སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་སོ་གཉིས་པ།
མགོ་བརྗོད།
རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི། ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།
ཐུགས་རྗེ་ཆེ་ཞུ།
ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།
རྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ།
རྫོགས་པ་ཆེན་པོ་ཀློང་སྡེའི་རྒྱུད་ལུང་གི་རྩ་བ་གཅེས་པར་བཏུས་པ་བཞུགས་སོ། །རྒྱ་གར་སྐད་དུ། མ་ཧཱ་སནྡྷི་མ་ཧཱ་ཨཱ་བརྟ་པྲ་སཱ་ར་ཎི་རཱ་ཛ་ཏནྟྲ་གརྦྷ། བོད་སྐད་དུ། རྫོགས་པ་ཆེན་པོ་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཀྱི་སྙིང་པོ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་དགོངས་པ་མ་ནོར་བར་གསུང་པ། འདི་ལ་གསུམ། གཞི་འཁོར་འདས་གྲུབ་པ་མེད་པའི་ཀློང་གི་དགོངས་པ་དང་། ལམ་ལྟ་སྒོམ་སྤྱོད་འབྲས་མ་བཙལ་ལྷུན་གྱིས་རྫོགས་པའི་ཀློང་གི་དགོངས་པ་དང་། འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པའོ། །དང་པོ་ནི། ཐིག་ལེ་གཅིག་གི་ངོ་བོ་ལ། །སངས་རྒྱས་མ་རྒྱས་མེད་པར་གཅིག །སངས་རྒྱས་འབྲས་བུ་བཏགས་པ་ཡང་། །ཐོབ་པའི་ཡོན་ཏན་གཞན་ན་མེད། །སེམས་ཉིད་ཀློང་ཆེན་དེ་ཡི་རུ། །སེམས་ཅན་རྒྱུ་རུ་སྣང་བ་ཡང་། །འཁོར་བའི་ཉེས་དམིགས་ལོགས་ན་མེད། །བྱ་བྲལ་ཀློང་ཆེན་དེ་ཡི་རྩལ། །རྒྱུ་འབྲས་མེད་པའི་ཆོས་ཉིད་ལ། །སངས་རྒྱས་སེམས་ཅན་དབྱེར་མེད་དེ། །དེ་ལ་རང་གིས་བཅོས་སུ་མེད། །རྒྱུ་རྐྱེན་འབྲས་བུར་བཏགས་པ་ཡང་། །དཀྲི་དྲང་དོན་གྱིས་བསྟན་པར་ཟད། །གཉིས་པ་ལ་གཉིས། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། ༡མ་ནོར་བ་ཡི་ཆོས་ཉིད་ལ། །༢མ་བཅོས་གནས་ཤིང་༣མ་བྱས་གསལ། །༤མ་འགགས་པ་ཉིད་ཡེ་ཤེས་ཀློང་། །དེ་བཞིན་ཉིད་ཀྱི་གནས་འདི་ལ། །ཡེངས་དང་མ་ཡེངས་མེད་པ་དང་། །གཡོ་དང་མི་གཡོ་མེད་པའི་ཕྱིར། །རྒྱལ་བའི་དགོངས་པ་འདི་ལས་མེད། །གཉིས་པ་རྒྱས་པར་བཤད་པ་ལ་བཞི། མ་ནོར་ལྟ་བས་ཐག་བཅད་པའི་ཀློང་། མ་བཅོས་སྒོམ་པས་ཉམས་སུ་བླང་བའི་ཀློང་། མ་བྱས་སྤྱོད་པས་བོགས་དབྱུང་བའི་ཀློང་། མ་འགགས་འབྲས་བུ་ཉམས་སུ་མྱོང་བའི་ཀློང་གི་དགོངས་པའོ། །དང་པོ་ནི། རྣམ་པར་དག་པའི་ཆོས་ཉིད་ལ། །རྒྱུ་འབྲས་རྫས་སུ་རྟོག་པ་ནི། །གྲུབ་མཐའ་ངན་པས་བཅིངས་པ་སྟེ། །འཁྲུལ་པས་དོན་ལས་གོལ་བའི་ཕྱིར། །བསྟན་ཞིང་བརྗོད་པ་རབ་ཏུ་དཀའ། །ཀློང་ཆེན་འཁྱིལ་བའི་མཁའ་དབྱིངས་ནི། །ཀུན་གྱི་གནས་ཆེན་ཡིན་པའི་ཕྱིར། །ཡུལ་ལ་སྤྱོད་ཅིང་རྣམ་པར་ཡན། །འཁྲུལ་པས་དོན་ལ་གོལ་བའི་ཕྱིར། །ཚད་མས་བཤིགས་པས་མི་ཤིགས་ཏེ། །ཀློང་ཆེན་རང་གི་མཐུ་ཡིས་གྲོལ། །རྟོག་མཐའ་བཅད་པས་མི་ཆོད་དེ། །ཀློང་ཆེན་རང་གི་སྟོབས་ཀྱིས་གཅོད། །རང་སེམས་ཚད་མའི་གདིང་ལྡན་པའི། །འགྱུར་མེད་དོན་གྱི་གཡུང་དྲུང་ཡིན། །ལུང་རིག་དོན་གྱི་བྱ་ར་བས། །ལོག་རྟོག་ལྐུགས་པ་རྡུལ་དུ་བརླག །གཉིས་པ་ནི། ཕྱིར་མི་ལྡོག་པ་དོན་གྱི་ལུང་། །མཐའ་རུ་མི་སྟོང་འཛིན་པར་བྱེད། །ཤེས་རབ་མཚུངས་མེད་རིག་པའི་ཚད། །ཡུལ་དུ་མི་གཅོད་མཉམ་པའི་ཀློང་། །ཀུན་གྱིས་ཐུན་མོང་མ་ཡིན་པས། །འདི་ལ་བཙལ་ཞིང་བསྒྲུབ་ཏུ་མེད། །འདི་ལ་ཅིའང་བྱ་མི་དགོས། །དཀའ་ཐུབ་དཀའ་སྤྱོད་མི་དགོས་ཏེ། །འདི་ལ་སྦྱང་ཞིང་བགྲོད་དུ་མེད། །མ་བཅོས་རང་ས་ཉིད་དུ་གསལ། །སྟོབས་ལྡན་ཆགས་པའི་ཡུལ་མེད་པས། །ལམ་སྟེགས་འབྲས་བུ་ཐོབ་ཏུ་མེད། །གསུམ་པ་ནི། བྱར་མེད་ཡེ་ཀློང་དོན་འདི་ལ། །ཚིག་ཏུ་མཚོན་དུ་གདགས་གཞི་མེད། །ཡུལ་དུ་བྱ་རུ་དམིགས་གཏད་མེད། །ཏིང་འཛིན་བཟླས་པ་བྱ་མི་དགོས། །ཅི་ཞིག་བསྒྲུབ་ཅིང་གང་ལ་གནས། །བྱར་མེད་དོན་ལ་སྔགས་སུ་མེད། །ཇི་ལྟར་སྣང་ཞིང་གྲགས་པའི་ཆོས། །རང་ལས་བྱུང་བས་རང་གི་རྒྱན། །གཞན་དུ་འཛིན་པ་རྟོག་པའི་བློ། །དེ་ལ་ཞེན་པ་འཁྲུལ་པའི་སེམས། །གཟུང་འཛིན་མེད་ན་གྲོལ་བའི་ལམ། །རང་སེམས་དེ་རུ་མ་ཤེས་ན། །ཐབས་ཆེན་གཞན་དུ་བཙལ་དུ་མེད། །སྟོན་པ་རང་དུ་མ་ཤེས་ན། །ཀུན་ཏུ་བཟང་པོ་ལོགས་ན་མེད། །བསྟན་པ་རང་དུ་མ་ཤེས་ན། །ཐེག་པའི་རྣམ་གྲངས་གཞན་ན་མེད། །འཁོར་རྣམས་རང་དུ་མ་ཤེས་ན། །ཡུལ་གཞན་འདུ་ཤེས་སྐྱེ་བར་འགྱུར། །དུས་རྣམས་རང་དུ་མ་ཤེས་ན། །རེ་བའི་ཐག་པ་ཆོད་མི་འགྱུར། །དེ་ལྟར་གནས་པའི་དོན་འདི་ལ། །འཆིང་དང་གྲོལ་བ་གཉིས་སུ་མེད། །གཞལ་བྱ་འཇལ་བྱེད་ཚིག་གི་མཐའ། །དམིགས་པའི་ཡུལ་ལ་རྟོགས་དཔྱོད་བྱེད། །ཡིད་དཔྱོད་ཤེས་པ་དོན་དུ་འཛིན། །བསྐལ་པ་བྱེ་བ་བརྒྱར་བགྲངས་ཀྱང་། །བྱར་མེད་དོན་དང་འཕྲད་མི་འགྱུར། །བཞི་པ་ནི། རྣམ་དག་ལམ་ཆེན་ཀུན་འབྱུང་ཕྱིར། །སྐྱེ་བའི་སྒོ་ཡང་དགག་ཏུ་མེད། །མ་བཀག་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་སྐྱེ་བ་མེད། །འཆི་བའི་ལམ་ཡང་བཅད་དུ་མེད། །མ་བཅད་བྱང་ཆུབ་སེམས་ཀྱི་ཀློང་། །བྱང་ཆུབ་སེམས་ལ་འཆི་བ་མེད། །སྐྱེ་ཤི་མེད་པའི་བདུད་རྩི་འདི། །རང་ལ་གནས་པས་བཙལ་མི་དགོས། །གསུམ་པ་འབྲས་བུ་མཐར་ཐུག་སྐུ་གསུམ་དབྱེར་མེད་ཀློང་གི་དགོངས་པ་ནི། ཡོད་དང་མེད་པའི་ཁྱད་པར་ལས། །རྟག་དང་ཆད་པའི་གོལ་སར་བྱུང་། །མཐའ་གཉིས་དབྱིངས་ལ་མི་གནས་ཕྱིར། །མི་རྟོག་ཡེ་ཤེས་ཀློང་དུ་ཐིམ། །རང་བྱུང་ཡེ་ཤེས་སྐུ་བརྙེས་པས། །མཐའ་རྣམས་ཀུན་གྱི་མི་ནུབ་ཕྱིར། །རྒྱལ་མཚན་ནོར་བུ་རིན་པོ་ཆེ། །ཁྱད་པར་འཕགས་པ་མཆོག་གི་ལམ། །བླ་མེད་བདེ་གཤེགས་རྣམས་ཀྱི་ཐུགས། །ས་བཅུ་བྱང་ཆུབ་སེམས་དཔའི་སྐུ། །འགྲོ་དྲུག་སེམས་ཅན་རྣམས་ཀྱི་ལུས། །གཏེར་ཆེན་འདི་ལས་གཞན་མེད་པས། །ཀུན་གྱི་རང་བཞིན་འདི་རུ་གཅིག །གཅིག་པོ་མ་ངེས་ཕྱོགས་དང་བྲལ། །ནམ་མཁའ་ལྟ་བུར་ཁྱབ་པའི་ཀློང་། །མཚན་མ་མེད་པའི་དབྱིངས་སུ་ཐིམ། །ཆོས་ཀྱི་སྙིང་པོ་དབྱིངས་ཀྱི་ཀློང་། །ཀུན་འབྱུང་ནོར་བུ་རིན་པོ་ཆེ། །བགྲོད་མེད་རྩོལ་བྲལ་རིག་པའི་ཀློང་། །གཞི་རྩ་མེད་པའི་སེམས་ཉིད་ལ། །ཁ་དོག་དབྱིབས་ཀྱང་གཟུང་དུ་མེད། །ཡུལ་དང་གནས་ཀྱང་བསྟན་དུ་མེད། །ཐམས་ཅད་དེ་ཡིས་བསྐྱེད་པའི་ཕྱིར། །དུས་གསུམ་རྒྱལ་བ་རྣམས་ཀྱི་ཡུམ། །ཐམས་ཅད་གནས་སུ་མེད་ལ་གནས། །ཀུན་ཀྱང་བསྟེན་དུ་མེད་ལ་བརྟེན། །ཕུ་བགྲོད་མདའ་བགྲོད་གར་ཕྱིན་ཀྱང་། །སེམས་ཉིད་ཀློང་ལས་མ་གཡོས་པས། །ཀུན་གྱི་དུར་ཁྲོད་ཆེན་པོའི་དབྱིངས། །མཚན་མ་དབྱིངས་སུ་དག་པའི་ཕྱིར། །རྣམ་དག་ཆེན་པོ་ཉམས་དགའི་ཀློང་། །ཡོན་ཏན་ཐམས་ཅད་འདུས་པའི་ཕྱིར། །ནོར་བུ་རིན་ཆེན་སྤུངས་པའི་ཁྲོད། །ཡུལ་དང་ཡུལ་ཅན་མེད་པའི་ཕྱིར། །བསམ་གྱིས་མི་ཁྱབ་སྐུ་གསུང་ཐུགས། །རྒྱལ་བ་ཀུན་གྱིས་རྟོགས་པའི་ཕྱིར། །དགོངས་པ་མ་ལུས་ཕུལ་དུ་ཕྱིན། །འགྲོ་དྲུག་འཁྲུལ་པས་མ་རྟོགས་པས། །ལྷན་ཅིག་སྐྱེས་ཀྱང་ངོ་མ་ཤེས། །བློ་ཆུང་རྣམས་ཀྱིས་མ་གོ་བས། །བརྟགས་དང་དཔྱད་པའི་མཐའ་ལས་གྲོལ། །དེ་ནི་བློ་ལྡན་གང་ཞིག་གིས། གཞན་དུ་མི་བལྟ་རང་དུ་བལྟ། །བལྟས་པས་མཐོང་བ་མེད་པ་དེ། །མཉམ་པ་ཉིད་ཀྱི་དོན་མཐོང་ཡིན། །སྐུ་གསུང་མཆོག་ཏུ་གྱུར་པས་ན། །ཆོས་ཀྱི་སྐུ་ཡི་ངང་ལ་གནས། །བླང་དོར་མེད་དང་སྐྱེ་འགག་མེད། །རྣལ་འབྱོར་ཆེན་པོ་ཞི་བའི་ས། །སངས་རྒྱས་ཀུན་གྱི་སྙིང་པོ་ཡིན། །མེད་པའི་སྙིང་པོ་ནམ་མཁའི་རྫོང་། །ཡོད་པའི་སྙིང་པོ་རྡོ་རྗེའི་སྐུ། །གཉིས་མེད་སྙིང་པོ་ཕྱོགས་དང་བྲལ། །སྙིང་པོ་བྱང་ཆུབ་སེམས་འདི་ལ། །ཅིར་ཡང་མཚོན་དུ་མེད་པའི་ཕྱིར། །བསམ་ཞིང་བརྟགས་ཏེ་གང་ལ་དམིགས། །དམིགས་མེད་ཆོས་སྐུ་མཐའ་དང་བྲལ། །ཞེས་གསུངས་སོ། །ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ལས། དོན་གྱི་སྙིང་པོ་བསྟན་པའི་ལེའུའོ། །དེ་ལྟར་རྫོགས་པ་ཆེན་པོ་ནང་ཀློང་སྡེ་ལ། ཀློང་དགུ་བམ་པོ་ཉི་ཁྲི་ཆིག་སྟོང་དུ་གྲགས་པའི་རྒྱུད་སྡེ་རྒྱ་མཚོའི་མཐར་ཐུག་པ་ནི་ཀློང་ཆེན་རབ་འབྱམས་རྒྱལ་པོའི་རྒྱུད་ཡིན་ལ། དེའི་སྙིང་པོར་གྱུར་པ་ནི་དོན་གྱི་སྙིང་པོ་བསྟན་པའི་ལེའུ་བཞི་པ་འདི་ཡིན་པར་གསུངས་པས་ཁོལ་དུ་ཕྱུངས་ན ས་ཡིག་རྙིང་ལྟར་ས་བཅད་མདོ་ཙམ་མཆན་དུ་བགྱིས་པ་སྟེ། རྒྱས་པར་སློབ་དཔོན་དགའ་རབ་རྡོ་རྗེས་མཛད་པའི་འགྲེལ་པ་རིན་པོ་ཆེའི་ཕྲ་བཀོད་ལྟར་ཤེས་པར་བྱའོ།། །།
༈ རྫོགས་པ་ཆེན་པོ་ཀློང་སྡེ་རྡོ་རྗེ་ཟམ་པའི་མན་ངག་གི་གཞུང་ཞལ་གདམས་དང་བཅས་པ་བཞུགས་སོ། །
ན་མོ་གུ་རུ། རྫོགས་པ་ཆེན་པོ་ཀློང་སྡེའི་སྙན་བརྒྱུད་རྡོ་རྗེ་ཟམ་པའི་གཞུང་འདི་ལ་དོན་གསུམ་ལས། ༈ དང་པོ་དབང་པོ་རབ་འཇུག་པ་ཀླད་ཀྱི་དོན་ལ་མཆོད་པར་བརྗོད་པ། ལྟ་བ་མ་ནོར་སྒོམ་པ་མ་བཅོས་སྤྱོད་པ་བསམ་འདས་འབྲས་བུ་བརྗོད་མེད་དེ་བཞི་དབྱེར་མེད། ངང་ལ་ཕྱག་འཚལ་ལོ། །བརྩམ་པར་དམ་བཅའ་ལ། གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། ། ༈ གཉིས་པ་དབང་འབྲིང་འཇུག་པ་གཞུང་གི་དོན་ལ་གསུམ་ལས། དང་པོ་དོན་གཏན་ལ་འབེབས་པའི་དུས་ལའང་གསུམ། དང་པོ་རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་ལོ་རྒྱུས་ཀྱིས་ངེས་ཤེས་སྐྱེད་པ། ༡རྣ་བ་རྒྱུད་ལུང་གི་གཏེར་ཆེན་འགྲོལ། །གཉིས་པ་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། ༢སྒོམ་མེད་དོན་གྱི་གཟེར་ཆེན་གདབ། །བརྡ་དོན་དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས། གནད་ཀྱི་བརྡ་འོག་ནས་འབྱུང་པ་བཞི། གསལ་བ་གནད་ཀྱི་བརྡ་དབང་པོའི་སྒོ་མ་༡བཀག །མི་རྟོག་པ་གནད་ཀྱི་བརྡ་༢ དབང་པོའི་སྒོ་མ་གཡོས་པ་སྟེ་ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གཉིས། འགྲོལ་བའི་མན་ངག་སྦྱིན། །འཛིན་མེད་ངང་ལ་མི་གནས་པར། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་ཆེན་ཐིག་ལེའི་མན་ངག་སྦྱིན། །བདེ་བ་གནད་ཀྱི་བརྡ་འོག་རླུང་ཡིད་ཙམ་འཐེན་༣པ། དབྱེར་མེད་པ་གནད་ཀྱི་བརྡ་ལྕེ་རྩེ་མོ་གང་ལའང་མ་བརྟེན་པ་སྟེ་མ་རྒྱུད་བདེ་བ་ཉམས་ཀྱི་མན་ངག་གཉིས་སོ། །མདོར་ན་བརྡ་བཞི་ཉམས་སུ་བླང་པའི་དོན་ཧྲིལ་གྱིས་དྲིལ་བ་ནི། རྡོ་རྗེ་ཟམ་པའི་རྩ་རྒྱུད་ཡེ་ཤེས་གསང་བ་ལས། རང་ལུས་དབེན་པའི་ས་ཕྱོགས་སུ། །ཕྱི་ནང་རྟེན་འབྲེལ་ཐག་བཅད་ནས། །ཆོས་བདུན་འབྱུང་བ་ཆ་སྙོམས་ནས། །ཚོགས་དྲུག་དབང་པོ་མ་བཀག་པར། །ཐ་མལ་ཤེས་པ་ཙམ་ལ་བཞག །ཕྱི་རུ་ལུས་ཀྱི་འབྱུང་བ་སྙོམས། །ནང་དུ་དབུགས་ཀྱི་འགྲོ་འོང་བྲལ། །མ་བཅོས་རྣལ་མའི་དོན་ལ་ཕེབས། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་གསུངས་སོ། །རྡོ་རྗེའི་བརྡ་བཞིའི་དོན་ངོ་སྤྲད། ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན། །ཐ་༡མལ་ཐ་མལ་དངོས་པོའི་འདུག་ཚུལ་ནི། གཉུགས་༢མ་སོ་མ་༣ལྷུག་༤ པའི་ངང་། །རྟེན་རྟག་ཆད་ཀྱི་མཐའ་བསལ་བ། མེད་པས་ན་རིག་པ་རང་སར་གྲོལ། །རྐྱེན་དང་བྲལ་བས་རིག་པ་རང་སར་དག །གསུམ་པ་རེ་དོགས་མེད་པར་དབྱིངས་སུ་གཏད་པ། རེ་དོགས་མེད་པར་དབྱིངས་ལ་གཏད། །བསམ་བརྗོད་བྲལ་བས་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །གཉིས་པ་བར་དུ་དོན་ཉམས་སུ་མྱོང་བའི་དུས་ལ་གསུམ། དབང་བཞིའི་དོན་བརྡ་བཞི་ལ་ཚང་བས་དབང་ངང་གིས་རྫོགས་པ། ༡དབང་ངང་གིས་རྫོགས་པས་བསྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས། བརྡ་བཞིའི་དོན་རྒྱུད་ལ་ཤར་བས་སྐུ་བཞི་རང་ཆས་སུ་གྱུར་པ། སྐུ་༢རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ། ཐེག་པ་ཐམས་ཅད་ཀྱི་དོན་གཅིག་ཏུ་རྟོགས་པའོ། །དོན་༣གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས། གསུམ་པ་ཐ་མ་དོན་ཉམས་སུ་ཤར་བའི་དུས་ལ་གསུམ། ལམ་མཐར་ཐུག་ཏུ་བསྟན་པ། ༡འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །ལུས་ངག་གི་འབད་རྩོལ་མེད་པར་གྲོལ་བ། སྐལ་༢ ལྡན་འབད་པར་གྲོལ། །དེའང་རང་གི་སེམས་ཉིད་རྟོགས་པ་ལས་གཞན་མིན་པར་བསྟན་པའོ། །གྲོལ་༣ བ་རང་བྱུང་གཞན་ལས་མིན། ། ༈ གསུམ་པ་དབང་པོ་ཐ་མ་ལ་ཞིབ་ཚེགས་འབྲུ་གནོན་དཔེ་དོན་དང་ལུང་མི་འགལ་བར་བཤད། ཇི་ལྟར་བཤད་པ་དེ་རྣམས་གཞུང་བཤད་ལྟར་རྒྱས་པར་འཆདཔའོ། ། ༈ བཀའ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད་ལས། རྡོ་རྗེ་སྙིང་པོའི་དོན་གཏན་ལ་འབེབས་པར་བྱེད་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་ལས། གདམས་ངག་འདི་ནི་རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་རྣ་བརྒྱུད་རིན་པོ་ཆེ་ཟམ་པའི་གདམས་ངག་གོ། །སློབ་དཔོན་བཻ་རོ་ཙ་ནས་བསྟན་པ་རྫོགས་སོ། །འདི་རྣམས་ཀྱི་དོན་རྒྱས་པར་སློབ་དཔོན་ཀུན་བཟང་རྡོ་རྗེས་མཛད་པའི་གཞུང་བཤད་ཆེ་འབྲིང་ཆུང་གསུམ་ལས་ཤིན་ཏུ་གསལ་བར་གཏན་ལ་ཕབ་པ་ལྟར་ཤེས་པར་བྱའོ།། །།
ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་སློབ་དཔོན། བཻ་རོ་ན།
ཀློང་སྡེ་རྡོ་རྗེ་ཟམ་པའི་གཞུང་བཞུགས་སོ། །གདོད་མའི་མགོན་པོ་དང་རྣམ་དབྱེར་མ་མཆིས་པ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་འདིར་གསང་སྔགས་སྔ་འགྱུར་རྙིང་མ་བའི་རིང་ལུགས་ལ་རྒྱ་ཆེ་བ་བཀའ་མ་དང་ཟབ་པ་གཏེར་མ་གཉིས་སུ་ཡོངས་སུ་གྲགས་པའི་དང་པོ་ལ་མདོ་སྒྱུ་སེམས་གསུམ་གྱི། འདིར་སེམས་ཕྱོགས་རྫོགས་པ་ཆེན་པོ་སྡེ་གསུམ་ལས་རྣལ་འབྱོར་མ་རྒྱུད་བདེ་སྟོང་སངས་རྒྱས་མཉམ་སྦྱོར་གྱི་སྙིང་པོའི་བཅུད་བསྡུས་ཤིང་ཡེ་ཤེས་གསང་བ་ལ་སོགས་པའི་རྒྱུད་སྡེ་བཅུ་གསུམ་དང་། རྡོ་རྗེའི་ཟམ་པ་དབང་གི་མན་ངག་ལ་སོགས་པའི་སྒྲུབ་སྡེ་བཅུ་གསུམ་དང་། ལྟ་བའི་ཀློང་ལ་སོགས་པ་ཀློང་དགུའི་དོན་གྱི་བཅུད་ཕྱུང་བ་རང་བཞིན་རྫོགས་པ་ཆེན་པོའི་སྙན་བརྒྱུད་རྡོ་རྗེའི་ཟམ་པ་ཞེས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེར་གྱུར་པ་འདི་ཉིད་འཇིག་རྟེན་མིག་གཅིག་ལོ་ཆེན་བཻ་རོ་ཙ་ནས་མཁས་པ་ཤྲཱི་སེདྷ་སོགས་རྒྱ་གར་གྱི་པཎ་ཆེན་ཉི་ཤུ་རྩ་ལྔའི་ཐུགས་ཀྱི་གསང་མཛོད་བརྟོལ་བའི་གདམས་པ་ཟབ་མོ་ལ་བརྒྱུད་པ་སྔ་ཕྱི་བར་གསུམ་དུ་བྱུང་བ་ལས། ཕྱི་མའི་སྐོར་ཡིན་ཏེ་བཻ་རོའི་འདྲ་འབག་ཏུ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབས་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །རྒྱུད་སྡེ་ཀློང་སྡེའི་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །ཅེས་སྤང་མི་ཕམ་མགོན་པོ་ལ་སྙན་བརྒྱུད་དུ་གདམས་ཤིང་དེ་ནས་བཟུང་སྟེ་བརྒྱུད་པ་བདུན་གྱི་བར་དུ་ཕུང་པོ་ལྷག་མེད་འཇའ་ལུས་འོད་སྐུར་གྲོལ་བ་ཤ་སྟག་ཏུ་བྱོན་པའི་བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་ནས་ཞལ། སྙན་ནས་སྙན་དུ་བརྒྱུད་པའི་ཟབ་ཅིང་ཆེས་དཀོན་པའི་ཆོས་སྐོར་ལ། གཞུང་དང་ཡིག་སྣའི་སྐོར། བྱིན་རླབས་དབང་གི་སྐོར། སྒོམ་སྒྲུབ་ཉམས་ལེན་གྱི་སྐོར། ཞལ་གདམས་གདམས་པའི་སྐོར་དང་བཞིའོ། །དང་པོ་ལ། ༈ སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་རྩ་བའི་གཞུང་ཆུང་བཞུགས་སོ། །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། །རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ། །བསྒོམ་མེད་དོན་གྱི་གཟེར་ཆེན་གདབ། །བརྡ་དོན་འགྲོལ་བའི་མན་ངག་སྦྱིན། །འཛིན་མེད་ངང་ལ་མི་གནས་པར། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་ཆེན་ཐིག་ལེའི་མན་ངག་སྦྱིན། །རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན། །ཐ་མལ་གཉུག་མ་སོ་མ་ལྷུག་པའི་ངང་། །རྟེན་མེད་པས་ན་རིག་པ་རང་སར་གྲོལ། །རྐྱེན་དང་བྲལ་བས་རིག་པ་རང་སར་དག །རེ་དོགས་མེད་པར་དབྱིངས་ལ་གཏད། །བསམ་བརྗོད་བྲལ་བས་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས། སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །སྐལ་ལྡན་འབད་པ་མེད་པར་གྲོལ། །གྲོལ་བ་རང་བྱུང་གཞན་ལས་མིན། །བཀའ་ས་མནྟ་ནམ་མཁའ་དང་མཉམ་པ་བདེ་བ་ཀུན་ཏུ་སྤྱོད་པའི་རྒྱུད་ལས་ཕྱེ་བའི་རྡོ་རྗེ་སྙིང་པོའི་དོན་གཏན་ལ་འབེབས་པར་བྱེད་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་ལས། གདམས་ངག་འདི་ནི་རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ་རྣ་བརྒྱུད་རིན་པོ་ཆེ་ཟམ་པའི་གདམས་ངག་གོ། །སློབ་དཔོན་བཻ་རོ་ནས་བསྟན་པ་རྫོགས་སོ།། །།
སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་གདམས་ངག་གཞུང་བཤད་ཆེ་བ། སློབ་དཔོན་ཀུན་བཟང་རྡོ་རྗེ།
སྙན་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་གདམས་ངག་གཞུང་བཤད་ཆེ་བ་འཛེང་ཡབ་སྲས་ཀྱི་སློབ་མ་སློབ་དཔོན་ཀུན་བཟང་རྡོ་རྗེས་མཛད་པ་བཞུགས། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། །ཞེས་བྱ་བས་སྔོན་དུ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བ་སྟོན་པའོ། །སྤྱིར་གདམས་ངག་གི་ལུགས་ཀྱིས་མཆོད་པར་བརྗོད་པ་མི་འབྱུང་བ་ཡིན་ཏེ། མཆོད་པར་བརྗོད་པ་ནི་རྒྱུད་ལུང་དམ་སྒྲུབ་ཐབས་ལས་འབྱུང་ངོ་། །གདམས་ངག་ལ་མཆོད་པར་བརྗོད་པ་མི་འབྱུང་བའི་རྒྱུ་མཚན་ནི། སྤྱིར་གདམས་ངག་གི་ལུགས་ཀྱིས་རང་གི་རྒྱུད་ལ་ཉམས་སུ་མྱོང་བའི་གོ་ཚོད་དམ། རྟོགས་ཚོད་དམ། རྒྱུད་ལུང་གི་དོན་དང་མི་འགལ་བར་ཉུང་ལ་འདུས་པའི་དོན་དེ་བླ་མས་བརྡ་དང་ངག་གི་ངོ་སྤྲོད་ནས་སྟོན་པ་ལས། ཀླད་ཀྱི་དོན་དང་གཞུང་དང་མཇུག་བསྡུ་བ་མེད་པས་ན་མཆོད་པར་བརྗོད་པ་མི་འབྱུང་བ་ལགས་སྐད། རྒྱུད་ལུང་ངམ་སྒྲུབ་ཐབས་ལ་མཆོད་པར་བརྗོད་པ་འབྱུང་བ་ནི། རྒྱུད་ལུང་གི་སྟོན་པའམ། སྒྲུབ་ཐབས་ཀྱི་གཙོ་བོའི་ལྷ་ལ་མཆོད་པར་བརྗོད་པ་ཡིན་པས། དེ་ཡང་འབྲས་བུ་གསང་སྔགས་ཀྱི་ལུགས་ཀུན་ཏུ་བཟང་པོའམ་རྡོ་རྗེ་འཆང་ངམ་རྡོ་རྗེ་སེམས་དཔའ་ལ་མཆོད་པར་བརྗོད་པའམ། རྒྱུ་མཚན་ཉིད་ཀྱི་ལུགས་ཀྱི་ཡུམ་ཆེན་མོའམ་ཤཱཀྱ་ཐུབ་པའམ་བྱང་ཆུབ་སེམས་དཔའ་ལ་མཆོད་པར་བརྗོད་པའོ། །ཡང་ན་བསྟན་བཅོས་རྩོམ་པ་པོ་རྟེན་གྱི་གང་ཟག་གིས་ཡི་དམ་གྱི་ལྷའམ། ཡང་ན་བསྟན་པའི་བདག་པོ་ལ་མཆོད་པར་བརྗོད་པའོ། །གདམས་ངག་ལ་མཆོད་པར་བརྗོད་པ་མི་འབྱུང་བ་ཡིན་ཏེ། འབྱུང་ནའང་རྩ་བའི་བླ་མ་ལ་མཆོད་པར་བརྗོད་པའོ། །དེ་ཡང་མ་དག་པ་དག་པར་བྱེད་པའམ། མ་རྟོགས་པ་རྟོགས་པར་བྱ་བའི་ཕྱིར་གཞན་ལ་མཆོད་པར་བརྗོད་པའོ། །གདམས་ངག་འདིའི་དབང་དུ་བྱས་ན་མཆོད་པར་བརྗོད་པ་འདིར་འབྱུང་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ནི་གང་ཟག་གིས་གོ་ཚོད་དམ། རྟོགས་ཚོད་ལ་བརྟེན་ནས་བཅོས་པ་ལྟ་བུ་མིན་ཏེ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའམ། རྡོ་རྗེ་སེམས་དཔའ་ནས་ད་ལྟ་ཡན་ཆད་དུ་བཀའ་བརྒྱུད་ཀྱི་ཕྲེང་བ་མ་ཆད་པའི་ཕྱིར་རྒྱུད་དང་འདྲ་བའི་མན་ངག །དགོངས་པ་དོན་གྱི་བརྒྱུད་ཀྱི་སྙིང་པོ་འདི་ཡིན་པས། མཆོད་པར་བརྗོད་པ་འདིར་འབྱུང་བའོ། །དེ་ཡང་རྒྱུད་ཀྱི་སྟོན་པ་ལ་སོགས་པ་རང་གི་སེམས་ཉིད་ལ་ཚུར་ལ་འཚལ་བ་མ་ཡིན་པའི་ཡུལ་གཞན་ལ་ཕར་ལ་མཆོད་པར་མི་བརྗོད་དེ། ཉིད་ལ་ཉིད་ཀྱིས་མཆོད་པར་བརྗོད་པ་ཡིན་པས། སོ་སོ་རང་རང་ཉིད་ཀྱི་སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་ཕྱག་འཚལ་བར་སྟོན་པའོ། །དེ་ཡང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། སེམས་ལས་སངས་རྒྱས་མེད་པས་མཆོད་པ་གཞན་མི་བྱ། །ཞེས་བཤད་དོ། །དེ་བས་ན་མཆོད་པར་བརྗོད་པའི་ཡུལ་ཞིག་དང་། རྗོད་པར་བྱེད་པའི་རིག་པ་གཉིས་སུ་མེད་དེ། གཉིས་སུ་མེད་པའི་དོན་བརྗོད་དུ་མེད་པའི་ངང་དེ་ཉིད་རང་གི་རྒྱུད་ལ་ཡོད་པར་རྟོག་པའི་དོན་དེ་ཉིད་གསལ་འདེབས་པའི་ཕྱིར་ཉིད་ལ་ཉིད་ཀྱིས་མཆོད་པར་བརྗོད་པའོ། །དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་དང་པོ་ལས། ཡོན་ཏན་ཐམས་ཅད་མ་བཙལ་རང་ལས་ཤར། །རྟོགས་པའི་རིག་པ་གཉིས་མེད་ངང་དུ་འདུད། །ཅེས་བཤད་དོ། །དེའི་ཕྱིར་གཉིས་སུ་མེད་པའི་དོན་བརྗོད་དུ་མེད་པའི་ངང་དེ་ལ་མཆོད་པར་བརྗོད་པའོ། །དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་མཆོད་པར་བརྗོད་ན། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །ཞེས་མཆོད་པར་བརྗོད་པའོ། །དེ་ལ་དང་པོ་མ་ནོར་ཞེས་པ་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས། རང་བྱུང་གི་ཡེ་ཤེས་ཆེན་པོ། དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པའི་དོན་ཆོས་བཞི་དང་ལྡན་པ་འདུས་མ་བྱས་པ། རྐྱེན་གྱིས་མི་འཇིག་པ། གསལ་ལ་རྟོག་པ་མེད་པ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ལ་ཡང་མི་གནས་པ་ནམ་མཁའ་དག་པའི་དཀྱིལ་ལྟ་བུ་དེ་ཕྱིན་ཅི་མ་ལོག་པར་རྟོགས་པས་ན་མ་ནོར་བའོ། །ཆོས་བཞི་དང་ལྡན་པའི་དོན་མ་ནོར་བ་དེ་ཉིད་ལས། ཡར་སངས་རྒྱས་སྒམ་སྟེ་མཛད་དུ་མི་བཏུབ། མར་སེམས་ཅན་སྒྲིན་ཏེ་བསྒྱུར་དུ་མི་བཏུབ་སྟེ་གང་ཟག་གི་བློ་ཡིས་བཅོས་སུ་མེད་པས་ན་མ་བཅོས་པའོ། །མ་བཅོས་པ་དེ་ཉིད་ཡིད་ཀྱི་ཡུལ་ལམ། དྲན་པའི་ཡུལ་ལམ། བློའི་ཡུལ་ལམ། བསམ་པའི་ཡུལ་ལ་མི་གནས་ཏེ། བསམ་དུ་མ་བཏུབ་པས་ན་བསམ་འདས་སོ། །བསམ་པ་ལས་འདས་པ་དེ་ཉིད་བློའི་ཡུལ་ལམ། བསམ་པའི་ཡུལ་ལམ། དྲན་པའི་ཡུལ་ལམ། ཚིག་གི་ཡུལ་ལ་མི་གནས་ཏེ། སྨྲ་རུ་མ་བཏུབ་པས་ན་བརྗོད་མེད་དོ། །བརྗོད་དུ་མེད་པའི་དོན་དེ་ཉིད་དུས་གསུམ་དུ་འདུ་འབྲལ་མེད། གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་པར་ཆོས་བཞི་དང་ལྡན་པའི་དོན་དེ་ལས་མི་འདའ་བར་གནས་པས་ན་ངང་ངོ་། །ལ་ནི་ཚིག་དགར་བར་བྱེད་པས་ན་ལ་ཞེས་བྱ་སྟེ། ཚིག་གི་ཟུར་དོད་པའམ། དོན་གྱི་མཐའ་ཆོད་དེ། བསམ་འདས་བརྗོད་དུ་མེད་པའི་ངང་དེ་རང་དུ་དགར་ནས། མཐར་ཐུག་བརྗོད་དུ་མེད་པའི་དོན་དེ་རང་ཡིན་པར་ངོས་འཛིན་པས་ན་ལ་ཞེས་བྱའོ། །ཕྱག་ནི་བརྗོད་དུ་མེད་པའི་ངང་དེ་ལ་ཉོན་མོངས་པའི་སྐྱོན་ནམ་ཤེས་བྱའི་སྒྲིབ་པ་མི་གནས་པར་ངང་དུ་དག་པས་ན་ཕྱག་ཅེས་བྱའོ། །འཚལ་ནི་དོན་བརྗོད་དུ་མེད་པའི་ངང་དེ་ལས་ལྷག་ཏུ་མེད་པས་གཞན་དུ་ལྟོས་མ་དགོས་ཏེ་བརྗོད་དུ་མེད་པའི་དོན་དེས་ཚིམ་པས་ན་འཚལ་ཞེས་བྱའོ། །ལོ་ཞེས་བྱ་བ་ནི་བརྗོད་མེད་ཀྱི་ངང་དུ་ཁོ་ཐག་ཆོད་པའི་ཚིག་དང་དེར་མཐར་ཐུག་གི་དོན་དེ་ལས་བསྟན་དུ་མེད་པར་བློ་ཐག་ཆོད་པས་ན་ལོ་ཞེས་བྱའོ། །དེས་སྔོན་དུ་མཆོད་པར་བརྗོད་པ་བསྟན་པའོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། །ཞེས་པ་དེ་ཡང་རྒྱུད་ཡིན་ན་བཤད་པར་དམ་བཅའ་བ་འབྱུང་བ་ཡིན་ཏེ། འདི་ནི་རྒྱུད་ཀྱི་དོན་མི་བསླུ་བའི་མན་ངག་ཡིན་པས། ཆོས་སྤྱིའི་ཡིན་ལུགས་བཤད་པ་ལྟ་བུ་གཅིག་མིན་ཏེ། དོན་རང་གི་མཚན་ཉིད་སེམས་ཉིད་དངོས་པོའི་གནས་ལུགས་དེ། བླ་མས་བརྡ་དང་ངག་གིས་ངོ་སྤྲད་ནས་སྟོན་པ་ཡིན་པས་ན་བསྟན་པར་དམ་བཅའ་བའོ། །དེ་ཡང་གདོད་ནས་དག་པ་ནི་སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་རྟོགས་པ་རང་རྒྱུད་དུ་གྲུབ་པ་རྡུལ་ཙམ་ཡང་མེད་དེ། ཡེ་གདོད་མ་ནས་སུས་ཀྱང་མ་བྱས་མ་བཅོས་པ་དེ་ལ་སྐྱོན་ནམ་དྲི་མ་གང་ཡང་མ་གྲུབ་ཅིང་མི་གནས་པས་ན་གདོད་ནས་དག་པའོ། །བྱང་ནི་སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་བག་ཆགས་བཟང་ངན་གང་གིས་ཀྱང་མ་བསླད་དེ། གློ་བུར་གཟུང་འཛིན་གྱི་རྟོག་པ་གང་ཡང་མི་གནས་པར་ཟད་པས་ན་བྱང་བའོ། །ཆུབ་ནི་སེམས་ཉིད་ཀྱི་གནས་ལུགས་དེ་མ་རིག་ཅིང་འཁྲུལ་ན་དུག་ལྔ་དང་ལྡན་པར་ཁྱབ་པས་ན་ཆུབ་དང་། གནས་ལུགས་དེ་རིག་ཅིང་རྟོགས་ན་ཡེ་ཤེས་ལྔ་དང་ལྡན་པར་ཁྱབ་པར་ན་ཆུབ་པའོ། །ཡེ་ཤེས་རྣམ་པ་ལྔ་ནི་སེམས་ཉིད་ཡེ་ནས་དུས་གསུམ་དུ་འདུ་འབྲལ་མེད་པའི་དབྱིངས་དེ་ངོ་ཤེས་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་རང་གི་སེམས་ཉིད་དུ་རིག །སེམས་ཉིད་དུ་གསལ་བར་ཤེས་པས་ན་མེ་ལོང་ལྟ་བུའི་ཡེ་ཤེས། དེ་ཡང་འཁོར་འདས་ཐམས་ཅད་ལ་བདེ་བར་གཤེགས་པའི་སྙིང་པོས་ཡེ་ནས་མཉམ་པར་བརྡལ་བའི་དོན་དེ་ཤེས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས། གནས་ལུགས་དེའང་ཡོད་པ་སེམས་ཅན་ཀུན་གྱི་རྒྱུད་ལ་ཡོད། ཡིན་པ་འདི་ལྟར་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཝལ་ལེ་ཁྱུག་གེ་བ་འདི་ཡིན་ལ། གཞན་ནས་བཙལ་མ་དགོས་པར་རང་རེའི་རྒྱུད་ལ་སོ་སོར་མ་འདྲེས་པར་རྟོགས་རུང་དུ་བྱུང་བས་ན་སོ་སོར་རྟོག་པའི་ཡེ་ཤེས། དེ་ལྟར་ཡེ་ནས་ཡིན་པའི་དོན་ཇི་བཞིན་པར་རྟོགས་ཙ་ན། ཇི་ལྟར་གནས་པའི་དོན་ཐམས་ཅད་རང་གི་རྒྱུད་ལ་ཡེ་ནས་གྲུབ་པར་ཤེས་པས་ནས་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ནི་ཡེ་ཤེས་ལྔ་དང་ལྡན་པའོ། །དེ་ཡང་ཡེ་ཤེས་གསང་བ་ལས། རང་གསལ་ཡེ་ནས་མ་བཅོས་པའི། །དོན་དེ་ཤེས་པ་ཡེ་ཤེས་ཡིན། །ཞེས་བཤད་དོ། །དེས་ན་ཡེ་ཤེས་ལྔ་དང་ལྡན་པར་ཆུབ་བའི་དོན་ནོ། །དེ་ནས་སེམས་ཞེས་བྱ་བ་ནི། སེམས་མ་ཡིན་པའི་ཕྱིར་ན་སེམས་ཉིད་དོ། །དེ་ལ་སེམས་ནི་དྲན་པ་གློ་བུར་བ་རྟོག་པ་རྐྱེན་ལས་སྐྱེས་པ། རྐྱེན་གྱིས་འཇིག་པ། འདུས་བྱས་ཀུན་རྫོབ་ཡིན་ཏེ་རྟག་མི་ཐུབ་ཅིང་རྐྱེན་གྱིས་བསྒྱུར་བས་དོན་དམ་པ་མ་ཡིན་ནོ། །སེམས་ཉིད་ནི་ཡེ་གདོད་མ་ནས་འདུས་མ་བྱས་པ། རྐྱེན་གྱིས་མི་འཇིག་པ། དུས་གསུམ་དུ་འགྱུར་བ་མེད་པའི་དོན་གསལ་ལ་རྟོག་པ་མེད་པའི་གནས་ལུགས་དེ་ཉིད་དོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པ་ལས། རབ་འབྱོར་གྱིས་སྨྲས་པ། ཤཱ་ཱར་དྭ་ཏིའི་བུ་སེམས་མ་ཡིན་པ་ནི་འགྱུར་བ་མེད་པ་རྣམ་པར་རྟོག་པ་མེད་པ་སྟེ། དེ་ནི་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དོ། །ཞེས་བཤད་ན། སེམས་ཉིད་ནི་སེམས་མ་ཡིན་པའི་དོན་གསལ་ལ་འགྱུར་བ་མེད་ཅིང་རྟོག་པ་མེད་པ་དེ་ཉིད་དོ། །ཀྱིས་ཞེས་བྱ་བ་ནི་སྔ་མའི་ཚིག་གཞུང་སྡུད་པའི་ཕྱིར་ཏེ་གཅོད་པར་བྱེད་པས་ན་ཀྱིས་སོ། །ཉིད་ནི་གང་ཟག་སོ་སོ་རང་རང་གང་ལ་སྟོན་པ་དེ་ཉིད་དོ། །ཀྱི་ཞེས་བྱ་བ་བར་མ་འདི་ནི་ཚིག་གོང་འོག་མ་ཆད་པར་འབྲེལ་བར་བྱེད་པས་ནི་ཀྱིའོ། །ངོ་བོ་ཉིད་ནི་རང་གི་རྒྱུད་ལ་ཡོད་པའི་སེམས་ཉིད་དངོས་པོའི་གནས་ལུགས་དེ་ཉིད་དོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ངོ་བོ་ཉིད་ནི་གནས་ལུགས་ཏེ། །ཞེས་བཤད་དོ། །ཀྱི་ཞེས་བྱ་བ་ཐ་མ་འདི་ཡང་ཚིག་གོང་འོག་མི་འབྲལ་བར་བསྡེབས་པར་བྱེད་པས་ན་ཀྱིའོ། །ཀྱི་ནི་འབྲེལ་བར་བྱེད་པའི་ཚིག །ཅེས་བཤད་པ་ཡོད་དོ། །དོན་བསྟན་པ་ནི་དོན་དེ་ཉིད་གཞན་ཞིག་ནས་བཙལ་ལམ་བཀྲུས་སམ་ཕྱིས་ནས་ཁ་དོག་གམ་དབྱིབས་སུ་གྲུབ་པ་འདི་ཡིན་ནོ་ཞེས་མིག་གིས་མཐོང་རྒྱུའམ། ལག་ཏུ་གཏད་རྒྱུ་ཞིག་མེད་དེ། གང་ཟག་སོ་སོ་རང་རང་གི་རྒྱུད་ལ་ཡོད་པ་དོན་སེམས་ཉིད་དངོས་པོའི་གནས་ལུགས་དེ་བླ་མའི་བརྡ་དང་ངག་གིས་ངོ་སྤྲོད་ནས་སྟོན་པའོ། །དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་སྟོན་ན། ཆོས་སྤྱིའི་འདོད་ལུགས་དང་དོན་རང་གི་མཚན་ཉིད་དུ་གཏན་ལ་ཕབ་ནས། བླ་མའི་བརྡ་དང་ངག་གིས་གནད་གཅིག་གི་སྟེང་དུ་རྒྱུད་ལ་སྦྱར་ནས་ཉམས་སུ་མྱོང་བའི་དོན་དེ་ཡིད་ཆེས་ཐེ་ཚོམ་མི་ཟ་བར་བྱ་བའི་དོན་དུ་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་ལུང་མན་ངག་དང་མི་འགལ་བར་སྟོན་པའོ། །དེ་ཡང་དང་པོ་ཆོས་སྤྱིའི་འདོད་ལུགས་ནི། སྟོན་པ་རྣམ་པ་གསུམ་གྱིས་བསྟན་པའི་ཆོས་ཡིན་ཏེ། ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས། བསྟན་པ་བྱིན་གྱིས་བརླབས་ནས་བསྟན། བསྟན་པའི་ཆོས་མདོ་སྡེ་རྒྱུད་སྡེ་ཀློང་སྡེ་གསུམ་ཡིན། དེ་ཡང་དོན་སེམས་ལ་དགོངས་ནས་བསྟན། སེམས་མ་རིག་པའི་ལོག་རྟོག་འཁྲུལ་པར་འདུག་པ་དེ་མ་འཁྲུལ་པར་འཆོས་པར་བྱ་བའི་ཕྱིར་མདོ་སྡེ་བསྟན། སེམས་དེ་ཡང་དྲན་རིག་རྒྱུན་ཆད་མེད་པར་འདུས་པས། ཆོས་ཉིད་ཀྱང་གསལ་སྟོང་རྒྱུན་མི་ཆད་པར་ཤེས་པར་བྱ་བའི་ཕྱིར་རྒྱུད་སྡེ་བསྟན། སེམས་ཉིད་དེ་ཡང་འདུས་མ་བྱས་པ་མི་འཛད་པའི་ཀློང་དུ་འདུག་པས། ཆོས་ཉིད་ཀྱང་མི་འཛད་པར་གནས་པའི་ཕྱིར་ཀློང་སྡེ་བསྟན། དེ་ཡང་ཡོ་ག་རྣམ་པ་གསུམ་ཡིན་ཏེ། ནང་པ་སྡེ་གསུམ་དབང་པོ་རབ་ཀྱི་གསུམ་ལ་བསྟན་པ་ཡིན་ཏེ། བསྡུ་ན་བསླབ་པ་གསུམ་དུ་འདུས་སོ། །ལོངས་སྤྱོད་རྫོགས་པ་སྐུའི་སྟོན་པ་དཔལ་རྣམ་པར་སྣང་མཛད་ཀྱིས། བསྟན་པ་བརྡ་ཡིས་བསྟན། བསྟན་པའི་ཆོས་ཀྲྀ་ཡ་ཡོ་ག་ཨུ་པ་ཡ་གསུམ་བསྟན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཉོན་མོངས་པ་རགས་སུ་སོང་བས་ལུས་ངག་ཡིད་གསུམ་འབྱུང་བས། ལུས་འདུལ་བའི་ཕྱིར་ཀྲྀ་ཡ་བསྟན། ངག་འདུལ་བའི་ཕྱིར་ཡོ་ག་བསྟན། ཡིད་འདུལ་བའི་ཕྱིར་ཨུ་པ་བསྟན། དེ་ཡང་ཀྲི་ཡོག་རྣམ་གསུམ་ཡིན་ཏེ། ཕྱི་པ་སྡེ་གསུམ་དབང་པོ་འབྲིང་གི་གསུམ་ལ་བསྟན་པ་ཡིན་ཏེ། བསྡུ་ན་བསླབ་པ་རྣམ་པ་གསུམ་དུ་འདུས་སོ། །སྤྲུལ་པ་སྐུའི་སྟོན་པ་ཤཱཀྱ་ཐུབ་པས། བསྟན་པ་ངག་གིས་བསྟན། བསྟན་པའི་ཆོས་མངོན་པ་འདུལ་བ་མདོ་སྡེ་གསུམ་བསྟན། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཉོན་མོངས་པ་ཕྲ་རགས་སུ་ཡོད་པས་ལུས་ངག་ཡིད་གསུམ་གྱི་སྟེང་དུ་དུག་གསུམ་བྱུང་བས། གཏི་མུག་འདུལ་ཕྱིར་མངོན་པ་བསྟན། འདོད་ཆགས་འདུལ་ཕྱིར་འདུལ་བ་བསྟན། ཞེ་སྡང་འདུལ་ཕྱིར་མདོ་སྡེ་བསྟན། དེ་ཡང་མངོན་པ་འདུལ་བ་མདོ་སྡེ་གསུམ་ཡིན་པས། མཚན་ཉིད་སྡེ་གསུམ་དབང་པོ་ཐ་མའི་གསུམ་ལ་བསྟན་པ་ཡིན་ཏེ། དེ་བསྡུ་ན་བསླབ་པ་རྣམ་པ་གསུམ་དུ་འདུས་སོ། །དེ་ཚོ་ནི་དབང་པོའི་རིམ་པ་ལ་དགོངས་ཏེ་བཀའ་སྩལ་ཏོ། །དེ་ཡང་ངེས་བརྗོད་བླ་མའི་ལུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ། །བསྐལ་པ་གསུམ་གྱི་སངས་རྒྱས་ས་ལ་སླེབ། །ཀྲྀ་ཡ་ཡོ་ག་ཨུ་པ་ཡ་དང་གསུམ། །མི་ཚེ་གསུམ་གྱི་སངས་རྒྱས་ས་ལ་སྦྱོར། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ། །མི་ཚེ་གཅིག་གི་སངས་རྒྱས་ལག་ཏུ་ལེན། །ཞེས་བཤད་དོ། །སེམས་ཅན་འཁྲུལ་པ་ཉོན་མོངས་པ་དུག་གསུམ་ཇེ་རགས་སུ་སོང་བས། གཏི་མུག་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་དང་ཆིག་སྟོང་དུ་འཕྲོས། འདོད་ཆགས་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་དང་ཆིག་སྟོང་དུ་འཕྲོས། ཞེ་སྡང་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་དང་ཆིས་སྟོང་དུ་འཕྲོས། དེར་ཉོན་མོངས་དྲུག་ཁྲི་དང་སུམ་སྟོང་དུ་བྱུང་། དེའི་སྟེང་དུ་དུག་གསུམ་ཆ་མཉམ་སྤྱི་མཐུན་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་དང་ཆིག་སྟོང་དུ་འཕྲོས་པས། དེར་ཉོན་མོངས་པའི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་དུ་བྱུང་ངོ་། །དེ་ཡང་གཏི་མུག་གི་གཉེན་པོར་མངོན་པ་ཉི་ཁྲི་དང་ཆིག་སྟོང་གཅིག་གསུངས། འདོད་ཆགས་ཀྱི་གཉེན་པོར་འདུལ་བ་ཉི་ཁྲི་དང་ཆིག་སྟོང་གཅིག་གསུངས། ཞེ་སྡང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་དང་ཆིག་སྟོང་གཅིག་གསུངས། དེར་ཆོས་ཀྱི་སྒོ་མོ་དྲུག་ཁྲི་དང་སུམ་སྟོང་དུ་བྱུང་། དེའི་སྟེང་དུ་སྡེ་སྣོད་གསུམ་ཆ་མཉམ་པ་སྤྱི་མཐུན་ལས་གྱུར་པ་ཆོས་ཀྱི་སྒོ་མོ་ཉི་ཁྲི་དང་ཆིག་སྟོང་གཅིག་གསུངས་པས། དེར་ཉོན་མོངས་པའི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གཅིག་གསུངས་པ་ནི། གཉེན་པོའི་དོན་སྤྲོས་པ་ལ་དགོངས་ཏེ་རྒྱས་པར་བཀའ་སྩལ་པའོ། །དེ་ནས་ཉོན་མོངས་པའི་སྒོ་མོ་དེ་རྣམས་ལ་བྱེ་བྲག་ཏུ་ཕྱེ་ན། དེ་ཡང་གཏི་མུག་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མངོན་པ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། འདོད་ཆགས་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་གཅིག་གསུངས་པ་ཡིན། ཞེ་སྡང་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་གཅིག་གསུངས་པ་ཡིན། དུག་གསུམ་ཆ་མཉམ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་སྡེ་སྣོད་གསུམ་ཆ་མཉམ་པ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན་ཞེས་བཤད་དོ། །དེ་ཡང་ཉོན་མོངས་པ་དེ་རྣམས་བྱེ་བྲག་ཏུ་ཕྱེ་བས་རྟེན་འབྲེལ་ཡན་ལག་བཅུ་གཅིག་སུ་བྱུང་བའོ། །དེ་ཡང་མདོ་ལས། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་བཅུ་གཉིས་སུ་བཤད་པའོ། །དེ་ཡང་ཆོས་ཀྱི་སྒོ་མོ་ལ་བྱེ་བྲག་ཏུ་ཕྱེ་བས་གསུང་རབ་ཡན་ལག་བཅུ་གཉིས་སུ་བྱུང་བ་ནི། མདོའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟར་འདས་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་དབབ་པའི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་བཅུ་གཉིས་སུ་བཤད་པའོ། །དེ་ནི་བྱེ་བྲག་ཏུ་དབྱེ་བའི་དོན་ལ་དགོངས་ཏེ་རྒྱས་བསྡུས་འབྲིང་པོ་རུ་བཀའ་སྩལ་པའོ། །དེ་ཡང་ཉོན་མོངས་པའི་སྒོ་མོ་བསྡུ་ན་ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་འདུས་ཏེ། དེ་ཡང་ངོ་བོ་མ་རིག་པར་བྱུང་། རང་བཞིན་འཁྲུལ་པར་ཤར། མཚན་ཉིད་སྡུག་བསྔལ་དུ་ཉམས་སུ་མྱོང་བའོ། །དེ་ཡང་ཆོས་ཀྱི་སྒོ་མོ་བསྡུ་ན་བསླབ་པ་རྣམ་པ་གསུམ་དུ་འདུས་ཏེ། ལྷག་པ་ཤེས་རབ་ཀྱི་བསླབ་པ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ་དང་གསུམ་མོ། །ཉོན་མོངས་པ་དུག་ལྔའམ་དུག་གསུམ་ནི་ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་འདུས་པ་ཡིན་ལ། ཆོས་ཀྱི་སྒོ་མོ་གསང་སྔགས་རྒྱུད་སྡེ་བཞིའམ། མཚན་ཉིད་སྡེ་སྣོད་གསུམ་ནི་བསླབ་པ་རྣམ་པ་གསུམ་དུ་འདུས་པ་ཡིན་པས། དེ་ནི་གསུམ་གསུམ་དུ་བསྡུ་བའི་དོན་ལ་དགོངས་ཏེ་ཉུང་ལ་འདུས་པར་བཀའ་སྩལ་པའོ། །དེ་ཡང་ཤེས་རབ་སྡུད་པ་ལས། མ་རིག་འཁྲུལ་འཁོར་འདི་ལ་ཟད་མེད་འཕེལ་བ་མེད། །ཅེས་བཤད་དོ། །དེ་ཡན་ཆད་ནི་ཆོས་སྤྱིའི་མཚན་ཉིད་དམ་འདོད་ལུགས་ཡིན་ཏེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དམུས་ལོང་དུ་སོང་བ་སྤྱན་མ་དབྱེ་བ་དང་འདྲ་སྟེ། རིན་པོ་ཆེ་སྣ་བདུན་ཡོད་པའི་སྒྲའམ་གོ་ཡུལ་ཙམ་ལས་རིན་པོ་ཆེའི་དངོས་པོ་མ་མཐོང་བ་བཞིན་དུ་དོན་སྤྱིའི་གོ་ཡུལ་ཙམ་དུ་ལུས་པའོ། །དེ་ཡང་དོན་རང་གི་མཚན་ཉིད་དུ་ཉེ་བར་བསྡུ་ན། དང་པོ་ཉོན་མོངས་པའི་རྩ་བ་ངོ་བོ་རང་བཞིན་མཚན་ཉིད་གསུམ་རང་གི་རྒྱུད་ལ་ངོས་བཟུང་བ་ནི། དེ་ཡང་རང་གི་རྒྱུད་ལ་ཡེ་ནས་ཡོད་པའི་སེམས་ཉིད་ཀྱི་ངོ་བོ་དེ་ཁོ་ན་མ་རྟོགས་པ་ལ་ངོ་བོ་མ་རིག་པ་ཟེར་བ་སྟེ་གཏི་མུག་ཡིན། སེམས་ཉིད་ཀྱི་ངོ་བོ་ཆོས་བཞི་དང་ལྡན་པའི་གནས་ལུགས་དེ་མ་རིག་པས། དེ་མ་ཡིན་པ་ལ་དེར་འཛིན་གྱི་ཤེས་པ་བག་ཆགས་ཀྱི་རྟོག་པ་གཅིག་བྱུང་བ་དེ་ནི་རང་བཞིན་འཁྲུལ་པ་ཡིན་ཏེ་འདོད་ཆགས་ཡིན། མ་རིག་པས་དེར་འཛིན་གྱི་རྟོག་པ་ལ་བརྟེན་ནས་ཆགས་སྡང་གི་མཚན་ཉིད་ཉོན་མོངས་པར་བྱུང་བ་དེ་ནི་མཚན་ཉིད་སྡུག་བསྔལ་ཡིན་ཏེ་ཞེ་སྡང་ཡིན་ནོ། །དེ་ཡང་དཔེར་ན་རང་གི་གྲིབ་མ་རང་དུ་ངོ་མ་ཤེས་པ་དེ་དགྲར་མཐོང་ནས་བྲེད་པ་དེ་རང་གི་གྲིབ་མ་ཡིན་པར་ངོ་མ་ཤེས་ཀྱི་བར་དུ་བྲོས་པས་མི་ཐར་བ་བཞིན་དུ། རང་གི་སེམས་ཉིད་ཀྱི་གནས་ལུགས་མ་རིག་ཅིང་མ་རྟོགས་པས་འཁྲུལ་པའི་དབང་གིས་སྡུག་བསྔལ་དུ་སོང་བ་དེ་ལ། ད་བླ་མའི་གདམས་ངག་གིས་སྔ་མའི་ཉོན་མོངས་པ་དེ་ཐམས་ཅད་རང་གི་མ་རིག་པས་འཁྲུལ་པར་ཤེས་ནས། ད་སེམས་ཉིད་དངོས་པོའི་གནས་ལུགས་མ་རིག་པ་མེད་ཅིང་འཁྲུལ་པ་ཆོད་ནས་སྡུག་བསྔལ་དང་བྲལ་བ་གཅིག་ཏུ་མ་རྟོགས་ན། མ་རིག་ཅིང་འཁྲུལ་པ་སྤངས་པས་མི་འཛད་དེ་འཁོར་བའི་སྡུག་བསྔལ་འབའ་ཞིག་ཏུ་འགྲོ་བའོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །གཉིས་པ་ཆོས་ཀྱི་སྒོ་མོའི་བསླབ་པ་གསུམ་གྱི་དོན་རང་གི་རྒྱུད་ལ་ངོས་བཟུང་བ་ནི། སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་གཟུང་འཛིན་གྱི་བློ་ཡི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་སྤྲོས་པ་དང་བྲལ་བ་གཅིག་ཏུ་རིག་ཅིང་རྟོགས་པ་དེ་ནི་ཤེས་རབ། གནས་ལུགས་སྤྲོས་པ་དང་བྲལ་བ་དེ་ལ་འདུ་བྱེད་བློ་ཡི་བྱེ་བྲག་གང་ཡང་མེད་དེ། ཆོས་ཉིད་ཀྱི་ངང་ངམ་ཚུལ་དེ་ལས་མི་འདའ་བ་དེ་ནི་ཚུལ་ཁྲིམས། ཆོས་ཉིད་ཀྱི་ངང་དེ་ལ་ཉོན་མོངས་པའམ། ཆོས་ཉིད་ཙམ་གྱི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། ཉོན་མོངས་པའམ་ཆོས་ཉིད་དེ་ལ་གནས་པ་དང་བྲལ་བ་ཡང་མེད་དེ། དེ་བཞིན་དུ་འདུ་འབྲལ་མེད་པའི་ངང་ལས་མི་འགྱུར་བ་དེ་ནི་བསམ་གཏན་ཡིན་ནོ། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྤྲོས་མེད་རྟོགས་པ་ཤེས་རབ་ཡིན། །འདུ་བྱེད་མེད་པ་ཚུལ་ཁྲིམས་ཡིན། །གནས་མེད་མི་འབྲལ་བསམ་གཏན་ཡིན། །ཞེས་བཤད་དོ། །དེ་ནི་དོན་རང་གི་མཚན་ཉིད་དུ་ཉེ་བར་བསྡུ་བའི་དོན་ལ་དགོངས་ཏེ་བཀའ་སྩལ་པ་ཡིན་ནོ། །དེ་ཡང་ཆོས་སྤྱིའི་རྣམ་དག་བསྟན་པ་ནི། དཔེར་ན་རྡོ་རྗེ་གདན་བལྟར་འདོད་པའི་མི་རྒྱུས་མེད་གཅིག་ལ། རྡོ་རྗེ་གདན་འདི་ལྟ་བུ་ཞིག་ཡོད་པ་ཡིན་ཞེས་ལོ་རྒྱུས་བཤད་པ་དང་འདྲ་སྟེ། དོན་སྤྱི་དང་རང་གི་མཚན་ཉིད་ཀྱི་ཡིན་ལུགས་ཐོས་པས། དེ་འདྲ་བ་གཅིག་ཡོད་ཚོད་འདུག་སྙམ་པའི་གོ་ཡུལ་ཙམ་ལས་དོན་ཉམས་སུ་མ་མྱོང་བས་ཡིད་ཆེས་པ་མེད་དེ། དེ་ཡང་ཆོས་ཀྱི་རྣམ་པ་ཙམ་དུ་ལུས་པའོ། ༈ །དེ་ཡང་ཤིན་ཏུ་ཉེ་བའི་དོན་ལ་དགོངས་ཏེ་དོན་རང་གི་མཚན་ཉིད་སྙིང་པོའི་དོན་ལྷན་ཅིག་སྐྱེས་པ་ལ་སྦྱོར་བ་ནི། དེ་ཡང་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སེམས་ཉིད་དངོས་པོའི་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་གནད་གཅིག་གི་སྟེང་དུ་བླ་མའི་བརྡ་དང་ངག་གིས་རྒྱུད་ལ་སྦྱར་བས། ཉོན་མོངས་པའི་རྩ་བ་ངོ་བོ་རང་བཞིན་མཚན་ཉིད་གསུམ་གནས་འགྱུར་ནས། ཆོས་ཀྱི་སྒོ་མོའི་རྩ་བ་བསླབ་པ་གསུམ་རྒྱུད་ལ་ཤར་ནས་ཉམས་སུ་མྱོང་བའི་དོན་དེ་ལུང་དང་མན་ངག་དང་མི་འགལ་བར་སྟོན་པའོ། །དེ་ཡང་གཞན་ཞིག་ན་རེ། དེ་ཙུག་ཏུ་བསྟན་དུ་ཅང་བཏུབ་བམ། བཏུབ་ན་དང་ཁྱེད་ཐབས་རེ་ཆེ་སྟེ། བརྫུན་ནམ་འུད་དུ་མི་འགྲོའམ་ཟེར་ན། དེད་ཐབས་ཆེ་བ་དང་མཁས་པ་རང་ཡིན་བྱས་ལ་ཁས་བླངས། ཁས་བླངས་པ་ནི་དམ་བཅས་པ་ཡིན། དམ་བཅས་པས་མི་འགལ་བར་སྟོན་པ་དེ་ནི་གདམས་ངག་ཆེ་བ་རང་ཡིན་གསུངས། དེ་ཡང་རྫོགས་པ་ཆེན་པོ་ཀུན་བྱེད་རྒྱལ་པོ་ལས། ཆེ་བའི་ཡེ་ཤེས་རྙེད་དཀའ་བས། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །མིང་ཙམ་གཞན་ལ་བརྟེན་འདྲ་ཡང་། །མངོན་སུམ་བདེ་བ་རང་ལ་འབྱུང་། །ཞེས་བཤད་དོ། །རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཆེ་བའི་ཡེ་ཤེས་གསང་བ་འདི། །ཤེས་རབ་ཐབས་ལ་བརྟེན་པས་འགྲུབ། །ཅེས་སོ། །དེ་ཡང་ཤེས་རབ་དམིགས་སུ་མེད་པ་དང་ཐབས་ཡེངས་པ་མེད་པ་ལ་བརྟེན་ནས་འགྲུབ་པ་ཡིན་ཏེ། དེ་ཡང་ཇི་ལྟར་དུ་སྟོན་ན་ཆོས་སྤྱིའི་རྣམ་པར་ཤིགས་ཀྱིས་བཤིག །དོན་རང་གི་ཚན་ཉིད་དུ་འུབ་ཀྱིས་བསྡུས་ནས། གནད་ཀྱི་བརྡ་བཞིས་རྒྱུད་ལ་སྦྱར་ནས་སྟོན་པ་ནི། གསལ་བ་གནད་ཀྱི་བརྡ། མི་རྟོག་པ་གནད་ཀྱི་བརྡ། བདེ་བ་གནད་ཀྱི་བརྡ། དབྱེར་མི་ཕྱེད་པ་གནད་ཀྱི་བརྡ་དང་བཞིའོ། །དེ་ཡང་དབང་པོའི་སྒོ་མ་བཀག་པ། མ་གཡོས་པ། འོག་རླུང་ཡིད་ཙམ་འཐེན་པ། ལྕེའི་རྩེ་མོ་གང་ལའང་མི་བརྟེན་པར་འཇོག་པ་དང་བཞིའོ། །དེའི་དུས་སུ་དོན་གསལ་བ། མི་རྟོག་པ། བདེ་བ། ངོ་བོ་དབྱེར་མི་ཕྱེད་པར་རྒྱུད་ལ་འཆར་བའོ། །དེ་ཡང་གསལ་བ་དེ་དབང་པོའི་སྒོ་མ་བཀག་པ་ལས་བྱུང་། མི་རྟོག་པ་དེ་དབང་པོའི་སྒོ་མ་གཡོས་པ་ལས་བྱུང་མ། བདེ་བ་དེ་འོག་རླུང་ཡིད་ཙམ་ཟིན་པ་ལས་བྱུང་། དབྱེར་མི་ཕྱེད་པ་དེ་ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པ་ལས་བྱུང་བའོ། །དེ་ཡང་དབང་པོའི་སྒོ་མ་བཀག་པར། སེམས་ཉིད་དེ་རང་དུ་རིག་ཅིང་རང་གསལ་བས་ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་མ་སྤངས་པར་གནས་འགྱུར་ནས་སྤྲོས་པ་མེད་པར་དག་པ་དེ་ཆོས་ཀྱི་སྒོ་མོའི་རྩ་བ་ཤེས་རབ་ཀྱི་བསླབ་པའོ། །དེ་ནི་མཚན་ཉིད་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན་དོན་རིག་ཅིང་གསལ་བ་དེ་མངོན་པའི་དོན་ནོ། །གསང་སྔགས་རྒྱུད་སྡེ་བཞིའི་དབང་དུ་བྱས་ན་དོན་རིག་ཅིང་རྟོགས་པར་བྱ་བས་ནས་བྱ་བའི་རྒྱུད་དོ། །དབང་པོའི་སྒོ་མ་གཡོས་པས་ཉོན་མོངས་པའི་རྩ་བ་རང་བཞིན་འཁྲུལ་པ་མ་སྤངས་པར་གནས་འགྱུར་ནས་མི་རྟོག་པ་དེ་ཆོས་ཀྱི་སྒོ་མོའི་རྩ་བ་ཚུལ་ཁྲིམས་ཀྱི་བསླབ་པའོ། །དེ་ཡང་སྡེ་སྣོད་གསུམ་གྱི་དབང་དུ་བྱས་ན་རྟོག་པ་ལ་མི་གནས་པས་ཉོན་མོངས་པ་ཞི་བ་དེ་འདུལ་བའི་དོན་ནོ། །རྒྱུད་སྡེ་བཞིའི་དབང་དུ་བྱས་ན་མི་རྟོག་པ་ཆོས་ཉིད་ཀྱི་དོན་ལ་སྤྱོད་པས་ན་སྤྱོད་པའི་རྒྱུད་དོ། །འོག་རླུང་ཡིད་ཙམ་ཟིན་པས་ཉོན་མོངས་པའི་རྩ་བ་མཚན་ཉིད་སྡུག་བསྔལ་མ་སྤངས་པར་གནས་འགྱུར་ནས། ལུས་སེམས་ཡོད་དུ་མི་ཚོར་བར་བདེ་བ་དེ་ཆོས་ཀྱི་སྒོ་མོའི་རྩ་བ་ཏིང་ངེ་འཛིན་གྱི་བསླབ་པ། དེ་ནི་སྡེ་སྣོད་གསུམ་གྱི་ཡོད་མེད་གཉིས་སུ་མ་གྲུབ་པའི་དོན་གཉིས་མེད་གཅིག་ཏུ་མདོར་བསྡུས་ཤིང་ཟུག་རྡུ་མེད་པར་བདེ་བས་མདོ་སྡེའི་དོན། རྒྱུད་སྡེ་བཞི་ལས་གཉིས་སུ་མེད་པས་བདེ་བའི་དོན་རྣལ་མ་ལ་འབྱོར་བས་ན་རྣལ་འབྱོར་གྱི་རྒྱུད་དོ། །ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པས་གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་དེ། ནང་ན་བསམ་པའི་བློ་མེད། ཕྱིན་བརྗོད་པའི་ཚིག་མེད་དེ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ་འདུ་ཤེས་ཟད་པའོ། །དེ་ནི་སྡེ་སྣོད་གསུམ་གྱི་དགོངས་པ་མཐར་ཕྱིན་པ་ཡིན་ཏེ། མདོ་དགོངས་པ་འདུས་པ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་ཅིང་གནས་མེད་ན། །ཐེག་པ་མེད་ཅིང་འགྲོ་འོང་མེད། །ཅེས་བཤད་དོ། །རྒྱུད་སྡེ་བཞིའི་དོན་ཀྱང་མཐར་ཕྱིན་པ་ཡིན་ཏེ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་རྣལ་མ་བློའི་སྤྱོད་ཡུལ་དུ་མ་གྱུར་པ་ལ་འབྱོར་ཅིང་མངོན་དུ་གྱུར་ཏེ། དེ་ལས་ལྷག་པའི་དོན་གཞན་ན་མེད་པས་རྒྱུད་མཐར་ཐུག་པ་ཡང་དེ་རང་ཡིན་ནོ། །དེ་བས་ན་མཚན་ཉིད་སྡེ་སྣོད་གསུམ་དང་གསང་སྔགས་རྒྱུད་སྡེ་བཞི་ཡང་གཅིག་གི་ཁོང་ན་གཅིག་ཡོད་པ་ཡིན་པས་ན་བསླབ་པ་གསུམ་དུ་དོན་གཅིག་པར་འདུས། བསླབ་པ་གསུམ་རང་གི་རྒྱུད་ལ་སྦྱར་བས་དོན་གསལ་བ་མི་རྟོག་པ་བདེ་བ་གསུམ་དུ་སྐྱེས། དེ་གསུམ་ཡང་ངོ་བོ་དབྱེར་མི་ཕྱེད་པས་ཆོས་ཀྱི་དབྱིངས་གཅིག་ཏུ་འདུས། དབྱེར་མེད་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བའམ་དབྱེར་མི་ཕྱེད་བྱ་བའི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། དེ་ཉིད་ལ་ཡང་མ་ཞེན་པས་ན་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །ཆོས་ཀྱི་དབྱིངས་རྣམ་པར་དག་པ་དེ་དོན་ཆོས་ཉིད་ཀྱི་རྡོ་རྗེའོ། །སངས་རྒྱས་ཀྱི་དགོངས་པ་དོན་ཆོས་ཉིད་རྡོ་རྗེ་ཟམ་མ་ཆད་པས་ན་རྡོ་རྗེའི་ཟམ་པ་ཞེས་བྱའོ། །དེ་ཡང་འོག་མ་རྣམས་སུ་རྣ་བ་ནས་རྣ་བར་བརྒྱུད། གོང་མ་རྣམས་སུ་བརྡའམ་ཐབས་ཚེགས་མེད་པ་འཕྲུལ་ལྟ་བུ་གཅིག་བསྟན་པས། དོན་མིག་ཕྱེ་བ་ལྟ་བུར་ལྷག་གེར་མཐོང་བའི་དགོངས་པ་གཅིག་ནས་གཅིག་ཏུ་བརྒྱུད་པས་རྡོ་རྗེ་ཟམ་མ་ཆད་པའོ། །དེ་ཡང་ཟམ་པ་ཆེན་པོ་དབང་གི་མན་ངག་ལས། རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཡིན། །ཞེས་བཤད་དོ། །དེ་ཡང་དང་པོ་བླ་མའི་བརྡ་དང་ངག་གིས་ངོ་སྤྲོད་ནས། རང་གི་རྒྱུད་ལ་བསྟན་ནས་བྱུང་བས། ཆོས་ཀྱི་ཆོས་ཉིད་བློའི་སྤྲོས་པ་དང་བྲལ་བ་རང་གི་རྒྱུད་ལ་ཉམས་མྱོང་དུ་བྱུང་བས། སེམས་ཀྱི་སེམས་ཉིད་རྣམ་པར་རྟོགས་པ་མེད་པ། དེ་གཉིས་གཉིས་སུ་མེད་པའི་བདེ་བ་དབྱེར་མེད་མི་ཕྱེད་པ་ནམ་མཁའི་མཚན་ཉིད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ལ་ཡང་མི་གནས་པའོ། །དེ་ཙ་ན་མཚན་ཉིད་གསུམ་གཅིག་ཏུ་འདྲེས་པས་འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ་རང་རིག་དང་པོའི་སར་ཚུད་པ་ཞེས་བྱ་བ་སྟེ། དེ་ཙ་ན་སྐྱེ་བ་འདི་བཞག་ནས་གཞན་དོན་དུ་སེམས་བསྐྱེད་ཀྱི་སྤྲུལ་པ་གོ་མ་འགགས་ཙམ་ལས་འཁོར་བ་རང་རྒྱུད་པའི་ལུས་མི་ལེན་པའོ། །རང་རིག་དངོས་པོའི་གནས་ལུགས་རྟོགས་ནས་གཞི་དང་པོ་མ་འཁྲུལ་པའི་སྟེང་དུ་རང་ས་ཟིན་ནས་ཕྱིར་མི་ལྡོག་པའོ། །དེས་ན་རང་གི་གྲིབ་མ་རང་གིས་ངོ་ཤེས་པ་དང་འདྲ་སྟེ། རང་ངོ་ཤེས་པས་འཁྲུལ་འཕྲོ་ཆད། རྒྱལ་པོ་དམུས་ལོང་སྤྱན་ཕྱེ་བ་དང་འདྲ་སྟེ། ཡོན་ཏན་གཞན་ནས་བཙལ་མི་དགོས་པར་ད་རང་ལ་ཚང་། རྡོ་རྗེ་གདན་དུ་བརྟོལ་ནས་མཐོང་བ་དང་འདྲ་སྟེ། བཤད་དུ་བལྟ་མི་དགོས་པར་རང་གི་སེམས་ཉིད་དེ་ཉིད་སངས་རྒྱས་སུ་རྟོགས་པའོ། །དེ་ཡང་བསྟན་པ་ཙམ་གྱིས་མི་རྟོགས་ཏེ་བལྟ་དགོས། བལྟས་པ་ཙམ་གྱིས་མི་ཆོག་སྟེ་མཐོང་དགོས། དོན་མཐོང་བ་ཙམ་གྱིས་མི་ཆོག་སྟེ་གོམས་ཤིང་འདྲིས་དགོས། འདྲིས་པ་ཙམ་གྱིས་མི་ཆོག་སྟེ་དོན་མངོན་དུ་གྱུར་དགོས། དོན་དེ་ལ་བལྟ་ན་སངས་རྒྱས་གྱི་དགོངས་པ་ལ་བལྟ། དོན་དེ་ངོ་ཤེས་ན་སངས་རྒྱས་ངོ་ཤེས། དོན་དེ་དང་འདྲིས་ནས་སངས་རྒྱས་དང་འདྲིས། མངོན་དུ་གྱུར་ན་སངས་རྒྱས་པ་རང་ཡིན་གསུངས་སོ། །རང་གི་སེམས་ཉིད་རྟོགས་པ་མངོན་དུ་གྱུར་པ་དེ་ནི་སྙིང་པོའི་དོན་རང་གི་སེམས་ཉིད་སངས་རྒྱས་ཀྱི་དགོངས་པ་དང་ལྷན་ཅིག་ཏུ་སྐྱེས། དོན་ལ་དགོངས་ཏེ་བཀའ་སྩལ་པའོ། །དེ་ཡང་། བདེ་གཤེགས་སྙིང་པོ་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་པ་དང་ཡང་མཐུན་ལ་མི་འགལ་ལོ། །དེ་ཡང་སེམས་ཉིད་རྟོགས་པ་མངོན་དུ་གྱུར་པ་དེ་སངས་རྒྱས་ཡིན་པར་ཅིས་ཤེས་ན། སངས་རྒྱས་ཀྱིས་གསུངས་པའི་ལུང་དང་མན་ངག་གིས་མི་འགལ་བར་ཡིད་ཆེས་ཐེ་ཚོམ་མི་ཟ་བར་སྟོན་པ་ཡིན་ཏེ། མན་ངག་རྡོ་རྗེ་ཟམ་པ་འདི་རུ་གཏན་ལ་འབེབས་པའོ། །དེ་ཡང་གསང་སྔགས་དོན་གྱི་ཚད་མ་ལས། ལུང་དང་མན་ངག་སྟོབས་ཀྱིས་རང་རིག་ངེས་པར་འཆར། །ཞེས་བཤད་པས། ལུང་དགྱེས་པའི་རྡོ་རྗེ་བརྟག་པ་གཉིས་པ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབ། །དྲི་མ་དག་ན་སངས་རྒྱས་ཉིད། །ཅེས་བཤད་པས། དེ་ཡང་གློ་བུར་གྱི་དྲི་མ་ངོ་བོར་མ་རིག་པ་དང་། རང་བཞིན་འཁྲུལ་པ་དང་། མཚན་ཉིད་སྡུག་བསྔལ་གསུམ་གྱིས་སྒྲིབ་པ་དེ། ངོ་བོ་མ་རིག་པ་གསལ་བར་དག །རང་བཞིན་འཁྲུལ་པ་མི་རྟོག་པར་དག །མཚན་ཉིད་སྡུག་བསྔལ་བདེ་བར་དག །གསལ་བ་མི་རྟོག་པ་བདེ་བ་གསུམ་དབྱེར་མི་ཕྱེད་པ་དེ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ལ་ཡང་མི་གནས་པར་དག་པས་ན་སངས་རྒྱས་ཉིད་དེ། འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་ནས་མ་འཚོལ་ཞིག །ཅེས་བཤད་པས། སེམས་ཉིད་དངོས་པོའི་གནས་ལུགས་ཡེ་ནས་ཡིན་པའི་དོན་དེ་ཤེས་ཙ་ན། སངས་རྒྱས་དེ་རང་ཡིན་པས་གཞན་ནས་བཙལ་མི་དགོས་པའོ། །རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་བརྒྱད་པ་ལས། ཡེ་ནས་ཆོས་སྐུར་གནས་པ་ལ། །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཅེས་བཤད་དོ། །རྫོགས་པ་ཆེན་པོ་རྨད་དུ་བྱུང་ལས། ཇི་ལྟར་བྱུང་ཞིང་སྲིད་པ་དང་། །སྣང་ཞིང་གྲགས་པ་ཐམས་ཅད་ཀུན། །ཐམས་ཅད་རང་རིག་ཀུན་ཏུ་བཟང་། །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཅེས་བཤད་དོ། །སྒྲུབ་སྡེ་བཅུ་གསུམ་གྱི་དོན་བསྡུས་པ་རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་བཙལ་བས་མི་རྙེད་དེ། །རང་སེམས་རྟོགས་ན་སངས་རྒྱས་ཡིན། །དེ་ལས་གཞན་དུ་མ་འཚོལ་ཞིག །ཅེས་བཤད་པས་ན། རང་སེམས་རྟོགས་ན་སངས་རྒྱས་ཡིན་པར་རྒྱུད་ལུང་མན་ངག་ཐམས་ཅད་ནས་འཆམ་པར་བཤད་འདུག་པས་ན། རང་སེམས་རྟོགས་པས་སངས་རྒྱས་ཡིན་པར་ཡིད་ཆེས་ཐེ་ཚོམ་མི་ཟ་བར་བསྟན་པའོ། །མདོ་སྡེ་ངེས་པར་འཇོག་པ་ལས། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད་པས། དེ་ཡང་གོང་དུ་ཆོས་སྤྱི་དང་རང་གི་མཚན་ཉིད་དེ་བླ་མའི་བརྡ་དང་ངག་གིས་གནད་གཅིག་གི་སྟེང་དུ་རང་གི་རྒྱུད་ལ་སྦྱར་བས་ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག །རང་བཞིན་འཁྲུལ་པ་ཆོད། མཚན་ཉིད་སྡུག་བསྔལ་དང་བྲལ་བས་ན། སྡིག་པ་ཅི་ཡང་མ་བྱས་པའོ། །ཆོས་ཀྱི་སྒོ་མོའི་རྩ་བ་བསླབ་པ་གསུམ་གསལ་བ། མི་རྟོག་པ། བདེ་བ་གསུམ་དུ་རང་གི་རྒྱུད་ལ་ཤར་བས་ན། དགེ་བ་ཕུན་སུམ་ཚོགས་པར་སྤྱད་པའོ། །དེ་གསུམ་ཡང་ངོ་བོ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ལ་ཡང་མི་གནས་པས་ན་རང་གི་སེམས་ཡོངས་སུ་འདུལ་བའོ། །བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་དོན་དམ་པ་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་དོན་ཆོས་ཀྱི་རྡོ་རྗེ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་དགོངས་པ་ཟམ་མ་ཆད་པས་ན་རྡོ་རྗེའི་ཟམ་པ། སངས་རྒྱས་ཀྱི་དགོངས་པ་དེ་ཡང་དང་པོ་བླ་མའི་བརྡ་དང་ངག་གིས་ངོ་སྤྲད་ནས། རིག་ཅིང་རྟོགས་པའི་དོན་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པར་ཡིད་ཆེས་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར་རོ། །སངས་རྒྱས་ཀྱིས་གསུངས་པའི་ལུང་དང་མན་ངག་དང་མི་འགལ་བར་ངོ་སྤྲད་ནས་བསྟན་པས་ན། འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད་དོ། །དེས་གང་ཐལ་ན། ཉམས་སུ་མྱོང་བའི་དོན་དེ་མན་ངག་ལུང་དང་མི་འགལ་བར་བསྟན་པ་ཐལ་ལོ། །དེའི་གོང་མ་དེས་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་བླ་མའི་གདམས་ངག་གིས་རང་གི་རྒྱུད་ལ་སྦྱར་ནས་ཉམས་སུ་མྱོང་བའི་དོན་ཐལ་ལོ། །དེའི་གོང་མ་དེས་ཆོས་སྤྱི་དང་རང་གི་མཚན་ཉིད་སྙིང་པོའི་དོན་ལྷན་ཅིག་སྐྱེས་པ་ལ་དགོངས་པ་ཐལ་ལོ། །དེའི་གོང་མ་དེས་ཉེ་བར་བསྡུ་བའི་དོན་ལ་དགོངས་པ་ཐལ་ལོ། །དེར་ཉེ་བར་བསྡུ་བའི་དོན་ལ་དགོངས་པ་དང་གཅིག །སྙིང་པོའི་དོན་ལྷན་ཅིག་སྐྱེས་པ་ལ་དགོངས་པ་དང་གཉིས། དེ་བླ་མའི་གདམས་ངག་གིས་རང་གི་རྒྱུད་ལ་སྦྱར་ནས་ཉམས་སུ་མྱོང་བའི་དོན་དང་གསུམ། དོན་དེ་མན་ངག་ལུང་དང་མི་འགལ་བར་བསྟན་པ་དང་བཞིས་དོན་རང་གི་མཚན་ཉིད་ལ་ཡིད་ཆེས་པར་བསྟན་པའོ། །དེའི་གོང་མ་དེས་ཉུང་ངུར་བསྡུ་བའི་དོན་ལ་དགོངས་ཏེ་ཉོན་མོངས་པ་དང་ཆོས་ཀྱི་སྒོ་མོ་གསུམ་གསུམ་དྲུག་ཏུ་བསྡུ་བ་ཐལ་ལོ། །དེའི་གོང་མ་དེས་རྒྱས་བསྡུས་འབྲིང་པོ་བྱེ་བྲག་ཏུ་ཕྱེ་བའི་དོན་ལ་དགོངས་ཏེ་ཆོས་དང་ཉོན་མོངས་པ་བཅུ་གཉིས་མཚན་ཉིད་ཉི་ཤུ་རྩ་བཞིར་ཕྱེ་བ་ཐལ་ལོ། །དེའི་གོང་མ་དེས་སྤྲོས་པའི་དོན་ལ་དགོངས་ཏེ་ཉོན་མོངས་པ་དང་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་ཚན་པ་གཉིས་སུ་སྤྲོས་ཏེ་ཁྲི་ཚོ་བཅུ་དྲུག་དང་སྟོང་ཚོ་བརྒྱད་དུ་རྒྱས་པར་བཀའ་སྩལ་པ་ཐལ་བ་ལགས་སོ། །དེའི་གོང་མ་དེས་སྟོན་པ་རྣམ་པར་གསུམ་གྱིས་དབང་པོའི་རིམ་པ་ལ་དགོངས་ཏེ། རབ་འབྲིང་ཐ་མ་གསུམ་ལ་དགུར་ཕྱེས་ནས་བསྟན་པའོ། །དེར་དབང་པོའི་རིམ་པ་ལ་དགོངས་ནས་བསྟན་པ་དང་གཅིག །སྤྲོས་པའི་དོན་ལ་དགོངས་ནས་བསྟན་པ་དང་གཉིས། དབྱེ་བའི་དོན་ལ་དགོངས་ནས་བསྟན་པ་དང་གསུམ། བསྡུ་བའི་དོན་ལ་དགོངས་ནས་བསྟན་པ་དང་བཞིས་ཆོས་སྤྱིའི་མཚན་ཉིད་དམ་འདོད་ལུགས་བསྟན་པའོ། །དེའི་གོང་མ་དེས་དོན་བསྟན་པ་ཐལ། དེའི་གོང་མ་དེས་ཉིད་ཀྱི་ངོ་བོ་ཉིད་ཐལ། དེའི་གོང་མ་དེས་བྱང་ཆུབ་སེམས་ཉིད་ཐལ། དེའི་གོང་མ་དེས་གདོད་ནས་དག་པ་ཐལ། གདོད་ནས་དག་པ་དང་གཅིག །བྱང་ཆུབ་སེམས་ཉིད་དང་གཉིས། ཉིད་ཀྱི་ངོ་བོ་ཉིད་དང་གསུམ། དོན་བསྟན་པ་དང་བཞིས་བསྟན་པར་དམ་བཅའ་བའི་རྩ་བ་བསྟན་པའོ། །དེའི་གོང་མ་དེས་ཕྱག་འཚལ་བ་ཐལ་ལོ། །དེའི་གོང་མ་དེས་ངང་ལ་ཐལ་མོ། །དེའི་གོང་མ་དེས་བསམ་འདས་བརྗོད་མེད་ཐལ་ལོ། །དེའི་གོང་མ་དེས་མ་ནོར་མ་བཅོས་ཐལ་ལོ། །དེར་མ་ནོར་མ་བཅོས་དང་གཅིག །བསམ་འདས་བརྗོད་མེད་དང་གཉིས། ངང་ལ་དང་གསུམ། ཕྱག་འཚལ་ལོ་དང་བཞིས་མཆོད་པར་བརྗོད་པ་བསྟན་པའོ། །དེར་གང་ཐལ་ན་སྔོན་དུ་མཆོད་པར་བརྗོད་ཅིང་བསྟན་པར་དམ་བཅའ་བ་དེས་ཆོས་སྤྱིའི་རྣམ་པ་དེ་དོན་རང་གི་མཚན་ཉིད་དུ་བླ་མའི་བརྡ་དང་ངག་གིས་རྒྱུད་ལ་སྦྱར་ནས་ཉམས་སུ་མྱོང་བའི་དོན་དེ་ཡིད་ཆེས་ཐེ་ཚོམ་མི་ཟ་བར་བྱ་བའི་ཕྱིར། སངས་རྒྱས་ཀྱིས་གསུངས་པའི་མན་ངག་ལུང་དང་ནི་འགལ་བར་སྟོན་པའོ། །དེས་ནི་ཕྱི་ནང་གྱི་བར་གཅོད་ཀྱི་དམིགས་ཐད་ཀ་རུ་སེལ་བ་ཤན་འབྱེད་ཀྱི་གདམས་ངག་བྱ་བ་ཚིག་དོན་གསལ་བ་ལགས་སོ། །ཧྲིལ་གྱིས་དྲིལ་བས་དེ་ཡན་ཆད་ཀྱིས་སྤྱི་དོན་དང་པོ་ཀླད་ཀྱི་དོན་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅའ་བའི་སྐབས་ཐལ་བ་ལགས་སོ། །གང་ཟག་དབང་པོ་རབ་གཅིག་ལ་དོན་གོ་ཞིང་རྟོགས་པར་འདོད་པ་ལ། རྡོ་རྗེ་ཟམ་པ་ཞེས་པའི་མཚན་ཐོས་པའམ། མཆོད་པར་བརྗོད་ཅིང་བསྟན་པར་དམ་བཅའ་བ་གཉིས་ཀྱིས་ངོ་བོར་ཉིད་ཀྱི་དོན་བསྟན་པ་དེ་ཙམ་ཞིག་གིས་ཆོག །གང་ཟག་དབང་པོ་འབྲིང་ལ། དང་པོ་དོན་གཏན་ལ་འབེབས་པའི་དུས། རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་དང་གཅིག །སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་གཉིས། རེ་དོགས་མེད་པར་དབྱིངས་སུ་གཏད་པ་དང་གསུམ་མོ། །བར་དུ་གཏན་ལ་ཕེབས་པའི་དུས་སུ། དབང་དང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་དང་གཅིག །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བར་གཏན་ལ་ཕེབས་པ་དང་གཉིས། དོན་གཅིག་ཏུ་རྟོགས་བས་རྟོག་དཔྱོད་ལས་འདས་པར་གཏན་ལ་ཕེབས་པ་དང་གསུམ། ཐ་མ་ཉམས་སུ་ཤར་བའི་དུས་སུ། འདི་ནི་རྡོ་རྗེའི་ལམ་མཆོག་དང་གཅིག །སྐལ་ལྡན་འབད་པ་མེད་པར་གྲོལ་བ་དང་གཉིས། གྲོལ་བ་རང་གྲོལ་གཞན་ལས་མིན་པ་དང་གསུམ། གཏན་ལ་འབེབས་པ་དང་། གཏན་ལ་ཕེབས་པ། ཉམས་སུ་ཤར་བའི་གཞུང་དུས་དང་གསུམ་གྱིས་བཤད་པས་གྲོལ། ཐ་མ་ཞིབ་ཚགས་འབྲུ་བསྣོན་དཔེ་དོན་མན་ངག་ལུང་དང་མི་འགལ་བར་བཤད་པ་ནི་ཡིད་ཆེས་ཐེ་ཚོམ་མི་ཟ་བ་རུ་སྟོན་པའོ། །སྤྱི་དོན་གཉིས་པ་དེ་ལྟར་བསྟན་པའི་དོན་ལ་གསུམ་དེ། དོན་དང་པོ་གཏན་ལ་འབེབས་པའི་དུས་དང་གཅིག །བར་དུ་གཏན་ལ་ཕེབས་པའི་དུས་དང་གཉིས། ཐ་མ་ཉམས་སུ་ཤར་བའི་དུས་དང་གསུམ་མོ། །དོན་དང་པོ་གཏན་ལ་འབེབས་པའི་དུས་ལ་གསུམ་སྟེ། རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་དང་གཅིག །སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་གཉིས། རེ་དོགས་མེད་པར་དབྱིངས་སུ་གཏད་པ་དང་གསུམ་མོ། །དང་པོ་རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་ལ་གོ་བ་དང་། ཚིག་དོན་གཉིས་ཏེ། གོ་བ་ནི་མདོར་བསྟན་པའོ། །ཚིག་དོན་ནི་རྒྱས་པར་བཤད་པའོ། །གོ་བ་མདོར་བསྟན་ལ། དང་པོ་རྣ་བརྒྱུད་ཅེས་པའི་གོ་བ་ནི་གང་ཟག་གྲུབ་ཐོབ་རྣམས་སོ། །སྙན་ནས་སྙན་དུ་བརྒྱུད་པ་ཡིན་པས་ན་རྣ་བརྒྱུད་ཅེས་པའོ། །ལུང་གི་ཞེས་པ་ནི་རིག་འཛིན་རྣམས་སོ། །བརྡའམ་ལུང་བསྟན་པ་ཙམ་གྱིས་གྲོལ་བས་ན་ལུང་གི་ཞེས་པའོ། །རྣ་བརྒྱུད་ཅེས་པ་སྔོན་ལ་འོང་བ་ནི། ཚིག་སྡེབ་སྦྱོར་ལེགས་པར་བྱ་བའམ། ད་ལྟ་སྙན་ནས་སྙན་དུ་བརྒྱུད་པ་ཡིན་པས་སྔོན་ལ་འོང་བའོ། །ལུང་གི་ཞེས་པ་ཕྱི་ལ་འོང་བ་ནི་གོང་མ་རྣམས་ཀྱི་ལོ་རྒྱུས་སམ་གཏམ་རྒྱུད་དམ་བརྡའམ་ལུང་བསྟན་པ་ཙམ་དུ་འདུག་པས་ན་ཕྱི་ལ་འོང་བའོ། །གཏེར་ཆེན་དགྲོལ་བའི་གོ་བ་ནི། དབུལ་མོས་གཏེར་རྙེད་པའི་དཔེས་མཚོན་པ་ཡིན་ལ། དེ་ཡང་རྒྱ་གར་གྱི་ཡུལ་སིངྒ་ལ་བྱ་བ་ན། ཡབ་ཚོང་དཔོན་ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པའི་རིགས་གཅིག་གིས། ཕྱི་རབས་ལ་ཕན་པ་སྲིད་སྙམ་ནས། སྒྱེད་པོ་མ་སྒྱེད་མི་སྒུལ་བ་དེའི་འོག་ཏུ་གསེར་ཕྱེ་བུམ་པ་གང་སྦས་ནས་བཞག་པས། དུས་ལན་གཅིག་ཚོང་དཔོན་དེ་ཤི་ནས་བཟའ་མི་དེ་མིན་ཚོ་ཟད་པའི་ཤུལ་དུ། བུ་མོ་ལྟོག་མ་གཅིག་ལུས་ཡོད་ཙ་ན། ཡུལ་གཅིག་ན་གཏེར་སའི་དཔྱད་ཤེས་པའི་མི་ས་འོག་ས་སྟེང་ས་བླ་གསུམ་ན་གཏེར་རམ་ནོར་ཅི་ཡོད་པ་མཐོང་ཞིང་ཤེས་པ་གཅིག་ཡོད་པ་དེས། དུས་ལན་གཅིག་སིངྒ་ལའི་ཡུལ་དེར་བརྟོལ་ནས་བལྟས་པས་དབུལ་མོ་བཟའ་བ་དང་གྱོན་པ་མེད་དེ། ནོར་དུ་རས་གོས་ཧྲུལ་པོ་གཅིག་ལས་མེད་པ། དེ་ཡང་ཉིན་མོ་སྨད་དུ་དཀྲིས་ནས་འཚོ་བ་བྱ་འཚོལ་བྱེད་པ་ནང་ལྟོ་ནང་འཚོལ། ནུབ་ལྟོ་ནུབ་འཚོལ་བ། ནུབ་མོ་རས་གོས་དེ་གཉིས་ལྟེབ་བྱས་ནས་ཤུལ་དུ་བཀབ་ནས་ཉལ་བ་ལས་གཞན་ཅི་ཡང་མེད་པའི་དབུལ་མོ་དེའི་སྒྱེད་པོའི་འོག་ན་ཕས་གཏེར་དུ་སྦས་པའི་གསེར་ཕྱེ་བུམ་པ་གང་འདུག་པ་དེ་མཐོང་ནས། གཏེར་སའི་དཔྱད་ཤེས་པའི་མི་དེས་དབུལ་མོ་དེའི་དྲུང་དུ་ཕྱིན་ནས། དབུལ་མོ་ཁྱོད་ལ་བཟའ་བ་དང་གྱོན་པ་མེད་དམ་ཞེས་དྲིས་པས། མོ་ན་རེ། ཁྱོད་ཅི་འདོད་པ་ཡིན། ང་ལ་ནི་ཅི་ཡང་མེད་དོ་ཟེར་བས། གཏེར་སའི་དཔྱད་ཤེས་པ་དེས་ང་ལ་ཅི་ཡང་འདོད་པ་མིན་ཅིང་། ཁྱོད་རང་གི་སྒྱེད་པོ་མ་སྒྱེད་ཀྱི་འོག་ན་ཡབ་ཀྱིས་སྦས་པའི་གསེར་ཕྱེ་བུམ་པ་གང་འདུག་གི། དེ་ཁྱོད་རང་གིས་ཐོན་ལ་བདེ་བར་ལོངས་སྤྱོད་ཅིག །གཞན་ལ་རག་མི་ལུས་པར་སྐྱིད་པོ་འོང་གིས་བྱས་པས། མོ་ན་རེ། དེ་ཅང་བདེན་ནམ་བདེན་ན་དགའ་སྟེ། ང་བྱ་བ་བསོད་ནམས་ཆུང་བས་ཡོད་དམ། ཡོད་ཤེས་ཀྱང་ངས་མི་རྙེད་བྱས་པས། རྙེད་འོང་ཞིང་དེ་ཐོན་ལ་བདེ་བར་ལོངས་སྤྱོད་ཅིག་བྱས་པས། གལ་ཏེ་བདེན་ནམ་སྙམ་བལྟས་པས། སྒྱེད་པོ་མ་སྒྱེད་ཀྱི་འོག་ནས་གསེར་ཕྱེ་བུམ་པ་གང་རྙེད་ནས་དེ་ལ་མོས་ཆ་གསུམ་དུ་བགོས་ནས། ཆ་གཅིག་བླ་མ་དང་དཀོན་མཆོག་ལ་མཆོད་པའི་ཕུད་བཅད། ཆ་གཅིག་ལོང་སྤྲང་དང་ཡུལ་དེའི་རྒྱལ་པོ་ལ་ཁྲལ་དང་སྦྱིན་པར་བཅད། དུས་དེ་ཙམ་ན་རྒྱལ་པོ་བླས་འཚོ་བ་བྱ་བ་སོ་ནམ་བྱ་མི་དགོས་པར་ཁྲལ་ཕུད་ཀྱིས་འཚོ་བ་ཡིན་སྐད། མངའ་བདག་དཔལ་འཁོར་བཙན་བཞུགས་པའི་དུས་སུ། རྒྱལ་བུ་གཅིག་གིས་ཡར་ཀླུང་རོག་པ་རྩ་རུ་བྱོན་པས། རྒན་མོ་གཅིག་གིས་ནས་ཕུང་གཅིག་ལ་བཟང་ངན་གསུམ་དུ་ཕྱེ་ནས་འདུག་པས། རྒྱལ་བུ་དེས་ནས་གསུམ་འབྱེད་པ་ཅི་ཚུག་ཡིན་བྱས་པས། རྒན་མོ་དེ་ན་རེ། ནས་ཀྱི་སྙིང་པོ་བླ་མ་དཀོན་མཆོག་གཉན་པས་མཆོད་པའི་ཕུད་དུ་བཅད་པ་ཡིན། འབྲིང་པོ་དེ་ངེད་རང་གིས་སོ་ནམ་བྱས་པ་ཡིན་པས་འཚོ་བའི་རྒྱགས་བྱེད་པ་ཡིན། ངན་ཤོས་འདི་རྒྱལ་པོ་དང་ལོང་སྤྲང་ལ་ཁྲལ་དང་སྦྱིན་པར་གཏོང་བ་ཡིན་ཟེར་བས། དེ་ནས་རྒྱལ་བུ་དེ་ཕོ་བྲང་དུ་བྱོན་ནས། ངེད་རང་སོ་ནམ་བྱེད་དགོས་པར་འདུག །ངེད་རྒྱལ་པོ་དང་ལོང་སྤྲང་མཉམ་པོར་བྱས་ནས་རྒྱལ་པོའི་དཔྱ་དང་ལོང་སྤྲང་གི་ཡོན་ལ་ངན་ཤོས་སྟེར་བ་ཡིན་འདུག་ཟེར་ནས་བོད་ཀྱི་རྒྱལ་པོ་དུས་དེ་ནས་སོ་ནམ་ལ་ཚུད་པ་ལགས་སྐད། རྒྱ་གར་ན་ད་དུང་དུ་ཡང་ཡོད་པ་ཡིན་སྐད་དོ། །དེ་ཡང་དབུལ་མོའི་གཏེར་དེས་ཡར་ལ་བླ་མ་དཀོན་མཆོག་མཆོད་པ། མར་རྒྱལ་པོ་དང་ལོང་སྤྲང་ལ་སྦྱིན་པར་བཏང་བ། བར་མོ་རང་གི་བཟའ་གྱོན་ལ་སོགས་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱད་དོ། །གཞན་ལ་རག་མ་ལུས་པའི་དཔེ་དེ་བཞིན་དུ། བརྒྱུད་པའི་བླ་མ་རྣམས་ཀྱིས་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་རང་གི་རྒྱུད་ལ་ཡོད་པའི་སེམས་ཉིད་ཀྱི་གཏེར་ཆེན་དེ་བླ་མའི་བརྡ་དང་ངག་ལ་བརྟེན་ནས་གཏེར་གྱི་སྒོ་བསྡམས་པ་བཀྲལ་ནས་གཏེར་ཆེན་རྙེད་པས། དབུལ་མོས་ཡར་ལ་མཆོད་རྒྱུ་བྱུང་བ་བཞིན་དུ་སངས་རྒྱས་ཀྱི་དགོངས་པ་ལོན། མར་ལ་སྦྱིན་རྒྱུ་བྱུང་བ་དང་འདྲ་བར་སེམས་ཅན་རྣམས་ཐུགས་རྗེས་སྐྱོབ། རང་ཉིད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་དུ་བྱུང་བ་བཞིན་དུ། དོན་རང་གིས་སེམས་ཉིད་རྟོགས་པས། གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། ཆོས་ཉིད་ལ་ལོངས་སྤྱོད་དུ་བྱུང་ངོ་། །དེ་ཙ་ན་ཐར་པ་གཞན་ལ་རག་མ་ལུས་ཏེ་སངས་རྒྱས་ཁོ་ན་རང་ཉིད་དོ། །དེ་ནི་གཏེར་ཆེན་དགྲོལ་བའི་གོ་བ་དབུལ་མོས་གཏེར་རྙེད་པའི་དཔེས་མཚོན་པའོ། །གཏེར་ཆེན་དགྲོལ་བའི་ཚིག་ལ་གཉིས་ཏེ། རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་དང་། གང་ཟག་གདམས་ངག་གིས་གྲོལ་བའི་བརྒྱུད་པའོ། །དང་པོ་རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་ལ་གོ་བ་དང་། ཚིག་གཉིས་ཏེ། རིག་འཛིན་བརྡས་གྲོལ་པའི་གོ་བ་ནི། རིག་འཛིན་ཞེས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིགས་བརྒྱུད་འཛིན་པ་ཡིན་ལ། བརྡས་གྲོལ་བ་ནི་ཚིགས་མང་པོ་བཤད་མ་དགོས་ཏེ། བླ་མས་བརྡ་བསྟན་པ་ཙམ་གྱིས་གྲོལ་བའོ། །བརྒྱུད་པ་ནི་རྡོ་རྗེ་སེམས་དཔའ་ནས་བཻ་རོ་ཙ་ན་ཡན་ཆད་དུ་གཅིག་ནས་གཅིག་ཏུ་ཕྲེང་མ་ཆད་པར་བརྒྱུད་པའོ། །དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་བརྒྱུད་ན། དེ་ལ་གཏམ་རྒྱུད་འདི་འབྱུང་སྟེ། དང་པོ་ཆོས་འདི་འབྱུང་བའི་ཁུངས་ནི་རྒྱ་གར་གྱི་ཡུལ་ཡིན་པས། རྒྱ་གར་གྱི་ཡུལ་དེ་ན་གླིང་ཆེན་པོ་དགུ་ཡོད་དེ། དེ་ཡང་ཤར་ཕྱོགས་ན་བྷངྒ་ལའི་གླིང་། ལྷོ་ཕྱོགས་ན་བྷེ་ཏ་ལའི་གླིང་། ནུབ་ཕྱོགས་ན་ཨོ་རྒྱན་གྱི་གླིང་། བྱང་ཕྱོགས་ན་ཁ་ཆེའི་གླིང་། ཤར་ལྷོ་མཚམས་ན་ཁང་ཁམས་ཡང་སྣང་། མཆན། བུའི་གླིང་། ལྷོ་ནུབ་མཚམས་ན་ཟངས་གླིང་། ནུབ་བྱང་མཚམས་ན་ཟ་ཧོར་གླིང་། བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་། དབུས་ན་རྡོ་རྗེ་གདན་དང་དགུ་ཡོད་པ་ལས། གླིང་དེ་རྣམས་ལས་ཆོས་འདི་འབྱུང་བའི་གནས་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཡིན་ནོ། །སྤྱིར་རྒྱ་གར་གྱི་ཡུལ་ན་ཆོས་སྐྱོང་བའི་རྒྱལ་པོའི་རིགས་དྷརྨ་རཱ་ཛ་བྱ་བ་དང་། སྲིད་སྐྱོང་བའི་རྒྱལ་པོའི་རིགས་ཨུ་པ་རཱ་ཛ་བྱ་བ་སྟེ་གཉིས་སུ་ཡོད་པ་ལས། ཆོས་སྐྱོང་བའི་རྒྱལ་པོའི་རིགས་དེ་གཅིག་སྐྱེས་གཉིས་སྐྱེས་དྷརྨཱ་རཱ་ཛ་བྱ་བར་འོང་སྟེ། ལས་དགེ་བའི་ལས་མིན་པ་སྡིག་པའི་ལས་ཡིད་ལའང་མི་འགྱུ། བྱེད་ཀྱང་མི་བྱེད། བྱེད་འདོད་ཀྱང་བྱ་བའི་དབང་མེད། བྱས་ན་ཆོས་སྐྱོང་བའི་རྒྱལ་སྲིད་མི་ཟིན་ནོ། །སྲིད་སྐྱོང་བའི་རྒྱལ་པོའི་རིགས་དེ་གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་ཨུ་པ་རཱ་ཛ་བྱ་བར་འོང་སྐད། དེ་ལ་དམག་དང་སྡིག་པའི་ལས་མིན་པ་དགེ་བའི་ལས་ཡིད་ལའང་མི་འགྱུ། བྱེད་ཀྱང་མི་བྱེད། བྱེད་འདོད་ཀྱང་དབང་མེད། བྱས་ན་སྲིད་སྐྱོང་བའི་རྒྱལ་སྲིད་མི་ཟིན་སྐད། དེ་ཡང་རྒྱ་གར་གྱི་སྐད་དུ་དྷརྨ་ནི། བོད་ཀྱི་སྐད་དུ་ཆོས། རྒྱ་གར་སྐད་དུ་རཱ་ཛ་ནི། བོད་སྐད་དུ་རྒྱལ་པོ་བྱ་བ་ཡིན་པས། དེ་ཡང་ཆོས་སྐྱོང་བའི་རྒྱལ་པོ་ཤཱཀྱའི་རིགས་མཚན་དྲི་མེད་གཙུག་ཕུད་ཤཱཀ་བཟང་བྱ་བའི་བཙུན་མོ་དམ་པ་བྱ་བ་ལ། སྲས་མོ་མཚར་སྡུག་འོད་དུ་འབར་བ། འགྲོ་བས་བལྟ་བའི་འོས་སུ་གྱུར་པ། བལྟས་པས་ཆོག་མི་ཤེས་པ་གཅིག་སྐུ་འཁྲུངས་ཏེ། དེའི་མཚན་རྒྱ་གར་སྐད་དུ་ས་ར་ནི། བོད་སྐད་དུ་མཛེས་མ་དང་ལྡན་པ་བྱ་བ་ཡིན་ཏེ། ཡབ་ཀྱི་ཞལ་ནས་ངའི་སྲས་མོ་འདི་འགྲོ་བ་གཞན་ལ་བསྟན་པར་ཡང་ཕངས་ཟེར་ནས་ཕོ་བྲང་དགུ་ཐོག་གི་རྩེ་ལ་འཚོ་བའི་མ་མ་དང་བཅས་པ་བཞུགས་སུ་བཅུག་གོ། །དེའི་ཚེ་དེའི་དུས་ཆོས་སྐྱོང་བའི་རྒྱལ་པོ་དེ་ལ་རྒྱལ་བུ་མེད་པས་གདུང་བརྒྱུད་ཆད་དེ། དེའི་དུས་སུ་ཆོས་ཀྱི་སྐུའི་ཆོས་ཀྱི་སྐུ་དཔལ་བདེ་བ་ཆེན་པོ། ཆོས་ཀྱི་སྐུའི་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཀུན་ཏུ་བཟང་པོ། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེ་ཡང་ཐུགས་ཆོས་སྐུ། གསུང་ལོངས་སྐུ། སྐུ་སྤྲུལ་པའི་སྐུ་ཡིན་ཏེ། རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་གསུམ་རྣམ་པར་དག་པའི་ངང་ནས་ཐུགས་རྗེས་འགྲོ་བའི་དོན་དུ་གསང་སྔགས་སྟོན་པར་སྤྲུལ་པར་བཀྱེ་བ་སེམས་དག་པ་ལྷའི་བུ་ཞེས་བྱ་བ་དེ། འོག་མིན་ལྷའི་གནས་ན་བཞུགས་པའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཁྱེན་ནས། ལྷའི་བུ་ཁྱོད་ནི་རྡོ་རྗེ་སེམས་དཔས་འགྲོ་བ་མིའི་ཡུལ་དུ་ཆོས་སྟོན་པར་སྤྲུལ་པ་ཡིན་ཞེས་བསྐུལ་བས། དེར་སེམས་དག་ལྷའི་བུས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་པར་རང་ངོ་རང་གིས་ཤེས་ནས་ལྷོ་འཛམ་བུའི་གླིང་དུ་ཆོས་སྐྱོང་བའི་རྒྱལ་པོ་དྲི་མེད་གཙུག་ཕུད་ཤཱཀ་བཟང་གི་གདུང་གསོབ་པ་ཡིན་པ་ལ། སྲས་མོ་མཛེས་མ་དང་ལྡན་པའི་ལྷུམས་སུ་ཞུགས་པ་ཡིན་ཏེ། དེ་ཡང་ཟམ་པ་ཆེན་པོ་དབང་གི་མན་ངག་ལས། ཡང་སྤྲུལ་དགའ་རབ་རྡོ་རྗེ་དེ། །འཛམ་བུའི་གླིང་དུ་རྒྱལ་ཐེབས་བྱོན། །ཞེས་བཤད་དོ། །དེ་ཡང་ཇི་ལྟར་དུ་བྱོན་ན། ལོ་གླང་གི་ལོ། ཟླ་བ་དཔྱིད་ཟླ་ར་བ། སྐར་མ་རྒྱལ། ཟླ་བའི་ཉའི་གདུགས་ཉི་མ་རྩེ་ཤར་ལ་སྲས་མོ་མཛེས་མ་དང་ལྡན་པའི་དྲུང་དུ་བྱ་གཡུ་བྱ་ཁུ་བྱུག་གཅིག་ཏུ་སྤྲུལ་ནས། ཀུ་ཁུག་ཀུ་ཁུག་པ་ལན་གསུམ་དུ་སྐད་བཏོན་ནས་སོང་སྟེ། ང་དོ་ནུབ་འོང་ངོ་བྱ་བའི་བརྡར་འདུག་སྟེ། དེ་ཡང་དོ་ནུབ་སྲོད་ལ་ཁྱེའུ་ཆུང་མཚར་སྡུག་འོད་དུ་འབར་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འགྲོ་བས་བལྟ་བའི་འོས་སུ་གྱུར་པ། བལྟས་པས་ཆོག་མི་ཤེས་པ་གཅིག་བྱུང་ནས་སྦྱོར་བ་མཛད་ནས་ནངས་པར་ཐོ་རངས་ནམ་མཁའ་ལ་གཤེགས་ནས་སོང་ངོ་། །དེ་ནས་སང་ཕོད་དེའི་དུས་ཚོད་སྲས་མོ་དེ་ལ་སྲས་པོ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གཅིག་སྐུ་འཁྲུངས་ཏེ། ཡབ་ལ་ངོ་ཚ་ནས་ལོ་བདུན་གྱི་བར་དུ་གསང་ངོ་། །སྲས་མོ་དེས་ཡབ་རྒྱལ་པོ་དེ་ལ། ང་ལ་སྲས་པོ་འདི་ལྟ་བུ་གཅིག་མངའ་བྱས་ནས་བསྟན་པས། དེར་ཡབ་རྒྱལ་པོས་མཚན་བལྟས་ནས་དེའི་འཕྲོ་ལ་ལིང་གིས་བརྒྱལ་ནས་འདུག་གོ། །སྲས་མོ་དེས་ཡབ་རྒྱལ་པོ་བརྒྱལ་སངས་ཙ་ན་ཡབ་རྒྱལ་པོ་མ་མཉེས་སམ་བྱས་པས། ཡབ་རྒྱལ་པོ་དེའི་ཞལ་ནས་ང་མི་དགའ་བ་ཅི་མཆིས། འདི་རིགས་བྱེད་ལྷའི་སྤྲུལ་པ་གཅིག་འདུག་ལ། རིགས་ནི་ཐེག་པ་ཆེན་པོའི་རིགས་བྱེད་པ། མཛེས་ཤིང་ཡབ་མི་མངའ་བས་ན་ལྷའི་སྤྲུལ་པ། འདིའི་རིགས་ལ་ཐེག་པ་ཆེན་པོའི་ཆོས་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་ལ་འཚང་རྒྱ་བའི་ཆོས་གཅིག་དར་འོང་བར་འདུག་པ་ལ། ང་རྒས་པ་གསུངས་ནས་སྤྱན་ཆབ་ཤར་གྱིས་བྱུང་སྐད། སྤྱན་ཆབ་བྱུང་ཡང་ཡབ་བུ་དེ་ལ་དགའ་བ་ཡིན་པས་སྲས་མོ་མི་གནོང་པར་རབ་ཏུ་སོང་སྟེ་བུ་འདི་རྡོ་རྗེ་སེམས་དཔའི་ཡང་སྤྲུལ་ཡིན་པས། དེ་བས་ན་དགའ་རབ་རྡོ་རྗེ་ཞེས་བྱ་བར་མཚན་བཏགས་སོ། །དེ་ནས་དགའ་རབ་རྡོ་རྗེས་ལོ་བརྒྱད་ལོན་ཙ་ན་ཡུམ་འདི་རུ་བདེ་བར་བཞུགས་ཤིག །ང་འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། རོ་མཆོག་བདེ་བའི་ཚལ། མེ་ཏོག་ཨུ་དུམ་ཝ་ར་འབྱུང་བའི་གླིང་། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན་སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ཡོད་པས་དེར་སྒྲུབ་པ་ལ་འགྲོའོ། །ད་རེས་དམ་པའི་ཆོས་གཅིག་མ་འགྲུབ་ན་འཇིག་རྟེན་འདིའི་རྒྱལ་སྲིད་བཙན་ཡང་ནུབ་གཅིག་གི་རྨི་ལམ་ཙམ་ཡང་མེད་དོ་གསུངས་ནས། ཡུམ་ལ་ཕྱག་འཚལ་ཞུ་བ་བྱས་ནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་དུ་སྒྲུབ་པ་ལ་གཤེགས་སོ། །དེ་ནས་ཡང་གླང་གི་ལོ། ཟླ་བ་དཔྱིད་ཟླ་ར་བ། སྐར་མ་རྒྱལ། ཟླ་བའི་ཉའི་གདུགས་པར་ཉི་མའི་ཟེར་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་གསུམ་རྣམ་པར་དག་པའི་སྤྲུལ་པ་སེམས་དག་ལྷའི་བུ་ཞེས་བྱ་བ་སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ་འོད་ཀྱི་ལུས་ཅན་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་བསྣམས་པ། གཡོན་ན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། དེ་ལྟ་བུ་གཅིག་གིས་ཕྱག་གཡས་པའི་རྡོ་རྗེ་དགའ་རབ་རྡོ་རྗེའི་སྤྱི་བོར་བཞག་ནས། ཞལ་འཛུམ་པ་དང་བཅས་ཏེ། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲའི་ངང་དུ་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་ཐུན་གཅིག་ཏུ་ཕྲིལ་གྱིས་སོང་ངོ་། །དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ཞིན་དུ་བྱས་པ་དང་བཅོས་པ་མེད་པར་རང་གསལ་དུ་ལྷག་གིས་རྒྱུད་ལ་ཤར་ཞིང་རྟོགས་པའོ། །དོན་དེ་མི་བརྗེད་མི་ཡལ་བར་བརྟན་པར་བྱ་བའི་བརྗེད་རྡོ་རུ་སེམས་དག་ལྷའི་བུས་ཨ་ཝ་ན་དྷ་ར་ཞེས་བརྡ་བསྟན་པས། བོད་སྐད་དུ་ཁྱོད་རང་ནམ་མཁའ་དག་པ་ལ་འཇའ་གསལ་བ་འདི་ལ་ལྟོས་དང་བྱ་བའི་བརྡར་བྱུང་ནས། ནམ་མཁའི་དག་པའི་དཀྱིལ་ན་འཇའ་གསལ་བ་གཅིག་ཤར་ནས་འདུག་པ་དེ་ལ་དགའ་རབ་རྡོ་རྗེ་བལྟས་པས། ནམ་མཁའ་དག་པ་དེ་དམིགས་སུ་མེད་པ་ཆོས་ཀྱི་དབྱིངས་ཀྱི་བརྡའ། འཇའ་དེ་དམིགས་མེད་ཀྱི་དོན་དེ་མ་འགགས་པར་བྱོན་པ་དེ་རིག་ཅིང་གསལ་བ་ཡེ་ཤེས་ཀྱི་བརྡ། དེ་གཉིས་ཐ་དད་དུ་མ་སོང་སྟེ། དབྱེར་མི་ཕྱེད་པ་དེ་དབྱིངས་ན་ཡེ་ཤེས་གཉིས་སུ་མེད་པ། སེམས་དག་ལྷའི་བུ་སྣང་བའི་གཟུགས་སུ་མ་འགགས་པར་བྱོན་པ་དེ་མཚོན་པར་བྱེད་པ་ཐབས་ཀྱི་བརྡ། རེག་པའི་གཟུགས་སུ་མ་གྲུབ་པ་དེ་དམིགས་སུ་མེད་པ་ཤེས་རབ་ཀྱི་བརྡ། དེ་གཉིས་ཐ་དད་དུ་མ་སོང་སྟེ་ངོ་བོ་གཅིག་ཏུ་འདུག་པ་དེ་ཐབས་ཤེས་གཉིས་སུ་མེད་པ། དབྱིངས་ཡེ་ཤེས་གཉིས་སུ་མེད་པ། དོན་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་ནམ་མཁའ་དག་པ་ལ་འཇའ་གསལ་བ་ལྟ་བུ་གཅིག་ཏུ་རྟོགས་སོ། །དེར་ཞིང་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་འབར་མའི་གདོང་ཅན་དང་། ལས་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་མཁའ་ལ་གཤེགས་མ་དང་། སྔགས་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་མཁའ་ལ་སྤྱོད་མ་དང་གསུམ་ཡང་མདུན་དུ་ཤར་གྱིས་བྱུང་ནས། བདག་ཅག་གིས་དགའ་རབ་རྡོ་རྗེ་ལ་ཆོས་ཟབ་མོ་འདི་ལྟ་བུའི་བཀའ་སྐྱོང་བའི་ཆོས་སྐྱོང་ངེད་ཀྱིས་བྱེད་པ་ཡིན་ནོ། །འདི་བསྒྲུབ་ཅིང་དམ་ཚིག་བསྲུང་བ་ལ་དངོས་གྲུབ་སྟེར། ཉམས་སུ་མི་ལེན་ཅིང་དམ་ཚིག་མི་བསྲུང་བ་ལ་བཀའ་ཆད་གཅོད་པ་ཡིན་ནོ་གསུངས་ནས་དགའ་རབ་རྡོ་རྗེ་ལ་བྱིན་གྱིས་ཀྱང་བརླབས། སྲོག་སྙིང་ཡང་ཕུལ་ཏེ་གཞན་གྱིས་མ་བཅོས་ཉིད་ཀྱིས་ཞལ་བཞེས་མ་བྱ་བ་ཡིན་ཏེ་རང་དམ་རང་གིས་བཅས་པའི་བཀའ་སྐྱོང་གི་མཁའ་འགྲོ་མ་སྡེ་གསུམ་བྱ་བ་ཡིན་ཏེ། ཤིན་ཏུ་བྱིན་རླབས་དང་ནུས་མཐུ་ཆེ་བའི་ཆོས་ཤིན་ཏུ་གཉན་པ་ཡིན་པས་དམ་ཚིག་ཤིན་ཏུ་གཙང་བ་གལ་ཆེ་བ་ཡིན་གསུངས། སེམས་དག་པ་ལྷའི་བུས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་དོན་མངོན་དུ་གྱུར་ཏེ་སྒྲིབ་པ་ལ་སྦྱངས་དཀའ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་ཉིད་དུ་དག །ཐོབ་པ་ལ་དཀའ་བ་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་བྱུང་བའམ། ཡང་ན་ནོར་བུ་རིན་པོ་ཆེ་སྔོན་ལ་རྙེད་པ་དེ་ལ་མཆོད་པ་བྱས་པས་དགོས་འདོད་འཕྲལ་དུ་འབྱུང་བ་ལྟ་བུའོ། །དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེས་འགྲོ་བའི་དོན་དུ་བྱིན་གྱིས་བརླབས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་དད་པ་རང་བཞིན་གྱིས་ཤར་ཏེ། དཔེར་ཉི་མ་ལ་ཉེ་རིང་མེད་ཀྱང་སྣོད་བཅུད་གཙང་མའི་ནང་དུ་འཆར་བ་བཞིན་དུ། ནམ་ཐོ་རངས་གཅིག་ཙ་ན་ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་པས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་གཅིག་ཡོད་དུ་གཤའ་བར་འདུག་པ་ལ། དེ་ཡང་གཞན་ན་དྲི་བའི་ཁ་ན་མེད་དེ། གྲོང་ཁྱེར་སེར་སྐྱའི་སྒོ་ཁ་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན་རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་བཞུགས་པས་དེ་ལྟ་བུའི་ཆོས་ཞིག་ཡོད་ན་དེར་ཁུངས་ཆོད་འོང་སེམས་ནས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལ་སྤྱན་གཡས་པས་གཟིགས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལ་སྤྱན་གཡོན་པས་གཟིགས་ནས། འོ་པཎྜི་ཏ་རྣམས་ལགས། བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་ད་རེས་གཅིག་པོས་འཚང་རྒྱ་བའི་ཆོས་ཞིག་འོང་དུ་གཤའ་བར་འདུག་པ་ལ། དེ་ལྟ་བུ་ཞིག་མེད་ན་དེ་རིང་སང་དུས་བཏབ་པའི་མི་ཡང་སྟབས་ཀ་འཛོལ་ནས་མི་འཕྲད་པར་འདུག་པ་ལ། ལན་གཅིག་ཅི་ལྟར་འགྲོ་ཆ་མེད་བྱས་ནས་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅི་ཡང་མི་གསུངས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་སྤྱན་ཟུར་གྱིས་བརྡས་བསྐུལ་ནས། འོག་མ་དེས་ལན་བཏབ་པ། དེ་ལྟ་བུ་ཤེས་པ་འོ་སྐོལ་འདི་ན་མེད་དེ། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན་དཔལ་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། མེ་ཏོག་ཨུ་དུམ་ཝ་ར་འབྱུང་བའི་གླིང་། རོ་མཆོག་བདེ་བའི་ཚལ། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན། སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ཡོད་པས། དེ་ན་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཏེ། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པ་སེམས་དག་ལྷའི་བུ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་ཁོང་ལ་ཡོད་པ་ཡིན་པས། དེར་ཕྱིན་ན་ཡོང་། གཞན་གང་ན་ཡང་འགྲོ་བའི་ས་མེད་དེ། དེ་ལྟ་བུའི་ཆོས་ཤེས་ཟེར་བ་མེད་པས་དེར་ཅིས་ཀྱང་སོང་གསུངས་སྐད། དེ་ཡང་ནུབ་ཕྱོགས་ཞེས་བྱ་བ་ནི་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡིན་ཏེ། ཡང་ན་ཉོན་མོངས་པ་མི་སྐྱེ་བར་ནུབ་འགྲོ་བས་ན་ནུབ་ཕྱོགས་སོ། །དཔལ་ཨོ་རྒྱན་གྱི་ཡུལ་ནི་རྟོགས་པ་བདག་གི་དཔལ་དང་ཐུགས་རྗེ་གཞན་གྱི་དཔལ། དེ་ཡང་ཕོ་སྐྱེས་དཔའ་བོར་འབྱུང་ལ། མོ་སྐྱེས་དཔའ་མོར་འབྱུང་བ་མེ་ཏོག་ཨུ་དུམ་ཝ་རས་བརྒྱན་པའི་ཡུལ་ཡིན་ནོ། །དྷ་ན་ཀོ་ཤའི་གླིང་ནི་དྷ་ན་སེམས་ངལ་གསོ་བ། ཀོ་ཤ་ནི་ཡིད་སྐྱོབ་པར་བྱེད་པ། ཕྱིའི་རྒྱ་མཚོ་ནི་བ་ཚྭ་ཅན་བཏུང་དུ་མི་བཏུབ་པ། འགྲམ་ནི་རྒྱ་མཚོ་དེའི་ཆུ་འགྲམ་ལ་ཡར་ལ། རོ་མཆོག་བདེ་བའི་ཚལ་ནི་བཟའ་ཤིང་གི་ནགས་དང་ཚལ་ཡོད་དེ། དེ་གང་ཟོས་པའི་རོ་མཆོག་གིས་རྒྱུད་ལ་བདེ་བ་སྐྱེད་ནུས་པའོ། །དེའི་ཕྱི་རིམ་ན་ཡར་ལ་མེ་ཏོག་ཨུ་དུམ་ཝ་ར་མཐིང་ཁ་ཤ་སྟག་འབྱུང་བའི་གླིང་ཆགས་པའོ། །དུར་ཁྲོད་ནི་ཆོས་ཅན་གྱི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཐིམ་པའི་དུར། ཁྲོད་ནི་རིག་པའི་ཡེ་ཤེས་སྐྱེ་འགགས་མེད་པར་གནས་པའི་ཁྲོད། གསེར་གླིང་ནི་གསེར་གྱི་གླིང་ན་ས་རྡོ་གཞན་མི་འབྱུང་བ་བཞིན་དུ། དུར་ཁྲོད་ཆེན་པོ་གསེར་གླིང་དེར་ཐ་མལ་གྱི་རྟོག་པ་རང་རྒྱུད་ལ་མི་སྐྱེ་བའོ། །ཧེ་ཆེན་བརྡལ་ནི་ཆོས་ཉིད་གཉིས་སུ་མེད་པའི་དོན་ལ་དགྱེས་པ་ཆེན་པོ་ཕྱོགས་རིས་མེད་པར་བརྡལ་བའོ། །སྒྲུབ་པའི་གནས་ནི་མཆོག་དང་ཐུན་མོང་གིས་དངོས་གྲུབ་མ་ལུས་པ་ཐོབ་པར་བྱེད་པའི་གནས་སོ། །གསེར་གྱི་བྲག་ནི་ཆོས་ཉིད་འགྱུར་བ་མེད་པའོ། །ཕུག་ནི་ཟབ་མོའི་དོན་ནོ། །ཡུ་བ་ཅན་གྱི་ཆོས་ཉིད་ཟབ་མོའི་དོན་འགྱུར་བ་མེད་པ་རྡོ་རྗེ་ཟམ་པ་འདི་ལ་གྲུབ་ཐོབ་བརྒྱུད་པའི་ཡུ་བ་གཅིག་ནས་གཅིག་ཏུ་རྒྱུན་མི་ཆད་པ་ལ་ཟེར་རོ། །འོ་ན་དེ་ལྟ་བུའི་གནས་མཚན་ཉིད་དང་ལྡན་པ་དེ་རུ་འགྲོ་བ་ལ་དཀའ་སླ་དང་ཉེ་རིང་ཇི་ཙམ་ཡོད། ཅེས་དྲིས་པས། དཀའ་སླ་ནི་ཤིན་ཏུ་དཀའ་སྟེ་མི་མེད་པའི་ལུང་སྟོང་ལ་གཅན་གཟན་མ་རུངས་པ་དང་། སྦྲུལ་གདུག་པ་ཅན་དང་། མི་མ་ཡིན་དང་། ལྷ་མ་ཡིན་ལ་སོགས་པ་ཡོད། གཅན་གཟན་གདུག་པ་ཅན་དང་འཕྲད་ན་ཁྲུམ་གྱིས་ཟོས་ནས་འགྲོ། སྦྲུལ་གདུག་པ་ཅན་དང་འཕྲད་ན་དུག་སྦྲུལ་གྱི་ལྕེ་ཡུག་བྱས་པས་སྣག་མ་ཚོ་ཁ་རུ་སིབས་ལ་རུས་པ་ཚོང་ཐང་ལ་དཀར་སྤུང་གོས་འགྲོ། མི་མ་ཡིན་དང་འཕྲད་ན་ཁྱུར་གྱིས་མིད་ནས་འགྲོ། ལྷ་མ་ཡིན་དང་འཕྲད་ན་སྐད་ལྷངས་ཀྱིས་བརྗོད་པ་ཙམ་གྱིས་མིག་ཁྲག་རུལ་གྱིས་འཆི་བ་ཡོད། ཉེ་རིང་ནི་མི་གྲོང་མེད་པའི་ལུང་སྟོང་དེ་ལྟ་བུ་ལ་ཟླ་བ་རིལ་པོ་བཅུ་གསུམ་དུ་འགྲོ་དགོས། དཀའ་སླ་དང་ཉེ་རིང་དེ་ལྟ་བུ་མེད་ན་དང་ངེད་ཀྱང་འགྲོ་སྟེ་གསུང་སྐད་དོ། །དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་ངའི་ལུས་འདི་སྔ་མ་འཁོར་བ་ཉོན་མོངས་པ་ཤ་སྟག་ལ་ཤི། ད་རེས་ཆོས་ཕྱོགས་སུ་ཤི་བ་གཅིག་བྱེད་དགོས། ལུས་རྐྱེན་དེ་ལྟ་བུ་གཅིག་གིས་ཤི་ཡང་། སེམས་འདི་སློབ་དཔོན་དགའ་རབ་རྡོ་རྗེའི་གན་དུ་ཅི་བརྟོལ་བྱེད་དགོས། སློབ་དཔོན་གྱི་ཐུགས་ཀྱིས་མཁྱེན་ནས། སློབ་དཔོན་གྱིས་ངའི་སེམས་ལ་བྱིན་གྱིས་རློབ་སྟེ་འོང་བས། སེམས་འཁོར་བར་གཏན་དུ་མ་འཁྱམས་ན། ལུས་ད་རེས་གཅིག་པུ་ལ་ཤི་མ་ཤི་མེད་ཀྱི་སྙམ་ནས་ཐེ་ཚོམ་མེད་པར་གཤེགས་པས། ཟླ་བ་རིལ་པོ་བཅུ་གསུམ་ན་རི་བྲག་གཅིག་ཏུ་བརྟོལ་ཏེ། བཙུན་པ་ཧྲལ་པོ་གཅིག་གིས་ཕྱག་ན་མདའ་ལྔ་དང་གཞུ་གཅིག་བསྣམས་པ་ཤམ་ཐབས་ཐོད་དུ་བཅིང་བ་གཅིག་དང་འཕྲད་དེ། ག་རེ་གཞན་འདི་རུ་སུ་ཡང་འོང་བའི་དོན་མེད་དེ། སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་པ་ལས་འོས་མེད་ཀྱི་སེམས་ནས། སློབ་དཔོན་ལ་གསེར་གྱི་མཎྜལ་འབུལ་བའི་ཆག་ཆག་འདེབས་པའི་ཆུ་མ་རྙེད་པ་ལ། སློབ་དཔོན་གྱི་ཞལ་ནས་ཁྱོད་རང་ལ་ལུས་འདུག་པ་གསུངས་ནས། ག་རེ་ང་ལ་ལུས་ཡོད། ལུས་ལ་རྩ་ཡོད། རྩ་ལ་ཁྲག་ཡོད་སེམས་ནས་གཏར་ཁ་བྱར་བཏུབ་པའི་རྩ་རྣམས་སྤུ་གྲི་ཀ་མ་ལས་གཤགས་ནས། མཎྜལ་བཤམས་ནས་ཁྲག་གིས་ཆག་ཆག་བཏབ། གསེར་གྱི་ཚོམ་བུ་བཀོད་ནས་ལྷ་ཕྱག་དགུ་ཕྲུགས་སུ་བཙལ། བསྐོར་བ་ལན་གསུམ་དུ་བྱས་ནས། སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་ཞེས་གསོལ་བ་བཏབ་པས། ཅི་ཡང་མི་གསུང་བར་དུར་ཁྲོད་ཆེན་པོ་དེར་གཤེགས་ནས་སོང་ངོ་། །དེའི་ཕྱིར་འབྲང་ནས་བསྐོར་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས། ལྷ་ཕྱག་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ། ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཀྱང་ཅི་ཡང་མི་གསུང་ནས། འོ་སྐོལ་ལ་གདམས་ངག་མི་གནང་བར་འདུག་པས། ཡུལ་དུ་ཕྱིན་ན་ནི་ལུས་ལ་བར་ཆད་འོང་སྟེ་སེམས་ཀྱང་གཏན་དུ་འཁོར་བར་འཁྱམས་འགྲོ་ཉེན་ཡོད་པས། ང་རང་འདིར་ལྕེབས་ནས་ཤི་ལ་བསྡད་དགོས། ངའི་ལུས་འདི་ཤི་ཡང་སེམས་ལ་སློབ་དཔོན་གྱི་བྱིན་གྱིས་བརླབས་ནས་འཁོར་བར་གཏན་དུ་མི་འཁྱམ་སྟེ་འོང་སེམས་ནས་ཀ་པ་ལི་ནས་སྤུ་གྲི་ཀ་མ་ལི་བཏོན་ནས་སྐེ་ལ་བརྡེག་དགོས་བསམ་ནས་དེངས་ཀྱིས་བྱས་ཙ་ན། སློབ་དཔོན་དགའ་རབ་རྡོ་རྗེས་གཟིགས་ནས་ཁོང་གི་ཞལ་ནས་འཇམ་དཔལ་བཤེས་གཉེན་གསུངས་ནས། ཨ་བྱས་པས། ཁྱོད་ཅི་འདོད་པ་ཡིན་གསུངས་པ་ལ། ང་ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་གཅིག་འདོད་པ་ཡིན་ཏེ་བྱས་པས། ཁྱོད་ཀྱིས་ད་དུང་མ་གོའམ་གསུངས་པས། བདག་གིས་ནི་མ་རིག་མ་རྟོགས་སོ་བྱས་པས། ཕྱག་གཡས་པ་སྤྱི་བོར་གཞག་ནས། ཨ་ཧ་ཧོ་འིས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་གཉིས་སུ་མེད་པའི་དོན་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པས་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲའི་ངང་དུ་ཞག་བདུན་གྱི་བར་ཏིང་ངེ་འཛིན་ཐུན་གཅིག་གིས་ངང་དུ་ཕྲིལ་གྱིས་སོང་ངོ་། །དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ་བྱས་པ་དང་བཅོས་པ་མེད་པར་རང་གསལ་དུ་རྒྱུད་ལ་ཤར་ནས་འདུག་གོ། །དོན་དེ་མི་བརྗེད་མི་ཡལ་བར་བྱ་བའི་བརྗེད་རྡོ་རུ་དགའ་རབ་རྡོ་རྗེས་སཱུཪྱཱ་དྷ་ར་ཞེས་བརྡ་བསྟན་པས། ཁྱོད་རང་ཉི་མའི་སྙིང་པོ་ཡ་གི་ལ་ལྟོས་ཤིག་བྱ་བའི་བརྡར་གོ་ནས་བལྟས་པས་ཉི་མའི་སྙིང་པོ་དེ་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པ། ཆོས་བཞི་དང་ལྡན་པ་གཅིག་ཏུ་རྟོགས་སོ། །དཔེ་དེ་བཞིན་དུ་རང་གི་སེམས་ཉིད་ཀྱང་ཆོས་བཞི་དང་ལྡན་པ། གསལ་ལ་རྟོགས་པ་མེད་པ་ཉི་མའི་སྙིང་པོ་ལྟ་བུ་གཅིག་ཏུ་རྟོགས་སོ། །དེ་ཡང་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་དོན་མངོན་དུ་གྱུར་ཏེ། སྒྲིབ་པ་ལ་སྦྱངས་དཀའ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་ཉིད་དག །ཐོབ་པ་ལ་དཀའ་བ་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞོར་ལ་བྱུང་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བ་བཞིན་དུ་གྱུར་ཏེ། སློབ་དཔོན་དགའ་རབ་རྡོ་རྗེའི་ཕྱག་ན་མདའ་ལྔ་བསྣམས་པ་དེ་ཡང་ཡེ་ཤེས་ལྔའི་བརྡ་རུ་གོ། །གཞུ་དང་སྤྲད་དུ་འདུག་པ་དེ་ཡང་ཐབས་དང་ཤེས་རབ་ཡ་མ་བྲལ་བར་ཟུང་དུ་འཇུག་པར་གོ། །ཤམ་ཐབས་ཐོད་དུ་བཅིངས་པ་དེ་ཡང་ཐེག་པ་འོག་མ་མ་སྤངས་གོང་མ་དབྱིངས་སུ་དག་པར་གོ་ཞིང་རྟོགས་ནས། བཀའ་སྐྱོང་གི་མཁའ་འགྲོ་མ་གསུམ་གྱིས་ཀྱང་ཁས་བླངས་དམ་བཅས་བྱིན་གྱིས་བརླབས་ནས། དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེའང་བྱ་འཕུར་པའམ་རྫི་བསྐྱོད་པ་བཞིན་དུ་དུར་ཁྲོད་གསེར་གླིང་ནས་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད་པ་ལ་གྲོ་ཁར་ཕྲིལ་གྱིས་བརྟོལ་ལོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་གྱིས་བྱིན་གྱིས་བརླབས་པས། སློབ་དཔོན་ཤྲཱི་སིང་ཧའི་ཐུགས་ལ་ཤར་བ་ནི་དཔེར་ན་ཉི་ཟླ་ལ་ཉེ་རིང་མེད་ཀྱང་སྣོད་དག་པ་དང་ཆུ་གཙང་མའི་ནང་དུ་འཆར་བ་བཞིན་དུ། འགྲོ་བ་ལ་ཉེ་རིང་མེད་ཀྱང་སློབ་དཔོན་ཤྲཱི་སེང་ཧའི་ཐུགས་ལ་ཡང་དག་པའི་དོན་གཅིག་རང་བཞིན་གྱིས་ཤར་ཏེ། དེ་ཡང་ནམ་ཐོ་རངས་གཅིག་ཙ་ན། ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བ་ནས་ཐར་རམ་ཟེར་བ་ལས། དེའི་གོང་དུ་ཐར་པའི་ཐབས་མི་འདུག་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན། དེའི་ཆོས་བྱེད་པ་པོ་ནི་རྡོ་རྗེ་གདན་གྱི་བྱང་ཕྱོགས་གྲོང་ཁྱེར་སེར་སྐྱའི་སྒོ་ཁ་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན་རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་རྒྱལ་པོའི་མཆོད་གནས་སུ་ཡོད་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་ཡོད་དམ་མེད་དེ་རྣམས་ལ་འདྲི་དགོས། ཡོད་ན་དེར་ཞུ་དགོས། མེད་ན་ཡང་དེར་ཁོ་ཐག་ཆོད་སེམས་ནས། ཤྲཱི་སིང་ཧ་ས་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ཏེ། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལ་སྤྱན་གཡས་པས་གཟིགས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལ་སྤྱན་གཡོན་པས་གཟིགས་ནས། འོ་པཎྜི་ཏ་རྣམས་ལགས། བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་པ། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་འདྲ་བ་མེད་དམ། དེ་ལྟ་བུ་གཅིག་མེད་ན་ནི་དེ་རིང་སང་ལ་དུས་བཏབ་པའི་གཉེན་ནམ་གྲོགས་སྒོས་མཛའ་ལ་སོགས་པ་ཡང་སྟབས་ཀ་སྔ་ཕྱི་ཨེན་པ་རེ་རེས་ཀྱང་འཛོལ་ནས། གཏན་དུ་མི་འཕྲད་པར་འགྲོ་བ་ཡོང་གི་འདུག་པ་ལ། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་གློ་བུར་ཉོན་མོངས་པའི་རྐྱེན་གྱིས་ཅི་ཙུག་འགྲོ་རང་ཅི་ཆ་ཞེས་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ལ་རྒྱུས་མེད་པས་ཅི་ཡང་མི་གསུང་། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་གཅིག་ནས་གཅིག་ལ་སྤྱན་ཟུར་གྱིས་བརྡས་བསྐུལ་ཏེ། འོག་མ་དག་དེས་བཞེངས་ནས་ལན་བཏབ་པ། འོ་སྐོལ་འདི་ན་དེ་ལྟ་བུ་མི་བདོག་སྟེ། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན་དུར་ཁྲོད་ཆེན་པོ་ཧེ་ཆེན་བརྡལ་བ་བྱ་བ་ན། སྒྲུབ་པའི་བྲག་ཕུག་གསེར་གྱི་ཡུ་བ་ཅན་བྱ་བ་ཡོད་པས་དེ་ན་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་ཆེན་པོ་དགའ་རབ་རྡོ་རྗེ་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པ་སེམས་དག་ལྷའི་བུ་བྱ་བ་སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ་ནམ་མཁའི་འཇའ་ལྟ་བུ་གཅིག་གིས་བྱིན་གྱིས་བརླབས་ནས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་དགོངས་པ་དེ་ཁོང་ལ་ཡོད་པ་ཡིན་པས། དེ་གོང་དུའམ་འཇམ་དཔལ་བཤེས་གཉེན་བྱ་བ་གཅིག་འདི་རུ་འདྲིར་བྱུང་བ་ལ། པཎྜི་ཏ་གོང་མ་རྣམས་ཀྱིས་དགའ་རབ་རྡོ་རྗེའི་གན་དུ་ལུང་བསྟན་པ་ཡིན། དགའ་རབ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་གྱི་སྤྲིན་ནག་པོ་འདུས་པའི་ཁྲོད་དུ་གདན་དྲངས་ནས་ད་ལྟ་འཇིག་རྟེན་མིའི་ཡུལ་དུ་མི་བཞུགས། ཁོང་གིས་བྱིན་གྱིས་བརླབས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེས་སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་གདམས་ངག་དེ་ལོན་ནས། ལྷོ་ཕྱོགས་གྱད་ཀྱི་ཡུལ་བྷེ་ཏ་ལའི་གླིང་། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱི་ས། དཔལ་ཡོན་ཏན་ཐམས་ཅད་འབྱུང་བའི་གྲོང་ཁྱེར་ཞེས་བྱ་འཕུར་བའམ་རྫི་བསྐྱོད་པའམ། གོམ་པ་གཅིག་གིས་འགོངས་པའམ་བྱ་རྨྱང་གཅིག་གིས་བརྟོལ་བ་བཞིན་དུ། ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད་པ་ལ། དུར་ཁྲོད་གསེར་གླིང་གི་ཚ་བ་ཐོན་ནས་བྱོན་པས་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་གྲོ་ཁར་ཕྲིལ་གྱིས་བརྟོལ་བྱུང་སྟེ། དེ་ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ་ན་བཞུགས་ནས་ཡོད་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་དེ་ཁོང་ལ་ཞུས་ན་ཡོད། དེ་ཡང་ལྷོ་ཕྱོགས་ནི་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ཕྱོགས། གྱད་ཀྱི་ཡུལ་ནི་གྱད་སྟོབས་པོ་ཆེ་འབྱུང་བའི་གནས། བྷེ་ཏ་ལའི་གླིང་ནི་ལྷོ་ཕྱོགས་ན་བྷེ་ཏ་ལའི་གླིང་བྱ་བ་ཡོད་པས་དེ་ཡིན། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ་ནི་ཤིང་རིགས་མི་གཅིག་པ་དགུའི་ནགས་དང་ཚལ་གྱིས་རིམ་པར་བསྐོར་བ་ཡིན། གནོད་སྦྱིན་འབྲོག་གནས་ཀྱི་ས་ནི་དེར་འགྲོ་བའི་ལམ་རི་བར་གྱི་འབྲོག་ཐར་ལ་བསྔོ་བ་ལ་སོགས་པས་གནོད་སྦྱིན་མི་མ་ཡིན་ཆེན་པོས་མི་ཕྱུགས་ཚད་ཐམས་ཅད་ལས་ཀྱི་ཟ་བར་བསྔོས་པ་གཅིག་གནས་པའི་ས་ཡིན། དེ་བརྒལ་བ་ན་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་བྱ་བ་རིག་པའི་གནས་ལྔ་ལ་སོགས་པ་ཡོན་ཏན་ཅི་ཡང་འབྱུང་བའི་གྲོང་ཁྱེར་ཆེན་པོ་གཅིག་ཡོད་པའོ། །ཤྲཱི་སིང་ཧས་གྲོང་ཁྱེར་དེར་འགྲོ་བ་ལ་ཉེ་རིང་དང་དཀའ་སླ་ཅི་ཙམ་ཡོད་ཅེས་དྲིས་པས། དེར་འགྲོ་བ་ལ་ཉེ་རིང་ནི་མི་ཡི་ཡུལ་མེད་པའི་ལུང་སྟོང་ན་ཕར་ལ་འགྲོ་བ་ལ་བཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད། དཀའ་སླ་ནི་ལམ་ན་གཅན་གཟན་གདུག་པ་ཅན་དང་། མི་མ་ཡིན་དང་། ལྷ་མ་ཡིན་ལ་སོགས་པ་ཡོད། གཅན་གཟན་གདུག་པ་ཅན་དང་འཕྲད་ན་ཁྲུམ་གྱིས་ཟོས་ནས་འགྲོ། སྦྲུལ་གདུག་པ་ཅན་དང་འཕྲད་ན་ལྕེ་ལེབ་ཀྱིས་བྱས་པས་སྣག་མ་རྣམས་ཁ་རུ་སིབ་ལ་རུས་པ་རྣམས་ཐང་ལ་དཀར་སྤུང་གིས་འོང་བ་ཡིན། ལྷ་མ་ཡིན་དང་འཕྲད་ན་སྐད་བཏོན་པ་ཙམ་གྱིས་མིག་ཁྲག་ཁྲུལ་གྱིས་འཆི་བ་ཡིན། དེ་ལྟ་བུ་མེད་ན་དང་ངེད་ཀྱང་འགྲོ་སྟེ་གསུངས་སོ། །དེར་ཤྲཱི་སིང་ཧས་སོམ་ཉི་ཨེན་གཅིག་ཟོས་ཏེ་དེ་བས་ཉེན་ཆུང་བའམ། འཇིགས་པ་ཆུང་བའི་ལམ་འདྲ་བ་མེད་དམ་བྱས་པས། དེ་བས་ཉེ་ཞིང་འཇིགས་བ་ཆུང་བའི་ལམ་རིའི་ཁོང་སེང་སའི་ཕུག་པ་གཅིག་ནས་ཕར་ལ་ཕྱིན་ན། ཟླ་བ་རིལ་པོ་དྲུག་ན་བརྟོལ་འོང་བའི་ལམ་གཅིག་ཡོད་དེ། དེ་ཡང་ལམ་ན་ཕར་ལ་སྦྲུལ་གདུག་པ་ཅན་དང་། རི་རབ་ཀྱི་ཁོང་སེང་ན་མི་མ་ཡིན་གྱི་གྲོང་ཁྱེར་ཡོད་པས། སྦྲུལ་གདུག་པ་ཅན་གྱིས་ཉེ་མི་ནུས་པ་ལ་རྩི་མ་གི་ཏ་ཞེས་བྱ་བ་གླ་རྩི་ལུས་ལ་འདོགས་དགོས། མི་མ་ཡིན་གྱི་གྲོང་ཁྱེར་དུ་འཁྱམས་ན་རི་རབ་ཀྱི་ཁོང་སེང་དུ་འཁྱམས་ནས་ཕྱིར་མི་ཐོན་པས། མི་མ་ཡིན་གྱི་གྲོང་ཁྱེར་གྱི་སྒོ་སྒྲིབ་པ་ལ་ཞུན་ཆེན་གྱི་མར་མེ་ཁྱེར་ན་ཟླ་བ་རིལ་པོ་དྲུག་ན་བརྟོལ་ཡོང་བའི་ལམ་གཅིག་ཡོད་ཟེར་བས། དེར་ཅིས་ཀྱང་འགྲོ་དགོས་སེམས་པ་གཅིག་བྱུང་ནས། ཤྲཱི་སིང་ཧས་དེར་འཚོ་བའི་ཡོ་བྱད་དང་། དགོས་པའི་རྫས་རྩི་མ་གི་ཏ་ལུས་ལ་བྱུགས། ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་པས་ཟླ་བ་རིལ་པོ་དྲུག་ན་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་བརྟོལ་ལོ། །དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ་ག་ན་བཞུགས་དྲིས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ་ངེད་ཀྱི་ཡུལ་དུ་བྱོན་ནས་ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་ཕེབས་པ། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་ལ་སོགས་པ་བཀྲ་ཤིས་དང་ཡོན་ཏན་ཤིན་དུ་འཕེལ་བར་བྱུང་བ་ཡིན་ཟེར་ཏེ། ཁོང་རང་ངེད་ཀྱི་ཞལ་མཇལ་བ་དང་ངོ་ཤེས་པ་མེད་ཟེར་རོ། །གཅིག་ལ་དྲིས་གཉིས་ལ་དྲིས་འཕྲད་ཚད་ལ་དྲིས་ཀྱང་དེ་སྐད་ཟེར་བ་ལས་ངས་ངོ་ཤེས་ཟེར་བ་མ་བྱུང་ནས། དེ་ནས་བཙལ་བས་ཀྱང་མ་རྙེད་སྡོད་པ་ཡང་མ་ཚུགས་ནས། ཅམ་མེར་ཕྱིན་པས་ཆུ་ཁ་གཅིག་ཏུ་བརྟོལ་ཙ་ན། བུད་མེད་ཆུ་ལེན་པ་གཅིག་འདུག་ནས་གཏམ་གཅིག་འདྲི་དགོས་སེམས་ནས་དེ་རུ་འདུག་དང་བྱས་པས། ལན་མེད་པར་ཆུའི་བུམ་པ་རྒྱབ་ཏུ་ཁྱུག་གིས་ཁུར་ནས་མི་སྡོད་པར་འགྲོ་བར་འདུག་པས། དེ་མ་འཐད་པར་ཚོར་ནས་ཤྲཱི་སིང་ཧས་ཀྱང་གོང་དུ་རྫུ་འཕྲུལ་གྱི་དངོས་གྲུབ་བརྙེས་པ་ཡིན་པས། ཕྱག་གཡོན་པ་ཁ་སྦུབ་ཀྱིས་དེངས་བྱས་ཏེ་ས་ནི་བྷེ་ས་བྱས་པས། མོའི་བུམ་པ་རྒྱབ་ནས་ཁོག་གིས་གོག་ནས་ས་ལ་ཁྲིག་གིས་འབྱར་རོ། །དེར་མོས་ཀྱང་རྫུ་འཕྲུལ་ཅན་དུ་ངོ་ཤེས་ནས་ཁ་ཕྱིར་ལོག་གི་བྱས་ནས་སོ་གསེབ་ནས་ཤེལ་དཀར་གྱི་གྲི་ཅིག་ཅར་གྱིས་བཏོན་ནས་ཙིཏྟ་ཨ་བྷི་ཥིཉྩ་པྲ་ས་ལ་ཟེར་ནས་བྲང་ཁ་ཤགས་ཀྱིས་ཕྱེས་ནས་སྙིང་གི་དཀྱིལ་ནས་ཡང་དག་གྲུབ་པའི་ལྷ་མོ་བརྒྱད་དཔལ་དང་དགུ་འདུག་པ་ཞལ་བསྟན་ནོ། །ཤྲཱི་སིང་ཧས་ཀྱང་བུད་མེད་དེ་རྫུ་འཕྲུལ་ཅན་གཅིག་འདུག་པར་ཤེས་ནས། ས་ནི་ས་མ་ཡ་ཛཿབྱས་ནས་ཕྱག་རྒྱ་ཡར་ལ་དེངས་བྱས་པས། བུམ་པ་དེ་ས་ནས་ཁོག་གིས་གོག་གནས་མོ་རང་གི་རྒྱབ་ཏུ་ཁྱུག་གིས་སོང་ངོ་། །དེ་ནས་མོ་ན་རེ། ཙིཏྟ་ཨ་བྷི་ཥིཉྩ་མཾ་ཟེར་ནས་བྲང་ཁ་ཅག་གིས་ཟུམ་མོ། །དེ་ཡང་ཙིཏྟ་ནི་ཐུགས། ཨ་བྷི་ཥིཉྩ་ནི་དབང་བསྐུར་བ། མཾ་ནི་ཞལ་གསུམ་པ་ཡིན་ཏེ། དེ་ཡང་ཤྲཱི་སིང་ཧ་ལ་ཡང་དག་ཐུགས་ཀྱི་ལྷ་མོ་བརྒྱད་དཔལ་དང་དགུའི་ཞལ་བསྟན། དབང་བསྐུར་ནས་ཞལ་ཟླུམ་པའོ། །དེ་ནས་མོ་ན་རེ། ཁྱོད་ཅི་འདོད་པ་ཡིན་ཟེར་བས་ང་གཞན་ཅི་ཡང་མི་འདོད་དེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་བྱ་བ་འདི་ན་བཞུགས་ཟེར་ནས་འཚོལ་དུ་འོང་བ་ལ་མ་རྙེད། ཁྱོད་ཀྱིས་ངོ་ཤེས་སམ་བྱས་ནས་དྲིས་པས། བུད་མེད་དེ་ན་རེ། ངས་ངོ་ཤེས་པ་ལས་གཞན་སུས་ཀྱང་ངོ་མི་ཤེས་ཏེ། ང་རང་དམ་རང་གིས་བཅས་པའི་སྲིང་མོ་བཀའ་སྐྱོང་གི་མཁའ་འགྲོ་མ་སྡེ་གསུམ་བྱ་བ་ལས། ངའི་མིང་འབར་མའི་གདོང་ཅན་བྱ་བ་ཡིན་ཏེ་ལྟོས་དང་ཟེར་ནས་ལྗགས་ནར་གྱིས་བརྐྱང་པས་སྤྱི་བོ་རུ་ལྷག་གིས་བརྟོལ་ནས་གདོང་པ་ལ་མེ་འབར་བ་བཞིན་དུ་དམར་རིང་གིས་བྱུང་ངོ་། །དེར་མོ་ན་རེ། ད་ཁྱོད་ངའི་ཕྱིར་འདོང་ངོ་། །ངས་སློབ་དཔོན་འཇམ་དཔལ་བཤེས་གཉེས་ཁྱོད་ལ་བསྟན་གྱིས་གསུངས་ནས་གྲོང་ཁྱེར་དེར་ཆུའི་བུམ་པ་གནས་སུ་སྐྱེལ་བའི་ཚུལ་དུ་བྱས་ནས་ཕྱིར་བྱུང་སྟེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་མ་གི་ཡིན་ནོ་གསུངས་ནས་བལྟས་པས། བཙུན་པ་ཧྲལ་པོ་གཅིག་གིས་རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག །གཉའ་ཐོང་ཟུང་གཅིག་ཕྲག་ལ་གཟར་ནས། ཤམ་ཐབས་ཐོད་དུ་བཅིངས་པ་གཅིག་གིས་གླང་ལ་ལྕག་གིས་བྲབ་ཀྱིན་ཞིང་རྨོད་དུ་འགྲོ་བ་གཅིག་བྱུང་ནས་དེའི་དྲུང་དུ་ཕྱིན་ནས་དང་པོ་ཆོས་ཞུ་མ་བྱས་པར། རྫི་ལྟ་བ་ལ། བཙུན་པ་འོ་སྐོལ་ལ་བཟའ་བཅའ་གཅིག་ཞུ་དང་བྱས་པས། བཙུན་པ་དེ་ན་རེ་བཟའ་བཅའ་འདི་རུ་ག་ན་འོང་། གྲོང་ཡ་གི་ན་ངའི་ཇོ་མོ་ཡོད་ཅིང་དེ་རུ་སློང་དང་ཟེར་བས། འདི་ལ་ཆོས་ཡོད་པའི་གཞུང་མི་འདུག་སྟེ། འདི་ཁྱིམ་བཙུན་ནམ་ཁྲམ་བཙུན་ནམ་ཟོག་བཙུན་གཅིག་ཡིན་ཚོད་འདུག་སྟེ། གལ་ཏེ་ཡིན་སྲིད་པས་ད་དུང་རྫི་རྟོག་དགོས་སེམས་ནས། ཇོ་མོ་དེའི་དྲུང་དུ་ཕྱིན་ནས་ཇོ་མོ་བཟའ་བ་གཅིག་ཞུ་དང་བྱས་པས། ཁྱོད་རང་འདིར་འདུག་གཅིག་ང་ལ་སྤགས་མེད་པས་བཙལ་ལ་འོང་ཞེས་ཟེར་ནས་སོང་བས། ཚོང་འདུས་སུ་འགྲོ་བ་ལ་ཉིན་ལམ་བདུན་ཡོད་པ་གཅིག་མོས་ཡུད་ཅིག་ལ་འཁོར་ནས། བྱིའུ་མཆིལ་པ་བདུན་གསོན་པོ་ཉོས་ནས་ཐུ་བར་བླུག་ནས་ཁྱེར་བྱུང་སྟེ། མདུན་དུ་བརྟོལ་བ་དང་བྱིའུ་བདུན་པོ་ལྟག་པ་ཕུད་ནས་བསད་དེ། སྤུ་བཏོགས་རྒྱུ་ལོང་ཕྱུངས་ནས་འབྲས་ཆན་གྱི་ནང་དུ་བཙོས་ནས་འབྲས་ཆན་དང་གཉིས་མཁར་གཞོང་གི་ནང་དུ་དྲངས་པས། སྤགས་མེད་འདི་གསོལ་བར་ཞུ་ཟེར་ཏེ། ཤྲཱི་སིང་ཧས་སྤྱིར་ང་བཙུན་པའི་ཆ་བྱད་དུ་ཡོད་པས་ཤའི་རྣམ་ལ་མི་ཞུ། དེའི་ནང་ནས་ཀྱང་དགེ་སློང་གི་ཆ་བྱད་དུ་ཡོད་པས་མི་ཞུ། དེའི་ནང་ནས་ཀྱང་ང་ལ་བསྔོས་ནས་བསད་པའི་ཤ་འདི་ལྟ་བུ་མི་ཞུ་བས་ཕར་ལ་བཞེས་པར་ཞུ་བྱས་པས། རྗེས་སུ་ཡི་རང་ཆོས་པ་རང་དུ་འདུག་ཟེར་ནས། བྱིའུ་མཆིལ་སྤྲད་བདུན་པོ་དེ་ལག་ཏུ་བླངས་ནས་སེ་གོལ་གཏོགས་པ་གཅིག་བྱས་པས་སྦྲུལ་ཆིལ་བྱས་ནས་ནམ་མཁའ་ལ་ཙི་དི་རི་རི་འཕུར་ནས་སོང་ངོ་། །དེར་ཨ་མ་ཇོ་མོ་འདི་ཡང་བསད་གསོ་ལ་སོགས་པ་ནུས་པའི་རྫུ་འཕྲུལ་ཅན་ཞིག་འདུག་པས། དེ་ཙུག་ཏུ་སོང་ན་ད་ཅིའི་བཙུན་པ་དེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་རང་མིན་པའི་གཞུང་མི་འདུག་པས། ད་རུང་དུ་རྫི་རྟོག་དགོས་པར་འདུག་སེམས་ནས། ཇོ་མོ་དོ་ནུབ་གནས་གཡར་པོ་ཞུ་དགོས་བྱས་པས། ཁྱོད་རང་དེར་འདུག་པས་ཆོག་གསུངས་ནས་དེ་རུ་བསྡད་ཙ་ན། དེ་རིང་གི་བཙུན་པ་ཧྲལ་པོ་དེ་དེར་བྱུང་ནས་རྩ་ན་ཡར་ཉལ་འདུག་སྐད། ནངས་པར་སྔ་བ་ནས་ཤྲཱི་སེང་ཧས་ལངས་ནས་རྡོ་རྗེ་སེམས་དཔའི་མདོ་སྒྱུ་འཕྲུལ་དྲྭ་བ་ཞེས་བྱ་བ་ཞལ་ཐོན་དུ་བཏོན་པས། ཁོང་གིས་ཅེ་རེགས་ན་ནས་མདོ་དེ་ཐོན་པ་དང་དོན་ལ་ལྟ་ཅི་སྨོས་ཏེ། ཚིག་ལའང་རྨོངས་པ་གསུངས་ཏེ་ཚིག་དེ་རྣམས་ཀྱང་མཁས་པར་འདུག་སྟེ། དོན་མ་གོ་བར་འདུག་པས་བྱ་བར་གོ་བྱུང་བས། དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་ནམ་གཞན་དེ་སྐད་གསུང་བ་མི་ཡོང་སེམས་སྐད། དེ་ནས་བཙུན་པ་དེ་ན་རེ་ཇོ་མོ་ལ་སྤགས་ཚོལ་ཤོག །དེ་ནང་བཙུན་པ་འདི་ལ་ཚ་བ་འདྲེན་དགོས་ཟེར་ནས་ཡང་ཇོ་མོ་དེས་ཚོང་འདུས་ནས་བུད་མེད་ཀྱི་ལག་པ་གཡོན་པ་གྲུ་མོ་མན་ཆད་ལ་གདུབ་བུ་ལྔ་དང་ལྡན་པ་ཉོས་ནས་བྱུང་སྟེ། འབྲས་ཆན་དང་གཉིས་མཁར་གཞོང་གི་ནང་དུ་དྲངས་ཏེ་སྤགས་མེད་འདི་གསོལ་བར་ཞུ་ཟེར་སྐད། སྔར་བཞིན་དུ་དགེ་སློང་གི་ཆ་བྱད་དུ་ཡོད་པས་ཤའི་རྣམ་པ་མི་ཞུ། དེའི་ནང་ནས་ཀྱང་མིའི་ཤ་མི་ཞུ། དེའི་ནང་ནས་ཀྱང་བུད་མེད་ཀྱི་ཤ་མི་ཞུ་བས། ཕར་ལ་བཞེས་པར་ཞུ་བྱས་པས། རྗེས་སུ་ཡི་རང་ཆོས་པ་རང་དུ་འདུག་གསུངས་ནས། བུད་མེད་ཀྱི་ལག་པ་དེ་ནམ་མཁའ་ལ་རྒྱང་གིས་བོར་ནས་སེ་གོལ་གཏོགས་པ་གཅིག་མཛད་པས་འོད་ཁ་དོག་ལྔ་དང་ལྡན་པ་འཇའ་ལྟ་བུ་ཞིག་ཏུ་བྱས་ནས་ནམ་མཁའ་ལ་ཡལ་ནས་སོང་སྐད། དེར་ཐེ་ཚོམ་མ་ཟོས་ཏེ་བཙུན་པ་འདི་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་ངེས་འདུག །ཇོ་མོ་འདི་ལ་རྫུ་འཕྲུལ་འདི་ལྟ་བུ་འདུག་བསམ་ནས། གསེར་གྱི་མཎྜལ་ཕུལ། ལྷ་ཕྱག་དང་བསྐོར་བ་ལན་མང་པོ་བྱས་ནས། སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་བྱས་ནས་གསོལ་བ་བཏབ་པས་ཅི་ཡང་མི་གསུང་སྐད། དེ་ནས་ལྷ་ཕྱག་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ། བསྐོར་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས་ནས་ཟླ་བ་རེ་རེ་ལ་ཞུ་བའི་དོན་རེ་ཕུལ་ཀྱང་ཅི་ཡང་མི་གསུང་ནས། ད་ནམ་ཡང་ཆོས་མི་གནང་བར་འདུག་པས། ང་རང་གི་ཡུལ་དུ་ལོག་ནས་འགྲོ་དགོས་སེམས་ནས་ཁུར་ཙ་དང་ཀ་བ་ལི་ཁྲེས་པོ་ཚོ་བཏེགས་ནས་གདམས་ངག་མ་གནང་ཡང་ཕྱི་ཕྱག་གཅིག་བྱ་དགོས་སེམས་ནས་མཆོད་ཁང་དུ་ཕྱིན་པ་དང་། ཤྲཱི་སིང་ཧ་གསུངས་ནས་དབུ་བཏེགས་གིས་བྱུང་ནས། ཨ་བྱས་པ་དང་ལན་ཅི་ཡང་མི་གསུང་བར་གོས་ཀྱིས་དབུ་ཧྲིལ་གྱིས་བསྟུམ་ནས་སོང་ངོ་། །གཞན་གདམས་ངག་ནི་མི་སྟེར་འབོད་དོན་མེད། མཆོད་ཁང་གི་སྦུར་མ་དང་འབག་འབོག་མི་གཙང་བ་འདི་ཚོ་ཕྱོགས་བྱ་བ་ཡིན་པར་བྱུང་སེམས་ནས་ཕྱགས་པས་སེར་བུའམ་ཚང་རླངས་གཅིག་གིས་ཕྱགས་ཀྱང་སྔ་མའི་ཤུལ་དུ་བཏབ་ནས་བྱུང་ངོ་། །དེར་ལན་བཅོ་བརྒྱད་དུ་སྐད་ཀྱིས་ཕྱགས་དགོས་བྱུང་སྟེ། ཐང་ཆད་ནས་སློབ་དཔོན་གྱི་མདུན་ན་ཀྲོང་ངེར་ལངས་ནས་ཡོད་ཙ་ན། སློབ་དཔོན་གྱི་དབུ་སྔས་ན་ཤིང་ཐོག་རྡོག་པོ་ཆེ་བ་ཁ་དོག་ལེགས་པ་དྲི་ཞིམ་པ་གཅིག་འདུག་ནས་ད་ཅིང་ལ་འབོད་པ་དེ་འདི་ཟོ་དང་བྱ་བ་རང་ཡིན་ནམ་སེམས་ནས་ཤིང་ཐོག་དེ་ཟོས་པས་རོ་མཆོག་བརྒྱད་དང་ལྡན་པ་ཞིག་བྱུང་སྟེ། དེ་ཟོས་ཟིན་པ་དང་དུག་ཏུ་གྱུར་ཏེ་སྐྱུག་ཅིང་འགྱེལ་ནས་ཤི་འཕྲས་བྱེད་ཅིང་འཆི་བ་ལ་ཐུག་ནས་ཡོད་ཙ་ན། ཐུགས་མུག་ནས་ཤྲཱི་སིང་ཧའི་ཐུགས་ལ་ཤི་ན་རུང་སྣང་བ་བདུན་ཤར་ཏེ། ག་རེ་སློབ་དཔོན་གྱིས་གཉའ་ཐོང་ཟུང་གཅིག་ཕྲག་ལ་བཀལ། རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག་ནས་བྱུང་བའི་དུས་ན་ཆོས་ཉིད་ཀྱི་བརྡ་གཅིག་ཡིན་ཏེ་འོང་བ་ལ། ངས་མ་གོ་བ་ཤི་ན་རུང་སེམས་པ་གཅིག་བྱུང་། བྱིའུ་མཆིལ་སྤྲད་བདུན་གྱི་ཤ་དྲངས་པའི་དུས་ན་ཆོས་ཉིད་ཀྱི་བརྡ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་སེམས་པ་དང་གཉིས། མདོ་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་ན་ཆོས་ཉིད་ཀྱི་བརྡ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་སེམས་པ་དང་གསུམ། བུད་མེད་ཀྱི་ལག་པ་གཡོན་པ་དྲངས་པའི་དུས་ན་ཡང་ཆོས་ཉིད་ཀྱི་བརྡ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་སེམས་པ་དང་བཞི། སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ། ཕྱག་དང་སྐོར་བ་བྱས་ནས་གདམས་ངག་ཞུས་པའི་དུས་ན་ཅི་ཡང་མི་གསུང་བ་ཆོས་ཉིད་ཀྱི་བརྡ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་སེམས་པ་དང་ལྔ། ད་ང་འགྲོ་དགོས་སེམས་ནས་མཆོད་ཁང་དུ་ཕྱིན་པ་དང་། ཤྲཱི་སིང་ཧ་གསུངས་ནས་འདི་ཕྱོགས་བྱ་བ་ཡིན་སེམས་ནས་ཕྱག་པས་སྦར་སྦུར་ལན་བཅོ་བརྒྱད་དུ་ཕྱགས་དགོས་བྱུང་བ་དེ་ཆོས་ཉིད་ཀྱི་བརྡ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་སེམས་པ་དང་དྲུག །དེ་ནས་སློབ་དཔོན་གྱི་དབུ་སྔས་ན་ཤིང་ཐོག་ཁ་དོག་ལེགས་པ་དྲི་ཞིམ་པ་གཅིག་འདུག་ནས་འདི་ཟོ་བྱ་བ་ཡིན་འདུག་སེམས་འདུག་སེམས་ནས། ཟོས་པས་དུག་དུ་གྱུར་ཏེ་སྐྱུག་ཅིང་འགྱེལ་ནས་འཆི་བ་ལ་ཐུག་པའི་དུས་ན་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ་ངས་མ་གོ་བ་ལ། གོ་བ་མེད་ཁྱོད་རང་ཤི་ན་རུང་སྙམ་པ་དང་བདུན་ཤར་ཙ་ན། འགྱེལ་བ་ལས་ཀྱང་སློང་། སྐྱུག་པའི་འཕྲོ་ཡང་ཆད་ནས་སློབ་དཔོན་གྱི་མདུན་དུ་ཀྲོང་དེར་བསྡད་ཙ་ན། ཤྲཱི་སིང་ཧ་ཁྱོད་ཅི་འདོད་པ་ཡིན་གསུངས། ང་ནི་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་གིས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བ་གཅིག་འདོད་པ་ཡིན་ཏེ་བྱས་པས། འོ་ན་ཁྱོད་ཀྱིས་ད་རུང་མ་གོའམ་གསུངས། བདག་གིས་ནི་མ་རིག་མ་རྟོགས་སོ་ཞུས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཕྱག་གཡས་པ་སློབ་དཔོན་ཤྲཱི་སིདྷའི་སྤྱི་བོར་བརྐྱང་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་ནི་སྐྱེ་བ་མེད་པ། ཧ་ནི་འགགས་པ་མེད་པ། ཧོ་ནི་གཉིས་སུ་མེད་པ། འི་ནི་གཉིས་སུ་མེད་པའི་དོན་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲའི་ངང་དུ་སིལ་གྱིས་ཞག་བདུན་གྱི་བར་དུ་སོང་ངོ་། །ཏིང་ངེ་འཛིན་དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་བྱས་པ་དང་བཅོས་པ་མེད་པར་རང་གསལ་དུ་རྒྱུད་ལ་ཤར་འདུག་གོ། །དེའི་དོན་དེ་བརྗེད་ཀྱིས་དོགས་པའམ་མི་བརྗེད་མི་ཡལ་བར་བརྟན་པར་བྱ་བའི་ཕྱིར་བརྗེད་རྡོ་བསྟན་པ་ནི། ཨ་ཝན་དྷ་ར་ཞེས་བརྡས་བསྟན་ནོ། །དེ་ལ་ཤྲཱི་སིང་ཧ་ཁྱོད་རང་ནམ་མཁའི་དཀྱིལ་འདི་ལ་ལྟོས་དང་། ཁྱོད་རང་གི་རྒྱུད་ལ་སྐྱེས་པ་དེ་དཔེར་ན་ནམ་མཁའི་དཀྱིལ་དང་འདྲ་བ་ཡིན་གྱི་བྱ་བའི་བརྡར་བྱུང་ནས། སྤྲིན་དང་ཁུ་རླངས་ནི་མ་ལངས། སའི་རྡུལ་ནི་ནོན། མདུན་གྱི་ནམ་མཁའ་དག་པའི་དཀྱིལ་དུ་བལྟས་པས། ནམ་མཁའ་དེ་དང་པོ་རྒྱུ་ལས་མ་བྱུང་། བར་དུ་རྫས་སུ་མ་གྲུབ། ཐ་མ་རྐྱེན་གྱིས་མི་འཇིག་སྟེ་གསལ་ལ་ངོས་གཟུང་མེད་པ་གཅིག་རྟོགས་སོ། །དཔེ་དེ་བཞིན་དུ་རང་གི་སེམས་ཉིད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། དང་པོ་རྒྱུ་འདི་ལས་བྱུང་བྱ་བ་མི་འདུག །བར་དུ་དངོས་པོའི་རྫས་གང་དུ་ཡང་མ་གྲུབ། ཐ་མ་རྐྱེན་བཟང་ངན་གང་གིས་ཀྱང་མི་འཇིག་པ། གསལ་ལ་རྟོག་པ་མེད་པ་ནམ་མཁའི་དཀྱིལ་ལྟ་བུ་གཅིག་ཏུ་རྟོགས་སོ། །དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ངས་གཉའ་ཐོང་ཟུང་གཅིག་ཕྲག་ལ་གཟར། རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག་པའི་དུས་སུ་ཐབས་ཤེས་རབ་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ །བྱིའུ་མཆིལ་པ་བདུན་གྱི་ཤ་དྲངས་པ་དེ། རྣམ་པར་ཤེས་པ་ཚོགས་དྲུག་ངོ་བོ་གཅིག་ཏུ་འདུས་པར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། །མདོ་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་ན་ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། །བུད་མེད་ཀྱི་ལག་པ་གཡོན་པ་གདུབ་བུ་ལྔ་དང་བཅས་པ་གཅིག་དྲངས་པའི་དུས་སུ། བུད་མེད་ཤེས་རབ་ཀྱི་རང་བཞིན་ལ་གདུབ་བུ་ལྔ་ཡེ་ཤེས་ལྔར་འཆར་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱི་མ་གོ། །མཎྜལ་ཕུལ་ནས་ཆོས་ཞུ་བའི་དུས་སུ་ངས་ཅི་ཡང་མ་སྨྲས་པ་དེ་དོན་སྨྲ་བརྗོད་དང་བྲལ་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། །སྦར་སྦུར་ལན་བཅོ་བརྒྱད་དུ་འཕྱག་ཏུ་བཅུག་པ་དེ་ཁྱོད་ལ་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་ཟབ་ཅིང་ཕྲ་བ་གཅིག་འདུག་པ་དེ་སྦྱོང་བའི་ཆེད་དུ་བླ་མའི་མཆོད་ཁང་ཕྱགས་པའི་ལས་བྱེད་དུ་བཅུག་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། །ཤིང་ཐོག་ཁ་དོག་ལེགས་པ་རྡོག་པོ་ཆེ་བ་དྲི་ཞིམ་པ་དེ་ཁྱོད་ཕྱི་གཟུང་བའི་ཡུལ་ལ་ཆགས་པ་ཡིན། རོ་མཆོག་བརྒྱད་དང་ལྡན་པར་ཚོར་བ་དེ་ནང་འཛིན་པའི་སེམས་ལ་ཆགས་པ་ཡིན། གཟུང་འཛིན་གཉིས་པོ་དུག་ཏུ་གྱུར་ནས་ན་བས། ཤི་ལ་ཁད་པའི་དུས་སུ། ཤི་ན་རུང་བདུན་ཤར་བས་བཤགས་པར་སོང་ནས་སྒྲིབ་པ་དག་ནས་སོས་པ་ཡིན། ངས་ཀྱང་དེ་གོང་ནས་བསྟན་པ་ཡིན་ཏེ་ཁྱོད་རང་ལས་སྒྲིབ་ཆེ་བས་མ་གོ་བ་ཡིན་གསུངས་སྐད། དེར་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་མངོན་དུ་གྱུར་ཏེ། དེར་སྒྲིབ་པ་སྦྱངས་དཀའ་བ་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དེ་ཉིད་དུ་དག །ཐོབ་པར་དཀའ་བ་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞར་ལས་འབྱུང་བ་བཞིན་ནམ། ཡང་ན་ནོར་བུ་རིན་པོ་ཆེ་སྔོན་ལ་རྙེད་ནས་མཆོད་པ་བྱ་གིན་གསོལ་བ་བཏབ་ན། རྟོག་པ་མེད་ཀྱང་དགོས་འདོད་འཕྲལ་ལ་འབྱུང་བ་བཞིན་དུ་མཆོག་གི་དངོས་གྲུབ་ཐོབ་ནས་གཞན་དོན་དུ་སེམས་བསྐྱེད་ཀྱིན་གསོལ་བ་བཏབ་ན། དགོས་འདོད་འཕྲལ་ལ་འབྱུང་བའོ། །དེ་ནས་ཤྲཱི་སིང་ཧ་དེ་བྱ་འཕུར་བའམ་རྫི་བསྐྱོད་པའམ་གོམ་པ་གཅིག་གིས་འགོང་པའམ། བྱ་རྨྱང་གཅིག་གི་ས་བརྟོལ་བ་བཞིན་དུ་གྱུར་ཏེ། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་ནས་ཚ་བ་ཐོན་ནས་བྱོན་པས། དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད་པ་ལ་གྲོ་ཁར་བརྟོལ་བའོ། །དེ་ནས་རྡོ་རྗེ་གདན་གྱི་བྱང་སྒོ་ནས་ཚུར་ལ་ཕྱི་པ་མུ་སྟེགས་པའི་རྩོད་པ་དར་བས་ནང་པ་སངས་རྒྱས་པའི་བསྟན་པ་ནུབ་ལ་ཁད་པ་ལ། སློབ་དཔོན་ཤྲཱི་སིང་ཧས་ཕྱི་པ་མུ་སྟེགས་པ་ཚར་བཅད་ནས། ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །ཆོས་གྲའི་སློབ་དཔོན་ཤྲཱི་སིང་ཧ་བྱ་བར་གྲགས་ཏེ། དགྲ་བཅོམ་པ་ལྔ་བརྒྱའི་དཔོན་པོ་མཛད་དོ། །དེ་ནས་བཀའ་སེམས་ཕྱོགས་ཀྱི་དོན་བོད་དུ་ཇི་ལྟར་བསྒྱུར་བ་ནི། ཀུན་གཞིའི་གསང་བ་དག་པའི་དབྱིངས་ནས་རང་ཤེས་རིག་གི་རྒྱལ་པོ། ཡིད་བྱེད་པ་པོ་ཀུན་ཏུ་བཟང་པོའི་ཞལ་ནས་བཀའ་སྩལ་པ་ནི། བཀའ་ས་མནྟ་ནམ་མཁའ་དང་མཉམ་པ་ཀློང་དགུ་བམ་པོ་ཉི་ཁྲི་ལེའུ་ཁྲི་དྲུག་སྟོང་ལ་སོགས་པ་ཤཱཀྱ་ཐུབ་པ་ལ་བཤད་དོ། །ཤཱཀྱ་ཐུབ་པས་ཡུལ་སོ་མ་པུ་རི། རྒྱལ་མོ་པུ་རི། ལངྐ་པུ་རི་གསུམ་དུ་ཉིད་ལས་མི་གཞན་པའི་འཁོར་ཀུན་ཏུ་བཟང་པོ། ཀུན་ཏུ་བཟང་པོའི་སྤྲུལ་པ་རྡོ་རྗེ་སེམས་དཔའ། དེའི་སྤྲུལ་པ་སེམས་དག་ལྷའི་བུ་གསུམ་ལ་བཤད་དོ། །སེམས་དག་ལྷའི་བུ་དེས་དགའ་རབ་རྡོ་རྗེ་ལ་བཤད་དོ། །དགའ་རབ་རྡོ་རྗེས་འཇམ་དཔལ་བཤེས་གཉེན་ལ་བཤད་དོ། །དེས་ཤྲཱི་སིང་ཧ་ལ་བཤད། ཤྲཱི་སིང་ཧ་ལ་ལུང་དང་མན་ངག་གི་ཆོས་ཐམས་ཅད་འཛོམས་པར་ཡོད་པ་ལ། སློབ་དཔོན་ཤྲཱི་སིང་ཧ་བཞུགས་པའི་དུས་ཙ་ན། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དད་པ་སྐྱེས་པའི་སྐུ་དྲིན་ལ། ཨོ་རྒྱན་གྱི་མཁན་པོ་པདྨ་སམྦྷ་ཝ་དང་བོདྷི་ས་ཏྭ་ལ་སོགས་སྤྱན་དྲངས་ནས་དབུས་ཀྱི་བསམ་ཡས་དང་རུ་བཞིའི་མཐའ་འདུལ་ལ་སོགས་པའི་གཙུག་ལག་ཁང་བརྒྱ་རྩ་བརྒྱད་ལ་སོགས་པ་ནི་བཞེངས་སུ་གསོལ་ནས། མཁས་པ་མང་པོ་གདན་དྲངས་ནས་ཆོས་གྲྭ་བཙུགས་ནས། དམ་པའི་ཆོས་གསང་སྔགས་མཚན་ཉིད་རྒྱུ་འབྲས་ཀྱི་ཆོས་དར་བར་བྱས་པ་ལ། ཆོས་དེ་དག་གིས་རྒྱལ་པོའི་ཐུགས་ཐག་མ་ཆོད་ནས། བོད་དུ་སྐུ་འཁྲུངས་པའི་མངའ་བདག་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་ཀྱི་དགེ་སློང་ཆོས་བྱེད་པ་དང་། རྒྱ་མི་མི་བདུན་ལ་བཀའ་སྩལ་པ་ནི། རྒྱལ་པོ་དེའང་དང་པོ་རྒྱ་གར་ནས་ཚེ་འཕོས་པ་ཡིན་པས། རྒྱ་གར་གྱི་ཡུལ་ན་མན་ངག་གི་ཆོས་ཡོད་པ་ཆའང་ཡོད། རྒྱ་གར་ན་མན་ངག་གི་ཆོས་ཡོད་བྱ་བ་སྙན་དུ་ཡང་གསན་ནས། རྒྱལ་པོའི་ཞལ་ནས་རྒྱ་གར་གྱི་ཡུལ་ནི་སྟོན་པའི་ཞབས་ཀྱིས་བཅགས་ཤིང་། སྟོན་པ་ནི་ཐམས་ཅད་མཁྱེན་པ་ཡིན་པས། ཐེག་པ་མཐའ་དག་ལས་བོགས་བྱུང་བ། རྒྱུ་འབྲས་གཉིས་ལས་ལ་ཟློ་བའི་ཆོས་སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་གཅིག་མི་བཞུགས་མི་སྲིད་པས། དེ་ལེན་དུ་གཏོང་དགོས་པས་ན། ལོན་ན་བོད་ཡུལ་དབུས་སུ་སུས་འགྱུར་བའི་བསོད་ནམས་ཀྱི་ཚད་ནི་གང་དང་ཡང་མི་མཉམ་པ་གང་གིས་འོང་བ་གཅིག་གཏོང་དགོས་སོ་བྱས་པས། ལི་རྟག་པོ་ཆེའམ་ལི་ཁྲ་མི་ལ་སོགས་པ་ཤིན་ཏུ་ཤེས་རབ་ཆེ་ལ་ཐབས་མཁས་པ་རྣམས་ན་རེ། ཆོས་ཞུ་བ་ལ་མི་བཏང་བ་སུས་མི་འོང་སྟེ། འཕྲང་དགུ་དང་གཅན་དགུ་ལ་སོགས་པ་ཤིན་ཏུ་དཀའ་བ་ཡོད་ཟེར་བས། མི་ཡང་ཤི། ནོར་ཡང་ཤོར་བའི་ཉེན་ཡོད་པས། འོ་སྐོལ་མོ་བཏབ། དཔྱད་བྱས། པྲ་ཕབས་ནས་དེས་ན་ཁ་འཆམ་པར་འདིས་ལོན་འོང་ཟེར་བ་ཕྱིས་མི་འགྱོད་པའི་མི་ཞིག་གཏོང་དགོས་ཟེར་ནས། དེར་རྒྱ་ནག་པོའི་དཔྱད་མཁན་ལ་མཁས་པ་བྷེ་ཤོག་པྲ་དང་། རྒྱ་གར་གྱི་པྲ་མཁན་ལ་མཁས་པ་པྲ་སེན་དང་། ལིའི་ཡུལ་གྱི་མོ་མ་ལ་མཁས་པ་དཔེ་ནི་གུ་དང་དེ་གསུམ་ལ་དཔྱད་བྱས། པྲ་ཕབ། མོ་བཏབ་པས་རྒྱ་གར་གྱི་ཡུལ་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་འདི་ཞུ་བ་ལ་གཞན་སུས་ཀྱང་མི་འོང་སྟེ། གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ན། ཡབ་པ་གོར་ཧེ་འདོད། ཡུམ་བྲན་ཁ་བཟའ་སྒྲོན་སྐྱིད་ཀྱི་བུ། པ་གོར་གན་འཇག་ཐང་རྟ་བྱ་བ་བྱིས་པ་ལོ་བརྒྱད་ལོན་པ་གཅིག་ཡོད་དེ། དེ་བཏང་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་གིས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་དེ་ལོན་འོང་ཟེར་ནས་གསུམ་ཁ་འཆམ་པར་བྱུང་ངོ་། །དེ་ནས་རྒྱལ་པོ་བློན་འཁོར་དང་བཅས་པ་ཉི་ཤུ་རྩ་ལྔ། གཙང་གི་སྙེ་མོ་བྱེ་མཁར་བྱ་བ་དེར་བྱོན་ནས་དེའི་དུས་སུ་རྒྱལ་པོ་མི་ཆེ་བའི་ཞུད་ཀྱིས་ཕྱག་དང་ཞེ་ས་དཀའ་བས་མི་གཞན་གྱིས་མཇལ་བར་མ་ནུས་ནས་སྒོ་ཕྱིར་མིའི་རྒྱུ་འགྲུལ་ཆད་དེ་ཉིན་པ་ཕྱེད་ཀ་གཅིག་ཚུན་ཆད་ལུས། དེ་ནས་བྱིས་པ་གཅིག་སྔོན་དུ་བྱུང་ནས་བྱིས་པ་དེ་ལ་རྒྱལ་པོས་ཞལ་ཀྱལ་དུ་བྱས་ཏེ་བྱིས་པ་ཁྱོད་ཀྱི་ཕ་གར་སོང་བྱས་པས། བྱིས་པ་དེ་ན་རེ། ངའི་ཕ་གཏམ་འཚོལ་དུ་སོང་ཟེར། ཁྱོད་ཀྱི་མ་གར་སོང་བྱས་པས། ངའི་མ་མིག་འཚོལ་དུ་སོང་ཟེར། ཁྱོད་རང་གར་ཕྱིན་པ་ཡིན་བྱས་པས། ང་རང་འགྲོ་བའི་དོན་ཕྱིན་པ་ཡིན་ཟེར་རོ། །དེ་ལ་རྒྱལ་པོ་མཉེས་ཏེ་ངེད་འདོད་པའི་བུ་དེ་འདི་རང་ཡིན་ཏེ་འོང་། ཁ་བརྡ་དང་ལ་ཉེ་བཟང་གསུངས་སྐད། དེ་ནས་བུ་དེ་ན་རེ། ཕ་གཏམ་འཚོལ་དུ་སོང་ཟེར་བ་དེ། ཕས་ཆང་བཙལ་ནས་བྱུང་སྟེ་གཏམ་འབྱུང་བའི་རྐྱེན་ཆང་ལགས་སྐད། མ་མིག་འཚོལ་དུ་སོང་ཟེར་བ་དེ། མས་མེ་ཁྱེར་ནས་བྱུང་སྟེ་མུན་པ་སེལ་བ་དང་བག་དྲོ་བ་མེ་ལགས་སྐད། ང་རང་འགྲོ་བའི་དོན་ལ་ཕྱིན་པ་ཡིན་ཟེར་ཙ་ན་རིའུ་ལུག་བཙས་ནས་བྱུང་སྐད། དེ་བཞིན་དུ་རྒྱ་གར་གྱི་ཆོས་གཏམ་བོད་དུ་བྱུང་ནས་བོད་མ་རིག་པའི་མུན་པ་སེལ་བ་དང་། ཟབ་མོའི་ཆོས་ལོན་ནས་འགྲོ་བའི་དོན་དུ་ཕན་ཐོགས་འོང་བའི་བརྡའམ་ལ་ཉེ་རུ་བྱུང་བ་ལགས་སྐད། དེར་པ་གོར་ཧེ་འདོད་ཀྱིས་རྒྱལ་པོ་བློན་འཁོར་དང་བཅས་པ་རྣམས་ནང་དུ་གདན་དྲངས་ནས། ཞུགས་ཆེན་པོ་ཡང་སྒྲོན། དྲུང་མར་དང་བསང་བུ་དྲངས་ནས། མངའ་བདག་འདི་ན་ཡར་བྱོན་པ་ཞབས་དོན་ཅི་མངའ་དྲིས་པས། མངའ་བདག་གི་ཞལ་ནས། གཞན་དོན་ཅི་ཡང་མི་བདོག་སྟེ། རྒྱ་གར་གྱི་ཡུལ་ན་རྒྱུ་འབྲས་ཀྱི་ཆོས་མཐའ་དག་ལས་བོགས་ཕྱུང་བ་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་ཤིག་ཡོད་མཆི་བས། གང་བས་ཀྱང་ཆོས་འདི་གལ་ཆེ་བར་འདུག་པས། དེ་ཞུར་གཏོང་བ་ལ་གཞན་གང་གིས་ཀྱང་མི་འོང་བར་ཁྱོད་ཀྱི་བུ་འདིས་ལོན་འོང་བར་ཁ་འཆམ་བྱུང་བས་འདི་སློང་དུ་འོང་བ་ཡིན་གསུངས། ཁོང་ན་རེ། ངེད་ཀྱི་བུ་འདི་ལོ་བརྒྱད་ལས་མ་ལོན་པས་རྒྱ་གར་དུ་འགྲོ་བ་ལ་འཕྲད་དགུ་དང་གཅན་དགུ་ལ་སོགས་པ་དཀའ་བའི་འཕྲང་མང་པོ་ཡོད་ཟེར་བས། རྒྱ་གར་དུ་ཡང་མི་བརྟོལ་ཆོས་ཞུ་བ་ཡང་ད་དུང་མི་འོང་། རྒན་རྒོན་གཉིས་ལ་བུ་ཡང་འདི་ལས་མེད་པས་དེ་སྐད་མི་གསུང་བར་ཞུ་བྱས་པས། དེར་རྒྱལ་པོའི་ཞལ་ནས་ལོ་གཞོན་ཡང་ད་ལྟ་ནས་གཏོང་བ་མིན་ཅིང་། ལན་གཅིག་འགྲོ་བ་འོང་ཙ་ན་གཏོང་བ་ཡིན་ཅིང་། གཞན་གྱིས་འོང་བར་མི་འདུག་པས་བུ་འདི་ང་ལ་མི་སྦྱིན་པའི་ཐབས་མེད་ཅེས་གསུངས་པས། དེར་མ་སྦྱིན་ན་རྒྱལ་པོའི་བཀའ་ཆད་འོང་བས་བྱིན་སྐད། དེ་ནས་མངའ་བདག་རྒྱལ་པོའི་ཞལ་ནས། ཕ་མ་གཉིས་ཀྱི་གཉེར་ཀྱང་ང་རང་གིས་བྱེད་འོང་གསུངས་ནས། བཟའ་མི་གསུམ་ཀ་མར་ལ་སྤྱན་དྲངས་ནས། ཕ་མ་གཉིས་དར་གཅིག་རོག་པ་རྩར་བཞུགས་སུ་བཅུག །བཻ་རོ་ཙ་ན་བྲག་དམར་བསམ་ཡས་སུ་བཞུགས་སུ་བཅུག་ནས་ལོ་བརྒྱད་ཀྱི་བར་དུ་ཟས་དཀར་གསུམ་དང་མངར་གསུམ་གསོལ་བ་ཡིན། ཤེས་རབ་བསྐྱེད་པ་དང་བློ་འཕེལ་བའི་གཟུངས་བསྒྲུབ་ཏུ་བཅུག་ནས། དེ་ནས་ལོ་བརྒྱད་ག ཉིས་བཅུ་དྲུག་ལོན་ཙ་ན་རྒྱ་གར་དུ་འགྲོ་བ་ལ། རྒྱ་གར་གྱི་མིས་བོད་ཀྱི་ལུས་ལ་གསེར་སྦས་པ་རྙེད་ན་མི་བསད་གསེར་ཕྲོག་འགྲོ་བས། གསེར་མི་རྙེད་པར་བྱ་བའི་ཐབས་ལ་བཻ་རོ་ཙ་ནའི་དབུ་སྐྲ་བཞར་ནས་གསེར་གྱི་པ་ཏྲ་བདུན་ཐོད་པའི་དབྱིབས་སུ་བརྡུངས་ནས་བུ་ག་གསེར་དུ་ཚོར་ཙམ་པ་མང་པོ་ཕུག་ནས་དབུ་ལ་བཀབ་སྟེ་དབུ་སྐྲ་ཕྱིར་ནག་ཐིབས་ཀྱིས་ཕྱུངས་ནས། ལྷོ་བྲག་གི་གཙང་ཐེ་ལེན་པ་དང་། ན་ལེནྟྲ་བྱ་བའི་བུ་གཙང་སྔོན་པོ་ལེགས་གྲུབ་བྱ་བ་ལོ་ཉི་ཤུ་རྩ་ལྔ་ལོན་པ་གོ་མཐོ་ལ་ཤེས་རབ་ཆེ་བ་གཅིག་དང་། བཻ་རོ་ཙ་ན་གཉིས་འགྲོགས་ནས་ཆོས་ལེན་དུ་བཏང་བ་ལ། ཁོང་གཉིས་བསམ་ཡས་ཨཱརྱ་པ་ལོའི་གླིང་དུ། ངེད་སྤུན་གཉིས་ཀྱིས་རྒྱ་གར་ནས་ཆོས་ལོན་ནམ་མི་ལོན། འགྲོ་བ་གཞན་ལ་ཕན་ཐོགས་སམ་མི་ཐོགས་འཕགས་པས་སྟོན་ཅིག་ཅེས་དམོད་བོར་ནས་གཟིམས་པས། སློབ་དཔོན་བཻ་རོ་ཙ་ནས་སྲོད་ལ་རྨི་ལམ་རྨིས་པ། སྔོན་པོ་ལེགས་གྲུབ་ལ་དྲིས་པ། ཀྱཻ་གྲོགས་པོ་དག །བཞེངས་དང་བཞེངས་དང་ཡར་བཞེངས་དང་། །མདང་སུམ་སྲོད་ལ་ཐུན་གཅིག་ལོག་པའི་རྨི་ལམ་ན། །སྐྱེས་པ་གཞོན་དུ་ཉི་ཤུ་རྩ་ལྔ་ཡི། །ཁོང་བཀྲལ་སྙིང་བཙིར་ཆུ་སེར་ཐམས་ཅད་མཐུར་ལ་འཛག་པ་རྨིས། །ཁྱེད་ཀྱིས་ཤེས་སམ་བདག་ལ་བསྟན་དུ་གསོལ། །བྱས་པས། སྔོན་པོ་ལེགས་གྲུབ་ཀྱིས་ལན་བཏབ་པ། ཀྱཻ་གྲོགས་པོ་དག །སྲོད་ལ་ཐུན་གཅིག་ལོག་པའི་རྨི་ལམ་ན། །སྐྱེས་པ་གཞོན་ནུའི་ཉི་ཤུ་རྩ་ལྔ་ཡི། །ཁོང་བཀྲལ་སྙིང་བཙིར་ཆུ་སེར་ཐམས་ཅད་མཐུར་ལ་ཟག་པ་དེ། །རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་ཡི། །ཐུགས་ཀྱི་དགོངས་པ་བོད་དུ་ལོན་ནས་ཀྱང་། །ལས་སྒྲིབ་ཐམས་ཅད་མ་ལུས་དག་པའི་བརྡ། །རྨི་ལམ་མི་ངན་རྨི་ལམ་བཟང་གསུངས་སྐད། །དེ་ནས་ཡང་བཻ་རོ་ཙ་ན་གུང་ལ་ལོག་པའི་རྨི་ལམ་རྨིས་པ། ཀྱཻ་གྲོགས་པོ་དག །ནམ་གུང་ཐུན་གཅིག་ལོག་པའི་རྨི་ལམ་ན། །བུ་མོ་ན་ཆུང་གཞོན་ནུ་གསུམ་གྱིས་ནི། །སྤྱི་བོར་ཡི་གེ་ཨ་གཅིག་བཞག་པ་རྨིས། །ཁྱེད་ཀྱིས་ཤེས་སམ་བདག་ལ་བསྟན་དུ་གསོལ། །བྱས་པས། སྔོན་པོ་ལེགས་གྲུབ་ཀྱིས་ལན་བཏབ་པ། ཀྱཻ་གྲོགས་པོ་དག །ནམ་ཕྱེད་ཐུན་གཅིག་ལོག་པའི་རྨི་ལམ་ན། །བུ་མོ་ན་ཆུང་གཞོན་ནུ་གསུམ་གྱིས་ནི། །སྤྱི་བོར་ཡི་གེ་ཨ་གཅིག་བཞག་པ་ནི། །བཀའ་སྐྱོང་མཁའ་འགྲོ་སྡེ་གསུམ་བྱིན་བརླབས་ནས། །སྐད་ཅིག་རྟོགས་ནས་ཚེ་གཅིག་འཚང་རྒྱ་བའི། །སྐྱེ་མེད་དོན་དེ་ཁྱེད་ཀྱིས་ལོན་པའི་རྟགས། །རྨི་ལམ་མི་ངན་རྨི་ལམ་བཟང་གསུངས་སྐད། །ཡང་བཻ་རོ་ཙ་ནས་ཐོ་རངས་གཟིམས་པའི་རྨི་ལམ་བྱུང་བ་དྲིས་པས། ཀྱཻ་གྲོགས་པོ་དག །ཐོ་རངས་ཐུན་གཅིག་ལོག་པའི་རྨི་ལམ་ན། །ཉི་ཟླ་ཟུང་གཅིག་གནམ་ལ་ཤར་བ་ལ། །གཅིག་ནི་ནམ་མཁའི་མཐོངས་སུ་ནུབ་པ་རྨིས། །གཅིག་ནི་ཧས་པོའི་རི་ལ་འོད་ཤར་ནས། །སླར་ལ་ཚ་བའི་རོང་དུ་ནུབ་པ་རྨིས། །ཁྱེད་ཀྱིས་ཤེས་སམ་བདག་ལ་བསྟན་དུ་གསོལ། །བྱས་པས། ལེགས་གྲུབ་ཀྱིས་ལན་བཏབ་པ། ཀྱཻ་གྲོགས་པོ་དག །ཐོ་རངས་ཐུན་གཅིག་ལོག་པའི་རྨིན་ལམ་ན། །ཉི་ཟླ་ཟུང་གཅིག་གནམ་ལ་ཤར་བ་དེ། །རྒྱ་གར་མཁས་པའི་དམ་ཆོས་ལེན་པའི་རྟགས། །གཅིག་ནི་ནམ་མཁའི་མཐོངས་སུ་ནུབ་པ་དེ། །སྔོན་པོ་ལེགས་གྲུབ་ལམ་དུ་འགུམ་པའི་རྟགས། །གཅིག་ནི་ཧས་པོ་རི་ལ་འོད་ཤར་ཏེ། །སླར་ལ་ཚ་བའི་རོང་དུ་ནུབ་པ་དེ། །བཻ་རོ་ཙ་ན་བོད་དུ་བྱོན་ནས་ཀྱང་། །མངའ་བདག་རྒྱལ་པོ་ཉིད་ལ་ཆོས་བསྟན་ནས། །སླར་ལ་ཚ་བའི་རོང་དུ་སྤྱུགས་པའི་རྟགས། །རྨི་ལམ་ཕྱེད་བཟང་ཕྱེད་མི་བཟང་དུ་གདའ། །ཇི་ལྟར་འདུག་ཀྱང་དམ་ཆོས་ལེན་དུ་གཤེགས། །གསུངས་སོ། །དེ་ནས་ཁོང་གཉིས་རྒྱ་གར་ཡུལ་དུ་ཆོས་ལེན་དུ་འགྲོ་བ་ལ། གསེར་ཕྱེ་བྲེ་དོ། གསེར་གྱི་པ་ཏྲ་དགུ་བརྫངས་ནས་བཏབ་པ་ལ། དེ་ནས་རྒྱ་གར་གྱི་ཚུར་འཕྲང་ཤིང་འཕྲང་བྱ་བར་བརྟོལ་ཙ་ན། དེར་འཕྲང་སྲུང་བས་ཚོར་ནས། ཁོང་གཉིས་བསད་ལ་གསེར་ཕྱེ་ཕྲོག་པར་བྱས་ཙ་ན། བཻ་རོ་ཙ་ནས་ཆོ་འཕྲུལ་བསྟན་པ། རིན་པོ་ཆེའི་ཟ་མ་ཏོག་གཅིག་གིས་ནང་དུ་ལྕགས་ཀྱི་སྤུ་གྲི་རྣོན་པོ་རེག་ན་ཆོད་དུ་འགྲོ་བ་དེ་ལྟ་བུ་གཅིག་ཏུ་སྐུ་སྤྲུལ་ནས་བསྡད་པས། འཕྲང་སྲུང་བའི་དཔོན་ཀུ་མཱ་ར་དྷ་རུ་བྱ་བ་དེ་ཤིན་ཏུ་ངོ་མཚར་སྐྱེས་ནས། འདི་བོད་བུ་གཅིག་འདུག་འཕྲོ་ལ་ལྕགས་ཀྱི་སྤུ་གྲི་གཅིག་སོང་འདུག་པ། འདི་བསད་དུ་མི་བཏུབ་པ་གཅིག་འདུག་པས་འདི་ཞོག་ལ་ཟླ་བོ་འདི་བསད་དོ་བྱས་པས། ལེགས་གྲུབ་བསད་ཀྱིས་དོགས་ནས་བཻ་རོ་ཙ་ནས་མཐའི་མོན་བུ་གཅིག་ཏུ་སྤྲུལ་ནས་འཕྲང་སྲུང་བ་ལ་རྣམས་ལ་བཀའ་སྩལ་པ། ཀྱཻ། སྐྱེ་ཤི་གཉིས་མེད་ནམ་མཁའི་ཡུལ། །སྣང་གསལ་མུན་སེལ་ཅིར་ཡང་སྤྲུལ་པའི་སྐུ། །འཛམ་གླིང་མུན་སེལ་ཉི་མ་ལྟ་བུ་ཡིན། །གསལ་ཁྱབ་ནམ་མཁའ་ལྟ་བུའི་ལུས་འདི་ལ། །བསད་དང་མ་བསད་ཤི་དང་མ་ཤི་མེད། །སྲོག་འདི་བཅད་ན་ཁྱེད་ལ་སྡིག་པ་ཡོངས། །སྒྱུ་མའི་གསེར་ཕྱེ་འདི་རྣམས་ཁྱེད་ཁྱེར་ལ། །ལམ་རྒྱུས་ཇི་ལྟར་ཡིན་པ་བསྟན་དུ་གསོལ། །བྱས་པས། གསེར་ཁྱོར་བ་གང་འཕྲང་སྲུང་བ་ལ་བྱིན་པས། འཕྲང་སྲུང་བས་ཀྱང་གསོད་མ་ནུས་ཏེ། ལམ་རྒྱུས་མ་ནོར་བར་བསྟན་ནས་བཏང་སྟེ། རྡོ་རྗེ་གདན་དུ་བརྟོལ་ནས་ཟླ་བ་གཅིག་གི་བར་དུ་ཆོས་གྲྭའི་སློབ་དཔོན་སུ་ཡིས་བྱེད། མན་ངག་ཆོས་ལ་སུ་མཁས་དྲིས་པས། དེ་ཙ་ན་སློབ་དཔོན་ཤྲཱི་སིང་ཧ་པྲ་ཧ་བྱ་བ་དེ་ཆོས་གྲྭའི་སློབ་དཔོན་ཡང་མཛད། མན་ངག་གི་ཆོས་ལའང་མཁས་ཏེ། སྤྱིར་སྒྲ་བསྒྱུར་བ་ལ་ཤིན་ཏུ་མཁས་པ་གཅིག་ལགས་སྐད། དེར་ལོ་ཙཱ་བ་གཉིས་ཀྱིས་པཎྜི་ཏ་ཤྲཱི་སིང་ཧ་དེ་གང་ལའང་མཁས་པར་ཐག་ཆོད་དེ། པཎྜི་ཏ་ཤྲཱི་སིང་ཧ་དེ་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཡུལ་དྷ་ཧེ་ནའི་འདུ་ཁང་གི་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་པ་ལ། བོད་ཀྱི་བནྡྷེ་གཉིས་ཀྱིས་ཆུ་ལེན་པ་གཅིག་ལ་བརྔན་པར་གསེར་ཕྱེ་ཁྱོར་བ་གང་བྱིན་ནས་ཕྲིན་བརྫངས་པ། བོ་དྷི་སཏྭ་ཀརྨ་ཀུ་གུ་ཏ་ལ་སོགས་ཀྱི་ཡི་གེ་ཞིག་བསྐུར་བར། ཤྲཱི་སིང་ཧས་བོད་ཀྱི་སྐད་དུ་འདི་ལྟར་གོ་སྟེ། བྱང་ཆུབ་སེམས་དཔའ་འཕགས་པ་ཁྱོད། །འགྲོ་བ་རིགས་དྲུག་བསོད་ནམས་མི་ལུས་སྐུ། །རིན་ཆེན་འབར་བ་སྡེ་སྣོད་མ་ལུས་དབྱིག །ཡིད་བཞིན་ནོར་ལྟར་ཐུགས་རྗེའི་སྟོབས་མཆོག་ཅན། །བོད་ཀྱི་དགེ་བསྙེན་མི་ནག་བདག་དངོས་ལ། །ཡེ་ཤེས་འོད་ཟེར་སྟོན་ལ་ཐུགས་རྗེའི་ཞགས་པས་ཟུངས། །བྱ་བར་བྱུང་ནས། སློབ་དཔོན་ཤྲཱི་སིང་ཧས་དེའི་ལན་དུ། ས་མ་ཡ་ཨ་པ་ར་མི་ཏ་ཛྙཱ་ན་བྱ་བ་གཅིག་བསྐུར་ཏེ། བཻ་རོ་ཙ་ནས་སྒྲ་དེ་བོད་སྐད་དུ་འདི་ལྟར་གོ་སྟེ། དམ་ཚིག་ཆེན་པོས་བདག་བསྐུལ་ན། །མི་འཕྲད་པ་ཡི་དབང་ཡང་མེད། །འགྲོ་བ་རིགས་དྲུག་སངས་རྒྱས་རྒྱུར་མཉམ་ཡང་། །འཕགས་པའི་བྱང་ཆུབ་སེམས་ལ་སྟོན་པ་ཁྱོད་ཀྱིས་གཉེར། །སེམས་ཀྱི་རུས་པས་ཡན་ལག་ཐང་བཅད་ནས། །དཀའ་བས་བྱོན་པ་བདག་ཀྱང་དགའ་བར་མཆིས། །ཤེས་པ་བསྡུར་ལ་ཁད་ཀྱིས་འཕྲད་པར་བགྱི། །བྱ་བ་ཐོན་པའི་ལན་བྱུང་བས། ཆུ་ལེན་པ་དེས་སྲོད་ཙ་ན་མཇལ་བའི་དུས་བཏབ་ནས་དུས་ཚོད་དེར་མཇལ་ཙ་ན། གསེར་གྱི་པ་ཏྲ་གཉིས་དང་གསེར་ཕྱེ་བྲེ་གང་ཕུལ་ཏེ། སློབ་དཔོན་ཆེན་པོ་ལགས། རྒྱུ་འབྲས་གཉིས་ལས་ལ་བཟླ་བའི་ཆོས་གཅིག་ཞུ་འཚལ་བྱས་པས། སློབ་དཔོན་ཤྲཱི་སིང་ཧ་དེ་ལ་མཉེས་ནས་བོད་ཀྱི་བནྡྷེ་གཉིས་ལ་རྒྱལ་པོས་བཀའ་སྩལ་བའི་སྟེང་དུ་ཁྱེད་གཉིས་ཀྱིས་གསེར་ཕྱེ་ཁུར་ནས་དཀའ་ལས་དང་བསྡོངས་ནས་འོངས་པས། མན་ངག་གི་ཆོས་འདི་བོད་ཀྱི་ཡུལ་དུ་དར་བའི་དུས་ལ་བབ་པ་གཅིག་འདུག་པས། ཁྱོད་ལ་བསྐུར་ནས་ནི་གཏོང་སྟེ། ཐབས་ནི་ཤིན་ཏུ་ནས་ཀྱང་དཀའ་བས་མན་ངག་གི་ཆོས་ཟབ་མོ་འདི་དག་ནི་རྒྱ་གར་གྱི་ཡུལ་འདི་རང་དུའང་དར་དུ་མི་སྟེར་བས། བོད་ཡུལ་དུ་བསྐུར་བ་ཚོར་ན་འོ་སྐོལ་གསུམ་ཀའི་སྲོག་ལ་ཉེན་འོང་བས་ཐབས་ལེགས་སུ་བྱེད་དགོས་པས། ཁྱེད་གཉིས་ཀྱིས་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་བསྒྱུར་ཅིག་གསུངས་ནས། དུས་དེ་ཙ་ན་པཎྜི་ཏ་ཕྱི་མ་བདུན་པོ་ཚང་བར་བཞུགས་པས། བདུན་ཀ་ལ་གསེར་ཕྱེ་ཕུལ་ཕྱེད་ཕྱེད་ཕུལ་ནས་ལོ་གཅིག་ཏུ་མདོ་སྡེ་དང་སྡེ་སྣོད་ཀྱི་ཆོས་གསན། དེ་ནས་གསང་སྔགས་ཀྱི་ཆོས་ལག་ལེན་དང་བཅས་པ་ལོ་གཉིས་སུ་བསྒྱུར་རོ། །དེ་ནས་ལོ་གཅིག་ཏུ་དབང་བཞི་རྫོགས་པར་བསྐུར་རོ། །དེ་ནས་སློབ་དཔོན་ཤྲཱི་སིང་ཧའི་ཞལ་ནས། ད་ཐབས་ལེགས་པར་བྱས་ན་མན་ངག་གི་ཆོས་འཆད་དགོས་གསུངས་ནས། ཕ་བོང་གསུམ་ལ་སྒྱེད་པུ་བྱས་པའི་སྟེང་དུ་རྫ་མ་གཅིག་བཞག་སྟེ། དེའི་ནང་དུ་ཞུགས་ཏེ་རྫ་མ་ཡང་དྲྭ་བར་བཅུག་ནས་ཁ་སླང་ཆུས་བཀང་བ་གཅིག་གིས་བཅད་དེ། དེའི་ཁར་བྱ་སྤུ་གཏོར་ནས་རྫ་མ་དེ་ལ་བྲངས་དུང་གི་མཆུ་བཙུགས་ནས་ཁྱིམ་ཕུག་ནས་ཟངས་དུང་གི་ནང་ནས་ཕར་ལ་བཤད། བོད་ཀྱི་བནྡེ་གཉིས་ཀྱིས་ཤ་བའི་ཡོ་བ་ཞུ་གྱོན་ནས་ཁང་པའི་ཕྱི་ལོགས་ནས་ནམ་གྱི་གུང་ལ་ཆོས་ཉན། ཉིན་མོ་རྒྱུ་འབྲས་ཀྱི་ཆོས་བསྒྱུར་རོ། །དེ་ཡང་སྔོན་ལ་མན་ངག་གི་ཆོས་བོད་དུ་བྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག་བཤད། མན་ངག་གཏིང་ཕྱིན་པར་འབྱུང་བའི་རྟགས་སུ་རྩལ་ཆེན་སྤྲུགས་པ་བཤད། མན་ངག་གི་ཆོས་འདི་རྣམས་ལྟ་བའི་རྒྱལ་པོ་ཡིན་པའི་རྟགས་སུ་ཁྱུང་ཆེན་ལྡིང་བ་བཤད། མན་ངག་གི་ཆོས་འདི་རྣམས་ཤིན་ཏུ་དམར་བའི་རྟགས་སུ་རྡོ་ལ་གསེར་ཞུན་བྱ་བ་བཤད་ནས། དེ་ནས་བོད་ཀྱི་བནྡེ་གཉིས་ཚིམ་མམ་བྱས་པས། ལེགས་གྲུབ་ཀྱིས་ཚིམ་མོ་ཟེར། བཻ་རོ་ཙ་ན་ད་རུང་མ་ཚིམ་ཟེར་བར། དེ་ནས་མན་ངག་གི་ཆོས་ནམ་མཁའ་ཆེ་དང་། རྨད་དུ་བྱུང་བ་དང་། རྒྱ་མཚོའི་ཀློང་ལ་སོགས་པ་བཤད་པས་ཀྱང་ཚིམ་མ་ཟེར་ནས། ལེགས་གྲུབ་ཀྱི་བསམ་པ་ལ། བཻ་རོ་ཙ་ན་ཁོ་མངའ་བདག་གིས་བཀུར་བའི་ལོ་ཙཱ་བ་ཡིན་པས་ཁོ་དང་འགྲོགས་ནས་ཕྱིན་ན་ཁོའི་གཡོག་ཏུ་འགྲོ་བས། ང་རང་ཨ་མ་རྒས་པ་ལ་སྙད་བཏགས་ནས་སྔོན་ལ་ཕྱིན་ལ་ཆོས་བཤད་དགོས་སེམས་ནས། བཻ་རོ་ཙ་ན་ལ་ཁྱོད་ཕྱིར་ན་ཚུར་ལ་བྱོན་ཅིག །ང་རང་ཨ་མ་རྒས་པས་མ་ཤི་བ་ལ་འགྲོ་དགོས་ཡོད་གསུངས་ནས་གཤེགས་པ་ལ། སློབ་དཔོན་ཤྲཱི་སིང་ཧ་དང་བཻ་རོ་ཙ་ནས་སྐྱེལ་ཆུང་མཛད་ནས་ལོག་ཙ་ན། སློབ་དཔོན་ཤྲཱི་སིང་ཧའི་ཐུགས་ཀྱིས་མཁྱེན་ནས་བཻ་རོ་ཙ་ན། སྔོན་པོ་ལེགས་གྲུབ་གཅན་འཕྲང་དང་པོ་བས་བཀྲོངས་པ་གསུངས་པས། གྲོགས་པོ་བཀྲོངས་པ་སེམས་ནས་བཻ་རོ་ཙ་ན་སྤྱན་ཆབ་ཤོར་ཏེ། ང་ཡང་ལན་གཅིག་བོད་དུ་ཆོས་མ་ཐོན་པར་དེ་འདྲ་གཅིག་འོང་ཉེན་ཡོད་སེམས་ནས། དེའི་རྗེས་ལ་ག་རེ་ངའི་སྔ་མའི་ཆོས་དེ་རྣམས་ཐོས་པའི་ཤེས་རབ་སྒྲ་འབའ་ཞིག་ཏུ་འདུག །བསམ་པའི་ཤེས་རབ་སྒྲ་དོན་ཕྱེད་མར་འདུག །སྒོམ་པའི་ཤེས་རབ་དོན་དུ་འདུག་ཀྱང་ཐོས་བསམ་སྒོམ་གསུམ་གྱིས་བློ་སྦྱངས་དགོས་པའི་ཆོས་སུ་འདུག །སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་སུ་སྔ་མའི་དེ་དག་ལ་མི་འདུག་སེམས་ནས། ལམ་དེ་རང་དུ་དབུ་སྐྲ་ཞར་ནས་གསེར་གྱི་པ་ཏྲ་བདུན་རིམ་པ་ཐད་དུ་བཀོག་ནས་དེ་ཚོ་བཀྲུས་ཕྱི་བདར་བྱས་ནས། སློབ་དཔོན་ཤྲཱི་སིང་ཧའི་ཕྱག་ཏུ་ཕུལ་ཏེ། སློབ་དཔོན་ཆེན་པོ་ལགས། ཆབ་གསེར་འདི་དག་ཀྱང་རྗེ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཕྱག་ནས་བསྐུར་བ་ལགས་པས། རྗེའི་ཞལ་ནས་རྒྱ་གར་གྱི་ཡུལ་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བར་ཡོད་མཆིས་ནས། འོ་སྐོལ་དེ་ཞུར་བཏང་བ་ཡིན་པས། ཆབ་གསེར་འདི་དག་ཀྱང་རྗེའི་ཞལ་སྔ་ནས་བསྐུར་བ་ཡིན་པས། སློབ་དཔོན་གྱི་ཕྱག་ཏུ་བསྣམས་པར་ཞུ་ལ། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་གཅིག་ཡོད་མཆི་བས་དེ་འོ་སྐོལ་ལ་ཐུགས་ལ་གདགས་པར་ཞུ། དེ་ཐུགས་ལ་མ་བཏགས་ན་འོ་སྐོལ་ཡུལ་དུ་ཕྱིན་ཀྱང་རྒྱལ་པོས་བཀའ་ཆད་ནས་ཆབ་ལ་གསོལ་དུ་མཆི་བས་བོད་དུ་འགྲོ་བའི་དབང་མི་བདོག་ཞུས་པས། སློབ་དཔོན་ཤྲཱི་སིང་ཧས་ཕྱག་གཡོན་པ་ན་གསེར་གྱི་པ་ཏྲ་ཚོ་བསྣམས་ནས། ཕྱག་གཡས་པ་བཻ་རོ་ཙ་ནའི་སྤྱི་བོར་བརྐྱང་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་གཉིས་སུ་མེད་པའི་དོན་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲའི་ངང་དུ་ཞག་བདུན་གྱི་བར་ཏིང་ངེ་འཛིན་ཐུན་གཅིག་སོང་ངོ་། །དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ་རང་གསལ་དུ་རྒྱུད་ལ་ལྷག་གིས་ཤར་ནས་འདུག་སྟེ། དེའི་དུས་ན་སློབ་དཔོན་ཀྱང་ད་རུང་དེ་རང་ན་ཀེ་རེ་བཞུགས་ནས་འདུག་པས། སྔར་གྱི་རྒྱུད་ལ་སྐྱེས་པའི་དོན་དེ་བརྗེད་ཀྱིས་དོགས་པའམ། ཡལ་གྱིས་དོགས་པའམ། མི་བརྗེད་མི་ཡལ་བར་བརྟན་པར་བྱ་བའི་ཕྱིར། སན་དྷ་ར་ཞེས་བསྟན་པས། དེ་ཡང་བོད་བུ་ཁྱོད་རང་རིན་པོ་ཆེ་མན་ཤེལ་དག་པ་འདི་ལ་ལྟོས་དང་བྱ་བའི་བརྡར་གོ་ནས། མདུན་ན་རིན་པོ་ཆེ་མན་ཤེལ་གཅིག་འདུག་ནས་དེ་ལ་བལྟས་པས་རིན་པོ་ཆེ་མན་ཤེལ་དེ་ས་ཐོག་ཏུ་བཞག་ན་ས་འདྲ། རྡོ་ཐོག་ཏུ་བཞག་ན་རྡོ་འདྲ། རྩ་ཐོག་ཏུ་བཞག་ན་རྩྭ་འདྲ། ཤིང་ཐོག་ཏུ་བཞག་ན་ཤིང་འདྲ། ཁ་དོག་གང་གི་ཐོག་ཏུ་བཞག་པ་དེ་བཞིན་དུ་རྐྱེན་གྱིས་ཅི་ཡང་འཆར་གྱི་འདུག་པ་ལ་རྐྱེན་གང་ལ་ཡང་མ་བརྟེན་པའི་དུས་ན་ཁ་དོག་གང་གི་ངོ་བོར་ཡང་མ་གྲུབ་པ་གསལ་བ་གཅིག་ཏུ་རྟོགས་སོ། །སྔོན་པོ་ལེགས་གྲུབ་གཅན་འཕྲང་བས་བཀྲོངས་པས་བཻ་ཙ་ན་ཡང་བཀྲོངས་ཀྱི་དོགས་ནས། འཕྲང་སྲུང་ཀུ་མཱ་ར་བྱ་བ་དེ་ལ་སློབ་དཔོན་གྱི་ཞལ་ནས་གྲོགས་པོ་གཅིག་གྱིས་ཤིག་གསུངས་ནས་གསེར་གྱི་པ་ཏྲ་བྱིན་ནས་གྲོགས་པོ་བྱས་ཏེ། འཕྲང་ཚོ་བསྒྲལ་བར་བྱས་སོ། །དེ་ནས་བོད་དུ་བྱོན་པར་དགོངས་ཙ་ན། རྒྱ་གར་གྱི་རྒྱལ་པོ་དང་མཁས་པ་རྣམས་ཀྱི་རྨི་ལམ་ལོག་ནས་གྲོང་ཁྱེར་སེར་སྐྱའི་གནས་དཔལ་ན་ལེནྡྲའི་སྒོ་ཁར་འཚོགས་ནས་བློ་བསྡུར་བས། འདི་བོད་ཀྱི་བནྡེས་ངེད་རང་གི་ཆོས་བོད་དུ་ཁྱེར་ནས་འགྲོ་བའི་རྟགས་ཡིན་པས། འདི་སུས་བསྐུར་བ་ཡིན་རྩད་ཆོད་ཅིག །གང་གིས་བསྐུར་བ་ལ་ཆད་པ་གཅོད་དགོས་སོ་བྱས་པས། པྲ་སེན་གཅིག་གིས་པྲ་ཕབ་པས་དེ་ན་རེ། རི་ཆེན་པོ་གསུམ་གྱི་སྟེང་ན་ལུས་པོ་མིག་གིས་ཁེངས་པ་དེའི་སྟེང་ན་མཚོ་ཆགས་པའི་ནང་ན་བྱ་ལྡིང་བ། མཆུ་རིང་པོ་གཅིག་གིས་ནང་ནས་ཕར་ལྟ་རུ་ཆོས་འཆད་པ། མིའི་ལུས་ལ་ཤ་བའི་མགོ་ཅན་གཉིས་ཀྱིས་ཕྱི་ནས་ཆོས་ཉན་པ་གཉིས་འདུག །འདི་ལྷ་སྲིན་གྱི་སྤྲུལ་པ་ཞིག་ཡིན་ནམ་ངས་ངོ་མ་ཤེས་ཟེར་སྐད། དེར་ཁོང་རྣམས་ཀྱིས་རྨི་ལམ་བསྡུར་བས་ཆོས་བོད་དུ་འཆོར་བར་ཤེས་ནས། རྐང་མགྱོགས་པ་བཏང་སྟེ། འཕྲང་སྲུང་པ་ལ་འདྲི་རྩད་བཅད་ཅིང་བསྒུག་ནས་གསོད་དགོས་སོ་བྱས་པས། འཕྲང་སྲུང་བའི་དཔོན་པོ་ཀུ་མ་རཱ་གྲོགས་པོ་ཡིན་པས། ཁོང་གིས་རྨི་ལམ་བསྡུར་བ་ཐོས་པས་བཻ་རོ་ཙ་ན་ལ་བྱ་བཏང་ནས་བསྐུལ་མ་བཏབ་པ་འདི་སྐད་དོ། །གྲོགས་པོ་བྱང་ཆུབ་སེམས་དཔའ་བདག་ལ་སྙན་གསོན་དང་། །ཀུ་ཀུ་རཱ་ཛ་ཕྱི་མ་འདི་སྐད་ཟློས། །ཐེག་པའི་རྒྱལ་པོ་མན་ངག་བདེ་ཆེན་འདི། །ས་བརྒྱད་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཡི། །སྒྲིབ་པ་སྦྱོང་བའི་གནོད་སྦྱིན་མགོ་ཅན་གཉིས། །འོ་སྐོལ་རྒྱ་གར་ཡུལ་དུ་མཆིས་པ་ལ། །ཉི་ཟླ་ཨམ་ཕྲག་བཅུག་ནས་ཁྱེར་བ་རྨིས། །པཎྜི་ཏ་ཡིས་རྐང་མགྱོགས་ལ་འུར་ཐོངས། །འཇམ་དཔལ་དཔལ་བཟང་རྨི་ལམ་འདི་སྐད་ཟློས། །ཡང་དག་བྱང་ཆུབ་བདེ་ཆེན་ལྷུན་རྫོགས་པའི། །ཚེ་འདིར་འབྲས་བུ་ཐོབ་པའི་མན་ངག་ཆོས། །སྤྱན་རས་གཟིགས་དབང་སྐུ་སྤྲུལ་རྒྱལ་པོ་ཡིས། །ས་ལ་གནས་པའི་བནྡེ་མི་གཉིས་ལ། །གསེར་ཕྱེ་བསྐུར་ནས་ཆོས་ལེན་མཆིས་པ་ལས། །རྡོ་རྗེ་སེམས་དཔའི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཡང་དག་ཐུགས་རྗེའི་ཉི་མ་དེ་ཤར་ནས། །ཀུན་ལ་དགོས་པའི་ཡིད་བཞིན་ནོར་བུ་དེ། །ཨམ་ཕྲག་བཅུག་ནས་བོད་དུ་ཁྱེར་བ་རྨིས། །པཎྜི་ཏ་ཡི་རྐང་མགྱོགས་ལ་འུར་ཐོངས། །ཤྲཱི་སིང་ཧས་རྨི་ལམ་འདི་སྐད་ཟློས། །དབང་པོ་རབ་མཆོག་སྐལ་ལྡན་དོན་ཆེད་དུ། །རང་བཞིན་མ་བཅོས་ཐེག་པའི་རྒྱལ་པོ་འདི། །སྐལ་ལྡན་ཕྱི་མ་རྣམས་ཀྱི་དོན་ཆེད་དུ། །རྡོ་རྗེ་གདན་དུ་ལྔ་བརྒྱར་སྦས་པ་དེ། །རིགས་གསུམ་སྤྲུལ་པ་ཁྲི་སྲོང་ལྡེའུ་བཙན་གྱིས། །ཚེ་འདིར་འབྲས་བུ་ཐོབ་པའི་མན་ངག་ཆོས། །འགྲོ་བ་སྐལ་ལྡན་སྨིན་གྲོལ་དགོངས་ནས་ནི། །བོད་ཀྱི་བནྡེ་གནོད་སྦྱིན་མགོ་ཅན་གཉིས། །གསེར་ཕྱེ་བསྐུར་ནས་འདིར་ནི་མཆིས་པ་ལ། །བརྟགས་པར་མི་བཟོད་སྒྱུ་མའི་གཟུགས་ཕུང་ལ། །སྲོག་འཛིན་སྙིང་གཅིག་ཡོད་པ་ཕྱུངས་ནས་ཁྱེར་བ་རྨིས། །པཎྜི་ཏ་ཡི་རྐང་མགྱོགས་ལ་འུར་ཐོངས། །ཀུན་དགའ་མོ་ནི་རྨི་ལམ་འདི་སྐད་ཟློས། །ཡང་དག་ཆོས་ཉིད་མ་ནོར་བདེན་པའི་ལམ། །རྒྱ་གར་མཁས་པའི་མན་ངག་བདེ་ཆེན་རྣམས། །བྱང་ཆུབ་སེམས་ཀྱི་དཀྱིལ་དུ་སྦས་པ་ལ། །སྐྱེ་བ་འདི་ཡི་སྔ་མ་དེ་ཉིད་ལ། །རྒྱ་གར་ཡུལ་གྱི་བྲམ་ཟེ་དཔལ་ལྡན་བུ། །ཨ་པ་གང་དུ་དགེ་སློང་ཚེ་འཕོས་པས། །བོད་ཀྱི་སྤུ་རྒྱལ་བཙན་པོའི་ལུས་བླངས་ཏེ། །བོད་ཀྱི་རྒྱལ་ཁམས་ཁ་ལོ་དེས་བསྒྱུར་རོ། །དེ་ཉིད་བྱང་ཆུབ་སེམས་དཔའི་སྐུ་སྤྲུལ་པས། །ཡང་དག་བདེ་ཆེན་བོད་དུ་དར་བའི་ཕྱིར། །ཤེས་པ་ལུས་ལ་རྫོགས་པའི་བནྡེ་གཉིས། །གསེར་ཕྱེ་བསྐུར་ནས་འདི་ནི་མཆིས་པ་ལས། །རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དེ། །བོད་ཀྱི་འཚུབས་ནག་འཇིགས་སུ་རུང་བ་ཡིས། །རྩད་ནས་བཏོན་ཏེ་བོད་དུ་ཁྱེར་བ་རྨིས། །པཎྜི་ཏ་ཡི་རྐང་མགྱོགས་ལ་འུར་ཐོངས། །དེ་སྐད་ཟེར་ནས་སྤྱན་སྔར་མཆིས་པ་ལགས། །དངོས་གྲུབ་ཐོབ་ནས་ད་གཤེགས་ད་རེ་རམ། །དེ་སྐད་ཟེར་ནས་བཻ་རོ་ཙ་ནའི་ཐུགས་ཀར་སྙིང་གཏུགས་ནས་ཀུ་མཱ་ར་བཤུམས་སོ། །དེ་ནས་བཻ་རོ་ཙ་ནས་ལན་བཏབ་པ། མི་རུ་སྐྱེས་པས་སྐྱེ་བ་གཞན་ལས་འཕགས། །སྨོན་ལམ་དག་པས་རྒྱ་གར་ཡུལ་དུ་མཆིས། །དངོས་གྲུབ་ཐོབ་པས་རྫུ་འཕྲུལ་རྐང་མགྱོགས་འགྲུབ། །བླ་མ་མཆོད་པས་ཆོ་རིགས་བཙུན་པར་སྐྱེས། །དམ་ཚིག་བསྲུངས་པས་འདི་རུ་བསམ་དགུ་འགྲུབ། །སྒྲིབས་པ་སྦྱངས་པས་མཁས་པའི་བཀའ་བགྲོས་ལོན། །ཁྱོད་ནི་གཞུང་ལུགས་བཟང་བས་ཀུན་གྱིས་བརྟེན་པར་གྱུར། །དགོས་དགུ་ལུས་ལ་ཚང་བས་བདག་གི་གྲོགས་སུ་བཙལ། །ལུས་འདི་ཕ་མའི་བསྐྱེད་ཀྱང་སྲོག་འདི་གྲོགས་པོས་འདོན། །ཁྱོད་རང་གྲོགས་པོ་བྱས་པས་ཡང་དག་བྱང་ཆུབ་རྙེད། །བོད་ཀྱི་རྒྱལ་ཁམས་མ་རིགས་མུན་སེལ་བའི། །འགྲོ་བ་ཇི་ལྟར་སྨིན་ཅིང་གྲོལ་འདོད་པ། །ཀུ་མཱ་ར་ཡི་དགེ་བའི་རྩ་བར་བསྔོ། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་གྱུར་ཅིག །གསུངས་ནས་ཀུ་མཱ་ར་ལ་གསེར་ཕྱེ་ཕུལ་གང་བྱིན་ནས་བྱ་བཏང་བ་ལ་དགྱེས་པར་ཚོར་བར་བྱས་ཏེ། སྨོན་ལམ་བཟང་པོ་བཏབ་པས་དེ་ཁོ་ན་བཞིན་དུ་གྲུབ་པ་ཡིན་སྐད་དོ། །དེ་ནས་བཻ་རོ་ཙ་ན་བོད་དུ་འབྱོན་པར་དགོངས་པ་ལ། སྔོན་པོ་ལེགས་གྲུབ་ལམ་དུ་བཀྲོངས་པ་བཞིན་བར་ཆད་འབྱུང་གིས་དོགས་ནས་ཐེ་ཚོམ་ཨེན་གཅིག་ཀྱང་ཟོས། སློབ་དཔོན་ཤྲཱི་སིང་ཧ་དྲིན་ཆེ་བས་འབྲལ་ཀྱང་མ་ཕོད་ཙ་ན། སློབ་དཔོན་ཤྲཱི་སིང་ཧས་ཐུགས་ཀྱིས་མཁྱེན་ནས་ཕྱག་རྒྱ་མཐོ་དོ་བ་གཅིག་མཛད་ནས། གུ་ཎ་ཨ་ཀཪྵ་ཡ་ཞེས་ལན་གསུམ་གསུངས་པས། དང་པོ་དེ། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་ཀྱིས་རྩོལ་ཕོད་ན། །མདས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །བར་པ་དེ། ཆུ་བོ་དག་ལ་བརྟེན་པའི་གྲུ། །སྐྱ་བ་དྲག་པོས་རྩོལ་ཕོད་ན། །གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །བྱ་བར་གོ། གུ་ཎ་ཨ་ཀཪྵ་ཡ་ཕྱི་མ་དེ། ཡོན་ཏན་དག་ལ་བརྟེན་པའི་མི། །ས་ཕྱོགས་བགྲོད་ཀྱང་ཉམ་མི་ང་། །ཞེས་པ་ཡིན་ཏེ། བོད་ཀྱིས་ཕྱོགས་བགྲོད་ཀྱང་ཉམ་ང་མི་དགོས། ཁྱོད་ཀྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཉིས་ཀ་ཐོབ་པ་ཡིན་པས། བ་ཡར་འོ་མ་སྐམ་པོ་བེའུ་སེར་ཁོ་ཐག་ཆོད། །སྦང་མ་ཐེམ་བུ་སྐམ་པོ་ཆང་མ་ཁོ་ཐག་ཆོད། །སློབ་དཔོན་གདམས་ངག་ཟད་དོ་སློབ་བུ་ཁོ་ཐག་ཆོད། །འགྲོ་བའི་དུས་ལ་བབས་སོ་ད་གཤེགས་ད་རེ་རན། །བྱས་པས་དེར་ཐེ་ཚོམ་མ་ཟོས་ཏེ། བར་ཆད་མི་འོང་བར་ཤེས་ནས་ཡུལ་དུ་ཆོས་ལོན་ནས་འགྲོ་བ་ལ་རྔམ་ཞིང་བྲོད་དྲག་པས་ཕྱི་ཕྱག་ཀྱང་འཚལ་བ་མ་དྲན་པར་གཤེགས་པས། ལམ་དུ་ཀེ་རེ་རྒྱལ་པོ་རཱ་ཧུ་ལ་བྱ་བ་དང་མཇལ་བས། བོད་ཀྱི་བནྡེ་སྐྱེ་བ་མེད་པའི་དོན་བྱ་བ་ཅི་ལྟ་བུ་ཞིག་མཆིས་པ་ཡིན། བཀའ་སྩོལ་དང་ཟེར་བ་ལ་ལན་དུ་བཏབ་པ། བདག་ནི་རྣམ་པར་སྣང་མཛད་དེ། །དཀའ་བ་བཅུ་དྲུག་དཀའ་ལས་བགྱིས། །སྟོན་པའི་ཐུགས་རྗེ་བདག་ལ་ཤར། །སྟོན་པའི་ཞལ་སྐྱིན་བདག་གིས་བཤད། །རྒྱལ་པོ་བག་ཙམ་བདག་ལ་གསོན། །དམིགས་སུ་མེད་པའི་བྱང་ཆུབ་སེམས། །གཟུང་དང་འཛིན་པ་གཉིས་དང་བྲལ། །ཐ་སྙད་ཚིག་དང་བྲལ་བ་ལ། །དེ་ཉིད་གསལ་ལ་མི་དམིགས་པ། །སྐྱེ་བ་མེད་པའི་ཆོས་ཉིད་ཡིན། །དགོངས་པའི་དོན་དུ་དེ་བཞག་གོ། །སྐྱེ་བ་ཕྱིས་སུ་མི་ལེན་ངེས། །ཞེས་གསུངས་པས། རྒྱལ་པོ་དེ་རབ་ཏུ་མཉེས་ནས་འཕགས་པ་བྱམས་པའི་སྐུ་གསེར་ལས་བྱས་པ་གཅིག་ཕུལ་ཏེ། སྐུ་གསུམ་མཆོག་གྱུར་རྣམ་པར་སྣང་མཛད་ལ། །རྒྱལ་པོ་བདག་གི་སྒྲིབ་པ་སྦྱང་བའི་ཕྱིར། །ཆོས་ཀྱི་སྐུ་ལ་གཟུགས་ཀྱི་སྐུ་གཅིག་འབུལ། །དབྱིངས་ཀྱི་ཐུགས་རྗེ་བདག་ལ་ཤར་བར་མཛོད། །ཅེས་གསུངས་སོ། །དེ་ནས་བཻ་རོ་ཙ་ནས་བལ་ཡུལ་དུ་ང་ཤ་ཀ་ར་བྱ་བའི་ཡུལ་དུ་སླེབ་ནས་པཎྜི་ཏ་པྲ་སིདྡྷི་བྱ་བ་གཅིག་རྟོགས་ཚད་འདྲིར་བྱུང་བ་ནི། བོད་ཀྱི་བན་ཆུང་རང་སེམས་ཇི་ལྟར་བྱས་ན་རྟོགས། །ཐེག་པ་གང་ལ་བསླབས་ན་འབྲས་བུ་ཐོབ། །མཆོད་པ་གང་གིས་མཆོད་ན་འཕགས་པ་མཉེས། །ཞེས་དྲིས་པས་ལན་བཏབ་པ། སེམས་ལ་རང་བཞིན་གདོད་ནས་མེད་པ་ཡིན། །རྒྱུ་ལས་མ་བྱུང་སེམས་ཉིད་གནས་ལུགས་ལ། །གང་ཟག་མཁས་ཀྱང་ཕྱོགས་གཅིག་མཚོན་དུ་མེད། །རང་བཞིན་འོད་གསལ་དམིགས་མེད་དག་པ་ལ། །རྒྱལ་བ་རྣམས་ཀྱིས་མཚོན་དུ་མེད་པར་འཁུམས། །ཐེག་པའི་ལན་བཏབ་པ། དོན་དམ་ཆོས་ཉིད་ལྟ་ཕུག་གཅིག་པ་ལ། །དབང་པོའི་རིམ་པས་འཇུག་སྒོ་སོ་སོར་ཕྱེ། །དམ་ཆོས་ཐེག་པ་ཞལ་ནས་གསུངས་པའི་བཀའ། །གང་ལ་རྟོགས་ཀྱང་འབྲས་བུ་ཐོབ་པ་ཡིན། །ཞེས་སོ། །མཆོད་པའི་ལན་བཏབ་པ། ཡེ་ནས་འོད་གསལ་དབྱིངས་དེ་སངས་རྒྱས་སྐུ། །སེམས་ལ་ཆགས་མེད་འཁོར་ཡུལ་ཟང་ཟིང་ལ། །སེར་སྣ་མ་ཞུགས་ཀུན་ལ་མཉམ་སྙོམས་ན། །དེ་ནི་མཆོད་པའི་ནང་ན་དམ་པ་སྟེ། །འཕགས་པ་རྣམས་ཀྱང་དེ་ཡིས་མཉེས་པར་དགོངས། །ཞེས་གསུངས་པས་པཎྜི་ཏ་མཉེས་སོ། །དེ་ནས་ལམ་དུ་རྒྱ་གར་གྱི་བརྟན་མས་ཁ་བ་ཕབ་པ་ལ། སློབ་དཔོན་གྱིས་གསུངས་པ། བདེ་བར་གཤེགས་པའི་བཀའ་འདི་བདེན་ངེས་ན། །ཡ་རབ་བློ་དང་ལྡན་པའི་སྐལ་ལྡན་ལ། །སེམས་ཀྱི་ཉི་མ་དྲི་མེད་གསལ་བའི་ཕྱིར། །བསམ་པ་བཟང་པོ་གསེར་དང་འདྲ་བ་ཡིས། །བོད་ཀྱི་ཡུལ་ནས་རྒྱ་གར་ཡུལ་བར་དུ། །དཀའ་བ་བཅུ་དྲུག་བསྡོས་པའི་མན་ངག་བཙལ། །ཁ་བ་གཅིག་གིས་བར་དུ་གཅོད་འདོད་པ། །བཀའ་འདི་བདེན་ན་ཁ་བ་འདི་ཀ་ཆོད། །བྱས་པས། བརྟན་མ་རེ་མ་ལྕམ་གྱི་ལྷ་མོ་དམར་མོའི་སྐུ། །སྤྲིན་གྱི་གསེབ་ནས་བཏོན་ནས་ཕྱག་བྱས་ནས། །བྲན་དུ་ཁས་བླངས་ནས་ནི་ཁ་བ་བཅད། །དེ་ཡང་རྒྱ་གར་གྱི་ཚ་བ་ཐོན་ནས་བྱོན་པས་བསམ་ཡས་སུ་གྲོ་ཁར་ཧྲིལ་གྱིས་བརྟོལ་ལོ། །བཙན་པོ་སྔ་དྲོ་ཟ་འོག་གི་གུར་ལ་བཞུགས་པ་ལ། སློབ་དཔོན་གྱིས་རྒྱལ་པོ་ལ་མཇལ་དགོས་པའི་ཕྲིན་སྐུར་བས་མངའ་བདག་གི་གཤེགས་བཙུན་ནམ་སྣ་ལེན་དུ་བྱས་ནས། མངའ་བདག་ལགས། འཚོལ་དུ་བཏང་བའི་དམ་ཆོས་ལོན་ནས་བདོག་པས། རྒྱ་གར་གྱི་བནྡེ་ཕྲག་དོག་ཆེ་ཞིང་སྙན་ཕྲ་ལ་མི་དགའ་བ་དང་། བོད་གླེན་པས་ཕྲ་མ་སྔ་བཙན་དུ་བྱེད་པས། ཇི་སྐད་ཟེར་ཡང་མི་གསན་པར་ཞུ་འཚལ། ཞེས་གསུངས་པས། ཆོས་ལོན་པས་མངའ་བདག་དགྱེས་ཏེ་ཐུགས་ལ་བཏགས་བཀའ་ཉན་གསུངས་ནས་ཞབས་འོག་གི་འབངས་ནས་བཏོན་སློབ་དཔོན་དུ་ཞུས་ནས་དབུའི་མཆོད་གནས་སུ་མཛད་དོ། །དེ་གང་ཐལ་ན། སློབ་དཔོན་བཻ་རོ་ཙ་ནས་རྒྱ་གར་ནས་བོད་དུ་ཆོས་ལོན་པའི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་ཤྲཱི་སིང་ཧའི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་དགའ་རབ་རྡོ་རྗེའི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སེམས་དག་ལྷའི་བུ། དེའི་གོང་མ་རྡོ་རྗེ་སེམས་དཔའ། དེའི་གོང་མ་དཔལ་བདེ་བ་ཆེན་པོ། དཔལ་བདེ་བ་ཆེན་པོ་ཆོས་ཀྱི་སྐུའི་ཐུགས་དང་གཅིག །ཀུན་ཏུ་བཟང་པོ་ཆོས་ཀྱི་སྐུའི་གསུང་དང་གཉིས། རྡོ་རྗེ་སེམས་དཔའ་ཆོས་ཀྱི་སྐུའི་སྐུ་དང་གསུམ། ཆོས་ཀྱི་སྐུའི་སྐུ་གསུང་ཐུགས་དབྱེར་མི་ཕྱེད་པའི་ངོ་བོ་དཔལ་རྡོ་རྗེ་སེམས་དཔའ། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་གསུམ་རྣམ་པར་དག་པའི་སྤྲུལ་པ་སེམས་དག་ལྷའི་བུ་དང་བཞི། དེ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིགས་སོ། །ཐེག་པ་ཆེན་པོ་དེའི་རིགས་བརྒྱུད་གང་གིས་འཛིན་ན་རྡོ་རྗེ་སེམས་དཔའི་ཡང་སྤྲུལ་དགའ་རབ་རྡོ་རྗེ་དང་གཅིག །འཇམ་དཔལ་བཤེས་གཉེས་དང་གཉིས། ཤྲཱི་སིང་ཧ་དང་གསུམ། བཻ་རོ་ཙ་ན་དང་བཞིའོ། །དེ་ཡན་ཆད་ཀྱིས་གང་ཐལ་ན་རིགས་ནི་གསང་སྔགས་རྡོ་རྗེ་ཐེག་པའི་རིགས། བརྒྱུད་འཛིན་གྲོལ་བ་ནི། བརྡ་བསྟན་པ་ཙམ་གྱི་རང་རྒྱུད་གྲོལ། གཅིག་ནས་གཅིག་ཏུ་གོང་མས་མར་བཤད་པ་བཞིན་དུ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཡིན་པས་ན་ཧྲིལ་གྱིས་དྲིལ་བས་དེ་ཡན་ཆད་དུ་རིག་འཛིན་བརྡས་གྲོལ་བའི་བརྒྱུད་པའི་སྐབས་ཐལ་བ་ལགས་སོ། །སློབ་དཔོན་བཻ་རོ་ཙ་ན་བོད་དུ་གཤེགས་པ་དེའི་རྗེས་ལ་འཕྲང་སྲུང་གི་དཔོན་པོ་ཀུ་མཱ་ར་དྷ་ཏུ་བྱ་བ་དེས་བཻ་རོ་ཙ་ན་བོད་དུ་གཤེགས་པ་དང་གྲོང་ཁྱེར་སེར་སྐྱའི་སྒོ་ཁར་རྒྱུག་སྟེ། བོད་ཀྱི་བནྡེ་དེས་ཆོས་ལོན་ནས་བོད་དུ་སོང་ངོ་བྱས་ནས་རམ་ཟླ་གཤོག་པའི་ཚུལ་དུ་བསྟན་ནས། འཕྲང་སྲུང་བ་ཟླ་བོ་ལ་རྐང་མགྱོགས་བྱུང་ཙ་ན་ད་བོད་དུ་བརྟོལ་བར་སོང་འགྲོ་ཁ་ན་མེད་ལོག་གྱིས་ཤིག་བྱས་པས། དེར་རྐང་མགྱོགས་ཀྱིས་གཅན་འཕྲང་དང་པོར་བརྟོལ་ཙ་ན་ད་མི་སླེབ། བོད་དུ་བརྟོལ་ཟིན་ཟེར་བས་རྐང་མགྱོགས་པ་རྣམས་ཐེང་གཅིག་ལོག་པ་ལགས་སྐད། དེའི་དུས་དེའི་ཚེ་རྒྱ་གར་གྱི་རྒྱལ་པོ་དང་། བནྡེ་མང་པོ་རྨི་ལྟས་ལོག་ནས་བོད་དུ་མན་ངག་གི་ཆོས་ཟབ་མོ་ཤོར་བར་ཚོར་ནས། བོད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས། བོད་ཤིག་ཟན་གྱི་ཡུལ་དུ་ཐེག་པ་ཆེན་པོའི་ཆོས་ཤོར་བར་འཕངས་པས། བོད་ཕྲ་མ་སྔ་བཙན་ཆེ་བ་ཡིན་པས་བོད་དུ་ཕྲ་མ་འཇུག་པ་ལ་ཨ་ཙ་ར་མི་བདུན་བཏང་ནས། བཻ་རོ་ཙ་ན་བྱ་བ་དེས་ཐེག་པ་ཆེན་པོའི་ཆོས་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བ་ནི་མ་ལོན། ངན་སྔགས་དང་དུག་སྦྱོར་དང་ཕྲ་མེན་མའི་ངན་སྔགས་མཐེབ་རྒྱ་ཅན་མང་པོ་གསེར་གྱིས་བསླུས་ནས་སོང་བས་བོད་ཕུང་དུ་འགྲོ་བས་ད་ལྟ་ཙམ་ལ་སྤྱུགས་ཤིག་སོད་ཅིག །ཅེས་གྱིས་ལ་དེར་མ་བསྡད་པར་ལོག་ལ་ཤོག་ཅིག །བསྡད་ན་བོད་བྱ་བ་ཐབས་མཁས་པས་ཁྱེད་རང་ཚོ་མགོ་བསྐོར་འགྲོའོ། །བྱས་པས་རྐང་མགྱོགས་པ་རྣམས་ཀྱིས་ཞག་བདུན་ན་བསམ་ཡས་སུ་ཤར་གྱིས་བརྟོལ་ནས་བྱུང་ངོ་། །དེར་རྒྱ་སྐད་པ་ར་པེ་ར་མང་པོ་ཟེར་ནས་སྒྲ་ཤེས་པ་ཀུན་ལ་ཇི་སྐད་ཟེར་དྲིས་དང་བྱས་པས། ཁོང་ན་རེ། བཻ་རོ་ཙ་ན་ཟེར་བ་གཅིག་གིས་རྒྱ་གར་ནས་ཐེག་པ་ཆེན་པོའི་ཆོས་ནི་མ་ལོན། ངན་སྔགས་དང་དུག་སྦྱོར་དང་ཁྲོ་ཆུ་མཐེབ་རྒྱ་ཅན་མང་པོ་བསླུས་ནས་སོང་བས་དེ་ད་ལྟ་ཙམ་ལ་སྤྱུགས་ཤིག་སོད་ཅིག །དེ་མ་སྤྱུགས་མ་བསད་ན་བོད་ཕུང་སྟེ་འོད་ཟེར་གྱི་འདུག་བྱ་བར་བྱུང་སྟེ། དེ་ནས་ཨ་ཙ་ར་བདུན་པོ་དེ་ཅིག་ཆར་དུ་རྒྱ་གར་དུ་ལོག་ནས་སོང་ངོ་། །དེ་ནས་ལི་རྟག་པོ་ཆེའམ་ལི་ཁྲ་མི་ལ་སོགས་པ་རྒྱ་མི་མི་བདུན་ནམ་བོད་འབངས་ཚོ་འདུས་ནས་རྒྱལ་པོ་ལ་གྲོས་བཏབ་པ། མངའ་བདག་ལས་ཅོལ་ཆུང་བ་མེད། ལྷ་ཁང་བརྩིགས་ཟེར་ནས་བོད་འབངས་ཐམས་ཅད་བཀོལ། རིན་པོ་ཆེ་ཐམས་ཅད་བཞུགས་ནས་གྱང་གི་ལོགས་ལ་བྱུགས། ལྷ་ཡིན་ནོ་ཟེར་ནས་འཇིམ་པ་ལ་ཁ་མིག་དོད་པ་མང་པོ་བྱས་ནས་ཁྱིམ་ཕུག་བརྒྱང་། འཕན་ཡིན་ཟེར་ནས་དར་ཟབ་ཐམས་ཅད་གཏུབ་ནས་འཕན་དུ་བྱས། ཆོས་ཞུར་གཏོང་བ་ཡིན་ཟེར་ནས་གསེར་མང་པོ་བསྐུར་ནས། ཆོས་མི་སློབ་པར་ངན་སྔགས་དང་དུག་སྦྱོར་མང་པོ་སློབ་ཏུ་བཅུག་ནས་རྒྱལ་པོ་ལ་དགྲ་ནི་མི་འོང་། ད་བོད་ཕུང་དུ་འགྲོ་བ་ལས་ཅི་བྱེད། ད་བཻ་རོ་ཙ་ན་གསོད་དགོས་སྤྱུགས་དགོས་ཟེར་བས། རྒྱལ་པོས་དེ་ཕྲ་མ་ཡིན་སློབ་དཔོན་མི་སྤྱུགས་བྱས་པས། བློན་འཁོར་རྣམས་ཀྱིས་ད་འོ་ན་རྒྱལ་ཁྲིམས་འཇིག་གོ་ཟེར་ནས། ནན་ཏན་དུ་ཡང་དང་ཡང་དུ་གཏུགས་པས་ཕྲ་མ་སྔ་བཙན་དུ་སོང་བས་བཤག་རྡེབ་ས་མི་འདུག་ནས་དེར་རྒྱལ་པོས་སློབ་དཔོན་ཆུ་ལ་བསྐྱུར་བ་ལྟར་བྱས་ཏེ། དུས་ནམ་ཞིག་ན་སྤྲང་པོ་ལྡོམ་བུ་པ་གཅིག་བཟུང་ནས་སློབ་དཔོན་བཻ་རོ་ཙ་ནའི་ན་བཟའ་རྣམས་དེ་ལ་བསྐོན་ནས་འཕྲལ་ལ་དགོས་པའི་བཟའ་བཏུང་རྣམས་ཀྱང་དེར་བཅུག་ནས་བསམ་ཡས་ཀ་ཆུ་ནས། ཀྭ་ཡེ་བོད་འབངས་རྣམས་འདིར་འདུས་ཤིག །ངས་བཻ་རོ་ཙ་ན་ཆུ་ལ་བསྐྱུར་བ་འདི་ཡིན་ནོ་གསུངས་ནས། མི་རྣམས་ཀྱིས་གློ་རུ་བཏོལ་ལ་ཁད་ཙ་ན་སྤྲང་པོ་དེ་ཟངས་ཀྱི་ནང་དུ་བཅུག་ནས་ཟངས་ཀྱི་ཁ་ལ་ལྕགས་ཀྱི་གཟེར་བཏབ་ནས་གཙང་པོ་ལ་བསྐྱུར་རོ། །དེར་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་ལ་ཁོ་ངའི་དོད་པོར་བཏང་བ་ཡིན་སྙམ་ནས་ཐུགས་རྗེའི་ལྕགས་ཀྱུས་གཟུང་བས་འོལ་ཁ་མཁར་ལྟག་གི་འཁོར་མར་ཆགས་སོ། །དེར་འཁོར་གྱི་བདག་པོ་གཅིག་གིས་རྙེད་ནས་ལྕགས་ཀྱུས་བཟུང་ནས་ནང་ན་ཅི་འདུག་བལྟས་པས་བཙུན་པ་གཅིག་བྱུང་ནས་འདི་གླུད་དུ་བཏང་བ་གཅིག་འདུག་པ་ཟེར་ནས་དེ་རང་མི་བྱས་ནས་ཕོག་པས། དེ་ད་ལྟ་འོལ་ཀ་རྒྱུག་ཐང་གི་ལྷུ་མི་བྱ་བ་དེ་ཚོ་ཡིན་སྐད་དོ། །དེ་ནས་སློབ་དཔོན་ཉིན་མོ་གདུགས་ཁང་བྱེད་གསུངས་ནས། ཀ་བ་སྦོམ་པོ་གཅིག་ལ་ནང་བྲུས་ནས་ཉིན་མོ་ཀ་བའི་ནང་དུ་བཞུགས་ནས་ཚོན་གྱི་གསེབ་ནས་ཕར་ལ་གཟིགས། །ནུབ་མོ་གློ་འབུར་གྱི་འོག་ལ་སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་བ་ནི། ཉིན་མོ་ནི་རྒྱུ་འབྲས་ཀྱི་ཆོས་ལྐོག་པར་བསྒྱུར། ནུབ་མོ་ནི་མན་ངག་གི་ཆོས་བསྒྱུར་རོ། །དེ་ཡང་རྒྱུ་འབྲས་ཀྱི་ཆོས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བམ་པོ་ལྔས་ཁ་མ་ལོངས་པ་གཅིག་བསྒྱུར་རོ། །མདོ་ལང་ཀར་གཤེགས་པ་བམ་པོ་ལྔ་བོད་དུ་བསྒྱུར་རོ། །གཞན་རྒྱ་གར་དུ་ལུས་སོ། །དཀོན་མཆོག་བརྩེགས་པ་བམ་པོ་སུམ་ཅུ་རྩ་ལྔ་ཁ་མ་ལོངས་པ་བོད་དུ་བསྒྱུར་རོ། །སངས་རྒྱས་ཕལ་པོ་ཆེ་ལ་བམ་པོ་བརྒྱ་དང་བརྒྱད་མ་བསྒྱུར་བ་ལགས་སྐད་དོ། །ལུང་གི་རྒྱུད་ལ་གཤིན་རྗེའི་གནས་རྒྱུད། རིན་པོ་ཆེ་འོད་ཀྱི་རྒྱུད། དབང་བསྐུར་རྒྱལ་པོའི་རྒྱུད་ཚོ་བསྒྱུར་རོ། །མན་ངག་གི་རྒྱུད་ལ་ནམ་མཁའ་ཆེ་ལ་སོགས་པ་སྔ་འགྱུར་གྱི་རྒྱུད་ལྔ། རྨད་དུ་བྱུང་བ་དང་དྲུག །རྒྱ་མཚོའི་ཀློང་དང་བདུན། སེམས་སྨད་བཅོ་བརྒྱད། རྣ་བརྒྱུད་ཏནྟྲ་སྡེ་བཅུ་དྲུག་བསྒྱུར་རོ། །དེ་རྣམས་བཀའ་བབས་རྒྱལ་པོ་ལ་བབ་པའི་ཆོས་ཚོ་ལགས་སོ། །དུས་ཚོད་དེ་ཙམ་ན་རྒྱལ་པོ་ནང་ནུབ་ཀྱི་རིང་ལ་གར་སོང་ཆ་མེད་པར་རེ་རེར་གཤེགས་ཀྱིན་བྱུང་བས། དེར་ཇོ་མོ་ཚེ་སྤོང་བཟའ་དམར་རྒྱན་མིག་སེར་ཆེ་བས་རྒྱལ་པོ་བུད་མེད་གཞན་ཞིག་གི་གམ་དུ་སོང་བ་ཡིན་ནམ་སེམས་ནས། མོས་རྒྱལ་པོ་གར་གཤེགས་བལྟས་པས། རྒྱལ་པོ་གློ་འབུར་གྱི་ནང་ན་སློབ་དཔོན་ལ་ཚ་བ་དྲངས་ནས་དར་གྱིས་ཐོད་ཕུད་ནས་ཁྲུས་བཤལ་བྱེད་ཀྱིན་ཡོད་པ་ལ། ཇོ་མོས་སྒོ་གསེབ་ནས་མར་ལ་བལྟས་པས་མཐོང་ནས་རྒྱལ་པོ་དང་གཉིས་སྤྱན་ཟུར་དཀྲུག་གིས་འདྲེས་ཏེ། རྒྱལ་པོའི་ཐུགས་ལ་མོས་བོད་འབངས་ལ་བཤད་འགྲོ་ཉེན་ཡོད་སེམས་ནས་རྒྱལ་པོས་ཇོ་མོའི་ཕྱི་ན་ཕར་ལ་ཕྱིན་པས་མ་ཟིན་ཏེ། དུས་དེ་ཙ་ན་རྒྱལ་པོའི་བཀའ་ཁྲིམས་ལ་ཟངས་དུང་འབུད་ན་དམག་ལ་ཤོག་བྱ་བ་ཡིན། དུང་འབུད་ན་ཚ་བ་ལ་ཤོག་བྱ་བ་ཡིན། གཎྜཱི་བརྡུང་ན་ཆོས་ལ་བྱོན་བྱ་བ་ཡིན། རྔ་བོ་བརྡུང་ན་འདུན་མ་ལ་ཤོག་བྱ་བ་ཡིན་པས་མོས་རྔ་བོ་ཆེ་བརྡུངས་པས། བོད་འབངས་རྣམས་དེར་འདུས་ཏེ། དེར་ཇོ་མོ་ན་རེ། བོད་འབང་ཚོ་ལ། མངའ་བདག་ལས་ཅོལ་ཆུང་བ་མི་འདུག །ཆུ་ལ་བསྐྱུར་བ་དེ་སྤྲང་པོ་ཡིན་པར་འདུག་སྟེ། སློབ་དཔོན་ངན་ཐབས་མཁན་དེ་ད་རུང་གློ་འབུར་ན་སྦས་ནས་འདུག་པས་བོད་ཕུང་ཟིན་པ་ལས་མི་ཚོར་བ ས་ད་ལྟ་ཙམ་ལ་རྒྱལ་པོར་གྲོས་ཐོབ་ལ་སོད་ཅིག་བྱས་པས། དེར་རྒྱ་མི་མི་བདུན་ལ་སོགས་པ་བོད་འབངས་ཀུན་ན་རེ། ཇོ་མོ་བདེན་ཟེར་ནས། མངའ་བདག་གི་དྲུང་དུ་བྱུང་ནས་མངའ་བདག་རྒྱལ་པོ་ཉིད་ལས་ཅོལ་ཆུང་བ་མེད། ལྷ་ཁང་བྱེད་ཟེར་ནས་གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་ཐམས་ཅད་བཞུས་ནས་གྱང་ལོགས་ལ་བྱུགས། ལྷ་ཡིན་ནོ་ཟེར་ནས་ལྡེར་ཚོ་མང་པོ་ཁྱིམ་ཕུགས་སུ་བཅུག །ཆོས་ལེན་དུ་གཏོར་ཟེར་ནས་ངན་སྔགས་དུག་སྡོང་དང་། ཁྲོ་ཆུས་ཐེབ་རྒྱ་ཅན་གསེར་གྱིས་བསླུས། ངན་སྔགས་མཁན་པོ་སྤྱུགས་བྱས་ནས་སྤྲང་པོ་ཆུ་ལ་བོར། །ཆོས་དང་ཅིའི་ཆོས་ད་རུང་ངན་སྔགས་མཁན་པོ་གློ་འབུར་ན་སྦས་ནས་འདུག་ཟེར་བས་དེ་གསོད་དགོས་ཟེར་བ་ལ། རྒྱལ་པོས་ད་ཁྱེད་རྣམས་ནན་ཏན་གྱིས་དེ་སྐད་ཟེར་ན། ངའི་སློབ་དཔོན་ཡིན་པས་གསོད་པ་མི་ཡོང་། ངས་སྤྱུགས་ཀྱི་བྱས་པས། ཁོང་ན་རེ་སྔ་མ་ཡང་རྒྱལ་པོས་མ་སྤྱུགས་པར་སྦས་ནས་འདུག་ཟེར་བས། ད་རེས་གསོད་པ་མི་འོང་ན་ངེད་རང་དང་འགྲོགས་ནས་སྤྱུགས་དགོས་ཟེར་བ་ལ། དེ་ནས་རྒྱལ་པོས་སློབ་དཔོན་ལ་ངས་ཐབས་ཇི་ལྟར་བྱས་ཀྱང་སློབ་དཔོན་མཆོད་གནས་སུ་བསྟེན་དབང་མི་འོང་བར་འདུག་པས། ད་འོ་བརྒྱལ་ཏེ་སློབ་དཔོན་གཤེགས་པར་ཞུ་དགོས་འདུག་བྱས་ནས་ཞུ་བ་ཕུལ་བས། ཆིབས་བཟང་པོ་གཅིག་ལ་བསྐྱོན་ནས་དངུལ་བྱའོ་གང་རྟ་གོང་དུ་གཤེགས་སྐྱེ མས་ཀྱི་དོད་པོར་བྱས། ཚ་བའི་རོང་དུ་འགྲོ་བ་ལ་ཚད་ཁུང་ཆེ་བས་བསིལ་སྨན་དུ་ག་བུར་བྲེ་གང་ལ་སོགས་པའི་སྨན་མང་པོ་ཡང་བསྐུར་ནས། རྒྱལ་བློན་བཙུན་མོ་དང་བཅས་པ་རྣམས་ཀྱིས་སློབ་དཔོན་སྐྱེལ་དུ་ཕྱིན་པས། དབུ་རུའི་སྐྱི་གཙང་ལ་བརྒལ་བའི་དུས་སུ་སློབ་དཔོན་གྲུ་ནང་དུ་བཞུགས་ནས་ཡོད་ཙ་ན་འདི་སྐད་གསུངས་ཏེ། ཀྱེ། མ་མྱོང་དགུ་མྱོང་ཤི་བ་མ་མྱོང་ཙམ་གྱི་བཻ་རོ་ཙ་ན་ང་། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བླངས་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ནས། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །རྒྱལ་པོ་མངའ་དབང་ཆུང་བས་དམ་ཆོས་ཞུ་དབང་མེད། །བཙུན་མོ་ཕྲ་མ་མཁས་པས་མཆོད་གནས་བསྟེན་དབང་མེད། །བློན་པོ་གདུག་པ་ཆེ་བས་སློབ་དཔོན་སྤྱུགས་པར་བྱེད། །མ་མྱོང་དགུ་མྱོང་ཤི་བ་མ་མྱོང་ཙམ་གྱི་བཻ་རོ་ཙ་ན་ང་། །དཀའ་བ་བཅུ་དྲུག་བསྡོས་ནས་དམ་ཆོས་བཙལ་ནས་སུ། །བོད་དུ་དམ་ཆོས་ཉི་མ་ལན་གཅིག་ཤར་བ་དེ། །རྒྱལ་བློན་བཙུན་མོར་བཅས་པས་ཚ་བའི་རོང་དུ་སྤྱུགས། །བོད་འབངས་ལན་གཅིག་འགྱོད་པ་དུས་ཤིག་མཆི། །གསུངས་ནས་མགུར་བཞེངས་པས། བློན་འཁོར་ཇོ་མོ་བཅས་པ་རྣམས་ཀྱང་ཐེ་ཚོམ་ཟོས་ཏེ། དེ་ཡང་བཞུགས་པར་ཞུ། རྒྱལ་ཁྲིམས་ཉམས་པར་འདུག་ཀྱང་དབང་མེད་བྱས་ནས་གྲུའི་ཉག་ཐག་ལ་འཐེན་པས། སློབ་དཔོན་གྱིས་སྐེད་གསེབ་ནས་ཨོ་པ་བཏོན་ནས། སེམས་ཀྱི་ཉག་ཐག་དེ་གོང་ནས་བཅད། གྲུའི་ཉག་ཐག་དེ་ཚུར་ལ་རང་ཐོང་གསུངས་ནས་གྲུའི་ཉག་ཐག་ཕར་བཅད་ནས་གཤེགས་སོ། །དེར་རྒྱལ་པོ་དང་བློན་འཁོར་ཉི་ཤུ་རྩ་ལྔ་ཙམ་གྱིས་བྱང་དཀར་ལའི་ལ་ཐོག་བར་དུ་བསྐྱལ་ནས་ད་དུང་ཡར་ལ་གཤེགས་པར་ཞུ་བྱས་པས་མ་གནང་ངོ་། །ད་དུང་རྒྱལ་པོས་བྱེད་ངོ་མ་ཤེས་ནས། ད་ངའི་ཆོས་ཀྱི་བྱེད་ལུགས་འདི་ཇི་ལྟར་དུ་བགྱི། ཞེས་སློབ་དཔོན་ལ་འཕྲལ་ཆོས་སུ་ཞུས་པས་སློབ་དཔོན་གྱི་ཞལ་ནས། ཡར་སངས་རྒྱས་ལ་རེ་མི་དགོས་པར་རྟོགས་ཀྱང་སྤྱི་བོར་བླ་མ་སྒོམས་ཤིག །མར་འཁོར་བ་ལ་འཁྱམས་རྒྱུ་མེད་པར་རྟོགས་ཀྱང་རྒྱུ་འབྲས་རྣམ་སྨིན་ལ་འཛེམས་ཤིག །ཆོས་ཉིད་བསམ་དུ་མེད་པའི་དོན་ལ་ལོངས་སྤྱོད་ཀྱང་། འདུས་བྱས་ཀྱི་དགེ་བའི་རྩ་བ་མ་ཆག་པར་མཛོད་ཅིག །ཅེས་གསུངས་སོ། །དེ་ནས་ཚ་བའི་ཡུལ་མཐོང་བ་དང་བོད་མཐོང་བའི་མཚམས་སུ་བྱོན་ནས་ཡར་ལ་བོད་ཀྱི་ཡུལ་ཕྱོགས་ལ་གཟིགས་པས། རི་ཐམས་ཅད་བྱ་རྒོད་སྤུངས་པའམ་ཤེལ་གྱི་མཆོད་རྟེན་བཞིན་དུ་འདུག །ལུང་པ་ཐམས་ཅད་ཁ་བ་བབས་པའམ་ནམ་ལངས་པ་བཞིན་དུ་འདུག །མར་ལ་ཚ་བའི་རོང་དུ་བལྟས་པས་ཆུ་དོང་རྙོགས་པའམ་སོལ་དོང་ཁ་ཕྱེ་བའམ། ཆར་མུན་འཐིབས་པ་བཞིན་དུ་ནག་སུབས་སེ་འདུག་ནས། ཐུགས་མ་དགྱེས་ནས་འདི་སྐད་དུ་གསུངས་སོ། །རི་མཐོ་ས་གཙང་གསེར་དག་བོད་ཀྱིི་རི། །མི་རྗེ་ལྷས་མཛད་དཔག་བསམ་ལྗོན་ཤིང་འདྲ། །འདོད་པ་ཕུན་སུམ་ཚོགས་པ་ཡོད་བཞིན་དུ། །རིན་ཆེན་མཚོ་གླིང་གསེར་གྱི་ངང་ཁྱུ་ནས། །ངང་མོ་གཅིག་ནི་ཡར་བ་སུ་ཡིས་བཤུགས། །གློ་བ་གཡར་ལ་བཅགས་པས་སྙིང་མ་དགའ། །གསུངས་ནས་དེ་ནས་རྒྱལ་པོས་སློབ་དཔོན་ལ་དར་དཀར་གྱི་ཡོལ་བ་བཞུགས་གདན་དུ་བཏིང་། དེའི་སྟེང་དུ་སློབ་དཔོན་བཞུགས་སུ་གསོལ་ནས་མགུར་འདི་གསུངས་སོ། །དུས་གསུམ་ཕ་མ་དཀོན་མཆོག་ཡི་དམ་ལྷ། །དངོས་གྲུབ་སྟེར་བའི་རྡོ་རྗེ་སློབ་དཔོན་རྣམས། །བརྩེ་བས་ཡུད་ཙམ་འབྲལ་ཡང་མི་ཕོད་ན། །རྗེ་འབངས་འགྲོགས་ལ་གཤེགས་སམ་ཇི་ལྟར་བགྱི། །གསུངས་ནས། སློབ་དཔོན་གྱི་ཕྱིར་འབྲངས་པས། བློན་པོ་རྣམས་ཀྱིས་རྒྱལ་པོ་བཟུང་ནས། སློབ་དཔོན་གྱིས་རྒྱལ་པོ་བག་བསྲོ་བའི་མགུར་འདི་གསུངས་སོ། །རྗེ་བློན་རྣམས་ཚོ་བདག་ལ་སྙན་གསོན་དང་། །ཡུལ་ལ་ངེས་པ་མེད་པས་སྤྱུགས་ཀྱང་ཉམ་མི་ང་། །སེམས་ལ་སྐྱེ་ཤི་མེད་པས་བསད་ཀྱང་བདག་མི་འཇིགས། །ཡོན་ཏན་སྒྱུ་མར་ཤེས་པས་སྐྱོན་ལ་དངོས་གཞི་མེད། །གཉེན་ལ་དང་མི་ཆགས་པས་དགྲ་ལ་ཞེ་མི་སྡང་། །ཞེས་གསུངས་ནས། རྒྱལ་པོས་ད་གདོད་མཇལ་བར་ལྐོག་ཏུ་ཞུ་བ་ཕུལ་བས། ལན་གཅིག་འོང་བར་ཞལ་གྱིས་བཞེས་ནས་ཚ་བའི་ཡུལ་ན་མར་ལ་བྱིལ་གྱིས་འཚེར་མེད་དུ་བཞུད་ནས་སོང་ངོ་། །རྒྱལ་བློན་འཁོར་བཅས་རྣམས་བོད་དུ་ལོག་གོ། །དེ་ནས་སློབ་དཔོན་ཚ་བ་རོང་པའི་རིའི་ནགས་ཁྲོད་ན་བཞུགས་ཡོད་ཙ་ན། བོད་ཀྱི་བྱ་ཕུག་རོན་དང་། བྱ་རྒོད་དང་། ཕོ་རོག་ལ་སོགས་པ་སློབ་དཔོན་གྱི་ཕྱི་ལ་འབྲངས་ནས། རྒྱལ་མོ་ཚ་བ་རོང་པའི་གྲོང་ཁྲོད་ན་མར་ལ་སྐད་འདོན་གྱིན་སོང་བས། རྒྱལ་མོ་དཔལ་བཞེར་འཕན་བུ་ལ་སོགས་པ་ན་རེ། བོད་ཀྱི་བྱ་བྱུང་བ་འདི་ངེད་ཀྱི་ཡུལ་འཕྲོག་པའི་སོ་རྟོག་པའི་རྟོག་ཆེན་པོ་ཡོད་པའི་རྟགས་ཡིན་པས། འདི་མ་ལེགས་པས་རི་ཐམས་ཅད་བཤུས་ནས་ག་ན་འདུག་པ་བཙལ་ནས་རྙེད་ན་གསོད་དགོས་ཟེར་ནས། ཆེ་མེད་ཆུང་མེད་ཐམས་ཅད་ལག་སྦྲེལ་ནས་བཙལ་བས་སློབ་དཔོན་བཻ་རོ་ཙ་ན་རྙེད་དེ། སློབ་དཔོན་སྔགས་བཙུན་གྱི་ཆ་ལུགས་སུ་ཡོད་པས། ཁོང་དང་སྐད་རིགས་མི་གཅིག་པས་བཙུན་པ་ལ་འབུག་ཐུ་ལུམ་པ་ཟེར་ཏེ། འདིར་བོད་ཀྱི་འབུག་ཐུ་ལུམ་པ་གཅིག་འདུག་པས་ངེད་ཀྱི་ཡུལ་འཕྲོག་པའི་སོ་རྟོག་པའི་རྟོག་ཆེན་པ་ཡིན་པས་མིག་འབྲུ་ནས་མ་བསད་ན་ད་དུང་དུ་འོང་ཉེན་ཡོད་ཟེར་ནས་ལ་ལས་ཕུལ། ལ་ལས་རྩོག་གྲུང་བྱས་པས། སློབ་དཔོན་གྱིས་ང་ཆོས་བྱེད་པ་ཡིན། དེ་ལྟར་མ་བྱེད་མི་རུང་བ་འོང་ངོ་བྱས་པས། ཁྱོད་ལ་ཆོས་འདུག་གམ་མི་འདུག་བལྟ་ཡི་ཟེར་ནས། རྒྱལ་མོ་དཔལ་བཞེར་འཕན་བུའམ་རྒྱལ་མོ་གྲུ་བྱ་བས་སྣ་དྲངས་ནས་ནན་ཏན་དུ་དོན་དུ་སྡུག་པ་བྱས་ཏེ། སྦལ་དོང་གི་ནང་དུ་ཞག་གསུམ་དུ་བཅུག་ནས་རྒྱལ་མོ་གྲུས་ཞག་གསུམ་གྱི་ནངས་པར། དོང་ཁར་བལྟར་ཕྱིན་པས། སློབ་དཔོན་བཻ་རོ་ཙ་ནས་དོང་ནང་ནས་འདི་སྐད་སྨྲས་སོ། །ཡུལ་ཕྱོགས་འདིའི་རྒྱལ་བློན་ཆེ་བཙུན་དྲ་མ་རྣམས་འཇིག་ཁུང་དམྱལ་དོང་ཁར་འདིར་འབྱོན་པར་ཞུ། བོད་ཀྱི་བནྡེའི་བཀའ་མཆིད་གཅིག་བདོག་ན་བྱས་པས། རྒྱལ་མོའི་མི་དྲ་མ་རྣམས་ཀྱིས་དོང་ཁར་ཕྱིན་པས་དོང་ནང་ནས་བཀའ་སྩལ་བ། ཡུལ་ཕྱོགས་འདི་ཡི་རྒྱལ་བློན་དྲ་མ་རྣམས། །བཅོ་ལྔ་ལོན་ནས་ལྔ་བཅུ་རྩ་བདུན་དུ། །བོད་ཀྱི་རྒྱལ་ཁམས་དཀར་པོར་ཡོངས་བསྒྱུར་ཏེ། །ཐེག་པའི་ནང་མཆོག་འབྲས་བུ་སངས་རྒྱས་ཆོས། །རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་ཡིས། །བསྟན་པའི་མན་ངག་བོད་དུ་མཆིས་པ་ལས། །རྒྱལ་ཁམས་ཕུང་ལ་སྦྱོར་བའི་བློན་པོ་དང་། །དམ་ཚིག་ཉམས་ལ་སྨྱོ་བའི་དམར་རྒྱན་དང་། །བོད་ཁམས་སིལ་བུར་འགྲོ་རྟགས་བཙད་པོ་བཅོས་སླ་བས། །བོད་ཀྱི་མུན་སེལ་ཉི་མ་མཁས་པ་བདག་སྤྱུགས་ཏེ། །ཚེ་འདིར་འབྲས་བུ་ཐོབ་པའི་མན་ངག་དང་། །འགལ་བ་ཆམ་ལ་ཕབ་པའི་དྲག་སྔགས་དང་། །རིན་ཆེན་ཕུང་པོ་ཀུན་གྱི་བསྟན་བཅོས་རྣམས། །བོད་ཀྱི་བནྡེའི་ལུས་ལ་མཆིས་ལགས་ཀྱིས། །འཇིགས་དོང་སྦལ་པའི་དོང་ལས་དབྱུང་དུ་གསོལ། །རྒྱལ་མོ་རིན་ཆེན་གྲུ་ཞེས་བྱ་བས་བཀའ་ལན་བཏབ་པ། བོད་ཀྱི་རྒྱལ་པོ་སྤུ་རྒྱལ་བཙད་པོ་འདི། །ཚན་དུ་ཆུང་ལ་བྱ་བ་མང་བ་སྟེ། །ཇོ་མོ་ལེན་ན་གོ་ཁོའི་ཁོལ་མོ་ལེན། །མཁས་བློན་བྱེད་ན་ཉོན་མོངས་ཆེ་དགུས་བྱེད། །ཟས་སུ་ཟ་ན་ཤ་ཆེན་སྣ་དགུ་ཟ། །གོས་སུ་གོན་ན་མཐའ་ཡི་མོན་གོས་གོན། །ནོར་དུ་བསྲེལ་ན་རྡོ་ལ་ནོར་དུ་བྱེད། །ལས་སུ་བྱེད་ན་ཆོམ་རྐུན་དམག་དཔོན་བྱེད། །ལྷ་རུ་བསྟེན་ན་གནོད་བྱེད་ཕོ་མོ་བསྟེན། །སྲིན་པོ་གདོང་དམར་རྒྱལ་པོའི་འདོད་པ་ལ། །ཡིད་ལ་ཆེས་རྒྱུ་མ་མཆིས་བྷ་ཤི་ཁྱོད། །བློན་པོ་ཆེ་བཙུན་རྣམས་ཀྱིས་བཀའ་བགྲོས་ལ། །སྦལ་པའི་དོང་ནས་ཤིག་གི་དོང་དུ་བསྐྱུར། །དགུ་བདུན་བར་ལ་དམག་དཔུང་མ་བྱུང་ན། །ཁྱེད་ཀྱི་བཀའ་མཆིད་གཙོར་བགྱི་སྤྱི་བོར་འཁུར། །ཟེར་ནས་སྦལ་པའི་དོང་ནས་ཤིག་གི་དོང་དུ་བསྐྱུར་རོ། །དེ་ནས་ཞག་བདུན་ལོན་ཙ་ན་བལྟས་པས་ཤིག་རྣམས་ཁ་ཕྱིར་ལོག་སྟེ། སློབ་དཔོན་ཟར་མ་བཏུབ་པར་སློབ་དཔོན་ཟིལ་པ་ཕྲུམ་མེ་མདངས་ཡལ་ལེ་བཞུགས་འདུག་གོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ནས་སྦལ་པ་དང་ཤིག་ལ་དོང་ནང་ནས་བཤགས་པ་བྱས་པ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཚེ་འདི་དག་གི་སྔ་མའི་གོང་རོལ་དུ། །དགེ་སློང་སྡོམ་པ་ཉམས་པ་ཡིས། །ཡུལ་ཕྱོགས་འདི་ཡི་ནེའུ་ལེར་སྐྱེས། །སྦྲུལ་དང་སྦལ་པ་མང་པོ་བསད། །རྣམ་པར་སྨིན་པ་ད་རེས་བྱུང་། །ལན་ཆགས་ཕྲ་མོ་མ་འཁོར་བར། །ད་རེས་འདི་རུ་སྨིན་གྱུར་ཅིག །སྐྱེ་བ་འདི་ཡི་གོང་རོལ་དུ། །རྒྱལ་མོ་ཚ་བ་རོང་འདི་རུ ། །ཡུལ་ཕྱོགས་འདི་ཡི་རྒྱལ་པོའི་བུ། །དགེ་སློང་པུཪྞ་བྱ་བར་སྐྱེས། །སྟོད་ཤག་གོང་བ་ཤིག་ཟ་བས། །རང་གི་འཐུ་བར་མ་ནུས་ནས། །འདབ་ཆགས་བྱ་ཡིས་འཐུ་རུ་བཅུག །དེ་ཡི་རྣམ་སྨིན་འདི་རུ་བྱུང་། །ལན་ཆགས་ཕྲ་མོ་མ་འཁོར་བར། །ཚེ་འདི་ཉིད་ལ་སྨིན་གྱུར་ཅིག །སློབ་དཔོན་ཤྲཱི་སིང་ཧ་ལ། །བོད་དུ་རིངས་པས་འགྲོ་ཁར་ཕྱི་ཕྱག་བརྗེད། །རྣམ་སྨིན་ཚ་བའི་རོང་དུ་སྤྱུགས། །སྐྱེ་བ་སྔ་མའི་བག་ཆགས་ཀྱིས། །ད་ལྟ་ཚ་བའི་རོང་དུ་ལྷུང་། །ང་ཡི་རྣམ་སྨིན་ད་རེས་ཟད། །ཅེས་གསུངས་པས་རྒྱལ་མོའི་མི་རྣམས་ཀྱིས་སློབ་དཔོན་ལ་ངན་བྱས་པས་འགྱོད། རྒྱལ་མོ་གྲུ་བྱ་བ་ལ་སོགས་པ་ངེད་རང་གི་རྒྱལ་པོའི་སྲས་དགེ་སློང་པུརྞ་བྱ་བ་དེ་འདིར་ཚེ་འཕོས་པ་ཡིན་འདུག་པ་ཟེར་ནས་དགའ། བྱང་ཆུབ་སེམས་དཔའ་ཁྱེད་ལྟ་བུ་ལ་ནོངས་པ་གཉིས་ལ་སོགས་པ་བྱས་པ་བཟོད་པར་གསོལ་ལོ་ཟེར་ནས་ལྷ་ཕྱག་གྱང་འགྱེལ་བ་ཙམ་བྱེད་ཀྱིན་བཤགས་པ་བྱས་པ་ནི། བོད་ལ་མི་མེད་རྒྱལ་པོ་འདོད་པ་ཅན། །སྐྱེ་བ་སྔ་ཕྱི་མཁྱེན་པའི་བྱང་ཆུབ་སེམས་དཔའ་ཁྱེད། །འགྲོ་བའི་དོན་དུ་འཛམ་གླིང་ཀུན་ཏུ་བྱོན། །ཁྱད་པར་དུ་ཡང་སྲིན་པོ་གདོང་དམར་གྱི། །བོད་ཀྱི་དོན་མཛད་བློན་པོ་ནག་པོ་རྣམས། །འདུལ་བའི་དུས་ལ་མ་བབ་འདིར་བྱོན་ཏེ། །བྱང་ཆུབ་སེམས་དཔའ་འགྲོ་དོན་མཛད་པ་ལ། །སྤྱོད་ངན་གཉིས་བྱས་བྱང་ཆུབ་གེགས་གྱུར་པ། །འགྲོ་བའི་དོན་དུ་ཅི་ཡང་བཟོད་ཐུབ་པས། །བྱང་ཆུབ་སེམས་དཔའ་ཁྱོད་ལ་བཟོད་པར་གསོལ། །ཞེས་བཤགས་པ་བྱས་སོ། །དེ་ནས་རྒྱལ་མོ་གྲུས་སྣ་དྲངས་ཏེ། སློབ་དཔོན་གྱི་ཞབས་སྤྱི་བོར་བླངས། གབ་ཚེའི་གདན་ལ་སློབ་དཔོན་བཞུགས་སུ་གསོལ་ནས། གསེར་དང་དངུལ་གྱི་དོང་ཙེ་དང་པ་ཏྲའི་མེ་ཏོག་ལག་ཏུ་ཐོགས་ནས། རིགས་དྲུག་འགྲོ་བའི་དོན་མཛད་བྱང་ཆུབ་སེམས་དཔའི་སྐུ། །སྡེ་སྣོད་གསུམ་མངའ་བདེ་ཆེན་དོན་གྱི་གསུང་། །ཡིད་བཞིན་ནོར་ལྟར་དགོས་དགུ་འབྱུང་བའི་ཐུགས། །དུས་གསུམ་རྒྱལ་བའི་སྐུ་གསུམ་ལྷུན་གྲུབ་པའི། །གཉིས་མེད་ཉམས་མྱོང་འགྲོ་བའི་མགོན་པོ་ལ། །གསེར་དང་དངུལ་གྱི་དོང་ཙེའི་མེ་ཏོག་འབུལ། །ཐུགས་རྗེས་འཁོར་བའི་རྒྱ་མཚོ་སྒྲོལ་བའི་ཕྱིར། །ཡེ་ཤེས་ཐུགས་ཀྱི་ཞགས་པས་གཟུང་དུ་གསོལ། །མེ་ཏོག་གཏོར་ནས་ཆོས་གནང་བར་ཞུ་བ་ཕུལ་ལོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ནས་ཚ་བ་རོང་པ་ལ་ཆོས་བསྟན་དགོས་སེམས་ནས། སྔོན་ལ་སློབ་དཔོན་ཤྲཱི་སིང་ཧ་ལ་ཕྱི་ཕྱག་བརྗེད་པའི་བཤགས་པ་བྱས་པ་ནི། གཏེར་ཆེན་རྙེད་པའི་རིན་ཆེན་དབང་ཕྱུག་བདག །རྟོགས་པ་མ་སྨིན་རིན་ཆེན་འདམ་དུ་བྱིངས། །རྒྱལ་པོ་བཅོས་སླ་འཇག་མ་རླུང་ཁྱེར་འདྲ། །གསེར་སྦྲུལ་དུག་ཅན་བློན་པོ་ཉོན་རེ་མོངས། །རྡོ་རྗེའི་ཞབས་ལ་གནོང་བས་མཐོལ་ལོ་བཤགས། །གསུངས་ནས་མཐོལ་ལོ། །དེ་ནས་ཚ་བ་རོང་པས་ཆོས་ཀྱི་སྒྲ་ཤེས་སམ་མི་ཤེས་བལྟ་བ་ལ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་གྱིས་དང་བྱས་པས། ལྡོས་སེ་ལྡོས་སེ་རྣོ་སྦོམ་ཁྲི་བྱ་བ་ལས་མ་བྱུང་སྟེ། དེར་མི་འོང་བར་འདུག་སེམས་ཙ་ན། བྱིས་པ་རིད་པོ་ཐལ་སྐྱ་བ་གཅིག་བྱུང་ནས། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་ཟེར་ནས། དེར་སློབ་དཔོན་དགྱེས་ནས། བུ་དེ་ཅི་འདྲ་བ་གཅིག་ཡིན་ཞེས་དྲིས་པས། ཁོང་ན་རེ་བུ་འདིའི་མ་སྔ་གོང་དུ་ཤི །ཕ་ཡོད་ཀྱང་དྭའུ་ཞད་དུ་འདུག་པ་ཟེར་སྐད། དེར་སློབ་དཔོན་གྱིས། འོ་ན་འདི་ང་ལ་སློང་། འདིས་སྒྲ་དོན་ཤེས་འོང་བར་འདུག་པས་འདི་ལ་ཆོས་བསླབ་གསུངས་པས། དེར་ཡོད་ཁ་འཆམ་པར་བོད་ཀྱི་སྟོང་སྦོས་ལ་བྱིན་ཅིག་ངེད་རང་གསོ་རེས་བྱས་པས་ཆོག་གོ་ཟེར་ནས་སློབ་དཔོན་གྱི་སློབ་མར་བྱིན་ནོ། །དེ་ཡང་སྒྲ་དོན་ཤེས་པ་དེ་སྐྱེ་བ་སྔ་མའི་གཙང་སྔོན་པོ་ལེགས་གྲུབ་ཚེ་འཕོས་པ་ཡིན་སྐད། དེ་ལ་སྒྲ་བསྒྱུར་རིགས་མི་གཅིག་པ་བཅུ་གསུམ་བསླབ། སྔ་འགྱུར་རྣམ་པ་ལྔ་ལ་སོགས་པ་མན་ངག་དང་མདོ་མང་བར་བསླབ་སྐད་དོ། །སེམས་ཕྱོགས་ཀྱི་ཆོས་མཐའ་དག་དུ་མ་མཁྱེན་ནོ། །དེ་ཡང་རུས་རྒྱལ་མོའི་ནང་ཚན་གཡུ་སྒྲ། མིང་སྙིང་པོ་བྱ་བ་ཡིན་པས། རྒྱལ་མོ་གཡུ་སྒྲ་སྙིང་པོ་བྱ་བར་ཐོགས་སོ། །དུས་དེ་ཙ་ན་མདོ་དཀོན་མཆོག་བརྩེགས་པའི་འབུམ་བསྒྱུར། མཚན་མོ་བྱང་ཆུབ་སེམས་སྒོམ་ལ་སོགས་པའི་མན་ངག་བཤད། ནམ་གྱི་གུང་ལ་གསང་སྔགས་བསྒྱུར་བའོ། །དེ་ཐམས་ཅད་རྒྱལ་མོ་གྲུ་དང་གཡུ་སྒྲ་སྙིང་པོས་ལེགས་པར་མཁྱེན་པ་ལགས་སྐད། དེར་དུས་ནམ་ཞིག་ན་བོད་དུ་བསྐོར་ནས་ལོག་པའི་རྩྭ་མི་ཤིང་མིའི་ཚོང་པ་མང་པོ་བྱུང་ནས་སློབ་དཔོན་བཻ་རོ་ཙ་ནས་ཚོང་པ་རྣམས་ལ་བོད་དུ་བསྐོར་བ་ཡིན་ནམ་བྱས་པས། བོད་དུ་བསྐོར་བ་ཡིན་ཟེར་བར། འོ་ན་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་སྐུ་ཁམས་བདེ་བར་འདུག་གམ། མཆོད་གནས་སུ་སུ་བཞུགས་འདུག །རྒྱལ་ཁྲིམས་མ་ཞིག་པར་འདུག་གམ་བྱས་པས། རྒྱལ་པོ་སྐུ་ཁམས་ཤིན་ཏུ་བདེ་བར་འདུག །མཆོད་གནས་སུ་པཎྜི་ཏ་བི་མ་ལ་མི་ཏྲ་བྱ་བ་བཞུགས་ནས་བསམ་ཡས་སྒོ་མོའི་ཐང་ལ་ཆོས་ཀྱི་འཁོར་ལོ་བསྐོར་གྱིན་འདུག །རྒྱལ་ཁྲིམས་མ་ཞིག་པར་ཤིན་ཏུ་བཟང་བར་འདུག་ཟེར་རོ། །དེ་ཡང་པཎྜི་ཏ་བི་མ་ལ་མི་ཏྲ་བྱ་བ་དེ་རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་ལ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གསེར་ཕྱེ་མང་པོ་སྐྱེས་སུ་བསྐུར་བས། བོད་ཀྱི་རྒྱལ་པོ་ཆོས་འདོད་པ་ཡིན་ཟེར་ནས། རྒྱ་གར་གྱི་རྒྱལ་པོས་པཎྜི་ཏ་ལྔ་བརྒྱའི་གསེབ་ནས་མཁས་པ། ཐེག་པ་ཆེན་པོའི་ཆོས་བྱེ་མའི་ལ་ཙམ་ཞིག་པ། པཎྜི་ཏ་བི་མ་ལ་མི་ཏྲ་བྱ་བ་དེ་བོད་ཀྱི་རྒྱལ་པོའི་མཆོད་གནས་སུ་བརྫངས་པ་ལགས་སྐད། དེར་སློབ་དཔོན་བཻ་རོ་ཙ་ནས་ཐུགས་ལ་ཁོང་ཐེག་པ་ཆེན་པོའི་ཆོས་འཆད་ངེས་མེད་པས་བོད་དུ་ལ་ཡོག་གཅིག་འདོར་དུ་བཏང་དགོས་སེམས་ནས། རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་ཁྱོད་བོད་དུ་སོང་ལ། ངའི་འདི་ནི་སྔགས་ཡིན་འདུག་གམ་མི་འདུག་སྟོན་པའི་ཆེད་དུ་བོད་དུ་ཁྱོད་ཀྱིས་བཀའ་སྒྲོགས་ཤིག་གསུངས་ནས། དེར་གཡུ་སྒྲ་སྙིང་པོས་བནྡེ་པ་ལ་གཅིག་ཏུ་བྱས་ཏེ། རལ་བུ་སྐྱ་བོ་ཕུ་དུང་ཅན་གཅིག་ལ་རས་མ་སེ་རུའི་ལྷན་པ་བཏབ་པ་གཅིག་གསོལ། ཞྭ་སྤྱི་རེངས་གཅིག་གི་ནང་དུ་སྔ་འགྱུར་རྣམ་པ་ལྔ་ཤོག་དྲིལ་དུ་བྱས་ནས་བཅུག །ལག་ཏུ་སྦ་དཀར་གྱི་མཁར་བ་གཅིག་ཐོགས་ནས་ཕྱིན་པས་བསམ་ཡས་སུ་དུས་ཚོད་ལ་བརྟོལ་ནས། བི་མ་ལ་མི་ཏྲ་བྱ་བ་གཙུག་ལག་ཁང་གི་ནང་ན་པྲ་ཀར་ཎ་སྡེ་བརྒྱད་བྱ་བ་འཆད་པ་ལ། སྒྲ་བརྟགས་པས་ཐེག་པ་ཆུང་དུའི་ཆོས་འཆད་ཀྱིན་འདུག་ནས། གཡུ་སྒྲས་མཇལ་བར་ཞུ་བྱ་བའི་ཕྱག་ཕྲིན་བརྫངས་པ་ལ། ཆོས་ཀྱི་ཐུན་མ་ཐོན་པའི་སྐབས་ལ་མ་བབ་པས་བག་ཙམ་ཞིག་བཞུགས་ཤིག །དེ་ནས་མཇལ་ལོ་བྱས་པས་གཡུ་སྒྲ་སྙིང་པོས་བཞུགས་སུ་མ་བཏུབ་པར་ནང་དུ་འཚངས་ཀྱིས་བྱོན་ནས་ཕྱག་མི་འཚལ་བར་འཁར་བ་ལ་ༀ་ཚུགས་སུ་བྱས་ཏེ། བི་མ་ལ་མི་ཏྲ་ལ་སྤྱན་གཟིགས་ནས་ཀ་ཀ་པ་རི་ཀ་ཀ་པ་རི་ཞེས་གསུངས་པས། བི་མ་ལ་མི་ཏྲ་དབུ་སྨད་ནས་བརྡ་ཐིམ་བརྡ་ཐིམ་ཞེས་ལན་གསུམ་གསུང་ངོ་། །དེར་གཡུ་སྒྲ་སྙིང་པོས་བཙད་པོ་ལ་སྤྱན་ཅེར་གྱིས་གཟིགས་ནས། བོད་ཀྱི་མངའ་བདག་རྒྱལ་པོའི་བཀའ་འཁོར་རྣམས། །སྐྱེ་མེད་ལྷུན་རྫོགས་མན་ངག་བརྒྱའི་སྡོང་པོ། །རྒྱ་གར་མཁས་པ་ཉི་ཤུ་རྩ་ལྔ་ཡི། །མན་ངག་བདེ་ཆེན་བཙལ་དུ་མེད་པའི་ཆོས། །ཚིག་དང་དོན་གྱི་འབྲས་བུ་འཚང་རྒྱ་བའི། །མན་ངག་སྙིང་པོ་ཚ་བའི་ཡུལ་དུ་སྤྱུགས། །ཀ་ཀ་པ་རི་ཟེར་ནས་མ་མགུ་སྟེ་སྤྱན་ལོག་པ་གཅིག་བྱས་ཏེ་ཕྱི་རོལ་དུ་བཞུད་ནས་སོང་ངོ་། །རྒྱལ་པོ་རྗེ་བློན་གྱི་སློབ་དཔོན་བི་མ་ལ་མི་ཏྲ་ལ་སྒྲ་དེ་འདྲ་བ་ཇི་སྐད་ཟེར་བ་ཡིན་ནམ་ཞེས་དྲིས་པས། བི་མ་ལ་མི་ཏྲའི་ཞལ་ནས། ཝ་དང་སྤྲེའུའི་སྐད་ཀྱིས་སེང་གེའི་སྒྲར་མི་འགྱུར། །ཕོ་རོག་རྡོ་རྗེའི་འགྲོས་ཀྱིས་ས་མི་ཆོད། །ཉན་ཐོས་བྱིས་པའི་ཆོས་ཀྱིས་སངས་མི་རྒྱ། །ཐེག་པ་ཆེན་པོའི་ཆོས་མི་འཆད་པར་ཟེར་བ་ཡིན་གསུངས། ངས་བརྡ་ཐིམ་བརྡ་ཐིམ་བྱས་པ་དེ་ཁ་རོག་སྡོད། དུས་ལ་མ་བབ་དུས་ལ་མ་བབ་བྱས་པ་ཡིན་གསུངས། གཉགས་ཛྙཱ་ན་ཀུན་མཱ་རས་ཆོས་ཐོན་པ་དང་སྤྲང་པོ་དེ་ཀུ་ཅོ་རེ་ཆེ་སློབ་དཔོན་གསུང་རེ་ཞན། ཁྱེད་གཉིས་ཀྱི་སྒྲ་དེ་ངས་མ་གོ་བས། ཁོས་ཅི་སྐད་ཟེར། སློབ་དཔོན་གྱིས་ཇི་སྐད་གསུངས་པ་ལགས་ཞུས་པས། དེ་ཡང་སྔར་བཞིན་དུ་གསུངས་སོ། །འོ་ན་ཁོས་ཤེས་པ་འདུག་གམ་བྱས་པས། ཁོས་ཤེས་པ་གཅིག་འདུག་པས་ཁྱོད་སོང་ལ་ལྟོས་ལ་ཤོག་དང་གསུངས་ནས། དེར་ཨ་ཙ་ར་ཛྙཱ་ནས་བཙལ་བས། བསམ་ཡས་ཀྱི་གླིང་བར་ན་བཙོང་མོ་གཅིག་གི་གམ་ན་ཆང་ཉོ་ཡིན་འདུག་པ་དང་འཕྲད་ནས་དེར་ཆང་མཉམ་པོར་ཉོས་ནས་ཁྱེད་ཀྱི་སློབ་དཔོན་སུ་ཡིན། ཆོས་ཅི་ཤེས་པ་ཡིན། ཁྱོད་རང་གི་མིང་ཇི་སྐད་ཟེར་བ་ཡིན་དྲིས་པས། ཁོང་གི་ཞལ་ནས་ངའི་སློབ་དཔོན་བཻ་རོ་ཙ་ན་བྱ་བ་ཡིན། བཀའ་རྫོགས་པ་ཆེན་པོའི་ཆོས་ཤེས་པ་ཡིན། མདོ་ཁམས་སྨད་ནས་འོངས་པ་ཡིན། །མིང་རྒྱལ་མོ་གཡུ་སྒྲ་སྙིང་པོ་བྱ་བ་ཡིན་གསུངས་ནས། དེར་གཉགས་ཛྙཱ་ན་ཀུ་མཱ་རས་འོ་ན་ང་ཆོས་ཤིག་ཞུ་བ་ཡིན་བྱས་པས། ཁོང་གི་ཞལ་ནས། ཡང་ན་རིག་པ་དང་རིག་པ་བརྗེ། ཡང་ན་རིག་པ་ཡོན་གྱིས་བསླུ། ཡང་ན་རིག་པ་བུ་ལ་བྱིན་བྱ་བ་ཡིན་པས། ཁྱོད་ངའི་བུ་ནི་མིན་སྦྱིན་དོན་མེད། ལོ་ཙཱ་བ་ང་མཁས་པ་ཡིན་ཏེ། ཁྱེད་མངའ་བསྐུར་བའི་ལོ་ཙཱ་བར་འདུག་པས་བར་ཞུགས་བྱར་མི་རུང་བས། སློབ་དཔོན་བི་མ་ལ་མི་ཏྲ་འདི་ཕྱི་འགྱུར་བཅུ་གསུམ་ལ་མཁས་པ་ཡིན་འདུག་པས་ཁྱོད་ཀྱི་ལོ་ཙཱ་བ་གྱིས་ལ་ང་ལ་ཤོད། ངས་སྔ་འགྱུར་རྣམ་པ་ལྔ་ཁྱོད་ལ་བཤད་ཅིང་། རིག་པ་དང་རིག་པ་བརྗེའོ། །ཡང་ན་རིག་པ་ཡོན་གྱིས་བསླུ་བྱ་བ་ཡིན་པས། ཨི་ཧ་ཧ་དང་རྡེའུ་སེར་པོ་སྤྱང་ཁུའི་རྩྭ་དང་ཆུ་ཁམས་པ་དང་བཅས་ཁྱེར་ལ་ཤོག །ངས་ཆོས་སྦྱིན་གྱི་ཟེར་ནས། དེར་རིག་པ་དང་རིག་པ་ཡང་བརྗེས་ཏེ། ཕྱི་འགྱུར་བཅུ་གསུམ་གྱི་ལོ་ཙཱ་བ་བྱས་ནས་གཡུ་སྒྲ་སྙིང་པོ་ལ་གཉགས་ཛྙཱ་ན་ཀུ་མཱ་རས་ཕར་ལ་བཤད། སྔ་འགྱུར་རྣམ་པ་ལྔ་ཨ་ཙ་ར་ཛྙཱ་ན་ལ་གཡུ་སྒྲ་སྙིང་པོས་ཚུར་ལ་བཤད། དེར་བཀའ་སེམས་སྨད་བཅོ་བརྒྱད་གཉིས་ཀས་ཤེས་པར་བྱས་སོ། །རིག་པ་ཡོན་གྱིས་ཀྱང་བསླུས་ཏེ་ཕྲ་ཡོལ་ཟུང་ཞིག་ཆང་གིས་བཀང་ནས་ཕྱག་ཏུ་ཕུལ། ན་བཟའ་ཅི་ཡོད་ཕུད་ནས་སློབ་དཔོན་གཡུ་སྒྲ་སྙིང་པོ་ལ་བསྐོན། སྲིང་མོ་ལ་ལྟོ་སྐལ་བསྐུར་ནས་ཉེ་གནས་བྱེད་པའི་ཞབས་༈ བར་འདིར་མ་ཕྱིར་ལྡེབ་གྲངས་གཅིག་ཆད་འདུག་པས་སླར་རྙེད་ན་འདིར་འཛུད་དགོས། ཐེག་པ་ཐམས་ཅད་ལམ་རྨོངས་པ་སྟོན་པའི་ཞལ་སྐྱིན་གཅིག་ཡིན་ཡང་དག །ཅེས་ཡང་དག་བཅུ་གཅིག་གི་སྒོ་ནས་བསྟོད་ཅིང་བསྒྲགས་སོ། །དེ་ནས་རྒྱལ་མོ་གཡུ་སྒྲ་སྙིང་པོས་སློབ་དཔོན་བཻ་རོ་ཙ་ན་དང་མཇལ། ཐུགས་ཀྱང་ཚིམ་པར་བྱས་ནས་གྲུབ་པ་ཐོབ་སྟེ། ཡར་སྟོད་ཚ་ལུང་ཕུག་པར་ཀླུ་དམ་ལ་བཏགས་ནས་རིགས་རྒྱུད་མ་ནོར་བ་ལ་ནད་དུ་མཛེ་མི་ཡོང་བ་ཡིན། རིགས་རྒྱུད་ནི་ཡར་སྟོད་ཀྱི་རྒྱལ་མོ་འདི་ཚོ་ཡིན་སྐད་དོ། །དེ་ནས་གཉགས་ཨ་ཙ་ར་ཛྙཱ་ན་ཡང་གྲུབ་པ་ཐོབ་པ་ཡིན་ཏེ། སྐྱམ་གྱི་ཁྱེར་ཐོག་དང་བོང་ཟན་དགོན་པར་བཞུགས་ཏེ་རིགས་རྒྱུད་ནི་ལན་གར་གྱི་གཉགས་ཚོ་དང་རྩང་ན་ཡོད་སྐད་དོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ན་དེ་གཡུ་སྒྲ་སྙིང་པོ་ཡང་མེད་དེ་ཐུགས་སྐྱོ་བར་བྱུང་ནས་རྒྱལ་མོ་ཚ་བའི་ཤོད་བྱ་བ་ནས་རྒྱལ་མོ་ཚ་བའི་རོང་ན་མར་ལ་ཉིན་ལམ་བཅུ་གསུམ་གྱི་ཐག་རིང་བའི་ས་རུ་སྐྱོ་སངས་ལ་བྱོན་པས། རྒྱལ་མོ་སྟག་རྩེ་མཁར་བྱ་བ་ན། སྤང་མི་ཕམ་མགོན་པོ་བྱ་བ་དགུང་ལོ་དགུ་བཅུ་རྩ་ལྔ་ཙམ་དུ་ལོན་པ། བོད་སྐད་བྱང་བ་དད་པ་ཆེ་བ་གཅིག་དང་མཇལ་ནས། ཁོང་ན་རེ་བོད་ན་སློབ་དཔོན་བཻ་རོ་ཙ་ན་བྱ་བ་ལ་སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་ལ་སངས་རྒྱ་བའི་ཆོས་ཡོད་ཟེར་བ་ལ། ཁྱོད་དེར་ཆོས་ཞུ་ཡིན་མི་སྡོད་པར་ཆོས་མེད་པའི་ཡུལ་འདི་ན་མར་ལ་འོང་བ་སྟངས་རེ་ཞན་ཟེར་བ་ལ། སློབ་དཔོན་གྱི་ཞལ་ནས་དེ་ལྟ་བུ་ཤེས་པའི་བཻ་རོ་ཙ་ན་བྱ་བ་དེ་ང་རང་ཡིན་ཏེ། རྒྱ་གར་གྱི་བནྡེས་ཕྲ་མ་བཅུག་པ་ལ་བོད་གླེན་པས་ཕྲ་མ་སྔ་བཙན་དུ་སོང་བས། རྒྱལ་བློན་རྣམས་ཀྱིས་ང་འདི་ན་མར་ལ་སྤྱུགས་པ་ཡིན་གསུངས་པས། སྤང་རྒན་པོ་དེ་ན་རེ། གཞོན་པའི་ཚེ་ན་ཆོས་མ་ནུས་དཀའ་སླ་ནི་ཤོར། འཁོར་ནི་སྡང་། ཆོས་ནི་མེད། སྡུག་ལ་ཚེ་རིང་བ་འདིས་ཅི་བྱེད་ཤི་ན་རུང་ཤི་ན་རུང་སེམས་ཙ་ན། སློབ་དཔོན་དང་མཇལ་བ་མ་ཤི་བས་འཚེངས་ཟེར་ནས། སློབ་དཔོན་གྱི་མགུལ་ནས་འཁྱུད་ནས་ཉིན་ཞག་ཕྲུག་གཅིག་ཏུ་མ་བཏང་བར་ཁྱེད་ཀྱིས་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་བྱས་པས། སློབ་དཔོན་བཻ་རོ་ཙ་ནས་ཕྱག་སྤྱི་བོར་བཞག་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཆོས་མེད་པའི་ཡུལ་དུ་གྲུབ་མཐས་བློ་མ་བསྒྱུར་བ་འབྱུང་བ་རྒུད་པས་ཤེས་པ་ཉམས་པའི་མི་ནག་རྒད་པོ་ལས་སྒྲིབ་ཡོད་པས་རྒྱུད་ལ་སྐྱེར་མ་བཏུབ་སྟེ། སྐྱབས་འགྲོ་ཁྱད་པར་ཅན་ལ་བརྟེན་ནས་སེམས་བསྐྱེད་དབང་བསྐུར་བྱིན་རླབས་མཛད་ནས། སྨྲར་བཏུབ་ཚད་ཚིག་ཏུ་བཤད། སྨྲར་མ་བཏུབ་པ་བརྡས་བསྟན། བརྡས་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས་ནས་ཡང་དག་ཐུགས་ཀྱི་སྒྲུབ་པ་ལ་བརྟེན་ནས། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱིས་སེམས་ཉིད་དངོས་པོའི་གནས་ལུགས་དེ་ཇི་བཞིན་པར་རྟོགས་ཀྱང་དོན་མངོན་དུ་མ་གྱུར་གྱི་བར་དུ་རྒྱུད་ལ་གོམས་པར་བྱེད་པ་ལ་རྒས་པས་ལུས་ཚུགས་མ་ཐུབ་སྟེ་པུས་འཁྱུད་ཟེར་ཏེ་སྒོམ་ཐག་གིས་བཅིངས། བཅིངས་ཀྱང་འགྱེལ་འགྲོ་བས་སྒོམ་རྟེན་བཙུག །དོན་ཆོས་ཉིད་ཀྱི་ངང་ངམ་ཚུལ་དེ་ལས་མི་འདའ་བར་ཡིད་ཆེས་པར་བྱ་བའི་ཆེད་དུ་ཚུལ་ཤིང་གཏད་ནས་དབང་བཞི་རྫོགས་པར་བསྐུར་ནས། དེར་མི་ཕམ་མགོན་པོའི་ཐུགས་ལ་སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་སྐྱེ་བ་མེད་པའི་དོན་ནམ་མཁའ་ལྟ་བུར་ཐུགས་སུ་ཆུད་ནས་འདུག་པས། སློབ་དཔོན་བཻ་རོ་ཙ་ན་དེ་ལ་མཉེས་ནས། ག་རེ་རྒྱལ་པོ་ལ་ངས་ལན་གཅིག་འོང་བར་ཁས་བླངས་པ་ཡིན་པས། ད་ཡང་བོད་དུ་འགྲོ་དགོས་སེམས་ནས། མི་ཕམ་མགོན་པོའི་དྲུང་དུ་ཕྱག་རྒྱ་མཐོ་དོ་བ་མཛད་ནས་འདི་སྐད་དུ་བརྗོད་པའོ། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བླངས་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་ནས་ཚ་བའི་རོང་དུ་མཆིས། །ཆོས་རྒྱུད་སྡེ་དང་ཀློང་སྡེ་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེད་མེད་ནམ་མཁའི་མཐའ་བཞིན་རྒྱས། །རི་མཐོ་ས་གཙང་བོད་ཡུལ་དབུས། །ཐ་མ་གངས་ཀྱིས་བསྐོར་བས་གཅན་གཟན་དུག་སྦྲུལ་མེད། །དགོས་དགུ་ས་ལ་འབྱུང་བས་བོད་ཡུལ་དབུས་དེ་བཟང་། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་བོད་སྨིན་པས། །བདག་ཉིད་སླར་ལ་བོད་དུ་མཆིས། །གསུངས་ནས་སྤང་མི་ཕམ་མགོན་པོའི་སོག་པའི་ཁར་ཐལ་ལྕག་གཅིག་རྒྱབ་པས། ཁྱོད་ཀྱི་མི་ཕམ་གྱིས་སངས་རྒྱས་པ་རང་ཡིན་ཅིང་། འགྲོ་བའི་མགོན་གྱིས་གསུངས་ནས་གཤེགས་ཏེ། ཚ་བ་རོང་ནས་ཚ་བ་ཐོན་ནས་བྱོན་པས་བསམ་ཡས་སུ་གྲོ་ཁར་བརྟོལ་ལོ། །དེ་ནས་བསམ་ཡས་སྒོ་མོའི་ཐང་ནས་ཡར་ལ་སྒྲ་རིགས་མི་འདྲ་བ་མང་པོ་བསྒྱུར་གྱིན་གླག་ཅོར་གླག་ཅོར་བྱོན་ཙ་ན། སློབ་དཔོན་རང་གི་ཡུམ་དེ་དང་མཇལ་བ་ལ་མོས་ངོ་ཤེས་པས། དེར་དྲི་མོལ་བྱས་ན་ཡང་མི་གཞན་གྱིས་གོ་ན་གཞན་གྱིས་གཏམ་ངན་པ་སྒྲོགས་ཀྱི་དོགས་ནས། སློབ་དཔོན་གྱིས་ཕྱག་གིས་བརྡ་བྱས་པ་ལ་མོས་ཀྱང་གསོངས་ཤིག་བྱ་བར་གོ་ནས། ངོ་མི་ཤེས་པའི་བརྫུ་བཏབ་སྟེ། ཁྱེད་གང་ནས་འོངས། ཅི་སྐད་བྱ་བ་ཡིན་བྱས་པས། སློབ་དཔོན་གྱིས་མདོ་ཁམས་སྨད་ནས་འོངས་པ་ཡིན། མིང་བན་ཆུང་ཡེ་ཤེས་སྡེ་བྱ་བ་ཡིན་གསུངས་སོ། །དེར་ཡབ་དང་མངའ་བདག་རྒྱལ་པོ་དང་པཎྜི་ཏ་བི་མ་ལ་མི་ཏྲ་དང་ཀུན་གྱིས་ངོ་ཤེས་པར་བྱུང་བ་ལ་གསོངས་ཤིག་བྱ་བའི་ཕྱག་བརྡ་རེ་རེ་མཛད་ནས། འོ་ན་ཁྱོད་གང་ནས་འོངས། མིང་ཅི་སྐད་ཡིན། སྒྲ་དོན་བསྒྱུར་བའི་ལོ་ཙཱ་བ་ཤེས་སམ་བྱས་པས། ཁོང་གི་ཞལ་ནས་མདོ་ཁམས་ཀྱི་སྨད་ནས་འོངས་པ་ཡིན། མིང་བན་ཆུང་ཡེ་ཤེས་སྡེ་བྱ་བ་ཡིན། སྒྲ་དང་དོན་བསྒྱུར་བའི་ལོ་ཙཱ་བ་ང་མཁས་པ་ཡིན་གསུངས་ནས། དུས་དེ་ཙ་ན་བསམ་ཡས་ན་རྒྱ་གར་གྱི་པཎྜི་ཏ་པདྨ་སཾ་བྷ་ཝ་དང་། བོ་དྷི་སཏྭ་དང་། བི་མ་ལ་མི་ཏྲ་ལ་སོགས་པ་བཞུགས་སོ། །སྒྲ་བསྒྱུར་བའི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་ནོ། །ཡི་གེ་བསྒྱུར་བའི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊ་མི་ཆུང་དང་། ལ་གསུམ་རྒྱལ་བའི་བྱང་ཆུབ་བོ། །དེའུ་དུས་དེའི་ཚེ་སྒྲ་དང་དོན་བསྒྱུར་བ་ལ་ལོ་ཙཱ་བ་མཁས་པ་གཅིག་ནི་བན་ཆུང་བཻ་རོ་ཙ་ནས་མཛད་དོ། །དེ་ཡང་མཚན་བན་ཆུང་ཡེ་ཤེས་སྡེ་ཞེས་བྱ་བར་གྲགས་སོ། །མདོ་རྒྱུད་ཀུན་ན་བན་ཆུང་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་བྱ་བར་གསུངས་ནས་ཡོད་དོ། །དུས་དེ་ཙ་ན་བཻ་རོ་ཙ་ནའི་ཡུམ་བསྒྲེས་པར་འདུག་པས་ཚེ་ལ་ལོང་མི་འདུག་པས་སྔོན་ལ་ཡུམ་ལ་བསྙེན་གནས་ཀྱི་སྡོམ་པ་ཕོག །དེ་ནས་དགེ་བསྙེན་དང་། དགེ་ཚུལ་དང་། བར་སློབ་མའི་སྡོམ་པ་དང་། དགེ་སློང་མའི་སྡོམ་པ་རྣམས་རིམ་གྱིས་ཞག་བདུན་བདུན་བར་དུ་བཅུག་ནས་ཡུམ་རབ་ཏུ་བྱུང་སྟེ་དགེ་སློང་མ་བྱས་ནས་དཔལ་ཕུག་པོ་ཆེར་བཞུགས་སུ་བཅུག་གོ། །ཕུག་པོ་ཆེར་གྲོངས་ནས་པུར་བསམ་ཡས་ཧས་པོ་རི་ལ་སྦྱངས་ཏེ་ཡུམ་གྱི་སྐུ་ཚབ་ཏུ་ཧས་པོའི་རིའི་རྩེ་ལ་མཆོད་རྟེན་གཅིག་བཞེངས་པས། ད་ལྟ་བཻ་རོ་ཙ་ནའི་མཆོད་རྟེན་ཟེར་བ་དེ་ཡིན་ནོ། །སློབ་དཔོན་བཻ་རོ་ཙ་ནའི་ཡབ་ཀྱི་ཞལ་ནས། གཞོན་པའི་ལུས་དང་དར་མའི་མདངས། །ན་སོ་རྒས་པས་གནས་སྐབས་འགྱུར། །མི་སྡུག་སྐྲ་དཀར་གཉེར་མས་གོས། །ལང་ཚོ་ཡོལ་ནས་འཆི་ལ་ཉེ། །དགོས་པའི་དུས་སུ་དམ་ཆོས་མེད། །འཁོར་བར་འཁྱམས་པ་འདི་རུ་མི་དགའ་ན། །བྱས་ནས་བུ་ལ་གྱོད་བརྡུངས་པས། ཡབ་དང་རྒྱལ་པོ་གཉིས་ལ་རྒྱལ་བློན་གྱི་སྙིང་གཏམ་ཚིག་གཅིག་བྱ་བ་གཅིག་བཏབ་པས། དེར་ཡབ་ཁོ་ཐག་ཆོད་ཐུགས་ཚིམ་ནས་ཡབ་འཆི་ཁར་འཚེར་མེད་དུ་གྲོལ་ནས་བདེ་བར་གཤེགས་ཏེ་བུས་ལན་ལོན་ཅིང་ཡབ་མཉེས་པ་ལགས་སྐད། དེར་སློབ་དཔོན་བཻ་རོ་ཙ་ནས་ཆོས་ཐམས་ཅད་དར་བར་མཛད། །ཁྱད་པར་དུའང་མན་ངག་གི་ཆོས་ཟབ་མོ་རྣམས་དར་བར་མཛད་ནས་བོད་ལ་ཕན་ཐོགས་པར་མཛད། ཡབ་ཡུམ་ཀྱང་བདེ་བའི་གནས་སུ་གཤེགས། མངའ་བདག་རྒྱལ་པོ་ཐུགས་ཀྱང་ཚིམ་ནས་སྒྲགས་ཀྱི་ཡང་རྫོང་ལ་གཤེགས་ནས་ཕྱག་རྒྱ་མཐོ་དོ་བ་ཞིག་མཛད་ནས་ཚིགས་བཅད་འདི་སྐད་གསུངས་ཏེ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབས་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །ཆོས་རྒྱུད་སྡེ་དང་ཀློང་སྡེ་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུའི་གང་ཟག་གིས། །སྒྱུ་མ་ལྟ་བུར་མངོན་སྤྱད་ནས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཀྱིས། །ནམ་མཁའ་ལྟ་བུར་མངོན་སྤྱད་ནས། །ནམ་མཁའ་ལྟ་བུར་མངོན་སངས་རྒྱས། །རྣལ་འབྱོར་ཉི་མའི་སྙིང་པོ་འདྲ། །ཨ་ཧ་ཧོའི་གཉིས་སུ་མེད་པའི་དོན་ལ་གསལ་འགྲིབ་མེད་གསུངས་ནས་གླལ་དང་བྱ་རྨྱང་དལ་གྱིས་བྱས་ནས་ནམ་མཁའི་དབྱིངས་སུ་འཇའི་སྣ་བསྡུས་པ་བཞིན་དུ་འོད་དུ་འུབས་ཀྱིས་ཕུང་པོ་ལྷག་མེད་དུ་གཤེགས་སོ། །དེ་ནས། ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བའི་ཚིགས་བཅད་དེ་ངན་ལམ་བྱང་ཆུབ་རྒྱལ་མཚན་གྱི་སྙན་དུ་གསན་ནས། ངན་ལམ་བྱང་ཆུབ་རྒྱལ་མཚན་ཞེས་བྱ་བ་དབུ་རུ་ངན་ལམ་རལ་གསུམ་པ་ཡིན་ཏེ་དགེ་སློང་དགུང་ལོ་དྲུག་ཅུ་རྩ་བདུན་ལོན་པ་གཅིག་གིས་རྒྱལ་མོ་སྟག་རྩེ་མཁར་དུ་སྤང་མི་ཕམ་མགོན་པོའི་དྲུང་དུ་ཕྱིན་ནས། སློབ་དཔོན་བཻ་རོ་ཙ་ནའི་ཡང་དག་པའི་དོན་དེ་ཁྱོད་ལ་ཡོད་མཆི་བས། འོ་སྐོལ་ལ་ཐུགས་ལ་གདགས་པར་ཞུ་བྱས་པས། དེར་ཁོང་གིས་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །དེ་ནས་བླ་མའི་ཞལ་ནས། ཁྱོད་ཡུལ་དུ་མ་འགྲོ་བར་མདོ་ཁམས་ཀྱི་སྨད་ན་ཝ་སེང་གེ་བྲག་བྱ་བ་གཅིག་ཡོད་ཅིང་། དེར་སྒོམ་དུ་སོང་ཞིག་གསུངས་ནས། ཁམས་ཀྱི་ཝ་སེང་གེ་བྲག་ཏུ་བྱོན་ནོ། །དེ་ནས་ཟ་ངམ་རིན་ཆེན་དབྱིག་བྱ་བ་མདོ་ཁམས་སྟོད་པ་གཅིག་གིས་ཁམས་ཀྱི་ཝ་སེང་གེ་བྲག་ཏུ་བྱོན་ནས་ངན་ལམ་བྱང་ཆུབ་རྒྱལ་མཚན་ལ་གདམས་ངག་ཞུས་པས། ངན་ལམ་བྱང་ཆུབ་རྒྱལ་མཚན་གྱིས་ཟ་ངམ་རིན་ཆེན་དབྱིག་ལ་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་ནས་ཝ་སེང་གེ་བྲག་ཏུ་བླ་མའི་རྩར་བཞུགས་སོ། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བ་དེ་ཡར་ཀླུངས་ཀྱི་ཁུ་འགྱུར་གསལ་བ་མཆོག་གི་སྙན་དུ་གསན་ནས། དགེ་སློང་དགུང་ལོ་ལྔ་བཅུ་རྩ་བདུན་ལོན་པ་གཅིག་གིས་རྒྱལ་མོ་སྟག་རྩེ་མཁར་བྱོན་ནས། སྤང་མི་ཕམ་མགོན་པོ་ལ་ཞུས་པས། ངའི་གདམས་ངག་འདི་གཅིག་བརྒྱུད་དུ་ཡོད་པས་ངས་བསྟན་དུ་མི་རུང་བས་ཁམས་ཀྱི་ཝ་སེང་གེ་བྲག་ན་ངན་ལམ་བྱང་ཆུབ་རྒྱལ་མཚན་བྱ་བ་ངའི་སློབ་མ་གཅིག་ཡོད་ཀྱི། དེ་ལ་ཞུས་ཤིག་བྱས་ནས་ལུང་བསྟན་པས། ཁུ་འགྱུར་གྱིས་དེར་བྱོན་ནས་གདམས་ངག་ཞུས་པས། ངན་ལམ་གྱི་ཞལ་ནས་འདི་གཅིག་བརྒྱུད་ཀྱི་གདམས་ངག་ཡིན་པས་ངས་བསྟན་དུ་མི་རུང་བས། ཁྱོད་རང་ངའི་སློབ་མ་ཟ་ངམ་རིན་ཆེན་དབྱིག་བྱ་བ་ང་རང་གི་རྩ་ན་ཡོད་པ་འདི་ལ་ཞུས་གསུངས་ནས། དེར་ཟ་ངམ་རིན་ཆེན་དབྱིག་ལ་ཞུས་པས་ཁོང་གིས་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །དེ་ནས་ཁུ་འགྱུར་གསལ་བའི་མཆོག་དེ་ཡང་ཝ་སེང་གེའི་བྲག་དེ་རང་དུ་བཞུགས་ཏེ། ཡར་ལ་མ་བྱོན་ནོ། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བའི་ཚིག་དེ་གཙང་གི་ཉང་གཡུ་འབྲུག་སྟོང་པ་ཉང་བྱང་ཆུབ་གྲགས་པ་བྱ་བའི་སྙན་དུ་གསན་ནས། ཉང་བྱང་ཆུབ་གྲགས་པ་དགེ་སློང་ལོ་ཉི་ཤུ་རྩ་གཉིས་བཞི་བཅུ་ཡང་སྣང་ལོན་པ་གཅིག་གིས་མི་ཕམ་མགོན་པོའི་སྤྱན་སྔར་བྱོན་ནས། གདམས་ངག་དེ་ཞུ་བྱས་པས་མ་གནང་བར་ཁྱོད་རང་ཁམས་ཀྱི་ཝ་སེང་གེ་བྲག་ཏུ་ཞུས་དང་གསུངས་ནས། དེར་ཁམས་སུ་བྱོན་ནས་ངན་ལམ་ལ་ཞུས་པས་ཟ་ངམ་ལ་ཞུས་ཟེར། ཟ་ངམ་ལ་ཞུས་པས་ཁུ་འགྱུར་མཆོག་ལ་ཞུས་ཟེར་ནས་དེར་ཁུ་འགྱུར་གསལ་བའི་མཆོག་ལ་ཞུས་པས། བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །དེ་ནས་ཉང་བྱང་ཆུབ་གྲགས་པ་ཁམས་སུ་མ་བཞུགས་པར་བོད་དུ་བྱོན་ཏེ་བསམ་ཡས་མཆིམས་ཕུ་ན་བཞུགས་ནས་ཡོད་ཙ་ན། དབུ་རུ་ཞྭའི་ཉང་ཤེས་རབ་འབྱུང་གནས་བྱ་བ་དགེ་སློང་བསྒྲེས་པོ་གཅིག་བཞུགས་ནས་འདུག་པ་དེ་ན་རེ། བསྙེན་པར་ང་རྫོགས། ན་སོང་རྒན་ཀྱང་གདམས་ངག་ཁྱེད་ཆེ་བར་འདུག་པས། ངའི་སློབ་དཔོན་ཁྱེད་ལ་ཞུ་གསུངས་ནས། དེར་ཉང་ཤེས་རབ་འབྱུང་གནས་ལ་ཉང་བྱང་ཆུབ་གྲགས་པ་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དེ། ཉང་ཤེས་རབ་འབྱུང་གནས་དེས་རེས་བསམ་ཡས་མཆིམས་ཕུར་བཞུགས། རེས་སྒྲགས་ཀྱི་ཡང་རྫོང་དང་ངམ་ཤོད་ཕུག་པོ་ཆེར་བཞུགས་པ་ལགས་སྐད། མཇུག་ཏུ་ཕུག་པོ་ཆེ་ན་ཕུག་ཆུང་ཟུར་རི་བྱ་བའི་དགོན་པ་གཅིག་ཡོད་པས་དེ་ན་བཞུགས་ནས་ཡོད་ཙ་ན། སློབ་དཔོན་རྦ་སྒོམ་དེ་ལོ་མོའི་རྦ་ཡིན་ཏེ་མཐའ་བཞི་རྒྱ་ཚོའི་ཇོ་བོ་ཡིན་པས། ཡུམ་ན་རེ། ངེད་ཀྱི་ཡུལ་ན་འཁྲུགས་པ་ཆེ་བས་བུ་འདི་སྲིང་མོ་དྲུག་གི་མིང་པོ་གཅིག་པུ་ཡིན་པས། སློབ་དཔོན་མྱང་ཤེས་རབ་འབྱུང་གནས་ལ་འཆོལ། མ་ཤི་བས་ཆོག་ཟེར་ནས་རྦ་སྒོམ་ལོ་བཅུ་དྲུག་ཙམ་ལོན་པ་གཅིག་བྱོལ་ནས་ལག་བདེ་དང་སློབ་གཉེར་བྱེད་སྲུང་སྐྱོབ་ཞུས་ནས་ཉང་ཤེས་རབ་འབྱུང་གནས་ལ་བཅོལ་ལོ། །ཉང་བྱང་ཆུབ་གྲགས་པ་རྒྱམ་ཉེ་ཁ་ན་ཕུང་པོ་རི་བོ་ཆེ་ཟེར་བའི་སྒྲུབ་གནས་བརྒྱ་རྩ་བརྒྱད་ཆུ་མིག་བརྒྱ་རྩ་བརྒྱད་ཡོད། སྤྱི་བོ་ན་ཤུག་པ་ཕུང་པོ་གཅིག་ཡོད་ཟེར་བ་གཅིག་ཏུ་གཤེགས། རེས་འགའ་སྒྲགས་ཀྱི་ཡང་རྫོང་ངམ་མཆིམས་ཕུའམ་ཕུག་པོ་ཆེར་ཡར་བྱོན་འོང་བ་ཡིན་སྐད། ཉང་ཤ་བ་ཅན་ཀྱང་ཟེར་ཏེ་ཤ་བ་གསོན་པོ་གཅིག་ཁྲིད་ཀྱིན་འོང་སྐད། ཕུག་པོ་ཆེར་ཕྱི་དག་མ་ལ་བྱོན་པ་གཅིག་ལ་ཉང་བྱང་ཆུབ་གྲགས་པའི་ཞལ་ནས་ཁྱེད་ཕ་སྤད་གཉིས་ལ་དེ་བས་ལྟད་མོ་གཅིག་སྟོན་གྱི། ང་ལ་ལྟོས་ཤིག་གསུངས་ནས། སློབ་དཔོན་ཤེས་རབ་འབྱུང་གནས་དང་རྦ་སྒོམ་གཉིས་ཀྱིས་གཡས་དང་གཡོན་ནས་བལྟས་པས། ཁོང་དབུས་ན་བཞུགས་ནས་ཡོད་པ་དེ་མི་སྣང་བར་སོང་། དེ་ནས་རླུང་འཚུབས་ཁྲུ་གང་བ་གཅིག་ཏུ་སོང་ནས་ཕར་བསྐྱིལ་ཚུར་བསྐྱིལ་བྱས་ནས་དེ་ཡང་མེར་སོང་། ཆུ་གཏོར་བཏང་བའི་སྣོད་མཁར་གཞོང་གཅིག་ཡོད་པས་དེའི་ནང་དུ་ཆུར་ལྟེམ་གྱིས་སོང་ངོ་། །དེ་ཡང་གཞུག་ཏུས་འཚུབས་སུ་འོང་རིང་ལ་མདུན་ན་སློབ་དཔོན་ཀྲོང་གིས་བྱུང་ནས། འབྱུང་བའི་སྙིགས་མ་དྭངས། དྭངས་མ་ལ་ཡལ་བའི་བར་དུ་དེ་ལྟར་འོང་བ་ཡིན། བག་ཆགས་ཀྱི་བློ་སྣང་ཟད། འབྱུང་བའི་ལུས་དང་མ་བྲལ་བའི་དུས་སུ་ཟད་པར་གྱི་སྐྱེ་མཆེད་བྱ་བ་དེ་ལྟར་འོང་བ་ཡིན་ནོ། །ཤེས་རབ་ལ་སྒོམ་རྒྱུ་མེད་པའི་དོན་མཐོང་ཀྱང་བརྡ་ལ་ཡེངས་པ་མེད་པར་བསྐྱངས་ན་དེ་ལྟར་རང་དབང་ཐོབ་པ་ལ་ཚེགས་མེད། མ་ཡེངས་པ་སྐྱོང་བ་གལ་ཆེ་བ་ཡིན་ནོ་གསུངས་སྐད། དེ་ནས་གཙང་དུ་གཤེགས་ནས་སོང་ངོ་། །དེ་ནས་དུས་ནམ་ཞིག་གི་ཚེ། སློབ་དཔོན་རྦ་སྒོམ་གྱིས་བལ་བུའི་ནགས་ལ་ཤིང་བསྒྲུབ་ཏུ་ཕྱིན་པས་རྦ་སྒོམ་གྱིས་ཁོ་རང་གི་འཇག་སྤྱིལ་མེ་དམར་རིང་དེར་འདུག་པ་མཐོང་ནས། སློབ་དཔོན་རང་ཐང་མེ་མི་འབུད་པ་ལ་དེ་རིང་གི་དེ་འདྲ་ཅི་ཙུག་ཡིན་ནམ་སེམས་ནས་ཤིང་འཐུ་འཕྲོ་བཅད་ནས་བལྟར་ཕྱིན་ཙ་ན་ཅི་ཡང་མ་བྱས་པར་འདུག་ནས། སྤྱིལ་པོ་ལ་མེར་མཐོང་བ་དེ་འདྲ་བ་ཅི་ཙུག་ཡིན་ནམ་བྱས་ནས། འོ་དེ་ངས་མེར་སྒོམ་པ་ཡིན། སློབ་དཔོན་བྱང་ཆུབ་གྲགས་པའི་དེ་མ་དྲན་ནམ་གསུངས་སྐད། དེ་ནས་ནང་མ་གཅིག་སློབ་དཔོན་གྱི་བཞུགས་ས་ན་ཆུ་གཅིག་ལྟེམ་མེར་གདའ་སྐད། དེར་རྒབ་རྡུལ་སོང་བ་སེམས་བྱེད་པ་གཅིག་བྱུང་ནས་ནངས་པར་སློབ་དཔོན་གྱི་སྤྱན་ཡ་གཅིག་ཟིམ་མེ་གདའ་སྐད། སྤྱན་ཅི་ཉེས་བྱས་པས་ངའི་མལ་ན་ཆུ་གཅིག་འདུག་པ་མ་དྲན་ནམ་གསུངས་སྐད། ཆུ་གཅིག་འདུག་པ་ལ་ཅི་བྱེད་པ་ཡིན་ནམ་སེམས་ནས་རྒབ་རྡུལ་གཅིག་ཀྱང་སོང་བྱས་པས། ད་འདུག་ན་རྡུལ་དེ་བསལ་གཅིག་གསུང་ནས་ས་རྡུལ་འདུག་པ་བསལ་ཙ་ན་སློབ་དཔོན་གྱི་སྤྱན་གཡས་པ་ཚགས་པ་ཧུར་རེ་ལ་སོས་ནས་གདའ་སྐད། དེར་དང་པོ་ཆུར་སྒོམ་ཤེས་པ་ལ་རྡུལ་དེ་འདོན་ཤེས་སུ་གཤའ་བྱས་པས། ཆུར་སྒོམ་པ་གཅིག་དང་རྡུལ་སེལ་བ་གཅིག་གཉིས་སུ་མི་འོང་གསུངས་སྐད། དེ་ནས་ནང་མ་གཅིག་ན་ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས་ནས། དུས་ནམ་ཞིག་སློབ་དཔོན་རི་ལ་སྐྱོ་སངས་ལ་སོང་བ་མ་བྱོན་ནས། སང་དགོང་བྱོན་དུ་རེ་བ་ཡང་མ་བྱོན། དེ་ཅི་ཙུག་ཡིན་སྙམ་ནས་བསམ་པ་ལ། ང་མི་འདུག་ན་ལྷ་རིའི་རྩེ་མོ་ལ་ལྟོས་ཤིག་གསུངས་པ་དེ་དྲན་ནས། ནངས་པར་བལྟར་ཕྱིན་ཙ་ན། སློབ་དཔོན་ཕུང་པོ་ལྷག་མེད་དུ་གཤེགས་ནས་ན་བཟའ་དང་ཆོས་གོས་དང་གསག་ཀ་ལི་ཁྲུ་ག ང་བ་གཅིག་ལ་ས་ག་རམ་གྱི་ཐུར་མ་ལ་དངུལ་གྱི་སེང་ཆུང་བཏང་བ་གཅིག་དང་དབུ་ཞྭ་ཏྲོ་པི་གཅིག་དང་བོ་དྷི་ཙེའི་ཕྲེང་བ་གཅིག་དེ་རྣམས་ལྷ་རིའི་རྩེ་མོའི་ཤུག་པ་རྐང་གཅིག་གི་ཡལ་ག་ལ་གཟར་ནས། སློབ་དཔོན་མི་བཞུགས་པར་ལྷག་མེད་དུ་གཤེགས་ནས་མི་གདའ་སྐད་དོ། །སློབ་དཔོན་རྦ་སྒོམ་ཡེ་ཤེས་བྱང་ཆུབ་ཀྱིས་དགུང་ལོ་ཉི་ཤུ་རྩ་བཞི་ལོན་ཙ་ན་སློབ་དཔོན་ཤེས་རབ་ཡེ་ཤེས་ཀྱིས་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་པ་ལགས་སྐད། སློབ་དཔོན་རྦ་སྒོམ་དེ་རྟེན་ཡང་དགེ་བསྙེན་སྔགས་པར་བཞུགས། བཞུགས་གནས་ཀྱང་ཕུག་ཆུང་ཟུར་རི་ན་བཞུགས་ནས་ཉེ་གནས་བཙུན་ཆུང་གཅིག་གིས་བྱེད་ཀྱིན་ཡོད་པའི་དུས་དེ་ཙ་ན་སློབ་དཔོན་འཛེང་ཆེན་པོས་དེ་དང་མཇལ་བ་ཡིན་སྐད། སློབ་དཔོན་གྱི་ཡབ་འཛེང་བདག་བཀྲ་ཤིས་གཡུང་དྲུང་བྱ་བ་ཚེ་སྨད་ལ་རབ་ཏུ་བྱུང་བ་ཚུལ་ཁྲིམས་རྒྱལ་མཚན་བྱ་བ་དགུང་ལོ་དྲུག་ཅུ་རྩ་བདུན་ལ་ཕུར་པ་མན་ངག་ཨུར་ནན་གྱི་ལུགས་གྲུབ་པ་ཐོབ་པས། རྡོ་རྗེ་གཞོན་ནུའི་ཞལ་གཟིགས་པ། བརྒྱད་ཅུ་གྱ་ལྔ་ལ་འདས་ནས་པུར་སྦྱངས་པས་རྡོ་རྗེ་གཞོན་ནུའི་སྐུ་གཅིག་བྱོན། རིང་བསྲེལ་མང་པོ་བྱོན་པ་ལ་ཀྱི་ཁུང་གི་སྤྱིལ་པོའི་ནང་ན་བཞུགས་ནས་ཡོད་སྐད། སློབ་དཔོན་གྱི་ཡུམ་མཚར་དགུ་བཟའ་སྐྱིད་དེ་མཚོ་ཡར་ལུང་གི་ཐང་ཆུང་ན་ཇོ་མོ་བྱས་ནས་ཡོད་པ་ཐང་ཆུང་བཙད་པོའི་བུ་ཆེ་བ་སློབ་དཔོན་གྱི་ཡབ་ཀྱིས་ཕབ་ནས་སློབ་དཔོན་སྐུ་འཁྲུངས་པ་ཡིན་སྐད། སློབ་དཔོན་གྱི་ཞལ་ནས་ང་ལ་མིག་གི་ཀ་བ་ཡོད་པས་ཡར་ལུང་ནུབ་ཕྱོགས་ན་ཡར་ལ་ཕྱིན་པས། ཐང་ཆུང་བཙད་པོ་བྱུང་ཟེར་བ་ཡང་བྱུང་གསུང་། ད་ལྟ་ཟིམ་ཤི་འཛིང་ཨ་ཇོ་རྒྱུད་བྱ་བ་ཡིན་གསུང་། ལོ་བརྒྱད་ཀྱི་བར་དུ་མཚར་དགུའི་ཀླུངས་སུ་ཞང་པོའི་གན་དུ་བསྡད། དེ་ནས་གུང་པོ་དབེན་ཚར་བསྡད། དེ་ནས་ཀྱི་ཁུང་དུ་ལོ་ལྔ་ཙམ་བསྡད། དེ་ནས་ལོ་བཅུ་བདུན་ལོན་ཙ་ན། ཞང་པོ་གཤེན་ཚ་དར་མ་འོད་ཀྱི་སློབ་དཔོན་རྩང་པ་རལ་གཅིག་མོའི་གཡོག་པོ་རྡོ་རྗེ་སྙིང་པོ། བྱོ་ཤྭ་རེ་གཉགས་དགེ་བ་འབར་དང་། ཚོས་དོལ་གྱི་གདུང་སྣ་རུ་ཚོང་ལ་ཕྱིན་ཙ་ན། དོལ་གྱི་འཚེར་ཆུང་བྱ་བ་ན་མི་མང་པོ་སྤུང་ངེ་འདུག །དེར་བལྟར་ཕྱིན་པས་དམ་པ་རྒྱ་གར་དང་མཇལ། ཟླ་བ་རིལ་པོ་བཅུ་བཞི་ཕྱག་ཕྱིར་འབྲངས། དམ་པས་ང་ལ་ལྭ་བའི་སྣམ་བུ་གཅིག་བསྐོན། གཙང་གི་གནས་གཞི་ཟངས་ཅན་དུ་བརྟོལ་ཙ་ན། ཁོང་དང་ཐུང་འདུག་ཁྱོད་རང་ཡུལ་དུ་ལོག །ཤར་ཕྱོགས་དྭགས་པོ་ནས་ཁམ་བུ་ཁྱེར་ལ་ཤོག་གསུངས། དོལ་དུ་འགྲོ་བའི་ཟླ་བོ་འདུག་གོ་གསུངས་ནས་ཕྱིན་ཙ་ན། དམ་པ་ཕྱི་ན་ཚུར་ལ་བྲེངས་ཀྱིས་བྱོན་ནས་སྐལ་ལྡན་བུ་གཉིས་ལ་ཕྱག་གིས་འཇུས་ནས། ཅི་ཡང་མ་ཡིན་གནས་འགྱུར་བ། །གནས་གྱུར་བ་ལ་གཉིས་འཛིན་མེད། །གསུངས་ནས་མགོ་ཐུག་ལན་གཉིས་རྒྱབ། ཁ་ན་ཚུར་ལ་ཆུ་འདུར་ལ་སེམས་ཅི་ཡང་མ་དྲན་པ་ཤེས་པ་སལ་ལེ་བ་གཅིག་བྱུང་། དེ་དམ་པས་བྱིན་གྱིས་བརླབས་པས་སྒྲིབ་པ་དག །རྡོ་རྗེ་ཟམ་པའི་རྡོ་རྗེའི་ཚིག་དང་མཐུན། ངོ་སྤྲོད་རྒྱུད་ལ་སྐྱེས། ཆོས་འདི་དང་མཇལ་བར་ལུང་བསྟན་པ་ཡིན་འདུག་པ་ལ། ད་གདོད་ལས་མ་གོ་གསུངས། དམ་པ་དེ་བརྡ་ཆོས་ལས་ཚིག་མང་པོ་དང་ལོང་གཏམ་ལར་མི་གསུང་བ་གཅིག་འདུག །ད་ལྟ་ཞི་བྱེད་པ་ལ་ཚིག་མང་པོ་འདུག་སྟེ་དམ་པས་དེ་ཙམ་གསུང་མི་སྲིད་པ་གཅིག་ཡོད། དུས་ཚོད་ལ་ཆོས་ཐམས་ཅད་མང་ནས་ལད་འགྲོ་བ་ཡིན། རྡོ་རྗེ་ཟམ་པ་འདི་རང་ཡང་ཅིར་ནན་ལད་པའི་དུས་གཅིག་འོང་བས། དེ་ཙ་ན་བཤད་པ་འཕྲོ་ཆོད་ལ་བརྡ་བཞི་ལ་སྒོམ་ཁྲིད་དུ་སྐྱོངས་ཤིག །དང་པོ་མ་བཤད་ན་གདམས་ངག་ཟབ་མོ་ཡོད་པའི་ཁུངས་མི་ཕྱིན། བར་དུ་སྒོམ་ཁྲིད་མ་བྱས་ན་དད་པ་ཅན་བསྲངས་སུ་མི་ཚུད། ཐ་མ་གྲུབ་རྟགས་གཅིག་མ་ཐོན་ན་ཕྱི་མ་ཚོ་སྤྲོ་བ་མི་སྐྱེ་བས་ཆོས་ནུབ་ཏུ་འགྲོ་བ་ཡིན་པས་མཇུག་ཏུ་རྟགས་ཐོན་པར་ཉམས་སུ་ལོངས་ཤིག །དེས་བརྒྱུད་པ་འཛིན་པ་ཇེ་མང་ལ་འགྲོ་བ་ཡིན་ནོ་གསུངས། ང་དང་སློབ་དཔོན་རྦ་སྒོམ་གཉིས་མཇལ་བ་ནི། ངས་ལོ་སུམ་ཅུ་སོ་ལྔ་ཙམ་ལོན་ཙ་ན་གཙང་བ་སྐོར་ནས་སྤྱང་རྩིགས་སུ་བརྟོལ་ཙ་ན། ཕུག་པོ་ཆེའི་ལ་ཁ་ན་དགེ་བཤེས་བཙན་ཁ་བོ་ཆེ་བྱ་བ་རྒྱ་གར་ནས་བྱོན་མ་ཐག་པ་ཞིག་ཅིག་ཇོ་མོས་སྤྱན་དྲངས་ནས་ཆོས་དང་བཟའ་བ་དང་ལྟད་མོ་ཡོད་ཟེར་གྱིན་འདུག་པས་ནངས་པར་སྔ་བ་ནས་བྱོན་ཙ་ན། བུད་མེད་གཅིག་ན་རེ། ཁྲབ་ནས་ལམ་ཟུར་འདི་ན་ཡར་ལ་ཕྱིན་ན་སློབ་དཔོན་རྦ་སྒོམ་བྱ་བ་བྱུང་ཚོ་ལ་ལྟོ་སྟེར་བ་གཅིག་ཡོད་ཟེར་ནས་ཕྱིན་པས། རྣལ་འབྱོར་པ་ཚོ་གཅིག་གིས་བརྟོལ་ཟིན་ནས་དེ་ཚོ་ལ་སློབ་དཔོན་གྱིས་ཚ་བ་དྲངས་ནས་ཕྱེ་ཟངས་ཀྱི་ཁྱེམ་བུ་རེ་རེ་གཏོང་གིན་འདུག །དེ་ཚོ་ཁྱེར་ནས་འོ་དེ་ན་གཅིག་ཀྱང་འདུག་པ་གསུངས་ནས། དེར་ཆུ་བུམ་པ་གང་ལེན་དུ་བཅུག །ཆབ་གཏོར་བཏང་ནས་ཁྱིམ་དུ་ཁྲིད་ནས་སྲན་མ་ཀེ་རུའི་ཚོད་མ་ཕུ་རུ་གང་དྲངས། དེའི་ནུབ་ཀྱང་ལྟོ་བྱིན་ནས་བྲག་རྩ་གཅིག་ཏུ་ཉལ་ནས་བསྡད། ནངས་པར་འགྲོ་དོགས་སེམས་ཙ་ན་ཡང་ལྟོ་བྱིན་ནས་ང་ལ་ཉེ་གནས་བཙུན་ཆུང་གཅིག་ཡོད་པ་ལ་ཟྭ་ཐང་དུ་གསེར་ལན་དུ་སོང་བ་ལ་ཆར་ཆེས་པས་མ་བྱུང་། ཤིང་གཅིག་བསྒྲུབ་ཏུ་བཅོལ་དང་གསུངས་ནས་ནགས་ཁྲོད་ནས་ཤིང་སྐམ་ཁུར་ཆེ་བ་གཅིག་བསྒྲུབས་ནས་ཕྱིན་པས་ཤིན་ཏུ་མཉེས་ནས་ཕྱག་རྒྱ་ཆེན་པོ་བརྡའི་མན་ངག་བྱ་བ་དང་། རྫོགས་པ་ཆེན་པོའི་སྐོར་བདུན་རང་ཆས་བྱ་བ་བཤད། དེ་ནས་ཉེ་གནས་བཙུན་ཆུང་དེ་བྱུང་ནས་མདང་སུམ་སློབ་དཔོན་འོ་བརྒྱལ་སྙམ་ཙ་ན་བླ་མས་གོ་བཅད་ནས་འདུག་པས་ད་དུང་ཡང་ཞག་ཁ་ཤས་ཤིག་བཞུགས་པར་ཞུ་ཟེར་ནས་ཡང་ཡར་ལུང་དུ་ལན་གཅིག་བསྐོར་ནས་བྱུང་ངོ་། །དེ་ནས་སློབ་དཔོན་རྦ་སྒོམ་དེ་གྲུབ་ཐོབ་ངོ་མཚར་ཅན་དུ་ཤེས་ནས་ཡུལ་དུ་མ་ཕྱིན་པར་འོན་དང་ཟངས་རི་ཡན་ཆད་དུ་སྟོན་སྔ་བ་ཀུན་ལ་བསླང་། སྒྱེ་གཅིག་ཉོས་ཏེ་ནས་སྒྱེ་གང་དང་བཅས་པ་སློབ་དཔོན་རྦ་སྒོམ་ལ་འབུལ་དུ་ཕྱིན་པས། སློབ་དཔོན་རྦ་སྒོམ་གྱི་ཞལ་ནས་ངའི་གཡོགས་ཁྱོད་ཀྱིས་བྱས་པ་ཡིན་ན་ང་ལ་འདི་འདྲ་བ་འབུལ་མི་དགོས། འདི་ལ་ཁྱོད་རང་གིས་རྒྱགས་གྱིས། ང་ལ་གདམས་ངག་རྡོ་རྗེ་ཟམ་པ་བྱ་བ་སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གི་སངས་རྒྱས་པ་ཕུང་པོ་ལྷག་མེད་ཀྱི་བརྒྱུད་པ་ཕྲེང་མ་ཆད་པ་རྣ་བརྒྱུད་རྡོ་རྗེ་ཟམ་པ་བྱ་བ་གཅིག་ཡོད། དེ་གོང་ཕན་ཆད་དུ་གཞན་སུ་ལའང་མ་སྨྲས་པར་གསང་བ་ཡིན་ཏེ། གསང་བ་དེ་མི་ཡིད་དུ་འོང་བ་སེམས་མཐུན་པ་དང་འཕྲད་ཙ་ན། ཁ་ནས་ཕིས་ཀྱི་ཤོར་ནས་སྨྲས་འགྲོ་གིན་འདུག་པས། གདམས་ངག་དེ་ཁྱོད་ལ་སྦྱིན་ནོ་གསུངས་ནས། སློབ་དཔོན་འཛེང་གིས་ནས་འདི་སློབ་དཔོན་ལ་བསྔོས་པ་ཡིན་པས་གསོལ་བར་ཞུ། གདམས་ངག་དེ་ཐུགས་ལ་གདགས་པར་ཞུ། ཆོས་རྒྱགས་རྙེད་འོང་གིས་བྱས་པས། སློབ་དཔོན་གྱི་ཕྱག་གཡོན་པས་སྤྱི་བོ་ལ་བཟུང་། ཕྱག་གཡས་པས་ལྟག་ཁུང་དུ་ལྕབ་ལྕབ་བྱས་ནས། འོར་ཆེ་དམ་ཚིག་ཅན་དུ་འདུག་པས་ངས་གདམས་ངག་སྦྱིན་གྱིས་ཕན་ཐོགས་པར་འོང་བར་འདུག་གི་གསུངས་ནས། དེར་ལོ་ཆུང་དུ་སྔགས་པ་གཅིག་ལ་གཤིན་རྗེ་དམར་པོའི་སྒྲུབ་ཐབས་གཅིག་བྱིན་པས་སྲན་ནས་ཁལ་བརྒྱད་བྱུང་། ལོ་མོ་འམ་འཕྲུན་དུ་བསྲུང་སྐྱོབ་ཞད་རེ་བྱས་པས་ཆོས་རྒྱགས་ལྡང་བར་བྱུང་ནས་ནན་ཏན་དུ་བྱས་པས། རྡོ་རྗེ་ཟམ་པའི་ཆོས་ཚོ་ལ་བྱིན་རླབས་ཀྱི་ཆོས་ཚོ་མ་གཏོགས་པ་ལོན། ད་སྒོམ་ཚུལ་བླ་མའི་བྱིན་རླབས་བྱེད་པ་ལ་འཛིན་ཅི་ཡང་མེད་པས་ཕྱི་ནས་ཞུ་དགོས་སེམས་ཙ་ན། སློབ་དཔོན་གྱི་ཞལ་ནས་བྱིན་རླབས་ད་ལྟ་བྱ། ཕྱི་ནས་བར་ཆད་འོང་བ་ལ་ཚེགས་མེད་གསུངས་ནས། གང་བར་དུ་གྲོགས་པོ་གཅིག་ལ་སིང་མོ་གཅིག་བཅོལ་ནས་ཡོད་པ་དེ་ལ་རིན་གཅིག་སློང་དུ་ཕྱིན་པས་ཇོ་མོ་བ་བཅོམ་པའི་ཤམ་ཐབས་གཅིག་བྱིན་པས། དེའི་རྣམ་པ་ཚོ་ཕྲལ་ནས་བཙོང་བས་ཆང་ཕུད་དང་གཏོར་མ་དང་ནས་བྲེ་ལྔ་དང་ཤ་གཟུགས་གཅིག་དང་དེ་ཚོ་ལ་བརྟེན་ནས། མར་མེ་མ་འཛོམ་པ་ལ་སློབ་དཔོན་གྱི་ཞལ་ནས། མར་མེའི་དོད་པོ་ཉིན་པར་ལ་བྱའོ་གསུངས་ནས། ཉིན་མོ་སྒོམ་ཚུལ་བླ་མའི་བྱིན་རླབས་གྲོལ་ལམ་དབང་བཞི་རྫོགས་པར་བསྐུར། བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །དེ་ནས་གདམས་ངག་རྣམས་མ་ལུས་པར་གནང་། བྱིན་རླབས་ཕྱི་ནས་ཀྱང་ལན་བཞི་ཙམ་ཞུས། ཞབས་ཏོག་ཀྱང་ནས་དང་གསེར་ལ་སོགས་པ་ལན་ལྔ་ཙམ་བསྐྱལ་གསུངས། དེའི་རྟིང་མ་སློབ་དཔོན་རྦ་སྒོམ་ལ་ཞབས་ཏོག་མ་ཇོ་མོ་གང་མོ་བྱ་བ་གཅིག་ཡོད་པ་ལ། དེ་ཙ་ན་སློབ་དཔོན་གྱི་ཞལ་ནས། སྣང་བ་འདི་ཀུན་བདེན་སྙམ་པ་མི་འདུག་གསུངས་ནས་ཆུ་རྡོ་མ་གཅིག་ལ་ཕྱག་ཆར་གྱིས་རྒྱབ་པས་གྲུ་མོ་མན་ཆད་ཆུ་རྡོ་མ་ལ་བསྟིམ་གྱིས་སོང་། སྐུ་ལུས་ཕྱིར་ཤིགས་ཀྱིས་མཛད་པས་བྲག་ལ་སྐུ་ལུས་བསྟིམ་གྱིས་སོང་བས་རྗེས་ཝལ་གྱི་བྱུང་བའི་ཤུལ་ཡོད་པ་དགེ་བཤེས་གཤེན་པའི་ཁང་པ་བརྩིགས་པས་སུབས་པ་ཡིན་སྐད། ཕུག་ཆུང་རོང་ནས་ཏིང་ངེ་འཛིན་གྱིས་ཤུག་པའི་གདུང་མ་མང་པོ་དྲངས་བྱུང་བ་ད་ལྟ་ཇོ་མོའི་མཆོད་ཁང་ཕུབ་པ་ཡིན་གསུངས་སོ། །དེ་ནས་སློབ་དཔོན་རྦ་སྒོམ་དེ་དགུང་ལོ་དགུ་བཅུ་རྩ་བརྒྱད་ལ་གྲོངས་པའི་ཚུལ་བསྟན་པ་ཡིན་ཏེ་བསྙུང་བའི་ན་ཚ་མེད་པར་གཤེགས་འདུག་སྐད། དེ་ནས་བྲན་འཁོར་ཀུན་གྱིས་ཆང་ཁུར་ནས་ཇོ་མོ་གང་མོ་ལ་མྱ་ངན་སངས་དུ་ལོ་མོ་ནས་འོངས་བ་ལ་མོ་ཐུ་བས་སློབ་དཔོན་བཞུགས་ཙ་ན་མི་འོང་བར་ང་ལ་ཆང་གི་དགོས་པ་མེད་ཁྱོད་རང་ཚོ་འཐུང་ཟེར་ནས་མོས་སྒོ་ནང་ནས་བཅད་ནས་མཇལ་དུ་མ་བཏུབ་སྐད། དེར་ཁོང་ཚོ་མ་དགྱེས་པ་ལ་ཇོ་མོས་པུར་མཆོད་ཁང་དུ་བཞུས་པས་མེ་ལྕེ་ལ་འོད་བུམ་པ་ཙམ་པ་གཅིག་ཏུ་བྱས་ནས་མིག་གི་མངོན་ངང་གི་ནམ་མཁའ་ལ་གཤེགས་ནས་སོང་བ་གཡུལ་ཐང་གའི་མྱ་ངན་བསངས་པའི་ཆང་འཐུངས་བ་རྣམས་ཀྱིས་ཀྱང་མཐོང་། ཕུག་པོ་ཆེ་ན་ཡོད་པ་རྣམས་ཀྱིས་ཀྱང་མཐོང་སྟེ་ཤུལ་ཏུ་པུར་སྦྱངས་པའི་གདུང་ཐལ་ཡང་མ་བྱུང་བར་རྗེས་མེད་དུ་འོད་དུ་གཤེགས་པ་ལགས་སྐད་དོ། །བླ་མ་རིན་པོ་ཆེ་འཛེང་ཆེན་པོའི་ཞལ་ནས། ང་དང་པོ་བླ་མ་དམ་པ་རྒྱ་གར་དང་མཇལ་བ་ལ་བྱིན་རླབས་ཀྱིས་མགོ་ཐུགས་གཅིག་བྱས་རྡོ་རྗེ་ཟམ་པ་དང་མཇལ་བའི་ལུང་བསྟན་པ་ཡིན་འདུག་པ་ལ་ད་གཟོད་ལས་མ་གོ། ངས་ཤུད་པུ་ལོ་ཙཱ་བ་ལ་འགྲེལ་ཆུང་མཉན། དགེ་བཤེས་གྲོལ་སྒོམ་པ་ལ་ནཱ་རོ་པའི་ཐབས་ལམ་ཞུས། ལྷ་རྗེ་སྙི་སྒོམ་ལ་ཆོས་དྲུག་དང་སྐྱེས་སྦྱོར་ཞུས། རྟོགས་པ་བསྡུར་བས་ཤིན་ཏུ་མཉེས་སོ། །སོ་བསྙུན་གདངས་པ་ལ་སྒྲོན་སྤྲུལ་དང་རྒྱབ་ཤ་ཞུས། རྫ་ཕོར་བ་ལ་བདུད་རྩི་ཚིག་གསུམ་ཞུས། རི་ཁྲོད་རླུང་ཆུང་པ་ལ་རྣ་བརྒྱུད་ཚིག་གསུམ་དང་ཚིག་དོན་ལྔ་པ་ཞུས། བླ་མ་རླུང་དམ་པ་ཆེན་པོ་ལ་དོ་ཧའི་གདམས་ངག་ཞུས། སྒོམ་མ་ལབ་སྒྲོན་ལ་གཅོད་ཡུལ་གྱི་གླེང་བསླང་ཞུས། རྒྱལ་བ་སྦ་སྟོན་ལ་ལྷུན་གྲུབ་སྡེ་སྐོར་བདུན་པ་ཞུས། གནུབས་ཤངས་པོ་ཆེ་ལ་བླ་མ་བ་རི་ལོ་ཙཱ་བའི་ཀྲི་ཡའི་ཆོས་ལྔ་གསུམ་བཅོ་ལྔ་ཞུས། དགེ་བཤེས་ཁམས་པ་ལུང་པ་ལ་བཀའ་གདམས་ཀྱི་ཐུན་བརྒྱད་མ་ཞུས། དགེ་བཤེས་སྣེའུ་ཟུར་པའི་བུ་ཆེན་གཅིག་ལ་དམིགས་པ་སྐོར་གསུམ་ཞུས། སྤྱན་སྔ་རྣལ་འབྱོར་པའི་གྲ་ས་རུ་སྤྱོད་པ་བྱས་པས་ཤིན་ཏུ་མཉེས་ནས་བྱུང་། ལར་ངས་ཆོས་མང་པོ་ཐོས་ཏེ་རྡོ་རྗེ་ཟམ་པ་འདི་ཁོ་ན་གནད་ཆེ་ལ་ཁ་རུབ་པར་འདུག་པས་འདི་ལ་ནན་ཏན་དུ་བྱས་པ་ཡིན། དྭགས་པོ་ཞུ་རུའི་ལྷ་ཟུར་དགོན་པར་བརྡ་བཞིས་བསྐྱངས་པས་ཆོས་ཐམས་ཅད་ལ་བྱན་ཚུད། དགོངས་པ་ནམ་མཁའ་བཞིན་དུ་འདྲེས། དོན་ཐམས་ཅད་སྤྲོས་བྲལ་རྣམ་དག་ལ་སོང་། གྱུར་ཅིག་དང་ཤོག་ཅིག་ལ་ལྟོས་མ་དགོས། རིག་པ་དྭངས་པས་ཧེ་རུ་ཀའི་ཞལ་མཐོང་། ཆེད་དུ་བསྒྲུབ་མི་དགོས་པར་མངོན་ཤེས་ཞར་ལ་འཆར་བར་འདུག །ཆོས་ཉིད་ལ་སྒོམ་རྒྱུ་མི་འདུག་ཀྱང་གང་ཟག་ལྷ་དང་འགྲོགས་ནས་དོན་མ་བྱིང་བར་བྱེད་པ་འདི་གལ་ཆེ་བར་འདུག་གོ་གསུངས་སོ། །ངས་ཨ་ཙ་ར་སྟག་ཤམ་ཅན་དང་། བླ་མ་དབུ་སྡེབས་དང་། བླ་མ་ཐུད་ཀ་འབར། བླ་མ་དྲོད་འབྱོར་རམ་བླ་མ་ཞང་གྲོ་སྨྱོན་དང་། དེ་ཙ་ནའི་རྣལ་འབྱོར་པ་བཟང་པོ་ཤ་སྟག་དང་འགྲོགས་ཏེ། གཙང་དུ་གཅེར་བུ་ལོ་ལྔ་བྱས། འཁྱག་པའི་ནང་དུ་བཞུགས་པ་དང་། ཆུ་ལྟེང་ནང་དུ་མཆོང་པ་དང་བྱས་པས་ཆུ་སཱ་རིངས་ཀྱིས་འགྲོ་བའི་དྲོད་འབར་བ་དང་། གཡང་ལ་མཆོང་བ་དང་། མགོ་བརྡེག་པ་དང་། མཚོན་བརྡེག་པ་ལ་སོགས་པ་ཅི་ཡང་བྱས་ཏེ་སྤྱོད་པའི་ཚན་ཆེ་ཤོས་ཀྱང་ཡིན། དཔའ་བོ་འཛེང་ཆུང་བ་ཟེར་བ་ཡིན་གསུང་། རི་ཁྲོད་རླུང་ཆུང་པ་དང་། དངུལ་མོ་རྒྱལ་ལེ་ལྕམ་དང་། མོན་ཁ་ཟེར་མོའི་མཚོ་ལ་སོགས་པའི་མ་ཇོ་གཅིག་དང་ཀོང་པོ་མཚོ་རྫོང་ལ་སོགས་པའི་ཁམས་པ་དང་ཀུན་ཕུང་པོ་ལྷག་མེད་དུ་སོང་བ་ཡང་བྱུང་གསུངས། རས་པ་སྒོམ་སྟག །ཤོ་རས་པ། རྒྱ་རས་པ། རླུང་རས་པ་དང་ངོ་མཚར་ཆེ་བ་དྲོད་འབར་བ་ཡང་བྱུང་གསུང་། བསྟན་པ་ཙམ་གྱིས་རྟོགས་གྲོལ་ལ་སོང་བ་ཡང་བྱུང་གསུངས། ངའི་གམ་དུ་སྒྲ་བསྒྱུར་ཤེས་པའི་ལོ་ཙཱ་བ་བཞི་བྱུང་། རབ་བྱུང་དང་། སྟོན་ཆེན་དང་། རྣལ་འབྱོར་པ་དང་། སྒོམ་པ་སྒོམ་མ་དང་། ཡུས་པོ་ཆེ་ཡུས་མོ་ཆེ་རང་མཐོང་ཅན་མང་ཞིག་བྱུང་ནས། གདམས་ངག་འདི་ཅི་འདྲ་བ་ཞིག་འདུག་བལྟས་པ་ཡིན་དུ་སོང་སྟེ། གདམས་ངག་ཟབ་ཁ་རུབ་ཟེར་ནས་ངེས་ཤེས་སྐྱེས་པ་མང་བ་བྱུང་སྟེ། ཤེས་པར་སློབ་ཁོམ་པ་ཙམ་མ་བྱུང་གསུངས། ཚུལ་བཞིན་དུ་ཉམས་སུ་ལེན་པ་དང་ཨ་ཅང་ཆེས་ཏེ། དྭགས་པོར་ཉམས་ལེན་ཨེན་རེ་བྱེད་པའི་ཉ་མ་བཅུ་གཅིག་ཙམ་ལ་ཡང་དང་པོར་འཆི་དུས་ཐེབས་པ། འཆི་ཁར་གནད་གཅོད་ཀྱི་ན་ཚ་མེད་པ། ཤུལ་དུ་རོ་ལ་འཇའ་ཟུག་པ་བྱུང་བ་ཡིན་གསུངས། ངའི་གདམས་ངག་འདི་ལ་བལ་མ་བལ་བྱེད་པའམ། ཕ་མ་སྲིའུ་གསོ་བ་ཁོ་ན་འདྲ་བའི་ཉམས་ལེན་གཅིག་བྱས་ན་ལོ་ལྔའམ་དྲུག་ན་ལྷག་མེད་དུ་འགྲོ་སྟེེ་ཤུལ་དུ་ལུས་པ་མི་ཡོང་ངེས་གསུངས་སོ། །སློབ་དཔོན་རིན་པོ་ཆེ་དེས་རེས་འགའ་སྐུ་ལུས་འཇའ་རུ་འཁྱིལ་ནས་འདུག་པ། རེས་ཞབས་ས་ལ་མི་རེག་པར་བྱོན་པ་དང་། རེས་ཐག་རིང་པོ་ཡུད་ཙམ་རེ་རེས་བསྐོར་ནས་བྱུང་ཡང་མཐོང་སྐད། སྦུར་པོ་དར་རེ་དང་སྦུར་སྒོམ་དང་དཔལ་ལྕམ་ཆོས་འབར་དང་རིལ་བ་འཆི་བ་ཤེས་པ་ལ་སོགས་པ་གཞན་གྱི་སེམས་ཤེས་པ་དང་། འཆི་འཕོ་བ་དང་སྐྱེ་བ་དྲན་པའི་མངོན་པར་ཤེས་པ་ཡང་བྱུང་སྐད། ཇོ་སྲས་མ་རྡོ་རྗེ་སྐྱིད་ཀྱི་བུ་ནམ་ཕྱེད་ན་གཉིད་རྨིས་ནས་རྒྱ་མཐོང་ན་མར་ལ་རྦབ་ཏུ་ཤོར་ལ་ཁད་པ་མཐོང་བ་དང་། ཅོད་པན་སྐྱུ་བའི་ཁབ་ནུབ་མོ་སྦུར་མའི་ཁྲོད་དུ་བྲུལ་བ་གཟིགས་པ་ལ་སོགས་པ་ཉིན་མཚན་མེད་པར་གསལ་བ་ཡང་ཡོད་པ་ཡིན་སྐད་དོ། །སློབ་དཔོན་གྱི་ཞལ་ནས་ངས་ལོ་མང་པོ་ལོན་ཟེར་བ་དེ་ང་རང་གིས་ཏིག་པ་ཁ་ན་བཤད་པ་མེད་དེ། ཀྱི་ཁུང་གི་དགེ་བཤེས་ཧབ་ཇོ་སྲས་འཇམ་དཔལ་བྱ་བ་ན་རེ། འཛེང་སྒོམ་གསས་ཐོག་དེ་ད་དུང་དུ་དྭགས་པོ་ན་འདུག་ཟེར་བ། ང་དང་གཉིས་གཞོན་ཙ་ན་གྲོགས་པོ་ཡིན་ཏེ། དེ་ཡང་ལོ་བཅོ་ལྔ་ཁོ་ནས་ཁོང་རྒན་པ་ཡིན་ཏེ། ད་ངས་ཀྱང་ལོ་དགུ་བཅུ་རྩ་བདུན་སོང་འདུག་གསུངས། དེ་ནས་ལོ་གཅིག་ལོན་ནས་ཁོང་གྲོངས། སློབ་དཔོན་འཛེང་གིས་དེའི་རྟིང་ལ་ཡང་ལོ་གསུམ་ཆོད་ལོན་འདུག་པས། དགུང་ལོ་བརྒྱ་དང་བཅུ་བདུན་ཁོ་ན་ལོན་འདུག་གོ། །སློབ་དཔོན་གྱི་ཞལ་ནས་དགེ་བཤེས་ཧབ་ཀྱི་ཁུངས་པའི་དེ་ཁ་ན་བདེན་པ་ཡིན་གསུང་ངོ་། །དམ་པ་རྒྱ་གར་དང་མཇལ་བ་ཡིན་བྱ་བ་དེ་ལྷ་བཟོ་ཀླུ་རྒྱལ་དམ་པའི་སྐུ་འབག་གཅིག་འབྲི་ཡིན་འདུག་པ་ལ། དེ་བླ་མ་རྒྱ་གར་མི་འདྲ་བྱས་པས། འོ་ན་ཅི་འདྲ་བ་གཅིག་ཡོད་ཟེར་བས། ངས་འདི་འདྲ་བ་གཅིག་འདུག་བྱས་ནས་བཤད་པས། དེ་ནས་དེ་སྐད་གླེང་བ་གཅིག་བྱུང་། དེ་གོང་དུ་བཤད་པ་མེད་གསུང་། ང་ལ་གདམས་ངག་འདུག་ཟེར་བ་དེ་བྱར་ལྐོག་ཏུ་ལྷ་རྗེ་སྙི་སྒོམ་དང་གཉིས་རྟོགས་པ་བསྡུར་བས་ཁོང་མཉེས་ནས་ངའི་ལག་པ་ཁོ་རང་གི་ཐུགས་ཀར་བརླན་ནས། དེ་ནས་སངས་རྒྱས་ག་ན་ཡང་ཆ་མི་འདུག་པ་གསུངས་ནས། སྒོམ་ཆེན་པ་རྣམས་ང་ཤིང་ཁུར་ནས་ཕྱིན་པ་ལ་ཕྱག་འཚལ་དུ་བཅུག་གོ། །དེ་ནས་གསང་དབང་མེད་པར་གདམས་ངག་ཅན་དུ་འདུག་ཟེར་ནས་ཆོས་ཞུ་བ་མང་བ་ལ་ཞད་རེ་བྱིན། ནང་མ་གཅིག་རྐང་པའི་ངར་གདོང་ལ་འབྲས་བྱུང་བས་ཤི་ལ་ཁད་བྱུང་། ད་རེས་ཤི་ན་གདམས་ངག་འདི་ནུབ་འགྲོ་བ་འདུག །གདམས་ངག་འདི་ལྷག་པར་བྱིན་དགོས་བསམ་པ་དང་སངས་ཀྱིས་སོས་པ་ཡིན་པས། ད་ངས་གདམས་ངག་འདི་མི་སྲི་བ་ཡིན་ནོ། །དད་པ་ཅན་གདམས་ངག་འདོད་ངེས་པ་འདུག་ན་ངའི་གམ་དུ་ཁྲིད་ལ་ཤོག་ཅིག །དུས་ཀྱི་ཐ་མ་ལ་གདམས་ངག་འདི་དར་ནས་འོང་བ་ཡང་བཤད་ནས་ཀྱང་འདུག །དར་ནས་འོང་ཀྱང་འོང་ཞིང་། ང་ལ་བུ་སྲད་མ་ཅན་མེད་པ ། སྲད་མ་ཅན་གཅིག་གིས་དར་ནས་འོང་བ་ཡིན་པ་ལ། ང་ལ་ཡང་སྲད་མ་གསས་ཐོག་ཟེར་བ་ཡིན། ལར་དུ་ཆོས་བྱེད་པ་ལ་མི་སྲད་མ་ཅན་རང་དབང་ཐོབ་པ་གཅིག་མིན་ན་ཞེ་ཞིམ་གྲོན་བཅུག་ཚོད་ལེན་པ་གཅིག་གིས་མི་ཡོང་བར་ངན་དུ་འགྲོ་བ་གསུངས་སོ། །སློབ་དཔོན་རིན་པོ་ཆེ་འཛེང་ཆེན་པོ་དང་སློབ་དཔོན་འཛེང་ཇོ་སྲས་གཉིས་མཇལ་བའི་ལོ་རྒྱུས་ལ། སློབ་དཔོན་ཇོ་སྲས་དེ་ཡང་ཡབ་སྔགས་པའི་རིགས་རྒྱུད་དུ་སོང་བས་ཆུང་ངུ་ནས་ཡིག་རྩིས་བསླབ། བཅུ་བཞི་བཅོ་ལྔ་ནས་ནུས་པ་ཐོན། དེའི་རྗེས་ལ་འོལ་ཁའི་སློབ་དཔོན་ལྷ་རིས་པ་ལ་སྒྱུ་འཕྲུལ་ལ་སོགས་པའི་རྙིང་མའི་ཆོས་སྐོར་གསན། དགྱེས་རྡོར་མཚན་བརྗོད་ཞུས་ཏེ་ཤེས་པར་མ་བསླབ་གསུང་། སློབ་དཔོན་ལྷ་རིས་པ་འདའ་ཁར་གཞུང་ཆེན་པོ་འདི་ཙམ་པའི་ཆོས་གཅིག་ཤེས་པ་ལ་འཆི་ཁར་ཕན་པ་ཨ་རོའི་ཐུན་བདུན་འདི་ཀུན་ལས་གཞན་ལམ་དུ་ཁྱེར་དུ་བཏུབ་པ་ཙམ་དཀའ་བར་བྱུང་བས། ཇོ་སྲས་ཁྱོད་རང་ཡང་གཞུང་མ་བསླབ་པར་གདམས་ངག་ལ་ནན་ཏན་གྱིས་ཤིག་གསུངས། དྭགས་པོ་ན་ཁྱེད་རང་གི་བླ་མ་འཛེང་བྱ་བའི་གདམས་ངག་ཅན་གྲུབ་ཐོབ་གཅིག་བཞུགས་ནས་ཡོད་འདུག་པས་དེར་སོང་ལ་ནན་ཏན་གདམས་ངག་ལ་གྱིས་ཤིག་གསུངས་པ་ལ། གང་བར་དུ་སློབ་དཔོན་ཟེམ་བྱ་བ་རྫོགས་ཆེན་ལྷུན་གྲུབ་མཁན་གཅིག་གི་དྲུང་དུ་ཕྱིན་ནས་དབྱར་དགུན་ཐོག་དྲུག་བསྡད་པ་ལ། ཐུགས་ལ་འདོགས་པ་ཁ་ན་མ་བྱུང་སྟེ། གདམས་ངག་གི་སྤྲོས་པ་མཆོད་ནས་དྭགས་པོར་སློབ་དཔོན་འཛེང་ལ་ཞུས་པས། དཔལ་ལུང་དུ་རྡོ་རྗེ་ཟམ་པ་ཚར་གསུམ་གནང་། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱང་མཛད་ནས། ད་ཁྱོད་རང་གཙང་ན་ཡར་ལ་སོང་ལ་གཞུང་འདྲ་བསླབ། ངེད་ཀྱི་རིགས་ལ་སྔགས་པ་རྩ་ཅན་ཞི་རྩེ་ལས་ཆོས་བྱུང་བ་ཙམ་མེད། གཙང་ནས་ལོག་ཙ་ན་ཨ་མིས་དགོན་པ་གཅིག་བདོག་ཅིག་གསུངས་སྐད། སློབ་དཔོན་གྱིས་མི་གནང་བར་གོ་ནས་གདམས་ངག་འདི་སངས་ཀྱི་ཤེས་པ་སུ་ཡོད་དྲིས་པས། གྲ་ཕྱིའི་སྐྱིལ་ཇོ་སྲས་ཞང་ལ་སྐྱབས་བྱ་བས་ཤེས་པ་ཡིན་ཏེ་གསུངས། གཡེའི་གུར་པོར་ཁོང་དང་གཉིས་མཇལ་ནས་ཞུ་བར་བྱས་ནས་ཁོང་གི་ཡིག་ཆ་ངས་ཀུང་ལུང་དུ་ཚགས་བྱས་ནས་ཁོང་གྲ་རུ་གྲོངས་ནས་མ་བྱུང་། དེ་ནས་ཡང་དྭགས་པོར་ཕྱིན་པས་སློབ་དཔོན་གྱི་ཞལ་ནས་ཨ་ཇོ་དཀོན་མཆོག་ཀྱང་ཆོས་འདོད་པ་སྐད་ཟེར་ནས་ནོར་འདོད་པ་ཡིན་འདུག །ཁྱོད་ལ་ཡང་ཀ་ཅ་འདྲ་བ་སྦྱིན་རན་ན་ང་ལ་ད་ལྟ་འཛོམ་པ་མེད་གསུངས་པས། འོ་ན་ཉེ་རིགས་སུ་སོང་བས་ཆོས་འདོད་པ་ཡིན་ཡང་བཟའ་འདོད་པ་ཡིན་སྙམ་འདུག་པས། ཆོས་འདིར་ཞུས་པས་མི་གནང་བར་གྲོན་བཅུག་འདུག་སེམས་ནས། བཙན་ཐང་གི་ལྷ་རྗེ་མྱང་ངམ་འོལ་ཀའི་དྭགས་ཆུང་བ་ཀུན་གྱིས་ཤེས་སུ་རུང་བ་ཡིན། དུ་གཅེར་བུ་ལ་ཡང་ཡོད་པ་ཡིན་ཏེ་ཅི་ཚུགས་སུ་ཡོད་ཆ་མེད་ཁྱོད་རང་གཞན་དུ་སློབ་གཉེར་གྱིས་ལ་ཤོག་དང་ཆོས་འོང་བར་འདུག་ན་ངས་སྦྱིན་གྱིས་གསུངས་ནས། དེ་ནས་ཡར་ཤོ་སྐྱམ་རུ་སློབ་དཔོན་ངུ་ལ་ཞུས་པས་མ་གནང་ནས་འདི་སུས་ཀྱང་མི་འོང་ད་དུང་དྭགས་པོར་སོང་ལ་རྩད་ཆོད་ཅིག་གསུངས་ནས། ཡང་དྭགས་ལུང་འཛིན་དུ་བྱོན་ནས་ཞུས་པས། ད་ཁྱོད་ཅིས་ཀྱང་འདོད་ན་ངའི་གདམས་ངག་འདི་ལ་ནན་ཏན་བྱེད་དགོས་པ་ཡིན། མཚན་ཉིད་པ་བཞིན་རིག་པ་བརྟག་དཔྱད་བྱས་པས་གྲོལ་དུ་རེ་བ་ཡང་འདི་མིན། ལྷ་རྗེ་སྙི་སྒོམ་པའི་ཆོས་དྲུག་བཞིན་དུ་ཐབས་ལམ་གྱི་རྩོལ་བ་དང་བསམ་པ་དང་དམིགས་པ་ལ་བརྟེན་ནས་གྲོལ་དུ་རེ་བ་ཡང་འདི་མིན། ལྟོ་ཞལ་འཐམས་ང་བཞིན་དུ་ཤི་གྲོལ་དུ་འདོད་པའི་གདམས་ངག་ཀྱང་འདི་མིན། ངའི་འདི་གནས་ལུགས་རྗེན་པའི་དོན་དེ་བློའི་ཡུལ་དུ་བྱར་མ་བཏུབ་པས་སྒོམ་དུ་མེད་པས་ཤེས་རབ་དམིགས་སུ་མེད། འཁྲུལ་དུ་མེད་པས་བརྡས་ཡེངས་སུ་མེད། མ་བསམ་མི་དམིགས་པར་བརྡལ་ངང་གིས་བཞག་པས་མ་སྒོམ་མ་འཁྲུལ་པའི་ཤེས་པ་གཅིག་རང་བྱུང་དུ་འཆར་བ་ཡིན། ཆོས་ཉིད་ངོ་བོ་ཉིད་གནས་ལུགས་དེ་ལ་ཞལ་རྒྱུན་ཆད་མེད་པར་བལྟས་ནས་གོམས་འདྲིས་བྱས་ན་དོན་མངོན་དུ་གྱུར་ནས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱར་ཡོད་པ་ཡིན་གསུངས་ནས། དེ་ནས་གདམས་ངག་རྣམས་རིམ་གྱིས་མ་ལུས་པར་གནང་། དགུན་ཐོག་གཅིག་ནན་ཏན་ཆེ་བར་གནང་། བྱིན་རླབས་ཀྱང་མཛད་ནས་འབྱུང་བ་དར་རྒུད་ཀྱི་སྟབས་ཀྱིས་བརྗེད་དུ་ཡང་འགྲོ་བ་ཡིན་པས། ད་ཡི་གེའམ་བརྗེད་ཐོ་འདྲ་བ་ཡང་བྱས་པས་ཆོག་གསུངས་ནས། གནུབས་སྟོན་སངས་རྒྱས་སྐྱབས་ལ་གནང་ནས་བརྗེད་ཐོར་བྲིས་པའི་ཁྲོ་བོའི་དཔེ་ཚོ་གཅིག་ཀྱང་གནས་ནས། དེར་དབྱར་དགུན་ཐོག་འགར་སློབ་དཔོན་གྱི་ཐད་དུ་བསྡད་པས་ལོ་དྲུག་ཙམ་དུ་སོང་ཙ་ན་གདམས་ངག་གི་ཕྲན་ཚོ་ཡང་མ་ལུས་པར་གནང་། བྱིན་རླབས་གཞན་ལ་མཛད་པའི་ལས་ཀྱི་སློབ་དཔོན་བྱས་པས་ལག་ལེན་ཀྱང་བྱང་བར་བྱས། བྱིན་རླབས་ཀྱི་ཆོས་ལ་ཟིན་བྲིས་བྱེད་པར་ཞུ་བ་ཕུལ་བས། ད་དུང་དུ་ཟིན་བྲིས་དགོས་ན་ཤེས་པའི་དུས་མི་འོང་གསུངས་ནས་བཀྱོན་དུའང་བྱུང་བ་ཡིན་གསུང་། སང་ཕོད་ད་ཁྱོད་ལ་སྦྱིན་ནོ་གསུངས་ནས་བྱིན་རླབས་ཀྱི་ཆོས་སྐོར་རྣམས་ལ་དཔེ་ནི་མི་འདུག་སློབ་དཔོན་གྱི་ཐུགས་ནས་བཏོན་པས་བཀོད་པ་ཡིན་གསུངས། དུས་ཚོད་དེ་ཙ་ན་དྭགས་ལུང་དུ་དགེ་འདུན་སྟོན་ཚེར་བས་བླ་མ་སྦུབ་ཐུང་བ་བསད་པ་ལ། སློབ་དཔོན་སྦུབ་ཐུང་བའི་སློབ་མ་ཡིན་ཟེར་ནས་རྣལ་འབྱོར་པའི་དམག་འཚོགས་ནས། དེའི་དུས་སུ་བླ་མ་རོགས་པོ་དགའ་འམ་མ་ཇོ་ཟླ་བོའམ་དེ་ཀུན་གྱིས་དཔོན་བྱས་པའི་མི་ཟླ་ལྔ་བཅུ་ཙམ་པ་གཅིག་ན་རེ། ང་ལ་ཇོ་སྲས་འཛེང་ཆུང་བ་ལ་རྡོ་རྗེ་ཟམ་པའི་གདམས་ངག་ཞུ་དགོས་ཟེར་བ་ལ། ངས་གནང་བ་མ་ཐོབ་པས་ད་དུང་དུ་བཤད་པ་མི་འོང་བྱས་པས། སློབ་དཔོན་ཆེན་པོའི་ཞལ་ནས་གྲྭ་པ་གདམས་ངག་འདོད་པ་མང་བར་འདུག་པས། དེང་སྐབས་སུ་མི་ཁོམས་པ་དང་རྒས་པས་ང་ཇོ་སྲས་ཀྱིས་བཤད་དགོས་པ་ཡིན་ནོ་གསུངས་ནས་རྡོ་རྗེ་སློབ་དཔོན་གྱི་དབང་ཡང་བསྐུར། ཇོ་སྲས་ཀྱིས་ཤོད་ཅིག་ཁྱེད་ཚོས་ཉོན་ཅིག་གསུངས་ནས་སློབ་དཔོན་ཆེན་པོའི་གསུངས་པའི་ཁྲི་ཁ་ནས་རྗེས་ལ་སློབ་དཔོན་གྱིས་བཤད་པ་ཡིན། ལར་སློབ་དཔོན་ཇོ་སྲས་དང་སློབ་དཔོན་ཆེན་པོ་གཉིས་ལོ་ངོ་བཅོ་བརྒྱད་ཙམ་དུ་མཇལ་ནས་གདམས་ངག་ཞུས། གདམས་ངག་གི་བཀའ་ཕོག་ནས་བརྒྱུད་པ་འཛིན་དུ་བཅུག་པ་ཡིན་པས་ད་ལྟ་བརྒྱུད་པའི་རྩ་བ་བྱིན་རླབས་ཞུགས་ནས་བསྟན་པའི་བདག་པོ་མཛད་པས་སྤྲུལ་པའི་སྐུ་སློབ་དཔོན་ཇོ་སྲས་ཡིན་ནོ། །སློབ་དཔོན་ཆེན་པོ་རྗེ་དྷརྨ་བོདྷི་དང་དེའི་ཐུགས་ཀྱི་སྲས་འཛེང་ཆུང་དུ་སྨྱོན་པ་འཛེང་དཀར་གཉིས་ལ། སློབ་དཔོན་ཀུན་བཟང་གིས་ཞུས་པའི་ལོ་རྒྱུས་ནི། སྤྱིར་ངེད་ཀྱི་རིགས་རྒྱུད་ཚོ་ལ་ཆོས་པ་མགོ་ཐོན་རེ་རེ་མི་ཆད་པ་ཡིན་པར་འདུག་པ་ལ། ངེད་ཀྱི་ཁུ་ཚན་ཚོ་ལ་ཆོས་སྒོར་ཞུགས་པ་ངའི་ཕ་ཇོ་དབུས་པ་ལས་མི་འདུག་སྟེ། དེ་ཡང་སློབ་དཔོན་ཁམས་པ་རྡོར་རྒྱལ་གྱི་སློབ་མ་བྱས་ནས་སྒོམ་ཆེན་པ་གང་ཟག་བཟང་པོར་ཡོད་པ་ཡིན་གསུངས། མ་རྒན་ཟི་གཟའ་དེས་ཆོག་བྱ་བ་ཡིན་ཏེ། གཞི་ཡག་ཡང་ལ་དད་པ་ཆེ་བ་གཅིག་ཡོད་པ་ཡིན་ཏེ། མ་ཇོ་སྨྱོན་མ་བསམ་འགྲུབ་བྱ་བ་ལ་ཆོས་འཛུགས་ཞབས་ཏོག་བྱེད་པ་འདུག་པ་ཡིན་གསུངས། སློབ་དཔོན་གྱི་ཞལ་ནས་ང་རང་ལོ་ལྕགས་ཁྱི་ལོའི་ཟླ་བ་ཉའི་སྐར་མ་རྒྱལ་ལ་སྐྱེས་པ་ཡིན་པར་འདུག །ང་སྐྱེ་བའི་དུས་སུ་མའི་རྨི་ལམ་ན་མདའ་ཚེ་སྒྲོ་མ་གཅིག་ལ་མདེའུ་རག་གན་ཁྲོ་ཆུ་ལྕགས་ལ་བྱས་པ་གཅིག་རྙེད་པ་རྨིས་སྐད། མ་སྐྱེས་ཙ་ན་མའི་ཁོང་པ་ནས་སྐད་ལྷང་ལྷང་བ་གཅིག་ལན་གསུམ་ཙམ་བྱུང་ནས་མི་རུང་སྙམ་ནས་རྟོག་པ་ཞུགས་པ་ཡིན་ཏེ། ཁྱོད་ཀྱི་ཆོས་འོང་བའི་རྟགས་ཡིན་འདུག་ཅེས་ཆོས་སྒོར་ཞུགས་ནས་སྨྲས་སོ་གསུངས། སློབ་དཔོན་ཀུན་བཟང་དེ་དང་པོ་སྐུ་འཁྲུངས་པ་དང་ཕ་ཇོ་དབུས་པའི་རྨི་ལམ་ན་ངས་ཀྱང་བུ་ཆུང་ནམ་མཁའ་ལ་འཕུར་ནས་སོང་བ་གཅིག་རྨིས་སྐད། འདི་ངེད་ལ་ཕན་མི་ཐོགས་པར་འཆི་བ་ཡིན་ནམ། མ་ཤི་ན་ཆོས་པ་གཅིག་འོང་བ་ཡིན་ནམ་བྱས་སྐད་དེ་ཆོས་བྱེད་པ་གཅིག་བྱུང་བ་འདི་ཁོ་ན་ཡིན་པར་འདུག །རྨི་ལམ་དེ་དེ་ཙ་ན་ཕ་མ་གཉིས་ཀས་མི་གཞན་ལ་བཤད་འདུག །ང་རང་ལ་ཡང་ཕྱིས་ནས་བཤད་དེ། ཆོས་བྱེད་པའི་རྟགས་སུ་བྱུང་བ་ཡིན་གསུངས་སོ། །སློབ་དཔོན་གྱི་ཞལ་ནས་ངས་ལོ་དགུ་ལོན་ཙ་ན་ཉི་ཟླ་གཉིས་པོ་ས་ལ་བབས་ནས། བན་དྷེ་གྲོགས་གྲོང་པོའི་ནགས་ཁྲོད་དུ་སོང་བ་ལ། དེ་ནས་ཕྱུངས་ནས་ཕྱག་གཡས་གཡོན་དུ་བཅུག་ནས། རེས་དེ་ཨམ་ཕྲག་ནས། བཏོན་ནས་དེང་བྱས་པས་མིག་གིས་མཐོང་ཚད་དུ་ཉི་ཟླའི་འོད་ཀྱིས་ཁྱབ་ནས་དཀར་ལྷག་ལ་སོང་། རེས་དཔུང་རིངས་ཀྱི་རྒྱལ་པོས་ཕྲོགས་ཀྱིས་དོགས་ནས་སྦས་ཡིན་ཡིབ་པ་གཅིག་རྨིས་པ་ཡིན་སྐད། དེ་ཡང་སྐབས་སུ་ཚོགས་ཆོས་བྱས་པས་དར་རེ་དད་པ་སྐྱེས་ནས་ཡུལ་དཀར་ནུབ་པ་དེ་ཡིན་འདུག་གསུངས། རེས་རྒྱལ་པོས་ཕྲོགས་ཀྱིས་དོགས་ནས་ཕྱག་ཏུ་བཅུག་ཡིན་ཡིབ་པ་དེ་བར་ཆད་བྱུང་གིས་དོགས་ནས་དབྱར་གྱི་རིགས་ལ་མཚམས་ཐབས་སུ་བྱས་ནས་རི་ཁྲོད་དང་དགོན་པ་འགྲིམ་པ་དེ་ལ་ལྟ་བ་ཡིན་འདུག་གསུངས། ལན་གཅིག་གི་རྨི་ལམ་ན་སྙིམས་པ་ཟུར་ཁའི་ཁར་མོ་ཆེའི་རྩ་ནས་སློབ་དཔོན་སྐོར་སྟོན་རཱ་ཛས། ངའི་ལག་པ་ལ་འཇུས་ནས་ཡར་ལ་འཐེན་པས་ཁང་པ་ཉིས་ཐོག་གི་རྩེ་མོ་ལ་ཡེངས་ཀྱིས་ཐོན་པ་རྨིས་སྐད་དེ། དེ་ཡང་སློབ་དཔོན་སྐོར་སྟོན་རང་བྱིས་པ་ལོ་བརྒྱད་དགུ་ནས་མཇལ་བ་ཡིན་ཏེ། དེ་ནས་སློབ་གཉེར་ཞད་རེ་བྱས་ཏེ། མི་ཆོས་བྱ་སྙམ་པའི་བསམ་པ་མ་བྱུང་སྟེ། འདྲེན་པའི་བླ་མར་གྱུར་པ་ཡིན་འདུག་གསུངས། ལོ་བཅོ་ལྔ་ལོན་ཙ་ན་སློབ་དཔོན་སྐོར་སྟོན་རཱ་ཛ་གྲོངས་ནས་སློབ་དཔོན་བུའི་གན་དུ་ལོ་ལྔ་ཙམ་ཞི་བྱེད་ཞུ་ཡིན་དུ་བསྡད་དེ་ཞབས་ཏོག་གྲུབ་ཚད་བྱས། གདམས་ངག་ལེའུ་བདུན་པ་མ་གཏོགས་པ་གཞན་གྱིས་ཕན་ཐོགས་པ་ཁ་ནས་མ་བྱུང་སྟེ། ཆོས་ལ་དམ་པ་དེ་མཐོང་བས་ཕྱིས་གདམས་ངག་ལ་རྩིས་དང་ནན་ཏན་ཆེར་སོང་། གདམས་ངག་གནང་བའི་བླ་མ་རྣམས་ལ་ཡང་དྲིན་དུ་གཟོ་བར་བྱུང་། གཞན་ལ་ཡང་སྔར་ང་རང་ཆོས་ཀྱི་སྲེད་པའི་ཉམས་མྱོང་གིས་ཆོས་ལ་སེར་སྣ་མེད་པར་སྟེར་སྙིང་འདོད་པ་གཅིག་བྱུང་སྟེ། སླར་བཟླས་ཀྱང་ཤིན་ཏུ་ཕན་པ་གཅིག་བྱུང་བས་ལོག་ལྟ་མ་སྐྱེས་ཏེ་ཡང་དྲིན་དུ་ཚོར་བར་བྱུང་གསུངས་སོ། །ད་ལྟའི་མི་ལ་མ་བྱིན་ན་ཡི་ཆད། བྱིན་ན་དགའ་ཚོར་མི་སྐྱེ། གླན་ཀ་རྐོ་བའམ་སྙད་འདོགས་པ་ཁོ་ན་འདྲ་བ་མཐོང་ཙ་ན། སློབ་དཔོན་པ་ཀུན་ཤིན་ཏུ་བདེན་པར་འདུག་སེམས་པ་ཡང་བྱུང་གསུངས་སོ། །དེ་ནས་སློབ་དཔོན་ཇོ་སྲས་འཛེང་དང་གཉིས་སློབ་དཔོན་ངུའི་ཐད་དུ་གསེར་ལུང་དགོན་པར་མཇལ་བ་ཡིན་གསུངས། ངས་སློབ་དཔོན་ལ་གནང་བ་ཞུས་ནས་མ་འགག་རྣམ་དག་དང་ཞི་བྱེད་རྨ་ལུགས་དང་ཀ་པཱ་ལི་རྩི་ནག་ཅན་བཟང་པོ་གཅིག་རྣམས་ཕུལ་ནས་འཛེང་གི་གསང་སྒྲུབ་དང་ཕག་མོ་མངོན་བྱུང་ཞུས། རྡོ་རྗེ་ཟམ་པ་ལྷག་མ་ལུས་པར་གནང་བའི་དབུ་སྙུང་བཞེས་པའི་ནུབ་མོ་སློབ་དཔོན་ལ་ཡང་བཞུགས་པའི་བྱ་ཁང་དེ་འོད་དང་མེ་ཏོག་གིས་ཁེངས་པའི་རྨི་ལམ་དང་གཉིད་ལོག་ཏུ་མི་སྟེར་བའི་སྣང་བ་ཡང་བྱུང་གསུངས་སོ། །ཁྱོད་ལ་ངས་ཕན་ཐོགས་པ་གཅིག་འོང་བར་འདུག་གསུངས། ང་རང་ལ་ཡང་སྔ་དྲོ་གཉིད་ཟི་བ་གཅིག་ལ་ནམ་མཁའ་ལ་མེ་ཏོག་གིས་ཁེངས་པ་རླུང་གིས་ཁྱེར་ཡིན་ངའི་མདུན་དུ་ཐོག་ཏུ་བབ་ཀྱི་བྱུང་བ་གཅིག་རྨིས་པས་ཕན་ཐོགས་པར་བྱུང་བ་ཡིན་ནོ་གསུངས། དེ་ནས་སློབ་དཔོན་ཇོ་སྲས་ཀྱིས་ཁྲིད་ནས་སློབ་དཔོན་འཛེང་ཆེན་པོ་དང་སྤྲད་པའི་ཚེ། ཚེས་བཅོ་ལྔའི་ཟླ་བ་གཅིག་ཤར་ནས་འདུག་པའི་དཀྱིལ་དུ་སྐར་མ་གཉིས་ཐིམ་ནས་སོང་བ་གཅིག་རྨིས་པ་ཡིན་ཏེ། དེ་ང་དང་སློབ་དཔོན་ཇོ་སྲས་གཉིས་ཀྱི་བརྡར་བྱུང་གསུངས་སོ། །དེའི་ཚེ་སློབ་དཔོན་འཛེང་ཆེན་པོ་ལ་རྡོ་རྗེ་ཟམ་པ་ཚར་གཅིག་ཞུས། རྡོ་རྗེ་ཟམ་པ་ཐོབ་པའི་སྔ་ཤོས་དེ་ཡིན་གསུངས། དེ་ནས་སློབ་དཔོན་འཛེང་ཇོ་སྲས་དཔུང་རིངས་སུ་སྤྱན་དྲངས་ནས་རྡོ་རྗེ་ཟམ་པ་ཚར་བདུན་ཙམ་ཞུས། སྒོམ་ཚུལ་བླ་མའི་བྱིན་རླབས་ཞུས། དེ་ནས་ཡང་དྭགས་པོར་སློབ་དཔོན་ཆེན་པོའི་ཐད་དུ་དགུན་ཐོག་བཞི་ཕྱིན། དེར་དགུན་ཐོག་ལྔར་སོང་བ་ཡིན་ཏེ། རྡོ་རྗེ་ཟམ་པ་ཚར་ཕྱེད་པ་གཅིག་དང་བཅུ་བཞི་ཐོབ་བོ། །སློབ་དཔོན་ཇོ་སྲས་དང་ལོ་བརྒྱད་ཙམ་ལ་ཕལ་ཆེར་མ་བྲལ་བར་འགྲོགས་ནས་འདུག་པ་ལ། རྡོ་རྗེ་ཟམ་པ་ཚར་བདུན་ཞུས་གསུངས། ན་ནིང་ཕྱི་ནས་ཤོ་རུ་ཚར་གཉིས། གསེར་ལུང་དུ་ཐུན་གཅིག་ལ་ཚར་གཅིག་ཐོན་པ་གཅིག་དང་ཉི་ཤུ་ཐམ་པ་དེ་ཡན་གསུང་འཕྲོ་ལ་མཇལ་བའི་ཚར་ཕྱེད་ཕྱེད་ཐོས་པ་ལ་ཚར་གཅིག་ཏུ་བྱས་པས་སློབ་དཔོན་རིན་པོ་ཆེ་འཛེང་མེས་དབོན་གཉིས་ལ་ཚར་སུམ་ཅུ་རྩ་ལྔ་ཐོས་པ་ལགས་གསུངས། སློབ་དཔོན་ཆེན་པོའི་ཐད་དུ་འགྲོ་ཙ་ན་མ་གི་རམ་བཏོལ་གྱི་བར་དུ་འཇའ་མི་སྙེ་བ་མི་ཡོང་མ་མྱོང་སྟེ་ཆོས་རྟགས་སུ་བྱུང་། སློབ་དཔོན་ཇོ་སྲས་བྱོན་འོང་ཙ་ན་ལུང་པ་མེ་ཏོག་གིས་ཁེངས་པ་ཤ་སྟག་རྨིར་འོང་བ་ཡིན་ཏེ་ཤིན་ཏུ་བཟང་བར་བྱུང་ངོ་གསུངས། ཕྱི་ནས་སློབ་དཔོན་ཆེན་པོ་གྲོངས་འགྲོ་ཙ་ན་སྟོན་ཟླ་ར་བའི་ཉི་ཤུ་གཉིས་ཀྱི་སྲོད་ལ་ཚེས་པ་བཅོ་ལྔའི་ཟླ་བ་ཇེ་ཆུང་ཇེ་ཆུང་ལ་ཟད་པའི་ཤུལ་ན་སྐར་མ་གཉིས་འདུག་པ་གཅིག་རྨིས་པ་དེ། སྔར་སློབ་དཔོན་དང་མཇལ་ཙ་ན་སྐར་མ་གཉིས་ཐིམ་པ་རྨིས་པ་དང་། ཕྱིས་ཟླ་བའི་ཤུལ་ན་འདུག་པ་རྨིས་པ་དེས་ངེད་སློབ་དཔོན་ཇོ་སྲས་དང་གཉིས་ཀྱི་བརྡར་བྱུང་གསུངས། ཐོ་རངས་སློབ་དཔོན་ཆེན་པོ་གྲོངས་ནས་ཕུར་མཆོད་རྟེན་གཅིག་གི་སྟེང་དུ་བསྐྱལ་ནས། ད་ཆོས་སྟོན་གཅིག་བྱས་ནས་མེ་སྤར་དགོས་སེམས་ཙ་ན། སྐུ་ལུས་ལ་མེ་རང་འབར་དུ་བྱུང་བ་ལ་བུད་མེད་གསུམ་གྱི་ཕ་རྒྱལ་བ་འཛེང་སྟོན་ཟེར་ནས་ངུ་ཡིན་འདུག །མཆོད་རྟེན་གྱི་ཕྱོགས་བཞི་ན་མར་ལ་ཞུན་ཆུ་རེ་འབབ་ཀྱིན་འདུག་པ་ངས་མགོ་ལ་བྱུག་ཁོང་པར་འཐུང་བྱས་པས་ལུས་སྣུམ་དུ་ཙིར་གྱིས་སོང་ནས་འདུག་པ་གཅིག་རྨིས་ནས། སྤུ་ལུང་གི་མཆོད་ཁང་དུ་ཕ་ཇོ་དབུས་པ་དང་། དར་མ་སྨན། སྨན་ཆུང་། འབུམ་སྨན། མཁའ་འགྲོ་རྒྱན་དང་། མགོན་མོ་སྐྱིད་དང་། གཡག་སྒོམ་ལྷ་ཕོ་དགོས་དང་། དེ་རྣམས་ལ་རྨི་ལམ་བཤད་སྐད། སློབ་དཔོན་རྒྱལ་བ་འཛེང་སྟོན་ལ་ཕྱིས་དྲིས་ཙ་ན་དེའི་ནུབ་མོ་ཁོ་ནར་གྲོངས་པ་ཡིན་གདའ་འོ་གསུངས། སློབ་དཔོན་གྱི་ཞལ་ནས་ང་ལ་སྐྱེ་བ་སྔ་མའི་ལས་འཕྲོ་ཡོད་དེ། སློབ་དཔོན་རིན་པོ་ཆེ་འཛེང་མེས་དབོན་གཉིས་ཀྱི་བྱིན་རླབས་ཀྱི་བཀའ་བབས་པ་ལགས། སྙན་བརྒྱུད་རྡོ་རྗེ་ཟམ་པའི་བདག་པོ་གཅིག་ཏུ་བསྔོས་པ་ཡིན་ནོ་གསུངས། སློབ་དཔོན་རིན་པོ་ཆེ་དམ་པ་ཀུན་བཟང་གི་སྲས་སྤྲུལ་པའི་སྐུར་སྐྱེ་བ་བཞེས་ནས་འགྲོ་བ་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་ཐར་པའི་ལམ་སྟོན་པར་མཛད་པའི་སྤྲུལ་སྐུ་འོད་འབར་གྱི་ལོ་རྒྱུས་ནི། དེ་ཡང་ཇོ་སྲས་འོད་འབར་སེང་གེ་ཇོ་མོ་རྒྱ་སྨྱོན་མའི་ལུས་ཁོང་ན་མེད་ཙ་ན། ང་རང་གི་ཞི ང་ལག་པ་ཅན་གྱི་ཐོག་ཏུ་ནམ་མཁའ་ནས་སྐར་མ་ཆེན་པོ་གཅིག་བབས་ནས་འོད་ལྷག་ལྷག་འདུག་པ་རྨིས་ནས། ཕ་ཇོ་ལ་བཤད་པས་བུ་འོང་བའི་རྟགས་ཡིན། རྒྱ་སྨྱོན་མ་ལུས་པོ་མ་བདེ་བ་ཡིན་ནམ་ཟེར་བས། མིན་གསུངས་ཙ་ན། རྒྱ་སྨྱོན་མ་ན་རེ་ང་ལུས་པོ་མ་བདེ་བ་ཡོད་འདུག་པས། འོང་ཡང་ཁྱེའུ་གཤའ་མ་གཅིག་འོང་བ་གཅིག་འདུག །ནམ་མཁའ་ལ་སྐར་མའི་མི་རྐང་ལག་ཅན་གཅིག་ཤར་འདུག་པ་གཅིག་རྨིས། ཁྱོད་ཀྱིས་ནོར་བུ་རིན་པོ་ཆེ་ཡིན་ནོ་ཟེར་བ་གཅིག་བྱུང་ཟེར་རོ། །རྫུན་ཡིན་སྙམ་ཙ་ན། དབྱར་ཤམ་པོ་གངས་ལ་ལག་བདེ་བྱས་པའི་མར་ལ་འོང་ཙ་ན་ལྷུམས་སུ་ཞུགས་པ་ཡིན་འདུག་ནས་སྐར་མ་འོད་ལྷག་ལྷག་པ་གཅིག་རྨིས་པ་ཡིན། ང་རང་ལའང་ཆོས་རྟགས་སུ་སྐར་མ་ཤ་སྟག་རྨི་རུ་བྱུང་བས་ཆོས་པ་གཤའ་མ་གཅིག་འོང་བ་ཡིན་སྙམ་ནས། འོད་འབར་སེང་གེ་བྱ་བར་བཏགས་པ་ཡིན་གསུངས། སློབ་དཔོན་ཇོ་སྲས་འོད་འབར་དེ་ཡང་སྐུ་སྤྲུལ་པའི་སྐུ་ལྟ་བུ་བློ་རྣོ་བ་ཐུགས་ཤེས་རབ་ཆེ་བ། དགུང་ལོ་བཞི་བཅུ་ལས་མ་ལོན་པར་རྡོ་རྗེ་ཟམ་པ་གསུངས་པ་ལགས་སོ། །དེས་བརྒྱུད་འཛིན་ཇོ་མགོན་ལ་གནང་། དེས་བྱ་མེད་ཚུལ་རིན་ལ་དགོངས་པ་གསལ་ལོ། །ཆོས་འདི་ལྟ་བུའི་ངོ་མཚར་ཅན་ཕོག་པ་ཡིན་པས་བསམ་རླག་ཏུ་མ་སྡོད་ཅིག །གྲུབ་ཐོབ་གཅིག་བྱེད་དགོས་པ་ཡིན་གསུངས་སོ། །རྡོ་རྗེ་ཟམ་པའི་གང་ཟག་གདམས་ངག་གིས་གྲོལ་བའི་ལོ་རྒྱུས་ཆེན་མོ་འདི་བརྒྱུད་འཛིན་གྱི་སྲས་འོད་འབར་སེང་གེའི་དོན་ཆེད་དུ་ཡོན་ཏན་གྱི་འབྱུང་ཁུངས་ཀྱི་ལུང་པ་སྟག་རྩེ་སྒྲའི་ལུང་པའི་བཀྲ་ཤིས་ཉམས་དགའ་བའི་གནས་རྫོང་རི་དགོན་པར་བཀོད་པ་ལགས་སོ། །སློབ་དཔོན་རིན་པོ་ཆེ་ཀུན་བཟང་གིས་བླ་མ་རྒྱ་ཡེ་ཤེས་སེང་གེ་ལ་གནང་ངོ་། །རང་དོན་དང་གཞན་དོན་འགྲུབ་པར་སྨོན་ནོ། །དེས་གང་ཐལ་ཞེ་ན་སློབ་དཔོན་རིན་པོ་ཆེ་ཀུན་བཟང་གིས་བླ་མ་རིན་པོ་ཆེ་འཛེང་མེས་དབོན་གཉིས་ལ་ཞུས་པའི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་འཛེང་ཇོ་སྲས་ཀྱི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་འཛེང་ཆེན་པོའི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་རྦ་སྒོམ་གྱི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་ཉང་ཤེས་རབ་འབྱུང་གནས་ཀྱི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་ཉང་བྱང་ཆུབ་གྲགས་པའི་ལོ་རྒྱུས་ཐལ་ལོ། །དེས་ཆོས་བོད་དབུས་གཙང་དུ་བརྒྱུད་པ་ཐལ་ལོ། །དེའི་གོང་མ་དེས་ཁུ་འགྱུར་གསལ་བ་མཆོག་དང་། ཟ་ངམ་རིན་ཆེན་དབྱིག་དང་། ངན་ལམ་བྱང་ཆུབ་རྒྱལ་མཚན་ཏེ། ཁམས་ཀྱི་ཝ་སེང་གེ་བྲག་ལ་བཞུགས་པ་གསུམ་གྱི་ལོ་རྒྱུས་ཐལ་ལོ། །དེའི་གོང་མ་དེས་སློབ་དཔོན་བཻ་རོ་ཙ་ནའི་བཀའ་བབས་གསུམ་ལས། བཀའ་བབས་བརྒྱུད་པ་ཐ་མ་མི་ཕམ་མགོན་པོ་ལ་བབས་པ་ཐལ་ལོ། །དེའི་གོང་མ་དེས་བཀའ་བབས་བར་པ་རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བབས་པ་ཐལ་ལོ། །དེའི་གོང་མ་དེས་བཀའ་བབས་དང་པོ་མངའ་བདག་རྒྱལ་པོ་ལ་བབས་པ་ཐལ་ལོ། །དེར་སློབ་དཔོན་བཻ་རོ་ཙ་ནས་རྒྱལ་པོ་ལ་བཤད་པ་དང་གཅིག །རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བཤད་པ་དང་གཉིས། སྤང་མི་ཕམ་མགོན་པོ་ལ་བཤད་ནས་བསམ་ཡས་སུ་ལོག་ནས་སྒྲ་དོན་བསྒྱུར། ཡབ་ཡུམ་ལ་ཕན་བཏགས་ནས་སྒྲགས་ཀྱི་ཡང་རྫོང་ལ་གཤེགས་པ་དང་གསུམ། སྤང་མི་ཕམ་མགོན་པོ་ནས་ད་ལྟ་བདག་ཡན་ཆད་དུ་བརྒྱུད་པ་དང་བཞིས་གང་ཟག་གདམས་ངག་གིས་གྲོལ་བའི་ལོ་རྒྱུས་ཐལ་བ་ལགས་སོ། །དེ་ཡང་ཆོས་ཀྱི་སྐུའི་ཐུགས་དཔལ་བདེ་བ་ཆེན་པོ་ཡིན། ཆོས་ཀྱི་སྐུའི་གསུང་དཔལ་ཀུན་ཏུ་བཟང་པོ་ཡིན། ཆོས་ཀྱི་སྐུའི་སྐུ་དཔལ་རྡོ་རྗེ་སེམས་དཔའ་ཡིན། ཆོས་ཀྱི་སྐུའི་སྐུ་གསུང་ཐུགས་གསུམ་རྣམ་པར་དག་པས་འགྲོ་བའི་དོན་དུ་སྤྲུལ་པ་བཀྱེ་བ་སེམས་དག་ལྷའི་བུ་ཡིན། དེ་ཡན་ཆད་ནི་རྒྱལ་བ་དགོངས་པའི་བརྒྱུད་པ་ཡིན། རྡོ་རྗེ་སེམས་དཔའི་ཡང་སྤྲུལ་དགའ་རབ་རྡོ་རྗེ་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་སྤྲིན་ནག་པོ་འདུས་པའི་ཁྲོད་དུ་མཁའ་འགྲོ་མ་མ་རུངས་པ་འདུལ་བ་ལ་ཆོས་གསུང་གིན་ད་དུང་གྲོངས་པ་མི་མངའ་བར་བཞུགས་ནས་ཡོད་སྐད། དེའི་སློབ་མ་འཇམ་དཔལ་བཤེས་གཉེན་ནི་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་ཡིན་ཏེ། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་ད་དུང་གྲོངས་པ་མི་མངའ་བར་བཞུགས་ཡོད་སྐད། དེའི་སློབ་མ་ཤྲཱི་སིང་ཧ་ནི་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་སྐད། དེ་ཡང་ནམ་མཁའ་ལ་མཁའ་སྤྱོད་དུ་གཤེགས་པ་ཡིན་སྐད་དེ། རྒྱ་ནག་བཀྲ་ཤིས་ཁྲི་སྒོ་ན་འགྲོ་བའི་དོན་མཛད་ནས་ཡོད་པར་ཀེའུ་ཚང་ནས་བཤད་གདའ། དེའི་སློབ་མ་བཻ་རོ་ཙ་ན་ནི་དཔལ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་ཡིན་ཏེ། སྒྲགས་ཀྱི་ཡང་རྫོང་ལ་ཕུང་པོ་ལྷག་མེད་དུ་གཤེགས་པའོ། །སྤང་མི་ཕམ་མགོན་པོ་དགུང་ལོ་ལྔ་བརྒྱ་ཐུབ་པ་ཡིན། ད་དུང་དུའང་བཞུགས་ནས་ཡོད་གསུངས་སྐད། ངན་ལམ་བྱང་ཆུབ་རྒྱལ་མཚན་ཁམས་ཀྱི་ཝ་སེང་གེ་བྲག་ལ་དགུང་ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན་ནས་ལྷག་མེད་དུ་བཞུད་སྐད། དེའི་སློབ་མ་ཟ་ངམ་རིན་ཆེན་དབྱིག་བརྒྱ་དང་བཞི་བཅུ་རྩ་བཞི་ལོན་ནས་ལྷག་མེད་དུ་གཤེགས་སྐད། དེའི་སློབ་མ་ཁུ་འགྱུར་གསལ་བའི་མཆོག་གི་དགུང་ལོ་བརྒྱ་དང་བཅུ་བདུན་ལོན་ནས་ལྷག་མེད་དུ་གཤེགས་སྐད། ཕ་སྤད་དེ་གསུམ་ཀ་ཁམས་ཀྱི་ཝ་སེང་གེ་བྲག་ལ་སྦྲུལ་གྱི་ལོ་ལ་གཅིག་རྟིང་ལ་གཅིག་གཤེགས་ཏེ་སྐུ་ན་བུན་དེངས་པའམ་འཇའ་ཡལ་བ་བཞིན་དུ་དངོས་སུ་གཤེགས་པ་ལགས་སྐད། ཉང་བྱང་ཆུབ་གྲགས་པ་གཙང་གི་རྒྱམ་ཉེ་ཁའི་ཕུང་པོ་རི་བོ་ཆེ་ལ་དེང་སང་འདུག་པའི་འཕྲོ་ལ་རི་ཟུར་ན་ཡར་ལ་སྐུ་སྤྲིན་ཆད་པ་བཞིན་དུ་ལྷག་མེད་དུ་གཤེགས་སྐད། ཉང་ཤེས་རབ་འབྱུང་གནས་ཕུག་པོ་ཆེའི་ལྷ་རིའི་རྩེ་མོ་ལ་ཤུག་པ་རྐང་གཅིག་ལན་བཟའ་དང་། ཕྲེང་བ་ཀ་པཱ་ལི་ཀུན་གཟར་ནས་ཕུང་པོ་ལྷག་མེད་དུ་གཤེགས་ནས་གདའ་སྐད། དེའི་སློབ་མ་སློབ་དཔོན་རྦ་སྒོམ་གྱིས་དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་ནས་བསྙུང་བ་མེད་པར་གྲོངས་ནས་པུར་མཆོད་ཁང་དུ་སྦྱངས་ནས་མེ་ལྕེ་ལ་འོད་བུམ་པ་ཙམ་གཅིག་འདུག་ནས། མིག་གི་མངོན་ངང་གི་ནམ་མཁའི་དབྱིངས་སུ་གཤེགས་ནས་ཤུལ་དུ་གདུང་ཐལ་ཡང་མ་བྱུང་སྐད། དེའི་སློབ་མ་སློབ་དཔོན་འཛེང་ཆེན་པོའི་དྭགས་ལུང་འཛི་སྟོད་དགོན་པར་དགེ་བཤེས་ཀྱི་ཁུང་པས་གསུང་བའི་དབང་དུ་བྱས་ན་བརྒྱ་དང་བཅུ་བདུན་བཞེས་ནས་འདུག་པས། མ་གྲོངས་པ་ནས་དགོན་པའི་མཐའ་མ་འཇའ་འཁོར་བྱུང་བར་གདའ་འོ། །དེ་ནས་སྟོན་ཟླ་ར་བའི་ཉི་ཤུ་གཉིས་ཀྱི་ཐོ་རངས་སྐུ་གཤེགས་པ་ལ་པུར་སྦྱངས་པས་ནམ་མཁའ་ལ་འཇའ་མིག་མངས་རིས་སུ་བྱུང་བ་ཕར་ཁའི་རྐྱང་ཕུ་བའི་མིས་མཐོང་བ་དང་། རིང་བསྲེལ་དང་མཎྜལ་པདྨའི་རིས་ཅན་དང་། སྲིན་ལག་ཐབ་ནས་ཡར་ནས་མཆོད་རྟེན་དུ་བྱུང་བ་ཡོན་བདག་རྡོ་རྗེས་ཐོབ་པ་དང་། འོད་དང་། སྒྲ་དང་། ས་གཡོས་ཆེན་པོ་ལ་སོགས་པ་བྱུང་བར་ཡིན་པར་གདའ་འོ། །དེའི་གདུང་བརྒྱུད་འཛིན་པ་སློབ་དཔོན་སྨྱོན་པ་འཛེང་དཀར་གྱིས་ཡོན་ཏན་ཐམས་ཅད་ཀྱི་མགོ་ཐོན། གྲུབ་ཐོབ་བརྒྱུད་པའི་བྱིན་རླབས་ཞུགས་ནས་སྤྲུལ་པའི་སྐུར་གྱུར། ད་ལྟ་བསྟན་པའི་བདག་པོ་མཛད། འགྲོ་བ་ལ་ཕན་ཐོགས་ཤིན་ཏུ་ཆེ། ངོ་མཚར་ཤིན་ཏུ་ཆེ་བར་བཞུགས་པ་ལགས་སོ། །བླ་མ་རིན་པོ་ཆེ་འཛེང་མེས་དབོན་གཉིས་ཀྱི་སློབ་མ་སློབ་དཔོན་ཀུན་བཟང་གིས། གདམས་ངག་འདི་ལ་ནན་ཏན་དུ་བྱས་ནས་འགྲོ་བ་གཞན་རྣམས་ངེས་ཤེས་བསྐྱེད་པའི་ཕྱིར། ལོ་རྒྱུས་རྒྱས་པར་བཀོད་པ་འདི་བརྒྱུད་འཛིན་གྱི་ཇོ་སྲས་འོད་འབར་སེང་གེའི་དོན་དུ་མཛད་པ་ལགས་སོ། །ཉུང་བར་འདོད་ན་ཚིགས་བཅད་དང་ལོ་རྒྱུས་འགྱང་པོ་ཚོ་ཞོག་ལ་ཤོད་ཅིག །དེ་ཡན་ཆད་ཀྱིས་གང་ཐལ་ན། རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་དང་། གང་ཟག་གདམས་ངག་གིས་གྲོལ་བའི་བརྒྱུད་པ་གཉིས་པ་ཐལ་ལོ། །དེ་གཉིས་ཧྲིལ་གྱི་དྲིལ་བས་ངེས་ཤེས་བསྐྱེད་པ་བརྒྱུད་པའི་ལོ་རྒྱུས་སྐབས་ཐལ་བ་ལགས་སོ། ༈ །སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། གོ་བ་བསྟན་པ་དང་། ཚིག་དོན་བསྟན་པ་གཉིས་ཏེ། གོ་བ་ནི། མདོར་བསྡུས་ནས་བསྟན་པའོ། །ཚིག་དོན་ནི་སྒོམ་བྱེད་ཀྱི་དོན་དེ་བརྡས་ངོ་སྤྲད་པ་དང་། དོན་དེའི་གོལ་ས་གཅོད་པ་གཉིས་ཀྱིས་ནན་ཏན་དུ་རྒྱས་པར་བསྟན་པའོ། །དང་པོ་སྒོམ་དུ་མེད་པའི་གོ་བ་མདོར་བསྟན་པ་ལ། སྒོམ་དུ་མེད་ཅེས་པ་ནི། གང་ལ་སྒོམ་དུ་མེད་ན། སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་བསྒོམ་དུ་མེད་དེ། དེ་ཡང་ཇི་ལྟར་དུ་བསྒོམ་དུ་མེད་ན། སེམས་ཉིད་དངོས་པོའི་གནས་ལུགས་དེ་ནི་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པའི་ཆོས་བཞི་དང་ལྡན་པའི་དོན་དེ་ནི་ཡིད་ཀྱི་ཡུལ་ལམ། དྲན་པའི་ཡུལ་ལམ། བསམ་པའི་ཡུལ་ལམ། བློའི་ཡུལ་དུ་མི་གནས་པས། བསྒོམ་པར་བྱ་བའི་རྒྱུའམ་བྱེད་པའི་མཁན་པོ་གཅིག་མི་འདུག་པས་དོན་བློའི་ཡུལ་དུ་བྱས་པའི་སྒོམ་རྒྱུ་གཅིག་མེད་པས་ན་སྒོམ་མེད་དོ། །དེ་ཡང་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལས། བསྒོམ་མེད་དོན་ལ་བློ་བཞག་མེད། །ཅེས་བཤད་དོ། །སྒོམ་དུ་མེད་པ་དེ་ཉིད་བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་དོན་ནོ། །དེ་ཡང་སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་ངེས། །ཞེས་བཤད་དོ། །སྒོམ་དུ་མེད་པའི་དོན་དེ་ཉིད་ལ་བླ་མའི་བརྡ་དང་ངག་གིས་ངོ་སྤྲད་པས་དོན་བློ་བྲལ་འདུས་མ་བྱས་པ་དེ་ཉིད་ལ་རྐྱེན་གང་གིས་ཀྱང་ཕན་གནོད་མི་ནུས་ཏེ། བྱ་བློའི་འབད་རྩོལ་མི་དགོས་པར་དོན་དེ་ཉིད་མི་འཆུག་པར་འགྱུར་བར་རིག་ཅིང་རྟོགས་པས་ན་དོན་གྱི་གཟེར་ཆེན་ཐེབས་པའོ། །དེ་ཡང་ཟམ་པ་ཆེནཔོ་དབང་གི་མན་ངག་ལས། སྒོམ་མེད་དོན་ལ་བྱ་བློ་མེད། །ཡིད་ལ་མ་བྱས་རང་བཞིན་གནས། །རིག་པའི་གཟེར་གྱིས་འདའ་བ་མེད། །ཅེས་བཤད་དོ། །དཔེར་ན་སྒོའི་འབའ་སྤན་ལ་རྒྱབ་པས་རྣམ་པ་འཁྲོལ་མི་འགྲོ་སྟེ། མི་འཆུག་མི་འགྱུར་བ་ལྟ་བུར་དོན་མ་ནོར་བ་ལ་རིག་ཅིང་རྟོགས་པས་གཟེར་ཐེབས་པས་སེམས་ཉིད་འཁྲུལ་དུ་མི་འགྲོ་སྟེ། འཁོར་བ་རང་རྒྱུད་པར་མི་འཆུག་ཅིང་ཆོས་ཉིད་ཀྱི་ངང་ལས་མི་འགྱུར་བའོ། །རྣ་བརྒྱུད་རྡོ་རྗེ་ཟམ་པ་འཕྲུལ་གྱི་མེ་ལོང་བརྩེགས་པ་ལས། འཕྲུལ་གྱི་མེ་ལོང་སྒོ་དགུ་བཞིན། །རྟོག་མེད་མཐོང་བའི་ལམ་སྤྲད་དེ། །སྒོམ་མེད་དོན་གྱི་གཟེར་ཆེན་གདབ། །བགྲོད་མེད་རྟོག་པའི་འདམ་ལས་བསྒྲལ། །ཞེས་བཤད་དོ། །དེ་ནི་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་གོ་བ་མདོར་བསྟན་པའོ། །དེ་ལས་ཀྱང་གོ་བ་རྒྱས་པར་བཤད་ན། སྒོམ་དུ་མེད་པའི་དོན་དེ་ལ་མིང་དུ་བཏགས་ནས་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཉིད་ལའང་གསུམ། སངས་རྒྱས་པའི་སྟོང་པ་དང་གཅིག །སེམས་ཅན་བློའི་སྟོང་པ་དང་གཉིས། རྣལ་འབྱོར་པ་ལམ་གྱི་སྟོང་པ་དང་གསུམ་མོ། །སངས་རྒྱས་པའི་སྟོང་པ་ནི་དོན་དམ་བློའི་སྤྱོད་ཡུལ་དུ་མ་གྱུར་པས་སྒོམ་དུ་མེད་པའོ། །སེམས་ཅན་བློའི་སྟོང་པ་ནི་ཇི་ལྟར་ཆ་ཕྲ་མོར་གཞིག་ཅིང་གཏན་ལ་ཕབ་ཀྱང་བློའི་སྤྱོད་ཡུལ་ཡིན་པས་དོན་སེམས་ཉིད་དངོས་པོའི་གནས་ལུགས་མཚན་ཉིད་བཞི་ལྡན་གྱི་ཐོག་ཏུ་མི་ཕེབས་སོ། །རྣལ་འབྱོར་པ་ལམ་གྱི་སྟོང་པ་ནི་བླ་མའི་བརྡ་དང་ངག་གིས་རྒྱུད་ལ་སྦྱར་བས་སེམས་ཅན་གྱི་བློ་དེ་མ་སྤངས་པར་དེ་ཉིད་དུ་ཟད་ནས་བློ་བྲལ་དོན་དམ་པ་དངོས་པོ་གནས་ལུགས་ཅི་ཡང་མ་ཡིན་པ་དེ་བྱས་པ་དང་བཅོས་པ་མེད་པར་གཏན་མེད་རང་གསལ་དུ་རྒྱུད་ལ་འཆར་རོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཅིར་ཡང་མ་ཡིན་གཏན་མེད་པའི། །རང་གསལ་ཡེ་ཤེས་ཉི་མའི་འོད། །ཀུན་བཟང་རྒྱལ་བའི་ཐུགས་དམ་ཡིན། །ཞེས་བཤད་དོ། །རྣལ་འབྱོར་ལམ་གྱི་སྟོང་པ་དེས་སེམས་ཅན་བློའི་སྟོང་པ་བསམ་མནོ་དམིགས་སུ་མེད་པར་བློ་ཟད་ནས་སངས་རྒྱས་པའི་སྟོང་པ་དོན་དངོས་པོའི་གནས་ལུགས་ཀུན་ཏུ་བཟང་པོའི་ཐུགས་དགོངས་དེ་རྒྱུད་ལ་ཤར་བའོ། །གསང་སྔགས་དོན་གྱི་ཚད་མ་ལས། བློ་དངོས་ཟད་ཅིང་སེམས་དང་ཆོས་ཉིད་འདྲེས། །བློ་ཉིད་དངོས་པོར་འགྱུར་ཞེས་རྡོ་རྗེ་སེམས་དཔས་གསུངས། །ཞེས་བཤད་དོ། །དོན་དངོས་པོའི་གནས་ལུགས་མཚན་ཉིད་ཆོས་བཞི་ལྡན་དུ་རྟོགས་པ་དེ་ལ་སྒོམ་པ་དང་མི་བསྒོམ་པའི་བློའི་མཐའ་གང་ཡང་མི་གནས་པའོ། །དེ་ཡང་སྒོམ་དུ་ཡོད་ན་རྟག་པའི་མཐར་ལྷུང་། མེད་ན་ཆད་པའི་མཐར་ལྷུང་། ཡོད་མེད་དུ་འཛིན་པའི་མཐའ་དང་བྲལ་བའི་དབུ་མ། གོལ་སར་འཁྱོག་པ་མེད་པའི་དྲང་པོ། རྒྱ་ཆད་ཕྱོགས་ལྷུང་གི་ལམ་ལ་མི་འཇུག་སྟེ། གཉིས་མེད་ཟུང་འཇུག་གཅིག་ཏུ་འཆར་བར་སྟོན་པའོ། །སྤྱིར་རྫོགས་པ་ཆེན་པོ་ལ་སྒོམ་ཡོད་དང་བསྒོམ་མེད་གཉིས་སུ་འདོད་པ་མང་པ་ལས། རྡོ་རྗེ་ཟམ་པ་འདིའི་ལུགས་ཀྱིས་སྒོམ་དུ་ཡོད་བྱས་ནས་དོན་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་སྒོམ་རྒྱུ་རྡུལ་ཙམ་ཡང་མེད་དོ། །བསྒོམ་དུ་མེད་བྱས་ན་ཐ་མལ་རང་རྒྱུད་པའི་ཕྱལ་བར་ཡང་མ་སོང་སྟེ། བརྡ་བཞིའི་ངང་ལས་སྐད་ཅིག་མ་གཅིག་ཀྱང་ཡེངས་སུ་མེད། དམིགས་སུ་མེད་པ་ཤེས་རབ་ཀྱི་མཐར་ཐུག །ཡེངས་སུ་མེད་པ་ཐབས་ཀྱི་མཐར་ཐུག །མི་དམིགས་པ་དང་མ་ཡེངས་པ་གཉིས་དུས་གཅིག་ལ་རྒྱུད་ལ་སྦྱོར་བ་ཡིན་པས་ཐབས་ཤེས་རབ་གཉིས་སུ་མེད་པར་ཟུང་འཇུག་གི་དགོངས་པ་རང་བྱུང་གི་ཡེ་ཤེས་ཆོས་བཞི་དང་ལྡན་པ་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་དེ་མི་འཆུག་མི་འགྱུར་བར་རྟོགས་པ་དེ་ནི་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་གོ་བ་རྒྱས་པ་མཐར་ཐུག་པར་བསྟན་པའོ། །དེ་ཡང་ཕྱོགས་སུ་མ་ལྷུང་བའི་ལུང་ནི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བསྒོམ་དུ་ཡོད་མེད་མཐའ་ཡི་ཆོས། །མཐའ་བྲལ་དབུ་མ་དྲང་པོའི་ལམ། །ཕྱོགས་ཀྱི་ལམ་ལ་འཇུག་པ་མེད། །ཅེས་བཤད་དོ། །དེ་ཡང་རྡོ་རྗེ་ཟམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། མཐའ་བྲལ་ཡེ་ཤེས་རྫོགས་པ་འདི། །རྟགས་པ་མ་ཡིན་མི་རྟག་མིན། །ཤེས་པ་མི་འགགས་འདོད་པ་མེད། །དབུ་མ་ཆེན་པོ་དྲང་པོའི་སེམས། །ཕྱོགས་ཀྱི་ལམ་ལ་འཇུག་པ་མེད། །ཅེས་བཤད་དོ། །མ་ཡེངས་པ་དང་མི་དམིགས་པ། སྒོམ་པ་དང་མི་སྒོམ་པ་གཉིས་སུ་མེད་པར་ཟུང་འཇུག་གོལ་ས་མེད་པའི་ལུང་ནི། བྱང་ཆུབ་སེམས་སྒོམ་པ་དོན་དྲུག་པ་ལས། སེམས་དང་ཆོས་གཉིས་ཅི་ཡང་མ་ཡིན་པས། །སྒོམ་པའི་ཚེ་ན་ཅི་ཡང་མི་སྒོམ་མོ། །ཞེས་བཤད་དོ། །བྲམ་ཟེ་ཆེན་པོ་ས་ར་ཧ་པས་གསུངས་པ། སྒོམས་ཤིག་སྒོམས་ཤིག་མ་བསྒོམ་ཞིག །སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་པ། །དེ་ནི་རྣལ་འབྱོར་དམ་པའི་ལམ་ཞེས་བཤད། །ཞེས་དང་། རྫོགས་པ་ཆེན་པོ་ལས། སྒོམ་མཁན་གང་གིས་སྒོམ་པ་ཅི་ཞིག་བསྒོམ། །བསྒོམས་དང་སྒོམ་པར་བྱ་བ་གཉིས་མེད་དེ། །སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་ན། །དེ་ནི་སངས་རྒྱས་དགོངས་པ་ཡིན་པར་གསུངས། །ཞེས་བཤད་དོ། །སངས་རྒྱས་ཀྱི་དགོངས་པ་མི་འཆུག་མི་འགྱུར་བར་ཐེ་ཚོམ་མེད་པར་རྟོགས་པ་དེ་ནི་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་གོ་བ་མཐར་ཐུག་པའོ། །སྒོམ་མེད་ཀྱི་ཚིག་དོན་བསྟན་པ་ལ་གཉིས་ཏེ། བརྡ་དོན་དགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པའོ། །དང་པོ། བརྡ་དོན་དགྲོལ་བའི་མན་ངག་སྦྱིན་པ་ལའང་གནད་ཀྱི་བརྡ་དང་དུས་ཀྱི་བརྡ་གཉིས་ཏེ། དུས་ཀྱི་བརྡ་ནི་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་སྟོན་པ་ལས་འདིར་དཀྱུས་སུ་བསྟན་དུ་མེད་དོ། །གནད་ཀྱི་བརྡ་ལ་བརྡའི་གོ་བ་དང་། ཚིག་དོན་བསྟན་པ་གཉིས་ཏེ། དང་པོ་བརྡའི་གོ་བ་་ནི། དཔེས་མཚོན་པ་ཡིན་པས་དཔེར་ན་མཛུབ་མོ་ལ་བརྟེན་ནས་བྱིས་པས་ཟླ་བ་མཐོང་བའམ། མེ་སྒྲོན་ལ་བརྟེན་ནས་མཛོད་ཀྱི་ཀ་ཆ་ལོན་པ་བཞིན་དུ་བླ་མའི་བརྡ་ལ་བརྟེན་ནས་དོན་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་སྒོམ་དུ་མེད་པའི་དོན་དེ་རྟོགས་པར་བྱེད་པའོ། །དེ་ཡང་བརྡ་དོན་མཐོང་བའི་དུས་ཀྱི་ཤེས་པ་སྐད་ཅིག་མ་དེ་མ་རིག་པར་བརྡ་དེ་ཉིད་ལ་ཆགས་ཤིང་འཁྲིས་ན་དོན་བསྒྲིབ་བོ། །དེ་ཡང་དཔེར་ན་སྐྱེལ་མས་མགྲོན་པོ་འཇིགས་པ་ལས་མ་བསྒྲལ་བར་རང་རེས་བཟུང་ནས་ཧམ་པ་བྱས་པའམ་མདའ་ལྟོང་དུ་བཅུག་པའི་གཞུ་བཀང་ནས་མཐེབ་མ་ཁྲོལ་བས་བཏང་སར་མི་འགྲོ་བར་རང་ལ་འཁོར་བ་བཞིན་དུ་བརྡས་རྒྱུད་ལ་སྦྱར་བས་དོན་ཉམས་སུ་མྱོང་ནས་དེ་ཉིད་ལ་ཆེད་དུ་འཛིན་པའི་བློ་མ་ཁྲོལ་ན། ཆེད་དུ་འཛིན་པ་དེ་ཉིད་ཀྱིས་སྒོམ་དུ་མེད་པའི་དོན་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ཉིད་མི་མཐོང་བར་ཆེད་འཛིན་གྱི་བློ་དེས་བསྒྲིབ་སྟེ་དོན་བློ་བྲལ་ཡིན་ཐོག་ཏུ་མི་སྐྱེལ་བར་བློ་ཐོག་ཏུ་འཁོར་ནས་འོང་བའོ། །དེ་ཡང་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་པ། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །བརྡས་དོན་ཉམས་སུ་མྱོང་བ་ལ་ཆེད་དུ་འཛིན་པའི་བློ་མི་གནས་པར་མཐར་ཕྱིན་པ་དེ་ནི་སྐྱེལ་མས་མགྲོན་པོ་ཡུལ་དུ་སྐྱེ ལ་བའམ། མཐེབ་དཀྲོལ་བས་མདའ་འབེན་ཐོག་ཏུ་སྐྱོལ་བ་དང་འདྲ་སྟེ། བརྡས་དོན་ཉམས་སུ་མྱོང་བ་ལ་མ་ཞེན་པས་མཐར་ཐུག་ཏུ་སོང་བའོ། །དེ་ཡང་གསང་བ་འཁོར་ལོའི་རྒྱུད་ལས། རིག་པའི་རྒྱལ་པོས་ཀུན་ཏུ་བཟང་པོ་ལ་ཞུས་པ། འཛིན་པའི་ཡུལ་མེད་ཞེན་པའི་མཐའ་ལས་གྲོལ། །བློ་ཡིས་མ་དཔྱད་རང་བཞིན་དོན་དང་ལྡན། །རིག་པའི་ཡུལ་མེད་རང་བཞིན་འཛིན་མེད་པ། །རྣམ་རྟོག་མེད་པར་མཉམ་ཉིད་ཆོས་ཀྱི་སྐུ། །ཞེས་གསུངས་སོ། །བརྡ་དོན་མཐོང་བ་དེ་མངོན་དུ་མ་གྱུར་བ་ལ་ཉམས་སུ་ལེན་པའི་བརྡའ་མ་ཐབས་དེ་བཞག་ན་རྣམ་རྟོག་གི་རྐྱེན་ཁར་འཆོར་བས་བོགས་མེད་པར་ངན་དུ་འགྲོ་སྟེ་ཐ་མལ་དུ་ལུས་ཉེན་ཡོད་དོ། །བླ་མས་བསྟན་པའི་བརྡ་དེ་ཁོ་ན་བཞིན་དུ་རང་གི་རྒྱུད་ལ་མ་སྦྱར་ན་གོ་ཡུལ་བཟང་ཡང་སྤྱིའི་རྣམ་པར་ལུས་ནས་གནས་ལུགས་ཉམས་སུ་མི་མྱོང་ཞིང་རྟོགས་པར་དཀའ་འོ། །བརྡས་དོན་རྟོགས་ནས་ཞེན་འཛིན་མེད་པར་མངོན་དུ་གྱུར་པ་ནི། མགྲོན་པོ་གནས་སུ་སྐྱོལ་ནས་སྐྱེལ་མས་ཡུལ་དུ་ལོག་པ་དང་འདྲ་སྟེ། གཉེན་པོ་བསྟེན་མི་དགོས་པའོ། །དེ་ནི་བརྡས་དོན་གྲོལ་བའི་གོ་བ་དཔེས་བསྟན་པའོ། །བརྡས་དོན་གོ་བའི་ལུགས་ལ་ཡང་དབང་པོ་རབ་འབྲིང་ཐ་མ་དང་གསུམ་སྟེ། རབ་བྱར་མེད་བཞག་ཆོག་ཏུ་གོ་བ། འབྲིང་རང་བཞིན་ལྷུན་གྲུབ་ཏུ་གོ་བ། ཐ་མ་བྱར་མེད་བཞག་ཏུ་མེད་པར་གོ་བ་དང་གསུམ་མོ། །དེ་ཡང་ར བ་ལ་བརྡ་བསྟན་པ་དང་རྟོགས་པ་དུས་མཉམ། རྟོགས་པ་དང་གྲོལ་བ་དུས་མཉམ་སྟེ། བརྡའ་འམ་ཐབས་ཀྱིས་གཉེན་པོའི་བྱ་བ་དང་བྲལ་ཏེ། བཞག་པས་ཆོག་པས་ན་བྱར་མེད་བཞག་ཆོག་གོ། །དེ་ཡང་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལས། རྒྱུ་འབྲས་འདས་པའི་ངོ་བོ་ཡིན། །གདོད་ནས་གནས་པས་བྱར་མི་དགོས། །ཞེས་བཤད་དོ། །གཉིས་པ་དབང་པོ་འབྲིང་གིས་བརྡ་ལ་བརྟེན་ནས་དོན་གོ་བ་དེ་ལ་འབད་རྩོལ་བྱ་མི་དགོས་ཀྱང་མ་བཅོས་པའི་དོན་ལ་དགག་སྒྲུབ་མེད་པར་རང་བཞིན་ནམ་ངང་གིས་མ་བྲལ་བར་སྐྱོང་བའོ། །ཡང་ལུང་དེ་ཉིད་ལས། རྩོལ་མེད་རང་གནས་མ་བཅོས་པ། །ཡེ་ཤེས་ལྷུན་གྲུབ་རང་བཞིན་གནས། །ཞེས་པའོ། །དབང་པོ་ཐ་མས་བརྡལ་བརྟེན་པས་དོན་རྟོགས་ཀྱང་བརྡ་དང་བྲལ་ཙ་ན་དོན་མི་གསལ་བར་རྐྱེན་ཁར་འཆོར་བས་རྟོགས་པ་དེ་མ་བརྟན་བར་དུ་བརྡ་དང་བྲལ་དུ་མི་བཏུབ་སྟེ་བརྟན་པ་ཐོབ་དགོས་སོ། །དེ་ཡང་ཡེ་ཤེས་གསང་བ་ལས། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ནས། །རྟོགས་པ་བརྟན་པ་དེ་ལ་འབྲས་བུར་བཏགས། །ཞེས་བཤད་དོ། །དེ་ཡང་དཔེར་ན། བྱང་ཕྱོགས་ཤམ་བྷ་ལའི་དུར་ཁྲོད་ན་རྣལ་འབྱོར་པ་བརྒྱ་ཉག་གཅིག་ཡོད་པ་ལ། དེ་རྣམས་ཀྱི་ནང་ན་ཆེ་བ་རྣལ་འབྱོར་པ་ད་ན་དྷ་ཡིས་སྐྱེ་བ་བདུན་པའི་ཤ་བཀྲོལ་ནས་ཚོགས་སུ་དྲངས་པས་དོན་རྒྱུད་ལ་ཤར་བ་ལ་གོ་ལུགས་གསུམ་དུ་བྱུང་སྟེ། སྒྲ་དྲང་ཐད་དུ་གོ་བ། སྒྲ་ལྷུན་གྲུབ་ཏུ་གོ་བ། སྒྲ་ཐང་ལོག་ཏུ་གོ་བ་དང་གསུམ་གྱི་དཔེས་མཚོན་ནས་གང་ཟག་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་བསྟན་པའོ། །དེ་ཡང་རབ་ལ་ངོ་འཕྲོད་པ་དང་བརྡ་ལ་བརྟེན་མི་དགོས་ཏེ་དབང་པོ་ཆེའི་གན་ནས་འོང་བ་ལ་གཞན་གྱིས་འཇོམས་མི་ནུས་པ་བཞིན་དུ་སྐྱོན་གྱིས་མི་གོས་པའོ། །འབྲིང་ལ་ངོ་འཕྲོད་ནས་འབད་རྩོལ་གྱིས་བལྟ་མི་དགོས་ཀྱང་དབང་འབྲིང་པོའི་གན་ནས་འོང་བ་དང་འདྲ་སྟེ་དོན་མི་བརྗེད་པ་མི་ཡལ་བར་བྱ་བའི་ཕྱིར་དགག་སྒྲུབ་མེད་པའི་ངང་ལ་མ་བཅོས་པར་ངང་ངམ་ཤུགས་ཀྱིས་རང་བཞིན་གྱིས་གནས་པར་བྱེད་པའོ། །ཐ་མ་ངོ་འཕྲོད་ཀྱང་བརྡ་དང་བྲལ་ནས་ཉམས་མྱོང་རྐྱེན་ཁར་འཆོར་བས་དོན་མངོན་དུ་གྱུར་ནས་བརྟན་པ་མ་ཐོབ་ཀྱི་བར་དུ་ཡེངས་ཐབས་མེད་དེ་ཨ་འཛིང་དུ་བལྟ་དགོས་པའོ། །མི་ངོས་རྣོ་བ་འབྲིང་པོ་རྟུལ་བ་གསུམ་དང་འདྲ་སྟེ། མཐོང་བས་ཆོག་པ། ཞད་རེ་འདྲིས་དགོས་པ། བྲལ་མ་ཐག་ཏུ་ངོ་མི་ཤེས་སོམ་ཉི་ཟ་བར་འོང་བས་བྲལ་ཐེབ་མེད་པར་འགྲོགས་དགོས་པ་དང་གསུམ་མོ། །དེ་ནི་བརྡ་ལ་བརྟེན་ནས་དོན་ཁྲོལ་བའི་གོ་བ་དཔེས་བསྟན་པའོ། །བརྡའི་ལུང་ནི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བརྡ་དོན་ངོ་སྤྲོད་སློབ་དཔོན་ནི། །རང་རྒྱུད་མ་བཅོས་རྣམ་དག་པས། །དོན་དང་འབྲེལ་བའི་སྒྲ་ཚིག་གིས། །ཡེ་ཤེས་རིག་པའི་ངོ་བོ་སྟོན། །སྐྱེ་བ་མེད་པའི་བརྡ་དོན་འཕྲད། །ཅེས་བཤད་དོ། །དེས་བརྡ་དོན་འཕྲོད་པ་ལའང་དབང་པོ་རབ་འབྲིང་ཐ་མ་གསུམ་དུ་བྱུང་བའི་གོ་བ་དཔེས་བསྟན་པའོ། །ད་བརྡ་སྟོན་པའི་ཚིག་ལ་གཉིས་ཏེ། གཉིས་པོ་གང་ཡིན་ན། འཛིན་མེད་ངང་ལ་མི་གནས་ལ། གཡོ་འཛིན་རླུང་གི་མན་ངག་སྦྱིན་པ་དང་གཅིག །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། བདེ་བ་ཐིག་ལེའི་མན་ངག་སྦྱིན་པ་དང་གཉིས་སོ། །དེའང་རྫོགས་པ་ཆེན་པོའི་བརྒྱུད་པ་ཐ་མ་ལས། ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གི་བརྒྱུད་པ་དང་། མ་རྒྱུད་བདེ་བའི་ཉམས་འཆར་བར་བྱིན་རླབས་ཀྱི་བརྒྱུད་པ་གཉིས་ལས། གསང་སྔགས་ཕ་རྒྱུད་ཀྱི་དོན་བསྡུས་པ་གཡོ་འཛིན་རླུང་གིས་མན་ངག །མ་རྒྱུད་ཀྱི་དོན་བསྡུས་པ་བདེ་བ་ཐིག་ལེའི་མན་ངག་གོ། །དེའང་རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ལས། དྲན་རྟོག་རླུང་གིས་གཡོ་བའི་ཡིད། །འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །ཞེས་བཤད་དོ། །ཡང་དེ་ཉིད་ལས། རྟོག་པ་རླུང་གིས་དྲན་བསྐྱོད་ཅིང་། །མཚན་མའི་སྤྲོས་པ་ཆེ་བ་ལ། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །ཞེས་བཤད་པས། དེ་ཡང་གནས་ལུགས་འཛིན་མེད་ཀྱི་ངང་ལ་མི་གནས་པར་འཛིན་པའི་དྲན་རྟོག་ཐམས་ཅད་རླུང་གཡོས་པས་ཡིན་འགྱུར་བ་ལ་ཆེད་འཛིན་གྱི་བློ་སྐྱེས་པ་ཡིན། ཆེད་འཛིན་གྱི་བློ་དེ་འཁོར་བའི་མཐའ་ཡིན་ནོ། །དེ་ཡང་རྫོགས་པ་ཆེན་པོ་དོན་གྱི་ཚད་མ་ལས། ཇི་སྲིད་ཡིད་ཀྱི་གཡོ་བ་མ་བྲལ་བར། །སངས་རྒྱས་འདོད་པས་བསྒྲུབས་པའི་འབྲས་བུ་དེ། །འཁོར་བའི་མཐའ་ལས་གྲོལ་བར་མ་གསུངས་སོ། །ཞེས་བཤད་དོ། །དེ་བས་ན་འཛིན་པ་མེད་པའི་ངང་ལ་གནས་པར་བྱེད་པ་ལ་གཡོ་བར་བྱེད་པའི་རླུང་འཛིན་དགོས་པས། རླུང་ལ་གཉིས་ཏེ། ལུས་ལ་གནས་པ་བེམ་པོའི་རླུང་དང་། སེམས་ལ་གནས་པ་རིག་པའི་རླུང་ངོ་། །དེའང་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ལས། རླུང་ནི་རྣམ་པ་གཉིས་ཡིན་ཏེ། །རིག་པའི་རླུང་དང་བེམ་པོའི་རླུང་། །ཞེས་བཤད་དོ། །བེམ་པོའི་རླུང་ལ་གསུམ་དུ་འདོད་དེ། སྲོག་འཛིན་པའི་རླུང་ཀུན་གཞིའི་རྣམ་ཤེས་བརྟེན་པའི་སྣོད་བྱེད་པ་དང་གཅིག །ལུས་ཟུངས་བཅུད་དང་འདྲེས་པའི་རླུང་ཞེས་བྱ་སྟེ་བདེ་བ་དང་རེག་བྱ་ཚོར་བར་བྱེད་པ་ཁྱབ་བྱེད་ཀྱི་རླུང་དང་གཉིས། སྙིགས་མའི་ལུས་ཀྱི་ལས་བྱེད་པའི་རླུང་དང་གསུམ་མོ། །དེ་ལ་དང་པོ་སྲོག་འཛིན་པའི་རླུང་ནི། སྙིང་གི་སྲོག་རྩའི་ནང་ན་གནས་པ་ཡིན་ཏེ། ཕྱིར་ཁྲུ་གང་ནང་དུ་སྙིང་གི་ནང་ཚུན་ཆད་དུ་འགྱུར་ཞིང་འཁྲིག་པར་བྱེད་པ་ཡིན་ཏེ། དེ་ནི་དོན་དམ་བྱང་ཆུབ་སེམས་ཀྱི་སྣོད་དམ་རྟེན་བྱེད་པ་ཡིན་ཏེ། དཔེར་ན་རྟ་ལོང་བ་ལ་མི་འཕྱེ་བོ་རྟས་མ་ཕྱིན་ཀྱང་མིས་མཐོང་བ་ནི་ཉིན་མོ་འདུན་པ་གཅིག་ཏུ་གཏད་པའི་སེམས་ཀྱི་སྣང་བ་ཡིན། མིས་མ་དྲན་ཀྱང་རྟས་བསྐྱོད་པ་ནི་ནུབ་མོ་གཉིད་དུ་སོང་བའི་རྨི་ལམ་བྱེ་བྲག་མང་པོ་ནི་རླུང་རྩའི་ནང་དུ་འགྱུས་པའི་སྣང་བ་ཡིན་ནོ། །རྟ་ཁར་གཉིད་དུ་སོང་བ་ལ་རྡོ་ལ་འཕྲད་པ་ལྟ་བུ་ནི། མཐོ་དམན་མང་པོ་འོང་བ་དང་ཏོལ་སྐྱེས་སུ་འོང་ངོ་། །མིག་ཅན་ཞོན་པ་དང་འདྲ་སྟེ། སེམས་ཀྱི་དྲན་པ་དང་སྣང་བ་སྒྱུར་བར་བྱེད་དེ། རླུང་གིས་གར་བསམ་པའི་སར་སྐྱོལ་མཁན་བྱེད་དོ། །དེ་གཉིས་རླུང་འགྲོ་ཙ་ན་སེམས་འགྲོ། རླུང་ཟིན་ཙ་ན་སེམས་ཟིན། སེམས་ཟིན་ཙ་ན་རླུང་ཟིན། འགྲོ་ན་མཉམ་འགྲོ་སྡོད་ན་མཉམ་སྡོད་ཡིན་པས་ད་ལྟ་མ་ཤིའི་བར་དུ་མི་བཤིག་ཅིང་མི་ཕྱེད་དོ། །བེམ་པོའི་སྲོག་འཛིན་པའི་རླུང་དང་རིག་པ་བྲལ་ཙ་ན་བསྐྱོད་མཁན་བྱེད་པའི་རླུང་རིག་པའི་རྟགས། ཡལ་ནས་དྲན་མཁན་དང་བསྒྱུར་མཁན་བསྐྱོད་ལུས་ཀྱིས་ལངས་མི་ནུས་པས་འཕྱེ་བོ་རྟ་བརྡབ་འཆོས་ནས་བརྒྱལ་བ་དང་འདྲ་བའི་བར་དོ་རིག་པ་བརྒྱལ་བ་ཞག་ཕྱེད་དང་བཞི། ཕྱེད་འོང་། བརྒྱལ་སངས་ནས་དྲན་ཀྱང་རྟ་མེད་པ་དང་འདྲ་བའི་འོད་གསལ་ལ་རྟོག་པ་མེད་པ་ཕྱེད་དང་བཞི་གཉིད་ལོག་པས་ཞག་བདུན་འོང་། ཕྱེད་འོང་། དེར་འོད་གསལ་ངོ་མ་ཤེས་ན། རང་ས་མ་ཟིན་ན། རྟ་གཅིག་ནམ་རྙེད་ན་འགྲོ་བློ་སྐྱེས་ནས་རྐྱེན་མ་འཛོམ་ན་འཁྲུལ་འགྲོ་བའོ། །བ་བཞིན་དུ་ཀུན་གཞིའི་རྟེན་གྱི་ལུང་གཅིག་ནམ་རྙེད་ན་བག་ཆགས་ཀྱི་ལུས་བླངས་ནས་བསྐྱོད་ཤ་ཁྲག་རྒྱུ། ཅིང་འཁྲུལ་དུ་འགྲོ་བའོ། །སྣང་བ་ལ་ཞེན་ཏེ། ཀུན་གཞི་བྱང་ཆུབ་སེམས་ཀྱི་སྣོད་དམ་རྟེན་རྟ་ལོང་བ་ལྟ་བུ་དེས་ད་ལྟའི་ལུས་འདིའི་མི་འཆི་བ། སྲོག་བཟུང་བས་ན་སྲོག་འཛིན་པའི་རླུང་ཞེས་བྱའོ། །གཉིས་པ་ཁྱབ་བྱེད་ཀྱི་རླུང་ཞེས་བྱ་སྟེ། ཀུན་འདར་འཁྱིལ་བའི་རྩ་ཨ་ཝ་དྷུ་ཏི་འཁོར་ལོ་སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་དང་བཞིའོ། །བཞིའི་ནང་ན་མར་ལ་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དང་འདྲེས་འཁོར་ལོའི་དཀྱིལ་ཀུན་འདར་མ་དང་། ནས་ཡོད་དོ། །འཁོར་ལོའི་རྩ་འདབ་ཀྱི་ལུས་སྟོད་ཚིགས་བཞི་ལ་གནས། དེ་ནས་བ་སྤུ་ཙམ་ན་ཡང་ཁྱབ་པར་གནས་སོ། །སྨད་ལ་ཁྱབ་པས། དེ་བཞིན་དུ་ལུས་བདེ་སྡུག་གི་རེག་བྱ་ཚོར་བར་ཁྱབ་པས་ན་ཁྱབ་བྱེད་ཀྱི་རླུང་ཞེས་བྱའོ། །བདེ་བ་འཛིན་སྟེང་རླུང་དང་འདྲ་སྟེ་གདུགས་ཀྱི་སྤྱི་བོར་ཡང་གཟེར་གཅིག་དགོས་པའོ། །པ་དང་འོག་རླུང་འཛིན་མི་འཛིན་གཉིས་ཡིན་ཏེ། མི་འཛིན་པ་ནི་རྩ་ཐམས་ཅད་ཀྱི་རྩ་བ་གདུགས་ཀྱི་ཡུ་ཡུ་བའི་གཟེར་སྡོམ་ན་གདུགས་ཕྱོགས་མེད་དུ་རྒྱས་པ་དང་འདྲ་བར་རླུང་ཟིན་ན་བདེ་བ་ལུས་སྟོད་སྨད་མེད་པར་རྒྱས། སེམས་ཀྱི་བདེ་བ་ལ་གཉིས་མེད་དུ་ཕྱོགས་མེད་དུ་གཉིས་མེད་ཉམས་སུ་མྱང་པས་རྒྱས་པའོ། །རླུང་མ་བཟུང་ན་བདེ་བ་ཡང་ཉམས་སུ་འགྲོ་བས་ན་རྩོལ་བཅས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །བའི་གཟེར་སྡོམ་མི་སྡོམ་དང་འདྲ་བའོ། །གསུམ་པ་ལུས་ཀྱི་ལས་བྱེད་པའི་རླུང་ལ་ཡང་གསུམ་སྟེ། གྱེན་དུ་རྒྱུ་བའི་རླུང་དང་གཅིག །ཐུར་དུ་སེལ་བའི་རླུང་དང་གཉིས། མེ་དང་མཉམ་དུ་གནས་པའི་རླུང་དང་གསུམ་མོ། །དེ་ཡང་དབུགས་སུན་ཅིང་ཟས་འཇུ་བར་བྱེད་པ་མེའི་རླུང་ནི་ལྟེ་བའི་རྩ་ཕོ་བའི་ནང་ན་གནས་སོ། །གྱེན་དུ་རྒྱུ་བའི་རླུང་ཟས་ཀྱི་བཅུད་དང་རླངས་པ་ལྟ་བུས་ལུས་ལ་བཀྲག་མདངས་འོང་བར་བྱེད་པ་ནི་ལྐོག་མའི་འོག་ན་གནས་སོ། །ཐུར་དུ་སེལ་བའི་རླུང་ནི་ཚིག་མ་དང་ཁུ་བའི་སྙིགས་མ་དྲི་ཆེན་དྲི་ཆུ་མཐུར་ལ་འདེད་ཅིང་འབྱིན་པར་བྱེད་པ་ནི་དབུགས་ཁའམ་རྡོ་རྗེའི་རྩ་བ་ན་གནས་སོ། །རླུང་དེ་རྣམས་ཀྱང་བཟུང་ན་ལམ་དུ་བྱེད་ནུས་པ་ཡོད་དེ་འདུས་བྱས་ཀུན་རྫོབ་བེམ་པོའི་རླུང་དྭངས་མ་གཉིས། སྙིགས་མ་གསུམ། རྩ་བའི་རླུང་ལྔ་ཡིན་ཏེ། སྲོག་འཛིན་པའི་རླུང་རྟ་ལོང་བ་ལྟ་བུ་དེ་ནམ་བྲོས་པ་ན་རླུང་དེ་ཚོ་ཡང་མཉམ་པོར་སྟོབས་ཟད་འགྲོ་སྟེ། འདུས་བྱས་མི་རྟག་པར་ལུས་དང་མཉམ་པོར་འཇིག་པས་ན་གནས་སྐབས་ཀུན་རྫོབ་ཀྱི་རླུང་ཡིན་པས་ན་འདིར་འཛིན་པར་མི་འདོད་དེ། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་མཐར་ཐུག་པ་དུས་གསུམ་དུ་འདུ་འབྲལ་མེད། གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་པར་མི་འགྱུར་བའི་གནས་ལུགས་དེ་ཡིན་ནོ་འདི་ཡིན་དང་མིན་མ་འབྱེད། འོ་ན་འདིར་གང་འཛིན་ན་འདིར་མཐར་ཐུག་རིག་པའི་རླུང་ཆོས་བཞི་དང་ལྡན་པ་དེ་ངོས་འཛིན་པར་འདོད་དེ། རིག་པའི་རླུང་ལ་གཅིག་ལས་མེད་དེ། གཅིག་པོ་དེ་གང་ཡིན་ན་ཀུན་གཞིའི་རྣམ་པར་ཤེས་པའི་རང་རླུང་བྱ་བ་གཅིག་པོ་དེ་ཡིན་ནོ། །དེ་ལ་ཀུན་ཞེས་པ་ནི་འཁོར་བ་དང་མྱ་ངན་ལས་འདས་པ་ཀུན་ནོ། །གཞིའི་ཞེས་པ་ནི་འཁོར་འདས་ཀུན་གྱི་གཞིའམ་རྟེན་ཏེ་འཁོར་འདས་གཉིས་སུ་རྒྱབ་མ་གྱེས་ཏེ་སྤྱིར་ལུང་མ་བསྟན་རང་བཞིན་འདུས་མ་བྱས་པའི་དབྱིངས། མིང་མ་ཐོགས་པ་དེའོ། །དཔེར་ན་ནམ་མཁའ་དྭངས་པ་ལ་གང་ནས་བྱུང་ཆ་མེད་པའི་སྤྲིན་ནག་གཅིག་རང་བཞིན་གྱིས་བྱུང་བ་བཞིན་དུ་གཞི་དེ་ཅི་ཡང་མ་ཡིན་པ་ལ་སྙེམས་བྱེད་ཀྱི་ཤེས་པ་གཅིག་རང་བཞིན་གྱིས་བསྐྱོད་ནས་ཤར་བ་དེ་ནི་རྣམ་པར་ཤེས་པའོ། །དཔེར་ན་ག་བུར་གྱི་ངོ་བོ་ལ་མ་འགྱུར་ལ་ཉེ་རིང་མེད་ཀྱང་རྐྱེན་འཛོམ་ལུགས་ཀྱིས་སྨན་དུག་གཉིས་སུ་འགྱུར་བའམ། མི་གཅིག་གི་ངོ་བོ་ལ་འགྱུར་བ་མེད་ཀྱང་རྐྱེན་གྱིས་དགྲ་ཟུན་གཉིས་སུ་མཐོང་བ་བཞིན་དུ་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་གང་དུའང་མ་གྲུབ་པས་འགྱུར་བ་མེད་ཀྱང་མ་རིག་ཅིང་འཁྲུལ་པའི་རྐྱེན་གྱིས་ཀུན་ནས་ཉོན་མོངས་པའི་རླུང་དུ་ཤར། རིག་ཅིང་རྟོགས་པའི་དབང་གིས་རྣམ་པར་བྱང་བའི་རླུང་དུ་ཤར་བའོ། །ཤར་ཡང་རྣམ་པར་ཤེས་པའི་ངོ་བོ་ལ་འགྱུར་བ་མེད་ཀྱང་རྣམ་པར་ཤེས་པ་དེ་ལྟར་དུ་ཤར་རོ། །དེ་ལ་ཀུན་ནས་ཉོན་མོངས་པའི་དབང་དུ་བྱས་ན་ས་བོན་ཆའི་ཀུན་གཞི་དེ་ལ་བརྟེན་ནས་ཉོན་མོངས་པ་ཅན་གྱི་ཡིད་བག་ཆགས་སོགས་བྱེད་ཀྱི་སྣོད་དང་གསུམ་དུ་བྱུང་། དེ་ལས་འཕྲོས་པའི་རྣམ་པར་ཤེས་པའི་ཚོགས་བརྒྱད། དེ་ལས་འཕྲོས་པའི་རྟོགས་ཚོགས་ཉི་ཤུ་རྩ་བརྒྱད། དེ་ལས་འཕྲོས་པའི་བརྒྱད་ཁྲི་བཞི་སྟོང་། དེ་ལས་འཕྲོས་པའི་ནམ་དང་ཉི་མ་མཉམ་པའི་ཉི་མ་གཅིག་ལའང་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་དང་བཅུ་ཐེམ་པ། དྲུག་བརྒྱ་པོ་བག་ལ་ཞ་བར་བྱས་ནས་ཉི་མ་གཅིག་ལ་ཆ་བཅུར་བགོས་པ་ལ། ཆ་དགུ་ཐ་མལ་གྱི་རྟོག་པ། ཆ་གཅིག་མ་འཁྲུལ་པའི་ཡེ་ཤེས་ཀྱི་རླུང་དུ་བཤད་དོ། །ཆ་དགུ་པ་དེ་ལ་ས་བོན་ཆའི་ཀུན་གཞི་ལ་གསུམ། ཉོན་མོངས་པ་ཅན་གྱི་ཡིད་ལ་གསུམ། བག་ཆགས་སོགས་བྱེད་ཀྱི་སྣོད་ལ་གསུམ་སྟེ་དགུའོ། །དེ་དག་ལ་ཀུན་ནས་ཉོན་མོང་པ་སྤུན་པོ་སྤྲུལ་སྐུའི་རླུང་ཟེར་བ་ཡིན་ནོ། །དེ་རྣམས་ནི་རླུང་ལྡང་ཉལ་གཉིས་ལས་ལྡང་བའི་དུས་སོ། །ཆ་གཅིག་པོ་ནི་རླུང་ཉལ་བའི་དུས་སོ། །རྣམ་པར་བྱང་བའི་རླུང་ཆ་གཅིག་པོ་ནི་རླུང་མི་བསྐྱོད་པར་ཉལ་བ་མ་འཁྲུལ་པའི་དུས་ཡིན་ཏེ། དེའང་རྫོགས་པ་ཆེན་པོ་དོན་གྱི་ཚད་མ་ལས། ཉི་མ་གཅིག་ལ་ཆ་བཅུར་གནས་པ་ལས། །ཆ་དགུ་ཐ་མལ་ཆ་གཅིག་ཡེ་ཤེས་ཏེ། །རིམ་གྱིས་མ་འགག་མ་བསྒྲུབ་བཅུར་གནས་པ། །རྫོགས་ཆེན་འབྲས་བུའི་ཐོབ་ཚུལ་དེ་ལྟར་ལགས། །ཞེས་བཤད་དོ། །དེའང་ངོས་བཟུང་ན་ཉོན་མོངས་པ་ཇེ་ཆུང་ཡེ་ཤེས་ཇེ་རིང་ལ་གཏང་དགོས་པ་ཡིན་པས་ན། དུས་ཀྱི་བརྡའ་ཟེར་བ་ཡིན་ཏེ། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་ལས་འདིར་བསྟན་དུ་མི་རུང་ངོ་། །རྣམ་པར་བྱང་བའི་རླུང་ནི་གསལ་བ་རྣམ་པར་བྱང་བ། མི་རྟོག་པ་རྣམ་པར་བྱང་བ། བདེ་བ་རྣམ་པར་བྱང་བ་དང་གསུམ་མོ། །དེ་གསུམ་དབྱེར་མི་ཕྱེད་པར་ཉམས་སུ་མྱོང་ནས། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ལ་ནི་སྙིང་པོ་ཡེ་ཤེས་ཀྱི་རླུང་ཟེར་བ་ཡིན་ནོ། །དེ་ནི་ཆོས་བཞི་དང་ལྡན་པས་ན་མཐར་ཐུག་གི་དགོངས་པའོ། །དེ་མ་རྟོགས་ན་འབྱུང་བ་ལ་ལྟོས་པའི་སེམས་འཛིན་པའི་རྐྱེན་གྱིིས་འཇིག་པས་ན་བེམ་པོའི་རླུང་བཟུང་བས་མི་ཡོང་སྟེ། འདིར་རིག་པའི་རླུང་འཛིན་པར་འདོད་དེ། དེའང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། རྡོ་རྗེ་སེམས་དཔས་གསུངས་པ། དགའ་རབ་རྡོ་རྗེ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་ས་ནའང་ཡེ་ཤེས་ཀྱི་རང་བཞིན་རླུང་བྱ་བ་གཅིག་ཡོད་པས་དེ་ངོས་ཟུངས་ཤིག །ཅེས་བཤད་དོ། །དེའང་ཇི་ལྟར་དུ་འཛིན་ན་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རླུང་གཉིས་ཀྱི་རྩ་བ་ཀུན་གཞིའི་རྣམ་པར་ཤེས་པའི་རང་རླུང་དེ་བརྡས་སུ་བཟུང་བས་ཀུན་ནས་ཉོན་མོངས་པའི་རླུང་གནས་འགྱུར་ནས་རྣམ་པར་བྱང་བར་འཆར་བའོ། །བརྡ་གང་གིས་འཛིན་ན་གནད་ཀྱི་བརྡ་བཞི་ལས་འདིར་གསལ་བ་གནད་ཀྱི་བརྡ་དང་མི་རྟོག་པ་གདན་ཀྱི་བརྡ་རུ་འཛིན་ནོ། །དེ་ལ་གསལ་བ་གནད་ཀྱི་བརྡ་དབང་པོའི་སྒོ་མ་བཀག་པ། མི་རྟོག་པ་གནད་ཀྱི་བརྡ་དབང་པོའི་སྒོ་མ་གཡོས་པ། བརྡ་དེ་གཉིས་ཀྱིས་གཟུང་བས་གསལ་བ་གནད་ཀྱི་བརྡས་མ་རིག་པ་ས་བོན་གྱི་ཆ་འཁོར་འདས་ཀུན་གྱི་གཞི་རྣམ་པར་ཤེས་པ་མཉམ་བྱེད་ཀྱི་རང་རླུང་མ་རིག་ཅིང་འཁྲུལ་པ་དེ་དོན་ཆོས་ཉིད་ཅི་ཡང་མ་ཡིན་པའི་གནས་ལུགས་གསལ་བ་ངོས་བཟུང་མེད་པ་དེ་རང་གི་སེམས་ཉིད་དུ་རིག །སེམས་སུ་གསལ་བར་གནས་འགྱུར། རང་རིག་རང་གསལ་དུ་གནས་འགྱུར་པ་དེ་གསལ་བ་རྣམ་པར་བྱང་བའོ། །མི་རྟོག་པ་གནད་ཀྱི་བརྡས་ཉོན་མོངས་པ་ཅན་གྱི་ཡིད་སྙེམ་བྱེད་ཀྱི་འགྱུ་བ་དེ་མི་རྟོག་པ་ཆོས་ཉིད་དུ་གནས་འགྱུར་བ་དེ་མི་རྟོག་པ་རྣམ་པར་བྱང་བའོ། །དེ་ཙམ་ན་ཡིད་གཡོ་བའི་རླུང་ཟིན་ཏེ་གསལ་ལ་རྟོག་པ་མེད་པར་གནས་སོ། །དེ་ཡང་ཡེ་ཤེས་གསང་བ་ལས། ཡེ་ཤེས་སེམས་ཀྱི་ངོ་བོ་ལས། །གཞན་དུ་གཡོ་བ་ཅི་ཡང་མེད། །དེ་ལ་དམིགས་ཤིང་གཏད་པ་མེད། །ཅེས་བཤད་དོ། །ཡེ་ཤེས་རྫོགས་པའི་ལེའུ་དང་པོ་ལས། དུས་གསུམ་མི་གཡོ་གནས་འགྱུར་ན། །རྒྱལ་བའི་ཡེ་ཤེས་གསལ་མཐར་ཕྱིན། །ཞེས་བཤད་དོ། །གཉིས་པ་མཉམ་བྱེད་རྟོག་པའི་རླུང་གིས་དྲན་པའི་བློ་བསྐྱོད་ནས་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པའི་ངང་ལ་མི་གནས་པར་འདོད་པ་ཆེད་འཛིན་མཚན་མའི་སྤྲོས་པ་ཆེ་བ་ལ། ཆེད་དུ་འཛིན་པ་དེ་བག་ཆགས་སོགས་པའི་སྣོད་སྡུག་བསྔལ་ཉོན་མོངས་པ་ཅན་གྱི་རྩ་བ་ཡིན་པས་སྡུག་བསྔལ། ད་བདེ་བར་གནས་འགྱུར་བར་བྱེད་པ་ལ་ལུས་སེམས་ལ་ཟུག་རྔུ་ཡོད་དུ་མི་ཚོར་བའི་བདེ་བ། དེའི་ངང་ལས་མི་གཡོ་མི་འགྱུར་བས་ན་ཐིག །ཁྱབ་ཅིང་བརྡལ་བ་བས་ན་ལེའོ། །དེ་ཡང་རྫོགས་པ་ཆེན་པོ་དོན་གྱི་ཚད་མ་ལས། ཐིག་ནི་མི་གཡོ་མི་འགྱུར་མ་ནོར་དྲང་པོ་སྤྲོས་དང་བྲལ། །ལེ་ནི་ཀུན་དངོས་བརྡལ་ཁྱབ་མ་འགགས་ཅིར་ཡང་གསལ། །ཞེས་བཤད་དོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་འཁོར་བ་ཡེ་ཤེས་སུ་བསྟན་པའི་ལེའུ་ལས། བསམ་བྲལ་ཏིང་འཛིན་འོད་གསལ་སེམས། །མི་གཡོ་ཐིག་ལེ་བྱང་ཆུབ་སེམས། །ཞེས་བཤད་དོ། །ཡང་དེ་ཉིད་ལས། རང་གསལ་ཡུལ་ལ་མི་གནས། །ཡེ་ཤེས་ཐིག་ལེའི་ཉི་མ་ཤར། །སྣང་བ་རིག་པའི་ཐིག་ལེར་འདུས། །སྡུག་བསྔལ་བདེ་བའི་ངང་དུ་འདུས། །ཞེས་ལྟ་བ་བསྟན་པའི་ལེའུ་ལས་བཤད་དོ། །དེ་བས་ན་ཀུན་ནས་ཉོན་མོངས་པའི་རླུང་བག་ཆགས་སོགས་བྱེད་ཀྱི་སྣོད་སྡུག་བསྔལ་ཡིན་པས་བདེ་བར་གནས་བསྒྱུར་བ་ལ་འདིར་བདེ་བའི་ཐིག་ལེ་ལ་གཉིས་སུ་འདོད་དེ། ཟག་པ་དང་བཅས་པ་ལུས་ལ་གནས་པའི་བདེ་བ་དང་། ཟག་པ་མེད་པ་ཡིད་ལ་གནས་པའི་བདེ་བ་གཉིས་སོ། །ཟག་པ་དང་བཅས་པ་ལུས་ལ་གནས་པའི་བདེ་བའི་ཐིག་ལེ་ནི། དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དུས་སུ་རང་ལུས་ཐབས་དང་ལྡན་པ་རླུང་ལས་སུ་རུང་བ་དང་། གཞན་ལས་ཤེས་རབ་དང་ལྡན་པ་རྩ་ལས་སུ་རུང་བ་ལ་བརྟེན་ནས་དགའ་བ་དང་བདེ་བ་གཉིས་སུ་མེད་པར་མཉམ་པར་འཆར་བར་བྱེད་པ་ཡིན་ཏེ། དེ་གཞན་ལུས་ལ་བརྟེན་པ་ཟག་བཅས་བློའི་ཉམས་ལུས་ཀྱི་རེག་བྱ་ཡིན་ཏེ། ལམ་ལྟ་བུ་བྱེད་ནུས་ཀྱང་ཟག་མེད་ཀྱི་བདེ་བ་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་དེ་མིན་ཏེ། དཔེ་ལས་དོན་མི་བཏུབ་བོ། །དེའང་། འདྲ་བའི་ཕྱིར་ན་དངོས་མ་ཡིན། །མི་འདྲའི་ཕྱིར་ན་དཔེ་མ་ཡིན། །ཞེས་བཤད་དོ། །དེ་བས་ན་འདིར་ཟག་པ་མེད་པའི་བདེ་བ་ཡིད་ལ་གནས་པ་དེ་འཛིན་པར་འདོད་དེ། ཡིད་ལ་གནས་པ་དངོས་མེད་ཀྱི་བདེ་བ་དེ་བཟུང་དུ་ཅང་བཏུབ་བམ་བྱས་ན་བཟུང་དུ་བཏུབ་སྟེ། དེ་ཡང་ཇི་ལྟར་དུ་འཛིན་ན་བརྡས་འཛིན་པར་འདོད་དོ། །བརྡ་གང་གིས་འཛིན་ན་བདེ་བ་གནད་ཀྱི་བརྡ་དང་། དབྱེར་མི་ཕྱེད་པ་གནད་ཀྱི་བརྡ་གཉིས་ཀྱིས་བག་ཆགས་སོགས་པའི་སྣོད་སྡུག་བསྔལ་དེ་གནས་བསྒྱུར་ནས་ཟག་པ་མེད་པའི་བདེ་བ་དང་དོན་ཆོས་ཉིད་དབྱེར་མི་ཕྱེད་པར་སྟོན་པའོ། །དེའང་རྣ་བརྒྱུད་ལུང་གི་ཕྲེང་བ་ལས། བདེ་ཆེན་ལམ་དུ་འཇུག་པ་ལ། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །ཞེས་བཤད་དོ། །རྣ་བརྒྱུད་རིན་པོ་ཆེའི་འོད་ལས། ཐིག་ལེ་དབྱེར་མེད་གཅིག་གིས་ངང་། །ཞེས་བཤད་དོ། །ཟམ་པ་ཆེན་པོ་ལས། རྟོགས་པའི་རླུང་གིས་དྲན་བསྐྱོད་ཅིང་། །མཚན་མའི་སྤྲོས་པ་ཆེ་བ་ལ། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །ཞེས་བཤད་དོ། །རྣ་བརྒྱུད་དབང་གི་མན་ངག་ལས། དམ་པའི་བདེ་བ་མངོན་དུ་བསྟན། །བདེ་བ་རང་རིག་ཆེན་པོ་སྟེ། །བདེ་བ་ཆེན་པོ་མི་འབྲལ་ཟུངས། །ཞེས་བཤད་དོ། །བདེ་བ་གནས་ཀྱི་བརྡ་དང་། དབྱེར་མི་ཕྱེད་པ་གནས་ཀྱི་བརྡས་ཇི་ལྟར་འཛིན་ན། འོག་རླུང་ཡིད་ཙམ་འཐེན་ནས་ལྕེའི་རྩེ་མོ་གང་ལའང་མི་བརྟེན་པར་དབུགས་རང་ཆས་སུ་འཇོག་པའོ། །དེའང་གཡོ་འཛིན་རླུང་གི་མན་ངག་དང་། བདེ་བ་ཐིག་ལེའི་མན་ངག་གཉིས་བཤད་པའི་དུས་ན་ཚིག་ལ་སྔ་ཕྱི་བྱུང་ཡང་། བརྡས་རྒྱུད་ལ་སྦྱར་ནས་དོན་ངོ་སྤྲད་དེ་ཉམས་སུ་ལེན་པའི་དུས་སུ་གཅིག་ཏུ་བྱའོ། །དེའང་ངོ་སྤྲོད་པའི་བརྡ་བཞི་ནི། གསལ་བ་གནད་ཀྱི་བརྡ། མི་རྟོག་པ་གནད་ཀྱི་བརྡ། བདེ་བ་གནད་ཀྱི་བརྡ། དབྱེར་མི་ཕྱེད་པ་གནད་ཀྱི་བརྡ་དང་བཞིའོ། །དེའང་དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡས་གནས་བསྒྱུར་བ་ཡིན་པས། དུས་ཀྱི་བརྡའང་བཞི་ཡོད་དེ། དེའང་རྩ་རླུང་གི་གནད་ཤེས་དགོས་པས་ལུས་གཅིག་ལ་རྩ་སྟོང་ཕྲག་བརྒྱད་བདུན་འདྲ་ཅུ་ཡོད་ཀྱང་དོན་སྙིང་གི་རྩ་ལྔར་འདུས། སྙིང་གི་རྩ་རོ་མ་ལ་རླུང་དང་ཁྲག་ཡོད་དེ་གཡས་ན་གནས། གློ་བའི་རྩ་རྐྱང་མ་ལ་ཆུ་སེར་དང་རླུང་ཡོད་དེ་གཡོན་ན་གནས། མཁལ་མའི་རྩ་ཀུན་འདར་མ་ལ་རླུང་དང་ཐིག་ལེ་ཡོད་དེ་དབུས་ན་གནས། མཆིན་པའི་རྩ་དབང་པོ་དྭངས་བྱེད་སྟོད་ན་གནས་པས་ཤེས་པ་གསལ། མཚེར་པའི་རྩ་ཨ་ཝ་དྷུ་ཏི་སྨད་ན་གནས་པས་བདེ་བ་སྐྱེའོ། །དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡ་བཞིས་འོ་མ་ལ་རྩ་བས་སོང་བས་ཞོར་གནས་འགྱུར་བ་བཞིན་དུ་ལུང་མ་བསྟན་ཆོས་ཀྱི་དབྱིངས་རྣམ་པར་དག་པར་གནས་བསྒྱུར་བ་ཡིན་པས། གནད་ཀྱི་བརྡ་བཞི་ལས། གསལ་བ་གནད་ཀྱི་བརྡ་ནི་དབང་པོའི་སྒོ་མ་བཀག་པ་ལ་བྱ་སྟེ། མིག་མ་བཙུམ་པར་སྣ་རྩེའི་ཚོད་ཙམ་དུ་རང་གིས་ཅེ་རེ་བལྟའོ། །མི་རྟོག་པ་གནད་ཀྱི་བརྡ་ནི་དབང་པོའི་སྒོ་མ་གཡོས་པ་ལ་བྱ་སྟེ། མིག་རྩ་དང་འབྲས་བུ་མ་འགུལ་བར་ཧྲིག་གེར་བྱེད་པའོ། །བདེ་བ་གནད་ཀྱི་བརྡ་ནི་འོག་རླུང་ཡིད་ཙམ་འཐེན་པ་ལ་བྱ་སྟེ། རོ་སྟོད་དཔུང་པ་ཕྱིར་བཤིག་ནས་རྐེད་པ་བསྲང་ལ་ལྟོ་བ་སྒལ་ཚིག་ལ་རྐུམ་གྱིས་བྱེད་པའོ། །དབྱེར་མི་ཕྱེད་པ་གནད་ཀྱི་བརྡ་ནི་ལྕེའི་རྩེ་མོ་གང་ལའང་མི་བརྟེན་པ་ལ་བྱ་སྟེ་ལྕེའི་རྩེ་མོ་ཡར་རྐན་ལ་མི་རེག །མར་སོ་ལ་མི་རེག་སྟེ་སོ་བར་ན་ཕར་ལ་མདའ་སྨྱུག་འབྲིང་པོ་ཙམ་དུ་ཁ་དེང་ངེ་བྱས་ལ་དབུགས་འགྲོ་བདེ་འདུག་བདེའི་ངང་ལ་འགྱུ་བ་རང་ཆད་དུ་སོ་རྩེ་ལས་མི་འདའ་བར་ཙན་གྱིས་བཞག་གོ། །དེའི་དུས་སུ་བློས་བསམ་པའི་སྒོམ་རྒྱུ་ནི་མི་འདོད་དེ་བརྡ་ལ་ངང་གིས་འཇོག་པ་ཡིན་ནོ། །དེའང་བླ་མའི་ཞལ་ནས། བཅུར་བའི་བཅུར་སྒོམ་མི་བསྒོམ་བསམ་པའི་བསམ་སྒོམ་མི་བསྒོམ་དང་ལ་ངང་གིས་འཇོག་པ་ཡིན་གསུངས། དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བསམ་མེད་དྲན་མེད་མི་གཡོ་བ། །མི་དཔྱད་ལེགས་པའི་དོན་མི་གཟུང་། །ཞེས་བཤད་དོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། འགྲོ་བའི་རིག་པ་གང་དག་ལ། །བསམ་བྲལ་ཉིད་དུ་འདུག་པར་བྱ། །ཞེས་དང་། དེ་ཉིད་ལས། མི་བསམ་གྱི་ནར་བཞག་པའོ། །ཞེས་བཤད་དོ། །ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལས། ཡེ་ཤེས་བསམ་དུ་མེད་པ་འདི། །འགྱུར་མེད་རང་བྱུང་ངོ་བོ་ཡིན། །ཞེས་བཤད་དོ། །ཡེ་ཤེས་གསང་བའི་ལེའུ་གསུམ་པ་ལས། ཕྱི་འབྱུང་བ་བཞི་ལ་རག་མ་ལུས། །ནང་སྐུ་གསུང་ཐུགས་ལ་རྟེན་མི་འཆའ། །རིག་པ་བློ་ཡིས་མ་བཅད་ན། །རང་བཞིན་ཐོག་ཏུ་ཕེབས་པར་འགྱུར། །ཞེས་བཤད་དོ། །ཡང་དེ་ཉིད་ལས། ཅིས་ཀྱང་མཚོན་འདས་བྱང་ཆུབ་སེམས། །ལོག་རྟོག་འཛིན་པའི་བློ་ཡིས་ནི། །ཇི་ལྟར་བཤད་ཀྱང་མ་ཡིན་པས། །མ་བཤད་རང་བཞིན་བཞག་པས་གོ། །ཞེས་བཤད་དོ། །བསམ་མེད་རང་བཞག་དགོངས་པའི་ཀློང་། །དགོངས་པའི་ཀློང་ལ་སུ་འདྲིས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་བཤད་དོ། །དེ་བས་ན་དོན་ལ་བསམ་དུ་མེད་དེ། །རླུང་ཨ་ཝ་དྷུ་ཏིར་ཚུད་པའི་དུས་སུ་སྙིང་པོ་ཡེ་ཤེས་ཀྱི་རླུང་རང་སོ་ལ་ཉལ་ནས་གྱུན་སྤུན་པོ་སྤྲུལ་སྐུའི་རླུང་མ་ལངས་ཏེ། སེམས་མ་འཁྲུལ་པའི་དུས་སམ་ཚད་ཡིན་ཏེ་ཡང་དག་པའི་མིང་ངམ་སྒྲ་ཡིན་ནོ། །བྲམ་ཟེས་རམ་ཐ་ནས་གསུངས་པ། ཨ་ཝ་དྷུ་ཏིར་རླུང་ཞུགས་པ། །འདི་ནི་ཡང་དག་ཉིད་ཀྱི་སྒྲ། །བསླུ་བ་མེད་པའི་ཚད་མ་ཡིན། །ཞེས་བཤད་དོ། །དེ་ཙམ་ན་རྩ་མདུད་ཀྱི་འཁོར་ལོའི་ལྟེ་བར་རླུང་དྭངས་མའམ། ཐིག་ལེ་དྭངས་མས་ཁེངས་པས་ཤེས་པ་གསལ་ལ་རྟོག་པ་མེད་པར་གཉིས་སུ་མེད་པའི་བདེ་བ་གཅིག་མ་བསྒོམ་པར་རྒྱུད་ལ་འཆར་བས་དེའི་དུས་སུ་བལྟས་ན་ཇི་ལྟར་ཡིན་པའི་དོན་དེ་མ་ནོར་བར་མཐོང་ཞིང་རྟོགས་འོང་ངོ་། །དེའང་རྣ་བརྒྱུད་རྡོ་རྗེ་ཟམ་པ་དབང་གི་མན་ངག་ལས། རྩ་མདུད་དྭངས་མས་ཁེངས་གྱུར་ན། །ཇི་ལྟར་འདོད་པའི་བདེ་བ་འབྱུང་། །ཞེས་བཤད་དོ། །དུས་ཀྱི་བརྡ་ནི་དཔེར་ན་ཆུའི་རྙོག་མ་མི་གནས་པར་དྭངས་པའི་དུས་དེར་བལྟས་པས་ཆུ་མ་སྤངས་པར་གཏིང་ཐུག་པར་མཐོང་བ་བཞིན་དུ་ཀུན་ནས་ཉོན་མོངས་པའི་རླུང་ངམ་སྤྲོས་པའི་སྡུག་བསྔལ་མི་གནས་པར་རླུང་སེམས་དྭངས་མ་འཛིན་མེད་ཀྱི་ངང་ལ་སེམས་ཉིད་སྤྲོས་པ་མེད་པར་བརྟན་པ་དེའི་དུས་སུ་གནད་ཀྱི་བརྡ་བཞི་ལ་ངང་གི་བཞག་པས། སྣང་བ་མ་སྤངས་པ་སེམས་ཉིད་ཅིར་ཡང་མ་ཡིན་པའི་དོན་དེ་གཏིང་ཐུག་པར་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རྟོགས། གཉིས་སུ་འཛིན་པའི་བློ་མི་གནས་པའི་ངང་དུ་སྤྲོས་པ་མེད་པར་རྣམ་པར་དག་པའོ། །སེམས་ཉིད་ཅི་ཡང་མ་ཡིན་པ་ནི་སངས་རྒྱས་ཕལ་པོ་ཆེའི་ནང་ནས་ཆོས་ཐམས་ཅད་ཀྱི་རང་བཞིན་ནི་ཅི་ཡང་མ་ཡིན་པའོ། །ཞེས་བཤད་དོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། རིག་པ་ཅི་ཡང་མ་ཡིན་པས། །འདོད་པའི་བསམ་པ་ཀུན་དང་བྲལ། །ཞེས་བཤད་དོ། །དེ་ཙ་ན་རྫོགས་པ་ཆེན་པོ་སྒོམ་པ་དོན་དྲུག་པ་ལས། སེམས་དང་ཆོས་ཉིད་ཅི་ཡང་མ་ཡིན་པས། །སྒོམ་པའི་ཚེ་ན་ཅི་ཡང་མི་བསྒོམ་མོ། །ཞེས་བཤད་དོ། །དེ་ཙ་ན་དུས་ཀྱི་བརྡ་བཟང་རྟོག་ངན་རྟོག་ཅི་ཡང་མ་ཡིན་པའི་དྭངས་མ་དེ་གནས་ཀྱི་བརྡས་ཅི་ཡང་མ་ཡིན་པ་ཆོས་ཀྱི་དབྱིངས་རྣམ་པར་དག་པ་གཅིག་ཏུ་མ་སྤངས་པར་རིག་ཅིང་རྟོགས་ནས་འཁོར་འདས་གཉིས་སུ་འཛིན་པའི་བློ་མེད་པར་འགྱུར་བའོ། །དེ་འང་རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཅི་ཡང་མ་ཡིན་གནས་འགྱུར་བ། །གནས་འགྱུར་བ་ལ་གཉིས་འཛིན་མེད། །ཅེས་བཤད་དོ། །དེ་ཁོ་ན་དཔལ་ཀུན་ཏུ་བཟང་པོའི་ཐུགས་དགོངས་ཡིན་ནོ། །དེ་ཡང་ཡེ་ཤེས་གསང་བ་ལས། ཅི་ཡང་མ་ཡིན་གཏད་མེད་པའི། །རང་གསལ་ཡེ་ཤེས་ཉི་མའི་འོད། །ཀུན་བཟང་རྒྱལ་བའི་དགོངས་པ་ཡིན། །ཞེས་བཤད། ཡང་ཡེ་ཤེས་གསང་བའི་ལེའུ་གཉིས་པ་ལས། ཅི་ཡང་མེད་པར་ཐམས་ཅད་ཤེས། །ཐམས་ཅད་མཁྱེན་པའི་སྤྱན་གྱི་མཆོག །སྙིང་པོ་དོན་གྱི་ཆོས་རྣམས་གསལ། །ཞེས་བཤད་དོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། བྱང་ཆུབ་སེམས་ཀྱི་ལྟ་བ་ནི། །གང་ལྟར་ཅི་ཡང་མ་ཡིན་པས། །རང་བྱུང་ཡེ་ཤེས་མཚན་ཉིད་གསལ། །མི་བསམ་གྱི་ནར་བཞག་པའོ། །བསམ་གྱིས་མི་ཁྱབ་ཡེ་ཤེས་མཐོང་། །ཞེས་བཤད། ཅི་ཡང་མ་ཡིན་པ་དེ་ནི་གང་ཡང་མ་ཡིན་པའོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཡེ་ཤེས་གསང་བའི་དགོངས་པ་ནི། །གང་ཡང་མ་ཡིན་དེ་ལྟར་ཡིན། །ཞེས་བཤད། སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པའི་གླེང་གཞིའི་ལེའུ་ལས། རིག་པ་བྱེད་མེད་ཀུན་ཏུ་བཟང་། །གང་ཡང་མ་ཡིན་རིག་པ་གསལ། །རྩོལ་བའི་སེམས་བྲལ་མངོན་སངས་རྒྱས། །ཞེས་བཤད་དོ། །ཡེ་ཤེས་རྫོགས་པའི་རིག་པ་རྒྱུ་རྐྱེན་གྱིས་མ་སྐྱེད་པའི་ལེའུ་ལས། ལྷུན་གྲུབ་རིག་པ་རྩོལ་མེད་ལ། །སྤྲོས་དང་སྤྲོ་དང་བསྡུ་བ་ངང་གིས་ཞི། །ཞེས་ཀྱང་སྣང་། མཆན། སྡུག་བསྔལ་ངང་གིས་ཞི། །བཅོས་མེད་དགོངས་པ་ཅི་ཡང་མིན། །ཞེས་བཤད་དོ། །དེ་བས་ན་ཆོས་ཐམས་ཅད་ཀྱི་དགོངས་པ་ཅི་ཡང་མ་ཡིན་པས་གང་ཟག་གི་བློ་གང་ལའང་མི་གནས་པར་དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡ་ལ་ངང་གིས་བཞག་པས་དེས་ཕྱོགས་གང་དུའང་མ་ལྷུང་བའི་ཡེ་ཤེས་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་ཡེ་ཇི་བཞིན་པའི་ངང་ངམ་གནས་ལུགས་ལས་དོན་དེ་བཞིན་པར་རྟོགས་པའོ། །དེ་ནི་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་དུས་གསུམ་དུ་འགྱུར་བ་མེད་པའི་དགོངས་པ་སྒོམ་རྒྱུ་དང་འཁྲུལ་དུ་མེད་པར་མཐར་ཐུག་པ་དེའོ། །དེ་ནི་རྡོ་རྗེའི་ཚིག་ཡིན་ཏེ་དུས་ཀྱི་བརྡ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་སྟོན་པ་ལས་དཀྱུས་བཤད་དུ་བསྟན་དུ་མི་རུང་ངོ་། །འདིར་གོང་དུ་གནད་ཀྱི་བརྡ་བཞིས་རྒྱུད་ལ་སྦྱར་བའི་དུས་སུ་རང་གི་རྒྱུད་ལ་འཆར་ལུགས་དང་བྱུང་ལུགས་སྟོན་པ་ཡིན་པས། དེའང་གསལ་བ་དེ་དབང་པོའི་སྒོ་མ་བཀག་བ་ལས་བྱུང་། མི་རྟོག་པ་དེ་དབང་པོའི་སྒོ་མ་གཡོས་པ་ལས་བྱུང་། བདེ་བ་དེ་འོག་རླུང་ཡིད་ཙམ་ཟིན་པ་ལས་བྱུང་། དབྱེར་མི་ཕྱེད་པ་དེ་ལྕེའི་རྩེ་མོ་གང་ལའང་མ་བརྟེན་པ་ལས་བྱུང་། གསལ་བ་ནི་རང་དུ་རིག་ཅིང་རང་དུ་གསལ་བ། མི་རྟོག་པ་ནི་ཆོས་ཉིད་སྤྲོས་པ་དང་བྲལ་བ། བདེ་བ་ནི་ཟག་པ་མེད་པའི་བདེ་བ། དབྱེར་མི་ཕྱེད་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཡང་། དམིགས་པ་མེད་པར་ཤེས་པ་དྭངས། །གསལ་བ་ཞེས་ནི་དེ་ལ་བྱ། །སྣང་བ་མ་འགགས་འཛིན་པ་མེད། །མི་རྟོག་ཅེས་ནི་དེ་ལ་བྱ། །ལུས་སེམས་མ་སྤངས་དྲན་པ་གཏོར། །བདེ་བ་ཞེས་ནི་དེ་ལ་བྱ། །ཉམས་མྱོང་འདི་འདྲ་བསྟན་དུ་མེད། །དབྱེར་མེད་ཅེས་ནི་དེ་ལ་བྱ། །ཞེས་སོ། །ངོ་འཕྲོད་ནས་ཉམས་ལེན་གྱི་གནས་སྐབས་སུ། གསལ་བས་བྱིང་རྨུགས་སུ་མ་སོང་། མི་རྟོག་པས་འཕྲོ་རྒོད་དུ་མ་སོང་། བདེ་བས་བག་ལ་ཉལ་དུ་མ་སོང་། དབྱེར་མེད་པས་ཕྱོགས་ལྷུང་དུ་མ་སོང་བའོ། །གསལ་བས་མ་རིག་པ་དག །མི་རྟོག་པས་འཁྲུལ་པ་ཆོད། བདེ་བས་ཉམས་སུ་མྱོང་། དབྱེར་མི་ཕྱེད་པས་གཅིག་ཏུ་འདྲེས་སོ། །དེ་ཙམ་ན་གསལ་བ་ལ་བློས་སུ་མ་རེག །མི་རྟོག་པ་ལ་རང་བཞིན་གྱིས་འོད་གསལ། བདེ་བ་ལ་སྙམ་བྱེད་ཀྱི་ཤེས་པ་དང་བྲལ། དབྱེར་མི་ཕྱེད་པ་ལ་བློ་ཚིག་ལས་འདས་པའོ། །མཐར་ཐུག་འབྲས་བུའི་དུས་སུ་གསལ་བཅས་ཆད་པའི་མཐའ་དང་བྲལ། མི་རྟོག་པས་རྟག་པའི་མཐའ་དང་བྲལ། བདེ་བས་ལུང་མ་བསྟན་ནམ་བག་ལ་ཉལ་དུ་མ་ལུས། དབྱེར་མི་ཕྱེད་པས་གཉིས་སུ་མེད་ཅིང་གཉིས་སུ་འཛིན་པའི་མཐའ་དང་བྲལ། དབྱེར་མེད་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་གཉིས་མེད་ཙམ་གྱི་བློ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། དེ་ཉིད་ལའང་མ་ཞེན་པས་སྤྲོས་པ་དང་བྲལ་ཞིང་ཆོས་ཉིད་ཀྱི་དབྱིངས་རྣམ་པར་དག་པའོ། །དེའང་དཔེ་དང་སྦྱར་ན། གསལ་བའི་དཔེ་ནི་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ། མི་རྟོགས་པའི་དཔེ་ནི་བྱ་ས་ཏིང་ཀ་ར་ལྟ་བུ། བདེ་བའི་དཔེ་ཟས་ཀྱི་སྣོད་དམ་མཁར་གཞོང་གི་ཆུ་ལྟ་བུ། དབྱེར་མི་ཕྱེད་པའི་དཔེ་འོ་མ་དང་ཆུ་འདྲེས་པའམ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུའོ། །མི་འགལ་བར་ཡིད་ཆེས་པའི་ལུང་དང་སྦྱར་ན་ཡེ་ཤེས་གསང་བའི་ལེའུ་དགུ་པ་ལས། རང་རིག་གསལ་བའི་བྱང་ཆུབ་སེམས། །དམིགས་པ་མེད་པ་གསལ་བའི་ཕྱིར། །ཡུལ་མེད་གསལ་བས་མར་མེ་འདྲ། །ཞེས་བཤད་དོ། །རྣ་བརྒྱུད་རིན་པོ་ཆེའི་འོད་ལས། རང་གསལ་རིག་པའི་ངང་ལ་གནས། །རྣམ་རྟོག་བྲལ་བའི་རིག་པ་གསལ། །ཞེས་བཤད་དོ། །མི་རྟོག་པའི་ལུང་རྣ་བརྒྱུད་རིན་པོ་ཆེ་གསལ་བའི་འོད་ལས། ཅི་ཡང་མ་ཡིན་དམིགས་སུ་མེད། །ཅིར་ཡང་མི་རྟོག་སེམས་སུ་ཐིམ། །རྣམ་རྟོག་སེམས་ཀྱི་འགྱུ་བ་ཆད། །རིག་པའི་ཡེ་ཤེས་འཛིན་པ་བྲལ། །ཞེས་བཤད། རྣ་བརྒྱུད་རིན་པོ་ཆེའི་འོད་ལས། བསམ་དུ་མེད་པའི་ཡེ་ཤེས་ནི། །རྣམ་པར་རྟོག་པའི་འགྱུ་བ་བྲལ། །ཞེས་བཤད་དོ། །བདེ་བའི་ལུང་རྣ་བརྒྱུད་དབང་གི་མན་ངག་ལས། གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །འདི་ལ་ཡང་དག་ངོས་བཟུང་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་མེད། །ཆགས་བྲལ་བདེ་བའི་མཆོག་དང་ལྡན། །ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བྱམས་ཞུས་ལས། གང་ལུས་ཡོད་དུ་མི་ཚོར་བ་ནི་ཟག་པ་མེད་པའི་བདེ་བ་ཞེས་བྱ་བའོ། །མི་གནས་པ་མི་མཉམ་པ་ཡང་དག་པའི་མྱ་ངན་ལས་འདས་པའི་བདེ་བ་ཞེས་བྱའོ། །ཞེས་བཤད་དོ། །དབྱེར་མི་ཕྱེད་པའི་ལུང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་གསལ་དག །དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །ཅེས་བཤད་དོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོོགས་པ་ལས། དབྱེར་མེད་རང་བྱུང་ངོ་བོ་ཉིད། །ཡེ་ཤེས་ཀུན་བཟང་སྟོན་པའི་ཐུགས། །བདེ་ཆེན་ལྷུན་གྲུབ་ཆོས་ཀྱི་དབྱིངས། །ཞེས་བཤད། རྣ་བརྒྱུད་རིན་པོ་ཆེའི་འོད་ལས། དབྱེར་མེད་ཆོས་སྐུ་གཟུང་འཛིན་བྲལ། །ཐིག་ལེ་དབྱེར་མེད་གཅིག་གི་ངང་། །ཞེས་བཤད་། ཡང་དེ་ཉིད་ལས། དབྱེར་མེད་རིག་པ་གཅིག་ལ་གནས། །འཛིན་དང་བྲལ་བའི་མངོན་སུམ་པ། །ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་ལས། ཆོས་ཐམས་ཅད་དབྱེར་མེད་པ་སྟེ། འདི་ནི་ཆོས་ཞེས་བྱའོ། །གང་དེ་ལ་གནས་པའི་ནི་ཆོས་ལ་གནས་པ་ཞེས་བྱའོ། །དེ་ཡང་བླ་མའི་བརྡ་དང་ངག་གིས་བསྟན་དུ་བྱུང་བས་ན་ཆོས་ཀྱི་ཆོས་ཉིད། རང་གི་རྒྱུད་ལ་ཉམས་སུ་མྱོང་དུ་བྱུང་བས་ན་སེམས་ཀྱི་སེམས་ཉིད། དོན་ཆོས་བཞི་དང་ལྡན་པ་ནམ་མཁའ་ལྟ་བུར་འདུག་པས་ན་ནམ་མཁའི་མཚན་ཉིད། ཉིད་གསུམ་གཅིག་ཏུ་འདྲེས་པའི་དོན་ཉམས་སུ་མྱོང་བ་སྟེ། འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ་མ་ནོར་བར་རྟོགས་པ་དེ་ཉིད་དོ། །བརྡས་རྒྱུད་ལ་ཤར་བའི་དོན་དེ་ཡང་དག་པའི་དོན་མ་ནོར་བ་ཡིན་པར་ཅིས་ཤེས་ན། ལུང་དང་མན་ངག་དང་མི་འགལ་བས་ཤེས་ཏེ། དེ་ཡང་གསང་སྔགས་དོན་གྱི་ཚད་མ་ལས། ལུང་དང་མན་ངག་སྟོབས་ཀྱིས་རང་རིག་ངེས་པར་འཆར། །ཞེས་བཤད་པས། ལུང་གཞན་ནས་དྲངས་ནས་མན་ངག་འདིར་གཏན་ལ་འབེབས་པའོ། །ལུང་གསང་སྔགས་དུས་ཀྱི་འཁོར་ལོ་ལས། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་བཤད་པས། དེའང་ཀ་ར་ཎ་བཅིངས་པ་ནི་མིག་མ་འགུལ་བའོ། །སྲིད་པ་གསུམ་ནི་སྲིད་པའི་སྲིད་པ། ཇི་སྲིད་པའི་སྲིད་པ། མི་སྲིད་པའི་སྲིད་པ་སྟོང་ཞེས་ཙམ་ཡང་ཡིད་ལ་མ་གཡོས་ཏེ་མི་གཡོ་བའོ། །ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། གཉའ་ཤིང་གང་ཙམ་བལྟ་ཞིང་འགྲོ་ལ་སེམས་འཁྲུལ་མེད། །ཅེས་བཤད། འཇམ་དཔལ་མཚན་བརྗོད་ལས། ཡེ་ཤེས་མིག་གཅིག་དྲི་མ་མེད། །བྱ་བའམ། མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་བཤད་དོ། །ཨ་རོའི་རྫོགས་པ་ཆེན་པོ་ལས། མིག་མ་བཙུན་པའི་ལྟ་སྟངས་ནི། །སེང་གེའི་ལྟ་སྟངས་ཞེས་བྱ་སྟེ། །རྣལ་འབྱོར་གཞན་ལས་ཁྱད་པར་འཕགས། །ཞེས་བཤད། ཨ་རོ་ཆུང་ངུ་ལས། དམིགས་པ་སྣ་རྩེར་གཏད་བྱས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །མ་ཐོགས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཤད་དོ། །རྐང་པ་སྐྱིལ་ཀྲུང་བྱེད་པ་ནི། མཚན་བརྗོད་ལས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་བཤད་དོ། །རྐེད་པ་དྲང་པོར་བསྲང་བ་ནི། མདོ་སྡེ་ལས། དྲང་པོར་འདུག་ལ་ཡང་དག་ལྟོས། །ཞེས་བཤད་དོ། །ལྕེའི་རྩེ་མོ་གང་ལའང་མི་བསྟེན་པ་ནི། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། བདེ་ཆེན་ལམ་དུ་འཇུག་པ་ལ། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །ཞེས་བཤད་དོ། །དེ་རྣམས་ཧྲིལ་གྱིས་དྲིལ་ནས་དོན་ཉམས་སུ་ལེན་པ་ནི་རྡོ་རྗེ་ཟམ་པ་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་ལུས་དབེན་པའི་ས་ཕྱོགས་སུ། །ཕྱི་ནང་འབྲེལ་ཐག་བཅད་ནས་ནི། །ཆོས་བདུན་འབྱུང་བ་ཆ་མཉམ་ནས། །ཚོགས་དྲུག་དབང་པོ་མ་བཀག་པར། །ཐ་མལ་ཤེས་པ་ཙམ་ལ་བཞག །ཕྱི་རུ་ལུས་ཀྱི་འབྱུང་བ་སྙོམས། །ནང་དུ་དབུགས་ཀྱི་འགྲོ་འོང་བྲལ། །མ་བཅོས་རྣལ་མའི་དོན་ལ་ཕེབས། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་བཤད་དོ། །གསང་སྔགས་ཡི་གེ་ཉུང་ངུ་ལས། ལྟ་སྟངས་རྣམ་པ་བཞིར་གསུངས་ཏེ། །མུ་སྟེགས་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་ཐུར་དུ་བལྟ། །ལྷ་ཡི་ལྟ་སྟངས་ཐད་ལ་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་བཤད་པས་ན། འདིར་ཡང་དག་པའི་ལྟ་སྟངས་མ་ནོར་བར་བྱའོ། །ཇོ་བོ་རྗེས་གཉན་སྟོན་ཆོས་ཀྱི་དབང་ཕྱུག་ལ་ཉང་སྟོད་རྩིས་ཀྱི་ལྷ་ཁང་བསྟན་པའི་ལོ་རྒྱུས་སམ། དམ་པ་རྒྱ་གར་གྱི་ཞལ་ནས། མཉམ་བཞག་སྒོམ་དང་མི་ཤེས་ན། །ལྷ་ཁང་བལྟ་ཡང་མི་ཤེས་སམ། །ཟེར་བ་དང་མཐུན་ཏེ། འགྲོ་བ་རིགས་དྲུག་གི་བྱེད་སྤྱོད་དང་མ་བསྟུན་པར་ཡང་དག་པར་རྫོགས་པའི་སངས་རྒྱས་དགོངས་པ་ལ་བཞུགས་པ་དེ་བླ་མས་འདི་ལྟར་གྱིས་ཤིག་པའི་བརྡས་བསྟན་པས། དོན་སངས་རྒྱས་ཀྱི་དགོངས་པ་རྒྱུད་ལ་འཆར་བའོ། །དེ་ལྟར་ལྷ་འདོད་ཡོན་ལ་ལོངས་སྤྱོད་པའི་བརྡའམ། ལྷ་མ་ཡིན་འཐབ་རྩོད་དང་གོ་མཚོན་གྱི་བརྡའམ། མི་སྐྱེ་རྒ་ན་འཆིའི་བརྡའམ། བྱོལ་སོང་བཀོལ་སྤྱོད་བསད་བཅད་ཀྱི་བརྡའམ། ཡི་དྭགས་བཀྲེས་སྐོམ་གྱི་བརྡའམ། དམྱལ་བ་ཚ་གྲང་གི་ཆ་བྱད་དུ་ཡོད་པའོ། །འདིར་སངས་རྒྱས་ཀྱི་སྐུ་གསུང་ཐུགས་གསལ་བ་མི་གཡོ་བའི་བརྡར་བསྟན་པའོ། །དེ་ཡན་ཆད་དུ་གཡོ་འཛིན་རླུང་གི་མན་ངག་དང་། དེ་བ་ཐིག་ལེའི་མན་ངག་གཉིས་ཀྱི་དོན་གནད་ཀྱི་བརྡ་བཞིས་བསྟན་ནས། དོན་སྒོམ་མེད་པ་ལ་ངོ་སྤྲོད་པའི་སྒོམ་དུ་མེད་པའི་དོན་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བརྡ་དོན་སྤྲོད་ཀྱི་སློབ་དཔོན་ནི། །རང་རྒྱུད་མ་བཅོས་རྣམ་དག་པས། །རྒྱལ་སྲས་སློབ་མ་སྐལ་ལྡན་ལ། །པྲ་ཁྲིད་སེམས་ཀྱི་དོན་བསྟན་པས། །སེམས་ཉིད་རིན་ཆེན་གཉིས་མེད་ལ། །བརྡ་དོན་སྤྲོད་ཀྱི་མན་ངག་སྦྱིན། །རིག་པའི་བརྡའ་འཇལ་ཚིག་དང་བྲལ། །མངོན་སུམ་ཡེ་ཤེས་ངང་གིས་གསལ། །ཞེས་བཤད་དོ། །དེ་ཡན་ཆད་བརྡའ་དོན་དགྲོལ་བའི་གོ་བ་དང་། ཚིག་གཉིས་ཀྱིས་སྒོམ་མེད་ཀྱི་དོན་དེ་མི་འགྱུར་བའི་གཟེར་འདེབས་པའི་ངོ་སྤྲོད་བསྟན་པའོ། ༈ །རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ལ། གོ་བ་དང་། ཚིག་དོན་བསྟན་པ་གཉིས་ཏེ། རྡོ་རྗེ་ཞེས་བྱ་བ་ནི་བཏགས་པ་མིང་གི་རྡོ་རྗེ་ཡིན་ཏེ། དེ་ལའང་འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེའོ། །འདུས་བྱས་ཀྱི་རྡོ་རྗེ་ལའང་གསུམ་སྟེ། བཏགས་པ་མིང་གི་རྡོ་རྗེ་དང་། མཚོན་པ་ཕྱག་མཚན་གྱི་རྡོ་རྗེ་དང་། གྲུབ་པ་ལས་ཀྱི་རྡོ་རྗེ་དང་གསུམ་མོ། །བཏགས་པ་མིང་གི་རྡོ་རྗེ་ནི། རྡོ་རྗེ་དགའ་རྡོ་རྗེ་སྐྱིད་བྱ་བ་ལ་སོགས་པ་རྡོ་རྗེ་ལས་མིང་དུ་བཏགས་པ་སྟེ་འདུས་བྱས་རྐྱེན་གྱིས་འཇིག་པ་ལ་ཟེར་རོ། །མཚོན་པ་ཕྱག་མཚན་གྱི་རྡོ་རྗེ་ནི། གསེར་དངུལ་ཟངས་ལྕགས་ལ་སོགས་པས་ལྷའི་ཕྱག་མཚན་རྡོ་རྗེ་ལྕེ་ལྔ་པ་དང་དགུ་པ་ལ་སོགས་པའོ། །གྲུབ་པ་ལས་ཀྱི་རྡོ་རྗེ་ནི། དངོས་པོའི་རྫས་སུ་གྲུབ་པ་ལ་གཞན་འཇོམས་པའི་ལས་བྱེད་ནུས་པའི་རྡོ་རྗེ། རྡོ་རྗེ་ཕ་ལམ་ལ་ཟེར་བ་ཡིན་ཏེ། བཅད་བྱའི་དངོས་པོ་ཐམས་ཅད་དེས་ཆོད། དབུག་བྱའི་དངོས་པོ་ཐམས་ཅད་དེས་ཕུག །བཤིག་བྱའི་དངོས་པོ་ཐམས་ཅད་དེས་བཤིག །ཁོ་རང་ལྕགས་ཀྱི་མལ་སྟན་མལ་ཁྲོ་ཆུའི་ཐོ་བས་བརྡུང་ཀྱང་མི་འཇིག་གོ། །འོ་ན་རྡོ་རྗེ་ཕ་ལམ་དེ་རྐྱེན་གྱིས་མི་འཇིག་པ་འདུས་མ་བྱས་པ་གཅིག་ཡིན་ནམ་བྱས་ན་མ་ཡིན་ཏེ། ཁོ་རང་ཁྱི་སྤུ་དང་ར་གཞོབ་ཀྱི་བར་དུ་བཅུག་ནས་མེ་ལ་འཇམ་གྱིས་བསྲོས་ན་ལྦུ་བར་ཆིལ་གྱིས་འཇིག་གོ། །དེ་བས་ན་རྐྱེན་གྱིས་འཇིག་པ་འདུས་བྱས་ཡིན་པས་ན་དེ་ཐམས་ཅད་འདུས་བྱས་རྫས་ཀྱི་རྡོ་རྗེའོ། །འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སེམས་ཉིད་ཀྱི་དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ་བླ་མའི་བརྡ་དང་ངག་གིས་ངོ་སྤྲད་པས་གསལ་བ་མི་རྟོག་པ་བདེ་བའི་ངོ་བོར་དབྱེར་མི་ཕྱེད་པ་དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་དོན་ཆོས་ཉིད་འདུས་མ་བྱས་པ་རྐྱེན་གང་གིས་ཀྱང་ཕན་གནོད་མི་ནུས་པས་ན་རྡོ་རྗེ་སྟེ་དེ་ནི་འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེའོ། །དེའང་རྡོ་རྗེ་རྣམ་པར་འཇོམས་པ་ལས། བདེན་པ། སྲ་བ། བརྟན་པ། ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། ཞེས་བཤད་དོ། །ཡེ་ཤེས་གསང་བ་ལས། རྒྱུ་འབྲས་གཉིས་ལ་མི་ལྟོས་ཏེ། །དུས་གསུམ་འདུས་མ་བྱས་པའི་ངང་། །རྐྱེན་གྱིས་མི་འཇིག་རྡོ་རྗེའི་སྐུ། །ཞེས་བཤད་དོ། །ཡེ་ཤེས་རྫོགས་པའི་འཁོར་བ་ཡེ་ཤེས་སུ་བསྟན་པའི་ལེའུ་ལས། རྒྱུ་རྐྱེན་གཉིས་ལས་གྲུབ་པ་མེད། །རྡོ་རྗེ་ཉིད་ལ་འཇིག་པ་མེད། །ཅེས་བཤད་དོ། །ཡེ་ཤེས་རྫོགས་པའི་ལེའུ་བཞི་པ་ལས། སྐྱེ་མེད་རྡོ་རྗེ་མི་འགྱུར་འཆང་། །ཞེས་བཤད་དོ། །རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ནི། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། དོན་ཆོས་ཉིད་འདུས་མ་བྱས་པ། རྐྱེན་གྱིས་མི་འཇིག་པའི་རྡོ་རྗེ། བསམ་བརྗོད་ལས་འདས་པ་སྒོམ་དུ་མེད་པའི་དོན་དེ་སྟོན་པ་ལ། རྡོ་རྗེའི་ཚིག་ལ་མཚོན་པའི་ལམ་བྱས་ནས། སེམས་ཀྱི་འཛིན་པའི་བློ་གྲོལ་ནས་སེམས་ཉིད་དངོས་པོའི་གནས་ལུགས་དེ་རྟོགས་པར་བྱེད་པས་ན་ལྡེ་མིག་གོ། །དེའང་ཡེ་ཤེས་གསང་བ་ལས། རང་བཞིན་རྣམ་དག་རིག་པ་ལ། །བརྗོད་མེད་ཚིག་ཏུ་མ་མཚོན་ན། །རིག་པའི་དོན་དང་འཇལ་བ་མེད། །བརྗོད་པའི་སྒྲ་ལ་སེམས་དྲངས་ནས། །ཚིག་གི་ལམ་གྱིས་དོན་ལ་སྦྱོར། །མ་བཅོས་རང་བཞིན་ཆོས་ཉིད་མཐོང་། །ཞེས་བཤད་དོ། །རྣ་བརྒྱུད་རིན་པོ་ཆེའི་འོད་ལས། དོན་གྱི་ལམ་དང་ཚིག་གི་ལམ། །དོན་གྱི་ཐུགས་ཕྲད་གསུམ་གྱི་ལམ། །དེ་ཡི་བརྡ་སྤྲོད་ཚིག་གི་ལམ། །ཚིག་ལམ་རྐྱེན་གྱིས་མ་མཚོན་ན། །མ་བཅོས་སེམས་ཀྱི་དོན་མི་མཐོང་། །ཚིག་གི་ལམ་གྱིས་དོན་ལ་སྦྱོར། །ཞེས་བཤད་དོ། །རྡོ་རྗེའི་ཚིག་གི་ལམ་ལ་གཉིས་ཏེ། འཇུག་པ་བསྟན་པ་དང་། ངོ་བོ་བསྟན་པའོ། །འཇུག་པ་བསྟན་པ་ནི། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་སློབ་མའི་རྒྱུད་ལ་བླ་མའི་དགོངས་པའི་དོན་ཆོས་ཉིད་ཀྱི་རྡོ་རྗེ་ཚིག་དང་བྲལ་བ་འདུས་མ་བྱས་པ། རྐྱེན་གྱིས་མི་འཇིག་པ། གསལ་ལ་རྟོག་པ་མེད་པ་ནམ་མཁའ་ལྟ་བུ་དེ། དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡས་འཇུག་པ་ཡིན་ཏེ། དེའང་རིམ་གྱིས་འཇུག་པ་དང་། ཅིག་ཆར་འཇུག་པ་གཉིས་སོ། །རིམ་གྱིས་འཇུག་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་དབང་བཞི་རིམ་གྱིས་བསྐུར་ནས་ལུས་ངག་ཡིད་གསུམ་སྨིན་པའི་ཆོ་ག་རྫོགས་ནས་དོན་རྣལ་མའི་དགོངས་པ་ལ་འཇུག་པའོ། །དེའང་རྡོ་རྗེ་ཟམ་པ་དབང་གི་མན་ངག་ལས། བཅོས་མའི་དབང་བསྐུར་བརྟགས་ཀྱི་བརྡ། །རྣལ་མའི་དབང་བསྐུར་བརྡ་ཡི་དོན། །དོན་མཚོན་ནས་ནི་རྟགས་དེ་སྤངས། །ཞེས་བཤད་དོ། །ཅིག་ཆར་དུ་འཇུག་པ་ནི་ཡེ་ཤེས་རྫོགས་པའི་གླེང་གཞིའི་ལེའུ་ལས། རིམ་མེད་ཅིག་ཆར་འཇུག་པའི་ས། །རྩོལ་མེད་རྟོགས་པས་མངོན་སངས་རྒྱས། །ཞེས་བཤད་དོ། །དེ་ལ་ཇི་ལྟར་དུ་འཇུག་ན། རྡོ་རྗེ་ཟམ་པ་དབང་གི་མན་ངག་ལས། རང་བཞིན་གསལ་བའི་དོན་ལ་ཞུགས། །འགྱུར་བ་མེད་པའི་རིག་པ་བསྐྱེད། །ཅེས་བཤད། ཡེ་ཤེས་གསང་བ་ལས། རིག་པའི་བརྡ་འཇལ་ཚིག་དང་བྲལ། །མངོན་གསུམ་ཡེ་ཤེས་ངང་གིས་གསལ། །ཞེས་བཤད། ཡེ་ཤེས་རྫོགས་པའི་ལེའུ་དྲུག་པ་དེ་ཁོ་ན་ཉིད་བསྟན་པ་ལས། འཛིན་མེད་རིག་པའི་མཁའ་ལ་བཞག །འགྱུ་བ་མེད་པའི་ཡེ་ཤེས་བསྐྱེད། །རང་བཞིན་གསལ་བའི་དོན་ལ་ཞུགས། །སྐུ་གསུམ་གསལ་བའི་དོན་དང་ལྡན། །ཞེས་བཤད་དོ། །འཇུག་པ་བསྟན་པ་དེ་ལ་དཔོན་སློབ་ཐུགས་ཡིད་བསྲེ་བའི་གདམས་ངག་སྒོམ་ཚུལ་བླ་མའི་བྱིན་རླབས་ཟེར་བ་ཡིན་ཏེ། དཔེར་ན་འཕྲུལ་གྱིས་ལྡེ་མིག་གིས་སྒོ་ཕྱེས་པས་གཏེར་སྦས་པ་རྙེད་པ་བཞིན་དུ་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱིས། སེམས་ཀྱི་སྒོ་ཤུགས་ཀྱིས་ཕྱེ་ནས་སེམས་ཉིད་ངོ་བོ་འགྱུར་བ་མེད་པ་དེ་ལྷག་གིས་རྟོགས་པ་དེ་དོན་ཆོས་ཉིད་ཀྱི་རྡོ་རྗེ། སངས་རྒྱས་ཀྱི་དགོངས་པ་དེ་གཅིག་ནས་གཅིག་ཏུ་བརྒྱུད་པའི་ཕྲེང་མ་ཆད་པས་ན་རྡོ་རྗེ་ཟམ་པའོ། །དེའང་རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཆེན་པོ་ལས། ཚིག་གི་ལམ་ཆད་ཡེ་ཤེས་སྒྲོན་མེ་འདི། །མ་ཧཱ་དྷེ་བས་རིས་སུ་བལྟས་པ་བཞིན། །རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་སྟེ། །འཕྲུལ་མིག་བརྒྱུད་པའི་ཟམ་པ་མ་ཆད་པར། །དབང་པོ་ལྷ་ཡི་དྲིན་གྱིས་རྩ་གསུམ་གནས། །དེར་མཐོང་ནས་ནི་འཛམ་གླིང་རྫིང་དུ་བབས། །ལག་ན་རྡོ་རྗེས་མངོན་དུ་དབང་བསྐུར་ཏེ། །དུས་མཐའ་ཉིད་ཀྱིས་རྒྱལ་བའི་ས་ལ་བཀོད། །འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཡིན། །ཞེས་བཤད་དོ། །དེའང་སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་འཇུག་པ་བསྟན་པ་དེ་ནི་ཟུར་ཙམ་ལས་དཀྱུས་སུ་བཤད་དུ་མི་བཏུབ་བོ། །སེམས་ཉིད་ཀྱི་ངོ་བོ་བསྟན་པ་ལས། དངོས་པོའི་འདུག་ཚུལ་བསྟན་པ་དང་། རྟག་ཆད་ཀྱི་མཐའ་བསལ་བ་གཉིས་སོ། །སེམས་ཉིད་ཀྱི་ངོ་བོའི་དོན་ནི་སེམས་ཀྱི་ངོ་བོ་མ་འཁྲུལ་བར་རྒྱུད་ལ་སྐྱེས་པ་དེའོ། །ཡེ་ཤེས་གསང་བ་ལས། ངོ་བོ་ཉིད་ནི་གནས་ལུགས་ཏེ། །ཞེས་བཤད། ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལས། རང་བྱུང་རྣམ་དག་ངོ་བོ་འདི། བགྲོད་པའི་ལམ་གྱི་ཐོབ་པ་མེད། །ཡེ་ཤེས་བསམ་དུ་མེད་པ་འདི། །འགྱུར་མེད་རང་བྱུང་ངོ་བོ་ཡིན། །ཞེས་བཤད་དོ། །དངོས་པོའི་འདུག་ཚུལ་བསྟན་པ་ལ་རྡོ་རྗེའི་ཚིག་བཞི་སྟེ། དེ་ཡང་ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པ་བཞིའོ། །དེ་ཡང་ཐ་མལ་གྱི་ཤེས་པ་ནི། སེམས་སམ་བློ་ལས་མ་བྱུང་བ་ལ་ཟེར་ཏེ། མ་བརྟགས་མ་དཔྱད་པའི་དོན་ཡིན་མིན་དང་བཟང་ངན་གྱི་བློས་མ་བསླད་པ་དེའོ། །གཉུག་མ་ནི་བསམས་ཤིང་མ་གཡོས་པ་ལ་ཟེར་ཏེ། ཡེ་གནས་ཀྱི་དོན་དེ་ལ་བྱས་པ་དང་བཅོས་པ་མེད་པའི་རང་ལུགས་མི་འགྱུར་བར་རྟོགས་པའི་ངང་དེའོ། །སོ་མ་ནི་མ་གཡོས་ཤིང་མི་གཡོ་བའི་དོན་ལ་བསམ་དུ་མེད་ཅིང་རང་སོར་གནས་པ་ལ་ཟེར་ཏེ། ལུས་སེམས་ཡོད་དུ་མ་ཚོར་བའི་གནས་ལུགས་རང་སོ་ལས་མ་གཡོས་ཤིང་མི་འགྱུར་བ་དེའོ། །ལྷུག་པ་ནི་བསམ་དུ་མེད་པའི་ཡེ་ཤེས་རྒྱ་ཆད་ཕྱོགས་ལྷུང་མེད་པ་ལ་ཟེར་ཏེ། དེའང་མ་འགགས་པར་གསལ་བས་རྒྱ་མ་ཆད། མི་དམིགས་པས་རྟོག་པའི་ཕྱོགས་སུ་མ་ལྷུང་། མ་ཞེན་པར་བདེ་བས་བདེ་གསལ་གཉིས་མེད་དུ་ཕྲིལ་གྱི་ཉམས་སུ་མྱོང་། གཉིས་སུ་མེད་པའི་དོན་ལ་ངོ་བོ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། རྩིས་གདབ་དང་བྲལ་ན་ལྷུག་པ་ཞེས་བྱའོ། །སེམས་ཉིད་ཀྱི་དོན་རྩིས་གདབ་དང་བྲལ་བ་དེ་ལ་ནི་དུས་གསུམ་དུ་འདུ་འབྲལ་མེད་དེ།'གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་དེ་ཆོས་བཞི་དང་ལྡན་པའི་དོན་འགྱུར་བ་མེད་པ་དེ་ནི་དངོས་པོའི་འདུག་ཚུལ་བསྟན་པའོ། །དེའང་ཐ་མལ་གྱི་ལུང་ནི་ཡེ་ཤེས་གསང་བ་ལས། ཐ་མལ་ཤེས་པ་འདི་ཉིད་ལ། །བསམ་པའི་སེམས་མེད་རང་བཞག་ཡིན། །ཞེས་བཤད་དོ། །གཉུག་མའི་ལུང་ནི། ཡང་དེ་ཉིད་ལས། མ་བྱས་མ་བཅོས་ཡེ་ཡིན་པས། །མི་འགྱུར་ཡེ་ཤེས་གཉུག་མའི་ངང་། །ཞེས་བཤད་དོ། །སོ་མའི་ལུང་ཡང་ཡེ་ཤེས་གསང་བ་ལས། བསམ་གྱིས་མི་ཁྱབ་དགོངས་པ་ནི། །ཤེས་པ་རང་བཞག་སོ་མ་ཉིད། །ཅེས་བཤད་དོ། །ལྷུག་པའི་ལུང་ཡང་དེ་ཉིད་ལས། གདོད་ནས་དག་པ་ཆོས་ཀྱི་སྐུ། །བསམ་དུ་མེད་ཅིང་སྒོམ་དང་བྲལ། །མ་བསམ་རང་བཞིན་ལྷུག་པའོ། །ཞེས་བཤད་དོ། །དེས་དངོས་པོའི་འདུག་ཚུལ་བསྟན་ནས། དོན་དེའི་གོལ་ས་རྟག་ཆད་ཀྱི་མཐའ་བསལ་བ་ལ་གཉིས་ཏེ། རྟེན་མེད་པར་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བས་སྣང་བར་རང་དག་པའོ། །རྟེན་མེད་པར་རིག་པ་རང་གྲོལ་བ་ནི། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་ཆོས་བཞི་དང་ལྡན་པ་དེ། ཕྱི་གཟུང་བ་ཡུལ་དང་ནང་འཛིན་པའི་སེམས་ལ་མི་བརྟེན་པས་མི་གནས་ཏེ། དེ་ལ་ཕྱི་གཟུང་བའི་ཡུལ་མིག་གཟུགས་ཀྱི་ཡུལ་ལ་མི་བརྟེན་པས་མི་གནས། རྣ་བ་སྒྲའི་ཡུལ། སྣ་དྲིའི་ཡུལ། ལྕེ་རོའི་ཡུལ། ལུས་རེག་བྱའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན། ནང་འཛིན་པའི་སེམས་འདོད་ཆགས་ལ་སེམས་ཉིད་དེ་མི་བརྟེན་པས་མི་གནས། ཞེ་སྡང་བ་ལ་མི་བརྟེན་པས་མི་གནས། གཏི་མུག་པ་ལ་མི་བརྟེན་པས་མི་གནས། ང་རྒྱལ་བ་ལ་མི་བརྟེན་པས་མི་གནས། ཕྲག་དོག་པ་ལ་མི་གནས་པས་མི་བརྟེན་ཏེ། དེ་ཙ་ན་ཕྱི་གཟུང་བའི་ཡུལ་ལ་རྟེན་མ་བཅས། ནང་འཛིན་པའི་སེམས་ལ་རྟེན་མ་བཅས། བར་བསམ་པའི་བློ་མེད་དེ་གཟུང་འཛིན་གང་ལའང་དམིགས་པའི་རྟེན་མ་བཅས་པས་ན་རྐྱེན་གང་གིས་ཀྱང་མ་བཅིངས་ཏེ་རང་སར་གྲོལ་བའོ། །དེ་ནི་རྟེན་མེད་པས་རིག་པ་རང་གྲོལ་བའོ། །དེ་ཡང་གུ་རུ་བཞི་པ་ལས། དམིགས་པ་གཟུང་འཛིན་ཀུན་གྱི་རྟེན། །རྟེན་མ་བཅས་ན་གྲོལ་བར་འགྱུར། །ཞེས་བཤད་དོ། །གསང་སྔགས་དོན་གྱི་ཚད་མ་ལས། སྐྱོབ་པའི་ཕྱིར་ན་གསང་སྔགས་དོན་ཡིན་ཏེ། །གསང་སྔགས་གཟུང་བ་བྲལ་བས་ཉོན་མོངས་སྒྲིབ་པ་སྐྱོབ། །གསང་སྔགས་འཛིན་པ་བྲལ་བས་ཤེས་བྱའི་སྒྲིབ་པ་སྐྱོབ། །གཟུང་བའི་ཡུལ་མེད་ཆོས་ཀྱི་བདག་མེད་རྟོགས། །འཛིན་པའི་སེམས་མེད་གང་ཟག་བདག་མེད་རྟོགས། །བསམ་པའི་ཡུལ་མེད་ཡིད་ཀྱི་གཡོ་བ་བྲལ། །སྐྱོབ་པ་བླ་ན་མེད་པ་རྡོ་རྗེ་སེམས་དཔས་གསུངས། །ཞེས་བཤད་དོ། །ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལས། མཐའ་དབུས་མེད་པའི་རྟེན་མེད་ལ། །གཟུང་འཛིན་འཁྲུལ་པ་རང་གྲོལ་འགྱུར། །རྔ་མའི་མདུད་པ་རང་གྲོལ་བཞིན། །མཚན་མ་སྣ་ཚོགས་རང་གྲོལ་འགྱུར། །ཞེས་བཤད་དོ། །དེ་ནི་རྟེན་མེད་པར་རིག་པ་རང་གྲོལ་བའོ། །ད་རྐྱེན་དང་བྲལ་བས་སྣང་བ་རང་དག་པ་ལ་གཉིས་ཏེ། །སྐྱེ་མཆེད་ཀྱི་རྐྱེན་དང་། སྟོང་པའི་རྐྱེན་ནོ། །སྣང་བའི་རྐྱེན་ལ་སྐྱེས་མཆེད་ཀྱི་རྐྱེན་བཞི་ཡོད་དེ། དེ་ལ་ཁྱེད་ན་རེ། ངའི་སེམས་ཉིད་དེ་རང་དུ་རིག་ཅིང་རང་དུ་གསལ་བ་གཅིག་ཡིན་ཟེར་བས། རབ་རིབ་མེད་པ་གསལ་བའི་སྐྱེ་མཆེད་དུ་གོལ་ལོ། །དེར་གོལ་ན་ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ཀྱི་ལྷར་གོལ་བའོ། །ནམ་མཁའ་མཐའ་ཡས་པའི་སྐྱེ་མཆེད་ཀྱིས་ཀྱང་ཆོས་ཐམས་ཅད་ནམ་མཁའ་ལྟ་བུར་རང་དུ་རིག་ཅིང་རང་དུ་གསལ་བ་ཡིན་ནོ་སྙམ་དུ་བསྒོམས་པས་གོལ་ཏེ། དེའང་དོ་ཧ་ལས། མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཤད་དོ། །དེ་ལ་གཟུགས་ནི་མེད། ནམ་མཁའ་ལྟ་བུ་གཅིག་ཡིན་སྙམ་པའི་རྣམ་པར་ཤེས་པ་ནི་ཡོད། ཏིང་ངེ་འཛིན་དེ་ལས་མ་གཡོས་པའི་ཚེ་ལྷ་ཚེ་རིང་ཤོས་ཀྱི་ཚེ་ལོ་བསྐལ་པ་ཉི་ཁྲི་ཐུབ་སྟེ། དེ་ནས་ཏིང་ངེ་འཛིན་ལ་བློ་བཞག་པ་འདུས་བྱས་ཀུན་རྫོབ་ཀྱི་སྟོབས་ཟད་ནས་ལྟུང་བར་འདུག་པས་ཆོས་མི་བདེན་པར་འདུག་གོ་བྱས་ནས། མྱ་ངན་དུ་བྱས་ནས་གཤེ་བས་རྟིང་མ་རིག་ཅིང་གཤེ་བའི་རྣམ་སྨིན་གྱིས་ངན་སོང་དུ་ལྟུང་བ་ཡིན་ནོ། །དེའང་རིག་ཅིང་གསལ་བ་ལ་ཆགས་པ་དེ་སེམས་ཙམ་ལ་ཤས་ཆེ། རྡོ་རྗེ་ཟམ་པ་འདི་ཡི་དབང་དུ་བྱས་ན་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་གསལ་ལ་ངོས་བཟུང་མེད་པ་ནམ་མཁའ་ལྟ་བུར་རང་ཉིད་དུ་རིག་ཅིང་རང་ཉིད་དུ་གསལ་བ། ནམ་མཁའ་ལྟ་བུར་རིག་ཅིང་གསལ་བ་འདི་ཡིན་ནོ་སྙམ་དུ་འཛིན་པའི་བློ་མེད་པས་རབ་རིབ་མེད་པ་གསལ་བར་འཛིན་པའི་བློ་མེད་པས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་མི་གོལ་ལོ། །དེའང་སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། སེམས་ཉིད་ནམ་མཁའ་ལྟ་བུ་ལ། །ནམ་མཁའ་ལྟ་བུར་བསམ་དུ་མེད། །ཅེས་བཤད་དོ། །ཁྱོད་ན་རེ། ངའི་སེམས་ཉིད་དེ་མི་རྟོག་པ་གཅིག་ཡིན་ཟེར་བས། མཐོང་ཐོས་མེད་པ་མི་རྟོག་པའི་སྐྱེ་མཆེད་དུ་གོལ་ལོ། །དེར་གོལ་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་གོལ་ལོ། །རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་དེས་ཀྱང་སེམས་ཀྱི་རྣམ་པར་ཤེས་པ་དེ་ལ་མཐའ་མ་གྲུབ་པའི་སྟོང་པ་དེ་ལ་མཐོང་བ་དང་ཚོར་པ་དང་ཐོས་པ་མེད་པ་གཅིག་ཡིན་ནོ་སྙམ་དུ་བསྒོམས་པས་གོལ་ལོ། །དེ་ལ་སེམས་ལུང་ཆེན་པོའི་མདོ་ལས། ཆོས་སུ་འཛིན་པར་བྱེད་པ་གང་ཡང་མེད། །བདག་འཛིན་འགྱུ་མཁན་དེ་དང་མ་བྲལ་ན། །འདི་འདྲའི་ཞི་གནས་སྒོམ་པས་གྲོལ་བ་མེད། །ཅེས་པ་དང་། གསེར་འོད་དམ་པའི་མདོ་ལས། སེམས་དང་རྣམ་ཤེས་ཀུན་ལ་གནས་ན་ནི། །ལྷ་དང་མི་དང་ངན་སོང་གསུམ་དུའང་། །ཇི་ལྟར་བྱས་པའི་སེམས་ཀྱིས་ཁྲིད་ནས་སྐྱེ། །ཞེས་བཤད་དོ། །དེ་ལ་གཟུགས་ནི་མེད། བདག་གི་སེམས་ལ་མཐའ་མ་གྲུབ་པས་མཐོང་བ་དང་ཐོས་པའི་རྣམ་པར་ཤེས་པ་མ་གྲུབ་པ་ཞིག་ཡིན་སྙམ་པའི་སེམས་འགྱུ་བའི་རྣམ་པར་ཤེས་པ་གཅིག་ནི་ཡོད། ཏིང་ངེ་འཛིན་དེ་ལས་མ་གཡོས་པ་རྣམ་པར་རྟོག་པ་གཞན་ཞི་བདེ་བ་ལ་གནས་པ་དེ་ལ་ལྷ་ཚེ་རིང་ཤོས་ཀྱི་ཚེ་ལོ་བསྐལ་པ་བཞི་ཁྲི་ཐུབ་སྟེ། དེ་བློ་སྒོམ་འདུས་བྱས་སུ་སོང་བས་དམིགས་པའི་སྟོབས་ཟད་ནས་ལྟུང་བར་ཚོར་ནས། དེ་ལ་མ་དགའ་ནས་ཆོས་འདི་མི་བདེན་པར་འདུག་བྱས་ནས་སྐུར་པ་བཏབ་པས་ངན་སོང་དུ་ལྟུང་བ་ཡིན་ནོ། །མཐའ་གང་ལའང་མི་གནས་པ་ཞིག་ཡིན་ནོ་སྙམ་པ་དེ་དབུ་མ་པ་ལ་འོང་བའི་ཉེན་ཡོད་པ་ཡིན་སྐད། གདམས་ངག་འདིའི་དབང་དུ་བྱས་ན་ཤེས་པ་གསལ་ཡང་ཡིད་ཀྱི་འགྱུ་བ་ཆད་ནས་བློའི་རྟོག་པ་ཅི་ཡང་མི་གནས་པ་ལ་རྟོག་པ་ཅི་ཡང་མེད་པ་གཅིག་ཡིན་སྙམ་པའི་བློའི་རྣམ་པར་ཤེས་པ་གང་ལ་ཡང་མི་གནས་པས་ན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷར་ཡང་མི་གོལ་ལོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པའི་འཁོར་བ་ཡེ་ཤེས་སུ་བསྟན་པའི་ལེའུ་ལས། བྱང་ཆུབ་སེམས་ཀྱི་ཡེ་ཤེས་ནི། །རྣམ་ཤེས་དམིགས་པའི་ཡུལ་ལས་འདས། །བྱང་ཆུབ་སྙིང་པོར་གནས་པའི་ཚེ། །ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །ཅེས་བཤད་དོ། །ཤེས་རབ་སྡུད་པ་ལས། རྣམ་ཤེས་གང་མི་གནས་པ་ཆོས་ཉིད་གནས་པ་སྟེ། ཞེས་པའམ། སེམས་ཅན་རྣམས་ནི་གནས་ལ་དགའ་ཞིང་ཡུལ་རྣམས་འདོད། །ཐོབ་པར་བྱ་བའི་ཆོས་ནི་གནས་མེད་འཛིན་མེད་དེ། །ཞེས་བཤད་དོ། །ཁྱོད་ན་རེ། ངའི་སེམས་ཉིད་འདི་བདེ་བ་གཅིག་ཡིན་ཟེར་བས་ཟུག་རྔུ་མེད་པ་བདེ་བའི་སྐྱེ་མཆེད་དུ་གོལ་ལོ། །དེར་གོལ་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷར་གོལ་ལོ། །ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་དེས་ཀྱང་སེམས་ཉིད་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་ལ་ཟུག་རྔུའི་སྡུག་བསྔལ་ཅི་ཡང་མེད་པའི་བདེ་བ་གཅིག་ཡིན་ནོ་སྙམ་དུ་བསྒོམས་པ་ལས་གོལ་ལོ། །མདོ་དགོངས་པ་འདུས་པ་ལས། ཇི་སྲིད་བསམ་ཡོད་དམིགས་ཡོད་ན། །དེ་ནི་ངེས་པར་གཡང་ས་ཡིན། །ཞེས་བཤད་དོ། །ཡེ་ཤེས་གསང་བ་ལ་འཁོར་ལོའི་རྒྱུད་ལས། འཛིན་པའི་རྟོག་པས་རང་རྒྱུད་མཐོང་། །བསམ་བྲལ་སྣ་ཚོགས་ཞེན་པས་བསླད། །ཅེས་བཤད། ཕ་རོལ་ཏུ་ཕྱིན་པ་ལས། བདེ་ཞེས་བྱ་བའམ་སྡུག་བསྔལ་ཞེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་བཤད་དོ། །དེ་ལ་གཟུགས་ནི་མེད། བདག་གི་སེམས་ནི་ཅིའི་ངོ་བོར་ཡང་མ་གྲུབ་པ་དེ་ལ། སྡུག་བསྔལ་ཅི་ཡང་མེད་པའི་བདེ་བ་གཅིག་ཡིན་ན་སྙམ་པའི་རྣམ་པར་ཤེས་པ་གཅིག་ནི་ཡོད། ཏིང་ངེ་འཛིན་དེ་ལས་མ་གཡོས་ཏེ། སྟོང་གསུམ་གྱི་རྔ་ལ་རི་རབ་ཀྱི་རྔ་གཡོག་རྒྱབ་ཀྱང་མི་འཇིག་པ་ལྷའི་ཚེ་ལོ་བསྐལ་བ་དྲུག་ཁྲི་ཐུབ་སྟེ། དེ་ནས་དམིགས་པའི་སྟོབས་ཟད་ནས་ལྟུང་བར་ཚོར་ནས་ཆོས་འདི་མི་བདེན་པར་འདུག་བྱས་ནས་སྐུར་པ་བཏབ་པས་ངན་སོང་དུ་ལྟུང་བ་ཡིན་ནོ། །སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བདེ་བ་ཆེན་པོ་གཅིག་ཡིན་ནོ་སྙམ་པ་སྟེ། གསང་སྔགས་པ་ལ་འོང་བའི་ཉེན་ཡོད་པ་ཡིན་སྐད། གདམས་ངག་འདིའི་དབང་དུ་བྱས་ན་ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་ལ་བདེའོ་སྙམ་དུ་འཛིན་པའི་བློ་མེད་དེ། ཟུག་རྔུ་མེད་པའི་བདེ་བའི་རྐྱེན་དང་བྲལ་བས་ཅི་ཡང་མེད་པའི་སྐྱེ་མཆེད་དུ་མི་གོལ་ལོ། །དགོངས་འདུས་ལས། ཅི་ཡང་ཡིད་ལ་མི་བྱེད་ན། །གོལ་སར་ལྷུང་བ་ཅི་སྟེ་རུང་། །ཞེས་བཤད་དོ། །ཡེ་ཤེས་རྫོགས་པའི་ལེའུ་དགུ་པ་ལས། ཡིད་ལ་མི་བྱེད་རང་བཞག་ན། །དྲི་མ་འཛིན་པ་རྣམ་པར་དག །ཅེས་བཤད་དོ། ཁྱོད་ན་རེ། ངའི་སེམས་ཉིད་འདི་དབྱེར་མི་ཕྱེད་པ་གཅིག་ཡིན་ཟེར་བས་མི་ཕྱེད་པ་ཁྱབ་པའི་སྐྱེ་མཆེད་དུ་གོལ་ལོ། །དེར་གོལ་ན་ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་ལྷར་གོལ་ལོ། །ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་ལྷ་དེས་ཀྱང་ངའི་སེམས་ཉིད་གསལ་ལ་ངོས་བཟུང་མེད་པ་འདི་ལ། མེད་ཀྱང་བྱར་མ་བཏུབ་སྟེ་གསལ། ཡོད་ཀྱང་བྱར་མ་བཏུབ་སྟེ་སྟོང་། ཡོད་པ་ཁོ་ན་ཡང་མ་ཡིན། མེད་པ་ཁོ་ན་ཡང་མ་ཡིན་ཏེ། ཡོད་མེད་གཉིས་དབྱེར་མི་ཕྱེད་པའི་དོན་ཀུན་ལ་ཁྱབ་པ་གཅིག་ཡིན་ནོ་སྙམ་དུ་བསྒོམས་པས་གོལ་ལོ། །དེའང་འབུམ་ལས། དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྐྱོན་ནོ། །ཞེས་བཤད་དོ། །སྡུད་པ་ལས། འདུ་ཤེས་ཚུར་རོལ་ཡིན་ཞེས་འདྲེན་པས་ཡོངས་སུ་བསྒྲགས། ཞེས་བཤད་དོ། །ཡེ་ཤེས་གསང་པ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །ཡོད་མིན་མེད་མིན་སྐྱེ་མཆེད་ཀྱི་ལྷ་དེ་ལ་གཟུགས་སུ་གྲུབ་པ་ནི་མེད། འོད་དང་རྣམ་པར་ཤེས་པ་ནི་ཡོད། ཡོད་མེད་དབྱེར་མི་ཕྱེད་པའི་དོན་ཀུན་ལ་ཁྱབ་པ་གཅིག་ཡིན་ནོ་སྙམ་པའི་ངང་ལ་གནས་པའི་ཏིང་ངེ་འཛིན་དེས་ལྷའི་ཚེ་ལོ་བསྐལ་པ་བརྒྱད་ཁྲི་ཐུབ། དེ་ནས་འདུས་བྱས་བློའི་ཏིང་ངེ་འཛིན་གྱི་སྟོབས་ཟད་ནས་ལྷའི་གནས་ན་མིའི་གནས་སུ་ལྟུང་བར་ཤེས་ནས་ཆོས་འདི་མི་བདེན་པར་འདུག་གོ་བྱས་ནས་གཤེ་ཡིན་མྱ་ངན་དུ་བྱས་པས་ལྷ་མིའི་གནས་སུའང་མི་སྡོད་པར་ངན་སོང་གི་གནས་སུ་ལྟུང་བ་ཡིན་ནོ། །གཉིས་སུ་མེད་པ་དབྱེར་མི་ཕྱེད་པ་རྒྱ་ཆད་ཕྱོགས་ལྷུང་མེད་པ་གཅིག་ཡིན་ནོ་སྙམ་པ་དེ་ཕ་རོལ་ཏུ་ཕྱིན་པའམ་ཕྱག་རྒྱ་ཆེན་པོའམ་རྫོགས་པ་ཆེན་པོ་ལ་འོང་བའི་ཉེན་ཡོད་དོ། །གདམས་ངག་འདིའི་དབང་དུ་བྱས་ན་གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་བའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ་མ་ཞེན་པ་རྣམ་པར་དག་པས་ན་མི་ཕྱེད་པ་ཁྱབ་པའི་སྐྱེ་མཆེད་དུ་མ་གོལ་བའོ། །དེའང་ཡེ་ཤེས་གསང་བ་འཁོར་ལོའི་རྒྱུད་ལེའུ་དགུ་པ་ལས། རྣམ་དག་དོན་འདི་མ་རྟོགས་ན། །རྩོལ་སྒྲུབ་འཛིན་པ་ཅི་སྤྱད་ཀྱང་། །འཁྲུལ་པའི་བློ་ལ་ཞེན་པ་ཡིན། །ཞེས་བཤད་དོ། །ཡེ་ཤེས་འཁོར་ལོ་ཏིང་ངེ་འཛིན་གྱི་ལེའུ་ལྔ་པ་ལས། བསམ་བྲལ་རང་གནས་དགོངས་པ་ཡིན། །རྫོགས་པའི་དགོངས་པ་རྣམ་དག་ལ། །འཛིན་མེད་ཏིང་འཛིན་སྐྱོན་ལས་གྲོལ། །ཞེས་བཤད་དོ། །དེ་ནི་སྐྱེ་མཆེད་ཀྱི་རྐྱེན་བཞིར་མ་གོལ་ཏེ། རྣམ་པར་ཞེན་པའི་མཐའ་བསལ་བའོ། །འོ་ན་ཁྱོད་ཀྱི་དེ་ལ་ཞེན་འཛིན་གྱི་བློ་གང་ཡང་མེད་ཟེར་བས་རིག་ཅིང་རྟོགས་པའི་དོན་དང་མི་ལྡན་པར་སྟོང་པའི་རྐྱེན་བཞིར་མ་གོལ་ལམ། གོལ་ན་དང་པོ་སྟོང་པའི་རྐྱེན་བཞི་ལ་སྔ་ནས་མེད་པའི་སྟོང་པའི་རྐྱེན་ཅི་ཡང་མ་དྲན་པ། མཐུན་པའི་དཔེ་རྫ་སའི་འཇིམ་པ་ལ་རྫའི་སྣོད་ཀྱི་མིང་ཡང་མ་ཐོགས་ལ། དོན་བྱེད་ཀྱང་མི་ནུས་པ་ལྟ་བུར་བེམ་སྟོང་འཁོར་འདས་གཉིས་སུ་ལུང་མ་བསྟན་ལ་དོན་བྱེད་ཀྱང་མི་ནུས་པ་གཅིག་ཏུ་གོལ་ལོ། །དེའང་ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོག་པའི་རྒྱུད་ལས། སྟོང་པ་ཉིད་དང་མི་ལྡན་པར། །ཀུན་རྫོབ་དངོས་པོ་ཁྱད་བསད་ནས། །འདི་ཀུན་སྟོང་ཞེས་ཚིག་ཏུ་བརྗོད། །སྟོང་པའི་བདག་པོ་སྟོང་པར་འགྲོ། །ཞེས་བཤད་དོ། །དོན་དམ་པ་ལ་སྟོང་པ་ཉིད་དུ་རིག་ཅིང་རྟོགས་པའི་ཡེ་ཤེས་དང་ཡང་མི་ལྡན་པ། ཀུན་རྫོབ་ཙམ་དུ་སྣང་བའི་དངོས་པོ་འདི་ཀུན་མ་འགགས་བར་ཡོད་པ་ཡང་མེད་ངེས་པ་ཡིན་སྙམ་དུ་འཛིན་ཏེ་ཁྱད་དུ་བསད་ནས་ཁ་ལྟ་སྟོང་པ་གཅིག་པ་ཡིན་བྱས་པས། དོན་དམ་ཀུན་རྫོབ་གཉིས་ཀར་རིག་ཅིང་རྟོགས་པའི་གསལ་བྱ་བཀག་པས་ཀུན་རྫོབ་ཀྱི་བདེན་པ་ཁྱད་དུ་བསད་ནས་རྒྱུ་འབྲས་ཀྱི་རྣམ་སྨིན་ལ་མ་འཛེམ། དགེ་བ་མ་སྤྱད་སྡིག་པ་ལ་མ་འཛེམས་པས་འབྲས་བུ་མཐོ་རིས་ཡང་མི་ཐོབ་ཅིང་ངན་སོང་དུ་འགྲོ། དོན་དམ་པར་རིག་པའི་ཡེ་ཤེས་དང་མི་ལྡན་པས་ཐར་པ་མྱ་ངན་ལས་འདས་པ་མི་ཐོབ་ཅིང་། མ་རིག་པའི་གཉིད་མ་སད་པས་ངན་སོང་འཁོར་བའི་གནས་ནས་མི་ཐོན་བས་ན་སྟོང་པར་འདོད་པའི་བདག་པོ་དེ་སྟོང་པ་ཉིདདུ་རྟོགས་པའི་དོན་དང་མི་ལྡན་ན་འབྲས་བུ་མཐོ་རིས་དང་ཐར་པ་མི་ཐོབ་པས་ངན་སོང་གི་གནས་སུ་མཐོ་རིས་དང་ཐར་པའི་ཡོན་ཏན་མེད་པར་འགྲོ་བས་སྟོང་པར་འགྲོ་ཞེས་བཏགས་པའོ། །དེ་ལ་ནི་སྟོང་པ་ཕྱལ་ཆད་དུ་གོལ་བ་ཞེས་བྱ་སྟེ་རིག་ཅིང་རྟོགས་པའི་ཡེ་ཤེས་མེད་པས་ན་བེམ་སྟོང་དུ་འདོད། མཐོ་རིས་དང་ཐར་པའི་འབྲས་བུ་མེད་པས་ན་ཕྱལ། གཏིང་མ་རིག་ཅིང་འཕྲལ་འདོད་པའི་བློས་རྣམ་སྨིན་ལ་མ་འཛེམ་པར་སྤྱད་པས་མཐོ་རིས་དང་ཐར་པ་དང་མ་འབྲེལ་ཞིང་ངན་སོང་གི་གནས་སུ་ལྟུང་བས་ན་ཆད་པ་ཞེས་བྱའོ། །གདམས་ངག་རྡོ་རྗེ་ཟམ་པ་འདིའི་དབང་དུ་བྱས་ན། ཡེ་ནས་སུས་ཀྱང་མ་བྱས་མ་བཅོས་པའི་དོན་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ་རང་གི་སེམས་ཉིད་དུ་རིག་ཅིང་རང་གི་སེམས་ཉིད་དུ་གསལ་བའི་ཡེ་ཤེས་རྒྱུན་མ་ཆད་པས་སྔ་ནས་མེད་པའི་སྟོང་པ་བེམ་སྟོང་ལུང་མ་བསྟན་ཕྱལ་ཆད་པར་མ་གོལ་ལོ། །དེའང་རྡོ་རྗེ་ཟམ་པའི་རྒྱུད་ཡེ་ཤེས་གསང་བ་ལས། རང་གསལ་ཡེ་ནས་མ་བཅོས་པའི། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །ཞེས་བཤད་དོ། །འོ་ན་ཞི་གནས་མེད་པའི་སྟོང་པ་སྔ་མ་དྲན་ཙ་ན་དངོས་པོ་ཡོད་ལ་རྗེས་ནས་སྟོང་པར་སོང་བ། མཐུན་པའི་དཔེ་འཇིམ་པ་ལ་རྫ་མར་བཅོས་པའི་དུས་ན་དངོས་པོ། རྫ་མ་ཆགས་པའི་དུས་ན་དངོས་པོ་ཞིག་ནས་སྟོང་པར་སོང་བ་ལྟ་བུ། རང་གི་སེམས་ཉིད་དེ་དང་པོ་མ་རྟོགས་པའི་དུས་ན་དངོས་པོ་རང་རྒྱུད་པ་གཅིག་ཡོད་པ་ལ། རྟོགས་པ་དང་དངོས་པོ་དེ་ཞིག་ནས། དངོས་པོ་མེད་པར་སོང་བས་སྟོང་པ་འདུས་བྱས་རྐྱེན་གྱིས་སྟོང་པ་ལྟ་བུ་གཅིག་ཏུ་གོལ་ལོ། །དེའང་རྐྱེན་གྱིས་སྟོང་པ་དེ་ལ་རྐྱེན་གྱིས་སྐྱེས་ནས་རྐྱེན་གྱིས་འཇིག་སྟེ། འདུས་བྱས་ཀུན་རྫོབ་རྟག་མི་ཐུབ་པར་འགྱུར་པ་ཅན་དུ་གོལ་ཏེ་ཐུག་པ་མེད་དོ། །དེའང་ཡེ་ཤེས་རྔམ་པ་གློག་གི་རྒྱུད་ལས། མ་སྐྱེས་སྟོང་པ་ཆོས་ཉིད་དེ། །སྐྱེས་པའི་སྟོང་པ་འཇིག་པར་འགྱུར། །ཞེས་བཤད་དོ། །གདམས་ངག་འདིའི་དབང་དུ་བྱས་ན་སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་བློའི་རྟོག་པ་ཅི་ཡང་མི་གནས་ཏེ། མི་རྟོག་པ་ཆོས་ཉིད་ཀྱི་དོན་གསལ་བ་དེ་ལ། དངོས་པོར་སྐྱེ་བ་དང་སྟོང་པར་འཇིག་པའི་འགྱུར་ལྡོག་མེད་པས་ཞིག་ནས་མེད་པའི་སྟོང་པ་འདུས་བྱས་ཀུན་རྫོབ་མཐར་ཐུག་མེད་པར་ཡང་མ་གོལ་ལོ། །དེའང་ཡེ་ཤེས་རྫོགས་པའི་ལེའུ་བཞི་པ་ལས། མི་རྟོག་རང་བཞིན་རིག་པ་གསལ། །ཡེ་ཤེས་ཀུན་བཟང་འཕྲོ་འདུ་མེད། །ཅེས་བཤད་དོ། །གཅིག་གི་ཡུལ་ལ་གཅིག་མི་གནས་པའི་སྟོང་པ་རེས་དྲན་པ་གསལ་བ་སྣང་བའི་དངོས་པོ། རེས་མ་དྲན་པ་མི་གསལ་བ་སྟོང་པ་དངོས་པོ་མེད་པ་སྣང་བ་དང་སྟོང་པ་རེས་འཇོག་ཅན། མཐུན་པའི་དཔེ་བུམ་པ་དང་ཀ་པཱ་ལ་ལྟ་བུ་ཡིན་ཏེ། བུམ་པ་ཞེས་བརྗོད་ཙ་ན་ཀ་པཱ་ལའི་ཚིག་ཀྱང་མི་གནས། དོན་ཀྱང་བྱེད་མི་ནུས། ཀ་པ་ལ་ཞེས་བརྗོད་ཙ་ན་བུམ་པའི་བློ་ཡང་མི་གནས། ཚིག་ཀྱང་མི་གནས། དོན་བྱེད་ཀྱང་མི་ནུས་པ་བཞིན་དུ། སྟོང་པར་སོང་ཙ་ན་སྣང་བའི་བློ་ཡང་མི་གནས། ཚིག་ཀྱང་མི་གནས། དོན་བྱེད་ཀྱང་མི་ནུས། སྣང་བའི་ཡུལ་གསལ་ཙ་ན་སྟོང་པའི་བློ་ཡང་མི་གནས། ཚིག་ཀྱང་མི་གནས། དོན་བྱེད་ཀྱང་མི་ནུས་པས་གཅིག་ཡུལ་དུ་གཅིག་མི་གནས་པའི་སྟོང་པ་རེས་འཇོག་ཅན། འདུ་འབྲལ་ཅན། གསལ་འགྲིབ་ཅན། འགྲོ་འོང་ཅན། སྐྱེ་འགགས་ཅན། རྒྱ་ཆད་དང་ཕྱོགས་ལྷུང་ཅན་དུ་གོལ་ལོ། །དེ་ནི་མ་རིག་པ་བློ་ཆུང་བ་བྱིས་པ་ལྟ་བུ་ཡིན་ཏེ། ཤེས་རབ་སྡུད་པ་ལས། བྱིས་པ་རྣམས་ཀྱིས་དེར་བཏགས་ཡོད་དང་མེད་པར་བྱེད། །ཡོད་དང་མེད་པ་འདི་གཉིས་མེད་པའི་ཆོས་ཡིན་ཏེ། །ཞེས་བཤད། གདམས་ངག་འདིའི་དབང་དུ་བྱས་ན་ལུས་དང་སེམས་སྤངས་མ་བསྒྲུབ་པར་ཡོད་དུ་མ་ཚོར་བ་ཟག་པ་མེད་པའི་བདེ་བ་གཅིག་ཏུ་འདུག་པས། དེ་ཡང་བློ་མ་སྐྱེས་པས་ངོ་བོ་སྟོང་། ཤེས་པ་མ་འགགས་པས་རང་བཞིན་གསལ། སྟོང་པའི་ངང་ནས་གསལ། གསལ་བའི་ངང་ནས་སྟོང་། གསལ་སྟོང་གཉིས་མེད་གཅིག་ཏུ་རྟོགས་པས། གཅིག་ཡུལ་ལ་གཅིག་མི་གནས་པའི་སྟོང་པ་རེས་འཇོག་ཅན་དུ་མ་གོལ་བའོ། །དེའང་འབུམ་ལས། གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་པའམ། ཤེས་རབ་སྙིང་པོ་ལས། སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན། གཟུགས་ལས་ཀྱང་སྟོང་པ་ཉིད་གཞན་མ་ཡིན་ནོ། །བྱ་བའམ། མཚན་བརྫོད་ལས། གཉིས་མེད་གཉིས་སུ་མེད་པར་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས། །ཞེས་བཤད་དོ། །རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་གཉིས་པ་ལས། མ་སྐྱེས་མ་འགགས་གཉིས་མེད་དེ། །དེ་གཉིས་དབྱེར་མེད་མཉམ་པར་བལྟ། །དེ་ཡི་ངང་དུ་ཐམས་ཅད་འདུས། །ཞེས་བཤད་དོ། །འོ་ན་ཁྱོད་ཀྱིས་དེ་གཏན་མ་གྲུབ་པའི་སྟོང་པ་མིང་ལས་དོན་མེད་པ། མཐུན་པའི་དཔེ་མོ་གཤམ་གྱི་བུའམ། ནམ་མཁའི་མེ་ཏོག་ལྟ་བུར་སྐུ་དང་ཡེ་ཤེས་མེད་པར་སྟོང་པ་ཕྱང་ཆད་པ་གཅིག་ཏུ་གོལ་ལོ། །དེའང་མདོ་དགོངས་པ་འདུས་པ་ལས། སྟོང་པ་ཉིད་ལ་བློ་གཏད་ནས། །མེད་པའི་མཐའ་ལ་མངོན་ཞེན་ནས། །སྟོང་པ་ཆེན་པོ་ཕྱང་ཆད་ནས། །དེ་ལ་རང་རིག་སྐྱེ་བར་དཀའ། །ཞེས་བཤད་དོ། །དམངས་ཀྱི་དོ་ཧ་ལས། མདའ་བསྣུན་ན་རེ་ནམ་མཁའི་ཡིད་ཅན་ལ། །ཐར་པ་ནམ་ཡང་ཡོད་པ་མ་ཡིན་ནོ། །ཞེས་བཤད་དོ། །གདམས་ངག་འདིའི་དབང་དུ་བྱས་ནས་གསལ་བ་མི་རྟོག་པ་དེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་དེ་ཆོས་བཞི་དང་ལྡན་པ་གཅིག་ཏུ་རྟོགས་པས་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་རང་བཞིན་གྱིས་མ་འགགས་པར་ཤར་རོ། །དེ་བས་ན་གཏན་མ་གྲུབ་པའི་སྟོང་པ་ཡང་མ་གོལ་ཏེ། གསལ་བ། མི་རྟོག་པ། བདེ་བ། ངོ་བོ་དབྱེར་མི་ཕྱེད་པ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དང་ལྔ་ལ། རིགས་ལྔ་སྐུ་ལྔ་ཡེ་ཤེས་ལྔ་བཙལ་མི་དགོས་པར་རང་བཞིན་གྱི་ཚང་བར་ཤར་ནས་ཡོད་པས་གཏན་མ་གྲུབ་པའི་སྟོང་པར་ཡང་མ་གོལ་ལོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་གཉིས་པ་ལས། ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྐུ་དང་ཡེ་ཤེས་མ་བཙལ་ཤར། །མ་རྟོག་འཁོར་བའི་གནས་སུ་ཤར། །ཞེས་བཤད་དོ། །ཡང་དེ་ཉིད་ལས། རང་རིག་ཅིར་ཡང་གསལ་བ་ལ། །གཞན་དུ་མི་འགྱུར་ཡེ་ཤེས་དང་། །ཞེས་བཤད་དོ། །དེས་ནི་སྟོང་པའི་རྐྱེན་བཞིར་མ་གོལ་ཏེ་མེད་པའི་ལྟ་བ་ཆད་པའི་མཐའ་བསལ་བའོ། །དེའང་སྐྱེ་མཆེད་མུ་བཞི་བཞིན་དུ་རང་གི་རྣམ་པར་ཤེས་པ་དེ། འདི་ལྟར་ཡོད་པ་གཅིག་ཡིན་ནོ་སྙམ་ནས་རྟག་པར་མངོན་པར་ཞེན་ན་བདེ་འགྲོ་མཐོ་རིས་ཐོབ་སྟེ། ཞེན་པས་སངས་མི་རྒྱ། སྟོང་པའི་རྐྱེན་བཞི་བཞིན་དུ་རང་གི་རྣམ་པར་ཤེས་པ་དེ་འདི་ལྟར་དུ་མེད་པ་གཅིག་ཡིན་ནོ་སྙམ་ནས་མི་བདེན་པར་ཕྱལ་ཆད་ན་ངན་སོང་གི་གནས་སུ་འགྲོ་སྟེ། མ་རིག་ཅིང་མ་རྟོགས་པས་སངས་མི་རྒྱ་སྟེ། ཐར་པ་མི་ཐོབ་པའོ། །དེའང་མདོ་སྡེ་ལང་ཀར་གཤེགས་པ་ལས། ཡོད་པ་པོ་ནི་བདེ་འགྲོར་འགྲོ། །མེད་པ་པོ་ནི་ངན་འགྲོར་འགྲོ། །ཞེས་བཤད་དོ། །དེ་བས་ན་མུ་སྟེགས་ལ་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་། བསྡུ་ན་འཇིག་ཚོགས་ཀྱི་ལྟ་ལོག་དྲུག་ཅུ་རྩ་གཉིས་སུ་འདུས། དེ་ལས་བསྡུན་མུ་སྟེགས། མུར་ཐུག །ཕྱལ་བ། རྒྱང་འཕེན་དང་བཞིར་འདུས་སོ། །དེ་ལས་བསྡུ་ན་མུ་སྟེགས་རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་གཉིས་ཏེ། མུ་སྟེགས་རྟག་པར་ལྟ་བའི་ལུགས་ཀྱིས། བདག་རྟག་པ་གཅིག་པུ་དེ་ཀུན་ལ་ཁྱབ་པ། ཐམས་ཅད་ཀྱི་བྱེད་པ་པོ་གཅིག་ཡིན་ཟེར་བ་ལ། ནང་པ་སངས་རྒྱས་པའི་རྒོལ་བ་པོ་དེ་ན་རེ། འོ་ན་ཁྱོད་ཀྱི་དེ་དངོས་པོའམ་ཁ་དོག་གམ་དབྱིངས་སམ་པར་ཆོད་དུ་གྱུར་བ་ཅི་ལྟ་བུ་ཞིག་ཡོད། གནས་ནི་གང་ན་གནས་བྱས་པས། རྟག་པ་པོ་དེ་ན་རེ། ངའི་དེ་ཆེ་སྟེ་ཆེ་ན་མཐེབ་རྡོག་ཙམ། ཆུང་སྟེ་ཆུང་ན་ཉུངས་འབྲུ་དང་ཏིལ་འབྲུ་ཙམ། ཡང་ཆུང་སྐྲའི་རྩེ་མོ་ཙམ་པ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་གཅིག་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་གནས་ཟེར་བས། འོ་ན་སེམས་ཅན་གང་དེ་འཆི་བའི་དུས་སུ་སྙིང་གི་དཀྱིལ་ན་མཐོང་རྒྱུའམ་ཕྱི་རུ་ཐོན་པ་ལ་མཐོང་རྒྱུ་ཞིག་ཡོད་དུ་གཤའ་བ་ལ། ཤི་བ་ཀུན་ལ་མི་འདུག་པ་བྱས་པ་ལ། དེ་ཡང་དཔེར་ན་རྫ་མ་གཅིག་གི་ནང་ན་བྱེའུ་གཅིག་ཡོད་པ་ནི། རྫ་མ་ཆག་པའི་དུས་སུ་བྱེའུ་དེ་ཧུར་གྱིས་འཕུར་ནས་འགྲོ་བ་བཞིན་དུ། དེ་བཞིན་དུ་དབུགས་ཆད་ནས་ནམ་ཤི་བའི་དུས་སུ་ཙིཏྟ་རིན་པོ་ཆེའི་ནང་ནས་འགྲོ་བ་ཡིན་ཟེར་རོ། །འོ་ན་ལུས་ལེན་ནམ་མི་ལེན་ཟེར་བ་ལ། ད་ལྟ་ལུས་གང་བླང་པ་དེ་ཕྱི་མ་ལའང་ལེན་པ་ཡིན་ཏེ། ཤིང་བཅད་པའི་ཤུལ་དུ་ཤིང་སྐྱེ། རྩྭ་བྲེག་པའི་ཤུལ་དུ་རྩྭ་སྐྱེ་བའམ། ནས་བཏབ་པའི་ཤུལ་དུ་ནས་སྐྱེ། བྲ་བོ་བཏབ་པས་བྲོ་བོ་སྐྱེ་བ་བཞིན་དུ། འོད་དཀར་པོ་ལ་ཆགས། ངོ་བོ་ཕྱྭ་དང་དབང་ཕྱུག །འགྲོ་བ་མིའི་རིགས་སུ་སྐྱེ་བའོ། །མུ་སྟེགས་ཆད་པ་ན་རེ། ཁོ་རང་གི་བུད་མེད་ལ། ཁོ་རང་གི་འཁོར་དབང་དུ་འདུས་ཚོམ་ལ་བཟའ་བཏུང་གི་ལོངས་སྤྱོད་ཅི་ཡོད་པ་སྒོར་ཐོན་ལ། ཞག་བདུན་བླང་བ་གཏིང་ཆོད། རང་འཐག་འུར་ཆོད། དུ་བ་བཏུལ་ཆོད་ལ་ཕྱིར་མ་འོང་བར་མཚམས་ཆོད་ལ་སྡོད་ཅིག་ཟེར་ནས། འཁོར་རྣམས་ཀྱིས་དཔོན་ལ་མཉན་ནས། དེ་ལ་ག་དར་དུ་བྱས་ཙ་ན། སློབ་དཔོན་དེས་བཟའ་བཏུང་གི་ལོངས་སྤྱོད་དེ་ཚོ་ནུབ་མོ་ཁོང་གིས་མ་ཚོར་བར་བསྡུས་ནས་ཁོང་རང་གི་བུད་མེད་དེའི་མདུན་དུ་སྤུངས་ནས། སྔོ་བསངས་མ་མཛེས་མ་དག །ལེགས་སུ་གཡོས་ལ་ཞིམ་དུ་ཟོ། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །མེ་ཤི་ཐལ་བ་རླུང་ཁྱེར་འདྲ། །སླར་འཚོ་བ་ནི་ག་ལ་ཡོད། །ཅེས་ཟེར་ཏེ། དོན་ལ་ད་རེས་ཀྱི་མི་ལུས་འདི་ཁ་རྗེ་དང་སྟེས་དབང་ལས་ཐོབ་པ་ཡིན། དཔེར་ན་ནམ་མཁའ་ལ་འབྲུག་ཆེམ་གྱིས་བྱུང་ན་སྤང་ལ་ཤ་མོ་ཐོལ་གྱིས་བརྡོལ་བ་དང་འདྲ་སྟེ། སྔར་སྐྱེ་མ་མྱོང་། ད་སྐྱེད་མི་སྲིད། ད་རེས་ཀྱི་ཕ་མའི་རྒྱུ་རྐྱེན་ལས་ཐོལ་གྱིས་སྐྱེས་པ་འདི་ལ་ཁོང་གི་རྫས་དང་ལོངས་སྤྱོད་འདི་ལ་མཛེས་མ་ཁྱོད་རང་ལེགས་སུ་གཡོས་ལ་ཞིམ་དུ་ཟོ། ཕྱིས་མི་སྐྱེ་བས་རྣམ་སྨིན་མི་འོང་གི། དཔེར་ན་མེ་ཤི་ནས་ཐལ་བ་རླུང་པོས་ཁྱེར་བ་དང་འདྲ་སྟེ་ལྷག་མ་དང་རྗེས་མི་འོང་། སླར་ལས་ལོག་ནས་སོས་པ་དང་སྐྱེ་བའང་མི་སྲིད་བྱ་བ་ཡིན་ནོ། །བེམ་སྟོང་ཕྱལ་ཆད་ལྟ་བུ་སྟེ་རྟིང་ནས་མེད་པར་རྒྱུ་ཟད་རྐྱེན་ཟད་དུ་རྗེས་སྟོང་པར་འདོད་པའོ། །དེ་ལ་རྟག་པ་པོ་ཡོད་པར་འཛིན་པ་དེས་སྡིག་པ་སྤངས་པས་ངན་སོང་དུ་མི་འགྲོ། དགེ་བ་བསྒྲུབས་པས་མཐོ་རིས་ཐོབ་སྟེ་རང་སེམས་དཀར་ལ་འཚེར་བར་གསལ་བ་ལ་ཟླུམ་ལ་འདྲིལ་བའི་དངོས་པོ་གཅིག་ཅིས་ཀྱང་ཡོད་པར་འཛིན་ཏེ། རང་བཞིན་མེད་པར་མ་ཤེས་པས་ཆེད་དུ་འཛིན་པའི་རྟོག་པས་བག་ཆགས་ངན་པ་བསགས་ནས་ཕྱིར་ལོག་སྟེ། སངས་རྒྱས་སུ་མི་བཏུབ་པར་ལན་གཅིག་ངན་སོང་དུ་ལྟུང་བ་མང་ངོ་། །ཆད་པ་རིག་པ་འདུས་བྱས་རྫས་སུ་མ་གྲུབ་སྟེ་ཡེ་ནས་སྟོང་ཡེ་ནས་གསལ་གསལ་སྟོང་གཉིས་སུ་མེད་པའི་དོན་ནམ་མཁའ་ལྟ་བུ་དེ་ལ་སྐྱེ་རྒྱུ་དང་ཤི་རྒྱུ་གཉིས་སུ་མེད་དེ་འགྱུར་བ་མེད་པ་ལ། དེ་ལྟར་དུ་མ་རིག་པས་དང་པོ་མེད་པ་ལ་ཡོད་པར་སྐྱེས། ད་ཡོད་པ་དེ་ཞིག་ནས་རྒྱུ་ཟད་རྐྱེན་ཟད་དུ་ཤུལ་སྟོངས་ནས་རིག་པ་མེད་པར་ཡེ་ཤེས་རྒྱུད་ཆད་དུ་འདོད་དེ། རིག་པ་འདུས་མ་བྱས་པའི་དོན་དེ་འགྱུར་བ་མེད་པར་མ་ཤེས་པས་སངས་མི་རྒྱ། དགེ་བ་བདེན་པ་མ་བསྒྲུབ་པས་མཐོ་རིས་མི་ཐོབ་ལ། སྡིག་པ་བདེན་པར་མ་འཛེམས་པར་སྤྱད་པས་རིག་པ་འགྱུར་བ་མེད་པའི་དོན་མ་རྟོགས། དཀར་པོ་དགེ་བའི་ལས་ཀྱི་བག་ཆགས་ནི་དགེ་བ་ལ་མ་སྤྱད་པས་མཐོ་རིས་མེད། ནག་པོ་སྡིག་པའི་ལས་ལ་མ་འཛེམས་པར་སྤྱད་པས་སྣང་བ་བག་ཆགས་ངན་པ་དང་འགྲོགས་པས་ཡལ་དུ་མ་བཏུབ་པར་ཞེན་པས་འབྲས་བུ་ངན་སོང་དུ་ལྟུང་སྟེ། གཏིང་མ་རིག་པས་བྱོལ་སོང་། འཕྲལ་འདོད་པ་ལ་ཞེན་པས་ཡི་དྭགས། རྣམ་སྨིན་གྱི་ལུས་ལ་ཚ་གྲང་གི་སྡུག་བསྔལ་སྣ་ཚོགས་མྱོང་བས་དམྱལ་བའོ། །རང་སྣང་འཁྲུལ་པའི་སྡུག་བསྔལ་མི་འཛད་པས་ན་རྡོ་རྗེའི་དམྱལ་བའོ། །དེའང་ལུང་ནི་རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ་ནས། རྟག་པ་པོ་ནི་བདེ་འགྲོ་སྟེ། །ཆད་པ་པོ་ནི་ངན་འགྲོར་འགྲོ། །གཉིས་ལ་མི་བརྟེན་ཐར་པའི་ལམ། །ཞེས་བཤད་པས། རྟག་པ་པོ་ནི་ལྷ་མིའི་བདེ་བར་འགྲོ་སྟེ། བདག་དངོས་པོ་རང་རྒྱུད་དུ་འཛིན་པ་ལ་བརྟེན་ནས་ཕྱིར་ལོག་ནས་ངན་སོང་དུ་ལྟུང་། ཆད་པ་པོ་ནི་གཏིང་མ་རིག་ཅིང་འཕྲལ་འདོད་པ་མི་སྤོང་བས་བག་ཆགས་ངན་པས་ངན་སོང་ལས་མི་ཐར། གཉིས་ལ་མི་བརྟེན་ཐར་པའི་ལམ། །ཞེས་པ་ནི་འདི་ཡིན་ཏེ། གདམས་ངག་རྡོ་རྗེ་ཟམ་པ་འདིའི་དབང་དུ་བྱས་ན། ཡེ་ནས་སེམས་ཉིད་ཀྱི་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པས་དེ་རིག་ཅིང་གསལ་བས་ཆད་པའི་རྐྱེན་སྔ་ནས་མེད་པའི་སྟོང་པར་མ་གོལ། གསལ་བ་ལ་གསལ་བ་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་མེད་པས་རྟག་པའི་རྐྱེན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་མ་གོལ། མི་རྟོག་པ་ཆོས་ཉིད་འགྱུར་བ་མེད་པར་ཉམས་སུ་མྱོང་བས་ཆད་པའི་རྐྱེན་ཞིག་ནས་མེད་པའི་སྟོང་པར་མ་གོལ། རྣམ་པར་ཤེས་པ་མཐའ་ཡས་པས་རྟོག་པ་གང་ཡང་མེད་པའི་མི་རྟོག་པ་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་མེད་པས། རྟག་པའི་རྐྱེན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་མ་གོལ། གསལ་སྟོང་གཉིས་སུ་མེད་པའི་ལུས་སེམས་ཡོད་དུ་མ་ཚོར་བར་ཉམས་སུ་མྱོང་བས་ཆད་པའི་རྐྱེན་གཅིག་ཡུལ་ལ་གཅིག་མི་གནས་པའི་སྟོང་པར་མ་གོལ། ལུས་སེམས་ཅི་ཡང་ཡོད་དུ་མ་ཚོར་བའི་ཉམས་སུ་མྱོང་ལ་ཅི་ཡང་མེད་པ་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་མེད་པས་རྟག་པའི་རྐྱེན་ཅི་ཡང་མེད་པའིི་སྐྱེ་མཆེད་དུ་མ་གོལ། མ་འགགས་པར་གསལ་བ་ངོ་བོ་མ་གྲུབ་པས་མི་རྟོག་པ་གསལ་སྟོང་གཉིས་སུ་མེད་པར་ཉམས་སུ་མྱོང་བས་བདེ་བ་དེ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པའི་དོན་འགྱུར་བ་མེད་པ་གཅིག་ཏུ་རྟོགས་པས་ཆད་པའི་རྐྱེན་གཏན་མ་གྲུབ་པའི་སྟོང་པར་མ་གོལ་ལོ། །ཡོད་མེད་ཀྱི་དབྱེ་བསལ་བྱར་མ་བཏུབ་པའི་དབྱེར་མི་ཕྱེད་པ་དེ་ལ་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་མ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། ཉམས་སུ་མྱོང་བ་དེ་ཉིད་ལ་མ་ཞེན་པས་རྟག་པའི་རྐྱེན་ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་མ་གོལ་བའོ། །དེ་ཙ་ན་མུ་སྟེགས་རྟག་པ་དང་ཆ་མཐུན་པར་གསལ་ཞིང་ཉམས་སུ་མྱོང་བ་ཡིན་ཀྱང་དངོས་པོ་རང་རྒྱུད་དུ་འཛིན་པའི་བློ་མི་གནས་པས་རྟག་པ་ལ་མི་བརྟེན། ཆད་པ་དང་ཆ་མཐུན་པར་ངོས་གཟུང་མེད་པར་སྟོང་པ་དེ་ཡོད་ཀྱང་རིག་ཅིང་གསལ་བའི་ཉམས་མྱོང་ཡོད་པས་ཆད་པ་ལ་མི་བརྟེན། རྟག་ཆད་ཡོད་མེད་གཉིས་སུ་འཛིན་པ་ལ་མི་བརྟེན་ཏེ། གསལ་བ་ལ་རྟག་པ། མི་རྟོག་པ་ཆད་པ། བདེ་བ་གཉིས་མེད། དེ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཏུ་ཉམས་སུ་མྱོང་བ་ལ་དབྱེར་ཕྱེད་ཅེས་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་མི་བརྟེན་ཏེ་རྣམ་པར་དག་པའོ། །དེ་ནི་རྟག་ཆད་གཉིས་སུ་འཛིན་པ་ལ་མི་བརྟེན་པ་ཐར་པའི་ལམ་ཡང་ཡིན་ལ་སྐྱེ་མཆེད་ཀྱི་རྐྱེན་བཞི་སྟོང་པས་རྐྱེན་བཞི་དང་བྲལ་ཏེ། བློའི་མཐའ་ཟབ་ཅིང་ཕྲ་བའང་མི་གནས་པར་རྣམ་པར་དག་པས་སྐྱེ་མེད་ཙམ་དུ་འཛིན་པ་ཡང་མེད་པས་སྐྱེ་བ་མེད་པའི་རྐྱེན་དང་བྲལ་བའོ། །དེའང་རྐྱེན་དང་བྲལ་བས་སྣང་བ་རང་དག་པ་ཡིན་ཏེ། སྣང་བ་ནི་ཡོད་པར་སྣང་བ། མེད་པར་སྣང་བ། སྐྱེ་མེད་ཙམ་གྱི་སྣང་བ་ཡང་ཉམས་སུ་མྱོང་ལ་འཛིན་པ་མེད་པས་བག་ཆགས་མེད་པ་རང་དག་པའོ། །དེའང་ཡེ་ཤེས་གསང་བ་ལས། རྐྱེན་གསུམ་བྲལ་ལོ་ཡེ་སངས་རྒྱས། །ཞེས་བཤད་དོ། །ཡོད་མེད་ཀྱི་བློ་གང་ལའང་མི་གནས་པར་རྟོགས་པ་དེ་གོལ་བ་མེད་པས་ན་མཁས་པ་ཡིན་ཏེ། དེའང་དབུ་མ་རྩ་བ་ཤེས་རབ་ལས། ཡོད་པར་འཛིན་པ་རྟག་པའི་མཐའ། །མེད་པར་འཛིན་པ་ཆད་པའི་མཐའ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བཤད་དོ། །འོ་ན་ཁྱོད་ཀྱི་ཡོད་མེད་གང་ཡང་མི་གནས་པ་ལ་དེ་ལ་ངེད་ཀྱི་མ་ཤེས་པས་ཁྱོད་རང་གི་མིང་གཅིག་ཐོགས་དང་བྱས་པས། ངའི་དེ་རང་བཞིན་སྟོང་པ་ཉིད་བྱ་བ་ཡིན་བྱས་པས། འོ་ན་ཁྱོད་ཀྱི་དེ་ལ་རང་བཞིན་གྱི་སྐྱོན་འདུག་གོ་ཟེར་བས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ན་རང་བཞིན་མཚན་མ་དང་བཅས་པའི་སྐྱོན་ཡོད་དེ། རང་བཞིན་གྱིས་སྟོང་པ་ཉིད་གཅིག་ཡིན་པར་ཤེས་ཀྱང་སྟོང་པ་ཉིད་གཅིག་ཡིན་སྙམ་དུ་འཛིན་པའི་བློ་མི་གནས་པར་གསལ་བས་ན་རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དོ། །མདོ་སྡེ་ལས། སྟོང་པ་ཉིད་ལ་སྟོང་མི་བལྟ། །དེ་ནི་སྟོང་ཉིད་དམ་པ་ཡིན། །ཞེས་བཤད་དོ། །དེའང་སྟོང་པ་ཉིད་དུ་ཤེས་པ་ལ་སྟོང་པ་ཉིད་གཅིག་ཡིན་སྙམ་དུ་འཛིན་པའི་བློས་མ་སྒྲིབ་པ་དེའོ། །དེའང་རྡོ་རྗེ་ཟམ་པའི་སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། མཐའ་བྲལ་ཡེ་ཤེས་རྫོགས་པ་འདི། །རྟག་པ་མ་ཡིན་མི་རྟག་མིན། །ཤེས་པ་མི་འགག་འདོད་པ་མེད། །དབུ་མ་ཆེན་པོ་དྲང་པོའི་སེམས། །ཕྱོགས་ཀྱི་ཡུལ་ལ་འཇུག་པ་མེད། །ཅེས་བཤད་དོ། །ཕྱོགས་སུ་འཛིན་པའི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་ཆོས་ཉིད་རྣམ་པར་དག་པ་དེ་ལ་འབད་རྩོལ་ཅི་ཡང་མེད་དེ་ཆོས་ཀྱི་དབྱིངས་གོལ་སྒྲིབ་དང་བྲལ་བའོ། །དེའང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། དོན་གྱི་ཆོས་ཉིད་དག་པ་ལ། །རྩོལ་བའི་རང་བཞིན་ཅི་ཡང་མེད། །རང་རིག་ཡུལ་དང་བྲལ་བ་ལ། །དམིགས་པ་མེད་པར་གསལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་གཞན་མེད་དོ། །དེ་ལྟ་བུ་ཡི་ཡེ་ཤེས་ལ། །གོ ལ་དང་སྒྲིབ་པ་ཡེ་ནས་མེད། །ཅེས་བཤད་དོ། །དེས་རྐྱེན་གསུམ་དང་བྲལ་བས་གོལ་སྒྲིབ་དང་སྒྲིབ་པ་མེད་པ་སྣང་བ་རང་གསལ་དག་པར་བསྟན་པའོ། །དེའང་རྟེན་མེད་པས་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བས་སྣང་བ་རང་དག་པ་གཉིས་དུས་གཅིག་ཏུ་སྐྱེས་ནས་ཐ་དད་དུ་གྱུར་པ་རི་རྭ་ལྟ་བུ་གཅིག་མིན་ཏེ། གཟུང་འཛིན་གཉིས་ལ་དམིགས་པའི་རྟེན་མ་བཅས་པ་རིག་པ་དེ། སྣང་བ་དེའང་རང་སྣང་མ་འགགས་པར་གསལ་བ། རིག་པ་དེའང་རང་རིག་སྟོང་པར་རིག་པ། གྲོལ་བ་དེའང་གསལ་སྟོང་ལ་འཛིན་པ་མེད་པར་གྲོལ་བ། རང་སྣང་རང་རིག་ཏུ་གྲོལ་བ་དག་པ་དེ་ལ་ཤེས་བྱ་ཆིག་ཆོད་ཅེས་བྱ་སྟེ་ཤེས་བྱ་དང་ཤེས་བྱེད་ཀྱི་བློ་ཐམས་ཅད་རང་གྲོལ་རང་དག་ཏུ་སོང་བའོ། །དེ་ནི་རྟེན་མེད་པས་རིག་པས་རང་གྲོལ་བ་དང་རྐྱེན་དང་བྲལ་བས་སྣང་བ་རང་དག་པ་གཉིས་ཀྱིས་གཟུང་འཛིན་དང་རྟག་ཆད་ཀྱི་མཐའ་བསལ་ཏེ། སྒོམ་མེད་ཀྱི་དོན་ངོ་བོ་དངོས་པོའི་འདུག་ཚུལ་དེ་ལ་གོལ་ས་མེད་པར་བསྟན་པའོ། །དེས་གང་ཐལ་ན་རྐྱེན་དང་བྲལ་བས་སྣང་བ་རང་དག་པ་ཐལ་ལོ། །དེའི་གོང་མ་དེས་རྟེན་མེད་པར་རིག་པ་རང་གྲོལ་བ་ཐལ་ལོ། །དེ་གཉིས་ཀྱིས་གཟུང་འཛིན་དང་རྟག་ཆད་ཀྱི་མཐའ་བསལ་བ་ཐལ་ལོ། །དེའི་གོང་མ་དེས་དངོས་པོའི་འདུག་ཚུལ་བསྟན་པ་ཐལ་ལོ། །དེའི་གོང་མ་དེས་ངོ་བོ་བསྟན་པ་ཐལ་ལོ། །དེའི་གོང་མ་དེས་འཇུག་པ་བསྟན་པ་ཐལ་ལོ། །ངོ་བོ་བསྟན་པ་དང་འཇུག་པ་བསྟན་པ་གཉིས་ཀྱི་ཚིག་ལམ། ཡེ་ཤེས་ཀྱི་ལྡེ་མིག་ཐལ་ལོ། །དེའི་གོང་མ་དེས་རྡོ་རྗེའི་ཚིག་ཐལ་ལོ། །དེའི་གོང་མ་དེས་རྡོ་རྗེའི་གོ་བ་འདུས་མ་བྱས་པ་དང་འདུས་བྱས་གཉིས་ཀྱི་དཔེས་མཚོན་པ་ཐལ་ལོ། །དང་པོ་རྡོ་རྗེའི་གོ་བ་དང་གཅིག །ཚིག་དང་གཉིས། ཚིག་གི་ལམ་ལ་འཇུག་པ་བསྟན་པ་དང་། ངོ་བོ་བསྟན་པ་དང་གཉིས། ངོ་བོ་བསྟན་པ་ལ་དངོས་པོའི་འདུག་ཚུལ་བསྟན་པ་དང་། མཐའ་བསལ་བ་གཉིས། མཐའ་བསལ་བ་ལ་བརྟེན་མེད་པས་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བས་སྣང་བ་རང་དག་པ་གཉིས་ཏེ། བཞི་པོ་དེས་རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ཐལ་ལོ། །དེའི་གོང་མ་དེས་སྒོམ་མེད་དོན་གྱི་བརྡའི་ཚིག་གཉིས་ཐལ། དེའི་གོང་མ་དེས་བརྡའི་གོ་བ་དཔེས་མཚོན་པ་ཐལ། དེའི་བརྡའ་དོན་འགྲོལ་བ་ལ་གནད་ཀྱི་བརྡའ་ཐལ། དེས་སྒོམ་མེད་དོན་གྱི་ཚིག་ཐལ། དེའི་གོང་མ་དེས་སྒོམ་མེད་ཀྱི་གོ་བ་ཐལ། སྒོམ་མེད་ཀྱི་གོ་བ་དང་གཅིག །ཚིག་ལ་བརྡའ་དོན་འགྲོལ་བའི་ངོ་སྤྲད་དང་། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པའི་གོལ་ས་གཅོད་པ་གཉིས་ཀྱིས། སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ཐལ་ལོ། །རེ་དོགས་མེད་པར་དབྱིངས་ལ་གཏད་པ་ལ་གོ་བ་དང་ཚིག་གཉིས་ཏེ། རེ་དོགས་ཀྱི་གོ་བ་ནི་མ་རིག་པས་ཡར་སངས་རྒྱས་ལ་ཐོབ་ཏུ་རེ། མར་འཁོར་བར་ལྷུངས་ཀྱིས་དོགས་པའོ། །རེ་དོགས་མེད་པ་ནི་ཡར་སངས་རྒྱས་ལ་མི་རེ་སྟེ། སེམས་ཉིད་ཀྱི་གནས་ལུགས་སྒོམ་དུ་མེད་པ་དེ་ཉིད་རྟོགས་པས་སངས་རྒྱས་དེ་ཉིད་དུ་ཤེས་པའོ། །དེའང་ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། གཏི་མུག་སངས་པས་ཡེ་ཤེས་རྒྱས། །འདི་ཡི་གོང་ན་སངས་རྒྱས་མེད། །ཅེས་སོ། མར་འཁོར་བར་མི་དོགས་ཏེ་སེམས་ཉིད་ངོ་ཤེས་པས་མ་རིག་པ་མེད་དེ་འཁོར་བ་དེ་ཉིད་དུ་ཐག་ཆོད་པའོ། །དེའང་ལུང་ལས། འཁོར་བ་དང་ནི་མྱ་ངན་འདས། །ཐ་དད་གཅིག་པ་མ་ཡིན་ཏེ། །འཁོར་ཉ ིད་ཡོངས་སུ་ཤེས་གྱུར་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་སོ། །དེ་ཙམ་ན་ཡར་སངས་རྒྱས་ལ་མི་རེ་སྟེ་འདོད་པའི་བློ་ཟད་པས་ཉོན་མོངས་པ་སྔོན་ན་མི་འདོད་པས་ཚོགས་གཉིས་རྫོགས་པའོ། །མར་འཁོར་བར་མི་ལྡོག་སྟེ་དོགས་པའི་སྙེམས་པ་ཞིག་པས་བག་ཆགས་ངན་པ་ཕྱི་ན་མི་འབྲང་བས་སྒྲིབ་པ་གཉིས་དག །དེ་ཙ་ན་ཡར་སངས་རྒྱས་ལ་མི་རེ། མར་འཁོར་བར་འཁྱམས་ཀྱི་མི་དོགས་ཏེ། དྲན་པ་འདི་ཕན་ཆད་འདས་པ་ཡིན་པས་རྗེས་གཅོད་རྒྱུ་མེད། མ་དྲན་པ་ཚུན་ཆད་མ་འོངས་པ་ཡིན་པས་སྔོན་བསུ་རྒྱུ་མེད། ད་ལྟའི་ཤེས་པ་གསལ་ལ་འཛིན་པ་མེད་པའི་ས་ཡིན་པས། མ་བྱས་མ་བཅོས་པའི་དོན་དེ་ལ་རེ་བ་དང་དོགས་པ་མེད་དེ། དུས་གསུམ་དུ་འགྱུར་བ་མེད་པའི་དོན་དེ་ནི་ཆོས་ཀྱི་དབྱིངས་སོ། །ཡེ་ཤེས་གསང་བའི་ལེའུ་དང་པོ་ལས། རང་རིག་ཡུལ་དང་བྲལ་བ་ལ། །དམིགས་པ་མེད་པར་གསལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་གཞན་མེད་དོ། །ཞེས་བཤད་དོ། །དེའི་ངང་ལས་མ་གཡོས་པར་བཞག་པས་མི་འགྱུར་བར་གནས་པ་ནི་དབྱིངས་སུ་གཏད་པའོ། །རྣ་བརྒྱུད་དབང་གི་མན་ངག་ལས། བསམ་སྦྱོར་བློ་ཡི་དྲི་མ་དག །རེ་དོགས་མེད་པར་དབྱིངས་ལ་གཏད། །ཅེས་བཤད་དོ། །རེ་དོགས་མེད་པར་དབྱིངས་ལ་གཏད་པའི་ཚིག་ལ་གཉིས་ཏེ། བསམ་བརྗོད་བྲལ་བས་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །ཞེས་པའོ། །བསམ་བརྗོད་བྲལ་བས་ཏིང་འཛིན་མཆོག །ཅེས་པ་ནི། ཏིང་ངེ་འཛིན་ལ་གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ་དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་ཟམ་ཅིང་ཕྲ་བའམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། བསམ་པའི་བློའམ་ཚིག་གི་བརྗོད་པ་དང་བྲལ་བ་དེ་མི་འགྱུར་བར་གནས་པས་ན་ཏིང་ངེ་འཛིན་གྱི་མཆོག་ཡིན་ཏེ། དེའང་རྣ་བརྒྱུད་རིན་པོ་ཆེའི་འོད་ལས། དགོངས་པ་རང་བཞིན་ཡེ་སངས་རྒྱས། །རིག་པ་རང་ཤར་ཆོས་རྣམས་ལ། །གང་ཡང་བསམ་མེད་ཏིང་འཛིན་མཆོག །ཅེས་བཤད་དོ། །ཏིང་ངེ་འཛིན་ལ་ཡང་སྒྲོས་རྣམ་པ་བཞི་སྟེ། འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན། ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན། གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན། རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་དང་བཞིའོ། །འཛིན་པ་རྩེ་གཅིག་ཏིང་ངེ་འཛིན་ནི། མུ་སྟེགས་རྟག་པ་པོ་ཡོད་པར་ལྟ་བའམ། ཆད་པ་པོ་མེད་པར་འཛིན་པའམ། ཉན་ཐོས་བདག་མེད་དུ་འདོད་པའམ། རང་རྒྱལ་བདག་མེད་དུ་འདོད་པ། ཐེག་པ་འོག་མའི་ཏིང་ངེ་འཛིན་ནོ། །སེམས་ཙམ་རང་རིག་རང་གསལ་དུ་འཛིན་པའམ། དབུ་མ་ཕྱོགས་གཅིག་ཏུ་མི་རྟོག་པར་འཛིན་པའམ། གསང་སྔགས་ཟུང་འཇུག་བདེན་པར་འཛིན་པའམ། ཕྱག་རྒྱ་ཆེན་པོ་བ་སྣང་སྟོང་དབྱེར་མེད་དུ་འདོད་པའམ། ཕ་རོལ་ཏུ་ཕྱིན་པ་དབྱེར་མེད་བརྗོད་དུ་མེད་པར་འདོད་པ་སྟེ། དེ་རྣམས་ནི་ཐེག་པ་གོང་མའི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་ལ་ཕྱོགས་སུ་འཛིན་པའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་ཡོད་པ་མ་ཡིན་པས་འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ནོ། །ཏིང་ངེ་འཛིན་དེ་ཐམས་ཅད་ཀྱང་རང་གི་སེམས་སུ་མ་སྤངས་པ་ཡོངས་སུ་རྫོགས་པའི་སེམས་ཉིད་དེའང་གསལ་བ་མི་རྟོག་པ་བདེ་བ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཏུ་རྟོགས་པས་འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ཡང་མ་སྤངས་ལ་ཡེ་ནས་ལྷུན་གྱིས་གྲུབ་པ་དབྱེར་མི་ཕྱེད་བའི་དུས་ན་དབྱེར་མི་ཕྱེད་བྱ་བའི་ཁྱབ་པ། དབྱེར་མི་ཕྱེད་བྱ་བའམ་ཕྱེད་བྱ་བའི་བློའི་མཐའ་མ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན་ནོ། །མཐའ་དང་བྲལ་བའི་དོན་མ་བྱས་མ་བཅོས་པའི་གཉུག་མ་དེ་ལ་དོན་ཐམས་ཅད་ལྷུན་གྱིས་གྲུབ་པས་ན་གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནོ། །དོན་དེ་ལ་བློའི་རྣམ་པར་གང་ཡང་མི་གནས་ཏེ། རང་བཞིན་གྱིས་རྣམ་པར་དག་པས་ན་རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་ནོ། །རང་བཞིན་གྱིས་རྣམ་པར་དག་པ་དེ་ལ་ནི་བསམ་པའི་བློའམ་བརྗོད་པའི་ཚོག་དང་བྲལ་བའི་དོན་ཟབ་མོ་དེ་ལ་མི་འགྱུར་བས་ན་ཏིང་ངེ་འཛིན་གྱི་མཆོག་གོ། །རྫོགས་པ་ཆེན་པོ་དོན་གྱི་ཚད་མ་ལས། བསམ་པའི་ཡུལ་མེད་ཡིད་ཀྱི་གཡོ་བ་བྲལ། །སྐྱོབ་པ་བླ་ན་མེད་པ་རྡོ་རྗེ་སེམས་དཔས་གསུངས། །ཞེས་བཤད་དོ། །དེ་བཞིན་ཉིད་དུ་མྱ་ངན་འདས་པ་ལ། གོ་བ་དང་ཚིག་གཉིས་ཏེ། བསམ་བརྗོད་བྲལ་བ་དེ་བཞིན་དུ་འདས་པའི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་དུ་མྱ་ངན་ལས་འདས། མ་བྱོན་པའི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་དུ་མྱ་ངན་ལས་འདའ། ད་ལྟར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་དེ་བཞིན་དུ་མྱ་ངན་ལས་འདས། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་ཡང་དེ་བཞིན་ཉིད་འགྱུར་བ་མེད་པ་གཅིག་ལས་མེད་དོ། །དེའང་ཕ་རོལ་ཏུ་ཕྱིན་པ་ལས། དེ་བཞིན་ཉིད་ལ་ནི་སྐྱེ་བ་དང་འཇིག་པ་མེད་དེ། གནས་པ་ལས་གཞན་དུ་འགྱུར་བ་མེད་དོ། །ཞེས་བཤད་དོ། །དེ་བཞིན་ཉིད་དུ་གཟུང་འཛིན་གྱི་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་ཞི་ནས། འཁོར་བའི་སྡུག་བསྔལ་ལས་འདས་པ་ལས་གཞན་དུ་འགྱུར་བ་མེད་དོ། །དེའང་། འཁོར་བ་དང་ནི་མྱ་ངན་འདས། །ཐ་དད་གཅིག་པ་མ་ཡིན་ཏེ། །འཁོར་ཉིད་ཡོངས་སུ་ཤེས་གྱུར་ན། །མྱ་ངན་འདས་ཞེས་དེ་ལ་བྱ། །ཞེས་བཤད་དོ། །མྱ་ངན་ལས་འདས་པ་ལ་ཚིག་གི་སྒྲོས་བཞི་སྟེ། ཞི་བདེའི་མྱ་ངན་ལས་འདའ་བ་དང་། མི་གནས་པའི་མྱ་ངན་ལས་འདའ་བ་དང་། མི་མཉམ་པའི་མྱ་ངན་ལས་འདའ་བ་དང་། ཡང་དག་པའི་མྱ་ངན་ལས་འདའ་བ་དང་བཞིའོ། །ཞི་བ་མྱ་ངན་ལས་འདའ་བ་ནི། ཐེག་པ་འོག་མ་པའི་མྱ་ངན་ལས་འདས་པ་ཡིན་ཏེ། ཉོན་མོངས་པ་ཞི་ནས་ཉན་ཐོས་དང་རང་རྒྱལ་ཞི་བདེའི་མྱ་ངན་ལས་འདའ་བའོ། །མི་གནས་པའི་མྱ་ངན་ལས་འདའ་བ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས་ཉོན་མོངས་པ་མི་མངའ་བས་འཁོར་བའི་མཐའ་ལ་མི་གནས། སྙིང་རྗེས་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་པས་འགྲོ་བའི་དོན་མ་སྤངས་པའོ། །དེ་ནི་བྱང་ཆུབ་སེམས་དཔའ་མཐའ་གཉིས་ལ་མི་གནས་པ་ཡིན་པས་ཐེག་པ་ཆེན་པོ་མི་གནས་པ་མྱ་ངན་ལས་འདའ་བའོ། །དེ་ནི་ཐེག་པ་འོག་མ་པ་དང་མི་མཉམ་པས་ན་མི་མཉམ་པའི་མྱ་ངན་ལས་འདའ་བའོ། །མི་མཉམ་པ་དེ་ལ་འཁོར་འདས་གཉིས་སུ་མེད་དེ་ཡང་དག་པའི་དོན་ཡིན་པས་ན་ཡང་དག་པའི་མྱ་ངན་ལས་འདའ་བའོ། །ཡང་དག་པ་བརྗོད་དུ་མེད་པ་ཅི་ཡང་མ་ཡིན་པ་གཅིག་ཏུ་རྟོགས་པ་དེ་སངས་རྒྱས་ཀྱི་དགོངས་པ་ཉག་གཅིག་ཡིན། དེའང་ཡེ་ཤེས་གསང་བ་ལས། ཀུན་བཟང་ལྷག་པ་ཅིར་མ་མཐོང་། །མ་མཐོང་གསལ་བའི་མེ་ལོང་ཡིན། །ཞེས་བཤད་དོ། །དེའི་དོན་འགྱུར་བ་མེད་པ་སོ་ཐུབ་པ་ཆོས་སྐུ་ཡིན། རྟེན་མེད་ཀྱི་རིག་པ་རང་གསལ་བ་ལ། ཐོག་མེད་ཀྱི་ཤེས་རབ་རང་ཤར་བ་དེ་ནི། རྒྱུ་བསོད་ནམས་ཀྱི་ཚོགས་དང་འབྲས་བུ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ཡིན་པས། དགེ་འདུན་མཐར་ཕྱིན་པའོ། །དེའང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་བཤད་དོ། །དེ་ཙ་ན་ཉག་གཅིག་རྩད་ནས་ཆོད་པས་སངས་རྒྱས་ཉག་གཅིག་ཀྱང་རང་ཡིན། དེའི་དོན་མི་འགྱུར་བར་སོ་ཐུབ་པས་ཐུབ་པ་ཆོས་ཀྱི་སྐུ་ཡང་རང་ཉིད། རྟེན་མེད་ཀྱི་རིག་པ་རང་གྲོལ་བ་ལ། ཐོགས་མེད་ཀྱི་ཤེས་རབ་རང་ཤར་བས། ཚོགས་མཐར་ཕྱིན་པའི་དགེ་འདུན་ཡང་རང་ཉིད་དེ། དེ་ཙ་ན་ཡང་དཀོན་མཆོག་གསུམ་ལ་རེ་མི་དགོས་ཏེ་དཀོན་མཆོག་གསུམ་རང་ཉིད་དུ་རྟོགས། མར་འཁོར་བར་ལྟུང་གིས་མི་དོགས་ཏེ། རང་ཉིད་དཀོན་མཆོག་གསུམ་དུ་འགྱུར་བས་འཁོར་བར་འཁྱམས་པའི་དོགས་པ་མེད་དེ། རེ་བ་དང་དོགས་པ་མེད་དེ་དཀོན་མཆོག་གསུམ་གྱི་དབྱིངས་སུ་གཏད་པའོ། །དཀོན་མཆོག་གསུམ་གྱི་བསྟན་པ་ལ་ཚུད་པ་ཡིན་པས་སྐྱབས་འགྲོ་མ་བཏང་ཞིག །དེ་ནི་རེ་དོགས་མེད་པར་དབྱིངས་སུ་གཏད་པའོ། ༈ །དོན་གཏན་ལ་འབེབས་པའི་དུས་ལ་གསུམ་སྟེ། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་ལྟོས་མི་དགོས་པར་གཏན་ལ་འབེབས་པ་དང་གཅིག །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བར་གཏན་ལ་འབེབས་པ་དང་གཉིས། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པར་གཏན་ལ་འབེབས་པ་དང་གསུམ་མོ། །དབང་ལ་གསུམ་སྟེ། སྦྱོར་བའི་དབང་ཆོག་ལ་བརྟེན་ནས་རིམ་གྱིས་བསྐུར་བ་དང་། དབང་གི་དོན་རྫོགས་མ་རྫོགས། བརྡ་བཞི་ལ་ངང་གིས་རྫོགས་པར་སྟོན་པའོ། །སྦྱོར་བའི་དབང་ཆོག་ལ་བརྟེན་ནས་རིམ་གྱིས་བསྐུར་བ་ནི། དང་པོ་བླ་མ་ལ་དབང་གི་ཞུ་བ་འབུལ། བླ་མ་དེས་ཡི་དམ་གང་ཡིན་པ་དེའི་དུས་དང་གྲངས་དང་མཚན་མའི་བསྙེན་པ་བྱ། སློབ་མ་དེས་ཀྱང་སྐབས་སུ་དགོས་པའི་ཡོ་བྱད་ཀྱི་འཕེལ་གདབ། དེ་ནས་དུས་དང་ཚེས་གྲངས་བཟང་པོ་ལ་དགོས་པའི་གནས་སུ་བླ་མ་གདན་དྲངས་ལ། དེར་བླ་མས་ཕྱོགས་དང་ས་གཞི་ཇི་ལྟར་ལེགས་པའི་སར་བཀོད་པ་ཇི་ལྟར་འཚམས་པར་བཤམས་ལ། ཚོགས་ཀྱི་ཡོ་བྱད་ཇི་ལྟར་དགོས་པ་བསགས་ལ། དེ་ནས་མ་སྨིན་པ་སྨིན་པར་བྱེད་པ་ལ་དབང་བཞི་རྫོགས་སུ་སྟོན། སྨིན་པ་གྲོལ་བར་བྱེད་པ་ལ་ལམ་བསྐྱེད་རྫོགས་ཀྱི་རིམ་པ་སྟོན་པའོ། །རྣ་བརྒྱུད་དབང་གི་མན་ངག་ལས། བཅོས་མའི་སྦྱོར་བ་ལ་བརྟེན་ནས། །རྣལ་མའི་སྦྱོར་བ་རྟོགས་པར་བྱ། །བཅོས་མའི་དབང་བསྐུར་རྟགས་ཀྱི་བརྡ། །རྣལ་མའི་དབང་བསྐུར་བརྡ་ཡི་དོན། །དོན་མཚོན་ནས་ནི་རྟགས་དེ་སྤངས། །ཞེས་བཤད་དོ། །དེའང་གང་ཟག་བློ་རབ་འབྲིང་བཞི་ལ་སྨིན་པར་བྱེད་པའི་དབང་བཞི་བསྟན་པ་ནི། དབང་པོ་ཐ་མ་ལ་དགོངས་ནས་ཕྱི་བུམ་པའི་དབང་བསྐུར། དཀྱིལ་འཁོར་རྡུལ་ཚོན་ལ་བརྟེན་ནས། བསྐུར་བའི་རྫས་རྣམ་པར་རྒྱལ་བའི་བུམ་པ། བསྐུར་བའི་གནས་ལུས་ཀྱི་སྤྱི་བོར་བསྐུར། སྒྲིབ་པ་ལུས་ཀྱི་སྒྲིབ་པ་གསུམ་དག །གདམས་ངག་ལམ་བསྐྱེད་རིམ་ལྷའི་སྐུ་སྒྱུ་མ་ལྟ་བུ་སྟོན། ཉམས་སུ་མྱོང་བ་ཆོས་ཐམས་ཅད་རང་གི་སེམས་སུ་རིག་ཅིང་རང་གི་སེམས་སུ་གསལ་བ་མར་མེ་ལྟ་བུ་ཉམས་སུ་མྱོང་། དབང་བ་ལམ་བསྐྱེད་པའི་རིམ་པ་དང་ཆོས་མཉན་པ་ལ་དབང་། དགོས་པ་ཐ་མལ་གྱི་ལུས་ཀྱི་ཞེན་པ་ལྡོག་པའི་དགོས་པ་ཡོད། འབྲས་བུ་སྤྲུལ་པའི་སྐུ་ཐོབ། དམ་ཚིག་ཏུ་ལུས་ཀྱི་སྒོ་ནས་མ་བྱིན་པར་ལེན་པ་ལ་སོགས་པ་བསྲུང་བའོ། །རང་རིག་རང་གསལ་གྱི་ཉམས་མྱོང་མ་ཤར་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་པ་ཡིན་ཏེ། དབང་བསྐུར་ཡང་མ་རྫོགས་པའོ། །དོན་རང་རིག་རང་གསལ་དུ་རྒྱུད་ལ་ཤར་ན་དབང་གི་ཆོ་ག་ཡང་རྫོགས་ལ་དོན་ཀྱང་རྫོགས་པ་ཡིན་པས། དབང་བསྐུར་ཡང་བསྐུར་ལ་ཐོབ་ཀྱང་ཐོབ་པའོ། །གདམས་ངག་འདིའི་དབང་དུ་བྱས་ནས་བརྡ་བཞི་ལས་དབང་པོའི་སྒོ་མ་བཀག་པར་བཞག་བས་རང་དུ་རིག་ཅིང་རང་དུ་གསལ་བའི་ཉམས་གཅིག་འཆར་ཏེ། དེ་ནི་ཕྱི་བུམ་པའི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །གཉིས་པ་གང་ཟག་དབང་པོ་འབྲིང་ལ་ནང་གསང་བའི་དབང་བསྐུར་བ་ནི། དཀྱིལ་འཁོར་ཡུམ་གྱི་བྷ་ག་ལ་བརྟེན། བསྐུར་བའི་རྫས་ཤ་ལྔ་བདུད་རྩི་ལྔ་ཛ་གད་དང་བཅས་པའོ། །གནས་ལྕེ་ལ་བསྐུར། སྒྲིབ་པ་ངག་གི་སྒྲིབ་པ་བཞི་དག །གདམས་ངག་འདིའི་ནང་ནས་ཟབ་མོའི་དོན་བསྐྱེད་པ་རྩ་རླུང་སྒོམ་པ་སྟོན། ཉམས་སུ་བདེ་སྟོང་གཉིས་མེད་བདེ་བའི་ཉམས་འཆར། དབང་བ་གསུང་རྡོ་རྗེ་བཟླས་པ་ལ་དབང་། དགོས་པ་ངག་ཐ་མལ་གྱི་ཞེན་པ་ལྡོག་པའི་དགོས་པ་ཡོད། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ། དམ་ཚིག་ཏུ་ངག་གི་སྒོ་ནས་རྫུན་སྨྲ་བ་ལ་སོགས་པ་བསྲུང་བའོ། །གཉིས་མེད་བདེ་བའི་ཉམས་མ་ཤར་ན་ཆོ་ག་རྫོགས་ཀྱང་དབང་གི་དོན་མ་རྫོགས་པ་ཡིན་པས་དབང་བསྐུར་ཡང་མ་ཐོབ་པའོ། །གཉིས་མེད་བདེ་བའི་ཉམས་མྱོང་རྒྱུད་ལ་ཤར་ན་དབང་གི་ཆོ་ག་ཡང་རྫོགས་ལ་དོན་ཀྱང་རྫོགས་པ་ཡིན་པས་དབང་བསྐུར་ཡང་བསྐུར་ལ་ཐོབ་ཀྱང་ཐོབ་པའོ། །གདམས་ངག་འདིའི་དབང་དུ་བྱས་ན་འོག་རླུང་ཡིད་ཙམ་འཐེན་པས། ལུས་ཡོད་དུ་མི་ཚོར་བའི་བདེ་བའི་ཉམས་མྱོང་རྒྱུད་ལ་འཆར་བས་དེ་ནི་ནང་གསང་བའི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །དོན་གསུམ་པ་གང་ཟག་དབང་པོ་རབ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། དཀྱིལ་འཁོར་བཀོད་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མེ་ལོང་ལ་བརྟེན། བསྐུར་བའི་རྫས་བྱང་ཆུབ་སེམས་ཀྱི་ཐིག་ལེ། བསྐུར་བའི་གནས་སེམས་ལ་བསྐུར། སྒྲིབ་པ་ཡིད་ཀྱི་སྒྲིབ་པ་གསུམ་དག །གདམས་ངག་ཏུ་ཕྱག་རྒྱ་ཆེན་པོའི་དོན་ཡོངས་སུ་རྫོགས་པར་སྟོན། དབང་བ་ཆོས་བཤད་པ་དང་གསང་སྔགས་ཀྱི་བཟླས་པ་ལ་དབང་། ཉམས་སུ་མྱོང་བ་མི་རྟོག་པའི་ཆོས་ཉིད་རྒྱུད་ལ་སྐྱེས། དགོས་པ་ཡིད་ཐ་མལ་དུ་ཞེན་པ་ལྡོག །འབྲས་བུ་ཆོས་སྐུ་ཐོབ། དམ་ཚིག་ཏུ་ཡིད་ཀྱི་སྒོ་ནས་བརྣབ་སེམས་སོགས་བསྲུང་བའོ། །མི་རྟོག་པའི་ཆོས་ཉིད་གཅིག་རྒྱུད་ལ་མ་སྐྱེས་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་པ་ཡིན་ཏེ། དབང་བསྐུར་ཡང་མ་ཐོབ་པའོ། །མི་རྟོག་པའི་ཆོས་ཉིད་གཅིག་རྒྱུད་ལ་སྐྱེས་ན་དབང་གི་ཆོ་ག་ཡང་རྫོགས་དོན་ཀྱང་རྫོགས་པ་ཡིན་པས་དབང་བསྐུར་ཡང་བསྐུར་ཐོབ་ཀྱང་ཐོབ་པའོ། །གདམས་དག་འདིའི་དབང་དུ་བྱས་ན་དབང་པོའི་སྒོ་མ་གཡོས་པར་བཞག་པ་བློའི་རྟོག་པ་ཅི་ཡང་མི་གནས་པའི་མི་རྟོགས་པ་གཅིག་རྒྱུད་ལ་སྐྱེ་བས་དེས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །བཞི་པ་དབང་པོ་ཡང་རབ་ལ་ཚིག་དབང་ཡེ་ཤེས་རིན་པོ་ཆེ་བསྐུར་བ་ནི། དཀྱིལ་འཁོར་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། གསེར་དང་དངུལ་གྱི་མཎྜལ་དབུལ། བསྐུར་བའི་རྫས་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། བསྐུར་བའི་གནས་ལུས་ངག་ཡིད་གསུམ་བསྐུར་བས། སྒྲིབ་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དག །གདམས་ངག་ཏུ་སེམས་ཉིད་དངོས་པོའི་གནས་ལུགས་དེ་ཉིད་ལས་གཞན་ན་མེད་པ་སྟོན། ཉམས་སུ་དབང་གསུམ་པའི་དུས་སུ་ཉམས་སུ་མྱོང་བའི་དོན་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མེད་པའོ། །དབང་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ལ་དབང་། དགོས་པ་སྒོ་གསུམ་ཐ་མལ་དུ་འཛིན་པའི་ཞེན་པ་ལྡོག །འབྲས་བུ་ནི་སྐུ་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཐོབ་པའོ། །དམ་ཚིག་ཏུ་སྒོ་གསུམ་ཆ་མཉམ་གྱི་མི་དགེ་བ་སྤང་བའོ། །དེའང་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་བརྗོད་དུ་མེད་པ་ཞིག་རྒྱུད་ལ་སྐྱེས་ན་དབང་གི་ཆོ་ག་ཡང་རྫོགས་ལ་དོན་ཀྱང་རྫོགས་པའོ། །གདམས་ངག་ཟབ་པ་འདིའི་དབང་དུ་བྱས་ན་ལྕེའི་རྩེ་མོ་གང་ལའང་མ་བརྟེན་པར་བཞག་པས། གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པའོ། །དེའང་རྣ་བརྒྱུད་རིན་པོ་ཆེའི་འོད་ལས། སེམས་ཉིད་རང་བྱུང་སྙིང་པོ་ཉིད། །ཕྱི་ནང་གསང་བའི་དཀྱིལ་འཁོར་འདུས། །འབྱུང་འཇུག་མི་མངའ་གཉིས་པོར་གསལ། །རང་བྱུང་རྫོགས་པའི་དགོངས་པར་གནས། །ཞེས་བཤད་དོ། །དེ་ལ་རིན་པོ་ཆེ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཞེས་བྱའོ། །དེའང་རྣ་བརྒྱུད་དབང་གི་མན་ངག་ལས། གདུལ་བྱ་སྨིན་པའི་འཁོར་དེ་ལ། །རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ན། །ཐོགས་མེད་བྱང་ཆུབ་སེམས་དང་འཕྲད། །མི་བགྲོད་རྟོག་པའི་འཇུག་ལས་སྒྲོལ། །རྒྱལ་ཐབས་སྤྱི་བླུགས་མ་ཐོབ་པར། །རང་ས་ཐོབ་ཀྱང་མཐར་མི་ཕྱིན། །ཞེས་བཤད་དོ། །རྣ་བརྒྱུད་དབང་གི་གདམས་ངག་ལས། བདེ་ཆེན་ལམ་དུ་འཇུག་པ་ལ། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །འགྱུར་བ་མེད་པའི་རིག་པ་བསྐྱེད། །རང་གཞན་གསལ་བའི་དོན་ལ་ཞུགས། །སྤྱི་བླུགས་ཚངས་པའི་དབང་བསྐུར་ཏེ། །བདེ་ཆེན་ས་ལ་བཀོད་པའོ། །ཞེས་བཤད་དོ། །དེ་ནི་དབང་ངང་གིས་རྫོགས་པའོ། །སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་ནི། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བསྐྱེད་རྫོགས་གཉིས་ལ་སོགས་པའི་ལམ་གོམས་པར་བྱ་བའམ། འབྲས་བུ་སྒྲུབ་པར་བྱེད་པས་ཆོས་ཉིད་ཀྱི་དོན་མ་རྟོགས། དེ་རྒྱུ་མ་རིག་པ་དང་རྐྱེན་དཀར་པོའི་ཆོས་ལ་ཞེ་སྡང་བས་དམྱལ་བའི་རྒྱུ་བྱེད། ནག་པོའི་ཆོས་ལ་འདོད་ཆགས་པས་ཡི་དྭགས་ཀྱི་རྒྱུ་བྱེད། དེ་གཉིས་གཉིས་མེད་ཀྱི་གནས་ལུགས་གཅིག་ཏུ་མ་རིག་པས་གཏི་མུག་པས་བྱོལ་སོང་དུ་སྐྱེ་བའི་རྒྱུ་བྱེད་པ་ཡིན་པས་དེ་ནི་གཏིང་གོལ་བའོ། །ལས་དགེ་སྡིག་བདེན་པར་རིག་ནས་འདུལ་ཁྲིམས་ལ་ཞུགས་ཏེ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་ཞུགས་ནས་སེམས་བསྐྱེད། སྡིག་བཅུ་སྤངས། དགེ་བཅུ་བསྒྲུབ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱད། རྒྱུ་ལ་རེ་བ་བྱས། འབྲས་བུ་ལ་ལྟོས་པ་བྱས་པས་མི་ལུས་རིན་པོ་ཆེ་ཐོབ་སྟེ། དེའང་རང་སངས་མ་རྒྱས་པར་ཡིན་ཏེ་ལྟོས་པས་གོལ་ལོ། །བསྒོམ་བྱ་ལྷ་བསྐྱེད་པའི་རིམ་པ་བསྒོམ་པ་ཡིན། དེའང་ཞི་ཁྲོ་གཉིས་ཏེ། ཀྲྀ་ཡ་ཞི་བའི་ལྷ་སྒོམ་མཆོད་པ་ཕུལ། ཟས་དཀར་གསུམ་ལ་བརྟེན། སྐྱབས་འགྲོ་དང་མཎྜལ་དང་བསྐོར་བ་ཚུལ་བཞིན་དུ་བྱས་ནས་རེ་བ་ལྟོས་པ་བྱས་པས། འབྲས་བུའི་སྐུ་ཐོབ་པར་འདོད་དེ། རང་སེམས་རྟོགས་པ་མེད་པར་ལྟོས་པས་གོལ་ལོ། །མ་ཧཱ་ཡོ་ག་ཁྲོ་བོའི་ལྷ་སྒོམ་སྟེ་གཤིན་རྗེ་འཇིགས་བྱེད་དུ་སྒོམ། ཁྲོ་བོ་བརྟུལ་ཞུགས་ཀྱི་ཆ་བྱད་བྱེད། དྲགས་སྔགས་འདྲེན། དམར་གཏོར་གཏོང་། སྒོམ་སྒྲུབ་དེ་ལ་རེ་ལྟོས་བྱས་པས། འབྲས་བུ་ལྷ་མ་ཡིན་དུ་སྐྱེ། རང་སེམས་ལ་རྟོགས་ཏེ་ལྟོས་པས་གོལ་བ་ཡིན། དེ་ནི་ལམ་བསྒོམ་པར་བྱ་བའམ། འབྲས་བུ་སྒྲུབ་པར་བྱེད་པའི་བག་ཆགས་བརྟས་པ་ཡིན་ཏེ། དེ་ནི་རང་སེམས་རྟོགས་པ་མིན། འདུས་བྱས་བློའི་བག་ཆགས་བརྟས་པ་ཡིན་ཏེ། སྒོམ་སྒྲུབ་དགེ་བའི་ཆོས་ལ་ལྟོས་པས་གོལ་བའོ། །གདམས་ངག་འདིའི་དབང་དུ་བྱས་ན་དབང་ངང་གིས་རྫོགས་པའི་དོན་གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར། སེམས་ཉིད་རྣམ་པར་དག་པ་དེ་ལ་རེ་བ་དང་ལྟོས་པ་མེད་དེ། སེམས་ཉིད་རྣམ་པར་དག་པས་ཉན་ཐོས་ཀྱི་འདུལ་ཁྲིམས་ལ་སྤྱོད་ཀྱང་རེ་བ་དང་ལྟོས་པ་མེད་པའོ། །སྡིག་བཅུ་སྤང་། དགེ་བཅུ་བསྒྲུབ། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཀྱང་རེ་བ་དང་ལྟོས་པ་མེད་པར་སྤྱོད་པ་ནི་ཕ་རོལ་ཏུ་ཕྱིན་པའོ། །དེ་ནི་བསྒྲུབ་བྱ་དགེ་བའི་ཆོས་ལ་མི་ལྟོས་པའོ། །སེམས་ཉིད་རྣམ་པར་དག་པས་བསྒོམ་བྱ་ལྷ་བསྐྱེད་པའི་རིམ་པ་ཞི་བ་བསྒོམ་པའམ། ཁྲོ་བོ་བསྒོམ་པ་ལ། དེ་ལ་སྟོང་པའི་རྒྱས་འདེབས་པའི་མི་རྟོག་པ་བསྒོམ་པ་ལ་རེ་བ་དང་ལྟོས་པ་མེད་པར་སྒོམ་པ་ནི་བསྒོམ་བྱ་དགེ་བའི་ཆོས་ལ་མི་ལྟོས་པའོ། །བསྒོམ་བྱ་དང་བསྒྲུབ་བྱའི་ཆོས་ལ་རེ་མ་དགོས། སེམས་ཉིད་རྣམ་པར་དག་པ་གཅིག་ཏུ་གཏན་ལ་ཕེབས་པ་ནི། ཡེ་ཤེས་གསང་བ་ལས། དེ་ཡང་དོན་གྱི་སེམས་ཉིད་དག་པ་ལ། །རྩོལ་བའི་རང་བཞིན་ཅི་ཡང་མེད། །རང་རིག་ཡུལ་དང་བྲལ་བ་ལ། །དམིགས་པ་མེད་པར་གསལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་གཞན་མེད་དོ། །ཞེས་བཤད་དོ། །སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པའོ། །སེམས་ཉིད་རྣམ་པར་དག་པ་གཅིག་ཏུ་རྟོགས་པས་སྒོམ་རུང་མི་སྒོམ་རུང་རེ་བ་དང་ལྟོས་པ་མེད་དོ། །དེའང་ཡེ་ཤེས་གསང་བ་ལས། སྒོམ་པའི་གནས་མེད་དག་ཏུ་རབ་རྟོགས་ན། །བསྒོམ་ཀྱང་གསལ་མེད་ཆོས་དབྱིངས་ནམ་མཁའ་འདྲ། །སྐྱེ་བོ་ལྟ་བུའི་ཕྱལ་བ་ནམ་ཡང་མེད། །ཅེས་བཤད་དོ། །དེའང་ཡེ་ཤེས་རྫོགས་པ་ལས། འཛིན་པ་ཀུན་བྲལ་རང་གསལ་དག །ལྟོས་མེདརིག་པའི་ངང་ལ་ཞུགས། །ཞེས་བཤད་དོ། ། ༈ །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་ནི། སྐུ་ལ་རྣམ་པ་ལྔ་སྟེ། སྤྲུལ་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། གསང་བའི་སྐུ་དང་ལྔའོ། །དེའང་འཇམ་དཔལ་མཚན་བརྗོད་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག །ཅེས་བཤད་དོ། །གདམས་ངག་འདིའི་དབང་དུ་བྱས་ན་སྒོམ་སྒྲུབ་དགེ་བའི་ཆོས་ལ་ལྟོས་མ་དགོས་ཏེ། འབྲས་བུ་སྐུ་ལྔ་རང་ཆས་སུ་གྱུར་བ་ནི། གནད་ཀྱི་བརྡ་བཞིས་དོན་རྒྱུད་ལ་ཤར་བའི་དུས་ན་རང་རིག་རང་གསལ་བར་འདུག་པས་གསལ་བ་སྤྲུལ་པའི་སྐུ་རང་ལ་རང་ཆས་སུ་འདུག །བློའི་རྟོག་པ་ཅི་ཡང་མི་གནས་པར་འདུག་པས་མི་རྟོག་པ་ཆོས་ཀྱི་སྐུ་རང་ལ་རང་ཆས་སུ་འདུག །རང་གི་སེམས་ཉིད་གཉིས་མེད་བདེ་བར་འདུག་པས་བདེ་བ་ལོངས་སྤྱོད་རྫོགས་པའི་སྐུ་རང་ལ་རང་ཆས་སུ་འདུག །གསལ་བ་བདེ་བ་མི་རྟོག་པ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་སེམས་ཉིད་ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཏུ་འདུག་པས་ངོ་བོ་ཉིད་ཀྱི་སྐུ་རང་ལ་རང་ཆས་སུ་འདུག །ངོ་བོ་དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་སྟེ། སྨྲ་མེད་བརྗོད་དུ་མེད་པའི་དོན་གསང་བའི་སྐུ་རང་ལ་རང་ཆས་སུ་འདུག་པའོ། །དེའང་ཡེ་ཤེས་གསང་བ་ལས། སྤྲུལ་སྐུ་ཆུ་ཟླ་ལྟ་བུར་སྣང་། །ཆོས་སྐུ་རྣམ་དག་ཡེ་ནས་གནས། །ལོངས་སྤྱོད་རང་རིག་བདེ་བ་ཉིད། །ངོ་བོ་དབྱེར་མེད་ཉིད་ཀྱི་སྐུ། །གསལ་བ་བརྗོད་མེད་གཉིས་པོར་གསལ། །ཞེས་བཤད། སྐུ་ལྔ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་ནི། ཡར་སངས་རྒྱས་ཐོབ་ཏུ་རེ་བའམ། མར་འཁོར་བར་འཁྱམས་ཀྱི་དོགས་པ་བྱ་མི་དགོས་ཏེ། སྐུ་ལྔ་རང་ཆས་སུ་གྱུར་པས་རེ་དོགས་གཉིས་ལས་གྲོལ་བའོ། །འཁོར་བར་འཁྱམས་རྒྱུ་དང་མྱ་ངན་ལས་འདའ་རྒྱུ་མེད་པས་འཁོར་འདས་གཉིས་ལས་གྲོལ། དགེ་བ་དང་སྡིག་པའི་བློ་མེད་པས་དགེ་སྡིག་གཉིས་ལས་གྲོལ་བའོ། །དེ་ནི་སྐུ་ལྔ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བའོ། ༈ །དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་ནི། དོན་ལ་ཐེག་པ་ཆེན་པོ་དང་ཆུང་ངུན་ངུན་འདི་མ་དཔེ་གཉིས་མཚུངས། ནོ། །ཐེག་པ་ཆུང་ངུ་ལ་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་གཉིས་ལས། བྱེ་བྲག་ཏུ་སྨྲ་བ་ནི་སྣང་བ་ཕུང་པོ་ལྔ་པོ་འདི་ལ་ཕྱི་གཟུང་བའི་ཡུལ་རྡུལ་ཕྲ་རབ་ཀྱི་ཆ་མེད་པ་དེ་དོན་དམ་པར་འདོད། ནང་གི་ཤེས་པ་ལ་སྐད་ཅིག་མའི་ཆ་མེད་པ་དེ་ནི་དོན་དམ་པའི་ཆར་འདོད་དོ། །གདམས་ངག་འདིའི་དབང་དུ་བྱས་ན། སེམས་ཉིད་དངོས་པོའི་གནས་ལུགས་འདི་ལ་དངོས་པོ་ཕྲ་རགས་སྐྲའི་རྩེ་མོ་བརྒྱར་གཤག་པ་ཙམ་གཅིག་ཀྱང་མི་གནས་པས། ཐེག་པ་འོག་མའི་དོན་ཡང་འདི་རང་ཡིན། མདོ་སྡེ་པ་སྣང་བ་འདི་ཤེས་པའི་རྣམ་པ། དེ་འཇོག་བྱེད་ཀྱི་དོན་ལྐོག་ན་མོ་ཤེས་པ་སྐད་ཅིག་གི་དོན་ཆ་མེད་པ་དེའོ། །དེའང་སེམས་ཉིད་ཅི་ཡང་མ་ཡིན་པའི་གནས་ལུགས་འདི་རང་དུ་རྟོགས་སོ། །ཐེག་པ་ཆེན་པོ་ལ་དབུ་མ་པ་དང་། སེམས་ཙམ་པ་གཉིས་ལས། སེམས་ཙམ་ལ་རྣམ་བདེན་དང་། རྣམ་རྫུན་གཉིས་སོ། །རྣམ་བདེན་པ་ནི་སྣང་བ་འདི་སྤྲོས་པའི་བག་ཆགས་བརྟས་པའི་དབང་གིས་རང་གི་ཤེས་པ་འདི་གཟུགས་ལ་སོགས་པའི་ཕུང་པོ་ལྔར་གནས་པ་ལས་ཤེས་པ་མེད་པའི་གཞན་པ་གཅིག་ནི་རྡུལ་ཕྲ་རབ་གཅིག་ཀྱང་ལོགས་ན་ཡོད་པར་མི་འདོད་དོ། །ནང་གི་ཤེས་པ་ལ་སྐད་ཅིག་ཙམ་གྱི་ཆ་མེད་དེ་དུས་གསུམ་གྱི་ཆས་དབྱེ་བར་མི་ནུས་པར་ཆོས་ཅན་དོན་དམ་པའི་བདེན་པར་འདོད་དོ། །རྣམ་རྫུན་པ་ནི་སྣང་བ་ཕུང་པོ་ལྔ་པོ་འདི་མིག་ནད་ཅན་ལ་ནམ་མཁའ་ནས་སྐྲ་ཤད་འཛག་པར་སྣང་བ་བཞིན་དུ་མེད་པ་གཅིག་སྣང་བར་འདོད། མེད་ན་སྣང་དུ་ཅང་བཏུབ་བམ་བྱས་ན། མེད་བཞིན་དུ་སྣང་བས་ན་རྣམ་པ་ཙམ་ལས་དོན་དམ་པར་ན་རྫུན་ནོ། །རང་གི་ཤེས་པའི་སྐད་ཅིག་མ་གཏན་དུ་མེད་པ་ནི་ཆོས་ཅན་དོན་དམ་པའི་བདེན་པར་འདོད་དོ། །སེམས་ཙམ་པའི་དབང་དུ་བྱས་ན་མེད་བཞིན་དུ་སྣང་ལ་སྣང་བཞིན་དུ་མེད་པའི་དོན་རང་རིག་རང་གསལ་བར་འདོད་པའོ། །གདམས་ངག་འདིའི་དབང་དུ་བྱས་ན་སེམས་ཉིད་དངོས་པོའི་གནས་ལུགས་དེ་དབང་པོའི་སྒོ་བཀག་པས་རང་དུ་རིག་ཅིང་རང་དུ་གསལ་བར་འདུག་པས་སེམས་ཙམ་པའི་དོན་ཀྱང་འདིར་རྟོགས་པའོ། །ཐེག་པ་ཆེན་པོ་དབུ་མ་པ་ལ་སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པ་གཉིས་ལས། དང་པོས་སྣང་བ་འདི་བདེན་པས་སྟོང་པ་རྫུན་པ་སྒྱུ་མ་ལྟ་བུར་དོན་དམ་དུ་འདོད་དོ། །རབ་ཏུ་མི་གནས་པ་ནི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དང་སྤྲོས་པའི་མཐའ་མ་ལུས་པ་དང་བྲལ་བར་འདོད་དེ། སེམས་ཀྱི་སྤྲོས་པ་ཆད་པ་ཙམ་ལས་ཤུལ་དུ་མེད་པ་སྒོམ་པ་ལྟ་བུ་ནི་མེད་དོ། །གདམས་ངག་འདིའི་དབང་དུ་བྱས་ན། དབང་པོའི་སྒོ་མ་གཡོས་པས་ཡིད་ཀྱི་འགྱུ་བ་ཆད་ནས་བློའི་རྟོག་པ་གང་ལའང་མི་གནས་པས། དབུ་མ་པའི་དོན་ཡང་འདིར་རྟོགས་པའོ། །གསང་སྔགས་པ་ལ་ཡང་ཕྱི་པ་དང་། ནང་པ་གཉིས་སུ་འདོད་དེ། དོན་ཉམས་མྱོང་བདེ་བ་བྱ་བ་གཅིག་འདོད་པས་བདེ་བ་ལ་ཟག་པ་དང་བཅས་པ་དང་། ཟག་མེད་གཉིས་སུ་འདོད་དེ། གདམས་ངག་འདིའི་དབང་དུ་བྱས་ན་ལྟོ་བ་སྒལ་ཚིགས་ལ་བཅར་ནས་འོག་རླུང་ཡིད་ཙམ་འཐེན་པས་ལུས་ལ་ཉེ་བ་མེད་དེ་ལུས་ཀྱང་ཡོད་དུ་མི་ཚོར་བས་ཟག་པ་མེད་པའི་བདེ་བ་ཡིན་པས། གསང་སྔགས་པའི་བདེ་བའི་དོན་ཀྱང་འདིར་རྟོགས་སོ། །ཕྱག་རྒྱ་ཆེན་པོ་པ་སྣང་སྟོང་དབྱེར་མེད་ཀྱི་དོན་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བྱ་བར་འདོད་དེ། གདམས་ངག་འདིའི་དབང་དུ་བྱས་ན་ལྕེའི་རྩེ་མོ་གང་ལའང་མ་བརྟེན་པར་བཞག་པས་གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མི་ཕྱེད་པའི་ཕྱག་རྒྱ་ཆེན་པོའི་དོན་ཀྱང་འདིར་རྟོགས་པའོ། །དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། བསམ་བརྗོད་ལས་འདས་པས་ཕ་རོལ་ཏུ་ཕྱིན་པའི་དོན་སྨྲ་བསམ་བརྗོད་མེད་འདི་ཉིད་དུ་རྟོགས་པའོ། །གདམས་ངག་འདིའི་དབང་དུ་བྱས་ན་ཐེག་པ་གོང་འོག་གི་དོན་ཐམས་ཅད་ཀྱང་མ་སྤངས་ལ་འདིར་ལྷུན་གྱིས་གྲུབ་སྟེ། དབྱེར་མེད་པའི་དོན་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་ཏུ་རྟོགས་སོ། །གསང་སྔགས་དོན་གྱི་ཚད་མ་ལས། རང་གི་ངོ་བོ་ལྷུན་གྲུབ་གཅིག་ཡིན་པས་གཅིག་ཏུ་རྟོགས་པས་ཆོག་མོད་སོགས་ཀྱིས། ཞེས་བཤད་དོ། །ཏིང་འཛིན་དམ་པ་མདོ་ལས། དོན་གཅིག་རྟོགས་པས་ཏིང་འཛིན་དམ་པ་སྟེ། །ཏིང་འཛིན་རྒྱལ་པོ་དེ་ཉིད་དོ། །ཡེ་ཤེས་གསང་བ་ལས། འདོད་པའི་བློ་ཡིས་དཔག་མེད་ཀྱང་། །ཐིག་ལེ་གཅིག་ལས་འདའ་བ་མེད། །ཅེས་སོ། །རྟོག་དཔྱོད་ལས་འདས་པ་ནི། སྣང་ངོ་རྟོག་དཔྱོད་ལས་འདས་པ་དང་། རིག་ངོ་རྟོག་དཔྱོད་ལས་འདས་པའོ། །སྣང་ངོ་རྟོག་དཔྱོད་ལས་འདས་པ་ནི། ཆོས་ཅན་བུམ་པ་ལྟ་བུ་གཅིག་ལ་མཁས་པ་པཎྜི་ཏ་ནས་བླུན་པོ་བ་གླང་རྫི་ཡན་ཆད་ཀྱི་རྟོག་དཔྱོད་བཙུད་པས། ཆོས་ཅན་བུམ་པ་འདི་བཏགས་པས་བུམ་པ་ཡིན་ནམ་མ་བཏགས་ཀྱང་བུམ་པ་ཡིན། བཏགས་པས་བུམ་པ་ཡིན་ན། ཁོང་ན་རེ། བུམ་པ་མིན་ནི་མི་ཟེར། སྣང་བ་ཐམས་ཅད་ལ་བུམ་པར་བཏགས་ཆོག་པས་ས་རྡོ་རི་བྲག་ཐམས་ཅད་ཀྱང་བུམ་པར་ཐལ། མ་བཏགས་ཀྱང་བུམ་པ་ཡིན་ན་བཏགས་པའི་སྣང་བ་ཐམས་ཅད་ཀྱང་བུམ་པར་ཐལ། བཏགས་པ་ཡང་བུམ་པ་མིན། མ་བཏགས་པ་ཡང་བུམ་པ་མིན་ན། འོ་ན་བུམ་པ་བྱ་བ་མེད་པར་ཐལ། བཏགས་པ་ཡང་བུམ་པ་ཡིན། མ་བཏགས་པ་ཡང་བུམ་པ་ཡིན་ན་བུམ་པ་ཁོ་ནར་མ་ངེས་ཏེ། ཐམས་ཅད་བུམ་པ་ཡིན་པར་ཐལ། དེ་བཞིན་དུ་བུམ་པ་གཅིག་པུ་ལའང་སྣང་ཚུལ་བཅུ་བདུན་ལ་སོགས་པ་སྣང་བ་ལ་ཕྱོགས་གཅིག་ཏུ་ངེས་པ་མེད་པས་མིང་གི་གདགས་བྱ་ལ་ངེས་པ་མེད་དེ། ཐམས་ཅད་ཡིན་ན་ཡང་ཡོད་ཡིན་ལ། མིན་ན་ཡང་ཡོད་མིན་ཏེ། བུམ་པ་ཁོ་ན་བར་མ་ངེས་པས་འདི་ལྟར་ཡིན་བྱ་བ་ཕྱོགས་གཅིག་ཏུ་བརྟག་ཏུ་མ་བཏུབ་སྟེ། བློ་གང་ལའང་བཞག་ཏུ་མ་བཏུབ་པས་སྣང་ངོ་རྟོག་དཔྱོད་ལས་འདས་པའོ། །རིག་ངོ་རྟོག་དཔྱོད་ལས་འདས་པ་ནི། རིག་པའི་ངོས་ནས་གཞིགས་པས། དེ་ཐམས་ཅད་རང་གི་སེམས་ཀྱིས་བཏགས་པར་འདུག །དེའང་སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །ཞེས་བཤད། སེམས་ངོ་བོ་སྣ་ཚོགས་སུ་སྣང་བར་འདུག་པས་གདགས་བྱར་མ་འགགས། གདགས་བྱར་མ་འགགས་པས་མཚོན་ཚོད་མི་སྤོང་བའོ། །སེམས་ཀྱི་རང་བཞིན་ཅི་ཡང་མ་ཡིན་པས་བཏགས་པའི་གཞི་མ་གྲུབ། གདགས་པའི་གཞི་མ་གྲུབ་པས་དེ་ཁོ་ནར་མི་འཛིན་པའོ། །མཚན་ཉིད་སྐྱེ་བ་མེད་པར་འདུག་པས་དོན་བརྗོད་པ་ལས་འདས། དོན་བརྗོད་པ་ལས་འདས་པས་གནས་ལུགས་འགྱུར་བ་མེད་པའོ། །དེ་ནི་རིག་ངོ་རྟོག་དཔྱོད་ལས་འདས་པའོ། །སྐྱེ་མེད་ཀྱི་དོན་བརྗོད་དུ་མེད་པའི་གནས་ལུགས་འགྱུར་བ་མེད་པ་དེ་རྟོགས་པས་ལྟ་བ། དེའི་ངང་ལ་མི་གཡོ་བར་གནས་པ་དེ་སྒོམ་པ། དེ་ཉིད་ཀྱི་ངང་ལ་ཅི་བྱས་ཀྱང་གཉིས་སུ་མེད་པར་གྲོགས་སུ་གྱུར་པ་དེ་སྤྱོད་པ། གཉིས་མེད་གྲོགས་སུ་གྱུར་པ་དེ་མངོན་དུ་གྱུར་པ་མཐར་ཕྱིན་ནས་ཕྱིར་མི་ལྡོག་པ་དེ་འབྲས་བུའོ། །སློབ་དཔོན་རིན་པོ་ཆེ་འཛེང་ཆེན་པོས་ལྟ་སྒོམ་སྤྱོད་པ་ལ་མིང་དུ་བཏགས་པ། ལྟ་བ་བློ་འདས་རང་གསལ་ཡིན། །སྒོམ་པ་མ་གཏད་མ་ཡེངས་ཡིན། །སྤྱོད་པ་སྣང་ཡང་འཛིན་མེད་ཡིན། །འབྲས་བུ་ཀ་དག་དབྱིངས་གྲོལ་ཡིན། །ཞེས་གསུངས། སློབ་དཔོན་འཛེང་ཇོ་སྲས་ཀྱིས་ལྟ་སྒོམ་སྤྱོད་པ་ལ་མིང་དུ་བཏགས་པ། རྟག་ཆད་གཉིས་མེད་ཀྱི་ཤེས་རབ་ལ། །ཕྱོགས་རིས་མེད་ན་ལྟ་བ་ཡིན། །སྟོང་གསལ་བདེ་ཆེན་གྱི་ཉམས་མྱོང་ལ། །བྱིང་རྒོད་མེད་ན་སྒོམ་པ་ཡིན། །ཐ་མལ་རང་སྤྱོད་ལྷུག་པ་ལ། །དགག་བསྒྲུབ་མེད་ན་སྤྱོད་པ་ཡིན། །འཁོར་འདས་གཉིས་མེད་ཀྱི་དགོངས་པ་ལ། །རེ་དོགས་མེད་ན་འབྲས་བུ་ཡིན། །ཞེས་གསུངས་སོ། །སློབ་དཔོན་རིན་པོ་ཆེ་ཀུན་བཟང་གིས་ལྟ་སྒོམ་སྤྱོད་པ་ལ་མིང་དུ་བཏགས་པ། ཕྱོགས་སུ་མ་ལྷུང་ཡེ་ཤེས་འཛིན་པ་མེད། །བློ་བྲལ་རང་གསལ་ལྟ་བའི་ངོ་བོ་ཡིན། །བྱིང་རྒོད་མ་ཤོར་འོད་གསལ་འགྲོ་འོང་མེད། །མ་གཏད་མ་ཡེངས་སྒོམ་པའི་ངོ་བོ་ཡིན། །མི་སྤོང་མི་སྒྲུབ་མ་འགགས་ཞེན་མེད་སྤྱོད། །སྣང་ཡང་འཛིན་མེད་སྤྱོད་པའི་ངོ་བོ་ཡིན། །རེ་དོགས་མ་སྤང་གཞི་ཤེས་འཛིན་པ་གྲོལ། །ཀ་དག་དབྱིངས་གྲོལ་འབྲས་བུའི་ངོ་བོ་ཡིན། །ཞེས་བསྟན་ཏོ། །ཡིད་ཆད་བློ་ཡི་རྩ་བ་ཟད་པས་ལྟ་བ་མེད། ཉམས་མྱོང་བག་ཆགས་ཀྱི་ཞེན་པ་སྟོར་པས་སྒོམ་པ་མེད། བྱ་བྱེད་གཉེན་པོའི་རྩོལ་བ་སྟོར་བས་སྤྱོད་པ་མེད། ཞེ་འདོད་བློ་ཡི་ཕུག་ཐེས་སྟོར་བས་འབྲས་བུ་མེད་དོ། །དོན་ཉམས་སུ་ཤར་བའི་དུས་ལ་གསུམ་སྟེ། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །བྱ་བ་དང་གཅིག །སྐལ་ལྡན་འབད་པ་མེད་པར་གྲོལ། །བྱ་བ་དང་གཉིས། གྲོལ་བ་རང་བྱུང་གཞན་ལས་མིན། །བྱ་བ་དང་གསུམ་མོ། །དེའང་དང་པོ་འདི་ནི་ལ་གཉིས་ཏེ། དོན་འདི་ནི་དང་། དུས་འདི་ནིའོ། །དོན་འདི་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སེམས་ཉིད་དངོས་པོའི་གནས་ལུགས་དེ་བླ་མའི་བརྡ་དང་ངག་གིས་རྒྱུད་ལ་ངོ་སྤྲད་པའི་དོན་སྒོམ་དུ་མེད་པ་དེ་ཉིད་དོ། །དུས་འདི་ནི་ལ་གཉིས་ཏེ། མཉམ་བཞག་གི་དུས་དང་། རྗེས་ཐོབ་ཀྱི་དུས་སོ། །དང་པོ་བླ་མའི་བརྡ་དང་ངག་གིས་རང་གི་རྒྱུད་ལ་སྦྱར་བས་གསལ་བ་མི་རྟོག་པ་བདེ་བ་ངོ་བོ་དབྱེར་མི་ཕྱེད་པ་དེ་ལ་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ངང་དེ་ལས་མ་གཡོས་པར་མཉམ་པར་བཞག་པའི་དུས་ན་ཆོས་ཀྱི་དབྱིངས་སོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། འཛིན་པའི་རྟོག་བྲལ་ཡེ་ཤེས་ངང་། །མི་གཡོ་མི་འགྱུར་ཆོས་ཀྱི་དབྱིངས། །དཔེར་ན་ནམ་མཁའི་དཀྱིལ་དང་འདྲ། །ཞེས་བཤད་དོ། །ཟམ་པ་ཆེན་པོའི་མན་ངག་ལས། རིག་པའི་རང་གསལ་ཡེ་ཤེས་སྒྲོན། །འཕེལ་འགྲིབ་མེད་པ་ཆོས་ཀྱི་དབྱིངས། །ཞེས་བཤད་དོ། །དེའང་མཉམ་བཞག་གི་དུས་ན་ལུག་གཅིག་ཤ་དྲལ་ཐུབ་པའི་དུས་དང་གཅིག །ནམ་དང་ཉི་མ་མཉམ་པའི་ཉིན་གཅིག་ཐུབ་པའི་དུས་དང་གཉིས། ཉིན་མཚན་མེད་པར་ཟང་ཐལ་དུ་སོང་བའི་དུས་དང་གསུམ་མོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། དང་པོ་གནས་པའི་ཏིང་ངེ་འཛིན། །ཆུ་དྲག་འབབས་པའི་དཔེ་བཞིན་བཤད། །དལ་དྲག་ལྡང་དུབ་ཆུ་དྲག་འདྲ། །གཉིས་པ་མི་གཡོ་ཏིང་ངེ་འཛིན། །ཕྱི་ཡི་རྒྱ་མཚོ་ལྟ་བུར་གནས། །གསུམ་པ་བཞི་པ་འབྲས་བུ་མཉམ། །མཁའ་ལ་ཉི་མ་ཤར་བ་འདྲ། །ཞེས་བཤད་དོ། །དེའང་དང་པོ་རྩེ་གཅིག་སྒྱུ་མ་ལྟ་བུའི་ཉམས་འཆར་ཏེ། མཉམ་པར་བཞག་པའི་དུས་ན་ཆོས་ཀྱི་དབྱིངས་རྩེ་གཅིག་ཏུ་གནས། དེའང་ཟམ་པ་ཆེན་པོ་ལས། མི་གཡོ་སེམས་དཔའ་ཐང་རེ་གཟུང་། །རྩེ་གཅིག་རྟོག་པའི་དངོས་པོར་དམིགས། །ཞེས་བཤད་དོ། །རྩེ་གཅིག་གི་དོན་ལ་སྙོམས་པར་ཞུགས་པ་ལས་ལངས་ཏེ། རྗེས་ཀྱི་ཤེས་པ་ལ་སྒྱུ་མ་ལྟ་བུའི་ཉམས་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དང་། སྣས་དྲི་ཚོར་བ་དང་། ལྕེས་རོ་ཚོར་བ་དང་། ལུས་ཀྱི་རེག་བྱ་ཚོར་བ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་སྒྱུ་མ་ལྟ་བུར་གྱུར་པའོ། །ནང་འཛིན་པའི་སེམས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་སེར་སྣ་དང་ཕྲག་དོག་དང་ང་རྒྱལ་དང་ཉོན་མོངས་པ་ཐམས་ཅད་སྒྱུ་མ་ལྟ་བུར་ཤེས་ཤིང་སྒྱུ་མ་ལྟ་བུར་གྱུར་པའོ། །དཔེར་ན་ནགས་ལ་མེ་མཆེད་པ་ལྟ་བུ་ནི། རྩྭ་དང་ཤིང་ལོ་དང་ཡལ་ག་དང་ཆིལ་པ་དང་སྡོང་པོ་ལ་མེ་ཤོར་བས་སྤྲ་དང་སྤྲེའུ་དོམ་དང་དྲེད་ཐམས་ཅད་ཀྱང་མེར་སོང་བ་བཞིན་དུ། བཟང་རྟོག་ངན་རྟོག་ཐམས་ཅད་སྒྱུ་མ་ལྟ་བུར་མི་བདེན་པར་ཤེས་ཤིང་མི་བདེན་པར་གྱུར་པའོ། །རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ལས། རང་རིག་ཡེ་ཤེས་སྒྱུ་མའི་ངང་། །རང་བྱུང་སྒྱུ་མར་མངོན་གསུམ་གསལ། །སྒྱུ་མ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་བཤད་དོ། །དེའང་ལུང་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དང་རྣམ་པར་ཤེས་པ་ལ་སོགས་པ་ཐམས་ཅད་སྒྱུ་མ་ལྟ་བུའོ། །ཞེས་བཤད་དོ། །དེ་ཙ་ན་རྟོག་པ་བཟང་ངན་ཅི་སྐྱེས་ཀྱང་བདེན་པར་འཛིན་པའི་བློ་མེད་དེ། དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རྟོག་པ་བཟང་ངན་ཅི་སྐྱེས་ཀྱང་། །རང་བྱུང་ཡེ་ཤེས་ཤར་བ་ལམ། །བཟང་ངན་འཛིན་པ་ཅི་ཡང་མེད། །ཅེས་བཤད་དོ། །རྩེ་གཅིག་ལ་མཉམ་བཞག་གི་དུས་ན་ཏིང་ངེ་འཛིན་ལ་ལུག་གཅིག་བཤའ་ཤ་དྲལ་ཡང་སྣང་། དྲལ་ཙམ་རེ་ཐུབ། རྗེས་ལ་སྒྱུ་མ་ལྟ་བུར་འཆར་བའོ། །དེའི་དུས་ན་རྟགས་རྣམ་པ་ལྔ་འཆར་ཏེ། འབར་ལ་ལྟ་བུའི་རྟགས། ཟླ་བ་ཤར་བ་ལྟ་བུའི་རྟགས། ཉི་མ་ཤར་བ་ལྟ་བུའི་རྟགས། སྤྲུལ་པའི་སྐུ་མཐོང་བ་ལྟ་བུའི་རྟགས། ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་ལྟ་བུའི་རྟགས་སོ། །འབར་བ་ལྟ་བུའི་རྟགས་ནི། དངོས་པོའི་ཨ་འཐས་ཞིག་ནས་སྣང་བ་འོད་ཀྱི་སྣང་བ་མེ་འབར་བ་ལྟ་བུར་ལམ་ལམ་འབར་བའོ། །ཟླ་བ་ཤར་བ་ལྟ་བུ་ནི་མུན་པ་མེད་པར་འོད་སྣང་དཀར་ལམ་གྱིས་འཆར་བའོ། །ཉི་མ་ཤར་བ་ལྟ་བུ་ནི་འོད་སྣང་དེ་བས་ཀྱང་གསལ་བ་དམར་གསལ་གྱིས་འཆར་བའོ། །སྤྲུལ་པའི་སྐུ་མཐོང་བ་ལྟ་བུ་ནི་གཟུགས་བརྙན་ཐམས་ཅད་ལྷའི་སྐུར་འཆར་བའོ། །ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་ལྟ་བུ་ནི་སྣང་ལ་རང་བཞིན་མེད་པར་ནམ་མཁའི་འཇའ་ལྟ་བུར་འཆར་བའོ། །དེ་ནི་ལྷ་གྱད་དུ་གྱུར་པའི་དུས་བྱ་བ་ཡིན་ཏེ། དེ་ཙ་ན་དྲན་པ་ཙམ་གྱིས་ནད་དང་བགེགས་ཞི་ནུས་པའོ། །དེ་ལྟར་བྱུང་ཡང་དགའ་བའི་འདུ་ཤེས་དང་མི་དགའ་བའི་རྟོག་པ་མ་བྱས་པར་ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པར་བཞག་པའི་དུས་ན་ཆོས་ཀྱི་དབྱིངས། དེའང་ཡེ་ཤེས་གསང་བ་ལས། སྣ་ཚོགས་སྣང་ལ་ཞེན་པ་མེད། །མ་བཅོས་ཆོས་ཉིད་གཡོས་པ་མེད །ཕྱི་ནང་སྣོད་བཅུད་ཆོས་ཀྱི་དབྱིངས། །དགག་སྒྲུབ་མེད་པའི་ཡེ་ཤེས་གསལ། །ཞེས་བཤད་དོ། །མཉམ་པའི་ངང་ལ་ཇི་ལྟར་དུ་འཇོག་ན་ལུས་བརྡ་བཞིའི་ངང་ལ་འཇོག །སེམས་ཀྱི་བཞག་ཐབས་ནི། ཡེ་ཤེས་གསང་བ་ལས། དངོས་པོ་མཐོང་ཐོས་མ་སྤངས་ཏེ། །སེམས་ཀྱི་དེ་བཞིན་ཉིད་ལ་ནི། །རྟོག་པ་མ་སྐྱེས་ཙམ་དུ་བཞག །ཅེས་བཤད་དོ། །འཇོག་པའི་ཐུན་རིང་ཐུང་གི་ཚད་ནི། ཏིང་ངེ་འཛིན་ལ་བྱིང་རྒོད་ཀྱི་སྐྱོན་མ་བྱུང་ཙམ་ལ་འཕྲོ་བཅད། བྱིང་ན་འདུག་ས་སྤོ་ཞིང་ཤེས་པ་གསེང་། འཕྲོ་ན་ག ང་ལ་འཕྲོས་པའི་རྣམ་རྟོག་དེ་རང་ལ་རིག་པ་གཏད་པས་རང་ཞིར་འགྲོ། དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། དེ་ལས་སེམས་ནི་འཕྲོ་གྱུར་ན། །འཕྲོས་པ་དེ་རང་ཉིད་ལ་གཏད། །ཐུན་ཚོད་རང་གི་ཁམས་དང་སྦྱར། །སྤྱིར་ནི་མི་རིང་ཙམ་དུ་བསྒོམ། །ཞེས་བཤད་དོ། །མཉམ་པར་བཞག་པའི་ཏིང་ངེ་འཛིན་དེ་ལས་བཞེངས་པའི་རྗེས་ལ་དུ་མ་རོ་གཅིག་སྟོང་པའི་ཉམས་འཆར་ཏེ། ཕྱི་གཟུང་བའི་ཡུལ་མིག་གིས་གཟུགས་མཐོང་བ་དང་། རྣ་བས་སྒྲ་ཐོས་པ་དང་། སྣས་དྲི་ཚོར་བ་དང་། ལྕེས་རོ་ཚོར་བ་དང་། ལུས་ཀྱིས་རེག་བྱ་ཚོར་བ་ཐམས་ཅད་སྟོང་པ་ཉིད་དུ་ཤེས་ཤིང་སྟོང་པ་ཉིད་དུ་གྱུར། ནང་འཛིན་པའི་སེམས་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། སེར་སྣ་དང་། ཕྲག་དོག་དང་། ཁོང་ཁྲོ་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་ཤེས་ཤིང་སྟོང་པ་ཉིད་དུ་གྱུར་པའོ། །དཔེར་ན་མཚོ་ལ་ཁ་བ་བབ་པ་ལྟ་བུ་མཚོ་ལ་ཁ་བ་བབ་ཚད་ཆུར་གྱུར་པ་བཞིན་དུ། ཕྱི་གཟུང་བའི་ཡུལ་དང་ནང་འཛིན་པའི་སེམས་ལ་ཅི་ཤར་བའི་རྣམ་རྟོག་ཐམས་ཅད་དངོས་པོ་མི་དམིགས་པར་རང་བཞིན་གྱིས་སྟོང་པ་ཉིད་དུ་ཤེས་ཤིང་སྟོང་པ་ཉིད་དུ་གྱུར་པའོ། །དེའང་འབུམ་ལས། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གཉིས་ཀ་སྟོང་པ་ཉིད་དང་། བྱ་བ་ལ་སོགས་པ་ཐམས་ཅད་སྟོང་པ་ཉིད་དུ་བཤད་པའོ། །དེ་ཙ་ན་སྟོང་པ་གྱད་དུ་གྱུར་པའི་དུས་བྱ་བ་ཡིན་ཏེ། ཕྱི་སྟོང་ནང་སྟོང་སྟོང་པ་རྒྱ་བོ་ཆེ། ཕྱི་གསལ་ནང་གསལ་གསལ་བ་འོད་པོ་ཆེ། ཕྱི་རིག་ནང་རིག་རིག་པ་རྒྱུན་མི་ཆད། འགྲོ་བདེ་འདུག་བདེ་བདེ་བ་ལྷུན་གྲུབ་ཏུ་འཆར་བ་ཡིན་པས། དེའང་ཡེ་ཤེས་གསང་བ་ལས། མཚན་མའི་རྣམ་རྟོག་ཅི་སྐྱེས་ཀྱང་། །ཆུ་ཤིང་ལྟ་བུར་སྙིང་པོ་མེད། །ནམ་མཁའི་དཀྱིལ་དུ་སྤྲིན་སངས་འདྲ། །ཞེས་བཤད་དོ། །དེའི་དུས་ན་བར་དུ་གཅོད་པའི་གདོན་གནོད་སྦྱིན་ཕོ་མོ་ཐམས་ཅད་ཀྱང་ཞི་བར་ནུས་པའོ། །དེའང་ཡེ་ཤེས་གསང་བ་ལས། སེམས་ལས་མ་ཡེངས་དགོངས་པའི་ཀློང་། །ལུས་འདི་གང་ཟག་མིར་སྣང་ཡང་། །དགོངས་པ་གསང་བ་ང་དང་མཉམ། །ལྷ་ཀླུ་གནོད་སྦྱིན་སྲིན་པོ་ཡང་། །ངང་གིས་མི་ཐུལ་གང་ཡང་མེད། །ཅེས་བཤད་དོ། །དེ་ཙ་ན་མཉམ་བཞག་གི་ཏིང་ངེ་འཛིན་གྱིས། ནམ་དང་ཉི་མ་མཉམ་པའི་ཉིན་རེའམ་ནུབ་ཏེ་གང་རུང་རེ་ཐུབ་པའོ། །དེའི་དུས་ན་མངོན་པར་ཤེས་པ་རྣམ་པར་ལྔ་འཆར་ཏེ། ལྷའི་མིག་གིས་མངོན་པར་ཤེས་པས་ས་འོག་ས་སྟེང་ས་བླ་གསུམ་གྱི་གཟུངས་མཐོང་། ལྷའི་རྣ་བའི་རྣམ་པར་ཤེས་པས་ས་འོག་ས་སྟེང་ས་བླ་གསུམ་གྱི་སྒྲ་ཐོས། གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པས་གཞན་གྱིས་ཅི་སེམས་པ་ངོ་ཤེས། འཆི་འཕོ་དང་སྐྱེ་བ་དྲན་པའི་མངོན་པར་ཤེས་པས་གཞན་འཆི་བ་རྐྱེན་ཅིས་འཆི་བ་དང་ཕྱི་མ་གར་སྐྱེ་བ་དྲན་པའམ་ཤེས་པའོ། །དེ་ཙ་ན་ཐུན་མོང་གི་དངོས་གྲུབ་རྐང་མགྱོགས་དང་ལུས་རས་བལ་ལམ་ཤིང་བལ་གྱི་འདབ་མ་ལྟར་ཡང་བ་དང་། ནམ་མཁའ་ལ་འཕུར་ཤེས་པ་དང་། ས་ལ་འཛུལ་ཤེས་པ་དང་། ཆུ་ལ་མི་བྱིང་བར་འགྲོ་བ་དང་། མེས་མི་ཚིག་པ་དང་། ཟད་པར་ཆུའི་སྐྱེ་མཆེད་དང་། ས་དང་། མེ་དང་། རླུང་དང་། ནམ་མཁའི་སྐྱེ་མཆེད་ལ་སོགས་པ་འབྱུང་བ་བཞིའམ་ལྔར་སྤྲུལ་པར་ནུས་པ་དང་། རྫུ་འཕྲུལ་དང་ལུས་ཀྱི་བཀོད་པ་མང་པོ་འགྱེད་ནུས་པའང་ཡོད་དོ། །དེ་ལ་དགའ་བའི་འདུ་ཤེས་དང་མི་དགའ་བའི་རྟོག་པ་ཡང་མི་བྱེད་པར་བསྐྱངས་པས་དེ་ཡང་དག་ནས་སྤྲོས་བྲལ་རྣམ་དག་གི་ཉམས་འཆར་ཏེ་དེ་ཙ་ན་ཏིང་ངེ་འཛིན་ལ་ཉིན་མཚན་མེད་དེ་མཉམ་བཞག་དང་རྗེེས་ཐོབ་མེད། ཞི་གནས་དང་ལྷག་མཐོང་མེད། བསྒོམས་པ་དང་མ་བསྒོམ་པ་མེད་དེ། སེམས་ཉིད་དང་ཆོས་ཉིད་དུ་དག་སྟེ་དཔེ་ནམ་མཁའ་དག་པ་ལ་ཉི་མ་ཤར་བ་ལྟ་བུའོ། །ནམ་མཁའ་དག་པ་ལ་ཉི་མ་ཤར་ཙ་ན་མུན་པ་བྲོས་བསལ་མེད་པར་དེངས། ཉི་མ་ལ་ཤར་བསལ་མེད་པར་གསལ་བ་བཞིན་དུ་དེ་ཙ་ན་བློའི་སྤྲོས་པ་དང་བྲལ་ནས་ཤེས་པ་རྣམ་པར་དག་པས་རྣམ་རྟོག་རང་དེངས་སུ་ཟད། ཡེ་ཤེས་རང་གསལ་དུ་མཐར་ཕྱིན་པས་གཉེན་པོ་བརྟེན་མ་དགོས་པར་གནས་སྐབས་ཀྱི་ཏིང་ངེ་འཛིན་ཐམས་ཅད་རང་ཞི་རང་དག་ལ་སོང་སྟེ་ཡིད་ལ་བྱ་རྒྱུ་མེད་པའོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་ལྔ་པ་ལས། ཉམས་བླངས་གོམས་པ་མཐར་གྱུར་ཏེ། །ཇི་ལྟར་བསམ་པ་གཟུང་བའི་བློ། །མ་ལུས་པར་ནི་ཟད་གྱུར་ན། །མི་རྟོག་ཡེ་ཤེས་གསལ་མཐར་ཕྱིན། །ཞེས་བཤད་དེ། ཤེས་རབ་སྡུད་པ་ལས། ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་དྲྭ་བ་ཅན། །མུན་ནག་ཐིབས་པོའི་མུན་པ་ཐམས་ཅད་འཇོམས་འཆར་བ། །སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། །སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན། །ཞེས་བཤད་དོ། །ཡེ་ཤེས་གསང་བ་ལས། རྟོག་པ་ཕྲ་རགས་ཅི་བྱུང་ཡང་། །དེ་ཉིད་རང་བྱུང་དབྱིངས་སུ་དག །ནམ་མཁའི་དཀྱིལ་དུ་སྤྲིན་སངས་འདྲ། །ཞེས་བཤད་དོ། །དེའང་དང་པོ་དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡ་བཞིས་སྙིང་པོ་ཡེ་ཤེས་ཀྱི་རླུང་སེམས་ཉིད་དངོས་པོའི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་བསམ་པ་དང་བརྗོོད་པར་དཀའ་བ་གཅིག་པུ་དེ། ཉི་མ་གཅིག་ལ་ཆ་བཅུར་ཕྱེ་བའི་ཆ་གཅིག །གང་ཟག་དབང་པོ་རབ་ཀྱི་རིགས་ལ་ལན་གསུམ། འབྲིང་གི་རིགས་ལ་ལན་གཉིས། ཐ་མ་ལའང་ལན་རེ་ལ་འོང་བའི་ཡེ་ཤེས་སྐད་ཅིག་མ་དེ་ངོས་ཟིན་ནས་བསྐྱངས་པས་མཉམ་བཞག་རྩེ་གཅིག་ལ་ལུག་གཅིག་བཤའ་ཤ་དྲལ་ཡང་སྣང་། དྲལ་ཐུབ་ཙ་ན་རྗེས་ཐོབ་ལ་སྣང་བ་སྒྱུ་མ་ལྟ་བུར་འཆར། དེའི་དུས་ན་རྟགས་ལྔ་འཆར། མཉམ་བཞག་ལ་ནམ་དང་ཉི་མ་མཉམ་པའི་ཉིན་རེ་ཐུབ་ཙ་ན་རྗེས་ཐོབ་ལ་དུ་མ་རོ་གཅིག་སྟོང་པའི་ཉམས་འཆར། དེ་ཙ་ན་མངོན་པར་ཤེས་པ་ལྔ་ཡང་འཆར། རྫུ་འཕྲུལ་ཡ་མ་ཟུང་ཡང་མང་དུ་ཐོབ། མཉམ་བཞག་ལ་ཉིན་མཚན་མེད་པར་སོང་ཙ་ན། རྗེས་ཐོབ་ལའང་ཉིན་མཚན་མེད་པར་འགྲོ་སྟེ། མཉམ་བཞག་དང་རྗེས་ཐོབ་ཁྱད་མེད་ཞི་གནས་དང་ལྷག་མཐོང་ཁྱད་མེད་དེ། མཉམ་བཞག་དྭངས་པ་རྗེས་ཐོབ་ཡིན། ཞི་གནས་དྭངས་པ་ལྷག་མཐོང་ཡིན། སེམས་ཀྱི་ཉོན་མོངས་འཁྲུལ་པ་གློ་བུར་བ་ཞི་བ་ལ་གནས་པས་ཞི་གནས་ཡིན། སེམས་ཉིད་ཡེ་ནས་མ་འཁྲུལ་བའི་དོན་ལྷག་གིས་རྟོགས་པས་ལྷག་མཐོང་ཡིན། བརྡའམ་ཐབས་ཀྱིས་དྲན་པ་བཟུང་ནས་ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པར་འཇོག་པ་ནི་མཉམ་བཞག་ཡིན། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པར་བཞག་པས་གློ་བུར་གྱི་སྤྲོས་པ་དང་འཛིན་པའི་རྟོག་པ་དྭངས་ནས་སྤྲོས་པ་དང་འཛིན་པའི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་མཐོང་ནས། དེའི་རྗེས་ལ་བརྡའམ་ཐབས་ཀྱིས་དྲན་པ་གཟུང་མི་དགོས་པར་ཆེད་དུ་འཛིན་པའི་བློ་མེད་པར་དག་པ་ནི་རྗེས་ཐོབ་བོ། །དེའང་གང་ཞིག་འདུ་ཤེས་བྲལ་བ་དེ་ནི་རྗེས་ཐོབ་བོ། །ཞེས་བཤད་དོ། །སེམས་ཉིད་ཡེ་ནས་འདུ་འབྲལ་མེད། གསལ་འགྲིབ་མེད། འགྲོ་འོང་སྐྱེ་འགག་མེད་པའི་དོན་ལ་འགྱུར་བ་མེད་པར་བརྟན་པ་ཐོབ་པས་ན་མཉམ་བཞག་རྗེས་ཐོབ་མེད་པར་རྣམ་པར་དག་པའོ། །དེ་ཙ་ན་རྫོགས་པ་ཆེན་པོ་རྡོ་རྗེ་ཟམ་པའི་འབྲས་བུ་ཐོབ་པ་ཡིན་པས། ཤེས་ཚིག་རྐང་གཅིག་འདི་དཔེ་རུ་མི་སྣང་། རབ་སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད། །ཅེས་པས། སྤྱོད་པ་ཅི་བྱས་ཀྱང་སྐྱོན་གྱིས་མི་གོས་ཏེ་ཕྱིར་མི་ལྡོག་པའོ། །དེའང་རྡོ་རྗེ་ཟམ་པ་དབང་གི་མན་ངག་ལས། ཇི་ལྟར་བསམ་པ་གཟུང་བའི་བློ། །མ་ལུས་པར་ནི་ཟད་གྱུར་ན། །རང་རིག་ཡེ་ཤེས་གསལ་མཐར་ཕྱིན། །ཞེས་བཤད་དོ། །རྫོགས་པ་ཆེན་པོ་དོན་གྱི་ཚད་མ་ལས། དང་པོ་རྟོག་པའི་རང་བྱུང་ཡེ་ཤེས་ཏེ། །ཉི་མ་གཅིག་ལ་ཆ་བཅུར་གནས་པ་ལས། །ཆ་གཅིག་ཡེ་ཤེས་ཆ་དགུ་ཐ་མལ་ཏེ། །རིམ་གྱིས་མ་འགག་མ་བསྒྲུབ་བཅུར་གནས་པ། །གསང་སྔགས་འབྲས་བུའི་ཐོབ་ཚུལ་དེ་ལྟར་ཐོབ། །སྣང་བ་ཤར་ནས་མུན་པ་དག་པ་ལྟར། །གཉིས་མེད་རྟོགས་ནས་གཉིས་འཛིན་དག་པ་ཡིན། །ཞེས་བཤད་དོ། །དེའང་རྡོ་རྗེ་ཟམ་པ་ཆེན་པོ་འཕྲུལ་མིག་གི་རྒྱུད་ལས། འཁོར་བ་རྣམ་དག་ཡེ་ཤེས་ཀློང་། །བྱེད་རྩོལ་ཏིང་འཛིན་རིམ་སྤངས་པས། །འབྲས་བུ་གཞན་འདོད་ཡུལ་དང་བྲལ། །དགེ་སྡིག་ལས་ཀྱི་རྣམ་རྟོག་མེད། །རྣམ་སྨིན་ངན་པས་མི་གོས་པ། །བག་ཆགས་མེད་པས་ཡེ་ཤེས་རྟོགས། །ཞེས་བཤད་དེ། ཡེ་ཤེས་གསང་བ་ལས་ཀྱང་། ཡེ་ནས་ཡིན་པའི་དོན་དེ་རབ་རྟོགས་ནས། །རྟོགས་པ་བརྟན་པ་དེ་ལ་འབྲས་བུར་བཏགས། །ཞེས་བཤད་དོ། །དཔའ་བོ་གར་སྤྱོད་ཀྱི་སྤྱོད་པ་ནི། སྡུད་པ་ལས། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད། །ཅེས་བཤད་དོ། །དོ་ཧ་ལས། མདུན་དང་རྒྱབ་དང་ཕྱོགས་བཅུ་རུ། །གང་གང་མཐོང་བ་དེ་དེ་ཉིད། །མགོན་པོ་ད་ལྟར་དེ་རིང་འཁྲུལ་པ་ཆད། །ད་ནི་སུ་ལའང་དྲི་བར་མི་བྱའོ། །ཞེས་བཤད་དོ། །དཔེར་ན་རི་དྭགས་ཚེ་འཕེལ་ལྟ་བུའོ། །རི་དྭགས་ཚེ་འཕེལ་དེ་ལུས་པོ་རྐང་ལག་གིས་ཁེངས་པས་ཕྱོགས་མེད་དུ་མི་བདེ་བ་མེད་པར་འགྲོ་ཤེས་པའོ། །སྤྲོས་བྲལ་རྣམ་དག་གི་ཉམས་ཤར་ནས་ཕྱོགས་རིས་དང་མི་བདེ་བ་མེད་པའོ། །བློའི་སྤྲོས་པ་དང་བྲལ་ནས་སེམས་ཉིད་རྣམ་པར་དག་པ་ཡིན་པས་ཇི་ལྟར་བྱས་ཀྱང་མ་དག་པའི་སྣང་བ་མེད་པའོ། །དེའང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཤེས་པ་རྣམ་པར་དག་པས་མིག་རྣམ་པར་དག་པ། མིག་རྣམ་པར་དག་པས་གཟུགས་རྣམ་པར་དག་པ། གཟུགས་རྣམ་པར་དག་པས་ཤེས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་བཤད་དོ། །དེ་ཙ་ན་སེམས་ཉིད་རྣམ་པར་དག་པ་དེ་ལ་སངས་རྒྱས་སུ་བཏགས་པ་ཙམ་ལས་དོན་དམ་པ་ནི་སངས་རྒྱས་བྱ་བ་རང་ཡིན་ལོགས་ན་མེད་པའོ། །དེའང་འབུམ་ལས། ཤེས་རབ་ཕ་རོལ་ཏུ་ཕྱིན་པ་ལ་སངས་རྒྱས་མེད་དེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །ཞེས་བཤད་དོ། །དེ་ཡན་ཆད་ནི་འདི་ནས་བཤད་པའོ། །ད་ནི་རྡོ་རྗེ་ལ་གཉིས་ཏེ། འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེའོ། །དེ་ལ་འདི་ནི་གོང་དུ་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་སེམས་ཉིད་དངོས་པོའི་གནས་ལུགས་འདུས་མ་བྱས་པ་ཆོས་ཉིད་ཀྱི་རྡོ་རྗེའོ། །ལམ་ལ་གཉིས་ཏེ། ཐུན་མོང་གི་ལམ་དང་། མཆོག་གི་ལམ་མོ། །ཐུན་མོང་གི་ལམ་གི་རྒྱུ་ལམ་དུ་བྱེད་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་རིམ་གྱིས་པ་དང་། མཆོག་གི་ལམ་ནི་འབྲས་བུ་ལ་ལམ་དུ་བྱེད་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཅིག་ཅར་བའོ། །དེའང་རྒྱུ་ལམ་དུ་བྱེད་པ་མཚན་ཉིད་པ་ལ། རྒྱུ་མཐུན་པ་ལམ་འབྲས་བུ་དང་བཅས་པ་ནི་སྟོབས་ཀྱིས་ཐོབ་པ་ཡིན་ཏེ། དེའང་རྒྱུ་སྦྱིན་པ་ཡོ་བྱད་ལ་སོགས་པ་སྦྱིན་པ་བཏང་བའི་སྟོབས་ཀྱིས་རྒྱུ་དེ་དང་མཐུན་པའི་འབྲས་བུ་འབྱོར་པ་ལོངས་སྤྱོད་དང་ལྡན་པ་ཐོབ། རྒྱུ་ཚུལ་ཁྲིམས་བསྲུང་བའི་སྟོབས་ཀྱིས་རྒྱུ་དེ་དང་མཐུན་པའི་འབྲས་བུ་མི་ལུས་འཐོབ། རྒྱུ་བཟོད་པ་བསྒོམས་པའི་སྟོབས་ཀྱིས་རྒྱུད་དེ་དང་མཐུན་པའི་འབྲས་བུ་གཟུགས་བཟང་བ་ཐོབ་བོ། །རྒྱུ་བརྩོན་འགྲུས་བརྩམས་པའི་སྟོབས་ཀྱིས་རྒྱུ་དེ་དང་མཐུན་པའི་འབྲས་བུ་འགྲོ་བ་གཞན་གྱི་ལུས་ཀྱིས་བར་དུ་མ་ཆོད་པར་མི་ལུས་བརྩེགས་མར་ཐོབ། རྒྱུ་བསམ་གཏན་བསྒོམས་པའི་སྟོབས་ཀྱིས་རྒྱུད་དེ་དང་མཐུན་པའི་འབྲས་བུ་མི་ལུས་གཙང་མ་ཐོབ། རྒྱུ་ཤེས་རབ་ལ་སྦྱངས་པའི་སྟོབས་ཀྱིས་རྒྱུ་དེ་དང་མཐུན་པའི་འབྲས་བུ་ཤེས་རབ་ཀྱིས་བཀའ་སྡེ་སྣོད་ཀྱི་ཆོས་ལ་ལོངས་སྤྱོད་པའོ། །དེ་ཙ་ན་ལོངས་སྤྱོད་ཆེ་བ། མི་ལུས་ཐོབ་པ། གཟུགས་བཟང་བ། འགྲོ་བ་གཞན་གྱི་ལུས་སུ་མ་སོང་བ། མི་ལུས་རིན་པོ་ཆེ། རང་གཞན་གཉིས་ཀའི་དོན་འབྱུང་བའོ། །དེ་ནི་རྒྱུ་ཡི་ཆོས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ལམ་དུ་བྱས་ནས་སྤྱོད་པས་རྒྱུ་མཐུན་པའི་འབྲས་བུ་སྤྲུལ་སྐུ་ཐོབ་བོ། །འབྲས་བུ་སྤྲུལ་པའི་སྐུ་དེ་ཡང་རྒྱུ་ལས་བྱུང་བས་དགོངས་པ་ཕྱིར་མི་ལྡོག་ཀྱང་གཟུགས་སྐུ་ཤ་ཁྲག་གི་གདོས་པ་ཅན་འདུས་བྱས་རྐྱེན་གྱིས་འཇིག་གོ། །མཆོག་གི་ལམ་ནི་འབྲས་བུ་ལ་ལམ་དུ་བྱེད་པ་འབྲས་བུ་གསང་སྔགས་ཀྱི་ཐེག་པ་ཅིག་ཆར་བ་ལ་ཡང་། བསྐྱེད་པའི་རིམ་པ་དང་། རྫོགས་པའི་རིམ་པའོ། །བསྐྱེད་པའི་རིམ་པ་ནི་འབྲས་བུའི་རྒྱུ་མཐུན་ལམ་འབྲས་བུ་དང་བཅས་པའོ། །དེ་ཡང་སྟོབས་ཀྱིས་ཐོབ་པ་ཡིན་ཏེ། རྒྱུ་འབྱུང་བ་རིམ་བརྩེགས་རྟེན་གཞལ་ཡས་ཁང་གདན་ཉི་ཟླ་པདྨ་དང་བཅས་པ་གཅིག་བསྒོམས་པས་བག་ཆགས་བརྟས་པའི་སྟོབས་ཀྱིས་འབྲས་བུ་ཡང་ལྷའི་གཞལ་ཡས་ཁང་གདན་དང་བཅས་པ་གཅིག་ཐོབ་བོ། །དེ་ནི་ཐབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གསུང་ཡིག་འབྲུ་དང་ཐུགས་ཕྱག་མཚན་ལ་སྤྲོ་བསྡུ་བྱས་ནས་འོད་དུ་ཞུ་ནས་ལྷའི་སྐུར་བསྒོམས་པས་འབྲས་བུ་ལྷའི་སྐུ་ལས་ཞི་བ་རྒྱས་པ་དབང་དྲག་པོ་ལ་སོགས་པ་ཕྲིན་ལས་རྣམ་པ་བཞིའི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འབྱེད་ནུས་པའོ། །དེ་ནི་སྟོབས་ཆེ་བས་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ད་ལྟ་རྡོ་རྗེའི་བཟླས་པ་བྱས་ནས་འོད་ཟེར་གྱི་སྤྲོ་བསྡུས་རང་དང་གཞན་གྱི་དོན་བྱས་པས་འབྲས་བུའི་རྒྱུ་མཐུན་ཕྱི་མ་ལ་གཞན་དོན་དུ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གཅིག་འགྱེད་ནུས་པའོ། །དེ་ནི་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པའོ། །ལྷའི་སྐུ་དེའང་སྣང་ལ་རང་བཞིན་མེད་པར་རྒྱས་བཏབ་ནས་བསྒོམས་པའི་འབྲས་བུའི་རྒྱུ་མཐུན་ལྷའི་སྐུ་སྐྱེ་མཆེད་དོད་པ་ཡན་ལག་རགས་པ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་སྣང་ལ་རང་བཞིན་མེད་པ་གསལ་ལ་ངོས་གཟུང་མེད་པ་ཆུའི་ཟླ་བའམ་ནམ་མཁའི་འཇའ་ལྟ་བུ་གཅིག་ཐོབ་བོ། །དེ་ནི་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །དེའང་མཚན་བརྗོད་ལས། ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོས་བཅུའི་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཞེས་བཤད་དོ། །དེའི་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་སྟེ། རྒྱུ་ལས་བྱུང་བས་ལྷའི་སྐུ་ནམ་མཁའི་འཇའ་ལྟ་བུར་འདུག་ཀྱང་འདུས་བྱས་དངོས་པོའི་རྫས་སུ་མ་གྲུབ་པས་རྐྱེན་གྱིས་མི་འཇིག་སྟེ་ཕྱིར་ལ་མི་ལྡོག་པའོ། །དེའང་རྫོགས་པ་ཆེན་པོ་དོན་གྱི་ཚད་མ་ལས། ཇི་སྲིད་ཡིད་ཀྱི་གཡོ་བ་ཡོད་ཀྱི་བར། །རྫོགས་པའི་རིམ་པ་མ་ཡིན་བསྐྱེད་རིམ་ཡིན། །ཞེས་བཤད་དོ། །མཆོག་གི་ལམ་འབྲས་བུ་ལ་ལམ་དུ་བྱེད་པ་གསང་སྔགས་འབྲས་བུ་རྡོ་རྗེ་ཐེག་པའི་ལམ་ཅིག་ཆར་བ་འབྲས་བུ་ཆོས་ཀྱི་སྐུ་དེ་ཉིད་ལ་ལམ་དུ་བྱེད་པ་ཡིན་པས། དེའང་ཡེ་ནས་སུས་ཀྱང་མ་བྱས་མ་བཅོས་པའི་དོན་སེམས་ཉིད་དངོས་པོའི་གནས་ལུགས་དེ་བླ་མའི་བརྡ་དང་ངག་གི་དུས་གཅིག་ལ་རྒྱུད་ལ་སྦྱར་ནས་མཐར་ཐུག་ཏུ་སྟོན་པའོ། །དེའང་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལས། འབྲས་བུ་ལམ་དུ་བསྒྱུར་ནས་དུས་གཅིག་མཉམ་པར་སྦྱོར། ཞེས་བཤད་དོ། །དེའང་འདིར་ལམ་ལྔ་ཡང་རྒྱུད་ལ་སྦྱོར་བ་ནི། བླ་མ་སངས་རྒྱས་དངོས་སུ་ཤེས་ནས་རྫས་དང་ལོངས་སྤྱོད་དང་ལུས་དང་སྲོག་ལ་ཕོངས་པ་མེད་པར་ཕུལ་ནས་ཚོགས་གསོག་པ་ནི་ཚོགས་ཀྱི་ལམ། བླ་མས་བརྡ་དང་ཐབས་ཀྱིས་ངོ་སྤྲད་ནས་རང་གི་རྒྱུད་ལ་སྦྱོར་བ་ནི་སྦྱོར་བའི་ལམ། དོན་གསལ་བ་མི་རྟོག་པ་བདེ་བ་ངོ་བོ་དབྱེར་མི་ཕྱེད་པ་དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་མཐོང་བ་ནི་མཐོང་བའི་ལམ། དོན་དེ་ལ་གོམས་ཤིང་འདྲིས་པར་བྱེད་པ་ནི་སྒོམ་པའི་ལམ། དོན་མངོན་དུ་གྱུར་ནས་དུས་གསུམ་འགྱུར་བ་མེད་པར་རྟོགས་ནས། བརྟན་པ་ཐོབ་པ་ནི་མཐར་ཕྱིན་པའི་ལམ་མོ། །དེ་ཡང་དོན་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་ཆོས་ཉིད་ཀྱི་རྡོ་རྗེ་རྩོལ་བ་དང་བྲལ་བ་ཕྱོགས་སུ་མ་ལྷུང་བའི་དབུ་མ་གོལ་བའི་འཁྱོག་མེད་པའི་དྲང་པོ་དེའོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། མཐའ་གསུམ་བྲལ་ལོ་ཡེ་སངས་རྒྱས། །རྩ་བྲལ་དབུ་མ་དྲང་པོའི་ལམ། །ཕྱོགས་ཀྱི་ལམ་ལ་འཇུག་པ་མེད། །ཅེས་བཤད་དོ། །དེའང་སྒོམ་པའི་རྒྱུད་ཡེ་ཤེས་གསང་པ་ལས། ལམ་ལ་རིས་མེད་ཅིག་ཆར་འཇུག །དེ་ཡང་རྒྱུ་ཉིད་འབྲས་བུ་ལས། །ཕྱི་ནས་ཐོབ་པ་དེ་ལ་མེད། །ཅེས་བཤད་དོ། །དོན་ཆོས་ཉིད་ལ་གནས་པ་དེ་ཁོ་ན་དོན་གྱི་མཆོག་ཡིན་པས། དེའང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། རྡོ་རྗེ་སེམས་དཔའ་ནམ་མཁའི་ངོ་བོ་ལམ་དུ་ཁྱེར། །ཆོས་ཉིད་དོན་ལ་སྨྲར་མེད་དེ། །བྱ་བྱེད་མེད་པར་ངང་གིས་གྲོལ། །ཞེན་འཛིན་མེད་པས་སངས་རྒྱས་ལམ། །བསྐྱོད་དུ་མེད་པས་ལམ་གྱི་མཆོག །གནས་པ་མེད་པས་སངས་རྒྱས་ཞིང་། །ཞེས་བཤད་དོ། །དེའང་རྣ་བརྒྱུད་རིན་པོ་ཆེའི་འོད་ལས། རྒྱུ་ལ་མི་གནས་མཐར་ཐུག་པ། །ཐེག་ཆེན་རྫོགས་པའི་འབྲས་བུ་ཡིན། །ཞེས་བཤད་དོ། །རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་བྱུང་གསང་བའི་ཆོས་སྐུ་དེ། །རྟོག་པའི་དུས་ཉིད་འབྲས་བུའོ། །ཞེས་བཤད་དོ། །འོ་ན་རྒྱུའི་རྒྱུ་མཐུན་ཕ་རོལ་ཏུ་ཕྱིན་པ་དྲུག་གམ་འབྲས་བུའི་རྒྱུ་མཐུན་ཕ་རོལ་ཏུ་ཕྱིན་པ་བཞི་ལ་ལམ་དུ་བྱས་པས། ལམ་གྱི་མཆོག་ཏུ་གྱུར་རམ་བྱས་ན། ཆོས་དེ་དག་གིས་ལམ་བསྐྱེད་པ་འབྲས་བུ་བསྒྲུབ་པའི་རྒྱུར་གྱུར་ཏེ་ལམ་གྱི་མཆོག་མ་ཡིན་ནོ། །དེའང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཟུགས་མངོན་པར་རྫོགས་པར་སངས་མི་རྒྱ། ཚོར་བ་དང་། ཕུང་པོ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་གམ་བཞིས་མངོན་པར་རྫོགས་པར་སངས་མི་རྒྱའོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་དེ་དག་ཐམས་ཅད་མངོན་པར་འདུས་བྱས་པའོ། །རབ་འབྱོར་འོན་ཀྱང་ཆོས་དེ་དག་གིས་ལམ་བསྐྱེད་པ་དང་བསྒྲུབ་པའི་རྒྱུར་གྱུར་གྱིས། འབྲས་བུ་ཐོབ་པའི་ཕྱིར་ནི་མ་ཡིན་ནོ། །ཞེས་བཤད་དོ། །འོ་ན་གང་གིས་འཚང་རྒྱ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཐམས་ཅད་མ་བྱས་པར་སངས་རྒྱས་སོ། །མངོན་པར་མ་བྱས་མངོན་པར་འདུས་མ་བྱས་པར་སངས་རྒྱའོ། །ཞེས་བཤད་པས། གོང་དུ་བླ་མའི་བརྡ་དང་ངག་གིས་བསྟན་པའི་དོན་སེམས་ཉིད་ཡེ་ནས་སུས་ཀྱང་མ་བྱས་མ་བཅོས་པའི་གནས་ལུགས་དུས་གསུམ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། སྐྱེ་འགགས་མེད་པའི་ཆོས་བཞི་དང་ལྡན་པ་འདུས་མ་བྱས་པའི་དོན་དེ་ཉིད་རྟོགས་པ་ལས་འབྲས་བུ་གཞན་ནས་ཐོབ་ཏུ་རེ་བ་མེད་པའོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཡེ་ནས་ཆོས་སྐུར་གནས་པ་ལས། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཅེས་བཤད་དོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འབུམ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་འདོད་པ་མ་བསྐྱེད་ཅིག །འདོད་པ་མེད་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཞེས་བཤད་དོ། །འོ་ན་འབྲས་བུ་ལམ་དུ་བྱས་པས། རྒྱུ་ལ་ལམ་དུ་བྱེད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་སྤངས་སམ་བྱས་ན་མི་སྤངས་ཏེ། རྣ་བརྒྱུད་རིན་པོ་ཆེའི་འོད་ལས། བསམ་བྲལ་མི་རྟོག་དགོངས་པ་ལ། །དེ་ཉིད་ཕ་རོལ་ཕྱིན་དྲུག་ལྡན། །ཞེས་བཤད་དོ། །འོ་ན་འབྲས་བུའི་རྒྱུ་མཐུན་བསྐྱེད་རིམ་ལ་ལམ་དུ་བྱེད་པ་ཕ་རོལ་ཏུ་ཕྱིན་པ་བཞི་སྤངས་སམ་བྱས་ན། མི་སྤངས་ཏེ། དགྱེས་པ་རྡོ་རྗེ་ལས། སྒོམ་མེད་སྒོམ་པ་པོ་ཡང་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །སྤྲོས་པ་མེད་པའི་རང་བཞིན་ལ། །ལྷ་དང་སྔགས་ནི་ཡང་དག་ལྡན། །ཞེས་བཤད་དོ། །དེ་བས་ན་སེམས་ཉིད་དངོས་པོའི་གནས་ལུགས་དེ་གསལ་བས་གང་ཡང་མ་སྤངས། མི་རྟོག་པས་གང་ལའང་མི་གནས། གཉིས་སུ་མེད་པར་བདེ་བས་ཕྱོགས་གཅིག་ཏུ་མི་ལྟོས། ངོ་བོ་དབྱེར་མི་ཕྱེད་པས་སྐུ་གསུམ་གཞན་དུ་རག་མ་ལུས། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་རྟོག་མེད་རང་བྱུང་གི་ཡེ་ཤེས་དེ་ཆོས་བཞི་དང་ལྡན་ཞིང་ལྷུན་གྲུབ་འདུས་མ་བྱས་པས་ན་མཐར་ཐུག་གི་འབྲས་བུ་ཁྱད་པར་འཕགས་པ་ཨ་ཏིའི་དོན་ནོ། །དེ་ཡང་གསང་སྔགས་དོན་གྱི་ཚད་མ་ལས། མ་སྤངས་མི་གནས་མ་ལྟོས་རག་མ་ལུས། །ཐ་སྙད་ཀུན་དང་བྲལ་བའི་འབྲས་བུ་དེ། །རང་བྱུང་ལྷུན་གྲུབ་འདུས་མ་བྱས་པས་ན། །འབྲས་བུའི་རྒྱལ་པོ་བྱེད་པར་དཔགས་ཏེ་ཆེ། །ཞེས་བཤད་པ་དང་མཐུན་ནོ། །ལྟ་བ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཐེག་དགུའི་མཐར་ཐུགས་ཨ་ཏིའི་དོན། །མ་བསམ་སྐྱེ་བ་མེད་པས་ཨ། །མ་བསྒོམ་དབྱིངས་སུ་ཐིམ་པས་ཏི། །ཨ་ཏི་ཞེས་ནི་དེ་ལ་བྱ། །ཞེས་བཤད་དོ། །དེ་ནི་ལམ་གྱི་མཆོག་གོ། །སྐལ་ལྡན་འབད་པ་མེད་པར་གྲོལ། །ཞེས་པ་ནི། སྐལ་པ་དང་ལྡན་པ་གདམས་ངག་འདི་དང་འཕྲད་པ་ཀུན། ལུས་ངག་འབད་རྩོལ་བྱ་མི་དགོས་ཏེ། ཡེ་ནས་རང་ལ་ཡོད་པའི་དོན་དེ་རིག་པས་ཆོག་གོ། །དེའང་རྣ་བརྒྱུད་རིན་པོ་ཆེའི་འོད་ལས། རྩོལ་མེད་ཡེ་ཤེས་རིག་པའི་ངང་། །དེ་ཉིད་རང་བཞིན་ཅོག་འཇོག་གོ། །ཞེས་བཤད་དོ། །སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་ལས། ཡེ་ཤེས་ཇི་བཞིན་ཡིད་བསྐྱོད་པ། །ཡེ་ནས་ཡིན་ཕྱིར་བྱ་མི་དགོས། །ཞེས་བཤད་དོ། །རྣ་བརྒྱུད་རིན་པོ་ཆེའི་འོད་ལས། བསམ་གྱིས་མི་ཁྱབ་དགོངས་པ་ནི། །ཤེས་པ་རང་བཞག་སོ་མ་ཉིད། །སྙིང་པོའི་དོན་རྟོགས་བྱ་བ་བྲལ། །རང་གསལ་རིག་པའི་ངང་ལ་ཞུགས། །ཞེས་བཤད་དོ། །གྲོལ་བར་རང་བྱུང་གཞལ་ལས་མིན། །ཞེས་པ་ནི་བདེ་བར་གཤེགས་པའི་སྙིང་པོ་སེམས་ཉིད་དངོས་པོའི་གནས་ལུགས་ཡེ་ནས་རང་གི་རྒྱུད་ལ་ཡོད་པ་དེ་ཆོས་བཞི་དང་ལྡན་པས་དོན་རྟོགས་ནས། འདི་ནས་སེམས་གཞན་ཞིག་ཏུ་འཕོས་ནས་སངས་རྒྱས་འགྲོ་བ་ཞིག་ཡོད་པ་མིན་ཏེ། རང་གི་སེམས་ཉིད་དངོས་པོའི་གནས་ལུགས་དེ་ཉིད་རྟོགས་པས་གཟུང་འཛིན་འཁོར་བའི་སྡུག་བསྔལ་ལས་གྲོལ་བའི་སངས་རྒྱས་དེ་རང་ལས་བྱུང་བ་ལས་གཞན་ཞིག་ཏུ་གྲོལ་ནས་སངས་རྒྱས་པ་མིན་ནོ། །དེའང་རྫོགས་པ་ཆེན་པོ་ནམ་མཁའ་ཆེ་ལས། བྱང་བ་ཆེན་པོ་བཅོམ་ལྡན་འདས། །ཆུབ་པར་གནས་པའི་བཅོམ་ལྡན་འདས། །འགྲོ་བ་ཀུན་ལ་རང་བཞིན་གནས། །ཕྱིན་ཅི་ལོག་ཏུ་རྣམ་བརྟགས་ཀྱང་། །གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་བཤད་དོ། །དེའང་རང་གི་སེམས་ཉིད་དངོས་པོའི་གནས་ལུགས་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་དེ་རྟོགས་ནས། དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་འཁོར་བའི་སྡུག་བསྔལ་ལས་གྲོལ་བར་བྱ་བའི་དོན་དུ་བདག་ཆོས་ཀྱི་དབྱིངས་རྣམ་པར་དག་པར་སངས་རྒྱས་ནས་ཀྱང་གཟུགས་སྐུ་རྣམ་གཉིས་སེམས་ཅན་གྱི་སྣང་བ་ལ་བྱོན་ནས་འགྲོ་བ་འདྲེན་པའི་དོན་བྱས་ནས། ཆོས་ཀྱི་དབྱིངས་སྤྲོས་པ་དང་བྲལ་བ་རྣམ་པར་དག་པའི་དོན་མངོན་དུ་གྱུར་ནས་རྟོག་པ་མེད་ཀྱང་དོན་བྱེད་ནུས་པ་བྱ་ཁྱུང་གི་མཆོད་སྡོང་ལ་ཀླུའི་གཉེན་པོར་རབ་གནས་བྱས་པས་བྱ་ཁྱུང་གི་འབག་དེ་ལ་རྟོག་པ་མེད་ཀྱང་རབ་གནས་བྱས་པའི་བྱིན་རླབས་ཀྱི་སྟོབས་ཀྱིས་ཀླུའི་གཉེན་པོར་གྱུར་ནས་གནོད་མི་ནུས་པ་བཞིན་དུ། ཆོས་སྐུ་ལ་རྟོག་པ་མེད་ཀྱང་གཞན་དོན་དུ་སེམས་བསྐྱེད་དང་སྨོན་ལམ་བཏབ་པའི་བྱིན་རླབས་ཀྱིས་གཞན་སྣང་ལ་གཟུགས་སྐུ་གཉིས་སུ་བྱོན་ནས་འགྲོ་བ་འདྲེན་པའི་གཙོ་བོར་གྱུར་ནས་འཁོར་བའི་སྡུག་བསྔལ་ཞི་ཞིང་ཐར་པ་མྱ་ངན་ལས་འདའ་བར་འགྱུར་ནུས་པའོ། །དེ་ཙ་ན་ངོ་བོ་གཅིག་ལས་མ་འདས་ཀྱང་དོན་དུ་མི་རྟོག་པ་ཆོས་སྐུ། གཞན་དོན་དུ་གསལ་བ་སྤྲུལ་སྐུ། གཉིས་ཀའི་དོན་དུ་བདེ་བ་ལོངས་སྐུ། སྐུ་གསུམ་ངོ་བོ་དབྱེར་མི་ཕྱེད་པ་ལ་དབྱེར་ཕྱེད་ཅེས་བྱ་བའམ་མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་གི་ངང་དུ་རྫོགས་པར་ཐོབ་པའོ། །དེའང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ང་ཡི་ངོ་བོ་ཆོས་སྐུ་ནི། །སྤྲོས་པའི་མཐའ་རྣམས་ཀུན་བྲལ་ཏེ། །སྤྲོས་པའི་མཐའ་དང་ཡང་དག་ལྡན། །ཡེ་ཤེས་འགྱུ་བ་ཡང་དག་ཆད། །སྨོན་ལམ་མཐུ་སྟོབས་གདུལ་བྱའི་ལས། །སྐུ་གཉིས་འབྱུང་བས་ཡང་དག་རྫོགས། །ཞེས་བཤད་དོ། །ཡང་དེ་ཉིད་ལས། སྨོན་ལམ་མཐུ་སྟོབས་གདུལ་བྱའི་ལས། །བྱིན་རླབས་ཡོན་ཏན་ངོ་བོས་འཕགས། །འདིར་ནི་སྐུ་གསུམ་གཅིག་གི་ངང་། །ཞེས་བཤད་དོ། །དེའང་ཆོས་ཉིད་ཀྱི་རྡོ་རྗེ་ཟམ་པ་རྟོགས་པའི་རྣལ་འབྱོར་པ་དེ་སྐྱེ་བ་གཞན་དུ་མི་ལེན་པར་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་ནས་རྟོག་པ་མེད་པར་དགོས་འདོད་འབྱུང་བའི་སངས་རྒྱས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུར་འགྱུར་ཏེ། རང་དོན་དུ་ཆོས་སྐུ། གཞན་དོན་དུ་སྤྲུལ་སྐུ། གཉིས་ཀའི་དོན་དུ་ལོངས་སྤྱོད་རྫོགས་པའི་སྐུ། འབད་རྩོལ་བྱ་མི་དགོས་པར་སྐུ་གསུམ་རང་ཆས་སུ་ཐོབ་པའོ། །དེའང་ཡེ་ཤེས་གསང་བ་སྐུའི་རྒྱུད། གསུང་གི་རྒྱུད། ཐུགས་ཀྱི་རྒྱུད། ཡོན་ཏན་གྱི་རྒྱུད། ཕྲིན་ལས་ཀྱི་རྒྱུད་དང་ལྔར་ཡོད་པ་ལས། དེ་ཡང་ཡེ་ཤེས་གསང་བ་ཕྲིན་ལས་ཀྱི་རྒྱུད་ལས། མ་བཅོས་ཆོས་ཉིད་རྟོགས་པའི་རྣལ་འབྱོར་པ། །སྐྱེ་བ་གཞན་དུ་མི་ལེན་པར། །སངས་རྒྱས་རིན་ཆེན་འཛིན་པར་འགྱུར། །བྱ་རྩོལ་མི་དགོས་སྐུ་གསུམ་རང་ལ་འཆར། །ཞེས་སོ། །དེ་ཡན་ཆད་ཀྱིས་དོན་ཉམས་སུ་ཤར་བའི་དུས་སུ་སྒོམ་པའི་ཉམས་བསྟན་པའོ། །དོན་གཏན་ལ་འབེབས་པའི་དུས། དོན་གཏན་ལ་ཕེབས་པའི་དུས། དོན་ཉམས་སུ་ཤར་བའི་དུས་དང་གསུམ་གྱིས་རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་བསྟན་པའོ། །སྙན་བརྒྱུད་རྡོ་རྗེ་ཟམ་པ་འདི་ཡང་བརྒྱུད་པ་བཞི་དང་ལྡན་པ་ཡིན་ཏེ། བརྒྱུད་པ་བཞི་ནི། བཀའི་བརྒྱུད་པ། ཚིག་གི་བརྒྱུད་པ། བརྡའི་བརྒྱུད་པ། བྱིན་རླབས་ཀྱི་བརྒྱུད་པ་དང་བཞིའོ། །བཀའི་བརྒྱུད་པ་ཆད་ན་ཕ་མང་གི་བུ་རུས་སྟོར་བ་དང་འདྲ་སྟེ། ཕྱོགས་གར་གཏོགས་ངོ་མི་ཤེས་ཏེ་ཅི་ཡིན་ཆ་མེད་པའོ། །ཚིག་གི་བརྒྱུད་པ་ཆད་ན་རྒྱལ་པོ་གདུང་རྒྱུད་ཆད་པ་དང་འདྲ་སྟེ། ཚིག་གི་རྩ་བ་མ་ཟིན་པས་གནད་མེད་འཆལ་བར་ཤོར་བས་དོན་གྱི་བསྒྲིལ་སོ་མི་ཤེས་པའོ། །བརྡའི་བརྒྱུད་པ་མེད་ན་ལོང་བ་འཁར་བ་བྲལ་བ་དང་འདྲ་སྟེ། འཁར་བ་མེད་ན་ཐང་བདེ་མོ་ལའང་སོམ་ཉི་ཟར་འོང་བ་དང་འདྲ་བར། རིག་པའི་དོན་ཐོག་ཏུ་འཇོག་མི་ཤེས་པར་གནས་ལུགས་ཀྱི་དོན་ལ་ཐེ་ཚོམ་ཟར་འོང་བའོ། །བྱིན་རླབས་ཀྱི་བརྒྱུད་པ་མེད་ན་མཛོད་དང་ཚང་མང་གི་བར་གྱི་སྒྲོན་མེ་ཤི་བ་དང་འདྲ་སྟེ། མཛོད་ཀྱི་ཀ་ཅའང་མི་ལོན། ཚང་མང་དུ་བསྐྱལ་དུ་འགྲོ་བས་ཆུད་འཛའ་བ་བཞིན་དུ། བླ་མའི་དགོངས་པ་མི་ལོན་ཏེ་རང་གི་རྒྱུད་ལ་ཉམས་མྱོང་སྐྱེར་མ་བཏུབ་པས་བར་ཆད་དུ་གྱུར་ནས་ཕན་མི་ཐོགས་པའོ། །བཀའི་བརྒྱུད་པ་མ་ཆད་ན་བཀའ་བརྒྱུད་ཀྱི་དགོངས་པ་ལོན། ཚིག་གི་བརྒྱུད་པ་མ་ཆད་ན་ཡང་དག་པའི་དོན་རྟོགས། བརྡའི་བརྒྱུད་པ་མ་ཆད་ན་སེམས་ཉིད་མངོན་དུ་མཐོང་། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་ན་མཁའ་འགྲོ་མའི་ཀོ་ལོང་དུ་མི་འགྲོ་སྟེ། མཆོག་དང་ཐུན་མོང་གི་དངོས་གྲུབ་ད་ལྟ་ཉིད་དུ་ཐོབ་སྟེ། ཚེ་གཅིག་ལུས་གཅིག་ལ་རང་དང་གཞན་གཉིས་ཀའི་དོན་འགྲུབ་སྟེ་རྫོགས་པའི་སངས་རྒྱས་ཐོབ་པའོ། །བཀའི་བརྒྱུད་པ་ནི་རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བའོ། །ཚིག་གི་བརྒྱུད་པ་ནི་རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པའོ། །བརྡའི་བརྒྱུད་པ་ནི་བརྡ་དོན་དགྲོལ་བའི་མན་ངག་གོ། །བྱིན་རླབས་ཀྱི་བརྒྱུད་པ་ནི་འཇུག་པ་བསྟན་པ་སྒོམ་ཚུལ་བླ་མའི་བྱིན་རླབས་ཨ་ཧ་ཧོའི་འོ། །དེ་ཡང་བཀའ་ས་མནྟ་ནམ་མཁའ་དང་མཉམ་པ་བདེ་བ་ཀུན་ཏུ་སྤྱོད་པའི་རྒྱུད་ལས། ཀློང་དགུ་བམ་པོ་ཉི་ཁྲི་ལེའུ་ཁྲི་དྲུག་སྟོང་ཡོད་པ་ལས། དེ་ལས་ཕྱེ་བའི་རྡོ་རྗེའི་སྙིང་པོ་དོན་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་ལས། ཕ་རྒྱུད་གཡོ་བ་རླུང་འཛིན་པའི་གདམས་ངག་གི་བརྒྱུད་པ་དང་། མ་རྒྱུད་བདེ་བའི་ཉམས་འཆར་བ་བྱིན་རླབས་ཀྱི་བརྒྱུད་པ། དེ་ལ་ཕ་རྒྱུད་ཀྱི་དོན་བསྡུས་པ་གཡོ་བ་རླུང་གི་མན་ངག །མ་རྒྱུད་ཀྱི་དོན་བསྡུས་པ་བདེ་བ་ཐིག་ལེའི་མན་ངག །དེ་གཉིས་གཅིག་ཏུ་མེད་པ་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ། རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ། རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་གདམས་ངག །ལུས་ཀྱི་དབང་པོའི་ནང་ནས་མིག་ལྟ་བུ། བྱང་ཁོག་གི་ནང་ནས་སྙིང་ལྟ་བུ། རྒྱ་མཚོའི་ནང་ནས་བདུད་རྩི། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་གདམས་ངག་རྫོགས་སོ། །རྒྱ་མཚོའི་ནང་གི་བསྡུས་པ་ལྟ་བུའི་ལུང་ནི། རྣ་བརྒྱུད་དབང་གི་མན་ངག་ལས། རྣ་བརྒྱུད་འཕྲུལ་གྱི་རྡོ་རྗེ་ཟམ་པ་འདི། །བཀའ་ཡི་ཐུགས་ཀྱི་ཉིང་ཁུ་སྟེ། །ངང་པས་ཆུ་ལས་འོ་མ་བསྡུས་པའམ། །ནཱ་ག་འཇོག་པོས་རིན་ཆེན་སྒྲོམ་ཕྱུང་སྟེ། །རྒྱ་མཚོའི་ཁ་བྱབས་བདུད་རྩི་བསྡུས་པ་བཞིན། །བྷ་གའི་ཐུགས་བཅུད་བདུད་རྩི་བསྡུས་པ་བཞིན། །ཞེས་བཤད་དོ། །སྙན་བརྒྱུད་རྡོ་རྗེ་ཟམ་པའི་གདམས་ངག་འདི་སྣོད་དང་མི་ལྡན་པ་ལ་བསྟན་དུ་མི་རུང་སྟེ། དེའི་ལུང་ཡང་། གསང་མེད་དམ་ཚིག་མི་ལྡན་སྣོད་མེད་རྣམས་ལ་ནི། སྙན་བརྒྱུད་རིན་པོ་ཆེ་འདི་བསྟན་འགྱུར་ན། །འདམ་ཤོད་གླིང་གི་དུར་ཁྲོད་དུ། །འཇིག་རྟེན་མཁའ་འགྲོ་མང་པོ་ཡིས། །ཤ་ཁྲག་དངོས་སུ་ཟ་བར་འགྱུར། །ཞེས་བཤད་དོ། །གནས་ལུགས་ཀྱི་དོན་དབྱེར་མི་ཕྱེད་པ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་ལས་མི་འདའ་བ་ནི་དམ་ཚིག་བསྲུང་བ་ཡིན་ནོ། །དེ་ཡང་ཡེ་ཤེས་གསང་བ་ལས། བརྗོད་མེད་རིག་པའི་དོན་མཐོང་ན། །རང་བྱུང་གསལ་བའི་དམ་ཚིག་ཐོབ། །ཅེས་བཤད་དོ། །བང་མཛོད་འཕྲུལ་གྱི་ལྡེ་མིག་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །རང་བཞིན་དམ་ཚིག་གཅིག་ལས་མེད། །རང་སྣང་མི་འགྱུར་ཆོས་ཉིད་ལ། །རང་བཞག་རིག་པ་མི་འདའ་ན། །སེམས་ཉིད་གཅིས་པུའི་དམ་ཚིག་སྟེ། །དུས་གསུམ་སངས་རྒྱས་ཐམས་ཅད་ལ། །དམ་ཚིག་དེ་ལས་ཡོང་མི་མངའ། །ཞེས་བཤད་དོ། །རྣ་བརྒྱུད་རྡོ་རྗེ་ཟམ་པའི་གདམས་པ་ཟབ་མོ་འདི། །བླ་མ་དམ་པ་རིན་པོ་ཆེན་ཀུན་བཟང་གིས། །བླ་མ་རྒྱ་ཡེ་ཤེས་སེང་གེ་ཞེས་བྱ་བ་ལ། །ཐུགས་ལ་བཏགས་ནས་གནང་བ་ཡིན། །དེ་ལས་བསོད་ནམས་ཅི་བྱུང་བའི་དགེ་བ་ཡིས། །ཉོན་མོངས་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་སེམས་ཅན་རྣམས། །འཁོར་བ་དག་ལས་རབ་ཏུ་གྲོལ་ནས་ཀྱང་། །བླ་མེད་བྱང་ཆུབ་མྱུར་དུ་ཐོབ་པར་ཤོག ། ༈ བཀྲ་ཤིས་ནི། ན་མོ་གུ་རུ། ཆོས་སྐུ་ཀུན་ཏུ་བཟང་པོ་དག་པའི་གཞི། །ལོངས་སྐུ་རྡོ་རྗེ་སེམས་དཔའ་འགག་མེད་རྩལ། །སྤྲུལ་སྐུ་སེམས་དག་ལྷའི་བུ་མཚོན་པའི་བརྡ། །སྐུ་གསུམ་འདུ་འབྲལ་མེད་པར་དགོས་པའི་ཀློང་། །རྒྱལ་བ་དགོངས་པའི་བརྒྱུད་པ་ངོ་མཚར་ཅན། །བདེ་གཤེགས་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །དགའ་རབ་རྡོ་རྗེ་སྤྲུལ་སྐུ་ཐེག་ཆེན་རིགས། །འཇམ་དཔལ་བཤེས་གཉེན་གྲུབ་ཐོབ་དཔའ་བོའི་ཐུགས། །ཤྲཱི་སིང་ཧ་མཁས་པ་པཎྜི་ཏ། །བཻ་རོ་ཙ་ན་རྒྱ་བོད་ལོ་ཙཱ་བ། །རིག་འཛིན་བརྡ་ཡི་བརྒྱུད་པ་ངོ་མཚར་ཅན། །རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀྲ་ཤིས་ཤོག །མི་ཕམ་མགོན་པོ་སྐལ་ལྡན་ལས་འཕྲོ་ཅན། །བྱང་ཆུབ་རྒྱལ་མཚན་ཟ་ངམ་རིན་ཆེན་དབྱིག །ཁུ་འགྱུར་གསལ་བའི་མཆོག་དང་ནི། །བརྒྱུད་འཛིན་ཆེན་པོ་རིག་འཛིན་ཁྱེད་ཀྱི་བཀྲ་ཤིས་ཤོག །བྱང་ཆུབ་གྲགས་པ་ཤེས་རབ་འབྱུང་གནས་དང་། །རྦ་སྒོམ་ཡེ་ཤེས་རྒྱལ་བ་འཛེང་སྟོན་དང་། །བརྒྱུད་འཛིན་གྲགས་པ་བཞི་ཡི་བཀྲ་ཤིས་ཤོག །དམ་པ་ཇོ་སྲས་རིན་ཆེན་ཀུན་བཟང་དང་། །སྤྲུལ་སྐུ་འོད་འབར་སྐལ་ལྡན་ཡེ་ཤེས་སེང་གེ་དང་། །བརྒྱུད་འཛིན་སྲས་པོ་བཞི་ཡི་བཀྲ་ཤིས་ཤོག །དང་པོ་བྱིན་གྱིས་བརླབས་དང་བར་དུ་ཞལ་ནས་གསུངས་ཤིང་ཐ་མ་རྗེས་སུ་གནང་། །སྙན་བརྒྱུད་ཀྱི་བདེ་གཤེགས་དམ་པ་དང་། །གྲུབ་ཐོབ་ཀྱི་བཀའ་བརྒྱུད་རིམ་པ་རྣམས། །གང་ཟག་གདམས་ངག་གི་བརྒྱུད་པ་ངོ་མཚར་ཅན། །བདེ་གཤེགས་གོང་མ་རྣམས་ཀྱི་སྲས། །དཀའ་པ་དཔག་མེད་སྤྱད་གྱུར་པས། །བདེ་གཤེགས་བྱིན་རླབས་སངས་རྒྱས་དགོངས་པ་མཐོང་། །དབང་གི་དོན་རྟོགས་སེམས་ཉིད་མངོན་དུ་གྱུར། །གྲུབ་ཐོབ་རྟགས་ཚང་ཕུང་པོ་ལྷག་མེད་གཤེགས། །བཀྲ་ཤིས་ཚེ་རིང་འགྲོ་བའི་དོན་ལ་བརྩོན། །རྡོ་རྗེ་ཟམ་པའི་བརྒྱུད་པ་ངོ་མཚར་ཅན། །གྲུབ་ཐོབ་བྱིན་རླབས་ཅན་གྱི་བཀྲ་ཤིས་ཤོག །མངོན་རྫོགས་བྱིན་ཆེ་ཡང་དག་ཐུགས་ཀྱི་ལྷ། །ཞི་ཁྲོའི་ལྷ་ཚོགས་ནམ་མཁའི་མཐའ་དང་མཉམ། །དངོས་གྲུབ་ཆར་ལྟར་འབེབས་པའི་ལྷ་ཚོགས་ངོ་མཚར་ཅན། །ཞི་ཁྲོའི་ལྷ་ཚོགས་ཀུན་གྱི་བཀྲ་ཤིས་ཤོག །དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་ཐུགས་ཀྱི་སྲས། །ཞིང་སྐྱེས་ལ་སོགས་མཁའ་འགྲོ་སྡེ་གསུམ་པོ། །ཟབ་མོའི་བཀའ་སྐྱོང་བྱེད་པར་རང་དམ་རང་གིས་བཅས། དད་ལྡན་ལམ་སྣ་འདྲེན་ཞིང་དམ་ཉམས་སྒྲོལ། །ཞི་ཁྲོའི་སྤྲུལ་པ་འགྱེད་ཅིང་རྟེན་འབྲེལ་སྒྲིགས། །ཐུན་མོང་མཆོག་གི་དངོས་གྲུབ་སྟེར་བའི་ངོ་མཚར་ཅན། །ཞིང་སྐྱོང་མཁའ་འགྲོ་གསུམ་གྱི་བཀྲ་ཤིས་ཤོག །སྐུ་གསུང་ཐུགས་ཀྱི་མཁའ་འགྲོའི་སྲས། །མ་ནོར་མ་བཅོས་སེམས་ཉིས་དོན་སྟོན་པ། །གདོད་ནས་དག་པ་རང་ལ་གསལ་བར་སྟོན། །རྣ་བརྒྱུད་ལུང་གི་བརྒྱུད་པ་ངེས་ཤེས་བསྐྱེད། །སྒོམ་མེད་དོན་གྱི་སེམས་ཉིད་ངོ་བོ་སྤྲོད། །རེ་དོགས་མེད་པར་ཆོས་ཉིད་དབྱིངས་དང་འཕྲད། །དོན་ཉིད་གཏན་ལ་ཕེབས་པའི་བཀྲ་ཤིས་ཤོག །དབང་རྣམས་ངང་གིས་རྫོགས་པས་ལྟོས་མེད་རང་ལ་ཚང་། །སྐུ་ལྔ་རང་ཆས་སུ་གྱུར་པས་བདག་གཞན་འཛིན་པ་མེད། །དོན་རྣམས་གཅིག་ཏུ་རྟོགས་པས་བློ་ཡི་རྟོག་དཔྱོད་འདས། །ཡང་དག་དོན་དེ་གཏན་ལ་ཕེབས་པའི་བཀྲ་ཤིས་ཤོག །རྩེ་གཅིག་སྒྱུ་མའི་ཉམས་ཤར་བདེན་པར་འཛིན་པ་མེད། །དོན་རྣམས་ཉམས་སུ་ཤར་བའི་སྲས། །རྡོ་རྗེའི་ལམ་མཆོག་འདི་ལ་འགྲུབ་ཐོབ་བསམ་མི་ཁྱབ། །སྐལ་ལྡན་འབད་རྩོལ་མ་བྱས་དོན་དེ་ལྷུན་གྱིས་གྲུབ། །རང་དོན་གཞན་ལ་སྨིན་པས་འགྲོ་དོན་རྒྱུན་མི་ཆད། །སྙན་བརྒྱུད་རྡོ་རྗེ་ཟམ་པའི་ལམ་གྱི་སྲས། །ཕྱོགས་སུ་མ་ལྷུང་ཡེ་ཤེས་སྙིང་པོ་ཅན། །བློ་བྲལ་རང་གསལ་ལྟ་བའི་བཀྲ་ཤིས་ཤོག །བྱིང་རྒོད་ཀྱི་དབང་དུ་མ་སོང་བར། །འོད་གསལ་སྙིང་པོ་འགྲོ་འོང་མེད། །མ་གཏད་མ་ཡེངས་སྒོམ་པའི་བཀྲ་ཤིས་ཤོག །སྤོང་ལེན་མ་ཤོར་མ་འགགས་ཞེན་མེད་སྤྱོད། །སྣང་ཡང་འཛིན་མེད་སྤྱོད་པའི་བཀྲ་ཤིས་ཤོག །རེ་དོགས་མ་ཤོར་གཞི་ཤེས་འཛིན་པ་གྲོལ། །ཀ་དག་དབྱིངས་གྲོལ་འབྲས་བུའི་བཀྲ་ཤིས་ཤོག །ཁྱབ་བརྡལ་མ་ཆགས་རྟོག་མེད་འགྲོ་དོན་མཛད། །གཞན་དོན་སུན་མེད་ནམ་མཁའ་ལྟ་བུར་ཁྱབ་པའི་བཀྲ་ཤིས་ཤོག །ཚེ་ཟད་སྐལ་མེད་མ་གཏོགས་པར། །གློ་བུར་ཡེ་འདྲོགས་དབང་དུ་མ་སོང་བར། །སློབ་དཔོན་རྟག་ཏུ་འཛིན་པ་དང་། །རིགས་རྒྱུད་མི་ཆད་ཆུ་བོ་ཆེན་པོ་བཞི་ལྟ་བུའི་བཀྲ་ཤིས་ཤོག །ཆོས་སྐུ་བདེ་ཆེན་ཀུན་བཟང་མན་ཆད་ནས། །ད་ལྟ་བརྒྱུད་འཛིན་གྲུབ་ཐོབ་གང་ཟག་བཅས། །ཐ་མ་དུས་མཐའི་བསྐལ་པ་ཚུན་ཆད་དུ། །དམ་པ་ཆོས་ཀྱི་བསྟན་པ་དར་རྒྱས་ཤིང་། །བརྒྱུད་འཛིན་གྱི་བསྟན་པ་འཕེལ་བའི་བཀྲ་ཤིས་ཤོག །དུས་ད་ལྟ་འདིར་ཚོགས་ཀྱི་སྐལ་ལྡན་ཕོ་མོ་རྣམས། །བདེ་གཤེགས་ལྟུང་བར་མི་འགྱུར་ཞིང་ཁམས་སུ། །དགོངས་པ་ནམ་མཁའ་བཞིན་དུ་འདྲེས་ནས་ཀྱང་། །འགྲོ་བ་མ་ལུས་བདེ་གནས་འདྲེན་པའི་སྨོན་ལམ་འདེབས། །བཀྲ་ཤིས་དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །སྨོན་ལམ་མཐུ་བཙན་པར་གྱུར་ཅིག །དེ་ཁོ་ན་བཞིན་དུ་འགྲུབ་པར་གྱུར་ཅིག །དགེའོ།། །།
བསྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ།
བསྙན་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་འབྲིང་པོ་གདམས་ངག་དང་བཅས་པ་བཞུགས་སོ། །མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། བྱ་བ་ལ་སོགས་པའི་དོན་སྟོན་པ་ལགས་སོ། །དེ་ལ་སྤྱིར་གདམས་ངག་གི་ལུགས་ཀྱི་མཆོད་པར་བརྗོད་པ་མི་འབྱུང་བ་ཡིན་ཏེ། མཆོད་པར་བརྗོད་པ་རྒྱུད་ལུང་ངམ་སྒྲུབ་ཐབ་སམ་བསྟན་བཅོས་ལས་འབྱུང་བའོ། །གདམས་ངག་ལ་མཆོད་པར་བརྗོད་པ་མི་འབྱུང་བའི་རྒྱུ་མཚན་ནི། གདམས་ངག་ཅེས་པ་ནི། རང་གི་རྒྱུད་ལ་ཉམས་སུ་མྱོང་ཚོད་དམ། གོ་ཚོད་དམ། རྟོགས་ཚོད་ཀྱི་དོན་ཉུང་ལ་འདུས་པར་སྟོན་པས་ན། ཀླད་ཀྱི་དོན་མཆོད་པར་བརྗོད་པ་མི་འབྱུང་བའོ། །འབྱུང་ནའང་བརྒྱུད་པའི་བླ་མ་ལ་མཆོད་པར་བརྗོད་པའོ། །རྒྱུད་ལུང་ངམ། སྒྲུབ་ཐབས་སམ། བསྟན་བཅོས་ལ་མཆོད་པར་བརྗོད་པ་འབྱུང་བའི་རྒྱུ་མཚན་ནི། རྒྱུད་ལུང་གི་སྟོན་པའམ། སྒྲུབ་ཐབས་ཀྱི་གཙོ་བོའི་ལྷའམ། བསྟན་བཅོས་རྩོམ་པ་པོ་རྟེན་གྱི་གང་ཟག་གིས་ཡི་དམ་གྱི་ལྷའམ། ཡང་ན་བསྟན་པའི་བདག་པོ་ལ་མཆོད་པར་བརྗོད་པ་ཡིན་ཏེ། དེ་ཡང་ཀླད་དང་། གཞུང་དང་། མཇུག་བསྡུ་བ་ལ་སོགས་པ་མང་ལ་འབྲེལ་བར་སྟོན་པ་ཡིན་པས་ན། ཀླད་ཀྱི་དོན་མཆོད་པར་བརྗོད་པར་འབྱུང་བ་ཡིན་ཏེ། དེ་ཡང་མ་རྟོགས་པ་རྟོགས་པར་བྱ་བའི་ཐབས་ཀུན་རྫོབ་ལུས་ངག་ཡིད་གསུམ་གྱི་ཕྱག་ཡུལ་གཞན་ལ་མཆོད་པར་བརྗོད་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདི་ནི་རྒྱུད་དང་གདམས་ངག་ཡིན་པས། མཆོད་པར་བརྗོད་པ་འདིར་འབྱུང་བའོ། །དེ་ཡང་ཡུལ་གཞན་ལ་མཆོད་པར་མི་བརྗོད་དེ། རྟོགས་པའི་དོན་དེ་གསལ་འདེབས་པ་ཤེས་རབ་དོན་དམ་པའི་ཕྱག་ཉིད་ལ་ཉིད་ཀྱིས་མཆོད་པར་བརྗོད་པའོ། །དེ་ཡང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། སེམས་ལས་སངས་རྒྱས་མེད་པས་མཆོད་པ་གཞན་མི་བྱ། ཞེས་བཤད། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཆོས་ཀྱི་དབྱིངས་ན་གཅིག་པུར་བཞུགས་པའི་ལྷ། །དོན་དམ་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །ཞེས་བཤད། རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རྟོགས་པའི་རིག་པ་གཉིས་མེད་ངང་དུ་འདུད། །ཅེས་བཤད་པས་ན། གཉིས་སུ་མེད་པའི་དོན་བརྗོད་དུ་མེད་པའི་ངང་གཅིག་ཏུ་འདུད་པའོ། །དེ་ཡང་ཚུལ་ལ་ཐབས་ཇི་ལྟར་དུ་མཆོད་པར་བརྗོད་པ་ན། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །ཞེས་པའོ། །དེ་ལ་དང་པོ་མ་ནོར་ཞེས་པའི་དོན་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས། རང་བྱུང་གི་ཡེ་ཤེས་ཆེན་པོ། དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་པའི་དོན། ཆོས་བཞི་དང་ལྡན་པ་དེ་བླ་མས་བརྡ་དང་ངག་གིས་ངོ་སྤྲད་ནས་ཕྱིན་ཅི་མ་ལོག་པར་རྟོག་པས་ན་མ་ནོར་ཞེས་བྱའོ། །མ་ནོར་པའི་དོན་དེ་ལ་ཡར་སངས་རྒྱས་སྒམ་སྟེ་མཛད་དུ་མི་བཏུབ། མར་སེམས་ཅན་སྒྲིན་ཏེ་བསྒྱུར་དུ་མི་བཏུབ། བར་གང་ཟག་གི་བློས་བཅོས་སུ་མེད་པས་ན་མ་བཅོས་ཞེས་བྱའོ། །མ་བཅོས་པའི་དོན་དེ་ཡིད་ཡུལ་ལམ། བསམ་ཡུལ་ལམ། དྲན་ཡུལ་ལ་མི་གནས་ཏེ་བསམ་དུ་མ་བཏུབ་པས་ན་བསམ་འདས་ཞེས་བྱའོ། །བསམ་ལས་འདས་པའི་དོན་དེ་བློའི་ཡུལ་ལམ། དྲན་པའི་ཡུལ་ལམ། ཚིག་གི་ཡུལ་ལ་མི་གནས་ཏེ། སྨྲ་རུ་མ་བཏུབ་པས་ན་བརྗོད་མེད་ཅེས་བྱའོ། །བརྗོད་དུ་མེད་པའི་དོན་དེ་ལས་མི་འདའ་ཞིང་མི་འགྱུར་བར་གནས་པས་ན་ངང་ཞེས་བྱའོ། །དོན་དམ་བསམ་འདས་བརྗོད་དུ་མེད་པའི་ངང་དེ་རང་ཡིན་པར་ངོས་འཛིན་པ་ལས། དེ་ལས་ལྷག་པའི་དོན་ཞིག་གཞན་ནས་བཙལ་དུ་མེད་པས་ན་ལ་ཞེས་བྱའོ། །བསམ་འདས་བརྗོད་དུ་མེད་པའི་ངང་དེ་ལ། གཟུང་འཛིན་བག་ཆགས་ཀྱི་རྟོག་པ་རྡུལ་ཙམ་པ་ཞིག་ཀྱང་མི་གནས་པར་ཕྱགས་པས་ན་ཕྱག་ཅེས་བྱའོ། །གཟུང་འཛིན་གྱི་བག་ཆགས་མི་གནས་པའི་དོན་དེ་ཉིད་གོ་ཞིང་རྟོགས་པ་དེས་ཆོག་པས་ན་འཚལ་ཞེས་བྱའོ། །ལོ་ཞེས་བྱ་བ་ནི། དེས་ཆོག་པའི་དོན་དེ་ལས་བསྟན་དུ་མེད་དེ། ལོ་ཁོ་ཐག་ཆོད་ཅིང་ཡིད་ཚིམ་པས་ན་ལོ་ཞེས་བྱའོ། །དེ་ནི་རྟོགས་པའི་དོན་དེ་གསལ་འདེབས་པས་ཤེས་རབ་དོན་གྱི་ཕྱག་གོ། །དེ་ཡང་། འཕགས་རིམ་ལྔ་པའམ། པཉྩ་དྲ་མ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །ཇི་ལྟར་མར་ལ་མར་བཞག་བཞིན། །རང་གི་རང་ཉིད་ཡེ་ཤེས་འདི། །ལེགས་མཐོང་གང་ཡིན་འདིར་ཕྱག་ཡིན། །ཞེས་བཤད་དོ། །དེ་ནི་ཡང་དག་པའི་མཆོད་བརྗོད་དོ། །དེ་ཡང་སངས་རྒྱས་ཕལ་པོ་ཆེ་ལས། བུདྡྷའི་འདུ་ཤེས་མེད། དྷརྨའི་འདུ་ཤེས་མེད། སཾ་གྷའི་འདུ་ཤེས་མེད་པ་འདི་ནི་ཡང་དག་པའི་མཆོད་པའོ་ཞེས་བཤད་པའོ། །དེས་ན་ཉིད་ལ་ཉིད་ཀྱིས་མཆོད་པར་བརྗོད་པ་ཡིན་ཏེ། རང་གི་སེམས་ཉིད་ཀྱི་དོན་ལ་ཕྱག་འཚལ་བ་བསྟན་པའོ། །དེས་སྔོན་དུ་མཆོད་པར་བརྗོད་པར་བསྟན་པའོ། །གཉིས་པ་བསྟན་པར་དམ་བཅའ་བ་ནི། ཆོས་གཞན་གྱི་ལུགས་ཀྱིས་བཤད་པར་དམ་བཅའ་བ་འབྱུང་བ་ཡིན་ཏེ། གདམས་ངག་འདིའི་ལུགས་ཀྱི་ཆོས་སྤྱིའི་འདོད་ལུགས་འཆད་པ་ལྟ་བུ་ཞིག་མ་ཡིན་ཏེ། དོན་རང་གི་མཚན་ཉིད་བླ་མའི་གདམས་ངག་གིས་སྟོན་པ་ཡིན་པས་ན་བསྟན་པར་དམ་བཅའ་བའོ། །དེ་ལ་དང་པོ་གདོད་ནས་དག་པ་ནི། སེམས་ཉིད་དངོས་པོའི་གནས་ལུགས་དུས་གསུམ་དུ་འདུ་འབྲལ་མེད། གསལ་འགྲིབ་མེད། འགྲོ་འོང་མེད། སྐྱེ་འགགས་མེད་པའི་དོན། ཆོས་བཞི་དང་ལྡན་པ་དེ་ལ་རྣམ་རྟོག་རང་རྒྱུད་དུ་གྲུབ་པ་རྡུལ་ཙམ་གཅིག་ཀྱང་མི་གནས་ཏེ། དོན་དམ་པ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན་གདོད་ནས་དག་པའོ། །སེམས་ཉིད་ཀྱི་དོན་དེ་ལ་བཟང་རྟོག་དང་ངན་རྟོག་གི་བག་ཆགས་གང་ཡང་མི་གནས་པས་ན་བྱང་བའོ། །སྙིང་པོའི་དོན་དེ་འཁོར་འདས་ཀུན་ལ་ཆེ་ཆུང་མེད་པར་མཉམ་པར་ཁྱབ་པས་ན་ཆུབ་པའོ། །དེ་ཡང་རྣམ་པར་རྟོག་པ་མ་ཡིན་ཏེ། སེམས་ཉིད་དངོས་པོའི་གནས་ལུགས་ཡིན་པས་ན་སེམས་ཉིད་དོ། །ཀྱི་ཞེས་བྱ་བ་སྔ་མ་འདི་ནི་ཚིག་གཞུག་གཅོད་པར་བྱེད་པས་ན་ཀྱིས་སོ། །ཉིད་ཀྱི་ངོ་བོ་ཞེས་པ་ནི་གཞན་ནས་མ་ཡིན་ཏེ་རང་ཉིད་ཀྱི་ཡིན་པས་ན་ཉིད་ཀྱི་ངོ་བོའོ། །སྙིང་པོའི་དོན་དེ་སེམས་ཉིད་དངོས་པོའི་གནས་ལུགས་ཀྱི་ངོ་བོ་ཆོས་བཞི་ལྡན་པ་དེ་ཉིད་དོ། །ཀྱི་ཞེས་བྱ་བ་ཕྱི་མ་འདི་གཉིས་ནི་ཚིག་གོང་འོག་གཉིས་འབྲལ་བར་བྱེད་པའི་ཀྱིའོ། །དོན་བསྟན་པ་ནི་གཞན་ཞིག་ནས་བཙལ་ལམ། གཡར་རམ། བཀྲུས་སམ། ཕྱིས་སམ། བརྡར་རམ། སྟོན་པ་ལྟ་བུ་གཅིག་མ་ཡིན་ཏེ། རང་ལ་ཡེ་ནས་ཡོད་པའི་དོན་ངོ་མ་ཤེས་པ་དེ་བླ་མའི་བརྡའ་དང་ངག་གི་ངོ་སྤྲད་ནས་སྟོན་པའོ། །ཚིག་ཏུ་བཤད་ནས། སྨྲ་རུ་མ་བཏུབ་པ་བརྗོད་མེད་ཀྱི་དོན་དེ། ཚིག་མེད་ཀྱི་གནས་སུ་ངོ་སྤྲད་ནས་སྟོན་པའོ། །དེ་ཡང་སྨྲ་རུ་བཏུབ་པ་ཚོ་ཆོས་སྤྱི་དང་རང་གི་མཚན་ཉིད་དུ་གཏན་ལ་ཕབ་ནས། སྨྲ་རུ་མ་བཏུབ་པའི་དོན་དེ་བརྡས་ངོ་སྤྲོད་ནས་དོན་ཉམས་སུ་མྱོང་བའི་དོན་དེ་སངས་རྒྱས་ཀྱིས་གསུངས་པའི་བཀའ་ལུང་མན་ངག་དང་མི་འགལ་བར་སངས་རྒྱས་ཀྱི་དགོངས་པ་ཡིན་ངེས་པར་ཡིད་ཆེས་ཐེ་ཚོམ་མི་ཟ་བར་སྟོན་པའོ། །དེ་ལ་དང་པོ་ཆོས་སྤྱིའི་འདོད་ལུགས་ནི། སྟོན་པ་གསུམ་གྱིས་བསྟན་པའི་ཆོས་ཡིན་ཏེ། དེ་ལ་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་བསྟན་པའི་ཆོས་འཆོས་མདོ་སྡེ་ཡང་སྣང་། མཆན། སྡེ་རྒྱུད་སྡེ་ཀློང་སྡེ་རྣམས་ལས་གསུམ་ཀ་བསྟན། དེ་ཡང་དོན་གང་ལ་དགོངས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་བྱ་བ་གཅིག་ཡོད་དེ། དེ་ཡང་མ་རིག་པས་ལོག་པར་རྟོགས་པའི་འཁྲུལ་པ་རུ་འདུག་པས། དེ་ཡང་མ་འཁྲུལ་བར་འཆོས་པར་བྱ་བའི་ཕྱིར་དུ། གང་ཟག་དབང་པོ་རབ་ཀྱི་ཐ་མ་ལ་འཆོས་སྡེ་རུ་བསྐྱེད་པ་མ་ཧཱ་ཡོ་ག་བསྟན། མ་འཁྲུལ་པའི་དོན་དེ་རྒྱུན་ཆད་མེད་པར་བསྟན་པའི་ཕྱིར་དུ། གང་ཟག་དབང་པོ་རབ་ཀྱི་འབྲིང་ལ་རྒྱུད་སྡེ་རུ་ལུང་ཨ་ནུ་ཡོ་ག་བསྟན། རྒྱུན་ཆད་མེད་པའི་དོན་དེ་མི་འཛད་ཅིང་འགྱུར་བ་མེད་པའི་ཕྱིར་དུ། གང་ཟག་དབང་པོ་རབ་ཀྱི་རབ་ལ་ཀློང་སྡེ་རུ་རྫོགས་པ་ཨ་ཏི་ཡོ་ག་བསྟན་པའོ། །དེ་ཚོ་ནི་གསང་སྔགས་ནང་པ་སྡེ་གསུམ་ཡིན་ཏེ། ཚུལ་ལམ་ཐབས་ཇི་ལྟར་དུ་བསྟན་ན། ཆོས་ཀྱི་སྐུ་དཔལ་སྟོན་པ་ཀུན་ཏུ་བཟང་པོས་གསུངས། འོག་མིན་ཆོས་ཀྱི་དབྱིངས་ནས་བྱིན་གྱིས་བརླབས་ནས་བསྟན་པའོ། །དེ་ལ་ལོངས་སྤྱོད་རྫོགས་པའི་སྐུ་ཡི་སྟོན་པ་དཔལ་རྣམ་པར་སྣང་མཛད་ཀྱིས་བསྟན་པའི་ཆོས། ཀྲྀ་ཡ་ཡོ་ག་ཨུ་པ་ཡ་གསུམ་བསྟན། དེ་ཡང་དོན་གང་ལ་དགོངས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་པས་རྟོག་པ་རགས་སུ་སོང་བའི་ལུས་ངག་ཡིད་གསུམ་དུ་བྱུང་བས་ལུས་ངག་ཡིད་གསུམ་འདུལ་བའི་གཉེན་པོ་རུ། གང་ཟག་དབང་པོ་འབྲིང་གི་ཐ་མ་ལ་ལུས་འདུལ་ཕྱིར་ཀྲྀ་ཡ་བསྟན། གང་ཟག་དབང་པོ་འབྲིང་གི་འབྲིང་ལ་ངག་འདུལ་ཕྱིར་ཡོ་ག་བསྟན། གང་ཟག་དབང་པོ་འབྲིང་གི་རབ་ལ་ཡིད་འདུལ་ཕྱིར་ཨུ་པ་ཡ་བསྟན་པའོ། །དེ་ཚོ་ནི་གསང་སྔགས་ཕྱི་པ་སྡེ་གསུམ་ཡིན་ཏེ། ཚུལ་ལམ་ཐབས་ཇི་ལྟར་དུ་བསྟན་ན། ལོངས་སྤྱོད་རྫོགས་པའི་སྐུའི་སྟོན་པ་དཔལ་རྣམ་པར་སྣང་མཛད་ཀྱིས་འོག་མིན་འཐུག་པོ་བཀོད་པའི་ཞིང་ཁམས་ནས། ཐམས་ཅད་རང་གི་ངོ་བོ་སྐུ་གསུང་ཐུགས་ཀྱི་ངོ་བོ་བརྡས་བསྟན་ནས་བཤད་པའོ། །སྤྲུལ་པ་སྐུའི་སྟོན་པ་ཤཱཀྱ་ཐུབ་པས་བསྟན་པའི་ཆོས། འདུལ་བ་མངོན་པ་མདོ་སྡེ་གསུམ་བསྟན། དེ་ཡང་དོན་གང་ལ་དགོངས་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལུས་ངག་ཡིད་གསུམ་ཡོད་པ་ལ་བརྟེན་ནས་རྟོག་པ་རགས་ཤིང་མང་དུ་སོང་བས། ཉོན་མོངས་པ་གཏི་མུག་འདོད་ཆགས་ཞེ་སྡང་གསུམ་བྱུང་བའོ། །དེ་ཡང་ཉོན་མོངས་པ་གཏི་མུག་འདུལ་བའི་གཉེན་པོ་རུ་གང་ཟག་དབང་པོ་ཐ་མའི་འབྲིང་ལ་མངོན་པ་བསྟན། འདོད་ཆགས་འདུལ་བའི་གཉེན་པོ་རུ་གང་ཟག་དབང་པོ་ཐ་མའི་ཐ་མ་ལ་འདུལ་བ་བ སྟན། ཞེ་སྡང་འདུལ་བའི་གཉེན་པོ་རུ་གང་ཟག་དབང་པོ་ཐ་མའི་རབ་ལ་མདོ་སྡེ་བསྟན་པའོ། །དེ་ཚོ་ནི་རྒྱུ་མཚན་ཉིད་ཀྱི་སྡེ་སྣོད་གསུམ་ཡིན་ཏེ། དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་བསྟན་ན། སྤྲུལ་པ་སྐུའི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། རྒྱ་གར་རྡོ་རྗེ་གདན་བྱ་རྒོད་ཕུང་པོའི་རི་བོ་དུ། སྐུ་དངོས་སུ་བྱོན་ནས་སྡེ་སྣོད་གསུམ་པོ་ཞལ་ནས་ཚིག་སྡེབ་སྦྱོར་ལེགས་པར་གསུངས་སོ། །དེ་ཚོ་ནི་དབང་པོ་རབ་འབྲིང་ཐ་མ་གསུལ་ལ་དགོངས་ནས། ཐེག་པ་རིམ་པ་དགུ་རུ་བསྟན་པའོ། །དེ་ཡང་ལུང་མཆོག་བླ་མ་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ། །གྲངས་མེད་གསུམ་གྱི་སངས་རྒྱས་ས་ལ་སླེབས། །ཀྲྀ་ཡ་ཡོ་ག་ཨུ་པ་ཡ་དང་གསུམ། །མི་ཚེ་གསུམ་གྱི་སངས་རྒྱས་ས་ལ་སྦྱོར། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ། །མི་ཚེ་གཅིག་གི་སངས་རྒྱས་ལག་ཏུ་ལེན། །ཞེས་བཤད་དོ། །གཏི་མུག་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། འདོད་ཆགས་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལས་གྱུར་པ་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། དུག་གསུམ་སྤྱི་མཐུན་ལས་གྱུར་པར་ཉོན་མོངས་པ་ཉི་ཁྲི་ཆིག་སྟོང་། ཉི་ཁྲི་གསུམ་ལ་དྲུག་ཁྲི། ཆིག་སྟོང་གསུམ་ལ་སུམ་སྟོང་། དེའི་སྟེང་དུ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་བསྣན་པས་ཉི་ཁྲི་བཞི་ལ་བརྒྱད་ཁྲི། ཆིག་སྟོང་བཞི་ལ་བཞི་སྟོང་། དེ་རུ་ཉོན་མོངས་པ་བརྒྱད་ཁྲི་དང་བཞི་སྟོང་དུ་བྱུང་བ་ནི། གཏི་མུག་འདུལ་བའི་གཉེན་པོ་རུ་མངོན་པ་ཉི་ཁྲི་ཆིག་སྟོང་གཅིག་གསུངས། འདོད་ཆགས་འདུལ་བའི་གཉེན་པོ་རུ་འདུལ་བ་ཉི་ཁྲི་ཆིག་སྟོང་གཅིག་གསུངས། ཞེ་སྡང་འདུལ་བའི་གཉེན་པོ་རུ་མདོ་སྡེ་ཉི་ཁྲི་ཆིག་སྟོང་གཅིག་གསུངས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་དང་ཆིག་སྟོང་གི་གཉེན་པོ་རུ། འདུལ་བ་མངོན་པ་མདོ་སྡེ་གསུམ་སྤྱི་མཐུན་ལ་གྱུར་པ་ཆོས་ཀྱི་སྒོ་མོ་ཉི་ཁྲི་དང་ཆིག་སྟོང་གསུངས་པའོ། །དེ་རུ་ཉོན་མོངས་པའི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གི་གཉེན་པོ་རུ། ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་དང་བཞི་སྟོང་གཅིག་གསུངས་པ་ནི། གཉེན་པོའི་དོན་སྤྲོས་པ་ལ་དགོངས་ནས་གསུངས་པ་ཡིན་ཏེ། གཏི་མུག་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ་མངོན་པ་ཉི་ཁྲི་ཆིང་སྟོང་གསུངས་པ་ཡིན། འདོད་ཆགས་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ་འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། ཞེ་སྡང་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ་མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། དུག་གསུམ་ཆ་མཉམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོ་རུ། སྡེ་སྣོད་གསུམ་པོ་ཆ་མཉམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གསུངས་པ་ཡིན། ཞེས་བཤད་དོ། །དེ་ཡང་ཉོན་མོངས་པའི་སྒོ་མོ་ཁ་ཕྱེ་བས་རྟེན་འབྲེལ་བཅུ་གཉིས་སུ་བྱུང་བ་ནི། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་དང་། མིང་གཟུགས་དང་། སྐྱེ་མཆེད་དྲུག་དང་། རེག་པ་དང་། ཚོར་བ་དང་། སྲེད་པ་དང་། ལེན་པ་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་ཤི་དང་བཅུ་གཉིས་སུ་བྱུང་བའོ། །དེ་ཡང་ཆོས་ཀྱི་སྒོ་མོ་ལ་བྱེ་བྲག་ཏུ་ཕྱེ་བས་གསུང་རབ་མདོའི་སྡེ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟར་འདས་པའི་སྡེ་དང་། སྐྱེས་པ་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་སྡེ་དང་། གཏན་ལ་དབབ་པའི་སྡེ་དང་། དབྱངས་སུ་བསྙད་པའི་སྡེ་དང་བཅུ་གཉིས་སུ་བཤད་པའོ། །དེ་ནི་བྱེ་བྲག་ཏུ་དབྱེ་བའི་དོན་ལ་དགོངས་ཏེ་རྒྱས་བསྡུས་འབྲིང་དུ་བཀའ་བསྩལ་ལོ། །དེ་ཡང་ཉོན་མོངས་པའི་སྒོ་མོ་བསྡུས་ན། ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་འདུས་ཏེ། དེ་ཡང་གཏི་མུག་གི་ངོ་བོ་མ་རིག་པ་རུ་བྱུང་། འདོད་ཆགས་ཀྱི་རང་བཞིན་འཁྲུལ་པ་རུ་ཤར། ཞེ་སྡང་གི་མཚན་ཉིད་སྡུག་བསྔལ་དུ་ཉམས་སུ་མྱོང་བའོ། །རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །དེ་ནས་ཆོས་ཀྱི་སྒོ་མོ་བསྡུ་ན་བསླབ་པ་གསུམ་དུ་འདུས་ཏེ། སྤྲོས་པ་མེད་པའི་དོན་རིག་ཅིང་གསལ་བར་རྟོགས་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ་བྱུང་། འདུ་བྱེད་ཀྱི་བློ་མེད་པའི་ངང་ལ་ཚུལ་བཞིན་དུ་གནས་པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་བྱུང་། ཉོན་མོངས་པའི་རྣམ་པར་རྟོག་པ་གང་ལའང་མི་གནས་ཤིང་ཆོས་ཀྱི་དོན་དང་ནམ་ཡང་མི་འབྲལ་བར་བརྟན་པས་ན། ལྷག་པ་བསམ་གཏན་གྱི་བསླབ་པ་བྱུང་ངོ་། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྤྲོས་མེད་རྟོགས་པ་ཤེས་རབ་ཡིན། །འདུ་བྱེད་མེད་པ་ཚུལ་ཁྲིམས་ཡིན། །གནས་མེད་མི་འབྲལ་བསམ་གཏན་ཡིན། །ཞེས་བཤད་དོ། །དེ་ནི་ཧྲིལ་གྱིས་བསྡུ་བའི་དོན་ལ་དགོངས་ཏེ་ཉུང་ལ་འདུས་པ་རུ་བཀའ་སྩལ་ཏོ། །དེ་ཡན་ཆད་ནི་ཆོས་སྤྱིའི་རྣམ་པར་འདུས་པ་ཡིན་ཏེ། དཔེར་ན་རྡོ་རྗེ་གདན་མཐོང་མ་མྱོང་བ་གཅིག་ལ་རྡོ་རྗེ་གདན་གྱི་མཚན་ཉིད་བཤད་པས། རྡོ་རྗེ་གདན་དེ་འདྲ་གཅིག་ཡོད་ཚོད་དུ་འདུག་སྙམ་པ་ལས། དོན་ལྷག་གེར་རྟོགས་པ་མེད་པ་དང་འདྲའོ། ༈ །གཉིས་པ་དོན་རང་གི་མཚན་ཉིད་དུ་ཉེ་བར་བསྡུས་ནས་སྙིང་པོའི་དོན་ལ་སྦྱོར་བ་ནི། དེ་ཡང་དོན་རང་གི་མཚན་ཉིད་བརྗོད་དུ་མེད་པའི་དོན་དེ། ཚིག་མེད་པའི་བརྡ་རུ་མཚོན་ནས་སྟོན་པ་ཡིན་པས། དེ་ཡང་དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡའ་བཞིས་རྒྱུད་ལ་སྦྱར་བས། གསལ་བ། མི་རྟོག་པ། བདེ་བ། ངོ་བོ་དབྱེར་མི་ཕྱེད་པ་རྒྱུད་ལ་འཆར་བས། གསལ་བ་གནད་ཀྱི་བརྡས་སྤྲོས་པ་མེད་པའི་དོན་དེ་རང་གི་སེམས་ཉིད་དུ་རིག་ཅིང་། རང་གི་སེམས་ཉིད་དུ་གསལ་བར་རྟོགས་པས། ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག་པ་སྟེ། ཆོས་ཀྱི་སྒོ་མོའི་རྩ་བ་སྤྲོས་པ་མེད་པར་རྟོགས་པ་ལྷག་པ་ཤེས་རབ་ཀྱི་བསླབ་པའོ། །མི་རྟོག་པ་གནད་ཀྱི་བརྡས་འདུ་བྱེད་མེད་པའི་དོན་དེ་རང་གི་སེམས་ཉིད་བློའི་རྟོག་པ་ཅི་ཡང་མི་གནས་པ། མི་རྟོག་པ་ཆོས་ཉིད་ཀྱི་ངང་ངམ་ཚུལ་དེ་ལས་མི་འདའ་བ་གཅིག་ཏུ་རྟོགས་པས། ཉོན་མོངས་པའི་སྒོ་མོ་རྩ་བ་རང་བཞིན་འཁྲུལ་པ་ཆོད་པ་དེ། ཆོས་ཀྱི་སྒོ་མོའི་རྩ་བ་འདུ་བྱེད་མེད་པར་གནས་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པའོ། །བདེ་བ་གནད་ཀྱི་བརྡས་གནས་པ་མེད་པ་མི་འབྲལ་བའི་དོན་དེ་རང་གི་སེམས་ཉིད་ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ། ཉོན་མོངས་པའི་རྣམ་པར་རྟོག་པ་གང་ལ་ཡང་མི་གནས། ཆོས་ཉིད་ཀྱི་དོན་དང་ནམ་ཡང་མི་འབྲལ་བར་བརྟན་པ་གཅིག་ཏུ་རྟོགས་པས། ཉོན་མོངས་པའི་རྩ་བ་མཚན་ཉིད་སྡུག་བསྔལ་དང་བྲལ་བ་དེ། ཆོས་ཀྱི་སྒོ་མོའི་རྩ་བ་གནས་པ་མེད་པར་མི་འབྲལ་བ་ལྷག་པ་བསམ་གཏན་གྱི་བསླབ་པའོ། །དབྱེར་མི་པྱེད་པ་གནད་ཀྱི་བརྡས་ཆོས་སྤྱིའི་འདོད་ལུགས་བསླབ་པ་གསུམ་གྱི་དོན་དེ། དོན་རང་གི་མཚན་ཉིད་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ། གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་པར་འདུག་ཀྱང་། དོན་ལ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་འདུག་པ་ལ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་ཏུ་རྟོགས་པའོ། །དེ་ཡང་བླ་མས་བརྡར་བསྟན་དུ་བྱུང་བས་ནི་ཆོས་ཀྱི་ཆོས་ཉིད། རང་གི་རྒྱུད་ལ་ཉམས་སུ་མྱོང་བས་ན་སེམས་ཀྱི་སེམས་ཉིད། དཔེར་ན་ནམ་མཁའི་དཀྱིལ་ལྟ་བུ་རྒྱ་ཆད་ཕྱོགས་ལྷུང་མེད་དོ། །རྟོག་མེད་དུ་ལྷུན་གྱིས་གྲུབ་པ་ལ། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། འདུ་ཤེས་དང་བྲལ་བས་ནམ་མཁའི་མཚན་ཉིད་གཉིས་གསུམ་གཅིག་ཏུ་འདྲེས་པ་འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ། རང་རིག་དང་པོའི་ས་རུ་ཚུད་པ་ཞེས་བྱའོ། །དེ་ཙ་ན་བསམ་པའི་བློ་ཟད་བརྗོད་པའི་ཚིག་ཟད་པས་ཆོས་ཐམས་ཅད་ཀྱི་ཚིག་དོན་མ་ལུས་པར་མཐའ་རུ་ཕྱིན་ཏེ། ཟད་ས་རུ་སྐྱོལ་བའོ། །དེ་ཡང་མདོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པ་ལས། ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེག་པའི་མཐའ་ལ་ཐུག་པ་མེད། །འདུ་ཤེས་མེད་ཅིང་གནས་མེད་ན། །ཐེག་པ་མེད་ཅིང་འགྲོ་འོང་མེད། །ཅེས་བཤད། ཤེས་རབ་སྙིང་པོ་ལས། ཆོས་མེད་དོ། །ཞེས་བཤད་དོ། །དོན་དེ་ལྟ་བུ་གོ་ཞིང་རྟོགས་ནས་མངོན་དུ་གྱུར་ན་སངས་རྒྱས་པ་རང་ཡིན་གསུངས་སོ། །དེ་ཡང་བདེན་ནམ་བྱས་ན། མན་ངག་སངས་རྒྱས་ཀྱིས་གསུངས་པའི་རྒྱུད་ལུང་དང་མི་འགལ་བས་ཤེས་ཏེ། དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཡེ་ནས་ཆོས་སྐུར་གནས་པ་ལ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །ཡང་དེ་ཉིད་ལས། ཡེ་ནས་ཡིན་པའི་དོན་དེ་རྟོགས་ནས་རྟོགས་པ་བརྟན་པ་དེ་ལ་འབྲས་བུར་བཏགས་ཞེས་བཤད་དོ། །ལུང་འཕགས་པ་འདའ་ཀ་ཡེ་ཤེས་ལས། སེམས་ནི་ཡེ་ཤེས་འབྱུང་བའི་རྒྱུ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །རྒྱུད་སྡེ་དང་སྒྲུབ་སྡེའི་དོན་བསྡུས་པ། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་བཙལ་བས་མི་རྙེད་དེ། །རང་སེམས་རྟོགས་ན་སངས་རྒྱས་ཡིན། །དེ་ལས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །དཔལ་དགྱེས་པ་རྡོ་རྗེའི་བརྟག་པ་གཉིས་པ་ལས། སེམས་ཅན་ཐམས་ཅད་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དག་ན་སངས་རྒྱས་ཉིད། །ཅེས་བཤད་དོ། །གློ་བུར་གྱི་དྲི་མ་ནི་ཉོན་མོངས་པའི་སྒོ་མོའི་རྩ་བ། ངོ་བོ་རང་བཞིན་མཚན་ཉིད་གསུམ་གྱིས་སྒྲིབ་པའོ། །དེ་ཡང་བླ་མའི་བརྡ་དང་ངག་གིས་རྒྱུད་ལ་སྦྱར་བས། ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག །རང་བཞིན་འཁྲུལ་པ་ཆོད། མཚན་ཉིད་སྡུག་བསྔལ་དང་བྲལ་ནས། དྲི་མ་དག་པ་ཆོས་ཀྱི་སྒོ་མོའི་རྩ་བ་བསླབ་པ་གསུམ་གྱི་དོན་གསལ་བ། མི་རྟོག་པ། བདེ་པ་གསུམ་ངོ་བོ་དབྱེར་མི་ཕྱེད་བྱ་བའམ། ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་དག་པ་ནི་སངས་རྒྱས་དེ་ཉིད་ཡིན་པར་བཤད་དོ། །དེ་ནི་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་རྟོགས་ན། སངས་རྒྱས་ཀྱི་དགོངས་པ་ཡིན་པས་དེ་ལ་ཚུལ་བཞིན་དུ་གནས་ན། སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་དེ་རང་ཡིན་ནོ། །དེ་ཡང་མདོ་སྡེ་ངེས་པར་འཇོག་པ་ལས། དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྦྱང་། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད་དོ། །དེ་བས་ན་ཉོན་མོངས་པའི་རྩ་བ་ངོ་བོ་མ་རིག་པ་དག །རང་བཞིན་འཁྲུལ་པ་ཆོད། མཚན་ཉིད་སྡུག་བསྔལ་དང་བྲལ་བས་ན། སྡིག་པ་ཅི་ཡང་མི་བྱ་བ་ཡིན། ཆོས་ཀྱི་སྒོ་མོའི་རྩ་བ་བསླབ་པ་གསུམ་གྱི་དོན་གསལ་བ། མི་རྟོག་པ། བདེ་བ་གསུམ་དུ་སྤྱོད་པས་ན། དགེ་བ་ཕུན་སུམ་ཚོགས་པར་སྤྱད་པ་ཡིན་ནོ། །གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན། རང་གི་སེམས་ཉིད་བློའི་རྟོག་པ་ལ་མི་གནས་པར་ཐུལ། སེམས་ཉིད་དོན་དམ་པ་བློའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པས། དེ་བླ་མའི་བརྡའ་དང་ངག་གིས་སྨྲ་རུ་བཏུབ་པ་ཚིག་ཏུ་བཤད། སྨྲ་རུ་མ་བཏུབ་པའི་དོན་བརྡས་ངོ་སྤྲད་ནས་བསྟན་པ་དེ། སངས་རྒྱས་ཀྱི་དགོངས་པ་བསྟན་པ་ཡིན་པས་ན། དེ་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད་དོ། དོན་དེ་ལ་གནས་ན་སངས་རྒྱས་ཀྱི་བསྟན་པ་ལ་གནས་པའོ། །དེ་ཡན་ཆད་ཀྱིས་གང་ཐལ་ན་སྔོན་དུ་མཆོད་པར་བརྗོད་ཅིང་བསྟན་པ་དམ་བཅའ་བའི་སྐབས་ཐལ་ལོ། །དེ་ཡང་གང་ཟག་དབང་པོ་རབ་ཀྱིས་ཆོས་ཟབ་མོའི་མཚན་ཐོས་པའམ། མཆོད་པར་བརྗོད་པའམ། བསྟན་པར་དམ་བཅའ་བ་ཙམ་གྱིས་གྲོལ་བ་ཡང་ཡོད། གང་ཟག་དབང་པོ་འབྲིང་གིས་གཞུང་ཐོས་པ་ཙམ་གྱིས་གྲོལ་བ་ཡང་ཡོད། གང་ཟག་དབང་པོ་ཐ་མ་ལ་ཞིབ་ཚགས་འབྲུ་བསྣོན་དཔེ་དོན་མན་ངག་དང་མི་འགལ་བར་སྟོན་དགོས་པ་ཡང་ཡོད་པ་ཡིན་པས། དེ་ལ་དང་པོ་གདམས་ངག་འདིས་མཚོན་པའམ། མཆོད་པར་བརྗོད་པའམ། བསྟན་པར་དམ་བཅའ་བ་ཙམ་གྱིས་མ་གྲོལ་ན། ༈ །གཉིས་པ་གདམས་ངག་རྡོ་རྗེ་ཟམ་པ་འདིའི་གཞུང་སྟོན་པ་ལ་གསུམ་སྟེ། གོང་དུ་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོའི་གནས་ལུགས་ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ་དེ། སངས་རྒྱས་ཀྱི་དགོངས་པ་ཡིན་ངེས་པར་སྟོན་པ་ནི། ༈ །དོན་དང་པོ་སངས་རྒྱས་པ་ཡིན་ངེས་པར་གཏན་ལ་འབེབས་པའི་དུས་དང་གཅིག །བར་དུ་གཏན་ལ་ཕེབས་པའི་དུས་དང་གཉིས། ཐ་མ་ཉམས་སུ་ཤར་བའི་དུས་དང་གསུམ་མོ། །དེ་ཡང་དཔེར་ན། ཆང་མིག་གིས་མཐོང་བ་དང་། རོ་ཞིམ་པ་རུ་ཤེས་པ་དང་། གཟི་བས་ནང་རྟགས་ཕྱི་རུ་ཤར་བ་དང་འདྲའོ། ༈ །དོན་དང་པོ་གཏན་ལ་འབེབས་པའི་དུས་ལ་གསུམ་སྟེ། རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་དང་གཅིག །སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་གཉིས། རེ་དོགས་མེད་པས་དབྱིངས་ལ་གཏད་པ་དང་གསུམ་མོ། །བར་དུ་གཏན་ལ་ཕེབས་པའི་དུས་ལ་ཡང་གསུམ་སྟེ། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་དང་གཅིག །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བར་གཏན་ལ་ཕེབས་པ་དང་གཉིས། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པར་གཏན་ལ་ཕེབས་པ་དང་གསུམ་མོ། །ཐ་མ་ཉམས་སུ་ཤར་བའི་དུས་ལ་ཡང་གསུམ་སྟེ། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །བྱ་བ་དང་གཅིག །སྐལ་ལྡན་འབད་པ་མེད་པར་གྲོལ། །བྱ་བ་དང་གཉིས། གྲོལ་བ་རང་བྱུང་གཞན་ལས་མིན། །བྱ་བ་དང་གསུམ་མོ། །དེང་མཆོད་པར་བརྗོད་ཅིང་བསྟན་པར་དམ་བཅའ་བ་ལ་ཚིག་རྐང་གཉིས། གདམས་ངག་གི་གཞུང་གི་རྩ་བ་ལ་ཚིག་རྐང་དགུ་སྟེ། བཅུ་གཅིག་ཏུ་བསྟན་པའི་གཞུང་དེ་ཐོས་པ་ཙམ་གྱིས་གྲོལ་ན། གང་ཟག་དབང་པོ་ཐ་མ་ལ་འབྲུ་བསྣོལ་ཞིབ་ཚགས་སམ། དཔེ་གཅིག་དོན་གཅིག་མན་ངག་གིས་བཀའ་ལུང་དང་མི་འགལ་བར། ཡིད་ཆེས་ཐེ་ཚོམ་མི་ཟ་བར་སྟོན་པའོ། །དེ་ལ་དང་པོ་རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་ལ། གོ་བ་དང་། ཚིག་གཉིས་ཏེ། གོ་བ་ནི་དོན་མདོར་བསྡུས་པ་ཡིན་ལ། ཚིག་ནི་དེའི་དོན་རྒྱས་པར་བཤད་པའོ། །དེ་ཡང་དང་པོ་གོ་བ་ལ་རྣ་བརྒྱུད་ཅེས་པ་ནི། གང་ཟག་གི་སྙན་ནས་སྙན་དུ་བརྒྱུད་པ་རྣམས་སོ། །ལུང་གི་ཞེས་པ་ནི། རིག་འཛིན་པ་བརྡའམ་ལུང་བསྟན་པ་ཙམ་གྱིས་གྲོལ་བ་རྣམས་སོ། །དེ་ཡང་དང་པོ་རྣ་བརྒྱུད་སྔོན་ལ་ཡོང་བ་ནི། རང་ལ་དྲིན་ཆེ་བའི་བླ་མ་གོང་མས་སྙན་ནས་རྣ་བ་རུ་བརྒྱུད་ནས་སྟོན་པའམ། ཚིག་སྡེབ་སྦྱོར་ལེགས་པར་བྱ་བའི་ཕྱིར་དུ་བསྟན་པའོ། །ལུང་གི་ཞེས་པ་ནི། རིག་པ་འཛིན་པ་རྣམས་སོ། །བརྡའམ་ལུང་བསྟན་པ་ཙམ་གྱིས་གྲོལ་བའོ། །གཏེར་ཆེན་དགྲོལ་བ་ཞེས་པ་གོ་བ་ནི། དབུལ་འཕོངས་སུ་གྱུར་པས་གཏེར་རྙེད་པའི་དཔེས་མཚོན་པ་ཡིན་ཏེ། དེ་ཡང་རྒྱ་གར་གྱི་ཡུལ་སིངྒལ་བྱ་བ་ན། ཡབ་ཚོང་དཔོན་ཕྱིའི་རྒྱ་མཚོ་ལ་ནོར་བུ་ལེན་པའི་རིགས་གཅིག་གིས། ཕྱི་རབས་ལ་ཕན་པ་སྲིད་སྙམ་ནས། སྒྱེད་པོ་མ་སྒྱེད་མི་སྒུལ་བ་དེའི་འོག་ཏུ་གསེར་ཕྱེ་བུམ་པ་གང་སྦས་ནས་བཞག་པས། དུས་ལན་གཅིག་ཚོང་དཔོན་དེ་གྲོངས་ནས། བཟའ་མི་དེ་མིན་ཚོ་ཟད་པའི་ལྷག་མ། བུ་མོ་ལྟོག་མ་གཅིག་ལུས་ནས་ཡོད་པ་ལ། ཡུལ་གཅིག་ན་གཏེར་སའི་དཔྱད་ཤེས་པའི་མི་ས་འོག་ས་སྟེང་ས་བླ་གསུམ་ན་གཏེར་རམ་ནོར་ཅི་ཡོད་པ་མཐོང་བ་གཅིག་ཡོད་པས། ལན་ཅིག་སིངྒ་ལའི་ཡུལ་དེ་རུ་བརྟོལ་ནས་བལྟས་པས། དབུལ་མོ་བཟའ་བ་དང་གྱོན་པ་ཅི་ཡང་མེད། ནོར་དུ་རས་གོས་ཧྲུལ་པོ་གཅིག་ལས་མེད་པ། དེ་ཡང་ཉིན་མོ་སྨད་དུ་དཀྲིས་ནས་འཚོ་བ་བྱ་འཚོལ་བྱིའུ་འཚོལ་བྱེད་དོ། །ནང་ལྟོ་ནང་འཚོལ་ནུབ་ལྟོ་ནུབ་འཚོལ་བ། ནུབ་མོ་རས་གོས་དེ་གཉིས་ལྟེབ་གཅིག་བྱས་ནས་བཤུལ་དུ་བཀབ་ནས་ཉལ་བ་ལས་གཞན་ཅི་ཡང་མེད་པའི་དབུལ་མོ་དེའི་སྒྱེད་པོ་མ་སྒྱེད་དེའི་འོག་ན། ཕས་གཏེར་དུ་སྦས་པའི་གསེར་བུམ་པ་གང་འདུག་པ་དེ་མཐོང་ནས། གཏེར་སའི་དཔྱད་ཤེས་པའི་མི་དེས། དབུལ་མོ་དེའི་དྲུང་དུ་ཕྱིན་ནས། དབུལ་མོ་ཁྱེད་ལ་བཟའ་བ་དང་། གྱོན་པ་ཅི་ཡང་མེད་དམ་ཞེས་དྲིས་པས། མོ་ན་རེ་ཁྱེད་ཅི་འདོད་པ་ཡིན། ང་ལ་ནི་ཅི་ཡང་མེད་དོ་ཟེར་བས། གཏེར་སའི་དཔྱད་ཤེས་པའི་མི་དེས། དབུལ་མོ་དེའི་དྲུང་དུ་ཕྱིན་ནས། ཁྱེད་རང་གི་སྒྱེད་པོ་མ་སྒྱེད་ཀྱི་འོག་ན། ཡབ་ཀྱིས་སྦས་པའི་གསེར་བུམ་པ་གང་འདུག་གི། དེ་ཁྱེད་རང་ཐོན་ལ་བདེ་བར་ལོངས་སྤྱོད་དང་། གཞན་སུ་ལ་ཡང་རག་མ་ལུས་པར་ཡོད་ཅིང་བྱས་པས། མོ་ན་རེ། ཅང་བདེན་ནམ་བདེན་ན་དང་དགའ་སྟེ། ང་བྱ་བ་བསོད་ནམས་ཆུང་བས་ཡོད་ཤེས་ཀྱང་ངས་མི་རྙེད་བྱས་པས། རྙེད་འོང་ཞིང་དེ་ཐོན་ལ་བདེ་བར་ལོངས་སྤྱོད་ཅིག་བྱས་པས། གལ་ཏེ་བདེན་ནམ་སྙམ་ནས་བལྟས་པས། སྒྱེད་པོ་མ་སྒྱེད་ཀྱི་འོག་ནས་གསེར་ཕྱེ་བུམ་པ་གང་རྙེད་ནས་དེ་ལ་མོས་ཆ་གསུམ་དུ་བགོས་ནས། ཆ་གཅིག་བླ་མ་དང་དཀོན་མཆོག་ལ་མཆོད་པའི་ཕུད་དུ་བཅད། ཆ་གཅིག་ལོང་སྤྲང་དང་ཡུལ་དེའི་རྒྱལ་པོ་ལ་ཁྲལ་དང་སྦྱིན་པར་བཅད། དུས་དེ་ཙ་ན་རྒྱལ་པོ་བླས་འཚོ་བ་བྱ་བ། སོ་ནམ་བྱ་མི་དགོས་པར་ཁྲལ་གྱིས་འཚོ་བ་ཡིན་སྐད། མངའ་བདག་དཔལ་འཁོར་བཙན་བཞུགས་པའི་དུས་སུ། རྒྱལ་པོའི་སྲས་གཅིག་གིས་ཡར་ཀླུངས་རོག་པ་རྩ་རུ་བྱོན་པས། རྒན་མོ་གཅིག་གིས་ནས་ཕུང་གཅིག་ལ་བཟང་ངན་གསུམ་དུ་ཕྱེ་ནས་འདུག་པ་ལ། རྒྱལ་བུ་དེས་ནས་ཚན་པ་གསུམ་དུ་འབྱེད་པ་ཅི་ཙུག་ཡིན་བྱས་པས། རྒན་མོ་ན་རེ། ནས་ཀྱི་སྙིང་པོ་བཟང་ཤོས་འདི། བླ་མ་དང་དཀོན་མཆོག་གཉན་པས་མཆོད་པའི་ཕུད་དུ་བཅད་པ་ཡིན། འབྲིང་པོ་ནི་ངེད་རང་གིས་སོ་ནམ་དཀའ་བས་བྱས་པ་ཡིན་པས། འཚོ་བའི་རྒྱག་བྱེད་པ་ཡིན། ངན་ཤོས་འདི་རྒྱལ་པོ་དང་ལོང་སྤྲང་ལ་ཁྲལ་དུ་འཇལ་བ་དང་སྦྱིན་པར་གཏོང་བ་བྱེད་པ་ཡིན་ཟེར་བས། དེ་རུ་རྒྱལ་བུ་དེ་ཕོ་བྲང་དུ་བྱོན་ནས། ངེད་རང་རྒྱལ་པོ་ཀུན་སོ་ནམ་བྱེད་དགོས་པར་འདུག །རྒྱལ་པོའི་དཔྱ་དང་ལོང་སྤྲང་གི་ཡོན་ལ་ནས་ངན་ཤོས་སྟེར་བ་ཡིན་འདུག །ངེད་རྒྱལ་པོ་དང་ལོང་སྤྲང་མཉམ་པོར་བྱེད་པ་འདུག་ཟེར་ནས། དེ་ནས་བོད་ཀྱི་རྒྱལ་པོ་སོ་ནམ་ལ་ཚུད་པ་ལགས་སྐད། རྒྱ་གར་ན་ད་ལྟ་ཡང་རྒྱལ་པོ་བླས་འཚོ་བ་ཡོད་པ་ཡིན་སྐད་དོ། །དེ་ཡང་དབུལ་མོས་གཏེར་རྙེད་པ་དེས་ཡར་བླ་མ་དང་དཀོན་མཆོག་ལ་མཆོད་པ། མར་རྒྱལ་པོ་དང་ལོང་སྤྲང་དཔྱ་འབུལ་ཞིང་སྦྱིན་པ་གཏོང་བ། བར་མོ་རང་གི་བཟའ་གོས་ལ་སོགས་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་དུ་བྱུང་བས། གཞན་ལ་རག་མ་ལུས་པའི་དཔེ་དེ་བཞིན་ནོ། །གདམས་ངག་འདི་རང་གི་བརྒྱུད་པའི་བླ་མ་རྣམས་ཀྱིས་ཡེ་ནས་བདེ་བར་གཤེགས་པའི་སྙིང་པོ་རང་གི་རྒྱུད་ལ་ཡོད་པའི་སེམས་ཉིད་མ་ནོར་ཞིང་འཁྲུལ་པ་མེད་པའི་གཏེར་ཆེན་པོ་དེ་བླ་མའི་བརྡ་དང་ངག་ལ་བརྟེན་ནས། མ་རིག་པས་གཏེར་སྒོ་བསྡམས་པ་དེ་བཀྲལ་བས། གཏེར་ཆེན་པོ་གསེར་བུམ་པ་གང་ཡོད་དེ་རྙེད་པས་དབུལ་མོས་ཡར་ལ་མཆོད་རྒྱུ་བྱུང་བ་བཞིན་དུ། སངས་རྒྱས་ཀྱི་དགོངས་པ་ལོན། མར་ལ་སྦྱིན་རྒྱུ་བྱུང་བ་དང་འདྲ་བར། སེམས་ཅན་ལ་ཐུགས་རྗེས་སྐྱོབ། རང་ཉིད་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད་དུ་བྱུང་བ་བཞིན་དུ། དོན་རང་གི་སེམས་ཉིད་རྟོགས་པས། གཟུང་འཛིན་གྱི་རྣམ་པར་རྟོག་པ་དང་བྲལ་ནས། འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ། ཆོས་ཉིད་ལ་ལོངས་སྤྱད་དུ་བྱུང་བའོ། །དེ་ཙ་ན་ཐར་པ་གཞན་ལ་རག་མ་ལུས་ཏེ། སངས་རྒྱས་ཁོ་ན་རང་ཉིད་དོ། །དེ་ནི་གཏེར་ཆེན་གྲོལ་བའི་གོ་བ་དབུལ་མོས་གཏེར་རྙེད་པའི་དཔེས་མཚོན་པའོ། །གཏེར་ཆེན་དགྲོལ་བའི་ཚིག་ལ་གཉིས་ཏེ། རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་དང་། གང་ཟག་གདམས་ངག་གིས་གྲོལ་བའི་བརྒྱུད་པའོ། །དང་པོ་རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་ལའང་གོ་བ་དང་། ཚིག་གཉིས་ཏེ། རིག་འཛིན་བརྡས་གྲོལ་བའི་གོ་བ་ནི། དང་པོ་རིག་འཛིན་ཞེས་པ་ནི། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་རིགས་རྒྱུད་འཛིན་པ་ཡིན་ལ། བརྡས་གྲོལ་བ་ནི་ཚིག་མང་པོ་བཤད་མ་དགོས་ཏེ། བླ་མ་གོང་མས་བརྡའ་བསྟན་པ་ཙམ་གྱིས་གྲོལ་བའོ། །བརྒྱུད་པ་ནི་རྡོ་རྗེ་སེམས་དཔའ་ནས། བཻ་རོ་ཙ་ན་ཡན་ཆད་དུ། གཅིག་ནས་གཅིག་ཏུ་ཕྲེང་མ་ཆད་པར་བརྒྱུད་པའོ། །དེ་ཡང་ཚུལ་ལམ་ཐབས་ཇི་ལྟར་དུ་བརྒྱུད་ན། དེ་ལ་གཏམ་རྒྱུད་འདི་བྱུང་སྟེ། དང་པོ་ཆོས་འདི་འབྱུང་བའི་ཁུངས་ནི། རྒྱ་གར་གྱི་ཡུལ་ཡིན་པས། རྒྱ་གར་ཡུལ་དེ་ན་གླིང་ཆེན་པོ་དགུ་ཡོད་དེ། དེ་ཡང་ཤར་ཕྱོགས་ན་བྷངྒ་ལའི་གླིང་། ལྷོ་ཕྱོགས་ན་བྷེ་ཏ་ལའི་གླིང་། ནུབ་ཕྱོགས་ན་ཨོ་རྒྱན་གྱི་གླིང་། བྱང་ཕྱོགས་ན་ཁ་ཆེའི་གླིང་། ཤར་ལྷོ་མཚམས་ན་ཁམས་བུའི་གླིང་། ལྷོ་ནུབ་མཚམས་ན་ཟངས་གླིང་། ནུབ་བྱང་མཚམས་ན་ཟ་ཧོར་གྱི་གླིང་། བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་། དབུས་ན་རྒྱ་གར་རྡོ་རྗེ་གདན་དང་དགུ་ཡོད་པ་ལས། གླིང་དེ་ཚོ་ལས་ཆོས་འདི་འབྱུང་བའི་གནས་ནི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ཡིན་ནོ། །དེ་ལ་སྤྱིར་རྒྱ་གར་གྱི་ཡུལ་ན་ཆོས་སྐྱོང་བའི་རྒྱལ་པོའི་རིགས་དྷརྨཱ་རཱ་ཛ་བྱ་བ་དང་། སྲིད་སྐྱོང་བའི་རྒྱལ་པོའི་རིགས་ཨུ་པ་རཱ་ཛ་བྱ་བ་གཉིས་ཡོད་པ་ལས། ཆོས་སྐྱོང་བའི་རྒྱལ་པོའི་རིགས་དེ་གཅིག་སྐྱེས་གཉིས་སྐྱེས་དྷརྨ་རཱ་ཛ་བྱ་བ་རུ་འོང་སྟེ། དེ་ཡང་ལས་དགེ་བའི་ལས་མིན་པ་སྡིག་པའི་ལས་ཡིད་ལ་མི་འགྱུ། བྱེད་ཀྱང་མི་ཕྱེད། འདོད་ཀྱང་བྱ་བའི་དབང་མེད། བྱས་ན་ཆོས་སྐྱོང་བའི་རྒྱལ་པོའི་རྒྱལ་སྲིད་མི་ཟིན་ནོ། །སྲིད་སྐྱོང་བའི་རྒྱལ་པོའི་རིགས་དེ་གཅིག་སྐྱེས་གཉིས་སྐྱེས་ཐམས་ཅད་ཨུ་པ་རཱ་ཛ་བྱ་བ་རུ་ཡོང་སྐད། དེ་ལ་ལས་དམག་དང་སྡིག་པའི་ལས་མིན་པ་དགེ་བའི་ལས་ཡིད་ལ་བྱ་ཡང་མི་འགྱུ། བྱེད་ཀྱང་མི་བྱེད། འདོད་ཀྱང་བྱ་བའི་དབང་མེད། བྱས་ན་སྲིད་སྐྱོང་བའི་རྒྱལ་པོའི་རྒྱལ་ས་མི་ཟིན་པ་ཡིན་སྐད་དོ། །དེ་ཡང་ཆོས་སྐྱོང་བའི་རྒྱལ་པོ་དྲི་མེད་གཙུག་ཕུད་ཤཱཀ་བཟང་གི་རིགས་མཚན་དྲི་མེད་གཙུག་ཕུད་ཤཱཀ་བཟང་བྱ་བའི་བཙུན་མོ་དམ་པ་བྱ་བ་ལ་སྲས་མོ་མཚར་སྡུག་འོད་དུ་འབར་བ། མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འགྲོ་བས་བལྟ་བའི་འོས་སུ་གྱུར་པས། བལྟས་པས་ཆོག་མི་ཤེས་པ་གཅིག་སྐུ་འཁྲུངས་ཏེ། དེར་ཡབ་ཀྱི་ཞལ་ནས། ངའི་སྲས་མོ་འདི་འགྲོ་བ་གཞན་ལ་བསྟན་པར་ཕངས་ཟེར་ནས། ཕོ་བྲང་དགུ་ཐོག་གི་རྩེ་ལ་འཚོ་བའི་མ་མ་དང་བཅས་པ་བཞུགས་སུ་བཅུག་གོ། །དེའི་དུས་དེའི་ཚེ་ཆོས་སྐྱོང་བའི་རྒྱལ་པོ་དེ་ལ་རྒྱལ་བུ་མེད་པས་གདུང་བརྒྱུད་ཆད་འགྲོ་བར་འདུག་སྟེ། དེའི་དུས་སུ་ཆོས་ཀྱི་སྐུའི་ཆོས་ཀྱི་སྐུ་དཔལ་བདེ་བ་ཆེན་པོ། ཆོས་ཀྱི་སྐུའི་ལོངས་སྤྱོད་རྫོགས་སྐུ་དཔལ་ཀུན་ཏུ་བཟང་པོ། ཆོས་ཀྱི་སྐུའི་སྤྲུལ་པའི་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེ་ཡང་ཐུགས་ཆོས་སྐུ། གསུང་ལོངས་སྐུ། སྐུ་སྤྲུལ་པའི་སྐུ་ཡིན་པས། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྣམ་པར་དག་པའི་ངང་ནས། ཐུགས་རྗེས་འགྲོ་བའི་དོན་དུ་འབྲས་བུ་གསང་སྔགས་ཀྱི་དོན་སྟོན་པར་སྤྲུལ་པ་བཀྱེ་བ། སེམས་དག་པ་ལྷའི་བུ་ཞེས་བྱ་བ་དེ། འོག་མིན་ལྷའི་གནས་ན་བཞུགས་པའི་ཚེ། ལྷའི་དབང་པོ་བརྒྱ་བྱིན་གྱིས་མཁྱེན་ནས། ལྷའི་བུ་སེམས་དག་པ་ཁྱེད་ནི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འགྲོ་བ་མིའི་ཡུལ་དུ་འབྲས་བུ་གསང་སྔགས་ཀྱི་ཆོས་སྟོན་པར་སྤྲུལ་པ་ཡིན་པས། ཞེས་དྲན་པ་བསྐུལ་བས་དེ་རུ་སེམས་དག་པ་ལྷའི་བུས་རྡོ་རྗེ་སེམས་དཔའི་སྤྲུལ་པ་ཡིན་པར་རང་ངོ་རང་གིས་ཤེས་ནས། ལྷོ་འཛམ་བུའི་གླིང་དུ་ཆོས་སྐྱོང་བའི་རྒྱལ་པོ་དྲི་མེད་གཙུག་ཕུད་ཤཱཀ་བཟང་གི་གདུང་གསོབ་པ་ལ། སྲས་མོ་མཛེས་མ་དང་ལྡན་པའི་ལྷུམས་སུ་ཞུགས་པ་ཡིན་ཏེ། དེ་ཡང་ཟམ་པ་ཆེན་པོ་དབང་གི་མན་ངག་ལས། ཡང་སྤྲུལ་དགའ་རབ་རྡོ་རྗེ་དེ། །འཛམ་བུའི་གླིང་དུ་རྒྱལ་ཐེབས་བྱོན། །ཞེས་བཤད་དོ། །དེ་ཡང་ཇི་ལྟར་དུ་བྱོན་ན། གླང་གི་ལོ། ཟླ་བ་དཔྱིད་ར་བ། སྐར་མ་རྒྱལ། ཟླ་བ་ཉའི་གདུགས་ཉི་མ་རྩེ་ཤར་ལ། སྲས་མོ་མཛེས་མ་དང་ལྡན་པའི་དྲུང་དུ། བྱ་གཡུ་བྱ་ཁུ་བྱུག་གཅིག་ཏུ་སྐུ་སྤྲུལ་ནས། ཀུ་ཁུག་ཀུ་ཁུག་པ་ལན་གསུམ་དུ་སྐད་བཏོན་ནས་སོང་སྟེ། ང་དོ་ནུབ་འོང་ངོ་བྱ་བའི་བརྡར་བྱུང་སྟེ། དོ་ནུབ་སྲོད་ལ་ཁྱེའུ་ཆུང་མཚར་སྡུག་འོད་དུ་འབར་བ་གཅིག་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་འགྲོ་བས་བལྟ་བའི་འོས་སུ་གྱུར་པ། བལྟས་པས་ཆོག་མི་ཤེས་པ། སོ་དུང་སོ་འཁོར་བ། སྨིན་མ་གཡུའི་སྨིན་མ། དབུ་སྐྲ་ལེའུ་རུ་འགྲོལ་བ་གཅིག་བྱུང་ནས། སྦྱོར་བ་མཛད་ནས། ནངས་པར་ཐོ་རངས་ཁར་ནམ་མཁའ་ལ་སྐུ་གཤེགས་ནས་སོང་ངོ་། །དེ་ནས་སང་ཕོད་དེའི་དུས་ཚོད་དུ་སྲས་མོ་དེ་ལ། སྲས་པོ་མཚན་དང་ལྡན་པ་དཔེ་བྱད་དང་ལྡན་པ་གཅིག་འཁྲུངས་ཏེ། ཡབ་ལ་ངོ་ཚ་ནས་ལོ་བདུན་གྱི་བར་དུ་གསང་ངོ་། །དེ་ནས་སྲས་མོ་དེས་རྒྱལ་པོ་དེ་ལ། ང་ལ་སྲས་འདི་ལྟ་བུ་གཅིག་མངའ་ན་བྱས་ནས་བསྟན་པས། དེར་ཡབ་རྒྱལ་པོས་དེ་ལ་མཚན་བལྟས་ནས། དེའི་འཕྲོ་ལ་ལིང་གིས་བརྒྱལ་ནས་འདུག་གོ། །དེ་ནས་ཡབ་དེ་བརྒྱལ་སངས་ཙ་ན་སྲས་མོ་དེས་ཡབ་རྒྱལ་པོ་ལ་མ་མཉེས་སམ་བྱས་པས། ཡབ་རྒྱལ་པོའི་ཞལ་ནས། ང་མི་དགའ་བ་ཅི་མཆི། ཁྱོད་ཀྱི་བུ་འདི་རིགས་བྱེད་ལྷའི་སྤྲུལ་པ་གཅིག་འདུག་པ། རིགས་ནི་ཐེག་པ་ཆེན་པོའི་རིགས་བྱེད་པ་མཛེས་ཤིང་ཡབ་མི་མངའ་བས་ན། ལྷའི་སྤྲུལ་པ། འདིའི་དྲིན་ལས་ཐེག་པ་ཆེན་པོའི་ཆོས་སྐད་ཅིག་མས་དོན་རྟོགས་ནས་ཚེ་ད་རེས་གཅིག་པུས་སངས་རྒྱ་བའི་ཆོས་ཟབ་མོ་གཅིག་དར་འོང་བར་འདུག་པ་ལ། ང་རྒས་པས་སྤྱན་ཆབ་ཤར་གྱིས་བྱུང་བ་ཡིན་སྐད། སྤྱན་ཆབ་བྱུང་ཡང་བུ་དེ་ལ་དགའ་བ་ཡིན་པས། སྲས་མོ་མི་ནོངས་པར་རབ་ཏུ་སོང་སྟེ། བུ་རྡོ་རྗེ་སེམས་དཔའི་ཡང་སྤྲུལ་ཡིན་པས། དེ་བས་ན་དགའ་རབ་རྡོ་རྗེ་ཞེས་བྱ་བ་རུ་མཚན་བཏགས་སོ། །དེ་ནས་དགའ་རབ་རྡོ་རྗེས་ལོ་བརྒྱད་ལོན་ཙ་ན། ཡུམ་འདི་རུ་བདེ་བར་བཞུགས་ཤིག །འདི་ནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། རོ་མཆོག་བདེ་བའི་ཚལ། མེ་ཏོག་ཨུ་དུམ་ཝ་རའི་གླིང་། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན། སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་ཡོད་པས། ང་དེ་རུ་སྒྲུབ་པ་ལ་འགྲོ། དུས་ད་རེས་ཀྱི་མི་ལུས་འདི་ལ་དམ་པའི་ཆོས་གཅིག་མ་འགྲུབ་ན། འཇིག་རྟེན་འདིའི་རྒྱལ་སྲིད་བཙན་ཡང་ནུབ་གཅིག་གི་རྨི་ལམ་ཙམ་ལས་མེད་པས་དེ་དུས་སུ་མི་ཕན་ནོ་གསུངས་ནས། ཡུམ་ལ་ཕྱག་བཙལ་ཞུ་བ་བྱས་ནས་བྲག་ཕུག་ཡུ་བ་ཅན་དུ་སྒྲུབ་པ་ལ་གཤེགས་སོ། །དེ་ནས་ཡང་གླང་གི་ལོ་ཟླ་བ་དཔྱིད་ར་བ། སྐར་མ་རྒྱལ། ཟླ་བ་ཉའི་གདུགས་པར་ཉི་མའི་ཟེར་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་གསུམ་རྣམ་པར་དག་པའི་སྤྲུལ་པ་སེམས་དག་པ་ལྷའི་བུ་ཞེས་བྱ་བ་སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ། འོད་ཀྱི་ལུས་ཅན་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། སྐུ་གཅེར་བུ་དབུ་སྐྲ་ལེའུ་འགྲོལ་བ་ལ་པ་ཏི་སྔོན་པོའི་ཤམ་ཐབས་གསོལ་བ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་བསྣམས་པ། གཡོན་ན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། དེ་ལྟ་བུ་གཅིག་གིས་ཕྱག་གཡས་པའི་རྡོ་རྗེ་དགའ་རབ་རྡོ་རྗེའི་སྤྱི་བོ་རུ་བཞག་ནས། ཞལ་འཛུམ་པ་དང་བཅས་ཏེ། ཨ་ཧ་ཧོ་འི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་དབྱེར་མི་ཕྱེད་པ། དོན་དེ་དབྱེར་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲ་ཞག་བདུན་གྱི་བར་དུ་མ་ཡལ་བར་ཏིང་ངེ་འཛིན་ཐུན་གཅིག་ཏུ་སོང་ངོ་། །ཡང་ན། ཨ་ཧ་བྱ་བ་ནི་སྐྱེ་འགགས་མེད་བྱ་བ་ཡིན་ལ། ཧོའི་བྱ་བ་དེ་གཉིས་མེད་དབྱེར་མི་ཕྱེད་པའི་དོན་དེ་ཐུགས་ཁར་ཕེབས་བྱ་བ་ཡིན་གསུང་ངོ་། །ཏིང་ངེ་འཛིན་དེ་ལས་བཞེངས་ཙ་ན། རྗེས་ཀྱི་ཤེས་པ་ལ། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ། ཆོས་བཞི་དང་ལྡན་པ། མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ། བྱས་པ་དང་བཅོས་པ་མེད་པར། རང་གསལ་དུ་ལྷག་གིས་རྒྱུད་ལ་ཤར་ཞིང་རྟོགས་སོ། །དོན་དེ་མི་བརྗེད་མི་ཡལ་བར་བྱ་བའི་བརྗེད་རྡོ་རུ། སེམས་དག་ལྷའི་བུས་ཨ་ཝན་དྷ་ར་ཞེས་བརྡའ་བསྟན་པས། བོད་ཀྱི་སྐད་དུ་ཁྱེད་རང་ནམ་མཁའ་དག་པ་ལ་འཇའ་གསལ་བ་འདི་ལ་ལྟོས་དང་བྱས་པའི་བརྡའ་རུ་བྱུང་ནས། མདུན་གྱི་ནམ་མཁའ་དག་པའི་དཀྱིལ་ན་འཇའ་གཅིག་ཤར་ནས་འདུག་པ་དེ་ལ་དགའ་རབ་རྡོ་རྗེས་བལྟས་པས། ནམ་མཁའ་དག་པ་དེ་དམིགས་སུ་མེད་པ་ཆོས་དབྱིངས་ཀྱི་བརྡའ། འཇའ་ཁ་དོག་ལྔ་དང་གསལ་བར་ལྡན་པ་དེ་དམིགས་མེད་ཀྱི་དོན་དེ་མ་འགགས་པར་རིག་ཅིང་གསལ་བ་ཡེ་ཤེས་ཀྱི་བརྡའ། དེ་ཉིད་ཐ་དད་དུ་མ་སོང་སྟེ་དབྱེར་མི་ཕྱེད་དེ། དབྱིངས་ཡེ་ཤེས་གཉིས་སུ་མེད་པའི་བརྡའ། སེམས་དག་ལྷའི་བུའམ་འཇའ་གསལ་བ་དེ་སྣང་བའི་གཟུགས་སུ་མ་འགགས་པར་གསལ་བ་དེ་མཚོན་པར་བྱེད་པ་ཐབས་ཀྱི་བརྡའ། རེག་པའི་གཟུགས་སུ་མ་གྲུབ་པ་དེ་དམིགས་སུ་མེད་པ་ཤེས་རབ་ཀྱི་བརྡའ། དེ་གཉིས་ཐ་དད་དུ་མ་སོང་སྟེ། ངོ་བོ་དབྱེར་མེད་གཅིག་ཏུ་འདུག་པ་དེ་ཐབས་དང་ཤེས་རབ་གཉིས་སུ་མེད་པ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། དོན་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ། ནམ་མཁའ་དག་པ་ལ་འཇའ་གསལ་བ་ལྟ་བུ་གཅིག་རྟོགས་སོ། །དེར་ཞིང་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་འབར་མའི་གདོང་ཅན་དང་། ལས་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་མཁའ་ལ་གཤེགས་མ་དང་། སྔགས་ལས་སྐྱེས་པའི་མཁའ་འགྲོ་མའི་གཙོ་མོ་མཁའ་ལ་སྤྱོད་མ་དང་གསུམ་ཡང་མདུན་དུ་ཤར་གྱིས་བྱུང་ནས། དགའ་རབ་རྡོ་རྗེ་ལ་ཆོས་ཟབ་མོ་འདི་ལྟ་བུའི་བཀའ་སྐྱོང་བའི་ཆོས་སྐྱོང་ངེད་བྱེད་པ་ཡིན་ནོ། །འདི་བསྒྲུབ་ཅིང་བསྲུང་བ་ལ་དངོས་གྲུབ་སྟེར། ཉམས་སུ་མི་ལེན་ཅིང་དམ་ཚིག་མི་བསྲུང་བ་ལ་བཀའི་ཆད་པ་གཅོད་པ་ཡིན་ནོ་གསུངས་ནས། དགའ་རབ་རྡོ་རྗེ་ལ་བྱིན་གྱིས་ཀྱང་བརླབས། སྲོག་སྙིང་ཡང་ཕུལ་ནས། གཞན་གྱིས་མ་བཅོལ་ཉིད་ཀྱིས་ཞལ་བཞེས་མ་བྱ་བ་ཡིན་པས་རང་དམ་རང་གིས་བཅས་པའི་བཀའ་སྐྱོང་གི་མཁའ་འགྲོ་སྡེ་གསུམ་བྱ་བ་བྱིན་རླབས་དང་ནུས་མཐུ་ཤིན་ཏུ་ཆེ་བ་ཡིན་པས། ཆོས་འདི་གཉན་པ་ཡིན་པས་དམ་ཚིག་ཤིན་ཏུ་གཙང་དགོས་པ་ལགས་སྐད་དོ། །དེ་ཡང་སེམས་དག་ལྷའི་བུས་སློབ་དཔོན་དགའ་རབ་རྡོ་རྗེ་ལ་བསྟན་པ་ཙམ་གྱིས་རྟོགས། །རྟོགས་པ་ཙམ་གྱིས་དོན་མངོན་དུ་གྱུར་ཏེ། སྒྲིབ་པ་ལ་སྦྱངས་དཀའ་བ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དེ་ཉིད་དུ་དག །ཐོབ་པ་ལ་དཀའ་བ་ཐུན་མོང་གི་དངོས་གྲུབ་དང་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་བྱུང་བའམ། ཡང་ན་ནོར་བུ་རིན་པོ་ཆེ་སྔོན་ལ་རྙེད་པ་དེ་ལ་གསོལ་བ་བཏབ་ན་དགོས་འདོད་འཕྲལ་ལ་འབྱུང་བ་ལྟ་བུར་གྱུར་པའོ། །དེ་ནི་སློབ་དཔོན་དགའ་རབ་རྡོ་རྗེའི་ལོ་རྒྱུས་སོ། །དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེས་འགྲོ་བའི་དོན་དུ་བྱིན་གྱིས་བརླབས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་དད་པ་རང་བཞིན་གྱིས་ཤར་ཏེ། དཔེར་ན། ཉི་མ་ལ་ཉེ་རིང་གི་རྟོག་པ་མེད་ཀྱང་། སྣོད་བཅུད་གཙང་མའི་ནང་དུ་འཆར་བ་བཞིན་དུ། ནམ་ཐོ་རངས་གཅིག་ན། ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་བས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་གཅིག་ཡོད་དུ་གཤའ་བར་འདུག་པ་ལ། དེ་ཡང་གཞན་ན་དྲི་བའི་ཁ་ན་མེད་དེ། གྲོང་ཁྱེར་སེར་སྐྱའི་སྒོ་ཁ་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་བཞུགས་པས། དེ་ལྟ་བུའི་ཆོས་གཅིག་ཡོད་ན་དེ་རུ་ཁུང་ཆོད་ཡོང་སེམས་ནས་ཕྱོགས་དེར་རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལ་སྤྱན་གཡས་པས་གཟིགས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལ་སྤྱན་གཡོན་པས་གཟིགས་ནས། འོ་པཎྜི་ཏ་རྣམས་ལགས། བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པར་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མི་འདུག་པས། སྐད་ཅིག་མའི་དོན་རྟོགས་ནས། ཚེ་ད་རེས་གཅིག་པུས་སངས་རྒྱ་བའི་ཆོས་གཅིག་ཡོད་དུ་གཤའ་བར་འདུག་པ་ལས། དེ་ལྟ་བུ་གཅིག་མེད་ན་དེ་རིང་སང་དུས་བཏབ་པའི་མི་ཡང་སྟབས་ཁ་ཨེན་རེས་འཛོལ་ནས། མི་འཕྲད་པར་འགྲོ་བར་འདུག་པ་ལ། ལན་གཅིག་ཅི་ཚུགས་སུ་འགྲོ་རང་ཅི་ཆ་བྱས་ནས་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅི་ཡང་མི་གསུང་། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་སྤྱན་ཟུར་གྱིས་བརྡས་བསྐུལ་ནས། མིག་ལོག་བྱས་འོག་མ་དག་དེས་ལན་བཏབ་པ། དེ་ལྟ་བུ་ཤེས་པ་འོ་སྐོལ་གྱི་འདི་ན་མེད། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན། དཔལ་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། མེ་ཏོག་ཨུ་དུམ་ཝ་ར་འབྱུང་བའི་གླིང་། རོ་མཆོག་བདེ་བའི་ཚལ། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན་བསྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ཡོད་པས། དེ་ན་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་ཞུགས་ཏེ། དེ་ལ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའི་སྤྲུལ་པ་སེམས་དག་ལྷའི་བུ་ཞེས་བྱ་བས་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གི་འཚང་རྒྱ་བའི་ཆོས་ཁོང་ལ་ཡོད་པ་ཡིན་པས་དེ་རུ་ཕྱིན་ན་ཡོང་། གཞན་གང་ན་ཡང་དེ་ལྟ་བུའི་ཆོས་ཤེས་པ་མེད་ཟེར་སྐད། དེ་ཡང་ནུབ་ཕྱོགས་ཞེས་པ་ནི། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡིན་ཏེ། ཡང་ན་ཉོན་མོངས་པའི་རྣམ་པར་རྟོག་པ་མི་སྐྱེ་བར་ནུབ་འགྲོ་བས་ན་ནུབ་ཕྱོགས་སོ། །དཔལ་ཨོ་རྒྱན་གྱི་ཡུལ་ནི། དེ་ལ་དཔལ་ནི་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །ཡང་ན་ཕོ་སྐྱེས་དཔའ་བོར་གྱུར་ལ་མོ་སྐྱེས་དཔའ་མོ་རུ་འབྱུང་བའོ། །ཨུ་རྒྱན་གྱི་ཡུལ་ནི་མེ་ཏོག་ཨུ་དུམ་ཝ་རས་བརྒྱན་པའི་ཡུལ་ཡིན་ལ། ཡང་ན་གནས་གཞན་ལས་ཁྱད་པར་འཕགས་ཏེ། དཔའ་བོ་དང་དཔའ་མོ་རང་བཞིན་གྱིས་འབྱུང་བའི་གནས་ཡིན་པས་ཨོ་རྒྱན་དང་འདྲ་སྟེ། ཀུན་གྱི་སྤྱི་བོར་ཁུར་བའི་འོས་སུ་གྱུར་པའོ། །དྷ་ན་ཀོ་ཤའི་གླིང་ནི། དྷ་ན་སེམས་ངལ་བསོ་བ། ཀོ་ཤ་ནི་ཡིད་སྐྱོབ་པར་བྱེད་པ། གླིང་ནི་སེམས་མ་བཅོས་པར་གནས་པ་ཞིག་འོང་བའོ། །ཕྱིའི་རྒྱ་མཚོ་ཆེན་པོ་ནི་ཆུ་བ་ཚྭ་ཅན་བཏུང་དུ་མི་བཏུབ་པ། འགྲམ་ཞེས་པ་ནི་རྒྱ་མཚོ་དེའི་ཆུ་འགྲམ་ལ་ཡར་ནས་ཡར་ལ། རོ་མཆོག་བདེ་བའི་ཚལ་ནི། བཟའ་ཤིང་གི་ནགས་དང་ཚལ་ཡོད་དེ། དེ་དག་ཟོས་པའི་རོ་མཆོག་གིས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་བསྐྱེད་ནུས་པའོ། །དེ་ལྟར་ཕྱི་རིམ་ན་ཡར་ལ་མེ་ཏོག་ཨུ་དུམ་ཝ་ར་མཐིང་ག་ཤ་སྟག་འབྱུང་བའི་གླིང་ཆགས་པའོ། །དེ་ལྷོ་ཕྱོགས་ཡིན་པས། མཐིང་ག་དེའི་མདངས་རི་རབ་ལ་ཕོག །རི་རབ་ཀྱི་མདངས་རྒྱ་མཚོ་ལ་ཕོག །རྒྱ་མཚོའི་མདངས་ནམ་མཁའ་ལ་ཕོག་པས། ལྷོ་འཛམ་བུའི་གླིང་པའི་ནམ་མཁའ་མཐིང་ཁ་དེ་བཞིན་དུ་ལགས་སྐད། དུར་ཁྲོད་ནི། ཆོས་ཅན་གྱི་རྣམ་པར་རྟོག་པ་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་ཐིམ་པས་དུར། ཁྲོད་ནི་རིག་པའི་ཡེ་ཤེས་སྐྱེ་འགགས་མེད་པར་གནས་པའི་ཁྲོད། གསེར་གླིང་ནི། གསེར་གྱི་གླིང་ནས་རྡོ་གཞན་མི་འབྱུང་བ་བཞིན་དུ། དུར་ཁྲོད་ཆེན་པོ་གསེར་གླིང་དེ་རུ་ཐ་མལ་གྱི་རྟོག་པ་རང་རྒྱུད་པ་མི་སྐྱེ་བའོ། །ཧེ་ཆེན་བརྡལ་ནི། ཆོས་ཉིད་གཉིས་སུ་མེད་པའི་དོན་ལ་དགྱེས་པ་ཆེན་པོ་ཕྱོགས་རིས་མེད་པ། དེ་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་སུ་ཁྱབ་པར་བརྡལ་བའོ། །སྒྲུབ་པའི་གནས་ནི། མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འགྲུབ་ཅིང་ཐོབ་པར་བྱེད་པའི་གནས་སོ། །གསེར་གྱི་བྲག་ཞེས་པ་ནི། ཆོས་ཉིད་གསེར་བཞིན་དུ་རྐྱེན་གྱིས་མི་འགྱུར་བའོ། །ཕུག་ནི། ཟབ་མོའི་དོན་དམིགས་སུ་མེད་པའོ། །ཡུ་བ་ཅན་ནི། ཆོས་ཉིད་ཟབ་མོའི་དོན་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུ་དེ་རྟོགས་ནས། གྲུབ་ཐོབ་ཕྲེང་བ་མ་ཆད་པར་ཡུ་བ་བཞིན་དུ་བྲེང་ངེར་ཡོང་བ་ལ་ཟེར་བའོ། །འོ་ན་དེ་ལྟ་བུའི་གནས་མཚན་ཉིད་དང་ལྡན་པ་དེ་རུ་འགྲོ་བ་ལ་དཀའ་སླ་དང་ཉེ་རིང་ཇི་ཙམ་ཡོད་ཅེས་དྲིས་པས། དཀའ་སླ་ནི་ཤིན་ཏུ་དཀའ་སྟེ། མི་མེད་པའི་ལུང་སྟོང་ལ་ཟླ་བ་བཅུ་གསུམ་དུ་འགྲོ་དགོས་ཏེ། ལམ་ན་གཅན་གཟན་མ་རུང་པ་དང་། སྤྲུལ་གདུག་པ་ཅན་དང་། མི་དང་མི་མ་ཡིན་དང་ལྷ་མ་ཡིན་ལ་སོགས་པ་ཡོད། གཅན་གཟན་གདུག་པ་གཅན་དང་འཕྲད་ན་ཁྲུམ་གྱིས་ཟོས་ནས་འགྲོ། སྦྲུལ་གདུག་པ་ཅན་དང་འཕྲད་ན་དུག་སྦྲུལ་གྱི་ལྕེ་ཡུག་བྱས་པས། སྣག་མ་ཚོ་ཁ་རུ་སིབས་ལ། རུས་པ་ཚོ་ཐང་ལ་དཀར་སྤུངས་ཀྱིས་འགྲོ། མི་མ་ཡིན་དང་འཕྲད་ན་ཁྱུར་གྱིས་མིད་ནས་འགྲོ། ལྷ་མ་ཡིན་དང་འཕྲད་ན་སྐད་ལྷང་གི་བཏོན་པ་ཙམ་གྱིས་མིག་ཁྲག་འཕྲུལ་གྱིས་འཆི་བ་ཡོང་། དཀའ་སླ་ཉེ་རིང་དེ་ཙམ་དུ་མེད་ན་ངེད་ཀྱང་འགྲོ་སྟེ་གསུངས་སྐད། དེ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་ག་རེ་ངའི་ལུས་འདི་ལ་ཁོང་གིས་བསད་ནས་ཤི་ཡང་སེམས་ནི་སློབ་དཔོན་དགའ་རབ་རྡོ་རྗེའི་གམ་དུ་ཅི་བརྟོལ་ཅིག་བྱེད་དགོས། སློབ་དཔོན་གྱི་ཐུགས་ཀྱིས་མཁྱེན་ནས་ངའི་སེམས་ལ་བྱིན་གྱིས་བརླབ་ཏུ་འོང་བས། སེམས་འཁོར་བ་རུ་གཏན་དུ་མ་འཁྱམས་ན། ལུས་ད་རེས་གཅིག་པོ་ལ་ཤི་དང་མ་ཤི་མེད་ཀྱི་སེམས་ནས། ཐེ་ཚོམ་མ་ཟོས་པར་གཤེགས་པས། ཟླ་བ་རིལ་པོ་བཅུ་གསུམ་ན་རི་བྲག་གཅིག་ཏུ་བརྟོལ་ཏེ། བཙུན་པ་ཧྲལ་པོ་ཕྱག་ན་མདའ་ལྔ་དང་གཞུ་གཅིག་བསྣམས་པ། ཤམ་ཐབས་ཐོད་དུ་བཅིང་བ་གཅིག་དང་འཕྲད་དེ། ག་རེ་གཞན་འདི་རུ་སུ་ཡང་ཡོང་བའི་དོན་མེད་དེ། སློབ་དཔོན་དགའ་རབ་རྡོ་རྗེ་ཡིན་པ་ལས་འོས་མེད་གཅིག་སེམས་ནས་སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ་བ་ལ། ཆག་ཆག་འདེབས་པའི་ཆུ་མ་རྙེད་པས། སློབ་དཔོན་གྱི་ཞལ་ནས། ཁྱོད་རང་ལ་ལུས་འདུག་པ་ལ་གསུངས་ནས། དེ་རུ་ག་རེ་ང་ལ་ལུས་ཡོད། ལུས་ལ་རྩ་ཡོད། རྩ་ལ་ཁྲག་ཡོད་སེམས་ནས། ལུས་ལ་གཏར་ཁ་བྱས་སུ་བཏུབ་པའི་རྩ་ཚོ་སྤུ་གྲི་ཀ་མ་ལས་གཤགས་ནས། མཎྜལ་བཤམས་པ་ལ་ཁྲག་གིས་ཆག་ཆག་བཏབ། གསེར་གྱི་ཚོམ་བུ་བཀོད་ནས། ལྷ་ཕྱག་མང་པོ་བཙལ། བསྐོར་བ་ལན་མང་པོ་བྱས་ནས། སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་འཚལ་ཞེས་གསོལ་བ་བཏབ་པས། ཅི་ཡང་མི་གསུང་བར་དུར་ཁྲོད་ཆེན་པོ་དེ་རུ་གཤེགས་ནས་སོང་ངོ་། །དེའི་ཕྱིར་འབྲངས་ནས་ཕྱག་དང་བསྐོར་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས། ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཀྱང་ཅི་ཡང་མི་གསུང་ནས། ད་འོ་སྐོལ་ལ་གདམས་ངག་མི་གནང་བར་འདུག་པས་ཡུལ་དུ་ཕྱིན་ན་ནི་ལུས་ལ་ཡང་བར་ཆད་ཡོང་སྟེ། སེམས་ཀྱང་གཏན་དུ་འཁོར་བ་རུ་འཁྱམས་ཉེན་ཡོད་པས་ང་རང་འདི་རུ་ལྕེབས་ལ་ཤི་ནས་བསྡད་དགོས། ངའི་ལུས་འདི་ཤི་ཡང་སེམས་ལ་སློབ་དཔོན་གྱི་བྱིན་གྱིས་བརླབས་ནས་འཁོར་བ་རུ་གཏན་ལ་མི་འཁྱམས་པ་དགོས་ཏེ་ཡོང་བསམ་ནས། ཀ་པ་ལི་ནས་སྤུ་གྲི་ཀ་མ་ལ་བཏོན་ནས་སྐེ་ལ་རྒྱབ་དགོས་སེམས་ནས་དེངས་ཀྱིས་བྱས་ཙ་ན། སློབ་དཔོན་དགའ་རབ་རྡོ་རྗེས་གཟིགས་ཏེ་ཞལ་ནས། འཇམ་དཔལ་བཤེས་གཉེན་གསུངས་ནས། ཨ་བྱས་པས། ཁྱོད་ཅི་འདོད་པ་ཡིན་གསུངས་པས། ང་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས། ཚེ་ད་རེས་གཅིག་པུས་སངས་རྒྱ་བ་གཅིག་འདོད་པ་ཡིན་ཞེས་ཞུས་པས། ཁྱོད་ཀྱིས་ད་དུང་མ་གོའམ་ཞེས་གསུངས་པ་ལ། བདག་གིས་ནི་མ་རིག་མ་རྟོགས་མ་གོའོ་ཞེས་ཞུས་པས། ཕྱག་གཡས་སྤྱི་བོ་རུ་བཞག་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་གཉིས་སུ་མེད་པའི་དོན་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ཆོས་ཉིད་ཀྱི་རང་སྒྲའི་ངང་དུ་ཞག་བདུན་གྱི་བར་དུ་ཏིང་ངེ་འཛིན་ཐུན་གཅིག་ཏུ་ཕྲིལ་གྱིས་སོང་ངོ་། །དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་མུན་ཁུང་དུ་སྒྲོན་མེ་བཏེག་པ་བཞིན་དུ་བྱས་པ་བཅོས་པ་མེད་པར་རང་གསལ་དུ་རྒྱུད་ལ་ལྷག་གིས་ཤར་ནས་འདུག་གོ། །རྒྱུད་ལ་ཤར་བའི་དོན་དེ་ཡང་མི་བརྗེད་མི་ཡལ་བར་བརྟེན་པར་བྱ་བའི་བརྗེད་རྡོ་རུ། དགའ་རབ་རྡོ་རྗེས། སུཪྱཱ་དྷ་ར་ཞེས་བརྡས་བསྟན་པས། ཁྱེད་རང་ཉི་མའི་སྙིང་པོ་ཡ་གི་ལ་ལྟོས་དང་བྱ་བའི་བརྡ་རུ་གོ་ནས་བལྟས་པས། ཉི་མའི་སྙིང་པོ་དེ་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པ། ཆོས་བཞི་དང་ལྡན་པ་གཅིག་ཏུ་འདུག་གོ། །དཔེ་དེ་བཞིན་དུ་རང་གི་སེམས་ཉིད་ཀྱང་ཆོས་བཞི་དང་ལྡན་པ། གསལ་ལ་རྟོག་པ་མེད་པ་ཉི་མའི་སྙིང་པོ་ལྟ་བུ་གཅིག་ཏུ་རྟོགས་སོ། །དེ་ཡང་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་དོན་མངོན་དུ་གྱུར་ཏེ། སྒྲིབ་པ་ལ་སྦྱངས་དཀའ་བ་ཉོན་མོངས་པ་དང་། ཤེས་བྱའི་སྒྲིབ་པ་དེ་ཉིད་དུ་དག །ཐོབ་པ་ལ་དཀའ་བ་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་ཕུབ་སོག་ཞོར་ལ་འབྱུང་བ་དེ་བཞིན་ནོ། །དེ་ཡང་སློབ་དཔོན་དགའ་རབ་རྡོ་རྗེའི་ཕྱག་ན་མདའ་ལྔ་བསྣམས་པ་དེ་ཡེ་ཤེས་ལྔ་རུ་གོ། །གཞུ་དང་སྤྲད་དུ་འདུག་པ་དེ་ཡང་ཐབས་དང་ཤེས་རབ་ཡ་མ་བྲལ་བར་ཟུང་དུ་འཇུག་པར་གོ། །ཤམ་ཐབས་ཐོད་དུ་བཅིངས་པ་དེ་ཐེག་པ་འོག་མ་མ་སྤང་བར་གོང་མ་དབྱིངས་སུ་དག་པར་གོ་ཞིང་རྟོགས་ནས། དེའི་དུས་སུ་བཀའ་སྐྱོང་གི་མཁའ་འགྲོ་མ་གསུམ་གྱིས་བྱིན་གྱིས་བརླབས། བཀའ་སྐྱོང་གི་སྲུང་མར་ཁས་བླངས་དམ་བཅས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ཡང་བྱ་འཕུར་བའམ་རྫི་བསྐྱོད་པ་བཞིན་དུ། དུར་ཁྲོད་གསེར་གླིང་ནས་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ། ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད་པ་ལ། གྲོ་ཁར་ཕྲིལ་གྱིས་བརྟོལ་ལོ། །དེ་ནི་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ལོ་རྒྱུས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་རང་བཞིན་གྱིས་བྱིན་གྱིས་བརླབས་པས། སློབ་དཔོན་ཤྲཱི་སིང་ཧའི་ཐུགས་ལ་ཤར་བ་ནི། དཔེར་ན་ཉི་ཟླ་ལ་ཉེ་རིང་མེད་ཀྱང་སྣོད་དག་པ་དང་ཆུ་གཙང་མའི་ནང་དུ་འཆར་བ་བཞིན་དུ། འགྲོ་བ་ལ་ཉེ་རིང་མེད་ཀྱང་སློབ་དཔོན་ཤྲཱི་སིང་ཧའི་ཐུགས་ལ་ཡང་དག་པའི་དོན་ལ་མོས་པ་གཅིག་རང་བཞིན་གྱིས་ཤར་ཏེ། དེ་ཡང་ནམ་ཐོ་རེངས་གཅིག་ཙ་ན། ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་ཐར་རམ་ཟེར་བ་ལས། དེའི་གོང་དུ་ཐར་པའི་ཐབས་མི་འདུག་པས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཐམས་ཅད་མཁྱེན་པ་ཡིན། དེའི་ཆོས་བྱེད་པ་ནི་རྡོ་རྗེ་གདན་གྱི་བྱང་ཕྱོགས། གྲོང་ཁྱེར་སེར་སྐྱའི་སྒོ་ཁ་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ན། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་རྒྱལ་པོའི་མཆོད་གནས་སུ་བཞུགས་ཡོད་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་ཡོད་དམ་མེད། དེ་ཚོ་ལ་འདྲི་དགོས། འདུག་ན་ཞུ་དགོས། མི་འདུག་ན་ཡང་དེ་རང་དུ་ཁོ་ཐག་ཆོད་བསམ་ནས། ཤྲཱི་སིང་ཧས་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ནས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལྔ་བརྒྱ་ལ་སྤྱན་གཡས་པས་གཟིགས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་ལྔ་བརྒྱ་ལ་སྤྱན་གཡོན་པས་གཟིགས་ནས། འོ་པཎྜི་ཏ་རྣམས་ལགས། བསྐལ་པ་ནས་བསྐལ་པ་རུ་ཚོགས་བསགས། བསྐལ་པ་ནས་བསྐལ་པ་རུ་སྒྲིབ་པ་སྦྱངས་ཀྱང་། བསྐལ་པ་ནས་བསྐལ་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་གྲོལ་ལམ་ཟེར་བ་ལས། དེའི་གོང་དུ་གྲོལ་ཐབས་མི་འདུག་པས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་འདྲ་མེད་དམ། དེ་ལྟ་བུ་གཅིག་མེད་ན་ནི། དེ་རིང་སང་ལ་དུས་བཏབ་པའི་མི་ཡང་སྟབས་ཀ་སྔ་ཕྱི་ཨེན་ཙམ་ཞིག་གིས་འཛོལ་ནས། གཏན་དུ་མི་འཕྲད་པར་ཡང་འགྲོ་བ་ཡོང་གི་འདུག་པས། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་གློ་བུར་གྱི་ཉོན་མོངས་པའི་རྐྱེན་གྱིས་ཅི་ཙུག་འགྲོ་རང་ཅི་ཆ་ཞེས་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་ལ་རྒྱུས་མེད་པས་ཅི་ཡང་མི་གསུངས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་གཅིག་ནས་གཅིག་ཏུ་སྤྱན་ཟུར་གྱི་བརྡས་བསྐུལ་ནས། འོག་མ་དག་དེས་བཞེངས་ནས་ལན་བཏབ་པ། འོ་སྐོལ་གྱི་འདི་ན་དེ་ལྟ་བུ་ནི་མེད་དེ། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བྱ་བ་ན། སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་བྱ་བ་ཡོད་པས། དེར་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་དགའ་རབ་རྡོ་རྗེ་བྱ་བ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྤྲུལ་པ་སེམས་དག་ལྷའི་བུ་ཞེས་བྱ་བ། སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ། ནམ་མཁའི་འཇའ་ལྟ་བུ་གཅིག་གིས་བྱིན་གྱིས་བརླབས་ནས། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་དགོངས་པ་དེ་ཁོང་ལ་ཡོད་པ་ཡིན་པས། དེ་གོང་དུ་ཡང་འཇམ་དཔལ་བཤེས་གཉེན་བྱ་བ་འདྲི་རུ་བྱུང་བ་ལ། པཎྜི་ཏ་གོང་མ་རྣམས་ཀྱིས་ཁོང་དགའ་རབ་རྡོ་རྗེའི་གམ་དུ་ལུང་བསྟན་པ་ཡིན། དགའ་རབ་རྡོ་རྗེ་དེ་མཁའ་འགྲོ་མ་རྣམས་ཀྱིས་ནུབ་ཕྱོགས་ཨོ་རྒྱན་ཡུལ་སྤྲིན་ནག་པོ་འདུས་པའི་ཁྲོད་དུ་གདན་དྲངས་ནས། ད་ལྟ་འཇིག་རྟེན་མི་ཡུལ་ན་མི་བཞུགས། ཁོང་གིས་བྱིན་གྱིས་བརླབས་པའི་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེས་སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་གདམས་པ་འདི་ལོན་ནས། ལྷོ་ཕྱོགས་གྱད་ཀྱི་ཡུལ་བྷེ་ཏ་ལའི་གླིང་། ཤིང་དྲ་བ་གཙུག་དགུ་ཡོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱིས། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ། བྱ་འཕུར་བའམ་རྫི་བསྐྱོད་པའམ། གོམ་པ་གཅིག་གིས་འགོང་པའམ། བྱ་རྨྱང་གཅིག་གིས་བརྟོལ་བ་བཞིན་དུ་ཟླ་བ་བཅུ་གསུམ་གྱི་ལམ་ཡོད་པ་ལ། དུར་ཁྲོད་གསེར་གླིང་གི་ཚ་བ་ཐོན་ནས་བྱོན་པས་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་གྲོ་ཁར་ཧྲིལ་གྱིས་བརྟོལ་ནས་བྱུང་སྟེ། ད་ལྟ་ཁོང་དེ་ན་བཞུགས་ནས་ཡོད་པས། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བའི་ཆོས་དེ་ཁོང་ལ་ཞུས་ན་ཡོང་། གཞན་ད་ལྟ་ཡང་ཆོས་དེ་ལྟ་བུ་ཤེས་པ་མེད་ཟེར་རོ། །དེ་ཡང་ལྷོ་ཕྱོགས་ནི་རྒྱ་གར་རྡོ་རྗེ་གདན་གྱི་ལྷོ་ཕྱོགས། གྱད་ཀྱི་ཡུལ་ནི་གྱད་སྟོབས་པོ་ཆེ་འབྱུང་བའི་ཡུལ། བྷེ་ཏ་ལའི་གླིང་ནི་ལྷོ་ཕྱོགས་བྷེ་ཏ་ལའི་གླིང་བྱ་བ་དེ་ཡིན། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ་ནི། ཤིང་རིགས་མི་གཅིག་པ་དགུའི་ནགས་དང་ཚལ་གྱིས་རིམ་པར་བསྐོར་བ་ཡིན། གནོད་སྦྱིན་འབྲོག་གནས་ཀྱི་ས་ནི། དེ་རུ་འགྲོ་བའི་ལམ་རི་བར་གྱི་འབྲོག་ཆེན་པོ་ཡོད་པའི་ས་ན། བསྡོ་བ་ལ་སོགས་པས་གནོད་སྦྱིན་མི་མ་ཡིན་གནས་སོ། །མི་ཕྱུགས་བྱུང་ཚད་ཐམས་ཅད་ལས་ཀྱིས་ཟ་བར་བསྡོས་པ་ཡོད་པའི་ས་ཡིན། དེ་ཚོ་བརྒལ་བ་ན་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་བྱ་བ། རིགས་པའི་གནས་ལྔ་ལ་སོགས་པའི་ཡོན་ཏན་ཅི་ཡང་འབྱུང་བའི་གྲོང་ཁྱེར་ཆེན་པོ་གཅིག་ཡོད་པའོ། །ཤྲཱི་སིང་ཧས་གྲོང་ཁྱེར་དེ་རུ་འགྲོ་བ་ལ་ཉེ་རིང་དང་དཀའ་སླ་ཅི་ཙམ་ཡོད་དྲིས་པས། དེ་རུ་འགྲོ་བ་ལ་ཉེ་རིང་ནི་མི་ཡི་ཡུལ་མེད་པའི་ལུང་སྟོང་ན་ཕར་ལ་འགྲོ་བ་ལ་ཟླ་བ་རིལ་པོ་བཅུ་གསུམ་གྱི་ལམ་ཡོད། དཀའ་སླ་ནི་ལམ་ན་གཅན་གཟན་སྦྲུལ་གདུག་པ་ཅན་རྣམས་དང་། མི་མ་ཡིན་དང་ལྷ་མ་ཡིན་ལ་སོགས་པ་ཡོད། དེ་ཡང་གཅན་གཟན་གདུག་པ་ཅན་དང་འཕྲད་ན་ཁྲུམ་གྱིས་ཟོས་ནས་འགྲོ། སྦྲུལ་གདུག་པ་ཅན་དང་འཕྲད་ན་ལྕེ་ལེབ་ཀྱིས་བྱས་པས། སྣག་མ་ཚོ་ཁ་རུ་སིབ་ལ་རུས་པ་རྣམས་ཐང་ལ་སྤུང་གིས་ཡོང་བ་ཡིན། ལྷ་མ་ཡིན་དང་འཕྲད་ན་སྐད་བཏོན་པ་ཙམ་གྱིས་མིག་ཁྲག་ཕྲུལ་གྱིས་འཆི་བ་ཡིན་སྟེ། དེ་ལྟ་བུ་མེད་ན་ངེད་ཀྱང་འགྲོ་སྟེ་གསུང་ངོ་། །དེ་རུ་ཤྲཱི་སིང་ཧ་ཐེ་ཚོམ་ཨེན་ཅིག་ཟོས་ཏེ། དེ་བས་ཉེ་བའམ་འཇིགས་པ་ཆུང་བའི་ལམ་འདྲ་བ་མེད་དམ་བྱས་པས། དེ་ལས་ཉེ་ཞིང་འཇིགས་པ་ཆུང་བའི་ལམ་ནི་རིའི་ཁོང་སེང་སའི་ཕུག་པ་གཅིག་ན་ཕར་ཕྱིན་ན། ཟླ་བ་རིལ་པོ་དྲུག་ན་སླེབ་ཡོང་བའི་ལམ་གཅིག་ཡོད་དེ། དེའི་ལམ་ནས་ཕར་ལ་ཡང་སྦྲུལ་གདུག་པ་ཅན་དང་། རི་རབ་ཀྱི་ཁོང་སེང་ན་མི་མ་ཡིན་གྱི་གྲོང་ཁྱེར་ཡོད་པས། སྦྲུལ་གདུག་པ་ཅན་གྱིས་ཉེ་མི་ནུས་པ་ལ་རྩི་མ་གི་ཏ་ཞེས་བྱ་བ་གླ་རྩི་ལུས་ལ་འདོགས་དགོས། མི་མ་ཡིན་གྱི་གྲོང་ཁྱེར་དུ་འཁྱམས་ན་རི་རབ་ཀྱི་ཁོང་སེང་དུ་འཁྱམས་ནས་ཕྱི་རུ་མི་ཐོན་པས། མི་མ་ཡིན་གྱི་གྲོང་ཁྱེར་གྱི་སྒོ་སྒྲིབ་པ་ལ། ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་ན། ཟླ་བ་རིལ་པོ་དྲུག་ནས་སླེབ་ཡོང་བའི་ལམ་གཅིག་ཡོད་དེ་བྱས་པས། དེ་རུ་འགྲོ་དགོས་བསམ་ནས། ཤྲཱི་སིང་ཧས་དེ་རུ་འཚོ་བའི་ཡོ་བྱད་དང་། དགོས་པའི་རྫས་རྩི་མ་གི་ཏ་ལུས་ལ་བྱུག །ཞུན་ཆེན་གྱི་མར་མེ་ཁྱེར་ནས་ཕྱིན་པས་ཟླ་བ་རིལ་པོ་དྲུག་ན་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་དུ་སླེབས་སོ། །དེ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ་བཞུགས་སམ། ཞེས་དྲིས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ། ངེད་ཀྱི་ཡུལ་དུ་བྱོན་ནས། ལོ་ཕྱུགས་རྟག་ཏུ་ལེགས་པ། ཆར་ཆུ་དུས་སུ་ཕེབས་པ། མི་ནད་དང་ཕྱུགས་ནད་རྒྱུན་ཆད་པ་ལ་སོགས་པའི་བཀྲ་ཤིས་པ་དང་ཡོན་ཏན་ཤིན་ཏུ་འཕེལ་བར་བྱུང་བ་ཡིན་ཟེར་ཏེ། ཁོ་རང་ངེད་ཀྱིས་ཞལ་མཇལ་བ་དང་ངོ་ཤེས་པ་མེད་ཟེར་རོ། །གཅིག་ལ་དྲིས། གཉིས་ལ་དྲིས། འཕྲད་ཚད་ལ་དྲིས་པས། དེ་སྐད་ཟེར་བ་ལས་ངས་ཤེས་ཟེར་བ་མ་བྱུང་ནས། དེ་ནས་བཙལ་བས་ཀྱང་མ་རྙེད། སྡོད་པ་ཡང་མ་ཚུགས་ཏེ། ཅམ་མེ་ཅམ་མེར་ཕྱིན་པས་ཆུ་ཁ་གཅིག་ཏུ་སླེབ་ཙ་ན། བུད་མེད་ཆུ་ལེན་པ་གཅིག་དང་མཇལ་ནས་གཏམ་གཅིག་འདྲི་དགོས་བསམ་ནས་དེ་རུ་འདུག་དང་བྱས་པས། ལན་མེད་པར་བུམ་པ་རྒྱབ་ཏུ་ཁྱུག་གིས་ཁུར་ནས་མི་སྡོད་པར་འགྲོ་བར་འདུག་པས། དེ་མ་འཐད་པར་ཚོར་ནས་ཤྲཱི་སིང་ཧས་ཀྱང་གོང་དུ་རྫུ་འཕྲུལ་གྱི་དངོས་གྲུབ་བརྙེས་པ་ཡིན་པས། ཕྱག་གཡས་པ་ཁ་སྦུབ་ནས་དེངས་ཀྱིས་བྱས་ནས་ས་ནི་བྷེ་ས་བྱས་པས། མོའི་བུམ་པ་རྒྱབ་ནས་ཁོག་གི་གོག་ནས་ས་ལ་ཁྲིག་གིས་འབྱར་རོ། །དེ་རུ་མོས་ཀྱང་རྫུ་འཕྲུལ་ཅན་དུ་ངོ་ཤེས་ནས། ཁ་ཕྱི་རུ་ལོག་གི་བྱས་ནས། སོ་གསེབ་ནས་ཤེལ་དཀར་གྱི་གྲི་ཆུང་ཅིག་ཅར་གྱིས་བཏོན་ནས། ཙིཏྟ་ཨ་བྷི་ཥིཉྩ་པྲ་ས་ལ་ཟེར་ནས་བྲང་ཁ་ཤགས་ཀྱི་ཕྱེས་ཏེ། སྙིང་གི་ནང་ནས་ཡང་དག་གྲུབ་པའི་ལྷ་མོ་བརྒྱད་དཔལ་དང་དགུ་འདུག་པ་ཞལ་བསྟན་ནོ། །སློབ་དཔོན་ཤྲཱི་སིང་ཧས་ཀྱང་བུད་མེད་རྫུ་འཕྲུལ་ཅན་གཅིག་ཏུ་འདུག་པར་ཤེས་ནས། ས་ནི་ས་མ་ཡ་ཛཿབྱས་ནས་ཕྱག་གཡས་པ་ཡར་ལ་དེངས་བྱས་པས། བུམ་པ་དེ་ས་ནས་ཁོག་གི་གོག་ནས་མོ་རང་གི་རྒྱབ་ཏུ་ཁྱུག་གིས་སོང་ངོ་། །དེ་རུ་མོ་ན་རེ། ཙིཏྟ་ཨ་བྷི་ཥིཉྩ་མཾ་ཟེར་ནས། བྲང་ཁ་ཅག་གིས་ཟུམ་མོ། །དེ་ཡང་ཙིཏྟ་ནི་ཐུགས། ཨ་བྷི་ཥིཉྩ་ནི་དབང་བསྐུར་བ། མཾ་ནི་ཞལ་གསུམ་པ་ཡིན་ཏེ། དེ་རུ་ཤྲཱི་སིང་ཧ་ལ་ཡང་དག་ཐུགས་ཀྱི་མ་བརྒྱད་དཔལ་དང་དགུའི་ཞལ་བསྟན། དབང་བསྐུར་ནས་ཞལ་ཟུམ་པའོ། །དེ་ནས་མོ་ན་རེ་ཁྱོད་ཅི་འདོད་པ་ཡིན་ཟེར་བས། ང་ནི་གཞན་ཅི་ཡང་མི་འདོད་དེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ། དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་བྱ་བ་འདི་ན་བཞུགས་ཟེར་ནས། འཚོལ་དུ་ཡོང་བ་ལ་ལམ་མ་རྙེད། ཁྱོད་ཀྱི་དེ་འདྲ་ངོ་ཤེས་སམ་བྱས་ནས་དྲིས་པས། བུད་མེད་དེ་ན་རེ། ངས་ངོ་ཤེས་པ་ལས། གཞན་སུས་ཀྱང་ངོ་མི་ཤེས་ཏེ། ང་རང་དམ་རང་གིས་བཅས་པའི་སྲིང་མོ་བཀའ་སྐྱོང་གི་མཁའ་འགྲོ་མ་སྡེ་གསུམ་བྱ་བ་ལས། ངའི་མིང་འབར་མའི་གདོང་ཅན་བྱ་བ་ཡིན་ཏེ། ལྟོས་དང་ཟེར་ནས་ལྗགས་ནར་གྱི་བརྐྱང་བས། སྤྱི་བོ་རུ་ལྷག་གིས་སླེབ་ནས་གདོང་པ་ལ་མེ་འབར་བ་བཞིན་དུ་དམར་རིང་གིས་བྱུང་ངོ་། །དེ་རུ་མོ་ན་རེ། ད་ཁྱེད་རང་ངའི་ཕྱི་རུ་འདོང་ངོ་། །ངས་སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་བསྟན་གྱིས་ཟེར་ནས། གྲོང་ཁྱེར་དེར་ཆུའི་བུམ་པ་གནས་སུ་སྐྱེལ་བའི་ཚུལ་དུ་བྱས་ནས་ཕྱིར་བྱུང་སྟེ། མ་གི་ཡིན་ནོ་གསུངས་ནས་བལྟས་པས། བཙུན་པ་ཧྲལ་པོ་གཅིག་གིས་རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག །གཉའ་ཐོང་ཟུང་གཅིག་ཕྲག་ལ་གཟར་ནས། ཤམ་ཐབས་ཐོད་དུ་བཅིངས་པ་གཅིག་གིས་གླང་ལ་ལྕག་གིས་བྲབ་ཀྱིན་ཞིང་རྨོད་དུ་འགྲོ་བ་གཅིག་བྱུང་ནས། དེའི་དྲུང་དུ་ཕྱིན་ནས་དང་པོ་ནས་ཆོས་ཞུ་མ་བྱས་པར། བཙུན་པ་འོ་སྐོལ་ལ་བཟའ་བ་གཅིག་ཞུ་དང་བྱས་པས། བཙུན་པ་དེ་ན་རེ་བཟའ་བ་འདི་རུ་ག་ན་འོང་། གྲོང་ཡ་གི་ན་ངའི་ཇོ་མོ་ཡོད་ཅིང་དེ་རུ་སློང་དང་ཟེར་ནས། ག་རེ་འདི་ཆོས་ཡོད་པའི་གཞུང་མི་འདུག་སྟེ། འདི་ཁྱིམ་བཙུན་ནམ། ཁྲོམ་བཙུན་གཅིག་ཡིན་ཚོད་དུ་འདུག་སྟེ། གལ་ཏེ་ཡིན་ཡང་སྲིད་པས་ད་དུང་དུ་རྫི་རྟོག་དགོས་བསམ་ནས། ཇོ་མོ་དེའི་དྲུང་དུ་ཕྱི་ནས་ཇོ་མོ་བཟའ་བཅའ་གཅིག་ཞུ་དང་བྱས་པས། ཁྱོད་རང་འདི་རུ་སྡོད་ཅིག་ང་ལ་སྤག་མེད་པས་བཙལ་ནས་ཡོང་གི་ཟེར་ནས་སོང་བས། ཚོང་འདུས་སུ་འགྲོ་བ་ལ་ཉིན་ལམ་བདུན་ཡོད་པ་གཅིག་ཇོ་མོས་ཡུད་ཅིག་ལ་འཁོར་ནས་བྱིའུ་མཆིལ་སྤྲད་བདུན་ཉོས་ནས་ཐུ་བར་བླུག་ནས་གསོན་པོ་རུ་ཁྱེར་ནས་བྱུང་སྟེ། མདུན་དུ་སླེབས་པ་དང་བྱིའུ་བདུན་པོ་ལྟག་པ་ཕུད་ནས་བསད་དེ། སྤུ་བཏོག་རྒྱུ་ལོང་ཕྱུངས་ནས་བཙོས་ཏེ་འབྲས་ཆན་དང་གཉིས་མཁར་གཞོང་གི་སྟེང་དུ་དྲངས་ཏེ། སྤག་མེད་འདི་གསོལ་བར་ཞུ་ཟེར་བས། ཤྲཱི་སིང་ཧས། སྤྱིར་ང་བཙུན་པའི་ཆ་བྱད་དུ་ཡོད་པས་ཤའི་རྣམ་པ་མི་ཞུ། དེའི་ནང་ནས་ཀྱང་དགེ་སློང་གི་ཆ་བྱད་ཡོད་པས་མི་ཞུ། ཁྱད་པར་དུ་ཡང་ང་ལ་བསྔོས་ནས་བསད་པའི་ཤ་འདི་ལྟ་བུ་མི་ཞུ་བས། ཕར་ལ་བཞེས་པར་ཞུ་བྱས་པས། རྗེས་སུ་ཡི་རང་ཆོས་པར་འདུག་ཟེར་ནས་བྱིའུ་མཆིལ་སྤྲད་བདུན་པོ་ལག་ཏུ་བླང་ནས། སེ་གོལ་གཏོགས་པ་གཅིག་བྱས་པས་སྦྲུལ་ཆིལ་བྱས་ནས། ནམ་མཁའ་ལ་ཙི་དི་རི་རི་འཕུར་ནས་སོང་ངོ་། །དེ་རུ་ཨ་མ་ཇོ་མོ་འདིས་ཀྱང་བསད་གསོ་ལ་སོགས་པ་ནུས་པའི་རྫུ་འཕྲུལ་ཅན་གཅིག་འདུག་པས། དེ་ཙུག་ཏུ་སོང་ནས་ད་ཅིའི་བཙུན་པ་དེ་སློབ་དཔོན་འཇམ་དཔལ་བཤེས་གཉེན་རང་མིན་རྒྱུ་མི་འདུག །ད་དུང་རྫི་རྟོག་བྱ་དགོས་པར་འདུག་བསམ་ནས། ཇོ་མོ་དོ་ནུབ་གནས་གཡར་པོ་ཞུ་དགོས་བྱས་པས། ཁྱོད་རང་དེ་རུ་འདུག་པས་ཆོག་གསུངས་ནས། དེ་རུ་བསྡད་ཙ་ན་དེ་རིང་གི་བཙུན་པ་ཧྲལ་པོ་དེ་དེ་རུ་བྱུང་སྟེ་རྩ་ནས་ཡར་ལ་ཉལ་ནས་འདུག་སྐད། ནངས་པར་སྔ་བ་ནས་ཤྲཱི་སིང་ཧས་རྡོ་རྗེ་སེམས་དཔའི་མདོ་སྒྱུ་འཕྲུལ་དྲྭ་བ་ཞལ་བཏོན་དུ་བྱས་པས། ཁོང་གིས་ཅེ་རེ་གསན་ནས། མདོ་དེ་ཐོན་པ་དང་། དོན་ལ་ལྟ་ཅི་སྨོས་ཏེ། ཚིག་ལ་རྨོངས་པ་གསུངས་ཏེ། ཚིག་ངོ་མཚར་བར་འདུག་སྟེ། དོན་མ་གོ་བ་རུ་འདུག་པ་བྱ་བ་རུ་བྱུང་བས། དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་འདུག །དེ་མིན་གཞན་དེ་འདྲ་བ་མི་ཡོང་བསམ་སྐད། དེ་ནས་བཙུན་པ་དེ་ན་རེ། ཇོ་མོ་སྤག་ཚོལ་ལ་ཤོག །ད་ནང་བཙུན་པ་འདི་ལ་ཚ་བ་འདྲེན་དགོས་གསུངས་ནས། ཡང་ཇོ་མོ་དེས་ཚོང་འདུས་ནས་བུད་མེད་ཀྱི་ལག་པ་གཡོན་པ་གྲུ་མོ་མན་ཆད་ལ་གདུབ་བུ་ལྔ་དང་བཅས་པ་གཅིག་ཉོས་ནས་བྱུང་བས། དེ་འབྲས་ཆན་དང་གཉིས་མཁར་གཞོང་གི་སྟེང་དུ་དྲངས་ནས། སྤག་མེད་འདི་གསོལ་བར་ཞུ་ཟེར་སྐད། སྔར་བཞིན་དུ་དགེ་སློང་གི་ཆ་བྱད་དུ་ཡོད་པས་ཤའི་རྣམ་པ་མི་ཞུ། དེའི་ནང་ནས་ཀྱང་མིའི་ཤ་མི་ཞུ། དེའི་ནང་ནས་ཀྱང་བུད་མེད་ཀྱི་ཤ་མི་ཞུ་བས། ཕར་ལ་བཞེས་པར་ཞུ་བྱས་པས། རྗེས་སུ་ཡི་རང་ཆོས་པ་རང་དུ་འདུག་ཟེར་ནས་བུད་མེད་ཀྱི་ལག་པ་དེ་ནམ་མཁའ་ལ་རྒྱང་རིང་གིས་བོར་ནས། སེ་གོལ་གཏོགས་པ་གཅིག་མཛད་པས། འོད་ཁ་དོག་ལྔ་དང་བཅས་པ་འཇའ་ལྟ་བུ་གཅིག་ཏུ་བྱས་ནས་ནམ་མཁའ་ལ་ཡལ་སོང་སྐད། དེ་རུ་ཐེ་ཚོམ་མ་ཟོས་ཏེ། བཙུན་པ་འདི་སློབ་དཔོན་འཇམ་དཔལ་བཤེས་གཉེན་རང་ཡིན་འདུག །ཇོ་མོ་འདི་ལ་ཡང་རྫུ་འཕྲུལ་འདི་ལྟ་བུ་འདུག་པ་བསམ་ནས། གསེར་གྱི་མཎྜལ་ཕུལ། ལྷ་ཕྱག་དང་བསྐོར་བ་ལན་མང་དུ་བྱས་ནས། སློབ་དཔོན་ཆེན་པོ་ལགས། ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་དུ་གསོལ་བྱས་ནས་གསོལ་བ་བཏབ་ཅིང་ཞུ་བ་ཕུལ་བས་ཅི་ཡང་མི་གསུངས་སྐད། དེ་ནས་ལྷ་ཕྱག་ཉིན་ལན་གསུམ་མཚན་ལན་གསུམ་དུ་བཙལ། བསྐོར་བ་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས་པས། ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ཀྱང་ཅི་ཡང་མི་གསུང་ནས། ད་ནི་ནམ་ཡང་ཆོས་མི་སྟེར་བར་འདུག་པས། ང་རང་གི་ཡུལ་དུ་ལོག་ནས་འགྲོ་དགོས་བསམ་ནས། ཁུར་ཙ་དང་ཀ་པ་ལི་དང་ཁྲེས་པོ་ཚོ་བཏེགས་ནས། གདམས་ངག་མ་གནང་ཀྱང་ཕྱི་ཕྱག་ག ཅིག་བྱ་དགོས་བསམ་ནས། མཆོད་ཁང་དུ་ཕྱིན་པ་དང་། ཤྲཱི་སིང་ཧ་གསུངས་དབུ་བཏེགས་བྱུང་ནས། ཨ་བྱས་པ་དང་ཅི་ཡང་མི་གསུང་བར་དབུ་ཧྲིལ་གྱིས་བསྟུམ་ནས་སོང་ངོ་། །གཞན་གདམས་ངག་ནི་མི་སྟེར། ང་ལ་འབོད་དོན་མེད། མཆོད་ཁང་གི་སྦུར་མ་དང་འབག་འབོག་མི་གཙང་བ་འདི་ཚོ་ཕྱོགས་བྱ་བར་བྱུང་བསམ་ནས་ཕྱག་གཡས་པས་ཕྲུལ་དུ་སེར་བུའམ། ཚད་རླངས་གཅིག་གིས་ཕྱག་ཀྱང་ཤུལ་དུ་བཏབ་ནས་བྱུང་ངོ་། །དེ་རུ་ལན་བཅོ་བརྒྱད་དུ་ཕྱགས་དགོས་བྱུང་སྟེ། ཐང་ཆད་ནས་སློབ་དཔོན་གྱི་མདུན་དུ་ཀྲོང་ངེར་ངལ་གསོས་ནས་ཡོད་ཙ་ན། སློབ་དཔོན་གྱི་སྔས་ན་ཤིང་ཐོག་རྡོག་པོ་ཆེ་བ་ཁ་དོག་ལེགས་པ། དྲི་ཞིམ་པ་གཅིག་འདུག་ནས། ད་ཅི་ང་ལ་འབོད་པ་དེ་འདི་རང་ཟོ་བྱས་པ་ཡིན་ནམ་བསམ་ནས། ཤིང་ཐོག་དེ་ཟོས། རོ་མཆོག་བརྒྱ་དང་ལྡན་པ་གཅིག་བྱུང་སྟེ། དེ་ཟོས་ཟིན་པ་དང་དུག་དང་གྱུར་ཏེ་འགྱེལ་ནས་ཤི་འཕྲས་བྱེད་ཅིང་དུག་སྐྱུག་གིན་དུ་འཆི་བ་ལ་ཐུག་ཙ་ན། ཤྲཱི་སིང་ཧའི་ཐུགས་ལ་ཤི་ན་རུང་བདུན་ཤར་ཏེ། ག་རེ་སློབ་དཔོན་གྱིས་གཉའ་ཐོང་ཟུང་གཅིག་ཕྲག་ལ་བཀལ། རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག་ནས་བྱུང་བའི་དུས་སུ་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་བསམ་པ་དང་གཅིག །བྱིའུ་མཆིལ་སྤྲད་བདུན་གྱི་ཤ་དྲངས་པའི་དུས་ན་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་བསམ་པ་དང་གཉིས། མདོ་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་སུ། ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བ་ཤི་ན་རུང་བསམ་པ་དང་གསུམ། བུད་མེད་ཀྱི་ལག་པ་གཡོན་པ་དྲངས་པའི་དུས་ན་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བསམ་པ་དང་བཞི། སློབ་དཔོན་ལ་གསེར་གྱི་མཎྜལ་ཕུལ། ཕྱག་དང་བསྐོར་བ་བྱས་ནས་གདམས་ངག་ཞུས་པའི་དུས་ན་ཅི་ཡང་མི་གསུངས་པ་དེ་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བསམ་པ་དང་ལྔ། ད་ང་རང་འགྲོ་དགོས་བསམ་ནས། མཆོད་ཁང་དུ་ཕྱིན་པ་དང་། ཤྲཱི་སིང་ཧ་གསུངས་ནས། འདི་ཕྱོགས་བྱ་བ་ཡིན་ནམ་བསམ་ནས། སྦར་སྦུར་ལན་བཅོ་བརྒྱད་དུ་ཕྱགས་དགོས་བྱུང་བ་དེ་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་བསམ་པ་དང་དྲུག །དེ་ནས་སློབ་དཔོན་གྱི་སྔས་ན་ཤིང་ཐོག་རྡོག་པོ་ཆེ་བ་ཁ་དོག་ལེགས་པ། དྲི་ཞིམ་པ་གཅིག་འདུག་ནས། འདི་ཟོ་བྱ་བ་ཡིན་འདུག་སེམས་ནས་ཟོས་པས་དུག་ཏུ་གྱུར་ཏེ་སྐྱུག་ཅིང་འགྱེལ་ནས་འཆི་བ་ལ་ཐུག་པའི་དུས་ན། ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་འདུག་པ་ལ། ངས་མ་གོ་ལ། གོ་བ་མེད་པ་ཁྱེད་རང་ཤི་ན་རུང་བསམ་པ་དང་བདུན་ཤར་ཙ་ན། འགྱེལ་བ་ལས་ཀྱང་བསླང་། སྐྱུག་པའི་འཕྲོ་ཡང་ཆད་ནས་སློབ་དཔོན་གྱི་མདུན་དུ་ཀྲོང་ངེར་བསྡད་ནས་ཡོད་ཙ་ན། ཤྲཱི་སིང་ཧ་གསུངས་ནས། ཨ་བྱས་པས། ཁྱོད་ཅི་འདོད་པ་ཡིན་གསུངས། ང་ནི་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་ཅིག་གིས་དོན་རྟོགས་ནས་ཚེ་གཅིག་གིས་འཚང་རྒྱ་བ་ཞིག་འདོད་པ་ཡིན་ཏེ་བྱས་པས། འོ་ན་ཁྱོད་ཀྱིས་ད་དུང་མ་གོའམ་གསུངས། བདག་གིས་ནི་མ་རིག་མ་གོ་མ་རྟོགས་སོ་ཞུས་པས། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས་ཕྱག་གཡས་པ་སློབ་དཔོན་ཤྲཱི་སིང་ཧའི་སྤྱི་བོ་རུ་བརྐྱང་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས་པས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་ནི་གཉིས་སུ་མེད་པའི་དོན་ལ་དབྱེ་རུ་མི་ཕྱེད་དེ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་ངང་དུ་ཕྲིལ་གྱིས་ཞག་བདུན་གྱི་བར་དུ་སོང་ངོ་། །ཏིང་ངེ་འཛིན་དེ་ལས་སད་ཙ་ན་རྗེས་ཀྱི་ཤེས་པ་ལ་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། མུན་ཁུང་དུ་སྒྲོན་མེ་བཏེགས་བ་བཞིན་དུ། རང་གསལ་དུ་ལྷག་གེར་རྒྱུད་ལ་ཤར་རོ། །དེའི་དོན་དེ་བརྗེད་ཀྱིས་དོགས་པའམ། བརྟན་པར་བྱ་བའི་ཕྱིར་མི་བརྗེད་མི་ཡལ་བར་བྱ་བའི་བརྗེད་རྡོ་རུ་བརྡས་བསྟན་པ། ཨ་ཝན་དྷ་ར་ཞེས་བརྡས་བསྟན་ནོ། །དེ་ཡང་ཤྲཱི་སིང་ཧ་ལ། ཁྱེད་རང་ནམ་མཁའི་དཀྱིལ་ཡ་གི་ལ་ལྟོས། ཁྱོད་རང་གི་རྒྱུད་ལ་སྐྱེས་པ་དེ། དཔེར་ན་ནམ་མཁའི་དཀྱིལ་ཡ་གི་དང་འདྲ་བ་ཡིན་གྱི་བྱ་བའི་བརྡའ་རུ་བྱུང་ནས། ནམ་མཁའི་དཀྱིལ་དུ་བལྟས་པས། ནམ་མཁའི་དཀྱིལ་ཡར་གནམ་སྔོན་པོ་ལ་མ་བལྟས། མར་ས་རྡོ་རབ་རིབ་ལ་མ་བལྟས། ཚུར་ཁ་ལུས་དང་སེམས་ལ་མ་འཁྲིས། བར་སྣང་ལས་གཞན་ལ་མ་འཕྲོས་པར། མདུན་གྱི་ནམ་མཁའ་འདོམ་གང་གི་ཚད་ཙམ་དུ་བལྟས་པས། མདུན་གྱི་ནམ་མཁའ་འདི་དང་པོ་རྒྱུ་ལས་མ་བྱུང་། བར་དུ་རྫས་སུ་མ་གྲུབ། ཐ་མ་རྐྱེན་གང་གིས་ཀྱང་མི་འཇིག་སྟེ། གསལ་ལ་ངོས་བཟུང་མེད་པར་འདུག །དཔེ་དེ་བཞིན་དུ་རང་གི་སེམས་ཉིད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། དང་པོ་རྒྱུ་འདི་ལས་བྱུང་བྱ་བ་མི་འདུག །བར་དུ་དངོས་རྫས་སུ་མ་གྲུབ། ཐ་མ་རྐྱེན་གང་གིས་ཀྱང་མི་འཇིག་པ། འདུས་མ་བྱས་པ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། གསལ་ལ་རྟོག་པ་མེད་པ། ནམ་མཁའི་དཀྱིལ་ལྟ་བུ་གཅིག་རྟོགས་སོ། །དེ་རུ་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཞལ་ནས། ངས་གཉའ་ཐོང་ཟུང་གཅིག་ཕྲག་ལ་གཟར། རྨོས་ཐོང་ཟུང་གཅིག་མདུན་དུ་བཙུག་པའི་དུས་སུ་ཐབས་ཤེས་རབ་གཉིས་ཀྱི་སྒོ་ནས་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། བྱིའུ་མཆིལ་པ་བདུན་གྱི་ཤ་དྲངས་པ་དེ་ཚོགས་དྲུག་ངོ་བོ་གཅིག་ཏུ་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། མདོ་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་སུ། ཆོས་ཐམས་ཅད་བསམ་བརྗོད་དང་བྲལ་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། བུད་མེད་ཀྱི་ལག་པ་གཡོན་པ་གདུབ་བུ་ལྔ་དང་བཅས་པ་གཅིག་དྲངས་པའི་དུས་སུ་བུད་མེད་ཤེས་རབ་ཀྱི་རང་བཞིན་ལ་ཡེ་ཤེས་ལྔར་འཆར་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། གསེར་གྱི་མཎྜལ་ཕུལ་ནས་ཕྱག་དང་བསྐོར་བ་བྱས་ནས་ཁྱེད་ཀྱི་རྟོགས་པ་བདག་ལ་བསྐྱེད་པར་ཞུ་ཟེར་བའི་དུས་སུ། ངས་ཅི་ཡང་མ་སྨྲས་པ་དེ་དོན་སྨྲ་བརྗོད་དང་བྲལ་བར་བསྟན་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། སྦར་སྦུར་ལན་བཅོ་བརྒྱད་དུ་ཕྱག་ཏུ་བཅུག་པ་དེ་ཁྱོད་ལ་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་ཟབ་ཅིང་ཕྲ་བ་གཅིག་འདུག་པ་དེ་སྦྱོང་བའི་ཕྱིར་དུ་བླ་མའི་མཆོད་ཁང་ཕྱག་བདར་བྱེད་དུ་བཅུག་པ་ཡིན་ཏེ་ཁྱོད་ཀྱིས་མ་གོ། ཤིང་ཐོག་ཁ་དོག་ལེགས་པ་རྡོག་པོ་ཆེ་ཞིང་དྲི་ཞིམ་པ་དེ་ཁྱོད་ཕྱི་གཟུང་བའི་ཡུལ་ལ་ཆགས་པ་ཡིན། རོ་མཆོག་བརྒྱ་དང་ལྡན་པར་ཚོར་བ་དེ། ནང་འཛིན་པའི་སེམས་ལ་ཆགས་པ་ཡིན། གཟུང་འཛིན་གཉིས་པོ་དུག་ཏུ་གྱུར་ནས། ན་ནས་ཤི་ལ་ཁད་པའི་དུས་སུ། ཤི་ན་རུང་བདུན་བྱུང་བས་བཤགས་པར་སོང་ནས་སྒྲིབ་པ་དག་པ་ཡིན། ངས་ཀྱང་དེ་གོང་ནས་བསྟན་པ་ཡིན་ཏེ། ཁྱོད་རང་ལས་སྒྲིབ་ཆེ་བས་མ་གོ་བ་ཡིན་སྐད། དེ་རུ་སྒྲིབ་པ་དག་པས་བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་མངོན་དུ་གྱུར་ཏེ། འབྲས་འཁོར་མ་ལོ་ལེགས་ན། སོག་ཕུབ་ཞོར་ལ་འབྱུང་བ་བཞིན་དུ། མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དེ་ནས་བྱ་འཕུར་བའམ་རྫི་བསྐྱོད་པའམ་གོམ་པ་གཅིག་གིས་འགོང་པའམ་བྱ་རྨྱང་གཅིག་གིས་སླེབས་པ་བཞིན་དུ་གྱུར་ཏེ། ཤྲཱི་སིང་ཧ་དཔལ་ཡོན་ཏན་འབྱུང་བའི་གྲོང་ཁྱེར་ནས་ཚ་བ་ཐོན་ནས་བྱོན་པས། རྡོ་རྗེ་གདན་གྱི་བྱང་ཕྱོགས་གྲོང་ཁྱེར་སེར་སྐྱའི་སྒོ་ཁང་ན་ཡོད་པའི་དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་གྲོ་ཁ་རུ་སླེབས་སོ། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ན་ཚུར་ལ་ཕྱི་པ་མུ་སྟེགས་པའི་རྩོད་པ་དར་བས། ནང་པ་སངས་རྒྱས་པའི་བསྟན་པ་ནུབ་ལ་ཁད་པ། སློབ་དཔོན་ཤྲཱི་སིང་ཧས་ཚར་བཅད་ནས། ནང་པ་སངས་རྒྱས་པའི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། དགྲ་བཅོམ་པ་ལྔ་བརྒྱའི་དཔོན་མཛད་དོ། །དེ་ནས་རྒྱ་གར་ནས་ཚེ་འཕོས་ནས་བོད་དུ་སྐུ་འཁྲུངས་པའི་མངའ་བདག་བྱང་ཆུབ་སེམས་དཔའ་ཁྲི་སྲོང་ལྡེའུ་བཙན་གྱི་སྙན་དུ་གསན། ཐུགས་ཀྱིས་ཀྱང་མཁྱེན་ནས་བསམ་ཡས་སུ། ལི་རྟག་པོ་ཆེའམ། ལི་ཁྲ་མི་ལ་སོགས་རྒྱ་མི་བདུན་བྱ་བ་བསགས་ནས། འོ་སྐོལ་གྱི་བོད་ན་རྒྱུ་འབྲས་ཀྱི་ཆོས་བཤད་དེ་དར་ན་ཡང་། འཁོར་བའི་གནས་མཐོ་དམན་ལས། གྲོལ་བའི་སྐབས་མི་འདུག །ཡུལ་རྒྱ་གར་གྱི་ཡུལ་ན། རྒྱུ་འབྲས་ཀྱི་ཆོས་མཐའ་དག་ལས་བོགས་ཕྱུང་བ། བཀའ་སེམས་ཕྱོགས་ཀྱི་ཆོས་མན་ངག་གི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱས་པའི་གདམས་ངག་ཡོད་མཆི་བས། འོ་སྐོལ་དེ་ལྟ་བུ་ཞུ་རུ་བཏང་དགོས་གསུངས་པས། རྒྱ་མི་མི་བདུན་ལ་སོགས་པ་རྣམས་གྲོས་བྱས་ནས། མངའ་བདག་རྒྱལ་པོ་ལགས། དེ་ལྟ་བུ་ཞུ་བ་ལ། སུ་ཏོ་མུ་ཏོ་ཅི་ཡིན་ཆ་མེད་པ་བཏང་བས་ཕན་མི་ཐོགས་ཏེ། ལམ་ན་འཕྲང་དགུ་དང་གཅན་དགུ་ལ་སོགས་པ་དཀའ་བའི་འཕྲང་མང་པོ་ཡོད་པས། མི་ཡང་ཤི །ནོར་ཡར་ཤོར་ནས་ངན་པ་ཕྱིས་འགྱོད་ན་མི་ཡོང་བས། འོ་སྐོལ་མོ་བཏབ། དཔྱད་བྱས། པྲ་ཕབ་ནས། འདིས་ལོན་ཡོང་ཟེར་བའི་ཁ་འཆམ་པ། ཕྱིས་མི་འགྱོད་པ་གཅིག་བཏང་དགོས་ཟེར་བས། དེ་རུ་བོད་ཀྱི་མོ་མ་ལ་མཁས་པ་དཔེ་ནི་གུ་བྱ་བ་ལིའི་ཡུལ་ལ ས་བཀུག །རྒྱ་ནག་པོའི་དཔྱད་མཁན་ལ་མཁས་པ་བྷེ་ཤོག་པྲ་བྱ་བ་རྒྱ་ནག་པོའི་ཡུལ་ནས་བཀུག །པྲ་མཁན་ལ་མཁས་པ་པྲ་སེ་ན་བྱ་བ་རྒྱ་དཀར་པོའི་ཡུལ་ནས་བཀུག་སྟེ་དེ་རུ་མོ་བཏབ། པྲ་ཕབ། དཔྱད་བྱས་པས། མཁས་པའི་མཐར་ཐུག་པ་དེ་གསུམ་ཁ་འཆམ་སྟེ། དེ་ལྟ་བུའི་ཆོས་གཞན་སུས་ཀྱང་མི་ལོན་ཏེ། ཡུལ་གཙང་གི་སྙེ་མོ་བྱེ་མཁར་བྱ་བ་ན། ཡབ་པ་གོར་ཧེ་འདོད། ཡུམ་བྲན་བཟའ་སྒྲོན་སྐྱིད་བྱ་བ་ལ། པ་གོར་གན་འཇག་ཐང་ཏ་བྱ་བ་བྱིས་པ་ལོ་བརྒྱད་ལོན་པ་གཅིག་ཡོད་པ་དེ་བཏང་ན་ལོན། གཞན་སུས་ཀྱང་མི་ལོན་ཟེར་ནས། དེ་རུ་མངའ་བདག་རྒྱལ་པོས། བློན་འཁོར་ཉི་ཤུ་རྩ་ལྔ་ཙམ་ཁྲིད་ནས། གཙང་གི་སྙེ་མོ་བྱེ་མཁར་དུ་བྱོན་ཏེ། གནས་གཅིག་འདུག་པའི་སྒོ་མདུན་དུ་བསྒུག་པས། རྒྱལ་པོ་གཟི་བརྗིད་ཆེ་བ་དང་། ཕྱག་དང་ཞེ་ས་མི་ཤེས་པས། ཉི་མ་ཕྱི་ཕྲང་ཚུན་ཆད་དུ་མཇལ་འཕྲད་མ་ནུས་ཏེ། མིའི་འགྲུལ་ཆད་སྐད། དེ་ནས་སྒོ་མདུན་དུ་བྱིས་པ་ར་ལུ་ཅན་གཅིག་བྱུང་སྟེ། མངའ་བདག་རྒྱལ་པོས་བྱིས་པ་དེ་ལ་ཞལ་ཀྱལ་ཀུ་རེའི་ཐབས་སུ་དྲི་བ་བྱས་ཏེ། བྱིས་པ་ཁྱོད་ཀྱི་ཕ་ག་རུ་སོང་བྱས་པས། ངའི་ཕ་གཏམ་འཚོལ་དུ་སོང་ཟེར། མ་ག་རུ་སོང་བྱས་པས། མ་མིག་འཚོལ་དུ་སོང་ཟེར། ཁྱོད་ག་རུ་འགྲོ་བྱས་པས། ང་འགྲོ་བའི་དོན་ལ་འགྲོ་བ་ཡིན་ཟེར་བས། མངའ་བདག་རྒྱལ་པོའི་ཞལ་ནས། ཁ་བརྡའ་དང་ལ་ཉེ་བཟང་། ངེད་རང་འདོད་པའི་བུ་དེ་རང་ཡིན་ནམ་གསུངས་སྐད། བྱིས་པ་དེ་པ་གོར་ཧེ་འདོད་ཀྱི་བུ་པ་གོར་གན་འཇག་ཡིན་ཏེ། དཔལ་རྣམ་པར་སྣང་མཛད་ཀྱི་སྤྲུལ་པ་བཻ་རོ་ཙ་ན་བྱ་བ་ཡིན། མངའ་བདག་རྒྱལ་པོ་དེ་ཡང་རིགས་གསུམ་མགོན་པོའི་སྤྲུལ་པ་ཡིན་པས། ཁ་བརྡ་དང་ལ་ཉེ་ཡང་འདི་ལྟར་དུ་གོ་སྟེ། ཕ་གཏམ་འཚོལ་དུ་སོང་བ་དེ་རྒྱ་གར་གྱི་ཆོས་ཀྱི་གཏམ་འཚོལ་དུ་འགྲོ་བྱ་བར་གོ། མ་མིག་འཚོལ་དུ་སོང་བྱ་བ་དེ་མ་རིག་མུན་པ་སེལ་བའི་མན་ངག་མིག་ལྟ་བུ་འཚོལ་དུ་འགྲོ་བྱ་བར་གོ། ང་རང་འགྲོ་བའི་དོན་ལ་ཕྱིན་པ་ཡིན་ཟེར་བ་དེ། ངས་ཀྱང་འགྲོ་བའི་དོན་བྱས་ན་འོང་བ་ཡིན་བྱ་རུ་གོ་བ་ལགས་སྐད། དེར་པ་གོར་ཧེ་འདོད་ཀྱིས་ཞུགས་ཀྱང་སྒྲོན། དྲུང་མར་ཡང་དྲངས། རྗེ་ལགས། ཞབས་དོན་ཅི་མངའ་ཞེས་དྲིས་པས། རྗེའི་ཞལ་ནས། རྒྱ་གར་གྱི་ཡུལ་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཆོས་ཡོད་ཟེར་བས། དེ་ཞུ་རུ་གཏོང་བ་ལ་གཞན་སུས་ཀྱང་མི་ཡོང་བས། ཁྱོད་ཀྱི་བུ་འདིས་ཡོང་ཟེར་བས། ཁྱོད་ཀྱི་བུ་འདི་སློང་དུ་འོང་བ་ཡིན་གསུངས་པས། ངའི་བུ་ལོ་བརྒྱད་ལས་མ་ལོན་པས། རྒྱ་གར་དུ་ཅང་སླེབ་བམ། ཆོས་ཞུ་བ་ཡང་ཡོང་ངམ་ཟེར་ཏེ། དེར་རྒྱལ་པོའི་ཞལ་ནས། ངེད་ད་ལྟ་གཏོང་བ་མིན་གྱིས། དུས་ལན་གཅིག་གཏོང་བ་ཡིན་ཟེར་ནས། དེར་གན་འཇག་བརྟན་བཟའ་མི་མར་ལ་ཁྲིད་ནས། རོག་པ་རྩ་རུ་ཕོག །བཻ་རོ་ཙ་ན་བྲག་དམར་བསམ་ཡས་སུ་ཁྲིད་ནས། ལོ་བརྒྱད་ཀྱི་བར་དུ་ཉིན་གྲིབ་མཚམས་སུ་བཞག་ནས། ཟས་སུ་དཀར་གསུམ་གསོལ་ཞིང་། ཤེས་རབ་བསྐྱེད་པའི་གཟུངས་དང་། བློ་འཕེལ་པའི་ཐབས་བསྒྲུབས་སོ། །དེར་ལོ་བཅུ་དྲུག་ལོན་པ་དང་། དབུ་སྐྲ་བཞར་ནས། གསེར་གྱི་པ་ཏྲ་བདུན་བརྡུངས་ནས། ཐོད་པའི་དབྱིབས་སུ་བུ་ག་མང་པོ་ཕུག་ནས་མགོ་ལ་བཀབ་སྟེ། གཙང་ཐེ་ལེན་པ་དང་། ན་ལེན་ཏྲའི་བུ་གཙང་སྔོན་པོ་ལེགས་གྲུབ་བྱ་བ་ལོ་ཉི་ཤུ་རྩ་ལྔ་ལོན་པ་གཅིག་དང་གཉིས་ཀྱིས། བསམ་ཡས་ཀྱི་ཨརྱ་པ་ལོའི་གླིང་དུ། རྨི་ལམ་བརྟགས་པས་བཟང་ནས་གཤེགས་སོ། །དེ་ནས་འཕྲང་དགུ་གཅན་དགུ་རུ་ལ་ལར་གླུ་བླངས། ལ་ལར་སྒྲུང་བཏང་། ལ་ལར་གསེར་བྱིན་ནས། དཀའ་བའི་སྤྱོད་པ་སྣ་ཚོགས་མཛད་ནས་གཤེགས་སོ། །དེ་ནས་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ། སློབ་དཔོན་ཤྲཱི་སིང་ཧ་ལ་ཆོས་ཞུས་པས། ལོ་གཅིག་ཏུ་བཀའ་སེམས་ཕྱོགས་གསུངས་ཏེ། རྒྱ་གར་དུ་སློབ་བུ་བྱས། ལོ་གཅིག་ལོན་པ་དང་། བོད་བུ་གཉིས་པོ་གོའམ་ཚིམ་མམ་གསུངས་ཏེ། གཙང་སྔོན་པོ་ལེགས་གྲུབ་ཞལ་ནས། བདག་གིས་ནི་གོའོ། །རྟོགས་སོ། །ཚིམ་མོ་གསུངས་ནས། སྔོན་ལ་བོད་དུ་གཤེགས་ཏེ་འཕྲང་བས་བཀྲོངས་སོ། །བཻ་རོ་ཙ་ནའི་ཐུགས་ལ། དང་པོ་ཐོས་པའི་ཤེས་རབ་སྒྲ་འབའ་ཞིག་ཏུ་འདུག །བར་དུ་བསམ་པའི་ཤེས་རབ་སྒྲ་དོན་ཕྱེད་མར་འདུག །ཐ་མ་སྒོམ་པའི་ཤེས་རབ་དོན་དུ་འདུག་ཀྱང་། དེ་ཡང་ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས་དགོས་པར་འདུག་པས། སྐད་གཅིག་མས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱས་པའི་ཆོས་དེ་མི་འདུག་བསམ་ནས། དེར་སྐྲ་བཞར་ནས། གསེར་གྱི་པ་ཏྲ་བདུན་མགོ་ནས་ཕུད་ནས། ཕྱིས་ནས་སློབ་དཔོན་ཤྲཱི་སིང་ཧའི་ཕྱག་ཏུ་ཕུལ་ཏེ། སློབ་དཔོན་ཤྲཱི་སིང་ཧ་ལགས། མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་ཆོས་སློབ་དཔོན་ལ་ཡོད་མཆིས་པས། བདག་ཞུ་རུ་བཏང་བ་ལགས་པས། ཆབ་གསེར་འདི་དག་ཀྱང་རྗེའི་ཕྱག་ནས་བསྐུར་བ་ལགས་པས། སློབ་དཔོན་གྱི་ཕྱག་ཏུ་བསྣམས་ལ། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་གདམས་ངག་དེ་ཐུགས་ལ་གདགས་པར་ཞུ་ལགས། དེ་ཐུགས་ལ་མ་བཏགས་ན། བདག་བོད་དུ་ཕྱིན་ཀྱང་རྒྱལ་པོས་བཀའ་ཆད་བཅད་ནས། ཆབ་ལ་གསོལ་ཏེ་མཆི་བས། ཐུགས་ལ་གདགས་པར་ཞུ་འཚལ་ཅེས་ཞུས་པས། སློབ་དཔོན་གྱི་ཕྱག་གཡོན་པ་ན་གསེར་གྱི་པ་ཏྲ་བསྣམས། གཡས་པ་བཻ་རོ་ཙ་ནའི་སྤྱི་བོར་བརྐྱངས་ནས། ཨ་ཧ་ཧོའི་ཞེས་བྱིན་གྱིས་བརླབས། ཐུགས་ཡིད་དཀྲུག་གིས་འདྲེས་ནས། ཆོས་ཉིད་ཀྱི་རང་སྒྲ་ཞག་བདུན་གྱི་བར་དུ་ཡལ་བར་བྱུང་ངོ་། །དེར་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། མུན་ཁུང་དུ་སྒྲོན་མེ་བཏེགས་པ་བཞིན་དུ། ཐུགས་སུ་ལྷག་གིས་གསལ་ལོ། །དེ་ལས་སད་ཙ་ན་བལྟས་པས། སློབ་དཔོན་ཡང་དེ་རང་ན་བཞུགས་ནས་འདུག་སྟེ། དེའི་དུས་དེའི་ཚེ་སན་དྷ་ར་ཞེས་བརྡས་སུ་བསྟན་ནོ། །དེ་ཁྱོད་རང་མན་ཤེལ་འདི་ལ་ལྟོས་དང་བྱ་བ་རུ་གོ་ནས། བལྟས་པས་རིན་པོ་ཆེ་མན་ཤེལ་དེ་རྐྱེན་ཁ་དོག་རྣམ་པ་ལྔ། གང་གིས་ཐོག་ཏུ་བཞག་པ་དེ་བཞིན་དུ། ཁོ་ཡང་ཁ་དོག་འགྱུར་བྱིན་འདུག་སྟེ། གང་ལ་ཡང་མ་བརྟེན་པའི་དུས་ན། གསལ་བ་ལ་ངོ་བོ་གང་ཡང་མ་གྲུབ་པ་གཅིག་ཏུ་འདུག་པས། དཔེ་དེ་བཞིན་དུ། དོན་རང་གི་མཚན་ཉིད་ཆོས་བཞི་དང་ལྡན་པ་དེ། མ་རྟོགས་པའི་དུས་ན་རྐྱེན་གྱིས་ཅིར་ཡང་འཆར་གིན་འདུག་པ་ལ། རྐྱེན་གང་ལ་ཡང་མ་བརྟེན་པའི་དུས་ན། གསལ་ལ་ངོ་བོ་གང་དུ་ཡང་མ་གྲུབ་པ་གཅིག་རྟོགས་སོ། །དེར་ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་དག་ནས། ཆོས་ཉིད་ཀྱི་དོན་ལ་རྟོགས་པ་མངོན་དུ་གྱུར་ནས། མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ། ཐུན་མོང་གི་དངོས་གྲུབ་ཞར་ལ་བྱུང་སྟེ། དཔེར་ན་འབྲས་འཁོར་མ་ལོ་ལེགས་ན་སོག་ཕུབ་ཞར་ལ་འབྱུང་བ་བཞིན་ནོ། །དེ་ནས་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་ལ། ད་བོད་དུ་འགྲོ་དགོས་བསམ་པ་ལ། གཙང་ལེགས་གྲུབ་འཕྲང་བས་བསད་པས། སོམ་ཉི་ཨེན་ཅིག་ཟོས་པ་ལ། སློབ་དཔོན་ཤྲཱི་སེང་ཧའི་ཞལ་ནས། ཆུ་འདི་དག་ལ་བརྟེན་པའི་གྲུ། །སྐྱ་བ་དྲག་པོས་རྩོལ་ཕོད་ན། །གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་ཀྱིས་རྩོལ་ཕོད་ན། །མདས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །ཡོན་ཏན་དག་ལ་བརྟེན་པའི་མི། །ས་ཕྱོགས་བགྲོད་ཀྱང་ཉམ་མི་ང་། །ཞེས་གསུངས་པས། བཻ་རོ་ཙ་ན་ཐེ་ཚོམ་མེད་པར་གཤེགས་ཏེ། དཔལ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ནས་ཚ་བ་ཐོན་ནས་ཕྱིན་པས་བསམ་ཡས་སུ་གྲོ་ཁར་བརྟོལ་ལོ། །དེ་ཡན་ཆད་ནི་རིག་འཛིན་བརྡས་གྲོལ་བའི་བརྒྱུད་པ་ཡིན་ནོ།། ༈ །།དེ་ནས་རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་རཱ་ཛའི་རྨི་ལམ་ལོག་སྟེ། བོད་དུ་ཐེག་པ་ཆེན་པོའི་ཆོས་ཐུན་མོང་མ་ཡིན་པ་གཅིག་ཤོར་ནས་འདུག་སེམས་ནས། རྒྱལ་པོའི་ཞལ་ནས། བོད་སྤྲེའུ་བྲག་སྲིན་གྱི་བུ་ཡིན་པས། བོད་དུ་ཐེག་པ་ཆེན་པོའི་ཆོས་ཤོར་དུ་འཕངས་པས། རྐང་མགྱོགས་པ་སོང་ལ་བོད་དུ་ཕྲ་མ་ཆུག་ཅིག་གསུང་ངོ་། །དེར་ཞག་བདུན་ན་རྐང་མགྱོགས་པ་མི་བདུན་གྱིས་བསམ་ཡས་སུ་བརྟོལ་ཏེ། བོད་དུ་གཅིག་གིས་ངན་སྔགས་དང་། དུག་སྦྱོར་བསླུས་ནས་སོང་བས། བོད་ཕུང་དུ་འགྲོ་བས། དེ་སྤྱུག་ཅིག་སོད་ཅིག་ཟེར་ནས་སོང་ངོ་། །དེ་ནས་ལི་རྟག་པོ་ཆེའམ། ལི་ཁྲ་མི་ལ་སོགས་པ། རྒྱ་མི་མི་བདུན་འདུས་ནས། མངའ་བདག་ལས་ཅོལ་ཆུང་བ་མེད། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས་ཚེ་གཅིག་གི་སངས་རྒྱས་པ་ཡོད་ཟེར་ནས། དེ་ཞུ་རུ་བཏང་བ་ཡིན་ན། གནོད་བྱ་མང་པོ་སློབ་ཏུ་བཅུག་ནས་ཅི་བྱེད། མངའ་བདག་ལ་དགྲ་ནི་མི་ཡོང་ན། ད་བོད་ཕུང་འགྲོ་བས་འདི་སྤྱུགས་པ་ལས་མི་བཏུབ་ཟེར་ནས་མངའ་བདག་གིས་སློབ་དཔོན་སྤྱུགས་པར་བྱས་ཏེ། མི་བཙུན་པ་དབང་ཆུང་བ་ངན་ལ་རིད་པ་གཅིག་བཟུང་ནས། སློབ་དཔོན་གྱི་གོས་བསྐོན། ཟས་བྱིན་ནས། བོད་འབངས་ཚོ་འདིར་འདུས་ཤིག །སློབ་དཔོན་སྤྱུགས་པ་ཡིན་ནོ་གསུངས་ནས། ཟངས་གཙང་པོ་ལས་བསྐྱུར་རོ། །དེ་ནས་སློབ་དཔོན་གྱི་ཐུགས་ཀྱིས་བཟུང་བས། ཟངས་དེ་འོལ་ཁ་མཁར་ལྟག་ཡང་སྣང་གི་འཁོར་མར་ཆགས་སོ། །དེར་འཁོར་མའི་བདག་པོས་ཟངས་དེ་རྙེད་ནས། ཁ་ཕྱེ་བས་མི་གཅིག་བྱུང་སྟེ། འདི་གླུད་དུ་བཏང་བའི་མི་གཅིག་འདུག་ཟེར་ནས། གསོས་པས་འོལ་ཁ་རྒྱུག་ཐང་གི་ལྷུ་མི་ཡིན་སྐད། དེ་ནས་སློབ་དཔོན་དབུ་རྩེའི་གློ་འབུར་དུ་བཞུགས་ནས། རྒྱལ་པོ་ལ་ཆོས་གསུངས་བཞིན་ཡོད་པ་ལ། ཇོ་མོ་ཚེ་སྤོང་བཟའ་ཞེ་སྡང་ཆེ་བས། ཕྱིས་བྱར་བྱས་ནས། རྒྱལ་པོ་གར་འགྲོ་བ་བལྟས་པས། རྒྱལ་པོ་སློབ་དཔོན་ལ་དྲུང་མར་ཡང་དྲངས། དར་གྱི་ཐོད་ཕུད་ནས་ཁྲུས་བཤལ་བྱེད་ཅིང་ཡོད་པ་དེ་མོས་མཐོང་ནས། དེར་མོ་རང་བདས་པས་མ་ཟིན་ཏེ། མོས་རྔ་བོ་ཆེ་བརྡུངས་པས། བོད་འབངས་ཚོ་དེར་འདུས་ཏེ། དེར་ཇོ་མོ་ན་རེ། མངའ་བདག་ལས་ཅོལ་ཆུང་བ་མེད་དེ། སློབ་དཔོན་དེ་ད་རུང་འདུག་གོ། །ཆུ་ལ་བསྐྱུར་བ་དེ་སྤྲང་པོ་ཡིན་འདུག་གོ་ཟེར་བས། དེར་བློན་འཁོར་ཀུན་འདུས་ནས། མངའ་བདག་ལས་ཅོལ་ཆུང་བ་མེད། གསེར་དངུལ་ལ་སོགས་པའི་རིན་པོ་ཆེ་ཐམས་ཅད་གྱང་གི་ལོགས་ལ་བྱུག །ཆོས་ལེན་དུ་གཏོང་ཟེར་ནས་ངན་སྔགས་དང་དུག་སྦྱོར་དང་ཁྲོ་ཆུ་མཐེབ་རྒྱ་ཅན་བསླུས། སློབ་དཔོན་སྤྱུགས་པར་བྱས་ནས་སྤྲང་པོ་ཆུ་ལ་འབོར། ད་ཡང་སྤྱུགས་དགོས་ཟེར་ནས་རྒྱལ་པོ་བློན་འཁོར་ཉི་ཤུ་རྩ་ལྔ་དང་བཅས་པས། སྐྱི་གཙང་ལ་བརྒལ་ནས་འགྲོ་བའི་དུས་དེར། སློབ་དཔོན་མ་དགྱེས་ནས་མགུར་བཞེངས་པས། ཇོ་མོ་འགྱོད་ནས་ད་མི་གཤེགས་པར་ཞུ་བྱས་ནས། ཉག་ཐག་ནས་འཐེན་པས། སེམས་ཀྱི་ཐག་པ་དེ་གོང་དུ་བཅད། གྲུའི་ཉག་ཐག་དེ་ཚུར་ལ་ཐོང་ཟེར་ནས་གཤེགས་སོ། །དེར་ཚ་བ་རོང་གི་ལ་ཁར་བསྐྱལ་ནས། ད་རུང་ཡར་ལ་གཤེགས་པར་ཞུ་བྱས་པས། ལན་ཅིག་འོང་གི་གསུངས་ནས། མར་ལ་གཤེགས་སོ། །བློན་འཁོར་ཚོ་ཡར་ལ་ལོག་གོ། །དེར་སློབ་དཔོན་ཚ་བ་རོང་གི་རི་ལ་བཞུགས་ཡོད་པ་ལ། བོད་ཀྱི་བྱ་སློབ་དཔོན་གྱི་ཕྱི་ལ་འབྲངས་ནས། གྲོང་ན་མར་བྱུང་བས། རྒྱལ་མོ་དཔལ་གཞེར་འཕན་བུ་ལ་སོགས་པ་ན་རེ། བོད་ཀྱི་བྱ་ངེད་ཀྱི་ཡུལ་དུ་བྱུང་བས། བོད་ཀྱིས་ངེད་ཀྱི་ཡུལ་འཕྲོག་པའི་སོ་རྟོགས་པ་ཡིན་པས་དེ་རིང་རི་ཉུལ་དགོས་ཟེར་ནས། བཙལ་བས་སློབ་དཔོན་རྙེད་ནས། དྲུད་བཤལ་བརྡུང་བཙོགས་མང་པོ་བྱས། སྦལ་དོང་དང་ཤིག་དོང་དུ་བཅུག་སྟེ། སློབ་དཔོན་ཆོས་ཉིད་ཀྱི་ངང་ལ་བཞུགས་པས། སྦལ་པ་དང་ཤིག་གིས་ཟ་མ་ནུས་ཏེ། ངོ་མཚར་སྐྱེས་ནས། བོད་སྟོང་སྦོས་གཅིག་འདུག་ཟེར་ནས་མཆོད་གནས་བྱས་སོ། །དེར་ཚ་བ་རོང་པ་ལ་ཆོས་སྟོན་དགོས་བསམ་ནས། སྒྲ་ཤེས་སམ་མི་ཤེས་བལྟས་པས། མི་མང་པོ་འཚོགས་པའི་ས་རུ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་གྱིས་དང་བྱས་པས། ཁོང་གིས་མ་ཤེས་ཏེ། མདོས་སེ་མདོས་སེ་གནེ་འབོལ་གནེ་ཁྲི་ལྡོས་སེ་ལྡོས་སེ་རྣེ་སྦོམ་ཁྲི་ཡང་སྣང་། མཆན། བྱ་བ་ལས་མ་བྱུང་སྟེ། བྱིས་པ་ངན་ལ་རིད་པ་གཅིག་ན་རེ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་ཟེར་ཏེ། དེའི་ཕ་མ་དྲིས་པས། མ་ནི་སྔ་གོང་ནས་ཤི། ཕ་ཡོད་ཀྱང་དྭ་ཕྲུག་ཏུ་འདུག་ན་ཟེར་རོ། །འདི་ངའི་གཡོག་བྱ་ཡིས་ཆོས་སློབ་ང་ལ་སློང་བྱས་པས། འོ་དེ་བོད་ཀྱི་སྟོང་སྦོས་ལ་སྦྱིན། ངེད་རང་ཚོ་ལྟོ་སྟེར་རེས་བྱའོ་ཟེར་ནས་བྱིན་ནོ། །ཁོ་ལ་སྒྲ་དང་ཆོས་སློབ་པས། རྒྱལ་མོ་གཡུ་སྒྲ་སྙིང་པོ་དེ་ལགས། དེ་ནས་རྩྭ་མི་ཤིང་མིའི་ཚོང་པས་བོད་བསྐོར་ནས་བྱུང་བ་ལ། སློབ་དཔོན་གྱིས་དྲིས་པ། མངའ་བདག་རྒྱལ་པོའི་མཆོད་གནས་སུ་ཇི་ལྟར་བྱ་བ་བཞུགས་འདུག །མངའ་བདག་སྐུ་ཁམས་བདེ་བར་འདུག་གམ། རྒྱལ་ཁྲིམས་མ་ཞིག་པར་འདུག་གམ། ཞེས་དྲིས་པས། ཚོང་པ་ན་རེ། རྒྱལ་ཁྲིམས་མ་ཞིག་པར་འདུག །མངའ་བདག་སྐུ་ཁམས་བདེ་བར་འདུག །མཆོད་གནས་བི་མ་ལ་མི་ཏྲ་བཞུགས་འདུག་ཟེར་བས། བཻ་རོ་ཙ་ནའི་ཞལ་ནས། གཡུ་སྒྲ་སྙིང་པོ་ལ། ཁོང་ཡ་གི་ན་ཐེག་པ་ཆེན་པོའི་ཆོས་གསུངས་ངེས་མེད་པས། ཁྱོད་ང་ཡི་ལ་ཡོག་དོར་ལ་ཤོག་གསུངས། དེར་གཡུ་སྒྲ་སྙིང་པོས། ཞྭ་སྤྱི་རིང་གཅིག་གི་ནང་དུ། སྔ་འགྱུར་ལྔ་ཤོག་དྲིལ་དུ་བྱས་ནས་བཅུག་སྟེ་གྱོན་ནས་བསམ་ཡས་སུ་བྱོན་ནོ། །སློབ་དཔོན་བི་མ་ལ་མི་ཏྲས། ཐེག་པ་ཆུང་ངུའི་གྱི་ཆོས་གསུང་གི་འདུག་པ་ལ། གཡུ་སྒྲ་སྙིང་པོས་ཞྭ་གྱོན་འབེར་ཀ་གཅིག་བཙུགས་ནས། ཕྱག་ཀྱང་མི་འཚལ་བར། ཀ་ཀ་པ་རི་ཀ་ཀ་པ་རི་ཟེར་བས། བི་མ་ལས། བརྡ་ཐིམ་བརྡ་ཐིམ་ཞེས་སྐད་འཕང་སྨས་ནས་གསུངས་སོ། །དེར་གཉགས་ཀུ་མཱ་ར་ཡི་ཞལ་ནས། སྤྲང་པོ་ཨ་ཙ་ར་ཀུ་ཅོ་རེ་ཆེ། སློབ་དཔོན་གསུང་རེ་ཞན། ཁྱེད་གཉིས་ཀྱི་སྒྲ་དེ་ངས་མ་ཤེས་ཟེར་བས། སློབ་དཔོན་གྱི་ཞལ་ནས། ཁོ་ན་རེ། ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། །ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། །ཐེག་པ་ཆེན་པོའི་ཆོས་མི་བཤད་པར་ཟེར་བ་ལ། ངས་བརྡ་ཐིམ་བྱས་པ་དེ། དུས་ལ་མ་བབ་ཁ་རོག་སྡོད་བྱས་པ་ཡིན། ཁོ་ཆོས་ཤེས་པ་གཅིག་འདུག་ཟེར་ནས་བཙལ་བས། གླིང་བར་ནས་མ་ཇོ་ཆང་མ་གཅིག་གི་གམ་དུ་འདུག་ནས། ཁྱོད་ཀྱི་ཆོས་ཅི་ཤེས་དྲིས་པས། བཻ་རོ་ཙ་ན་བྱ་བའི་སློབ་མ་ཡིན། བཀའ་རྫོགས་པ་ཆེན་པོ་ཤེས། མདོ་ཁམས་སྨད་ནས་འོངས་པ་ཡིན་གསུངས། ཨ་ཙ་ར་ཛྙཱ་ནས་འོ་ན་ཆོས་གཅིག་ཞུ་བྱས་པས། ཡང་ན་རིག་པ་དང་རིག་པ་བརྗེ། ཡང་ན་རིག་པ་ཡོན་གྱིས་བསླུ། ཡང་ན་རིག་པ་བུ་ལ་བྱིན་བྱ་བ་ཡིན་ཟེར་ནས། དེར་རིག་པ་དང་རིག་པ་ཡང་བརྗེས་ཏེ། ཨ་ཙ་ར་ཛྙཱ་ནས་བི་མ་ལ་མི་ཏྲའི་ལོ་ཙཱ་བ་བྱས་ནས། ཕྱི་འགྱུར་བཅུ་གསུམ་གཡུ་སྒྲ་སྙིང་པོ་ལ་ཕར་བཤད། གཡུ་སྒྲ་སྙིང་པོས་སྔ་འགྱུར་རྣམ་པ་ལྔ། ཨ་ཙ་ར་ཛྙཱ་ན་ལ་བཤད་དོ། །རིག་པ་ཡོན་གྱིས་ཀྱང་བསླུས་ཏེ། སློབ་དཔོན་དུ་ཁུར་ནས་སྲིང་མོ་ཞབས་ཏོག་ཏུ་ཕུལ་བ་ལགས་སོ། །སྐབས་དེར་གཡུ་སྒྲ་སྙིང་པོ་བོད་དུ་སོང་ནས། སློབ་དཔོན་བཻ་རོ་ཙ་ན་སྐྱོ་བར་གྱུར་ནས། རྒྱལ་མོ་ཚ་བའི་ཤོད་བྱ་བ་ན་བཞུགས་པ་དེ། རྒྱལ་མོ་ཚ་བའི་ཤོད་བྱ་བ་ནས་མར་ལ་ཉིན་ལམ་བཅུ་གསུམ་གྱི་ཐག་རིང་བའི་ས་ན། རྒྱལ་མོ་སྟག་རྩེ་ལ་ཁར་བྱ་བ་ན། སྤང་མི་ཕམ་མགོན་པོ་བྱ་བ། དགུང་ལོ་དགུ་བཅུ་རྩ་ལྔ་ལོན་པ། བོད་སྐད་དུ་བྱང་བ། དད་པ་ཆེ་བ་གཅིག་དང་མཇལ་ནས། ཁོ་ན་རེ། སློབ་དཔོན་བཻ་རོ་ཙ་ན་བྱ་བ་ལ། སྐད་ཅིག་མས་དོན་རྟོགས་ནས། ཚེ་གཅིག་གིས་སངས་རྒྱས་བའི་ཆོས་ཡོད་ཟེར་བ་ལ། ཁྱེད་དེར་ཆོས་ཉན་གྱིན་མི་སྡོད་པར། འདི་ན་མར་ཡོང་བ་སྟངས་རེ་ཞན་ཟེར་བས། དེ་ལྟ་བུ་ཤེས་པའི་བཻ་རོ་ཙ་ན་བྱ་བ་དེ་ང་རང་ཡིན་གསུངས་པས། དེར་དགའ་ནས་ཤི་ན་རུང་སྙམ་ཙ་ན། མ་ཤི་བ་ང་རེ་འཚེང་ཟེར་ནས། སྐེ་ལ་འཁྱུད་ནས། ཉིན་ཞག་ཕྲུག་གཅིག་ཏུ་མ་བཏང་ངོ་། །དེ་ནས་བསྒྲེས་པ་རུ་འདུག་ནས། ཕྱག་སྤྱི་བོ་རུ་བཞག་ནས། ཨ་ཧ་ཧོའི་ཞེས་བརྡས་བྱིན་གྱིས་བརླབས་པས། སོ་སོ་སྐྱེ་བོ་རུ་འདུག་པ་དང་། ལས་སྒྲིབ་ཆེ་བས་གོ་རུ་མ་བཏུབ་ནས། སྐྱབས་འགྲོ་ཁྱད་པར་ཅན་ལ་བརྟེན་ནས། སེམས་བསྐྱེད་བྱིན་རླབས་མཛད། དོན་སྒྲར་བཏུབ་ཚད་ཚིག་ཏུ་བཤད། སྨྲ་རུ་མ་བཏུབ་པ་བརྡས་སུ་བསྟན། དེ་རུ་བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས་ནས། དེར་ཆོས་སྤྱིའི་རྣམ་པ། དོན་རང་གི་ཆིངས་སུ་བསྟན། དེར་སེམས་ཉིད་དེ་སོ་སོའི་གནས་ལུགས། མ་ནོར་བ་དེ་ལ་སྒོམ་དུ་མེད་ཀྱང་། མི་འགྱུར་མི་ཡེངས་པར་བྱེད་པ་ལ། ལུས་ཚུགས་མ་ཐུབ་པ་ལས། པུས་འཁྱུད་ཀྱིས་བཅིངས་ཀྱང་འགྱེལ་བས་སྒོམ་རྟེན་བཙུག །དོན་ཉམས་སུ་མྱོང་བ་དེ་ལ་ཡིད་ཆེས་པར་བྱེད་པ་ལ། ཚུལ་ཤིང་ལ་བལྟ་ཡིན་བསྒོམ་དུ་བཅུག་གོ། །ལུས་ངག་ཡིད་གསུམ་སྨིན་པར་དང་གྲོལ་བར་བྱེད་པ་ལ། ཡང་དག་གི་དབང་བཞི་རྫོགས་སུ་བསྐུར་བ་ཡིན། དེ་སྒོམ་ཚུལ་བླ་མའི་བྱིན་རླབས་ཟེར་བ་ཡིན་གསུངས། དེ་ནས་ཡང་མི་ཕམ་མགོན་པོས་བརྡ་ལ་ངང་གིས་བལྟ་ཡིན་ཡོད་ཙ་ན། སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས། མི་ཕམ་མགོན་པོའི་དྲུང་དུ་ཕྱག་རྒྱ་མཐོ་དོ་མཛད་ནས། ཚིགས་བཅད་འདི་སྐད་བརྗོད་དོ། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་སློབ་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་ནས་ཚ་བའི་རོང་དུ་མཆིས། །ཆོས་རྒྱུད་སྡེ་དང་ཀློང་སྡེ་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །རི་མཐོ་ས་གཙང་བོད་ཡུལ་དབུས། །ཐ་མ་གངས་ཀྱིས་བསྐོར་བས་སྦྲུལ་དང་གདུག་པ་མེད། །དགོས་དགུ་ས་ལ་འབྱུང་བས་བོད་ཡུལ་དབུས་དེ་བཟང་། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་བོད་སྨིན་པས། །བདག་ཉིད་སླར་ལ་བོད་དུ་མཆི། །གསུངས་ཏེ། མི་ཕམ་མགོན་པོའི་སོག་པ་ལ་ཐལ་ལྕགས་གཅིག་བྱས་ནས་གཤེགས་སོ། །མི་ཕམ་མགོན་པོས་བལྟས་ཙ་ན། གཤེགས་ཟིན་ནས་འདུག་སྐད། དེའི་ཚེ་ཚ་བ་རོང་གི་ཚ་བ་ཐོན་ནས་བྱོན་པས་བསམ་ཡས་སུ་གྲོ་ཁར་སླེབས་སྐད། བསམ་ཡས་སྒོ་མོའི་ཐང་ནས་ཡར། སྒྲ་མི་འདྲ་བ་མང་པོ་བསྒྱུར་ཅིང་གླག་ཅོར་བྱོན་པས། སློབ་དཔོན་བི་མ་ལ་མི་ཏྲ་དང་། སློབ་དཔོན་རང་གི་ཡུམ་དང་། མངའ་བདག་ཁྲི་སྲོང་ལྡེའུ་བཙན་དང་། ཀུན་གྱིས་ངོ་ཤེས་ནས། དྲི་མེད་བྱེད་དུ་འོང་བར་འདུག་པ་ལ། ཡང་སྤྱུགས་ཀྱིས་དོགས་ནས་གཞན་གྱིས་མི་གོ་བའི་བརྡའ་རེ་མཛད་པས། དེ་ཁོང་གིས་གོ་ནས། ཁྱོད་ཀྱི་ཅི་སྐད་བྱ་བ་ཡིན་ཟེར་བས། ང་བན་ཆུང་ཡེ་ཤེས་སྡེ་བྱ་བ་ཡིན། མདོ་ཁམས་སྨད་ནས་འོངས་པ་ཡིན། སྒྲ་དོན་བསྒྱུར་བའི་ལོ་ཙཱ་བ་མཁས་པ་ཡིན་གསུངས་སྐད། དེར་འོ་ན་ངེད་ཀྱི་ལོ་ཙཱ་བ་མཛད་པར་ཞུ་བྱས་པས། དེར་སྒྲ་དང་དོན་བསྒྱུར་བའི་ལོ་ཙཱ་བ་མཛད་སྐད། དུས་ཚོད་དེ་ཙམ་ན་བསམ་ཡས་སུ། རྒྱ་ནག་པོའི་ཧ་ཤང་གསུམ་དང་། རྒྱ་དཀར་པོའི་པཎྜི་ཏ་གསུམ་དང་། སྒྲ་དོན་བསྒྱུར་བའི་ལོ་ཙཱ་བ་དང་། དེ་རྣམས་ཀྱིས་དུས་དེར་ཆོས་མང་པོ་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་ནས། དེ་རྣམས་སློབ་དཔོན་བཻ་རོ་ཙ་ནས་སྒྲ་དོན་བསྒྱུར་མཛད་དོ། །དེ་ཙ་ན་ཡུམ་བསྒྲེས་པར་འདུག་པས། དང་པོ་བསྙེན་གནས་ཀྱི་སྡོམ་པ་ཕོག །དེ་ནས་དགེ་ཚུལ་གྱི་སྡོམ་པ་ཕོག །དེ་ནས་བར་སློབ་མའི་སྡོམ་པ་ཕོག །དེ་ནས་དགེ་སློང་མའི་སྡོམ་པ་ཕོག །དེ་རྣམས་ཞག་བདུན་བདུན་རིམ་གྱིས་ཕོག་ནས། ཚེ་ལ་ལོངས་མི་འདུག་པས། ཕུག་པོ་ཆེ་རུ་བཞུགས་སུ་བཅུག །དེར་གྲོང་ནས་བསམ་ཡས་ཁ་ཧས་པོ་རི་ཡང་སྣང་། སྤུ་རིའི་རྩེ་ལ་པུར་སྦྱངས་པས། སྐུ་ཚབ་མཆོད་རྟེན་བརྩིགས་པས། ད་ལྟ་བཻ་རོ་ཙ་ནའི་མཆོད་རྟེན་ཟེར་བ་ཡིན་སྐད། དེ་ནས་སློབ་དཔོན་བཻ་རོ་ཙ་ན་སྒྲགས་ཀྱི་ཡང་རྫོང་ལ་གཤེགས་ནས། ནམ་ཞིག་ན་ཕྱག་རྒྱ་མཐོ་གང་མཛད་ནས། ཚིགས་བཅད་འདི་མཛད་དོ། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབ་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །མངའ་བདག་རྒྱལ་པོ་ཉིད་ལ་གཏད། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །ཆོས་རྒྱུད་སྡེ་དང་ཀློང་སྡེའི་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་བོད་སྨིན་པས། །བདག་ཉིད་སླར་ཡང་ལ་བོད་དུ་མཆིས། །སྒྱུ་མ་ལྟ་བུའི་ཕུང་པོ་ཡིས། །སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་མངོན་སྤྱད་ནས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཀྱིས། །ནམ་མཁའ་ལྟ་བུར་མངོན་སྤྱད་ནས། །ནམ་མཁའ་ལྟ་བུར་མངོན་སངས་རྒྱས། །རྣལ་འབྱོར་ཉི་མའི་སྙིང་པོ་འདྲ། །གསུངས་ཏེ། སྒྲགས་ཀྱི་ཡང་རྫོང་ལ་འཇའ་ཡལ་བ་བཞིན་དུ་གཤེགས་སྐད། ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བ་དེ་ངན་ལམ་བྱང་ཆུབ་རྒྱལ་མཚན་གྱིས་གསན་ནས། ཡང་དག་པའི་དོན་དེ་སྤང་མི་ཕམ་མགོན་པོ་ལ་ཡོད་པར་འདུག་བསམ་ནས། སྤང་མི་ཕམ་མགོན་པོའི་སྤྱན་སྔར་ངན་ལམ་བྱང་ཆུབ་རྒྱལ་མཚན་ལོ་དྲུག་ཅུ་རྩ་བདུན་ལོན་པ་གཅིག་གིས་བྱོན་པས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པར་མཛད་ནས། དེ་ནས་ཁམས་སུ་སྒོམས་ཤིག་གསུངས་ནས་དེས་ཁམས་ཀྱི་ཝ་སེང་གེ་བྲག་ཏུ་བཞུགས་ཙ་ན། ཟ་ངམ་རིན་ཆེན་དབྱིག་ལོ་དྲུག་ཅུ་རྩ་བདུན་པ་གཅིག་གིས་བྱོན་ནས། དེ་ལ་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས་ནས། བྱིན་གྱིས་བརླབས་པ་ཡང་མཛད་དོ། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །བྱ་བ་དེ། ཁུ་འགྱུར་གསལ་བ་མཆོག་གིས་གསན་ནས། ལོ་ལྔ་བཅུ་ང་གསུམ་ལོན་པ་གཅིག་གིས། མི་ཕམ་མགོན་པོའི་དྲུང་དུ་བྱོན་ནས། ཁྱེད་ཁམས་སུ་བྱོན་པས་ཡོངས་གསུངས་ནས། དེར་ཟ་ངམ་རིན་ཆེན་དབྱིག་ལ་ཞུས་པས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པར་ཡང་མཛད་དོ། །ཉང་བྱང་ཆུབ་གྲགས་པ་ལོ་བཞི་བཅུ་ཉི་ཤུ་ཡང་སྣང་། རྩ་གཉིས་ལོན་པ་གཅིག་གིས། མི་ཕམ་མགོན་པོའི་དྲུང་དུ་བྱོན་པས། ངའི་གདམས་ངག་འདི་ཆིག་བརྒྱུད་ཡིན་པས། ངས་བསྟན་དུ་མི་རུང་ཁྱོད་རང་ཁམས་ན་ངའི་སློབ་མ་གཅིག་ཡོད་དེར་སོང་གསུངས་ནས། ཁམས་སུ་ཕྱིན་པས། ངན་ལམ་དང་། ཟ་ངམ་གཉིས་ཀྱིས་གདམས་ངག་མ་གནང་བར། ཁུ་འགྱུར་ཁབ་ཏུ་ལུང་བསྟན་པས། དེར་ཕྱིན་པས་བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་མཛད་ནས། བསམ་ཡས་མཆིམས་ཕུ་རུ་བྱོན་པ་ལ། ཉང་ཤེས་རབ་འབྱུང་གནས་དང་མཇལ་ནས། ང་བསྙེན་པར་རྫོགས་ཀྱང་། གདམས་ངག་ཁྱེད་ཆེ་བར་འདུག་པས། ངའི་སློབ་དཔོན་གྱིས་གསུངས་ནས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པར་མཛད་དོ། །ཉང་ཤེས་རབ་འབྱུང་གནས་ཕུག་པོ་ཆེ་ལ་བཞུགས་པ་ལ། རྦ་སྒོམ་བྱིས་པ་གཅིག །ཨ་མས་ཉང་ཤེས་རབ་འབྱུང་གནས་ལ་བཅོལ་བས། ལོ་ཉི་ཤུ་རྩ་ལྔ་ལོན་ནས། བརྡའ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །སློབ་དཔོན་རྦ་སྒོམ་ཕུག་ཆུང་ཟུར་རི་ན་བཞུགས་པ་ལ། ཕུག་པོ་ཆེ་ན། དགེ་བཤེས་བཙན་ཁ་བོ་ཆེ་ཞེས་བྱ་བ། ཆོས་གསུངས་ཟེར་ནས་ལྟ་རུ་ཕྱིན་པས། སློབ་དཔོན་རྦ་སྒོམ་དང་མཇལ་ནས། ཕམ་ཕབ་ཞུས་པས། ཁྱོད་རང་འདིར་སྡོད་ལ་ངའི་རོག་འདྲ་བ་གྱིས་ཤིག་གསུངས་ནས། རོག་བྱས་པས་སློབ་དཔོན་དགྱེས་ནས། སློབ་དཔོན་འཛེང་ལ་བརྡ་དང་ངག་ཏུ་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །ཕྱིས་ནས་སློབ་དཔོན་འཛེང་གིས་བྱིན་གྱིས་རློབས་པ་ལན་ལྔ་ཞུས། ཞབས་ཏོག་ཀྱང་ལན་འགའ་བསྐྱལ་གསུང་ངོ་། །དེ་ནས་སློབ་དཔོན་འཛེང་དྭགས་པོ་སྤ་ལུང་ན་བཞུགས་ཙ་ན། སློབ་དཔོན་ཇོ་སྲས་དགུང་ལོ་བཅུ་གསུམ་ཙམ་ལོན་པ་གཅིག་གིས་བྱོན་ནས། སུམ་ཅུ་རྩ་དྲུག་མན་ཆད་ལོ་རེ་ལ་དབྱར་དགུན་གང་རུང་རེ་རེ་བཞུགས་སོ། །སློབ་དཔོན་ཀུན་བཟང་གྱིས། སློབ་དཔོན་ཇོ་སྲས་དང་ལོ་བརྒྱད་ཀྱི་བར་དུ་ཕལ་ཆེར་འགྲོགས་ཏེ། རྡོ་རྗེ་ཟམ་པ་ཚར་བཅུ་གསུམ་ཐོབ་བོ། །གླེང་གླེང་མང་པོ་ཞུས་སོ། །སློབ་དཔོན་འཛེང་ཆེན་པོ་ལ། རྣ་བརྒྱུད་ཚར་བཅུ་གསུམ་ཐོབ་བོ། །དགུན་ཐོག་ལྔ་འགྲོགས་སོ། །གླེང་གླེང་ཤིན་ཏུ་མང་བར་བྱུང་ངོ་། །བདག་གིས་ནན་ཏན་བྱས་པ་ལགས་སོ། །སློབ་དཔོན་དགའ་རབ་རྡོ་རྗེས་མཁའ་འགྲོ་མ་མ་རུངས་པ་འདུལ་བ་ལ། མཁའ་འགྲོ་མ་ལ་ཆོས་གསུང་བཞིན་ད་དུང་དུ་བཞུགས་སྐད། འཇམ་དཔལ་བཤེས་གཉེན་སྣང་བ་དག་པ་རྣམས་ཀྱིས་མཐོང་། སྣང་བ་མ་དག་པ་རྣམས་ཀྱིས་མི་མཐོང་སྟེ། གྲོངས་པ་མི་མངའ་སྐད། ཤྲཱི་སིང་ཧ་མཁའ་སྤྱོད་དུ་གཤེགས་སྐད། བཻ་རོ་ཙ་ན་དགུང་ལོ་སུམ་བརྒྱ་དང་དྲུག་ཅུ་བཞུགས་ནས་མཐར་སྒྲགས་ཀྱི་ཡང་རྫོང་དུ་ནམ་མཁའ་ལ་འཇའ་ཡལ་བ་བཞིན་དུ་ལྷག་མེད་དུ་གཤེགས་སྐད། སློབ་དཔོན་རྦ་སྒོམ་གྱི་ཞལ་ནས། མི་ཕམ་མགོན་པོ་ད་རུང་དུ་བཞུགས་གསུངས་ནས། དྭགས་པོ་བ་གཅིག་བལྟར་བཏང་བས། ལོ་ལྔ་བརྒྱ་དང་བཞི་བཅུ་ལྔ་བརྒྱ་ཁོ་ན་ཡིན་པར་སྣང་། ཞེ་གཉིས་ལོན་ནས་ཕུང་པོ་ལྷག་མེད་དུ་གཤེགས་སྐད། ངན་ལམ་བྱང་ཆུབ་རྒྱལ་མཚན་དགུང་ལོ་བརྒྱ་དང་བདུན་ཅུ་རྩ་གཉིས་ལོན། ཟ་ངམ་རིན་ཆེན་དབྱིག་བརྒྱ་དང་བཞི་བཅུ་རྩ་བཞི་ལོན། ཁུ་འགྱུར་གསལ་བའི་མཆོག་བརྒྱ་དང་བཅུ་བདུན་ལོན། དེ་གསུམ་ཁམས་ཀྱི་ཝ་སེང་གེ་བྲག་ལ། སྦྲུལ་གྱི་ལོ་ལ་གཅིག་རྟིང་ལ་གཅིག་གཤེགས་ཏེ། སྐུ་ན་བུན་བཞིན་དུ་གཅིག་རྟིང་ལ་གཅིག་ནམ་མཁའ་ལ་གཤེགས་སོ། །ཉང་བྱང་ཆུབ་གྲགས་པ་ཕུག་པོ་རི་བོ་ཆེ་བྱ་བའི་རྩེ་ལ། ཕུང་པོ་ལྷག་མེད་དུ་གཤེགས་སྐད། ཉང་ཤེས་རབ་འབྱུང་གནས་ངམ་ཤོད་ཕུག་པོ་ཆེའི་ལྷ་རིའི་རྩེ་མོ་ལ་ན་བཟའ་དང་། ཕྲེང་བ་དང་། ཆོས་གོས་ཚོ་ཤུག་པ་ལ་གཟར་ནས། ནམ་མཁའ་ལ་ལྷག་མེད་དུ་གཤེགས་སྐད། རྦ་སྒོམ་ཡེ་ཤེས་བྱང་ཆུབ་ལོ་དགུ་བཅུ་རྩ་བརྒྱད་ལོན་ནས། ཕུག་ཆུང་ཟུར་རི་རུ་ཇོ་མོ་གང་མོ་བྱ་བས་མཆོད་ཁང་ནང་དུ་པུར་སྦྱངས་བས། མེ་བུམ་པ་ཙམ་གཅིག་མིག་གིས་མཐོང་མཐོང་གི་ནམ་མཁའ་ལ་གཤེགས་ནས། ཤུལ་དུ་བསྲེག་རྒྱུ་དང་གདུང་ཐལ་ཡང་མ་བྱུང་སྐད། སློབ་དཔོན་འཛེང་དྷརྨ་བོ་དྷི་དགུང་ལོ་བརྒྱ་དང་བཅུ་བདུན་ལོན་པའི་ནངས་པར་སྐྱེ་ཤི་ལ་སྤྱོད་གསུངས་ཏེ། ངའི་ལུས་ལ་གྲིབ་མ་ཡོང་ཞིང་འདུག་པས། ལུས་ལ་ལྷག་མ་ཡོང་སྟེ། སེམས་ལ་ལྷག་མ་མི་འཇོག་གསུངས་ནས། ཉི་ཤུ་གཉིས་ཀྱི་ཐོ་རངས་སྐུ་གཤེགས་ནས། པུར་སྦྱངས་པས། ནམ་མཁའ་འཇའི་རྒྱ་གྲམ་བྱུང་བས། པུར་སྦྱོངས་པ་རྣམས་ཀྱིས་མ་མཐོང་བར། ཡུལ་ཕ་ཀིའི་རྐྱང་ཕུ་བའི་ཕྱུགས་རྫི་དང་མི་མང་པོས་མཐོང་སྐད། ཡོན་བདག་བཛྲ་བྱ་བ་དམ་ཚིག་གཙང་བ་མོས་གུས་ཆེ་བ་གཅིག་གིས་སྡོང་པོ་ལ་བ་གཞོན་པ་གཅིག་དང་། གླང་བཟང་པོ་གཅིག་བཏགས་ནས། ཕྱག་རྟེན་ཞུ་བྱས་ནས། གསོལ་བ་བཏབ་པས། སྲིན་ལག་ཐབ་ནས་ཡར་ནས་པང་དུ་བྱུང་སྐད། རིང་བསྲེལ་དང་མཆོད་རྟེན་བྱུང་བའི་ལོ་རྒྱུས་འདུག་སྟེ། བདག་གིས་ཐོས་པ་ལས་མ་མཐོང་། དེ་ཡང་ཉམས་སུ་བླངས་པས་གྲུབ་པ་ཐོབ་པ་ལགས་སོ། །སློབ་དཔོན་ཀུན་བཟང་གིས་འཛེང་ཁུ་དབོན་གཉིས་ཀ་ལ་ནན་ཏན་དུ་ཞུས་པ་ལགས་སོ། །ལོ་རྒྱུས་རྒྱས་བསྡུས་ལས་འབྲིང་པོ་བྲིས་པ་ལགས་སོ། །དེ་ཡན་ནི་ངེས་ཤེས་བསྐྱེད་པར་བྱེད་པར་བརྒྱུད་པའི་ལོ་རྒྱུས་ཡིན་ཏེ། རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བའི་སྐབས་ལགས་སོ།། ༈ །།སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། གོ་བ་དང་ཚིག་གཉིས་ཏེ། དེ་ཡང་གོ་བ་ནི་མདོར་བསྟན་པ་ཡིན་པ་དང་། ཚིག་དོན་གྱིས་རྒྱས་པར་བཤད་པ་ལགས་སོ། །དང་པོ་གོ་བ་ལ་བསྒོམ་དུ་མེད་པ་ནི། གང་ལ་བསྒོམ་དུ་མེད་ན། སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་བསྒོམ་དུ་མེད་དེ། དེ་ཡང་སེམས་ཉིད་ཞེས་པ་ནི་སེམས་མ་ཡིན་པའི་ཕྱིར་ན་སེམས་ཉིད་ཡིན་ཏེ། སེམས་ནི་དྲན་པ་གློ་བུར་བ་རྐྱེན་ལས་སྐྱེས་ཤིང་རྐྱེན་གྱིས་འཇིག་པས་ན་ཀུན་རྫོབ་བོ། །སེམས་མ་ཡིན་པ་ནི་འགྱུར་བ་མེད་ཅིང་གསལ་ལ་རྟོག་པ་མེད་པའི་དོན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་ཡིན་ཏེ། དེ་ཡང་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པ་སྟེ། ཆོས་བཞི་དང་ལྡན་པའོ། །དེ་ཡང་ཡིད་ཀྱི་ཡུལ་ལམ། བློའི་ཡུལ་དུ་མི་གནས་པས་ན། བསྒོམ་དུ་མེད་པའོ། །ཡོད་མེད་གང་དུ་ཡང་བསྒོམ་དུ་མེད་པའི་དོན་དེ། བློའི་སྤྱོད་ཡུལ་དུ་མ་གྱུར་པས་ན་དོན་དམ་པའོ། །དེ་ཡང་རྩ་བའི་རྒྱུད་ལས། དོན་དམ་ཆོས་ཉིད་སྐྱེ་འགགས་མེད། །ཀུན་རྫོབ་སྒྱུ་མ་ཅིར་ཡང་སྣང་། །ཞེས་བཤད་དོ། །སྤྱོད་འཇུག་ལས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཉིད་དུ་འདོད། །ཅེས་པའོ། །དེ་བས་དོན་དམ་པ་བློའི་སྤྱོད་ཡུལ་དུ་མ་གྱུར་པ་སྟེ། བླ་མའི་གདམས་ངག་གིས་ངོ་སྤྲད་པས། སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ཉིད། རྐྱེན་གཞན་གྱིས་མི་འཆུག་མི་འགྱུར་བར་རྟོགས་པས་ན་གཟེར་ཞེས་བྱའོ། །དེ་ནི་བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་གོ་བ་མདོར་བསྟན་པའོ། །ཚིག་ལ་གཉིས་ཏེ། བསྒོམ་མེད་བརྡའི་གཟེར་ཆེན་གདབ་པ་ལས། བརྡས་དོན་འགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པའོ། །བརྡས་དོན་འགྲོལ་བའི་མན་ངག་སྦྱིན་པ་ལ་གཉིས་ཏེ། དུས་ཀྱི་བརྡའ་དང་། གནད་ཀྱི་བརྡའོ། །དང་པོ་དུས་ཀྱི་བརྡའ་ནི། རླུང་རྩ་ཨ་ཝ་དྷུ་ཏིར་ཚུད་པའི་རྟགས་སུ། རླུང་གཞན་ནས་མི་འགྱུ་སྟེ། མེ་ཁམས་གཡོན་པའི་སྣ་ནས་ཚུར་ལ་རླུང་དར་སྐུད་ཙམ་གཅིག་འགྱུ་བའི་དུས་དེར་ངོ་སྤྲད་ནས། ཡེ་ཇི་བཞིན་པའི་དོན་དེ། ཇི་ལྟ་བ་བཞིན་དུ་མཐོང་ཡོད་པའི་དུས་ཡིན་པས་ན་དུས་ཀྱི་བརྡའ་ཞེས་བྱའོ། །དེ་ཡང་དཀྱུས་སུ་བསྟན་དུ་མི་བཏུབ་སྟེ། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ་བསྟན་པའོ། །གནད་ཀྱི་བརྡའ་ལ་ཡང་གོ་བ་དང་། ཚིག་གཉིས་ཏེ། དེ་ལ་དང་པོ་བརྡའི་གོ་བ་མདོར་བསྟན་པ་ནི། དེ་ཡང་འདྲ་བ་དཔེས་མཚོན་པའོ། །དཔེར་ན་མེ་སྒྲོན་ལ་བརྟེན་ནས་མཛོད་ཀྱི་ཀ་ཆ་ལེན་པའམ། མཛུབ་མོ་ལ་བརྟེན་ནས་བྱིས་པས་ཟླ་བ་མཐོང་བ་བཞིན་དུ། དུས་ཀྱི་བརྡའི་དུས་སུ་གནད་ཀྱི་བརྡ་བཞི་ལ་བརྟེན་ནས་རང་གི་རྒྱུད་ལ་སྦྱར་ནས་ངོ་སྤྲོད་པའོ། །སེམས་ཉིད་དངོས་པོའི་གནས་ལུགས་བསྒོམ་དུ་མེད་པ་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན། འགྱུར་བ་མེད་པ་དེ་མཐོང་བས། གཉིས་སུ་འཛིན་པའི་བློ་ལས་གྲོལ་བའོ། །བློ་བྲལ་གྱི་དོན་བསྒོམ་དུ་མེད་པ་དེ་ལ། མིང་དུ་བཏགས་ན་སྟོང་པ་ཉིད་ཅེས་བྱ་སྟེ། སྟོང་པ་ཉིད་ལ་ཡང་གསུམ་དུ་འདོད་པ་ལས། དེ་ཡང་ཚིག་དང་བློས་གཏན་ལ་ཕབ་པ་དེ་ནི། སེམས་ཅན་བློའི་སྟོང་པ། བརྡའ་དང་ཐབས་ཀྱིས་རྒྱུད་ལ་སྦྱོར་བ་དེ་ནི། རྣལ་འབྱོར་ལམ་གྱི་སྟོང་པ། དོན་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། དུས་གསུམ་འགྱུར་བ་མེད་པ་དེ་ནི། སངས་རྒྱས་ཀྱི་སྟོང་པའོ། །སྤྱི་རུ་རྫོགས་པ་ཆེན་པོ་ལ། བསྒོམ་ཡོད་དང་། བསྒོམ་མེད་དང་། གཉིས་སུ་མེད་པ་དང་གསུམ་ལས། ཁམས་ཀྱི་ཉང་ལུགས་ནི་བསྒོམ་ཡོད། བོད་ཀྱི་བསྒོམ་ལུགས་ནི་བསྒོམ་མེད། རྒྱལ་མོ་ཚ་བའི་རོང་གི་སངས་རྒྱས་ཀྱི་ལུགས་འདི་ནི་བསྒོམ་ཡོད་དང་བསྒོམ་མེད་གཉིས་སུ་མེད་པ། མཐའ་བྲལ་དབུ་མའི་ལམ་ཡིན་སྐད་དོ། །དེ་ཡང་འདི་ནི་ཆོས་ཉིད་ཀྱི་དོན་དེ་ལ་དམིགས་སུ་མེད་པས་ན་ཤེས་རབ་ཀྱི་ཆ་བསྒོམ་མེད། གང་ཟག་གི་བློ་ཐོག་ཏུ་ཡེངས་སུ་མེད་པས་ན་ཐབས་ཀྱི་ཆ་བསྒོམ་ཡོད། དེ་ཡང་མ་ཡེངས་པའི་གནད་ཀྱིས་བརྡའ་བཞི་དང་། མི་དམིགས་པའི་བསྒོམ་མེད་ཀྱི་དོན་གཉིས། སྔ་ཕྱི་མེད་པར་དུས་གཅིག་ལ་རྒྱུད་ལ་འབྱོར་བས་ན། ཐབས་དང་ཤེས་རབ་གཉིས་སུ་མེད་དེ། བསྒོམ་པར་འཛིན་པ་དང་མི་བསྒོམ་པར་འཛིན་པ་མེད་པའོ། །བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ལ་ཟུང་འཇུག་གི་དགོངས་པ་མཐའ་བྲལ། ཡོད་མེད་གང་དུ་ཡང་མི་བསྒོམ་པའི་དོན་དབུ་མ། ཕྱོགས་གང་དུ་ཡང་མི་ཡོ་བའི་དྲང་པོ། བསྒོམ་དུ་ཡོད་མེད་གང་རུང་གཅིག་གི་ཕྱོགས་ནས་འཇུག་པ་མེད་དེ། གང་དུ་ཡོད་མེད་གཉིས་སུ་མེད་པའི་དོན། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། དུས་གསུམ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ ། འགྲོ་འོང་མེད་པ། སྐྱེ་འགགས་མེད་པའི་དོན་ཆོས་བཞི་དང་ལྡན་པ་དེ་བརྡས་བསྟན་པ། དོན་དེ་ཉིད་མཐོང་ནས། ད་མི་འཆུག་མི་འགྱུར་བར་རྟོགས་པས་ན་གཟེར་ཞེས་བྱའོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བསྒོམ་དུ་ཡོད་མེད་མཐའ་ཡི་ཆོས། །མཐའ་བྲལ་དབུ་མ་དྲང་པོའི་ལམ། །ཕྱོགས་ཀྱི་ལམ་ལ་འཇུག་པ་མེད། །ཅེས་བཤད་དོ། །དེ་ཡང་གང་ཟག་དབང་པོ་རབ་ལ། དུས་ཀྱི་བརྡའི་དུས་གནད་ཀྱི་བརྡས་ངོ་སྤྲད་དུས། བསྟན་པ་ཙམ་གྱིས་རྟོགས། རྟོགས་པ་ཙམ་གྱིས་གྲོལ་ནས། ད་བྱ་བ་དང་བྱེད་པ་ལ་རག་མ་ལུས་པ། དེ་ནི་རབ་བྱར་མེད་བཞག་ཆོག་ཏུ་རྟོགས་པའོ། །འབྲིང་ལ་ངོ་སྤྲད་པས་དོན་དེ་རྟོགས་ནས། ཆེད་དུ་བསྒོམ་ཀྱང་མི་དགོས། ཆེད་དུ་ཡེངས་ཀྱང་མ་ཡེངས་པར། ངང་ངམ་ཤུགས་ཀྱིས་མི་སྤོངས་མི་བསྒྲུབ་པར། རང་བཞིན་གྱིས་སྐྱོང་བ་དེ་ནི། འབྲིང་རང་བཞིན་ལྷུན་གྲུབ་ཏུ་རྟོགས་པའོ། །དབང་པོ་ཐ་མ་ལ་ངོ་སྤྲད་པས། དོན་རྟོགས་བྱ་རྒྱུ་མེད་པ་གཅིག་རྟོགས་འདུག་ཀྱང་། གང་ཟག་གི་བརྡའ་དང་ཐབས་བཞག་ཏུ་མ་བཏུབ་སྟེ། སྐད་ཅིག་མ་གཅིག་ཀྱང་མ་ཡེངས་པར་ཕྱེད་དགོས་པ་ནི། ཐ་མ་བྱར་མེད་བཞག་ཏུ་མེད་པ་རུ་རྟོགས་པའོ། །དེ་ཡང་དཔེས་དོན་མཚོན་པ་ཡིན་ཏེ། དཔེར་ན་བྱང་ཕྱོགས་ཤམ་བྷ་ལའི་དུར་ཁྲོད་ན། རྣལ་འབྱོར་པ་བརྒྱ་ཉག་གཅིག་ཡོད་པ་ལ། དེ་ཚེའི་ཆེ་ཤོས་རྣལ་འབྱོར་པ་ད་ན་དྷ་ཞེས་བྱ་བ་ཞེས་རིགས་བྱེད་སྐྱེ་བ་བདུན་པ་གཅིག་གི་ཤ་དང་། ཀླད་པ་ཚོགས་སུ་བཏང་བས། རྣལ་འབྱོར་པ་ཚོ་ལ་སྐད་ཅིག་མའི་དོན་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་དོན། རིག་པ་རྟེན་མེད་དུ་གསལ་བ་གཅིག་རྒྱུད་ལ་ཤར་བའོ། །དེ་ཡང་རྣལ་འབྱོར་ཚོ་ལ། རྣལ་འབྱོར་པ་ད་ན་དྷས། རྣལ་འབྱོར་དེ་ཇི་ལྟ་བུ་གཅིག་འདུག །དེ་ལུས་དང་སེམས་དེ་ཅི་ལ་གནས་འདུག་དྲིས་པས། དེ་ཡང་རྣལ་འབྱོར་པ་འོག་མ་དག་དེས་ལན་བཏབ་པ། རྣལ་འབྱོར་དེ་ནི་ཐེག་པ་ཆེན་པོའི་རིགས་བྱེད་པའི་རིགས་གཅིག་འདུག །ཁོའི་ལུས་དང་སེམས་རླུང་ལ་གནས། རླུང་ནམ་མཁའ་ལ་གནས། ནམ་མཁའ་ནི་ཅི་ལ་ཡང་བརྟེན་མ་བྱས་པར་འདུག །དཔེ་དེ་བཞིན་དུ་ཐམས་ཅད་ཀྱི་ལུས་རྩ་བ་དེ་བཞིན་དུ་རྟོགས་སོ། །ཞེས་བཤད་པ་དང་མཐུན་ནོ། །སེམས་ཉིད་ཅི་ལ་ཡང་རྟེན་མ་བྱས་མ་བཅོས་པར་གསལ་བ་གཅིག་ཏུ་རྟོགས་པ་དེ་ལ་གོ་ལུགས་རྣམ་པ་གསུམ་དུ་བྱུང་སྟེ། རབ་སྒྲ་དྲང་ཐད་དུ་གོ་ཞིང་བྱར་མེད་བཞག་ཆོག་ཏུ་རྟོགས་པ་དང་གཅིག །འབྲིང་སྒྲ་ལྷུན་གྲུབ་ཏུ་གོ་བ་དང་། རང་བཞིན་ལྷུན་གྲུབ་ཏུ་གོ་ཞིང་རྟོགས་པ་དང་གཉིས། ཐ་མ་སྒྲ་ཐང་ལོག་ཏུ་གོ་བ། བྱར་མེད་བཞག་ཏུ་མེད་པར་རྟོགས་པ་དང་གསུམ་མོ། །དེ་ཡང་བརྡའ་གཅིག་ལ་ངོ་སྤྲད་པས། རྒྱུད་ལ་གཅིག་ཏུ་ཤར་ཀྱང་། གང་ཟག་གི་བློ་རིགས་ཀྱིས་དབང་པོ་རབ་འབྲིང་ཐ་མ་གསུམ་འཆར་རུང་ཞེས་བྱའོ། །དེཡང་དཔེར་ན ། གང་ཟག་དབང་པོ་རབ་དེ། དབང་པོ་ཆེའི་གམ་དུ་འབབ་པ་དང་འདྲ་སྟེ། ངོ་སྤྲད་པ་ཙམ་གྱིས་ཆོག་སྟེ། རྐྱེན་གང་གིས་ཀྱང་ཕན་གནོད་མི་ནུས་པའོ། །གང་ཟག་དབང་པོ་འབྲིང་། དབང་འབྲིང་པོའི་གམ་དུ་འབབ་པ་དང་འདྲ་སྟེ། ངང་གིས་མི་འབྲལ་བར་ཞེས་བྱ་ར་བྱེད་དགོས་པའོ། །གང་ཟག་དབང་པོ་ཐ་མ་གཅིག་ནི། དབང་ཆུང་བའི་གམ་དུ་འབབ་པ་དང་འདྲ་སྟེ། སྐད་ཅིག་ཀྱང་ཡེངས་ཐེངས་མེད་པར། བརྡའི་ཐབས་དང་དཀྲིལ་ལེ་འགྲོགས་དགོས་པའོ། །དེ་ཡང་དང་པོ་བརྡའ་ལ་ངོ་སྤྲད་པའོ། །གཞིས་ཡུལ་ལས་གཞན་དུ་འཕགས་ནས། རང་ཡུལ་དུ་ཁ་མ་བལྟས་པ་དང་འདྲ། བར་དུ་བླ་མའི་ཐབས་བརྡའ་ལམ་ལ་ཆགས་ནས། དོན་མ་མཐོང་ན་མགྲོན་པོ་རང་ཡུལ་དུ་ཁ་བལྟས་ནས། གནས་པོའི་སྐྱེལ་མས་མགྲོན་པོ་ཡུལ་དུ་མ་བསྐྱལ་བར། རང་རེས་བཟུང་བ་དང་འདྲ་སྟེ། བརྡའི་དེ་ཉིད་ཆགས་པས། དོན་བློ་བྲལ་དེ་བརྡའི་གཉེན་པོ་རུ་སྒྲིབས་ནས། རྟེན་མེད་དུ་འཆར་དུ་མ་བཏུབ་པའོ། །བརྡས་དོན་རྒྱུད་ལ་གསལ་བ་དེ། མངོན་དུ་མ་གྱུར་པ་ལ། ཉམས་སུ་ལེན་འཕྲོ་བཅད་ན་སྐྱེལ་མ་ལམ་ནས་ལོག་པ་སྔས་ཏེ། འཇིགས་པ་མ་སྒྲོལ་བའི་བར་དགྲའི་ཁྱེར་བ་དང་འདྲ། དོན་མངོན་དུ་མ་གྱུར་ནས་བརྡའི་ཐབས་ཀྱི་གཉེན་པོ་བརྟེན་མ་དགོས་པ་ནི། འཇིགས་པ་སྒྲོལ་ནས་སྐྱེལ་མ་ཡུལ་དུ་ལོག །མགྲོན་པོ་གནས་སུ་བསྐྱལ་བ་དང་འདྲ་སྟེ། བརྡའ་དང་ཐབས་ལ་བརྟེན་མ་དགོས་པ་ནི། བརྡ་ལ་མ་ཆགས་པས་དོན་མ་སྒྲིབ་སྟེ། གཉེན་པོའི་དྲི་མ་དང་བྲལ་བའི་དོན་རྣམ་པར་དག་པའོ། །དེ་ནི་བརྡས་དོན་དགྲོལ་བའི་གོ་བ་དཔེས་བསྟན་པའོ། །དེ་ཡང་དབང་པོ་རབ་འབྲིང་ཐ་མའི་དཔེ་ནི། མིག་གི་དབང་པོ་རྣོ་རྟུལ་དང་འདྲ་སྟེ། བརྡ་དངོས་དབང་པོ་རྣམ་ཤེས་གཅིག་གིས་ཕོགས་གཅིག་མཐོང་བས་ཆོག་སྟེ། དེ་ནས་ངོ་མི་ཤེས་པ་མི་ཡོང་། དབང་པོ་འབྲིང་པོ་གཅིག་སྐབས་སུ་མཐོང་དགོས་ཏེ། དེ་ནས་ངོ་ཤེས། དབང་པོ་རྟུལ་པོ་གཅིག་གི་རང་རེ་འགྲོགས་དགོས་ཏེ། བྲལ་མ་ཐག་ཏུ་ངོ་མི་ཤེས་ཏེ། སོམ་ཉི་ཟ་བའོ། །དབང་པོ་རབ་གཅིག་གིས་བརྡས་སུ་ཕོགས་གཅིག་མཐོང་ནས་གཉེན་པོ་བརྟེན་མི་དགོས་ཏེ། མ་རིག་པ་དང་མ་གོ་བ་དང་མ་རྟོག་པ་རྣམས་ཀྱང་མི་སྤོང་། དབང་པོ་འབྲིང་གིས་ཕོག་ས་གཅིག་གིས་མི་ཆོག་སྟེ། སྐབས་སྐབས་སུ་འཕྲད་པས་དེ་ནས་གོམས་ཤིང་འདྲིས་པས་དེ་ནས་ངོ་མི་ཤེས་པ་ཙམ་ཡང་མི་ཡོང་སྟེ། དྲན་པ་ཟིན་པ་ཙམ་གྱིས་ཆོག་པའོ། །གང་ཟག་དབང་པོ་ཐ་མ་གཅིག་གིས་ཕྲིལ་ལེ་མ་ཡེངས་པར་མ་འགྲོགས་ན། ཨེན་འཕྲད་མ་ཐག་ཏུ་ཡིད་མི་ཆེས། སོམ་ཉི་ཟ་རུ་འོང་པས། མ་ཡེངས་མ་བརྗེད་པ་རུ་ཕྲིལ་ལེ་འགྲོགས་དགོས་པ་ཡོང་བའོ། །དེ་ནི་བརྡས་སུ་དོན་དགྲོལ་བའི་དོན། དབང་པོ་རབ་འབྲིང་ཐ་མ་གསུམ་ལ་དབང་པོ་རྣོ་རྟུལ་གྱི་དཔེས་བསྟན་པའོ། །ད་བརྡས་དོན་རྒྱུད་ལ་འབྱོར་བ་བྱེད་པ་ལ། བརྡའི་ཚིག་དོན་རྒྱས་པ་ལ་གཉིས་ཏེ། དང་པོ་བརྡའི་ཚིག་གཉིས་ནི། འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན་པ་དང་། །སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། །བདེ་བ་ཐིག་ལེའི་མན་ངག་གོ། །དེ་ཡང་རང་རིག་སེམས་ཉིད་དངོས་པོའི་གནས་ལུགས་འཛིན་པའི་བློ་མེད་པའི་ངང་ལ་མི་གནས་པར། དྲན་རྟོག་གི་འཁྲུལ་པ་ཐམས་ཅད་ནི། རིག་པའི་རླུང་གཡོས་ནས་ཡིད་འཛིན་པ་མེད་པ་ཆོས་ཉིད་ཀྱི་ངང་ལ་མི་གནས་པར། དྲན་རྟོག་འཛིན་པ་སྣ་ཚོགས་སུ་འཁྲུལ་པ་ཡིན་པས། ད་མ་འཁྲུལ་བར་བྱེད་པ་ལ་ཡིད་གཡོ་བའི་རླུང་དེ་བཟུང་ནས། ཡིད་འཛིན་པ་མེད་པའི་ངང་དུ་གནས་པར་བྱེད་པ་ལ། ཡིད་གཡོ་བ་དེ་ལ་རླུང་དེ་འཛིན་པའི་མན་ངག་སྟེར་བ་ཡིན་ནོ། །དེ་ཡང་མན་ངག་རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཆེན་པོར་ཡང་། དྲན་རྟོག་རླུང་གིས་གཡོ་བའི་ཡིད། །འཛིན་མེད་ངང་ལ་མི་གནས་ལ། །གཡོ་འཛིན་རླུང་གི་མན་ངག་སྦྱིན། །ཞེས་བཤད་པ་དང་མཐུན་ནོ། །ད་གཡོ་བའི་རླུང་དེ་འཛིན་པའི་མན་ངག་ལས། རླུང་རྣམ་པར་གཉིས་སུ་འདོད་དེ། དེ་ཡང་བེམ་པོའི་རླུང་དང་། རིག་པའི་རླུང་གཉིས་སོ། །དེ་ཡང་རྡོ་རྗེ་ཟམ་པ་དབང་གི་མན་ངག་ལས། རླུང་དེ་རྣམ་པ་གཉིས་ཡིན་ཏེ། །རིག་པའི་རླུང་དང་བེམ་པོའི་རླུང་དང་། །ཞེས་བཤད་དོ། །བེམ་པོའི་རླུང་ལ་རྩ་བའི་རླུང་དང་། ཡན་ལག་གི་རླུང་གཉིས་ལས། རླུང་ཞེས་བྱ་བ་ལས། སྐུ་ལྔའི་བདག་ཉིད་མཐའ་ཡས་ཡིན་དེ་ཡང་འཕགས་འཁོར་ཟེར་བ་གཅིག་འཛུད་རྒྱུར་འདུག་ནའང་དཔྱད་དགོས་སོ། །ཞེས་བཤད་ནས། རྩ་བའི་རླུང་དང་། ཡན་ལག་གི་རླུང་ཞེས་བཤད་དོ། །དེ་ཡང་རྩ་བའི་རླུང་ལ་རྣམ་པ་ལྔ་ལས། གྱེན་རྒྱུའི་རླུང་ནི་ཨོག་མའི་འོག་ན་གནས་པས། ཟས་ཀྱི་དྭངས་མའི་བཅུད་གྱེན་ལ་དྲངས་ནས། ལུས་ལ་མདངས་ཆགས་པར་བྱེད། ཐུར་དུ་སེལ་བའི་རླུང་ནི་དབུགས་ཁ་དང་རྡོ་རྗེར་གནས་པས། ཟས་སྙིགས་མ་དང་ཁུ་བ་ཕྱེས་ནས་མཐུར་ལ་འབྱིན་པ་བྱེད། མེ་དང་མཉམ་པའི་རླུང་ནི་ལྟེ་བའི་རྩ་ཕོ་བའི་ནང་ན་གནས་པས། ལུས་དྲོད་བསྐྱེད་ཅིང་ཟས་འཇུ་བར་བྱེད་དོ། །ཁྱབ་བྱེད་ཀྱིི་རླུང་ནི་ཚིགས་བཞི་ལ་གནས་པས། ལུས་མགོ་གཞུག་གི་རེག་བྱ་ཚོར་བར་བྱེད་དོ། །སྲོག་འཛིན་པའི་རླུང་ནི་སྙིང་གི་སྲོག་རྩ་ལ་གནས་པས། དབུགས་ཕྱི་རུ་ཁྲུ་གང་དང་ནང་དུ་སྙིང་གི་ནང་ཚུན་ཆད་དུ་འགྱུ་ཞིང་འཁྲིག་པར་བྱེད་པས་ན་ནང་དུ་སྙིང་གི་སྲོག་རྩ་དང་། ཕྱི་ནང་གི་དེ་གཉིས་ཕར་འགྱུ་ཚུར་འགྱུ་བས་སྙིང་རྩ་འཕར་ཞིང་སྲོག་འཛིན་པའོ། །ཡན་ལག་གི་རླུང་ལྔ་ནི། རྒྱུ་བ། རབ་ཏུ་རྒྱུ་བ། ཀུན་ཏུ་རྒྱུ་བ། ཤིན་ཏུ་རྒྱུ་བ། ངེས་པར་རྒྱུ་བ་དང་ལྔའོ། །རྩ་བའི་རླུང་དང་ཡན་ལག་གི་རླུང་གཉིས་ཀྱང་དོན་ལ་གཞི་གཅིག་ཡིན་ཏེ་སྲོག་འཛིན་པའི་རླུང་དང་། ཁྱབ་བྱེད་ཀྱི་རླུང་ནི་བེམ་རིག་སྦྲག་མའི་རླུང་ཡིན་ཏེ། དཔེར་ན་རྟ་ལོང་བ་ལ་འཕྱེ་བོ་མིག་ཅན་ཞོན་པ་ལྟ་བུ་ཡིན་ཏེ། རིག་པའི་རླུང་གིས་བསྐྱོད་རྒྱུ་བྱེད། བེམ་པོའི་རླུང་གིས་བསྐྱོད་མཁན་བྱས་ནས་དྲན་བསྐྱོད་དུས་མཉམ་དུ་བྱེད་པའོ། །བེམ་རིག་བྲལ་ཙ་ན་བེམ་པོའི་རླུང་ཕྱི་རུ་ཡལ་ནས། རིག་པའི་རླུང་བསྐྱོད་མཁན་མེད་པར་གསལ་ལ་རྟོག་པ་མེད་པར། རང་སོ་ལ་གནས་པ་ནི་བར་དོའི་འོད་གསལ་ལམ། ཡང་ན་ད་ལྟའི་རིག་པའི་རླུང་གསལ་ལ་རྟོག་པ་མེད་པར་གནས་པ་དེ་དུས་ཀྱི་བརྡའ་ཞེས་བྱའོ། །བེམ་པོའི་རླུང་དེ་ཚོ་བཟུང་ཡང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བའི་ལམ་བྱེད་ནུས་པ་ཡོད་ཀྱང་། སྐད་ཅིག་མའི་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་རླུང་དེ་མིན་པས། འདི་རུ་རིག་པའི་རླུང་བརྡས་འཛིན་པར་འདོད་དེ། རིག་པའི་རླུང་ལ་ཡང་ཀུན་ནས་ཉོན་མོངས་པའི་རླུང་དང་། རྣམ་པར་བྱང་བའི་རླུང་གཉིས་འདོད་དེ། དེ་ལ་དང་པོཀུན་ནས་ཉོན་མོངས་པ་འཁོར་བའི་རླུང་ལ་ཡང་གསུམ་སྟེ། དང་པོ་ས་བོན་ཆའི་ཀུན་གཞི་མ་རིག་པའི་ས་བོན་ལ། འཁྲུལ་པ་ཀུན་གྱི་གཞི་གཏི་མུག་གི་ས་བོན་ཆའི་རླུང་དང་གཅིག །ཉོན་མོངས་པ་ཅན་གྱི་ཡིད་འགྱུ་བྱེད་ཀྱི་རླུང་དང་། དྲན་རྟོག་གི་ཡིད་ལོག་པར་རྟོག་པ་ཞེ་སྡང་གི་ས་བོན་ཆའི་རླུང་དང་གཉིས། བག་ཆགས་སོགས་བྱེད་ཀྱི་རླུང་ནི། འདོད་པའི་ཡིད་བག་ཙམ་ལ་ཆགས་པའི་རྟེན་བྱས་ནས། སྡུག་བསྔལ་ལ་སོགས་པའི་སྣོད་བྱེད་པས། འདོད་ཆགས་ཀྱི་ས་བོན་ཆའི་རླུང་དང་གསུམ་མོ། །དེ་གསུམ་ལ་ནི་ཀུན་ནས་ཉོན་མོངས་པ། སྤུན་པོ་སྤྲུལ་པའི་རླུང་ཞེས་བྱའོ། །དེ་ཡང་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པའི་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེས་བཤད་དོ། །རྣམ་པར་བྱང་བ་མྱ་ངན་ལས་འདས་པ་ཡེ་ཤེས་ཀྱི་རླུང་ལ་ཡང་གསུམ་སྟེ། དོན་དེ་ཉིད་རིག་ཅིང་གསལ་བས། མ་རིག་པའི་སྣང་བ་མེད་ཅིང་། གསལ་བ་རྣམ་པར་བྱང་བའོ། །བློའི་རྟོག་པ་མེད་ཅིང་མི་རྟོག་པ་དེས་ཉོན་མོངས་པ་ཞེ་སྡང་གི་རྣམ་པར་རྟོག་པ་དེ་མེད་ཅིང་བྱང་བས་ན། མི་རྟོག་པ་རྣམ་པར་བྱང་བའོ། །ལུས་སེམས་ཡོད་དུ་མི་ཚོར་ཞིང་སྡུག་བསྔལ་གང་ཡང་མི་གནས་པ་དེ། བདེ་བ་རྣམ་པར་བྱང་བའོ། །གསལ་བ་མི་རྟོག་པ་བདེ་བ་གསུམ། ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་དེ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། བདེ་བར་གཤེགས་པའི་ཐུགས་ཀྱི་སྙིང་པོ། དེ་ལྟར་ཡེ་ནས་ཡིན་པའི་དོན་དེ། རང་གི་སེམས་ཉིད་དུ་ཤེས་པས་ན། སྙིང་པོ་ཡེ་ཤེས་ཀྱི་རླུང་ཞེས་བྱའོ། །དེ་ཡང་གུ་རུ་བཞི་པ་ལས། རྡོ་རྗེ་སེམས་དཔས་གསུངས་པ། དགའ་རབ་རྡོ་རྗེ། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ན་ཡང་། ཡེ་ཤེས་ཀྱི་རླུང་བྱ་བ་གཅིག་ཡོད་པས་དེ་ངོས་ཟུངས་ཤིག །ཅེས་བཤད་དོ། །དེ་ཡང་ཀུན་ནས་ཉོན་མོངས་པའི་རླུང་མ་རིག་པས་ཆེད་དུ་འཛིན་པ་དེ། རྣམ་པར་བྱང་བའི་རླུང་རིག་ཅིང་དམིགས་པ་མེད་པ་རུ་གནས་བསྒྱུར་བའོ། །དེ་ཡང་ཤེས་རབ་སྡུད་པ་ལས། ཇི་ལྟར་འཛིན་པ་དེ་ལ་ཀུན་ནས་ཉོན་མོངས་བསྟན། བདག་དང་བདག་གིར་མི་དམིགས་རྣམ་པར་བྱང་བར་གསུངས། ཞེས་བཤད་དོ། །དེ་ཡང་འདི་རུ་ཀུན་ནས་ཉོན་མོངས་པའི་རླུང་། གནས་འགྱུར་ནས་རྣམ་པར་བྱང་བ་རུ་འཆར་བར་བྱེད་པ་ལ། གནད་ཀྱི་བརྡའ་ལ་གཉིས་ཏེ། དེ་ཡང་གསལ་བ་གནད་ཀྱི་བརྡའ་དང་། མི་རྟོག་པ་གནད་ཀྱི་བརྡའོ། །དེ་ཡང་གསལ་བ་གནད་ཀྱི་བརྡའ་ནི། མིག་མ་བཙུམ་པར་སྣ་རྩེའི་ཐད་ཙམ་དུ། དམིགས་གཏད་མེད་པར་ཅེ་རེ་བལྟ་བའོ། །མི་རྟོག་པ་གནད་ཀྱི་བརྡའ་ནི། མིག་གི་རྫི་མ་དང་འབྲས་བུ་ཡང་མ་འགུལ་བར། མིག་རྩ་ཧྲིག་གེ་འཇོག་པ་དང་གཉིས་ཀྱིས་གནས་བསྒྱུར་བ་ནི། ཀུན་གཞི་ཉོན་མོངས་པའི་རླུང་། ས་བོན་ཆའི་ཀུན་གཞིའི་གཏི་མུག་གི་ཆ་དེ། གསལ་བ་གནད་ཀྱི་བརྡས་རྣམ་པར་བྱང་ནས། རིག་ཅིང་རང་གསལ་དུ་འཆར་བའོ། །ཀུན་ནས་ཉོན་མོངས་པའི་རླུང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱི་རླུང་གི་ཆ་དེ་མི་རྟོག་པ་གནད་ཀྱི་བརྡས་རྣམ་པར་བྱང་ནས། མི་རྟོག་པ་ཆོས་ཉིད་དུ་འཆར་བའོ། །དེ་ཡན་ཆད་ནི་འཛིན་པ་རླུང་གི་མན་ངག་ཡིན་ནོ།། ༈ །།གཉིས་པ་སེམས་ཉིད་སྤྲོས་ཆེན་ལ། བདེ་བ་ཐིག་ལེའི་མན་ངག་སྦྱིན་པ་ནི། དེ་ཡང་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པའི་དོན་ལ་མི་བརྟན་པ་དང་། འདོད་པ་དང་འཛིན་པ་དང་དངོས་པོ་དང་མཚན་མའི་སྤྲོས་པ་ཆེ་བ་ལ། བདེ་བ་ཐིག་ལེའི་མན་ངག་སྟེར་བའོ། །དེ་ཡང་རྣ་བརྒྱུད་འཕྲུལ་མིག་བརྒྱུད་པའི་རྡོ་རྗེ་ཟམ་པ་ཆེན་པོ་ལས། རྟོག་པའི་རླུང་གིས་དྲན་བསྐྱོད་ཅིང་། །མཚན་མའི་སྤྲོས་པ་ཆེ་བ་ལ། །བདེ་བ་ཐིག་ལེའི་མན་ངག་སྦྱིན། །ཞེས་བཤད་དོ། །དེ་ཡང་བདེ་བ་ཐིག་ལེའི་མན་ངག་ལ་གཉིས་ལས། ཟག་པ་དང་བཅས་པ་ལུས་ལ་གནས་པའི་བདེ་བའི་ཐིག་ལེ་དང་། ཟག་པ་མེད་པའི་ཡིད་ལ་གནས་པའི་བདེ་བའི་ཐིག་ལེའོ། །དེ་ཡང་ཟག་པ་དང་བཅས་པ་ལུས་ལ་གནས་པའི་ཐིག་ལེ་ལའང་། རང་ལུས་ཐབས་དང་ལྡན་པ། རླུང་ལས་སུ་རུང་བ་དང་། གཞན་ལུས་ཤེས་རབ་དང་ལྡན་པ། རྩ་ལས་སུ་རུང་བ་ལ་བརྟེན་ནས། དབང་གསུམ་པ་ཤེས་རབ་ཀྱི་དུས་སུ། གཉིས་སུ་མེད་པའི་བདེ་བ་ལ་ཕྱག་རྒྱ་ཆེན་པོའི་དོན་མཚོན་པར་བྱེད་པ་ཡིན་ཏེ། དེ་ཡང་གཞན་ལུས་ལ་བརྟེན་པ་ལུས་ཀྱི་རེག་བྱ། འདུས་བྱས་རྐྱེན་གྱིས་འཇིག་པ་ཀུན་རྫོབ་ཀྱི་བདེན་པ་ཡིན་ཏེ། སྐད་ཅིག་མས་དོན་རྟོགས་ནས་ཚེ་གཅིག་གིས་སངས་རྒྱ་བའི་བདེ་བ་མ་ཡིན་པས་དཔེ་དོན་དུ་མི་བཏུབ་པས། དེ་ཡང་། འདྲ་བའི་ཕྱིར་ན་དཔེ་མ་ཡིན། །མི་འདྲའི་ཕྱིར་ན་དངོས་མ་ཡིན། །ཞེས་བཤད་དོ། །དེ་ཡང་འདི་རུ། ཟག་པ་མེད་པའི་བདེ་བ་དངོས་མེད་དེ། བརྡས་འཛིན་པ་རུ་འདོད་དེ། དེ་ཡང་ཟག་པ་མེད་པའི་བདེ་བ་དང་། དབྱེར་མི་ཕྱེད་པའི་བདེ་བ་ལ་བརྡའ་གཉིས་ཏེ། དེ་ཡང་བདེ་བ་གནད་ཀྱི་བརྡའ་ནི། རྐེད་པ་བསྲང་ནས་སྒལ་ཚིགས་ལ་ཉག་བྱས་པས། འོག་རླུང་ཡིད་ཙམ་ཟིན་པ་དང་། དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ། སོ་བར་ནས་ཕར་མདའ་སྨྱུག་འབྲིང་པོ་ཤོང་ཙམ་བྱས་ནས་དབུགས་རང་ཆས་ལ་ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པར། དབུགས་སོ་རྩེ་ལས་མི་འདའ་བར་ཙེན་ནེར་འཇོག་པ་དང་གཉིས་ཀྱིས། ཀུན་ནས་ཉོན་མོངས་པའི་རླུང་བག་ཆགས་སོགས་བྱེད་ཀྱི་རླུང་འདོད་ཆགས་ལས་གནས་འགྱུར་ནས་བདེ་བས་སྡུག་བསྔལ་བག་ཆགས་རྣམ་པར་བྱང་བ་དང་། དབྱེར་མི་ཕྱེད་པའི་ཆོས་ཀྱི་དབྱིངས། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་རུ་འཆར་བའོ། །དེ་ཡན་ཆད་ནི་བདེ་བ་ཐིག་ལེའི་མན་ངག་གོ། །དེ་ཡན་ཆད་དུ་གཡོ་འཛིན་རླུང་གི་མན་ངག་དང་། བདེ་བ་ཐིག་ལེའི་མན་ངག་གཉིས་འཆད་པའི་དུས་ན་སྔ་ཕྱི་རུ་བྱུང་ཀྱང་། བརྡས་སུ་ངོ་སྤྲད་ནས་ཉམས་སུ་ལེན་པའི་དུས་ན་གཅིག་ཏུ་བྱེད་པའོ། །དེ་ཡང་ཇི་ལྟར་དུས་ཀྱི་བརྡའ་བྱུང་དུས། གནད་ཀྱི་བརྡས་ངོ་སྤྲད་ནས། ཀུན་ནས་ཉོན་མོངས་པའི་རླུང་ལུང་མ་བསྟན་བག་ལ་ཉལ་དུ་གནས་པ་དེ། རྣམ་པར་བྱང་བའི་རླུང་ཆོས་ཀྱི་དབྱིངས་རྣམ་པར་དག་པ་རུ་གནས་བསྒྱུར་བའོ། །དེ་ཡང་དུས་ཀྱི་བརྡའ་ལ་ཡང་བཞི་སྟེ། སྤྱི་བོར་གཙུག་ཏོར་གྱི་ཨ་ཝ་དྷུ་ཏིའི་དུས་དང་གཅིག །མགྲིན་པ་ལོངས་སྤྱོད་ཀྱི་ཨ་ཝ་དྷུ་ཏིའི་དུས་དང་གཉིས། སྙིང་ཁ་ཤེས་རབ་ཀྱི་ཨ་ཝ་དྷུ་ཏི་དང་། ལྟེ་བ་སྤྲུལ་པའི་ཨ་ཝ་དྷུ་ཏིའི་དུས་དང་གསུམ། གསང་བ་བདེ་བ་སྐྱེད་པའི་ཨ་ཝ་དྷུ་ཏིའི་དུས་དང་བཞིའོ། །དེ་ཡང་རྩ་མདུད་ཨ་ཝ་དྷུ་ཏི་རུ་རླུང་དང་བདེ་བ་གཉིས་ཚུད་ནས། གཉིས་སུ་འདྲེས་ནས་རླུང་ལ་འགྲོ་འོང་མེད་པར་གནས་པའི་དུས་སུ། རླུང་ཕུ་ན་མོ་ཁབ་ཙམ་གཡོས་པ་ལ་ཚུར་ལ་ཕྲ་མོ་གཅིག་སེ་ཙམ་འགྱུ། རླུང་མ་ཕུ་ན་འགྱུ་བ་མི་ཚོར་བར། རླུང་སྤུགས་སུ་ཚུད་པ་དེའི་དུས་དེ་དུས་ཀྱི་བརྡ་ཡིན་ནོ། །དེ་བྲམ་ཟེ་ས་ར་མ་ཐ་མའི་ན་ཡང་སྣང་། ཞལ་ནས། ཨ་ཝ་དྷུ་ཏིར་རླུང་ཞུགས་པ། །འདི་ནི་ཡང་དག་ཉིད་ཀྱི་སྒྲ། །བསླུ་བ་མེད་པའི་ཚད་མ་ཡིན། །ཞེས་གསུངས་སོ། །དེ་ཡང་དུས་ཀྱི་བརྡའི་དུས་སུ། གནད་ཀྱི་བརྡས་ལུང་མ་བསྟན་ཆོས་ཀྱི་དབྱིངས་སུ་གནས་བསྒྱུར་བས་ཞི་གནས་ལྷག་མཐོང་དུ་གནས་བསྒྱུར་བའོ། །དེ་ཡང་རྡོ་རྗེ་ཟམ་པའི་གྲོལ་བ་མཐར་ཕྱིན་རྡོ་རྗེའི་ཚིག་ལས། དུས་ཀྱི་བརྡའ་ལ་བརྟེན་ནས་ནི། །གནས་ཀྱི་བརྡ་ཡིས་གནས་བསྒྱུར་ཏེ། །གནས་འགྱུར་པ་ལ་གཉིས་འཛིན་མེད། །སངས་རྒྱས་དགོངས་པ་ཉག་གཅིག་ཡིན། །ཞེས་བཤད་དོ། །དེ་ཡང་དུས་ཀྱི་བརྡའ་གནད་ཀྱི་བརྡས་གནས་བསྒྱུར་པ་ལ། གནད་ཀྱི་བརྡའ་བཞི་སྟེ། དེ་ལ་གསལ་བ་གནད་ཀྱི་བརྡའ་དང་གཅིག །མི་རྟོག་པ་གནད་ཀྱི་བརྡའ་དང་གཉིས། བདེ་བ་གནད་ཀྱི་བརྡའ་དང་གསུམ། དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ་དང་བཞིའོ། །དེ་ཡང་གསལ་བ་གནད་ཀྱི་བརྡའ་ནི། །དབང་པོའི་སྒོ་མ་བཀག་པ་ལ་ཟེར་ཏེ། སྣ་རྩེའི་ཚོད་ཙམ་དུ་གཏད། དེ་ཡང་གསལ་བས་མ་རིག་པ་དག །མི་རྟོག་པས་འཁྲུལ་པ་ཆོད། བདེ་བས་སྡུག་བསྔལ་དང་བྲལ། དབྱེར་མི་ཕྱེད་པས་ཆོས་ཀྱི་དབྱིངས་སུ་བསྒྱུར། དབྱེར་མི་ཕྱེད་པའི་དུས་ན་དབྱེར་མི་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་རྣམ་པར་དག་པའོ། །དེ་ཡང་གསལ་བས་ཆད་པར་མ་སོང་། མི་རྟོག་པས་རྟག་པར་མ་སོང་། ཡ་ཡོ་མེད་པར་ཅེ་རེ་ལྟ་བ་ལ་ཟེར་བའོ། །མི་རྟོག་པ་གནད་ཀྱི་བརྡའ་ནི། དབང་པོའི་སྒོ་མ་གཡོས་པ་ལ་ཟེར་བ་ཡིན་ཏེ། མིག་རྩ་མ་འགུལ་བ་རུ་ཧྲིག་གེ་བའོ། །བདེ་བ་གནད་ཀྱི་བརྡའ་ནི། འོག་རླུང་ཡིད་ཙམ་ཟིན་པ་ལ་ཟེར་བ་ཡིན་ཏེ། སྐེད་པ་བསྲང་ལྟོ་བ་བསྐུམ་ནས་མཉམ་བཞག་གི་ཕྱག་རྒྱ་ལྟེ་བའི་འོག་ཏུ་འཆའ་བའོ། །དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ་ནི། ལྕེའི་རྩེ་མོ་གང་ལ་ཡང་མི་བརྟེན་པ་ལ་ཟེར་བ་ཡིན་ནོ། །སོ་བར་ནས་ཕར་ལ་སྨྱུག་མ་འབྲིང་པོ་ཤོང་ཙམ་དུ་ཁ་དེང་དེ་བྱས་ནས། ལྕེའི་རྩེ་མོ་རྐན་དང་སོ་ལ་མ་རེག་པར་དབུགས་རང་ཆས་སོ་རྩེ་ལས་མི་འདའ་བར་ཙེན་ནེར་འཇོག་པའོ། །དེ་ལྟར་དུ་བརྡའ་བཞིས་དུས་གཅིག་ལ་སྦྱར་ནས་ཉམས་སུ་བླངས་པས། རྒྱུད་ལ་ཅི་ལྟ་བུ་གཅིག་འཆར་ནས། གསལ་བ། མི་རྟོག་པ། བདེ་བ། ངོ་བོ་དབྱེ་རུ་མི་ཕྱེད་པ་ལ། དབྱེ་རུ་ཕྱེད་བྱ་བའམ་མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་རྒྱུད་ལ་འཆར་བའོ། །དེ་ཡང་ཤེས་པ་གསལ་ལ་ངོས་བཟུང་མེད་པའི་དོན་རང་གི་སེམས་ཉིད་དུ་རིག་ཅིང་རང་གི་སེམས་ཉིད་དུ་གསལ་བ་དེ། གསལ་བ་གནད་ཀྱི་བརྡའ་ནི་དབང་པོའི་སྒོ་མ་བཀག་པ། མིག་མ་བཙུམ་པ་ལས་བྱུང་བའོ། །ཡིད་ཀྱི་འགྱུ་བ་ཆད་ནས་བློའི་རྟོག་པ་ཅི་ཡང་མི་སྐྱེ་བ་དེ། མི་རྟོག་པ་གནད་ཀྱི་བརྡའི་དབང་པོའི་སྒོ་མ་གཡོས་པ། མིག་མ་འགུལ་བ་ལས་བྱུང་བའོ། །ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་ལ་བདེ་བའོ་སྙམ་པའི་འཛིན་པ་མེད་པ་དེ། བདེ་བ་གནད་ཀྱི་བརྡའ་ལྟེ་བ་སྒལ་ཚིགས་ལ་བཅར་བ། འོག་རླུང་ཡིད་ཙམ་ཟིན་པས་ལུས་སེམས་ཡང་ཙེན་གྱིས་ཐེག་པ་ལས་བྱུང་བ་ཡིན་ནོ། །དེ་ཡང་གསལ་བ་མི་རྟོག་པ་བདེ་བ་གསུམ། ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་ཤར་བ་དེ། དབྱེར་མི་ཕྱེད་པ་གནད་ཀྱི་བརྡའ། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པ་ལས་བྱུང་བའོ། །དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་སེམས་ཉིད་ཀྱི་གནད་དོན་དུ་མ་བསམ། ཚིགས་སུ་མ་བརྗོད་པའི་ངང་ལ་ངང་གིས་བཞག་པ་ལས་བྱུང་བའོ། །དེ་ཙ་ན་གསལ་བ་ལས་དྲན་མེད་བྱིང་རྨུགས་སུ་མ་སོང་། མི་རྟོག་པས་དྲན་པ་འཕྲོ་རྒོད་དུ་མ་སོང་། གཉིས་མེད་བདེ་བར་ཉམས་སུ་མྱོང་བས། ལུང་མ་བསྟན་ཅི་ཡིན་ཆ་མེད་པར་མ་ལུས། དབྱེར་མི་ཕྱེད་པ་བསམ་བརྗོད་དང་བྲལ་བར། ཆོས་ཀྱི་དབྱིངས་སུ་འདྲེས། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། བློའི་མཐའ་འམ་ཚིག་གི་མཐའ་གང་ལ་ཡང་མི་གནས་པས་ན་རྣམ་པར་དག་པའོ། །བློའི་མཐའ་མ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། བསམ་པའི་བློའི་བརྗོད་པའི་ཚིག་ཏུ་མ་སོང་བའོ། །དེ་ཡང་གསལ་བ་ལ་བློས་མ་རིག་པས། མི་རྟོག་པ་ལ་རང་བཞིན་གྱིས་འོད་གསལ་བ། བདེ་བ་ལ་སྙམ་བྱེད་ཀྱི་ཤེས་པ་དང་བྲལ་བ། དབྱེར་མི་ཕྱེད་པ་ལ་ཐ་སྙད་ཀྱི་ཚིག་ལས་འདས་པ། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན། རྣམ་པར་དག་པའོ། །གསལ་བ་ལ་མིང་དུ་བཏགས་པ་རང་རིག་རང་གསལ། མི་རྟོག་པ་ལ་མིང་ཏུ་བཏགས་པ་རྣལ་མ་ཆོས་ཉིད། བདེ་བ་ལ་མིང་ཏུ་བཏགས་པ་ཟག་མེད་ཀྱི་བདེ་བ། དབྱེར་མི་ཕྱེད་པ་ལ་མིང་དུ་བཏགས་པ་ཆོས་ཀྱི་དབྱིངས། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མེད་པ་ལ་མིང་ཏུ་བཏགས་པ་རྣམ་པར་དག་པའོ། །དེ་ཡང་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་རྫོགས་པར་བསྟན་པ་ནི། གསལ་བ་དེ་སྤྲུལ་པའི་སྐུ་ཡིན། མི་རྟོག་པ་དེ་ཆོས་ཀྱི་སྐུ་ཡིན། བདེ་བ་དེ་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། དབྱེར་མི་ཕྱེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་ཡིན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་གསང་བའི་སྐུ་ཡིན། གསལ་བ་དེ་མེ་ལོང་ལྟ་བུའི་ཡེ་ཤེས་ཡིན། མི་རྟོག་པ་དེ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། བདེ་བ་དེ་མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། དབྱེར་མི་ཕྱེད་པ་སོ་སོར་རྟོག་པའི་ཡེ་ཤེས་ཡིན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་བྱ་བ་གྲུབ་པའི་ཡེ་ཤེས་ཡིན་ནོ། །དེ་ཡང་། གསལ་བའི་དཔེ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུའོ། །གསལ་བའི་ལུང་རྡོ་རྗེ་ཟམ་པ་རྩ་བའི་རྒྱུད་ཡེ་ཤེས་གསང་བའི་ལེའུ་དགུ་པ་ལས། རང་རིག་གསལ་བའི་བྱང་ཆུབ་སེམས། །དམིགས་པ་མེད་པ་གསལ་བའི་ཕྱིར། །ཡུལ་མེད་གསལ་བ་མར་མེ་འདྲ། །ཞེས་བཤད་དོ། །རྣ་བརྒྱུད་རིན་པོ་ཆེའི་འོད་ལས། རང་གསལ་རིག་པའི་ངང་ལ་གནས། །རྣམ་རྟོག་བྲལ་བའི་རིག་པ་གསལ། །ཞེས་བཤད་དོ། །མི་རྟོག་པའི་དཔེ་རིས་མེད་པ། རྟོག་པའི་ཕྲིས་མེད་པ། བྱ་ས་ཀིང་ཏིང་ཡང་སྣང་། ཀ་ར་ནམ་མཁའ་ལ་རྟེན་མེད་དུ་གནས་པ་ལྟ་བུ། མི་རྟོག་པའི་ལུང་ཡང་རྣ་བརྒྱུད་རིན་ཆེན་གསལ་བའི་འོད་ལས། ཅི་ཡང་མ་ཡིན་དམིགས་སུ་མེད། །ཅིར་ཡང་མི་རྟོག་སེམས་སུ་ཐིམ། །རྣམ་རྟོག་སེམས་ཀྱི་འགྱུ་བ་ཆད། །རིག་པའི་ཡེ་ཤེས་འཛིན་པ་བྲལ། །ཞེས་བཤད་དོ། །བདེ་བའི་དཔེ་ཟས་ཀྱི་སྣོད་ལྟ་བུ། བདེ་བའི་ལུང་ཟམ་པ་ཆེན་པོ་དབང་གི་མན་ངག་ལས། གཅིག་ཏུ་འདུས་པའི་བདེ་ཆེན་ཡིན། །འདི་ལ་ཡང་དག་ངོས་བཟུང་མེད། །ལོངས་སྤྱོད་ལྡན་ཡང་ཆགས་པ་ཡིན། །ཆགས་བྲལ་བདེ་བའི་མཆོག་དང་ལྡན། །ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་བྱམས་ཞུས་ལས། གང་ལུས་ཡོད་དུ་མི་ཚོར་བ་དེ་ནི། ཟག་པ་མེད་པའི་བདེ་བ་ཞེས་བྱ་བའོ། །མི་གནས་པའི་བདེ་བ་ཞེས་བྱ་བའོ། །མི་མཉམ་པའི་བདེ་བ་ཞེས་བྱའོ། །ཡང་དག་པའི་མྱ་ངན་ལས་འདས་པའི་བདེ་བ་ཞེས་བྱའོ། །ཞེས་བཤད་དོ། །དབྱེར་མི་ཕྱེད་པའི་དཔེ་ལན་ཚྭ་ཆུ་ལ་ཐིམ་པ་ལྟ་བུ། དབྱེར་མི་ཕྱེད་པའི་ལུང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་གསལ་དག །དབྱེར་མེད་ནམ་མཁའ་ལྟ་བུར་ཁྱབ། །ཅེས་བཤད་དོ། །ཡང་དེ་ཉིད་ལས། དབྱེར་མེད་ཆོས་སྐུ་གཟུང་འཛིན་བྲལ། །ནམ་མཁའ་ལྟ་བུར་དབྱེར་མེད་པར། །འགྲོ་བའི་ལམ་ལས་གཞན་མེད་དོ། །ཞེས་བཤད་དོ། །དེ་ཡང་། བླ་མས་བརྡ་དང་ངག་གིས་བསྟན་དུ་བྱུང་བས་ན། ཆོས་ཀྱི་ཆོས་ཉིད་སྤྲོས་པ་དང་བྲལ་བ། རང་གི་རྒྱུད་ལ་ཉམས་སུ་མྱོང་དུ་བྱུང་བས་ན། སེམས་ཀྱི་སེམས་ཉིད་དྲི་མ་དང་བྲལ་བ། དཔེར་ན་ནམ་མཁའི་དཀྱིལ་ལྟ་བུར་འདུག་པས་ན། ནམ་མཁའི་མཚན་ཉིད་རྣམ་པར་དག་པའོ། །དེ་ནི་གཉིས་གསུམ་གཅིག་ཏུ་འདྲེས། འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ་མ་ནོར་བའོ། །དེ་ཡང་མ་ནོར་བའི་དོན་ཅིས་ཤེས་ན། བརྡའ་དོན་མན་ངག་ལུང་དང་མི་འགལ་བས་བཤེས་ཏེ། རྐང་པ་སྐྱིལ་མོ་ཀྲུང་དུ་བྱས་པས། སྡོད་ཚད་ཆེ་ཞིང་མ་ཡེངས་པས་རྫོགས་པའི་སངས་རྒྱས་མྱུར་དུ་ཐོབ་ཡོང་བ་ཡིན་པས། འཇམ་དཔལ་མཚན་བརྗོད་ལས། རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་བཤད་དོ། །སྐེད་པ་བསྲང་ནས་དོན་ལ་ལྟ་བ་ནི། མདོ་ལས། དྲང་པོར་འདུག་ལ་ཡང་དག་ལྟོས། །ཞེས་བཤད་དོ། །མཉམ་བཞག་གི་ཕྱག་རྒྱས་གཞན་ཟིལ་གྱིས་གནོན་ཅིང་བར་ཆད་མི་འབྱུང་བ་ཡིན་ཏེ། དེ་ཡང་། མཉམ་པར་བཞག་པ་སངས་རྒྱས་ཀུན་གྱི་རྗེ། །ཞེས་བཤད་དོ། །མིག་མི་འཛུམ་པ་ནི། འཕགས་པ་རྟོགས་པ་ཆེན་པོ་ལས། བྱང་ཆུབ་སེམས་དཔའ་མིག་མི་འཛུམ་པ་ལ་ཕྱག་འཚལ་ལོ། །ཞེས་བཤད་དོ། རྫོགས་པ་ཆེན་པོ་ཨ་རོ་ཅོག་བཞག་གམ། དེ་ཉིད་བཅུ་པ་ལས། མིག་མ་བཙུམ་པའི་ལྟ་སྟངས་ནི། །སེང་གེའི་ལྟ་སྟངས་ཞེས་བྱའོ། །རྣལ་འབྱོར་གཞན་པས་ཁྱད་པར་འཕགས། །ཞེས་བཤད་དོ། །མིག་གི་འགུལ་བ་ནི། གསང་སྔགས་དུས་ཀྱི་འཁོར་ལོ་ལས། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་བཤད་དོ། །ཨ་རོ་ཆུང་ངུ་ལས། མིག་ནི་སྣ་རྩེར་གཏད་བྱས་ནས། །མཆོག་དང་ཐུན་མོང་དང་དངོས་གྲུབ་ཀུན། །མ་ཐོགས་མྱུར་དུ་འགྲུབ་པར་འགྱུར། །ཞེས་བཤད་དོ། །མིག་གི་འགུལ་བ་ནི། མཚན་བརྗོད་ལས། མི་གཡོ་རབ་ཏུ་དང་བའི་བདག །རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །ཞེས་བཤད། །དེ་ཡང་རྡོ་རྗེ་ཟམ་པ་འདི་ཉིད་ཀྱི་དབང་དུ་བྱས་ན། མིག་མི་འགུལ་བར་སྣ་རྩེའི་ཚོད་ཙམ་དུ་ལྟ་བའོ། །གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། ལྟ་སྟངས་རྣམ་པ་བཞིར་གསུངས་ཏེ། །མུ་སྟེགས་ཚངས་པ་གྱེན་དུ་བལྟ། །ཉན་ཐོས་ཞི་བ་ཐུར་དུ་བལྟ། །ལྷ་ཡི་ལྟ་སྟངས་ཐད་ལ་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་བཤད་པས། འདི་ནི་ཡང་དག་པའི་ལྟ་སྟངས་སོ། །ཁ་མི་འཛུམ་པ་ནི། རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཁ་ནི་ཕྱེད་འཛུམ་རན་པར་བྱ། །དབུགས་ནི་འགྲོ་འོང་མེད་པར་བཞག །ཅེས་བཤད་དོ། །ལྕེའི་རྩེ་མོ་མར་སོ་ལས་མ་རེག་པར་ཡར་རྐན་ལ་མ་རེག་པར་ཙེན་ནེར་འཇོག་པ་ནི། གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། བདེ་ཆེན་ལམ་དུ་འཇུག་པ་ལ། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །ཞེས་བཤད། དེ་ཡང་སྙིང་ཙིཏྟ་རིན་པོ་ཆེ་ལོ་མ། ལྕེ་འཕྲུལ་གྱི་ལྡེ་མིག །དེ་དུས་སུ་ལུས་སེམས་ཡོད་དུ་མི་ཚོར་བའི་ཟག་པ་མེད་པའི་བདེ་བ། སེམས་ཉིད་ཀྱི་དོན་གསལ་བར་བྱེད་པའི་མེ་ལོང་བསྟན་པའོ། །དེ་ཚོ་ཡང་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དུ་འདུས་ཏེ། རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་ལུས་དབེན་པའི་ས་ཕྱོགས་སུ། །ཕྱི་ནང་འབྲེལ་ཐག་བཅད་ནས་སུ། །ཆོས་བདུན་འབྱུང་བ་ཆ་མཉམ་ནས། །ཚོགས་དྲུག་དབང་པོ་མ་བཀག་པར། །ཐ་མལ་ཤེས་པ་ཙམ་ལ་བཞག །ཕྱི་རུ་ལུས་ཀྱི་འབྱུང་བ་སྙོམས། །ནང་དུ་དབུགས་ཀྱི་འགྲོ་འོང་བྲལ། །མ་བཅོས་རྣལ་མའི་དོན་ལ་ཕེབས། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་བཤད་དོ། །དེ་ཡང་ཧྲིལ་གྱིས་བསྡུས་པས། དུས་ཀྱི་བརྡའི་དུས་སུ། གནད་ཀྱི་བརྡའ་བཞིས་དོན་ལ་ངོ་སྤྲད་པ་ལ་འདུས་པ་ཡིན་ནོ། །དེ་ཡང་བརྗོད་དུ་མེད་པའི་དོན་དེ་ཚིག་མེད་པའི་བརྡས་སུ་སྟོན་པ་ཡིན་ནོ། །དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། བརྡའ་དོན་སྤྲོད་ཀྱི་སློབ་དཔོན་ནི། །རང་རྒྱུད་ལུང་འདི་ལ་འདྲ་མིན་སྣང་། མཆན། མ་བཅོས་རྣམ་དག་པས། །དོན་དང་འབྲེལ་བའི་སྒྲ་ཚིག་གིས། །ཡེ་ཤེས་རིག་པའི་ངོ་བོ་སྟོན། །སྐྱེ་བ་མེད་པའི་བརྡའ་དོན་སྤྲད། །མངོན་སུམ་ཡེ་ཤེས་ངང་གིས་གསལ། །ཞེས་བཤད་དོ། །དེ་ཡང་བརྡའ་བཞིའི་དོན་གསལ་བ་མི་རྟོག་པ་བདེ་བའི་ངོ་བོ་དབྱེ་རུ་མི་ཕྱེད་པ། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། བརྗོད་དུ་མེད་པ་རང་གི་རྒྱུད་ལ་མངོན་སུམ་དུ་ངང་གིས་གསལ་བའོ། །དེ་ཡང་རྣ་བརྒྱུད་དབང་གི་མན་ངག་ལས། བརྗོད་མེད་རིག་པའི་དོན་མཐོང་ན། །རང་བཞིན་གསལ་བའི་ངང་ལ་བཞུགས། །ཞེས་སོ། །དེ་ཡང་རང་རྒྱུད་རྣམས་ཀྱི་རྗེའམ་དཔོན། ཇོ་བོ་རྗེས་གཉན་སྟོན་ཆོས་ཀྱི་དབང་ཕྱུག་ལ། ཉང་སྟོད་རྩིས་ཀྱི་ལྷ་ཁང་ལྟོས་དང་གསུངས་པའི་བརྡའ་དོན་རྣམས། རྣམ་པར་སྣང་མཛད་ཀྱི་བཞུགས་སྟངས་མཐོང་བའི་བརྡའ་དོན་ནམ། རྣལ་འབྱོར་རྣམས་ཀྱི་རྗེའི་དཔོན་རྗེ་དམ་པ་རྒྱ་གར་གྱིས་དམ་པ་ཀུན་དགའ་ལ། རྩ་བ་འཛིན་པའི་རི་བོང་ལ་བྱ་བའམ། མཉམ་བཞག་སྒོམ་དང་མི་ཞེས་ན། །ལྷ་ཁང་ལྟ་ཡང་མི་ཤེས་སམ། །བྱ་བའི་བརྡའ་དོན་དང་མི་འགལ་བར་བསྟན་པ་དང་མཐུན་པ་ཡིན་ནོ་གསུངས། དེ་ཡང་སྲིད་པའི་འཁོར་ལོ་ལས། འགྲོ་བ་རིགས་དྲུག་གི་སྤྱོད་ལམ་གྱི་བརྡའམ། མྱ་ངན་ལས་འདས་པའི་སངས་རྒྱས་ཀྱི་དགོངས་པའི་བརྡའ་ཡང་། ལུས་ཀྱི་མཛད་སྤྱོད་དང་བཞུགས་སྟངས་ཀྱིས་གསལ་བར་བསྟན་པའོ། །དེ་བས་ན་གནད་ཀྱི་བརྡའ་བཞི་སངས་རྒྱས་ཀྱི་བཞུགས་སྟངས་ཀྱིས་དོན་མ་ནོར་བར་སངས་རྒྱས་ཀྱི་དགོངས་པ་རང་རྒྱུད་ལ་འཆར་བར་བསྟན་པ་དེ་ནི། བརྡས་དོན་འགྲོལ་བའི་ཚིག་དོན་རྒྱས་པར་བཤད་པ་ཡིན་ནོ།། ༈ །།ད་འདི་ནས་མར་ལ་བརྡས་བསྟན་པའི་དོན་དེ་ལ། གོལ་ས་མེད་པར་བསྟན་པ་ནི། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ལ། གོ་བ་དང་། ཚིག་གཉིས་ཏེ། དེ་ཡང་རྡོ་རྗེའི་གོ་བ་ནི་དཔེས་མཚོན་པ་ཡིན་ཏེ། དེ་ཡང་ཕར་ལ་འཇོམས་ནུས་ལ་ཚུར་ལ་མི་འཇིག་པ་གཅིག་ལ་ཟེར་བ་ཡིན་ཏེ། རྡོ་རྗེའི་ཚིག་ལ་གཉིས་ཏེ། འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། འདུས་མ་བྱས་པ་ཆོས་ཉིད་ཀྱི་རྡོ་རྗེ་གཉིས་སོ། །འདུས་བྱས་ལ་བཏགས་པ་མིང་གི་རྡོ་རྗེ། རྡོ་རྗེ་གྲགས་དང་རྡོ་རྗེ་སྐྱིད་ལ་སོགས་པ་རྡོ་རྗེ་ལས་དྲངས་པའི་མིའི་མིང་རྣམས་སོ། །མཚོན་པ་ཕྱག་མཚན་གྱི་རྡོ་རྗེ་ནི། སའམ་ཤིང་ངམ་རིན་པོ་ཆེ་ལས་བཅོས་པའི་རྡོ་རྗེ་རྩེ་ལྔ་པའམ། རྩེ་དགུ་པ་སོགས་ལྷའི་ཕྱག་མཚན་བྱེད་པ་རྣམས་སོ། །གྲུབ་པ་ལས་ཀྱི་རྡོ་རྗེ་ནི་དངོས་རྫས་སུ་གྲུབ་པ་བཅད་པར་བྱ་བའི་དངོས་པོ་ཐམས་ཅད་གཅོད་ནུས། དབུགས་པར་བྱ་བའི་དངོས་པོ་ཐམས་ཅད་དབུགས། བཤིག་པར་བྱ་བའི་དངོས་པོ་ཐམས་ཅད་བཤིག་ནུས་པ། ཐམས་ཅད་འཇོམས་ནུས་པ། རྡོ་རྗེ་ཕ་ལམ་ལྟ་བུ་ཡིན་ཏེ། དེ་ཡང་ཁྱི་སྤུ་དང་ར་གཞོབ་གཉིས་ཀྱི་བར་དུ་བསྲེགས་ན་ལྦུ་བར་ཆིལ་གྱི་རྐྱེན་གྱིས་འཇིག་ནུས་པས་ན། འདུས་བྱས་རྫས་ཀྱི་རྡོ་རྗེ་ཡིན་ནོ། །འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་ནི། གོང་དུ་བརྡས་བསྟན་པའི་དོན་སེམས་ཉིད་དངོས་པོའི་གནས་ལུགས། ཆོས་བཞི་དང་ལྡན་པའི་དོན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། འདུས་མ་བྱས་པ། རྐྱེན་གྱིས་མི་འཇིག་པ། དུས་གསུམ་དུ་འགྱུར་བ་མེད་པ་དེ་ནི་ཆོས་ཉིད་ཀྱི་རྡོ་རྗེའོ། །ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ནི། དེ་ཡང་དོན་ཆོས་ཉིད་མི་འགྱུར་བའི་རྡོ་རྗེ་ཚིག་ལ་བརྟེན་ནས་དོན་དངོས་པོའི་གནས་ལུགས་དེ་མཚོན་པ། གནས་ལུགས་ཆོས་བཞི་དང་ལྡན་པའི་དོན་དེ་རྟོགས་པས། སེམས་ཀྱི་རྣམ་པར་རྟོག་པ་གློ་བུར་བ་རྐྱེན་ལས་སྐྱེས་པ་དེ། ཆེད་དུ་འཛིན་པའི་བློ་མེད་པར། ཁྲོལ་གྱིས་གྲོལ་བས་ན། དཔེར་ན། ལྡེ་མིག་གིས་མཛོད་ཀྱི་སྒོ་ཤག་གིས་ཕྱེད་པས། ཕུག་གི་གཅེས་ནོར་ལྷག་གིས་མཐོང་ཡོང་བ་བཞིན་དུ། སེམས་ཉིད་རྟོག་པ་ཆེད་འཛིན་པ་མེད་པར་འཁྲོལ་ལ། སེམས་ཉིད་ཀྱི་གནས་ལུགས་ལྷག་གིས་རྟོགས་ཡོང་བས་ན། ལྡེ་མིག་ཞེས་བྱའོ། །སེམས་ཀྱི་ལྡེ་མིག་ལ་ཡང་གཉིས་ཏེ། འཇུག་པ་བསྟན་པ་དང་། ངོ་བོ་བསྟན་པའོ། །འཇུག་པ་བསྟན་པ་ནི། སྒོམ་ཚུལ་བླ་མའི་བྱིན་རླབས་ཀྱི་དུས་སུ། རིམ་གྱིས་འཇུག་པ་དང་། ཅིག་ཆར་དུ་འཇུག་པའོ། །དབང་བཞིའི་ཆོ་གས་ལུས་ངག་ཡིད་གསུམ་ལ། སྐུ་གསུང་ཐུགས་ཀྱི་བྱིན་རླབས་རིམ་གྱིས་འཇུག་པས། རིམ་གྱིས་འཇུག་པའོ། །ཅིག་ཆར་འཇུག་པ་ནི། དུས་ཀྱི་བརྡའ་བྱུང་བའི་དུས་སུ། གནད་ཀྱི་བརྡས་ངོ་སྤྲད་ནས། བླ་མའི་དགོངས་པའི་བྱིན་རླབས་སློབ་མའི་རྒྱུད་ལ་འཇུག་པས། ལུང་མ་བསྟན་ཆོས་ཉིད་ཀྱི་དོན་མ་ནོར་བར་གནས་འགྱུར་བར་བསྟན་པ་ནི། ཅིག་ཆར་དུ་འཇུག་པར་བསྟན་པའོ། །གཉིས་པ་ངོ་བོ་བསྟན་པ་ནི། ངོ་བོ་ཉིད་ནི་གནས་ལུགས་ཏེ། གོང་དུ་བླ་མའི་བྱིན་རླབས་ཞུགས་པས། སེམས་ཉིད་ཀྱི་ངོ་བོ་གནས་ལུགས་མ་བཅོས་པ་གཅིག་རྒྱུད་ལ་ཤར་བ་དེ་ཡིན་ནོ། །སེམས་ཉིད་ཀྱི་ངོ་བོ་བསྟན་པ་ནི། དངོས་པོའི་འདུག་ཚུལ་བསྟན་པ་དང་། རྟག་ཆད་ཀྱི་མཐའ་བསལ་བ་གཉིས་ཏེ། དང་པོ་སེམས་ཉིད་དངོས་པོའི་གནས་ལུགས་ཀྱི་འདུག་ཚུལ་བསྟན་པ་ནི། ཐ་མལ་གྱི་ཤེས་པར་འདུག །གཉུག་མར་འདུག །སོ་མར་འདུག །ལྷུག་པར་འདུག་པའོ། །དང་པོ་ཐ་མལ་གྱི་ཤེས་པ་ནི་བཟང་རྟོག་དང་ངན་རྟོག་གི་བློས་མ་བསླད་པའི་ཤེས་པ་དེའོ། །གཉུག་མ་ནི་མ་བཅོས་ཤིང་མ་བསམ་པའི་གནས་ལུགས་དེའོ། །སོ་མ་ནི་མ་གཡོས་ཤིང་མི་གཡོ་བའི་རང་སོ་དེའོ། །ལྷུག་པ་ནི་རྒྱ་ཆད་ཕྱོགས་ལྷུང་མེད་པའི་དོན་གཟའ་གཏད་དང་བྲལ་བ་དེའོ། །དེ་ནི་དངོས་པོའི་གནས་ལུགས་ཀྱི་འདུག་ཚུལ་བསྟན་པའོ། །དོན་དེའི་གོལ་ས་རྟག་ཆད་ཀྱི་མཐའ་བསལ་བ་ལ་གཉིས་ཏེ། རྟེན་མེད་པར་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བས་སྣང་བ་རང་དག་པའོ། །དང་པོ་རྟེན་མེད་པར་རིག་པ་རང་གྲོལ་བ་ནི། ཕྱི་གཟུང་བའི་ཡུལ་མིག་གི་གཟུགས། རྣ་བའི་སྒྲ། སྣའི་དྲི། ལྕེའི་རོ། ལུས་ཀྱི་རེག་བྱ་དང་། ནང་འཛིན་པའི་སེམས། འདོད་ཆགས། ཞེ་སྡང་། གཏི་མུག །ང་རྒྱལ། ཕྲག་དོག་ལ་སོགས་ལ། སེམས་ཉིད་དངོས་པོའི་གནས་ལུགས་མི་བརྟེན། མི་བརྟེན་པས་མི་གནས། མི་གནས་པས་མི་ཆགས། མི་ཆགས་པས་མི་ཞེན། མ་ཞེན་པས་རང་སར་གྲོལ་བའོ། །དེ་ཡང་རྫོགས་པ་ཆེན་པོ་གུ་རུ་བཞི་པ་ལས། དམིགས་པ་གཟུང་འཛིན་ཀུན་གྱི་རྟེན། །བརྟེན་མ་བྱས་པས་གྲོལ་བར་འགྱུར། །ཞེས་བཤད་དོ། །ཕ་རོལ་ཏུ་ཕྱིན་པ་འབུམ་ལས། དམིགས་པ་ཐམས་ཅད་ནི་བྱང་ཆུབ་སེམས་དཔའི་སྐྱོན་ནོ། །དམིགས་པ་མེད་པ་ནི་བྱང་ཆུབ་སེམས་དཔའི་སྐྱོན་མ་མཆིས་པའོ། །ཞེས་བཤད་དོ། །གཉིས་པ་རྐྱེན་དང་བྲལ་བས་སྣང་བ་རང་དག་པ་ནི། རྐྱེན་ལ་ཡང་རྣམ་པ་གསུམ་སྟེ། སྣང་བའི་རྐྱེན་དང་། སྟོང་པའི་རྐྱེན་དང་། སྐྱེ་བ་མེད་པའི་རྐྱེན་དང་གསུམ་མོ། །དེ་ཡང་རང་གི་སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་དེ་རང་གི་སེམས་ཉིད་དུ་གསལ་བར་འདུག་པས། སྔ་ནས་མེད་པའི་སྟོང་པའི་སྐྱོན་ལུང་མ་བསྟན་དུ་མ་གོལ། རང་དུ་འདུག་ཅིང་རང་དུ་གསལ་བ་ལ། གསལ་བ་ནམ་མཁའ་ལྟ་བུ་གཅིག་ཡིན་སྙམ་དུ་འཛིན་པའི་བློ་མེད་པས། སྣང་བའི་རྐྱེན་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རུ་མ་གོལ། དེ་རུ་གོལ་ན་ལྷ་ཚེ་རིང་ཤོས་ཀྱི་ཚེ་ལོ་བསྐལ་པ་ཉི་ཁྲི་ཐུབ་ནས། གནམ་དུ་མདའ་འཕང་བ་དེ། འཕེན་པའི་སྟོབས་ཟད་ནས་ས་ལ་ལྷུང་བ་བཞིན་ནོ། །ཏིང་ངེ་འཛིན་གྱི་གཉེན་པོའི་སྟོབས་ཟད་ནས། ལྷུང་ཚར་ནས་མྱ་ངན་བྱས་ཞིང་ཆོས་ལ་མི་བདེན་པ་རུ་འདུག་བྱས་ནས་གཤེ་བས། མཐོ་རིས་མིའི་གནས་སུ་ཡང་མི་ཆགས་པར། ངན་སོང་དམྱལ་བའི་གནས་སུ་ལྷུང་བར་བཤད། ཡེ་གདོད་མ་ནས་རིག་པ་སྟོང་པར་འདུས་མ་བྱས་པ་ལ། བློའི་རྟོག་པ་ཅི་ཡང་མི་གནས་པ་ལ། ཞི་གནས་མེད་པའི་སྐྱོན་འདུས་བྱས་སུ་མ་གོལ། བློའི་རྟོག་པ་མི་གནས་པའི་རྟོག་པའམ། རྣམ་པར་ཤེས་པའི་མཐའ་ལས་འདས་པའི་མི་རྟོག་པ་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་མེད་པས། སྣང་བའི་རྐྱེན་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རུ་མ་གོལ། དེ་རུ་གོལ་ན་ལྷའི་ཚེ་ལོ་བསྐལ་པ་བཞི་ཁྲི་ཐུབ་ནས་ལྷུང་བའོ། །དེ་ཡང་ལུས་སེམས་མ་ཡེངས་པར་ཡོད་དུ་མ་ཚོར་བའི་བདེ་བ་གཉིས་སུ་མེད་པར་བདེ་བ་ཉམས་སུ་མྱོང་བས། གཅིག་ཡུལ་ལ་གཅིག་མི་གནས་པའི་སྟོང་པའི་སྐྱོན། སྣང་སྟོང་རེས་འཇོག་ཏུ་མ་གོལ་བའོ། །ལུས་སེམས་ཅུང་ཟད་ཀྱང་ཡོད་དུ་མི་ཚོར་བའི་བདེ་བ་ལ། བདེའོ་སྙམ་དུ་འཛིན་པའི་བློ་མེད་པས་ཅུང་ཟད་མེད་པའི་སྐྱེ་མཆེད་ཀྱི་ལྷ་རུ་མ་གོལ། དེ་རུ་གོལ་ན་ལྷའི་ཚེ་ལོ་བསྐལ་པ་དྲུག་ཁྲི་ཐུབ་ནས་ལྷུང་ངོ་། །གསལ་བ་མི་རྟོག་པ་བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་། དོན་ལ་ངོ་བོ་དབྱེར་མི་ཕྱེད་པས་གཏན་མ་གྲུབ་པའི་སྟོང་པའི་རྐྱེན་བེམ་སྟོང་ཕྱལ་ཆད་དུ་མ་གོལ། དེ་ཙ་ན་གསལ་བ་མི་རྟོག་པ་བདེ་བ་གསུམ། ངོ་བོ་དབྱེ་རུ་མི་ཕྱེད་པ་ཞིག་ཉམས་སུ་མྱོང་བས་ན། དོན་ལ་ངོ་བོ་དབྱེར་མི་ཕྱེད་པས་གཏན་མ་གྲུབ་པའི་སྟོང་པའི་རྐྱེན་བཞི་རུ་མ་གོལ། གསལ་བ་མི་རྟོག་པ་བདེ་བ་གསུམ། ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཉམས་སུ་མྱོང་བ་ལ། ཆེད་དུ་འཛིན་པའི་བློ་མེད་པས་ན་སྣང་བའི་རྐྱེན་བཞི་རུ་མ་གོལ། འདི་སྐབས་ལམ་རྒྱས་པ་དང་བསྡུས་པ་བསྡུར་ན་སྟོང་པའི་རྐྱེན་བཞི་དང་སྣང་བའི་རྐྱེན་བཞི་ལ་ཚིགས་ཆད་སོང་ཡང་ཐ་དཀར་བསྲང་མ་ཤེས་པས་དཔེ་ཁུང་དག་རྙེད་ཚེ་བསྡུར་དགོས། དབྱེར་མི་ཕྱེད་པའི་དུས་ན། དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་མི་གནས་ཏེ། སྐྱེ་མེད་ཙམ་དུ་འཛིན་པའི་བློ་མེད་པས། སྐྱེ་བ་མེད་པའི་རྐྱེན་དང་བྲལ་ལོ། །དེ་ཡང་རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རྐྱེན་གསུམ་བྲལ་ལོ་ཡེ་སངས་རྒྱས། །ཞེས་བཤད་དོ། །དེ་ཡང་གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། རྟག་པ་པོ་ནི་བདེ་འགྲོར་འགྲོ། །ཆད་པ་པོ་ནི་ངན་འགྲོར་འགྲོ། །གཉིས་ལ་མི་བརྟེན་ཐར་པའི་ལམ། །ཞེས་བཤད་པས། མི་དགེ་བ་སྤངས་ནས་དགེ་བ་སྒྲུབ་ཅིང་། ཉམས་སུ་མྱོང་བ་ལ་བདེན་པར་འཛིན་པ་ནི། མུ་སྟེགས་རྟགས་པ་དང་འདྲ་སྟེ། བདེ་འགྲོ་མཐོ་རིས་སུ་འགྲོ་སྟེ། བསོད་ནམས་དང་དམིགས་པའི་སྟོབས་ཟད་ནས། བསྔོ་བ་མ་དག་པས་ངན་སོང་དུ་ལྷུང་བ་མང་ངོ་། །དགེ་བ་མི་སྒྲུབ་ཅིང་ཏིང་ངེ་འཛིན་གྱི་ཉམས་མྱོང་མེད་པར་སྡིག་པ་ལ་མི་འཛེམ་པར་རྒྱུ་འབྲས་ཁྱད་དུ་གསོད་པ་ནི་མུ་སྟེགས་ཆད་པར་ལྟ་བ་དང་འདྲ་སྟེ། མཐོ་རིས་དང་ཐར་པའི་འབྲས་བུ་མེད་པར། མ་རིག་པ་དང་སྡིག་པའི་རྣམ་སྨིན་གྱིས་ངན་སོང་དམྱལ་བའི་གནས་སུ་འགྲེའོ། །ཡོད་མེད་གཉིས་སུ་འཛིན་པ་ལ་མི་བརྟེན་ཏེ། གཉིས་སུ་འཛིན་པ་མེད་པ་ལ་གཉིས་སུ་མེད་པ་ཙམ་དུ་འཛིན་པའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། རྟག་ཆད་མཐོ་རིས་ངན་སོང་གཉིས་ལ་མི་བརྟེན་པར་ཐར་པ་བྱང་ཆུབ་ཀྱི་ལམ་མོ། །དེ་ཙ་ན་རྟག་ཆད་ཡོད་མེད་ཀྱི་མཐའ་གང་ལ་ཡང་མི་གནས་པའོ། །དེ་ཡང་དབུ་མ་རྩ་བ་ཤེས་རབ་ལས། ཡོད་པར་འཛིན་པ་རྟག་པའི་མཐའ། །མེད་པར་འཛིན་པ་ཆད་པའི་མཐའ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཞེས་བཤད་དོ། །འོ་ན་དེ་ཁྱོད་ཀྱིས་ཆད་པའི་མཐའ་རུ་ལྷུང་བྱས་ན། རིག་ཅིང་གསལ་བའི་ཉམས་རྒྱུན་མ་ཆད་ཟེར་ཡིན་འདུག །རྟག་པའི་མཐར་ལྷུང་བྱས་ན། ཆེད་དུ་འཛིན་པའི་བློ་མེད་ཟེར་ཞིང་འདུག་པས། ངེད་ཀྱིས་མ་ཤེས་པས་དེ་ལ་ཁྱེད་རང་གི་མིང་གཅིག་ཐོགས་དང་བྱས་པས། ངའི་དེ་རང་བཞིན་གྱིས་སྟོང་པ་ཉིད་ཡིན་ཟེར་བས། འོ་ན། ཁྱེད་ཀྱི་དེ་ལ་རང་བཞིན་ཙམ་དུ་འཛིན་པའི་སྐྱོན་འདུག་གོ་ཟེར་ན། རང་བཞིན་ལ་སྐྱོན་ཅན་དང་སྐྱོན་མེད་གཉིས་ཏེ། རང་བཞིན་སྐྱོན་ཅན་ནི། རང་བཞིན་གྱི་སྟོང་པ་གཅིག་ཡིན་པ་ལ། སྟོང་པ་ཉིད་གཅིག་ཡིན་ནོ་སྙམ་དུ་འཛིན་པའི་བློ་ཞེན་པ་དེ་ནི་ཤེས་བྱའི་སྒྲིབ་པ་རུ་འགྲོའོ། །དེ་ཡང་ཤེས་རབ་སྡུད་པ་ལས། སྟོང་ཉིད་དམ་པ་དེ་ལ་མཆོག་འཛིན་མ་བྱེད་ཅིག །ཅེས་བཤད་པའོ། །འགྲེལ་ཆུང་ལས། ཡིད་ཆེས་པ་གནས་པར་བྱའོ། །ཞེས་བཤད་པས། དམིགས་པ་ཐམས་ཅད་བྱང་ཆུབ་སེམས་དཔའི་སྐྱོན་ནོ། །ཞེས་བཤད་པའམ། སྟོང་པ་ཉིད་ལ་སྤྱོད་ན་མཚན་མ་ལ་སྤྱོད་དོ། །ཞེས་བཤད་པའམ། རང་བཞིན་ལ་ཆགས་པ་ནི་སྐྱོན་ཅན་དུ་བཤད་དོ། །རང་བཞིན་སྐྱོན་མེད་ནི། སེམས་ཉིད་དངོས་པོའི་གནས་ལུགས་འདི་ཡི། ངོ་བོ་མ་འགགས་པར་གསལ་ཞིང་རང་བཞིན་མ་གྲུབ་པར་སྟོང་པ་ལ། གསལ་སྟོང་ཙམ་དུ་འཛིན་པའི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མེད་པས་ན། རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་དོ། །དེ་ཡང་འབུམ་ལས། ཤེས་པ་རྣམ་པར་དག་པས། མིག་རྣམ་པར་དག་པ། གཟུགས་རྣམ་པར་དག་པ་དང་། ཤེས་པ་རྣམ་པར་དག་པ་འདི་ལ་གཉིས་སུ་མེད་གཉིས་སུ་བྱར་མེད་དོ། །སོ་སོ་མ་ཡིན་ཐ་མི་དད་དོ། །ཞེས་བྱ་བའི་འགྲེས་རྐང་གི་ཤེས་པར་བྱའོ། །གང་ལ་རང་བཞིན་མེད་པ་དེ་ནི་བརྗོད་དུ་མེད་ཅེས་བྱ་བ་སྟེ། བསམ་གཏན་མིག་གི་སྒྲོན་མ་ལས། སྟོང་པ་ཉིད་ལ་སྟོང་མི་བལྟ། །དེ་ནི་སྟོང་ཉིད་དམ་པ་ཡིན། །ཞེས་བཤད་པ་ལས། རང་བཞིན་རྣམ་པར་དག་པའི་སྟོང་པ་ཉིད་གཅིག་ཡིན་པར་ཤེས་པ་ལ་སྟོང་པ་ཉིད་གཅིག་ཡིན་སྙམ་པའི་བློ་མེད་པ་ནི། རང་བཞིན་གྱིས་རྣམ་པར་དག་པའི་སྟོང་པ་ཉིད་སྐྱོན་མེད་དོ། །དོན་དེ་རྒྱུད་ལ་སྦྱོར་བ་ནི་རྣལ་འབྱོར་ལམ་གྱི་སྟོང་པ། དེ་རྟོགས་ཤིང་མངོན་དུ་གྱུར་པ་ནི། སངས་རྒྱས་པའི་སྟོང་པ་ཡིན་པས། དེ་ལ་ནི་སངས་རྒྱས་ཀྱི་དགོངས་པ་ཟེར་བ་ཡིན་པས། གོལ་ས་དང་སྒྲིབ་པ་མེད་དོ། །དེ་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་རིག་སྤྲོས་དང་བྲལ་བ་ལས། །དམིགས་པ་མེད་པར་གསལ་བའི་ཕྱིར། །ཆོས་ཀྱི་དབྱིངས་ལས་གཞན་མེད་དོ། །དེ་ལྟ་བུ་ཡི་དགོངས་པ་ལ། །གོལ་དང་སྒྲིབ་པ་ཡེ་ནས་མེད། །ཅེས་བཤད་དོ། །རྫོགས་པ་ཆེན་པོ་རྨད་དུ་བྱུང་བ་ལས་ཀྱང་། རྟག་པར་མ་སོང་ངོ་བོས་སྟོང་། །ཆད་པར་མ་སོང་རིག་ཅིང་གསལ། །གཉིས་སུ་མ་སོང་འདས་འོང་མེད། །བླ་མས་དོན་སྟོན་རྣལ་འབྱོར་པ། །ཐེ་ཚོམ་མེད་པར་སྒྲོ་འདོགས་ཆོད། །ཅེས་བཤད་དོ། །དེ་ཙ་ན་རྟེན་མེད་ཀྱི་རིག་པ་རང་གསལ་བ་ལ། ཐོགས་མེད་ཀྱི་རྟེན་རང་ཤར་ནས། འཛིན་མེད་ཀྱི་སྣང་བ་རང་གྲོལ་བ། རང་ཤར་རང་གྲོལ་བ་གཅིག་ཏུ་རྟོགས་པ་དེ་ལ། ཤེས་བྱ་གཅིག་ཆོད་ཅེས་བྱའོ། །དེ་ནི་བརྡས་དོན་འགྲོལ་བའི་བསྒོམ་མེད་ལ་ངོ་སྤྲད་ནས། དེ་དོན་གོལ་ས་གཅོད་པ་ལ། རྡོ་རྗེ་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ལ། འཇུག་པ་བསྟན་པ་དང་། ངོ་བོ་བསྟན་པ་གཉིས། ངོ་བོ་བསྟན་པ་ལ་སེམས་ཉིད་དངོས་པོའི་གནས་ལུགས་ཀྱི་འདུག་ཚུལ་བསྟན་པ་དང་། རྟག་ཆད་ཀྱི་མཐའ་བསལ་བ་གཉིས་ཀྱི། གོལ་ས་མེད་པར་ཐག་ཆོད་པར་བསྟན་པའོ། །དེ་ཡན་ཆད་ཀྱིས་བརྡས་དོན་འགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེ་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་གཉིས་ཀྱི། བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པའི་སྐབས་བསྟན་པ་ཐལ་བ་ལགས་སོ།། ༈ །།སྒོམ་མེད་དོན་གྱི་གཟེར་ཆེན་ཐེབས་ནས། ད་རེ་དོགས་མེད་པའི་དབྱིངས་ལ་གཏད་པའམ། བསྟན་པ་ལ་གོ་བ་དང་། ཚིག་གཉིས་ལས། གོ་བ་མདོར་བསྟན་པ། ཚིག་དོན་རྒྱས་པར་བཤད་པའོ། །དང་པོ་གོ་བ་བསྟན་པ་ལ་གཉིས་ཏེ། རེ་དོགས་ནི་ཡར་སངས་རྒྱས་བྱ་བའི་བཟང་པོ་གཅིག་ཐོབ་ཏུ་རེ། མར་འཁོར་བ་བྱ་བའི་ངན་པ་གཅིག་ཏུ་སོང་གི་དོགས་པའོ། །རེ་དོགས་མེད་པ་ནི་ཡར་སངས་རྒྱས་ལ་མི་རེ་སྟེ། སེམས་ཉིད་རྟོགས་པ་དེ་ཉིད་སངས་རྒྱས་ཡིན་པར་ཤེས་པས། ད་སངས་རྒྱས་འདོད་པའི་བློ་ཟད་པས་ཚོགས་རྫོགས་ཏེ། ཉོན་མོངས་པ་སྔོན་ན་མི་སྡོད་པའོ། །མར་འཁོར་བ་ལ་མི་དོགས་ཏེ། མ་རིག་པ་མེད་དེ་འཁོར་བ་དེ་ཉིད་དུ་ཐག་ཆོད་པས། ད་འཁོར་བ་རུ་འཁྱམས་དགོས་པའི་སྙེམས་ཟད་པས་སྒྲིབ་པ་དག་སྟེ། བག་ཆགས་ངན་པ་ཕྱི་ན་མི་འབྲེང་བའོ། །དྲན་པ་འདས་པ། མ་དྲན་པ་མ་འོངས་པ། དེ་གཉིས་ཀྱི་བར་ན་གསལ་ལ་འཛིན་པ་མེད་པའི་ངང་དེ། དུས་གསུམ་འགྱུར་བ་མེད་པར་རྟོགས་པ་དེ་ནི། རེ་བ་དང་དོགས་པ་དབྱིངས་ལ་གཏད་པའོ། །དེ་ཡང་རྣ་བརྒྱུད་རིན་པོ་ཆེའི་དབང་གི་མན་ངག་ལས། རེ་དོགས་མེད་པའི་དབྱིངས་ལ་གཏད། །བསམ་སྦྱོར་བློ་ཡི་དྲི་མ་དག །ཅེས་བཤད་དོ། །དེ་ནི་རེ་དོགས་མེད་པའི་དབྱིངས་ཀྱི་གོ་བའོ། །རེ་དོགས་མེད་པའི་ཚིག་ལ་གཉིས་ཏེ། བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག །དེ་བཞིན་ཉིད་དུ་མྱ་ངན་འདས། །ཞེས་བཤད་པའོ། །དང་པོ་ཏིང་འཛིན་ལ་ཡང་སྒྲོས་རྣམ་པ་བཞི་སྟེ། དང་པོ་ཟིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་ནི། མུ་སྟེགས་རྟག་ཆད་དམ་ཉན་ཐོས་སུ་འཛིན་ནམ། ཐེག་པ་འོག་མས་ཕྱོགས་རེར་འཛིན་པ་རྣམས་སོ། །ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན་ནི། གསང་སྔགས་གསར་མའི་མཐར་ཐུག །ཕྱག་རྒྱ་ཆེན་པོའི་དོན་ཀུན་ལ་ཁྱབ་པ་དེ། ཡིད་ལ་བྱར་མ་བཏུབ་པས་ན་མཐའ་བྲལ་བའོ། །གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནི། གསང་སྔགས་རྙིང་མའི་མཐར་ཐུག་རྫོགས་པ་ཆེན་པོའི་དོན། ཡེ་ནས་སུས་ཀྱང་མ་བྱས་མ་བཅོས་པར་ལྷུན་གྱིས་གྲུབ་པའོ། །རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་ནི། མཚན་ཉིད་མཐར་ཐུག་ཕ་རོལ་ཏུ་ཕྱིན་པའི་དོན། དམིགས་པ་མེད་པ་རང་བཞིན་གྱི་བློའི་རྣམ་པ་ཐམས་ཅད་མི་གནས་པར་དག་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདི་ཡི་དབང་དུ་བྱས་ན། ཏིང་ངེ་འཛིན་བཞི་པོ་དེ་ཡང་མ་སྤངས་པར་ཡོངས་སུ་རྫོགས་ཏེ། དེ་ཡང་གསལ་བ་འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན། མི་རྟོག་པ་ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན། བདེ་བ་གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན། དབྱེ་རུ་མི་ཕྱེད་པ་ལ་དབྱེ་རུ་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན། རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན། དེ་ཙ་ན་ནང་ན་བསམ་པའི་བློ་མེད། ཕྱི་ན་བརྗོད་པའི་ཚིག་མེད། བསམ་བརྗོད་དང་བྲལ་བའི་དོན་དེ་ལ་འགྱུར་བ་མེད་པ་གཅིག་ཏུ་རྟོགས་པས་ན། ཏིང་ངེ་འཛིན་གྱི་མཆོག་ཡིན་ནོ། །དེ་ཡང་ཏིང་ངེ་འཛིན་དམ་པའི་མདོ་ལས། དོན་གཅིག་རྟོགས་པ་ཏིང་ངེ་འཛིན་དམ་པ་སྟེ། །ཏིང་ངེ་འཛིན་རྒྱལ་པོ་དེ་ཉིད་དོ། །ཞེས་བཤད་དོ། །དེ་བཞིན་ཉིད་དུ་མྱ་ངན་ལས་འདའ་བ་ལ་ཡང་ཚིག་གི་སྒྲོས་བཞི་སྟེ། ཞི་བ་མྱ་ངན་ལས་འདའ་པ། མི་གནས་པའི་མྱ་ངན་ལས་འདས་པ། མི་མཉམ་པའི་མྱ་ངན་ལས་འདས་པ། ཡང་དག་པའི་མྱ་ངན་ལས་འདས་པ་དང་བཞིའོ། །དེ་ཡང་ཉན་ཐོས་དང་རང་རྒྱལ་ནི། ཞི་བ་མྱ་ངན་ལས་འདས་པ་ཡིན་ཏེ། དེ་ཡང་རང་དོན་དུ་ཞི་ཞིང་དུལ་ལ་བདག་མེད་དེ། གཞན་དོན་གྱི་བློ་མེད་པར་མྱ་ངན་ལས་འདའ་བ་ནི། ཞི་བ་མྱ་ངན་ལས་འདའ་བའོ། །ཤེས་རབ་ཀྱིས་འཁོར་བའི་མཐའ་ལ་མི་གནས་ཏེ། འཁོར་བ་ལ་རང་བཞིན་མེད་པར་ཤེས། སྙིང་རྗེ་དང་ཐབས་ཀྱིས་མྱ་ངན་ལས་འདའ་བའི་མཐའ་ལ་མི་གནས་ཏེ། འགྲོ་བའི་དོན་ལ་བཞུགས་པ་ནི་མི་གནས་པའི་མྱ་ངན་ལས་འདས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའི་མྱ་ངན་ལས་འདའ་བའོ། །འབྲས་བུ་གསང་སྔགས་ཀྱི་ཐེག་པ་ནི། ཐེག་པ་འོག་མ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་མི་མཉམ་སྟེ། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་དང་མི་མཉམ་སྟེ། གསང་སྔགས་པ་བདག་གཞན་གཉིས་སུ་མེད་པར་རྣམ་པར་དག་པས། ཐེག་པ་འོག་མ་གཉིས་སུ་འཛིན་པ་དང་མི་མཉམ་པས་ན། མི་མཉམ་པའི་མྱ་ངན་ལས་འདའ་བའོ། །དེ་ཡང་ཡེ་ཤེས་གསང་བ་ལས། བདག་གཞན་གཉིས་མེད་རང་རིག་པས། །འཛིན་པ་ཀུན་བྲལ་འོད་ཟེར་དག །ཅེས་བཤད་དོ། །དེ་ཡང་ཐེག་པ་འོག་མ་དང་མི་མཉམ་པ་དོན་དེ་ལ། ཡོད་མེད་དང་འཁོར་འདས་གཉིས་སུ་མེད་པའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་ཏེ། ཚིག་དང་ཡི་གེ་ལས་འདས་པས་ན། ཡང་དག་པའི་མྱ་ངན་ལས་འདའ་བའོ། །དེ་ཡང་མཚན་བརྗོད་ལས། ཡང་དག་མཐའ་སྟེ་ཡི་གེ་མེ། །ཅེས་བཤད་དོ། །དེ་ཡང་མན་ངག་འདིའི་དབང་དུ་བྱས་ན། གསལ་བ་དབང་པོའི་སྒོ་མ་བཀག་པར། ཕྱི་རོལ་ཡུལ་མེད་དེ། ཐམས་ཅད་རང་གི་སེམས་ཉིད་དུ་རིག་ཅིང་གསལ་བས་ཆོས་ཀྱི་བདག་མེད་ཉན་ཐོས་རྫོགས། དབང་པོའི་སྒོ་མ་གཡོས་པས་བློའི་རྟོག་པ་ཅི་ཡང་མི་གནས་ཏེ། ནང་འཛིན་པའི་སེམས་མེད་པས། གང་ཟག་གི་བདག་མེད་པར་རང་རྒྱལ་རྫོགས། འོག་རླུང་ཡིད་ཙམ་ཟིན་པས་ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་བདག་གཞན་གཉིས་སུ་མེད་པར་ཉམས་སུ་མྱོང་བས་བྱང་ཆུབ་སེམས་དཔའ་རྫོགས། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པས། གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའོ། །དེ་ཁོ་ན་བཞིན་དུ་ཆོས་ཉིད་རེ་དོགས་མེད་པའི་དབྱིངས་སུ་ཐིམ་པས་ན། ཡང་དག་པའི་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། དེ་ནི་དེ་བཞིན་ཉིད་དུ་མྱ་ངན་ལས་འདའ་ཞེས་བཤད་དོ། །དེ་བཞིན་ཉིད་དེ་ནི་རྣམ་པར་རྟོག་པ་མེད་ཅིང་འགྱུར་བ་མེད་པ་ཡིན་ཏེ། དེ་ནི་སངས་རྒྱས་ཀྱི་དགོངས་པ་ཉག་གཅིག་ཡིན་ཏེ། སངས་རྒྱས་ལ་སྐྱབས་སུ་ཕྱིན་པའོ། །དེའི་ངང་ལ་སོ་ཐུབ་ཅིང་མི་འགྱུར་བ་དེ་ནི། ཆོས་སྐུ་ཡིན་པས་ཆོས་ལ་སྐྱབས་ཕྱིན་པའོ། །དོན་དེ་མངོན་དུ་གྱུར་ཏེ་རྒྱུ་བསོད་ནམས་ཀྱི་ཚོགས་དང་། འབྲས་བུ་ཡེ་ཤེས་ཀྱི་ཚོགས་མཐར་ཕྱིན་པ་ཡིན་པས་ན། དགེ་འདུན་ལ་སྐྱབས་སུ་ཕྱིན་པའོ། །དེ་ཙ་ན་དཀོན་མཆོག་གསུམ་པོ་རང་ཉིད་ཡིན་པས། གཞན་ནས་ཐོབ་ཏུ་རེ་བ་དང་། མ་ཐོབ་ཀྱི་དོགས་པ་བྱ་མི་དགོས་ཏེ། དཀོན་མཆོག་གསུམ་རང་གི་སེམས་ཉིད་སྐུ་གསུམ་དུ་འདུ་འབྲལ་མེད་པའི་དབྱིངས་ལ་གཏད་པའོ། །དེ་ཙ་ན་སྐྱབས་གཞན་ནས་བཙལ་མི་དགོས་ཏེ། རེ་དོགས་མེད་པའི་དབྱིངས་སུ་སོང་བའོ། །དེ་ཡང་རྫོགས་པ་ཆེན་པོ་གསང་སྔགས་དོན་གྱི་ཚད་མ་ལས། སྐྱོབ་པའི་ཕྱིར་ན་གསང་སྔགས་དོན་ཡིན་ཏེ། །གསང་སྔགས་བཟུང་བས་ཉོན་མོངས་སྒྲིབ་པ་སྐྱོབ། །གཟུང་བའི་ཡུལ་མེད་ཆོས་ཀྱི་བདག་མེད་རྟོགས། །འཛིན་པའི་སེམས་མེད་གང་ཟག་བདག་མེད་རྟོགས། །བསམ་པའི་ཡུལ་མེད་ཡིད་ཀྱི་གཡོ་བ་བྲལ། །སྐྱོབ་པ་བླ་ན་མེད་པ་རྡོ་རྗེ་སེམས་དཔས་གསུངས། །ཞེས་བཤད་པས། ད་སྐྱོབ་པ་གཞན་ནས་བཙལ་མི་དགོས་པས་རེ་དོགས་ཀྱི་བློ་མ་བྱེད་ཅིག །དེས་ནི་རེ་དོགས་མེད་པའི་དབྱིངས་སུ་གཏད་པའི་གོ་བ་དང་ཚིག་བསྟན་པའོ། །དེ་ཡན་ཆད་དུ་རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་དང་གཅིག །བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་གཉིས། རེ་དོགས་མེད་པའི་དབྱིངས་སུ་གཏད་པ་དང་གསུམ་གྱི་དོན་བསྟན་པ་ཞེས་བྱ་སྟེ། སེམས་ཀྱི་ཚིག་ཤེས་པའི་དུས་སུ་བསྟན་པའོ། །གཉིས་པ་དོན་གཏན་ལ་འབེབས་པའི་དུས་སུ་ལྟ་བའི་གཅོད་པ་ལ་གསུམ་སྟེ། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པ་དང་གཅིག །སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་དང་གཉིས། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་དང་གསུམ་མོ། །དོན་དང་པོ་དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་འབེབས་པ་ནི། དང་པོ་དབང་ལ་ཕྱི་བུམ་པའི་དབང་། ནང་གསང་བའི་དབང་། ཤེས་རབ་ཡེ་ཤེས་ཀྱི་དབང་། ཚིག་དབང་ཡེ་ཤེས་རིན་པོ་ཆེའི་དབང་དང་བཞི་ལས། ཕྱི་བུམ་པའི་དབང་བསྐུར་བའི་རྫས་རྣམ་པར་རྒྱལ་བའི་བུམ་པ། བསྐུར་བའི་གནས་ལུས་ཀྱི་སྤྱི་བོར་བསྐུར། སྒྲིབ་པ་ལུས་ཀྱི་སྒྲིབ་པ་དག །གདམས་ངག་ཏུ་སྐུ་བསྐྱེད་པའི་ས་བོན་གྱི་ཡི་གེ་སྟོན། དབང་བ་ལུས་བསྐྱེད་པའི་རིམ་པ་ལ་དབང་། རང་རིག་རང་གསལ་གྱི་ཉམས་འཆར། དེ་མ་ཤར་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདིའི་དབང་དུ་བྱས་ན། རང་རིག་རང་གསལ་གྱི་ཉམས་ཤར་བས། ཕྱི་བུམ་པའི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །ནུབ་གཉིས་པ་ལ་གསང་བའི་དབང་བསྐུར་བའི་རྫས། ཐོད་པ་མཚན་ལྡན་དུ་ཤ་ལྔ་བདུད་རྩི་ལྔ། བསྐུར་བའི་གནས་ངག་ལ་བསྐུར། སྒྲིབ་པ་ངག་གི་སྒྲིབ་པ་དག །གདམས་ངག་ཏུ་གསུང་བསྐྱེད་པའི་རིམ་པ་བསྟན་ནོ། །དབང་བ་ངག་རྡོ་རྗེའི་བཟླས་པ་ལ་དབང་། ཉམས་སུ་རྫོགས་པའི་རིམ་པ་མི་རྟོག་པ་ཆོས་ཉིད་དུ་རྒྱུད་ལ་འཆར། དེ་རྒྱུད་ལ་མ་ཤར་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས་པའོ། །དེ་རྒྱུད་ལ་ཤར་ན་དབང་གི་ཆོ་ག་ཡང་རྫོགས་ལ། དོན་ཀྱང་རྫོགས་པའོ། །གདམས་ངག་རྡོ་རྗེ་ཟམ་པའི་འདིའི་དབང་དུ་བྱས་ན། བློའི་རྟོག་པ་ཅི་ཡང་མ་སྐྱེས་པས། ནང་གསང་བའི་དབང་གི་ཆོ་ག་མ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །ནུབ་གསུམ་པ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྫས། བྱང་སེམས་དཀར་དམར་གྱི་ཐིག་ལེ་མེ་ལོང་གི་སྟེང་དུ་སྦྱར་ལ། བསྐུར་བའི་གནས་ཡིད་ལ་སྟེ་ཐུགས་ཀར་བཞག །སྒྲིབ་པ་ཡིད་ཀྱི་སྒྲིབ་པ་དག །གདམས་ངག་ཏུ་བསྐྱེད་རྫོགས་ཟུང་འཇུག་ཐབས་ཤེས་རབ་གཉིས་སུ་མེད་པའི་གདམས་ངག་སྟོན། དབང་བ་ལ་གང་དབང་ན། རྩ་རླུང་སྒོམ་པ་ལ་དབང་། ཉམས་སུ་ཟག་པ་མེད་པའི་བདེ་བ་འཆར། དེ་རྒྱུད་ལ་མ་སྐྱེས་ན་དབང་གི་ཆོ་ག་རྫོགས་ཀྱང་དོན་མ་རྫོགས། དེ་རྒྱུད་ལ་སྐྱེས་ན་དབང་གི་ཆོ་ག་ཡང་རྫོགས་ལ་དོན་ཀྱང་རྫོགས་པའོ། །གདམས་ངག་རྡོ་རྗེ་ཟམ་པ་འདིའི་དབང་དུ་བྱས་ནས། ལུས་སེམས་ཡོད་དུ་མི་ཚོར་བའི་བདེ་བ་རྒྱུད་ལ་འཆར་བས། ཤེས་རབ་ཡེ་ཤེས་ཀྱི་དབང་གི་ཆོ་ག་ལ་རྫོགས་ཀྱང་དོན་ངང་གིས་རྫོགས་པའོ། །ནུབ་བཞི་པ་ལ་རིན་པོ་ཆེའི་ཚིག་དབང་བསྐུར་བའི་རྫས། སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར། མཎྜལ་ལ་རྫས་དང་ཡོ་བྱད་ཀྱི་ལོངས་སྤྱོད་རིན་པོ་ཆེ་སྣ་ལྔ་དང་། ལུས་ཕངས་པ་མེད་པར་བླ་མ་མཉེས་པར་ཕུལ་ལ། བསྐུར་བའི་རྫས་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས། བསྐུར་བའི་གནས་རང་གི་ལུས་ངག་ཡིད་གསུམ་ལ་བསྐུར། སྒྲིབ་པ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་དུས་གཅིག་ལ་དག །གདམས་ངག་ཏུ་སྐུ་གསུང་ཐུགས་རང་ཆས་ཀྱི་གདམས་ངག་སྟོན། ཉམས་སུ་དབྱེར་མེད་གཅིག་ཏུ་རྟོགས་པའི་ཉམས་འཆར། དེ་ཙ་ན་བླ་མས་གདམས་པ་འདི་ལས་ཟབ་པ་ཡོད་རེ་ཞེས་མནའ་བསྐྱལ་བའི་དུས། སློབ་མས་མགོ་འཇོག་བྱེད་པའི་དུས་ཡིན་ནོ། །སློབ་མའི་རྒྱུད་ཀྱི་གསལ་བ། མི་རྟོག་པ། བདེ་བ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་དབྱེར་མི་ཕྱེད་པ། དབྱེར་མི་ཕྱེད་པའི་དུས་ན། དབྱེར་ཕྱེད་ཅེས་བྱ་བའམ། མི་ཕྱེད་ཅེས་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་ན་སེམས་ཉིད་རྣམ་པར་དག་པའོ། །དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། སེམས་ཉིད་དག་པས་དབང་རྫོགས་ན། །དབང་མཆོག་རྒྱལ་པོ་དེ་ཉིད་དོ། །ཞེས་བཤད་པས་ན། ཚིག་དབང་ཡེ་ཤེས་རིན་པོ་ཆེ་ངང་གིས་རྫོགས་པའོ། །ད་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པ་ལ་གཉིས་ཏེ། བསྒྲུབ་བྱ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་དང་། བསྒོམ་བྱ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པའོ། །དེ་ཡང་རང་གི་སེམས་ཉིད་རྣམ་པར་དག་པས་སྦྱིན་པ་དང་། ཚུལ་ཁྲིམ་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་ཀྱང་། ཡོ་བྱད་དང་། དེ་ཚོའི་འབྲས་བུ་མི་ལུས་དང་། གཟུགས་བཟང་བ་དང་། སྐྱེ་བ་གཞན་གྱིས་བར་དུ་མ་ཆོད་པ་དང་། མི་ལུས་གཙང་བ་དང་། མི་ལུས་རིན་པོ་ཆེ་ཡོན་ཏན་ཅན་དང་། སེམས་ཉིད་རྣམ་པར་དག་པའོ། །འཁོར་བའི་འབྲས་བུ་དེ་ཚོ་ལ་རེ་ལྟོས་ཀྱི་འདོད་པ་མེད་པར་། མཐར་ཐུག་རང་སེམས་རྣམ་པར་དག་པ་གཅིག་ཏུ་གཏན་ལ་ཕེབས་པའོ། །བསྒོམ་བྱ་དགེ་བའི་ཆོས་ལྷ་ཞི་བ་བསྒོམ་པ་ལ་མངོན་པར་ཆགས་པས། ལྷ་ཞི་བའི་ལུས་ཐོབ་པའམ། ཁྲོ་བོ་བསྒོམ་པ་ལ་མངོན་པར་ཆགས་པས། ལྷ་མ་ཡིན་གཤིན་རྗེའི་ལུས་ཐོབ་པའོ། །སྟོང་པ་ཉིད་བསྒོམ་པ་ལ་མངོན་པར་ཞེན་པས། གཟུགས་མེད་པའི་སྐྱེ་མཆེད་མུ་བཞིའི་ལྷར་སྐྱེ་བའོ། །སེམས་རྣམ་པར་དག་པས་ལྷ་ཞི་ཁྲོ་དང་། བསྐྱེད་རྫོགས་སུ་བསྒོམ་པའི་འབྲས་བུ་ལྷ་དང་ལྷ་མ་ཡིན་ལ་ཡང་རེ་བའི་བློ་མེད་དེ། སེམས་ཉིད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་རྣམ་པར་དག་པ་གཅིག་ཏུ་གཏན་ལ་ཕེབས་པའོ། །དེ་ནི་དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མ་ལྟོས་པར་གཏན་ལ་ཕེབས་པའོ།། ༈ །།དོན་གཉིས་པ་སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་ནི། ཕྱིའི་སྣང་བ་སྣ་ཚོགས་ཅིར་ཡང་འཁྲུལ་པ་འདི། རང་གི་སེམས་ཉིད་དུ་རིག་ཅིང་སེམས་ཉིད་དུ་གསལ་བ། སྤྲུལ་པའི་སྐུ་རང་ལ་རང་ཆས། གསལ་བ་ལ་གསལ་དུ་སྙམ་པའི་འཛིན་པའི་རྟོག་པ་ཅིར་ཡང་མི་གནས། མི་རྟོག་པས་ཆོས་ཀྱི་སྐུ་རང་ལ་རང་ཆས་སུ་འདུག །འདི་མཚམས་ནས་སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བའི་མཐའ་དང་། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་དང་། དོན་ཉམས་སུ་ཤར་བའི་སྐོར་བཅས་མཇུག་མ་ཚང་བས་དཔེ་ཁུང་དག་བྱུང་ཚེ་བསྡུར་དགོས། མཆན། གསལ་སྟོང་གཉིས་སུ་མེད་པའི་དོན། ལུས་སེམས་ཡོད་དུ་མ་ཚོར་བ་བྱང་ཁོག་གི་ནང་ནས་སྙིང་ལྟ་བུ། སྐད་ཅིག་མས་དོན་རྟོགས་ནས། ཚེ་གཅིག་གི་སངས་རྒྱ་བའི་གདམས་ངག་མ་ནོར་བ་རྫོགས་སོ། །གདམས་ངག་ངོ་མཚར་ཆེའོ། །རང་དང་འགྲོ་བ་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པར་ཤོག །།
རྣ་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་ཆུང་ངུ་གདམས་ངག་དང་བཅས་པ།
༈ རྣ་བརྒྱུད་རྡོ་རྗེ་ཟམ་པའི་ལོ་རྒྱུས་ཆུང་ངུ་གདམས་ངག་དང་བཅས་པ་བཞུགས། མ་ནོར་མ་གསལ་བྱེད་ཀྱི་ཡིད་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི་དོན་བསྟན་པ། རྣ་བརྒྱུད་རྡོ་རྗེ་ཟམ་པ་འདི་ལ། དོན་རྣམ་པ་བཞི་སྟེ། སྤྱིའི་དོན་ཁོག་དབུབ་པ་དང་གཅིག །དཀྱུས་ཀྱི་དོན་དུ་ས་བཅད་པ་དང་གཉིས། ཚིག་གི་དོན་དུ་འབྲུ་བསྣན་པ་དང་གསུམ། མན་ངག་གིས་དོན་དུ་ཉམས་སུ་བླང་བ་དང་བཞིའོ། །དང་པོ་ནི་སྤྱི་དང་རང་གི་མཚན་ཉིད་གཏན་ལ་ཕབ་སྟེ་ཁོག་དབུབ་པའོ། །གཉིས་པ་དཀྱུས་ཀྱི་དོན་ལ་གསུམ་སྟེ། ཀླད་ཀྱི་དོན་དང་། གཞུང་གི་དོན་དང་། མཇུག་གི་དོན་དང་གསུམ་མོ། །དང་པོ་ལ་གཉིས། མཆོད་པ་བརྗོད་པ་དང་། བསྟན་པར་དམ་བཅའ་བའོ། །གཞུང་གི་དོན་ལ་གསུམ། དོན་གཏན་ལ་འབེབས་པའི་དོན་དང་། གཏན་ལ་ཕེབས་པའི་དོན་དང་། དོན་ཉམས་སུ་ཤར་བའི་དུས་སོ། །དོན་གཏན་ལ་འབེབས་པའི་དོན་ལ་གསུམ། རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་དང་། སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་དང་། རེ་དོགས་མེད་པའི་དབྱིངས་ལ་གཏད་པའོ། །གཏན་ལ་བེབས་པའི་དུས་ལ་ཡང་གསུམ། དབང་ངང་གི་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་མི་ལ་ལྟོས་པ་དང་། སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་དང་། དོན་གཅིག་ཏུ་འདུས་པས་རྟོག་དཔྱོད་ལས་འདས་པའོ། །དོན་ཉམས་སུ་ཤར་བའི་དོན་ལ་གཉིས་ཏེ། དོན་འདི་ནི་དང་། དུས་འདི་ནི་ཞེས་སོ། །དུས་ལ་གསུམ། རྩེ་གཅིག་སྒྱུ་མ་ལྟ་བུའི་དུས་དང་། དུ་མ་རོ་གཅིག་རྟོགས་པའི་དུས་དང་། སྤྲོས་བྲལ་རྣམ་དག་གི་དུས་སོ། །མཇུག་གི་དོན་ལ་གསུམ། རྒྱུད་གང་ནས་བཏུས་པ་དང་། གདམས་ངག་གི་མཚན་དང་། སློབ་དཔོན་གང་གིས་བསྡུས་པའོ། །ཚིག་གི་དོན་དུ་འབྲུ་གཞོམ་པ་དང་གཅིག །གོ་དོན་དང་ཚིག་གི་དོན་གཉིས་སུ་བསྟན་པའོ། །མན་ངག་གི་དོན་དུ་ཉམས་སུ་བླང་བ་ལ་གཉིས། ནག་ཁྲིད་ལྟར་ཁྲིགས་ཆགས་ཉམས་སུ་བླང་བ་དང་། དམར་ཁྲིད་ངོ་སྤྲོད་ལྟར་ཉམས་སུ་བླང་བའོ། །ནག་ཁྲིད་ལྟར་ན། མ་དག་པ་དག་པར་བྱེད་པ་རྒྱ་མཚོ་ཁྲུས་ཀྱི་ལུང་། དག་པ་དགེ་བར་བྱེད་པ་སྒོ་གསུམ་ལས་ཀྱི་སྤྱོད་པ། དགེ་བ་སྨིན་པར་བྱེད་པ་སྒོམ་ཚུལ་བླ་མའི་བྱིན་རླབས། སྨིན་པ་གྲོལ་བར་བྱེད་པ་ཧེ་རུ་ཀ་ཡབ་ཡུམ་གྱི་བསྐྱེད་རྫོགས། གྲོལ་བ་མཐར་ཕྱིན་པར་བྱེད་པ་སྙིང་པོ་ཡེ་ཤེས་ཀྱི་རླུང་ངོས་བཟུང་བའོ། །ངོ་སྤྲོད་ལྟར་ན། དོན་ཉམས་སུ་ལེན་པའི་གདམས་པ་མདོར་བསྡུས་པ་ལ་དང་པོ་ཆད་སྣང་། བར་དུ་བརྡའ་བཞིས་ལུས་ཚུགས་བཅོས་པ། ཐ་མ་བྱིང་བ་གསེང་བ་དང་གསུམ་མོ། །དམར་ཁྲིད་འབྲིང་པོ་ལ། བཞིས་སྒོར་སྡོམ་གྱི་སྐྱ་བར་ནས་དུས་གསུམ་ཆིག་ཆོད་ལ་བརྟེན་ནས། གང་ཤར་ཐོགས་མེད་དུ་ངོ་སྤྲད་ནས་ཉམས་སུ་བླངས་བའོ། །དམར་ཁྲིད་ཆེན་པོ་ལྟར་ན། དང་པོ་མ་སྐྱེས་པ་སྐྱེ་བར་བྱ་བ། བར་དུ་སྐྱེས་པ་བརྟན་པར་བྱ་བ། ཐ་མ་བརྟན་པ་བོགས་དབྱུང་བར་བྱ་བ། དེ་ལྟར་ཉམས་སུ་བླངས་པས་ཉམས་རྣམ་པ་གསུམ་འཆར་ལུགས་བསྟན་པའོ།། ༈ །།སྤྱིར་གདམས་ངག་གི་ལུགས་ཀྱི་མཆོད་བརྗོད་མི་འབྱུང་སྟེ། མཆོད་རྒྱུད་གསུངས་པའི་སྟོན་པ་ལའོ། །བརྗོད་ནི་རྒྱུད་དང་སྒྲུབ་ཐབས་སུ་འབྱུང་སྟེ། གདམས་ངག་གི་རྒྱུད་འདི་ལས་འདི་སྐད་དུ། །བླ་མས་འདི་སྐད་གསུངས། རང་གི་རྟོགས་ཚོད་འདི་ཙམ་གཅིག་བྱུང་སེམས་པ་བདེ་བསྡེབས་པ་ལ་གདམས་ངག་ཟེར་བ་ཡིན་ཏེ། དེ་ལ་མཆོད་བརྗོད་མི་འབྱུང་། བྱུང་ཡང་བླ་མ་མཆོད་དམ་ད་ལའི་གཙོ་བོ་ལའོ། །དེ་ཡང་གཞན་ལ་མཆོད་པར་བརྗོད་པའོ། །དེ་ལ་འདི་ནི་གདམས་ངག་ལགས་ཀྱང་གང་ཟག་གི་རྟོགས་ཚོད་ཙམ་མ་ལགས་ཀྱི་སེམས་ཉིད་ཡེ་ནས་རྣམ་པར་དག་པ་དེ་ལ་མཆོད་པར་བརྗོད་དོ། །ཡང་ན་ཡི་དམ་ལ་མཆོད་དོ། །ལྷའི་བུ་ནས་ད་ལྟ་ཡན་ཆད་དུ་བཀའ་བརྒྱུད་མ་ཆད་པའི་ཕྱིར་མཆོད་སེམས་ཉིད་རྣམ་པར་དག་པ་ལ། བརྗོད་འདི་འབྱུང་ངོ་། །དེ་ཡང་ཡུལ་གཞན་ལ་མཆོད་པར་མི་བརྗོད་དེ། ཉིད་ལ་སེམས་ཉིད་རྣམ་པར་དག་པ་ལ། ཉིད་མཆོད་པར་བརྗོད་རྒྱུད་དང་འདྲ་བའི་གདམས་ངག་ཡིན་པས། པའོ། །རྒྱུད་གསུངས་པའི་སྟོན་པ་ལའོ། །དེ་ལ་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དང་པོ་གཤིས་ཀྱི་གནས་ལུགས། རང་བྱུང་གི་ཡེ་ཤེས་ཆེན་པོ་སྟེ། དུས་གསུམ་དུ་འདུ་འབྲལ་མེད་པ། སྐྱེ་འགགས་མེད། གསལ་འགྲིབ་མེད། འགྲོ་འོང་མེད་པས་མ་ནོར་བའོ། །ཆོས་བཞི་དང་ལྡན་པ་དེ། སངས་རྒྱས་སྒམ་སྟེ་མཛད་དུ་མ་བཏུབ། སེམས་ཐོག་མའི་དུས་ལ་སྔ་ཕྱི་མེད། ད་ལྟའི་དུས་ལ་ཐ་དད་མེད། ཅན་སྒྲིན་ཏེ་བསྒྱུར་དུ་མ་བཏུབ་པས་མ་བཅོས་པའོ། །ཆོས་བཞི་དང་ལྡན་པ་དེ་ཡིད་ཡུལ་ལམ། བསམ་ཡུལ་ལམ། དྲན་ཡུལ་ལ་མི་གནས་པས་བསམ་པ་ལས་འདས་པའོ། །ཆོས་བཞི་དང་ལྡན་པ་དེ། ཚིག་ཡུལ་ལམ་བརྗོད་ཡུལ་དུ་མི་གནས་པས་བརྗོད་པ་ལས་འདས་པའོ། །ཆོས་བཞི་པོ་དེ་དུས་གསུམ་ཡེ་ནས་གནས་པས་ན་ངང་དུའོ། །ལ་ཞེས་པ་དེ་ནི་ཚིག་དག་པར་བྱེད་པ་ལའོ། །ཕྱག་ནི་ཉོན་མོངས་ལ་མི་གནས་པའོ། །འཚལ་ནི་དེ་ལས་བསྟན་དུ་མེད་པའོ། །ལོ་ནི་དོན་རྒྱུད་ལ་འབྱོངས་པའི་ཚིག་གོ། །དེས་ནི་མཆོད་པར་བརྗོད་པར་ཐལ་ནས། བསྟན་པར་དམ་རྒྱུད་ཡིན་བཤད་པར་དམ་བཅའ་ཟེར་ཏེ་འདི་མན་ངག་ཡིན་པས་བསྟན་པར་དམ་བཅའ་ཟེར། བཅའ་བ་ནི། དེ་ལ་གདོད་ནས་དག་པ་ནི་ཉོན་མོངས་པའི་སྐྱོན་གྱིས་མ་གོས་པའོ། །བྱང་བ་ནི་སེམས་ཉིད་དངོས་པོའི་གནས་ལུགས་དེ། བག་ཆགས་ཀྱིས་མ་གོས་པའོ། །ཆུབ་པ་ནི་ཡེ་ཤེས་ལྔ་དང་ལྡན་པ་སྟེ། ཡེ་ཤེས་ལྔ་ནི་ཆོས་བཞི་དང་ལྡན་པས་སོ། །དུས་གསུམ་དུ་གནས་པས་ཆོས་མི་རྟོག་པ་ལས་བྱུང་བའོ། །ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་ལ་ཉོན་མོངས་པའི་སྐྱོན་སྒྲིབ་མི་མངའ་བས་མེ་གསལ་བ་མ་གཡོས་པ་ལས་བྱུང་བའོ། །ལོང་ལྟ་བུའི་ཡེ་ཤེས་སོ། །དེ་རྒྱ་ཆད་ཕྱོགས་ལྷུང་མེད་པས་མཉམ་པ་ཉིད་བདེ་བ་འོག་རླུང་འཐེན་པ་ལས་བྱུང་བའོ། །ཀྱི་ཡེ་ཤེས་སོ། །དེ་ཡོད་པ་སེམས་ཅན་བརྡའ་དང་སྦྱར་ན་དབང་པོའི་སྒོ་མ་བཀག་པ་ལས་བྱུང་བའོ། །ཐམས་ཅད་ཀྱི་རྒྱུད་ལ་ཡོད་པ་ཡིན་པས་སྣང་གྲགས་ཀྱི་ཝལ་ལེ་ཁྱུག་གེ་འདི་རང་ཁོ་ན་ཡིན་པས། སོ་སོར་རྟོག་པའི་ཡེ་ཤེས་དང་། དེ་བླ་མའི་གདམས་ངག་གིས་ཀྱང་རྟོགས་པ་ལས། བསྟན་དུ་ཡོད་པས་བྱ་བ་གྲུབ་པའི་བློའི་རྟོག་པ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ། ཡེ་ཤེས་སོ། །དེ་སེམས་མ་ཡིན་པའི་ཕྱིར་ན་སེམས་ཉིད་དོ། །ཀྱི་ཞེས་བྱ་བ་ནི་ཚིག་འབྲེལ་བར་བྱེད་པའི་ཐ་ཚིག་གོ། །ཉིད་ཀྱི་ཞེས་བྱ་བ་ནི་རང་གིའོ། །ངོ་བོ་ཉིད་ཀྱི་ཞེས་པ་ནི་རང་གི་སེམས་ཉིད་དངོས་པོའི་གནས་ལུགས་སོ། །དོན་བསྟན་པ་ཞེས་བྱ་བ་ནི། རང་གི་རྒྱུད་ལ་ཡོད་པའི་དོན་སེམས་ཉིད་དངོས་པོའི་གནས་ལུགས་དེ་སྟོན་པ་ལས། གཞན་གཅིག་ནས་གཅིག་བྱང་སེམས་རྩལ་ནས་སྟོན་པ་ལྟ་བུ་མིན་ནོ། །དེས་ནི་བསྟན་པར་དམ་བཅའ་བ་ཐལ་ལོ།། ༈ །།ཐུན་གཉིས་པ། ད་ནི་དོན་ལ་རྣམ་པ་གསུམ་སྟེ། དོན་གཏན་ལ་འབེབས་པའི་དུས། གཏན་ལ་ཕེབས་པའི་དུས། དོན་ཉམས་སུ་ཤར་བའི་དུས་དང་གསུམ་མོ། །དང་པོ་ལ་གསུམ། རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ། སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ། རེ་དོགས་མེད་པའི་དབྱིངས་ལ་གཏད་པའོ། །དེ་ཡང་དང་པོ་ལ། གོ་བ་བསྟན་པ་དང་། ཚིག་བསྟན་པ་གཉིས་སོ། །དང་པོ་ལུང་ནི། རིག་པ་འཛིན་པ་རྣམས་བརྡས་གྲོལ་བའོ། །རྣ་བརྒྱུད་ཚིག་སྡེབས་སྦྱོར་ལེགས་པར་བྱ་བའི་ཕྱིར་གང་ཟག་རྣམས་ལ་རྣ་བརྒྱུད་འབྱུང་ངོ་། །ནི་གང་ཟག་རྣམས་ལ་སྙན་ནས་སྙན་དུ་བརྒྱུད་པའོ། །གཏེར་ཆེན་དགྲོལ་བ་ཞེས་པ་ནི་དཔེས་དོན་གཏན་ལ་འབེབས་ཏེ། རྒྱ་གར་གྱི་ཡུལ་སིངྒ་ལ་བྱ་བ་ན། མི་དབུལ་མོ་ཚོང་དཔོན་གྱི་བུ་མོ། བཟའ་བ་དང་གྱོན་པ་མེད་པ་གཅིག་ཡོད་དེ། མོ་ལ་ནོར་དུ་རས་གོས་ཧྲུལ་པོ་གཅིག་ལས་མེད་པས། དེ་ནུབ་མོ་སྟོད་དུ་གྱོན། ཉིན་མོ་སྨད་དུ་གྱོན་ནས་ཟས་འཚོལ། འཚོ་བ་བྱ་འཚོལ་བྱེད་པ་ལས་མེད་པས། ཡུལ་དེར་ནོར་གྱི་དཔྱད་ཤེས་པའི་མི་གཅིག་བྱུང་བས། ཁོ་ན་རེ། འདི་ན་དབུལ་མོ་གཅིག་གི་སྒྱེད་པོའི་འོག་ན་གསེར་ཕྱེ་བུམ་པ་གང་ཡོད་པར་འདུག་གོ་ཟེར་ནས། ཁོས་དབུལ་མོ་དེ་བཙལ་བས་རྙེད་དེ། ཁྱོད་ལ་བཟའ་བ་གྱོན་པ་མེད་དམ་ཞེས་དྲིས་པས། མོ་ན་རེ། ང་ལ་བཟའ་བ་དང་གྱོན་པ་མེད་དོ་ཞེས་ཟེར་ནས། ཁོས་འོ་ན་ཁྱོད་རང་གི་སྒྱེད་པོའི་འོག་ན་གསེར་ཕྱེ་བུམ་པ་གང་ཡོད་པས་དེ་ཐོན་ལ་བདེ་བར་ལོངས་སྤྱོད་ཅིག་བྱས་པས། མོ་ན་རེ། ང་བསོད་ནམས་ཟད་པས་ཅང་ཡོད་དམ་ཟེར། ཁོས་ཡོད་ངེས་ཞེས་བྱས་པས། མོས་བལྟས་པས་བྱུང་ནས། དེ་ལ་ཆ་གསུམ་དུ་བགོས་ཏེ། ཆ་གཅིག་དཀོན་མཆོག་ལ་མཆོད་པའི་རྫས་སུ་ཕུལ་ལོ། །ཆ་གཅིག་ཡུལ་དེའི་རཱ་ཛ་དང་། ལོང་སྤྲང་ཡན་ཆད་ལ་སྦྱིན་པར་བསྔོས་སོ། །ཆ་གཅིག་མོ་རང་གི་བཟའ་བ་དང་གྱོན་པར་ལོངས་སྤྱོད་དོ། །དེར་མོ་སྐད་ཅིག་མ་ལ་ཕྱུག་མོར་སོང་སྟེ། དབུལ་བའི་སྡུག་བསྔལ་དང་བྲལ་ལོ། །དཔེ་དེ་བཞིན་དུ་རང་ཅག་འཁོར་བའི་སྡུག་བསྔལ་འདི་ལ་འཇིགས་དངངས་སྐྲག་མི་དགོས། རང་གི་རྒྱུད་ལ་ཡོད་པའི་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས། རང་བྱུང་གི་ཡེ་ཤེས་ཆེན་པོ་འདི་རྟོགས་ན། འཁོར་བའི་སྡུག་བསྔལ་ཆེན་པོ་འདི་ལས་བསྒྲལ་བ་ཡིན། སེམས་ཉིད་དེ་ད་ལྟ་ཉོན་མོངས་པའི་སྐྱོན་སྒྲིབ་ཀྱིས་བསྒྲིབས་ནས་གཏེར་དུ་སྦས་པ་བཞིན་ཡོད་དེ། བླ་མའི་གདམས་ངག་གིས་དཀྲོལ་ནས་རང་རྒྱུད་ལ་བསྟན་པས། སྐད་ཅིག་མ་གཅིག་གིས་རྟོགས་ཏེ། ཚེ་གཅིག་གིས་འཚང་རྒྱའོ། །དེས་ནི་གཏེར་ཆེན་དགྲོལ་བའི་གོ་བ་བསྟན་པ་ཐལ་ནས། ༈ གཉིས་པ་ཚིག་ལ་རྣམ་པ་གཉིས་ཏེ། རིག་འཛིན་བརྡས་གྲོལ་བ་དང་། གང་ཟག་གདམས་ངག་གིས་གྲོལ་བའོ། །དེ་ལ་དང་པོ་ནི། གཏམ་བརྒྱུད་འདི་འབྱུང་སྟེ། སྤྱིར་རྒྱ་གར་གྱི་ཡུལ་ན་གླིང་ཆེན་པོ་དགུ་ཡོད་དེ། ཤར་ཕྱོགས་ན་བྷཾ་ག་ལའི་གླིང་། ལྷོ་ཕྱོགས་ན་བྷེ་ཏའི་གླིང་། ནུབ་ཕྱོགས་ན་ཨོ་རྒྱན་གྱི་གླིང་། བྱང་ཕྱོགས་ན་ཁ་ཆེའི་གླིང་། ཤར་ལྷོ་མཚམས་ཁང་བུའི་གླིང་། ལྷོ་ནུབ་མཚམས་ན་ཟངས་གླིང་། ནུབ་བྱང་མཚམས་ན་ཟ་ཧོར་གྱི་གླིང་། བྱང་ཤར་མཚམས་ན་ཀ་མ་རུ་པའི་གླིང་། དབུས་ན་རྡོ་རྗེ་གདན་དང་དགུའོ། །དེ་ལ་ཆོས་འབྱུང་བའི་གནས་ནི། རྡོ་རྗེ་གདན་གྱི་ནུབ་གཟུང་བ་དང་འཛིན་པ་ནུབ་པས་ན་ནུབ། ཕྱོགས་དེ་ལ་རྒྱབ་ཀྱིས་ཕྱོགས་པས་ན་ཕྱོགས། དེ་ན་ཕོ་དཔའ་བོར་གྱུར། མོ་མཁའ་འགྲོ་མར་གྱུར་པའོ། །དཔའ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། བོ་ནི་རིག་པའི་ཡེ་ཤེས། མཁའ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། འགྲོ་ནི་རིག་པའི་ཡེ་ཤེས། དཔལ་རྟོགས་པ་བདག་གི་དཔལ་དང་ཐུགས་རྗེ་གཞན་གྱི་དཔལ། ཨོ་རྒྱན་གྱི་ཡུལ། དྷ་ན་སེམས་པར་ངལ་གསོ་བ། ཀོ་ཤའི་ཡིད་སྐྱོབ་པར་བྱེད་པ། གླིང་། རྒྱ་མཚོ་ཆེན་པོའི་འགྲམ་ནི་བ་ཚྭ་ཅན་ནོ། །མེ་ཏོག་ཨུ་དུམྺ་ར་སྐྱེས་པའི་ལོ་བཅུ་གསུམ་ན་གཅིག་སྐྱེས་གཅིག་ནུབ་ནས་འགྲོ། ས། རོ་མཆོག་བདེ་བའི་ཚལ་དེ་ན་བཟའ་ཤིང་རབ་དང་མེ་ཏོག་གི་རྣམ་པ་སྐྱེས་པ་ཟོས་ནས་ཆོས་ཉིད་རྒྱུད་ལ་སྐྱེས་པའོ། །དེའི་འོད་ནམ་མཁའ་ལ། དེའི་འོད་རི་རབ་ལའོ། །དུར་ཁྱི་ལ་བརྡེག་པའི་རྡོ་ཡང་གསེར་ལ་སྤྱོད་པ་བཞིན་དུ་ཆོས་ཉིད་རྟོགས་ན་རྣམ་རྟོག་གི་ཡུལ་མེད་དོ། །ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བ་བྱ་བ་ན། སྒྲུབ་པའི་གནས་གསེར་ནི་ཟབ་པ། གྱི་བྲག་ཕུག་ཡུ་བ་ཅན་བྲེང་མ་ཆད་པའོ། །བྱ་བ་ཡོད། དེ་ན་རིགས་བྱེད་ནི་འཁོར་མང་པོ། ལྷའི་སྤྲུལ་པ་ཡབ་མི་མངའ་བས་ན། སློབ་དཔོན་སྒྲུབ་པོའི་རྟེན་གང་ཟག །ཆེན་པོ་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཏེ། དུས་ནམ་ཞིག་ན་སྐྱེ་བ་མེད་པའི་ངང་ལས། རང་སྨིན་གྱིས་རྣམ་པར་དག་པ་དག་པའི་ནམ་མཁའ་ལ་སྐྱེ་བའི་ཆོ་འཕྲུལ་དུ། རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་རྣམ་པར་དག་པ་ལས་སྤྲུལ་པའི་སེམས་དག་ལྷའི་བུ་ཞེས་བྱ་བ། སྣང་བའི་ཐབས་ཀྱི་བརྡའ་རུ་བསྟན། གཟུགས་སུ་གྲུབ་ལ། རེག་ཤེས་རབ་ཀྱི་བརྡའ་རུ་བསྟན། པའི་གཟུགས་སུ་མ་གྲུབ་པ་གཅིག་ཞལ་གཟིགས་ནས་སྐུ་མདོག་དཀར་པོ་གཡས་གསེར་གྱི་རྡོ་རྗེ་རྩེ་དགུ་པ་བསྣམས་པ། གཡོན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ་ཐབས་ཤེས་རབ་གཉིས་ཀྱི་བརྡའ། བ་ཏི་སྨུག་པོའི་ཤམ་ཐབས་ཅན། ཕྱག་སྤྱི་བོར་བརྐྱང་ནས་བྱིན་གྱིས་བརླབས་ཏེ། ཨ་སྐྱེ་བ་མེད་པའི་བརྡའ། ཧ་འགགས་པ་མེད་པའི་བརྡའ། ཧོ་གཉིས་སུ་མེད་པའི་བརྡའ། འི་ཞེས་པའི་ཆོས་ཀྱི་རང་སྒྲ་ཆེན་པོ་ཞག་བདུན་གྱི་བར་དུ་བྱུང་ངོ་། །དེ་ནས་སློབ་དཔོན་དགའ་རབ་རྡོ་རྗེས་སེམས་ཉིད་ཆོས་ནམ་མཁའ་དག་པ་ལ་འཇའ་ཚོན་ཤར་བའོ། །ནམ་མཁའ་དག་པ་དེ་བྱིན་རླབས་ཀྱི་བརྡའ། འཇའ་ཚོན་ཤར་བ་དེ་ཡེ་ཤེས་ཀྱི་བརྡའོ། །སྒྲིབ་པ་ལ་སྦྱངས་དཀའ་བ་ལས་དང་ལས་ཀྱི་རྣམ་པར་སྨིན་པའི་སྒྲིབ་པ་དེ་ཉིད་དག །ཐོབ་པ་ལ་དཀའ་བ་མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ། ཤེས་བྱ་ཤེས་བྱེད་ཀྱི་སྒྲིབ་པ་ཡང་དེར་དག་གོ། །བཞི་དང་ལྡན་པ་དེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པར་ཐུགས་སུ་གསལ་ལོ། །དེ་ནས་ཆོས་ཉིད་ཀྱི་དོན་དེ་མི་བརྗེད་པའམ། མི་ཡལ་བའམ། བརྟན་པར་བྱ་བའི་ཆེད་དུ། ཨ་ཝན་དྷ་ར་ཞེས་པའི་བརྡའ་བྱུང་བས། དེ་ཡང་ནམ་མཁའ་དག་པ་དང་། གསལ་བ་ལ་བལྟས་པས། ནམ་མཁའ་དག་པ་དེ་དབྱིངས་ཀྱི་བརྡའ། འཇའ་ཡེ་ཤེས་ལྔའི་རང་བཞིན། སྣང་བའི་གཟུགས་སུ་གྲུབ་པ་དེ་ཐབས་ཀྱི་བ རྡའོ། །རེག་པའི་གཟུགས་སུ་མ་གྲུབ་པ་དེ་ཤེས་རབ་ཀྱི་རང་བཞིན། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། ཐབས་ཤེས་རབ་གཉིས་སུ་མེད་པ། དོན་རང་གི་མཚན་ཉིད་ཆོས་བཞི་དང་ལྡན་པ་དེ་ལྟ་བུ་གཅིག་ཏུ་རྟོགས་སོ། །འཇའ་ལ་ལྟོས་དང་བྱ་བར་གོ་ནས། མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་ཉིད་དུ་ཐོབ་སྟེ། སྤྲིན་ནག་པོ་འདུས་པའི་གསེབ་ཏུ་མཁའ་འགྲོ་མ་འབར་བའི་གདོང་ཅན་གཙོ་བོ་འབར་བའི་གདོང་ཅན་ནི་ཧེ་རུ་ཀའི་གནས་བཅུ་དང་དུར་ཁྲོད་ཆེན་པོ་བརྒྱད་ན་གནས་པའི་ཛྭོ་ཀི་མ་རྣམས་སོ། །མ་ལ་སོགས་ཏེ། ཞིང་སྐྱེས་ཀྱི་མཁར་འགྲོ་མ་ལ་སོགས་ཏེ། གཙོ་བོ་མཁའ་དེ་བཞིན་གཤེགས་པའི་རིགས་དང་། རྡོ་རྗེའི་རིགས་དང་། རཏྣའི་རིགས་དང་། པདྨའི་རིགས་དང་། ལས་ཀྱི་རིགས་སོ། །ལ་གཤེགས་མ་ལ་སོགས་ཏེ། ལས་ལས་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་དང་། མཁའ་དབྱིངས་ཀྱི་ཡུམ་དྲུག །མ་བདུན། སྲིད་བཞི། སྨན་མོ་ལྔ་བཅུ་རྩ་ལྔ་ལ་སོགས་ཏེ། འཇིག་རྟེན་ན་མཆོག་ཏུ་གྱུར་པ་ཙམ་ཡིན་ནོ། །ལ་སྤྱོད་མ་ལ་སོགས་ཏེ། གཙོ་མོ་མཁའ་སྤྱོད་མའོ། །སྔགས་ལས་སྐྱེས་ཀྱི་མཁའ་འགྲོ་མ་རྣམས་དང་། མཁའ་འགྲོ་མ་དེ་རྣམས་ལ་ཆོས་འཆད་ཅིང་བཞུགས་སོ།། ༈ །།སློབ་དཔོན་དགའ་རབ་རྡོ་རྗེའི་ཐུགས་ཀྱི་བྱིན་རླབས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་རང་བཞིན་གྱིས་བབས་ཏེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་ལ་དུས་ནམ་ཞིག་ན་ག་རེ། བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ཏེ། བསྐལ་པར་གྲངས་མེད་པ་གཅིག་གམ་གཉིས་ན་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་ལས། དེའི་གོང་དུ་གྲོལ་བའི་ཐབས་མེད་ན། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཐབས་འདྲ་བ་ཡོད་དུ་གཤའ་བ་ལ་མོས་ན། འདི་གཞན་ལ་དྲི་བའི་ཐབས་མེད་དོ། །ཤྲཱི་ན་ལེནྡྲ་ན་གནས་པའི་པཎྜི་ཏ་རྣམས་ལ་དྲི་དགོས་སེམས་ནས་དུས་ནམ་ཞིག་ན། ཤྲཱི་ན་ལེནྡྲའི་པཎྜི་ཏ་རྣམས་ལ་དྲིས་པས། རྒྱུ་མཚན་ཉིད་ཀྱི་པཎྜི་ཏ་སྤྱན་གཡོན་པས་གཟིགས། རྣམས་ཅང་མི་གསུངས། འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་ལ་སྤྱན་གཡས་པས་གཟིགས་ནས་དྲིས་པས། ཀྱི་ཞལ་ནས། ཆོས་ཉིད་ཀྱི་དོན་དེ་ལྟ་བུ་རྟོགས་པ་འདི་ན་མེད་དེ། འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན། དཔལ་ཨོ་རྒྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་། ཕྱིའི་རྒྱ་མཚོ་ཆེན་པོའི་འགྲམ། མེ་ཏོག་ཨུ་དུམྺ་ར་སྐྱེས་པའི་ས། རོ་མཆོག་བདེ་བའི་ཚལ་བྱ་བ་ན། དུར་ཁྲོད་ཆེན་པོ་གསེར་གླིང་ཧེ་ཆེན་བརྡལ་བ་བྱ་བ་ཡོད་དེ། དེ་ན་སྒྲུབ་པའི་གནས་གསེར་གྱི་བྲག་ཕུག་ཡུ་བ་ཅན་ཡོད་དེ། དེ་ན་རིགས་བྱེད་ལྷའི་སྤྲུལ་པ་སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་བཞུགས་ཏེ། དེ་ཡང་སེམས་དག་ལྷའི་བུ་ཞེས་བྱ་བ། སྣང་བའི་གཟུགས་སུ་གྲུབ་ལ། རེག་པའི་གཟུགས་སུ་མ་གྲུབ་པ་ཞིག་གིས་ཞལ་གཟིགས། ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཆོས་ཁོང་ལ་ཡོད་ཀྱི་ཞེས་གསུངས་ནས། སློབ་དཔོན་གྱིས་དེར་འགྲོ་བ་ལ་དཀའ་སླ་ཅི་ཡོད་གསུངས་པས། དཀའ་སླ་ཤིན་ཏུ་ཆེ་སྟེ། ཟླ་བ་རིལ་པོ་བཅུ་གསུམ་ཙམ་དུ་འགྲོ་དགོས། སྡུག་བསྔལ་ཤིན་ཏུ་ཆེ་སྟེ། གནོད་སྦྱིན་མ་རུངས་པ་དང་། མཁའ་འགྲོ་མ་མ་རུངས་པ་དང་འཕྲད་དེ་འོང་། གཅན་གཟན་མ་རུངས་པ་དང་། སྦྲུལ་གདུག་པ་ཅན་དང་ཡང་འཕྲད་དེ་འོང་། དེ་ལྟ་བུའི་དཀའ་ལས་མེད་ན་དང་ངེད་ཀྱང་འགྲོ་སྟེ་གསུངས། དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཀྱི་ཐུགས་ལ་ག་རེ་བར་ཆད་བྱུང་ན། སེམས་ཀྱིས་སློབ་དཔོན་གྱི་གན་དུ་བརྟོལ་ཏེ་འོང་། སློབ་དཔོན་གྱིས་ངའི་སེམས་ལ་བྱིན་གྱིས་བརླབ་སྟེ་འོང་མནོ་ནས། ཐེ་ཚོམ་སྙེམས་མེད་པར་བྱོན། མེད་པར་ཕྱིན་ཏེ། ལུས་ལ་ཡང་བར་ཆད་མ་བྱུང་། སེམས་ལ་ཡང་བར་ཆད་མ་བྱུང་སྟེ། ཟླ་བ་རིལ་པོ་བཅུ་གསུམ་གྱིས་ཕྱིན་པ་དང་། རི་བྲག་གཅན་གཟན་དང་མི་དང་མི་མ་ཡིན་མང་པོ་གནས་པ་གཅིག་ན། རབ་ཏུ་བྱུང་བའི་ཆ་བྱད་ཅན། ཤམ་ཐབས་ཐོད་དུ་བཅིངས་པ། མདའ་ལྔ་དང་གཞུ་གཅིག་ཕྱག་ན་བསྣམས་པ་གཅིག་དང་མཇལ་ཏེ། འདི་སློབ་དཔོན་ཡིན་ངེས་གཞན་གྱིས་འདིར་ཚུགས་པའི་ས་མེད་མནོ་ནས། ཐེ་ཚོམ་མ་ཟོས་ཏེ། གསེར་གྱི་མཎྜལ་རང་གི་རྩ་གཏར་ནས་ཁྲག་གིས་ཆག་ཆག་གཅིག་ཀྱང་བཏབ་བོ། །གཅིག་ཀྱང་ཕུལ། ལྷ་ཕྱག་ཀྱང་ལན་གསུམ་དུ་བཙལ་ཏེ། བསྐོར་བ་ཡང་ལན་བདུན་དུ་བྱས་ནས། ཁྱེད་ཀྱི་རྟོགས་པ་བདག་ལ་སྐྱེད་པར་ཞུ་འཚལ་ཞེས་ཞུས་པ་ལ། ཅི་ཡང་མི་གསུངས་ཏེ། དེ་ལྟ་བུའི་ལན་གསུམ་དུ་བགྱིས་ཀྱང་ཅི་ཡང་མི་གསུངས་པར་གཤེགས་སོ། །དེའི་གལ་ཏེ་གདམས་ངག་འདྲ་བ་གནང་སེམས་ནས། ཕྱི་ན་ཕར་འབྲངས་ཏེ་ཕྱིན་པས། དུར་ཁྲོད་ཆེན་པོ་དེར་ཕྱིན་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་མཎྜལ་ཡང་ཕུལ། ལྷ་ཕྱག་ཀྱང་བཙལ། བསྐོར་བ་ཡང་བྱས་ཏེ། ཟླ་བ་ངོ་རེ་ལ་ཞུ་བའི་དོན་རེ་ཕུལ་ན་ཡང་ཅང་མི་གསུང་ངོ་། །དེར་ཟླ་བ་རིལ་པོ་བཅུ་གསུམ་ལོན་ཏེ། ད་ཡང་སློབ་དཔོན་གྱིས་ཐུགས་ལ་མི་འདོགས་པར་འདུག་མནོ་ནས། ཀ་པཱ་ལི་ནས་སྤུ་གྲི་བཏོན་ཏེ་རང་གི་སྐེ་ཐུགས་མུག་ནས། བཅད་ལ་ཤི་ལ་བསྡད་དགོས་མནོ་ཙམ་ན། སློབ་དཔོན་གྱི་ཞལ་ནས་འཇམ་དཔལ་བཤེས་གཉེན་ཞེས་བོས་ན། དྲུང་དུ་ཕྱིན་པ་དང་ཁྱེད་ཅི་འདོད་པ་ཡིན་གསུང་སྟེ། བདག་ནི་ཆོས་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་གིས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བ་གཅིག་ཞུ་ཞུས་པས། ཁྱོད་ཀྱིས་ད་དུང་དུ་མ་གོའམ་གསུངས་པ་ལ། བདག་གིས་ནི་ད་དུང་དུ་མ་གོ་མ་རྟོགས་སོ་ཞུས་པས། སློབ་དཔོན་དགའ་རབ་རྡོ་རྗེའི་ཞལ་ནས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་སྐྱེ་འགགས་གཉིས་སུ་མེད་པའི་བརྡའ། འི་ཞེས་པའི་བརྡའ་བསྟན་ཏོ། །ཞག་བདུན་དུ་ཆོས་ཉིད་ཀྱི་རང་སྒྲ་ཆེན་པོ་དེ་རྒྱུན་མ་ཆད་པར་བྱུང་ངོ་། །དེ་མི་ཡལ་བའམ་མི་ཕྱེད་པའི་བརྡར། སཱུརྱ་དྷ་ར་ཞེས་བྱ་བའི་བརྡའ་བྱུང་བས། སྐྱེ་འགག་མེད་པ། གསལ་འགྲིབ་མེད་པ། འཕོ་འགྱུར་མེད་པ་དེ་ལྟ་བུ་གཅིག་ཏུ་དོན་རང་གི་མཚན་ཉིད་ཆོས་བཞི་ལྡན་དུ་རྟོགས་སོ། །དེས་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་ནས། ཐུན་མོང་གི་དངོས་གྲུབ་ཞར་ལ་ཤར་ཏེ། དཔེར་ན་འབྲས་འཁོར་མོ་ལོ་ལེགས་ན་སོག་ཕུབ་ཞར་ལ་འབྱུང་བ་བཞིན་དུ་གྱུར་ནས་སྐད་ཅིག་མ་གཅིག་གིས་རྫི་བསྐྱོད་པའམ་བྱ་འཕུར་བ་བཞིན་དུ། སློབ་དཔོན་འཇམ་དཔལ་བཤེས་གཉེན་དེ་ལྷོ་ཕྱོགས་གྱད་ཀྱི་ཡུལ། བྷེ་ཏ་ལའི་གླིང་། ཤིང་དྲ་བ་གཙུག་དགུ་ཡོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱི་ས། དཔལ་ཡོན་ཏན་ཐམས་ཅད་འབྱུང་བའི་གྲོང་ཁྱེར་དེར་གཤེགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་ཐུགས་རྗེ་ལ་ཉེ་རིང་མེད་ཀྱང་། བྱིན་རླབས་སློབ་དཔོན་ཤྲཱི་སིདྷ་ལ་རང་བཞིན་གྱིས་བབས་ཏེ། སློབ་དཔོན་ཤྲཱི་སིངྷའི་ཐུགས་ལ་དུས་ནམ་ཞིག་ན། ག་རེ་བསྐལ་པ་ནས་བསྐལ་པར་ཚོགས་བསགས། བསྐལ་པ་ནས་བསྐལ་པར་སྒྲིབ་པ་སྦྱངས་ནས། བསྐལ་པ་གྲངས་མེད་པ་གཅིག་གམ་གཉིས་ན་སངས་རྒྱ་བ་ལས། དེའི་གོང་ན་འཁོར་བ་ནས་ལྡོག་པའི་ཐབས་མི་འདུག་པས། ཆོས་ཉིད་ཀྱི་དོན་སྐད་ཅིག་མ་གཅིག་གིས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཐབས་མེད་དམ་མནོ་གཅིག་ཐུགས་ལ་ལྷག་གིས་ཤར་ཏེ། ནས། དེ་གཞན་ལ་དྲིས་མེད་དེ། ཤྲཱི་ན་ལེནྡྲའི་པིཎྜ་ཏ་རྣམས་ལ་དྲིས་ཏེ། སྤྱན་གཡས་པ་གསང་སྔགས་ཀྱི་པཎྜི་ཏ་རྣམས་ལ་གཟིགས། གཡོན་པ་མཚན་ཉིད་ཀྱི་པཎྜི་ཏ་རྣམས་ལ་གཟིགས་ནས་དྲིས་པས། མཚན་ཉིད་ཀྱི་པཎྜི་ཏ་རྣམས་ཅང་མི་གསུང་ངོ་། །འབྲས་བུ་གསང་སྔགས་ཀྱི་པཎྜི་ཏ་རྣམས་ཀྱི་ཞལ་ནས། སྔོན་མི་རབས་བདུན་ཙམ་གྱི་གོང་དུ་འདི་འདྲ་གསུང་། ཡང་སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེ་སྐད་གསུངས་ནས། སློབ་དཔོན་དགའ་རབ་རྡོ་རྗེའི་གན་དུ་ལུང་བསྟན་པ་ཡིན། ད་ཡང་ཁྱོད་འདི་ནས་ལྷོ་ཕྱོགས་སུ་ཕྱིན་པ་ན། ལྷོ་ཕྱོགས་གྱད་ཀྱི་ཡུལ། བྷེ་ཏའི་གླིང་། ཤིང་དྲྭ་བ་ཅན་གཙུག་དགུ་བཀོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱི་ས། དཔལ་ཡོན་ཏན་ཐམས་ཅད་འབྱུང་བའི་གྲོང་ཁྱེར་ཞེས་བྱ་བ་ན། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་དེས། སློབ་དཔོན་དགའ་རབ་རྡོ་རྗེ་ཞེས་བྱ་བ་སྤྲིན་ནག་པོ་འདུས་པའི་གསེབ་ན་བཞུགས་པ། སེམས་དག་ལྷའི་བུས་བྱིན་གྱིས་བརླབས་པ། བཀའ་སྲུང་གི་མཁའ་འགྲོ་མ་གསུམ་ལ་ཆོས་བསྟན་ཅིང་བཞུགས་པའི་སྤྱན་ལམ་དུ་བྱོན་ནས། དགའ་རབ་རྡོ་རྗེས་བྱིན་གྱིས་བརླབས་པས། ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་ཆོས་ཡོད་དེ། དེ་ན་འཕྲད་དེ་འོང་གསུངས་པའོ། །འོ་ན་དེར་འགྲོ་བ་ལ་དཀའ་སླ་སྐྱིད་སྡུག་དང་ལམ་ཉེ་རིང་ཅི་ཡོད་ཅེས་དྲིས་པས། ལམ་ཉེ་ན་དང་ངེད་ཀྱང་འགྲོ་སྟེ། ལམ་ཤིན་ཏུ་རིང་ཟླ་བ་རིལ་པོ་བཅུ་གསུམ་དུ་འགྲོ་དགོས། འཇིགས་པ་ཤིན་ཏུ་ཆེ་སྟེ། མཁའ་འགྲོ་མ་རུངས་པ་དང་། གནོད་སྦྱིན་མ་རུངས་པ་དང་། སྦྲུལ་གདུག་པ་ཅན་དང་། གཅན་གཟན་མ་རུངས་པ་དང་འཕྲད་དེ་འོང་གསུངས་སོ། །དེ་ནས་ཨེན་ཅིག་ཐེ་ཚོམ་ཟོས་ཏེ། དེ་བས་ཉེ་བའི་ཐབས་ཡོད་དམ་གསུངས་པས། ལམ་དེ་བས་ཉེ་བའི་ཐབས་ནི། རི་རབ་རིའི་ཁོང་སེང་བྱ་བ་སའི་ཁོང་སེང་གཅིག་ཡོད་དེ། དེ་ནས་ཕར་ལ་ཕྱིན་ན་ལམ་ཉེ་སྟེ། དེ་ན་ཡང་སྦྲུལ་གདུག་པ་ཅན་དང་། མི་མ་ཡིན་གྱི་གྲོང་ཁྱེར་གནས་པས་ཤིན་ཏུ་དཀའ་གསུངས། དེ་བསྲུང་བའི་ཐབས་མེད་དམ་ཞུས་པས། རྩི་མ་གྷི་ཏ་སྦྲུལ་གདུག་པ་ཅན་བསྲུང་བ་ཡིན། བྱ་བ་ལུས་ལ་བྱུག་དགོས། ཞུན་ཆེན་འགེགས་པ་ཡིན། གྱི་མར་མེ་ཁྱེར་ནས་འགྲོ་དགོས། གཞན་ཡང་དེ་ན་མུན་ནག་པས་སྒྲོན་མེ་དང་མར་མེ་ཡང་ཁྱེར་ནས་འགྲོ་དགོས་གསུངས་སོ། །མི་མ་ཡིན་གྱི་གྲོང་ཁྱེར་དེ་ནས་སློབ་དཔོན་ཤྲཱི་སིངྷས་འཚོ་བའི་ཡོ་བྱད་དེ་ཀ་བཞིན་དུ་ཁྱེར་ནས། སའི་ཕུག་པ་དེར་ཕྱིན་པས། ཟླ་བ་རིལ་པོ་དྲུག་ན་སའི་ཕུག་པ་དེ་ནས་བརྟོལ་ཏོ། །ལྷོ་ཕྱོགས་གྱད་གྱི་ཡུལ། བྷེ་ཏའི་གླིང་། ཤིང་དྲ་བ་གཙུག་དགུ་བཀོད་པའི་ཚལ། གནོད་སྦྱིན་འབྲོག་གནས་ཀྱི་ས། དཔལ་ཡོན་ཏན་ཐམས་ཅད་འབྱུང་བའི་གྲོང་ཁྱེར་དུ་ཕྱིན་ནོ། །དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་དྲིས་པས། གཅིག་ཁོང་བྱོན་ནས་མི་ནད་ཕྱུགས་ནད་རྒྱུན་ཆད། ཆར་ཆུ་དུས་སུ་བབ། ལོ་ཕྱུགས་ཐམས་ཅད་ལེགས། ཁོང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་དུ་བཞུགས་པས་ཆ་ལུགས་ཅི་ཚུགས་ཡོད་ཆ་མེད། ན་རེ། སློབ་དཔོན་འཇམ་དཔལ་བཤེས་གཉེན་བྱ་བ་ཞིག་ངེད་ཀྱི་གྲོང་ན་ཡོད་ཟེར་ཏེ་ངོ་མི་ཤེས་ཟེར་རོ། །ཀུན་ལ་དྲིས་པས་དེ་སྐད་ཟེར་ཏེ། ཟླ་བ་རིལ་པོ་བདུན་དུ་བཙལ་བས་མ་རྙེད་ཙམ་ན། དུས་ནམ་ཞིག་ཆུ་མིག་ཁར་བཞུགས་པས། རྒན་མོ་ཆུ་ལེན་མ་གཅིག་བྱུང་བས། མོ་ལ་དྲིས་པས་མོ་སྡོད་དུ་མ་བཏུབ་པ་ལ། སློབ་དཔོན་གྱིས་ས་ནི་བྷེ་ས་བྱས་པས། མོའི་ཆུའི་བུམ་པ་ས་ལས་མ་ཁོགས་ཏེ། མོས་ཀྱང་རྫུ་འཕྲུལ་ཅན་དུ་རྟོགས་ནས། ཙིཏྟ་ལ་སི་པྲ་ས་ལ་ཞེས་ཟེར་ནས། སྙིང་ཁ་ཕྱེ་བས་སྙིང་གི་ནང་ནས་ཡང་དག་གྲུབ་པའི་ལྷ་མོ་བརྒྱད། དཔལ་དང་དགུ་དེ་ལ་བསྟན་ལྗགས་བརྐྱང་པས་གདོང་མེ་འབར་ཏེ་འབར་བའི་གདོང་ཅན་གྱི་རྟོགས་ཀྱང་སྟོན། དེ་ནས་མོ་ལ་སློབ་དཔོན་འཇམ་དཔལ་བཤེས་གཉེན་ངོ་ཤེས་སམ་དྲིས་པས། མོ་མཁའ་འགྲོ་མ་རང་དམ་རང་གིས་བཅས་པའི་སྲིང་མོ་ཡིན། ན་རེ། ངའི་མིང་པོ་ཡིན། ངས་ངོ་ཤེས་པ་ལས་གཞན་གྱིས་མི་ཤེས་གསུངས་སོ། །དེ་ནས་བུམ་པའི་ཆུ་ཡང་ཁུར། བྲང་ཁ་ཡང་བསྡུས་ཏེ། ཆུ་གནས་སུ་བསྐྱལ་ནས། དེ་ནས་མོ་དང་འགྲོགས་ནས་ཕྱིན་པས། བཙུན་པ་ཤམ་ཐབས་ཐོད་དུ་བཅིངས་པ་གཉའ་ཐོང་ཟུང་ཞིག་ཕྲག་ལ་གཟར། རྨོས་ཐོང་ཟུང་ཞིག་མདུན་དུ་བཙུག་ནས། ཞིང་རྨོས་བྱུང་བ་དང་འཕྲད་དོ། །དེ་ནས་མོ་ན་རེ། འདི་ཡིན་ནོ་ཟེར་བ་ལ། སློབ་དཔོན་ཤྲཱི་སིངྷ་ཡིད་མ་ཆེས་ནས། སློབ་དཔོན་འཇམ་དཔལ་བཤེས་གཉེན་ནི། ཡང་ན་མཁས་པ་པཎྜི་ཏའི་ཚུལ་དུ་བཞུགས་པའམ། ཡང་ན་ཀུ་སུ་ལའི་ཆ་བྱད་དུ་འོང་དགོངས་པ་ལ་ཆུང་མ་ཅན་གཅིག་སྙམ་ནས་ཐེ་ཚོམ་ཟོས་ནས། སྟེ། འདི་ནི་ཟོག་བཙུན་ཆུང་མ་ཅན་གཅིག་འདུག་ན་སེམས་ནས། བདག་ལ་བཟའ་བ་ཞིག་སློང་དང་བྱས་པས། བཟའ་བ་འདི་ན་ཅི་ཡོད། གྲོང་ཁྱེར་ཡ་གི་ན་ངའི་ཆུང་མ་ཡོད། དེ་ལ་སློངས་གསུངས་སོ། །དེ་ནས་གྲོང་ཁྱེར་དེར་ཕྱིན་ཏེ་ཇོ་མོ་ལ་བཟའ་བ་སློངས་པས། ང་ལ་སྤགས་མེད་གསུངས་ནས་ཚོང་འདུས་ནས་བྱིའུ་མཆིལ་པ་བདུན་ཉོས་ནས་བྱུང་བས། དེ་སྤུ་བཏོག་ནང་རོལ་ཕྱུང་ནས་བཙོས་ཏེ་འབྲས་ཆན་དང་ཀུན་དྲངས་པས། དེར་སློབ་དཔོན་ཤྲཱི་སིངྷས་གསོལ་དུ་མ་གནང་སྟེ། ངེད་དགེ་སློང་གི་ཆ་བྱད་ཡོད་པས་ཤའི་རྣམ་པ་བཟར་མི་རུང་། དེའི་ནང་ནས་ཀྱང་ངེད་ལ་བསྔོས་ནས་བསད་པའི་ཤ་ནི་བཟར་མི་རུང་བྱས་པས། དེར་ཇོ་མོའི་ཞལ་ནས། རྗེས་སུ་ཡི་རང་ངོ་གསུངས་ནས། བྱིའུ་མཆིལ་པ་བདུན་ལག་མཐིལ་དུ་བཞག་ནས་ཕུས་གདབ་པས། ནམ་མཁའ་ལ་ཙི་དི་རི་རི་འཕུར་སོང་བས། ཤྲཱི་སེངྷའི་ཐུགས་ལ། འདི་ལ་ཡང་རྫུ་འཕྲུལ་འདི་ལྟ་བུ་འདུག་པས། ད་ཅིའི་དེ་རང་སློབ་དཔོན་འཇམ་དཔལ་བཤེས་གཉེན་རང་ཡིན་ནམ་མནོ་ནས། ད་རུང་བརྟག་དགོས་སེམས་ནས་དོ་ནུབ་གནས་གཡར་བྱས་པས། ཁྱེད་རང་འདུག་གསུངས་ནས་བསྡད་པས། ད་ཅིའི་སློབ་དཔོན་དེ་བྱོན་ནས་འདི་ཀུན་ལ་བཟའ་བ་བྱིན་ནམ་གསུངས། ཇོ་མོས་བཟའ་བ་བྱིན་པས་གསོལ་དུ་མ་གནང་བྱས་པས། སློབ་དཔོན་གྱི་ཞལ་ནས་རང་ཐང་བཟང་བཟང་གསུངས་སོ། །དེ་ནས་ནངས་པར་རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་ཁ་ཏོན་དུ་བཏོན་པས། སློབ་དཔོན་གྱིས་དང་པོ་མ་བཞེངས་པར་གསན། དེ་ནས་ཡར་བཞེངས་ནས་གསན། མདོ་རྫོགས་པ་དང་། སློབ་དཔོན་གྱི་ཞལ་ནས། དོན་ལ་ལྟ་ཅི་སྨོས། ཚིག་ལའང་རྨོངས་པ་ལ་གསུངས། དེའི་ཚེ་ན་སློབ་དཔོན་ཡིན་ནམ་སེམས་པ་གཅིག་བྱུང་། དེ་ནས་ཇོ་མོས་ཚོང་འདུས་སུ་སྦགས་ཚོལ་དུ་སོང་བས། བུད་མེད་ཀྱི་ལག་པ་གཡོན་པ་གདུབ་བུ་ལྔ་སིལ་ལི་བ་གཅིག་ཉོས་བྱུང་བས། དེ་བཀྲུས་ནས་བཙོས་ཏེ་དྲངས་པས། ཤྲཱི་སིདྷའི་ཞལ་ནས། ངེད་དགེ་སློང་གི་ཆ་བྱད་དུ་ཡོད་པས་ཤའི་རྣམ་པ་བཟར་མི་རུང་། དེའི་ནང་ནས་མིའི་ཤ་མི་ཟ། དེའི་ནང་ནས་བུད་མེད་ཀྱི་ཤ་འདི་མི་ཞུའོ་བྱས་པས། དེར་སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱིས། བུད་མེད་ཀྱི་ལག་པ་དེ་ཕྱག་ཏུ་བཞེས་ཏེ། སེ་གོལ་གཅིག་བརྡབ་པས། བུད་མེད་ཀྱི་ལག་པ་དེ་ནམ་མཁའ་ལ་འོད་ཁ་དོག་ལྔ་དང་བཅས་ནས་གཤེགས་སོ། །དེ་ནས་སློབ་དཔོན་འཇམ་དཔལ་བཤེས་གཉེན་ཡིན་པ་ལ་ཡིན་པར་ཡིད་ཆེས་ཏེ། གསེར་གྱི་མཎྜལ་གཅིག་ཀྱང་ཕུལ། ལྷ་ཕྱག་ཀྱང་ལན་གསུམ་བཙལ། བསྐོར་བ་ཡང་ལན་གསུམ་དུ་བྱས་ཏེ། ཁྱེད་ཀྱི་རྟོགས་པ་བདག་ལ་སྐྱེ་བར་ཞུ་འཚལ་བྱས་པས་ཅང་མི་གསུང་། དེ་ལྟ་བུ་ལན་གསུམ་བྱས་པས་ཅང་མི་གསུང་ངོ་། །དེ་ནས་མཎྜལ་ཡང་ཉིན་ལན་གསུམ་མཚན་ལན་གསུམ་དུ་བྱས། བསྐོར་བ་ཡང་ཉིད་ལན་གསུམ་མཚན་ལན་གསུམ་དུ་བྱས། ལྷ་ཕྱག་ཀྱང་ཉིན་ལན་གསུམ་མཚན་ལན་གསུམ་འཚལ། དེ་ལྟ་བུ་ཟླ་བ་གསུམ་དུ་བྱས་པས་ཅང་མི་གསུང་ངོ་། །དེ་ནས་ཤྲཱི་སིངྷ་ཐུགས་མུག་ནས། དེ་ཡང་སློབ་དཔོན་གྱིས་གདམས་ངག་མི་གནང་བར་འདུག་སེམས་ནས། ད་འགྲོ་དགོས་སྙམ་ནས་ཡོད་ཙ་ན། སློབ་དཔོན་གྱི་ཞལ་ནས། ཤྲཱི་སིདྷ་འདིར་ཤོག་དང་ཞེས་གསུང་ངོ་། །དེར་ཕྱིན་ཙ་ན་སློབ་དཔོན་ཡང་ལྗན་ལྗིན་དང་འབག་འབོག་མི་གཙང་བའི་གསེབ་ན་གཟིམ་ནས་འདུག་སྟེ། འདི་ཕྱོགས་བྱ་བ་ཡིན་མནོ་ནས། དེ་ཚོ་ལན་དུ་མར་ཕྱགས་པས་ལན་དུ་མར་ཚད་རླངས་སམ་སེར་རུ་འདྲ་བ་གཅིག་གིས་ལྗིབ་ལྗིབ་བྱུང་ངོ་། །བྱུང་། ལན་བཅོ་བརྒྱད་དུ་ཕྱགས་པས་ཤིན་ཏུ་དུབ་ནས་ངལ་བསོས་པས། སློབ་དཔོན་གྱི་སྔས་ན་ཤིང་ཐོག་ཁ་དོག་ཤིན་ཏུ་ལེགས་པ། དྲི་ཤིན་ཏུ་ཞིམ་པ་གཅིག་འདུག་སྟེ། འདི་ཟོ་བྱ་བ་ཡིན་སྙམ་ནས་ཟོས་པས། རོ་མཆོག་བརྒྱ་དང་ལྡན་པ། ཤིན་ཏུ་དྲི་ཞིམ་པ་གཅིག་བྱུང་སྟེ། དེ་ཟོས་ཟིན་པ་དང་ནད་དུ་གྱུར་ཏེ། ལྦུ་བ་སྐྱུག་ཅིང་འགྱེལ་ནས་ཤི་ལ་ཐུག་པ་ལས། ཤྲཱི་སིངྷའི་བསམ་པ་ལ། ང་ནི་ད་ཤི་ན་རུང་སེམས་ལན་བདུན་ཤར་ཏེ། དང་པོ་ཁོ་ན་གཉའ་ཐོང་ཕྲག་ལ་གཟར་ནས། ཞིང་རྨོར་བྱུང་བ་དེ་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་འོང་བ་ལ་ངས་མ་གོ་བ་རང་ཤི་ན་རང་རུང་། བྱིའུ་མཆིལ་པ་བདུན་དྲངས་པའི་དུས་སུ། ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་འོང་བ་ལ་ངས་མ་གོ་བ་ང་ཤི་ན་རང་རུང་། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་སུ་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་ངས་མ་གོ་བ་ལ་ང་ཤི་ན་རང་རུང་། བུད་མེད་ཀྱི་ལག་པ་གཡོན་པ་དྲངས་པ་དེ་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་པ་ལ་ངས་མ་གོ་བ་ལ་ང་ཤི་ན་རང་རུང་། དེ་ནས་འགྲོ་བའི་དུས་སུ་སློབ་དཔོན་གྱི་ཞལ་ནས་འདིར་ཤོག་དང་གསུངས་ནས་ཕྱིན་ཙ་ན། ལྗན་ལྗི་དང་འབག་འབོག་གི་གསེབ་ན་གཟིམས་ནས་འདུག་པས་དེ་ཕྱོགས་བྱ་བ་ཡིན་སེམས་ནས་ཕྱགས་པས། ཕྱགས་ཀྱང་བྱུང་བ་དེ་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་འོང་བ་ལ་ངས་མ་གོ་བ་ང་ཤི་ན་རང་རུང་། སློབ་དཔོན་གྱི་ཐད་ཀ་ན་ཤིང་ཐོག་གཅིག་འདུག་པ་བདག་གིས་ཟོས་པ་དེ་ཡང་ཆོས་ཉིད་ཀྱི་བརྡའ་གཅིག་ཡིན་ཏེ་འོང་བ་ལ་ངས་མ་གོ་བ་ང་ནི་ཤི་ན་རང་རུང་། མྱུར་དུ་མྱུར་དུ་ཤི་ན་རང་རུང་སྟེ་སེམས་པ་དང་། ལྦུ་བ་སྐྱུག་འཕྲོ་ཡང་ཆད། འགྱེལ་བ་ལས་ཀྱང་ལངས་ཏེ། གཟིགས་པས་སློབ་དཔོན་ཡང་བཞེངས་ཏེ་འདུག་པས། སློབ་དཔོན་གྱི་ཞལ་ནས། ཁྱོད་ཅི་འདོད་པ་ཡིན་གསུངས་སོ། །དེར་ཤྲཱི་སིང་ཧས། བདག་ནི་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་པ་ཚེ་གཅིག་གིས་སངས་རྒྱ་བ་ཞིག་ཞུ་ཞུས་པས། ཁྱོད་ཀྱི་ད་རུང་མ་གོའམ་གསུངས། མ་གོ་ལགས་ཞུས་པས། ངས་དང་པོ་ནས་བསྟན་ཏེ། ཁྱོད་རང་གིས་མི་གོ་བར་འདུག་པ། ཞིང་རྨོད་པའི་དུས་ན་ཡང་། ཐབས་ཤེས་རབ་ཀྱི་སྒོ་ནས་བསྟན་པ་ཡིན། ཤ་མཆིལ་པའམ། བྱ་ཀ་ལནྟ་ཀ་སྟེ་སྐད་ཅིག་གིས་ལེན་པའོ། །དྲངས་པའི་དུས་ན་ཡང་ཚོགས་དྲུག་ཆོས་ཉིད་ཀྱི་བརྡའ་གཅིག་ཏུ་བསྟན་པ་ཡིན། སྒྱུ་འཕྲུལ་དྲྭ་བ་བཏོན་པའི་དུས་ན་ཡང་། ཆོས་ཐམས་ཅད་བརྗོད་འདས་སུ་བསྟན་ངོ་བོ་གཅིག་ཏུ། པ་ཡིན། བུད་མེད་ཀྱི་ལག་པ་དྲངས་པའི་དུས་ནས། བརྡའ་རང་གཡོན་པ་ཤེས་རབ་ཀྱི། བཞིན་ཡེ་ཤེས་ལྔ་དང་ལྡན་པར་བསྟན་པ་ཡིན། ང་ཅི་ཡང་མ་སྨྲས་པའི་ཚེ་ན་ཡང་། ཆོས་ཐམས་ཅད་སྨྲ་བསམ་བརྗོད་པ་མེད་པར་བསྟན་པ་ཡིན། དེ་ཁྱོད་ཀྱིས་མ་རྟོགས་ཏེ། ཁྱོད་འགྲོ་དགོས་སེམས་པའི་ཚེ་ན། ཁྱོད་ལ་ཁམས་བཅོ་བརྒྱད་ཀྱི་སྒྲིབ་པ་སྦྱང་བའི་ཕྱིར་སྦར་སྦུར་དང་ལྗན་ལྗིན་ཐམས་ཅད་ལན་བཅོ་བརྒྱད་དུ་ཕྱག་ཏུ་བཅུག་པ་ཡིན། ཁྱོད་ལ་གཟུང་འཛིན་གྱི་སྒྲིབ་པ་ཟབ་ཅིང་ཕྲ་བ་གཅིག་འདུག་ནས་ཤིང་ཐོག་དེ་བཟར་བཅུག་པ་ཡིན་ཏེ། ཤིང་ཐོག་དེའི་ཁ་དོག་དང་དྲི་ལ་ཆགས་པས་ཕྱི་གཟུང་བའི་ཡུལ་ལ་ཆགས་པ་ཡིན། ཟོས་པས་རོ་ཞིམ་པ་ལ་ཆགས་པས། ནང་འཛིན་པའི་སེམས་ལ་ཆགས་པ་ཡིན། ཁྱོད་ན་བའི་ཚེ་ན་གཟུང་འཛིན་གཉིས་ཀྱིས་སྒྲིབ་པས་ན་བ་ཡིན། ཁྱོད་ན་བའི་ཚེ་ཤི་ན་རུང་བདུན་དྲན་པས་སྒྲིབ་པ་དག་ནས་གསོས་པ་ཡིན་གསུངས་ནས། དེ་ནས་ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་སྐྱེ་འགགས་གཉིས་སུ་མེད་པའོ། །འི་གསུངས་ནས་བརྡས་བསྟན་པས་ཆོས་ཉིད་ཀྱི་རང་སྒྲ་འུ་རུ་རུ་བ་དགོང་བདུན་དུ་བྱུང་ངོ་། །དེ་ལས་སད་ཙ་ན་སློབ་དཔོན་རང་དེ་ཁ་རང་ན་བཞུགས་ནས་འདུག །ཆོས་ཉིད་ཀྱི་དོན་དེ་མི་ཡལ་བའམ་མི་བརྗེད་པར་བྱ་བའི་ཕྱིར། ཨ་ཝུན་བྷ་ར་ཞེས་བརྡའ་བསྟན་པས། བོད་ཀྱི་སྐད་དུ་ན། ཁྱོད་ནམ་དབྱིངས་མི་ཕྱེད་པ་ཆོས་ཀྱི་སྐུ་འགགས་པ་མེད་པ་རང་བྱུང་ཡེ་ཤེས་སོ། །རང་ནམ་མཁའི་དཀྱིལ་འཁོར་དུ་ལྟོས་དང་བྱ་བར་གོ་ནས། ནངས་པར་ནམ་ལངས། གཟའ་དང་སྐར་མ་ནི་ནུབ། སྤྲིན་དང་ཁུ་རླངས་ནི་མ་ལངས་པའི་སྐབས་དེར་ཡར་ནམ་མཁའ་ལ་མ་བལྟས། མར་ས་ལ་མ་བལྟས། ཐད་ཀའི་ནམ་མཁའི་དང་པོ་རྒྱུ་གང་གིས་ཀྱང་མ་སྐྱེས། བར་དུ་རྫས་སུ་མ་གྲུབ། ཐ་མ་རྐྱེན་གྱིས་མི་འཇིག་པར་འདུག །ངོ་བོ་ངོས་བཟུང་གི་མཐའ་ལས་ཀྱང་འདས་པར་འདུག་གོ། །དཀྱིལ་དུ་བལྟས་པས། ནམ་མཁའ་དེ་རྒྱུ་གང་གིས་ཀྱང་མ་བྱས། རྐྱེན་གང་དུ་ཡང་མ་ཤར། ངོ་བོ་དང་ངོས་བཟུང་གི་མཐའ་དང་བྲལ་བ་གཅིག་འདུག །དེ་བཞིན་དུ་སེམས་ཉིད་དངོས་པོའི་གནས་ལུགས་དེ། རྒྱུ་གང་གིས་ཀྱང་མ་སྐྱེས། རྐྱེན་གང་དུའང་མ་ཤོར། ངོ་བོ་དང་ངོས་བཟུང་གི་མཐའ་དང་བྲལ་བ་གཅིག་ཏུ་རྟོགས་ཏེ། དེ་ནས་ཤྲཱི་སིང་ཧས་མཆོག་གི་དངོས་གྲུབ་དེ་ཉིད་དུ་ཐོབ་ནས། ཐུན་མོང་གི་དངོས་གྲུབ་ཞོར་ལ་ཤར་རོ། །སྒྲིབ་པ་སྦྱངས་དཀའ་བ་ལས་དང་། ལས་ཀྱི་རྣམ་པར་སྨིན་པ་དེ་ཉིད་དུ་དག་སྟེ། དཔེར་ན། འབྲས་འཁོར་མ་ལོ་ལེགས་ན་སོག་ཕུབ་ཞར་ལ་འབྱུང་བ་བཞིན་ནོ། །དེ་ནས་ཤྲཱི་སིདྷ་དེ། དཔལ་ཡོན་ཏན་ཐམས་ཅད་འབྱུང་བའི་གྲོང་ཁྱེར་ནས། དཔལ་རྡོ་རྗེ་གདན་རྨད་དུ་བྱུང་བའི་གྲོང་ཁྱེར་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བྱ་འཕུར་བའམ། རྫི་རྡོ་རྗེ་གདན་གྱི་བྱང་ཕྱོགས་ཀྱི་སྒོ་སྲུང་བ་ལ་གཤེགས་སོ། །བསྐྱོད་པ་བཞིན་དུ་གཤེགས་སོ།། ༈ །།ཐུན་གསུམ་པ། དེ་ནས་བོད་དུ་འཁྲུངས་པའི་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གྱིས། རྒྱ་གར་གྱི་ཡུལ་རྡོ་རྗེའི་གདན་ན། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་པ། ཚེ་གཅིག་གིས་སངས་རྒྱ་བའི་གདམས་ངག་ཡོད་བྱ་བ་གསན་ནས། རྒྱལ་པོས་སློབ་འཁོར་བསྡུས་ནས། རྒྱ་གར་གྱི་ཡུལ་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས་པ། ཚེ་གཅིག་གིས་སངས་རྒྱ་བའི་ཐབས་གདམས་ངག་ཡོད་བྱ་བ་ཟེར་བས། དེ་ཞུ་རུ་གཏོང་དགོས་གསུངས་པ་ལ། ལི་རྟག་པོ་ཆེ་ལ་སོགས་པ་རྒྱ་མི་མི་བདུན་ན་རེ། དེ་རང་རྒྱ་གར་ལ། དགར་བཏང་བས་མི་ཡོང་སྟེ། འཕྲང་དགུ་དང་གཅན་དགུ་ཡོད་པས། མི་ཡང་ཤི་ནོར་ཡང་ཤོར་ནས་འགྲོ་ཟེར་ནས། འོ་སྐོལ་མོ་བཏབ་དཔྱད་བྱས་ལ་བཏང་དགོས་ཟེར་ཏེ། དེ་ནས་བྷེ་རྒྱ་ནག་པོའི་དཔྱད་ལ་མཁས་པ། ཤོག་པྲ་དང་། དཔེ་ནི་ལི་ཡུལ་གྱི་མོ་པ། གུ་དང་། པྲ་སེ་རྒྱ་དཀར་པོའི་པྲ་མཁན། ན་དང་། དེ་གསུམ་མོ་བཏབ། དཔྱད་བྱས། པྲ་ཕབ་སྟེ་གསུམ་པོ་ཁ་མཐུན་པར། འདི་གཞན་སུས་ཀྱང་མི་འོང་སྟེ། པ་གོར་གན་ཇག་བརྟན་གྱི་བུ་ལོ་བརྒྱད་ལོན་པ་གཅིག་ཡོད་དེ་བཏང་ན་ལོན་འོང་ཟེར་རོ། །དེར་རྒྱལ་པོ་བློན་འཁོར་དང་བཅས་པ། གཙང་སྙེ་མོ་བྱེ་མཁར་དུ་ཕྱིན་ཏེ། བྱེ་མཁར་དུ་བྱོན་པ་དང་། བྱིས་པ་གཅིག་དང་འཕྲད་ནས། ཁྱོད་ཀྱི་ཕ་གར་སོང་བྱས་པས། ཕ་གཏམ་འཚོལ་དུ་སོང་ཟེར། མ་གར་སོང་བྱས་པས། མིང་འཚོལ་དུ་སོང་ཟེར། ཁྱོད་རང་གར་འགྲོ་བྱས་པས། འགྲོ་དོན་ལ་འགྲོ་ཟེར། དེ་ལ་རྒྱལ་པོ་མཉེས་ཏེ། དེད་འདོད་པའི་བུ་དེ་རང་ཡིན་ཏེ་འོང་། ཁ་བརྡའ་བཟང་གསུངས་ཙ་ན། ཁོའི་ཕ་པ་གོར་གན་ཇག་བརྟན་གྱིས་ཆང་ཁུར་ནས་བྱུང་སྟེ། རྒྱལ་པོ་བློན་འཁོར་དང་བཅས་པ་གདན་དྲངས། ཞུགས་ཀྱང་སྒྲོན། དྲུང་མར་ཡང་དྲངས་ནས། རྗེ་གཅིག་ཞལ་གྲོང་པ་གཞན་གྱི་མཇལ་མ་ནུས་སོ། །དོན་ཅི་མངའ། ཅི་ལ་བྱོན་དྲིས་པས། རྒྱལ་པོའི་ཞལ་ནས་རྒྱ་གར་གྱི་ཡུལ་ན་ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་གོ་བ། ཚེ་གཅིག་གིས་སངས་རྒྱ་བ་ཡོད་ཟེར་བས། དེ་ཞུ་རུ་གཏོང་བ་ལ་གཞན་གྱིས་མི་ཡོང་། ཁྱོད་ཀྱི་བུ་འདིས་འོང་ཟེར་བས། ཁྱོད་ཀྱི་བུ་སློང་དུ་ཕྱིན་པ་ཡིན་གསུངས་པས། ངའི་བུ་ལོ་བརྒྱད་ལས་མ་ལོན་བུ་གཅིག་པོ་ཡིན། པས། རྒྱ་གར་ཡུལ་དུ་ཅང་བརྟོལ་ལམ། ཆོས་ཞུ་བ་ཅང་འོང་ངམ་ཟེར་བས། དེར་རྒྱལ་པོའི་ཞལ་ནས། ད་ལྟ་གཏོང་བ་ལྟ་བུ་མིན་གྱི། དུས་ལན་ཅིག་ཆེར་སོང་བ་དང་གཏོང་བ་ཡིན་གསུངས་ནས། དེར་གན་ཇག་བརྟན་བཟའ་མི་འཁོར་དང་བཅས་པ་ཁྲིད་ནས་འོང་སྟེ། ཕ་མ་བཟའ་མི་བྱིང་པོ་ཡར་ཀླུངས་རོག་པ་རྩར་ཀ་ཅ་ཡང་ཕོག་བཞག །བཻ་རོ་ཙ་ན་བསམ་ཡས་སུ་ཁྲིད་ནས། ལོ་བརྒྱད་ཀྱི་བར་དུ་ཉི་གྲིབ་མཚམས་སུ་བཞག །ཟས་དཀར་གསུམ་མངར་གསུམ་གྱིས་གསོས། ཤེས་རབ་བསྐྱེད་པ་དང་། བློ་རྣོ་བའི་ཐབས་སྣ་ཚོགས་མཛད་དོ། །དེ་ནས་ལོ་བཅུ་དྲུག་ལོན་པ་དང་། སྐྲ་བྲེགས་ཏེ་གསེར་གྱི་པ་ཏྲ་བརྡུངས་ནས། པ་ཏྲ་ཐོད་པའི་དབྱིབས་སུ་བྱས་པ་ལ། བུ་ག་མང་པོ་ཕུག་ནས་མགོ་ལ་བཀབ་པས། སྐྲས་པ་ཏྲ་གྱོན་པ་དང་། གཙང་སྔོན་ལྷོ་བྲག་པ་ཡིན། པོ་ལེགས་གྲུབ་དང་གཉིས་ཀྱིས། ཨཱརྱ་པ་ལོའི་གླིང་དུ་རྨི་ལམ་བརྟགས་པས། བཻ་རོ་ཙ་ན་ལ་རྨི་ལམ་བཟང་པོ་རྨིས་ནས། ལེགས་གྲུབ་བཻ་རོ་ཙ་ནའི་རྨི་ལམ། ལ་བཤད་དེ་གཤེགས་སོ། །དེ་ནས་ལ་ལར་སྒྲུང་དང་། ལ་ལར་གླུ་བླངས། ལ་ལར་གསེར་བྱིན། ལ་ལར་རྫུ་འཕྲུལ་བསྟན་གསུངས་སོ། །འཕྲང་དགུ་ལ་སོགས་པ་ལ། དཀའ་བའི་སྤྱོད་པ་སྣ་ཚོགས་མཛད་དེ། ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་བྱོན་ནས། སློབ་དཔོན་ཤྲཱི་སིངྷ་ལ་ཆོས་ཞུས་པས། ལོ་གཅིག་ཏུ་བཀའ་སེམས་ཕྱོགས་མཐའ་དག་གསུངས་ཏེ། ལོ་གཅིག་ན་སློབ་དཔོན་གྱི་ཞལ་ནས། བོད་བུ་གཉིས་པོ་ཚིམ་མམ་གསུངས་པ་ལ། ལེགས་གྲུབ་བདག་གི་ཨ་མ་ཤི་ལ་ཁད་པ་གཅིག་ཡོད་ཟེར་ནས་སྔོན་ལ་སོང་སྟེ་ཆོས་བཤད་སེམས་ནས། ཀྱི་ཞལ་ནས། བདག་གི་ས་ནི་གོའོ་ཚིམ་མོ་གསུངས་ནས་སྔོན་ལ་བོད་དུ་གཤེགས་ནས་འཕྲང་པས་བསད་དོ། །བཻ་རོ་ཙ་ནའི་ཐུགས་ལ། ག་རེ་ཆོས་འདི་དང་པོ་ཐོས་པའི་ཤེས་རབ་སྒྲ་འབའ་ཞིག་ཏུ་འདུག །བར་དུ་བསམ་པའི་ཤེས་རབ་སྒྲ་དོན་ཕྱེད་མར་འདུག །ཐ་མ་རྟོགས་པའི་ཤེས་རབ་དོན་དུ་འདུག་ཀྱང་། ཐོས་བསམ་སྒོམ་གསུམ་གྱིས་རྒྱུད་སྦྱངས་དགོས་པར་འདུག་སེམས་ནས། གསེར་གྱི་པ་ཏྲ་མགོ་ནས་ཕུད་དེ་བཀྲུས་ཤིང་ཕྱིས་ནས། སློབ་དཔོན་གྱི་ཕྱག་ཏུ་ཕུལ་ཏེ། མངའ་བདག་གི་ཞལ་ནས། ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་པ། ཚེ་གཅིག་གིས་སངས་རྒྱ་བ་གཅིག་བདོག་མཆིས་ནས། བདག་དེ་ཞུ་རུ་མཆིས་པ་ལགས། དེ་ཐུགས་ལ་མ་བཏགས་ན། བདག་བོད་དུ་ཕྱིན་ཡང་རྒྱལ་པོས་བཀའ་ཆད་བཅད་ནས་ཆབ་ཏུ་གསོལ་མཆི་བས། བོད་དུ་མཆིས་པ་ལ་དབང་མེད་ཞུས་པར། སློབ་དཔོན་གྱིས། ཨ་སྐྱེ་བ་མེད་པ། ཧ་འགགས་པ་མེད་པ། ཧོ་གཉིས་སུ་མེད་པ། འི་ཞེས་གསུངས་པས། དོན་ཆོས་ཉིད་རྒྱུད་ལ་ལྷག་གིས་ཤར་ཏེ། ཆོས་ཉིད་ཀྱི་རང་སྒྲ་ཆེན་པོ་འུར་འུར་ཞག་བདུན་དུ་བྱུང་ངོ་། །དེ་ལས་སད་ནས་གཟིགས་པས་སློབ་དཔོན་ཡང་སྔ་མ་ཁོ་ན་ལྟར་བཞུགས་ནས་གསེར་གྱི་པ་ཏྲ་ཕྱག་གཡོན་བསྣམས། ཕྱག་གཡས་པ་བཻ་རོ་ཙ་ནའི་སྤྱི་བོར་བཞག་ནས་བརྡའ་བསྟན་ནོ། །འདུག་པས། ཆོས་ཉིད་ཀྱི་དོན་དེ་མི་ཡལ་བའམ་མི་བརྗེད་པའི་དོན་དུ། སན་དྷ་ར་ཞེས་པའི་དོན་བསྟན་པས། བོད་སྐད་དུ། ཁྱོད་རང་མན་ཤེལ་འདི་ལ་ལྟོས་དང་བྱ་བར་གོ་ནས་བལྟས་པས། མན་ཤེལ་དེ་ཁ་དོག་ལྔའི་རྐྱེན་ཁར་འདུག་སྟེ། དཀར་པོའི་སྟེང་དུ་བཞག་ན། མན་ཤེལ་དེ་དཀར་པོར་འདུག །དེ་བཞིན་དུ་མ་དམར་པོ། སེར་པོ། སྔོན་པོ། ནག་པོ་དང་། ས་ཐོག་བཞག་ན་ས་འདྲ། རྡོ་ཐོག་བཞག་ན་རྡོ་འདྲ་བ་འདུག །དེ་གང་ལ་ཡང་མ་བརྟེན་པའི་དུས་ན། ཅིའི་ངོ་བོར་ཡང་མ་གྲུབ་པ་ཞིག་འདུག་སྟེ། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། ཅིའི་ངོ་བོར་ཡང་མ་གྲུབ་པ། མན་ཤེལ་ལྟར་ཐུགས་སུ་གསལ་ཏེ། ཐོབ་པ་ལ་དཀའ་བ་མཆོག་དང་ཐུན་མོང་གི་དངོས་གྲུབ་དེ་ཉིད་དུ་ཐོབ་ནས། སྦྱང་བ་ལ་དཀའ་བ་ལས་དང་ལས་ཀྱི་རྣམ་པར་སྨིན་པ་དེ་ཉིད་དུ་བྱང་། དཔེར་ན། འབྲས་འཁོར་མ་ལོ་ལེགས་ན་སོག་ཕུབ་ཞོར་ལ་འབྱུང་བཞིན་ནོ། །སློབ་དཔོན་བཻ་རོ་ཙ་ནས། ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་ནས་ནངས་པར་བྱོན་པས། བསམ་ཡས་སུ་ནངས་པར་ཉི་མ་གྲོ་ཁ་ལ་བརྟོལ་ལོ། །དེ་ནས་རྒྱ་གར་གྱི་ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་རཱ་ཛ་ལ་རྨི་ལམ་ལོག་སྟེ། རྒྱ་གར་གྱི་པཎྜི་ཏ་ཐམས་ཅད་ཀྱི་ཐུགས་ཕྱུངས་ནས་བོད་དུ་ཁྱེར་བ་རྨིས། རྒྱའི་ཤིང་ཐོག་དང་རྩི་ཐོག་ཐམས་ཅད་བོད་དུ་ཁྱེར་བ་རྨིས། ཉི་མ་དང་ཟླ་བ་ཡང་བོད་དུ་སོང་བ་རྨིས། བོད་དུ་ཐེག་པ་ཆེན་པོའི་ཆོས་ཤོར་ནས་ཡོད་འདུག་པ། དེ་ལྟ་བུའི་ཆོས་བོད་དུ་བསྟན་པར་ཕངས་བོད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས། དེ་ལྟ་བུའི་ཆོས་དང་གསང་སྔགས་ཀྱི་སྣོད་མིན་ཟེར་རོ། །ནས། རྐང་མགྱོགས་པ་སོང་བ་བོད་དུ་ཕྲ་མ་ཆུག་ཅིག །ཅེས་གསུངས་པས། དེར་རྐང་མགྱོགས་པ་ཞག་བདུན་ན་བོད་དུ་བྱ་བས་རྐང་མགྱོགས་པ་རྣམ་དབུ་རྩེ་ཐང་ན་བོད་དུ་གཅིག་གིས་ངན་ཐབས་སྣ་ཚོགས་དང་། དུག་སྦྱོར་དང་། ཁྲོ་ཆུ་མཐེབ་རྒྱ་ཅན་སོགས་ཁྱེར་ནས་སོང་བས་དེ་སྤྱུགས་ཤིག །མ་སྤྱུགས་ན་བོད་ཕུང་བར་འོང་ངོ་ཟེར་ནས། དེ་རང་གི་དགོང་ལ་ལོག་ནས་སོང་ངོ་། །དེ་ནས་རྟག་པོ་ཆེ་ལ་སོགས་པ་རྒྱ་མི་མི་བདུན་འདུས་ནས། མངའ་བདག་ལས་ཅོལ་ཆུང་བ་མེད། ཆོས་ཉིད་ཀྱི་དོན་སྐད་ཅིག་གིས་རྟོགས། ཚེ་གཅིག་གིས་སངས་རྒྱ་བ་ཡོད་ཟེར་ནས། དེ་ཞུ་རུ་བཏང་བ་ཡིན་ན། ངན་ཐབས་སྣ་ཚོགས་པ་སློབ་ནས། མངའ་བདག་ལ་དགྲ་ནི་མི་འོང་ན། ད་འདི་སྤྱུགས་པ་ལས། ཅི་བཏུབ་བོད་ཕུང་དུ་འོང་ཟེར་ནས། མངའ་བདག་གིས་སློབ་དཔོན་སྤྱུགས་པར་བྱས་ཏེ། མངའ་བདག་གིས་མི་ཤིན་ཏུ་དབང་ཆུང་བ་རིད་པ་ལྟོག་པ་གཅིག་ལ་སློབ་དཔོན་གྱི་གོས་བསྐོན། ཟས་རྣམས་བྱིན་ནས། དེ་ཀ་ཆུ་རུ་ཁྱེར་ནས། ངས་སློབ་དཔོན་སྤྱུག་གོ་བྱས་ནས་ཟངས་ཆུར་བོར་རོ། །དེ་ཡང་སློབ་དཔོན་གྱི་ཐུགས་རྗེས་བཟུང་ནས། མི་དེ་ཐོན་པར་ཤོག་ཅིག་ཅེས་སྨོན་ལམ་བཏབ་པས། ཟངས་དེ་རྒྱུག་ཐང་གི་འཁོར་མར་ཆགས་ཏེ། འཁོར་བདག་གི་ཕྱིན་པས་ཟངས་རྙེད་དེ། ཁ་ཕྱེ་བས་མི་དེ་བྱུང་སྟེ། འདི་ནི་གླུད་དུ་བཏང་བ་གཅིག་འདུག་གོ་ཟེར་ནས། གསོས་པས་ད་ལྟ་རྒྱུག་ཐང་གི་ལྷུ་མི་ཚོ་ཡིན་ནོ། །དེ་ནས་སློབ་དཔོན་དབུ་རྩེའི་གློ་འབུར་གྱི་ནང་ན་བཞུགས་ནས། རྒྱལ་པོ་ལ་ཆོས་སྟོན་གྱིན་ཡོད་ཙ་ན། ཚེ་སྤོང་བཟའ་དམར་རྒྱན་མ། མིག་སེར་ཆེ་བས་རྒྱལ་པོའི་མགོ་ལ་གླགས་ཕྱོགས་འབྱམས་པ་ལས། མོས་སྙམ་པ་རྒྱལ་པོ་འདི་ནུབ་རེ་བཞིན་གར་འགྲོ་ཡིན་བསམ་ནས། ཕྱིར་འགྱང་བཅུག་ནས་ཕྱིན་པས། རྒྱལ་པོ་དབུ་རྩེར་དར་ཐོད་ཕུད་ནས། སློབ་དཔོན་ལ་ཚ་བ་དྲངས་པའི་རྗེས་ལ་ཁྲུས་བཤལ་བྱེད་ཀྱིན་འདུག་པ་དང་མིག་འདྲེས་ནས་མོ་ལོག་རྔ་བོ་ཆེ་བརྡུང་ནས། རྔ་བོ་ཆེ་བརྡུང་ཙ་ན་འདུན་མ་སྡུད་པ་ཡིན་འདུག །ཅོང་བརྡུང་ཙ་ན་རིལ་ཟླ་ལ་ཤོག་ཅེས་བྱ་བ་ཟེར་བ་ཡིན་ལ། ནས། བློན་འཁོར་ཀུན་སྡུས་ཤིག །སློབ་དཔོན་སྤྱུག་ཟེར་ནས་མ་སྤྱུག་པར་འདུག་གོ་ཟེར་ནས། དེར་རྒྱལ་པོའི་བློན་འཁོར་བསྡུས་ནས། སློབ་དཔོན་སྤྱུགས་པར་བྱས་ཏེ། རྒྱལ་པོ་དང་བློན་པོ་ཉི་ཤུ་རྩ་ལྔ་བཅས་ཚ་བ་རོང་གི་ལ་ཁར་བར་སྐྱལ། དེ་ནས་ཡར་བལྟས་པས་ནམ་ལངས་པའམ། ཉི་མ་ཤར་བ་བཞིན་དུ་འདུག །མར་བལྟས་པས་ས་སྲོས་པའམ་སོལ་དོང་ཁ་ཕྱེ་བ་ལྟར་འདུག་ནས། སློབ་དཔོན་གྱིས་མགུར་ཡང་བཞེངས་ཏེ། རྒྱལ་པོ་བློན་འཁོར་ཀུན་སྤྱན་ཆབ་ཤོར་ནས། ང་ཡང་རྒྱལ་པོའི་བཀའ་ཁྲིམས་ཉམས་ཀྱང་དབང་མེད། ཡར་ལ་རང་གཤེགས་པར་ཞུ་བྱས་པ་ལ། བཞུད་དུ་མ་གནང་སྟེ། ང་ལན་གཅིག་ཡར་ལ་འོང་གི་གསུངས་ནས་རྒྱལ་མོ་ཚ་བའི་རོང་དུ་གཤེགས་སོ། །དེར་སློབ་དཔོན་ཤིང་གསེབ་ཏུ་བཞུགས་པས། བོད་ཀྱི་བྱ་རྣམས་ཀྱིས་ཕྱི་ལ་འབྲངས་པས། ཚ་བ་རོང་པའི་མི་རྣམས་ཀྱིས་ཚོར་ཏེ། སློབ་དཔོན་ཁྲིད་ནས་འདི་བོད་ཀྱི་སོ་རྟོག་པ་ཡིན་ཟེར་ནས། སྦལ་དོང་དུ་བཅུག་པས། སློབ་དཔོན་གྱིས་ཆོས་ཉིད་ཀྱི་ངང་ལ་བཞུགས་པས་སྦལ་པས་ཟ་མ་ནུས། དེ་ནས་ཕྱུངས་ཏེ་ཤིག་དོང་དུ་བཅུག་པས། སློབ་དཔོན་གྱིས་ཆོས་ཉིད་ཀྱི་ངང་ལ་བཞུགས་པས་ཟ་མ་ནུས། དེ་ནས་ཁོ་ན་རེ། འོ་ན་འདི་བོད་སྟོང་སྦོས་གཅིག་ཡིན་ཏེ་འོང་ཟེར་ནས་དོང་ནས་བཏོན་ཏེ་མཆོད་གནས་བྱས་སོ། །དེར་སློབ་དཔོན་གྱི་ཐུགས་དགོངས་ལ་ཚ་བ་རོང་པ་འདི་ཀུན་ལ་ཆོས་གཅིག་བསྟན་ན་འོང་ངམ་སེམས་ནས། མི་མང་པོ་ཚོགས་པ་གཅིག་གི་སར་བྱོན་ནས་སྒྲ་ཤེས་སམ་བལྟས་ཏེ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ་གྱིས་དང་བྱས་པས། ཁོང་གིས་མ་ཤེས་ཏེ། ལྡོས་སེ་ལྡོས་སེ་འབོམ་ཁྲི་ཞེས་བྱ་བ་ལས་མ་བྱུང་། བྱིས་པ་རིད་པ་ཧྲུལ་པོ་གཅིག་ན་རེ། རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །ཞེས་ཟེར་རོ། །དེར་ཕ་མ་དྲིས་པས། མ་ཤི་ཕ་ཡོད་ཀྱང་ཕུའི་ཁམས་སུ་འདུག་པ་ཟེར་ནས། འོ་ན་འདི་ང་ལ་སློང་། ཆོས་སློབ་བྱས་པས་བྱིན་ཏེ། ཁོ་ལ་ཆོས་བསླབ་པས་ཆོས་ལོབ་སྟེ། རྒྱལ་མོ་གཡུ་སྒྲ་སྙིང་པོ་བྱ་བ་དེ་ལགས་སོ། །སྒྲ་རིགས་མི་འདྲ་བ་བདུན་ཙམ་ཤེས་ནས་ཡོད་ཙ་ན། བོད་ནས་སློབ་དཔོན་གྱི་སྤྱན་སྔར། བསྐོར་བའི་ཚོང་པ་ཚ་བ་རོང་དུ་བྱུང་སྟེ། སློབ་དཔོན་གྱིས་དྲིས་པ། བོད་ན་རྒྱལ་ཁྲིམས་མ་ཞིག་གམ། མངའ་བདག་བདེ་བར་འདུག་གམ། མངའ་བདག་གི་མཆོད་གནས་སུ་སུ་འདུག །ཅེས་དྲིས་པས། ཚོང་པ་ན་རེ། རྒྱལ་ཁྲིམས་ཀྱང་མ་ཞིག །མངའ་བདག་ཀྱང་ཤིན་ཏུ་བདེ་བར་འདུག །མངའ་བདག་གི་མཆོད་གནས་སུ། སློབ་དཔོན་བི་མ་ལ་མི་ཏྲ་བཞུགས་སོ་ཟེར་རོ། །སློབ་དཔོན་བཻ་རོ་ཙ་ནའི་ཞལ་ནས། གཡུ་སྒྲ་སྙིང་པོ་ལ་སློབ་དཔོན་བི་མ་ལ་ཐེག་པ་ཆེན་པོའི་ཆོས་སྟོན་ངེས་མེད་ཐེག་པ་ཆུང་ངུའི་ཆོས་སྟོན་པར་འོང་བས། ཁྱོད་སོང་ལ་ལ་ཡོག་དོར་ལ་ཤོག་ཅེས་གསུངས་སོ། །དེ་ནས་གཡུ་སྒྲ་སྙིང་པོས་ལ་ཡོག་འདོར་དུ་ཕྱིན་ཏེ། བསམ་ཡས་སུ་བྱོན་ནས་གཟིགས་པས། སློབ་དཔོན་བི་མ་ལ་མི་ཏྲ་ཐེག་པ་ཆུང་ངུའི་ཆོས་གསུང་གིན་འདུག་པ་ལ། གཡུ་སྒྲ་སྙིང་པོས་ཞྭ་ནང་དུ་སྔ་འགྱུར་ལྔའི་ཤོག་དྲིལ་བཅུག །སྤྱི་རིང་བ་གཅིག་གྱོན། བེར་ཀ་ལ་ཨོམ་ཚུགས་བྱས་ནས་ཕྱག་ཀྱང་མ་བཙལ་བར། ཀ་ཀ་པ་རི་ཀ་ཀ་པ་རི་ཞེས་བརྗོད་པས། སློབ་དཔོན་བི་མ་ལའི་ཞལ་ནས། བརྡ་ཐིམ་བརྡ་ཐིམ་ཞེས་སྐད་འཕང་སྨད་ནས་ཟེར་རོ། །དེ་ནས་གཉགས་ཛྙཱ་ན་ཀུ་མཱ་རའི་ཞལ་ནས། སྤྲང་པོ་དེ་ཨག་ཙེར་རྟོག་ཅོར་རེ་ཆེ། སློབ་དཔོན་གསུང་རེ་ཞན། ཁྱེད་གཉིས་ཀྱི་སྒྲ་དེ་ངས་མ་ཤེས་ན་ཟེར་བ་ལ། སློབ་དཔོན་གྱི་ཞལ་ནས། ཕོ་རོག་རྡོ་རྗེའི་འགྲོས་ཀྱིས་ས་མི་ཆོད། །ཉན་ཐོས་བྱིས་པའི་ཆོས་ཀྱིས་སངས་མི་རྒྱ། །ཐེག་པ་ཆེན་པོའི་ཆོས་མི་བཤད་པར་ཟེར་བ་ལ། ངས་ཁ་རོག་སྡོད་ཁ་རོག་སྡོད། དུས་ལ་མ་བབས། དུས་ལམ་བབས་བྱས་པ་ཡིན་གསུངས། དེ་ནས་གཉགས་ཛྙཱ་ནས། འོ་ན་ཁོས་ཆོས་ཤེས་པ་གཅིག་འདུག་གམ་བྱས་པས། ཆོས་ཤེས་པ་གཅིག་འདུག་གསུངས་པས། བསམ་ཡས་ཀྱི་གླིང་དུ་བཙལ་བས་བཙོང་མོ་གཅིག་གི་ཁྱིམ་ནས་བྱུང་སྟེ། ཁྱོད་ཀྱི་སློབ་དཔོན་སུ་ཡིན། ཆོས་འདྲ་བ་ཅི་ཤེས་དྲིས་པས། ངའི་སློབ་དཔོན་བཻ་རོ་ཙ་ན་ཡིན། ཆོས་བཀའ་རྫོགས་པ་ཆེན་པོའི་ཆོས་ཤེས་ཟེར་ནས། འོ་ན་ཁྱོད་ལ་ཆོས་ཞུ་དང་བྱས་པ་ལས། ཡང་ན་རིག་པ་དང་རིག་པ་བརྗེ། ཡང་ན་རིག་པ་ཡོན་གྱི་བསླུ། ཡང་ན་རིག་པ་གཏེར་དུ་སྦ། ཡང་ན་རིག་པ་བུ་ལ་བྱིན། བྱ་བ་ཡིན་གསུངས་སོ། །དེ་ནས་རིག་པ་དང་རིག་པ་ཡང་བརྗེས་ཏེ། སློབ་དཔོན་བི་མ་ལ་མི་ཏྲས་ཕྱི་འགྱུར་བཅུ་གསུམ་བཤད། གཡུ་སྒྲ་སྙིང་པོས་སྔ་འགྱུར་རྣམ་པར་ལྔ་བཤད། དེར་སེམས་སྨད་བཅོ་བརྒྱད་པོ་ཨ་ཙ་ར་ཛྙཱ་ནའི་ཕྱག་ཏུ་འཛོམ་སྟེ། རིག་པ་ཡོན་གྱིས་བླུས་ཏེ་ལྕམ་མོ་ཕུལ་ནས་ཡར་སྟོད་ཐང་པར་ཡང་བཞུགས་སོ། །སྐབས་དེར་རྒྱལ་མོ་གཡུ་སྒྲ་སྙིང་པོ་བོད་དུ་སོང་ནས། སློབ་དཔོན་བཻ་རོ་ཙ་ན་རྒྱལ་མོ་ཚ་བའི་ཤོད་བྱ་བ་ན་བཞུགས་པ་དེ། ཐུགས་སྐྱོ་བར་གྱུར་ནས། དེ་ནས་ཐུར་ལ་ཉིན་ལམ་བཅུ་གསུམ་དུ་ཕྱིན་པའི་ས་ན། རྒྱལ་ཚ་བའི་རོང་། མོ་སྟག་རྩེ་མཁར་བྱ་བ་ལ། སྤང་མི་ཕམ་མགོན་པོ་བྱ་བ་ལོ་དགུ་བཅུ་རྩ་ལྔ་ལོན་པ། བོད་སྐད་ཤིན་ཏུ་བྱང་བ། དེ་ལྟ་བུ་གཅིག་གིས་མཇལ་རྟེན་དགེ་བསྙེན་ཡིན་གསུངས། ནས་ལོ་རྒྱུས་དྲིས་པ། བོད་ན་བཻ་རོ་ཙ་ན་བྱ་བ་ཆོས་ཉིད་ཀྱི་དོན་སྐད་ཅིག་མས་རྟོགས་པ། ཚེ་གཅིག་གིས་སངས་རྒྱ་བའི་ཆོས་རྒྱ་གར་ནས་གདན་དྲངས་པ་གཅིག་འདུག་ཟེར་བ་དེ་འདྲ་བ་ཆ་ཡོད་དམ་ཟེར། དེ་ཆ་ཡོད་ང་རང་ཡིན་བྱས་པས། ང་འདྲ་བའི་བསོད་ནམས་ཆེ་བ་འོང་། རེ་དགའ་ན་ཟེར་ནས་ཕྱག་གིས་འཁྱུད་ནས་ཉིན་ཞག་ཕྲུག་གཅིག་ཏུ་མ་བཏང་། དེ་ནས་གདམས་ངག་ཞུ་ཟེར་བས། སོ་ཨ་ཧ་ཧོའི་བརྡའ་མ་གོ་ནས། སོའི་སྐྱེ་བོར་འདུག་པས་སྐྱབས་སུ་འགྲོ་བ་ཡང་བྱས། སེམས་བསྐྱེད་པའི་ཆོ་ག་ཡང་བྱས་ནས། བྱིན་གྱིས་རློབས་པ་ཡང་མཛད། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན་ཏེ། དེ་ནས་སློབ་དཔོན་བཻ་རོ་ཙ་ནའི་ཐུགས་ལ། ག་རེ་ང་ལན་ཅིག་བོད་དུ་འོང་བ་ཡང་བྱས་པ་ཡིན། མ་དང་ཡང་འཕྲད་དགོས་དགོངས་ནས། བཞེངས་ནས་ཕྱག་རྒྱ་མཐོ་དོ་བ་མཛད་ནས། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབ་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །རྒྱུད་སྡེ་ཀློང་སྡེའི་བཀའ་བཀྲོས་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་དེར་སྨིན་པས། །བདག་ཉིད་སླར་ལ་བོད་དུ་མཆིས། །གསུངས་ནས་བོད་དུ་བྱོན་པས་དབུ་རྩེ་ཐང་དུ་ཉིད་མ་དྲོས་པ་ལ་བརྟོལ་ལོ། །དེ་ནས་བན་དྷེ་ཡེ་ཤེས་སྡེ་ཞེས་བྱ་བར་གྲགས་ནས་དོན་བསྒྱུར་བའི་ལོ་ཙཱ་ཡང་མཛད་དོ། །མ་ཡང་རབ་ཏུ་བྱུང་ནས་དཔལ་ཕུག་པོ་ཆེར་བཞུགས་སུ་གསོལ། དེ་ནས་སྒྲགས་ཀྱི་ཡང་རྫོགས་ཀྱི་རྩེ་ལ་གཤེགས་ནས་ཕྱག་རྒྱ་མཐོ་དོ་བ་མཛད་ནས། སྔར་གྱི་ཚིགས་བཅད་ཚོ་གསུངས་ནས། དེའི་གཤམ་དུ། བདག་ཉིད་བཻ་རོ་ཙ་ན་མཆིས་པ་ནི། །སྒྱུ་མ་ལྟ་བུའི་ཕུང་པོ་ཡིས། །སྒྱུ་མ་ལྟ་བུའི་ཆོས་བྱས་ནས། །སྒྱུ་མ་ལྟ་བུར་མངོན་སངས་རྒྱས། །གསུངས་ནས། རླངས་དང་འོད་ཀྱི་ཕུང་པོར་གཤེགས་སོ། །ལུས་ལྷག་མ་མ་བཞག་གོ། །དེ་ཡན་ཆད་རིག་འཛིན་བརྡས་གྲོལ་བའོ།། ༈ །།དེ་ནས་གང་ཟག་གདམས་ངག་གིས་གྲོལ་བ་ནི། དེ་ནས་བཻ་རོ་ཙ་ནའི་ཞལ་ནས། ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །གསུངས་ཏེ་ཆོས་ཉིད་ཀྱི་དོན་དེ་མི་ཕམ་མགོན་པོ་ལ་ཡོད་མནོ་ནས། མི་ཕམ་མགོན་པོའི་སྤྱན་སྔར་ངན་ལམ་བྱང་ཆུབ་དབུ་རུ་བ་རལ་གསུམ་ཡིན་བྱ། རྒྱལ་མཚན་དགེ་སློང་དུ་བཞུགས་སྐད། ལོ་དྲུག་ཅུ་རྩ་བདུན་ལོན་པ་གཅིག་གིས་བྱོན་པས། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་ནས་ཁམས་སུ་བསྒོམ་ཤིག་གསུངས། དེས་ཁམས་ཀྱི་ཝ་སེང་གེ་བྲག་ལ་བཞུགས་ལོ་བརྒྱ་དང་དོན་གསུམ་ཐུབ། དེའི་སྤྱན་སྔར་ཟ་ངམ་རིན་ཆེན་ཁམས་ལ་མདོ་ཁམས་སྟོད་ཡིན་གསུངས། དབྱིག་དྲུག་ཅུ་དགེ་སློང་དུ་བཞུགས་སྐད། རྩ་གསུམ་ལོན་པ་གཅིག་གིས་བྱོན། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད། དེ་ཡང་སེང་གེའི་བྲག་རང་དུ་བཞུགས་ལོ་བརྒྱ་དང་ཞེ་བདུན་བཞུགས། དེའི་སྤྱན་སྔར་ཁུ་ཡར་ཀླུངས་པ་འཕྱོས་པ་ཡིན་སྐད། དགེ་སློང་དུ་བཞུགས་སྐད། འགྱུར་གསལ་བ་མཆོག །ལོ་ལྔ་བཅུ་རྩ་བདུན་ལོན་པ་གཅིག་གིས་བྱོན། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད། གསུམ་པོ་དེ་ཁམས་ཀྱི་ཝ་སེང་གེ་བྲག་ལ་བཞུགས་ལོ་བརྒྱ་དང་ཉེར་དྲུག་ལ་ཡལ། པའི་སྤྱན་སྔར། ཉང་གཙང་གི་སྙེ་མོ་གཡུ་འབྲུག་སྟོད་པ་བ་བྱ་བ་ཡིན་གསུངས། བྱང་ཆུབ་གྲགས་པ་ལོ་བཞི་བཅུ་རྩ་གཉིས་ལོན་པ་གཅིག་གིས་བྱོན། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །རྦ་ལོ་མོའི་རྦ་ཡིན། རྟེན་དགེ་བསྙེན་ཡིན་གསུངས། དགུང་ལོ་ཉི་ཤུ་རྩ་བཞི་ལོན་པ་གཅིག་མི་ཕམ་མགོན་པོའི་རྟེན་ཁྱིམ་པ་ཡིན། གནས་སུ་བྱོན་པས། ངའི་གདམས་ངག་གཅིག་བརྒྱུད་ཡིན་པས་བསྟན་དུ་མི་རུང་། ཁྱེད་རང་ཁམས་ན་ངའི་སློབ་མ་ཡོད་ཅིང་། དེར་སོང་གསུངས་ནས་ཕྱིན་པས། ངན་ལམ་དང་ཟ་ངམ་གཉིས་ཀྱིས་གདམས་ངག་མ་གནང་བར་ཁུ་འགྱུར་གྱི་གན་དུ་ལུང་བསྟན་ཏེ་ཕྱིན། བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ་མཆིམས་ཕུར་བཞུགས། ཕུགས་པོ་ཆེར་སྐུ་གཤེགས་གསུངས་སོ། །དགུང་ལོ་གོ་བརྒྱད་ལ་བཞུད། ཉང་བྱང་ཆུབ་གྲགས་བསམ་ཡས་མཆིམས་ཕུར། བོད་དུ་བྱོན་ཏེ། ཉང་ཤེས་རབ་འབྱུང་གནས་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་བརླབས་པ་ཡང་མཛད་དོ། །དེས་བདེ་བའི་ཕུང་པོ། རྟེན་ཁྱིམ་པར་བཞུགས། ཕུག་པོ་ཆེ་ན་དགེ་བཤེས་བཙན་ཁ་བོ་ཆེར་ཆོས་གསུངས་པ་ཐོས། རྦ་སྒོམ་དང་མཇལ། སློབ་དཔོན་འཛེང་དྷརྨ་བོ་དྷི་ལོ་སུམ་ཅུ་རྩ་གསུམ་ལོན་པ་གཅིག་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །དེས་གུང་པོ་པ་ཡིན། རྟེན་ཁྱིམ་པར་བཞུགས། སློབ་དཔོན་འཛེང་ཇོ་སྲས་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན་དགུང་ལོ་གོ་དྲུག་ལ་བཞུད། བྱིན་གྱིས་རློབས་པ་ཡང་མཛད་དོ། །དེས་སློབ་དཔོན་འོ་ལའི་བན་དྷེ་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །ཡང་ཕྱིས་རྗེ་དྷརྨ་བོ་དྷི་ལ་ཡང་བྱིན་གྱིས་རློབས་པ་བཅས་པ་ཞུས། དེས་ཤཱཀྱའི་དགེ་སློང་འོ་ལ་ཇོ་སྲས་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། ཤེའུ་དབེན་ཚར་བྱིན་གྱིས་རློབས་པ་ཡང་མཛད་དོ། །ཡང་དྷརྨ་བོ་དྷིས། གཟིགས་ཡེ་ཤེས་དྭགས་པོ་གཟེབས་དཀར་བ། རྟེན་ཁྱིམ་པ། དབང་པོ་ལ། བརྡའ་དང་ངག་གིས་སེམས་ཀྱི་ཡུལ་དུ་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །གཟིགས་ཡེ་ཤེས་དབང་པོས་མཁན་པོ་ལ་ཁ་ཕུག་པོ་ཆེ་བ། རྟེན་དགེ་སློང་། ངུ་ཆེན་པོ་བསོད་ནམས་འོད་ལ་བརྡ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །དེས་ལ་ཁ་བ། སློབ་དཔོན་རུ་རྡོ་རྗེ་དབང་ཕྱུག་ལ་རྟེན་ཁྱིམ་པ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །དེས་མང་དུ་ཐོས་པའི་དགེ་སློང་བྱང་ཆུབ་འབུམ་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོར་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །དེས་མཐའ་བཞིའི་སྟོན་པ་གཞོན་ནུ་བྱང་ཆུབ་ལ། བརྡའ་སེམས་ཀྱི་ཡུལ་དུ་བསྟན། ངག་རྣ་བའི་དབང་པོ་བླུགས། བརྡའ་དང་ངག་གིས་བསྟན། བྱིན་གྱིས་རློབས་པ་ཡང་མཛད་དོ། །དེ་ནི་གང་ཟག་གདམས་ངག་གིས་གྲོལ་པ་སྟེ། དེ་ཡན་ཆད་དུ་ཅི་ཐལ་ན་གདམས་ངག་ལ་ཡིད་ཆེས་པར་བྱ་བའི་ཕྱིར། བླ་མའི་བརྒྱུད་པ་ཐལ་ནས་རྣ་བརྒྱུད་ལུང་གི་གཏེར་ཆེན་བཀྲོལ་བའི་སྐབས་ལགས། ༈ དེ་ཡང་དཔལ་ཀུན་ཏུ་བཟང་པོ་མ་སྐྱེས་སྐྱེ་མེད་ཆོས་སྐུ་ཡིན། རྡོ་རྗེ་སེམས་དཔའ་ལོངས་སྤྱོད་རྫོགས་སྐུ་ཡིན། སེམས་དག་ལྷའི་བུ་གདུལ་བྱ་ལ་སྣང་བ་སྤྲུལ་སྐུ་ཡིན་ཏེ། དེ་ཚོ་སངས་རྒྱས་ཡིན། དགའ་རབ་རྡོ་རྗེ་ཨོ་རྒྱན་གྱི་ཡུལ་སྤྲིན་ནག་པོ་འདུས་པའི་ཁྲོད་ཌཱཀྐི་མ་མ་རུངས་པ་འདུས་པ་ལ་ཆོས་གསུང་བཞིན་ད་རུང་བཞུགས་སྐད། འཇམ་དཔལ་བཤེས་གཉེན་ཡོན་ཏན་འབྱུང་བའི་གྲོང་ཁྱེར་ན་སྣང་བ་དག་པ་རྣམས་ཀྱིས་མཐོང་། མ་དག་པ་རྣམས་ཀྱིས་མི་མཐོང་། གྲོང་པ་མི་མངའ་སྐད། རིག་འཛིན་ཚེ་ཡི་དངོས་གྲུབ་ཐོབ་བོ། །ཤྲཱི་སེངྷ་མཁའ་སྤྱོད་དུ་གཤེགས་སྐད། བཻ་རོ་ཙ་ན་སྒྲགས་ཀྱི་ཡང་རྫོང་ལ་འཇའ་ཡལ་བ་བཞིན་དུ་ལྷག་མ་མེད་པར་གཤེགས་སྐད། མི་ཕམ་མགོན་པོ་སློབ་དཔོན་རྦ་སྒོམ་གྱི་ཞལ་ནས་ད་རུང་བཞུགས་གསུངས་སྐད། འཛེང་གིས་དྭགས་པོ་གཅིག་བལྟར་བཏང་བས། ལོ་ལྔ་བརྒྱ་ལོན་པ་ཡིན་ཟེར་བ་གཅིག་བཞུགས་ཡོད་པ་ཡིན་ཏེ། ད་མི་འདུག་ཟེར་ཏེ་ལྷག་མེད་དུ་སོང་བ་ཡིན་སྐད། ངན་ལམ་ལོ་བརྒྱ་དང་དོན་གཉིས་ལོན་ནས་ཕུང་པོ་ལྷག་མེད་དུ་གཤེགས་སྐད། ཟ་ངམ་ལོ་བརྒྱ་དང་ཞེ་བཞི་ལོན་ནས་ཕུང་པོ་ལྷག་མེད་དུ་གཤེགས་སྐད། ཁུ་འགྱུར་ལོ་བརྒྱ་དང་བཅུ་བདུན་ལོན་ནས་ཕུང་པོ་ལྷག་མེད་དུ་གཤེགས་སྐད། དེ་གསུམ་ཁམས་ཀྱི་ཝ་སེང་གེ་བྲག་ཏུ་སྦྲུལ་གྱི་ལོར་གཅིག་གི་རྟིང་གཅིག་ལོ་གཅིག་ལ་སྐུ་ན་བུན་དེངས་པ་བཞིན་དུ་ནམ་མཁའ་ལ་གཤེགས་སྐད། ཉང་བྱང་ཆུབ་གྲགས་པ་གཙང་གི་ཕུང་པོ་རི་བོ་ཆེ་ལ་ཕུང་པོ་ལྷག་མེད་དུ་གཤེགས་སྐད། ཉང་ཤེས་རབ་འབྱུང་གནས་ངམ་ཤོད་ཕུག་པོ་ཆེའི་ལྷ་རིའི་རྩེ་མོར་ན་བཟའ་དང་ཕྲེང་བ་དང་ཆོས་གོས་དང་གསེབ་ཀ་ལི་རྣམས་ཤུག་པ་ལ་གཟར་ནས། ནམ་མཁའ་ལ་གཤེགས་ནས་གདའ་སྐད། རྦ་སྒོམ་ཡེ་ཤེས་བྱང་ཆུབ་དགུང་ལོ་དགུ་བཅུ་རྩ་བརྒྱད་ལོན་ནས་ཕུག་ཆུང་ཟུར་ར་རུར། ཇོ་མོ་གང་མོ་བྱ་བས། མཆོད་ཁང་ནང་དུ་པུར་སྦྱངས་པས་མེ་བུམ་པ་ཙམ་གཅིག་མིག་གིས་མཐོང་ཐང་གི་ནམ་མཁའ་ལ་གཤེགས་ནས་ཤུལ་དུ་ཤུལ་དུ་སྲེགས་རུས་དཔེ་འདྲ་མིན། བསྲེག་རྒྱུ་དང་གདུང་ཐལ་ཡང་མ་བྱུང་སྐད། སློབ་དཔོན་འཛེང་དགུང་ལོ་བརྒྱ་དང་ལྔ་བཅུ་བདུན་རེད། ལོན་ཟེར་ཡང་གོ་དྲུག་ལོན་ནས། ནངས་པར་སྐྱེ་ཤི་མ་བཅོས་གསུངས་ཏེ། ངའི་ལུས་ལ་གྲིབ་མ་འོང་ཞིང་འདུག་པས་ལུས་ལ་ལྷག་མ་འོང་སྟེ་སེམས་ལ་ལྷག་མ་མི་འཇོག་གསུངས་ནས། སྟོན་ཟླ་ར་བའི་ཚེས་ཉི་ཤུ་གཉིས་ཀྱི་ཐོ་རངས་སྐུ་གཤེགས་ནས་པུར་སྦྱངས་པས། ནམ་མཁའ་ལ་འཇའ་རྒྱ་གྲམ་བྱུང་བས། པུར་སྦྱོང་བ་རྣམས་ཀྱིས་མ་མཐོང་ཞིང་། ཡུལ་ཕར་ཁའི་རྒྱང་སོ་བྱ་བའི་ཕྱུགས་རྫི་དང་། མི་མང་པོས་ཀྱང་མཐོང་བ་བྱུང་སྐད། དེས་གཟིགས་ཡེ་ཤེས་དབང་པོ་ལ། དེས་མཁན་པོ་ལ་ཁ་བ་བསོད་ནམས་འོད། དེས་སློབ་དཔོན་རྡོ་རྗེ་དབང་ཕྱུག །དེས་བྱང་ཆུབ་འབུམ། དེས་གཞོན་ནུ་བྱང་ཆུབ་ལ་གནང་བྱ་བ་གདའ་འོ། །ཐུན་བཞི་པའོ།། ༈ །།སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། གོ་བ་བྱར་མེད་བཞག་ཆོག་ཏུ་གོ་བ་དང་། དང་ཚིག་རང་བཞིན་ལྷུན་གྲུབ་ཏུ་གོ་བའོ། །གཉིས། དང་པོ་སྒོམ་མེད་བྱས་པས། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས། རང་བྱུང་གི་ཡེ་ཤེས་ཆེན་པོ་དེ། ཡིད་ཡུལ་ལམ། དྲན་ཡུལ་ལ་མི་གནས་པས་སྒོམ་མེད་དོ། །སེམས་ཉིད་བརྡའ་དང་ངག་གིས་མཚོན་པས་གཟེར་ཆེན་ནོ། །གཟེར་ཆེན་ཞེས་པའི་གོ་བ་ནི། སེམས་ཉིད་བརྡའ་དང་ངག་གིས་བསྟན་པ་དེ། མི་འཆུགས་མི་འགྱུར་བས་གཟེར་ཅེས་དེས་ན་སྒམ་གཟེར་ལྟ་བུའོ། །བྱའོ། །ཨཱ་ཉིས་བརྒྱ་སོ་བརྒྱད་ན། ༁ྃ༧྅྅྅རེ་གསུམ་ན། གཉིས་པ་ཚིག་ལ་གཉིས་ཏེ། བརྡའ་དོན་འགྲོལ་བའི་མན་ངག་སྦྱིན་པ་དང་། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པའོ། །དང་པོ་བརྡའ་དོན་འགྲོལ་བའི་མན་ངག་སྦྱིན་པ་ལ། གོ་བ་བསྟན་པ་དང་། ཚིག་བསྟན་པ་གཉིས་ལས། དང་པོ་ནི། མཛོད་ཁུང་གཅིག་ན་སྨན་ནམ་གསེར་གྱི་ཐུམ་པོ་གཅིག་ཡོད་པ་ལ། དེ་ལག་ནོམས་ཀྱིས་བཙལ་བས་མི་རྙེད་དེ། སྒྲོན་མེ་བཏེགས་ནས་འཚོལ་དགོས་ཏེ། དེ་ཡང་སྒྲོན་མེ་དེ་ཉིད་ལ་བལྟས་པས་མི་རྙེད་དེ། སྒྲོན་མེ་དེ་ཐུར་ལ་བཏེགས་ན་རྫས་དེ་རྙེད་དེ། དེ་རྙེད་པ་དང་ཡིད་ཆེས། ཐག་ཆོད་ངོ་ཤེས་སོ། །དཔེ་དེ་བཞིན་དུ། བརྡའ་ལ་བརྟེན་ནས། དོན་དངོས་པོའི་གནས་ལུགས་དེ་རྟོགས་དགོས་ཏེ། བརྡའ་དེ་ཉིད་ལ་ཆགས་ན། དོན་དངོས་པོའི་གནས་ལུགས་ནི་མི་གོའོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས། བརྡའ་དོན་ངོ་སྤྲོད་ཀྱི་སློབ་དཔོན་ནི། །རང་རྒྱུད་མ་བཅོས་རྣམ་དག་པས། །དོན་དང་འབྲེལ་བའི་སྒྲ་ཚིག་གིས། །སྐྱེ་བ་མེད་པའི་བརྡའ་དོན་སྤྲད། །ཅེས་གསུངས་སོ། །མན་ངག་ནི། མའི་ངག་གིས་བུ་མི་བསླུ་བ་བཞིན་དུ། དོན་དངོས་པོའི་གནས་ལུགས་དེས་བསླུ་མི་སྲིད་དོ། །དེས་གོ་བ་བསྟན་ནས། གཉིས་པ་ཚིག་ལ་གཉིས་ཏེ། གནད་ཀྱི་བརྡའ་དང་། དུས་ཀྱི་བརྡའ་འོ། །དུས་ཀྱི་བརྡའ་ནི་འདི་རུ་བསྟན་དུ་མེད་དེ། སྒོམ་ཚུལ་བླ་མའི་བྱིན་རླབས་ལ་རག་ལས་སོ། །གནད་ཀྱི་བརྡའ་ལ་གཉིས་ཏེ། འཛིན་མེད་ངང་ལ་མི་གནས་ལ། གཡོ་ཚུལ་རླུང་གི་མན་ངག་སྦྱིན་པ་དང་། སེམས་ཉིད་མི་བརྟེན་སྤྲོས་ཆེན་ལ། བདེ་བ་ཐིག་ལེའི་མན་ངག་སྦྱིན་པའོ། །དང་པོ་གཡོ་བ་འཛིན་པ་རླུང་གི་མན་ངག་སྦྱིན་པ་ལ་གཉིས་ཏེ། རྩོལ་བ་དང་བཅས་པ་ལུས་ལ་གནས་པའི་རླུང་དང་། རྩོལ་བ་མེད་པ་ཡིད་ལ་གནས་པའི་རླུང་ངོ་། །དེ་ལ་དང་པོ་ལ་ཡི་བདག་ཉིད་བཅུ་མིང་ཅན། །གོང་བུའི་ཚུལ་གྱི་རྣམ་པར་གནས། །གསང་འདུས་ནས་སོ། །ལ་ལྔ་སྟེ། སྲོག་འཛིན་པའི་རླུང་དང་། མེ་དང་མཉམ་པའི་རླུང་དང་། ཁྱབ་བྱེད་ཀྱི་རླུང་དང་། གྱེན་དུ་སེལ་བའི་རླུང་དང་། ཐུར་དུ་སེལ་བའི་རླུང་དང་ལྔའོ། །དང་པོ་སྲོག་འཛིན་པའི་རླུང་ནི། དབུགས་ཕྱི་ནང་དུ་འགྱུ་བ་དེ་འཛིན་པ་ཡིན། དེ་བཟུང་དུ་བཏུབ་ཀྱང་བཟུང་བས་ཡང་དག་པའི་དོན་མི་རྟོགས། ཁྱབ་བྱེད་ཀྱི་རླུང་ནི་ལུས་ལ་རེག་བྱ་ཚོར་བར་བྱེད་པ་ཡིན་ཏེ། དེ་བཟུང་དུ་ཡང་མི་བཏུབ། བཟུང་ཡང་ཡང་དག་པའི་དོན་མི་རྟོགས་སོ། །མེ་དང་མཉམ་པའི་རླུང་ནི། ལུས་ལ་དྲོད་བསྐྱེད་པར་བྱེད་པ་ཡིན་ཏེ། དེ་བཟུང་བས་ཡང་དག་པའི་དོན་མི་རྟོགས། གྱེན་དུ་སེལ་བའི་རླུང་ནི། ལུས་ལ་བཀྲག་དང་གཟི་མདངས་བསྐྱེད་པར་བྱེད་པ་ཡིན་ཏེ། དེ་བཟུང་དུ་མི་བཏུབ། བཟུང་ཡང་ཡང་དག་པའི་དོན་མི་རྟོགས། ཐུར་དུ་སེལ་བའི་རླུང་ནི་ཟས་དྭངས་སྙིགས་འབྱེད་པ་ཡིན་ཏེ། དེས་བྱེད་པ་ལ་དགོས་པ་མེད། བཟུང་ཡང་ཡང་དག་པའི་དོན་མི་རྟོགས། དེ་ཚོ་རྩོལ་བ་དང་བཅས་པའི་རླུང་ངོ་། །ཞེས་བྱ་སྟེ་གདམས་ངག་འདི་ཡི་ལུགས་ཀྱིས་མི་འཛིན་ནོ། །དེ་ལ་འདིར་གཉིས་པ་རྩོལ་པ་བྱེད་པའི་ཡིད་རིག་པའི་ཡིན་བྱས་པས། དངོས་མེད་གཅིག་ཡིན་ཟེར། འོ་ན་དངོས་མེད་གཏན་ལ་འབེབས་སམ་བྱས་པ་ལ། ཐབས་ཆེ་བ་རང་ཡིན། གདམས་ངག་ཆེ་བ་རང་ཡིན་བྱས་པ་ཁས་བླང་ངོ་། །ལ་གནས་པའི་རླུང་གཏན་ལ་འབེབས་ཏེ། དེ་ལ་ཡང་གཉིས་ཏེ། རྣམ་པར་བྱང་བའི་རླུང་དང་། ཀུན་ནས་ཉོན་མོངས་པའི་རླུང་ངོ་། །དེ་ལ་གཉིས་ཏེ། ཉོན་མོངས་པ་ཅན་གྱི་ཡིད། བག་ཆགས་སོགས་བྱེད་ཀྱི་སྣོད་དོ། །འོ་ན་ཡིད་དངོས་མེད་གཅིག་ལ། རླུང་དངོས་མེད་གཅིག་གནས་པ་དེ་བཟུང་དུ་ཅང་བཏུབ་བམ་ཞེ་ན། དེ་ཡང་བཏུབ་སྟེ་བླ་མ་དམ་པའི་གདམས་ངག་གིས་འཛིན་ཏེ། དེ་ལ་བརྡའ་ནི། དབང་པོའི་སྒོ་མ་བཀག་ཅིང་མ་གཡོས་པའོ། །དེས་དོན་ཆོས་ཉིད་རྒྱུད་ལ་ཇི་ལྟ་བུ་གཅིག་སྐྱེ་ཞེ་ན། སེམས་ཉིད་རང་དུ་རིག་ཅིང་རང་། གི་ངོ་བོ་རང་གསལ་བ་ལ། བློའི་རྟོག་པ་ཅི་ཡང་མི་གནས་པ་གཅིག་རྒྱུད་ལ་སྐྱེའོ། །དེ་རྒྱུད་ལ་སྐྱེ་བ་དེ་ནི་སེམས་ཉིད་རྣམ་པར་དག་པ་ཞེས་བྱ། གསལ་རིག་གསལ་མ་ཡིན། འཛིན་གསལ་མ་ཡིན། སྟོང་གསལ་མ་ཡིན། བ་དེ་རང་བཞིན་གྱིས་འོད་གསལ་བ་ཞེས་བྱ་སྟེ། ཉོན་མོངས་པ་ཅན་གྱི་ཡིད་འགྱུ་བྱེད་དང་བཅས་པ་དེ། རང་རིག་རང་གསལ་དུ་གནས་འགྱུར། བློའི་རྟོག་པ་ཅི་ཡང་མི་གནས་པ་དེ་ལ། སེམས་ཉིད་རྣམ་པར་མི་རྟོག་པ་ཞེས་བྱ་སྟེ། བག་ཆགས་སོག་བྱེད་ཀྱི་སྣོད་འཛིན་པ་དང་བཅས་པ་དེ། དོན་ཆོས་ཉིད་མི་རྟོག་པར་གནས་འགྱུར་རོ། །དེ་ནི་ཀུན་ནས་ཉོན་མོངས་པའི་རླུང་གཏན་ལ་ཕེབས་ཏེ། རྣམ་པར་བྱང་བ་ཞེས་བྱའོ། །ཆོས་ཉིད་རྣམ་པར་དག་པ་ཞེས་བྱའོ། །སེམས་མ་ཡིན་པའི་ཕྱིར་སེམས་ཉིད་ཅེས་བྱའོ། །སེམས་ཉིད་ཡིན་པར་ཅིས་ཡིད་ཆེས་ན། ལུང་དང་མན་ངག་གིས་གཏན་ལ་དབབ་སྟེ། ལུང་ནི་དཔལ་དུས་ཀྱི་འཁོར་ལོ་ལས། ཀ་ར་ཎ་བཅིངས་ཡོན་ཏན་གྱིས། །སྲིད་པ་གསུམ་པོ་གཡོ་མི་འགྱུར། །ཞེས་གསུངས་སོ། །སྲིད་པ་ལ་གཉིས་ཏེ། གྲགས་ཚོད་ཀྱི་སྲིད་པ་དང་། བརྗོད་པ་ཆོས་ཉིད་ཀྱི་སྲིད་པའོ། །གྲགས་ཚོད་ཀྱི་སྲིད་པ་ནི། སྟེང་ལྷའི་སྲིད་པ། འོག་ཀླུའི་སྲིད་པ། བར་མིའི་སྲིད་པའོ། །བརྗོད་བྱ་ཆོས་ཉིད་ཀྱི་སྲིད་པ་ནི། སྲིད་པའི་སྲིད་པ། ཅི་སྲིད་པའི་སྲིད་པ། མི་སྲིད་པའི་སྲིད་པའོ། །སྲིད་པའི་སྲིད་པ་འཇིག་རྟེན་གྱི་སྣང་གྲགས་འདི་ཡིད་ལ་མི་བྱེད། ཅི་སྲིད་པའི་སྲིད་པ་བློའི་ཡུལ་དུ་གྱུར་པ་འདི་ཡང་ཡིད་ལ་མི་བྱེད། མི་སྲིད་པའི་སྲིད་པ་སྟོང་ཞེས་བྱ་བ། བློའི་མཐའ་ཟབ་ཅིང་ཕྲ་བ་ཅི་ཡང་མི་གནས་པས། སྟོང་ཞེས་བྱ་བ་ཙམ་ཡང་ཡིད་ལ་མི་བྱེད། ཡིད་ལ་མི་བྱེད་པ་དེ་ཉིད་རང་བཞིན་གྱིས་གསལ་བ་དེ་ནི། མ་གཡོས་ཏེ་གཡོ་བར་མི་འགྱུར་རོ། །མན་ངག་གིས་ཅི་ཤེས་ན། གསང་སྔགས་ཀྱི་ཡི་གེ་ཉུང་ངུ་ལས། སང་ངེ་ས་ལེ་བ་མི་རྟོག་པ་མ་སྐྱེས་པའོ། །ལྟ་སྟངས་རྣམ་པ་བཞི་རུ་གསུངས་ཏེ། རྡོ་རྗེ་གཙུག་ཏོར་སྟེང་དུ་བལྟ། །ལྷ་ཡི་ལྟ་སྟངས་ཐད་ལའོ། །ཞི་བ་ལ་ནི་འོག་ཏུ་བལྟ། །ཡང་དག་ལྟ་སྟངས་སྣ་རྩེའོ། །ཞེས་གསུངས་སོ། །དེ་ལ་འདི་ནི་ཡང་དག་ལྟ་སྟངས་སོ། །དེ་ཡར་འཁུམས་ཀྱིས་གཡོ་འཛིན་རླུང་གི་མན་ངག་སྦྱིན་པ་ཐལ་ལོ། །གཉིས་པ་སེམས་ཉིད་མི་བརྟན་སྤྲོས་ཆེན་ལ། བདེ་བ་ཐིག་ལེའི་མན་ངག་སྦྱིན་པའི་བདེ་བ་ལ་གཉིས། ཟག་པ་དང་བཅས་པའི་ལུས་ལ་གནས་པ་བདེ་བའི་ཐིག་ལེ་དང་། ཟག་པ་མེད་པ་ཡིད་ལ་གནས་པ་བདེ་བའི་ཐིག་ལེའོ། །དེ་ལ་དང་པོ་ཟག་པ་དང་བཅས་པའི་ལུས་ལ་གནས་པ་བདེ་བའི་ཐིག་ལེ་ནི། ཕྱི་བུམ་པའི་དབང་བསྐུར་བས་གསལ་བའི་ངོ་བསྟན། ནང་གསང་བའི་དབང་བསྐུར་བས་མི་རྟོག་པའི་ངོ་བསྟན། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས་བདེ་བའི་ངོ་བསྟན་ཏེ། རང་ལུས་ཐབས་དང་ལྡན་པ་རླུང་ལས་སུ་རུང་བ་དང་། གཞན་ལུས་ཕྱག་རྒྱ་དང་ལྡན་པ་རྩ་ལས་སུ་རུང་བ་ལ་བརྟེན་ནས། གཉིས་སུ་མེད་ཕྱག་རྒྱ་ཆེན་པོ་ཚིག་དབང་རིན་པོ་ཆེ་ངོ་སྤྲོད་པ་ནི་ཟག་བཅས་ཀྱི་བདེ་བདེ་བའི་དཔེ་རུ་བཏུབ་དོན་ལ་མི་བཏུབ། བ་ཡིན་ཏེ། ཟག་མེད་བདེ་བ་དེས་མི་འཕྲོད་དོ། །གཉིས་པ་ཟག་པ་མེད་པའི་བདེ་བའི་ཐིག་ལེ་ལ་གཉིས། ས་བོན་ཆའི་ཀུན་གཞི་དང་། ཟག་པ་མེད་པའི་ཡིད་ལ་གནས་པའི་བདེ་བའོ། །འོ་ན་ཟག་མེད་ཀྱི་བདེ་བ་དེ་ཅིས་སྟོན་ན། བླ་མ་དམ་པའི་གདམས་ངག་གིས་བསྟན་ཏེ། གདམས་ངག་གང་ཡིན་ན། འོག་རླུང་ཡིད་ཙམ་འཐེན་ལ། ལྕེའི་རྩེ་མོ་གང་ལ་ཡང་མ་བརྟེན་པར་བཞག་སྟེ། ཁ་ན་ཕར་སྨྱུག་མ་འབྲིང་པོ་ཤོང་བའི་ཚད་ཙམ་ངང་དེར་བཞག་པས། དེའི་ཚེ་གནས་སུ་རང་གི་ལུས་ཡོད་དུ་མི་ཚོར་བ་ལས། ངོ་བོ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་སྐྱེའོ། །རང་གི་ལུས་ཀྱང་ཡོད་དུ་མི་ཚོར་བ་དེ་ནི། དོན་ཆོས་ཉིད་ཀྱི་བདེ་བ་ཞེས་བྱ་བ་དེ། ས་བོན་ཆའི་ཀུན་གཞི་སྡུག་བསྔལ་དང་བཅས་པ་དེ། དོན་ཆོས་ཉིད་བདེ་བར་གནས་འགྱུར་རོ། །བདེ་བ་གསལ་བ་མི་རྟོག་པ་དབྱེར་མི་ཕྱེད་པ་དེ་ནི། དོན་ཆོས་ཉིད་དབྱེར་མི་ཕྱེད་པ་ཞེས་བྱ་སྟེ། ཉོན་མོངས་པའི་གཞི་མ་རིག་པ་དང་བཅས་པ་དེ། དོན་ཆོས་ཉིད་དབྱེར་མེད་པར་གནས་འགྱུར་རོ། །དེ་ནི་ཟག་པ་མེད་པའི་བདེ་བའོ། །དེ་ཡང་གདམས་ངག་འཆད་པའི་དུས་ན་སྔ་ཕྱིར་བྱུང་ཡང་། དོན་རྒྱུད་ལ་སྦྱོར་བའི་དུས་སུ་དུས་གཅིག་ལ་བྱའོ། །དེ་ཡང་སྔོན་དུ་འོག་རླུང་ཡིད་ཙམ་འཐེན་པ། དབང་པོ་སྒོ་མ་བཀག་ཅིང་མ་གཡོས་པར་བཞག་སྟེ། ལྕེའི་རྩེ་མོ་གང་ལ་ཡང་མི་བརྟེན་ནོ། །དེའི་དུས་ན་སེམས་ཉིད་རང་གི་ངོ་བོ་ཉིད་རང་གི་ངོ་བོ་རང་གསལ་བ་དེ་ནི་རང་བཞིན་གྱིས་འོད་གསལ་དཔེར་ན་མར་མེའི་འོད་ལྟ་བུའོ། །བའོ། །བློའི་རྟོག་པས་ཅི་ཡང་མི་གནས་པ་དེ་ནི་མི་རྟོག་པ་བསྟན་ཏི་ཀ་ལྟ་བུ་པའི་ཆོས་ཉིད་དོ། །རང་གི་ལུས་ཡོད་དུ་མ་སྤྱོད་ལམ་ལ་མ་ཆགས་པ་ཟས་ཀྱི་སྣོད་ལྟ་བུ། ཚོར་བ་དེ་ནི། ཟག་མེད་ཀྱི་བདེ་བའོ། །དེ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་ངོ་བོ་གཅིག་ཏུ་གནས་པས་དབྱེར་མི་ཕྱེད་པའོ། །དབྱེར་མི་ཕྱེད་པ་དེ་ཉིད་ཉམས་སུ་ཤར་བའི་དུས་ན། དབྱེར་མི་ཕྱེད་བྱ་བ་ཙམ་གྱི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་སོ། །དེ་སེམས་ཀྱི་སེམས་ཉིད་རྣམ་པར་དག་པ་སྟེ། བླ་མ་དམ་པས་བསྟན་དུ་བྱུང་བས་ན། ཆོས་ཀྱི་ཆོས་ཉིད་རྣམ་པར་དག་པའོ། །ལུས་ཡོད་དུ་མི་ཚོར་བ་དེ་ཟག་པ་མེད་པའི་བདེ་བ་ཡིན་པར་ཅིས་ཤེས་ན། ལུང་དང་མན་ངག་གིས་ཤེས་ཏེ། ལུང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བྱམས་པས་ཞུས་པའི་ལེའུ་ལས། གང་ལུས་ཡོད་དུ་མ་ཚོར་བ་དེ་ནི་མི་གནས་པའི་བདེ་བ་ཞེས་བྱའོ། །ཟག་པ་མེད་པའི་བདེ་བ་ཞེས་བྱའོ། །མྱ་ངན་ལས་འདས་པའི་བདེ་བ་ཞེས་བྱའོ། །མན་ངག་གིས་བསྟན་པ་ནི། རྣ་བརྒྱུད་ལུང་རྒྱུད་ཆེན་ལས། བདེ་བ་རྙེད་པས་འཇིགས་མེད་ཐོབ། །བུདྡྷ་མཉམ་སྦྱོར་གྱི་ལུང་བྱ། །གི་ཕྲེང་བ་ལས། བདེ་བ་ལམ་དུ་འཇུག་པ་ལ། །རིན་ཆེན་འཕྲུལ་གྱི་མེ་ལོང་བསྟན། །ཞེས་བྱའོ། །ཡེ་ཤེས་རྫོགས་པའི་རྒྱུད་ལས། རང་བྱུང་བདེ་བའི་སེམས་ཉིད་ལ། །སྣང་བ་ཉིད་དུ་གྲུབ་མ་ཡིན། །བདེ་ཆེན་རིག་པ་མཚོ་ལྟར་ཟབ། །ཅེས་གསུངས་སོ། །དེས་བདེ་བ་ཐིག་ལེའི་མན་ངག་བསྟན་པའོ། །གནད་ཀྱི་བརྡའ་བཞི་ལ་བརྟེན་ནས་དོན་ཉམས་སུ་མྱོང་བ་དེ་ནི། བརྡས་དོན་གྲོལ་བའི་མན་ངག་གོ། །རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ལ་གཉིས་ཏེ། གོ་བ་བསྟན་པ་དང་། ཚིག་བསྟན་པའོ། །དང་པོ་གོ་བ་བསྟན་པ་ལ་གཉིས་ཏེ། འདུས་བྱས་རྫས་ཀྱི་རྡོ་རྗེ་དང་། འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེའོ། །དང་པོ་ལ་གསུམ་སྟེ། བཏགས་པ་མིང་གི་རྡོ་རྗེ། མཚོན་པ་ཕྱག་མཚན་གྱི་རྡོ་རྗེ། འདུས་བྱས་རྫས་ཀྱི་རྡོ་རྗེའོ། །དེ་ལ་བཏགས་པ་མིང་གི་རྡོ་རྗེ་ནི། རྡོ་རྗེ་རྒྱལ་པོ་དང་། རྡོ་རྗེ་གྲགས་པ་ལ་སོགས་པའོ། །མཚོན་པ་ཕྱག་མཚན་གྱི་རྡོ་རྗེ་ནི། གསེར་དངུལ་ཟངས་ལྕགས་ལ་སོགས་པའི་རྩེ་དགུ་རཱུ་པའི་བཛྲ། རྩེ་ལྔ་རྩེ་གསུམ་གཅིག་པ་ལ་སོགས་པའོ། །འདུས་བྱས་རྫས་ཀྱི་རྡོ་རྗེ་ནི། རྡོ་རྗེ་ཕ་ལམ་ལྟ་བུའོ། །གཞན་གང་ཡང་ཁོས་འཇོམས་ནུས་ཏེ། ཁོ་རང་ར་གཞོབ་ཀྱིས་འཇོམས་པ་ཡིན་ནོ། །དེས་ན་འདུས་བྱས་སོ། །གཉིས་པ་འདུས་མ་བྱས་ཆོས་ཉིད་ཀྱི་རྡོ་རྗེ་ནི། ཡེ་ཤེས་གསང་བའི་རྒྱུད་ལས། རྒྱུ་ཡིས་མ་སྐྱེད་ཡེ་ནས་གྲུབ། །རྐྱེན་གྱིས་མི་ཤིགས་འགྱུར་བ་མེད། །ཅེས་གསུངས་པ་ལྟར། བླ་མ་དམ་པས་བརྡས་བསྟན་པའི་དུས་སུ། དོན་ཆོས་ཉིད་འདུས་མ་བྱས་པ་ཡིད་ཡུལ་དུ་མ་གྱུར་པ་དེའོ། །སེམས་ཀྱི་ལྡེ་མིག་བསྟན་པ་ནི། རང་གི་སེམས་ལ་བརྟེན་ནས་བླ་མ་དམ་པའི་གདམས་ངག་གིས། དོན་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ་སྟོན་པས་ན། ལྡེ་མིག་ཅེས་བྱའོ། །དཔེར་ན། ལྷ་ཁང་གི་ལྡེ་མིག་ལྟ་བུའོ། །གཉིས་པ་ཚིག་ལམ་ལ་གཉིས་ཏེ། འཇུག་པ་ལ་བསྟན་པ་དང་། ངོ་བོ་བསྟན་པའོ། །དེ་ལ་དང་པོ་ནི། སྒོམ་ཚུལ་བླ་མའི་གདམས་ངག་སྟོན་པའི་དུས་སུ། བླ་མའི་བྱིན་རླབས་འཇུག་པ་དེ་ཡིན་ཏེ། འདིར་བསྟན་དུ་མེད་དོ། །གཉིས་པ་ངོ་བོ་བསྟན་པ་ལ་གཉིས་ཏེ། དངོས་པོའི་འདུག་ཚུལ་བསྟན་པ་དང་། མཐའ་བསལ་བའོ། །དང་པོ་ལ་བཞི་སྟེ། ཐ་མལ་གྱི་ཤེས་པ། གཉུག་མ། སོ་མ། ལྷུག་པར་བཞག་པའོ། །ཐ་མལ་ནི་སེམས་དང་བློ་ལས་མ་བྱུང་བ་དེ། མ་བསམ་པ། མ་བཅོས་པ། གང་གིས་ཀྱང་མ་བསླད་པའོ། །གཉུག་མ་ནི་དེའི་ངང་ལས་མ་གཡོས་ཤིང་མི་གཡོ་བའོ། །སོ་མ་ནི་ལུས་ཡོད་དུ་མི་ཚོར་བའི་བདེ་བ་དེ་ཉིད་དོ། །ལྷུག་པ་ནི་དེ་ཁོ་ནའི་ངང་ལ་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའོ། །དེས་ནི་དངོས་པོའི་འདུག་ཚུལ་བསྟན་པ་ཐལ་ནས། གཉིས་པ་མཐའ་བསལ་བ་ལ་གཉིས་ཏེ། རྟེན་མེད་པར་རིག་པ་རང་གྲོལ་བ་དང་། རྐྱེན་དང་བྲལ་བའི་སྣང་བ་རང་དག་པའོ། །དེ་ལ་དང་པོ་ནི། ཕྱི་གཟུང་བའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ཏེ། མིག་གཟུགས་ཀྱི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན། རྣ་བ་སྒྲའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན། སྣ་དྲིའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན། ལྕེ་རོའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན། ལུས་རེག་བྱའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན། དེ་ལྟར་ན་ཕྱི་གཟུང་བའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་པར་འདུག་པས་ན་ནང་འཛིན་པའི་སེམས་ལ་མི་གནས་པས་མི་བརྟེན་ནོ། །དེ་ཡང་འདོད་ཆགས་པའི་སེམས་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ནོ། །ཞེ་སྡང་བའི་སེམས་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ནོ། །གཏི་མུག་པའི་སེམས་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ནོ། །ང་རྒྱལ་བའི་སེམས་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ནོ། །ཕྲག་དོག་པའི་སེམས་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ནོ། །དེས་ན་ནང་འཛིན་པའི་སེམས་དང་། ཕྱི་གཟུང་བའི་ཡུལ་ལ་སེམས་ཉིད་དེ་མི་གནས་པས་མི་བརྟེན་ནོ། །དེ་ལ་ནི་རྟེན་མེད་པར་རིག་པ་རང་གྲོལ་བ་ཞེས་བྱའོ། །རིག་པས་རིག་པ་ངོ་ཤེས་ཏེ། གཟུང་འཛིན་གཉིས་ཀྱི་མཐའ་ལས་འདས་སོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །འཁོར་བའི་རྟོག་པར་མི་འགྱུར་རོ། །ཞེས་གསུངས་སོ། །གཉིས་པ་རྐྱེན་དང་བྲལ་བ་ལ་གཉིས་ཏེ། སྐྱེ་མཆེད་ཀྱི་རྐྱེན་དང་བྲལ་བ་དང་། སྟོང་པའི་རྐྱེན་དང་བྲལ་བའོ། །དང་པོ་ལ་བཞི་སྟེ། སེམས་ཉིད་དེ་རང་གི་ངོ་བོ་རང་གསལ་བ་ཡིན་ཟེར་བས། རང་རིག་རང་གསལ་གཅིག་ཡིན་པས། རབ་རིབ་མེད་པར་གསལ་བའི་སྐྱེ་མཆེད་དུ་གོལ་ལོ། །སེམས་ཉིད་དེ་གསལ་བ་གཅིག་ཡིན་ཏེ། གསལ་བའི་རོ་ལ་མ་ཆགས་པས་རབ་རིབ་མེད་པ་གསལ་བའི་སྐྱེ་མཆེད་དུ་མི་གོལ་ཏེ། དེ་ཡང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དུ་མ་གོལ་ལོ། །འོ་ན་སེམས་ཉིད་དེ་མི་རྟོག་པ་གཅིག་ཡིན་ཟེར་བས། མཐོང་ཐོས་མེད་པའི་སྐྱེ་མཆེད་དུ་གོལ་ལོ། །སེམས་ཉིད་མི་རྟོག་པ་གཅིག་ཡིན་ཏེ། མི་རྟོག་པའི་རོ་ལ་མ་ཆགས་པས། མཐོང་ཐོས་མེད་པའི་མི་རྟོག་པའི་སྐྱེ་མཆེད་དུ་མ་གོལ་ཏེ། ཅི་ཡང་མེད་པའི་སྐྱེད་མཆེད་དུ་མ་གོལ་ལོ། །སེམས་ཉིད་དེ་བདེ་བ་གཅིག་ཡིན་ཟེར་བས། གོལ་ན་ཟུག་རྔུ་མེད་པའི་སྐྱེ་མཆེད་དུ་གོལ་ལོ། །སེམས་ཉིད་བདེ་བ་གཅིག་ཡིན་ཏེ། བདེ་བའི་རོ་ལ་མ་ཆགས་པས། ཟུག་རྔུ་མེད་པ་བདེ་བའི་སྐྱེ་མཆེད་དུ་མ་གོལ་ཏེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་མ་གོལ་ལོ། །སེམས་ཉིད་དེ་དབྱེར་མི་ཕྱེད་པ་ཡིན་ཟེར་བས་གོལ་ན་མི་ཕྱེད་པས་ཁྱབ་པའི་སྐྱེ་མཆེད་དུ་གོལ་ལོ། །སེམས་ཉིད་དབྱེར་མི་ཕྱེད་པ་གཅིག་ཡིན་པས། མི་ཕྱེད་པའི་ཏིང་འཛིན་གྱི་རོ་ལ་མ་ཆགས་པས། མི་ཕྱེད་པས་ཁྱབ་པའི་ཏིང་ངེ་འཛིན་དུ་མ་གོལ་ཏེ། ཡོད་མིན་མེད་མིན་གྱི་སྐྱེ་མཆེད་དུ་མ་གོལ་ལོ། །སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ། མི་རྟོག་པ་ལ་དབྱེར་མི་ཕྱེད་པར་རྟོགས་པའི་ལྟ་བས་མཐའ་བསལ་ལོ། །གཉིས་པ་སྟོང་པའི་རྐྱེན་དང་བྲལ་བ་ལ་བཞི་སྟེ། སྔ་ནས་མེད་པའི་སྟོང་པའི་སྟོང་པ་མཐུན་པའི་དཔེ། རྫ་སའི་འཇིམ་པ་ལ་རྫ་མའི་མིང་མ་ཐོགས་པ་ལྟ་བུ། གོང་ནས་མེད་པ་ཡིན་ནམ་དེ་ཡང་མིན་ཏེ། སེམས་སྔ་ནས་མེད་པའི་སྟོང་པ་གཅིག་ངོ་སྤྲོད་པས་གློ་བུར་དུ་གྲུབ་པ་མིིན་ཏེ། ཉིད་བདེ་གསལ་ཡེ་གསལ་ཡེ་སྟོང་དུ་འདུག་པས། དུ་འདུག་པས། སྔ་ནས་མེད་པའི་སྟོང་མེད་པར་བསྒྲུབ་པ་ལྟ་བུ་གཅིག་མིན་ཏེ། དུས་གསུམ་དུ་རང་གི་རྒྱུད་ལ་རྒྱུན་ཆད་མེད་པར་ཡོད་པ་དེ། བླ་མའི་གདམས་ངག་གིས་བསྟན་པས་རང་རིག་རང་གསལ་དུ་རྒྱུད་ལ་ཤར་རོ། །པར་མ་གོལ་ལོ། །ཞི་གནས་མེད་པའི་སྟོང་པའི་མཐུན་པའི་དཔེ་རྫ་སྔར་གྱི་སྟོང་པའི་དུམ་བུ། ཆག་ལྟ་བུ་གཅིག་ཡིན་ནམ། དེ་སྔ་ནས་སྟོང་པ་གཅིག་ཡོད་པ་ལ། ཡང་མིན་ཏེ་སེམས་ཉིད་བདེ་གསལ་དུ་འདུག་པས། ཞི་གནས་མེད་པའི་སྟོང་པ་ལྟ་བུར་ཡང་མ་གོལ་ལོ། །གཅིག་དེ་དབྱེར་མེད་པ་རང་གི་རྒྱུད་ལ་རང་བཞིན་གྱིས་བདེ་ཞིང་གསལ་ལོ། །ཡུལ་ལ་གཅིག་མི་གནས་བདེ་གསལ་མི་རྟོག་པ་གསུམ་རེས་འཇོག་ཅན་ལྟ་བུ་གཅིག་མིན་ཏེ། པའི་སྟོང་པའི་མཐུན་དཔེ་སྣམ་བུ་དང་བུམ་པ་ལྟ་བུ། སྣམ་བུ་བརྗོད་ན་བུམ་པའི་བློ་ཡང་མི་གནས། ཚིག་ཀྱང་མི་གནས། བུམ་པ་བརྗོད་ན་སྣམ་བུའི་བློ་ཡང་མི་གནས། ཚིག་ཀྱང་མི་གནས་པ་ལྟ་བུ་གཅིག་ཡིན་ནམ། དེ་ཡང་མིན་ཏེ། སེམས་ཉིད་བདེ་གསལ་དུ་འདུག་པས། གཅིག་ཡུལ་ལ་གཅིག་མི་གནས་པའི་སྟོང་པར་མ་གོལ་ལོ། །གཏན་མེད་པའི་སྟོང་པོའི་མཐུན་དཔེ་ནི། རི་བོང་ལ་རྭ་མེད་པ་ལྟ་བུ་གཅིག་ཡིན་ནམ། དེ་ཡང་མིན་ཏེ། སེམས་ཉིད་བདེ་གསལ་དུ་འདུག་པས། གསལ་བ་ལ་སྟོང་པའི་རྒྱས་ཐེབས། སྟོང་པའི་རོ་མེད་པར་ཤར་བས། གཏན་མེད་པའི་སྟོང་པར་ཡང་མ་གོལ་ལོ། །སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་དེ། བདེ་གསལ་དུ་འདུག་པ་དེ་ནི་ཆད་པའི་མཐའ་བསལ་ལོ། །དེ་ཡང་ལུང་ནི་རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ་ལས། རྟག་པ་པོ་ནི་བདེ་འགྲོར་སྟེ། །ཆད་པ་པོ་ནི་ངན་འགྲོར་འགྲོ། །གཉིས་ལ་མི་བརྟེན་ཐར་པའི་ལམ། །ཞེས་གསུངས་སོ། །དེ་ཡང་རྟེན་མེད་པར་རིག་པ་རང་གྲོལ་བ་དང་། རྐྱེན་བྲལ་བས་སྣང་བ་རང་དག་པ་གཉིས་ཏེ། དུས་གཅིག་ཏུ་སྐྱེས་ནས་ཐ་དད་དུ་གྱུར་པ་རི་བོང་གི་རྭ་ལྟ་བུ་མིན་ཏེ། དག་པ་དེ་ཡང་རང་དག །གྲོལ་བ་དེ་ཡང་རང་གྲོལ། རང་གྲོལ་རང་དག་གི་རིག་པ་དེ་ལ། ཤེས་བྱ་ཆིག་ཆོད་ཅེས་བྱའོ། །འོ་ན། སེམས་ཉིད་དེ་སྟོང་པ་གཅིག་ཏུ་འདུག་པ་ལ། སྟོང་པའི་རྐྱེན་བཞིར་མ་གོལ་བ་དེ་ཇི་ལྟ་བུའི་སྟོང་པ་ཡིན། སྟོང་པ་དེ་ནི་རང་བཞིན་གྱི་སྟོང་པ་ཉིད་དེ། དེ་ལ་རང་བཞིན་གྱི་སྟོང་པ་ལའང་གཉིས་ཏེ། རང་བཞིན་མཚན་མ་ལ་སྤྱོད་པའི་སྟོང་པ་དང་། རང་བཞིན་རྣམ་པར་དག་པའི་སྟོང་པའོ། །དེ་ལ་དང་པོ་རང་བཞིན་མཚན་མ་ལ་སྤྱོད་པའི་སྟོང་པ་ནི། ཤེས་རབ་ཕ་རོལ་ཕྱིན་པ་ལས། སྟོང་པ་ཉིད་སྟོང་པ་ཉིད་ལ་སྤྱོད་ན། རང་བཞིན་མཚན་མ་ལ་སྤྱོད་པའོ། །ཞེས་གསུངས་སོ། །གཉིས་པ་ནི། འཛིན་པ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། རང་བཞིན་རྣམ་པར་དག་པའི་སྟོང་པའོ། །ཡེ་ཤེས་གསང་བའི་རྒྱུད་ལས། ངོ་བོ་ཉིད་ནི་དམིགས་སུ་མེད། །ཡེ་ཤེས་ཀུན་བཟང་རྣམ་པར་དག །ཅེས་གསུངས་སོ། །དེས་ནི་སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ཐལ་ལོ།། ༈ །།ད་ནི་རེ་དོགས་མེད་པའི་དབྱིངས་ལ་གཏད་པ་ནི། དེ་ལ་ཡང་གཉིས་ཏེ། གོ་བ་དང་། ཚིག་གཉིས་སོ། །དེ་ལ་དང་པོ་ནི། ཡར་སངས་རྒྱས་ལ་མི་རེ་སྟེ། སེམས་ཉིད་འདི་རང་སངས་རྒྱས་ཡིན་པས། འདས་པའི་རྗེས་མི་གཅོད་དོ། །འདས་པའི་རྗེས་མ་བཅད་པས། ཉོན་མོངས་སྔོན་ན་མི་སྡོད་དོ། །འདོད་པའི་མཐའ་ཆོད་དོ། །མར་འཁོར་བ་ལ་མི་དོགས་ཏེ། སེམས་ཉིད་རྟོགས་པས་འཁོར་བ་དེ་ཉིད་དུ་དག་སྟེ། མ་འོངས་པའི་སྔོན་མི་བསུའོ། །མ་འོངས་པའི་སྔོན་མ་བསུས་པས། བག་ཆགས་ཕྱི་ན་མི་འབྲང་སྟེ། དོགས་པའི་སྙེམས་ཞིག་གོ། །ད་ལྟ་ལ་ངོས་བཟུང་དུ་མེད་པས་འཕགས་པའི་ཐུགས་རྗེས་སྐྱོབ་ཏུ་མེད་པར་རྟོགས་པའོ། །སེམས་ཉིད་དེ་སྐྱེ་མི་སྲིད་པའི་ཕྱིར། མ་འོངས་པའི་སྔོན་མི་བསུ་བ་ཡིན། ད་ལྟའི་ཤེས་པ་འདི་ཕན་ཆད་འདས་པ་ཡིན། ད་རུང་མ་དྲན་པ་དེ་མ་འོངས་པ་ཡིན། དེ་གཉིས་ཀྱི་བར་ན་སྙིགས་མ་གཅིག་ཙམ་ཡང་མི་གནས་པ་དེ་ནི། ད་ལྟ་ལ་ངོས་བཟུང་དུ་མེད་པ་ཡིན་ནོ། །དེ་ལ་འཕགས་པའི་ཐུགས་རྗེས་སྐྱོབ་ཏུ་མེད་པ་ཡིན་ནོ། །ད་ལྟ་སྐྱེས་པ་ལ་མི་གནས་པས་ངོས་བཟུང་དུ་མེད་པ་ཡིན། དེས་ནི་གོ་བ་བསྟན་པ་ཐལ་ནས། གཉིས་པ་ཚིག་ལ་གཉིས་ཏེ། བསམ་བརྗོད་བྲལ་བའི་ཏིང་འཛིན་མཆོག །དེ་བཞིན་དུ་ནི་མྱ་ངན་འདས། །ཞེས་པའོ། །དེ་ཡང་དང་པོ་ལ་སྒྲོས་བཞི་སྟེ། འཛིན་པ་རྩེ་གཅིག་གི་ཏིང་ངེ་འཛིན་དང་། གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་དང་། ཁྱབ་པ་མཐའ་དང་བྲལ་བའི་ཏིང་ངེ་འཛིན་དང་། རང་བཞིན་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནོ། །དེ་ལ་འཛིན་པ་རྩེ་གཅིག་ནི། ཉན་ཐོས་དང་། རང་སངས་རྒྱས། མུ་སྟེགས་རྟག་ཆད་དེ། དེ་ལ་ཐེག་པ་འོག་མ་པའི་ཏིང་ངེ་འཛིན་ནོ། །གཉུག་མ་ལྷུན་གྲུབ་ཀྱི་ཏིང་ངེ་འཛིན་ནི། ཐེག་པ་ཆེན་པོ་སེམས་ཙམ་དང་དབུ་མ་གསང་སྔགས་ཏེ་ཐེག་པ་ཆེན་པོའི་ཏིང་ངེ་འཛིན་ནོ། །ཁྱབ་པ་མཐའ་དང་བྲལ་བ་ནི། ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་ནོ། །རང་བཞིན་རྣམ་པར་དག་པའི་ཏིང་ངེ་འཛིན་ནི། རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་ནོ། །དེ་བས་ན། བསམ་བརྗོད་བྲལ་བའི་ཏིང་འཛིན་དེ་ལྟར་ཏིང་ངེ་འཛིན་བཞི་པོ་དེ་ཡང་རྫོགས་པ་ཆེན་པོ་ལ་ལྷུན་གྱིས་གྲུབ་པའོ། །མཆོག །ཅེས་པའོ། །དེ་ཡང་ཡེ་ཤེས་རྫོགས་པའི་རྒྱུད་ལས། རྫོགས་ཆེན་ཏིང་འཛིན་གཡོ་འཇུག་བྲལ། །ཞེས་གསུངས་སོ། །གཉིས་པ་མྱ་ངན་ལས་འདའ་བ་ལ་སྒྲོས་བཞི་སྟེ། ཞི་བ་མྱ་ངན་ལས་འདས་བ་དང་། མི་གནས་པར་མྱ་ངན་ལས་འདའ་བ་དང་། མི་མཉམ་པའི་མྱ་ངན་ལས་འདའ་བ་དང་། ཡང་དག་པའི་མྱ་ངན་ལས་འདའ་བ་དང་བཞིའོ། །དེ་ལ་ཞི་བ་མྱ་ངན་ལས་འདའ་བ་ནི། ཐེག་པ་འོག་མ་པའི་མྱ་ངན་ལས་འདའ་བ་སྟེ། ཞི་བ། དུལ་བ། སྦས་པ། བདག་མེད་པས་སེམས་ཉིད་འདི་རང་ལ་ལྷུན་གྱིས་གྲུབ་པ་སྟེ། ཞི་བ་མྱ་ངན་ལས་འདའ་བའོ། །མི་གནས་པའི་མྱ་ངན་ལས་འདའ་བ་ནི། ཐེག་པ་ཆེན་པོའི་མྱ་ངན་ལས་འདའ་བ་སྟེ། སེམས་ཙམ་པ་རང་རིག་རང་གསལ་གྱི་ལྟ་བ། དབུ་མ་པ་དོན་ཆོས་ཉིད་མི་རྟོག་པའོ། །གསང་སྔགས་པ་བདེ་བ་འདོད་པ་དེ་ཡང་། སེམས་ཉིད་འདི་རང་ལ་ལྷུན་གྱིས་གྲུབ་སྟེ། མི་གནས་པའི་མྱ་ངན་ལས་འདའ་བའོ། །མི་མཉམ་པའི་མྱ་ངན་ལས་འདའ་བ་ནི། ཕྱག་རྒྱ་ཆེན་པོའི་མྱ་ངན་ལས་འདའ་བ་སྟེ། དོན་ཆོས་ཉིད་དབྱེར་མི་ཕྱེད་པས། སེམས་ཉིད་འདི་རང་ལ་ལྷུན་གྱིས་གྲུབ་སྟེ། མི་མཉམ་པའི་མྱ་ངན་ལས་འདའ་བའོ། །ཡང་དག་པའི་མྱ་ངན་ལས་འདའ་བ་ནི། རྫོགས་པ་ཆེན་པོའི་མྱ་ངན་ལས་འདའ་བ་སྟེ། བདེ་བ། གསལ་བ། མི་རྟོག་པ། དབྱེར་མི་ཕྱེད་དེ་དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱ་བའམ། དབྱེར་མི་ཕྱེད་ཅེས་བྱ་བ་ཙམ་གྱི་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། སེམས་ཉིད་འདི་རང་ལ་ལྷུན་གྱིས་གྲུབ་སྟེ། རྫོགས་པ་ཆེན་པོའི་མྱ་ངན་ལས་འདའ་མྱ་ངན་ལས་འདའ་ལུགས་བཞི་པོ་དེ་ཡང་རྫོགས་པ་ཆེན་པོའི་ས་ལ་ལྷུན་གྱིས་གྲུབ་བོ། །བའོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས། ས་དྲུག་སེམས་ལ་བསྒྲངས་པ་ཡང་། །མ་བཅོས་རྫོགས་པ་ཆེན་པོའི་ས། །རྫོགས་པས་ཡོན་ཏན་དྲུག་ཏུ་བསྟན། །ཞེས་གསུངས་སོ། །ཡང་དག་པའི་མྱ་ངན་ལས་འདའ་བ་དེ་ནི། སྐྱབས་སངས་རྒྱས་ཉག་གཅིག་པ་ཡང་ཡིན་ཏེ། དམ་ཆོས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་གནས་མ་ཡིན་ཏེ། །མེད་ཕྱིར་སྤང་ཕྱིར་འཇིགས་པའི་ཕྱིར། །ཅེས་སོ། །སངས་རྒྱས་ལ་སྐྱབས་སུ་ཕྱིན་པའོ། །དེ་ཉིད་ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་དེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཡིན་ཏེ། དེ་ནི་ཆོས་ལ་སྐྱབས་སུ་ཕྱིན་པའོ། །དེ་ཉིད་ཀྱི་རྟེན་མེད་ཀྱི་རིག་པ་རང་གསལ་བ། ཐོགས་མེད་ཀྱི་ཤེར་རབ་རང་ཤར་བས། ཚོགས་མཐར་ཕྱིན་པ་དེ་དགེ་འདུན་ལ་སྐྱབས་སུ་ཕྱིན་པའོ། །དེ་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་གོ། །ཞེས་སོ། །དེས་ནི་ཐར་པའི་ལམ་སྣ་ཟིན་པ་ཡིན། སངས་རྒྱས་ཀྱི་བསྟན་པ་ལ་ཚུད་པ་ཡིན། ཆོས་ཉིད་ཀྱི་དོན་རྟོག་པ་ཡིན། དོན་དམ་པའི་བདེན་པ་ཡིན། དེས་ནི་རེ་དོགས་མེད་པའི་དབྱིངས་ལ་གཏད་པ་ཐལ་ལོ། །དེས་མན་ངག་གི་གདན་བསྟན་པ་ཐལ། དོན་གཏན་ལ་འབེབས་པའི་དུས་ཐལ་ནས། ༈ གཉིས་པ་དོན་གཏན་ལ་ཕེབས་པ་ལ་གསུམ་སྟེ། དབང་ངང་གི་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་གཏན་ལ་ཕེབས་པ་དང་། སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བར་གཏན་ལ་ཕེབས་པ་དང་། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པར་གཏན་ལ་ཕེབས་པའོ། །དེ་ལ་དང་པོ་དབང་ངང་གིས་རྫོགས་པ་ནི། ཕྱི་བུམ་པའི་དབང་བསྐུར་བའི་རྫས་རྣམ་པར་རྒྱལ་བའི་བུམ་པ། བསྐུར་བའི་གནས་ལུས་ལ་བསྐུར་བ། སྒྲིབ་པ་ནི་ལུས་ཀྱི་སྒྲིབ་པ་དག་པར་བྱེད། དམ་ཚིག་ཏུ་སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་པར་སྤྱོད་པའམ་འདོད་པས་ལོག་པར་གཡེམ་པ་སྤོང་། གདམས་ངག་ཅི་སྟོན་ན་སྐུ་རྡོ་རྗེའི་ས་བོན་དུ་འཇོག་པའི་མན་ངག་སྟོན། དབང་བ་ཅིར་དབང་ན་ལྷ་བསྐྱེད་པའི་རིམ་པ་ལ་དབང་། ཉམས་སུ་གང་འཆར་ན། རང་རིག་རང་གསལ་གྱི་ཉམས་མྱོང་རྒྱུད་ལ་འཆར། དེ་རྒྱུད་ལ་མ་སྐྱེས་ན། དབང་གི་ཆོ་ག་རྫོགས་ཀྱང་དབང་གི་དོན་མ་རྫོགས། དེ་རྒྱུད་ལ་ཤར་ན་དབང་བསྐུར་ཡང་བསྐུར་ཐོབ་ཀྱང་ཐོབ་བོ། །གདམས་ངག་འདིའི་དབང་དུ་བྱས་ན། རང་གི་ངོ་བོ་རང་གསལ་བར་འདུག་པས། དབང་གི་ཆོ་ག་མ་རྫོགས་ཀྱང་དབང་གི་དོན་རྫོགས་སོ། །ནང་གསང་བའི་དབང་བསྐུར་བའི་རྫས། ཤ་ལྔ་བདུད་རྩི་ལྔ། བསྐུར་བའི་གནས་ངག་ལ་བསྐུར་བ། སྒྲིབ་པ་ནི་ངག་གི་སྒྲིབ་པར་བྱེད། དམ་ཚིག་ཏུ་ངག་འཁྱལ་བ། ཚིག་རྩུབ་པ། རྫུན། ཕྲ་མ་སྤོང་བ། གདམས་ངག་ཅི་སྟོན་ན། གསུང་རྡོ་རྗེའི་ས་བོན་དུ་འཇོག་པའི་མན་ངག་སྟོན། དབང་བ་ཅི་ལ་དབང་ན་རྡོ་རྗེའི་བཟླས་པ་ལ་དབང་། ཉམས་སུ་ཅི་འཆར་ན་དོན་ཆོས་ཉིད་མི་རྟོག་པ་རྒྱུད་ལ་འཆར། དེ་རྒྱུད་ལ་མ་སྐྱེས་ན་དབང་གི་ཆོ་ག་རྫོགས་ཀྱང་དབང་གི་དོན་མ་རྫོགས། དེ་རྒྱུད་ལ་ཤར་ན་དབང་བསྐུར་ཡང་བསྐུར་ཐོབ་ཀྱང་ཐོབ་པ་ཡིན། གདམས་ངག་འདིའི་དབང་དུ་བྱས་ན། སེམས་ཉིད་འདི་ལ་བློའི་རྟོག་པ་ཅི་ཡང་མི་གནས་པས། དབང་གི་ཆོ་ག་མ་རྫོགས་ཀྱང་དབང་གི་དོན་རྫོགས་སོ། །ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བའི་རྫས་ནི། བྱང་ཆུབ་སེམས་ཀྱི་ཐེག་ལེ། བསྐུར་བའི་གནས་ནི་ཡིད་ལ་བསྐུར་བ། སྒྲིབ་པ་ནི་ཡིད་ཀྱི་སྒྲིབ་པ་དག །དམ་ཚིག་ཏུ་བརྣབ་སེམས་དང་། གནོད་སེམས། ལོག་པར་ལྟ་བ་སྤོང་། གདམས་ངག་ཏུ་ཅི་སྟོན་ན། ཐུགས་རྡོ་རྗེའི་ས་བོན་དུ་འཇོག་པའི་གདམས་ངག་སྟོན། དབང་བ་ཅི་ལ་དབང་ན། དོན་ཆོས་ཉིད་བསྒོམ་པ་ལ་དབང་། དེས་དུས་སུ་ཉམས་སུ་ཅི་འཆར་ན། ཟག་མེད་ཀྱི་བདེ་བ་རྒྱུད་ལ་འཆར་བའོ། །དེ་མ་སྐྱེས་ན་དབང་གི་ཆོ་ག་རྫོགས་ཀྱང་དབང་གི་དོན་མ་རྫོགས་སོ། །དེ་རྒྱུད་ལ་ཤར་ན། དབང་བསྐུར་ཡང་བསྐུར་ཐོབ་ཀྱང་ཐོབ་པའོ། །གདམས་ངག་འདིའི་དབང་དུ་བྱས་ན། ལུས་ཡོད་མི་སྙམ་པའི་ཟག་པ་མེད་པའི་བདེ་བ་དེ་རྒྱུད་ལ་འཆར། དེ་རྒྱུད་ལ་ཤར་བས་དབང་གི་ཆོ་ག་མ་རྫོགས་ཀྱང་དབང་གི་དོན་རྫོགས་སོ། །ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། རང་ལུས་ཐབས་དང་ལྡན་པས་རླུང་ལས་སུ་རུང་བ་དང་། གཞན་ལུས་ཤེས་རབ་དང་ལྡན་པས་རྩ་ལས་སུ་རུང་བ་དང་། གཉིས་མེད་བདེ་བ་ཆེན་པོའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་དེའོ། །གདམས་ངག་འདིའི་དབང་དུ་བྱས་ན། གསལ་བ་དང་། མི་རྟོག་པ། བདེ་བ་གསུམ། ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མི་ཕྱེད་པས། ངོ་བོ་གཅིག་ཏུ་འདུག་པས། ཚིག་གི་དབང་ངང་གིས་རྫོགས་པའོ། །དེ་ཡན་ཆད་དུ་ད་དུང་བློའི་མཐའ་ཟབ་ཅིང་ཕྲ་བ་ཡང་ཡོད་པས། ཚིག་གི་མཐའ་ཡང་ཟབ་ཅིང་ཕྲ་བ་ཡང་ཡོད་དེ། སེམས་ཉིད་རྒྱུད་ལ་ཉམས་སུ་ཤར་བའི་དུས་སུ་བློའི་མཐའ་ཟབ་ཅིང་ཕྲ་བ་ཡང་མི་གནས་པས། དབང་བཞི་པ་དེ་ལ་རྒྱལ་ཐབས་རིན་པོ་ཆེ་སྤྱི་བླུགས་ཀྱི་དབང་རྫོགས་སོ། །དེ་ཡང་དབང་བསྐུར་རྒྱལ་པོའི་རྒྱུད་ལས། སེམས་ཉིད་དག་པས་དབང་རྫོགས་ཏེ། །དབང་མཆོག་དམ་པ་དེ་ཉིད་དོ། །ཞེས་གསུངས་སོ། །ཡེ་ཤེས་གསང་བའི་རྒྱུད་ལས་ཀྱང་། རྒྱལ་ཐབས་སྤྱི་བླུགས་དབང་བསྐུར་ན། །ཐོགས་མེད་བྱང་ཆུབ་སེམས་དང་འཕྲད། །མི་བགྲོད་རྟོག་པའི་འཇུག་ལས་སྒྲོལ། །ཞེས་གསུངས་སོ། །ད་དགེ་བའི་ཆོས་ལ་མི་ལྟོས་པ་ལ་གཉིས་ཏེ། བསྒྲུབ་བྱ་དགེ་བའི་ཆོས་ལ་མི་ལྟོས་པ་དང་། བསྒོམ་བྱ་དགེ་བའི་ཆོས་ལ་མི་ལྟོས་པའོ། །དེ་ལ་དང་པོ་ནི། སྦྱིན་པ་བཏང་། སྦྱིན་པ་ལ་རེ་བ་དང་ལྟོས་པ་མེད་པར་སྦྱིན་པ་གཏོང་བ་ནི། སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའོ། །ཚུལ་ཁྲིམས་བསྲུང་། ཚུལ་ཁྲིམས་ལ་རེ་བ་དང་ལྟོས་པ་མེད་པར་ཚུལ་ཁྲིམས་བསྲུང་བ་ནི། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བཟོད་པ་བསྒོམ། བཟོད་པ་ལ་རེ་བ་དང་ལྟོས་པ་མེད་པར་བཟོད་པར་བསྒོམ་པ་ནི། བཟོད་པའི་ཕ་རོལ་ཏུ་ཕྱིན་པའོ། །བརྩོན་འགྲུས་བརྩམ། བརྩོན་འགྲུས་ལ་རེ་བ་དང་ལྟོས་པ་མེད་པར་བརྩོན་འགྲུས་བརྩམ་པ་ནི། བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །བསམ་གཏན་ལ་སྙོམས་པར་ཞུགས། བསམ་གཏན་ལ་རེ་བ་དང་ལྟོས་པ་མེད་པར་བསམ་གཏན་ལ་སྙོམས་པར་འཇུག་པ་ནི། བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེས་རབ་བསྒོམ། ཤེས་རབ་ལ་རེ་བ་དང་ལྟོས་པ་མེད་པར་ཤེས་རབ་བསྒོམ་པ་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །གཉིས་པ་བསྒོམ་བྱ་དགེ་བའི་ཆོས་ལ་མི་ལྟོས་པ་ནི། བསྐྱེད་རྫོགས་གོ་དང་པོ་འབྱུང་བ་རིམ་བརྩེགས་དང་དེ་ནས་རྟེན་གཞལ་ཡས་ཁང་གདན་ཉི་ཟླ་པདྨའི་སྟེང་གསུང་ཡིག་འབྲུ་ཐུགས་ཕྱག་མཚན་ལས་སྐུ་ལྷའི་ཕྱག་རྒྱ་བསྒོམ། དེ་ནས་རྫོགས་རིམ་གྱིས་རྒྱས་འདེབས་པ་དེ་ནི་གོ་རིམ་དུ་བསྒོམ་པའོ། །རིམ་དུ་བསྒོམ་པ་དང་། བསྐྱེད་རྫོགས་རྩེ་སྦྲག་འབྱུང་བ་རིམ་བརྩེགས་བསྒོམ་པ་ལ་མི་རྟོག་པས་རྒྱས་གདབ་པ་དེ་ནི་རྩེ་སྦྲག་ཏུ་བསྒོམ་པའོ། །ཏུ་བསྒོམ་པ་དང་། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམ་པ་ལ་མི་ལྟོས་པ་ནི། བསྒོམ་བྱ་དགེ་བའི་ཆོས་ལ་མི་ལྟོས་པའོ།། ༈ །།གཉིས་པ་སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་ནི། སེམས་ཉིད་ཀྱི་ངོ་བོ་རང་གསལ་བས་སྤྲུལ་པའི་སྐུ་རང་ཆས། སེམས་ཉིད་མི་རྟོག་པས་ཆོས་སྐུ་རང་ཆས། སེམས་ཉིད་བདེ་བས་ལོངས་སྐུ་རང་ཆས། སེམས་ཉིད་དབྱེར་མི་ཕྱེད་པས་ངོ་བོ་ཉིད་ཀྱི་སྐུ་རང་ཆས། དེ་ཡང་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་གསང་བའི་སྐུ་རང་ཆས་སོ། །དེ་ཡང་རྒྱུད་ཆེན་ལས། སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཞེས་སོ། །གཉིས་འཛིན་ལས་གྲོལ་བ་ནི། འཁོར་འདས་གཉིས་སུ་འཛིན་པ་ལས་གྲོལ། གཟུང་འཛིན་གཉིས་སུ་འཛིན་པ་ལས་གྲོལ། རྟག་ཆད་གཉིས་སུ་འཛིན་པ་ལས་གྲོལ། དགེ་སྡིག་གཉིས་སུ་འཛིན་པ་ལས་གྲོལ། སྣང་སྟོང་གཉིས་སུ་འཛིན་པ་ལས་གྲོལ། དེ་ལ་སོགས་ཏེ་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལས་གྲོལ་བའོ། ༈ །ད་དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་ལ་གཉིས་ཏེ། དོན་གཅིག་ཏུ་རྟོགས་པ་དང་། རྟོག་དཔྱོད་ལས་འདས་པའོ། །དེ་ལ་དང་པོ་དོན་གཅིག་ཏུ་རྟོགས་པ་ནི། སེམས་ཉིད་རང་གི་ངོ་བོར་རང་གསལ་བས་སེམས་ཙམ་གྱི་ལྟ་བའི་དོན་རྟོགས། སེམས་ཉིད་མི་རྟོག་པས་དབུ་མའི་ལྟ་བའི དོན་རྟོགས། སེམས་ཉིད་བདེ་བས་གསང་སྔགས་ཀྱི་ལྟ་བའི་དོན་རྟོགས། སེམས་ཉིད་དབྱེར་མི་ཕྱེད་པས་ཕྱག་རྒྱ་ཆེན་པོའི་ལྟ་བའི་དོན་རྟོགས། དེ་མན་ཆད་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཞིག་ཡོད་པ་ཡིན་ནོ། །ཡེ་ཤེས་གསང་བའི་རྒྱུད་ལས་ཀྱང་། དུས་གསུམ་སངས་རྒྱས་དགོངས་པ་ལ། །རང་བཞིན་དགོངས་པ་གཅིག་ལས་མེད། །ཅེས་གསུངས་པས། སེམས་ཉིད་རྒྱུད་ལ་ཤར་བའི་དུས་ན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། རྫོགས་པ་ཆེན་པོ་ལྟ་བའི་དོན་རྟོགས་ཏེ། དེ་ཡང་ཏིང་ངེ་འཛིན་དམ་པའི་མདོ་ལས། དོན་གཅིག་རྟོགས་པས་ཏིང་འཛིན་དམ་པ་སྟེ། །ཏིང་འཛིན་རྒྱལ་པོ་དེ་ཉིད་དོ། །ཞེས་གསུངས་སོ། །རྟོག་དཔྱོད་ལས་འདས་པ་ལ་གཉིས་ཏེ། སྣང་ངོ་རྟོག་དཔྱོད་ལས་འདས་པ་དང་། རིག་ངོ་རྟོག་དཔྱོད་ལས་འདས་པའོ། །དང་པོ་སྣང་ངོ་རྟོག་དཔྱོད་ལས་འདས་པ་ནི། མཁས་པ་པཎྜི་ཏ་ནས། བླུན་པོ་བ་གླང་རྫི་བོ་ཡན་ཆད། ཆོས་ཅན་གཅིག་ལ་སྣང་ངོ་གཅིག་གོ། །འདི་མཚམས་ཅུང་ཟད་ཆད་འདྲ་བས་དཔྱད། མཆན། སེམས་ཉིད་བློ་མཐའ་དང་བྲལ་བས། སྣང་ངོ་རྟོག་དཔྱོད་ལས་འདས་པའོ། །གཉིས་པ་རིག་ངོ་རྟོག་དཔྱོད་ལས་འདས་པ་ནི། ཆོས་ཅན་གཅིག་ལ་ངོ་བོ་ཅིར་ཡང་སྣང་བ། རང་བཞིན་ཅིར་ཡང་མ་ཡིན་པ། མཚན་ཉིད་བརྗོད་པ་ལས་འདས་པ། གནས་ལུགས་སྐྱེ་བ་མེད་པའོ། །དེ་ཡང་སེམས་ཉིད་ལ་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། རིག་ངོ་རྟོག་དཔྱོད་ལས་འདས་པའོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས། བྱང་ཆུབ་སེམས་ཀྱི་ངོ་བོ་ནི། །དམན་པའི་སེམས་ཀྱིས་མི་རྟོགས་ཏེ། །གཏན་ཚིག་གསུམ་གྱིས་ཤེས་པར་བྱ། །ཞེས་གསུངས་སོ། །དེ་ལྟར་ལྟ་བ་རྟག་ཆད་གཉིས་མེད། ལྟ་བ་བློ་བྲལ་རང་སྙེམས་ཆོད། རྟོགས་པ་ལྟ་བ། དེ་ལ་མ་ཡེངས་པར་སྒོམ་སྒོམ་པ་སྟོང་གསལ་བདེ་ཆེན། སྒོམ་པ་མ་གཏང་མ་ཡེངས། པ། དེ་གྲོགས་སུ་གྱུར་པ་སྤྱོད་སྤྱོད་པ་ཐ་མལ་རང་སྤྱོད། སྤྱོད་པ་སྣང་ལ་མི་འཛིན་པའོ། །པ། དེ་མཐར་ཕྱིན་པ་འབྲས་འབྲས་བུ་འཁོར་འདས་གཉིས་མེད། འབྲས་བུ་ཀ་དག་དབྱིངས་གྲོལ་ཡིན་བྱས་སོ། །བུའོ། །དོན་དེ་ལྟར་རྒྱུད་ལ་ཤར་བ་དེས་དགེ་བ་ཡང་ཡིད་ལ་མི་བྱེད། སྡིག་པ་ཡང་ཡིད་ལ་མི་བྱེད་དེ། དེ་དགེ་མེད་སྡིག་མེད་ཅེས་བྱ། དེ་དགེ་བ་ལས་ཀྱང་གྲོལ། སྡིག་པ་ལས་ཀྱང་གྲོལ་བས་དགེ་གྲོལ་སྡིག་གྲོལ་ཞེས་ཀྱང་བྱ། དེ་དགེ་བ་ལས་ཀྱང་འདས། སྡིག་པ་ལ་ཀྱང་འདས་པས། དགེ་འདས་སྡིག་འདས་ཞེས་ཀྱང་དེ་ལ་བྱའོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས། ཐམས་ཅད་བྱང་ཆུབ་སེམས་སུ་ཤེས། །གང་ལྟར་གནས་ཀྱང་ཆོས་ཉིད་དོ། །ཞེས་གསུངས་སོ། །དེས་དོན་གཏན་ལ་ཕེབས་འདིས་ལྟ་བའི་གཅོད་བསྟན། པ་ཐལ་ནས། ༈ གསུམ་པ་དོན་ཉམས་སུ་ཤར་བ་ལ་གཉིས་ཏེ། འདི་ནི་རྡོ་རྗེའི་ལམ་མཆོག་སྟེ། །ཞེས་པ་དང་། སྐལ་ལྡན་འབད་པ་མེད་པར་གྲོལ། །ཅེས་པའོ། །དེ་ལ་དང་པོ། འདི་ནི་ལ་གཉིས་ཏེ། དོན་འདི་ནི་དང་། དུས་འདི་ནིའོ། །དང་པོ་དོན་འདི་ནི་ཞེས་པ་ནི། དོན་སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས། བླ་མས་བརྡས་བསྟན་པའི་དུས་སུ་རང་གི་རྒྱུད་ལ་ལྷག་གེ་ཤར་བ་དེ་ཡིན། དོན་དེ་ཉམས་སུ་བླངས་པས། གཉིས་པ་དུས་ལ་རྣམ་པ་གསུམ་སྟེ། རྩེ་གཅིག་སྒྱུ་མ་ལྟ་བུའི་དུས། དུ་མ་རོ་གཅིག་སྟོང་པའི་དུས། སྤྲོས་བྲལ་རྣམ་དག་གི་དུས་སོ། །དེ་ལ་དང་པོ་ནི། མཉམ་པར་བཞག་ཁྲི་ཆིག་སྟོང་དྲུག་བརྒྱ་ལ་བཞི་ཆ་གཅིག་འགག་པ་མཉམ་པ་ལ་ཉིན་ནུབ་གང་རུང་གཅིག་གི་ཕྱེད་འཇོག་ནུས་གསུངས། པའི་དུས་ན་ཆོས་ཀྱི་དབྱིངས། རྗེས་ཀྱི་དུས་ན་མིག་གིས་གཟུགས་མཐོང་བ། གཟུགས་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། སྣས་དྲིས་ཚོར་བ། དྲི་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། རྣ་བས་སྒྲ་ཐོས་པ། སྒྲ་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། ལྕེས་རོ་ཚོར་བ། རོ་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། ལུས་ཀྱིས་རེག་བྱ་ཚོར་བ། རེག་བྱ་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། ཕྱི་གཟུང་ཡུལ་སྒྱུ་མ་ལྟ་བུར་ཤེས་ཀྱང་ཤེས། གྱུར་ཀྱང་གྱུར་རོ། །ནང་འཛིན་པའི་སེམས་འདོད་ཆགས་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། ཞེ་སྡང་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། གཏི་མུག་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། ང་རྒྱལ་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར། ཕྲག་དོག་སྒྱུ་མ་ལྟ་བུར་ཤེས། སྒྱུ་མ་ལྟ་བུར་གྱུར་ཏེ། དེ་ཡང་ལུང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་སྒྱུ་མ་ལྟ་བུའོ། །ཚོར་བ་སྒྱུ་མ་ལྟ་བུའོ། །ཞེས་གསུངས་སོ། །དེས་ནི་ནགས་ལ་མེ་ཤོར་བ་ལྟ་བུའོ། །དེའི་དུས་ན་རྟགས་རྣམ་པ་ལྔ་འབྱུང་སྟེ། དང་པོ་འབར་བ་ལྟ་བུའི་རྟགས། དེ་ནས་ཟླ་བ་ཤར་བ་ལྟ་བུའི་རྟགས་འབྱུང་། དེ་ནས་སྤྲུལ་པའི་སྐུ་མཐོང་བ་ལྟ་བུའི་རྟགས། དེ་ནས་ལོངས་སྤྱོད་རྫོགས་པའི་སྐུ་མཐོང་བ་ལྟ་བུའི་རྟགས་འབྱུང་། རྟགས་དེ་རྣམས་ནི་ཤར་བ་ལ་དགའ་བའི་འདུ་ཤེས་ཀྱང་མི་བསྐྱེད། མ་ཤར་བ་ལ་མི་དགའ་བའི་རྟོག་པ་ཡང་མི་བྱའོ། །དེའི་སྟོབས་ཀྱིས་དེ་ཡང་དག་ནས་ད་རུང་མཉམ་པར་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ཕྱེད་འགག་པས་མཉམ་བཞག་ལ་ཉིན་མཚན་གང་རུང་རེ་འཇོག་ནུས། དེ་ཙ་ནས་བརྒྱད་ནོན། བཞག་པས་རྗེས་ཀྱི་ཐོབ་པ་ལ། གཉིས་པ་དུ་མ་རོ་གཅིག་སྟོང་པའི་ཉམས་འཆར་ཏེ། མིག་གིས་གཟུགས་མཐོང་བ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། རྣ་བས་སྒྲ་ཐོས་པ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། སྣས་དྲི་ཚོར་བ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། ལྕེས་རོ་མྱོང་བ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། ལུས་ཀྱི་རེག་བྱ་ཚོར་བ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། དེ་ལྟར་ཕྱི་གཟུང་བའི་ཡུལ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། ནང་འཛིན་པའི་སེམས་འདོད་ཆགས་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། ཞེ་སྡང་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། གཏི་མུག་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། ང་རྒྱལ་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར། ཕྲག་དོག་སྟོང་པ་ཉིད་དུ་ཤེས། སྟོང་པ་ཉིད་དུ་གྱུར་ཏེ། དེ་ཡང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། གཟུགས་སྟོང་པ་ཉིད། སྟོང་པ་ཉིད་གཟུགས་སོ། །ཞེས་གསུངས་སོ། །དཔེ་ནི་མཚོ་ལ་ཁ་བ་བབ་བབ་ཚད་ཆུར་གྱུར་པ། པ་ལྟ་བུའོ། །དེའི་དུས་ན་མངོན་པར་ཤེས་པ་ལྔ་འཆར་ཏེ། ལྷའི་མིག་གི་མངོན་འཇིག་རྟེན་གྱི་ཁམས་གཞན་སྐད་ཅིག་མ་གཅིག་ལ་མེ་ལོང་གི་ནང་དུ་བལྟ་བཞིན་དུ། པར་ཤེས་པ་ལ་སྤྱན་རྣམ་པ་འཆར་བས། ས་འོག་ས་སྟེང་ས་བླ་རྣམ་པར་གསུམ་མཐོང་བའོ། །ལྷའི་རྣ་བའི་མངོན་ཁམས་གསུམ་གྱི་སེམས་ཅན་གཞན་གྱི་སྐད་ཐོས་པའོ། །པར་ཤེས་པས་ས་འོག་ས་སྟེང་ས་བླ་རྣམ་པ་གསུམ་གྱི་སྒྲ་ཐོས་པའོ། །གཞན་གྱི་སེམས་ཤེས་པའི་མངོན་པར་ཤེས་པས། གང་ཟག་གཞན་ལྷ་ཀླུའམ་ཁམས་གསུམ་གྱི་སེམས་ཅན་གྱི། གྱི་སེམས་རང་གི་རྒྱུད་ལ་ཇི་ལྟ་བ་བཞིན་དུ་ཤེས་པའོ། །འཆི་འཕོ་བ་དང་སྐྱེ་བ་དྲན་པའི་མངོན་པར་ཤེས་པ་ནི། གཞན་ཅི་ཙམ་ན་འཆི་བ་རྐྱེན་ཅིས་འཆི་བ་ཤེས་པ་དང་། ཕྱི་མ་གར་སྐྱེ་སྐྱེ་གནས། བ་ཤེས་པའོ། །རྫུ་འཕྲུལ་འཛམ་བུ་གླིང་བྱེ་བ་ཕྲག་བརྒྱར་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱར་སྤྲུལ་ནས་གང་ལ་གང་འདུལ་ཅི་ལ་ཅིས་འདུལ་བའི་གཟུགས་སུ་སྤྲུལ་ནས་དོན་བྱེད་དོ། །གྱི་མངོན་པར་ཤེས་པ་ནི། ལུས་རས་བལ་ལམ། ཤིང་བལ་ལྟ་བུ་ཡངས་པ། ནམ་མཁའ་ལ་བྱ་བཞིན་དུ་འཕུར་བ། ས་ལ་བྱི་བ་བཞིན་འཛུལ་བ། ཆུ་ལ་མི་ནུབ་པར་འགྲོ་བ། ལུས་ཀྱི་བཀོད་པ་འགྱེད་པ་ལ་སོགས་པ་འབྱུང་ངོ་། །དེ་ཡང་དག་ནས་གསུམ་པ་ས་ཐམས་ཅད། སྤྲོས་བྲལ་རྣམ་དག་ནས་རང་བཞིན་གྱིས། གི་ཉམས་འཆར་ཏེ། དེའི་དུས་སུ་མཉམ་བཞག་དང་རྗེས་ཐོབ་མེད་དེ་གསུམ་པ་ཉི་ཁྲི་དྲུག་སྟོང་དྲུག་བརྒྱ་རིལ་པོ་འགག་པ་མཉམ་ལ་འཁོར་བར་འཇོག་ནུས། དེ་ཚེ་ཡི་གེ་བཅུ་གསུམ་འཁོར་ལོ་ཚོགས་ཆེན་གྱིས་ནོན། སེམས་ཉིད་དང་ཆོས་ཉིད་དུ་དག་སྟེ །དཔེ་ནམ་མཁའ་ལ་ཉི་མ་ཤར་མུན་པ་རང་དག་པ། བ་ལྟ་བུར་སེམས་གཉིས་འཛིན་གྱི་མཐའ་ལས་གྲོལ་ཏེ། སེམས་ཀྱི་སེམས་སུ་རྣམ་པར་དག་གོ། །ལུང་ནི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྡུད་པ་ལས། ཉི་མ་སྤྲིན་དང་བྲལ་བའི་འོད་ཟེར་དྲྭ་བ་ཅན། །མུན་ནག་འཐིབས་པོའི་མུན་པ་ཐམས་ཅད་འཇོམས་འཆར་བས། །སྲིན་བུ་མེ་ཁྱེར་སྲོག་ཆགས་འབྱུང་པོ་ཐམས་ཅད་དང་། །སྐར་མའི་ཚོགས་དང་ཟླ་བའི་འོད་ཀུན་ཟིལ་གྱིས་གནོན། །ཞེས་གསུངས་སོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས་ཀྱང་། གདོད་ནས་དག་པ་དྲི་མེད་པས། །ཉི་མ་ཤར་བ་ལྟ་བུར་བཤད། །ཅེས་གསུངས་སོ། །ཡང་དེ་ཉིད་ལས། འཛིན་པ་རགས་པའི་རྟོག་པ་དག །རང་བྱུང་ཡེ་ཤེས་ཉིད་དུ་གསལ། །ཞེས་གསུངས་སོ། །སྡུད་པ་ལས་ཀྱང་། དཔའ་བོ་གར་སྤྱོད་ཤེས་རབ་ཕ་རོལ་ཕྱིན་པ་ཡིན། །ཞེས་གསུངས་སོ། ཅིར་སྣང་ཅི་ཤར་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་དག་གོ། །དོན་ཆོས་ཉིད་ཀྱི་དུས་དེ་ཉིད་ན། དཔའ་བོ་གར་སྤྱོད་ཀྱི་སྤྱོད་པ་དེས། སྤྱོད་པ་ཅི་བྱས་ཀྱང་སྐྱོན་གྱིས་མ་གོས་སོ། །ཡེ་ཤེས་གསང་བ་ལས། སྔགས་ཀྱི་སྤྱད་པ་སྤྱོད་པའི་མཆོག །རྩོལ་མེད་རང་བཞིན་ལྷུག་པའོ། །ཞེས་གསུངས་སོ། །གཉིས་པ་རྡོ་རྗེ་ལ་གཉིས་ཏེ། དང་པོ་དཔེ་འདུས་བྱས་རྫས་ཀྱིི་རྡོ་རྗེ་ནི་རྡོ་རྗེ་ཕ་ལམ་མོ། །གཉིས་པ་དོན་གྱི་རྡོ་རྗེ་ནི། དོན་ཆོས་ཉིད་ཀྱི་རྡོ་རྗེ། འདུས་མ་བྱས་པ། རྒྱུ་ལས་མ་བྱུང་བ། རྐྱེན་གྱིས་མི་འཇིག་པ། ངོ་བོ་སྤྲོས་པ་དང་བྲལ་བ། རང་གི་རྒྱུད་ལ་ཤར་བས་དངོས་པོའི་གནས་ལུགས་གོང་དུ་བསྟན་པ་དེ་ཡིན་ནོ། །གཉིས་པ་ལམ་མཆོག་ལ་གཉིས་ཏེ། ལམ་སྟོབས་ཀྱིས་ཐོབ། འབྲས་བུ་དང་བཅས་པ་དང་། འབྲས་བུ་ལམ་ངོ་བོ་དག་པ། དང་བཅས་པའོ། །དང་པོ་ལམ་འབྲས་བུ་དང་བཅས་པ་ལ་གཉིས་ཏེ། རྒྱུའི་རྒྱུ་མཐུན་པ་ལམ་དུ་བྱེད་པ་ལམ་འབྲས་བུ་དང་བཅས་པ་དང་། འབྲས་བུའི་རྒྱུ་མཐུན་པ་ལམ་དུ་བྱེད་པ་འབྲས་བུ་ལམ་དང་བཅས་པའོ། །དེ་ལ་དང་པོ་རྒྱུའི་རྒྱུ་མཐུན་ལམ་དུ་བྱེད་པ་ལམ་འབྲས་བུ་དང་བཅས་པ་ནི། སྦྱིན་པ་ལ་ལམ་བྱས་ནས་འབྲས་བུ་འབྱོར་པ་ཐོབ། ཚུལ་ཁྲིམས་ལ་ལམ་བྱས་ནས་འབྲས་བུ་མི་ལུས་ཐོབ། བཟོད་པ་ལ་ལམ་བྱས་ནས་འབྲས་བུ་གཟུགས་བཟང་བ་ཐོབ། བརྩོན་འགྲུས་ལ་ལམ་བྱས་ནས་འབྲས་བུ་སྐྱེ་བ་གཞན་གྱིས་བར་མ་ཆོད་པའོ། །བསམ་གཏན་ལ་ལམ་བྱས་ནས་འབྲས་བུ་མི་ལུས་གཙང་མ་ཐོབ། ཤེས་རབ་ལ་ལམ་བྱས་ནས་འབྲས་བུ་འབྲས་བུ་སྤྲུལ་པའི་སྐུ་ཐོབ་སྟེ། རྒྱུ་ལས་ཀྱང་བྱུང་། རྐྱེན་གྱིས་ཀྱང་འཇིག་གོ། །ཐེག་པ་ཆེན་པོའི་ཆོས་དང་མཇལ་ལོ། །གཉིས་པ་འབྲས་བུའི་རྒྱུ་མཐུན་པ་ལམ་དུ་བྱེད་པ་འབྲས་བུ་ལམ་དང་བཅས་པ་ནི། རྟེན་གཞལ་ཡས་ཁང་གདན་ཉི་ཟླ་དང་བཅས་པ་བསྒོམས་པས། འབྲས་བུ་ཡང་ལོངས་སྐུ་དེ་ཁོ་ན་འདྲ་བ་གཅིག་ཐོབ་བོ། །གསུང་ཡིག་འབྲུ་དང་ཐུགས་ཕྱག་མཚན་ལས་ལྷའི་སྐུ་བསྒོམས་པས། འབྲས་བུ་ལྷའི་སྐུ་ཕྱག་རྒྱ་ཆེན་པོ་ལས། ལྷའི་སྐུ་བྱེ་བ་ཕྲག་བརྒྱ་འགྱེད་ནུས་པའོ། །ད་ལྟ་རྡོ་རྗེའི་བཟླས་པ་བྱས་པས་མ་འོངས་པ་ན་འབྲས་བུ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་འགྱེད་ནུས་པའོ། །དེ་ལ་ལྷའི་སྐུ་ལ་ཆོས་ཉིད་ཀྱིས་རྒྱས་བཏབ་པས། འབྲས་བུ་འབྲས་བུ་ལོངས་སྐུ་ཡིན་ཏེ། དང་པོ་བྱུང་ཡང་ཐ་མ་རྐྱེན་གྱིས་མི་འཇིག་གོ། །ལྷའི་སྐུ་ཕྱག་རྒྱ་ཆེན་པོ་སྣང་ལ་རང་བཞིན་མེད་པ་ཐོབ་བོ། །གཉིས་པ་འབྲས་བུ་ལམ་དང་བཅས་པ་ནི། ད་ལྟའི་སེམས་ཉིད་བླ་མའི་བརྡས་བསྟན་པའི་དུས་སུ། གསལ་བ། མི་རྟོག་པ། བདེ་བ། དབྱེར་མི་ཕྱེད་པ་དེ་རང་གི་རྒྱུད་ལ་ཉམས་སུ་ཤར་བའི་དུས་ན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། སེམས་ཀྱི་སེམས་ཉིད་ཅེས་བྱ་སྟེ། ལམ་དུ་དེ་ཉིད་ཁྱེར་བས། དེ་མཐར་ཕྱིན་པ་དེ་འབྲས་བུ་ལམ་དང་བཅས་པའོ། །དེ་ལམ་གྱི་མཆོག་ཡིན་ཏེ། འབྲས་བུ་ཆོས་ཀྱི་སྐུ་ཐོབ་པའོ། །དེ་ཡང་ཡེ་ཤེས་གསང་བའི་རྒྱུད་ལས། རང་སྣང་ལྷུན་གྲུབ་ཡེ་གནས་ལ། །བགྲོད་པའི་ས་ལམ་བཙལ་མི་དགོས། །ཞེས་གསུངས་སོ། །འབྲས་སུ་རྒྱུ་མཐུན་ལམ་དུ་བྱེད་པས་ནི། འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའོ། །རྒྱུའི་རྒྱུ་མཐུན་ལམ་དུ་བྱས་པས་ནི། འབྲས་བུ་སྤྲུལ་པའི་སྐུ་ཐོབ་བོ། །དེ་ནི་སྐུ་ལམ་ཁྱེར་གྱི་གདམས་ངག་གོ། །གཉིས་པ། སྐལ་ལྡན་འབད་པ་མེད་པར་གྲོལ། །ཅེས་པ་ནི། སྐལ་ལྡན་ནི་ཆོས་ཉིད་རྒྱུད་ལ་སྦྱར་བ་དེའོ། །འབད་པ་མེད་པར་གྲོལ། །ཞེས་པ་ནི། འབད་པ་དང་རྩོལ་བ་ཆེད་དུ་བྱ་མི་དགོས་ཏེ། རང་གི་དངོས་པོའི་གནས་ལུགས་ལ་མི་དངང་མི་སྐྲག་པའོ། །སེམས་ཉིད་ལ་འགྲོ་ཉལ་འདུག་སྡོད་དུས་གང་དུ་བལྟས་པས་ཆོག་གོ། །དེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་བྱའོ། །བཀའ་རྫོགས་པ་ཆེན་པོ་སྔ་ཕྱི་གཉིས་ལས། འདི་ནི་བརྒྱུད་པ་ཕྱི་མའི་གདམས་ངག་ལགས། དེ་ལ་རྒྱུད་ཕྱི་མ་ལ། བཀའ་ས་མནྟ་ནམ་མཁའ་དང་མཉམ་པ་བདེ་བ་ཀུན་སྤྱོད་ཀྱི་རྒྱུད་ལས། རྡོ་རྗེ་སྙིང་པོའི་དོན་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་ལས། གདམས་ངག་འདི་རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ། རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་གདམས་ངག་གོ། །ཨཐྎ།
དཔལ་དཔལ་ལ་གཉིས་ཏེ་རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་ལོ། །རྡོ་རྗེ་སེམས་དཔའི་རྦ་སྒོམ་གྱི་གསུང་རྡོ་རྗེའི་ནི་དོན་ཆོས་ཉིད་ཀྱི་རྡོ་རྗེ་འདུས་མ་བྱས་པ། ཚིག །བརྡས་བརྡས་ནི་དུས་དང་གནད། དཔེར་དང་ངོ་སྤྲོད་དོ། །དོན་སྤྲོས་བྲལ་རང་རྒྱུད་ལ་ཤར་བའོ། །སྤྲོད་ནི་ངོ་སྤྲོད་དོ། །པའི་མན་ངག་སྦྱིན་ནི་མི་བསླུ་བའོ། །བཅོས་མེད་ནི་མ་བཅོས་པའོ། །དབྱིངས་ཀྱི་ནི་སྤྲོས་པ་བྲལ། རང་བཞིན་ལ། །རང་ངམ་གཤིས། འཛིན་རྟོག་སྣང་བ་ལ་དེར་འཛིན། ཞེན་པའི་རྟོགས་མི་རྟོགས། ཆོས་སྣང་སྟོང་དབྱེར་མེད་པས། མེད་པས། །སེམས་རང་སར་དག །མི་སྣང་སྟོང་མི་འཛིན་པ་ནི་ནམ་མཁའ་ལྟ་བུ། ཐབས་རེ་རེ་ལ། འགྱུར་ནི་སྣང་བ་མ་འགགས་པ་སལ་ལེ་སིང་ངེ་བ་དེའོ། །ཡེ་ཤེས་ཞེས་བྱའོ། །རང་བྱུང་ལ། །སྣང་བ་ལ་དེར་འཛིན་འཛིན་མེད་པས། རིག་པ་གཞི། འོད་གསལ་བས། །ཆེན་པོའོ། །དུས་ཀྱི་བརྡ་རྩ་འཁོར་ལོ་ལྔ། ལ་བརྟེན་རིག་པའི་རླུང་ཚུད་པའོ། །ནས་ནི། །གནད་ནི་གང་འགྱུར་ན་ཉོན་མོངས་པ་ཅན་གྱི་ཡིད་ནི་རང་རིག་རང་གསལ་དུ་འགྱུར། ཀྱི་བརྡ་ཡི་གནས་གྱུར་པས། །གནས་ཡོད་མེད་རྟག་ཆད་ལ་སོགས་སུ། འགྱུར་པ། དེ་ལ་གཉིས་འཛིན་བག་ཆགས་སོགས་བྱེད་ཀྱི་སྣོད་ནི་མི་རྟོག་པར་འགྱུར། ས་བོན་ཆའི་ཀུན་གཞི་ནི་ཆོས་ཉིད་བདེ་བར་འགྱུར། རྒྱུ་རང་ལས་བྱུང་བའི་མ་རིག་པ་དེ་ཆོས་ཉིད་དབྱེར་མི་ཕྱེད་པར་འགྱུར་རོ། །དེ་ལྟར་མེད། །དངོས་ཉི་ཚེ་བའི་སྟོང་ཉིད་མ་ཡིན་པས། མེད་ཀུན་ལྡན་སྟོང་ཆེན་པོ། །སྟོང་ཉིད་ཡེ་ཤེས་དག་ཏུ་བཤད། །རྡོ་རྗེ་ཟམ་པ་ཞེས་གྲགས་ཡིན། ༈ །ན་མོ་གུ་རུ་བླ་མ་ལ་ཕྱག་འཚལ་བ་ཡིན་གསུངས། མཆོད་པར་བརྗོད་སྐབས་སྦྱོར་གྱི་ལྷན་ཐབས། པ་དང་། བསྟན་པར་དམ་བཅའ་བ་ནི་ཆོས་སྤྱིའི་རྣམ་པ་སྟེ། དོན་རང་གི་མཚན་ཉིད་ཀྱིས་གཏན་ལ་དབབ་སྟེ། དོན་རང་གི་མཚན་ཉིད་ཀྱིས་གཏན་ལ་མ་ཕེབས་ན། གནས་ལུགས་ཀྱི་དོན་རྒྱུད་ལ་མི་འཆར་རོ། །དེ་ལ་ཆོས་སྤྱིའི་རྣམ་པ་ནི། སྟོན་པ་རྣམ་པ་གསུམ་གྱིས་བསྟན་པའི་ཆོས་ཡིན་ཏེ། དེ་ལ་ཆོས་ཀྱི་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་བསྟན་པ་ནི། བྱིན་གྱིས་བརླབས་ཀྱིས་བསྟན་པའི་ཆོས་དབང་པོ་རབ་ཀྱི་རབ། སྡེ། ཀློང་སྡེ་རབ་ཀྱི་ཐ་མའི་དོན་དུ་འབྱུང་། རབ་ཀྱི་འབྲིང་། རྒྱུད་དབང་པོ་རབ་ཀྱི་ཆོས་འབྱུང་ཚུལ། སྡེ་རྣམ་པ་གསུམ་ཤར། དེ་ཡང་དོན་ཆེད་གང་ལ་དགོངས་ནས་ཤར། སེམས་གང་ལ་དགོངས་ནས་ཤར། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་ཞེས་བྱ་བ་གཅིག་ཡོད་དེ། སེམས་དེ་ལོག་རྟོག་ཏུ་འདུས་པས། ལོག་པར་རྟོག་པ་དེ་འདུལ་ཕྱིར་ཆོས་སྡེ་ཤར། སེམས་ལོག་རྟོག་དེ་རྒྱུན་ཆད་མེད་པར་འདུག་པས། དེ་འདུལ་ཕྱིར་རྒྱུད་སྡེ་ཤར། སེམས་ལོག་རྟོག་དེ་མི་འཛད་པར་འདུག་པས། དེ་འདུལ་ཕྱིར་ཀློང་སྡེ་ཤར། དེ་བསྡུ་ན་བསླབ་པ་གསུམ་དུ་འདུས། ལོངས་སྤྱོད་རྫོགས་པ་སྐུའི་སྟོན་པ་དཔལ་རྣམ་པར་སྣང་མཛད་གངས་ཆེན་མཚོས། བསྟན་པ་བརྡས་བསྟན་པའི་ཆོས། སྐུ་གསུང་ཐུགས་ཀྲི་ཡ་ཁྱབ་མི་འགྱུར་བ། ཡོ་ག་ཁྱབ་སྟོང་པ་ཉིད། ཨུ་པ་ཁྱབ་ཡ་རྣམ་གང་ཟག་འབྲིང་གི་ཐ་མ། པ་གསུམ་བསྟན་ཏེ། དེ་ཡང་དོན་ཆེད་འབྲིང་གི་འབྲིང་། འབྲིང་གི་རབ། གང་ལ་དགོངས་ནས་བསྟན་ན། དོན་ཆེད་ནི་སེམས་ཅན་ཐམས་ཅད་ལ། ལུས་ངག་ཡིད་གསུམ་འདུས་པས། ལུས་ངག་ཡིད་གསུམ་ལ་དགོངས་ནས་བསྟན། ལུས་འདུལ་ཕྱིར་ཀྲི་ཡ་བསྟན། ངག་འདུལ་ཕྱིར་ཡོ་ག་བསྟན། ཡིད་འདུལ་ཕྱིར་ཨུ་པ་ཡ་བསྟན་ནོ། །དེ་ཡང་བསྡུ་ན་བསླབ་པ་རྣམ་པ་གསུམ་དུ་འདུས། སྤྲུལ་པའི་སྐུའི་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། བསྟན་པ་གང་བསྟན་ན་བསྟན་པའི་ཆོས་འདུལ་བ། མངོན་པ། མདོ་སྡེ་རྣམ་པ་གསུམ་བསྟན། དེ་ཡང་དོན་ཆེད་གང་ལ་དགོངས་ནས་བཤད་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་འདོད་ཆགས། ཞེ་སྡང་། གཏི་མུག་ལ་དགོངས་ནས་བཤད། དེ་ཡང་འདོད་ཆགས་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། ཞེ་སྡང་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་། གཏི་མུག་ལས་གྱུར་པ་ཉི་ཁྲིག་སྟོང་། དུག་གསུམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་སྟེ་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དུ་བྱུང་ངོ་། །དེ་འདུལ་བའི་གཉེན་པོ་ནི། གང་ཟག་དབང་པོ་ཐ་མའི་ཐ་མའི་དོན་དུ་འདོད་ཆགས་ཀྱི་གཉེན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས། ཐ་མའི་འབྲིང་གི་དོན་དུ་ཞེ་སྡང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས། གཏི་ཐ་མའི་རབ་ཀྱི་དོན་དུ་མུག་གི་གཉེན་པོར་མངོན་པ་ཉི་ཁྲི་ཆིག་སྟོང་གསུངས། དེ་ཡང་ཉོན་མོངས་བསྡུས་པའི་དོན་ལ་དགོངས་ཏེ་བཀའ་སྩལ་བ་ནི། པ་བསྡུས་པས་རྟེན་འབྲེལ་བཅུ་གཉིས་སུ་འདུས། དུག་གསུམ་ཆ་མཉམ་པ་ལས་གྱུར་པའི་གཉེན་པོར་འདུལ་བ་མདོ་སྡེ་མངོན་པ་གསུམ་སྤྱི་དབྱེ་བའི་དོན་དུ་དགོངས་ཏེ་བཀའ་སྩལ་ལོ། །མཐུན་ལས་གྱུར་པའི་ཉི་ཁྲི་ཆིག་སྟོང་གསུངས་སོ། །དེ་ལས་བསྡུས་པས་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་དུ་འདུས་སྤྱི་མཐུན་ལས་གྱུར་པ་བག་ལ་ཞ། དེ་ཡང་ཉེ་བར་བསྡུ་ན། དུག་གསུམ་ཉོན་མོངས་པ་ཅན་གྱི་ཡིད། གཏི་མུག་གི་ཆ། ཞེ་སྡང་གི་ཆ། འདོད་ཆགས་ཀྱི་ཆ། ངོ་བོ་བག་ཆགས་སོགས་པའི་སྣོད། ས་བོན་ཀུན་གཞིའི་ཆ། རང་བཞིན་མཚན་ཉིད་དུ་གསུམ་དུ་འདུས་སོ། །ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུང་རབ་ཡན་ལག་བཅུ་གཉིས་སུ་འདུས། དེ་ལས་ཉེ་བར་བསྡུས་པས་བསླབ་པ་རྣམ་པ་གསུམ་དུ་འདུས་སོ། །དེ་ཆོས་སྤྱིའི་རྣམ་པ་ཡིན་ཏེ། ད་དོན་རང་གི་མཚན་ཉིད་དུ་སྦྱོར་བ་ནི། དུག་གཏི་མུག་གི་ཆ་ཉོན་མོངས་པ་ཅན་གྱི་ཡིད། གསུམ་ཉེ་བར་བསྡུས་པས་ངོ་བོ་མ་རིག་པ། རང་བག་ཆགས་སོགས་སྣོད། ཞེ་སྡང་གི་ཆ། འདོད་ཆགས་ཀྱི་ཆ། ས་བོན་ཀུན་གཞིའི་ཆ། བཞིན་འཁྲུལ་པ། མཚན་ཉིད་སྡུག་བསྔལ་གསུམ་དུ་འདུས། མདོ་སྡེ་འདུལ་བ་མངོན་པ་གསུམ་ཉེ་བར་བསྡུས་པས། སྤྲོས་རང་གིས་གསལ་བདེ་བ། པ་མེད་པར་རྟོགས་པས་ལྷག་པ་ཤེས་རབ་ཀྱི་བསླབ་པ། དེ་ལ་འདུ་བྱེད་བློ་ཡི་བྱེ་བྲག་གང་ཡང་མེད་མི་རྟོག་པ། པས་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། གནས་པ་མེད་པའམ་བྲལ་བ་ཡང་མེད་དེ། དེ་བཞིན་དུ་འདུ་འབྲལ་མེད་པའི་ངང་ལ་མི་འགྱུར་བ་དེ་ནི་ལྷག་པ་བསམ་གཏན་གྱི་བསླབ་པའོ། དེ་གསུམ་དབྱེར་མི་ཕྱེད་པ་ནི་ཆོས་ཀྱི་དབྱིངས་སོ། །དེ་ཡང་བློ་ཚིག་དང་བྲལ་བ་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་ཡང་ལུང་མདོ་སྡེ་ངེས་པར་འཇོག་པ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །དེ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་ངོ་བོ་མ་རིག་པ་དག །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། པ་ཅི་ཡང་མི་བྱ་སྟེ། །དགེ་རང་བཞིན་འཁྲུལ་པ་དག །ལྷག་པ་ཤེས་རབ་ཀྱི་བསླབ་པ། བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། མཚན་ཉིད་སྡུག་བསྔལ་དག །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་སོ། །ཆོས་སྤྱིའི་རྣམ་པ་དེ་དོན་རང་རྒྱུད་ལ་སྦྱར་རོ། །དེ་ཡང་སྡེ་སྣོད་གསུམ་དང་སྦྱར་བ་ནི། བདེ་བ་འདུལ་བའི་སྡེ་སྣོད། མི་རྟོག་པ་མདོ་སྡེའི་སྡེེ་སྣོད། །གསལ་བ་མངོན་པའི་སྡེ་སྣོད། ཀྲི་ཡོག་གསུམ་དང་སྦྱར་བ་ནི། བདེ་བ་ཀྲི་ཡའི་སྡེ་སྣོད། མི་རྟོག་པ་ཨུ་པ་ཡའི་སྡེ་སྣོད། གསལ་པ་ཡོ་གའི་སྡེ་སྣོད། ནང་པའི་སྡེ་སྣོད་གསུམ་དང་སྦྱར་བ་ནི། བདེ་བ་ཆོས་སྡེའི་སྡེ་སྣོད། མི་རྟོག་པ་ཀློང་སྡེའི་སྡེ་སྣོད། གསལ་བ་རྒྱུད་སྡེའི་སྡེ་སྣོད། དག་ཚུལ་རྣམ་པ་གསུམ་ནི། བདེ་བ་ལུས་རྣམ་པར་དག །གསལ་བ་ངག་རྣམ་པར་དག །མི་རྟོག་པ་ཡིད་རྣམ་པར་དག་པའོ། །གནས་འགྱུར་རྣམ་པར་གསུམ་ནི། འདོད་ཆགས་གནས་འགྱུར་བས་བདེ་བ། ཞེ་སྡང་གནས་འགྱུར་བས་མི་རྟོག་པ། གཏི་མུག་གནས་འགྱུར་བས་འོད་གསལ་བའོ། །སྐབས་སྦྱོར་གྱི་ལྷན་ཐབས་སོ།། ༈ །།ༀ་སྭསྟི། རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ན། ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་རཱ་ཛ་དང་། སྲིད་སྐྱོང་བའི་རྒྱལ་པོ་ཨུ་པ་རཱ་ཛ་ཞེས་པ་གཉིས་ཡོད་པ་ལས། ཆོས་སྐྱོང་བའི་རྒྱལ་པོ་དེ་ཆོས་སྐྱོང་བའི་གཉེར་འབའ་ཞིག་མ་གཏོགས་པ། སྲིད་སྐྱོང་བའི་གཉེར་མི་བྱེད་སྐད། སྲིད་སྐྱོང་བའི་རྒྱལ་པོ་དེ་སྲིད་སྐྱོང་བའི་གཉེར་འབའ་ཞིག་མ་གཏོགས་པ། ཆོས་སྐྱོང་བའི་གཉེར་མི་བྱེད་སྐད། དེ་ལ་ཆོས་སྐྱོང་བའི་རྒྱལ་པོ་དེ་ལ། སྲས་མོ་ལྟ་ན་ཕངས་པ་མཛེས་པ་ཞིག་སྐྱེས་པས་སྲས་མོ་མཛེས་དང་ལྡན་པར་བཏགས་སོ། །དེ་ལ་ལྟ་ན་ཕངས་ཟེར་ནས་རྫོང་ཆེན་པོ་གཅིག་བརྩིགས་ཏེ་ཕོ་བྲང་བཅུ་གསུམ་གྱི་རྩེ་ལ་བཞག་ནས། བསྐྱེད་བསྐྱེད་པ་དེ་ཡིན། པའི་མ་མ་དང་། གསོ་བའི་མ་མས་གསོས་བས། གཞན་གྱིས་ལོར་གསོས་པ་ལས་དེའི་ཟླ་བསྐྱེད་ཆེ། བསྐྱེད་ཆེ་ལེགས་ཤེས་རབ་ཆེ། ཆེ་བ་གཅིག་བྱུང་ནས་ཡོད་པ་ལ། དུས་ནམ་ཞིག་ན་ནམ་མཁའ་ནས་ཚུར་ལ་ཁུ་བྱུག་གིས་ལྟོངས་ལྟོངས་ཟེར་བ་ལ། གཞན་རྣམས་ཀྱིས་ཁུ་བྱུག་རང་དུ་གོ། སྲས་མོའི་གོ་བ་ལ། དོ་ནུབ་ཁྱོད་ཀྱི་གན་དུ་འོང་ངོ་བྱ་བར་གོ་སྐད། དེ་ནས་དེའི་ནུབ་མོ་སྲོད་ལ་ཁྱེའུ་མཚན་དང་ལྡན་པ་གཅིག་ནུབ་མོ་དགེ་བའི་གཏམ་དང་སྦྱོར་བ་བྱས་ནས། ཏུ་གྱུར་ནས་བྱུང་། ནངས་པར་ཐོ་རངས་ཁར་སོང་སྐད། དེ་ནས་སྲས་མོ་དེ་ལ་ཟླ་བ་དགུ་ངོ་བཅུ་ན། བུ་ཆུང་གཅིག་སྐྱེས་པ་ལས། བསྐྱེད་ཆེ་ལེགས་ཆེ་བ་གཅིག་བྱུང་བ་ལས། ལོ་བདུན་དུ་མི་ལ་གསང་ནས་བསྡད། བུ་དེ་ལོ་བརྒྱད་ལོན་ཙ་ན། སྲས་མོ་མཛེས་མ་དང་ལྡན་པས་བུ་དེ་ཡབ་རྒྱལ་པོ་ལ་གཏད་པས། ཡབ་རྒྱལ་པོ་ན་རེ། ཨེ་མ་ཧོ་ངོ་མཚར་ཆེ། ཀྱི་ཧུད་ཀྱི་ཧུད་ཟེར་ནས་ཡབ་རྒྱལ་པོ་བརྒྱལ་ལོ། །བརྒྱལ་བ་སངས་ཙ་ན། སྲས་མོས་ཡབ་རྒྱལ་པོ་ལགས། འདི་ལ་ཕ་མེད་པས་ཡབ་རྒྱལ་པོ་མ་མཉེས་ལགས་སམ་བྱས་པས། ང་མ་མགུ་བ་མིན། འདི་ལ་ཕ་མེད་པས་འདི་རིགས་བྱེད་ལྷའི་སྤྲུལ་པ་གཅིག་ཡིན་པས། ཨེ་མ་ཧོ་ངོ་མཚར་ཆེ། འདིའི་དྲིན་ལ་ཐེག་པ་ཆེན་པོའི་ཆོས་བསམ་གྱིས་མི་ཁྱབ་པ་དར་འོང་བར་འདུག་པ་ལ། ང་རྒས་པས་ཀྱི་ཧུད་ཀྱི་ཧུད་ཅེས་ང་རང་རྒས་པས་མྱ་ངན་བྱས་པ་ཡིན་ཟེར་སྐད། བུ་དེ་ཡབ་ཀྱང་དགའ། ཡུམ་ཡང་དགའ། ཐམས་ཅད་དགའ་བས་དགའ་བའི་རབ་ཏུ་གྱུར་པ་ལས། མཚན་དགའ་རབ་རྡོ་རྗེར་བཏགས་སོ། །དེ་ནས་དགའ་རབ་རྡོ་རྗེའི་ཞལ་ནས། ཡུམ་སྲས་མོ་མཛེས་མ་དང་ལྡན་པ་ཁྱེད་འདིར་བཞུགས་ཤིག །ང་ནི་འདི་ནས་ནུབ་ཕྱོགས་སུ་ཕྱིན་པ་ན། དཔལ་ཨོ་རྒྱན་ཕོ་སྐྱེས་ཐམས་ཅད་དཔའ་བོ་ལ། མོ་སྐྱེས་ཐམས་ཅད་མཁའ་འགྲོར་གྱུར། དཔའ་ཆོས་ཀྱི་དབྱིངས་ལ། བོ་རིག་པའི་ཡེ་ཤེས། མཁའ་ཆོས་ཀྱི་དབྱིངས། འགྲོ་རིག་པའི་ཡེ་ཤེས། རྟོག་པ་བདག་གི་དཔལ། ཐུགས་རྗེ་གཞན་གྱི་དཔལ་ལོ། །གྱི་ཡུལ། དྷ་ན་ཀོ་ཤའི་གླིང་ཡིད་ཕམ་པར་བྱེད་པ། སེམས་སྐྱོ་བ་སྐྱེད་པར་བྱེད་པ། ཕྱིའི་རྒྱ་མཚོ་བ་ཚྭ་ཅན་ནོ། །ཆེན་པོའི་འགྲམ། མེ་ཏོག་ལོ་བཅུ་གསུམ་ན་མེ་ཏོག་ཨུ་དུམ་ཝ་ར་རེ་རེ་འཆར། རེ་རེ་ནུབ། མེ་ཏོག་དེ་རྒྱ་མཚོའི་ཁ་ཆོད། མེ་ཏོག་སྔོན་པོའི་འོད་ནམ་མཁའ་ལ་བརྒྱབ་པས། ནམ་མཁའ་སྔོན་པོ། འོད་དེ་རི་རབ་ལ་ཕོག་པས་རི་རབ་ལོགས་གཅིག་མཐིང་གར་གྱུར་པའོ། །ཨུ་དུམ་ཝ་ར་འབར་བའི་གླིང་། རོ་མཆོག་དགའ་བའི་ཚལ་བྱ་བ་ན་དུར་ཁྲོད་ཆེན་པོ་གསེར་དཔེར་ན་གསེར་གླིང་ན་རྐང་སྟེགས་ས་རྡོ་དང་། ཁྱི་ལ་བརྡེག་པའི་རྡོ་ལ་སོགས་པ་ཐམས་ཅད་གསེར་ལ་སྤྱོད་པ་བཞིན་དུ་ཆོས་ཉིད་རྟོགས་པའི་རྣལ་འབྱོར་པ་ལ་ཅི་སྐྱེས་པ་ཐམས་ཅད་ཆོས་ཉིད་དུ་ལོངས་སྤྱོད་པའོ། །གླིང་ཧེ་ཆེན་བརྡལ་ཆོས་ཉིད་ཀྱིས་ཀུན་ལ་ཁྱབ་པའོ། །བ་བྱ་བ་ན། སྒྲུབ་པའི་གནས་སྐྱོན་དང་བྲལ་བ། གསེར་གཡའ་མེད་པ། གྱི་བྲག་དོན་ཆོས་ཉིད་མི་འགྱུར་བ། ཕུག་ཡུ་བ་དོན་ཆོས་ཉིད་གྲངས་མི་ཆོད་པས་ན། ཡང་ན་གྲུབ་ཐོབ་གྲངས་མ་ཆད་པས་ན་དོན་ཆོས་ཉིད་ཟབ་པ། ཅན་དུ་འགྲོ་གསུང་ནས་དེར་གཤེགས། དེ་ན་སྒྲུབ་པ་མཛད་པ་ལ། དུས་ནམ་ཞིག་ན། ལོ་གླང་གི་ལོ། ཟླ་བ་དཔྱིད་ར་བ། སྐར་མ་རྒྱལ་གྱི་ཉིན་པར། ནངས་པར་ཉི་མའི་ཟེར་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་ཀྱི་སྤྲུལ་པ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་སེམས་དག་ལྷའི་བུ་ཞེས་པ་སྐུ་མདོག་དཀར་པོ། ཕྱག་གཡས་ན་གསེར་གྱི་རྡོ་རྗེ་བསྣམས་པ། གཡོན་ན་ཤེལ་གྱི་དྲིལ་བུ་དཀུ་ལ་བརྟེན་པ། སྐུ་ལ་བ་ཏི་སྔོན་པོ་གསོལ་བ། ཞབས་རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་པ། དེ་སྣང་བའི་གཟུགས་སུ་གྲུབ་པ་ལ། རེག་པའི་གཟུགས་སུ་མ་གྲུབ་པ། སྣང་བའི་གཟུགས་སུ་གྲུབ་པ་ཐབས་ཀྱི་ཆ། རེག་པའི་གཟུགས་སུ་མ་གྲུབ་པ་ཤེས་རབ་ཀྱི་ཆ། ཐབས་ཤེས་གཉིས་མེད་ཀྱི་ཚུལ་དུ་གཟིགས་ནས། དགའ་རབ་རྡོ་རྗེའི་སྤྱི་བོར་ཕྱག་གཉིས་བརྐྱང་ནས། ཨ་ཧ་ཧོའི་ཞེས་པའི་བརྡའ་བསྟན་ནས། ཨ་ནི་སྐྱེ་བ་མེད་པ། ཧ་ནི་འགག་པ་མེད་པ། ཧོ་ནི་གཉིས་སུ་མེད་པ། འི་དབྱེར་མི་ཕྱེད་པའི་དོན་སྐྱེ་འགག་མེད་པའི་ཐུགས་སུ་གསལ་བ་ལགས་སྐད། ཨ་ཝན་དྷ་ར། བོད་སྐད་དུ། ཁྱོད་རང་ནམ་མཁའ་དག་པར་འཇའ་ཤར་བ་ལ་ལྟོས་དང་བྱ་བར་གོ་སྐད། འཇའ་དེ་སྣང་བའི་གཟུགས་སུ་གྲུབ་པ་ཐབས་ཀྱི་ཆ་ལ་རེག་པའི་གཟུགས་སུ་མ་གྲུབ་པ་ཤེས་རབ་ཀྱི་ཆ། ཐབས་ཤེས་གཉིས་སུ་མེད་པར་ཐུགས་སུ་གསལ་བ་ལགས་སྐད། དེ་ལྟ་བུའི་ཆོས་ཉིད་ཀྱི་རང་སྒྲ་ཆེན་པོ་དེ་ཞག་བདུན་དུ་བྱུང་སྐད། ཆོས་ཉིད་ཀྱི་ངང་དུ་བརྒྱལ་བ་བྱ་བ་ལགས་སྐད། ཨཐྎ། ༈ སྐབས་སྦྱོར། བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །ཡང་དག་བཅུ་གཅིག་དོན་དང་ཡེ་ནས་ལྡན། །རྒྱ་གར་ཡུལ་ནས་ཆོས་བསླབ་ནས། །སྒྲ་དོན་བསྡེབས་ནས་བཀའ་བསྒྱུར་ཏེ། །བོད་ཀྱི་རྒྱལ་ཁམས་དཀར་པོར་བཏང་། །རྒྱལ་དང་བློན་པོ་ཀུན་ལོག་ནས། །སྤྱུགས་པས་ཚ་བའི་རོང་དུ་མཆིས། །རྒྱུད་སྡེ་ཀློང་སྡེའི་བཀའ་བཀྲོལ་ནས། །གཡུ་སྒྲ་སྙིང་པོ་ཉིད་ལ་གཏད། །ཚ་བའི་རྒྱལ་ཁམས་དཀར་པོར་བཏང་། །ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །སྐྱེ་མེད་ནམ་མཁའི་མཐའ་བཞིན་རྒྱས། །བདག་ཉིད་བཻ་རོ་ཙ་ན་མཆིས་པ་འདི། །སྒྱུ་མའི་ཕུང་པོ་བོད་དུ་སྨིན། །སྒྱུ་མའི་ཕུང་པོ་དེར་སྨིན་པས། །བདག་ཉིད་སླར་ལ་བོད་དུ་མཆི། །ཞེས་གསུངས་སོ། །ཕྱག་རྒྱ་མཐོ་དོ་བ་མཛད་ནས། གུ་ཎ་ཨ་ཀཪྵ་ཡ་ཞེས་ལན་གསུམ་དུ་གསུངས་སོ། །སྒྲ་དང་པོའི་གོ་བ་ལ། ཆུ་བོ་དག་ལ་བརྟེན་པའི་གྲུ། །སྐྱ་བ་དྲག་པོས་རྩོལ་ཕོད་ན། །གྲུས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །སྒྲ་གཉིས་པ་ལ། གཞུ་མོ་དག་ལ་བརྟེན་པའི་མདའ། །སྐྱེས་བུའི་མཐེབ་མོས་རྩོལ་ཕོོད་ན། །མདས་ཀྱང་ཕ་རོལ་ཕྱིན་པར་འགྱུར། །བྱ་བར་གོ། སྒྲ་ཐ་མ་ལ། ཡང་དག་དོན་ལ་བརྟེན་པའི་མི། །ཡེངས་པ་མེད་པར་བསྒོམ་ནུས་ན། །ས་ཕྱོགས་བགྲོད་ཀྱི་ཉམ་མི་ང་། །བྱ་བར་གོ་གསུངས། སྐད་ཅིག་ཙམ་གྱིས་བསམ་ཡས་སུ་བརྟོལ་ལོ། །དེ་ནས་སྔར་གྱི་ཞལ་བཞེས་ལན་གཅིག་ཡར་འོང་གསུངས་པས། དེས་ན་བསམ་ཡས་སུ་བྱོན་ཏེ། སྔར་ཆད་པ་བཅད་པའི་སྟོབས་ཀྱིས་མིང་གསང་ནས་ཕྱིན། རྒྱལ་པོ་དང་ཨ་མ་ལ་སོགས་པས་ངོ་ཤེས་ཀྱང་། ངོ་མ་ཤེས་པའི་བརྫུས་བཏབ་ནས། ཁྱེད་ཀྱི་མིང་ཅི་ཡིན་ཟེར་བ་ལ། བཻ་རོ་ཙ་ནས་མིང་བན་ཆུང་ཡེ་ཤེས་སྡེ་བྱ་བ་ཡིན་གསུངས་སོ། །དུས་དེ་ཙ་ན་སྒྲ་བསྒྱུར་གྱི་ལོ་ཙཱ་བ་སྐ་བ་དཔལ་བརྩེགས། སྒྲ་ཕྲན་བུ་བསྒྱུར་བའི་ལོ་ཙཱ་བ་ཅོག་རོ་ཀླུའི་རྒྱལ་མཚན ། ཀ་ཁ་གུག་བསྐྱེད་ལ་སོགས་པ་བསྒྱུར་བའི་ལོ་ཙཱ་བ་ལེགས་སྤོང་རྒྱལ་བའི་བྱང་ཆུབ་ལ་སོགས་པ་ལོ་ཙཱ་བ་བཞི་སྒྲོམས་སུ་བཅུག་ནས་འདུག་པ་ལ། དོན་བསྒྱུར་བའི་ལོ་ཙཱ་བ་གཅིག་ཀྱང་མི་འདུག་ནས། བནྡེ་ཡེ་ཤེས་སྡེ་ཁྱེད་ཀྱིས་དོན་བསྒྱུར་ཤེས་སམ་བྱས་པ་ལས། ངས་སྒྲ་རིགས་མི་འདྲ་བ་བར་འདིར་མ་ཕྱིར་ལྡེབ་གཅིག་ཆད་སོང་འདུག་པ་སླར་རྙེད་ན་འཛུད་མཛོད། མི་གནས་པའི་སྟོང་པ་དང་། སྔགས་ལ་ལྷག་པར་མོས་པའི་སྟོན་པའོ། །དང་པོ་ལ་བཞི། རྡོ་རྗེ་གཟེགས་མས་གཞིག་པ་དང་། གཅིག་དང་དུ་བྲལ་གྱིས་གཞིག་པའི་སྟོང་པ་དང་། མུ་བཞི་སྐྱེ་འགོག་གིས་གཞིག་པ་དང་། རྟེན་འབྲེལ་ཆེན་པོས་གཞིག་པའོ། །གཉིས་པ་ནི། རྫའི་འཇིམ་པའི་གོང་བུ་ལ་མིང་དང་བྱ་བ་མ་གྲུབ་པ་ལྟ་བུའོ། །གསུམ་པ་ནི། སྟོང་པ་རེས་འཇོག་ཅན་ལྟ་བུའོ། །བཞི་པ་ནི། དངོས་པོ་སྔ་མ་གཞིག་ནས་ཕྱི་མ་བསྒོམ་པའོ། །དེ་རྣམས་ལ་ནི་སེམས་ཅན་བློའི་སྟོང་པ་ཞེས་བྱ་སྟེ། ཆོས་སྤྱིའི་རྣམ་པར་ཤོར་ནས་སྣང་བ་གཏན་ལ་ཕབ་པས་འཁོར་བ་ལས་མི་གྲོལ་ལོ། །རྣལ་འབྱོར་པ་ལམ་གྱི་སྟོང་པ་ནི། རྒྱ་གར་གྱི་ཡུལ་བྱང་ཕྱོགས་སིངྒ་ལ་ན། དེའི་ནང་དུར་ཁྲོད་ཆེན་པོ་སོ་སའི་གླིང་བྱ་བ་ཡོད། དེ་ནས་རྣམ་འབྱོར་པ་ད་ན་དྷ་བྱ་བས་སྣ་དྲངས་པའི་རྣལ་འབྱོར་པ་བརྒྱ་ཉག་གཅིག་གནས་པ་ལས། དུས་ནམ་ཞིག་ན་རིགས་བྱེད་འཁྱམས་པོ་བ་གཅིག་བྱུང་ནས། ཁྱོད་རྣལ་འབྱོར་པ་ད་ན་དྷ་ཡིན་ནམ་ཟེར། ཡིན་བྱས་པས། འོ་ན་ངའི་ལུས་འདི་ཁྱོད་ལ་འབུལ་ལོ། །རྨེ་བ་བདུན་ཡོད་ཀྱིས་ཟེར། འོ་ན་ཁྱོད་ཀྱི་ལུས་དེ་ངེད་ལ་ཕུལ་ནས། སེམས་གར་འགྲོ་བྱས་པ་ལ། སེམས་ལ་འགྲོས་གཅིག་ཡོད་ཟེར། དེར་ཁོ་ཧྲུལ་གྱིས་ཤི་ནས་བཤས་པས། གོ་རོ་ཙ་ན་བྱ་བ་ཀླད་པ་བྲེ་གང་བྱུང་སྐད། རཀྟ་བྱ་བ་ཁྲག་བྲེ་གང་བྱུང་སྐད། བ་སུ་ཏ་བྱ་བ་རྒྱུ་མ་ནང་དེར་འོ་མར་གྱུར་པ་བྲེ་གང་བྱུང་སྐད། དེ་ཚོ་སྣོད་གཅིག་ཏུ་བླུགས་ནས་བཀྲོགས་པས། མར་དུ་གྱུར་པ་བྱུང་སྐད། དེ་རྣལ་འབྱོར་པ་བརྒྱ་ཉག་གཅིག་ལ་ཐུར་མ་རེ་རེ་དྲངས་ནས་གསོལ་བས། ཆོས་ཉིད་ཀྱི་དོན་རྒྱུད་ལ་སྐྱེས་སྐད། དེ་ནས་ལྷག་མ་རྣམས་ཀྱང་རིམ་པས་གསོལ་ལོ། །དེར་རྣལ་འབྱོར་པ་ད་ན་དྷས་སྤྱན་འོག་ཏུ་གཟིགས་པས། འོག་མ་དག་གི་ཞལ་ནས། རིགས་བྱེད་པ་འདི་ཅི་ཡང་མ་ཡིན་པ་གཅིག་ཡིན་ཟེར་རོ། །དེ་ལུང་གང་གིས་ཤེས་ནས། མཱུ་ལ་ཏནྟྲ་ནས། སེམས་རླུང་ལ་གནས། རླུང་ནམ་མཁའ་ལ་གནས། ནམ་མཁའ་ཅི་ལ་ཡང་རྟེན་མི་འཆའ་བ་ཡིན་ཟེར་བས་ཤེས། ཡང་པྲ་ཛྙཱ་པ་ར་ལས། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད། ཟེར་རོ། །དེ་ལ་གོ་ལུགས་རྣམ་པ་གསུམ་བྱུང་སྟེ། སྒྲ་དྲང་ཐད་དུ་གོ་བྱར་མེད་བཞག་ཆོག་ཏུ་གོ་བ་ཡིན་ཏེ། ལས་དགེ་བ་བསགས་རྒྱུ་མེད། སྡིག་པ་སྤང་དུ་མེད། བྱ་རྒྱུ་མེད་ཟེར། བ་དང་། སྒྲ་ལྷུན་གྲུབ་ཏུ་གོ་ནི་ལྷུན་གྲུབ་ཆེན་པོ་གསལ་བ་ལ་སྟོང་པའི་རྒྱས་ཐེབས་པས་སྟོང་པའི་རོ་བདེ་བར་ཤར་བས། དེ་མ་ཡེངས་ཡོངས་སུ་རྫོགས་པའི་གོ་བའོ། །བ་དང་། སྒྲ་ཐང་ལོག་ཏུ་གོ་བ་ནི་བསད་པ་གསོ་བར་ནུས་པ། མི་དད་པ་དད་པར་ནུས་པ། དེ་ལྟར་བསྐྱུར་བ་ན ི་ཐང་ལོག་ཏུ་གོ་བའོ། །གསུམ་བྱུང་། ཡང་ཤོས་གཅིག་ན་རེ། སེམས་རླུང་ལ་གནས། རླུང་ནམ་མཁའ་ལ་གནས། ནམ་མཁའ་ཅི་ལ་ཡང་རྟེན་མི་འཆའ་ཞེས་སྔར་ལུང་གི་དོན་ལྟར་ཟེར་སྐད། གཅིག་དང་དུ་བྲལ་གྱིས་ཆོས་ཐམས་ཅད་རང་བཞིན་མེད་པར་གཏན་ལ་དབབ་པ་ནི་གཉིས་ལས། ཕྱི་གཟུང་བའི་ཡུལ་ནི། མེད་བཞིན་དུ་སྣང་བའི་འཁྲུལ་པ་དེ་སྒྱུ་མའི་དཔེ་བརྒྱད་དང་མཚུངས་སོ། །ནང་འཛིན་པའི་སེམས་ནི་འདས་པ་འགགས། མ་འོངས་པ་མ་སྐྱེས། ད་ལྟར་གྱི་ཤེས་པ་སྐྱེས་ལ་མ་འགགས་པ་ཙམ་ཡང་མ་གྲུབ་སྟེ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའོ། །དེ་ཡང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། སྐྱེ་བ་དང་ནི་འགག་པའོ། །ཞེས་པ་ལ་སོགས་པའོ། །ཡོད་མེད་མུ་བཞི་སྐྱེ་འགོག་གི་མཐའ་བཞིའི་སྤྲོས་པ་བཅད་པ་ནི། འདི་སྐད་དུ། སྣ་ཚོགས་རྟག་པ་མ་ཡིན་ཏེ། །ཆད་པར་ཡང་ནི་ཁས་མི་ལེན། །རྟག་དང་ཆད་དང་གཉིས་ཀ་དང་། །གཉིས་ཀ་མིན་པའང་མ་ཡིན་ནོ། །མདོར་ན་ཐམས་ཅད་མི་གནས་པར། །དངོས་པོ་དེ་ཉིད་མཁས་པས་རིག །དེས་ན་འདི་ལྟའི་རྣམ་དག་གོ། །སེམས་ནི་སེམས་ཀྱིས་རིག་མ་ཡིན། །ཇི་སྲིད་སྒྲོ་འདོགས་ཐམས་ཅད་ནི། །དེ་སྲིད་ཐམས་ཅད་དུ་མེད་པས། །དབུ་མའི་དོན་ལ་སྒྲོ་འདོགས་མེད། །དེས་ན་བདག་ཏུ་གྲུབ་པ་མེད། །ཅེས་བྱ་བ་དང་། གཞན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་གང་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་པས་ཡོད་པའི་སྒྲོ་འདོགས་དང་། མེད་པའི་སྐུར་པ་འདེབས་པ་ལ་མི་གནས་པ་དེ། སེམས་ཉིད་སྣ་ཚོགས་སུ་སྣང་བ། ཉམས་སུ་མྱོང་བ་དེ་ཉིད་རྟེན་ཅིང་འབྲེལ་ཏེ་འབྱུང་བས་ན་མ་སྐྱེས་ཏེ། མ་སྐྱེས་པ་ཉིད་སྐྱེ་བ་ལྟར་སྣང་སྟེ། མ་སྐྱེས་པ་དང་སྐྱེ་བ་གཉིས་ཐ་མི་དད་པའོ། །དེ་བཞིན་དུ་སྣང་བ་འདི་རིག་པས་བརྟགས་ན་སྟོང་པ་ཡིན་ལ། སྟོང་པ་མ་གྲུབ་པའི་རིག་པས་བརྟག་མི་བཟོད་པ་ཉིད་སྣང་བའོ། །སྣང་བ་ཉིད་ལས་ཀྱང་སྟོང་པ་གཞན་མ་ཡིན། སྟོང་པ་ལས་ཀྱང་སྣང་བ་གཞན་མ་ཡིན་ནོ། །དཔེར་ན་སྨིག་སྒྱུ་ལ་ཆུར་སྣང་བ་ཉིད་ལས་ཆུ་མེད་དེ། ཆུ་སྟོང་ལ་ཆུ་མེད་པ་ཉིད་དུ་ཆུར་སྣང་ངོ་། །ཆུར་སྣང་བ་དང་ཆུ་མེད་པ་ཐ་དད་པ་མ་ཡིན་ནོ། །དེ་བཞིན་དུ་སྣང་བ་རང་བཞིན་མེད་ལ། རང་བཞིན་མེད་པ་ཉིད་སྣང་བའོ། །སྣང་བ་དང་རང་བཞིན་མེད་པའི་སྟོང་པ་ཉིད་ཐ་མི་དད་དོ། །དཔེར་ན། ཤིང་དུམ་མེས་བསྲེག་ན་མེའི་ངོ་བོ་གཅིག་སྟེ། དེ་ནས་བུད་ཤིང་ཟད་པ་དང་། མེ་ཉིད་མི་གནས་སོ། །དེ་བཞིན་དུ་སྣ་ཚོགས་སུ་སྣང་བ་ཉིད་རིག་པས་སྟོང་པ་ཉིད་དུ་བྱས་ནས་དངོས་པོ་མ་གྲུབ་པ་དང་། སྟོང་པ་ཉིད་ཀྱང་མི་གནས་སོ། །དེ་བཞིན་དུ་གཉིས་སུ་མེད་པ་ཡང་གཉིས་སུ་མ་གྲུབ་པའི་ཚེ་ན་གཉིས་སུ་མེད་པ་ཡང་མི་གྲུབ་པའོ། །དེ་བས་ན་གཞན་གྱི་ཞེན་པ་བཟློག་པའམ། སྒྲོ་སྐུར་བཅད་པའམ། དྲང་བའི་དོན་དུ་སྟོང་པ་ཉིད་དང་། སྐྱེ་བ་མེད་པ་དང་། གཉིས་སུ་མེད་པ་ཞེས་བརྗོད་ཀྱིས་མཁས་པས་བཙལ་བའམ། དངོས་པོའི་དོན་དུ་དེ་ཉིད་མི་གནས་ཏེ། རྣམ་གཅོད་དང་། ཡོངས་གཅོད་དང་། སྒྲོ་འདོགས་པ་དང་། སྐུར་འདེབས་གང་དུ་ཡང་མི་གནས་ལ། ཞེན་པ་མེད་ཅིང་དགག་པ་དང་། བསྒྲུབ་པ་མེད་ལ། མཉམ་བཞག་དང་རྗེས་ཐོབ་གཉིས་སུ་མེད་ཅིང་མི་གནས་པ་ནི་ལྟ་བའོ། །རྡོ་རྗེ་གཟེགས་མས་སྐྱེ་མེད་སེམས་ལ་ངོ་སྤྲད་པ་ནི། ཀླུ་སྒྲུབ་གྱི་ཞལ་ནས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་གསུངས་པས། བདག་མ་གྲུབ་པའི་རྒྱུ་མཚན་གསུམ་སྟེ། མིང་གློོ་བུར་དུ་བཏགས་པས་བདག་མ་ཡིན་ཏེ། ཡུམ་ལས། གཟུགས་ནི་མིང་ངོ་། །མིང་ན་བཏགས་པའོ། །བཏགས་པ་ནི་རྫུན་པའོ། །རྫུན་པ་ནི་མེད་པའོ། །ཞེས་པ་ལ་སོགས་པའོ། །ལུས་འབྱུང་བ་ཆེན་པོ་བཞི་ལ་བརྟེན་ནས་འབྱུང་བ་ཡིན་པས་བདག་མ་ཡིན། སེམས་ནི་སྣང་དུ་རུང་བ་ལས་མ་དམིགས་པའི་ཕྱིར། རང་གིས་ཀྱང་མ་མཐོང་གཞན་གྱིས་ཀྱང་མ་མཐོང་བས་བདག་མ་ཡིན་ཏེ། ཡུམ་ལས། སེམས་ནི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་རོ། །མ་བྱོན་པ་དང་ད་ལྟ་ལ་ཡང་སྦྱར་རོ། །ཡང་རང་གིས་མཐོང་ན་ཡུལ་དུ་བྱས་ནས་མཐོང་ངམ་མ་བྱས་ཀྱང་མཐོང་། བྱས་ནས་མཐོང་ན་ཡུལ་དང་ཡུལ་ཅན་གཉིས་སུ་འགྱུར། ཡུལ་དུ་མ་བྱས་ཀྱང་མཐོང་ན། རྣ་བས་ཀྱང་མཐོང་བར་འགྱུར། གཞན་གྱིས་མཐོང་ན་གཞན་རིག་ཏུ་འགྱུར། རང་གིས་ཀྱང་མི་མཐོང་། དེ་ལ་མཐོང་བྱེད་གཞན་ཡོད་པས་ཐུག་མེད་དུ་ཐལ་བའི་སྐྱོན་འོང་། དེ་ལྟར་བདག་མ་གྲུབ་ཙ་ན། དེ་ལ་ལྟོས་པའི་བདག་གིར་ཡང་མ་གྲུབ་བོ། །རྟེན་ཅིང་འབྲེལ་འབྱུང་གིས་རྟག་ཆད་ཀྱི་ལོག་ལྟ་བསལ་བ་ནི། ས་ལུ་ལྗང་པའི་མདོ་ལས། ཞིང་ས་གཤིན་པོ་དང་། ནམ་ཟླ་དྲོད་གཤེར་དང་། རྐྱེན་ཆུ་ལུད་དང་། ས་བོན་ལས་མྱུ་གུ་འབྱུང་བ་ཡིན་ཏེ། མྱུ་གུ་ལས་ཀྱང་སྡོང་བུ་དང་། སྙེ་མ་དང་། ནས་ཀྱི་བར་དུ་སྐྱེ་ལ། ས་བོན་དེ་ལ་སྣ་ཚོགས་སྐྱེ་བའི་རྒྱུ་དུ་མ། ཡོད་བཞིན་དུ་མི་མཐོང་ལ། རྟེན་འབྲེལ་ཚོགས་པའི་དུས་སུ་དུ་མ་སྐྱེས་ཀྱང་ས་བོན་དེ་མྱུ་གུར་འོང་བ་མེད་ལ། ས་བོན་ལ་མ་བརྟེན་པར་མྱུ་གུ་འབྱུང་བ་མེད་དོ། །དེ་བཞིན་དུ་རང་གི་སེམས་ལ་དགེ་སྡིག་གི་ལས་སྣ་ཚོགས་ཀྱི་བག་ཆགས་ལ་བརྟེན་ནས། རིགས་དྲུག་ཏུ་བདེ་སྡུག་སྣ་ཚོགས་སྐྱེ་བའི་རྒྱུར་གནས་ཀྱང་ད་ལྟ་མི་མཐོང་ལ། རྐྱེན་ཚོགས་ནས་ཤི་ནས་སྐྱེ་བའི་ཚེ་སྣ་ཚོགས་སྣང་ཡང་ཚེ་འདིར་སྣང་བའི་ཤེས་པ་ཕྱི་མར་སོང་བ་ཡང་མེད་ལ། ཚེ་འདིའི་རྣམ་པར་ཤེས་པ་ལ་མ་བརྟེན་པར་ཕྱི་མ་འབྱུང་བ་ཡང་མེད་དོ། །འདི་མ་རྟོགས་པ་རྣམས་ལ་རྟག་པར་ལྟ་བའི་བློ་སྐྱེའོ། །སྔ་མ་ཕྱི་མར་འོང་བ་མེད་པས་སྐྱེ་བ་མེད་པ་ཞེས་བྱ་བ་ཡིན་ཏེ། འདི་མ་རྟོགས་པ་རྣམས་ཆད་པར་ལྟ་བའི་བློ་སྐྱེའོ། །དེ་ལྟར་ན། སྐྱེ་བ་དང་། འཇིག་པ་དང་། འགྲོ་བ་དང་། འོང་བ་དང་། ཐོག་མ་དང་། མཐའ་དང་། དབུས་མེད་པས་ཆོས་ཐམས་ཅད་ལ་སྒྲོ་འདོགས་སྐུར་པ་འདེབས་པ་ལས་ཡོངས་སུ་གྲོལ་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱ་བ་ཡིན་ནོ། །ཨཐྎ། སྐབས་སྦྱོར། བཀའ་རྫོགས་པ་ཆེན་པོ་བཀའ་བབས་ཕྱི་མའི་བཀའ་ས་མནྟ་བདེ་བ་ཀུན་སྤྱོད་ཀྱི་ལམ་གཏན་ལ་དབབ་པ་དང་། ཉམས་སུ་བླང་བའོ། །དེ་ལ་རྡོ་རྗེ་སྙིང་པོ་དོན་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ་ལས། རྩ་བའི་རྒྱུད་ཡེ་ཤེས་གསང་བ། བཤད་པའི་རྒྱུད་བཛྲ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད། སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ། དཀའ་བ་གཅོད་པ་ཀློང་དགུའི་རྒྱུད་དང་། ཡེ་ཤེས་ཀུན་བདུན་སྣང་། འབྱུང་གི་རྒྱུད་དང་། ཉ་མོ་འཁོར་ལོའི་རྒྱུད། སྤྱོད་པ་བསྡུས་པ་རྒྱ་མཚོ་སྒྲོན་མའི་རྒྱུད་ཡང་སྣང་། ཨེ་ཨ་རལླི་རྙོགས་པ་མེད་པའི་རྒྱུད། སྙིང་པོ་དོན་གྱི་རྒྱུད། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད། མདོ་ལྔ་སྙིང་པོའི་རྒྱུད། བཀའ་ས་མནྟ་ཕྱི་མའི་ཕྱི་མ་འོད་ཀྱི་རྒྱུད། ཐག་རིང་པོའི་རྒྱུད་དོ། །པདྨའི་སྙིང་པོའི་དོན་ཉམས་སུ་བླང་བའི་སྒྲུབ་སྡེ་བཅུ་གསུམ་ལས། དེ་དག་གི་མན་ངག་རྣ་བརྒྱུད་རྡོ་རྗེ་ཟམ་པ་དང་དབང་གི་མན་ངག༡ །ཟམ་པ་ཆེན་པོ་འཕྲུལ་གྱི་མེ་ལོང་བརྩེགས་པ་ཆེན་པོ་དང་༢ ། ཟམ་པ་ཆུང་ངུ་༣། རིན་ཆེན་འོད༤། སྣང་བ་འོད༥། གསལ་བ་འོད༦། འགྲོ་དྲུག་གཡང་ས་བཅད་པ༧། རིན་པོ་ཆེ་པྲ་ཁྲིད༨། རྣ་བརྒྱུད་ཚིག་གསུམ༩། ལམ་གྱི་དཔེ་བཞི༡༠། གཞི་ལམ་འབྲས་བུའི་གདམས་ངག༡༡ །དེ་དག་གི་དོན་བསྡུས་པ་རྣ་བརྒྱུད་གསེར་ལུང་ཡང་སྣང་། གྱི་ཕྲེང་བ༡༢། ཐེག་པ་ཐམས་ཅད་ཀྱི་དོན་བསྡུས་པ་རིན་པོ་ཆེ་མེ་གསེར་རྫོང་ཡང་སྣང་། རིན་ཆེན་གསེར་ཕྲེང་ཡིན་པར་འདུག །བཟང་པོ༡༣། དེ་ལ་རྒྱུད་སྡེ་བཅུ་གསུམ་གྱི་དོན། སྒྲུབ་སྡེ་བཅུ་གསུམ་གྱི་སྙིང་པོ། རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པ། བདེན་ཆེན་ཟག་མེད་ཀྱི་སྐད་འདི་ལགས་སོ། །ཨཐྎ། ༈ རླུང་གནས་འགྱུར་གྱི་གདམས་པ། ན་མོ་རཏྣ་གུ་རུ། གྲོལ་བ་མཐར་ཕྱིན་པ་རྡོ་རྗེའི་ཚིག་ནི། བླ་མའི་ཞལ་ནས། སེམས་ཀྱི་མཚན་ཉིད་སྟོང་པ་ཅི་ཡང་མ་ཡིན་པ་དེའོ། །དེ་བསྒོམ་རྒྱུ་མེད་དེ། བསྒོམ་རྒྱུ་མེད་ཀྱང་དོན་གྱི་གཟེར་ཆེན་འདེབས་དགོས། སྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ལ། གོ་བ་དང་ཚིག་གཉིས། གོ་བ་ནི་སེམས་ཡིད་ཡུལ་ལམ་བསམ་ཡུལ་ལ་མི་གནས་པས་སྒོམ་དུ་མེད། གཟེར་ཅེས་པའི་གོ་བ་ནི། སེམས་ཉིད་ཅི་ཡང་མ་ཡིན་པ་དེ་བརྡའ་དང་ངག་གིས་བསྟན་པས། དེ་མཐོང་ནས་ངོ་ཤེས་པ་དེ་ནི། མི་འཆུག་མི་འགྱུར་བ་དེ་གཟེར་ཅེས་བྱའོ། །བརྡའི་ཚིག་ལ་གཉིས། གནད་ཀྱི་བརྡའ་དང་དུས་ཀྱི་བརྡའོ། །དུས་ཀྱི་བརྡའ་སྙིང་པོ་ཡེ་ཤེས་ཀྱི་རླུང་། ཨ་ཝ་དྷུ་ཏིར་ཚུད་པ་དེའོ། །ཨ་ཝ་དྷུ་ཏི་ནི་ལྔ་སྟེ། སྤྱི་བོ་གཙུག་ཏོར་གྱི་ཨ་ཝ་དྷུ་ཏི་དང་། མགྲིན་པ་ལོངས་སྤྱོད་ཀྱི་ཨ་ཝ་དྷུ་ཏི་དང་། སྙིང་ཁ་ཤེས་རབ་ཀྱི་ཨ་ཝ་དྷུ་ཏི་དང་། ལྟེ་བ་སྤྲུལ་པའི་ཨ་ཝ་དྷུ་ཏི་དང་། གསང་བ་བདེ་བ་བསྐྱེད་པའི་ཨ་ཝ་དྷུ་ཏི་དང་ལྔའོ། །རྩ་རོ་མ་དང་། རྐྱང་མ་དང་། ཀུན་འདར་མ་དང་གསུམ། ཀུན་འདར་མ་སྤྱི་བོ་ནས་གསང་བར་ཐིག་གདབ་པ་ལྟ་བུར་གནས། སྤྱི་བོར་རྩ་ཀུན་འདར་མ་ལ་རྩ་རོ་མས་གཡས་ནས་གཡོན་དུ་འཁྱུད། དེ་ནས་གཡས་སུ་ལོག །ཀུན་འདར་མ་ལ་རྐྱང་མས་གཡོན་ནས་གཡས་སུ་འཁྱུད། དེ་ནས་གཡོན་དུ་ལོག །དེ་གསུམ་སྤྱི་བོར་གཅིག་ཏུ་འཛོམ་པ་དེ་ལས་སྤྱི་བོའི་གཙུག་ཏོར་གྱི་ཨ་ཝ་དྷུ་ཏི་ཟེར་བ་ཡིན། ལྔ་ཀ་དེས་འགྲེའོ། །སྙིང་པོ་ཡེ་ཤེས་ཀྱི་རླུང་ཨ་ཝ་དྷུ་ཏི་གང་ལ་ཚུད་ཀྱང་གཡོན་ནས་འགྱུ། འགྱུ་བའི་དུས་ཀྱི་བརྡའ་ཡིན་པས། སེམས་ཉིད་ཅི་ཡང་མ་ཡིན་པར་གནས་ཏེ་དེའི་དུས་སུ་ཐ་མལ་ལ་ཡེངས་པར་འོང་ངོ་། །དེ་ངོ་མ་ཤེས་ན་བག་ལ་ཉལ་ཡིན་དེའི་དུས་སུ་གནད་ཀྱི་བརྡའ་བཞི་རྒྱུད་ལ་སྦྱར་ནས། དུས་ཀྱི་བརྡའ་དེ་གནས་བསྒྱུར་བ་ཡིན། བག་ལ་ཉལ་དེ་ངོ་ཤེས་ན་ཆོས་ཉིད་སྐུར་ཤར་བས་དེར་གནས་བསྒྱུར་བ་ཡིན། དེ་ཡང་ལུང་ཚད་མ། མན་ངག་ཚད་མ། རང་གི་རིག་པ་ཚད་མ། རྒྱུད་དང་མི་འགལ་བའི་ཚད་མ། ཚད་མ་བཞིའི་སྐྱ་བར་དུ་བཅུག་ནས་མི་འགལ་བར་བསྟན་ཏེ། གསང་སྔགས་ཐམས་ཅད་ཀྱི་རྩ་རྒྱུད་མཱུ་ལ་ཏནྟྲའི་རྩ་བ་ནས། ཅི་ཡང་མ་ཡིན་གནས་འགྱུར་བས། །གནས་འགྱུར་བ་ལ་གཉིས་འཛིན་མེད། །ཅེས་པའོ། །རྣ་བརྒྱུད་ལུང་གི་ཕྲེང་བ་ལས། དུས་ཀྱི་བརྡའ་ལ་བརྟེན་ནས་ཀྱང་། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །ཞེས་སོ། །སློབ་དཔོན་རྦ་སྒོམ་གྱི་ཞལ་ནས། དུས་ཀྱི་བརྡའ་ལ་བརྟེན་ནས་ཀྱང་། །གནད་ཀྱི་བརྡའ་ཡིས་གནས་འགྱུར་ཏེ། །གནས་འགྱུར་བ་ལ་གཉིས་འཛིན་མེད། །ཅེས་གསུངས་སོ། །ཤེས་རབ་སྙིང་པོ་ལས། སེམས་ལ་སྒྲིབ་པ་མེད་ཅིང་སྐྲག་པ་མེད་དེ་ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པའི་མཐར་ཕྱིན་ཏོ། །ཞེས་པའོ། །དེ་ལྟར་ཅི་ཡང་མ་ཡིན་པའི་སེམས་ཉིད་དེ་གནས་འགྱུར། རང་གི་རིག་པ་ནི་རྡོས་ཁབ་བླངས་པ་བཞིན་དུ་རང་གི་རྒྱུད་ལ་ཙེན་གྱིས་ལོན་པ་དེ་རྡོ་རྗེའི་ཚིག་ཡིན་གསུངས། དཔེར་ན་ཟངས་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་ལྟར་རོ། །ཨཐྎ། །རྫས་ཀྱིས་ལུང་ནི་གནས་འགྱུར་བ། །ཕྱིང་བ་སྤྱི་རིངས་ཀྱི་འོད་ཁང་ལ། །ནང་དུ་ཀླད་པའི་གུར་ཕུབ་ལ། །ཤུག་ཚིལ་ལམ་གུ་གུལ་ཕུགས་སུ་བྱུག །ཞུན་ཆེན་གྱི་མར་མེ་ནང་དུ་བཏང་། །མེ་ལྕེ་དང་དུད་པས་ཕུགས་སུ་བདུག །དེ་ལྟར་བྱས་པའི་ཤུག་ཚིལ་ལམ། །གུ་གུལ་གཉིས་ཀྱི་དུད་པ་ཡིས། །ཤངས་བུག་གཡས་ནས་བདུག་པར་བྱ། །དེས་ནི་གཡོན་དུ་འགྱུར་བ་ཡིན། །རླུང་གནས་འགྱུར་བ་དུས་ཀྱི་བརྡའ། །དེ་དུས་གནད་ཀྱི་བརྡའ་ཡིས་བལྟ། །ཉམས་སུ་མྱོང་བར་ཐེ་ཚོམ་མེད། །གནད་གཅོད་ཀྱི་ན་ཚ་ཞི་བར་ནུས། །བདེ་བ་འཆར་བར་ཐེ་ཚོམ་མེད། །དེས་ན་རྫས་འདི་བརྟེན་པ་གཅེས། །རྗེ་རྒྱལ་བ་འཛེང་གི་ཞལ་གདམས་སོ། །ཨཐྎ། ༈ སློབ་དཔོན་བཻ་རོ་ཙ་ན་ནས་སྙིང་པོ་བཅུ་གསུམ་གྱི་མགུར་བཞེངས་བ། ཕ་ཡི་སྙིང་པོ་ཀུན་ཏུ་བཟང་པོ་ལུར། །མ་ཡི་སྙིང་པོ་ཀུན་ཏུ་བཟང་མོ་མཆོད། །ཆུང་མའི་སྙིང་པོ་ཆོས་ཉིད་བག་མར་ལོངས། །སྲས་ཀྱི་སྙིང་པོ་བདེ་གཤེགས་རིགས་ལྔ་བསྐྱེད། །མན་ངག་སྙིང་པོ་བླ་མ་སློབ་དཔོན་ཚོལ། །ཟས་ཀྱི་སྙིང་པོ་བླ་མའི་མན་ངག་གསོལ། །གྲོལ་གྱི་སྙིང་པོ་རྒྱལ་བའི་བཀའ་ལ་དྲིས། །མཚོན་གྱི་སྙིང་པོ་ཤེས་རབ་རལ་གྲི་ཐོགས། །མཐུ་ཡི་སྙིང་པོ་རང་གི་དུག་ལྔ་བྲུབས། །མགྱོགས་པའི་སྙིང་པོ་བརྩོན་འགྲུས་རྟ་ལ་ཞོན། །གྲོགས་ཀྱི་སྙིང་པོ་མཉམ་ཉིད་དོན་དང་འགྲོགས། །ལྟད་མོའི་སྙིང་པོ་རང་གི་སེམས་ལ་ལྟོས། །སྐོམ་གྱི་སྙིང་པོ་བདུད་རྩི་ཉིང་ཁུ་འཐུང་། །སྙིང་པོ་བཅུ་གསུམ་གྱི་མགུར་ཨཐྎ། །སློབ་དཔོན་བཻ་རོ་ཙ་ན་ནས་རྒྱལ་མོ་ཚ་བའི་རོང་དུ་མགུར་བཞེངས་པ། སྐྱེ་འཆི་མེད་པའི་དོན་རྟོགས་ན། །ཆོས་སྐུ་ཐོབ་རུང་མ་ཐོབ་རུང་། །ལྟ་རྒྱུ་མེད་པའི་དོན་རྟོགས་ན། །ལྟ་བ་མཁས་རུང་མི་མཁས་རུང་། །ཐེ་ཚོམ་མེད་པའི་དོན་རྟོགས་ན། །སྒྲོ་སྐུར་འདེབས་རུང་མི་འདེབས་རུང་། །དངོས་གཞི་མེད་པའི་དོན་རྟོགས་ནས། །འབྲས་བུ་ཐོབ་རུང་མི་ཐོབ་རུང་། །བགྲོད་དུ་མེད་པའི་དོན་རྟོགས་ན། །གནས་ཀུན་མཐོ་རུང་མི་མཐོ་རུང་། །རང་བྱུང་ཡེ་ཤེས་དོན་རྟོགས་ན། །འདུས་བྱས་རྟག་རུང་མི་རྟག་རུང་། །རྟོག་མེད་མཉམ་མེད་དོན་རྟོགས་ན། །བག་ཆགས་སོགས་རུང་མི་སོགས་རུང་། །བརྗོད་དུ་མེད་པའི་དོན་རྟོགས་ན། །ཐ་སྙད་མཁས་རུང་མི་མཁས་རུང་། །དམིགས་སུ་མེད་པའི་དོན་རྟོགས་ན། །མཉམ་པར་བཞག་རུང་མ་བཞག་རུང་། །བཅོས་སུ་མེད་པའི་དོན་རྟོགས་ན། །རྣམ་རྟོག་བྱུང་རུང་མ་བྱུང་རུང་། །གཉིས་སུ་མེད་པའི་དོན་རྟོགས་ན། །ཐེག་པ་བགྲང་རུང་མ་བགྲང་རུང་། །རིག་པ་མངོན་དུ་གྱུར་པ་ལ། །ཚིག་རྐང་ཆད་དམ་སྙམ། སེམས་ལ་རིག་པ་ཤར་བ་ན། །ཉི་ཟླ་འཆར་རུང་མི་འཆར་རུང་། །ཞེས་གསུངས་སོ། །བྱང་ཆུབ་ཀྱི་ཤིང་དྲུང་དུ། སློབ་དཔོན་དགའ་རབ་རྡོ་རྗེས་མགུར་བཞེངས་པ། ཡང་། ཡུལ་རྣམས་ཐམས་ཅད་བལྟ་འདོད་ན། །རི་བོ་ཆེན་པོའི་ཁ་ནས་ལྟོས། །ཆོས་རྣམས་སྐྱེ་འགགས་མེད་པའི་ཡུལ། །རང་སེམས་རིག་ན་རི་རབ་རྩེ། །ཆུ་རྣམས་ཐམས་ཅད་འཐུང་འདོད་ན། །རྒྱ་མཚོ་ཆེན་པོའི་ཆུ་ལ་འཐུང་། །སྐྱེ་མེད་བྱང་ཆུབ་སེམས་ཀྱི་ཆུ། །མཐའ་དབུས་མེད་པར་རྒྱ་མཚོ་ཆེ། །བརྟན་གཡོ་ཐམས་ཅད་སྲེག་འདོད་ན། །འཇིགས་པ་དུས་ཀྱི་མེ་ཆེན་སྦོར། །རྣམ་རྟོག་བརྟན་གཡོ་ཆེན་པོ་སྟེ། །བྱང་ཆུབ་སེམས་ཀྱི་མེ་ཆེན་སྤོར། །འཇིགས་མེད་བདེ་བའི་གནས་འཚོལ་ན། །དགོན་པ་ཆེན་པོའི་གནས་སུ་སྡོད། །འཁོར་བ་རྣམ་དག་བདེ་བའི་གནས། །བྱང་སེམས་དགོན་པའི་གནས་འདི་ཆེ། །ཞེས་གསུངས་སོ། །ཡང་བྱང་ཆུབ་སེམས་ཀྱི་ཕན་ཡོན་དཔེ་དྲུག་གིས་མཚོན་ནས་མགུར་བཞེངས་པ། བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཉི་ཟླ་བཞིན་དུ་འོད་རེ་གསལ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །ནམ་མཁའ་བཞིན་དུ་ཡོང་ཡེ་མེད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །རི་རབ་བཞིན་དུ་འཕོ་འགྱུར་མེད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །ཆུ་བོ་བཞིན་དུ་རྒྱུན་ཆད་མེད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །འཇའ་ཚོན་བཞིན་དུ་བཟུང་དུ་མེད། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །རིན་ཆེན་བཞིན་དུ་དགོས་འདོད་འབྱུང་། །ཞེས་གསུངས་སོ། །མི་ལྟས། ན་མོ་རཏྣ་གུ་རུ། སློབ་དཔོན་བཻ་རོ་ཙ་ན་དང་། གཙང་ལེགས་གྲུབ་གཉིས། སྟག་གི་ལོ་དཔྱིད་ཟླ་ར་བའི་ཚེས་བཅུ་གསུམ། གཟའ་ཕུར་བུ། སྐར་མ་རྒྱལ་གྱི་ནུབ་མོ། ཨཱརྱ་པ་ལོའི་གླིང་དུ་བསོགས་ནས། དེར་གཟིམས་པས་གུང་གཅིག་ལ་རྨི་ལམ་བཞི་བྱུང་། སྲོད་ལ་ཐུན་གཅིག་ཉལ་བའི་རྨི་ལམ་ན། །བུད་མེད་ལོ་བརྒྱད་ལོན་པ་གཞོན་ནུ་མས། །རལ་གྲི་འོད་དུ་འབར་བ་ཡིས། །བདག་གི་ཕུང་པོའི་ཁོག་པ་ཁ་ཕྱེས་ནས། །བདག་གི་སྙིང་ཕྱུངས་ཆུ་སེར་འཛག་པ་རྨིས། །དགུང་ལ་ཐུན་གཅིག་ལོག་པའི་རྨི་ལམ་ན། །རྒྱ་གར་སྐྱེས་བུ་ཉི་ཤུ་རྩ་གཅིག་གི་སྙིང་ཕྱུངས་ནས། །སྙིང་ཉི་ཤུ་རྩ་གཅིག་ཟོས་པ་རྨིས། །ཐོ་རངས་ཐུན་གཅིག་ལོག་པའི་རྨི་ལམ་ན། །རྒྱ་གར་ཡུལ་གྱི་མི་རེངས་སྐྱ་བོ་གཅིག་གིས་ནི། །བཻ་རོ་ཙ་ནའི་སྤྱིར་བོར་ཡི་གེ་ཨཿབཞག་སྟེ། ཨཿལས་མེ་འབར་གཟུགས་ཕུང་བསྲེགས་པ་རྨིས། །ནམ་ལངས་ཁར་ཐུན་གཅིག་ལོག་པའི་རྨི་ལམ་ན། །རྒྱ་གར་ཡུལ་གྱི་བྱང་ཆུབ་ཤིང་དྲུང་དེ། །རྩ་བ་ནས་བཅད་དེ་བོད་ལ་ཁུར་བ་རྨིས། །དེ་ནས་གཙང་ལེགས་གྲུབ་ལ་རྨི་ལྟས་བཤད་པ། གྲོགས་པོ་སྐྱིད་དོ་ཡར་བཞེངས་དང་། །རྨི་ལམ་བཟང་པོ་ཐང་བཞི་བདག་ལ་རྨིས། །སྲོད་ལ་ཐུན་གཅིག་ལོག་པའི་རྨི་ལམ་ན། །བུད་མེད་ལོ་བརྒྱད་ལོན་པའི་གཞོན་ཤ་ཅན། །ཡེ་ཤེས་རལ་གྲི་འོད་དུ་འབར་བ་ཡིས། །བདག་གི་ཕུང་པོའི་ཁོག་པ་ཁ་ཕྱེས་ནས། །དོན་སྙིང་རྣམ་ལྔ་འདོན་པ་རྨིས། །ཆུ་སེར་འཛག་ཅིང་རྨི་བ་དེ། །སྔོན་གྱི་བག་ཆགས་རྣམ་བྱང་ནས། །ལས་ངན་སྒྲིབ་པ་དག་པའི་རྟགས། །རྨི་ལམ་བཟང་ངོ་འོ་སྐོལ་མྱུར་དུ་གཤེགས། །དགུང་ལ་ཐུན་གཅིག་ཉལ་བའི་རྨི་ལམ་ན། །རྒྱ་གར་སྐྱེས་པ་ཉི་ཤུ་རྩ་གཅིག་གི། །སྙིང་ཕྱུང་ཙིཏྟ་ཉི་ཤུ་རྩ་གཅིག་རྣམས། །བཻ་རོ་ཙ་ན་བདག་གིས་ཟོས་རྨིས་ཏེ། །གུང་སྔོན་གྱི་བག་ཆགས་རྨིས་པ་སྟེ། །སྔོན་གྱི་ལས་འཕྲོ་སྐལ་བར་ལྡན་པ་ཡིས། །རྒྱ་གར་ཡུལ་གྱི་མཁས་པའི་མན་ངག་བདེ་ཆེན་རྣམས། །བཻ་རོ་ཙ་ན་བདག་གིས་ཐོན་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །ཐོ་རངས་ཐུན་གཅིག་ལོག་པའི་རྨི་ལམ་ན། །རྒྱ་གར་ཡུལ་གྱི་མི་རེངས་སྐྱ་བོ་གཅིག་གིས་ནི། །བདག་གི་སྤྱི་བོའི་གཙུག་ཏུ་ཨ་བཞག་སྟེ། །ཨ་ལས་ཡེ་ཤེས་མེ་འབར་ནས། །གཟུགས་ཀྱི་ཕུང་པོ་བསྲེགས་པའི་སྣང་བ་རྨིས། །ཨ་ནི་ཆོས་སྐུ་སྐྱེ་མེད་དག་པའི་རྟགས། །སྐྱེ་མེད་ཡེ་ཤེས་འབར་བ་ཡིས། །བདག་གི་གཟུགས་ཀྱི་ཕུང་པོ་ཡི། །ཉོན་མོངས་བག་ཆགས་བསྲེགས་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །ནམ་ལངས་ཁར་ཐུན་གཅིག་ལོག་པའི་རྨི་ལམ་ན། །རྒྱ་གར་ཡུལ་གྱི་བྱང་ཆུབ་ཤིང་དྲུང་དེ། །རྩད་ནས་བཅད་དེ་བོད་དུ་ཁུར་བ་རྨིས། །བཻ་རོ་ཙ་ན་བདག་གིས་ནི། །གདམས་ངག་མ་ལུས་ཐོབ་པའི་རྟགས། །རྨི་ལམ་བཟང་བས་འོ་སྐོལ་མྱུར་དུ་གཤེགས། །དེ་སྐད་གསུངས་ནས་རྒྱ་གར་ཡུལ་དུ་གཤེགས་སོ། །བཻ་རོ་ཙ་ནས་རྨི་ལམ་བརྟག་པ་བཟང་ངོ་། །ཨོ་རྒྱན་ཡུལ་གྱི་མཚན་ཉིད་ནི། །ཨོ་རྒྱན་མཐིལ་ནི་སླ་ང་འདྲ། །ཨོ་རྒྱན་ཡུལ་ནི་དབྱར་དགུན་མེད། །ཨོ་རྒྱན་ཡུལ་ནི་མེ་ཏོག་རྣམ་པར་མང་པོ་འཁྲུངས། །ཨོ་རྒྱན་ཡུལ་ནི་ཟ་འོག་སྣམ་བུར་འདྲ། །ཨོ་རྒྱན་ཡུལ་ནི་གངས་རི་གངས་ཀྱིས་བསྐོར། །གངས་དང་ནགས་ཀྱི་མཚམས་ན་ནགས་ཚལ་འཐུག་པོས་བལྟམས། །མཐའ་བཞི་བར་མཚམས་ན་གངས་ཀྱིས་བསྐོར། །ཨོ་རྒྱན་ཡུལ་དུ་འཁྲུངས་པའི་སྐལ་ལྡན་རྣམས་སྟོན་དཔྱིད་སོ་ནམས་བྱ་མི་དགོས། ཁ་ཟས་བཙལ་མི་དགོས། འཛམ་བུ་བྲྀ་ཤར་རོ་མཆོག་བརྒྱ་དང་ལྡན། །མོ་བཙུན་བལ་ཐག་བྱ་མི་དགོས། །འཛམ་བུ་བྲྀ་ཤ་ལྤགས་པ་དར་ལས་འཇམ། །བྱིས་པ་རྣམས་ལ་རྣམ་རྟོག་གདོད་ནས་དག་ནས་མེད། །ཕ་དང་མ་རུ་མི་སློབ་དགྲ་དང་གཉེན་གྱི་མིང་ཡང་མེད། །ཚ་དང་ཞང་དུ་མི་སློབ་གྲོགས་པོའི་མིང་ཡང་མེད། །བདེན་རྫུན་གཉིས་སུ་མི་སློབ་བློ་ཡི་ཡུལ་ལས་འདས། །གདོད་ནས་རྣལ་འབྱོར་ཆེན་པོར་འཁྲུངས། །དེ་རུ་འཁྲུངས་པའི་ཡོན་ཏན་གྱིས། །མཁའ་འགྲོ་རྣམ་བཞིའི་སྐུ་ཡང་དངོས་སུ་སྟོན། །ཚེ་ལ་དབང་བའི་རིག་འཛིན་རྣམས་ཀྱང་དེ་ན་བཞུགས། །རྡོ་རྗེ་སེམས་དཔའི་སྐུ་ཡང་དངོས་སུ་སྟོན། །ཧ་ཅང་མི་དྲོ་ཧ་ཅང་མི་གྲང་སྟེ། །འདོད་ཡོན་ལྔ་ལ་ལོངས་སྤྱོད་ཁྱད་པར་ཅན་དུ་གནས། །ཚེ་ལ་བར་ཆད་མི་འོང་རང་རེ་གང་དགར་སྡོད། །ཨོ་རྒྱན་ཡུལ་གྱི་འཕྲང་རྣམས་བྲག་གིས་བསྐོར། །བྲག་འཕྲང་ལ་ཟླ་བ་གཅིག་ཏུ་གནས། །དེ་ནས་ཆུ་ལ་ཟླ་བ་གསུམ་ཡོད། །དེ་ནས་རི་མེད་བྲག་མེད་ནགས་མེད་ཐང་གཅིག་ཡོད། །དེ་ནས་ཉི་མ་གཅིག་གིས་སླེབ། །ཡང་ན་བྱང་ཆུབ་སེམས་དཔའི་སའམ། གྲུབ་པ་ཐོབ་པ་མ་ལགས་པའི་གང་ཟག་ཕལ་པ་ལམ་ལ་ཐར་ས་མེད། གཅན་གཟན་གདུག་པ་ཅན་དང་དྲེད་ཀྱི་ཚོགས། །འཇིག་རྟེན་ལྷ་འདྲེའི་ཚོགས་དང་། ཧ་ལ་འབར་བྱེད་ཀྱི་ཚོགས་དང་ཆུའི་ལམ་དང་བྲག་ལམ་ལ་ཐར་སྲིད་ཀྱང་། ཧ་ལ་གདུག་པའི་ཚོགས་ལས་ཐར་ས་མེད་དོ། །ཨོ་རྒྱན་ཡུལ་གྱི་རྣམ་ཐར་ཨཐྎ། སྐབས་སྦྱོར་ལྷན་ཐབས་རྒྱས་པ། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། །ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ། །ཞེས་བྱ་བ་སྔོན་དུ་མཆོད་པར་བརྗོད་ཅིང་། བསྟན་པར་དམ་བཅའ་བ་སྟོན་པའོ། །སྤྱིར་གདམས་ངག་གི་ལུགས་ཀྱིས་མཆོད་པར་བརྗོད་པ་མི་འབྱུང་བ་ལགས། རྒྱུད་དམ་སྒྲུབ་ཐབས་སམ། བསྟན་བཅོས་ལ་འབྱུང་བའོ། །གདམས་ངག་ལ་མི་འབྱུང་བ་རྒྱུ་མཚན་དེའི་ལུགས་ཀྱི་རང་གི་རྒྱུད་ལ་ཉམས་སུ་མྱོང་ཚོད། གོ་ཚོད། རྟོགས་ཚོད་དམ། རྒྱུད་ཀྱི་དོན་གྱིའགྲོ་ཚོད་དམ། དོན་མི་བསླུ་བའི་མན་ངག་ཉུང་ལ་འདུས་པ་དེ་བླ་མས་གདམས་ངག་ཏུ་སྟོན་པ་ལས། དེ་ལ་ཀླད་དང་། གཞུང་དང་། མཇུག་ཡོངས་སུ་བསྡུ་བ་ལ་སོགས་པ་མེད་པའི་ཕྱིར་རོ། །རྒྱུད་ལ་སོགས་བ་ལ་འབྱུང་བའི་རྒྱུ་མཚན་ནི། དེ་དག་ལ་ཀླད། གཞུང་། མཇུག་ཡོངས་སུ་བསྡུ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ། །མཆོད་བརྗོད་འབྱུང་བ་དེ་ལའང་། ཡུལ་གང་ལ་མཆོད་པར་བརྗོད་ན། རྒྱུད་ཀྱི་སྟོན་པའམ། སྒྲུབ་ཐབས་ཀྱི་གཙོ་བོའི་ལྷའམ། བསྟན་བཅོས་རྩོམ་པ་པོའི་ཡི་དམ་ལྷ་ལ་སོགས་པ་ལ་མཆོད་པར་བརྗོད་པའོ། །དེ་ཡང་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ཧེ་རུ་ཀའམ། ཀུན་ཏུ་བཟང་པོའམ། རྡོ་རྗེ་འཆང་ངམ། རྡོ་རྗེ་སེམས་དཔའ་ལ་གཙོ་ཆེར་བརྗོད་དོ། །རྒྱུ་མཚན་ཉིད་ཀྱི་ལུགས་ཀྱིས་ཡུམ་ཆེན་མོའམ། བསྟན་པའི་བདག་པོ་ལ་གཙོ་ཆེར་བརྗོད་དོ། །གདམས་ངག་ལ་རྒྱ་ལ་བྱུང་ནའང་བརྒྱུད་པའི་བླ་མ་ལ་མཆོད་པ་ཡིན་ཏེ། དེའང་ཡུལ་གཞན་ལ་མཆོད་པར་བརྗོད་པའོ། །གདམས་ངག་འདིའི་ལུགས་ལ་མཆོད་བརྗོད་འབྱུང་བའོ། །དེའི་རྒྱུ་མཚན་གང་ཟག་གིས་གོ་ཚོད། རྟོགས་ཚོད་དམ། བློའི་བཅོས་མ་ལྟ་བུ་གཅིག་མ་ཡིན་ཏེ། རྒྱལ་བའི་དགོངས་པ་གཅིག་ནས་གཅིག་ཏུ་བརྗོད་པས་དགོངས་དོན་གྱི་བརྒྱུད་པའམ། རྒྱུད་ཀྱི་དོན་མན་ངག་ཏུ་བསྟན་པས་ན་རྒྱུད་དང་འདྲ་བའི་གདམས་ངག །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་སྤྲུལ་པ་སེམས་དག་ལྷའི་བུ་ནས། ད་ལྟ་ཡན་ཆད་བཀའ་བརྒྱུད་ཕྲེང་བ་མ་ཆད་པས་ན་རྒྱུད་དང་འདྲ་བའི་གདམས་ངག་གཅིག་འདི་ཡིན། འདི་ལ་མཆོད་བརྗོད་འབྱུང་ངོ་། །དེའང་ཡུལ་ཕ་རོལ་གཞན་ལ་མ་ཡིན་ཏེ། ཉིད་ལ་ཉིད་མཆོད་པར་བརྗོད་པའོ། །ཚུལ་ཇི་ལྟར་ན་རང་གི་སེམས་ཉིད་བརྗོད་དུ་མེད་པའི་ངང་དེ་ལ་ཕྱག་འཚལ་བའི་ཚུལ་སྟོན་པའོ། །རང་ལ་རང་གི་ཕྱག་འཚལ་བ་དེ་ཅང་འཐད་དམ་ཞེ་ན། གུ་རུ་བཞི་པ་ལས། སེམས་ལས་སངས་རྒྱས་མེད་པས་མཆོད་པ་གཞན་མི་བྱ། །རེ་དོགས་གཉིས་སུ་མེད་པས་སྨོན་ལམ་གཞན་མི་གདབ། །ཅེས་སོ། །ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས། ཆོས་ཀྱི་དབྱིངས་ན་གཅིག་པུར་བཞུགས་པའི་ལྷ། །དོན་དམ་བྱང་ཆུབ་སེམས་ཀྱི་ལྷ་ཡིན་ཏེ། །དོན་དམ་སེམས་ཀྱི་ལྷ་ལ་ཕྱག་འཚལ་ལོ། །ཞེས་བཤད་དོ། །རྡོ་རྗེ་ཟམ་པའི་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། ཡོན་ཏན་ཐམས་ཅད་མ་བཙལ་རང་ལ་ཤར། །རྟོགས་པའི་རིམ་པས་གཉིས་མེད་ངང་ལ་འདུད། །ཅེས་བཤད། དེ་བས་ཉིད་ལ་ཉིད་ཕྱག་འཚལ་བ་ལ་འགལ་བ་མེད་དོ། །འཚལ་ཚུལ་ལམ་འཚལ་ལུགས་ནི། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །ཞེས་ཏེ། དེ་ལ་དང་པོ་མ་ནོར་ཞེས་པ་ནི། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན། སེམས་ཉིད་དངོས་པོ་གཤིས་ཀྱི་གནས་ལུགས་རང་བྱུང་གི་ཡེ་ཤེས་ཆེན་པོ་དེ་དུས་གསུམ་དུ་འདུ་འབྲལ་མེད་པ། གསལ་འགྲིབ་མེད་པ། འགྲོ་འོང་མེད་པ། སྐྱེ་འགག་མེད་པའི་ཆོས་བཞི་དང་ལྡན་པའི་དོན་འདུས་མ་བྱས་པའི་དབྱིངས་འགྱུར་བ་མེད་པ་དེ་གསལ་ལ་རྟོགས་པ་མེད་པ་ནམ་མཁའི་དཀྱིལ་ལྟ་བུ། ཕྱིན་ཅི་མ་ལོག་པར་རྟོགས་པས་ན་མ་ནོར་བའོ། །མ་ནོར་བའི་དོན་དེ་ཉིད་ལ་སངས་རྒྱས་སྒམ་སྟེ་མཛད་དུ་མ་བཏུབ། སེམས་ཅན་སྒྲིན་ཏེ་བསྒྱུར་དུ་མ་བཏུབ། རྣལ་འབྱོར་པ་གང་གི་བློས་བཅོས་སུ་མེད་པས་ན་མ་བཅོས་པའོ། །མ་བཅོས་པའི་དེ་ཉིད་ཡིད་ཀྱི་ཡུལ་ལ མ། དྲན་པའི་ཡུལ་ལམ། བློའི་ཡུལ་ལམ། བསམ་པའི་ཡུལ་ལ་མི་གནས་ཏེ། བསམ་དུ་མ་བཏུབ་པས་ན་བསམ་འདས་སོ། །བསམ་ལས་འདས་པའི་དོན་དེ་ཡང་བསམ་པ་དྲན་པ་བློས་བརྗོད་པའི་ཡུལ་ལ་མི་གནས་ཏེ་སྨྲ་རུ་མ་བཏུབ་པས་ན་བརྗོད་མེད་དོ། །བརྗོད་དུ་མ་བཏུབ་པའི་དོན་དེ་ལ་དུས་གསུམ་དུ་འགྱུར་བར་མེད་པར་གནས་པས་ན་ངང་ཞེས་བྱའོ། །ལ་ཞེས་པ་ནི་ཡུལ་དུ་བསྟན་པའམ་གོང་གི་བརྗོད་མེད་ལ་སོགས་པའི་ཡོན་ཏན་ནམ་དོན་དེ་ལས་ལྷག་པ་མེད་པས་མཐར་ཐུག་པ་ཡིན་པས་ལའོ། །དེ་ལ་གཟུང་འཛིན་གྱི་བག་ཆགས་མི་གནས་པར་ཕྱག་པ་ན་ཕྱག་ཅེས་བྱའོ། །དེ་ལྟ་བུའི་དོན་རྟོགས་ཤིང་མངོན་དུ་གྱུར་པ་དེས་ཆོག་པས་ན་འཚལ་ཞེས་བྱའོ། །དོན་དེ་ལས་ལྷག་པར་བསྟན་དུ་མེད་དེ། བློའི་འདོད་པ་ཟད་པས་ན་ལོ་ཞེས་བྱའོ། །དེས་ནི་སྔོན་དུ་མཆོད་བརྗོད་བསྟན་ནོ། །གཉིས་པ་བསྟན་པར་དམ་བཅའ་བ་ནི། ཆོས་གཞན་གྱི་ལུགས་སུ་བཤད་པར་དམ་བཅའ་བ་ཞེས་འབྱུང་བ་ཡིན་ཏེ། འདི་ནི་ཆོས་སྤྱིའི་གནས་ལུགས་བཤད་པ་ལྟ་བུ་མ་ཡིན་པས། དོན་རང་གི་མཚན་ཉིད་བླ་མའི་གདམས་ངག་གིས་ངོ་སྤྲད་ནས་སྟོན་པ་ཡིན་པས་ན་དམ་བཅའ་བའོ། །དེ་ལ་གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱིས། ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་བྱ་བ་ཡིན་པས། གདོད་ནས་དག་པ་བྱ་བ་ནི། སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ། ཡེ་གདོད་མ་ནས་རྣམ་རྟོག་རང་རྒྱུད་དུ་གྲུབ་པ་རྡུལ་ཕྲ་རབ་ཙམ་གཅིག་ཀྱང་མི་གནས་པས་ན་གདོད་ནས་དག་པའོ། །བྱང་ཞེས་པ་ནི་སེམས་ཉིད་དངོས་པོའི་གནས་ལུགས་དེ་ལ་བག་ཆགས་བཟང་ངན་གང་གིས་ཀྱང་མ་བསླད་དེ། གཟུང་འཛིན་གྱི་རྟོག་པ་མི་གནས་པས་ན་བྱང་པའོ། །ཆུབ་པ་ནི་ཡེ་ཤེས་ལྔ་དང་ལྡན་པ་དེ། སེམས་ཉིད་དངོས་པོའི་གནས་ལུགས་ཆོས་བཞི་དང་ལྡན་པ་ནི། ཡེ་ནས་དུས་གསུམ་དུ་འདུ་འབྲལ་མེད་པར་གནས་པ་དེ་ཤེས་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེ་རང་གི་རྒྱུད་ལ་ཡོད་པ་དེ་རང་དུ་རིག་ཅིང་རང་གསལ་བས་ན་མེ་ལོང་ལྟ་བུའི་ཡེ་ཤེས། ཡ་མཐའ་རྒྱལ་བའི་ད་ལ་ནས། མ་མཐའ་དམྱལ་བའི་གྲོང་ཁྱེར་ཡན་ཆད་ལ་ཆེ་ཆུང་མེད། བཟང་ངན་མེད་པར་ཡེ་ནས་མཉམ་པོར་ཁྱབ་པའི་དོན་དེ་ཉིད་ཤེས་པས་ན་མཉམ་པ་ཉིད་ཀྱི་ཡེ་ཤེས། དེ་ཡང་ཡོད་པ་སེམས་ཅན་ཀུན་གྱི་རྒྱུད་ལ་ཡོད། ཡིན་པ་འདི་ལྟར་སྣང་གྲགས་ཀྱི་ཆོས་ཐམས་ཅད་ཝལ་ལེ། ཁྱུག་གེ་བ་འདི་ཡིན། དེ་སོ་སོ་རང་རང་གི་རྒྱུད་ལ་རྟོགས་སུ་བྱུང་བས་ན་སོ་སོར་རྟོག་པའི་ཡེ་ཤེས། དེ་ལྟར་དུ་ཡིན་པའི་དོན་དེ་ཤེས་ཤིང་རྟོགས་ཙ་ན། བྱ་བའི་བློ་ཐམས་ཅད་མ་གྲུབ་པས་ན་བྱ་བ་གྲུབ་པའི་ཡེ་ཤེས་སོ། །དེ་ལྟར་ཡང་རྩ་བའི་རྒྱུད་ཡེ་ཤེས་གསང་བ་ལས། རང་གསལ་ཡེ་ནས་མ་བཅོས་པའི། །དོན་དེ་ཤེས་པས་ཡེ་ཤེས་ཡིན། །ཞེས་བཤད། ཡེ་ཤེས་དེ་ཡང་སེམས་ཀྱི་རྣམ་པར་རྟོག་པ་མ་ཡིན་ཏེ། སེམས་མ་ཡིན་པའི་ཕྱིར་ན་སེམས་ཉིད་ཡིན་ཏེ། སེམས་མ་ཡིན་པ་ནི་རྣམ་པར་རྟོག་པ་མ་ཡིན་ཏེ། སེམས་མ་ཡིན་པའི་ཕྱིར་ན་སེམས་ཉིད་ཡིན་ཏེ། སེམས་མ་ཡིན་པ་ནི་རྣམ་པར་རྟོག་པ་མེད་ཅིང་འགྱུར་བ་མེད་པས་ན་སེམས་མ་ཡིན་ཏེ་སེམས་ཉིད་དོ། །དེ་གཞན་ནས་བཙལ་མ་དགོས་པར་རང་གི་རྒྱུད་ལ་ཡོད་པས་ན་ཉིད་ཀྱིའོ། །ངོ་བོ་ཉིད་ནི་སེམས་ཉིད་དངོས་པོའི་གནས་ལུགས་མ་བཅོས་པའི་ངོ་བོ་ཉིད་དོ། །དེ་ཡང་ཡེ་ཤེས་གསང་བ་ལས། ངོ་བོ་ཉིད་ནི་གནས་ལུགས་ཏེ། །ཞེས་བཤད་དོ། །དོན་བསྟན་པ་ཞེས་པ་དོན་གཞན་གཅིག་ནས་སྟོན་པ་ལྟ་བུ་གཅིག་མེད་དེ། རང་གི་རྒྱུད་ལ་ཡོད་པའི་སེམས་ཀྱི་དོན་སྔར་མ་རྟོགས་པ་དེ་བླ་མའི་བརྡའ་དང་ངག་གིས་ངོ་སྤྲད་ནས་རིག་ཅིང་རྟོགས་པར་བྱེད་པའོ། །དེ་ཡང་ཚུལ་ལམ་ཐབས་ཇི་ལྟ་བུར་རྟོགས་ན། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་དེ། བླ་མའི་བརྡའ་དང་ངག་གིས་སྟན་གཅིག་གི་སྟེང་དུ་རང་གི་རྒྱུད་ལ་སྦྱར་ནས། ཉམས་སུ་མྱོང་བའི་དོན་དེ་ལ་ཡིད་ཆེས་ཤིང་། ཐེ་ཚོམ་མི་ཟ་བར་རྟོགས་པར་བྱ་བའི་དོན་དུ། མན་ངག་ལུང་དང་མི་འགལ་བར་སྟོན་པའོ། །སློབ་དཔོན་འཛེང་ཆེན་པོའི་ཞལ་ནས། ཆོས་སྤྱིའི་རྣམ་པར་ཤིགས་ཀྱིས་བཤིག །དོན་རང་གི་མཚན་ཉིད་ལ་འུབ་ཀྱིསབསྡུས་ནས། སེམས་ཉིད་དངོས་པོའི་གནས་ལུགས་དེ་བླ་མའི་བརྡའ་དང་ངག་གིས་རང་གི་རྒྱུད་ལ་འཆར་གྱིན་སྦྱར་ནས། མན་ངག་ལུང་དང་མི་འགལ་བར་སྟོན་པ་ནི། གདམས་ངག་ཆེ་བ་ཡིན་སྐད། དེ་ཡང་གསང་སྔགས་དོན་གྱི་ཚད་མ་ལས། ལུང་དང་མན་ངག་གི་དོན་རང་རིག་ངེས་པར་འཆར་ཞེས་བཤད་དོ། །དེ་ལ་ཆོས་སྤྱིའི་འདོད་ལུགས་ནི། སྟོན་པ་རྣམ་པ་གསུམ་གྱིས་བསྟན་པའི་ཆོས་ཡིན་ཏེ། ཆོས་སྐུའི་སྟོན་པ་དཔལ་ཀུན་ཏུ་བཟང་པོས་དབང་པོ་རབ་གསུམ་ལ། ཆོས་སྡེ་དང་རྒྱུད་སྡེ་ཀློང་སྡེ་གསུམ་བསྟན། ཚུལ་ལམ་ཐབས་ཇི་ལྟར་བསྟན་ན་བྱིན་གྱིས་བརླབས་ནས་བསྟན། དོན་གང་ལ་དགོངས་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་སེམས་བྱ་བ་གཅིག་ཡོད་དེ། སེམས་དེ་ཡང་མ་རིག་པས་དེ་མ་ཡིན་ལ་དེར་འཛིན་གྱི་ཤེས་པ་ལོག་རྟོག་འཁྲུལ་པར་འདུག་པས། དེ་མ་འཁྲུལ་པར་བྱ་བའི་ཕྱིར་ཆོས་སྡེ་བསྟན། སེམས་ཉིད་དེ་ཡང་རྒྱུན་ཆད་མེད་པར་འདུག་པས། ཆོས་ཉིད་ཀྱང་རྒྱུན་ཆད་མེད་པར་བྱའི་ཕྱིར་རྒྱུད་སྡེ་བསྟན། སེམས་ཉིད་དེ་ཡང་ན་ཡིན་པར་འདུག་པས། ཆོས་ཉིད་ཀྱང་མི་ཟད་པར་བསྟན་པའི་ཕྱིར་ཀློང་སྡེ་བསྟན། དེ་ཡང་བསྡུ་ན་བསླབ་པ་རྣམ་པ་གསུམ་དུ་འདུས་སོ། །ལོངས་སྤྱོད་རྫོགས་པ་སྐུའི་སྟོན་པ་དཔལ་རྣམ་པར་སྣང་མཛད་ཀྱིས་བསྟན་པའི་འབྲིང་གསུམ་ལ། ཆོས་ཀྲི་ཡ་ཡོ་ག་ཨུ་པ་གསུམ་བསྟན། ཚུལ་ལམ་ཐབས་ཇི་ལྟར་བསྟན་ན་ཐབས་བརྡས་བསྟན། དོན་གང་ལ་དགོངས་ན་ལུས་ངག་ཡིད་གསུམ་འདུལ་བ་ལ་དགོངས་ནས་བསྟན། དེ་ཡང་ལུས་འདུལ་ཕྱིར་ཀྲི་ཡ། ངག་འདུལ་ཕྱིར་ཨུ་པ་ཡ། ཡིད་འདུལ་ཕྱིར་ཡོ་ག་བསྟན། དེ་ཚོ་ཡང་བསྡུ་ན་བསླབ་པ་གསུམ་དུ་འདུས་སོ། །སྤྲུལ་པ་སྐུའི་སྟོན་པ་ཤཱཀྱ་ཐུབ་པས། བསྟན་པ་ཆོས་ཐ་མ་གསུམ་ལ་འདུལ་བ་མངོན་པ་མདོ་སྡེ་གསུམ་བསྟན། ཚུལ་ལམ་ཐབས་ཇི་ལྟར་བསྟན་ན། ཞལ་ནས་གསུངས་ནས་བསྟན། དོན་གང་ལ་དགོངས་ནས་བསྟན་ན། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཉོན་མོངས་པ་དུག་གསུམ་ཡོད་པས་དེ་འདུལ་བའི་ཕྱིར་གསུངས། དེ་ཡང་འདོད་ཆགས་འདུལ་བའི་ཕྱིར་འདུལ་བ་བསྟན། ཞེ་སྡང་འདུལ་བའི་ཕྱིར་མདོ་སྡེ་བསྟན། གཏི་མུག་འདུལ་བའི་ཕྱིར་མངོན་པ་བསྟན། དེ་དག་གི་བརྗོད་བྱ་བསླབ་པ་གསུམ་དུ་འདུས་སོ། །དེ་ལྟར་སྐུ་གསུམ་གྱིས་བསྟན་པའི་ཆོས་གསུམ་ཡང་གང་ཟག་དབང་པོར་རབ་འབྲིང་ཐ་མ་གསུམ་ལ་དགོངས་ནས་བཀའ་སྩལ་ཏོ། །དེ་ཡང་ངེས་བརྗོད་བླ་མའི་ལུང་ལས། ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ། །བསྐལ་པ་གསུམ་གྱིས་སངས་རྒྱས་ས་ལ་སླེབ། །ཀྲི་ཡ་ཨུ་པ་ཡོ་ག་དག་དང་གསུམ། །མི་ཚེ་གསུམ་གྱིས་སངས་རྒྱས་ས་ལ་སྦྱོར། །བསྐྱེད་དང་རྫོགས་དང་རྫོགས་པ་ཆེན་པོ་གསུམ། །མི་ཚེ་གཅིག་གིས་སངས་རྒྱས་ལག་གིས་ལེན། །ཞེས་བཤད་དོ། །གང་ཟག་དབང་པོ་ཐ་མ་སྤྲུལ་སྐུའི་བསྟན་པས་འདུལ་བ་དེ་ཅུང་ཟད་གཅིག་སྤྲོ་ན། དུག་གསུམ་གྱི་གཉེན་པོ་སྡེ་སྣོད་གསུམ་ལས། འདོད་ཆགས་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་འདུལ་བ་ཉི་ཁྲི་ཆིག་སྟོང་གསུངས། ཞེ་སྡང་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས། གཏི་མུག་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་མངོན་པ་ཉི་ཁྲི་ཆིག་སྟོང་གསུངས། དུག་གསུམ་སྤྱི་མཐུན་ལས་གྱུར་པ་ཉི་ཁྲི་ཆིག་སྟོང་གི་གཉེན་པོར་སྡེ་སྣོད་གསུམ་སྤྱི་མཐུན་ལས་གྱུར་པའི་ཆོས་ཀྱི་སྒོ་མོ་ཉི་ཁྲི་ཆིག་སྟོང་གསུངས་སོ། །དེ་ཡང་མདོ་བཅུ་ལས། འདོད་ཆགས་འདུལ་ཕྱིར་འདུལ་བ་གསུངས། །ཞེ་སྡང་འདུལ་ཕྱིར་མདོ་སྡེ་གསུངས། །གཏི་མུག་འདུལ་ཕྱིར་མངོན་པ་གསུངས། །དུག་གསུམ་ཆ་མཉམ་སྤྱི་མཐུན་གཉེན་པོ་རུ། །སྡེ་སྣོད་གསུམ་ལས་ཆ་མཉམ་སྤྱི་མཐུན་གསུངས་པ་ལགས། །ཞེས་བཤད་དོ། །དེ་ལྟར་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གཉེན་པོའི་དོན་དུ་གསུངས། རྣམ་དབྱེ་ཡན་ལག་བཅུ་གཉིས་སུ་གསུངས་ཏེ། དབྱེ་བའམ་སྤྲོས་པའི་དོན་ལ་དགོངས་ཏེ་བཀའ་སྩལ་ཏོ། །རྒྱས་པར་རོ། །འབྲིང་དུ་ནི་ཉོན་མོངས་པ་དེ་དག་ཀྱང་རྣམ་པར་དབྱེ་ན་མ་རིག་པ་ནས་རྒ་ཤིའི་བར་རྟེན་འབྲེལ་ཡན་ལག་བཅུ་གཉིས་སུ་གནས་པ་ལས། ཆོས་ཀྱི་སྒོ་མོ་དེ་དག་ཀྱང་རྣམ་བཞག་གི་རྣམ་དབྱེ་ཡན་ལག་བཅུ་གཉིས་སུ་གསུངས་སོ། །རྒྱས་བསྡུས་འབྲིང་པོའི་དོན་ལ་དགོངས་ཏེ་བཀའ་སྩལ་ཏོ། །བསྡུ་བའི་དོན་དུ་ནི། ཉོན་མོངས་པ་དེ་དག་བསྡུ་ན། ངོ་བོ་རང་བཞིན་མཚན་ཉིད་གསུམ་དུ་འདུས། དེ་གསུམ་ནི་ངོ་བོ་མ་རིག་པ་ལས་བྱུང་། རང་བཞིན་འཁྲུལ་པར་ཤར། མཚན་ཉིད་སྡུག་བསྔལ་དུ་ཉམས་སུ་མྱོང་། ངོ་བོ་མ་རིག་པ་དེ་གཏི་མུག་གི་ཆ་ཡིན། རང་བཞིན་འཁྲུལ་པ་དེ་འདོད་ཆགས་ཀྱི་ཆ་ཡིན། མཚན་ཉིད་སྡུག་བསྔལ་དེ་ཞེ་སྡང་གི་ཆ་ཡིན། གཉེན་པོ་ཆོས་ཀྱི་སྒོ་མོ་དེ་དག་ཀྱང་བསྡུ་ན་དོན་བསླབ་པ་གསུམ་དུ་འདུས་སོ། །ལྷག་པ་ཚུལ་ཁྲིམས་སེམས་ཤེས་རབ་གསུམ་དུ་ཉམས་སུ་ལེན་པ་ལས་འདུལ་བ་ཚུལ་ཁྲིམས་ཀྱི། མདོ་སྡེ་སེམས་ཀྱི། མངོན་པ་ལྷག་པ་ཤེས་རབ་བསྟན་ཏོ། །དེ་དག་ནི་བསྡུ་བའི་དོན་ལ་དགོངས་ཏེ་བཀའ་སྩལ་ཏོ། །དེ་རྣམས་ནི་ཆོས་སྤྱིའི་རྣམ་བཞག་གམ་སྤྱིའི་འདོད་ལུགས་སོ། །དོན་རང་གི་མཚན་ཉིད་འདི་རུ་ཉེ་བར་བསྡུ་བ་ནི་ཉོན་མོངས་པའི་རྩ་བ་ངོ་བོ། རང་བཞིན། མཚན་ཉིད་གསུམ་རང་གི་རྒྱུད་ལ་ཉེ་བར་བསྡུ་ན། སེམས་ཉིད་སྤྲོས་པ་དང་བྲལ་བའི་ངོ་བོ་ཆོས་སྐུའི་རང་བཞིན་ཡིན་པ། དེ་མ་རྟོག་པའི་ངོ་བོ་མ་རིག་པ་གཏི་མུག་གི་ཆ། ཆོས་ཉིད་ཅི་ཡང་མ་ཡིན་པ་ལ་ང་དང་བདག་ཏུ་གཟུང་ཞིང་འཛིན་པའི་བག་ཆགས་གཅིག་བྱུང་བ་དེ་རང་བཞིན་འཁྲུལ་པ་ཡིན་ཏེ་འདོད་ཆགས་ཀྱི་ཆ། དོན་མ་རིག་པ་ལ་ཆེད་དུ་འཛིན་པའི་བག་ཆགས་ལ་བརྟེན་ནས་ཆགས་སྡང་གི་མཚན་ཉིད། སྡུག་བསྔལ་སྣ་ཚོགས་སུ་ཉམས་སུ་མྱོང་བ་དེ་མཚན་ཉིད་སྡུག་བསྔལ་ཡིན་ཏེ་ཞེ་སྡང་གི་ཆ་ཡིན། དེ་ལྟར་ཡང་རྩ་རྒྱུ་ཡེ་ཤེས་གསང་བ་ལས། རང་གསལ་དགོངས་པའི་ཐུགས་མ་རིག །འཛིན་པ་ཆ་ལ་གང་གནས་ཀྱང་། །འཁོར་བའི་སྡུག་བསྔལ་ཉིད་དུ་འགྱུར། །ཞེ་ས་བཤད་དོ། །ཆོས་སྒོའི་དོན་བསླབ་པ་གསུམ་རང་གི་རྒྱུད་ལ་ཉེ་བར་བསྡུ་ན། སེམས་ཉིད་སྤྲོས་བྲལ་ཆོས་སྐུར་རིག་ཅིང་གསལ་བ་དེ་ལྷག་པ་ཤེས་རབ། དེའི་ངང་ལ་འདུ་བྱེད་ཀྱི་བློ་མི་གནས་པ་དེ་ལྷག་པ་ཚུལ་ཁྲིམས། དེ་ཙ་ན་ཉོན་མོངས་པ་གང་ཡང་མི་གནས་པས་ཆོས་ཉིད་དང་མི་འབྲལ་བ་དེ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའོ། །དེ་ལྟར་ཡང་ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། སྤྲོས་མེད་རྟོགས་པ་ཤེས་རབ་སྟེ། །འདུ་བྱེད་མེད་པ་ཚུལ་ཁྲིམས་ཡིན། །གནས་མེད་མི་འབྲལ་བསམ་གཏན་མཆོག །ཅེས་བཤད་དོ། །དེ་ནི་དོན་རང་གི་མཚན་ཉིད་འདོད་པའོ། །གདམས་ངག་འདིའི་དབང་དུ་བྱས་ན། མན་ངག་ལུང་དང་མི་འགལ་བར་སྟོན་པ་ལས། ཆོས་སྤྱིའི་འདོད་ལུགས་དེ་དང་། དོན་རང་གི་མཚན་ཉིད་གཉིས། གཉིས་སུ་མེད་པ་སྙིང་པོའི་དོན་དུ་ལྷན་ཅིག་ཏུ་གནས་པས། སེམས་ཉིད་དངོས་པོའི་གཤིས་ཀྱི་གནས་ལུགས་དེ་གདན་གཅིག་གི་སྟེང་དུ་བླ་མའི་བརྡའ་དང་ངག་གིས་རྒྱུད་ལ་སྦྱར་བས་གསལ་བ། མི་རྟོག་པ། བདེ་བ་གསུམ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་སྐྱེའོ། །དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའོ། །དེ་ཙ་ན་གསལ་བ་གནད་ཀྱི་བརྡའ་ཡིས་ཉོན་མོངས་པའི་རྩ་བ་མ་རིག་པའི་ངོ་བོ་དག་ནས། རང་རིག་རང་གསལ་དུ་གནས་གྱུར་པ་དེ། ཆོས་ཀྱི་སྒོ་མོའི་རྩ་བ་ལྷག་པ་ཤེས་རབ་ཀྱི་བསླབ་པ། མི་རྟོག་པ་གནད་ཀྱི་བརྡའ་ཡིས་རང་བཞིན་འཁྲུལ་པ་ཆོད་ནས། ཆོས་ཉིད་མི་རྟོག་པར་གནས་གྱུར་པ་དེ། ཆོས་སྒོའི་རྩ་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། བདེ་བ་གནད་ཀྱི་བརྡའ་ཡིས་མཚན་ཉིད་སྡུག་བསྔལ་ཟད་ནས་མི་གནས་པར། ཟག་མེད་ཀྱི་བདེ་བར་གནས་གྱུར་པ་དེ་ཆོས་ཀྱི་སྒོ་མོའི་རྩ་བ་ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པའོ། །དེ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་དབྱེར་མི་ཕྱེད་པ་གཅིག་རྒྱུད་ལ་ཤར་བ་དེ་ཆོས་ཀྱི་དབྱིངས་སོ། །དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ཆོས་ཀྱི་དབྱིངས་རྣམ་པར་དག་པའོ། །དེ་ཡང་ཡེ་ཤེས་གསང་བ་ལས། བསམ་མེད་མཁའ་གསང་ཡེ་སངས་རྒྱས། །འཛིན་པ་ཀུན་བྲལ་འོད་གསལ་དག །ཅེས་སོ། །དེ་ཡང་བླ་མས་བསྟན་ཏེ་བྱུང་བས་ན་ཆོས་ཀྱི་ཆོས་ཉིད། རང་གི་ཉམས་སུ་མྱོང་བས་ན་སེམས་ཀྱི་སེམས་ཉིད། དཔེ་ནམ་མཁའ་ལྟ་བུར་འདུག་པས་ན་ནམ་མཁའི་མཚན་ཉིད། དེ་གསུམ་ཚིག་ལ་ཐ་དད་ཀྱང་དོན་ལ་གཅིག་ཏུ་འདུག་པས་ན། ཉིད་གསུམ་གཅིག་ཏུ་བསྲེ་བ་འདི་བཞག་ཕྱིས་མི་ལེན་གྱི་དགོངས་པ་ཞེས་བྱའོ། །རྣམ་སྨིན་གྱི་ལུས་འདི་བཞག་ནས། ཕྱི་མར་རང་རྒྱུད་པའི་ལུས་མི་ལེན་པར་སངས་རྒྱ་བར་འགྱུར་བས་སོ། །དོན་དེ་ལྟ་བུ་དེ་སྟོན་པ་བླ་མའི་བརྡའ་དང་ངག་གིས་སྟོན། ལྟ་བ་རང་གི་རྒྱུད་ལ་བལྟ། དེ་བལྟས་པ་ཙམ་གྱིས་མི་ཆོག་སྟེ་རྟོགས་དགོས། རྟོགས་པ་ཙམ་གྱིས་མི་ཆོག་སྟེ་རྟོགས་པ་མངོན་དུ་གྱུར་དགོས་པའོ། །དེ་ལྟར་རྟོགས་ཏེ་དོན་མངོན་དུ་གྱུར་ན། ནམ་གྱུར་པ་དང་སངས་རྒྱས་པ་དེ་རང་ཡིན་གསུངས། དེ་ལྟར་ཡང་ཡེ་ཤེས་གསང་བ་ལས། རྟོགས་པའི་ཀློང་དུ་གང་འདྲིས་པ། །མི་ཞེས་བྱ་བ་སངས་རྒྱས་ཡིན། །རྡོ་རྗེ་སེམས་དཔའ་གུད་ན་མེད། །ཅེས་བཤད་དོ། །དེ་ནི་སྙིང་པོའི་དོན་ལ་དགོངས་ཏེ་བཀའ་སྩལ་པའོ། །དེ་ཡང་ཡེ་ཤེས་གསང་བ་ལས། སྙིང་པོའི་དོན་ལ་བྱ་བ་མེད། །ཡིད་ལ་མི་བྱེད་རང་བཞིན་གནས། །ཞེས་སོ། །དེ་ལྟར་ངོ་བོ་མ་རིག་པ། རང་བཞིན་འཁྲུལ་པ། མཚན་ཉིད་སྡུག་བསྔལ་གསུམ། བླ་མའི་གདམས་ངག་གིས་བསྟན་ཏེ་ངོ་སྤྲོད་ནས་གསལ་བ། མི་རྟོགས་པ། བདེ་བ། ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཏུ་རྟོགས་ཙ་ན། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་ཅེས་བྱའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ། ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་དག་ཙ་ན། སངས་རྒྱས་དེ་ཉིད་ཡིན་ཏེ། རྒྱུད་བརྟག་པ་གཉིས་པ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབ། །དྲི་མ་བསལ་ན་སངས་རྒྱས་ཉིད། །ཅེས་སོ། །རྣ་བརྒྱུད་ལུང་གི་ཕྲེང་བ་ལས། ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ན། །སངས་རྒྱས་བཙལ་བས་མི་རྙེད་དེ། །རང་སེམས་རྟོགས་ན་སངས་རྒྱས་ཉིད། །དེ་ལས་གཞན་དུ་མ་འཚོལ་ཅིག །ཅེས་བཤད་དོ། །ཡེ་ཤེས་གསང་བ་ལས་ཀྱང་། ཡེ་ནས་ཆོས་སྐུར་གནས་པ་ལ། །སངས་རྒྱས་གཞན་ནས་མ་འཚོལ་ཅིག །ཅེས་བཤད་དོ། །དེ་རྣམས་ཀྱིས་ཆོས་སྤྱི་དང་རང་གི་མཚན་ཉིད་དེ། བླ་མའི་བརྡའ་དང་ངག་གིས་སོ་སོ་རང་རང་གི་རྒྱུད་ལ་སྦྱར་ནས། དོན་ཉམས་སུ་མྱོང་ཞིང་རྟོགས་པའི་དོན་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་པར་མན་ངག་ལུང་དང་མི་འགལ་བར་བསྟན་པའོ། །དེ་ཡང་མདོ་སྡེ་ངེས་པར་འཇོག་པ་ལས། དགེ་སྦྱོང་ཆེན་པོའི་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་སྟེ། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་བཤད། སྡིག་པའི་ངོ་བོ། རང་བཞིན། མཚན་ཉིད་གསུམ། གསུམ་གྱི་སྡིག་པ་ཅི་ཡང་མི་བྱེད། དགེ་བ་བསླབ་པ། བསླབ་པ་ཕུན་སུམ་ཚོགས་པ་ལ་ལོངས་སྤྱོད། རང་གི་སེམས་བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ལ་ཡང་མི་གནས་པར་ཐུལ་ཙ་ན། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་སྟེ། མི་འགྱུར་བར་བསྟན་པ་དེ། སངས་རྒྱས་ཀྱི་བསྟན་པ་ཡིན་ནོ། །དེ་ཡན་ཆད་ཀྱིས་སྔོན་དུ་མཆོད་པར་བརྗོད་ཅིང་བསྟན་པར་དམ་བཅའ་བ་བསྟན་པའོ། །བཀྲ་ཤིས་མཚན་ལྡན་ཀ་པཱ་ལ། །ཀ་ནི་གང་དུ་མི་གནས་ལ། །པཱ་ནི་སྐྱེ་བ་མེད་པའི་དབྱིངས། །ལ་ནི་བློ་ཡི་ཡུལ་ལས་འདས། །སྐུ་གསུམ་མི་འགྱུར་ཀ་པཱ་ལར། །སྐྱེ་ཤི་མེད་པའི་བདུད་རྩིར་སྦྱར། །འདུ་འབྲལ་མེད་པའི་དམ་རྫས་བླུག །བདེ་བ་ཆེན་པོའི་ཆང་གིས་བྲན། །མ་བཅོས་འགྱུར་བ་མེད་པར་བྱིན་གྱིས་བརླབས། །ཉེས་པ་མེད་པར་མང་དུ་སྤེལ། །ཞེན་པ་མེད་པར་དབྱིངས་སུ་འབུལ། །རེ་དོགས་མེད་པར་བཞེས་སུ་གསོལ། །ༀ་ཨཱཿཧཱུྃ། སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །ཨཐྎ།
མན་ངག་གི་དཀར་ཆག
༈ སྙན་བརྒྱུད་རྡོ་རྗེ་ཟམ་པའི་དཀར་ཆག་བཞུགས། མ་ནོར་མ་བཅོས་བསམ་འདས་བརྗོད་མེད་ངང་ལ་ཕྱག་འཚལ་ལོ། །སྙན་བརྒྱུད་རྡོ་རྗེ་ཟམ་པ་འདི་ལ་ཆོས་སྐོར་གྱི་གྲངས་ངེས་འདི་རྣམས་བདོག་སྟེ། གཞུང་དང་ཡིག་སྣའི་སྐོར་དང་། བྱིན་རླབས་དབང་གི་སྐོར་དང་། སྒོམ་སྒྲུབ་ཉམས་ལེན་གྱི་སྐོར་དང་། ཞལ་གདམས་མན་ངག་གི་སྐོར་དང་བཞིའོ། །དང་པོ་ལ་རྩ་བ་རྡོ་རྗེའི་ཚིག་ལམ་དང་གཅིག །དེའི་གསལ་བྱེད་ཀྱི་ཡིག་སྣ་དང་གཉིས། དེའི་སྐབས་སྦྱོར་ལྷན་ཐབས་དང་གསུམ་མོ། །གཉིས་པ་ལ་སྔོན་འགྲོ་ཆོས་སྤྱོད་ཀྱི་རིམ་པ་དང་། དབང་དངོས་ལ་སྒོམ་ཚུལ་བླ་མའི་བྱིན་རླབས་དང་། ལར་དབང་རྒྱས་བསྡུས་རིམ་པ་གསུམ་མོ། །གསུམ་པ་ལ་སྒོམ་པ་དང་། སྒྲུབ་པ་དང་། དེའི་ཆ་ལག་གོ། །སྒོམ་པ་ལ་ཁྲིད་ཡིག་རྒྱས་བསྡུས་འབྲིང་གསུམ་མོ། །སྒྲུབ་པ་ལ་མངོན་རྫོགས་ཡབ་ཡུམ་གྱི་སྒྲུབ་ཡིག་དང་། ཌཱ་ཱཀི་གསང་སྤྱོད་སྒྲུབ་པ་དང་། ཌཱ་ཀི་མཁའ་སྤྱོད་ཀྱི་སྒྲུབ་པ་དང་། ཌཱ་ཱཀི་སྡེ་གསུམ་གྱི་ལོངས་སྤྱོད་རྒྱས་པའི་སྒྲུབ་པ་དང་། ཆོས་འདིའི་བཀའ་སྲུང་ལ་ཌཱ་ཱཀི་མ་མངོན་སྤྱོད་ཀྱི་སྒྲུབ་པ་དང་། སྒོམ་སྒྲུབ་ཀྱི་ཆ་ལག་ཏུ་བཅུད་ལེན་གྱི་སྐོར་རོ། །བཞི་པ་ལ་ཞལ་གདམས་ཕྱི་ནང་གསང་གསུམ། ཕྱི་ལྟར་ན་ཟམ་ཆུང་བསྡུས་པ་དང་། སྙན་བརྒྱུད་ཉམས་ཀྱི་ཕྲེང་བ་དང་། རྩོད་ཟློག་ལུང་གི་ཚད་མ་དང་གསུམ་མོ། །ནང་ལྟར་ན། སྙན་བརྒྱུད་ཚིགས་གསུམ་པ། ཚིག་དོན་ལྔ་པ། བསྲེ་བ་རྣམ་བཞི། རིན་པོ་ཆེ་གདུང་སྒྲུབ། འཆི་བརྟག་འཆི་བསླུའོ། །གསང་བ་ལྟར་ན་འཕོ་བ་གསུམ་གྱི་ཞལ་གདམས། སངས་རྒྱས་ཚུལ་བཞིའི་ཞལ་གདམས། དོན་བསྡུས་པའི་སྙིང་པོ་གསུམ་གྱི་ཞལ་གདམས་སོ། །དེ་ལྟར་མན་ངག་གི་དཀར་ཆག་ཡིན་ནོ། །ཨཐྎ། །
འཛེང་དྷརྨ་བོ་དྷིའི་ལོ་རྒྱུས།
འཛེང་དྷརྨ་བོ་དྷིའི་ལོ་རྒྱུས་བཞུགས་སོ། །ན་མོ་གུ་རུ། འཛེང་དྷརྨ་བོ་དྷིའི་ལོ་རྒྱུས་ནི། གདུང་རུས་གུང་པོའི་ཟིམ་ཤི་ཡིན། ནང་ཚན་གྱི་འཛེང་ཡིན་པས། ཡབ་བཀྲ་ཤིས་གཡུང་དྲུང་། ཡུམ་མཚར་མོ་མཚོ་དཀར་བྱ་བ་ཡིན། ཡབ་དེ་ཕུར་པའི་སྒོ་ནས་གྲུབ་པ་ཐོབ་ནས། རྡོ་རྗེ་གཞོན་ནུའི་ཞལ་གཟིགས། བརྒྱད་ཅུ་རྩ་བཞི་ལྔ་ཡང་སྣང་། ལ་འདས་ནས་པུར་སྦྱངས་པས། རྡོ་རྗེའི་གཞོན་ནུའི་སྐུ་དང་། རིང་བསྲེལ་མང་པོ་བྱོན། ཁོང་འཛེང་རང་འབྲུག་གི་ལོ་སྟོན་ཟླ་ར་བའི་ཚེས་བདུན་ལ་ཀླུང་གི་ཁྲོན་པ་རུ་སྐུ་འཁྲུངས་ནས། མཚར་དགུ་ཀློངས་སུ་ཞང་པོའི་གན་དུ་བཞུགས་སོ། །ལོ་དགུ་ལོན་ཙ་ན་ཡབ་ཀྱིས་འཛེང་བཙད་བཅང་སྤྱན་དྲངས་ནས། ཕྱག་ན་རྡོ་རྗེའི་རྒྱལ་པོའི་སྐོར་ཞུས། ཡབ་ལ་ཕུར་པ་ཨུར་ནན་དང་། རྣམ་གསུམ་སྐོར་ཞུས་ནས་ཐུགས་དམ་མཛད། ལོ་བཅུ་དྲུག་བཅུ་བདུན། ལ་དོལ་གྱི་གསེར་ཁ་རུ་དམ་པ་དང་མཇལ། དོན་བརྒྱུད་ཀྱི་གདམས་ངག་གནང་། བརྡའ་མཛད། གཙང་གནུབས་ཡུལ་རོང་དུ་རྟེན་འབྲེལ་འགའ་ཟུང་དང་སྔགས་ཀྱི་གནད་མང་དུ་གནང་། དེ་ནས་རྒྱང་རོང་མཚལ་མ་བྱ་བ་རུ་ཡི་གེ་དྲུག་མའི་གདམས་ངག་གནང་ནས་སྒྲུབ་པ་མཛད་པས་བྱིན་རླབས་ཐུན་མོང་མ་ཡིན་པ་བྱུང་གསུངས། དེ་ནས་དབུས་སུ་འགྲོ་སྙམ་པ་ལ། དམ་པས་མཁྱེན་ནས་ཁྱེད་འགྲོའམ་གསུངས། འགྲོ་ལགས་བྱས་པས། དམ་པའི་གསང་སྤྱོད་ཀྱིས་ཤིག་པའི་བརྡའ་རུ། ཞལ་ཕྱག་གིས་བསྡོམ། དབུ་ལ་ཐུག་ཐུག་པ་ལན་གསུམ་མཛད་ནས། ཅི་ཡང་མ་ཡིན་གནས་གྱུར་པ། །གནས་གྱུར་པ་ལ་གཉིས་འཛིན་མེད། །གསུང་ནས་བྱིན་རླབས་འཕོ་བ་ཡང་མཛད། ཆུ་བོ་ཆེན་པོ་འདིའི་ཤར་ཕྱོགས་ན་ཙན་དན་གྱི་ནགས་གཅིག་ཡོད། དེ་ན་ཁྱོད་ཀྱི་བླ་མ་ཡོད་གསུངས་ནས་ལུང་བསྟན། དབུས་སུ་བྱོན་ནས་ཨ་ཁུ་ཨ་ཇོ་དཔལ་འབར་ལ་ཞིང་ཕུལ་ནས། ཁྲག་ཐུན་དང་པེ་དཀར་གསང་སྒྲུབ་ཞུས་གསུངས། གནུབས་ཤང་པོ་ཆེ་ལ་ཀྲྀ་ཡའི་སྒྲུབ་ཐབས་དང་། ཁ་འབར་མའི་གཏོར་ཆེན་ཞུས། ཁོང་གིས་གཙང་དུ་བ་རི་ལ་འབུལ་བ་སྐྱེལ་དུ་བཏང་། ཆོས་སྔ་མ་གསུམ་ལའང་ལུང་ཞུས། འཇམ་དཔལ་དང་ཁྱུང་གི་སྒྲུབ་ཐབས་ཞུས། དགེ་བཤེས་སྦ་ལ་སྔ་འགྱུར་ལྔ་ཞུས། དེ་ནས་ངམ་ཤོད་ནས་ཡར་ལ་ལྡོམ་བུ་ལ་བྱོན་པས། ཕུག་པོ་ཆེར་རྦ་སྒོམ་དང་མཇལ། དེའི་ལོ་ལ་མུ་གེ་ཆེ་བས་སྤྲང་པོ་ལ་ཚོགས་བསོག་གིས་འདུག་པ་ལ། འཛེང་གིས་ཤིང་བསྡུས་ཆུ་བླང་བྱས་པས་མཉེས་ནས། སང་གནང་དགུན་ཤོག་གསུངས་ནས་བྱོན་པས། བསྒོམ་ཚུལ་གྱི་ཆོ་ག་ལན་གསུམ་མཛད། རྡོ་རྗེ་ཟམ་པ་ལྷག་མ་མ་ལུས་པར་གནང་ངོ་། །ཇོ་བོ་རྗེ་ལ་པ་ར་མི་ཏའི་ལམ་བརྐྱང་ཁུག་དང་། རྒྱལ་པོ་ར་མ་ཕ་ལའི་གདམས་པ་དང་། དུས་འཁོར་གྱི་སྦྱོར་དྲུག་ཞུས་གསུངས། དེ་ནས་དབུ་རུར་བྱོན་ཁམས་པ་ལུང་པ་ལ་ཐུན་བརྒྱད་མ་ཞུས། སྣེའུ་ཟུར་པའི་སློབ་མ་ཞིག་ལ་དམིགས་པ་སྐོར་གསུམ་དང་། ཚོགས་བདག་གི་སྒྲུབ་ཐབས་དང་། ནད་སེལ་གྱི་གདམས་པ་ཞུས། ཡང་ཕུག་པོ་ཆེར་བྱོན་པས་སློབ་དཔོན་རྦ་སྒོམ་གྱིས་བདུད་རྩིའི་བཅུད་ལེན་གནང་། ང་སྲིང་མོ་མང་བས་འདི་བྱ་དབང་མ་བྱུང་། འདི་ཁྱོད་ཀྱི་གྱིས་ཤིག་གསུངས། རྡོ་རྗེ་ཟམ་པའི་སྒྲུབ་སྡེ་ཚོ་གནང་། བྲི་བ་ནི་མ་གྲུབ་གསུངས། དེ་ནས་ཡང་གཙང་དུ་བྱོན། ཞང་འབྲོ་སྨྱོན་ལ་ཌཱ་ཀི་ཡི་གེ་བཞི་པ་ཞུས། ཇོ་བཙུན་སོག་པོ་བྱ་བ་ལ་རྡོ་རྗེ་ཟམ་པ་བཤད། ཉང་སྟོད་དུ་སོ་བསྙུན་གདངས་པ་ལྟ་བའི་རྒྱབ་ཤ་དང་། སྒྲོན་སྤྲུལ་ཞུས། དེ་ནས་བླ་མ་རྫ་ཕོར་བ་དང་མཇལ། བདུད་རྩི་ཚིག་གསུམ་པའི་གདམས་ངག་ཞུས་པས། བླ་མའི་ཞལ་ནས་བུདྡྷ་ལ་མཁྱེན་པའི་ཡེ་ཤེས་མངའ་བ་ཡིན་ཏེ། དེ་གསལ་ཆ་ཡིན། སེམས་ཅན་ལ་རིག་པ་བྱ་བ་ཡོད་དེ་འཛིན་ཆ་ཡིན། འཛིན་ཆ་དེ་ནང་དག་ན་ནང་མཁྱེན་པའི་ཡེ་ཤེས་སུ་གྱུར་ལ། ནུབ་དག་ན་ནུབ་མཁྱེན་པའི་ཡེ་ཤེས་སུ་གྱུར་པ་ཡིན་གསུངས། དེ་ལ་ངེས་ཤེས་ཆེ་བར་སྐྱེས་གསུངས་སོ། །རི་ཁྲོད་རླུང་ཆུང་པ་ལ། རྣ་བརྒྱུད་ཚིག་གསུམ་དང་། ཚིག་དོན་ལྔ་པ་ཞུས། ལ་སྟོད་དུ་བྱང་ཆུབ་སེམས་དཔའ་ཀུན་དགའ་དང་མཇལ། གདམས་པ་ཁ་ཡར་དང་ཨབ་ཅིའི་སྒྲུབ་ཐབས་ཞུས། དེའི་དུས་སུ་ཨ་ཙ་ར་དམ་པའི་སྤྱོད་པ། བརྩོལ་པ་ཁོའི་ལག་པ་ནས་ཁྲིད་ནས་གཙང་པོར་མཆོངས་པས་ཆུ་ཕར་ཁར་ཆོད། ཁོ་དེའུ་ཤི་གསུངས། གཙང་དུ་རྣལ་འབྱོར་པ་སྟག་ཤམ་ཅན་ནས་དབུ་སྡེབས་སམ་ཐུད་ཀ་འབར་རམ། བླ་མ་དྲོད་འབྱོར་རམ། ཞང་འབྲོ་སྨྱོན་ནམ་མང་པོ་དང་འགྲོགས་ཏེ། དེ་ཚོ་རྟོགས་ལྡན་གྲུབ་ཐོབ་ཏུ་འདུག་གསུངས། ངས་སོ་མང་ཅན་ལ་ཕྱག་རྒྱ་ཆེན་པོ་བཏབ་པས། མི་ལས་འདས་ཏེ་འཁྲུལ་སྣང་དག་ནས་ཡེ་ཤེས་ཀྱི་སྣང་བ་འབའ་ཞིག་ཏུ་འཆར་ནས་འདུག་གསུངས། རྡུལ་མི་རྒྱལ་ལེ་ལ་ཡི་གེ་བཞི་པ་དང་རྫོགས་ཆེན་གྱི་གདམས་ངག་བཏབ་པས་ཞིག་མོ་མི་ལས་འདས་པ་ཞིག་བྱུང་གསུངས། གཙང་དུ་ལོ་བདུན་བཞུགས་ནས་མར་བྱོན། ཡང་ཕུག་པོ་ཆེ་རུ་ཡོང་བས། སློབ་དཔོན་རྦ་སྒོམ་གྱི་ཞལ་ནས་གདམས་ངག་ངོ་མཚར་ཅན་གཅིག་སྦྱིན་ནོ་གསུངས་ནས། རྣ་བརྒྱུད་ཚིག་གསུམ་གནང་། ནམ་མཁའ་འདི་ཁོང་དུ་ཆུད་པར་གྱིས་ཤིག །དེ་རྟེན་མེད་དུ་རྟོགས་ན་སྒོམ་མེད་དོན་གྱི་གཟེར་ཆེན་ཐེབས་པ་ཡིན་གསུངས་པས། ངེས་ཤེས་ཐུན་མོང་མ་ཡིན་པ་སྐྱེས་གསུངས། ལར་སློབ་དཔོན་རྦ་སྒོམ་པ་དེ་སངས་རྒྱས་རང་ཡིན་འདུག་སེམས་པ་ཞིག་བྱུང་། དེ་ནས་དྭགས་པོ་རུ་བཞུགས། སྡེ་པ་དེ་ཕྱག་རིས་ཆེན་པོར་མཛད། བླ་མ་ཞལ་གདམས་བྱོན་པ་ལ་བསྙེན་བཀུར་ནས། གུ་རུ་བཞི་དང་། ལྷུན་གྲུབ་སྡེ་སྐོར་བདུན་དང་། ཐུགས་སྒྲུབ་ཀྱི་གདམས་པ་ཞུས་གསུངས། དགེ་བཤེས་ཤུད་པུ་ལོ་ཙཱ་བ་ལ་འགྲེལ་ཆུང་རྒྱ་ཆེར་འགྲེལ་པ་གསན་གསུངས། དགེ་བཤེས་གྲོལ་སྒོམ་ལ་ནཱ་རོའི་ཐབས་ལམ་ཞུས་གསུངས། རྡོ་རྗེ་ཟམ་པ་ཕར་ལ་བཤད་པས་ངེས་ཤེས་སྐྱེས་གསུངས། སྒམ་པོ་པ་ཆེན་པོ་དང་མཇལ་ནས་ཡི་གེ་དྲུག་པ་དང་། སྐྱེས་སྦྱོར་དྲིས་ལན་གསུངས་པས། སྒམ་པོ་པ་ལ་སངས་རྒྱས་སུ་མཐོང་། བླ་མ་དེ་ཚོ་བསྟེན་ནས་དཀའ་ཐུབ་མཛད་པའི་ལོ་རྒྱུས་ནི། རྡོ་རྗེ་ཟམ་པ་ཞུས་ནས་ཕུག་པོ་ཆེར་བདུད་རྩིའི་དཀའ་ཐུབ་མཛད་པས་རིམ་གྱིས་མི་འཇིགས་པ་བྱུང་། གནུབས་ཤང་པོ་ཆེའི་དྲུང་དུ་བླ་མའི་གཡོག་གིས་དཀའ་ཐུབ་བྱས་པས་གར་ཕྱིན་དུ་བླ་མའི་ཐུགས་ལ་འདོགས་པར་བྱུང་། དམ་པ་རྒྱ་གར་གྱི་དྲུང་དུ་བསམ་མནོའི་དཀའ་ཐུབ་བྱས་པས་ཆོས་གང་ལ་ཡང་བྱན་ཚུད་པས་དངོས་གྲུབ་བྱུང་། ཀྱི་ཁུང་དུ་ཕུར་པའི་བཟླས་པ་ལ་དཀའ་ཐུབ་བྱས་པས། འཇིག་རྟེན་གྱི་ལྷ་འདྲེས་ཅི་སྨྲས་ཉན་པའི་དངོས་གྲུབ་བྱུང་། བཀའ་གདམས་ཀྱི་ས་རུ་ཞི་དུལ་གྱི་དཀའ་ཐུབ་བྱས་པས། གར་ཕྱིན་དུ་མིས་བྱམས་པའི་དངོས་གྲུབ་བྱུང་། ཡི་གེ་བཞི་ལ་མི་སྡོད་པ་གསུམ་གྱི་དཀའ་ཐུབ་བྱས་པས། ལུས་ལ་དྲོད་སྐྱེས་ནས། གཅེར་བུ་ལོ་ལྔ་མཛད་གསུངས། དེ་ལ་ངེས་ཤེས་སྐྱེས་ནས་ཕག་མོ་མངོན་འབྱུང་ལ་སྒྲུབ་པ་མཛད་པས། མགུར་མོའི་ནུབ་ཕྱོགས་སུ་རྗེ་བཙུན་མ་ཞལ་གཟིགས་བརྡའ་མང་པོ་གནང་གསུངས། གནུབས་ཡུལ་རོང་དུ་རྨི་ལམ་སྦྱངས་པས་འབྱོངས་ཏེ། སྣང་བ་ཐམས་ཅད་དུ་རྨི་ལམ་དུ་ངོ་ཤེས་པ་བྱུང་། ལན་གཅིག་ཇོ་མོ་དང་གཉིས་ཤིང་འཐུ་རུ་ཕྱིན་པས་ཤིང་ཁུར་ཆེ་བ་གཅིག་རྙེད་ནས་ཁུར་ཕྱིན་པས། མཐའ་ཆེན་པོ་གཅིག་ཏུ་སླེབ་ཙ་ན། རྨི་ལམ་དུ་འདུག་སྙམ་ནས་མཆོངས་པས། མ་གི་རུ་བྱ་བབས་པ་བཞིན་བྱུང་གསུངས། ཇོ་མོ་པྲ་མོ་ན་རེ། བླ་མ་ཁྱེད་ལ་མི་ཡམ་མེ་བ་གཅིག་ལས་མི་འདུག །དམ་པ་རྒྱ་གར་རང་ཡང་དྲན་དྲན་དུ་འདུག་གསུངས་སྐད། དེ་ནས་ངམ་ཤོད་ནས་མར་བྱོན་པས་མོན་མཁར་གྱི་འོ་དཀར་བྲག་ལ་སྒྲུབ་པ་མཛད་པས། བདེ་མཆོག་ཡབ་ཡུམ་ཞལ་གཟིགས། ལན་གཅིག་འགྲོ་སྙིང་འདོད་ནས་ཕྱིན་པས། མོན་མཁར་གྲོང་མོ་ཆེའི་མདུན་དུ་ཆུ་བོ་གཅིག་ལ། ད་ཡོང་ཆུ་རང་ལ་ཡང་ཅང་འབྱིང་ངམ་སྙམ་ནས་མཆོངས་པས་འཁྱག་རུམ་ཆག་ནས་བྱིང་བ་སྙམ་ཙ་ན། ཁོང་རྣམས་དེ་རང་ལ་ཡང་ངོ་མཚར་ཆེས་ནས་ཨ་རབ་སྒང་ལ་ཆུ་ནང་དུ་དེ་ཙམ་ཚུགས་པ་ལྕགས་ཚན་མོ་ཆུ་ནང་དུ་བཅུག་པ་བཞིན་སྭ་རིང་གི་སྒྲ་བྱུང་ཟེར། ང་རང་གིས་མཐོང་སར་ཡང་ཆུ་ལ་རླངས་པ་ནམ་མཁའ་མི་མཐོང་བ་བྱུང་། གྲང་ནི་གྲང་བར་འདུག་གསུངས། དེ་ནས་གཞོའི་གཏི་སྒྲོར་ཕྱིན། ཤེལ་ཕུག་ཏུ་ཁྲོ་བོ་བདུད་རྩི་འཁྱིལ་པའི་ཞལ་མཐོང་། མི་མ་ཡིན་གཅིག་གིས་བསྙེན་བཀུར་ཆེ་བར་བྱས་གསུངས། བཙུན་གཟུགས་གཅིག་ནམ་མཁའ་ལ་འཕུར་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་ལ་བཙལ་བས་མ་རྙེད། མི་ཡིན་མིན་མ་ཤེས་གསུངས། དེ་ནས་དྭགས་པོ་རུ་བཞུགས་ནས་ཨབ་ཅི་བསྒྲུབས་པས་ཉི་མ་གྲོ་ཁར་ཞལ་གཟིགས། དམ་བསྲེ་སྙམ་ཙ་ན་ཇོ་མོ་ཕྱག་ལེ་བྱོན་པས་བུད་མེད་ཅན་ཟེར་ནས། ནམ་མཁའ་འོད་ཆེན་པོ་གཅིག་ཏུ་བྱས་ནས་སོང་གསུངས། དེ་ནས་ལྟ་ཟུར་དུ་སྒྲུབ་པ་ལོ་གསུམ་མཛད། བཅུད་ལེན་གྱི་སྒྲུབ་ཐབས་གཅིག་ཀྱང་བྱས་པས། ཚེ་དཔག་མེད་ཞལ་མཐོང་། ཧེ་རུ་ཀ་ཡབ་ཡུམ་ཞལ་མཐོང་། ཆོས་མང་པོའི་རྣམ་དག་རྒྱུད་ལ་ཤར་གསུངས། དེ་ནས་ཇོ་མོ་ཕྱག་ལེ་དང་བྲལ། ཆོས་སྐྱིད་དང་འགྲོགས་ནས་འཛིང་དུ་བྱོན། དེ་ཡན་ཆད་དུ་གདམས་པ་འདི་མང་དུ་མ་འཕེལ། བྱིན་པ་ཡང་འགའ་ཟུང་ལས་མེད། མཐུ་འགའ་བསླབ་གསུངས། གྲོང་ཆོག་མཛད་ཅིང་གསང་སྤྱོད་མཛད། དེ་ནས་ཐག་རིང་ནས་ཞུ་བ་ཡང་མང་དུ་བྱུང་། གདམས་པ་ཡང་འཕེལ། ངོ་བོ་འཕར་ངོས་སུ། སྦལ་བུ་གཏོང་མ་སྤྱན་དྲངས་ནས་གདམས་པ་གསུངས་པས། ཉི་མ་སྔ་དྲོ་དང་པོ་ལ་འཇའི་གདུགས་དང་། རེ་མིག་དང་། ཀ་བ་ལྟ་བུ་མང་པོ་བྱུང་། སྔོན་ལ་འཛེང་ཆུང་བས་མཐོང་། དེ་ནས་རྩ་དགུར་དང་། དེ་ནས་མི་སུམ་ཅུ་ཙམ་དང་དམར་དང་ཕར་ངོས་ཀྱི་མི་ཐམས་ཅད་ཀྱིས་མཐོང་ནས། ཕྱོགས་སུ་ཕྱག་མང་པོ་བཙལ། ཆོས་ཐོན་ནས་རི་བོའི་ལོགས་ལ་སྐྱོ་སངས་ལ་བྱོན་པ་དང་། བླ་མ་གྲོངས་འགྲོ་བ་མིན་ནམ་སྙམ་ནས། འཁོར་ཀུན་གྱིས་འཇའ་དེ་མི་དགའ་བ་མིན་ནམ་ཞུས་པས། མི་དགའ་བ་མིན། སློབ་དཔོན་རྦ་སྒོམ་ལ། བར་སྟོན་ཤེས་རབ་གྲགས་སྤུན་གཉིས་ཀྱིས་གདམས་པ་འདི་ཞུས་པའི་དུས་སུ་ངམ་ཤོད་ཀླུངས་དང་ཕུག་པོ་ཆེའི་རི་ལོགས་ཙམ་འཇས་ཁེངས་པ་བྱུང་། གདམས་པ་འདི་ལ་འོངས་པ་ཡིན་གསུངས། འོ་ན་དགའ་བ་ལགས་སམ་ཞུས་པས། དགའ་བའི་རློམ་པ་ཡང་བྱར་མེད་གང་ལ་ཡང་རློམ་པ་མེད་པ་གལ་ཆེ་གསུངས། འཛིང་ན་བཞུགས་པའི་དུས་སུ་ཇོ་སྲས་འཛེང་གིས་བླ་མའི་སྤྱན་སྔར་བྱོན་པས། བླ་མ་ནུབ་ཕྱོགས་ཀྱི་མཆོད་རྟེན་རྩའི་གད་ཁ་གཅིག་ན་བཞུགས་ནས་འདུག །དེ་ནས་དཔེར་གངས་སུ་ཕྱིན་ཙ་ན་བླ་མ་ནི་མ་མཐོང་། འོད་རྩང་ཕུག་ཙམ་གཅིག་འདུག་སྟེ། དེ་ནས་རྩར་ཕྱིན་རྩ་ན་འོད་མི་འདུག་བླ་མ་བཞུགས་ནས་འདུག །དེ་ཅི་ཚུགས་ལགས་ཞུས་པས། བླ་མའི་ཞལ་ནས་མཉམ་པར་བཞག་ཙ་ན་འོང་གི་འདུག །མི་ལ་མ་སྨྲ་གསུངས། གྲོང་ཆོག་མཁན་དེ་ལ་དེ་འདྲ་ཅང་འོང་ངམ་ཟེར་ནས་སྡིག་བསོག་ཏུ་འོང་། སློབ་དཔོན་ཀུན་ལ་སངས་རྒྱས་ཀྱི་ཡོན་ཏན་ལྟ་བུ་མངའ་ཡང་། མངའ་བ་བཞིན་དུ་ཡང་མི་བྱེད། ཁྱོད་དེ་འདྲ་རྟོགས་པ་ལ་དགའ་བར་འདུག་ཁ་རོག་སྡོད་གསུངས། ལན་གཅིག་བྱིན་རླབས་མཛད་པའི་ཅོད་པན་ཀྱུ་བའི་ཁབ་སྟོར་བས། སང་ནུབ་ནམ་ཕྱེདཙ་ན་ཁ་བ་འདི་ན་སྐྱ་ན་རེ་འདུག་གསུང་སྟེ། དོན་ལ་ཉིན་མཚན་མེད་པར་ཡིན་པ་འདྲ། ཨ་ཇོ་དང་དངོས་གྲུབ་པོ་ལ་མཛེ་བྱུང་ནས་ངས་བཟླས་གྲོགས་བྱས་པས། ཁོས་མཛེ་མ་སོས་པས་ངས་ཕྱག་ན་རྡོ་རྗེ་ཞལ་མཐོང་སྟེ་རྒོད་བྲོ་གསུངས། ཞུ་རུ་བཞུགས་པའི་དུས་སུ་མི་གཡོ་བ་དང་ཛམ་བྷ་ལ་དང་མགོན་པོ་ལྕམ་དྲལ་ཞལ་མཐོང་གསུངས། དེ་ནས་དགུང་ལོ་བརྒྱ་དང་གཉིས་ལོན་པའི་དུས་སུ་བླ་མ་བསྙུང་བས་འཁོར་ཀུན་གྲོངས་ཀྱི་དོགས་ཙ་ན་བླ་མའི་ཞལ་ནས། མདངས་རྨི་ལམ་བཟང་བས་ང་མི་འཆི་གསུངས། ཅི་ཚུགས་གདའ་ཞུས་པས། ང་རུའི་སོག་རའི་སྟེང་ན་འདུག་པ་ལ། ཉི་ཟླ་གཉིས་ཤར་ནས་བྱུང་། རུ་བའི་སྤྱིལ་པོ་མང་པོའི་ནང་ན། བུད་མེད་མང་པོ་འདུག །ཁོང་ན་རེ། བླ་མ་འཛེང་ཁྱོད་ལོ་བཞི་ན་ཤོག་ཟེར་བ་རྨིས་བྱུང་། དེ་ནས་འཁོར་ཀུན་གྱིས་བུ་སློབ་རྣམས་བསྡུས་ནས། དགེ་བ་གཅིག་མཛད་པར་ཞུས་པས། དེ་འདྲ་མི་བྱེད་དགེ་བ་དང་སྡིག་པ་གང་ཆེ་ཆ་མེད། མི་རྒན་མི་འཆི་གསུངས། སྒོམ་ཡུན་ཡང་རིང་། ཡི་དམ་ལྷ་དང་མཁའ་འགྲོ་ལ་བསྙེན་སྒྲུབ་མང་པོ་ཡང་བྱས། ཅི་བྱས་དགེ་བར་སོང་བས་ཡིད་སྨོན་ལ་མི་རེ། གང་ཟག་དབང་པོ་རབ་མ་ཤི་བར་སངས་རྒྱ། འབྲིང་འཆི་ཁར། ཐ་མ་བར་དོར་སངས་རྒྱ་བའི་གདམས་ངག་ཡོད་དེ། འདུས་བྱས་ཀྱི་དགེ་རྩ་ལ་མི་རེ། ཆོས་ཉིད་ལ་བླང་དོར་དང་རྒྱུན་ཆད་མེད། ཁོ་ད་ལྟ་རང་ཡོད་པ་ཡིན་པ་ལ་ན་ཚ་མེད་པར་ཤི་ནས་འདུག་ཟེར་བ་གཅིག་ལས་མི་འོང་གསུངས། དེ་ནས་ལོ་གསུམ་ལོན་ནས་བཅུད་ལེན་གཅིག་མཛད་པར་ཞུས་པ་ལས། བླ་མའི་ཞལ་ནས། བཅུད་ལེན་བྱས་ན་ལོ་བཅུ་ཙམ་ཚེ་བསྲིང་བར་འདུག་སྟེ། དུས་ངན་པ་ལ་ཚེ་བསྲིང་བ་ལ་དགོས་པ་མི་འདུག་གསུངས་ནས་མ་གནང་། དགུང་ལོ་བརྒྱ་དང་ལྔ་བཅུ་བདུན་ཡིན་པ་འདྲ་སྟེ་གཞུང་རྒྱས་པའི་སྐབས་སུ་རྒྱུ་མཚན་བཅས་གསུང་སྣང་། མཆན། ལོན་པའི་དུས་སུ། དེ་ནས་སོས་དང་པོ་ལ་སྐུ་གཤེགས་ནས། པུར་སྦྱངས་པས་ནམ་མཁའ་འཇས་ཁེངས། གདུང་གི་མཆོད་རྟེན་ནམ། རིང་བསྲེལ་དཔག་ཏུ་མེད་པ་བྱོན། ཁོང་གི་དྭགས་པོའི་གཟིགས་ཡེ་ཤེས་དབང་པོ་ལ་གནང་། དེས་མཁན་པོ་ལ་ཁ་བ་ཆེན་པོ་ལ་གནང་ངོ་། །
སྙན་བརྒྱུད་རྡོ་རྗེ་ཟམ་པའི་མན་ངག་གི་ཁོག་ཆིངས།
སྙན་བརྒྱུད་རྡོ་རྗེ་ཟམ་པའི་མན་ངག་གི་ཁོག་ཆིངས་བཞུགས། རང་སེམས་སངས་རྒྱས་ལ་ཕྱག་འཚལ་ལོ། །རྫོགས་པ་ཆེན་པོ་སྙན་བརྒྱུད་རྡོ་རྗེ་ཟམ་པའི་ཁོག་ཆིངས་བཀའ་ཡི་ངོས་འཛིན་འདི་ལ་སྤྱིར་གྲུབ་མཐས་བློས་བསྒྱུར་བ་ལ་གཉིས་སུ་འདུག་སྟེ། ཕྱི་པ་མུ་སྟེགས་པ་དང་། ནང་པ་སངས་རྒྱས་པ་གཉིས་ལས། འདི་ནི་ནང་པ་སངས་རྒྱས་པའོ། །ནང་བ་ལ་རྒྱུ་མཚན་ཉིད་དང་། འབྲས་བུ་གསང་སྔགས་གཉིས་ལས། འདི་འབྲས་བུ་གསང་སྔགས་སོ། །གསང་སྔགས་གསར་རྙིང་གཉིས་ལས། འདི་རྙིང་མའོ། །རྙིང་མལ་ཐེག་པ་རིམ་པ་དགུ་རུ་འདོད་པ་ལས། འདི་ཨ་ཏི་རུ་འདོད་པའོ། །དེ་ཡང་བཀའ་ས་མནྟ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། མ་འགགས་སྐྱེ་བ་མེད་པས་ཨ། །མ་བསྒོམ་དབྱིངས་སུ་ཐིམ་པས་ཏི། །ཞེས་སོ། །རྫོགས་པ་ཆེན་པོ་ཨ་ཏི་ཡོ་ག་ལ། བཀའ་མ་གཏེར་མ་གཉིས་ལས། འདི་བཀའ་མའོ། །བཀའ་མ་ལ་སློབ་དཔོན་བཻ་རོ་ཙ་ནས་བསྟན་པའི་བརྒྱུད་པ་དང་པོ། བར་པ། ཐ་མ་གསུམ་ལས། འདི་བརྒྱུད་པ་ཐ་མའོ། །སྤྱིར་རྫོགས་པ་ཆེན་པོའི་སྤྱི་རྒྱུད། བཀའ་ས་མནྟ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ལས། ཀློང་དགུ་བམ་པོ་ཉི་ཁྲི་ལེའུ་ཁྲི་དྲུག་སྟོང་ཡོད་པ་ལས། དེ་ལ་ཀློང་དགུ་ནི། གཉིས་སུ་མེད་པ་ལྟ་བའི་ཀློང་། ཡེངས་པ་མེད་པ་སྒོམ་པའི་ཀློང་། བླང་དོར་མེད་པ་སྤྱོད་པའི་ཀློང་། ལྷུན་གྱིས་གྲུབ་པ་འབྲས་བུའི་ཀློང་། བགྲོད་དུ་མེད་པ་ལམ་གྱི་ཀློང་། མཐའ་དབུས་མེད་པ་དལ་གྱི་ཀློང་། སྤྱི་བླུགས་ཚངས་པ་དབང་གི་ཀློང་། འདའ་བ་མེད་པ་དམ་ཚིག་གི་ཀློང་། རྩོལ་བ་མེད་པ་ཕྲིན་ལས་ཀྱི་ཀློང་དང་དགུའོ། །བམ་པོ་ཉི་ཁྲི་དང་ལེའུ་ཁྲི་དྲུག་སྟོང་ནི། སྨོས་ཀྱི་མི་ལངས་པས་འདིར་མ་བཤད་དོ། །རྫོགས་པ་ཆེན་པོ་ལ། སློབ་དཔོན་བཻ་རོ་ཙ་ནས། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་བཤད་པ་ནི་བཀའ་བབས་དང་པོའོ། །རྒྱལ་མོ་གཡུ་སྒྲ་སྙིང་པོ་ལ་བཤད་པ་ནི་བཀའ་བབས་པར་པའོ། །སྤང་མི་ཕམ་མགོན་པོ་ལ་གཏད་པ་ནི་བཀའ་བབས་ཐ་མའོ། །འདི་ནི། ཡང་དག་དོན་གཅིག་མཆིས་པ་དེ། །མི་ཕམ་མགོན་པོ་ཉིད་ལ་གཏད། །ཅེས་པ་བརྒྱུད་པ་ཐ་མའི་གདམས་ངག་ཡིན་ནོ། །བརྒྱུད་པ་ཐ་མའི་ལུགས་ཀྱི་ཀློང་དགུ་བམ་པོ་ཉི་ཁྲི་ལེའུ་ཁྲི་དྲུག་སྟོང་ཡོད་པ་ལས་ཕྱེ་བས་རྡོ་རྗེ་སྙིང་པོའི་དོན་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ་དང་། པདྨའི་སྙིང་པོའི་དོན་ཉམས་སུ་ལེན་པའི་སྒྲུབ་སྡེ་བཅུ་གསུམ་དུ་བྱུང་བ་ལས། སྤྱིར་བརྒྱུད་པ་ཕྱི་མར་མན་ངག་གི་རྒྱུད་དྲུག་ལ། ལྟ་བ་ནམ་མཁའ་དང་མཉམ་པའི་རྒྱུད། སྒོམ་པ་རྒྱ་མཚོ་དང་མཉམ་པའི་རྒྱུད། སྤྱོད་པ་རི་བོ་དང་མཉམ་པའི་རྒྱུད། འབྲས་བུ་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་དང་མཉམ་པའི་རྒྱུད། དམ་ཚིག་རྒྱལ་ཁྲིམས་དང་མཉམ་པའི་རྒྱུད། ཕྲིན་ལས་རྒྱལ་པོ་གདན་ལ་བཞུགས་པ་ལྟ་བུའི་རྒྱུད། རྒྱུད་བུ་ཆུང་བཅུ་གཉིས་ཏེ་བཅོ་བརྒྱད། ཡེ་ཤེས་གསང་བ། ཡེ་ཤེས་རྫོགས་པ་རིན་པོ་ཆེ་ཡེ་ཤེས་གསང་བ་འོད་དང་། རྩ་བའི་རྒྱུད་སྡེ་གསུམ་དང་ཉི་ཤུ་རྩ་གཅིག་ཡོད། རྡོ་རྗེ་སྙིང་པའི་དོན་གཏན་ལ་འབེབས་པའི་རྒྱུད་སྡེ་བཅུ་གསུམ་དུ་འདོད་པ་ནི། རྩ་བའི་རྒྱུད་ཡེ་ཤེས་གསང་བ་དང་གཅིག །བཤད་པའི་རྒྱུད་བཛྲ་བཀའ་ས་མནྟ་ནམ་མཁའ་དང་མཉམ་པའི་རྒྱུད་གཉིས། སྒོམ་པའི་རྒྱུད་ཡེ་ཤེས་རྫོགས་པ་དང་གསུམ། དཀའ་བ་སྤྱོད་པ་ཀློང་དགུའི་རྒྱུད་དང་བཞི། ཡེ་ཤེས་བདུན་ཀུན་འབྱུང་ཡང་སྣང་། བྱུང་གི་རྒྱུད་དང་ལྔ། ཉ་མོ་འཁོར་ལོའི་རྒྱུད་དང་དྲུག །སྤྱོད་པ་འདུས་པ་རྒྱ་མཚོ་སྒྲོལ་མའི་རྒྱུད་དང་བདུན། ཨེ་ཨ་ར་ལི་རྙོག་པ་མེད་པའི་རྒྱུད་དང་བརྒྱད། སྙིང་པོ་དོན་གྱི་རྒྱུད་དང་དགུ། རིག་པ་ནམ་མཁའ་ལྟར་གསལ་བའི་རྒྱུད་དང་བཅུ་ཐམ་པ། མདོ་ལྔ་སྙིང་པོའི་རྒྱུད་དང་བཅུ་གཅིག །བཀའ་ས་མནྟ་ཕྱི་མའི་ཕྱི་མ་འོད་ཀྱི་རྒྱུད་དང་བཅུ་གཉིས། ཐག་རིང་བའི་རྒྱུད་དང་བཅུ་གསུམ་མོ། །པདྨའི་སྙིང་པོའི་དོན་ཉམས་སུ་བླང་བའི་སྒྲུབ་སྡེ་བཅུ་གསུམ་ལ། དེ་དག་ཐམས་ཅད་ཀྱི་མན་ངག་རྣ་བརྒྱུད་རྡོ་རྗེ་ཟམ་པ་དབང་གི་མན་ངག་དང་གཅིག །ཟམ་པ་ཆེན་པོ་གསུམ་འཕྲུལ་སྣང་། གྱི་མེ་ལོང་བརྩེགས་པ་ཆེན་པོ་དང་གཉིས། ཟམ་པ་ཆུང་ངུ་དང་གསུམ། རིན་ཆེན་འོད་དང་བཞི། སྣང་བ་འོད་དང་ལྔ། གསལ་བ་འོད་དང་དྲུག །འགྲོ་དྲུག་གཡང་ས་བཅད་པ་དང་བདུན། རིན་པོ་ཆེ་པྲ་ཁྲིད་དང་བརྒྱད། རྣ་བརྒྱུད་ཚིག་གསུམ་དང་དགུ། ལན་གྱི་དཔེ་ཆ་བཞི་ཡང་སྣང་། དང་བཅུ་ཐམ་པ། གཞི་ལམ་འབྲས་བུའི་མན་ངག་དང་བཅུ་གཅིག །དེ་དག་ཐམས་ཅད་ཀྱི་དོན་བསྡུས་པ་རྣ་བརྒྱུད་ལུང་གསེར་ཡང་སྣང་། གི་ཕྲེང་བ་དང་བཅུ་གཉིས། ཐེག་པ་ཐམས་ཅད་ཀྱི་དོན་བསྡུས་པ་རིན་པོ་ཆེ་གསེར་རྫོང་མེ་བཟང་པོ་ཡང་སྣང་། དང་བཅུ་གསུམ་མོ། །བཀའ་ས་མནྟ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་འདི་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྱ་ཞུན་མས་རང་ནན་དུ་བྲིས་པའི་པོ་ཏི་ཆག་གང་བ་གཅིག་སེམས་དག་ལྷའི་བུས་དགའ་རབ་རྡོ་རྗེ་ལ་གཏད། དེས་འཇམ་དཔལ་བཤེས་གཉེན་ལ་གཏད། དེས་ཤྲཱི་སིདྷ་ལ་གཏད། ཤྲཱི་སིདྷས་ཁ་ཕྱེས་པས་སྒྲུབ་སྡེ་བཅུ་གསུམ་དང་རྒྱུད་སྡེ་བཅུ་གསུམ་དུ་མཛད་དོ། །དེ་བཻ་རོ་ཙ་ན་ལ་གཏད་པས་རྫོགས་པ་ཆེན་པོའི་བརྒྱུད་པ་ཐ་མ་ཞེས་བྱ་བར་ཡང་གྲགས་སོ། །འདི་ནི་དེ་དག་ཐམས་ཅད་ཀྱི་དོན་དང་མི་འགལ་བ་རྣ་བརྒྱུད་རིན་པོ་ཆེ་རྡོ་རྗེ་ཟམ་པའི་གདམས་ངག་རྒྱུད་སྡེ་བཅུ་གསུམ་དང་། སྒྲུབ་སྡེ་བཅུ་གསུམ་ལས། ཕ་རྒྱུད་གཡོ་བ་རླུང་འཛིན་པར་བྱེད་པ་གདམས་ངག་གི་བརྒྱུད་པ། མ་རྒྱུད་བདེ་བ་ཉམས་འཆར་བར་བྱེད་པ་བྱིན་རླབས་ཀྱི་བརྒྱུད་པ་དང་གཉིས་སུ་འདུས་སོ། །དེ་ཉིད་ཀྱང་ཉེ་བར་བསྡུ་ན། ཕ་རྒྱུད་ཀྱི་དོན་བསྡུས་པ་གཡོ་འཛིན་རླུང་གི་མན་ངག །མ་རྒྱུད་དོན་བསྡུས་པ་བདེ་བ་ཐིག་ལེའི་མན་ངག་གོ། །དེ་གཉིས་ཀྱི་དོན་གཅིག་ཏུ་བསྡུས་པས། སྒྲ་རུ་སྨྲར་མ་བཏུབ་བསམ་དུ་མ་བཏུབ་པར་རྒྱུད་ལ་གནས་པའི་དོན་དེ་དུས་ཀྱི་བརྡ། དེ་རིག་ཅིང་རྟོགས་པར་བྱེད་པའི་ཐབས་གནད་ཀྱི་བརྡའ་བཞིས་གསལ་བ་མི་རྟོག་པ་བདེ་བ་གསུམ་ངོ་བོ་དབྱེར་མི་ཕྱེད་པར་གནས་གྱུར་ནས། གསལ་བ་མི་རྟོག་པ་བདེ་བ་གསུམ་ངོ་བོ་དབྱེར་མི་ཕྱེད་པ་གཅིག་ཏུ་འདུས། དབྱེར་མི་ཕྱེད་པའི་དུས་ན་དབྱེར་ཕྱེད་བྱ་བའམ། མི་ཕྱེད་བྱ་བའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ལ། བློའི་ཡུལ་དུ་བྱས་པའི་བསམ་རྒྱུའམ། བསྒོམ་རྒྱུ་གཅིག་ཀྱང་མེད་པས་ན་སྒོམ་མེད་བློའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་དོན་དམ་པ་ཡིན་པས་ན་དོན། བློ་བྲལ་གྱི་དོན་དེ་རྐྱེན་གྱིས་མི་འཆུག་མི་འགྱུར་བས་ན་གཟེར། དེ་ལ་རེ་བ་དང་དོགས་པའི་བློ་མེད་པས་ན་དབྱིངས་སོ། །དོན་དེ་ལ་རྡོ་རྗེ་ཟམ་པའི་དབུ་ནས་ཞབས་སུ་མ་ལུས་པའི་དོན་སྦྱར་ནས། མ་ནོར་མ་བཅོས་བསམ་འདས་བརྗོད་དུ་མེད་པའི་དོན་དེ་ཡང་། བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་བསྒོམ་དུ་མེད་པའི་དོན་དེ་རང་ཡིན། གདོད་ནས་དག་པའི་བྱང་ཆུབ་སེམས་ཉིད་ཀྱི་ངོ་བོ་ཉིད་ཀྱི་དོན་བསྟན་པ་ཡང་། བསྒོམ་དུ་མེད་པའི་དོན་དེ་རང་སྟོན་པ་ཡིན། རྣ་བརྒྱུད་ལུང་གི་གཏེར་ཆེན་འགྲོལ་བ་ཡང་། བསྒོམ་མེད་དོན་གྱི་གཏེར་རྙེད་པས། གཟུང་འཛིན་དང་བྲལ་ནས་འཁོར་བའི་སྡུག་བསྔལ་ལས་གྲོལ་བ་ཡིན། བསྒོམ་མེད་དོན་གྱི་གཟེར་ཆེན་གདབ་པ་ཡང་། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་དམ་པ། མི་འཆུག་མི་འགྱུར་རྐྱེན་གྱིས་མི་འཇིག་པའི་གཟེར་དེ་རང་ཡིན། རེ་དོགས་མེད་པའི་དབྱིངས་སུ་གཏད་པ་ཡང་། རེ་བ་དང་དོགས་པའི་བློའི་མཐའ་འམ་ཚིག་གི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དབྱིངས་ལ་བསྟན་པ་དེ་རང་ཡིན་ནོ། །བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས་སེམས་ཉིད་རྣམ་པར་དག་པའི་དོན་ལ་དབང་ཐོབ་པས། དབང་ངང་གིས་རྫོགས་པས་སྒོམ་སྒྲུབ་དགེ་བའི་ཆོས་ལ་མི་ལྟོས་པར་སེམས་ཉིད་རྣམ་པར་དག་པ་གཏན་ལ་ཕེབས་པ་ཡང་དེ་རང་ཡིན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པར་གཉིས་འཛིན་དང་བྲལ་བ་དེ་ལ་སྐུ་རང་ཆས་སུ་གྱུར་པས་གཉིས་འཛིན་ལས་གྲོལ་བ་ཡང་དེ་རང་ཡིན། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་གཅིག་ཏུ་རྟོགས་པས། དོན་ལ་རྟོགས་དཔྱོད་བྱར་མ་བཏུབ་པས། དོན་གཅིག་ཏུ་རྟོགས་པས་རྟོག་དཔྱོད་ལས་འདས་པ་ཡང་དེ་རང་ཡིན་ནོ། །བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ་ལ། ཆོས་སྤྱི་དང་རང་གི་མཚན་ཉིད་ཀྱི་དོན་བློའི་སྤྱོད་ཡུལ་དུ་མ་གྱུར་པ་དེ་རང་ཡིན་པས་ནས། དོན་འདི་ནི་ཡང་དེ་ཡིན། དེ་ལ་འཇོག་པའི་དུས་ན་མཉམ་བཞག་གི་དུས། ལྡང་བའི་དུས་ན་རྗེས་ཐོབ་ཀྱི་དུས་ཡིན་པས་ན། དུས་འདི་ནི་ཡང་དེ་རང་ཡིན་ནོ། །བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པ་དེ། དོན་ཆོས་ཉིད་འགྱུར་བ་མེད་པའི་གནས་ལུགས་ལ་ངོ་སྤྲད་ནས། གོམས་འདྲིས་ལམ་དུ་བྱས་པས་ན། རྡོ་རྗེའི་ལམ་མཆོག་ཀྱང་དེ་རང་ཡིན། སྐལ་བ་དང་ལྡན་པས་གདམས་ངག་འདི་དང་འཕྲད་པ་རྣམས། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པའི་དོན་དེ་རྟོགས་པ་ཙམ་གྱིས། སྤང་བྱ་དང་བསྒྲུབ་བྱའི་འབད་རྩོལ་མེད་པས་གཉིས་སུ་འཛིན་པའི་བློ་ལས་གྲོལ་བས། སྐལ་ལྡན་འབད་པ་མེད་པར་གྲོལ་བ་ཡང་དེ་རང་ཡིན། གྲོལ་བ་རང་གྲོལ་གཞན་ལ་མིན་པ་ནི། བློའི་མཐའ་ཟབ་ཅིང་ཕྲ་བ་ཙམ་ཡང་མི་གནས་པས། གཉིས་སུ་འཛིན་པའི་བློ་མི་གནས་པ་རང་བཞིན་མེད་པར་གྲོལ་བ་ལས། གཞན་དུ་གྲོལ་རྒྱུ་མེད་པའོ། །དེ་ཡང་གདམས་ངག་འདི་ལ་བརྒྱུད་པ་མ་ནོར་བ་བཞིའི་རྐྱ་བར་དུ་བཅུག་ནས་དོན་མ་ནོར་བར་ཚང་བར་སྟོན་པ་འདི་ཡིན་ཏེ། བརྒྱུད་པ་བཞི་ནི། བཀའི་བརྒྱུད་པ། ཚིག་གི་བརྒྱུད་པ། བརྡའི་བརྒྱུད་པ། བྱིན་རླབས་ཀྱི་བརྒྱུད་པ་དང་བཞིའོ། །བཀའི་བརྒྱུད་པ་ཆད་ན། ཕ་མེད་ཀྱི་བུ་རུས་སྟོར་བ་དང་འདྲ་སྟེ། གང་གི་ཆོས་ཡིན་ཆ་མེད་པར་འགྲོ་སྟེ། ཡིད་མི་ཆེས་པའི་སྐྱོན་ཡོད། ཚིག་གི་བརྒྱུད་པ་ཆད་ན། རྒྱལ་པོ་གདུང་རྒྱུད་ཆད་པ་དང་འདྲ་སྟེ། ཚིག་གི་རྩ་བ་མི་ཚང་བས། དོན་གནད་དུ་བསྒྲིལ་མི་ཤེས་ཏེ། གནས་ལུགས་གཏན་ལ་མི་ཕེབས་པས། དོན་མི་རྟོགས་པའི་སྐྱོན་ཡོད། བརྡའི་བརྒྱུད་པ་མེད་ན། ལོང་བ་འཁར་བ་བྲལ་བ་དང་འདྲ་སྟེ། མ་ནོར་བའི་དོན་ངོ་སྤྲོད་གཅིག་གི་ཐོག་ཏུ་བཞག་ས་མེད་པས། དོན་ཐོག་ཏུ་མ་ཕེབས་པས་གོལ་ས་རུ་ཤོར་ནས་རྫོགས་པའི་སངས་རྒྱས་མི་ཐོབ་པའི་སྐྱོན་ཡོད། བྱིན་རླབས་ཀྱི་བརྒྱུད་པ་མེད་ན། མཛོད་ཚང་མང་གི་སྒྲོན་མེ་ཤི་བ་དང་འདྲ་སྟེ། བྱིན་རླབས་ཀྱི་བཀའ་ཆད་པས་མཁའ་འགྲོ་མའི་ཀོ་ལོང་དུ་གྱུར་ནས། མཆོག་ཐུན་མོང་གི་དངོས་གྲུབ་མི་ཐོབ་པའི་སྐྱོན་ཡོད། བཀའི་བརྒྱུད་པ་མ་ཆད་ན། བཀའ་བརྒྱུད་ཀྱི་དགོངས་པ་ལོན། ཚིག་གི་བརྒྱུད་པ་མ་ཆད་ན། ཡང་དག་པའི་དོན་རྟོགས། བརྡའི་བརྒྱུད་པ་མ་ཆད་ན། སེམས་ཉིད་མངོན་དུ་མཐོང་། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་ན། མཁའ་འགྲོ་མའི་ཀོ་ལོང་དུ་མི་འགྲོ་སྟེ། མཆོག་ཐུན་མོང་གི་དངོས་གྲུབ་ཐོབ། འདིར་ནི་བཀའི་བརྒྱུད་པ་མ་ཆད་དེ། རྣ་བརྒྱུད་ལུང་གི་གཏེར་ཆེན་དགྲོལ་བ་ཡིན། ཚིག་གི་བརྒྱུད་པ་མ་ཆད་དེ། རྡོ་རྗེའི་ཚིག་ལམ་སེམས་ཀྱི་ལྡེ་མིག་བསྟན་པ་ཡིན། བརྡའི་བརྒྱུད་པ་མ་ཆད་དེ། བརྡ་བཞིས་རྒྱུད་ལ་སྦྱོར་བ་བསྟན་པ་ཡིན། བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་དེ། སྒོམ་ཚུལ་བླ་མའི་བྱིན་རླབས་ཨ་ཧ་ཧོའི་བསྟན་པ་ཡིན་ནོ། །རྒྱ་གར་གྱི་ཡུལ་ན་བྱིན་རླབས་ཀྱི་བརྒྱུད་པ་ལ་དབང་གི་ཆུ་བོ་ཆེན་པོ་བཞི་ཡོད་པ་ལས་རྒྱལ་པོ་ཛཿལ་པོ་ཏི་གླེགས་བམ་གྱི་དབང་བབས། སློབ་དཔོན་པདྨ་འབྱུང་གནས་ལ་ལྷ་མ་སྲིན་སྡེ་བརྒྱད་ཀྱི་དབང་བབས། སློན་དཔོན་བི་མ་ལ་མི་ཏྲ་ལ་པཎྜི་ཏ་ལྔ་བརྒྱའི་དབང་བབས། སློབ་དཔོན་དགའ་རབ་རྡོ་རྗེ་ལ་ཡེ་ཤེས་ལྷའི་དབང་བབས་པའོ། །འདི་ནི་ཡེ་ཤེས་ལྷའི་དབང་། རྒྱལ་ཐབས་སྤྱི་བླུགས་ཚངས་པའི་དབང་། སྦྱོར་བ་དག་པའི་དབང་དང་། མནལ་འདི་བརྟགས། བའི་དབང་། གཉིས་ཀ་རྒྱུན་མ་ཆད་པ་རུ་བཀའ་བབས་པའོ། །བཀའ་ས་མནྟ་ནམ་མཁའི་མཐའ་དང་མཉམ་པའི་རྒྱུད་ཀྱི་དོན་བསྡུས་པའི་རྣ་བརྒྱུད་རྡོ་རྗེ་ཟམ་པ་སྐད་ཅིག་མའི་དོན་རྟོགས་ནས། ཚེ་གཅིག་གིས་སངས་རྒྱ་བའི་མན་ངག་གི་ཁོག་ཆིངས་རྫོགས་སོ། །དགེ་ལེགས་འཕེལ།། །