྱུང་བའི་བཀོད་པ་དང༌། རྒན་ཞུགས་གཅིག་ཚུར་ཡོང་བའི་རྣམ་པ་ཡང་བྱ། འདི་ལ་རྒྱུས་སྡེ་ཚན་གོང་མ་དང་འབྲེལ་བ་ཡིན་ཡང་ཡུལ་ལྗོངས་ཀྱི་བཀོད་པ་ཕྱི་མ་དང་འབྲེལ་བར་བྱ་དགོས་པ་ཡིན། དེ་དག་ནི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་བསྐོར་རོ། །༼ལི༽ ཡང་བཀོད་པ་གཞན་ནི། གྱད་གྱི་གྲོང་ན་འོད་སྲུང་ཆེན་པོའི་འཁོར་རྣམ་པ་བཞི་ལ་ཆོས་སྟོན་པའི་ཚུལ་དང༌། ནམ་མཁའ་ནས་ལྷ་རྣམས་འཕྱ་སྨོད་བྱེད་པའི་ཚུལ་དང༌། འོད་སྲུང་ཆེན་པོས་དགེ་སློང་གཞན་ཞིག་ལ་བཀའ་སྩལ་ཏེ། དེས་ཀྱང་དགེ་སློང་ཚོགས་པ་ལ་ཁྲིམས་སུ་བཅའ་བ་སྨྲ་བ་དང༌། འོད་སྲུང་ལམ་གཞན་གཅིག་ལ་བྱོན། དགེ་སློང་དེས་གཙོ་མཛད་པའི་དགེ་སློང་གཞན་རྣམས་ལམ་གཅིག་ཤོས་དེ་ལ་ཡོང་བའི་ཚུལ་བྱ། ཡུལ་ལྗོངས་ཕར་ཕྱོགས་དེར་རྒྱལ་པོའི་ཕོ་བྲང་དང་ཉེ་བར་འོད་སྲུང་འབྱོན་པ་དང༌། རྒྱལ་པོས་ཕོ་བྲང་གི་རྩེ་ནས་མཐོང་བས་སངས་རྒྱས་དྲན་ཏེ་འཕྱོངས་པ་དང༌། འོད་སྲུང་གི་སྤྲུལ་པས་བར་སྣང་ལ་བཟུང་སྟེ་ས་ལ་བཞག་པ་དང༌། ཕོ་བྲང་གི་ནང་དུ་འོད་སྲུང་ཁྲི་ལ་བཞུགས་པའི་དྲུང་དུ་རྒྱལ་པོ་འདུག་པ་དང་ཕོ་བྲང་དེའི་གཡས་ཕྱོགས་སུ་བྱ་རྒོད་ཕུང་པོའི་རི་དང༌། དུར་ཁྲོད་བསིལ་བའི་ཚལ་གྱི་བར་ནྱ་གྲོ་རྡའི་ཕུག་ཅེས་བྱ་བ། ཕུག་པ་ཆེན་པོ་གཅིག་དང༌། མཐའ་སྐོར་དུ་ཕུག་ཆུང་མང་པོ་ཡོད་པ། དགེ་སློང་རྣམས་དེར་འོངས་པའི་ཚུལ་དང༌། ཕུག་པ་ཆེན་པོའི་ནང་དུ་འོད་སྲུང་ཆེན་པོ་ལ་དགྲ་བཅོམ་པ་རྣམས་ཀྱིས་སྐོར་བ། ཕུག་ཆུང་རྩ་སྤྱིལ། ལོ་སྤྱིལ་སོགས་ན་དགེ་སློང་སྣ་ཚོགས་པ་ཡོ་བྱད་དང་ལྡན་པ་དང༌། ཡོ་བྱད་སྦྱོར་མི་སོགས་ཀྱང་འབྲི། ཕྱོགས་ཡངས་པ་གཅིག་ཏུ་འོད་སྲུང་དགེ་འདུན་དང་བཅས་པ།
དགེ་སློང་ཆེན་པོ་གཅིག་ལ་འོད་སྲུང་གི་གཏམ་སྨྲ་ཞིང་ཚུལ་ཤིང་གཏོད་པ། དགེ་སློང་དེ་ས་སྒང་གཞི་གཅིག་གི་ཕྱོགས་བཞིར་བལྟ་ཞིང༌། མཆིལ་མ་འབྱིན་པ་དང༌། དེ་ལ་འོད་སྲུང་གི་གཏམ་སྨྲ་བ་དང༌།ཕུག་དེ་ཁ་འདྲ་བ་གསུམ་གྱི་བཀོད་པ་འབྲི་སྟེ། གཅིག་ཏུ་ཁྲིའི་སྟེང་ན་སྣམ་སྦྱར་མང་པོ་བརྩེགས་པ་ལ། ཀུན་དགའ་བོ་བཞུགས་ཤིང༌། དགྲ་བཅོམ་པ་རྣམས་ཀྱིས་མཐའ་བསྐོར་ཏེ་ཆོས་ཉན་པ་དང༌། ནམ་མཁའ་ནས་ལྷ་དང་མཐའ་བསྐོར་ནས་འབྱུང་པོ་རྣམས་ཀྱི་མཆོད་པ་འབུལ་བའི་བཀོད་པ་བྱ། གཉིས་པ་དེར་གཞན་སྔ་མ་དང་འདྲ་བ་ལས། ཉེ་བ་འཁོར་གཙོ་བོར་བྱེད། གསུམ་པ་དེར་གཞན་སྔར་དང་འདྲ་བ་ལས། འོད་སྲུང་གཙོ་བོར་བྱེད། དེ་རྣམས་ཡུལ་བཀོད་སྔ་མ་དེ་ལ་ཡོད་པར་བྱེད་ཅིང༌། དེ་དག་ལས་གཞན་ཕྱོགས་ཆུ་དང་རི་སོགས་མང་པོས་ཆོད་པ། ཡུལ་ཆུང་ཞིག་གི་ནགས་ཀྱི་དབུས་ན་ཁང་བཟང་ཡོད་པ་ཞིག་ན། དགེ་སློང་གཅིག་མཉམ་བཞག་མཛད་པའི་མདུན་ན། དགེ་སློང་གཅིག་ལངས་ཏེ་གཏམ་སྨྲ་བ་འབྲི། དེའི་སྟེང་གི་ནམ་མཁའ་ལ་མེ་དཔུང་བཞི་འབར་པའི་ཕྱོགས་བཞི་ནས་ཆུ་རྒྱུན་བཞི་འབབ་པ་གཅིག་ན། ཡུལ་གྲོང་གཅིག་ན་སྐྱེས་མོས་ཚལ་གཅིག་ཏུ་དགེ་སློང་གཅིག་མཉམ་བཞག་མཛད་པ་ལ། སློབ་མས་མདུན་ནས་གདམས་ངག་སྨྲ་བ་དང༌། དེ་དང་ཕུག་ཀྱི་ས་ཕྱོགས་ཀྱི་བར་དེར། དགེ་སློང་དཔོན་སློབ་གཉིས་ཕར་འབྱོན་པ་དང༌། ཚུར་ལྡོག་པ་གཉིས་ཀ་འབྲི་སྟེ། དེ་དག་ནི་འོད་སྲུང་གིས་མཛད་པ་བཀའ་བསྡུ་དང་པོའི་སྐོར་རོ། །༼ཤི༽ དེ་ནས་བསྟན་པའི་གཏད་རབས་ཕྱི་མ་རྣམས་ལ། འཕགས་པ་ཀུན་དགའ་བོས་མཛད་པ་མཚོན་བྱེད། འཕགས་པ་ཉིད་རིན་པོ་ཆེའི་ཁྲི་ལ་བཞུགས་ནས། འཁོར་རྣམ་བཞིའི་ཚོགས་དང༌། ལྷ་ཀླུ་གནོད་སྦྱིན་སོགས་འདུས་པ་
ལ་ཆོས་སྟོན་པ་འབྲི། ཤ་ནའི་གོས་ཅན་གྱིས་མཛད་པ་མཚོན་ཡང་དེ་ཁ་དང་འདྲ་བ་ཞིག་འབྲི། ཉེར་སྦས་ཀྱི་མཛད་པ་རྣམས་ཀྱི་ནང་ནས། འདི་འབྲི་བར་བྱ་སྟེ། རི་ནགས་ཚལ་གྱིས་བརྒྱན་པ། ཕུག་པ་དང་གཙུག་ལག་ཁང་ཡོད་པ་གཅིག་བྱ། དེར་དགྲ་བཅོམ་པ་དེས། རབ་བྱུང་དང་སྐྱེ་བོ་མང་པོ་ལ་ཆོས་སྟོན་པ་དང༌། ས་མཐིལ་དུ་ཡུལ་གྲོང་ངོ་བོ་གཅིག་ཡིན་ཀྱང་བཀོད་པ་སོ་སོར་འབྲི་དགོས་ཏེ། ཆུང་ངུ་དྲུག་ཙམ་བྱ་སྟེ། དང་པོ་འབྲུའི་ཆར། གཉིས་པ་གོས་ཀྱི་ཆར། གསུམ་པ་དངུལ། བཞི་པ་གསེར། ལྔ་པ་ནོར་བུ། དྲུག་པར་འདོད་ཡོན་སྣ་ཚོགས་པའི་ཆར་འབབ་ཅིང༌། མི་མང་པོ་ཡང་རི་ནས་བབས་ཏེ་གྲཽང་དེ་དང་དེ་དག་ཏུ་འགྲོ་བ་འབྲི། གྲོང་བདུན་པོ་ནི། གྲོང་ཁྱེར་ཆེ་བར་བྱས་ཏེ། དེའི་དབུས་ཀྱི་ཕྱོགས་གཅིག་ན་གར་མཁན་ཕོ་མོ་མང་པོ་ལ་སྐྱེ་བོ་མང་པོ་ཐམས་ཅད་ལྟ་བ་དང་ཕྱོགས་གཅིག་ན་དེ་དག་གི་མགོ་དང་མགྲིན་པ་ལ་དགེ་སློང་དེ་དག་གཅིག་གིས་མེ་ཏོག་གི་འཕྲེང་བ་འདོགས་པ་དང༌། ཕྱོགས་གཅིག་ན་གར་མཁན་དེ་རྣམས་ཀྱི་མགོ་དང་མགྲིན་པ་ཡ་ཁྱི་རོ་རུལ་བ། མི་རོ་རུལ་བ་བཏགས་ཤིང༌། ལུས་ཀྱང་རྒས་འཁོགས་སུ་བྲིས་ལ། སྐྱེ་བོ་ཐམས་ཅད་སྣ་བཀག་ཅིང་གདོང་ཕྱིར་ཕྱོགས་པས་འདུག་པ་དང༌། ཕྱོགས་གཅིག་ན་གར་མཁན་ཚུལ་ཅན་བདུད་དེ་རྣམས་དགྲ་བཅོམ་པ་དེ་ལ་ཕྱག་འཚལ་བ་དང༌། ལོགས་གཅིག་ན། དགྲ་བཅོམ་པ་ལས་དམའ་བ་ཙམ་ན་སངས་རྒྱས་བཞེངས་སྐུ་འདྲ་བ་ལ། དགྲ་བཅོམ་པ་ཐལ་མོ་སྦྱར་བ་ལྷའི་གཟུགས་འགྱེལ་བ་དང༌། རླུང་འཚུབ་སྣ་ལྔར་ཡལ་བ་རྣམས་འབྲི། གྲོང་ཁྱེར་གྱི་ཕྱི་རོལ་དུ། ཁྲི་མཐོན་པོ་ལ་དགྲ་བཅོམ་པ་དེ་བཞུགས་ཤིང༌། འཁོར་དཔག་ཏུ་མེད་པས་བསྐོར་བ་ལ་ཆོས་སྟོན་པ། འོད་ཟེར་གྱི་ཕྱོགས་ཐམས་ཅད་ཁྱབ་པ་དང༌། ཡང་རི་དང་ཕུག་སོགས་སྔ་མ་དེ་ཁ་འདྲ་བ་ཞིག་ལ། ཕུག་པ་དེ་ཤིང་བུ་ཕྲ་མོས་ཕལ་ཆེར་
ཁེངས་པ་དང༌། གཙུག་ལག་ཁང་གི་ནང་དུ་དགྲ་བཅོམ་པས་སློབ་མ་དགེ་སློང་མང་པོ་ལ་ཆོས་སྟོན་པ་འབྲི། དེ་དག་ནི་ཉེར་སྦས་ཀྱིས་བདུད་བརྟུལ་ཞིང་ས་སྟེང་དགྲ་བཅོམ་པས་ཁྱབ་པར་མཛད་པའི་སྐོར་ཡིན་ནོ། །དྷི་དྷི་ཀ་ར་དང༌། ནག་པོ་དང༌། ལེགས་མཐོང་རྣམས་ཀྱི་མཛད་པ་ཡང༌། ཀུན་དགའ་བོའི་སྐབས་ཀྱི་དེ་ཁ་དང་འདྲ་བ་དེ་འབྲི།ད་ནི་བྲིས་སྐུའི་གཙོ་བོ་ལ། བཅོམ་ལྡན་འདས་འཁོར་ཕུན་སུམ་ཚོགས་པ་དང་བཅས་པ་འབྲི་ཚུལ་ནི། དབུས་སུ་སྟོན་པ་ཉིད་ཁྲི་རྒྱབ་ཡོལ་སོགས་བཀོད་པ་ལྷུན་ཆགས་ཤིང༌། སྐུ་ཚད་ཆེ་ལ་འཚམ་པ། རྒྱབ་ཡོལ་རྒྱན་སྣ་དྲུག་སོགས་ཇི་ལྟར་མཛེས་པ་དང༌། སྲོག་ཆགས་བཞུགས་གདན་ནི། སྲོག་ཆགས་རིན་ཆེན་པདྨ་ཉི་ཟླ་དར་གྱི་བློ་སྟན་ཞེས་གདན་དྲུག་བརྩེགས་སུ་བྱེད་པ་ལེགས་ཤིང༌། སྲོག་ཆགས་ནི་སེང་གེ་ཁོ་ནའམ། གླང་སེང་སྤེལ། རིན་ཆེན་ནི་རིན་པོ་ཆེའི་ཁྲི། པདྨ་ཉི་ཟླ་གོ་བར་ཟད། དར་གྱི་བློ་སྟན་ནི། ཟབ་ཆེན་གྱི་ཕྱི་གཡོགས་བྱས་པའི། འབོལ་གདན་ལྟ་བུ་སྟན་ནང་ཚད་ཅན་ནོ། །སྐུའི་གཡས་གཡོན་གྱི་རིམ་པ་དང་པོ་ལ། བྱང་ཆུབ་སེམས་དཔའ་རྣམས་འབྲི་སྟེ། སྐུའི་གཡས་སུ་འཇམ་དབྱངས་དང༌། སྤྱན་རས་གཟིགས། གཡོན་དུ་ཀུན་ཏུ་བཟང་པོ་དང༌། ཕྱག་རྡོར་ཞི་བའོ། །དེ་ལ་ཀུན་བཟང་སྐུ་མདོག་དམར་པོ། བུམ་པ་དང་པདྨ་དམར་པོ་ཉི་མས་མཚན་པ་འཛིན་པའོ། །འདི་རྣམས་ཀྱི་དབུའི་ཐོར་གཙུག་རྩེ་དང༌། སྟོན་པའི་སྐུ་དཔུང་མཉམ་པ་ཙམ་རིམ་པ་གཉིས་པ་ལ། ཉན་ཐོས་ཆེན་པོ་བཞི་འབྲི་སྟེ། མཆོག་ཟུང༌། ཀུན་དགའ་བོ། །འོད་སྲུང་སྟེ་བཞིའོ། །ཡང་ན་སྒྲ་གཅན་འཛིན། འོད་སྲུང། ཀ་ཏའི་བུ། ཉེ་བ་འཁོར། དེ་རྣམས་ཕྱག་ཐལ་མོ་སྦྱར་བའི་རྣམ་པ་བྱང་སེམས་ཉན་ཐོས་དེ་དག་བཞེངས་པ་བཞུགས་པ་ཇི་ལྟར་འོས་ཤིང་འཚམ་
པས་ཆོག །རིམ་པ་གསུམ་པ་བཞུགས་ཁྲིའི་འོག་ཐད་ལ་ཡོང་པས། མདུན་གྱི་དབུས་སུ་རྒྱལ་པོ་དང༌། བཙུན་མོ་འདུད་པའི་རྣམ་པ་དང༌། གཡས་སུ་ཚངས་པ་སེར་པོ་ཤ་ཉམས་རྒྱས་པ། གདོང་བཞི་རལ་པའི་ཐོར་གཙུག་ཅན། ཕྱག་འོག་མ་གཉིས་ན་རིལ་བ་སྤྱི་བླུགས་དང༌། དབྱུ་གུ་འཛིན་པ། རི་དྭགས་ཀྱི་པགས་པའི་སྟོད་གཡོགས་སྨད་གཡོགས་ཅན། ཚངས་སྐུད་དང་ལྡན་པ། དེའི་རྒྱབ་ཏུ་ཁྱབ་འཇུག་སྔོན་པོ། ཕྱག་འོག་མ་གཉིས་འཁོར་ལོ་དང༌། བེ་ཅོན་དཀར་བོ་འཛིན་པ། ཞི་བ་རྒྱན་ཐམས་ཅད་ཀྱི་བརྒྱན་པ། གཡོན་ཕྱོགས་ཀྱི་དང་པོ་བརྒྱ་བྱིན་སེར་པོ་དཔྲལ་པ་མིག་གཅིག་ཕྲེད་ལ་ཡོད་པ། ཕྱག་འོག་མ་གཉིས་ན་འཇིག་རྟེན་པའི་རྡོ་རྗེ་དགུ་པ་དང༌། རིན་པོ་ཆེ་འཛིན་པ་ཞི་བ་དར་དང་རིན་པོ་ཆེས་བརྒྱན་པ། དེའི་རྒྱབ་ཏུ་དབང་ཕྱུག་དམར་པོ་ཡིད་ཙམ་ཁྲོ་བ། རལ་པའི་ཐོར་གཙུག་ལ་ཟླ་བས་བརྒྱན་པ། ཕྱག་འོག་མ་གཉིས་ཀྱི་ཌ་མ་རུ་དང་རྩེ་གསུམ་འཛིན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་སྦྲུལ་གྱི་དོ་ཤལ་ཅན་མགུལ་རྒྱན་གྱི་དབུས་ན་ཐོད་སྐམ་ཡོད་པ། རྒྱན་ལྷག་མ་རིན་པོ་ཆེ་སྟེ། དེ་ལྟར་ལྷ་བཞི་ཆར་ཡང༌། ཕྱག་དང་པོ་གཉིས་ཐལ་མོ་སྦྱར་བ། ཡོན་བདག་ལ་སོགས་པ་འབྲི་ན་དེའི་ཇི་ལྟར་འོས་པ་འབྲི། གོ་སྐབས་ཡངས་ན་འཁོར་ཕྲ་མོའི་རིགས། སེམས་དཔའ་སེམས་མ། དགེ་སློང༌། དགེ་སློང་མ། སྐྱེས་པ། བུད་མེད། ཀླུ་དང་གནོད་སྦྱིན་ལ་སོགས་པ་ཇི་ལྟར་འོས་པ་འབྲི་ཞིང༌། བར་སྣང་ལ་གསེར་གྱི་མེ་ཏོག་གི་ཆར་དང༌། ངང་པ། ངུར་བ། རྨ་བྱ། ཁྲུང་ཁྲུང་ལ་སོགས་རིན་པོ་ཆེའི་ཕྲེང་བ་དང༌། མེ་ཏོག་གི་ཕྲེང་བ་དང༌། འབྲས་བུའི་སྙེ་མ་མཆུས་འཛིན་པ། གཡས་གཡོན་དུ་ཆ་ཡོད་པ་འབྲི། སྟེང་གི་ནམ་མཁའ་མཐོ་ས་ལ། སྤྲིན་གསེབ་ནས་ལྷ་
དང་ལྷ་མོ་མང་པོས་མཆོད་རྫས་སྣ་ཚོགས་ཐོགས་པའོ། །གང་ལྟར་ཡང་ལྷུན་ཞིང་བརྗིད་ཆགས་པ། མཐོང་བ་ཙམ་གྱི་དད་པ་འདྲེན་པ་འབྲི་བར་བྱའོ།། །།དེ་ལྟར་ན་སྟོན་པའི་རྣམ་ཐར་བྲིས་ཡིག་འདི་ནི། ས་ལ་སྤྱོད་པའི་དབང་ཕྱུག་ཕུན་ཚོགས་རྣམ་པར་རྒྱལ་བའི་གསུང་གི་བསྐུལ་ནས། ཀུན་དགའ་སྙིང་པོས་ཕོ་བྲང་ཆེན་པོར་ངེས་པར་བརྗོད་པའོ། ༈ །སྭ་སྟི། མཉམ་མེད་བུ་རམ་ཤིང་པའི་རྣམ་ཐར་མཆོག །འགྲོ་ཀུན་རབ་དགའི་ས་ལ་འགོད་པའི་ཆེད། །སྙིང་པོའི་དོན་མཐོང་བློ་གྲོས་ཡངས་པ་ཡིས། །རྒྱ་མཚོ་ཆེ་བས་ཆུ་རླུང་འབབས་པ་བཞིན། །མི་ཟད་པར་དུ་སྒྲུབ་པའི་དགེ་བའི་མཐུས། །ནམ་མཁའི་མཐར་ཐུག་སེམས་ཅན་ཐམས་ཅད་ཀུན། །ཤཱཀྱའི་རྒྱལ་པོའི་མཛད་པའི་ཚུལ་རྣམས་དང༌། །རིང་པོར་མི་ཐོགས་དེ་འདྲ་ཁོ་ནར་ཤོག། །།སརྦ་མངྒ་ལཾ། །
ཤོག་སྟོང།
དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་།
དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་བཞུགས།
ཨོཾ་སྭ་སྟི་པྲ་ཛེ་བྷྱཿ དཔལ་ལྡན་དཔལ་གྱིས་བརྒྱན་པ་དཔལ་གྱི་འབྱུང་གནས་དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ། སངས་རྒྱས་སྲས་དང་སློབ་མར་བཅས་པ་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་ལྷ་ཡི་ལས་ལས་འོངས། །མཚན་དཔེ་དབང་པོའི་གཞུ་ཡིས་སྤྲས། འཕྲིན་ལས་བདུད་རྩིའི་ཆར་ཟིམ་འབེབས། ཐུབ་དབང་སྤྲིན་གྱི་དབང་པོར་འདུད། འདི་ན་ཡིག་ཚང་ལོ་རྒྱུས་མཁས་རྣམས་ཀྱང༌། །འཕགས་ཡུལ་གཏམ་གྱི་སྦྱོར་བ་ལ་བཞུགས་ན། །དབུལ་པོའི་སྐྱེ་བོ་ཚོང་ཟོག་འགྲེམས་པ་བཞིན། །རྩལ་ཤུགས་ཕྱུང་ཡང་ཕོངས་པའི་རྒྱུ་ཉིད་མཐོང༌། །མཁས་པ་འགའ་ཡང་ཆོས་ཀྱི་ཁུངས་འཆད་ཚེ། །ཤིན་ཏུ་འཁྲུལ་པ་མང་དུ་མཐོང་བའི་ཕྱིར། །འཁྲུལ་པ་སེལ་བྱེད་གཏམ་གྱི་སྦྱོར་བ་ནི། །གཞན་ལ་ཕན་པའི་ཆེད་དུ་མདོ་ཙམ་བྲི། །འདིར་ཉེ་བར་མཁོ་བའི་སྡོམ་ནི། རྒྱལ་པོ་མཐོང་ལྡན་
དགེ་བའི་བརྒྱུད། །ལག་བཟང་གཞུ་བཟང་དབང་ཆེན་དང༌། །ཙ་མ་ཤཱ་སྟེ་བཞི་ཡིན་ནོ། །མྱ་ངན་མེད་ཀྱི་བརྒྱུད་པ་ལ། །མྱ་ངན་བྲལ་དང་དཔའ་བོའི་སྟེ། དགའ་བོ་པདྨ་ཆེ་སྟེ་བཞི། །ཙནྡྲའི་རིགས་ལས་བྱུང་བ་ནི། །༡ཧ་རི་༢ཨཀྵཻ་༣ཛ་ཡ་དང༌། །༤ནེ་མ་༥ཕ་ནི་༦བྷང་ས་དང༌། །༧སཱ་ལ་རྣམས་ལ་ཙནྡྲ་སྦྱར། །དེ་ནས་ཙནྡྲ་གུཔྟ་༨ དང༌། །སྙིང་པོ་ཐིག་༩ལེ་དེའི་ཚ་བོ། །ཤྲཱི་ཙནྡྲ་༡༠ཞེས་བྱའོ། །༡༡དྷ་རྨ་༡༢ཀརྨ་༡༣བྲྀཀྵ་དང༌། །༡༤བི་ག་མ་དང་༡༥ཀཱ་མ་དང༌། །༡༦པིདྒ་༡༧བཱ་ལ་༡༨བི་མ་ལ། ༡༩གོ་བི་ལ་༢༠ལི་ཏ་རྣམས་ལའང༌། །ཙནྡྲ་ཐ་མར་སྦྱར་བར་བྱ། །སྙིང་པོ་ཐིག་ལེ་མི་བགྲང་ན། །ཙནྡྲའི་མིང་ཅན་བཅུ་དགུ་སྟེ། །དེ་ལས་དབང་པོ་[ཨཀྴ་]ཟླ་བ་༡དང༌། །རྒྱལ་བའི་[ཛ་ཡ] ཟླ་བ་༢ཞེས་བྱ་དང༌། །ཆོས་ཀྱི་[དྷརྨ]ཟླ་བ་༣ལས་[ཀརྨ]ཟླ་༤བ། །འདུ་[བི་ག་མ]བྲལ་༥འདོད་པའི་[ཀཱ་མ]ཟླ་བ་༦དང༌། །
དྲི་མེད་༧[བི་མ་ལ] ཟླ་བ་ཞེས་བྱ་བ། །ཙནྡྲ་བདུན་དུ་གྲགས་པ་ཡིན། །དེ་སྟེང་ཟླ་[ཙནྡྲ་གུཔྟ] བ་སྦས་པ་དང༌། །ཕྱོགས[གོ་བི]གྲོལ་རོལ་༼ཆ༽[ལ་ལི་ཏ]བའི་ཟླ་བ་སྟེ། །ཙནྡྲ་བཅུ་ཞེས་རབ་ཏུ་གྲགས། །པཱ་ལའི་རིགས་ལས་བྱུང་བ་ནི། །གཽ་པཱ་ལ་དང་དེ་ཝ་དང༌། །རཱ་ས་དྷརྨ་བ་ན་དང༌། །མ་ཧི་མཧཱ་སྲཻཥྛ་དང༌། །བྷེ་ཡ་ནེ་ཡ་ཨ་མྲ་དང༌། །ཧསྟི་རཱ་མ་ཡཀྵ་སྟེ། །ཀུན་ལ་པཱ་ལ་ཐ་མར་སྦྱར། །པཱ་ལའི་རིགས་ལ་བཅུ་བཞིའོ། །རྒྱལ་པོ་མེས་སྦྱིན་ཀ་ནིཥྐ། ལཀྵ་ཨ་ཤྭ་ཙནྡན་སྐྱོང༌། །ཤྲཱི་ཧརྴ་ངང་ཚུལ་དང༌། བདེ་སྤྱོད་གོ་ཌ་འཕེལ་བྱེད་དང༌། །ཀ་ནི་ཀ་དང་ཏུ་རུཥྐ། །སོག་པོ་མང་པོས་བཀུར་བ་དང༌། །སངས་རྒྱས་ཕྱོགས་དང་ཟབ་མོའི་ཕྱོགས། །གཡོ་བག་གཡོ་བརྟན་བིཥྞུ་དང༌། །སེང་གེ་བྷརྴི་སེང་གེ་ལྔ། གསལ་བ་རབ་གསལ་སྡེ་ཆེན་དང༌། །ཤཱཀྱ་སྟོབས་ཆེན་ཞེས་བྱའོ། །འདི་དག་ཐོར་བུ་བྱུང་བ་ཡིན། །བ་སུ་རཀྵི་ཙ་ན་ཀ། ཞིང་སྐྱོང་བཟོད་པ་སྐྱོང་བ་རྣམས། །པཱ་ལའི་གསེབ་ལ་ཐོར་བུ་བྱུང༌། །ལ་ཝ་ཀཱ་ས་མ་ཎི་ཏ། །རཱ་ཐཱི་ཀ་སྟེ་སེ་ན་བཞི། །ལྷོ་ཡི་ཕྱོགས་སུ་བྱུང་བ་ནི། །ཀཉྩི་ལ་སོགས་སྣ་ཚོགས་པར། །དཀར་པོ་ཟླ་འཛེས་སཱ་ལའི་བཞོན། །དབང་ཆེན་སྡེ་བྱེད་ཡིད་འོང་དང༌། །ལོངས་སྤྱོད་སྐྲ་བཟང་ཟླ་བའི་སྡེ། །བདེ་བྱེད་སེང་སྟག་བུ་ད་དང༌། །བུདྡྷ་ཤུ་ཙ་གདོང་དྲུག་དང༌། །རྒྱ་མཚོ་རབ་གནོན་རྒྱལ་མཆོག་དང༌། །གཙོ་བོ་དབང་ཆན་ལྷ་རྒྱལ་པོ། །སྣ་ཚོགས་བྱིས་པ་རབ་གདུང་ངོ༌། །ལྷོ་ཡི་ཕྱོགས་སུ་བྲམ་ཟེ་ནི། །སྟོབས་ཀྱི་བཤེས་གཉེན་ཀླུ་ཡི་ཏོག །འཕེལ་བའི་ཕྲེང་བ་ཞེས་པ་བྱུང༌། །གགྒྀ་ར་དང་གཞོན་ནུ་དགའ། །བློ་གཞོན་བཟང་པོའི་ཀུན་དགའ་དང༌། །སྦྱིན་བཟང་ལངྐ་དེ་ཝ་དང༌། །བ་ཧུ་བྷུ་ཛེ་དབུ་མའི་བླཽ། །སྔོན་གྱི་སློབ་དཔོན་ཆེ་རྣམས་སོ། །རྒྱལ་བ་སྟོན་པའི་གཏད་རབས་ནི། །ཡོངས་སུ་གྲགས་པ་རྣམ་པ་
བདུན། །ཉི་མ་གུང་པ་བསྣན་པས་བརྒྱད། །བླ་མ་གྲགས་པ་བསོས་བྱིན་དང༌། །འོད་སྲུང་ཡུལ་བརླན་སྤུ་ཆེན་པོ། །གཏོང་བ་ཆེན་པོ་དགའ་བ་ཅན། །ཆོས་ཀྱི་ཚོང་དཔོན་རྩིབས་ཅན་དང༌། །རྟ་སྦས་ནནྟ་ཞེས་པ་རྣམས། །བསྟན་པ་སྐྱོང་བའི་དགྲ་བཅོམ་མོ། །བླ་མ་འོད་སྲུང་མང་སྟོན་དང༌། །ས་སྟོན་ཆོས་བསྲུང་ཆར་བཟང་འབེབས། །གནས་མ་བུ་དང་གོས་དམར་བ། །མང་ཐོས་ཆོས་མཆོག་སྲུང་བ་པ། །ཡང་དག་རྒྱལ་བ་གནས་བརྟན་དང༌། །ཆོས་སྐྱོབ་དབྱིག་བཤེས་དབྱངས་སྒྲོགས་དང༌། །དཔའ་ལེན་སངས་རྒྱས་ལྷ་དང་ནི། །གཞོན་ནུ་ལེན་དང་མིའུ་ཐུང་དང༌། །ཀུ་ན་ལ་དང་དགེ་བྱེད་དང༌། །དགེ་འདུན་འཕེལ་དང་བསམ་རྫོགས་ཏེ། །བཙུན་པ་ཆེན་པོའི་སྡེ་རྣམས་སོ། །རྒྱལ་བ་ལེགས་རྒྱལ་དགེ་བ་དང༌། །གྲུབ་པ་དྲེགས་མེད་ར་གྷ་པ། །གྲགས་ལྡན་པ་ཎི་མཁས་པ་དང༌། །བཟང་པོ་མཆོག་སྲེད་སུ་ཏྲ་དང༌། །རིགས་ལྡན་མཐོ་བཙུན་བདེ་བྱེད་དང༌། །ཆོས་ལྡན་བརྩོན་ལྡན་ཁྱབ་འཇུག་བཟང༌། །སྦྲང་རྩི་སུ་པྲ་མདྷུ་དང༌། །མཆོག་སྲེད་གཉིས་པ་གསལ་ལྡན་སྐྱེ། །ཙ་ན་ཀ་དང་ནོར་གྱི་མིག །ཤིངྐུ་ཕུར་བུ་མཀྵི་ཀ །བ་སུ་ནཱ་ག་བཟང་པོ་བསྐྱངས། །གང་བ་གང་བ་བཟང་པོ་སྟེ། །བསྟན་ལ་བྱ་བ་བྱས་པ་ཡི། །བྲམ་ཟེ་ཆེན་པོའི་སྡེ་རྣམས་སོ། །ཐེག་ཆེན་སྟོན་པའི་སློབ་དཔོན་ནི། །ཕལ་ཆེར་ཤིན་ཏུ་གྲགས་ཆེ་བས། །སྡོམ་དུ་གསལ་བར་མ་བཀོད་ཀྱང༌། །གཏམ་རྒྱུད་བཤད་པ་ཙམ་གྱིས་རྟོགས། །འཛམ་གླིང་རྒྱན་དྲུག་ཡོངས་སུ་གྲགས་པ་ཉིད། །དཔའ་བོ་སྒྲ་གཅན་འཛིན་དང་ཡོན་ཏན་འོད། །ཆོས་སྐྱོང་རྣམས་ལ་ཆེན་པོ་བཞི་ཞེས་གྲགས། །ཞི་བ་ལྷ་དང་ཙནྡྲ་གོ་མི་ལ། །རྨད་བྱུང་སློན་དཔོན་གཉིས་ཞེས་མཁས་རྣམས་སྒྲོག །མཆོག་གཉིས་རྒྱ་གར་ཡུལ་
ན་གྲགས་པ་མེད། །རྒྱན་དྲུག་མཆོག་གཉིས་ཞེས་བྱར་བོད་ཀྱིས་བཏགས། །ཡེ་ཤེས་ཞབས་དང་མར་མེ་མཛད་བཟང་པོ། །ལངྒ་རྒྱལ་བཟང་དཔལ་འཛིན་བྷ་ཝ་བྷ། །སྐལ་ལྡན་གྲགས་པ་ལཱི་ལ་བཛྲ་དང༌། །མི་ཐུབ་ཟླ་བ་དམ་ཚིག་རྡོ་རྗེ་དང༌། །དེ་བཞིན་གཤེགས་བསྲུངས་བྱང་ཆུབ་བཟང་པོ་དང༌། །པདྨ་སྲུང་ཞེས་བྱ་བ་བཅུ་གཉིས་པོ། །རྣམ་གནོན་ཚུལ་གྱི་སྔགས་པའི་སློབ་དཔོན་ཡིན། །དེ་ནས་མཁས་པ་སྒོ་དྲུག་ལ་སོགས་དང༌། །གསང་སྔགས་སློན་དཔོན་རྣམ་པ་སྣ་ཚོགས་བྱོན། །ཞེས་པ་འདི་རྣམས་བློ་ལ་བྱང་བར་བཟུང་ན་འོག་ཏུ་འཆད་པའི་ལོ་རྒྱུས་རྣམས་མ་འཛིངས་པ་ཉིད་ཀྱིས་གོ་བདེ་ཞིང་བཤད་སླ་བར་འགྱུར་རོ། །དེའང་འོ་སྐོལ་གྱི་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དུ་བཞུགས་པ་ཡན་ཆད་ཀྱི་རྒྱལ་པོའི་རབས་རྣམས་ནི་འདུལ་བ་ལུང་དང༌། མངོན་པར་འབྱུང་བའི་མདོ་དང༌། ཅི་རིགས་པ་རྒྱ་ཆེ་རོལ་པ་སོགས་སུ་འབྱུང་བ་ཉིད་ཡིད་བརྟན་དུ་གཟུང་བར་བྱ་ལ། མུ་སྟེགས་བྱེད་ཀྱི་གཞུང་ལུགས་རྣམས་ལས་རྫོགས་ལྡན་དང༌། གསུམ་ལྡན་དང༌། གཉིས་ལྡན་དང༌། རྩོད་ལྡན་གྱི་དུས་སོ་སོར་བྱུང་བའི་རྒྱལ་པོ་དང་དྲང་སྲོང་ལ་སོགས་པའི་རབས་ཤིན་ཏུ་མང་བ་ཡོད་ནའང༌། ཅི་རིགས་པར་བརྫུན་ཚིག་ཀྱང་འདྲེས་པས་མཐའ་གཅིག་ཏུ་ཡིད་བརྟན་དཀའ་བ་དང༌། དམ་པའི་ཆོས་ཀྱི་ལོ་རྒྱུས་དང་འབྲེལ་བ་གཅིག་ཀྱང་མེད་པས། རྣམ་དཀར་དོན་གཉེར་ལ་ཉེ་བར་མཁོ་བ་མི་སྣང་བས་འདིར་མི་འབྲིའོ། །འོན་ཀྱང་དེ་དག་གི་སྟོན་པའི་གཞུང་ལུགས་ཅི་ཞིག་ཅེ་ན་བྷ་ར་ཏ་ཞེས་པ་ཤློ་ཀ་འབུམ་ལྷག་བཅས་དང༌། ར་མཱ་ཡ་ན་ཞེས་པ་ཤློ་ཀ་འབུམ་ཡོད་པ་ཞིག་དང༌། ཨཥྟ་ད་ཤ་པུ་རཱ་ཎ་སྟེ། སྔོན་གྱི་རབས་བཅོ་བརྒྱད་ཅེས་པ་ཤློ་ཀ་འབུམ་ལྷག་བཅས་ཡོད་པ་ཞིག་དང༌། སྙན་ངག་གི་བསྟན་བཅོས་ར་
གྷུ་ཝཾ་ཤ་ཞེས་པ་ཤློ་ཀ་སྟོང་ཕྲག་བརྒྱད་ཅུ་པ་ལ་སོགས་པ་རྣམས་སོ། །འདིར་ནི་སྟོན་པའི་བསྟན་པ་ལ་བྱ་བ་བྱས་པའི་ལོ་རྒྱུས་རྣམས་བརྗོད་པར་བྱ་བ་ཡིན་ཏེ། དེ་ཡང་གང་གི་ཚེ་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་བསྡུ་བ་དང་པོ་བྱས་པའི་ཚེ། ལྷ་རྣམས་ཀྱིས་བསྟོད། མིའི་འཇིག་རྟེན་ཐམས་ཅད་དུ་བདེ་ཞིང་ལོ་ལེགས་པར་གྱུར། ལྷ་དང་མི་རྣམས་བདེ་བས་གནས་སོ། །རྒྱལ་པོ་མཐོང་ལྡན་དགེ་བ་ཞེས་ཀྱང་བྱ་བ་མ་སྐྱེས་དགྲར་གྲགས་པ་ཡང་རང་བཞིན་གྱིས་བསོད་ནམས་འཕེལ་བར་གྱུར་ཏེ། སྤོང་བྱེད་མ་གཏོགས་གྲོང་ཁྱེར་ལྔ་པོ་ཐམས་ཅད་འཐབ་རྩོད་མེད་པར་མངའ་འོག་ཏུ་ཆུད་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དང་མཆོག་ཟུང་ཅིག་དགྲ་བཅོམ་པ་ཁྲི་ཕྲག་བཅུ་དྲུག་སྟོང་ཕྲག་བརྒྱད་དང་བཅས་པ་རབ་ཏུ་ཞི་བར་གཟིམས། འོད་སྲུང་ཆེན་པོ་ཡང་མྱ་ངན་ལས་འདས་པར་གྱུར་པའི་ཚེ། སྐྱེ་བོ་ཐམས་ཅད་སྐྱོ་ཤས་ཆེ་བར་གྱུར་ཏེ། དགེ་སློང་སྟོན་པའི་ཞལ་མཐོང་བས་སོ། སྐྱེ་བོ་རྣམས་ནི་སངས་རྒྱས་བཞུགས་པའི་ཚེ་བདག་ཅག་བག་མེད་པར་གྱུར་པས་ཁྱད་པར་མ་ཐོབ་བོ་ཞེས་ཡིད་འབྱུང་བས་ཆོས་ལ་རྩེ་གཅིག་ཏུ་བརྩོན་པར་བྱེད་དོ། །དེ་བཞིན་དུ་འཕགས་པ་སློབ་པ་རྣམས་ཀྱང་ངོ༌། །དགེ་སློང་གསར་བུ་སྟོན་པའི་ཞལ་མ་མཐོང་བ་དག་ནི་བདག་ཅག་གིས་སྟོན་པའི་ཞལ་མ་མཐོང་བས་དངོས་སུ་འདོམས་པར་བྱེད་པ་ཉམ་ཆུང་གིས། བསྟན་པ་ལ་བརྩོན་པར་མ་བྱས་ན་རབ་ཏུ་འཁྱམས་པར་འགྱུར་རོ་སྙམ་ནས་དགེ་བའི་ཕྱོགས་ལ་ཤིན་ཏུ་བརྩོན་པར་བྱེད་དོ། །དེའི་ཕྱིར་འབྲས་བུ་བཞི་ཐོབ་པ་ཉིན་རེ་བཞིན་ཡང་མང་དུ་འཕེལ་བར་གྱུར་ཏོ། །དུས་དུས་སུ་འཕགས་པ་ཀུན་དགའ་བོས་འཁོར་རྣམ་པ་བཞི་ལ་གདམས་ངག་གི་ལུང་འབོགས་པར་བྱེད། སྡེ་སྣོད་འཛིན་པ་རྣམས་ཀྱིས་ཆོས་སྟོན་པར་བྱེད་པས། རབ་ཏུ་བྱུང་བ་ཐམས་ཅད་བག་ཡོད་པས་
འཚོ་བར་བྱེད་དེ། སྟོན་པས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། དེས་འཕགས་པ་ཀུན་དགའ་བོ་ལ་བསྟན་པ་གཏད་པ་ཡང་དོན་དང་ལྡན་པར་གྱུར་ཏོ། །རྒྱལ་པོ་ལ་སོགས་པ་ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀྱང་བསོད་ནམས་ཀྱི་མཐུ་དཔག་པར་དཀའ་བའི་རྒྱལ་པོ་དེ་རྣམས་ཀྱང་མཐོང་བའི་སྤྱོད་ཡུལ་དུ་མ་གྱུར་པས་ཡིད་འབྱུང་ཞིང༌། སྔོན་ནི་ཞིང་གི་དམ་པ་སྟོན་པ་ཡང་མཐོང་ན། ད་ལྟར་ནི་དེའི་སློབ་མ་དང༌། ཡང་སློབ་ཀྱི་ཚོགས་ཙམ་ཞིག་མཐོང་ངོ་ཞེས་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དཀོན་པའི་འདུ་ཤེས་ཉེ་བར་བཞག་ནས་རྟག་ཏུ་གུས་པས་མཆོད་པ་དང༌། དགེ་བ་ལ་བརྩོན་པར་བྱེད། འཐབ་རྩོད་ལ་སོགས་པ་མེད་དེ། ཚུལ་དེ་ལྟ་བུས་ལོ་བཞི་བཅུ་ཙམ་འཇིག་རྟེན་དགེ་བ་ལ་གནས་པར་གྱུར་ཏོ། །ཞེས་གྲགས་སོ། །དེ་ལ་འཕགས་པ་ཀུན་དགའ་བོས་བསྟན་པ་བསྐྱངས་ནས་ལོ་བཅོ་ལྔ་ཙམ་ལོན་པ་ན། ཁྱེའུ་གསེར་མདོག་གིས་དགྲ་བཅོམ་པ་ཐོབ་སྟེ། དེའི་ལོ་རྒྱུས་ནི་གསེར་མདོག་གི་རྟོགས་བརྗོད་ཉིད་ན་གསལ་ལོ། །དེའི་ཚེ་གསེར་མདོག་ལྟ་བུའི་སྐྱིད་དེ་བ་ཡང་ཚེགས་མེད་པར་དགྲ་བཅོམ་པའི་གནས་ལ་བཀོད་ན། འཕགས་པ་ཀུན་དགའ་བོ་ནི་སངས་རྒྱས་དང་འདྲ་བའི་ཉན་ཐོས་སོ་ཞེས་རྒྱལ་པོ་མ་སྐྱེས་དགྲས་བསམས་ཏེ། འཕགས་པ་ཀུན་དགའ་བོ་ལ་སོགས་པའི་དགྲ་བཅོམ་པ་ལྔ་སྟོང་ལ་ལོ་ལྔའི་བར་དུ་ཡོ་བྱད་ཐམས་ཅད་ཀྱི་བསྟབས་པའི་མཆོད་པ་བྱས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཀིམྨི་ལིའི་ཕྲེང་བ་བྱ་བ་ནས། བྲམ་ཟེ་བྷ་ར་དྷྭ་ཛ་གནོད་པ་ཅན་དང་རུས་གཅིག་པ་ཞེས་བྱ་བ་སྒྱུ་མའི་རིགས་སྔགས་ལ་ཤིན་ཏུ་མཁས་པ་མ་ག་དྷྭར་འོངས་ནས། དགེ་སློང་རྣམས་དང་ཆོ་འཕྲུལ་འགྲན་པར་བྱས་སོ། །རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་འདུས་པའི་མདུན་དུ། གསེར་དང་དངུལ་དང་ཤེལ་དང་བཻ་ཌཱུརྱའི་རི་བཞི་སྤྲུལ། དེ་རེ་རེ་
ལ་རིན་པོ་ཆེའི་སྐྱེད་མོས་ཚལ་བཞི་བཞི། ཚལ་རེ་རེ་ན་པདྨའི་རྫིང་བུ་བཞི་བཞི། འདབ་ཆགས་སྣ་ཚོགས་པས་གང་བ་སྤྲུལ་པ་ན། འཕགས་པ་ཀུན་དགའ་བོས་གླང་ཆེན་གཏུམ་པོ་མི་བཟད་པ་མང་པོ་སྤྲུལ་ཏེ་པདྨ་རྣམས་ནི་ཟོས། རྫིང་རྣམས་ནི་དཀྲུགས། རླུང་དྲག་པོ་བཏང་སྟེ་ཤིང་རྣམས་ནི་བཅག །རྡོ་རྗེའི་ཆར་ཕབ་པས་རྭ་བ་དང་རི་རྣམས་ནི་ལྷག་མ་མེད་པར་བྱས་སོ། །དེ་ནས་འཕགས་པ་ཀུན་དགའ་བོས་ལུས་ཀྱི་བཀོད་པ་ལྔ་བརྒྱ་ཙམ་བསྟན་ཏེ། ལ་ལ་ནི་འོད་འབྱིན། ལ་ལ་ནི་ཆར་འབེབས། ལ་ལ་ནི་མཁའ་ལ་སྤྱོད་ལམ་བཞི་བྱེད། ལ་ལ་ནི་སྟོད་ནས་མེ་འབར་ཞིང་སྨད་ནས་ཆུ་འབྲུབ་པ་ལ་སོགས་པ་ཡ་མ་ཟུང་གི་ཆོ་འཕྲུལ་མང་པོ་བསྟན་ཏེ་སླར་བསྡུས་སོ། །བྷ་ར་དྷྭ་ཛ་གནོད་པ་ཅན་དང་རུས་པ་གཅིག་ལ་སོགས་པ་སྐྱེ་བོའི་ཚོགས་རྣམས་ཤིན་ཏུ་དད་པར་གྱུར་པ་ལ་ཆོས་མང་དུ་བསྟན་པས་ཞག་བདུན་གྱི་ཁོངས་སུ་བྷ་ར་དྷྭ་ཛ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་དང་གཞན་ཡང་སྐྱེ་བོ་ཁྲི་ཕྲག་བརྒྱད་བདེན་པ་ལ་བཀོད་དོ། །དེ་ནས་དུས་གཞན་ཞིག་ན་འཕགས་པ་ཀུན་དགའ་བོ་རྒྱལ་བྱེད་ཀྱི་ཚལ་ན་བཞུགས་པའི་ཚེ། ཁྱིམ་བདག་ཤ་ནའི་གོས་ཅན་གྱིས་ལོ་ལྔར་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་བྱས་ཏེ། མཐར་འཕགས་པའི་བཀས་རབ་ཏུ་བྱུང༌། རིམ་གྱིས་སྡེ་སྣོད་གསུམ་འཛིན་པ་དང༌། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་ལྟར་ན་སྔ་ཕྱིར་རིམ་གྱིས་དགེ་སློང་ཁྲི་ཙམ་དགྲ་བཅོམ་པའི་གནས་ལ་ཡོངས་སུ་བཀོད་ནས། ཡུལ་ཡངས་པ་ཅན་གྱི་ལི་ཙ་བཱི་རྣམས་དང༌། མ་ག་དྷཱའི་རྒྱལ་པོ་མ་སྐྱེས་དགྲ་གཉིས་ཆར་གྱིས་གདུང་གི་སྐལ་བ་ཐོབ་པའི་དོན་དུ་ཡུལ་དེ་གཉིས་ཀྱི་བར་ཆུ་བོ་གདྒཱའི་དབུས་སུ་བཞུགས་པ་ལ། དྲང་སྲོང་ལྔ་བརྒྱས་བསྙེན་པར་རྫོགས་པ་ཞུས་པ་ལ། ཆུའི་དབུས་སུ་གླིང་སྤྲུལ། དེར་དགེ་སློང་
རྣམས་ཀྱང་འདུས་པ་ལ་རྫུ་འཕྲུལ་གྱིས་ཆུ་ཚོད་གཅིག་ཁོ་ན་ལ་ལྔ་བརྒྱ་པོ་རྣམས་རིམ་གྱིས་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ལ་བཀོད་པས་ཉི་མ་གུང་པ་ལྔ་བརྒྱ་དང༌། ཆུ་དབུས་པ་ལྔ་བརྒྱ་ཞེས་གྲགས། དེའི་གཙོ་བོ་ནི་ཉི་མ་གུང་པ་ཆེན་པོ་དང༌། ཆུ་དབུས་པ་ཆེན་པོ་ཞེས་གྲགས་སོ། །དེ་ནས་དེར་མྱ་ངན་ལས་འདས་ཏེ། སྐུ་གདུང་རང་བྱུང་གི་མེས་ཞུགས་ལ་བཞེན་ཏེ། རིན་པོ་ཆེའི་གོང་བུ་ལྟ་བུ་ཆ་གཉིས་སུ་གྱུར་པ་ཆུའི་རླབས་ཀྱིས་བདས་ཏེ་འགྲམ་གཉིས་སུ་ཕྱིན་ནས། བྱང་གི་ནི་སྤོང་བྱེད་པས་ཁྱེར། ལྷོའི་ནི་མ་སྐྱེས་དགྲས་ཁྱེར་ཏེ་སོ་སོའི་ཡུལ་དུ་མཆོད་རྟེན་བྱས་སོ། །དེ་ལྟར་ན་ཀུན་དགའ་བོས་ལོ་བཞི་བཅུར་བསྟན་པ་བརྐྱངས། དེའི་ཕྱི་ལོ་རྒྱལ་པོ་མ་སྐྱེས་དགྲ་ཡང་འདས་ཏེ། ཡུད་ཙམ་དམྱལ་བར་སྐྱེས་ནས། དེ་ལས་ཤི་འཕོས་ནས་ལྷར་སྐྱེས་ཏེ། འཕགས་པ་ཤ་ནའི་གོས་ཅན་ལ་ཆོས་ཉན་པས་རྒྱུན་དུ་ཞུགས་པ་ཐོབ་པར་གྲགས་སོ། །རྒྱལ་པོ་མ་སྐྱེས་དགྲའི་སྐབས་ཀྱི་གཏམ་སྟེ་དང་པོའོ།། །། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་བུ་ལག་བཟང་གིས་རྒྱལ་སྲིད་བྱས། ལོ་བཅུ་བདུན་ཙམ་དུ་སངས་རྒྱས་ཀྱི་བསྟན་པ་མཆོད་དེ། དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་གྱིས་ཀྱང་བསྟན་པ་ཅུང་ཟད་སྐྱོང་ལ། གཙོ་བོར་འཕགས་པ་ཉི་མ་གུང་པ་ཡུལ་ལྦཱ་རཱ་ཎ་སཱིར་བཞུགས་ཏེ། འཁོར་རྣམས་པ་བཞི་ལ་ལུང་འབོགས་པར་བྱེད། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་སྟོན་པར་བྱེད་དོ། །དུས་གཞན་ཞིག་ན་ལྦཱ་རཱ་ཎ་སཱིའི་བྲམ་ཟེ་དང་ཁྱིམ་བདག་མང་པོ་ཞིག་དགེ་སློང་སློང་བ་པོ་མང་པོ་ཡིད་སུན་པར་གྱུར་ཏེ། དགེ་སློང་རྣམས་ལ་བསོད་སྙོམས་ཀྱི་སྤྱོད་ཡུལ་གཞན་ན་མེད་པ་ལྟ་ཞེས་ཁ་ཟེར་བར་གྱུར་པ་དང༌། ཝ་རཱ་ཎ་སཱི་ལས་ལོངས་སྤྱོད་མོད་པ་འགའ་ཡང་མེད་ཟེར་བ་དང༌། བདག་ཅག་གིས་ཁྱེད་རྣམས་གསོ་དགོས་ན་ཁྱེད་
དག་གིས་ཁོ་བོ་ཅག་ལ་ཅུང་ཟད་ཅིག་ཀྱང་མི་བྱིན་པ་ལྟ་ཟེར་བ་ན། འཕགས་པ་ཉི་མ་གུང་པ་དགྲ་བཅོམ་པ་ཁྲི་ཕྲག་གཅིག་གི་འཁོར་གྱིས་བསྐོར་ནས་ནམ་མཁའི་ལམ་ལ་འཕུར་ཞིང་གཤེགས་ནས། བྱང་ཕྱོགས་རི་ཨུ་ཤི་རར་བྱོན་ནོ། །དེར་ཁྱིམ་བདག་ཨ་ཛ་ཞེས་བྱ་བས། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དུས་སྟོན་གྱི་མཆོད་པ་ལོ་གཅིག་ཏུ་བྱས་པས། དགྲ་བཅོམ་པ་བཞི་ཁྲི་བཞི་སྟོང་འདུས་སོ། །རྐྱེན་དེ་ལ་བརྟེན་ནས་བྱང་ཕྱོགས་སུ་བསྟན་པ་ལྷག་པར་དར་བར་གྱུར་ཏོ། །དེ་ལྟར་ཉི་མ་གུང་པས་ཨུ་ཤི་རར་ལོ་གསུམ་དུ་ཆོས་བསྟན་ཏོ། །དུས་དེའི་ཚེ་མཉན་ཡོད་ན་འཕགས་པ་ཤ་ནའི་གོས་ཅན་བཞུགས་ཏེ། འཁོར་རྣམ་པ་བཞི་ལ་ཆོས་བསྟན་པས་དགྲ་བཅོམ་པ་སྟོང་དུ་ཉེ་བ་ཙམ་བྱུང་ངོ༌། །སྔོན་རྒྱལ་པོ་མ་སྐྱེས་དགྲ་ཡོད་པའི་ཚེ། བྲམ་ཟེའི་རིགས་ཆོས་དང་མི་ལྡན་པ་ཤིན་ཏུ་གདུག་ཅིང་གཏུམ་པ་ཁ་ཟས་ཀྱང་གཙང་རྨེ་མེད་པར་སྤྱོད་ཅིང༌། སྲོག་ཆགས་སྣ་ཚོགས་ཀྱི་སྲོག་གཅོད་པ། པ་ན་དང༌། ན་བ་ཞེས་བྱ་བ་གཉིས་ཡོད་དོ། །དེ་གཉིས་ཀྱིས་ཁྱིམ་འགའ་ཞིག་ཏུ་རྐུན་མོ་བྱས་པའི་རྒྱུས་རྒྱལ་པོས་ཆད་པ་བཅད་པ་ན། དེ་རྣམས་ཤིན་ཏུ་ཁྲོས་པས། དགྲ་བཅོམ་པ་མང་པོ་ལ་གདུགས་ཚོད་གསོལ་ཏེ། དགེ་བའི་རྩ་བ་འདིས་གནོད་སྦྱིན་དུ་གྱུར་ཏེ། རྒྱལ་པོ་དང་མ་ག་དྷཱ་པ་རྣམས་འཇོམས་པར་གྱུར་ཅིག་ཅེས་སྨོན་ལམ་བཏབ་བོ། །དུས་ལན་གཅིག་ན་དེ་གཉིས་རིམས་ཀྱིས་བཏབ་སྟེ་ཤི་ནས་གནོད་སྦྱིན་དུ་སྐྱེས་སོ། །གང་གི་ཚེ་རྒྱལ་པོ་ལག་བཟང་གིས་རྒྱལ་སྲིད་བྱས་ནས་ལོ་བདུན་ནམ་བརྒྱད་ལོན་པའི་ཚེ། དེ་གཉིས་མ་ག་དྷཱར་གནོད་སྦྱིན་གྱི་ས་ཐོབ་པར་གྱུར་ཏེ། ཡུལ་དུ་རིམས་ནད་ཆེན་པོ་བཏང་ངོ༌། །དེར་མི་ཕྱུགས་མང་པོ་ཤི་ཞིང་རིམས་ཆད་དུ་མ་འདོད་པ་ན། ལྟས་མཁན་
རྣམས་ཀྱིས་དེ་ལྟར་ཤེས་ཏེ། མ་ག་དྷཱ་པའི་ཡུལ་པ་རྣམས་ཀྱིས་མཉན་ཡོད་ནས་འཕགས་པ་ཤ་ནའི་གོས་ཅན་སྤྱན་དྲངས་ཏེ་གནོད་སྦྱིན་དེ་གཉིས་འདུལ་བར་གསོལ་བར་བཏབ་བོ། །དེས་ཀྱང་དེ་གཉིས་གནས་པའི་རི་གུརྦ་ཞེས་བྱ་བར་གཤེགས་ཏེ་གནོད་སྦྱིན་གྱི་ཕུག་པར་བཞུགས་པ་ན། དེའི་ཚེ་གནོད་སྦྱིན་དེ་གཉིས་གནོད་སྦྱིན་གཞན་གྱི་མདུན་སར་སོང་བ་ལས་གྲོགས་གནོད་སྦྱིན་གཞན་ཞིག་གིས་སྦྲན་ཏེ། སླར་འོངས་ནས་རབ་ཏུ་ཁྲོས་པས་ཕུག་པའི་བྲག་རྣམས་རྟིབ་པ་ན། ཡང་ཕུག་པ་གཞན་ཞིག་བྱུང་སྟེ། དེ་ན་འཕགས་པ་ཤ་ནའི་གོས་ཅན་འདུག་གོ །དེ་ལྟར་ལན་གསུམ་སོང་བ་ན། དེ་གཉིས་ཀྱིས་མེ་སྦར་བས། དགྲ་བཅོམ་པས་དེ་བས་ཀྱང་ཆེ་བའི་མེ་ཕྱོགས་བཅུར་སྦར་ཏེ། གནོད་སྦྱིན་གཉིས་སྐྲག་སྟེ་བྲོས་པས། ཕྱོགས་ཐམས་ཅད་འབར་བས་འབྲོས་པའི་ས་ཡང་མ་རྙེད། དེར་ཤ་ནའི་གོས་ཅན་ལ་སྐྱབས་སུ་སོང་བས་མེ་ཞིའོ། །དེ་ནས་ཆོས་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། དེ་མ་ཐག་རིམས་ཀྱང་ཞི། དེ་ལྟ་བུའི་ཆོ་འཕྲུལ་བསྟན་པ་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་གིས་མཐོང་ངོ༌། །རྒྱལ་པོ་ལག་བཟང་གི་དུས་སུ་བྱུང་བའི་གཏམ་སྟེ་གཉིས་པའོ།། །།རྒྱལ་པཽ་དེ་འདས་པ་ན། དེའི་བུ་གཞུ་བཟང་གིས་རྒྱལ་སྲིད་བྱས་ཏེ་ཉི་མ་གུང་པས་ཁ་ཆེའི་ཡུལ་བཏུལ་བ་དང་དུས་མཉམ་མོ། །དེ་ཡང་ཉི་མ་གུང་པས་རྫུ་འཕྲུལ་གྱིས་ཁ་ཆེའི་གནས་སུ་བྱོན། ཀླུ་གནས་པའི་མཚོའི་འགྲམ་དུ་བཞུགས་སོ། །དེའི་ཚེ་ཀླུའི་རྒྱལ་པོ་ཨཽ་དུཥྟ་འཁོར་དང་བཅས་པ་རྣམས་ཁྲོས་པས་རྫི་ཆར་དྲག་པོ་ཕབ་ཀྱང་ཆོས་གོས་ཀྱི་མཐའ་མ་གཡོས་སོ། །མཚོན་ཆ་སྣ་ཚོགས་ཀྱི་ཆར་ཕབ་པ་མེ་ཏོག་ཏུ་གྱུར་པས་ཀླུ་དངོས་སུ་འོངས་ཏེ། འཕགས་པ་ཅི་བཞེད་ཟེར་བ་ལ་
ས་གཞི་བྱིན་ཅིག་གསུངས་པས། ས་གཞི་ཇི་ཙམ། སྐྱིལ་ཀྲུང་གཅིག་གིས་ཁྱབ་པའི་སའོ། །འོ་ན་འབུལ་ལོ། །དེང་རྫུ་འཕྲུལ་གྱིས་སྐྱིལ་ཀྲུང་གཅིག་གིས་ཁ་ཆེ་ཡུལ་དགུའི་ས་ནོན་པར་མཛད་པ་ན་ཀླུ་ན་རེ། འཕགས་པ་ལ་འཁོར་ཇི་ཙམ། ལྔ་བརྒྱའོ། །དེ་ལས་གཅིག་མ་ཚང་ནས་སླར་འཕྲོག་གོ་ཟེར་བ་ན། ས་འདི་ནི་སྟོན་པས་ལྷག་མཐོང་དང་མཐུན་པའི་གནས་སུ་ལུང་བསྟན་པ་ཡིན་ན། གང་ན་སྦྱིན་པ་པོ་ཡོད་པ་དེར་སློང་བ་པོ་ཡོད་པས། བྲམ་ཟེ་དང་ཁྱིམ་བདག་དག་ཀྱང་འཇུག་དགོས་སོ། །ཞེས་གསུངས་ནས་ཨུ་ཤིར་ནས་འཁོར་ཉི་མ་གུང་པ་ལྔ་བརྒྱ་པོ་རྣམས་དང༌། ཝཱ་རཱ་ཎ་སཱི་ནས་ཆོས་ལ་མངོན་པར་དད་པའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་དུ་མ་དང་ལྷན་ཅིག་ཁ་ཆེར་ཞུགས་སོ། །དེ་ནས་རིམ་གྱིས་ཡུལ་སྣ་ཚོགས་ནས་སྐྱེ་བོ་དུ་མ་འོངས་ཏེ། ཉི་མ་གུང་པ་ཉིད་བཞུགས་པའི་དུས་ལ་ཡང་གྲོང་ཁྱེར་ཆེན་པོ་དགུ་དང༌། རི་བོར་གྱི་གྲོང་མང་པོ་དང༌། རྒྱལ་པོའི་ཕོ་བྲང་གཅིག་དང༌། གཙུག་ལག་ཁང་བཅུ་གཉིས་དགེ་འདུན་ཤིན་ཏུ་མང་བ་དང་བཅས་པས་ཡུལ་བརྒྱན་པར་གྱུར་ཏོ། །དེ་ནས་ཁ་ཆེའི་སྐྱེ་བོའི་ཚོགས་རྣམས་རྫུ་འཕྲུལ་གྱིས་རི་སྤོས་ངད་ལྡན་དུ་ཁྲིད་ནས་བྱོན་ཏེ། མེ་འབར་བའི་ཆོ་འཕྲུལ་གྱིས་ཀླུ་རྣམས་བཏུལ། ཆོས་གོས་ཀྱི་གྲིབ་མས་ནོན་པའི་གུར་གུམ་རྣམས་འབུལ་བར་བྱས་པ་ལ། དགྲ་བཅོམ་པས་ཆོས་གོས་ཆེན་པོར་སྤྲུལ་ཏེ། དེའི་གྲིབ་མས་ཕོགས་ནས་སྐྱེ་བོ་ཐམས་ཅད་ཀྱིས་གུར་གུམ་བླངས་ཏེ། སླར་ཡང་ཡུད་ཙམ་གྱིས་ཁ་ཆེར་སླེབ་པ་དང༌། ཁ་ཆེའི་ཡུལ་གུར་གུམ་གྱི་སྐྱེ་གནས་ཀྱིས་ཁྱབ་པར་བྱས་ནས། ཁྱེད་རྣམས་ཀྱི་ལོངས་སྤྱོད་འཕེལ་བའི་ཁྱད་པར་འདི་ཡིན་ནོ་ཞེས་བསྟན་ཞིང་ཁ་ཆེ་ན་གནས་པ་ཐམས་ཅད་བསྟན་པ་ལ་བཙུད་ནས་མྱ་ངན་ལས་འདས་སོ། །
དེས་ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་ཙམ་ཆོས་བསྟན་པར་གྲགས་སོ། །གང་གི་ཚེ་ཉི་མ་གུང་པ་ཁ་ཆེར་གཤེགས་པ་དེའི་ཚེ། འཕགས་པ་ཤ་ནའི་གོས་ཅན་གྱིས་གྲོང་ཁྱེར་དྲུག་ལ་གནས་པའི་འཁོར་རྣམ་པ་བཞི་ལ་ཆོས་སྟོན་པར་བྱེད་དོ། །ནམ་ཞིག་ན་རྒྱལ་པོ་གཞུ་བཟང་རྒྱལ་སྲིད་ལོ་ཉི་ཤུ་རྩ་གསུམ་དུ་བརྐྱངས་ནས་དུས་ལས་འདས་སོ། །དེའི་འོག་ཏུ་རྒྱལ་པོ་དེའི་འཁོར་དང་ཞོ་ཤས་འཚོ་བ་ཉིས་སྟོང་ཞིག་ཤ་ནའི་གོས་ཅན་ལ་རབ་ཏུ་བྱུང་སྟེ། དེ་དག་ལ་སོགས་པ་རབ་ཏུ་མང་པོ་དག་དང་ལྷན་ཅིག་དུར་ཁྲོད་བསིལ་པའི་ཚལ་དུ་དབྱར་གནས་པར་མཛད་དོ། །དགག་དབྱེའི་ཚེ་དུར་ཁྲོད་ཀྱི་རྒྱུད་ལྟ་ཞིང་སོང་བས་དེ་ཐམས་ཅད་ཀྱིས་མི་སྡུག་པའི་ཏིང་ངེ་འཛིན་ཐོབ་སྟེ། མི་རིང་བར་ཡིད་ལ་བྱེད་པའི་ཁྱད་པར་ཐམས་ཅད་བསྒྲུབས་ནས་དགྲ་བཅོམ་པར་གྱུར་ཏོ། །དེ་ནས་སྤོས་ཚོང་སྦས་པའི་བུ་ཉེ་སྦས་བསྙེན་པར་རྫོགས་པ་ཙམ་གྱིས་བདེན་པ་མཐོང་ངོ༌། །ཞག་བདུན་ནས་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བར་གྱུར་ཏོ། །དེ་ནས་ཉེ་སྦས་ལ་བསྟན་པ་གཏད་དེ། ཡུལ་ཙམྤར་མྱ་ངན་ལས་འདས་སོ། །ཤ་ནའི་གོས་ཅན་འདིས་སྔ་ཕྱིར་གདམས་ངག་བསྟན་པས་བདེན་པ་མཐོང་བ་ནི་འབུམ་ཙམ། དགྲ་བཅོམ་པ་ཡང་ཁྲི་ཙམ་བྱུང་ངོ༌། །དེ་ལ་ཁ་ཆེ་བ་རྣམས་ནི་ཉི་མ་གུང་པ་ཡང་བསྟན་པའི་གཏད་རབས་ལ་ངེས་པར་བགྲང་དགོས་ཏེ། ཡུལ་དབུས་སུ་ཉི་མ་གུང་པས་ལོ་བཅོ་ལྔར་བསྟན་པ་བསྐྱངས་པ་དེའི་ཚེ་འཕགས་པ་ཤ་ནའི་གོས་ཅན་སློབ་མ་ཉུང་ངུར་གནས་སོ། །ཉི་མ་གུང་པ་ཁ་ཆེར་གཤེགས་པ་ནས་ཤ་ནའི་གོས་ཅན་གྱིས་བསྟན་པ་བསྐྱངས་པ་ཡིན་པས་བསྟན་པའི་གཏད་རབས་བརྒྱད་ཡིན་ནོ་ཞེས་ཟེར་ལ། གཞན་རྣམས་ནི་ཉི་མ་གུང་པ་ཁ་ཆེ་འདུལ་བར་སྟོན་པས་ལུང་བསྟན་ཞིང༌། ཀུན་དགའ་བོས་བཀའ་བསྒོས་པ་ཡིན་ལ།
ཀུན་དགའ་བོས་བསྟན་པ་གཏད་པ་ནི་ཤ་ནའི་གོས་ཅན་ཁོ་ན་ཡིན་པས། གཏད་རབས་ནི་བདུན་ཁོ་ནའོ་ཞེས་ཟེར་ཏེ་བོད་རྣམས་ཀྱང་དེའི་རྗེས་སུ་འབྲང་ངོ༌། །རྒྱལ་པོ་གཞུ་བཟང་གི་དུས་སུ་བྱུང་པའི་གཏམ་སྟེ་གསུམ་པའོ།། །།དེ་ནས་ཉེ་སྦས་ཀྱིས་གདྒཱ་བརྒལ་ནས་བྱང་ཕྱོགས་སུ་གཤེགས་ནས། ཡུལ་ལུས་འཕགས་ཞེས་བྱ་བ་ཏི་རཱ་ཧུ་ཏིའི་ནུབ་ཐད་ཀྱི་ཡུལ་ཞིག་ཏུ། ཁྱིམ་བདག་བ་སུ་ས་ར་ཞེས་བྱ་བ་ཞིག་གིས་གཙུག་ལག་ཁང་བཞེངས་ཕྱོགས་བཞིའི་དགེ་འདུན་མཆོད་པ་ཞིག་ཡོད་པའི་སར་བཞུགས། དབྱར་གནས་པ་མཛད། དེར་གདམས་ངག་བསྟན་པས་ཟླ་བ་གསུམ་དེ་ཉིད་ལ་དགྲ་བཅོམ་པ་ཐོབ་པ་སྟོང་ཕྲག་གཅིག་ཚང་བར་བྱུང༌། དེ་ནས་རིའི་རྒྱལ་པོ་གནྡྷ་རར་བྱོན་ནས་ཆོས་བསྟན་པས་ཀྱང་སྐྱེ་བོ་དཔག་ཏུ་མེད་པ་བདེན་པ་ལ་བཀོད། དེ་ནས་ཡང་ཡུལ་དབུས་དང་ཉེ་བའི་ནུབ་བྱང་གི་མཚམས་གྲོང་ཁྱེར་བཅོམ་བརླག་ཏུ་བྱོན་པ་ན་བཅོམ་བརླག་གི་སྒོ་དྲུང་ན་སྐྱེ་བོ་མང་པོ་ཚོགས་པའི་སར་གྱད་ཀྱི་གཙོ་བོ་ཚོད་པའི་ལས་བྱེད་པ་ན་ཊ་དང༌། བྷཊྚ་ཞེས་བྱ་བ་གཉིས་གཏམ་དུ་གླེང་པ་ལས། འཕགས་པ་ཉེ་སྦས་ཀྱི་བསྔགས་པ་བྱེད་ཅིང༌། ཤིར་སྟེ་མགོ་བོ་ཞེས་བྱ་བའི་རི་ལ་འཕགས་པ་ཤ་ནའི་གོས་ཅན་གྱི་དུས། དེ་གཉིས་རང་གིས་བཞེངས་པའི་གཙུག་ལག་ཁང་དུ་འཕགས་པ་ཉེ་སྦས་གནས་འཆའ་བར་བྱེད་ན་ཅི་མ་རུང་ཞེས་སྨོན་པར་བྱེད་དོ། །དེའི་ཚེ་ཉེ་སྦས་ཀྱིས་རྒྱང་རིང་པོ་ནས་མཐོང་བས་ཨེ་མའོ་རིང་མོ་ནས་དབང་པོ་དུལ་བ་བརྗིད་དང་ལྡན་པ་འོང་བ་འདི་ནི་འཕགས་པ་ཉེ་སྦས་ཡིན་ཡང་དག་གོ་ཞེས་ཕན་ཚུན་དུ་བགྲོས་ནས་ཅུང་ཟད་བསུ་རུ་སོང་སྟེ་ཕྱག་བྱས་ནས། འཕགས་པ་ཉེ་སྦས་ལགས་སམ་ཞེས་དྲིས་པ་ལ། འཇིག་རྟེན་དུ་དེ་ལྟར་གྲགས་སོ་ཞེས་གསུངས་པས། གར་མཁན་དཔའ་བོའི་གཙུག་ལག་ཁང་ཞེས་བྱ་བ་མགོ་བོའི་རི་ལ་ཡོད་པ་དེ་ཕུལ་ནས་ཡོ་བྱད་ཐམས་ཅད་
ཀྱིས་སྟོབ་པར་བྱེད་དོ། །དེར་ཆོས་བསྟན་པས་རབ་ཏུ་བྱུང་བ་དང་ཁྱིམ་པ་མང་པོ་ཞིག་གིས་བདེན་པ་མཐོང་ངོ༌། །དེ་ནས་དུས་གཞན་ཞིག་ན་སྐྱེ་བོ་འབུམ་ཕྲག་མང་པོ་འདུས་པ་ལ་ཆོས་སྟོན་ཞིང་ཡོད་པའི་ཚེ། བདུད་སྡིག་ཅན་གྱིས་གྲོང་ཁྱེར་དུ་འབྲས་ཀྱི་ཆར་ཕབ་བོ། །དེའི་ཚེ་སྐྱེ་བོ་མང་པོ་ཞིག་གྲོང་ཁྱེར་དུ་སོང༌། ལྷག་མ་རྣམས་ཆོས་ཉན་པར་བྱེད་དོ། །ཉི་མ་གཉིས་པ་ལ་གོས་ཀྱི་ཆར་ཕབ་པས་ཡང་སྐྱེ་བོ་མང་པོ་ཞིག་གྲོང་ཁྱེར་དུ་སོང༌། དེ་བཞིན་དུ་གསུམ་པ་ལ་དངུལ་གྱི་ཆར་དང༌། བཞི་པ་ལ་གསེར་གྱི་ཆར་དང༌། ལྔ་པ་ལ་རིན་པོ་ཆེ་སྣ་བདུན་གྱི་ཆར་ཕབས་པས་ཆོས་ཉན་པའི་ཚོགས་པ་ཤིན་ཏུ་བྲི་བར་གྱུར་ཏོ། །ཉི་མ་དྲུག་པ་ལ་བདུད་སྡིག་ཅན་རང་ཉིད་ལྷའི་གར་མཁན་གྱི་ཆས་སུ་བྱས། བུ་དང་ཆུང་མ་བུ་མོ་རྣམས་ཀྱང་ལྷའི་གླུ་དང་གར་མཁན་གྱི་གཟུགས་སུ་བསྒྱུར་ནས་གར་མཁན་ཕོ་མོ་སུམ་ཅུ་རྩ་དྲུག་གྲོང་ཁྱེར་དུ་བྱུང་སྟེ། གར་གྱི་བཀོད་པ་དང་སྒྱུ་འཕྲུལ་གྱི་ལྟད་མོ་སྣ་ཚོགས་པ་དང༌། གླུ་དང་རོལ་མོའི་སྒྲ་དབྱངས་སྙན་པོས་སྐྱེ་བོ་ཐམས་ཅད་ཀྱི་ཡིད་བསྒྱུར་ནས། ཆོས་ཉན་པ་གཅིག་ཀྱང་མེད་དོ། །དེའི་ཚེ་འཕགས་པ་ཉེ་སྦས་ཀྱང་གྲོང་ཁྱེར་དུ་བྱོན་ཏེ། ཨེ་མའོ་སྐྱེས་བུ་དཔའ་བོ་ཁྱོད་རྣམས་ཀྱི་གར་ལེགས་ཀྱི། བདག་གིས་ཀྱང་ཕྲེང་བ་གདགས་པར་བྱའོ་ཞེས་རེ་རེ་བཞིན་གྱི་མགོ་དང་མགྲིན་པར་མེ་ཏོག་གི་ཕྲེང་བ་རེ་བཅིངས་སོ། །དེ་མ་ཐག་ཏུ་འཕགས་པའི་རྫུ་འཕྲུལ་གྱིས་སྡིག་ཅན་འཁོར་བཅས་ཐམས་ཅད་ལུས་རྒས་འགོགས་ཤིང་མི་སྡུག་པ་གོས་ཧྲུལ་བ། མགོ་ལ་ནི་མི་རོ་རུལ་པ་བཅིངས། མགྲིན་པར་ནི་ཁྱི་རོ་བམ་པ་རེ་བཏགས་པ་དྲི་ངན་པ་ཕྱོགས་བཅུར་ལྡང་ཞིང༌། མཐོང་བ་ཙམ་གྱིས་སྐྱུགས་པར་འདྲེན་པར་བྱིན་གྱིས་བརླབས་སོ། །དེར་འདོད་ཆགས་དང་མ་བྲལ་བའི་སྐྱེ་བོ་ཐམས་ཅད་སྐྱོ་བ་དང་འཇིགས་པ་དང་སྐྱུག་བྲོ་བས་སྣ་བཀག་ཅིང་ཕྱིར་ཕྱོགས་པས་འདུག་གོ །དེའི་ཚེ་ཉེ་སྦས་ཀྱིས་ཀྱང་སྡིག་
ཅན་ཁྱོད་ངའི་འཁོར་ལ་ཅིའི་ཕྱིར་འཚེ། དེས་སྨྲས་པ། འཕགས་པ་བཟོད་པར་མཛོད་ལ་བདག་ཅག་བཅིངས་བ་ལས་ཁྲོལ་ཞིག །གསུངས་པ། ངའི་འཁོར་ལ་མི་འཚེ་ན་དེ་ལྟར་བྱའོ། །སྨྲས་པ། བདག་གི་ལུས་ཞིག་པར་གྱུར་ཀྱང་མི་འཚེའོ། །དེ་མ་ཐག་བདུད་ཀྱི་ལུས་རྣལ་དུ་གནས་པར་གྱུར་ཏོ། །དེས་སྨྲས་པ། བདག་གིས་བྱང་ཆུབ་སྙིང་པོར་གཽ་ཏ་མ་ལ་ཀུན་ཏུ་མཐོ་འཚམ་པར་བྱས་ན། དེ་ནི་བྱམས་པའི་ཏིང་ངེ་འཛིན་ལ་གནས་སོ། །གཽ་ཏ་མའི་ཉན་ཐོས་རྣམས་ནི་གདུག་པ་ཕ་རོལ་གནོན་པ་སྟེ། རེ་ཞིག་བདག་གིས་རྩེད་མོ་ཅུང་ཟད་བྱས་པ་ལ་འཕགས་པས་བདག་བཅིངས་སོ། །དེ་ནས་ཉེ་སྦས་ཀྱིས་བདུད་སྡིག་ཅན་དེ་ལའང་ཆོས་ཀྱི་གཏམ་ཀུན་ཏུ་སྦྱོར་བར་བྱས་ནས། ངས་ནི་སྟོན་པའི་ཆོས་ཀྱི་སྐུ་མཐོང་ན། །གཟུགས་ཀྱི་སྐུ་ནི་མ་མཐོང་བ་ལས། །སྡིག་ཅན་ཁྱོད་ཀྱིས་དེ་མཐོང་བའི་ཕྱིར་སྐུའི་རྣམ་པ་ཇི་ལྟ་བུ་སྟོན་ཅིག །དེས་སྟོན་པའི་རྣམ་པར་སྤྲུལ་པ་ན། འཕགས་པ་ཉེ་སྦས་རབ་ཏུ་དད་པ་སྐྱེས་ཏེ། བ་སྤུ་ལངས་མཆི་མ་འཁྲུག་བཞིན་དུ་སངས་རྒྱས་ལ་ཕྱག་འཚལ་ཞེས་ཐལ་མོ་སྦྱར་བ་སྤྱི་བོར་བཞག་པས། བདུད་སྡིག་ཅན་གྱིས་མ་བཟོད་དེ་བརྒྱལ་ཞིང་འགྱེལ་བར་གྱུར་ཏོ། །དེར་བདུད་ཀྱང་མི་སྣང་བར་གྱུར། ཚུལ་དེས་སྐྱེ་བོ་ཐམས་ཅད་ཡིད་འབྱུང་ཞིང་དད་པ་ལྷག་པར་སྐྱེས། འབྲས་ཀྱི་ཆར་ཕབ་པ་ནས་བརྩམས་ཏེ། སྔོན་གྱི་དགེ་བའི་རྩ་བས་བསྐུལ་བའི་སྐྱེ་བོ་ཕྱོགས་བཞི་ནས་འདུས་པ་དེ་རྣམས་ཐམས་ཅད་ལ་ཞག་དྲུག་པ་དེ་ཉིད་ཀྱི་མཚན་ཐོག་ཐག་ཏུ་ཆོས་བསྟན་པས་ཉི་མ་བདུན་པ་ལ་སྐྱེ་བོ་འབུམ་ཕྲག་བཅོ་བརྒྱད་ཀྱིས་བདེན་པ་མཐོང་བར་གྱུར་ཏོ། །དེ་ནས་གར་མཁན་དཔའ་བོའི་གཙུག་ལག་ཁང་དུ་ཇི་སྲིད་འཚོའི་བར་དུ་བཞུགས་ཏེ། ཕུག་སྲིད་དུ་ཁྲུ་བཅོད་བརྒྱད་པ། རྒྱར་ཁྲི་བཅུ་གཉིས་པ། དཔངས་སུ་ཁྲུ་དྲུག་པ་
ཞིག་ཡོད་ལ། ཉེ་སྦས་ཀྱི་གདམས་པས་དགེ་སློང་རབ་ཏུ་བྱུང་བ་གཅིག་གིས་དགྲ་བཅོམ་པ་ཐོབ་པ་ན་ཤིང་བུ་སོར་བཞི་པ་ཞིག་ཕུག་དེར་འཕངས་སོ། །དེ་ནས་དུས་གཞན་ཞིག་ན་ཚུལ་དེ་ཁོ་ནས་ཕུག་དེ་ཤིང་བུ་དེ་འདྲ་བས་གོ་མཚམས་མེད་པར་གང་བར་གྱུར་ཏོ། །དེའི་ཚེ་འཕགས་པ་ཉེ་སྦས་ཀྱང་ཡོངས་སུ་མྱ་ངན་ལས་འདས་ཏེ། གདུང་ཡང་ཤིང་བུ་དེ་རྣམས་ཀྱིས་ཞུགས་ལ་ཕུལ་བས། རིང་བསྲེལ་གཅིག་ཏུ་གྱུར་པ་ལྷ་རྣམས་ཀྱིས་ཁྱེར་རོ་ཞེས་གྲགས་སོ། །འདི་ནི་སྟོན་པ་ཉིད་ཀྱིས་མཚན་མེད་པའི་སངས་རྒྱས་སུ་ལུང་བསྟན་པ་སྟེ། སྐུ་ལ་མཚན་དཔེ་མེད་པ་མ་གཏོགས་འགྲོ་ཕན་སྟོན་པ་ཉིད་དང་ཕྱོགས་མཚུངས་པའི་དོན་ཡིན་ལ། དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་འདི་ལས་འགྲོ་བའི་དོན་ཆེ་བ་མ་བྱུང་ངོ༌། །ཉེ་སྦས་ཀྱིས་བསྟན་པ་སྐྱོང་བའི་ཚེ། ཉི་འོག་གི་རྒྱལ་ཁམས་ཕལ་ཆེ་བ། རྒྱལ་པོ་གཞུ་བཟང་གི་བུ་རྒྱལ་པོ་དབང་ཆེན་གྱིས་རྒྱལ་སྲིད་བསྐྱངས་པའི་ལོ་དགུ་དང༌། དེའི་བུ་ཙ་མ་ཤས་ལོ་ཉེར་གཉིས་སུ་རྒྱལ་སྲིད་བསྐྱངས་པའི་སྐབས་ཤས་ཆེ་བ་ཡིན་ཞྀང༌། དེའི་ཚེ་རྒྱ་གར་ཤར་ཕྱོགས་སུ་དགྲ་བཅོམ་པ་བླ་མ་ཞེས་བྱ་བ་བཞུགས་པ་ལ་རྒྱལ་པོ་དབང་ཆེན་ལྷག་པར་དད་པར་གྱུར་ཏེ། ཡུལ་བ་ག་ལ་པ་རྣམས་ཀྱིས་བྱ་གག་སྐྱོང་བའི་ལྗོངས་ཤིག་ཏུ་གཙུག་ལག་ཁང་བཞེངས་ཏེ་ཕུལ། བྱ་གག་གི་ཀུན་དགའ་ར་བ་ཞེས་བྱ་བར་གྲགས་སོ། །དེས་ཀྱང་ཉི་འོག་གི་འཁོར་རྣམ་པ་བཞི་ལ་གདམས་ངག་མང་དུ་བསྟན་པས་འབྲས་བུ་བཞི་ཐོབ་པ་མང་དུ་བྱུང༌། དེའི་སློབ་མའི་གཙོ་བོ་ནི་དགྲ་བཅོམ་པ་གྲགས་པའོ། །རྒྱལ་པོ་དབང་ཆེན་འདས་ནས་རྒྱལ་པོ་ཙ་མ་ཤ་རྒྱལ་སྲིད་ལ་འཁོད་ནས་མི་རིང་པ་ན་ཡུལ་མ་ག་དྷཱ་ན་བྲམ་ཟེ་མོ་ཛཿས་ཞེས་བྱ་བ་ལོ་བརྒྱ་དང་ཉི་ཤུར་ཉེ་བ་ཞིག་ཡོད་དོ། །དེ་ལ་བུ་སྤུན་གསུམ་སྟེ། རྒྱལ་བ་དང༌། ལེགས་རྒྱལ་དང༌། དགེ་བ་ཞེས་བྱའོ། །དང་པོ་ནི་ལྷ་ཆེན་པོ་དབང་ཕྱུག་
ལ་མོས་པའོ། །གཉིས་པ་ནི་ཐུབ་པ་སེར་སྐྱ་ལ་མོས་པའོ། །གསུམ་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་མོས་པའོ། །དེ་རྣམས་རང་རང་གི་གཞུང་ལུགས་ལེགས་པར་བྱང་སྟེ། ཁྱིམ་གཅིག་ཏུ་ཉིན་རེ་བཞིན་རྩོད་པར་བྱེད་དོ། །དེར་མ་ན་རེ། ཁྱོད་དག་ལ་གོས་དང་ཁ་ཟས་ལ་སོགས་པ་རྟག་ཏུ་ཕོངས་པ་མེད་པར་ངས་སྦྱོར་བར་བྱེད་ན་ཅིའི་ཕྱིར་རྩོད། དེ་རྣམས་ན་རེ། བདག་ཅག་ཁ་ཟས་ལ་སོགས་པའི་ཕྱིར་རྩོད་པ་མ་ཡིན་གྱི། སྟོན་པ་དང་ཆོས་ལས་བརྩམས་ཏེ་རྩོད་དོ། །དེར་མ་ན་རེ། རང་གི་བློ་གྲོས་ཀྱི་མཐུས་སྟོན་པ་དང་ཆོས་བཟང་ངན་མི་ཤེས་ན་སྐྱེ་བོ་མཁས་པ་གཞན་རྣམས་ལ་དྲིས་ཤིག དེ་དག་གིས་ཀྱང་མ་ལས་ཉན་ཏེ་ཡུལ་སྣ་ཚོགས་སུ་སོང་ཞིག་དྲིས་པ་ན། སོ་སོར་ཡིད་ཆེས་པའི་གནས་ཐོབ་པ་མེད་དོ། །མཐར་དགྲ་བཅོམ་པ་བླ་མའི་དྲུང་དུ་སོང་ནས་རང་རང་གི་གཏམ་རྒྱས་པར་བྱས་སོ། །དེ་ལ་རྒྱལ་བ་དང༌། ལེགས་རྒྱལ་གཉིས་ཀྱིས་གྲོང་ཁྱེར་གསུམ་བཅོམ་པ་ལ་སོགས་པ་ལྷ་ཆེན་པོའི་བསྔགས་པ་དང༌། ཐུབ་པ་སེར་སྐྱའི་དམོད་པའི་མཐུ་སོགས་ཆེ་བ་བརྗོད་ནས་དགེ་སྦྱོང་གཽ་ཏ་མ་ནི་དམོད་པ་མི་བྱེད་པའི་ཕྱིར་དཀའ་ཐུབ་ཀྱང་མ་གྲུབ་པར་མངོན་ཞིང་ལྷ་མིན་འཇོམས་པར་མི་བྱེད་པས་མཐུ་ཆུང་བའོ། །ཞེས་པ་ལ་སོགས་པ་བརྗོད་པ་ན། དགྲ་བཅོམ་པ་ན་རེ། གང་ཞིག་ཞེ་སྡང་གིས་ཁོང་འཁྲུགས་ཏེ་དམོད་པ་བྱེད་པ་ལ་ནི་དཀའ་ཐུབ་ཅི་ཞིག་ཡོད་དེ། ཇི་ལྟར་འདི་ན་མཁའ་འགྲོ་མ་དང་སྲིན་པོ་གདུག་པ་གཏུམ་པོ་འཆོལ་བར་སྤྱོད་པ། ཚུལ་ལས་ཉམས་པ་དེ་དག་ཀྱང་དམོད་པ་བྱེད་དོ། །གང་ཞིག་འདི་ན་གསོད་པ་དང་འཆིང་བ་དང་བརྡེག་པ་ལ་སོགས་པའི་རྩོམ་པ་མེད་པར་ཡང་འགྲོ་བ་འདི་དག་ནི་གདོན་མི་ཟ་བར་འཆི་བར་འགྱུར་བ་ཡིན་ན། དེ་དག་གསོད་པའི་སྦྱོར་བ་ཀུན་ཏུ་རྩོམ་པ་ནི་ཤིན་ཏུ་བླུན་པ་སྟེ། མི་
མཁས་པ་འགའ་ཞིག་ཉི་མ་ནུབ་པར་གྱུར་པ་ལ་དབྱུག་པས་བདའ་བར་བྱས་ནས་བདག་ཉིད་རྒྱལ་བས་སྙེམས་པ་བཞིན་ནོ། །གཞན་ཡང་བྲམ་ཟེ་དག་ཉོན་ཅིག སངས་རྒྱས་འཇིག་རྟེན་ཕན་བརྩོན་པའི། །ཆོས་ནི་འཚེ་བ་མེད་པ་ཡིན། །དེ་ལ་ཡིད་རྟོན་དེའི་རྗེས་ཞུགས། དེ་ཡང་འཚེ་བ་མེད་པར་བརྗོད། །ཡུན་རིང་ཕན་པའི་བྱ་བ་མཛད། །དེ་ལས་བྱང་ཆུབ་ཐོབ་གྱུར་ནས། །རྟག་ཏུ་འཚེ་མེད་ཕན་པར་སྤྱོད། །འཁོར་ལའང་ཕན་པ་བརྩོན་པར་འདོམས། །བྲམ་ཟེའམ་ཡང་ན་དགེ་སྦྱོང་ནི། །གཞན་གྱིས་ཐོས་པའི་ཚིག་ལ་ཡང༌། །འདིས་གནོད་བྱས་པའི་གཏམ་ཡོད་མིན། །ཀུན་ཏུ་དགེ་བའི་ངང་ཚུལ་འདིའོ། །དྲག་པོ་དུར་ཁྲོད་གནས་ལ་དགའ། །མི་ཤ་ཚུལ་བུ་རྐང་དག་ཟ། །གཏུམ་ཞིང་སྲོག་ཆགས་གསོད་དགའ་བར། །ལྷ་ཆེན་ཉིད་ཀྱི་ཆོས་ལས་བཤད། །གཞུང་ཡང་འཚེ་བས་དྲི་མར་བྱས། །དེ་ལ་རབ་ཡིད་རྟོན་པ་ཡང༌། །རྟག་ཏུ་འཚེ་བ་ལོངས་སྤྱོད་པ། །འདི་ལ་འཁས་པ་སུ་ཞིག་མགུ། །དཔའ་བོ་ཡོན་ཏན་ཉིད་ཡིན་ན། །སེང་གེ་སྟག་ལ་སོགས་པ་ཡང༌། །མཆོད་བྱ་ཉིད་དུ་འགྱུར་མིན་ནམ། །ཞི་བར་སེམས་པ་ཡོན་ཏན་ཉིད། །ཅེས་པ་ནི། རྒྱུད་ཆགས་དང་པོའོ། །དེ་དག་ལ་སོགས་པ་སྐྱོན་དང་ཡོན་ཏན་གྱི་ཁྱད་པར་བསྟན་པའི་སྒོ་ལྔ་བརྒྱའི་བར་དུ་རྒྱུད་ཆགས་བཟླས་པས་བྲམ་ཟེ་དེ་གཉིས་ཀྱིས་ཀྱང་བདེན་པར་གོ་སྟེ། དཀོན་མཆོག་གསུམ་ལ་ལྷག་པར་དད་པར་གྱུར་ཏོ། །བྲམ་ཟེའི་བུ་དགེ་བ་སྔར་ནས་དད་པ་ཉིད་ལྷག་པར་འཕེལ་བས། དེ་གསུམ་ཆར་བློ་གྲོས་གཅིག་པར་གྱུར་ནས་རང་གི་ཁྱིམ་དུ་སོང་སྟེ་མ་ལ་སྨྲས་པ། བདག་ཅག་རྣམས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་ཤེས་པས་སྟོན་པའི་སྐུ་གཟུགས་བཞུགས་པའི་ལྷ་ཁང་རེ་བཞེངས་པར་བྱེད་ན། ས་གང་ཡིན་པ་མས་སྟོན་
ཅིག དེ་ནས་མ་དེས་བསྟན་པ་ལྟར་བྲམ་ཟེ་རྒྱལ་བས་ནི་ཝཱ་རཱ་ཎ་སཱིའི་ཆོས་འཁོར་གནས་སུ་སྐུ་གཟུགས་ཀྱི་ལྷ་ཁང་བཞེངས་སོ། །སྟོན་པ་ཉིད་བཞུགས་པའི་གཙུག་ལག་ཁང་རྣམས་ནི། དངོས་གནས་ལ་སྤྲུལ་པའི་རང་བཞིན་ཅན་ཡིན་པའི་ཕྱིར་སྤྲུལ་པ་བསྡུས་པར་མངོན་ནའང་སེམས་ཅན་རྣམས་ཀྱི་སྣང་ངོར་རལ་འདྲུམ་ལ་སོགས་པའི་སྐྱོན་གྱིས་དུས་དེ་ཙམ་ན་ཤུལ་ཙམ་ལས་མེད་དོ། །དེའི་ཕྱིར་བྲམ་ཟེ་ལེགས་རྒྱལ་གྱིས་ནི་རྒྱལ་པཽའི་ཁབ་ཀྱི་འོད་མའི་ཚལ་དུ་སྐུ་གཟུགས་དང་ལྷ་ཁང་བཞེངས། ཆུང་བ་བྲམ་ཟེ་དགེ་བས་ནི། རྡོ་རྗེའི་གདན་གྱི་གནྡྷོ་ལ་སྟེ། དྲི་གཙང་ཁང་བྱང་ཆུབ་ཆེན་པོ་དང་བཅས་པ་བཞེངས་ཏེ། བཟོ་བོ་ནི་ལྷ་ཡི་བཟོ་བོ་མིའི་རྣམ་པར་སྤྲུལ་ཏེ་འོངས་པ་རྣམས་ཀྱིས་བྱས་ཏེ། དེ་ལ་བྱང་ཆུབ་ཆེན་པོ་བཞེངས་པའི་རྒྱུ་ཚོགས་རྣམས་དང༌། ལྷ་བཟོ་བ་རྣམས་དང་བྲམ་ཟེ་དགེ་བ་རྣམས་ནང་དུ་འདུག ཞག་བདུན་གྱི་བར་དུ་གཞན་སུ་ཡང་ནང་དུ་མི་འོང་བར་བྱས་པ་ལས་ཞག་དྲུག་སོང་བ་ན། བྲམ་ཟེ་སྤུན་གསུམ་གྱི་མ་འོངས་ཏེ་སྒོ་བརྡུངས་སོ། །དེར་ཞག་དྲུག་ལས་མ་ལོན་ཏེ། ནངས་པར་སྒོ་དབྱེའོ་ཞེས་བྱས་པས། མ་ན་རེ། ང་ནི་དོ་ནུབ་འཆི་བ་ཡིན་ན། ད་ནི་སའི་སྟེང་ན་སངས་རྒྱས་ཀྱི་ཞལ་མཐོང་བ་ཁོ་མོ་ཁོ་ནར་ཟད་པས་ཕྱིས་གཞན་གྱིས་སྐུ་གཟུགས་དེ་བཞིན་གཤེགས་པ་འདྲ་བ་དང་མི་འདྲ་བ་མི་ཤེས་སོ། །དེ་བས་ན་ངེས་པར་སྒོ་ཕྱེ་ཞིག་ཅེས་ཟེར་བས་སྒོ་ཕྱེ་བ་ན། བཟོ་བོ་རྣམས་མི་སྣང་བར་གྱུར་ཏོ། །དེར་ལེགས་པར་བརྟགས་པ་ན། འདི་ནི་ཐམས་ཅད་ཀྱི་ཐམས་ཅད་དུ་སྟོན་པ་དང་འདྲ་ན། འོན་ཀྱང་མི་འདྲ་བའི་ཁྱད་པར་གསུམ་ཞིག་ཡོད་དེ། འོད་ཟེར་སྤྲོ་བ་ཡང་མེད། ཆོས་ཀྱང་མི་སྟོན། བཞུགས་པ་ཁོ་ན་ལས་སྤྱོད་ལམ་གཞན་གསུམ་ཡང་མི་འཛད་པས་སོ། །ཞེས་ཟེར་ཏེ།
སངས་རྒྱས་དངོས་དང་འདྲ་བའི་སྐུ་གཟུགས་ཡིན་སྐད། ཞག་བདུན་མ་ལོན་པས་བཟོའི་ཁྱད་པར་ཅུང་ཟད་མ་གྲུབ་པ་ནི་ཁ་ཅིག་ཞབས་གཡས་ཀྱི་མཐེ་བོང་ཡིན་པར་འདོད། ཁ་ཅིག་དབུ་སྐྲ་གཡས་སུ་འཁྱིལ་བ་ཡིན་པར་འདོད་པས་དེ་གཉིས་ཕྱིས་བཞེངས་པར་བྱེད་དོ། །འོན་ཀྱང་པནྚི་ཏ་རྣམས་ནི་སྐུ་ལ་བ་སྤུ་དང་ན་བཟའ་སྐུ་ལ་མ་རཻག་པ་གཉིས་མ་གྲུབ་པ་ཡིན་ནོ་ཞེས་གསུངས་པར་གྲགས་ཤིང༌། པནྚི་ཏ་ས་དབང་བཟང་པོས་ཀྱང་དེ་བཞིན་དུ་བཤད་དོ། །དེའི་ནུབ་མོ་བྲམ་ཟེ་མོ་ཛཿས་ཡང་གནོད་པ་མེད་པར་དུས་ལས་འདས། དེ་ནས་མི་རིང་བ་ཉིད་ན་བྲམ་ཟེ་དགེ་བ་ལམ་ཞིག་ཏུ་སོང་བ་ལས། ནོར་བུ་ཨསྨ་གརྦྷ་རང་འོད་འབྱིན་པ་ཞིག་རྙེད་དོ། །དེས་བསམ་པ་བྱང་ཆུབ་ཆེན་པོ་བཞེངས་མ་ཟིན་པའི་སྔོན་དུ་རྙེད་ན་སྤྱན་འབྲས་བྱ་བ་ལས། མ་རྙེད་དོ་སྙམ་པ་ལ། དེ་མ་ཐག་སྤྱན་འབྲས་ཀྱི་ཐད་དུ་རང་བྱུང་གི་ཁུང་བུ་བྱུང་ངོ༌། །དེ་དུམ་བུ་གཉིས་སུ་བྱ་བར་བརྩམས་པ་ན་དེ་ཉིད་འདྲ་བ་གཉིས་སུ་རང་གྱུར་ཏེ་སྤྱན་འབྲས་གཉིས་ཀྱི་སར་བཅུག་གོ །དེ་བཞིན་དུ་ཨིནྡྲ་ནཱི་ལ་འོད་འཕྲོ་བ་རྙེད་དེ་སྨིན་མཚམས་ཀྱི་མཛོད་སྤུར་བཅུག་གོ །དེའི་མཐུས་རྒྱལ་པོ་ར་ཐཱི་ཀཱ་ཡན་ཆད་དུ་བྱང་ཆུབ་ཆེན་པོའི་ལྷ་ཁང་གི་ནང་དུ་མཚན་མོའང་ནོར་བུའི་འོད་ཀྱིས་ཤིན་ཏུ་གསལ་བར་ཁྱབ་པ་རྟག་ཏུ་བྱུང་ངོ༌། །དེའི་འོག་ཏུ་བྲམ་ཟེ་སྤུན་གསུམ་པོ་རྣམས་ཀྱིས་ལྷ་ཁང་གསུམ་པོ་དེ་རྣམས་སུ་དགེ་སློང་ལྔ་བརྒྱ་ལྔ་བརྒྱའི་འཚོ་བ་རྟག་ཏུ་སྦྱོར་ཞིང༌། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་ཡོ་བྱད་ཀྱིས་མཆོད་པར་བྱས་སོ། །འཕགས་པ་ཉེ་སྦས་ཀྱི་དུས་སུ་བྱུང་བའི་གཏམ་སྟེ་བཞི་པའོ།། །།དེ་ཡང་འཕགས་པ་ཉེ་སྦས་ཀྱིས་འཕགས་པ་དྷཱི་ཏི་ཀ་ལ་བསྟན་པ་གཏད་དེ། དེའི་ལོ་རྒྱུས་ནི་ཡུལ་འཕགས་རྒྱལ་དུ་བྲམ་ཟེ་ཕྱུག་པོ་ནོར་མང་བ་ཞིག་ཡོད་དོ། །དེ་ལ་བུ་དྷཱི་ཏི་ཀ་ཞེས་བྱ་བ་ཡོད་ཏེ་གསལ་བ་མཁས་པ་ཡིད་གཞུངས་པ་
རིག་བྱེད་བཞི་དང་རིག་པའི་གནས་བཅོ་བརྒྱད་ལ་བྱང་བར་གྱུར་ནས། ཕ་རབ་ཏུ་མགུ་ནས་ཁྱིམ་ཕུབ་སྟེ་བག་མ་བླང་བར་བརྩམས་པ་ན་དེས་སྨྲས་པ། བདག་ནི་ཁྱིམ་གྱི་འདོད་པ་མེད་ཀྱིས། རབ་ཏུ་འབྱུང་དུ་སྩོལ་ཅིག ཕས་སྨྲས་པ་ཅི་སྟེ་ཁྱོད་གདོན་མི་ཟ་བར་རབ་ཏུ་བྱུང་ཡང་ཇི་སྲིད་ང་མ་ཤིའི་བར་དུ་རབ་ཏུ་མ་བྱུང་ཞིག འཁོར་བྲམ་ཟེ་འདི་རྣམས་ཀྱང་ཁྱོད་ཀྱིས་སྐྱོངས་ཤིག དེས་ཀྱང་ཕ་ལས་ཉན་ཏེ། ཁྱིམ་དུ་ཚངས་པར་སྤྱོད་པས་གནས་ནས་བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་ལ་འཚེ་བ་མེད་པའི་རིག་པ་དག་སྟོན་པར་བྱེད་དོ། །དུས་ནམ་ཞིག་ན་ཕ་འདས་པར་གྱུར་ཏེ། ཁྱིམ་ཀྱི་འབྱོར་པ་ཐམས་ཅད་དགེ་སྦྱོང་དང་བྲམ་ཟེ་ལ་བཏང་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་ཀུན་ཏུ་རྒྱུའི་ཆས་སུ་ཞུགས་ཏེ། གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཏུ་རྒྱུ་ཞིང༌། མུ་སྟེགས་ཅན་དང་བྲམ་ཟེ་ཆེ་བ་ཆེ་བར་གྲགས་པ་རྣམས་ལ་ཚངས་པར་སྤྱོད་པའི་ལམ་དྲིས་ཀྱང་མགུ་བའི་ལན་མ་བྱུང་སྟེ། མཐར་བཅོམ་བརླག་ཏུ་འཕགས་པ་ཉེ་སྦས་ལ་དྲིས་སོ། །དེར་ལྷག་པར་དད་པས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་ཉེ་སྦས་ཀྱིས་གདམས་པ་རྣམ་པ་བདུན་བསྟན་པས་ཞག་བདུན་གྱིས་བྲམ་ཟེ་ལྔ་བརྒྱས་དགྲ་བཅོམ་པ་ཐོབ་པར་གྱུར་ཏེ། འཕགས་པ་དྷི་ཏི་ཀ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པར་བྱས་སོ། །དེས་ཡུལ་དང་ཡུལ་གྱི་བྲམ་ཟེའི་གཙོ་བོ་མང་པོས་སངས་རྒྱས་ཀྱི་བསྟན་པ་ལ་མཆོག་ཏུ་དད་པ་ལ་བཀོད་དོ། །གང་གི་ཚེ་འཕགས་པ་ཉེ་སྦས་ཀྱིས་བསྟན་པ་གཏད་པ་དེའི་ཚེ་གྲོང་ཁྱེར་དྲུག་པོ་རྣམས་སུ་འཁོར་རྣམ་པ་བཞི་ལ་ལུང་ཕོག སངས་རྒྱས་ཀྱི་བསྟན་པ་རབ་ཏུ་རྒྱས་པར་བྱས། སེམས་ཅན་ཐམས་ཅད་བདེ་བ་ལ་ཡོངས་སུ་བཀོད་དོ། །དུས་ལན་ཅིག་ཐོ་གར་གྱི་ཡུལ་ན་རྒྱལ་པོ་མི་ནར་ཞེས་བྱ་བ་ཡོད་དོ། །ཡུལ་དེ་ན་
གནས་པ་ཐམས་ཅད་ནི་ནམ་མཁའི་ལྷ་ལ་མཆོད་པར་བྱེད་ཀྱི། གཞན་དུ་ན་དགེ་བ་ཙམ་དང་སྡིག་པ་ཙམ་ཡང་ཤེས་པ་མེད་དེ། དེ་དག་དུས་སྟོན་གྱི་ཚེ་འབྲུ་དང་གོས་དང་རིན་པོ་ཆེ་དང་དྲི་བཟང་པོའི་ཤིང་མང་པོ་བསྲེགས་པའི་དུད་པ་ཆེན་པོས་ནམ་མཁའ་ལ་མཆོད་པར་བྱེད་དོ། །དེ་རྣམས་མཆོད་པ་བྱེད་པའི་སར་འཕགས་པ་དྷི་ཏི་ཀ་འཁོར་དགྲ་བཅོམ་པ་ལྔ་བརྒྱ་དང་བཅས་པ་ནམ་མཁའི་ལམ་ནས་བྱོན་ཏེ། བཀད་སར་བཞུགས་སོ། །དེ་རྣམས་ཀྱིས་ཀྱང་ནམ་མཁའི་ལྷ་ཡིན་པར་བསམས་ཏེ། ཞབས་ལ་ཕྱག་བྱས་ནས་རྒྱ་ཆེར་མཆོད་པ་ལ་ཆོས་བསྟན་པས་རྒྱལ་པོ་ལ་སོགས་པ་སྐྱེ་བོ་སྟོང་སྙེད་ཀྱིས་བདེན་པ་མཐོང་ངོ༌། །སྐྱེ་བོ་དཔག་ཏུ་མེད་པ་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལ་བཀོད། དབྱར་ཟླ་བ་གསུམ་དུ་དེར་བཞུགས་པས་དགེ་སློང་ཡང་དཔག་ཏུ་མེད་པ་འཕེལ། དགྲ་བཅོམ་པ་ཐོབ་པའང་སྟོང་ཙམ་བྱུང་ངོ༌། །དེ་ནས་ཡུལ་དེ་དང་ཁ་ཆེའི་བར་དུ་ལམ་འགྲོ་འོང་ཅི་བདེ་བ་དོད་པར་གྱུར་ནས་ཁ་ཆེའི་གནས་བརྟན་མང་པོ་དེར་འོངས་ཏེ། བསྟན་པ་ཆེས་དར་བར་གྱུར། རྒྱལ་པོ་དེ་ཉིད་དང་དེའི་སྲས་ཨི་མ་ཥྱ་ཡི་དུས་ཁོ་ན་ལ་ཡང་གཙུག་ལག་ཁང་ཆེན་པོ་ལྔ་བཅུ་ཙམ་དགེ་འདུན་གྲངས་མེད་པ་དང་བཅས་པས་གང་བར་གྱུར་ཏོ། །ཡང་ཤར་ཕྱོགས་ཀཱ་མ་རཱུ་པ་ན་བྲམ་ཟེ་སིདྡྷ་ཞེས་བྱ་བ་ལོངས་སྤྱོད་རྒྱལ་པོ་ཆེན་པོ་དང་མཉམ་པ་འཁོར་སྟོང་ཕྲག་མང་པོ་དང་བཅས་པ་ཉི་མ་མཆོད་པ་ལ་བརྩོན་པར་བྱེད་དོ། །དེས་ཉི་མ་མཆོད་པའི་དུས་ཞིག་ན། འཕགས་པ་དྷི་ཏི་ཀས་ཉི་མའི་དཀྱིལ་འཁོར་གྱི་དབུས་ནས་འོངས་པའི་ཆོ་འཕྲུལ་བསྟན་ཏེ། འོད་ཟེར་མང་པོ་སྤྲོ་བཞིན་དུ་འདུག་གོ །དེས་ཀྱང་ཉི་མ་ཡིན་པར་བསམ་ཏེ། མཆོད་ཅིང་ཕྱག་འཚལ་བ་ལ་ཆོས་བསྟན་པས་དད་པ་ཤིན་ཏུ་ཆེ་བར་གྱུར་པའི་ཚེ། འཕགས་
པ་ཉིད་ཀྱི་ལུས་སུ་སྣང་བར་བྱས་སོ། །སླར་ཡང་ཆོས་བསྟན་པས་བྲམ་ཟེ་དེས་བདེན་པ་མཐོང་ཞིང་དད་པ་ཆེན་པོས་མཆོད་རྟེན་ཆེན་པོ་ཞེས་བྱ་བའི་གཙུག་ལག་ཁང་བྱས་སོ། །དེར་ཕྱོགས་བཞིའི་དགེ་འདུན་རྣམས་ལ་དུས་སྟོན་ཆེན་པོ་ཡང་བྱས་ཏེ། ཡུལ་ཀཱ་མ་རཱུ་པར་སངས་རྒྱས་ཀྱི་བསྟན་པ་ལྷག་པར་དར་བར་བྱས་སོ། །དེའི་ཚེ་ནུབ་ཕྱོགས་མ་ལ་ཝན་བྲམ་ཟེ་དྲེགས་མེད་ཅེས་བྱ་བ་ཅོད་པན་མ་བཅིངས་པའི་རྒྱལ་སྲིད་ལ་གནས་སོ། །དེ་ནི་ཉིན་རེ་བཞིན་ར་སྐྱེས་སྟོང་སྟོང་བསད་དེ་ཤ་ཁྲག་གི་སྦྱིན་སྲེག་བྱེད་དོ། །དེ་ལ་སྦྱིན་སྲེག་གི་ཐབ་ཀྱང་སྟོང་ཡོད་དོ། །རང་གི་འཁོར་བྲམ་ཟེ་ཐམས་ཅད་ཀྱང་སོ་སོའི་འབྱོར་པ་དང་འཚམ་པར་ཨ་ཛ་མེ་དྷའི་སྦྱིན་སྲེག་བྱེད་དུ་འཇུག་གོ །བྲམ་ཟེ་མ་ཡིན་པ་རྣམས་ཀྱང་མཆོད་སྦྱིན་གྱི་རྒྱུ་ཚོགས་གསོག་ཏུ་འཇུག་གོ །དུས་ནམ་ཞིག་ན་དེ་གོ་མེ་དྷ་སྟེ་བ་ལང་གཙང་མའི་མཆོད་སྦྱིན་བྱེད་པར་འདོད་པས། ངན་སྤོང་གི་རིགས་ཀྱི་དྲང་སྲོང་བྷྲྀ་ཀུ་ར་ཀཱ་ས་ཞེས་བྱ་བ་མཆོད་སྦྱིན་བྱེད་པ་པོར་བོས། བ་ལང་དཀར་གསལ་ཁྲི་ཕྲག་གཅིག་བསགས་ཤིང༌། བྲམ་ཟེ་རབ་ཏུ་མང་པོ་དག་ཀྱང་བོས། སྦྱིན་པའི་ཡོ་བྱད་གཞན་མང་པོ་ཡང་བཤམས། སྦྱིན་སྲེག་བྱེད་པར་བརྩམས་པ་ན། འཕགས་པ་དྷཱི་ཏི་ཀ་མཆོད་སྦྱིན་གྱི་སར་འོངས་ཏེ། དེར་ཐབས་གང་གིས་ཀྱང་མེ་སྦར་བར་མ་ནུས། བ་ལང་རྣམས་ཐབས་གང་གིས་ཀྱང་བསད་པར་མ་ནུས་ཤིང་རྨ་བྱུང་བར་མ་ནུས་སོ། །བྲམ་ཟེ་རྣམས་ཀྱིས་རིག་བྱེད་དང་རིག་སྔགས་བཏོན་པས་ཀྱང་སྒྲ་མ་བྱུང་ངོ༌། །དེར་བྷྲྀ་ཀུ་རཀྵ་ས་ན་རེ། མཆོད་སྦྱིན་འགྲུབ་པའི་གེགས་འདི་ནི་དགེ་སྦྱོང་འདིའི་མཐུའོ། །དེར་ཐམས་ཅད་ཀྱིས་རྡོ་དང་དབྱུག་པ་དང་ཐལ་བ་འཕངས་པས་མེ་ཏོག་དང་ཙནྡན་གྱི་ཕྱེ་མར་གྱུར་པ་མཐོང་བ་ན། དེ་རྣམས་དད་པས་
ཞབས་ལ་ཕྱག་བྱས་ཏེ་བཟོད་པར་གསོལ་ནས། འཕགས་པ་བཀའ་ཅི་ཞིག་སྩོལ། འཕགས་པ་ན་རེ། ཀྱེ་བྲམ་ཟེ་རྣམས་ཐོང་ཞིག མཆོད་སྦྱིན་སྡིག་པ་ངན་པ་འདིས་ཅི་ཞིག་བྱ། སྦྱིན་པ་དག་བྱིན། བསོད་ནམས་དག་གྱིས་ཤིག བདག་བྲམ་ཟེའི་རིགས་ཀྱི་ལྷ་ཡིན་ཞིང༌། མེའི་བྱ་བ་བྱེད་པ་ཞིག་ཡིན་ན་ནི་ལྷ་དང་ཕ་མ་བསད་པས་ཅི་ཞིག་ཏུ་འགྱུར། བ་ལང་གི་ཤ་ཀུན་ཏུ་མི་གཙང་བ་བྲམ་ཟེས་རེག་པར་བྱ་བ་ཡང་མ་ཡིན་ན། ལྷ་རྣམས་ཚིམ་པར་འགྱུར་རེ་སྐན། དྲང་སྲོང་སྡིག་པའི་ཆོས་འདི་ཐོངས་ཤིགཤ་ཡི་བཟའ་བ་ལ་སྲེད་པས། སྲེག་བླུགས་འདིས་ཁྱོད་ཅི་ཞིག་འགྱུར། སྒྱུ་མས་གསོ་བར་སྟོན་པ་ནི། །རིག་སྔགས་འཇིག་རྟེན་བསླུས་པ་ཡིན། ཞེས་བྱ་བ་ལ་སོགས་པ་ཆོས་རྒྱ་ཆེར་བསྟན་པས། དེ་རྣམས་སྡིག་པའི་ལས་ལ་ནི་འགྱོད། རང་གི་སྤྱོད་པ་ལ་ངོ་ཚ་བས་གདོང་སྨད་དེ་བཅོམ་ཆུང་ངུས་སྡིག་པ་ཞི་ཐབས་དྲིས་སོ། །དེའི་ཐབས་འཕགས་པས་བསྟན་པ་ལྟར་བྲམ་ཟེ་དེ་ཐམས་ཅད་སྐྱབས་སུ་འགྲོ་བ་དང་བསླབ་པའི་གནས་ལྔ་ལ་བཀོད། ཁྱིམ་བདག་གདངས་ཅན་གྱི་ཀུན་དགའ་ར་བའི་ཤུལ་དུ་གཙུག་ལག་ཁང་ཆེན་པོ་བྱས་ཏེ་རྫས་ལས་བྱུང་བའི་བསོད་ནམས་བདུན་ལ་བརྩོན་པར་བྱེད་དོ། །དེ་ལྟར་ཡུལ་དེར་བསྟན་པ་ལྷག་པར་རྒྱས་པར་མཛད་དོ། །དུས་དེ་ཙམ་ན་རྒྱལ་པོ་མྱ་ངན་མེད་སྐྱེས་ནས་ཡུན་རིང་མ་ལོན་པའི་དུས་སོ། །དེ་དག་གི་རྗེས་སུ་རིམ་གྱིས་བྲམ་ཟེ་ལྔ་བརྒྱ་ཙམ་དཀོན་མཆོག་ལ་དད་པར་བྱས་ཏེ། ཡུན་རིང་པོར་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་བསྐྱངས་ཤིང༌། སེམས་ཅན་ལ་ཕན་པར་མཛད་ནས། འཕགས་པ་ནག་པོ་ལ་བསྟན་པ་གཏད་དེ་མ་ལ་ཝའི་ཡུལ་གྱི་ཁྱད་པར་འཕགས་རྒྱལ་གྱི་ཡུལ་དུ་མྱ་ངན་ལས་འདས་སོ། །འཕགས་པ་དྷཱི་ཏི་ཀའི་དུས་ཀྱི་
གཏམ་སྟེ་ལྔ་པའོ།། །།དུས་དེ་ཙམ་ན་རྒྱལ་པོ་མྱ་ངན་མེད་གཞོན་ནུར་གྱུར་པའི་སྐབས་སོ། །དེའི་གཏམ་རྒྱུད་ནི་ཐ་རུའི་རྒྱུད་དུ་གཏོགས་པ་ཡུལ་ཙམྤ་ཨརྞ་ཞེས་བྱ་བར་ཉི་མའི་རིགས་ཀྱི་རྒྱལ་པོ་ནེ་མཱི་ཏ་ཞེས་བྱ་བ་བློན་པོ་ལྔ་བརྒྱ་དང་བཅས་འབྱོར་པ་ཆེན་པོས་བྱང་ཕྱོགས་ཀྱི་ས་ལ་དབང་སྒྱུར་བར་བྱེད་དོ། །དེ་ལ་དང་པོར་བུ་དྲུག་ཡོད་དེ། དགེ་བ་ཅན་དང༌། ཤིང་རྟ་ཅན་དང༌། དུང་ཅན་དང༌། ནོར་ཅན་དང༌། པདྨ་ཅན་དང༌། དྲུག་པ་ནི་གསེར་ཅན་ནོ། །དུས་གཞན་ཞིག་ན་ཚོང་དཔོན་གྱི་ཆུང་མ་ཞིག་རྒྱལ་པོ་དང་འདུས་པ་ལས་སྦྲུམ་མར་གྱུར་ཞིང༌། ནམ་ཞིག་ན་རྒྱལ་པོ་དེའི་མ་འདས་པའི་མྱ་ངན་བསལ་བའི་ཉིན་པར་ཚོང་དཔོན་གྱི་ཆུང་མ་ལས་ཁྱེའུ་བཙས་པས་འདི་ནི་མྱ་ངན་བསལ་བའི་ཉིན་པར་བཙས་པའི་ཕྱིར། འདིའི་མིང་མྱ་ངན་མེད་པར་ཐོགས་ཤིག་ཅེས་དེ་ལྟར་བཏགས། ཆེར་སྐྱེས་པའི་ཚེ་སྒྱུ་རྩལ་དྲུག་ཅུ་དང༌། བརྟག་པ་བརྒྱད་དང༌། ཡི་གེ་དང་ལག་རྩིས་ལ་སོགས་པ་ཤིན་ཏུ་བྱང་བར་གྱུར་པའི་སྐབས་ཤིག་ན། སྐྱེ་བོའི་དབུས་སུ་བྲམ་ཟེ་ལྟས་མཁན་ཞིག་ལ་བློན་པོ་རྣམས་ཀྱིས་རྒྱལ་པོའི་བུ་སུ་ཞིག་རྒྱལ་སྲིད་བྱེད་པར་འགྱུར་ཞེས་དྲིས་པས། ཟས་ཀྱི་མཆོག་ཟ། གོས་ཀྱི་མཆོག་གོན། སྟན་གྱི་མཆོག་ལ་འདུག་པ་དེས་སོ། །དེར་བློན་པོའི་མཆོག་གཉིས་ཀྱི་ལྐོག་ཏུ་དྲིས་པས། ཟས་ཀྱི་མཆོག་འབྲས་ཆན། གོས་ཀྱི་མཆོག་རས་སྦོམ་པོ། སྟན་གྱི་མཆོག་གཞུའོ། །ཞེས་བསྟན་པས་རྒྱལ་པོའི་བུ་གཞན་རྣམས་ནི་ཕུན་སུམ་ཚོགས་པའི་དཔལ་འབྱོར་ཅན་ཡིན་ལ། མྱ་ངན་མེད་ནི་ཟས་གོས་ཕལ་པ་དེ་རྣམས་ལ་ལོངས་སྤྱོད་པས་དེ་རྒྱལ་པོར་འགྱུར་བར་ཤེས་སོ། །བར་སྐབས་དེར་བལ་ཡུལ་དང༌། ཁ་ཤྱའི་ཡུལ་སོགས་ཀྱི་རི་བོར་བ་
མང་པོ་ངོ་ལོག་གོ །དེ་རྣམས་འདུལ་བར་མྱ་ངན་མེད་དམག་དང་བཅས་པ་བཏང་པས་དཀའ་བ་མེད་པར་རི་བོར་བ་རྣམས་ཕབ་སྟེ་དཔྱ་ཕབ། གཏེའུ་བཟུང་ལོ་ཐང་བཅད་དེ་རྒྱལ་པོ་ལ་ཕུལ་བས། རྒྱལ་པོ་ན་རེ། ཁྱོད་ཀྱི་བློ་དང་སྟོབས་དང་དཔའ་བ་གང་ཡིན་པ་ལ་ཁོ་བོ་མགུ་ཡིས། ཅི་འདོད་པ་སྦྱིན་ནོ། །དེས་བདག་ཕྱོགས་འདིར་སྤུན་གཞན་རྣམས་ཀྱིས་འཚེ་བས། གྲོང་ཁྱེར་པ་ཊ་ལི་པུ་ཏྲ་གནས་སུ་སྩོལ་བ་དང༌། འདོད་པའི་ཡོ་བྱད་ཐམས་ཅད་ཀྱང་འཚལ་ལོ། །དེས་ཀྱང༌། བྱིན་ཏེ་གྲོང་ཁྱེར་དེར་སྐྱེད་མོས་ཚལ་ལྔ་བརྒྱ་བྱས་ཤིང༌། བུད་མེད་རོལ་མོ་ཐོགས་པ་སྟོང་གིས་བསྐོར་ཏེ་ཉིན་མཚན་དུ་འདོད་པའི་ཡོན་ཏན་རྣམས་ལ་རྩེ་བར་བྱེད་དོ། །དེ་ནས་ཡུལ་མ་ག་དྷཱར་རྒྱལ་པོ་ཙ་མ་ཤ་དུས་ལས་འདས། དེ་ལ་བུ་བཅུ་གཉིས་ཡོད་པ་འགའ་ཞིག་རྒྱལ་སྲིད་དུ་བསྐོས་ཀྱང་རྒྱལ་ས་མ་ཟིན། བློན་པོ་བྲམ་ཟེ་ངང་ཚུལ་ཟབ་པ་ཞེས་བྱ་བས་ལོ་འགའ་ཞིག་ཏུ་རྒྱལ་སྲིད་བྱས་སོ། །དེའི་ཚེ་རྒྱལ་པོ་ནེ་མཱི་ཏ་དང་དེ་གཉིས་དགྲར་གྱུར་པས་གདྒཱའི་འགྲམ་དུ་ཡུན་རིང་དུ་གཡུལ་འགྱེད་པ་ལས་རྒྱལ་པོའི་བུ་ཐུ་བོ་དྲུག་ནི་གཡུལ་གྱི་ལས་ལ་ཞུགས་པ་ལས། དེ་ཙམ་ན་རྒྱལ་བོ་ནེ་མཱི་ཏ་ཡང་དུས་ལས་འདས་སོ། །རྒྱལ་པོ་ཤི་བའི་གཏམ་བསྒྲགས་ན་ནི། མ་ག་དྷཱ་པ་སྟོབས་ཆེ་བར་འགྱུར་རོ་སྙམ་ནས་གསང་སྟེ། རྒྱལ་སྲིད་ཀྱི་བྱ་བ་བློན་པོ་གཉིས་ཉིད་ཀྱིས་བྱས་པ་ལས། ཞག་བདུན་ནས་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ཀྱིས་ཤེས་ཏེ་བློན་པོ་དེ་གཉིས་ཀྱི་ངག་གཅོག་པར་བྱེད་དོ། །དེའི་ཚེ་སྔོན་བྲམ་ཟེས་ལུང་བསྟན་པའི་དུས་ནི་འདི་ཡིན་ནོ་བསམས་ཏེ། མྱ་ངན་མེད་བོས་ཏེ་རྒྱལ་སྲིད་ལ་བཞག་གོ །རྒྱལ་པོའི་བུ་དྲུག་པོ་མ་ག་དྷཱ་པ་ལས་རྒྱལ་ཏེ་གྲོང་ཁྱེར་དྲུག་པོ་ཐོབ་པ་དེའི་ཉིན་པར་མྱ་ངན་མེད་རྒྱལ་སྲིད་ལ་འཁོད་དོ་ཞེས་ཐོས་ནས་བློན་པོ་ལྔ་བརྒྱའི་ཚོགས་དང་བཅས་པ་གངྒཱའི་བྱང་ཕྱོགས་སུ་མ་འོངས་
པར་རྒྱལ་པོའི་ཁབ་ལ་སོགས་པའི་གྲོང་ཁྱེར་ལྔ་དང༌། དྲུག་པ་ནི་གྲོང་ཁྱེར་ཨངྒ་སྟེ། གྲོང་ཁྱེར་དྲུག་པོ་དེ་དག་ཏུ་རྒྱལ་པོའི་བུ་རེ་རེས་རྒྱལ་སྲིད་བྱས། དེ་ཡང་རྒྱལ་པོའི་བུ་དང་པོ་ནི་འཇིག་རྟེན་རྒྱང་པན་གྱི་གསང་ཚིག་ལ་མོས་སོ། །གཉིས་པ་ནི་ལྷ་ཆེན་པོ་ལ་མོས་སོ། །གསུམ་པ་ནི་ཁྱབ་འཇུག་ལ། བཞི་པ་ནི་རིག་བྱེད་མཐའི་གསང་བ་སྨྲ་བ་ལ། ལྔ་པ་ནི་གཅེར་བུ་པ་གསེར་ཅན་ལ། དྲུག་པ་ནི་བྲམ་ཟེ་ཀུ་ཤའི་བུ་ཞེས་བྱ་བའི་ཚངས་པར་སྤྱོད་པ་ལ་མོས་ཏེ། དེ་དག་གིས་ཀྱང་རང་རང་གི་གནས་གཞི་དག་བྱས་སོ། །མྱ་ངན་མེད་ནི་བྷྲྀ་ཀུའི་རིགས་ཀྱི་དྲང་སྲོང་མཁའ་འགྲོ་མ་དང༌། སྲིན་པོ་མཆོད་པར་བྱེད་པ་དག་གིས་ངག་ཚིག་ལ་བརྟེན་ཏེ། ལྷ་མོ་ཨུ་མ་དུར་ཁྲོད་ཀྱི་མ་མོར་བཅས་པ་ལ་ལྷར་འཛིན་ནོ། །དེ་ནས་ལོ་འགའ་ཞིག་ཏུ་འདོད་ཡོན་ལ་རྣམ་པར་རྩེ་བས་གནས་པ་ལས། ཀ་མ་ཨ་ཤོ་ཀ་སྟེ་འདོད་པའི་མྱ་ངན་མེད་ཅེས་གྲག་གོ །དེ་ནས་ནམ་ཞིག་ཕུ་བོ་རྣམས་དང་མི་མཐུན་པར་གྱུར་ཏེ་ལོ་མང་པོའི་བར་དུ་འཐབས་ཤིང༌། མཐར་ཕུ་བོ་དྲུག་བློན་པོ་ལྔ་བརྒྱ་དང་བཅས་པ་ཡང་བསད། གཞན་ཡང་གྲོང་ཁྱེར་མང་པོ་བཅོམ་ནས། ཁ་བ་ཅན་དང༌། རི་བོ་འབིགས་བྱེད་ཀྱི་བར་གྱི་ཡུལ་ཀུན་ལ་དབང་བསྒྱུར་ལ། ཤིན་ཏུ་ཁྲོ་གཏུམ་ཆེ་བར་གྱུར་པས་ཆད་པས་གཅོད་པའི་བྱ་བ་རྣམས་མ་བྱས་པར་སེམས་རྣལ་དུ་མི་གནས་པར་ཁ་ཟས་ཀྱང་མི་ཟ་སྟེ། ཉིན་མོའི་དང་པོ་ལ་གསོད་པ་དང༌། འཆིང་བ་དང༌། བརྡེག་པ་ལ་སོགས་པ་ཆད་པས་གཅོག་པའི་བྱ་བ་རྣམས་བསྒོས་ནས་དེའི་འོག་ཏུ་སེམས་རྣལ་དུ་འདུག་ནས་ཁ་ཟས་ལ་འཇུག་གོ །དེ་ལྟར་རྒྱལ་པོ་དེའི་དམག་གི་གཏམ་ནི་ཤིན་ཏུ་མང་བར་ཡོད་ནའང་དགོས་པ་མེད་པའི་ཕྱིར་མ་བཤད་དོ། །ཞེས་ས་དབང་བཟང་པོ་གསུང་ལ། རྒྱ་གར་བའི་གཏམ་རྣ་བར་བརྒྱུད་པ་འགའ་
རེ་ཐོས་མོད། འདིར་ཡང་མ་བྲིས་སོ། །དེའི་ཚེ་བྲམ་ཟེ་ལོག་པར་ལྟ་བ་རྣམས་ཀྱིས་བསྐུལ་ཏེ་སྲཽག་གི་མཆོད་སྦྱིན་ལ་བརྩོན་པར་བྱེད་ཅིང༌། ཁྱད་པར་བྷྲྀ་ཀུའི་རིགས་ཀྱི་དྲང་སྲོང་བ་ལང་རྣ་བ་ཞེས་བྱ་བས་མི་ཁྲི་ཕྲག་གཅིག་བསད་པའི་མཆོད་སྦྱིན་བྱས་ན་རྒྱལ་སྲིད་ཀྱང་རྒྱས་ཤིང་ཐར་བའི་རྒྱུར་འགྱུར་རོ་ཞེས་བསྟན་པ་ལས་མཆོད་སྦྱིན་གྱི་ཁང་པ་བརྩིགས། མི་ཁྲི་ཕྲག་གཅིག་གསོད་པར་ནུས་པ་ཕྱོགས་ཀུན་ཏུ་བཙལ་ཡང་རེ་ཞིག་མ་རྙེད། མཐར་ཏི་རཱ་ཧཱ་ཏི་ནས་གདོལ་པའི་རིགས་ཤིག་རྙེད་དེ། གང་གསོད་པར་འོས་པ་ཐམས་ཅད་ཁང་པ་དེར་གཏོང་ལ། ཁྲི་ཕྲག་གཅིག་མ་ལོངས་ཀྱི་བར་དུ་དེར་བྱུང་ཚད་སོད་ཅིག འདི་ནི་དཀའ་ཐུབ་ཟློག་མ་མཆོད་པའི་དམ་བཅའོ་ཞེས་རྒྱལ་པོ་ཉིད་ཀྱིས་ཁས་བླངས་ཏེ། ཚུལ་དེས་མི་སྟོང་ངམ་ཉིས་སྟོང་ཙམ་བསད་པ་ན། གསོད་པ་པོ་དེ་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་རྒྱུ་བ་ལ། དགེ་སློང་ཞིག་གིས་དེའི་སྤྱོད་པ་བཟློག་ཏུ་རེ་ནས་སྲོག་གཅོད་པའི་ཉེས་དམིགས་དམྱལ་བའི་གཏམ་སྣ་ཚོགས་པ་དག་བཤད་པས་དགེ་བའི་རྩ་བ་ནི་སད་མ་ནུས་པར་གཤེད་མ་དེས་བསམས་པ། སྔར་ནི་མི་རྣམས་མགོ་བཅད་དེ་བསད་ན། ད་ནི་དགེ་སློང་འདིའི་གཏམ་ལས་ཐོས་པ་དེ་འདྲ་བ་ཁོ་ནར་སྲེག་པ་དང༌། གཏུབ་པ་དང༌། པགས་པ་བཤུ་བ་ལ་སོགས་པ་སྣ་ཚོགས་པས་བསད་དུ་རུང་ངོ་སྙམ་སྟེ། དེ་ལྟ་བུས་མང་དུ་བསད་ནས་མཆོད་སྦྱིན་ཁང་པ་དེར་མི་ལྔ་སྟོང་ཙམ་བསད་དོ། །དེའི་ཚེ་སྔར་གྱི་མིང་འགྱུར་ཏེ། ཙཎྜ་ལ་ཨ་ཤོ་ཀ་ཞེས་གཏུམ་པོ་མྱ་ངན་མེད་དུ་གྲགས་སོ། །དེའི་སྐབས་དགྲ་བཅོམ་པ་གྲགས་པའི་སློབ་མ་དགེ་ཚུལ་མང་དུ་ཐོས་པ་སྦྱོར་ལམ་གྱི་རྟོགས་པ་ལ་གནས་པ་ཞིག་ལམ་རྒྱུས་མ་ཤེས་པར་མཆོད་སྦྱིན་ཁང་པའི་ནང་དུ་སླེབ་བོ། གཤེད་མས་རལ་གྲི་བརྡེག་པར་བརྩམས་པ་ན་རྒྱུ་མཚན་དྲིས་སོ། །དེས་ཀྱང་
སྔར་གྱི་གཏམ་བཤད་པས། འོ་ན་ཞག་བདུན་ནས་སོད་ཅིག དེ་བར་དུ་ཁོ་བོ་ཡང་གཞན་དུ་མི་འགྲོ་ཡི། མཆོད་སྦྱིན་ཁང་པ་འདི་ཉིད་དུ་འདུག་པར་བྱའོ། །ཞེས་སྨྲས་པས་གཤེད་མས་ཀྱང་དེ་ལྟར་རུང་ཟེར། དེས་ཀྱང་མཆོད་སྦྱིན་གྱི་གནས་དེ་ཉིད་ཤ་ཁྲག་རུས་པ་ནང་ཁྲོལ་རྣམས་ཀྱིས་ཡོངས་སུ་གང་བ་དེ་ཉིད་མཐོང་བའི་རྐྱེན་གྱིས་མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པ་བཅུ་དྲུག་མངོན་དུ་བྱས། ཞག་བདུན་གྱི་སྔོན་དུ་དགྲ་བཅོམ་པ་ཡང་ཐོབ། རྫུ་འཕྲུལ་ཡང་གྲུབ་བོ། །ཞག་བདུན་སོང་བའི་ཉིན་པར་ཆ་ལུགས་འདི་ལྟ་བུ་སྔོན་ཆད་ཁང་པ་འདིར་མ་བྱུང་བས། སྔར་མ་བྱས་པའི་གསོད་ལུགས་བྱའོ་ཞེས་ཟངས་ཆེན་པོ་ཏིལ་མར་གྱིས་བཀང་བའི་ནང་དུ་དགེ་ཚུལ་བཅུག་ནས་མེ་བཏང་སྟེ་བསྲེགས་པས་ཉིན་མཚན་དུ་མེ་འབར་བར་གྱུར་ཀྱང་དེའི་ལུས་ལ་ཅུང་ཟད་ཀྱང་གནོད་པར་མ་གྱུར་ནས། རྒྱལ་པོ་ལ་སྦྲན་པས་རྒྱལ་པོ་ཡ་མཚན་སྐྱེས་ཏེ། དེ་ལྟ་བའི་ཕྱིར་མཆོད་སྦྱིན་ཁང་པར་འོངས་སོ། །དེར་གཤེད་མ་དེས་རལ་གྲི་ཐོགས་ཏེ་རྒྱུགས་ནས་བྱུང་བ་ན་རྒྱལ་པོས་རྒྱུ་མཚན་དྲིས་པས། འདི་ནི་རྒྱལ་བོ་ཉིད་ཀྱིས་དམ་བཅས་པའི་ཚིག་སྟེ། མི་ཁྲི་ཕྲག་གཅིག་ཏུ་མ་ལོངས་ཀྱི་བར་དུ་ཁང་པ་འདིར་སུ་བྱུང་བ་དེ་ཐམས་ཅད་བསད་པར་བྱའོ། །རྒྱལ་པཽས་སྨྲས་པ། འོ་ན་ངའི་སྔ་རོལ་དུ་ཁྱོད་ཉིད་འདིར་འོངས་པའི་ཕྱིར་སྔར་བསད་དོ་ཞེས་དེ་གཉིས་འཐབ་པར་གྱུར་པ་ན་དགེ་ཚུལ་དེས་ཆར་འབབ་པ་དང༌། ཀློག་འགྱུ་བ་དང༌། ནམ་མཁའ་ལ་འགྲོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་རྒྱལ་པོ་དང་གཤེད་མ་གཉིས་ཆར་ལྷག་པར་དད་པར་གྱུར་ཏེ། ཞབས་ལ་ཕྱག་བྱས་ཤིང༌། བྱང་ཆུབ་ཀྱི་ས་བོན་རབ་ཏུ་སད་པར་གྱུར་ཏོ། །དེ་ནས་དེས་ཆོས་བསྟན་པས་རྒྱལ་པོ་སྡིག་པའི་ལས་ལ་ཤིན་ཏུ་འགྱོད་པར་གྱུར་ཏེ་མཆོད་སྦྱིན་གྱི་ཁང་པ་ཡང་དེ་ཉིད་དུ་བཤིག
སྡིག་པ་སྦྱང་བའི་ཕྱིར་དགེ་ཚུལ་ལ་བཞུགས་པར་ཞུས་པས། རྒྱལ་པཽ་ཁྱོད་ཀྱི་སྡིག་པ་སྦྱོང་ཐབས་ངས་བསྟན་པར་མི་ནུས་ཀྱིས་ཤར་ཕྱོགས་བྱ་གག་གི་ཀུན་དགའ་ར་བ་ན། མཁན་པོ་དགྲ་བཅོམ་པ་གྲགས་པའི་རྒྱལ་མཚན་ཞེས་བྱ་བ་བཞུགས་ཏེ། དེས་རྒྱལ་པོ་ཁྱོད་ཀྱི་སྡིག་པ་སྦྱོང་བར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་རྒྱལ་པོས་ཀྱང་དགྲ་བཅོམ་པའི་དྲུང་དུ་འཕྲིན་བརྫངས་ཏེ། འཕགས་པ་པ་ཊ་ལི་པུ་ཏྲར་བྱོན་ཏེ་བདག་གི་སྡིག་པ་སྦྱོང་བར་ཞུ། གལ་ཏེ་འཕགས་པ་འདིར་མི་འབྱོན་ན་བདག་དེར་འོང་ངོ་ཞེས་བྱས་པས། རྒྱལ་པོ་དེར་བྱུང་ན་སྐྱེ་བོ་མང་པོ་ལ་གནོད་པར་མཁྱེན་ནས། དགྲ་བཅོམ་པ་གྲགས་པ་ཉིད་པ་ཊ་ལི་པུ་ཏྲར་བྱོན་ཏེ། ཉིན་རེ་བཞིན་རྒྱལ་པོའི་ཐད་དུ་ཆོས་བསྟན། མཚན་རེ་བཞིན་གཙུག་ལག་ཁང་དུ་བྱོན་ནས་འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་སོ། །གང་གི་ཚེ་དགྲ་བཅོམ་པ་གྲགས་པ་དང་མཇལ་བ་ཕྱིན་ཆད་ནས་རྒྱལ་པོ་དེ་ཤིན་ཏུ་དད་པ་ཆེ་བར་གྱུར་ནས། ཉིན་མཚན་དུ་དགེ་བའི་བྱ་བ་ཁོ་ནས་དུས་འདའ་སྟེ། ཉིན་རེ་བཞིན་དགེ་སློང་ཁྲི་ཁྲག་གསུམ་གསུམ་མཆོད་པར་བྱེད་དོ། །བར་སྐབས་དེར་སྒྲ་བཅོམ་པ་གྲགས་པའི་མ་ག་དྷཱ་ལ་སོགས་པའི་ཡུལ་གཞན་དུ་བཞུགས་པའི་སྐབས་ཤིག རྒྱལ་པོས་ཚོང་པ་ལྔ་བརྒྱ་ཙམ་ནོར་བུའི་གླིང་ནས་ནོར་བུ་ལེན་པར་མངགས་ནས། དེ་རྣམས་ཀྱིས་ཀྱང་གྲུ་ལེགས་པར་གྲུབ་སྟེ། རིན་པོ་ཆེ་སྣ་ཚོགས་པས་བཀང་ནས་ཚུར་འོངས། རྒྱ་མཚོའི་ཚུར་འགྲམ་དུ་ངལ་གསོ་ཞིང་བསྡད་པ་ལས། ཀླུ་རྣམས་ཀྱིས་མཚོ་རླབས་བཏང་སྟེ་ཟོང་ཐམས་ཅད་རྒྱ་མཚོར་ཁྱེར་རོ། །དེ་ནས་དེ་རྣམས་འཚོ་བ་གཞན་ལ་རག་ལས་ཤིང་རིམ་གྱིས་འོངས་པས། ནམ་ཞིག་ན་ཞག་བདུན་ན་ཚོང་པ་རྣམས་པ་ཊ་ལི་པུ་ཏྲར་སླེབ་བར་གྲགས་ཤིང༌། དེ་རྣམས་
ཀྱིས་ཇི་ལྟར་གྱུར་པའི་གཏམ་མ་ཐོས་པས་བྲམ་ཟེ་དང༌། ཀུན་ཏུ་རྒྱུ་དང༌། སྐྱེ་བོའི་ཚོགས་དཔག་ཏུ་མེད་པ་དག་འདུས་ཏེ། ནོར་བུ་རྣམས་ཀྱི་ཁ་དོག་དང་ངོ་མཚར་བའི་ཡོན་ཏན་གང་ཡིན་པ་དེ་མཐོང་བར་འགྱུར་རོ་ཞེས་ཞག་བདུན་པའི་ཉིན་པར་རྒྱལ་པཽ་སྐྱེ་བོའི་ཚོགས་དག་བཅས་པ་སྐྱེད་མོས་ཚལ་དུ་སོང་བ་ལས་ཚོང་པ་དེ་དག་སྟོད་གཡོགས་ཁོ་ན་བཅས་ཤིག་ཉམ་ཐག་པས་འོངས་པ་ན། ཧ་ཅང་མ་རིགས་ཏེ་གད་མོས་བཏབ་ནས་སྐྱེ་བོའི་ཚོགས་རྣམས་གྱེས་སོ། །རྒྱལ་པོས་རྒྱུ་དྲིས་པས། ཚོང་པ་རྣམས་ཀྱིས་ལོ་རྒྱུས་བཤད་དོ། །ལྷའི་འདི་ལ་སླར་ཡང་ཀླུ་རྣམས་ཐུལ་འོག་ཏུ་ཆུད་པ་མ་མཛད་ན་ཕྱིན་ཆད་ནོར་བུ་ལེན་པར་སྤྲོ་བ་སུ་ཡང་མི་འབྱུང་བས། ལྷས་ཐབས་མཛད་པར་རིགས་སོ་ཞེས་བསྐུལ། དེར་རྒྱལ་པོ་ཡིད་ཁོང་དུ་ཆུད་ཅིང་མཁས་པ་རྣམས་ལ་ཐབས་དྲིས་པ་ན། བྲམ་ཟེ་དང༌། ཀུན་ཏུ་རྒྱུ་ལ་སོགས་པ་རྣམས་ཀྱིས་མ་ཤེས། དེར་དགྲ་བཅོམ་པ་མངོན་པར་ཤེས་པ་དྲུག་དང་ལྡན་པ་ཅིག་གིས་བསམས་པ་ན། དེའི་ཐབས་ལྷས་སྟོན་པར་འགྱུར་བ་ཡང་ཤེས། གལ་ཏེ་དགྲ་བཅོམ་པ་ཉིད་ཀྱིས་བསྟན་ན། འདི་ནི་དགེ་སློང་གི་ཕྱོགས་འཛིན་པ་ཡིན་ནོ་སྙམ་རྒྱལ་པོ་ཡང་ཐེ་ཚོམ་སྐྱེ་ཞིང༌། མུ་སྟེགས་ཅན་རྣམས་ཀྱིས་ཀྱང་ཁ་ཟེར་བར་འགྱུར་རོ་སྙམ་ནས། རྒྱལ་པོ་ཆེན་པོ་འདི་ལ་ཐབས་ནི་ཡོད་མོད་ཀྱིས། དོ་ནུབ་ཁྱིམ་གྱི་ལྷས་སྟོན་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་ཐོ་རངས་ཀྱི་ཚེ་ཁྱིམ་གྱི་ནམ་མཁའ་ལ་གནས་པའི་ལྷས། རྒྱལ་པོ་སངས་རྒྱས་ལ་མཆོད་པ་རྒྱ་ཆེར་གྱིས་ཤིག ཀླུ་ཐུལ་བར་འགྱུར་རོ། །དེ་ནས་ས་ལ་གནས་པའི་ལྷས། རྒྱལ་པོ་དགྲ་བཅོམ་པའི་དགེ་འདུན་རྣམས་ལ་མཆོད་པར་གྱིས་ཤིག །དེས་ཐུལ་བར་འགྱུར་རོ་ཟེར། ནངས་པར་སྐྱེ་བོའི་
ཚོགས་ཐམས་ཅད་བསྡུས་ནས་ལྷའི་ལུང་བསྟན་བཤད་ནས་དེ་ནི་ཇི་ལྟར་བགྱི་བྱས་པས་བློན་པོ་རྣམས་ན་རེ། ཁ་སང་ལུང་སྟོན་པ་པོའི་དགྲ་བཅོམ་པ་ཉིད་ལ་དྲིས་ཤིག་ཅེས་ཟེར་བས། དེ་སྤྱན་དྲངས་ཏེ་ཞུས་པ་ན། འདི་ལ་ཡིད་ཆེས་པའི་ཐབས་བྱའོ་ཞེས་རྒྱལ་པོ་མྱ་ངན་མེད་ཀྱི་བཀའ་ཀླུ་རྣམས་ཉོན་ཅིག །ཅེས་བྱ་བ་ལ་སོགས་པས་མཚམས་སྦྱར་ཏེ། ཚོང་པ་རྣམས་ཀྱིས་བླངས་པའི་ནོར་བུ་གང་ཡིན་པ་སླར་ཡང་ཚོང་པ་རྣམས་ལ་བྱིན་ཅིག་ཅེས་བྱ་བའི་ཡི་གེ་ཟངས་ཀྱི་གླེགས་བུ་ལ་བྲིས་ཏེ་གངྒ་ལ་བསྐྱུར། གྲོང་ཁྱེར་གྱི་ལམ་གྱི་བཞི་མདོ་ཆེན་པོར་རྡོ་རིང་ཤིན་ཏུ་མཐོ་བའི་རྩེ་མོར་ཨཥྟ་དྷཱ་ཏུའི་སྣོད་དུ་རྒྱལ་པོ་དང་ཀླུའི་གཟུགས་གསེར་ལས་བྱས་པ་རེ་རེ་བཞག དེའི་ནངས་པར་བལྟས་པས་ཀླུ་རྣམས་འཁྲུགས་ཏེ་རླུང་གི་འཚུབ་མ་ཆེན་པོ་དག་བཅས་ཟངས་ཀྱི་གླེགས་བུ་ཕོ་བྲང་གི་སྒོ་དྲུང་དུ་བོར། རྒྱལ་པོའི་གཟུགས་བརྙན་དེ་ཀླུའི་གཟུགས་བརྙན་ལ་ཕྱག་འཚལ་བར་སོང་བ་ལ། རྒྱལ་པོས་དགྲ་བཅོམ་པ་ལ་དྲིས་པས། ད་ལྟ་འདི་ནི་ཀླུ་རྣམས་བསོད་ནམས་ཆེ་བ་ཡིན་པས། སླར་ཡང་རྒྱལ་པོ་ཉིད་ཀྱི་བསོད་ནམས་བསྐྱེད་པའི་ཕྱིར་སངས་རྒྱས་དང༌། དགེ་འདུན་ལ་མཆོད་པ་མཛོད་ཅིག་ཅེས་བསྐུལ་བས་སྐུ་གཟུགས་དང༌། མཆོག་རྟེན་ལ་མཆོད་པ་སྔར་གྱི་ལས་བདུན་འགྱུར་དུ་ཕུལ། དགྲ་བཅོམ་པ་དེས་ལྷ་དང་ཀླུ་ལ་སོགས་གནས་རྣམས་སུ་སྐད་ཅིག་གིས་སོང་སྟེ། དགྲ་བཅོམ་པ་ཐམས་ཅད་ལ་སྙན་གསན་ཕབ། རྒྱལ་པོས་ཀྱང་དུས་སྟོན་གྱི་ཁང་པ་ཆེན་པོ་བརྩིགས་ཏེ། དགྲ་བཅོམ་པ་དེས་གནྚི་བརྡུངས་པས་རི་རབ་དང༌། ཁོར་ཡུག་ལ་གནས་པ་ཚུན་ཆད་གྱི་དགྲ་བཅོམ་པ་ཐམས་ཅད་འདུས་ཏེ། དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ཚོགས་པ་ལ་ཟླ་བ་གསུམ་དུ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་
སོ། །དེའི་ཚེ་ཉིན་རེ་བཞིན་རྒྱལ་པོའི་གཟུགས་བརྙན་ཇེ་སྐྱེད་ལ་སོང་སྟེ་ཞག་བཞི་བཅུ་ཞེ་ལྔ་ན་རྒྱལ་པོ་དང་ཀླུའི་གཟུགས་བརྙན་གཉིས་པོ་མཉམ་པར་འགྲེང་བ་ཙམ་བྱུང༌། དེ་ནས་ཉིན་རེ་བཞིན་ཀླུའི་གཟུགས་བརྙན་ཇེ་གུག་ལ་སོང་སྟེ། སླར་ཞག་ཞེ་ལྔ་ན་ཀླུའི་གཟུགས་བརྙན་རྒྱལ་པོའི་གཟུགས་བརྙན་གྱི་རྐང་པ་ལ་ཕྱག་འཚལ་བར་སོང་ངོ༌། །སྐྱེ་བོ་ཐམས་ཅད་ཀྱང་དཀོན་མཆོག་མཆོད་པའི་བསོད་ནམས་ནི་འདི་འདྲའོ་ཞེས་ངོ་མཚར་ཆེན་པོ་སྐྱེས། དེ་ནས་སྔར་གྱི་ཟངས་ཀྱི་གླེགས་བུ་དེ་གངྒཱར་འཕངས་པས་དེའི་ནངས་པར་ཀླུའི་ཕོ་ཉ་མིར་སྤྲུལ་ནས་བྱུང་སྟེ། རིན་པོ་ཆེ་རྣམས་རྒྱ་མཚོའི་འགྲམ་ན་བསྐྱལ་ཡོད་ཀྱིས་ཚོང་པ་རྣམས་ལེན་དུ་ཐོང་ཞིག་ཟེར་བ་ལ་རྒྱལ་པོས་དེ་ལྟར་བྱེད་པར་བརྩམས་པའི་ཚེ། སྔར་གྱི་དགྲ་བཅོམ་པ་དེས་རྒྱལ་པོ་འདི་ནི་ངོ་མཚར་མི་ཆེ་ཡི། ཁྱེད་རྣམས་ཀྱིས་ཞག་བདུན་ནས་ནོར་བུ་དེ་རྣམས་ཕྲག་པ་ལ་ཐོགས་ཏེ་འདིར་འབུལ་བར་ཤོག་ཅིག་ཅེས་སྤྲིངས་ན། དེ་ལྟར་འགྱུར་བས་ངོ་མཚར་ཆེའོ། །ཞེས་གསུངས་པ་བཞིན་བྱས་པས། ཞག་བདུན་པའི་ཉིན་པར་རྒྱལ་པོ་སྐྱེ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་བའི་དབུས་སུ་ཀླུ་རྣམས་ཚོང་པའི་གཟུགས་ཀྱིས་འོངས་ནས་ནོར་བུ་རྣམས་ཕུལ། རྒྱལ་པོའི་ཞབས་ལ་གཏུགས། སྐྱེ་བོའི་ཚོགས་ལ་ལྟད་མོར་བྱས་ཏེ། དེའི་དུས་སྟོན་ཆེན་པོ་ཡང་བྱས་སོ། །དེར་རྒྱལ་པོས་གནོད་སྦྱིན་ཤིང་རྟའི་རིག་སྔགས་ཀྱང་གྲུབ་སྟེ་གླང་པོ་ཆེ་ཙམ་གྱི་རྟ་དང༌། ཏཱ་ལའི་སྡོང་པོ་ཙམ་གྱི་སྐྱེས་བུ་སོགས་གནོད་སྦྱིན་གྱི་དཔུང་ཡན་ལག་བཞི་པ་མང་པོ་བྱུང་སྟེ། འབིགས་བྱེད་ཀྱི་ལྷོའི་ཡུལ་སོགས་ཡུལ་གཞན་ཐམས་ཅད་ཀྱང་གནོད་པ་མེད་པ་མངའ་འོག་ཏུ་ཆུད། བྱང་ཕྱོགས་ཁ་བ་ཅན་དང༌། ལི་ཡུལ་གྱི་རྒྱབ་ཀྱི་གངས་དང༌། ཤར་ལྷོ་ནུབ་གསུམ་རྒྱ་མཚོ་
ལ་ཐུག་པའི་འཛམ་བུའི་གླིང་གིས་གཞི་དང། གླིང་ཕྲན་ལྔ་བཅུ་ཙམ་ལ་དབང་བསྒྱུར་བར་གྱུར་ཏོ། །དེའི་རྗེས་སུ་དགྲ་བཅོམ་པ་གྲགས་པས་སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལུང་བསྟན་པ་བཤད་དེ། དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྙིང་པོ་ཅན་དུ་གྱུར་པའི་མཆོད་རྟེན་གྱིས་ས་སྟེང་བརྒྱན་པར་གྱིས་ཤིག །ཅེས་བསྐུལ་བ་ལ་སངས་རྒྱས་ཀྱི་རིང་བསྲེལ་དགོས་པ་བྱུང་ནས་རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་རྣམས་རྒྱལ་པོའི་ཁབ་ཀྱི་མཆོད་རྟེན་ཆེན་པོའི་ས་འོག་ཏུ་གཏེར་དུ་སྦས་ནས་ཡོད་པ་འདོན་པའི་ཕྱིར་རྒྱལ་པཽ་དང་དགྲ་བཅོམ་པ་གྲགས་པ་སྐྱེ་བོའི་ཚོགས་དང་བཅས་ཏེ་དེར་བྱོན་ནས་ས་བྲུས་པ་ན་མི་འགྲེང་གསུམ་ཙམ་སོང་བའི་འོག་ཏུ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་དྲག་ཏུ་འཁོར་བས་ལེན་པའི་གནས་མ་རྙེད་པའི་ཚེ། ཡུལ་གྱི་རྒན་མོ་ཞིག་གིས་ཐབས་བསྟན་ཏེ་ས་དེ་ཉིད་ནས་དཔག་ཚད་གསུམ་ཙམ་ནུབ་ཕྱོགས་སུ་ཕྱིན་པའི་རི་དྲུང་ཞིག་ན་ཆུ་འབབ་པ་ཞིག་ཡོད་པ་ཁ་བསྒྱུར་བས་འཁོར་ལོ་བསྐོར་བ་ཆད་ཅིང་མེ་ཞིའོ། །སླར་ཡང་ས་བྲུས་པ་ན། ཟངས་ཀྱི་གླེགས་བུ་ལ་འདི་ནི་དེ་བཞིན་གཤེགས་པའི་རིང་བསྲེལ་མ་ག་དྷཱའི་བྲེ་བོ་ཆེན་པོ་གཅིག་ཡོད་དེ། མ་འོངས་པ་ན་རྒྱལ་པཽ་དབུལ་པོ་ཞིག་གིས་འདོན་པར་འགྱུར་རོ་ཞེས་བྲིས་པ་མཐོང་བ་ན་མྱ་ངན་མེད་ང་རྒྱལ་གྱི་དབང་གིས་འདོན་པར་བྱེད་པ་ནི་བདག་མ་ཡིན་ཏེ། དབུལ་པོ་ཉིད་ཀྱི་ཕྱིར་ན་གཞན་ཞིག་གོ་ཞེས་ཕྱིར་ཕྱོགས་ཏེ་འདུག་པ་ལས་སླར་ཡང་དགྲ་བཅོམ་པ་གྲགས་པས་བསྐུལ་ཏེ། མཐར་མི་འགྲེང་བདུན་ཙམ་དུ་ས་བྲུས་པ་ན་ལྕགས་ཀྱི་སྒྲོམ་ལ་སོགས་པ་སྒྲོམ་ཕྱི་ནང་རིམ་པ་བདུན་ཙམ་ཁ་ཕྱེ་བའི་དབུས་ནས། སྟོན་པའི་གདུང་སྔོན་མ་ག་དྷཱའི་བྲེ་བོ་ཆེན་པོ་གཅིག་ཡིན་པ་འཕེལ་ཏེ། ཁལ་དྲུག་གི་ཚད་ཙམ་དུ་ཡོད་པ་དང༌། སྒྲོམ་གྱི་གྲྭ་
བཞི་ན་ནོར་བུ་རིན་པོ་ཆེ་རང་འོད་རྒྱང་གྲགས་ཙམ་དུ་འཕྲོ་བ་རེ་རེ་མཆོད་པའི་ཡོ་བྱད་དུ་བཞག་པ་མཐོང་ནས་དེའི་ནོར་བུ་རེ་ལ་ཡང་རིན་ཐང་དུ་བཅད་ན་རྒྱལ་བོ་མྱ་ངན་མེད་ཀྱི་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཐམས་ཅད་ཀྱིས་མི་དཔོག་པར་ཤེས་ནས་རྒྱལ་པོའི་ང་རྒྱལ་ཆག་གོ །དེ་ལས་སྐུ་གདུང་རིན་པོ་ཆེ་བྲེ་བོ་ཆེན་པོ་གཅིག་བླངས་ཏེ། སླར་ཡང་སྔར་བཞིན་བཞུགས་སུ་གསོལ་ནས་སྦས་ཏེ་ལྕགས་ཀྱི་འཁོར་ལོ་ཡང་བཀོད། ཆུ་གསང་ཡང་སྔོན་བཞིན་འབབ་ཏུ་བཅུག་པས་སྔོན་བཞིན་མེ་འབར་བ་དང་འཁོར་བ་ན། སླད་ཀྱིས་སྟེང་གཡོགས་སོ། །དེ་ནས་ཡུལ་ཐ་དད་དུ་སྐྱེ་བོ་རྣམས་ལ་ཡང་བཀའ་བསྒོས་ནས། ཕོ་ཉ་དང་ལས་ཀྱི་གྲོགས་ཐམས་ཅད་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་བྱས་ཏེ། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་དང༌། རྡོ་རྗེའི་གདན་གྱི་བར་སྐོར་དང༌། གཞན་ཡང་བྱང་ཕྱོགས་སུ་ལི་ཡུལ་ཚུན་ཆད་ཀྱི་འཛམ་བུའི་གླིང་གི་ཡུལ་ཐམས་ཅད་དུ་ཐུབ་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བརྩིགས་པས། ཉིན་མཚན་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་གྲུབ་བོ། །དེ་ནས་ཡུལ་ཐམས་ཅད་དུ་བཀའ་བསྒོས་ཏེ། མཆོད་རྟེན་ཐམས་ཅད་ལ་མར་མེ་དང༌། བདུག་སྤོས་དང༌། མེ་ཏོག་གི་ཕྲེང་བ་སྟོང་སྟོང་གིས་ཉིན་རེ་བཞིན་མཆོད་པ་བྱེད་ཅིང་བྱང་ཆུབ་ཀྱི་ཤིང་ལ་གསེར་དང༌། དངུལ་དང༌། བཻ་ཌཱུརྱའི་བུམ་པ་སྟོང་ཕྲག་བཅུ་སྙེད་དྲི་བཟང་པོའི་ཆུ་དང༌། བདུད་རྩི་ལྔས་ཡོངས་སུ་བཀང་སྟེ་མཆོད་པར་བྱེད་ཅིང༌། རྒྱང་རིང་པོ་ནས་སྤོས་དང་མར་མེ་སྟོང་ཕྲག་བཅུ་སྙེད་ཀྱིས་མཆོད་པར་བྱས་སོ། །དེར་ཟླ་བ་གསུམ་དུ་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་སྤྱན་དྲངས་ནས་ཉིན་རེ་བཞིན་པ་ཊ་ལི་པུ་ཏྲའི་སྟེང་གི་ནམ་མཁའ་ལ་བཞུགས་སུ་གསོལ་ཏེ་ཡོ་བྱད་ཐམས་ཅད་ཀྱིས་
མཆོད། འཕགས་པ་སློབ་པ་རྣམས་དང་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ནི་ས་སྟེང་དུ་མཆོད་པར་བྱེད། དེའི་མཐར་དགེ་སློང་རེ་རེ་ལ་གོས་འབུམ་རི་བ་རེ་བསྐོན་ནོ། །དེའི་ནུབ་མོ་མཆོད་རྟེན་རྣམས་བལྟ་བའི་ཕྱིར་དུ་རྒྱལ་པོ་འཁོར་བཅས་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་ཕྲག་པ་ལ་ཁྱེར་ཏེ། ཞག་བདུན་གྱི་ནང་དུ་འཛམ་བུའི་གླིང་གི་ས་ཐམས་ཅད་དཀོན་མཆོག་གི་མཆོད་རྟེན་ཐམས་ཅད་བསྐོར་ཞིང༌། མཆོད་པ་དཀྱུས་ལས་བཅུ་འགྱུར་གྱིས་ལྷག་པ་དང༌། སངས་རྒྱས་དང༌། ཉན་ཐོས་ཀྱི་མཆོད་རྟེན་ཐམས་ཅད་གསེར་གྱི་རྒྱན་རེ་རེ་ཕུལ། བྱང་ཆུབ་ཀྱི་ཤིང་ལ་ནི་རིན་པོ་ཆེ་ཐམས་ཅད་ཀྱིས་ལྷག་པར་བརྒྱན་པར་བྱས་སོ། །ཞག་བརྒྱད་པའི་ཉིན་པར་བདག་གི་དགེ་བའི་རྩ་བ་འདིས་མིའི་མཆོག་སངས་རྒྱས་སུ་གྱུར་ཅིག་ཅེས་སྨོན་ལམ་ཡང་ནས་ཡང་དུ་བཏབ་སྟེ། སྐྱེ་བོའི་ཚོགས་རྣམས་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་སྨྲས་པས། སྐྱེ་བོ་མང་པོ་ཞིག་རྒྱལ་པོའི་རྩོམ་པ་འདི་ནི་བྱ་བ་མང་ཡང་འབྲས་བུ་ཆུང་བ་སྟེ། རེ་ཞིག་བླ་ན་མེད་པའི་བྱང་ཆུབ་ཅེས་བྱ་བ་ཡང་མེད་ན་རྒྱལ་པོའི་སྨོན་ལམ་འདི་འགྲུབ་པར་འགྱུར་རེ་སྐན་ཞེས་ཟེར་བ་ལ། གལ་ཏེ་བདག་གི་སྨཽན་ལམ་འདི་འགྲུབ་ནས་ཆེན་པོ་འདི་ཡང་གཡོ་བར་གྱུར་ཅིག ནམ་མཁའ་ལས་ཀྱང་མེ་ཏོག་གི་ཆར་འབབ་པར་གྱུར་ཅིག །ཅེས་བརྗོད་མ་ཐག་ཏུ་ས་ཡང་གཡོས་ཤིང༌། མེ་ཏོག་གི་ཆར་འབབ་ལ་སྐྱེ་བོ་དེ་རྣམས་ཀྱང་དད་པས་སྨོན་ལམ་འདེབས་པར་བྱེད་དོ། །གང་གི་ཚེ་མཆོད་རྟེན་ཞལ་བསྲོའི་དོན་དུ་དགེ་སློང་རྣམས་ཟླ་བ་གསུམ་དུ་མཆོད་པ་བྱས་ལ་གྲོལ་བའི་ཉིན་པར་སོ་སོའི་སྐྱེ་བོའི་དགེ་སློང་མང་པོ་གློ་བུར་དུ་ལྷགས་པ་ལ་རྒྱལ་པཽས་སྐྱེད་མོས་ཚལ་དུ་མཆོད་པ་ཆེན་པོ་བྱས་ཤིང༌། དེ་རྣམས་ཀྱི་གྲལ་གྱི་ཐོག་མར་འདུག་པའི་དགེ་སློང་
རྒན་པོ་ཞིག་ལ་ལྷག་པར་ཡང་མཆོད་པ་ཆེན་པོ་བྱས་སོ། །དགེ་སློང་རྒན་པོ་དེ་ནི་ཐོས་པ་ཉུང་བ་ཤིན་ཏུ་བླུན་པ། ཚིགས་བཅད་གཅིག་ཀྱང་འདོན་པར་མི་ནུས་པ་ཡིན་ལ། དགེ་སློང་གཞོན་ནུ་དེ་རྣམས་ཀྱི་ནང་ན་སྡེ་སྣོད་འཛིན་པའང་མང་པོ་ཡོད་དོ། ཁ་ཟས་ཀྱི་བྱ་བ་ཟིན་པ་ན་གྲལ་འོག་ན་གནས་པ་རྣམས་ཀྱིས་རྒན་པོ་ལ་རྒྱལ་པོས་ཁྱོད་ལ་ལྷག་པར་བཀུར་སྟི་བྱེད་པའི་རྒྱུ་ཤེས་སམ་དྲིས་པ་ན། རྒན་པོས་མི་ཤེས་སོ་བྱས་སོ། །དེ་རྣམས་ཀྱིས་འདི་ནི་ཁོ་བོ་ཅག་གིས་ཤེས་ཏེ་ད་ལྟ་ཉིད་དུ་རྒྱལ་པོས་ཆོས་ཉན་པར་འདོད་ནས་འོང་སྟེ། ཁྱོད་ཀྱིས་ཆོས་སྟོན་དགོས་སོ། །དེར་དགེ་སློང་རྒན་པོ་དེ་གནད་དུ་ཕོག་པ་བཞིན་གྱུར། བདག་ནི་བསྙེན་པར་རྫོགས་ནས་ལོ་དྲུག་ཅུ་ལོན་ཀྱང་ཚིགས་སུ་བཅད་པ་གཅིག་ཀྱང་མི་ཤེས་པས་གལ་ཏེ་སྔར་དོན་དེ་གོ་ན་ཁ་ཟས་བཟང་པོ་དེ་རྣམས་དགེ་སློང་གཞན་ལ་བྱིན་ཏེ་ཆོས་སྨྲ་བ་འཚོལ་བ་ཞིག་ན། ད་ནི་ཟོས་ཟིན་པས་ཅི་ཞིག་བྱས་ན་ལེགས་སྙམ་ནས་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་ལ་ཚལ་དེ་ལ་གནས་པའི་ལྷས་གལ་ཏེ་རྒྱལ་པོ་དགེ་སློང་འདི་ལ་མ་དད་པར་གྱུར་ན་མི་རུང་ངོ་སྙམ་ནས་སྤྲུལ་པའི་གཟུགས་ཀྱིས་དགེ་སློང་དེའི་མདུན་དུ་འོངས་ནས། རྒྱལ་པོ་ཆོས་ཉན་དུ་བྱུང་ན། རྒྱལ་པོ་ཆེན་པོ་ས་གཞི་རི་དང་བཅས་པ་འདི་ཡང་འཇིག་པར་འགྱུར་ན། རྒྱལ་པོའི་རྒྱལ་སྲིད་ནི་ལྟ་ཅི་སྨྲོས་ཏེ། རྒྱལ་པོ་ཆེན་པོ་འདི་ཉིད་བསམ་པར་རིགས་སོ་ཞེས་སྨོས་ཤིག་ཅེས་ཟེར། དེ་ནས་རྒྱལ་པོ་འོངས་ཏེ། གོས་གསེར་གྱི་མདོག་ཅན་ཕྲུགས་གཅིག་བསྐོན་ནས་ཆོས་ཉན་པའི་ཕྱིར་འདུག་པ་ལ། གོང་བཞིན་སྨྲས་པས་རྒྱལ་པོ་དད་པ་ཅན་ཡིན་པའི་ཕྱིར་ཤིན་ཏུ་བདེན་པར་བསམས་ཏེ། སྤུ་ཟིངས་བྱེད་ཅིང་དོན་དེ་ཉིད་སེམས་པར་བྱེད་དོ། །དེ་ནས་ཡང་ཚལ་གྱི་ལྷ་དེས་དགེ་སློང་རྒན་པོ་ཁྱེད་
དད་པ་ཅན་གྱིས་བྱིན་པའི་རྫས་ཆུད་མ་ཟོས་པར་གྱིས་ཤིག དེས་ཀྱང་སློབ་དཔོན་ལ་གདམས་ངག་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས་ཟླ་བ་གསུམ་ནས་དགྲ་བཅོམ་པ་ཐོབ་སྟེ་སུམ་ཅུ་རྩ་གསུམ་གྱི་གནས་ཡོངས་འདུ་ས་བརྟོལ་གྱི་ཚལ་དུ་དབྱར་གནས་པར་བྱས་ཏེ། སླར་པ་ཊ་ལི་པུ་ཏྲར་དགེ་འདུན་དང་སྐྱེ་བོའི་ཚོགས་མང་པོའི་དབུས་སུ་འོངས་པས་རྒྱལ་པོས་བྱིན་པའི་གོས་ལ་ཤིང་ཡོངས་འདུའི་དྲི་བཟང་པོ་ཆགས་པས་ས་ཕྱོགས་དེ་ཐམས་ཅད་དྲི་བསུང་གིས་ཁྱབ་བོ། །དེར་དགེ་སློང་གཞན་རྣམས་ཀྱིས་རྒྱུ་དྲིས་པས་དེས་ཀྱང་སྔར་གྱི་ལོ་རྒྱུས་བཤད་པས་ཐམས་ཅད་ངོ་མཚར་དུ་གྱུར་ཞིང༌། རིམ་གྱིས་གཏམ་དེ་རྒྱལ་པོས་ཀྱང་ཐོས་པ་ན། དགེ་སློང་བློ་ཤིན་ཏུ་རྟུལ་པ་ཡང་དགྲ་བཅོམ་པ་ཐོབ་པས་ཆོས་ཀྱི་ཡོན་ཏན་དང༌། དེ་ཡང་རང་གི་གོས་ཕུལ་བའི་རྐྱེན་ལས་བྱུང་བའི་ཕྱིར། སྦྱིན་པའི་གཞན་དོན་གྱི་ཕན་ཡོན་མཐོང་ནས་སླར་ཡང་དགེ་སློང་འབུམ་ཕྲག་གསུམ་ལ་ལོ་ལྔའི་དུས་སྟོན་ཆེན་པོ་བྱས་ཏེ། སྔ་དྲོའི་ཆ་དང་པོ་ལ་དགྲ་བཅོམ་པ་རྣམས་དང༌། གཉིས་པ་ལ་འཕགས་པ་སློབ་པ་རྣམས་དང༌། གསུམ་པ་ལ་སོ་སོ་སྐྱེ་བོའི་དགེ་འདུན་རྣམས་ལ་ཁ་ཟས་དང་གོས་མཆོག་དག་གིས་མཆོད་པར་བྱས་སོ། །དེ་ནས་རྒྱལ་པོ་དེའི་ཚེའི་མཐའི་དུས་ཤིག་ན་ཉི་འོག་གི་ཕྱོགས་དང༌། ཁ་ཆེ་དང༌། ཐོ་གར་ཡུལ་གྱི་དགེ་འདུན་རྣམས་ལ་གསེར་བྱེ་བ་ཕྲག་བརྒྱ་རེ་འབུལ་བར་དམ་བཅས་ནས། ཁ་ཆེ་དང་ཐོ་གར་གྱི་དགེ་འདུན་རྣམས་ལ་རྫོགས་པར་ཕུལ། ཡོ་བྱད་གཞན་ཡང་དེ་དང་མཉམ་པ་ཕུལ། ཉི་འོག་གི་དགེ་འདུན་རྣམས་ལ་གསེར་དང་ཡོ་བྱད་བྱེ་བ་བཞིར་མ་ལོངས་པའི་གནས་སྐབས་སུ་རྒྱལ་པོ་ཉིད་ནད་ཚབས་ཆེན་པོས་ཟིན་ཏེ། རྒྱལ་པོའི་ཚ་བོ་ནོར་ལྷས་བྱིན་ཞེས་བྱ་བ་
གསེར་གྱི་མཛོད་གཉེར་བ་ཡིན་པ་དེས་རྒྱལ་པོའི་ངག་བཅག་སྟེ་གསེར་ལྷག་མ་དགེ་འདུན་ལ་མ་ཕུལ་ལོ། །དེའི་ཚེ་རྒྱལ་པོའི་དྲུང་དུ་དགྲ་བཅོམ་པ་མང་པོ་ལྷགས་པ་ལ་རྒྱལ་བོ་ཉིད་སྐོམ་སེལ་བའི་སྐྱུ་རུ་ར་སྙིམ་པ་ཕྱེད་ཡོད་པ་ཤིན་ཏུ་དད་པའི་སེམས་ཀྱིས་དགེ་འདུན་ལ་ཕུལ་བས། དགྲ་བཅོམ་པ་དེ་རྣམས་ཀྱིས་མགྲིན་གཅིག་ཏུ་རྒྱལ་པཽ་ཁྱེད་ཀྱིས་སྔོན་ཐམས་ཅད་རང་དབང་དུ་གྱུར་པའི་ཚེ་གསེར་བྱ་བ་དགུ་བཅུ་རྩ་དྲུག་ཕུལ་བ་ལས། ད་ལྟ་འདི་ཕུལ་བ་བསོད་ནམས་ལྷག་པར་ཆེའོ་ཞེས་བསྔགས། དེ་ནས་གཡོག་མོ་ཞིག་རྔ་ཡབ་ནོར་བུའི་ཡུ་བ་ཅན་གཡོབ་ཅིང་ཡོད་པ་ལས་ཉིན་མོ་ཚད་པའི་དུགས་ཀྱིས་གཉིད་ཡུར་ཏེ་རྔ་ཡབ་ལ་གནས་ལྷུངས་བ་རྒྱལ་པོའི་ལུས་ལ་ཕོག་པས་སྔོན་ནི་རྒྱལ་པོ་ཆེན་པོ་རྣམས་ཀྱིས་ཀྱང་རྐང་པ་འཁྲུ་བ་ལ་སོགས་པ་བྱེད་པ་ཡིན་ན། ད་ལྟ་བྲན་གྱི་མཐའ་མ་འདི་ལྟ་བུས་ཀྱང་བརྙེས་སོ་སྙམ་ནས་ཁྲོས་པའི་སེམས་དང་བཅས་ཏེ་དུས་ལས་འདས་སོ། །དེར་ཁྲོས་པའི་རྐྱེན་གྱིས་པ་ཊ་ལི་པུ་ཏྲ་དེ་ཉིད་དུ་མཚོ་ཆེན་པོའི་ནང་དུ་ཀླུར་སྐྱེས་པ་ན་དགྲ་བཅོམ་པ་གྲགས་པས་རྒྱལ་པོ་ཆོས་དང་ལྡན་པ་གང་དུ་སྐྱེས་ཞེས་བརྟགས་པས་མཚོ་དེར་ཀླུར་སྐྱེས་པར་ཤེས། དགྲ་བཅོམ་པས་མཚོ་དེའི་འགྲམ་དུ་འོངས་པས། སྔོན་གྱི་བག་ཆགས་ཀྱིས་རབ་ཏུ་དགའ་བའི་ཤུགས་ཀྱིས་མཚོ་དེའི་སྟེང་དུ་འོངས་ནས་དགྲ་བཅོམ་པའི་དྲུང་དུ་འདུག་པ་ལས། བྱ་དང་སྲོག་ཆགས་རྒྱུ་བ་ཟ་བར་རྩོམ་པའི་ཚེ་རྒྱལ་པཽ་ཆེན་པོ་བག་ཡོད་པར་མཛོད་ཅིག་ཅེས་སོགས་ཆོས་བསྟན་པས་དེ་ཉིད་དུ་ཁ་ཟས་བཅད་དེ་ཤི་ནས་དགའ་ལྡན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ་ཞེས་གྲགས་སོ། །རྒྱལ་བོ་དེས་རང་གིས་དབང་བསྒྱུར་བའི་ཡུལ་ཐམས་ཅད་དུ་གཙུག་ལག་ཁང་དང༌། ཆོས་ཀྱི་གཞི་མང་པོ་དག་བྱས་པས་ཕྱོགས་
ཐམས་ཅད་དུ་སངས་རྒྱས་ཀྱི་བསྟན་པས་ཁྱབ་པར་གྱུར་ཏོ། །གང་གི་ཚེ་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་པ་དེ་ཕྱིན་ཆད་སྔར་གྱི་མིང་འགྱུར་ཏེ། དྷརྨ་ཨ་ཤོ་ཀ་སྟེ་ཆོས་ཀྱི་མྱ་ངན་མེད་དུ་གྲགས་སོ། །ཉི་འོག་གི་དགེ་སློང་རྣམས་ལ་གསེར་བྱེ་བ་དགུ་བཅུ་རྩ་དྲུག་ལས་འབུལ་མ་ཐུབ་པའི་སྐབས་དེར་བླཽན་པོ་བློ་གྲོས་ཅན་ཞིག་གིས་རྒྱལ་པོ་འདི་ལ་ཐབས་ཡོད་དེ་རྒྱལ་སྲིད་ཐམས་ཅད་དགེ་འདུན་ལ་གཏོད་ཅིག །གསེར་བྱེ་བ་བརྒྱ་ནི་དེ་ཉིད་ཀྱི་ཁོངས་ན་གནས་སོ་ཞེས་ཟེར་བ་བདེན་པར་ཤེས་ཏེ་རྒྱལ་སྲིད་དགེ་འདུན་ལ་ཕུལ་ལོ། །རྒྱལ་བོའི་བསོད་ནམས་འཕེལ་པའི་དོན་དུ་ཉིན་ཞག་གཉིས་དགེ་འདུན་གྱིས་རྒྱལ་སྲིད་བསྐྱངས། དེར་དགེ་འདུན་ལ་གསེར་དང་དབྱིག་དཔག་ཏུ་མེད་པ་ཕུལ་ཏེ། རྒྱལ་སྲིད་བླངས་ནས། མྱ་ངན་མེད་ཀྱི་ཚ་བོ་མྱ་ངན་བྲལ་རྒྱལ་སྲིད་ལ་བསྐོས་སོ། །ས་དབང་བཟང་པོས་བྱས་པའི་གཏམ་རྒྱུད་ཀྱི་ཡི་གེ་ན་འདིའི་ལོ་རྒྱུས་གྱི་གོ་རིམ་བསྒྲིགས་པ་ཙམ་སྣང་ལ། ཉན་ཐོས་ཀྱི་སྡེ་སྣོད་དང་འབྲེལ་བ་ལ་མྱ་ངན་མེད་ཀྱི་རྟོགས་བརྗོད། མྱ་ངན་མེད་བཏུལ་པའི་རྟོགས་བརྗོད། མྱ་ངན་མེད་ཀྱིས་ཀླུ་བཏུལ་བའི་རྟོགས་བརྗོད། མཆོད་རྟེན་གྱི་རྟོགས་བརྗོད། དུས་སྟོན་གྱི་རྟོགས་བརྗོད། གསེར་ཕུལ་བའི་རྟོགས་བརྗོད་དེ་དྲུག་དང༌། ཀུན་ལའི་རྟོགས་བརྗོད་དེ་བདུན་ཡོད་པའི་གཉིས་པ་དང་བདུན་པ་བོད་དུ་འགྱུར་ལ། གཞན་རྣམས་ཀྱི་རྒྱ་དཔེ་ཡང་ཁོ་བོས་མཐོང་ཞིང༌། གསེར་ཕུལ་བ་སོགས་གཏམ་རྒྱུད་ཅི་རིགས་པ་དང་དཔག་བསམ་འཁྲི་ཤིང་ན་ཡང་ཡོད་དོ། །རྒྱལ་པོ་མྱ་ངན་མེད་ཀྱི་ལོ་རྒྱུས་ཀྱི་སྐབས་ཏེ་དྲུག་པའོ།། །།གང་གི་ཚེ་འཕགས་པ་དྷཱི་ཏི་ཀས་འཕགས་པ་ནག་པོ་ལ་བསྟན་པ་མ་གཏད་པའི་སྔོན་རོལ་ཞིག་ཏུ་འཕགས་པ་དྷཱི་ཏི་ཀ་ལོ་མང་པོ་སྐུ་བྲོ་འཚལ་ཏེ་མ་ལ་ཝའི་ཡུལ་གྱི་བྱེ་བྲག་ཀཽ་ཤཱམྦྷཱི་ཁོ་ནར་བཞུགས་ནས་འཁོར་
རྣམ་པ་བཞི་ལ་གདམས་ངག་འབོགས་པ་ཡིན་པ་ལས་ཡངས་པ་ཅན་པའི་དགེ་སློང་དག་གནས་བརྟན་ནད་ཀྱྀས་བཏབ་པ་ལས་ཡང་དག་པའི་རྗེས་སུ་བསྟན་པ་ཅི་ཞིག་ཐོབ་པར་འགྱུར་ཞེས་དེའི་ཐད་དུ་མི་འགྲོ་ཞིང༌། མི་རུང་བའི་གཞི་བཅུ་སྤྱོད་བཞིན་དུ་འདི་ནི་ཆོས་ཡིན་འདུལ་བ་ཡིན། སྟོན་པའི་བསྟན་པ་ཡིན་ནོ་ཞེས་བསྒྲགས་སོ། །དགྲ་བཅོམ་པ་གྲགས་པ་ལ་སོགས་པ་དགྲ་བཅོམ་པ་བདུན་བརྒྱས་དེ་སུན་ཕྱུང་སྟེ། ཀུ་སྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་ལི་ཙ་བཱིའི་རིགས་ལས་བྱུང་བའི་རྒྱལ་པོ་དགའ་བྱེད་ཅེས་བྱ་བས་སྦྱིན་བདག་བྱས་ཏེ། བཀའ་བསྡུ་བ་གཉིས་པ་མཛད་པ་ཡིན་ལ། དེ་ལ་དགྲ་བཅོམ་པ་བདུན་བརྒྱ་ནི་གྲོང་ཁྱེར་དྲུག་གིས་མཚམས་བཅད་པའི་ཚེ། ཡངས་པ་ཅན་གྱི་ཕྱོགས་སུ་གཏོགས་པ་ཁོ་ནར་བཞུགས་པའི་དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་མང་དུ་ཐོས་པ་དག་གོ །དེའི་ཕྱིར་བསྡུ་བ་གཉིས་པ་འདི་ནི་ཆ་ཤས་ཀྱྀ་བསྡུ་བ་ཡིན་ནོ། །འདིའི་ལོ་རྒྱུས་དངོས་ནི་ལུང་ཕྲན་ཚེགས་ལས་འབྱུང་བ་ལས་ལྷག་པ་མེད་ཅིང་གྲགས་ཆེ་བས་འདིར་མ་བྲིས་ལ། བསྡུ་བ་དེ་དུས་སྐབས་འདིར་བྱུང་བར་བྷཱ་ཊ་གྷ་ཊི་དང༌། ས་དབང་བཟང་པོས་བཤད་ཅིང༌། ད་ལྟ་བོད་དུ་ཡོད་པའི་འདུལ་བ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པའི་ཚེ། བསྡུ་བ་གཉིས་པ་མཛད་པར་བཤད་པ་དང་མཐུན་པར་བྱུང་བས། རང་ལུགས་འདི་ཁོ་ནར་གཟུང་ལ། སྡེ་པ་གཞན་འགའ་ཞིག་གི་འདུལ་བ་ན། སྟོན་པ་མྱ་ངན་ལས་འདས་ནས་ལོ་ཉིས་བརྒྱ་བཅུའམ་ཉིས་བརྒྱ་ཉི་ཤུ་ལོན་པ་ན་བསྡུ་བ་གཉིས་པ་མཛད་པར་བཤད་པའང་ཡོད་སྣང་ཞིང༌། དེ་དང་གུང་སྒྲིག་པའི་དབང་དུ་བྱས་ཏེ་རྒྱ་གར་ནས་བྱུང་བའི་ལོ་རྒྱུས་ཀྱི་ཡི་གེ་འགའ་ནའང༌། འཕགས་པ་དྷཱི་ཏི་ཀ་སོགས་དང་མྱ་ངན་མེད་དུས་མཚུངས་པར་བྱས་ནས་ལེགས་མཐོང་ཆེན་པོ་ཡང་མྱ་ངན་ལས་
འདས། རྒྱལ་པོ་མྱ་ངན་མེད་ཀྱང་འདས་པའི་འོག་ཏུ་བསྡུ་བ་གཉིས་པ་བྱུང་ཟེར་བའང་སྣང༌། དེ་ནི་ལུང་ཕྲན་ཚེགས་ལས། དེས་ལེགས་མཐོང་ཆེན་པོ་ལ་བསྟན་པ་གཏད་དེ། གླང་པོ་ཆེན་པོ་དག་ཡོངས་སུ་མྱ་ངན་འདས་སོ། །དེའི་ཚེ་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ལོན་པ་ཞེས་སོགས་ཀྱི་ཚིག་ལ་འཁྲུལ་གཞི་བྱུང་བ་སྟེ། རྒྱ་སྐད་དུ་ཡ་དཱ་ཙི་ཏ་ཞེས་བྱ་བ་ཚིགས་གྲོགས་ཀྱི་དབང་གིས་གང་གི་ཚེ་དང་དེའི་ཚེ་གཉིས་ཀ་ལ་འཇུག་པ་ལས་སྐབས་འདིར་གང་གི་ཚེར་བསྒྱུར་དགོས་ལ། ལོ་ཉིས་བརྒྱ་ཉི་ཤུ་སོགས་སུ་བཤད་པ་ནི་ལོ་ཕྱེད་ལོར་བརྩིས་པའི་དབང་དུ་བྱས་པ་ཡིན་པས་ལོ་བརྒྱ་དང་བཅུར་བཤད་པ་དང་དགོངས་བ་གཅིག་གོ་ཞེས་བླ་མ་པནྚི་ཏ་གསུང་ངོ༌། །པནྚི་ཏ་དབང་པོས་བྱིན་གྱིས་བྱས་པའི་གཏམ་གྱི་སྦྱོར་བ་ན། རྒྱལ་བ་མྱ་ངན་ལས་འདས་ནས་ལོ་ལྔ་བཅུ་ན་ཉེ་སྦས་བྱུང་བ་དང༌། བརྒྱ་དང་བཅུ་ན་གཏད་རབས་རྫོགས་ཟིན། དེ་རྗེས་མྱ་ངན་མེད་བྱུང་བ་སོགས་བཤད་ན་ལུང་བསྟན་པ་དང་མི་འབྱོར་ཞིང༌། འཕགས་ཡུལ་གྱི་གཏམ་གྱི་སྦྱོར་བ་ཁུངས་མ་རྣམས་དང་འགལ་བས་ལེགས་ལེགས་འགྲིག་འགྲིག་འདྲ་ཡང་ཡིད་བརྟན་མེད་དོ་ཞེས་གསུང་གིན་སྣང་ངོ༌། །ཡུལ་ཤར་ཕྱོགས་ཨངྒ་ཞེས་བྱ་བར་ཁྱིམ་བདག་ཕྱུག་པོ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཅིག་ཡོད་པ་དེའི་ཁྱིམ་ན་རང་གི་ལས་ཀྱི་མཐུ་ལས་བྱུང་བའི་ལྗོན་ཤིང་འབྲས་བུ་རིན་པོ་ཆེར་ལྷུང་བ་ཅིག་ཡོད་དོ། །དེ་ལ་བུ་མེད་པ་ལས་ལྷ་ཆེན་པོ་ཁྱབ་འཇུག་ནག་པོའི་གཟུགས་ཅན་ལ་ཡང་ནས་ཡང་དུ་མཆོད་པར་བྱེད་པ་ལས་ནམ་ཞིག་ན་ཁྱེའུ་ཞིག་བཙས་པ་མིང་ནག་པོར་བཏགས་སོ། །དེ་ཆེར་སྐྱེས་པ་ན་རྒྱ་མཚོ་ཆེན་པོར་འཇུག་འདོད་པར་གྱུར་ཏེ། ཚོང་པ་ལྔ་བརྒྱ་དང་བཅས་པ་གཟིངས་ལེགས་པར་བཅས་ཏེ་རིན་པོ་ཆེའི་གླིང་དུ་ཕྱིན། གྲུ་ལེགས་པར་གྲུབ་བོ། །དེ་བཞིན་དུ་རྒྱ་མཚོར་ལན་དྲུག་གི་བར་དུ་ཕྱིན་ཏེ་དུས་མྱུར་བ་
ཁོ་ནར་དཀའ་བ་མེད་པས་གྲུ་གྲུབ་པར་གྱུར་པས་ཚོང་དཔོན་བསོད་ནམས་དང་ལྡན་པའི་གྲགས་པས་ཕྱོགས་ཐམས་ཅད་ཁྱབ་བོ། །བར་སྐབས་དེར་ཕ་མ་ཡང་འདས་ཤིང་འཕགས་པ་དྷཱི་ཏི་ཀ་ལ་དད་པ་ཐོབ་པའི་སྐབས་ཤིག་ན་བྱང་ཕྱོགས་ཐག་རིང་པོ་ནས་ཚོང་པ་མང་པོ་དག་ལྷགས་ཏེ་རྒྱ་མཚོར་འགྲོ་བར་བསྐུལ་ལོ། །དེས་གྲུ་བོ་ཆེ་ལན་བདུན་གྲུབ་པ་ནི་མ་ཐོས་ཀྱིས། བདག་གིས་འགྲོ་བར་མི་ནུས་སོ་ཞེས་བཟློག་ཀྱང་ནན་གྱིས་གསོལ་པ་བཏབ་པས་མཐར་སོང་ངོ༌། །རིན་པོ་ཆེའི་གླིང་དུའང་སོན། གྲུ་ནོར་བུས་བཀང་སྟེ་ཚུར་འོངས་པ་ན། རྒྱ་མཚོའི་གླིང་ལ་ཚལ་སྔོན་པོ་སྔོ་ཞིང་སྦྲེང་བ་དག་མཐོང་སྟེ། དེར་ཚོང་པ་རྣམས་ངལ་བསོ་བའི་སེམས་ཀྱིས་ཕྱིན་པས། སྲིན་མོ་ཁྲུང་ཁྲུང་གཞོན་ནུ་མ་ཞེས་བྱ་བ་རྒྱ་མཚོ་ལ་གནས་པའི་སྲིན་མོའི་རིགས་ཀྱི་ཁྱབ་པར་རྣམས་ཀྱིས་ཟིན་པ་ན། ཚོང་དཔོན་གྱིས་འཕགས་པ་དྷཱི་ཏི་ཀ་ལ་སྐྱབས་སུ་སོང་ངོ༌། །དེའི་ཚེ་དེ་ལ་དགའ་བའི་ལྷ་རྣམས་ཀྱིས་འཕགས་པ་དྷཱི་ཏི་ཀ་ལ་སྦྲན་པས། འཕགས་པའི་རྫུ་འཕྲུལ་གྱིས་གླིང་དེར་འོང་པ་ན་གཟི་བརྗིད་མ་བཟོད་ནས། སྲིན་མོ་རྣམས་བྲོས་པའི་འོག་ཏུ་ཚོང་པ་དག་བདེ་བར་འཛམ་བུའི་གླིང་དུ་ཕྱིན་ནོ། །དེར་ཚོང་པ་དེ་ཐམས་ཅད་ཀྱི་ཡོ་བྱད་ཐམས་ཅད་ལོ་གསུམ་གྱི་བར་དུ་ཕྱོགས་བཞིའི་དགེ་འདུན་ལ་དུས་སྟོན་ཆེན་པོ་བྱས་ནས། མཐར་རབ་ཏུ་བྱུང་སྟེ་འཕགས་པ་དྷཱི་ཏི་ཀ་ལས་བསྙེན་པར་རྫོགས་ནས་མི་རིང་བར་ཐམས་ཅད་དགྲ་བཅོམ་པ་ཐོབ་བོ། །དེ་ནས་ནམ་ཞིག་ན་འཕགས་པ་དྷཱི་ཏི་ཀ་མྱ་ངན་ལས་འདས་པའི་ཚེ་ཚོང་དཔོན་གྱི་རིགས་ལས་རབ་ཏུ་བྱུང་བ་འཕགས་པ་ནག་པོས་བསྟན་པ་བསྐྱངས་ཏེ། འཁོར་རྣམ་པ་བཞི་ལ་གདམས་ངག་འབོགས་ཤིང་འབྲས་བུ་རྣམ་པ་བཞི་ཐོབ་པ་རྒྱུན་མི་ཆད་པ་ཡོད་དོ། །དེའི་ཚེ་ཁ་ཆེའི་ཡུལ་ནས་བྲམ་ཟེའི་
རིགས་དགེ་སློང་གནས་པ་ཞེས་བྱ་བ་གདུག་པ་གཏུམ་པ་མང་དུ་ཐོས་པ། བདག་ཏུ་ལྟ་བ་ལ་མངོན་པར་དགའ་བ་ཅིག་ཡུལ་ཀུན་ཏུ་རྒྱུ་ཞིང་སོ་སོ་སྐྱེ་བོ་རྣམས་ལྟ་བ་ངན་པ་ལ་འགོད་པར་བྱེད་པ་བྱུང་སྟེ། དེའི་ཕྱིར་དགེ་འདུན་ཅུང་ཟད་རྩོད་པར་གྱུར་ཏོ། །དེར་མ་རུའི་ཡུལ་གྱི་ཆ་ཤས་པུ་སྐ་ར་ཎི་ཞེས་བྱ་བའི་གཙུག་ལག་ཁང་དུ་གནོད་སྦྱིན་སེར་སྐྱ་ཞེས་བྱ་བ་ཞིག་གིས་འཚོ་བ་སྦྱར་ནས་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་བསྡུས་ཏེ། དེ་དག་ཕྱིར་བཅོས་ནས་དགེ་འདུན་ཐམས་ཅད་ཡོངས་སུ་འདུས་བའི་དབུས་སུ་བདག་མེད་པའི་ཆོས་ཡང་ནས་ཡང་དུ་བསྟན་ཏོ། །དེར་ཟླ་བ་གསུམ་ཙམ་འདས་པ་ན། གནས་བརྟན་གནས་པས་བདག་ཏུ་ལྟ་བ་ལ་སྔར་བཀོད་པའི་དགེ་སློང་དེ་ཐམས་ཅད་རྒྱུད་ཡོངས་སུ་དག་སྟེ་བདེན་པ་མཐོང་བ་ཤ་སྟག་ཏུ་གྱུར་ཏོ། །གནས་བརྟན་གནས་པ་ཉིད་ཀྱང་མཐར་ལྟ་བ་མ་ཉམས་པ་ལ་བཀོད། ཡང་སིངྒ་ལའི་གླིང་ན་རྒྱལ་པོ་ཁྲི་ལྡན་སེང་གེའི་མཛོད་པ་ཞེས་བྱ་བ་ཡོད་དེ། དེ་མདུན་ས་ན་གནས་པའི་ཚེ། འཛམ་བུའི་གླིང་ན་གནས་པའི་ཚོང་པ་ཞིག་གིས་སྟོན་པའི་སྐུ་གཟུགས་ཤིང་ལས་བྱས་པ་ཞིག་ཕུལ། དེས་འདི་ཅི་ཞེས་དྲིས་པའི་ཚེ། སྟོན་པ་ནས་བརྩམས་ཏེ་འཕགས་པ་ནག་པོའི་བར་གྱི་ཆེ་བ་རྣམས་བརྗོད་དོ། །དེ་ནས་རྒྱལ་པོ་འཕགས་པ་ནག་པོ་ལྟ་བར་འདོད་ཅིང་དམ་པའི་ཆོས་ཉན་པར་འདོད་ནས་ཕོ་ཉ་བ་མངགས་ཏེ། དེས་འཕགས་པའི་དྲུང་དུ་ཕྱིན་པ་ན་འཕགས་པ་འཁོར་ལྔ་བརྒྱ་དང་བཅས་པ་རྫུ་འཕྲུལ་གྱིས་ནམ་མཁའ་ལ་གཤེགས་ཤིང༌། ཕོ་ཉ་བ་ཡང་ཆོས་གོས་ཀྱི་གྲྭ་ལ་འཇུས་ཏེ། སིངྒ་ལའི་གླིང་གི་ཡུལ་གྱི་མཐར་བབས་ཤིང༌། ཕོ་ཉ་བ་སྔ་རོལ་ཏུ་བཏང་བས་རྒྱལ་པོ་ལ་སོགས་པས་ཡང་དག་པར་བསུས་ཏེ། འོད་ཟེར་ཁ་དོག་སྣ་ཚོགས་པ་སྤྲོ་བ་དང༌། འབར་བ་
ལ་སོགས་པའི་ཆོ་འཕྲུལ་དང་བཅས་བཞིན་དུ་གྲོང་ཁྱེར་མཆོག་ཏུ་གཤེགས་སོ། །གླིང་དེར་ཟླ་བ་གསུམ་དུ་ཆོས་ཡང་དག་པར་བསྟན། གཙུག་ལག་ཁང་དང་དགེ་འདུན་གྱིས་གང་བར་བྱས་ཏེ་མང་པོ་ཞིག་འབྲས་བུ་བཞི་ལ་བཀོད་དོ། །གླིང་དེ་སྔོན་སྟོན་པས་ཞབས་ཀྱིས་བཅགས་ཀྱང༌། སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་ཆེར་མེད་པ་ལས་འཕགས་པ་ནག་པོས་ཤིན་ཏུ་དར་བར་མཛད་དོ། །མཐར་རྒྱལ་པཽའི་རིགས་ལས་བྱུང་བ་འཕགས་པ་ལེགས་མཐོང་ལ་བསྟན་པ་གཏད་དེ། བྱང་ཕྱོགས་ཀྱི་ཡུལ་ཀུ་ཤ་པ་ན་ཞེས་བྱ་བར་མྱ་ངན་ལས་འདས་སོ། །དེ་ལ་འཕགས་པ་ལེགས་མཐོང་ནི་ནུབ་ཕྱོགས་ཡུལ་བྷ་རུ་ཀཙྪར་སྐྱ་སེང་གི་རིགས་ལས་བྱུང་བའི་རྒྱལ་རིགས་མཐོང་བ་ཞེས་བྱ་བ་འབྱོར་པ་ཕུན་སུམ་ཚོགས་པ་ཅིག་ཡོད་དེ། དེའི་བུ་ལ་ལེགས་མཐོང་དུ་བཏགས་སོ། །དེ་ཆེར་སྐྱེས་ནས་སྐྱེད་མོས་ཚལ་ལྔ་བཅུ་དང༌། བུད་མེད་མཆོག་ལྔ་བཅུ། དེ་རེ་རེ་ལ་གཡོག་མོ་ལྔ་ལྔ། དེ་རེ་རེ་ལ་ཡང་སིལ་སྙན་མ་ལྔ་ལྔ། ཉིན་རེ་ལ་གསེར་པ་ཎ་ལྔ་སྟོང་གི་མེ་ཏོག་ལ་ལོངས་སྤྱོད་པར་བྱེད་ན་ལོངས་སྤྱོད་གཞན་གྱི་ཁྱད་པར་ནི་སྨོས་མ་དགོས་ཏེ་ལྷ་དང་མཐུན་པའི་ལོངས་སྤྱོད་ཅན་ནོ། །དུས་ནམ་ཞིག་ན་དེ་འཁོར་ཚོགས་ཀྱིས་ཡོངས་སུ་བསྐོར་ནས་སྐྱེད་མོས་ཚལ་དུ་འཇུག་པའི་ལམ་དུ་དགྲ་བཅོམ་པ་སུ་ག་ཡ་ན་ཞེས་བྱ་བ་འཁོར་མང་པོ་དང་བཅས་ཏེ་གྲོང་ཁྱེར་དུ་འཇུག་པ་མཐོང་བས་ལྷག་པར་དད་དེ། ཞབས་ལ་ཕྱག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ །དེར་དགྲ་བཅོམ་པས་ཆོས་བསྟན་པ་ན་སྟན་དེ་ལ་འཁོད་བཞིན་དུ་དགྲ་བཅོམ་པ་ཐོབ་བོ། །རབ་ཏུ་བྱུང་བར་ཞུས་པས་དགྲ་བཅོམ་པ་ཁྱིམ་ན་གནས་པ་ནི་གནས་མ་ཡིན་ཞིང་སྐབས་མ་ཡིན་མོད་འོན་ཀྱང་ཕ་ལ་རིག་པར་གྱིས་ཤིག དེས་
ཀྱང་ཕ་ལ་རབ་ཏུ་བྱུང་བར་ཞུས་པས། ཕ་རབ་ཏུ་ཁྲོས་པར་གྱུར་ཏེ། དེ་ལྕགས་སྒྲོག་གིས་འཆིང་བར་བརྩམས་པ་ན་སྐད་ཅིག་དེ་ཉིད་ལ་ནམ་མཁའ་ལ་འཕགས་ཤིང༌། འོད་ཟེར་སྤྲོ་བ་ལ་སོགས་པའི་ཆོ་འཕྲུལ་བསྟན་པས་ཤིན་ཏུ་དད་པར་གྱུར་ཏེ། བུ་ཁྱོད་ཡོན་ཏན་གྱི་ཁྱད་པར་འདི་ལྟ་བུ་ཐོབ་པས་ད་ནི་རབ་ཏུ་བྱུང་ལ་བདག་ལ་ཡང་བརྩེ་བར་གྱིས་ཤིག དེར་རབ་ཏུ་བྱུང་ཞིང་ཕ་ལ་ཆོས་བསྟན་པས་དེས་ཀྱང་བདེན་པ་མཐོང་ངོ༌། །དེ་ནས་འཕགས་པ་ནག་པོ་སློབ་དཔོན་དུ་བསྟེན་ཏེ། ལྷན་ཅིག་གནས་པའི་ཚུལ་གྱིས་ཡུན་རིང་དུ་གནས་པ་ལས་འཕགས་པ་ནག་པོ་མྱ་ངན་ལས་འདས་ནས། འཁོར་རྣམ་པ་བཞི་ལེགས་མཐོང་ཆེན་པོས་འདུལ་བར་མཛད་དོ། །དེའི་ཚེ་ནུབ་ཕྱོགས་སིནྡྷུའི་གནས་ན་གནོད་སྦྱིན་མོ་ཧིདྒ་ལཱ་ཙི་ཞེས་བྱ་བ་མཐུ་དང་རྫུ་འཕྲུལ་ཆེ་བ་གནས་ཏེ། དེས་ཡུལ་དང་ཡུལ་དུ་མི་ངས་ཆེན་པོ་དག་ཀྱང་གཏོང་བར་བྱེད། ཡུལ་གྱི་མི་རྣམས་གཞན་དུ་འབྲོས་པར་བརྩམས་པའི་ཚེ་རང་ཉིད་འཇིགས་པའི་གཟུགས་ཀྱིས་འོངས་ནས་ལམ་བཀག་གོ །དེ་ནས་སྐྱེ་བོའི་ཚོགས་ཀྱིས་ཉིན་རེར་བ་ལང་དྲུག་དང་ལྡན་པའི་ཤིང་རྟ་བཟའ་བཅས་བཀང་བ་དང༌། རྟ་མཆོག་རེ་དང༌། སྐྱེས་པ་དང༌། བུད་མེད་རེ་རེ་གཏོར་མར་འབུལ་བར་བྱས་སོ། །དེ་ནས་དུས་གཞན་ཞིག་ན་འཕགས་པ་ལེགས་མཐོང་གིས་དེ་འདུལ་བའི་དུས་ཡིན་པར་མཁྱེན་ནས། སིནྡྷཱུའི་གྲོང་དུ་བསོད་སྙོམས་བླངས་ཏེ་དེའི་གནས་སུ་བྱོན་ནས་གསོལ་བས་འདི་ནི་དགེ་སྦྱོང་ལམ་འཁྱམས་པ་ཅིག་གོ་སྙམ་མོ། །མཐར་ལྷུང་བཟེད་བཀྲུས་པའི་ཁུ་བ་དེའི་གནས་སུ་ཕོ་བས་དེ་ལྷག་པར་ཁྲོས་པར་གྱུར་ཏེ། རྡོ་དང་མཚོན་ཆའི་ཆར་ཕབ་པ་ན་དགྲ་བཅོམ་པས་བྱམས་པའི་ཏིང་ངེ་འཛིན་ལ་
སྙོམས་པར་ཞུགས་པས་མེ་ཏོག་གི་ཆར་དུ་གྱུར། འཕགས་པས་མོས་པའི་སྟོབས་ཀྱིས་ཕྱོགས་ཐམས་ཅད་མེར་གྱུར་པ་ན་གནོད་སྦྱིན་མོ་ཉིད་ཚིག་པས་འཇིགས་ཏེ་འཕགས་པ་ལ་སྐྱབས་སུ་སོང༌། དེས་ཀྱང་ཆོས་བསྟན་ཏེ་བསླབ་པའི་གནས་ལ་ཡང་དག་པར་བཀོད་དོ། །ད་ལྟའི་བར་དུ་ཡང་དེ་ལ་ཤ་ཁྲག་གི་མཆོད་པ་བྱེད་པ་མེད་དོ། །གཞན་ཡང་ཕྱིས་འདུལ་བར་བྱེད་པ་པོ་མི་འབྱུང་བར་མཁྱེན་ནས། བསྟན་པ་ལ་མི་དད་པའི་ཀླུ་དང་གནོད་སྦྱིན་ལྔ་བརྒྱ་ཙམ་བཏུལ་ལོ། །དེ་ནས་འཕགས་པ་དེས་ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་བྱོན་ཏེ། གཙུག་ལག་ཁང་དང༌། དགེ་འདུན་གྱིས་ཁྱབ་པར་བྱས། གླིང་ཕྲན་མང་པོར་ཡང་སངས་རྒྱས་ཀྱི་བསྟན་པ་བཞག རྒྱ་ཡུལ་ཆེན་པོ་སོགས་སུ་ཡང་ཆོས་ཅུང་ཟད་དར་བར་མཛད་ནས་སེམས་ཅན་དཔག་ཏུ་མེད་པ་བདེ་བ་ལ་བཀོད་དེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་ལས་འདས་སོ། །དེ་ཡང་རྒྱལ་པཽ་མྱ་ངན་མེད་ཆུང་ངུའི་ཚེ་འཕགས་པ་དྷཱི་ཏི་ཀའི་སྐུ་ཚེའི་སྨད་དང༌། དེ་སྡིག་སྤྱོད་ལ་གནས་པའི་ཚེ་འཕགས་པ་ནག་པོ་དང༌། ཆོས་ཀྱི་རྒྱལ་པཽར་གྱུར་པའི་ཚེ་འཕགས་པ་ལེགས་མཐོང་གིས་བསྟན་པ་སྐྱོང་བའི་སྐབས་ཡིན་ཞིང༌། ལེགས་མཐོང་ཆེན་པོ་མྱ་ངན་ལས་འདས་རྗེས་རྒྱལ་པོའང་འདས་སོ། །འཕགས་པ་ཀུན་དགའ་བོ་ནས་ལེགས་མཐོང་གི་བར་ལ་སོ་སོར་རྟོགས་པ་བརྗོད་པ་རེ་ཡོད་པར་སྣང་ཞིང༌། དེ་དག་གི་སྙིང་པོ་ས་དབང་བཟང་པོས་བསྡུས་པ་བཞིན་དུ་བྲིས་སོ། །གཏད་རབས་དེ་དག་བསྟན་པ་རྫོགས་པར་སྐྱོང་བ། སྟོན་པ་སངས་རྒྱས་ཉིད་དང་མཛད་པ་ཕྱོགས་མཚུངས་པ་ཡིན་ལ། དེ་དག་གི་རྗེས་སུ་དགྲ་བཅོམ་པ་མང་དུ་བྱོན་མོད་ཀྱི་སྟོན་པ་དང་མཛད་པ་ཕྱོགས་མཚུངས་པ་འདི་ལྟ་བུ་དག་དང་མཉམ་པ་མ་བྱུང་ངོ༌། །རྒྱལ་བོ་མྱ་ངན་མེད་དང་དུས་མཚུངས་
སུ་བྱུང་བའི་གཏམ་གྱི་སྐབས་དེ་བདུན་པའོ།། །།རྒྱལ་པོ་མྱ་ངན་མེད་ལ་བུ་བཅུ་གཅིག་ཡོད་པ་ལས་མཆོག་ཏུ་གྱུར་བ་ནི། ཀུ་ན་ལ་སྟེ་རི་གངས་ཅན་ལ་གནས་པའི་བྱ་ཀུ་ན་ལའི་མིག་དང་འདྲ་བའི་མིག་ཡོད་པས་དྲང་སྲོང་ཞིག་གིས་མིང་དེ་ལྟར་བཏགས། དེ་སྒྱུ་རྩལ་ཐམས་ཅད་ལ་མཁས་པར་གྱུར་པའི་ཚེ། མྱ་ངན་མེད་ཀྱི་བཙུན་མོ་སྐར་རྒྱལ་བསྲུངས་མ་ཞེས་བྱ་བ་དེ་ལ་ཆགས་ནས་འབྲིད་དེ་རྔོད་པ་ལས། དེ་བག་ཡོད་པའི་ཕྱིར་དང་དུ་མ་བླངས་པས་སྐར་རྒྱལ་བསྲུངས་མ་ཁྲོས་སོ། །རེས་གཅིག་མྱ་ངན་མེད་བཤང་གཅི་འཁྲུ་སྐྱུགས་གཉིས་ཀར་བྱེད་པའི་ནད་བྱུང་ངོ༌། །རི་བོར་ཞིག་ན་མི་ཕལ་པ་ཅིག་དེ་ལྟར་ན་བ་སྐར་རྒྱལ་བསྲུངས་མས་ཐོས་ཏེ་དེ་བསད་ནས་ལྟོ་བ་ཕྲལ་ཏེ་བལྟས་པས་སྲིན་བུ་ཡན་ལག་མང་བོ་མི་བཟད་པ་ཅིག་མཐོང་ལ་དེ་གྱེན་ཐུར་དུ་འགྲོ་བ་ལས་འཁྲུ་སྐྱུགས་ཡོང་བ་ཤེས་སོ། །དེ་སྨན་གཞན་བཏབ་ཀྱང་མ་ཤི་ལ་སྒོག་སྐྱ་བཏབ་པས་ཤིའོ། །དེ་ནས་སྐར་རྒྱལ་བསྲུངས་མས་རྒྱལ་པོ་ལ་སྒོག་སྐྱའི་སྨན་མར་བཏང་ངོ༌། །རྒྱལ་རིགས་རྣམས་སྒོག་སྐྱ་མི་ཟ་བ་ཡིན་ནའང་ནད་འཚོ་བའི་དོན་དུ་བསྟེན་པས་དེ་སོས་པ་ན། རྒྱལ་པོས་དམ་པ་སྦྱིན་པར་བྱས་པས་ད་ལྟ་མི་འཚལ་གྱི་དུས་གཞན་ཞིག་ན་གསོལ་ལོ། །ནམ་ཞིག་ན་ནུབ་བྱང་ཨསྨ་པ་རནྟ་ཞེས་བྱ་བ་ཡུལ་ཐག་རིང་པོ་ཞིག་ན་རྒྱལ་པོ་གླང་པོའི་རྣ་བ་ཞེས་བྱ་བ་ངོ་ལོག་པ་འདུལ་བའི་དོན་དུ་རྒྱལ་བུ་ཀུན་ལ་དམག་དང་བཅས་པ་སོང༌། མཐར་རྒྱལ་པོ་དེ་འོག་ཏུ་ཆུད་པ་ཙམ་གྱི་དུས་མྱ་ངན་མེད་ལ་སྐར་རྒྱལ་བསྲུངས་མས་ལྷས་དམ་པ་སྩལ་བའི་དུས་ནི་ད་ལགས་ཏེ་བདག་ལ་ཞག་བདུན་དུ་རྒྱལ་སྲིད་འཚལ་ལོ། །དེས་ཀྱང་བྱིན་པ་ན་ཀུ་ན་ལའི་མིག་ཕྱུང་ཞིག་ཅེས་པའི་ཡི་གེ་བྲྀས་ཏེ། རྒྱལ་པོའི་དམ་རྒྱ་བརྐུས་ནས་བཏབ་སྟེ་ཕོ་ཉ་ཨསྨ་པ་
རནྟར་བརྫངས་སོ། །དེའི་རྒྱལ་པོས་ཡི་གེ་ཀློག་ཀྱང་ཀུ་ན་ལའི་མིག་འབྱིན་པར་མ་ནུས་ཏེ། དེའི་ཚེ་ཀུ་ན་ལ་ཉིད་ཀྱིས་ཡི་གེ་བཀླགས་བ་ན་རྒྱལ་པོའི་བཀར་ཤེས་ནས་མིག་འབྱིན་པར་བརྩམས་པའི་ཚེ། མིག་ཡ་གཅིག་ཕྱུང་ལ་ངའི་ལག་ཏུ་གཏོད་ཅིག་ཟེར་བ་བཞིན་བྱས་པ་ན། སྔཽན་དགྲ་བཅོམ་པ་ཅིག་གིས་དེ་ལྟར་འགྱུར་བར་ཤེས་ནས་མི་རྟག་པ་ལས་བརྩམས་པའི་ཆོས་མང་དུ་བསྟན་པའི་དོན་རྟག་ཏུ་ཡིད་ལ་བྱེད་བཞིན་པ་ཡིན་པས་མིག་དེ་མཐོང་བས་རྐྱེན་བྱས་ཏེ་རྒྱུན་དུ་ཞུགས་པ་ཐོབ་བོ། །དེ་ནས་གཡོག་དང་བྲལ་བར་པི་ཝང་ལེན་ཞིང་ཡུལ་དང་ཡུལ་དུ་སོང་བ་ལས་མཐར་པ་ཊ་ལི་པུ་ཏྲའི་གླང་བོ་ཆེའི་ར་བར་སླེབ་པ་ལས། གླང་པོ་ཆེ་ཅང་ཤེས་ཀྱིས་ངོ་ཤེས་ཏེ་ཕྱག་བྱས་སོ། །མི་རྣམས་ཀྱིས་ནི་མ་ཤེས་ཏེ་ཐོ་རངས་གླང་རྫི་རྣམས་ཀྱིས་པི་ཝང་ལོངས་ཤིག་ཟེར་བས། ག་མ་ཀའི་གླུ་དང་བཅས་པི་ཝང་བླངས་པས་རྒྱལ་པོས་ཁང་བཟང་གི་རྩེ་མོ་ནས་བུའི་སྐད་འདྲ་བར་ཐོས་སོ། །ནམ་ལངས་པ་ན་བརྟགས་པས་ཡིན་པར་ཤེས་ཏེ། རྒྱུ་མཚན་བརྟགས་པ་ན་རྒྱལ་པོ་རབ་ཏུ་ཁྲོས་ཏེ་སྐར་རྒྱལ་བསྲུངས་མ་རྒྱ་སྐྱེགས་ཀྱི་ཁང་པར་བཅུག་ནས་མེ་ལ་སྲེགས་ཤིག་ཅེས་བརྗོད་པས་དེའི་ཚེ་ཀུ་ན་ལས་དེ་བཟློག་སྟེ། བདག་ནི་སྐལ་རྒྱལ་བསྲུངས་མ་དང༌། བདག་གི་བུ་ལ་མཉམ་པར་བྱམས་ཤིང་སྡང་བའི་སེམས་མེད་ན། མིག་སྔོན་བཞིན་དུ་གྱུར་ཅིག་ཅེས་བདེན་པ་གསོལ་བས་སྔོན་བས་ཀྱང་ལྷག་པའི་མིག་ཐོབ་པར་གྱུར་ཏོ། །དེ་རབ་ཏུ་བྱུང་ནས་དགྲ་བཅོམ་པ་ཐོབ་སྟེ། དེའི་ཕྱིར་ཕྱིས་དེ་རྒྱལ་སྲིད་ལ་ག་ལ་ཞིག་སྟེ། འོན་ཀྱང་དེའི་སྲས་མྱ་ངན་བྲལ་རྒྱལ་སྲིད་དུ་བསྐོས། དེའི་ཚེ་ཟེ་ར་གྷ་པ་ཞེས་བྱ་བ་ཡུལ་ཨོ་ཊི་བི་ཤར་བྱུང་སྟེ། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་དཀོན་མཆོག་
གསུམ་བླ་མར་བྱེད་པ་ཞིག་ཡིན་ལ། དེ་གཉིད་ལོག་པའི་རྨི་ལམ་དུ་ལྷས་བསྐུལ་ཏེ། ནངས་པར་ཁྱོད་ཀྱི་ཁྱིམ་དུ་དགེ་སློང་ཞིག་བསོད་སྙོམས་ལེན་པར་འབྱུང་ལ། དེ་ནི་མཐུ་ཆེ་བ་རྫུ་འཕྲུལ་ཆེ་བ་ཡིན་པས་ཕྱོགས་ཀུན་གྱི་འཕགས་པ་ཐམས་ཅད་བསྡུ་བར་ནུས་ཏེ། དེ་ལ་གསོལ་བ་ཐོབ་ཅིག་ཅེས་བྱུང་ནས། ནངས་པར་དགྲ་བཅོམ་པ་བསོས་བྱིན་དེའི་ཁྱིམ་དུ་བྱོན་པས་དེ་ལ་གསོལ་བ་བཏབ་སྟེ། འཕགས་པ་བརྒྱད་ཁྲི་ཙམ་འདུས་པ་ལ་ལོ་གསུམ་དུ་དུས་སྟོན་བྱས་པས་བསྟན་པ་ལ་དགའ་བའི་ལྷ་རྣམས་ཀྱིས་དེའི་ཁྱིམ་དུ་རིན་པོ་ཆེའི་ཆར་ཕབ་བོ། །དེས་ཀྱང་ཇི་སྲིད་འཚོའི་བར་དུ་སློང་བ་པོ་འབུམ་ཕྲག་རེ་རེ་ཉིན་རེར་ཚིམ་པར་བྱེད་དོ། །རྒྱལ་པོ་མྱ་ངན་བྲལ་གྱི་དུས་ཀྱི་གཏམ་སྟེ་བརྒྱད་པའོ།། །། དེའི་རྗེས་སུ་བྱང་ཕྱོགས་ཡུལ་གནྡྷ་རར་འཁྲུངས་པའི་དགྲ་བཅོམ་པ་འོད་སྲུང་ཞེས་བྱ་བས་བསྟན་པའི་བྱ་བ་རྣམ་པ་གསུམ་གྱིས་སེམས་ཅན་གྱི་དོན་མཛད་པའི་ཚེ། རྒྱལ་པོ་མྱ་ངན་བྲལ་གྱི་བུ་རྒྱལ་པོ་དཔའ་བོའི་སྡེ་ཞེས་བྱ་བ་རྣམ་ཐོས་སྲས་ཀྱི་བཙུན་མོ་ལྷ་མོ་དཔལ་གྲུབ་པས་སེམས་ཅན་ལ་གནོད་པ་ཅུང་ཟད་ཀྱང་མེད་པར་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་ངོ༌། །ཕྱོགས་བཞིའི་དགེ་སློང་ཐམས་ཅད་ལ་མཆོད་པར་བྱེད་ཅིང་ལོ་གསུམ་གྱི་བར་དུ་ས་སྟེང་གི་མཆོད་རྟེན་ཐམས་ཅད་ལ་མཆོད་པའི་ཡོ་བྱད་བརྒྱ་ཕྲག་རེས་མཆོད་པར་བྱས་སོ། །དེའི་ཚེ་བཅོམ་བརླག་ཏུ་བྲམ་ཟེ་གྲགས་ལྡན་ཞེས་བྱ་བ་བསྟན་པ་ལ་མངོན་པར་དད་པས་གཙུག་ལག་ཁང་འདམ་བུ་ཅན་ཞེས་བྱ་བ་ཞིག་བཞེངས་ཏེ། དགྲ་བཅོམ་པ་ཡུལ་བསླན་པ་ཞེས་བྱ་བས་ཆོས་བསྟན་པ་ལས་ཕྱོགས་བཞིའི་དགེ་སློང་ཤིན་ཏུ་མང་བ་དག་འདུས་ཏེ། དགེ་སློང་འབུམ་སྙེད་ལ་དུས་སྟོན་ཆེན་པོ་ཡང་བཙུགས། དེའི་ཚེ་ཡུལ་མ་རུ་ཊའི་ཕྱོགས་ཅིག་ན། ཚོང་
དཔོན་གྱི་བུ་ལྷ་ཆེན་པོ་ཞེས་བྱ་བ། ཕ་མ་དགྲ་བཅོམ་བསད་པ་སྟེ་མཚམས་མེད་གསུམ་བྱས་པ་ཅིག་རང་གི་སྡིག་པས་ཡིད་འབྱུང་ནས་ཁ་ཆེར་སོང་སྟེ། རང་གི་སྤྱོད་ཚུལ་ཡོངས་སུ་གསང་ནས་དགེ་སློང་བྱས་ཤིང་བློ་རྣོ་བས་སྡེ་སྣོད་གསུམ་པོ་ཡང་ཤིན་ཏུ་བྱང་བར་ཤེས་ནས་ཡིད་ཤིན་ཏུ་འགྱོད་པས་དགོན་པར་ཏིང་ངེ་འཛིན་ལ་བརྩོན་པར་བྱེད་དོ། །དེ་ལ་བདུད་ཀྱིས་བྱིན་གྱིས་བརླབས་ཏེ་ཐམས་ཅད་ཀྱིས་དགྲ་བཅོམ་པར་བཟུང་ནས་རྙེད་བཀུར་ཡང་ཆེར་འཕེལ། འཁོར་དགེ་སློང་མང་པཽ་དང་བཅས་ཏེ་གཙུག་ལག་ཁང་འདམ་བུ་ཅན་དུ་ཕྱིན་པས་དགེ་སློང་རྣམས་ཀྱིས་སོ་སོ་ཐར་པའི་མདོ་རེ་མོས་སུ་བཏོན་པའི་ཚེ། ལྷ་ཆེན་པོ་ལ་རེས་བབས་པ་ན། མདོ་འདོན་པའི་མཇུག་ཏུ། ལྷ་རྣམས་མ་རིག་པ་ཡིས་བསླུས། །ལམ་ནི་སྒྲ་ཡི་རྒྱུན་ལས་བྱུང༌། །ཐེ་ཚོམ་ཅན་རྣམས་གཞན་གྱིས་འཇུག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སྟོན་པས་འཕགས་པ་རྣམས་དང༌། དགེ་སློང་རྒན་པོ་རྣམས་ཀྱིས་མདོའི་ཚིག་མ་ཡིན་ནོ་ཞེས་བརྗོད་པ་ལས། དགེ་སློང་གཞན་པ་ཕལ་ཆེར་གྱིས་ལྷ་ཆེན་པོའི་གྲོགས་བྱས་ཏེ་རྩོད་པར་གྱུར་ལ། གཞན་ཡང་དེས་མདོའི་དོན་རྣམས་ལ་ལོག་པར་སྟོན་པ་ཡང་མང་དུ་བཤད་ནས། དེ་ཤི་བ་ན་དེའི་རྗེས་སུ་དགེ་སློང་བཟང་པོ་ཞེས་བྱ་བ་བདུད་སྡིག་ཅན་ཉིད་ཀྱི་སྤྲུལ་པ་ཡིན་ནམ་ཡང་ཟེར། དེས་ཀྱང་བཀའི་དོན་རྣམས་ལ་བརྒལ་བརྟག་དང་ཐེ་ཚོམ་གྱི་གནས་མང་པོ་བསྐྱེད་ཅིང༌། གཞན་ལ་ལན་གདབ་པ་དང༌། མ་ཤེས་པ་དང༌། ཡིད་གཉིས་དང༌། ཡོངས་སུ་བརྟག་པ་དང༌། བདག་ཉིད་གསོ་བར་བྱེད་པ་སྟེ་གཞི་ལྔ་ཡོངས་སུ་བསྒྲགས་ནས། འདི་ནི་སྟོན་པའི་བསྟན་པ་ཡིན་ནོ་ཞེས་བསྔགས་པས་བློ་གྲོས་ཐ་དད་པ་མང་པོས་བཀའ་ལ་གོ་བ་
འཚོལ་ལུགས་ཐ་དད་པ་བྱུང་སྟེ། ཐེ་ཚོམ་དང་ཡིད་གཉིས་སྣ་ཚོགས་པས་རྩོད་པ་ལང་ལོང་དུ་གྱུར་ཏོ། །ཡུལ་ཐ་དད་ཀྱི་སྐད་ཀྱིས་མདོ་སྣ་ཚོགས་སྟོན་པ་རྣམས་ཀྱང་ཡིག་རིགས་དང་ངག་སྒྲོས་ཅུང་ཟད་ཅུང་ཟད་འཆུགས་པས་ཚིག་སྣ་རིང་ཐུང་སྣ་ཚོགས་པ་བྱུང་ངོ༌། །དེར་དགྲ་བཅོམ་པ་སོགས་མཁས་པའི་སྐྱེ་བོ་རྣམས་ཀྱིས་རྩོད་པ་དེ་ཞི་བར་བརྩམས་ཀྱང་སོ་སོ་སྐྱེ་བོའི་དགེ་སློང་རྣམས་བདུད་ཀྱིས་ནོན་ཏེ་རྩོད་པ་མ་ཞིའོ། །ལྷ་ཆེན་པོ་དང་བཟང་པོ་ནམ་ཤི་བར་གྱུར་པ་དེའི་ཚེ་དེ་གཉིས་ཀྱི་ངང་ཚུལ་དགེ་སློང་རྣམས་ཀྱིས་ཤེས་སོ། །དགྲ་བཅོམ་པ་འོད་སྲུང་གཉིས་པ་མྱ་ངན་ལས་འདས་པའི་འོག་ཏུ་ཡང་ཡུལ་མ་ཐུ་ར་སྟེ་བཅོམ་བརླག་ཏུ་འཕགས་པ་སྤུ་ཆེན་པོ་དང༌། འཕགས་པ་དགའ་བ་ཅན་ཞེས་བྱ་བས་བསྟན་པའི་བྱ་བ་མཛད་དོ། །འོད་སྲུང་གཉིས་པའི་དུས་ཀྱི་གཏམ་སྟེ་དགུ་པའོ།། །།འཕགས་པ་སྤུ་ཆེན་པོ་དང༌། འཕགས་པ་དགའ་བ་ཅན་གྱིས་བསྟན་པ་བསྐྱངས་ཏེ་མི་རིང་བ་ན་རྒྱལ་པཽ་དཔའ་བོའི་སྡེ་འདས་ཏེ། དེའི་བུ་དགའ་བོས་རྒྱལ་སྲིད་བྱས། ལོ་ཉེར་དགུའི་བར་དུ་རྒྱལ་སྲིད་བསྐྱངས། རྒྱལ་པོ་དེས་ནི་ཤ་ཟ་པི་ཁུ་བ་ཞེས་བྱ་བ་གྲུབ་ནས། སྙིམ་པ་ནམ་མཁར་བཟེད་པ་ན་རིན་པོ་ཆེས་གང་བར་འགྱུར་རོ། །དེའི་ཚེ་ཡུལ་གསེར་བྲེར་བྲམ་ཟེ་མཁས་པ་ཞེས་བྱ་བ་བྱུང་སྟེ། ཕྱོགས་བཞིའི་དགེ་སློང་ཐམས་ཅད་བསྡུས་ནས་ལོ་བདུན་དུ་དུས་སྟོན་ཆེན་པོ་བྱས་སོ། །དེའི་འོག་ཏུ་ཀ་ཤི་ཝཱ་རཱ་ཎ་སཱིར་རྒྱལ་པོས་ལོ་མང་དུ་འཚོ་བ་སྦྱར་ཏེ་དགེ་སློང་རྣམས་མཆོད་པ་ལས། འདིའི་དུས་སུ་དགེ་སློང་ཀླུ་ཞེས་བྱ་བ་མང་དུ་ཐོས་པས་གཞི་ལྔ་པོ་ཡང་ནས་ཡང་དུ་བསྔགས་ཏེ་དགེ་འདུན་གྱི་རྩོད་པ་ཆེར་བསྐྱེད་ནས་སྡེ་པ་བཞིར་གྱེས་སོ། །དེར་འཕགས་པ་ཆོས་ཀྱི་ཚོང་དཔོན་ཞེས་བྱ་བ་
དགྲ་བཅོམ་པ་ཐོབ་སྟེ་རབ་ཏུ་ཞི་བའི་དགེ་སློང་གི་ཚོགས་དང་བཅས་པ་རྩོད་པ་ཅན་གྱི་དགེ་འདུན་གྱི་ཚོགས་བོར་ནས། བྱང་ཕྱོགས་ཀྱི་རྒྱུད་དུ་སོང་ངོ༌། །རྒྱལ་པཽ་དགའ་བོའི་གྲོགས་པོ་བྲམ་ཟེ་པཱ་ཎི་ནི་ཡིན་ཏེ། ཡུལ་ནུབ་ཕྱོགས་བྷི་རུ་ཀའི་ཚལ་དུ་སྐྱེས་ཏེ། སྒྲ་རིག་པ་ཤེས་སམ་མི་ཤེས་ལག་རིས་མཁན་ལ་བསྟན་པས་མི་ཤེས་པར་ལུང་བསྟན་པ་ལ། ཆུ་གྲི་རྣོན་པོས་ལག་རིས་བཅོས་ཏེ་ས་སྟེང་གི་བརྡ་སྤྲོད་པའི་སློབ་དཔོན་མཐའ་དག་བསྟེན། ལེགས་པར་བསླབས་ཤིང་ཤེས་ཀྱང་ད་དུང་མ་ཚིམ་སྟེ་ཡི་དམ་གྱི་ལྷ་རྩེ་གཅིག་ཏུ་བསྒྲུབས་པས་ཞལ་བསྟན་ཏེ། ཨ་ཨི་ཨུ་ཞེས་གསུངས་པ་ཙམ་གྱིས་འཇིག་རྟེན་གསུམ་ན་ཡོད་པའི་སྒྲའི་གནས་ཐམས་ཅད་ཤེས་སོ། །འདི་ནི་ཕྱི་པ་རྣམས་དབང་ཕྱུག་ཡིན་ཟེར་ཡང་ཕྱི་པ་རང་ལ་ཡང་དེའི་ཁུངས་མེད། ནང་པ་རྣམས་སྤྱན་རས་གཟིགས་ཡིན་ཟེར་བ། བྲམ་ཟེའི་ཁྱེའུ་པཱ་ཎི་ནི། །ངཻས་པར་ཉན་ཐོས་བྱང་ཆུབ་ཏུ། །ང་ཡིས་ལུང་བསྟན་བྱས་པ་ཡིན། །འཇིག་རྟེན་དབང་ཕྱུག་བདག་ཉིད་ཆེ། །དེ་ཡང་དེ་ཡི་སྔགས་ཀྱིས་འགྲུབ། །ཅེས་འཇམ་དཔལ་རྩ་རྒྱུད་ལས་ལུང་བསྟན་པས་ཁུངས་དང་ལྡན་པའོ། །དེས་པཱ་ཎི་བྱཱ་ཀ་ར་ཎ་ཞེས་བྱ་བའི་བསྟན་བཅོས་སྒྲ་སྦྱོར་བའི་མདོ་ཤློ་ཀ་སྟོང་དང༌། བྱེ་བྲག་ཕྱེད་པའི་མདོ་ཤློ་ཀ་སྟོང་སྟེ་ཉིས་སྟོང་ཡོད་པ་ཞིག་མཛད་དོ། །འདི་ནི་སྒྲའི་སྦྱོར་བ་མཐའ་དག་གི་རྩ་བ་ལྟ་བུ་ཡིན་ཏེ། དེ་ཡན་ཆད་དུ་སྒྲའི་སྦྱོར་བ་རྣམས་ཡི་གེར་འཁོད་པའི་བསྟན་བཅོས་ཀྱང་མང་ཅིང་ཕྱོགས་གཅིག་ཏུ་བསྒྲིགས་པའི་རིམ་པའང་མེད་པས། སྔོན་གྱི་སྒྲ་མཁན་རྣམས་ནི་སྒྲ་སྦྱོར་རེ་རེ་གཉིས་གཉིས་ནས་བརྩམས་ཏེ་ཐོར་བ་མཐའ་དག་བསགས་པས་མང་པོ་ཤེས་པར་གྱུར་པ་ཁོ་ན་ཡིན་པར་གྲགས་སོ། །ཨིནྡྲ་བྱཱ་ཀ་ར་ཎ་སྔ་བ་ཡིན་པར་བོད་
ལ་གྲགས་ཀྱང་ལྷ་ཡུལ་དུ་བྱུང་བ་སྔ་བ་ཡིན་པར་སྲིད་ཀྱང༌། འཕགས་པའི་ཡུལ་དུ་བྱུང་བ་སྔ་བ་ནི་མ་ཡིན་ཏེ་འོག་ཏུ་འཆད་དོ། །བོད་དུ་འགྱུར་བའི་ཙནྡྲ་བྱཱ་ཀ་ར་ཎ་ནི་པཱ་ཎི་པ་དང་མཐུན་ལ། ཀཱ་ལཱ་པ་བྱཱ་ཀ་ར་ཎ་ནི་ཨིནྡྲའི་ལུགས་དང་མཐུན་ནོ་ཞེས་པནྚི་ཏ་རྣམས་གསུང་ལ། ཁྱད་པར་པཱ་ཎི་བྱཱ་ཀ་ཏ་ཎ་ནི་ལྷག་པར་དོན་རྒྱས་པའི་ཕྱིར་དེ་ཆ་ལག་དང་བཅས་པར་རྫོགས་པར་ཤེས་པ་ནི་ཤིན་ཏུ་དཀོན་པར་གྲགས་སོ། །འཕགས་པ་སྤུ་ཆེན་པོ་ལ་སོགས་པའི་དུས་ཀྱི་གཏམ་སྟེ་ཅུ་པའོ།། །། བྱང་ཕྱོགས་མཐའ་འཁོབ་ཀྱི་ཡུལ་ནགས་ཀྱི་ས་ཞེས་བྱ་བར་རྒྱལ་པོ་མེ་བྱིན་ཞེས་བྱ་བ་བྱུང་སྟེ། དེས་དགྲ་བཅོམ་པ་ཆོས་ཀྱི་ཚོང་དཔོན་ལ་སོགས་པ་འཕགས་པ་སུམ་སྟོང་ཙམ་ལོ་སུམ་ཅུ་ལྷག་ཙམ་དུ་མཆོད་དོ། །ཡུལ་དབུས་སུ་ནི་འཕགས་པ་གཏོང་བ་ཆེན་པོ་ཞེས་བྱ་བས་བསྟན་པ་སྐྱོང་བར་མཛད་ཅིང༌། གྲོང་ཁྱེར་མེ་ཏོག་ཏུ་རྒྱལ་པོ་དགའ་བོའི་བུ་པདྨ་ཆེན་པོ་ཞེས་བྱ་བས་དགེ་འདུན་ཐམས་ཅད་མཆོད་པར་བྱེད་པ་ལས། གནས་བརྟན་ཀླུའི་རྗེས་སུ་ཞུགས་པ་དགེ་སློང་ཡིད་བརྟན་པ་ཞེས་བྱ་བས། གཞི་ལྔ་ཡོངས་སུ་བསྒྲགས་ཏཻ་རྩོད་པ་རྒྱ་ཆེར་སྤེལ་བས། སྡེ་པ་བཞི་ཡང་རིམ་གྱིས་བཅོ་བརྒྱད་དུ་གྱེས་པའི་མགོ་བརྩམས། རྒྱལ་པོ་པདྨ་ཆེན་པོའི་གྲོགས་བྲམ་ཟེ་བཟང་པོ་དང༌། བྲམ་ཟེ་མཆོག་སྲེད་ཟེར་བ་གཉིས་བྱུང༌། དེ་གཉིས་ཀས་དགེ་འདུན་ལ་མཆོད་པ་ཆེན་པོ་བྱས། བྲམ་ཟེ་བཟང་པོ་ནི་རིག་སྔགས་ཀྱི་མཐུས་ཡུལ་ཐ་དད་པ་གང་དུ་ཕྱིན་པ་དེར་ཡུལ་དེའི་མི་མ་ཡིན་ལས་ལོངས་སྤྱོད་ཐམས་ཅད་ལེན་པར་བྱེད་པ་ལས། བྲམ་ཟེ་སྟོང་བརྒྱད་བརྒྱ། དགེ་སློང་ཉིས་སྟོང༌། གཞན་ཀུན་ཏུ་རྒྱུ་དང་སྤྲང་པོ་ལ་སོགས་པ་ཁྲི་ཁྲག་རེ་ཉིན་རེར་ཡོ་བྱད་ཐམས་ཅད་ཀྱིས་ཚིམ་པར་བྱེད་པ་ཅིག་བྱུང༌། མཆོག་སྲེད་ནི་རིགས་སྔགས་
གྲུབ་པའི་ཤིང་ལོའི་མཆིལ་ལྷམ་ཟུང་ཞིག་ཡོད་དོ། །དེ་གྱོན་ནས་ལྷ་དང་ཀླུ་ལ་སོགས་པའི་གནས་ནས་ཀྱང་ཡོ་བྱད་བཟང་པོ་དག་བླངས་ནས་སློང་བ་པོ་མགུ་བར་བྱེད་པ་ཅིག་ཡིན་པ་ལ། འོན་ཀྱང་དུས་ལན་ཅིག་རྒྱལ་པོ་དང་མི་མཛའ་བར་གྱུར་ཏེ། འདི་ཡིས་བདག་ལ་རིག་སྔགས་ངན་པ་བྱེད་དམ་སྙམ་ནས་དེ་གསོད་པའི་ཕོ་ཉ་བ་བཀྱེ་བ་ལས། དེ་མཆིལ་ལྷམ་གྱོན་ནས་གྲོང་ཁྱེར་འཕགས་རྒྱལ་དུ་བྲོས་སོ། །མཐར་རྒྱལ་པོས་བསླུས་ཏེ་བུད་མེད་ཅིག་གིས་དེའི་མཆིལ་ལྷམ་བརྐུས་ནས་འབྲོས་མ་ནུས་པ་ལ་གཤེད་མས་བསད། རྒྱལ་པོས་ཀྱང་བྲམ་ཟེ་བསད་པའི་སྡིག་སྦྱོང་ལ་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཡོ་བྱད་ཕུན་སུམ་ཚོགས་པའི་ཆོས་ཀྱི་གཞི་བྱས་སོ། །འགའ་ཞིག་འདིའི་དུས་སུ་བཀའ་བསྡུ་བ་གསུམ་པ་བྱུང་བར་འདོད་ནའང་ཅུང་མིན་པར་མངོན། མཆོག་སྲེད་ཅེས་བྱ་བ་དེས་བྱེ་བྲག་ཏུ་བཤད་པའི་གླེགས་བམ་མང་དུ་བྲིས་ཏེ་ཆོས་སྨྲ་བ་རྣམས་ལ་བྱིན་ནོ་ཞེས་འབྱུང་ལ། བཀའི་གླེགས་བམ་ཅི་རིགས་པ་ནི་སྟོན་པ་བཞུགས་པའི་དུས་ཉིད་ནས་ཀྱང་ཡོད། དགོངས་འགྲེལ་གྱི་བསྟན་བཅོས་གླཻགས་བམ་དུ་འཁོད་པའི་ཐོག་མ་འདི་ཡིན་ནོ་ཞེས་ཟེར་ལ། དེ་ལ་བྱེ་བྲག་ཏུ་བཤད་པའི་དོན་ནི་ཞིབ་མོར་བཤད་པའི་དོན་ཡིན་ཞིང༌། དེ་ཡང་སྔོན་སྟོན་པ་ཉིད་ཀྱི་བཀའ་ཇི་ལྟ་བའི་ཚིག་བརྗོད་ནས་དེའི་གདམས་ངག་སྟོན་པ་དང༌། དེ་ཉིད་དུ་བཀའི་དོན་འགྲེལ་པར་བྱེད་པ་ལས། མདོ་སྡེ་ལས་གོ་སླ་བའི་བསྟན་བཅོས་ལོགས་སུ་བྱེད་པ་མེད་དོ་ཕྱིས་མ་འོངས་པའི་སེམས་ཅན་གྱི་དོན་དུ་བྱེ་བྲག་ཏུ་བཤད་པའི་བསྟན་བཅོས་བྱས་ཏེ། ཁ་ཅིག་ནི་ཉེ་སྦས་ཀྱི་དུས་སུ་དགྲ་བཅོམ་པ་རྣམས་ཀྱིས་སྤྱི་མཐུན་དུ་བརྩམས་ཞེས་དང༌། ཁ་ཅིག་ནི་གྲགས་པ་དང་ཐམས་ཅད་འདོད་ལ་
སོགས་པས་བྱས་པར་འདོད་ཅིང༌། བོད་རྣམས་ནི་ཐམས་ཅད་འདོད་དང༌། སྒུར་པོ་ལ་སོགས་པ་དགྲ་བཅོམ་ལྔ་བརྒྱས་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་མཛད་ཟེར་བ་ནི་ལུགས་སྔ་མ་དེ་གཉིས་ཆར་བསྲེས་པའི་གཏམ་དུ་སྣང་ཞིང༌། གང་ལྟར་ཡང་དགྲ་བཅོམ་དེ་དག་གི་གསུང་རྒྱུན་ཕྱོགས་གཅིག་ཏུ་བསྒྲིགས་པ་གནས་བརྟན་རྣམས་ཀྱི་རྣ་བ་ནས་རྣ་བར་བརྒྱུད་པ་ཕྱིས་ཡི་གེར་བཀོད་པའོ། །བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱི་ལུགས་ལྟར་ན་མངོན་པ་སྡེ་བདུན་བཀར་འདོད་པས་དགོགས་འགྲེལ་གྱི་བསྟན་བཅོས་ཀྱི་ཐོག་མ་ནི་བྱེ་བྲག་ཏུ་བཤད་པ་ཡིན་པར་འདོད་ལ། མདོ་སྡེ་བ་རྣམས་ལྟར་ན་བྱེ་བྲག་ཏུ་བཤད་པའི་སྔོན་ལ་བྱུང་བའི་མངོན་པ་སྡེ་བདུན་ཡང་ཉན་ཐོས་སོ་སོ་སྐྱེ་བོ་དག་གིས་བྱས་ནས། སྟོན་པའི་གསུང་ཤཱ་རིའི་བུ་ལ་སོགས་པས་བསྡུས་པར་ཁ་འཕངས་པར་འདོད་པས་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཐོག་མ་སྡེ་མདུན་ཡིན་ནོ། །སློབ་དཔོན་འགའ་ཞིག་ནི་སྡེ་བདུན་ཉིད་དང་པོར་སངས་རྒྱས་ཀྱི་བཀའ་ཡིན་ཡང་བར་དུ་ཉན་ཐོས་སོ་སོ་སྐྱེ་བོ་དག་གིས་བྱས་པའི་ཚིག་བཅུག་པའང་ཡིན་དུ་རུང་སྟེ། སྡེ་པ་ཐ་དད་པའི་མདོ་སྡེ་འགའ་ཞིག་བཞིན་ནོ། །དེས་ན་ཚད་མ་གསུམ་དང་འགལ་བའི་ནོར་བ་ཡོད་པ་དག་ནི་ཕྱིས་ལྷད་དུ་བཅུག་པའི་ཚིག་ཡིན་པར་བྱ་དགོས་སོ། །ཐེག་པ་ཆེན་པོ་ལ་མངོན་པའི་སྡེ་སྣོད་ལོགས་ན་ཡོད་པ་བཞིན་ཉན་ཐོས་ལ་ཡང་འབྱུང་དགོས་ལ། སྡེ་སྣོད་གསུམ་དོན་ཕན་ཚུན་དུ་འབྲེལ་བར་གནས་པ་བདེན་མོད་ཀྱང་སྡེ་སྣོད་གཞན་གཉིས་ལ་གླེགས་བམ་ཐ་དད་པར་འབྱུང་ཞིང༌། མ་མོ་ལ་དེ་ལྟར་མི་འབྱུང་བའི་རྒྱུ་མཚན་མེད་དོ། །ཞེས་འདོད་དོ། །འདོད་པ་ཕྱི་མ་འདི་འཐད་འཐད་འདྲ་ཡང་སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་མདོ་སྡེ་
བའི་འདོད་པ་དང་མཐུན་པར་བཞེད་བཞེད་འདྲ་བས་རེ་ཞིག་དེ་ལྟར་ཁས་བླང་ངོ༌། །འགའ་ཞིག་བཀའ་མ་ཡིན་ཏེ། ནོར་བ་དུ་མ་ཡོད་པའི་ཕྱིར་ཤཱ་རིའི་བུ་ལ་སོགས་པས་བྱས་སོ་ཞེས་སྨྲ་བ་ཤིན་ཏུ་བླུན་པོའི་གཏམ་སྟེ། མཆོག་ཟུང་གཅིག་ནི་སྟོན་པའི་སྔོན་དུ་མྱ་ངན་ལས་འདས་པ་ཡིན་ལ། སྟོན་པ་བཞུགས་པའི་དུས་སུ་དགོངས་འགྲེལ་གྱི་བསྟན་བཅོས་བྱེད་པ་ཡང་མེད་པ་དང༌། སྟོན་པ་མངོན་སུམ་བཞུགས་བཞིན་དུ་བཀའི་དོན་ལོག་པར་འགྲེལ་པ་བྱུང་ན་ཧ་ཅང་ཐལ་བ་དང༌། སངས་རྒྱས་ཀྱི་བསྟན་པའི་དབང་དུ་བྱས་པ་གཞིར་བཞག་ལ། བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཀྱི་ཁྱད་པར་ཡང་སྟོན་པ་ཉིད་མངོན་སུམ་དུ་བཞུགས་པའི་དུས་སུ་བྱུང་བ་དང༌། མྱ་ངན་ལས་འདས་པའི་འོག་རོལ་ཏུ་བྱུང་བ་ཙམ་ཞིག་ལ་འཇོག་དགོས་པའི་ཕྱིར་དང༌། མཆོག་ཟུང་གཅིག་ལ་སོགས་པས་བཀའི་དོན་ལོག་པར་འགྲེལ་ན་ནི། དཔང་གྱུར་སྐྱེ་བོ་ཕལ་ཆེར་ཟད་པ་ན། ཞེས་པའི་དཔང་དུ་གྱུར་པའི་སྐྱེ་བོ་ངོས་འཛིན་རྒྱུ་མེད་པའི་ཕྱིར་དང༌། དགྲ་བཅོམ་པ་རྣམས་ཀྱིས་ཀྱང་དེ་ཉིད་མ་མཐོང་བ་ཡིན་ན། ཉན་ཐོས་ལུགས་ལ་དེ་ཉིད་མཐོང་བའི་གང་ཟག་མི་སྲིད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེས་ན་སྟོན་པ་ཉིད་ཀྱི་རྣམ་པར་འཕྲུལ་པ་ལས་བྱུང་བའི་དགྲ་བཅོམ་པ་ཆེན་པོ་རྣམས་ལ་སྙིང་ཐག་པ་ནས་སྐུར་བ་འདེབས་པ་འདི་ནི་བདུད་ཀྱི་བྱིན་རླབས་སུ་རིག་པར་བྱའོ། །རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཅུང་ཟད་ཕྱི་བ་ཙམ་ན། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བསྲུང་བ་ཞེས་བྱ་བ་བྱུང་སྟེ། དེའི་ཁྱིམ་དུ་འཕགས་པ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ཏེ། ཐེག་པ་ཆེན་པོའི་ཆོས་ཅི་རིགས་བ་བསྟན་ཞིང༌། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་འབྱུང་ལ་དེ་ནི་མདོ་ལུགས་པ་རྣམས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཡིན་
པར་འདོད་ལ། སྔགས་པ་རྣམས་ནི་ཏ་ཏྭ་སཾ་གྲ་ཧ་སྟེ་དེ་ཁོ་ན་ཉིད་བསྡུས་པ་ཡིན་ནོ་ཞེས་ཟེར་སྟེ། གང་ལྟར་ཡང་མི་འགལ་མོད་སྔ་མ་ལྟར་འཐད་དམ་སེམས་སོ། །འདི་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་ཐེག་པ་ཆེན་པོ་མི་ཡུལ་དུ་བྱུང་བའི་ཐོག་མ་ཡིན་ནོ། །རྒྱལ་པོ་པདྨ་ཆེན་པོའི་དུས་ཀྱི་གཏམ་སྟེ་བཅུ་གཅིག་པའོ།། །།དེའི་རྗེས་སུ་ཁ་ཆེའི་ཡུལ་དུ་རྒྱལ་པོ་སེང་གེ་ཞེས་བྱ་བ་ཞིག་བྱུང་སྟེ། དཻ་རབ་ཏུ་བྱུང་ནས་མིང་ལེགས་མཐོང་ཞེས་བྱ་བར་བཏགས་ཏེ་དགྲ་བཅོམ་པ་ཐོབ་ནས་ཁ་ཆེར་ཆོས་བསྟན་ནོ། །དེ་ཛ་ལནྡྷ་རའི་ཡུལ་གྱི་རྒྱལ་པོ་ཀ་ནིཥྐ་ཞེས་བྱ་བས་ཐོས་ཏེ། ལྷག་པར་དད་ནས་བྱང་ངོས་ཁ་ཆེར་ཕྱིན་ཏེ་འཕགས་པ་སེང་གེ་ལེགས་མཐོང་ལས་ཆོས་ཉན་ཏེ་དེས་ཀྱང་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་ལ་མཆོད་པ་རྒྱ་ཆེར་བྱས། ཕྱོགས་བཞིའི་དགེ་འདུན་རྣམས་ལ་དུས་སྟོན་ཡང་མང་དུ་བཙུགས་སོ། །དེའི་ཚེ་དགེ་སློང་ཡང་དག་རྒྱལ་བ་ཅན་ཞེས་བྱ་བ་དགྲ་བཅོམ་པར་གྲགས་པ་ཞིག་གིས་ཆོས་མང་དུ་བསྟན། དབང་ཆེན་པཽར་གྱུར་པས་བྲམ་ཟེ་དང་ཁྱིམ་བདག་དག་ལས་ཡོ་བྱད་མང་དུ་བླངས་ཏེ། དགེ་འདུན་འབུམ་ཕྲག་གཉིས་ཀྱིས་ཆོས་བགྲོ་བར་བྱས། དེ་ཙམ་ན་སྡེ་པ་བཅོ་བརྒྱད་དུ་སོ་སོར་གྱེས་གྲུབ་ཅིང༌། ཕན་ཚུན་ཆེར་རྩོད་པ་མེད་པས་གནས་སོ། ཁ་ཆེའི་ཡུལ་དུ་བྲམ་ཟེ་སུ་ཏྲ་ཞེས་བྱ་བ་ཡོ་བྱད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཞིག་ཡོད་དེ། དེས་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་ཆོས་སྐྱོབ་འཁོར་བཅས་དང༌། མདོ་སྡེ་པའི་ཐོག་མ་ཁ་ཆེའི་བཙུན་པ་ཆེན་པོ་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་བཅས་པ་རྟག་ཏུ་མཆོད་པར་བྱེད་ཅིང༌། སྡེ་སྣོད་གསུམ་ལྷག་པར་རྒྱས་པར་བྱས་སོ། །དེ་ལ་ལུང་དཔེའི་ཕྲེང་བ་དང༌། སྡེ་སྣོད་འཛིན་པའི་དཔེ་
མཁྱུད་ལ་སོགས་པ་མདོ་སྡེ་པའི་ལུང་ངོ༌། །དེའི་ཚེ་ཤར་ཕྱོགས་ནས་འཕགས་པ་རྩིབས་ལོགས་ཞེས་བྱ་བ་དགྲ་བཅོམ་པ་མང་དུ་ཐོས་པའི་མཐར་ཕྱིན་པ་ཞིག་བྱུང་སྟེ། དེས་གནས་བརྟན་མང་དུ་ཐོས་པ་འགའ་ལས་གསེར་ཕྲེང་ཅན་གྱི་རྟོག་བརྗོད་ཅེས་བྱ་བ་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་པའི་མདོ་ལ་སོགས་པ་མདོ་ཤིན་ཏུ་དཀོན་པ་དག་ཀྱང་འདོན་པར་བྱེད་དོ། །དེ་རྒྱལ་པོ་ཀ་ནིཥྐས་ཐོས་ནས། ཁ་ཆེའི་ཡུལ་སྣ་རྒྱན་ནགས་ཀྱི་གཙུག་ལག་ཁང་ཞེས་བྱ་བར་དགེ་སློང་མཐའ་དག་འདུས་ནས་བཀའ་བསྡུ་བ་གསུམ་པ་བྱས་ཞེས་ཁ་ཆེ་བ་རྣམས་ཟེར་ལ། གཞན་དག་ནི་ཛ་ལནྡྷ་རའི་དགོན་པ་ཀུ་པ་ནའི་གཙུག་ལག་ཁང་དུ་བསྡུས་པར་འདོད་པ་ལས། མཁས་པ་ཕལ་ཆེར་ཕྱི་མ་འཐད་པར་མཛད་དོ། །དེ་ལ་བོད་རྣམས་ལྟར་ན། དགྲ་བཅོམ་པ་ལྔ་བརྒྱ་དང༌། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང༌། སོ་སོ་སྐྱེ་བོའི་པནྚི་ཏ་ལྔ་བརྒྱ་འདུས་ནས་བསྡུས་ཟེར་ཡང༌། ཐེག་ཆེན་ལུགས་ལྟར་ན་དོན་ལ་མི་འཐད་པ་མེད་མོད། འོན་ཀྱང་དུས་དེ་ཙམ་ནས་སངས་རྒྱས་པའི་མཁས་པ་ཆེན་པོ་རྣམས་ལ་བཙུན་པ་ཆེན་པོ་ཟེར་བ་མ་གཏོགས། པཎྜི་ཏའི་མིང་གིས་འབོད་པ་མེད་པས་པནྚི་ཏ་ལྔ་བརྒྱ་ཟེར་བ་མི་ལེགས་སོ། །འགོས་གཞོན་ནུ་དཔལ་གྱིས་གཏད་རབས་ཀྱི་འཕྲོས་ནས་རྒྱ་དཔེ་འཁྱར་པོ་ཤོག་བྱང་གཅིག་བསྒྱུར་བ་ན་ཡང་བཱ་སུ་མི་ཏྲ་ལ་སོགས་པ་བཙུན་པ་བཞི་བརྒྱ་དང་ཞེས་འབྱུང་བ་ལྟར་ལེགས་སོ། །འོན་ཀྱང་འདིའི་བཱ་སུ་མི་ཏྲ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་དབྱིག་བཤེས་ཡིན་པར་བསམས་ན་མི་རུང་ལ། གཞན་ཡང་འདི་དག་ཉན་ཐོས་ཀྱི་བསྟན་པའི་དབང་དུ་བྱས་པ་ཡིན་པས་ཉན་ཐོས་རྣམས་ཉིད་ཀྱི་ལོ་རྒྱུས་དང་མཐུན་པར་བྱས་ན་ལེགས་པས།
དགྲ་བཅོམ་པ་ལྔ་བརྒྱ་དང༌། སྡེ་སྣོད་འཛིན་པ་བཙུན་པ་ཆེན་པོ་ལྔ་སྟོང་ཞིག་གིས་བསྡུས་སོ་ཞེས་གྲགས་ལ། དེ་ཡང་དོན་དུ་ནི་བསྟན་པའི་ཆེ་བ་དབྱུང་བའི་ཕྱིར་དགྲ་བཅོམ་པ་ལྔ་བརྒྱ་ཞེས་སྨོས་པར་ཟད་ཀྱི། ཡང་དག་པར་ན་དགྲ་བཅོམ་པ་ཉུང་ངུ་ཞིག་དང༌། འབྲས་བུ་ཐོབ་པ་རྒྱུན་ཞུགས་ཡན་ཆད་བསྡུས་པས་ལྔ་བརྒྱར་ལོངས་པ་ཙམ་མོ། །དེ་ཡང་ལྷ་ཆེན་པོ་དང་བཟང་པོ་མ་བྱུང་བ་ཡན་ཆད་དུ་འབྲས་བུ་ཐོབ་པ་ཉིན་རེར་ཡང་ཤིན་ཏུ་མང་པོ་འབྱུང་བ་ལས། །དེ་གཉིས་ཀྱིས་བསྟན་པ་དཀྲུགས་ཏེ་རྩོད་པ་བྱུང་བ་ནས་དགེ་སློང་རྣམས་རྣལ་འབྱོར་ལ་མི་བརྩོན་པར་རྩོད་པའི་དོན་སེམས་པ་ཉིད་ཀྱིས་འབྲས་བུ་ཐོབ་པའང་ཤིན་ཏུ་ཉུང་བར་གྱུར་ལ། དེའི་ཕྱིར་བསྡུ་བ་གསུམ་པའི་དུས་འདི་ཙམ་ན་དགྲ་བཅོམ་བ་ཉུང་ངོ༌། །དེ་ལ་རྒྱལ་པོ་དཔའ་བོའི་སྡེའི་ཚེའི་སྨད་དང༌། རྒྱལ་པོ་དགའ་བོ་དང་པདྨ་ཆེན་པོའི་ཚེ་རིལ་པོ་དང༌། རྒྱལ་པོ་ཀ་ནཥྐའི་ཚེའི་སྟོད་ཡན་ཏེ་རྒྱལ་པོ་བཞིའི་རིང་ལ་དགེ་འདུན་རྩོད་པར་གྱུར་ཞིང༌། རྩོད་པ་དྲག་པོ་ལོ་དྲུག་ཅུ་རྩ་གསུམ་ཙམ་བྱུང་ཞིང༌། སྔ་ཕྱིར་རྩོད་པ་ཅི་རིགས་ཡོད་པ་དང་བཅས་ན་ལོ་བརྒྱར་ཉེ་བ་ཙམ་བྱུང་ངོ༌། །དེ་ཞི་ནས་བསྡུ་བ་གསུམ་པའི་ཚེ་སྡེ་པ་བཅོ་བརྒྱད་པོ་ཐམས་ཅད་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང་འདུལ་བ་ཡི་གེར་བཀོད་ལ། མདོ་སྡེ་དང་མངོན་པ་སྔར་ཡི་གེར་མ་འཁོད་པ་རྣམས་ཀྱང་ཡི་གེར་བཀོད་ཅིང༌། སྔར་འཁོད་པ་རྣམས་ལའང་དག་ཐེར་བྱས་སོ། །དེ་དག་གི་དུས་ཀྱི་ཚེ་ཐེག་པ་ཆེན་པོའི་གསུང་རབ་ཅི་རིགས་པ་མི་ཡུལ་དུ་བྱུང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་དགེ་སློང་འགའ་ཞིག་གིས་ཅུང་ཟད་ཙམ་བསྟན་ཏེ། འོན་ཀྱང་ཆེར་མ་དར་བས་ཉན་ཐོས་རྣམས་ཀྱི་རྩོད་པ་ནི་མེད་དོ། །བཀའ་བསྡུ་པ་གསུམ་པའི་དུས་ཀྱི་གཏམ་སྟེ་བཅུ་གཉིས་པའོ།། །།
བསྡུ་བ་གསུམ་པ་བྱས་པའི་འོག་ཏུ་རྒྱལ་པོ་ཀ་ནིཥྐ་ཡང་འདས་པ་ཙམ་ན། བྱང་ཕྱོགས་ཨསྨ་པ་རནྟ་ཞེས་བྱ་བ་ཁ་ཆེའི་ནུབ་ཐོ་གར་དང་ཉེ་བའི་ཕྱོགས་ཤིག་ཏུ་ཁྱིམ་བདག་ཛ་ཊི་ཞེས་བྱ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ཞིག་བྱུང་ཞིང༌། དེའི་བྱང་ཕྱོགས་ཀྱི་མཆོད་རྟེན་ཐམས་ཅད་མཆོད་པར་བྱེད། ནུབ་ཕྱོགས་མ་རུའི་ཡུལ་ནས་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དབྱིག་བཤེས་དང༌། ཐོ་གར་གྱི་བཙུན་པ་དབྱངས་སྒྲོག་གཉིས་ཡུལ་དེར་སྤྱན་དྲངས། དགེ་སློང་འབུམ་ཕྲག་གསུམ་ལོ་བཅུ་གཉིས་སུ་མཆོད་པར་བྱས་ཤིང༌། མཐར་བླ་ན་མེད་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་པས་འགྲུབ་པའི་རྟགས་སུ་མཆོད་པ་ཕུལ་བའི་མེ་ཏོག་རྣམས་ལོའི་བར་དུ་མ་རྙིང༌། མར་མེ་ཡང་དེ་བར་དུ་གནས་པ། ཙནྡན་གྱི་ཕྱེ་མ་དང༌། མེ་ཏོག་གཏོར་བ་རྣམས་ནམ་མཁའ་ལ་ཆགས། ས་གཡོ་བ་དང་རོལ་མོའི་སྒྲ་ལ་སོགས་པ་བྱུང་ངོ༌། །ཕོ་བྲང་རྒྱས་ལྡན་དུ་རྒྱལ་པོ་ཀ་ནིཥྐའི་བུས་དགྲ་བཅོམ་སོགས་འཕགས་པ་བརྒྱ་ཕྲག་གཅིག གཞན་ཡང་དགེ་སློང་ཁྲི་སྙེད་ལ་ལོ་ལྔར་དུས་སྟོན་བྱས། ཤར་ཕྱོགས་གྲོང་ཁྱེར་མེ་ཏོག་ཏུ་བྲམ་ཟེ་བི་དུཿཞེས་བྱ་བར་བྱུང༌། དེས་སྡེ་སྣོད་གསུམ་གྱི་གླེགས་བམ་དཔག་ཏུ་མེད་པ་བཞེངས་ནས་དགེ་སློང་རྣམས་ལ་སྦྱིན་པར་བྱེད་དེ། དེ་ཡང་སྡེ་སྣོད་གསུམ་པོ་རེ་རེ་ལ་ཤློ་ཀ་འབུམ་འབུམ་ཡོད་ཅིང༌། དེ་ལྟ་བུ་ཚར་སྟོང་སྙེད་བཞེངས། དེ་རེ་རེ་ལ་ཡང་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་སྤེལ་བར་བྱས་སོ། །གྲོང་ཁྱེར་པ་ཊ་ལི་པུ་ཏྲར་དགྲ་བཅོམ་དུས་མི་སྦྱོར་འཕགས་པ་ཨ་ཤྭ་གུབྟ་ཞེས་བྱ་བ་བྱུང་སྟེ། དེ་ནི་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའོ། །དེས་ཆོས་བསྟན་པས་འཕགས་པ་དགའ་བའི་བཤེས་གཉེན་ལ་སོགས་
པ་དགྲ་བཅོམ་པ་ཡང་ཅི་རིགས་བྱུང་ཞིང༌། བདེན་པ་མཐོང་བ་མང་དུ་བྱུང་ངོ༌། །ནུབ་ཕྱོགས་སུ་རྒྱལ་པོ་ལཀྵ་ཨ་ཤྭ་ཞེས་བྱ་བ་བྱུང་ནས་དེས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་ཆེར་བྱས་སོ། །ལྷོ་ནུབ་ཡུལ་སཽ་རཥྟ་ཞེས་བྱ་བར་བྲམ་ཟེ་རིགས་ལྡན་ཞེས་བྱ་བ་ཡོད་དེ། དེའི་ཚེ་ཡུལ་ཨངྒར་འཁྲུངས་པའི་གནས་བརྟན་ཆེན་པོ་དགྲ་བཅོམ་པ་ནནྡཱ་ཞེས་བྱ་བ་ཐེག་པ་ཆེན་པོའི་ཆོས་འཛིན་པ་ཡོད་དོ་ཞེས་ཐོས་ནས། ཐེག་པ་ཆེན་པོ་ཉན་པའི་དོན་དུ་དེ་སྤྱན་དྲངས་སོ། །དུས་དེའི་ཚེ་ན་ཡུལ་ཐ་དད་རྣམས་སུ་ཐེག་པ་ཆེན་པོ་སྟོན་པའི་དགེ་བའི་བཤེས་གཉེན་དཔག་ཏུ་མེད་བ་དག་ཅིག་ཅར་བྱུང་ལ། དེ་དག་ཐམས་ཅད་ཀྱང་འཕགས་པ་སྤྱན་རས་གཟིགས་དང༌། གསང་བའི་བདག་པོ་དང༌། འཇམ་དཔལ་དང༌། བྱམས་པ་ལ་སོགས་པ་སོ་སོ་ལས་ཆོས་གསན་པ། ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ཤ་སྟག་སྟེ། བཙུན་པ་ཆེན་པོ་ཨ་བི་ཏརྐ་དང༌། བི་ག་ཏ་ར་ག་དྷྭ་ཛ་དང༌། དི་བྱ་ག་ར་གུབྟ་དང༌། རཱ་ཧུ་ལ་མི་ཏྲ་དང༌། ཛྙ་ན་ཏ་ལ་དང༌། དགེ་བསྙེན་ཆེན་པོས་སངྒ་ཏ་ལ་ལ་སོགས་པ་ཆོས་སྟོན་པ་པོ་ལྔ་བརྒྱ་ཙམ་བྱུང་ངོ༌། །འཕགས་པ་དཀོན་མཆོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་འབུམ། འདུས་པ་སྟོང་ཡོད་པ་དང༌། འཕགས་པ་ཕལ་པོ་ཆེ་ཆོས་ཀྱི་རྣམ་གྲངས་འབུམ་ཡོད་པ་ལེའུ་སྟོང་དང༌། འཕགས་པ་ལངྐར་གཤེགས་པ་ཉི་ཁྲི་ལྔ་སྟོང་པ་དང༌། རྒྱན་སྟུག་པོ་སྟོང་ཕྲག་བཅུ་གཉིས་པ་དང༌། ཆོས་ཡང་དག་པར་སྡུད་པ་སྟོང་ཕྲག་བཅུ་གཉིས་ལ་སོགས་པ་མདོ་སྡེ་ཤས་ཤིག་གི་གླེགས་བམ་ཡང་ལྷ་དང་ཀླུ་དང་དྲི་ཟ་དང་སྲིན་པོ་ལ་སོགས་པ་གནས་ཐ་དད་རྣམས་ལས་ཀླུའི་ཡུལ་ནས་བྱུང་བ་ཤས་ཆེ་བའི་ཚུལ་གྱིས་བྱུང་ཞིང༌། དེ་ལྟ་བུའི་སློབ་དཔོན་དེ་དག་ཕལ་ཆེ་བ་ཡང་བྲམ་ཟེ་དེས་སྤྱན་དྲངས། གཏམ་དེ་རྒྱལ་པོ་ལཀྵ་ཨ་ཤྭས་ཐོས་ནས་དད་
པ་ཆེར་སྐྱེས་ཏེ། ཆོས་སྨྲ་བ་ལྔ་བརྒྱ་པོ་དེ་དག་སྤྱན་འདྲེན་པར་འདོད་དེ་བློན་པོ་རྣམས་ལ་དྲིས་པ། ཆོས་སྨྲ་བ་ཇི་ཙམ། ལྔ་བརྒྱའོ། །ཆོས་ཉན་པ་ཇི་ཙམ། ལྔ་བརྒྱའོ། །རྒྱལ་པོས་བསམས་པ། ཆོས་སྨྲ་པོ་ནི་མང་ན་སློབ་མ་ནི་ཉུང་ངོ་སྙམ་ནས་ཨ་བྷུ་ཞེས་བྱ་བའི་རིའི་རྩེ་མོ་ལ་གཙུག་ལག་ཁང་ལྔ་བརྒྱ་བྱས་ཏེ། དེ་རེ་རེར་ཆོས་སྨྲ་བ་རེ་རེ་སྤྱན་དྲངས། ཡོ་བྱད་ཐམས་ཅད་ཀྱིས་ཡོངས་སུ་བསྟབས། རྒྱལ་པཽ་ཉིད་ཀྱི་འཁོར་དད་པ་ཆེ་ཞིང་བློ་རྣོ་བ་ལྔ་བརྒྱ་རབ་ཏུ་བྱུང་སྟེ་ཐེག་པ་ཆེན་པོ་ཉན་དུ་བཅུག་གོ །དེ་ནས་རྒྱལ་པོས་གླེགས་བམ་བྲི་བར་འདོད་དེ། ཐེག་པ་ཆེན་པོའི་སྡེ་སྣོད་ཇི་ཙམ་ཞེས་དྲིས་སོ། །སྤྱིར་ཚད་གཟུང་བར་མི་ནུས་མོད་ཀྱི་ད་ལྟར་ཡོད་པ་ནི་འབུམ་ཕྲག་བརྒྱའོ། །རྒྱལ་པོས་སྨྲས་པ། མང་མོད་ཀྱི་བྲིར་བར་བྱའོ་ཞེས་ཐམས་ཅད་བྲིས་ཏེ་དགེ་སློང་རྣམས་ལ་ཕུལ། དེ་ནས་དུས་ཀྱི་མཐར་གླེགས་བམ་རྣམས་དཔལ་ནཱ་ལེནྡྲར་སྤྱན་དྲངས་སོ། །དེར་ཐེག་པ་ཆེན་པོ་ལ་སྤྱོད་པ་དགེ་སློང་ལྔ་བརྒྱ་པ་ཕྲག་གསུམ་པོ་དེ་ནི་མདོ་སྡེ་དཔག་ཏུ་མེད་པ་འཛིན་པ། བློ་གྲོས་ཐོགས་པ་མེད་པ། བཟོད་པ་ཐོབ་པ་ཤ་སྟག་སྟེ། སྐྱེ་བོ་རྣམས་ཀྱི་མངོན་སུམ་དུ་རྫུ་འཕྲུལ་དང་མངོན་པར་ཤེས་པའི་རོལ་པ་ཅུང་ཟད་སྟོན་པ་ཤ་སྟག་གོ །དེའི་ཕྱིར་ཐེག་པ་ཆེན་པོའི་སྙན་པའི་གྲགས་པས་ཕྱོགས་ཐམས་ཅད་དུ་ཁྱབ་པ་ན། ཉན་ཐོས་རྣམས་ཀྱི་བློར་མ་ཤོང་ནས། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་ནོ་ཞེས་སྐུར་པ་བཏབ་བོ། །ཐེག་པ་ཆེན་པོ་པ་དེ་དག་ཀྱང་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་ཤ་སྟག་ཡིན་ཞིང༌། དེ་དག་སྔོན་སྡེ་བ་བཅོ་བརྒྱད་སོ་སོ་ལ་རབ་ཏུ་བྱུང་བ་ཡིན་པས། ཕལ་ཆེར་དེ་
དག་དང་གནས་ལྷན་ཅིག་ཏུ་བཞུགས་པས་ཉན་ཐོས་སྟོང་ཕྲག་མང་པོའི་དབུས་ན་ཐེག་པ་ཆེན་པོ་རེ་རེ་གནས་པ་ཙམ་ཡིན་ནའང༌། ཉན་ཐོས་རྣམས་ཀྱིས་ཟིལ་གྱིས་གནོན་མི་ནུས་པའོ། །དེའི་ཚེ་མ་ག་ངྷཱར་བྲམ་ཟེ་མཐོ་བཙུན་གྲུབ་རྗེ་དང༌། བདེ་བྱེད་བདག་པོ་ཞེས་བྱ་བ་སྤུན་གཉིས་བྱུང་སྟེ། རིགས་ཀྱི་ལྷ་ནི་དབང་ཕྱུག་ཆེན་པོ་མཆོད་པར་བྱེད་པ་ཡིན་ལ། དེ་གཉིས་ཀས་ཀྱང་ཕྱི་ནང་གི་གྲུབ་མཐའ་གཉིས་ཀར་མཁས་པར་ཤེས་སོ། །འོན་ཀྱང་མཐོ་བཙུན་ནི་ཐེ་ཚོམ་ཅན་དུ་གནས་ཤིང༌། དབང་ཕྱུག་ཆེན་པོ་ཉིད་བཟང་བར་ཡང་སེམས་ལ། བདེ་བྱེད་བདག་པོ་ནི་སངས་རྒྱས་ཁོ་ན་ལ་དད་པ་ལས། མའི་ཚིག་གིས་བསྐུལ་ནས་རྐང་མགྱོགས་བསྒྲུབས་ཏེ་རིའི་རྒྱལ་པཽ་ཀཻ་ལ་ཤར་སོང་སྟེ་དབང་ཕྱུག་ཆེན་པོའི་གནས་ན་བཞོན་པ་ཁྱུ་མཆོག་དཀར་པོ་དང༌། ལྷ་མོ་ཨུ་མ་མེ་ཏོག་འཐུ་བ་སོགས་ཀྱང་མཐོང༌། མཐར་ལྷ་ཆེན་པོ་ཉིད་སེང་གེའི་ཁྲི་ལ་འདུག་ནས་ཆོས་སྟོན་པ་མཐོང༌། ཚོགས་ཀྱི་བདག་པོས་དེ་གཉིས་ལག་ཏུ་བླངས་ནས་ལྷ་ཆེན་པོའི་དྲུང་དུ་བཞག་གོ །ཇི་ཙམ་ན་ཡིད་ཀྱི་མཚོ་ནས་དགྲ་བཅོམ་པ་ལྔ་བརྒྱ་འཕུར་ཏེ་བྱུང་བ་ལ་དབང་ཕྱུག་ཆེན་པོས་ཕྱག་བྱས་ཤིང་ཞབས་བཀྲུས་ནས་གདུགས་ཚོད་གསོལ་ནས་ཆོས་ཉན་ནོ། །དེར་སངས་རྒྱས་པ་བཟང་བར་ཤེས་མོད་འོན་ཀྱང་དྲིས་པས། ཐར་པ་ནི་སངས་རྒྱས་ཀྱི་ལམ་ཁོ་ན་ལ་ཡོད་ཀྱི་གཞན་ལ་མེད་དོ་ཞེས་ལྷ་ཆེན་པོ་གསུང་པས། དེ་གཉིས་རབ་ཏུ་དགའ་བས་རང་གི་ཡུལ་དུ་ཕྱིན། བྲམ་ཟེའི་ཆ་བྱད་རྣམས་བོར་ཏེ། དགེ་བསྙེན་བཙུན་པའི་སྡོམ་པ་ཡང་དག་པར་བླངས། ཐེག་པ་མཐའ་དག་གི་ཆོས་མཁས་པར་སྦྱངས་ཏེ། སངས་རྒྱས་པ་དང་མུ་སྟེགས་པའི་བཟང་ངན་གྱི་ཁྱད་ཤན་འབྱེད་པའི་ཕྱིར། མཐོ་བཙུན་
གྱིས་ཁྱད་པར་འཕགས་བསྟོད་དང༌། བདེ་བྱེད་ཀྱིས་ལྷ་ལས་ཕུལ་བྱུང་གི་བསྟོད་པ་བརྩམས། ཚོང་འདུས་དང༌། རྒྱལ་པོའི་ཕོ་བྲང་ཐམས་ཅད་དུ་བསྒྲགས། ཡུལ་གྱི་སྐྱེ་བོ་ཕལ་ཆེར་ཡང་དེ་དག་དབྱངས་སུ་ལེན་པ་བྱུང་ངོ༌། །མཐོ་བཙུན་སྐུ་མཆེད་ཀྱིས་རྡོ་རྗེ་གདན་དུ་ཉན་ཐོས་ཀྱི་དགེ་སློང་ལྔ་བརྒྱ་རེ་ལ་འཚོ་བ་སྦྱར་ཞིང༌། ནཱ་ལེནྡྲར་ཐེག་ཆེན་པ་ལྔ་བརྒྱ་རེ་མཆོད་དོ། །དེ་ལ་ནཱ་ལེནྡྲ་ནི་སྔོན་འཕགས་པ་ཤཱ་རིའི་བུ་འཁྲུངས་པའི་ཡུལ་དང༌། མཐར་ཤཱ་རིའི་བུ་འཁོར་དགྲ་བཅོམ་པ་ཁྲི་ཕྲག་བརྒྱད་དང་བཅས་ཏེ་མྱ་ངན་ལས་འདས་པའི་ས་ཡང་ཡིན་ལ། བར་སྐབས་སུ་བྲམ་ཟེའི་གྲོང་ནི་སྟོངས། འཕགས་པ་ཤཱ་རིའི་བུའི་མཆོད་རྟེན་ཅིག་ཡོད་པ་ལ་རྒྱལ་པོ་མྱ་ངན་མེད་ཀྱིས་རྒྱ་ཆེར་མཆོད་ནས་སངས་རྒྱས་ཀྱི་ལྷ་ཁང་ཆེན་པོ་ཞིག་བཞེངས་སོ། །དེ་ནས་ཕྱིས་ཐེག་ཆེན་གྱི་དྲང་པོའི་སློབ་དཔོན་ལྔ་བརྒྱས་བཀའ་བགྲོས་ཏེ། གང་དུ་འཕགས་པ་ཤཱ་རིའི་བུའི་གནས་སུ་ཐེག་པ་ཆེན་པོའི་ཆོས་བསྟན་ན་ནི། ཐེག་པ་ཆེན་པོ་པ་རྣམས་ལ་ཆོས་ཤིན་ཏུ་དར་བར་འགྱུར་བའི་མཚན་མ་དང༌། གལ་ཏེ་མཽངྒལ་བུའི་གནས་སུ་བསྟན་པ་ན་ནི་དབང་ཆེ་བ་ཙམ་དུ་འགྱུར་གྱི། ཆོས་འཕེལ་བ་ཁོ་ན་མ་ཡིན་པའི་མཚན་མ་གཟིགས་ནས་བྲམ་ཟེའི་སློབ་དཔོན་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ། དེར་ཐེག་ཆེན་མཐའ་དག་གི་གླེགས་བམ་བཞུགས་པར་བྱས་སོ། །དེ་ལྟར་ན་ནཱ་ལེནྡའི་གཙུག་ལག་ཁང་ཐོག་མར་འདེབས་པ་མྱ་ངན་མེད། ཆོས་བཞི་དར་བར་མཛད་པ་སློབ་དཔོན་ལྔ་བརྒྱ་དང༌། མཐོ་བཙུན་སྐུ་མཆེད། རྒྱས་པར་མཛད་པ་སྒྲ་གཅན་འཛིན་བཟང་པོ། ཤིན་ཏུ་རྒྱས་པར་བྱེད་པ་ཀླུ་སྒྲུབ་བོ། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས་པར་མགོ་བརྩམས་པའི་སྐབས་ཀྱི་གཏམ་སྟེ་བཅུ་
གསུམ་པའོ།། །།དེའི་འོག་ཏུ་རྒྱལ་པཽ་ཙནྡན་སྐྱོང་ཞེས་བྱ་བས་ཉི་འོག་གི་རྒྱལ་ཁམས་སྐྱོང་བ་བྱུང་སྟེ། རྒྱལ་པཽ་དེས་སྤྱིར་ཚེ་ནི་ལོ་ཕྱེད་དང་ཉིས་བརྒྱ་ཐུབ། རྒྱལ་སྲིད་ཀྱང་ལོ་བརྒྱ་ཉི་ཤུ་ཙམ་བསྐྱངས་སྐད། ལྷ་ཁང་དང་དགེ་འདུན་ལ་ལྷག་པར་མཆོད་ཅིང༌། དེ་ལས་གཞན་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་འདི་ལྟར་བྱས་ཀྱི་གཏམ་མི་སྣང་ངོ༌། །དེ་སྐབས་བྲམ་ཟེ་ཨིནྡྲ་ངྷྲུ་བ་ཞེས་པ་རྒྱལ་པོ་དེའི་གྲོགས་པོ་ཞིག་གིས་ལྷའི་དབང་པོ་བསྒྲུབས་ནས་འགྲུབས་པ་ན། སྒྲའི་ངེས་གནས་ཞུས་ཏེ། དེས་བཤད་བ་དག་བྲིས་པ་ཨིནྡྲ་བྱཱ་ཀ་ར་ཎ་ཞེས་གྲགས་སོ། །དེ་ལ་ཤློ་ཀ་ཉི་ཁྲི་ལྔ་སྟོང་ཡོད་པ་སྟེ། འདི་ལ་ལྷས་བསྟན་པའི་བརྡ་སྤྲོད་པ་ཞེས་ཟེར་རོ། །རྒྱལ་པཽ་དེ་རྒྱལ་སྲིད་དུ་འཁོད་པའི་དུས་ཙམ་ན། སློབ་དཔོན་ཆེན་པོ་བྲམ་ཟེ་སྒྲ་གཅན་འཛིན་བཟང་པཽ་ན་ལེནྡྲར་བྱོན་ཏེ། དེ་ཡང་བཙུན་པ་ནག་པོ་ཞེས་བྱ་བ་ཞིག་ལས་བསྙེན་པར་རྫོགས་ཤིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་གསན། ཁ་ཅིག་ཏུ་བཙུན་པ་སྒྲ་གཅན་འཛིན་འོད་བྱ་བ་ལས་བསྙེན་པར་རྫོགས། དེའི་མཁན་པོ་ནག་པོ་ཡིན་ཡང་ཟེར་ཏེ། འདིའི་ནག་པོ་ནི་གཏད་རབས་ཀྱི་དེ་མིན་ནོ། །སློབ་དཔོན་རྣམ་པར་མི་རྟོག་པ་ལ་སོགས་པ་སློབ་དཔོན་འགའ་ལས་ཐེག་པ་ཆེན་པོའི་ཆོས་ཀྱང་གསན་མོད་ཀྱི། གཙོ་བོར་གསང་བའི་བདག་པོ་ལ་སོགས་པ་ལྷག་པའི་ལྷ་རྣམས་ལས་ཐེག་པ་ཆེན་པོའི་མདོ་རྒྱུད་རྣམས་གསན་ཏེ། དབུ་མའི་ཚུལ་ལུགས་དར་བར་མཛད་དོ། །སློབ་དཔོན་འདི་དང་དུས་མཉམ་དུ་བཙུན་པ་ཀ་མ་ལ་གརྦྷ་དང༌། གྷ་ན་ས་ལ་ལ་སོགས་པ་དབུ་མའི་ཚུལ་ལུགས་སྟོན་པའི་བཙུན་པ་ཆེན་པོ་བརྒྱད་ཙམ་བྱུང་ཞིང༌། བཙུན་པ་པྲ་ཀཱ་ས་ངྷརྨ་མ་ཎི་ཞེས་བྱ་བ་ལ་འཕགས་པ་སྒྲིབ་པ་རྣམ་སེལ་གྱི་ཞལ་མངོན་སུམ་དུ་
བསྟན་ནས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། ས་འོག་གི་འཇིག་རྟེན་ནས་འཕགས་པ་འདུས་པ་ཆེན་པོ་ཆོས་ཀྱི་རྣམ་གྲངས་འབུམ་ལེའུ་སྟོང་ཡོད་པ་སྤྱན་དྲངས། གཞན་ཡང་དང་པོའི་སློབ་དཔོན་ལྔ་བརྒྱ་པོ་རྣམས་ཀྱི་སློབ་མ་མང་པོས་ཀྱང་སྔར་མ་དར་བའི་མདོ་རྒྱུད་དུ་མ་སྤྱན་དྲངས་ཏེ་འདི་ཡན་ཆད་དུ་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་གྱི་རྒྱུད་སྡེ་ཐམས་ཅད་དང༌། གསང་བ་འདུས་པ་དང༌། སངས་རྒྱས་མཉམ་སྦྱོར་དང༌། སྒྱུ་འཕྲུལ་དྲྭ་བ་ལ་སོགས་པ་བླ་མེད་ཅི་རིགས་པའང་ཡོད་དོ། །དུས་དེ་ཙམ་ན་གྲོང་ཁྱེར་གནས་བཅས་སུ་དགེ་སློང་བརྩོན་འགྲུས་ཆེན་པོ་ཞེས་བྱ་བ་དང༌། ཡུལ་ཝཱ་རཱ་ཎ་སཱིར་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་ཆེན་པོ་སངས་རྒྱས་ལྷ་དང༌། ཁ་ཆེའི་ཡུལ་དུ་མདོ་སྡེ་བའི་སློབ་དཔོན་ཆེན་པོ་བཙུན་པ་དཔལ་ལེན་རྣམས་བྱུང་སྟེ། དེ་དག་གིས་ཉན་ཐོས་ཀྱི་ཐེག་པ་དར་བར་བྱས་སོ། །དེ་ལ་བཙུན་པ་ཆོས་སྐྱོབ་དང༌། དབྱངས་སྒྲོག་དང༌། དབྱིག་བཤེས་དང༌། སངས་རྒྱས་ལྷ་སྟེ་བཞི་པོ་དེ་ལ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ཆེན་པོ་བཞི་ཞེས་གྲགས་ཏེ། རེ་རེ་ལའང་སླཽབ་མ་འབུམ་ཕྲག་བགྲངས་པ་ཡོད་པར་གྲགས་སོ། །བྱེ་བྲག་ཏུ་སྨྲ་བའི་ལུང་ནི་སྤེལ་མ་གསུམ་གྱི་ཕྲེང་བ་དང༌། གདམས་ངག་བརྒྱ་པ་ཞེས་པ་ཡིན་ཏེ། སློབ་དཔོན་ཆེན་པོ་དེ་རྣམས་ཀྱིས་རྒྱས་པར་བྱས་སོ། །འདིའི་ཆོས་སྐྱོབ་ནི་ཆེད་དུ་བརྗོད་པའི་ཚོམས་བསྡུ་བ་པོ་ཆོས་སྐྱོབ་དང༌། འདིའི་དབྱིག་བཤེས་ཀྱང་བསྟན་བཅོས་རབ་ཏུ་བྱེད་པ་བྱེད་མཁན་གྱི་དབྱིག་བཤེས་དང༌། གཞུང་ལུགས་ཀྱི་བྱེ་བྲག་བཀོད་པའི་འཁོར་ལོ་བྱེད་མཁན་དབྱིག་བཤེས་གཉིས་ནི་མིང་གཅིག་པ་ཙམ་དུ་ཟད་པས་གཅིག་ཏུ་འཁྲུལ་བར་མི་བྱའོ། །གསང་འདུས་འཕགས་སྐོར་བ་རྣམས་ཀྱི་ལོ་རྒྱུས་ལྟར་ན་ཨུ་
ཊི་བི་ཤའི་ཡུལ་དུ་རྒྱལ་པོ་བི་སུ་ཀལྤ་བྱུང་བ་ཡང་རྒྱལ་པོ་ཙནྡན་སྐྱོང་དང་དུས་མཚུངས་པ་ཙམ་དུ་བྱེད་དགོས་སོ། །དེའི་ཚེ་ཀུ་རུའི་ཡུལ་དུ་བྲམ་ཟེ་ཆོས་ལྡན་ཞེས་བྱ་བ་བྱུང་སྟེ། དེས་ཡུལ་ཕྱོགས་དེ་དག་དང་ཉེ་བར་སངས་རྒྱས་པའི་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཐེག་པ་ཆེན་པོའི་ཆོས་སྟོན་པ་པོ་ཡོད་ཚད་ཀྱི་ཆོས་གཞི་བྱས། གྲོང་ཁྱེར་ཧ་སྟེ་ན་བུ་རར་བྲམ་ཟེ་བརྩོན་ལྡན་ཞེས་བྱ་བ་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པས་ཀྱང་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་ཤིང༌། འདུལ་བ་འཛིན་པ་ཆོས་སྟོན་པ་པོ་བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས་སོ། །དེའི་ཚེ་ཤར་ཕྱོགས་ཀྱི་ཡུལ་བྷངྒ་ལར་རྒྱལ་པོ་ཧ་རི་ཙནྡྲ་ཞེས་བྱ་བ་ཙནྡྲའི་རིགས་ཀྱི་ཐོག་མ་དེ་བྱུང་སྟེ། སྔགས་ལམ་ལ་བརྟེན་ནས་དངོས་གྲུབ་ཐོབ་པ། ཕོ་བྲང་ཐམས་ཅད་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པར་སྟོན་པ། ལྕགས་རིའི་ངོས་ལ་སྲིད་པ་གསུམ་གྱི་གཟུགས་བརྙན་འཆར་བར་བྱེད་པ། ལོངས་སྤྱོད་ལྷའི་དཔལ་འབྱོར་དང་མཉམ་པ། འཁོར་སྟོང་དང་བཅས་ཏེ་རིག་པ་འཛིན་པའི་གནས་ཐོབ་བོ། །དཔལ་ས་ར་ཧའམ་བྲམ་ཟེ་ཆེན་པོ་སྒྲ་གཅན་འཛིན་བྲམ་ཟེའི་སྤྱོད་པ་ལ་གནས་པའི་དུས་སུ་ནི། རྣལ་འབྱོར་སྤྱོད་པའི་སློབ་དཔོན་ལྔ་བརྒྱ་པོ་དེ་རྣམས་བྱུང་བ་ཡིན་ལ། མཐར་དེ་ཉིད་ཀྱི་སྐུ་ཚེའི་རིང་ལ་ཤེར་ཕྱིན་འབུམ་པ་མ་གཏོགས་ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་བྱུང་ཞེས་གྲགས་སོ། །བྲམ་ཟེ་སྒྲ་གཅན་འཛིན་གྱི་དུས་ཀྱི་གཏམ་སྟེ་བཅུ་བཞི་པའོ།། །།དེའི་འོག་ཏུ་སློབ་དཔོན་ཀླུ་གྲུབ་ཀྱིས་བསྟན་པ་བསྐྱངས་ཏེ། དབུ་མའི་ཚུལ་ལུགས་ལྷག་པར་དར་བར་མཛད། ཉན་ཐོས་པ་རྣམས་ལ་ཡང་ཕན་ཆེར་བཏགས། ཁྱད་པར་དགེ་སློང་དང་དགེ་ཚུལ་བསླབ་པ་འཆལ་བ་མང་པོ་དགེ་འདུན་གྱི་ནང་ན་
དབང་ཆེན་པོར་ཡོད་པ་ཐམས་ཅད་གནས་ནས་བསྐྲད་དེ་སྟོང་ཕྲག་བརྒྱད་ཙམ་བྱུང་བར་གྲགས་ལ། སྡེ་པ་ཀུན་གྱི་བདག་པོ་མཛད། དེ་ཙམ་ན་བཙུན་པ་དགའ་བོ་དང༌། བཙུན་པ་དམ་པའི་སྡེ་དང༌། བཙུན་པ་ཡང་དག་བདེན་གསུམ་གྱིས་རྣལ་འབྱོར་སྤྱོད་པ་སེམས་ཙམ་གྱི་སྲོལ་བཟུང་ཞིང་བསྟན་བཅོས་ཀྱང་ཅི་རིགས་པར་བྱས་སོ། །མངོན་པར་ཀུན་གཞིའི་བཤད་པའི་སྐབས་སུ་བཙུན་པ་འདི་གསུམ་ལ་སྔོན་གྱི་རྣལ་འབྱོར་སྤྱོད་པ་བ་ཞེས་ཟེར་བའི་རྒྱུ་མཚན་ཡང་ཐོགས་མེད་སྐུ་མཆེད་ལ་ཕྱིས་ཀྱི་རྣལ་འབྱོར་སྤྱོད་པ་པར་འཇོག་པས་དེའི་རྗེས་འབྲང་མ་ཡིན་པ་གསལ་བར་སྟོན་པའི་ཚིག་གོ །དེ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དཔལ་ན་ལེནྡྲར་ཐེག་པ་ཆེན་པོའི་ཆོས་སྨྲ་བ་ལྔ་བརྒྱ་ལ་ལོ་མང་པོའི་བར་དུ་གསེར་འགྱུར་རྩིའི་སྦྱོར་བ་ལ་བརྟེན་ཏེ་འཚོ་བ་སྦྱར། དེ་ནས་ལྷ་མོ་ཙཎྜི་ཀཱ་བསྒྲུབས་ཏེ། ནམ་ཞིག་ན་ལྷ་མོ་དེས་སློབ་དཔོན་ནམ་མཁའ་ལ་ཁྱེར་ཏེ་ལྷའི་གནས་སུ་འཁྲིད་པར་བརྩམས་པ་ན། ང་ལྷ་གནས་སུ་འགྲོ་བ་དོན་དུ་གཉེར་བ་མ་ཡིན། བསྟན་པ་ནམ་གནས་ཀྱི་བར་དུ་ཐེག་པ་ཆེན་པོའི་དགེ་འདུན་རྣམས་ལ་འཚོ་བ་སྦྱར་བའི་དོན་དུ་ཁྱོད་བསྒྲུབས་སོ། །ཞེས་གསུངས་པས་དེས་ན་ལེནྡྲ་དང་ཉེ་བའི་ནུབ་ཕྱོགས་སུ་རྗེ་རིགས་མ་བཟང་མོའི་ཚུལ་དུ་སྤྲུལ་ནས་འདུག་ལ། སློབ་དཔོན་གྱིས་འཇམ་དཔལ་གྱི་ལྷ་ཁང་རྡོ་ལས་གྲུབ་པ་ཤིན་ཏུ་མཐོ་བའི་ངོས་ཆེན་པོར་སེང་ལྡེང་གི་ཕུར་བུ་ཆེན་པོ་མིས་ཐེག་ཚད་གཅིག་བཏབ་སྟེ། འདི་ཐལ་བར་མ་གྱུར་གྱི་བར་དུ་ཁྱོད་ཀྱིས་དགེ་འདུན་ལ་འཚོ་བ་སྦྱོར་ཞིག་ཅེས་བསྒོས་པས། ལོ་བཅུ་གཉིས་ཀྱི་བར་དུ་དགེ་འདུན་ལ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱེད་པ་ཞིག་བྱུང་བ་ལས། མཐར་ཞལ་ཏ་བ་དགེ་ཚུལ་མ་རུངས་པས་དེ་ལ་
འདོད་པའི་དུས་བཏབ་ཡང་ཡང་བྱས་ཀྱང༌། དེ་ཅང་མི་སྨྲ་བ་ལས། ལན་ཅིག་ན་སེང་ལྡེང་གི་ཕུར་བུ་དེ་ཐལ་བར་སོང་བ་ན་འདུ་བར་བྱའོ་ཟེར་བས། དགེ་ཚུལ་ངན་པ་དེས་སེང་ལྡེང་གི་ཕུར་བུ་མེས་བསྲེགས་ཏེ་ཐལ་བར་བྱས་པ་ན་ལྷ་མོ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་སློབ་དཔོན་གྱིས་དེའི་དོད་དུ། ལྷ་ཁང་བརྒྱ་རྩ་བརྒྱད་དུ་ཐེག་པ་ཆེན་པོའི་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས། དེར་ནག་པོ་ཆེན་པོའི་སྐུ་རེ་བཞེངས། བསྟན་པ་བསྲུང་བའི་གཉེར་གཏད་དོ། །གཞན་ཡང་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་གླང་པཽ་ཆེའི་གནོད་པ་བྱུང་བའི་སྐབས་ཤིག བྱང་ཆུབ་ཤིང་གི་རྒྱབ་ཏུ་རྡོ་རིང་གཉིས་བྱས་པས་ལོ་མང་པོར་མ་བྱུང༌། ཡང་གནོད་པ་བྱུང་བ་ལ་རྡོ་རིང་གི་སྟེང་དུ་ནག་པོ་ཆེན་པོ་སེང་གེ་ལ་ཆིབས་པ་བེ་ཅོན་ཐོགས་པ་རེ་བཞེངས་པས་ལོ་མང་པོར་ཕན་པར་བྱུང༌། ཡང་གནོད་པ་བྱུང་བས་མཐའ་རྡོའི་དྲ་མིག་གིས་བསྐོར། ཕྱི་རོལ་ཏུ་མཆོད་རྟེན་ལྷ་ཅན་བརྒྱ་རྩ་བརྒྱད་བཞེངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་ལྕགས་རི་བཏབ་ཅིང༌། ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བྱས། རྡོ་རྗེ་གདན་གྱི་ཤར་ངོས་ལ་ཆུའི་གནོད་པ་ཆེན་པོ་བྱུང་བའི་ཚེ། ཕ་བོང་བདུན་ལ་ཐུབ་པའི་སྐུ་བརྙན་ཆེན་པོ་བརྐོས་པ་ཞལ་ཕྱིར་བསྟན་ཏེ་ཆུ་རགས་ཀྱི་ཚུལ་དུ་བྱས་པས། ཆུའི་གནོད་པ་བཟློག ཆུ་ལོན་གྱི་ཐུབ་པ་བདུན་ཞེས་གྲགས། ཆུ་ལོན་ནི་ཆུ་རགས་ཀྱི་མིང་ཡིན་པས། ཆུ་ནང་དུ་གཟུགས་བརྙན་ཤར་བ་ལ་འདྲ་ལེན་བྱས་པ་ཡིན་ཟེར་བ་ལ་ནི་མུན་སྤྲུལ་ཡིན་ཞིང༌། དེ་ཉིད་རྒྱལ་པོ་ཨུ་ཏྲ་ཡ་ན་བཏུལ་བའི་དུས་བྱུང་ཟེར་བ་ནི་འདུལ་བ་ལུང་དང་དངོས་སུ་འགལ་བས། དེ་གཉིས་ཀར་ཡང་རང་གི་དེ་ཉིད་གསལ་བར་སྟོན་པའོ། །འདི་དག་དང་དུས་མཚུངས་
པར་ཨུ་ཊི་བི་ཤིའི་ཡུལ་དུ་རྒྱལ་པོ་མུཉྫ་འཁོར་སྟོང་དང་བཅས་པ་རིག་པ་འཛིན་པའི་ལུས་གྲུབ་པ་དང༌། ནུབ་ཕྱོགས་མ་ལ་ཝའི་ཕྱོགས་གཅིག་ཌོ་ཌྷ་ཧ་རི་ཞེས་བྱ་བར་རྒྱལ་པཽ་བྷོ་ཛི་དེ་བ་འཁོར་སྟོང་དང་བཅས་པ་མི་སྣང་བར་གྱུར་པ་ལ་སོགས་པ་སྔགས་ཀྱི་ལམ་དུ་ཞུགས་པ་ཐམས་ཅད་ལ་དངོས་གྲུབ་མ་ཐོབ་པ་གཅིག་ཀྱང་མེད་དོ། །དེའི་ཚེ་འཕགས་པས་གཟུངས་མང་པོ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་སྤྱན་དྲངས་པས་ཉན་ཐོས་རྣམས་ཀླུ་སྒྲུབ་ཀྱིས་བརྩམས་སོ་ཟེར་རོ། །དེ་ཕྱིན་ནས་ཐེག་ཆེན་གྱི་མདོ་སྡེ་གསར་དུ་བྱོན་པ་མེད་དོ། །ཉན་ཐོས་དངོས་སྨྲ་བ་རྣམས་ཀྱི་རྩོད་པ་བཟློག་བའི་ཕྱིར་རིག་པའི་ཚོགས་ལྔ་ལ་སོགས་པ་མཛད། བོད་ཀྱི་ལོ་རྒྱུས་རྣམས་ལ་དགེ་སློང་བདེ་བྱེད་ཅེས་བྱ་བས་རིག་པའི་རྒྱན་ཞེས་བྱ་བའི་བསྟན་བཅོས་ཐེག་ཆེན་སུན་འབྱིན་བའི་ཕྱིར་བརྩམས་པ་ཤློ་ཀ་འབུམ་ཕྲག་བཅུ་གཉིས་ཡོད་པ་བྱས་ཟེར་བ་སྣང་ཡང་ངག་སྒྲོས་འཆུགས་པ་སྟེ། ཤློ་ཀ་སྟོང་ཕྲག་བཅུ་གཉིས་ཡིན་པར་རྒྱ་གར་བའི་ལོ་རྒྱུས་ཀྱི་ཡི་གེ་གསུམ་ལས་མཐུན་པར་འབྱུང་ངོ༌། །ཤར་ཕྱོགས་པ་ཊ་བེ་ས་ཏེ་པུཀྐཾ་གི་ཡུལ་དང༌། ཨོ་ཌི་བི་ཤ་དང༌། བྷངྒ་ལ། ར་ངྷའི་ཡུལ་རྣམས་སུ་ཡང་ལྷ་ཁང་མང་དུ་བཞེངས། དེའི་ཚེ་མ་ག་ངྷར་བྲམ་ཟེ་སུ་བིཥྞུ་ཞེས་བྱ་བའི་དཔལ་ན་ལེནྡྲའི་གནས་སུ་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས། ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་མི་ནུབ་པའི་ཕྱིར་མ་མོ་འཛིན་པ་བརྒྱ་རྩ་བརྒྱད་ཀྱི་ཆོས་གཞི་བྱས། འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ལ་ལྷོ་ཕྱོགས་ཀྱི་རྒྱུན་དུ་བྱོན་ཏེ། རྒྱལ་བོ་བདེ་བྱེད་བཏུལ། ལོ་མང་དུ་བསྟན་པ་བསྐྱངས། ལྷོ་ཕྱོགས་དྲྭ་བ་ལིའི་ཡུལ་དུ་བྲམ་ཟེ་མ་དྷུ་དང༌། སུ་པྲ་མ་དྷུ་ཞེས་བྱ་བ་ལོངས་སྤྱོད་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡོད་དེ། དེ་གཉིས་
དང་སློབ་དཔོན་གྱིས་བྲམ་ཟེའི་ཆོས་ལ་རིག་པ་འགྲན་བས་རིག་བྱེད་བཞི་དང༌། རིག་པའི་གནས་བཅོ་བརྒྱད་སོགས་སློབ་དཔོན་གྱི་མཁྱེན་པའི་བརྒྱའི་ཆར་ཡང་བྲམ་ཟེས་མ་སླེབ། བྲམ་ཟེ་གཉིས་ན་རེ། བྲམ་ཟེའི་བུ་རིག་བྱེད་གསུམ་དང་ལྡན་པ་བསྟན་བཅོས་ཀུན་གྱི་མཐར་ཕྱིན་པ་ལ་ཤཱཀྱའི་དགེ་སྦྱོང་བྱེད་པ་ཅི་ཡིན་དྲིས་པ་ན། རིག་བྱེད་ཀྱི་བསྔགས་པ་མ་ཡིན་པ་དང་ཆོས་ཀྱི་བསྔགས་པ་དག་བརྗོད་པས་ལྷག་པར་དད་དེ་ཐེག་པ་ཆེན་པོ་མཆོད་པར་བྱས་ནས། སློབ་དཔོན་གྱིས་དེ་ལ་རིག་སྔགས་བྱིན་པས་དང་པོས་ནི་དབྱངས་ཅན་མ་གྲུབ་ལ། ཕྱི་མས་ནི་ནོར་རྒྱུན་མ་གྲུབ་བོ། །དེ་གཉིས་ཀས་ཀྱང་ཐེག་པ་ཆེན་པོའི་ཆོས་སྨྲ་བ་པོ་ཉིས་བརྒྱ་ལྔ་བཅུ་རེ་མཆོད་པར་བྱས་ཤིང༌། དང་པོས་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་པ་ཡང་ཉིན་ཞག་གཅིག་གམ་གཉིས་སམ་གསུམ་ལ་སོགས་པས་འབྲི་བར་བྱེད་དོ། །དེའི་ཕྱིར་དགེ་སློང་རྣམས་ལ་གླེགས་བམ་མང་དུ་སྟེར་རོ། །གཉིས་པས་ནི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་བྱས་སོ། །དེ་ནས་སློབ་དཔོན་འདིས་ནི་ཉན་བཤད་དང་སྒོམ་པ་དང་ལྷ་ཁང་བཞེངས་པ་དང་དགེ་འདུན་ལ་འཚོ་བ་སྦྱར་བ་དང་མི་མ་ཡིན་གྱི་དོན་མཛད་པ་དང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ལ་སོགས་པ་སྒོ་ཐམས་ཅད་ནས་དམ་པའི་ཆོས་བསྐྱངས་བས་ཐེག་པ་ཆེན་པོའི་བསྟན་པ་ལ་བཀའ་དྲིན་ཟླ་མེད་པར་བྱེད་པ་ཡིན་ནོ། །བྲམ་ཟེ་ཆེན་པོ་དང༌། འཕགས་པ་ཀླུ་སྒྲུབ་ཀྱི་རྣམ་ཐར་དངོས་ནི་བཀའ་བབས་བདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་གཏམ་དུ་བཤད་ཟིན་པས་དེར་ཤེས་པར་བྱའོ། །རྒྱལ་པོ་བདེ་བྱེད་ཀྱིས་ཀྱང་ལོ་བརྒྱ་དང་ལྔ་བཅུ་ཙམ་ཐུབ་ཅིང༌། སློབ་དཔོན་འདིས་ལོ་དྲུག་བརྒྱ་ལས་བདུན་ཅུ་དོན་གཅིག་མ་ཚང་བར་འདོད་
པ་དང༌། ཉེར་དགུ་མ་ཚང་བར་འདོད་པའི་ལུགས་གཉིས་སྣང༌། དང་པོའི་དབང་དུ་བྱས་ནས་ལོ་ཉིས་བརྒྱ་ཡུལ་དབུས་དང༌། ཉིས་བརྒྱ་ལྷོ་ཕྱོགས་དང༌། བརྒྱ་དང་ཉི་ཤུ་རྩ་དགུ་དཔལ་གྱི་རི་ལ་བཞུགས་ཞེས་གྲགས་པ་རགས་རྩིས་སུ་སྣང་ཞིང༌། གང་ལྟར་ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་ཁོ་བོའི་བླ་མ་པནྚི་ཏ་རྣམས་གསུང༌། ཕྱི་མ་ལྟར་ནའང་གཞན་འདྲ་བ་ལས་བརྒྱ་དང་བདུན་ཅུ་རྩ་གཅིག་དཔལ་གྱི་རིར་བཞུགས་ཞེས་ཟེར་རོ། །བཅུད་ལེན་གྲུབ་པ་ནས་པགས་པའི་ཁ་དོག་ནོར་བུའི་མདོག་ལྟ་བུར་གྱུར། དཔལ་གྱི་རིར་བསྒོམས་པས་ས་དང་པོ་བརྙེས་ཏེ་སྐུ་ལ་མཚན་སོ་གཉིས་གྱིས་བརྒྱན་པར་གྱུར་ཏོ། །སློབ་དཔོན་འདི་ཉིད་ཀྱི་གྲོགས་པོ་སློབ་དཔོན་བྲམ་ཟེ་མཆོག་སྲེད་ཅེས་བྱ་བ་རྒྱལ་པོ་བདེ་བྱེད་ཀྱི་མདུན་ན་འདོན་དུ་གནས་སོ། དེའི་ཚེ་རྒྱལ་པོའི་བཙུན་མོ་ཐ་ཆུང་ཞིག་གིས་སྒྲའི་གནས་ཅུང་ཟད་ཤེས་ལ། རྒྱལ་པོས་ནི་མི་ཤེས་སོ། །སྐྱེད་མོས་ཚལ་དུ་ཆུ་ལ་རྩེ་བའི་ཚེ་རྒྱལ་པོས་དེ་ལ་ཆུ་གཏོར་བས། དེས་མ་མོ་ད་ཀཱ་སེཉྩ་ཞེས་བོད་སྐད་དུ་བདག་ལ་ཆུ་མ་འཐོར་ཞེས་པའོ། །རྒྱལ་པོས་ལྷོ་ཕྱོགས་ཀྱི་ཡུལ་སྐད་དང་སྦྱར་བས་བལ་སྲན་གྱི་ཁུར་བ་ཏིལ་མར་གྱིས་བཅོས་པ་བྱིན་ཅིག་པར་གོ་ནས། དེ་ཕྱིན་པས་བཙུན་མོ་དེ་རྒྱལ་པོ་བ་ལང་ལྟ་བུ་དང་ལྷན་ཅིག་ཏུ་གནས་པ་ལས་ཤི་བའང་སླའོ་སྙམ་སྟེ་ལྕེབ་པར་བརྩམས་པ་ལས། རྒྱལ་པོས་གཟུང་ནས་སྒྲ་སློབ་པར་བྱས་ཏེ་བྲམ་ཟེ་མཆོག་སྲེད་ལས་ལེགས་པར་བསླབས་སོ། །འོན་ཀྱང་ཅུང་ཟད་མ་རྫོགས་ནས་སློན་དཔོན་སཔྟ་ཨཝརྨ་ལས་བླངས་པ་ཡིན་ནོ། །དེ་ལ་སློབ་དཔོན་མཆོག་སྲེད་ཀྱི་ལོ་རྒྱུས་ནི། སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པའི་བྲམ་ཟེ་ལས་དྲུག་པ་བརྩོན་པ་
འཕགས་པ་ཀླུ་སྒྲུབ་ནཱ་ལེནྡྲའི་མཁན་པོ་མཛད་པའི་ཚེ་མཛའ་བཤེས་སུ་གྱུར་པ་ཞིག་མ་ག་ངྷའི་ཤར་ཕྱོགས་ར་རའི་ཡུལ་ན་ཡོད་པ་ལས། དེས་ལོ་བཅུ་གཉིས་སུ་འཕགས་པ་སྤྱན་རས་གཟིགས་ཀྱི་སྔགས་བཟླས་ཤིང༌། མཐར་གསེར་འབུམ་ཕྲག་བཞིའི་ཡོ་བྱད་སྦྱིན་སྲེག་ཏུ་ཕུལ་བས་འཕགས་པ་སྤྱན་རས་གཟིགས་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་ཅི་འདོད་གསུང་པ་ལ། བདག་གྲུབ་པ་ཆེན་པོ་བརྒྱད་ཀྱིས་སེམས་ཅན་གྱི་དོན་བྱ་བར་འདོད་པས་ནག་པོ་ཆེན་པོ་མངག་གཞུག་ཏུ་འཚལ་ཞུས་པས་དེ་བཞིན་དུ་གནང་ནས། དེ་ཕྱིན་ཆད་རིག་སྔགས་ཐམས་ཅད་ཇི་ལྟར་འདོད་པར་གྲུབ་ཅིང༌། རི་ལུ་ལ་སོགས་པ་གྲུབ་པ་བརྒྱད་པོ་སྟོང་ཕྲག་རེ་རེས་སེམས་ཅན་རྣམས་ལ་ཕན་བཏགས་སོ། །གྲུབ་པ་ཐོབ་པ་སྟོང་ཕྲག་བརྒྱད་པོ་དེ་དག་ཀྱང་ཁོང་ལ་བླ་མར་འཛིན། རིག་པ་མཐའ་དག་ཀྱང་མ་བསླབས་པར་རང་ཤེས་སོ། །དེ་ནས་ནུབ་ཕྱོགས་ཀྱི་ཡུལ་དུ་སོང་ནས་རྒྱལ་པོ་སནྟི་ཝ་ཧ་ན་ཞེས་བྱ་བ་ལོངས་སྤྱོད་ཆེན་པོ་དང་ལྡན་པའི་ཡུལ་དུ་གནས་སོ། །དེར་ཡང་སྔགས་དང་རྒྱུད་ཀྱི་སྦྱོར་བས་སེམས་ཅན་ལ་ཕན་འདོགས་ཤིང་གནས་པ་ལས། ཝཱ་རཱ་ཎ་སཱིར་འོངས་པའི་ཚེ། བར་སྐབས་དེར་བྱུང་བའི་རྒྱལ་པོ་བྷི་མ་ཤུ་ཀ་ལ་ཞེས་བྱ་བའི་ཡུལ་དུའང་སེམས་ཅན་གྱི་དོན་ཆེར་བྱས་ཏེ། སྐབས་དེར་ཀཱ་ལཱི་དཱ་སའི་ལོ་རྒྱུས་སྦྱར། དེ་ནས་ལྷོ་ཕྱོགས་སུ་ཕྱིན། རྒྱལ་པོ་བདེ་བྱེད་སྒྲ་སློབ་པར་འདོད་པ་ལ། སྒྲ་པཱ་ཎི་པ་སོགས་ཡོངས་སུ་རྫོགས་པར་ཤེས་པའི་སློབ་དཔོན་མ་རྙེད་ནས། ཀླུའི་རྒྱལ་པོ་ཤེ་ཥ་ཞེས་བྱ་བ་པཱ་ཎི་པ་ཡོངས་སུ་རྫོགས་པར་ཤེས་པ་ཞིག་ཡོད་པར་ཤེས་ནས། བྲམ་ཟེ་མཆོག་སྲེད་ཀྱིས་རིག་སྔགས་ཀྱིས་མཐུས་བཀུག་ནས། ཤློ་ཀ་འབུམ་གྱིས་པཱ་ཎི་པའི་དོན་ཐམས་
ཅད་རྒྱ་ཆེར་འགྲེལ་ནུས་པ་འཆད་པར་བྱས་ཤིང༌། སློབ་དཔོན་གྱིས་ཡི་གེར་འབྲི་བ་ལས། དེ་གཉིས་ཀྱི་བར་དུ་ཡོལ་བས་ཆོད་པར་བྱས་སོ། །ཤློ་ཀ་སྟོང་ཕྲག་ཉི་ཤུ་རྩ་ལྔ་སོང་པ་ན་འདིའི་ལུས་ནི་ཅི་འདྲ་སྙམ་སློབ་དཔོན་གྱིས་ཡོལ་བ་བཏེག་ནས་བལྟས་པས་སྦྲུལ་ཆེན་པོ་བསྒྱིངས་པ་མཐོང༌། ཀླུ་ཡང་ངོ་ཚ་སྟེ་བྲོས་སོ། །དེ་མན་ཆད་དུ་སློབ་དཔོན་ཉིད་ཀྱིས་འགྲེལ་པ་བྱས་ཏེ། དེ་ལ་ནི་ཚིགས་སུ་བཅད་པ་སྟོང་ཕྲག་བཅུ་གཉིས་ཀྱི་ཚད་ཙམ་ལས་མེད་དོ། །དེ་གཉིས་བསྡོམས་པ་ལ་ཀླུས་བསྟན་པའི་བརྡ་སྤྲོད་པ་ཞེས་གྲགས། དེར་སྒྲ་ལ་སོགས་པའི་རིག་པའི་གནས་རྣམས་ཀྱང་མང་དུ་བསྟན། མཐར་ནག་པོ་ཆེན་པོས་ཕྲག་པ་ལ་ཐོགས་ཏེ་རི་རབ་ཀྱི་རྩེ་མོ་ཡོངས་འདུ་ས་བརྟོལ་གྱི་གནས་སུ་གཤེགས་སོ་ཞེས་གྲགས་སོ། །དེར་རྒྱལ་པོ་བདེ་བྱེད་སློབ་དཔོན་མཆོག་སྲེད་ཀྱིས་བྱས་པའི་འགྲེལ་པ་ལ་ཡིད་མ་ཆེས་པར་བྲམ་ཟེ་སཔྟ་ཝརྨ་གཞོན་ནུ་གདོང་དྲུག་བསྒྲུབ་ཏུ་བཅུག་གོ །གྲུབ་ནས་ཁྱོད་ཅི་འདོད་ཅེས་ཟེར་བ་ན། ཨིནྡྲ་བྱཱ་ཀ་ར་ཎ་ཞེས་པར་འཚལ་ལོ་བྱས་པས། སིདྡྷོ་ཝརྣ་ས་མམྣཱ་ཡ་ཞེས་བརྗོད་པ་ཙམ་གྱིས་སྒྲའི་དོན་མཐའ་དག་ཤེས་སོ། །སྔར་བོད་དུ་གྲགས་པའི་ལོ་རྒྱུས་ལྟར་ན་ཀ་ལཱ་པའི་ཀུན་བཤད་བཞི་པ་ཡན་ཆད་གཞོན་ནུ་གདོང་དྲུག་གིས་བཤད་ཅིང༌། ཀ་ལཱ་པ་ཞེས་པ་ཆ་བསགས་ཀྱི་དོན་རྨ་བྱའི་མཇུག་སྒྲོ་ཁ་དོག་སྣ་ཚོགས་པའི་ཆ་བསགས་པའི་དོན་དུ་འཆད་མོད། འདིར་ནི་དེ་ལྟར་མ་གྲགས་ཏེ། ཀ་ལཱ་པ་ནི་སཔྟ་ཝརྨ་ཉིད་ཀྱིས་བརྩམས་ལ། ཆ་བསགས་ཀྱི་དོན་ནི་ཉེ་བར་མཁོ་བའི་ཆ་ཤས་དག་བསགས་པའོ། །ཞེས་པའི་དོན་ནོ། །དེ་བཞིན་དུ་སློབ་དཔོན་འདིའི་མིང་ལ་དབང་ཕྱུག་གོ་ཆར་འཆད་པ་ཡང་མ་དག་པ་
ཡིན་ཞིང༌། སརྦ་ཝརྨ་ཞེས་པ་ཡང་ཡིག་ནོར་བརྒྱུད་པ་སྟེ། སཔྟ་ཝརྨ་མུན་པའི་གོ་ཆ་ཡིན་ནོ། །ཀཱ་ལཱི་དཱ་སའི་ལོ་རྒྱུས་ནི། ཝཱ་རཱ་ཎ་སཱིའི་རྒྱལ་པོ་བྷི་མ་ཤུ་ཀླའི་མཆོད་གནས་སུ་བྲམ་ཟེ་མཆོག་སྲེད་ཡོད་པའི་ཚེ། རྒྱལ་པོའི་བུ་མོ་དཔྱིད་ལྡན་མ་ཞེས་བྱ་བ་བྲམ་ཟེ་མཆོག་སྲེད་ལ་སྦྱིན་པར་བྱས་པ་ལས། དཔྱིད་ལྡན་མ་ང་རྒྱལ་གྱི་དྲེགས་པས་མཆོག་སྲེད་ལས་ཁོ་མོ་མཁས་པའི་ཕྱིར་དེའི་གཡོག་མི་བྱེད་དོ་ཞེས་བྱས་སོ། །དེར་མཆོག་སྲེད་ཀྱིས་འདི་རྫུན་གྱིས་བསླུ་བར་བྱའོ་སྙམ་ནས། འོ་ན་བདག་གི་སློབ་དཔོན་མཁས་པ་བདག་ལས་བློ་གྲོས་བརྒྱ་འགྱུར་གྱིས་ཆེ་བ་ཞིག་ཡོད་པས་དེ་སྤྱན་དྲངས་ལ། དེ་ལ་རྒྱལ་པོས་དཔྱིད་ལྡན་མ་སྩོལ་ཞིག་ཅེས་བྱས་ནས། མ་གྷ་དྷའི་གནག་རྫི་གཟུགས་བཟང་བ་ཞིག ཤིང་གི་ཡལ་གའི་རྩེ་མོ་ལ་གནས་ནས། ཡལ་གའི་རྩ་བ་ལ་སྟེའུ་བསྣུན་པར་བྱེད་པ་མཐོང་ནས་ཤིན་ཏུ་བླུན་པར་ཤེས་ཏེ། དེ་བོས་ནས་ཞག་འགར་ཁྲུས་དང༌། བསྐུ་མཉེ་ཕུན་སུམ་ཚོགས་པར་བྱས། བྲམ་ཟེ་པནྚི་ཏའི་ཆ་བྱད་དུ་བཅོས། ཨོཾ་སྭ་སྟི་ཞེས་བྱ་བ་གཅིག་པུ་བསླབས། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་ཏེ་བཞུགས་པའི་དབུས་སུ་རྒྱལ་པོ་ལ་མེ་ཏོག་གཏོར་ཏེ་ཨོཾ་སྭ་སྟི་ཞེས་བྱ་བ་འདི་བརྗོད་ཅིག །གཞན་སུ་ཞིག་གིས་དྲིས་ཀྱང་ལན་འདེབས་པར་མ་བྱེད་ཅིག །ཅེས་བསྒོས་ནས་དེ་ལྟར་བྱེད་རྒྱུ་ལ་དེ་དག་བསྟབས་ཏེ་རྒྱལ་པོ་ལ་མེ་ཏོག་གཏོར་ནས། ཨུ་ཤ་ཊར་ཞེས་ཟེར་རོ། །དེར་སློབ་དཔོན་གྱིས་ཡི་གེ་བཞི་པོ་དེ་དག་གི་དོན་བཀྲལ་ཏེ། ཨུ་མ་ཡ་ས་ཧི་ཏོ་རུ་དྲཿ ཤཾ་ཀ་ར་ས་ཧི་ཏོ་བིཥྞུ། ཊཾ་ཀཱ་ར་ཤུ་ལ་པཱ་ཎིཥྩ། རཀྵནྟུ་ཤི་པ་སརྦཱ་དཱ། ཞེས་པའི་དོན་ཏེ། ཤིས་པ་བརྗོད་པ་ཡིན་
ཞེས་ཁ་བསྒྱུར་རོ། །ཚིག་ཏེ་བོད་སྐད་དུ་བསྒྱུར་བ་ན། ཨུ་མ་དང་བཅས་དྲག་པོ་དང༌། །བདེ་བྱེད་དང་བཅས་འཇུག་སེལ་ཏེ། །ཊཾ་ཚུལ་ཕྱག་ན་མདུང་ཐུང་ཡང༌། །ཞི་བས་རྟག་ཏུ་བསྲུང་བར་མཛོད། །ཅེས་པའོ། །དེ་ནས་དཔྱིད་ལྡན་མས་སྒྲའི་དོན་ལ་སོགས་པ་དྲིས་ཀྱང་ཅང་མི་སྨྲ་བ་ལ། མཆོག་སྲེད་ཀྱིས་བདག་གི་སློབ་དཔོན་མཁས་པ་འདི་བུད་མེད་ཀྱིས་དྲིས་པ་ལ་ལན་ཅི་ལ་འདེབས་ཞེས་མགོ་རྨོངས་པར་བྱས་ནས། བྲམ་ཟེ་མཆོག་སྲེད་ལྷོ་ཕྱོགས་སུ་བྲོས་སོ། །དེ་ནས་དེ་ལྷ་ཁང་རྣམས་སུ་འཁྲིད་ཀྱང་ཅང་མི་སྨྲའོ། །མཐར་ལྷ་ཁང་གི་ཕྱི་ཁྱམས་སུ་སྲོག་ཆགས་སྣ་ཚོགས་པའི་གཟུགས་བརྙན་བྲིས་པ་ལས་བ་ལང་གི་གཟུགས་བརྙན་མཐོང་བས་དགའ་སྟེ། ཕྱུགས་སྐྱོང་བའི་རྣམ་འགྱུར་བྱེད་དོ། །དེ་ནས་ཀྱེ་མའོ་འདི་ནི་བ་ལང་རྫིའོ་ཞེས་གདོད་བསླུས་པར་ཤེས་སོ། །བློ་དང་ལྡན་ན་སྒྲ་བསླབ་པར་བྱའོ་ཞེས་བརྟགས་པས་ཀྱང་ཤིན་ཏུ་བློ་བརྟུལ་བར་བྱུང་སྟེ། དཔྱིད་ལྡན་མས་ཀྱང་སྡང་པོར་བྱས་ཤིང་ཉིན་རེ་བཞིན་མེ་ཏོག་འཐུར་བཏང་ངོ༌། །མ་ག་དྷཱའི་ཕྱོགས་གཅིག་ན་ལྷ་མོ་ནག་མོའི་སྐུ་ལྷའི་བཟོ་བོས་བྱས་པ་ཞིག་ཡོད་དེ། ཉིན་རེ་བཞིན་དེ་ལ་མེ་ཏོག་མང་དུ་ཕུལ་ནས་ཕྱག་བཙལ་ཏེ་གུས་པས་གསོལ་བ་བཏབ་པས། དུས་ནམ་ཞིག་ན། དཔྱིད་ལྡན་མ་ལྷ་མཆོད་པས་དུས་ཅིག་ལ། དེས་ཐོར་རངས་མེ་ཏོག་འཐུ་བར་སོང་བའི་ཚེ། དཔྱིད་ལྡན་མའི་གཡོག་མོ་ཞིག་ཀྱལ་ཀའི་དོན་དུ་གོ་ལ་མུར་བཞིན་དུ་ལྷ་མོ་ནག་མོའི་རྟེན་གྱི་རྒྱབ་ཏུ་ཡིབ་ཅིང་འདུག་གོ །ཕྱུགས་རྫི་དེས་སྔར་བཞིན་གསོལ་བ་བཏབ་པའི་ཚེ། གཡོག་མོ་དེས་གོ་ལ་མུར་འཕྲོ་ལག་ཏུ་གཏད་པའི་འདི་ནི་ལྷ་མོས་དངོས་སུ་གནང་བ་ཡིན་ནོ་སྙམ་ནས་མིད་དོ། །དེ་ཉིད་དུ་བློ་གྲོས་ཐོགས་པ་མེད་པས་རྟོག་གེ་དང་བརྡ་སྤྲོད་པ་དང་སྙན་
ངག་སྨྲ་བ་ཆེན་པོར་གྱུར་ཏེ། ལག་པ་གཡས་སུ་པདྨའི་མེ་ཏོག་དང༌། གཡོན་དུ་ཨུཏྤལ་ཞིག་ཐོགས་ཏེ། པདྨ་མེ་ཏོག་བཟང་ཡང་ཡུ་བ་རྩུབ། ཨུཏྤལ་ནི་མེ་ཏོག་ཆུང་ཡང་ཡུ་བ་འཇམ་པས་གང་ཞིག་འདོད་ཅེས་པའི་དོན་ལ། བདག་གི་ལག་པ་གཡས་ན་པདྨ་དང༌། །གཡོན་ན་དེ་བཞིན་ཨུཏྤལ་ལའི་མེ་ཏོག །འཇམ་པའི་ཡུ་བའམ་རྩུབ་པའི་ཡུ་བ་ཅན། །གང་འདོད་ལོངས་ཤིག་པདྨའི་མིག་ཅན་མ། །ཞེས་བརྗོད་པས་མཁས་པར་སོང་བར་ཤེས་ཏེ་བཀུར་བསྟི་ཆེན་པོ་བྱས། དེ་ལྷ་མོ་ནག་མོ་ལ་ཤིན་ཏུ་གུས་པར་བྱས་པས་ཀཱ་ལཱི་དཱ་ས་སྟེ་ནག་མོའི་འབངས་སམ་ནག་མོའི་ཁོལ་པོར་གྲགས། དུས་དེ་ཙམ་ན་སྙན་ངག་མཁན་མཐའ་དག་གི་གཙུག་གི་ནོར་བུར་གྱུར། སྤྲིན་གྱི་ཕོ་ཉ་ལ་སོགས་པ་ཕོ་ཉ་བརྒྱད་དང༌། གཞོན་ནུ་འབྱུང་བ་ལ་སོགས་པའི་སྙན་དངགས་ཀྱི་བསྟན་བཅོས་ཆེན་པོ་ཡང་མང་དུ་བརྩམས། འདི་དང་སཔྟ་ཝརྨ་གཉིས་ཀ་གྲུབ་མཐའ་ནི་ཕྱི་རོལ་པ་ཞྀག་གོ །དེ་དག་གི་དུས་ལི་ཡུལ་དུ་དགྲ་བཅོམ་པ་དགེ་འདུན་འཕེལ་བྱུང༌། གཞན་ཡང་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་ལ། ཐོ་གར་དུ་སློབ་དཔོན་མིའུ་ཐུང་དང༌། ཁ་ཆེར་ཀུ་ན་ལ་དང༌། ཉི་འོག་དབུས་སུ་དགེ་བྱེད་དང༌། ཤར་ཕྱོགས་སུ་སློབ་དཔོན་དགེ་འདུན་འཕེལ་རྣམས་དང༌། མདོ་སྡེ་པའི་སློབ་དཔོན་ནུབ་ཕྱོགས་སུ་བཙུན་པ་གཞོན་ནུ་ལེན་ཞེས་བྱ་བ་བྱུང་སྟེ། དེ་རེ་རེ་ལ་ཡང་འཁོར་ཚོགས་བགྲང་བ་ལས་འདས་པ་ཡོད་དོ། །རྒྱལ་པོ་ཧ་རི་ཙནྡྲ་ནི་འཁོར་བཅས་འཇའ་ལུས་སུ་གྱུར་པས་དེའི་བརྒྱུད་པ་མེད་ལ་དེ་ཉིད་ཀྱི་ཚ་བོར་གྱུར་པ་ཨཀྵ་ཙནྡྲ་དང༌། དེའི་བུ་ཛ་ཡ་ཙནྡྲ་རྣམས་ཀྱིས་རྒྱལ་སྲིད་སྐྱོངས་པའི་དུས་ཡིན། དེ་གཉིས་ཀྱང་དམ་པའི་ཆོས་མཆོད་པར་བྱེད་པ་བྱུང་མོད། བསྟན་པ་ལ་བྱ་བ་ཆེར་བྱས་པའི་
ལོ་རྒྱུས་མི་སྣང་ངོ༌། །ལྷོ་ཕྱོགས་སུ་རྒྱལ་པོ་ཧ་རི་བྷ་དྲ་འཁོར་སྟོང་དང་བཅས་པ་རི་ལུའི་དངོས་གྲུབ་ཐོབ་བོ། དང་པོ་ཐེག་ཆེན་དར་བ་ནས་དེ་བར་དུ་སྐྱེ་བོ་སྟོང་ཕྲག་ཏུ་བཅད་པ་བརྒྱ་ཐམ་པས་རིག་པ་འཛིན་པ་གྲུབ་བོ། །དུས་དེ་ཙམ་ན་ཀླ་ཀློའི་ཆོས་དང་པོར་བྱུང་བའང་ཡིན་ཏེ། ཁ་ཅིག་ཁ་ཆེའི་ཡུལ་དུ་བཙུན་པ་དཔལ་ལེན་འདས་པའི་དུས་སུ་བྱུང་ཞེས་ཟེར་ལ། འགའ་ཞིག་བཙུན་པ་ཀུ་ན་ལའི་སློབ་མ་ཡིན་ཡང་ཟེར་ཏེ། མདོ་སྡེ་འཛིན་པ་མང་དུ་ཐོས་པ་ཡིན་ཡང་དད་པ་མེད་པ་གཞོན་ནུའི་སྡེ་ཞེས་བྱ་བ་ཞིག་བྱུང་སྟེ། དེ་བསླབ་པ་འཆལ་བ་དགེ་འདུན་གྱིས་གནས་དབྱུང་བྱས་པས་ཆེར་འཁྲུགས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་འགྲན་པར་ནུས་པའི་ཆོས་རྩོམ་མོ་ཞེས་ཐོ་གར་གྱི་ཡུལ་གྱི་རྒྱབ་ཤུ་ལི་ཀ་ཞེས་བྱ་བའི་ཡུལ་དུ་སོང༌། མིང་མཱ་མཐར་ཞེས་པར་སྤོས། ཆ་ལུགས་བསྒྱུར་ནས་འཚེ་བ་ཆོས་སུ་སྨྲ་བའི་ཀླ་ཀློའི་ཆོས་བརྩམས་ཏེ། ལྷ་མིན་གྱི་རིགས་ཀྱི་གདོན་ཆེན་པོ་བིཥླི་མིལླིའི་གནས་སུ་སྦས་ཤིང་གཏད་དོ། །བདུད་ཀྱིས་བྱིན་གྱིས་བརླབས་ཏེ་གཡུལ་ལས་རྒྱལ་བ་ལ་སོགས་པའི་རིག་སྔགས་མང་པོའང་གྲུབ་བོ། །དེའི་ཚེ་ཁོ་རཱ་སཱ་ནའི་ཡུལ་ན་བྲམ་ཟེའི་རིགས་ཀྱི་བུ་མོ་ཞིག་ཉིན་རེར་མེ་ཏོག་མང་པོ་འཐུས་ཏེ་ཕུང་པོར་བྱས་ནས་ལྷ་ལ་ཡང་མཆོད། གཞན་ལ་ཡང་འཚོང་བ་ལས། ལན་ཅིག་མེ་ཏོག་གི་ཕུང་པོའི་དབུས་ནས་བྱི་ལ་ཞིག་བྱུང་སྟེ་ལུས་ལ་ཐིམ་པ་དང་སྦྲུམ་མར་གྱུར། ལོ་དུས་སུ་ཁྱེའུ་སྟོབས་དང་ལྡན་པ་ཞིག་བཙས་ཏེ། ཆེར་སྐྱེས་པ་ན་བྱིས་པ་ན་མཉམ་ཐམས་ཅད་ལ་བརྡེག་ཅིང་སྲོག་ཆགས་ཐམས་ཅད་གསོད་དོ། །དེར་ཡུལ་དཔོན་གྱིས་ནགས་ཚལ་དུ་བསྐྲད། དེར་ཡང་སྐྱེ་བོ་བྱུང་ཚད་
ཁ་བཏགས་ཏེ་འགའ་ཞིག་རང་གི་གཡོག་ཏུ་བྱས། ནགས་ཀྱི་གཅན་གཟན་དང་སྲོག་ཆགས་སྣ་ཚོགས་པ་དག་བསད་དེ། ཤ་རུས་པགས་པ་དག་སྐྱེ་བོ་དག་ལ་སྦྱིན་པར་བྱེད་དོ། །དེ་ནས་རྒྱལ་པོས་ཚོར་ཏེ་དེ་ཉིད་ལ་བརྟགས་ཤིང་དྲིས་པས། བདག་ནི་བྲམ་ཟེ་མ་ཡིན། རྒྱལ་རིགས་དང༌། རྗེ་རིགས་དང༌། དམངས་རིགས་ཀྱང་མ་ཡིན་པས་བདག་ལ་རིགས་ཀྱི་ཆོས་སྦྱིན་པ་པོ་མ་བྱུང་སྟེ། །དེའི་ཕྱིར་ཁྲོ་བས་བརྡེག་པ་ཡིན་ནོ། །གལ་ཏེ་རིགས་ཀྱི་ཆོས་སྦྱིན་པ་ཞིག་ཡོད་ན་དེའི་བྱ་བ་བྱའོ་ཟེར་བ་ལས། ཁྱོད་ལ་རིགས་ཀྱི་ཆོས་སྦྱིན་པ་པོ་སུ་ཡིན་དྲིས་པས་ཁོ་བོ་ཉིད་ཀྱིས་བཙལ་བས་བྱའོ་ཞེས་ཟེར། དེའི་རྨི་ལམ་དུ་བདུད་ཀྱིས་ལུང་བསྟན་ཏེ་སྔར་སྦས་པའི་གླེགས་བམ་རྙེད་དོ། །དེ་བཀླགས་པས་དེ་ལ་མོས་ནས་འདི་ལྟ་བུ་སུ་ཞིག་གིས་སྟོན་པར་འགྱུར་སྙམ་པ་ན། བདུད་ཀྱིས་ལུང་བསྟན་ཏེ་མཱ་མ་ཐ་ར་ཉིད་དང་འཕྲད་དེ་ལུང་མནོས་སོ། །དེ་ཙམ་གྱིས་རིག་སྔགས་རྣམས་ཀྱང་གྲུབ་སྟེ། དེ་ཉིད་འཁོར་སྟོང་དང་བཅས་པ་བཻ་ཁམ་པ་ཞེས་བྱ་བ་ཀླ་ཀློའི་་དྲང་སྲོང་དུ་གྱུར་ཏོ། །དེ་མཁའི་གྲོང་ཁྱེར་དང་ཉེ་བའི་ཡུལ་དུ་སོང་ནས། བྲམ་ཟེ་དང་རྒྱལ་རིགས་རྣམས་ལ་ཆོས་ལོག་བསྟན་པས་སཻ་ཏཱ་དང་ཏུ་རུཥྐའི་རྒྱལ་པོའི་རིགས་རྣམས་བྱུང་ངོ༌། །སྟོན་པ་དེ་ནི་ཨརྔོཉ་ཞེས་གྲགས་ལ། ཀླ་ཀློའི་ཆོས་ལུགས་བྱུང་ཚུལ་གྱི་དང་པོ་ནི་དེ་ལྟར་ཡིན་ནོ། །འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་སྐྱོང་བའི་དུས་ཀྱི་གཏམ་སྟེ་བཅོམ་ལྔ་པའོ།། །། རྒྱལ་པོ་ཨཀྵ་ཙནྡྲ་དང༌། ཛ་ཡ་ཙནྡྲ་ཞེས་པ་གཉིས་ཉི་འོག་གི་རྒྱལ་ཁམས་སྐྱོང་ཞིང༌། མངའ་ཐང་ཤིན་ཏུ་ཆེ་ལ་དཀོན་མཆོག་གསུམ་བླ་མར་བྱེད་པ་
ཡིན་པའི་ཕྱིར་ཙནྡྲའི་མིང་ཅན་བདུན་ལ་བགྲང་ངོ༌། །ཛ་ཡ་ཙནྡྲའི་བུ་ནེ་མ་ཙནྡྲ། དེའི་བུ་ཕ་ཎི་ཙནྡྲ། དེའི་བུ་བྷཾ་ས་ཙནྡྲ། དེའི་བུ་སཱ་ལ་ཙནྡྲ་རྣམས་མངའ་ཐང་ཧ་ཅང་ཆེ་བ་མ་ཡིན་པས་ཙནྡྲ་བདུན་ནམ་བཅུ་གང་ལའང་མི་བགྲང་ངོ༌། །དེ་ལ་རྒྱལ་པོ་ནེ་མ་ཙནྡྲས་རྒྱལ་སྲིད་བསྐྱངས་ནས་མི་རིང་བ་ན། བྲམ་ཟེ་བུ་ཥྱ་མི་ཏྲ་སྟེ་རྒྱལ་བཤེས་ཞེས་བྱ་བ་རྒྱལ་པོའི་མདུན་ན་འདོན་བྱེད་པ་ཞིག་གིས་ངོ་ལོག་བརྩམས་ཏེ། དེས་རྒྱལ་སྲིད་སྐྱོང་བའི་ཚེ། བྲམ་ཟེའི་དེའི་ཉེ་དུ་རྒན་མོ་ཞིག་གིས་དོན་ཞིག་ལ་ན་ལེནྡྲར་ཕྱིན་པས། གནྚི་བརྡུངས་པའི་སྒྲ་ལ་ཕཊ་ཊཱ་ཡ་ཞེས་པའི་སྒྲར་བྱུང༌། དེ་བྲམ་ཟེ་སྒྲ་མཁན་རྣམས་ཀྱིས་བརྟགས་པས། མུ་སྟེགས་ངན་པ་རྣམས་ཀྱི་ཀླད་པ་འགེམས་ཞེས་བྱ་བའི་སྒྲར་འདུག་གོ །འདི་ལ་སྔར་བོད་དུ་བྱུང་བའི་ལོ་རྒྱུས་ལྟར་ན། ལྷ་དང་ཀླུ་དང་དྲང་སྲོང་གིས་མཆོད་པའི། དཀོན་མཆོག་གསུམ་གྱི་ཏོག་སྟེ་འདི་བརྡུངས་པས། མུ་སྟེགས་འཆལ་པ་རྣམས་ཀྱི་ཀླད་པ་འགེམས། ཞེས་བྱུང་བར་གྲགས་ལ། གནྚིའི་སྒྲ་ལ་འགེམས་ཞེས་བྱུང་ཟེར་བ་ནི་འགེམས་པ་སྟེ། ཚལ་པ་མང་པོར་ཞིག་པའི་སྐད་དོད་རྒྱ་སྐད་དེ་བྱུང་བར་བྱེད་དགོས་ཀྱི། བོད་སྐད་འགེམས་ཞེས་བྱ་བ་བྱུང་བར་འདོད་པ་དང༌། འགེམས་པའི་དོན་སྐམས་པ་ལ་བྱེད་པ་ནི་བཞད་གད་ཀྱི་གནས་སོ། །དེར་བྲམ་ཟེའི་རྒྱལ་པོ་རྒྱལ་བཤེས་ལ་སོགས་པ་མུ་སྟེགས་རྣམས་ཀྱིས་དམག་བྱས་ཏེ། ཡུལ་དབུས་ནས་ཛ་ལནྡྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་མེ་ལ་བསྲེགས། དགེ་སློང་མང་དུ་ཐོས་པ་འགའ་རེ་ཡང་བསད། ཕལ་ཆེར་ཡུལ་གཞན་དུ་བྲོས་པ་ལས་ལོ་ལྔ་ནས་བྱང་ཕྱོགས་སུ་དེ་ཉིད་ཤིའོ། །དེ་ལ་སྟོན་པའི་བསྟན་པ་ལོ་ལྔ་བརྒྱ་དང་པོ་ཡར་འཕེལ་དང༌། ལྔ་བརྒྱ་གཅིག་འགྲིབ་པའི་དུས་
ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱིས་ཡུལ་དབུས་སུ་བསྟན་པ་སྐྱོང་བ་ཙམ་ཡན་ཆད་ལུང་གི་བསྟན་པ་དང༌། ལྷ་ཁང་བཞེངས་པ་ལ་སོགས་པ་ཇེ་མང་དུ་སོང་བས་ཡར་འཕེལ་ཡིན་ལ། ཀླུ་སྒྲུབ་ལྷོ་ཕྱོགས་ཀྱི་རྒྱུད་ན་འགྲོ་དོན་མཛད་པ་ཙམ་གྱི་དུས་ན་ཀླ་ཀློའི་ཆོས་ལུགས་མགོ་བརྩམས་པ་དང༌། དཔལ་གྱི་རི་ལ་བཞུགས་པའི་དུས་ཙམ་ན་བྲམ་ཟེའི་རྒྱལ་པཽ་རྒྱལ་བཤེས་ཀྱིས་གནོད་པ་བྱས་པ་འདི་ཀུན་བྱུང་བར་མངོན་པས་འགྲིབ་པའི་ཐོག་མ་བརྩམས་པར་སྣང་ངོ༌། །དེ་རྗེས་རྒྱལ་པོ་ཕ་ཎི་ཙཎྡྲ་མ་ག་དྷཱར་རྒྱལ་སྲིད་བྱེད་དོ། །དེའི་ཚེ་ཤར་ཕྱོགས་བྷངྒ་ལའི་བྱེ་བྲག་གོ་ཊ་ཞེས་བྱ་བར་རྒྱལ་པོ་གོ་ཊ་འཕེལ་བྱེད་ཅེས་བྱ་བ་ལོངས་སྤྱོད་དང་དབང་ཐང་ཤིན་ཏུ་ཆེ་བར་བྱུང་སྟེ། དེས་སྔར་གྱི་གཙུག་ལག་ཁང་ཉམས་པ་ཐམས་ཅད་བསོས། ཆོས་གཞི་རྒྱས་པར་བྱས་སོ། །གནས་བརྟན་བསམ་རྫོགས་ཞེས་བྱ་བས་བསྟན་པ་ལ་ཕན་ཆེར་བཏགས་ཏེ། ཉན་ཐོས་ཀྱི་སྡེ་སྣོད་རྒྱས་པར་བྱས། མ་ག་དྷཱར་ཆོས་གཞི་དྲུག་ཅུ་བཙུགས་སོ། །དེའི་ཚེ་ནུབ་ཕྱོགས་མོ་ལ་ཏཱ་ན་ཞེས་བྱ་བའི་གྲོང་ཁྱེར་བཱ་ག་ད་ཞེས་བྱ་བར་ཀླ་ཀློའི་སྟོན་པའི་རྗེས་སུ་ཞུགས་པ་སྟག་གཟིགས་སོག་པོའི་རྒྱལ་པོ་ཧ་ལ་ལུ་ཞེས་བྱ་བ་བྱུང་ངོ༌། །དེ་རྟ་འབུམ་རྙེད་དང་ལྡན་པའི་དབང་ཐང་ཆེན་པོར་གྱུར་ཏེ། རྒྱ་གར་གྱི་ཡུལ་དུ་ཀླ་ཀློ་བྱུང་བའི་ཐོག་མ་ཡིན་པར་གྲགས་སོ། །རྒྱལ་པོ་བྷཾ་ས་ཙནྡྲའི་ཚེའི་གཞུག་དང༌། སཱ་ལ་ཙནྡྲའི་དུས་སུ་ཤར་ཕྱོགས་སུ་བྲམ་ཟེ་ཀཱ་ཤི་ཛཱ་ཏ་ཞེས་བྱ་བ་ཀ་བྱུང་སྟེ། སྔར་གྱི་ཆོས་གཞི་ཐམས་ཅད་གུས་པས་མཆོད། ཁྱད་པར་བྷངྒ་ལའི་གྲོང་ཁྱེར་སྭ་ན་ར་གྷ་བོ་ཞེས་བྱ་བར་ཆོས་སྨྲ་བ་དྲུག་ཅུ་རྩ་བཞི་དང༌། དེ་རེ་རེ་ལ་ཆོས་ཉན་པ་བཅུ་བཅུ་དང་བཅས་པའི་འཚོ་བ་སྦྱར།
བསྟན་པ་ཉམས་པ་སོས་པར་བྱས་སོ། །དེ་དག་ནི་སློབ་དཔོན་ཀླུ་སྒྲུབ་དཔལ་གྱི་རིར་བཞུགས་པའི་དུས་དང༌། དེ་རྗེས་རིང་པོར་མ་ལོན་པའི་སྐབས་སུ་བྱུང་བའོ། །བསྟན་པ་ལ་དགྲ་དང་པོ་བྱུང་ཞིང་སླར་སོར་ཆུད་པའི་སྐབས་ཏེ་བཅུ་དྲུག་པའོ།། །། དེ་ནས་རྒྱལ་པོ་སྭ་ལ་ཙནྡྲ་གུསྟ་སྟེ་ཟླ་བ་སྦས་པ་ཞེས་བྱ་བ་བྱུང༌། དེ་མངའ་ཐང་ཤིན་ཏུ་ཆེ་བས་ཙནྡྲ་བཅུ་ལ་བགྲང༌། དགེ་སྡིག་འདྲེས་མར་བྱེད་ཅིང༌། སངས་རྒྱས་ལ་སྐྱབས་སུ་སོང་བ་མ་ཡིན་པས་ཙནྡྲ་བདུན་ལ་མི་འདྲེན་ཞིང་རྒྱལ་པོ་འདིའི་དུས་དཔལ་ནཱ་ལེནྡྲར་སློབ་དཔོན་ཨཱརྱ་དེ་ཝ་དང༌། ནཱ་ག་ཧཱ་ཝ་ཞེས་པ་སློབ་དཔོན་ཀླུ་བོས་ཀྱིས་བསྟན་པ་རྒྱ་ཆེར་བསྐྱངས་སོ། །དེ་ལ་སློབ་དཔོན་ཨཱརྱ་དེ་ཝ་ནི་བོད་རྣམས་ལ་ཡོངས་གྲགས་ལྟར་ན། སིངྒ་གླིང་གི་རྒྱལ་པོའི་སྐྱེད་མོས་ཚལ་དུ་པདྨ་ལས་བརྫུས་ཏེ་སྐྱེས་ཤིང༌། རྒྱལ་པོས་ཀྱང་སྲས་ཀྱི་དོད་དུ་བསྐྱངས། མཐར་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མར་གྱུར་ནས། སློབ་དཔོན་ཀླུ་སྒྲུབ་བཞུགས་པའི་དུས་ན་མུ་སྟེགས་ཐུབ་དཀའ་ནག་པོ་བཏུལ་བར་འདོད་ལ། འགའ་ཞིག་ནི་དེར་མ་ཟད་གྲུབ་ཐོབ་ཀརྣ་རི་པ་དང་གཅིག་པས་ཀླུ་སྒྲུབ་བཞུགས་པའི་དུས་ཉིད་དུ་འཇའ་ལུས་སུ་གཤེགས་སོ་ཞེས་ཟེར། བོད་འདིར་ནི་དག་རུང་མི་དག་རུང་གཏམ་གང་ཡང་རུང་བ་གྲགས་ཆེན་པོས་སྐྱེ་བོ་ཀུན་ལ་ཡོངས་སུ་ཁྱབ་པ་ཞིག་ཡོད་ན་ཤིན་ཏུ་བདེན་པའི་དོན་ཅན་གཞན་ཞིག་སྨྲས་ཀྱང་རྣ་བར་མི་འོང་ཞིང༌། ཡིད་ལ་མི་བདེ་བ་ཞིག་སྣང་ནའང་འདིར་དངོས་གནས་སུ་བརྗོད་ན། བཞི་བརྒྱ་པའི་འགྲེལ་པར་སློབ་དཔོན་ཟླ་བ་གྲགས་པས་ཀྱང་སིངྒ་ལའི་གླིང་གི་རྒྱལ་པོའི་སྲས་སུ་བཤད། འཕགས་ཡུལ་གྱི་གཏམ་ཁུངས་མ་ལ་ཡང་དེ་བཞིན་དུ་གྲགས་པས་
དེ་ལྟར་བཤད་ན། སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤྲི་གཾ་ཞེས་བྱ་བ་ཞིག་ལ་སྲས་མཚན་དང་ལྡན་པ་ཞིག་བྱུང༌། ཆེར་སྐྱེས་ནས་རྒྱལ་ཚབ་ཀྱི་ས་ལ་བཞག་ཀྱང་རབ་ཏུ་བྱུང་བ་ལ་ལྷག་པར་མོས་པར་གྱུར་ཏེ། མཁན་པོ་ཧེ་མ་དེ་ཝ་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། སྡེ་སྣོད་གསུམ་པོ་མཐའ་དག་ཆུབ་པར་བྱས་པ་ན་ཡུལ་སྣ་ཚོགས་ཀྱི་ལྷ་ཁང་དང་མཆོད་རྟེན་དག་བལྟ་བའི་ཕྱིར་འཛམ་བུའི་གླིང་དུ་བྱོན། སློབ་དཔོན་ཀླུ་སྒྲུབ་རྒྱལ་པོ་བདེ་བྱེད་ཀྱི་ས་ནས་དཔལ་གྱི་རིར་གཤེགས་པ་དང་ཉེ་བའི་ཚེ་མཇལ་ཏེ་དཔལ་གྱི་རིར་སློབ་དཔོན་གྱི་ཞབས་པད་བསྟེན་ཞིང་བཅུད་ལེན་ལ་སོགས་པའི་དངོས་གྲུབ་མང་པོ་ཐོབ་པར་མཛད་ནས་མཐར་སྙིང་པཽའི་དོན་གྱི་བསྟན་པའང་གཏད་དོ། །སློབ་དཔོན་ཀླུ་སྒྲུབ་སྐུ་འདས་པའི་འོག་རོལ་དུ་དེ་དང་ཉེ་བའི་ལྷོ་ཕྱོགས་ཀྱི་རྒྱུད་རྣམས་སུ་སློབ་མ་དང་ཉན་བཤད་ལ་སོགས་པས་སེམས་ཅན་གྱི་དོན་མཛད་ཅིང༌། རིའི་ལྷ་དང་ཤིང་གི་ལྷ་ལ་སོགས་པ་ལས་ཡོ་བྱད་བླངས་ནས། གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། གནོད་སྦྱིན་མོ་སྐལ་པ་བཟང་མོས་འཚོ་བ་སྦྱར་ཏེ་དེ་ཐམས་ཅད་དུ་ཐེག་པ་ཆེན་པོའི་ཆོས་གཞི་རེ་བཙུགས་སོ། །དེའི་ཚེ་ཤར་ཕྱོགས་ན་ལི་ནཱིའི་གྲོང་ཁྱེར་ཁོར་ཏ་ཞེས་བྱ་བར་བྱུང་བ་བྲམ་ཟེ་ཐུབ་དཀའ་ནག་པོས་ཡུལ་དང་ཡུལ་ཐམས་ཅད་དུ་ཕྱིན་ཏེ། སངས་རྒྱས་པའི་བསྟན་པ་རྩོད་པས་ཕམ་པར་བྱས་ནས། དཔལ་ན་ལེནྡྲར་འོངས་པ་ནས་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས་སློབ་དཔོན་ཨཱརྱ་དེ་ཝ་སྤྱན་དྲང་པའི་ཕྱིར་འཕྲིན་ཡིག་བྲིས་ཏེ་ནག་པོ་ཆེན་པོ་ལ་གཏོར་མ་བྱས་པ་ན། ནག་པོ་ཆེན་པོའི་རྡོ་སྐུ་རང་བྱོན་གྱི་ཐུགས་ཀ་ནས་བྱ་རོག་ཅིག་བྱུང་སྟེ། དེའི་མགུལ་པར་ཡི་གེ་བཏགས་པས་འཕར་ཏེ་ལྷོ་ཕྱོགས་སུ་སོང་སྟེ་སློབ་དཔོན་
ལ་གཏད་པས། སློབ་དཔོན་གྱིས་ཀྱང་འདུལ་བའི་དུས་སུ་མཁྱེན་ནས། རྐང་མགྱོགས་ཀྱི་རྫས་ལ་བརྟེན་ཏེ་ཚུར་བྱོན། ལམ་དུ་མུ་སྟེགས་ཀྱི་རིགས་ཀྱི་བུད་མེད་ཅིག་དངོས་གྲུབ་ཀྱི་རྫས་ཀྱི་དོན་དུ་དགེ་སློང་མཁས་པའི་མིག་དགོས་པར་བྱུང་ནས་སྤྱན་ཡ་གཅིག་སློང་པ་ལ་དེ་བྱིན་ཏེ། ཐུན་ཚོད་གཅིག་གི་ཡུན་ཙམ་ལ་ནཱ་ལེནྡྲར་ཕེབས། དེར་མུ་སྟེགས་ཀྱི་དཔུང་གཉེན་སྲིང་མོ་པནྚི་ཏ་དང༌། ནེ་ཙོ་དང༌། ཐོད་ལེ་ཀོར་རྣམས་དགེ་བསྙེན་སྤྱི་བརྟོལ་ཅན་དང༌། བྱི་ལ་དང༌། མར་ནག་གི་བུམ་པ་རྣམས་ཀྱིས་བཏུལ། ཕྱོགས་ཐམས་ཅད་རིག་སྔགས་ཀྱིས་བཅིངས་ཤིང་གོས་ཧྲུལ་ལ་སོགས་པས་བསྐོར་བས་དབང་ཕྱུག་ཆེན་པོ་ཉེད་རྒྱུད་ལ་འཇུག་པར་ཡང་མ་ནུས། ཡུན་རིང་དུ་རྩོད་པ་བྱས་པས་ཀྱང་སློབ་དཔོན་གྱིས་དེ་ལན་གསུམ་དུ་ཚར་བཅད་དོ། །དེ་རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་བརྩམས་པ་ལས་སློབ་དཔོན་གྱིས་དེའི་སྔགས་བཅིངས་ཏེ་བཟུང་ནས། གཙུག་ལག་ཁང་ཞིག་ཏུ་བཙོན་དུ་བཅུག་པ་ལ་གླེགས་བམ་རྣམས་བཀླགས་པས་རིང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སྔར་བསྟན་པ་ལ་བྱ་བ་མ་ཡིན་པ་བྱས་པ་ལ་ནི་འགྱོད། སངས་རྒྱས་ལ་དད་པ་ཆེས་ཆེར་འཕེལ་བར་གྱུར་ནས། རབ་ཏུ་བྱུང་སྟེ་རིང་པོར་མི་ཐོགས་པར་སྡེ་སྣོད་གསུམ་འཛིན་པར་གྱུར་ཏོ། །དེ་ནས་སློབ་དཔོན་ཨཱརྱ་དེ་ཝས་ན་ལེནྡྲར་ཡང་ཡུན་རིང་དུ་བཞུགས་ཤིང༌། མཐར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་ཡུལ་ཀཉྩི་དང་ཉེ་བའི་རཾ་ག་ནཱ་ཐ་ཞེས་བྱ་བར་སྒྲ་གཅན་འཛིན་བཟང་པཽ་ལ་སྙིང་པོའི་དོན་གྱི་བསྟན་པ་གཏད་ནས་སྐུ་འདས་སོ། །སློབ་དཔོན་ཨཱརྱ་དེ་ཝ་དང་དུས་མཚུངས་
པ་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་ཀླུ་བོས་ཞེས་བྱ་བ་མཚན་དངོས་ཏ་ཐཱ་ག་ཏ་བྷ་དྲ་སྟེ་དེ་ཀླུ་རྣམས་ཀྱིས་སྤྱན་དྲངས་ཏེ། ཀླུའི་ཡུལ་དུ་ལན་བདུན་བྱོན་པ་ཡིན་ལ། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་རྣམ་པར་བཤད་པ་མཛད་ཅིང༌། རྣམ་རིག་གི་དབུ་མ་ཅུང་ཟད་གསལ་བར་མཛད་དོ། །ད་ལྟ་བོད་དུ་འགྱུར་བའི་སྐུ་གསུམ་ལ་བསྟོད་པ་ཡང་སློབ་དཔོན་འདིས་མཛད་པ་ཡིན་ཞྀང༌། ཁྱད་པར་སློབ་དཔོན་དེས་སྙིང་པོའི་བསྟོད་པ་ཞེས་བྱ་བའི་བསྟན་བཅོས་ཀྱང་མཛད་ལ། དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་བི་ཏྱ་ན་ག་ར་ལ་སོགས་པ་ཕལ་ཆེ་བར་དེ་བཞིན་བཤེགས་པའི་སྙིང་པོའི་མདོའི་ཚིགས་བཅད་རྣམས་གྲོང་ཁྱེར་གྱི་ཁྱེའུ་བུ་མོ་ཚུན་ཆོད་ཀྱིས་གླུར་ལེན་པ་བྱུང་ཞིང༌། དེ་ཙམ་དུ་བསྟན་པ་རྒྱས་པར་མཛད་ནས། སླར་ཡང་དཔལ་ནཱ་ལེནྡྲའི་མཁན་པོ་ཡུན་རིང་དུ་མཛད་དོ། །སློབ་དཔོན་འདི་ཡང་ཀླུ་སྒྲུབ་ཀྱི་སློབ་མའོ། །ཡང་ཤར་ཕྱོགས་བྷཾ་ག་ལའི་ཡུལ་གྱི་བྲམ་ཟེ་རྒན་རྒོན་གཉིས་ལ་བུ་ཞིག་ཀྱང་ཡོད་ཅིང༌། ལོངས་སྤྱོད་ཀྱིས་དབུལ་བ་ལ་སློབ་དཔོན་ཀླུ་སྒྲུབ་ཀྱིས་གསེར་མང་པོ་གནང་བས་ལྷག་པར་དད་དེ། དེ་གསུམ་ཆར་གྱིས་སློབ་མ་བྱས། བུ་དེས་སློབ་དཔོན་གྱི་ཉེ་གནས་བྱས་ཤིང་བཅུད་ལེན་གྱི་དངོས་གྲུབ་ཀྱང་ཐོབ་པ་ན། རབ་ཏུ་བྱུང་སྟེ་སྡེ་སྣོད་གསུམ་ལ་མཁས་པར་བྱས་པ་ནི་སློབ་དཔོན་ཀླུའི་བྱང་ཆུབ་བོ། །དེས་ཀྱང་སློབ་དཔོན་ཀླུ་སྒྲུབ་བཞུགས་ཀྱི་བར་དུ་སློབ་དཔོན་གྱི་གཡོག་བྱེད་ཅིང༌། སྐུ་འདས་པ་ན་དཔལ་གྱི་རིའི་ཕྱོགས་ཅིག་ཕུག་ཟབ་མོ་ཞིག་ཏུ་འདུག་ནས་རྩེ་གཅིག་ཏུ་བསྒོམས་པས་ལོ་བཅུ་གཉིས་ན་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། སྐུ་ཚེ་ཉི་ཟླ་དང་མཉམ་པས་གནས་དེ་ཉིད་དུ་བཞུགས་སོ། །མཚན་གྱི་
རྣམས་གྲངས་གཉིས་ཡོད་དེ། ན་ག་བོ་དྷི་ཀླུའི་བྱང་ཆུབ་དང༌། ནཱ་ག་བུདྡྷི་ཀླུའི་བློའོ། །ཡང་གྲུབ་ཐོབ་ཤིང་ཁ་བ་ཞེས་བྱ་བ་བྱུང་སྟེ། སློན་དཔོན་ཀླུ་སྒྲུབ་འཁོར་སྟོང་ཙམ་དང་བཅས་ཏེ་བྱང་ཕྱོགས་རི་ཨུ་ཤི་རར་བཞུགས་པའི་སྐབས་ཤིག་སློབ་མ་ཤིན་ཏུ་བློ་རྟུལ་བ། ཚིགས་བཅད་གཅིག་ཁོ་ན་ཡང་ཉིན་ཞག་མང་པོར་འཛིན་མི་ཐུབ་པ་ཞིག་ལ། ཀྱལ་ཀའི་ཚུལ་གྱིས་མགོ་ལ་རྭ་སྐྱེས་པར་བསྒོམས་ཤིག་ཅེས་གསུངས་པས་དེས་ཀྱང་བསྒོམས་པ་ན། དམིགས་པ་ཤིན་ཏུ་རྣོ་བས་དེ་མ་ཐག་ཏུ་རེག་མཐོང་གི་མཚན་མ་གྲུབ་ནས་རང་སྡོད་པའི་ཕུག་པ་ལ་རྭ་ཐོགས་སོ། །དེ་ནས་སློབ་དཔོན་གྱིས་དབང་པོ་རྣོ་བར་མཁྱེན་ཏེ། ཡང་རྭ་དེ་མེད་པར་སྒོམ་དུ་བཅུག་པས་མེད་པར་སོང༌། དེ་ལ་རྫོགས་པའི་རིམ་པའི་ཁྱད་པར་འགའ་ཞིག་བསྟན་ནས་སྒོམ་དུ་བཅུག་པས། དེས་ཀྱང་མི་རིང་བར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེ་ནས་སློབ་དཔོན་འཁོར་བཅས་ཀྱིས་ཟླ་བ་དྲུག་ཏུ་དངུལ་ཆུའི་བཅུད་ལེན་བསྒྲུབས་སོ། །གྲུབ་ནས་སློབ་མ་སོ་སོ་ལ་རིལ་བུ་འགྱེད་པ་ན་དེས་ནི་རིལ་བུ་དེ་ལ་མགོ་གཏུགས་ཏེ། ཅི་བདེར་བོར་ནས་སོང་བས་སློབ་དཔོན་གྱིས་རྒྱུ་མཚན་དྲིས་པ་ན། བདག་ལ་ནི་འདིའི་དགོས་པ་མ་མཆིས་ཏེ། གལ་ཏེ་སློབ་དཔོན་ཉིད་འདི་ལྟ་བུ་བཞེད་ན་སྣོད་ཆུས་གང་བ་དག་སྟ་གོན་མཛོད་ཅིག་ཅེས་ཟེར་རོ། །དེར་ཆང་སྣོད་ཆེན་པོ་སྟོང་ཕྲག་གཅིག་ཆུས་བཀང་སྟེ་ནགས་ཚལ་དེ་གང་བ་ལྟར་བྱས་པ་ལ། དེ་ཉིད་ཀྱི་དྲི་ཆུ་ཐིགས་པ་རེ་རེ་སྣོད་དེ་དག་ཏུ་བླུག་པས་དེ་ཐམས་ཅད་གྲུབ་པའི་བཅུད་ལེན་གསེར་འགྱུར་རྩིར་གྱུར་ཏོ། །
སློབ་དཔོན་ཀླུ་སྒྲུབ་ཀྱིས་དེ་དག་ཐམས་ཅད་རི་དེའི་ཕྱོགས་ཅིག་གི་བྲག་ཕུག་བགྲོད་དཀའ་བ་ཞིག་ཏུ་གཏེར་དུ་སྦས། མ་འོངས་པའི་སེམས་ཅན་གྱི་དོན་བྱེད་པར་སྨོན་ལམ་བཏབ་བོ། །བླཽོ་རྟུལ་པོ་གྲུབ་པ་ཐོབ་པ་དེ་ལ་ནི་ཤིང་ཁི་པ་སྟེ་རྭ་ཅན་པ་ཞེས་བྱ་བའོ། །སློབ་དཔོན་ཤཱཀྱ་བཤེས་གཉེན་ཆེན་པོ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པར་ངེས་མོད་ཀྱི་ལོ་རྒྱུས་མ་མཐོང་ཞིང་མ་ཐོས་སོ། །གྲུབ་ཆེན་ཤཱ་བཱ་རི་པའི་ལོ་རྒྱུས་ནི་རིན་ཆེན་འབྱུང་གནས་ལྟ་བུའི་གཏམ་དུ་བཤད་ཟིན་ལ། གྲུབ་ཐོབ་མ་ཏང་གི་ཡང་ཀླུ་གྲུབ་ཡབ་སྲས་ཀྱི་སློབ་མར་གྲགས་པ་ནི་དུས་འདི་སྐབས་བྱུང་བ་ནི་མིན། ཕྱིས་ཞལ་མཐོང་བའོ། །སློབ་དཔོན་ཨཱརྱ་དེ་ཝ་ལ་སོགས་པའི་དུས་ཀྱི་གཏམ་སྟེ་བཅུ་བདུན་པའོ།། །། དེ་ནས་རྒྱལ་པོ་ཟླ་བ་སྦས་པའི་བུ་སྙིང་པོ་ཐིག་ལེ་ཞེས་བྱ་བ་ཡུལ་གོ་རར་བྱུང་བ་ལོ་སུམ་ཅུ་སོ་ལྔ་རྒྱལ་སྲིད་བྱས། སློབ་དཔོན་བྲམ་ཟེ་ཙན་ཀ་ཞེས་བྱ་བས་ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད་བསྒྲུབས་ཏེ་ཞལ་མཐོང་བས་རིག་སྔགས་ཀྱི་མཐུ་ཤིན་ཏུ་ཆེ་བར་གྱུར། གྲོང་ཁྱེར་ཆེན་པོ་བཅུ་དྲུག་ཙམ་གྱི་རྒྱལ་པོ་དང་བློན་པོ་རྣམས་མངོན་སྤྱོད་ཀྱི་ལས་ཀྱིས་བསད་ཅིང༌། དེའི་ཤུལ་དུ་རྒྱལ་པོས་དམག་བྱས་པས་ཤར་ནུབ་ཕྱིའི་རྒྱ་མཚོ་ལ་ཐུག་པ་ཙམ་ལ་དབང་བསྒྱུར། དེ་ལ་བྲམ་ཟེ་དེས་བསད་པའི་ལས་ཀྱི་སྦྱོར་བས་སྐྱེ་བོ་སུམ་སྟོང་ཙམ་བསད། སྨྱོ་བའི་སྦྱོར་བས་ཀྱང་སྐྱེ་བོ་ཁྲི་ཙམ་སྨྱོ་བར་བྱས། དེ་བཞིན་དུ་བསྐྲད་པ་དང༌། དབྱེ་བ་དང༌། རེངས་པ་དང༌། ངག་ལྐུགས་པར་བྱས་པ་ལ་སོགས་པ་སྐྱེ་བོ་མང་པོ་ལ་གནོད་པ་བྱས་པའི་སྡིག་པས་ལུས་ཚལ་བར་གས་པའི་ནད་ཀྱིས་ཤི་ནས་དམྱལ་བར་སྐྱེས་སོ། །རྒྱལ་པོ་དེའི་ཚེ་གྲོང་ཁྱེར་མེ་ཏོག་ཅན་དུ་མེ་ཏོག་གིས་
བརྒྱན་པ་ཞེས་བྱ་བའི་གཙུག་ལག་ཁང་བྱས་ཏེ། དེར་སློབ་དཔོན་ཆེན་པོ་མ་ཁོལ་བཞུགས་ཏེ་ཐེག་པ་ཆེ་ཆུང་གི་ཆོས་ཤིན་ཏུ་དར་བར་མཛད། སློབ་དཔོན་མ་ཁོལ་གྱི་སྐུ་ཚེའི་སྨད་ལ་སྙིང་པོ་ཐིག་ལེའི་ནུ་བོའི་བུ་རྒྱལ་པོ་ཤྲཱི་ཙནྡྲས་རྒྱལ་སྲིད་བྱས་ཤིང༌། དེས་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་བྱས། དེར་ཐེག་ཆེན་སྨྲ་བའི་དགེ་སློང་ཉིས་སྟོང་རེའི་འཚོ་བ་སྦྱར། དཔལ་ནཱ་ལེནྡྲའི་མཁན་པོ་སྒྲ་གཅན་འཛིན་བཟང་པོས་མཛད་དེ། དེར་དྲི་གཙང་ཁང་བཅུ་བཞི་བཞེངས། ཆོས་གཞི་མི་འདྲ་བ་ཡང་བཅུ་བཞི་བཙུགས། རྒྱལ་པོ་ཤྲཱི་ཙནྡྲས་རྒྱལ་སྲིད་བསྐྱངས་ནས་ལོ་མང་རབ་སོང་བ་ན། ནུབ་ཕྱོགས་ཌི་ལི་དང་མ་ལ་ཝའི་ཡུལ་དུ་རྒྱལ་པོ་ཀ་ནི་ཀ་ལོ་གཞོན་ནུ་ཞིག་ལ་རྒྱལ་སར་བསྐོས་ཏེ། རིན་པོ་ཆེའི་འབྱུང་ཁུངས་ཉི་ཤུ་རྩ་བརྒྱད་གསར་དུ་བརྡོལ་བ་སོགས་དཔལ་འབྱོར་ཆེན་པོས་གནས་པར་བྱེད་དོ། །ཕྱོགས་བཞིར་གཙུག་ལག་ཁང་རེ་རེ་ཡང་བཞེངས་ཤིང༌། ཐེག་པ་ཆེ་ཆུང་གི་དགེ་སློང་སུམ་ཁྲི་རེ་རྟག་ཏུ་མཆོད་པར་བྱེད་དོ། །དེས་ན་རྒྱལ་པོ་ཀ་ནཥྐི་དང་ཀ་ནི་ཀ་མི་གཅིག་པར་གོ་དགོས་སོ། །དེ་ལ་སློབ་དཔོན་མ་ཁོལ་ནི་གོང་དུ་ཅུང་ཟད་བརྗོད་པའི་བྲམ་ཟེ་ཐུབ་དཀའ་ནག་པོ་དེ་ཉིད་ཡིན་ཏེ། དཔའ་བོ་དང༌། རྟ་དབྱངས་དང༌། མ་ཁོལ་དང༌། ཕ་ཁོལ་དང༌། ཐུབ་དཀའ་དང༌། ཆོས་ལྡན་རབ་འབྱོར་དང༌། མ་ཏི་ཙི་ཏྲ་རྣམས་མཚན་གྱི་རྣམ་གྲངས་སུ་གྲགས་པ་ཡིན་ནོ། །དེ་ཡང་གྲོང་ཁྱེར་ཁོར་ཏ་ན་ཚོང་དཔོན་ཞིག་ལ་བུ་མོ་བཅུ་ཡོད། དེ་ཐམས་ཅད་ཀྱང་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལྔ་ལ་གནས་པ་དང༌། དཀོན་མཆོག་མཆོད་པ་ཡིན་ནོ། །དེ་དག་སོ་སོར་ཡུལ་གྱི་སྐྱེ་བོ་ཆེན་པོ་དག་གི་བག་མར་སོང་ཞིང༌།
ཐ་ཆུང་གང་ཡིན་པ་དེ་ནི་བྲམ་ཟེ་ལོངས་སྤྱོད་ཆེན་པོ་སངྒྷ་གུ་ཧྱ་ཞེས་བྱ་བའི་བག་མར་ཕྱིན་ནས། ནམ་ཞིག་ན་བུ་ཞིག་བཙས་པ་མིང་ནག་པོ་ཞེས་བཏགས་སོ། །དེ་རིག་བྱེད་ཡན་ལག་དང་བཅས་པ་མཐའ་དག་ལ་ཤིན་ཏུ་བྱང་བར་གྱུར་ཏེ། ཕ་མ་ལ་ཤིན་ཏུ་གུས་པས་མ་ཁོལ་དང༌། ཕ་ཁོལ་ཞེས་གྲགས་སོ། །སྔགས་རྒྱུད་ཀྱི་སྦྱོར་བ་དང༌། རྟོག་གེ་ལ་ཤིན་ཏུ་བྱང་བར་གྱུར་ཏེ། ལྷ་དབང་ཕྱུག་ཆེན་པོས་དངོས་སུ་ལུང་སྟོན་པར་བྱེད་དོ། །དེ་ནས་རྩོད་པའི་སྙེམས་པ་དང་བཅས་ཏེ་ཨོ་ཌི་བི་ཤ་དང༌། གཽ་ར་དང༌། ཏི་ར་ཧུ་ཏི་དང༌། ཀཱ་མ་རཱུ་པ་ལ་སོགས་པའི་ཡུལ་རྣམས་སུ་སངས་རྒྱས་པ་རྣམས་རྩོད་པས་ཕམ་པར་བྱས་ཏེ། འགའ་ཞིག་ནི་མུ་སྟེགས་ལ་བཀོད། འགའ་ཞིག་གི་མངའ་ཐང་ཕྲོག་ཅིང༌། ཁ་ཅིག་ནི་མུ་སྟེགས་ལ་ཕྱག་འཚལ་དུ་གཞུག་པ་སོགས་དམའ་དབབ་པར་བྱས་སོ། །དེར་མས་བསམས་པ། གལ་ཏེ་འདི་ནཱ་ལེནྡྲར་སོང་ན་རྩོད་པའི་ཁྱུ་མཆོག་རིག་སྔགས་གྲུབ་པ་དག་གིས་བཏུལ་ཏེ་ཆོས་ལ་འཇུག་པར་འགྱུར་རོ་སྙམ་དུ་བསམས་ནས། ཡུལ་གཞན་གྱིས་སངས་རྒྱས་པ་རྣམས་ནི་རྟའི་རྣ་བའི་སྤུ་ཙམ། མ་ག་དྷཱའི་སངས་རྒྱས་པ་རྣམས་ནི་རྟའི་ལུས་དང་མཚུངས་པ་སྟེ། གང་མ་ག་དྷཱའི་སངས་རྒྱས་པ་རྣམས་ལས་རྩོད་པ་རྒྱལ་བར་མ་གྱུར་བ་དེ་སྲིད་དུ་རྒོལ་བའི་གྲགས་པ་མི་ཐོབ་བོ་ཞེས་བརྗོད་པས། མ་ག་དྷཱར་ཕྱིན་པ་ནས། རབ་ཏུ་བྱུང་བའི་བར་གོང་བཞིན། དེར་གནས་བརྟན་སྡེ་སྣོད་འཛིན་པར་གྱུར་པ་ན། མནལ་ལམ་དུ་འཕགས་མས་ལུང་བསྟན་ཏེ། ཁྱོད་ཀྱིས་སངས་རྒྱས་ལ་བསྟོད་པ་མང་དུ་གྱིས་ཤིག སྔོན་ཆོས་ལ་སྡིག་པ་བསགས་པའི་ལས་
ཀྱི་སྒྲིབ་པ་བྱང་བར་འགྱུར་རོ་ཞེས་གསུངས་པས་བསྐུལ་ཏེ། བཤགས་པའི་དོན་དུ་བསྔགས་པར་འོས་པ་ལ་བསྔགས་པའི་བསྟོད་པ་བརྩམས་ཤིང༌། གཞན་ཡང་སངས་རྒྱས་ཀྱི་བསྟོད་པ་བརྒྱ་རྩ་བརྩམས་པར་གྲགས། བསྟོད་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་ནི་བསྟོད་པ་བརྒྱ་ལྔ་བཅུ་པའོ། །གང་གི་ཚེ་མ་ཁོལ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་པ་དེའི་ཚེ། ཕྱོགས་བཞིའི་གཙུག་ལག་ཁང་རྣམས་སུ་མུ་སྟེགས་བྱེད་དང༌། བྲམ་ཟེ་རབ་ཏུ་འབྱུང་བར་བྱེད་པ་ཤིན་ཏུ་མང་བར་བྱུང་སྟེ། བྲམ་ཟེ་རྣམས་ཀྱི་མཆོག་རབ་གྱ་ནོམ་པ་ཐུབ་དཀའ་ནག་པོ་ཡང་རང་གི་གྲུབ་མཐའ་མཆིལ་མའི་ཐལ་བ་བཞིན་བོར་ནས་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ན་ངེས་པར་སངས་རྒྱས་ཀྱི་ཆོས་འདི་ཡ་མཚན་ཆེའོ། །ཞེས་དེའི་རྒྱུ་ལས་དཔལ་ནཱ་ལེནྡྲ་ཁོ་ནར་ཡང་བྲམ་ཟེ་སྟོང་ལྷག་པར་རབ་ཏུ་བྱུང་ཞིང༌། མུ་སྟེགས་བྱེད་ཀྱང་དེ་སྙེད་རབ་ཏུ་བྱུང་ངོ༌། །སློབ་དཔོན་དེ་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་པའི་ཕྱིར་ཉིན་རེར་གྲོང་ཁྱེར་དུ་བསོད་སྙོམས་ལ་གཤེགས་པ་ན་ཡང་ཁ་ཟས་དཔག་ཏུ་མེད་པ་དག་འབྱོར་ཏེ། བསམ་གཏན་པ་ཉིས་བརྒྱ་ལྔ་བཅུ་དང༌། ཀློག་པ་བ་ཉིས་བརྒྱ་ལྔ་བཅུ་སྟེ་དགེ་སློང་ལྔ་བརྒྱ་འཚོ་བས་བྲེལ་བ་མེད་པར་བྱེད་དོ། །སློབ་དཔོན་འདིས་མཛད་པའི་བསྟོད་པ་རྣམས་ནི་སངས་རྒྱས་གྱི་བཀའ་དང་མཉམ་པ་ཙམ་དུ་བྱིན་རླབས་ཆེ་སྟེ། རྒྱལ་བ་ཉིད་ཀྱིས་བསྟོད་པ་བྱེད་པར་ལུང་བསྟན་པ་ཡིན་པའི་ཕྱིར་རོ། །དེས་མཛད་པའི་བསྟོད་པ་ཐམས་ཅད་ཀྱང་ཡུལ་ཐམས་ཅད་དུ་ཁྱབ་སྟེ། ཐ་ན་གླུ་གར་མཁན་དང༌། བཞད་གད་མཁན་རྣམས་ཀྱང་འདོན་པར་བྱེད་པས་
ཡུལ་གྱི་སྐྱེ་བོ་ཐམས་ཅད་སངས་རྒྱས་ལ་དད་པ་རང་ཤུགས་ཀྱིས་སྐྱེས་ཏེ། བསྟོད་པ་ཁོ་ནས་ཀྱང་བསྟན་པ་དར་བ་ལ་ཆེས་ཕན་པ་ཞིག་གོ །སྐུ་ཚེའི་སྨད་ཀྱི་དུས་ན། རྒྱལ་པཽ་ཀ་ནི་ཀས་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བརྫངས་པ་ལ་ཤིན་ཏུ་བགྲེས་པས་འབྱོན་མ་ཐུབ་སྟེ། འཕྲིན་ཡིག་མཛད་པས་རྒྱལ་པོ་དེ་ཆོས་ལ་བཀོད། སློབ་དཔོན་ཉིད་ཀྱི་སློབ་མ་ཡེ་ཤེས་སྙན་པ་ཞེས་བྱ་བ་རྒྱལ་པོ་དེ་ལ་ཆོས་སྟོན་པའི་སློབ་དཔོན་དུ་བརྫངས། མདོ་ལ་སོགས་པའི་གླེགས་བམ་ན་བཞུགས་པ་ཁོ་ན་མ་ལྟོས་པར་མཁན་པོ་དང་སློབ་དཔོན་དག་གི་སྙན་ནས་སྙན་དུ་བརྒྱུད་པའི་སྐྱེས་རབས་བཅུ་ཕ་རོལ་ཏུ་ཕྱིན་པ་བཅུ་དང་སྦྱར་ཏེ་རྩོམ་པར་བཞེད་པ་ལས། སུམ་ཅུ་རྩ་བཞི་མཛད་ཟིན་པ་ན་སྐུ་འདས་སོ། །ལོ་རྒྱུས་ཁ་ཅིག་ལས་བྱང་ཆུབ་སེམས་དཔའ་སྟག་མོ་ལ་ལུས་བྱིན་པ་སོགས་རྐྱེན་ཉེ་བར་དམིགས་ན་བདག་གིས་ཀྱང་ནུས་པས། བྱ་དཀའ་བའི་མཛད་པ་མིན་ནམ་དགོངས་པ་ན། ནམ་ཞིག་ན་དེ་ཁོ་ན་འདྲ་བའི་སྟག་མོ་ཕྲུ་གུ་འབྲངས་པ་བཀྲེས་པས་ཉེན་པ་གཟིགས། ལུས་སྦྱིན་པར་བརྩམས་པ་ན་ཅུང་ཟད་མི་ནུས་པ་ལྟར་འདུག་ནས་ལྷག་པར་ཡང་སངས་རྒྱས་ལ་དད་པ་སྐྱེས་ཤིང༌། སྨོན་ལམ་བདུན་ཅུ་པ་རང་གི་ཁྲག་གིས་བྲིས་ཤིང༌། སྟག་རྣམས་ལ་དང་པོར་ཁྲག་བླུད་དེ་ཅུང་ཟད་ལུས་ཉམ་སྟོབས་རྒྱས་པ་ན་རང་གི་སྐུ་ལུས་བྱིན་ནོ་ཞེས་ཟེར་རོ། ཁ་ཅིག་ནི་དེ་ལྟ་བུའི་མཛད་པ་ཅན་གྱི་སློབ་དཔོན་གཞན་ལ་ཕན་པའི་དབྱངས་དགོན་པ་བ་དེ་ནི་སློབ་དཔོན་མ་ཁོལ་གྱི་ཕྱིས་བྱོན་པ་ཞིག་གོ་ཞེས་ཀྱང་ཟེར་རོ། །ཤེར་ཕྱིན་བསྡུས་པ་སོགས་བསྟན་བཅོས་གཞན་ཡང་མང་དུ་བྱས་ཤིང༌། ཐེག་པ་ཆེ་ཆུང་གི་དགེ་སློང་ཀུན་ལ་ཤིན་ཏུ་སྙོམས་
པར་ཕན་འདོགས་པ་ཐེག་ཆེན་ཁོ་ནའི་ཁ་ཟིན་ཡང་མ་མཛད་པས་ཉན་ཐོས་རྣམས་ཀྱང་ལྷག་པར་དད་ཅིང༌། ནང་པའི་སྤྱི་མི་ལྟ་བུར་གྱུར་པས་ཤིན་ཏུ་གྲགས་ཆེའོ། །སློབ་དཔོན་སྒྲ་གཅན་འཛིན་བཟང་པོ་ནི་རིགས་དམངས་རིགས་ཡིན་ཀྱང་གཟུགས་དང་ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པ་ཞིག་ནཱ་ལེནྡྲར་རབ་ཏུ་བྱུང༌། དགེ་སློང་སྡེ་སྣོད་གསུམ་འཛིན་པར་གྱུར་པ་ན། སློབ་དཔོན་ཨཱརྱ་དེ་ཝའི་ཞབས་པད་བསྟེན་ཞིང་དེ་ཁོ་ན་ཉིད་ཁོང་དུ་ཆུད་པར་མཛད། ནཱ་ལེནྡྲར་བཞུགས་ནས། སྣོད་ཆེན་པོ་ནམ་མཁའ་ལ་བཟེད་པ་ཙམ་གྱིས་ཁ་ཟས་བཟང་པོས་གང་ཡོང༌། ཚུལ་དེས་དགེ་འདུན་མང་པོ་ལ་འཚོ་བ་སྦྱོར་བར་མཛད། མཐར་ཡུལ་བྷིང་ཀོ་ཊར་སངས་རྒྱས་འོད་དཔག་མེད་ཀྱི་ཞལ་མཐོང་ནས། བདེ་བ་ཅན་གྱི་ཕྱོགས་སུ་ཞལ་བལྟས་ཏེ་སྐུ་འདས་སོ། །འདིའི་གཏམ་སྒྲོལ་མའི་ལོ་རྒྱུས་སུ་བཤད་ཟིན་ཏོ། །སློབ་དཔོན་མ་ཁོལ་ལ་སོགས་པའི་དུས་ཀྱི་སྐབས་ཏེ་བཅོ་བརྒྱད་པའོ།། །། དེའི་རྗེས་སུ་ཤར་ཕྱོགས་སུ་རྒྱལ་པོ་ཤྲཱི་ཙནྡྲའི་བུ་དྷརྨཱ་ཙནྡྲ་བྱུང། འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་ཆེར་བྱས། དེའི་བློན་པོ་བྲམ་ཟེ་བཱ་སུ་ནེ་ཏྲ་ཞེས་བྱ་བ་སངས་རྒྱས་ཀྱི་བསྟན་པ་ལ་མངོན་པར་དད་པ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བ་ཞིག་བྱུང་ནས། དེས་ཀླུ་རྣམས་ལས་སྨན་གྱི་རིགས་སྣ་ཚོགས་པ་དག་བླངས་ཏེ། ཉི་འོག་གི་རྒྱལ་ཁམས་སུ་ནད་རིམས་ཐམས་ཅད་རྒྱུན་ཆད་པར་བྱས། ཡུལ་གྱི་བུ་ལོན་ཐམས་ཅད་ལན་གསུམ་བསྙོམས། དེའི་ཚེ་ཁ་ཆེའི་ཡུལ་ན་རྒྱལ་པོ་ཏུ་རུཥྐ་ཞེས་བྱ་བ་ཚེ་ལོ་བརྒྱ་ཐུབ་པ་ཆོས་ཀྱི་རྒྱལ་པོ་ཆེན་པོ་ཞིག་བྱུང་ངོ༌། །དྷརྨཱ་ཙནྡྲས་རྒྱལ་སྲིད་བྱས་པའི་རིང་ལ།
ཡུལ་མོ་ལ་ཏཱ་ན་དང༌། ལ་ཧོར་གྱི་རྒྱལ་པོ་བནྡེ་རོ་ཡང་ཟེར་བ་ཁུ་ནི་མ་མཔྟ་ཞེས་བྱ་བ་སྟག་གཟིག་གི་རྒྱལ་པོ་ཞིག་ཡོད་ལ། དེ་དང་རྒྱལ་པོ་དྷརྨཱ་ཙནྡྲ་གཉིས་རེས་འཁྲུག་རེས་བསྡུམས་པ་མང་དུ་བྱུང་ངོ༌། །ལན་ཅིག་འདུམས་པར་གྱུར་ཏེ། ཕན་ཚུན་གྱི་ཕོ་ཉ་བ་དགེ་སློང་རྙེད་བཀུར་ལ་ཆགས་པ་འགའ་རེས་བྱས་སོ། །དེར་སྟག་གཟིག་གི་རྒྱལ་པོས་ནི་རྟ་དང་རིན་པོ་ཆེའི་རིགས་དག་ཡུལ་དབུས་ཀྱི་རྒྱལ་པོ་ལ་སྐྱེས་སུ་བསྐུར་རོ། །གཅིག་ཤོས་ཀྱིས་ནི་གླང་པོ་ཆེ་དང༌། དར་གོས་ཀྱི་ཁྱད་པར་བཟང་པོ་དག་སྟག་གཟིག་ལ་སྐུར་བར་བྱེད་དོ། །ལན་ཅིག་ཉི་འོག་གི་རྒྱལ་པོ་དྷརྨཱ་ཙནྡྲས་ཟབ་ཆེན་གྱི་གོས་སྲུབས་མེད་པ་སྟག་གཟིག་གི་རྒྱལ་བོ་ལ་བསྐུར་བ་ལ། སྟེས་དབང་གིས་ཐགས་རིས་ལ་སྙིང་གའི་ཐད་དུ་རྐང་རྗེས་འདྲ་བ་ཞིག་བྱུང་བས། ངན་སྔགས་བྱེད་དོ་སྙམ་ནས་ཐེ་ཚོམ་སྐྱེས། ཡང་ལན་ཅིག་ཤིང་འབྲས་སྐྱེས་སུ་བསྐུར་བར་འདོད་པ་ལ་བྲམ་ཟེ་ཞིག་གིས་སྔགས་ཀྱི་འཁོར་ལོ་གྲོ་ག་ལ་བྲིས་པ་མང་པོ་ཉི་འོད་ལ་བཞག་པ་ལས་རླུང་གིས་ཁྱེར་ཏེ། ཀེ་ལེའི་འབྲས་བུ་ཁ་བྱེ་བའི་ནང་དུ་སོང༌། དེ་ལ་སོགས་པའི་ཤིང་ཏོག་རྣམས་སྒྲོམ་མར་ཁུས་བཀང་བའི་ནང་དུ་བཅུག་སྟེ་སྟག་གཟིགས་གི་རྒྱལ་པོ་ལ་བསྐུར། ནམ་ཞིག་ན་ཤིང་རྟོག་གི་ནང་ནས་སྔགས་ཀྱི་འཁོར་ལོ་བྱུང་བས། ངེས་པར་ངན་སྔགས་བྱེད་དོ་སྙམ་ནས་ཏུ་རུཥྐའི་དམག་གིས་མ་ག་དྷཱའི་ཡུལ་ཀུན་བཅོམ། གཙུག་ལག་ཁང་མང་པོ་ཞིག་ཀྱང་བཤིག་དཔལ་ནཱ་ལེནྡྲར་ཡང་གནོད་པ་ཆེར་བྱུང༌། རབ་ཏུ་བྱུང་བ་རྣམས་ཀྱང་ཐག་རིང་པོར་བྲོས་སོ། །དེའི་རྗེས་སུ་དྷརྨཱ་ཙནྡྲ་འདས་ཏེ། དེའི་ཚ་བོ་ཞིག་རྒྱལ་སྲིད་ལ་ཡོད་ཀྱང་ཏུ་རུཥྐའི་གཡོག་ཏུ་གྱུར་པས་དབང་མེད་དོ། །དྷརྨ་ཙནྡྲའི་ཞང་པོའི་བུ་
ཝཱ་རཱ་ཎ་སཱིའི་རྒྱལ་པོས་སངས་རྒྱས་ཕྱོགས་ཞེས་བྱ་བ་ཞིག་ཡོད་དེ། དེས་རྒྱ་ནག་གི་ཡུལ་དུ་མདོ་སྡེ་སྨྲ་བའི་སློབ་དཔོན་འགའ་ཞིག་བརྫངས་པ་ལས། རྒྱ་ཡུལ་གྱི་རྒྱལ་པོས་དྲིན་ལན་དུ་གསེར་མི་ཁུར་བརྒྱ་ལ་སོགས་པ་མི་སྟོང་ཕྲག་བཅུས་ཁུར་བའི་ཡོ་བྱད་བཟང་པོ་དག་རྒྱལ་པོ་སངས་རྒྱས་ཕྱོགས་ལ་བྱིན་ནོ། །དེ་ནས་ནོར་དེ་དག་གིས་ནུབ་ཕྱོགས་དང་དབུས་ཀྱི་རྒྱལ་པཽ་རྒྱལ་ཕྲན་གཙོ་བོ་གཙོ་བོ་དག་མགུ་བར་བྱས་ནས། སྟག་གཟིག་གི་རྒྱལ་པོ་དང་འཁྲུགས་པ་ལས་རྒྱལ་པོ་ཁུ་ནི་མ་མཔྟ་ལ་སོགས་པ་སྟག་གཟིག་གི་དཔའ་བོ་ཕལ་ཆེར་བསད། ཉི་འོག་དང་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཕལ་ཆེར་ལ་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་ལུང་བཏང་ངོ༌། །དེས་སྔར་གྱི་ལྷ་ཁང་ཉམས་པ་ཐམས་ཅད་བསོས། དགེ་འདུན་རྣམས་སྤྱན་དྲངས། དཔལ་ནཱ་ལེནྡྲར་ཆོས་གཞི་བརྒྱད་ཅུ་རྩ་བཞི་བཙུགས་པ་ལས་རྒྱལ་པོ་ཉིད་ཀྱིས་བདུན་ཅུ་རྩ་གཅིག །གཞན་རྣམས་བཙུན་མོ་དང་བློན་པོས་བཙུགས། དེའི་ཚེ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་མཐོང་བའི་མ་ཏི་ཙི་ཏྲ་ཕྱི་མ་གཅིག་ཀྱང་བྱོན་ཏེ། དེ་རྒྱལ་པོའི་བླ་མར་གྱུར། དགེ་འདུན་རྣམས་རྒྱལ་པོའི་ཁང་བཟང་གི་རྩེ་མོར་མཆོད་ཅིང༌། མུ་སྟེགས་བྱེད་རྣམས་ལ་སྒོ་ཁང་གི་ཕྱི་རོལ་དུ་ཟས་དག་སྟེར་རོ། །དེ་ལྟར་བསྟན་པ་ཉམས་པ་ཤིན་ཏུ་སོས་པར་བྱས་སོ། །དམ་པའི་ཆོས་ལ་དགྲ་བར་པ་བྱུང་ཞིང༌། སླར་ཡང་སོར་ཆུད་པའི་སྐབས་ཏེ་བཅུ་དགུ་པའོ།། །།དེ་ནས་ལྷོ་ཕྱོགས་ཡུལ་ཀྲྀཥྞ་རཱ་ཛར་སློབ་དཔོན་མཱ་ལེ་ཀ་བུདྡྷི་ཞེས་བྱ་བ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྨྲ་བ་ཞིག་བྱུང་སྟེ། དེས་ཡུལ་དབུས་སུ་ཆོས་གཞི་ཆེན་པོ་ཉི་ཤུ་རྩ་གཅིག་ཙམ་བཙུགས་ཤིང༌། མཆོད་རྟེན་ལྷ་
ཅན་སྟོང་ཕྲག་གཅིག་བཞེངས། ལོ་ཉི་ཤུ་ཙམ་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་དར་བར་བྱས། མཐར་ཏུ་རུཥྐའི་ཆོམ་པོས་བཀྲོངས། ཁྲག་འོ་མར་ཟགས་ཤིང༌། ཁོང་[ཁོག་]པ་ནས་མེ་ཏོག་མང་པོ་འཐོན་ཏེ་བར་སྣང་ཁེངས་སོ། །ཡུལ་དེ་ཉིད་དུ་འཁྲུངས་པའི་སློབ་དཔོན་མུ་ཏི་ཏཱ་བ་བྷ་དྲ་སྟེ་ཀུན་ཏུ་དགའ་བ་བཟང་པོ་ཞེས་བྱ་བ་མདོ་སྟེ་སྟོང་ཕྲག་མང་པོས་མགྲིན་པ་བརྒྱན་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་ཤིང༌། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པ་ཞིག་བྱུང་སྟེ། དེས་ཀྱང་སྔར་གྱི་མཆོད་རྟེན་ཞིག་པ་ཐམས་ཅད་ནི་བསོས། མཆོད་རྟེན་གསར་པ་བཅུ་བཅུས་བསྐོར་བར་བྱས། བྲམ་ཟེ་དང་ཁྱིམ་བདག་ཐམས་ཅད་དད་པ་ལ་བཀོད། དེར་ཡུལ་དབུས་ན་རབ་ཏུ་བྱུང་བ་མ་བསྡམས་པ་མང་པཽ་ཡོད་པ་རྣམས། ལྟུང་བ་ཕྱིར་བཅོས་པར་དགའ་བ་རྣམས་བཅོས། ཁས་མི་ལེན་པ་རྣམས་བསྐྲད་པས། དེ་ཐམས་ཅད་ཀྱིས་དགེ་སློང་མཆོག་དེ་ལ་སྡང་བར་བྱས་ཤིང༌། ཁ་ཟེར་བས་ཐུགས་སྐྱོ་ནས་འཕགས་པ་ཀུན་ཏུ་བཟང་པོ་ལ་གསོལ་བ་བཏབ་པ་ན་དངོས་སུ་ཞལ་བསྟན། བདག་གང་དུ་སེམས་ཅན་གྱི་དོན་ཡོད་པ་དེར་འཁྲིད་པར་ཞུ་ཞུས་པས། ན་བཟའ་ལ་འཇུས་ཤིག་གསུང༌། འཇུས་པ་ཙམ་ན་ལི་ཡུལ་དུ་སླེབ་སྟེ། དེར་ལོ་མང་པོར་འགྲོ་བའི་དོན་བྱས་ནས་འདས་སོ། །དེ་ལྟར་ལོ་བཞི་བཅུ་ཙམ་དུ་ཆོས་ཤིན་ཏུ་དར་བར་ཡོད་པ་ལས། དཔལ་ནཱ་ལེནྡྲར་རྒྱལ་པོའི་བློན་པོའི་ཀ་ཀུ་ཏ་སིདྡྷ་ཞེས་བྱ་བས་ལྷ་ཁང་ཞིག་བཞེངས་པའི་ཞལ་བསྲོའི་ཚེ། སྐྱེ་བོ་ཐམས་ཅད་ལ་སྟོན་མོ་ཆེར་བྱས་པ་ལས། མུ་སྟེགས་ཀྱི་གྲུབ་མཐའ་འཛིན་པའི་མུ་ཏོ་བ་གཉིས་སློང་དུ་ཡོངས་པ་ལ། དགེ་ཚུལ་
གཏུམ་པོ་རྣམས་ཀྱིས་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་བར་དུ་བཙིར། ཁྱི་གཏུམ་པོ་དག་རྦད་པས། དེ་གཉིས་ཤིན་ཏུ་ཁྲོས་ཏེ། གཅིག་གིས་འཚོ་བ་སྦྱར་ཞིང༌། གཅིག་ཤོས་ཀྱིས་ཉི་མ་སྒྲུབ་པར་བྱས་སོ། །སའི་དོང་གཏིང་རིང་པོར་ཞུགས་ཏེ། ལོ་དགུའི་བར་དུ་བསྒྲུབས་ཀྱང་མ་གྲུབ་ནས་ཕྱིར་འགྲོ་བར་བརྩམས་པས། གྲོགས་པོ་ན་རེ། ཁྱོད་ཀྱི་སྔགས་གྲུབ་བམ་ཟེར་རོ། །མ་གྲུབ་བྱས་པ་ན། དེ་ན་རེ། ཕྱོགས་ཐམས་ཅད་མུ་གེ་ཉམ་ང་བས་ཁྱབ་པ་ལ་ངས་དཀའ་བ་འདི་སྙེད་ཀྱིས་འཚོ་བ་སྦྱར་ན། ཁྱེད་སྔགས་མ་གྲུབ་པར་ཕྱིར་ནམ་བྱུང་བའི་ཚེ། མགོ་དྲུད་ནས་གཅོད་དོ་བྱས་ནས། ཆུ་གྲི་རྣོན་པོ་བསྲེལ་བས། དེ་འཇིགས་ཏེ་སླར་ཡང་ལོ་གསུམ་བསྒྲུབས་སོ། །དེ་ལྟར་ལོ་བཅུ་གཉིས་ན་གྲུབ་ནས། དེས་སྦྱིན་སྲེག་བྱས་ཏེ་སྦྱིན་སྲེག་གི་ཐལ་བ་ལ་སྔགས་བཟླས་ཏེ་གཏོར་བ་ཙམ་གྱིས་མེ་རང་འབར་དུ་བྱུང་བས། སངས་རྒྱས་པའི་ཆོས་གཞི་རྟེན་པའི་ལྷ་ཁང་བརྒྱད་ཅུ་རྩ་བཞི་པོ་ཐམས་ཅད་བསྲེགས། ཁྱད་པར་དུ་དཔལ་ནཱ་ལེནྡྲའི་དྷརྨཱ་གཉྫ་སྟེ་གསུང་རབ་མཐའ་དག་བཞུགས་པའི་གཙུག་ལག་ཁང་རཏྣ་ས་གཱ་ར། རཏྣ་ད་དྷི། རཏྣ་རཎྜ་ཀ་ཞེས་བྱ་བ་ལྷ་ཁང་ཆེན་པོ་གསུམ་ཡོད། ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་པོ་ཏི་ཐམས་ཅད་དེ་ན་བཞུགས་པ་ལ་དེ་གསུམ་ཆར་ཡང་ཚིག་གོ །དེའི་ཚེ་རཏྣ་ད་དྷི་ཞེས་བྱ་བའི་གཙུག་ལག་ཁང་དགུ་ཐོག་ཏུ་ཡོད་པའི་སྟེང་ཁང་གི་གླཻགས་བམ་འགའ་ཞིག་ལས་ཆུའི་རྒྱུན་ཆེན་པོ་བབས་ཏེ་མེ་བསད། ཆུ་རྒྱུན་ཁྱབ་ཚད་དུ་གླེགས་བམ་རྣམས་མ་ཚིག་གོ །ཕྱིས་གླེགས་བམ་དེ་བླངས་ཏེ་བལྟས་པས་ན་རྒྱུད་སྡེ་ལྔའི་གླེགས་བམ་ཡིན་ཞེས་ཟེར་བ་དང༌།
ཁ་ཅིག་གསང་བ་འདུས་པ་ཁོ་ན་ཡིན་ཞེས་ཟེར་བའང་ཡོད། གང་ལྟར་བླ་མེད་ཀྱི་རྒྱུད་སྡེ་ཡིན་ལ། དེའི་ནང་ན་གསང་བ་འདུས་པ་ཡོད་པ་ལ་རྩོད་པ་མེད་དོ། །ཡུལ་གཞན་དང་གཞན་དུའང་གཙུག་ལག་ཁང་མང་པོ་བསྲེགས་སོ། །མུ་སྟེགས་བྱེད་དེ་གཉིས་རྒྱལ་པོའི་ཆད་པས་འཇིགས་ཏེ། བྱང་ཕྱོགས་ཧ་སཱ་མཱ་ཞེས་བྱ་བའི་ཡུལ་དུ་བྲོས་ཀྱང་སྡིག་པའི་ལས་ཀྱི་མཐུས་ལུས་ལ་མེ་རང་འབར་ནས་ཤིའོ། །དེ་ནས་ཕྱོགས་དང་ཕྱོགས་ཀྱི་དགེ་སློང་མང་དུ་ཐོས་པ་ཐམས་ཅད་འདུས། བློ་ལ་བཞུགས་པ་དང༌། གླེགས་བམ་དུ་བཞུགས་པ་ཐམས་ཅད་ཡི་གེར་སྤེལ། རྒྱལ་པོ་སངས་རྒྱས་ཕྱོགས་དང༌། བྲམ་ཟེ་ཤངྐུ་དང༌། བྲམ་ཟེ་ཕུར་བུ་དང༌། ཁྱིམ་བདག་དད་པ་ཅན་མང་པོས་ལྷ་ཁང་མེས་ཚིག་པ་རྣམས་བསོས་སོ། །དེ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་སྔོན་མི་ཡུལ་དུ་བྱོན་པ་རྣམས་ཆ་བཅོ་ལྔར་བཏང་བའི་ཆ་གཉིས་གཉིས་ཙམ་ཏེ་དམ་པའི་ཆོས་ཀྱི་དགྲ་སྔ་མ་གཉིས་ཀྱིས་ཀྱང་ནུབ་ཅིང༌། ཆ་གཅིག་ཙམ་དགྲའི་གནོད་པ་ལ་མ་ལྟོས་པར་ཡང་ནུབ་པ་དང༌། ལྷག་མ་ཆ་དགུ་ཙམ་མེའི་དགྲ་བྱུང་བའི་རྐྱེན་གྱིས་ནུབ་པས་ད་ལྟ་ཆ་གཅིག་ཙམ་ཞིག་ལུས། དེ་ལ་འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་སྟོང་ཕྲག་གཅིག་ལས་བཞི་བཅུ་ཞེ་དགུ་ལུས། དེ་བཞིན་དུ་ཕལ་པོ་ཆེ་ལེའུ་སྟོང་ལས་སུམ་ཅུ་སོ་བརྒྱད་ལུས། འདུས་པ་ཆེན་པོ་དུམ་བུ་སྟོང་ལས་དུམ་བུ་དགུ་ལུས། ལངྐར་གཤེགས་པ་ལས་དེ་བཞིན་གཤེགས་པའི་སྙིང་པོའི་ལེའུ་ཉི་ཚེ་ལུས་པ་ལ་སོགས་པས་མཚོན་པའོ། །དམ་པའི་ཆོས་ཀྱི་དགྲ་ལན་གསུམ་པ་བྱུང་ཞིང་སླར་ཡང་སོར་ཆུད་པའི་སྐབས་ཏེ་
ཉི་ཤུ་པའོ།། །།དེ་ནས་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་ཚེའི་སྨད་ཀྱི་དུས་ན་ཤར་ཕྱོགས་ཨོ་ཌི་བི་ཤའི་ཡུལ་རྒྱ་མཚོ་ཆེན་པོ་དང་ཐག་ཉེ་བའི་རི་ཞིག་ན་རྩེ་མོ་ལ་རིན་ཆེན་རི་བོ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་ཏེ། ཐེག་པ་ཆེ་ཆུང་གི་བཀའ་དང༌། བསྟན་བཅོས་མཐའ་དག་ཚར་གསུམ་བཞེངས་ནས་བཞུགས་སུ་གསོལ། ཆོས་གཞི་ཆེན་པོ་བརྒྱད་དང་དགེ་སློང་ལྔ་བརྒྱ་འཚོགས་པར་བྱས་སོ། །བྷཾ་ག་ལ་དང་ཉེ་བ་རྒྱ་མཚོའི་འགྲམ་གྱི་རི་ཞིག་ཏུ་ལྷའི་རི་བོ་ཞེས་བྱ་བ་རིན་ཆེན་རི་བོ་དང་འདྲ་བའི་གཙུག་ལག་ཁང་ཞིག་བཞེངས་ཏེ། ལྷ་ཁང་ནི་བློན་པོས་བཞེངས། གསུང་རབ་རྣམས་ནི་བྲམ་ཟེ་ཤངྐུས་བཞེངས། མཆོད་པའི་ཡོ་བྱད་ཐམས་ཅད་ནི་བྲམ་ཟེ་ཕུར་བུས་སྦྱར། དེའི་ཆོས་གཞི་དང་དགེ་འདུན་གྱི་འཚོ་བ་ནི་རྒྱལ་པོའི་བཙུན་མོས་སྦྱར་རོ། །དེ་ལ་བྲམ་ཟེ་ཤངྐུ་ནི་མ་ག་དྷ་དང་བྷཾ་ག་ལའི་བར་གྱི་ཡུལ་པུནྚ་ཝརྡྷ་ན་ཞེས་བྱ་བར་བྲམ་ཟེ་སཱ་རོ་ཞེས་བྱ་བ་ཕ་སྤུན་བདུན་དང་ལོངས་སྤྱོད་ཆེན་པོ་དང་བཅས་ཏེ་ཡོད་ལ། དེས་དབང་ཕྱུག་ཆེན་པོའི་རིག་སྔགས་བསྒྲུབས་ཏེ་ཡུལ་གྱི་ཀླུ་ཞིག་འདུལ་བར་བརྩམས་པ་ན་མ་ཐུལ་ཏེ། བྲམ་ཟེ་བཟའ་མི་ཕ་སྤུན་བདུན་དང་བཅས་པ་ཐམས་ཅད་སྦྲུལ་གདུག་པས་ཟིན་ནས་ཤི། བྲམ་ཟེ་དེའི་བུ་ནི་ཤངྐུ་ཡིན་ལ་ཉེ་དུ་རྣམས་ཀྱིས་གཅེས་པར་བྱས། ཁྱིམ་གྱི་འོག་ཁང་དུ་ནེའུ་ལེ་མང་པོ་དག་བཏགས། ཁྱིམ་གྱི་ཕྱི་རོལ་དུ་ཤེ་ལ་ཞེས་བྱ་བ་སྦྲུལ་གསོད་པའི་སྲོག་ཆགས་རྣམས་བཏགས། ཁང་སྟེང་དུ་རྨ་བྱ་མང་པོ་དག་བཞག་སྟེ་སྦྲུལ་བསྲུངས་པ་ལས། ཀླུ་འདུལ་བའི་སྔགས་དང་རྫས་དག་འཚོལ་བ་ལ་བརྩོན་པར་བྱེད་དོ། །དེ་ནས་དུས་
ལན་ཅིག་ཀླུ་དག་འོངས་ཏེ་ཕུཊ་སྒྲ་ཆེན་པོ་ཕྱུང་པས་རྨ་བྱ་འགྲོགས་ཏེ་བྲོས། རླུང་འཚུབས་མ་ཆེན་པོ་བཏང་བས་ཤེ་ལ་ཞེས་བྱ་བའི་སྲོག་ཆགས་རྣམས་ཁུང་དུ་ཞུགས། དེར་སྦྲུལ་ཕྲ་མོ་ཞིག་ཁང་པའི་ཟུར་ལ་འཛེགས་ཏེ་ནང་དུ་འོངས་ནས་ཤངྐུ་ཟིན་ཏེ་ཤི། ཕུང་པོ་དབྱུང་བ་ན། དེའི་ཆུང་མས་ཕུང་པོ་ཁྱེར་སོང་སྟེ་སྡོང་པོ་གཅིག་པའི་གྲུ་ཆུང་དུ་ཞུགས་ཆུ་བོ་གངྒའི་གཞུང་ལ་ཁྱེར་ནས་སོང་སྟེ། འདི་གསོ་བར་ནུས་པ་སུ་ཡོད་ཅེས་ཉི་མ་གསུམ་གྱི་བར་དུ་སོང་བ་ལས་ཉིན་གསུམ་གྱི་བར་ལ་ཕྱུགས་རྫི་རྣམས་ཀྱིས་ཀྱལ་ཁ་བྱེད་དོ། །ལན་ཅིག་བུད་མེད་ཅིག་བྱུང་ནས། ཆུ་ལ་སྔགས་བཟླས་ཏེ་དེའི་ལུས་བཀྲུས་པས་སླར་སོས་སོ། །དེ་ནས་ཡུལ་དུ་འོངས་པའི་ཚེ་གཏམ་དྲིས་པས། བྲམ་ཟེ་ཤངྐུ་ཤི་ནས་ཞག་བདུན་ལོན། ཁྱིམ་གྱི་ཡོ་བྱེད་རྣམས་བྲམ་ཟེ་རྣམས་ལ་མཆོད་པར་བྱེད་དོ་ཞེས་ཟེར་རོ། །དེར་ཁྱིམ་དུ་འོངས་པས་སྒྱུ་མ་ཡིན་ནམ་སྙམ་ནས་རེ་ཞིག་ཡིད་མ་ཆེས། ཕྱིས་ཡིད་ཆེས་ཏེ་ལྷག་པར་དགའོ། །དེ་ནས་དེ་ཀླུ་འདུལ་པའི་རིགས་སྔགས་ཁོ་ན་འཚོལ་བ་ལས། ལན་ཅིག་གི་ཚེ་ཞིང་ལས་བྱེད་པའི་བུད་མེད་ཅིག་སྔགས་ཤིག་བཟླས་པ་ན་གང་ནས་བྱུང་ཆ་མེད་པའི་སྦྲུལ་ཞིག་འོངས་ནས། བུད་མེད་དེའི་བུ་ཆུང་གི་རྐང་པ་ལ་ཁས་རེག་པས་རེ་ཞིག་ཤི་བ་ལྟར་སོང་ཡང་ཞིང་ལས་རྣམས་གྲུབ་པ་ན་སྦྲུལ་ཞིག་འོངས་ཏེ། བུ་ཆུང་དེའི་རྐང་པ་ལ་རྨུགས་པ་ཙམ་གྱིས་སླར་ཡང་སོས་སོ། །དེ་མཁའ་འགྲོ་མར་ཤེས་ཏེ་ཞབས་ལ་ཕྱག་བྱས། རིགས་སྔགས་བསླབ་པར་ཞུས་པས། ཁྱོད་ནི་རིག་སྔགས་ཀྱི་སྣོད་མ་ཡིན་ཞིང༌། དམ་རྫས་ཀྱང་རྙེད་
པར་དཀའོ་ཞེས་ཕྱིར་བཟློག་པ་ལས་ས་ཐེ་བཙུགས་ནས་གསོལ་བ་བཏབ་པས་ཁས་བླངས་སོ། །དེར་དམ་རྫས་ཁྱི་མོ་ནག་རྐྱང་གི་འོ་མ་བསྐོལ་བའི་འོ་ཐུག་སྙིམ་པ་བརྒྱད་དགོས་པར་བྱུང་བས་བཙལ་ནས་རིག་སྔགས་ཞུས་པས། དེས་སྔགས་མང་དུ་བཟླས་ནས་ཤངྐུ་ལ་འཐུང་དུ་བཅུག་གོ །སྙིམ་པ་དྲུག་གིས་ལྟོ་གང་སྟེ། དེ་བས་ལྷག་པ་འཐུང་མི་ནུས་ཁད་ལ་འདི་མ་འཐུངས་ན་ཐོག་མ་ཉིད་དུ་ཁྱོད་སྦྲུལ་གྱིས་གསོད། དེ་ནས་སྐྱེ་བོ་མང་པོའང་གསོད་ཅེས་སྡིགས་ནས་ནན་གྱིས་འཐུང་དུ་བཅུག་པས་སླར་ཡང་སྙིམ་པ་གཅིག་འཐུངས། སྙིམ་པ་ལྷག་མ་ཅིག་ཐབས་ཇི་ལྟར་བྱས་ཀྱང་འཐུངས་མ་ཐུབ་བོ། །དེ་ནས་མཁའ་འགྲོ་མ་ན་རེ། ངས་དང་པོ་ནས་ཁྱོད་ཉིད་སྣོད་མ་ཡིན་ནོ་ཞེས་མ་སྨྲས་སམ། ད་ཁྱོད་ཀྱིས་ཀླུ་རིགས་བདུན་འདུལ་ནུས་ཞིང་ཇི་ལྟར་འདོད་པར་དབང་བྱེད་ནུས་ལ། ནོར་རྒྱས་ཀྱི་རིགས་ནི་མ་ཡིན་ཏེ། ནམ་ཞིག་ན་སྦྲུལ་ནོར་རྒྱས་ཀྱི་རིགས་ཀྱིས་ཟིན་ནས་འཆི་བར་འགྱུར་རོ་ཞེས་ཟེར། དེ་ནས་བྲམ་ཟེ་དེ་ཤིན་ཏུ་མཐུ་དང་རྫུ་འཕྲུལ་ཆེ་བར་གྱུར་ཏེ་ཀླུ་རྣམས་མངག་བཞུག་ཏུ་བསྐུལ་ནས་ཕན་གནོད་ཀྱི་ལས་གང་ལའང་ཐོགས་པ་མེད་པར་སྤྱོད་པ་ཞིག་བྱུང་ངོ༌། །དེ་ཉིན་རེ་བཞིན་བྲམ་ཟེ་མང་པོ་ལ་བསྟན་བཅོས་ཀློག་པ་དང༌། སྦྱིན་པ་དག་བྱིན་ཞིང་བསོད་ནམས་དག་བྱེད་དོ། །མཚན་རེ་བཞིན་སྐྱེད་མོས་ཚལ་དུ་སོང་ནས། ཀླུ་མོ་རྣམས་དང་ལྷན་ཅིག་འདོད་པའི་ཡོན་ཏན་ལྔ་དང་རྩེ་བར་བྱེད་དོ། །དེས་ཡུལ་པུཎྜ་ཝརྔྷ་ནའི་ཕྱོགས་ཅིག་ཏུ་ཨཥྟ་དྷཱ་ཏུ་ལས་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་ལྷ་ཁང་བཞེངས། དཀོན་མཆོག་གསུམ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པ་ལས། དུས་ནམ་
ཞིག་ཀླུའི་བུད་མེད་རྣམས་ཀྱི་ཁྲོད་དུ་ཀླུའི་རྒྱལ་པོ་ནོར་རྒྱལ་ཀྱི་གཡོག་མོ་ཞིག་ཡོད་པ་མ་ཤེས་པར་བྲམ་ཟེ་བག་མེད་པས་གནས་པ་ལས། དེས་དཔྲལ་པར་སོ་བཏབ་ནས་བྲོས་སོ། །དེ་ནས་གཡོག་ལ་བསྐོས་ཏེ་རྒྱ་མཚོའི་ལྦུ་བ་ལོངས་ཚུར་འོང་བའི་ཚེ་ཕྱི་མིག་མ་ལྟ། གཞན་གྱི་ཚིག་མ་ཉན། ཕར་གཏམ་མ་སྨྲ་ཞེས་བསྒོས་ཏེ་རྐང་མགྱོགས་ཀྱི་རྫས་བྱིན་ནས་སོང་ངོ༌། །དེས་ཚུར་འོངས་པའི་ཚེ་སྐྱེས་བུ་ཞིག་འབོད་ཅིང་བྱུང་ངོ༌། །དེར་ཉན་པ་ལ། བདག་ནི་སྨན་པ་སྟེ་ནད་དང་དུག་མཐའ་དག་གསོ་བར་བྱེད་དོ་ཟེར་བ་ལ་ཕྱི་མིག་བལྟས་པས། བྲམ་ཟེ་སྨན་གྱི་སྣོད་ཐོགས་པ་ཅིག་བྱུང་ངོ༌། །དེ་མ་ཐག་དེ་ན་རེ། ཁྱོད་ཀྱི་སྨན་ཅི་ཡིན་པ་སྟོན་ཞིག་ཟེར། དེས་རྒྱ་མཚོའི་ལྦུ་བ་བསྟན་པས་ས་ལ་གཏོར་ཏེ་མི་སྣང་བར་སོང་ངོ༌། །སླར་ཤངྐུ་དང་འཕྲད་དེ་གཏམ་བཤད་པས་ས་དང་ལྷན་ཅིག་ཕྱགས་ལ་ལོང་ཞིག་ཟེར། དེར་ཕྱིན་པས་ཀླུའི་རྫུ་འཕྲུལ་གྱིས་ས་ཕྱོགས་དེར་མཚོ་བརྡོལ་ནས་ལེན་པར་མ་ནུས། ཤངྐུ་ཡང་དུས་ལས་འདས། དེ་ལྟ་བུའི་བྲམ་ཟེ་ཤངྐུས་རྒྱ་གར་ལྷོ་ཕྱོགས་ཁ་གནྡྲེའི་ཡུལ་དུ་ནམ་མཁའ་ལྡིང་གི་མཆོད་སྡོང་རྡོ་རིངས་ཤིག་བཙུགས་ཏེ། དེ་ལ་མཆོད་པ་ཙམ་གྱིས་དུག་ནད་ཞི་བ་དང༌། ཁྲུས་གསོལ་བའི་ཁུ་བ་འཐུང་ཞིང་ཁྲུས་བྱས་པས་ཀླུ་ནད་སེལ་བར་འགྱུར་བ་ཡོད་དོ། །བྲམ་ཟེ་ཕུར་བུ་ནི་ཀུ་རུ་ཀུལླེའི་རིགས་སྔགས་གྲུབ་པ་སྟེ། རྒྱལ་པོས་ཀླུའི་རྒྱལ་པོ་ཏ་ཀྵ་ཀ་སྟོན་ཅིག་བྱས་པ་ལས། ཀུ་རུ་ཀུ་ལླེའི་སྔགས་བཟླས་པའི་རྡོ་མཚོར་འཕགས་པས་མཚོ་ཁོལ་ཞིང་དབུས་ནས་ཀླུའི་ཕོ་བྲང་གི་བ་གམ་ཉུག་ཉུག་པ་རྒྱལ་པོ་འཁོར་བཅས་ཀྱིས་མཐོང༌། དེར་ཀླུའི་
དུག་གིས་མི་ཕྱུགས་མང་པོ་ཤི་བས་ཀླུ་དངོས་སྟོན་མ་ཐུབ་སྟེ་སླར་ནུབ་པར་བྱས་སོ། །བྲམ་ཟེ་ཕུར་བུ་དེས་ཨོ་ཊི་བི་ཤའི་གྲོང་ཁྱེར་ཀ་ཊ་ཀ་ར་སངས་རྒྱས་ཀྱི་ལྷ་ཁང་མང་དུ་བཞེངས། དགེ་འདུན་མང་པོ་ལ་དུས་སྟོན་ཡང་བཙུགས་སོ། །རྒྱལ་པོ་སངས་རྒྱས་ཕྱོགས་དང༌། དེའི་རྗེས་སུ་དྷརྨཱ་ཙནྡྲའི་ཚ་བོ་ཀརྨ་ཙནྡྲ་ཞེས་བྱ་བ་བྱུང་སྟེ། དེ་དག་གི་རིང་ལ་སློབ་དཔོན་དགའ་བྱེད་སྙན་པ་དང༌། སློབ་དཔོན་རྟ་དབྱངས་ཆུང་བ་དང༌། སྒྲ་གཅན་འཛིན་བཟང་པོའི་སློབ་མ་སྒྲ་གཅན་འཛིན་བཤེས་གཉེན་ཡིན་ལ། དེའི་སློབ་མ་ཀླུའི་བཤེས་གཉེན་རྣམས་བྱུང་སྟེ། དེ་དག་གིས་ཐེག་པ་ཆེན་པོ་དར་བར་མཛད་དོ། །འོན་ཀྱང་ད་ལྟ་བོད་དུ་ཡོད་པའི་བསྟོད་པ་བརྒྱ་ལྔ་བཅུ་པའི་འགྲེལ་པ་མཛད་མཁན་སློབ་དཔོན་དགའ་བྱེད་སྙན་པ་ནི་ཕྱོགས་གླང་ལ་སོགས་པའི་ཕྱིས་འབྱུང་བར་འགྲེལ་པ་དེ་ལས་གསལ་བས། འདི་སྐབས་ཀྱི་དེ་དང་མཚན་གཅིག་ཙམ་མོ། །རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བྱ་བའི་མཐའ་མ་དང༌། རྒྱལ་པོ་ཀརྨ་ཙནྡྲའི་དུས་སྐབས་ཀྱི་གཏམ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེའི་འོག་ཏུ་རྒྱལ་པཽ་ཀརྨ་ཙནྡྲས་རྒྱལ་སྲིད་སྐྱོང་བཞིན་པའི་དུས་ན། རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་བུ་ཟབ་མོ་ཕྱོགས་ཞེས་བྱ་བ་ཕོ་བྲང་གྲོང་ཁྱེར་ལྔ་ལེན་དུ་བྱེད་པ་ཞིག་བྱུང་སྟེ། ལོ་བཞི་བཅུར་ཉེ་བ་རྒྱལ་སྲིད་བྱས་སོ། ཁ་ཆེའི་ཡུལ་དུ་རྒྱལ་པོ་ཏུ་རཥྐའི་བུ་ཏུ་རུཥྐ་མང་པོས་བཀུར་བ་ཞེས་བྱ་བ་ཁྲོ་བོ་བདུད་རྩི་འཁྱིལ་བའི་ཞལ་མཐོང་བ་ཚེ་ལོ་བརྒྱ་དང་ལྔ་བཅུ་ཐུབ་པ། རྒྱལ་སྲིད་ཀྱང་ལོ་བརྒྱ་ཙམ་བསྐྱངས་བ་ཞིག་བྱུང་སྟེ། དེས་ཁ་ཆེ་
དང་ཐོ་གར་དང༌། ཡུལ་ག་ཛ་ནི་ལ་སོགས་པ་ཐམས་ཅད་མངའ་འབངས་སུ་བསྡུས་ནས། དཀོན་མཆོག་མཆོད་པ་ཞིག་བྱུང༌། ཁྱད་པར་ཡུལ་ག་ཛ་ནིར་སངས་རྒྱས་ཀྱི་ཚེམས་བཞུགས་པའི་མཆོད་རྟེན་ཆེན་པོ་བཞེངས་ལ། དགེ་སློང་ཕ་མ་དང༌། དགེ་བསྙེན་ཕ་མ་སྟོང་ཕྲག་རེ་རེ་མཆོད་རྟེན་མཆོད་པའི་ལག་ལེན་དུ་བསྐོས། སྐུ་གཟུགས་ཀྱི་ཁྱད་པར་དཔག་ཏུ་མེད་པ་བཞེངས། དགེ་སློང་ཛཱི་ཝ་ཀ་ར་ཞེས་བྱ་བ་དང༌། དགེ་བསྙེན་ཆོས་འཕེལ་ཞེས་བྱ་བ་འཁོར་དགེ་སློང་དང༌། དགེ་བསྙེན་ལྔ་སྟོང་ལྔ་སྟོང་གིས་བསྐོར་ཏེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་སྒོམ་པ་དེ་བཞིན་གཤེགས་པ་སྒྲུབ་པས་མཉེས་པར་བྱེད་པ་བྱུང་ནས། དགེ་སློང་དང་དགེ་བསྙེན་རྫུ་འཕྲུལ་ཅན་བརྒྱ་ཕྲག་མང་པོ་ཡང་བྱུང༌། ཆོས་སྤྱོད་བཅུ་ཤིན་ཏུ་འཕེལ་བར་བྱེད་དོ། །རྒྱལ་པོ་ཟབ་མོའི་ཕྱོགས་རྒྱལ་སྲིད་དུ་འཁོད་ནས་ལོ་བཅུ་གཉིས་ལོན་པའི་ཚེ། རྒྱལ་པོ་ཀརྨ་ཙནྡྲ་འདས། དེའི་བུ་བྲྀཀྵ་ཙནྡྲ་རྒྱལ་སྲིད་ལ་བསྐོས་ཀྱང་དབང་ཐང་ཆུང་ངུར་བྱུང་ནས། ཨོ་ཊི་སའི་རྒྱལ་པོ་ཛཱ་ལེ་རུ་ཧ་ཞེས་བྱ་བས་ཤར་ཕྱོགས་ཕལ་ཆེར་ལ་དབང་བསྒྱུར། རྒྱལ་པོ་དེ་དག་གི་སྐབས་སུ་དགེ་སློང་ཆེན་པོ་ཨརྷ་ཏ་ཞེས་བྱ་བའི་སྐུ་ཚེའི་སྨད་ཀྱི་དུས་དང༌། འཕགས་པ་ཐོགས་མེད་ཀྱི་འགྲོ་བའི་དོན་མཛད་པའི་དུས་ཡིན་ཞིང༌། སློབ་དཔོན་དབྱིག་གཉེན་དང༌། སངས་རྒྱས་འབངས་དང༌། དགེ་འདུན་འབངས་རྣམས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་སོ། །སློབ་དཔོན་ཀླུའི་བཤེས་གཉེན་ཚེ་རིང་པཽར་གནས་པ་དེའི་སློབ་མ་དགེ་འདུན་སྲུང་བ་ཞེས་པའང་བྱུང་ལ། དུས་འདི་ཡན་ཆད་དུ་གསང་སྔགས་རྣལ་
འབྱོར་བླ་ན་མེད་པའི་ཆོས་སྐལ་པ་དང་ལྡན་པ་རྣམས་ལ་མ་དར་བ་ནི་མ་ཡིན་ཏེ། སྔོན་ཐེག་པ་ཆེན་པོའི་ཆོས་དར་བ་ནས་མི་རིང་བར་བྱུང་བའི་རིག་པ་འཛིན་པ་སྟོང་ཕྲག་བརྒྱ་པོ་དེ་དག་དང༌། ཨུ་རྒྱན་གྱི་ཡུལ་དུ་སྐྱེ་བོ་ཐམས་ཅད་རིག་པ་འཛིན་པའི་གནས་ཐོབ་པ་རྣམས་ཀྱང་ཕལ་ཆེར་བླ་མེད་ཀྱི་ལམ་ལ་བརྟེན་པ་ཡིན་ལ། འོན་ཀྱང་དེ་དག་ནི་གསང་བའི་བདག་པོ་ལ་སོགས་པས་སྐལ་ལྡན་བརྒྱའམ་སྟོང་ལ་སོགས་པ་ལ་ཅིག་ཅར་དུ་ཞལ་བསྟན་ཏེ་སྔགས་ཀྱི་ཐེག་པ་བསྟན། དེ་དག་ཐམས་ཅད་འཇའ་ལུས་སུ་གྱུར་ནས། དེའི་རྗེས་སུ་གདམས་པ་བཞག་པའང་མེད་ལ། སྔོན་གྱི་སྐྱེས་བུ་རྣམས་ཤིན་ཏུ་སྒོམ་ཞིང་གསང་བ་སྲུང་བ་ཡིན་པའི་ཕྱིར་དེ་དག་རིག་པ་འཛིན་པ་མ་གྲུབ་ཀྱི་བར་དུ་སུས་ཀྱང་གསང་སྔགས་སྤྱོད་པ་ཡིན་པར་མ་ཤེས་ཏེ། གང་ཆོ་འཕྲུལ་ཆེན་པོ་དང་བཅས་ཏེ་མཁའ་ལ་གཤེགས་པའམ་མི་སྣང་བར་གྱུར་པ་ན། ཀྱེ་མ་དེ་དག་ནི་སྔགས་ཀྱི་སྤྱོད་པ་ཅན་ཡིན་ནོ་ཞེས་སླད་ནས་རིག་པར་འགྱུར་བ་ཤ་སྟག་གོ །དེའི་ཕྱིར་སློབ་དཔོན་གྱིས་སློབ་མ་ལ་བརྒྱུད་པའི་རིམ་པས་འདོམས་པའང་ཅུང་ཟད་ཙམ་ལས་མེད་ལ། བྱ་བ་དང་སྤྱོད་པའི་རྒྱུད་ཀྱི་སྔགས་རྒྱུད་ཉམས་སུ་ལེན་པ་ནི་ཐེག་པ་ཆེན་པོ་དར་ནས་བརྩམས་ཏེ་ཤིན་ཏུ་མང་བ་ཞིག་ཡོད་ནའང༌། ཤིན་ཏུ་གསང་ཞིང་སྤྱོད་པ་ཡིན་པའི་ཕྱིར་གསང་སྔགས་དེ་ཉིད་ལ་སྤྱོད་པ་ཡིན་ན་མ་གཏོགས་ཅི་ཞིག་ཉམས་སུ་ལེན་སུས་ཀྱང་མི་ཤེས་སོ། །དེའི་ཕྱིར་ལས་དང་དངོས་གྲུབ་རྣམས་ཐོགས་པ་མེད་པར་འགྲུབ་པ་ཞིག་ཡོད་དོ། །ས་ར་ཧ་དང༌། ཀླུ་སྒྲུབ་ཡབ་སྲས་དང༌། གྲུབ་ཐོབ་ཤཱ་ཝ་རི་པའི་བར་དུ་བརྒྱུད་
པ་ནས་བརྒྱུད་པར་རྗེས་སུ་བཟུང་བ་ནི། ཡོངས་སུ་གྲགས་པ་ལྟར་ཡོད་པར་མངོན་ལ། གཞན་དུ་དེ་ཡན་ཆད་ཀྱི་སློབ་དཔོན་རྣམས་གསང་སྔགས་བླ་མེད་ཀྱི་བརྒྱུད་པ་ལ་བཞུགས་པའང་ཆེར་མ་མཐོང་ངོ༌། །སྤྱོད་བསྡུས་སྒྲོན་མེ་ལས་ཁུངས་སུ་མཛད་པའི་པདྨ་བཛྲ་དང༌། ཀམྤ་ལ་པ་བྱུང་ཡང༌། དང་པོར་ནི་འཕགས་པའི་ཡུལ་དུ་འགྲོ་བའི་དོན་མཛད་པ་མ་བྱུང་བར་མངོན་ལ་ཕྱི་མའི་ལོ་རྒྱུས་ནི་མ་མཐོང་ངོ༌། །དེ་བས་ན་བྲམ་ཟེ་ཆེན་པོ་དང༌། ཀླུ་སྒྲུབ་ཡབ་སྲས་སོགས་ཀྱིས་མཛད་པའི་བླ་མེད་ཀྱི་བསྟན་བཅོས་ཡོད་པ་འདི་ཀུན་ལས་གཞན་པའི་སྔགས་བླ་ན་མེད་ཀྱི་དགོངས་འགྲེལ་ཡང་འདི་ཡན་ཆད་དུ་ཆེར་མེད་པར་གྲགས་ཤིང༌། བསྟན་བཅོས་དེ་དག་ཀྱང་དབུ་མ་རིག་ཚོགས་ལ་སོགས་པའི་གཞུང་བཞིན་དུ་ཡོངས་ཁྱབ་ཏུ་གྲགས་པ་ནི་མ་ཡིན་ཏེ། ཀླུའི་བྱང་ཆུབ་རིག་པ་འཛིན་པའི་གནས་བརྙེས་པ་དེ་ཁོ་ན་ལ་གཏད་པས། ཕྱིས་རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་དར་བར་གྱུར་པ་ཡིན་ཏེ། དེའི་ཕྱིར་འཕགས་སྐོར་དང་སངས་རྒྱས་ཐོད་པའི་སྐོར་སོགས་ལ་རྒྱུད་ཐག་ཉེ་མོར་འབྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དཔེར་ན་བོད་ཀྱི་ཡང་དག་སྣང་གི་ཆོས་དང༌། གཏེར་ཆོས་རྫུན་གསོབ་མེད་པ་རྣམས་དང་འདྲའོ། །དུས་འདི་ཙམ་ནས་བཟུང་ནས་བྱ་སྤྱོད་ཀྱི་སྔགས་རྒྱུད་རྣམས་ལོ་ཉིས་བརྒྱ་ཙམ་གྱི་བར་དུ་ཤིན་ཏུ་དར་ཞིང་མངོན་མཚན་དུ་སྤྱོད་པ་བྱུང་ལ། རྣལ་འབྱོར་དང་རྣལ་འབྱོར་བླ་ན་མེད་པའི་རྒྱུད་རྣམས་ནི་དངོས་གྲུབ་མ་ཐོབ་ཀྱི་བར་དུ་མངོན་མཚན་དུ་སྤྱོད་པ་མེད་ཀྱང༌། སྔོན་ལས་ཆེས་དར་བར་གྱུར་ཞིང༌། དགོངས་འགྲེལ་གྱི་བསྟན་བཅོས་ཀྱང་ཅི་རིགས་པ་
མཛད་པར་བྱུང་ལ། གྲུབ་ཐོབ་གྲགས་ཆེ་བ་རྣམས་ཀྱང་བྱོན་ཏེ། སྐབས་དེར་སློབ་དཔོན་རྟ་མཆོག་དང༌། སློབ་དཔོན་ཆེན་པོ་ལཱུ་ཡི་པ་དང༌། གྲུབ་ཐོབ་ཙརྤ་ཊི་པ་རྣམས་ཀྱང་བྱུང་སྟེ་དེ་དག་གི་ལོ་རྒྱུས་གཞན་དུ་གསལ། སློབ་དཔོན་ཨརྷ་ཏ་ནི་རྒྱལ་པོ་ཀརྨ་ཙནྡྲའི་དུས་སུ་སྡོམ་བརྩོན་སྡེ་སྣོད་གསུམ་འཛིན་པར་གྱུར་པ་ཞིག་ཡིན་ལ། དེས་གཏེར་གྱི་བུམ་པ་ཆེན་པོ་བསྒྲུབས་སོ། །མཐར་གྱིས་གྲུབ་སྟེ་ཡུལ་ཝཱ་རཱ་ཎ་སཱིར་ས་འོག་ཏུ་རིན་པོ་ཆེའི་བུམ་པ་སྲིད་དུ་དཔག་ཚད་ཙམ་ཡོད་པ་བྱུང་སྟེ་དགེ་འདུན་ཁྲི་ཕྲག་མང་པོ་ལ་འཚོ་བ་སྦྱོར་བ་ཞིག་ཡོད་པ་ལས། དུས་ལན་ཅིག་སྲུང་བ་བྱེད་པ་བརྗེད་དེ། དེའི་ནུབ་མོ་གནོད་སྦྱིན་རྣམས་ཀྱིས་བརྐུས་ཏེ། ནངས་པར་དགེ་འདུན་མཆོད་པའི་དོན་དུ་ཁ་ཕྱེ་བ་ན་སྟོང་པར་མཐོང་ནས། དགེ་སློང་རིག་སྔགས་མཁན་རྫུ་འཕྲུལ་ཆེན་པོ་དེས་ཚངས་པ་ལ་སོགས་པ་ལྷ་ཆེན་པོ་ཐམས་ཅད་ཀྱང་བཀུག་སྟེ། དེ་རྣམས་གཟིར་བའི་དེ་དག་གིས་གནོད་སྦྱིན་རྣམས་བཀུག་སྟེ་སླར་ཡང་གཏེར་གྱི་བུམ་པ་གང་ངོ༌། །ལྷ་རྣམས་འོངས་པའི་རྟགས་སུ་ས་གཡོ་བ་དང༌། མེ་ཏོག་གི་ཆར་དང༌། དྲི་བཟང་པོ་ཞག་བདུན་གྱི་བར་དུ་རྒྱུན་མ་ཆད་པ་སྐྱེ་བོ་ཐམས་ཅད་ལ་མངོན་པར་གྱུར་ཏོ། །ཚུལ་དེས་ལོ་བཞི་བཅུར་ཉེ་བ་དགེ་འདུན་མཆོད་པར་བྱས། གཏེར་གྱི་བུམ་པ་ཁོ་རང་ཉིད་ལ་སྣང་བ་ཡིན་གྱི་གཞན་དག་གིས་ས་འབྲུ་བར་མཐོང་ངོ༌། །འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་ལོ་རྒྱུས་ནི། སྔོན་རྒྱལ་པོ་གཽ་ཊ་འཕེལ་བྱེད་ཀྱི་དུས་དགེ་སློང་སྡེ་སྣོད་གསུམ་འཛིན་པ་འཕགས་པ་སྤྱན་རས་གཟིགས་ལ་ཡིད་དམ་དུ་བྱེད་པ་ཞིག་ཡོད་པས་དུས་ལན་ཅིག་དགེ་སློང་གཞན་ཞིག་དང་གལ་བཟུང་བ་དང་
གཞུང་གཟུག་པ་དང༌། བརྒལ་བརྟག་བྱེད་པའི་ཚེ་ང་རྒྱལ་གྱི་སྐྱོན་གྱིས་དེ་ལ་བུད་མེད་ཀྱི་རིག་པ་ཅན་འདི་ཞེས་སྨད་དོ། །དེའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཁྱོད་ཀྱི་ལས་འདིས་སྐྱེ་བ་མང་པོར་བུད་མེད་དུ་སྐྱེ་བར་འགྱུར་རོ། །འོན་ཀྱང་བྱང་ཆུབ་མ་ཐོབ་གྱི་བར་དུ་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ནི་ང་ཡིན་ནོ་ཞེས་གསུངས་སོ། །དེ་ནི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས་ཙམ་ན་སྐྱེ་བ་བླངས་པ་ནི། བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་ཞེས་པ་རབ་ཏུ་གསལ་བའི་ངང་ཚུལ་མ་ཞེས་པ་ཡིན་ཏེ། དེ་སྐྱེ་བ་དྲན་ཞིང་ཆུང་ངུ་ནས་མདོ་སྡེ་དང༌། མངོན་པའི་གཞུང་ལུགས་དག་མཐོང་ཞིང་ཐོས་པ་ཙམ་གྱིས་རང་ཤེས་པ་འཕགས་པ་སྤྱན་རས་གཟིགས་རྟག་ཏུ་མཆོད་པ། དགེ་བ་བཅུའི་ལམ་ལ་ངང་གིས་གནས་པ། བྱང་ཆུབ་ཀྱི་སེམས་སྟོབས་སུ་གྱུར་པ་ཞིག་སྟེ། འདི་དགེ་སློང་མར་འདོད་པ་འཁྲུལ་པ་ཡིན་ལ། ཆེར་སྐྱེས་པ་ན། དེ་རྒྱལ་རིགས་ཞིག་དང་འདུས་པ་ལས་ཁྱེའུ་མཚན་དང་ལྡན་པ་བཅས་ཏེ་བློ་རྣོ་བའི་ཆོ་ག་བྱས། ཅུང་ཟད་ཆེར་སྐྱེས་པ་ན་ཡི་གེ་དང་རྩིས་དང༌། བརྟག་པ་བརྒྱད་དང༌། བརྡ་སྤྲོད་པ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། བཟོའི་གནས་རྣམས་དང༌། རིག་པའི་གནས་བཅོ་བརྒྱད་ལ་སོགས་པ་མ་ཉིད་ཀྱིས་ལེགས་པར་བསླབས་ཏེ་ཤིན་ཏུ་བྱང་ཞིང་གསལ་པར་གྱུར་ཏོ། །དེས་རང་གི་རིགས་ཀྱི་ཆོས་དྲི་བ་ན་བུ་ཁྱོད་རིགས་ཀྱི་བྱ་བ་བྱེད་པའི་ཕྱིར་བསྐྱེད་པ་མ་ཡིན་ཏེ། དམ་པའི་ཆོས་དར་བར་བྱ་བའི་ཕྱིར་བསྐྱེད་པ་ཡིན་ན། རབ་ཏུ་བྱུང་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག །ཅེས་གསུངས་པ་ལྟར་རབ་ཏུ་བྱུང་ནས་མཁན་པོ་དང་སློབ་དཔོན་དང་དགེ་འདུན་གྱི་ཞབས་འབྲིང་གི་བྱ་བའི་དུས་འདའ་བ་
ལོ་གཅིག་ཏུ་མཛད་ནས། བསྙེན་པར་རྫོགས་ནས་ལོ་ལྔའི་བར་དུ་ཀློག་པ་ལ་བརྩོན་པར་གནས་ཏེ། ལོ་རེ་རེ་ཚིགས་སུ་བཅད་པ་འབུམ་འབུམ་གྱི་ཚིག་དོན་ཐམས་ཅད་ཆུབ་པར་བྱས། དེ་ལྟར་ཐུན་མོང་གི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ཕལ་ཆེར་ནི་རྟོགས་པར་སླ་ཡང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བརྗོད་བྱ་མ་ཟློས་ཤིང་མ་འཛིངས་པ་ནི་རྟོགས་པར་དཀའ་བར་དགོངས་ནས། དེའི་དོན་དུ་ལྷག་པའི་ལྷ་ཞལ་མཐོང་བར་བྱའོ་ཞེས་གཅིག་ཏུ་བརྣགས་པས། གོང་དུ་བཤད་པའི་སློབ་དཔོན་ཨརྷ་ཏ་དེ་ཉིད་ལ་དབང་བསྐུར་པ་མ་ནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ །དབང་བསྐུར་བའི་རྒྱུད་དང༌། དཀྱིལ་འཁོར་གང་ཡིན་མི་གསལ་ཡང་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ཡིན་པར་མངོན་ཏེ། སློབ་དཔོན་འདིས་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ནས་བྱམས་པའི་སྒྲུབ་ཐབས་མཛད་པའི་ཕྱིར་རོ་ཞེས་བླ་མ་པནྚི་ཏ་གསུང༌། དེ་ནས་གུར་པ་པརྦ་ཏ་སྟེ། གསུང་རབ་ལས་ཀུག་ཀུ་ཊ་པཱ་ད་པརྦ་ཏ། རི་བོ་བྱ་རྐང་ཅན་དུ་གྲགས་པ་དེའི་ཕུག་ཅིག་ཏུ་འཕགས་པ་བྱམས་པ་བསྒྲུབས་ཏེ་ལོ་གསུམ་དུ་ལྟས་ཅི་ཡང་མ་བྱུང་བས་ཐུགས་མུག་ནས་ཕྱིར་ཐོན་པས། བྲག་གི་ངོས་ལ་བྱའི་ཚང་བཅས་སྔ་དྲོ་ཟན་འཚོལ་བ་ལ་འཕུར་བ་དང༌། དགོངས་ཀ་ཚང་དུ་ལོག་ཡོངས་པ་བྲག་གི་ངོས་ལ་གཤོག་པ་རེག་ཙམ་དེ་བྱུང་བ་ལ། ཡུན་རིང་པས་བྲག་ཟད་པར་གཟིགས་ནས་ངའི་བརྩོན་འགྲུས་ཆུང་ངོ་སྙམ་ནས་སླར་ལྡོག་སྟེ་ལོ་གསུམ་སྒྲུབ་པ་མཛད། དེ་བཞིན་དུ་ཡང་ཐོན་པ་ན། ཆུ་ཐིགས་ཀྱིས་བྲག་ཟད་པར་གཟིགས། ཡང་ལོ་གསུམ་བསྒྲུབས་ཏེ་ཐོན་པ་
ན། མི་རྒན་པོ་ཞིག་རས་བལ་འཇམ་པོས་ལྕགས་འཕྱིད་པར་བྱེད་ཅིང༌། འདི་ལས་ཕྲ་ཁབ་བྱེད་པ་ཡིན། སྔར་ཡང་རས་བལ་གྱིས་ཕྱིས་ཏེ་ལྕགས་ཟད་པ་ལས་ཁབ་འདི་ཙམ་བྱུང་ངོ༌། །ཞེས་སྣོད་ཅིག་ཁབ་ཀྱིས་གང་བ་བསྟན་ནོ། །ཡང་ལོ་གསུམ་བསྒྲུབས་ཏེ། དེ་ལྟར་ལོ་བཅུ་གཉིས་སུ་ལྟས་མ་བྱུང་བས་ཐུགས་སྐྱོ་སྟེ་ཐོན་ནས་ཕྱིན་པས། གྲོང་ཁྱེར་ཞིག་ན་ཁྱི་མོ་མི་ལ་ཟུག་ཅིང་ཟ་བ། སྨད་འབུས་ཁྱེར་བ་ཞིག་གཟིགས་ནས་སྙིང་རྗེ་ལྷག་པར་སྐྱེས་ཏེ། འབུ་འདི་རྣམས་མ་བསལ་ན་ཁྱི་འདི་འཆི་ལ། བསལ་ནས་བོར་ན་འབུ་རྣམས་འཆི་བས་རང་གི་ལུས་ཀྱི་ཤ་རྣམས་བཅད་ནས་དེར་འབུ་རྣམས་གཞུག་པར་བྱའོ་སྙམ་སྟེ། ཨ་ཙིནྟ་ཞེས་བྱ་བའི་གྲོང་ཁྱེར་ནས་སྤུ་གྲི་བླངས། ལྷུང་བཟེད་དང་འཁར་གསིལ་གཏེང་པར་བཞག །སྤུ་གྲིས་སྐུའི་བརླ་ཤ་ནས་ཕྲལ་ཏེ། སྤྱན་བཙུམ་ནས་འབུ་རྣམས་བླང་བར་བརྩམས་པ་ན། ཕྱག་གིས་ཡུལ་བ་ལས་ཅི་ཡང་མ་རྙེད་ནས་སྤྱན་ཕྱེ་བ་ན། ཁྱི་དང་འབུ་མེད་པར་རྗེ་བཙུན་བྱམས་པ་མཚན་དཔེ་འོད་དུ་འབར་བ་གཟིགས་ནས། ཀྱེ་མ་ཡབ་གཅིག་བདག་གི་སྐྱབས། །ངལ་བརྒྱས་འབད་ཀྱང་འབྲས་མ་མཆིས། །ཅིའི་ཕྱིར་ཆར་སྤྲིན་རྒྱ་མཚོའི་དཔུང༌། །གདུང་བས་བསྲེགས་ཏེ་སྐོམ་ཚད་འབབ། །བདག་གིས་དེ་ཙམ་དུ་བསྒྲུབས་ཀྱང་ཞལ་མི་སྟོན་པ་ཞེས་སྤྱན་ཆབ་ཕྱུང་བའི། ལྷ་ཡི་རྒྱལ་པོའི་ཆར་ཕབ་ཀྱང༌། །ས་བོན་མི་རུང་མི་འཁྲུངས་ལྟར། །སངས་རྒྱས་རྣམས་ནི་བྱོན་གྱུར་ཀྱང༌། །སྐལ་བ་མེད་པས་བཟང་མི་མྱོང༌། །རང་གི་ལས་ཀྱི་སྒྲིབ་པས་བསྒྲིབས་ཏེ་མ་མཐོང་བ་ཡིན་གྱིས། ང་ནི་
རྟག་ཏུ་ཁྱོད་ཀྱི་དྲུང་ན་གནས་སོ། །སྔར་རིག་སྔགས་བཟླས་པའི་ནུས་པ་ཐམས་ཅད་ད་ལྟར་སྙིང་རྗེ་ཆེན་པོས་རང་གི་ལུས་ཀྱི་ཤ་བཅད་པའི་དཀའ་བ་དེས་སྡིག་སྒྲིབ་དག་སྟེ། མཐོང་བ་ཡིན་གསུང༌། ད་ལྟར་ཕྲག་པར་ཁུར་ལ་གྲོང་ཁྱེར་གྱི་སྐྱེ་བོ་རྣམས་ལ་སྟོན་ཞིག་གསུང༌། བསྟན་པས་གཞན་སུས་ཀྱང་ཅི་ཡང་མ་མཐོང༌། ཆང་འཚོང་མ་ཞིག་གིས་ཁྱི་གུ་ཞིག་ཁུར་བར་མཐོང་བ་ན་ཡང་ཕྱིས་ལོངས་སྤྱོད་ཟད་མི་ཤེས་པ་བྱུང༌། དབུལ་པོ་ཁུར་བསྐྱེད་པས་འཚོ་བ་ཞིག་གིས་ཞབས་མགོ་ཙམ་མཐོང་བས་ཀྱང་ཏིང་ངེ་འཛིན་བརྙེས་ཤིང༌། ཐུན་མོང་གི་དངོས་གྲུབ་ཐོབ་བོ། །དུས་དེ་ཉིད་དུ་སློབ་དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཁྱོད་ཅི་འདོད་གསུང་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུང༌། འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབ། དེ་ལ་ས་སྡེའི་གནའ་མཆན་ལས། དགའ་ལྡན་དུ་ཟླ་བ་དྲུག་བཞུགས་ཟེར་བ་ཡོད་པར་གྲགས་པ་དང༌། འགའ་ཞིག་མི་ལོ་བཅོ་ལྔ་སོགས་བཞུགས་པར་བྱེད་པ་ཅི་རིགས་ཡོད་ཀྱང༌། རྒྱ་བོད་ཡོངས་ཁྱབ་ཏུ་གྲགས་པ་ལ་མི་ལོ་ལྔ་བཅུ་བཞུགས་ཟེར་ཏེ། དེ་ཡང་ལོ་ཕྱེད་ལོར་བརྩིས་པ་ཡིན་པས་ལོ་ཉེར་ལྔའོ་ཞེས་རྒྱ་གར་བ་རྣམས་གསུང༌། དེར་དགའ་ལྡན་དུ་མགོན་པོ་མི་ཕམ་པ་ལས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་མཐའ་དག་གསན་ཏེ། མདོ་སྡེ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ། སླར་ཡང་མིའི་ཡུལ་དུ་བྱོན་ནས་འགྲོ་བའི་དོན་མཛད་པ་ན་གཞན་
གྱིས་སེམས་ཤེས་པའི་མངོན་ཤེས་ཐོགས་པ་མེད་པ་དང༌། ཟླ་བ་ཕྱེད་དམ་ཟླ་བ་གཅིག་ལ་སོགས་པས་བགྲོད་དགོས་པའི་ཐག་རིང་པོར་འཁོར་དང་བཅས་པས་གཤེགས་པ་ནའང་ཐུན་ཚོད་གཅིག་གམ་ཉི་མ་གཅིག་གིས་བགྲོད་པ་དང་དང་པོར་བྱམས་པ་ཞལ་བཟིགས་པའི་དུས་དེ་ཙམ་གྱི་ལང་ཚོ་ལ་གནས་ཏེ། དགུང་ལོ་དགུ་བཅུ་ལྷག་ཀྱང་སྔོན་གྱི་དེ་ཁོ་ན་བཞིན་དུ་གནས་པ་དང༌། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་རྗེས་མཐུན་ཙམ་དུ་ཡོད་པ་ལ་སོགས་པ་སྤྱིར་ས་ཐོབ་པའི་འཕགས་པའི་ཡོན་ཏན་མངོན་གྱུར་དུ་མངའ་བ་དང༌། ཁྱད་པར་མནལ་ལམ་དུ་ཡང་རང་དོན་ཡིད་བྱེད་ཀྱི་བློ་མེད་ཅིང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་སྤྱོད་པ་དང༌། ཤིན་ཏུ་འཇམ་ཞིང་དུལ་ལ་དེས་པ་ཡང་ཡིན་ལ། གྲུབ་མཐའ་ངན་པ་སུན་འབྱིན་ཞིང་སྤྱོད་པ་ངན་པ་ཚར་གཅོད་པ་སོགས་ལྷག་པར་རྣོ་བ་དང༌། ཐོས་པས་མི་ངཽམ་ཉིད་དང་ནི། ཟང་ཟིང་མེད་པར་ཆོས་སྦྱིན་དང༌། ཞེས་སོགས་ཀྱི་ལོངས་སྤྱོད་ལ་སྤྱོད་བཞིན་པ་སོགས་རྒྱུ་མཚན་དུ་མས་ས་གསུམ་པ་བརྙེས་པར་བྱེད་དོ། །དེ་ཡང་སློབ་དཔོན་དེས་དང་པོར་མ་ག་དྷཱའི་ཡུལ་གྱི་ཕྱོགས་ཅིག་བེ་ལུ་བ་ན་ཞེས་བྱ་བའི་ནགས་སུ་གཙུག་ལག་ཁང་མཛད་དེ་བཞུགས་ནས་སློབ་མ་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་བརྒྱད་ལ་ཐེག་པ་ཆེན་པོའི་ཆོས་ཟབ་མོ་དག་བཀྲོལ་ཞིང་བསྟན་པས། དེ་ཐམས་ཅད་ཀྱང་བཟོད་པ་ཐོབ་ཅིང་སྐྱེ་བོ་དད་པའི་ཕྱིར་རྫུ་འཕྲུལ་མངོན་པར་འདུ་བྱེད་པ་མདོ་སྡེ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཤ་སྟག་བྱུང་སྟེ། གནས་དེ་ལ་ཆོས་ཀྱི་མྱུ་གུའི་དགོན་པར་གྲགས་སོ། །དེར་བྱམས་པའི་ཆོས་ལྔ་ཡང་ཡི་གེར་བཀོད། མངོན་པ་ཀུན་ལས་བཏུས་དང༌། ཐེག་པ་ཆེན་པོ་བསྡུས་པ་དང༌། ས་སྡེ་
ལྔ་དང༌། མངོན་པར་རྟོགས་པའི་རྒྱན་གྱི་རྣམ་པར་བཤད་པ་ལ་སོགས་པ་བསྟན་བཅོས་ཕལ་ཆེར་མཛད། དེ་ནས་ཡུལ་ནུབ་ཕྱོགས་དང་ཉེ་བ་གྲོང་ཁྱེར་ས་ག་རི་ཞེས་བྱ་བར་ཨུཥྨ་པུ་རི་ཞེས་བྱ་བའི་གཙུག་ལག་ཁང་དུ་རྒྱལ་པོ་ཟབ་མོའི་སྦྱིན་བདག་བྱས་ཏེ་ཕྱོགས་བཞིའི་དགེ་སློང་ཐམས་ཅད་འདུས། དེར་འཕགས་པ་ཐོགས་མེད་ཀྱིས་སོ་སོའི་བློ་དང་འཚམ་པར་ཆོས་མང་དུ་བསྟན་ཏེ། ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་ལྔ་བརྒྱ་ཙམ་བཤད་ཅིང༌། ཐམས་ཅད་ཀྱང་ཡང་དག་པའི་དོན་ལ་བཀོད་པས་ཐེག་པ་ཆེན་པོ་ལ་རིགས་སད་ཅིང་མདོ་སྡེའི་དོན་ལ་བློ་གྲོས་རྒྱས་པ་སྟོང་ཕྲག་བརྒལ་བ་ཙམ་བྱུང་སྟེ་དེ་ཡང་སྔོན་ཐེག་པ་ཆེན་པོ་ཤིན་ཏུ་དར་བ་ལས། ཕྱིས་དུས་ཀྱི་དབང་གིས་བློ་གྲོས་ཆུང་ངུར་གྱུར་པ་དང༌། དགྲ་ལན་གསུམ་གྱིས་རིམ་པས་ཉམས་ཏེ། སློབ་དཔོན་འདི་བྱོན་པའི་དུས་ཀྱི་ཐོག་མ་ན། ཐེག་པ་ཆེན་པོའི་ཕྱོགས་འཛིན་པའི་དགེ་སློང་མང་པོ་ཡོད་ནའང་ཐེག་པ་ཆེན་པོའི་མངོན་པ་ཤེས་པ་ནི་ཡེ་མེད་ཅིང༌། མདོ་སྡེ་རེ་རེ་ནས་འདོན་པ་དར་པོ་ཡོད་ཀྱང༌། མདོ་དོན་ཇི་བཞིན་དུ་ཤེས་པ་མེད་པ་ལ་གནས་དེར་སློབ་དཔོན་ཉིད་སློབ་མའི་མཆོག་བརྒྱད་དང་བཅས་པས་ཆོས་བསྟན་པས། དེ་ལྟར་གྱུར་པའི་ཚེ་ཐེག་པ་ཆེན་པོའི་བསྟན་པ་བར་སྐབས་སུ་ནུབ་པ་ལས་སླར་ཡང་དར་བར་གྱུར་ཏོ་ཞེས་ཕྱོགས་ཀུན་ཏུ་གྲགས་སོ། །དེའི་ཚེ་རྒྱལ་པོ་ཟབ་མོའི་ཕྱོགས་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཁ་ཏོན་དུ་བྱེད་དོ། །དེས་བསམས་པ། སློབ་དཔོན་འདི་ནི་འཕགས་པ་ཡིན་ཞིང་གཞན་གྱིས་སེམས་ཀྱང་ཤེས་སོ་གྲགས་ན། དེ་ཉིད་བདེན་ན་
བདག་གིས་ཀྱང་འདིའི་ཡོན་ཏན་བསྔགས་པར་བྱ། གལ་ཏེ་མི་བདེན་ན་སྐྱེ་བོ་རྣམས་བསླུ་བར་བྱེད་པ་ཡིན་པས་སྐྱེ་བོའི་དབུས་སུ་བརྒལ་ཏེ་དམའ་དབབ་པར་བྱའོ་ཞེས་བློན་པོ་རྣམས་དང༌། བྲམ་ཟེ་རྣམས་དང༌། ཡིད་བརྟན་པའི་སྐྱེ་བོ་ལྔ་བརྒྱ་ཙམ་ལ་བགྲོས་ཏེ། ཕོ་བྲང་འཁོར་གྱི་ཁྱམས་སུ་སྐྱེ་བོ་མང་པོའི་དབུས་སུ་སློབ་དཔོན་འཁོར་བཅས་སྤྱན་དྲངས། བསོད་སྙོམས་དང་ན་བཟའ་ཕུན་སུམ་ཚོགས་པ་དག་ཕུལ་ཏེ། ཁྱིམ་གྱི་ནང་དུ་མ་ཧེ་ནག་པོ་ས་དཀར་གྱིས་བྱུགས་པ་སྦས། གསེར་གྱི་བུམ་པ་ཞིག་གི་ནང་དུ་མི་གཙང་བ་སྣ་ཚོགས་བླུགས། ཁ་སྦྲང་རྩིས་བཀང་སྟེ་རས་ཀྱི་གཡོགས་པ་ལག་ཏུ་ཐོགས་ནས། ཁྱིམ་འདི་ན་ཅི་ཡོད། ལག་ཏུ་ཐོགས་པ་འདི་ཅི་ཡིན་དྲིས་པས། ཇི་བཞིན་དུ་གསུངས། འདི་ཙམ་ནི་ལྐོག་གྱུར་ཤེས་པ་ཆུང་ངུ་ལའང་འབྱུང་ན། སེམས་ཤེས་སམ་མི་ཤེས་སྙམས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་ཚིག་ལ་དྲི་བ་གསུམ། དོན་ལ་དྲི་བ་གསུམ་སྟེ་དྲུག་པོ་ཡིད་ཀྱིས་དྲིས་པས། ཇི་ལྟ་བ་བཞིན་ལན་གསུངས་ནས། རང་བཞིན་གསུམ་བསྟན་པ་ལ་སོགས་པ་དེ་དང་མཐུན་པའི་བསྟན་བཅོས་ཆུང་ངུ་རེ་ཡང་མཛད་དོ། །དེ་ལ་ཚིག་གི་དྲི་བ་གསུམ་ནི། བྱང་ཆུབ་སེམས་དཔའ་ཞེས་བྱ་བ་གང་གི་ཚིག་བླ་དྭགས་ཡིན་དྲིས་པ་ལ། བྱང་ཆུབ་སེམས་དཔའ་ཡང་དག་པར་རྗེས་སུ་མ་མཐོང་ཞེས་ལན་བཏབ་པ་འདི་ལུང་མ་བསྟན་པའི་ལྟ་བར་མི་འགྱུར་རམ། བྱ་ཤིན་ཏུ་ལུས་ཆེ་བ་དཔག་ཚད་ལྔ་བརྒྱ་ཡོད་པ་ཞེས་དཔེར་བྱས་པའི་ལུས་ཆེ་བ་འདི་དོན་གང་དང་སྦྱོར། རི་དང་ནགས་ཚལ་གྱི་མཚན་མ་མ་མཐོང་ན། རྒྱ་མཚོ་དང་ཐག་ཉེའོ་ཞེས་པ་ལ།
མཚན་མ་མ་མཐོང་བའི་ས་མཚམས་གང་ལ་བྱེད་ཅེས་པ་གསུམ་ཡིན་པ་ལས། དང་པོ་ནི་ནང་སྟོང་པ་ཉིད་ལ་དགོས། གཉིས་པ་ནི་དགེ་བའི་ལས་སྟོབས་ཆེ་བ། གསུམ་པ་ནི་ཆོས་མཆོག་ཆེན་པོའོ། །དོན་ལ་དྲི་བ་གསུམ་ནི། ཀུན་གཞི་རྣམ་པར་ཤེས་པ་རྫས་སུ་ཡོད་དམ་མེད། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པས་གང་ངོ་བོ་ཉིད་མེད་པ་དེ་ཡང་ངོ་བོ་ཉིད་མེད་དམ། སྟོང་པ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་མི་བྱེད་པར་བཤད་པའི་མི་བྱེད་མཁན་དང༌། མི་བྱེད་རྒྱུའི་སྟོང་ཉིད་གང་ཡིན་ཞེས་པ་ལ། དང་པོ་ལ། ཀུན་རྫོབ་ཏུ་རྫས་སུ་ཡོད། དོན་དམ་པའི་རིག་ཤེས་ཀྱི་དོན་མེད། གཉིས་པ་ངོ་བོ་ཉིད་མེད་པ་གསུམ་ལ་དགོངས་པས། ངོ་བོ་ཉིད་མེད་པ་ཉིད་ལ་སླར་ཡང་ངོ་བོ་ཉིད་ཡོད་མེད་གཉིས་སུ་འབྱེད། གསུམ་པ་ལ་སྟོང་པ་ཉིད་དུ་བྱེད་མཁན་གྱི་སྟོང་ཉིད་ནི་སྟོང་ཉིད་ཀྱི་རྣམ་པ་ཙམ་གྱི་བློ་དང༌། དེས་བྱེད་ཚུལ་སྔར་ཡོད་ཕྱིས་མེད་པའི་ཚུལ་གཉིས་ཀར་འགོག་པ་ཡིན་ནོ། །ཞེས་པའི་དོན་དུ་ལན་བཏབ་བོ། །དེར་རྒྱལ་པོ་དང་སྐྱེ་བོའི་ཚོགས་ཐམས་ཅད་ངོ་མཚར་རྨད་དུ་གྱུར་པས། སློབ་དཔོན་གྱིས་རྒྱལ་པོ་དེ་ཡང་དག་པར་བཏུལ་ནས་ཐེག་པ་ཆེན་པོའི་ཆོས་གཞི་ཉི་ཤུ་རྩ་ལྔ་བྱེད་དུ་བཅུག་སྟེ། རེ་རེ་ཡང་དགེ་སློང་བརྒྱ་བརྒྱ་དགེ་བསྙེན་ལ་སོགས་པ་དཔག་ཏུ་མེད་དོ། །གནས་འདི་ཉིད་དུ་བཞུགས་པའི་ཚེ། གཅུང་དབྱིག་གཉེན་ཡང་བཏུལ་བ་ཡིན་ཏེ་འོག་ཏུ་འཆད་དོ། །དེའི་ཚེ་ལྷོ་ཕྱོགས་ཡུལ་ཀྲིཥྞ་རཱ་ཛར་བྲམ་ཟེ་བཱ་སུ་ནཱ་ཞེས་བྱ་བ་བྱུང་སྟེ། དེས་འཕགས་པ་ཐོགས་མེད་ཅེས་བྱ་བ་རྒྱལ་བ་མི་ཕམ་པ་ལས་
ལུང་བླངས་ཏེ། ཐེག་པ་ཆེན་པོ་སླར་ཡང་དར་བར་བྱེད་དོ་ཞེས་ཐོས་ནས་བྲམ་ཟེ་རང་ཉིད་འཁོར་ལྔ་བརྒྱ་ཙམ་གྱིས་བསྐོར་ཏེ་ཡུལ་དབུས་སུ་འོངས། གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་རྣམས་མཆོད། ལྷོ་ཕྱོགས་ཀྱི་བྲམ་ཟེ་དང༌། ཁྱིམ་བདག་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་སློབ་དཔོན་འབྱོན་པར་ཞུས་པས། དེར་སློབ་དཔོན་དང་ལྷན་ཅིག་གནས་པ་ཉི་ཤུ་རྩ་ལྔ་དང༌། བྲམ་ཟེ་འཁོར་དང་བཅས་པ་ལྷན་ཅིག་ཏུ་གཤེགས་པར་བརྩམས་པའི་ཚེ། བྲམ་ཟེ་དེའི་མ་ནད་ཀྱིས་བཏབ་བོ་ཞེས་ཕོ་ཉ་བྱུང་ངོ༌། །དེར་བྲམ་ཟེ་མྱུར་དུ་སླེབ་པར་འདོད་པའི་སེམས་ཀྱིས་གདུངས་པ་ན། སློབ་དཔོན་གྱིས་དེ་ལ་བྲམ་ཟེ་འདོད་ན་མྱུར་དུ་སླེབ་པར་བྱའོ། །དེས་ཀྱང་དེ་བཞིན་དུ་མཛོད་ཅིག །དེ་ནས་ལམ་དུ་ཞུགས་པས། ཉི་མ་དེ་ཉིད་ཀྱི་ཉི་མ་ཕྱི་ཕྲེད་ན་སློབ་དཔོན་དང༌། བྲམ་ཟེ་འཁོར་དང་བཅས་པ་ཡུལ་ཀྲྀཥྞ་རཱ་ཛར་སླེབས། དེ་ཡང་ཀྲྀཥྞ་རཱ་ཛ་ནི་ཡུལ་ཏྲི་ལིངྒའི་ནང་ཚན་ཞིག་ཡིན་ལ་ཟླ་བ་གསུམ་གྱི་ལམ་ཐུན་ཚོད་གཉིས་ལ་བགྲོད་པ་ཡིན་གསུང༌། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ནས། ཚོང་དཔོན་དྷ་ན་རཀྵི་ཏ་ཞེས་བྱ་བས་སྤྱན་དྲངས་པའི་ཚེ་ན་ཡང༌། སློབ་དཔོན་དང་ཚོང་དཔོན་འཁོར་དང་བཅས་པས་མ་ག་དྷཱ་དང་ཨུ་རྒྱན་གྱི་ཡུལ་གྱི་ལམ་ཐམས་ཅད་ཞག་གཅིག་ཉིད་ལ་བགྲོད། ཡུལ་ཀྲྀཥྞ་རཱ་ཛ་དང༌། ཨུ་རྒྱན་གཉིས་ཀར་དུ་ཡུན་རིང་རབ་བཞུགས་ཤིང་ཆོས་བསྟན་པས་སྐྱེ་བོ་ཐམས་ཅད་ལ་ཐེག་པ་ཆེན་པོ་དར་བར་མཛད་ཅིང༌། ཡུལ་དེ་གཉིས་ཀར་མཆོད་རྟེན་བརྒྱ་ཕྲག་རེ་བཞེངས། ལྷ་ཁང་ཉི་ཤུ་རྩ་ལྔ་བཞེངས། དེ་རྣམས་སུ་ཐེག་ཆེན་གྱི་ཆོས་གཞི་རེ་རེ་ཡང་
བཙུགས་སོ། །དེ་བཞིན་དུ་མ་ག་དྷར་ཡང་མཆོད་རྟེན་བརྒྱ་དང༌། ཆོས་གཞི་ཉེར་ལྔ་བཙུགས། ལན་ཅིག་རྒྱ་གར་མཐའ་འཁོབ་གྲོང་ཁྱེར་ཨ་ཡོ་དྷྱ་དང་ཉེ་བར་རྒྱལ་ཕྲན་ཞིག་ལ་ཆོས་སྟོན་ཞིང་བཞུགས་པའི་ཚེ། དེ་དང་ཉེ་བ་ན་གར་ལོག་གི་གྲོང་ཞིག་ཡོད་པས། སློབ་དཔོན་ཆོས་གསུང་བཞིན་པ་ལ་གར་ལོག་རྣམས་ཀྱི་དམག་བྱུང་བས། ཆོས་ཉན་པ་རྣམས་ལ་བཟོད་པའི་ཁུར་བསྐྱེད་ཅིག་པར་གདམས་ནས་ཐམས་ཅད་མཉམ་པར་བཞག་པས་གནས་པ་ལ། མདའ་འཕངས་པ་ཐམས་ཅད་ཀྱང་རྡུལ་དུ་སོང༌། གར་ལོག་གི་གཙོ་བོས་སློབ་དཔོན་ལ་རལ་གྲི་བརྟེགས་པས་ཀྱང་གནོད་པ་མེད་ཅིང༌། རམ་གྲི་ཉིད་དུམ་བུ་བརྒྱར་ཆག་གོ །གཞན་ཡང་སྐུར་པ་གཏབ་པ་སོགས་ཇི་ཙམ་བྱས་ཀྱང་གཡོ་བ་མེད་པར་འདུག་པས། དེ་རྣམས་ཀྱང་ལྷག་པར་དད་དེ་ཕྱག་བྱས་ནས་སོང་ངོ༌། །སློབ་དཔོན་འདིས་གཞན་གྱི་བསམ་པ་མཁྱེན་པའི་ཕྱིར་ཆོས་སྟོན་པ་ཐམས་ཅད་སློབ་མས་གང་མི་ཤེས་པ་དང༌། ཐེ་ཚོམ་ཡོད་པ་དེ་ཉིད་གསལ་བར་བཀྲལ་ནས་སྟོན་པའི་ཕྱིར། སློབ་དཔོན་འདི་ལས་ཆོས་ཉན་པ་ལ་མཁས་པར་མ་གྱུར་པ་ཅུང་ཟད་ཀྱང་མེད་དོ། །དུས་དེའི་ཚེ་ཐེག་པ་ཆེན་པོ་ཕལ་ཆེར་གྱིས་མདོ་སྡེ་སྣ་རེ་ཙམ་མ་ཞུས་པ་མེད་པ་ལྟ་བུ་ཡིན་ཞིང༌། སློབ་དཔོན་ཉིད་ཀྱི་བདག་རྐྱེན་ཀྱིས་ཆོས་གཞི་བརྒྱ་ཐམ་པ་བཙུགས་པ་ལས། རེ་རེ་ལ་ཡང་བླཽ་སྦྱོང་བ་ཉིས་བརྒྱ་རེ་ཉུང་མཐའ་རྣམས་ལའང་ཡོད་པས། སྤྱིར་ཆོས་ཉན་པའི་སློབ་མའི་ཚོགས་དཔག་ཏུ་མེད་ཅིང༌། ཐམས་ཅད་ཀྱང་མཆོག་ཏུ་གུས་པས་གྲུབ་པའི་མཐའ་ཡང་དེ་ལྟར་འཛིན་ལ། ས་ཐོབ་པའི་ཡོན་ཏན་སྐྱེས་པ་
དང༌། སྦྱོར་ལམ་གྱི་ཡོན་ཏན་སྐྱེས་པ་སོགས་སྟོང་ཕྲག་མང་པོ་ཡང་བྱུང་ཞིང༌། མདོ་སྡེ་དང་གྲུབ་མཐའ་ཕྱོགས་རེ་ཙམ་མ་ཡིན་པར་སྒོ་ཐམས་ཅད་ནས་གསུངས་ཤིང༌། ཉན་ཐོས་རྣམས་ཀྱང་དུས་དེ་ཉིད་དུ་ལྷག་པར་གུས་པར་བྱེད་ཅིང༌། ཉན་ཐོས་རྣམས་ཉིད་ཀྱི་མངོན་པ་དང༌། མདོ་སྡེ་ཉན་པར་བྱེད་པ་ཡང་མང་དུ་བྱུང་ངོ༌། །གནྡྷ་རིའི་རི་སྔགས་གྲུབ་པས་དགའ་ལྡན་གྱི་གནས་སུ་ཕྱིན་ཞིང༌། ཐག་རིང་པོ་ཡང་ཡུད་ཀྱིས་བགྲོད་པར་བྱེད། རྟོག་བྱེད་ཀྱི་རིག་སྔགས་གྲུབ་པས་ཕ་རོལ་ཀྱི་སེམས་ཤེས་པ་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ། རིག་སྔགས་གྲུབ་པ་འདི་ནི་ངོ་མཚར་ཆེ་སྟེ། གཞན་དུ་ན་ཐེག་པ་ཆེན་པོ་ལ་ཞུགས་པ་འདི་ཁོ་ན་སྐྱོན་ནོ་ཞེས་ཟེར་བར་གྲགས་སོ། །དེ་ཡང་སྔོན་ཐེག་པ་ཆེན་པོའི་ཆོས་ཤིན་ཏུ་དར་བའི་ཚེ་ཡང་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་ཏུ་ལོངས་པ་ནི་མེད། ཀླུ་སྒྲུབ་ཀྱི་ཚེ་ཡང་དགེ་འདུན་ཕལ་ཆེར་ཉན་ཐོས་ཡིན་ནོ། །སློབ་དཔོན་འདིའི་དུས་ཐེག་ཆེན་གྱི་དགེ་སློང་ཁྲི་ཕྲག་མང་པོ་བྱུང་བ་སོགས་རྒྱུ་མཚན་དེ་རྣམས་ཀྱི་སྒོ་ནས་ཐེག་པ་ཆེན་པོའི་བསྟན་པ་མཐའ་དག་གི་བདག་པོ་ཡིན་ནོ་ཞེས་གྲགས་སོ། །འོན་ཏེ་སློབ་དཔོན་ཉིད་དང་ལྷན་ཅིག་གནས་པའི་སློབ་མ་ནི་དགེ་སློང་ཉི་ཤུ་རྩ་ལྔ་ཙམ་ལས་མེད་དེ། དེ་དག་ཐམས་ཅད་ཚུལ་ཁྲིམས་དང་ལྡན་པ། སྡེ་སྣོད་འཛིན་པ། ལྷག་པའི་ལྷ་ལ་ཐེ་ཚོམ་གཅོད་ཅིང་བཟོད་པ་ཐོབ་པ་ཤ་སྟག་གོ །སྐུ་ཚེའི་སྨད་ཀྱི་དུས་ན་ནཱ་ལེནྡྲར་ལོ་བཅུ་གཉིས་བཞུགས། དགུན་གྱི་དུས་ཉིན་རེ་བཞིན་མུ་སྟེགས་རྒོལ་བ་རེ་ཡོང་བ་ལ་གྲུབ་མཐའ་རྣམས་རིགས་པ་སྣ་ཚོགས་ཀྱིས་སུན་ཕྱུང་སྟེ་ཆོས་བསྟན་པས་མུ་
སྟེགས་སྟོང་དུ་ཉེ་བ་ཙམ་རབ་ཏུ་བྱུང༌། གཙུག་ལག་ཁང་གང་ན་དགེ་སློང་ལྟ་བ་དང༌། ཚུལ་ཁྲིམས་དང༌། སྤྱོད་པ་དང༌། ཆོ་ག་ཉམས་པ་ཐམས་ཅད་ཆོས་བཞིན་ཚར་གཅོད་པར་མཛད་པས་དགེ་འདུན་ཤིན་ཏུ་དག་པར་མཛད་དོ། །མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་འདས་ཏེ། དེའི་ཤུལ་དུ་སློབ་མ་རྣམས་ཀྱིས་མཆོད་རྟེན་བྱས་སོ། །གཅུང་དབྱིག་གཉེན་ནི། བོད་ན་འགའ་ཞིག་འཕགས་པ་ཐོགས་མེད་ཀྱིས་མཚེ་མའི་སྐུ་མཆེད་དུ་འདོད་པ་དང༌། འགའ་ཞིག་ཆོས་ཀྱི་སྐུ་མཆེད་དུ་འདོད་པ་སྣང་ནའང༌། འཕགས་ཡུལ་མཁས་པ་ལ་དེ་ལྟར་མ་གྲགས་ཏེ། འདིའི་ཡབ་ཏུ་གྱུར་པ་ནི་བྲམ་ཟེ་རིག་བྱེད་གསུམ་དང་ལྡན་པ་ཞིག་ཡིན་ལ། སློབ་དཔོན་འཕགས་པ་ཐོགས་མེད་རབ་ཏུ་བྱུང་བའི་ཕྱི་དེའི་ལོར་འཁྲུངས་ཏེ། སློབ་དཔོན་འདི་གཉིས་ཡུམ་གཅིག་པའི་སྐུ་མཆེད་དོ། །བློ་རྣོ་བའི་ཆོ་ག་བྱས་པ་ནས་མང་དུ་ཐོས་པ་དང་ཏིང་ངེ་འཛིན་ཐོབ་པར་གྱིས་ཤིག་པའི་བར་གཅེན་ཐོགས་མེད་ཀྱི་སྐབས་དང་འདྲ། དེར་དཔལ་ནཱ་ལེནྡྲར་རབ་ཏུ་བྱུང་ནས་ཉན་ཐོས་ཀྱི་སྡེ་སྣོད་གསུམ་མཐའ་དག་བྱང་བར་བསླབས། ད་དུང་ཆོས་མངོན་པའི་མཐའ་རྟོགས་པའི་ཕྱིར་དང༌། སྡེ་བ་བཅོ་བརྒྱད་ཀྱི་གྲུབ་མཐའ་ངེས་པའི་ཕྱིར་དང༌། རིག་པའི་ལམ་མཐའ་དག་རྟོགས་པའི་ཕྱིར་དུ། ཁ་ཆེར་བྱོན་ནས་སློབ་དཔོན་སངྒྷ་བྷ་དྲ་གཙོ་བོར་བརྟེན། བྱེ་བྲག་ཏུ་བཤད་པ་དང༌། སྡེ་པ་བཅོ་བརྒྱད་ཀྱི་བསྟན་བཅོས་སོ་སོ་དང༌། སྡེ་པ་སོ་སོའི་མདོ་སྡེ་འདུལ་བ་མི་འདྲ་བའི་ཁྱད་པར་རྣམས་དང༌། མུ་སྟེགས་ཅན་ལྟ་བ་དྲུག་པོ་རྣམས་ཀྱི་གཞུང་ལུགས་མཐའ་
དག་དང༌། རྟོག་གེའི་ཚུལ་མཐའ་དག་ལ་བྱང་ཞིང་མཁས་པར་བྱས་ནས། ཡུལ་དེ་ཉིད་དུ་ཡང་ལོ་མང་པོར་རིགས་པ་དང་མི་རིགས་པ་རྣམ་པར་ཕྱེ་ཞིང་ཉན་ཐོས་ཀྱི་སྡེ་སྣོད་རྣམས་བཤད། སླར་ཡུལ་དབུས་སུ་བྱོན་པའི་ལམ་དུ་ཆོམ་རྐུན་དང༌། ལམ་གྱི་གནོད་སྦྱིན་ལ་སོགས་པས་ལམ་དགག་མ་ནུས་པར་མ་ག་དྷཱར་བྱོན། དེར་ཡང་ལོ་འགའ་ཞིག་ཏུ་ཉན་ཐོས་ཀྱི་དགེ་འདུན་མང་པོ་ལ་རབ་ཏུ་རིག་པ་དང་ལྡན་པའི་ཆོས་མང་པོ་སྟོན་ཞིང་བཞུགས། དེའི་ཚེ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་གླེགས་བམ་གཟིགས་པས་ཐེག་ཆེན་ཐུགས་སུ་མ་ཆུད་ཅིང༌། ལྷག་པའི་ལྷ་ལ་གསན་པ་ལ་ཐུགས་ཡིད་མ་ཆེས་ནས། ཀྱེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་བསྒྲུབས། ཏིང་འཛིན་མ་གྲུབ་གླང་ཆེན་གྱི། རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩམས། ཞེས་གསུངས་པར་གྲགས་ལ། གང་ལྟར་ཡང་ཅུང་ཟད་བསྟིང་ཚིག་ཏུ་མཛད་པས། དེ་གཅེན་པོ་འཕགས་པས་གསན་ཏེ་འདུལ་བའི་དུས་ཡིན་པར་དགོངས་ཏེ། དགེ་སློང་གཅིག་ནི་བློ་གྲོས་མི་བཟད་པས་བསྟན་པའི་མདོ་འཛིན་དུ་བཅུག གཞན་ཞིག་ནི་ས་བཅུ་པའི་མདོ་འཛིན་དུ་བཅུག བྱང་བ་ན་ཐོག་མར་བློ་གྲོས་མི་ཟད་པ་ཐོན། དེ་ནས་ས་བཅུ་པ་ཐོན་ཅིག་ཅེས་གསུངས་ནས་གཅུང་གི་དྲུང་དུ་བཏང་བས། དེ་གཉིས་ཀྱིས་ཀྱང་སྲོད་ལ་བློ་གྲོས་མི་ཟད་པ་བཏོན་པས། ཐེག་ཆེན་འདི་རྒྱུ་ལ་བཟང་སྟེ། འབྲས་བུ་ལ་གཡེལ་ལམ་དགོངས། ཐོ་རངས་ས་བཅུ་པ་བཏོན་པས། རྒྱུ་འབྲས་གཉིས་ཀར་བཟང་བ་ལ་སྐུར་པ་བཏབ་པས་སྡིག་པ་ཆེན་པོ་བསགས། སྐུར་པ་བཏབ་པའི་ལྕེ་བཅད་པར་བྱའོ་དགོངས་ཏེ།
སྤུ་གྲི་བཙལ་བས། དགེ་སློང་དེ་གཉིས་ན་རེ། འདིའི་དོན་དུ་ལྗགས་བཅད་པར་ག་ལ་འཚལ། སྡིག་པ་བཤགས་པའི་ཐབས་གཅེན་ལ་མངའ་བས་འཕགས་པའི་དྲུང་དུ་གཤེགས་པར་ཞུ་བྱས་ནས། འཕགས་པ་ཐོགས་མེད་ཀྱི་དྲུང་དུ་བྱོན། དེ་ནས་བོད་ཀྱི་ལོ་རྒྱུས་ལྟར་ན། ཐེག་པ་ཆེན་པོའི་ཆོས་མཐའ་དག་གཟིགས་ནས། སྐུ་མཆེད་ཆོས་ཀྱི་བགྲོ་གླེང་མཛད་པའི་ཚེ་གཅུང་སྤོབས་པ་མྱུར་ཞིང༌། གཅེན་སྤོབས་པ་མི་མྱུར་ཡང་ལན་བཟང་པོ་བྱུང་བས་རྒྱུ་མཚན་དྲིས་པས། ཡི་དམ་ལ་དྲིས་ནས་ལན་འདེབས་གསུང༌། གཅུང་གིས་ཀྱང་ཞལ་སྟོན་པར་ཞུས་པས། ད་རེས་སྐལ་བ་མེད་གསུངས་ནས་སྡིག་སྦྱོང་གི་ཐབས་བསྟན་ཞེས་གྲགས་མོད་ཀྱང་རྒྱ་གར་བའི་ངག་སྒྲོས་ཇི་བཞིན་དུ་མི་སྣང་ཞིང༌། རིག་པས་ཀྱང་མི་འཐད་པར་མངོན་ཏེ། འཕགས་པ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོ་སྡེ་རྣམས་གསན་ནས། བླ་མ་ལ་རྩོད་པ་བྱེད་པ་དང༌། བླ་མ་ལ་མ་ཞུས་པར་དཔེ་བལྟས་ནས་རྩལ་བཤད་བྱེད་པ་གཉིས་ཀར་ཡང་སྔོན་དུས་བཟང་པོའི་སྐྱེས་བུ་དམ་པ་རྣམས་ཀྱི་སྤྱོད་པ་ལ་མེད་ཅིང༌། འདུས་བཟང་ལ་ཡང་སློབ་དཔོན་དང་རྩོད་པ་མི་བྱེད་ཅེས་གསུང་པར་འདོད་བཞིན་དུ་འཕགས་པ་ཐོགས་མེད་ལ་རྩོད་པར་འདོད་པ་ག་ལ་འཐད། ཐོགས་མེད་ཀྱིས་བྱམས་པ་ལས་ལུང་བླངས་པ་ཐམས་ཅད་ལ་གྲགས་བཞིན། དབྱིག་གཉེན་གྱིས་དེ་ལྟར་མ་མཁྱེན་པར་དྲིས་པའི་ཚུལ་དང༌། ཡི་དམ་གྱི་ལྷ་ཞིག་ལ་ཞུའོ་ཞེས་ཐོགས་མེད་ཀྱིས་ཀྱང་གཅུང་ལ་སྦས་ཚུལ་དུ་གསུངས་པ་དེ་ཀུན་འཐད་ཀྱང་མི་འདྲའོ། །དེས་ན་རྒྱ་གར་གྱི་ལོ་རྒྱུས་ལས་འདི་ལྟར་འབྱུང་སྟེ།
སྔར་གྱི་འཕྲོ་དེ་ལས་བརྩམས་ཏེ། སྡིག་པ་སྦྱོང་བའི་ཐབས་ཞུས་པས་འཕགས་པས་རྒྱལ་བ་མི་ཕམ་པ་ལ་ཞུས་ནས། ཁྱོད་ཀྱིས་ཐེག་པ་ཆེན་པོའི་ཆོས་རྒྱ་ཆེར་ཤོད། མདོ་སྡེ་མང་པོ་ལ་འགྲེལ་པ་གྱིས། གཙུག་ཏོར་རྣམ་པར་རྒྱལ་མའི་རིག་སྔགས་འབུམ་དུ་ཟློས་ཤིག་ཅེས་གསུངས་པས། གཅེན་ལ་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ཚར་གཅིག་གསན་པ་ཙམ་གྱིས་ཐུགས་སུ་ཆུད། སློབ་དཔོན་སྔགས་མཁན་ཞིག་ལས་སྔགས་ཀྱི་འཇུག་སྒོ་མནོས་ནས། གཟུངས་མདོ་ལྔ་བརྒྱ་བཀླགས། གསང་བའི་བདག་པོའི་རིག་སྔགས་བཟླས་པས་གྲུབ། ཡང་དག་པའི་དོན་ཐུགས་སུ་ཆུད་ཅིང༌། ཏིང་ངེ་འཛིན་ཁྱད་པར་ཅན་མངའ་བར་གྱུར། དེའི་ཚེ་རྒྱལ་བའི་བཀའ་མི་ཡུལ་ན་བཞུགས་པ་མཐའ་དག་ཐུགས་སུ་ཆུད་པས། སྟོན་པ་མྱ་ངན་ལས་འདས་པའི་འོག་རོལ་ཏུ་སློབ་དཔོན་དབྱིག་གཉེན་ལྟ་བུའི་མང་དུ་ཐོས་པ་ནི་འགའ་ཡང་མེད་དོ་ཞེས་གྲགས་སོ། །དེ་ལ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལས་མདོ་ལྔ་བརྒྱ་ཤློ་ཀ་འབུམ་ཕྲག་གསུམ། འཕགས་པ་དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་གཅིག་ཏུ་བསྡོམས། ཕལ་པོ་ཆེ་དང༌། འདུས་པ་རིན་པོ་ཆེ་ཡང་རེ་རེར་བགྲངས། ལྷག་མ་ཤེར་ཕྱིན་འབུམ་པ་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་ཆེ་ཆུང་ཀུན་བསྡོམས་པ་ལྔ་བརྒྱ་དང༌། བཟུང་སྔགས་ལྔ་བརྒྱ་སྟེ། དེ་དག་ཐམས་ཅད་ཚིག་དོན་མ་ལུས་པ་ཐུགས་སུ་བཞུགས་སོ། །ལོ་རེའི་ནང་དུ་ལན་རེ་ཞལ་འདོན་དུ་མཛད་དེ། ཏིལ་མར་གྱི་རྫིང་བུའི་ནང་དུ་ཞུགས་ནས་ཉིན་མཚན་སྤྲཻལ་མ་བཅོ་ལྔས་དེ་རྣམས་ཚར་གཅིག་ཞལ་འདོན་
དུ་གྲུབ་པར་མཛད་ཅིང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པ་ཉིན་རེ་བཞིན་འདོན་པར་མཛད་པ་ཡང་ཆུ་ཚོད་གཅིག་གཉིས་ཙམ་རེ་ལ་གྲུབ་པར་མཛད་དོ། །སློབ་དཔོན་འདི་ཐེག་པ་ཆེན་པོ་ལ་ཞུགས་པའི་ཚེ་ཉན་ཐོས་ཀྱི་སྡེ་སྣོད་འཛིན་པ་སོགས་མཁས་པ་ལྔ་བརྒྱ་ཙམ་ཐེག་ཆེན་ལ་ཞུགས་ཤིང༌། འཕགས་པ་ཐོགས་མེད་སྐུ་འདས་པའི་འོག་ཏུ་དཔལ་ནཱ་ལེནྡྲའི་མཁན་པོ་མཛད་དེ། ཆོས་ཀྱི་རྣམ་གྲངས་དུ་མ་བཏོན་པར་མཛད་པ་ལས། ཉིན་རེ་བཞིན་མོས་པ་ཐ་དད་པ་རྣམས་ཀྱི་ངོར་རབ་བྱུང་བསྙེན་རྫོགས་གཞན་ལ་གཏོད་པ་དང༌། རང་ཉིད་ཀྱིས་རབ་ཏུ་བྱུང་བ་དང༌། དགེ་སློང་གི་མཁན་པོ་དང་སློབ་དཔོན་དུ་མཛད་པ་དང༌། སོ་སོའི་ལྟུང་བ་ཕྱིར་འཆོས་སུ་འཇུག་པ་དང༌། བདག་ཉིད་ཆོས་སྤྱོད་བཅུ་མ་ཆག་པར་མཛད་པ་དང༌། གཞན་སྟོང་ཕྲག་རེ་ཉིན་རེར་ཆོས་སྤྱོད་བཅུ་ཚང་བ་ལ་སྦྱོར་བ་དང༌། ཁྱད་པར་ཐེག་པ་ཆེན་པོའི་མདོ་སྡེ་མི་འདྲ་བའི་ཆོས་ཐུན་ཉི་ཤུ་རེ་ཆག་མེད་དུ་གསུང་པ་དང༌། སྲོད་ཀྱི་དུས་སུ་ཆོས་རྣམས་ཀྱི་སྙིང་པོ་བསྡུས་ཏེ་གལ་བཟུང་བ་དང༌། གཞུང་གཟུག་པར་མཛད་ཅིང༌། གུང་ཐུན་ལ་ཅུང་ཟད་ཙམ་མནལ་བའི་ངང་ལ་ལྷག་པའི་ལྷ་ལས་ཆོས་གསན་པར་མཛད། ཐོ་རངས་ཡང་དག་པའི་ཏིང་ངེ་འཛིན་ལ་མཉམ་པར་འཇོག བར་བར་དུ་བསྟན་བཅོས་རྩོམ་པ་དང༌། མུ་སྟེགས་ཀྱི་རྒོལ་པ་ཟློག་པར་མཛད་དེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉི་ཁྲི་ལྔ་སྟོང་པ་དང༌། བློ་གྲོས་མི་ཟད་པས་བསྟན་པ་དང༌། ས་བཅུ་པ་དང༌། དཀོན་མཆོག་རྗེས་དྲན་དང༌། ཕྱག་རྒྱ་ལྔའི་མདོ་དང༌། རྟེན་འབྲེལ་
གྱི་མདོ་དང༌། མདོ་རྒྱན་དང༌། འབྱེད་གཉིས་སོགས་ཐེག་པ་ཆེ་ཆུང་གི་མདོ་སྡེ་ཆེ་ཆུང༌། དགོངས་འགྲེལ་གྱི་བསྟན་བཅོས་སོགས་ལ་གཞན་འགྲེལ་དུ་བརྩམས་པ་ལྔ་བཅུ་ཙམ་དང༌། རང་རྐང་དུ་པྲ་ཀ་ར་ཎ་སྡེ་བརྒྱད་མཛད། གཙུག་ཏོར་རྣམ་རྒྱལ་འབུམ་བཟླས་པས་ཀྱང་དེའི་རིག་སྔགས་གྲུབ། དེ་ནས་གསང་བའི་བདག་པོའི་ཞལ་མངོན་གསུམ་དུ་གཟིགས་ཤིང༌། ཏིང་ངེ་འཛིན་དཔག་ཏུ་མེད་པ་བརྙེས་སོ། །སློབ་དཔོན་འདིས་མཛད་པའི་རྟེན་འབྲེལ་མདོ་འགྲེལ་སོགས་གཞན་འགྲེལ་གསུམ་པོ་པྲ་ཀ་ར་ཎ་སྡེ་བརྒྱད་ལ་བགྲང་བ་ཕྱོགས་འདིར་སྤྱི་ཁྱབ་ཏུ་གྲགས་ཀྱང༌། ཚིག་འགྲེལ་ལ་རབ་ཏུ་བྱེད་པའི་ཐ་སྙད་མི་སྦྱོར་ཞིང༌། རྣམ་བཤད་རིག་པ་ལའང་རབ་ཏུ་བྱེད་པའི་ཐ་སྙད་འཇུག་པ་དཀའོ། །དེ་ལ་རབ་ཏུ་བྱེད་པ་ནི་དོན་ཚན་གཙོ་ཆེ་བ་རེ་རེ་སྟོན་པའི་བསྟན་བཅོས་ཐོར་བུའི་མིང་ཡིན་པས། མདོ་སྡེ་རྒྱན་ལྟ་བུའི་གཞུང་ཆེན་པོ་ལའང་མི་ཟེར་ན། དེའི་ཚིག་འགྲེལ་ལ་ཟེར་བ་ལྟ་སྨོས་ཀྱང་ཅི་དགོས། རབ་ཏུ་བྱེད་པ་སྡེ་བརྒྱད་ལས་ལ་ལ་ལ་རབ་ཏུ་བྱེད་པའི་མིང་ཡོད་ལ། འགའ་ཞིག་ལ་མེད་པའང་མི་རིགས་སོ། །སློབ་དཔོན་འདིས་མཐའ་འཁོབ་ཐག་རིང་པོ་རྣམས་སུ་མ་གཤེགས། ཕལ་ཆེར་མ་ག་དྷཱ་ཉིད་དུ་བཞུགས། དེར་ཆོས་གཞི་རྙིང་པ་རྣམས་ཅུང་ཟད་ཞིག་པ་གསོ་བ་དང༌། ཐེག་པ་ཆེན་པོའི་ཆོས་གཞི་གསར་པ་བརྒྱ་རྩ་བརྒྱད་བཙུགས་ཏེ་མ་ག་དྷཱའི་ས་ཕྱོགས་ཐམས་ཅད་ཆོས་གཞིས་ཁྱབ་པར་མཛད། ཤར་ཕྱོགས་གཽ་རིའི་ཡུལ་དུ་ལན་ཅིག་བྱོན། དེར་གྲོང་ཁྱེར་གྱི་སྐྱེ་བོ་དཔག་ཏུ་མེད་པ་འདུས་པ་ལ་
མདོ་སྡེ་མང་པོ་གསུངས་པས། ལྷ་རྣམས་ཀྱིས་གསེར་གྱི་མེ་ཏོག་གི་ཆར་ཕབ། མུ་ཏོ་བ་རེ་རེས་ཀྱང་གསེར་གྱི་མེ་ཏོག་བྲེ་བོ་ཆེ་རེ་རེ་ཙམ་རྙེད་པ་བྱུང༌། ཡུལ་དེར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་སོ། །ཨོ་ཊི་བི་ཤར་བྲམ་ཟེ་མཀྵི་ཀ་ཞེས་བྱ་བས་སྤྱན་དྲངས་ཏེ། དེར་ཐེག་པ་ཆེན་པོའི་དགེ་འདུན་སྟོང་ཕྲག་བཅུ་གཉིས་ལ་ཟླ་བ་གསུམ་དུ་དུས་སྟོན་བྱས་པས། བྲམ་ཟེའི་ཁྱིམ་དུ་རིན་པོ་ཆེའི་འབྱུང་ཁུངས་ལྔ་བརྡོལ། ཡུལ་དེ་ཡང་བྲམ་ཟེ་དང༌། ཁྱིམ་བདག་དང༌། རྒྱལ་པོ་རྣམས་དད་པར་བྱས་ནས། དེར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་བཙུགས་སོ། །གཞན་ཡང་ལྷོ་ཕྱོགས་ཀྱི་རྒྱུད་ལ་སོགས་པ་མང་པོར་ཡང་སློབ་དཔོན་ཉིད་ཀྱིས་བཀའ་བསྒོས་ཏེ་ཆོས་གཞི་བཙུགས་པ་ཐམས་ཅད་བསྡོམས་ན་དེ་དང་མཉམ་པ་ཙམ་ཡོད་པས། ཆོས་གཞི་དྲུག་བརྒྱ་དང་ལྔ་བཅུ་རྩ་བཞི་ཚུགས་སོ་ཞེས་གྲགས་སོ། །སློབ་དཔོན་འཕགས་པ་ཐོགས་མེད་ཀྱི་དུས་ལས་ཀྱང་ཐེག་པ་ཆེན་པོའི་དགེ་འདུན་འདི་སྐབས་མང་སྟེ། ཡུལ་ཐམས་ཅད་ཀྱི་རྣམས་བསྡོམས་ན་ཐེག་པ་ཆེན་པོའི་དགེ་སློང་དྲུག་ཁྲི་ལོངས་པ་ཙམ་ཡོད་སྐད། སློབ་དཔོན་ཉིད་དང་ལྷན་ཅིག་ཏུ་རྒྱུ་ཞིང་གནས་པའི་དགེ་སློང་ཡང་སྟོང་ཙམ་སྟེ་དེ་ཐམས་ཅད་ཚུལ་ཁྲིམས་དང་ལྡན་ཞིང་མང་དུ་ཐོས་པ་ཤ་སྟག་གོ །སློབ་དཔོན་དེ་ཉིད་གང་དུ་བཞུགས་པ་ཐམས་ཅད་དུ་མི་མ་ཡིན་གྱི་མཆོད་པའི་ཡོ་བྱད་འབྱུང་བ་དང༌། རིན་པོ་ཆེའི་འབྱུང་ཁུངས་བརྡོལ་བ་སོགས་ཡ་མཚན་གྱི་ཆོས་རྒྱུན་མི་འཆད་དུ་འབྱུང་ངོ༌། །བསམ་ན་ཤེས་པའི་མངོན་ཤེས་ཀྱིས་དགེ་མི་དགེ་དྲིས་པ་ཐམས་ཅད་བདེན་པར་ལུང་སྟོན། རྒྱལ་
པོའི་ཁབ་ཀྱི་གྲོང་ཁྱེར་ལ་མེ་ཤོར་བ་བདེན་སྟོབས་བརྗོད་པས་ཞི་བ་དང༌། གྲོང་ཁྱེར་མཐར་སྐྱེས་སུ་ནད་རིམས་བྱུང་བའམ་བདེན་སྟོབས་བརྗོད་པས་ཞི་བ་དང༌། རིག་སྔགས་ཀྱིས་མཐུས་སྐུ་ཆེ་ལ་དབང་ཐོབ་པ་སོགས་ངོ་མཚར་བའི་རྣམ་ཐར་རྒྱུན་མི་འཆད་པ་ཞིག་གོ །སྔ་ཕྱིར་མུ་སྟེགས་ཀྱི་རྒོལ་བ་ལྔ་བརྒྱ་ཙམ་སུན་ཕྱུང་ཞིང༌། སྤྱིར་བྲམ་ཟེ་དང་མུ་སྟེགས་ཅན་སྟོང་ཕྲག་ལྔ་ཙམ་སངས་རྒྱས་ཀྱི་བསྟན་པ་ལ་བཅུགམཐར་སློབ་དཔོན་སྟོང་གིས་བསྐོར་ནས་བལ་ཡུལ་དུ་བྱོན་ཏེ། དེར་ཡང་ཆོས་གཞི་བཙུགས་ཏེ་དགེ་འདུན་མང་པོ་ཐུག་མེད་དུ་འཕེལ་བར་མཛད། ཁྱིམ་བཙུན་ཆོས་གོས་གྱོན་ནས་ཞིང་རྨོ་བ་གཟིགས་ནས། སྟོན་པའི་བསྟན་པ་ཉམས་སོ་ཞེས་ཐུགས་འབྱུང་ནས། དགེ་འདུན་གྱི་དབུས་སུ་ཆོས་བསྟན་ཏེ། གཙུག་གཏོར་རྣམ་རྒྱལ་གྱི་གཟུངས་མགོ་ཞབས་བཟློག་པ་ལན་གསུམ་ཟློས་པས་དེ་ཉིད་དུ་སྐུ་འདས་ཏེ་རེ་ཞིག་ཆོས་ཀྱི་ཉི་མ་ནུབ་བོ་ཞེས་གྲགས་སོ། །དེར་སློབ་མ་རྣམས་ཀྱིས་མཆོད་རྟེན་ཡང་བྱས་སོ། །བོད་ཀྱི་ལོ་རྒྱུས་ལྟར་ན་མངོན་པ་མཛོད་རྩ་བ་བརྩམས་ནས་ཁ་ཆེར་འདུས་བཟང་ལ་བསྐུར་བས་དགྱེས་ཤིང་འགྲེལ་པ་གཟིགས་ཕུལ་བས་མ་དགྱེས་ཏེ། རྩོད་པའི་དོན་དུ་མ་ག་དྷཱར་བྱོན་པ་ལ། སློབ་དཔོན་དབྱིག་གཉེན་གྱིས་བལ་ཡུལ་དུ་བྱོན་པ་ཡིན་ནོ་ཞེས་ཟེར་བ། མཛོད་རྩ་འགྲེལ་བརྩམས་ནས་འདུས་བཟང་ལ་གཟིགས་ཕུལ་བས་དགྱེས་པ་དང༌། མ་དགྱེས་པ་སོགས་དེ་ལྟར་འཐད་དུ་རུང་ལ། འདུས་བཟང་མ་ག་དྷར་བྱོན་པའི་གཏམ་གསལ་པོ་རྒྱ་གར་ན་མེད་ཅིང༌། བྱོན་དུ་ཟིན་ནའང་སྔ་མོར་ཡིན་པར་མངོན་ནས། དབྱིག་
གཉེན་བལ་ཡུལ་དུ་བྱོན་པའི་དུས་ན། འདུས་བཟང་སྐུ་འདས་ནས་ལོ་མང་པོར་ལོན་པར་མངོན་ནོ། །དེ་ལ་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་རབ་ཏུ་བྱུང་ནས་ཆོས་ཀྱི་བྱ་བ་ལོ་བདུན་ཅུ་རྩ་ལྔ་ཙམ་མཛད། ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །གསུངས་པའི་ལུང་བསྟན་པའི་ལོ་ནི་ཕྱེད་ཡིན་ཞིང༌། ཆོས་ཀྱིས་འཚོ་བའི་དབང་དུ་མཛད་པ་དང་འགྲིག ལོ་སུམ་ཅུ་ལྷག་ཅིག་འགྲོ་དོན་ངེས་པར་མཛད་ལ། རྒྱ་གར་བ་ཁ་ཅིག་བཞི་བཅུ་ལྷག་པར་མཛད་པར་འདོད་པའི་ལུགས་ཀྱང་སྣང༌། སློབ་དཔོན་དབྱིག་གཉེན་གྱིས་དགུང་ལོ་བརྒྱར་ཉེ་བ་ཙམ་བཞུགས་ཤིང༌། འཕགས་པ་ཐོགས་མེད་བཞུགས་པའི་དུས་ཉིད་དུའང་ལོ་མང་པོར་འགྲོ་བའི་དོན་ཆེར་མཛད། འཕགས་པའི་རྗེས་སུ་ལོ་ཉི་ཤུ་རྩ་ལྔ་ཙམ་འགྲོ་བའི་དོན་མཛད་དོ། །སློབ་དཔོན་ཆེན་པོ་འདི་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་རི་གཉན་བཙན་དུས་མཉམ་མོ་ཞེས་གྲགས་པ་ལྟར་ཡང་འཐད་དོ། །འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་དུས་སུ་བྱུང་བའི་གཏམ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་ན། རྒྱལ་པོ་ཟབ་མོའི་ཕྱོགས་འདས་པའི་འོག་ཏུ་ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ་རྒྱལ་བོ་ཤྲཱི་ཧརྴ་ཞེས་བྱ་བ་ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་བྱུང་སྟེ་ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་དབང་བསྒྱུར། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་སྟེ་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་བ་ཞིག་བྱུང༌། དུས་དེ་ཙམ་ན་ཤར་ཕྱོགས་སུ་རྒྱལ་བོ་བྲྀཀྵ་ཙནྡྲའི་བུ་བརྒྱུད་ལ་རྒྱལ་པོ་བི་ག་མ་ཙནྡྲ་དང༌། དེའི་བུ་ཀཱ་མ་ཙནྡྲ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཏེ། རྒྱལ་པོ་དེ་གཉིས་
དབང་ཐང་དང་ལོངས་སྤྱོད་ཀྱང་ཆེ། སྦྱིན་པ་ལ་དགའ། རྒྱལ་སྲིད་ཆོས་ལུགས་བཞིན་དུ་སྐྱོང་བ་ཡིན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་སྟེ། ཕྱི་ནང་གཉིས་ཀར་མཆོད་ཅིང་ཁྱད་པར་གཅེར་བུ་པ་རྣམས་ལ་མོས་སོ། ཁ་ཆེར་དེ་ཙམ་ན་ཡང་རྒྱལ་པོ་མང་པོས་བཀུར་བ་ཉིད་ཡོད་དོ་ཞེས་གྲགས་སོ། །དེའི་ཚེ་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་དང༌། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང༌། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། ཁ་ཆེའི་ཡུལ་དུ་བཙུན་པ་དགེ་འདུན་འབངས་ཀྱིས་འགྲོ་བའི་དོན་ཆེར་མཛད། སློབ་དཔོན་ཆོས་འབངས་ཡུལ་ཐམས་ཅད་དུ་གཤེགས་ཤིང་ཆོས་སྟོན་པ་ཞིག་བྱུང་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱོན། ལེགས་ལྡན་དང༌། རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་ཡིན། ཨོ་ཊི་བི་ཤའི་ཡུལ་དུ་རྒྱལ་པོ་ཛ་ལེ་རུ་ཧེའི་བུ་ནཱ་གེ་ཤ་དང༌། བློན་པོ་བྲམ་ཟེ་ནཱ་ག་ཀེ་ཤ་ཞེས་བྱ་བ་བྱུང་སྟེ། ལོ་བདུན་ཙམ་རྒྱལ་སྲིད་བསྐྱངས་པས་ཤིན་ཏུ་དབང་ཐང་ཆེ་ཞིང༌། བི་ཁ་མ་ཙནྡྲས་ཀྱང་ཕྱག་བྱས། སློབ་དཔོན་ལོ་ཡི་པས་བཏུལ་ཏེ་རྒྱལ་སྲིད་སྤངས། གྲུབ་པ་ཐོབ་པ་ནི་རྒྱལ་པོ་ད་རི་ཀ་པ་དང༌། བློན་པོ་ཌེཾ་གི་པའོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ཞེས་པའང་ལེགས་ལྡན་དང་དུས་མཉམ་པ་ཙམ་ཡིན་ཞིང༌། ཨོ་ཌི་བི་ཤར་བྲམ་ཟེ་བྷ་དྲ་པཱ་ལི་ཏ་ཞེས་བྱ་བའི་ཀྱང་བསྟན་པ་ལ་བྱ་བ་ཆེར་བྱས་སོ། །དེ་དག་ལས།
རྒྱལ་པོ་ཤྲཱི་ཧརྴ་འགྲན་ཟླ་མེད་པའི་རྒྱལ་པོར་གྱུར་པའི་ཚེ་ཀླ་ཀློའི་ཆོས་རྣམས་ནུབ་པར་འདོད་པས། ཡུལ་མཽ་ལ་ཏ་ན་དང་ཉེ་བའི་ཡུལ་ཕྲན་ཞིག་ཏུ་མ་སི་ཏ་སྟེ་ཀླ་ཀློའི་དགོན་གནས་ཆེན་པོ་ཤིང་ཁང་འབའ་ཞིག་ཡིན་པ་བརྩིགས་ནས་ཀླ་ཀློའི་སྟོན་པ་མཐའ་དག་བོས། ཟླ་བ་མང་པོར་ཡོ་བྱད་ཐམས་ཅད་ཀྱིས་བསྟབས། དེའི་རིང་ལུགས་ཀྱི་གླེགས་བམ་ཐམས་ཅད་ཀྱང་བསྡུས། ཐམས་ཅད་མེ་ལ་བསྲེགས་པས་ཀླ་ཀློའི་གྲུབ་མཐའ་འཛིན་པ་སྟོང་ཕྲག་བཅུ་གཉིས་ཚིག་གོ །དེ་སྐབས་ཡུལ་ཁོ་རཱ་ས་ཎར་ཀླ་ཀློའི་ཆོས་ཤེས་པ་གཅིག་ཐགས་འཐག་ཅིང་ཡོད་དོ། །དེ་ལས་རིམ་གྱིས་མཆེད་པ་ནི་ཕྱིས་ཀྱི་ཀླ་ཀློ་ཐམས་ཅད་ཡིན་ནོ། །རྒྱལ་པོ་དེས་དེ་ལྟར་བསྣུབས་པ་ལ་བརྟེན་ཏེ་ལོ་བརྒྱར་ཉེ་བར་སྟག་གཟིག་སོག་པོའི་ཆོས་ལུགས་དེ་སྤྱོད་པ་ཤིན་ཏུ་ཉུང་ངོ༌། །དེ་ནས་སྡིག་པ་སྦྱོང་བའི་དོན་དུ་མ་རུ་དང༌། མ་ལ་ཝ་དང༌། མེ་ཝ་ར་དང༌། པི་ཏུ་ཝ་དང༌། ཙི་ཏཱ་ཝ་ར་ཞེས་པའི་ཡུལ་རྣམས་སུ་གཙུག་ལག་ཁང་ཆེན་པོ་རེ་རེ་བཞེངས། དགེ་སློང་སྟོང་ཕྲག་རེ་རེའི་འཚོ་བ་སྦྱར་ཞིང་ཆོས་ཤིན་ཏུ་དར་བར་བྱས་སོ། །སློབ་དཔོན་ཆེན་པོ་ཡོན་ཏན་འོད་ནི། ཡུལ་བཅོམ་བརླག་ཏུ་བྲམ་ཟེའི་རིགས་སུ་སྐྱེས། རིག་བྱེད་དང་བསྟན་བཅོས་མཐའ་དག་ལེགས་པར་བྱང་བ་ཕྱིས་དེ་ཉིད་ཀྱི་གཙུག་ལག་ཁང་ཞིག་ཏུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་དྲུང་དུ་ཉན་ཐོས་ཀྱི་སྡེ་སྣོད་གསུམ་དང༌། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ལ་ཡང་མཁས་པར་སྦྱངས། སྡེ་པ་ཐ་དད་པའི་འདུལ་བ་བསྟན་བཅོས་དང་བཅས་པ་མཐའ་དག་མཁས་པར་མཁྱེན། འདུལ་
བ་འབུམ་སྟེ་རྟག་ཏུ་ཐུགས་ལ་འདོན་པར་མཛད། ཡུལ་བཅོམ་བརླག་གི་གཙུག་ལག་ཁང་ཨ་གྲ་པུ་རི་ཞེས་བྱ་བར་བཞུགས་ཏེ། ལྷན་ཅིག་གནས་པ་དགེ་སློང་སྟོང་ཕྲག་ལྔ་རེ་ཡོད་ཅིང༌། ཐམས་ཅད་ཀྱང་བསྡམ་བྱའི་ཉེས་བྱས་ཕྲ་མོ་ཚུན་ཆོད་སོ་སོའི་ཕྱིར་བཅོས་ཀྱིས་འཕྲལ་འཕྲལ་དུ་བཅོས་པས་ཚུལ་ཁྲིམས་རྣམ་པར་དག་པ་ནི་སྔོན་དགྲ་བཅོམ་པ་རྣམས་ཀྱིས་བསྟན་པ་སྐྱོང་བའི་དུས་བཞིན་ཡོད་ལ། མདོ་སྡེ་འཛིན་པ་དང༌། མ་མོ་འཛིན་པའང་མང་དུ་ཡོད་ཅིང༌། འདུལ་བ་འབུམ་སྡེ་ཐོན་པའང་ལྔ་བརྒྱ་ཙམ་མོ། །ཚུལ་ཁྲིམས་རྣམ་པར་དག་པའི་སྟོབས་ཀྱིས་རྒྱལ་པོ་ཤྲཱི་ཧརྴའི་བློན་པོ་མ་ཏངྒ་རཱ་ཛ་ཞེས་བྱ་བ་ལན་ཅིག་རྒྱལ་པོའི་ཆད་པས་མིག་ཕྱུང་བ་ཡང་སློབ་དཔོན་གྱི་སྨོན་ལམ་གྱི་སྟོབས་ཀྱིས་སོར་ཆུད། རྒྱལ་པོའི་བླ་མར་གྱུར་པས་ཉིན་རེ་བཞིན་ཡོ་བྱད་དཔག་ཏུ་མེད་པའི་འདུ་བ་བྱུང་ཡང་དེ་མ་ཐག་ཐམས་ཅད་དགེ་བར་བསྒྱུར་ཏེ། རང་ཉིད་སྦྱངས་པའི་ཡོན་ཏན་ལས་ཉམས་པ་མི་མངའ་འོ། །སློབ་དཔོན་བློ་གྲོས་བརྟན་པ་ནི། སློབ་དཔོན་དབྱིག་གཉེན་འབུམ་སྡེ་དགུ་བཅུ་གོ་དགུར་གྲགས་པའི་གསུང་རབ་རྣམས་ཞལ་འདོན་མཛད་པའི་ཚེ། གདུང་གི་ཕྲག་ན་ཕུག་རོན་ཅང་ཤེས་པ་ཞིག་གནས་པ་ཤིན་ཏུ་གུས་པས་ཉན་ནོ། །དེ་ཤི་ནས་ལྷོ་ཕྱོགས་དནྚ་ཀ་ར་ནྱ་ཞེས་བྱ་བར་ཚོང་དཔོན་གྱི་བུ་ཞིག་ཏུ་སྐྱེས། སྐྱེས་མ་ཐག་ཏུ་སློབ་དཔོན་ག་ན་བཞུགས་དྲིས་པ་ལ། སློབ་དཔོན་སུ་ཡིན་དྲིས་པས། དབྱིག་གཉེན་ཡིན་ཏེ་མ་ག་དྷཱ་ན་བཞུགས་ཟེར། ཡུལ་དེའི་ཚོང་པ་ལ་དྲིས་པས་ཀྱང་བཞུགས་ཟེར་བས། ལོ་བདུན་ལོན་པའི་དུས་ན་སློབ་དཔོན་དབྱིག་གཉེན་དྲུང་དུ་བསྐྱལ་ཏེ་རིག་པ་སློབ་
ཅིང་ཡོད་པས་ཀྱང་དཀའ་བ་མེད་པར་ཤེས། དེའི་ཚེ་སྲན་མ་སྦར་གང་རྙེད་པ་ཟའམ་སྙམ་ནས་སྒྲོལ་མའི་ལྷ་ཁང་ཞིག་ན་ཡོད་པ་ལ། འཕགས་མ་ལ་མ་ཕུལ་བར་བཟའ་མི་རུང་སྙམ་ནས་སྲན་མ་འགའ་ཞིག་ཕུལ་བས་འགྲིལ་ནས་བྱུང༌། འཕགས་མས་མ་གསོལ་བར་རང་ཟ་བ་མི་འོང་སྙམ་ནས། ཟད་ཟད་ཕུལ་ཡང་འགྲིལ་ཏེ་བྱུང་བ་ན། བྱིས་པར་གྱུར་པས་ངུས་སོ། །འཕགས་མས་ཞལ་མངོན་སུམ་དུ་བསྟན་ཏེ། ཁྱོད་མ་ངུ་ཞིག་ངས་བྱིན་གྱིས་རློབ་བོ་ཞེས་གསུངས། སྐད་ཅིག་དེ་ལ་བློ་གྲོས་མཐའ་ཡས་པར་གྱུར་ཞིང། སྐུ་བརྙན་དེ་ལ་ཡང་མ་ཥ་ཏཱ་ར་ཞེས་གྲགས་སོ། །ཕྱིས་གནས་བརྟན་སྡེ་སྣོད་གསུམ་འཛིན་པ་ཁྱད་པར་དུ་ཐེག་པ་ཆེ་ཆུང་གི་མངོན་པ་མཐའ་དག་ལ་མཁས་པ་འཕགས་པ་དཀོན་མཆོག་བརྩེགས་པ་ལ་ཞལ་འདོན་མཛད་པ། བྱ་བ་ཐམས་ཅད་འཕགས་མ་སྒྲོལ་མས་ལུང་སྟོན་པ་ཞིག་སྟེ། དཀོན་མཆོག་བརྩེགས་པ་འདུས་པ་ཞེ་དགུ་དང་དབུ་མ་རྩ་བ་ལ་འགྲེལ་པ་ཡང་མཛད། སློབ་དཔོན་དབྱིག་གཉེན་སྐུ་འདས་ཙམ་ན། མུ་སྟེགས་བེཥྟ་བཱ་ལ་ལ་སོགས་པ་རྒོལ་བ་མང་པོ་ཚར་བཅད་དེ་སྨྲ་བའི་དབང་ཕྱུག་ཏུ་གྲགས། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་འགྲེལ་པ་ཕལ་ཆེར་འགྲེལ་བཤད་དང༌། གཞུང་ལ་འགྲེལ་པ་ཡང་མང་དུ་མཛད་དོ། །མངོན་པ་མཛོད་ལའང་འགྲེལ་པ་མཛད་ཟེར་ཏེ། སློབ་དཔོན་འདི་ཉིད་ཡིན་མིན་མི་ཤེས་སོ། །སློབ་དཔོན་སྔ་མ་རྣམས་ཀྱི་དུས་སུ་བཙུགས་པའི་ཆོས་གཞི་རྣམས་དེ་ཙམ་ན་ཆེར་མེད་པས། སློབ་དཔོན་འདིས་ཀྱང་ཆོས་གཞི་བརྒྱ་རྩ་བཙུགས་སོ་ཞེས་ཀྱང་གྲགས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། ལྷོ་ཕྱོགས་གྲོང་ཁྱེར་སིངྒ་བཀྟ་
ཞེས་བྱ་བ་ཀཉྩིའི་ཡུལ་དང་ཉེ་བ་ཞིག་ཏུ་བྲམ་ཟེའི་རིགས་སུ་འཁྲུངས་ཤིང༌། མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་བྱས་པ་ཞིག་གནས་མ་བུའི་སྡེ་པའི་མཁན་པོ་སྡེ་པ་དེ་ཉིད་ཀྱི་གྲུབ་མཐའ་འཛིན་པ་ནཱ་ག་དཏྟ་སྟེ་གླང་པོ་བྱིན་ཞེས་བྱ་བ་ལས་རབ་ཏུ་བྱུང་ཞིང་ཉན་ཐོས་ཀྱི་སྡེ་སྣོད་གསུམ་ལ་མཁས་པར་བྱས་ནས། མཁན་པོ་དེ་ཉིད་ལ་གདམས་ངག་ཞུས་པས། བརྗོད་དུ་མེད་པའི་བདག་འཚོལ་བའི་གདམས་པ་བྱིན་ནོ། །དེར་རྣམ་པར་བརྟགས་ཤིང་བཙལ་ན་ཡོད་པར་མ་མཐོང་སྟེ། ཉིན་མོ་སྐར་ཁུང་ཐམས་ཅད་བསལ། མཚན་མོ་ཕྱོགས་བཞིར་མར་མེ་བཏང་སྟེ། ལུས་གཅེར་བུར་ཕྱུང་ནས་ཕྱི་ནང་ཀུན་ཏུ་ཡང་བལྟས་སོ། །དེ་ལྟར་བྱེད་པ་གྲོགས་ཀྱིས་མཐོང་ནས་མཁན་པོ་ལ་བཤད་པས་མཁན་པོས་ཀྱང་དྲིས་པ་ན། བདག་ནི་བློ་རྟུལ་ཞིང་བློ་གྲོས་དམན་པས་མཁན་པོས་བསྟན་པའི་དེ་ཉིད་གང་ཡིན་པ་དེ་ནི་བདག་གིས་མི་མཐོང་སྟེ། དེའི་ཕྱིར་སྒྲིབ་བྱེད་ཀྱིས་བསྒྲིབས་སམ་སྙམ་དེ་ལྟར་བྱས་ནས་བལྟ་བ་ཡིན་ཟེར། དོན་གྱིས་དེ་འགོག་པར་བྱེད་པའི་རིག་པ་རྣམས་ཀྱང་བསྟན་པས། མཁན་པོ་ཁྲོས་ཏེ། ཁོ་བོའི་གྲུབ་མཐའ་ལ་ཟུར་ཟ་བ་ཁྱོད་མ་འདུག་ཅིག་ཅེས་སྐྲོད་པའི་གནས་མ་ཡིན་པར་བསྐྲད་པ་ན། དེ་ཉིད་དུ་རིག་པས་སུན་དབྱུང་བར་ནུས་མོད་ཀྱིས། འོས་མ་ཡིན་པས་ཕྱག་བཙལ་ནས་ཕྱིར་བྱོན། མཐར་གྱིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་གཤེགས། ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་གསན། མཐར་མདོ་ལྔ་བརྒྱ་ཙམ་བཟུང་བར་གྲགས་ཏེ་ཐེག་པ་ཆེ་ཆུང་དང༌། གཟུངས་སྔགས་ཚུན་ཆད་བསྡོམས་པའོ། ཁྱད་པར་དུ་སྔགས་མཁན་གྱི་སློབ་
དཔོན་ཞིག་ལས་རིག་སྔགས་ནོས་ཏེ་བསྒྲུབས་པས་འཕགས་པ་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པས་ཇི་ལྟར་བཞེད་པ་ན་ཆོས་གསན་པར་མཛད་དོ། །ཨོ་ཌི་བི་ཤའི་ཡུལ་ནགས་ཚལ་ཤིན་ཏུ་དབེན་པའི་ཕྱོགས་གཅིག་བྷོ་ཏ་སཻལ་ཞེས་བྱ་བའི་བྲག་རིའི་ཕུག་ཏུ་བཞུགས། རྩེ་གཅིག་ཏུ་བསམ་གཏན་ལ་རྩོལ་བར་མཛད་དོ། །ལོ་འགའ་ཞིག་འདས་པ་ན། དཔལ་ནཱ་ལེནྡྲར་མུ་སྟེགས་ཀྱི་རྩོད་པ་ཆེར་བྱུང༌། དེར་བྲམ་ཟེ་སུ་དུར་ཛ་ཡ་ཞེས་བྱ་བ་རང་གིས་བསྒྲུབས་པའི་ལྷ་མངོན་སུམ་མཐོང་བ་རྟོག་གེ་ལ་ཤིན་ཏུ་བྱང་བ་ཐུབ་པར་དཀའ་བ་ཞིག་ཀྱང་འདུས་ཏེ། དེར་སངས་རྒྱས་པ་རྣམས་ཀྱིས་རྩོད་པར་མ་ནུས་ནས། ཤར་ཕྱོགས་ནས་སློབ་དཔོན་ཕྱོགས་ཀྱི་གླང་པོ་སྤྱན་དྲངས་སོ། །མུ་སྟེགས་དེ་ལན་གསུམ་དུ་ཕམ་པར་བྱས་ཤིང༌། དེར་འཚོགས་པའི་མུ་སྟེགས་ཀྱི་རྒོལ་བ་ཐམས་ཅད་ཀྱང་རེ་རེ་ནས་སུན་ཕྱུང༌། སངས་རྒྱས་ཀྱི་བསྟན་པ་ལ་བཀོད། གནས་དེར་དགེ་འདུན་རྣམས་ལ་མདོ་སྡེ་དུ་མ་རྣམ་པར་བཤད་ཅིང༌། ཆོས་མངོན་པ་ཡང་རྒྱས་པར་བྱས། རྣམ་རིག་དང་རྟོག་གེའི་བསྟན་བཅོས་ཐོར་བུ་ཡང་མང་དུ་མཛད་དེ། ཡོངས་སུ་བསྡོམས་པ་ལ་བསྟན་བཅོས་བརྒྱ་རྩ་མཛད་པར་གྲགས། སླར་ཡང་ཨོ་ཊི་བི་ཤའི་ཡུལ་དུ་གཤེགས་ནས་བསམ་གཏན་ལ་བརྩོན་པར་མཛད་དོ། །དེར་རང་གི་ཐུན་མོང་མ་ཡིན་པའི་བླཽ་གྲོས་ཀྱི་མཐུ་ལས་བྱུང་བ་རྟོག་གེའི་ཚུལ་ལུགས་འདི་ལ་སྔར་བརྩམས་པའི་བསྟན་བཅོས་རྣམས་འཐོར་བ་བཞིན་དུ་གྱུར་པས་གཅིག་ཏུ་བྱ་བར་དགོངས་ཏེ། ཚད་མ་ཀུན་ལས་བཏུས་པའི་མཆོད་བརྗོད་དམ་བཅའ། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། །
སྟོན་པ་བདེ་གཤེགས་སྐྱོབ་ལ་ཕྱག་འཚལ་ནས། །ཚད་མ་བསྒྲུབ་ཕྱིར་རང་གི་གཞུང་ཀུན་ལས། །བཏུས་ཏེ་སྣ་ཚོགས་འཐོར་རྣམས་འདིར་གཅིག་བྱ། །ཞེས་རྡོ་ཐལ་གྱིས་བྲིས་པས། ས་གཡོ་བ་དང༌། ཕྱོགས་ཀུན་ཏུ་སྣང་བས་ཁྱབ་པ་དང༌། སྒྲ་ཆེན་པོ་གྲགས་པར་གྱུར། དེར་བྲམ་ཟེ་ནག་པོ་ཞེས་བྱ་བས་དེ་ལྟ་བུའི་ལྟས་ཡིན་པར་ཤེས་ཏེ། སློབ་དཔོན་བསོད་སྙོམས་ལ་བཞུད་པའི་ཤུལ་དུ་དེས་འོངས་ཏེ་བསུབས། དེ་ལྟར་ལན་གཉིས་སུ་བསུབས་པས་ལན་གསུམ་པ་བྲིས་པས། འདི་ཀུ་རེ་དང་ཀྱལ་ཀའི་ཕྱིར་བསུབ་པ་ཡིན་ན་དགོས་པ་ཆེན་པོ་ཡོད་པས་མ་བསུབ་ཅིག །གལ་ཏེ་དོན་ནོར་ཏེ་རྩོད་པར་འདོད་ན་ལུས་སྣང་བར་གྱིས་ཞེས་པ་བྲིས་ཏེ། ཡང་བསོད་སྙོམས་ལ་གཤེགས་པའི་ཤུལ་དུ་བསུབ་ཏུ་འོངས་པས་ཡི་གེ་མཐོང་ནས་བསྡད་དོ། །དེར་སློབ་དཔོན་འཁོར་ནས། བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པས་ལན་མང་པོར་མུ་སྟེགས་ཕམ་པར་བྱས་པས། ད་ཁྱོད་སངས་རྒྱས་ཀྱི་བསྟན་པ་ཞུགས་ཤིག་བྱས་པ་ན། དེས་སྔགས་བཟླས་པའི་ཐལ་བ་གཏོར་བས་སློབ་དཔོན་གྱི་ཡོ་བྱད་རྣམས་ཚིགསློབ་དཔོན་ཡང་ཚིག་ལ་ཁད་པར་བྱུང་སྟེ། མུ་སྟེགས་དེ་ཕྱིར་སོང་ངོ༌། །བདག་གིས་འདི་ཅིག་པུའི་དོན་ཡང་མི་ནུས་ན་གཞན་གྱི་དོན་ག་ལ་ནུས་སྙམ་དུ་སེམས་བསྐྱེད་གཏོང་བར་བརྩམས་པ་ན། འཕགས་པ་འཇམ་དཔལ་མངོན་སུམ་དུ་བྱོན་ཏེ། བུ་མ་བྱེད་མ་བྱེད་སྐྱེ་བོ་དམན་དང་འཕྲད་ལས་བླཽ་གྲོས་ངན་སྐྱེ་སྟེ། །ཁྱོད་ཀྱི་བསྟན་བཅོས་འདི་ལ་མུ་སྟེགས་ཚོགས་ཀྱིས་གནོད་མི་ནུས་པར་ཤེས། ཁྱོད་ཀྱི་སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས་སུ་ང་འགྱུར་གྱི། །ཕྱི་མའི་དུས་
སུ་བསྟན་བཅོས་ཀུན་གྱི་མིག་གཅིག་ཏུ་ནི་འདི་འགྱུར་རོ། །ཞེས་གསུངས་པ་ལ། སློབ་དཔོན་གྱིས། བཟོད་དཀའི་སྡུག་བསྔལ་དུ་མ་དང་ལྡན་བརྣག་དཀའ་ལ། །སེམས་ཀྱང་དམ་པ་མིན་པའི་སྤྱོད་པ་ལ་དགའ་ཞིང༌། །སྐྱེ་བོ་དམ་པ་འཕྲད་དཀའ་གལ་ཏེ་ཁྱོད་ཀྱི་ཞལ་མཐོང་ཡང༌། །བདག་ལ་བྱིན་གྱིས་མ་བརླབས་དེ་ལ་ཅི་བགྱིར་མཆི། །ཞེས་ཞུས་པས། བུ་ཁྱོད་མ་དགའ་བར་མ་བྱེད་ཅིག །ཉམ་ང་བ་ཐམས་ཅད་ལས་བདག་གིས་བསྲུང་ངོ༌། །ཞེས་གསུངས་ནས་མི་སྣང་བར་གྱུར་ཏོ། །དེ་ནས་བསྟན་བཅོས་དེ་ཡང་ལེགས་པར་བརྩམས། ལན་ཅིག་ཅུང་སྙུང་བར་གྱུར་ཏེ། གྲོང་ཁྱེར་ནས་བསོད་སྙོམས་བསླངས་ཏེ་ནགས་མཐོང་ཞིག་ཏུ་བཞུགས་པས་ཡུར་ཏེ་མནལ་དུ་སོང༌། མནལ་ལམ་དུ་སངས་རྒྱས་མང་པོའི་ཞལ་མཐོང་ཞིང་ཏིང་ངེ་འཛིན་མང་པོ་ཐོབ། ཕྱི་རོལ་ཏུ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་ཕབ། ནགས་ཀྱི་མེ་ཏོག་རྣམས་ཀྱང་འདུད་པར་གྱུར། གླང་པོ་ཆེ་རྣམས་བསིལ་གྲིབ་ཏུ་བྱེད་ཅིང་ཡོད་པ་ལས་ཡུལ་གྱི་རྒྱལ་པོ་སྐྱེ་བོའི་འཁོར་དང་བཅས་པ་སྐྱོ་སངས་ལ་འོངས་པས་མཐོང་སྟེ། ངོ་མཚར་སྐྱེས་ནས་རོལ་མོའི་སྒྲ་བསྒྲགས་པས་མནལ་སད་དེ། ཁྱོད་ཕྱོགས་ཀྱི་གླང་པོ་ཡིན་ནམ་དྲིས་པས། དེ་ལྟར་འདོགས་གསུངས། དེར་རྒྱལ་པོས་ཞབས་ལ་ཕྱག་བྱས། དེ་ནས་མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། ཡུལ་ཐ་དད་ཀྱི་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་དེ། སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཙུགས་པའི་ཆོས་གཞི་ཉམས་པ་ཕལ་ཆེར་སོར་ཆུད་པར་མཛད། སླར་ཡང་ཨོ་ཌོ་བི་ཤའི་རྒྱལ་པོའི་བློན་པོ་བྷ་དྲ་
པཱ་ལི་ཏ་ཞེས་བྱ་བ་རྒྱལ་པོའི་མཛོད་ཀྱི་སྤྱན་པ་ཡིན་པ་དེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་སྟེ། བྲམ་ཟེ་དེས་གཙུག་ལག་ཁང་ཆེན་པོ་བཅུ་དྲུག་བཞེངས། དེ་རེ་རེར་དགེ་འདུན་གྱི་སྡེ་ཆེན་པོ་རེ་བཙུགས། གཙུག་ལག་ཁང་རེ་རེར་ཡང་ཆོས་གཞི་དུ་མ་ཡོད་པ་བྱས། ཚུལ་ཁྲིམས་རྣམ་པར་དག་པའི་རྟགས་སུ། བྲམ་ཟེ་དེའི་སྐྱེད་མོད་ཚལ་ན་ནད་ཐམས་ཅད་གསོ་བར་ནུས་པ་མུཥྟི་ཧ་རི་ཏ་ཀ་ཞེས་བྱ་བ་ཨ་རུ་རའི་ཁྱད་པར་ཞིག་གི་སྡོང་པོ་ཡོད་པས་སྐྱེ་བོ་མང་པོ་ལ་ཕན་པ་ཞིག་ལས། ལན་ཅིག་ཤིང་གི་སྡོང་པོ་ཤིན་ཏུ་བསྐམས་པར་གྱུར་པ་ལ་སློབ་དཔོན་གྱིས་སོས་པར་སྨོན་ལམ་བཏབ་པས་ཞག་བདུན་ན་སོར་ཆུད་དོ། །དེ་ལྟར་མུ་སྟེགས་ཀྱི་རྒོལ་བ་ཕལ་ཆེར་ཚར་བཅད་པས་རྩོད་པའི་ཁྱུ་མཆོག་ཏུ་གྲགས་ཤིང༌། ཆོས་ཀྱིས་སྦྲེལ་བའི་སློབ་མས་ནི་ཕྱོགས་ཐམས་ཅད་ཁྱབ་པར་ཡོད། ཕྱི་བཞིན་འབྲང་བའི་དགེ་སློང་ནི་གཅིག་ཀྱང་ཡོངས་སུ་མ་བཟུང༌། འདོད་པ་ཆུང་ཞིང་ཆོག་ཤེས་པས་ཇི་སྲིད་འཚོའི་བར་དུ་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་དུ་ཨོ་ཌོ་བི་ཤའི་ནགས་ཚལ་དབེན་པ་ཞིག་ཏུ་སྐུ་འདས་སོ། །བཙུན་པ་དགེ་འདུན་འབངས་ནི། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཞིག་སྟེ། ཡུལ་ལྷོ་ཕྱོགས་པ་རིགས་བྲམ་ཟེ། སྡེ་པ་ཐམས་ཅད་ཡོད་པར་སྨྲ་བ་ཡིན། དེས་རྡོ་རྗེའི་གདན་དུ་ཡུན་རིང་དུ་བཞུགས་ཤིང༌། རྡོ་རྗེའི་གདན་དུ་འདུལ་བ་དང༌། མངོན་པའི་ཆོས་གཞི་ཉི་ཤུ་རྩ་བཞི་བཙུགས། རྒྱལ་པོ་ཏུ་རུཥྐ་མང་པོས་བཀུར་བས་སྤྱན་དྲངས་ཏེ་ཁ་ཆེར་བྱོན། རིན་ཆེན་སྦས་པའི་གཙུག་ལག་ཁང་དང༌། ཀུམྦྷ་ཀུནྚ་ལིའི་གཙུག་
ལག་ཁང་བཞེངས། ཐེག་པ་ཆེན་པོའི་ཆོས་མང་དུ་དར་བར་མཛད་ནས་ཡུལ་དེ་ཉིད་དུ་འདས་སོ། ཁ་ཆེའི་ཡུལ་དུ་སྔོན་ཐེག་པ་ཆེན་པོའི་བསྟན་པ་ཆེར་མེད། ཐོགས་མེད་སྐུ་མཆེད་ཀྱི་སྐུ་རིང་ལ་ཅུང་ཟད་ཙམ་དར། སློབ་དཔོན་འདི་ནས་བརྩམས་ཏེ་ཇེ་དར་དུ་སོང་ངོ༌། །སློབ་དཔོན་ཆོས་འབངས་ནི། ཤར་ཕྱོགས་བྷཾ་ག་ལར་འཁྲུངས་ཤིང༌། ཐོགས་མེད་སྐུ་མཆེད་གཉིས་ཀར་གྱི་སློབ་མ་ཡིན། ཕྱོགས་བཞིའི་ཡུལ་ཐམས་ཅད་དུ་བྱོན་ནས་འཕགས་པ་འཇམ་དཔལ་གྱི་ལྷ་ཁང་རེ་བཞེངས། རྣལ་འབྱོར་སྤྱོད་པའི་ས་ཡོངས་སུ་རྫོགས་པ་ལ་འགྲེལ་པ་མཛད་དོ་ཞེས་གྲགས་སོ། །སློབ་དཔོན་སངས་རྒྱས་བསྐྱངས་ནི། ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་བྱ་བར་འཁྲུངས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་མང་དུ་ཐོས་པར་མཛད་པ་ཞིག་སློབ་དཔོན་ཀླུའི་བཤེས་གཉེན་ཀྱི་སློབ་མ། སློབ་དཔོན་དགེ་འདུན་སྲུང་བ་ལས་སློབ་དཔོན་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྣམས་ཐོས་པར་བྱས་ནས། རྩེ་གཅིག་ཏུ་བསྒོམ་པས་ཡེ་ཤེས་མཆོག་བརྙེས། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་ཤིང༌། ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་དནྜ་པུ་རི་ཞེས་བྱ་བར་བཞུགས་ནས་ཆོས་ཀྱང་མང་དུ་བསྟན། འཕགས་པ་ཡབ་སྲས་དང༌། སློབ་དཔོན་དཔའ་བོ་ལ་སོགས་པས་མཛད་པའི་བསྟན་བཅོས་མང་པོ་ལ་རྣམ་བཤད་མཛད། མཐར་རི་ལུའི་དངོས་གྲུབ་བསྒྲུབས་པས་གྲུབ་བོ། སློབ་དཔོན་ལེགས་ལྡན་ནི་ལྷོ་ཕྱོགས་མ་ལྱ་རར་རྒྱལ་རིགས་མཆོག་ཏུ་སྐྱེ་བ་བརྙེས། ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ནས་སྡེ་སྣོད་གསུམ་ལ་མཁས་པར་བྱས། ཡུལ་དབུས་སུ་བྱོན་
ནས་སློབ་དཔོན་དགེ་འདུན་སྲུང་བ་ལས། ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་དང་ཀླུ་སྒྲུབ་ཀྱི་མན་ངག་ནོས་ཏེ། སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་གཤེགས་ནས་ཕྱག་ན་རྡོ་རྗེའི་ཞལ་མཐོང་བར་མཛད་དེ། ཏིང་ངེ་འཛིན་ཁྱད་པར་ཅན་ཡང་བསྒྲུབས། ལྷོ་ཕྱོགས་ཀྱི་གཙུག་ལག་ལྔ་བཅུ་ཙམ་གྱི་བདག་པོ་མཛད་དེ་ཆོས་མང་དུ་བསྟན། སློབ་དཔོན་སངས་རྒྱས་བསྐྱངས་སྐུ་འདས་པའི་འོག་རོལ་དུ་དེས་མཛད་པའི་བསྟན་བཅོས་རྣམས་གཟིགས། དབུ་མ་རྩ་བའི་གཞུང་ལ་སློབ་དཔོན་སྔ་མའི་བཞེད་པ་དེ་སུན་ཕྱུང་སྟེ། འགྲེལ་པ་མཛད་ཅིང་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་པར་ཞལ་གྱིས་བཞེས་ནས་མདོ་སྡེ་འགའ་ཞིག་ལ་འགྲེལ་པ་མཛད་དོ། །མཐར་འདིས་ཀྱང་རིལ་བུའི་དངོས་གྲུབ་བསྒྲུབས་ཏེ་གྲུབ་ལ། འོན་ཀྱང་སློབ་དཔོན་འདི་གཉིས་ཆར་གྱི་རྣམ་པར་སྨིན་པའི་སྐུ་ལུས་བོར་ནས་རིག་སྔགས་འཆང་གི་གནས་སུ་གཤེགས་སོ། །དེ་ལ་སློབ་དཔོན་འདི་གཉིས་ཀྱིས་དབུ་མ་ངོ་བོ་ཉིད་མེད་པར་སྨྲ་བའི་གཞུང་བཙུག་ཤིང༌། སངས་རྒྱས་བསྐྱངས་སློབ་མ་ཧ་ཅང་མང་བ་མ་ཡིན་ཀྱང༌། སློབ་དཔོན་ལེགས་ལྡན་ནི་སློབ་མ་ཤིན་ཏུ་མང་བ་དགེ་སློང་སྟོང་ཕྲག་དུ་མ་རྗེས་སུ་འབྲང་བ་ཡིན་པས་ལུགས་དེ་ཤིན་ཏུ་དར་བར་གྱུར་ཏོ། །སློབ་དཔོན་འདི་གཉིས་མ་བྱོན་གྱི་བར་དུ་ཐེག་པ་ཆེན་པོ་པ་མཐའ་དག་བསྟན་པ་གཅིག་ཏུ་གནས་པ་ལས། སློབ་དཔོན་འདི་གཉིས་ཀྱིས་འཕགས་པ་ཀླུ་སྒྲུབ་དང༌། འཕགས་པ་ཐོགས་མེད་ཀྱི་ལུགས་གཉིས་ནི་ཤིན་ཏུ་ཐ་དད་དེ། ཐོགས་མེད་ཀྱི་ལུགས་ནི་དབུ་མའི་ལམ་སྟོན་པ་མ་ཡིན་པར་སེམས་ཙམ་ཁོ་ན་ཡིན་ལ། འཕགས་པ་ཀླུ་སྒྲུབ་ཀྱི་བཞེད་པ་ནི་ཁོ་བོ་ཅག་གི་འདི་ལས་གཞན་དུ་མེད་དོ་ཞེས་མཐའ་གཞན་འགོག་པར་མཛད་པས། ལེགས་
ལྡན་སྐུ་འདས་པའི་འོག་ཙམ་ནས་ཐེག་པ་ཆེན་པོ་པའང་ནང་དུ་སྡེ་གཉིས་སུ་གྱེས་ནས་རྩོད་པ་བྱུང་ངོ༌། །དེ་ཡང་སློབ་དཔོན་བླཽ་གྲོས་བརྟན་པས་དབུ་མ་རྩ་བའི་དགོངས་པ་རྣམ་རིག་ཏུ་འགྲེལ་བའི་རྣམ་བཤད་ཅིག་མཛད་ལ། དེའི་གླེགས་བམ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱུང་ནས་ལེགས་ལྡན་གྱི་སློབ་མ་རྣམས་ཀྱིས་མི་འཐད་པར་བྱས་སོ། །དེ་དག་ནཱ་ལེནྡྲར་འོངས་ནས་བློ་བརྟན་གྱི་སློབ་མ་རྣམས་དང་བརྩད་པས། ལེགས་ལྡན་གྱི་སློབ་མ་རྒྱལ་པོ་ཞེས་ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཟེར་བ་དང༌། ཙནྡྲ་གོ་མཱི་དང༌། ཟླ་བ་གྲགས་པའི་བྱུང་ཚུལ་གྱིས་ཤེས་སོ། །བོད་མང་པོ་རྣམས་སངས་རྒྱས་བསྐྱངས་འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་དང༌། ལེགས་ལྡན་སྐུ་ཚེའི་སྨད་ཀྱི་སློབ་མ་ཡིན་པ་དང༌། རྩོད་པ་བྱས་སྐད་པ་དང༌། སངས་རྒྱས་བསྐྱངས་ཟླ་གྲགས་སུ་སྐྱེ་བ་ཞེས་ཟེར་བ་སོགས་རིག་པས་དྲས་པའི་བཅོས་བགྲོས་ཙམ་དུ་སྣང༌། ཁ་ཅིག་དེ་དག་བཀག་ནས། དཔྱོད་པ་དག་དག་མོར་བྱས་ནས། དེ་དག་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན། ལེགས་ལྡན་གྱི་བསྙེན་རྫོགས་མཁན་པོའང་ཀླུ་སྒྲུབ་ཡིན། ཟླ་གྲགས་འཕགས་པ་ལྷའི་དངོས་སློབ་ཡིན་ཟེར་ཏེ། འཕགས་པ་ལྷ་ལྟ་བུ་གཉིས་ཀའི་ཁུངས་སུ་བྱེད་པ་དེ་བཞུགས་བཞིན་དུ། དེ་གཉིས་གྲུབ་མཐའ་ཐ་དད་དུ་གྱེས་དོན་ག་ལ་ཡོད། དཔྱོད་ལྡན་ཡོད་ན་དེ་འདྲ་ལ་སུ་ཞིག་ཡིད་ཆེས་བྱ། འཕགས་པ་རྣམ་གྲོལ་སྡེ་ནི། ཡུལ་དབུས་དང་ལྷོ་ཕྱོགས་ཀྱི་མཚམས་འབར་བའི་ཕུག་དང་ཉེ་བར་འཁྲུངས་ཏེ། སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ་ཡིན་ཞིང༌། འཕགས་པ་ཀུ་རུ་ཀུལླེའི་སྡེ་པ་ལས་རབ་ཏུ་བྱུང༌། སྡེ་པ་དེའི་གྲུབ་མཐའ་ལ་མཁས་པར་
བྱས་པ་ཞིག་ཐེག་པ་ཆེན་པོ་ལ་མོས་ནས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་ཏེ་ཤེར་ཕྱིན་མདོ་སྡེ་རྣམས་ཡོངས་སུ་རྫོགས་པར་བཟུང་ནས། མན་ངག་མ་གསན་ནོ། །དེར་སློབ་དཔོན་དགེ་འདུན་སྲུང་བའི་སློབ་མའི་ཐ་མ་མཛད་ནས་ཤེར་ཕྱིན་གྱི་མན་ངག་དེ་ལ་ཞུས་སོ། །སློབ་དཔོན་འདི་བོད་ལ་གྲགས་པ་ལྟར་ན། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཕར་ཕྱིན་རང་ལས་མཁས་པ་ཡིན་ཟེར་ཞིང༌། རྒྱ་གར་བ་འགའ་ཞིག་ནི་ཕྱོགས་ཀྱི་གླང་པོའི་སློབ་མ་ཡིན་ཏེ། དབྱིག་གཉེན་གྱི་ཞབས་ཀྱང་མ་ཟྀན། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མངོན་རྟོགས་ནི་སློབ་དཔོན་ཆོས་འབངས་ལ་ཞུས་ཤིང༌། མན་ངག་ནི་ལེགས་ལྡན་ལ་གསན་ནོ་ཞེས་ཀྱང་ཟེར་མོད་ཀྱིས། འདིར་འཕགས་ཡུལ་ན་གྲགས་ཆེ་བ་ལྟར་ན་དཀྱུས་ཉིད་དེ། དབྱིག་གཉེན་གྱི་སློབ་མའི་ཐ་མ་ལྟ་བུ་ཡིན་ནོ། །དེ་ལ་སློབ་དཔོན་འདི་ཉིད་རྗེས་འབྲང་རྣམས་ལ་འདི་སྐད་ཅེས་གྲགས་ཏེ། དེ་ཡང་སློབ་དཔོན་འདི་གཞུང་ལུགས་སྣ་ཚོགས་ཀྱིས་དུབ་པ་ངལ་གསོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་སྒོམ་མཛད་པའི་ཚེ་ཉམས་མྱོང་ཁྱད་པར་ཅན་ཐུགས་ལ་འཁྲུངས། དོན་ལ་ཐེ་ཚོམ་མེད་ཀྱང་མདོ་གཅིག་དང་མངོན་རྟོགས་རྒྱན་གྱི་ཚིག་ལ་མི་འབྱོར་བ་འགའ་རེ་བྱུང་སྟེ་ཐུགས་མི་བདེ་བའི་ཚེ། མནལ་ལམ་དུ་འཕགས་པ་བྱམས་པས་ལུང་བསྟན་ཏེ། ཁྱོད་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་སོང་ཞིག །དོན་ཆེན་པོ་རྙེད་པར་འགྱུར་རོ་གསུངས། ནངས་པར་དེར་བྱོན་པས་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པས་ལྷོ་ཕྱོགས་པོ་ཏ་ལ་ནས་ཉི་ཁྲི་ལེ་བརྒྱད་མའི་དཔེ་སྤྱན་དྲངས་ཏེ་བྱོན་པ་
དང་འཛོམ། མདོ་ཚིག་རྒྱན་དང་མཐུན་པར་བྱུང་བས་དབུགས་དབྱུང་ཐོབ་བོ། །དེ་ལ་མདོ་ལེ་བརྒྱད་མ་དང༌། མངོན་རྟོགས་རྒྱན་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་དོན་དུ་བཀྲལ་བ་དང༌། མདོ་རྒྱན་མཐའ་དག་བསྲེས་པའི་བསྟན་བཅོས་མཛད་པ་པོ་ཡིན་ལ། སློབ་དཔོན་འདི་མ་བྱུང་བའི་སྔ་རོལ་དུ་དེ་ལྟར་མེད་པས། ཉི་ཁྲི་སྣང་བར་སྔོན་ཆད་གཞན་གྱིས་མ་མྱོངས་གསུང་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ་ཞེས་ཟེར་རོ། །མཐར་ཤར་ཕྱོགས་སུ་རྒྱལ་ཕྲན་ཞིག་གི་བླ་མར་གྱུར། གཙུག་ལག་ཁང་ཉི་ཤུ་རྩ་བཞི་ཙམ་གྱི་བདག་པོ་མཛད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྩལ་ཏུ་བཏོན་ནས་གསུངས་པས། ཤེར་མདོ་ཉན་པའི་དགེ་སློང་རང་ཡང་ཉུང་དུས་སུ་སྟོང་ཕྲག་རེ་འཚོགས་པ་ལོ་སུམ་ཅུ་ཙམ་གྱི་བར་དུ་བྱུང་ངོ༌། །སློབ་དཔོན་འདི་རྒྱ་བོད་གཉིས་སུ་ས་དང་པོ་ཡིན་ཟེར་བ་དང༌། སྦྱོར་ལམ་པ་ཡིན་པས་འཕགས་པ་དངོས་མིན་ཡང༌། འཕགས་པ་དང་ཉེ་བས་དེའི་ཁོངས་སུ་གཏོགས་ཟེར་བ་དང༌། སོ་སོ་སྐྱེ་བོ་ཡིན་མོད་འཕགས་པ་གྲོལ་སྡེ་ཟེར་བའི་འཕགས་པ་ནི་མིག་གི་ཟུར་ཏེ་རྒྱལ་པོ་སངས་རྒྱས་སོགས་བྱས་པས་སངས་རྒྱས་ཡིན་པར་མི་འགྱུར་བ་བཞིན་ཟེར་བ་དང༌། དམན་ལམ་སྔོན་སོང་གི་བྱང་སེམས་ཡིན་ཟེར་བ་སོགས་མང་ན་ཡང༌། སྐྱེས་མཆོག་དམ་པ་ངོ་མཚར་ཅན་ཡིན་པར་རྩོད་པར་མི་སྣང་ལ། དེའི་ཐུགས་རྒྱུད་སྐྱེ་འཕགས་ཇི་ལྟར་ཡིན་སུས་ཤེས། ཚུལ་སྟོན་སོ་སོ་སྐྱེ་བོ་མོས་སྤྱོད་པ་ཅིག་ཏུ་མངོན་ནོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་ནི་སློབ་དཔོན་དབྱིག་གཉེན་ལས་མངོན་པའི་སྡེ་སྣོད་ཐོས་ལ་ཡུལ་གཞན་ཐ་དད་ཀྱི་སྡེ་སྣོད་འཛིན་པ་དུ་མ་བསྟེན་པ། སློབ་དཔོན་ཕྱོགས་ཀྱི་གླང་
པོ་དང་ཤིན་ཏུ་མཛའ་བཤེས་སུ་གྱུར་པ། ཕྱོགས་ཀྱི་གླང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉན་པའི་སློབ་མ་ཞིག་སྟེ། བློ་གྲོས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྲགས་ཤིང་བརྒྱད་སྟོང་དོན་བསྡུས་ལ་འགྲེལ་པ་ཡང་མཛད། འདིས་མཛད་པའི་ཡོན་ཏན་མཐའ་ཡས་པར་བསྟོད་པ་ལ་ཕྱོགས་ཀྱི་གླང་པོས་ཀྱང་བསྡུས་དོན་མཛད་དོ། །སློབ་དཔོན་དཀོན་མཆོག་གསུམ་གྱི་འབངས་སློབ་དཔོན་དཔའ་བོའི་མཚན་དུ་འདོད་ཅིང༌། གང་དག་བསྟོད་པ་བརྒྱ་ལྔ་བཅུ་པ་ལ་ཕྱོགས་གླང་གིས་སྤེལ་མར་བསྟོད་པའི་ཁ་སྐོང་མཛད་པས་དཔའ་བོ་དང༌། ཕྱོགས་གླང་ཕར་སློབ་ཚུར་སློབ་ཡིན་ནོ་ཞེས་ཆོས་འབྱུང་རྩོམ་པར་བྱེད་པ་ནི་ལོ་རྒྱུས་མ་དག་པ་ཐོས་པའམ། དག་པོར་ཐོས་ཀྱང་མ་ངེས་པའི་རང་བཟོའོ། །དེ་ཡང་སྤེལ་མར་བསྟོད་པའི་ནང་གི་ཕྱོགས་གླང་གི་གསུང་རྣམས་བསྟོད་པ་བརྒྱ་ལྔ་བཅུ་པའི་ཚིག་དེ་དང་དེའི་མཚམས་སྦྱོར་རམ། དོན་གསལ་བྱེད་ཁོ་ན་ཡིན་པས་འགྲེལ་པར་སྦྱར་བ་ཡིན་གྱི། སློབ་དཔོན་དེ་གཉིས་ཀྱིས་རྩོམ་རེས་བྱས་པ་ག་ལ་ཡིན་ཞེས་གོ་དགོས་སོ། །སླད་ཀྱིས་སློབ་དཔོན་དེས་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་གཙུག་ལག་ཁང་དུ་མའི་མངའ་བདག་མཛད་ནས་སྐྱེ་བོ་དུ་མ་ལ་ཆོས་བསྟན། དྲྭ་བ་ལའི་ཡུལ་དུ་བྱོན་ནས་ཆོས་གཞི་ཆེན་པོ་ལྔ་བཅུ་ཙམ་གསར་དུ་བཙུགས་ཤིང་བསྟན་པ་ཡུན་རིང་དུ་གསལ་བར་བྱས་ཏེ། མཐར་གནོད་སྦྱིན་མོ་བསྒྲུབས་ནས་རིའི་རྒྱལ་པོ་མེ་ཏོག་བརྒྱ་པ་ཞེས་བྱ་བར་བཞུད་དོ། །དགེ་བསྙེན་ཞི་བའི་གོ་ཆས་པོ་ཏ་ལར་ཕྱིན་པ་ཡང་འདི་དག་དང་དུས་མཚུངས་པའི་སྐབས་ཏེ། ཡུལ་པུནྚ་ཝརྦྷ་ནིའི་ནགས་ཚལ་ན་དགེ་བསྙེན་དེ་འཕགས་པ་སྤྱན་
རས་གཟིགས་བསྒྲུབས་ཤིག་གྲུབ་པའི་རྟགས་ཀྱང་ཕལ་ཆེར་བྱུང༌། རྒྱལ་པོ་ཤུ་བྷ་ས་ར་ཞེས་བྱ་བའི་རྨི་ལམ་དུ་འཕགས་པ་སྤྱན་རས་གཟིགས་སྤྱན་དྲངས་ན་ཡུལ་འདིར་འབྱོན་པས། འཛམ་བུའི་གླིང་དུ་མུ་གེ་དང་རིམས་ནད་རྒྱུན་ཆད་ཅིང་བདེ་བར་འགྱུར་ལ། དེའི་དོན་དུ་ནགས་ཚལ་ན་གནས་པའི་དགེ་བསྙེན་འདི་ལྟ་བུ་རི་བོ་ཏ་ལར་རྫོངས་ཤིག་ཅེས་བྱུང་བས་རྒྱལ་པོས་དགེ་བསྙེན་བོས་ཏེ། མུ་ཏིག་གི་ཕྲེང་བ་དང་སྤྱན་འདྲེན་པའི་ཡི་གེ་གཏད། ལམ་རྒྱགས་པ་ཎ་དག་ཀྱང་བྱིན་པ་ན། དགེ་བསྙེན་གྱིས་བསམ་པ། ལམ་བགྲོད་དཀའ་ཞིང་རིང་བས་སྲོག་གི་བར་ཆད་ཀྱང་བྱེད་སྲིད་ན། འོན་ཀྱང་ཡི་དམ་གྱི་ལྷ་བཞུགས་པའི་སར་འགྲོ་བར་བསྐུལ་བ་འདིའི་ངག་གཅོག་པ་ནི་ཆ་མ་ཡིན་ནོ་སྙམ་པོ་ཏ་ལའི་ལམ་ཡིག་ཐོགས་ཏེ་སོང༌། མཐར་དྷ་ན་ཤྲཱིའི་གླིང་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སླེབ། དེ་ནས་པོ་ཏ་ལར་འགྲོ་བའི་ལམ་ས་འོག་ཅུང་ཟད་བརྒྱུད་ནས་ཕྱིན་པ་ན། སླར་ས་སྟེང་ནས་འགྲོ་ས་ཡོད་པ་དིང་སང་ནི་རྒྱ་མཚོ་ལུད་པས་ས་གཞི་ནོན་ཏེ་མིས་ཐར་བ་མེད་གསུང༌། སྔོན་གྱི་དུས་དེ་ཙམ་ན་ལམ་ཡོད་པས་དེ་ལས་བརྒྱུད་ནས་སོང༌། དེར་ཆུ་བོ་ཆེན་པོ་ལ་མ་ཐར་བ་ན། ལམ་ཡིག་ལྟར་སྒྲོལ་མ་ལ་གསོལ་བ་བཏབ་པས་རྒན་མོ་ཞིག་གི་གྲུ་བཏང་ནས་བསྒྲལ། ཡང་མཚོ་གཅིག་ལ་མ་ཐར་བ་ན། ཁྲོ་གཉེར་ཅན་མ་ལ་གསོལ་བ་བཏབ་པས་བུ་མོ་ཞིག་གིས་གཟིངས་བཏང་ནས་བསྒྲལ། ཡང་ནགས་ཀྱི་མཐའ་མེ་འབར་ནས་མ་ཐར་བ་ལ། རྟ་མགྲིན་ལ་གསོལ་བ་བཏབ་པས་ཆར་ཕབ་སྟེ་ཞི། འབྲུག་སྒྲས་ལམ་བསྟན། ཡང་ངམ་གྲོག་གཏིང་དཔག་ཚད་མང་པོ་ཡོད་པས་ལམ་བཅད་དེ་འགྲོ་མ་ཐུབ་པ་ལ།
རལ་གཅིག་མ་ལ་གསོལ་བ་བཏབ་པས་སྦྲུལ་ཆེན་པོས་ཟམ་པ་བྱས་ཏེ་དེ་ལ་ཕྱིན། དེ་ནས་སྤྲེའུ་གླང་པོ་ཆེའི་ལུས་ཙམ་མང་པོས་ལམ་བཀག་ནས་འདུག་པ་ལ། དོན་ཡོད་ཞགས་པ་ལ་གསོལ་བ་བཏབ་པས་སྤྲེའུ་ཆེན་པོ་དེ་རྣམས་ཀྱིས་ལམ་ཕྱེ་ཞིང་བཟའ་བཅའ་བཟང་པོ་དག་བྱིན། དེ་ནས་རི་བོ་ཏ་ལའི་རྩ་བར་སླེབ་ནས་བྲག་རི་ལ་མ་ཐར་ཏེ། འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་པས་སྤ་ཐག་གི་སྐས་བྱུང་ནས་དེ་ལ་འཛེགས། དེ་ནས་ཕྱོགས་ཐམས་ཅད་རྨུགས་པས་ནོན་ཏེ་ལམ་མ་རྙེད། ཡུན་རིང་དུ་གསོལ་བ་བཏབ་པ་ན་ན་བུན་དེངས། རི་དེའི་སུམ་ཆ་ལ་སྒྲོལ་མའི་སྐུ་བརྙན་དང༌། རི་སྐེད་ན་ཁྲོ་གཉེར་ཅན་མའི་སྐུ་བརྙན་སོགས་མཐོང༌། རིའི་རྩེ་མོར་ཕྱིན་པ་ན་གཞལ་མེད་ཁང་སྟོང་པ་ན་མེ་ཏོག་ཐོ་རེ་བ་ལས་གཞན་སུ་ཡང་མི་འདུག་གོ །དེར་ཕྱོགས་གཅིག་ཏུ་གསོལ་བ་འདེབས་ཀྱིན་ཟླ་བ་གཅིག་ཏུ་བསྡད་པས། ནམ་ཞིག་ན་བུད་མེད་ཅིག་འོངས་ནས་འཕགས་པ་བྱོན་པས་འདིར་ཤོག་ཅིག་ཟེར་ཏེ་ཁྲིད་ནས་ཕོ་བྲང་གི་སྒོ་རིམ་པ་སྟོང་ཕྱེ་བ་ལས། སྒོ་རེ་རེ་ཕྱེ་བས་ཏིང་ངེ་འཛིན་རེ་རེ་སྐྱེས། འཕགས་པ་ལྷ་ལྔ་དང་དངོས་སུ་མཇལ། མེ་ཏོག་སྐུ་ལ་གཏོར། རྒྱལ་པོའི་ཡི་གེ་དང་རྟེན་ཕུལ། འཛམ་བུའི་གླིང་དུ་འབྱོན་པར་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ་དགེ་བསྙེན་ལ་ལམ་རྒྱགས་པ་ཎ་མང་པོ་གནང༌། འདི་ཙམ་གྱི་འཚོ་བ་ལ་བརྟེན་ནས་ཁྱོད་ཡུལ་དུ་སླེབ་པར་འགྱུར་གྱིས་པ་ཎ་མ་ཟད་པ་ན་འོང་ངོ༌། །ཞེས་གསུངས་ཤིང་ལམ་བསྟན། རི་སྐེད་དང་རིའི་རྩ་བའི་སུམ་ཆ་ན་ཡོད་པའི་སྐུ་བརྙན་ཚོ་ཡང་སྐུ་དངོས་སུ་མཐོང༌། ཚུར་འོངས་པ་ན་ཞག་བཅོ་ལྔ་ན་རང་གི་གནས་དེར་སླེབ་རྒྱུའི་
བཅུ་བཞི་སོང་བའི་ཉིན་མོ་པུཎྜ་ཝརྡྷ་ནའི་རི་མཐོང་བས་རབ་ཏུ་དགའ་སྟེ། པ་ཎ་ལྷག་པོས་བཟའ་བཏུང་ལྷག་པར་ཉོས་ཏེ་ཟོས། རྒྱལ་པོའི་གྲོང་ཁྱེར་དུ་མ་སླེབ་པར་རང་གི་སྒྲུབ་གནས་དང་ཉེ་བར་སླེབ་པའི་ཚེ་པ་ཎ་ཟད། ས་དེར་བསྡད་ནས་ཉིན་རངས་པར་འཕགས་པ་འབྱོན་ནམ་སེམས་པ་ལས་མ་བྱོན། ནམ་ཕྱེད་ན་གཉིད་དུ་ཕྲི་སོང་བ་ན་རོལ་མོའི་སྒྲ་གྲགས་པས་གཉིད་སད། ནམ་མཁའ་ན་ལྷ་རྣམས་མཆོད་པ་བྱེད་ཀྱིན་འདུག སུ་ལ་མཆོད་དྲིས་པས་འཛམ་བུའི་གླིང་པའི་ཁྱེའུ་རྨོངས་པ་ཁྱེད་ཉིད་རྒྱབ་བརྟེན་པའི་ཤིང་ལ་འཕགས་པ་འཁོར་བཅས་བྱོན་ནོ་ཟེར། བལྟས་པས་ཤིང་གི་ངོས་ལ་ལྷ་ལྔ་དངོས་སུ་བྱོན་འདུག་པས་ཕྱག་འཚལ་གསོལ་བ་བཏབ། རྒྱལ་པོའི་ཡུལ་དུ་འབྱོན་པར་ཞུས་ཀྱང་དང་པོ་པ་ཎ་མ་ཟད་ན་དེ་ལྟར་ཡིན་ཡང་ད་ནི་འདི་ཁོ་ནར་གནས་སོ་གསུང༌། དེ་ནས་རྒྱལ་པོ་ལ་སྦྲན་པས་མ་མགུ་བར་དགེ་བསྙེན་ལ་གླ་རྔན་གཅིག་ཀྱང་མ་བྱིན་སྐད། དེ་ནས་ནགས་ཚལ་དེར་ལྷ་ཁང་བཞེངས། ཁ་སརྤ་ཎིའི་གཙུག་ལག་ཁང་དུ་གྲགས་ཏེ། ཁ་སརྤ་ཎ་ནི་ནམ་མཁའ་ལ་གཤེགས་ནས་བྱོན་པའི་ཕྱིར་མཁའ་སྤྱོད་དམ་པ་ཎ་ཟད་པའི་ཚེ་བྱོན་པས་པ་ཎ་ཟད་པ་ཞེས་བྱ་བ་ཡིན་ཟེར་ཡང་མཁའ་སྤྱོད་དུ་བསྒྱུར་བ་ནི་ཤིན་ཏུ་ལེགས་ཤིང༌། ཅིག་ཤོས་དང་མཐུན་པར་བསྒྱུར་ན། ཁར་ས་ནི་ཟས་ཀྱི་རིན་གྱི་སྐད་དོད་ཡིན་ལ། པ་ཎ་ནི་གསེར་དངུལ་གྱི་དོང་ཙེ་ད་ལྟ་ཊང་ཁར་གྲགས་པ་འདི་ཡིན་པས། ཟས་རིན་དོང་ཙེའི་དོན་ཡིན་ནོ། །དེ་ལྟར་ནི་རྒྱ་གར་སྤྱི་ཁྱབ་ཏུ་གྲགས་པ་ལྟར་རོ། །ཉི་ཁྲི་ལེ་བརྒྱད་མའི་ལོ་རྒྱུས་ལྟར་ན། རྒྱལ་པོས་
བསྐུལ་པའི་འཕྲོས་མེད་པར་པོ་ཏ་ལར་ལན་གསུམ་བྱོན་པའི་དང་པོ་ཁོང་རང་ཉིད་ཀྱི་མཇལ་བའི་དོན་དང༌། གཉིས་པ་མངོན་རྟོགས་རྒྱན་དང་མདོ་མ་མཐུན་པའི་དོགས་གཅོད་ལ་ཝཱ་རཱ་ཎ་སཱིའི་དགེ་འདུན་གྱིས་བཏང་བ་ཡིན་ནའང༌། དེ་མ་ཞུས་པར་འཕགས་པ་ཁ་སརྤ་ཎ་ཉིད་སྤྱན་དྲངས། ཁ་སརྤ་ཎ་ལ་ཞུས་པས། ང་སྤྲུལ་པ་ཡིན་པས་མི་ཤེས་གསུངས་ནས། ལན་གསུམ་པ་དེའི་དོགས་གཅོད་ལ་པོ་ཏ་ལར་བྱོན་ནས་ལེ་བརྒྱད་མ་ཡང་སྤྱན་དྲངས་ཟེར་རོ། །དགེ་བསྙེན་དེ་ལ་འཕགས་པ་ཁ་སརྤ་ཎ་ལྷ་ལྔ་དངོས་སུ་སྣང་ཞིང༌། དུས་དེར་མཆོད་པ་ཡང་མངོན་སུམ་དུ་བཞེས་པ་ལས། དགེ་བསྙེན་དེ་ཡོ་བྱད་ལ་བལྟས་ནས་ཆོམ་རྐུན་པས་བཀྲོང་པར་བརྩམས་པའི་ཚེ། མྱོང་བར་ངེས་པའི་ལས་ཀྱི་མཐུར་ཤེས་ནས། མགོ་བོ་འཕགས་པའི་ཕྱག་ཏུ་ཕུལ་ཞིག་བྱས་ནས། ཆོམ་རྐུན་པས་ཀྱང་དེ་བཞིན་དུ་བྱས། འཕགས་པས་སྤྱན་ཆབ་ཕྱུང་བ་ཀླད་ཁུང་དུ་སོང་བས་དེ་ཐམས་ཅད་རིང་བསྲེལ་དུ་གྱུར། དེ་ཕྱིན་ཆད་མཆོད་པ་དངོས་སུ་མ་བཞེས་ཞེས་གྲགས་སོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་ལ་སོགས་པའི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་གསུམ་པའོ།། །།དེ་ནས་རྒྱལ་པོ་ཤྲཱི་ཧརྴའི་བུ་རྒྱལ་པོ་ངང་ཚུལ་ཞེས་བྱ་བ་བྱུང༌། དེ་ནི་སྔོན་དགེ་སློང་སྡེ་སྣོད་གསུམ་པ་ཞིག་རྒྱལ་པོའི་ཕོ་བྲང་དུ་དུས་སྟོན་ཆེན་པོ་ཡོད་པ་ཞིག་ལ་སློང་མོར་ཕྱིན་ཡང་བསོད་སྙོམས་མ་ཐོབ་པར་སྒོ་བས་བསྐྲད་དོ། །དེ་ཁ་ཟས་བཅད་པས་བཀྲེས་ནས་འདས་པའི་ཚེ། དཀོན་མཆོག་མཆོད་པའི་རྒྱལ་པོར་གྱུར་ནས་རབ་ཏུ་བྱུང་བ་རྣམས་ཟས་ཀྱིས་ཚིམ་པར་བྱེད་པའི་སྨོན་ལམ་
བཏབ། དེའི་མཐུས་རྒྱལ་པཽའི་ལོངས་སྤྱོད་ཆེན་པོར་གྱུར་ཏེ་ཕྱོགས་བཞིའི་དགེ་འདུན་ཐམས་ཅད་ལ་ཁ་ཟས་བཟང་པོས་མཆོད་པ་ཞིག་བྱུང༌། ཕོ་བྲང་གྲོང་ཁྱེར་ལ་ཏ་ཞེས་བྱ་བར་བྱས། ལོ་བརྒྱ་དང་བཞི་བཅུ་ཐོབ། རྒྱལ་སྲིད་ཀྱང་ལོ་བརྒྱར་ཉེ་བར་བྱས་སོ། །ཡོན་ཏན་འོད་ཀྱི་སྐུ་ཚེའི་གཞུག་ཙམ་ན་འདི་རྒྱལ་སར་ཐོན། ཤར་དུ་རྒྱལ་པཽ་ལི་ཙ་བཱིའི་རིགས་ལས་བྱུང་བ་སེང་གེ་ཞེས་བྱ་བ་མངའ་ཐང་ཆེན་པོ་ཞིག་བྱུང༌། དེའི་དུས་སློབ་དཔོན་ཙནྡྲ་གོ་མཱི་འཁྲུངས། སེང་གེའི་བུ་རྒྱལ་པོ་བྷརྴ་ཞེས་བྱ་བས་ཀྱང་རྒྱལ་སྲིད་རིང་དུ་བྱས། ཙནྡྲའི་རིགས་རྒྱལ་པཽ་སིང་ང་ཙནྡྲ་ཞེས་པ་རྒྱལ་སྲིད་ལ་འཁོད་དེ། ཤུགས་ཆུང་ངུར་ཡོད་པས་རྒྱལ་པོ་སེང་གེ་དང༌། གྷརྴའི་ལུང་ལེན་དགོས་པར་བྱུང༌། འདི་སྐབས་ལེགས་ལྡན་དང༌། འཕགས་པ་གྲོལ་སྡེའི་སྐུ་ཚེའི་སྨད་ཀྱི་དུས་ཡིན། སློབ་དཔོན་ཉི་མ་སྦས་པ་དང༌། གྲོལ་སྡེའི་སློབ་མ་མཆོག་སྡེ་དང༌། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སྐུ་ཚེའི་སྨད་དང༌། ཡོན་ཏན་འོད་ཀྱི་སླཽབ་མ་འཕགས་པ་ཟླ་བའི་ནོར་བུ་དང༌། ན་ལེནྡྲའི་མཁན་པོ་རྒྱལ་བའི་ལྷ་རྣམས་དུས་མཚུངས་སུ་བྱུང་ཞིང༌། ལྷོ་ཕྱོགས་སུ་སློབ་དཔོན་ཟླ་བ་གྲགས་པའང་བྱོན། སློབ་དཔོན་ཆོས་སྐྱོང་དང༌། སློབ་དཔོན་ཞི་བ་ལྷ་དང༌། གྲུབ་ཐོབ་བི་རཱུ་པའི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་མོ། །འཕགས་པ་ས་ག་ལྷ་ཡང་འདི་དུས་བྱུང་བར་མངོན་ཏེ། མེ་ཏོག་ཕྲེང་བརྒྱུད་ལོ་ཙཱ་བ་སྙེལ་ཙོར་ཤེས་རབ་གྲགས་ཀྱིས་བསྒྱུར་བ་ན། འཕགས་པ་དགེ་འདུན་འབངས་ཀྱི་སློབ་མ་འཕགས་པ་ས་ག་ལྷས་མཛད་པ་ཞེས་འབྱུང་བས་སོ། །དེའི་ཕྱིར་ཉན་ཐོས་དགྲ་བཅོམ་པ་ཡིན་མིན་ཡང་བརྟག་དགོས་
སོ། །དེ་དག་ལས་མཆོག་སྡེ་དང༌། ཀ་མ་ལ་བུདྡྷིའི་ལོ་རྒྱུས་མ་ཐོས། ཟླ་བའི་ནོར་བུ་རྒྱལ་པོ་ངང་ཚུལ་གྱི་བླ་མ་ཡིན་ཡང་གཏམ་རྒྱུད་རྒྱས་པ་མི་སྣང་ལ། ཉི་མ་སྦས་པ་ནི། འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་བཞེད་པ་གཅིག་ཏུ་གསུང་ཞིང༌། ཁ་ཆེ་དང་མ་ག་དྷཱར་ཆོས་གཞི་ཆེན་པོ་བཅུ་གཉིས་བཅུ་གཉིས་བཙུགས་ནས། ཡོ་བྱད་ཐམས་ཅད་གནོད་སྦྱིན་རྣམས་སྦྱོར་དུ་འཇུག་གོ །ནང་པ་ཐམས་ཅད་འཇིགས་པ་བརྒྱད་ལས་སྐྱོབ་པའི་སྲུང་བ་པོ་མཛད་ཅིང༌། སྒྲོལ་མ་གྲུབ་པའི་དགེ་སློང་སྔགས་མཁན་ཞིག་ཡིན་ཏེ། ལོ་རྒྱུས་གཞན་དུ་ཤེས། རྒྱལ་བའི་ལྷ་ཡང་གསུངས་རབ་དུ་མ་ལ་མཁས་པར་བྱས་པའི་སློབ་དཔོན་ཆེན་པོ་ན་ལེནྡྲར་ཡུན་རིང་དུ་བཞུགས་པ་ཞིག་སྟེ། རྣམ་ཐར་ཞིབ་མོ་མ་ཐོས་སོ། །དེའི་ཚེ་བྱང་ཕྱོགས་ཧ་སཱ་མར་སངས་རྒྱས་ཀྱི་ཚེམས་མཆེ་བ་ཞིག་བྱོན་ཏེ། སློབ་དཔོན་དགེ་འདུན་འབངས་ཀྱི་སློབ་མ་སྙན་དངགས་མཁན་གསང་བ་བྱིན་དང༌། ཆོས་འབངས་ཀྱི་སློབ་མ་རཏྣ་མ་ཏི་ལ་སོགས་པ་འཁོར་རྣམ་པ་བཞི་ཆོས་བཞིན་སྤྱོད་པ་བརྒྱ་སྟོང་མང་པོ་བྱུང་ནས་ཚེམས་མཆེ་བ་ལ་མཆོད་པར་བྱེད་པ་བྱུང༌། དེའི་རྒྱུན་ད་ལྟར་པུ་ཁང་ན་ཡོད་དོ། །དཔལ་ལྡན་ཟླ་བ་གྲགས་པ་ནི། ལྷོ་ཕྱོག་ས་མནྟར་སྐུ་འཁྲུངས་ནས། ཆུང་ངུ་ཉིད་ནས་རིག་པའི་གནས་མཐའ་དག་ལ་སྦྱངས། ལྷོ་ཕྱོགས་ཀྱི་ཡུལ་དེ་ཉིད་དུ་རབ་ཏུ་བྱུང་ཞིང་སྡེ་སྣོད་མཐའ་དག་ལ་མཁས་པར་བྱས། ལེགས་ལྡན་གྱི་སློབ་མ་མང་པོ་དང་སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་ལ་ཀླུ་སྒྲུབ་ཀྱི་གཞུང་ལུགས་དང་མན་ངག་ཐམས་ཅད་ནོས། མཁས་པའི་མཁས་པ་ཆེན་པོར་བྱུང་ནས་དཔལ་ན་ལེནྡྲའི་མཁན་པོ་མཛད། རྩ་འཇུག་
བཞི་གསུམ་དང༌། རིག་པ་དྲུག་ཅུ་པའི་འགྲེལ་པ་ལ་སོགས་པ་མཛད་དེ་སངས་རྒྱས་བསྐྱངས་ཀྱི་ལུགས་དེ་ཉིད་ཆེས་དར་བར་མཛད་པ་ཡིན་ནོ། །དེར་རི་མོར་བྲིས་པའི་བ་གྲུས་མ་ལས་འོ་མ་བཞོས་ནས་དགེ་འདུན་ཐམས་ཅད་འོ་ཐུག་གིས་ཚིམ་པར་མཛད་པ་དང༌། རྡོའི་ཀ་བ་ལ་ཕྱག་ཐོགས་མེད་དུ་སོང་ཞིང༌། རྩིག་པ་ལ་ཐོགས་མེད་དུ་བཞུད་པ་སོགས་ངོ་མཚར་བའི་ལྟས་དུ་མ་ཡོད་ཅིང༌། མུ་སྟེགས་ཀྱི་རྒོལ་བ་མང་པོ་བཟློག་པར་མཛད། མཐར་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ་གོངྐུ་ནའི་ཡུལ་དུ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་བཅད། བྲམ་ཟེ་དང་ཁྱིམ་བདག་ཕལ་ཆེར་བསྟན་པ་ལ་བཅུག་ནས་ཆོས་གཞི་ཆེན་པོ་མང་དུ་བཏབ། སླད་ཀྱིས་མ་ནུ་བྷཾ་ག་ཞེས་བྱ་བའི་རི་ལ་སྔགས་ཀྱི་ལམ་ལ་བརྟེན་ནས་དངོས་གྲུབ་མཆོག་ཐོབ་པར་བཞེད་པས། ཡུན་རིང་དུ་བཞུགས་ནས་འཇའ་ལུས་སུ་སོང་བར་སྔགས་ཀྱི་སློབ་དཔོན་རྣམས་འདོད་དེ། བོད་ཀྱི་ལོ་རྒྱུས་ལྟར་ན་དགུང་ལོ་སུམ་བརྒྱ་བཞུགས་པ་དང༌། རྡོའི་སེང་གེ་ལ་ཆིབས་ནས་ཏུ་རུཥྐའི་དམག་བཟློག་པའི་མཛད་པ་ཁྱད་པར་ཅན་བསྟན་པར་འདོད་དེ། ཕྱི་མ་ནི་དེ་ལྟར་བྱུང་བར་རུང་ལ། སྔ་མ་ནི་འཇའ་ལུས་སུ་གྱུར་ན་འཆི་བ་མེད་པ་ཡིན་པས་ལོ་སུམ་བརྒྱས་ཆར་ཡང་མི་བཟོད། རྣམ་སྨིན་རགས་པའི་སྐུ་ལུས་ཀྱིས་མི་ཡུལ་དུ་དེ་ལྟར་བཞུགས་པར་འདོད་ན་ནི་མི་འཐད་པར་མངོན་ནོ། །སློབ་དཔོན་ཙནྡྲ་གོ་མཱི་ནི། ཤར་ཕྱོགས་པ་རེནྡྲར་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བའི་པནྚི་ཏ་ཞིག་མུ་སྟེགས་རྒྱང་འཕེན་པའི་སྟོན་པ་ཞིག་དང་རྩོད་པར་གྱུར་ཏེ། དེའི་རིང་ལུགས་སུན་ཕྱུང་ཡང་རིག་པ་ནི་བློས་རྣམ་པར་བརྟགས་པ་ཡིན་པས་གང་བློ་
སྒྲིན་པ་དེ་རྒྱལ་བར་ཟད་ཀྱི། སྐྱེ་བ་སྔ་ཕྱི་ཡོད་པའི་རྟགས་མངོན་སུམ་དུ་མེད་པས་ཁོ་བོ་ཅག་དེ་མི་འདོད་ཟེར་བ་ན། རྒྱལ་པཽ་ལ་སོགས་པ་དཔང་པོར་བཞག་སྟེ། ང་ཉིད་སྐྱེ་བ་ལེན་པ་ཡིན་པས་དཔྲལ་པར་རྟགས་ཐོབ་ཅིག་བྱས་ནས། དེས་དཔྲལ་པར་མཚལ་གྱི་ཐིག་ལེ་ཤ་ལ་ཐིམ་པ་ཞིག་བྱས། ཁ་ནང་དུ་མུ་ཏིག་བཅུག་སྟེ་དེ་ཉིད་དུ་འདས་ཏེ། དེའི་ལུས་ཟངས་ཁ་སྦྱོར་གྱི་ནང་དུ་བཅུག་ནས་རྒྱལ་པོའི་རྒྱས་བཏབ་བོ། །དེ་རྒྱལ་རིགས་ཀྱི་པནྚི་ཏ་བི་ཤེ་ས་ག་ཞེས་བྱ་བའི་བུར་སྐྱེ་བར་ཁས་བླངས་པ་བཞིན་དེ་ལ་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས་མ་ཐག་ཏུ་མཚལ་གྱི་རི་མོ་དཔྲལ་པར་ཡོད་པ་ཁ་ནང་ན་མུ་ཏིག་ཡོད་པ་དེ་བྱུང༌། རྒྱལ་པོ་སོགས་ཀྱིས་སྔར་གྱི་ཕུང་པོ་དེ་བལྟས་པས་དཔྲལ་པའི་མཚལ་གྱྀ་རི་མོ་ཡང་བྱིད། མུ་ཏིག་གི་ཤུལ་ཧར་རེ་འདུག་གོ །དེར་མུ་སྟེགས་དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་པར་ཡིད་ཆེས་སྐད། ཁྱེའུ་དེ་བཙས་མ་ཐག་ཏུ་མ་ལ་ཕྱག་བྱས་ཏེ། ཟླ་བ་བཅུར་འོ་བརྒྱལ་བར་མ་གྱུར་ཏམ་བྱས་པས། བྱིས་པ་བཙས་མ་ཐག་སྨྲ་བ་ནི་ལྟས་ངན་ནོ་སྙམ་ནས་ཁ་རོག་འདུག་བྱས་སོ། །དེ་ནས་ལོ་བདུན་གྱི་བར་དུ་ཅང་མ་སྨྲས་པས་ལྐུགས་པའོ་སྙམ་མོ། །དེར་མུ་སྟེགས་ཀྱི་རྒོལ་བ་ཞིག་གིས་ཤིན་ཏུ་གོ་དཀའ་བའི་སྙན་དངགས་ཀྱི་ཚིགས་སུ་བཅད་པ། སྙན་དངགས་དེའི་དོན་གྱིས་སངས་རྒྱས་པ་རྣམས་ཀྱི་གྲུབ་མཐའ་འགོག་པ་ཞིག་བརྩམས་ནས་རྒྱལ་པོ་དང༌། མཁས་པའི་ཚོགས་ལ་གྲིམས་སོ། །དེར་བི་ཤེ་ས་གའི་ཁྱིམ་དུ་བྱུང་བ་ན། དེས་ཡུན་རིང་དུ་བརྟགས་པས་སྒྲ་དོན་ཇི་བཞིན་གོ་བ་ཡང་མེད་ན། ལན་གདབ་པ་ག་ལ་ནུས་ཏེ། དོན་དེ་སེམས་ཤིང་ཁྱིམ་གྱི་ཕྱི་རོལ་ཏུ་བྱ་བ་ཞིག་ལ་སོང་ངོ༌། །
དེར་ཙནྡྲ་གོ་མཱི་ལོ་བདུན་ལོན་པ་དེས་བལྟས་པ་ན། དོན་ཤེས་ཤིང་ལན་གདབ་པར་དཀའ་བ་མེད་དེ། དེའི་དོན་འགྲོལ་བའི་ཡིག་ཆུང་བཏབ། ལན་གྱི་ཚིགས་བཅད་ཀྱང་བྲིས་སོ། །ཕས་ནང་དུ་འོངས་པ་ན། དེ་ལྟར་བྲིས་པ་མཐོང་ནས། ཁྱིམ་དུ་སུ་བྱུང་ཞེས་ཙནྡྲ་གོ་མཱིའི་མ་ལ་དྲིས་སོ། །གཞན་སུ་ཡང་མ་འོངས་ཏེ། བུ་ལྐུགས་པས་བལྟ་ཞིང་བྲིས་སོ། །དེར་ཕས་བུ་ལ་དྲིས་པ་ན་མའི་གདོང་ལ་བལྟ་ཞིང་འདུག་གོ །མས་སྨྲོས་ཤིག་བྱས་པས། འདི་ནི་བདག་གིས་བྲིས་པ་སྟེ་རྒོལ་བ་འདི་བཟློག་པ་ནི་དཀའ་བ་མ་ཡིན་ནོ་ཞེས་ཟེར། དེ་ནས་ནང་པར་ཙནྡྲ་གོ་མཱི་དང༌། མུ་སྟེགས་ཀྱི་སྟོན་པ་དེ་བརྩད་པས། ཙནྡྲ་གོ་མཱི་རྒྱལ་ཏེ་བྱ་དགའ་ཆེན་པོ་ཐོབ། དེས་ན་སྒྲ་དང་རྟོག་གེ་ལ་སོགས་པ་རིག་གནས་ཐུན་མོང་བ་ཐམས་ཅད་མ་བསླབས་པར་རང་ཤེས་སུ་ཤེས་པ་ཞིག་བྱུང་སྟེ། ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་བོ། །དེ་ནས་ཐེག་པ་ཆེན་པོའི་སློབ་དཔོན་ཞིག་ལ་སྐྱབས་སུ་འགྲོ་བ་དང༌། བསླབ་པའི་གནས་ལྔ་བླངས། སློབ་དཔོན་ཆེན་པོ་བླཽ་གྲོས་བརྟན་པ་ལ་མདོ་སྡེ་དང༌། མངོན་པའི་སྡེ་སྣོད་ཕལ་ཆེར་ལན་ཅིག་ཉན་པ་ཙམ་གྱིས་མཁྱེན། རིག་པ་འཛིན་པའི་སློབ་དཔོན་མྱ་ངན་མེད་པ་ཞེས་བྱ་བ་ལ་བཀའ་ལུང་ནོས་ཏེ། རིག་སྔགས་བསྒྲུབས་པས་འཕགས་པ་སྤྱན་རས་གཟིགས་དང༌། སྒྲོལ་མའི་ཞལ་མངོན་སུམ་དུ་གཟིགས། ཤིན་ཏུ་མཁས་པ་ཆེན་པོར་གྱུར། དེ་ནས་ཤར་ཕྱོགས་སུ་རྒྱལ་པཽ་བྷརྴའི་ཡུལ་དུ་སྨན་དཔྱད་དང༌། སྡེབ་སྦྱོར་དང། བཟོའི་གནས་ཀྱི་བསྟན་བཅོས་མང་དུ་བྱས། ཁྱད་པར་དུ་སྒྲ་རིག་པ་མང་དུ་བཤད་ཅིང་ཡོད།
དེའི་ཚེ་རྒྱལ་པོའི་བུ་མོ་ཏཱ་རཱ་ཞེས་བྱ་བ་བག་མར་བླངས་ཤིང༌། རྒྱལ་པོས་ཡུལ་འཁོར་ཞིག་ཀྱང་མཁྱེན། དུས་ལན་ཅིག་དེའི་གཡོག་མོས་ཏཱ་རཱ་ཞེས་འབོད་ཀྱིན་འདུག་པས། ཡི་དམ་དང་མཚན་མཐུན་པ་ཁྱིམ་ཐབ་ཏུ་མི་རུང་ངོ་སྙམ་ནས། སློབ་དཔོན་ཉིད་ཡུལ་གཞན་དུ་འགྲོ་བར་བརྩམས་པ་རྒྱལ་པཽས་ཤེས་ཏེ། དེ་ཕའི་བུ་མོ་དང་ལྷན་ཅིག་མི་འདུག་ན་སྒྲོམ་དུ་ཆུག་ལ་གངྒ་ལ་སྐྱུར་ཞིག་ཅེས་བསྒོས་ཏེ་དེ་བཞིན་དུ་བྱས་པ་ན། སློབ་དཔོན་གྱིས་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་གསོལ་བ་བཏབ་པས། གངྒ་དང་རྒྱ་མཚོ་འཕྲད་མཚམས་ཀྱི་རྒྱ་མཚོའི་གླིང་ཞིག་ལ་ཐོན། གླིང་དེ་འཕགས་མས་སྤྲུལ་པ་ཡིན་ཡང་ཟེར་ཏེ། ཙནྡྲ་དྭཱི་པ་ཞེས་བྱ་བ་ཙནྡྲ་གོ་མི་ཉིད་དེར་བཞུགས་པ་ལས་མིང་ཆགས་ཤིང༌། ད་ལྟར་ཡང་ཡོད་དེ་གྲོང་བདུན་སྟོང་ཙམ་ཤོང་བ་ཞིག་འདུག་ཟེར། གླིང་དེར་སློབ་དཔོན་གྱིས་བཞུགས་ཏེ། འཕགས་པ་སྤྱན་རས་གཟིགས་དང༌། སྒྲོལ་མའི་སྐུ་རྡོ་ལ་བཞེངས། ཐོག་མར་ཉ་པ་རྣམས་ཀྱིས་གཏམ་དེ་ཐོས། དེ་ནས་རིམ་གྱིས་སྐྱེ་བོ་གཞན་ཡང་བྱུང་སྟེ་གྲོང་ཁྱེར་ཆགས། འཕགས་པ་སྤྱན་རས་གཟིགས་ཀྱིས་བསྐུལ་བ་ལས་གོ་མཱིའི་དགེ་བསྙེན་མཛད། མཚན་ནི་ཙནྡྲ་ཡིན་ལ། དེ་ཕྱིན་ཆད་ནས་ཙནྡྲ་གོ་མིར་གྲགས་སོ། །དེ་ནས་ཚོང་པ་རྣམས་ཀྱིས་ཁྱེར་ཏེ་སིངྒ་ལའི་གླིང་དུ་བྱོན། ཡུལ་དེ་ནི་ཀླུ་ནད་མང་དུ་འབྱུང་བ་ཞིག་ཡོད་པ་ལས་དེར་འཕགས་པ་སེང་གེ་སྒྲའི་ལྷ་ཁང་བཞེངས་པས་རང་ཞི་ཡུལ་དེར་ཡང་བཟོ་དང་སྨན་དཔྱད་ལ་སོགས་པ་རིག་པའི་གནས་དཔག་ཏུ་མེད་པ་སྤེལ་ཏེ། གླིང་ཕྲན་གྱི་སྐྱེ་བོ་བླུན་པོ་རྣམས་ལ་ལྷག་པར་ཕན་གཏགས། ཐེག་པ་ཆེན་པོའི་ཆོས་ཀྱང་ཅི་རིགས་བཤད། ཡུལ་གྱི་བདག་པོ་
གནོད་སྦྱིན་ལས་ནོར་བླངས་ཏེ་ཆོས་གཞི་མང་དུ་བཙུགས། སླར་ཡང་འཛམ་བུའི་གླིང་གི་ལྷོ་ཕྱོགས་ཀྱི་རྒྱུད་དུ་འོངས། བྲམ་ཟེ་མཆོག་སྲེད་ཀྱི་ལྷ་ཁང་ན་ཀླུ་ལ་སྒྲ་ཉན་པའི་བཀོད་པ་དང༌། ཀླུ་ཤེ་ཥས་བྱས་པའི་པཱ་ཎི་བའི་འགྲེལ་པ་འདུག་པ་ཡང་གཟིགས་པས། འགྲེལ་པ་ཞེས་བྱ་བ་ཚིག་ཉུང་བ། དོན་མང་བ། མ་ཟློས་པ། ཚང་བ་ཞིག་དགོས་བ་ཡིན་པ་ལ། ཀླུ་ནི་རབ་ཏུ་རྨོངས་ཏེ། ཚིག་མང་བ། དོན་ཉུང་བ། ཟློས་པ། མ་རྫོགས་པའོ་ཞེས་སྨད་ནས། པ་ཎི་བའི་དོན་འགྲེལ་དུ་ཙནྡྲ་བྱཱ་ཀ་ར་ཎ་ཡན་ལག་དང་བཅས་པ་མཛད། གཞུང་དེར། ཉུང་ངུ་རྣམ་གསལ་ཡངས་དག་རྫོགས། །ཞེས་གསུང་པ་ཡང་ཀླུ་ལ་ཟུར་ཟ་བའོ། །དེ་ནས་རིག་པའི་འབྱུང་གནས་དཔལ་ནཱ་ལེནྡྲར་འོངས། དེ་ཡང་ནཱ་ལེནྡྲ་ན་མུ་སྟེགས་དང་རྩོད་པར་བཟོད་པའི་པནྚི་ཏ་རྣམས་ལྕགས་རིའི་ཕྱི་རོལ་ཏུ་ཆོས་འཆད། མི་བཟོད་པ་རྣམས་ནང་དུ་འཆད་པ་ལས། དེའི་ཚེ་མཁན་པོར་གྱུར་པ་ཟླ་བ་གྲགས་པ་ནི། ཕྱི་རོལ་ཏུ་ཆོས་འཆད་ཅིང་ཡོད་པའི་སར་ཙནྡྲ་གོ་མཱི་འགྲེངས་ཏེ་བཞུགས་པས། རྩོད་པར་འདོད་པ་རྣམས་དེ་བཞིན་བྱེད་པ་ཡིན་ལ། དེ་མིན་ཡང་ན་མི་ཉན། ཡང་ན་གུས་པས་ཉན་པ་ཡིན་ནོ། །དེར་ཟླ་བ་གྲགས་པས་རྩོད་ཟླ་ཡིན་ནམ་སྙམ་ནས། ཁྱེད་གང་ནས་འོངས་བྱས་པས། ལྷོ་ཕྱོགས་ནས་འོངས་ཟེར། ཆོས་གང་ཤེས་དྲིས་པས། སྒྲ་པཱ་ཎི་པ་དང༌། བསྟོད་པ་བརྒྱ་ལྔ་བཅུ་པ་དང༌། མཚན་ཡང་དག་པར་བརྗོད་པ་གསུམ་ཤེས་བྱས་པས། འདི་གཞུང་གསུམ་ལས་མི་ཤེས་ཞེས་ཚིག་ཁེངས་བསྐྱུངས་ཀྱང༌། དོན་གྱིས་སྒྲ་རིག་པ་དང༌། མདོ་དང༌། སྔགས་
ཐམས་ཅད་ཤེས་པར་ཁས་བླངས་པ་ཡིན་པས་ཙནྡྲ་གོ་མཱི་ཡིན་ནམ་སྙམ་སྟེ་དྲིས་པས། འཇིག་རྟེན་ན་དེ་ལྟར་གྲགས་གསུང༌། འོ་ན་མཁས་པ་ཆེན་པོ་ཐོག་བབས་སུ་བྱོན་པ་མ་ལེགས་ཀྱིས། དགེ་འདུན་གྱིས་བསུ་བ་བྱེད་དགོས་པས་རེ་ཞིག་གྲོང་ཁྱེར་དུ་བཞུད་ཅིག་གསུངས། ཙནྡྲ་གོ་མཱིས་བདག་དགེ་བསྙེན་ལ་དགེ་འདུན་གྱིས་བསུ་བ་བྱར་ག་ལ་རུང༌། ཟླ་གྲགས་ན་རེ། འདི་ལ་ཐབས་ཤིག་ཡོད་དེ་འཕགས་པ་འཇམ་དཔལ་གྱི་སྐུ་ཞིག་སྤྱན་འདྲེན་པ་ཡིན་པས། དེ་ལ་རྔ་ཡབ་གཡོབ་ཅིང་བྱོན་ཅིགདགེ་འདུན་གྱིས་འཇམ་དཔལ་གྱི་སྐུ་ལ་བསུ་བ་བྱས་པར་འགྱུར་རོ་གསུང༌། སླར་དེ་ལྟར་བྱས་པའི་ཤིང་རྟ་གསུམ་ལས། དབུས་མ་ལ་ནི་འཕགས་པ་འཇམ་དཔལ་བཞུགས། གཡས་ན་ཟླ་གྲགས་ཀྱིས་རྔ་ཡབ་གཡོབ། གཡོན་ན་ཙནྡྲ་གོ་མཱིས་རྔ་ཡབ་གཡོབ། མདུན་ནས་དགེ་འདུན་གྱིས་བསུས། སྐྱེ་བོ་དཔག་ཏུ་མེད་པ་བལྟ་བའི་ཕྱིར་འོངས། སློབ་དཔོན་ཙནྡྲ་གོ་མཱི་ལ་སྐུ་བརྙན་དེ་འཇམ་དབྱངས་དངོས་སུ་སྣང་སྟེ། འཇམ་དབྱངས་ཕྱོགས་བཅུའི་དེ་བཞིན་གཤེགས་བ་བྱེ་བ་རྣམས་ཀྱིས་བསྟོད་པར་གྱུར་མོད་དེ་ལྟ་ནའང༌། ཞེས་སོགས་བསྟོད་པ་ན། འཇམ་དཔལ་གྱི་སྐུ་བརྙན་ཞལ་ཕྱིར་ལོག་གིས་བསྟན་ནས་གསན་པ་བྱུང་བས་སྐྱེ་བོ་རྣམས་ཀྱིས་སྐུ་གཟུགས་ཕ་གི་འདི་ལྟར་བྱེད་དོ་བྱས་པས་དེ་ཁ་ལ་ལུས་ཏེ་འཕགས་པ་འཇིང་ཡོན་མར་གྲགས། དེར་ཙནྡྲ་གོ་མཱི་དད་པའི་ཤུགས་རྒྱས་ཏེ། ཤིང་རྟ་འདྲེན་བྱེད་ཀྱི་ཁ་འཐེན་པ་མ་བྱུང་བར་ཟླ་གྲགས་གྱིས་སྔོན་དུ་སོང་བས་འདི་ནི་ང་རྒྱལ་ཆེ་སྟེ། བདག་གིས་རྩོད་པར་བྱའོ་ཞེས་ཟླ་གྲགས་ཀྱིས་དགོས་སོ། །དེར་ཙནྡྲ་གོ་མཱིས་ཐོགས་མེད་ཀྱི་སྲོལ་ལ་
བརྟེན་ཏེ་རྣམ་རིག་གི་ཕྱོགས་བཟུང༌། ཟླ་གྲགས་ནི་ཀླུ་སྒྲུབ་ཀྱི་གཞུང་སངས་རྒྱས་བསྐྱངས་སོགས་ཀྱིས་བཀྲལ་བ་ལ་བརྟེན་ཏེ་ངོ་བོ་ཉིད་མེད་སྨྲ་བའི་ཕྱོགས་བཟུང༌། ལོ་བདུན་གྱི་བར་དུ་བགྲོ་གླེང་གི་བརྒལ་བརྟག་མཛད་དོ། །རྩོད་པ་དེ་བལྟ་བའི་ཕྱིར་སྐྱེ་བོ་མང་པོ་རྟག་ཏུ་འདུས་པས། གྲོང་པའི་ཁྱེའུ་དང་བུ་མོ་ཚུན་ཆད་ཀྱིས་ཀྱང་ཕྱོགས་ཙམ་རིག་ནས། ཀྱེ་མ་འཕགས་པ་ཀླུ་སྒྲུབ་གཞུང༌། །ལ་ལའི་སྨན་ལ་ལ་ལའི་དུག །མི་ཕམ་འཕགས་པ་ཐོགས་མེད་གཞུང༌། །སྐྱེ་བོ་ཀུན་ལ་བདུད་རྩི་ཉིད། །ཅེས་གླུར་ལེན་ནོ། །དེ་ནས་རྩོད་པ་དེ་ཞིར་ཉེ་བའི་སྐབས་ཤིག་ན། ཙནྡྲ་གོ་མཱི་འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་ཞིག་ན་བཞུགས་ཀྱིན་ཡོད་དེ། ཟླ་གྲགས་ཀྱིས་དེ་རིང་རྩོད་པ་མང་བོ་བཀོད་པའི་ལན། དོ་ནུབ་འཕགས་པ་སྤྱན་རས་གཟིགས་ལ་ཞུས་ཏེ་ནངས་པར་ལན་བཏབ་པ་ན། ཟླ་གྲགས་ཀྱིས་དེ་ལ་ལན་གདབ་པར་མི་ནུས་སོ། །དེ་འདྲ་ཟླ་བ་མང་པོ་སོང་བ་ན། ཟླ་གྲགས་ཀྱིས་དགོངས་པ། འདི་ལ་རྩོད་པ་སློབ་པ་ཞིག་ཡོད་དོ་བསམས་ནས། ཙནྡྲ་གོ་མཱིའི་ཕྱི་བཞིན་སོང་བས་དེ་ལྷ་ཁང་དུ་སོང༌། སྒོའི་ཕྱི་ནས་ཉན་པས་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་དེས་ཙནྡྲ་གོ་མཱི་ལ་ཆོས་གསུངས་ཏེ། སློབ་དཔོན་གྱིས་སློབ་མ་ལ་སྟོན་པ་བཞིན་དུ་རིག་པ་སློབ་པ་ལས། ཟླ་བ་གྲགས་བའི་འཕགས་པ་ལ་ཉེ་རིང་མི་མངའ་འམ་ཞེས་སྒོ་ཕྱེ་བས་དེ་ཉིད་དུ་རྡོ་སྐུར་གྱུར་ཏེ། ཆོས་སློབ་བཞིན་པའི་ཕྱག་སོར་ཀེར་རེ་པ་ལ་ལུས་པས་འཕགས་པ་འཛུབ་ཀེར་མར་གྲགས། དེ་སྐབས་ནས་རྩོད་པ་རང་ཞི། ཟླ་གྲགས་ཀྱིས་སྤྱན་རས་གཟིགས་ལ་གསོལ་བ་དྲག་ཏུ་བཏབ་པས། མནལ་
ལམ་དུ་ཁྱོད་ནི་འཇམ་དབྱངས་ཀྱིས་བྱིན་གྱིས་བརླབས་པས་ངས་བྱིན་གྱིས་རློབ་མི་དགོས་ཀྱིས། ཙནྡྲ་གོ་མཱི་ལ་ཅུང་ཟད་ཅིག་བྱིན་གྱིས་བརླབས་པ་ཡིན་གསུང༌། སྤྱི་ཁྱབ་ཏུ་དེ་ཙམ་ཞིག་གྲགས་ལ། གསང་འདུས་འཕགས་སྐོར་བ་རྣམས་ན་རེ། སླར་ཡང་ཞལ་སྟོན་པར་གསོལ་བ་བཏབ་པས། གསང་བ་འདུས་པ་སྒོམས་གསུངས། ཞག་བདུན་བསྒོམས་པས་དཀྱིལ་འཁོར་གྱི་ནུབ་ཀྱི་སྒོའི་ནང་ན་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་བྱི་རུའི་ཕུང་པོ་ལྟར་དམར་གྲོང་ངེར་ཞལ་གཟིགས་སྐད། དེ་ནས་ན་ལེནྡྲའི་གནས་དེར་བཞུགས་ནས་ཆོས་མང་དུ་བསྐུལ། ཟླ་བ་གྲགས་པས་མཛད་པའི་བསྟན་བཅོས་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཚིགས་བཅད་ལེགས་པོ་ཞིག་གཟིགས་པས་རང་གིས་མཛད་པའི་སྒྲ་མདོ་སྡེབ་མི་ལེགས་པར་མཁྱེན་ནས། འགྲོ་དོན་མི་འབྱུང་སྙམ་ནས་དེས་ཁྲོན་པར་བསྐྱུར་བས། རྗེ་བཙུན་འཕགས་མ་སྒྲོལ་མས། ཁྱོད་ཀྱི་འདི་ནི་གཞན་ཕན་གྱི་སེམས་བཟང་པོས་བྱས་པས་མ་འོངས་པ་ན་སེམས་ཅན་ལ་ཤིན་ཏུ་ཕན་པར་འགྱུར་ལ། ཟླ་གྲགས་ཀྱིས་ནི་མཁས་པའི་ང་རྒྱལ་གྱིས་ནོན་པས། གཞན་ལ་ཕན་ཐོགས་ཆུང་ངུར་འགྱུར་རོ། །དེའི་ཕྱིར་གླེགས་བམ་ཁྲོན་པ་ནས་ཕྱུང་ཞིག །ཅེས་ལུང་བསྟན་པ་ལྟར་བླངས་ཏེ། ཁྲོན་པ་དེའི་ཆུ་འཐུངས་པ་ཙམ་གྱིས་ཤེས་རབ་ཆེན་པོར་འགྱུར་བ་བྱུང༌། ཙནྡྲ་པ་ནི་དེ་ནས་ད་ལྟའི་བར་དུ་ཤིན་ཏུ་དར་རྒྱས་ཆེ་ཞིང༌། ཕྱི་ནང་ཐམས་ཅད་སློབ་པར་བྱེད་ལ། ཀུན་ཏུ་བཟང་པོ་ནི་མི་རིང་བར་ནུབ་སྟེ་ད་ལྟར་དཔེ་ཙམ་ཡང་ཡོད་པར་མི་མངོན་ནོ། །དེར་བཟོའི་གནས་བརྒྱ་རྩ་དང༌། སྒྲ་དང༌། རྟོག་གེ་དང༌། སྨན་དཔྱད་དང༌། སྡེབ་སྦྱོར་དང༌།
ཟློས་གར་དང༌། མངོན་བརྗོད་དང༌། སྙན་དངགས་དང༌། སྐར་རྩིས་ལ་སོགས་པའི་བསྟན་བཅོས་ཀྱང་མང་དུ་བརྩམས། སློབ་མ་རྣམས་ལ་དེ་རྣམས་གཙོ་བོར་བཤད་པའི་ཚེ། འཕགས་མ་སྒྲོལ་མས། ས་བཅུ་པ་དང་ཟླ་བ་སྒྲོན་མེ་དང༌། །སྡོང་པོས་བརྒྱན་པ་དང་ནི་ལང་ཀར་འཇུག །རྒྱལ་བ་རྣམས་ཀྱི་ཡུམ་གྱུར་ཀློགས་ཤིག་ཀྱེ། །སྡེབ་སྦྱོར་ངན་གཡོའི་སྦྱོར་བས་ཁྱོད་ལ་ཅི། །ཞེས་གསུངས་པས་ཕྱི་རོལ་ཀྱི་རིག་པའི་གནས་རྣམས་ཉུང་ངུར་བསྟན་ཞིང༌། རྨད་དུ་བྱུང་བའི་མདོ་ལྔ་པོ་དེ་དག་དུས་རྟག་ཏུ་མ་ཆད་པར་གཞན་ལ་གསུངས། བདག་ཉིད་ཀྱང་ཉིན་རེར་ཞལ་འདོན་མཛད། མདོ་དེ་རྣམས་ལ་དོན་བསྡུའི་བསྟན་བཅོས་རེ་ཡང་མཛད། སྤྱིར་སྔ་ཕྱིར་མཛད་པ་ལ་བསྟོད་པ་བརྒྱ་དང་བརྒྱད། ནང་རིག་པའི་བསྟན་བཅོས་བརྒྱ་དང་བརྒྱད། ཕྱི་རོལ་ཀྱི་བསྟན་བཅོས་བརྒྱ་དང་བརྒྱད། བཟོ་གནས་བརྒྱ་དང་བརྒྱད་དེ། ཕྲ་མོ་ཐོར་བུ་པ་བཞི་བརྒྱ་སུམ་ཅུ་རྩ་གཉིས་བརྩམས་ཟེར། པྲ་དཱི་བ་མཱ་ལི་ཞེས་བྱ་བའི་བསྟན་བཅོས་བྱང་ཆུབ་སེམས་དཔའི་ལམ་རིམ་མཐའ་དག་སྟོན་པ་ཞིག་ཀྱང་མཛད་དེ། ཆེར་མ་དར། འགྲོ་ལྡིང་དང༌། སིངྒ་ལའི་གླིང་ན་དེ་འཆད་པའི་སྲོལ་ད་ལྟའང་འདུག་གསུང༌། སྡོམ་པ་ཉི་ཤུ་པ་དང༌། སྐུ་གསུམ་ལ་འཇུག་པ་ནི། ཐེག་ཆེན་པནྚི་ཏ་ཕྱིས་བྱོན་པ་ཐམས་ཅད་ཀྱིས་སློབ་མར་བྱེད་པ་བྱུང་ངོ༌། །སྒྲོལ་མའི་སྒྲུབ་ཐབས་བརྒྱ་རྩ་དང༌། སྤྱན་རས་གཟིགས་ཀྱི་སྒྲུབ་ཐབས་བརྒྱ་རྩ་ཞེས་བྱ་བ་སློབ་དཔོན་འདིས་མཛད་པ་བོད་དུ་འགྱུར་སྣང་བས། སྤྱིར་བསྟན་བཅོས་མང་པོ་རང་ཞིག་མཛད་པར་སྣང་ངོ༌། །ཡང་བུད་མེད་དབུལ་མོ་རྒན་མོ་ཞིག་ལ་བུ་མོ་གཟུགས་མཛེས་པ་ཞིག་ཡོད་
པ། བག་མར་རྫོང་བའི་ཆས་མེད་ནས་ཡུལ་སྣ་ཚོགས་སུ་སློང་མོ་ལ་ཕྱིན། ནཱ་ལེནྡྲར་འོངས་ནས། ཟླ་བ་གྲགས་པ་འདུ་བ་རྒྱ་ཆེན་པོར་གྲགས་པ་ལ་བསླངས་པས། ཁོ་བོ་ནི་དགེ་སློང་ཡིན་པས་ཡོ་བྱད་མང་པོ་མ་བཟུང་ཞིང༌། །ཅུང་ཟད་ཡོད་པའང་ལྷ་ཁང་དང་དགེ་འདུན་གྱི་དོན་དུ་དགོས། ཁང་པ་ཕ་གི་ན་ཙནྡྲ་གོ་མཱི་ཡོད་པས། དེར་སློངས་ཤིག་ཅེས་བསྟན་པས། རྒན་མོས་ཙནྡྲ་གོ་མཱིའི་སར་སློང་དུ་ཕྱིན་ན། སྐུ་ལ་གསོལ་བའི་ན་བཟའ་ཕྲུགས་གཅིག་དང༌། འཕགས་པ་བརྒྱད་སྟོང་པའི་པོ་ཏི་གཅིག་ལས་གཞན་གང་ཡང་མེད་དེ། དེར་ལོགས་བྲིས་ལ་སྒྲོལ་མའི་སྐུ་བརྙན་བཞུགས་པ་དབུལ་ཕོངས་ལ་རབ་ཏུ་བརྩེ་བའི་སེམས་ཀྱིས་དེ་ལ་གསོལ་བ་བཏབ་ཅིང་སྤྱན་ཆབ་ཕྱུང་བས། དེ་ཉིད་སྒྲོལ་མ་དངོས་སུ་གྱུར་ཏེ། སྐུའི་རྒྱན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་རིན་ཐང་མེད་པའི་ནོར་བུ་དང་བཅས་པ་དག་ཕུད་ནས་སློབ་དཔོན་ལ་གནང༌། དེས་ཀྱང་དེ་ལ་སྩལ་བས་ཤིན་ཏུ་ཚིམ་པ་ཐོབ་ཅིང༌། རི་མོའི་སྐུ་བརྙན་རྒྱན་མེད་པར་སོང་བས་སྒྲོལ་མ་རྒྱན་མེད་མ་ཞེས་གྲགས་ཤིང༌། རྒྱན་ཕུད་པའི་ཤུལ་ལམ་མེ་ཡོད་དོ། །དེ་ལྟར་སེམས་ཅན་གྱི་དོན་ཡུན་རིང་དུ་མཛད་ནས། མཐར་པོ་ཏ་ལར་གཤེགས་པར་བཞེད་དེ། འཛམ་བུའི་གླིང་ནས་དྷ་ན་ཤྲིའི་གླིང་དུ་བྱོན་པ་ན། སྔོན་ཀླུ་ཤེ་ཥ་ལ་སྨད་པས་འཁོན་དུ་བཟུང་ནས་རྒྱ་མཚོའི་རླབས་ཆེན་པོས་གྲུ་གཟིངས་གཞུག་པར་བརྩམས། རྒྱ་མཚོའི་དབུས་ནས་སྒྲ་བྱུང་ནས་ཙནྡྲ་གོ་མི་ཕྱུང་ཞིང་ཟེར། སྒྲོལ་མ་ལ་གསོལ་བ་བཏབ་པས། འཕགས་མ་གཙོ་འཁོར་ལྔ་མཁའ་ལྡིང་ལ་ཆིབས་པ་མདུན་གྱི་ནམ་མཁར་བྱོན་པས་ཀླུ་རྣམས་འཇིགས་ཤིང་སྐྲག་ནས་ཐོས། གྲུ་དྷ་ན་ཤྲཱིར་བདེ་
བར་སླེབ་བོ། །དེར་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་མཆོད་ཅིང༌། སྒྲོལ་མའི་ལྷ་ཁང་བརྒྱ་རྩ་དང༌། འཕགས་པ་སྤྱན་རས་གཟིགས་ཀྱི་ལྷ་ཁང་བརྒྱ་རྩ་བཞེངས། རི་པོ་ཏ་ལར་གཤེགས་ནས་ད་ལྟ་ཡང་ལུས་མ་སྤངས་པར་བཞུགས་སོ། །སློབ་མ་ལ་སྤྲིངས་པའི་འཕྲིན་ཡིག་ནི། རྒྱལ་པཽའི་བུ་རིན་ཆེན་གྲགས་པ་ཞེས་བྱ་བ་རབ་ཏུ་བྱུང་བ་བབས་པ་ཞིག་ལ་པོ་ཏ་ལ་ནས་ཚོང་པ་རྣམས་ལ་བསྐུར་བས། དེ་ཡང་སློབ་སྤྲིངས་མཐོང་ནས་ཆོས་བཞིན་སྤྱོད་པར་གྱུར་ཏོ་ཞེས་གྲགས་སོ། །དེ་ལྟར་བྱོན་པ་ལས། དཔལ་ལྡན་ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མཱིའི་སྐུ་ཚེའི་སྟོད་ཀྱི་དུས་ནི། རྒྱལ་པཽ་སེང་གེ་དང་བྷརྵས་རྒྱལ་སྲིད་སྐྱོང་བའི་དུས་ཡིན་ལ། ཆོས་སྐྱོང་གི་ཡང་སྐུ་ཚེའི་སྟོད་ཡིན་པར་ཤེས་སོ། །ཟླ་གྲགས་ཙནྡྲ་གོ་མི་ན་ལེནྡྲར་ཞལ་འཛོམ་པ་སོགས་སྐུ་ཚེའི་སྨད་ཀྱི་དུས་དང༌། སློབ་དཔོན་ཆོས་སྐྱོང་འགྲོ་དོན་མཛད་པའི་དུས་ནི། རྒྱལ་བོ་སེང་གེ་ལྔ་པའི་དུས་ཡིན་ནོ། །རྒྱལ་པོ་ངང་ཚུལ་གྱི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་བཞི་པའོ།། །། རྒྱལ་པོ་བྷརྵ་དང༌། སིངྷ་ཙནྡྲ་འདས་པ་ཙམ་གྱི་དུས་ན། ནུབ་ཕྱོགས་མ་ལ་ཝར་རྒྱལ་པཽ་གཡོ་བ་ཞེས་བྱ་བ་སྟོབས་ཆེན་པོ་བྱུང་སྟེ། རྒྱལ་པོ་ངང་ཚུལ་ལ་བདོ་བ་ཙམ་དུ་གྱུར་ཞིང༌། དེས་ལོ་སུམ་ཅུ་རྒྱལ་སྲིད་བྱས་ཏེ། རྒྱལ་པོ་ངང་ཚུལ་དང་དུས་གཅིག་ཏུ་ཤིའོ། །ཤར་ཕྱོགས་སུ་བྷརྵའི་བུ་རྒྱལ་པཽ་སེང་གེ་ལྔ་པ་ཞེས་བྱ་བ་ཤིན་ཏུ་སྟོབས་ཆེ་བ་བྱུང་སྟེ། སིངྷ་ཙནྡྲའི་བུ་རྒྱལ་པཽ་བཱ་ལ་ཙནྡྲ་བྷཾ་ག་ལ་ནས་ཡུལ་བཏོན་ཏེ་ཏི་རཱ་ཧུ་ཏིར་རྒྱལ་སྲིད་བྱས་སོ། །རྒྱལ་པཽ་སེང་གེ་ལྔ་པ་དེས་བྱང་བོད། ལྷོ་ཏྲི་ལིངྒ། ནུབ་ཏུ་
ཝཱ་རཱ་ཎ་སཱི། ཤར་ཕྱོགས་རྒྱ་མཚོ་ལ་ཐུག་པར་དབང་བསྒྱུར། དེའི་ཚེ་མཆོག་སྡེའི་སློབ་མ་དུལ་བའི་སྡེ་དང༌། མ་ག་དྷཱ་ར་བཙུན་པ་གྲོལ་སྡེ་དང༌། ཡོན་ཏན་འོད་ཀྱི་སློབ་མ་མངོན་པ་བ་ཡོན་ཏན་བློ་གྲོས་དང༌། སློབ་དཔོན་ཆོས་སྐྱོང་དང༌། དབང་ཕྱུག་སྡེ་དང༌། ཁ་ཆེའི་ཡུལ་དུ་ཐམས་ཅད་མཁྱེན་པའི་བཤེས་གཉེན་དང༌། མ་ག་དྷར་རྒྱལ་པོ་བྷརྵའི་བུ་ཆུང་བ་རྒྱལ་པོ་གསལ་བ་ཞེས་བྱ་བ་ཡུལ་འཁོར་རྒྱ་ཆུང་ཡང་ལོངས་སྤྱོད་ཤིན་ཏུ་ཆེ་བ་དང་བཅས་པ་བྱུང་ཞིང༌། ལྷོ་ཕྱོགས་རི་བོ་འབིགས་བྱེད་དང་ཉེ་བའི་ཡུལ་ཐམས་ཅད་ལ་དབང་བསྒྱུར་བ་རྒྱལ་པོ་མེ་ཏོག་ཅེས་བྱ་བ་བྱུང་ངོ༌། །དེ་ལ་རྒྱལ་པོ་གཡོ་བས་ཕོ་བྲང་གི་ཕྱོགས་བཞིར་གཙུག་ལག་ཁང་རེ་བྱས་ནས། ལོ་བཅུ་གཉིས་སུ་འཁོར་རྣམ་པ་བཞི་སུ་བྱུང་བ་ཐམས་ཅད་ལ་ཟས་གོས་རྙེད་པ་གསུམ་གྱིས། ཡོ་བྱད་བཟང་པཽས་བསྟབས་ཏེ། སྔ་ཕྱི་བསྡོམས་པས་འབུམ་ཕྲག་གཉིས་སོ། །རྒྱལ་པཽ་སེང་གེ་ལྔ་པས་ཕྱི་ནང་གཉིས་ཀ་ལ་མཆོད་ཅིང༌། ནང་པའི་འང་ཆོས་གཞི་ཉི་ཤུ་ཙམ་བཙུགས། མཆོད་རྟེན་མང་དུ་བཞེངས། རྒྱལ་པོ་གསལ་བས་ནི། ཟླ་བ་གྲགས་པ་དང༌། ཙནྡྲ་གོ་མཱི་ལ་སོགས་པ་དཔལ་ནཱ་ལེནྡྲའི་མཁས་པ་ཐམས་ཅད་མཆོད་ཅིང༌། གསེར་གྱི་བུམ་པ་མུ་ཏིག་གིས་བཀང་པ་བརྒྱ་རྩ་བརྒྱད་ཆོས་གཞིའི་ཐེབས་སུ་ཕུལ། མ་ག་དྷཱའི་ལྷ་ཁང་དང༌། མཆོད་རྟེན་ཐམས་ཅད་ལ་མཆོད་པ་བླ་ལྷག་ཏུ་བྱས་སོ། །དུལ་བའི་སྡེ་དང༌། བཙུན་པ་རྣམ་གྲོལ་སྡེའི་ལོ་རྒྱུས་རྒྱས་པ་མ་མཐོང༌། ལྷ་ཁང་གཅིག་ཏུ་དུལ་བའི་སྡེས་མི་ཕམ་མགོན་པོའི་སྐུ་བཞེངས། དེས་གསུང་བྱོན་ནས། འགྲོ་བའི་དོན་སྤྱོད་པ་ལ་གྲོགས་སུ་ཨཱརྱཱ་ཏ་རེ་ཡང་བཞེངས་གསུངས་ནས་ཙནྡྲ་གོ་མཱི་སྤྱན་དྲངས་ནས་བཞེངས་
ཞེས་གྲགས། ལྷ་སྐུ་གཉིས་པོ་དེ་ཕྱིས་ཏུ་རུཥྐའི་འཇིགས་པས་ལྷའི་རི་བོར་སྤྱན་དྲངས་ཏེ་ཕྱིས་འབྱུང་གི་བར་དུ་བཞུགས་སོ། །དེ་བཞིན་དུ་བཙུན་པ་གྲོལ་སྡེས་མི་ཕམ་མགོན་པོ་བསྒྲུབས་པས་ལོ་བཅུ་ལོན་ཡང་ལྟས་གང་ཡང་མ་བྱུང་བར། སློབ་དཔོན་ཟླ་བ་གྲགས་པ་ལ་ཐབས་དྲིས་པས། སྡིག་སྒྲིབ་བྱང་བའི་དོན་དུ་སྦྱིན་སྲེག་གྱིས་ཞེས་གདམས། སྲེག་བླུགས་འབུམ་ཕྲག་བཅུ་གཉིས་ཕུལ་བས་ཐབ་ནང་དུ་ཞལ་གཟིགས་ཞེས་ཟེར་རོ། །སློབ་དཔོན་ཡོན་ཏན་བླཽ་གྲོས་ནི་རིག་པའི་གནས་ཐམས་ཅད་ལ་མཁས་པས། མངོན་པ་མཛོད་ཀྱི་འགྲེལ་བཤད་དང༌། དབུ་མ་རྩ་བ་ལ་བློ་བརྟན་གྱི་རྗེས་སུ་འབྲངས་ཏེ་ལེགས་ལྡན་འགོག་པའི་འགྲེལ་པ་བྱས། ལེགས་ལྡན་གྱི་སློབ་མ་སཾ་པྲ་དཱུ་ཏཿཡང་འདི་དང་དུས་མཉམ་དུ་བྱུང༌། ཤར་ཕྱོགས་པ་ལ་པཱུ་རིར་རྩོད་པ་ཡུན་རིང་དུ་བྱས་པས་ཡོན་ཏན་བླཽ་གྲོས་རྒྱལ་ལོ་ཞེས་གྲགས་སོ། །སློབ་དཔོན་ཆོས་སྐྱོང་ནི། ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ། སྙན་དངགས་མཁན་གྱི་རིགས་ལས་བྱུང་བ། དགེ་བསྙེན་དུ་གནས་པའི་དུས་ནས་སྙན་དངགས་མཁན་ཆེན་པོ་ཕྱི་ནང་གི་གཞུང་ལུགས་ཕལ་ཆེར་ཤེས་པ་ཞེས་སློབ་དཔོན་ཆོས་འབངས་ལས་རབ་ཏུ་བྱུང་ཞིང་འདུལ་བ་ཉན་ནས། མཁས་པ་ཆེན་པོར་གྱུར་པ་ན་ཡུལ་དབུས་སུ་བྱོན། སློབ་དཔོན་ཕྱོགས་ཀྱི་གླང་པཽ་ལས་སྡེ་སྣོད་ཡན་ལག་དང་བཅས་པ་ཐམས་ཅད་སླར་ཡང་ཉན་ཏེ་མཁས་པའི་དབང་ཕྱུག་ཏུ་གྱུར་པ། མདོ་སྡེ་ཆེན་པོ་བརྒྱ་རྩ་འདོན་པ། དེས་རྡོ་རྗེ་གདན་དུ་བྱོན་ནས་ལྷག་པའི་ལྷ་རྣམས་ལ་བསྟོད་པ་མང་དུ་བྱས། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་བསྒྲུབས་པས་བྱང་ཆུབ་ཀྱི་ཤིང་གི་རྩེ་མོ་ལ་བྱོན་
པ་གཟིགས། དེ་ཕྱིན་ཆད་ནས་འཕགས་པ་ནམ་མཁའི་སྙིང་བོ་ལ་རྟག་ཏུ་ཆོས་གསན་པ་ཞིག་བྱུང་སྟེ། རྡོ་རྗེའི་གདན་དེ་ཉིད་དུ་ལོ་སུམ་ཅུ་ལྷག་ཅིག་ཆོས་སྟོན་པར་མཛད་ཅིང༌། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་དཔལ་ན་ལེནྡྲའི་མཁན་པོ་མཛད་དོ། །དེ་དག་ཏུ་སློབ་མ་བྱང་ཆུབ་སེམས་དཔའི་རྩ་ལྟུང་བྱུང་བ་ཀུན་ལའང༌། དངོས་དང་རྨི་ལམ་གང་ཡང་རུང་བར་འཕགས་པ་ནམ་མཁའི་སྙིང་པོའི་མདུན་དུ་ལྟུང་བ་བཤགས་སུ་འཇུག་ནུས་ཤིང༌། འཕགས་པ་ནམ་མཁའ་མཛོད་ལས་ནོར་བླངས་པས་ཆོག་པར་གྲགས་ཏེ། རང་ཉིད་དགེ་འདུན་དང་བཅས་པ་ལ་འཚོ་བའི་ཡོ་བྱད་སྦྱིན་བདག་ལས་མི་འཚོལ་བར་ནམ་མཁའ་ལས་སློང་བར་མཛད། མུ་སྟེགས་ཀྱི་རྒོལ་བ་རྣམས་ཁྲོ་བོ་དབྱུག་པ་སྔོན་པོས་བསྡིགས་ནས་ངག་གནོན་པར་བྱེད་པ་ཞིག་བྱུང་ངོ༌། །དེས་དབུ་མ་བཞི་བརྒྱ་པ་ལ་རྣམ་རིག་ཏུ་བཀྲལ་བའི་འགྲེལ་པ་མཛད། འགྲེལ་པ་འདི་ཟླ་གྲགས་ཀྱི་བཞི་བརྒྱ་པའི་འགྲེལ་པའི་སྔོན་ལ་བརྩམས་པར་མངོན་པས་རྡོ་རྗེ་གདན་དུ་བརྩམས་པ་ཡིན་ཞིང༌། སློབ་དཔོན་ཆོས་འབངས་ཀྱི་དཔེ་འགྲེལ་ལ་ནི་ཟླ་གྲགས་དང༌། ཆོས་སྐྱོང་གཉིས་ཀར་བརྟེན་ནོ། །སྐུ་ཚེའི་མཐར་ཤར་ཕྱོགས་གསེར་གླིང་དུ་བྱོན་ནས་བཅུད་ལེན་གྱི་དངོས་གྲུབ་བསྒྲུབས་ཏེ། མཐར་ལྷའི་གནས་སུ་བཞུད་དོ། །ཞེས་གྲགས་སོ། །འདིས་ན་ལེནྡྲའི་མཁན་པོ་ཅུང་ཟད་མཛད་ནས། དེའི་འོག་ཏུ་རྒྱལ་བའི་ལྷས་མཁན་པོ་མཛད་དོ། །དེའི་སློབ་མ་ནི་ཞི་བ་ལྷ་དང༌། བི་རཱུ་པ་ཡིན་ནོ། །ཕྱི་མའི་ལོ་རྒྱུས་ནི་དེ་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་སློབ་གཉེར་བྱེད་སྐབས་ཤིག །ལན་ཅིག་དེ་བཱི་ཀོ་ཊར་ཕྱིན་པས། བུད་
མེད་གཅིག་གིས་མེ་ཏོག་ཨུཏྤལ་གཅིག་དང༌། འགྲོན་བུ་གཅིག་གཏད་པ་བླངས་ཏེ་ཕྱིན་པས། མི་རྣམས་མཁའ་འགྲོ་མས་རྒྱས་བཏབ་པ་སྙིང་རེ་རྗེ་ཟེར། རྒྱུ་མཚན་ཅི་བྱས་པས། དེ་བོར་དང་ཟེར་བོར་བས་ལག་པ་ལ་འབྱར་ཏེ་འབོར་མ་ཐུབ། དེ་ནས་ནང་པའི་མཁའ་འགྲོ་མ་དང་འཕྲད་ནས་སྐྱོབ་དགོས་བྱས་པས། དེང་ཕྱི་ནང་གི་མཁའ་འགྲོ་མ་རྣམས་མེ་ཏོག་སྤྲོད་པ་སུ་སྔ་དབང་བར་ཆད་སོ་བྱས་ཟེར། ཐབས་གཞན་མེད་དམ་བྱས་པ་ན། དཔག་ཚད་ལྔའི་ཕ་རོལ་ཏུ་ཕྱིན་ན་ཐར་ཟེར་ཡང་ཉི་མ་དགོངས་ཀར་སོང་བས་མི་སླེབ་སྟེ། མགྲོན་ཁང་གཅིག་ཏུ་རྫ་མ་ཁ་སྦུབ་པའི་འོག་ཏུ་བསྡད། སྟོང་པ་ཉིད་བསྒོམས་སོ། །ནུབ་མོ་དེ་ན་ཡོད་པའི་མི་རྣམས་རེ་རེ་ནས་ཕྲ་མེན་རྣམས་ཀྱིས་བོས། རྒྱས་བཏབ་པ་དེ་མ་ཡིན་པར་ཤེས་ནས་ཡང་ཡང་བསྐྱལ། བི་རཱུ་པ་མ་མཐོང་བའི་ངང་ལ་ནམ་ལངས་ཏེ་དེ་རྣམས་གྱེས་སོ། །དེ་ནས་བྲོས་ཏེ་སླར་ནཱ་ལེནྡྲར་ཕྱིན་པནྚྀ་ཏར་གྱུར་ཙ་ན། ད་ནི་ཕྲ་མེན་མ་རྣམས་འདུལ་དགོས་སྙམ་ལྷོ་ཕྱོགས་དཔལ་གྱི་རིར་ཕྱིན། སློབ་དཔོན་ཀླུའི་བྱང་ཆུབ་ལ་གཤིན་རྗེ་གཤེད་ཞུས་ནས་བསྒོམས་པས་ནམ་ཞིག་ན་ཞལ་མངོན་སུམ་དུ་མཐོང༌། ད་དུང་ཡུན་རིང་དུ་བསྒོམས་པས་དཔལ་ཁྲོ་བོ་ཆེན་པོ་དང་མཉམ་པར་གྱུར་སྐད། དེ་ནས་ཡང་དེ་བཱི་྄ཀོ་ཊར་ཕྱིན་པས་སྔར་གྱི་ཕྱི་པའི་མཁའ་འགྲོ་མ་རྣམས་ན་རེ་སྔོན་རྒྱས་བཏབ་པ་དེ་བྱུང་ཟེར། ནུབ་མོ་འཇིགས་པའི་གཟུགས་ཀྱིས་ཟ་བར་བྱུང་བ་ལ་གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་བཞེངས་པས། དེ་རྣམས་བརྒྱལ་ཞིང་ཤི་ལ་ཐུག་པར་སོང༌། དེ་དག་དམ་ལ་བཞག་ནས་ན་ལེནྡྲར་འོངས། དེ་ནས་སྤྱོད་པ་ལ་བྱོན་པ་ཡིན་ནོ། །ལོ་རྒྱུས་ལྷག་མ་གཞན་དུ་ཤེས་
ལ། ཞི་བ་ལྷ་ནི། སཽ་རཥྟ་ར་རྒྱལ་པོའི་སྲས་སུ་སྐུ་འཁྲུངས། སྔོན་གྱི་ལས་འཕྲོའི་མཐུས་ཆུང་ངུ་ནས་འཇམ་དཔལ་མནལ་ལམ་དུ་ཞལ་གཟིགས། ཆེར་སྐྱེས་ནས་རྒྱལ་སྲིད་དུ་བསྐོ་བར་བྱས་པ་ལས། མནལ་ལམ་དུ་རྒྱལ་སྲིད་དུ་བསྐོ་བའི་ཁྲི་ལ་འཇམ་དཔལ་བཞུགས་ནས། བུ་གཅིག་འདི་ནི་ང་ཡི་སྟན་ཡིན་ཏེ། །ང་ནི་ཁྱོད་ཀྱི་དགེ་བའི་བཤེས་གཉེན་ཡིན། ཁྱོད་དང་ང་གཉིས་སྟན་གཅིག་ལ་འདུག་པ། །འདི་ནི་རྣམ་པ་ཀུན་ཏུ་རིགས་མ་ཡིན། །ཞེས་གསུང་པ་དང༌། འཕགས་མ་སྒྲོལ་མས་རང་གི་མའི་ཚུལ་བཟུང་ནས། ཆུ་ཚན་སྤྱི་བོ་ནས་བླུགས་པས། ཅི་ཡིན་དྲིས་པ་ན། རྒྱལ་སྲིད་ནི་དམྱལ་བའི་ཆུ་ཚན་མི་བཟད་པ་ཡིན་ཏེ། དེས་ཁྱོད་ལ་དབང་བསྐུར་བ་ཡིན་ནོ་ཞེས་ཟེར་བས། རྒྱལ་སྲིད་བཟུང་དུ་མི་རུང་བར་མཁྱེན་ནས་ནངས་པར་རྒྱལ་སར་བསྐོ་རྒྱུའི་ནུབ་མོ་བྲོས་ནས་སོང་ངོ༌། །དེར་ཞག་ཉི་ཤུ་རྩ་གཅིག་ཏུ་ཕྱིན་པས། ནགས་ཞིག་གི་རྩ་བ་ན་ཆུ་མིག་འདུག་པ་འཐུང་བར་བརྩམས་པ་ན། བུད་མེད་ཅིག་གིས་བཟློག་ནས་ཆུ་ཞིམ་པོ་གཞན་བླུད། ནགས་ཀྱི་ཕུག་ན་རྣལ་འབྱོར་བ་ཞིག་འདུག་པའི་དྲུང་དུ་ཁྲིད། དེ་ལ་ཡང་དག་པའི་གདམས་པ་ནོས་ཏེ་བསྒོམས་པས་ཏིང་ངེ་འཛིན་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་ཐོབ། རྣལ་འབྱོར་པ་དེ་ནི་འཇམ་དཔལ་དང༌། བུད་མེད་དེ་སྒྲོལ་མ་ཡིན་ལ། དེ་ནས་རྟག་ཏུ་འཇམ་དཔལ་གྱི་ཞལ་གཟིགས་སོ། །དེ་ནས་ཤར་ཕྱོགས་སུ་ཕྱིན་ཏེ། རྒྱལ་པཽ་སེང་གེ་ལྔ་པའི་འཁོར་གྱི་ནང་དུ་བཞུགས་པས་སྒྱུ་རྩལ་གྱི་གནས་ཐམས་ཅད་ལ་ཤིན་ཏུ་མཁས་ཤིང་བློ་གྲོས་ཆེ་བར་འདུག་ནས་བློན་པོ་གྱིས་གསུང་བ་རེ་ཞིག་ཞལ་གྱིས་བཞེས།
ཡི་དམ་གྱི་ཕྱག་མཚན་ཤིང་གི་རལ་གྲི་གཅིག་འཆང་གིན་ཡོད། དེར་བཟོའི་གནས་སྔོན་མེད་པ་ཐམས་ཅད་དར་བར་མཛད། རྒྱལ་སྲིད་ཆོས་བཞིན་དུ་སྐྱོང་བཅུག་པས་བློན་པོ་གཞན་རྣམས་ཀྱིས་ཕྲག་དོག་བྱས་ཏེ། རྒྱལ་པོ་ལ་འདི་ནི་གཡོ་ཅན་ཞིག་སྟེ། རལ་གྲི་ཡང་ཤིང་ལས་མེད་དོ་བྱས་པས་རྒྱལ་པོ་ལ་བློན་པོ་ཐམས་ཅད་ཀྱི་རལ་གྲི་སྟོན་དགོས་བྱུང་བས། སློབ་དཔོན་གྱིས་འདི་བྱུང་ན་ལྷ་ཉིད་ལ་གནོད་པར་འགྱུར་རོ་བྱས་པས་ལྷག་པར་ཐེ་ཚོམ་སྐྱེས་ཏེ། གནོད་ཀྱང་སླ་ཡི་ངེས་པར་སྟོན་ཅིག་ཟེར། འོ་ན་སྤྱན་གཡས་པ་ཁོབ་ལ་གཡོན་པས་གཟིགས་ཤིག་གསུང༌། དེ་ལྟར་བྱས་ནས་བསྟན་པས་རལ་གྲིའི་འོད་ཀྱིས་རྒྱལ་པོའི་མིག་གཡོན་པ་ལྷུངས་སོ། །དེ་ནས་གྲུབ་པ་ཐོབ་པར་ཤེས། རྙེད་བཀུར་མང་པོ་བྱས་ནས་བཞུགས་སུ་གསོལ་བས། རྒྱལ་སྲིད་ཆོས་བཞིན་གྱིས། ནང་པའི་ཆོས་གཞི་ཉི་ཤུ་ཚུགས་ཞེས་བསྒོས་ནས་ཡུལ་དབུས་སུ་བྱོན། མཁན་པོ་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མིང་ཞི་བའི་ལྷར་བཏགས། དེར་པནྚི་ཏ་རྣམས་དང་ལྷན་ཅིག་གནས་པ་ལས། ཁ་ཟས་ཀྱང་འབྲས་བྲེ་བོ་ཆེ་ལྔ་ལྔ་གསོལ། ནང་དུ་ཏིང་ངེ་འཛིན་དང་འཕགས་པ་འཇམ་དཔལ་ལ་ཆོས་གསན་ཞིང༌། བསླབ་པ་ཀུན་ལས་བཏུས་དང༌། མདོ་ཀུན་ལས་བཏུས་ལེགས་པར་བརྩམས། མ་ལུས་པའི་ཆོས་ཐམས་ཅད་ཐུགས་སུ་ཆུད་པ་ཡིན་ཀྱང༌། ཉིན་མཚན་དུ་མནལ་ཞིང༌། ཕྱི་རོལ་གཞན་ངོར་ཐོས་བསམ་སྒོམ་གསུམ་གང་ཡང་མི་བྱེད་པ་ལྟར་བསྟན་པས། དགེ་འདུན་རྣམས་ཀྱིས་དད་རྫས་ཆུད་འཛའ་བར་བྱེད་པ་འདི་བསྐྲད་དགོས་པ་ལས།
མདོ་འདོན་རེས་བྱས་ན་འདིར་རང་བུད་ལ་འགྲོ་ཞེས་བགྲོས་ནས། དེ་ལྟར་བྱས་ཏེ་མཐར་ཞི་བ་ལྷ་ལའང་མདོ་འདོན་དགོས་བྱས་པས། ཐོག་མར་ཞལ་གྱིས་མ་བཞེས། ནན་གྱིས་འཆུ་བ་ལ་འོ་ན་ཁྲི་བརྩེགས་ཤིག་གདོན་པར་བྱའོ་གསུངས་པས་འགའ་ཞིག་ཐེ་ཚོམ་སྐྱེས། ཕལ་ཆེར་དམའ་དབབ་པའི་དོན་དུ་འཚོགས། དེར་སློབ་དཔོན་སེང་གེའི་ཁྲི་ལ་འདུག་ནས། སྔར་བྱུང་བ་ཞིག་འདོན་ནམ་མ་བྱུང་བ་ཞིག་འདོན་བྱས་པས། ཐམས་ཅད་ཀྱིས་ཚོད་བགམ་པའི་ཕྱིར་མ་བྱུང་བ་ཐོན་ཅིག་ཟེར། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །བློ་ཡི་མདུན་ན་མི་གནས་པ། ཞེས་པའི་ཚིག་མཚམས་ནས་ནམ་མཁའ་ལ་འཕུར་ཞིང་གཤེགས་ནས། སྐུ་ལུས་མི་སྣང་ཡང་གསུང་གི་སྣང་བ་མ་ཆད་པ་བྱུང་སྟེ་སྤྱོད་འཇུག་རྫོགས་པར་གསུངས་སོ། །དེར་པནྚི་ཏ་གཟུངས་ཐོབ་པ་རྣམས་ཀྱིས་བློ་ལ་བཟུང་བ་ལས། ཁ་ཆེ་བ་རྣམས་ཀྱི་ཤློ་ཀ་སྟོང་ལྷག་པ་ཞིག་བྱུང༌། མཆོད་བརྗོད་རང་གི་བློས་སྦྱར། ཤར་པ་རྣམས་ཀྱི་ཤློ་ཀ་བདུན་བརྒྱ་ལས་མེད་པ་མཆོད་བརྗོད་དབུ་མ་རྩ་བའི་དེ་བཅུགདེ་ཡང་གཤགས་ལེ་དང༌། ཤེར་ལེ་ཆད་པ་ཡིན། དབུས་པ་རྣམས་ཀྱི་མཆོད་བརྗོད་དང་རྩོམ་པར་དམ་བཅའ་མེད་པ། རྗེས་བསྔགས་ཀྱི་དབང་དུ་བརྩིས་པའི་ཤློ་ཀ་སྟོང་ཡོད་པ་ཞིག་བྱུང༌། དེར་ཐེ་ཚོམ་དུ་གྱུར་པ་ལས། བོད་ཀྱི་སྔར་གྱི་ལོ་རྒྱུས་ལྟར་ན། གྲོང་ཁྱེར་དཔལ་ཡོན་ཅན་དུ་བཞུགས་ཟེར་ནའང༌། ཏྲི་ལིངྒའི་ཆར་གཏོགས་པ་གྲོང་ཁྱེར་ཀ་ལིངྒར་གཤེགས་ཏེ། དེ་ན་བཞུགས་ཞེས་ཐོས་པས་པནྚི་ཏ་གསུམ་གྱིས་དེར་སོང་སྟེ། ནཱ་ལནྡྲར་འབྱོན་
པར་ཞུས་པས་མ་གནང༌། འོ་ན་བསླབ་པ་ཀུན་ལས་བཏུས་པ་དང༌། མདོ་ཀུན་ལས་བཏུས་པ་བལྟ་བར་གསུངས་པ་ཡང་གང་ཡིན། དཔེ་གསུམ་པོ་འདིའང་གང་དག་ཅེས་ཞུས་པས། བསླབ་མདོ་ནི་བྲང་ཁང་གི་སྐར་ཁུང་ན་ཤིང་ཤུན་ལ་པཎྜི་ཏའི་ཡི་གེ་ཕྲ་མོས་བྲིས་པའི་གླེགས་བམ་ཡོད་པས་དེ་ལོང༌། སྤྱོད་འཇུག་ནི་ཡུལ་དབུས་པ་རྣམས་ཀྱིས་བཟུང་བ་ལྟར་ཡིན་བཟུང༌། དེར་ཡང་ནགས་ཚལ་གྱི་གཙུག་ལག་ཁང་ཞིག་ཡོད་པར་དགེ་སློང་ལྔ་བརྒྱ་ཙམ་དང་ལྷན་ཅིག་ཏུ་བཞུགས་ཤིང༌། ནགས་ཚལ་དེ་ན་རི་དྭགས་མང་དུ་ཡོད་པ་ལས། རི་དྭགས་གྲྭ་ཁང་དུ་བྱུང་བ་རྣམས་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་ཤ་རྣམས་གསོལ་བས། དགེ་སློང་རྣམས་ཀྱིས་རི་དྭགས་རྣམས་སློབ་དཔོན་གྱི་གྲྭ་ཁང་དུ་སོང་བ་མཐོང་ཞིང༌། ཕྱིར་བྱུང་བ་མ་མཐོང་ལ། རི་དྭགས་ཀྱི་ཚོགས་པའང་བྲི་བར་ཤེས་སོ། །འགའ་ཞིག་གིས་སྐར་ཁུང་ནས་བལྟས་པས་ཤ་གསོལ་བ་མཐོང༌། དེར་དགེ་འདུན་རྣམས་ཀྱིས་རྒོལ་བར་བརྩམས་པ་ན། རི་དྭགས་རྣམས་སླར་བསོས་ཏེ། སྔར་ལས་ཀྱང་ཉམ་སྟོབས་དང་ལྡན་པས་ཕྱིར་བྱུང་སྟེ་སོང༌། དེ་དག་གིས་རྙེད་བཀུར་དང་བཅས་ཏེ་བཞུགས་སུ་གསོལ་བ་ན་མ་བཞུགས་ཏེ། རབ་ཏུ་བྱུང་པའི་རྟགས་བོར། ཨུ་ཙུཥྨའི་སྤྱོད་པས་གཤེགས་ཏེ། ལྷོ་ཕྱོགས་ཀྱི་ཡུལ་ཞིག་ཏུ་ཕྱི་ནང་གཉིས་རྩོད་པར་གྱུར་པ་ལས། ནུས་པ་འགྲན་པར་བྱས་པ་ན་ནང་པས་མ་ནུས་པ་ལ། སློབ་དཔོན་ས་དེར་བྱོན་པའི་ཚེ། འཁྲུད་མ་བོར་བ་སྐུ་ལ་ཕོག་པ་ན་ཁོལ་བར་མཐོང་སྟེ་ནུས་པ་ཐོབ་པར་ཤེས་ནས། མུ་སྟེགས་དང་ནུས་པ་འགྲན་པར་ཞུས་པས་ཞལ་གྱིས་བཞེས། དེར་མུ་སྟེགས་ཀྱིས་ནམ་
མཁའ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆེན་པོ་བྲིས་པས། སྐད་ཅིག་དེ་ཉིད་ལ་རླུང་དྲག་པོ་བཏང་བས་དཀྱིལ་འཁོར་དང་མུ་སྟེགས་རྣམས་རླུང་གིས་ཁྱེར་ཏེ་ཆུ་བོ་ཞིག་ཡོད་པའི་ཕ་རོལ་ཏུ་འཕངས། མུ་སྟེགས་ལ་དགའ་བ་ཐམས་ཅད་ཀྱང་ཁྱེར་བ་ཙམ་དུ་གྱུར། རྒྱལ་པོ་ལ་སོགས་པ་ནང་པ་ལ་མོས་པ་རྣམས་ལ་རླུང་གིས་ཅི་ཡང་མ་གནོད་པས་མུ་སྟེགས་རྣམས་བསྣུབས་ནས་ཆོས་དར་བར་བྱས། ཡུལ་དེ་ལའང་མུ་སྟེགས་ཕམ་པའི་ཡུལ་ཞེས་གྲགས་སོ། །འདི་ནི་ལོ་རྒྱུས་ཁུངས་མ་ཀུན་ལས་འབྱུང་བས་ངེས་པར་ཡིད་ཆེས་པ་ཡིན་ནའང༌། དུས་ཀྱི་སྟོབས་ལས་ཡུལ་གྱི་མིང་འགྱུར་བས་ཡིན་ཏེ་འོང༌། ད་ལྟ་ཡུལ་གང་ཡིན་མ་ཤེས་སོ། །གཞན་ཡང་བོད་རྣམས་ཀྱི་ལོ་རྒྱུས་ལྟར་ན། ཡ་མཚན་ཅན་གྱི་ལྟ་བ་འཛིན་པ་ལྔ་བརྒྱ་འཚོ་བ་ཆད་པ་ལ། རྫུ་འཕྲུལ་གྱིས་བཟའ་བཏུང་བླངས་ཏེ་བྱིན་ནས་ཆོས་ལ་བཀོད་པ་དང༌། མུ་ཏོ་བ་སྟོང་ཙམ་ལའང་དེ་ལྟར་མཛད་པ་དང༌། འཁྲུག་པ་ཆེན་པོ་ཞིག་གི་འཐབ་ཟླར་ཞུགས་ནས་རྫུ་འཕྲུལ་གྱིས་འཁྲུག་པ་བསྡུམས་ཞེས་ཟེར་ཞིང༌། ལྷག་པའི་ལྷ་བརྙེས་ནཱ་ལེནྡྲའི། །བཀོད་པ་ཕུན་ཚོགས་རྩོད་པ་བཟློག །ཡ་མཚན་ཅན་དང་སྤྲང་པོ་དང༌། །རྒྱལ་པོ་མུ་སྟེགས་བཏུལ་བའོ། །ཞེས་ངོ་མཚར་ཅན་གྱི་གཏམ་བདུན་ཡིན་པར་འདོད་དོ། །ཐམས་ཅད་མཁྱེན་པའི་བཤེས་གཉེན་ནི། ཁ་ཆེའི་ཡུལ་གྱི་རྒྱལ་པོ་ཞིག་གི་ཟིལ་བུ་ཞིག་བྱིས་པ་ཆུང་ངུའི་སྐབས་ཁང་སྟེང་དུ་བསྙལ་ནས། མ་མེ་ཏོག་འཐུར་སོང་བ་ལས་བུ་ཆུང་བྱ་རྒོད་ཀྱིས་ཁྱེར་ཏེ་ཡུལ་དབུས་དཔལ་ནཱ་ལེནྡྲའི་གནྡྷོ་ལ་ཞིག་གི་རྩེ་མོར་བཞག་གོ །པནྚི་ཏ་རྣམས་ཀྱིས་དེ་བླངས་ཏེ་བསོས་ནས་ཆེར་སྐྱེས་པ་ན་བློ་རྣོ་བར་གྱུར་ཏེ། དགེ་སློང་
སྡེ་སྣོད་འཛིན་པའི་བར་དུ་གྱུར། རྗེ་བཙུན་མ་འཕགས་མ་སྒྲོལ་མ་བསྒྲུབས་པས་དངོས་སུ་ཞལ་གཟིགས་ཤིང་ལོངས་སྤྱོད་ཟད་མི་ཤེས་པ་བྱུང་བ་ལས། ཐམས་ཅད་སྦྱིན་པར་བཏང་བ་ན་ནམ་ཞིག་ན་ཡོ་བྱད་སྦྱིན་རྒྱུ་ཅུང་ཟད་ཀྱང་མེད་དེ། ཕྱོགས་འདིར་བསྡད་ན་སློང་བ་པོ་མང་པོ་རྐང་སྟོང་སྐྱེལ་པར་འགྱུར་སྙམ་སྟེ། ལྷོ་ཕྱོགས་ཀྱི་རྒྱུད་ཐག་རིང་པོར་བྱོན་ཏོ། །དེར་ལམ་ཁར་བྲམ་ཟེ་རྒན་པོ་མིག་ལོང་བ་ཞིག་བུས་ལོང་ཁྲིད་བྱས་ནས་བྱུང་བ་ལས། གང་དུ་འགྲོ་དྲིས་པས། ནཱ་ལེནྡྲ་ན་ཐམས་ཅད་མཁྱེན་པའི་བཤེས་གཉེན་ཞེས་བྱ་བ་སློང་བ་པོ་ཐམས་ཅད་མགུ་བར་བྱེད་པ་ཞིག་ཡོད་ཟེར་བས། དེ་ལ་སློང་དུ་འགྲོ་ཟེར། དེ་ཉིད་ང་ཡིན་ན་ཡོ་བྱད་ཐམས་ཅད་ཟད་དེ་འདིར་འོངས་སོ་བྱས་པས། དེ་ཤིན་ཏུ་སྡུག་བསྔལ་གྱིས་གཟིར་བར་འདུག་ནས་སྙིང་རྗེ་ཚད་མེད་པ་སྐྱེས་ཏེ། རྒྱལ་པོ་ས་ར་ཎ་ཞེས་བྱ་བ་ལྟ་བ་ལོག་པ་ལ་མངོན་པར་ཞེན་ཞིང༌། གདུག་པའི་སློབ་དཔོན་གྱི་རྗེས་སུ་འབྲང་བ་ཞིག་མི་བརྒྱ་རྩ་བརྒྱད་ཉོས་ཏེ། མེ་ལ་མཆོད་སྦྱིན་དུ་བྱས་ན། དེ་དག་གི་ཚེ་དང་དབང་ཐང་ཐམས་ཅད་བདག་ཉིད་ལ་འབྱུང་ཞིང་ཐར་པའི་རྒྱུར་ཡང་ཡིན་ནོ། །ཞེས་བསམས་ནས། མི་བརྒྱ་དང་བདུན་ནི་རྙེད། ལྷག་མ་གཅིག་མ་རྙེད་པར་ཡོད་པ་གསན་ནས་སློབ་དཔོན་རང་ཉིད་བཙོང་སྟེ་བྲམ་ཟེ་འདི་ལ་ཕན་གདགས་སོ་སྙམ་ནས། ཁྱོད་སྡུག་བསྔལ་བར་མ་བྱེད་ཅིགངས་ཡོ་བྱད་བླངས་ནས་འོང་ངོ་བྱས་ནས། གྲོང་ཁྱེར་དུ་མི་ཉོ་བ་སུ་ཡོད་བྱས་པས་རྒྱལ་པོས་ཉོས་ཏེ། རིན་དུ་སློབ་དཔོན་གྱི་ལུས་ལྗིད་དང་མཉམ་པའི་གསེར་གཞལ། གསེར་སློབ་དཔོན་གྱིས་བྲམ་ཟེ་ལ་ཕྱིན་པས་མགུ་ནས་སོང་ངོ༌། །དེ་ནས་
སློབ་དཔོན་རྒྱལ་པོའི་ཁྲི་མོན་དུ་བྱོན། མི་དེ་རྣམས་ན་རེ། གལ་ཏེ་ཁྱོད་མ་འོངས་ན་ངེད་རྣམས་ཐར་པ་ཡང་སྲིད་པ་ལས། ད་ནི་ད་ལྟ་ཉིད་དུ་སྲེག་གོ་ཞེས་ཤིན་ཏུ་སྡུག་བསྔལ་བར་འདུག་ཅིང༌། དེའི་ནུབ་མོ་ཕྱོགས་ཡངས་པ་ཞིག་ཏུ་ཤིང་གི་ཚོགས་རི་ལྟར་སྤུངས་པའི་དབུས་སུ་མི་བརྒྱ་རྩ་བརྒྱད་པོ་བཅིངས་ཏེ་བཞགལྟ་བ་ལོག་པའི་སློབ་དཔོན་དེས་ཆོ་ག་བྱས། ཤིང་ཐམས་ཅད་མེ་འུར་གྱིས་འབར་བའི་ཚེ། མི་བརྒྱ་རྩ་བདུན་པོ་དེ་རྣམས་ཆོ་ངེས་རང་གིས་བཏབ་པས། སློབ་དཔོན་སྙིང་རྗེ་མི་བཟད་པ་སྐྱེས་ཏེ་འཕགས་མ་སྒྲོལ་མ་ལ་ཡུས་ཀྱིས་གསོལ་བ་བཏབ་པས། རྗེ་བཙུན་མ་མདུན་དུ་བྱོན་ཏེ་ཕྱག་ལས་བདུད་རྩིའི་ཆུ་རྒྱུན་བབས། སྐྱེ་བོ་རྣམས་ཀྱི་སྣང་ངོ་ལ་ས་ཕྱོགས་གཞན་གང་ན་ཡང་མེད་པར་མེ་འབར་བ་ཁོ་ནའི་ཐད་དུ་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བྱུང༌། མེ་ཞི་ནས་མཚོ་རྫིང་དུ་གྱུར། དེ་ནས་རྒྱལ་པོ་ཡ་མཚན་སྐྱེས་ཏེ་སློབ་དཔོན་ལ་ནི་གུས་པས་མཆོད། སྐྱེ་བོ་དེ་རྣམས་ལ་ཡང་བྱ་དགའ་བྱིན་ནས་བཏང་ངོ༌། །རྒྱལ་པོས་མཆོད་པ་ཆེན་པོ་བྱས་ཀྱང་ཡང་དག་པའི་ལྟ་བ་ལ་མ་ཚུད་ཅིང༌། དམ་པའི་ཆོས་མི་དར་བར་འདུག་ནས་ཡུན་རིང་བར་སོང་བ་ན་ཐུགས་སྐྱོ་སྟེ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་བདག་རང་གི་སྐྱེ་ཡུལ་དུ་སྐྱེལ་བར་ཞུས་པས་ན་བཟའ་ལ་འཇུས་ནས་མིག་ཚུམས་ཤིག་གསུང༌། མིག་བཙུམས་པ་ན་དེ་མ་ཐག་མིག་ཕྱེ་ཞིག་གསུང༌། མིག་ཕྱེ་བས་སྔར་མ་མཐོང་བའི་རྒྱལ་པོའི་ཕོ་བྲང་ཆེན་པོ་ཞིག་གིས་བརྒྱན་པའི་ཡུལ་ལྗོངས་ཤིག་ན་སླེབ་ནས་འདུག་པ། བདག་ནཱ་ལེནྡྲར་མི་སྐྱེལ་བར་འདིར་སྐྱེལ་བ་ཅི་ལགས་ཞུས་པས། ཁྱོད་ཀྱི་སྐྱེ་བའི་ཡུལ་ནི་འདི་ཁོ་ནའོ་ཞེས་གསུངས། དེ་ནས་དེར་བཞུགས་
ནས་སྒྲོལ་མའི་ལྷ་ཁང་ཆེན་པོ་ཡང་བཞེངས། ཆོས་མང་དུ་བསྟན་ཞིང་སྐྱེ་བོ་ཐམས་ཅད་བདེ་བ་ལ་བཀོད། འདི་ཉི་མ་སྦས་པའི་སློབ་མ་ཡིན་ནོ། །དུས་འདི་ཙམ་ན་གྲུབ་ཆེན་ཌོམ་བི་ཧེ་རུ་ཀ་དང༌། གྲུབ་ཆེན་རྡོ་རྗེ་དྲིལ་བུ་པ་ཡང་བྱུང༌། དེ་རྣམས་ཐོག་མཉམ་པ་ལས་སྔ་ཕྱིའི་གོ་རིམ་ཅུང་ཟད་ནི། བི་རཱུ་པ་གྲུབ་པ་ཐོབ་ནས་ལོ་བཅུ་ཙམ་ན། ཌོཾ་བི་ཧེ་རུ་ཀས་དངོས་གྲུབ་བརྙེས། དེ་ནས་བཅུ་ཙམ་ན་དྲིལ་བུ་པས་བསྙེས་སོ། །སློབ་དཔོན་ཙནྡྲ་གོ་མཱིའི་སློབ་མ་ཚོང་དཔོན་གྱི་བུ་སུ་ཁ་དེ་ཝ་བྱ་བ་ཡང་དུས་འདིར་བྱུང་སྟེ། དེ་ཡང་དེ་ཚོང་གི་ལས་བྱེད་པའི་ཚེ། མུ་སྟེགས་ཤིག་ལས་ཙནྡན་ས་མཆོག་ལས་གྲུབ་པའི་སངས་རྒྱས་ཀྱི་སྐུ་གཟུགས་བཤིག་པའི་དུམ་བུ་ཞིག་ཉོས་ནས་ཡོད་པ་ལ། རྒྱལ་པོའི་བུ་མོ་སངྐ་ཛ་ཏི་ཞེས་བྱ་བ་ནད་དྲག་པོས་བཏབ་ནས། སྨན་པ་རྣམས་ཀྱིས་འདིའི་སྨན་ནི་ཙནྡན་ས་མཆོག་ཡིན་ན་དེ་མི་རྙེད་དོ་ཞེས་བོར་རོ། །དེར་ཚོང་པ་དེས་གལ་ཏེ་འདི་སོས་པར་གྱུར་ན་བདག་ལ་སྩོལ་ཅིག་བྱས་པས། རྒྱལ་པོས་ཀྱང་དེ་བཞིན་དུ་ཁས་བླངས། དེས་ཙནྡན་ས་མཆོག་དེ་བརྡར་ནས་དེའི་ལུས་ལ་བྱུགས། སྨན་ཁོང་དུ་བཏང་བས་སོས། དེ་སུ་ཁ་དེ་ཝ་ལ་བྱིན་པས། དེས་ནད་སོས་པ་ནི་ལེགས་ན་སྡིག་པ་འདི་སྦྱོང་དཀའ་འོ་བྱས་པས། སྡིག་པ་སྦྱོང་བའི་ཐབས་སློབ་དཔོན་ཙནྡྲ་གོ་མི་ལ་དྲིས་པས་དེས་ཀྱང་སྤྱན་རས་གཟིགས་གྱི་བཀའ་ལུང་སྩལ་ཏེ་བསྒྲུབ་ཏུ་བཅུག་གོ །ནམ་ཞིག་ན་འཕགས་པའི་ཞལ་མངོན་སུམ་དུ་མཐོང༌། ཚོང་དཔོན་གྱི་བུ་སུ་ཁ་དེ་ཝ་ཆུང་མར་བཅས་པས་གྲུབ་པ་ཐོབ་བོ། །རྒྱལ་པོ་གཡོ་བ་དང་སེང་གེ་ལྔ་པ་ལ་སོགས་པའི་དུས་སྐབས་ཀྱི་གཏམ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།རྒྱལ་པོ་གཡོ་བ་
འདས་ནས་དེའི་ནུ་བོ་རྒྱལ་པོ་གཡོ་བ་བརྟན་པས་རྒྱལ་སྲིད་ལོ་ཉི་ཤུ་བྱས་ཏེ། ནུབ་ཕྱོགས་ཕལ་ཆེར་ལ་དབང་བསྒྱུར། དེའི་བུ་བིཥྞུ་རཱ་ཛ་ཞེས་བྱ་བས་ཀྱང་རྒྱལ་སྲིད་ལོ་མང་པོར་བསྐྱངས་ནས། ནུབ་ཕྱོགས་ཧ་ལའི་ཡུལ་གྱི་ནང་ཚན་བཱ་ལ་ན་ག་ར་ཞེས་བྱ་བར་གནས་པའི་ཚེ་སྔོན་གྱི་དྲང་སྲོང་ཆེན་པོ་རྣམས་དང་མཚུངས་པའི་བྲམ་ཟེ་དཀའ་ཐུབ་ཅན་ནགས་ཚལ་ན་གནས་པ་ལྔ་བརྒྱ་ཡོད་པ་ལས། དེའི་དཀའ་ཐུབ་ཀྱི་གནས་ཀྱི་བྱ་དང་རི་དྭགས་ཐམས་ཅད་བསད། ཆུ་ཆེན་པོ་དྲངས་ནས་དྲང་སྲོང་གི་གནས་རྣམས་བཤིག་པས། དེ་རྣམས་ཀྱིས་དམོད་པ་བྱས་པས་རྒྱལ་པོའི་ཕོ་བྲང་གི་འོག་ནས་ཆུ་བརྡོལ་ཏེ་ཆུར་ནུབ་བོ། །དེའི་ཚེ་ཡུལ་དབུས་དང་ཤར་ཕྱོགས་ཕལ་ཆེར་ལ་དབང་སྒྱུར་པ་ནི་རྒྱལ་པོ་གསལ་བའི་བུ་རབ་གསལ་དང༌། དེའི་བུ་མཧཱ་སྱ་ཎི་ཞེས་བྱ་བ་བྱུང༌། བྱང་ཕྱོགས་སུ་ནི་རྒྱལ་པོ་རབ་གསལ་གྱི་སྤུན་ཟླ་ཤཱཀྱ་སྟོབས་ཆེན་ཞེས་བྱ་བ་གྲོང་ཁྱེར་ཧ་རི་དྭ་རར་གནས་པ་ཁ་ཆེ་ཚུན་ཆོད་ལ་ལུང་བྱེད་པ་བྱུང༌། བྷཾ་ག་ལ་དང༌། ཀཱ་མ་རཱུ་པ་དང༌། ཏི་རཱ་ཧུ་ཏི་གསུམ་ལ་རྒྱལ་པོ་བཱ་ལ་ཙནྡྲའི་བུ་བི་མ་ལ་ཙནྡྲས་དབང་བསྒྱུར་རོ། །དེ་ལ་རྒྱལ་པོ་གཡོ་བརྟན་དང༌། གིཥྞུ་རཱ་ཛས་ཡུལ་ཁམས་བདེ་བར་བསྐྱངས་ཤིང༌། རྒྱལ་སྲིད་ཆོས་བཞིན་དུ་བྱས་ཀྱང༌། བསྟན་པ་ལ་བྱ་བ་འདི་ལྟར་བྱས་ཀྱི་གསལ་ཁ་མེད་ཅིང༌། གཞན་རྣམས་ཀྱིས་བསྟན་པ་ཡང་དག་པར་མཆོད་དོ། །དེ་ཡང་རབ་གསལ་དང༌། མཧཱ་སྱ་ཎི་ཡིས་ནི་གཙོ་བོར་དཔལ་ལྡན་ཆོས་ཀྱི་གྲགས་པ་མཆོད། རྒྱལ་པོ་ཤཱཀྱ་སྟོབས་ཆེན་གྱིས་མངོན་པ་བ་ཆེན་པོ་དབྱིག་གི་བཤེས་གཉེན་ཞེས་བྱ་བ་མཆོད། རྒྱལ་པོ་བི་མ་ལ་ཙནྡྲས་
པཎྚིཏ་ཨ་མཱ་ར་སིངྷ་དང༌། རིན་ཆེན་གྲགས་པ་དང༌། སཾ་པྲ་དཱུ་ཏའི་སློབ་མ་དབུ་མ་པ་དཔལ་སྦས་རྣམས་མཆོད་པར་བྱས་སོ། །དེ་ཡང་དུས་དེ་ཙམ་ན་སྤྱིར་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་ཡང༌། ཐོགས་མེད་སྐུ་མཆེད་དང༌། ཕྱོགས་ཀྱི་གླང་པོ་བཞུགས་པ་ཙམ་ལ་ལྟོས་ན། ཤར་ཕྱོགས་དང༌། ལྷོ་ཕྱོགས་ཀྱི་རྒྱུད་ཀུན་ཏུ་མུ་སྟེགས་འཕེལ་ཞིང་སངས་རྒྱས་པ་འགྲིབ་བོ། །དེ་ལས་རྒྱལ་པོ་སེང་གེ་ལྔ་པའི་དུས་ན་མུ་སྟེགས་ཀྱི་སློབ་དཔོན་སྤུན་གཉིས་ཤིག་བྱུང་བ་ནི། གཅིག་ནི་དཏྟ་ཏྲཻ་ཞེས་བྱ་བ་ཏིང་ངེ་འཛིན་ལ་མངོན་པར་དགའ་བ་ཞིག་གོ །གཉིས་པ་ནི་སཾ་ག་ར་ཨཱ་ཙརྱ་ཞེས་པ་མཧཱ་དེ་ཝ་གྲུབ་སྟེ། བུམ་པ་བཅས་ཤིང་ཡོལ་བས་བསྐོར་ནས་སྔགས་བཟླས་པ་ན། མཧཱ་དེ་ཝ་བུམ་པའི་དབུས་ནས་མགྲིན་པ་ཡན་ཆད་བྱུང་སྟེ་རྩོད་པ་རྣམས་སློབ་པར་བྱེད་དོ། །དེས་བྷཾ་ག་ལའི་ཡུལ་དུ་རྩོད་པ་བྱས། དགེ་སློང་རྒན་པོ་རྣམས་ཀྱིས་འདི་ནི་ཐུབ་པར་དཀའ་བ་སྟེ། ཅི་སྟེ་སློབ་དཔོན་ཆོས་སྐྱོང་དམ། ཙནྡྲ་གོ་མཱི་འམ། ཟླ་བ་གྲགས་པ་དག་རྩོད་པའི་དོན་དུ་སྤྱན་དྲང་བར་བྱའོ་ཞེས་ཟེར་ཡང༌། པཎྜི་ཏ་གཞོན་ནུ་དག་གིས་མ་ཉན་ཏེ། རྩོད་པ་པོ་ཡུལ་གཞན་ནས་བོས་ནས་ཡུལ་འདིའི་པནྚི་ཏ་རྣམས་ཀྱི་གྲགས་པ་ཉམས་པར་འགྱུར་ལ། དེ་དག་པས་ཁོ་བོ་ཅག་མཁས་སོ་ཞེས་ང་རྒྱལ་གྱི་དབང་གིས་སཾ་ག་ར་ཨཱ་ཙརྱ་དང་བརྩད་པས། སངས་རྒྱས་པ་རྣམས་ཕམ་སྟེ། ཆོས་གཞི་ཉི་ཤུ་རྩ་ལྔ་ཙམ་གྱི་ཡོ་བྱད་རྣམས་མུ་སྟེགས་ལ་ཤོར་བས་དེ་རྣམས་སྟོངས། དགེ་བསྙེན་ལྔ་བརྒྱ་ཙམ་མུ་སྟེགས་ལ་འཇུག་དགོས་པར་བྱུང༌། དེ་བཞིན་དུ་ཨོ་ཌི་བི་ཤའི་ཡུལ་དུ་ཡང་སཾ་ག་ར་ཨཱ་ཙརྱའི་སློབ་མ་བྲམ་ཟེ་བྷཊྚ་ཨཱ་ཙརྱ་ཞེས་བྱ་བ་སྔ་མ་
དང་མཚུངས་པ་ལས། ཚངས་པའི་བུ་མོས་རིག་པ་སྟོན་པ་ཞིག་ཡོད་དེ། དེར་ཕྱི་ནང་མང་དུ་རྩོད་པ་ལས། ནང་པའི་པནྚི་ཏ་ཀུ་ལི་ཤ་ཤེཥྛ་ཞེས་བྱ་བ་སྒྲ་དང་རྟོག་གེ་ལ་ཤིན་ཏུ་བྱང་བར་འཛིན་པ་ཞིག་ཡོད་དེ། དེས་ཀྱང་སྔ་མ་བཞིན་དུ་ང་རྒྱལ་བྱས་ཏེ་བསྟན་པ་དཔང་དུ་བཙུགས་ཏེ་བརྩད་པ་ན། མུ་སྟེགས་རྒྱལ་ཏེ། ནང་པའི་གཙུག་ལག་ཁང་མང་པོ་ཡང་བཤིག ཁྱད་པར་དུ་ལྷ་འབངས་དང་ཆོས་གཞི་རྣམས་ཕྲོགས་སོ། །ཕྱི་མ་འདིའི་དུས་ཆོས་སྐྱོང་དང༌། བཙུན་པ་ཟླ་བ་སོགས་མི་བཞུགས་པའི་དུས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་དུ། མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་ཏུ་གྲགས་པ་བྲམ་ཟེ་ཀུ་མཱ་ར་ལཱི་ལ་སྟེ་གཞོན་ནུ་རོལ་པ་དང༌། ལྷ་ཆེན་པོའི་རྗེས་སུ་འབྲངས་པ་བ་ལང་གི་བརྟུལ་ཞུགས་འཛིན་པ་ཀ་ཎ་དཱ་རོ་རུ་སྟེ་གཟིགས་མ་སྒྲ་སྒྲོག་ཅེས་པ་གཉིས་ཏེ། དེ་དག་གིས་ཀྱང་ལྷོ་ཕྱོགས་ཀྱི་ཡུལ་རྣམས་སུ་རྩོད་པ་མང་པོ་དག་བྱས་པ་ལས། སངས་རྒྱས་བསྐྱངས་དང༌། ལེགས་ལྡན་དང༌། ཆོས་འབངས་དང༌། ཕྱོགས་ཀྱི་གླང་པོ་ལ་སོགས་པའི་སློབ་མ་རྣམས་དང༌། ཉན་ཐོས་ཀྱི་དགེ་འདུན་གང་ཡིན་པ་དེ་རྣམས་ཀྱིས་དེ་དག་གི་རྩོད་པ་མ་བཟློག་ནས། ནང་པའི་ལོངས་སྤྱོད་མངའ་འབངས་མུ་སྟེགས་བྱེད་ཀྱི་བྲམ་ཟེས་ཕྲོགས་པ་ཤིན་ཏུ་མང་བར་བྱུང་ངོ༌། །འདི་ནི་སྔར་བརྗོད་པ་ལས་ཀྱང་འཕྱི་བ་ཙམ་གྱི་དུས་སོ། །དེའི་དུས་ན། སློབ་དཔོན་ཆོས་སྐྱོང་གི་སློབ་མ་དེ་ཝ་ཤྲ་མ་ཞེས་བྱ་བས་ཟླ་གྲགས་འགོག་པར་བསམས་ནས་དབུ་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བ་བྱས། ལྷོ་ཕྱོགས་ཀྱི་རྒྱུད་དུ་མུ་སྟེགས་འགའ་ཞིག་དང་རྩོད་པ་བྱས་པས་སློབ་དཔོན་རྒྱལ་ཏེ། རྒྱལ་པོ་ས་ལ་ཝ་ཧ་ན་ཟེར་བ་གཅིག་སངས་རྒྱས་ཀྱི་བསྟན་པ་ལ་ཆུད། དེས་ལྷ་ཁང་དང་
མཆོད་རྟེན་མང་དུ་བཞེངས། ཆོས་གཞི་ཡང་བཙུགས་སོ། །རྒྱལ་པོ་འདིའི་དུས་སུ་གྲུབ་ཐོབ་གོ་རཀྵ་བྱུང་ངོ༌། །སློབ་དཔོན་ཨ་མཱ་ར་སིདྷའི་ལོ་རྒྱུས་རྒྱས་པ་ནི་མ་ཐོས། ཅུང་ཟད་ཙམ་གཞན་དུ་ཤེས་པར་བྱའོ། །རིན་ཆེན་གྲགས་པས་དབུ་མ་འཇུག་པ་ལ་འགྲེལ་བཤད་བྱས་པར་གྲགས་ཤིང༌། དབྱིག་བཤེས་ཀྱིས་ཀྱང་མངོན་པ་མཛོད་ལ་འགྲེལ་བཤད་བྱས། འདི་སྡེ་པ་བཅོ་བརྒྱད་གྱི་གཞུང་ལུགས་བྱེ་བྲག་བཀོད་པའི་འཁོར་ལོ་ཞེས་བྱ་བ་རྩོམ་མཁན་དེ་ཡིན་ནོ། །སློབ་དཔོན་ཆེན་པོ་དབྱིག་གཉེན་བཞུགས་པ་ཡན་ཆད་ན་སྡེ་པ་བཅོ་བརྒྱད་པོ་ཡང་ཆ་ཚང་ཙམ་དུ་ཡོད་ལ། སྔོན་བསྟན་པའི་དགྲ་བྱུང་བའི་དུས་ན་ཉམ་སྨད་དེ་སྡེ་པ་འགའ་ཞིག་ཉུང་ངུར་ཡོད་པ་བར་སྐབས་དེ་རྣམས་སུ་རྩོད་པའི་རྒྱུ་མཚན་དང༌། སྟེས་དབང་གིས་ནུས་པ་སྣ་ཚོགས་བྱུང་སྟེ། དགེ་འདུན་ཕལ་ཆེན་པ་ལས། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། གངས་རིར་གནས་པ་གསུམ་སྟོངས༌། ཐམས་ཅད་ཡོད་སྨྲ་ནས། འོད་སྲུང་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་གཉིས་སྟོངས། གནས་བརྟན་པ་ལས། གཙུག་ལག་ཁང་ཆེན་པ་དང༌། མང་པོས་བཀུར་བ་ལས། སྲུང་བ་པའི་སྡེ་པ་སྟོངས་ཏེ། ལྷག་མ་རྣམས་ནི་དར་བར་ཡོད་དོ། །དེ་ལ་ཉན་ཐོས་རྣམས་ཀྱི་སྒྲུབ་པའི་བསྟན་པ་ནི་ལོ་ལྔ་བརྒྱ་ནས་ཉམས་པ་ལྟར་གྱུར་པ་ཡིན་མོད། ཉན་ཐོས་ཀྱི་གྲུབ་མཐའི་ཕྱོགས་འཛིན་པ་ནི་ད་ལྟའི་བར་དུ་ཤིན་ཏུ་མང་སྟེ། ཆོས་འབྱུང་རྩོམ་པ་ཁ་ཅིག་ཐེག་ཆེན་དར་ནས་མི་རིང་བ་ན་ཉན་ཐོས་ཀྱི་སྡེ་གུད་དོ་ཞེས་ཟེར་ཞིང༌། ཐེག་ཆེན་གྱི་སྡེ་ཚུགས་པ་ནས་ཉན་ཐོས་རྣམས་ཀྱི་མངའ་ཐང་ཇེ་ཉུང་
དུ་སོང་སྟེ། དུས་སྐབས་འདི་ཙམ་ན་ཉན་ཐོས་ཀྱི་ཕྱོགས་འཛིན་ཆེར་མེད་དམ་སེམས་པ་ནི་ཆ་མེད་ཀྱི་རྒྱུས་གཏམ་སྟེ། རང་གིས་ཕྱོགས་ཙམ་ཡང་མ་ངེས་བཞིན་དུ་ངེས་ངེས་ལྟར་གཞན་ལ་སྟོན་ཞིང་ཡི་གེར་འབྲི་བ་ངོ་མཚར་རོ། དཔལ་ལྡན་ཆོས་ཀྱི་གྲགས་པ་ནི། ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བར་འཁྲུངས་ཞེས་སྔོན་གྱི་མཁས་པ་ཐམས་ཅད་གསུང་ལ། དེང་སང་ཡུལ་དེ་འདྲའི་མིང་ཅན་མི་སྣང་ཡང༌། དཔལ་ཆོས་ཀྱི་གྲགས་པའི་འཁྲུངས་ཡུལ་ནི། ཏྲི་མ་ལ་ཡའི་ཡུལ་ཡིན་པར་ཕྱི་ནང་ཀུན་ལ་གྲགས་པས་སྔོན་དུས་དེ་ལ་རྒྱལ་དབང་གཙུག་གི་ནོར་བུ་ཟེར་བར་ངེས་སོ། །སྐུ་འཁྲུངས་པའི་དུས་ནི། རྒྱལ་པོ་སེང་གེ་ལྔ་པ་དང༌། རྒྱལ་པོ་གསལ་བ་སོགས་རྒྱལ་སྲིད་ལ་འཁོད་ནས་མི་རིང་བའི་དུས་ན་ཡིན་པར་མངོན་ལ། ཡབ་བྲམ་ཟེའི་རིགས་ཀྱི་མུ་སྟེགས་ཀུན་ཏུ་རྒྱུ་ས་རོ྅་ནནྡྲ་ཞེས་བྱ་བའི་བུར་སྐྱེ་བ་བརྙེས་ཏེ། ཆུང་ངུ་ནས་བློ་གྲོས་ཤིན་ཏུ་སྒྲིན་པས་བཟོའི་གནས་དང༌། རིག་བྱེད་ཡན་ལག་དང་བཅས་པ་དང༌། སྨན་དཔྱད་དང། བརྡ་སྤྲོད་པ་དང༌། མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་མ་ལུས་པ་ལ་ཤིན་ཏུ་སྦྱངས་པས། ལོ་བཅུ་དྲུག་གམ་བཅོ་བརྒྱད་ཙམ་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། བྲམ་ཟེ་རྣམས་ཀྱིས་ལྷག་པར་བསྟོད་པར་བྱེད་པའི་སྐབས་ཤིག སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས། རང་གི་སྟོན་པ་སྐྱོན་དང་བཅས་ཤིང༌། བསྟན་བཅོས་རྣམས་ཤིན་ཏུ་མི་འཐད་པ་དང༌། སངས་རྒྱས་དང་དམ་པའི་ཆོས་ནི་དེ་ལས་བཟློག་པར་གཟིགས་ནས་ཤིན་ཏུ་མོས་པ་སྐྱེས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་རྒྱུ་མཚན་དྲིས་པ་
ན། སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་རྣམས་ཀྱིས་གནས་ནས་བསྐྲད་དོ། །དེ་ནས་ཡུལ་དབུས་སུ་བྱོན་ཏེ། སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས། སྡེ་སྣོད་གསུམ་པོ་མཐའ་དག་མཁས་པར་བྱས། མདོ་སྡེ་དང་གཟུངས་སྔགས་བསྡོམས་པ་ཡང་ལྔ་བརྒྱ་ཐུགས་ནས་འདོན་ནོ། །རྟོག་གེའི་བསྟན་བཅོས་གཞན་མང་པོ་ཉན་ཡང་བློ་གྲོས་མ་ཁེངས་ཏེ། དཔལ་ཕྱོགས་ཀྱི་གླང་པོའི་སློབ་མ་དབང་ཕྱུག་སྡེ་ལས་ཚད་མ་ཀུན་ལས་བཏུས་པ་ཚར་གཅིག་ཉན་པས་དབང་ཕྱུག་སྡེ་ཉིད་དང་མཉམ་པར་གྱུར། ལན་གཉིས་པ་ཉན་པས་ཕྱོགས་ཀྱི་གླང་པོ་དང་མཉམ་པར་གྱུར། གསུམ་པ་ཉན་པ་ན། སློབ་དཔོན་དབང་ཕྱུག་སྡེས་ཀྱང་ཕྱོགས་ཀྱི་གླང་པོའི་དགོངས་པ་མ་ལོངས་པར་འགའ་ཞིག་ནོར་བར་མཁྱེན་ནས་སློབ་དཔོན་ཉིད་ལ་བཟླས་པས་ཤིན་ཏུ་དགྱེས་ཏེ། ཁྱོད་ནི་ཕྱོགས་ཀྱི་གླང་པོ་དང་མཉམ་སྟེ། གྲུབ་མཐའ་ནོར་བ་ཐམས་ཅད་སུན་ཕྱུང་ལ། ཚད་མ་ཀུན་ལས་བཏུས་ཀྱི་འགྲེལ་པ་ཡང་གྱིས་ཤིག་ཅེས་སློབ་དཔོན་ལས་གནང་བ་ཐོབ་བོ། །དེར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་དབང་བསྐུར་བ་ཡང་དག་པར་མནོས་ཏེ། ལྷག་པའི་ལྷ་བསྒྲུབས་པས་ཧེ་རུ་ཀས་མངོན་སུམ་དུ་ཞལ་བསྟན་ཏེ། ཅི་འདོད་གསུངས་པ་ལ། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་འཚལ་ལོ། །ཞུས་པས་ཧ་ཧ་ཧཱུཾ་གསུངས་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེར་བསྟོད་པ་རྒྱུན་ཆགས་ཀྱང་མཛད། སློབ་དཔོན་འདིའི་རྡོ་རྗེ་སློབ་དཔོན་ནི་འགའ་ཞིག་དཱ་རི་ཀ་པ་ཡིན་ཟེར། ཁ་ཅིག་རྡོ་རྗེ་དྲིལ་བུ་པ་ཡིན་པར་འདོད་ཀྱང༌། ཌེཾ་གི་ཡིན་པར་འཐད་གསུང༌། སློབ་དཔོན་འདིས་
དཔལ་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་གཅིག་ཀྱང་མཛད་ཡོད་གསུང་ཞིང༌། རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ལཱུ་ཡི་པས་མཛད་པར་གྲགས་པ་འདི་ཡང་སློབ་དཔོན་འདིས་མཛད་པ་ཡིན་གསུང༌། དེ་ནས་མུ་སྟེགས་ཀྱི་གྲུབ་མཐའི་གསང་ཚིག་སློབ་པར་བཞེད་ནས། ཁོལ་པཽའི་ཆ་ལུགས་སུ་བརྫུས་ཏེ་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན། མུ་སྟེགས་ཀྱི་གྲུབ་མཐའ་ལ་སུ་མཁས་དྲིས་པས། གྲུབ་མཐའ་ཐམས་ཅད་ལ་མཁས་པ་འགྲན་གྱི་དོ་མེད་བྲམ་ཟེ་གཞོན་ནུ་རོལ་པ་ཡིན་ཟེར། འདི་ལ་བོད་ན་གཞོན་ནུ་མ་ལེན་ཟེར་བ་ནི། ཀུ་མཱ་ར་ལཱི་ལ་ཞེས་པ་བསྒྱུར་མ་ཤེས་པའམ། ཡི་གེ་ནོར་བ་ལས་བསྒྱུར་བའི་སྐྱོན་ནོ། །ཆོས་ཀྱི་གྲགས་པའི་ཞང་པོ་ཡིན་ཟེར་ནའང་རྒྱ་གར་ན་ཡེ་མ་གྲགས། གྲུབ་མཐའི་གསང་ཚིག་བརྐུ་བའི་ཚེ། བྲམ་ཟེའི་ཆུང་མའི་རྐང་པའི་སྲིན་མཛུབ་ལ་ཐག་གུ་བཏགས་པ་སོགས་ཀྱི་ལོ་རྒྱུས་འཆད་པ་ཡང་རྒྱ་གར་བ་ལ་མ་གྲགས་ཤིང༌། བདེན་བདེན་ཡང་མི་འདྲ་བ་ཞིག་གོ །དེར་གཞོན་ནུ་རོལ་བ་དེ་རྒྱལ་པོ་ལས་མངའ་ཐང་ཆེན་པོ་ཐོབ་སྟེ། འབྲས་སཱ་ལུའི་ཞིང་ཕུན་སུམ་ཚོགས་པ་དང༌། བ་ལང་དང༌། མ་ཧེ་མང་པོ་དང་ལྡན་པ། བྲན་ཕོ་ལྔ་བརྒྱ་དང༌། བྲན་མོ་ལྔ་བརྒྱ་དང༌། ཞོ་ཤས་འཚོ་བ་མང་པོ་དང་བཅས་པ་ཡིན་པས། སློབ་དཔོན་གྱིས་ཀྱང་དེར་ཕྱི་ནང་གི་ལས་ཐམས་ཅད་ལ་བྲན་ཕོ་ལྔ་བཅུ་བྲན་མོ་ལྔ་བཅུའི་ལས་སློབ་དཔོན་གཅིག་པུས་གྲུབ་པ་ན། གཞོན་ནུ་རོལ་པ་ཆུང་མར་བཅས་པ་ཤིན་ཏུ་དགའོ། ཁྱོད་ཅི་འདོད་ཟེར་བ་ལས། གྲུབ་མཐའ་ཉན་པར་འཚལ་ལོ་བྱས་པས། གཞོན་ནུ་རོལ་པ་སློབ་མ་ལ་རིག་པ་སྟོན་པ་རྣམས་ཀྱང་ཉན་ཞིང༌། གསང་ཚིག་བུ་དང་ཆུང་མ་མ་གཏོགས་
གཞན་ལ་མི་སྟོན་པ་འགའ་ཞིག་ཡོད་པ་རྣམས་ལས་ཀྱི་བྱ་བས་དེའི་བུ་དང་ཆུང་མ་མགུ་བར་བྱས་ཏེ། དེ་རྣམས་ལ་དྲིས་པས་ཤེས་སོ། །དེར་གྲུབ་མཐའི་གནས་ཐམས་ཅད་ཤེས། ཇི་ལྟར་འགོག་པའི་ཚུལ་ཐམས་ཅད་ཉམས་འོག་ཏུ་ཆུད་པར་གྱུར་པ་དེའི་ཚེ། སློབ་མ་གཞན་རྣམས་ལ་ཇི་ལྟར་རིག་པ་སློབ་པའི་ཡོན་རྣམས་ལ་སློབ་དཔོན་གྱིས་རྣམ་པར་བརྟགས་སོ། །དེར་རིག་པ་གསར་དུ་ཤེས་པ་དང་ཡོན་རྣམས་ཡོངས་སུ་བརྩིས་ཏེ། བྲམ་ཟེ་ནོར་ལ་སྲེད་པས་ཡོན་མ་བྱིན་ན་ཉེས་པར་འགྱུར་རོ་སྙམ་ནས། དེ་ཉིད་ཀྱིས་བྱིན་པའི་ལག་གི་གླ་དངུལ་པ་ཎ་ལྔ་བརྒྱ་ཞིག་ཡོད་པ་དང༌། ཕྱོགས་དེ་ན་གནས་པའི་གནོད་སྦྱིན་ཞིག་ལས་ཀྱང་གསེར་གྱི་དོང་ཙེ་བདུན་སྟོང་བླངས། གསེར་རྣམས་གཞོན་ནུ་རོལ་པ་ལ་བྱིན། དངུལ་གྱིས་བྲམ་ཟེ་རྣམས་ལ་སྟོན་མོ་ཆེར་བྱས་ཏེ། དེའི་ནུབ་མོ་ཉིད་བྲོས་ནས་བྱོན་ནོ། །དེར་ཀཱ་ཀ་གུ་ཧ་ཞེས་བྱ་བའི་ཚོང་འདུས་ཆེན་པོ་ཕོ་བྲང་དང་བཅས་པ་ཞིག་ཡོད་པ་ལ། རྒྱལ་པོ་དྲུཿམ་རི་པུ་ཞེས་བྱ་བ་ཡོད་པའི་སར་སྒོ་ཡིག་བཏབ་སྟེ་རྩོད་པར་འདོད་པ་སུ་ཡོད་བྱས་པས། གཟེགས་ཟན་གྱི་གྲུབ་མཐའ་འཛིན་པ་བྲམ་ཟེ་ཀ་ན་གུཔྟ་དང༌། གཞན་ཡང་ལྟ་བ་དྲུག་གི་གྲུབ་མཐའ་འཛིན་པ་ལྔ་བརྒྱ་ཙམ་འདུས་ནས་ཟླ་བ་གསུམ་དུ་བརྩད་པས། རིམ་གྱིས་ལྔ་བརྒྱ་པོ་ཐམས་ཅད་སུན་ཕྱུང་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུགརྒྱལ་པོས་དབང་བསྒྱུར་ཏེ། དེ་དག་གི་ནང་ན་བྲམ་ཟེ་ལོངས་སྤྱོད་དང་ལྡན་པ་ལྔ་བཅུ་ཙམ་གྱིས་ནང་པའི་ཆོས་གཞི་རེ་རེ་འཛུགས་སུ་བཅུག གཏམ་དེ་གཞོན་ནུ་རོལ་པས་ཐོས་ནས་ཤིན་ཏུ་ཁྲོས་ཏེ། རང་ཉིད་བྲམ་ཟེ་ལྔ་བརྒྱ་དང་བཅས་པ་རྩོད་པར་འོངས། གལ་ཏེ་
ཁོ་བོ་རྒྱལ་ན་ཆོས་ཀྱི་གྲགས་པ་སོད་ཅིག །གལ་ཏེ་ཆོས་ཀྱི་གྲགས་པ་རྒྱལ་ན་ང་སོད་ཅིག་ཅེས་རྒྱལ་པོ་ལ་བསྒོ་བ་ལས། སློབ་དཔོན་གྱིས་གལ་ཏེ་གཞོན་ནུ་རོལ་པ་རྒྱལ་ན་བདག་མུ་སྟེགས་པ་འདུག་གམ། གསོད་དམ། བརྡེག་གམ་འཆིང་བ་ནི་རྒྱལ་པོ་ཉིད་ཤེས་སོ། །གལ་ཏེ་བདག་རྒྱལ་བར་གྱུར་ན་གཞོན་ནུ་རོལ་པ་བསད་དུ་མི་འཚལ་ཏེ། འོན་ཀྱང་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་ལ་གཞུག་པར་བྱའོ་གསུང༌། དེར་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས། གཞོན་ནུ་རོལ་པའི་ཐུན་མོང་མ་ཡིན་པའི་དམ་བཅའ་ལྔ་བརྒྱ་ཡོད་པ་ཐམས་ཅད་རེ་རེ་ནས་རིག་པའི་རྣམ་གྲངས་བརྒྱ་བརྒྱས་སུན་ཕྱུང༌། དེར་གཞོན་ནུ་རོལ་བས་ཀྱང་ནང་པ་མཆོད་པར་བྱས་ཤིང༌། བྲམ་ཟེ་ལྔ་བརྒྱ་པོ་དེ་རྣམས་སངས་རྒྱས་ཀྱི་བསྟན་པ་ཁོ་ན་རིགས་པར་ཤེས་ནས་སངས་རྒྱས་ཀྱི་བསྟན་པར་རབ་ཏུ་བྱུང་ངོ༌། །གཞན་ཡང་གཅེར་བུ་པ་ར་ཧུ་པྲཱ་ཏི་དང༌། སྤྱོད་པ་པ་བྷྲྀཾ་ཀ་ར་གུ་ཧྱ་དང༌། བྲམ་ཟེ་ཀུ་མཱ་ར་ནནྡ་དང༌། མུ་སྟེགས་ཀྱི་རྩོད་པའི་ཁྱུ་མཆོག་ཀ་ཎ་དཱ་རོ་རུ་སོགས་དང༌། འབིགས་བྱེད་ཀྱི་རི་བོའི་ཁོངས་ན་གནས་པའི་རྒོལ་བ་ཐམས་ཅད་ཀྱང་སུན་ཕྱུང་ངོ༌། །སླར་ཡང་དྲྭ་བ་ལིའི་ཡུལ་དུ་བྱོན་ནས། ཡུལ་འདི་ན་རྩོད་པར་ནུས་པ་སུ་ཞིག་ཡོད་ཅེས་དྲིལ་བསྒྲགས་པས། མུ་སྟེགས་པ་ཕལ་ཆེར་ཞིག་བྲོས། འགའ་ཞིག་གིས་རྩོད་པར་མི་ནུས་པར་ཁས་བླངས་ཏེ། ཡུལ་དེར་སྔོན་གྱི་ཆོས་གཞི་ཉམས་པ་ཐམས་ཅད་གསོས་ནས། ནགས་ཚལ་དབེན་པ་རྣམས་སུ་བསམ་གཏན་མཛད་ཅིང་བཞུགས་པ་ལས། དེའི་ཚེ་དཔའ་ནཱ་ལེནྡྲར་སཾ་ག་ར་ཨཱ་ཙརྱས་རྩོད་པ་བྱེད་དོ་ཞེས་འཕྲིན་བརྫངས་སོ། །དེ་རྣམས་ཀྱིས་ཀྱང་སང་ཕོད་བྱའོ་
ཞེས་ཕྱི་དུས་བཏབ། ཆོས་ཀྱི་གྲགས་པ་ལྷོ་ཕྱོགས་ནས་སྤྱན་དྲངས་སོ། །དེ་ནས་རྩོད་པའི་དུས་སུ་བབ་པ་ན། སངས་རྒྱས་པ་རྣམས་དང༌། བྲམ་ཟེ་དང་མུ་སྟེགས་ཅན་མཐའ་དག་རྒྱལ་པོ་རབ་གསལ་གྱིས་ཝཱ་རཱ་ཎ་སཱིར་བསྡུས་ཏེ། རྒྱལ་པོ་དཔང་པོའི་ཚོགས་དང་བཅས་པའི་དབུས་སུ། སཾ་ག་ར་ཨཱ་ཙརྱ་དང༌། དཔལ་ཆོས་ཀྱི་གྲགས་པ་རྩོད་པར་ཕྱོགས་པ་ན། སཾ་ག་ར་ཎ་རེ། གལ་ཏེ་ངེད་རྒྱལ་ན་ཁྱེད་རྣམས་གངྒཱ་ལ་མཆོང་ངམ། མུ་སྟེགས་ལ་འཇུག་གདམ་ང་གྱིས། ཅི་སྟེ་ཁྱོད་རྣམས་རྒྱལ་ན་ཁོ་བོ་ཅག་གངྒཱ་ལ་མཆོངས་ཏེ་འཆི་བར་བྱེད་དོ། །ཞེས་ཟེར་ནས་བརྩད་པས། ཆོས་ཀྱི་གྲགས་པས་སཾ་ག་ར་ཨཱ་ཙརྱ་ཡང་ནས་ཡང་དུ་ཕམ་པར་བྱས་ཏེ། མཐར་ཅང་མི་སྨྲ་བའི་གནས་ལ་བཀོད། དེ་ནས་སཾ་ག་ར་ཨཱ་ཙརྱ་གངྒཱ་ལ་འཆི་བར་རྩོམ་པ་ལ་སློབ་དཔོན་གྱིས་བཟློག་ཀྱང་མ་ཉན་ཏེ། ཁོ་རང་གི་སློབ་མ་བྷཊྚ་ཨཱ་ཙརྱ་ལ་ཁྱོད་ཀྱིས་རྩོད་པ་གྱིས་ལ། མགོ་བྲེགས་འདི་ལས་རྒྱལ་བར་གྱིས་ཤིག མ་རྒྱལ་ཡང་རུང༌། ང་ཁྱོད་ཀྱི་བུར་སྐྱེ་བ་བླངས་ནས་འདི་རྣམས་དང་འཐབ་པར་བྱའོ་ཟེར་ནས་གངྒཱར་མཆོངས་ནས་ཤིའོ། །དེའི་སློབ་མ་ཀུན་ཏུ་རྒྱུ་ཚངས་པར་སྤྱོད་ཁས་འཆེ་བ་མང་པོ་ཞིག་སངས་རྒྱས་ཀྱི་བསྟན་པ་ལ་བཙུད། ལྷག་མ་རྣམས་ཐག་རིང་པོར་བྲོས་སོ། །དེའི་ཕྱི་ལོ་ཉིད་བྷཊྚ་ཨཱ་ཙརྱའི་བུར་སྐྱེ་བ་བླངས། བྷཊྚ་ཨཱ་ཙརྱས་ཀྱང་ལོ་གསུམ་དུ་སླར་ཡང་ལྷ་མཉེས་པར་བྱས། ཡང་ལོ་གསུམ་དུ་ནང་པའི་གྲུབ་མཐའ་དང་འགོག་བྱེད་ཀྱི་རིག་པ་བསམས། ལོ་བདུན་བ་ལ་སྔར་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས། བྷནྚ་ཨཱ་ཙརྱ་ཡང་རྣམ་པ་ཀུན་ཏུ་ཕམ་པར་བྱས་ཏེ། སློབ་དཔོན་གྱིས་བཟློག་
ཀྱང་མ་ཉན་པར་གངྒཱར་མཆོངས་ཏེ་ཤིའོ། །དེར་དེ་ཉིད་ཀྱི་བུ་ཐུ་བོ་བྷཊྚ་ཨཱ་ཙརྱ་གཉིས་པ་དང༌། སཾ་ག་ར་ཨཱ་ཙརྱའི་སྐྱེ་བ་དང༌། བྲམ་ཟེར་རང་གི་གྲུབ་མཐའ་ལ་མངོན་པར་ཞེན་པ་རྣམས་ཤར་ཕྱོགས་ཐག་རིང་པོར་བྲོས། བྲམ་ཟེ་དྲང་པོའི་བློ་ཅན་ལྔ་བརྒྱ་ཙམ་ནི་བསྟན་པ་ལ་རབ་ཏུ་བྱུང༌། ལྔ་བརྒྱ་ཙམ་ནི་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང༌། ཡུལ་མ་ག་དྷཱའི་བྲམ་ཟེ་གང་བ་ཞེས་བྱ་བ་དང༌། བཅོམ་བརླག་ཏུ་བྲམ་ཟེ་གང་བ་བཟང་པོ་ཞེས་བྱ་བ་བྱུང༌། དེ་དག་མངའ་ཐང་དང་ལོངས་སྤྱོད་ཆེ་བ་ཤིན་ཏུ་རྟོག་གེ་ལ་མཁས་ཤིང༌། དབྱངས་ཅན་མ་དང་ཁྱབ་འཇུག་ལ་སོགས་པར་རང་གི་ལྷས་བྱིན་གྱིས་བརླབས་པ་ཡིན་ལ། དེ་དག་ཀྱང་སྔ་ཕྱིར་རྩོད་དུ་འོངས་བ་སློབ་དཔོན་གྱིས་རིག་པས་བཏུལ་ཏེ་སངས་རྒྱས་པ་ལ་བཀོད། བྲམ་ཟེ་དེ་གཉིས་ཀྱིས་ཀྱང་མ་ག་དྷཱ་དང༌། བཅོམ་བརླག་ཏུ་ནང་པའི་ཆོས་གཞི་ལྔ་བཅུ་ལྔ་བཅུ་བཙུགས་སོ། །དེར་སྙན་པའི་གྲགས་པས་ས་སྟེང་ཐམས་ཅད་ཁྱབ་བོ། །དེ་ནས་མ་ག་དྷ་དང་ཉེ་བ་དྲང་སྲོང་མ་ཏཾ་གའི་ནགས་སུ་ཡུན་རིང་དུ་བཞུགས་ཏེ་རིག་སྔགས་མང་པོ་གྲུབ་པར་མཛད་དོ། །དེ་ནས་འབིགས་བྱེད་ཀྱི་རི་བོའི་ཁོངས་ན་རྒྱལ་པོ་མེ་ཏོག་གི་བུ་མེ་ཏོག་ཀུན་ཏུ་རྒྱས་པ་ཞེས་བྱ་བ་ཡོད་དེ། གྲོང་འབུམ་ཕྲག་སུམ་ཅུ་ལ་དབང་བསྒྱུར་བ་ལོངས་སྤྱོད་ཀྱི་ཁྱད་པར་ནི་ལྷ་དང་མཚུངས་སོ། །ཞེས་གྲགས་པ་ཞིག་ཡོད་པའི་སར་ལྗོངས་རྒྱུ་ཞིང་གཤེགས་པ་ལས་མཐར་གྱིས་རྒྱལ་པོའི་ཕོ་བྲང་དུ་བྱོན་པ་ན་རྒྱལ་པོས་སུ་ཡིན་དྲིས་པས། ཤེས་རབ་ཅན་ནི་ཕྱོགས་ཀྱི་གླང་པོ་སྟེ། །ཙནྡྲ་གོ་མཱི་བརྗོད་པ་རྣམ་པར་དག །སྙན་དངགས་དཔའ་བོ་ལས་བྱུང་སྡེབ་སྦྱོར་མཁས། །ཕྱོགས་ལས་རྣམ་པར་རྒྱལ་བ་ང་མིན་སུ། །
ཞེས་གསུངས་པ་ན། ཆོས་ཀྱི་གྲགས་པ་ཡིན་ནམ་ཞེས་དྲིས་པས། འཇིག་རྟེན་ན་དེ་ལྟར་འདོགས་གསུང༌། རྒྱལ་པོ་དེས་ཀྱང་གཙུག་ལག་ཁང་མང་དུ་བཞེངས་ཤིང་དེར་ཆོས་ཀྱི་གྲགས་པ་བཞུགས། ཚད་མ་སྡེ་བདུན་གྱིས་བསྟན་བཅོས་ཀྱང་བརྩམས་ནས། གལ་ཏེ་ཆོས་ཀྱི་གྲགས་པ་ཡི། །སྨྲ་བའི་ཉི་མ་ནུབ་པ་ན། །ཆོས་རྣམས་གཉིད་ལོག་ཡང་ན་ཤི། ཆོས་མ་ཡིན་རྣམས་ད་གདོད་ལངས། །ཞེས་ཆེད་དུ་བརྗོད་པ་རྒྱལ་པོའི་སྒོ་ཁང་དུ་ཡི་གེར་བྲིས་སོ། །དེར་ཡུན་རིང་དུ་སངས་རྒྱས་ཀྱི་བསྟན་པ་དར་བར་མཛད་ནས་ཡུན་དེར་དགེ་སློང་ཁྲི་ཕྲག་སྙེད་བྱུང་ཞིང༌། ཆོས་གཞི་ཡང་ལྔ་བཅུ་ཙམ་བཙུགས་སོ། །དེ་ནས་མཐའ་འཁོབ་ཀྱི་ཡུལ་གུ་ཛི་ར་ཐར་བྱོན་ནས། དེར་ཡང་བྲམ་ཟེ་དང་མུ་སྟེགས་བྱེད་མང་པོ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག གོ་ཏ་པཱུ་རི་ཞེས་བྱ་བའི་ལྷ་ཁང་བཞེངས། ཡུལ་དེར་མུ་སྟེགས་ཤིན་ཏུ་མང་པ་ལས། དེ་རྣམས་ཀྱིས་སློབ་དཔོན་གྱི་བྲང་ཁང་ལ་མེ་བཏང་སྟེ་ཕྱོགས་ཐམས་ཅད་མེས་ཚིག་པར་གྱུར་པ་ན། ལྷག་པའི་ལྷ་དང་གསང་སྔགས་རྗེས་སུ་དྲན་པས་ནམ་མཁའི་ལམ་ལ་བགྲོད་ནས་ཕྱོགས་དེ་ནས་དཔག་ཚད་གཅིག་ཙམ་གྱིས་ཡུལ་དེ་ཉིད་ཀྱི་རྒྱལ་པཽའི་ཕོ་བྲང་དང་ཉེ་བར་བྱོན། ཐམས་ཅད་ངོ་མཚར་དུ་འཛིན་པར་གྱུར་ཏོ། །ད་ལྟའི་གྲུབ་ཐོབ་བརྒྱད་ཅུའི་བསྟོད་པར་གྲགས་པ་འདི་གཅིག་ཏུ་ཁུངས་སུ་མི་རུང་ཡང༌། རྒོལ་བ་ཚར་གཅོད་མཁའ་ལ་གཤེགས། །ཞེས་པ་ཡང་གཏམ་རྒྱུད་འདི་ལ་བརྟེན་པར་མངོན་ནོ། །དེའི་ཚེ་སཾ་ག་ར་ཨཱ་ཙརྱ་སླར་ཡང་སྐྱེ་བ་བླངས་པ་དེ་ཉིད་སྔ་མ་ལས་ཀྱང་ཆེས་ཤིན་ཏུ་བློ་རྣོ་ཞིང༌། རྩོད་པ་ལ་མཁས་པ། བུམ་པའི་སྟེང་དུ་ལྷས་ལུས་རྫོགས་
པར་སྟོན་པ་ཞིག་བྱུང་སྟེ། ལོ་བཅོ་ལྔའམ་བཅུ་དྲུག་ལོན་པ་ན། དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་འདོད་དེ། ཝཱ་རཱ་ཎ་སཱིར་འོངས་ནས་རྒྱལ་པོ་མཧཱ་སྱ་ཎི་ལ་བསྒོས་ཤིང་ཕྱོགས་ཐམས་ཅད་དུ་དྲིལ་བསྒྲགས་དེར་སློབ་དཔོན་ལྷོ་ཕྱོགས་ནས་སྤྱན་དྲངས་ཏེ། བྲམ་ཟེའི་སྐྱེ་བོ་སྟོང་ཕྲག་ལྔ་ཙམ་དང༌། རྒྱལ་པོ་ལ་སོགས་པ་སྐྱེ་བོ་དཔག་ཏུ་མེད་པ་ཡང་འདུས། སྔོན་བཞིན་བསྟན་པ་དཔང་དུ་བཙུགས་ནས་བརྩད་པ་ལས་ཤིན་ཏུ་ཚར་བཅད་དེ། ཡང་སྔོན་བཞིན་བཟློག་ཀྱང་གངྒཱར་མཆོངས་ནས་ཤིའོ། །དེར་ཡང་བྲམ་ཟེ་མང་པོ་དག་རང་གི་གྲུབ་མཐའ་སུན་ཕྱུང་བར་རིགས་པར་མཐོང་ནས་མང་པོ་ཞིག་རབ་ཏུ་བྱུང༌། མང་པོ་ཞིག་དགེ་བསྙེན་བྱས་སོ། །དེའི་ཚེ་ཁ་ཆེའི་ཡུལ་ནས་བྲམ་ཟེ་བིདྱ་སིངྷ་ཞེས་བྱ་བ་དང༌། དེ་ཝ་བིདྱཱ་ཀ་ར་ཞེས་བྱ་བ་དང༌། དེ་ཝ་སིངྷ་ཞེས་བྱ་བ་སྟེ་བྲམ་ཟེའི་སློབ་དཔོན་ཆེན་པོ་གསུམ་དཔལ་ཆོས་ཀྱི་གྲགས་པའི་དྲུང་དུ་འོངས་ནས་དྲང་པོའི་སེམས་ཀྱིས་གྲུབ་མཐའ་ལ་བརྒལ་བརྟགས་མང་དུ་བྱས་པས། ཆོས་ཀྱི་གྲགས་པས་ཀྱང་ཡང་དག་པའི་རིག་པ་བསྟན། དེ་དག་ནང་པ་ལ་ཤིན་ཏུ་དད་དེ་སྐྱབས་འགྲོ་དང་བསླབ་པའི་གནས་ལྔ་རྣམས་བླངས་གྲུབ་མཐའ་ཡང་ཉན། ཁྱད་པར་ཚད་མ་སྡེ་བདུན་ཉན་པས་ཤིན་ཏུ་མཁས་པར་གྱུར་ནས། བྱང་ཕྱོགས་ཁ་ཆེའི་ཡུལ་དུ་སོང་ནས་ཆོས་ཀྱི་གྲགས་པའི་ལུགས་ཀྱི་རྟོག་གེ་དར་བར་བྱས། བར་པས་ཝཱ་རཱ་ཎ་སཱིར་ཡུན་རིང་དུ་གནས་བཅས་པར་གྲགས་སོ། །སླར་ཡང་ལྷོ་ཕྱོགས་ཀྱི་རྒྱུད་དུ་བྱོན་ཏེ། སངས་རྒྱས་ཀྱི་བསྟན་པ་མ་དར་བ་དང་ཉམས་པའི་ཕྱོགས་ཐམས་ཅད་དུ་བསྟན་པའི་འགལ་རྐྱེན་བྱེད་པ་རྣམས་རྩོད་པས་ཚར་བཅད།
རྒྱལ་པོ་དང་བློན་པོ་ལ་སོགས་པ་ཆོས་ཀྱི་སྒོ་ནས་དབང་དུ་བསྡུས་ཏེ་དགེ་འདུན་གྱི་སྡེ་དང་ཆོས་གཞི་ཐུག་མེད་དུ་དར་བར་མཛད། སློབ་དཔོན་ཉིད་ཀྱིས་བཞེངས་པའི་ལྷ་ཁང་ཡང་བརྒྱ་རྩ་ཙམ་ཡོད་ཅིང༌། གཞན་ལ་བསྐུར་ཏེ་བཞེངས་པ་ནི་གྲངས་ལས་འདས་སོ། །སློབ་དཔོན་འདིས་ཡོངས་སུ་བསྐུལ་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་བཅུག་པའི་དགེ་སློང་དང་དགེ་བསྙེན་ཡན་ཆད་བསྡོམས་ན་འབུམ་དུ་ཉེ་བ་ཙམ་ཡོད་པར་གྲགས་ནའང༌། ཕལ་ཆེར་མཁན་སློབ་གཞན་ལ་གཏད་པ་ཁོ་ན་ཡིན་ཞིང༌། ཆོས་ཀྱིས་འབྲེལ་བའི་སློབ་མས་ནི་ས་སྟེང་ཐམས་ཅད་ཁྱབ་ཀྱང༌། ཕྱི་བཞིན་རྗེས་སུ་འབྲང་བ་ནི་ལྔ་ལས་ལྷག་པ་ཡོངས་སུ་མ་བཟུང་ངོ༌། །ཞེས་གྲགས་སོ། །སྐུ་ཚེའི་ཐ་མའི་ཚེ། ཡང་སྔར་གྱི་སཾ་གར་ཨཱ་ཙརྱ་དེ་ཉིད་བྷཊྚ་ཨཱ་ཙརྱ་ཕྱི་མའི་བུར་སྐྱེ་བ་བླངས་ཏེ་སྔོན་ལས་ཀྱང་བློ་གྲོས་ཀྱི་སྟོབས་ཆེ་བ། རང་གི་ལྷ་མདུན་དུ་འོངས་ཏེ་མངོན་སུམ་དུ་རིག་པ་སློབ་པ། རེས་འགའ་དེའི་ལུས་ལ་ཡོངས་སུ་ཞུགས་ནས་ཀྱང་སྔོན་མེད་པའི་རིག་པ་བརྗོད་པ་བྱུང་སྟེ། ལོ་བཅུ་གཉིས་ལོན་པ་ཙམ་ན་དཔལ་ཆོས་ཀྱི་གྲགས་པ་ལ་རྩོད་པར་འདོད་པ་ན། དེར་བྲམ་ཟེ་རྣམས་ཀྱིས་རེ་ཞིག་གཞན་ལ་རྩོད་པར་གྱིས་ཤིགདེས་ན་ངེས་པར་རང་ཉིད་རྒྱལ་བར་འགྱུར་ལ། ཆོས་ཀྱི་གྲགས་པ་ནི་ཕམ་པར་ནུས་པ་དཀའ་འོ་ཞེས་སྨྲས་ཀྱང༌། གལ་ཏེ་དེ་ལས་རྒྱལ་བ་མ་ནུས་ན། རྒོལ་བའི་གྲགས་པ་ཐོབ་པ་མེད་དོ་ཞེས་ལྷོ་ཕྱོགས་ཀྱི་རྒྱུད་ཉིད་དུ་སོང་སྟེ། གང་རྒྱལ་བ་དེའི་བསྟན་པ་ལ་ཅིག་ཤོས་འཇུག་པར་བྱས་ནས་བརྩད་པས། དཔལ་ཆོས་ཀྱི་གྲགས་པ་རྒྱལ་བར་གྱུར་ཏེ་དེ་ཉིད་སངས་རྒྱས་ཀྱི་བསྟན་
པ་ལ་བཅུག ལྷོ་ཕྱོགས་ཀྱི་རྒྱུད་ཉིད་དུ་བྲམ་ཟེ་དགེ་བསྙེན་གྱི་སྤྱོད་པ་ལ་གནས་པ་སངས་རྒྱས་ཀྱི་བསྟན་པ་ལ་མཆོད་པ་བྱེད་པ་བྱུང་ངོ་ཞེས་གྲགས་ཤིང༌། དེས་བཞེངས་པའི་ལྷ་ཁང་ནི་ད་ལྟ་ཡང་ཡོད་དོ། །དེ་ནས་དུས་ཀྱི་མཐར་ཡུལ་ཀ་ལེངྒར་གཙུག་ལག་ཁང་བཞེངས་ཤིང་སྐྱེ་བོ་མང་པོ་ཆོས་ལ་བཀོད་ནས་སྐུ་འདས། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་གདུང་དུར་ཁྲོད་དུ་ཞུགས་ལ་བཞེན་པས་མེ་ཏོག་གི་ཆར་ཆེན་པོ་བབས་ཤིང༌། ཕྱོགས་ཐམས་ཅད་དྲི་བཟང་དང་རོལ་མོས་ཁྱབ་པ་ཞག་བདུན་གྱི་བར་དུ་བྱུང་ངོ༌། གདུང༌། མས་ཅད་འཆིང་བུ་འདྲ་བའི་རྡོའི་གོང་བུ་གཅིག་ཏུ་འདྲིལ་བ་ལས་རུས་པའི་རྣམ་པ་ཡེ་མེད་དོ། །ད་ལྟ་ཡང་དུས་སྟོན་གྱི་མཆོད་པ་བྱེད་དོ། །སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་མཉམ་མོ་ཞེས་གྲགས་པ་བཞིན་དོན་ལའང་གནས་པར་མངོན་ནོ། །འདིར་བོད་ཀྱི་ལོ་རྒྱུས་ལྟར་ན། སྡེ་བདུན་རྩོམ་པའི་ཚེ། ཚོད་མ་ལ་ཏིག་ཏ་བཏབ་སྟེ་དྲངས་ཀྱང་མ་དགོངས་ཏེ་གཞུང་གི་དོན་ལ་བློ་གཅིག་ཏུ་ཕྱོགས་པས་སོ། །བརྩམས་ཟིན་པ་ན་རྒྱལ་པོས་དྲིས་པས། རྒྱལ་པོ་ཁྱེད་ཀྱིས་ཆད་པས་བཅད་པར་བྱ་བའི་མི་འགའ་ཡོད་ན་གོས་དཀར་པོ་བགོས། གཞོང་པ་སྣུམ་གྱིས་བཀང་སྲེ་མོག་གི་བྱུག་པ་ལག་ཏུ་གཏད། ཅུང་ཟད་ཅིག་བོའམ་གོས་ན་གསོད་དོ་བྱས་ནས་རལ་གྲི་ཐོགས་པ་ཕྱི་བཞིན་དུ་འབྲང་བས་ཕོ་བྲང་ལ་སྐོར་བ་བྱེད་དུ་བཅུག་ལ། ཕོ་བྲང་གི་མཐའ་ཀུན་ན་གླུ་དང་རོལ་མོ་མཁན་རྩེ་བ་ཞོག་ཅིག་གསུངས་ནས་དེ་བཞིན་དུ་བྱས་ནས་མཐར་དྲིས་པ་ན་མི་དེས་གླུ་གར་དང་རོལ་མོ་སོགས་གང་ཡང་ཡོད་པ་མ་ཤེས་ཏེ། དེ་ལ་བསྒྲིམས་པས་སོ་ཟེར་ནའང༌། ཉུང་མར་བཀང་བའི་སྣོད་བསྐུར་ལ།
ཞེས་སོགས་སྤྱོད་འཇུག་གི་ཚིག་ལ་བརྟེན་ནས་བདེན་བདེན་མར་སྨྲས་པ་འདྲ་ལ། སྡེ་བདུན་ནི་རང་གི་བློ་གྲོས་གོམས་པའི་ཕྱིར་དང༌། སློབ་མ་དག་གི་ངོར་གནས་གཙུག་ལག་ཁང་དུ་བརྩམས་པ་ཡིན་གྱིས། རྒྱལ་པོའི་འཕྲིན་ཡིག་མཁན་གྱིས་འབྲི་བ་བཞིན་དུ་ཕོ་བྲང་གི་ཕྱོགས་གཅིག་ཏུ་བརྩམས་པ་ག་ལ་ཡིན། བློ་ཤིན་ཏུ་གསལ་བས་རྒོལ་བ་བཅུ་ཙམ་ལ་དུས་གཅིག་ཏུ་ལན་ཐེབས་པར་གྲགས་པ་ལས། གཞུང་དོན་བསམ་པའི་ཚེ་གཞན་མི་རིག་ན་བློ་རྟུལ་པོ་རྣམས་དང་ཁྱད་པར་མེད་པར་འགྱུར་རོ། །གཞན་ཡང་གཏམ་དེ་ཤིན་ཏུ་མི་འཐད་པར་མངོན་ལ། སྡེ་བདུན་བརྩམས་ཟིན་པ་ན་པནྚི་ཏ་རྣམས་ལ་བྲིམས་པས། ཕལ་ཆེར་གྱིས་མ་ཤེས། འགའ་ཞིག་གིས་ཤེས་ནའང་ཕྲག་དོག་གི་དབང་གིས་མི་ལེགས་སོ་བྱས་ནས་ཁྱིའི་མཇུག་མ་ལ་བཏགས་པས། ཁྱི་ནི་ལམ་སྲང་ཀུན་ཏུ་རྒྱུ་བ་བཞིན་དུ་ངའི་བསྟན་བཅོས་ཀྱང་ཕྱོགས་ཀུན་ཏུ་རྒྱས་པར་འགྱུར་རོ། །ཞེས་གསུངས་ཤིང༌། གཞུང་གི་མགོར། སྐྱེ་བོ་ཕལ་ཆེར་ཕལ་ལ་ཆགས་ཤིང་སོགས་ཤློ་ཀ་གཅིག་བཅུག་པ་དང༌། ཕྱིས་སློབ་དཔོན་ལྷ་དབང་བློ་དང༌། ཤཱཀྱ་བློ་ལ་སྡེ་བདུན་ལེགས་པར་བཤད་དེ་རང་འགྲེལ་གྱི་འགྲོས་ལྷ་དབང་བློ་ལ་རྩོམས་པར་བསྐུལ། ལན་ཅིག་བརྩམས་ཏེ་གཟིགས་ཕུལ་བས་ཆུས་བཀྲུས། ཡང་བརྩམས་པ་མེས་བསྲེགས། སླར་ཡང་བརྩམས་ཏེ། ཕལ་ཆེར་སྐལ་བ་མེད་ཉིད་དང༌། །དུས་ལའང་སྡོད་པ་མེད་པའི་ཕྱིར། །གོམས་པའི་ཕྱིར་ནི་མདོར་བསྡུས་ནས། །དཀའ་འགྲེལ་འདི་ནི་འདིར་བྱས་སོ། །ཞེས་བྲིས་ཏེ་ཕུལ་བས། འགྲོས་དང་ཚིག་ཟུར་གྱིས་མཚོན་པའི་གནད་དོན་རྣམས་མ་བྱུང་བར་
འདུག་སྟེ། ཚིག་གིས་དངོས་སུ་བསྟན་པའི་དོན་རྣམས་བྱུང་འདུག་གསུངས་ནས་བཞག །ངའི་རིག་པ་འདི་དཔྱིས་ཕྱིན་པ་སུས་ཀྱང་མི་ཤེས་པ་འདུག་དགོངས་ནས་རྣམ་འགྲེལ་གྱི་མཇུག་ཏུ། རྒྱ་མཚོ་ལ་ནི་ཆུ་བོ་བཞིན་དུ་རང་གི་ལུས་ལ་ཐིམ་ཞིང་ནུབ་པ་ཉིད་དུ་འགྱུར། །ཞེས་པའི་ཚིགས་བཅད་བཅུག་གོ །ཞེས་གྲགས། ཁ་ཅིག་ལྷ་དབང་བློའི་སློབ་མ་ཤཱཀྱ་བློ་ཡིན་ཏེ། དེས་འགྲེལ་བཤད་བྱས་སོ་ཞེས་ཟེར་བ་ལྟར་འཐད་ཅིང༌། དེའི་སློབ་མ་འོད་ཀྱི་བློ་ཡིན་ཟེར་རོ། ཁ་ཅིག་ཛ་མཱ་རི་ཆོས་གྲགས་ཀྱི་དངོས་སློབ་ཡིན་ཟེར་བ་དང༌། རྒྱན་མཁན་པོ་དངོས་སློབ་ཡིན་པར་འདོད་པ་དང༌། སྤུར་ལ་ལུང་བླངས་པར་འདོད་པ་སོགས་དུས་མི་འགྲིག་པའི་ཅལ་ཅོལ་ཡིན་ཞིང༌། ཡང་ཆོས་ཀྱི་གྲགས་པས་རྒྱལ་རྔ་ལན་བཅུ་བདུན་བརྡུངས་ཟེར་ཡང་ནང་པའི་སྡོམ་བརྩོན་རྒྱལ་རྔ་བརྡུང་བའི་སྲོལ་མེད་ཅིང༌། གཅེར་བུ་པ་མདུང་ཅན་བྱ་བ་བྱུང་ནས་སུ་ཕམ་པ་མདུད་འདིས་གསོད་དོ་ཟེར་ནས་རྩོད་དུ་བྱུང་ལ། ཆོས་གྲགས་ཀྱིས་མ་བརྩད་པར་ལྷ་དབང་བློས་ཕམ་པར་བྱས་ཟེར་ཡང་གཅེར་བུ་པ་རང་གི་གྲུབ་མཐའ་དང་འགལ་བའི་སྤྱོད་པས་རྒོལ་བ་འཇོམས་པར་འདོད་པ་འོས་མ་ཡིན་ཞིང༌། མཁས་པ་ལ་ཡེ་མ་གྲགས་པའི་གཏམ་གཏམ་རྒྱུད་ཀྱི་བརྗོད་པས་ཕོངས་ཏེ་སྨྲས་པ་ལ་སྙིང་པོ་མེད་དོ། །དེ་ལྟར་ན་རྒྱན་དྲུག་པོ་དེ་དག་ལས། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་ནི་གཞུང་བྱེད་པ་པོ་ཡིན་ལ། འཕགས་པ་ལྷ། དབྱིག་གཉེན། ཆོས་ཀྱི་གྲགས་པ་གསུམ་ནི་འགྲེལ་བྱེད་ཡིན་ནོ། །དེ་རྣམས་སོ་སོའི་དུས་སྐབས་ལ་ལྟོས་ཏེ། བསྟན་པ་གསལ་བར་བྱེད་པའི་མཛད་པ་མཉམ་པས་རྒྱན་དྲུག་ཅེས་གྲགས་
སོ། །བྲམ་ཟེ་བདེ་བྱེད་དགའ་བ་ནི་དུས་ཕྱིས་བྱུང་བ་ཡིན་པས་ཆོས་གྲགས་ཀྱི་དངོས་སློབ་ཏུ་འཆད་པ་ཤིན་ཏུ་འཁྲུལ་ལོ། །དེའི་ཚེ་སྒྲུབ་པ་ཐོབ་པའི་རྣལ་འབྱོར་པ་ནི། སློབ་དཔོན་ཆེན་པོ་ལྭ་ཝ་པ་དང༌། ཨིནྡྲ་བྷུ་ཏི་བར་པ་དང༌། ཀུ་ཀུ་རཱ་ཛ་དང༌། སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང༌། ལ་ལི་ཏ་བཛྲ་རྣམས་འོལ་སྤྱི་ཙམ་དུ་དུས་མཉམ་མོ། །དེ་ལ་པདྨ་བཛྲ་གྱི་མཚན་ཅན་མང་པོ་བྱོན་ནའང༌། འདི་སྐབས་ཀྱི་མཚོ་སྐྱེས་ནི་བར་པ་དེ་ཡིན་ཞིང༌། མཚོ་སྐྱེས་ཀྱི་སྐད་དོད་མང་པོ་ཡོད་པ་ལས་མ་དོ་རུ་ཧ་ཞེས་པ་དེ་ཡིན་ལ། དེ་ལ་སློབ་དཔོན་ཀུ་ཀུ་རཱ་ཛ་སྟེ་ཁྱིའི་རྒྱལ་པོ་ཞེས་ཡོངས་སུ་གྲགས་པའམ། ལོ་རྒྱུས་ཀྱི་ཡི་གེ་འགའ་ཞིག་ཏུ་ཀུ་ཏ་རཱ་ཛ་ཞེས་འབྱུང་སྟེ། སྔོན་གྱི་ཡོ་ག་བ་རྣམས་ལ་ཡོངས་སུ་གྲགས་པ་དེ་ཡིན་ལ། དེ་ནི་ཉིན་མོ་ཁྱིའི་རྣམ་པ་ཅན་གྱི་དཔའ་བོ་དང་རྣལ་འབྱོར་མ་སྟོང་ཕྲག་གཅིག་ལ་ཆོས་སྟོན་པར་བྱེད་ལ། མཚན་མོ་དེ་དག་དང་ལྷན་ཅིག་དུར་ཁྲོད་གྱི་གནས་སུ་གཤེགས་ནས་ཚོགས་ཀྱི་འཁོར་ལོ་ལ་སོགས་པ་དམ་ཚིག་གི་ཀུན་ཏུ་སྤྱོད་པ་བྱེད་པ་ཞིག་བྱུང་སྟེ། དེ་ལྟར་ལོ་བཅུ་གཉིས་སུ་སྤྱད་པས་མཐར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེས་ནང་རྒྱུད་སྡེ་ལྔ་དང་རྣལ་འབྱོར་རྒྱུད་མང་དུ་བཤད་ཅིང༌། དེ་ཉིད་ནི་ཟླ་གསང་ཐིག་ལེའི་རྒྱུད་ལ་བརྟེན་ནས་གྲུབ་པ་ཐོབ་པ་ཡིན་ཞེས་གྲགས་སོ། །སློབ་དཔོན་ལ་ལི་ཏ་བཛྲ་ནི། ནཱ་ལེནྡྲའི་པནྚི་ཏ་ཞིག་ཡིན་ལ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལ་བརྟེན་ཏེ་འཕགས་པ་འཇམ་དཔལ་ཡི་དམ་དུ་བྱེད་པ་ལས། རང་གི་སློབ་དཔོན་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད་སོགས་
མཚན་དེ་རྣམས་ཀྱི་སྒྲུབ་ཐབས་དྲིས་པས། འདི་དག་ནི་མིའི་ཡུལ་ན་མེད་པས་ཁོ་བོས་ནི་མི་ཤེས་ཏེ། དེའི་དོན་དུ་འདོད་པའི་ལྷ་སྒྲུབས་ཤིག་གསུངས་པས། དེས་འཕགས་པ་འཇམ་དཔལ་རྩེ་གཅིག་ཏུ་བསྒྲུགས་པ་ན། ལོ་ཉི་ཤུ་ཙམ་ན་ཞལ་གཟིགས་ཏེ་རྒྱུད་བྱིན་གྱིས་བརླབས། ཐུན་མོང་གི་དངོས་གྲུབ་འགའ་རེའང་ཐོབ་ནས། ཨུ་རྒྱན་གྱི་གནས་ཆོས་ཀྱི་མཛོད་ནས་གཤིན་རྗེ་གཤེད་ཀྱི་རྒྱུད་སྤྱན་དྲོངས་ཤིག་ཅེས་ལུང་བསྟན་པའང་བྱུང་བས། ཨུ་རྒྱན་དུ་བྱོན་པ་ན། མུ་སྟེགས་ཀྱི་རྣལ་འབྱོར་པ་འགའ་ཞིག་དང་ནུས་པ་འགྲན་པས། དེས་ལྟ་སྟངས་བྱས་པ་ན་སློབ་དཔོན་བརྒྱལ་ཞིང་འགྱེལ་བར་གྱུར་པ་སངས་ཙམ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་གསོལ་བ་བཏབ་པས། རྡོ་རྗེ་རོ་ལངས་མས་ཞལ་མངོན་སུམ་དུ་བསྟན་ཏེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དེར་རྣལ་འབྱོར་བཞི་རྫོགས་པའི་རིམ་པ་དང་བཅས་པ་བསྒོམས་པས་ཟླ་བ་ཕྱེད་དང་གསུམ་ནས་དངོས་གྲུབ་ཆེན་པོ་ཐོབ་པའི་ལྟས་བྱུང་ནས་ནགས་ཀྱི་མ་ཧེ་གདུག་པ་ཅན་བཀུག་ནས་ཆིབས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ཡང་མཛད་དོ། །དེ་ནས་ཨུ་རྒྱན་གྱི་གནས་དྷརྨ་གཉྫ་ཞེས་བྱ་བ་ནས། མ་འོངས་པའི་སེམས་ཅན་ལ་ཕན་པའི་དོན་དུ་གཤེན་རྗེ་གཤེད་ལ་སོགས་པའི་རྒྱུད་སྤྱན་འདྲེན་པར་བཞེད་པ་ལ། མཁའ་འགྲོ་མ་རྣམས་ན་རེ། ཞག་བདུན་དུ་བློ་ལ་ཇི་ཙམ་བཟུང་བར་ནུས་པ་དེ་གནང་ངོ༌། །ཞེས་ཟེར་བ་ལ། ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང༌། སྡོམ་གསུམ་པ་
དང༌། རྟོག་པ་བདུན་པ་དང༌། གཞན་ཡང་གཟུངས་དང་རྒྱུད་དང༌། རྟོག་པའི་རིམ་པ་ཐོར་བུ་པ་མང་པོ་དང་བཅས་པ་ཐུགས་སུ་ཆུད། འཛམ་བུའི་གླིང་དུ་ལྷག་པར་དར་བར་མཛད་དེ། ནུབ་ཕྱོགས་ཀྱི་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་ཕྲན་ན་ར་ཝརྨ་ཞེས་བྱ་བའི་སར་མུ་སྟེགས་རྣམས་དང་ནུས་པ་འགྲན་པ་ལས། མུ་སྟེགས་ཀྱི་གཙོ་བོ་འགའ་ཞིག་གིས་དུག་བྲེ་བོ་རེ་ཟོས། སློབ་དཔོན་གྱི་དུག་ནི་མི་ཁུར་བཅུ་ཙམ་གསོལ་ཞིང༌། དངུལ་ཆུ་ཆང་སྣོད་གཉིས་འཐུངས་པས་གནོད་པ་མེད་པ་ན། རྒྱལ་པོ་དེ་ལྷག་པར་དད་ནས། ནང་པ་ལ་ཞུགས་ཏེ་འཇམ་དབྱངས་ཀྱི་ལྷ་ཁང་བཞེངས། གྲོང་ཁྱེར་ཧསྟི་ན་པུ་རར་མུ་སྟེགས་ཀྱི་སྔགས་མཁན་གྱི་སྡེ་ཞིག་གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཉིན་གཅིག་བསྐོར་བས་བརླག་པ་དང༌། ཤར་ཕྱོགས་ཝ་རནྡྲེའི་ཆ་ཤས་བ་ག་ལ་ཞེས་བྱ་བར་ཀླུ་བི་ཀྲི་ཌ་ཞེས་བྱ་བ་ནང་པ་ལ་ཤིན་ཏུ་གནོད་པ་ཅིག་ཡོད་པའང་སྦྱིན་སྲེག་གིས་ཚར་བཅད་དེ། དེ་མ་ཐག་ཀླུའི་གནས་མཚོ་ཡང་བསྐམས། དེ་དག་ལ་སོགས་པ་བསྟན་པ་ལ་སྡང་བའི་མུ་སྟེགས་དང་སྟག་གཟིགས་ལ་སོགས་པ་སྟོག་ཕྲག་མང་པོ་ཚར་བཅད། མི་མ་ཡིན་གདུག་པ་ཅན་ལྔ་བརྒྱ་ཙམ་བཏུལ་ཏེ་གཙོ་བོ་མངོན་སྤྱོད་ཀྱི་འཕྲིན་ལས་ཀྱིས་འགྲོ་དོན་མཛད་མཐར་འཇའ་ལུས་སུ་གཤེགས། དེའི་སློབ་མ་ལཱི་ལ་བཛྲ་གྱིས་སློབ་དཔོན་གྱི་གསུང་ངག་ཡི་གེར་བཀོད་པས་གཤིན་རྗེ་གཤེད་འབྱུང་བ་དང༌། ཞི་ཁྲོ་རྣམ་རོལ་སོགས་ལཱི་ལ་བཛྲ་ཆེན་པོས་མཛད་པར་བྱེད་དོ། །ལཱ་ཝ་པ་དང༌། ལ་ལི་ཏ་བཛྲ་དང༌། ཨིནྡྲ་བྷུ་ཏི་རྣམས་ཀྱིས་ཆོ་འཕྲུལ་འགྲན་པའི་ལོ་རྒྱུས་ཀྱང་ཡོད་དེ། དེ་ཡང་ལཱ་ཝ་པ་དང༌། ལ་ལི་ཏ་བཛྲ་གཉིས་ཀ་གྲུབ་པ་ཐོབ་པའི་ཕྱིས་ཤིག་ན། ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་གཤེགས་པ་ལས། རི་མུ་
རུནྚ་ཀ་ཞེས་བྱ་བ་བགྲོད་དཀའ་བ་ཞིག་ཡོད་པ་ལ། སློབ་དཔོན་གཉིས་བགྲོད་ཏེ། བདག་ཅག་གཉིས་ལས་སུའི་རྫུ་འཕྲུལ་གྱིས་བགྲོད་པར་བྱ་ཞེས་པ་ལས། ལ་ལི་ཏ་བཛྲ་གྱིས་དེང་བདག་གི་རྫུ་འཕྲུལ་གྱིས་བགྲོད་ལ། སླར་ལྡོག་འོང་བའི་ཚེ་ཁྱོད་ཀྱི་རྫུ་འཕྲུལ་གྱི་མཐུ་ལས་སོ། །དེར་ལ་ལི་ཏ་བཛྲ་བདག་ཉིད་གཤེན་རྗེ་གཤེད་དུ་གྱུར་པའི་ཕྱག་མཚན་རལ་གྲིས་རི་དེའི་རྩེ་མོ་ནས་རྩ་བའི་བར་དུ་གཤགས་ཏེ། དེར་ལམ་ཁ་ཕྲག་ཤིན་ཏུ་དོག་པོ་དོག་པོ་ཞིག་ལས་བཞུད་ནས་སླར་རི་སྔར་བཞིན་དུ་གྱུར་ཏོ། ཨུ་རྒྱན་གྱི་གནས་སུ་ཨིནྡྲ་བྷུ་ཏི་ཐུན་མོང་གི་གྲུབ་པ་ཐོབ་པའི་སྐབས་ཤིག་ཡིན་ལ། ལ་ལི་ཏ་བཛྲ་ཞེས་བྱ་བའི་གྲུབ་བའི་སློབ་དཔོན་ཞིག་གསར་དུ་འོངས་སོ་ཞེས་ཐོས་ནས། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་པ་བསུ་བའི་ཕྱིར་འོངས་ཏེ། སློབ་དཔོན་གྱི་ཞབས་གཉིས་ལ་བསྐུ་མཉེ་བྱེད་པའི་ཚེ་ཞབས་རེ་རེ་ལ་ལག་པ་གཉིས་གཉིས་གྱིས་བསྐུ་མཉེ་བྱེད་དགོས་པས་རྒྱལ་པོས་ལག་པ་བཞི་སྤྲུལ་ནས་བསྐུ་མཉེ་བྱས་སོ། །སློབ་དཔོན་གྱིས་ཞབས་བཞི་སྤྲུལ་པས། རྒྱལ་པོས་ཕྱག་བརྒྱད། སློབ་དཔོན་གྱིས་བརྒྱད་སྤྲུལ་པས། རྒྱལ་པོས་བཅུ་དྲུག་སློབ་དཔོན་གྱིས་བཅུ་དྲུག་སྤྲུལ་པ་ན། རྒྱལ་པོ་ཕྱག་བཅུ་དྲུག་གི་ལྷ་ལ་གོམས་པ་བརྟག་པས། དེ་བས་ལྷག་པ་སྤྲུལ་མ་ནུས་པར་རེ་རེས་བསྐུ་མཉེ་བྱས་སོ། །དེ་ནས་སློབ་དཔོན་གྱིས་ཞབས་བརྒྱའི་བར་དུ་སྤྲུལ་ནས་རྒྱལ་པོའི་ང་རྒྱལ་བཅག་གོ །ཕྱིས་སློབ་དཔོན་ལྭ་ཝ་བ་དང༌། ལ་ལི་ཏ་གཉིས་སླར་ཤར་ཕྱོགས་སུ་བྱོན་པའི་ཚེ། རི་མུ་རུཎྜ་ཀའི་དྲུང་དུ་ནུབ་གཅིག་བྲང་བཏབ་བོ། །ལྭ་ཝ་པ་ན་རེ། རི་བོ་ཤིན་ཏུ་ཆེ་ན་ནངས་པར་སྔ་མོར་འགྲོའོ་བྱས་ནས། ནམ་ཕྱེད་འཇིང་ཡོལ་ན་
ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རི་མེད་པར་བྱས་ཐང་བདེ་མོ་ཞིག་ལ་འོངས་ཏེ། ནམ་ལངས་པ་ན་ལ་ལི་ཏ་བཛྲ་གྱིས་ཕྱི་མིག་གཟིགས་ཙ་ན་རི་བརྒལ་བར་ཤེས་ཏེ་ངོ་མཚར་སྐྱེས་ནས་ལྭ་ཝ་པ་ལ་ཕྱག་བྱས་སོ་ཞེས་གྲགས་སོ། །དེ་ལ་འཕགས་པའི་ཡུལ་གྱི་གཏམ་གྲགས་ཆེ་བ་ལྟར་ན། རྣལ་འབྱོར་གྱི་དབང་ཕྱུག་བི་རཱུ་པ་ནི་གཤིན་རྗེ་གཤེད་ཀྱི་ལམ་བསྒོམས་པས་རྡོ་རྗེ་ཕག་མོས་བྱིན་གྱིས་བརླབས་ནས་གྲུབ་པ་ཐོབ། གཤིན་རྗེ་གཤེད་ཉིད་དང་མི་གཉིས་པའི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོར་གྱུར་པ་ཡིན་པས་རྒྱུ་མཐའ་དག་སྟོན་དུ་རུང་མོད་ཀྱང༌། གྲུབ་ཐོབ་རྣམས་ནི་དངོས་ཀྱི་གདུལ་བྱ་རྣམས་དང་སྐལ་པ་འཚམ་པར་སྟོན་པ་ཉིད་ཆོས་ཉིད་ཡིན་པས། གཤིན་རྗེ་གཤེད་དམར་པོའི་རྒྱུད་སྤྱན་དྲངས་ཤིང༌། བཅོམ་ལྡན་འདས་ཉིད་ཀྱིས་གསུང་བཞིན་དུ་སྒྲུབ་ཐབས་དང་མན་ངག་ཡི་གེ་བཀོད། དེའི་སློབ་མ་ཊོམ་བྷི་ཧེ་རུ་ཀས་ཀུ་རུ་ཀུལླེའི་རྟོག་པ་དང་ཨཱ་རལླི་གཉིས་ཀྱི་རྒྱུད་སྤྱན་དྲངས། རྒྱུད་ཀྱི་དོན་མངོན་ཤེས་ཀྱིས་མཁྱེན་ཞིང༌། ཡེ་ཤེས་མཁའ་འགྲོ་མ་རྣམས་དང་བཀའ་བགྲོས་པ་ལས་དགྱེས་པའི་རྡོ་རྗེའི་རྒྱུད་ཀྱི་སྙིང་པོ་བླངས་ནས་བདག་མེད་མའི་སྒྲུབ་ཐབས་དང༌། ལྷན་ཅིག་སྐྱེས་གྲུབ་ལ་སོགས་པ་གཞུང་དུ་མ་མཛད་ཅིང་སློབ་མ་རྣམས་ལ་དབང་ཡང་བསྐུར་རོ། །དེ་ནས་སློབ་དཔོན་ལྭ་ཝ་པ་དང་མཚོ་སྐྱེས་གཉིས་ཀྱིས་དགྱེས་པའི་རྡོ་རྗེའི་རྒྱུད་སྤྱན་དྲངས་ཏེ། ལྭ་ཝ་པས་སྭ་སཾ་བེ་ད་པྲ་ཀྲྀ་ཏ་ཞེས་བྱ་བ་རྫོགས་རིམ་གཙོ་བོར་སྟོན་པའི་བསྟན་བཅོས་དང༌། མཚོ་སྐྱེས་ཀྱིས་བསྐྱེད་རིམ་གྱི་སྒྲུབ་ཐབས་སོགས་མང་དུ་མཛད་དེ། དགྱེས་པའི་རྡོ་རྗེའི་ཡབ་ཀྱི་སྒྲུབ་ཐབས་ཐོག་མར་བྱུང་བ་ནི། སྒྲུབ་ཐབས་མཚོ་སྐྱེས་སོ་ཞེས་གྲགས་སོ། །ཤར་ཕྱོགས་ཀྱི་
སློབ་དཔོན་ཆེན་པོ་དབུ་མ་པ་དཔལ་སྦས་ཀྱི་གཏམ་རྒྱུད་ཀྱང་གསལ་བར་མ་མཐོང་ཞིང་མ་ཐོས་སོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱུད་དུ། ཀ་མ་ལ་གོ་མཱི་ཞེས་བྱ་བ་སྤྱན་རས་གཟིགས་ཀྱི་གྲུབ་ཐོབ་གཅིག་བྱུང་སྟེ། དེ་ཡང་ལྷོ་ཕྱོགས་ཀྱི་གཙུག་ལག་ཁང་ཞིག་ན་དགེ་སློང་སྡེ་སྣོད་གསུམ་པ་དང༌། ཐེག་པ་ཆེན་པོ་ལ་བསམ་གཏན་པ་ཞིག་བཞུགས་པའི་གཡོག་དགེ་བསྙེན་ཀ་མ་ལ་གོ་མཱི་ཡིན། དེ་ཡང་ཀ་མ་ལ་གོ་མཱི་དེས་སྔོན་བསྟན་པ་ལ་མ་ཞུགས་ཤིང་ལས་འབྲས་མི་ཤེས་པའི་དུས་ཤིག་གཙུག་ལག་ཁང་ཞིག་གི་སྒོ་དྲུང་ནས་དངུལ་གྱི་འདབ་མ་ལ་ཡི་གེ་བྲིས་པ་ཞིག་རྙེད་དེ། དེ་ཅི་དགར་བླངས་ནས་ཡུལ་གྱི་གཟུགས་ཚོང་མ་འགའ་ལ་བྱིན་ནོ། །ཕྱིས་དུས་དེར་རང་གི་སློབ་དཔོན་དགེ་སློང་དེ་སྔ་དྲོ་སྔ་མོ་ན་བསོད་སྙོམས་གསོལ་ནས། སྒོ་ནང་ནས་བསྡམས་ཏེ་ཉི་མ་ཕྱི་ཕྲེད་ཀྱི་བར་དུ་སྒོ་མི་འབྱེད་པ་ཞིག་ཡོད་པ་ལས། དུས་ལན་ཅིག་དགེ་བསྙེན་དེས་སྔ་དྲོ་ནས་ཉི་མ་ཕྱི་ཕྲེད་ཀྱི་བར་སྒོ་བསྡམས་ནས་བཞུགས་པ་ཅི་ཞིག་ལགས་ཞུས་པས། བུ་འདི་དྲིས་ནས་ཅི་བྱེད་གསུང་པ་ལ། གང་སློབ་དཔོན་རྣལ་འབྱོར་དུ་མཛད་པ་དེ་བདག་ཀྱང་མནོས་ཏེ་སྒོམ་པ་ལགས་ཞུས་པས། བུ་ང་ལ་རྣལ་འབྱོར་དུ་བྱ་བ་གཞན་མེད། རི་པོ་ཏ་ལར་ཕྱིན་ནས་འཕགས་པ་སྤྱན་རས་གཟིགས་ལ་ཆོས་ཉན་ཏེ། སླར་ཡང་འདིར་འོངས་ནས་སྒོ་འབྱེད་པ་ཡིན་གསུང༌། འོ་ན་བདག་ཀྱང་འཁྲིད་པར་ཞུ་ཞུས་པས། འཕགས་པ་ལ་ཞུས་ནས་འོང་གི་གསུང༌། ནངས་པར་སློབ་དཔོན་འཁོར་བྱུང་བ་ལ་དྲིས་པས་སློབ་དཔོན་ཅུང་ཟད་ཁྲོས་ཏེ། བུ་ཁྱོད་ཀྱིས་ང་ཡང་སྡིག་པ་ཅན་གྱི་ཕོ་ཉར་བྱས་སོ། །ཅི་ཡིན་དྲིས་པས། ཁོ་བོས་འཕགས་པ་ལ་ཞུས་པ་ན། ཁྱོད་
སྡིག་པ་ཅན་དེ་ལྟ་བུའི་ལོན་ཁྱེར་མ་འོང་ཞིག དེ་ནི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གླེགས་བམ་དངུལ་ལས་བྱས་པ་འཇིག་པར་བྱེད་པ་ཡིན་ཞེས་གསུང་ངོ༌། །དེའི་ཕྱིར་ཁྱོད་ནི་པོ་ཏ་ལར་འགྲོ་བའི་སྐལ་བ་མེད་དོ་ཞེས་གསུང་པས་སྔོན་རང་གིས་རྙེད་པའི་དངུལ་གྱི་འདབ་མ་ལ་ཡི་གེར་བྲིས་པ་དེ་ཡིན་པར་ཤེས། སྡིག་པའི་ལས་ལ་ཤིན་ཏུ་འཇིགས་ཤིང་སྐྲག་ནས། འོ་ན་སློབ་དཔོན་གྱིས་སྡིག་པ་སྦྱོང་བའི་ཐབས་འཕགས་པ་ལ་ཞུས་ཤིག་བྱས་པ་ལ། ནངས་པར་དེས་ཀྱང་འཕགས་པ་ལ་ཞུས། སྤྱན་རས་གཟིགས་ཀྱིས་ཀྱང་སྒྲུབ་པའི་ཐབས་ཟབ་མོ་ཞིག་གནང་ནས། སློབ་དཔོན་དེས་ཀྱང་དགེ་བསྙེན་དེ་ལ་གནང༌། དེས་ཀྱང་ནགས་ཚལ་དབེན་པ་ཞིག་ཏུ་རྩེ་གཅིག་ཏུ་བསྒྲུབས་པས། ལོ་བཅུ་གཉིས་ཙམ་སོང་བ་ན་བྱ་རོག་ཞིག་གིས་འབྲས་ཆན་ཆད་པ་གཅིག་ཤིང་ཁར་ཟ་བར་འདོད་པ་ལས་ཀ་མ་ལ་གོ་མཱིའི་མདུན་དུ་ལྷུངས། སྔར་ལོ་བཅུ་གཉིས་སུ་མི་ཟས་ཆེར་མ་ཟོས་པས། འབྲས་ཆན་དེ་ཟ་བར་འདོད་དེ་ཟོས་པ་ན། འབྲས་ཆན་ལ་སྲེད་པའི་སེམས་ཤིན་ཏུ་དྲག་པ་སྐྱེས་ཏེ། གྲོང་ཁྱེར་དུ་སློང་དུ་ཕྱིན་པ་ན་སྟེས་དབང་གིས་ཉིན་ཞག་འགའ་ཞིག་ཏུ་མ་རྙེད་དོ། །དེ་ནས་ཅུང་ཟད་ཅིག་རྙེད་པ་དེ་གྱོ་དུམ་ཞིག་ཏུ་བཅུག་ནས་ནགས་གསེབ་ཏུ་ཁུར་བ་ན་དེའི་རང་བཞིན་ལ་རྣམ་པར་བརྟགས་པས། འབྲས་ཆན་ལ་སྲེད་པའི་སེམས་རང་བཞིན་མེད་པར་མཐོང་ནས། དེ་ཁོ་ན་ཉིད་གསལ་བར་རྟོགས་ཤིང༌། འཕགས་པ་སྤྱན་རས་གཟིགས་འཁོར་དང་བཅས་པ་ཡང་རང་གི་དྲུང་ན་འོད་འབར་བས་བཞུགས་པར་སྣང་ངོ༌། །དེ་ཉིད་དུ་གྱོ་དུམ་འབྲས་ཆན་དང་
བཅས་པ་དེ་ཉིད་ས་ལ་བརྡབས་པས་ས་གཡོས་ཤིང༌། གྱོ་མོག་གི་གཟེག་མ་ཞིག་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སྤྱི་བོར་ལྷུངས་ནས་བརྟགས་པས་དེ་ལྟར་ཡིན་པར་ཤེས་ཏེ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་མོ་འཁོར་ལྔ་བརྒྱ་དང་བཅས་ཁ་ཟས་བཟང་དགུ་ཐོགས་ནས་མཆོད་པ་ལ་འོངས་ཀྱང་ཁ་ཟས་ཀྱི་སྲེད་པ་སྤངས་ཏེ་ཕྱིར་ཕྱོགས་ནས་འདུག་གོ །ཕྱིས་ཀླུ་རྣམས་འདུལ་བའི་དོན་དུ་ཀླུ་ཡུལ་དུའང་བྱོན། མིའི་ཡུལ་དུའང་འགྲོ་བའི་དོན་མང་དུ་མཛད་ནས་མཐར་རི་པོ་ཏ་ལར་ཡང་བཞུད་དོ། །དཔལ་ཆོས་ཀྱི་གྲགས་པའི་དུས་སུ་བྱུང་བའི་གཏམ་སྟེ་ཉི་ཤུ་རྩ་དྲུག་པའོ།། །།དེའི་འོག་ཏུ་བིཥྞུ་རཱ་ཛ་འདས་པ་ན་མ་ལ་ཝའི་རྒྱལ་པོ་རྙིང་པའི་རྒྱུད་ལས་རྒྱལ་བརྒྱུད་མ་ཆད་པར་བྱུང་བའི་རིགས་ཞིག་ལ། རྒྱལ་པོ་བྷརྠཱ་རི་བྱུང༌། རྒྱལ་པོ་དེའི་སྲིང་མོ་ཞིག་བི་མ་ལ་ཙནྡྲ་ལ་བག་མར་བཏང་བ་ལས་རྒྱལ་པོ་གོ་བི་ཙནྡྲ་བཙས། ཆོས་ཀྱི་གྲགས་པ་སྐུ་འདས་པ་ཙམ་ན་དེ་ཡང་རྒྱལ་སར་ཐོན་པའམ་ཐོན་དུ་ཉེ་བའི་དུས་ཤིག་ཡིན། རྒྱལ་པོ་དེ་གཉིས་ཀར་གྲུབ་ཐོབ་ཛ་ལནྡ་རི་པ་དང༌། སློབ་དཔོན་ནག་པོ་སྤྱོད་པ་པས་བཏུལ་ནས་གྲུབ་པ་ཐོབ་པའི་ལོ་རྒྱུས་གཞན་དུ་ཤེས། དེའི་སྐབས་སུ་གྲུབ་ཐོབ་ཏནྟི་པ་ཡང་བྱུང་སྟེ། མ་ལ་བའི་གྲོང་ཁྱེར་ཨརྦནྟི་ཞེས་བྱ་བ་དེ་ནི་ཐགས་མཁན་གྱི་རིགས། ཡུན་རིང་པོར་དེའི་ལས་ཀྱིས་འཚོ་བ་ཞིག་ཡིན་པ་ལས། དེ་ལ་བུ་དང་ཚ་བོ་ཡང་མང་པོ་ཡོད་ཅིང༌། ཐགས་མཁན་གྱི་རིགས་བརྒྱུད་ཤིན་ཏུ་དར་བར་གྱུར་པ་ལས། ནམ་ཞིག་ན་དེ་རྒས་ཤིང་འཁོགས་ཏེ་བྱ་བ་གང་ལ་ཡང་སྦྱོར་མི་བཟོད་པར་གྱུར་པའི་ཚེ། བུ་རྣམས་ཀྱིས་ཁྱིམ་དུ་རེ་མོས་ཀྱིས་གསོ་བ་ལས། ནམ་ཞིག་ན་སྐྱེ་བོ་ཀུན་གྱིས་དཔྱས་གདགས་པའི་
གནས་སུ་བྱས་པ་ན། བུ་རྣམས་ན་རེ། འཚོ་བས་ནི་འོ་མི་བརྒྱལ་བར་བྱེད། དབེན་པ་ཞིག་ཏུ་བཞུགས་ཤིག་བྱས་ནས། བུ་ཆེ་བའི་སྐྱེད་མོས་ཚལ་གྱི་ལོགས་ཤིག་ཏུ་སྤྱིལ་བུ་ཆུང་ངུ་ཞིག་བྱས་ནས་འདུག་ལ། བུ་རྣམས་སོ་སོའི་ཁྱིམ་ནས་ཉི་མ་རེ་མོས་ཀྱིས་ཟས་འདྲེན་པར་བྱེད་དོ། །དེར་ལན་ཅིག་གྲུབ་ཐོབ་ཛ་ལནྡྷ་རི་པ་རྣལ་འབྱོར་པ་ཕལ་པའི་ཚུལ་གྱིས་བྱོན། ཐགས་མཁན་གྱི་བུ་རྒན་པ་ལ་གནས་ཚང་གཡར་བས་དེས་ཀྱང་སྐྱེད་མོས་ཚལ་དེར་བཀུར་བསྟི་ཅུང་ཟད་དང་བཅས་པས་བསྐྱལ། སྲོད་ཀྱི་དུས་ན་སྒྲོན་མེ་སྦར་ཏེ་མགྲོན་པོ་ཞིག་ཡོད་པ་རྒན་པོས་ཤེས། ཐོ་རངས་ཀྱི་དུས་ན། དེ་ན་ཡོད་པ་སུ་ཡིན་དྲིས་པས། ང་རྣལ་འབྱོར་བ་ལམ་དུ་ཞུགས་པ་ཞིག་ཡིན། དངོས་རང་སུ་ཡིན་གསུང༌། དེས་ཐགས་མཁན་འདི་རྣམས་ཀྱི་ཕ་ཞིག་ལགས་ཏེ། རྒས་འཁོགས་པར་གྱུར་པས་སྐྱེ་བོ་གཞན་ལ་སྟོན་ཡང་མ་ཉན་ཏེ་འདིར་སྦས་པ་ཞིག་ལགས། ཁྱེད་ཅག་རྣལ་འབྱོར་པ་རྣམས་ནི་སེམས་རྒྱུད་ཡོངས་སུ་དག་པ་ཡིན་པས་བདག་ལ་བྱིན་གྱིས་རློབ་པར་ཞུ་བྱས་པས། སློབ་དཔོན་གྱིས་ཀྱང་དེ་སྐལ་བ་དང་ལྡན་པར་མཁྱེན་ཏེ། སྐད་ཅིག་དེ་ལ་དཀྱིལ་འཁོར་སྤྲུལ་ནས་དབང་བསྐུར་ཞིང༌། ཟབ་མོའི་དོན་གྱི་གདམས་པ་ཅུང་ཟད་ཅིག་གནང་ནས་བཞུད་དེ། རྒན་པོས་ཀྱང་བླ་མའི་གདམས་ངག་རྩེ་གཅིག་ཏུ་བསྒོམས་པས་ལོ་འགའ་ཞིག་སོང་བའི་འོག་ཏུ། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་མངོན་སུམ་དུ་བྱོན་ཏེ་ཕྱག་སྤྱི་བོར་བཞག་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ། འོན་ཀྱང་རེ་ཞིག་གསང་བའི་ཚུལ་གྱིས་གནས་པ་ལ། ནང་ཅིག་བུ་ཆེ་ཤོས་ཀྱི་ཁྱིམ་དུ་འགྲོན་པོ་མང་བོ་བྱུང་སྟེ་ཉིན་མོ་གཡེངས་ནས།
ཕ་ལ་ཟས་སྐྱེལ་བ་མ་བྱུང༌། མུན་སྲོས་པ་ན་དྲན་ཏེ་གཡོག་མོ་ཞིག་གིས་ཟན་སྐྱེལ་དུ་ཕྱིན་པས་སྐྱེད་མོས་ཚལ་ན་གླུ་དང་རོལ་མོའི་སྒྲ་ཞིག་གྲགས། མཐར་བརྟགས་པས་སྤྱིལ་བུ་ཆུང་ངུ་དེའི་ནང་ན་འདུག་སྟེ། སྒོ་སེང་ནས་བལྟས་པས་རྒན་པོ་ནི་ལུས་ལ་འོད་འཕྲོ་ཞིང༌། འཁོར་ལྷ་དང་ལྷ་མོའི་ཆ་བྱད་བཅུ་གཉིས་ཙམ་གྱིས་མཆོད་པ་ཕུལ་ཞིང་འདུག སྒོ་ཕྱེ་བ་ཙམ་ན་ཡལ་ཏེ་སོང་སྐད། དེ་ནས་གྲུབ་པ་ཐོབ་པར་ཤེས་ཏེ། དྲིས་ཀྱང་ཁས་མ་བླངས་པར་རྣལ་འབྱོར་བ་ཞིག་གིས་བྱིན་གྱིས་བརླབས་པས། ལུས་ཉམ་སྟོབས་དང་ལྡན་པར་སོང་ངོ་ཟེར་ནས། སླར་ཡང་ཐགས་མཁན་གྱི་བྱ་བ་བྱེད་ཅིང་གླུ་ཁོ་ན་ལེན་པ་ཞིག་བྱུང༌། བར་འདིར་ནག་པོ་སྤྱོད་པ་དང་མཇལ་བའི་ལོ་རྒྱུས་ཡོད་དེ་གཞན་དུ་ཤེས་པར་བྱ། ལན་ཅིག་ཡུལ་པ་རྣམས་དཀའ་ཟློག་མ་ལ་སོགས་པ་མ་མོ་རྣམས་མཆོད་པའི་ཕྱིར་ར་སྐྱེས་སྟོང་ཕྲག་མང་པོ་གསོད་པར་བརྩམས་པ་ལ། སློབ་དཔོན་དེས་ར་རྣམས་ལ་སྔགས་བཟླས་པས་ཐམས་ཅད་ཀྱང་ཅེ་སྤྱང་གི་གཟུགས་སུ་གྱུར། མི་རྣམས་ཐེ་ཚོམ་སྐྱེས་ནས་ཕྱིར་ལྡོག དཀའ་ཟློག་མའི་རྟེན་གྱི་སྟེང་དུ་འགྱེལ་བ་ལྟར་བྱས་པས། དེ་ཉིད་གཟུགས་དངོས་བསྟན་ཏེ། གྲུབ་ཐོབ་ཅི་བཞེད་ཟེར་བ་ལ། སྲོག་གཅོད་པའི་མཆོད་པ་མ་ལེན་ཞིག་ཅེས་བཀའ་བསྒོས། ད་ལྟའི་བར་དུ་ཡང་དཀར་གསུམ་གྱིས་མཆོད་པ་ཡིན། དེ་ནས་རྡོ་རྗེའི་གླུ་མང་པོ་བླངས་ཏེ་གར་གཤེགས་ཆ་མེད་པར་བཞུད་དོ། །དེ་རྗེས་གོ་བི་ཙནྡྲའི་ཕ་ཚན་གྱི་སྤུན་ཟླར་གྱུར་པ། ལ་ལི་ཏ་ཙནྡྲས་རྒྱལ་སྲིད་བྱས། ལོ་མང་པོ་བདེ་བར་བསྐྱངས་པ་ལས། དེ་ཡང་ནག་པོ་སྤྱོད་པའི་སྐུ་ཚེའི་སྨད་ཀྱི་དུས་སུ་བཏུལ་ནས། རྒྱལ་པོ་དང་བློན་པོས་
གྲུབ་པ་ཐོབ། དེ་ལྟར་རོལ་བའི་ཟླ་བ་དེ་ནི་ཙནྡྲའི་རིགས་ཀྱི་རྒྱལ་པོ་རྣམས་ཀྱི་ཐ་མར་བྱུང་ངོ༌། །དེ་ཕྱིན་ཆད་ཙནྡྲའི་རིགས་ཀྱི་རྒྱལ་རིགས་མང་དུ་ཡོད་ཀྱང་རྒྱལ་སྲིད་ཟིན་པ་མ་བྱུང་སྟེ་བྷཾ་ག་ལ་དང༌། ཨོ་ཌོ་བི་ཤ་སོགས་ཤར་ཕྱོགས་ཡུལ་ཚན་ལྡན་རྒྱལ་རིགས་དང་བློན་པོ་དང༌། བྲམ་ཟེ་དང༌། ཚོང་དཔོན་ཆེན་པོ་རྣམས་སོ་སོར་ཁྱིམ་དང་ཁྱིམ་ན་རྒྱལ་པོར་གྱུར་ཏེ། ཡུལ་འཁོར་སྐྱོང་བའི་རྒྱལ་པོ་མ་བྱུང་ངོ༌། །དུས་དེའི་ཚེ་གྲུབ་ཐོབ་རྒྱལ་པོ་ལྷན་སྐྱེས་རོལ་པ་དང༌། དཔལ་ནཱ་ལེནྡྲར་སློབ་དཔོན་དུལ་བ་ལྷ་བྱུང༌། དེས་ཚད་མ་སྡེ་བདུན་ལ་འགྲེལ་པ་བྱས། མདོ་སྡེ་འཛིན་པ་ཤུ་བྷ་མི་ཏྲ་དང༌། སློབ་དཔོན་ཚུལ་ཁྲིམས་བསྐྱངས་དང༌། ཤཱནྟི་སོ་མ་ལ་སོགས་པ་བྱུང་སྟེ། རྣམ་རིག་གི་གྲུབ་མཐའ་རྩ་བར་བཟུང༌། མདོ་སྡེ་དང་འདུལ་བ་དར་བར་བྱས་སོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དགུ་པ་ཞེས་པའི་བསྟན་བཅོས་རྩོམ་མཁན་གྱི་སློབ་དཔོན་ཀམྤ་ལ་པ་དང༌། དཔལ་སྦས་ཀྱི་སློབ་མ་སློབ་དཔོན་ཆེན་པོ་ཡེ་ཤེས་སྙིང་པོ་ལ་སོགས་པས་ངོ་བོ་ཉིད་མེད་པའི་དབུ་མའི་ཚུལ་བཟུང༌། ཤར་ཕྱོགས་བྷཾ་ག་ལའི་ཆར་གཏོགས་པ་ཧ་ཙི་པུ་ར་ཞེས་བྱ་བར་དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་བྱོན་ཏེ། རྣམ་རིག་གི་དབུ་མ་རྒྱ་ཆེར་བཤད། ཐོ་གར་གྱི་ཡུལ་དུ་བྱེ་བྲག་ཏུ་སྨྲ་བའི་སློབ་དཔོན་འདུལ་བ་འཛིན་པ་ཆེན་པོ་དྷརྨ་མི་ཏྲ་ཆོས་ཀྱི་བཤེས་གཉེན་ཡང་བྱོན། ནུབ་ཕྱོགས་མ་རུའི་ཡུལ་དུ་འདུལ་བ་འཛིན་པ་ཆེན་པོ་བསོད་རྣམས་གྲགས་ཞེས་བྱ་བ་དང༌། ཙི་ཏ་ཝ་རའི་ཡུལ་དུ་འདུལ་འཛིན་ཞི་བ་འོད་དང༌། ཁ་ཆེའི་ཡུལ་དུ་འདུལ་འཛིན་མ་ཁོལ་ཞེས་པ་རྣམས་བྱུང་སྟེ། དེ་ལ་གཞན་རྣམས་ཀྱི་ལོ་རྒྱུས་རྒྱས་པར་མ་མཐོང༌། སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཨོ་
ཌི་བི་ཤར་འཁྲུངས་ཤིང༌། དེར་པཎྜི་ཏ་ཆེན་པོར་གྱུར་པ་ཞིག་བྷཾ་ག་ལའི་ཡུལ་དུ་སློབ་དཔོན་དཔལ་སྦས་ལ་ཆོས་ཉན་ཏེ། ལེགས་ལྡན་གྱི་སྲོལ་འཛིན་དབུ་མ་ཆེན་པོར་གྲགས་པ་ཡིན་ཏེ། འདིས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡུན་རིང་དུ་བསྒྲུབས་ཤིང༌། མཐར་ཡིད་བཞིན་ནོར་བུའི་འཁོར་ལོས་བསྒྱུར་བ་ཞལ་གཟིགས་ཏེ་མངོན་ཤེས་དང་ལྡན་པ་ཞིག་བྱུང༌། མདོ་སྡེ་དུ་མ་ཐུགས་ནས་འདོན་པ་མུ་སྟེགས་རྣམས་ཕམ་པར་མཛད་པ་ཡིན་ནོ། །དགེ་བསྙེན་བཙུན་པ་ངོ་བོ་ཉིད་མེད་པ་ནི། ཚོང་པའི་རིགས་ལས་བྱུང་བ། གཞོན་ནུ་ནས་ཐེག་པ་ཆེན་པོའི་རིགས་སད་ཅིང༌། འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པ། མདོ་སྡེ་ལྔ་བཅུ་ཙམ་ཐུགས་ནས་འདོན་པ། དུས་རྟག་ཏུ་ཆོས་སྤྱོད་བཅུ་དང་མ་བྲལ་ཞིང༌། འཁོར་དགེ་བསྙེན་སྟོང་ཕྲག་རེ་དང༌། དགེ་བསྙེན་མ་དེ་སྙེད་ལ་ཆོས་སྟོན་པ། དེས་ཀཱ་མ་རཱུ་པའི་ཕྱོགས་སུ་ལན་ཅིག་བྱོན་པ་ན། དུག་སྦྲུལ་ཨ་ཛ་ག་རའི་ཚང་ཡོད་པའི་སྟེང་དུ་ཁོང་གི་སློབ་མ་རྣམས་ཀྱིས་སོང་བས། རེ་ཞིག་སྦྲུལ་གཉིད་མ་སད། ལམ་ཁ་ཞིག་ཏུ་བྲང་བཏབ་སྟེ་གནས་པ་ལས་སྦྲུལ་གདུག་པ་གཉིད་སད་དེ། མིའི་དྲི་ཚོར་ནས་བྱུང་སྟེ་དགེ་བསྙེན་འགའ་ཞིག་ནི་མིད། མང་པོ་ཞིག་ལ་མཆེ་བ་བཏབ། ཁ་རླངས་ཀྱི་དུག་གིས་འབྲོས་པར་བརྩམས་པ་རྣམས་ཀྱང་འཐོམས་ཤིང་འགྱེལ་བ་ལ། རྗེ་བཙུན་མ་འཕགས་མ་སྒྲོལ་མ་ཡིད་ལ་དྲན་ཞིང་བསྟོད་པ་ཆེན་པོ་མཛད་པས་དུག་སྦྲུལ་ལ་ཟུག་རྔུ་ཆེན་པོ་བྱུང་སྟེ་དགེ་བསྙེན་གཉིས་པོ་སྐྱུགས་ནས་ཕྱིར་ཕྱུང༌། སྦྲུལ་ཉིད་སླར་བྲོས་སོ། །སྦྲུལ་གྱིས་མིད་པ་དང༌། མཆེ་བས་བཏབ་པ་དེ་རྣམས་དུག་ནད་ཀྱིས་བརྒྱལ་བ་ལ་སྒྲོལ་མའི་སྔགས་བཟླས་པའི་ཆུ་གཏོར་བས་དུག་རྣམས་རྨའི་
སྒོ་ནས་ཕྱིར་ཕྱུང༌། མི་རྣམས་གསོས་སོ། །ཡང་ལན་ཅིག་སློབ་དཔོན་ཉིད་ལ་དུག་སྦྲུལ་གྱིས་གནོད་པ་བྱེད་དུ་བྱུང་བ་ལ། སྒྲོལ་མའི་སྔགས་བཟླས་པའི་མེ་ཏོག་གཏོར་བས། སློབ་དཔོན་གྱི་མདུན་དུ་སརྦ་མུཀྟི་ཞེས་བྱ་བའི་མུ་ཏིག་མང་དུ་སྐྱུགས་ནས་ཕྱིར་སོང༌། ནགས་ལ་མེ་ཤོར་བས་སྒྲོལ་མའི་རིག་སྔགས་བཟླས་པས་ཞི་བ་སོགས་ནུས་པའང་མངའོ། །ཆོས་ཀྱི་བཤེས་གཉེན་གྱི་ལོ་རྒྱུས་ཅུང་ཟད་ཙམ་ནི་གཞན་དུ་ཤེས་ལ། ཆོས་བཤེས་འདི་དང༌། འགྲེལ་ཆུང་དོན་གསལ་གྱི་འགྲེལ་བཤད་མཛད་མཁན་གྱི་ཆོས་བཤེས་གཅིག་པར་སྨྲ་ཞིང༌། དེ་ཉིད་ཡོན་ཏན་འོད་ཀྱི་དངོས་སློབ་ཏུ་འདོད་པ་ནི་འཁྱམས་པ་ལས་ཀྱང་ཆེས་འཁྱམས་པ་སྟེ། དེ་འདྲའི་ལུགས་ལྟར་ན། འཕགས་པ་རྣམ་གྲོལ་སྡེ་དང་སེང་གེ་བཟང་པོ་དུས་མཉམ་པར་བྱེད་དགོས་སོ། །དེའི་ཚེ་ཤར་ཕྱོགས་སུ་རྩོད་པའི་ཁྱད་པར་མང་པོ་དག་བྱུང་སྟེ། སྔོན་གྱི་རྩོད་པ་ལྟ་བུའི་རྒྱལ་ཕམ་ཆེར་ནུས་པའི་རྩོད་པ་ཆེ་བ་ནི་མ་བྱུང་ཡང༌། རྩོད་པ་ཆུང་ངུས་དུས་འདའ་བ་ཞིག་བྱུང་ངོ༌། །དེར་ཆོས་ཀྱི་གྲགས་པའི་གཞུང་ལུགས་ལ་བརྟེན་ནས་བརྩད་པས། ནང་པའི་ཕྱོགས་སྔོན་ལས་རྩོད་པ་བླ་བ་ཞིག་ཡོད་ནའང༌། དུས་ཀྱི་དབང་གིས་མཁས་པ་ཉུང་བ་དང༌། མུ་སྟེགས་ཀྱི་རྒོལ་བ་ལྷག་པར་མང་བས་སངས་རྒྱས་པའི་གཙུག་ལག་ཁང་ཕྲ་མོ་ཐམས་ཅད་ན། ནང་པའི་རྒོལ་བ་རྣམས་སེམས་འཚབ་འཚུབ་མོར་གནས་པ་ཞིག་ཡོང་བ་ན། བྷཾ་ག་ལའི་བྱེ་བྲག་ཙ་ཊི་གྷ་བོའི་གྲོང་ཁྱེར་གྱི་གཙུག་ལག་ཁང་པིཎྜྀ་བི་ཧ་ར་ཞེས་བྱ་བ་ན། ནངས་པར་མུ་སྟེགས་ཀྱི་རྒོལ་བ་མང་པོ་དང་རྩོད་པ་བྱེད་པར་ཁས་བླངས། ཐུབ་བམ་མི་ཐུབ་སྙམ་ནས་ཐེ་ཚོམ་མེ་ཡོད་པ་ལས་བུད་མེད་རྒན་མོ་ཞིག་བྱུང་ནས། ཚེར་མ་ལྟ་བུའི་ཅོད་པན་མགོ་ལ་
གྱོན་ཏེ་རྩོད་ཅིག་རྒྱལ་བར་འགྱུར་རོ་ཟེར། དེ་བཞིན་དུ་བྱས་པས་དེ་རྒྱལ་ཞིང༌། གཞན་དུ་ཡང་དེ་ལྟར་བྱས་པས་རྒྱལ་བ་བྱུང་ནས། དེ་ཕྱིན་ཆད་ནས་པནྚི་ཏ་རྣམས་ཞྭ་རྩེ་རིང་གྱོན་པ་རིམ་གྱིས་དར་ཏེ། རྒྱལ་པོ་པཱ་ལ་བདུན་བརྒྱུད་དང༌། སེ་ན་བཞི་བརྒྱུད་ཀྱི་རིང་ལ་ཐེག་ཆེན་པའི་པནྚི་ཏ་ཐམས་ཅད་ཞྭ་རྩེ་རིང་གྱོན་པ་བྱུང་བ་ཡིན་གྱིས། དེ་ཡན་ཆད་དུ་མེད་དོ། །སློབ་དཔོན་ཆེན་པོ་ཆོས་ཀྱི་གྲགས་པ་ཡན་ཆད་ཀྱིས་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་གསལ་བར་མཛད་ཅིང༌། དེ་མན་ཆད་ནས་ཡང་དག་པའི་མཁན་པོ་ཆེན་པོ་སྤྱིར་ནས་བསྟན་པ་ལ་བྱ་བ་ཁྱད་པར་ཅན་བྱས་པ་ཤིན་ཏུ་མང་མོད་ཀྱི་སྔོན་གྱི་སློབ་དཔོན་དེ་དག་དང་མཚུངས་པ་ཆེར་མ་བྱོན་ཞིང་བྱོན་དུ་ཟིན་ནའང་དུས་ཀྱི་དབང་གིས་སྔོན་བཞིན་བསྟན་པ་གསལ་བར་མ་གྱུར་ཏོ། །འཕགས་པ་ཐོགས་མེད་བྱོན་པའི་དུས་ཙམ་ནས་དུས་འདི་ཙམ་གྱི་བར་དུ་སྔགས་ཀྱི་གྲུབ་ཐོབ་ཆེས་ཆེ་བ་རྣམས་བྱུང་ཞིང༌། བླ་མེད་ཀྱི་ཆོས་རྣམས་སྐལ་བ་དང་ལྡན་པ་ཉག་ཅིག་ལ་དར་བ་ལས་ཐུན་མོང་དུ་འཆོལ་བ་ཡེ་མེད་དུས་འདིའི་འོག་རོལ་ཙམ་ནས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཇེ་དར་ཇེ་དར་ལ་ཤིན་ཏུ་དར་བར་གྱུར་ཞིང༌། བར་སྐབས་ཤིག་ཏུ་རྣལ་འབྱོར་རྒྱུད་ཀྱང་ཤིན་ཏུ་དར་ལ། བྱ་སྤྱོད་ཀྱི་རྒྱུད་རྣམས་འཆད་པ་དང་སྒོམ་པ་རིམ་གྱིས་ནུབ་བོ། །དེའི་དབང་གིས་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ལས་དང་དངོས་གྲུབ་ཅི་རིགས་པ་འགྲུབ་པ་རྒྱལ་པོ་པཱ་ལ་བདུན་བརྒྱུད་ཀྱི་རིང་ལ་ཤིན་ཏུ་མང་བར་བྱུང་བའི་རྒྱུ་མཚན་ཡང་དེ་ཡིན་ནོ། །དུས་འདི་ཙམ་ན། ཙནྡྲའི་རིགས་ཀྱི་རྒྱལ་ཕྲན་ཞིག་གྲུབ་པ་ཐོབ་པ་པྲ་ཀཱ་ས་ཙནྡྲ་སྟེ་རབ་གསལ་ཟླ་བ་ཡང་བྱུང༌། རྣལ་འབྱོར་རྒྱུད་རྒྱ་ཆེར་བཤད་དོ། །གཞན་ཡང་ནང་པའི་སློབ་དཔོན་གྲུབ་ཐོབ་བརྒྱད་ཅུ་རྩ་བཞིར་གྲགས་པ་ཕྱེད་ལྷག་པ་ཡང་ཆོས་གྲགས་ཀྱི་དུས་མན་ཆད་འོག་ཏུ་འཆད་པ་ལྟར་གྱི་
རྒྱལ་པོ་ཙ་ན་ཀ་ཡན་ཆད་དུ་བྱོན་པ་ཡིན་ནོ། །རྒྱན་དྲུག་བཞུགས་པའི་དུས་ན། ཐེག་ཆེན་གྱི་སློབ་དཔོན་རྣམས་ཆེས་མཁས་ཤིང༌། དགེ་འདུན་ཡང་བཟང་པོར་ཡོད་པ་མ་གཏོགས། གྲངས་ནི་ཉན་ཐོས་ཀྱི་དགེ་འདུན་ཁོ་ན་ཆེས་མང་ལ། དུས་འདི་ཙམ་ནས་བཟུང་སྟེ་ལྷོ་ཕྱོགས་ཀྱི་རྒྱུད་ཀྱི་བསྟན་པ་ཡང་ཇེ་ཞན་ལ་མི་རིང་བར་ནུབ། ཡུལ་གཞན་དང་གཞན་གྱི་རྣམས་ཀྱང་རིམ་གྱིས་ནུབ་པ་ཙམ་དུ་སོང་བས། པཱ་ལ་བདུན་གྱི་རིང་ལ་མ་གྷ་དྷཱ། བྷཾ་ག་ལ། ཨོ་ཌི་བི་ཤ་སོགས་ཉི་འོག་གི་རྒྱལ་ཁམས་དང༌། ཁ་ཆེའི་ཡུལ་རྣམས་སུ་ཤིན་ཏུ་དར་བར་བྱུང༌། གཞན་རྣམས་ལ་ཐོར་བུ་ཙམ་མ་གཏོགས་མེད་ལ། ཡུལ་ཕྲན་བལ་བོའི་ཡུལ་དུ་ལྷག་པར་དར། དེ་དག་ཏུ་ཡང་སྔགས་དང་ཐེག་ཆེན་ལྷག་པར་དར་ཞིང༌། ཉན་ཐོས་སྡེ་ཡང་སྤྱིར་ཤིན་ཏུ་དར་བར་ཡོད་མོད། རྒྱལ་པོ་ལ་སོགས་པ་སྐྱེ་བོ་བཟང་ཚང་ཐེག་ཆེན་མཆོད། ཐེག་པ་ཆེན་པོའི་ཡང་སྔོན་མདོ་རྣམས་ཉིད་གཙོ་བོར་འཆད་ཅིང༌། དགོངས་འགྲེལ་ཞར་བྱུང་དུ་འཆད་པ་ལས། ཕྱིས་ནས་ཤེར་ཕྱིན་ཙམ་མ་གཏོགས། གོ་བཟློག་པའི་ཚུལ་གྱིས་སློབ་དཔོན་རྣམས་ཀྱི་གཞུང་རྣམས་ལ་འཆད་ཉན་གཙོ་བོར་དར་རོ། །རྒྱལ་པཽ་གོ་བི་ཙནྡྲ་ལ་སོགས་པའི་གཏམ་ཀྱི་སྐབས་ཏེ་ཉི་ཤུ་རྩ་བདུན་པའོ།། །།ཡུལ་དབུས་དང་ཤར་ཕྱོགས་ཀྱི་ས་མཚམས་ལི་ཁ་ར་ཤིང་འཕེལ་གྱི་ནགས་ཚལ་དང་ཉེ་བ་ཞིག་ན། རྒྱལ་རིགས་ཀྱི་བུ་མོ་གཟུགས་བྱད་བཟང་བ་ཞིག་ཤིང་གི་ལྷ་ཞིག་དང་འདུས་པ་ལས། ནམ་ཞིག་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས། ཅུང་ཟད་ཆེར་སྐྱེས་པ་ན། ལྷ་དེའི་གནས་ཤིང་གི་རྩ་བར་ས་བྲུས་པ་ལས་ནོར་བུ་རིན་པོ་ཆེ་རང་འོད་འཕྲོ་བ་ཞིག་རྙེད། དེས་སློབ་དཔོན་ཞིག་ལ་དབང་བསྐུར་
བ་མནོས་ནས། ལྷ་མོ་ཙུནྡའི་སྒོམ་ལུང་ཞུས་ཏེ་བསྒྲུབས། ཡི་དམ་གྱི་ཕྱག་མཚན་ཤིང་གི་དབྱུག་ཐོ་ཆུང་ངུ་ཞིག་མི་འབྲལ་བར་སྦས་ཏེ་འཆང༌། ནམ་ཞིག་ལྷ་མོས་རྨི་ལམ་དུ་ཞལ་བསྟན་ཏེ་བྱིན་གྱིས་བརླབས། དེ་ནས་འཕགས་པ་ཁ་སརྤ་ཎའི་གཙུག་ལག་ཁང་དུ་ཕྱིན་ཏེ། རྒྱལ་སྲིད་ཐོབ་པར་གསོལ་བ་བཏབ་པས། ཁྱོད་ཤར་ཕྱོགས་སུ་སོང་ཞིག་རྒྱལ་སྲིད་ཐོབ་པར་འགྱུར་ཞེས་ལུང་བསྟན། དེས་ཀྱང་ཤར་ཕྱོགས་སུ་ཕྱིན་ནོ། །དེའི་ཚེ་བྷཾ་ག་ལའི་ཡུལ་དུ་རྒྱལ་པོ་མེད་པར་ལོ་མང་པོ་དག་སོང་བ་ལས། ཡུལ་མི་ཐམས་ཅད་མི་བདེ་ཞིང་སྡུག་བསྔལ་བར་སོང་བས་གཙོ་བོ་གཙོ་བོ་རྣམས་འདུས་གྲོས་བྱས་ཏེ། ས་གཞི་ཁྲིམས་ཀྱིས་སྐྱོང་བའི་ཕྱིར་རྒྱལ་པོ་ཞིག་བསྐོས། རྒྱལ་པོ་གོ་པི་ཙནྡྲའི་བཙུན་མོ་ཡིན་ནམ་ཡང་ཟེར། ལ་ལི་ཏ་ཙནྡྲའི་བཙུན་མོ་ཡིན་ཡང་ཟེར་ཏེ་ཀླུ་མོ་མཐུ་ཆེ་བ་གདུག་རྩུབ་ཅན་ཞིག་སྔོན་རྒྱལ་པོ་རྫུ་འཕྲུལ་ཅན་གྱི་བཙུན་མོར་བྱས་པ་ལས། དེར་རྒྱལ་པོར་བསྐོས་པ་དེ་དེའི་ནུབ་མོ་ཉིད་ཟོས་སོ། །དེ་བཞིན་དུ་རྒྱལ་པོར་བསྐོས་ཚད་བསད་དེ། འོན་ཀྱང་རྒྱལ་པོ་མེད་ན་རྒྱལ་ཁམས་མི་ཤིས་སོ་ཟེར་ཞིང་སྔ་དྲོ་རེ་བཞིན་རྒྱལ་པོ་རེ་བསྐོས་ལ་དེའི་ནུབ་མོ་དེས་བསད་ནས། སྐྱ་རེངས་ཤར་བ་ཙམ་ན་ཕུང་པོ་འདོན་ནོ། །ཚུལ་དེས་ཡུལ་མི་རྣམས་ལ་རེ་མོས་བྱས་ནས་ལོ་འགའ་ཤས་སོང་སྐབས་ཡིན་པ་ལས། ལྷ་མོ་ཙུནྡྲ་གྲུབ་པ་དེས་ཁྱིམ་ཞིག་ཏུ་ཕྱིན་པས་དེ་རྣམས་སྡུག་བསྔལ་གྱིས་ནོན་པ་ལ། རྒྱུ་མཚན་དྲིས་པས། ནངས་པར་དེའི་བུ་ལ་རྒྱལ་པོའི་རེས་མོས་འབབ་ཟེར། གླ་བྱིན་ན་ངས་ཚབ་བྱའོ་བྱས་པས་ཤིན་ཏུ་དགའ་སྟེ་གླུ་ཡང་བླངས། ནངས་པར་རྒྱལ་སར་བསྐོས། དེའི་ནམ་ཕྱེད་ན་ཀླུ་མོ་དེ་སྲིན་མོའི་གཟུགས་སུ་བསྒྱུར་ནས་སྔར་བཞིན་ཟ་བར་
འོངས་པ་ལ། ཡི་དམ་གྱི་ཕྱག་འཚན་བསྣུན་པས་ཀླུ་མོ་དེ་རང་ཤིའོ། ཐོ་རངས་ཕུང་པོ་དབྱུང་མཁན་རྣམས་བྱུང་བ་ལ། མ་ཤི་བར་མཐོང་ནས་ཐམས་ཅད་ཡ་མཚན་སྐྱེས། དེ་ནས་གཞན་གྱིས་ཡང་ཚབ་མར་ཁས་བླངས་ནས་ཞག་བདུན་ལ་རྒྱལ་སྲིད་དུ་ལན་བདུན་བསྐོས། དེ་ནས་ཐམས་ཅད་ཀྱིས་འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ནོ་བྱས་ནས་རྟག་ཏུ་རྒྱལ་སྲིད་དུ་བསྐོས་ཏེ། མཚན་གཽ་པཱ་ལར་གསོལ། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་ལ་དབང་བསྒྱུར། སྨད་ལ་མ་ག་དྷཱ་ཡང་དབང་དུ་བསྡུས་ཏེ། ཨོ་ཏནྟ་པུ་རི་དང་ཉེ་བ་ན་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། ཡུལ་ཆེན་པོ་དེ་གཉིས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་མཛད་དོ། །སློབ་དཔོན་སྤྱོད་པ་བ་སྐུ་འདས་པའི་ཕྱི་ལོ་རྒྱལ་པོ་འདི་རྒྱལ་སྲིད་ལ་དབང་བསྐུར་བ་ཡིན་ཟེར་བ་དབང་པོས་བྱིན་གྱིས་བཤད། ལོ་བདུན་ནས་ཡིན་ཟེར་བ་ས་དབང་བཟང་པོས་བཤད་དོ། །རྒྱལ་སྲིད་ལོ་བཞི་བཅུ་ཞེ་ལྔ་བྱས། རྒྱལ་པོ་འདིའི་སྐུ་ཚེའི་རིང་ལ་ཞི་བ་འོད་དང༌། བསོད་ནམས་གྲགས་ཀྱི་སློབ་མ། སློབ་དཔོན་ཤཱཀྱ་འོད་ནུབ་ཕྱོགས་སུ་འཁྲུངས་ནས་ཁ་ཆེའི་ཡུལ་དུ་འགྲོ་དོན་མཛད། ཁྱད་པར་ཁ་ཆེའི་ཡུལ་དུ་དཱ་ན་ཤཱི་ལ་ཆེན་པོ་དང༌། ཁྱད་པར་བཤེས་གཉེན་དང༌། ཤེས་རབ་གོ་ཆ་དང༌། འདུལ་འཛིན་སློབ་དཔོན་དཔའ་བོ་ཞེས་བྱ་བ་རྣམས་བྱུང་ཞིང༌། ཤར་ཕྱོགས་སུ་ནི་སློབ་དཔོན་ཡེ་ཤེས་སྙིང་པོའང་བཞུགས་པ་ཡིན་ལ། གང་དག་ལེགས་ལྡན། སྤྱན་རས་གཟིགས་བརྟུལ་ཞུགས། སངས་རྒྱས་ཡེ་ཤེས་ཞབས། ཡེ་ཤེས་སྙིང་པོ། ཞི་བ་འཚོ་ཞེས་དབུ་མ་རང་རྒྱུད་པའི་བརྒྱུད་པ་
འདེད་པ་ནི། ཞི་བ་འཚོའི་དབུ་མ་རྒྱན་ལ། བརྒྱད་སྟོང་འགྲེལ་ཆེན་དུ་སེང་བཟང་གིས་འགྲེལ་པ་མཛད་པ་མ་མཐོང་ཞིང༌། སངས་རྒྱས་ཡེ་ཤེས་སེང་བཟང་གི་སློབ་མ་ཡིན་པར་མ་དྲན་པར། སངས་རྒྱས་ཡེ་ཤེས་ཀྱི་སློབ་མ་ཡེ་ཤེས་སྙིང་པཽར་འདོད་པ་བླུན་པོའི་བླུན་རྟགས་བསྟན་པ་ཁོ་ནའོ། །ཤཱཀྱ་བློ་གྲོས་དང༌། ངང་ཚུལ་བཟང་པོ་དང༌། རྒྱལ་སྲས་གྲགས་པའི་བཤེས་གཉེན་དང༌། པཎྜྀ་ཏ་སའི་རྩ་ལག་རྣམས་བྱུང་ཞིང༌། ཁ་ཆེའི་ཡུལ་དུ་ཧྲ་ཧརྴ་དེ་ཝ་ཞེས་པ་རྒྱལ་སྲིད་བྱེད་དོ། །དུས་དེ་དག་ཏུ་གྲུབ་པའི་སློབ་དཔོན་བྱུང་བ་ནི་སྔར་གྱི་རིགས་པས་ཤེས། ཁྱད་པར་བི་རཱུ་བ་ཆུང་བ་ནི། རྒྱལ་པཽ་འདི་དང་དེ་ཝ་པཱ་ལའི་བར་དུ་བྱུང་བར་མངོན་ཏེ། ནུབ་ཕྱོགས་ཀཙྪའི་ཡུལ་དུ་བི་བྷ་རཊྚ་ཞེས་བྱ་བའི་རྒྱལ་པོ་ཞིག་བྱུང༌། དེའི་བུ་མོ་དེ་ཝ་པཱ་ལའི་བཙུན་མོར་བླངས་ཏེ། བུ་རཱ་ས་པཱ་ལ་སྐྱེས་པར་བཤད། བི་བྷ་རཊྚ་དེའི་དུས་སུ་བི་རཱུ་པ་ཆུང་བ་བྱུང་བ་ཡིན་ལ། རྒྱལ་པོ་དེ་ལ་མཆོད་གནས་ཕྱི་ནང་གཉིས་ཀར་ཡོད་པ་ལས། རྒྱལ་པོ་རང་ནི་ནང་པ་ལ་མོས་པ་ཞིག་སྟེ། བློན་པོ་ཐམས་ཅད་ཕྱི་རོལ་པ་ལ་དད་དོ། །དེར་ལྷ་ཁང་བཞེངས་པ་ལ་ཕྱི་ནང་གཉིས་ཀའི་ལྷའི་རྡོ་སྐུ་མི་ཚད་ཙམ་པ་མང་པོ་བཞེངས། སངས་རྒྱས་པ་རྣམས་ཀྱིས་ལྷ་ཁང་ཐ་དད་ཀྱིས་ཞེས་བྱས་ལ། མུ་སྟེགས་པ་རྣམས་གཅིག་ཏུ་བྱའོ། །ཞེས་ཟེར་ཞིང༌། བློན་པོ་རྣམས་ཀྱིས་དེ་ལྟར་བཀོད་དེ། དེར་རབ་གནས་ལ་བི་རཱུ་པ་ཆུང་བ་སྤྱན་དྲངས། ཆོ་ག་སོགས་གང་ཡང་མི་མཛད་པར་ཨ་ཡི་ཤ། ཨ་ཡི་ཤ་ཞེས་བོད་སྐད་དུ་ཤོག་ཤོག་ཅེས་པ་སྟེ་ད་ལྟར་གསུངས་པས་ལྷ་སྐུ་རྣམས་ཐམས་ཅད་ལྷ་ཁང་གི་ཕྱི་རོལ་གྱི་ཁྱམས་སུ་བྱོན་ནོ། །སྡོད་ཅིག་བྱས་པས་ལྷ་རྣམས་ས་ལ་བཞུགས་སོ། །དེར་
སྣོད་ཅིག་ཏུ་ཆབ་བཙགས་ཏེ། ལྷ་སྐུ་རྣམས་ཀྱི་དབུ་ལ་ནར་ཙམ་བྲན་པས་ནང་པའི་ལྷ་རྣམས་ཧར་གྱིས་བཞེངས། གད་མོ་དིང་དིང་ལྷ་ཁང་གི་ནང་དུ་བཞུད། ཕྱི་བའི་ལྷ་རྣམས་མགོ་དུད་དེ་ཁྱམས་སུ་ལུས་སོ། །ལྷ་ཁང་ད་ལྟ་ཡང་ཡོད་དེ། ཨ་མྲྀ་ཏ་ཁུམ་པ་ཟེར། སློབ་དཔོན་ཆེན་པོ་ཏོག་རྩེ་བ་ཆེ་བ་བསམ་མི་ཁྱབ་ཀྱི་གཞུང་མཛད་པ་པོ་ཡང་འདི་སྐབས་བྱུང་ངོ༌། །རྒྱལ་པོ་གཽ་པཱ་ལ་འདིའམ་དེ་ཝ་པཱ་ལའི་མཚམས་སུ། དཔལ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཡང་བཞེངས་ཏེ། དེ་ནི་མ་ག་དྷཱའི་ཕྱོགས་གཅིག་ན་མུ་སྟེགས་བྱེད་ཀྱི་རྣལ་འབྱོར་བསྔགས་ཀྱི་ནུས་པ་གྲུབ་ཅིང་དྲང་པཽའི་རང་བཞིན་ཅན་ནར་དཱ་ཞེས་ཟེར་བ་ཞིག་ཡོད་ཅིང༌། དེ་རོ་ལངས་ཀྱི་དངོས་གྲུབ་པ་ལ་གྲོགས་ལུས་སྟོབས་ཆེ་ཞིང་ནད་མེད་ལ་ལུས་ལ་དཔའ་བོའི་མཚན་མ་དགུ་ཡོད་པ། ངག་བདེན་པར་སྨྲ་བ། བློ་རྣོ་ཞིང་དཔའ་བ། གཡོ་སྒྱུ་མེད་པ། བཟོའི་གནས་ཐམས་ཅད་ལ་མཁས་པ་ཞིག་དགོས་པ་ལས་གཞན་མེད་དེ། ནང་པའི་དགེ་བསྙེན་ཞིག་ལ་འདུག་པ་མཐོང༌། དེ་ལ་ངའི་སྒྲུབ་གཡོག་གྱིས་བྱས་པས། མུ་སྟེགས་པའི་སྒྲུབ་གཡོག་མི་བྱེད་ཟེར། དེ་ན་རེ། ཁྱོད་མུ་སྟེགས་ལ་སྐྱབས་སུ་འགྲོ་ནི་མི་དགོས། ལོངས་སྤྱོད་ཟད་མི་ཤེས་པ་འབྱུང་བས་ཆོས་དར་བར་བྱས་པས་ཆོག་མོད་ཟེར། འོ་ན་སློབ་དཔོན་ལ་ཞུས་ལ་འོང་གི་བྱས་ནས། སློབ་དཔོན་ལ་ཞུས་པས་གནང་སྟེ་དེའི་སྒྲུབ་གཡོག་བྱས། འགྲུབ་ཏུ་ཉེ་བ་ན་དེ་ན་རེ། རོ་ལངས་ལྕེ་ཕྱིར་གཡུགས་ཏེ་བཟུང་དགོས་ཏེ། ལན་དང་པོ་ལ་ཟིན་ན་དངོས་གྲུབ་ཆེན་པོ། བར་པ་ལ་འབྲིང༌། ཐ་མ་ལ་ཆུང་ངུ་འགྲུབ། ལན་གསུམ་ལ་མ་ཟིན་ན་དང་པོ་འོ་སྐོལ་གཉིས་ཟ། དེ་ནས་ཡུལ་ཁམས་སྟོང་པ་ཙམ་དུ་འགྲོ་ཟེར།
དགེ་བསྙེན་གྱིས་ལན་དང་པོ་གཉིས་པ་གཉིས་ལ་མ་ཟིན། དེ་ནས་རོ་ལངས་དང་ཁ་སྤྲད་དེ་བསྡད་པས། གསུམ་པ་ལ་སོ་བཏབ་པས་ཟིན། དེ་ནས་ལྕེ་རལ་གྲིར་གྱུར། ལུས་གསེར་དུ་སོང་ངོ༌། །དགེ་བསྙེན་གྱིས་རལ་གྲི་ཐོགས་ཏེ་བསྐོར་བས་ནམ་མཁའ་ལ་འཕགས་པ་ན། མུ་སྟེགས་ན་རེ། ངས་རལ་གྲིའི་དོན་དུ་བསྒྲུབས་པ་ཡིན་པས་རལ་གྲི་ང་ལ་ཐོད་ཟེར། ངས་ལྟད་མོ་ཞིག་བལྟས་ལ་འོང་གིས་བྱས་ནས་རི་རབ་ཀྱི་རྩེ་མོར་ཕྱིན། གླིང་བཞི་གླིང་ཕྲན་དང་བཅས་པ་ཡུད་ཀྱིས་བསྐོར་ནས། རལ་གྲི་ཁོང་རང་ལ་གཏད་པས། དེ་ན་རེ། ལུས་གསེར་དུ་སོང་བ་འདི་ཁྱོད་རང་གྱིས། རུས་པ་ལ་མ་ཐུག་པར་ཤའི་ཐད་ནས་ཆོད། ཆང་རིན་དང༌། སྨད་འཚོང་གོ་དོན་སོགས་ལོག་པ་ལ་མ་སོང་བ་གྱིས། རང་གི་འཚོ་བ་དང་དགེ་བའི་ལས་ལ་སྦྱར་ན་དེ་རིང་བཅད་པའི་ཤུལ་དོ་ནུབ་གང་སྟེ་ཟད་མི་ཤེས་པ་ཡོང་ཟེར། ཁོང་རང་རལ་གྲི་ཐོགས་ནས་ལྷ་ཡུལ་དུ་སོང་ངོ༌། །དགེ་བསྙེན་དེས་རོ་ལངས་ཀྱི་གསེར་ལ་བརྟེན་ཏེ། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཆེན་པོ་བཞེངས་པ་ཡིན། ཨོ་ཏནྟ་འཕུར་བྱེད་ཀྱི་དོན་ཡིན། དགེ་བསྙེན་གྱིས་ནམ་མཁའ་ལ་ཕྱིན་ནས་རི་རབ་གླིང་བཞི་དངོས་སུ་མཐོང་བའི་བཀོད་པ་ལྟར་བཞེངས། དགེ་བསྙེན་དེ་ལ་ཨུ་ཊྱ་ཨུ་པ་སི་ཀ་ཞེས་ཐོགས་སོ། །ལྷ་ཁང་དེ་ལ་རྒྱལ་པོ་བློན་པོ་སོགས་སུའི་ཡང་དྲིན་ངོས་མེད། ལྷ་ཁང་རྩིག་མཁན། ལྷ་བཞེངས་མཁན། བཟོ་བོ་རྣམས་ཀྱི་གླ་ལྟོ་ཡོན་རྒྱུ་སོགས་ཐམས་ཅད་རོ་ལངས་ཀྱི་གསེར་བཙོངས་པ་ཁོ་ནས་གྲུབ་ཅིང༌། གསེར་དེ་ཁོ་ནས་དགེ་སློང་ལྔ་བརྒྱ་དང༌། དགེ་བསྙེན་ལྔ་བརྒྱའི་འཚོ་བ་སྦྱར་ཏེ། དགེ་བསྙེན་དེ་ཉིད་མ་ཤིའི་བར་དུ་ཁོང་རང་གིས་ཆོས་གཞི་བཏེག །འདའ་བའི་ཚེ། གསེར་
འདིས་རེ་ཞིག་གཞན་ལ་ཕན་མི་ཐོགས། མ་འོངས་པ་ན་སེམས་ཅན་ལ་ཕན་པར་འགྱུར་ཞེས་གཏེར་དུ་སྦས། ཆོས་གཞི་རྒྱལ་པོ་དེ་ཝ་པཱ་ལ་ལ་གཏད་དོ། །རྒྱལ་པོ་གཽ་པཱ་ལའི་དུས་ཀྱི་གཏམ་སྟེ་ཉི་ཤུ་རྩ་བརྒྱད་པའོ།། །།རྒྱལ་པོ་དེ་ཝ་པཱ་ལ་ནི་ཁ་ཅིག་ཀླུའི་བུ་ཡིན་པར་ཡང་འདོད་ཅིང༌། རྒྱལ་བོ་གཽ་པཱ་ལ་ནས་བརྒྱུད་པའི་རིག་སྔགས་ཀྱི་བྱིན་རླབས་ཞུགས་པའི་ཕྱིར་དེ་ཉིད་ཀྱི་སྲས་ཡིན་པར་ནི་སེམས་ལ། འོན་ཀྱང་འདི་སྐད་ཅེས་གྲགས་ཏེ། རྒྱལ་པོ་གཽ་པཱ་ལའི་བཙུན་མོ་ཐ་ཆུང་ཞིག་གིས་བྲམ་ཟེའི་རིག་སྔགས་མཁན་ཞིག་ལས་རྒྱལ་པོ་དབང་དུ་བྱེད་པའི་རིག་པ་ཞུས་པས། རི་བོ་གངས་ཅན་ནས་སྨན་བླངས་ཏེ་སྔགས་ཀྱིས་བཏབ། ཁ་ཟས་དང་སྦྱར་རྒྱས་བཏབ། རྒྱལ་པོ་ལ་དྲོངས་ཤིག་བྱས་ནས། བྲན་མོ་ལ་བསྐུར་བས་ཆུ་འགྲམ་ཞིག་ཏུ་འགྲེད་དེ་རྫས་ཆུ་ལ་ལྷུང༌། ཆུས་ཁྱེར་ཏེ་ཀླུའི་གནས་སུ་སླེབ་པ་ན། ཀླུའི་རྒྱལ་པོ་རྒྱ་མཚོ་སྐྱོང་ཞེས་བྱ་བས་ཟོས་ཏེ་དེ་དབང་དུ་གྱུར་ཏེ། རྒྱལ་པོའི་གཟུགས་ཀྱིས་འོངས་ནས་བཙུན་མོ་དང་ཕྲད་པས་སྦྲུམ་མར་གྱུར་བའི་གནས་སྐབས་སུ། རྒྱལ་པོས་ཆད་པས་གཅོད་པར་བརྩམས་པ་ལས། དུས་འདིའི་ཚེ་རྒྱལ་པོ་ཉིད་འོངས་སོ་བྱས་པས་སླར་བརྟག་གོ་ཟེར་ནས། ནམ་ཞིག་ན་ཁྱེའུ་བཙས་ཏེ་ལྷ་མཆོད་བྱས་པའི་ཚེ། སྦྲུལ་མགོ་རོང་གིས་བྱུང་ནས། ཁྱེའུའི་ལག་པ་ལ་སོར་གདུབ་ཡོད་པ་ལ་བལྟས་ན་ཀླུའི་ཡི་གེ་མཐོང་བས་ཀླུའི་རྒྱལ་པཽའི་བུར་ཤེས་ནས་སྐྱེད་བསྲིངས། རྒྱལ་པོ་གཽ་པཱ་ལ་འདས་པ་ན་དེ་ཉིད་རྒྱལ་སྲིད་དུ་བསྐོས། རྒྱལ་པོ་གོང་མ་ལས་ཀྱང་མངའ་ཐང་ཆེ་སྟེ་ཤར་ཕྱོགས་ཝ་རེནྡྲ་མངའ་འོག་ཏུ་འདུས། གཙུག་ལག་ཁང་ཁྱད་
པར་དུ་འཕགས་པ་ཞིག་རྩིག་པར་བཞེད་ནས་སཽ་མ་པུ་རི་བཞེངས་པ་ཡིན་ཏེ། འདི་ལ་བོད་ཀྱི་ལོ་རྒྱུས་ཕལ་ཆེར་ལྟར་ན། ལྟས་མཁན་རྣམས་ན་རེ། དགེ་སྦྱོང་དང་བྲམ་ཟེའི་རས་ལ་སྡོང་བུ་བྱས། རྒྱལ་པོ་དང་ཚོང་དཔོན་གྱི་ཁྱིམ་ནས་མར་བླངས། དཀའ་ཐུབ་པའི་གནས་ནས་ཀོང་བུ་བླངས་ཏེ་མར་མེ་སྦར་བ་ཡི་དམ་གྱི་མདུན་དུ་བཞག་སྟེ་གསོལ་བ་བཏབ་ན་ཆོས་སྐྱོང་གི་སྤྲུལ་པས་ཀོང་བུ་གང་དུ་བསྒྱུར་བ་དེར་ལྷ་ཁང་རྩིགས་ཤིགརྒྱལ་པོའི་མངའ་ཐང་ཡང་ཇེ་འཕེལ་དུ་འགྱུར་ཞིང་ཡུལ་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པར་འགྱུར་རོ་ཟེར། དེ་ལྟར་བྱས་པས། བྱ་རོག་གཅིག་བྱུང་ནས། ཀོང་བུ་མཚོ་ཞིག་ལ་བསྐུར་བས་ཡིད་ཆད་པ་ན་མཚན་མོ་ཀླུའི་རྒྱལ་བོ་སྦྲུལ་མགོ་ལྔ་པ་བྱུང་སྟེ། ང་ཁྱོད་ཀྱི་ཕ་ཡིན་པས་མཚོ་བསྐམས་ལ་རྩིག་ཏུ་གཞུག་གོ །ཞག་བདུན་བདུན་ན་མཆོད་པ་ཆེན་པོ་གྱིས་ཤིག་ཟེར་ཏེ། དེ་བཞིན་བྱས་པས་ཞག་ཉེར་གཅིག་ན་མཚོ་བསྐམས། དེར་ལྷ་ཁང་བཞེངས་ཞེས་འབྱུང་ལ། ཁ་ཆེའི་ཡུལ་གྱི་རྒྱ་མཚོ་སྦས་པའི་གཙུག་ལག་ཁང་བཞེངས་པའི་ལོ་རྒྱུས་ལ་རྨི་ལམ་དུ་མི་ནག་པོ་ཞིག་བྱུང་ནས། ནག་པོ་ཆེན་པོ་ལ་མཆོད་པ་གྱིས། མཚོ་གནོད་སྦྱིན་རྣམས་ཀྱིས་སྐེམས་པར་བྱེད་དོ་ཞེས་པ་ལས་གཞན་དེ་ཁོ་ན་བཞིན་དུ་བྱུང་བའི། དེའི་ལོ་རྒྱུས་སཽ་མ་པུ་རི་ལ་སྦྱར་བ་མིན་ན་རུང་ངོ༌། །དེ་བཞིན་དུ་དེ་ཝ་པཱ་ལ་འཁྲུངས་པའི་ལོ་རྒྱུས་ཀྱང་ལྷན་སྐྱེས་རོལ་པའི་ལོ་རྒྱུས་དང་ཕྱོགས་འདྲར་སྣང་བས་ཕན་ཚུན་དཔེ་བྱས་པའི་བརྗོད་རིགས་ཡིན་མིན་བརྟག་དགོས་ལ། སཽ་མ་པུ་རི་ཡོངས་སུ་གྲགས་པ་འདི་སོ་མ་པུ་རི་གསར་པ་ཡིན་ནོ་ཞེས་ཀྱང་གྲགས་སོ། །རྒྱལ་པོ་དེ་ལ་རྣལ་འབྱོར་བ་སི་རོ་མ་ཎི་ཞེས་བྱ་
བས་བསྐུར་ཏེ། ཨོ་ཊི་བི་ཤ་ལ་སོགས་པའི་ཡུལ་འདི་རྣམས་སྔོན་ནང་པའི་གནས་ཡིན་ཡང། ད་ལྟར་མུ་སྟེགས་པ་ཁོ་ན་དར་བས་དམག་བྱའོ་སྙམ་དམག་གི་ཚོགས་པ་ཆེན་པོ་བསྡུས་ཏེ། རང་དང་ཉེ་བའི་ཡུལ་ནས་ཕར་ཕྱིན་ཙ་ན། རྒྱང་རིང་པོ་ནས་མི་ནག་པོ་ཞིག་དལ་གྱིས་འགྲོའོ། །དེ་ལ་སུ་ཡིན་འདྲིར་བཏང་བས་ང་ནག་པོ་ཆེན་པོ་ཡིན། བྱེ་མའི་ཕུང་བོ་འདི་བསལ་བའི་འོག་ན་ལྷ་ཁང་ཡོད། མུ་སྟེགས་ཀྱི་ལྷ་ཁང་རྣམས་འཇིག་པར་འདོད་ན་གཞན་བྱེད་མི་དགོས་གྱིས་ལྷ་ཁང་གི་མཐའ་དམག་གིས་བསྐོར་ལ་རོལ་མོ་ཆེན་པོ་གྱིས་ཤིག་ཟེར། བྱེ་མའི་ཕུང་པོ་བསལ་བའི་འོག་ནས་རྡོའི་ལྷ་ཁང་ངོ་མཚར་ཅན་ཐོན། དཔལ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་མིང་བཏགས། ལོ་རྒྱུས་འགའ་ཞིག་ལས་དེ་ནས་དགེ་སློང་འགོག་པ་ལ་སྙོམས་པར་ཞུགས་པ་ཞིག་དོན་ནས། སངས་རྒྱས་འོད་སྲུང་དང༌། རྒྱལ་པཽ་ཀྲཱི་ཀྲིའི་གཏམ་དྲིས་པས། འདི་ནི་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་ནོ་བྱས་པས། ཆོ་འཕྲུལ་མང་བོ་བསྟན་ནས་མྱ་ངན་ལས་འདས་སོ་ཟེར། དེ་ནས་མུ་སྟེགས་ཀྱི་ལྷ་ཁང་རྣམས་ལ་ཇི་སྐད་བསྒོ་བ་བཞིན་བྱས་པས་ལྷ་ཁང་ཐམས་ཅད་རང་ཞིག་སྟེ། སྤྱིར་ན་མུ་སྟེགས་ཀྱི་གནས་གཞི་ཆེན་པོ་བཞི་བཅུ་ཙམ་ཞིག ལ་ལ་བྷཾ་ག་ལ་དང་ཝ་རེནྡྲའི་ཡང་ཡིན། དེ་ནས་ཨོ་ཌོ་བི་ཤ་ཐམས་ཅད་མངའ་འོག་ཏུ་ཆུད་དོ། །རྒྱལ་པོ་འདིའི་རིང་ལ་ནག་པོ་སྤྱོད་པ་ཆུང་བ་བྱོན་ཏེ། དེ་ནི་སློབ་དཔོན་ནག་པོ་སྤྱོད་པའི་རྗེས་འབྲང་བདེ་དགྱེས་གཤིན་རྗེ་བཤེད་གསུམ་ལ་མཁས་པའི་པནྚི་ཏ་ཞིག་ཡིན། དེས་ནཱ་ལེནྡྲ་དང་ཉེ་བ་ཞིག་ཏུ་བདེ་མཆོག་བསྒོམས་པས་མཁའ་འགྲོ་མས་ལུང་བསྟན། ཀཱ་མ་རཱུའི་ལྷ་མོའི་གནས་
ན་རྫས་ཀྱི་དངོས་གྲུབ་ཡོད་ཀྱིས་ལོང་ཞིག་ཟེར། དེར་ཕྱིན་པས་ཟ་མ་ཏོག་ཅིག་རྙེད། ཁ་ཕྱེ་བས་ཌ་མ་རུ་དྲྭ་བ་ཅན་ཞིག་བྱུང༌། དེ་ལག་ཏུ་ཐོགས་པ་ཙམ་གྱིས་རྐང་པ་ས་ལ་མ་རེག་ཅིང༌། དྲག་ཏུ་དཀྲོལ་བ་ན་གྲུབ་པའི་རྣམ་འབྱོར་ཕོ་མོ་ལྔ་བརྒྱ་གང་ནས་བྱུང་ཆ་མེད་པར་འོངས་ནས་དེའི་འཁོར་བྱེད་པ་བྱུང་སྟེ། ཡུན་རིང་པོར་འགྲོ་བའི་དོན་མཛད་དོ། །མཐར་གངྒ་སཱ་ག་ར་ཞེས་པར་གར་གཤེགས་ཆ་མེད་པའི་ཚུལ་གྱིས་སྐུ་འདས། འདིས་སྡོམ་པ་བཤད་པ་ལ་སོགས་པ་བསྟན་བཅོས་མང་དུ་མཛད། སྐུ་ཚེ་རིང་བས་རྒྱལ་པོ་དྷརྨ་པཱ་ལའི་རྗེས་སུའང་ཅུང་ཟད་བཞུགས་སོ། །སྐབས་འདིར་སློབ་དཔོན་ཤཱཀྱ་འོད་ཀྱི་སློབ་མ་ཤཱཀྱ་བཤེས་གཉེན་ཞེས་བྱ་བ་ཡང་བྱུང༌། གཞན་ཡང་འདུལ་འཛིན་དགེ་ལེགས་བཤེས་གཉེན་དང༌། བློ་བཟང་ངང་ཚུལ་དང༌། དཾ་ཥྟ་སེ་ན་སྟེ་མཆེ་བའི་སྡེ་དང༌། ཡེ་ཤེས་ཟླ་བ་དང༌། རྡོ་རྗེ་མཚོན་ཆ་དང༌། འཇམ་དཔལ་གྲགས་པ་དང༌། ཡེ་ཤེས་བྱིན་དང༌། བཛྲ་དེ་ཝ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་བཙུན་པ་སྤྱན་རས་གཟིགས་བརྟུལ་ཞུགས་རྣམས་བྱུང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་དྷ་ན་མི་ཏྲ་ལ་སོགས་པ་བྱུང༌། སློབ་དཔོན་སེང་གེ་བཟང་པོའང་རྒྱལ་པོ་འདིའི་དུས་སུ་པནྚི་ཏར་གྱུར། འགྲོ་དོན་ཅི་རིགས་པ་མཛད། རྒྱལ་པོ་དྷརྨ་པཱ་ལའི་དུས་སུ་འཕྲིན་ལས་ཆེར་བྱུང་བ་ཡིན་ཏེ་འོག་ཏུ་འཆད། བོད་ཀྱི་ཡུལ་དུ་བྱོན་པའི་ཨཱ་ཙརྱ་བོ་དྷི་ས་ཏྭ་ནི། རྒྱལ་པོ་གཽ་པཱ་ལ་ནས་རྒྱལ་བོ་དྷརྨ་པཱ་ལའི་བར་དུ་ནི་ངེས་པར་བཞུགས་པར་མངོན་ལ། བོད་ཀྱི་ལོ་རྒྱུས་ཁུངས་ཆེ་བར་བྱས་པ་ཀུན་ན་ནི་བོད་ཀྱི་རྒྱལ་རབས་དགུ་མཁན་པོའི་སྐུ་ཚེའི་རིང་ལ་འདས་ཟེར་བར་སྣང་བས་དེ་ལྟ་ན་ནི། ཐོགས་མེད་སྐུ་མཆེད་
ཀྱི་ཞབས་ཟིན་པ་ཙམ་དུ་བྱེད་དགོས་ཏེ། ཇི་བཞིན་ཡིན་པར་དཀའ་འོ། །འདི་དང་དབུ་མ་རྒྱན་མཛད་པ་པོ་མཁན་ཆེན་ཞི་བ་འཚོ་གཉིས་གཅིག་པར་ཀུན་ཏུ་གྲགས་ཤིང༌། བོད་ཀྱི་མཁས་པ་ཆེན་པོ་ཐམས་ཅད་ཀྱིས་ཀྱང་གཅིག་པར་མཛད་འདུག་པས་རེ་ཞིག་དེ་ལ་ཡིད་བརྟན་བྱ་སྟེ། དེ་ལྟར་ན་རྒྱལ་པོ་གཽ་པཱ་ལའི་དུས་ཉིད་དུ་པནྚི་ཏ་ཆེན་པོར་གྱུར་པ། རྒྱལ་པོ་འདིའི་དུས་སུ་གཙོ་བོར་འགྲོ་དོན་མཛད་པ་ཞིག་ཡིན་ནོ། །ལྷ་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་མཛད་པའི་བཀའ་ཡང་དག་པའི་ཚད་མ་ན། མཁན་པོ་བོ་དྷི་ས་ཏྭའི་མཚན་དྷརྨ་ཤཱནྟི་གྷོ་ཥ་སྟེ་ཆོས་ཞི་བའི་དབྱིངས་ཞེས་པ་ཡིན་པར་བཤད་ཀྱང༌། མཚན་དུ་མ་འབྱུང་བ་མི་འགལ་ཞིང༌། རང་གི་མཁན་བུ་སད་མི་མི་བདུན་ཀུན་ལའང་རཀྵི་ཏ་ཞེས་པའི་ཤཱནྟ་རཀྵི་ཏའི་མཚན་ཟུར་རེ་ཡང་འདུག་པས་མཚན་གྱི་རྣམ་གྲངས་ཞི་བ་འཚོ་ཡང་ངེས་པར་ཡིན་ནོ། །འོན་ཀྱང་ཡེ་ཤེས་སྙིང་པོས་མཛད་པའི་དབུ་མ་བདེན་གཉིས་ཀྱི་འགྲེལ་བཤད་མཛད་མཁན་གྱི་ཞི་བ་འཚོ་དང༌། དབུ་མ་རྒྱན་མཛད་པ་པོ་ཞི་བ་འཚོ་མི་གཅིག་པར་འདོད་པ་ལྟར་ན། དེ་གཉིས་ལས་གང་ཡིན་བརྟག་དགོས་པ་ཙམ་སྣང་ངོ༌། །ཤཱཀྱ་བཤེས་གཉེན་གྱིས་རྣལ་འབྱོར་གྱི་རྒྱུད་དེ་ཁོ་ན་ཉིད་བསྡུས་པའི་འགྲེལ་པ་ཀོ་ས་ལའི་རྒྱན་ཞེས་བྱ་བ་ཡུལ་ཀོ་ས་ལར་བརྩམས། ཁོང་ཉིད་ཀྱིས་བླ་མ་བཅུ་གཅིག་ཙམ་ལ་ཞུས་པར་འགྲེལ་པ་དེ་ལས་བཤད། སྐུ་ཚེའི་སྨད་ལ་ཁ་ཆེར་བྱོན་ནས་འགྲོ་དོན་ཆེར་བྱུང༌། རྡོ་རྗེ་མཚོན་ཆ་ནི་འཇམ་དཔལ་གྱི་བསྟོད་པ་གང་བློ་མར་གྲགས་པ་རྩོམ་པ་པོ་དེ་ཡིན་ཏེ། པནྚི་ཏ་ལྔ་བརྒྱས་སོ་སོར་བརྩམས་པས་ཚིག་དོན་གཅིག་ཏུ་བྱུང་བས་ལྷའི་རྫུ་འཕྲུལ་དུ་ཤེས་སོ། །འཇམ་དཔལ་གྲགས་པ་ནི། མཚན་
བརྗོད་ཀྱི་འགྲེལ་བ་ཆེན་པོ་མཛད་པ་པོ། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དངོས་སུ་ཞལ་གཟིགས་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་ཞིག་སྟེ་འགྲེལ་པ་དེ་ལ་རྣམ་པར་བརྟགས་ན་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་ནི་ཡིན་པར་སྣང་ངོ༌། །འདིའི་ལོ་རྒྱུས་རྒྱས་རྒྱས་འདྲ་བ་སྔོན་བོད་ལ་གྲགས་པ་ཞིག་སྣང་བ་ཁོ་བོའི་ཡིད་ལ་ནི་ཤིན་ཏུ་མི་འབབ། ཤེས་པར་འདོད་ན་མཁས་མཆོག་བུ་སྟོན་གྱིས་མཛད་པའི་ཡོ་ག་གྲུ་གཟིངས་སུ་བལྟའོ། །བཛྲ་དེ་ཝ་ནི། རྟེན་ཁྱིམ་པ་སྙན་དངགས་མཁན་ཆེན་པོ་ཞིག་ཡིན་ལ། བལ་པོའི་ཡུལ་དུ་ཕྱིན་ནས་མུ་སྟེགས་པའི་རྣལ་འབྱོར་མ་ཞིག་གི་སྤྱོད་པ་ལོག་པ་མང་པོ་མཐོང་ནས། དེ་ལ་དམོད་པའི་སྙན་དངགས་སྦྱར་བ་ན། དེས་ཀྱང་དམོད་པ་བྱས་པས་སྙུང་མཛེས་བཏབ། དེར་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ཅིང༌། ཉིན་རེ་བཞིན་བསྟོད་པ་ཕྲེང་འཛིན་གྱི་སྡེབ་སྦྱོར་གྱི་ཤློ་ཀ་རེ་རེ་བརྩམས། ཟླ་བ་གསུམ་ནས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་སྟེ་སྙུང་བའང་གདངས། བསྟོད་པ་ཤློ་ཀ་བརྒྱར་ལོངས་ཏེ་འཕགས་ཡུལ་གྱི་ཕྱོགས་ཐམས་ཅད་དུ་སྙན་དངགས་ལེགས་པའི་དཔེར་བྱེད་དོ། །རྒྱལ་པོ་དེ་ཝ་པཱ་ལས་ལོ་བཞི་བཅུ་ཞེ་བརྒྱད་དུ་རྒྱལ་སྲིད་བྱས། དེའི་རྗེས་སུ་སྲས་རཱ་ས་པཱ་ལས་རྒྱལ་སྲིད་ལོ་བཅུ་གཉིས་བྱས། བསྟན་པའི་བྱ་བ་གསར་པ་ཆེར་མ་མཛད་པས་དེ་ནི་པཱ་ལ་བདུན་ལ་མི་བགྲང༌། དེའི་ཚེ་ཨུ་རྒྱན་གྱི་སློབ་དཔོན་སྒེག་པའི་རྡོ་རྗེས་དཔལ་ནཱ་ལེནྡྲར་ལོ་བཅུའི་བར་དུ་བཞུགས་ཤིང༌། སྔགས་ཀྱི་ཐེག་པ་མང་དུ་གསུངས། མཚན་ཡང་དག་པར་བརྗོད་པའི་འགྲེལ་པ་ཡང་མཛད། སློབ་དཔོན་བཱ་སུ་བནྡྷུ་ཞེས་བྱ་བ་དབྱིག་གཉེན་གྱི་མཚན་ཅན་ཞིག་བྱོན་
ཏེ། ཆོས་མངོན་པའི་སྡེ་སྣོད་མང་དུ་གསུངས་སོ། །དེ་ལ་སློབ་དཔོན་སྒེག་པའི་རྡོ་རྗེ་ནི། ཡུལ་ཥི་ཥ་ར་ཞེས་པར་འཁྲུངས། ཨུ་རྒྱན་གྱི་གནས་སུ་རབ་ཏུ་བྱུང་ཞིང་གྲུབ་མཐའ་རྣམ་རིག་དབུ་མ་པ། རིག་པའི་གནས་ཐམས་ཅད་ལ་མཁས་པར་བྱས་པའི་མཐར། ཨུ་རྒྱན་གྱི་གླིང་ཕྲན་མ་དྷི་མ་ཞེས་བྱ་བར་འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པའི་སྒྲུབ་པ་མཛད། དེའི་ཚེ་འཕགས་པ་འཇམ་དཔལ་འགྲུབ་ཏུ་ཉེ་བ་ན། འཇམ་དཔལ་གྱི་བྲིས་སྐུའི་ཞལ་ལས་འོད་ཟེར་ཆེན་པོ་བྱུང་སྟེ་གླིང་ཡུན་རིང་དུ་སྣང་བར་བྱས་བས། ཉི་མ་དང་འདྲ་བ་ཞེས་བྱ་བར་མཚན་གསོལ། ལོག་པར་ལྟ་བ་འགའ་ཞིག་ལ་ནང་པའི་པནྚི་ཏའི་དབང་པོ་ལྔ་སྒྲུབ་རྫས་ལ་དགོས་པ་བྱུང༌། སློབ་དཔོན་བཀྲོང་དུ་འོངས་པས་གླང་པོ་དང་རྟ་དང་བུ་མོ་དང་ཁྱེའུ་སོགས་སྣ་ཚོགས་ཀྱི་གཟུགས་སུ་བསྒྱུར་བས་སུ་ཡིན་ངོ་མ་ཤེས་པར་ཕྱིར་ལྡོག སྣ་ཚོགས་གཟུགས་ཅན་ཞེས་མཚན་གསོལ། སྐུ་ཚེའི་སྨད་ལ་ཨུ་རྒྱན་གྱི་ཡུལ་དུ་འགྲོ་དོན་ཆེར་མཛད། མཐར་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་སོ། །རབ་ཏུ་བྱུང་བའི་མཚན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པ། གསང་མཚན་སྒེག་པའི་རྡོ་རྗེ་ཞེས་བྱ་བ་ཡིན་པས། དེས་མཛད་པའི་བསྟན་བཅོས་རྣམས་ལ་སྒེག་པའི་རྡོ་རྗེ་ཉི་མ་དང་འདྲ་བ་སྣ་ཚོགས་གཟུགས་ཅན་དཔལ་ལྡན་བྱང་ཆུབ་མཆོག་གི་སྐལ་བ་དང་ལྡན་པས་མཛད་པ་ཞེས་འབྱུང་བ་ཡིན་ནོ། །འདིའི་དུས་གདོལ་བའི་བུ་ཞིག་ཨཱརྱ་དེ་ཝ་དང་མཇལ་བྱིན་གྱིས་བརླབས་པས་ཆོས་ཏོལ་ཤེས་སུ་བྱུང༌། བསྒོམས་པས་གྲུབ་པ་ཐོབ་སྟེ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་སྔགས་གཞུང་མཐའ་དག་རྙེད། ཅི་རིགས་
པར་བཤད་དེ་མ་ཏང་གི་པའོ། །ཡང་ཀོང་ཀ་ན་རུ་སློབ་དཔོན་སྲུང་བའི་ཞབས་ཞེས་བྱ་བ་དེས་ཟླ་གྲགས་ལ་དངོས་སུ་མཉན་ནས། སྒྲོན་གསལ་གྱི་གླེགས་བམ་ཡང་བྱུང༌། དེ་བཞིན་དུ་པནྚི་ཏ་སྒྲ་གཅན་འཛིན་ཟེར་བས་ཀྱང་ཀླུ་བྱང་དང་མཇལ་ཟེར་ཏེ། ཆོས་འཕགས་སྐོར་མགོ་དར་བ་ཙམ་བྱུང༌། ཕྱིས་པཱ་ལ་ཕྱི་མ་བཞིའི་དུས་སུ་ལྷག་པར་དར་རོ། །མཁའ་ལ་ཉི་ཟླ་རྣམ་གཉིས་དང༌། ས་ལ་གསལ་བ་རྣམ་གཉིས་ཟེར་བ་བྱུང་སྐད། རྒྱལ་པོ་དེ་ཝ་པཱ་ལ་ཡབ་སྲས་ཀྱི་དུས་སུ་བྱུང་བའི་གཏམ་སྟེ་ཉི་ཤུ་རྩ་དགུ་པའོ།། །། དེའི་རྗེས་སུ་རྒྱལ་པོ་དེའི་སྲས་དྷརྨ་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ། འདིས་རྒྱལ་སྲིད་ལོ་དྲུག་ཅུ་རྩ་བཞི་མཛད། ཀཱ་མ་རཱུ་པ་དང༌། ཏི་རཱ་ཧུ་ཏི་དང༌། གཽ་ཊ་ལ་སོགས་པ་ཡང་དབང་དུ་བསྡུས། ཆབ་སྲིད་ཤིན་ཏུ་ཆེ་སྟེ་ཤར་དུ་རྒྱ་མཚོ་ལ་ཐུག་པ། ནུབ་ཏུ་ཊི་ལི་ཚུན་ཆད། བྱང་དུ་ཛ་ལེནྡྷ་ར་མན་ཆད། ལྷོ་ལ་རི་འབིགས་བྱེད་ཀྱི་ཁོངས་ཚུན་ཆད་ལ་ལུང་བསྒྱུར། སེང་བཟང་དང༌། ཡེ་ཤེས་ཞབས་བླ་མར་བསྟེན། ཤེར་ཕྱིན་དང༌། དཔལ་གསང་བ་འདུས་པས་ཕྱོགས་ཐམས་ཅད་གང་བར་མཛད། གསང་བ་འདུས་པ་དང༌། ཕར་ཕྱིན་ཤེས་པའི་པནྚི་ཏ་གྲལ་མགོར་འཇོག་པ་སོགས་བྱུང༌། རྒྱལ་པོ་འདི་རྒྱལ་སྲིད་དུ་འཁོད་ཙམ་ན། གྲུབ་པའི་སློབ་དཔོན་ཀུ་ཀུ་རི་པ་ཡང་བྷཾ་ག་ལའི་ཡུལ་དུ་བྱུང་ནས་འགྲོ་བའི་དོན་མཛད། དེའི་ལོ་རྒྱུས་གཞན་དུ་ཤེས། རྒྱལ་སྲིད་དུ་འཁོད་མ་ཐག་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཆད་པ་པོ་རྣམས་སྤྱན་དྲངས། སློབ་དཔོན་སེང་གེ་བཟང་པོ་ལ་ཁྱད་པར་དུ་མོས། རྒྱལ་པོ་འདིས་སྤྱིར་ཆོས་གཞི་ལྔ་བཅུ་ཙམ་བཙུགས་པ་ལས། ཤེར་ཕྱིན་འཆད་པའི་ཆོས་གཞི་སུམ་ཅུ་སོ་ལྔ་ཡོད།
དཔལ་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས་ཏེ། དེ་ཡང་མ་ག་དྷཱའི་བྱང་ངོས་ཆུ་བོ་གངྒའི་འགྲམ་རི་དེའུ་ཞིག་གི་རྩེ་ལ་དབུས་སུ་བྱང་ཆུབ་ཆེན་པོའི་སྐུ་ཚད་ཀྱི་ལྷ་ཁང༌། མཐའ་སྐོར་དུ་གསང་སྔགས་ནང་གི་ལྷ་ཁང་ཆུང་ངུ་ལྔ་བཅུ་ང་གསུམ། ལྷ་ཁང་དཀྱུས་མ་ལྔ་བཅུ་ང་བཞི་སྟེ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་ཕྱི་ལྕགས་རིས་བསྐོར་བ་བཞེངས། པནྚི་ཏ་བརྒྱ་རྩ་བརྒྱད། གཏོར་མའི་སློབ་དཔོན། རབ་གནས་སློབ་དཔོན། སྦྱིན་སྲེག་སློབ་དཔོན། བྱི་བ་སྲུང་བ་དང༌། ཕུག་རོན་སྲུང་བ་དང༌། ལྷ་འབངས་ཀྱི་གཉེར་བྱེད་པ་སྟེ་བརྒྱ་དང་བཅུ་བཞི་ལ་ཟས་གོས་ཀྱི་འཚོ་བའི་ཁྱད་པར་མི་བཞི་བཞིའི་འཚོ་བ་དང་མཉམ་པ་སྦྱར། ཟླ་དུས་ཟླ་དུས་སུ་ཆོས་ཉན་པ་པོ་ཐམས་ཅད་ལ་སྟག་རེས་འཁོར་གྱི་སྟོན་མོ་དང་ཡོན་བཟང་པཽ་རེ་འབུལ་བར་མཛད། གནས་གཞི་དེའི་བདག་པོ་གང་ཡིན་པ་དེས་ནཱ་ལེནྡྲ་ཡང་སྐྱོང་བར་བྱེད་དོ། །པནྚི་ཏ་རེ་རེས་ཆོས་སྣ་རེ་རྒྱུན་དུ་གསུང་པས་ཆོས་གཞིའི་ཡོ་བྱད་སོ་སོར་མ་སྦྱར་ཡང་ཆོས་གཞི་བརྒྱ་རྩ་བརྒྱད་དང་དོན་གྱིས་མཉམ་པར་སོང༌། རྒྱལ་པོ་འདི་སློབ་དཔོན་ཀམྤ་ལའི་སྐྱེ་བ་ཡིན་པར་འདོད་ནའང་ངོས་བཟུང་ཡོད་པ་དཀའ། སྡེ་སྣོད་འཛིན་པ་སྨོན་ལམ་གྱི་མཐུ་གྲུབ་པ་ཞིག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དར་བར་བྱེད་པའི་སྨོན་ལམ་བཏབ་སྟེ་རྒྱལ་པོར་འཁྲུངས་པར་ནི་ཡིན་པར་བཤད། རྒྱལ་པོ་འདི་ནས་བཟུང་ནས་ཤེར་ཕྱིན་ཁོ་ན་དར་རྒྱས་ཆེ་བ་བྱུང༌། ཤེར་ཕྱིན་གྱི་མདོར་ཡུལ་དཔྱད་པའི་སྐབས་ན་དང་པོར་ཡུལ་དབུས་སུ་དར་བར་འགྱུར་ཞིང༌། དེ་ནས་ལྷོ་ཕྱོགས། སླར་ཡང་དབུས། དེ་ནས་བྱང་ཕྱོགས་དང༌། བྱང་ཕྱོགས་ནས་བྱང་ཕྱོགས་སུ་དར་བར་གསུངས་པའི་ལྷོའི་རྗེས་སུ་ཡུལ་དབུས་སུ་དར་བ་ནི་རྒྱལ་པོ་འདིའི་དུས་
ཙམ་ལ་ངོས་བཟུང་དགོས་སོ། ཁ་ཅིག་བྱང་ཕྱོགས་ཀྱི་རྗེས་སུ་སླར་ཡང་ཡུལ་དབུས་སུ་དར་བར་འགྱུར་ཞིང༌། དེ་ལྟར་མདོ་ནས་ཀྱང་བཤད་ཟེར་བ་ནི་མདོ་ཇི་བཞིན་མ་བཀླགས་པའི་སྐྱོན་ནོ། །རྒྱལ་པོ་འདི་དང་དུས་མཉམ་དུ་རྒྱ་གར་ནུབ་ཕྱོགས་ཀྱི་རྒྱལ་བོ་ཙཀྲ་ཡུ་དྷ་ཞེས་པ་ཡོད་པར། རྒྱལ་སྡེ་དཀར་ཆུང་རྡོ་རིངས་ཀྱི་ཡི་གེ་ལ་སྣང༌། རགས་རྩིས་སུ་བྱས་པ་ལ་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་པར་ཤེས་སོ། །རྒྱལ་པོ་འདིའི་དུས་སུ་རྟོག་གེ་པ་ཆེན་པོ་དགེ་སྲུང་དང༌། སེང་གེ་བཟང་པོ་དང༌། མཛེས་བཀོད་དང༌། རྒྱ་མཚོ་སྤྲིན་དང༌། འོད་ཟེར་འབྱུང་གནས་དང༌། གང་བ་སྤེལ་དང༌། རྡོ་རྗེ་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཐུགས་སྲས་དང་བཅས་པ་རྣམས་དང༌། སངས་རྒྱས་གསང་བ་དང༌། སངས་རྒྱས་ཞི་བ་དང༌། ཁ་ཆེའི་ཡུལ་དུ་སློབ་དཔོན་པདྨ་འབྱུང་གནས་དབྱངས་དང༌། རྟོག་གེ་པ་ཆོས་འབྱུང་བྱིན་དང༌། འདུལ་འཛིན་སེང་གེའི་གདོང་ཅན་ལ་སོགས་པ་བྱུང་ངོ༌། །དེ་དག་ལས་སློབ་དཔོན་སེང་གེ་བཟང་པོ་ནི། རྒྱལ་པོའི་རིགས་ལས་རབ་ཏུ་བྱུང་བ་གཞུང་ལུགས་དུ་མ་ལ་མཁྱེན་པ་རྒྱས་པ་ཞིག་སློབ་དཔོན་ཞི་བ་འཚོ་ལས་དབུ་མའི་གཞུང་རྣམས་དང་གདམས་ངག་རྣམས་གསན། མཁན་པོ་རྣམ་སྣང་མཛད་བཟང་པོ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་མངོན་པར་རྟོགས་པའི་རྒྱན་གཞུང་མན་ངག་དང་བཅས་པ་གསན། དེ་ནས་ཤར་ཕྱོགས་ཁ་སརྤ་ཎིའི་ནགས་སུ་རྒྱལ་བ་མི་ཕམ་པ་བསྒྲུབས་པས་མནལ་ལམ་དུ་ཞལ་བསྟན་ནས། ད་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ལ་འགྲེལ་པ་བྱེད་པའི་བསྟན་བཅོས་གྲུབ་མཐའ་མི་གཅིག་པ་མང་ན། སུའི་རྗེས་སུ་
འབྲང་ཞུས་པས། འཐད་པའི་ཆ་སྡུས་ཤིག་ཅེས་བཀའི་གནང་བ་ཐོབ། དེ་ནས་མི་རིང་བར་རྒྱལ་པོ་དྷརྨ་པཱ་ལས་སྤྱན་དྲངས་ཏེ། ཏྲི་ཀ་ཊུ་ཀ་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་བཞུགས་ནས་ཤེར་ཕྱིན་ཉན་པ་སྟོང་ཕྲག་མང་པོ་ལ་ཆོས་སྟོན་ཞིང༌། བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པ་བསྟན་བཅོས་ཀྱང་མང་དུ་མཛད། རྒྱལ་པོ་དྷརྨ་པཱ་ལ་རྒྱལ་སྲིད་དུ་འཁོད་ནས་ལོ་ཉི་ཤུ་ལྷག་ཅིག་ན་སྐུ་འདས་སོ། །སློབ་དཔོན་རྒྱ་མཚོ་སྤྲིན་ནི་རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ནས། རྣལ་འབྱོར་སྤྱོད་པའི་ས་སྡེ་ལྔ་ལ་འགྲེལ་པ་རྩོམ་པར་ལུང་བསྟན་ཐོབ་པས་ཡོངས་རྫོགས་ལ་འགྲེལ་པ་མཛད་པར་ཡང་གྲགས་ཤིང༌། བྱང་སའི་འགྲེལ་པ་ནི་གྲགས་ཆེའོ། །པདྨ་འབྱུང་གནས་དབྱངས་ནི་ལོ་དྲི་མཁན་པོ་ཡིན་ནམ་སེམས། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ནི། སེང་གེ་བཟང་པོའི་སློབ་མའི་ཐོག་མ་ལྟ་བུ་ཡིན་ཞིང༌། སེང་བཟང་སྐུ་འདས་པ་ཙམ་ན། གྲུབ་པ་བརྙེས་ནས་ཆོས་སྟོན་པའི་མགོ་བརྩམས་པ་ཙམ་ཡིན། དེ་ནས་ལོ་འགའ་འདས་པ་ན་རྒྱལ་པོའི་བླ་མར་གྱུར། དེ་ནས་མི་རིང་བར་བི་ཀྲ་མ་ལ་ཤཱི་ལའི་རབ་གནས་སོགས་མཛད་དེ། དེའི་རྡོ་རྗེའི་སློབ་དཔོན་དུ་མངའ་གསོལ། སློབ་དཔོན་འདི་ནི་འགྲོ་དོན་མཛད་པ་ནས་བརྩམས་ཏེ། ཇི་སྲིད་སྐུ་འདས་ཀྱི་རིང་ལ་ནུབ་རེ་བཞིན་འཕགས་པ་ཛམྦྷུ་ལས་གསེར་པ་ཎ་བདུན་བརྒྱ་བདུན་བརྒྱ་དང༌། ལྷ་མོ་ནོར་རྒྱུན་མས་མུ་ཏིག་གི་དོ་ཤལ་སུམ་བརྒྱ་པ་རེ་འབུལ་ཞིང༌། ལྷའི་མཐུས་དེ་དག་ཉོ་བའང་ཕྱི་དེ་ཉིན་ཁོ་ན་འབྱུང་ལ། ཉི་མ་དེའི་ཕྱི་དེ་ཉིན་ཁོ་ན་ལ་དེ་དག་ཐམས་ཅད་དགེ་བའི་ལས་ལ་ཟད་པར་མཛད་ནས། ཚུལ་དེས་དུས་
འདའ་བར་མཛད་དོ། །དེ་ཡང་དཔལ་གསང་བ་འདུས་པ་ལྷ་བཅུ་དགུ་ལ་མར་མེ་ཤིང་རྟའི་འཕང་ལོ་ཙམ་བདུན་བདུན། བྱང་ཆུབ་སེམས་དཔའ་བརྒྱད་དང༌། ཁྲོ་བོ་དྲུག་ལ་གསུམ་གསུམ། ཕྱོགས་སྐྱོང་ཆེན་པོ་བཅོ་ལྔ་ལ་གཏོར་མ་མི་གཉིས་ཀྱིས་ཁྱོགས་ཀྱིས་འདེགས་པ་བཅོ་ལྔ་རེ། དེས་མཚོན་པའི་མཆོད་པའི་ཡོ་བྱད་སྣ་ཐམས་ཅད་ནས་འབུལ་ཞིང༌། ཆོས་ཉན་པའི་སློབ་མ་དང༌། རབ་ཏུ་བྱུང་བ་དང༌། སློང་མོ་བ་སྣ་ཚོགས་པ་ཐམས་ཅད་ཀྱང་ཚིམས་པར་མཛད་དོ། །དེ་ལྟར་མཆོད་པ་ཡང་བསྟན་པ་རིང་དུ་དར་བའི་ཆེད་ཁོ་ནར་མཛད། རྒྱལ་པོ་དྷརྨ་པཱ་ལ་ལ། ཁྱོད་ཀྱི་ཚ་བོའི་དུས་ན་རྒྱལ་སྲིད་འཇིག་པའི་མཚན་མ་ཡོད་པས། སྦྱིན་སྲེག་གི་ཆོ་ག་ཆེན་པོ་ཞིག་བྱས་ན་ཡུན་རིང་དུ་སྲིད་ཟིན་ཞིང་ཆོས་ཀྱང་དར་བར་འགྱུར་གསུངས་པས། དེས་ཀྱང་དངུལ་ཏོ་ལ་འབུམ་ཕྲག་དགུ་དང་ཉིས་སྟོང་གི་ཡོ་བྱད་ཕུལ་བས། སློབ་དཔོན་གཙོ་བོར་གྱུར་པའི་རྡོ་རྗེ་འཛིན་པ་རྣམས་ཀྱིས་ལོ་མང་པོར་སྦྱིན་སྲེག་མཛད། ཁྱོད་ཀྱི་རྗེས་སུ་རྒྱལ་པོ་བཅུ་གཉིས་ཙམ་འབྱུང་ཞིང༌། ལྷག་པར་བུ་བརྒྱུད་ལྔས་ཡུལ་མང་པོ་ལ་དབང་བསྒྱུར་ཞིང་བསྟན་པ་དར་བར་བྱེད་དོ། །ཞེས་ལུང་བསྟན་པ་བཞིན་དུ་བྱུང༌། རྣམ་ཐར་རྒྱས་པ་གཞན་དུ་གསལ། དེའི་ཚེ་རྡོ་རྗེ་གདན་གྱི་ལྷ་ཁང་ཞིག་ན་ཧེ་རུ་ཀའི་སྐུ་དངུལ་ལས་བྱས་པ་ཆེན་པོ་ཞིག་དང༌། སྔགས་ཀྱི་གླེགས་བམ་མང་པོ་ཞིག་ཡོད་པ་སིངྒ་གླིང་པ་སོགས་ཉན་ཐོས་སེནྡྷ་པ་འགའ་ཞིག་གིས་འདི་དག་ནི་བདུད་ཀྱིས་བྱས་པའོ་ཞེས་བྱས་ནས་གླེགས་བམ་རྣམས་ཀྱིས་བུད་ཤིང་བྱས། སྐུ་གཟུགས་དེ་ཡང་དུམ་བུར་བགོས་ནས་རྙེད་པ་བྱས་སོ། །བྷཾ་ག་ལའི་ཡུལ་ནས་བི་ཀྲ་མ་ལ་ཤཱི་ལར་མཆོད་པ་ལ་འགྲོ་བ་མང་པོའང་དེ་དག་ཐེག་ཆེན་ཞེས་བྱ་
བ་ལྟ་བ་ལོག་པར་སྤྱོད་པའི་འཚོ་བ་ཡིན་པས་ཡང་དག་པའི་ཆོས་སྟོན་པ་པོ་རྣམས་ལ་བོར་ཤིག་བྱས་ནས། ཁོང་རང་རྣམས་ཉིད་ལ་བསྒྱུར་བ་སོགས་ཕྱིས་རྒྱལ་པོས་ཐོས་ནས་སིངྒ་ལ་པ་རྣམས་ལ་བར་སྐབས་སུ་ཆད་པ་བྱུང་ངོ༌། མཐར་དེ་ལས་ཀྱང་སློབ་དཔོན་འདིས་བསྐྱངས་སོ། །སློབ་དཔོན་འདིས་ཀྲི་ཡོ་ག་སྡེ་གསུམ་ཡང་ཅུང་ཟད་གསུངས། འདུས་པ། སྒྱུ་འཕྲུལ་དྲྭ་བ། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ། འཇམ་དཔལ་ཁྲོས་པ་སྟེ་ནང་རྒྱུད་སྡེ་ལྔ་མང་དུ་གསུངས། ཁྱད་པར་གསང་བ་འདུས་པ་རྩལ་དུ་བཏོན་པས་དེ་ཉིད་ཀུན་ཏུ་ཆེས་དར་རོ། །སློབ་དཔོན་འདིའི་སློབ་མ་རབ་ཞི་བཤེས་གཉེན་ནི། མངོན་པ་དང༌། ཕ་རོལ་ཏུ་ཕྱིན་པ་དང༌། ཀྲི་ཡོ་ག་སྡེ་གསུམ་ལ་མཁས་པའི་པནྚི་ཏ་ཞིག་ཅི་བདེར་གནས་པ་ལ། སྐལ་ལྡན་དུ་མཁྱེན་ནས། སློབ་དཔོན་ཡེ་ཤེས་ཞབས་ཀྱིས་དབང་བསྐུར་མཛད་དེ། རང་གིས་ཀྱང་བསྒྲུབས་པས་གཤིན་རྗེ་གཤེད་ཞལ་གཟིགས་ཤིང༌། གནོད་སྦྱིན་གནོད་གནས་དབང་པོ་གྲུབ་ནས་ལོངས་སྤྱོད་ཀྱི་ཁྱད་པར་གང་འདོད་དག་འཕྲལ་ནས་འཕྲལ་དུ་བླངས་ནས་ཡོ་བྱད་དོན་དུ་གཉེར་བ་རྣམས་ལ་སྟེར་བར་མཛད། གནོད་སྦྱིན་ཁོ་ན་གཡོག་ཏུ་བཀོལ་ནས་ནཱ་ལེནྡྲའི་ལྷོ་ཕྱོགས་སུ་བདུད་རྩི་འབྱུང་གནས་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས། མཐར་ལུས་དེ་ཉིད་ཀྱིས་རིག་པ་འཛིན་པའི་གནས་གྲུབ་བོ། །རྒྱལ་རིགས་སྒྲ་གཅན་འཛིན་བཟང་པོ་ནི། རིག་པའི་གནས་ལ་སྦྱངས་པའི་པནྚི་ཏའི་གནས་ཐོབ་ཀྱང་བློ་ཅུང་ཟད་རྟུལ་བ་ཞིག་ཡོད་པ་ལ། སློབ་དཔོན་གྱིས་དབང་བསྐུར་ཞིང་བྱིན་གྱིས་རློབ་པར་མཛད། ནུབ་ཕྱོགས་ཀྱི་ཡུལ་སིནྡྷུ་དང་ཉེ་བའི་ཆུ་འགྲམ་
ཞིག་ཏུ་གསང་བ་འདུས་པའི་སྒྲུབ་པ་ཡུན་རིང་དུ་བྱས། དེ་བཞིན་གཤེགས་པ་རིགས་ལྔའི་ཞལ་གཟིགས། གསང་བའི་བདག་པོ་དངོས་སུ་འགྲུབ། འཛམ་བུའི་གླིང་དུ་འགྲོ་དོན་ཆེར་མ་མཛད། འགྲོ་ལྡིང་གི་ཡུལ་དུ་བྱོན། དེར་གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་དུ་གསུངས་ཤིང༌། ཀླུ་ལས་ནོར་བླངས་ཏེ་ཉིན་རེ་བཞིན་གཙུག་ལག་ཁང་བཞེངས་པའི་གླ་མི་ལྔ་བརྒྱ་ལྔ་བརྒྱ་ཡོད་པ་ལས་མི་རེའི་ཉིན་རེའི་ལས་ལ་གླའི་ཁྱད་པར་གསེར་དི་ན་ར་རེ་རེ་བྱྀན། གསང་བ་འདུས་པའི་ལྷ་ཁང་ཆེན་པོ་བཞེངས། ལུས་དེ་ཉིད་ལ་རིག་པ་འཛིན་པའི་སྐུ་གྲུབ་ཅིང༌། ཀླུ་རྣམས་འདུལ་བར་བཞེད་ནས་རྒྱ་མཚོའི་ནང་དུ་བྱོན་ཏེ་ད་ལྟ་ཡང་བཞུགས་སོ། །སློབ་དཔོན་སངས་རྒྱས་གསང་བ་དང། སངས་རྒྱས་ཞི་བ་ནི་སངས་རྒྱས་ཡེ་ཤེས་ཞབས་ཀྱི་སྐུ་ཚེའི་སྟོད་ཀྱི་སློབ་མ་ཡིན་ལ། སློབ་དཔོན་ཉིད་དང་གཞན་ཡང་རྡོ་རྗེ་འཛིན་པ་མང་པོ་ལས་སྤྱིར་གསང་སྔགས་མང་པོ་གསན། ཁྱད་པར་དུ་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་མཁས། རྣལ་འབྱོར་རྒྱུད་ལ་གྲུབ་པའང་ཐོབ་པ་ཡིན། དེ་ལས་སངས་རྒྱས་གསང་བ་ནི། ཝཱ་རཱ་ཎ་སཱིའི་གནས་ཤིག་ཏུ་འཕགས་པ་འཇམ་དཔལ་བསྒྲུབས་པས་ནམ་ཞིག་ན་བྲིས་སྐུ་བཞད། དངོས་གྲུབ་ཀྱི་རྫས་བ་དམར་སེར་གྱི་མར་ཁུ་ཡང་ཁོལ། མེ་ཏོག་རྙིང་པ་རྣམས་ཀྱང་ཁ་འབུས་པས་དངོས་གྲུབ་ཀྱི་ལྟས་སུ་མཁྱེན་ཀྱང༌། ཐོག་མར་མེ་ཏོག་འབུལ་ལམ། མར་ཁུ་འཐུང་སྙམ་ཐེ་ཚོམ་དུ་ཅུང་ཟད་ལུས་པ་གནོད་སྦྱིན་མོ་ཞིག་གིས་གེགས་བྱས་ཏེ། སློབ་དཔོན་གྱི་འགྲམ་པར་ཐལ་ལྕག་བརྒྱབས་པས་སློབ་དཔོན་ཅུང་ཟད་བརྒྱལ། བརྒྱལ་བ་སངས་ཙ་ན་བྲིས་སྐུ་རྡུལ་གྱིས་གོས། མེ་ཏོག་རྙིངས། མར་ཁུ་ཡང་ཕོ། འོན་ཀྱང་རྡུལ་ཕྱིས།
མེ་ཏོག་དབུ་ལ་ཕུལ། མར་གང་ཡོད་འཐུངས་པས་སྐུ་ལུས་ནད་ཐམས་ཅད་དང་བྲལ་ཞིང་ཤིན་ཏུ་ཡང་སྟོབས་དང་ལྡན་པ་དང༌། བློ་གྲོས་ཤིན་ཏུ་རྣོ་ཞིང་མངོན་ཤེས་དང་ལྡན་པར་བྱུང༌། སངས་རྒྱས་ཞི་བས་རྫས་དང་བྲིས་སྐུ་སོགས་གང་གི་ཡང་སྤྲོས་པ་མེད་པར་བསྒོམས་པས་ཀྱང་སངས་རྒྱས་གསང་བ་དང༌། ཡོན་ཏན་མཚུངས་པར་ཐོབ། དེ་ནས་དེ་གཉིས་ཀྱིས་རི་བོ་ཏ་ལར་བྱོན། རིའི་རྩ་བ་ན་འཕགས་མ་སྒྲོལ་མ་ཀླུའི་ཚོགས་ལ་ཆོས་སྟོན་པ་བཞུགས་ཀྱང་རྒན་མོ་བ་ལང་གི་ཁྱུ་ཆེན་པོ་འཚོ་བར་མཐོང༌། རི་སྐེད་ན་ཁྲོ་གཉེར་ཅན་མ་ལྷ་མ་ཡིན་དང་གནོད་སྦྱིན་གྱི་ཚོགས་ལ་ཆོས་སྟོན་པ་ཡང་བུ་མོར་ལུག་གི་ཁྱུ་ཆེན་པོ་འཚོ་བར་གཟིགས། རིའི་རྩེ་མོར་ཕྱིན་པ་ན་འཕགས་པ་སྤྱན་རས་གཟིགས་ཀྱི་རྡོ་སྐུ་གཅིག་ལས་མི་གདའ་སྐད། འོན་ཀྱང་སངས་རྒྱས་ཞི་བས་གནས་འདི་ན་ཕལ་པ་ག་ལ་ཡོད། བདག་རང་སྣང་བ་མ་དག་པ་ཡིན། འདི་རྣམས་སྒྲོལ་མ་ལ་སོགས་པ་ཡིན་ནོ། །སྙམ་ནས་ཡིད་ཆེས་ཆེན་པོ་བྱས་ནས་གསོལ་བ་བཏབ་པས། ཐུན་མོང་གི་ཡོན་ཏན་ཅི་འདོད་པར་བསྒྱུར་ནུས་པའི་རྫུ་འཕྲུལ་དང༌། མངོན་ཤེས་སོགས་དཔག་ཏུ་མེད་པ་དང༌། མཆོག་གི་ཡོན་ཏན་སྔོན་མ་བསླབས་པའི་ཆོས་ཐམས་ཅད་ཀྱང་ཤེས་ཤིང༌། གནས་ལུགས་ནམ་མཁའ་དང་མཉམ་པའི་དོན་རྟོགས་པ་ཞིག་བྱུང༌། སངས་རྒྱས་གསང་བས་ཡིད་མ་ཆེས་བཞིན་དུ་གསོལ་བ་བཏབ་པས། ཞབས་ས་ལ་མི་རེག་པར་འགྲོ་བ་ཙམ་གྱི་དངོས་གྲུབ་ཅིག་ཐོབ། དེར་རྒན་མོ་དེ་ན་རེ། ཁྱོད་རི་ཁ་བ་ཅན་གྱི་གངས་ཏི་སེར་སོང་ལ་སྒྲུབས་པ་གྱིས་ཞེས་ལུང་བསྟན། ཚུར་འོངས་པ་ན་སངས་རྒྱས་ཞི་བ་ལ་དངོས་གྲུབ་གང་ཐོབ་དྲིས་པས། ཇི་ལྟར་བྱུང་བའི་ཚུལ་བརྗོད།
དེར་གྲོགས་ཀྱིས་དངོས་གྲུབ་ཆེན་པོ་ཐོབ་པ་ལ་ཕྲག་དོག་གི་རྣམ་རྟོག་བྱུང་བས། དེ་མ་ཐག་ཏུ་ཞབས་ས་ལ་མི་རེག་པའི་དངོས་གྲུབ་ཀྱང་ཉམས། སླར་ཡུན་རིང་དུ་བཤགས་པ་བྱས་པས་སོར་ཆུད་ཟེར། དེ་ནས་ཝཱ་རཱ་ཎ་སཱིར་ལོ་འགའ་ཞིག་ཆོས་གསུངས། ཡང་འཕགས་པ་འཇམ་དཔལ་གྱིས་སྔར་བཞིན་བསྐུལ་བས། རི་ཏེ་སེར་བྱོན་ནས་སྒྲུབ་པ་མཛད་པའི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཡང་ནས་ཡང་དུ་ཞལ་གཟིགས་ཤིང༌། འཕགས་པ་འཇམ་དཔལ་དང་མི་ལབ་པ་བཞིན་དུ་གྱུར། མི་མ་ཡིན་ཐམས་ཅད་བྲན་དུ་འཁོལ། ལས་ཚོགས་དང་ཐུན་མོང་གི་དངོས་གྲུབ་ལ་མངའ་བསྒྱུར་བ་ཞིག་བྱུང༌། དེའི་ཚེ་བོད་ཀྱི་བཙན་པོ་ཁྲི་སྲོང་སྡེ་བཙན་གྱིས་དབས་མཉྫུ་ཤྲཱི་ལ་སོགས་པ་སྤྱན་འདྲེན་དུ་བཏང་ཡང་འཇམ་དཔལ་གྱིས་བཀའ་མ་གནང་བར་མ་བྱོན། དེ་རྣམས་ལ་ཀྲྀ་ཡོ་ག་སྡེ་གསུམ་བཤད། རྡོ་རྗེ་དབྱིངས་ཀྱི་སྒྲུབ་ཐབས་ཡོ་ག་ལ་འཇུག་པ་དང༌། རྣམ་སྣང་མངོན་བྱང་གི་བསྡུས་འགྲེལ་དང༌། བསམ་གཏན་ཕྱི་མའི་རྒྱས་འགྲེལ་རྣམས་མཛད། དེའི་གསུང་ལ་ཟིན་བྲིས་བྱས་པའི་འགྲེལ་པ་གཞན་ཡང་མང་དུ་ཡོད། མཆོག་གི་དངོས་གྲུབ་མ་བརྙེས་ཀྱང་མི་རིང་བ་ན་སྐུ་ལུས་མི་སྣང་བར་གྱུར། སངས་རྒྱས་ཞི་བའང་ཏི་སེར་བཞུགས་ཟེར་ནའང༌། ཨུ་རྒྱན་དུ་བཞུད་པ་ཡིན་པར་མངོན་ནོ། །སློབ་དཔོན་ཀ་མ་ལ་ཤཱི་ལ་ཡང༌། རྒྱལ་པོ་འདིའི་རིང་ལ་བྱོན་པར་མངོན་པས་དེ་ལས་སྔ་ཕྱིར་བྱུང་བར་མི་བསམ་མོ། །རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ངམ་དྷརྨ་པཱ་ལའི་དུས་ཀྱི་གཏམ་སྟེ་སུམ་ཅུ་པའོ།། །།དེའི་རྗེས་ལ་མ་སུ་རཀྵི་ཏ་ཞེས་པ་རྒྱལ་པོ་དྷརྨ་པཱ་ལའི་མག་པ་ཞིག་གིས་རྒྱལ་སྲིད་ལོ་བརྒྱད་ཙམ་བྱས། དེའི་རྗེས་སུ་བ་ན་པཱ་ལ་ཞེས་བྱ་བ་རྒྱལ་པོ་དྷརྨ་པཱ་
ལའི་སྲས་ཅིག་གིས་རྒྱལ་སྲིད་ལོ་བཅུ་ཙམ་བྱས། དེ་དག་གི་རིང་ལ་སློབ་དཔོན་རྟོག་གེ་པ་ཆོས་མཆོག་དང༌། དྷརྨ་མི་ཏྲ་ཞེས་བྱ་བ་ཞིག་དང༌། བི་མ་ལ་མི་ཏྲ་དང༌། དྷརྨ་ཀ་ར་ལ་སོགས་པ་བྱུང༌། རྒྱལ་པོ་དེ་གཉིས་ཀྱིས་ཆོས་ལ་མཆོད་པ་ཆེ་ཐང་དུ་མཛད་ཀྱང་ཕྱག་རྗེས་གསར་པ་མེད་པས་པཱ་ལ་བདུན་ལ་མི་བགྲང༌། དེ་ནས་རྒྱལ་པོ་བ་ན་པཱ་ལའི་སྲས་མ་ཧི་པཱ་ལ་ཞེས་པ་བྱུང༌། རྒྱལ་སྲིད་ལོ་ལྔ་བཅུ་ང་གཉིས་མཛད། རགས་རྩིས་སུ་བྱས་ན་རྒྱལ་པོ་འདི་འདས་ཙམ་ན་བོད་ན་བཙན་པོ་ཁྲི་རལ་ཡང་སྐུ་འདས་པ་ཙམ་གྱི་དུས་ཡིན་ནོ། །རྒྱལ་པོ་དེའི་རིང་ལ་སློབ་དཔོན་ཀུན་དགའ་སྙིང་པོ་དང༌། ཀུན་རྫོབ་དང་དོན་དམ་བྱང་སེམས་ཀྱི་སྒོམ་རིམ་མཛད་མཁན་རྟ་དབྱངས་ཞེས་བྱ་བ་དབུ་མ་ཐལ་འགྱུར་བ་ཞིག་དང༌། སློབ་དཔོན་གཞན་ལ་ཕན་པ་དང༌། སློབ་དཔོན་ཟླ་བ་པདྨ་ལ་སོགས་པ་བྱུང༌། སློབ་དཔོན་ཡེ་ཤེས་བྱིན་དང༌། ཡེ་ཤེས་གྲགས་པ་ལ་སོགས་པའང་འདི་སྐབས་བྱོན་པར་མངོན། ཁ་ཆེར་འདུལ་འཛིན་ཛི་ན་མི་ཏྲ་དང༌། སརྦ་ཛྙཱ་དེ་ཝ་དང༌། དཱ་ན་ཤཱི་ལ་ལ་སོགས་པ་བྱུང་སྟེ། འདི་གསུམ་གྱིས་བོད་དུའང་བྱོན་པར་མངོན་ནོ། །གྲུབ་ཐོབ་ཏིལླི་པ་ཡང་འདི་དུས་བྱུང་སྟེ་ལོ་རྒྱུས་གཞན་དུ་གསལ། སློབ་དཔོན་ཀུན་དགའ་སྙིང་པོ་ནི། འཁྲུངས་ས་མ་ག་དྷཱ་པ། རིགས་རྗེ་རིགས། སྡེ་པ་ཕལ་ཆེན་པ། གྲུབ་མཐའ་རྣམ་རིག་དབུ་མ་པ། བི་ཀྲ་མ་ལ་ཤཱི་ལར་རིག་པའི་གནས་ལྔ་ལ་སྦྱངས་པ་ཞིག་ཡིན་ལ། བྷཾ་ག་ལའི་ཡུལ་ན་རྒྱལ་པོའི་གྲུབ་ཐོབ་པྲ་ཀཱ་ཤ་ཙནྡྲ་སྟེ། རབ་གསལ་ཟླ་བའི་སློབ་མ་རྣམས་རྣལ་འབྱོར་གྱི་རྒྱུད་མཐའ་དག་འཆད་པར་བྱེད་དོ་ཞེས་ཐོས་ནས་ཡུལ་དེར་བྱོན།
རབ་འབྱོར་བསྐྱངས་ལ་སོགས་པ་སློབ་དཔོན་མང་པོ་ལ་གཏུགས་ཏེ། རྣལ་འབྱོར་རྒྱུད་མཐའ་དག་ལ་མཁས་པར་བྱས་སོ། །དེ་ནས་སྦྱངས་པའི་ཡོན་ཏན་བཅུ་གཉིས་ལ་གནས་བཞིན་པས་ནགས་ཁྲོད་དུ་སྒྲུབ་པ་མཛད་པས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞལ་གཟིགས། བསྟན་བཅོས་རྩོམ་པར་ལུང་བསྟན་ཐོབ། ལྷག་པའི་ལྷ་དང་མི་ལབ་པ་བཞིན་དུ་གྱུར། རིག་སྔགས་ཀྱི་མཐུ་གྲུབ་པས་ལས་ཚོགས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་ཅིང༌། དངོས་གྲུབ་ཀྱང་འགྲུབ་རུང་དུ་བཞུགས་པ་ལས། ཡུལ་དབུས་ནས་སློབ་དཔོན་པྲ་ཛྙཱ་པཱ་ལི་ཏ་ཞེས་བྱ་བས་སྙན་པ་ཐོས་ཏེ་ཆོས་ཞུར་འོངས་པ་ལ་དབང་བསྐུར་ཏེ། དེ་ཁོ་ན་ཉིད་བསྡུས་པ་བཤད། སློབ་དཔོན་དེའི་དོན་དུ་རྡོ་རྗེ་འབྱུང་བ་མཛད། དེས་ཡུལ་དབུས་སུ་བཤད་པས་རྒྱལ་པོ་མ་ཧི་པཱ་ལས་ཐོས་ནས། ཆོས་འདི་གང་ལས་ཐོས་ཞེས་དྲིས་པ་ན། རང་གི་ཡུལ་ན་གནས་པ་ཡང་མཁྱེན་ཏམ། བྷཾ་ག་ལ་ནི་སློབ་དཔོན་ཀུན་དགའ་སྙིང་པཽ་བཞུགས་པ་དེ་ལས་ཐོས་བྱས་པས། རྒྱལ་པོ་དད་པ་སྐྱེས་ནས་སྤྱན་དྲངས། མ་ག་དྷཱའི་ལྷོ་ཕྱོགས་འབར་བའི་ཕུག་པ་དང་ཉེ་བ་ཨ་ཙ་ཡ་ན་གཙུག་གི་ནོར་བུ་ཞེས་བྱ་བའི་ལྷ་ཁང་དུ་སྤྱན་དྲངས། གསང་སྔགས་ཉན་པ་པོ་ཤིན་ཏུ་མང་བར་བྱུང་ཞིང༌། དེ་ཉིད་བསྡུས་པའི་འགྲེལ་ཆེན་དེ་ཉིད་སྣང་བ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད། ཨོ་ཌི་བི་ཤའི་ཡུལ་གྱི་རྒྱལ་པོ་བི་ར་ཙརྱ་ཞེས་བྱ་བ་མ་ཧི་པཱ་ལ་དང་ཕ་སྤུན་དུ་འགྲོ་བ་ཞིག་གིས་སྔོན་རྒྱལ་པོ་མུཉྫ་བྱུང་བའི་གནས་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་སྤྱན་དྲངས། དཔལ་མཆོག་དང་པོའི་འགྲེལ་ཆེན་མཛད། གཞན་ཡང་གསང་བ་འདུས་པ་སོགས་རྒྱུད་དུ་མ་ལ་འགྲེལ་པ་མཛད་དོ། །བོད་ཁ་ཅིག་
ནི་ཡོ་གའི་རྒྱུད་བརྒྱ་རྩ་བརྒྱད་ལ་འགྲེལ་པ་མཛད་ཟེར་ཏེ། ཡོ་གའི་རྒྱུད་ནི་དུས་དེ་ཙམ་ན་འཕགས་ཡུལ་ན་ཉི་ཤུ་ལོངས་པ་ཡང་ཡོད་ཡོད་མི་འདྲ། ཡོ་གའི་རྒྱུད་རེ་རེ་ལའང་འགྲེལ་ཆེན་འགྲེལ་ཆུང་གཉིས་གཉིས་མཛད་ཟེར་བ་མཁས་པ་རྣམས་ཀྱིས་མི་འཐད་པར་བཤད་པ་ལྟར་ཡིན། དེས་ན་བརྒྱ་རྩའི་གྲངས་ངེས་མི་འཐད་པར་མངོན་ནོ། །དུས་འདིར་སློབ་དཔོན་བྷ་གོ་ཞེས་བྱ་བ་རྡོ་རྗེ་བདུད་རྩིའི་རྒྱུད་ལས་གྲུབ་པ་ཐོབ་པ་ཞིག་བྱུང་སྟེ། དེ་ཡང་སྔོན་ཁ་ཆེའི་ཡུལ་གྱི་པནྚི་ཟབ་པའི་རྡོ་རྗེ་ཞེས་བྱ་བ་ཞིག་དུར་ཁྲོད་བསིལ་བའི་ཚལ་དུ་དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྤྱོད་བའི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཉི་མ་སྒྲུབ་ཅིང་བཞུགས་པའི་ཚེ། མཐར་རྡོ་རྗེ་བདུད་རྩིའི་དཀྱིལ་འཁོར་ཆེན་པོ་མངོན་སུམ་དུ་ཞལ་གཟིགས། རྒྱུད་བྱིན་གྱིས་རླབས་པས་ཐུན་མོང་གི་དངོས་གྲུབ་རྣམས་ལ་དབང་འབྱོར། མཆོག་བདག་ལ་སྩལ་དུ་གསོལ་ཞུས་པས་ཨུ་རྒྱན་གྱི་གནས་སུ་སོང་ཞིག །དེའི་གནས་ཀྱི་བྱེ་བྲག་ངྷུ་མཥྛི་ར་ཞེས་བྱ་བ་ན་བུད་མེད་ཨུཏྤལ་མཐིང་གའི་མདོག་ཅན་དཔྲལ་པ་ན་རིན་པོ་ཆེ་མརྒད་ཀྱི་དབྱིབས་ལྟ་བུའི་རི་མོ་ཡོད་པ་ཞིག་ཡོད་ཀྱི་དེ་ལས་ལོངས་ཤིག་གསུངས། དེ་བཞིན་དུ་བྱུང་ཡང་བྱུང་སྟེ། མཁའ་འགྲོ་མ་དེས་བདུད་རྩི་བཞིའི་དཀྱིལ་འཁོར་དུ་དབང་བསྐུར། རྒྱུད་བཤད་ཅིང་གླེགས་བམ་ཡང་གཏད། དེའི་ནང་གི་ཧེ་རུ་ཀ་བསྒོམས་པས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། ཕྱིས་མ་ལ་ཝར་བཞུགས་ཏེ། སྤྲང་པོ་བརྒྱད་སྐལ་བ་དང་ལྡན་པར་གཟིགས་ཏེ་དབང་བསྐུར་ནས། སྒོམ་བྱེད་དུ་བཅུག སློབ་དཔོན་རང་གིས་དུར་ཁྲོད་དུ་རོ་ལངས་བརྒྱད་བསྒྲུབས་ནས་དེ་རེ་རེ་ལ་བྱིན་པས། དེ་རྣམས་ཀྱིས་ཀྱང་གྲུབ་པ་ཆེན་པོ་རེ་རེ་ཐོབ་པ་བྱུང༌། གཞན་ཡང་ཐུན་
མོང་གི་དངོས་གྲུབ་མང་པོ་བསྒྲུབས་ནས་སྐྱེ་བོ་གཞན་ལ་སྦྱིན་པར་མཛད་དེ། རང་གི་དངོས་གྲུབ་འགྲུབ་པ་ནི་མང་ཡང་གཞན་ལ་སྦྱིན་ནུས་པ་ནི་གྲུབ་པ་ཆེས་ཆེ་བ་ལ་མ་གཏོགས་མི་འབྱུང་བར་གྲགས་སོ། །ཡང་སློབ་དཔོན་དེ་ལ་ལན་ཅིག་སློབ་མ་བཞི་ཡོད་པ་ལས། དེ་རྣམས་སོ་སོར་བདུད་རྩི་བཞིའི་དཀྱིལ་འཁོར་རེ་རེ་སྒོམ་དུ་བཅུག རྫོགས་པའི་རིམ་པ་ཡང་བསྟན་པས་རྡོ་རྗེའི་སྐུ་ཐོབ་སྟེ་མི་སྣང་བར་སོང་ངོ༌། །ཕྱིའི་སློབ་དཔོན་བདུད་རྩི་གསང་བ་ཞེས་བྱ་བ་རྗེས་སུ་བཟུང་སྟེ། དེ་ལ་དབང་རྒྱུད་མན་ངག་རྣམས་བསྟན་ནས། ལྷའི་གནས་སུ་འགྲོ་བའི་དོན་ལ་བཞུད་དོ། །སློབ་དཔོན་བདུད་རྩི་གསང་བ་ཡང་གྲུབ་པ་ཐོབ་པའི་རྣལ་འབྱོར་བ་ཆེན་པོ་ཞིག་སྟེ། གཏེར་གྱི་བུམ་པ་བརྒྱད་ཙམ་བསྒྲུབས་ནས་སྐྱེ་བོ་ཕོངས་པ་ཐམས་ཅད་ཚིམ་པར་མཛད་དོ། །ནམ་མཁའི་ལྷ་ལས་ལོངས་སྤྱོད་བླངས་ཏེ་ཆོས་གཞི་ཆེན་པོ་བརྒྱ་ཙམ་རྟག་ཏུ་འདེགས་པ་བྱུང༌། དེ་རྣམས་རྒྱལ་པོ་གང་གི་དུས་སུ་བྱུང་གསལ་ཁ་མེད་ཀྱང༌། འོག་གི་རིག་པ་བསྒྲེས་ན་རྒྱལ་པོ་དེ་ཝཱ་པཱ་ལ་མན་ཆད་ལ་བྱུང་བར་གསལ་ལོ། །དེའི་སློབ་མ་ནི་སློབ་དཔོན་བྷ་གོ་སྟེ། དེ་ཡང་རོ་ལངས་ཀྱི་དངོས་གྲུབ་གྲུབ། དེ་ལ་བརྟེན་ནས་གཏེར་གྱི་བུམ་པ་བཟང་པོ་མང་པོ་བསྒྲུབས་ཏེ། ཕྱོགས་བཞིའི་སྐྱེ་བོ་ཐམས་ཅད་ཚིམ་པར་མཛད་པ་གྲོང་ཁྱེར་པྲ་ཡ་ཀ་དང་ཉེ་བར་དེ་བཞིན་གཤེགས་པ་རིགས་ལྔའི་ལྷ་ཁང་ཆེན་པོ་དང༌། ལྷོ་ཕྱོགས་ཀརྞ་ཊར་རྡོ་རྗེ་བདུད་རྩིའི་ལྷ་ཁང་ཆེན་པོ་ཡང་བཞེངས་ཤིང་པནྚི་ཏ་དྲི་མེད་བཟང་པོ་ལ་སོགས་པ་མང་པོ་ལ་རྒྱུད་ཀྱང་བཤད་དོ། །སློབ་དཔོན་དེ་རྣམས་ཀྱི་དྲིན་ལས་མ་ག་དྷཱར་ཡང་རྒྱུད་འདི་ལྷག་པར་དར་བར་གྱུར་ཏོ་
ཞེས་གྲགས་སོ། །རྒྱལ་པོ་མ་སུ་རཀྵི་ཏ་དང༌། བ་ན་པཱ་ལ་དང༌། རྒྱལ་པོ་ཆེན་པོ་མ་ཧི་པཱ་ལ་རྣམས་ཀྱི་དུས་སུ་བྱུང་བའི་གཏམ་གྱི་སྐབས་ཏེ་སོ་གཅིག་པའོ།། །།དེའི་སྲས་ནི་རྒྱལ་པོ་མཧཱ་པཱ་ལ་སྟེ། འདིས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་གཅིག་མཛད། ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དུ་ཉན་ཐོས་ཀྱི་དགེ་འདུན་རྣམས་གཙོ་བོར་མཆོད་ཅིང༌། དགེ་སློང་ལྔ་བརྒྱ་དང་ཆོས་སྟོན་པ་ལྔ་བཅུ་ལ་འཚོ་བ་སྦྱོར། དེའི་ཡན་ལག་ཏུ་ཨུ་རུ་བཱ་ས་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། དེར་ཡང་ཉན་ཐོས་སེནྡྷ་པ་ལྔ་བརྒྱ་རེ་ལ་འཚོ་བ་སྦྱོར། བི་ཀྲ་མ་ཤཱི་ལར་སྔར་གྱི་སྲོལ་དེ་ག་བཟུང་སྟེ་མཆོད་འོས་ཀྱི་མཐིལ་དུ་མཛད། དཔལ་ནཱ་ལེནྡྲར་ཡང་ཆོས་གཞི་འགའ་རེ་བཙུགས། སཽ་མ་པུ་རི་དང༌། ན་ལེནྡྲ་དང༌། ཚ་བ་གསུམ་གྱི་གཙུག་ལག་ཁང་ལ་སོགས་པར་ཡང་ཆོས་གཞི་མང་པོ་བཙུགས། རྒྱལ་པོ་མ་ཧི་པཱ་ལའི་སྐུ་ཚེའི་སྨད་ཙམ་ན། པི་ཊོ་ཨཱ་ཙརྱས་དུས་ཀྱི་འཁོར་ལོའི་རྒྱུད་སྤྱན་དྲངས་ཏེ་རྒྱལ་པོ་འདིའི་དུས་སུ་དར་བར་མཛད། རྟོག་གེ་བ་རྒྱན་མཁན་པོ་སྟེ་ཤེས་རབ་འབྱུང་གནས་སྤས་པ་བྱུང༌། ཡོ་ག་བ་པདྨ་ལྕགས་ཀྱུ་དང༌། ཛེ་ཏཱ་རི་ཆེན་པོ་དང༌། ནག་པོ་དམ་ཚིག་རྡོ་རྗེ་དང༌། སློབ་དཔོན་ཐ་ག་ན་ལ་སོགས་པ་བྱུང༌། པི་ཊོ་ཨཱ་ཙརྱའི་ལོ་རྒྱུས་གཞན་དུ་གསལ། དེའི་སློབ་མ་དུས་འཁོར་ཞབས་ཀྱང་རྒྱལ་པོ་འདིའི་སྐབས་སུ་ཀ་བྱུང་བར་མངོན་ནོ། །རྒྱལ་པོ་འདི་འདས་ནས་དེའི་མག་པ་ཤཱ་མུ་པཱ་ལས་རྒྱལ་སྲིད་ལོ་བཅུ་གཉིས་བྱས་སོ། །དེ་ལ་སློབ་དཔོན་ཛེ་ཏཱ་རི་ནི། སྔོན་རྒྱལ་པོ་བ་ན་པཱ་ལས་རྒྱལ་སྲིད་སྐྱོང་བའི་སྐབས་ཤིག་ཤར་ཕྱོགས་
ཝ་རནྡྲེར་རྒྱལ་ཕྲན་ས་ན་ཏ་ན་ཟེར་བ་ཞིག་བྱུང༌། དེ་ཉིད་ཀྱི་བཙུན་མོའི་མཆོག་གཟུགས་དང་བློ་གྲོས་ཕུན་སུམ་ཚོགས་པ་ཞིག་ཡོད། དེ་ཡང་དེ་ལ་བླ་ལྷག་ཏུ་རྩིས་སུ་བྱེད་ཅིང༌། ཁྲུས་བྱེད་པ་ནའང་གསེར་གྱི་རུས་སྦལ་གྱི་སྟེང་དུ་འཇོགགཞན་ལ་མི་སྟོན་པར་སྦེད་པ་ལས། རྒྱལ་པོ་དེས་བྲམ་ཟེའི་རིགས་ཀྱི་སློབ་དཔོན་སྙིང་པོའི་ཞབས་ལ་གསང་བ་འདུས་པའི་དབང་བསྐུར་བ་ཞུས་པའི་ཡོན་དུ་བཙུན་མོ་དེ་དང༌། རྟ་དང༌། གསེར་དང༌། གླང་པོ་ཆེ་ལ་སོགས་པ་མང་པོ་ཕུལ། དུས་གཞན་ཞིག་ན། དེ་ལ་སྙིང་པོའི་ཞབས་ཀྱི་སྲས་མཚན་དང་ལྡན་པ་ཞིག་བཙས། ལོ་བདུན་ལོན་པ་ན་བྲམ་ཟེ་ཡི་གེ་སློབ་པའི་གྲྭར་བརྫངས་པས། ནམ་ཞིག་ན་བྲམ་ཟེའི་ཁྱེའུ་གཞན་རྣམས་ཀྱིས་ཁྱོད་ནི་རིགས་ངན་ཡིན་ནོ་ཞེས་བརྡེགས་སོ། །རྒྱུ་མཚན་དྲིས་པས། ཁྱོད་ཀྱི་ཕ་ནི་ནང་པའི་སྔགས་པ་ཡིན་པས་དམངས་རིགས་ཀྱི་བཙུན་པ་གྲལ་འགོར་འཇོགམཆོད་པ་བྱེད་པའི་གནས་སྐབས་སུ་རིགས་བཟང་ངན་གྱི་དབྱེ་བ་མེད་པར་བསྲེས་པས་སོ། །དེ་ལྟར་མང་དུ་གཙེས་པས་དེ་ངུ་ཞིང་ཁྱིམ་དུ་ལྡོག་པ་ན། ཡབ་ཀྱིས་དྲིས་པ་ན་དེ་ལྟར་བྱུང་བ་བཤད་དོ། །འོ་ན་འདི་དག་ཟིལ་གྱིས་གནོན་དགོས་ཞེས་གསུངས་ཏེ་འཇམ་དབྱངས་ཀྱི་དབང་བསྐུར། རྗེས་སུ་གནང་པ་སྩལ་ཏེ་སྒྲུབ་ཏུ་བཅུག་པས་ལོ་གཅིག་ཏུ་ཉེ་བར་སོང་བ་ན། ཏིང་ངེ་འཛིན་གྱི་གསལ་སྣང་མཆེད་ཅིང་གྲུབ་པའི་རྟགས་བྱུང་ནས། སྤྱིལ་བུའི་ཕྱི་ནང་ཐམས་ཅད་འོད་དམར་སེར་གྱིས་ལམ་གྱིས་ཁྱབ། མས་ཁ་ཟས་སྐྱེལ་དུ་འོངས་པས་དེ་ལྟར་མཐོང་སྟེ་སྤྱིལ་བུ་ལ་མེ་ཤོར་རོ་སྙམ་ནས། ཆོ་ངེས་བཏབ་པས་ཏིང་ངེ་འཛིན་སད་དེ་འོད་ཀྱང་ཡལ་ལོ། །
དེར་ཡབ་ན་རེ། དེ་ལྟར་གསལ་སྣང་དེ་ལ་ཞག་བདུན་དུ་བཞག་ན་འཕགས་པ་འཇམ་དཔལ་དངོས་དང་མཉམ་པ་ཞིག་འོང་ནའང༌། ཅུང་ཟད་བར་ཆད་དུ་སོང༌། འོན་ཀྱང་རིག་པའི་གནས་ཐམས་ཅད་ལ་ཐོགས་པ་མེད་པའི་བློ་གྲོས་རྒྱས་པ་ཞིག་འོང་གསུང༌། དེ་ལྟར་བྱུང་ཡང་བྱུང་སྟེ་ཡི་གེ་དང༌། བཟོའི་གནས་ཐམས་ཅད་དང༌། སྡེབ་སྦྱོར་མངོན་བརྗོད་ལ་སོགས་པ་མ་བསླབས་པར་ཤེས། གཞན་ཡང་རིག་པའི་གནས་རྣམས་ལ་ཀློག་པ་ཙམ་དང༌། ཤིན་ཏུ་དཀའ་བ་རྣམས་ཀྱང་ཚར་རེ་ཟུང་བལྟས་པས་ཐམས་ཅད་ཤེས་ཏེ་མཁས་པའི་དབང་ཕྱུག་ཆེན་པོར་གྱུར། ཇི་སྲིད་འཚོ་བའི་བར་དུ་རྟེན་དགེ་བསྙེན་ཡིན། ཡབ་ལ་ཇི་ཙམ་མངའ་བའི་གསང་འདུས་བདེ་ཀྱེ་སོགས་གསན། གཞན་ཡང་བླ་མ་མང་དུ་བསྟེན། ཁྱད་པར་ཆོས་ཐམས་ཅད་འཕགས་པ་འཇམ་དཔལ་དངོས་ལ་གསན་པར་ནུས། གང་གི་ཚེ་བྲམ་ཟེ་སྙིང་པོའི་ཞབས་སྐུ་འདས་པའི་འོག་ཏུ་རྒྱལ་པོ་མ་ཧི་པཱ་ལའི་དུས་རྒྱལ་པོའི་པ་ཏྲ་མ་ཐོབ་པས། ཡུལ་སྣ་ཚོགས་སུ་ལྷ་ཁང་རྣམས་ལ་ཕྱག་མཛད་པ་དང༌། པནྚི་ཏ་རྣམས་དང་རིག་པ་འགྲན་པའི་ཕྱིར་བྱོན་ཏེ། ལན་ཅིག་ཁ་སརྤ་ཎར་བྱོན་པ་ན། སྒོ་དྲུང་ན་མི་གཡོ་བའི་སྐུ་ཤིན་ཏུ་ཁྲོས་པ་ཞིག་གཟིགས་ནས། སྲིན་པོའི་གཟུགས་ཅན་འདི་ལྟ་བུ་སྙམ་ནས་མ་དད་པ་ཞིག་བྱུང༌། མནལ་ལམ་དུ་ཐུབ་པའི་དབང་པོའི་ཐུགས་ཀ་ནས་མི་གཡོ་བ་མང་པོ་སྤྲོས་ནས་གདུག་པ་ཅན་ཚར་གཅོད་པ་རྨི་བས། སངས་རྒྱས་ཀྱི་ཐབས་ལ་མཁས་པ་ལ་མ་དད་པ་བྱས་སོ། །སྙམ་ནས་བཤགས་པ་མཛད་པས། སྒྲོལ་མའི་ཞལ་གཟིགས། ཁྱོད་ཀྱི་
ཐེག་པ་ཆེན་པོའི་བསྟན་བཅོས་མང་དུ་གྱིས་ཤིག་སྡིག་པ་བྱང་བར་འགྱུར་རོ་གསུང༌། དེ་ནས་ཕྱིས་རྒྱལ་པོ་མཧཱ་པཱ་ལའི་དུས་སུ་པྲྀཀྵ་པུ་རི་ཞེས་བྱ་བའི་གནས་གཞི་བཟང་པོ་ཞིག་ཕུལ། བི་ཀྲ་མ་ལ་ཤཱི་ལའི་པནྚི་ཏའི་པ་ཏྲ་ཡང་ཕུལ་ནས། ཆོས་ཀྱང་མང་དུ་གསུངས། སྙན་པའི་གྲགས་པ་ཆེར་བྱུང༌། བསླབ་བཏུས་དང༌། སྤྱོད་འཇུག་དང༌། ནམ་མཁའི་སྙིང་པོའི་མདོ་སྡེ་སོགས་བསྡུས་འགྲེལ་རེ་ཡང་མཛད། མདོ་སྔགས་ཀྱི་བསྟན་བཅོས་ཐོར་བུ་བརྒྱ་རྩ་ཙམ་མཛད་དོ། །ནག་པོ་དམ་ཚིག་རྡོ་རྗེ་ནི། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ཆོས་བརྒྱུད་འཛིན་པ་ཞིག་ཡིན་ལ། ར་རའི་ཡུལ་གྱི་དབེན་གནས་ཞིག་ཏུ་དགྱེས་པ་རྡོ་རྗེའི་ཐང་སྐུ་ཞིག་བཀྲམ། རྩེ་གཅིག་ཏུ་སྒྲུབ་པ་མཛད་ཀྱིན་བཞུགས་པ་ལས། ལོ་མང་དག་སོང་བའི་སྐབས་ཤིགརང་ཉིད་དཀྱིལ་འཁོར་གྱི་གསལ་སྣང་ལ་ཐུགས་རྩེ་གཅིག་ཏུ་གནས་པ་ཞིག་གི་སྐབས། རིག་མས་བལྟས་པས་བྲིས་སྐུའི་མདུན་ན་ཡོར་ཡོར་བ་ཞིག་འདུག །སློབ་དཔོན་ལ་སྦྲན་པས་གསལ་སྣང་སད་དེ། ཡོར་ཡོར་དེ་ལ་ཕྱག་གིས་བསྙབས་པས་མི་རོ་ཞིག་འདུག དངོས་གྲུབ་ཀྱི་རྫས་ཡིན་པར་མཁྱེན་ནས་ཚམ་ཚོམ་མེད་པར་གསོལ་བས། བདེ་སྟོང་གི་ཉམས་ལ་ཞག་བདུན་འབྱམས་ཏེ་སད་པ་ཙམ་ན། དགྱེས་པའི་རྡོ་རྗེའི་དཀྱིལ་འཁོར་མངོན་སུམ་དུ་ཞལ་གཟིགས། ནུས་པ་དཔག་ཏུ་མེད་པ་ལ་མངའ་བརྙེས་སོ། །རྒྱལ་པོ་མཧཱ་པཱ་ལ་དང༌། ཤཱ་མུ་པཱ་ལའི་དུས་སུ་བྱུང་བའི་སྐབས་ཀྱི་གཏམ་སྟེ་སོ་གཉིས་པའོ།། །།དེ་ནས་རྒྱལ་པོ་མཧཱ་པཱ་ལའི་སྲས་ཆེ་བ་སྲཻཥྟ་པཱ་ལ་ཞེས་བྱ་བ་
རྒྱལ་སྲིད་དུ་བསྐོས་ཏེ་ལོ་གསུམ་ནས་འདས། ཕྱག་རྗེས་ཀྱང་མེད་པས་བདུན་ལ་མི་བགྲང༌། མཧཱ་པཱ་ལའི་ཚེ་སྨད་ཙམ་མམ། འདི་དུས་ཙམ་ན་བོད་དུ་བསྟན་པ་ཕྱི་དར་མགོ་བརྩམས་པ་རགས་རྩིས་སུ་དུས་མཉམ་པར་བྱའོ། །འདི་སྐབས་བྲམ་ཟེ་ཡེ་ཤེས་ཞབས་ཀྱང་བྱུང༌། ནག་པོ་སྤྱོད་པ་ཆུང་བའི་ཡང་སྐུ་ཚེའི་སྨད་ཀྱི་དུས་ཡིན་པར་གྲགས། སྲས་ཆུང་བ་ལོ་བཅུ་བདུན་ལས་མི་འགྲོ་བས། བར་དེར་དེའི་ཞང་པོ་ཙ་ན་ཀ་ཞེས་བྱ་བས་རྒྱལ་སྲིད་བྱས། ཁོ་རང་གི་རིང་ལ་སློབ་དཔོན་ཤཱནྟི་པ་སོགས་སྤྱན་དྲངས་ཏེ། མཁས་པ་སྒོ་དྲུག་གི་ཐ་སྙད་བྱུང༌། རྒྱལ་སྲིད་ཀྱང་ལོ་ཉི་ཤུ་རྩ་དགུ་བྱས། ཏུ་རུཥྐའི་རྒྱལ་པོ་དང་འཁྲུགས་པས་ཀྱང་གཡུལ་རྒྱལ། ལན་ཅིག་བྷཾ་ག་ལ་པ་རྣམས་ངོ་ལོག མ་ག་དྷར་དམག་བྱུང་བ་ལ། བི་ཀྲ་མ་ལ་ཤཱི་ལའི་གཏོར་མའི་སློབ་དཔོན་གྱིས་མི་གཡོ་བའི་གཏོར་ཆེན་བྱས་ནས་གངྒཱ་ལ་ཕོ་བས་བྷཾ་ག་ལའི་ཏུ་རུཥྐ་གྲུ་བཏང་ནས་བྱུང་བས་གྲུ་མང་པོ་རྡིབ། གཡུལ་ངོ་ཡང་རྒྱལ་པོ་རྒྱལ་ཏེ་མངའ་འོག་ཏུ་ཆུད་ནས་རྒྱལ་ཁམས་བདེ་བར་བྱུང༌། ཕྱིས་ཁོང་རང་གི་ཚ་བོ་རྒྱལ་པོ་མཧཱ་པཱ་ལའི་བུ་ཆུང་ཤོས་བྷེ་ཡ་པཱ་ལ་རྒྱལ་སྲིད་དུ་བསྐོས་ནས། བྷཾ་ག་ལའི་ཤར་ཕྱོགས་རྒྱ་མཚོ་དང་གངྒཱ་འདྲེས་མཚམས་ཀྱི་གླིང་ཕྲན་འདྲ་བ་བྷཱ་ཊི་ཞེས་བྱ་བའི་ཡུལ་དུ་བསྡད་ནས་ལོ་ལྔ་ན་འདས་སོ། །དེ་སྐབས་སུ་བྱུང་བའི་མཁས་པ་སྒོ་དྲུག་ལས། ཤར་སྒོ་སྲུང་བ་པོ་སློབ་དཔོན་རཏྣ་ཨ་ཀ་ར་ཤཱནྟི་པའི་ལོ་རྒྱུས་ནི་གཞན་དུ་ཤེས་པར་བྱའོ། །ལྷོ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་བློ་གྲོས་ནི། རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་པ། མུ་སྟེགས་དང་རྩོད་པའི་ཚེ།
འཇམ་དཔལ་གྱི་བྲིས་སྐུ་ཞིག་ལ་མཆོད་པ་དང་གསོལ་གདབ་མཛད་པ་ཙམ་གྱིས་མུ་སྟེགས་ཀྱི་རྩོད་པ་ཇི་ལྟར་ཟེར་དུ་འོང་བ་དང༌། དེའི་ལན་འདེབས་ཚུལ་ཅིག་ཅར་ཐུགས་ལ་ཤར་ནས་སླར་བརྩད་པའི་ཚེ་ངེས་པར་རྒྱལ་བ་ཞིག་ཡོད་པར་གྲགས་སོ། །ཤེས་རབ་འབྱུང་གནས་ཞེས་པ་ཙམ་གྱི་མཚན་ལ་འཁྲུལ་ནས་ཤེར་འབྱུང་བློ་གྲོས་དང༌། ཤེར་འབྱུང་སྦས་པ་གཅིག་པར་འདོད་པའི་འཁྲུལ་པ་ཡང་མང་དུ་སྣང༌། འདི་ནི་རྟེན་དགེ་སློང་ཡིན་ལ། ཤེར་འབྱུང་སྦས་པ་ནི་དགེ་བསྙེན་ཡིན་ནོ་ཞེས་མཁས་པ་རྣམས་ལ་གྲགས་སོ། །ནུབ་སྒོ་སྲུང་བ་སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ་ནི། ཡུལ་ཝཱ་རཱ་ཎ་སཱིར་སྐུ་འཁྲུངས། རིགས་ནི་རྒྱལ་རིགས་ཡིན། དགེ་འདུན་ཕལ་ཆེར་པའི་སྡེ་པ་ལས་རབ་ཏུ་བྱུང་བ། མཁན་པོས་བཏགས་པའི་མཚན་ནི་ཤཱི་ལ་ཀིརྟི་ཞེས་བྱའོ། །སྒྲ་ཚད་དང༌། གཞུང་ལུགས་ཀྱང་མང་རབ་མཁྱེན་པའི་པནྚི་ཏ་ཞིག་ཏུ་སོང་བའི་དུས། ཀོངྐ་ན་རྒྱལ་བ་བཟང་པོའི་རྗེས་འབྲང་ཧ་ས་བཛྲ་ཞེས་བྱ་བ་ཞིག་ལ་འཁོར་ལོ་སྡོམ་པ་ཞུས་ཏེ། མ་ག་ངྷཱའི་ཕྱོགས་གཅིག་ཏུ་སྒྲུབ་པ་མཛད་པས་མནལ་ལམ་དུ་ཞལ་གཟིགས། ངག་གི་དབང་ཕྱུག་གི་དངོས་གྲུབ་བསྒྲུབས་ན་འགྲུབ་བམ་མི་འགྲུབ་བཏགས་པས་ཀྱང་འགྲུབ་པར་མཁྱེན། གངྒཱའི་འགྲམ་དུ་བསྒྲུབས་པས། ཤིང་ཀ་ར་ཝི་རའི་མེ་ཏོག་དམར་པོ་སྒྲ་དང་འོད་འབྱིན་པ་དེ་གངྒཱ་ལ་འཕངས། དཔག་ཚད་མང་པོར་ཡུད་ཀྱིས་ཁྱེར་ནས་སླར་ཡང་གྱེན་དུ་ལྡོག་པས་དེ་ཉིད་ཆུ་དང་བཅས་པར་གསོལ་བས་ངག་གི་དབང་ཕྱུག་ཆེན་པོ་འགྲུབ་སྟེ། ཉི་མ་རེ་རེར་ཚིགས་སུ་བཅད་པ་སྟོང་ཕྲག་རེ་རེའི་ཚད་ཀྱི་གཞུང་གི་ཚིག་དོན་མ་ལུས་པར་མཁྱེན་པར་ནུས་པའི་བློ་གྲོས་བྱུང་བས་ངག་
གི་དབང་ཕྱུག་གྲགས་པ་ཞེས་མཚན་གསོལ་ལོ། །མདོ་སྔགས་རིག་པའི་གནས་མཐའ་དག་ལ་མཁས་པའི་ཕུལ་དུ་གྱུར་པ། འཆད་རྩོད་རྩོམ་གསུམ་གང་ལའང་ཐོགས་པ་མེད་པ། ཁྱད་པར་འཕགས་མ་སྒྲོལ་མ་རྟག་པར་ཞལ་གཟིགས་ཤིང་ཐེ་ཚོམ་གཅོད་པ་བྱུང༌། དེར་ཡུལ་སྣ་ཚོགས་སུ་བྱོན་ཏེ་མུ་སྟེགས་ཀྱི་རྒོལ་བ་མང་པོ་ཚར་གཅོད་པའི་བློ་གྲོས་ཅན་དུ་གྱུར་ནས་སྙན་གྲགས་ཆེ་བར་ཡོད་པ་ལ། རྒྱལ་པོས་སྤྱན་དྲངས་ཏེ་ནཱ་ལེནྡྲ་དང༌། བི་ཀྲ་མ་ལ་ཤཱི་ལའི་ནུབ་སྒོ་བར་བསྐོས་ཤིང༌། ཚོགས་ཀྱི་བདག་པོ་ལས་ནོར་བླངས་ཏེ་དུས་རྟག་ཏུ་ལྷ་ཁང་དང་དགེ་འདུན་མང་པོ་ལ་མཆོད་པར་མཛད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཆོས་གཞི་བརྒྱད། གསང་བ་འདུས་པ་འཆད་པའི་ཆོས་གཞི་བཞི། བདེ་དགྱེས་གདན་བཞི་མཱ་ཡཱ་འཆད་པའི་ཆོས་གཞི་རེ་རེ། དབུ་ཚད་ཀྱི་ཆོས་གཞི་ཐོར་བུ་དང་བཅས་པ་ཆོས་གྲྭ་མང་དུ་བཙུགས། བཅུད་ལེན་མང་པོ་སྒྲུབ་པར་མཛད་དེ་གཞན་ལ་བྱིན་པས། ལོ་བརྒྱ་ལྔ་བཅུ་སོགས་སུ་ཐུབ་ཅིང་རྒན་པོ་ཡང་གཞོན་ནུར་བསྒྱུར་བ་ལ་སོགས་པས་རབ་ཏུ་བྱུང་བ་དང༌། ཁྱིམ་པ་ཆོས་ལྡན་ལྔ་བརྒྱ་ཙམ་ལ་ཕན་བཏགས། རིག་ཚོགས་དང༌། ཕར་ཕྱིན་དང༌། མདོ་སྡེ་རྒྱན་དང༌། གསང་འདུས་དགྱེས་རྡོར་གཤིན་རྗེ་གཤེད། ལངྐར་གཤེགས་པ་ལ་སོགས་པའི་མདོ་སྡེ་འགའ་ཞིག་དང་བཅས་པ་དུས་རྟག་ཏུ་གསུང༌། གཞན་ཡང་ཆོས་མང་དུ་བཤད་ཅིང༌། མུ་སྟེགས་ཀྱི་རྒོལ་བ་བཟློག་པ་ལ་བློ་ཤིན་ཏུ་རྣོ་བས་ནུབ་ཕྱོགས་ནས་འོངས་བའི་རྒོལ་བ་སུམ་བརྒྱ་ཙམ་སུན་ཕྱུང༌། བུམ་ཆུ་ལ་དམིགས་པ་བཏད་ན་དེ་མ་ཐག་ཁོལ་བ་དང༌། སྐུ་གཟུགས་ལ་ཡེ་ཤེས་ཕབ་ན་འཕར་གཡོ་འབྱུང་བ་དང༌། ལན་ཅིག་རྒྱལ་པོའི་དོན་དུ་དཀྱིལ་
འཁོར་བཞེངས་པ་ཞིག་ལ། དཀྱིལ་འཁོར་གྱི་ཐད་རང་དུ་ཤྭ་བརྡོལ་བྱུང་བ། དམིགས་པས་སྲུང་འཁོར་མཛད་པའི་མཚམས་ནས་ལོག །དེ་ལྟ་བུ་ལ་སོགས་པའི་ངོ་མཚར་ཅན་གྱི་ལྟས་ཐོར་བུ་བ་ཤིན་ཏུ་མང་བ་ཞིག་མངའ། ལན་ཅིག་དགེ་སློང་ཨ་ཝ་ངྷཱུ་ཏཱི་པ་ཞེས་བྱ་བ་ཞིག་དང་ཆོས་ཀྱི་བགྲོ་གླེང་མཛད་པས། དེས་དབྱིག་གཉེན་གྱི་ལུང་དྲངས། དེ་ལ་ཀྱལ་ཀའི་ཚུལ་གྱིས་དབྱིག་གཉེན་གྱི་གཞུང་ལ་ཟུར་ཟ་བའི་ཚིག་བརྙས་མཛད་པས། དེ་ནུབ་ཁོ་ན་ལ་ལྗགས་སྐྲངས་ཤིང་ཆོས་གསུང་མ་ཐུབ། ཚུལ་དེས་ཟླ་བ་འགའ་སྙུང་ནས་སྒྲོལ་མ་ལ་ཞུས་པས། སློབ་དཔོན་དབྱིག་གཉེན་ལ་ཚིག་གིས་བརྙས་པ་བྱས་པའི་ཉེས་པ་ཡིན་པས་སློབ་དཔོན་དེ་ཉིད་ལ་བསྟོད་པ་གྱིས་གསུངས་བ་བཞིན་བསྟོད་པ་བརྩམས་མ་ཐག་ཏུ་སྙུང་བ་དྭངས། དེ་ལྟར་བི་ཀྲ་མ་ལ་ཤཱི་ལར་ལོ་མང་པོའི་བར་དུ་འགྲོ་དོན་མཛད། སྐུ་ཚེའི་སྨད་ཙམ་ན་བལ་པོའི་ཡུལ་དུ་ཕེབས། གཙོ་བོར་སྒྲུབ་བ་ལ་གཞོལ་ཞིང༌། སྔགས་ཀྱི་ཐེག་པ་ཅུང་ཟད་གསུངས། གཞན་ཆོས་ཆེར་མི་སྟོན། བཙུན་མོ་མང་པོའང་མངའ་བས་སྐྱེ་བོ་ཕལ་ཆེར་གྱིས་བསླབ་པ་མ་ཐུབ་པ་ཡིན་ཏེ་འོང་བས་བསམ་པ་ལས་མེད། ལན་ཅིག་རྒྱལ་པོས་ཤཱནྟ་པུ་རིར་འཁོར་ལོ་སྡོམ་པའི་ལྷ་ཁང་གཅིག་བཞེངས། དེའི་རབ་གནས་ཀྱི་མཐར་ཚོགས་ཀྱི་འཁོར་ལོ་ཆེན་པོ་ཞིག་བྱ་བར་འདོད་ནས་ལྷ་ཁང་གི་ཕྱི་རོལ་དུ་སྔགས་པ་མང་པོ་དག་བསགས། ཚོགས་དཔོན་ལ་སློབ་དཔོན་སྤྱན་འདྲེན་པའི་ཕོ་ཉ་བཏང༌། སློབ་དཔོན་གྱི་སྤྱིལ་བུའི་འགག་ན་བུད་མེད་སྒེག་མོ་ཞིག་དང༌། བུ་མོ་མདོག་ནག་མོ་ཁྲོ་གཏུམ་ཆེ་བ་ཞིག་འདུག སློབ་དཔོན་གང་ན་བཞུགས་བྱས་པས། ནང་ན་ཡོད་ཟེར། དེས་ནང་དུ་ཕྱིན། རྒྱལ་པོའི་ཚོགས་ཀྱི་འཁོར་ལོའི་དཔོན་ལ་འབྱོན་པར་ཞུ་བྱས་
པས། ཁྱོད་ཉིད་མགྱོགས་པར་སོང༌། ང་ཡང་ད་ལྟ་འོང་གསུང༌། དེས་མགྱོགས་པར་ཕྱིན་ཙ་ན། ཤཱནྟ་པུ་རི་དང་ཉེ་བའི་ལམ་གྱི་གཞི་མདོ་ཞིག་ན་སློབ་དཔོན་བཙུན་མོ་གཉིས་དང་བཅས་པ་སྔར་བྱོན་ཏེ། ཁྱོད་མ་བྱུང་བས་ཡུན་རིང་དུ་བསྒུགས་པ་ཡིན་གསུང༌། རབ་གནས་དངོས་ཀྱི་ཚོགས་ཀྱི་འཁོར་ལོ་རྒྱས་པ་དེ་གྱེས་ཟིན་པའི་རྗེས་སུ་ལྷ་ཁང་གི་ནང་དུ་སློབ་དཔོན་ཡབ་ཡུམ་གསུམ་བཞུགས། ཚོགས་རྫས་མི་དྲུག་ཅུ་ལྷག་ཅིག་གི་སྐལ་པ་བླངས་ཏེ་སོང་བས། རྒྱལ་པཽས་བསམ་པ། ནང་ན་མི་གསུམ་ལས་མེད། ཚོགས་རྫས་འདི་ཙམ་དགོས་པ་ཅི་ཡིན་སྙམ་ནས་སྒོ་སེང་ནས་བལྟས་པས། འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་མངོན་སུམ་དུ་བཞུགས་ནས་ཚོགས་རྫས་ལ་ལོངས་སྤྱོད་པ་མཐོང་སྟེ། དེ་ཉིད་དུ་སློབ་དཔོན་འཇའ་ལུས་སུ་གྱུར་ནས་བཞུགས་པ་ཡིན་ལ། ད་ལྟར་ཡང་གནས་དེ་ན་བཞུགས་སོ་ཞེས་གྲགས། བོད་ཀྱི་ལོ་རྒྱུས་ཚོ་ན། ལྷོ་སྒོ་སྲུང་བ་ངག་དབང་གྲགས་པ་དང༌། ནུབ་སྒོ་སྲུང་བ་ཤེས་རབ་འབྱུང་གནས་ཟེར་བ་གདའ་ནའང༌། འདིར་རྒྱ་གར་གྱི་ཡིག་ཆ་གསུམ་གུང་མཐུན་པ་ལྟར་བཀོད་དོ། །བྱང་སྒོ་སྲུང་བ་ནི། ནཱ་རོ་པ་ཡིན་ལ། དེའི་ལོ་རྒྱུས་གཞན་དུ་ཤེས། སློབ་དཔོན་དེ་ལ་ནི་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་ཤཱནྟི་པས་ཀྱང་ཆོས་གསན་ཏེ། དེ་ཡང་སློབ་དཔོན་ཤཱནྟི་པ་དཔོན་སློབ་མཆོད་པ་ཞིག་མཛད་པའི་སྐབས། སློབ་མ་ཞིག་གིས་གཏོར་མ་བསྐྱལ་བར་ཕྱིན་པས། གཏོར་སྟེགས་ཀྱི་སྟེང་ན་རྣལ་འབྱོར་བ་ཤིན་ཏུ་འཇིགས་པ་ཞིག་མཐོང་ནས་གཏོར་མ་ཅི་དགར་བསྐྱུར། ཤིན་ཏུ་སྐྲག་སྟེ་ནང་དུ་འོངས། སློབ་དཔོན་ལ་ཞུས་པས། ནཱ་
རོ་པ་ཡིན་པར་མཁྱེན་ནས་སྤྱན་དྲངས། དུས་དེར་ཞབས་ལ་གཏུགས་ཏེ། དབང་བསྐུར་བ་དང༌། གདམས་པ་དང༌། རྗེས་སུ་གདམས་པ་ཤིན་ཏུ་མང་བར་གསན། ཕྱིས་ཀྱང་ཡང་ཡང་གུས་པས་བཏུད། དུས་ཕྱིས་ཤཱནྟི་པ་གྲུབ་པ་བརྙེས་ཙམ་གྱི་དུས་ཤིག་ན། ནཱ་རོ་པས་ཐོད་པ་ཅིག་བསྣམས་ཏེ། སྐྱེ་བོ་ཀུན་ལ་སློང་བ་ལྟར་མཛད་པ་ལ་ཆོམ་པོ་ཞིག་གིས་ཐོད་པའི་ནང་དུ་གྲི་ཆུང་གཅིག་བསྐྱུར། ནཱ་རོ་པས་ལྟ་སྟངས་མཛད་པས་མར་ཁུ་ལྟར་ལྟེམས་ཀྱིས་ཞུ་ནས་གསོལ་ཏེ་སོང༌། བཞི་མདོ་ན་གླང་པོ་ཆེ་ཤི་བའི་རོ་ཞིག་འདུག་པ་ལའང་གྲོང་འཇུག་མཛད་ནས་དུར་ཁྲོད་དུ་བསྐྱལ། དེའི་ལོགས་ནས་མར་ཤཱནྟི་པ་ཕེབས་པ་ལ། ནཱ་རོ་པའི་གསུང་གིས་ཁོ་བོ་རྣལ་འབྱོར་པ་ཡིན་པས་རྟགས་དེ་ལྟར་ལགས། ད་མཁས་པ་ཆེན་པོ་ཡང་རྟགས་སྟོན་པར་མི་སྤྲོའམ་གསུངས་པ་ལ། སློབ་དཔོན་ཤཱནྟི་པ་ན་རེ། བདག་ལྟ་བུས་གཞན་ཅི་ཞིག་འཚལ་ཏེ། འོན་ཀྱང་ཁྱེད་ལྟ་བུས་གནང་ན་བྱའོ་གསུང་སྟེ། མདུན་ན་ཚུར་ཆུའི་བུམ་པ་ཐོགས་པ་འགའ་བྱུང་བ་ལ་ཆུ་ལ་སྔགས་བཏབ་པ་ཙམ་གྱིས་གསེར་ཞུན་མར་སོང༌། དེར་དགེ་འདུན་རྣམས་དང་བྲམ་ཟེ་རྣམས་ལ་སོ་སོར་བགོས་ཏེ་བྱིན་ནོ། །ནཱ་རོ་པས་ཀྱང་བྱང་སྒོ་སྲུང་བ་ལོ་འགའ་ཞིག་མཛད་ནས། སྤྱོད་པ་ལ་གཤེགས་པ་ཡིན། དེར་རྗེས་དེའི་ཚབ་གནས་བརྟན་བྱང་བཟང་གིས་མཛད། དེ་ནི་ཨོ་ཊི་བི་ཤར་རྗེ་རིགས་ལས་སྐྱེ་བ་བརྙེས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། རིགས་སད་པ་ཞིག་ཡིན་ལ། རིག་ཚོགས་དང༌། སྤྱོད་ཕྱོགས་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ས་ལ་མཁས་པ།
འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ཤིང་དངོས་སུ་ཆོས་གསན་པ་ཞིག་གོ །དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེ་ནི། སྔོན་ཁ་ཆེའི་ཡུལ་དུ་བྲམ་ཟེ་ཞིག་གིས་ལྷ་དབང་ཕྱུག་ཆེན་པོ་བསྒྲུབས་པས་ལུང་བསྟན་ཐོབ་སྟེ། ཁྱོད་ཀྱི་རིགས་བརྒྱུད་ལ་མཁས་པ་གྲགས་ལྡན་ཤ་སྟག་འབྱུང་ཞེས་ལུང་བསྟན། དེ་ལྟར་བྱུང་བ་ལ་མི་རབས་ཉི་ཤུ་རྩ་བཞི་ཡན་ཆད་དུ་མུ་སྟེགས་པ་ཡིན། རྩ་ལྔ་པར་བྲམ་ཟེ་ཧ་རི་བྷ་དྲ་ཞེས་བྱ་བ་སངས་རྒྱས་པ་དང་བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་རྩོད་པ་ཕམ་སྟེ་ནང་པ་ལ་ཞུགས། ཆོས་ཀྱང་མཁས་པར་མཁྱེན་པའི་པཎྜི་་ཏར་གྱུར། དེའི་སྲས་ནི་བྲམ་ཟེ་རིན་ཆེན་རྡོ་རྗེ་ཡིན། རྟེན་ནི་དགེ་བསྙེན་ཡིན་ལ། དགུང་ལོ་སུམ་ཅུའི་བར་དུ་ཁ་ཆེ་ཉིད་དུ་ལེགས་པར་སྦྱངས་ཏེ་མདོ་སྔགས་རིག་གནས་མཐའ་དག་ཐུགས་སུ་ཆུད། དེ་ནས་མ་ག་ངྷཱར་བྱོན་ནས་གསན་པའི་འཕྲོ་ཅུང་ཟད་ཀྱང་མཛད་ཅིང༌། རྡོ་རྗེ་གདན་དུ་སྒྲུབ་པ་མཛད་པས་འཁོར་ལོ་སྡོམ་པ་དང༌། རྡོ་རྗེ་ཕག་མོ་ལ་སོགས་པའི་ལྷ་མང་པོ་ཞལ་གཟིགས། རྒྱལ་པོས་བི་ཀྲ་མ་ཤཱི་ལའི་པ་ཏྲ་ཕུལ། དེར་ཡང་སྔགས་ཀྱི་ཐེག་པ་རྣམ་གྲངས་དུ་མ་དང༌། ཚད་མ་སྡེ་བདུན་དང༌། བྱམས་པའི་ཆོས་ལྔ་སོགས་གཙོ་བོར་གསུངས། ལོ་མང་པོ་ཞིག་འགྲོ་བའི་དོན་མཛད། སླར་ཡང་ཁ་ཆེར་ཕེབས་ནས། མུ་སྟེགས་མང་པོ་ཞིག་རྩོད་པས་སུན་ཕྱུངས་ནས་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། རིག་ཚོགས་དང༌། མདོ་སྡེ་རྒྱན་དང༌། གསང་བ་འདུས་པ་ལ་སོགས་པ་འཆད་པའི་གྲྭ་ཡང་འགའ་རེ་བཙུགས། སྐུ་ཚེའི་སྨད་ལ་ནུབ་ཕྱོགས་ཨུ་རྒྱན་དུ་གཤེགས། ཁ་ཆེའི་ཡུལ་ན་བྲམ་ཟེ་མུ་སྟེགས་ཀྱི་གྲུབ་མཐའ་ལ་
མཁས་ཤིང་དབང་ཕྱུག་གི་ཞལ་མཐོང་བ་ཞིག་ཡོད། དེ་ལ་ཁོང་རེའི་ལྷས་ཨུ་རྒྱན་དུ་སོང་ཞིག་དོན་ཆེན་པོ་འགྲུབ་ཅེས་ལུང་བསྟན། ཨུ་རྒྱན་དུ་ཕྱིན་ནས་བྲམ་ཟེ་རིན་ཆེན་རྡོ་རྗེ་དང་མཇལ། བསྟན་པ་དཔང་དུ་བཙུགས་ནས་བརྩད་པས་རིན་ཆེན་རྡོ་རྗེ་རྒྱལ། དེ་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་ཏེ་མིང་གུ་ཧྱ་པྲ་ཛྙཱ་ཞེས་པར་བཏགས། སྔགས་ཀྱི་ཐེག་པ་ལ་བསླབ་པས་ཕྱིས་དངོས་གྲུབ་ཀྱང་ཐོབ། བོད་དུ་བྱོན་པའི་ཨཱ་ཙརྱ་དམར་པོར་གྲགས་པ་དེ་ཡིན། བྲམ་ཟེ་རིན་ཆེན་རྡོ་རྗེ་དེ་ཨུ་རྒྱན་གྱི་གནས་དེ་ཉིད་དུ་འཇའ་ལུས་སུ་གཤེགས་ཞེས་ཁ་ཆེ་བ་རྣམས་ཟེར་རོ། །རིན་ཆེན་རྡོ་རྗེའི་སྲས་མཧཱ་ཛ་ན། དེའི་སྲས་སཛྫ་ན་ཡིན་ཏེ། བོད་ཀྱི་ཆོས་བརྒྱུད་རྣམས་ལའང་ཤིན་ཏུ་བཀའ་དྲིན་ཆེའོ། །དབུས་ཀྱི་ཀ་ཆེན་གཉིས་པ་ཛྙཱ་ན་ཤྲཱི་མི་ཏྲ་ནི་མཐའ་གཉིས་སུ་སེལ་བའི་བསྟན་བཅོས་མཛད་མཁན་དེ་ཡིན་ལ། དཔལ་ལྡན་ཨི་ཏི་ཤའི་ཡང་སྐུ་དྲིན་ཆེ་བའི་བླ་མ་ཞིག་ཡིན། དེ་ཡང་ཡུལ་གཽ་ཊར་འཁྲུངས། དང་པོར་ཉན་ཐོས་སེནྡྷ་པའི་པཎྜྀ་ཏ། དེའི་ལུགས་ཀྱི་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པ་ལ། ཕྱིས་ཐེག་ཆེན་ལ་དད་པ་ཐོབ་སྟེ་ཀླུ་སྒྲུབ་དང༌། ཐོགས་མེད་ཀྱི་གཞུང་ཐམས་ཅད་ལ་མཁས་པར་སྦྱངས། གསང་སྔགས་ཀྱི་རྒྱུད་སྡེ་ཡང་མང་པོ་མཁྱེན། ཁྱད་པར་མདོ་རྒྱུད་ཀྱི་གསན་རྒྱ་ཤིན་ཏུ་ཆེ། རྟག་ཏུ་བྱང་ཆུབ་གྱི་སེམས་ལ་གོམས་པ། བཅོམ་ལྡན་འདས་ཤཱཀྱའི་རྒྱལ་པོ་དང༌། བྱམས་པ་དང༌། སྤྱན་རས་གཟིགས་གསུམ་ཡང་ཡང་ཞལ་གཟིགས། མངོན་ཤེས་ཐོགས་པ་མེད་པ་མངའ། ལན་ཅིག་བི་ཀྲ་མར་བཞུགས་པའི་ཚེ། སློབ་མ་དགེ་ཚུལ་ཞིག་ལ་ཁྱོད་ད་ལྟ་མྱུར་བར་སོང༌། གནངས་ཀྱི་ཉིན་པར་ཉི་མ་གུང་
ལ་ག་ཡའི་གྲོང་ཁྱེར་དུ་སླེབ་པ་གྱིས། རྡོ་རྗེ་གདན་གྱི་དགེ་འདུན་རྣམས་དང༌། དཀོན་གཉེར་རྣམས་དེ་ན་བྲམ་ཟེ་ཞིག་གིས་དུས་སྟོན་ལ་བོས་འོང་བར་འདུག བྱང་ཆུབ་ཆེན་པོ་བཞུགས་པའི་གནྡྷོ་ལ་ལ་མེའི་གནོད་པ་འོང་བར་འདུག་པས་དེ་རྣམས་ཁྲིད་ལ་མེ་སྣོལ་ཞིག་གསུང༌། དེས་ཕྱིན་པས་ལུང་བསྟན་པ་བཞིན་ག་ཡར་རྡོ་རྗེ་གདན་པ་རྣམས་དང་འཕྲད། ཁོ་བོའི་སློབ་དཔོན་གྱིས་ལུང་བསྟན་པ་ཡིན་ཡར་འདེངས་བྱས་པས་ཕྱེད་ཙམ་ཡིད་མ་ཆེས་པར་བསྡད། ལྷག་མ་ཕྱེད་ཙམ་དང་བཅས་རྡོ་རྗེ་གདན་དུ་འོངས་པས་རྡོ་རྗེ་གདན་གྱི་གནྡྷོ་ལ་ལ་མེ་ཤོར་ཏེ། ཕྱི་ནང་ཀུན་ཏུ་འབར་གྱིན་འདུག དེར་ལྷ་ལ་གསོལ་བ་འདེབས་ཀྱིན་མེ་བསད་པས་ལྷ་ཁང་ཞིག་པ་ཆེར་མ་བྱུང༌། རི་མོ་ཟུབས་པ་དང་ཤིང་ཚིག་པ་རྣམས་སློབ་དཔོན་གྱིས་གསོས། གཞན་ཡང་ཆོས་གཞི་ཉམས་པ་གསོས་པ་དང་གསར་དུ་བཙུགས་པའང་མ་ག་དྷཱ་དང༌། བྷཾ་ག་ལ་གཉིས་ཀ་ན་མང་བར་ཡོད། མཁས་པ་སྒོ་དྲུག་འདི་རྒྱལ་བོ་བྷེ་ཡ་པཱ་ལའི་རྒྱལ་སྲིད་སྐྱོང་བའི་སྟོད་ཀྱི་དུས་ནའང་ཡོད་དོ། །རྒྱལ་པོ་ཙ་ན་ཀ་འདས་བསྟན་པ་ལ་བྱ་བ་ཆེར་བྱས་ཀྱང་པཱ་ལའི་རིགས་མ་ཡིན་པས་བདུན་ལ་ནི་མི་བགྲང་ངོ༌། །འདི་དུས་ནས་བཟུང་ཁ་ཆེར་ཚད་མ་ཤིན་ཏུ་དར། རྟོག་གེ་པ་ཉི་མ་སྦས་པ་ཡང་བྱུང་ངོ༌། །རྒྱལ་པོ་ཙ་ན་ཀའི་སྐབས་ཀྱི་གཏམ་སྟེ་སོ་གསུམ་པའོ།། །།དེ་ནས་རྒྱལ་པོ་བྷེ་ཡ་པཱ་ལས་རྒྱལ་སྲིད་ལོ་སུམ་ཅུ་སོ་གཉིས་ཙམ་བྱས་ནའང༌། སྔར་གྱི་རྒྱུན་མ་ཉམས་པར་སྐྱོང་བའི་རྣམ་པ་ཙམ་ལས་བསྟན་པ་ལ་བྱ་བ་དམིགས་སུ་ཐོན་པ་ཆེར་མ་བྱུང༌། བི་ཀྲ་མ་ཤཱི་ལར་ནི་པནྚི་ཏ་བདུན་ཅུ་ཙམ་གྱི་པ་ཏྲ་ལས་མ་ཚུགས་ཏེ།
དེའི་ཕྱིར་འདི་ཡང་པཱ་ལ་བདུན་ལ་མི་བགྲང་ངོ༌། །རྒྱལ་པོ་འདིའི་དུས་ལ། མཁས་པ་སྒོ་དྲུག་འདས་པའི་འོག་ཙམ་དུ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤར་གྲགས་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་མཁན་པོར་སྤྱན་དྲངས། འདིས་ཨོ་ཏནྟ་པུ་རི་ཡང་བསྐྱངས། དེ་ནས་མི་རིང་བ་ན་མངའ་བདག་མཻ་ཏྲི་པའི་འཕྲིན་ལས་ཀྱང་དར་བ་ཡིན། མཻ་ཏྲི་པ་དཔལ་གྱི་རི་ནས་འཁོར་བའི་དུས། ཤཱནྟི་པ་སོགས་མཁས་པ་སྒོ་དྲུག་གི་དུས་ཡོལ་ནས་ལོ་ཡང་འགའ་རེ་སོང་བ་ཡིན་པས། སྔོན་གྱི་དོ་ཧ་འཆད་པ་རྣམས་ཀྱི་ལོ་རྒྱུས་ཆལ་ཆོལ་ལ་སྙིང་པོ་མེད་དོ། །གཞན་ཡང་དོ་ཧའི་ལོ་རྒྱུས་འཁྱམས་པོ་རྣམས་ན། མཻ་ཏྲི་པ་ནག་པོ་སྤྱོད་པའི་སྐྱེ་བ་ཡིན་པའི་ལུགས་སུ་བྱས། འབར་བའི་གཙོ་བོ་སྤྱོད་འཆང་ནག་པོ་ཞེས་ལོ་རྒྱུས་བསྲེས་པ་ཉོག་ཉོག་པོ་དག་ཡོད་པ་ལ་ཕྱོགས་ཞེན་གྱིས་ཡིད་བརྟན་དུ་བྱས་ནས། སྤྱོད་འཆང་ནག་པོ་བྱ་བ་ནག་པོ་སྤྱོད་པ་མིན་པ་ཞིག་བྱུང་བར་འདོད་པ་ཡང་སྙིང་པོས་དབེན་པ་སྟེ། སློབ་དཔོན་དཔག་མེད་རྡོ་རྗེའི་གཞུང་ཆུང་འགའ་རེ་ཡོད་པ་ལ་ལྟོས་ཤིག་འཁྲུལ་པ་སེལ་བར་འགྱུར་རོ། །རྒྱལ་པོ་བྷེ་ཡ་པཱ་ལ་དེའི་སྲས་ནེ་ཡ་པཱ་ལ་ཡིན་ཏེ། ཇོ་བོ་རྗེ་བོད་དུ་བྱོན་དུས་འདི་རྒྱལ་སྲིད་ལ་འཁོད་འཕྲལ་ཡིན་པར་རྣམ་ཐར་ཁུངས་མ་རྣམས་ནས་བཤད། བལ་ཡུལ་ནས་ཁོང་ལ་བརྫངས་པའི་འཕྲིན་ཡིག་གཅིག་ཀྱང་སྣང༌། རྒྱལ་སྲིད་ལོ་སུམ་ཅུ་སོ་ལྔ་བྱས། འདི་རྒྱལ་སྲིད་ལ་འཁོད་ནས་ལོ་དགུ་ནས་མངའ་བདག་མཻ་ཏྲི་པ་ཡང་འདས། རྒྱལ་པོ་འདིས་རྡོ་རྗེ་གདན་པ་ཆེན་པོར་གྲགས་པ་ལ་མཆོད་དེ། དེ་དགེ་བསྙེན་གྱི་དུས་ཀྱི་མཚན་པུཎྱ་ཤྲཱི། རབ་ཏུ་བྱུང་བའི་མཚན་པུཎྱ་ཨཱ་ཀ་ར་གུཔྟའོ། །གཞན་ཡང་ཨ་མོ་གྷ་བཛྲ་དང༌། ཤར་ཕྱོགས་སུ་བིརྱ་བྷ་དྲ་མངོན་ཤེས་ཅན་དང༌། དེ་ཝ་ཨཱ་ཀ་ར་ཙནྡྲ་དང༌། པྲ་ཛྙཱ་
རཀྵི་ཏ་དང༌། གཞན་ཡང་ནཱ་རོ་པའི་དངོས་ཀྱི་སློབ་མ་ཕལ་ཆེར་བཞུགས། ནཱ་རོ་པའི་དངོས་སློབ་དཔལ་མཆོག་ཌོཾ་བྷི་པ་དང༌། ཀནྟ་པའི་ལོ་རྒྱུས་གཞན་དུ་གསལ། ཀ་སོ་རི་པ་ནི་རྡོ་རྗེ་རྣལ་འབྱོར་མ་ཁོ་ན་བསྒྲུབས་པས་སྤྲིན་གྱི་གསེབ་ནས་ཞལ་རས་བསྟན་ཏེ། ཅི་འདོད་གསུང༌། ཉིད་ཀྱི་གོ་འཕང་ཐོབ་པར་མཛོད་ཞུས་པས་སྙིང་གར་ཐིམ། དེ་མ་ཐག་ཏུ་དངོས་གྲུབ་མང་པོ་ཐོབ་པར་གྱུར་ཏེ། དུར་ཁྲོད་རྣམས་སུ་སྟག་དང༌། ལྕེ་སྤྱང་ལ་སོགས་པས་གར་བྱེད་ཅིང་མཆོད་པ་འབུལ་བ་སྐལ་བ་དང་མི་ལྡན་པ་རྣམས་ཀྱིས་རྒྱང་མ་ནས་མཐོང་ཞིང་དྲུང་དུ་གཏུགས་པ་ན་ཡལ་འགྲོ་བ་ཞིག་ཡོད་སྐད། རི་རི་པ་ནི་སྦྱངས་སྟོབས་ཀྱི་ཤེས་རབ་ཤིན་ཏུ་ཆུང་བ་ཞིག་བྱུང༌། དཔལ་ནཱ་རོ་པས་འཁོར་ལོ་བདེ་མཆོག་ལ་བརྟེན་པའི་བསྐྱེད་རྫོགས་ཀྱི་གདམས་པ་ཉུང་ངུ་ཞིག་བསྟན་པས། དེ་ཁོ་ན་བསྒོམས་པས་གྲུབ་པ་ཐོབ། ཆོས་གང་ལ་ཡང་ཐོགས་པ་མེད་པའི་བློ་གྲོས་སྐྱེས། ནགས་ཀྱི་སྲོག་ཆགས་གདུག་པ་ཅན་བསེ་རུ་ལ་སོགས་པ་བཀུག་ནས་ཆིབས་ཤིང་གཤེགས། དེའི་ཚེ་གར་ལོག་གི་དམག་ཞིག་བྱུང་བ་ལ། ཝཱ་རཱ་ཎ་སཱིའི་ནུབ་ཕྱོགས་ཀྱི་ལམ་ཞིག་ཏུ་རྫས་སྔགས་ཀྱི་རྟེན་འབྲེལ་ཅུང་ཟད་མཛད། གར་ལོག་རྣམས་ཡོང་དུས་རྡོ་ཤིང་ས་འབར་འབུར་སོགས་ཡོད་ཚད་མི་རོ་ཁོ་ནར་མཐོང་ནས་ཕྱིར་ལྡོག་གོ །དེ་གཉིས་ཀར་ཡང་འཇའ་ལུས་སུ་གཤེགས་སོ། །པྲ་ཛྙཱ་རཀྵི་ཏ་ནི་དགེ་སློང་པནྚི་ཏ་ཆེན་པོ་ཞིག་ནཱ་རོ་པ་ལོ་བཅུ་གཉིས་བསྟེན་ཏེ་ཕ་རྒྱུད་དང༌། མ་རྒྱུད་ཀྱི་ཆོས་མང་དུ་གསན། ཁྱད་པར་མ་རྒྱུད་ལ་མཁས། ཡང་སྒོས་འཁོར་ལོ་སྡོམ་པ་ལ་ཆེས་མཁས་ཏེ། འགྲེལ་པའི་ལུགས་བཞི་དང༌། མན་ངག་གི་ལུགས་ཤིན་ཏུ་མང་བ་ཐུགས་སུ་ཆུད། ཨོ་ཏནྟ་པུ་རི་དང་ཉེ་བའི་གནས་
ཆུང་ངུ་ཞིག་ཏུ་ལོ་ལྔ་བསྒྲུབས་པས་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དང༌། འཇམ་དཔལ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པ་ཡི་དམ་གྱི་ལྷ་དཔག་ཏུ་མེད་པ་ཞལ་གཟིགས། འཁོར་ལོ་སྡོམ་པའི་རིགས་ཀྱི་དབང་བསྐུར་རང་ཡང་བདུན་ཅུ་ཙམ་མངའ་བར་གྲགས། ནུས་པ་ནི་ཤིན་ཏུ་ཆེ་སྟེ། བི་ཀྲ་མ་ལར་ལན་ཅིག་ཏུ་རུཥྐའི་དམག་བྱུང་བ་ལ་འཁོར་ལོ་སྡོམ་པའི་གཏོར་མ་ཆེན་པོ་ཞིག་མཛད་པས། དམག་གི་དབུས་སུ་ཐོག་ཆེན་པོ་བསྟུད་མར་ལན་བཞི་ལྷུངས། དམག་དཔོན་དང༌། དཔའ་བོ་མང་པོ་ཤི་ནས་ཕྱིར་ལྡོགམུ་སྟེགས་ཀྱི་རྒོལ་བ་བརྒྱད་ཙམ་རྩོད་པར་འོངས་པ་ལ། རྩོད་པའི་གྲལ་དུ་སྟ་སྟངས་མཛད་པས་དྲུག་ངག་ལྐུགས། གཉིས་མིག་ལོང༌། ཕྱིས་འགྲོལ་བར་ཡང་མཛད། འཁོར་ལོ་སྡོམ་པ་གཙོ་བོར་གྱུར་པའི་འགྲོ་དོན་ཆེར་མཛད་ནས། ནཱ་ལེནྡྲ་དང་ཉེ་བའི་ནགས་ཁྲོད་ཅིག་ཏུ་སྐུ་འདས། ཞག་བདུན་དུ་སྐུ་གདུང་གཡོ་བ་མེད་པར་ཞོག་གསུང་པ་ལྟར་སློབ་མ་རྣམས་ཀྱིས་བཞག་པས། ཞག་བདུན་ནས་གདུང་རང་ཡང་ཡལ་ནས་སོང༌། རི་རི་པ་ནི། རིག་ངན་གདོལ་པའི་རིགས་སུ་གྱུར་པ་ཞིག་ཡིན་པ་ལས། ནཱ་རོ་པ་ཆེན་པོ་མཐོང་རེས་ཀྱིས་དགའ་བ་དང༌། དད་པའི་ཤུགས་ཆེར་སྐྱེས་ནས་ལུས་རེངས་ཤིང་བརྒྱལ་འགྲོ་བ་ཞིག་བྱུང༌། དེར་རྣལ་འབྱོར་པ་བྱས་ཏེ། ནམ་ཞིག་ན་ཡོ་བྱད་མང་པོ་བསགས། ནཱ་རོ་པ་ལ་འཁོར་ལོ་སྡོམ་པའི་དབང་བསྐུར་བ་ཞུས་ཏེ་རྩེ་གཅིག་ཏུ་བསྒོམས་པས། བསྐྱེད་རིམ་བསྒོམས་པ་ལས་ཀྱང་རླུང་སེམས་དབུ་མར་འགགས་ཤིང་གཏུམ་མོའི་ཉམས་མྱོང་སྐྱེས་ཏེ། སྔོན་གྱི་ལས་འཕྲོས་སད་པ་ཡིན་གསུང༌། མི་རིང་བར་དངོས་གྲུབ་མཆོག་ཐོབ། ནཱ་རོ་པའི་འཁོར་དུ་གཤེགས་པའི་ཚེ་ཡང་ཆོས་
ཉན་པ་དང༌། དགོས་དོན་ཡོད་པའི་ཚེ་ལུས་སྣང་བར་བྱེད། ཕལ་ཆེར་མི་སྣང་བའི་ཚུལ་གྱིས་འགྲོ་བ་ཞིག་གོ །སློབ་དཔོན་དཔེ་མེད་མཚོ་ཡང་དུས་འདིར་བྱུང་སྟེ། རིག་གནས་ཐམས་ཅད་དང་དུས་ཀྱི་འཁོར་ལོ་ལ་མཁས་པའི་དགེ་སློང་པཎྜི་ཏ་ཞིག་འཕགས་པ་སྤྱན་རས་གཟིགས་སྒྲུབ་ཅིང༌། ཁ་སརྤ་ཎིར་ལོ་བཅུ་གཉིས་གཡེང་བ་སྤངས་ཏེ་བརྩོན་འགྲུས་བརྩམས་པས་ཀྱང་ལྟས་ཅང་མ་བྱུང་སྟེ། ལན་ཅིག་མནལ་དུ་སོང་བས་མནལ་ལམ་དུ། ཁྱོད་བི་ཀྲ་མ་པུ་རིར་སོང་ཞིག་ཅེས་ལུང་བསྟན་བྱུང༌། སློབ་མ་ལེགས་པའི་བུ་དང་ལྷན་ཅིག་དེར་སོང་བ་ལས། གྲོང་ཁྱེར་དེའི་དུས་སྟོན་གྱི་ཟློས་གར་ཆེན་པོ་མཐོང༌། དེའི་རྐྱེན་གྱིས་སྣང་བ་ཐམས་ཅད་སྒྱུ་མ་ལྟ་བུར་གཟིགས་པའི་ཏིང་ངེ་འཛིན་སྐྱེས། ནམ་ཕྱེད་ན་ལྷག་པའི་ལྷ་ཨ་ཝ་ངྷུ་ཏཱི་པའི་ཆ་བྱད་དུ་བྱོན་ནས། བུ་དེ་ཁོ་ན་ཉིད་ནི་འདི་ཡིན་ནོ། །ཞེས་གསུངས་པ་ཙམ་གྱིས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ། དེ་ནས་སློབ་མ་རྣམས་ཀྱི་དོན་དུ་བསྟན་བཅོས་ཀྱང་འགའ་རེ་མཛད་ཅིང༌། སློམ་མ་ཐམས་ཅད་ཀྱང་རྣལ་འབྱོར་ཡན་ལག་དྲུག་པའི་ཏིང་ངེ་འཛིན་ནམ། རྗེས་དྲན་གྱི་ཡོན་ཏན་སྐྱེས་པ་ཤ་སྟག་ཡིན་སྐད་དོ། །དེའི་ཚེ་རྟོག་གེ་ལ་མཁས་པ་ཡ་མཱ་རི་ཡང་བྱུང༌། དེ་ནི་སྒྲ་ཚད་གཙོ་བོར་གྱུར་པའི་རིག་གནས་ཀུན་ལ་མཁས་ཀྱང་བུ་སྨད་གསུམ་གྱི་འཚོ་བ་ཙམ་ཡང་མི་བྱེད་པའི་ཤིན་ཏུ་བཀྲེན་པ་ཞིག་ཡོད་པ་ལ། ཤར་ཕྱོགས་ནས་རྣལ་འབྱོར་བ་ཞིག་རྡོ་རྗེ་གདན་དུ་འབྱོན་པའི་ལམ་དུ་ཁོང་ལ་གནས་ཚང་གཡར། དེར་ཕོངས་བའི་གཏམ་བྱས་པས། ཁྱེད་པནྚིཏ་རྣལ་འབྱོར་པ་ལ་བརྙས་ཏེ་ཆོས་མི་ཞུ་སྟེ་འོང༌། འབྱོར་པ་ཐོབ་པའི་ཐབས་
ང་ལ་ཡོད་དེ་གསུང༌། གནང་བར་ཞུས་པས། པི་ཙུ་རིའི་ཤིང་འབྲས་དང༌། ཙནྡན་གྱི་ལྡེ་གུ་སོགས་སྟ་གོན་གྱིས་ཤིག རྡོ་རྗེའི་གདན་འཁོར་ནས་བྱའོ་གསུང༌། ཚུར་ལམ་ནོར་རྒྱུན་མའི་བྱིན་རླབས་ཤིག་མཛད། དེས་ཀྱང་བསྒྲུབས་པས་ལོ་དེ་ཉིད་ནས་རྒྱལ་པོས་མངའ་ཐང་ཆེར་གཏོད། བི་ཀྲ་མ་ཤཱི་ལར་པ་ཏྲ་ཆེར་ཐོབ། དུས་འདི་ཙམ་ན་ཁ་ཆེའི་ཡུལ་ན་ཡང་བྲམ་ཟེ་བདེ་བྱེད་དགའ་བ་ཞེས་བྱ་བ་བྱུང་སྟེ་གཞུང་ལུགས་སྤྱི་དང༌། ཚད་མ་ལའང་ཤིན་ཏུ་མཁས་པས། ཆོས་ཀྱི་གྲགས་པ་འགོག་པའི་ཚད་མ་གསར་པ་ཞིག་བྱའོ་སྙམ་པ་ལ། རྨི་ལམ་དུ་འཇམ་དཔལ་གྱིས་ཆོས་ཀྱི་གྲགས་པ་ནི་འཕགས་པ་ཡིན་པའི་ཕྱིར་དགག་མི་ནུས་ལ། སྐྱོན་དུ་མཐོང་བ་དེ་དག་ཀྱང་ཁྱོད་ཉིད་ཀྱི་བློ་སྐྱོན་ནོ་ཞེས་གསུངས་པས། སླར་བཤགས་པ་མཛད་དེ་སྡེ་བདུན་ལ་འགྲེལ་པ་བརྩམས། ལོངས་སྤྱོད་སྐུ་བསོད་ཤིན་ཏུ་ཆེ་བར་བྱུང་ཞེས་གྲགས་སོ། །འགྲེལ་པ་ཆོས་མཆོག་གི་ཚིག་རིས་ལ་བདེ་བྱེད་དགའ་བ་བྱུང་ཟིན་པའི་ཚིག་ཡོད་པ་ལྟར་སྣང་བ་ནི་གཞན་ཕན་བཟང་པོའི་དཔེ་ལ་མཆན་བུ་དཀྱུས་ཤོར་བྱུང་བའི་སྐྱོན་ནོ་ཞེས་ཀྱང་གྲགས་སོ། །རྒྱལ་པོ་བྷེ་ཡ་པཱ་ལ་དང༌། ནེ་ཡ་པཱ་ལའི་དུས་ཀྱི་གཏམ་སྟེ་སོ་བཞི་པའོ།། །།ནེ་ཡ་པཱ་ལའི་བུ་ཨ་མྲ་པཱ་ལ་ཡིན་ལ། དེས་ལོ་བཅུ་གསུམ་རྒྱལ་སྲིད་བསྐྱངས། དེའི་རིང་ལ་སློབ་དཔོན་རཏྣ་ཨཱ་ཀ་ར་གུཔྟས་རྡོ་རྗེ་གདན་གྱི་མཁན་པོ་མཛད་པའི་དུས་ཡིན། ཨ་མྲ་པཱ་ལ་འདས་པའི་དུས་བུ་ཧསྟི་པཱ་ལ་ཆུང་ངུར་ཡོད་པས་རྒྱལ་སྲིད་མ་ཟིན་གྱིས་དོགས་ཏེ། བློན་པོ་བཞི་ཁྲིམས་བུ་ཆུང་བཅས་ནས་ལོ་བརྒྱད་ཙམ་རྒྱལ་སྲིད་བསྐྱངས། དེ་ནས་ཧསྟི་པཱ་ལ་རྒྱལ་སྲིད་དུ་བསྐོས་ཏེ་ལོ་བཅོ་ལྔ་ཙམ་
རྒྱལ་སྲིད་བྱས། དེ་ནས་དེའི་མ་སྤུན་ཀྵནྟི་པཱ་ལས་རྒྱལ་སྲིད་ལོ་བཅུ་བཞི་ཙམ་བྱས། དེ་དག་གི་རིང་ལ་རཏྣ་ཨཱ་ཀ་ར་གུཔྟ་སཽ་རིར་བཞུགས་པའི་དུས་སོ། །རྒྱལ་པོ་འདི་གཉིས་ཀྱི་རིང་ལ་སྔར་ནེ་ཡ་པཱ་ལའི་དུས་སུ་སྨོས་པའི་སློབ་དཔོན་དེ་དག་ཀྱང་ཅི་རིགས་པར་བཞུགས་ཤིང༌། མཻ་ཏྲི་པ་དང༌། དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནའི་སློབ་མ་པི་ཊོ་པ་ཆེན་པོ་དང༌། དྷརྨཱ་ཀ་ར་མ་ཏི་དང༌། སའི་སྙིང་པོ་དང༌། དབུ་མའི་སེང་གེ བཤེས་གཉེན་གསང་བ་སྟེ་ཐུགས་སྲས་ལྔ་པོ་དང༌། གཞན་ཛྙཱ་ན་ཤྲཱི་མི་ཏྲ་ཞེས་བྱ་བ་ལ་སོགས་པ། ཆོས་སྨྲ་བའི་པནྚི་ཏ་སུམ་ཅུ་རྩ་བདུན་པོ་རྣམས་ཀྱི་འགྲོ་བའི་དོན་གྱི་དུས་ཡིན། མ་ཎི་ཀ་ཤྲཱི་དང༌། ཁ་ཆེ་བྱང་ཆུབ་བཟང་པོ་དང༌། བལ་པོའི་ཡུལ་དུ་ཕམ་ཐིང་པ་སྐུ་མཆེད་དང༌། ཡེ་ཤེས་རྡོ་རྗེ་དང༌། རྒྱ་གར་ཕྱག་ན་ལ་སོགས་པས་འགྲོ་དོན་མཛད་པའི་དུས་སུ་མངོན་ནོ། །སྒྲ་གཅན་འཛིན་བཤེས་གཉེན་ཟེར་བ་གསང་འདུས་ཀྱི་རས་བྲིས་དཀྱིལ་ཆོག་རྩོམ་པ་པོ་དང༌། བལ་པོར་ནཱ་རོའི་སློབ་མ་རྒྱ་གར་དཱ་རི་ཀ་པ་ཟེར་བ་ལཱུ་ཡི་པའི་དབང་ཆོག་རྩོམ་མཁན་དེ་ཡང་བྱུང་སྟེ། འདི་དག་འཕགས་པ་ལྷའི་དངོས་སློབ་སྒྲ་ཅན་འཛིན་དང༌། གྲུབ་ཆེན་དཱ་རི་ཀ་པར་ངོས་འཛིན་ཞིང༌། ཐེ་ཚོམ་ཟ་བཞིན་དུ་དེ་དེ་ཡིན་དུ་རེ་བས་ཐག་གཅོད་པ་ནི་ཡ་མཚན་གྱི་གནས་སོ། ཁྱད་པར་སྠི་ར་པཱ་ལ་སྟེ་པཎྜི་ཏ་ཆེན་པོ་བརྟན་སྐྱོང་འབུམ་ཕྲག་གསུམ་པས་བི་ཀྲ་མ་ཤཱི་ལར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྒྱས་པར་བཤད་ཅིང༌། གཞན་ཡང་པཎ་གྲུབ་ཏུ་བགྲང་བ་ནི་བསམ་གྱིས་མི་ཁྱབ་པ་བྱུང་ནའང༌། གཅིག་ཏུ་གྲགས་ཆེ་བ་གཞན་ཆེར་མ་བྱུང་བ་འདྲའོ། །རྒྱལ་པཽ་དེ་གསུམ་གྱི་རིང་ལ་བསྟན་པ་སྔར་འཁྱུད་བཞིན་བསྐྱངས་མོད་ཀྱི། བྱ་བ་ངོ་མཚར་
ཅན་ལྷག་པོར་བྱས་པ་མེད་པས་བདུན་གྱི་གྲངས་སུ་མི་བགྲང་ངོ༌། ཨ་མྲ་པཱ་ལ་དང༌། ཧ་སྟེ་པཱ་ལ་དང༌། ཀྵནྟི་པཱ་ལའི་དུས་སྐབས་ཀྱི་གཏམ་སྟེ་སོ་ལྔ་པའོ།། །།ཧ་སྟི་པཱ་ལའི་བུ་རྒྱལ་པོ་རཱ་མ་པཱ་ལ་ཡིན་ཏེ། གཞོན་ནུ་ཉིད་ལ་རྒྱལ་སྲིད་དུ་བསྐོས་པས་ཀྱང་བློ་གྲོས་ཤིན་ཏུ་ཆེ་ཞིང༌། མངའ་ཐང་ལྷག་པར་རྒྱས་པ་ཞིག་བྱུང་སྟེ། དེ་རྒྱལ་སྲིད་དུ་འཁོད་ནས་མི་རིང་བ་ན། སློབ་དཔོན་ཆེན་པོ་ཨ་བྷ་ཡཱ་ཀ་ར་གུཔྟ་རྡོ་རྗེ་གདན་གྱི་མཁན་པོར་སྤྱན་དྲངས། དེ་ནས་ལོ་མང་ཞིག་སོང་བ་ན་བི་ཀྲ་མ་ཤཱི་ལ་དང༌། ནཱ་ལེནྡྲའི་མཁན་པོར་སྤྱན་དྲངས། དེ་སྐབས་སྔོན་གྱི་རིམ་པ་དང་མི་འདྲ་བར་གྱུར་ཏེ། བི་ཀྲ་མ་ཤཱི་ལར་པནྚི་ཏ་བརྒྱ་དྲུག་ཅུ་ཙམ་རེ་དང༌། གཏན་དུ་བཞུགས་པའི་དགེ་སློང་སྟོང་རེ་ཡོད་ཅིང༌། མཆོད་པ་ལ་སོགས་པའི་དུས་དུས་སུ་རབ་བྱུང་ལྔ་སྟོང་རེ་འདུ། རྡོ་རྗེ་གདན་དུ་རྒྱལ་པོས་འཚོ་བ་སྦྱར་བའི་ཐེག་ཆེན་པ་བཞི་བཅུ་རེ་དང༌། ཉན་ཐོས་ཀྱི་དགེ་སློང་ཉིས་བརྒྱ་རེ་རྟག་ཏུ་བཞུགས་ཤིང༌། དུས་དུས་སུ་ཉན་ཐོས་ཀྱི་དགེ་སློང་ཁྲི་ཕྲག་རེ་འཚོགས་པ་བྱུང༌། ཨོ་ཏནྟ་པུ་རིར་ཡང་རྟག་ཏུ་དགེ་སློང་སྟོང་ཕྲག་རེ་བཞུགས། ཐེག་པ་ཆེ་ཆུང་གི་སྡེ་གཉིས་ཆར་ཡོད་ཅིང༌། དུས་དུས་སུ་རབ་ཏུ་བྱུང་བ་རྣམས་འདུས་པ་སྟོང་ཕྲག་བཅུ་གཉིས་རེ་འབྱུང་བར་གྲགས། ཐེག་ཆེན་པ་མཐའ་དག་གི་གཙུག་གི་ནོར་བུ་སློབ་དཔོན་ཨ་བྷ་ཡཱ་ཀ་ར་ཡིན་ལ། ཉན་ཐོས་རྣམས་ཀྱིས་ཀྱང་འདུལ་བ་འཛིན་པ་ཆེན་པོ་ཞེས་གུས་པས་རབ་ཏུ་བཏུད་དོ། །སློབ་དཔོན་དེའི་རྣམ་པར་ཐར་པ་ནི་གཞན་དུ་ཤེས། ཁྱད་པར་བསྟན་པ་ལ་དག་ཐེར་ཆེར་མཛད་དེ། དེ་ཉིད་ཀྱིས་མཛད་པའི་གསུང་རབ་རྣམས་ཕྱིས་ལྷག་པར་དར་ཏེ། བར་སྐབས་ངག་སྒྲོས་ཉམས་པ་སྣ་
ཚོགས་པ་དག་མི་སྐྱོང་བར་སློབ་དཔོན་འདིའི་གསུང་གི་གཞུང་སྲོང་བ་ད་ལྟའི་བར་དུ་ཡང་རྒྱ་གར་གྱི་ཐེག་ཆེན་པ་རྣམས་ལ་སྣང་ངོ༌། །ཕྱིས་བྱོན་པའི་སློབ་དཔོན་རཏྣ་ཀ་ར་ཤཱནྟི་པ་དང༌། སློབ་དཔོན་འདི་གཉིས་དུས་ཀྱི་དབང་གིས་བསྟན་འགྲོ་ལ་ཕན་ཐོགས་ཆེ་ཆུང་མ་གཏོགས། སྔོན་གྱི་སློབ་དཔོན་ཆེན་པོ་བ་སུ་བནྡྷཱུ་སོགས་དང་ཡོན་ཏན་མཉམ་པ་ཡིན་པར་གྲགས་སོ། །དེ་ཡང་སྔར་གྱི་རྒྱལ་པོ་དྷརྨ་པཱ་ལ་འདས་པ་ཕྱིན་ཆད་ནས། བྷཾ་ག་ལའི་རྒྱལ་ཁམས་དང༌། གངྒཱའི་བྱང་ངོས་ཀྱི་གྲོང་ཁྱེར་འཐབ་མེད་ལ་སོགས་པ་ཆུ་བོ་ཡ་མུ་ནའི་ཤར་ནུབ་ཀྱི་ཡུལ་ཀུན་དང༌། ཝཱ་རཱ་ཎ་སཱི་ནས། མ་ལ་ཝ་ལ་ཐུག་གི་བར་གྱི་པྲ་ཡ་ཀ བཅོམ་བརླག ཀུ་རུ། ལྔ་ལེན། ཨ་གར། ས་ག་རི། ཌི་ལི་ལ་སོགས་པ་རྣམས་སུ་མུ་སྟེགས་དང༌། ཁྱད་པར་ཀླ་ཀློའི་ཆོས་ལུགས་འཛིན་པ་ཇེ་མང་ཇེ་མང་དུ་གྱུར་ལ། ཀཱ་མ་རཱུ་དང༌། ཏི་རཱ་ཧུ་ཏི་དང༌། ཨོ་ཌི་བི་ཤ་རྣམས་སུའང་མུ་སྟེགས་མང་པོར་གྱུར། མ་ག་དྷཱའི་ཡུལ་དུ་ནི་སངས་རྒྱས་པ་སྔོན་ལས་ཀྱང་དར་བ་ཙམ་དུ་དགེ་འདུན་དང༌། རྣལ་འབྱོར་པའི་སྡེ་ལྷག་པར་འཕེལ་ལོ། །སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་འདི་ནི་མཁྱེན་པ་དང༌། ཐུགས་རྗེ་དང༌། ནུས་མཐུ་དང༌། དབང་ཕྱུག་ཕུན་སུམ་ཚོགས་པས་བསྟན་པ་ཡོངས་སུ་རྫོགས་པར་འཛིན་པའི་སློབ་དཔོན་ཆེན་པོ་གྲགས་ཆེ་བ་བྱུང་བའི་རྟིང་མ་ལྟ་བུར་ཡང་གྲགས་ལ་ཕྱོགས་མཐུན་དུ་དེ་ལྟར་བྱུང་བར་ཡང་སྣང་ངོ༌། །དེས་ན་རྒྱལ་བ་སྲས་བཅས་རྣམས་ཀྱི་དགོངས་པ་ཕྱི་རབས་ཀྱི་སེམས་ཅན་རྣམས་ལ་ངག་ལོན་དུ་བཞག་པ་ལྟ་བུ་ཡིན་པས་དེས་མཛད་པའི་བསྟན་བཅོས་ཁྱད་པར་ཅན་རྣམས་ལ། རྒྱན་དྲུག་གི་ཕྱིས་བར་སྐབས་
སུ་བྱོན་པའི་སློབ་དཔོན་རྣམས་ཀྱི་གསུང་ལས་ལྷག་པ་ཙམ་དུ་གུས་པ་བསྐྱེད་དགོས་ཤིང༌། ལེགས་བཤད་ཆེ་བར་ཡང་མངོན་སུམ་གྱིས་གྲུབ་བོ། །རྒྱལ་པོ་རཱ་མ་པཱ་ལ་འདིས་རྒྱལ་སྲིད་ལོ་བཞི་བཅུ་ཞེ་དྲུག་ཙམ་བྱས་ཏེ། སློབ་དཔོན་ཨ་བྷ་ཡཱ་ཀ་ར་སྐུ་འདས་ནས་ཀྱང་ལོ་ཤས་རྒྱལ་སྲིད་བྱས་སོ། །དེ་ནས་རྒྱལ་པོ་ཉིད་མ་ཤི་བའི་སྔོན་དུ་བུ་ཡཀྵ་པཱ་ལ་ཞེས་བྱ་བ་རྒྱལ་སྲིད་དུ་བསྐོས། ལོ་གསུམ་ནས་རཱ་མ་པཱ་ལ་འདས། དེ་རྗེས་ཡཀྵ་པཱ་ལས་ལོ་གཅིག་རྒྱལ་སྲིད་བྱས། དེ་ནས་བློན་པོ་ལ་ཝ་སེ་ན་ཞེས་བྱ་བས་རྒྱལ་སྲིད་ཕྲོགས་ཏེ། དེ་དག་གི་རིང་ལ་བི་ཀྲ་མ་ཤཱི་ལར་སློབ་དཔོན་ཤུ་བྷ་ཨཱ་ཀ་ར་གུཔྟ་དང༌། རྡོ་རྗེ་གདན་ན་ཙ་མི་སངས་རྒྱས་གྲགས་པ་བཞུགས། རྒ་ལོའི་ལོ་རྒྱུས་དཀྱུས་མ་ལྟར་ན་ཁོང་རང་བོད་དུ་འབྱོན་ཁར་ཡང་ཨ་བྷ་ཡཱ་ཀ་ར་བཞུགས་རྒྱུ་བྱས་འདུག་ནའང༌། དང་པོར་སློབ་དཔོན་ཨ་བྷ་ཡཱ་ཀ་ར་མཇལ་ནས། ཡུན་རིང་བསྟེན་ལོང་མ་བྱུང་བར་མངོན་ལ། བོད་དུ་འཁོར་བྱོན་པའི་དུས་ན། ལ་ཝ་སེ་ན་རྒྱལ་སྲིད་ལ་ཡོད་པའི་དུས་སོ། །ཡཀྵ་སེ་ན་ཕྱིན་ཆད་ནས། པཱ་ལའི་རིགས་ཀྱི་རྒྱལ་རིགས་ཕལ་པ་མང་དུ་བྱུང་ཞིང༌། ད་ལྟར་ཡང་ཡོད་མོད་རྒྱལ་སྲིད་ཟིན་པ་ནི་མ་བྱུང་ངོ༌། །པཱ་ལའི་རིགས་ཀྱི་རྒྱལ་རིགས་འདི་ཀུན་ཉི་མའི་རིགས་ཡིན་ཟེར་ཞིང༌། ཙནྡྲའི་རིགས་དང༌། སེ་ནའི་རིགས་གཉིས་ཀར་རྩ་བའི་རིགས་གཅིག་སྟེ་ཟླ་བའི་རིགས་སོ། །རྒྱལ་པོ་རཱ་མ་པཱ་ལའི་དུས་སྐབས་ཀྱི་གཏམ་སྟེ་སོ་དྲུག་པའོ།། །།ལ་ཝ་སེ་ནའི་བུ་ཀཱ་ས་སེ་ན། དེའི་བུ་མ་ཎི་ཏ་སེ་ན། དེའི་བུ་ར་ཐཱི་ཀ་སེ་ན་རྣམས་བྱུང་སྟེ། དེ་དག་གིས་སོ་སོར་རྒྱལ་སྲིད་ལོ་གྲངས་ཇི་ལྟར་བཟུང་གསལ་ཁ་མི་སྣང་ཡང༌། བཞི་ཆར་བསྡོམས་པ་ལ་ལོ་བརྒྱད་ཅུར་ཉེ་བ་
ཞིག་ལས་མ་སོང་ངོ༌། །དེ་དག་གི་རིང་ལ་ཤུ་བྷཱ་ཀ་ར་གུཔྟ་དང༌། ར་ཝི་ཤྲཱི་ཛྙཱ་ན་དང༌། ན་ཡ་ཀ་བ་ཤྲཱི་དང༌། ད་ཤ་བྷ་ལ་ཤྲཱི་དང༌། དེ་དག་ལས་ཅུང་ཕྱི་བར་ཆོས་འབྱུང་ཞི་བ་དང༌། དཔལ་རྣམ་པར་གྲགས་པའི་ལྷ་དང༌། ནཥྐི་ལངྐ་དེ་ཝ་དང༌། དྷརྨཱ་ཀ་ར་གུཔྟ་ལ་སོགས་པ་ཨ་བྷ་ཡཱ་ཀ་རའི་རྗེས་སུ་འབྲང་བའི་མཁས་གྲུབ་དུ་མས་སངས་རྒྱས་ཀྱི་བསྟན་པ་བཟུང༌། རྒྱལ་པོ་ར་ཐཱི་ཀ་སེ་ནའི་དུས་ན། ཁ་ཆེའི་པནྚི་ཏ་ཆེན་པོ་ཤཱཀྱ་ཤྲི་བྷ་དྲ་དང༌། བལ་བོ་བུདྡྷ་ཤྲཱི་དང༌། སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་དང༌། མཁས་པ་ཆེན་པོ་ཛྙཱ་ན་ཨཱ་ཀ་ར་གུཔྟ་དང༌། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང༌། མཁས་པ་ཆེན་པོ་སཾ་གྷ་མ་ཛྙཱ་ན་དང༌། ར་ཝེ་ཤྲཱི་བྷ་ཏྲ་དང༌། ཙནྡྲ་ཨཱ་ཀ་ར་གུཔྟ་ལ་སོགས་པ་སྡོམ་བརྩོན་རྡོ་རྗེ་འཛིན་པ་གསུང་རབ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་མང་པོ་བྱོན་ཏེ། མ་ཧཱནྟ་ཉི་ཤུ་རྩ་བཞིར་གྲགས་པ་རྣམས་བྱུང་ངོ༌། །དེ་ལ་པཎ་ཆེན་ཤཱཀྱ་ཤྲཱིའི་ལོ་རྒྱུས་ནི་གྲགས་ཆེ་བ་ལྟར་ཡིན་ལ། བལ་པོ་བུདྡྷ་ཤྲཱིས་ཀྱང་བི་ཀྲ་མ་ཤཱི་ལར་ཕལ་ཆེན་སྡེ་བའི་གནས་བརྟན་ཅུང་ཟད་མཛད། སླར་བལ་པོའི་ཡུལ་དུ་ཕར་ཕྱིན་དང་གསང་སྔགས་སོགས་མང་དུ་གསུངས། སྤྱོད་པ་ཅི་བདེར་མཛད་དོ། །སློབ་དཔོན་ཆེན་པོ་རཏྣ་རཀྵི་ཏ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། རིག་གནས་སྤྱི་ལ་ཤཱཀྱ་ཤྲཱི་དང་མཁྱེན་པ་མཉམ་པ། ཚད་མ་ལ་ཤཱཀྱ་ཤྲཱི་མཁས། གསང་སྔགས་ལ་འདི་ཉིད་མཁས་པར་གྲགས་ཤིང༌། བྱིན་རླབས་དང་ནུས་མཐུ་ཡང་མཉམ་མོ་ཞེས་གྲགས་པ་ཞིག་ཡིན་ལ། སྡེ་པ་ཕལ་ཆེན་པ་ཡིན། བི་ཀྲ་མ་ཤཱི་ལར་སྔགས་ཀྱི་སློབ་དཔོན་མཛད། འཁོར་ལོ་སྡོམ་པ་དང༌། དུས་ཀྱི་འཁོར་ལོ་དང༌། གཤེན་རྗེ་གཤེད་སོགས་ཡི་
དམ་དཔག་ཏུ་མེད་པ་ཞལ་གཟིགས། ལན་ཅིག་པོ་ཏ་ལ་ན་འཕགས་པ་སྤྱན་རས་གཟིགས་ལ་ཀླུ་དང་ལྷ་མ་ཡིན་རྣམས་ཀྱིས་མཆོད་པའི་རོལ་མོའི་སྒྲ་ལས་སྟོང་པ་ཉིད་བཅུ་དྲུག་གི་གཏམ་བྱུང་བ་ཡང་གསན། དབང་བསྐུར་ཚད་ལ་ཡེ་ཤེས་ཕེབས་པར་ནུས། གཏོར་མ་མཁའ་འགྲོས་དངོས་སུ་ལེན། གླང་པོ་ཆེ་སྨྱོན་པ་ལ་ལྟ་སྟངས་མཛད་པས་ལུས་རེངས། མ་གྷ་དྷཱ་འཇོམས་པ་ཡང་ལོ་གཉིས་ཀྱི་སྔོན་དུ་ལུང་བསྟན་ཏེ། སློབ་མ་ཡིད་བརྟན་པ་མང་བོ་དེ་དུས་ནས་ཁ་ཆེ་དང་བལ་པོར་སོང༌། མ་ག་དྷཱ་ཉམས་སྨད་པའི་ཚེ་བྱང་ཕྱོགས་སུ་བྱོན། ཏི་རཱ་ཧུ་ཏིར་ལམ་དུ་ནགས་ཀྱི་མ་ཧེ་གནོད་པ་བྱེད་དུ་བྱུང་བ་ལ་ལྟ་སྟངས་མཛད་པས་དབང་དུ་འདུས་ཏེ་ཞབས་ལ་ལྕེས་ལྡགས། དཔག་ཚད་ཙམ་དུ་སྐྱེལ་བར་བྱུང༌། བལ་པོའི་ཡུལ་དུ་འགྲོ་བའི་དོན་ཆེན་མཛད་ཅིང༌། བོད་དུ་ཡང་ཡུད་ཙམ་ཞིག་ཕེབས། སྡོམ་འབྱུང་གི་འགྲེལ་པ་མཛད། ཛྙཱ་ན་ཨཱ་ཀ་ར་གུཔྟ་ནི། བྱམས་པའི་ཞལ་མངོན་སུམ་དུ་གཟིགས་པ་ཞིག་ཡིན་ལ། བུདྡྷ་ཤྲཱི་མི་ཏྲ་ནི། མནལ་ལམ་དུ་རྡོ་རྗེ་ཕག་མོ་ལ་ཆོས་གསན་པ། ཕྱག་རེས་ཀྱང་གླང་པོ་ཆེ་གནོན་པ་སོགས་གྲུབ་པའི་ལྟས་ངོ་མཚར་ཅན་དང་བཅས་པ་ཞིག་ཡིན་པར་འདུག གཞན་དེ་ཀུན་ཡང་རིག་པའི་གནས་ཐམས་ཅད་ལ་མཁས་ཤིང་ཡི་དམ་ལྷ་ཞལ་གཟིགས་པ་དང༌། རྫོགས་རིམ་གྱི་ཡོན་ཏན་ཁྱད་པར་ཅན་མངའ་བ་ཤ་སྟག་ཡིན་པར་སྣང་ནའང༌། སོ་སོའི་ལོ་རྒྱུས་ངེས་ཅན་མཐོང་ཐོས་མ་བྱུང་བས་འདི་ལྟའོ་ཞེས་བཤད་པར་མི་ནུས་སོ། །བཛྲ་ཤྲཱི་ནི། སྟོབས་བཅུ་པའི་སློབ་མ་དུས་དེ་ཙམ་ན་ཡང་དགུང་ལོ་བརྒྱ་ཙམ་བཞེས་པ། དེའི་རྗེས་སུ་ཡང་ལོ་བརྒྱར་ཉེ་བ་བཞུགས་ཤིང༌། འགྲོ་བའི་དོན་ཆེན་མཛད། བགྲེས་
འཁོགས་པའི་རྣམ་པ་མི་མངའ། ལྷོ་ཕྱོགས་སུ་སྐལ་ལྡན་སྟོང་ཕྲག་དུ་མ་སྔགས་ཀྱི་ཐེག་པར་སྨིན་ཞིང་གྲོལ་བར་མཛད་དོ། །སེ་ན་བཞི་པོ་དེ་དག་གི་རིང་ལ་མ་ག་དྷཱར་ཡང་མུ་སྟེགས་པ་ཇེ་འཕེལ་དུ་སོང་ཞིང༌། སྟག་གཟིགས་ཀླ་ཀློའི་གྲུབ་མཐའ་འཛིན་པ་ཡང་མང་དུ་བྱུང༌། ཨོ་ཏནྟ་པུ་རི་དང༌། བི་ཀྲ་མ་ཤཱི་ལར་རྒྱལ་པོས་ཀྱང་རྫོང་གི་རྣམ་པ་ཅུང་ཟད་བྱས་ཏེ། དམག་མི་འགའ་རེས་སྲུང་བ་བྱུང༌། རྡོ་རྗེ་གདན་དུ་ཐེག་ཆེན་གྱི་སྡེ་མ་ཚུགས། རྣལ་འབྱོར་པ་དང་ཐེག་ཆེན་པ་འགའ་རེས་ཆོས་གསུང་པ་ནི་བྱུང༌། དབྱར་གནས་ལ་ཉན་ཐོས་སེནྡྷ་པ་ཁྲི་ཙམ་རེ་འདུགཆོས་གཞི་གཞན་རྣམས་ཕལ་ཆེར་ནི་ནུབ་པ་ལྟར་སོང༌། བི་ཀྲ་མ་ཤཱི་ལ་དང་ཨོ་ཏནྟ་པུ་རི་གཉིས་སུ་ཨ་བྷ་ཡཱ་ཀ་རའི་དུས་དང་ཚོགས་པ་མཉམ་པ་ཙམ་བྱུང་ཟེར་རོ། །རྒྱལ་པོ་ར་ཐཱི་ཀ་འདས་ནས། ལ་ཝངྶེ་ན་ཞེས་བྱ་བས་རྒྱལ་སྲིད་བསྐྱངས་པ་ལས་ལོ་འགའ་ཞིག་བདེ་བར་བྱུང༌། དེ་ནས་གངྒཱ་དང༌། ཡ་མུ་ནའི་བར་གྱི་ཡུལ་ཨནྟར་བྷི་དིའི་ཡུལ་དུ་ཏུ་རུཥྐའི་རྒྱལ་པོ་ཟླ་བ་ཞེས་བྱ་བ་བྱུང༌། དགེ་སློང་འགའ་རེས་རྒྱལ་པོའི་ཕོ་ཉ་བྱས་པས་རྐྱེན་བླངས་ཏེ། དེ་དང་བྷཾ་ག་ལ་ལ་སོགས་པའི་ཡུལ་གཞན་དང་གཞན་ན་གནས་པའི་ཏུ་རུཥྐའི་རྒྱལ་ཕྲན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ཏེ་མ་ག་དྷཱའི་ཡུལ་ཐམས་ཅད་འཇོམས་པར་བྱུང་སྟེ། ཨོ་ཏནྟ་པུ་རིར་རབ་ཏུ་བྱུང་བ་མང་པོ་ཞིག་བསད། དེ་དང་བི་ཀྲ་མ་ཤཱི་ལ་གཉིས་ཆར་བཤིག ཨོ་ཏནྟ་བི་ཧ་རའི་ཤུལ་དུ་སྟག་གཟིག་གི་རྫོང་བཅས། པནྚི་ཏ་ཤཱཀྱ་ཤྲཱི་ཤར་ཕྱོགས་ཨོ་ཊི་བི་ཤའི་ཡུལ་ཛ་ག་རྡ་ལར་བྱོན། དེར་ལོ་གསུམ་བཞུགས་ནས་བོད་དུ་བྱོན་པ་ཡིན། རནྟ་རཀྵྀ་ཏ་ཆེན་པོ་བལ་པོའི་ཡུལ་དུ་བྱོན། མཁས་
པ་ཆེན་པོ་ཛྙཱ་ན་ཨཱ་ཀར་གུཔྟ་ལ་སོགས་པ་པཎྜི་ཏ་ཆེ་བ་འགའ་དང༌། པཎ་ཆུང་བརྒྱ་ཙམ་རྒྱ་གར་ལྷོ་ནུབ་ཀྱི་ཕྱོགས་སུ་བྱོན། མཁས་པ་ཆེན་པོ་བུདྡྷ་ཤྲཱི་མི་ཏྲ་དང༌། སྟོབས་བཅུ་པའི་སློབ་མ་བཛྲ་ཤྲཱི། གཞན་ཡང་པཎ་ཆུང་མང་པོ་དང་བཅས་ལྷོ་ཕྱོགས་ཐག་རིང་པོར་བྲོས། མཁས་པ་སཾ་གྷ་མ་ཤྲཱི་ཛྙཱ་ན་དང༌། ར་ཝ་ཤྲཱི་བྷ་དྲ་དང༌། ཙནྡྲ་ཀ་ར་གུཔྟ་ལ་སོགས་པ་མ་ཧཱནྟ་བཅུ་དྲུག་ཙམ་དང༌། པཎ་ཆུང་ཉིས་བརྒྱ་ཙམ་ཤར་ཕྱོགས་ཐག་རིང་པོ་ར་ཁང་དང༌། མུ་ཉུང་དང༌། ཀཾ་པོ་ཛ་ལ་སོགས་པའི་ཡུལ་རྣམས་སུ་སོང་ནས། མ་ག་དྷཱར་བསྟན་པ་ནུབ་པ་ལྟར་གྱུར་ཏོ། །དེ་སྐབས་གྲུབ་ཐོབ་དང༌། སྒྲུབ་པ་པོ་མང་པོ་བཞུགས་ཀྱང༌། སེམས་ཅན་སྤྱི་མཐུན་གྱི་ལས་ལ་ཟློག་ཐབས་མ་བྱུང་ངོ༌། །དེ་སྐབས་གཽ་རཀྵའི་རྗེས་འབྲང་ཛོ་གི་ཕལ་ཆེར་ཤིན་ཏུ་བླུན་པས་མུ་སྟེགས་པའི་རྒྱལ་པོ་རྣམས་ཀྱིས་རྙེད་བཀུར་འབྱུང་བའི་དོན་དུ་དབང་ཕྱུག་གི་རྗེས་འབྲང་དུ་སོང་ཞིང༌། ངེད་རྣམས་ཏུ་རུཥྐ་དང་ཡང་མི་འགལ་ལོ་ཟེར། ན་ཌེ་སྭ་རིའི་སྡེ་ཉུང་ཤས་ཞིག་ནང་པ་ཁོ་ནར་གནས་སོ། །ལ་ཝངྶེ་ན་དང༌། དེའི་བུ་བུདྡྷ་སེ་ན་དང། དེའི་བུ་ཧ་རི་ཏ་སེ་ན་དང༌། དེའི་བུ་པྲ་ཏི་ཏ་སེ་ན་ལ་སོགས་པའི་བར་དུ་ཏུ་རུཥྐ་ལ་ལུང་ལེན་དགོས་པའི་རྒྱལ་པོ་དབང་ཐང་ཧ་ཅང་མི་ཆེ་བ་བྱུང་སྟེ། དེ་དག་གིས་ཀྱང་རང་སྟོབས་དང་མཐུན་པའི་བསྟན་པ་ལ་མཆོད་པ་ཅུང་ཟད་བྱས་སོ། ཁྱད་པར་བུདྡྷ་སེ་ནའི་དུས་པནྚི་ཏ་ཆེན་པོ་རཱ་ཧུ་ལ་ཤྲཱི་བྷ་དྲ་ནཱ་ལེནྡྲར་བཞུགས། ཆོས་ཉན་པ་བདུན་ཅུ་ཙམ་ཡོད། དེའི་རྗེས་སུ་བྷཱུ་མི་ཤྲཱི་བྷ་དྲ་དང༌། འདིའི་རྗེས་སུ་ཨུ་པ་ཡ་ཤྲཱི་བྷ་དྲ་རྣམས་བྱུང་ཞིང༌། དེ་དག་དང་དུས་མཚུངས་པ་ཅི་རིགས་པར་ཀཱ་རུ་ཎ་ཤྲཱི་བྷ་དྲ་དང༌། མུ་ནིནྡ་ཤྲཱི་བྷ་དྲ་རྣམས་ཀྱིས་ཀྱང་ཐུབ་
པའི་བསྟན་པ་འབད་པས་བཟུང་ངོ༌། །པྲ་ཏི་ཏ་སེ་ན་འདས་པའི་འོག་ཏུ་དེའི་བརྒྱུད་པ་ནི་ཆད་ཅིང༌། གཞན་བསྟན་པ་ལ་མོས་པའི་རྒྱལ་ཕྲན་འགའ་རེ་བྱུང་ཟེར་ནའང་ལོ་རྒྱུས་ཁུངས་མ་མ་མཐོང་ངོ༌། །པྲ་ཏི་ཏ་སེ་ན་འདས་པའི་འོག་ཏུ་ལོ་བརྒྱ་ཙམ་སོང་བ་ན། བྷཾ་ག་ལའི་ཡུལ་དུ་ཙཾ་ག་ལ་རཱ་ཛ་ཞེས་བྱ་བ་ལས་ཀྱི་ཤུགས་ཆེན་པོ་ཞིག་བྱུང་སྟེ། ཌི་ལི་ཚུན་ཆོད་ཀྱི་ཧེནྟུ་དང༌། ཏུ་རུཥྐ་ཐམས་ཅད་ལ་དབང་བསྒྱུར། དེ་དང་པོ་བྲམ་ཟེ་ལ་དད་པ་ཞིག་ཡིན་ནའང༌། བཙུན་མོ་སངས་རྒྱས་ལ་དད་པས་བློ་བསྒྱུར་ཏེ། དེས་རྡོ་རྗེ་གདན་དུ་མཆོད་པ་ཆེན་པོ་བྱས། ལྷ་ཁང་ཐམས་ཅད་ལ་ཞིག་གསོས་དང༌། གནྡྷོ་ལ་ཆེན་པོ་དགུ་ཐོགས་ཡོད་པའི་ཐོག་བཞི་བར་སྐབས་སུ་ཏུ་རུཥྐས་བཤིག་པ་ལེགས་པར་གསོས། པནྚི་ཏ་ཤཱ་རི་པུ་ཏྲ་བཞུགས་ཏེ་ཆོས་གཞི་བཙུགས། ནཱ་ལེནྡྲར་ཡང་ལྷ་ཁང་རྣམས་ལ་མཆོད་པ་ཆེར་བྱས། འོན་ཀྱང་ཆོས་གཞི་རྒྱ་ཆེན་པོ་མ་ཚུགས་སོ། །རྒྱལ་པོ་འདི་ཚེ་རིང་པོ་བྱུང་འདུག་འདི་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ཙམ་སོང་ཟེར། དེ་ཕྱིན་ཆད་མ་ག་དྷཱའི་ཡུལ་དུ་ཆོས་ལ་མཆོད་པའི་རྒྱལ་པོ་བྱུང་བ་ནི་མ་ཐོས་ལ། དེའི་ཕྱིར་སྡོམ་བརྩོན་སྡེ་སྣོད་འཛིན་པ་ཡང་བྱུང་བ་མ་ཐོས་སོ། །ཕྱིས་རྒྱལ་པོ་མུ་ཀུནྡ་དེ་ཝ་ཞེས་བྱ་བ་ཨོ་ཊི་བི་ཤར་བྱུང་བ་དེས་ཡུལ་དབུས་ཕལ་ཆེར་ལ་དབང་བསྒྱུར། མ་ག་དྷཱར་ནི་ཆོས་གཞི་མ་ཚུགས། ཨོ་ཌི་བི་ཤར་ནང་པའི་ལྷ་ཁང་བཞེངས་ཤིང༌། ཆོས་གཞི་ཆུང་ངུ་འགའ་རེ་བཙུགས། བསྟན་པ་ཅུང་ཟད་དར་བར་བྱས་སོ། །རྒྱལ་པོ་འདི་འདས་ནས་ལོ་སུམ་ཅུ་སོ་བརྒྱད་ཙམ་སོང་བ་ཤེས་སོ། །རྒྱལ་པོ་སེ་ན་བཞི་ལ་སོགས་པའི་སྐབས་ཀྱི་གཏམ་སྟེ་སོ་བདུན་པའོ།། །།ད་ནི་ཐོར་བུ་གཞན་དག་བརྗོད་པར་བྱ་སྟེ། སྔོན་
རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་གི་དུས་ནས་ཕྱིས་རྒྱལ་པོ་ཙ་ན་ཀ་མ་བྱུང་གི་བར་དུ་རྒྱལ་རབས་ལྔ་ཙམ་གྱི་རིང་ལ་བི་ཀྲ་མ་ཤི་ལར་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་པོ་རེས་བསྟན་པ་བསྐྱངས་པ་ཡིན་ཏེ། རྒྱལ་པཽ་དྷརྨ་པཱ་ལ་རང་གི་དུས་དང་པོར་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། དེ་རྗེས་མར་མེ་མཛད་བཟང་པཽས་བསྟན་པ་བསྐྱངས། དེའི་ལོ་རྒྱུས་ཀྱང་གཞན་དུ་ཤེས། རྒྱལ་པོ་མ་སུར་ཀྵི་ཏའི་དུས་སུ་ལངྒ་རྒྱལ་བ་བཟང་པོ་བྱོན་ཏེ། སློབ་དཔོན་དེ་ནི་ལངྒའི་ཡུལ་ཏེ་སིངྒ་ལར་སྐུ་འཁྲུངས། ཡུལ་དེ་ཉིད་དུ་ཉན་ཐོས་ཀྱི་སྡེ་སྣོད་ཐམས་ཅད་ལ་མཁས་པར་སྦྱངས་པའི་དགེ་སློང་པནྚི་ཏ་ཡིན། སླར་མ་ག་དྷཱར་བྱོན་ཏེ་ཐེག་པ་ཆེན་པོ་ལ་ལེགས་པར་སྦྱངས། ཁྱད་པར་གསར་སྔགས་ལ་མཁས་པ་ཞིག་བྱུང༌། བི་ཀྲ་མ་ཤཱི་ལར་འཁོར་ལོ་སྡོམ་པ་བསྒྲུབས་པས་ཞལ་གཟིགས། ལན་ཅིག་ལྷོ་ཕྱོགས་ཀོངྐ་ནར་བྱོན། དེ་ན་མཧཱ་བིམྦ་ཞེས་བྱ་བ་རེག་པ་མེད་པའི་མཆོད་རྟེན་དུ་ཡང་གྲགས་ཏེ་ནམ་མཁའ་ལ་མཆོད་རྟེན་གྱི་གཟུགས་བརྙན་རང་བྱུང་དུ་ཡོད་པའི་ཡུལ་དེར་བཞུགས་ཏེ་སློབ་མ་འགའ་རེ་ལ་གསང་སྔགས་ཀྱི་ཐེག་པ་ཡང་མང་དུ་བཤད། འཁོར་ལོ་སྡོམ་པའི་རྒྱུད་ཀྱི་འགྲེལ་པ་ལ་སོགས་པ་བརྩམས། ནགས་ཀྱི་མ་ཧེ་གནོད་པ་བྱེད་དུ་བྱུང་བ་ལ་སྡིགས་མཛུབ་བསྟན་པས་ཤི་བ་ལ་སོགས་པའི་ནུས་པ་བརྙེས། དེ་ནས་བི་ཀྲ་མ་ཤཱི་ལིའི་སྔགས་ཀྱི་སློབ་དཔོན་མཛད་དོ། །དེའི་འོག་ཏུ་བྲམ་ཟེའི་སློབ་དཔོན་དཔལ་འཛིན་བྱོན་ཏེ། དེའི་རྣམ་ཐར་གཞན་ན་གསལ། ལྷོ་ཕྱོགས་སུ་རྫུ་འཕྲུལ་ཆེན་པོ་བསྟན་པར་ཐོས་ནས་བི་ཀྲ་མ་ཤཱི་ལར་སྤྱན་དྲངས་པ་ཡིན། སློབ་དཔོན་འདི་ཡེ་ཤེས་གྲགས་ཀྱི་བརྒྱུད་འཛིན་ཡིན་པར་གཤེན་རྗེ་གཤེད་དམར་ནག་གི་གཞུང་རང་ཉིད་
ཀྱིས་མཛད་པ་རྣམས་ལས་གསལ། བོད་རྣམས་སློབ་དཔོན་ནག་པོ་སྤྱོད་པ་པའི་སློབ་མར་འདོད་ཅིང༌། མི་ཡུལ་དུ་བྱོན་པའི་དུས་ནི་མི་འགྲིག་ནའང༌། ཕྱིས་ཞལ་གཟིགས་པའི་སློབ་མ་ཡིན་ཏེ། བྲམ་ཟེ་དཔལ་འཛིན་རྩེ་གཅིག་ཏུ་སྒྲུབ་པ་ལ་གཞོལ་བའི་སྐབས། ནང་གཅིག་མེ་ཏོག་ལ་སོགས་པའི་མཆོད་པ་རྣམས་ཕྱི་རོལ་ཏུ་གཤེགས་སུ་བྱོན་པས། རྣལ་འབྱོར་བ་གཟི་བརྗིད་ཆེ་བ་ཞིག་སྒོ་དྲུང་ན་འདུག་སྟེ། དེ་ནག་པོ་སྤྱོད་པ་པ་ཡིན་པར་མཁྱེན་ནས། ཞབས་ལ་ཕྱག་བྱས། བདག་གི་རིག་སྔགས་འདི་འགྲུབ་པར་མཛད་དུ་གསོལ་ཞེས་ཞུས་པས། དེ་ཉིད་དུ་དབྱངས་ཅན་མའི་སྔགས་ཀྱི་བཟླས་ལུང་ཞིག་སྩལ། མི་སྣང་བར་གྱུར་ཏོ། །དེ་མ་ཐག་དཀྱིལ་འཁོར་གྱི་ནུབ་བྱང་ན་བཞུགས་པའི་དབྱངས་ཅན་མ་ཞལ་གཟིགས། དེ་ནས་མི་རིང་བར་དངོས་གྲུབ་ཐོབ་བོ། དེའི་རྗེས་སུ་བྷ་ཝ་བྷ་དྲ་བྱོན་ཏེ། དེ་ཡང་སྤྱིར་ཆོས་ཐམས་ཅད་ལ་མཁས་པ། ཁྱད་པར་རྣམ་རིག་གི་གྲུབ་མཐའ་ལ་བྱང་ཞིང༌། རྒྱུད་སྡེ་ལྔ་བཅུ་ཙམ་མཁྱེན་པ་ཞིག་ཡིན་ལ། མནལ་ལམ་དུ་འཁོར་ལོ་སྡོམ་པས་བྱིན་གྱིས་བརླབས། སྒྲོལ་མ་ཞལ་གཟིགས་ཤིང༌། རིལ་བུའི་དངོས་གྲུབ་བསྒྲུབས་པས་དངོས་གྲུབ་ཐ་མར་གྲུབ། བཅུད་ལེན་སོགས་མང་པོ་བསྒྲུབས་པས་གྲུབ་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་མཛད་དོ། །དེའི་རྗེས་སུ་སྐལ་ལྡན་གྲགས་པ་བྱོན། འདི་ཡང་སྔགས་གཞུང་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་ཞིག་ཡིན་མངོན་ཤེས་ཐོགས་མེད་དུ་མངའ་བར་གྲགས། དེ་རྗེས་ལཱི་ལ་བཛྲ་བྱུང་སྟེ། གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཡིན། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་སྒྲུབ་ཐབས་བོད་དུ་འགྱུར་བ་ཞིག་འདུག་པ་དེ་ཡང་འདིས་མཛད་
པར་སེམས། འདི་སྐབས་ཏུ་རུཥྐའི་དམག་ཅིག་ཡོང་བའི་གཏམ་བྱུང་བ་ན། གཤེན་རྗེ་གཤེད་ཀྱི་འཁོར་ལོ་བྲིས་ཏེ་དམག་དཔུང་ལ་མནན་པ་བྱས་པས། མ་ག་དྷཱར་དམག་མི་རྣམས་སླེབ་ཙམ་ན་ཐམས་ཅད་ཡུན་རིང་དུ་ངག་ལྐུགས་པ་དང༌། ལུས་རེངས་པ་སོགས་བྱུང་ནས་ཕྱིར་ལྡོག དེའི་རྗེས་སུ་མི་ཐུབ་ཟླ་བ་བྱོན་ཏེ། ལོ་རྒྱུས་གཞན་དུ་ཤེས། དེའི་རྗེས་ནག་པོ་དམ་ཚིག་རྡོ་རྗེ་ཡིན་ཏེ་གོང་ཏུ་བཤད་ཟིན། དེ་ནས་ཏ་ཐཱ་ག་ཏ་རཀྵ་ཏ་བྱོན་ཏེ། དེ་ནི་གཤིན་རྗེ་གཤེད་དང་བདེ་མཆོག་ལ་མཁས་ལ་མངའ་བརྙེས་པ་ཡིན། ཡོན་ཏན་གྱི་ཁྱད་པར་ནང་གི་རྩའི་གནས་རེ་རེར་དམིགས་པ་གཏད་པ་ཙམ་གྱིས་ཡུལ་ཐ་དད་པ་དང༌། དུད་འགྲོ་ལ་སོགས་པའི་སྐད་ཤེས་མ་བསླབས་པའི་བསྟན་བཅོས་རྣམས་ཀྱང་བཏོལ་ཤེས་སུ་འབྱུང་བ་ཞིག་ཡིན། དེའི་འོག་ཏུ་བོ་དྷི་བྷ་དྲ་ཞེས་བྱ་བ་བྱོན་ཏེ་གསང་སྔགས་ཕྱི་ནང་གི་ཆོས་ཐམས་ཅད་ལ་ཤིན་ཏུ་མཁས་པ། རྟེན་དགེ་བསྙེན་དུ་བཞུགས་པ། འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས་ཤིང༌། མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་མཚན་རེ་རེ་ལ་ཏིང་ངེ་འཛིན་རེ་རེ་འཁྲུངས་པར་གྲགས་པ་ཡིན་ནོ། །བོ་དྷི་བྷ་དྲའི་མཚན་ཅན་འདི་སྐབས་ཤིན་ཏུ་མང་བར་བྱུང་ནའང༌། འདི་ནི་སྔོན་ཆད་བོད་ལ་གྲགས་ཆུང་བར་ཡང་མངོན། དེའི་རྗེས་ཀ་མ་ལ་རཀྵི་ཏ་བྱོན་ཏེ། སློབ་དཔོན་དེ་ནི་རྟེན་དགེ་སློང༌། མདོ་སྔགས་ཐམས་ཅད་ལ་མཁས་ཤིང༌། ཁྱད་པར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང༌། གསང་བ་འདུས་པ་དང༌། གཤིན་རྗེ་གཤེད་རྣམས་ལ་མཁས། མ་ག་དྷཱའི་ལྷོ་ཕྱོགས་ཨཾ་དག་གི་རི་ཞེས་བྱ་བའི་རི་ཞིག་ལ་གཤིན་རྗེ་གཤེད་ཀྱི་སྒྲུབ་པ་མཛད། བར་སྐབས་ཤིག་ཏུ་བར་ཆད་ཀྱི་ཆོ་འཕྲུལ་སྣ་ཚོགས་པ་བྱུང་ཡང་སྟོང་ཉིད་
བསྒོམས་པས་ཞི། དེ་ནས་གཤིན་རྗེ་གཤེད་ཞལ་གཟིགས་ཏེ་ཅི་འདོད་གསུང་པ་ལ། ཁྱོད་ཉིད་དུ་མཛོད་ཅིག་བྱས་པས་ཐུགས་ཀར་ཐིམ་པའི་སྣང་བ་བྱུང་སྟེ། དེ་ཕྱིན་ཆད་ནས་ལས་སཾ་ཚོགས་ཐམས་ཅད་བསམ་པ་ཙམ་གྱིས་འགྲུབ་པ། གྲུབ་པ་ཆེ་བ་རྣམས་ཀྱང་འགྲུབ་རུང་དུ་ཡོད་པ་ཞིག་བྱུང་ལ། གཤིན་རྗེ་གཤེད་ཀྱི་རྒྱུ་རྡོ་རྗེ་འཛིན་པ་དེ་ཉིད་ནུབ་རེ་བཞིན་ཞལ་གཟིགས་ནས་ཆོས་གསན་པ་ཡིན་པར་གྲགས། ལན་ཅིག་བི་ཀྲ་མའི་དུར་ཁྲོད་དུ་ཚོགས་ཀྱི་འཁོར་ལོ་མཛད་པར་བཞེད་ནས། སྔགས་ཀྱི་སློབ་མ་མང་པོ་ཡོད་པའང་ཁྲིད། རྣལ་འབྱོར་མ་འགའ་ཞིག་གིས་དམ་རྫས་ཐོགས་ཏེ་འོངས། དེར་ནུབ་ཕྱོགས་ཀརྞའི་ཡུལ་གྱི་ཏུ་རུཥྐའི་རྒྱལ་པོའི་བློན་པོ་ཏུ་རུཥྐ་ལྔ་བརྒྱ་ཙམ་དང་བཅས་པ་མ་ག་དྷཱ་ལ་ཆོམ་པོར་འོངས་པ་དང་ལམ་དུ་འཕྲད། དེ་དག་གིས་དམ་རྫས་རྣམས་འཕྲོགསློབ་དཔོན་འཁོར་བཅས་ལ་འཚེ་བར་བརྩམས་པ་ན། སློབ་དཔོན་ཁྲོས་ཏེ་བུམ་པ་སྔགས་ཀྱི་ཆུས་གང་བ་བརྡབས་ཏེ་བྱོན། དེ་མ་ཐག་རླུང་ཆེན་པོ་མི་བཟད་པ་བྱུང༌། རླུང་གི་གསེབ་ནས་མི་ནག་པོ་རལ་གྲི་ཐོགས་པ་འགའ་རེ་བྱུང་ནས་ཏུ་རུཥྐ་རྣམས་ལ་བརྡེག་པའི་སྣང་བ་བྱུང༌། བློན་པོ་རང་དེ་ཉིད་དུ་ཁྲག་སྐྱུགས་ཏེ་ཤི། གཞན་རྣམས་ལའང་ནད་འགོ་བ་སྣ་ཚོགས་བྱུང་སྟེ་ཡུལ་དུ་མི་གཅིག་ལས་མ་སླེབ་པས་མུ་སྟེགས་དང་ཏུ་རུཥྐ་ཐམས་ཅད་ཤིན་ཏུ་འཇིགས་པ་ཞིག་བྱུང༌། གཞན་ཡང་མངོན་སྤྱོད་ཀྱི་ལན་ཤིན་ཏུ་མང་བ་ཞིག་མཛད། མངོན་སྤྱོད་མ་མཛད་ན་འཇའ་ལུས་སུ་གཤེགས་རྒྱུ་ཡིན་པ་ལ། རྣལ་འབྱོར་པ་ཆེན་པཽ་དེ་ལྟ་བུ་ལའང་མངོན་སྤྱོད་ཀྱིས་ཅུང་ཟད་བསྒྲིབས་པ་ཡིན་པར་གྲགས་སོ། །སློབ་དཔོན་འདི་ཇོ་བོ་རྗེ་དང༌། ཁྱུང་པོ་རྣལ་འབྱོར་བ་ལ་སོགས་པའི་ཡང་བླ་མ་སྐུ་དྲིན་ཆེ་བ་གཅིག་ཡིན་པར་
གདའ། སྐུ་ཚེ་སྨད་ལ་ནཱ་ལེནྡྲ་དང་ཉེ་བའི་ནགས་འདབ་ཞིག་ཏུ་རྩེ་གཅིག་ཏུ་སྒྲུབ་པ་ལ་བཞུགས་ཏེ་རྫོགས་རིམ་གཙོ་བོར་བསྒོམ་པ་ཡིན་གསུངས། དེ་ལྟར་སློབ་དཔོན་བཅུ་གཉིས་པོ་དེ་དག་ལས་དང་པོ་གཉིས་མ་གཏོགས་གཞན་རྣམས་ཀྱིས་ལོ་བཅུ་གཉིས་ཙམ་རེ་རིམ་པ་བཞིན་གདན་ས་མཛད་དོ་ཞེས་ཟེར། ཀ་མ་ལ་རཀྵི་ཏའི་རྗེས་སུ་མཁས་པ་སྒོ་དྲུག་བྱུང༌། དེའི་འོག་ཏུ་སྔགས་ཀྱི་སློབ་དཔོན་ཐོར་བུ་ཤིན་ཏུ་མང་བར་བྱུང༌། མར་མེ་མཛད་ཡེ་ཤེས་ལ་སོགས་པ་བསྟན་པ་སྤྱིར་སྐྱོང་བའི་གདན་རབས་ཀྱང་མ་ཆད་ཙམ་དུ་བྱུང་སྟེ། མཁས་པ་སྒོ་དྲུག་གི་འོག་ཏུ་ལོ་འགའ་ཞིག་ཐོར་བུར་གནས་པ་ལས་མཁན་པོ་མེད། དེ་ནས་མར་མེ་མཛད་དཔལ་ཡེ་ཤེས་བྱོན། དེ་ནས་ལོ་བདུན་མཁན་པོ་མེད། དེ་རྗེས་རྡོ་རྗེ་གདན་པ་ཆེན་པོས་མཁན་པོ་ཅུང་ཟད་མཛད། དེ་ནས་ཀ་མ་ལ་ཀུ་ལི་ཤ་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་ན་ལཻནྡྲ་ཤྲཱི་ཛྙཱ་ན་ཟེར་བ་ཞིག་གིས་མཁན་པོ་མཛད། དེ་རྗེས་དཱ་ན་རཀྵི་ཏས་མཛད། དེ་རྗེས་ཨ་བྷ་ཡཱ་ཀ་རས་ཡུན་རིང་དུ་མཛད། དེ་རྗེས་ཤུ་བྷ་ཡཱ་ཀ་ར་གུཔྟས་མཛད། དེའི་རྗེས་སུ་ན་ཡ་ཀ་པ་ཤྲཱིས་མཛད་དོ། །དེ་རྗེས་ཆོས་འབྱུང་ཞི་བས་མཛད། དེ་རྗེས་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིས་མཛད། དེ་ནས་བི་ཀྲ་མ་ཤཱི་ལ་ནུབ་པོ། དེ་དག་ནི་བི་ཀྲ་མ་ཤཱི་ལའི་གདན་རབས་ཀྱི་སྐབས་ཏེ་སོ་བརྒྱད་པའོ།། །། རྒྱ་གར་ཤར་ཕྱོགས་ལ་དུམ་བུ་གསུམ་སྟེ། བྷཾ་ག་ལ་དང༌། ཨོ་ཊི་བི་ཤ་ཉི་འོག་ལ་གཏོགས་པས་ཉི་འོག་ཤར་ཕྱོགས་ཟེར། བྱང་ཤར་གྱི་ཡུལ་ཀཱ་མ་རཱུ། ཏི་པུ་ར། ཧ་ས་མ་རྣམས་ལ་གི་རི་ཝརྷ་སྟེ་རིས་བསྐོར་བ་ཟེར། དེ་དག་ལས་ཤར་ཕྱོགས་སུ་ཕྱིན་པ་བྱང་ཕྱོགས་ཀྱི་རི་ངོས་ལ་ཉེ་བའི་ནཾ་ག་ཊའི་ཡུལ་རྣམས་དང༌།
རྒྱ་མཚོ་ལ་ཉེ་བའི་ཡུལ་པུ་ཁཾ་དང༌། བལ་ཀུ་སོགས་ར་ཁང་གི་ཡུལ་དང༌། ཧཱཾ་ས་ཝི་ཏི། མ་རྐོ་ལ་སོགས་པ་མུ་ཉུང་གི་ཡུལ་དང༌། གཞན་ཙཀྨ་དང༌། ཀམྦོ་ཛ་ལ་སོགས་པ་དེ་ཐམས་ཅད་ཀྱི་སྤྱི་མིང་དུ་ཀོ་ཀི་ཞེས་ཟེར་ཏེ། དེ་ལྟར་ན་ཀོ་ཀའི་ཡུལ་དེ་རྣམས་སུ་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་བྱུང་ལ། ཕྱིས་ཇེ་འཕེལ་དུ་སོང་སྟེ་ཤིན་ཏུ་མང་བར་ཡོད་པ་ལ། དབྱིག་གཉེན་མ་བྱོན་གོང་དུ་ཉན་ཐོས་ཁོ་ན་ཡིན། དབྱིག་གཉེན་གྱི་སློབ་མ་འགའ་ཞིག་གིས་ཐེག་ཆེན་དར་བར་བྱས་ནས་ཅུང་ཟད་ཙམ་རྒྱུན་མ་ཆད་པར་ཡོད་པ་ལས། རྒྱལ་པོ་དྷརྨཱ་པཱ་ལ་མན་ཆད་དུ་ཡུལ་དབུས་སུ་དེ་དག་གི་སློབ་གཉེར་བ་ཤིན་ཏུ་མང་ཞིང༌། ལྷག་པར་སེ་ན་བཞིའི་དུས་སུ། མ་ག་དྷཱ་ར་འཚོགས་པའི་དགེ་འདུན་གྱི་ཕྱེད་ཙམ་ཀོ་ཀའི་ཡུལ་ནས་བྱུང་བ་ཡིན་ཏེ། དེའི་ཕྱིར་ཐེག་ཆེན་ཤིན་ཏུ་དར་བར་གྱུར་ནས་བོད་ཀྱི་རྒྱལ་ཁམས་བཞིན་དུ་ཐེག་པ་ཆེ་ཆུང་གི་དབྱེ་བ་མེད་པར་སོང༌། ཨ་བྷ་ཡཱ་ཀ་ར་བྱོན་པའི་དུས་ཙམ་ནས་སྔགས་ཀྱི་ཐེག་པ་ཡང་ཇེ་དར་ལ་སོང༌། མ་ག་དྷཱ་ཏུ་རུཥྐས་བཅོམ་པའི་ཚེ་ཡུལ་དབུས་ཀྱི་མཁས་པ་ཕལ་ཆེར་ཡུལ་དེར་བྱོན་པས་བསྟན་པ་ལྷག་པར་དར་ཏེ། དུས་དེའི་ཚེ་རྒྱལ་པོ་ཤོ་བྷ་ཛ་ཏ་ཞེས་བྱ་བ་ཡོད་དེ། དེས་ཀྱང་ལྷ་ཁང་མང་དུ་བཞེངས། ཆོས་གཞི་ཉིས་བརྒྱ་ཙམ་བཙུགས། དེའི་རྗེས་སུ་རྒྱལ་པོ་སིངྒ་ཛ་ཊི་ཞེས་བྱ་བ་བྱུང་ནས། དེས་ཀྱང་སྔ་མ་ལས་ཀྱང་ལྷག་པར་དམ་པའི་ཆོས་སྤེལ་བས་ཡུལ་དེ་དག་ཐམས་ཅད་དུ་བསྟན་པ་ཤིན་ཏུ་དར་ཞིང༌། དུས་དུས་ན་དགེ་འདུན་རྣམས་ཕལ་ཆེར་ཚོགས་པའི་ཚེ་དེང་སང་ཡང་དགེ་སློང་ཁྲི་ཕྲག་གཉིས་གསུམ་ཡོད་ཟེར་ལ། དགེ་བསྙེན་ཡང་ཤིན་ཏུ་མང་བ་
ཡོད་དོ། །ཕྱིས་བྱུང་བོད་དུ་བྱོན་པའི་པཎྜི་ཏ་བ་ན་རཏྣ་ལ་སོགས་པ་ཀུན་ཀྱང་ཡུལ་དེ་ཕྱོགས་ནས་བྱོན་པ་ཡིན། དུས་ཕྱིས་རྒྱལ་པོ་པཱ་ལ་སུན་དྷ་ར་ཞེས་བྱ་བ་བྱུང་སྟེ། ཡུལ་དེ་ཀུན་ན། འདུལ་བ་དང༌། མངོན་པ་དང༌། ཐེག་ཆེན་གྱི་གཞུང་ལུགས་རྣམས་ཤིན་ཏུ་དར་བར་ཡོད་ཀྱང༌། དུས་ཀྱི་འཁོར་ལོ་དང༌། ཕྲེང་བ་སྐོར་གསུམ་ལ་སོགས་པ་འགའ་ཞིག་མ་གཏོགས། གསང་སྔགས་ཀྱི་ཆོས་རྣམས་ཤིན་ཏུ་དཀོན་པར་སོང་བ་ལ། ཡུལ་དེའི་པཎྜི་ཏ་ཉིས་བརྒྱ་ཙམ་འགྲོ་ལྡིང་དང༌། ལྷོ་ཕྱོགས་ཁ་གནྡྲེའི་ཡུལ་དུ་གྲུབ་ཆེན་ཞི་བ་སྦས་པ་ལ་སོགས་པའི་དྲུང་དུ་བརྫངས་ནས་གསང་སྔགས་ཀྱི་ཆོས་ལ་སྤྱོད་དུ་བཅུག་སྟེ་སླར་ཡང་སོར་ཆུད་པར་བྱས། དེའི་བུ་ཙནྜ་ཝ་ཧ་ན་ཞེས་པ་ད་ལྟ་ར་ཁང་ན་ཡོད། ཨ་ཏི་ཏ་ཝ་ཧ་ན་ཞེས་པས་ཙག་མ་སྐྱོང༌། པཱ་ལ་ཝ་ཧ་ན་ཞེས་པས་མུ་ཉུང་སྐྱོང༌། སུནྡྷ་ར་ཧ་ཙི་ཞེས་པས་ནི་ག་ཊ་སྐྱོང་སྟེ། སྔར་གྱི་རྒྱུན་ལས་ད་ལྟའི་བསྟན་པ་ཤིན་ཏུ་དར་བར་ཡོད་དོ། ཤར་ཕྱོགས་ཀ་ཀའི་ཡུལ་དུ་བསྟན་པ་དར་བའི་སྐབས་ཀྱི་གཏམ་སྟེ་སོ་དགུ་པའོ།། །། གཞན་ཡང་སེངྒ་ལའི་གླིང་དང༌། ནས་གླིང་དང༌། ཟངས་གླིང་དང༌། གསེར་གླིང་དང༌། དྷ་ན་ཤྲཱིའི་གླིང་དང༌། པ་ཡི་གུ་ཞེས་བྱ་བའི་གླིང་ཕྲན་དེ་དག་རྣམས་ན། སྔོན་སྔ་མོ་ནས་བསྟན་པ་དར་ཏེ་ད་ལྟའི་བར་དུ་བསྟན་པ་ཤིན་ཏུ་དར་རོ། །སིངྒ་ལའི་གླིང་ན་ཐེག་ཆེན་པ་ཡང་ཅི་རིགས་པ་ཡོད་དོ། །ཕལ་ཆེར་ཉན་ཐོས་ཏེ། ད་ལྟར་ཡང་ཤྲཱི་པ་དུ་ཀ་ཞེས་བྱ་བ་སྟོན་པའི་ཞབས་རྗེས་ཀྱི་དུས་སྟོན་ལ་དགེ་སློང་སྟོང་ཕྲག་བཅུ་གཉིས་ཙམ་འཚོགས་ཏེ། ཕལ་ཆེར་ཉན་ཐོས་སོ། །དྷ་ན་ཤྲཱི་དང༌། བ་ཡི་གུ་ནའང་ཐེག་ཆེན་པ་ཅུང་ཟད་ཡོད། གཞན་གླིང་ཕྲན་
དེ་དག་ཉན་ཐོས་ཁོ་ནའི་གདུལ་བྱའོ། །འགྲོ་ལྡིང་གི་གླིང་ན་སྔོན་བསྟན་པ་རྣལ་མ་མེད་པ་ལས་སློབ་དཔོན་པདྨ་འབྱུང་གནས་གྱིས་དང་པོར་བཙུགས། མར་མེ་མཛད་བཟང་པོས་ཀྱང་བྱོན། དེ་ནས་བརྩམས་ཏེ་ལོ་བརྒྱ་ཙམ་གྱི་བར་དུ་མ་ག་དྷཱ་དང༌། ཨུ་རྒྱན་དང༌། ཁ་ཆེ་ལ་སོགས་པའི་རྡོ་རྗེ་འཛིན་པ་ཤིན་ཏུ་མང་པོ་བྱོན་ཏེ་སྔགས་ཀྱི་ཐེག་པ་ལྷག་པར་རྒྱས་པར་མཛད། སྔོན་རྒྱལ་པོ་དྷརྨ་བཱ་ལའི་སྐབས་སུ་སྦས་ཏེ་རྒྱ་གར་དུ་ནུབ་པའི་རྒྱུད་ཀྱི་རིགས་དང༌། ཨོ་ཊི་ཡཱ་ན་ནས་སྤྱན་དྲངས་པའི་རིགས་ཀྱི་རྒྱུད་རྒྱ་གར་ན་མེད་པ་མང་དུ་ཡོད་དོ། །ད་ལྟ་ཡང་གསང་སྔགས་རྒྱུད་སྡེ་བཞིའི་བསྟན་པ་རྣལ་མ་སྔོན་དུས་བཞིན་དར་བར་ཡོད་ལ། འདུལ་བ། མངོན་པ། ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་རྣམས་ཀྱང་ཅུང་ཟད་ཡོད་དོ། །རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་དུ་ནི། མ་ག་དྷཱ་ཏུ་རུཥྐས་བཅོམ་པ་ཕྱིན་ཆད་ནས། བིདྱཱ་ནཱ་ག་ར་དང༌། ཀོངྐུ་ན་དང༌། མ་ལྱ་ར་དང༌། ཀ་ལིངྐའི་ཡུལ་སོགས་ན་ཆོས་གཞི་ཧ་ཅང་ཆེ་བ་མ་ཡིན་པ་མང་པོ་ཚུགས་ཤིང༌། ཆོས་པ་ཧ་ཅང་གྲངས་མང་བ་མེད་ནའང༌། བཤད་སྒྲུབ་བཟང་པོ་རྒྱུན་མ་ཆད་པར་བྱུང་ཞིང༌། པནྚི་ཏ་མིའི་ཉི་མར་གྲགས་པ་ཡང་ཏྲི་ལངྐའི་ནང་ཚན་ཀ་ལིངྐར་བྱུང་བ་ཡིན། དེ་བཞིན་དུ་ལྷོ་ནུབ་ཀྱི་རྒྱལ་ཁམས་རྣམས་སུ་རྒྱལ་པོ་ཀརྞས་བསྟན་པ་བཙུགས་པ་ནས། ཕྱིས་མ་ག་དྷཱ་ཏུ་རུཥྐས་བཅོམ་པའི་ཚེ་ཛྙཱ་ན་ཨཱ་ཀ་ར་གུཔྟ་ལ་སོགས་པས་དར་བར་མཛད་དེ། མ་རུ། མེ་ཝ་ར། ཙི་ཏ་བ་ར། བི་ཧུ་ཝ། ཨ་བྷུ། སཽ་རཱཥྟ། གུ་ཛི་ར་ཐ་ལ་སོགས་པ་རྣམས་སུ་ཆོས་གཞི་མང་དུ་བཙུགས་ཤིང༌། ད་ལྟར་ཡང་དགེ་འདུན་མང་དུ་ཡོད། ཁྱད་པར་
དུས་ཕྱིས་གྲུབ་པའི་དབང་ཕྱུག་ཆེན་པོ་ཞི་བ་སྦས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཁ་གནྡྲེ་དང༌། འབིགས་བྱེད་རི་བོའི་ཁོངས་སུ་བསྟན་པ་གསར་དུ་དར་ཏེ། རྒྱལ་པོ་རཱ་མ་ཙནྡྲའི་དུས་སུ་དགེ་འདུན་རྣམས་ལ་མང་དུ་མཆོད། དེའི་བུ་བཱ་ལ་བྷ་དྲས་ལྷ་ཁང་མང་པོ་དང༌། ཤྲཱི་རཏྣ་གི་རི་དང༌། ཛཱི་ཏཱ་དང༌། ཨོ་ཛ་ན་དང༌། ཨུརྦཱ་སི་ལ་སོགས་པའི་གནས་གཞི་མང་པོ་བཞེངས། ཆོས་གཞི་ཡང་སྒོ་ཐམས་ཅད་ནས་མང་དུ་བཙུགས། ཡུལ་དེར་དགེ་སློང་གསར་པའང་སྟོང་ཕྲག་གཉིས་ཙམ་ཡོད་པར་གྲགས་ཤིང༌། མདོ་སྔགས་གཉིས་ཀ་ལ་བཤད་སྒྲུབ་ཀྱི་བསྟན་པ་རྣལ་མ་ལྷག་པར་དར་ཞིང་འཕེལ་བར་ཡོད་དོ། །གླིང་ཕྲན་རྣམས་སུ་བསྟན་པ་བྱུང་ཚུལ་དང༌། ལྷོ་ཕྱོགས་ལ་སོགས་པའི་རྒྱུད་དུ་སླར་ཡང་དར་བའི་སྐབས་ཀྱི་གཏམ་སྟེ་བཞི་བཅུ་པའོ།། །། ཁ་ཆེ་དང༌། ལྷོ་ཕྱོགས་དང་ཀོ་ཀིའི་ཡུལ་ལ་སོགས་པའི་རྒྱལ་རབས་ཀྱི་ཡི་གེ་ཕྱོགས་གཅིག་ཏུ་བསྒྲིགས་པ་མ་མཐོང་ལ། ལྷོ་ཕྱོགས་ཀྱི་ཡུལ་དུ་བསྟན་པ་དང༌། འགྲོ་བ་ལ་བྱ་བ་ཕུན་སུམ་ཚོགས་པ་བྱས་པའི་རྒྱལ་པོ་སོགས་ཀྱི་གཏམ་མདོར་བསྡུས་སུ་བཀོད་པ་མེ་ཏོག་ཕྲེང་བ་ཞེས་བྱ་བ་བྲམ་ཟེ་མནོ་མ་ཏིས་བྱས་པའི་ནང་ནས་འདི་ལྟར་འབྱུང་སྟེ། ལྷོ་ཕྱོགས་ཀཉྩིའི་ཡུལ་དུ་ཤུཀླ་རཱ་ཛ་ཞེས་བྱ་བ་ཞིག་དང༌། ཙནྡྲ་ཤོ་བྷ་ཞེས་བྱ་བ་རྒྱལ་པོ་གཉིས་ཀྱི་རིང་ལ་རྒྱ་མཚོའི་གླིང་ཕྲན་གྱི་མཁའ་ལྡིང་སོགས་འདབ་ཆགས་ཕལ་མོ་ཆེ་དབང་དུ་སྡུད་པ་ཞིག་བྱུང་སྟེ། བྱ་དེ་རྣམས་ཀྱིས་སྨན་དང༌། ནོར་བུ་དང༌། རྒྱ་མཚོའི་སྲོག་ཆགས་ཀྱི་ཁྱད་པར་འབུལ་བ་བྱུང༌། ཡོ་བྱད་དེ་རྣམས་ཀྱིས་དགེ་འདུན་
སྟོང་ཕྲག་གཉིས་རེ་མཆོད་པར་བྱེད་ཅིང༌། མཐར་བྱ་རྣམས་ཀྱི་དོན་དུ་ལྷ་ཁང་བཞེངས། ད་ལྟ་ཡང་རྒྱ་མཚོའི་གླིང་ཕྲན་གྱི་བྱ་རེ་རྟག་ཏུ་གནས་པས། ལྷ་ཁང་དེ་ལ་པང་ཁི་ཏིརྠ་ཞེས་ཟེར། ཡང་རྒྱལ་པོ་དབང་བྱེད་དང༌། བདེ་བྱེད་དང༌། ཡིད་འོང་ཞེས་བྱ་བ་གསུམ་གྱི་རིང་ལ་མཆོད་རྟེན་སྟོང་ལ་ཉིན་རེ་བཞིན་གདུགས་རེ་རེ་དང༌། མཆོད་པའི་ཡོ་བྱད་དཔག་ཏུ་མེད་པས་མཆོད། ཡང་རྒྱལ་པཽ་བྷོ་ག་སུ་བ་ལ་སྟེ་ལོངས་སྤྱོད་སྐྲ་བཟང་དང༌། དེའི་བུ་ཟླ་བའི་སྡེ་དང༌། དེའི་བུ་བདེ་བྱེད་སེང་གེ་སྡེ་གསུམ་གྱི་རིང་ལ་གསེར་འགྱུར་གྱི་རྩི་གྲུབ་སྟེ། སློང་བ་པོ་སུ་བྱུང་ཡང་གསེར་དཱི་ན་རེ་རེ་སྟེར། དགེ་སློང་དང༌། དགེ་བསྙེན་སུ་བྱུང་ཡང་དངུལ་པ་ཎ་ལྔ་བརྒྱའི་རིན་ཚད་ཀྱི་ཡོ་བྱད་འབུལ་བར་བྱེད་དོ། །དེ་རྣམས་ཡུལ་གང་དུ་བྱུང་ཧ་ཅང་མི་གསལ་ཡང༌། ཕལ་ཆེར་ཀོངྐུ་ནའི་ཡུལ་དུ་བྱུང་བར་མངོན་ཏེ། བདེ་བྱེད་སེང་གེ་ལ་བུ་གསུམ་ཡོད་པས་ཆེན་པོ་བྱཱ་གྷྲ་རཱ་ཛ་ཞེས་བྱ་བ་སྟག་དང་འདྲ་བའི་མིག་དང༌། ཤའི་རི་མོ་ཡོད་པ་ཞིག་བྱུང༌། ཏ་ལ་ཀོངྐུ་ན་བཟུང་སྟེ། ལྷ་ཁང་སྟོང་ཕྲག་གཉིས་བཞེངས། བུ་བར་པ་བུ་ད་སྟེ་གཟའ་ལྷག་པའི་མིང་ཅན་ཞིག་བྱུང༌། དེས་ཨུ་པ་ར་ཀུངྐུ་ན་དང༌། ཏུ་ལུ་རཱ་ཏི་བཟུང༌། དགེ་སློང་ལྔ་སྟོང་རེ་རྟག་ཏུ་མཆོད། ཆུང་བ་བུདྡྷ་ཤུ་ཙ་ཡུལ་ཕུད་པས་མཐར་དྲ་བ་ལིའི་རྒྱལ་པོ་ཐོབ། བྲམ་ཟེ་ཁྲི་ཕྲག་རེ་དང༌། སངས་རྒྱས་པ་ཁྲི་ཕྲག་རེ་ལ་རྒྱུན་དུ་ཆོས་སྟོན་དྲངས། ཡང་འབིགས་བྱེད་ཀྱི་རི་བོའི་ཁོངས་སུ་རྒྱལ་པོ་གཞོན་ནུ་གདོང་དྲུག་ཅེས་བྱ་བ་བྱུང་སྟེ། ནོར་རྒྱུན་མའི་རིག་སྔགས་གྲུབ་ནས། འབྲུ་དང་གོས་ཟད་མེད་པར་གྱུར་ཏེ། ལྷོ་ཕྱོགས་ཀྱི་རྒྱུད་
ཐམས་ཅད་དུ་བུ་ལོན་ཐམས་ཅད་རྒྱལ་པོས་བཙལ་བའི་བུ་ལོན་སྙོམས་པ་ལན་གསུམ་བྱས། དབུལ་པོ་ཐམས་ཅད་ལ་གོས་རེ་བྱིན། མུ་ཏོ་བ་ལ་སོགས་པ་ཕོངས་པ་ཁྲི་ཕྲག་བརྒྱད་ཙམ་ལ་ལོ་ཉི་ཤུར་ཟས་གོས་བྱིན་སྐད། མ་ལྱ་རའི་ཡུལ་དུ་རྒྱལ་པོ་རྒྱ་མཚོ་དང༌། རྣམ་གནོན་དང༌། རྒྱལ་མཆོག་དང༌། གཙོ་བོ་ཞེས་བྱ་བ་གདུང་རབས་བཞིའི་རིང་ལ། ཆོས་གཞི་ལྔ་བརྒྱ་རེ་བཙུགས་ཤིང་དེ་དང་མཐུན་པར་ལྷ་ཁང་རེ་ཡང་བཞེངས། ཡུལ་ཀརྣ་ཌ་དང༌། བི་དྱཱ་ན་གར་གྱི་ཕྱོགས་རྣམས་སུ་རྒྱལ་པོ་དབང་ཆེན་ཞེས་བྱ་བ་བྱུང༌། དེའི་བུ་ལྷ་རྒྱལ་པོ། དེའི་བུ་སྣ་ཚོགས་ཏེ་གསུམ་གྱི་རིང་ལ་ཡུལ་གྱི་རྒྱལ་རིགས་དང༌། བྲམ་ཟེའི་སྐྱེ་བོ་ཐམས་ཅད་དཀོན་མཆོག་གསུམ་ཁོ་ན་མཆོད་པར་བཀའ་བསྒོས། རྒྱལ་སྲིད་ཀྱང་ལོ་སུམ་ཅུ་སུམ་ཅུ་མཛད། དེའི་བུ་གསུམ་སྟེ། ཐུ་བོ་བྱིས་པ་ཞེས་བྱ་བས་ལོ་གསུམ་རྒྱལ་སྲིད་བྱས། འབྲིང་པོ་རབ་གདུང་ཞེས་བྱ་བས་ཟླ་བ་གཅིག་རྒྱལ་སྲིད་བྱས་ཏེ། དེ་གཉིས་ཀྱིས་ལྷ་ཁང་ལྔ་བཅུ་ལྔ་བཅུ་བཞེངས། རབ་གདུང་ནི་སངས་རྒྱས་མ་ཡིན་པའི་སྟོན་པ་གཞན་ལ་མཆོད་ན། བདག་ཉིད་གསོད་པར་གྱུར་ཅིག་ཅེས་དམ་བཅས་པ་ལས། དེར་ལན་ཅིག་ཞི་བའི་ལིངྒ་ལ་མཆོད་པ་བྱས་པས་རང་ཉིད་སྤུ་གྲིའི་དོང་དུ་མཆོངས་སོ། །ཆུང་བ་ནཱ་ག་ར་ཛ་བྷ་ག་ཝཱན་ཞེས་པ་འཁོར་སྟོང་ཕྲག་བཅུ་དང་ལྷན་ཅིག་ཡུལ་གྱུར་ཕྱུང་བ་ལས་གྲུ་གཟིངས་ལ་བསྐྱོད་ནས་ཤར་ཕྱོགས་དུ་ཁཾ་དང་ཉེ་བའི་དགྲ་འདུལ་དུ་ཕྱིན། དེར་རྒྱལ་སྲིད་ཐོབ་སྟེ་སངས་རྒྱས་ལ་མཆོད་ཅིང་བསྟན་པ་ལ་བྱ་བ་ཆེར་བྱས་སོ། །རྒྱལ་པོ་ས་ལ་བྷ་ཧ་ན་སྟེ་ས་ལའི་བཞོན་པ་ནི་གོང་དུ་བཤད་ཟིན། བྲམ་ཟེ་བཱ་ལ་མི་ཏྲ་ཞེས་བྱ་བ་ཡུལ་ཀ་ལིངྐར་སྐྱེས་པ་ཞིག་
བྱུང་སྟེ། དེས་རྒྱ་མཚོ་གཉིས་ཀྱི་མཐར་ཐུག་པའི་ས་རྣམས་མཆོད་རྟེན་གྱིས་གང་བར་བྱས། དེ་ཡང་ལྷོ་ཕྱོགས་ཀྱི་ཡུལ་ནི་གྲུ་གསུམ་པ་མཆུར་རིང་པའི་རྣམ་པ་ཅན་དུ་ཡོད་དོ། །རྩེ་མོ་ལྷོ་ཕྱོགས་ལ་བསྟན་པ། རྩ་བའི་ངོས་ཡུལ་དབུས་དང་འབྲེལ་བ། རྩེ་མོ་རྣོ་ཤོས་ན་རཱ་མེ་ཤྭ་རའི་ཡུལ་ཡོད་དེ། ཡུལ་དེ་ནས་ཤར་ཕྱོགས་ལ་སོགས་པའི་བར་དུ་ཡོད་པའི་རྒྱ་མཚོ་ལ་ནི་མ་ཧོ་ད་དྷི་ཟེར། ཡུལ་དེ་ནས་ནུབ་ཕྱོགས་ཀྱི་མཐར་ཐུག་པའི་བར་གྱི་རྒྱ་མཚོ་ལ་ར་ཏ་ནཱ་གི་རི་ཟེར། རྒྱ་མཚོའི་གཏིང་ལ་མཚམས་ཀྱི་དབྱེ་བ་མེད་ཀྱང༌། གླིང་གྲུ་གསུམ་གྱི་དབྱིབས་ཀྱི་ཁྱད་པར་གྱིས་ཡུལ་དེའི་ལྷོ་དྲང་ཐད་ཐག་རིང་པོའི་བར་དུ་མཚོའི་ཁ་དོག་མ་འདྲེས་པར་སྣང་བ་དང༌། རླབས་འཐབ་པའི་མཚམས་ཏ་ལེ་བ་ཡོད། དེས་ན་མ་ཧོ་ད་དྷི་དང༌། ར་ཏ་ནཱ་གི་རིའི་མཚོ་ལ་རེག་གི་བར་དུ་གྲོང་ཁྱེར་རེ་རེར་མཆོད་རྟེན་རེ་བརྩེགས་པ་ཡིན་ཏེ། འདི་ནི་འཇམ་དཔལ་རྩ་རྒྱུད་ལས། ས་ནི་རྒྱ་མཚོ་གཉིས་མཐར་ཐུག །ཅེས་ལུང་བསྟན་པ་དེ་ཡིན། གཞན་ཡང་བྲམ་ཟེ་ནཱ་ག་ཀེ་ཏུ་ཞེས་བྱ་བས་སྟོན་པའི་སྐུ་གཟུགས་འབུམ་ཕྲག་གཅིག་བཞེངས་ཤིང༌། དེ་རེ་རེ་ལ་ཡང་མཆོད་པའི་ཁྱད་པར་བཅུ་བཅུས་མཆོད། ཡང་བྲམ་ཟེ་ཝརྡྷ་མཱ་ལ་སྟེ་འཕེལ་བའི་ཕྲེང་བ་ཞེས་བྱ་བ་བྱུང༌། དེས་བཀའི་གླེགས་བམ་སྟོང་ཕྲག་བཅུ་བཞེངས་ནས། དེ་རེ་རེ་ལ་ཡང་མཆོད་པའི་ཡོ་བྱད་བཅོ་ལྔ་རེས་མཆོད་པར་བྱེད། གླེགས་བམ་དེ་དག་ལ་ལྟ་རྟོག་དང༌། ཉན་བཤད་བྱེད་པ་དགེ་སློང་དང༌། དགེ་བསྙེན་སྟོང་ཕྲག་བཞི་ཙམ་རེ་ལ་རྟག་ཏུ་འཚོ་བ་སྦྱོར། ཡང་ཐེག་པ་ཆེན་པོའི་སློབ་དཔོན་ནི་
གངྒ་རི་ཞེས་བྱ་བ་མི་བརྗེད་པའི་གཟུངས་ཐོབ་པ། ཕ་རོལ་གྱི་སེམས་མཐའ་དག་ཤེས་པ་ཞིག་བྱུང་སྟེ། དེས་མན་ངག་བསྟན་པས་སློབ་མ་སྟོང་གིས་ཆོས་ལ་བཟོད་པ་ཐོབ་པ་བྱུང༌། ཀུ་མཱ་རཱ་ནནྡ་སྟེ་གཞོན་ནུ་དགའ་བ་ཞེས་བྱ་བ་གོ་མིའི་དགེ་བསྙེན་ཞིག་བྱུང་སྟེ། དགེ་བསྙེན་སྟོང་ཕྲག་ལྔ་ལ་ཆོས་བསྟན་པས། དེ་ཐམས་ཅད་ཀྱིས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྟོགས་པར་བྱས། མ་ཏི་ཀུ་མཱ་ར་སྟི་བློ་གྲོས་གཞོན་ནུ་ཞེས་བྱ་བ་དགེ་བསྙེན་ཁྱིམ་པ་ཞིག་བྱུང༌། དེས་ཆོས་བསྟན་པས། ཡུལ་གྱི་ཁྱེའུ་དང་བུ་མོ་ཚུན་ཆད་བསྡོམས་པ་ཁྲི་ཕྲག་ཙམ་ཐེག་པ་ཆེན་པོ་ལ་བསམ་གཏན་པར་གྱུར། ཡང་དགེ་སློང་བྷ་དྲཱ་ནནྡ་ཞེས་བྱ་བ་བཟང་པོའི་ཀུན་དགའ་བོ་ཞེས་པས་བདེན་ཚིག་ཁོ་ན་བརྗོད་དེ། གྲོང་ཁྱེར་གྱི་སྐྱེ་བོ་མཐའ་དག་གི་ནད་དང་གདོན་མཐའ་དག་ཞི་བར་བྱེད་པ་བྱུང༌། འཁོར་དགེ་སློང་ཤིན་ཏུ་རྣམ་པར་དག་པ་ཉི་ཤུ་ཙམ་དང་ལྷན་ཅིག་གནས་སོ། །དེ་དགེ་སློང་གཞན་རྣམས་ཀྱིས་གཙེས་པར་གྱུར་པས་ལུས་དེ་ཉིད་ཀྱིས་མངོན་དགའི་ཞིང་དུ་འཕུར་ཏེ་སོང་ངོ་ཞེས་གྲགས་སོ། །དགེ་བསྙེན་དཱ་ན་བྷ་དྲ་སྟེ་སྦྱིན་པ་བཟང་པཽ་དང༌། ལངྒ་དེ་ཝ་ཞེས་བྱ་བ་བྱུང་སྟེ། དེ་བཞིན་གཤེགས་པའི་སྐུ་གཟུགས་རི་མོར་བྲིས་པ་སྟོང་ཕྲག་བཅུ་དང༌། རྡོ་དང་ཤིང་དང༌། འཇིམ་པ་དང༌། རིན་པོ་ཆེ་ལས་བྱས་པ་ཡང་སྟོང་ཕྲག་བཅུ་བཅུ་བཞེངས། མཆོད་རྟེན་ཡང་དེ་སྙེད་བཞེངས། རེ་རེ་ལ་ཡང་རྒྱལ་མཚན་བཅུ་ཕྲག་རེ་འཕུལ། ཡང་དགེ་བསྙེན་པ་ཧུ་བྷུ་ཛེ་ཞེས་བྱ་བས་ལོ་བཅོ་ལྔའི་བར་དུ་འབྲུ་དང་ཟས་གོས་དང༌། གསེར་དང༌། རྟ་དང༌། བ་ལང་ལ་སོགས་པ་དག་ཕྱོགས་བཞིའི་སློང་མོ་བ་ཀུན་ལ་
བྱིན། མཐར་བྲན་ཕོ་དང་བྲན་མོ་དང༌། བུ་དང་ཆུང་མ་དང༌། ཁྱིམ་ཉིད་ཀྱང་གཏང་སྟེ་ནགས་ཚལ་ཞིག་ཏུ་བསྒོམས་པས་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ། སློབ་མ་རྣམས་ལ་ཆོས་བསྟན་ཏེ། བདེ་བ་ཅན་དུ་ལུས་དེ་ཉིད་ཀྱིས་སོང་ངོ༌། །ཞེས་གྲགས་སོ། །ཡང་དགེ་བསྙེན་བཙུན་པ་དབུ་མའི་བློ་གྲོས་ཞེས་བྱ་བ་བྱུང་སྟེ། དེ་མུ་སྟེགས་བྱེད་སོ་སོའི་གན་དུ་དེ་དག་དང་མཐུན་པའི་གཟུགས་སུ་བསྒྱུར་ཞིང༌། ཐོག་མར་དེ་དང་དེའི་བསྟན་བཅོས་བཤད་ནས། དེ་དག་གི་གསེབ་ཏུ་བདག་མེད་པ་དང༌། སྙིང་རྗེ་ཆེན་པོའི་ལམ་གྱི་རིམ་པ་བརྐུས་ནས་བསྟན་ཏེ། མཐར་མ་ཚོར་བ་ཁོ་ནའི་གྲུབ་མཐའ་འགྱུར་བ་ན། སངས་རྒྱས་པ་ལ་འཇུག་སྟེ། ལུས་དུ་མ་ཅིག་ཅར་ཡང་སྟོན་ལ། ཚུལ་དེ་ལྟ་བུས་མུ་སྟེགས་བྱེད་ཁྲི་ཕྲག་ཏུ་ཉེ་བ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པར་མཛད་དོ། །དེ་ལྟར་ན་སློབ་དཔོན་དེ་རྣམས་ནི་ཀླུ་སྒྲུབ་ཀྱི་སྔོན་ཙམ་དུ་བྱུང་བར་སེམས་ལ། གཞན་དེ་རྣམས་ཀྱང་ཐེག་ཆེན་དར་བ་ནས་དཔལ་ཆོས་ཀྱི་གྲགས་པ་ཡན་ཆོད་ཀྱི་བར་དུ་ནི་ངེས་པར་བྱུང་བར་མངོན་ནའང་སྔར་བཤད་པ་རྣམས་དང་དུས་མཚུངས་སྒྲིག་ཚུལ་གསལ་ཁ་མི་སྣང་ངོ༌། །ལྷོ་ཕྱོགས་སུ་ཆོས་དར་བའི་རབས་མེ་ཏོག་ཕྲེང་བ་ལས་འབྱུང་བའི་གཏམ་གྱི་སྐབས་ཏེ་ཞེ་གཅིག་པའོ།། །། གོང་དུ་བཤད་པའི་དགེ་འདུན་གྱི་སྡེ་ཐམས་ཅད་ཀྱང་སྡེ་པ་བཞི་པོ་དང་སྡེ་པ་བཅོ་བརྒྱད་ལས་གྱེས་པ་ཁོ་ན་ཡིན་པས། དེ་དག་གི་རྣམ་གཞག་མགོ་སྨོས་ཙམ་བྱས་ན། སྡེ་པ་བཅོ་བརྒྱད་པོ་རྣམས་ཀྱི་སོ་སོའི་ལྟ་སྤྱོད་འཆད་པ་ལ་མི་མཐུན་པ་མེད་ཀྱང་གྱེས་ཚུལ་ལ་འདོད་པ་མི་འདྲ་བ་སྣ་ཚོགས་པ་བྱུང་སྟེ། གནས་
བརྟན་སྡེ་པ་རྣམས་ཀྱི་འདོད་པ་ནི། དང་པོར་གནས་བརྟན་པ་དང༌། དགེ་འདུན་ཕལ་ཆེན་པ་རྣམས་སུ་གྱེས། དགེ་འདུན་ཕལ་ཆེན་པ་ལའང༌། དགེ་འདུན་ཕལ་ཆེན་པའི་སྡེ་པ་རྩ་བ་དང༌། ཐ་སྙད་གཅིག་པ་དང༌། འཇིག་རྟེན་འདས་པར་སྨྲ་བ་དང༌། མང་ཐོས་པ་དང༌། རྟག་པར་སྨྲ་བ་དང༌། མཆོད་རྟེན་པ་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་སྟེ་བརྒྱད་དུ་གྱེས་ལ། གནས་བརྟན་པ་ཡང། གནས་བརྟན་པའི་སྡེ་པ་རྩ་བ་དང༌། ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུ་པ་དང༌། ཆོས་མཆོག་པ་དང༌། བཟང་ལམ་པ་དང༌། མང་བཀུར་པ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། ཆར་བཟང་འབེབས་པ་དང༌། བླ་མ་པ་སྟེ་བཅུར་གྱེས་སོ་ཞེས་འདོད་ལ། ཡང་དགེ་འདུན་ཕལ་ཆེན་པ་རྣམས་ཀྱི་འདོད་པ་ནི། དང་པོར་གནས་བརྟན་པ་དང༌། ཕལ་ཆེན་པ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་དང་གསུམ་དུ་གྱེས་ལ་གནས་བརྟན་པ་ཡང་ཐམས་ཅད་ཡོད་པར་སྨྲ་བ་དང༌། གནས་མའི་བུ་པ་གཉིས་སུ་གྱེས། ཡོད་སྨྲ་བ་ཡང་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། མདོ་སྡེ་སྨྲ་བའོ། །གནས་མའི་བུ་པ་ཡང་མང་བཀུར་བ་དང༌། ཆོས་མཆོག་པ་དང༌། བཟང་ལམ་པ་དང༌། གྲོང་ཁྱེར་དྲུག་པ་རྣམས་སུ་གྱེས། དགེ་འདུན་ཕལ་ཆེན་པ་ལ་ཕལ་ཆེན་པ་དངོས་དང༌། ཤར་གྱི་རི་བོ་པ་དང༌། ནུབ་ཀྱི་རི་བོ་པ་དང༌། རྒྱལ་པོའི་རི་པ་དང༌། གངས་རི་པ་དང༌། མཆོད་རྟེན་པ་དང༌། དོན་གྲུབ་པ་དང༌། བ་ལང་གནས་པ་སྟེ་བརྒྱད་དུ་གྱེས་སོ། །རྣམ་པར་ཕྱེ་སྟེ་སྨྲ་བ་ལ། ས་སྟོན་པ། འོད་སྲུང་པ། ཆོས་སྦས་པ། གོས་དམར་བ་སྟེ་བཞིར་གྱེས་སོ་ཞེས་
འདོད་དོ། །མང་པོས་བཀུར་བ་རྣམས་ཀྱི་འདོད་པ་ནི། ཕ་ཆེན་པ་ལ་དྲུག་སྟེ། ཕལ་ཆེན་པ་དངོས་དང༌། ཐ་སྙད་གཅིག་པ་དང༌། བ་ལང་གནས་པ་དང༌། མང་ཐོས་པ་དང༌། རྟག་པར་སྨྲ་བ་དང༌། མཆོད་རྟེན་པ་རྣམས་སོ། །ཡོད་སྨྲ་བ་ལ་བདུན་ཏེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། རྣམ་པར་ཕྱེ་སྟེ་སྨྲ་བ་དང༌། མང་སྟོན་པ་དང༌། ཆོས་སྦས་པ་དང༌། གོས་དམར་བ་དང༌། འོད་སྲུང་པ་དང༌། འཕོ་བ་པ་རྣམས་སོ། །གནས་མ་བུའི་སྡེ་པ་ལ་བཞི་སྟེ། གནས་མའི་བུའི་སྡེ་པ་རྩ་བ་དང༌། ཆོས་མཆོག་པ་དང༌། བཟང་ལམ་པ་དང༌། མང་པོས་བཀུར་བ་རྣམས་སོ། །གངས་རི་པ་ལ་དབྱེ་བ་མེད་དེ། དེ་ལྟར་ན་དང་པོར་གྱེས་པའི་རྩ་བ་ནི། ཕལ་ཆེན་པ། ཡོད་སྨྲ་བ། གནས་མའི་བུ་པ། གངས་རི་པ་རྣམས་ཡིན་ནོ་ཞེས་ཟེར། ཐམས་ཅད་ཡོད་པར་སྨྲ་བ་རྣམས་ཀྱི་འདོད་པ་ནི། སློབ་དཔོན་དུལ་བ་ལྷས་སྡེ་པ་ཐ་དད་བཀླག་པའི་འཁོར་ལོར་གསུངས་པ་བཞིན་ཏེ། ཤར་དང་ནུབ་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བའི་སྡེ། །རྟག་པར་སྨྲ་བའི་སྡེ་པ་སྟེ། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་པ་དང་འོད་སྲུང་དང༌། །ས་སྟོན་སྡེ་དང་ཆོས་བསྲུངས་དང༌། །མང་ཐོས་གོས་དམར་བའི་སློབ་མ། །རྣམ་པར་ཕྱེ་སྟེ་སྨྲ་བའི་སྡེ། །ཐམས་ཅད་ཡོད་སྨྲའི་སྡེ་པ་ཡིན། །རྒྱལ་བྱེད་ཚལ་གནས་འཇིག་མེད་རི། གཙུག་ལག་ཁང་ཆེན་གནས་བསྟན་པའོ། །ས་སྒྲོགས་རི་དང་སྲུང་བ་པ། །གནས་མའི་བུ་ཡི་སྡེ་རྣམས་ནི། །ཀུན་གྱིས་བཀུར་བ་རྣམ་པ་གསུམ། །ཡུལ་དོན་སློབ་དཔོན་
བྱེ་བྲག་གིས། །ཐ་དད་རྣམ་པ་བཅོ་བརྒྱད་གྱུར། །ཞེས་གསུངས་ཏེ་རྩ་བའི་སྡེ་པ་བཞི་ལས་བཅོ་བརྒྱད་དུ་གྱེས་པའི་ལུགས་ཡིན་ལ། དེ་ཡང་རྒྱུད་སྡེ་དུ་མ་ལས་རྩ་བའི་སྡེ་པ་བཞི་ཡིན་པར་གསུངས་ཤིང་བཞིའི་བགྲང་ཚུལ་ཡང་གནས་མའི་བུའི་སྡེ་པ་རྣམས་ཀྱི་འདོད་པ་ལྟར་མ་གསུངས་པར་འདི་དང་མཐུན་པར་གསུངས་པས་ལུགས་འདི་ཁོ་ན་གཟུང་བར་བྱ་སྟེ། སློབ་དཔོན་དབྱིག་གཉེན་གྱི་གསུང་ལས་བཏུས་པ་ཡིན་པར་བྱེད་པས་ཁུངས་ཀྱང་བཟང་ངོ༌། དགེ་སློང་གི་ལོ་དྲི་བ་ལས། རྩ་བའི་བཞི་པོ་འདི་དང་མཚུངས་པ་ལ། ཕལ་ཆེར་པ་ལ་དྲུག་མཛད་ཅིང༌། མང་བཀུར་བ་ལ་ལྔ་མཛད་པ་སོགས་ཅུང་ཟད་མི་འདྲ་བ་བཤད་ནའང༌། རང་ལུགས་སྔ་མ་ཉིད་དུ་བཟུང་དགོས་ལ། སྔར་གྱི་བགྲང་ཚུལ་མི་འདྲ་བ་གཞན་དེ་དག་ལ་མིང་མི་གཅིག་པ་མང་པོ་ཞིག་བྱུང་བ། ཕལ་ཆེར་དོན་གཅིག་པ་ལ་མིང་གི་རྣམ་གྲངས་ཡིན་པ་ཤས་ཆེ་ཞིང༌། འགའ་ཞིག་བགྲང་ཚུལ་མི་གཅིག་པ་རང་ཡང་ཡིན་པར་སྣང༌། དེ་ལ་འོད་སྲུང་པ་ནི། དགྲ་བཅོམ་པ་འོད་སྲུང་ཕྱི་མའི་སློབ་བརྒྱུད་འགའ་ཞིག་ལོགས་སུ་ཆད་པ་ལས་བྱུང་ཞིང༌། སྡེ་པ་འདི་ལ་ཆར་བཟང་འབེབས་པ་ཡང་ཟེར། དེ་བཞིན་དུ་ས་སྟོན་པ་དང༌། ཆོས་བསྲུངས་པ་དང༌། གོས་དམར་བ་རྣམས་ནི་དེ་དང་དེའི་མཚན་འཆང་བའི་གནས་བརྟན་རྣམས་ཀྱི་རྗེས་འབྲང་ཡིན་ཞིང༌། འཕོ་བར་སྨྲ་པ་དང༌། བླ་མ་པ་དང༌། གོས་དམར་བ་སྡེ་གཅིག མཆོད་རྟེན་པ་དང་ཤར་གྱི་རི་པ་ཡང་སྡེ་གཅིག་ཅིང༌། དེ་ནི་ཀུན་ཏུ་རྒྱུ་ལྷ་ཆེན་པོ་ཞེས་བྱ་བའི་སློབ་མའོ། །དེ་ལས་གྱེས་པ་དོན་གྲུབ་པ་དང༌། རྒྱལ་
པོའི་རི་པ་ཡིན་པས། ལུགས་ཕྱི་མ་ལྟར་ན་དེ་གཉིས་བཅོ་བརྒྱད་ལ་མི་བགྲང་ངོ༌། །འཇིག་རྟེན་འདས་པའི་རི་དང༌། བྱ་གག་རི་པ་གཅིག །ཐ་སྙད་གཅིག་པ་ནི་ཕལ་ཆེན་པ་སྤྱིའི་མིང་ཡིན་པར་ཡང་འཆད། ཀུ་རུ་ཀུལླེ་པ་ནི་ས་སྒྲོགས་རི་པར་བསྒྱུར་བ་ཡིན་ལ། གནས་མའི་བུ་པ། ཆོས་མཆོག་པ། བཟང་ལམ་པ། གྲོང་ཁྱེར་དྲུག་པ་རྣམས་ཀྱང་སྤྱིར་རགས་པ་ཙམ་ན་དོན་གཅིག་པར་བྱེད་དོ། །དེ་ལྟར་ཡང་འཕགས་ཡུལ་དང༌། གླིང་ཕྲན་རྣམས་ཀྱི་དགེ་འདུན་ཀུན་ལ་སྡེ་པ་བཞི་སོ་སོའི་ཁ་འཛིན་བྱེད་པ་མ་འདྲེས་པར་ཡོད་ཅིང༌། སྡེ་པ་བཅོ་བརྒྱད་སོ་སོའི་ནི་གཞུང་ལུགས་དང༌། གླེགས་བམ་ད་ལྟའི་བར་དུ་ཡོད་ཀྱང་དེ་དང་དེའི་གྲུབ་མཐའ་འཛིན་པ་ནི་སོ་སོར་མ་འདྲེས་པ་ཆེར་མེད་ལ། རྒྱལ་པོ་པཱ་ལ་བདུན་བརྒྱུད་ཀྱི་རིང་ལ་སྡེ་པ་བདུན་ཙམ་གྱི་རྒྱུན་ཡོད་པར་མངོན་ཞིང༌། ད་ལྟ་ཡང་ཉན་ཐོས་སེནྡྷ་པ་རྣམས་ལ་དེ་ཙམ་ཡོད་པར་མངོན་ནོ། །སྤྱིར་སྡེ་པ་བཞི་མ་འདྲེས་པ་ཡོད་ཀྱི་སྟེང་དུ་གནས་མའི་བུ་པ་དང༌། ཀུ་རུ་ཀུལླེ་པ་སྟེ་མང་བཀུར་བའི་གཉིས་དང༌། རྟག་པར་སྨྲ་བ་དང༌། འཇིག་རྟེན་འདས་པར་སྨྲ་བ་སྟེ་ཕལ་ཆེན་པའི་གཉིས་དང༌། གཞི་ཐམས་ཅད་ཡོད་པར་སྨྲ་བ་དང༌། གོས་དམར་བ་སྟེ་ཡོད་སྨྲའི་གཉིས་ནི་ངེས་པར་ཡོད་པས་སོ། །སྔོན་དཔེ་སྟོན་སྡེ་པར་གྲགས་པ་ནི་གོས་དམར་བ་ལས་གྱེས་པའི་མདོ་སྡེ་པ་རྣམས་ཡིན་ལ། བཅོ་བརྒྱད་ལ་འདི་ལོགས་སུ་མི་བགྲང་ངོ༌། །དེ་ཡང་སྔོན་ཉན་ཐོས་ཁོ་ནའི་བསྟན་པ་དར་བའི་ཚེ་དེ་དག་ལ་གྲུབ་མཐའ་ཐ་དད་པ་དག་ངེས་པར་ཡོད་ལ། ཐེག་ཆེན་
དར་བ་ནས་ཐེག་ཆེན་གྱི་དགེ་འདུན་ཐམས་ཅད་ཀྱང་སྡེ་པ་དེ་རྣམས་ཉིད་ཀྱི་ཁོངས་སུ་གཏོགས་ཀྱང་གྲུབ་མཐའ་ཐེག་ཆེན་ཉིད་འཛིན་པའི་ཕྱིར་སྔོན་གྱི་སོ་སོའི་གྲུབ་མཐས་མ་གོས་ལ། ཉན་ཐོས་རྣམས་དེ་ནས་ཀྱང་ཡུན་རིང་རབ་ཏུ་གྲུབ་མཐའ་མ་འདྲེས་པར་སྐྱོང་བ་བྱུང་ཡང་ཕྱིས་ནི་གྲུབ་མཐའ་འདྲེས་ཏེ་གནས་སོ། །ཐེག་པ་ཆེ་ཆུང་གི་གྲུབ་མཐའ་གང་འཛིན་ཀྱང་རུང་འདུལ་བའི་སྤྱོད་པ་དང༌། ལག་ལེན་ནི་མ་འདྲེས་པར་གནས་པ་ཡིན་པས། སྡེ་པ་བཞིའི་དབྱེ་འབྱེད་ཀྱང་འདུལ་བའི་སྤྱོད་པ་ལས་དབྱེ་བར་གོ་དགོས་སོ། །དེ་ཡང༌། ཕྱག་རྒྱ་གསུམ་དང་ཡང་དག་ལྡན། །བསླབ་པ་གསུམ་ནི་རབ་སྟོན་ལ། །ཐོག་མ་བར་དང་མཐར་དགེ་བ། །སངས་རྒྱས་གསུང་དུ་ཡང་དག་རྟོགས། །ཞེས་གསུངས་པ་ལྟར་ཡིན་པས་ཐམས་ཅད་ལ་དད་པ་བླ་ལྷག་ཏུ་བསྐྱེད་པར་བྱའོ། །སྡེ་པ་བཞིའི་དོན་ལ་ཅུང་ཟད་དཔྱད་པའི་སྐབས་ཏེ་ཞེ་གཉིས་པའོ།། །།འདིར་ཡིད་གཉིས་སུ་བྱ་བ་གཞན་འགའ་ཞིག་སྒྲིན་པོར་རློམ་པའི་སྐྱེ་བོ་ཁ་ཅིག་དག་ལ་སྣང་སྟེ། སྔགས་ཀྱི་ཐེག་པ་བྱུང་ཚུལ་ལོགས་པ་ཞིག་ཡོད་དམ་མེད་ཅེས་དཔྱོད་དོ། །སྤྱིར་ནི་མདོ་སྡེ་དང༌། རྒྱུད་སྡེ་ཐམས་ཅད་ལ་གླེང་གཞི་སོ་སོར་ཡོད་པ་དེའི་ཕྱིར་མདོའི་བྱུང་ཚུལ་ལས་སྔགས་ཀྱི་བྱུང་ཚུལ་ཐ་དད་པ་ཡིན་མོད་ཀྱི། རེ་རེ་ནས་སྨོས་ཀྱིས་མ་ལོང་ལ། སྤྱི་ལྡོག་ནས་མདོ་རྒྱུད་གཉིས་ལ་ཡུལ་དང་དུས་དང་སྟོན་པའི་དབྱེ་བ་ཡོད་པ་མ་ཡིན་ནོ། །དེ་ཉིད་ཇི་ལྟར་མི་ཡུལ་དུ་བྱུང་བའི་ཚུལ་ཡང་ཐེག་ཆེན་གྱི་མདོ་སྡེ་རྣམས་དང་ལྷན་ཅིག་རྒྱུད་སྡེ་རྣམས་ཀྱང་ཕལ་ཆེ་བ་བྱོན་པ་
ཡིན་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཟབ་མོ་མང་དག་ཅིག་ནི་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་ཏེ་རིམ་པ་བཞིན་བྱོན་པ་ཡིན་ནོ། །དཔེར་ན་དཔལ་ས་ར་ཧས་སངས་རྒྱས་ཐོད་པ་སྤྱན་དྲངས་པ་དང༌། ལཱུ་ཡི་པས་རྣལ་འབྱོར་མ་ཀུན་སྤྱོད་སོགས་སྤྱན་དྲངས་པ་དང༌། ལྭ་ཝ་པ་དང་མཚོ་སྐྱེས་ཀྱིས་དགྱེས་པའི་རྡོ་རྗེ་སྤྱན་དྲངས་པ་དང༌། ནག་པོ་སྤྱོད་པ་པས་ཁ་སྦྱོར་ཐིག་ལེ་སྤྱན་དྲངས་པ་དང༌། ལ་ལི་ཏ་བཛྲ་གྱིས་གཤིན་རྗེ་གཤེད་ནག་པོ་སྐོར་གསུམ་སྤྱན་དྲངས་པ་དང༌། ཟབ་པའི་རྡོ་རྗེས་རྡོ་རྗེ་བདུད་རྩི་སྤྱན་དྲངས་པ་དང༌། ཀུ་ཀུ་རཱི་པས་མཧཱ་མཱ་ཡཱ་སྤྱན་དྲངས་པ་དང༌། པི་ཊོ་པས་དུས་ཀྱི་འཁོར་ལོ་སྤྱན་དྲངས་པ་སོགས་ཡིན་ནོ། །སྔོན་གྱི་ཁ་ཅིག་སྔགས་ཀྱི་བྱུང་ཚུལ་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པ་ན་ཡོད་རྫུ་བ་བྱས་པ་ལ། མཁས་མཆོག་བུ་སྟོན་གྱིས་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་ལོ་རྒྱུས་གང་ཡོད་རྫོགས་པར་ལུང་དྲངས་ནས་ལྷན་ཅིག་སྐྱེས་གྲུབ་ཉིད་ཀྱི་ལོ་རྒྱུས་ཡིན་གྱི། གསང་སྔགས་སྤྱིའི་བྱུང་ཚུལ་མ་ཡིན་ནོ་ཞེས་རིགས་ཤིང་འཐད་པར་གསུངས་པ་ལས། འགོས་ལོ་གཞོན་ནུ་དཔལ་གྱིས་དེ་གཟིགས་བཞིན་དུ་གཏམ་རྙིང་པ་ལ་རོ་ལངས་མཛད་དེ་ལྷན་ཅིག་སྐྱེས་གྲུབ་ཀྱི་གཏམ་འདི་ལེགས་པར་བཤད་ནས། དེའི་ནང་གི་ཞིང་པ་པདྨའི་རྡོ་རྗེ་དེ་པདྨ་བཛྲ་ཆེན་པོ་དང་གཅིག་ཏུ་རུང་བས། དེ་ནས་བརྩམས་ཏེ་གྲུབ་པ་སྡེ་བདུན་བྱུང་ཚུལ་སོགས་དང་སྦྱར་ན་སྔགས་ཀྱི་བྱུང་ཚུལ་ངོ་མཚར་ཅན་ཡོད་གསུང་པ་ནི་བརྗོད་འདོད་ཙམ་སྟེ། ལྷན་ཅིག་སྐྱེས་གྲུབ་དང༌། གྲུབ་པ་སྡེ་བདུན་ཡང་གསང་སྔགས་པ་འགའ་ཞིག་ཁོ་ནས་ཉམས་སུ་བླངས་མོད། ཐམས་ཅད་ལ་ཁྱབ་པ་མ་ཡིན་པས་དེའི་བརྒྱུད་པ་བཤད་པས་སྔགས་སྤྱིའི་བརྒྱུད་པ་
བཤད་པར་མི་འགྲོ་ལ། རྒྱ་བོད་ཀྱི་སྔགས་པ་ཕལ་ཆེར་གྱིས་ཉམས་སུ་ལེན་པའི་ཆོས་བརྒྱུད་སོ་སོ་བ་གང་གི་ཡང་བརྒྱུད་པ་ལ་འདྲེན་མི་དགོས་པའི་སྔགས་སྤྱིའི་བྱུང་ཚུལ་ངོ་མཚར་ཅན་ཞིག་ཅིས་ཀྱང་འབྱུང་བར་གདའ་འོ་ཞེས་ཀྱལ་ཀ་ཡང་ཞུའོ། །དེ་ལ་བརྟེན་ནས་རྟོག་བཟོ་གཙོ་བོར་བྱེད་པ་འགའ་ཞིག་ཀྱང་དེ་ཉིད་བསྡུས་པ་དང༌། རྡོ་རྗེ་རྩེ་མོ་ལས་བྱུང་བའི་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་སྤྲུལ་བཤད་ཀྱི་ལོ་རྒྱུས་མ་དག་ཅིང་མ་ཚང་བ་འགའ་རེ་བྲིས་ནས་སྔགས་ཚུལ་དང་པོར་གསུངས་པའི་ལུགས་སུ་བྱས། ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་ལོ་རྒྱུས་དེ་ལ་གཞི་བྱས་ནས་རྒྱལ་པོ་དཔའ་བོའི་རྡོ་རྗེ་ཨཱརྱ་དེ་ཝའི་བླ་མ་ཡིན་པར་རློམ་པ་དང༌། བུ་མོ་བདེ་བའི་རོལ་པ་མོ་ནི་ཀླུ་ལས་གྱུར་པའི་རྣལ་འབྱོར་མ་དང་གཅིག་པར་རློམ་པས་འཕགས་སྐོར་སོགས་ཀྱི་བརྒྱུད་པ་འདེད་རྒྱུ་བ་དང༌། མཁའ་འགྲོ་མ་སྐལ་བ་བཟང་མོའམ་བློ་གྲོས་བཟང་མོ་དང་གཅིག་པར་རྫུ་བས་གདམས་ངག་བཀའ་བཞིའི་བརྒྱུད་པ་འདེད་པར་སྨྲ་བ་སོགས་སྙིང་པོ་མེད་པ་ཤ་སྟག་སྒྲོགས་པ་ཡང་མཐོང༌། དཔལ་ལྡན་འབྲས་སྤུངས་སུ་སྔགས་ཀྱི་ཐེག་པ་གསུངས་པའི་གནས་ལ་ཡང་མཁས་པ་རྣམས་ལ་ཡོངས་སུ་གྲགས་པ་ལས་ཕྱིར་ལྡོག་སྟེ། བོད་རྒན་པོ་འགའ་ཞིག་གི་ཟིན་བྲིས་བརྡ་ཆད་ཙམ་གྱི་སྒོ་ནས་ཀྱང་འཕགས་ཡུལ་ལ་མ་གྲགས་ཤིང༌། བོད་པའི་བླུན་བཟོར་གོ་ནུས་པའི་གནས་ཀྱི་མིང་ཚུན་ཆད་ཀྱང་ཆོས་བཟང་སྤྲིན་གྱི་ཡང་རྫོང་ཞེས་པ་ཡོད་པའི་ཁུངས་མེད་རྣམས་ལ་ཕྱོགས་འཛིན་གྱི་དབང་གིས་ངོ་སོར་བྱེད་པ་དེ་དག་ནི་བླུན་པོས་བླུན་པོའི་ཚོགས་པ་མགོ་བསྐོར་བ་ཡིན་པའི་ཕྱིར། ཤེས་ལྡན་རྣམས་ཀྱི་གཏམ་དུ་བྱ་བ་ཡང་མ་ཡིན་ནོ། །ཡང་ལྷན་ཅིག་སྐྱེས་གྲུབ་ཀྱི་འགྲེལ་པའི་གཏམ་རྒྱུད་དེ་ནི་མན་ངག་དེ་ཁོ་
ནའི་བརྒྱུད་པ་ཡིན་ལ། མན་ངག་དེ་ཡང་རྒྱུད་ཀུན་གྱི་དགོངས་པ་ལོས་ཀྱང་ཡིན་མོད། ལྷན་ཅིག་སྐྱེས་པའི་མན་ངག་དང་དེའི་གཞུང་ཡྀན་ན་དཔལ་མོའི་མན་ངག་དེ་དང་གཞུང་དེ་ཡིན་ག་ལ་དགོས། གཞན་ཡང་ཊོམྦི་ཧེ་རུ་ཀས་མཛད་པའི་ལྷན་ཅིག་སྐྱེས་གྲུབ་ནི་གྲུབ་པ་སྡེ་བདུན་རྣམས་བརྒྱད་ལ་བགྲང་གི དཔལ་མོ་ལྷན་ཅིག་སྐྱེས་གྲུབ་ནི་དེ་ལ་མི་བགྲང་བས། འདི་དག་རྒྱ་བོད་དུ་བརྒྱུད་པ་ཐ་དད་ལས་བྱུང་བའི་རིམ་པ་ཁོ་ན་ཡིན་པས་འདྲ་འདྲེས་ཀྱིས་གཅིག་ཏུ་རློམ་པ་གད་མོའི་གནས་སོ། །འོན་ཏེ་སྔགས་ཀྱི་ཐེག་པ་ལ་ཆོས་རྒྱུད་དེ་དང་དེའི་བརྒྱུད་པའི་གཏམ་རྒྱུད་ཁུངས་མ་རྣམས་ལས་འབྱུང་བའི་གཏམ་དེ་ཉིད་མང་པོར་བསྡོམས་པ་ལས་སྔགས་ཀྱི་བྱུང་ཚུལ་དུ་ཤེས་དགོས་ཤིང༌། དེ་དག་ཀྱང་མདོ་ཙམ་ཞིག་རིན་པོ་ཆེའི་འབྱུང་གནས་ལྟ་བུའི་གཏམ་དུ་བྲིས་ཡོད་པས་དེར་བལྟ་བར་བྱའོ། །སྤྱིར་འཕགས་ཡུལ་དུ་བྱུང་བའི་གྲུབ་ཐོབ་ཀྱི་གཏམ་མཐའ་དག་སུས་བརྗོད་པར་ནུས་ཏེ། སྒྲོལ་མའི་སྔགས་རྒྱུད་ཁོ་ནས་གྲུབ་པ་ཐོབ་པའང་ཀླུ་སྒྲུབ་ཀྱི་རིང་ཁོ་ན་ལ་སྟོང་ཕྲག་ལྔ་ཙམ་བྱུང་བར་གྲགས་པ་དང༌། དཱ་རི་ཀ་པ་དང༌། ནག་པོ་སྤྱོད་པ་པའི་འཁོར་གྱི་ལོ་རྒྱུས་སོགས་ལས་རྗེས་སུ་དཔག་ནས་བསམ་གྱིས་མི་ཁྱབ་བོ་ཞེས་གོ་བར་བྱའོ། །སྔགས་ཀྱི་ཐེག་པའི་བྱུང་ཁུངས་ལ་ཅུང་ཟད་དཔྱད་པའི་སྐབས་ཏེ་བཞི་བཅུ་ཞེ་གསུམ་པའོ།། །།སྔོན་ནི་མིའི་བཟོ་བོ་ལས་ཀྱི་འཕྲུལ་དང་ལྡན་པ་དག་གིས་བཟོའི་གནས་ངོ་མཚར་བ་དག་བྱེད་པ་བྱུང་སྟེ། སྐུ་གཟུགས་སོགས་རི་མོར་བྲིས་པས་ཀྱང་དངོས་སུ་འཁྲུལ་པ་བསྐྱེད་ནུས་པ་བྱུང་བ་འདུལ་བ་ལུང་སོགས་སུ་གསལ་བར་གསུངས་པ་བཞིན་ཡིན་ལ། སྟོན་པ་མྱ་ངན་ལས་འདས་
ནས་ཀྱང་ལོ་བརྒྱ་ཙམ་གྱི་བར་དུ་དེ་འདྲ་ཤིན་ཏུ་མང་ངོ༌། །དེ་ནས་དེ་འདྲ་ཆེར་མེད་པ་ན། ལྷའི་བཟོ་བོ་མང་པོ་མིར་སྤྲུལ་ནས་བྱུང་སྟེ། བྱང་ཆུབ་ཆེན་པོ་དང༌། འཇམ་དཔལ་རྔ་སྒྲ་ལ་སོགས་པ་མ་ག་དྷཱའི་རྟེན་ངོ་མཚར་ཅན་བརྒྱད་ལ་སོགས་པ་མང་དུ་བཞེངས། རྒྱལ་པོ་མྱ་ངན་མེད་ཀྱི་དུས་གནས་ཆེན་པོ་བརྒྱད་ཀྱི་མཆོད་རྟེན་དང༌། རྡོ་རྗེ་གདན་གྱི་ནང་སྐོར་སོགས་གནོད་སྦྱིན་གྱི་བཟོ་བོས་བཞེངས། ཀླུ་སྒྲུབ་ཀྱི་དུས་ཀླུའི་བཟོ་བོས་བཅོས་པའང་མང་དུ་བྱུང་ངོ༌། །དེ་ལྟར་ལྷ་ཀླུ་གནོད་སྦྱིན་གྱིས་བཅོས་པ་དེ་རྣམས་ནི་བཞེངས་ནས་ལོ་མང་པོར་དངོས་སུ་འཁྲུལ་པ་བསྐྱེད་ནུས་པ་ཡོད་ལ། ཕྱིས་དུས་ཀྱི་དབང་གིས་དེ་ལྟར་མེད་ནའང་བཟོ་ཁྱད་ནི་གཞན་སུས་ཀྱང་མི་ཤེས་པ་ལྟ་བུར་ཡོད། དེ་ནས་ཀྱང་ཡུན་རིང་པོར་བློ་གྲོས་ཀྱི་རྩལ་སྣ་ཚོགས་པས་བཞེངས་པའི་བཟོ་བརྒྱུད་མི་འདྲ་བ་མང་པོ་ཁོ་ན་བྱུང་གི གཅིག་གི་རྗེས་སུ་འབྲང་བའི་སྲོལ་བཙུགས་པ་ནི་མེད་དོ། །ཕྱིས་ཞིག་ན་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱི་དུས། བཟོ་བོ་བིམྤ་ས་ར་ཞེས་པ་ཞིག་གིས་འབུར་དང་རི་མོའི་བཀོད་པ་ཤིན་ཏུ་ངོ་མཚར་བ་སྔར་གྱི་ལྷས་བཞེངས་པ་དང་མཐུན་པ་བྱས་ཏེ། དེའི་རྗེས་སུ་འབྲངས་པ་དཔག་ཏུ་མེད་པ་བྱུང༌། བཟོ་བོ་དེ་མ་ག་དྷཱར་སྐྱེས་པས་དེའི་ལུགས་འཛིན་པའི་བཟོ་རིགས་ཕྱོགས་གང་དུ་བྱུང་ཡང་དབུས་ཀྱི་བཟོ་བོར་གྲགས་ལ། རྒྱལ་པོ་ངང་ཚུལ་གྱི་དུས། ཡུལ་མ་རུར་སྐྱེས་པ་སྲི་ག་དྷཱ་རི་ཞེས་པ་ལྷ་བཟོ་ཤིན་ཏུ་མཁས་པ་བྱུང་སྟེ། དེས་གནོད་སྦྱིན་གྱིས་བཞེངས་པ་དང་མཐུན་པའི་བྲིས་འབུར་བྱས་ཏེ། དེའི་ལུགས་འཛིན་པ་ལ་ནུབ་རྙིང་གི་ལུགས་ཞེས་གྲགས་སོ། །རྒྱལ་པོ་དེ་ཝ་པཱ་ལ་དང་དཔལ་ལྡན་ཆོས་སྐྱོང་གི་དུས། བ་རེནྡྲེའི་ཡུལ་དུ་དྷི་མཱ་ན་
ཞེས་བྱ་བའི་བཟོ་བོ་ཤིན་ཏུ་མཁས་པ་ཞིག་བྱུང༌། དེའི་བུ་བིཏྤཱ་ལོ་ཟེར་བ་བྱུང༌། དེ་གཉིས་ཀྱིས་ཀླུའི་བཟོ་བོས་བཞེངས་པ་དང་མཐུན་པའི་ལུགས་མ། བརྐོས་མ། བྲིས་སྐུ་སོགས་སྣ་ཚོགས་བྱས་ཏེ། ཕ་བུ་གཉིས་ཀྱང་བཟོ་རྒྱུན་མི་འདྲ། བུ་དེས་བྷཾ་ག་ལར་བསྡད་པས་དེ་གཉིས་ཀྱི་རྗེས་འབྲང་ཚོ་ལ་ཕྱོགས་གང་དུ་བཞེངས། བཟོ་བོའི་སྐྱེ་ཡུལ་ཅི་ཡིན་ཡང༌། ལུགས་མ་རྣམས་ལ་ཤར་གྱི་ལྷ་ཞེས་ཟེར། རི་མོ་ནི་ཕ་དེའི་རྗེས་འབྲང་ལ་ཤར་རིས་དང༌། བུའི་རྗེས་འབྲང་གཙོ་བོར་མ་ག་དྷཱར་དར་བས་དབུས་ཀྱི་རི་མོར་ངོས་འཛིན། བལ་པོའི་ཡང་སྔོན་གྱི་བཟོ་རྒྱུན་ནུབ་རྙིང་དང་འདྲ། བར་སྐབས་ཀྱི་བྲིས་དང་ལི་མ་ནི་ཤར་དང་མཐུན་ཤས་ཆེ་བ་བལ་ཡུལ་རང་ལུགས་སུ་སྣང༌། ཕྱིས་ནི་ངེས་པ་མི་སྣང་ངོ༌། ཁ་ཆེར་ཡང་སྔོན་དབུས་དང་ནུབ་རྙིང་གི་རྗེས་སུ་འབྲང༌། ཕྱིས་ཧ་སུ་རཱ་ཛ་ཟེར་བ་ཞིག་གིས་བྲིས་འབུར་གཉིས་ཀའི་སྲོལ་གསར་པ་བཏོད་པའི་ལུགས་ལ་དེང་སང་ཁ་ཆེ་མ་ཟེར། གང་ན་སངས་རྒྱས་ཀྱི་བསྟན་པ་ཡོད་པ་ན་ལྷ་བཟོ་ཡང་མཁས་པར་དར། གང་ན་ཀླ་ཀློས་དབང་བྱེད་པར་ལྷ་བཟོ་ནུབ། གང་མུ་སྟེགས་དར་སར་ལྷ་བཟོ་ཡང་མི་མཁས་པ་དག་དར་བར་ཡོད། དེས་ན་གོང་དུ་སྨོས་པ་དེ་དག་གི་སྲོལ་དེང་སང་ཆེར་མེད། པུ་ཀཾ་དང༌། ལྷོ་ཕྱོགས་ཀྱི་རྒྱུད་དུ་ད་ལྟ་ཡང་སྐུ་གཟུགས་བཞེངས་བ་དར་པོ་ཡོད་ལ། དེ་དག་གི་བཟོ་རྒྱུན་བོད་དུ་སྔར་མ་བྱུང་པར་མངོན། ལྷོ་ཕྱོགས་སུ་ནི་ཛ་ཡ་ཞེས་པ་དང༌། བ་རོ་ཛ་ཡ་དང༌། བི་ཛ་ཡ་ཞེས་པ་རྒྱལ་བ་དང༌། གཞན་ལས་རྒྱལ་བ་དང༌། རྣམ་པར་རྒྱལ་བ་ཞེས་པ་གསུམ་གྱི་རྗེས་སུ་འབྲང་བ་ཤིན་ཏུ་མང་བ་ཡོད་དོ། །སྐུ་གཟུགས་བཞེང་པ་པོ་ཇི་ལྟར་བྱུང་བའི་ཚུལ་ཏེ་བཞི་བཅུ་ཞེ་བཞི་
པའོ།། །།གཏམ་གྱི་སྦྱོར་བ་འདི་ལེགས་པར་ཤེས་ན། བོད་ཀྱི་མཁས་པར་གྲགས་པ་ཆེན་པོ་འགའ་ཞིག་གིས་ཀྱང་སྟོན་པའི་གཏད་རབས་བདུན་འདས་མ་ཐག་ནས་ཀླུ་སྒྲུབ་ལ་སོགས་པ་བྱུང་བར་བྱེད་ཅིང༌། རྒྱལ་པོ་མྱ་ངན་མེད་འདས་འཕྲལ་ཙནྡྲའི་རྒྱལ་པོ་བྱུང་ངམ་སེམས་པར་བྱེད་པ་དང༌། ཙནྡྲ་བདུན་དང༌། པཱ་ལ་བདུན་ཏེ་རྒྱལ་པོ་རབས་བཅུ་བཞི་ལ་ས་ར་ཧ་ནས། ཨ་བྷ་ཡཱ་ཀ་རའི་བར་གྱི་སློབ་དཔོན་ཐམས་ཅད་ཀྱང་རྫོགས་པའི་ལུགས་སུ་བྱས་པའི་དུས་བར་ཐག་ཤིན་ཏུ་ཐུང་བ་དང༌། སློབ་དཔོན་རྣམས་ཀྱི་སྔ་ཕྱི་མ་འགྲིགས་དོགས་པ་ཁོང་དུ་བཟུང་ནས་སོ་སོའི་སྐུ་ཚེ་རིང་བར་བཅོས་ཏེ། དུས་བར་ཐག་ཤིན་ཏུ་རིང་བ་ལྟར་ཡང་ཡོད་པའི་ནོར་བ་དེ་དག་རྣམས་གཞི་མེད་དུ་སངས་པར་འགྱུར་བ་ཡིན་ནོ། །གཏམ་འདི་གཞི་གང་ལ་བརྟེན་ནས་བྱས་ཤེ་ན། བོད་དུ་སྦྱར་བའི་ཆོས་འབྱུང་བ་དང་གཏམ་རྒྱུད་ཐོར་བུ་མང་དག་འདུག་མོད་ཀྱང་གོ་རིམ་ཇི་བཞིན་ཚང་བ་འདུག་པ་མ་མཐོང་ཞིང༌། ཡིད་བརྟན་ཐུབ་ངེས་པའི་ལུགས་སུ་བྱས་པ་ཅི་རིགས་ཙམ་མ་གཏོགས་འདིར་མ་བྲིས་སོ། །རྒྱལ་པོ་རཱ་མ་པཱ་ལ་ཡན་ཆད་ཀྱི་ལོ་རྒྱུས་རྣམས་མ་ག་དྷའི་པནྚི་ཏ་ས་དབང་བཟང་པོ་ཞེས་བྱ་བས་སྦྱར་བ་ཤློ་ཀ་ཉིས་སྟོང་གི་ཚད་དུ་བྱས་པ་ཞིག་མཐོང་ཞིང༌། བླ་མ་པནྚི་ཏ་འགའ་ལས་ཐོས་ལ། འདིར་དེ་ཉིད་གཞིར་བཞག་པ་ལ་རྒྱལ་རིགས་ཀྱི་པནྚི་ཏ་དབང་པོས་བྱིན་གྱིས་བྱས་པའི་བུདྡྷཿཔུ་ར་ཎ་ཞེས་བྱ་བ་རྒྱལ་པོ་སེ་ན་བཞི་པ་ཡན་ཆད་ཀྱི་གཏམ་ཆ་ཚང་དུ་ཡོད་པ་ཚིགས་སུ་བཅད་པ་སྟོང་ཉིས་བརྒྱའི་ཚད་དུ་བྱས་པ་ཞིག་སྣང་བ་དང༌།
བྲམ་ཟེ་པནྚི་ཏ་བྷ་ཊཱ་གྷ་ཊིས་བྱས་པའི་སློབ་དཔོན་རབས་ཀྱི་གཏམ་གཞུང་ཚད་སྔ་མ་ཙམ་ཞིག་ཡོད་པ་དེ་གཉིས་ལས་ཀྱང་ལེགས་པར་ཁ་བསྐངས། སོ་སོའི་དུས་བསྒྲིགས་པ་རྣམས་ཕྲན་ཚེགས་མ་གཏོགས་ཕལ་ཆེ་བ་གསུམ་ཀ་མགྲིན་གཅིག་པར་ཡོད་ལ། དེ་དག་ཀྱང་ཉི་འོག་གི་རྒྱལ་ཁམས་སུ་བསྟན་པ་བྱུང་ཚུལ་ཁོ་ན་གཙོ་བོར་བྱས་པར་སྣང་གི ཁ་ཆེ་བ་དང༌། ཨུ་རྒྱན་དང༌། ཐོ་གར་དང༌། ལྷོ་ཕྱོགས་དང༌། ཀོ་ཀི་དང༌། གླིང་ཕྲན་སོ་སོར་ཇི་ལྟར་གྱུར་གྱི་ཡི་གེ་ཞིབ་མོ་ནི་མ་མཐོང་ཞིང་མ་ཐོས་པས་བྲི་བར་མ་ནུས་སོ། །ཕྱིས་བྱུང་གི་གཏམ་ཐོར་བུ་རྣམས་ལ་སྔོན་ཆད་ཡི་གེ་མེད་ཀྱང་གསུང་རྒྱུན་ལས་འབྱུང་བའི་ཡིད་ཆེས་ཅན་ཡིན་ཞིང༌། གཏམ་རྒྱུད་མེ་ཏོག་ཕྲེང་བ་ལས་འབྱུང་བ་རྣམས་ཀྱང་བཀོད་པ་ཡིན་ནོ། །དེ་ལྟར་རྨད་བྱུང་གཏམ་གྱི་ནོར་བུ་ནི། །གོ་སླའི་ཚིག་གི་སྲད་བུ་ལ་བརྒྱུས་ནས། །བློ་གསལ་རྣམས་ཀྱི་མགྲིན་པ་བརྒྱན་པའི་ཕྱིར། །འཚམ་ཤིང་བདེ་བའི་ཕྲེང་བར་སྤེལ་འདིའོ། །རྒྱལ་བའི་བསྟན་ལ་བྱ་བ་བྱས་པ་ཡི། །སྐྱེས་མཆོག་རྣམས་ལ་དད་པ་ཆེར་འཕེལ་ཞིང༌། །གཞུང་ལུགས་རྣམས་ཀྱང་ཁུངས་ལྡན་མི་ལྡན་གྱི། །དབྱེ་བ་ཤེས་འགྱུར་འདི་ཡི་དགོས་པ་ཡིན། །དམ་པའི་ཆོས་ལའང་དད་པ་རྒྱས་འགྱུར་ཞིང༌། །མཁས་ཤིང་གྲུབ་པའི་བསྟན་པ་འཛིན་རྣམས་ཀྱི། །མཛད་པའི་འཕྲིན་
ལས་བཟང་པོ་གང་ཡིན་པ། །དེ་དག་ངེས་པར་བྱེད་པའང་འདིའི་དགོས་པ། །ལམ་དང་གང་ཟག་ལ་དད་ནས། །དེ་དེའི་ཆོས་ལ་ཞུགས་པ་ན། །མཐར་ཐུག་སངས་རྒྱས་ཐོབ་པ་ནི། །ཆེད་དུ་བྱ་བ་ཡིན་པར་བཤད། །དགེ་བ་འདི་ཡིས་སེམས་ཅན་ཀུན། །བཟང་པོའི་སྤྱོད་པ་འདིར་ཞུགས་ནས། །བླ་མེད་སངས་རྒྱས་ཉིད་གྱུར་ཏེ། །ཡོན་ཏན་ཀུན་གྱིས་བརྒྱན་པར་ཤོག །དཔལ་གྱི་འབྱུང་གནས་དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་ཞེས་བྱ་བ་འདི་ནི་དོན་གཉེར་འགའ་རེས་བསྐུལ་བ་དང༌། གཞན་ལ་ཕན་པར་ཡང་མཐོང་ནས་རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་རང་ལོ་སུམ་ཅུ་སོ་བཞི་པ་ས་ཕོ་སྤྲེའུ་ཕུར་བུའི་ལོ་ལ་བྲག་སྟོད་ཆོས་ཀྱི་ཕོ་བྲང་དུ་སྦྱར་བའོ། །བསྟན་པ་རིན་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །འཕགས་བཞིའི་འབྱུང་གནས་རྒྱལ་ཡུམ་ཤེར་ཕྱིན་བཞིན། །འཕགས་པའི་ཡུལ་ན་དམ་ཆོས་བྱུང་བའི་ཚུལ། །འཕགས་དང་མཁས་པའི་ཞལ་ལུང་གཏམ་གཙང་མ། །འཕགས་བླཽས་མངོན་སུམ་རིག་བཞིན་སྦྱར་བ་འདི། །ཐར་འདོད་རྣམས་ཀྱིས་གཅིག་ཏུ་མཉན་འོས་ཀྱང༌། །
ས་འོག་གཏེར་བཞིན་དཔེ་ཙམ་མ་མཐོང་ལ། །འཇམ་དབྱངས་བླ་མས་མཁྱེན་བརྩེའི་སྒོ་ཕྱེས་ཏེ། །ཆོས་སྦྱིན་བཞིན་འདོད་རྒུའི་ཆར་བཟང་གསར་པར་སྤྲོས། །འགྲོ་ཀུན་ཕན་བདེའི་རྩ་ལག་ཟླ་མེད་པ། །རྒྱལ་བ་ཀུན་གྱི་གཙུག་ལག་ཁང་ཆེན་འདིར། །མགོན་པོ་ཁྱོད་ཉིད་བསྐལ་བརྒྱར་བཞུགས་ནས་ཀྱང༌། །བདག་སོགས་སེམས་ཅན་རྣམས་ལ་ཐུགས་རྗེས་གཟིགས། །རྒྱལ་བ་གཉིས་པ་ཀུན་མཁྱེན་ཇོ་ནང་བའི། །རྣམ་སྤྲུལ་རྗེ་བཙུན་ཡོན་ཏན་བཟང་པོ་ཡིས། །སྤྱི་ལོ་ཅིག་སྟོང་དགུ་བརྒྱ་གོ་ལྔ་ལོར། །རྒྱལ་བསྟན་མི་ཉམ་གོང་དུ་འཕེལ་བའི་ཕྱིར། །ཀུན་མཁྱེན་ཏཱ་ར་ནཱ་ཐའི་བཀའ་འབུམ་གྱི། །ཤིང་པར་འཛམ་ཐང་གཙང་བའི་ཆོས་གྲྭ་ཆེར། །བསྐྲུན་པའི་དགེ་བ་འོད་དཀར་དྲི་མེད་ཀྱིས། །མ་གྱུར་འགྲོ་ལ་རྫོགས་སངས་རྒྱས་ཐོབ་ཤོག །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག) སརྦ་མངྒ་ལཾ།