← Search

སྔ་འགྱུར་བཀའ་མའི་ཆོས་སྡེའི་གླེགས་བམ་ཞེ་གཉིས་པ།

དཔལ་གྱི་སངྒེ། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། ས་མནྟ་དྷརྨ་ཀིརྟིར།

མགོ་བརྗོད།

རྒྱལ་སྲས་གཞན་ཕན་མཐའ་ཡས་མཆོག་ཉིད་རྒྱལ་བསྟན་སྤྱི་དང་། བྱེ་བྲག་ཏུ་སྔ་འགྱུར་བཀའ་མའི་ཕྱོགས་འདི་ག་དར་བ་ཞིག་བྱེད་དགོས་དགོངས་པའི་ཐུགས་འདུན་དྲག་པོ་རྒྱུན་ཆགས་སུ་ཡོད་ཁར། དབུས་ཕེབས་སྔ་མ་སྤུ་ཀོང་བརྒྱུད་ནས་ཕེབས་སྐབས། སྔར་དྭགས་བརྒྱུད་པའི་གདན་ས་ཕྱིས་སྨིན་གྲོལ་གླིང་བའི་དགོན་ལག་ཏུ་གྱུར་པ་ལྷ་ལུང་པད་རི་རུ་བྱོན། དེར་མཆོག་གི་སྤྲུལ་བའི་སྐུ་རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་དང་ཞལ་མཇལ། ལེགས་བཤད་ཀྱི་འབེལ་གཏམ་ཞིབ་ཏུ་བྱས་པས་ཐུགས་ཡིད་གཅིག་འདྲེས་སུ་གྱུར་ཅིང་ཕྱི་ནང་གསང་བའི་ཡོན་ཏན་དང་། འཆད་རྩོད་རྩོམ་པའི་ཕྲིན་ལས་སོགས་གང་ནས་ཀྱང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་དངོས་དང་ཐ་མི་དད་པར་དགོངས་ཏེ། རྗེ་དེ་ཉིད་ཀྱི་དབུ་ཞྭ་དང་ཁྲི་བེར་བཅས་སྐུ་ལ་ཕུལ་ཏེ་མི་འཇིགས་སེང་གེའི་ཁྲི་ལ་མངའ་གསོལ། ཚེ་སྒྲུབ་འཆི་མེད་ཡང་སྙིང་གི་དཀྱིལ་འཁོར་དུ་བརྟན་བཞུགས་ཀྱི་ཆོ་ག་རྒྱས་པར་མཛད་པ་དང་བསྟུན། སྔ་འགྱུར་ནང་རྒྱུད་སྡེ་གསུམ་གྱི་ཆོ་གའི་རིམ་པ་ལྟར་ཆོག་ཁྲིགས་ཡོད་པ་རྣམས་སོར་བཞག་དང་། མེད་པ་རྣམས་རྗེ་ཉིད་ཀྱིས་ལྗགས་སྒྲིགས་མཛད་ནས་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་ཏེ་དབང་ལུང་གི་འཆད་སྤེལ་སོགས་ཆུན་གཅིག་ཏུ་བྱེད་རྒྱུ་ཞིག་བྱུང་ན། དངོས་སུ་དེ་དག་གི་རྒྱུན་བཙལ་སླ་བ་དང་། བརྒྱུད་ནས་བསྟན་པ་མི་ཉམས་པའི་གཙས་སུ་དགོས་པ་དང་། ཕན་ཆ་ཤིན་ཏུ་ཆེ་བར་འདུག་ཅེས་ནན་ཏན་ཆེན་པོས་ཞུ་མཆིད་ཚིགས་བཅད་ཀྱི་ལམ་ནས་སྤེལ་བ་འདི་ལྟར།
ཨོཾ་སྭ་སྟི།  ཕྱོགས་དུས་རྒྱལ་བ་ཀུན་གྱི་སྲས། །ཐར་འདོད་འགྲོ་བའི་དེད་དཔོན་ཆེ། །ལུས་ཅན་ཀུན་ལས་སེམས་འཕགས་པའི། །རྣམ་འདྲེན་བླ་མ་མཆོག་གི་དྲུང་། །སྒོ་གསུམ་ཐ་དད་མ་ཡིན་གཅིག་བསྡུས་ཏེ། །གུས་ཕྱག་བསྟོད་དབྱངས་གདུང་ཤུགས་བཅས་ཏེ་གསོལ། །ཐོག་མཐའ་བར་གྱི་དུས་ཚིགས་མི་མངོན་པའི། །དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །ཕྱི་ལྟར་མདོ་ལུགས་བསྐལ་བ་གྲངས་མེད་དང་། །ནང་ལྟར་སྔགས་ལུགས་ཚེ་ལུས་གཅིག་གི་མཐར། །གསང་བ་གསང་ཆེན་རིག་སྟོང་ཆོས་སྐུའི་ཞལ། །མངོན་གྱུར་རྡོ་རྗེ་སྙིང་པོའི་ཀློང་དེར་གྲོལ། །རྣམ་འདྲེན་མཆོག་དང་ཀུན་མཁྱེན་ཉི་མའི་གཉེན། །སྤང་དང་རྟོགས་པའི་ཡོན་ཏན་མཉམ་གྱུར་ཀྱང་། །མཚན་དཔེའི་རྒྱན་འདིས་ཐུབ་པའི་དབང་པོ་དང་། །སྙིགས་དུས་བསྟན་འགྲོའི་མགོན་ཁྱོད་སོ་སོར་རྟོགས། །མ་རྟོགས་ལོག་པར་རྟོགས་དང་ཕྱོགས་ཙམ་རྟོགས། །ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་སོགས། །རང་རང་གྲུབ་མཐའི་འདོད་ཞེན་ཇི་སྙེད་ཀུན། །གཅོད་ལ་འཇིགས་བྲལ་དཔལ་མགོན་ཀླུ་སྒྲུབ་དངོས། །མཛེས་སྐུ་མིག་གི་བདུད་རྩིར་གྱུར་པ་དང་། །ཟབ་རྒྱས་གསུང་དབྱངས་རྣ་བའི་བཅུད་ལེན་དུ། །ཐོབ་པའི་སྐལ་བཟང་སོ་སྐྱེས་དངོས་ཡིན་ཀྱང་། །ས་བཅུའི་དབང་ཕྱུག་རྣམས་ཀྱི་ཟླ་བོར་སོང་། །ཅི་སླད་ཟབ་ཞི་སྤྲོས་དང་བྲལ་བ་ཡི། །དོན་བཟང་ལུས་ཅན་ཀུན་ལ་ལྷན་སྐྱེས་སུ། །ཡོད་ཀྱང་མི་རྟོགས་བསྟན་ཀྱང་ཤེས་དཀའ་བའི། །དེ་ཉིད་ཁྱོད་ཀྱི་དྲིན་ལས་མངོན་སུམ་རྙེད། །ཐུབ་པ་རྣམས་ཀྱིས་དམ་པའི་ཆོས་བཙལ་ཚེ། །ལེགས་པར་བཤད་པའི་ཚིགས་བཅད་ཕྱེད་གཅིག་གི །ཕྱིར་ཡང་རྒྱུ་ནོར་ལོངས་སྤྱོད་རྒྱལ་སྲིད་དང་། །སྲོག་གི་བར་དུ་བཏང་ཞེས་ཡོངས་གྲགས་ན། །བསྐལ་བར་རྙེད་དཀའི་ཆོས་མཆོག་འདི་འདྲ་བའི། །ཆེད་དུ་གླིང་བཞིའི་འཇིག་རྟེན་ཁོར་ཡུག་བཅས། །འཛམ་བུའི་ཆུ་བོའི་གསེར་གྱིས་བཀང་བྱས་ཀྱང་། །དེ་ཡི་ཆ་ཤས་ཙམ་ཡང་གཞལ་ནུས་མིན། །བདག་འདྲའི་སྐྱེ་བོ་སྲེད་པའི་གཞན་དབང་ཅན། །རྟག་ཏུ་རྙེད་དང་བཀུར་སྟིས་ཟིལ་ནོན་ཞིང་། །ཁབ་སྐུད་ཙམ་ཞིག་གཏོང་ལའང་སྙིང་ཞུམས་པས། །བཀའ་དྲིན་ཇི་ལྟར་འཁོར་སྙམ་ཡིད་ལ་བཅགས། །དེ་ལྟ་ནའང་ཆོས་དྲིན་གསོ་ཕྱིར་དང་། །ཁྱད་པར་སྔ་འགྱུར་རྫོགས་པ་ཆེན་པོ་ཞེས། །སེམས་ཀློང་མན་ངག་སྡེ་ལས་ཉེར་འཕྲོས་པའི། །རྒྱུད་ལུང་སྦས་པ་ཤིན་ཏུ་ཟབ་མོའི་ཆོས། །དེང་སང་དུས་ན་མདོ་སྔགས་ཐུན་མོང་གི །བསྟན་འཛིན་ཕལ་གྱི་སྤྱོད་ཡུལ་མ་གྱུར་པས། །ཉི་ནུབ་ཟེར་དང་འཆི་ཁའི་མར་མེ་བཞིན། །ཟད་ལ་ཉེ་བར་གྱུར་པའི་གནས་སྐབས་འདིར། །བདག་གིས་ལྷག་བསམ་ཚངས་པའི་གསེར་འཁོར་འདི། །སྐུ་གསུམ་སྟོན་པའི་སྤྱི་གཟུགས་ཁྱོད་དྲུང་དུ། །འབུལ་ན་བརྩེ་ཆེན་ཐུགས་རྗེས་བཞེས་ནས་ཀྱང་། །རྒྱུད་ལུང་མན་ངག་ཆོས་འཁོར་བསྐོར་དུ་གསོལ། །ཕྱི་དུས་བསྟན་པའི་བཙས་སུ་དེ་དག་གི །གླེགས་བམ་མི་ཟད་སྤར་གྱི་ཕྱི་མོ་རུ། །བསྐྲུན་པའི་བཀའ་དྲིན་ནམ་ཡང་མ་ཆུང་ཞེས། །ཞུ་མཆིད་ཐལ་མོ་སྦྱར་ཏེ་གསོལ་བའི་རྟེན། །བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ། །དྲི་བྲལ་ལྷ་གོས་རྡོ་རྗེའི་རེ་ཁ་ཅན། །གསང་ཆེན་ཆོས་ཀྱི་བདག་པོར་མངའ་གསོལ་ཕྱིར། །མཚན་དཔེའི་གཟི་འབར་རྡོ་རྗེ་སེམས་དཔའི་སྐུ། །གསུང་དབྱངས་མཐོན་པོའི་འགྲོ་བློའི་གཉིད་སད་ཕྱིར། །གསུང་རྟེན་ཐུགས་ཐིག་རྒྱུད་ཀྱི་གླེགས་བམ་དང་། །འགྱུར་མེད་བདེ་ཆེན་རྡོ་རྗེར་མངའ་བརྙེས་ཕྱིར། །རྒྱལ་བའི་ཐུགས་རྟེན་ཟླུམ་འཁྱིལ་ཆོས་སྐུའི་རྟེན། །བཀྲ་ཤིས་རྟགས་མཚན་དངུལ་གྱི་མཎྜ་ལར། །གླིང་བཞིའི་བཀོད་མཛེས་གསེར་གྱི་འཁོར་ལོས་སྤྲས། །ཐབས་ཤེས་རྒྱུད་ཀྱི་དོན་མཚོན་རྡོར་དྲིལ་ཆ། །བར་ཆད་འདུལ་ཕྱིར་རྡོ་རྗེ་ཕུར་པའི་སྐུ། །ན་བཟའ་གསོལ་དོད་རིན་འཁོར་སྲང་གསུམ་དང་། །ན་གཞོན་འགྲོ་མགྱོག་ཡིད་འོང་རྟ་ཡི་མཆོག །དངུལ་དཀར་ལས་གྲུབ་མར་མེའི་མཆོད་སྐོང་དང་། །བཟང་སྤོས་སྡེ་སེར་དཀར་པོའི་ཆུན་པོ་སོགས། །རྒྱ་མོའི་སོར་འཐག་ནང་མཛོད་འགུལ་དར་བཅས། །དངོས་སུ་འབྱོར་བའི་ཡོ་བྱད་དེ་ཙམ་ཡང་། །ཡིད་སྤྲུལ་མཁའ་ཁྱབ་མཆོད་པའི་སྤྲིན་ཆེན་པོར། །སྤྲོས་འདི་གསང་ཆེན་བསྟན་པ་རྒྱས་ཕྱིར་ཡིན། །ཞེས་དང་། སྐབས་འདིར་ཡན་ལག་བདུན་པའི་ཚིགས་སུ་བཅས་པ་མང་ཙམ་འདུག་ཀྱང་ཡི་གེ་མང་བས་མ་བྲིས། དེ་འཕྲོས། དེ་ལྟར་མ་ལ་བུས་འབོད་ལྟར། །རྩེ་གཅིག་གདུང་བས་གསོལ་འདེབས་ན། །གང་ལ་རེ་བའི་འབྲས་བུ་རྣམས། །རིང་མིན་འགྲུབ་པར་མཛོད་ཅིག་ཀྱཻ། །ནན་ཏན་འདི་ལྟར་བསྐུལ་བའི་རྐྱེན། །རྒྱལ་དང་པདྨའི་གདུལ་ཞིང་མཆོག །བོད་ཡུལ་དབུས་ཀྱི་ཤར་ཕྱོགས་ངོས། །ཀོང་ཡུལ་ལྗོན་པའི་ནགས་ཁོང་དུ། །ང་ཕོད་མི་རྗེ་ལྷ་ཡི་གདུང་། །ཟླ་པ་ཚེ་བརྟན་རྒྱལ་པོ་ཡིས། །སྔ་འགྱུར་བཀའ་མའི་དབང་ལུང་རྒྱུན། །ཕྱོགས་གཅིག་བསྡེབས་ན་བསྟན་ལ་ཕན། །དེ་སྐད་ཡང་ཡང་བསྐུལ་བའི་ཚེ། །རྒྱལ་བའི་དགོངས་པ་མཁའ་འདྲ་བ། །བདག་བློས་གཞལ་བར་ནུས་མིན་ཡང་། །སྨོན་ལམ་སྟོབས་བསྐྱེད་ཨེ་འགྲུབ་སྙམས། །དེ་ལྟར་རིང་ནས་སྨོན་འབྲས་ཀྱི། །ས་བོན་ཞིང་སར་ཐེབས་ཟིན་པས། །འདོད་དོན་སྙེ་མ་གཡུར་ཟ་བར། །བར་ཆད་མེད་ཅིང་མཐར་ཕྱིན་ཤོག །ཅེས་སྒྲུབ་རྒྱུད་ཀརྨ་ཚང་གི་གདན་སའི་ཤུལ་འཛིན། ཨོ་རྒྱན་སྨིན་གྲོལ་གླིང་གི་གྲ་བའི་ཐ་ཤལ་བླ་མིང་སེར་གཟུགས་ཙམ་འཛིན་པའི་རྨོངས་རྟུལ་བ། རིག་འཛིན་པདྨ་དབང་རྒྱལ་རྡོ་རྗེ་ཞེས་འབོད་པས། རབ་ཡིད་ལྕགས་ཡོས་ཀྱི་ཟླ་ཚེས་བཟང་པོར་ལྷག་བསམ་རབ་ཏུ་དཀར་བས་བྲིས་ཏེ་ཕུལ། ཞེས་ནན་ཏན་ཆེན་པོས་བསྐུལ་བ་དང་། སླད་ནས་ཨོ་རྒྱན་སྨིན་གྲོལ་གླིང་བའི་གདུང་འཛིན་ཁྲི་རབས་དྲུག་པ་འགྱུར་མེད་སངས་རྒྱས་ཀུན་དགའི་ཞལ་སྔ་ནས་ཀྱང་། བཀྲ་ཤིས་པའི་རེ་ཁ་བཀྲ་བའི་མཛོད་བཏགས། སྟོད་འགག་གསེར་ཇུས་མ། བཟང་ཕྲུག་གི་ན་བཟའ་རྣམས་ཀྱི་སྐྱེས་དང་བཅས་ཏེ། ཉེ་བར་བསྐུལ་བས་མཚམས་སྦྱར། གཞན་ཡང་དབུས་ཕྱོགས་སུ་བཞུགས་ཡོད་པའི་སྐབས་ཤིག་གི་མནལ་ལམ་དུ། རྗེ་ཉིད་ཀྱི་མ་ཡུམ་དེ་ཡིན་སྙམས་པའི་བུད་མེད་ཞིག་གིས་ལྟོས་དང་ཟེར། གཟིགས་པས། གང་སྣང་ཐམས་ཅད་ཡིག་འབྲུ་ཤིན་ཏུ་ཆེ་བ་མང་པོས་གང་ནས་ཁྲ་ཆེམ་ཆེམ་འདུག་པ་ལ། བུད་མེད་དེས་གསེར་གྱི་རྡོ་རྗེ་འོད་འབར་བ་ཞིག་མདུན་ཐད་ཀྱི་ནམ་མཁར་ལན་གསུམ་འཕང་བའི་མཐར་བར་སྣང་དེར་རྟེན་མེད་དུ་བསྡད་སོང་བ། སྡིགས་མཛུབ་ཀྱི་བརྡའ་ཐབས་གང་དུ་བསྟན་པའི་ཕྱོགས་དེར་ཧྲིལ་ཧྲིལ་འགྲོ་བ་ཞིག་གཟིགས་པས། རྡོ་རྗེ་ཐེག་པའི་བསྟན་ལ་རི་མོར་གྱིས་ཤིག་ཅེས་མཁའ་འགྲོས་བརྡས་བསྐུལ་བར་ཐུགས་སུ་ཆུད། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྒྱུན་དཀོན་རིགས་རྣམས་དབུས་གཙང་ཀུན་ཏུ་བཙལ་བས་མ་རྙེད་པར་ཡོད་པའི་ཚེ། སྨིན་གླིང་དུ་བཞུགས་སྐབས་ཆ་ཤས་ཙམ་འདི་གའི་དཔེ་མཛོད་དུ་ཡོད་ཟེར་བ་ཞིག་གཟིམས་ལམ་དུ་བྱུང་ནས་ཉིན་གཅིག་ཐོག་ཐག་ལ་ཕྱག་དཔེ་ཐམས་ཅད་ཀློག་ཀྱང་རྙེད་རྒྱུ་མ་བྱུང་བར་སླར་གཟིམས་ཤག་ཏུ་ཕེབས། དེ་ནུབ་ཀྱང་ད་དུང་ཚོལ་དང་ངེས་པར་ཡོད་ཟེར་བ་ཞིག་གསན་ནས་སླར་ཡང་བཙལ་བས་སྒྱུ་འཕྲུལ་ཕྲ་མོའི་སྐོར་སོགས་ཀྱི་པུ་སྟི་གཉིས་ཙམ་ཕྱག་ཏུ་འབྱོར། དེ་ལ་སོགས་པ་མཁའ་འགྲོ་དང་ཆོས་སྐྱོང་རྣམས་ཀྱིས་ཀྱང་བསྐུལ་མ་དང་ཕྲིན་ལས་སྒྲུབ་པའི་རྟགས་མཚན་ངོ་མཚར་བ་མང་པོ་ཡང་ཡང་བྱུང་། ཞེས་བཀའ་མ་ཐེག་རིམ་དགུའི་ཕྲིན་ཆོག་མཐའ་དག་ཕྱོགས་གཅིག་ཏུ་བསྡུས་པའི་དཀར་ཆག་ཡིད་བཞིན་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བའི་ལྡེབ་༤༣པའི་སྲིབ་ཕྲེང་༢པ་ནས་༤༦པའི་ཉིན་ཕྲེང་༣པའི་བར་དུ་གསལ་བ་ཇི་བཞིན་འདིར་དྲངས་པ་ལགས།
བཀའ་མ་བསྒྲིགས་རིམ་གྱི་ལོ་རྒྱུས། སྔ་འགྱུར་བཀའ་མའི་ཆོས་སྡེ་རྩ་གཞུང་སྒྲུབ་ཕྲིན་སྤྱིན་དབང་བཅས་དང་རྒྱབ་ཆོས་འགྲེལ་བཤད་སྐོར་གྱི་བཞུགས་བྱང་དཀར་ཆག་བཀོད་པ་ལ་སྔོན་དུས་སྔ་འགྱུར་བསྟན་པའི་ཉིན་བྱེད་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་རུ་དམ་རྫོགས་ཆེན་ཨོ་རྒྱན་ཆོས་གླིང་དུ་བཀའ་མའི་སྒྲུབ་ཕྲིན་པོ་དེ་དགུའི་དཀར་ཆག་ཡིད་བཞིན་དབང་རྒྱལ་ལྟར་ཤིང་པར་བཞུགས་པ་དང་། གྲུབ་དབང་དཔལ་ཡུལ་བྱང་ཆུབ་ཆོས་གླིང་དུ་བཀའ་མ་གཞུང་དང་ཆོག་ཕྲིན་བཅས་པུ་སྟི་ཀ་ཉི་ཤུ་རྩ་ལྔ་པར་དུ་བཞེངས་སྐབས་རག་སྤྲུལ་ཐུབ་བསྟན་བཤད་སྒྲུབ་རྒྱ་མཚོས་མཛད་པའི་དཀར་ཆག་བསྟན་པ་རྒྱ་མཚོའི་གྲུ་གཟིངས་བཀྲ་ཤིས་དཔལ་གྱི་འབྱུང་གནས་ལྟར་ལེགས་པར་བཞུགས་ནའང་ཕྱིས་དུས་འགྱུར་སྐབས་ཉག་འབྱུང་ཁུངས་དགོན་དུ་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་གྱི་ཕྱག་དཔེ་ཅུང་མ་ཚང་བ་ཆ་གཅིག་ཁོ་ན་བཞུགས་པ་ལྷག་ཡོད་པ་ལས་མ་ཕྱི་ཤིང་པར་དང་པར་རྡེབ་ཟིན་པའི་དཔེ་བཅས་ཕྱོགས་གང་དུའང་མ་རྙེད། ཀཿཐོག་པ་སི་ཏུ་ཆོས་ཀྱི་རྒྱ་མཚོས་ཁམས་དབུས་ཀྱི་དགོན་སྡེ་རྙིང་བགྲེས་མང་བོའི་ནང་ནས་བཙལ་སྟེ་ཕྱག་ཏུ་འབྱོར་བ་བཀའ་བསྟན་སྔ་མ་རྣམས་ཀྱི་གྲལ་དུ་འཁོད་མ་ཐུབ་པའི་རྒྱུད་དང་རྒྱ་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱི་གསུང་འགྲེལ་བཤད་དཔེ་དཀོན་མང་པོ་སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་ནས་རིན་པོ་ཆེ་ཉིད་ཀྱི་ཞལ་སློབ་བྱང་དཀར་བསྟན་འཛིན་ནོར་བུའི་སྤྲུལ་སྐུ་མི་འགྱུར་རིན་པོ་ཆེ་ལ་བཀའ་གནང་སྟེ་ཤིང་པར་དུ་བརྐོས་ཟིན་པ་པོད་བཞི་བཅུ་ཁ་ལྷག་བཞུགས་ནའང་དུས་འགྱུར་སྐབས་འཐོར་བརླགས་ཤོར་བས་ད་ལྟ་མི་བཞུགས། དཔལ་ཡུལ་གྲུབ་དབང་པདྨ་ནོར་བུ་རིག་འཛིན་དཔལ་ཆེན་འདུས་པ་དང་། གོ་འཇོ་མཁར་ལེགས་མཆོག་སྤྲུལ་པདྨ་ཀུན་གྲོལ་རྣམ་གཉིས་ཀྱི་བཀའ་མའི་ཆོས་སྐོར་སྔར་བཞུགས་དར་སྤེལ་མཛད་རྒྱུ་དང་། ད་དུང་ཁ་སྐོང་དགོས་པ་རྣམས་ཞལ་བཀོད་ཕྱག་རིས་བཅས་ད་ལྟའང་བཞུགས་མོད་མཛད་རྗེས་མཐར་མ་ཕྱིན། དེ་རྣམས་ནི་བསྟན་འགྲོ་སྤྱི་དང་སྔ་འགྱུར་རྙིང་མར་གཏོགས་པའི་ཕྱོགས་རྣམས་ལ་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་ཟད། འོན་ཀྱང་སྲིད་པ་ལས་ཀྱི་འཁོར་ལོ་དོང་ནས་སྤྲུགས་པར་མ་གྱུར་གྱི་བར་དེ་སྲིད་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རོལ་རྩལ་གང་འདུལ་ཆུ་ཟླའི་གཟུགས་བརྙན་གདུལ་བྱའི་བློ་མཚོར་འགོག་མེད་འཆར་བ་ལ་དུས་ནམ་ཡང་ཡོལ་བ་མི་མངའ་བས་སྙིགས་དུས་ཀྱི་དུག་རླངས་འཁྲུགས་པས་སྔ་འགྱུར་བསྟན་པའི་ཉིན་བྱེད་ཆུ་ལྷའི་ཕང་ལ་འཛེག་ཉེ་བའི་སྐབས་འདིར་ཁྲག་འཐུང་རིག་འཛིན་བདུད་འདུལ་རྡོ་རྗེའི་རྣམ་འཕྲུལ་གསང་ཆེན་བསྟན་པའི་སྒྲོན་མེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ ཐུགས་བསྐྱེད་རྨད་དུ་བྱུང་བས་རྒྱ་གར་འཕགས་པའི་ཡུལ་དུ་སྔ་འགྱུར་རྙིང་མའི་ཕྱོགས་ཀྱི་ཆོས་མཚན་བཀའ་གཏེར་ཡོངས་ཀྱི་བཀའ་བསྡུ་དང་འབྲེལ་སྨིན་གྲོལ་གྱི་དགའ་སྟོན་ནུབ་མེད་དུ་སྐྱོང་བ་དང་། ཁྱད་པར་དུ་རིང་བརྒྱུད་བཀའ་མའི་ཆོས་སྐོར་གཞུང་དང་སྒྲུབ་ཕྲིན་ཆ་ལག་བཅས་དང་། འཕགས་བོད་ཀྱི་མཁས་གྲུབ་སྔོན་བྱོན་རྣམས་ཀྱིས་མཛད་པའི་སྔ་འགྱུར་རྒྱུད་སྡེ་གཙོ་བོ་རྣམས་ཀྱི་འགྲེལ་བཤད་ཕྱག་ཏུ་ཅི་འབྱོར་རྣམས་བཀའ་མའི་རྒྱབ་ཆོས་ཀྱི་ཚུལ་དུ་ཕྱོགས་གཅིག་ཏུ་བསྒྲིགས་པ་ལ་པུ་སྟི་ལྔ་བཅུར་བརྒྱད་རྒྱ་གར་དུ་འཕྲུལ་པར་བཏབ་ནས་ད་ལྟའི་བོད་ཡུལ་རྙིང་དགོན་ཁག་ལ་ཕྱག་དཔེ་དངོས་མཇལ་ཐོབ་པར་མ་ཟད་དཔེ་དེ་ལ་བརྟེན་ཏེ་སྨིན་གྲོལ་གྱི་རྒྱུན་གང་བཞུགས་འཆད་སྤེལ་འཕེལ་བཞིན་པ་ནི་རྗེ་དེའི་བཀའ་དྲིན་ཁོ་ན་ལས་བྱུང་བའོ། །ཡང་ཉེ་ཆར་ཆོས་རྗེ་རྒྱལ་བ་ཀཿཐོག་པའི་སྙན་བརྒྱུད་འཛིན་པ་རྒྱུ་སྐར་གྱི་ཕྲེང་བ་ལྟ་བུའི་དབུས་ན་མཚན་མོའི་མགོན་པོ་ལྟར་མངོན་པར་མཐོ་བ་ཆོས་སྲིད་ཀྱི་སྟོབས་འབྱོར་དྲེགས་པས་སྙན་གྲགས་སྒྲུབ་པའི་ཆེད་ཙམ་མ་ཡིན་པར་བསྟན་པ་ཁོ་ན་ཐུགས་ལ་བཅང་བའི་ངེས་པ་དོན་གྱི་རྣལ་འབྱོར་པ་ཆེན་པོ་གདོད་མའི་མགོན་པོ་མིའི་ཤ་ཚུགས་སུ་བསྒྱུར་བ་མཁན་ཆེན་ཐམས་ཅད་མཁྱེན་པ་ཐུབ་བསྟན་མུན་སེལ་ཚུལ་ཁྲིམས་རྡོ་རྗེ་མཆོག་ནས་རླབས་ཆེན་གྱི་ཐུགས་བསྐྱེད་རྨད་དུ་བྱུང་བས་ནང་ཐུགས་ཀྱི་ཞལ་སློབ་དམ་པ་རི་བོ་ཆེའི་མཁས་བཙུན་བླ་མ་ཀརྨ་བདེ་ལེགས་དང་། ཉག་བྱམས་འབྱོར་དགོན་གྱི་རྣམ་དཔྱོད་ལྷག་བློ་མཚུངས་མེད་ཚེ་རིང་རྒྱལ་མཚན་སོགས་ལ་ཐོག་མར་བཀའ་སྩལ་པ་སྔ་འགྱུར་བཀའ་མ་ཆོས་སྐོར་སྔོན་དུས་བཀའ་མའི་གྲས་སུ་བཞུགས་པའི་རྩ་གཞུང་དང་། ནང་རྒྱུད་སྡེ་གསུམ་གྱི་འགྲེལ་བཤད་ཚད་ལྡན་བཀའ་མའི་རྒྱབ་ཆོས་ཀྱི་ཁོངས་སུ་བཞག་དགོས་ངེས་ཀྱི་དཔེ་རྙིང་རྒྱ་གར་དུ་སླེབས་མ་ཐུབ་པ་ད་དུང་ཁམས་དབུས་ཀྱི་དཔེ་ཉོབ་རྣམས་ཀྱི་ནང་དུ་ཆ་ཤས་རེ་ཡོད་སྲིད་པས་དེ་རྣམས་ཅི་ནུས་གང་ནུས་ཀྱི་ཉུལ་བཙལ་བྱས་ཏེ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་བཀའ་མའི་དཔེ་འདི་དང་ཕྱོགས་སྒྲིག་ཐུབ་པ་ཞིག་བྱུང་ན་དཔེ་རྒྱུན་དང་འཆད་ཉན་མི་ནུབ་པ་དང་། རྙིང་བསྟན་སྤྱི་ལ་ཞབས་འདེབས་སུ་འགྱུར་བར་མ་ཟད་སྔོན་གྱི་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་གསུང་ཤོ་ལོ་ཀ་གཅིག་ཙམ་སྲུང་སྐྱོབ་ནུས་ན་ཡིད་བཞིན་ནོར་བུ་ལས་ཀྱང་གཅེས་སྤྲས་སུ་བྱ་འོས་ཆེ་བས་དེ་བཞིན་འགྲུབ་ཐུབ་པ་ཞིག་ཅི་ནས་གལ་ཆེ། །ཁོ་བོས་ཀྱང་མཐུན་འགྱུར་གང་ནུས་བྱེད་ཅེས་གསུངས་པ་དང་། ཕྱོགས་གཞན་དུ་བཞུགས་པའི་ཞལ་སློབ་ཡོངས་ལ་དེ་ལྟར་བསྒྲུབས་པའི་མཐུན་རྐྱེན་རོགས་སྐྱོར་ཅི་འབྱོར་སྒྲུབས་ངེས་དགོས་ཞེས་པའི་གསུངས་བྲིས་ཕྱག་རྟགས་ཀྱིས་སྤྲས་པ་གནང་ཡོད་པར་མ་ཟད་དམན་བུ་བདག་ལའང་དཔེ་རྙིང་ཉུལ་བཙལ་དང་ཕྱོགས་བསྒྲིག་བྱེད་རྒྱུ་བཅས་ཀྱི་ལས་དོན་སྒྲུབས་དགོས་ཅེས་ཕྱག་དར་བཅས་བཀའ་ཕེབས་གནང་བྱུང་བ་ལ། བདག་ནི་བགྲང་བྱའི་ཁུར་ཀྱིས་ནོན་པ་དང་བྲོ་འཚལ་བས་དེ་ལྟར་བསྒྲུབ་པའི་རེ་བ་བྲལ་ནའང་བླ་མ་རིན་པོ་ཆེའི་ཐུགས་རྗེ་ དང་བྱིན་མཐུས་སེམས་ཤུགས་ཀྱི་སྤོབས་པ་སྔར་མེད་གསར་སྐྱེས་ལྟ་བུས་དབུས་གཙང་ཁམས་གསུམ་གྱི་དགོན་རྙིང་རྣམས་དང་རྒྱ་བོད་ཀྱི་དཔེ་མཛོད་ཁག་ལ་དཀའ་ངལ་དང་དངུལ་གྱི་འགྲོ་གྲོན་ཅི་ལའང་མ་འཛེམས་པར་བློ་ཐག་རྦད་བཅད་ཀྱིས་སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་རྙིང་འཚོལ་བསྡུ་ཅི་ཐུབ་འབད་བརྩོན་བྱས་ཁུལ་བགྱིས་ནའང་། སྤྱིར་བསྟན་པའི་གེགས་ཆགས་ཆེན་པོའི་རྗེས་སུ་ཁེལ་བ་དང་། ཁྱད་པར་རང་ལ་ཤེས་ཡོན་དང་དཔལ་འབྱོར་གྱི་ནུས་ཤུགས་ཧ་ཅང་ཕྲ་བ་བཅས་ཀྱིས་སྔ་མའི་སྐྱེས་ཆེན་དམ་པ་རྣམས་ཀྱི་ཕྱག་ཐོ་ནང་བཞུགས་ལྟར་གྱི་ཡིག་ཆ་ཕལ་ཆེར་མཇལ་བའི་སྐལ་བ་མ་བྱུང་རུང་། བཀའ་དྲིན་ཅན་གྱི་བླ་མ་རྣམས་ཀྱི་ཐུགས་བསྐྱེད་དང་། རྡོ་རྗེའི་ཆོས་གྲོགས་མང་པོའི་རོགས་སྐྱོར། སྔ་འགྱུར་རྒྱུད་སྡེའི་སྲུང་མ་རྣམས་ཀྱི་སྡོངས་གྲོགས་བཅས་ཀྱི་མཐུ་ལ་བརྟེན་ནས་དཔེ་རྙིང་ལག་ཏུ་འབྱོར་ཚུལ་རག་བསྡུས་ཙམ་སློས་ན། ཨ་འཛོམས་བཀྲ་ཤིས་དུང་དཀར་ཆོས་སྒར་ནས་རྒྱལ་སྲས་འགྱུར་མེད་རྡོ་རྗེའི་ཕྱག་དཔེ། འབྲུག་སྤྲུལ་རིན་པོ་ཆེའི་མདུན་ནས་རྫོགས་པ་ཆེན་པོ་སེམས་སྡེ་སྐོར་གྱི་འགྲེལ་པ་རྣམས་དང་། རྩ་རྒྱུད་སྤྱི་དོན་རོག་ཤེར་འབྱུང་གསུང་། རྟོགས་ལྡན་ཤཱཀྱ་རྡོ་རྗེའི་ལམ་རིམ་མཆན་འགྲེལ། མཁས་གྲུབ་ཡེ་ཤེས་རྒྱལ་མཚན་དང་། སྒྲོ་འདོགས་ནམ་མཁའ་དཔལ་གྱི་ལམ་རིམ་འགྲེལ། ཆོས་རྗེ་གཙང་སྟོན་པའི་དམ་ཚིག་གསལ་བཀྲའི་འགྲེལ། རྒྱལ་སྲས་རིན་པོ་ཆེའི་ལམ་རིམ་འགྲེལ་ཆེ་ཆུང་། གཞན་ཡང་དཔེ་རྙིང་ཚན་ཆུང་ཕལ་ཆེར་འདི་ནས་བཀའ་དྲིན་ཐོབ། རྨུགས་སངས་གསང་སྔགས་སྨིན་གྲོལ་ཆོས་གླིང་ནས་མཁན་ཆེན་མཁྱེན་བརྩེའི་བློ་གྲོས་དང་མཁར་ལེགས་མཆོག་སྤྲུལ་རིན་པོ་ཆེ་པདྨ་ཀུན་གྲོལ་གཉིས་ཀྱི་ཕྱག་ལས་བྱུང་བ་རྫོགས་པ་ཆེན་པོ་ཀློང་དྲུག་འགྲེལ་ཆེན་དང་། སྒྱུ་འཕྲུལ་ཕྲ་མོ་སྐོར། མགོན་པོ་ལེགས་ལྡན་གཞུང་པོད་པདྨའི་ལམ་རིམ་རང་འགྲེལ་སོགས་དཔེ་ཚན་ཁ་ཤས་དང་། ནམ་མཁའ་རྒྱལ་མཚན་དང་ནམ་མཁའ་དཔལ་གྱི་ཐུགས་ཐིག་འགྲེལ། རོང་ཟོམ་དང་མཁན་མཁྱེན་བརྩེའི་བློ་གྲོས་ཀྱི་གསུང་ཚང་མ་དེ་མིན་གྱི་དཔེ་དཀོན་མང་ཙམ་ཐོབ། དཔལ་ཡུལ་མཆོག་སྤྲུལ་ཐུབ་བསྟན་དཔལ་བཟང་ཕྱག་ནས་རྒྱ་གར་ནས་བྱུང་བའི་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་བཤུ་དཀའ་བ་དང་། ནམ་མཁའ་དཔལ་གྱི་གསང་སྙིང་སྤར་ཁབ་མཆན་འགྲེལ། གྲུབ་དབང་ཆོས་ཀྱི་གླང་པོའི་གསུང་ཁ་ཤས་སོགས་ཡིག་ཆ་མང་ཙམ་ཐོབ། ཉག་ཡོན་ཏན་འབྱུང་ཁུངས་དགོན་ནས་མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཕྱག་དཔེ། སྒྲ་ཐལ་འགྱུར་སོགས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན་ནང་ད་བཞུགས་འགྲེལ་པ་དྲུག་ཙམ་རྫོགས་ཆེན་པར། དཔལ་ཡུལ་ཤིང་པར་བཀའ་མ་ལས་བྱུང་བ་བཀའ་བརྒྱད་རྫོང་འཕྲང་གཞུང་པོད། མཁན་ཆེན་བྷོ་དྷི་སཏཱའི་སྨན་བླ་གཞུང་། ཤེས་གྲུབ་དང་གཟའ་ཡུམ་སོགས་ཁ་ཤས་དང་། རྡོར་བྲག་མདོ་དབང་བླ་བརྒྱུད་རྣམ་ཐར། ཀ་ཐོག་ཞི་ཁྲོ་ཕུར་གསུམ་ཅུང་མ་ཚང་བ། རྒྱལ་སྲས་གཞན་ཕན་མཐའ་ཡས་དང་མཁན་པོ་པད་རྡོར། ཀཿཐོག་དགེ་པཎ་སོགས་ཀྱི་བཀའ་འབུམ་ལས་ཚན་ཁ་ཤས། ཀུན་དགའ་འབུམ་གྱི་གཅོད་གཞུང་། ཀཿཐོག་ལུགས་ཀྱི་མ་མོ་ བེའུ་བུམ་སོགས་དཔེ་གཡར་ཐོབ། ཉག་བྱམས་འབྱོར་དགོན་ནས་སྟག་བླ་པདྨ་བློ་ལྷན་གསུང་སྡོམ་འགྲེལ། ཉག་བླ་སྨན་དམ་པ་ཨོ་རྒྱན་མདུན་ནས་ལས་རབ་གླིང་པའི་ཕྱག་དཔེ། ཟུར་ཤཱཀྱ་བཤེས་གཉེན་གྱི་མདོ་དབང་དཔེ་རྙིང་རྩ་ཆེན། འགུ་ལོག་མཁན་པོ་པད་བློའི་མདུན་ནས་མཁན་པོ་གཞན་ཕན་སྣང་བའི་གསུང་ཀུན་བྱེད་རྒྱལ་པོའི་འགྲེལ་ཆེན། ཉག་གླུ་རབ་དགོན་ནས་སྒྱུ་འཕྲུལ་ཕྲ་མོ་ཤིང་པར་ཅན། ལྷ་གདན་དཔེ་ཁང་ནས་ཀརྨ་བདེ་ལེགས་བརྒྱུད་དེ་རྒྱ་གར་ནས་འབྱོར་བའི་གནུབས་ཆེན་བསམ་གཏན་མིག་སྒྲོན་དང་། གཤིན་རྗེ་གདོང་དྲུག་གཞུང་པོད། རྒྱ་ནག་ཁྲིན་ཏུའུ་ནས་སྐྱབས་རྗེ་གཟན་དཀར་རིན་པོ་ཆེའི་ཕྱག་ནས་བསམ་གཏན་མིག་སྒྲོན་དང་། ལྕགས་ལ་སྲས་པོ་སྤྲུལ་སྐུ་བུ་ཕྲུག་མདུན་ནས་པེ་ཅིང་བསྟན་འགྱུར་གྲས་ནང་བཞུགས་པའི་རྙིང་གཞུང་པོད་གཉིས་དང་། མི་ཉག་རི་ཁུག་དགོན་པའི་མཆོག་སྤྲུལ་ཆོས་ཀྱི་རྒྱལ་མཚན་ནས་སྒྱུ་འཕྲུལ་ཕྲ་མོ་དང་ཀློང་དགུ་སོགས་དཔེ་རྙིང་འཕྲུལ་པར་བཏབ་པའི་པོད་ཆེན་གཅིག། ཀཿཐོག་ཏུ་མཁན་རྒན་རྒྱལ་མཚན་འོད་ཟེར་ཕྱག་ན་བཞུགས་པའི་དཔེ་ཆ་སྐོར་ལ་རྫོགས་པ་ཆེན་པོ་ཀློང་དགུ་དཔེ་རྙིང་། སོག་ཟློག་པ་དང་རཏྣ་གླིང་པའི་རྩོད་ཟློག །ལམ་རྣམ་བཀོད་སོགས་སྒྱུ་འཕྲུལ་སྐོར། ཞེ་ཆེན་པར་ཀཿདམ་པ་དང་གཙང་སྟོན་པའི་གསུངས་ཐེག་པ་སྤྱི་ཆིངས་སོགས་དང་། ལྟ་ཕྲེང་གཙང་ཊིཀ །ཡེ་ཤེས་རྒྱལ་མཚན་གྱི་ཐེག་སྤྱི་འགྲེལ། ཤཱཀ་རྡོར་ཀུན་འདུས་རིག་པའི་སྒྲོན་མེ། ཀཿཐོག་སི་ཏུའི་གསུང་སོགས་པོད་ཁ་ཤས། རྫོགས་ཆེན་ནས་མཁན་གཞན་དགའི་གསང་འགྲེལ་སོགས་ལག་ཏུ་གང་འབྱོར་གྱི་དཔེ་རྣམས་ལྡེབ་ཚད་དང་འབྲུ་ཚུགས་བཅས་རྒྱ་གར་དཔེ་ལྟར་ རྩིས་བྱས་མོད་ཐོག་མར་དཔེ་བཙལ་སྐབས་དང་ཡང་དུ་དངོས་སུ་བྲི་རྒྱུ་སླར་དཔེ་བསྡུར་དང་ཞུ་བཅོས་བཅས་ལ་འགྲོ་སོང་གྲོན་དངུལ་གཏོང་རྒྱུ་ལག་ཁར་མེད་པས་བྱ་ཐབས་བྲལ་བ་ལ། མཁན་རིན་པོ་ཆེ་ལེགས་བཤད་འབྱོར་ལྡན་ཡང་སྲིད་མཆོག་སྤྲུལ་བློ་གྲོས་རྒྱ་མཚོ་མཆོག་ནས་ཐུགས་ཁུར་ཆེར་བཞེས་གཙོ་འགན་བཞེས་ཐོག །རྒྱ་རོང་བླ་མ་ཚེ་རིང་ནོར་བུ་དང་། ཀཿཐོག་མཁན་པོ་ཡེ་ཤེས་ཕུན་ཚོགས་གཉིས་ཀྱིས་རྒྱུས་ཤེས་རོག་སྐྱོང་ཚགས་གཉེར་བཅས་ཀྱི་དབུ་འདྲེན་ཐོབ་པ་ལ་བརྟེན་ཏེ། སྔ་འགྱུར་བཀའ་མའི་དཔེ་རྙིང་ཉུལ་བཙལ་བྱེད་རྒྱུ་དང་གསར་བྲིས་བྱས་ཏེ་འཕྲུལ་པར་རྡེབ་རྒྱུའི་འཆར་གཞི་བཅས་ལ་གྲོན་དངུལ་འགྲོ་སོང་ཞབས་འདེབས་རོགས་སྐྱོར་ཞུ་ཡིག་བཀྲམ་པས། རྒྱ་ནག་ཞིང་ཆེན་མང་པོའི་ཆོས་པ་ཁག་གིས་དད་འབྱོར་ལྡན་པ་རྣམས་ཀྱིས་སྔ་ཕྱིར་ཀྲུང་སྒོར་ཁྲི་༡༢ཙམ་ལག་ཐོབ་བྱུང་བ་དང་། མཁན་རིན་པོ་ཆེ་པད་བློའི་མདུན་ནས་སྒོར་ཁྲི་༡ལྷག་བླ་མའི་ཞལ་སློབ་མཁས་བཙུན་དམ་པ་ཉག་ཚེ་རིང་རྒྱལ་མཚན་ནས་ཁོ་རང་གི་དད་སྦྱིན་རྣམས་ལས་ཐོབ་པའི་ཀྲུང་སྒོར་ཁྲི་༣ཁ་ལྷག་གནང་འབྱོར་བྱུང་བ་དང་། ཀཿཐོག་འཇམ་སྤྲུལ་རིན་པོ་ཆེ་འཇམ་དཔལ་བསྟན་འཛིན་མཆོག་ནས་ཕོག་སྐྱོར་འབྲུ་རིགས་བདག་རྐྱེན་གནང་བ་བཅས་ལ་བརྟེན་སྟེ། རྨུགས་སངས་བླ་མ་ཆོས་རྣམ་ལ་དཔེ་བྲིས་བཀྲམ་བསྡུའི་གཙོ་འགན་གནང་རོགས་ཞུས་ཏེ་རྨུགས་སངས་དགོན་གྱི་བླ་གྲྭ་རྣམས་དང་ཀུ་སེའི་ཕྱོགས་ཀྱི་བྲིས་པ་གང་ལོན་ཐོག་ལོ་ངོ་ལྔ་ཙམ་གྱི་རིང་ལ་གསོལ་ཕོགས་དང་གླ་ཆ་བཅས། རབ་གནས་རྒྱུད་ལས། རྒྱན་རྣམས་མ་ལུས་པ་ཡིས་ནི། །ཕྱི་ནང་བཟོ་བོ་རྣམས་ལ་མཆོད། །གང་དག་དེ་ལ་གྲོགས་བྱེད་པ། །གཞན་དག་ཀྱང་ནི་མཆོད་པར་བྱ། །ཞེས་པ་ལྟ་ལག་ཤེས་ཅན་གྱི་ཡིག་བྲིས་རྣམས་ལ་སེམས་མི་འཕངས་པ་བྱས་ཏེ་བྲི་བཅོལ་ནན་ཟབ་བྱས་ཀྱང་། མ་དཔེ་ཕལ་ཆེར་དཔེ་རྙིང་འབྲི་དཀའ་བ་དང་། པར་རྙིང་ཁ་ཤས་ཡང་སྔོན་དུ་ཞུ་བཅོས་མ་ཐུབ་པ་མང་ཤིང་། ཡིག་མཁན་རྣམས་ཀྱང་ལག་རྩལ་བཟང་ངན་མང་བས་དཔེ་བྲིས་སྤུས་ཚད་འདྲ་མཉམ་རེད་མ་ཐུབ་པ་དང་། ཁྱད་པར་དུ་ཞུ་བཅོས་པ་གཙོ་བོ་མཁན་རིན་པོ་ཆེ་ཐུབ་བསྟན་ཡེ་ཤེས་འོད་ཟེར་དང་། ཐུབ་བསྟན་ཤཱཀྱ་འོད་ཟེར། ཐུབ་བསྟན་ཆོས་དབྱིངས། རི་བོ་ཆེའི་མཁས་དབང་དམ་པ་པདྨ་མཁྱེན་རབ་རྣམིས་ཀྱི་གཙོས་ཀཿཐོག་བཤད་གྲུའི་ཤེས་ཡོན་ཅན་མང་པོས་ངལ་ལ་མ་ལྟོས་པར་དཔེ་བསྡུས་ཞུ་དག་གནང་ནའང་དཔེ་རྙིང་ཕལ་ཆེར་བརྡ་རྙིང་མང་བ་དང་། སྔ་མའི་གསུང་སྒྲོས་ལ་ད་ལྟའི་རྒྱུན་སྲོལ་རྣམས་དང་མི་འདྲ་བ་ཡོད་པ་སོགས་ཀྱིས་ཇི་བཞིན་བཅོས་ཚོད་མ་འཐུས་པས་དི་རྣམས་རང་མལ་དུ་བཞག་པ་ལས་ཕོ་ཚོད་གཟུ་ལུམ་ཀྱིས་དཔེ་བཅོས་བྱེད་མ་སྤོབས་པ་དང་། མ་དཔེ་རྙིང་པ་ཁ་ཤས་ནང་འབྲུ་ངོས་མ་ཟིན་པའི་སྟོང་པ་དང་། ལྡེབ་ཕྲེང་མི་ཚང་བའང་འདུག་པས་དེ་རྣམས་སྟོང་པ་མི་བཞག་ཀ་མེད་བྱུང་བ་བཅས་ལ་བརྟེན་ནས་ད་དུང་ཞུ་བཅོས་མ་ཐུབ་པ་ཤིན་ཏུ་མང་བ་དང་། ཁྱད་པར་ཤེས་ཡོན་གྱི་མཐོང་རྒྱ་ཆུང་བའི་སྟབས་ཀྱིས་ཆ་ལ་ནོར་འཁྲུལ་དུ་མ་ཡོད་ངེས་ལགས་པས་མཁྱེན་སྤྱན་ཡངས་པའི་བཤེས་གཉེན་དམ་པ་རྣམས་ཀྱི་མདུན་དུ་མཐོལ་བཤགས་འབུལ་བ་ལགས་ན་ནོངས་པ་ཅི་མཆིས་བཟོད་པར་གནང་བ་དང་། ཚིག་དང་དོན་ལ་འགལ་ངེས་པའི་ནོངས་སྐྱོན་བཅོས་དགོས་འདུག་ན་ཞུས་བཅོས་དག་པ་མཛད་རྒྱུ་དང་ད་དུང་དཔེ་རྙིང་རྩ་ཆེན་ཕྱག་འབྱོར་བྱུང་ན་བཀའ་མའི་དཔེ་ཚོགས་འདི་རྣམས་དང་ཕྱོགས་གཅིག་ཏུ་འཛུད་རྒྱུ་མཛད་ན་དཔེ་རྒྱུན་མི་ནུབ་པའི་བཙས་སུ་འགྱུར་ངེས་པས་དེ་ལྟར་ལྷག་བསམ་ལྡན་པའི་མཁས་དབང་རྣམས་ཀྱིས་ཐུགས་འཁུར་བཞེས་རྒྱུ་ཅི་ནས་ཀྱང་བཀའ་དྲིན་ཆེ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ།
༈ སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་པའི་ཁ་གསབ་ཇི་ལྟར་བསྒྲུབས་པའི་ཚུལ་སླར་ཡང་བཤད་པ། བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་༡༩༩༢ལོའི་ཟླ་བ་བཅུ་གཅིག་པའི་ཚེས་༡༥ཉིན་ཀཿཐོག་རྡོ་རྗེ་གདན་གྱི་ཆོས་སྡེ་ཆེན་པོར་མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མདུན། ཀཿཐོག་མཆོག་སྤྲུལ་འཇམ་དཔལ་བསྟན་འཛིན་དང་། མཁན་པོ་བསྟན་པ་དར་རྒྱས། མཁན་པོ་ཚེ་རིང་རྡོ་རྗེ་སོགས་ལུང་རིག་སྨྲ་བའི་དགེ་འདུན་པ་བརྒྱ་ཕྲག་ཙམ་དང་ལྷན་དུ། སྔ་འགྱུར་བཀའ་མ་རྩ་གཞུང་དང་། ཆོག་འཕྲིན། གཞུང་པོད། རྒྱབ་ཆོས་དང་བཅས་པ་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཕྱོགས་བསྒྲིགས་གནང་བའི་དཔེ་གཞིར་བཞག་ཐོག །དེར་མ་འདུས་པ་ཁ་འཐོར་དུ་བཞུགས་པ་ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་སོགས་ཀྱི་དབང་ལུང་དང་། རྙིང་མ་རྒྱུད་འབུམ་སྡེ་དགེའི་སྤར་མའི་ལུང་ཞུས་སྐབས། རྙིང་རྒྱུད་སྡེ་དགེ་སྤར་མའི་ནང་དུ་མ་ཚུད་པ་འབྲུག་མཚམས་བྲག་དགོན་གྱི་རྒྱུད་འབུམ་སོགས་ཀྱི་ནང་། པོ་ཏི་བཅུ་གསུམ་ལ་ཆོས་ཚན་བཞི་བརྒྱ་དགུ་བཅུ་ཙམ་མཇལ་རྒྱུ་བྱུང་བ་དང་། སྔ་འགྱུར་བཀའ་མ་ཕྱོགས་བསྒྲིགས་ཐེངས་གསུམ་ཆར་གྱི་གྲས་སུ་མ་འཁོད་པ། ཁམས་ལུགས་མདོ་དབང་སྦྲང་རྩི་ཆུ་རྒྱུན་དང་། མདོ་དབང་རིན་ཆེན་ཕྲེང་བ་སོགས་གཞུང་པོད་སྐོར་དང་། གསང་སྙིང་འགྲེལ་པ་དངུལ་དཀར་མེ་ལོང་དང་། དམ་ཚིག་གསལ་བཀྲའི་འགྲེལ་པ། སྒྱུ་འཕྲུལ་ཐུག་ཐིགས་འགྲེལ་པ་སོགས་དཔེ་དཀོན་མང་པོ་ཞིག་དངོས་སུ་མཇལ་རྒྱུའི་སྐལ་བཟང་ལྡན་པ་དང་། གཞན་ཡང་ཀཿཐོག་སི་ཏུའི་གསན་ཡིག་དང་དཔེ་རྙིང་དཔེ་དཀོན་གྱི་མཚན་ཐོ་འགའ་ཤས། མཁན་པོ་ལེགས་བཤད་འབྱོར་ལྡན་གྱི་གསན་ཡིག་སོགས་མཇལ་རྒྱུ་བྱུང་བ་ལས། དེང་སང་ཕྱོགས་བསྒྲིགས་བྱས་ཟིན་པའི་བཀའ་མ་དང་རྒྱུད་འབུམ་གཉིས་སུ་མ་ཚུད་པའི། སྔ་འགྱུར་བཀའ་མའི་སྐོར་གྱི་དཔེ་དཀོན་མང་པོ་ཞིག་སྤྱི་ཚོགས་ཐོག་འཚོལ་བསྡུ་བྱ་རྒྱུ་ཡོད་པ་ཤེས་རྟོགས་བྱུང་། དེ་ནས་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་ལྔ་པའི་ཚེས་ཤར། སྤྱི་ལོ་༡༩༩༣ལ་མཁན་མུན་སེལ་རིན་པོ་ཆེའི་ཞབས་དྲུང་དུ་མདུན་བཅར་ཞུས་ཏེ། སྔ་འགྱུར་བཀའ་མ་དང་རྒྱུད་འབུམ་གཉིས་ཀྱི་སྨིན་གྲོལ་ལེགས་གྲུབ་ཟིན་ཚུལ་དང་། དེར་མ་འཁོད་པའི་དཔེ་དཀོན་ཁ་འཐོར་དུ་གནས་པའི་ལོ་རྒྱུས་ཟིན་ཐོ་དང་བཅས་པ་སྙན་ཞུ་ཕུལ་བས། ཐུགས་དགྱེས་ཚུལ་དཔག་མེད་ཀྱི་ངང་ནས་རྗེ་ཉིད་ཀྱི་ཐུགས་དམ་གྱི་རྟེན་ཀློང་ཆེན་མཛོད་བདུན། བཟང་གོས་ཀྱི་ན་བཟའ་གསོལ་བ་ཞིག་དཔེ་སྒྲོམ་དུ་བཞུགས་པ་དེ་གནང་སྟེ། དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་དགོས་ཚུལ་གྱི་བཀའ་སློབ་མང་པོ་གནང་བྱུང་། དེ་ནས་མི་རིང་བར་རྗེ་ཉིད་ཀྱི་སློབ་མ་ཉག་ཚེ་རིང་རྒྱ་མཚོ་ཕེབས་འབྱོར་བྱུང་བ་ལ། ཁོང་གི་ཁུ་བོ་མཁན་པོ་ཚུལ་ཁྲིམས་མཐར་ཕྱིན་བདག་གི་དཔེ་ཆའི་དགེ་རྒན་དང་བླ་མ་ཡིན་པའི་བརྒྱུད་ནས་འབྲེལ་འདྲིས་ཟབ་ཏུ་ཕྱིན། ཁོང་ལ་གོང་གི་བཀའ་མའི་དཔེ་དཀོན་མང་པོ་ཞིག་འཚོལ་བསྡུ་བྱ་རྒྱུ་ཡོད་ཚུལ་གྱི་ལོ་རྒྱུས་ཞིབ་ཕྲ་གླེང་མོལ་བྱུང་རྗེས། གུས་པ་གཉིས་ནས་དཔེ་དཀོན་དེ་རྣམས་འཚོལ་བསྡུ་བྱ་རྒྱུའི་འཆར་གཞི་གཏིང་སྟེ་བླ་མ་མུན་སེལ་རིན་པོ་ཆེར་སྙན་ཞུ་ཕུལ་བས། ཐུགས་དགྱེས་པའི་ངང་ནས་བྱ་བ་དེ་རྣམས་ལེགས་འགྲུབ་ཡོང་བའི་ཐུགས་སྨོན་བཟང་པོའི་མཚམས་སྦྱོར་དང་བཅས། ཐེབས་རྩའི་ཆེད་སྒོར་༡༠༠༠དང་གུས་པ་གཉིས་ལ་དར་ཉིན་མོ་བདེ་ལེགས་རེ་དང་། ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་ལ་ཡང་། དར་ཉིན་མོ་བདེ་ལེགས་ཤིག་བསྐུར་གནང་མཛད་དེ་བཀའ་སློབ་གནང་བ། གསང་ཆེན་སྔ་འགྱུར་བའི་བསྟན་པའི་གཞི་དང་སྙིང་པོར་གྱུར་པ་བཀའ་མདོ་སྒྱུ་སེམས་གསུམ་འདི་ཉིད། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་ཐུབ་ན་སྔ་འགྱུར་བའི་བསྟན་པ་གནས་པ་ཡིན། འདི་ཉིད་ནུབ་ན་སྔ་འགྱུར་བའི་བསྟན་པ་ནུབ་པ་རེད། དེས་ན་དགོན་ཆུང་རེ་ཟུང་དང་། གཏེར་ཆོས་རེ་ཟུང་ནུབ་པ་དང་འདི་མི་འདྲ། དེང་སང་རྙིང་མར་ཁས་འཆེ་བ་མང་དག་ཅིག་བཀའ་མདོ་སྒྱུ་སེམས་གསུམ་གྱི་མཚན་ཙམ་ཡང་སྨྲ་མི་ཤེས་པར། རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོང་ཆོག་པོ་ཏི་འགའ་ཤས་དང་། རྔ་རོལ་འབག་འཆམ་ཁོ་ན་ཤེས་པ་ཙམ་གྱིས་ཡིད་ཁེངས་ཏེ་སྡོད་པ་ལས། རྒྱུད་གཞུང་གི་མན་ངག་ཟབ་མོ་འདི་ལྟ་བུ་རྣམས་ལ་བློ་ཁ་ཙམ་ཡང་མ་ཕྱོགས་པར། རང་སྣ་རང་གིས་བསུམ་སྟེ་སྡོད་པ་འདི་དག་ནི་ཧ་ཅང་ཡིད་མུག་གི་གནས་སུ་མཆིས། དེས་ན་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་འཕགས་པའི་ཡུལ་དུ་བཀའ་མའི་དཔེ་དཀོན་རྣམས་ཕྱོགས་བསྒྲིགས་གནང་བའི་བཀའ་དྲིན་བསམ་གྱིས་མི་ཁྱབ་ཀྱང་། ཁོང་ལ་ཡུལ་དུས་ཀྱི་རྐྱེན་པས་ཕྱག་དཔེ་མ་འཛོམས་པ་མང་པོ།་བོད་ཀྱི་ཆོས་སྡེ་གང་སར་འཐོར་ཏེ་གནས་པ་དེ་རྣམས་ཀྱི་དཔེ་ལུང་གི་རྒྱུན་ད་ཡོད་རྣམས་མ་ནུབ་པ་ཞིག །སྔ་འགྱུར་བའི་བསྟན་ཞབས་སུ་སྐྱེས་པ་ཚང་མར་འོས་འགན་ཞིག་ངེས་པར་ཡོད་དགོས་གསུངས་ཏེ། སྔ་འགྱུར་བཀའ་མའི་དཔེ་དཀོན་ཁ་གསབ་བྱ་ཚུལ་གྱི་བཀའ་སློབ་དུ་མ་གནང་སྟེ་ལོ་དེ་ཉིད་དུ་ཞི་བར་གཤེགས་སོ། །དེ་ནས་ཀཿཐོག་མཁན་པོ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་དང་། བླ་མ་ཚེ་རིང་རྒྱ་མཚོ་གཉིས་ནས་ཐུགས་འགན་ཆེ་བཞེས་ཀྱིས་ཉག་རོང་དང་ཨ་འཛོམས། རྨུག་སངས་ཀཿཐོག་སོགས་ཁམས་ཁུལ་ནས་འཚོལ་བསྡུ་གནང་། ཁོ་བོས་ལྷ་ས་དང་བལ་ཡུལ་ཕྱོགས་ནས་འཚོལ་བསྡུ་བྱས་པ་ཁྱོན་པོ་ཏི་ལྔ་བཅུ་ལྷག་ཙམ་ཞིག །ཀཿཐོག་ཏུ་རྨུག་སངས་ཕྱོགས་ནས་བྲིས་པ་རྣམས་གདན་དྲངས་ཏེ་འབྲི་བཅུག་པ་དང་། འགའ་ཤས་ལྷ་ས་དང་ཁམས་རི་བོ་ཆེའི་ཕྱོགས་ཀྱི་བྲིས་པ་རྣམས་ལ་འབྲིར་བཅུག་པ་རྣམས། སྒྲིག་སྟངས་ཀྱི་གོ་རིམ་ཡང་ཐེག་པའི་རིམ་པ་དང་། རྩ་བའི་ས་བཅད་སོ་སོར་མ་འཛོལ་བར་བདུད་འཇོམས་རིན་པོ་ཆེས་གནང་བ་བཞིན་མཛད་དེ། མཁན་རིན་པོ་ཆེ་འཇམ་དབྱངས་ལེགས་བཤད་བསྟན་པའི་རྒྱལ་མཚན་མཆོག་གིས་གཙོ་འགན་གནང་སྟེ། ཀཿཐོག་ཏུ་ཚེས་བཅུའི་དུས་སྟོན་ཆེད་དུ་བཀའ་མ་སྔ་ཕྱིའི་དཔེ་རྣམས་ཕྱོགས་གཅིག་ཏུ་བསྡོམས་ཏེ། ཚར་བརྒྱ་ཐམ་པ་པར་བསྐྲུན་གནང་བའི་ལོ་རྒྱུས་རྒྱས་པ་ཁོང་གིས་ལྗགས་རྩོམ་གནང་བ། སྔ་འགྱུར་བཀའ་མའི་དཀར་ཆག་ཡིད་བཞིན་རིན་པོ་ཆེའི་མཛོད་ཁང་ལས་གསལ། དེའི་རྗེས་སུ་རྙེད་སོན་བྱུང་བ་མདོ་དབང་སྦྲང་རྩིའི་ཆུ་རྒྱུན་དཔེ་དག་པ་ཞིག་དང་། དབུས་སྟོན་ཡེ་ཤེས་རྡོ་རྗེའི་གསང་སྙིང་འགྲེལ་ཆེན་སོགས་པོ་ཏི་བཅུ་སྐོར་ཙམ་རྙེད་པ་རྣམས། ཕྱོགས་བསྡོམས་ཀྱིས་པོད་ལྔ་བཅུ་རྩ་བཞི་ཅན་ཞིག་བདུད་འཇོམས་རིན་པོ་ཆེས་ཕྱོགས་བསྒྲིགས་གནང་བའི་ཀ་རྟགས་སིའི་མཇུག་ཏུ། ཧི་ནས་བཟུང་སྟེ་ཟེའི་བར་དུ་པོད་ལྔ་བཅུ་རྩ་བཞི། ཁ་གསབ་ཀྱི་ཚུལ་དུ་བཞགས་ཏེ་སྒྲིག་སྟངས་ཀྱི་གོ་རིམ་ཡང་སྔ་མ་བཞིན་བྱས་ཏེ་ཚར་བརྒྱ་ཐམ་པ་པར་བསྐྲུན་ཞུས་པ་ཡིན། འོན་ཀྱང་ང་ཚོས་པར་སྐྲུན་ཞུས་པ་སྔ་ཕྱི་གཉིས་ཆར་བྲིས་པ་མང་བས་བྲིས་གཟུགས་ཆ་མི་མཉམ་པ་དང་། ཡི་གེ་དག་ཆ་ཞན་པ་སོགས་ཀྱིས་སྤུས་ལེགས་པོ་ཞིག་མ་བྱུང་བས། སླར་ཡང་རྩིས་འཕྲུལ་ནང་དུ་བླུག་སྐབས་ཀྱི་འགྲོ་སོང་ནི། གྲོགས་མཆེད་ཚེ་རིང་རྒྱ་མཚོའི་སློབ་མ་རྒྱ་རིགས་ཆོས་པ་རྣམས་ཀྱིས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་སྐྱོར་བྱུང་བ་དང་། གུས་པའི་ཁྱིམ་གཞིས་མགོ་སང་ཚང་གི་མ་རྒན་ཚེ་དབང་དབྱངས་འཛོམས་ནས། རྩིས་འཕྲུལ་གཅིག་དང་མི་དམངས་ཤོག་སྒོར་ཉིས་ཁྲི་ལྔ་སྟོང་རོགས་རམ་བྱུང་བ་དང་། གུས་པའི་ལས་གླ་སྔ་ཕྱི་ཀུན་བསྡོམས་པ་མི་དམངས་ཤོག་སྒོར་ཉིས་ཁྲི་བཅས་ཀྱིས་འགྲོ་སོང་གི་རྨང་གཞི་བྱས་པ་བརྒྱུད། ཁྲེང་ཏུ་ཅོ་ཏ་མེ་ཏོག་ར་བའི་ལྡུམ་རར། རྒྱ་རིགས་ཀྱི་དད་ལྡན་མ་ནིང་ཡུ་ཧྥ་ཡིས་ཁང་པ་གཡར་གནང་བ་དེར། གཙང་གི་བུ་མོ་ཚེ་རིང་ཆོས་སྒྲོན་དང་། ཚེ་རིང་དབྱངས་འཛོམས། ཁམས་རི་བོ་ཆེའི་བུ་མོ་འཇམ་དབྱངས་མཚོ་མོ་གསུམ་གྱིས་རྩིས་འཕྲུལ་ནང་དུ་བླུགས་སྐབས་ཀྱི་གཙོ་བོའི་ཐུགས་འགན། ཚེ་རིང་རྒྱ་མཚོ་མཆོག་ནས་བཞེས་ཤིང་གུས་པས་ཀྱང་གང་ནུས་ཀྱི་ཞབས་ཕྱི་ཞུས་པ་བརྒྱུད། སྤྱི་ལོ་༢༠༠༡ལོའི་མཇུག་ཏུ་པོད་བརྒྱ་དང་བཅུ་རྩིས་འཕྲུལ་ནང་དུ་བླུག་ཟིན། དེ་ནས་ཞུ་དག་བྱེད་སྐབས་གཟན་དཀར་མཆོག་སྤྲུལ་ཐུབ་བསྟན་ཉི་མས་ལས་ཀའི་སློབ་སྟོན་ཐེངས་མང་གནང་བ་མ་ཟད། ཁོང་གི་འབྲེལ་ཡོད་ནས་ལག་ཐོག་རྩིས་འཕྲུལ་བཞི་དང་། སྤར་ཆས་བཞི། མི་དམངས་ཤོག་སྒོར་ཁྲི་ཉི་ཤུ་ཙམ་གནང་བ་བཅས་ཀྱི་མཐུ་རྐྱེན་འོག །ལས་ཀའི་འགན་ཡོངས་རྫོགས་ཚེ་རིང་རྒྱ་མཚོ་ནས་ཆེ་བཞེས་མཛད། དེ་ནས་ཡང་བསྐྱར་ཡང་གཟན་དཀར་རིན་པོ་ཆེས་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་གནའ་དཔེ་སྡུད་སྒྲིག་ལས་ཁང་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ལ་འབྲེལ་མཐུད་གནང་སྟེ། ད་ལྟ་ལས་ཁང་དེ་གཉིས་ཀྱིས་འགྲོ་སོང་བཏང་སྟེ་པར་སྐྲུན་བྱེད་བཞིན་ཡོད་པའི་ལོ་རྒྱུས་རྒྱས་པ་ནི་དེ་ཕྱོགས་ཀྱི་ཆ་འཕྲིན་ལས་ཤེས་པར་བྱའོ། །ཞེས་པ་རི་བོ་བླ་མ་ཀརྨ་བདེ་ལེགས་ཀྱིས་བྲིས་པའི་ཤེས་བྱའི་ལྡུམ་ར་ཞེས་པའི་ཤོག་ངོས་༨༥པ་ནས་༨༦པའི་བར་གསལ་བ་ལས་བཏུས་པ་ལགས།
༈ རྩིས་འཕྲུལ་ནང་ཕབ་བླུག་བྱས་པའི་བཀའ་མ་ཇི་ལྟར་བཞེངས་པའི་ཚུལ། བོད་ནང་དུ་རྒྱལ་བསྟན་སླར་གསོའི་སྐབས་སུ་སྙིགས་དུས་བསྟན་པའི་སྒྲོན་མེ་མཁན་ཆེན་རྡོ་རྗེ་འཆང་མུན་སེལ་རིན་པོ་ཆེའི་ཐུགས་བསྐྱེད་བླ་ན་མེད་པའི་བཀས་བསྐུལ་ལས་དགེ་ཚེ་རིང་རྒྱ་མཚོ་ལགས་ཀྱིས་གཙོས་པའི་ཆེད་ལས་པ་མཁས་དབང་མང་པོས་བཀའ་བསྡུའི་བྱ་བ་འདི་ལ་འཇུག་པ་སྟེ། དེ་ཡང་སྔ་འགྱུར་བཀའ་མ་ཤིན་ཏུ་རྒྱས་པའི་བཀའ་བསྡུ་ཕྲིན་ལས་ཀྱི་དབུ་སྤྱི་ལོ་༡༩༨༧ལ་བཟུང་ཞིང་། མ་དཔེ་འཚོལ་སྡུད་དང་ཞལ་བཤུས་ཆེད་ལོ་དགུ་ཙམ་ཕྱི་ལ་བསྐྱོད་པའི་ཚེ། ནོར་རྫས་དངུལ་དང་མི་ཤུགས་ཀྱི་ཆ་རྐྱེན་ཤིན་ཏུ་ཞན་ཅིང་འགྲིམ་འགྲུལ་མཁོ་ཆས་བདག་དབང་ཅན་མེད་པས། གཞན་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་ལྕགས་རྟ་སོགས་ལ་བརྟེན་ནས་སོང་བའམ། རྐང་ལམ་ཕྲ་མོ་བརྒྱུད་ནས་བོད་ཡུལ་མཐོ་སྒང་གི་ལ་ལུང་དུ་མར་རྐང་ཐང་གོམ་འགྲོས་ཀྱིས་བསྐྱོད་དུས་ཁྲེས་པོ་རྒྱབ་ཏུ་ཁུར། འཁར་བ་ལག་ཏུ་བཟུང་། ཚ་པོ་མི་རག་སར་རྩམ་ཕྱེ་འགམས་ལ་ཆུ་གྲང་མོ་བཏུང་བ་དང་། ཤིང་སྡོང་རྒན་གྱི་འོག་དང་བྲག་སྐྱིབས་ཟུར་དུ་གནས་བཅའ་དགོས་བྱུང་བ་ལྟ་བུའི་མཚོན་ཁོང་རྣམ་པར་འོ་བརྒྱལ་མང་པོ་མྱོང་ཡོད་ངེས་རེད། ཕྱག་དཔེ་ཡིག་ཆ་མི་ཚང་བ་རྣམས་བོད་ཡུལ་ལ་ལུང་ཡུལ་དགོན་ཀུན་ལ་ཉུལ་ཏེ་འཚོལ་སྡུད་བྱས་པས་དཔེ་དཀོན་དཔེ་རྙིང་ཧ་ཅང་མང་པོ་རྙེད་པ་དང་། གཞན་ཡང་རྒྱ་གར་རྒྱ་ནག་བལ་ཡུལ་ཨ་རི་དབྱིན་ཡུལ་སོགས་ཕྱིའི་རྒྱལ་ཁབ་ཏུ་འཐོར་བ་རྣམས་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་སོགས་ཀྱིས་ཐབས་མང་སྤྱད་ནས་བཙལ་བས་ཐོབ་ཡོད། ལམ་ཏུ་སོན་ཟིན་པ་རྣམས་ཐོག་མའི་སྐབས་ལག་བྲིས་ཀྱིས་ཞལ་བཤུས་ཏེ་ལེགས་པར་བསྒྲིགས། གསར་རྙེད་མ་དཔེ་མང་ཆེ་བ་ནི་དཔེ་རྙིང་ཡིན་ལ་ཡིག་གཟུགས་མི་འདྲ་བ་དབུ་ཅན་དང་དབུ་མེད་གཉིས་ཀ་ཡོད་པ། དབུ་མེད་ལ་ཚུགས་མའམ་འཁྱུགས་མ་སོགས་ཡིག་གཟུགས་གཅིག་གྱུར་མིན་པ་རྣམས་གཅིག་གྱུར་ཡོང་ཆེད་བོད་ཡིག་སཾ་བྷོ་ཊ་ཞེས་པའི་མཉེན་པའི་ཡོ་བྱད་བེད་སྤྱད་ནས་རྩིས་འཕྲུལ་ནང་བཅུག་འདུག །དཔེ་རྙིང་བྲིས་མ་ཕལ་ཆེར་དང་པར་མ་མ་ཕྱི་འགའ་ལའང་སྐུང་ཡིག་མང་བ་དཔེར་ན་དཀཽགསུཾ་སདྱས་བྱུཾབ་ཡཻས་ཤྲེབ་སོགས་རིམ་བཞིན་དཀོན་མཆོག་སངས་རྒྱས་བྱང་ཆུབ་ཡེ་ཤེས་ཤེས་རབ་སོགས་བཀྲམ་པ་དང་། བསྐུར་འདེབ་གཞུགས་གསོལ་བཟུང་འཛིན་རིགས་འཇིན་སོགས་ཡིག་ནོར་ཡིན་ངེས་རྣམ་རིམ་བཞིན་སྐུར་འདེབས་བཞུགས་གསོལ་གཟུང་འཛིན་རིག་འཛིན་སོགས་སུ་དག་བཅོས་བྱས་པ། གཞན་བརྡ་རྙིང་མྱི་རྟོག་མྱེ་ལོང་གཉིས་སུ་མྱེད་མྱྀ་དམྱིགས་སོགས་མ་ཡ་བཏགས་ཅན་དང་། གཞའ་ཚོན་ནམ་འཇའ་ཚོན་གློ་བུར་རམ་བློ་བུར་སོགས་མིང་གཞི་བརྗེ་རེས། རྩེ་ནེའམ་ཙེ་ནེ་བྱ་བརྩལ་ལམ་བྱ་བཙལ་གཙིགས་ཆེན་ནམ་བརྩིགས་ཆེན་སོགས་ཙ་ར་མགོ་ཡོད་མེད། ཐར་པའ་རྟོག་པའ་བདེ་བའ་སོགས་རྗེས་འཇུག་འ་ཅན། ལས་སྩོག་པ་ལསྩོགས་པ་ལྟ་བུ་ས་ཙ་བརྩེགས་མ། བཞུགས་སྷོ་ལྟ་བུ་ས་ཧ་བརྩེགས་མ་སོགས་དང་། གཉིས་མེད་ལ་གཉིས་ཎ་ལྟ་སྒོམ་ལ་ལྟ་བྷེཾ་གཏན་ཚིགས་ལ་ཧེ་དུ་སོགས་བརྡ་རྙིང་ལུགས་སམ་སྒྲ་ཟུར་ཆག་པ་རྣམས་སོར་བཞག་བྱས་པ་ལས་བཅོས་མེད། བསྒྲིབ་སྦྱང་དང་བསྒྲིབ་སྦྱངས་སྒྲིབ་སྦྱང་སྒྲིབ་སྦྱོང་ལྟ་བུའམ་སྒྲུབ་པ་དང་བསྒྲུབ་པ་ལྟ་བུ་བྱ་ཚིག་གམ་བྱེད་ཚིག་གི་ཚིག་ཏུ་གྲུབ་པ་སོགས་ཡིན་གཅིག་མིན་གཉིས་དེང་སང་གི་བརྡ་སྤྲོད་ལུགས་ཁོ་ནར་བསྟུན་མི་འདུག །མ་དཔེ་འགའ་ལ་ཆད་ལྷག་མང་ཙམ་ཡོད་པ་རྣམས་ཕྱག་དཔེ་གཞན་ལས་ཆད་པ་བསབས། ལྷག་པ་དོར། ཡིག་ནོར་ཡིན་ངེས་རྣམས་དག་བཅོས་གནང་འདུག །དོགས་གཞི་ཅན་ནམ་ཐག་མ་ཆོད་པའི་ཚིག་དོན་རྣམས་མ་དཔེ་སོར་བཞག་ལས་བཅོས་མི་འདུག །མ་དཔེ་གཅིག་ལས་ལག་སོན་མ་བྱུང་བ་བསྡུར་བྱ་སྡུར་བྱེད་མེད་པ་རྣམས་ལ་ཕྱི་མོར་ཆད་ལྷག་འདུག་ཅེས་མཆན་རྟགས་གསལ་བཤད་བྱས་འདུག །རྩིས་འཕྲུལ་ནང་བཞག་རྗེས་ཡིག་ནོར་ཤོར་ཡོད་པར་མ་དཔེ་དང་བསྡུར་ནས་དག་བཅོས་ཐེངས་ལྔ་དང་ཡིག་སྐྱོན་ཆེ་ཤོས་རྣམས་དག་བཅོས་ཐེངས་དྲུག་ཙམ་བྱས་འདུག་པ་སོགས་བྱ་བ་ཅུང་ཞིབ་མོ་བྱུང་ཡོད་པ་འདྲ། རྩིས་འཕྲུལ་དུ་བཅུག་པ་དང་། ཞུ་དག་དང་དཔེ་སྒྲིག་བྱས་པའི་ཚེ་ལོ་བཅུ་ཙམ་ལ་གྲོང་ཁྱེར་ཁྲེང་ཏུའུ་རུ་ཕྱག་ལས་གནང་བ་བཅས་སྔ་ཕྱི་མི་ལོ་ཉི་ཤུ་ཙམ་རྒྱུན་བསྐྱངས་པའི་མཐར་འབྲས་བཀའ་མདོ་སྒྱུ་སེམས་གསུམ་དགོངས་འགྲེལ་ཡན་ལག་དང་བཅས་པ་ལྡེབ་འབྲིང་ཀ་ནས་པོའི་བར་པོད་བརྒྱ་དང་སུམ་ཅུ་སོ་གསུམ་ཕྱོགས་གཅིག་ཏུ་བསྒྲིགས་འདུག །དེ་ལ་ཤོག་གྲངས་བཞི་ཁྲི་གཉིས་སྟོང་དགུ་བརྒྱ་བདུན་ཅུ་དོན་ལྔ་ལ་ཆོས་ཚན་ཆིག་སྟོང་ཆིག་བརྒྱ་ཙམ་ལེགས་སྒྲིག་བྱུང་འདུག་པ་ལགས། བྱ་བ་འདིའི་ཐད་ལ་བཀའ་དྲིན་ཆེ་བའི་མཁན་ཆེན་མུན་སེལ་རིན་པོ་ཆེ་ཁོང་དང་ཁོང་གི་ཞལ་སློབ་ཚོས་དཀའ་ཚེགས་ཆེ་བའི་ཕྱག་ལས་མང་པོ་གནང་བ་དང་། མཆོག་སྤྲུལ་གཟན་དཀར་རིན་པོ་ཆེས་ཐོག་མཐར་བར་གསུམ་དུ་ཐུགས་ཁུར་གནང་བ། སི་ཁྲོན་ཞིང་ཆེན་མི་རིགས་དོན་བྱེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་གཙོ་ཧོ་ཞའོ་ཕིང་ལགས་དང་། དཔེ་རྙིང་དཔེ་དཀོན་འཚོལ་སྡུད་ལེགས་སྒྲིག་གཞུང་ལས་ཁང་གི་བསོད་ནམས་ལྷ་མོ་ལགས་དང་འཇམ་དབྱངས་ཚུལ་ཁྲིམས་ལགས་སོགས་ཀྱིས་རང་རིགས་ཀྱི་རིག་གཞུང་རྩ་ཆེ་བར་ཉམས་པ་སླར་གསོ་དང་། མི་ཉམས་གོང་འཕེལ་གཏོང་བའི་ཆེད་དུ་རྒྱལ་ཡོངས་གྲངས་ཉུང་མི་རིགས་དོན་བྱེད་ལྷན་ཚོགས་ལ་སྙན་ཞུ་ཕུལ་ཏེ་རྩ་ཆེའི་རིག་གནས་སྲུང་སྐྱོབ་བྱ་རྒྱུའི་དོན་ཆེན་གྲས་སུ་བརྩིས་ཡོད་པར་མ་ཟད། སྤྱི་ལོ་༢༠༠༥ལོ་ནས་འགྲོ་གྲོན་ཟླ་རེ་ལ་མི་དམངས་ཤོག་སྒོར་༢༤༠༠ཙམ་རེ་བཏང་བ་དང་། རྩིས་འཕྲུལ། པར་འཕྲུལ། པར་ཤོག་སོགས་གནང་སྦྱིན་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་འགྲོ་གྲོན་པར་ཡོན་མི་དམངས་ཤོག་སྒོར་ཁྲི་བརྒྱ་དང་སུམ་ཅུ་བཏང་སྟེ་མཐུན་རྐྱེན་ཕུན་སུམ་ཚོགས་པ་བསྒྲུབས་འདུག་པ་ནི་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བླ་ན་མེད་པ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས་སོ། །ཞེས་པ་ཉག་རོང་རྒྱ་མཚོ་བླ་མ་ལགས་ཀྱིས་བྲིས་པ་ལས་བཏུས་སིང་ཚིག་ཁ་ཤས་ཡོངས་གྲགས་ལྟར་ཅུང་ཟད་བཅོས་པ་ལགས།
སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས།

ཐུགས་རྗེ་ཆེ་ཞུ།

ཐུ་བྷོད་མི་རིགས་ཀྱི་བླ་སྲོག་དང་། ནང་བསྟན་རིན་པོ་ཆེའི་ཆ་ཤས་སུ་གྱུར་པའི་སྔ་འགྱུར་བཀའ་མ་པོད་གྲངས་བརྒྱ་དང་སུམ་ཅུ་སོ་གསུམ་ཡོད་པ་འདི་གུས་ཕྲན་ཆུང་ནས་རིག་གཞུང་ལ་དུང་བའི་རང་མི་རིགས་དང་། ལྷག་པར་བོད་ཀྱི་ནང་པ་སངས་རྒྱས་པའི་བཀའ་བསྟན་ལ་ཞིབ་འཇུག་མཛད་པ་པོ་སྤྱི་ལ་གཟིགས་བདེའི་ཆེད་དེང་དུས་ཀྱི་མཚན་རྩལ་ལམ་ནས་དྲྭ་རྒྱའི་སྟེང་འཇོག་ཐུབ་པ་འདི་ནི། སྔ་འགྱུར་བཀའ་མ་དཔེ་སྒྲིག་ལྷན་ཚོགས་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གཉིས་ནས་རིན་ཐང་ཅན་གྱི་གླེགས་བམ་འདི་དག་མི་ཉམས་སྲུང་སྐྱོབ་དང་ཉམས་པ་སླར་གསོའི་ཆེད་དུ་ལྷག་བསམ་དང་ལ་རྒྱས་ཕྱུག་པའི་རང་མི་རིགས་དེ་དག་གི་འབད་པ་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་པས་ཁོང་རྣམ་པ་ལ་སྙིང་ཁོང་རུས་སྟེང་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཔེ་མཛོད་དོ་དམ་པས།

སྐྱབས་འགྲོ་ཡན་ལག་དྲུག་པའི་རྣམ་འགྲེལ།

སྐྱབས་འགྲོ་ཡན་ལག་དྲུག་པའི་རྣམ་འགྲེལ། རྟེན་འབྱུང་ཆོས་ཀྱི་རིགས་པའི་རྩིབས་སྟོང་ལྡན་པ་གཏི་མུག་གཡུལ་རྒྱལ་མྱུར་བར་ཐར་གླིང་དབང་དུ་སྒྱུར་བྱེད་ལེགས་བཤད་གསེར་གྱི་འཁོར་ལོ་ཞེས་བྱ་བ་བཞུགས་སོ། །ན་མོ་བུདྡྷ་དྷརྨ་སཾ་གྷ་ཡ། པདྨ་བརྩེགས་མགོན་འཛམ་གླིང་བྱེ་ཕྲག་བརྒྱར། །རྫུས་སྐྱེས་འཇའ་ལུས་རྡོ་རྗེའི་སྐུར་སྤྲུལ་གང་། །སྟོན་པས་མཆོག་བསྔགས་རྡོ་རྗེ་འཆང་ཀུན་རྗེ། །རྒྱལ་དབང་པདྨ་འབྱུང་གནས་ཤིས་པ་རྩོལ། །འགྲོ་ལ་གཞིར་གནས་མཆོག་གསུམ་འདུས་མ་བྱས། །བྲལ་རྒྱུའི་ཉེར་ལེན་མོས་སོགས་ལམ་བདེན་དུ། །སྨིན་རྐྱེན་ཐུགས་རྗེ་མཛད་སྨོན་བླ་མེད་བདག །བདེ་གཤེགས་ཆོས་དང་འཕགས་ཚོགས་ལ་ཕྱག་འཚལ། །ཞིང་དང་བསྐལ་པ་རྡུལ་སྙེད་གྲངས་གཏུགས་པར། །སངས་རྒྱས་ཚུལ་བསྒྲུབས་མི་མཇེད་ཁམས་འདིར་ཡང་། །རྩོད་དུས་གདུང་འཕྲོག་མི་འཇིགས་རྩལ་མཚུངས་མེད། །སྟོན་མཆོག་ཁྱད་འཕགས་ཤཱཀྱ་སེང་གེར་འདུད། །དགེ་བ་གསུམ་ལྡན་དོན་ཚིག་བཟང་རྩ་བརྟན། །ཚངས་སྤྱོད་བཞི་ཡི་ལྷུན་མཐོའི་ལུང་གིས་བརྗིད། །ལམ་འབྲས་རྟོགས་པའི་དམ་ཆོས་གངས་འཐུག་པོར། །སྲས་ཚོགས་འོད་དཀར་བགྲང་ཡས་དཀྲིགས་ལ་འདུད། །བསྟན་པའི་བདག་པོའི་ལམ་གནད་སྐྱབས་འགྲོའི་ཆོས། །ལེགས་བཤད་སློབ་དཔོན་བི་མ་མི་དྲའི་གཞུང་། །བདེ་བླག་རྟོགས་བྱེད་ཐམས་ཅད་མཁྱེན་སྒྲུབ་ཐབས། །རྟེན་ཅིང་འབྲེལ་ལྡན་ཊི་ཀ་མངོན་གསལ་བྱ། །དེ་ཡང་སྐྱོབས་པ་བླ་ན་མ་མཆིས་པ་ལུང་དང་རྟོགས་པའི་བསྟན་པ་འདིའི་བདག་པོ། སྟོན་མཆོག་མཚུངས་པ་མེད་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་ཞེས་ཡོངས་སུ་གྲགས་ཤིང་། འཁོར་འདྲེན་པ་ཟླ་མེད་འཕགས་ཚོགས་བགྲང་བ་ལས་འདས་པ་བསྐྲུན་པར་མཛད་པ་དེའི་ཆོ་འཕྲུལ་གསུམ་གྱི་ནང་ནས་མཆོག་ཏུ་གྱུར་པ། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་བསྟན་པ་དམ་པའི་ཆོས། འཛམ་གླིང་ན་མངོན་པར་གནས་པ་ཡང་ལེགས་པར་གསུངས་པའི་བཀའ་ཞེས་བྱ་བ་གཙོ་ཆེར་སྟོན་པ་རང་གིས་ཞལ་ནས་གསུངས་པ་དང་། དགོངས་པ་འགྲེལ་པའི་བསྟན་བཅོས་ཞེས་བྱ་བ་རྒྱ་གར་འཕགས་པའི་ཡུལ་གྱི་སློབ་དཔོན་དང་པཎྜི་ཏ་རྣམས་དང་བོད་ཀྱི་མཁས་གྲུབ་ཕལ་མོ་ཆེས་བཀའ་ཡི་དོན་རྒྱས་པ་བསྡུས་པ། བསྡུས་པ་རྒྱས་པ། འཁྲུགས་པ་བསྡེབས་པ། འཐོར་བ་རྣམས་སྡུད་པ། དཀའ་བ་འབྱེད་པ། མི་གསལ་བ་གསལ་བར་བྱས་ཏེ་རྗེས་འཇུག་དམ་པས་བརྩམས་པ་དང་གཉིས་སུ་ཡོད་པ་ལས། །བདེ་བར་གཤེགས་པའི་བཀའ་ཐམས་ཅད་ལ་ནི་གཞུང་ཆེན་པོ་ཞེས་བྱ་བས་ན་དེའི་དབང་དུ་བྱས་པའི་བསྟན་བཅོས་ཐམས་ཅད་ཀྱང་གཞུང་ཆེན་པོ་ཡིན་ལ། འདི་ནི་གཉིས་སུ་འགྱུར་ཏེ། མདོ་སྔགས་ཕྱོགས་རེ་སྟོན་པའི་གཞུང་ཆེན་ནི། རྒྱ་གར་ནས་བྱུང་བ། དཔེར་ན། སློབ་དཔོན་ཡོན་ཏན་འོད་ཀྱི་འདུལ་བ་མདོ་རྩ། ཤཱཀྱ་འོད་ཀྱི་ཀརྨ་ཤ་ཏཾ། སློབ་དཔོན་དབྱིག་གཉེན་གྱི་མངོན་མཛོད། འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་སོགས་སྡོམ་རྣམ་གཉིས། ས་སྡེ་ལྔ། རྒྱལ་སྲས་མི་ཕམ་པའི་བྱམས་ཆོས་སྡེ་ལྔ། འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་ཚོགས་གསུམ་ལྟ་བུ་སྟེ་མདོ་ལམ་རྐྱང་བར་བསྟན་པ་རྣམས་ཡིན་ལ། སྔགས་རྐྱང་པར་བསྟན་པ་ཡང་དེ་བཞིན་ནོ། །མདོ་སྔགས་ཡོངས་རྫོགས་སྟོན་པའི་གཞུང་ཆེན་ནི། འཕགས་ཡུལ་དུ་སློབ་དཔོན་ཆེན་པོ་པདྨ་སམྦྷ་ཝའི་མན་ངག་ལྟ་བའི་ཕྲེང་བ་དང་། ཇོ་བོ་ཨ་ཏི་ཤའི་བྱང་ཆུབ་ལམ་སྒྲོན་ལྟ་བུ་རྣམས་ཡིན་ལ། བོད་ཡུལ་ན་ཀུན་མཁྱེན་རོང་ཟོམ་མ་ཧཱ་པཎྜི་ཏའི་ཐེག་ཆེན་ཚུལ་འཇུག་དང་། རྒྱལ་བའི་དབང་པོ་ཀློང་ཆེན་པའི་ངལ་བསོ་སྐོར་གསུམ་དང་། ཡིད་བཞིན་མཛོད་དང་། མངའ་རིས་པཎ་ཆེན་དང་། ས་པཎྜི་ཏའི་སྡོམ་གསུམ་ལྟ་བུ་རྣམས་ཡིན་ཏེ། མདོ་སྔགས་ཀྱི་ཆོས་ཐམས་ཅད་གཞུང་ལམ་གཅིག་ན་ཚང་བས་སོ། །དེ་ལྟ་བུའི་གཞུང་ཆེན་རྣམས་ནི་ཐར་པ་དང་ཐམས་ཅད་མཁྱེན་པར་འགྲོ་བའི་རྐྱེན་མཆོག་ཏུ་གྱུར་པ་ཡིན་པས། རྟོན་པ་བཞི་དང་ལྡན་པའི་ཐོས་བསམ་སྒོམ་གསུམ་བྱེད་དགོས་ཤིང་། དེ་ཡང་ཐོས་པ་བྱེད་པའི་དུས་ན་གང་ཟག་བླུན་པོ་འགའ་ཞིག་གི་ཕྱོགས་འཛིན་པ་དང་དེ་དག་གི་དབང་དུ་འགྱུར་བ་སྤང་ནས། ཆོས་ཀྱི་ཚིག་དོན་ལ་མཁས་པ་སུ་ཡོད་ལ་བསྟན་ནས་ཤེས་བྱ་དམ་པའི་ཆོས་ཁོ་ན་ལ་ཡིན་གཏད་ཅིང་དོན་དུ་གཉེར་བས་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་དགོས་སོ། །བསམ་པའི་ཚེ་ན་བདེ་བར་གཤེགས་པའི་ལུང་ཁོ་ན་ལ་རྟོག་དཔྱོད་བྱེད་དགོས་ཤིང་དེ་ཡང་གཉིས་སུ་ཡོད་པ་ལས། མི་དགེ་བའི་ལས་སམ་ཉོན་མོངས་སམ་སྡུག་བསྔལ་འཁོར་བའི་ཆོས་དང་། སེམས་ཅན་དུ་ལྟ་བའི་གང་ཟག་ཡང་དག་པའི་དོན་ཡིན་པ་དང་ཡོད་པར་གསུངས་པའི་ཚིག་ཐམས་ཅད་དྲང་དོན་ཡིན་པས་དེ་ལ་མི་རྟོན་པར། ངེས་འབྱུང་གསུམ་སྒྲུབ་པའི་ཐབས་རྟེན་འབྱུང་སྣང་ལ་རང་བཞིན་མེད་པ་དང་། སྟོང་ཉིད་བསམ་བརྗོད་ལས་འདས་པའི་འོད་གསལ་ཏེ། བདེན་གཉིས་ཟུང་འབྲེལ་སྟོན་པའི་ཚིག་ཐམས་ཅད་ངེས་དོན་ཡིན་པས་དེ་ལ་ཡིད་རྟོན་དགོས་ལ། དེ་ནི་རང་བཞིན་མེད་པའི་སྟོང་ཉིད་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་གཉིས་སུ་གནས་སོ། །དྲང་ངེས་དབྱེ་ཚུལ་འདིར་ནི། དགོངས་པ་ངེས་འགྲེལ་ལས། སྒྲ་ཇི་བཞིན་མ་ཡིན་པ་དང་། ཇི་བཞིན་པས་འབྱེད་པར་གསུངས་པ་དང་། བློ་གྲོས་མི་ཟད་པར་གདུལ་བྱ་ལམ་ལ་འཇུག་པ་དང་འབྲས་བུ་ལ་འཇུག་ཕྱིར་གསུངས་པ་དང་། ཟླ་བ་སྒྲོན་མར་སྟོང་ཉིད་སྟོན་པ་དང་། དེ་མ་ཡིན་པར་སྟོན་པས་འབྱེད་པར་གསུང་བ་འགལ་མེད་དུ་ཚང་བར་གྱུར་ལ། གྲུབ་མཐའི་འདོད་པ་ལྟར་ན་ནི་ངེས་པ་མེད་པར་གྱུར་ཏེ་ཁ་ཅིག་གི་ངེས་དོན་ཁ་ཅིག་གི་དྲང་དོན་དུ་གྱུར་ཅིང་། བདེ་བར་གཤེགས་པའི་གཞུང་ཡང་སོ་སོར་མགོ་བཤའ་བྱེད་པའི་ལུགས་ནི་མི་འཐད་དེ། བཀའ་མཐའ་དག་དེ་བཞིན་ཉིད་སྟོན་པར་དོན་གཅིག་པ་དང་། གཞུང་གཅིག་བསམ་པ་དང་བསྒོམ་པས་ཐམས་ཅད་བསམ་ཞིང་བསྒོམ་པར་འགྱུར་ཞེས་གསུངས་པའི་ཕྱིར་ཏེ། ཏིང་འཛིན་རྒྱལ་པོ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ང་ཡི་ཆོས་རྣམས་གང་བསྟན་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཐམས་ཅད་བདག་མེད་དེ་བཞིན་ཉིད། །གཅིག་གི་ཚིག་དོན་བསམ་པས་ནི། །ཀུན་གྱི་ཚིག་དོན་བསམ་པར་འགྱུར། །གཅིག་གི་ཚིག་དོན་བསྒོམ་པས་ནི། །ཀུན་གྱི་ཚིག་དོན་བསྒོམ་པར་འགྱུར། །ཞེས་གསུངས་སོ། །འདིར་ནི་གཞུང་གིས་མི་འབྱེད་པར་ཚིག་གིས་འབྱེད་པར་འདོད་དེ། གཞུང་རེ་རེར་ཡང་གཞན་དག་ཆོས་འདིར་གཞུགས་པ་དང་ཡང་དག་པའི་ལམ་སྟོན་པའི་རྣམ་པ། གཞན་དང་མཐུན་པའི་ཚིག་འགའ་དང་། ཁྱད་པར་འཕགས་པའི་ཀུན་རྫོབ་ཀྱི་དོན་དང་དོན་དམ་པ་བཅས་སྟོན་པའི་ཚིག་འབྱུང་བའི་ཕྱིར་རོ། །ངེས་དོན་གྱི་ལུང་ལ་བརྟེན་ནས་ཀྱང་ཚིག་ཙམ་གྱི་མཐའ་ལ་དཔྱོད་པ་དང་རྟོག་གེ་ངན་པའི་དོན་མེད་ཅིང་དོན་ཕྱིན་ཅི་ལོག་པའི་ཚིག་གི་རིགས་པ་ལ་ཡིད་མི་རྟོན་པར། ཟབ་ཅིང་རྒྱ་ཆེ་བའི་དོན་སྤྱི་རྒྱ་རླབས་ཀྱིས་གཅོད་པ་དོན་གྱི་རིགས་པ་ལ་ཡིད་རྟོན་པར་བྱ་དགོས་སོ། །བསྒོམ་པའི་སྐབས་ན་གཟུང་འཛིན་ཐ་དད་དང་ཐ་མི་དད་དུ་ཞེན་པ་སེམས་ཡིད་རྣམ་ཤེས་ལ་ཕུག་མི་རྟོན་པར། དེ་རྣམས་དང་བྲལ་བ་ཞེན་མེད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་འདུན་ཕུག་རྟོན་དགོས་སོ། །དེ་དག་གིས་ཆོས་ཀྱི་རྣམ་པར་བཞག་པ་སྤྱིའི་ཁོག་ཕུབ་ནས། དམ་པའི་ཆོས་སྒྲོགས་པ་ན་སློབ་དཔོན་གྱིས་འཆད་ཚུལ། སློབ་མས་ཉན་ཚུལ། འཆད་ཉན་བྱས་པའི་ཕན་ཡོན་ཏེ། འཆད་ཉན་བྱ་བའི་ཡན་ལག་ཤེས་པ་སྔོན་དུ་སོང་ནས། གང་ཞིག་བཤད་པར་བྱ་བ་ནི། རྒྱལ་བའི་དབང་པོ་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། ཐར་པའི་ལམ་ལ་རིམ་གྱིས་བསླབ་པར་བྱ། །ལམ་རྣམས་ཀུན་གྱི་གཞི་རྟེན་སྐྱབས་སུ་འགྲོ། །ཞེས་གསུངས་པ་བཞིན། །ཐེག་དམན་གྱི་ཐར་པ་ཉན་ཐོས་རང་རྒྱལ་གྱི་བྱང་ཆུབ་གཉིས་དང་། ཐེག་ཆེན་གྱི་ཐར་པ་རྫོགས་པའི་སངས་རྒྱས་ཏེ་གསུམ་པོ་སྒྲུབ་བྱེད་ལམ་ཀྱང་གསུམ་ཡོད་ཅིང་། གསུམ་པོ་རེ་རེ་ལའང་ཐོག་མ་བར་མཐའི་སྔ་ཕྱིའི་ལམ་རིམ་པར་ཡོད་པ་གོང་ནས་གོང་དུ་བགྲོད་དགོས་ཀྱི། ཅིག་ཅར་འབྱུང་བ་མི་སྲིད་པས་རིམ་གྱིས་ལམ་ལ་བསླབ་པར་བྱ་དགོས་ཤིང་། ཐེག་པ་གསུམ་པོའི་ལམ་རྣམས་ཀུན་གྱི་གཞི་དང་རྟེན་ཡང་སྐྱབས་སུ་འགྲོ་བ་ཁོ་ན་ཡིན་ལ། སྐྱབས་འགྲོའི་ཚུལ་ལེགས་པར་གཏན་ལ་འབེབས་པའི་གཞུང་ནི། བཀའ་ལས་འཐོར་བ་རྣམས་སྡུད་པའི་བསྟན་བཅོས་སློབ་དཔོན་བི་མ་མི་ཏྲའི་སྐྱབས་འགྲོ་ཡན་ལག་དྲུག་པ་ཉིད་ཡིན་ཅིང་། འདི་ལ་ནི་ཐེག་པ་ཆེ་ཆུང་གི་མདོ་དང་སྔགས་ཕྱི་ནང་གི་རྒྱུད་གང་ཡིན་གྱི་སྐྱབས་འགྲོ་སྦྱར་ནས་བཀྲལ་ཆོག་པས་བསྟན་བཅོས་འདི་ནི་མདོ་སྔགས་ཡོངས་རྫོགས་ཀྱི་གཞུང་ཆེན་དུ་གཏོགས་སོ། །འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་འཇུག་གི་དོན་གསུམ་གྱི། དང་པོ་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ་དང་། རྩམ་པར་དམ་བཅའ་བ་གསུམ་ཡོད་པ་ལས། མཚན་སྨོས་པ་ནི་སྦྱོར་ཚུལ་བཞིའི་སྒོ་ནས་འཆད་དེ། དེ་ཡང་གང་ལ་མཚན་དུ་གསོལ། སྐྱབས་འགྲོའི་བསྟན་བཅོས་ལའོ། །གང་གིས་མཚན་གསོལ་ན་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས་སོ། །ཇི་ལྟར་མཚན་གསོལ་ན། དམིགས་བསལ་དགོས་པའི་དབང་དུ་སྐད་གཉིས་ཀྱིས་གསོལ་བ་སྟེ། དེའང་ཡུལ་གྱིས་ཁྱོན་དང་ལོངས་སྤྱོད་འབྱོར་པ་རྒྱ་ཆེ་བས་ན་རྒྱ། དཀར་པོ་དམ་པའི་ཆོས་ཀྱི་འབྱུང་ཁུངས་ཡིན་པས་གར། བི་ཤཱ་ཙ་ཤ་ཟ། ཨ་བ་བྷྲཾ་ཤ་ཟུར་ཆག །པྲ་ཀྲི་ཏ་རང་བཞིན་ན་མ་ཡུལ་སོ་སོ། སཾ་སྐྲྀ་ཏ་ལེགས་པར་སྦྱར་བ་སྟེ་འཕགས་ཡུལ་ན་སྐད་རིགས་ཆེན་པོ་བཞི་ཡོད་པའི་ནང་ནས་ཁྱད་པར་དུ་གྱུར་བ་ལེགས་སྦྱར་ལྷའི་སྐད་ཀྱི་དབང་དུ་བྱས་ཚེ། ཥ་ཊ་ཨཾ་ག་ས་ར་ཎཾ། ཞེས་པར་འགྱུར། དེ་ཉིད་བོད་ཆེན་པོ་ཡུལ་དབུས་ཀྱི་སྐད་དུ། ཥ་ཊ་དྲུག །ཨཾ་ག་ཡན་ལག །ས་ར་ཎཾ་སྐྱབས་འགྲོ་སྟེ། བོད་སྡེབ་ལས། སྐྱབས་འགྲོ་ཡན་ལག་དྲུག་པ་འབོད་དོ། །སྤྱིར་བཏང་གཞུང་ལ་མིང་གདགས་ཚུལ་གྱི་དབང་དུ་ནི་ལྔ་ཡོད་དེ། ཡུལ་དང་། གང་ཟག་དང་། གཞུང་ཚད་དང་། དཔེ་དང་། དོན་གྱི་སྒོ་ནས་འདོགས་པ་སྟེ། དེ་དག་གི་ནང་གསེས་རེ་རེར་ཡང་དབྱེ་བ་སོ་སོར་ཡོད་ཅིང་བསྟན་བཅོས་འདིའི་མཚན་ནི་དོན་གྱི་སྒོ་ནས་བཏགས་པ་ཡིན་ལ། དོན་དེར་ཡང་། དོན་གྱི་ངོ་བོ་ལས་བཏགས་པ་དང་། དོན་གྱི་ཁྱད་པར་ལས་བཏགས་པ་གཉིས་སུ་ཡོད་པའི་ནང་ནས་དོན་གྱི་ཁྱད་པར་ལས་བཏགས་པ་ཡིན་ཏེ། ངོ་བོ་སྐྱབས་འགྲོ། ཁྱད་པར་གྱི་ཆོས་ཡན་ལག་དྲུག་ཏུ་ཕྱེ་ནས་བསྟན་པའི་མཚན་ཡིན་པས་སོ། །ཅིའི་ཕྱིར་མཚན་གསོལ་ན་སྤྱིར་བཏང་གི་དགོས་པ་ནི། བརྗོད་བྱའི་དོན་མི་ཤེས་པའི་རྨོངས་པ་རྗོད་བྱེད་མིང་གིས་བསལ་ནས། མིང་གིས་དོན་ཤེས་པར་བྱེད་པས་ན། དབང་པོ་རབ་ཀྱིས་མིང་ཙམ་ལ་བརྟེན་ནས་དབུ་ཞབས་ཀྱི་དོན་རྟོགས། འབྲིང་གིས་ཕྱོགས་གར་གཏོགས་ཤེས། ཐ་མས་གཞན་དང་མ་ནོར་བ་མིང་གིས་ཤེས་ནས་གླེགས་བམ་བཙལ་སླ་བར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར། །དེ་བས་རྨོངས་པ་བསལ་བའི་ཕྱིར། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་པ་ལྟར་རོ། །དམིགས་བསལ་དུ་རྒྱ་སྐད་ཐོག་མར་སྨོས་པའི་དགོས་པ་ནི་བཞི་ཡོད་དེ། སྔགས་རྣམས་རྒྱ་སྐད་རང་སོར་བཞག་ནས་བཟླས་ན་ནུས་པ་ཆེ་བ་དེ་བཞིན་དུ་ལེགས་སྦྱར་གྱི་སྐད་ལ་སངས་རྒྱས་ཀྱི་བྱིན་རླབས་ཆེན་པོ་ལྡན་པས་དེ་ངག་ཏུ་བརྗོད་པ་ཙམ་གྱིས་རྒྱུད་ལ་སངས་རྒྱས་ཀྱི་བྱིན་རླབས་འབྱུང་བ་དང་། སྐད་མཆོག་ཏུ་གྱུར་པ་ཡོངས་སུ་ཤེས་པའི་བག་ཆགས་འཇོག་པ་དང་། རྒྱ་གར་ནས་བྱུང་བའི་བསྟན་བཅོས་རྣམས་ཀྱང་། རྩོམ་པ་པོ་རབ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་འཕགས་པ་ཡིན་པ་ཞིག་དང་། འབྲིང་ལྷག་པའི་ལྷའི་ཞལ་མཐོང་བའི་ཚོགས་སྦྱོར་གྱི་ལམ་ལ་གནས་པ་ཞིག་དང་། ཐ་མ་ཡང་ཚོགས་ལམ་ཙམ་ལ་གནས་ཤིང་རིག་པའི་གནས་ལྔ་མཐར་ཕྱིན་པའི་མཁས་པ་ཞིག་དགོས་ཤིང་ཁྲིམས་ལ་དབང་བའི་རྒྱལ་པོ་རྣམས་ཀྱིས། པཎ་གྲུབ་རྣམས་ལ་བརྒལ་བརྟགས་བྱེད་པར་བསྐུལ་ནས། མ་དག་པ་སུན་དབྱུང་བའི་སྲོལ་བཟང་པོ་ཡོད་པས་རྒྱ་ཆོས་ཁུངས་བཙུན་པར་ཤེས་པ་དང་། རྒྱ་སྐད་གོ་དཀའ་བ་བོད་ཡོངས་ཀྱི་རང་སྐད་གོ་སླ་བར་བསྒྱུར་བའི་བྱེད་པོ་ལོ་ཙཱ་རྣམས་ཀྱི་བཀའ་དྲིན་དྲན་པའི་དགོས་པ་དང་ལྡན་པའོ། །མཆོད་པར་བརྗོད་པ་ཡང་བཞིའི་སྒོ་ནས་འཆད་དེ། གང་ལ་མཆོད་པར་བརྗོད་ན་དཀོན་མཆོག་གསུམ་ལའོ། །གང་གིས་མཆོད་པར་བརྗོད་ན། སྔོན་བསྟན་བཅོས་འདི་རྩོམ་པའི་ཚེ་ན་སློབ་དཔོན་བི་མ་མི་ཏྲ་རང་གིས་ཡིན་གྱི་ལོ་ཙཱ་བའི་འགྱུར་ཕྱག་ཏུ་བཅུག་པ་ནི་མ་ཡིན་ཏེ་བཀས་བཅད་དང་མི་མཐུན་པའི་ཕྱིར་དང་། ལོ་ཙཱས་ཡི་གེ་བྲི་བ་ཙམ་ལས་བསྒྱུར་མ་དགོས་པ་སློབ་དཔོན་བོད་དུ་དངོས་སུ་བྱོན་ཏེ་ཞལ་ནས་གསུངས་པའི་ཕྱིར་རོ། །དེ་ཡང་ཕྱིས་སུ་འཆད་ཉན་སྒྲུབ་པ་བྱེད་པ་པོ་རྣམས་ཀྱིས་ནི་ཕྱག་འཚལ་བ་དེ་ཟློས་པས་ཡིན་ནོ། །ཅི་ལྟར་མཆོད་པར་བརྗོད་ན། ཁྱད་པར་གྱི་ཆོས་གསུམ་དང་ལྡན་པའི་དོན་གྱི་སྒོ་ནས་ཏེ། དེ་ཡང་མཉམ་པའམ་ལྷག་པའི་ཡོན་ཏན་གཞན་ལ་ཡོད་པ་བསལ་ནས་བསྟན་པ་ནི་དཀོན་མཆོག་ཅེས་པ་སྟེ། དཀོན་པའི་མཆོག་ཡིན་པའི་ཚུལ་ནི་འཇིག་རྟེན་གསུམ་ན་སེམས་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་ནང་དུ་ནི། གཟུགས་དང་ལང་ཚོ་རིགས་དང་སྟོབས་འབྱོར་ཁྱད་པར་འཕགས་པ་ཅན། ཆགས་བྲལ་གྱི་བདེ་བ་ཐོབ་པ་ཚངས་པ་ཆེན་པོ་དང་། ས་སྟེང་གི་འཇིག་རྟེན་ཀུན་གྱི་མཆོད་འོས་བརྒྱ་བྱིན་དང་། གླིང་བཞི་ལ་དབང་བའི་འཁོར་ལོས་སྒྱུར་རྒྱལ་སོགས་དཀོན་པ་ལྟར་སྣང་ཡང་། དེ་དག་གི་གོ་འཕང་ཐོབ་པ་ནི། དཀོན་མཆོག་གསུམ་རྐྱེན་མཆོག་ཏུ་གནས་པའི་མཐུ་ཡིས། །དམ་ཆོས་དགེ་བའི་བསམ་སྦྱོར་ཅུང་ཟད་རེ་སྐྱེ་བ་ལས་བྱུང་བ་ཡིན་པས་ན། དེ་དག་དཀོན་པའི་མཆོག་མ་ཡིན་པར་དེ་དག་གི་རྒྱུ་དཀོན་མཆོག་གསུམ་དཀོན་པའི་མཆོག་ཡིན་པ་ནི། དཔེར་ནོར་བུ་ལས་བྱུང་བའི་ཟས་གོས་སོགས་མི་དཀོན་གྱི་ནོར་བུ་དཀོན་པར་འཇོག་པ་བཞིན་ནོ། །སེམས་མེད་བེམ་པོ་རྣམས་ཀྱི་ནང་ནས་ནོར་བུ་དཀོན་པར་བཞག་ཀྱང་དེ་མཆོག་མ་ཡིན་ཏེ། སྤྱིར་དཀོན་མཆོག་མ་ཡིན་ཏེ། སྤྱིར་དཀོན་མཆོག་གསུམ་གྱི་མཐུ་ལས་བྱུང་བའི་ཕྱིའི་དངོས་པོ་ཡིད་འོང་ཡིན་པ་དང་། ཁྱད་པར་དུ་ནོར་བུ་དེས་ཚེ་འདིའི་མཐུན་རྐྱེན་ཙམ་སྒྲུབ་ནུས་ཀྱི། མཐོ་རིས་དང་ཐར་པའི་རྒྱུ་འབྲས་ལ་འགོད་པ་ནི་དཀོན་མཆོག་གསུམ་ཁོ་ན་ལ་རག་ལས་པས་སོ། །ཡང་གཅིག་ཏུ་བྱས་ན། ལྷ་ལས་ལྷག་པ། །དལ་བརྒྱད་འབྱོར་བཅུ་ཚང་བའི་མི་ཡི་ལུས་རྟེན། དཔེ་དང་གྲངས་ལ་སོགས་པའི་སྒོ་ནས་ཡང་དང་ཡང་དུ་བཅོམ་ལྡན་འདས་ཀྱིས་རྙེད་དཀའ་ཞིང་དཀོན་པར་གསུངས་པ་དེས་ཀྱང་དཀོན་མཆོག་གསུམ་དཀོན་པའི་མཆོག་ཡིན་པར་འགྲུབ་སྟེ། དལ་འབྱོར་བཅོ་བརྒྱད་པོ་ནི། དཀོན་མཆོག་གསུམ་དང་དེ་ཉིད་སྣང་དུ་རུང་བའི་སྣོད་ཁོ་ནས་འཇོག་པའི་ཕྱིར་རོ། །དེ་ཡང་གཞན་འབྱོར་ལྔ་ལས། སྟོན་པ་བྱོན་པ་སངས་རྒྱས་དཀོན་མཆོག །ཆོས་གསུངས་པ་དང་བསྟན་པ་གནས་པ་ཆོས་དཀོན་མཆོག་གནས་ཕྱིར་བཞུགས་པ་དང་གཞན་གྱིས་སྙིང་བརྩེ་བ་དགེ་འདུན་དཀོན་མཆོག་སྟེ། དེ་སྣང་རུང་བའི་སྣོད་ཀྱི་དབང་གིས་རང་འབྱོར་ལྔ་འཇོག་པ་ཡིན་ཏེ། སངས་རྒྱས་དཀོན་མཆོག་ལ་དད་ཅིང་མོས་པར་བྱེད་པའི་སྣོད་ཡུལ་དབུས་སུ་སྐྱེས་པ། ཆོས་དཀོན་མཆོག་གི་སྣོད་བསྟན་ལ་དད་པ། དགེ་འདུན་དཀོན་མཆོག་དང་སྤྱོད་ཡུལ་གཅིག་པའི་སྐལ་བ་ལྡན་ཅིང་སྙིང་བརྩེས་རྗེས་སུ་འཛིན་པའི་སྣོད་ལས་མཐར་མ་ལོག་པ་དང་། དབང་པོ་ཚང་བ་དང་། མིར་གྱུར་པ་ཡིན་ལ། རང་འབྱོར་ལྔ་ལྡན་དེར་མི་ཁོམ་བརྒྱད་སྤང་བའི་དལ་བ་བརྒྱད་ལེགས་པར་གྲུབ་ཅིང་ཚང་སྟེ། མིར་བྱུང་བས་མི་མ་ཡིན་པའི་མི་ཁོམ་བཞི་སྤང་བ་དལ་བ་བཞི་ཚང་། དབུས་སུ་སྐྱེ་བས་མུན་བསྐལ་སྤང་བའི་དལ་བ་ཚང་། དེ་བཞིན་དུ། དབང་པོ་ཚང་བས་ལྐུགས་པ་སྤང་། ལས་མཐའ་མ་ལོག་པས་ཀླ་ཀློ་སྤང་། བསྟན་ལ་དད་པས་ལོག་ལྟ་ཅན་སྤང་བའི་དལ་བ་ཚང་ངོ་། །ཁྱད་ཆོས་གཉིས་པ་ནི། མཉམ་པའམ་ལྷག་པའི་གྲངས་སུ་ཆུད་པ་གཞན་ཡོད་པ་བསལ་བ་གསུམ་ལ་ཞེས་བྱ་བ་སྟེ། དེ་ཡང་། བླང་བྱའི་ཡོན་ཏན་གྱི་དངོས་པོ་མྱ་ངན་ལས་འདས་པ། དེ་སྒྲུབ་པའི་ཐབས་སམ་རྒྱུ་དང་བཅས་པ་སྟོན་པ་དང་། དོར་བྱ་སྐྱོན་གྱི་དངོས་པོ་འཁོར་བ། དེ་སྒྲུབ་པའི་ཐབས་དང་བཅས་པ་གཞན་ལ་མཐོང་བར་བྱེད་པའི་སྟོན་པ་ནི་དཀོན་མཆོག་དང་པོ་ལས་གཞན་སུ་ཡང་མེད་པ་དང་། ཉོན་མོངས་མ་ལུས་འཆོས་ཤིང་ངན་སོང་གསུམ་དང་སྲིད་པ་འཁོར་བའི་སྡུག་བསྔལ་ཀུན་ལས་སྐྱོབ་པའི་བསྟན་པ་ནི་དཀོན་མཆོག་གཉིས་པ་ལས་གཞན་གང་ཡང་མེད་པ་དང་། རང་ཉིད་ཀྱིས་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་ཅིང་གཞན་རྣམས་ཀྱང་དེ་ལ་འདྲེན་པའི་སློབ་མ་ནི་དཀོན་མཆོག་གསུམ་པ་ལས་གཞན་སུ་ཡང་མེད་པས་རྣམ་པར་བཞག་པའི་ཚུལ་འདིས། མུ་སྟེགས་བྱེད་སོགས་ཀྱི་སྟོན་པ་སོགས་སྟོན་པ་ལ་སོགས་པའི་གྲངས་སུ་མི་ཆུད་པས་མཉམ་པ་གཞན་ན་མེད་པར་ཤེས་དགོས་ཤིང་། གྲངས་གསུམ་ལས་ལྷག་པ་བཞི་སོགས་ཀྱང་ལྟོས་མེད་དུ་གནས་པ་མེད་པས་བསྟེན་པའི་ཡུལ་གསུམ་ཁོ་ནའོ། །ཁྱད་ཆོས་གསུམ་པ་ནི། གུས་པའི་སྒོ་ནས་ཕྱག་འཚལ་བའི་ཡུལ་གཞན་ན་མཉམ་པ་ཙམ་ཡང་ཡོད་པ་བསལ་བ་ཕྱག་འཚལ་ལོ། ཞེས་བྱ་བ་སྟེ། དེ་ཡང་དཀོན་མཆོག་གསུམ་པོ་ནི། ཡོན་ཏན་གྱི་ཚོགས་ལྡན་པའི་ངོས་ནས་ཀྱང་ཕྱག་འཚལ་བའི་ཡུལ་མཆོག་ཡིན་ཏེ། ཡོན་ཏན་གྱི་ངོ་བོ་འཇིག་རྟེན་པ་དང་ཐུན་མོང་བ་དང་ཐུན་མོང་མ་ཡིན་པ་དེ་གཉིས་ཀ་ཕན་བདེའི་རང་བཞིན་ཅན། ཡོན་ཏན་དེའི་ཁྱད་པར་ཤེས་བྱ་རྟོགས་པ། སྤངས་བྱ་སྤང་བ། གནས་འགྱུར་བྱ་གྱུར་པ། ཐོབ་བྱ་ཐོབ་པ་དང་བཞི་པོའི་ཁྱད་པར་གྱི་ཁྱད་པར་རེ་རེའང་ཟབ་པ་དང་རྒྱ་ཆེ་བ་རྒྱ་མཚོ་ལྟ་བུར་གྱུར་པ་དང་ལྡན་པའི་རྩེ་མོར་་ཕྱིན་པས་སོ། །ཕྱག་འཚལ་བའི་འབྲས་བུའི་ངོས་ནས་ཀྱང་གཞན་ན་མཉམ་པ་ཙམ་ཡང་མེད་པས་ཕྱག་འཚལ་བའི་ཡུལ་མཆོག་ཡིན་ཏེ། དཀོན་མཆོག་གསུམ་ལ་མ་ལྔ་ས་ལ་ཕབ་པའི་ལུས་ཀྱི་ཕྱག་གཅིག་བཙལ་ན་ལུས་ཀྱིས་ཁེབས་པའི་རྡུལ་ཕྲན་གསེར་གྱི་ས་གཞིའི་བར་དུ་ཅི་ཙམ་ཡོད་པའི་གྲངས་དང་མཚུངས་པར་འཁོར་ལོས་སྒྱུར་རྒྱལ་ཐོབ་ནུས་པ་དང་། དེ་བཞིན་དུ། དཀོན་མཆོག་གསུམ་ཡོད་པར་ཡིད་ཆེས་པའམ། ཡོན་ཏན་མཐོང་བས་སེམས་དྭངས་པའམ། ཕན་བདེ་བྱེད་པའི་ནུས་སྟོབས་མཐོང་ནས་འདོད་པ་སྐྱེ་བའི་དད་པ་གསུམ་རྒྱུད་ལ་འཁྲུངས་པ་སྐད་ཅིག་མ་ཡིད་ཀྱིས་ཕྱག་འཚལ་བ་དང་། བསྟོད་པའི་སྒྲ་འབྱིན་པ་ངག་གི་ཕྱག་འཚལ་བ་བྱས་ནས། དེ་དག་གི་འབྲས་བུ་བསམ་མི་ཁྱབ་པ་ནམ་ཡང་མེད་པར་མི་འགྱུར་བ་དང་། དེའང་ཡིད་འོང་ཁོ་ན་འབྱུང་བ་དང་། དེ་གཞན་ལས་མཆོག་ཏུ་གྱུར་པར་འབྱུང་བ་དང་། དེའང་མྱུར་དུ་འབྱུང་བ་དང་། མཐའ་ཡང་ཤིན་ཏུ་བཟང་བ་སངས་རྒྱས་ཁོ་ན་ཐོབ་པར་གསུང་བ་ལྟར་འབྱུང་བ་ཡིན་ལ། དེར་མ་ཟད་དཀོན་མཆོག་གསུམ་ལ་རང་བཞིན་གྱིས་དགའ་བའི་སེམས་སམ། ཐེ་ཚོམ་གྱི་སེམས་སམ། གཞན་ལ་ངོ་བསྟོད་བྱེད་པའི་སེམས་ཙམ་གྱིས་ཕྱག་འཚལ་ཀྱང་ལྷ་ཡི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བས་སོ། །ཅིའི་ཕྱིར་མཆོད་པར་བརྗོད་ན། དགོས་པ་གསུམ་སྟེ། རང་གིས་ཐོབ་པའི་དགོས་པ། རང་ཉིད་དམ་པའི་ཁོངས་སུ་གཏོགས་པར་འགྱུར་བའོ། །གཞན་གྱིས་ཐོབ་པའི་དགོས་པ། གཞན་སུ་ཡང་རུང་བས་མཆོད་བརྗོད་དེ་མཐོང་ཚེ། སྟོན་པ་སངས་རྒྱས་སོགས་ལ་དད་པ་གསུམ་སྐྱེ་ཞིང་། དེ་སྔོན་དུ་སོང་བའི་བསྟན་བཅོས་ཡང་མཆོག་ཏུ་རིགས་ནས་དོན་དུ་གཉེར་བའི་འདུན་པ་སྐྱེ་བར་འགྱུར་རོ། །གཉིས་ཀས་ཐོབ་པར་འགྱུར་བའི་དགོས་པ། བསོད་ནམས་དགེ་བ་ཚད་མེད་པ་མཐོང་ཆོས་སོགས་ལ་མྱོང་བར་འགྱུར་བ་རང་རྒྱུད་ལ་འབྱུང་ཞིང་། བསྟན་བཅོས་མཐོང་ཞིང་ཐོས་པ་གཞན་ལའང་འབྱུང་ལ། རང་གི་རྩོམ་པ་ལ་བར་ཆད་མི་འབྱུང་བ་དང་། འཆད་ཉན་སྒོམ་སྒྲུབ་ཀྱང་མཐར་ཕྱིན་པར་འགྱུར་རོ། །རྩོམ་པར་དམ་བཅའ་བ་ནི། འཆད་ཐབས་ཀྱི་མན་ངག་སྤྱིའི་ཆིངས་ཆེན་པོ་ལྔས་བཤད་པར་བྱ་བ་ལ་ལྔ་ལས། དང་པོ་ཉན་པ་པོ་གུས་པ་བསྐྱེད་པའི་ཕྱིར་དགོས་དོན་ལའང་། སྤྱིར་ངག་ཙམ་ལ་ཡོད་པའི་དགོས་སོགས་ཆོས་བཞི་དཔེར་དགོད་པ། དགོས་འབྲེལ་ངག་ལ་ཡོད་པའི་དགོས་སོགས་ཆོས་བཞིས་བསྟན་བཅོས་ལ་འཇུག་པའི་རྒྱུ་བརྗོད་པ། བསྟན་བཅོས་ཀྱི་ལས་ལ་ཡོད་པའི་དགོས་སོགས་ཆོས་བཞིས་དོན་གཏན་ལ་དབབ་པ་གསུམ་ཡོད་པ་ལས། དང་པོ་ནི་འཇིག་རྟེན་ཕལ་པའི་དོན་ལྡན་གྱི་ཚིག་ཐམས་ཅད་ལ་ཚང་སྟེ། བུམ་པ་ཁྱེར་ལ་ཆུ་ལོངས་ཤིག་ཅེས་པའི་ཡང་། ཆུ་བརྗོད་བྱ། ཆུ་དེ་ཁྱིམ་དུ་ཐོབ་པ་དགོས་པ། ཆུ་དེས་སྐོམ་པ་བསལ་བ་སོགས་ཀྱི་དོན་གྲུབ་པ་ཉིང་དགོས། སྔ་མ་སྔ་མ་མེད་ན་ཕྱི་མ་ཕྱི་མ་མི་འབྱུང་བའི་འབྲེལ་བ་གྲུབ་པ་འབྲེལ་བའོ། །གཉིས་པ་ནི་བསྟན་བཅོས་ཀྱི་ཐོག་མར་དགོས་འབྲེལ་གྱི་ངག་བཀོད་པ་ལ་ཚང་སྟེ། བསྟན་བཅོས་ལུས་ཀྱི་དགོས་སོགས་ཆོས་བཞི་བརྗོད་བྱ། རྟོག་དཔྱོད་དང་ལྡན་པའི་གང་ཟག་གཞན་གྱི་དོགས་པ་བསལ་ནས་བསྟན་བཅོས་ལ་ཆོས་བཞི་ཡོད་པར་རྟོགས་པ་དགོས་པ། དེའི་དབང་གིས་དེ་ལ་ཞུགས་པ་ཉིང་དགོས། མེད་ན་མི་འབྱུང་གི་འབྲེལ་བ་རིམ་པར་གྲུབ་པ་འབྲེལ་བའོ། །གསུམ་པ་ནི། བསྟན་བཅོས་འདི་ཉིད་ཀྱིའང་ལུས་ལ་ཡོད་པ་སྟེ། འདིའི་བརྗོད་བྱ་ནི། བདེ་བར་གཤེགས་པའི་བཀའ་མཐའ་དག་ལས་སྐྱབས་འགྲོའི་དངོས་པོ་བསྟན་པ་རྣམས་སོ། །དགོས་པ་ནི། བསྟན་བཅོས་འདི་ལ་ཐོས་བསམ་སྒོམ་གསུམ་བྱེད་པ་རྣམས་ཀྱིས་སྐྱབས་འགྲོའི་དངོས་པོ་མཐའ་དག་ཁོང་དུ་ཆུད་པའོ། །ཉིང་དགོས་ནི། དེ་ཆུད་པས་རྣམ་པ་ཐམས་ཅད་མཁྱེན་པ་མངོན་དུ་བྱས་པའོ། །འབྲེལ་པ་ནི། བརྗོད་བྱ་དེ་ཐབས་ཀྱིས་བསྒྲུབ་བྱར་གནས་ལ། རྗོད་བྱེད་བསྟན་བཅོས་ནི་ཐབས་སུ་འགྱུར་བས་དེ་གཉིས་ཐབས་དང་ཐབས་ཀྱིས་བསྒྲུབ་པར་བྱ་བའི་ཚུལ་དང་འབྲེལ། རྗོད་བྱེད་དང་དགོས་པ་ཐབས་ལས་ཐབས་བྱུང་གི་ཚུལ་དུ་འབྲེལ། དགོས་པ་དང་ཉིང་དགོས་དེ་ལས་དེ་བྱུང་གི་ཚུལ་དུ་འབྲེལ་པ་གྲུབ་བོ། །དེ་ལྟར་བསྟན་བཅོས་ཀྱི་དབུ་རུ་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ་ཅི་ཡིན་ཅེ་ན། འདི་ལ་མཁས་པའི་འདོད་ཚུལ་བཞི་ཡོངས་སུ་གྲགས་པ། ཆོས་བཞི་ཡོད་པའི་ངེས་ཤེས་སྐྱེ་བ་དང་། ཡོད་པར་བསྟན་པས་གཞུང་མཛེས་པ་བསྐྱེད་པ་དང་། གཞན་གྱི་སྦྱོར་བ་ངན་པ་བཟློག་པ་དང་། དབང་རྟུལ་ལ་ངེས་ཤེས་དབང་རྣོན་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་པར་འདོད་པ་ལས། བཞི་པ་སློབ་དཔོན་སེང་གེ་བཟང་པོ་སོགས་ཀྱི་བཞེད་པ་རྩོད་མེད་དང་། སྔ་མ་གཉིས་རྩོད་བཅས་སུ་འཇོག་ཅིང་། གསུམ་པ་འདི་མཁན་པོ་དཔལ་ལྡན་ཞི་པ་འཚོའི་བཞེད་པ་ཡིན་ཀྱང་། འདི་ལའང་བོད་ཀྱི་འདུལ་འཛིན་མཚོ་སྣ་པ་ཤེས་རབ་བཟང་པོ་སོགས་ཀྱིས་རྩོད་མོད། དཔལ་ལྡན་ཇོ་བོ་ཆེན་པོས། ཨ་ལེ་ངེད་རྒྱ་གར་བས་མ་ཤེས་པ་ཁྱེད་བོད་རྣམས་ཀྱི་ཤེས་གསུངས་པ་བཞིན། འཕགས་ཡུལ་གྱི་མཁས་པ་བོད་ཀྱི་རིག་པ་མི་འགྲོ་ཞིང་། དེ་ལས་འགྲན་གྱི་དོ་མེད་མཁན་པོའི་བཞེད་པ་དགག་མི་རིགས་ཏེ་ཉིད་ཀྱི་སློབ་མ་སློབ་དཔོན་ཀ་མ་ཤཱི་ལ་ལྟ་བུའི་མདུན་སྨྲ་ན་ཧ་ཤང་ལ་མཛད་པ་བཞིན་མགོ་ལ་ཐོག་བརྒྱབ་པ་འདྲ་བའི་རིག་པ་གནང་བར་གདོན་མི་ཟའོ། །དེ་ཡང་མཁན་པོ་རང་གི་བཞེད་པ་ནི། གཞན་དག་འདི་སྐད་དུ་བསྟན་བཅོས་འདི་བརྩམས་བྱ་མ་ཡིན་ཏེ་དགོས་སོགས་ཆོས་བཞི་མེད་པའི་ཕྱིར་ཅེས་གཞན་གྱི་སྦྱོར་བ་བཀོད་ཅིང་། དེ་བཟློག་ཚུལ་རྟགས་མ་གྲུབ་པར་སྟོན་པ་དགོས་འབྲེལ་བཀོད་པས་བསྟན་བཅོས་ལ་ཆོས་བཞི་ཡོད་པ་གྲུབ། དེའི་ཕྱིར་བསྟན་བཅོས་བརྩམས་བྱ་ཡིན་པར་འགྲུབ་པར་དེས་དབང་རྟུལ་ལ་ཡིད་དཔྱོད་ཀྱི་ངེས་ཤེས་དང་། དབང་རྣོན་ལ་དོན་འགྱུར་གྱི་ཐེ་ཚོམ་སྐྱེད་ནུས་པས་ཤིན་ཏུ་འཐད་དོ། །རྩོད་སྨྲས། མཁན་པོ་རང་གི་དོགས་པ་བཀོད་པ་ཙམ་ལས། དེ་འདྲའི་སྦྱོར་ལ་འགོད་མཁན་གཞི་མ་གྲུབ་ཅིང་། དགོས་འབྲེལ་འདི་བརྩམས་བྱ་མ་ཡིན་ཏེ། དེ་ལའང་ཆོས་བཞི་མེད་པའི་ཕྱིིར་ཅེས་པའང་དགག་དགོས་པ་མགོ་མཚུངས་པས་ཐུག་མེད་ཀྱི་སྐྱོན་བྱུང་ཞེས་སྨྲ་ནའང་མི་འཐད། དེ་སློབ་དཔོན་གྱི་སྦྱོར་བ་མེད་བཞིན་ཡོད་ཅེས་མི་གསུངས་ཤིང་། རྒྱ་གཞུང་ཀུན་ཁྱེད་ཀྱིས་མཐོང་མ་ནུས་པས་གཞན་གྲུབ་ཀྱང་མི་ཤེས་སོ། །དེར་མ་ཟད་བྱ་རོག་སོ་རྟོག་སོགས་དགོས་འབྲེལ་མེད་ལ་འགོགས་པའི་ཚེ་སྦྱོར་བའང་འཕེན་དགོས་པས་སྦྱོར་བ་འགོད་པ་གཞི་མ་གྲུབ། ཅེས་སུ་སྨྲ་ནུས། ཁྱོད་ཀྱི་འདོད་པ་དེ་ལའང་ཐུག་མེད་ཀྱི་སྐྱོན་ཡོད་པར་སྒྲུབ་ནུས་སོ། དེའང་ཁྱེད་ཀྱི་དགོས་འབྲེལ་ངག་གི་དགོས་པ་བཀོད་པ་ཆོས་ཅན། བཀོད་ཚུལ་ཐུག་མེད་དུ་ཐལ། དེ་འདྲ་འགོད་ནུས་ཁྱེད་ལྟ་བུ་གྲངས་མེད་ཡོད་པས་སོ། །ཁྱེད་མཐོང་རྒྱ་ཆུང་ཞིང་མངོན་རློམ་ཆེ་བར་ཐལ། སློབ་དཔོན་དུལ་བའི་ལྷ་སོགས་ཀྱིས་ཀྱང་དེ་ལྟར་འདོད་པ་ལ་མཁན་ཆེན་ཁོ་ནའི་བཞེད་པར་བྱས་པའི་ཕྱིར་རོ། །གཉིས་པ་དགོས་པ་འགྲུབ་བྱེད་བསྡུས་དོན་ནི། སྐྱབས་འགྲོའི་རང་བཞིན་ལེགས་པར་ཤེས་པའི་ཤེས་རབ་དང་། ཤེས་ནས་རང་རྒྱུད་ལ་ལེན་པའི་བརྩོན་འགྲུས་གཉིས་ཀྱིས་བསྡུས་ཏེ། རིམ་པ་བཞིན་དེ་གཉིས་ཀྱིས་ཡན་ལག་སྔ་མ་ལྔ་དང་ཕྱི་མ་བསྡུས་པའི་ཕྱིར་ཏེ། ལྔ་སོ་སོར་ཤེས་པས་སྐྱབས་འགྲོའི་རང་བཞིན་ལེགས་པར་ཤེས་ཤིང་དེ་ཤིན་ཏུ་གནས་ལ། ཕྱི་མ་གཅིག་ནི་བརྩོན་འགྲུས་སུ་གནས་པས་སོ། །གསུམ་པ་བསྡུས་དོན་རྟོགས་བྱེད་ཚིག་དོན་ལ། སྐྱབས་འགྲོ་ཞེས་པའི་ངོ་བོ་འདོད་པའི་དད་པ་དང་མོས་པ་གཉིས་སུ་འཇོག་པའི་ཚུལ་ནི། མདོ་རྒྱན་ལས། དཀོན་མཆོག་གསུམ་པོ་དེ་ཡི་དངོས་པོ་དོན་དུ་གཉེར་བའི་འདོད་པས་ཁས་ལེན་པ་རུ་གསུངས་ཤིང་ཟླ་བ་སྒྲོན་མའི་མདོ་ལས། སེམས་བསྐྱེད་སྐྱེ་བའི་རྟེན་སྐྱབས་འགྲོ་དོན་གྱིས་བསྟན་པར་གཞན་རྒྱུད་བྱོན་ཟིན་པའི་དཀོན་མཆོག་གསུམ་ལ་དད་པ་རྒྱུའི་སྐྱབས་འགྲོས་བསྡུས་པ་དང་། རང་རྒྱུད་དུ་བསྒྲུབ་བྱ་བླ་མེད་བྱང་ཆུབ་ལ་དད་པ་འབྲས་བུའི་སྐྱབས་འགྲོས་བསྡུས་པ་དངོས་སུ་ལེགས་པར་བསྟན་པས་འདོད་པའི་དད་པ་ཡིན་པར་གྲུབ་ལ་སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་སྐུ་གསུམ། ཆོས་འགོག་བདེན། དགེ་འདུན་ཐེག་དམན་གྱི་ཡ་བརྒྱད་ཐེག་ཆེན་བྱང་སེམས་རབ་བྱུང་རྣམས་ལ་མོས་པས་སྐྱབས་སུ་འགྲོ་བར་གསུངས་ཤིང་། མོས་པའི་ངོ་བོ་ནི། ཡུལ་ཡོན་ཏན་ཅན་དུ་ངེས་པ་མཐོང་ཤིང་ངེས་ཤེས་སྐྱེས་པ་ཡིན་ལ། བྱེད་ལས་གཞན་སུས་ཀྱང་འཕྲོག་མི་ནུས་པ་ཡིན་ནོ། །སྐྱབས་འགྲོའི་ངེས་ཚིགས་ས་ར་ཎ་སྐྱབས་སམ་རྟེན་ལ་འཇུག་ཅིང་སྐྱབས་ཀྱི་དོན་ནི། ཡུལ་གང་ལ་བརྟེན་པ་ཙམ་གྱིས་སྡུག་བསྔལ་ཐམས་ཅད་ལས་དུས་གཏན་དུ་ངེས་པར་ཐར་བར་བྱེད་ནུས་པ་ལ། མཛོད་འགྲེལ་ལས་གསུང་འདུག་གོ །ཎ་ལ་རྣམ་དབྱེ་གཉིས་པ་ལས་སུ་བྱ་བའི་དོན་ཨཾ་བྱིན་པ་ཎ་ཎི་ཞེས་པར་འགྱུར་བས། ཡུལ་ལ་བརྟེན་ཅིང་འགྲོ་བའི་བྱ་བ་བྱེད་པ་བསྟན་པ་ཡིན་ནོ། །མཚན་ཉིད་ཀྱང་། སྤྱིའི་མཚན་ཉིད་ཀྱིས་ནི་སྐྱེས་བུ་ཆུང་ངུའི་སྐྱབས་འགྲོ་སོགས་ཐམས་ཅད་བསྡུས་ལ། བྱེ་བྲག་གི་མཚན་ཉིད་ཀྱིས་ནི་ཐེག་ཆེན་སྐྱབས་འགྲོ་ཁོ་ན་བསྡུས་པ་ཡིན་ལ། མཚན་ཉིད་གཉིས་ནི་ཟླ་བའི་ཕྲེང་མཛེས་སུ་བཀོད་ཟིན་ཏོ། །དེ་ཡང་མཛོད་འགྲེལ་ལས། སྐྱབས་འགྲོ་རྣམས་ཀྱི་རང་བཞིན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱི་ངོ་བོ་ཉིད་དག་ཡིན་ནོ། །ཞེས་གསུངས་འདུག་པས། རྣ་བས་དངོས་སུ་ཐོས་ནུས་པའི་རིག་བྱེད་ཅན། སྐྱབས་འགྲོའི་ཚིག་ངག་ནས་བརྗོད་པའི་ངོ་བོ་ཡང་གཙོ་ཆེ་བར་སྐྱབས་འགྲོའི་མཚན་ཉིད་དུ་འགྱུར་རོ། །དབྱེ་བ་ལ། བརྡར་བཏགས་པ་ཀུན་རྫོབ་སྐྱབས་འགྲོ་དང་། ཆོས་ཉིད་ཀྱིས་ཐོབ་པ་དོན་དམ་སྐྱབས་འགྲོ་གཉིས་ལས། ཀུན་རྫོབ་སྐྱབས་འགྲོ་ལ། རང་གི་ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་འདོད་པ་འབྲས་བུའི་སྐྱབས་འགྲོ་དང་། གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་སྟོན་པ་ལམ་གྲོགས་སུ་ཁས་ལེན་པས་རང་འབྲས་ཐོབ་པའི་རྒྱུ་བྱེད་པས་རྒྱུའི་སྐྱབས་འགྲོ་སྟེ་དབྱེ་བ་གཉིས་སོ། །ཡན་ལག་དྲུག་པ་བཤད་ཅེས་པའི་ཡན་ལག་ནི་ཡན་ལག་ཅན་དང་ཐ་དད་དུ་ཡོད་པ་ལ་འཇོག་པ་མ་ཡིན་གྱི། ཚོགས་པ་ཁྱད་པར་བར་གྲུབ་པ་ལ་སྐྱབས་འགྲོ་དང་། ཚོགས་པ་དེར་མེད་དུ་མི་རུང་བའི་ཆོས་ལ་དེ་ཡི་ཡན་ལག་ཏུ་འཇོག་པ་ནི་དཔེར་ན་ཤིང་རྟ་དང་། དེའི་ཡན་ལག་ལྟ་བུ་སྟེ། འདི་ནི་འདུས་པའི་ཡན་ལག་གི་ཡན་ལག་ཡིན་ནོ། །སྐྱབས་འགྲོ་ལ་ཐོག་མཐའ་བར་གསུམ་དུ་དགོས་པའི་ཡན་ལག་ཐམས་ཅད་དྲུག་པོ་འདིར་འདུས་པས་ཡན་ལག་དྲུག་སྟེ་རྒྱུ་ལ་སོགས་པའི་སྒོ་ནས་བཤད་པར་བྱའོ། །ཞེས་སློབ་དཔོན་རང་གི་རྩོམ་པ་མཐར་ཕྱིན་པའི་ཕྱིར་དམ་བཅའ་བའོ། །བཞི་པ་གོ་རིམ་དང་མི་འགལ་བ་མཚམས་སྦྱོར་ལ། སྤྱིར་གོ་རིམ་བཞི་སྟེ། བདེན་བཞིའི་རིམ་པ་ལྟ་བུ་མངོན་པར་རྟོགས་པའི་གོ་རིམ། བདེན་གཉིས་ལྟ་བུ་རྒྱུ་འབྲས་གོ་རིམ། བསམ་གཏན་བཞི་ལྟ་བུ་སྐྱེ་བའི་གོ་རིམ། ཡང་དག་སྤོང་བཞི་ལྟ་བུ་རྣམ་པར་བརྟགས་པའི་གོ་རིམ་མངོན་མཛོད་ལས་གསུངས་ཤིང་། སྐབས་འདིའི་ཡན་ལག་རྣམས་ཀྱི་རིམ་པ་ནི་རྣམ་པར་བརྟགས་པའི་གོ་རིམ་དུ་གནས་ཏེ། སྐྱབས་སུ་འགྲོ་བྱེད་ཡིན་པས་རྒྱུ་ཐོག་མར་བརྟགས་པའི་འཕྲོར་སྐྱབས་འགྲོའི་དམིགས་ཡུལ་བརྟགས་རྗེས་སུ། འགྲོ་བ་པོའི་གང་ཟག་གི་དུས་མཚམས་བརྟགས་པ་དེ་མ་ཐག་གང་ཟག་དེས་ཐོབ་བྱ་ཕན་ཡོན་བརྟགས་པའི་མཇུག་ཏུ། ཕན་ཡོན་གེགས་མེད་འགྲུབ་བྱེད་བསླབ་བྱ་བརྟགས་པའི་ཕྱིས་སུ། བསླབ་པ་ལྡན་བྱེད་བླང་བ་བརྟགས་པ་ལེགས་པར་གྲུབ་པས་སོ། །ལྔ་པ་རིགས་པ་དང་སྔ་ཕྱི་མི་འགལ་བར་གཏན་ལ་ཕབ་པ་བརྒལ་ལན་དང་བཅས་པ་ནི། སྤྱིར་ཟློས་པའི་དོགས་པ་དང་། མ་ཚང་བའི་དོགས་པ་དང་། འགལ་བའི་དོགས་པ་བསལ་བའི་ཕྱིར་བརྒལ་ལན་བསྟན་པ་ལས་ཅུང་ཟད་དཔེར་བརྗོད་ན། རྒྱུའི་སྐབས་སུ་ཡོན་ཏན་དྲན་པ་དང་འབྲས་བུ་ཕན་ཡོན་ཟློས་པར་འགྱུར་ཏེ། གཉིས་ཀ་སྤྱིར་ཡོན་ཏན་ཡིན་པར་གཅིག་པའི་ཕྱིར་ཞེས་བརྒལ་བ་བྱེད་ན། ལན་ནི་གཅིག་ཀྱང་ཟློས་པའི་ཉེས་པ་མེད་དེ། རྒྱུའི་སྐབས་གཞན་རྒྱུད་བྱོན་ཟིན་དཀོན་མཆོག་གི་ཡོན་ཏན་ཡིན་ཅིང་། ཕན་ཡོན་སྐབས་རང་རྒྱུད་ལ་ཐོབ་བྱའི་ཡོན་ཏན་རྣམས་བསྟན་པ་ཡིན་པས་སོ། །ཡང་ཡུལ་ཟློས་པར་འགྱུར་ཏེ། རྒྱུའི་སྐབས་ཡོན་ཏན་དྲན་པས་ཡུལ་གོ་ནུས་བཞིན་དུ་ཡུལ་ཡན་ལག་གཅིག་ཏུ་བཞག་པའི་ཕྱིར་ཞེས་བརྒལ་ན། ལན་ནི་བཞག་ཀྱང་མི་ཟློས་ཏེ། རྒྱུའི་སྐབས་ཡོན་ཏན་ཁོ་ན་གཙོ་བོར་བྱས་ནས་ཡུལ་ལ་དམིགས་པ་ཡིན་ལ། ཡུལ་གྱི་སྐབས་མཚན་ཉིད་དང་དབྱེ་བ་ལ་སོགས་པས་ཡུལ་གྱི་དངོས་པོ་གཏན་ལ་ཕབ་དགོས་པས་སོ། །ཡང་ཡོན་ཏན་དྲན་པ་ཟློས་པར་འགྱུར་ཏེ། རྒྱུ་དང་བསླབ་བྱ་གཉིས་ཀྱི་སྐབས་ཡོན་ཏན་དྲན་པ་འབྱུང་བའི་ཕྱིར་ཞེས་བརྒལ་ན། ལན་ནི་ཟློས་སྐྱོན་མེད་ད ེ་རྒྱུའི་སྐབས་སྐྱབས་སུ་མ་སོང་བ་འགྲོ་བྱེད་དུ་ཡོན་ཏན་དྲན་པ་དང་། ཐུན་མོང་གི་བསླབ་བྱའི་སྐབས་སྐྱབས་སུ་སོང་ཟིན་པ་བརྟན་པར་བྱེད་པའི་ཆེད་དུ་ཡོན་ཏན་དྲན་དགོས་པར་བསྟན་པས་སོ། །དེ་ཡན་གྱིས་ཐོག་མར་དགེ་བ་ཀླད་ཀྱི་དོན་བཤད་པ་གྲུབ་བོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་བཤད་པ་ལ། རྩ་བའི་སྡོམ་བསྟན་པ་དང་། སྡོམ་གྱི་དོན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུ་ཅི་ལྟ་བུ་ཡིས་སྐྱབས་སུ་འགྲོ་དགོས་པའི་ཚུལ་བསྟན་པ་དང་། གང་ལ་སྐྱབས་སུ་འགྲོ་བའི་ཡུལ་བསྟན་པ་དང་། ཅི་ཙམ་ཞིག་ཏུ་སྐྱབས་སུ་འགྲོ་བའི་དུས་བསྟན་པ་དང་། སྐྱབས་སུ་སོང་བ་ལས་བྱུང་བའི་འབྲས་བུ་ཕན་ཡོན་བསྟན་པ་དང་། ཕན་ཡོན་དེ་ལེགས་པར་འགྲུབ་ཅིང་སྐྱབས་འགྲོ་རྒྱུད་ལ་བརྟན་པར་གནས་བྱེད་བསླབ་བྱ་བསྟན་པ་དང་། རྒྱུད་བསླབ་སྡོམ་དང་ལྡན་པར་སྒྲུབ་བྱེད་སྐྱབས་འགྲོ་བླང་བའི་ཆོ་ག་བསྟན་པ་དང་དྲུག་པོ་ལ་ཡན་ལག་དྲུག་ཅེས་བྱའོ། །དེ་ལྟ་བུ་ཐོག་མར་བཀོད་པ་རྣམས་ཀྱིས་ནི་གཞུང་རྩ་བ་ཚིགས་སུ་བཅད་པའི་དོན་གྱི་ཚོགས་བསྡམས་བྱར་གྱུར་པ་དག །ཕན་ཚུན་མ་འདྲེས་པ་སོ་སོར་སྡོམ་བྱེད་དུ་ལེགས་པར་བསྟན་པ་ཡིན་ཅེས་གསུངས་པའོ། །དེ་ལ་གཞུང་ཉིད་རྩ་བར་ཇི་ལྟར་འཇོག་ཞེ་ན། རྩ་བ་ཞེས་པ་གཉིས་ལ་འཇུག་སྟེ། བརྟན་ཅིང་མི་འགྱུར་བ་དང་། འོག་ཏུ་དམའ་བར་གནས་པ་གཉིས་སུ་མཛོད་ལས་བཤད་ཅིང་། འདིར་ནི་བརྟན་པ་ཉིད་ངེས་པར་བཟུང་བར་བྱ་སྟེ། གཞུང་གི་ཚིག་རྣམས་སུས་ཀྱང་གཞན་དུ་བསྒྱུར་མི་ནུས་པ་དང་། རྒྱ་ཆེར་ཇི་ལྟར་བཤད་པ་ཐམས་ཅད་མདོར་སྡུད་བྱེད་དུ་འདི་བརྟན་ཅིང་མི་འགྱུར་བར་རྟག་ཏུ་གནས་པས་སོ། །གཉིས་པ་སྡོམ་གྱི་དོན་རྒྱས་པར་བཤད་པ་ལ་ཡན་ལག་དྲུག་ཡོད་པ་ལས། ཡན་ལག་དང་པོ་རྒྱུ་ཅིས་སྐྱབས་སུ་འགྲོ་དགོས་ཚུལ་བསྟན་པ་ལ། སྤྱིར་རྒྱུ་དང་རྐྱེན་དོན་གཅིག་པར་ཤེས་དགོས་ལ། རྒྱུ་ལ་དབྱེ་ན་དྲུག་ཡོད་དེ། རང་གི་ངོ་བོའི་རྒྱུ་ལས་གཞན་པ། ཕན་འདོགས་ནུས་པ་དང་གེགས་མི་བྱེད་ཆེད་ཐམས་ཅད་བྱེད་རྒྱུ། རང་དང་ལྷན་ཅིག་ཕན་ཚུན་རྒྱུ་འབྲས་སུ་འབྱུང་བ་ལྷན་ཅིག་འབྱུང་བའི་རྒྱུ། སྔ་ཕྱི་འདྲ་བའི་ངོ་བོར་སྐྱེད་པ་སྐལ་མཉམ་གྱི་རྒྱུ། སེམས་སེམས་བྱུང་རྟེན་མཚུངས་གཙོ་བོར་གྱུར་བའི་མཚུངས་པ་ལྔ་ལྡན་པའི་མཚུངས་ལྡན་རྒྱུ། ཉོན་མོངས་ཕྱི་མའི་ཉེར་ལེན་ཀུན་འགྲོའི་རྒྱུ། མི་དགེ་བ་དང་དགེ་བ་ཟག་བཅས་ཐམས་ཅད་རྣམ་སྨིན་གྱི་རྒྱུ་ཡིན་ལ། དེ་རྣམས་གཉིས་སུ་གནས་ཏེ། སྐལ་མཉམ་ཀུན་འགྲོ་རྣམ་སྨིན་གསུམ་ཉེར་ལེན་གྱི་རྒྱུ། ལྷན་འབྱུང་བྱེད་རྒྱུ་མཚུངས་ལྡན་གསུམ་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །རྐྱེན་ལ་བཞི་སྟེ། རྒྱུ་ལྔ་ནི་རྒྱུའི་རྐྱེན། བྱེད་རྒྱུ་ནི་བདག་པོའི་རྐྱེན། ཤེས་པའི་དམིགས་ཡུལ་དེ་དམིགས་རྐྱེན། ཤེས་པ་འགགས་མ་ཐག་པ་མཚུངས་པ་དེ་མ་ཐག་རྐྱེན་ཡིན་ལ། དེའང་གཉིས་སུ་གནས་ཏེ། སྔར་བཞིན་རྒྱུའི་ནང་ནས་གསུམ་དང་དེ་མ་ཐག་རྐྱེན་ནི་ཉེར་ལེན་ཡིན་ཅིང་། གཞན་ཐམས་ཅད་ལྷན་ཅིག་བྱེད་རྐྱེན་ཡིན་ནོ། །དེ་དག་ཀྱང་རང་འབྲས་དང་ཉེ་ཞིང་འདྲ་བ་ལེན་བྱེད་ཉེར་ལེན་གྱི་རྒྱུ། ཉེར་ལེན་དང་ལྷན་གཅིག་ཏུ་ཚོགས་ནས་འབྲས་བུ་སྐྱེད་པ་ལ་ཕན་འདོགས་བྱེད་ཐམས་ཅད་ལྷན་ཅིག་བྱེད་པའི་རྒྱུ་ཡིན་ནོ། །སྤྲོས་པས་ཆོག་གོ་སྐབས་དོན་ཉིད་ལ་འཇུག་པར་བྱ་སྟེ། དེ་ཡང་སྐབས་སུ་འགྲོ་བའི་ཉེར་ལེན་ལའང་གཉིས་སུ་ཡོད་པ་ལས། བརྒྱུད་པའི་ཉེར་ལེན་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། ཉོན་མོངས་པའི་དྲི་མ་དང་ལྡན་བཞིན་དུ་ངོ་བོ་ཡེ་དག་གི་དེ་བཞིན་ཉིད་དཀོན་མཆོག་གསུམ་གྱི་རིགས་ཞེས་བྱ་བ་རྟོགས་བྱའི་ཚུལ་དུ་གནས་པ་ལས་རང་རྒྱུད་ལའང་འབྲས་བུའི་དཀོན་མཆོག་གསུམ་འབྱུང་བ་ཡིན་ནོ། །རིགས་སམ་ཁམས་དེ་སད་པར་བྱེད་པའི་རྐྱེན་ནི་གཞན་རྒྱུད་ལ་བྱོན་ཟིན་པའི་དཀོན་མཆོག་གསུམ་ཡིན་ཅིང་དེའང་རིགས་དེ་མངོན་གྱུར་རྟོགས་པ། གློ་བུར་འཕྲལ་དག་གི་སངས་རྒྱས་བྱང་ཆུབ། ཡོན་ཏན་གྱི་ཆོས་ཕུན་སུམ་ཚོགས་པའི་ཡན་ལག་ཅན་གཞན་ལ་རིགས་རྟོགས་པར་བྱེད་པའི་ལྷུན་གྲུབ་རྣམ་པར་མི་རྟོག་པ་རྒྱལ་བའི་མཛད་པ་དང་ལྡན་པ་སངས་རྒྱས་དཀོན་མཆོག་དང་། དེ་ལས་བྱུང་བ་ཆོས་དང་དགེ་འདུན་དཀོན་མཆོག་རྣམས་ཡིན་ཀྱང་དེའི་རྣམ་བཞག་འོག་ནས་བཤད་བྱ་ཡིན་ནོ། །དངོས་ཀྱི་ཉེར་ལེན་ནི། ལམ་མ་ཞུགས་པ་ཐ་མལ་གྱི་སེམས་ཅན་ལ་དད་མོས་སྤྱི་ཁྱབ་པ་ཞིག་རིགས་ཡོད་པའི་རྟགས་སུ་ངང་གིས་འབྱུང་བ་དེ་ཡིན་ནོ། །སྐྱབས་འགྲོའི་ལྷན་ཅིག་བྱེད་རྒྱུ་ལའང་གཉིས་སུ་གནས་པ་ལས། ཐུན་མོང་མ་ཡིན་པའི་ལྷན་ཅིག་བྱེད་པའི་རྒྱུ་ནི། འཇིགས་པ་དྲན་པས་སྐྱབས་སུ་འགྲོ་བ་ཡིན་ཏེ། སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་ལ་སོ་སོར་འཇིགས་པ་དྲན་པ་གསུམ་འབྱུང་དགོས་པས་སོ། །དེ་ནི་འདིར་འདུས་བྱས་འཁོར་བའི་འཇིགས་པ་དྲན་པ། འདུས་མ་བྱས་མྱང་འདས་འཇིགས་པ་དྲན་པ། འཇིགས་ལ་བརྟེན་ཏེ་སྙིང་རྗེ་ཆེན་པོ་བསྐྱེད་པ་དང་གསུམ་དུ་ཡོད་པ་ལས། དང་པོ་ལ་གསུམ་ལས། རྒྱུ་ཉོན་མོངས་ཅན་གྱི་མ་རིག་པ་བརྟེན་པར་བཅས་པའི་འཇིགས་པ་དྲན་པ་ནི། བརྟེན་འབྲེལ་བཅུ་གཉིས་ཀྱིས་ཤེས་དགོས་ཤིང་། དེ་ཉིད་སྐབས་འདིར་རྣམ་པ་ལྔས་གཏན་ལ་དབབ་པ་ལ། རྟེན་འབྲེལ་གྱི་ངོ་བོ་རྒྱུ་འབྲས་གཉིས་སུ་གནས་སོ། །རྟེན་འབྲེལ་གྱི་ངེས་ཚིག་ནི། པྲ་ཏི་ཏ་རྟེན་པའི་དོན་ལ་འཇུག་སྟེ་ལྷན་ཅིག་བྱེད་རྒྱུ་ཡིན་ནོ། །སམ་ཞེས་བྱ་བ་སམྦྷ་བ་སྟེ་འབྲེལ་བ་ལ་འཇུག་ཅིང་དེ་ནི་ཉེར་ལེན་གྱི་རྒྱུའོ། །ཨུཏྤད་འབྱུང་བ་ལ་འཇུག་སྟེ་དེ་ནི་སྐྱེ་བའ་ིདོན་ཏོ། །སྒྲ་བསྡུས་ན་པྲ་ཏི་ཏ་ས་མུཏྤ་ད་ཞེས་པར་འགྱུར་ཏེ་རྟེན་ཅིང་འབྲེལ་འབྱུང་ངོ་། །རྟེན་འབྲེལ་གྱི་མཚན་ཉིད་ནི་མངོན་པ་ཀུན་བཏུས་ལས། གཡོ་བ་མེད་པ་དང་། མི་རྟག་དང་། ནུས་པའི་རྐྱེན་ལས་བྱུང་བར་གསུངས་པས་ན། མདོ་ལས། འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ། འདི་ལྟ་སྟེ། མ་རིག་པའི་རྐྱེེན་གྱིས་འདུ་བྱེད་སོགས་གསུངས་པའི་དགོངས་དོན་ཡང་རིམ་གྱིས་ལེགས་པར་བཀྲལ་བ་ཡིན་ཅིང་། དེས་ནི་བསལ་བྱའི་གཙོ་བོ་རྒྱུ་མེད་ལས་སྐྱེས་པ་དང་། མི་མཐུན་པའི་རྒྱུ་ལས་སྐྱེས་པ་ག ཉིས་ཀྱང་བསལ་ཏེ། དབང་ཕྱུག་སོགས་ཀྱི་བློའ་ིགཡོ་བ་སྔོན་བཏང་གིས་བྱ་བ་མེད་པས། རང་གི་རྒྱུ་ཡོད་ཙམ་བྱེད་པར་བསྟན་པས་དང་པོ་བསལ། རྒྱུ་ཡིན་མི་སྲིད་པ་རྟག་པ་ལས་མི་འབྱུང་བར། མི་རྟག་པ་ལས་འབྱུང་བ་དང་། རྒྱུ་ཡིན་པའི་མི་རྟག་པ་ཐམས་ཅད་ལས་ཐམས་ཅད་མི་འབྱུང་བར་ནུས་པ་ལྡན་པའི་ཉེར་ལེན་བྱེད་རྐྱེན་ལས་སྐྱེ་བར་བསྟན་པས་གཉིས་པ་བསལ་བས་སོ། །རྟེན་འབྲེལ་གྱི་རྣམ་བཞག་ལ། ཡན་ལག་གི་རྣམ་པར་དབྱེ་བ། ཡན་ལག་མདོར་བསྡུ་བ། ཡན་ལག་རྐྱེན་དུ་རྣམ་པར་བཞག་པ། ཡན་ལག་གི་ལས་བསྟན་པ། ཡན་ལག་ཀུན་ནས་ཉོན་མོངས་གསུམ་དུ་བསྡུ་བ། རབ་དབྱེ་བཤད་པ་དང་དྲུག་ལས། དང་པོ་ལ་བཅུ་གཉིས་ཀྱི། མ་རིག་པ་ནི་གཉིས་ཏེ། དངོས་པོར་འཛིན་པ་ཉོན་མོངས་ཅན་གྱི་མ་རིག་པ་དང་། དངོས་མེད་འཛིན་པ་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལས། སྲིད་པའི་རྩ་བ་ནི་དང་པོ་ཡིན་ཏེ། སྟོང་ཉིད་བདུན་ཅུ་པ་ལས། དངོས་པོ་སྟོང་པར་ངེས་རྟོགས་པས། །ཡང་དག་མཐོང་ཕྱིར་རྨོངས་མི་འགྱུར། །དེ་ནི་མ་རིག་འགོག་པ་ཡིན །དེ་ནས་ཡན་ལག་བཅུ་གཉིས་འགགས། །ཞེས་དང་། རིགས་པ་དྲུག་ཅུ་པ་ལས། དངོས་པོར་ཁས་ལེན་ཡོད་ན་ནི། །འདོད་ཆགས་ཞེ་སྡང་ལ་སོགས་དང་། །ལྟ་བ་མི་ཟད་མ་རུང་འབྱུང་། །དེ་མེད་ཉོན་མོངས་མི་སྐྱེ་སྟེ། །ཞེས་གསུངས་ཤིང་སྐྱབས་འགྲོ་བདུན་ཅུ་པ་ལས་བསྟན་པ་ཡང་འདི་ལྟར། མ་རིག་པ་ཉོན་མོངས་ཅན་གྱིས་བྱས་པའི་རྟོགས་པ་རང་གི་ངོ་བོ་ནི། དོན་རང་གི་མཚན་ཉིད་ཀྱི་ངོས་ནས་བྱ་བ་བྱེད་ནུས་པའི་དངོས་པོ་མེད་བཞིན་དུ་ཡོད་པར་སྒྲོ་བཏགས་ནས་འཛིན་པར་འདོད་ལ། འདི་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་འཁོར་བར་སྐྱེ་བའི་རྒྱུའི་དང་པོ་ཡིན་ཅིང་དེ་ལྟ་བུའི་དངོས་པོར་རྟོག་པ་དེ་ནི་དེ་ཁོ་ན་ཉིད་ལ་རྨོངས་པའི་མ་རིག་པ་ཡིན་ཏེ། སྟོང་ཉིད་ལ་དངོས་པོར་སྒྲོ་བཏགས་ཤིང་བདག་རྟག་ཏུའང་ཞེན་པས་སོ། །ཡང་དེ་འདྲའི་དངོས་རྟོག་གཉིས་པར་འགྱུར་བ་ཆོས་རྒྱུ་དང་འབྲས་བུ་ལ་རྨོངས་པས་ནོར་བར་སྒྲོ་བཏགས་པ་ལོག་པའི་ཤེས་པ་དངོས་པོར་འཛིན་པ་ནི་འབྲས་བུ་རྣམ་པར་སྨིན་པ་ལ་རྨོངས་པའི་མ་རིག་པའོ། །སྔ་མ་ནི་རྒྱུན་མ་ཆད་པར་འཁོར་བའི་ཚེ་ན་འཇུག་ཅིང་འཁོར་བའི་ཆོས་ཐམས་ཅད་ལ་ཁྱབ་བྱེད་དུའང་གནས་པས་མ་རིག་འདི་ལ་ནི་ལྷན་ཅིག་པའི་མ་རིག་པ་ཞེས་ཀྱང་བྱ་ལ་འདིའི་རྒྱུ་གཞན་ཡང་བརྟགས་མི་དགོས་པས་ཐུག་མེད་དུ་མི་འགྱུར་བར་ཡན་ལག་བཅུ་གཉིས་སུ་ངེས་ཤིང་རང་གི་ཉེར་ལེན་ལ་ཐོག་མ་མེད་པས་འཁོར་བ་ཐོག་མ་ཅན་དུའང་མི་འགྱུར་འདི་ཉིད་འཁོར་བའི་རྩ་བ་ཡིན་ནོ། །ཕྱི་མ་ནི་མི་དགེའི་ལས་ཙམ་སློང་བྱེད་ཡིན་པས་མ་འདྲེས་པའི་མ་རིག་པ་ཞེས་བྱའོ། །མ་རིག་དང་པོས་ནི་འདོད་པའི་མཐོ་རིས་སུ་འཕེན་བྱེད་བསོད་ནམས་དང་ཁམས་གོང་མར་འཕེན་བྱེད་མི་གཡོའི་ལས་སེམས་པ་འདུ་བྱེད་ཅིང་། གཉིས་པས་ནི་ངན་འགྲོར་འཕེན་བྱེད་མི་དགེའི་ལས་སེམས་པ་འདུ་བྱེད་པ་ནི་འདུ་བྱེད་དོ། །ལས་འདུ་བྱེད་ཀྱིས་བག་ཆགས་བགོས་པ་ནི་རྣམ་ཤེས་ཏེ། ཚོགས་བརྒྱད་འདོད་པ་ལྟར་ན་ཀུན་གཞི་དང་། ཚོགས་དྲུག་འདོད་པ་ལྟར་ཡིད་ཤེས་སོ། །རྣམ་ཤེས་དེ་མངལ་དུ་ཉིང་མཚམས་སྦྱར་བའི་སྐད་ཅིག་ནི་མིང་གཟུགས་ཏེ། དེ་ཡང་། སྲིད་པ་ཕྱི་མར་གཞོལ་བས་སམ་རང་གི་ངོ་བོའི་རྒྱུན་མི་འཆད་པར་སྟོན་པས་མིང་ཞེས་བྱ་སྟེ་གཟུགས་ཅན་མིན་པའི་ཕུང་པོ་བཞི་ཡིན་ལ། གཟུགས་ཅན་གྱི་ཕུང་པོ་ནི་གཟུགས་སོ། །མིང་ལས་ཡིད་ཀྱི་སྐྱེ་མཆེད་འགྲུབ་ཅིང་། གཟུགས་ལས་མིག་སོགས་གཟུགས་ཅན་གྱི་སྐྱེ་མཆེད་ལྔ་གྲུབ་པ་སྐྱེ་མཆེད་དོ། །ནང་གི་སྐྱེ་མཆེད་དྲུག་པོ་ཡུལ་གྱི་སྐྱེ་མཆེད་དྲུག་དང་ཕྲད་པ་ནི་རེག་པ་སྟེ་མིག་གི་འདུས་ཏེ་རེག་པ་སོགས་དྲུག་གོ །རེག་པས་ཡུལ་ཡོངས་སུ་བཅད་པ་ཉམས་སུ་མྱོང་བ་ཚོར་བ་སྟེ་དེ་ཡང་འདོད་པའི་ཚོར་བ་བདེ་སྡུག་བར་མ་གསུམ། གཟུགས་ཀྱི་བསམ་གཏན་དང་པོའི་དབེན་པ་ལས་སྐྱེ་བའི་ཚོར་བ་བདེ་བ། གཉིས་པའི་ཏིང་ངེ་འཛིན་ལས་སྐྱེས་པའི་བདེ་བ། གསུམ་པའི་དགའ་བ་མེད་པའི་བདེ་བ། བཞི་པའི་ཚོར་བ་བཏང་སྙོམས་གཟུགས་མེད་པའི་བཏང་སྙོམས་ཀྱི་ཚོར་བ་རྣམས་སོ། །ཚོར་བ་བདེ་བ་དང་བཏང་སྙོམས་ལ་མ་བྲལ་བར་འདོད་པ་འདོད་སྲེད། སྡུག་བསྔལ་བྲལ་འདོད་ཀྱི་འཇིག་སྲེད་གཉིས་སྐྱེ་བ་སྲེད་པའོ། །ཡུལ་ལྔའི་འདོད་པ་ཉེ་བར་ལེན་པ། དྲུག་ཅུ་རྩ་བཞིའི་ལྟ་བ་ཉེ་བར་ལེན་པ། ཚུལ་ཁྲིམས་དང་བརྟུལ་ཞུགས་ཉེ་བར་ལེན་པ། བདག་ཏུ་སྨྲ་བ་ཉེར་ལེན་པ་བཞི་དང་བཅས་ཤིང་ད་ལྟའི་སྲིད་པ་འདི་ལས་གཞན་པ་སྐྱེ་བ་ཕྱི་མ་ཡང་སྲིད་དོན་གཉེར་གྱི་ཆགས་པ། སྲིད་པ་འདོད་པའི་སྲེད་པ་ནི་ལེན་པ་ཡིན་ནོ། །སྲིད་འདོད་ཀྱི་སྲེད་པའི་དབང་གིས་ཡང་སྲིད་ཀྱི་ཕུང་པོ་ལྔ་འགྲུབ་མ་རག་པའི་ལས་ནུས་མཐུ་ཅན་ནི་སྲིད་པ་སྟེ་ཁམས་གསུམ་གྱིས་བསྡུས་པ་གསུམ་མོ། །ལས་ཀྱིས་སྐྱེ་གནས་གྲུབ་པ་ནི་སྐྱེ་བ་སྟེ། བརྫུས་སྐྱེས་ལ་སོགས་པ་སྐྱེ་བ་བཞིའོ། །སྐྱེ་བའི་རྒྱུན་དེ་ནི་ན་ཚོད་འགྱུར་བ་རྒ་བ་དང་། སྲོག་འགྱུར་བ་ཤི་བ་སྟེ་འདི་གཉིས་ཡན་ལག་གཅིག་ཏུ་བགྲངས་བ་ནི་མ་རྒས་པར་འཆི་བ་ཡོད་པས་སོ། །ཡང་རྒ་ཤིའི་འབྲས་བུ་མ་བསྟན་པའི་ཕྱིར་འཁོར་བ་ལ་ཐ་མ་ཡོད་པར་འགྱུར་རོ་ཞེ་ན། སྐྱེ་བ་དང་རྒ་བ་ནི་སྐྱེ་བའི་མི་རྟག་པ་ཡིན། ཤི་བ་ནི་འཇིགས་པའི་མི་རྟག་པ་ཡིན་པས་མི་རྟག་འདི་གཉིས་འཁོར་བའི་ཡན་ལག་གཞན་ཐམས་ཅད་ཀྱི་རྒྱུ་དང་། ངོ་བོ་དང་། འབྲས་བུར་ལྡན་པ་ཡིན་པས་འབྲས་བུར་བསྟན་པ་ཡིན་ནོ། །ཡན་ལག་བཅུ་གཉིས་པོ་འདི་ནི་མངལ་སྐྱེས་ཀྱི་དབང་དུ་མངོན་པ་མཛོད་ལས་བཤད་ཀྱང་ལེགས་པར་བརྟགས་ན་བརྫུས་ཏེ་སྐྱེ་བ་ལ་ཡང་རིམ་གྱིས་འགྲུབ་ནས་ཚང་སྟེ། བརྫུས་སྐྱེའི་མིང་གི་རྟེན་ནི་འབྱུང་བཞིའི་རྡུལ་ཕྲན་ཤིན་ཏུ་དྭངས་པ་མང་པོ་ཅིག་ཅར་བསྡུས་པ་ལས་གཟུགས་རྫོགས་པར་ཅིག་ཅར་གྲུབ་པར་འདོད་དགོས་ཀྱི་དེ་ལྟ་མིན་ན་རྣམ་པར་རིག་བྱེད་ཀྱི་གཟུགས་དབང་པོ་དང་ལྡན་པ་རྒྱུ་མེད་དུ་འགྱུར་ཞིང་སྣང་དུའང་མི་རུང་ངོ་། །མཛོད་ལས་ཕྱིའི་ས་བོན་མེད་པར་གསུངས་པ་ནི་འབྱུང་རྡུལ་རགས་པ་མེད་པ་ལ་དགོངས་སོ། །དེ་ལྟ་ན་བར་དོའི་རྣམ་ཤེས་རྡུལ་ཕྲན་དྭངས་པ་དང་འཕྲད་པ་ཙམ་མིང་གཟུགས་ཏེ་དེ་ལས་སྐྱེ་མཆེད་གྲུབ་པའོ། །ཞེས་པ་དོགས་སྤོང་ངོ་། །འཆི་བས་འཇིགས་ཤིང་གདུང་བ་མྱ་ངན་དང་། སྡུག་བསྔལ་གྱི་ཚིག་འབྱིན་པ་སྨྲེ་སྔགས། ལུས་ཚོར་གྱི་སྡུག་བསྔལ་སྡུག་བསྔལ། ཡིད་ཚོར་སྡུག་བསྔལ་ཡིད་མི་བདེ། ཉོན་མོངས་དང་ཉེ་ཉོན་ལང་བ་འཁྲུགས་པ་སྟེ་ཉེས་དམིགས་སྣ་ཚོགས་ལྡན་པའི་ཕུང་པོ་ཆེན་པོ་གྲུབ་པའོ། །གཉིས་པ་ཡན་ལག་མདོར་བསྡུ་བ་ལ། རྟེན་འབྲེལ་ཚར་གཅིག་རྒྱུ་འབྲས་ཆ་གཉིས་སུ་འཇོག་པ་དང་། རྒྱུ་འབྲས་ཆ་གཅིག་ཏུ་འཇོག་པའི་ལུགས་གཉིས་ཡོད་པ་ལས། སྔ་མ་ནི། བདག་ཚེ་སྔ་མ་ནས་འདིར་དང་འདི་ནས་ཕྱི་མར་འབྱུང་བ་ལ་རྨོངས་པ་བཟློག་ཕྱིར་སྐྱེ་བའི་ཆ་གསུམ་ལ་སྔ་མ་ནས་འདིར་རྒྱུ་འབྲས་ཆ་གཅིག་འདི་ནས་ཕྱི་མར་རྒྱུ་འབྲས་ཆ་གཅིག་ཏུ་འཇོག་པ་ནི་འཕེན་འགྲུབ་དམིགས་ཀྱིས་མ་བསལ་བར། སྤྱིར་རྒྱུ་འབྲས་ཡན་ལག་ཙམ་དུ་བསྡུས་པའོ། །ཕྱི་མ་ནི། མངོན་པ་ཀུན་བཏུས་ལྟར་ན་ཡན་ལག་བཞིར་བསྡུ་སྟེ། མ་རིག་པས་ཀུན་ནས་བསླང་སྟེ་འདུ་བྱེད་སེམས་པའི་ལས་ཀྱི་བག་ཆགས་རྣམ་ཤེས་ལ་བགོས་པ་ནི་འཕེན་བྱེད། རྣམ་ཤེས་དེ་ལ་མིང་གཟུགས་ནས་ཚོར་བའི་བར་བཞི་འབྱུང་རུང་གི་ནུས་པ་གནས་པ་ནི་འཕང་བ་སྟེ། འདི་གཉིས་ནི་བརྒྱུད་རྒྱུ་ཡིན་ལ་འགྲུབ་བྱེད་ཀྱི་བར་དུ་བསྐལ་པ་ཡང་མང་པོས་ཆོད་པ་ཡོད་དེ་མདོ་ལས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་གནས་པ་ཡིན། །ཞེས་གསུངས་པ་འདི་ལ་དགོངས་སོ། །ལས་ཀྱི་བག་ཆགས་བརྒྱུད་རྒྱུར་གནས་པ་དེ་སྲེད་ལེན་གྱིས་གསོས་བཏབ་སྟེ་ཡང་སྲིད་བར་མ་ཆད་དུ་འགྲུབ་རུང་གི་ནུས་པ་ནི་སྲིད་པ་སྟེ་གསུམ་པོ་དེ་འགྲུབ་བྱེད་ཡིན་ལ་འདི་ནི་དངོས་རྒྱུ་ཡིན་ཅིང་། དེ་ལས་ཕྱི་མར་ཉིང་མཚམས་སྦྱར་བའི་སྐྱེ་བ་སོགས་གཉིས་ནི་མངོན་པར་གྲུབ་པའི་ཡན་ལག་སྟེ་འགྲུབ་བྱེད་འགྲུབ་པ་གཉིས་ཀྱི་བར་དུ་ནི་སྐྱེ་བ་གཞན་གྱིས་ཀྱང་བར་དུ་ཆོད་མི་རིགས་ཏེ། སྔ་མའི་འཕྲོར། ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཡན་ལག་རྐྱེན་དུ་རྣམ་པར་བཞག་པ་ལ། སྤྱིར་བཏང་དུ། ཤེས་པས་ཤེས་པ་སྐྱེད་པ་ལ་རྐྱེན་བཞི་བྱེད། ཤེས་པས་བེམ་པོ་ལ་བདག་རྐྱེན་གཅིག་པུ་བྱེད། བེམ་པོས་ཤེས་པ་ལ་བདག་དམིགས་གཉིས་བྱེད། བེམ་པོས་བེམ་པོ་སྐྱེད་པ་ལ་བདག་རྐྱེན་རྒྱུ་རྐྱེན་གཉིས་བྱེད་པ་ཡིན་ཀྱང་། མངོན་པ་ཀུན་བཏུས་ལས། དང་པོའི་དབང་དུ་བྱས་ནས་གསུངས་པ་ལྟར་ན། མ་རིག་པའི་བག་ཆགས་རྒྱུའི་རྐྱེན། དེ་རང་གི་མཚན་ཉིད་ཐ་མི་དད་པའི་རྒྱུ་ནི་སྐྱེད་པའི་ཤུགས་ཅན་འགགས་པ་དེ་མ་ཐག་རྐྱེན། སྒྲོ་བཏགས་ཀྱི་ཡུལ་ཡིད་ལ་བྱེད་པ་དམིགས་རྐྱེན། ལྷན་ཅིག་འབྱུང་བ་འདུ་བྱེད་ཀྱི་བག་ཆགས་བདག་རྐྱེན་ཏེ། མ་རིག་ཕྱི་མ་སྐྱེད་ཚུལ་ཡིན་ཅིང་འདུ་བྱེད་སོགས་ལའང་དེ་བཞིན་སྦྱར་བར་བྱ་ཞིང་། མ་རིག་པ་ནི་འདུ་བྱེད་ཀྱི་བདག་རྐྱེན་ཁོ་ནར་ངེས་པས། བསྡུ་བ་ལས། བདག་རྐྱེན་གཅིག་པུ་བྱེད་པར་གསུངས་པའི་དགོངས་པ་སྟེ། ས་སྡེ་ལས་རྒྱུའི་རྐྱེན་མ་གཏོགས་གསུམ་བྱེད་པར་གསུངས་པ་དོན་དམ་པའི་རྒྱུའི་རྐྱེན་ཀུན་གཞིར་ངེས་པས་སོ། །བཞི་པ་ཡན་ལག་གི་ལས་བསྟན་པ་ལ་གཉིས་ཏེ། འདྲ་བའི་ལས་ནི་སྔ་མ་རྣམས་ཀྱིས་ཕྱི་མ་སྐྱེ་བའི་རྐྱེན་བྱེད་པའོ། །མི་འདྲ་བའི་བྱེད་ལས་ནི། མ་རིག་པས་བདེན་པའི་དོན་ལ་རྨོངས་པའི་དབང་གིས་སྒྲིབ་པར་བྱེད། འདུ་བྱེད་ཀྱིས་ལས་མ་བྱས་པ་དང་མི་ཕྲད་པར་འགྲོ་བའི་རིགས་སོ་སོར་འབྱེད་པའི་ལས་ཀྱི་ས་བོན་འདེབས་པར་བྱེད། རྣམ་ཤེས་ཀྱིས་ལས་བྱས་པ་ཆུད་མི་ཟ་བར་སྐྱེ་བ་ཕྱི་མར་འཁྲིད་པར་བྱེད། མིང་གཟུགས་ཀྱིས་ལུས་འཛིན་པར་བྱེད། སྐྱེ་མཆེད་ཀྱིས་ལུས་ཀྱི་དབང་པོ་ཡོངས་སུ་རྫོགས་པར་བྱེད། རེག་པས་ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་ཡིད་དུ་འོང་མི་འོང་བར་མའི་ཡུལ་གསུམ་གྱི་གང་རུང་ཞིག་ཡོངས་སུ་གཅོད་པར་བྱེད། །ཚོར་བས་ཡུལ་ཉམས་སུ་མྱོང་བས་ཉེ་བར་ལོངས་སྤྱོད་པར་བྱེད། སྲེད་པས་ས་བོན་གསོས་བཏབ་སྟེ་སྐྱེ་བ་སྡུད་པར་བྱེད། ལེན་པས་སྐྱེ་བ་ལ་བར་ཆད་མེད་པར་སྦྱོར་བར་བྱེད། སྲིད་པས་སྐྱེ་བ་ལ་མངོན་སུམ་དུ་ཕྱོགས་པར་བྱེད། སྐྱེ་བས་མིང་གཟུགས་ནས་ཚོར་བའི་བར་མངོན་པར་བསྒྲུབ་སྟེ་སྡུག་བསྔལ་བར་བྱེད། རྒ་ཤིའི་སྐྱེ་བའི་གནས་སྐབས་འགྱུར་བ་ལ་སྤྱོད་པས་སྡུག་བསྔལ་བར་བྱེད་པའོ། །ལྔ་པ་ཡན་ལག་ཀུན་ནས་ཉོན་མོངས་པར་བསྡུ་བ་ནི་མ་རིག །སྲེད་པ། ལེན་པ་གསུམ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ། འདུ་བྱེད་སྲིད་པ་གཉིས་ལས་ཀྱི་ཀུན་ནས་ཉོན་མོངས། ལྷག་མ་བདུན་རྣམ་པར་སྨིན་པའི་ཀུན་ནས་ཉོན་མོངས་སུ་བསྡུ་བ་མཛོད་དང་དབུ་མའི་གཞུང་ལས་འབྱུང་ལ། སེམས་ཙམ་ལས་རྣམ་ཤེས་ལས་སུ་བསྡུ་བ་གཉིས་མི་འགལ་ཏེ། འདུ་བྱེད་དང་། འབྲེལ་བའི་ཚེ་ན་ལས་ཀྱི་ས་བོན་འཛིན་པས་རྒྱུ་དུས་ཀྱི་རྣམ་ཤེས་ཞེས་བཏགས་རིགས་ཤིང་། མིང་གཟུགས་ཀྱི་དངོས་རྒྱུར་བྱུང་ཚེ་འབྲས་བུ་ལ་ཕྱོགས་པའི་ཕྱིར་ན་འབྲས་དུས་ཀྱི་རྣམ་ཤེས་ཞེས་བཏགས་ཆོག་པས་སོ། །དྲུག་པ་རབ་དབྱེ་ལ། སྐད་ཅིག་པ་དང་འབྲེལ་བ་ཅན་རྒྱུན་ཆགས་པ་དང་གནས་སྐབས་པ། སེམས་ཅན་དུ་སྟོན་པ་ནང་གི་རྟེན་འབྲེལ། སེམས་ཅན་མ་ཡིན་པར་སྟོན་པ་ཕྱིའི་རྟེན་འབྲེལ་བཞི་ལས། དང་པོ་ནི། སྐད་ཅིག་མའི་ལས་སྲོག་གཅོད་ལྟ་བུ་ལ་ཚང་བ་སྟེ་མི་ཤེས་བཞིན་དུ་ལས་ལ་འཇུག་པ་མ་རིག་པ། སེམས་པ་དེ་འདུ་བྱེད་ཡུལ་རིག་པ་རྣམ་ཤེས་དེ་ལ་ལྡན་པའི་ཕུང་པོ་གཞན་བཞི་མིང་གཟུགས། མིག་སོགས་སྐྱེ་མཆེད། གསུམ་འདུས་པ་རེག་པ། ཉམས་སུ་མྱོང་བ་ཚོར་བ། ལས་དེར་ཆགས་པ་སྲེད་པ། མཚུངས་ལྡན་གྱི་ཉོན་མོངས་གཞན་རྣམས་ལེན་པ། དེ་དག་གིས་ཀུན་ནས་བསླང་བ་ལུས་ངག་གི་ལས་ལ་ཕྱོགས་པ་སྲིད་པ། ལས་མངོན་དུ་བྱུང་བ་སྐྱེ་བ། ལས་རྣམས་ཆེར་སྨིན་པ་རྒ་བ། ལས་ཞིག་པ་ཤི་བ་སྟེ། འདི་ནི་མཛོད་འགྲེལ་ལྟར་ཡིན་ལ་འཇོག་ཚུལ་མི་འདྲ་བ་གཞན་ཡང་མཐོང་ངོ་། །གཉིས་པ་གསུམ་པ་དོན་གཅིག་ཅིང་སྔར་བཤད་པ་རྣམས་ཡིན་ཀྱང་དེ་ལ་རྒྱུ་དང་འབྲེལ་བ་སྔ་མ་ལས་ཕྱི་མ་འབྱུང་བ་དང་། རྐྱེན་དང་འབྲེལ་བ་ནང་འབྱུང་ལྔ་རྣམ་ཤེས་དང་དྲུག་འདུས་པས་སྐྱེད་པ་སྟེ་གཉིས་ཡོད་དོ། །བཞི་པ་ལའང་གཉིས་ཏེ། ས་བོན་ལས་མྱུ་གུ་ལ་སོགས་པ་རྒྱུ་དང་འབྲེལ་བ། ཕྱིའི་འབྱུང་ལྔ་བྱེད་རྒྱུར་གྱུར་བས་སྐྱེད་པ་རྐྱེན་དང་འབྲེལ་བའོ། །འདི་དག་གི་རྣམ་བཞག་ལེགས་པར་ཤེས་པ་ལ་ནང་གི་རྟེན་འབྲེལ་འདི་ལྟར་ངེས་དགོས་ཏེ། སྤྱིར་བེམ་ཤེས་ལྡན་མིན་འདུ་བྱེད་གསུམ་དུ་གནས་པ། གཟུགས་གཟུགས་ཅན་གྱི་སྐྱེ་མཆེད་སྲིད་པའི་གཟུགས་ཕུང་རྣམས་བེམ་པོ། སེམས་རྣམ་ཤེས་ཡིད་ཀྱི་སྐྱེ་མཆེད་དང་། སེམས་བྱུང་མ་རིག་སེམས་པ་མིང་ཆོས་ཀྱི་སྐྱེ་མཆེད་རེག་པ་ཚོར་བ་སྲེད་ལེན་སྲིད་པའི་ཕུང་པོ་བཞི་སྟེ་དེ་དག་ཤེས་པ། སྐྱེ་བ་རྒ་ཤི་ལྡན་མིན་འདུ་བྱེད་དེ། འདི་དག་གིས་འབྲས་བུ་སྐྱེད་པ་ནི། རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མ་ཡིན་ཕྱིར་ཡང་གྲུབ། །ཅེས་གསུངས་པ་བཞིན། བེམ་པོའི་ཉེར་ལེན་ཡིན་ན་བེམ་པོ། རྣམ་ཤེས་ཀྱི་ཉེར་ལེན་རྣམ་ཤེས། ལྡན་མིན་གྱི་ཉེར་ལེན་ལྡན་མིན་ཡིན་དགོས་ཤིང་། ལྷན་ཅིག་བྱེད་རྐྱེན་ནི་བེམ་པོས་ཤེས་པའི་རྐྱེན་བྱེད། ཤེས་པས་བེམ་པོའི་རྐྱེན་བྱེད་པ་སོགས་དང་། དེ་དག་རེ་རེའི་རྐྱེན་གཉིས་ཀྱིས་བྱེད་པ་སོགས་ཡོད་པ་ཡིན་ནོ། །ཚུལ་འདི་ཤེས་ན་ཕྱིའི་རྟེན་འབྲེལ་ལའང་མཁས་པར་འགྱུར་རོ། །རྟེན་འབྲེལ་རྫོགས་ཚུལ་ལས། རྒྱུ་འབྲས་ཆ་གཉིས་སུ་འཇོག་པ་བྱེ་བྲག་སྨྲ་བ་ལྟར་ན། ཚེ་གསུམ་ལ་རྫོགས་ཏེ། རྒྱུ་མ་རིག་འདུ་བྱེད་གཉིས་སྔོན་གྱི་ཚེར་རྫོགས། རྣམ་ཤེས་སོགས་འབྲས་བུ་ལྔ་དང་ཕྱི་མའི་རྒྱུ་སྲེད་ལེན་སྲིད་གསུམ་རྣམས་ད་ལྟར་གྱི་ཚེར་རྫོགས། འབྲས་བུ་སྐྱེ་བ་རྒ་ཤི་ཕྱི་མར་རྫོགས་པའོ། །རྒྱུ་འབྲས་ཆ་གཅིག་ཏུ་འཇོག་པ་སེམས་ཙམ་ལྟར་ན། སྐྱེ་ནས་མྱོང་འགྱུར་གྱི་ལས་ལ་ཚེ་གཉིས་སུ་རྫོགས་ཏེ། ཚེ་སྔ་མར་འཕེན་བྱེད་གསུམ་གྱིས་འཕང་བའི་ས་བོན་ལྔ་འཆི་ཀ་ཚུན་ཆད་དུ་སྲེད་ལེན་གྱིས་གསོས་ནས་སྲིད་པར་གྱུར་ནས། ཚེ་ཕྱི་མར་འགྲུབ་པ་གཉིས་འབྱུང་བས་སོ། །ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ལ། ཚེ་གསུམ་གྱིས་རྫོགས་ཏེ། ཚེ་སྔ་མར་འཕེན་འཕངས་བརྒྱད་རྫོགས་ཅིང་། བར་བའི་ཚེར་འགྲུབ་བྱེད་གསུམ་རྫོགས་ནས། དེའི་ཕྱི་མར་འགྲུབ་པ་གཉིས་རྫོགས་དགོས་སོ། །ངོ་བོ་བསླུ་ཞིང་མི་རྟག་པའི་འཇིགས་པ་དྲན་པ་ནི། འཁོར་བའི་སེམས་ཅན་ནི་འདི་ཙམ་ནས་བྱུང་ཞེས་ཐོག་མ་མེད་ཅིང་སེམས་ཅན་ཟད་པའི་མཐའ་ཡང་མེད་དེ། ནམ་མཁའ་ལ་མཐའ་མི་སྲིད་པ་ལ་ནམ་མཁས་གར་ཁྱབ་ཏུ་སེམས་ཅན་གྱིས་མ་ཁྱབ་མེད་པས་སོ། །ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་སྲིད་པ་ཞེས་བྱ་ཞིང་། དེ་ནི་འཁོར་བའི་མིང་གི་རྣམ་གྲངས་ཡིན་ལ་འཁོར་བ་ཞེས་པ་ནི། ཉོན་མོངས་ལས་ལས་དག་འབྱུང་ཞིང་ལས་ལས་རྣམ་སྨིན་རྣམས་འབྱུང་ལ་རྣམ་སྨིན་ལས་ཡང་ཉོན་མོངས་བྱུང་ནས་ཕུང་པོ་ལྔ་མགལ་མེ་ལྟར་འཁོར་བའོ། །འཁོར་བ་རང་གི་དབང་དུ་བྱས་ན། སེམས་ཅན་གཅིག་གི་ཐོག་མ་མི་རྙེད་དེ། སེམས་ཅན་གྱི་སྲིད་པའི་གཙོ་བོ་རྣམ་ཤེས་སྐད་ཅིག་མ་ཐོག་མར་སྐྱེ་བ་ནི། རྣམ་ཤེས་རང་གི་ཉེར་ལེན་སྔ་མའི་སྟོབས་ལས་བྱུང་བ་ཡིན་ཏེ། རྣམ་ཤེས་འདོད་འདུན་དང་མཚུངས་ལྡན་ཅན་སྔར་བྱུང་བ་དེ་རྣམ་ཤེས་ཕྱི་མའི་ཉེར་ལེན་ཡིན་པའི་ཕྱིར་ཏེ། དཔེར་ན་ད་ལྟའི་རྣམ་པར་ཤེས་པ་སྔ་ཕྱིར་འབྱུང་བ་བཞིན་ནོ། །དེ་ཡང་སློབ་དཔོན་ཞི་བ་འཚོས། དེའི་ཕྱིར་ཐོག་མའི་རྣམ་པར་ཤེས། །རང་གི་ཉེར་ལེན་སྟོབས་ལས་བྱུང་། །རྣམ་ཤེས་ཉིད་སོགས་གཏན་ཚིག་གིས། །ད་ལྟའི་རྣམ་པར་ཤེས་པ་བཞིན། །ཞེས་གསུངས་སོ། །སེམས་ཅན་གཅིག་གི་ཐ་མ་ཡང་མི་རྙེད་དེ། སེམས་ཅན་འཆི་ཁ་མའི་རྣམ་ཤེས་སྐད་ཅིག་མས་རྣམ་ཤེས་རང་གི་ཉེར་བླང་དུ་གྱུར་པའི་རྣམ་ཤེས་སྐད་ཅིག་མ་བསྐྱེད་ནུས་ཏེ། འདོད་འདུན་གྱིས་ཆགས་པར་བྱེད་པས་འབྲེལ་བའི་ཉེར་ལེན་གྱི་རྣམ་ཤེས་ཡིན་པས་ཏེ། དཔེར་ན་ཚེ་སྔོན་མའི་རྣམ་པར་ཤེས་པས་སྐྱེ་བ་འདི་ཉིད་ཀྱི་རྣམ་ཤེས་བསྐྱེད་ནུས་པ་དེ་བཞིན་ནོ། །དེ་ཡང་། སྔ་མའི་འཕྲོར། འཆི་ཁའི་སྐད་ཅིག་རྣམ་ཤེས་འདིའི། །རང་གི་ཉེར་བླང་བསྐྱེད་ནུས་ཏེ། །ཆགས་པར་བྱེད་པས་འབྲེལ་བ་ཉིད། །སྔོན་གྱི་རྣམ་པར་ཤེས་པ་བཞིན། །ཞེས་གསུངས་སོ། །དེ་ལྟར་འཁོར་ཚེ། དད་པ་ལ་སོགས་པའི་དབང་པོ་ལྔའི་འཇུག་པ་བྲལ་ཞིང་ཡེ་ཤེས་ཀྱི་སྣང་བ་ངེས་མི་ནུས་པའི་རྨོངས་པ་མ་རིག་པའི་གཉིད་མོ་ཆེར་ལོག་པའི་འགྲོ་བ་རྣམས་ལ་ལས་ཉོན་གང་དང་སྣོད་བཅུད་བདེ་སྡུག་གང་སྣང་བ་དེ། མེད་པ་ལ་ཡོད་པའི་སྣང་བའི་སྒྲོ་བཏགས་བརྫུས་མའི་རང་བཞིན་རྫུན་པ་ཡིན་ཅིང་ཡོད་པ་སྐད་ཅིག་ཙམ་ཡང་མི་གནས་པར་སྐྱེ་བའི་མི་རྟག་པ་དང་། འཇིག་པའི་མི་རྟག་པའི་རང་བཞིན་གྱིས་བསླུ་བའི་ཆོས་ཅན་ཏེ། དཔེར་ན་རྨི་ལམ་ལྟ་བུར་འདོད་པར་བྱ་དགོས་སོ། །མི་རྟག་པ་དེ་གཉིས་ཀྱི་རང་བཞིན་རགས་པ་འགྱུར་བའི་མི་རྟག་པ་དང་། ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་གཉིས་ལས། འགྱུར་བའི་མི་རྟག་པ་ལ། སྣོད་ཀྱི་འཇིག་རྟེན་མི་རྟག་ཚུལ་དང་། བཅུད་ཀྱིས་སེམས་ཅན་མི་རྟག་ཚུལ་གཉིས་ལས། སྣོད་ནི། བསམ་གཏན་གསུམ་པ་ནས་བཟུང་འཐབ་བྲལ་བར་གྱི་གནས་རྣམས་ཡས་ནས་མར་ཆགས། ཡང་མས་ནས་ཡར་སྔ་མ་ལ་ཕྱི་མ་བརྟེན་པའི་རིམ་པས་ནམ་མཁའ་རླུང་གི་དཀྱིལ་འཁོར། དེ་ལ་ཆུའི་དཀྱིལ་འཁོར། དེར་གསེར་གྱི་ས་གཞི། དེའི་སྟེང་དུ་ཤར་དངུལ། ལྷོ་བཻཌཱུརྱ། ནུབ་ཤེལ། བྱང་གསེར་ཏེ་རིན་པོ་ཆེ་བཞི་ལས་གྲུབ་པའི་རི་རྒྱལ་ལྷུན་པོ་དཔག་ཚད་འབུམ་དང་དྲུག་ཁྲི་ཡོད་པའི་མཐའ་སྐོར་དུ་གསེར་གྱི་རི་གཉའ་ཤིང་འཛིན། གཤོལ་མདའ་འཛིན། སེང་ལྡེང་ཅན། ལྟ་ན་སྡུག །རྟ་རྣ། རྣམ་འདུད། མུ་ཁྱུད་འཛིན་ཏེ་བདུན། དེ་དག་གི་བར་དུ་རོལ་མཚོ་བདུན། མཐའ་སྐོར་དུ་བ་ཚྭ་ཅན་གྱི་རྒྱ་མཚོ། ཕྱོགས་བཞིར་གླིང་བཞི་གླིང་ཕྲན་བརྒྱད། ཕྱི་རོལ་ལྕགས་ལས་གྲུབ་པའི་འཁོར་ཡུག་གི་རི་སྟེ། དེ་དག་ལ་གླིང་བཞི་པའི་འཇིག་རྟེན་བཞི་བྱ། དེ་རྣམས་དང་ཚངས་པའི་འཇིག་རྟེན་བཅས་པ་སྟོང་ལ་སྟོང་དང་པོ་སྤྱི་ཕུད་ཀྱི་འཇིག་རྟེན། སྤྱི་ཕུད་སྟོང་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན། བར་མ་སྟོང་ལ་སྟོང་གསུམ་མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ཞེས་བྱ་བ་འདི་བར་བསྐལ་གཅིག་ཏུ་ཆགས། ཆགས་པ་དེ་འགྱུར་བཞིན་བར་བསྐལ་ལྔ་བཅུ་ང་བརྒྱད་དུ་གནས། གནས་པ་དེ་འགྱུར་བས་བར་བསྐལ་གཅིག་ཏུ་བསམ་གཏན་དང་པོ་དང་། གཉིས་པ་དང་། གསུམ་པ་མན་ཆད་རིམ་བཞིན་མེ་བདུན་ཆུ་གཅིག་རླུང་གི་འཇིག །འཇིག་པ་དེ་བར་བསྐལ་ཉི་ཤུར་སྟོང་པར་སྐྱེ་ནས་མི་རྟག་གོ །བཅུད་ཀྱི་འཇིག་རྟེན་ནི་སྤྱིར་ཁམས་གསུམ་ལས། གཟུགས་མེད་ཁམས་བཞི་སྟེ། ནམ་མཁའ་མཐའ་ཡས། རྣམ་ཤེས་མཐའ་ཡས། ཅི་ཡང་མེད་པ། ཡོད་མིན་མེད་མིན་ནོ། །གཟུགས་ཁམས་བཞི་ཡོད་པ་ལས། གཟུགས་ཁམས་བསམ་གཏན་བཞི་པ་ལའང་སོ་སྐྱེའི་གནས་གསུམ་སྤྲིན་མེད་སྐྱེས། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་དེའི་ཕྱོགས་འདུ་ཤེས་མེད་པར་བཅས་པ་དང་། འཕགས་པའི་གནས་ལྔ། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་། འོག་མིན་ནོ། །བསམ་གཏན་གསུམ་པ་མན་ཆད་ཡས་ནས་མར་ཆགས་པ་ཡིན་ཅིང་། གསུམ་པ་དེ་ལ་གནས་གསུམ་སྟེ། དགེ་ཆུང་། ཚད་མེད་དགེ །དགེ་རྒྱས་སོ། གཉིས་པའང་། འོད་ཆུང་། ཚད་མེད་འོད། འོད་གསལ་གསུམ་མོ། །དང་པོ་ཚངས་རིས། ཚངས་པ་མདུན་ན་འདོན། ཚངས་ཆེན་གསུམ་སྟེ་ཐམས་ཅད་བསྡོོམས་ན་གཟུགས་ཁམས་གནས་རིས་བཅུ་བདུན་ཞེས་བྱའོ། །འདོད་ཁམས་ལ་མཐོ་རིས་ལྷ་མི་གཉིས་ལས། ནམ་མཁའ་ལ་བརྟེན་པའི་ལྷ་འཐབ་བྲལ། དགའ་ལྡན། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་བཞི། ས་ལ་བརྟེན་པའི་ལྷ། རི་རབ་ཀྱི་བང་རིམ་མན་ཆད་ལ་བརྟེན་པ་རྒྱལ་ཆེན་རིས་བཞི། རི་རབ་ཀྱི་རྩེ་མོར་གནས་པ་སུམ་ཅུ་རྩ་གསུམ་མོ། །ལྷ་མ་ཡིན་ལྷའི་ཁོངས་སུའང་གཏོགས་ལ་རི་རབ་ཀྱི་ཁོང་གསེང་ན་རིམ་པར་འོད་ལྡན་གྱི་གྲོང་ན་སྒྲ་གཅན་འཛིན། དཀར་འཕྲེང་ན་མགུལ་ཕྲེང་། བརྟན་པའི་གྲོང་ན་རབ་གནོན། ཟབ་པའི་གྲོང་ན་ཐག་བཟང་རིས་གནས་སོ། །འདོད་ཁམས་ངན་སོང་གསུམ་ལས། དུད་འགྲོ་བྱིང་གནས་རྒྱ་མཚོ་ཆེན་པོར་ཀླུ་དང་སྲོག་ཆགས་སྣ་ཚོགས་སུ་གནས་ཤིང་། ཁ་འཐོར་ལྷ་མིའི་ཡུལ་ན་གནས་སོ། །ཡི་དྭགས་འཛམ་བུའི་གླིང་གི་འོག་ཏུ་དཔག་ཚད་ལྔ་བརྒྱས་བཅད་པ་ན་གཤིན་རྗེའི་རྒྱལ་པོ་འཁོར་བཅས་ཀྱི་རྒྱལ་ཁབ་ཡོད་ཅིང་། མཁའ་རྒྱུ་མི་ཡུལ་ནའང་ཡོད་དོ། །དམྱལ་བ་འཛམ་བུའི་གླིང་གི་འོག་དཔག་ཚད་ཉི་ཁྲིའི་མཚམས་ན་མནར་མེད་པ་ཡོད་ཅིང་སྟེང་དུ་བརྩེགས་མར་ཡང་སོས་བར་ཚ་དམྱལ་བརྒྱད་ཡོད་ལ། དེ་དག་གི་གནས་རེ་རེའི་འདབས་འབྱོར་དུ་གྲང་དམྱལ་བརྒྱད་རེ་རེ་ཆུ་བུར་ཅན་སྟེང་དུ་བྱས་ནས་བརྩེགས་ཏེ་པདྨ་ཆེ་ལྟར་གས་པ་ལ་ཐུག་བར་ཡོད་དོ། །ཉེ་འཁོར་མནར་མེད་པའི་མཐའ་མེ་མ་མུར་གྱི་འོབས་སོགས་རེ་རེས་ལྕགས་རི་ལྟར་བསྐོར་ནས་ཡོད་པ་ཕྱོགས་མཚམས་བརྒྱད་ཀྱིས་བཅུ་དྲུག་ཏུ་ཕྱེ་བར་ཡང་མཛོད་འགྲེལ་ལས་བཤད་དོ། །ཉེ་ཚེ་བ་ངེས་མེད་ཀྱི་གནས་ན་ཡོད་དོ། །དེ་ལྟ་བུའི་སེམས་ཅན་རྣམས་ཆགས་པ་ལ། བར་བསྐལ་བཅུ་དགུའི་ཡུན་ཡོད། །ཆགས་པ་ན་མི་རྣམས་ཚེ་ལོ་དཔག་མེད་ཐུབ་པ་ཡིན་ཅིང་། མར་འགྲིབས་ཏེ་ཚེ་ལོ་བཅུ་པར་ཐུག་པ་ལ་ཡ་ཐོག་རིང་མོ། བཅུ་པ་ནས་བརྒྱད་ཁྲི་རུ་འཕེལ། བརྒྱད་ཁྲི་བཅུ་པར་གྱུར་པའི་ཁུག་པ་དེ་འདྲ་བཅོ་བརྒྱད་ནི་བར་ཁུག་བཅོ་བརྒྱད། བཅུ་པ་དཔག་མེད་དུ་འཕེལ་བ་མ་ཐོག་རིང་མོ། མཛོད་ལས་འདི་ཡང་བརྒྱད་ཁྲི་ལས་ལྷག་པར་མི་འཕེལ་བར་བཤད་འདུག །དེ་ཀུན་བསྡོམས་པ་བར་བསྐལ་ཉི་ཤུ་སྟེ། དེ་ཙམ་དུ་འགྱུར་བཞིན་སྐྱེ་བའི་མི་རྟག་པས་གནས། དེ་ནས་བར་བསྐལ་བཅུ་དགུའི་ཡུན་དུ་དམྱལ་བ་ནས་བཟུང་བསམ་གཏན་གསུམ་པའི་བར་གྱི་སེམས་ཅན་ཐམས་ཅད་འཇིག་རྟེན་འདིར་སླར་མི་ལྡོག་པར་འཆི་བར་འགྱུར་བར་སེམས་ཅན་འཇིག །དེ་ནས་བར་བསྐལ་ཉི་ཤུ་རྩ་གཉིས་ཀྱི་ཡུན་ལ་སེམས་ཅན་གྱིས་སྟོང་པར་གྱུར་ནས་མི་རྟག་པར་ཡིན་ནོ། །སྐྱེ་འཇིག་དེ་རྣམས་ནི་རྒྱུན་འགྱུར་བས་མི་རྟག་པར་བཞག་གོ །ཕྲ་བ་ཆོས་ཉིད་ཀྱི་མི་རྟག་པ་ནི། དངོས་པོ་རྣམས་རང་གི་བདག་ཉིད་ཐོབ་པ་ཞིག་ཏུ་ཚུར་སྐྱེ་བའི་ཚེའམ། ཕར་འཇིག་པའི་ཚེ་ཙམ་ལ་འཇོག་ཅིང་། འདི་གཉིས་ཀྱི་ཡུན་ནི་སྐྱེས་བུ་སྟོབས་ལྡན་གྱི་སེ་གོལ་གཅིག་གཏོགས་པ་ན་སྐྱེ་བའ་ིབྱ་བ་ལྟ་བུ་དྲུག་ཅུ་རྩ་ལྔར་འདའ་བར་མངོན་པ་ལས་གསུངས་པས་དེ་དག་ལ་སྐད་ཅིག་མའི་མི་རྟག་ཅེས་བྱ་ཞིང་། འདུས་བྱས་ཡིན་ཚད་ཀྱི་ཆོས་ཉིད་ནི་འདི་ལས་མ་འདས་པར་གནས་སོ། །འབྲས་བུ་སྡུག་བསྔལ་དབྱུང་བའི་འཇིགས་པ་དྲན་པ་ནི། མི་རྟག་པ་ཡིན་ན་ནི་རྐྱེན་གྱིས་ངེས་པར་གནོད་པ་བྱ་རུང་ཞིང་། གནོད་པ་ཡོད་པ་དེ་སྡུག་བསྔལ་དུ་གནས་པ་ཡིན་པས་ན་བཅོམ་ལྡན་འདས་ཀྱིས། གང་མི་རྟག་པ་དེ་སྡུག་བསྔལ་ལོ་ཞེས་གསུངས་སོ། །འཁོར་བའི་སྡུག་བསྔལ་ཐམས་ཅད་ནི་གསུམ་གྱིས་བསྡུས་པ་ཡིན་ཏེ། སེམས་ཙམ་ལྟར་ཐུན་མོང་སྤྱིའི་ལུགས་སུ་བྱས་ན། ཚོར་བ་བདེ་བ་རྒྱུ་དང་བཅས་པ་འགྱུར་བའི་སྡུག་བསྔལ། སྡུག་བསྔལ་རྒྱུ་དང་བཅས་པ་སྡུག་བསྔལ་གྱི་སྡུག་བསྔལ། བཏང་སྙོམས་རྒྱུ་དང་བཅས་པ་འདུ་བྱེད་ཀྱི་སྡུག་བསྔལ། དེ་རྣམས་ཀྱི་བྱེ་བྲག་ནི་བརྒྱད་དེ། དོག་པ་སྐྱེ་བའི་སྡུག་བསྔལ། ན་ཚོད་འགྱུར་བ་རྒ་བའི་སྡུག་བསྔལ། ཁམས་འགྱུར་བ་ན་བའི་སྡུག་བསྔལ། སྲོག་འགྱུར་པ་འཆི་བའི་སྡུག་བསྔལ། ཡིད་དུ་མི་འོང་བ་མི་སྡུག་པ་དང་ཕྲད་པའི་སྡུག་བསྔལ། ཡིད་འོང་སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ། ཉེར་ལེན་ཕུང་པོའི་སྡུག་བསྔལ་ཏེ་བརྒྱད་པོ་དེ་ཡང་གསུམ་དུ་གནས་པ་ནི། སྡུག་པ་དང་བྲལ་བ་དང་། འདོད་པ་བཙལ་ཏེ་མ་རྙེད་པའི་སྡུག་བསྔལ་གཉིས་འགྱུར་བའི་སྡུག་བསྔལ་ཡིན་ཅིང་། ཉེར་ལེན་ཕུང་པོའི་སྡུག་བསྔལ་འདུ་བྱེད་ཀྱི་སྡུག་བསྔལ། ལྷག་མ་ཐམས་ཅད་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ནོ། །དེ་ཡང་དབུ་མ་ལྟར་ན་བདག་མེད་ལ་བདག་ཏུ་འཛིན་པ་དང་། སྡུག་བསྔལ་ལ་བདེ་བར་འཛིན་པ་དང་བཅས་པ་སྡུག་བསྔལ་གྱི་སྡུག་བསྔལ། མི་རྟག་པ་ལ་རྟག་པར་འཛིན་པ་འགྱུར་བའི་སྡུག་བསྔལ། སྟོང་པ་ལ་དངོས་པོར་འཛིན་པ་འདུ་བྱེད་ཀྱི་སྡུག་བསྔལ་དུའང་འཇོག་གོ །དེ་དག་ལ་ཀུན་རྫོབ་ཀྱི་སྡུག་བསྔལ་དུ་གསུངས་ཤིང་། དོན་དམ་པའི་སྡུག་བསྔལ་ནི། སྡུག་བསྔལ་སྟོང་པ་བདག་མེད་མི་རྟག་བཞི་རུ་མངོན་པ་ཀུན་བཏུས་ལས་གསུངས་སོ། །དེ་ལྟ་ན་ཁམས་གསུམ་ནི་སྡུག་བསྔལ་ལས་མ་འདས་ཏེ། ངན་སོང་གསུམ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཤས་ཆེ་བས་མནར། མི་རྣམས་དང་། འདོད་ལྷ་དྲུག་དང་། བསམ་གཏན་གསུམ་པ་མན་ཆད་ནི་འགྱུར་བའི་སྡུག་བསྔལ་ཤས་ཆེ་བས་མནར། བསམ་གཏན་བཞི་པ་དང་གཟུགས་མེད་བཞི་ནི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་མནར་བས་སོ། །འདུས་མ་བྱས་མྱང་འདས་འཇིགས་པ་དྲན་པ་ལ། ཉན་ཐོས་རྣམས་ཀྱིས་ནི། ཀུན་ཏུ་བཏགས་པའི་བདག་མུ་སྟེགས་པས་སེམས་ཅན་རྟག་གཅིག་རང་དབང་བ་ཞིག་ཡོད་པར་འདོད་པ་དང་། ལྷན་སྐྱེས་བདག་གྲུབ་མཐར་མ་ཞུགས་པ་བྱ་དང་རི་དྭགས་སོགས་ཀྱིས་ཀྱང་རྟག་ཏུ་ངའོ་སྙམ་པ་དང་ངའི་འོ་སྙམ་པའི་ང་དང་ང་ཡིར་འཛིན་པའི་ཡུལ་གང་ཟག་གི་བདག་གཅིག་ཡོད་པར་ལྟ་བ་དག་ཕུང་པོ་ལ་གཅིག་ཏུ་བྲལ་གྱིས་བཙལ་ཚེ་མེད་པར་མཐོང་། ཆ་ཤས་དུ་མ་ཚོགས་པའི་ཕུངས་ཁམས་སྐྱེ་མཆེད་རྫུན་སྣང་སྒྱུ་མ་ལྟ་བུ་ཀུན་རྫོབ་ཏུ་ཡོད་ཅིང་། ཕུང་སོགས་ཀྱི་རྩོམ་བྱེད་གཟུང་བ་བེམ་ཆོས་རྡུལ་ཕྲན་ཆ་མེད་དང་། འཛིན་པའི་ཤེས་པ་སྐད་ཅིག་ཆ་མེད་ཙམ་དོན་དམ་དུ་ཡོད་པར་ལྟ་བས། ཆོས་ཀྱི་བདག་མེད་རགས་པ་ཙམ་མཐོང་སྟེ་ཕུང་སོགས་རྫུན་པར་མཐོང་བས་སོ། །ཕྲ་བ་མ་རྟོགས་ཏེ་རྡུལ་ཤེས་ཆ་མེད་འདོད་པས་སོ། །ཆོས་བདག་རགས་པར་རྟོགས་པས་ཉོན་མོངས་མ་ལུས་པར་སྤོང་ནུས་ཏེ། ཉོན་མོངས་རྣམས་ནི་ཚོགས་པ་ལ་དམིགས་ཤིང་བརྟེན་ནས་སྐྱེ་བ་ཡིན་ལ་ཚོགས་པ་ནི་མེད་སྣང་གཟུགས་བརྙན་ལྟ་བུར་རྟོགས་པས་སོ། །དེའི་ཕྱིར་འཇུག་འགྲེལ་ལས་ཀྱང་། ཆོས་བདག་རྫོགས་པར་མ་རྟོགས་ཤིང་ཉོན་མོངས་སྤོང་ཐབས་ཙམ་རྟོགས་པར་གསུངས་པའི་ཐབས་ཙམ་ཞེས་པ་ནི་དེ་ཡིན་ནོ། །རང་སངས་རྒྱས་ཀྱིས་ནི་གཟུང་བ་མེད་པར་རྟོགས་ལ་འཛིན་མེད་མ་རྟོགས་སོ། །དེ་ལྟ་ན་ཉན་རང་གི་མྱང་འདས་ནི་ཆོས་ཀྱི་བདག་མེད་རྫོགས་པར་མ་རྟོགས་པས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་དངོས་པོ་མེད་པའི་འཛིན་པ་ཤེས་སྒྲིབ་ཀྱི་དམིགས་པ་དང་བཅས་པའི་ས་ལ་གནས་པས་རང་དོན་ཡང་མཐར་མ་ཕྱིན་ལ། འཁོར་བ་མ་སྟོང་པར་སེམས་ཅན་གཞ ན་གྱི་དོན་དུ་གནས་པར་འདོད་པའི་སྙིང་རྗེ་ཆེན་པོ་དང་བྲལ་བ་ཡིན་པས་ཐེག་ཆེན་ནས་འཇིགས་པ་བསྐྱེད་དགོས་ཤིང་། འདིའི་ཚུལ་རྒྱས་པ་སྐྱབས་འགྲོ་བདུན་ཅུ་པའི་ལུང་བཞིན་ཁོ་བོས་བརྩམས་པ་ཟླ་བའི་ཕྲེང་མཛེས་སུ་བལྟ་བར་བྱའོ། །འཇིགས་ལ་བརྟེན་ཏེ་སྙིང་རྗེ་ཆེན་པོ་བསྐྱེད་པ་ལ། ཐེག་ཆེན་སྐྱབས་འགྲོའི་རྒྱུན་སྙིང་རྗེ་ཡིན་པས་སྙིང་རྗེ་བསྐྱེད་དགོས་ཤིང་། སྙིང་རྗེ་དེ་སྡུག་བསྔལ་གྱི་འཇིགས་པ་བྲེལ་འདོད་ཚད་མེད་བཞི་རུ་གནས་པ་དེ་རྒྱུད་ལ་ལེགས་པར་བསྐྱེད་པ་ལ་ཐོག་མར་སེམས་ཅན་རང་གི་མ་ཡིན་པ་ལ་ཡིན་པའི་ངེས་ཤེས་གཏིང་ནས་སྐྱེ་དགོས་པས་དེའི་ཚུལ་ནི། སེམས་ཅན་གཅིག་ཁོ་ནས་རང་གི་མ་བྱས་པའི་གྲངས་ཀྱི་མཐའ་ལ་ཐུག་པ་མེད་དེ། ཇི་སྐད་དུ། མྱ་ངན་ལས་འདས་པའི་མདོ་ལས། ས་ཆེན་པོ་འདི་རིལ་བུ་སྲན་མ་ཙམ་དུ་བྱས་ནས་སེམས་ཅན་གཅིག་གིས་བདག་གི་མ་བྱས་པའི་གྲངས་བགྲངས་ན་ས་ཆེན་པོ་ནི་ཟད་པར་འགྱུར་གྱིས། སེམས་ཅན་གཅིག་གིས་མ་བྱས་པའི་གྲངས་ནི་ཟད་པར་མི་འགྱུར་རོ། །ཞེས་གསུངས་པའི་ལུང་གིས་གྲུབ་ཅིང་། རིགས་པས་ཡང་འགྲུབ་སྟེ། ད་ལྟར་གྱི་སེམས་ཅན་ཇི་སྙེད་པ་རང་གི་མ་ངེས་པར་ཡིན་ཏེ། བྱེ་བྲག་གི་རྒྱུན་ཇི་ལྟ་བུར་གྱུར་ཀྱང་མ་བྱེད་དུས་ཀྱི་སེམས་ཅན་ཙམ་གྱི་སྤྱི་རྒྱུན་དེ་ལ་གནས་པས་ན། དཔེ་བུ་ལོ་བརྒྱད་ཅུ་པའི་མདུན་ན་མ་ལོ་བརྒྱ་པ་གནས་པ་ལྟ་བུའམ་མཚན་གྱུར་ནས་ཕོ་རུ་གནས་པ་བཞིན་ནོ། །འདི་འདྲའི་ལུང་རིགས་དུ་མས་སེམས་ཅན་ཐམས་ཅད་མ་ཉིད་ཡིན་པ་ངེས་པར་བྱས་ནས། དེའི་དྲིན་དྲན་དགོས་པས། བུའི་ཕྱིར་དུ་རང་གི་སྲོག་འདོར་ཕོད་པའི་བྱམས་སེམས་ཀྱི་ཟས་ནུ་ཞོ་མངར་མོས་གསོས། ཤའི་དྲོད་ཀྱིས་གོས་བཞིན་དུ་གཡོག །སྐྱུག་བྲོ་བའི་མི་གཙང་བ་ཡང་ཁ་ལག་གིས་བསལ། ལེགས་ན་དགའ་ཞིང་ཉེས་ན་མི་དགའ་བའི་བསམ་བཟང་གིས་རང་ནུས་ཀྱི་འབད་པས་རྟག་ཏུ་སྐྱོངས་བས་དྲིན་ཤིན་ཏུ་ཆེ་བ་ལ་བསམ་མོ། །དེ་ལྟར་དྲིན་ཆེ་ཡང་དྲིན་མི་གཟོ་བ་འཇིག་རྟེན་ནའང་སྐྱེ་བོ་མ་རབས་ཀྱི་ལུགས་ཡིན་ལ། འབྲས་བུ་རྣམ་སྨིན་ཡང་། ས་ཆེན་པོ་འདི་ཁུར་དུ་བྱུང་ན་སུས་ཀྱང་ཁུར་མི་ནུས་པའི་ཁུར་ཆེན་པོར་སྣང་ཡང་། དྲིན་ལན་མི་འཇལ་བའི་སྡིག་པའི་རྣམ་སྨིན་གྱི་ཁུར་སྡུག་བསྔལ་སྣ་ཚོགས་ཕྱི་མར་མྱོང་དགོས་པའི་ཁུར་བཟོད་དཀའ་ཆེན་པོ་ནི་གཞན་ན་མེད་པར་གསུངས་པ་ལ་བསམ་དགོས་ཤིང་། དྲིན་ལན་འཇིག་རྟེན་པའི་ལེ་ལན་གྱིས་འཇལ་བས་མི་འོང་གིས་སེམས་ཅན་ཐམས་ཅད་འཁོར་བ་ལས་ངེས་པར་ཐར་བར་བྱེད་པའི་སྒོ་ནས་དྲིན་གཟོ་བ་ཡིན་ནོ། །དེ་ལྟ་བུའི་སེམས་ཅན་ལ་ཉེས་པ་བཅུ་ཡོད་པ་ཤེས་ནས་སྙིང་རྗེ་སྐྱེ་སྟེ་ཉོན་མོངས་རབ་ཏུ་འབར་བ་དང་། སྡིག་པའི་བཤེས་དང་གྲོགས་ཀྱི་དབང་དུ་སོང་བ་དང་། ངན་སོང་གསུམ་དང་མཐོ་རིས་ཀྱི་སྡུག་བསྔལ་མྱོང་བ་དང་། སྡོམ་མིན་ལ་གནས་པ་དང་། འཁོར་བ་ལ་དགའ་ཞིང་ཐར་འདོད་ཏིལ་ཙམ་མེད་པ་དང་། མུ་སྟེགས་རྟག་ཆད་ཀྱི་ལྟ་བས་བཅིངས་པ་དང་། བསམ་གཏན་གྱི་བདེ་བ་ལ་ཆགས་པ་དང་། སྟོང་ཉིད་མ་རྟོགས་ཀྱང་རྟོགས་པར་རློམ་པ་མངོན་པའི་ང་རྒྱལ་ཅན་དང་། ལམ་གོལ་ཞུགས་པ་ཉན་རང་དང་བྱང་སེམས་སྟོབས་ཆུང་བ་སྟེ་བཅུ་མདོ་རྒྱན་ལས་གསུངས་སོ། །དེའི་ཐབས་སེམས་ཅན་ཚད་མེད་པ་ལ་དམིགས་པ། བསོད་ནམས་ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་གཞིར་གྱུར་པ། ཡོན་ཏན་གྱི་ཆོས་ཚད་མེད་པ་ཐོབ་པའི་རྒྱུར་གྱུར་པ། ཡེ་ཤེས་ཚད་མེད་པའི་སྤྱོད་ཡུལ་དུ་གྱུར་པས་ཚད་མེད་པ་ཞེས་ཟེར་བའི་ཚད་མེད་ཀྱི་ངེས་ཚིག་དང་ལྡན་པ་བཞི་པོ་སྒོམ་པར་བྱ་དགོས་ལ། དེ་ཡང་གྲངས་ངེས་ནི་གནོད་སེམས་ཀྱི་གཉེན་པོ་བྱམས་པ། གཞན་ལ་སྡུག་བསྔལ་གཏོད་པར་བྱེད་པའི་རྣམ་འཚེའི་གཉེན་པོ་སྙིང་རྗེ། གཞན་བདེ་སྐྱིད་ལྡན་པ་ལ་མི་དགའ་བའི་གཉེན་པོ་དགའ་བ། ཉོན་མོངས་ཆགས་སྡང་གི་གཉེན་པོ་བཏང་སྙོམས་ཡིན་ཅིང་། མཚན་ཉིད་ནི་ཁྱད་པར་བཞི་ལྡན་ཏེ་མི་མཐུན་པའི་ཕྱོགས་བཞི་སྤང་བ་སྤང་བའི་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་ལྡན་པ་གྲོགས་ཀྱི་དང་། གང་ཟག་ཆོས་དམིགས་མེད་གསུམ་ལ་འཇུག་པ་དམིགས་པའི་དང་། ཐེག་པ་གསུམ་ལ་སེམས་ཅན་སྨིན་པར་བྱེད་པ་བྱེད་ལས་ཀྱི་ཁྱད་པར་རོ། །རྒྱུ་ནི་བཞི་སྟེ་རང་རང་གི་ཡུལ་བཞི་དམིགས་རྐྱེན་རིགས་སམ་ཁམས་རྒྱུའི་རྐྱེན། །ཚད་མེད་སྟོན་པའི་དགེ་བའི་བཤེས་གཉེན་བདག་རྐྱེན། སྙིང་རྗེའི་བག་ཆགས་དང་ལྡན་པའི་སེམས་སེམས་བྱུང་འགགས་མ་ཐག་པ་དེ་མ་ཐག་རྐྱེན་དེ་གཞི་ལས་སྐྱེ་དགོས་སོ། །ངོ་བོ་ནི་གསུམ་ཡིན་ཏེ། བྱམས་སྙིང་རྗེ་གཉིས་ཞེ་སྡང་མེད་པ། དགའ་བ་ཡིད་བདེ་བ། བཏང་སྙོམས་མ་ཆགས་པའི་ངོ་བོ་ཅན་ནོ། །སྒོམ་ཚུལ་ནི། རེ་རེ་ལའང་དམིགས་རྣམ་གཉིས་ལས། བྱམས་པའི་དམིགས་ཡུལ། བདེ་བ་རྒྱུ་འབྲས་མེད་པ་བར་མར་གནས་པའི་སེམས་ཅན། རྣམ་པ་འབྲས་བུ་བདེ་བ་དང་ལྡན་ཅིང་རྒྱུ་དག་པ་དང་ལྡན་པར་ཤོག་སྙམ་པ། སྙིང་རྗེའི་དམིགས་ཡུལ། སྡུག་བསྔལ་རྒྱུ་འབྲས་ལ་སྤྱོད་པའི་སེམས་ཅན། རྣམ་པ་འབྲས་བུ་སྡུག་བསྔལ་བྲལ་ཞིང་རྒྱུ་སྡིག་པ་བྲལ་བར་ཤོག་སྙམ་པ། དགའ་བའི་དམིགས་ཡུལ། བདེ་བ་རྒྱུ་འབྲས་ལ་སྤྱོད་པའི་སེམས་ཅན། རྣམ་པ་དེ་གཉིས་ལྡན་པ་དེ་དང་རྟག་ཏུ་མི་འབྲལ་བར་ཤོག་བསམ་པ། བཏང་སྙོམས་ཀྱི་དམིགས་ཡུལ། ཆགས་སྡང་གི་ཉོན་མོངས་བག་ཆགས་དང་བཅས་པ་ཅན་གྱི་སེམས་ཅན། རྣམ་པ་ཉོན་མོངས་བག་ཆགས་དང་བཅས་པ། དེ་དག་བྲལ་ནས་སེམས་ཆགས་སྡང་མེད་པའི་སྙོམས་པ་ལ་གནས་པར་ཤོག་བསམ་པའོ། །དམིགས་པའི་ཁྱད་པར་ལས་དབྱེ་བ་གསུམ་སྟེ་གང་ཟག་གི་བདག་མེད་པ་ལ་བདག་འཛིན་གྱིས་བཅིང་པ་ལ་དམིགས་པ་སེམས་ཅན་ལ་དམིགས་པའི་དང་། ཆོས་མི་རྟག་པ་ལ་རྟག་པར་འཛིན་པས་བཅིང་པ་ལ་དམིགས་པ་ཆོས་ལ་དམིགས་པའི་དང་། རང་བཞིན་མེད་པ་ལ་དངོས་པོར་འཛིན་པས་བཅིང་པ་ལ་དམིགས་པ་དམིགས་པ་མེད་པའི་སྙིང་རྗེ་སོགས་བཞི་སྐྱེས་པའོ། །དེ་རྣམས་ཀྱི་སྙིང་རྗེ་བཏང་སྣོམས་གཉིས་ནི་ཉེ་བ་དང་བྲལ་འདོད་ཡིན་པས་ཕན་པའི་བསམ་པ་ཡིན་ལ། བྱམས་པ་དགའ་བ་གཉིས་ནི། ལེགས་པ་དང་ལྡན་འདོད་ཡིན་པས་བདེ་བའི་དགོངས་པ་ཡིན་ནོ། །འབྲས་བུ་ནི་ལྔ་སྟེ་སེམས་ཅན་གྱི་དོན་དུ་འདོད་ཁམས་སུ་སྐྱེ་བ་རྣམ་སྨིན་གྱི་དང་། ཚོགས་གཉིས་རྫོགས་པར་བྱེད་པ་བདག་པོའི་དང་། ཚེ་རབ་ཀུན་ཏུ་ཚད་མེད་སྒོམ་པ་དང་མི་འབྲལ་བ་རྒྱུ་མཐུན་གྱི་དང་། སེམས་ཅན་སྨིན་པར་བྱེད་པ་སྐྱེས་བུ་བྱེད་པའི་དང་། མི་མཐུན་ཕྱོགས་བཞི་སྤོང་བ་བྲལ་བའི་འབྲས་བུ་སྟེ་འདི་དག་གི་ལུང་མདོ་སྡེ་རྒྱན་ལས་ཤེས་པར་བྱའོ། །ཐུན་མོང་གི་ལྷན་ཅིག་བྱེད་རྐྱེན་ཡོན་ཏན་དྲན་པས་སྐྱབས་སུ་འགྲོ་དགོས་པས། །དེ་ཡང་མདོ་སྡེ་དཀོན་མཆོག་སྤྲིན་སོགས་ལས་གསུངས་པ་དཀོན་མཆོག་རྗེས་སུ་དྲན་པའི་མདོ་བཤད་པ་ལ། མཚམས་སྦྱར་བའི་ཚིག་གིས་ཡོན་ཏན་དྲན་པར་བསྐུལ་བ་དང་། རྣམ་བཞག་བསྟན་པའི་ཚིག་གིས་ཡོན་ཏན་དྲན་པ་བསྐྱེད་པ་གཉིས་ལས། དང་པོ་ནི་དཀོན་མཆོག་གསུམ་གྱི་ཡོན་ཏན་ནི་འདི་ལྟར་དྲན་པར་བྱ་དགོས་སོ་ཞེས་གསུངས་པའོ། །གཉིས་པ་ལ། སངས་རྒྱས་དང་ཆོས་དང་དགེ་འདུན་དཀོན་མཆོག་གི་ཡོན་ཏན་དྲན་ཚུལ་གསུམ་ལས། དང་པོ་ལ། ཀུན་མཁྱེན་རོང་ཟོམ་པཎྜི་ཏའི་ཞལ་ནས། ཡོན་ཏན་གྱི་མཚན་གྱི་རྣམ་གྲངས་ཀྱི་བརྗོད་པ་ཞེས་དང་། རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྐུ་དང་། བདག་ཉིད་རྩ་བའི་སྐུ་དང་། འཕྲུལ་བ་སྤྲུལ་བའི་སྐུ་དང་བཅས་པ་ཞེས་གསུངས་པ་ཇི་བཞིན་དུ། རྗོད་བྱེད་མཚན་གྱི་རྣམ་གྲངས་ཀྱི་ཡོན་ཏན་དྲན་པ་དང་། བརྗོད་བྱ་དོན་གྱི་ངོ་བོས་ཡོན་ཏན་དྲན་ཚུལ་གཉིས་ལས། དང་པོ་ནི། མ་རིག་པའི་གཉིད་སངས་ཤིང་ཤེས་བྱ་ལ་བློ་གྲོས་རྒྱས་པ་དང་། བདུད་བཞི་བཅོམ་ལ་ལེགས་པ་དྲུག་ལྡན་ཅིང་། སྲིད་ཞིའི་མཐའ་ལས་འདས་པ་དང་། ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་དང་མཐུན་པར་གཤེགས་པ་དང་། དགྲ་སྒྲིབ་གཉིས་ཡོངས་སུ་བཅོམ་པ་དང་། སྤང་རྟོགས་ཡང་དག་པར་རྫོགས་པའི་སངས་རྒྱས་དང་། སྔོན་གནས་རྗེན་དྲན། འཆི་འཕོ་སྐྱེ་བ་མཁྱེན་པ། ཟག་པ་ཟད་པ་སྟེ་རིག་པ་གསུམ་དང་ལྡན་ཅིང་ཕུན་སུམ་ཚོགས་པ་བཞི་ཞབས་སུ་ལྡན་པ། དེ་ཡང་སྤྱོད་ཡུལ་མ་ཡིན་པའི་གནས་ལྔ་རྒྱལ་པོའི་ཕོ་བྲང་། ཤན་པའི་ཁྱིམ། གདོལ་པའི་ཁྱིམ། སྨད་འཚོང་མའི་གནས། ཆང་འཚོང་མའི་གནས་སྤང་པས་སྤྱོད་ཡུལ་ཕུན་སུམ་ཚོགས་པ། ཚུལ་ཁྲིམས་ཏིང་འཛིན་གྱིས་བསྡམ་པའི་སྤྱོད་པ་ཕུན་སུམ་ཚོགས་པ། སྐྱོན་གྱི་ཆ་ཐམས་ཅད་བྲལ་བའི་བཟློག་པ་ཕུན་སུམ་ཚོགས་པ། ཡོན་ཏན་ཀུན་ལ་མངའ་བརྙེས་པས་ཆོ་ག་ཕུན་སུམ་ཚོགས་པའོ། །སྡུག་བསྔལ་དང་ལམ་མཐོང་སྤངས་ཀྱི་ཉོན་མོངས་སྤང་པས་ལེགས་པར་གཤེགས། ཀུན་འབྱུང་དང་འགོག་པའི་མཐོང་སྤངས་སྤངས་པས་མི་ལྡོག་པར་གཤེགས། སྒོམ་སྤངས་ཤེས་སྒྲིབ་ཐམས་ཅད་སྤངས་པས་མ་ལུས་པར་གཤེགས་པ་སྟེ་སྤངས་པའི་ཡོན་ཏན་གསུམ། ཡང་དེ་ཁོ་ན་ཉིད་ཁྱད་པར་དུ་མཁྱེན་པས་ལེགས་པར་གཤེགས། མི་འགྱུར་བརྟན་པའི་ཁྱད་པར་དུ་མཁྱེན་པ་ཡིན་པས་མི་ལྡོག་པར་གཤེགས། ཤེས་བྱ་མ་ལུས་པ་ཁྱད་པར་དུ་མཁྱེན་པས་མ་ལུས་པར་གཤེགས་པ་སྟེ་རྟོགས་པའི་ཡོན་ཏན་གསུམ་དང་ལྡན་པས་བདེ་བར་གཤེགས་པའོ། །དེ་དག་ནི་རང་དོན་ཕུན་ཚོགས་ཀྱི་མཚན་བདུན་ཡིན་ནོ། །འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཕྲ་རགས་མ་ལུས་པ་མཁྱེན་པ་དང་། སྐྱེས་བུ་གསུམ་པོའི་རྒྱུད་ཀྱི་ཉེས་པ་འདུལ་བའི་སྒོ་ནས་མྱ་ངན་འདས་པ་ལ་ཁ་ལོ་སྒྱུར་བའི་ཐབས་མཁས་བླ་ན་མེད་པ་ཅན་དང་། འགྲོ་བའི་གཙོ་བོ་ལྷ་དང་མི་རུ་བཅས་པའི་སེམས་ཅན་རྣསམ་ལ་སྙིང་རྗེ་ཆེན་པོས་སྦ་གསང་མེད་པར་ཆོས་ལེགས་པ་གསུངས་ཤིང་མཁྱེན་པའི་ཡེ་ཤེས་ཀྱི་སྒྲོ་སྐུར་མེད་པའི་བདེན་པར་གསུངས་པས་ལམ་གྱི་སྟོན་པ་མཆོག་ཏུ་གྱུར་པ་སྟེ། གཞན་དོན་ཕུན་སུམ་ཚོགས་ཀྱི་མཚན་གསུམ་ཡིན་ལ། དེ་ལྟ་བུ་དང་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་སོ། །གཉིས་པ་ལ། རྒྱས་པར་བཤད་པར་དང་། དོན་བསྡུ་བ་གཉིས་ལས། དང་པོ་ལ་གཟུགས་སྐུའི་ཡོན་ཏན་དྲན་པ་དང་། ཆོས་སྐུའི་ཡོན་ཏན་དྲན་པ་གཉིས་ལས། དང་པོ་ལའང་། གཟུགས་སྐུའི་རྒྱུ་ཕུན་ཚོགས་ཀྱི་ཡོན་ཏན་དྲན་པ་དང་། གཟུགས་སྐུ་རང་གི་ངོ་བོའི་ཡོན་ཏན་དྲན་པ་གཉིས་ཀྱི། དང་པོ་ནི། སྤྱིར་གཟུགས་སྐུའི་རྒྱུ་བསོད་ནམས་ཀྱི་ཚོགས་ཡིན་ཅིང་དེ་ནི་ཕ་རོལ་ཕྱིན་པ་བཞི་ཡིན་ནོ། །ཆོས་སྐུའི་རྒྱུ་ཡེ་ཤེས་ཀྱི་ཚོགས་ཡིན་ཅིང་དེའང་འཇུག་འགྲེལ་དུ། བསམ་གཏན་ཤེས་རབ་ཡེ་ཤེས་ཀྱི་ཚོགས་ཡིན། །ཞེས་གསུངས་པ་ལྟར་ཕར་ཕྱིན་གཉིས་ཡིན་ནོ། །དེ་དག་ངེས་པར་བྱས་ནས་གཞུང་དོན་ལ། དེ་བཞིན་གཤེགས་པ་དེ་ནི་སྦྱིན་པའི་ཕ་རོལ་ཕྱིན་པ་བསོད་ནམས་དག་གི་རྒྱུ་མཐུན་པའི་འབྲས་བུར་གྲུབ་པས་རང་ཉིད་ནམ་མཁའ་མཛོད་ཀྱི་ལོངས་སྤྱོད་ལ་མངའ་བརྙེས་ཤིང་། །གཞན་ལ་སྦྱིན་པ་གསུམ་འབད་མེད་དུ་བྱིན་པས་རེ་བ་རྫོགས་པར་བྱེད་པ། ཚུལ་ཁྲིམས་ཀྱི་ཕ་རོལ་ཕྱིན་པས་རང་གི་དགེ་རྩ་ཐམས་ཅད་གེགས་མེད་དུ་སྨིན་ཅིང་གཞན་གྱིས་སངས་རྒྱས་དེ་ལ་བརྟེན་པའི་དགེ་རྩ་རྣམས་སངས་རྒྱས་མ་ཐོབ་པར་དུ་ཆུད་མི་ཟ་བ། བཟོད་པའི་ཕ་རོལ་ཕྱིན་པས་བཟོད་པ་གསུམ་གྱིས་རབ་ཏུ་བརྒྱན་ཅིང་མཛེས་པ། བརྩོན་འགྲུས་གྱི་ཕ་རོལ་ཕྱིན་པས་བསོད་ནམས་དགེ་ཆོས་ཟད་མི་ཤེས་པ་ཉིད་ཀྱི་གཏེར་རྣམས་ཀྱི་ལྡན་པའི་གཞིར་གྱུར་པའོ། །གཉིས་པ་ལ། ལོངས་སྐུའི་ཡོན་ཏན་དྲན་པ་དང་། སྐུལ་སྐུའི་ཡོན་ཏན་དྲན་པ་གཉིས་ལས། དང་པོ་ལ་གསུམ་ལས། མཚན་དཔེས་སྤྲས་པ་སྐུའི་ཡོན་ཏན་ལ། ཐུགས་རྒྱུད་ན་བྱམས་སོགས་ཀྱི་ཡོན་ཏན་ཡོད་པའི་དཔེ་ཕྱི་རོལ་ན་བཀྲ་བའ་ིདཔེ་བྱད་བརྒྱད་ཅུ་སྐུའི་བྱེ་བྲག་གི་ཆོས་ཟེའུ་འབྲུ་ལྟ་བུ་བཟང་པོ་ཞེས་མཛེས་པ་རྣམས་ཀྱིས་སྤྲས་པ་ཕྱི་རོལ་ནས་འཁོར་དང་ལོངས་སྤྱོད་སོགས་ཀྱི་འབྱོར་པ་ཕུན་སུམ་ཚོགས་པའི་རྟགས་ཅན། སྐུའི་སྤྱིའི་ཆོས་མཚན་སུམ་ཅུ་སོ་གཉིས་རྣམས་ཀྱི་མེ་ཏོག་ཆེར་རྒྱས་པ་སྟེ་གཙུག་ཏོར་དང་མཛོད་སྤུ་མ་གཏོགས་པ་འདི་དག་འཁོར་ལོས་སྒྱུར་རྒྱལ་རྣམས་ལ་ཆ་མཐུན་ཙམ་ཡོད་ཀྱང་། སངས་རྒྱས་ཀྱི་མཚན་ནི་ཁྱད་པར་འཕགས་པ་གསུམ་གྱིས་འཕགས་པ་ཡིན་ཏེ། ཡུལ་རང་གི་གོ་ས་མ་འཆོལ་བ་ནི་གནས་པ་དང་། ངོ་བོ་ཤིན་ཏུ་གསལ་བར་ཡོད་པ་དང་། གྲངས་མ་ལུས་ཡོངས་སུ་རྫོགས་པར་ཡོད་པའོ། །དཔེ་བྱད་བརྒྱད་ཅུ་ལས། དཀུ་ཟླུམ་པ་ནི་ལྟེ་འོག་ཟླུམ་པའོ། །སྐབས་ཕྱིན་པ་ནི་རྐེད་སྐབས་ཕྱེད་པའོ། །མ་རྙོངས་པ་ནི་ཧ་ཅང་མི་རིང་བའོ། །ཕྱང་ངེ་བ་ནི་མཐོ་དམན་མེད་པའོ། །བིམ་པ་ནི་ཤིང་ཏོག་དམར་པོ་ཞིག་ཡིན་ནོ། །མི་གཤོར་བ་ནི། དབུ་སྐྲ་གྱེན་དུ་བརྫེས་པ་མ་ཡིན་པའོ། །གཞན་གོ་སླའོ། །མཚན་རྣམས་ལས། བདུན་དག་མཐོ་བ་ནི། ཕྱག་གི་བོལ་གཉིས། ཞབས་ཀྱི་བོལ་གཉིས། དཔུང་པ་གཉིས། ལྟག་པ་དང་བདུན་ནོ། །ཤིང་ནྱ་གྲོ་དྷ་ལྟར་ཆུ་ཞེང་གབ་པ་ནི་ལྟེ་བ་ཡན་ཆད་དང་མན་ཆད་ཚད་མཉམ་པའོ། །འདི་དག་ཞིབ་པར་སློབ་དཔོན་སེང་གེ་བཟང་པོའི་ཤེར་ཕྱིན་གྱི་འགྲེལ་ཆུང་དོན་གསལ་ལས་རྟོགས་པར་བྱའོ། །བརྡས་གོ་བ་གསུང་གི་ཡོན་ཏན་ནི། ལོངས་སྤྱོད་རྫོགས་པའི་དགྱེས་པ་ཚུལ་དྲུག་གི་སྤྱོད་པ་ཐམས་ཅད་གདུལ་བྱའི་ཡུལ་བྱང་སེམས་འཕགས་པ་རྣམས་ཀྱི་རྒྱུད་དང་རན་པར་མཐུན་པས་འཇུག་པ། སྐུ་དེ་མཐོང་བ་ན་ས་བཅུའི་མི་མཐུན་ཕྱོགས་ཀྱི་སྒྲིབ་པ་རྣམས་མེད་པར་བྱེད་པ། ས་གོང་མ་ཐོབ་པར་འདོད་པའི་དད་པས་མོས་པའི་འཕགས་པ་རྣམས་ལ་ས་ནས་སར་འཕར་བའི་མངོན་པར་དགའ་བ་བསྐྱེད་པའོ། །བླ་ན་མེད་པ་ཐུགས་ཀྱི་ཡོན་ཏན་ནི། མི་འཇིགས་བཞི་དང་ལྡན་པའི་ཤེས་རབ་མུ་སྟེགས་གཞན་གྱིས་ཟིལ་གྱིས་མི་ནོན་པ་མངའ་བ་སྟེ། དེ་ཡང་རང་དོན་ངས་ནི་ཤེས་བྱ་ཐམས་ཅད་མངོན་པར་བྱང་ཆུབ་པར་རྟོགས་སོ་ཞེས་ཡེ་ཤེས་དང་། ངས་ནི་ཟག་པ་ཐམས་ཅད་ཟད་པར་བྱས་སོ་ཞེས་སྤང་བ་གཉིས་ཞལ་གྱིས་བཞེས་པ་དང་། གཞན་དོན་དུ། ཐེག་པ་གསུམ་གྱི་ལམ་འདི་འཁོར་བ་ལས་ངེས་པར་འབྱིན་པའི་ལམ་ཡིན་ནོ་ཞེས་ལམ་དང་། ཉོན་མོངས་པ་འདི་དག་ཐར་པའི་བར་དུ་གཅོད་པའི་ཆོས་ཡིན་ནོ་ཞེས་གེགས་སུ་སྟོན་ཅིང་ཞལ་བཞེས་མཛད་པ་ལ་འཇིག་རྟེན་ན་དཀའ་ཐུབ་ཀྱིས་ང་རྒྱལ་བ་དགེ་སྦྱོང་ངམ། རིགས་ཀྱི་ང་རྒྱལ་ཅན་བྲམ་ཟེའམ། ལོངས་སྤྱོད་ཀྱིས་ང་རྒྱལ་བ་ལྷའམ། ནུས་པས་ང་རྒྱལ་ཅན་བདུད་དམ། ཆགས་བྲལ་གྱིས་ང་རྒྱལ་བ་ཚངས་པའམ། སྐྱེ་དགུའི་ཚོགས་གཞན་སུས་ཀྱང་ཆོས་དང་མཐུན་པར་རྒོལ་བའི་རྒྱུ་ཡང་དག་པར་རྗེས་སུ་མ་མཐོང་བས། ལུས་བདེ། ངག་བག་ཚ་བ་མེད། སེམས་མི་འཇིགས་པ་ཐོབ་ནས་ཁྱུ་མཆོག་གི་གནས་རླབས་པོ་ཆེ་ཞལ་གྱིས་འཆེ་ཞིང་། འཁོར་གྱི་ནང་དུ་སེང་གེའི་སྒྲ་བསྒྲགས་ལ། ཚངས་པའི་འཁོར་ལོ་འཇིག་རྟེན་ན་དགེ་སྦྱོང་སོགས་སུས་ཀྱང་བསྐོར་མི་ནུས་པ་བསྐོར་བའོ། །མཁྱེན་པའི་སྟོབས་བཅུ་པོ་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས་ཀྱིས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་བསལ་ནས་བདེ་འགྲོའི་འབྱུང་གནས་དགེ་བ་ཡིན་གྱི་མི་དགེ་མིན་པར་བསྟན་པས་གསོད་པའི་མཆོད་སྦྱིན་སོགས་བདེ་འགྲོའི་ཐབས་སུ་འདོད་པའི་ཐབས་ལ་བསླུ་བའི་བདུད་འཇོམས་པ་དང་། ལས་བདག་གིར་བྱ་བ་མཁྱེན་པའི་སྟོབས་ཀྱིས་དགེ་སྡིག་གི་ལས་མ་བྱས་པ་དང་མི་ཕྲད། བྱས་པ་ཆུད་མི་ཟ་བ་རང་གིས་བྱས་པ་རང་གི་མྱོང་བར་བསྟན་པས། དགེ་མང་སྡིག་ཅན་ཡིན་ཀྱང་དབང་ཕྱུག་སོགས་མཉེས་ན་ངན་སོང་དུ་མི་ལྷུང་བར་འདོད་པའི་སྐྱབས་ལ་བསླུ་བའི་བདུད་འཇོམས་པ་དང་། བསམ་གཏན་རྣམ་ཐར་ཏིང་འཛིན་སྙོམས་འཇུག་མཁྱེན་པའི་སྟོབས་ཀྱིས་འཇིག་རྟེན་པའི་བསམ་གཏན་ཙམ་གྱིས་གྲོལ་བར་སྟོན་པ་དག་པ་ལ་བསླུ་བའི་བདུད་འཇོམས་པ་དང་། བཤད་པའི་སྣོད་དད་སོགས་ཀྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། བསམ་པའི་བྱེ་བྲག་གི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་དང་། བག་ལ་ཉལ་བའི་རིགས་ཁམས་སྣ་ཚོགས་མཁྱེན་པའི་སྟོབས་དང་། དམིགས་པ་ཀུན་ཉོན་དང་རྣམ་བྱང་གི་བྱེ་བྲག་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། རྒྱུ་ཚོགས་སུ་འགྱུར་བ་སྔོན་གནས་རྗེས་དྲན་མཁྱེན་པའི་སྟོབས་དང་། སྐྱེ་འཇིག་གི་འོས་སུ་འགྱུར་བ་འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ངེས་འབྱུང་གསུམ་གྱི་བྱེ་བྲག་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཏེ་བདུན་པོ་དེའི་སྒོ་ནས་ཐེག་ཆེན་གྱི་རིགས་ཅན་རྣམས་ཐེག་ཆེན་ལ་འགོད་པས་ཐེག་པ་ཆེན་པོ་ངེས་པར་འབྱུང་བ་ལ་བསླུ་བའི་བདུད་འཇོམས་པས། དེ་རྣམས་ལྡན་པ་ལ་བརྟེན་ནས་བདུད་ཀྱིས་བརྫི་བ་མེད་པའོ། །སྤྲུལ་སྐུའི་ཡོན་ཏན་དྲན་པ་ལ་བཞི་ལས། མཛད་པ་རྨད་བྱུང་ཕྲིན་ལས་ཡོན་ཏན་ལ། ལམ་དུ་མ་ཞུགས་པ་དང་ལམ་ཞུགས་ཀྱི་སོ་སྐྱེ་འཕགས་པས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱི་སྟོན་པ་མཛད་པ་ནི། ཡོན་ཏན་འདི་དག་གི་སྒོ་ནས་འབྱུང་སྟེ། དེ་ཡང་། འབད་མེད་དུ་ལྷུན་གྱིས་གྲུབ་ཅིང་ཆགས་སོགས་ཉོན་མོངས་མེད་ལ་ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་མི་མངའ་ཞིང་རྟག་ཏུ་མཉམ་པར་བཞག་ཅིང་འདྲི་བ་ཀུན་གྱི་ལན་ལྡོན་པར་མཛད་པའི་སྨོན་ལམ་མཁྱེན་པ་དང་། བཞེད་པ་བཞིན་བཞུགས་པའི་ཚེ་ལ་དབང་བ་དང་། དེ་བཞིན་དུ་ཏིང་ངེ་འཛིན་དཔག་མེད་ཐོབ་པས་སེམས་ལ་དང་། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་གྱིས་འབྱོར་བ་སྣ་ཚོགས་ཀྱི་ཆར་འབེབས་པས་ཡོ་བྱད་ལ་དང་། སྐྱེ་ནས་མྱོང་འགྱུར་སོགས་ཀྱི་ལས་མཐོང་ཆོས་ལ་སྨིན་པར་བྱེད་པ་སོགས་ལས་ལ་དང་། བསམ་གཏན་ལ་གནས་བཞིན་འདོད་པར་སྐྱེ་བ་སོགས་སྐྱེ་བ་ལ་དང་། ཅི་ལྟར་བཏབ་པ་བཞིན་འགྲུབ་པའི་སྨོན་ལམ་ལ་དང་། ཅི་ལྟར་མོས་པ་བཞིན་འབྱུང་བ་མོས་པ་ལ་དང་། གཅིག་དང་དུ་མར་སྒྱུར་བའི་རྫུ་འཕྲུལ་ལ་དང་། སོ་སོ་ཡང་དག་པར་རིག་པ་བཞི་ལ་མངའ་བརྙེས་པས་ཡེ་ཤེས་ལ་དང་། གསུང་རབ་ཡན་ལག་བཅུ་གཉིས་ལ་མངའ་བརྙེས་པས་ཆོས་ལ་དབང་བ་སྟེ་དབང་བཅུ་དང་ལྡན་པ་འདི་དག་ཕར་ཕྱིན་དྲུག་གི་འབྲས་བུ་ཡིན་པར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་གསུངས་སོ། །སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཤིན་ཏུ་དག་པས་ན་སྐྱོན་ཤེས་ཀྱིས་དོགས་པའི་བསྲུང་ཞིང་། བཅབ་དགོས་ཀྱི་འཇིགས་པ་མེད་པས་བག་བརྐྱང་སྟེ་གསུངས་པ་བསྲུང་བ་མེད་པ་གསུམ་དང་། གདུལ་བྱ་ཆོས་ལ་གུས་པ་ཡོད་པ་དང་མེད་པ་དང་གཉིས་ཀ་ཅན་གསུམ་ལ་རིམ་བཞིན་ཉོན་མོངས་ཆགས་པ་དང་། སྡང་བ་དང་། འདྲེས་མ་གསུམ་སྤང་ནས་ཆོས་སྟོན་པ་དྲན་པ་ཉེ་བར་བཞག་པ་གསུམ་དང་། ཐམས་ཅད་མཁྱེན་པའི་མཚན་དང་ལྡན་པ་ལ་ཐམས་ཅད་མཁྱེན་པ་མིན་པའི་མི་ཤེས་པའི་སྤྱོད་པ་ཕྲ་མོ་ཙམ་ཡང་མི་མངའ་བ་བག་ཆགས་ཡང་དག་བཅོམ་པ་སྟེ་ཉན་ཐོས་དགྲ་བཅོམ་རྣམས་ནི། ཉོན་མོངས་སྤངས་ཀྱང་བག་ཆགས་ཡང་དག་པར་མ་བཅོམ་པས་གླང་པོ་ཆེ་མྱོས་པར་ཐུག་པ་སོགས་མི་ཤེས་པའི་སྤྱོད་པ་མངའོ། །གདུལ་བྱ་འདུལ་བའི་དུས་ལ་བབ་ན་དུས་ལས་ཡོལ་བ་སྐད་ཅིག་ཀྱང་མེད་པར་རྟག་ཏུ་བླ་ན་མེད་པ་སངས་རྒྱས་ཀྱི་མཛད་པའི་དོན་མི་འདོར་བར་ཡོད་པ་བསྙེལ་བ་མི་མངའ་བ་དང་། ཡོངས་སུ་དག་པ་བཞི་པོ་ལུས་ལེན་པའམ། ཚེའི་འདུ་བྱེད་བྱིན་གྱི་བརླབས་ནས་བཞེད་པ་བཞིན་གནས་པའམ། དུས་སུ་གཏོང་བ་སྟེ་རྟེན་ཡོངས་སུ་དག་པ། ཇི་ལྟར་བཞེད་བཞིན་ཏུ་སྤྲུལ་ཞིང་བསྒྱུར་བ་དམིགས་པ་ཡོངས་སུ་དག་པ། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པར་དབང་བསྒྱུར་བ་ཐུགས་ཡོངས་སུ་དག་པ། གཟུངས་ཀྱི་སྒོ་ཀུན་ཏུ་འཛིན་པ་ཡེ་ཤེས་ཡོངས་སུ་དག་པ་དེ་ནི་བཞི་སྟེ་ཚིག་གིས་གཟུངས། དོན་གྱི་དང་། བཟོད་པ་ཐོབ་པའི་སྒོའི་དང་། སྔགས་ཀྱི་གཟུངས་སོ །བྱང་ཆུབ་སེམས་དཔའ་རྣམས་ལ་སེམས་མ་སྐྱེད་པ་བསྐྱེད་དུ་གཞུག་ཅིང་། བསྐྱེད་པ་གོང་དུ་སྤེལ་བའི་ཐབས་ཀྱིས་ཡབ་མཛད་པ་དེ་ཡང་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་རང་ཉིད་ལ་མཐར་ཕྱིན་པར་མངའ་ཞིང་གཞན་ལའང་བསྐྱེད་པར་མཛད་པའི་སྒོ་ནས་ཏེ་རྩ་བདུན་ལ་བཞི་ལས། རྫས་སམ་ངོ་བོ་ནི། དད་བརྩོན་དྲན་པ་ཤེས་རབ་ཏིང་འཛིན་བཏང་སྙོམས་དགའ་བ་རྟོག་པ་ཚུལ་ཁྲིམས་ཤིན་ཏུ་སྦྱངས་བ་དང་བཅུར་མཛོད་ལས་བཤད་དོ། །ངེས་ཚིག་ནི། ཟད་མི་སྐྱེ་ཤེས་པ་བྱང་ཆུབ་ཡིན་ལ་དེའི་རྒྱུར་གྱུར་བས་ཕྱོགས་མཐུན་ནོ། །དབྱེ་བ་ནི། གཞི་དངོས་པོའི་མཚན་ཉིད་ལ་མི་མཁས་པའི་སྐྱོན་སྤངས་པ་དྲན་པ་ཉེར་བཞག་བཞི། ལེ་ལོའི་སྐྱོན་སྤངས་པ་ཡང་དག་སྤོང་བཞི། བྱིང་རྒོད་གཉིས་ཀྱི་ཏིང་ངེ་འཛིན་ཉམས་པའི་སྐྱོན་སྤངས་པ་རྫུ་འཕྲུལ་རྐང་པ་བཞི། དད་སོགས་མི་སྐྱེད་བའི་སྐྱོན་སྤངས་པ་དབང་པོ་ལྔ། དད་སོགས་ཉམས་ཆུང་བའི་སྐྱོན་སྤངས་པ་སྟོབས་ལྔ། མཐོང་སྤངས་ལྟ་བ་སོགས་ཀྱི་སྐྱོན་སྤངས་པ་བྱང་ཆུབ་ཀྱི་ཡན་ལག་བདུན། སྒོམ་སྤངས་གནས་ངན་ལེན་གྱི་སྐྱོན་སྤངས་པ་འཕགས་ལམ་ཡན་ལག་བརྒྱད་དེ་བྱང་ཕྱོགས་སོ་བདུན་ནོ། །ས་མཚམས་ནི། བྱང་ཕྱོགས་སྡེ་ཚན་བདུན་པོ་དེ། བྱེ་བྲག་སྨྲ་བའི་ལུགས་ལ། ཚོགས་ལམ་དྲོད། རྩེ་མོ། བཟོད་པ། ཆོས་མཆོག །སྒོམ་ལམ། མཐོང་ལམ་ན་རིམ་བཞིན་རེ་རེ་ཡོད་པར་འདོད། ཐེག་ཆེན་གྱིས་ཚོགས་ལམ་ན་སྡེ་ཚན་གསུམ། སྦྱོར་ལམ་ན་སྡེ་ཚན་གཉིས། མཐོང་སྒོམ་གཉིས་སུ་རིམ་པར་རེ་རེ་འདོད་དོ། །མ་འདྲེས་པའི་ཆོས་བཅོ་བརྒྱད་དང་ལྡན་པས། ཉན་རང་བྱང་ཆུབ་སེམས་འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ་མཛད་པ་ལས། བཅོ་བརྒྱད་ནི། སྐུ་འཁྲུལ་པ་མེད་པ་དང་ཆགས་སྡང་བྲལ་བའི་ཕྱིར་ཅ་ཅོ་མེད་ཅིང་རྨོངས་པ་བྲལ་བའི་ཕྱིར་རྗེས་སུ་ཅ་ཅོ་མེད་པས་ཅ་ཅོ་མེད་པ་དང་། བསམ་གཏན་སོགས་ལ་འཇུག་པའམ་མཐུན་པར་ཆོས་སྟོན་པ་སོགས་ཀྱི་བྱ་བ་བརྗེད་པར་མི་འགྱུར་བ་བསྙེལ་བ་མེད་པ་དང་། རྟག་ཏུ་མཉམ་པར་བཞག་པའི་ཏིང་ངེ་འཛིན་ཟབ་མོ་མཆོག་ཐོབ་ཅིང་སྒྲིབ་པ་མེད་པའི་བསམ་གཏན་ལ་གནས་ཤིང་། རྒྱལ་བའི་བྱིན་རླབས་མ་གཏོགས་སུས་ཀྱང་སངས་རྒྱས་སེམས་ལ་ལྟ་ནུས་པ་མེད་པས་མཉམ་པར་མ་བཞག་པ་མེད་པ་དང་། ཆོས་ཐམས་ཅད་མཉམ་པ་ཉིད་དུ་གནས་པས་ཐ་དད་པའི་འདུ་ཤེས་མེད་པ་དང་། ལམ་དང་ཤེས་རབ་སྒོམ་ཞིང་ཡེ་ཤེས་དང་ལྡན་ཅིང་། འཇིག་རྟེན་ལས་མ་འདས་པ་ཡིན་པའི་བཏང་སྙོམས་ཆེན་པོ་ལྡན་པས་སོ་སོར་མ་བརྟགས་པའི་བཏང་སྙོམས་མི་མངའ་བ་སྟེ་དྲུག་ནི་སྤྱོད་པས་བསྡུས་པ་ཡིན་ཏེ། ཡུལ་ལ་འཇུག་པས་ཕྱེ་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་འདུན་པས་འགྲོ་བ་མིན་གྱི། དེའི་འདུན་པ་ནི་ཡེ་ཤེས་སྔོན་དུ་འགྲོ་བ་ཅན་དགེ་ཆོས་ཐམས་ཅད་ལ་འདུན་པ་སྟེ། བྱམས་སྙིང་རྗེ་ཆོས་སྟོན་པ་སེམས་ཅན་འདུལ་བ། སེམས་ཅན་ཡོངས་སུ་སྨིན་པར་བྱ་བ། རབ་ཏུ་དབེན་པ། སེམས་ཅན་ལ་བྱང་ཆུབ་ཡང་དག་པར་འཛིན་འཇུག་པ། དཀོན་མཆོག་གསུམ་གྱི་རིགས་རྒྱུད་མི་གཅོད་པ་ལ་འདུན་པ་ཉམས་པ་མི་མངའ་བ་དང་། གདུལ་བྱ་གཅིག་གི་ཕྱིར་སངས་རྒྱས་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་ནས་འགྲོ་བ་ལ་ངལ་བ་མེད་པའི་འདུལ་བྱ་ཡལ་བར་མི་འདོར་བའི་བརྩོན་འགྲུས་སམ་བསྐལ་བར་མི་སྐྱོ་བས་ཆོས་ཉན་པ་ཡོད་ན་དེ་བཞིན་གཤེགས་པས་ཁ་ཟས་མི་གསོལ་བར་བསྐལ་པར་ཆོས་སྟོན་པ་ཆོས་ཉན་པ་རྣམས་ལ་བསྙེལ་བ་མེད་པའི་བརྩོན་འགྲུས་ལྡན་པས་བརྩོན་འགྲུས་ཉམས་པ་མི་མངའ་བ་དང་། སེམས་ཅན་གྱི་ཁམས་ལ་གཟིགས་པ་ལ་བརྗེད་པ་མེད་པས་དྲན་པ་ཉམས་པ་མི་མངའ་བ་དང་། ཆོས་ཀྱི་དབྱིངས་མཉམ་པ་ཆེན་པོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པས་ཏིང་ངེ་འཛིན་ཉམས་པ་མི་མངའ་བ་དང་། ཆོས་ཐམས་ཅད་རབ་ཏུ་ཤེས་པའི་ཤེས་རབ་ཐུག་པ་མེད་པ་མངའ་བས་ཤེས་རབ་ཉམས་པ་མི་མངའ་བ་དང་། ཡུལ་ལ་ཆགས་པ་དང་ཡུལ་ཅན་གྱི་འཛིན་པ་ཐམས་ཅད་དང་བྲལ་བ་རྫོགས་སངས་རྒྱས་ཀྱི་རྣམ་གྲོལ་ལྡན་པས་རྣམ་པར་གྲོལ་བ་ཉམས་པ་མི་མངའ་བ་སྟེ་དྲུག་ནི་རྟོགས་པས་བསྡུས་པ་ཡིན་ཏེ། ཡུལ་ཅན་ཡེ་ཤེས་ཀྱི་རང་བཞིན་ཡིན་པས་སོ། །དུས་གསུམ་ལ་ཉོན་སྒྲིབ་སྤངས་པས་མ་ཆགས་ཤིང་ཤེས་སྒྲིབ་སྤངས་པས་མ་ཐོགས་པའི་ཡེ་ཤེས་མངའ་བ་ནི་ཡེ་ཤེས་མ་འདྲེས་པ་གསུམ་ཡིན་ནོ། །སྐུ་གསུང་ཐུགས་ཀྱི་ཕྲིན་ལས་ཐམས་ཅད་ལ་རྒྱུའི་ཀུན་སློང་གི་ཚུལ་དུ་ཡེ་ཤེས་སྔོན་དུ་འགྲོ་ཞིང་དུས་ཀྱི་ཀུན་སློང་གི་ཚུལ་དུ་ཡེ་ཤེས་རྗེས་སུ་འབྲངས་པ་ཕྲིན་ལས་མ་འདྲེས་པ་གསུམ་ཡིན་ནོ། །བཅོ་བརྒྱད་པོ་འདི་དག་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོའི་དགོངས་པ་ལྟར་བཤད་པ་ཡིན་ལ་མདོ་དེར་དེ་བཞིན་གཤེགས་པའི་ལས་སུམ་ཅུ་རྩ་གཉིས་སུ་ཕྱེ་འདུག་ཅིང་། དེའི་འབྱེད་ཚུལ་ནི། ཐོག་མར་སྐུ་འཁྲུལ་པ་མེད་པ་ལ། ལུས་ཀྱི་ལས་འཁྲུལ་པ་མེད་པ་ལྔ་སྟེ། ཤིན་ཏུ་མཛེས་པའི་སྤྱོད་ལམ་བཞི་ཡོད་པ་དང་། གྲོང་སོགས་སུ་འཇུག་ཅིང་འབྱུང་བ་ན་རྐང་མཐིལ་ས་ལ་མི་རེག་པར་འཁོར་ལོ་རྩིབས་སྟོང་ལྡན་པ་འཇོག་པའི་པདྨ་མངོན་དུ་འབྱུང་བ་དང་། ཞབས་ལ་བྱོལ་སོང་གིས་རེག་ན་ཞག་བདུན་བར་རེག་བྱའི་བདེ་བ་ལྡན་ཅིང་། ཤི་ནས་ལྷར་སྐྱེས་པ་དང་། སྐུ་ལ་ཆོས་གོས་སོར་བཞི་ཙམ་གྱིས་མ་རེག་མོད་རླུང་ཆེན་པོས་ཀྱང་བཟློག་མི་ནུས་པ་དང་། སྐུའི་འོད་ཀྱིས་མནར་མེད་པའི་བར་གྱི་སེམས་ཅན་བདེ་བར་བྱེད་པའོ། །ངག་གི་ལས་འཁྲུལ་པ་མེད་པ་ལྔ་སྟེ་སྨྲ་བའི་སྐབས་ཁྱད་པར་དུ་འཕགས་པ་དུས་སུ་སྨྲ་བ་དང་། སྨྲ་བའི་ངོ་བོ་ཁྱད་འཕགས་ཚིགས་སུ་སྨྲ་ཞིང་ཡང་དག་པར་སྨྲ་བ་དང་། སྨྲ་བའི་ཁྱད་པར་ཁྱད་འཕགས་ཤིན་ཏུ་ངེས་པའི་ཚིག་དང་ལྡན་པ། སེམས་ཅན་ཐམས་ཅད་ཚིམས་བྱེད་ཀྱི་ཚིག་དང་། མི་ཟློག་པའི་ཚིག་དང་། དོན་དང་ཚིག་འབྲས་བུས་བརྒྱན་པའི་ཚིག་དང་ལྡན་པ་དང་། སྨྲ་བའི་རྒྱུ་ཁྱད་འཕགས་ཇི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། སྨྲ་བའི་བྱེད་ལས་ཁྱད་འཕགས་སྐད་ཅིག་བརྗོད་པས་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཚིམས་པར་བྱེད་པའོ། །ཡིད་ཀྱི་ལས་འཁྲུལ་པ་མེད་པ་ལྔ་སྟེ། མཉམ་པར་བཞག་པའི་གནས་མི་འདོར་ཞིང་། སངས་རྒྱས་ཀྱི་བྱ་བ་ཐམས་ཅད་བྱེད་ཀྱང་། སེམས་དེར་མི་གཏོང་ཞིང་ཆོས་ཐམས་ཅད་ལ་ཆགས་པ་དང་། ཐོགས་པ་མེད་པ་ཡེ་ཤེས་ཀྱི་མཐོང་བ་འཇུག་པའོ། །བཅོ་ལྔ་པོ་དེའི་ཁར་གཞན་རྣམས་བསྡམས་པས་ལས་སུམ་ཅུ་སོ་གཉིས་སུ་འགྱུར་རོ། །ཉོན་མོངས་མེད་པའི་ཏིང་ངེ་འཛིན་གྱིས་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ས་བོན་བག་ཆགས་བཅས་བཅོམ་པའི་ཐབས་བསྟན་ནས་མྱ་ངན་ནམ་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ཐར་བའམ་འདས་པ་ཞི་བདེའི་གྲོང་ཁྱེར་དུ་འགྲོ་བའི་རིགས་ཅན་གསུམ་གྱི་གང་ཟག་རྣམས་ཀྱི་ལམ་སྟོན་ལ་མཁས་པའི་དེད་དཔོན་དམ་པ་མཛད་པའོ། །ཉན་ཐོས་ཀྱི་ཉོན་མོངས་མེད་པ་ནི་གཞན་གྱི་ཉོན་མོངས་སྐྱེ་བའི་རྐྱེན་མི་བྱེད་ཙམ་ཡིན་ལ་སངས་རྒྱས་ནི་ཉོན་མོངས་ཅན་གྱི་སྡུན་ལ་ཆེད་དུ་གཤེགས་ནས་ཉོན་མོངས་རྒྱུན་གཅོད་པར་བྱེད་པ་ཡིན་ནོ། །མཁྱེན་རབ་མཐའ་ཡས་ཐུགས་ཀྱི་ཡོན་ཏན་ལ། ཇི་ལྟ་ཇི་སྙེད་མཐའ་དག་གཟིགས་པའི་ཡེ་ཤེས་དཔག་ཏུ་མེད་པ་མངའ་སྟེ། དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་དང་སྤྱན་དང་མངོན་ཤེས་ཀྱི་རྣམ་པར་གནས་པ་ལས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ནི་གསུམ་སྟེ། ཕུང་སོགས་ཆོས་ཐམས་ཅད་གང་ཟག་གི་བདག་མེད་པར་རྟོགས་པ་གཞི་ཐམས་ཅད་མཁྱེན་པ་དང་། ཉན་རང་བྱང་སེམས་ཀྱི་ལམ་གསུམ་ཀུན་རྫོབ་ཏུ་མ་འདྲེས་པར་མཁྱེན་ཅིང་དོན་དམ་པར་སྐྱེ་མེད་དུ་རྟོགས་པ་ལམ་ཐམས་ཅད་མཁྱེན་པ་དང་། ཤེས་བྱར་སྲིད་ཚད་མཁྱེན་པ་རྣམ་པ་ཐམས་ཅད་མཁྱེན་པའོ། །སྤྱན་ལྔ་ནི། འཇིག་རྟེན་ཁམས་ཀྱི་གཟུགས་ཕྲ་རགས་ཐམས་ཅད་གཟིགས་པ་ཤའི་སྤྱན། དགེ་བའི་རྣམ་སྨིན་ལས་སྐྱེས་ཤིང་སེམས་ཅན་རྣམས་ཀྱི་དེ་ལྟར་གྱི་འཆི་འཕོ་སྐྱེ་བ་མཁྱེན་པ་ལྷའི་སྤྱན། ལུང་རྟོགས་ཀྱི་ཆོས་ཀུན་གཟིགས་པ་ཆོས་ཀྱི་སྤྱན། བདག་མེད་གཉིས་ཀྱི་ཆོས་ཉིད་གཟིགས་པ་ཤེས་རབ་ཀྱི་སྤྱན། སངས་རྒྱས་ཀྱི་ཉེར་ལེན་ལ་སེམས་ཅན་ཐམས་ཅད་གནས་པ་གཟིགས་པ་སངས་རྒྱས་ཀྱི་སྤྱན་ནོ། །མངོན་ཤེས་དྲུག་ནི། རྫུ་འཕྲུལ་གྱི་མངོན་པར་ཤེས་པའི་ངོ་བོ་སྤྲུལ་པ་དང་བསྒྱུར་བའི་རྣམ་འཕྲུལ་སྣ་ཚོགས་སྟོན་པ། བྱེད་ལས་གདུལ་བྱའི་དྲུང་དུ་གཤེགས་པའོ། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་ངོ་བོ་གཞན་དག་གི་སེམས་དགེ་མི་དགེ་ལུང་མ་བསྟན་གང་ལ་སྤྱོད་པ་ཤེས་པ། བྱེད་ལས་གདུལ་བྱའི་སེམས་ཀྱི་སྤྱོད་པ་མཁྱེན་པར་མཛད་པའོ། །ལྷའི་རྣ་བའི་མངོན་ཤེས་ཀྱི་ངོ་བོ་འཇིག་རྟེན་ཁམས་ཀྱི་ཟིན་མ་ཟིན་པའི་སྒྲ་ཆེ་ཆུང་ཐམས་ཅད་གསན་པ། བྱེད་ལས་གདུལ་བྱའི་རང་སྐད་ཀྱིས་ཆོས་སྟོན་པའོ། །སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་ངོ་བོ་རང་གཞན་གྱི་ཚེ་རབས་དུ་མ་ཤེས་པ། བྱེད་ལས་སྔོན་གྱི་མཐའ་ནས་འདིར་འོང་བ་སྟོན་པའོ། །ལྷའི་མིག་གི་མངོན་ཤེས་ཀྱི་ངོ་བོ་འཆི་འཕོ་སྐྱེ་བ་མཁྱེན་པ། བྱེད་ལས་ཕྱི་མའི་མཐར་འགྲོ་བ་གཞན་ལ་ཤེས་པར་བྱེད་པའོ། །ཟག་པ་ཟད་པའི་མངོན་ཤེས་ཀྱི་ངོ་བོ་ཐར་པའི་ལམ་འབྲས་བུ་དང་བཅས་པ་མཁྱེན་པ། བྱེད་ལས་ངེས་འབྱུང་གསུམ་གྱི་ལམ་ལེགས་པར་འདོམས་པའོ། །མངོན་ཤེས་དེ་དག་གི་རྒྱུ་ཡང་འཕེན་བྱེད་ཀྱི་རྒྱུ་ནི། རིན་ཆེན་ཕྲེང་བ་ལས། མཆོད་རྟེན་ལ་མར་མེའི་ཕྲེང་བ་ཕུལ་བ་དང་། སེམས་ཅན་ལ་མུན་པ་སེལ་བྱེད་བྱིན་ན་ལྷའི་མིག་ཐོབ་ཅེས་གསུངས་པ་སོགས་སོ། །འགྲུབ་བྱེད་ཀྱི་རྒྱུ་ནི་རྟེན་བསམ་གཏན་བཞི་པ། གྲོགས་རྣམ་པར་མི་རྟོག་པའི་ཡེ་ཤེས་བསྒོམ་པ། ཡིད་ལ་བྱེད་པ་དྲུག་པོ་ཇི་ལྟ་བུའི་རྣམ་པ་ལ་གནས་པ་ཡིད་ལ་བྱེད་པ་སྟེ། དེ་ཡང་མངོན་ཤེས་དྲུག་གི་ཐབས་གོ་རིམ་བཞིན་དུ། སྣང་བ་དང་ལྡན་པའི་གཟུགས་ཡིད་ལ་བྱེད་པ་དང་། སྒྲའི་བྱེ་བྲག་དུ་མར་སེམས་གཏོད་པ་དང་། གཞན་སེམས་ཀྱི་གནས་སྐབས་དུ་མ་དང་། སྔོན་གྱི་གནས་སྐབས་དུ་མ་དང་རང་ལུས་ཡང་ཞིང་ཐོགས་པ་མེད་པར་ཡིད་གཏོད་པ་དང་། རྣམ་པར་མི་རྟོག་པ་སྒོམ་པའོ། །སོ་སོ་ཡང་དག་པར་རིག་པ་བཞི་དང་ལྡན་པས་སྤོབས་པ་བསམ་གྱིས་མི་ཁྱབ་པ་མངའ་བ་སྟེ། བཞི་ནི་རྟེན་མིང་གི་རྣམ་གྲངས་རྣམས་ཐོགས་མེད་ཤེས་པ་ཆོས་སོ་སོ་ཡང་དག་རིག་པ། བརྟེན་པ་རང་དང་སྤྱིའི་མཚན་ཉིད་དང་དགོངས་པ་ཐོགས་མེད་ཤེས་པ་དོན་སོ་སོ་ཡང་དག་པར་རིག་པ། གསུངས་ཡུལ་རང་རང་གི་སྐད་དང་མཐུན་པར་ཆོས་ཀྱི་ངེས་ཚིག་ཐོགས་མེད་ཤེས་པ་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ། མཁྱེན་པ་ཆོས་རྣམས་ཀྱི་རབ་དབྱེ་སྣ་ཚོགས་ཐོགས་མེད་ཤེས་པ་སློབས་པ་སོ་སོ་ཡང་དག་པར་རིག་པ་སྟེ་སྔ་མ་གཉིས་ནི་བཤད་པར་བྱ་བས་བསྡུས་ཤིང་། ཕྱི་མ་གཉིས་ནི་ཆོས་འཆད་བྱེད་ཡིན་ནོ། །ཚངས་དབྱངས་ལྡན་པ་གསུང་གི་ཡོན་ཏན་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས་འབྱུང་བ་ཚངས་དབྱངས་ཡན་ལག་དྲུག་ཅུ་པོ་ཡང་། དོན་མཆོག་ཏུ་སྟོན་པས་རྣམ་པར་དག་པའི་ཚིག་གིས་བསྡུས་པ་མཉེན་པ། འཇམ་པ། ཡིད་དུ་འོང་བ། ཡིད་དུ་འཐད་པ། དག་པ་དྲི་མ་མེད་པ། གསལ་བ་ལ་སོགས་རྣམས་དང་། སྒྲའི་དབྱངས་སྙན་པས་བསྡུས་པ་སེངྒེའི་སྒྲ། གླང་པོ་ཆེའི་སྒྲ་སྐད། འབྲུག་གི་སྒྲའི་དབྱངས། ཀླུའི་དབང་པོའི་སྒྲ། དྲི་ཟའི་གླུ་དབྱངས། ཀ་ལ་པིངྐའི་སྒྲ། ཚངས་པའི་དབྱངས། ཤང་ཤང་ཏིའུའི་སྒྲ་དབྱངས་སུ་གྲགས་པ། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ། རྔའི་སྒྲ་ལ་སོགས་པ་རྣམས་སྦྱར་བར་བྱའོ། །ཤིན་ཏུ་མཛེས་པ་སྐུའི་ཡོན་ཏན་ནི། །མཆོག་གི་སྤྲུལ་སྐུ་ལ་མཚན་དཔེ་ཡོངས་རྫོགས་མངའ་བ་སྐུའི་བྱད་དབྱིབས་དེ་སོ་སྐྱེའམ་ཉན་ཐོས་འཕགས་པ་རྣམས་ཀྱིས་མཐོང་ཚེ་བལྟ་བའི་ཆོག་མི་ཤེས་པ། དཔེར་ན་རྒྱ་མཚོ་ཆེན་པོ་དང་ལྷུན་པོ་ལ་བལྟས་པས་མི་ངོམས་པ་ལྟ་བུ། བཟོ་དང་སྐྱེ་བ་སྤྲུལ་སྐུའི་སྐུ་ཡང་ཕལ་པ་གཞན་གང་དང་མཚུངས་པ་སྟེ་འདྲ་བ་མེད་པར་ཁྱད་འཕགས་ཞིག་ཏུ་སྣང་བའོ། །གཉིས་པ་ཆོས་སྐུའི་ཡོན་ཏན་དྲན་པ་ལའང་། ཆོས་སྐུའི་རྒྱུ་ཕུན་ཚོགས་ཀྱི་ཡོན་ཏན་དྲན་པ་དང་། ཆོས་སྐུ་རང་གི་ངོ་བོའི་ཡོན་ཏན་དྲན་པ་གཉིས་ལས། དང་པོ་ལ་ཏིང་ངེ་འཛིན་གསུམ་གྱི་བདག་ཉིད་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་དང་། རྣམ་ཐར་གསུམ་སོགས་ཀྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡོན་ཏན་གཉིས་ཀྱི། དང་པོ་ལའང་། སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དང་། རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཏེ་གསུམ་ལས། དང་པོ་ལ། སྒྲ་འདོམས་པའི་ཚེ་ན་ཏིང་ངེ་འཛིན་ཞེས་བྱ་བ་ཞི་གནས་རྐྱང་པ་ལ་འདོགས་པའི་ནང་ནས། སེམས་གནས་པའི་ཐབས་དགུའི་སྒོ་ནས་བསྒྲུབ་པར་འདོད། སེམས་རྩེ་གཅིག་པ་དག་ཐོབ་ཀྱང་གཞན་ཕལ་པའི་རྒྱུད་ལ་ཡོད་པ་ལས་ཁྱད་པར་འཕགས་ཤིང་འདོད་པའི་སྐྱོན་དག་གིས་མ་གོས་པ་སྟེ། ཐབས་དགུ་ནི། དམིགས་ཡུལ་སེམས་འཇོག་པ་དང་། མ་བརྗེད་པར་དྲན་པ་མཐུད་ནས་ཡུན་རིང་བར་རྒྱུན་དུ་འཇོག་པ་དང་། རྣམ་པར་གཡེངས་པའི་ཚེ་གཡེང་བ་རྟོགས་ནས་བླན་ཏེ་འཇོག་པ་དང་། ཡང་ཡང་དུ་གྲངས་མང་བར་ཉེ་བར་འཇོག་པ་དང་། ཏིང་ངེ་འཛིན་གྱི་ཡོན་ཏན་བསམ་སྟེ་དུལ་བར་བྱེད་པ་དང་། རྣམ་གཡེང་གི་སྐྱོན་མཐོང་ནས་ཞི་བར་བྱེད་པ་དང་། ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་འདོད་ལ་འདུན་པ་གནོད་སེམས་གཉིད་རྨུག་རྒོད་འགྱོད་ཐེ་ཚོམ་སྟེ་སྒྲིབ་པ་ལྔ་སོགས་བསལ་ཏེ་རབ་ཏུ་ཞི་བར་བྱེད་པ་དང་། འབད་རྩོལ་བཅས་པའི་སེམས་གནས་ཐོབ་པ་རྩེ་གཅིག་ཏུ་བྱེད་པ་དང་། འབད་རྩོལ་མེད་པར་ཐོབ་པ་མཉམ་པར་འཇོག་པའོ། །གཟུགས་ཀྱི་བསམ་གཏན་བཞི་ཡོད་ཅིང་། དེའང་རྒྱུ་སྙོམས་འཇུག་གི་བསམ་གཏན་དང་། འབྲས་བུ་དེར་སྐྱེས་པའི་བསམ་གཏན་གཉིས་ཀྱི་འདིར་ནི་དང་པོ་དེ་དང་ལྡན་པ་ཡིན་ཅིང་། དེ་ནི་ཉེར་བསྡོགས་དང་དངོས་གཞི་གཉིས་སུ་རྣམ་པར་བཞག་པ་ལས། ཉེར་བསྡོགས་ལ་ཡིད་བྱེད་དྲུག་སྟེ། ཐོས་བསམ་འདྲེས་མའི་སྒོ་ནས་འདོད་པ་ལ་རགས་པ་དང་བསམ་གཏན་ལ་ཞི་བར་ལྟ་བ་མཚན་ཉིད་རབ་ཏུ་རིག་པ་དང་སྒོམ་བྱུང་གིས་མཐོང་བ་མོས་པ་ལས་བྱུང་བ་དང་། འདོད་ཉོན་ཆེན་པོ་རྣམས་སྤང་བ་རབ་ཏུ་དབེན་པ་དང་། འབྲིང་པོ་རྣམས་སྤངས་བ་དགའ་བ་སྡུད་པ་དང་། ཉོན་མོངས་ཡོད་མེད་རྟོགས་པ་དཔྱོད་པ་དང་། ཆུང་ངུ་གསུམ་སྤང་བ་སྦྱོར་བའི་མཐའི་ཡིད་བྱེད་ཡིན་ནོ། །སྦྱོར་བའི་མཐའི་འབྲས་བུ་ཡིད་ལ་བྱེད་པ་ནི་དངོས་གཞིའི་བསྡུས་པ་ཡིན་ཅིང་། བསམ་གཏན་གྱི་དངོས་གཞི་རྣམས་ནི་ཡན་ལག་དང་ལྡན་པ་ཡིན་པས། བསམ་གཏན་དང་པོ་ལ་ལྔ་སྟེ། རྟོག་དཔྱོད་གཉིས་གཉེན་པོའི་ཡན་ལག །དགའ་བདེ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་ངོ་བོའི་ཡན་ལག་གོ །གཉིས་པ་ལ་བཞི་སྟེ། རབ་དྭངས་གཉེན་པོའི་ཡན་ལག །ལྷག་མ་གསུམ་སྔ་མ་དང་འདྲའོ། །གསུམ་པ་ལ་ལྔ་སྟེ། དྲན་ཤེས་བཞིན་བཏང་སྙོམས་གསུམ་གཉེན་པོའི་ཡན་ལག །བདེ་བ་ཕན་ཡོན་གྱི་ཡན་ལག །ཏིང་ངེ་འཛིན་ངོ་བོའི་ཡན་ལག །བཞི་པ་ལ་བཞི་སྟེ། དྲན་པ་འདུ་བྱེད་བཏང་སྙོམས་གཉིས་གཉེན་པོའི་ཡན་ལག །ཚོར་བ་བཏང་སྙོམས་ཕན་ཡོན་གྱི་ཡན་ལག །ཏིང་འཛིན་ངོ་བོའི་ཡན་ལག་གོ །བསམ་གཏན་འདི་དག་ལའང་། ཉོན་མོངས་ཅན་དང་། དག་པ་བ་དང་། ཟག་མེད་གསུམ་ཡོད་ལ། ཐོག་མ་ནི། སྲེད་པའམ། ལྟ་བའམ། ང་རྒྱལ་ལམ། ཐེ་ཚོམ་ཤས་ཆེ་བའོ། །བར་པ་ལ་ནི། འོག་ས་དང་མཐུན་པ་ཉམས་པ་ཆ་མཐུན། རང་ས་དང་མཐུན་པ་གནས་པ་ཆ་མཐུན། གོང་ས་དང་མཐུན་པ་ཁྱད་པར་ཆ་མཐུན། ཟག་མེད་ཀྱི་རྟེན་དུ་གྱུར་པ་ངེས་འབྱེད་ཆ་མཐུན་བཞི་ཡོད་དོ། །དེ་ལས་སྔ་མ་གཉིས་ཀྱི་སྐྱོན་ཅན་དག་གིས་ཉེ་བར་མ་གོས་པར་ཟག་མེད་ཀྱི་རྟེན་དང་ངོ་བོར་གྱུར་བ་བསམ་གཏན་བཞིའི་སྙོམས་པར་འཇུག་པ་ཡོངས་རྫོགས་སུ་ལྡན་པ་ཡིན་ནོ། །གཟུགས་མེད་ལའང་གཉིས་ཡོད་ཀྱང་། རྒྱུ་སྙོམས་འཇུག་གི་ཆ་དང་ལྡན་པ་ཡིན་ཅིང་། དང་པོ་ནམ་མཁའི་ཉེར་བསྡོགས་ལ། དབྱིབས་དང་ཁ་དོག་གི་གཟུགས་ཀྱི་འདུ་ཤེས་དང་། ར་བ་སོགས་ཐོགས་པའི་འདུ་ཤེས་གཉིས་སྣང་བ་མེད་པས་ནུབ་པ་དང་། མཛེས་མི་མཛེས་སོགས་སྣ་ཚོགས་པའི་འདུ་ཤེས་ཡིད་ལ་མི་བྱེད་པས། འདི་ཤེས་གསུམ་བཤིགས་ཏེ། དངོས་གཞིར་དེ་བཞིན་གྲུབ་ནས་ཆོས་ཐམས་ཅད་ནམ་མཁའ་དང་རྣམ་ཤེས་ལྟར་མཐའ་ཡས་སོ་སྙམ་པའི་འདུ་ཤེས་དང་། ཅི་ཡང་མེད་དོ་སྙམ་པ་དང་། འདུ་ཤེས་རགས་པ་ཡོད་པ་མ་ཡིན་ཅིང་། ཕྲ་བ་མེད་པ་མ་ཡིན་པ་མཚན་མ་མེད་པའི་འདུ་ཤེས་ཅན་བཞི་ལའང་ཉོན་མོངས་ཅན་སོགས་གསུམ་ཡོད་པ་ལས་སྔ་མ་གཉིས་ཀྱི་སྐྱོན་ཅན་དག་དང་མ་འདྲེས་པ་ཟག་མེད་ཁོ་ན་དང་མཚུངས་པར་ལྡན་པའི་སྙོམས་འཇུག་བཞི་ལ་དབང་འབྱོར་བ་ཡིན་ནོ། །མཐོང་ཆོས་ལ་བདེ་བར་གནས་ཤིང་མྱ་ངན་ལས་འདས་པ་དང་འདྲ་བ་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་ལས་འགོག་པ་ཐོབ་པའི་རྣམ་པར་གྲོལ་བ་འགོག་པའི་སྙོམས་འཇུག་ཡིན་ལ། འདིས་ནི་སྲིད་རྩེའི་སེམས་ཕྲ་བ་འདུ་བྱེད་ཀྱི་སྡུག་བསྔལ་ཚོར་བ་བཏང་སྙོམས་ཀྱང་བཀག་ནུས་ཤིང་། འཕགས་པ་ཁོ་ནའི་རྒྱུད་ལ་འབྱུང་བ་ཡིན་པས་འདུ་ཤེས་མེད་པའི་སྙོམས་འཇུག་ལས་ཁྱད་པར་འཕགས་པ་ཡིན་ནོ། །དེ་ལྟར་ན་བསམ་གཟུགས་བརྒྱད་འགོག་སྙོམས་དང་བཅས་པ་ལ་མཐར་གྱིས་གནས་པའ་ིསྙོམས་འཇུག་དགུ་ཞེས་བྱ་ཞིང་། འདི་དག་ལ་འཇུག་ཚུལ་ཐོད་རྒལ་གྱི་ཏིང་ངེ་འཛིན་ཐེག་པ་དམན་མཆོག་གི་ལུགས་སོ་སོར་ཡོད་པའང་ཤེས་པར་བྱའོ། །དེ་བཞིན་དུ་རྣམ་ཐར་སོགས་ཀྱི་ཏིང་འཛིན་ཡང་བྲལ་ཐོབ་ཀྱི་ཆ་ནས་སྟོན་པས་དེའི་ཚུལ་ལ། སྤྱིར་བཏང་ཆོས་དུ་མ་སྤུངས་པའི་དོན་ཅན་ནི་ཕུང་པོ་ཡིན་ཅིང་དངོས་པོའི་གནས་སྐབས་ཚོགས་པ་བསྟན་པའོ། །ཆོས་སོ་སོའི་རང་རང་གི་རིགས་ཀྱི་དོན་ཅན་ནི་ཁམས་ཡིན་ཅིང་དངོས་པོའི་རྒྱུ་ཉེར་ལེན་བསྟན་པའོ། །འབྲས་བུ་སྐྱེ་བའ་ིསྒོའི་དོན་ནི་སྐྱེ་མཆེད་ཡིན་ཅིང་དངོས་པོའི་ལྷན་ཅིག་བྱེད་རྐྱེན་བསྟན་པའོ། །ཕུང་པོ་ལྔ་ལས། འགྱུར་བ་བསྐྱེད་པའི་སྒོ་ནས་གནོད་པ་བྱ་རུང་བ་གཟུགས་སུ་རུང་བ་གཟུགས་ཕུང་གི་མཚན་ཉིད། དབྱེ་ན་རྒྱུ་གཟུགས་ས་སོགས་འབྱུང་བ་བཞི། འབྲས་གཟུགས་མིག་སོགས་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ། རྣམ་རིག་མིན་པའི་གཟུགས་རྣམས་སོ། །ཉམས་སུ་མྱོང་བ་ཚོར་ཕུང་གི་མཚན་ཉིད། དབྱེ་ན་བདེ་སྡུག་བར་མ་གསུམ་མོ། །མཚན་མར་འཛིན་པ་འདུ་ཤེས་ཕུང་པོའི་མཚན་ཉིད། དབྱེ་ན་རྒྱ་ཆེ་ཆུང་བར་མ་ཚད་མེད་པ། མཚན་མ་མེད་པའི་འདུ་ཤེས་ལྔའོ། །ཕུང་པོ་བཞི་ལ་ཞེན་ཅིང་མངོན་པར་འདུ་བྱེད་པ་འདུ་བྱེད་ཕུང་པོའི་མཚན་ཉིད། དབྱེ་ན་ལྡན་པའི་འདུ་བྱེད་སེམས་པ་ལ་སོགས་སེམས་བྱུང་ཞེ་དགུ། ལྡན་མིན་འདུ་བྱེད་ཐོབ་པ་ལ་སོགས་ཉེར་གསུམ་མོ། །ཡུལ་སོ་སོར་རྣམ་པར་རིག་པ་རྣམ་ཤེས་ཕུང་པོའི་མཚན་ཉིད། དབྱེ་ན་ཚོགས་དྲུག་གམ་བརྒྱད་དོ། །ཁམས་ནི་བཅོ་བརྒྱད་དོ། །གཟུགས་ལ་སོགས་པ་དམིགས་པ་ཡུལ་གྱི་ཁམས་དྲུག །མིག་སོགས་རྟེན་དབང་པོའི་ཁམས་དྲུག །མིག་ཤེས་སོགས་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་གོ །སྐྱེ་མཆེད་བཅུ་གཉིས་ཏེ། མིག་སོགས་ནང་གི་སྐྱེ་མཆེད་དྲུག །གཟུགས་སོགས་ཕྱིའི་སྐྱེ་མཆེད་དྲུག་གོ །གསུམ་དུ་བསྟན་པའི་དགོས་པ་ཡང་སེམས་ལ་གཅིག་ཏུ་འཛིན་པའི་རྨོངས་པ་བཟློག་ཅིང་དབང་པོ་རབ་དང་། བསྡུས་པས་གོ་བར་འདོད་པ་རྣམས་ཀྱི་ཕྱིར་ཕུང་པོ་བསྟན། གཟུགས་ལ་རིལ་བུ་གཅིག་འཛིན་གྱི་རྨོངས་པ་བཟློག་ཅིང་དབང་པོ་འབྲིང་དང་། འབྲིང་པོས་གོ་བར་འདོད་པ་རྣམས་ཀྱི་ཕྱིར་སྐྱེ་མཆེད་བསྟན། གཉིས་ཀ་ལ་གཅིག་འཛིན་གྱི་རྨོངས་པ་བཟློག་ཅིང་དབང་པོ་ཐ་མ་དང་། རྒྱས་པས་གོ་བར་འདོད་པའི་ཕྱིར་ཁམས་བསྟན་ནོ། །འདིར་ནི་བྲལ་བའི་ཆ་ལས་ཡོན་ཏན་ཐོབ་ཚུལ་འདི་ལྟར་གོ་བར་བྱ་སྟེ། རྣམ་ཐར་བརྒྱད་དང་ལྡན་ཅིང་ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ་སྟེ། བརྒྱད་ནི། ནང་མི་སྡུག་པའི་མཚན་ཉིད་ཅན་གྱི་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆེན་པོ་སྣོད་ཀྱི་འཇིག་རྟེན། ཆུང་ངུ་སེམས་ཅན་གྱི་འཇིག་རྟེན། ངན་པ་མི། བཟང་པོ་ལྷ་རྣམས། མཛེས་པ་ཡིད་འོང་། མི་མཛེས་པ་ཡིད་མི་འོང་བ་སྟེ། དེ་རྣམས་ལ་མི་སྡུག་པར་ལྟ་བ་ནི་གཟུགས་ཅན་གཟུགས་ལ་ལྟ་བའི་རྣམ་ཐར་རོ། །ནང་རང་ལུས་ལ་མི་སྡུག་པའི་གཟུགས་མེད་པར་འདུ་ཤེས་བཞག་ནས་ཕྱི་རོལ་གྱི་གཟུགས་ཆེ་ཆུང་བཟང་ངན་ཀུན་ལ་མི་སྡུག་པའི་འདུ་ཤེས་བཞག་ནས་ལྟ་བ་ནི་གཟུགས་མེད་གཟུགས་ལ་ལྟ་བའ་ིརྣམ་ཐར་རོ། །མི་སྡུག་བསྒོམ་པ་དེའི་སེམས་སྐྱོ་བ་བསལ་ཕྱིར་རམ་སྒོམ་པ་དེ་གྲུབ་མ་གྲུབ་བརྟགས་ཕྱིར་གཟུག་སྡུག་མི་སྡུག་ཕན་ཚུན་ལྟོས་དང་། ཕན་ཚུན་རྗེས་སུ་འབྲེལ་བ་དང་། ཕན་ཚུན་རོ་གཅིག་པའི་འདུ་ཤེས་འཇོག་པ་ནི་སྡུག་པའི་རྣམ་ཐར་རོ། །ཞི་བའི་རྣམ་ཐར་ནམ་མཁའ་སོགས་གཟུགས་མེད་ཀྱི་རྣམ་ཐར་བཞི་དང་། འགོག་པ་འདུ་ཤེས་དང་ཚོར་བ་འགོག་པའི་རྣམ་ཐར་ཏེ་བརྒྱད་དེ་དག་གིས་སྒྲིབ་པ་བཞི་རྣམ་པར་གྲོལ་བར་བྱེད་པས་ན་རྣམ་ཐར་ཞེས་བྱ་ཞིང་སྒྲིབ་པ་བཞི་ནི། རྣམ་ཐར་དང་པོ་གཉིས་ཀྱིས་སྤྲུལ་པའི་སྒྲིབ་པ་ལས་རྣམ་པར་ཐར་བར་བྱེད། སྡུག་པས་སྡུག་མི་སྡུག་ལ་བརྟེན་ནས་ཉོན་མོངས་འབྱུང་བའི་སྒྲིབ་པ་ལས་ཐར་བར་བྱེད། གཟུགས་མེད་བཞིས་ཞི་བའི་རྣམ་ཐར་ལ་ཆགས་པའི་སྒྲིབ་པ་ལས་ཐར་བར་བྱེད། འགོག་པས་འདུ་ཚོར་འགོག་པར་སྒྲིབ་པ་ལས་རྣམ་པར་ཐར་བར་བྱེད་པ་ཡིན་ནོ། ཁམས་རྣམས་ཀྱི་སྣང་ཞེན་འཐས་པ་དང་བྲལ་ཞིང་མི་ལྡན་ལ་ཟད་པར་གྱི་སྐྱེ་མཆེད་བཅུ་དང་ལྡན་ཅིང་། བཅུ་ནི་ས་ཆུ་མེ་རླུང་སྟེ་འབྱུང་བའི་ཟད་པར་བཞི་དང་། སྔོ་སེར་དཀར་དམར་ཏེ་ཁ་དོག་གི་ཟད་པར་བཞི་དང་། ནམ་མཁའི་ཟད་པ་དང་། རྣམ་ཤེས་ཀྱི་ཟད་པ་སྟེ་མདོར་ན་ཤེས་བྱའི་ཡུལ་འདུས་བྱས་བསྡུས་པ་དང་པོ་བརྒྱད། ཡུལ་འདུས་མ་བྱས་བསྡུས་པ་བར་པ་གཅིག་དང་། ཡུལ་ཅན་གྱི་བསྡུས་པ་ཐ་མ་སྟེ། དེ་དག་ལ་མཁྱེན་པས་ཁྱབ་པའོ། །འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་བྱེད་པའི་ཟིལ་གནོན་བརྒྱད་ལ་དབང་འབྱོར་ཞིང་སྐྱེ་མཆེད་རྣམས་ཀྱིས་དབང་དུ་མི་འགྱུར་བས་བསྡམས་པ་སྟེ། བརྒྱད་ནི་ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་སོགས་ལ་ཟིལ་གྱིས་གནོན་ཕྱིར་ལྟ་ཞིང་དེ་དག་ཞི་གནས་ཀྱིས་ཟིལ་གྱིས་མནན་ནས་ཤེས། ལྷག་མཐོང་གིས་ཟིལ་གྱིས་མནན་ནས་མཐོང་བ། དེ་བཞིན་དུ་གཟུགས་ཆེན་པོ་སོགས་ལ་སྦྱར་བ་དང་། ནང་གཟུགས་མེད་པར་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་ཆུང་ངུ་སོགས་ལ་ལྟ་ཞིང་། དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བ། དེ་བཞིན་དུ་གཟུགས་ཆེན་པོ་སོགས་ལ་སྦྱར་བས་དབྱེ་བས་ཟིལ་གནོན་བཞི་དང་། ནང་གཟུགས་མེད་པ་ཁོ་ནའི་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་སྔོན་པོ་ཞེས་སྤྱིར་བསྟན་ཅིང་། ཁ་དོག་སྔོན་པོ་ཞེས་པས་ལྷན་སྐྱེས་བསྟན་ནས།'སྔོོན་པོ་ལྟ་བུར་སྟོན་པ་ཞེས་པས་སྦྱར་བྱུང་བསྟན་ལ། འོད་སྔོན་པོ་འབྱུང་བ་ཞེས་པས་གཉིས་ཀ་ཡོད་པའི་སྣང་བ་བསྟན་ཅིང་། ལྷན་སྐྱེས་དཔེ་ཟར་མའི་མེ་ཏོག་དང་སྦྱར་བྱུང་གི་དཔེ་རས་ཁ་དོག་གཞན་ལས་ཁྱད་པར་འཕགས་པ་ཡུལ་ཝཱ་རཱ་ནཱ་སིའི་རས་ཕུན་སུམ་ཚོགས་པའི་སྔོན་པོ་བསྟན་ནས། དེ་དག་ཟིལ་གྱིས་མནན་ནས་ཤེས་ཟིལ་གྱིས་མནན་ནས་མཐོང་བ་ཟིལ་གནོན་གཅིག་དང་། དེ་བཞིན་དུ་སེར་པོ་ལ་དོང་ཁའི་མེ་ཏོག་དང་། དམར་པོ་ལ་བིནྡྷུ་ཛི་བ་ཀའི་མེ་ཏོག་དང་། དཀར་པོའི་དཔེར་སྐར་མ་ལ་པ་བ་སངས་སྦྱར་ནས་གཞན་སྔ་མ་ལྟར་བྱས་པ་གསུམ་དང་བཅས་པ་ཁ་དོག་གི་ཟད་པར་བཞི་ཡིན་ཅིང་། སྔ་མ་བཞི་མི་སྡུག་པའི་རྣམ་ཐར་གྱིས་བསྡུས་ལ་། ཕྱི་མ་བཞི་སྡུག་པའི་རྣམ་ཐར་གྱིས་བསྡུས་སོ། །དེ་གསུམ་གྱི་ཁྱད་པར་ནི་དམིགས་པ་ལ་མོས་པ་བརྟན་པར་བྱེད་པ་རྣམ་ཐར། དམིགས་པར་དབང་བསྒྱུར་བ་ཟིལ་གནོན། དམིགས་པ་ལ་ཁྱབ་པར་བྱེད་པ་ཟད་པར་ཡིན་ནོ། །དཔའ་བར་འགྲོ་བའི་ཏིང་ངེ་འཛིན་ནི། ཏིང་ངེ་འཛིན་གྱི་ལུས་ལ་བར་དུ་གཅོད་པའི་མདུད་པ་བཞི་པོ་བརྣབ་སེམས་ལུས་ཀྱི་མདུད་པ། གནོད་སེམས་ལུས་ཀྱི་མདུད་པ། ཚུལ་ཁྲིིམས་དང་བརྟུལ་ཞུགས་མཆོག་འཛིན་ལུས་ཀྱི་མདུད་པ། མངོན་པར་ཞེན་པ་ལུས་ཀྱི་མདུད་པ་རྣམས་རྩད་ནས་ཤིན་ཏུ་བཅད་པ་དང་། ཡོངས་སུ་གདུང་བ་གསུམ་པོ་འདོད་ཆགས་ཀྱི་ཡོངས་སུ་གདུང་བ། ཞེ་སྡང་གིས་ཡོངས་སུ་གདུང་བ། གཏི་མུག་གིས་ཡོངས་སུ་གདུང་བ་དག་ལས་ཐུགས་རྣམ་པར་གྲོལ་བ། སྲེད་པ་གསུམ་པོ་འདོད་ཡོན་ལྔ་ལ་ཆགས་པ་འདོད་པའི་སྲེད་པ། ཡང་སྲིད་ཀྱི་ཕུང་པོ་འདོད་པ་སྲིད་པའི་སྲེད་པ། ཕུང་པོ་དང་བྲལ་བར་འདོད་པ་འཇིག་པའི་སྲེད་པ་དེ་རྣམས་ལས་གྲོལ་བའི་ཏིང་འཛིན་ཐོབ་པའོ། །རྡོ་རྗེ་ལྟ་བུའི་ཏིང་འཛིན་ནི། ཆུ་བོ་བཞི་པོ་འདོད་ཉོན་རྣམས་འདོད་པའི་ཆུ་བོ། ཁམས་གོང་མའི་ཉོན་མོངས་རྣམས་སྲིད་པའི་ཆུ་བོ། འཇིག་ལྟ་སོགས་ལྟ་བའི་ཆུ་བོ། མི་ཤེས་པ་ཐམས་ཅད་མ་རིག་པའི་ཆུ་བོ་དེ་དག་ཀུན་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་བར་ཆད་མེད་པ། བརྟན་པ། སྲ་བ། རོ་གཅིག་པ། ཁྱབ་པ་སྟེ་ཁྱད་ཆོས་ལྔ་ལྡན་དུ་གསུངས་པ་ཐོབ་ནས་བརྒལ་བའོ། །རྣམ་ཐར་གསུམ་སོགས་ཀྱི་བདག་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི ན་པའི་ཡོན་ཏན་ནི། རྣམ་ཐར་སྒོ་གསུམ་དང་། དུས་གསུམ་མཉམ་པ་ཉིད་དང་། རིག་པ་གསུམ་མངོན་དུ་བགྱིས་པའི་ཡེ་ཤེས་སམ་ཤེས་རབ་ཐམས་ཅད་ཡོངས་སུ་རྫོགས་པའོ། །ཆོས་སྐུ་རང་གི་ངོ་བོའི་ཡོན་ཏན་དྲན་པ་ལ་གསུམ། རང་བཞིན་འོད་གསལ་བའི་ཡོན་ཏན། ངོ་བོ་སྤྲོས་བྲལ་གྱི་ཡོན་ཏན། ཀུན་ཁྱབ་ཐུགས་རྗེའི་ཡོན་ཏན་ནོ། །དང་པོ་ནི། འདས་པ་དང་། མ་བྱོན་པ་མ་འོངས་པ་དང་ད་ལྟར་བཞུགས་པའི་ཕྱོགས་བཅུའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཇི་ལྟར་བརྙེས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་འོད་གསལ་ཆེན་པོ་ལ་རྟག་ཏུ་གནས་པའོ། །གཉིས་པ་ནི། དངོས་མེད་ལས་གྲོལ་བའི་མྱ་ངན་ལས་འདས་པའི་མཐའ་ལ་མི་གནས་ཤིང་། སྲིད་ཞིའི་མཐའ་ལས་གྲོལ་བ་སྤྲོས་བྲལ་ཆོས་ཀྱི་དབྱིངས་ཡང་དག་པའི་དེ་བཞིན་ཉིད་ཀྱི་མཐའ་ལ་གནས་པའོ། །གསུམ་པ་ནི། སྔར་བཤད་པའི་ཚད་མེ་བཞི་དང་ཉིན་མཚན་ལན་དྲུག་ཏུ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ཐུགས་རྗེ་ཆེེན་པོ་དང་ལྡན་ཅིང་། སེམས་ཅན་མི་འདོར་བའི་གཞན་དོན་ཕུན་ཚོགས་ཀྱི་ས་ལ་རྟག་ཏུ་བཞུགས་པའོ། །དེ་ནི་ལྷག་མ་འདྲེན་པའི་ཚིག་གོ། །གཉིས་པ་དོན་བསྡུ་བ་ནི། འདི་ལྟར་བཤད་པ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་གསུམ་པོའི་ཆེ་བའི་ཡོན་ཏན་སྒྲོ་སྐུར་མེད་ཅིང་ཡོངས་སུ་རྫོགས་པའི་སྒོ་ནས་ཡང་དག་པར་བརྗོད་པ་རྣམས་ཡིན་པས་སོ། །ཆོས་དཀོན་མཆོག་གི་ཡོན་ཏན་དྲན་ཚུལ་ལ། ཀུན་མཁྱེན་རོང་ཟོམ་པཎྜི་ཏའི་ཞལ་ནས། བཅོམ་ལྡན་འདས་ཀྱི་ཆོས་ལེགས་པར་གསུངས་པ། ལམ་དང་བཅས་པ། འབྲས་བུ་དང་བཅས་པ། ཞེས་གསུངས་པ་ཇི་བཞིན་དུ། ལུང་གི་ཡོན་ཏན་དྲན་པ་དང་། རྟོགས་པའི་ཆོས་ཀྱིི་ཡོན་ཏན་དྲན་ཚུལ་གཉིས་ལས། དང་པོ་ནི། དམ་པའི་ཆོས་ནི་ཞེས་སྤྱིར་བསྟན་ནས། ཚུལ་ཁྲིམས་ཀྱི་བསླབ་པ་སྟོན་པས་རྒྱུ་འབྲས་ཡིད་ཆེས་དད་པ་བསྐྱེད་པས་ཐོག་མར་དགེ་བ། ཏིང་འཛིན་གྱི་བསླབ་པ་སྟོན་པས་མངོན་ཤེས་སོགས་ཀྱི་དགའ་བ་བསྐྱེད་པས་བར་དུ་དགེ་བ། ཤེས་རབ་ཀྱི་བསླབ་པ་སྟོན་པས་ཟག་མེད་ཀྱི་བློ་ཡི་རྒྱུར་གྱུར་བས་ཐ་མར་དགེ་བ་སྟེ། བཀས་བཅད་ཀྱི་བླ་དཔེ་ལས་སྦྱོར་ཚུལ་དེ་ལྟར་འབྱུང་ལ། ཡང་ན་ཐོས་བསམ་སྒོམ་གསུམ་ལ་སྦྱར་བར་བྱའོ། །ཀུན་རྫོབ་དོན་དམ་གྱི་བདེན་པའི་དོན་གཉིས་སྟོན་པས་དོན་བཟང་པོ། འཇིག་རྟེན་གྱི་གྲགས་པ་བཞིན་སྟོན་པས་ཚིག་གཟུང་སླ་བས་ཚིག་འབྲུ་བཟང་པོའོ། །ཚངས་པ་མྱང་འདས་དེ་ཐོབ་པར་བྱེད་པའི་ཕྱིར་ན་སྤྱོད་པ་དེའི་ཁྱད་པར་འཕགས་ཆོས་ཡོན་ཏན་གྲངས་བཞིར་གནས་པ་ཚངས་སྤྱོད་ཀྱི་ཡོན་ཏན་བཞི་པོ་སྟོན་པ་སྟེ། དེ་ཡང་མུ་སྟེགས་སོགས་ཕལ་པ་དང་ཐུན་མོང་མ་ཡིན་པའི་དོན་དང་ལྡན་པས་མ་འདྲེས་པ། ཁམས་གསུམ་གྱི་ཉོན་མོངས་མ་ལུས་སྤོང་བའི་གཉེན་པོ་ཚང་བས་ཡོངས་སུ་རྫོགས་པ། ངོ་བོ་ཟག་མེད་ཉིད་ཡིན་པས་ཡོངས་སུ་དག་པ། གློ་བུར་གྱི་དྲི་མ་བྲལ་བས་ཡོངས་སུ་བྱང་བ་སྟེ། དེ་དག་གི་ཡོན་ཏན་ཅན་ནི་བཅོམ་ལྡན་འདས་ཀྱི་རྗོད་བྱེད་ལུང་གི་ཆོས་ཞལ་ནས་ལེགས་པར་གསུངས་པ་རྣམས་ཡིན་ནོ། །གཉིས་པ་ལ། མཚན་ཉིད་བཞི་དང་ལྡན་པ་འབྲས་བུ་འགོག་བདེན་གྱི་ཡོན་ཏན་དང་། མཚན་ཉིད་བཞི་དང་ལྡན་པ་རྒྱུ་ལམ་བདེན་གྱི་ཡོན་ཏན་གཉིས་ལས། དང་པོ་ནི། ཆོས་ཉིད་ཇི་ལྟ་བ་ཡང་དག་པར་མཐོང་བ་དེ་ཉོན་མོངས་དང་ཉེ་ཉོན་ཀུན་གྱི་ནད་མེད་པས་ན་འགོག་པ། དེ་བཞིན་ཉིད་དུས་གསུམ་དུ་གནས་པས་ཆད་པ་མེད་པ། དེ་ཉིད་ཀྱིས་སྡུག་བསྔལ་བྲལ་བ་ཉེ་བར་གཏོད་པས་ན་ཞི་བ། ཆགས་བྲལ་འདི་མཐོང་བ་ལ་དོན་ཆེན་པོའི་ཡོན་ཏན་དཔག་མེད་ཡོད་ཅིང་། དེ་མཁས་པའི་སྐྱེ་བོ་འཕགས་པ་རྣམས་ཀྱི་སོ་སོ་རང་གི་ཡེ་ཤེས་ཀྱིས་རིག་པའམ་མཐོང་བྱ་ཡིན་པས་གྱ་ནོམ་པ། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་ཉོན་མོངས་འདུལ་བའི་གཉེན་པོར་གསུངས་པ་ཐམས་ཅད་ཀྱི་ནང་ནས་གཉེན་པོ་ཟླ་མེད་མཆོག་ལ་ལེགས་པར་རྟོན་པ་ཅན་ཡིན་ཅིང་། དེ་ནི་འཁོར་བ་ལས་ངེས་པར་འབྱུང་བའི་མཚན་ཉིད་ཅན་ཡིན་པས་ངེས་པར་འབྱུང་བའོ། །གཉིས་པ་ནི། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པས་ན་ལམ། མི་མཐུན་སྒྲིབ་པ་ཐམས་ཅད་མེད་པར་བྱེད་པའི་གཉེན་པོར་གྱུར་ཅིང་། དག་གསལ་འདུས་པའི་ཁྱད་ཆོས་དང་ལྡན་པས་རིགས་པ། རང་རྒྱུད་ཕྱིན་ཅི་མ་ལོག་པར་སྒྲུབ་པའི་ཕྱིར་བརྟེན་པ་ཡོད་པ། འཁོར་བའི་རྒྱུ་བ་རིམ་བཞིན་བཅད་ནས་ངེས་པར་འབྱིན་པ་སྟེ་རྒྱུ་བ་ནི་རྒྱུན་གྱི་དོན་ཡིན་ནོ། །དགེ་འདུན་དཀོན་མཆོག་གི་ཡོན་ཏན་དྲན་ཚུལ་ལ། ཀུན་མཁྱེན་རོང་ཟོམ་པཎྜི་ཏའི་ཞལ་ནས། ལྟ་བ་དང་དད་པ་མི་ཕྱེད་པ་མཆོད་གནས་ཀྱི་དཔལ་ཞིང་། བཀུར་བའི་འོས། ཕྱག་གི་གནས་ཞེས་གསུངས་པ་ཇི་བཞིན་དུ། རང་ངོར་རྫོགས་པ་འཕགས་ལམ་དང་མི་ཕྱེད་པར་ལྡན་པའི་ཡོན་ཏན་དང་། གཞན་ངོར་འབྱུང་བ་ལུས་བརྟེན་མཆོད་ཡུལ་མཆོག་ཏུ་གྱུར་པའི་ཡོན་ཏན་གཉིས་ལས། དང་པོ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ཞེས་སམ། ཐེག་པ་ཆེན་པོའི་དགེ་འདུན་ནི་ཞེས་པས་མིང་སྤྱིར་བསྟན་ནས། ཐེག་དམན་གྱི་དབང་དུ་བྱས་ན་རྒྱུན་ཞུགས་དང་། ཐེག་ཆེན་གྱི་དབང་དུ་ན་ས་དང་པོ་རབ་ཏུ་དགའ་བ་ལ་མཐོང་སྤངས་སྤངས་ནས་ལེགས་པར་ཞུགས་པ། དམན་པའི་ཕྱིར་འོང་དང་ཆེན་པོའི་མ་དག་ས་བདུན་ལ་རིག་པར་ཞུགས་པ། དམན་པའི་ཕྱིར་མི་འོང་དང་ཆེན་པོའི་དག་པ་ས་གསུམ་ལ་དྲང་པོར་ཞུགས་པ། དམན་པའི་དགྲ་བཅོམ་དང་ཆེན་པོའི་ས་བཅུའི་རྒྱུན་མཐའ་ལ་སངས་རྒྱས་དང་མཐུན་པར་ཞུགས་པའོ། །གཉིས་པ་ལ་གསུམ་ལས། གུས་པའི་ཡུལ་མཆོག་ཏུ་གྱུར་པ་ནི། མཚན་བརྗོད་པའམ་ཡིད་ལ་དྲན་པ་ཙམ་ན་ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། དངོས་སུ་མཐོང་བའམ་ཚོགས་བསགས་སྒྲིབ་པ་སྦྱོང་བའི་ཕྱིར་ཕྱག་བྱ་བའི་འོས་སུ་གྱུར་པའོ། །བརྟེན་པའི་ཡུལ་མཆོག་ཏུ་གྱུར་པ་ནི། བརྟེན་པ་ཙམ་གྱིས་བསོད་ནམས་དགེ་བའི་ཆོས་རྣམས་ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་བ་ཉིད་ཀྱི་ཞིང་དམ་པར་གྱུར་ཅིང་། ལུང་རྟོགས་ཀྱི་ཡོན་ཏན་ཕུན་ཚོགས་པ་སྒྲུབ་པར་བྱེད་པ་དང་། གོང་དུ་སྤེལ་བའི་སྒོ་ནས་ཡོན་ཏན་ཡོངས་རྫོགས་གོང་ནས་གོང་དུ་སྦྱོང་བར་བྱེད་པའི་བདག་ཉིད་ཆེན་པོར་བཞུགས་པའོ། །མཆོད་པའི་ཡུལ་མཆོག་ཏུ་གྱུར་པ་ནི། གནས་སྐབས་མཐོ་རིས་ཀྱི་ཡོན་ཏན་ཐོབ་ཕྱིར་ཟས་སོགས་སྦྱིན་པའི་གནས་སུ་གྱུར་པ། མཐར་ཐུག་ཐར་པའི་རྒྱུ་འབྲས་ཐོབ་པའི་ཕྱིར་ཀུན་ཏུའམ་རྟག་ཏུ་སྦྱིན་པའི་གནས་སུ་གྱུར་པ་འཇིག་རྟེན་ལས་འདས་པས་བླ་ན་མེད་པ་ཆེན་པོའོ། །ཡན་ལག་གཉིས་པ་གང་ལ་སྐྱབས་སུ་འགྲོ་བའི་ཡུལ་ལ། སྤང་བྱར་གྱུར་པའི་ཡུལ་དང་། བསྟེན་བྱར་གྱུར་པའི་ཡུལ་གཉིས་ཡོད་པ་ལས། དང་པོ་ནི། མི་ཡིན་པ་མུ་སྟེགས་སོགས་ཀྱི་སྟོན་པ་སོགས་དང་། འཇིག་རྟེན་གྱི་རྒྱལ་པོ་དང་། བློན་པ་ལ་སོགས་པའོ། །མི་མ་ཡིན་པ་མདོ་རྒྱལ་མཚན་དམ་པ་ལས་གསུངས་པ་ལྟར་རི་དང་། ཤིང་ལྗོན་པ་དང་། ཀུན་དགའ་ར་བ། སྐྱེད་ཚལ་དང་། ནགས་ཚལ་ལ་གནས་པའི་འཇིག་རྟེན་གྱི་ལྷ་རྣམས་དང་། ངན་སོང་གི་འགྲོ་བ་ཀླུ་སྲིན་པོ་སོགས་དང་། དེ་དག་མཆོད་པའི་རྟེན་གཟུགས་བརྙན་དང་། རྟེན་མཁར་དག་ཡིན་ནོ། །དེ་དག་ལ་སྐྱབས་སུ་འགྲོ་བ་ལྟ་ཞོག་གུས་པའི་བྱ་བ་ཙམ་ཡང་སྤང་དགོས་སོ། །འཇིག་རྟེན་གྱི་མི་དང་མི་མིན་དེ་རྣམས་ནི་རང་ཉིད་ལས་ཉོན་དཔག་མེད་ཀྱི་གཞན་དབང་དུ་གྱུར་པས་བསླུ་བ་ཡིན་པས་དེ་དག་སྤང་བྱའི་ཡུལ་ལོ། །བསྟེན་བྱར་གྱུར་པའི་ཡུལ་ལ། གནས་གསུམ་ཞེས་པས་སྐྱབས་ངོས་བཟུང་བ་དང་། བསྟེན་པའི་ཞེས་པས་བསླུ་མེད་དུ་བསྒྲུབ་པ་དང་། ཡུལ་དེ་ལ་ཞེས་པས་བྱ་བྱེད་འཇུག་པའི་ཡུལ་དམིགས་ཀྱིས་བསལ་བ་གསུམ་ལས། དང་པོ་ནི། གནས་སམ་རྟེན་ནམ་སྐྱབས་ཞེས་པ་དོན་གཅིག་ཡིན་པས་སྐྱབས་གསུམ་ཞེས་པར་གོ་དགོས་ཤིང་། དེ་ཡང་སྐྱབས་ཀྱི་དོན་ཐུན་མོང་ལྟར་ན། གང་ལ་བརྟེན་ན་སྡུག་བསྔལ་ཐམས་ཅད་ལས་གཏན་དུ་ངེས་པར་ཐར་བར་བྱེད་པ་ཡིན་ཀྱང་། ཐེག་ཆེན་གྱི་དབང་དུ་བྱས་ན། སྐྱོབ་པ་ལྔ་དང་ལྡན་པ་སྐྱབས་ཀྱི་དོན་ཏེ་དེ་ཡང་། མདོ་རྒྱན་ལས། འཚེ་བ་དག་ནི་ཐམས་ཅད་དང་། །ངན་སོང་དང་ནི་ཐབས་མིན་དང་། །འཇིག་ཚོགས་ཐེག་པ་དམན་དག་ལས། །སྐྱོབ་ཕྱིར་སྐྱབས་ཀྱི་དམ་པར་འདོད། །ཅེས་གསུངས་པ་བཞིན་ནོ། །དེ་ནི་དཀོན་མཆོག་གསུམ་ཡིན་ཅིང་ཚུལ་དེ་ལ་སྤྱིར་བསྟན་པ་དང་། དབྱེ་བ་སོ་སོ་ནས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། འདིར་རྣམ་པ་དྲུག་གིས་གཏན་ལ་དབབ་པ་ལ་དཀོན་མཆོག་གསུམ་གྱི་ངོ་བོ་ནི། ཐུན་མོང་དུ་མཛོད་འགྲེལ་ལས། དད་པ་ནི་གཉིས་ཏེ་ཆོས་དང་གང་ཟག་ལ་དད་པ་ཡིན་ཅེས་གསུངས་པ་ལྟར། དམ་པའི་ཆོས་དང་། འཕགས་པའི་གང་ཟག་གཉིས་སུ་གནས་མོད། ཐུན་མོང་མ་ཡིན་པ་ནང་པ་སངས་རྒྱས་པའི་ལུགས་ལ་གང་ཟག་བཏགས་ཡོད་ཙམ་དུ་འདོད་པས་ཆོས་དང་ཆོས་ཉིད་གཉིས་ཀྱིས་འཇོག་ལ། དེ་ཡང་ཐེག་དམན་ལྟར་ན་སངས་རྒྱས་སུ་བྱེད་པའི་ཆོས་ལམ་བདེན་མི་སློབ་པས་བསྡུས་པ་སངས་རྒྱས་དཀོན་མཆོག་དང་། དགེ་འདུན་དུ་བྱེད་པའི་ཆོས་ལམ་བདེན་སློབ་མི་སློབ་གཉིས་ཀས་བསྡུས་པ་དགེ་འདུན་དཀོན་མཆོག་དང་། ཆོས་ཀྱི་མཆོག་འགོག་བདེན་མྱ་ངན་ལས་འདས་པ་ཆོས་དཀོན་མཆོག་ཏུ་འཇོག་པས་ན་ཆོས་སུ་གནས་སོ། །ཐེག་ཆེན་ལྟར་ན་དཀོན་མཆོག་གསུམ་གྱི་ངོ་བོ་ཆོས་ཅན་ཀུན་རྫོབ་དང་། ཆོས་ཉིད་དོན་དམ་པ་གཉིས་ཀྱིས་འཇོག་པར་སྣང་ངོ་། །ངེས་ཚིག་ནི། རྒྱུད་བླ་མར་གསུངས་པ་བཞིན། ཡིད་བཞིན་ནོར་བུ་དང་ཆོས་མཚུངས་དྲུག་སྦྱར་བ། འཇིག་རྟེན་བསགས་དམན་གྱི་ངོར་དཀོན་མཆོག་གསུམ་འབྱུང་བ་དཀོན་པ་དང་། སྒྲིབ་པའི་དྲི་མ་མེད་པ། མངོན་ཤེས་སོགས་ཡོན་ཏན་དཔག་མེད་ཀྱི་མཐུ་དང་ལྡན་པ། འཇིག་རྟེན་གྱི་བདེ་བ་དང་དགེ་བའི་ཆོས་འཕེལ་བའི་རྐྱེན་ཡིན་པས་རྒྱན་དུ་གྱུར་པ། ནོར་བུ་འཆིང་བུ་སོགས་ལས་འཕགས་པ་ལྟར་དཀོན་མཆོག་གསུམ་འཇིག་རྟེན་ལས་འདས་པས་ན་མཆོག་ཏུ་གྱུར་པ། གནས་སྐབས་མཐར་ཐུག་ཀུན་ཏུ་འདུས་མ་བྱས་ཡིན་པས་འགྱུར་བ་མེད་པའི་ཕྱིར་ན་དཀོན་མཆོག་ཅེས་བྱའོ། །མཚན་ཉིད་ནི། སངས་རྒྱས་དེ་ཡི་ཆོས་དགེ་འདུན་གྱིས་བསྡུས་པ་གང་ཞིག་ཐར་པ་འདོད་པ་རྣམས་ཀྱི་སྐྱབས་བླ་ན་མེད་པ་དཀོན་མཆོག་གསུམ་གྱི་མཚན་ཉིད་དོ། །དབྱེ་ན། སངས་རྒྱས། ཆོས། དགེ་འདུན་དཀོན་མཆོག་གསུམ་མོ། །གྲངས་ངེས་ནི་རྒྱུད་བླ་མ་བཞིན་ཏེ། སྟོན་པས་སངས་རྒྱས་ཀྱི་ཡོན་ཏན་ཐོབ་པར་དོན་དུ་གཉེར་བ་བྱང་ཆུབ་སེམས་དཔའི་ཐེག་པ་དང་། མངོན་མཐོའི་བློ་ཅན་སངས་རྒྱས་ལ་བྱ་བ་བྱེད་པར་མོས་པའི་ངོར་སངས་རྒྱས་དཀོན་མཆོག་བཞག །བསྟན་པ་ཆོས་ཀྱི་ཡོན་ཏན་རང་བྱུང་དུ་ཐོབ་པ་དོན་གཉེར་བ་རང་རྒྱལ་གྱི་ཐེག་པ་དང་། མངོན་མཐོའི་བློ་ཅན་ཆོས་ལ་བྱ་བྱེད་མོས་ངོར་ཆོས་དཀོན་མཆོག་བཞག །སློབ་མ་དགེ་འདུན་གྱི་ཡོན་ཏན་དོན་དུ་གཉེར་བ་ཉན་ཐོས་ཀྱི་ཐེག་པ་དང་། མངོན་མཐོའི་བློ་ཅན་དགེ་འདུན་ལ་བྱ་བྱེད་མོས་ངོར་དགེ་འདུན་དཀོན་མཆོག་བཞག་པའོ། །གོ་རིམ་ངེས་པ་ནི། སངས་རྒྱས་ཀྱིས་ཆོས་གསུངས་པ་ལས་སློབ་པ་འཕགས་ཚོགས་འབྱུང་བས་ན་རྒྱུ་འབྲས་ཀྱི་གོ་རིམ་ཡིན་ནོ། །གཉིས་པ་ལ། སངས་རྒྱས། ཆོས། དགེ་འདུན་དཀོན་མཆོག་སོ་སོར་བཤད་པ་གསུམ་ལས། དང་པོ་ལ་ངོ་བོ་ནི། སྤངས་རྟོགས་མཐར་ཕྱིན་གྱི་འཕགས་པའི་གང་ཟག་གོ། །ངེས་ཚིག་ནི། བུདྡྷཱ་ཞེས་པའི་སྒྲ་སངས་པ་དང་། རྒྱས་པ་གཉིས་ཀར་འཇུག་པས་མ་རིག་པ་སངས་ཤིང་ཤེས་བྱ་ལ་མཁྱེན་པ་རྒྱས་པའོ། །མཚན་ཉིད་ནི། དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དྲུག་ལྡན་པའོ། །དྲུག་ནི། སྐྱེ་འཇིག་གནས་གསུམ་བྲལ་བའི་འདུས་མ་བྱས། རྣམ་རྟོག་ཐམས་ཅད་ཞི་བས་ལྷུན་གྲུབ། རང་བྱུང་གི་ཡེ་ཤེས་ཀྱིས་རིག་པར་བྱ་བས་གཞན་རྐྱེན་གྱིས་མི་རྟོགས་པ་གསུམ་ནི་རང་དོན་གྱི་ཡོན་ཏན་ཡིན་ལ། ཆོས་ཐམས་ཅད་མཁྱེན་པ། སེམས་ཅན་ལ་བརྩེ་བ། ཕན་བདེ་བྱེད་ནུས་པ་གསུམ་ནི་གཞན་དོན་གྱི་ཡོན་ཏན་ནོ། །དབྱེ་བ་ལ། རྟེན་སྐུ་གསུམ། བརྟེན་པ་ཡེ་ཤེས་ལྔ། འབད་མེད་ཀྱི་མཛད་པ་གསུམ་ལས། དང་པོ་ནི། སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་དག་པ་གཉིས་ལྡན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་གི་ཡོན་ཏན་ཡོངས་སུ་རྫོགས་པ་ཆོས་སྐུའོ། །གནས་འོག་མིན་གྱི་གཞལ་ཡས་ཁང་སྟོན་པ་མཚན་དཔེས་བརྒྱན་པ་རྣམ་སྣང་སོགས་འཁོར་ས་བཅུའི་བྱང་སེམས་ཆོས་སྐུའི་སྒོ་ནས་ཐེག་ཆེན་གྱི་ཆོས་ལ་རྫོགས་པར་ལོངས་སྤྱོད་པར་བྱེད་པ། དུས་སྐྱེ་འཇིག་གི་དངོས་པོ་ལས་འདས་པ་རྟག་པ་རྒྱུན་གྱི་འཁོར་ལོ་སྟེ་ངེས་པ་ལྔ་པོ་དེ་དང་ལྡན་པ་ལོངས་སྐུའོ། །འགྲོ་རྣམས་ཀུན་གྱི་མོས་པ་དང་སྐལ་པའི་དབང་གིས་སངས་རྒྱས་སུ་སྣང་བ་བྱང་ཆུབ་ཆེན་པོ། སེམས་ཅན་དུ་སྣང་བ་སྐྱེ་བ། བེམ་པོར་སྣང་བས་དོན་མཛད་པ་བཟོ་སྤྲུལ་སྐུ་གསུམ་ནི་སྤྲུལ་སྐུའོ། །བརྟེན་པ་ཡེ་ཤེས་ལྔ་ནི། སྟོབས་སོགས་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་བའི་དབྱིངས་སུ་གྱུར་པ་སྒྲིབ་གཉིས་རྣམ་པར་དག་པའི་རང་བཞིན་ཆོས་དབྱིངས་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡུལ་ཅན་རྟོག་མེད་འོད་གསལ་བའི་རང་བཞིན་མེ་ལོང་ཡེ་ཤེས། བདག་གཞན་མཉམ་ཉིད་དུ་རྟོགས་པ་མཉམ་ཉིད་ཡེ་ཤེས། ཤེས་བྱ་ཐམས་ཅད་ཐོགས་མེད་དུ་མ་འདྲེས་པར་མཁྱེན་པ་སོར་རྟོག་ཡེ་ཤེས། སེམས་ཅན་ཐམས་ཅད་ཀྱི་དོན་རྟག་ཏུ་འབད་མེད་དུ་མཛད་པའི་ཐབས་སྣ་ཚོགས་མཁྱེན་པ་བྱ་གྲུབ་ཡེ་ཤེས་ཏེ། ལྔ་པོ་དེ་ཡེ་ཤེས་གསུམ་དུ་ཡང་གནས་ཏེ་མཉམ་ཉིད་ཇི་ལྟ་བ་མཁྱེན་པ། སོར་རྟོག་བྱ་གྲུབ་གཉིས་ཇི་སྙེད་མཁྱེན་པ། ཆོས་དབྱིངས་མེ་ལོང་ནི་གཉིས་མེད་མཁྱེན་པའི་ཡེ་ཤེས་ཡིན་ནོ། །ཕྲིན་ལས་ནི། ཡིད་བཞིན་ནོར་ལྟར་རྟོག་མེད་འབད་རྩོལ་བྲལ་བས་རྟག་ཏུ་འགྲོ་བའི་རེ་འདོད་སྐོང་ཞིང་ཕན་བདེ་དཔག་མེད་བྱེད་པ་ཡིན་ནོ། །གཉིས་པ་ལ་ངོ་བོ་ནི། ངེས་ལེགས་སྒྲུབ་བྱེད་ཀྱི་ཚིག་དོན་ནོ། །ངེས་ཚིག་ནི། དྷརྨ་ཞེས་པ་འཛིན་པའི་དོན་དུ་འཇུག་ཅིང་དེ་ཡང་འདིར་ནི། ཀུན་རྫོབ་སྐྱེ་འཇིག་གི་མཚན་ཉིད་འཛིན་པ་དང་། དོན་དམ་བརྗོད་མེད་ཀྱི་མཚན་ཉིད་འཛིན་པས་ཆོས་ཞེས་བྱའོ། །མཚན་ཉིད། རྣམ་བྱང་གི་བདེན་པའི་ཡོན་ཏན་དྲུག་དང་ལྡན་པའོ། །དྲུག་ནི་རྟོག་གེའི་མུ་བཞིའི་བསམ་བརྗོད་ལས་འདས་ཤིང་རང་གིས་རིག་བྱ་ཡིན་པས་བསམ་མེད། ལས་ཉོན་གཉིས་བྲལ་བས་གཉིས་མེད། རྣམ་རྟོག་ཀུན་ཞི་བས་རྟོག་མེད་དེ་གསུམ་ནི་འགོག་བདེན་གྱི་ཡོན་ཏན་ཡིན་ལ། ཉོན་མོངས་ཉེ་ཉོན་ཀུན་དག་པར་བྱེད་པ་དང་། ཤེས་བྱ་གསལ་བར་བྱེད་པ་དང་། དེ་ཁོ་ན་ཉིད་མཐོང་བའི་སྒྲིབ་པའི་གཉེན་པོར་གྱུར་པ་གསུམ་ནི་ལམ་བདེན་གྱི་ཡོན་ཏན་ནོ། །དབྱེ་བ་ལ། ལུང་གི་ཆོས་དང་། རྟོགས་པའི་ཆོས་གཉིས་ཀྱི། དང་པོ་ལ་ནི། གསུང་རབ་ཡན་ལག་བཅུ་གཉིས་དང་། སྡེ་སྣོད་གསུམ་མམ་བདུན་དུ་ཡོད་པ་ལས། དང་པོ་ནི། ཕན་ཡོན་བཅུ་གཟིགས་ནས། ཚིག་དོན་གཉིས་ཀ་མདོར་བསྡུས་ཏེ་ལྷུག་པའམ་རྐྱང་བར་གསུངས་ཤིང་སྡེ་ཚན་དུ་བཅད་པ་ནི་མདོ་སྡེ་སྟེ་ཕན་ཡོན་བཅུ་ནི། རྣམ་པར་བཞག་སླ་བ་དང་། བཤད་སླ་བ་དང་། གཟུང་སླ་བ་དང་། ཆོས་ལ་གུས་པས་མྱུར་དུ་ཚོགས་ཡོངས་སུ་རྫོགས་པར་བྱེད་པ་དང་། མྱུར་དུ་ཆོས་ཉིད་རྟོགས་པར་འགྱུར་བ་དང་། སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། ཆོས་དང་དགེ་འདུན་ལ་ཤེས་ནས་དད་པ་ཐོབ་པ་དང་། མཐོང་བའི་ཆོས་ལ་བདེ་བར་གནས་པའི་མཆོག་ལ་རེག་པ་དང་། འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པས་དམ་པ་རྣམས་ཀྱི་སེམས་མགུ་བར་བྱེད་དེ། མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བའོ། །དབུས་དང་ཐ་མར་ཚིགས་སུ་བཅད་ནས་བསྟན་པ་དང་དྲང་དོན་གྱི་མདོ་སྡེ་རྟོགས་བྱེད་ནི་དབྱངས་བསྙད། འབྱུང་འགྱུར་གྱི་གང་ཟག་སོགས་ལུང་བསྟན་པ་དང་ངེས་དོན་གྱི་མདོ་སྡེ་ནི་ལུང་བསྟན། །ཚིགས་བཅད་རྐང་པ་གཉིས་པ་དང་། གསུམ་པ་དང་། བཞི་པ་དང་། ལྔ་པ་དང་། དྲུག་པ་ཁོ་ནས་བསྟན་པ་ཚིགས་བཅད། ཞུ་བ་པོ་སོགས་ལ་མ་ལྟོས་པར་བསྟན་པ་གནས་པའི་ཆེད་དུ་གསུངས་པ་ཆེད་བརྗོད། བསླབ་པ་བཅས་ཁྲིམས་མཛད་པ་གླེང་གཞི། དཔེ་དང་བཅས་ནས་གསུངས་པ་རྟོགས་བརྗོད། སྔོན་བྱུང་གི་གཏམ་གསུངས་པ་དེ་ལྟར་བྱུང་བ། བྱང་ཆུབ་སེམས་དཔའི་སྐབས་ཀྱི་སྤྱོད་པ་གསུངས་པ་སྐྱེས་རབས། ཟབ་ཅིང་རྒྱ་ཆེ་བའི་དོན་བསྟན་པ་ཤིན་ཏུ་རྒྱས་པ། ཉན་ཐོས་བྱང་སེམས་སངས་རྒྱས་རྣམས་ཀྱི་ཡོན་ཏན་བསྟན་པ་རྨད་བྱུང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པ་གཏན་ལ་ཕབ་པའི་སྡེ་ཞེས་བྱ་ཞིང་། འདི་དག་སྡེ་སྣོད་གསུམ་དུ་འགྱུར་ཚུལ་ལ། ཐེག་དམན་གྱི་ལུགས་ནི། གླེང་གཞི་སོགས་བཞི་འདུལ་བ། མདོ་སྡེ་སོགས་ལྔ་མདོ་སྡེ། གཞན་གསུམ་མངོན་པར་བསྡུ། ཐེག་ཆེན་ལྟར་ན། བྱང་ས་ལས། ཤིན་ཏུ་རྒྱས་པའི་སྡེ་དང་སེམས་ཀྱི་སྡེ་སྣོད། གཞན་ཐམས་ཅད་ཉན་ཐོས་ཀྱི་སྡེ་སྣོད་དུ་གསུངས་ཐུན་མོང་གི་ལུགས་ལྟར་ན། མངོན་པ་ཀུན་བཏུས་ལས། མདོ་སྡེ་སོགས་ལྔ་ཐེག་དམན་གྱི་མདོ་སྡེའི་སྡེ་སྣོད། གླེང་གཞི་སོགས་བཞི་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད། ཤིན་ཏུ་རྒྱས་པ། རྨད་བྱུང་གཉིས་ཐེག་ཆེན་གྱི་མདོ་སྡེའི་སྡེ་སྣོད། གཏན་དབབ་གཉིས་ཀའི་མངོན་པའི་སྡེ་སྣོད་དུ་བསྡུ་བ་ཡིན་ནོ། །གཉིས་པ་ལ། དོན་གྱི་སྡེ་ཚན་མང་པོ་བསྡུས་ཤིང་བརྟེན་པའི་སྣོད་ཡིན་པས་ན་སྡེ་སྣོད་ཅེས་བྱ་ལ། དེའང་གསུམ་མམ་བདུན་ལས་སྤྱིར་བཏང་གསུམ་གྱི་འདུལ་བ་ནི། མདོ་རྒྱན་ལས། ལྟུང་དང་འབྱུང་དང་ལྡང་བ་དང་། །ངེས་པར་འབྱུང་དང་གང་ཟག་དང་། །བཅས་པ་དང་ནི་རབ་འབྱེད་པ། །རྣམ་པར་ངེས་ཕྱིར་འདུལ་བ་ཉིད། །ཅེས་གསུངས་པ་བཞིན། ཕམ་པ་༤། ལྷག་མ་༡༣། སྤང་ལྟུང་༣༠། ལྟུང་བྱེད་༩༠། སོར་བཤགས་༤། ཉེས་བྱས་ཏེ་༡༡༢། ལྟུང་བ་སྡེ་ལྔ་དང་། ལྟུང་བ་འབྱུང་བའི་རྒྱུ་བཞིའོ། །མི་ཤེས། མ་གུས། བག་མེད། ཉོན་མོངས་མང་བ། འགྱོད་པ་དང་སྡོམ་པའི་སྟོབས་ཀྱིས་ལྟུང་བ་ལས་ལྡང་བ་དང་། ངེས་འབྱུང་བདུན་པོ། བཤགས་པ་དང་ཆད་པའི་ལས་ཁས་ལེན་པ། དགོངས་པའི་དབང་གིས་རྣམ་གྲངས་ཀྱིས་གནང་བ་གློད་པ། དགེ་འདུན་ཚོགས་པས་བག་ཡངས་སུ་བཅས་པ། དགེ་སློང་ཕ་མ་མཚན་གྱུར་ཚེ་རྟེན་ཡོངས་སུ་གྱུར་པས་ལྟུང་བ་ཐུན་མོང་མ་ཡིན་པ་རྣམས་ཉེས་མེད་དུ་འགྱུར་པ། ཆོས་ཀྱི་སྡོམ་བཞི་ལ་སོ་སོར་རྟོག་པ་དང་། བདེན་པ་མཐོང་ཚེ་ལྟུང་བ་ཕྲ་མོ་ཡང་རྣམ་པར་དག་པའི་ཆོས་ཉིད་ཐོབ་པའོ། །གང་ཟག་འགའ་ཞིག་ལ་བརྟེན་པ་དང་། བསླབ་པ་བཅས་པ་དང་། ལྟུང་བ་རྣམས་ཞིབ་པར་རབ་ཏུ་དབྱེ་བ་དང་། ལྟུང་བ་དང་ལྟུང་མེད་རྣམ་པར་ངེས་པར་བྱས་པ་ནི་འདུལ་བའོ། མདོ་སྡེ་ནི། གནས་རྣམས་དང་ནི་མཚན་ཉིད་དང་། །ཆོས་དོན་ངེས་ཕྱིར་མདོ་ཡིན་ནོ། །ཞེས་གནས་དང་སྟོན་པ་འཁོར་སོགས་བསྟན་པ་དང་། ཀུན་རྫོབ་དོན་དམ་པའི་མཚན་ཉིད་དང་། ཆོས་ཕུང་ཁམས་སྐྱེ་མཆེད་དང་། དོན་ཡོད་མེད་སོགས་ངེས་པར་བསྟན་ཕྱིར་མདོ་སྡེའོ། །མངོན་པ་ནི། མངོན་དུའི་ཕྱིར་དང་ཡང་ཡང་ཕྱིར། །ཟིལ་གནོན་རྟོགས་ཕྱིར་མངོན་པའི་ཆོས། །ཆོས་བདེན་བཞི་བསྟན་པའི་སྒོ་ནས་ཆོས་ཉིད་མཐོང་བ་ལ་མངོན་དུ་ཕྱོགས་པ་བྱེད་པའི་ཕྱིར་དང་། ཕུང་པོ་ལྟ་བུ་གཅིག་ཀྱང་གཟུགས་ཅན་ནམ་གཟུགས་ཅན་མིན་པའམ། རྫས་ཡོད་དམ་བཏགས་ཡོད་སོགས་ཀྱིས་ཡང་ཡང་སྟོན་པ་དང་། རང་དང་སྤྱིའི་མཚན་ཉིད་ལེགས་པར་ཕྱེ་ནས་ཕས་རྒོལ་ཟིལ་གྱིས་གནོན་པ་དང་། མདོ་སྡེའི་དོན་རྟོགས་པར་བྱེད་པའི་ཕྱིར་རོ། །དེ་ཡང་སྡེ་སྣོད་གསུམ་ནི་ཉན་ཐོས་ཀྱི་དབང་དུ་བྱས་པ་ཡིན་ཅིང་། ཐེག་ཆེན་ལས་ནི་སྡེ་སྣོད་བདུན་དུ་བཤད་དེ་གསུམ་གྱི་ཁར། བྱང་སེམས་ཀྱི་སྡེ་སྣོད་དང་། རིག་འཛིན་གྱི་སྡེ་སྣོད་དང་། ཤིན་ཏུ་རྒྱས་པའི་སྡེ་སྣོད་དང་། སྐྱེ་བ་རབས་ཀྱི་སྡེ་སྣོད་དང་བཅས་པ་སྟེ་འདིའི་ཁུངས་ནི་སྐྱབས་འགྲོ་བདུན་ཅུ་པ་ལས་ཤེས་པར་བྱའོ། །གཉིས་པ་རྟོགས་པའི་ཆོས་ལའང་། ས་བཅུ་དང་། ལམ་ལྔ་སྟེ་གཉིས་སུ་ཡོད་པ་དང་། དང་པོ་ལ་བཞི་ལས། ངོ་བོ་ནི། ཆོས་ཀྱི་དབྱིངས་གློ་བུར་དྲི་མའི་གཉེན་པོར་སྐྱེ་བའོ། །ངེས་ཚིག་ལ་སྤྱིའི་ངེས་ཚིག་ནི། འབྱུང་པོ་དཔག་ཏུ་མེད་པ་མཐོང་སྒོམ་གྱི་སྤང་བྱའི་འཇིགས་པ་མེད་པར་བྱེད་ཅིང་ཡོན་ཏན་གོང་འཕེལ་གྱི་རྟེན་དུ་གྱུར་པས་ན་ས་ཞེས་བྱ་ལ། བྱེ་བྲག་ས་རེ་རེའི་ངེས་ཚིག་ནི། མདོ་རྒྱན་དང་། རིན་ཆེན་ཕྲེང་བ་ལྟར་ཤེས་པར་བྱའོ། །མཚན་ཉིད་ཀྱང་སྤྱིའི་མཚན་ཉིད་ནི། རང་གི་གོ་ས་མི་འདོར་ཞིང་ཡོན་ཏན་སྐྱེ་བའི་སྐབས་འབྱེད་པ་ཡུལ་ཆོས་དབྱིངས་ཀྱི་ངོ་བོ་སའི་མཚན་ཉིད་དུ་འགྱུར་ལ། བྱེ་བྲག་ས་བཅུ་གཅིག་རེ་རེའི་མཚན་ཉིད་ནི། མདོ་རྒྱན་ལས། སྟོང་པ་ཉིད་ནི་མཆོག་རྟོགས་ནས། །ལས་རྣམས་ཆུད་མི་ཟ་བར་གནས། །བསམ་གཏན་རབ་བདེས་གནས་ནས་ནི། །དེ་ཡི་འོག་ཏུ་འདོད་པར་སྐྱེ། །དེ་ནས་བྱང་ཆུབ་ཕྱོགས་མཐུན་རྣམས། །འཁོར་བ་དག་ཏུ་ཡོངས་སུ་བསྔོ། །སེམས་ཀུན་ཉོན་མོངས་མེད་པར་ནི། །སེམས་ཅན་རྣམས་ཡོངས་སྨིན་པར་བྱེད། །ཆེད་དུ་བསམ་སྟེ་སྐྱེ་བས་ན། །ཀུན་ནས་ཉོན་མོངས་རྗེས་སུ་སྲུངས། །བགྲོད་པ་གཅིག་པའི་ལམ་དང་འབྲེལ། །མཚན་མེད་གཅིག་ཏུ་ངེས་པའི་ལམ། །མཚན་མ་མེད་པར་ལྷུན་གྱིས་གྲུབ། །ཞིང་ཡང་རྣམ་པར་སྦྱོང་བ་སྟེ། །དེ་ཡི་འོག་ཏུ་སེམས་ཅན་ནི། །སྨིན་པར་བྱེད་པ་འགྲུབ་པར་འགྱུར། །ཏིང་ངེ་འཛིན་དང་གཟུངས་རྣམས་དང་། བྱང་ཆུབ་རྣམ་པར་དག་པ་ཉིད། །རྣམ་པར་བཞག་པ་འདི་དག་གིས། །ས་ཡི་མཚན་ཉིད་ཤེས་པར་བྱ། །ཞེས་སོ། །དབྱེ་བ་ལ། སྤྱིར་བཏང་ཐེག་དམན་གྱི་ས་བརྒྱད་དང་། ཐེག་ཆེན་གྱི་ས་གཉིས་སུ་གནས་ཤིང་། བརྒྱད་ནི། སྦྱོར་ལམ་དུ་རིགས་ངེས་པ་རིགས་ཀྱི་སའམ་དཀར་པོ་རྣམ་པར་མཐོང་བའི་ས། ཡས་ནས་མར་བགྲངས་པའི་བརྒྱད་པ་རྒྱུན་ཞུགས་ཞུགས་པ་དེ་བརྒྱད་པའི་ས། ཟག་མེད་མཐོང་བ་རྫོགས་པ་འབྲས་གནས་དེ་མཐོང་བའི་ས། འདོད་ཉོན་ཕལ་ཆེར་བསྲབས་པ་ཕྱིར་འོང་བསྲབས་པའི་ས། འདོད་ཉོན་ཐམས་ཅད་སྤང་བ་ཕྱིར་མི་འོང་འདོད་ཆགས་བྲལ་བའི་ས། ཁམས་གསུམ་གྱི་ཉོན་མོངས་སྤང་བར་བྱས་ཤིང་ཟད་མི་སྐྱེ་རྟོགས་པ་ཐོབ་པ་དགྲ་བཅོམ་དེ་བྱས་པ་རྟོགས་པའི་ས། དེ་དག་གི་ཁར་ཐེག་པ་ཐ་དད་ཤེས་པའི་ཕྱིར། ཉན་ཐོས་ཀྱི་ས་ནི་ཕྱི་མ་གསུམ་གྱི་ཞུགས་པ་གསུམ་པོ་ཡིན་ལ། རང་སངས་རྒྱས་ཀྱི་ས་ནི་རང་གི་ཞུགས་གནས་བརྒྱད་ཡིན་ནོ། །གཉིས་ནི། མོས་པས་སྤྱོད་པའི་ས་དང་། འཕགས་པའི་ས་གཉིས་ཀྱི་ཕྱི་མ་ལ་བྱང་སེམས་འཕགས་པའི་ས་བཅུ་དང་། སངས་རྒྱས་འཕགས་པའི་ས་བཅུ་གཅིག་ཀུན་ཏུ་འོད་ཀྱི་སའོ། །དམིགས་བསལ་གྱི་དབྱེ་བ་ས་བཅུ་ལ། དབྱེ་བ་དངོས་དང་། གྲངས་ངེས་གཉིས་ལས། དང་པོ་ལ་བདུན་ལས། བྱེད་པའི་ཡོན་ཏན་གྱི་སྒོ་ནས་དབྱེ་བ་ནི། ས་དང་པོར་སྐད་ཅིག་གཅིག་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་དུ་བྱེད། གཉིས་པ་ལ་སྟོང་། གསུམ་པ་ལ་འབུམ། བཞི་པ་ལ་བྱེ་བ། ལྔ་པ་ལ་བྱེ་བ་ཕྲག་སྟོང་། དྲུག་པ་ལ་བྱེ་བ་ཕྲག་འབུམ། བདུན་པ་ལ་བྱེ་བ་ཁྲག་ཁྲིག་འབུམ། བརྒྱད་པ་ལ་སྟོང་གསུམ་འབུམ་ཕྲག་བཅུའི་རྡུལ་སྙེད། དགུ་པ་ལ་སངས་རྒྱས་ཀྱི་ཞིང་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུལ་སྙེད། བཅུ་པ་ལ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་རྡུལ་སྙེད་ཐོབ་པའོ། །རྣམ་སྨིན་གྱི་ཡོན་ཏན་གྱི་སྒོ་ནས་དབྱེ་བ་ནི། ས་རེ་རེར་རིམ་པ་བཞིན་ཕ་རོལ་ཕྱིན་པ་བཅུ་རྫོགས་པར་འགྲུབ་པ་དང་། འཛམ་གླིང་གི་རྒྱལ་པོ་ནས་འོག་མིན་གྱི་བདག་པོ་དབང་ཕྱུག་ཆེན་པོའི་བར་བྱེད་ནུས་པའོ། །བྲལ་བའི་ཡོན་ཏན་གྱི་སྒོ་ནས་དབྱེ་བ་ནི་ས་དང་པོ་ཐོབ་ནས། འཚོ་བ་མེད་པ་དང་། མི་བསྔགས་པ་དང་། ངན་འགྲོ་དང་། འཁོར་གྱི་འཇིགས་པ་དང་། འཆི་བ་སོགས་ཉམ་ངའི་འཇིགས་པ་སྟེ་འཇིགས་པ་ལྔ་པོ་དེ་དང་བྲལ་བ་སོགས་སོ། །རྟོགས་པའི་ཡོན་ཏན་གྱི་སྒོ་ནས་དབྱེ་བ་ནི། དབུས་མཐའ་ལས། ཀུན་ཏུ་འགྲོ་དོན་མཆོག་གི་དོན། །རྒྱུ་མཐུན་དོན་གྱི་མཆོག་དང་ནི། །ཡོངས་སུ་འཛིན་པ་མེད་དོན་དང་། །རྒྱུད་རྣམས་ཐ་དད་མེད་དོན་དང་། །ཉོན་མོངས་རྣམ་དག་མིན་དོན་དང་། ཐ་དད་མེད་པའི་དོན་ཉིད་དང་། །བྲི་མེད་འཕེལ་བ་མེད་དོན་དང་། །དབང་ནི་རྣམ་པ་བཞི་ཡི་གནས། །ཞེས་དང་། དབང་བཞི་ནི། ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང་། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པ་བཞི་ཡིན་ཏེ། །དབང་དེ་མི་གཡོ་ལ་སོགས་པའི། །ས་གསུམ་ལ་ནི་རྣམ་པ་བཞི། །གཅིག་ལ་རྣམ་གཉིས་དེ་ལས་གཞན། །དབང་ནི་རེ་རེར་འདོད་པ་ཡིན། །ཞེས་སོ། །བསླབ་པ་གསུམ་གྱི་སྒོ་ནས་དབྱེ་བ་ནི། བསླབ་པ་གསུམ་གྱི་རྒྱུ་ངོ་བོ་འབྲས་བུའི་སྒོ་ནས་ས་བཅུར་དབྱེ་སྟེ། དེའང་ས་དང་པོར་སྦྱིན་པའི་ཕར་ཕྱིན་གཙོ་བོར་སྒྲུབ་པ་དང་ཟག་མེད་ཀྱི་བསླབ་གསུམ་སྤྱིར་ཐོབ་པས། ཁྱད་པར་བ་རྣམས་ཀྱི་རྒྱུར་འགྱུར་ལ། ངོ་བོ་ནི། ས་གཉིས་པར་ལྟུང་བའི་ཆ་ཕྲ་མོས་ཀྱང་གོས་པར་མི་འགྱུར་བས་ཚུལ་ཁྲིམས་ཀྱི་བསླབ་པ་རྣམ་པར་དག །གསུམ་པར་ཚེ་རབས་ཀུན་ཏུ་མི་ཉམས་པའི་བསམ་གཏན་ཐོབ་པར་ཏིང་འཛིན་གྲུབ། བཞི་པར་བྱང་ཆུབ་ཕྱོགས་མཐུན་ཤེས་པའི་ཤེས་རབ་དང་། ལྔ་པར་བདེན་བཞི་འབྱེད་པའི་ཤེས་རབ་དང་། དྲུག་པར་འཁོར་འདས་རྟེན་འབྲེལ་ཤེས་པའི་ཤེས་རབ་མཐར་ཕྱིན་པ་ཐོབ་བོ། །ལྷག་མ་རྣམས་ནི་བསླབ་གསུམ་གྱི་འབྲས་བུས་ཕྱེ་སྟེ། བདུན་པར་འབད་པ་དང་བཅས་ནས་མཚན་མ་མེད་པར་འཇུག །བརྒྱད་པར་འབད་མེད་དུ་འགོག་པར་འཇུག་ཅིང་ཞིང་རྣམ་པར་དག །དགུ་པར་སེམས་ཅན་ཡོངས་སུ་སྨིན་པར་བྱེད་ལ། སྨིན་བྱེད་ཀྱི་རྒྱུ་ནི་སོ་སོ་ཡང་དག་པར་རིག་པ་བཞི་ཡིན་ཅིང་། ཐབས་ནི་བསྡུ་དངོས་བཞི་སྟེ། སྦྱིན་པས་འཁོར་དུ་སྡུད། ལུང་གི་ཆོས་སྙན་པར་སྨྲ་བས་མི་ཤེས་པ་བསལ། རྟོགས་པའི་ཆོས་ཀྱི་དོན་ལ་སྤྱོད་དུ་གཞུགས་པས་རྒྱུད་རྣམ་པར་གྲོལ། རང་གིས་ཀྱང་ཇི་བཞིན་དོན་མཐུན་པར་སྒྲུབ་པས་ཡིད་ཆེས་པར་བྱེད་པའོ། །བཅུ་པར་ཏིང་ངེ་འཛིན་དང་གཟུངས་རྣམས་ཡོངས་སུ་རྫོགས་པའོ། །ས་ཐོབ་པའི་སྒོ་ནས་དབྱེ་བ་ནི་བཞི་སྟེ། ཚོགས་སྦྱོར་དུ་འཕགས་ས་ལ་ལྷག་པར་མོས་པ་མོས་པས་ཐོབ་པ་དང་། རྒྱུ་ཆོས་སྤྱོད་བཅུ་སྒྲུབ་པ་སྤྱོད་པས་ཐོབ་པ་སྟེ་བཅུ་ནི། ལུས་ཀྱིས་སྡེ་སྣོད་གསུམ་ཡི་གེར་འདྲི་བ། དེར་མཆོད་པ། གཞན་ལ་སྦྱིན་པ། རྣ་བས་ཆོས་ཉན་པ་དང་། ངག་གིས་གླེགས་བམ་ཀློག་པ། རྒྱུན་དུ་ཁ་ཏོན་བྱེད་པ། གཞན་ལ་འཆད་པ་དང་། ཡིད་ཀྱིས་ཚིག་བློ་ལ་ལེན་པ། དོན་སེམས་པ། སྒོམ་པར་བྱེད་པའོ། །ས་དང་པོ་ནས་བདུན་པའི་བར་འཇུག་པ་རྟོགས་པས་ཐོབ་པ་དང་། བརྒྱད་པ་ནས་འབད་མེད་དུ་འཇུག་པ་འགྲུབ་པས་ཐོབ་པའོ། །ཐོབ་པའི་ཡུན་གྱི་སྒོ་ནས་དབྱེ་བ་ནི། བསྐལ་པ་གྲངས་མེད་གཅིག་གིས་ས་དང་པོ་ཐོབ། གཅིག་གིས་བརྒྱད་པ་ཐོབ། གཅིག་གིས་བཅུ་པ་ཐོབ་ཅེས་བྱང་ས་ལས་གསུངས་སོ། །གཉིས་པ་ལམ་ལའང་བཞི་ལས། ངོ་བོ་ནི། བདག་མེད་རྟོགས་པའི་ཤེས་རབ་དང་ཏིང་འཛིན། ངེས་ཚིག་ལ་སྤྱིའི་ངེས་ཚིག་ནི། མྱང་འདས་ཚོལ་བར་འགྱུར་བའམ་ཐོབ་པར་འགྱུར་བས་ན་ལམ་ཞེས་བྱ། བྱེ་བྲག་གི་ངེས་ཚིག་ནི། ཐོས་བསམ་དང་བསོད་ནམས་ཀྱི་ཚོགས་གཙོ་བོར་གྱུར་པས་ཚོགས་ལམ། མཐོང་ལམ་ལ་སྦྱོར་བས་སྦྱོར་ལམ། བདེན་པ་མངོན་སུམ་དུ་མཐོང་བས་མཐོང་ལམ། མཐོང་ཟིན་གོམས་པར་བྱེད་པས་སྒོམ་ལམ། སློབ་པ་མཐར་ཕྱིན་པས་མི་སློབ་ལམ་ཞེས་བྱ། མཚན་ཉིད་ལ་སྤྱིའི་མཚན་ཉིད་ནི། ཞི་གནས་དང་ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་ཟུང་དུ་འབྲེལ་བ་ཡུལ་ཅན་ཡེ་ཤེས་ཀྱི་ངོ་བོའོ། །བྱེ་བྲག་གི་མཚན་ཉིད་ནི། རྒྱལ་བའི་དབང་པོ་ཀློང་ཆེན་པའི་གཞུང་ལས་ཤེས་པར་བྱའོ། །དབྱེ་བ་ལ་ལམ་ལྔ་ལས། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་རིམ་པ་ལྟར་སྦྱོར་ལམ་སྐྱེ་བའི་དུས་མ་ངེས་པ་དང་། ངེས་པ་དང་ཚེ་དེར་སྐྱེ་ངེས་པས་བཞག་པ་ཉིད་ཀྱི། ཆུང་ངུ་དྲན་པ་ཉེར་བཞག་བཞི་ལ་ལྔ་ལས། ངོ་བོ་ནི་ཤེས་རབ་ཀྱི་ཡུལ་ལ་དྲན་པ་འཇོག་པས་ན་ཤེས་རབ་དང་དྲན་པའོ། །གྲོགས་དེ་དང་མཚུངས་ལྡན་སེམས་སེམས་བྱུང་གི་ཆོས་རྣམས་སོ། །དམིགས་ཡུལ་ནི། སོ་སོའི་སྐྱེ་བོ་རྣམས་ཀྱིས་བདག་ཏུ་འཛིན་པའི་གནས་ལུས་དང་། བདག་གི་ལོངས་སྤྱོད་ཚོར་བ་དང་། བདག་གི་དངོས་པོ་སེམས་དང་། བདག་ཀུན་ནས་ཉོན་མོངས་དང་། རྣམ་པར་བྱང་བའི་དངོས་པོ་ཆོས་སོ། །རྣམ་པ་སྒོམ་ཚུལ་ནི་ལུས་དྲན་པ་ཉེར་བཞག་ལ། ནང་གི་ལུས་ནང་གི་སྐྱེ་མཆེད་གཟུགས་ཅན། ཕྱིའི་ལུས་ཕྱིའི་སྐྱེ་མཆེད་གཟུགས་ཅན། ནང་ཕྱིའི་ལུས་སེམས་ཅན་གཞན་རྒྱུད་ཀྱི་སྐྱེ་མཆེད་གཟུགས་ཅན་རྣམས་ནི་ལུས་ཡིན་ལ། དེ་དག་ལ་དུར་ཁྲོད་ཀྱི་ལུས་སམ་རྨི་ལམ་གྱི་ལུས་ཀྱི་རྗེས་སུ་མཐུན་པར་ལྟ་བས་ཉན་ཐོས་ལྟར་ན་མི་གཙང་བ་དང་། ཐེག་ཆེན་ལྟར་ན་རང་བཞིན་མེད་པར་སྒོམ་པའོ། །ཚོར་བ་དྲན་པ་ཉེར་བཞག་ནི། ལུས་གསུམ་ལས་བྱུང་བའི་ཚོར་བ་གསུམ་ལ་དམན་པས་སྡུག་བསྔལ་པ་དང་། ཐེག་ཆེན་གྱིས་རྨི་ལམ་གྱི་ཚོར་བ་དང་རྗེས་སུ་མཐུན་པར་རང་བཞིན་མེད་པར་སྒོམ་པའོ། །དེ་བཞིན་དུ་ཕྱི་ནང་ལས་བྱུང་བའི་སེམས་གསུམ་དང་། ཆོས་གསུམ་དག་ལ་ཐེག་དམན་གྱིས་སེམས་མི་རྟག་པ་དང་ཆོས་གང་ཟག་གི་བདག་མེད་པར་སྒོམ་ལ། ཐེག་ཆེན་གྱིས་རྨི་ལམ་གྱི་སེམས་དང་ཆོས་ལྟར་རྣམ་པར་རྟོག་པའི་གཟུགས་བརྙན་དུ་སྣང་ལ་རང་བཞིན་མེད་པ་དང་། ཆོས་ཀྱི་བདག་ཀྱང་མེད་པར་སྒོམ་མོ། །དེ་དག་ནི་ལུས་སོགས་ལ་ལུས་སོགས་ཀྱི་རྗེས་སུ་ལྟ་བའི་དྲན་པ་ཉེ་བར་བཞག་པ་ཞེས་གསུངས་པའི་དོན་ཏོ། །བསྒོམ་པའི་འབྲས་བུ་ལ་གསུམ་ལས། བདེན་པ་བཞི་ལ་འཇུག་པ་ནི། ལུས་རྣམ་སྨིན་གྱི་གནས་ངན་ལེན་འདུ་བྱེད་ཀྱི་སྡུག་བསྔལ་དུ་རྟོགས་པས་སྡུག་བསྔལ་ཤེས་པ་ལ་འཇུག །ཚོར་བ་ཀུན་འབྱུང་གི་གཙོ་བོ་སྲེད་པའི་རྒྱུར་རྟོགས་པས་ཀུན་འབྱུང་སྤོང་བ་ལ་འཇུག །སེམས་བདག་ལྟ་སྐྱེ་བའི་གཞི་དེ་མི་རྟག་ཅིང་རང་བཞིན་མེད་པར་རྟོགས་པས་བདག་ཆད་ཀྱིས་དོགས་པའི་འཇིགས་པ་དང་བྲལ་ནས་འགོག་པ་མངོན་དུ་བྱེད། སྤང་བླང་གི་ཆོས་ལ་མ་རྨོངས་པས་ཆོས་དྲན་པ་ཉེར་བཞག་གིས་ལམ་བདེན་པ་འཇུག་གོ །ཕྱིན་ཅི་ལོག་བཞི་སྤང་བ་ནི། ལུས་སོགས་རང་བཞིན་མེད་པའ་ིསྟོང་ཉིད་དུ་རྟོགས་པས་གཙང་བདེ་རྟག་བདག་བཞི་ཐམས་ཅད་ཐུན་མོང་དུ་སྤོང་ལ། མི་གཙང་སོགས་བསྒོམ་པས་བྱེ་བྲག་སོ་སོར་རེ་རེ་ནས་རིམ་པར་སྤོང་བ་ཡིན་ནོ། །ལུས་སོགས་་དང་བྲལ་བ་ནི། ལུས་ལ་སོགས་པ་དངོས་པོར་འཛིན་པའི་སྣང་བ་དང་། ཞེན་པ་ཐམས་ཅད་དང་བྲལ་བར་འགྱུར་བའོ། །ཚོགས་ལམ་འབྲིང་ཡང་དག་པར་སྤོང་བ་བཞི་ལའང་ལྔ་ལས། ངོ་བོ་ནི་བརྩོན་འགྲུས་ཡིན་ཅིང་། གྲོགས་ནི་སྔ་མ་དང་འདྲ། དམིགས་ཡུལ་ནི་མི་མཐུན་ཕྱོགས་དང་། གཉེན་པོའི་ཕྱོགས་གཉིས་ཕྱོགས་གཉིས་ཡིན་ལ། རྣམ་པ་སྒོམ་ཚུལ་ནི། མི་དགེ་བའི་ཆོས་སྒྲིབ་པ་ལྔ་པོ། གནོད་སེམས་དང་། འདོད་པ་འདུན་པ་དང་། གཉིད་རྨུགས་དང་། རྒོད་འགྱོད་དང་། ཐེ་ཚོམ་སྟེ་དེ་རྣམས་མ་སྐྱེས་པ་མི་སྐྱེ་བའི་ཕྱིར་དུ་བརྩོན་འགྲུས་བསྒོམ་པ་ལྔ་པོ་བརྩོན་འགྲུས་ཀྱི་བརྟེན་པའི་རྒྱུ་ནི་ཞི་ལྷག་དོན་གཉེར་གྱི་འདུན་པའོ། །རང་གི་ངོ་བོ་ལ། བྱིང་རྒོད་མེད་པའི་ཞི་ལྷག་སྐྱེ་བའི་ཚེ་བཏང་སྙོམས་ཀྱི་མཚན་མ་ཡིད་ལ་བྱེད་པ་འབད་པའི་བརྩོན་འགྲུས། བྱིང་རྒོད་བྱུང་བའི་ཚེ་བྱིང་རྒོད་སེལ་བའི་བརྩོན་འགྲུས་རྩོམ་མོ། །སེལ་བའི་གཉེན་པོ་ཡང་བྱིང་ན་རབ་ཏུ་འཛིན་པ་ལྷག་མཐོང་ཡིད་ལ་བྱེད་ཅིང་། རྒོད་ན་རབ་ཏུ་འཇོག་པ་ཞི་གནས་ཡིད་ལ་བྱེད་པའོ། །དེ་བཞིན་དུ་མི་དགེ་བའི་ཆོས་སྐྱེས་པ་རྒྱུན་གཅོད་པའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དོ། །བརྩོན་འགྲུས་རྩོམ་མོ། །སེམས་རབ་ཏུ་འཛིན་ཏོ། །སེམས་རབ་ཏུ་འཇོག་གོ་ཞེས་ལྔ་སྒོམ་ཅིང་། དགེ་བའི་ཆོས་མ་སྐྱེས་པ་སྐྱེ་བའི་ཕྱིར་ལྔ་དང་། སྐྱེས་པ་སྤེལ་བའི་ཕྱིར་བརྩོན་འགྲུས་སྒོམ་པ་ལྔ་འབྱུང་བའོ། །འབྲས་བུ་ནི། མི་མཐུན་ཕྱོགས་མ་ལུས་ཉམས་པར་གྱུར་པ་དང་། གཉེན་པོ་ཐོབ་པར་གྱུར་པ་དང་། འཕེལ་བར་གྱུར་པ་གསུམ་སྟེ། རིམ་བཞིན་མི་དགེ་སྤོང་བ་སྔ་མ་གཉིས་དང་། གཉེན་པོ་སྐྱེད་པ་དང་། གོང་དུ་སྤེལ་པ་ལས་བྱུང་བའོ། །ཚོགས་ལམ་ཆེན་པོ་རྫུ་འཕྲུལ་གྱི་རྐང་པ་བཞི་ལ་ལྔ་སྟེ། ངོ་བོ་ནི་ཏིང་ངེ་འཛིན་ཏོ། །གྲོགས་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་དང་། དེ་བཞིན་དུ་བརྩོན་འགྲུས་ཀྱི་དང་། སེམས་པའི་དང་། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པ་རྫུ་འཕྲུལ་གྱི་རྐང་པ་སྟེ་བཞི། དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས་ཀྱང་ཡིན་ནོ། །བཞི་པོ་དེ་ནི་རིམ་པ་བཞིན། གུས་སྦྱོར་གྱིས་སེམས་རྩེ་གཅིག་ཐོབ་པ་དང་། རྟག་སྦྱོར་གྱིས་སེམས་རྩེ་གཅིག་ཐོབ་པ་དང་། རང་གི་སྔོན་ཚེ་ཏིང་འཛིན་བསྒོམ་པའི་བག་ཆགས་ཀྱིས་སེམས་རྩེ་གཅིག་ཐོབ་པ་དང་། གཞན་གྱིས་བསྟན་ནས་ཤེས་རབ་ཀྱིས་སེམས་རྩེ་གཅིག་ཐོབ་པ་རྣམས་ཡིན་ནོ། །དམིགས་ཡུལ་ནི། ཏིང་ངེ་འཛིན་གྱིས་བསྒྲུབ་བྱ་རྫུ་འཕྲུལ་སྣ་ཚོགས་ལས་གང་འདོད་དེ་ཡིན་ལ། རྣམ་པ་སྒོམ་ཚུལ་ནི། ཉེས་པ་ལྔ་སྤོང་བྱེད་སྤོང་བའི་འདུ་བྱེད་བརྒྱད་སྒོམ་པ་ཡིན་ཅིང་། ལྔ་ནི། ཏིང་འཛིན་ལ་ཐོག་མར་འཇུག་པའི་གེགས་ལེ་ལོ། ཞུགས་ཙམ་ན་གེགས་གདམས་ངག་བརྗེད་པ་སྟེ་དེ་གཉིས་སྦྱོར་བའི་གེགས་ཡིན། དངོས་གཞིའི་གེགས་བྱིང་རྒོད། བྱིང་རྒོད་བྱུང་བའི་ཚེ་ན་གེགས་གཉེན་པོ་འདུ་མི་བྱེད་པ། བྱིང་རྒོད་ཞི་བའི་ཚེ་ན་གེགས་འདུ་བྱེད་པའོ། །བརྒྱད་ནི། བརྩོན་འགྲུས་ཀྱི་རྟེན་གནས་འདུན་པ། དེ་ལ་གནས་པ་ལེ་ལོའི་གཉེན་པོ་བརྩོན་འགྲུས། འདུན་པའི་རྒྱུ་དད་པ་ཡིན་ཏེ་ཡིད་ཆེས་དད་པ་ཡོད་ན་དོན་གཉེར་གྱི་འདུན་པ་འབྱུང་བས་སོ། །བརྩོན་འགྲུས་ཀྱི་འབྲས་བུ་ཤིན་སྦྱངས་ཡིན་ཏེ་ལུས་སེམས་ལས་སུ་རུང་བས་སོ། །གདམས་ངག་བརྗེད་པའི་གཉེན་པོ་དྲན་པ། བྱིང་རྒོད་ཀྱི་གཉེན་པོ་དེ་གཉིས་བྱུང་བ་ཤེས་པའི་ཤེས་བཞིན་འདུ་མི་བྱེད་པའི་གཉེན་པོ་སེམས་པ། འདུ་བྱེད་པའི་གཉེན་པོ་བཏང་སྙོམས་ཡིན་ལ། འདི་དག་གི་ལུང་དབུས་མཐའ་རྣམ་འབྱེད་ལས་ཤེས་པར་བྱའོ། །ཚོགས་ལམ་གྱི་མིང་གི་རྣམ་གྲངས་ཡང་ཆོས་མངོན་རྟོགས་ཞེས་ཀྱང་བྱ་སྟེ། བདེན་པའི་དབང་དུ་བྱས་པའི་ཆོས་རྣམས་ལ་དད་པ་དང་མོས་པ་ཆེན་པོ་ཐོབ་པས་སོ། །དེ་བཞིན་དུ་ལས་དང་པོ་པའི་ས་དང་། དད་པའི་ས་དང་། ཐར་པ་ཆ་མཐུན་རྣམས་སུ་བཏགས་པའོ། །སྦྱོར་ལམ་ཡང་། མཐོང་ལམ་སྐྱེ་བར་མ་ངེས་པ་དང་། ངེས་པ་དང་། ཚེ་དེར་སྐྱེ་ངེས་པ་གསུམ་གྱིས་རིམ་བཞིན་ཆུང་འབྲིང་ཆེ་གསུམ་བཞག་པ་ལས། ཆུང་ངུ་གཉིས་ནི་ཉོན་མོངས་ཀྱི་བུད་ཤིང་སྲེག་བྱེད་འཕགས་ལམ་གྱི་མེ་འབྱུང་བའི་སྔ་ལྟས་སུ་གྱུར་པ་དྲོད་དང་། དགེ་རྩ་གཡོ་བའི་རྩེ་མོར་ཕྱིན་པ་རྩེ་མོ་སྟེ་རེ་རེ་ལའང་ཆུང་འབྲིང་ཆེ་གསུམ་རེ་ཡོད་དོ། །འབྲིང་བཟོད་པའང་གསུམ། ཆེན་པོ་ཆོས་མཆོག་ཀྱང་གསུམ་རེ་ཡོད་དོ། །སྦྱོར་ལམ་ཆ་བཞི་རུ་གནས་པ་འདིའི་ངོ་བོ་ནི་ཤེས་རབ་ཡིན་ཏེ་ཆོས་དྲན་པ་ཉེར་བཞག་གི་རྣམ་པ་ཅན་ཡིན་པས་སོ། །གྲོགས་ནི། དྲན་པ་ཉེར་བཞག་ལྷག་མ་གསུམ་དང་སེམས་སེམས་བྱུང་མཚུངས་ལྡན་རྣམས་སོ། །དམིགས་ཡུལ་ནི། བདེན་པ་བཞི་ཡིན་ལ། རྣམ་པ་སྒོམ་ཚུལ་ལ་ཉན་ཐོས་ལྟར་ན་ཆོས་དྲན་པ་ཉེར་བཞག་གི་རྣམ་པ་མི་རྟག་སོགས་བཅུ་དྲུག་ཡིད་ལ་བྱེད་ཅིང་དྲན་པ་ཉེར་བཞག་ལྷག་མ་རྣམས་དྲོད་རྩེ་གཉིས་སུ་སྒོམ་མོད། བཟོད་པ་ཡན་ཆད་ཆོས་དྲན་པ་ཉེར་བཞག་ཁོ་ནས་འཕེལ་བར་བྱེད་ལ། ཁྱད་པར་དྲོད་དུ་ཡང་དག་སྤོང་བཞི་སྒོམ་པ་ནས་རིམ་པར་ཆོས་མཆོག་ཏུ་སྟོབས་ལྔ་སྒོམ་པར་འདོད། ཐེག་ཆེན་གྱི་ལུགས་ལ་དྲོད་སྣང་བ་ཐོབ་པའི་ཡེ་ཤེས་དང་། རྩེ་མོ་སྣང་བ་མཆེད་པའི་ཡེ་ཤེས་གཉིས་སུ་དབང་པོ་ལྔ་སྒོམ་པ་ལས། ལྔ་པོའི་ངོ་བོ་དད་སོགས་ལྔ། གྲོགས་དེ་དག་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་གི་ཆོས་རྣམས། དམིགས་ཡུལ་བདེན་བཞི། རྣམ་པའི་སྒོམ་ཚུལ་དད་པའི་དབང་པོ་བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་ཚུལ་གྱིས་སྒོམ། ཡིད་ཆེས་པའི་བདེན་པ་མངོན་པར་རྟོགས་ཕྱིར་སྤྲོ་བའི་ཚུལ་གྱིས་བརྩོན་འགྲུས་སྒོམ་པར་འགྱུར། བརྩོན་འགྲུས་བརྩམ་པའི་བདེན་པ་རྣམས་མི་བརྗེད་པའི་ཚུལ་གྱིས་དྲན་པ་སྒོམ་པར་འགྱུར། དྲན་པ་ལ་གནས་པའི་བདེན་པ་རྣམས་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་ཏིང་འཛིན་སྒོམ་པར་འགྱུར། ཏིང་འཛིན་གྱིས་བདེན་པ་ལ་མཉམ་པར་བཞག་པའི་རབ་ཏུ་རྣམ་པར་འབྱེད་པའི་ཚུལ་གྱིས་ཤེས་རབ་སྒོམ་པར་འགྱུར་རོ། །འབྲས་བུ་ནི། བདེན་པ་མྱུར་དུ་རྟོགས་པར་བྱེད་པ་དང་། དྲོད་སོགས་བཞི་སྒྲུབ་པའོ། །བཟོད་པ་དེ་ཁོ་ན་ཉིད་ཕྱོགས་གཅིག་པའི་ཡེ་ཤེས་དང་། ཆོས་མཆོག་དེ་མ་ཐག་པའི་ཡེ་ཤེས་གཉིས་སུ་སྟོབས་ལྔ་སྒོམ་པ་ལས། ངོ་བོ་སོགས་དབང་པོ་དང་འདྲ་ལ། ཁྱད་པར་ནི་དད་སོགས་ཀྱི་མི་མཐུན་པའི་ཕྱོགས་མ་དད་པ་སོགས་འཇོམས་པས་ན་སྟོབས་ཞེས་བྱའོ། །འབྲས་བུ་ནི། ཉན་ཐོས་ལྟར་ན་སྟན་ཐོག་གཅིག་ཏུ་འཕགས་ལམ་རྣམས་སྐྱེད་པ་དང་། རྩེ་མོ་ཐོབ་ནས་ངན་སོང་དུ་སྐྱེ་ཡང་དགེ་རྩ་མི་འཆད་པ། བཟོད་པ་ཐོབ་ནས་ངན་སོང་དུའང་མི་སྐྱེ་ལ། ཟག་པ་མེད་པའི་ཉེར་ལེན་གྱི་རྒྱུ་མེད་ཀྱང་ཆོས་མཆོག་སྐད་ཅིག་མའི་སྟོབས་རྩལ་གྱིས་ཟག་མེད་ལམ་དེ་མ་ཐག་སྐྱེད་ནུས་པར་འདོད་དོ། །ཐེག་ཆེན་ལྟར་ན་གཟུང་འཛིན་གྱི་རྟོག་པ་སྤོང་སྟེ་དེའང་། སེམས་ཙམ་ལྟར་ན། བཟོད་པ་མན་ཆད་དུ་གཟུང་རྟོག་སྤོང་ལ་ཆོས་མཆོག་ཏུ་འཛིན་རྟོག་སྤང་བར་འདོད། དབུ་མས་དྲོད་རྩེར་གཟུང་རྟོག་དང་། བཟོད་ཆོས་སུ་འཛིན་རྟོག་སྤང་བར་བཤད་ལ། ཟག་མེད་ཀྱི་ཉེར་ལེན་རིགས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་ནས་འཕགས་ལམ་མངོན་དུ་བྱེད་པ་ཡིན་ནོ། །སྦྱོར་ལམ་གྱི་མིང་གི་རྣམ་གྲངས་ཡང་། བདེན་བཞིའི་ཆོས་ལ་ངེས་པར་སེམས་ཤིང་། འབྱེད་ནུས་པའི་བཟོད་པ་ཐོབ་པས་ན་དེ་མངོན་རྟོགས་དང་། དེ་བཞིན་དུ་མོས་སྤྱོད་ཀྱི་ས་དང་། ངེས་འབྱེད་ཆ་མཐུན་ཞེས་གྲགས་སོ །མཐོང་ལམ་ལའང་། ངོ་བོ་ནི་ཡེ་ཤེས་བཅུ་དྲུག་སྟེ་ཆོས་བཟོད་བཞི། ཆོས་ཤེས་བཞི། རྗེས་བཟོད་བཞི། རྗེས་ཤེས་བཞིའོ། །བཅུ་དྲུག་པོ་དེ་ཐེག་ཆེན་གྱི་ལུགས་ལ་མཐོང་ལམ་ཡིན་ལ། ཉན་ཐོས་ཀྱི་ལུགས་ལ་ལམ་རྗེས་ཤེས་ནི། ལམ་སྔ་མ་རྣམས་ཞིག་ཀྱང་དེ་ཉིད་རྒྱུན་ཆགས་ཡིན་པས་སྒོམ་ལམ་ཡིན་ནོ་ཞེས་ཟེར་རོ། །གྲོགས་ནི་དེ་དང་མཚུངས་ལྡན་གྱི་ཆོས་སེམས་སེམས་བྱུང་རྣམས་སོ། །དམིགས་པ་ནི། འཕགས་པའི་བདེན་པ་བཞི་པོའི་རང་གི་མཚན་ཉིད་ཡིན་ལ། རྣམ་པ་སྒོམ་ཚུལ་ནི། བྱང་ཆུབ་ཀྱི་ཡན་ལག་བདུན་ཏེ། རེ་རེ་བཞིན་བདེན་པ་བཞིའི་ངོ་བོ་ཅན་དུ་སྒོམ་པས་ན། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག་སྡུག་བསྔལ་ཞི་བའི་དབེན་པ་ལ་གནས་པ། ཀུན་འབྱུང་གི་འདོད་ཆགས་སོགས་ཉོན་མོངས་བྲལ་བ་ལ་གནས་པ། ངེས་པར་འབྱུང་བའི་འགོག་པ་ལ་གནས་པ་མཐོང་སྤང་རྣམས་རྣམ་པར་སྤོང་ནུས་ལམ་གྱི་བདེན་པས་ཡོངས་སུ་བསྒྱུར་བ་སྒོམ་པའོ། །དེ་བཞིན་དུ་ཆོས་རབ་རྣམ་འབྱེད་ཡང་དག་པ་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤངས་པས་ཡོངས་སུ་བསྒྱུར་བ་སྒོམ་པ་དང་། ལྷག་མ་རྣམས་ལའང་རེ་རེ་བཞིན་བདེན་བཞིའི་ཚིག་དེ་སྦྱར་བཞིན་དུ་བརྩོན་འགྲུས་དང་། དགའ་བ་དང་། ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་དབེན་པ་ལ་གནས་པ་སོགས་སོ། །འདི་དག་སོ་སོའི་ངེས་པ་ནི་མཐོང་ལམ་གྱི་ཡེ་ཤེས་འདུས་མ་བྱས་ཁོ་ནའི་དམིགས་མེད་ཀྱི་ངང་སྒོམ་ཡིན་པས་དེ་ལ་སྦྱར་བ་བྱང་ཆུབ་ཕྱོགས་བསྟན་པའི་མདོ་སོགས་ལས་འབྱུང་བ་ལྟར་ཤེས་དགོས་ཤིང་། འདུས་བྱས་ཐ་སྙད་རྒྱུ་འབྲས་སོགས་ལྟར་སྦྱར་བ་ནི། བྱམས་པ་མགོན་པོས་བཀྲལ་བ་ལྟར་ཡན་ལག་ལྔར་འགྱུར་ཏེ། རང་བཞིན་ཡན་ལག་ཆོས་རབ་རྣམ་འབྱེད། གནས་ཀྱི་ཡན་ལག་དྲན་པ། ངེས་འབྱུང་ཡན་ལག་གསུམ་པ་བརྩོན་འགྲུས། ཕན་ཡོན་ཡན་ལག་བཞི་པ་དགའ་བ། ཉོན་མོངས་མེད་པའི་ཡན་ལག་རྣམ་པ་གསུམ་པོ་ནི། ཉོན་མོངས་མེད་པའི་གཞི་ཤིན་སྦྱངས། མེད་པའི་གནས་ཏིང་འཛིན། མེད་པའི་ངོ་བོ་ཉིད་བཏང་སྙོམས་སོ། །འབྲས་བུ་ནི་མཐོང་སྤངས་རྣམས་སྤངས་པ་ཡིན་པས། དེ་ལ་སྤང་བྱ་ངོས་བཟུང་བ་དང་། སྤོང་བྱེད་གཉེན་པོ་གཉིས་ལས། དང་པོ་ལ་ངོ་བའི་སྒོ་ནས་དབྱེ་ན་ནི་སྲིད་པའི་ཕྲ་རྒྱས་བཅུ་སྟེ། འཇིགས་ལྟ། མཐར་ལྟ། ལོག་ལྟ། ལྟ་བ་མཆོག་འཛིན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དེ་རྣམས་ལྟ་བ་ལྔ་ཡིན་ཅིང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག །ཐེ་ཚོམ་དེ་དག་ལྟ་མིན་ལྔའོ། །ལོག་པར་འཇུག་ཚུལ་གྱིས་དབྱེ་ན། སྤྱིར་བཏང་ནི། འདོད་ཆགས། ཁོང་ཁྲོ། ང་རྒྱལ་གསུམ་དངོས་པོའི་ཕྱོགས་གཅིག་ལ་འཇུག་པ་ཡིན་ཏེ། དངོས་པོ་འགའ་ཞིག་རྒྱུ་མཚན་དུ་བྱས་ནས་ཆགས་པ་སོགས་འབྱུང་བས་སོ། །ལྷག་མ་ཐམས་ཅད་ནི། དང་པོ་མཐའ་དག་ལ་འཇུག་པ་ཡིན་ཏེ། ཤེས་བྱའི་ནང་ནས་འགའ་ཞིག་ཕྱོགས་གཅིག་ཏུ་དམིགས་ཀྱིས་བསལ་བ་ལ་མི་ལྟོས་པར་ཁྱབ་པའི་འཛིན་སྟངས་འཇུག་པས་སོ། །བྱེ་བྲག་ཏུ་ལོག་པར་འཇུག་ཚུལ་ནི། མཐོང་སྤང་ལ་ལྟོས་ན་ཤེས་བྱ་བདེན་པ་བཞི་ལ། འཇིག་ལྟས་བདག་དང་བདག་གིར་ལྟ། མཐར་ལྟས་རྟག་ཆད་དུ་ལྟ། ལོག་ལྟས་མེད་པར་ལྟ་བས་ན་དེ་གསུམ་ནི་ཤེས་བྱ་ལ་ལོག་པར་རྟོགས་པས་འཇུག་པའོ། །མཆོག་འཛིན་གཉིས་དང་། ཆགས་ཁྲོ་ང་རྒྱལ་གསུམ་སྟེ་ལྔ་པོ་རྣམས་ཀྱིས་ནི་ལྟ་བ་གསུམ་ལ་ལོག་པར་རྟོགས་པས་འཇུག་པ་ཡིན་ཏེ། ལྟ་བ་གསུམ་གྱིས་ཡོངས་སུ་བཅད་པའི་ལྟ་བ་ངན་པ་དང་། དེས་དྲངས་པའི་སྤྱོད་པ་ངན་པ་ལ་དག་གྲོལ་ངེས་འབྱིན་དུ་འཛིན་པ་རིམ་པར་ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་ཏུ་འཛིན་པར་གྱུར་ཅིང་། དེ་བཞིན་དུ་ལྟ་ངན་ལ་ཆགས་པ་སྐྱེས་ཤིང་སེམས་ཁེངས་པར་གྱུར་པ་དང་། རང་ལྟ་དང་མི་མཐུན་པ་ལ་ཁོང་ཁྲོ་འབྱུང་བས་སོ། །ཐེ་ཚོམ་ནི་གཉེན་པོ་ལ་ལོག་པར་རྟོགས་པ་ཡིན་ཏེ། ཕྲ་རྒྱས་ཀྱི་གཉེན་པོ་སྡུག་བསྔལ་ཤེས་པ་སོགས་ལ་ཡང་དག་ཡིན་ནམ་མ་ཡིན་སྙམ་པས་སོ། །མ་རིག་པ་ནི་ཐམས་ཅད་ལ་ལོག་པར་རྟོགས་པ་ཡིན་ཏེ་ཤེས་བྱ་དང་ལྟ་བ་དང་གཉེན་པོ་རྣམས་ཀྱི་རང་བཞིན་ཇི་ལྟར་གནས་པ་མི་ཤེས་ཤིང་རྨོངས་པས་སོ། །བདེན་པ་བཞི་ལ་ལོག་པར་འཇུག་ཚུལ་གཞན་ཡང་འདི་ལྟར་ཤེས་དགོས་ཏེ། ཕྲ་རྒྱས་བཅུ་པོ་དེ་སྡུག་བསྔལ་བདེན་པའི་རྒྱུ་རུ་གནས་པ་ལ་ལོག་པར་རྟོགས་པ་དང་། ཀུན་འབྱུང་གི་རང་བཞིན་དུ་གནས་པ་ལ་ལོག་པར་རྟོགས་པ་དང་། འགོག་ལམ་གཉིས་ལ་གཡང་སར་འདུ་ཤེས་པས་སྐྲག་པ་སྐྱེད་པས་ལོག་པར་ཞུགས་པ་ཡིན་ནོ། །ཚུལ་དེ་དག་མངོན་པ་ཀུན་བཏུས་ལས་བྱུང་བ་ལྟར་ཡིན་ཅིང་། གཞན་ཡང་ཤེས་བྱ་ལ་ལོག་པར་ལྟ་བ་གསུམ་པོ་དེ་དང་མ་རིག་ཐེ་ཚོམ་སྟེ་ལྔ་ནི་བདེན་བཞི་ལ་དངོས་སུ་འཇུག་ཅིང་ལྷག་མ་ལྔ་ནི་དངོས་ཞུགས་ལྔ་ལ་ཞུགས་པའི་དབང་གིས་བདེན་པ་ལ་བརྒྱུད་ནས་འཇུག་པར་གསུངས་པས་ཤེས་པར་བྱའོ། །ཁམས་ཀྱི་སྒོ་ནས་དབྱེ་ན། མཐོང་སྤང་བརྒྱ་དང་བཅུ་གཉིས་སུ་འགྱུར་ཏེ། འདོད་ཁམས་ན་བདེན་བཞི་རེ་རེ་ལ་བཅུ་རེ་ཞུགས་པས་བཞི་བཅུ་ཁམས་གོང་མ་གཉིས་ན་ཁོང་ཁྲོ་མི་འཇུག་པས་བདེན་བཞི་རེ་རེ་ལ་དགུ་རེ་ཞུགས་པས་སུམ་ཅུ་སོ་དྲུག་པ་གཉིས་དེ་ཐམས་ཅད་བསྡོམས་པ་བརྒྱ་རྩ་བཅུ་གཉིས་སོ། །གཉིས་པ་གཉེན་པོ་ལའང་། གཉེན་པོ་ངོས་བཟུང་བ་དང་། གཉེན་པོས་སྤང་ཚུལ་བཤད་པ་གཉིས་ལས། དང་པོ་ལ། སུན་འབྱིན་པའི་གཉེན་པོ་དང་། སྤོང་བའི་གཉེན་པོ་དང་། རྟེན་གྱི་གཉེན་པོ་དང་། ཐག་བསྲིང་གི་གཉེན་པོ་སྟེ་བཞི་ལས། སྤོང་བའི་གཉེན་པོ་ལའང་། མགོ་གནོན་གྱིས་སྤོང་བ་དང་། རྩད་འབྱིན་གྱིས་སྤོང་བ་གཉིས་ཡོད་དོ། །སྤོང་ལམ་ཡང་བཞི་སྟེ། སྦྱོར་ལམ། བར་ཆད་མེད་ལམ། རྣམ་གྲོལ་ལམ། ཁྱད་པར་ལམ་མོ། །གཉིས་པ་ལ། ཇི་ལྟར་སྤང་བ་དང་། ཡིད་ལ་བྱེད་པ་ཅི་འདྲ་བས་སྤང་བ་དང་། གང་ཞིག་གང་ལས་སྤང་བའི་ཚུལ་གསུམ་ཀུན་བཏུས་སུ་བཤད་པ་ལྟར་ལས། དང་པོ་ནི། མཐོང་སྤང་སྤོང་བྱེད་ཡེ་ཤེས་བཅུ་དྲུག་ཏུ་སྐྱེ་བ་ཡིན་ལ། འདི་དག་སྐད་ཅིག་བཅུ་དྲུག་ཏུ་རིམ་པར་སྐྱེ་བར་འདོད་པའི་ལུགས་དང་། སྐད་ཅིག་བཞི་ལ་ངོ་བོ་རིགས་བཞི་ལྡོག་པ་བཅུ་དྲུག་ཏུ་སྐྱེ་བར་འདོད་པའི་ལུགས་གཉིས་ཡོད་པ་ལས། དང་པོ་ནི། ཉན་ཐོས་སོགས་ཕལ་ཆེར་གྱིས་བཞེད་ཅིང་དེའི་ཚུལ་ནི། དམིགས་ཡུལ་འདོད་ཁམས་ཀྱི་སྡུག་བདེན་ལ་དམིགས་པ། རྣམ་པ་མི་རྟག་སོགས་སུ་སྐྱེ་བ་འདོད་པའི་མཐོང་སྤང་གི་གཉེན་པོ་བར་ཆད་མེད་ལམ་གྱི་མཚན་ཉིད་ཅན་གྱི་སྡུག་བསྔལ་ཆོས་བཟོད་སྐད་ཅིག་མ་གཅིག་ཏུ་སྐྱེས་པས་འདོད་པའི་སྡུག་བསྔལ་མཐོང་སྤང་སྤོངས། དམིགས་རྣམ་དེ་འདྲ་བ་ལ་རྣམ་གྲོལ་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་ཆོས་ཤེས་སྐད་ཅིག་མ་གཅིག་སྐྱེ་བ་དེ་བཞིན་དུ་བདེན་པ་ལྷག་མ་རྣམས་ལ་ཡང་རེ་རེ་བཞིན་ཡེ་ཤེས་གཉིས་རེར་སྐྱེ་ཚུལ་དེས་རིགས་འགྲེ་ཡིན་ཅིང་། ཡང་དམིགས་ཡུལ་ཁམས་གོང་མའི་སྡུག་བདེན་ལ་དམིགས་ཏེ། རྣམ་པ་མི་རྟག་སོགས་སུ་སྐྱེ་བ་ཁམས་གོང་མའི་མཐོང་སྤང་གི་གཉེན་པོ་བར་ཆད་མེད་ལམ་གྱི་མཚན་ཉིད་ཅན་གྱི་སྡུག་བསྔལ་རྗེས་བཟོད་སྐད་ཅིག་གཅིག་སྐྱེ་བས་ཁམས་གོང་མའི་སྡུག་བསྔལ་མཐོང་སྤང་སྤོངས། དམིགས་རྣམས་དེ་འདྲ་བ་ལས་སྤང་བྱ་ལས་རྣམ་པར་གྲོལ་བའི་ལམ་གྱི་མཚན་ཉིད་ཅན་སྡུག་བསྔལ་རྗེས་ཤེས་སྐད་ཅིག་མ་སྐྱེ་བ་དེ་བཞིན་བདེན་པ་ལྷག་མ་རྣམས་ལའང་སྦྱར་བ་སྐད་ཅིག་བཅུ་དྲུག་རིམ་པར་འབྱུང་ཚུལ་ནི་དེ་ཡིན་ནོ། །ལུགས་གཉིས་པ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས། ཆོས་ཤེས་པ་ཡི་མཇུག་ཐོགས་སུ། །འདི་ལ་བྱེ་བྲག་ཡོད་ན་ནི། །ཤིན་ཏུ་ཕྲ་བའི་དངོས་ལའང་། །གང་གིས་སྐྱེ་བར་རྣམ་བརྟགས་པས། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །ཞེས་གསུས་པ་ལྟར། ཁམས་གསུམ་གྱི་སྤང་བྱ་ཐམས་ཅད་དྲིལ་ནས་ཅིག་ཆར་སྤོང་སྟེ། དེ་ཡང་སྤོང་བའ་ིགཉེན་པོ་བར་ཆད་མེད་ལམ་ཆོས་བཟོད་ངོ་བོ་སྐྱེ་མེད་རྟོགས་པར་རིགས་གཅིག་ལྡོག་པ་བཞི་ཅན་དུ་སྐད་ཅིག་གཅིག་ཏུ་སྐྱེས། རྟེན་གྱི་གཉེན་པོ་རྣམས་གྲོལ་ལམ་ཆོས་ཤེས་ངོ་བོ་རིགས་གཅིག་ལྡོག་པ་བཞི་སྐད་ཅིག་མར་སྐྱེ། ཐག་བསྲིང་གི་གཉེན་པོ་ཁྱད་པར་གྱི་ལམ་རྗེས་བཟོད་རྣམས་དེ་བཞིན་སྐད་ཅིག་གཅིག་ཏུ་སྐྱེ་ཞིང་། རྗེས་ཤེས་ཡང་དེ་བཞིན་སྐྱེ་བའོ། །དེ་ལྟ་ན་བྱང་ཆུབ་སེམས་དཔའ་ལ་ནི་ཞུགས་གནས་ཀྱི་རྣམ་བཞག་མཚན་ཉིད་པ་རྩི་མི་རུང་བར་ཀུན་བཏུས་སུ་གསུངས་པས་ཞུགས་གནས་མི་རུང་བའི་སྐྱོན་མེད་དོ། །དེ་ཡང་ཀུན་བཏུས་ལས། ཡོངས་སུ་ཤེས་པ་གང་ཞེ་ན། དེའི་གཞིའི་དངོས་པོ་ཡོངས་སུ་ཤེས་པ་དང་། ངོ་བོ་ཉིད་ཡོངས་སུ་ཤེས་པ་དང་། ཉེས་དམིགས་ཡོངས་སུ་ཤེས་པའོ། །ཞེས་གསུངས་པ་ནི། འདི་འདྲར་ཤེས་དགོས་ཏེ། །ཚོགས་ལམ་གྱིས་མཐོང་སྤང་གི་ཉེས་དམིགས་ཤེས་པས་སུན་འབྱིན་གྱི་གཉེན་པོ་བྱས། སྦྱོར་ལམ་གྱིས་མཐོང་སྤང་གི་ངོ་བོ་ཤེས་པས་མགོ་གནོན་གྱི་གཉེན་པོ་བྱས། མཐོང་ལམ་གྱི་དངོས་རྒྱུ་དེས་མཐོང་སྤང་གི་གཞིའི་ས་བོན་གྱི་རྒྱུ་ཤེས་ཤིང་། ཆོས་བཟོད་བར་ཆད་མེད་ལམ་སྐྱེ་བ་ལ་ཕྱོགས་ཚེ་མཐོང་སྤང་གི་ཉེར་ལེན་འགགས་པ་ལ་ཕྱོགས་ནས་ཆོས་བཟོད་སྐྱེ་བ་ནི་མཐོང་སྤང་གི་ཉེར་ལེན་དེ་རྩད་ནས་འགགས་པར་བྱེད་པའི་རྩད་འབྱིན་གྱི་གཉེན་པོ་ཡིན་ནོ། གཉིས་པ་ནི། འདྲེས་པ་ལ་དམིགས་པའི་ཡིད་བྱེད་ཀྱིས་སྤོང་སྟེ། ཆོས་ཐམས་ཅད་བདག་མེད་པ་གཅིག་ཏུ་གནས་པའི་རང་གི་མཚན་ཉིད་ཡིད་ལ་བྱེད་པས་སྤོང་བ་ཡིན་ཅིང་མི་རྟག་པའི་རྣམ་པ་སོགས་ནི་བདག་མེད་ཀྱི་རྣམ་པ་ཡོངས་སུ་སྦྱོང་བྱེད་ཡིན་པར་གསུངས་སོ། །སྦྱོང་བྱེད་དུ་ཇི་ལྟར་འགྱུར་ཞེ་ན། གང་མི་རྟག་པ་སྡུག་བསྔལ་ཞིང་སྡུག་བསྔལ་བདག་གིར་བཟུང་བྱས་སྟོང་པར་ཤེས་པ་ནི་བདག་མེད་ཀྱི་རྣམ་པ་མཆོག་ཐོབ་བྱེད་དུ་འགྱུར་བས་སོ། །གསུམ་པ་ནི། སྤང་བྱ་འདས་པ་འགགས་པའི་ཕྱིར་དང་མ་འོངས་པ་མ་སྐྱེས་པའི་ཕྱིར་ན་སྤོང་མི་རིག་ལ། ད་ལྟར་བྱུང་བ་ནི་གཉེན་པོ་ལམ་དང་མཉམ་དུ་འཇུག་མི་རུང་བས་སྤོང་བ་མ་ཡིན་མོད། འོན་ཀྱང་སྔར་ལྟར་གཉེན་པོ་མཐོང་ལམ་སྐྱེ་བ་དང་སྤང་བྱའི་ས་བོན་གནས་ངན་ལེན་འགགས་པ་དུས་མཉམ་པ། དཔེར་ན། སྣང་བ་འབྱུང་བ་དང་མུན་པ་འགགས་པ་ལྟ་བུ་ཡིན་ནོ། །ཡང་ཀུན་ཏུ་སྦྱོར་བ་གསུམ་སྤངས་པས་མཐོང་ལམ་ཐོབ་པར་གསུངས་པ་ནི་གཞན་སྤང་མི་དགོས་པར་བཤད་པ་མིན་གྱིས་སྤང་བྱ་གཙོ་བོར་སྟོན་པ་ཡིན་ཏེ། ལྟ་བའི་ཀུན་སྦྱོར་གསུམ་ནི་སོ་སྐྱེ་རྣམས་སྡུག་བསྔལ་ལ་ཆགས་པ་ལས་མི་འཕགས་པའི་རྒྱུ་ཡིན་པ་དང་། འཛིན་པའི་ཀུན་སྦྱོར་གཉིས་ནི་འཕགས་ཀྱང་ལྟ་སྤྱོད་ལོག་པ་ཡང་དག་པ་མིན་པས་ཐར་པ་ཚོལ་བའི་རྒྱུ་ཡིན་པ་དང་། ཐེ་ཚོམ་གྱི་ཀུན་ཏུ་སྦྱོར་བ་ནི་ཡང་དག་པའི་ལམ་གྱིས་ཐར་པ་འཚོལ་བ་མ་ཡིན་པའི་རྒྱུ་ཡིས་སོ། །རང་གི་ཡོན་ཏན་རྣམས་མངོན་དུ་ཐོབ་པའང་འབྲས་བུའི་ཕྱོགས་གཅིག་ཡིན་ནོ། །མིང་གི་རྣམ་གྲངས་ནི། ས་དང་པོ་རབ་ཏུ་དགའ་བ། ཐེག་ཆེན་གྱི་མཐོང་ལ། ཆོས་བཟོད་རྣམས་ཀྱིས་མཐོང་སྤང་གི་རྡུལ་དང་བྲལ་ཞིང་ཆོས་ཤེས་རྣམས་ཀྱིས་དྲི་བྲལ་ཐོབ་པས་ན་རྡུལ་མེད་ཅིང་དྲི་མ་དང་བྲལ་བ་ཟག་མེད་ཀྱ་ིསེམས་དང་པོར་བསྐྱེད་པ། རྫོགས་སངས་རྒྱས་ཀྱི་རིགས་སུ་བྱུང་བ། ངེས་པར་འབྱེད་པ། དེ་ཁོ་ན་ཉིད་མངོན་པར་རྟོགས་པ། སྐྱོན་མེད་པ་ལ་ཞུགས་པ། ལྷག་བསམ་དག་པ་ལ་ཞུགས་པ་རྣམས་དོན་གཅིག་གོ །སྒོམ་ལམ་ལའང་། ངོ་བོ་ནི། ཟག་མེད་ཀྱི་ཡེ་ཤེས་ཆུང་འབྲིང་ཆེ་གསུམ་དགུ་རུ་གོམས་པ་སྐྱེ་བར་སློབ་པའོ། །གྲོགས་ནི། བསམ་གཏན་བཞི་དང་གཟུགས་མེད་ཐ་མ་མ་གཏོགས་པ་གསུམ་དང་བཅས་པའི་ཏིང་ངེ་འཛིན་དུ་ཀུན་བཏུས་ལས་གསུངས་སོ། །དམིགས་ཡུལ་ནི། མངོན་སུམ་དུ་མཐོང་ཟིན་པའི་འཕགས་པའི་བདེན་པ་བཞིའི་རང་གི་མཚན་ཉིད་དོ། །རྣམ་པ་སྒོམ་ཚུལ་ནི། འཕགས་ལམ་ཡན་ལག་བརྒྱད་དེ། རེ་རེ་བཞིན་བདེན་བཞིའི་ངོ་བོ་ཅན་དུ་སྒོམ་པས་ན། ཡང་དག་པའི་ལྟ་བ་འཕགས་པའི་ལམ་ཡན་ལག་དབེན་པ་ལ་གནས་པ། འདོད་ཆགས་དང་བྲལ་བ་ལ་གནས་པ། འགོག་པ་ལ་གནས་པ་རྣམ་པར་སྤོང་བས་ཡོངས་སུ་བསྒྱུར་བར་བསྒོམས་པ་སྟེ་དེ་བཞིན། ཡང་དག་པའི་རྟོགས་པ་དང་། ངག་དང་ལས་གྱི་མཐའ་དང་། འཚོ་བ་དང་། རྩོལ་བ་དང་། དྲན་པ་དང་། ཏིང་ངེ་འཛིན་འཕགས་པའི་ལམ་ཡན་ལག་དབེན་པ་ལ་གནས་པ་སོགས་རེ་རེ་ནས་སྦྱར་རོ། །འདི་དག་གི་སོ་སོའི་ངེས་པ་ནི་བྱང་ཆུབ་ཕྱོགས་བསྟན་པའི་མདོ་ལས་གསུངས་པ་བཞིན་མཉམ་བཞག་གི་ལྟ་བ་དམིགས་མེད་ཀྱི་སྒོམ་པའི་ངོ་བོ་སྐྱེ་ཚུལ་ལྟར་ཤེས་དགོས་ཤིང་། རྗེས་ཐོབ་སྤྱོད་པའི་ཆས་དབྱེ་ན་ནི། ཡན་ལག་བཞིར་འགྱུར་ཏེ། ལྟ་བ་ནི་སྒོམ་ལམ་གྱིས་མཇལ་བྱ་ཆོས་ཉིད་ཟབ་མོ་སྒྲུབ་པའི་ངོ་བོར་ཡོངས་སུ་གཅོད་པའི་ཡན་ལག་གོ །རྟོགས་པ་ནི་ལྟ་བའི་དོན་འབྱེད་པའི་ཤེས་རབ་སྟེ། དེས་ནི་ལྟ་བ་རང་གི་ངོ་བོ་ཇི་བཞིན་ཤེས་ཤིང་དེ་སྟོན་པའི་མདོ་སྡེ་རྣམས་ཀྱང་ཤེས་པས་གཞན་ལ་སྟོན་བྱེད་ཀྱི་རྒྱུ་རུ་གྱུར་པ་དེ་ནི་གོ་བྱེད་ཀྱི་ཡན་ལག་གོ །རང་གི་རྟོགས་དོན་ཇི་བཞིན་གཞན་ལ་སྟོན་པས་ལྟ་བ་རྣམས་དག་ཏུ་ཡིད་ཆེས་པར་བྱེད་པ་ངག་དང་། ལུས་ཀྱི་ལས་རྣམ་པར་དག་པས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཡིད་ཆེས་པར་བྱེད་པ་ལས་ཀྱི་མཐའ་དང་། ལོག་འཚོ་ལྔ་སྤངས་ཏེ། ཡོ་བྱད་ལ་འདོད་ཆུང་ཆོག་ཤེས་པས་ཡོ་བྱད་བསྙུང་བར་ཡིད་ཆེས་བྱེད་འཚོ་བ་སྟེ་གསུམ་པོ་དེ་གཞན་ཡིད་ཆེས་པར་བྱེད་པའི་ཡན་ལག་གོ །ཤེས་སྒྲིབ་ནི་སྤྱིར་རྩ་ཉོན་དྲུག་གི་མ་རིག་པ་དེ་གཉིས་ཀྱི་ནང་ནས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་ཡིན་པས་ཉོན་མོངས་པ་ཤེས་སྒྲིབ་ཀྱི་གཉེན་པོ་རྩོལ་བ་དང་། སྒོམ་ལམ་གྱི་ཉེ་བའི་སྤང་བྱ་ཉོན་མོངས་པའི་གཉེན་པོ་དྲན་པ་དང་། བསམ་གཏན་སོགས་ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པའི་གཉེན་པོ་ཏིང་ངེ་འཛིན་ཏེ་དེ་གསུམ་གཉེན་པོའི་ཡན་ལག་གོ །འབྲས་བུ་ནི། སྒོམ་སྤངས་རྣམས་སྤང་བ་དང་། སའི་སྐབས་སུ་སྔར་བཤད་ལྟ་བུའི་ཡོན་ཏན་མངོན་དུ་བྱེད་པ་ཡིན་ལ། དེ་ཡང་སྒོམ་སྤང་དེ་ངོས་བཟུང་བ་དང་། སྤོང་བྱེད་གཉེན་པོ་བསྟན་པ་གཉིས་ལས། དང་པོ་ནི། རྒྱུད་བླ་མར་གསུངས་པ་ལྟར་ན་ཉོན་མོངས་ཐམས་ཅད་མཐོང་ལམ་ནས་སྤང་ཕྱིར། ཤེས་སྒྲིབ་ཁོ་ན་སྒོམ་སྤང་དུ་འགྱུར་ལ། དབུ་མ་འཇུག་པ་ལྟར་ན་ས་བརྒྱད་མན་ཆད་ཉོན་སྒྲིབ་དེ་ཡན་ཆད་ཤེས་སྒྲིབ་སྤང་བར་གསུངས་མོད། མངོན་པ་ཀུན་བཏུས་ནས། རྒྱུན་མཐར་སྒྲིབ་པ་གཉིས་ཀ་ཅིག་ཆར་སྤང་བར་གསུངས་པས། ཉོན་སྒྲིབ་ཀུན་བཏགས་རྣམས་མཐོང་སྤང་། ལྷན་སྐྱེས་རྣམས་སྒོམ་སྤང་། ཤེས་སྒྲིབ་རགས་པ་མཐོང་སྤང་། ཕྲ་བ་སྒོམ་སྤང་ཡིན་ཅིང་། ཤེས་སྒྲིབ་ལ་གཟུང་འཛིན་གྱི་རྟོག་པ་གཉིས་ལས། གཟུང་རྟོག་ཀྱང་བྱང་སེམས་ཀྱི་ལམ་འབྲས་ལ་ཕྱིན་ཅི་ལོག་ཏུ་སྣང་བའི་འཇུག་པ་གཟུང་རྟོག་དགུ་དང་། ཐེག་དམན་གྱི་ལམ་འབྲས་ངོ་བོ་ལྡོག་པ་གཟུང་རྟོག་དགུ་དང་། འཛིན་རྟོག་ཀྱང་སོ་སྐྱེས་རྒྱུད་ཀྱི་གང་ཟག་རྫས་འཛིན་རྟོག་པ་དགུ་དང་། འཕགས་རྒྱུད་ཀྱི་སྐྱེས་བུ་བཏགས་འཛིན་རྟོག་པ་དགུ་སྟེ་སུམ་ཅུ་རྩ་དྲུག་ཡོད་པ་དེ་ཁམས་གསུམ་གྱིས་ཕྱེ་བས་བརྒྱ་དང་བརྒྱད་ནི་མཐོང་སྤང་ཡིན་ལ། སྒོམ་སྤང་ནི་བརྒྱ་རྩ་བརྒྱད་དེ་ཕྲ་བའི་ཆ་ལ་ཆེ་འབྲིང་ཆུང་གསུམ་དགུར་ཕྱེ་བས་དགུ་བརྒྱ་དང་བདུན་ཅུ་རྩ་གཉིས་ཡིན་ནོ། །འདི་ནི་སྤྱིར་ཧ་ལམ་བར་གོ་བྱ་ཡིན་གྱི་ཞིབ་མོར་བྱས་ན། མཐོང་སྒོམ་གྱི་རྟོག་པ་བཞི་བཞི་པོའི་འཇོག་ཚུལ་ལ་ཁྱད་པར་སོ་སོར་ཆེ་བ་ཤེས་དགོས་སོ། །ཉོན་སྒྲིབ་ལྷན་སྐྱེས་ནི། ངོ་བོའི་སྒོ་ནས་དབྱེ་ན་དྲུག་ཡོད་པ་ལས། འདོད་ཆགས་ནི་ཁམས་གོང་མའི་རྒྱུད་ཀྱི་སྲིད་པའི་འདོད་ཆགས་དང་འདོད་པའི་རྒྱུད་ཀྱི་འདོད་པའི་འདོད་ཆགས་གཉིས་ཡིན། སྡུག་བསྔལ་དང་སྡུག་བསྔལ་གྱི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་ཁོང་ཁྲོ་ཡིན། །དམན་པ་ལས་ང་ལྷག་ཅིང་མཉམ་པ་དང་ང་འདྲ་སྙམ་པ་ང་རྒྱལ། མཉམ་པ་ལས་ལྷག་ཅིང་ལྷག་པ་དང་འདྲ་སྙམ་པ་ལྷག་པའི་ང་རྒྱལ་ལམ་ཆེ་བའི་ང་རྒྱལ། ལྷག་པ་ལས་ཅུང་ཟད་ང་དམན་སྙམ་པ་ཅུང་ཟད་སྙམ་པའི་ང་རྒྱལ། ལྷག་པ་ལས་ང་ལྷག་གོ་སྙམ་པ་ང་རྒྱལ་ལས་ཀྱང་ང་རྒྱལ། ངའོ་སྙམ་པ་ངའོ་སྙམ་པའི་ང་རྒྱལ། རང་གི་སྐྱོ ན་སྡིག་པ་དང་ཉོན་མོངས་རྣམས་ཡོན་ཏན་ཡིན་སྙམ་པས་སེམས་ཁེངས་པ་ལོག་པའི་ང་རྒྱལ། འཇིག་རྟེན་པའི་ལྟ་བ་དང་ཏིང་འཛིན་ཙམ་ཐོབ་པ་ན་ངས་འཕགས་པའི་ས་ཐོབ་བོ་སྙམ་པས་ཁེངས་པ་མངོན་པའི་ང་རྒྱལ་ཏེ་བདུན་གྱི་ནང་ནས་ཕྱི་མ་གཉིས་མཐོང་ལམ་དུ་སྤང་དགོས། ལྷག་མ་ལྔ་འདིའི་ང་རྒྱལ་ཡིན་པར་འདོད་པས། འདོད་ཆགས་སོགས་དེ་གསུམ་ལ་ལྟ་བ་ལ་ལོག་པར་ཞུགས་པ་དང་། །ཡུལ་ལ་ལོག་པར་ཞུགས་པ་གཉིས་ཀུན་བཏུས་ལས་འབྱུང་བའི་ནང་ནས་ཡུལ་ལ་ལོག་པར་འཇུག་པ་འདིའི་སྤང་བྱར་འདོད་ལགས། མ་རིག་པ་གཉིས་ལས་ཉོན་མོངས་ཅན་གྱི་མ་རིག་པ་ཡིན། རང་གི་ཕུང་པོ་ལ་བདག་ཏུ་འཛིན་པ་དང་། གཞན་རང་དང་འབྲེལ་བའི་ཆོས་ལ་བདག་གིར་འཛིན་པ་འཇིག་ཚོགས་ལ་ལྟ་བ་ཡིན། རྒྱུན་གྱི་རྟག་ལྟ་དང་ཆད་ལྟ། ངོ་བོ་རྟག་ལྟ་དང་ཆད་ལྟ་ཡོད་མེད་དུ་ལྟ་བ་མཐར་འཛིན་ལྟ་བ་ལྷན་སྐྱེས་ཡིན་ནོ། །སའི་སྒོ་ནས་དབྱེ་ན། ཁམས་གསུམ་ས་དགུ་ལས། འདོད་པ་ན་དྲུག་ཡོད། གཟུགས་གཟུགས་མེད་བརྒྱད་པོ་ན་ཁོང་ཁྲོ་མེད་པས་ལྔ་པ་བརྒྱད་དེ་བཞི་བཅུ་ཡོད་དེ་ཐམས་ཅད་བསྡོམས་པ་ཞེ་དྲུག་ཡིན་ནོ། །ཆེ་འབྲིང་གི་སྒོ་ནས་དབྱེ་ན། ཞེ་དྲུག་པོ་རེ་རེ་ལ་ཆེན་པོའི་ཆེན་པོ་སོགས་ནས་ཆུང་ངུའི་ཆུང་ངུ་བར་དགུར་ཕྱེ་བས་བཞི་བརྒྱ་དང་བཅུ་བཞི་ཡིན་པ་དེ་སྒོམ་སྤང་གི་ཉོན་མོངས་པའོ། །སྤང་བྱ་ཐམས་ཅད་མཐོང་སྤང་དང་སྒོམ་སྤང་གཉིས་སུ་འདུ། སྒྲིབ་པ་ཐམས་ཅད་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་སུ་འདུ་བས་གསུམ་པ་མེད་པ་ཁོ་ནའོ། །འོ་ན་རྒྱུད་བླ་མ་ལས་སྙོམས་འཇུག་གི་སྒྲིབ་པ་དང་གསུམ་གསུངས་པ་ཅི་ཞེ་ན། སྙོམས་འཇུག་གི་སྒྲིབ་པ་དེ་ནི་ཤེས་སྒྲིབ་ཏུ་མི་འདུ་སྟེ། དགྲ་བཅོམ་པ་གཉིས་ཀའི་ཆ་ལས་རྣམ་གྲོལ་དང་སོ་སྐྱེ་བསམ་གཟུགས་བརྒྱད་ཐོབ་པ་དག་གིས་ཤེས་སྒྲིབ་ཕྲ་རགས་ཅུང་ཟད་ཀྱང་མ་སྤང་ཡང་དེ་སྤང་བས་སོ། །སྙོམས་འཇུག་གི་སྒྲིབ་པ་དེ་ནི་ཉོན་སྒྲིབ་ཀྱི་ཕྱོགས་ཡིན་ཅིང་དེ་རུ་འདུ་བར་འདོད་ལགས། འོ་ན་ཤེས་རབ་ཀྱི་ཆ་ལས་རྣམ་པར་གྲོལ་བས་ཉོན་སྒྲིབ་ཐམས་ཅད་སྤང་བས་དེ་ཡང་སྤང་བར་འགྱུར་རོ་ཞེས་སྨྲ་ན། ཉོན་སྒྲིབ་སྤངས་ཀྱང་དེའི་ཕྱོགས་དེ་སྤང་མི་དགོས་ཏེ། དཔེར་ན་ལྷག་བཅས་མྱང་འདས་ཚེ་ན། ཉོན་མོངས་སྤངས་ཀྱང་སྔར་ཡོད་ཀྱི་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། རྣམ་སྨིན་གྱི་ཀུན་ནས་ཉོན་མོངས་པ་ཕུང་པོ་དང་བཅས་པ་མ་སྤང་བ་བཞིན་ནོ། །འོ་ན་དེ་གསུམ་གང་དུ་འདུ་ཞེ་ན། རྣམ་སྨིན་གྱི་ཀུན་ནས་ཉོན་མོངས་པར་འདུ་སྟེ་འདུ་བྱེད་ཀྱི་ཕུང་པོའི་རྟོགས་དཔྱོད་སོགས་སྙོམས་འཇུག་གི་སྒྲིབ་པ་ཡིན་པས་སོ། །སྤོང་བྱེད་གཉེན་པོ་བསྟན་པ་ནི། སྔར་བཤད་པ་ཀུན་བཏུས་ལས་གསུངས་པའི་སྤོང་ཚུལ་ཀྱང་སྦྱར་དགོས་ལ། གཉེན་པོ་ཆུང་ངུའི་ཆུང་ངུ་ས་གཉིས་པ་དྲི་མ་མེད་པས་སྤང་བྱ་ཆེན་པོའི་ཆེན་པོ་རྣམས་སྤངས་པ་ནི་དཔེར་ན་གོས་སོགས་ལ་དྲི་མ་ཆེན་པོ་ཡོད་པ་དེ་དྲི་མ་སྦྱོང་བའི་རྩོལ་བ་ཆུང་ངུས་གཅོད་ནུས་པ་ལྟ་བུའོ། །དེ་བཞིན་དུ་གཉེན་པོ་ཆུང་ངུའི་འབྲིང་པོ་གསུམ་པ་འོད་བྱེད་པ། ཆུང་ངུའི་ཆེན་པོ་བཞི་པ་འོད་འཕྲོ། འབྲིང་པོའི་ཆུང་ངུ་ལྔ་པ་སྦྱངས་དཀའ། འབྲིང་པོའི་འབྲིང་པོ་དྲུག་པ་མགོན་གྱུར། འབྲིང་པོའི་ཆེན་པོ་བདུན་པ་རིང་སོང་། ཆེན་པོའི་ཆུང་ངུ་བརྒྱད་པ་མི་གཡོ་བ། ཆེན་པོའི་འབྲིང་པོ་དགུ་པ་ལེགས་པའི་བློ་གྲོས་བར་དྲི་མ་ཆེ་རིམ་ནས་རིམ་པར་སྦྱར་ནས། གཉེན་པོ་ཆེན་པོའི་ཆེན་པོ་བཅུ་པ་ཆོས་ཀྱི་སྤྲིན་འདིས་སྤང་བྱ་ཆུང་ངུའི་ཆུང་དུ་ཤིན་ཏུ་ཕྲ་བ་སྤོང་བ་ཡིན་ཏེ། དཔེར་ན་གོས་སོགས་ཀྱི་དྲི་མ་ཤིན་ཏུ་ཆུང་ངུ་གཅོད་པ་ལ་ནི་རྩོལ་བ་ཆེན་པོ་བསྟེན་དགོས་པ་བཞིན་ནོ། །དྲི་མ་དེ་དག་སྤོང་བ་ན་ལམ་བཞི་ལས། ས་སྔ་མའི་མཇུག་དེ་གོང་མར་སྦྱོར་བའི་སྦྱོར་ལམ་ཡིན་པའི་རྐྱེན་གྱིས་རང་གི་སྤང་བྱ་རགས་པ་སྤང་བས་མགོ་གནོན་གྱི་གཉེན་པོ་བྱས་ནས་སྤང་བྱའི་ས་བོན་རབ་ཆད་ཞིག་བསྐྱེད། རང་གིས་དེ་སྐྱེ་བ་བར་ཆད་མེད་ལམ་ཡིན་པའི་རྐྱེན་གྱིས་རབ་ཆད་པོ་དེ་ངང་གིས་རྩད་ནས་ཞིག་པས་རྩད་འདོན་གྱིས་སྤོང་བའི་གཉེན་པོར་གྱུར། སའི་དངོས་གཞི་སྤང་བྱ་ལས་རྣམ་པར་གྲོལ་བའི་རྣམ་གྲོལ་ལམ་ཡིན་ཅིང་རྟེན་གྱི་གཉེན་པོའང་ཐོབ། སའི་མཇུག་གི་རང་ས་ལས་ཁྱད་པར་འཕགས་པས་གོང་མའི་རྒྱུ་བྱས་པས་ཁྱད་པར་ལམ་དུ་གྱུར་ཅིང་རང་གི་སྤང་བྱ་ཐམས་ཅད་ཆེས་ཐག་རིང་བ་བྱས་པའི་ཐག་བསྲིང་གི་གཉེན་པོའང་ཡིན་ནོ། །བྱང་སེམས་རྣམས་ཀྱིས་མཐོང་ལམ་ཐོབ་ནས་ཉོན་མོངས་མ་སྤངས་ཀྱང་སྨན་ནམ་སྔགས་ཀྱིས་བཏབ་པའི་དུག་ལྟ་བུའམ། ཐམས་ཅད་སྤང་བའི་དགྲ་བཅོམ་དང་འདྲ་བས་ན་གནོད་པ་བྱེད་པའི་ནུས་པ་མེད་པས་སྒོམ་ལམ་དུ་ཤེས་སྒྲུབ་གཙོ་བོར་བྱས་ནས་སྤང་བར་ཀུན་བཏུས་ལས་གསུངས་ཤིང་། མཉམ་རྗེས་གང་གིས་དེ་སྤོང་སྙམ་ན་རྒྱུད་བླ་མར་རྗེས་ཐོབ་ཀྱི་ཡེ་ཤེས་ཀྱིས་སྤང་བར་གསུངས་ཀྱང་། མདོ་རྒྱན་ལས་ནི། མཉམ་རྗེས་གཉིས་ཀས་སྤོང་བར་གསུངས་སོ། །མི་སློབ་ལམ་གྱི་རྟོགས་པའི་ཆོས་བཅུ་ནི། འཕགས་ལམ་བརྒྱད་ཀྱི་ཁར་རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་གཉིས་བསྣན་པ་སྟེ། དེ་རྣམས་ནི་ཟག་མེད་ཀྱི་ཕུང་པོ་ལྔས་བསྡུས་ཏེ་ངག་ལས་འཚོ་བ་གསུམ་ཚུལ་ཁྲིམས་ཀྱི་ཕུང་པོ། རྩོལ་དྲན་ཏིང་འཛིན་གསུམ་ཏིང་འཛིན་གྱི་ཕུང་པོ། ལྟ་རྟོག་གཉིས་ཤེས་རབ་ཀྱི་ཕུང་པོ། སྤང་བྱ་ལས་རྣམ་པར་གྲོལ་བའི་དབྱིངས་ནི་རྣམ་པར་གྲོལ་བའི་ཕུང་པོ། གཉེན་པོ་ཡེ་ཤེས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པའི་ཕུང་པོ་སྟེ། འདི་གཉིས་གློ་བུར་འཕྲལ་དག་གི་ཆ་ཡིན་པས་འདུས་བྱས་ཕུང་པོ་རྒྱུ་དངོས་སུ་བཞག་ཆོག་ཅིང་། ངོ་བོ་ཡེ་དག་གི་དབྱིངས་ཡེ་ཤེས་གཉིས་ནི་འདུས་མ་བྱས་ཆེན་པོ་ཡིན་ལ་ཟག་མེད་ཀྱི་ཕུང་པོ་འདུས་བྱས་ཀུན་གྱི་ཁྱབ་བྱེད་དང་། རྟེན་ཐུན་མོང་མ་ཡིན་པ་ཡིན་ཕྱིར་རྟེན་གྱི་ཚུལ་དུ་འདུ་བའོ། །གསུམ་པ་དགེ་འདུན་དཀོན་མཆོག་སོ་སོར་བཤད་པ་ལ། ངོ་བོ་ནི། སྤངས་རྟོགས་མཐར་མ་ཕྱིན་པའི་འཕགས་པའི་གང་ཟག་གོ། །ངེས་ཚིག་ནི། །སཾ་གྷ་ཞེས་པའི་སྒྲར་འདུས་ཤིང་མི་ཕྱེད་པའི་དོན་ལ་འཇུག་པས་སངས་རྒྱས་ཀྱི་ཆོས་དང་རང་རྒྱུད་གཉིས་སོ་སོར་ཕྱེ་བའམ་དབྱེ་བར་མི་ནུས་པར་གྱུར་པས་ན་དགེ་འདུན་ཞེ་བྱའོ། །མཚན་ཉིད་ནི། ཆོས་ཉིད་ཀྱི་དོན་མངོན་སུམ་རིག་ཅིང་གློ་བུར་དྲི་མ་ཕལ་ཆེར་གྲོལ་བ་རིག་གྲོལ་གྱི་ཡོན་ཏན་དྲུག་དང་ལྡན་པའོ། །དྲུག་ནི། རང་གི་སེམས་ཉིད་འོད་གསལ་བར་རྟོགས་པ་ཇི་ལྟ་རིག་པ། ཆོས་ཐམས་ཅད་བདག་མེད་དམ་མཐའ་བྲལ་དུ་ཡང་དག་པར་གཟིག་པ་ཇི་སྙེད་རིག་པ། བདེ་གཤེག་སྙིང་པོས་སེམས་ཅན་ལ་ཁྱབ་པར་གཟིགས་པ་ནང་གི་ཡེ་ཤེས་གཟིགས་པ་སྟེ་རིག་པའི་ཡོན་ཏན་གསུམ། ཆགས་སོགས་ཉོན་སྒྲིབ་དག་པ། ཤེས་བྱ་ལ་ཐོགས་པའི་སྒྲིབ་པ་དག་པ། རང་དོན་ཡིད་བྱེད་དམན་སྒྲིབ་དག་པ་སྟེ་གྲོལ་བའི་ཡོན་ཏན་གསུམ་ཡིན་ནོ། །དབྱེ་བ་ལ། ཐེག་དམན་གྱི་དགེ་འདུན་དང་། ཐེག་ཆེན་གྱི་དགེ་འདུན་གཉིས་སུ་ཡོད་པ་ལས། དང་པོ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། འཕགས་པའི་བདེན་པ་རྣམ་པ་བཞི། །རྟོགས་ཏེ་ཤེས་ནས་དད་གྱུར་པ། །སྐྱེས་བུ་གང་ཟག་ཡ་བརྒྱད་པོ། །མི་ཕྱེད་དགེ་འདུན་ཡིན་པར་བཤད། །ཅེས་གསུངས་པ་བཞིན་དུ་འཆད་པ་ལས། བླང་དོར་གྱི་ཤེས་བྱ་འཕགས་པའི་བདེན་པ་བཞི་བཤད་པ། དེ་ལས་ཤེས་ནས་དད་པ་བཞི་སྐྱེ་ཚུལ་བཤད་པ། ཤེས་ནས་དད་པ་དང་ལྡན་པའི་གང་ཟག་གི་དབྱེ་བ་བཤད་པ་གསུམ་ལས། དང་པོ་ལ་ལྔ་ལས། ངོ་བོ་ནི། ཀུན་ཉོན་རྒྱུ་འབྲས་དང་རྣམ་བྱང་རྒྱུ་འབྲས་སུ་གནས་པའོ། །ངེས་ཚིག་ནི། འཕགས་པའི་གང་ཟག་གིས་ཚུལ་བཞིན་གཟིགས་པ་ཡིན་ལ། རང་གི་གནས་ཚུལ་ཕྱིན་ཅི་མ་ལོག་པའི་མཚན་ཉིད་དུ་ཡོད་པས་སྐྱེ་འཕགས་ཐམས་ཅད་ལ་བདེན་ཀྱང་གཟིགས་ཚུལ་ལ་ལྟོས་པས་ནི་འཕགས་པའི་བདེན་པ་བཞི་ཞེས་བྱའོ། །མཚན་ཉིད་ནི། ཟག་བཅས་ཉེར་ལེན་གྱི་ཕུང་པོ་ལྔ་རྒྱུ་འབྲས་སུ་གྱུར་པ་དང་། དེ་དག་གི་གཉེན་པོ་སྤང་བ་ཟག་མེད་དང་། སྤོང་བྱེད་ཟག་མེད་གཉིས་སུ་གནས་པའོ། །དབྱེ་བ་ལ་གསུམ་སྟེ། དབྱེ་བ་དངོས་དང་། གྲངས་ངེས་དང་། གོ་རིམ་ངེས་པའོ། །དང་པོ་ལ་བཞི་ལས། སྡུག་བསྔལ་གྱི་བདེན་པའི་མཚན་བཞི་ནི། རྣམ་སྨིན་གྱི་འབྲས་བུ་སེམས་ཅན་གྱི་འཇིག་རྟེན། བདག་པོའི་འབྲས་བུ་སྣོད་ཀྱི་འཇིག་རྟེན་གཉིས་ཡིན་ལ། མཚན་ཉིད་ནི་བཞི་སྟེ། རྒྱུན་དང་སྐད་ཅིག་གིས་འཇིག་པས་མི་རྟག་པ། གནོད་པས་སྡུག་བསྔལ་བ། ལྷན་སྐྱེས་ཀྱི་བདག་མེད་པས་སྟོང་པ། ཀུན་བཏགས་ཀྱི་བདག་མེད་པས་བདག་མེད་དམ་པའོ། །ཀུན་འབྱུང་གི་བདེན་པའི་མཚན་གཞི་ནི། ཀུན་སློང་ཉོན་མོངས་པ་དང་། དེས་ཀུན་ནས་བསླང་བ་ལས་གཉིས་ཡིན་ལ། མཚན་ཉིད་ནི་བཞི་སྟེ། འབྲས་བུ་སྒྲུབ་པར་བྱེད་པས་ཀུན་འབྱུང་བ། ཉེར་ལེན་དུ་གྱུར་པས་རྒྱུ། ལྷན་ཅིག་ཕན་འདོགས་བྱེད་རྐྱེན། རྒྱུ་གཉིས་པོ་དེ་མ་ཚང་མེད་པར་ཚོགས་པས་རབ་ཏུ་སྐྱེ་བའོ། །འགོག་བདེན་གྱི་མཚན་གཞི་ནི། འོད་གསལ་བའི་དེ་བཞིན་ཉིད་འགྱུར་བ་མེད་པ་དྲི་མ་དང་བྲལ་བའི་ཆ་ཡིན་ལ། མཚན་ཉིད་བཞི་ནི་སྔར་བཤད་གྲུབ་བོ། །ལམ་བདེན་གྱི་མཚན་གཞི་ནི། བདག་མེད་རྟོགས་པའི་ཤེས་རབ་འཁོར་དང་བཅས་པ་ཡིན་ལ། མཚན་ཉིད་བཞི་ནི་བཤད་ཟིན་ཏོ། །གྲངས་ངེས་ནི། དགོས་པ་ལ་ལྟོས་པའི་གྲངས་ངེས་ཡིན་ཏེ། ཐར་པ་འདོད་པས་བླང་དོར་གཉིས་ཤེས་པ་ལ་བརྟེན་ནས་ཉེས་པ་སྤང་། ལེགས་པ་བསྟེན་དགོས་ཤིང་། དེ་གཉིས་རེ་རེ་ལའང་རྒྱུ་འབྲས་གཉིས་རེར་ངེས་པས་བཞིར་ངེས་ལ། འདིར་ནི་བླང་དོར་གྱི་ཤེས་བྱ་ཁོ་ན་བསྟན་པ་ཡིན་པས་བདེན་པ་བཞི་པོས་ཤེས་བྱ་ཐམས་ཅད་མ་བསྡུས་སོ། །གོ་རིམ་ངེས་པ་ནི། དཔེར་ན་སྨན་པས་ནད་ན་བ་ཐོག་མར་རྟོགས་དགོས། དེ་ནས་ནད་ཀྱི་རྒྱུ་རླུང་མཁྲིས་སོགས་སྤང་བྱར་ཤེས་དགོས། དེ་ནས་སྤང་བའི་བདེ་བ་རྟོགས་ལ། དེ་ནས་སྤོང་བྱེད་དང་བདེ་བ་ཐོབ་བྱེད་ཀྱི་ཐབས་སྨན་བདེན་པ་རྟོགས་པ་དེ་བཞིན་དུ་སྡུག་བསྔལ་ཤེས་བྱ། ཀུན་འབྱུང་སྤང་བྱ། འགོག་པ་མངོན་དུ་འགྱུར་བྱའམ་རིག་བྱ། ལམ་རྒྱུད་ལ་བསྟེན་བྱར་དང་པོ་དཔྱད་པ་བྱེད་ཚེ་ན་ཤེས་པར་བྱས་ན་མཐར་བདེན་པ་མངོན་སུམ་རྟོགས་པའི་ཚེ་ན་ཡང་། དེ་བཞིན་རྟོགས་པས་ན་མངོན་པར་རྟོགས་པའི་གོ་རིམ་མོ། །བདེན་པ་བཞི་པོ་དེ་རྟེན་འབྲེལ་བཅུ་གཉིས་ཀྱིས་གཏན་ལ་འབེབས་ཚུལ་ནི། རྟེན་འབྱུང་ལ་ཀུན་ནས་ཉོན་མོངས་པའི་ལུགས་འབྱུང་ལྡོག་གཉིས། རྣམ་བྱང་གི་ལུགས་འབྱུང་ལྡོག་གཉིས་ཡོད་པ་ལས། ཀུན་ཉོན་ལུགས་འབྱུང་མ་རིག་པ་ལས་འདུ་བྱེད་སོགས་ཀྱིས་འབྲས་བུ་སྡུག་བདེན་གཏན་ལ་འབེབས། རྒ་ཤི་གང་གི་རྐྱེན་ཅན་ཡིན་ན་སྐྱེ་བའི་རྐྱེན་ཅན་ཡིན་སོགས་ཀྱིས་རྒྱུ་ཀུན་འབྱུང་གཏན་ལ་འབེབས། རྣམ་བྱང་གི་ལུགས་འབྱུང་མ་རིག་འགག་པས་འདུ་བྱེད་དགག་སོགས་ཀྱིས་འབྲས་བུ་འགོག་བདེན་གཏན་ལ་འབེབས། རྒ་ཤི་གང་གིས་འགགས་ན་སྐྱེ་བ་འགགས་པས་འགེགས་སོགས་ཀྱི་རྒྱུ་ལམ་བདེན་གཏན་ལ་འབེབས་པ་ཡིན་ནོ། །ཤེས་ནས་དད་པ་བཞི་སྐྱེ་ཚུལ་བཤད་པ་ནི། སྡུག་ཀུན་གཉིས་མཐོང་ན་ལས་ཉོན་རྒྱུ་འབྲས་དང་བཅས་པ་སྤོང་བའི་ཚུལ་ཁྲིམས་ལ་ཤེས་ནས་དད་པ་ཐོབ། ཆོས་ཀྱི་མཆོག་འགོག་བདེན་མཐོང་ན་ཆོས་ལ་ཤེས་ནས་དད་པ་ཐོབ། ལམ་མངོན་སུམ་དུ་མཐོང་ན་སངས་རྒྱས་དང་དགེ་འདུན་བྱེད་པའི་ཆོས་ལམ་བདེན་ཡིན་པས་སངས་རྒྱས་ལ་ཤེས་ནས་དད་པ་ཐོབ་པ་དང་། དགེ་འདུན་ལ་ཤེས་ནས་དད་པ་ཐོབ་ཅིང་། དེར་མ་ཟད་ལམ་གྱིས་ཚུལ་ཁྲིམས་དང་ཆོས་གཉིས་ཀ་བསྡུས་པས་ན་དེ་གཉིས་ལ་ཡང་དད་པ་ཐོབ་པར་མཛོད་ལས་གསུངས་སོ། །དད་པ་དང་ལྡན་པའི་གང་ཟག་གི་དབྱེ་བ་བཤད་པ་ལ། ངོ་བོ། གྲངས་ངེས། དབྱེ་བ་གསུམ་ལས། དང་པོ་ནི། དགེ་སྦྱོང་གི་ཚུལ་ཟག་མེད་བར་ཆད་མེད་ལམ་ཡིན་ཅིང་། དེའི་རྒྱུ་མཐུན་གྱི་འབྲས་བུ་རྣམ་གྲོལ་ལམ། བྱེད་པའི་འབྲས་བུ་སོ་སོར་བརྟགས་པའི་འགོགས་པ་རྣམས་ཡིན་ནོ། །གཉིས་པ་ནི། སྤང་བྱ་སྤངས་པའི་དགོས་པ་ལ་ལྟོས་པས་བཞིར་བཞག་པ་ཡིན་ཏེ། མཐོང་སྤང་སྤང་བས་རྒྱུན་ཞུགས། འདོད་པའི་སྒོམ་སྤང་ཕལ་ཆེར་སྤང་བའི་ཕྱིར་འོང་། ཐམས་ཅད་སྤང་བ་དང་གོང་མའི་སྒོམ་སྤང་སྲིད་རྩེ་མ་གཏོགས་སྤང་བས་ཕྱིར་མི་འོང་། སྲིད་རྩེའི་སྒོམ་སྤང་སྤང་བས་དགྲ་བཅོམ་པར་འཇོག་པས་སོ། །གསུམ་པ་ནི། ཟག་མེད་རྒྱུད་ལ་སྐྱེས་པའི་གང་ཟག་ཟུང་བཞི་དང་ཡ་བརྒྱད་དུ་གནས་པ་ཡིན་ཅིང་། དེ་དག་བཤད་པ་ལ། རིམ་གྱིས་པ་དང་། ཐོད་རྒལ་བ་གཉིས་སུ་ཡོད་པའི་ནང་ནས། དང་པོ་ནི། འདོད་པའི་སྒོམ་སྤང་ཆེན་པོ་གསུམ་དང་། འབྲིང་པོའི་ཆེན་པོ་སྟེ་བཞི་སྤང་ངམ་མ་སྤངས་ཀྱང་མཐོང་ལམ་སྐད་ཅིག་བཅོ་ལྔ་ལ་གནས་པ་རྒྱུན་ཞུགས་ཞུགས་པ། བཅུ་དྲུག་པ་ལ་གནས་པ་རྒྱུན་ཞུགས་འབྲས་གནས། དེ་ཡང་ཞུགས་པའི་སྐབས་ན་དབང་པོ་རྟུལ་པོ་ལ་དད་པའི་རྗེས་འབྲངས་དང་། །རྣོན་པོ་ལ་ཆོས་ཀྱི་རྗེས་འབྲང་ཟེར་ཞིང་། འབྲས་གནས་སྐབས་སུ་དེ་གཉིས་ལ་རིམ་པར་དད་མོས་དང་མཐོང་ཐོབ་ཟེར་ལ། རྒྱུན་ཞུགས་དེ་ལ་སྐྱེ་བའི་སྒོ་ནས་དབྱེ་ན། འདོད་པའི་ལྷ་དང་མིའི་ནང་དུ་ལན་བདུན་སྐྱེ་ནས་དགྲ་བཅོམ་ཐོབ་པར་གྱུར་པའི་རེ་ལྟར་ཐོག་ན་ལན་བདུན་པ་དང་། ལྷའམ་མིའི་ནང་དུ་སྐྱེ་བ་རིགས་འདྲ་བ་ལན་གཉིས་སམ་གསུམ་ཐོབ་ནས་དགྲ་བཅོམ་ཐོབ་པ་རིགས་ནས་རིགས་སྐྱེ་སྟེ་གཉིས་ཡོད་དོ། །འདོད་པའི་སྒོམ་སྤང་ལྔ་ཚུན་ཆད་སྤང་བ་ཕྱིར་འོང་ཞུགས་པ་ཡིན་ཅིང་། དྲུག་པ་སྤང་བ་ཕྱིར་འོང་འབྲས་གནས་ཡིན་ཏེ། སྒོམ་སྤང་ཆུང་ངུ་རྣམས་མ་སྤངས་བས་ན་འདོད་ཁམས་སུ་ལན་གཅིག་སྐྱེ་དགོས་པས་སོ། །ཕྱིར་འོང་འབྲས་གནས་དེས་བདུན་པའམ་བརྒྱད་པ་དེ་སྤངས་ན་དེ་ལ་ཚེ་གཅིག་བར་ཆད་གཅིག་པ་ཞེས་བྱ་སྟེ། མྱང་འདས་ཐོབ་པ་ཚེ་གཅིག་གིས་ཆོད་པ་དང་། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་ཉོན་མོངས་གཅིག་གིས་ཆོད་པས་སོ། །འདོད་ཉོན་བདུན་ནམ་བརྒྱད་སྤང་བ་ལ་གནས་པ་དེ་ཕྱིར་མི་འོང་ཞུགས་པའང་ཡིན་ལ། དགུ་པ་སྤང་ཚེ་ཕྱིར་མི་འོང་འབྲས་གནས་ཡིན་ཅིང་འདི་ལ་ལྔ་ཡོད་དེ། གཟུགས་ཁམས་ཀྱི་ཉོན་མོངས་མ་སྤང་བ་གཟུགས་སུ་ཉེར་འགྲོ། གཟུགས་མེད་པའི་ཉོན་མོངས་མ་སྤང་བ་གཟུགས་མེད་ཉེར་འགྲོ། བདེན་པ་མངོན་སུམ་མཐོང་བའི་རྟེན་དེ་ལ་དགྲ་བཅོམ་ཐོབ་པ་མཐོང་ཆོས་ཞི། ཁམས་གསུམ་པོར་འཕགས་པའི་སྐྱེ་བ་བརྒྱུད་ནས་དགྲ་བཅོམ་ཐོབ་པ་ཚེ་ཡོངས་སུ་གྱུར་པས་འགོག་པ་ཐོབ་པ་ལུས་མངོན་བྱེད་དོ། །དང་པོ་ལའང་ལྔ་སྟེ། བར་དོ་གྲུབ་ནས་མྱ་ངན་འདའ་བ་བར་འདའ། ཕྱི་མའི་སྐྱེ་བ་བླང་མ་ཐག་དགྲ་བཅོམ་ཐོབ་པ་སྐྱེ་འདའ། སྐྱེ་བ་དེར་ལམ་ལ་འབད་རྩོལ་དང་བཅས་པས་མྱང་འདས་ཐོབ་པ་མངོན་པར་འདུ་བྱེད་དང་བཅས་པས་འདའ་བ། འབད་མེད་དུ་ལམ་འབྱོངས་པ་འདུ་བྱེད་མེད་པར་འདའ་བ། བསམ་གཏན་གྱི་སྤེལ་སྒོམ་ཐོབ་པ་འོག་མིན་འགྲོ་དང་། མ་ཐོབ་པ་སྲིད་རྩེར་འགྲོ་བ་གཉིས་ན་གོང་འཕོ་ཡིན་ནོ། །བསམ་གཏན་གྱི་སྤེལ་སྒོམ་ནི། དང་པོ་བསམ་གཏན་བཞི་པ་སྤེལ་ཏེ། དེ་ཡང་ཟག་མེད་གཉིས་ཀྱི་བར་ཟག་བཅས་གཅིག་སྤེལ་བ་ཆུང་ངུ་གསུམ་སྤེལ། དེ་བཞིན་འབྲིང་དྲུག་སྤེལ། ཆེན་པོ་དགུ་སྤེལ། ཆེས་ཆེན་པོ་བཅུ་གཉིས་སྤེལ། ཤིན་ཏུ་ཆེས་ཆེན་པོ་བཅོ་ལྔ་སྤེལ་བའོ། །གོང་འཕོ་དེ་ལའང་གསུམ་སྟེ། འདོད་པའི་རྟེན་ལ་བསམ་གཏན་སྤེལ་སྒོམ་བཅས་ཐོབ་ཀྱང་བསམ་གཏན་ཕྱི་མ་གསུམ་ལས་ཉམས་པ་དེ་ཚངས་རིས་སུ་སྐྱེ་བ་ན་སྔོན་གྱི་བག་ཆགས་ཀྱིས་བསམ་གཏན་སྤེལ་ནུས་པས་སྤེལ་སྒོམ་ལ་བརྟེན་ནས་འོག་མིན་དུ་འགྲོ་བ་འཕར་བ། གནས་གཙང་ལྔའི་གང་རུང་དུ་སྐྱེ་བ་ཕྱེད་འཕར། ལྔ་བོ་རིམ་བཞིན་སྐྱེ་བ་གནས་ཐམས་ཅད་ནས་འཆི་འཕོ་བའོ། །སྲིད་རྩེར་འགྲོས་ནི། བསམ་གཏན་བཞི་རིམ་པར་བརྒྱུད་གནས་གཙང་ལྔ་བོར་ནས་གཟུགས་མེད་པར་རིམ་པར་འཇུག་ཅིང་སྲིད་རྩའི་རྟེན་ལ་མྱ་ངན་འདའ་བ་ཡིན་ནོ། །གཟུགས་མེད་ཉེར་འགྲོ་ནི། འདོད་པའི་རྟེན་ལས་གཟུགས་ལ་ཆགས་པ་དང་བྲལ་བས་གཟུགས་མེད་རྣམས་ཁོ་ནར་འཇུག་ཅིང་དེར་མྱ་ངན་འདའ་བ་ཡིན་ལ། འདི་ལའང་བར་དོ་མེད་པས་བར་འདའ་མེད་ཅིང་སྐྱེ་འདའ་སོགས་བཞི་ཡོད་དོ། །འབྲས་གནས་རྣམས་ནི། གོང་མ་ཐོབ་པར་མི་བརྩོན་ཚེ་འབྲས་གནས་ཙམ་པོ་བ་ཡིན་ཅིང་། བརྩོན་ཚེ་འབྲས་གནས་ཁྱད་པར་བ་ཡོད་པར་ཤེས་དགོས་སོ། །སྲིད་རྩེའི་སྒོམ་སྤང་སྤོང་བར་བརྩོན་པ་དགྲ་བཅོམ་ཞུགས་པ། སྤང་བ་དེ་དགྲ་བཅོམ་འབྲས་གནས་ཡིན་ཅིང་། འདི་ལ་དྲུག་ཡོད་དེ། སློབ་བའི་དུས་ན་གུས་རྟག་གི་བརྩོན་འགྲུས་མེད་པའི་དབང་གིས་འབྲས་བུ་ཐོབ་ཚེ། ཉམས་པའི་ཆོས་ཅན། འཆི་བར་སེམས་པའི་ཆོས་ཅན་དུ་གྱུར་པ་དང་། སྔར་རྟག་སྦྱོར་གྱི་བརྩོན་འགྲུས་དང་ལྡན་པ་རྗེས་སུ་བསྲུང་བའི་ཆོས་ཅན། གུས་སྦྱོར་ལྡན་པ་གནས་པ་ལས་མི་བསྐྱོད་པའི་ཆོས་ཅན། གཉིས་ཀ་ལྡན་པའི་དབང་རྟུལ་རྟོགས་པའི་སྐལ་པ་ཅན། སྔར་གཉིས་ཀ་ལྡན་པའི་དབང་རྣོན་མི་གཡོ་བའི་ཆོས་ཅན་ཏེ། སྔ་མ་ལྔ་དབང་རྟུལ་དུས་དང་སྦྱོར་བའི་རྣམ་པར་གྲོལ་བ་ཡིན། ཐ་མ་དེ་དབང་རྣོན་དུས་དང་མི་སྦྱོར་བའི་རྣམ་པ་གྲོལ་བ་མངོན་དུ་བྱེད་པ་ཡིན་ནོ། །ཐོད་རྒལ་བ་ལ་གཉིས་ཡོད་དེ། ཆགས་བྲལ་སྔོན་སོང་གི་ཐོད་རྒལ་བ་དང་། སྤང་བྱ་ཅིག་ཆར་སྤོང་བའི་ཐོད་རྒལ་བའོ། དང་པོ་ནི། མཐོང་ལམ་གྱི་སྔོན་དུ་མཐོང་སྤང་སྤོང་མི་རུང་བས་དགྲ་བཅོམ་ལའང་མེད་པས་ཕྱིར་འོང་མི་འོང་གཉིས་ཁོ་ན་ཡིན་ལ། དེའི་ཚུལ་ནི་མཐོང་ལམ་གྱི་སྔོན་སྒོམ་སྤང་འདོད་ཉོན་དྲུག་པ་ནས་བརྒྱད་པའི་བར་ཅི་རིགས་སྤང་བ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ་བཅུ་དྲུག་པའི་རྟགས་པ་ཐོབ་ཚེ་འབྲས་གནས་སོ། །འདི་ཉིད་ཀྱིས་སྒོམ་སྤང་འདོད་ཉོན་དགུ་པ་སྤོང་བ་ལ་བརྩོན་ཚེ་མཐར་གྱིས་པའི་ཕྱིར་མི་འོང་ཞུགས་པ་དང་། སྤང་བ་ན་འབྲས་གནས་སུ་གཏོགས་སོ། །མཐོང་ལམ་གྱི་སྔོན་དུ་འདོད་པའི་སྒོམ་སྤང་དགུ་པ་སྤངས་ཤིང་ཅི་ཡང་མེད་མན་ཆད་ལ་ཆགས་པ་དང་བྲལ་བ་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་སྐད་ཅིག་བཅུ་དྲུག་པའི་ཡེ་ཤེས་ཐོབ་ཚེ་འབྲས་གནས་འདིས་དགྲ་བཅོམ་ཐོབ་པ་ནི་མཐར་གྱིས་པའི་དགྲ་བཅོམ་དུ་གཏོགས་དགོས་སོ། །སྤང་བྱ་ཅིག་ཅར་སྤོང་བའི་ཐོད་རྒལ་བ་ལ། རྒྱུན་ཞུགས་ཅིག་ཆར་བ་དང་། ཅིག་ཆར་བའི་དགྲ་བཅོམ་གཉིས་ཡོད་ཅིང་། དང་པོ་ནི། ཆོས་བཟོད་ཀྱི་སྐབས་སུ་ཁམས་གསུམ་གྱི་མཐོང་སྤང་རྣམས་ཅིག་ཅར་སྤོང་བ་ཡེ་ཤེས་བཅུ་དྲུག་སྐད་ཅིག་བཞི་ལ་ལྡོག་པ་བཅུ་དྲུག་ཏུ་སྐྱེ་བ་བྱང་སེམས་ལྟར་ཡིན་པས་ཞུགས་གནས་རིམ་པར་འབྱུང་བ་མེད་ལ། འདི་ཉིད་སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སྨོན་ལམ་གྱི་དབང་གིས་འདོད་ཁམས་སུ་སྐྱེ་ནས་སངས་རྒྱས་བྱོན་ན་མྱ་ངན་འདའ་བའམ། སངས་རྒྱས་འབྱུང་བ་མེད་ན་རང་རྒྱལ་དུ་འགྱུར་རོ། །གཉིས་པ་ནི། མཐོང་ལམ་ཐོབ་ནས་འདོད་པའི་སྒོམ་སྤང་ཆེན་པོ་རྣམས་སྤངས་བའི་ཚེ་ན་གོང་མའི་ཆེན་པོ་རྣམས་ཀྱང་སྤང་བ་ནས་ཆུང་ངུ་རྣམས་སྤང་ཚེ་སྲིད་རྩེའི་ཆུང་ངུ་རྣམས་ཀྱང་སྤང་ནས་དགྲ་བཅོམ་ཐོབ་པའོ། །དེ་ཡང་འབྲས་བུ་ཐོབ་ཚུལ་གྱིས་ནི་ཐོད་རྒལ་བར་འཇོག་པ་ཡིན་ལ། སྤང་བྱ་སྤོང་ཚུལ་གྱིས་ཅིག་ཆར་བར་འཇོག་པའོ། །གཉིས་པ་ཐེག་ཆེན་གྱི་དགེ་འདུན་ནི། ཀུན་འདུས་ལས་གསུངས་པ་ལྟར་ན། རྒྱུན་ཞུགས་མིན་ཏེ་ཟག་མེད་མྱང་འདས་ཉེར་ལེན་སྔར་ནས་ཡོད་པས་སོ། །ལན་ཅིག་ཕྱིར་འོང་མིན་ཏེ་འདོད་པར་གྲངས་མེད་དུ་སྐྱེ་བ་འཛིན་པས་སོ། །ཕྱིར་མི་འོང་མིན་ཏེ་བསམ་གཏན་ལ་གནས་བཞིན་འདོད་པར་སྐྱེ་བས་སོ། །དེ་བས་ན་ས་བཅུ་ལ་གནས་པའི་འཕགས་པ་ཕ་རོལ་ཕྱིན་པ་བཅུ་ལ་སྤྱོད་པ་རྣམས་ཡིན་ཅིང་བཅུ་པོ་ལ་ལྔ་ལས། ངོ་བོ་ནི། རྣམ་མཁྱེན་གྱི་རྒྱུ་ཚོགས་གཉིས་སོ། །ངེས་ཚིག་ལ་སྤྱིའི་ངེས་ཚིག་ནི། དམ་པ་བཅུ་གཉིས་དང་ལྡན་པས་འཇིག་རྟེན་པ་དང་ཉན་རང་གི་དགེ་བ་ཀུན་ལས་འདས་ཤིང་སྲིད་ཞིའི་ཕ་རོལ་ཏུ་ཕྱིན་པའི་ཕྱིར་རོ། །བཅུ་གཉིས་ནི། ཕར་ཕྱིན་དྲུག་པོ་བྱང་ཆུབ་སེམས་ཀྱིས་ཟིན་པས་རྒྱ་ཆེ་བ་དམ་པ། མི་ཚེ་གཅིག་ཙམ་ལྟ་བུ་མ་ཡིན་པར་བསྐལ་པར་གྲངས་མེད་པ་གསུམ་དུ་གོམས་པས་ཡུན་རིང་དམ་པ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྒྲུབ་པས་ཆེད་དུ་བྱ་བ་དམ་པ། བསྔོ་བས་རྒྱས་གདབ་པས་མི་ཟད་དམ་པ། སྨོན་ལམ་བཏབ་པས་ཚེ་རབས་ཀུན་ཏུ་འབྱུང་བས་རྒྱུན་མི་འཆད་པ་དམ་པ། གཞན་གྱི་སྤྱོད་པ་ལ་ཡི་རང་བྱས་པས་རང་ལའང་དེ་བཞིན་ཐོབ་པས་ཚེགས་མེད་དམ་པ། ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ཐོབ་པས་དབང་འབྱོར་དམ་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་ཟིན་པས་ཡོངས་བཟུང་དམ་པ། མོས་སྤྱོད་དུ་འཕེལ་བས་རྩོམ་པ་དམ་པ། ས་དང་པོར་ཟག་པ་མེད་པར་རྙེད་པས་འཐོབ་པ་དམ་པ། ས་གཉིས་པ་ནས་དགུ་པའི་བར་རྒྱུ་མཐུན་ལས་ངང་གིས་འབྱུང་བ་རྒྱུ་མཐུན་དམ་པ། བཅུ་པར་མཐར་ཕྱིན་པར་འགྲུབ་པས་འགྲུབ་པ་དམ་པ་སྟེ་གྲངས་དབུས་མཐའ་རྣམ་འབྱེད་ལས་གསུངས་སོ། །སོ་སོའི་ངེས་ཚིག་ནི། དབུལ་བ་འདོར་བར་བྱེད་པས་སྦྱིན། ལས་ཉོན་གྱི་གདུང་བ་ལས་བསིལ་བ་ཐོབ་པས་ཚུལ། ཁོང་ཁྲོ་མི་སྐྱེ་བའི་བཟོད། ལས་ཀྱི་མཆོག་དགེ་བ་ལ་སྦྱོར་བས་བརྩོན། ཡིད་རྣམ་གཡེང་ལས་འཛིན་པས་བསམ། དོན་དམ་པའི་གནས་ལུགས་ཤེས་པས་ཤེས་རབ་སྟེ་མདོ་རྒྱན་ལས་གསུངས་སོ། །མཚན་ཉིད་ནི། སངས་རྒྱས་ཀྱི་སྐུ་གཉིས་སྐྱེ་བའི་རྒྱུ་ཚོགས་ཁྱད་ཆོས་བཞི་ལྡན་གྱི་དགེ་བའོ། །བཞི་ནི་སེར་སྣ་ལ་སོགས་པ་རང་གི་མི་མཐུན་ཕྱོགས་ཉམས་པ། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ལྡན་པ། གནས་སྐབས་ཀྱི་འདོད་དོན་ཀུན་ཡོངས་སུ་རྫོགས་པར་བྱེད་པ། མཐར་ཐུག་གི་ཐེག་པ་གསུམ་དུ་སེམས་ཅན་གྱི་རྒྱུད་སྨིན་པར་བྱེད་པའོ། །དབྱེ་བ་ལ། དངོས་དང་། གྲངས་ངེས་དང་། གོ་རིམ་ངེས་པ་གསུམ་ལས། དང་པོ་ནི། སྦྱིན་སོགས་བཅུ་ལས། སྦྱིན་པའི་ཕར་ཕྱིན་ལ། གཏོང་བ། གཏོང་བ་ཆེན་པོ། ཤིན་ཏུ་གཏོང་བའི་རྣམ་པ་ཅན་ཟང་ཟིང་གི་སྦྱིན་པ་དང་། དེ་ལས་གཞན་ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ་གསུམ། ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ། ཉེས་སྤྱོད་སྡོམ་པ། དགེ་བ་ཆོས་སྡུད། སེམས་ཅན་དོན་བྱེད་གསུམ། བཟོད་པའི་ཕར་ཕྱིན་ལ། སྡུག་བསྔལ་གྱིས་མི་བརྫི་བ། གནོད་བྱེད་ལ་ཇི་མི་སྙམ་པ། ཆོས་ཉིད་ཟབ་མོའི་དོན་ཤེས་པ་ལ་མི་སྐྲག་པ་གསུམ། བརྩོན་འགྲུས་ཀྱི་ཕར་ཕྱིན་ལ། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། མི་འགོང་བའི་བརྩོན་འ གྲུས། མི་ལྡོག་པའི་བརྩོན་འགྲུས། ཆོག་ཤེས་མེད་པའི་བརྩོན་འགྲུས་ལྔ་མངོན་པ་ཀུན་བཏུས་ལས་གསུངས། བསམ་གཏན་གྱི་ཕར་ཕྱིན་ལ། བྱིས་པ་ཉེར་སྤྱོད། དོན་རབ་འབྱེད་པ། དེ་བཞིན་གཤེགས་དགེ་གསུམ། ཤེས་རབ་ལ། སྤྱིར་ཐོས་བསམ་བསྒོམ་པའི་ཤེས་རབ་གསུམ། ཁྱད་པར་དུ་འཇིག་རྟེན་པའི་ཤེས་རབ། ཐེག་དམན་གྱི་ཤེས་རབ། ཐེག་ཆེན་གྱི་ཤེས་རབ་གསུམ་མམ། ཀུན་རྫོབ་རྟོགས་པ། དོན་དམ་རྟོགས་པ། གཞན་དོན་སྒྲུབ་པའི་ཤེས་རབ་གསུམ་ཡང་བཤད་དོ། །ཐབས་ཀྱི་ཕར་ཕྱིན་ནི། དགེ་རྩ་བསགས་པ་རྣམས་མི་ཟད་པར་བྱེད་པའི་བསྔོ་བ་ཡིན་ནོ། །སྨོན་ལམ་གྱི་ཕར་ཕྱིན་ནི། དགེ་བའི་ལས་སྣ་ཚོགས་དང་འབྲས་བུ་སྣ་ཚོགས་ལ་ཚེ་རབས་ཐམས་ཅད་དུ་རྒྱུན་ཆད་མེད་པར་འཇུག་བྱེད་ཡུལ་མཆོག་ལ་སེམས་པ་དང་། དེ་དག་དོན་གཉེར་གྱི་འདུན་པས་ཀུན་ནས་བསླང་བའི་ངག་ཚིག་ཕུན་སུམ་ཚོགས་པ་ཡིན་ནོ། །སྟོབས་ཀྱི་ཕར་ཕྱིན་ནི། གཉེན་པོའི་ཆོས་ཀུན་སྒྲུབ་པ་དང་མི་མཐུན་པའི་ཆོས་ཀུན་ངེས་པར་སྤོང་བ་ཡིན་ནོ། །ཡེ་ཤེས་ཀྱི་ཕར་ཕྱིན་ནི། འཁོར་གསུམ་དུ་རྣམ་པར་མི་རྟོག་པའི་ངོ་བོ་ཅན། བྱེད་ལས། ཕར་ཕྱིན་གྱི་ཆོས་རྣམས་ལ་ལོངས་སྤྱོད་ཅིང་། སེམས་ཅན་ཐམས་ཅད་རྣམ་པར་གྲོལ་བའི་ལམ་ལ་སྨིན་པར་བྱེད་པ་ཡིན་ནོ། །བཞི་པོ་འདི་དག་ཕར་ཕྱིན་དྲུག་གི་ནང་དུ་སྡུད་ཚུལ་ལ། དགོངས་པ་ངེས་པར་འགྲེལ་པའི་མདོ་ལས། ཐབས་ནི་སྔ་མ་གསུམ་གྱི་གྲོགས་ཡིན་ལ། སྨོན་ལམ་བརྩོན་འགྲུས་ཀྱི་གྲོགས། སྟོབས་བསམ་གཏན་གྱི་གྲོགས། །ཡེ་ཤེས་ཤེས་རབ་ཀྱི་གྲོགས་སུ་གསུངས་ལ། སློབ་དཔོན་དབྱིག་གཉེན་གྱིས་དབུས་མཐའི་འགྲེལ་པ་ལས། ཐམས་ཅད་ཤེས་རབ་ཀྱི་ཕར་ཕྱིན་གྱི་ཕྱོགས་ཡིན་ཅིང་། དེ་ཡང་ཤེས་རབ་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་མཉམ་བཞག་གི་ངོ་བོ་དང་། ཐབས་སོགས་བཞི་རྗེས་ཐོབ་ཀྱི་ཆ་སེམས་ཅན་སྨིན་བྱེད་དུ་བཤད་དོ། །དབུས་མཐའ་ལྟར་ན་བཞི་པོ་ཕར་ཕྱིན་དྲུག་པོའི་གྲོགས་སུའང་འགྱུར་བ་དམ་པ་བཅུ་གཉིས་ཀྱིས་ཤེས་སོ། །གཉིས་པ་ལ་གསུམ་ལས། མངོན་མཐོ་ངེས་ལེགས་སྒྲུབ་པའི་གྲངས་ངེས་ནི། སྦྱིན་པས་ལོངས་སྤྱོད། ཚུལ་ཁྲིམས་ཀྱིས་མངོན་མཐོའི་ལུས། བཟོད་པས་འཁོར། བརྩོན་འགྲུས་ཀྱིས་རྩོམ་པ་ཕུན་ཚོགས་ཀྱི་མངོན་མཐོ་སྒྲུབ་པ་དང་། བསམ་གཏན་གྱིས་ཉོན་མོངས་པའི་དབང་དུ་མི་འགྲོ་ཞིང་། ཤེས་རབ་ཀྱིས་ཤེས་པར་བྱ་བ་རྣམས་ལ་ཤེས་སྒྲིབ་བྲལ་ནས་ཕྱིན་ཅི་མ་ལོག་པར་འཇུག་པར་བྱེད་པས་ངེས་ལེགས་སྒྲུབ་པའོ། །དོན་གཉིས་སྒྲུབ་པའི་གྲངས་ངེས་ནི། སྦྱིན་པས་སེམས་ཅན་རྣམས་མི་ཕོངས་པར་བྱེད། ཁྲིམས་ཀྱིས་རྣམ་པ་མི་འཚེ། བཟོད་པས་གཞན་གྱིས་རང་ལ་འཚེ་བ་བྱས་པ་བཟོད། བརྩོན་པས་གཞན་དོན་བྱ་བར་མི་སྐྱོ། བསམ་གཏན་གྱིས་རྫུ་འཕྲུལ་བསྟན་ནས་དགའ་བར་བྱེད། ཤེས་རབ་ཀྱིས་ཐེ་ཚོམ་སེལ་ནུས་ཀྱི་ཆོས་ལེགས་པར་བརྗོད་པའི་ཕྱིར་གཞན་དོན་ལེགས་པར་བསྒྲུབ་པ་དེ་ཡིས་རང་དོན་མཆོག་ཏུ་འགྲུབ་པ་ཡིན་ནོ། །བསླབ་གསུམ་སྒྲུབ་པའི་གྲངས་ངེས་ནི། སེམས་ཅན་དང་རྙེད་སོགས་ལ་བདག་འཛིན་སྤང་བའི་སྦྱིན་པ་དེ་ཚུལ་ཁྲིམས་འབྱུང་བའི་རྒྱུ་ཁྲིམས་དེ་རང་གི་ངོ་བོ་ཡིན། གཤེ་ཡང་སླར་མི་གཤེ་བ་སོགས་ཀྱི་རྣམ་པ་ཅན་གྱི་བཟོད་པས་ཚུལ་ཁྲིམས་རྣམ་པར་དག་པར་བྱེད་པས་ན་དེ་ཚུལ་ཁྲིམས་རང་གི་འཁོར་ཡིན། བསམ་གཏན་ཏིང་འཛིན་གྱི་བསླབ་པ་དང་། ཤེས་རབ་ཤེས་རབ་བསླབ་པའི་ངོ་བོ། བརྩོན་འགྲུས་བསླབ་པ་གསུམ་ཀའི་གྲོགས་ཡིན་པས་སོ། །གསུམ་པ་ལའང་གསུམ་ལས། རྒྱུ་འབྲས་གོ་རིམ་ནི། སྔ་མ་སྔ་མར་རྒྱུ་བྱས་ནས་ཕྱི་མ་ཕྱི་མ་འབྱུང་བའོ། །དམན་མཆོག་གི་གོ་རིམ་ནི། སྔ་མ་དམན་ཞིང་ཕྱི་མ་མཆོག་ཡིན་ཏེ། དཔེར་ན་ལོ་བརྒྱར་སྦྱིན་པ་བཏང་བ་བས་ཀྱང་ཉིན་ཞག་གཅིག་ཏུ་ཚུལ་ཁྲིམས་སྲུང་བ་མཆོག་ཡིན་པར་གསུངས་པ་ལྟ་བུའོ། །རགས་ཕྲའི་གོ་རིམ་ནི། དཔེར་ན་སྦྱིན་པ་ཤན་པ་རྣམས་ཀྱང་ཅུང་ཟད་གཏོང་ནུས་མོད། སྡིག་པ་སྤོང་བའི་ཚུལ་ཁྲིམས་མི་ལེན་པ་ལྟ་བུའོ། །སྒྲུབ་ཚུལ་ནི། ལན་ལ་མི་རེ་བའི་སྦྱིན་པ་སྒྲུབ། ཡང་སྲིད་འཁོར་བའི་བདེ་བ་མི་འདོད་པའི་ཚུལ་ཁྲིམས་སྒྲུབ། སྡུག་བསྔལ་དང་གནོད་པ་ཐམས་ཅད་ལ་བཟོད་པའི་བཟོད་པ་སྒྲུབ། དགེ་ཚོགས་ཐམས་ཅད་སྡུད་པའི་བརྩོན་འགྲུས་སྒྲུབ། །གཟུགས་མེད་རྣམས་བསལ་བའི་བསམ་གཏན་སྒྲུབ། ཐབས་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཤེས་རབ་སྒྲུབ་པའོ། །གཉིས་པ་བསྟེན་པའི་ཞེས་པས་བསླུ་མེད་དུ་སྒྲུབ་པ་ལ། རང་འབྲས་སྒྲུབ་བྱེད་རྒྱུའི་གནས་སྐབས་ལ་ལྟོས་ན། གཞན་རྒྱུད་ལ་བྱོན་པའི་དཀོན་མཆོག་གསུམ་ཀ་བསྟེན་བྱ་བསླུ་བ་མེད་པའི་སྐྱབས་ཡིན་ཏེ། སངས་རྒྱས་ནི་བརྩེ་བའི་བདག་ཉིད་ཡིན་པས་ལེགས་པར་ཕན་པའི་ཐབས་གསུངས་པ་དང་། མཁྱེན་པའི་བདག་ཉིད་ཡིན་པས་སྒྲོ་སྐུར་མེད་པར་བདེན་པའི་ཐབས་སམ་ལམ་གསུངས་པས་ན་སྟོན་པ་བླ་མེད་ཡིན་ཅིང་། ཆོས་ནི་ཐར་པར་འགྲོ་བའི་ལམ་བླ་ན་མེད་པ་ཡིན་ལ། དགེ་འདུན་ནི་ཐར་པ་དང་མཐུན་པར་སྒྲུབ་པའི་གྲོགས་བླ་མེད་ཡིན་ནོ། །རང་འབྲས་སྒྲུབ་པར་བྱ་བ་མཐར་ཐུག་ལ་ལྟོས་ན། ལུང་གི་ཆོས་རྣམས་བདེན་པ་མཐོང་ནས་ས་བཞི་པའི་ཚེ་སྤང་བའི་ཕྱིར་དང་། རྟོགས་པའི་ཆོས་ལས་ཀྱང་ལམ་བདེན་གོང་མ་ལ་ལྟོས་ན་འོག་མ་དྲི་བཅས་མ་དག་པ་བསླུ་བའི་རང་བཞིན་ཅན་ཡིན་པའི་ཕྱིར་དང་། ཐེག་དམན་གྱི་ལྷག་མེད་མྱང་འདས་འགོག་བདེན་དངོས་མེད་ཡིན་པའི་ཕྱིར་དང་། སློབ་པའི་འཕགས་ཚོགས་ཐམས་ཅད་སྒྲིབ་གཉིས་ཀྱི་འཇིགས་པ་ལས་མ་ཐར་བའི་ཕྱིར་ཆོས་དང་དགེ་འདུན་དེ་དག་གཏན་གྱི་སྐྱབས་མ་ཡིན་པར། དོན་དམ་པའི་སྐྱབས་སངས་རྒྱས་ཉག་གཅིག་གི་ཐུབ་པ་སྤང་བ་ཕུན་ཚོགས་སངས་རྒྱས་དང་། རྟོགས་པ་ཆོས་ཀྱི་སྐུ་ཆོས་དང་། དེ་ཉིད་ཚོགས་ཀྱི་མཆོག་ཡིན་པས་དགེ་འདུན་ཡང་མཐར་ཐུག་པར་མངའ་བའི་རང་བཞིན་ཅན་དེ་ཉིད་བསླུ་བ་མེད་པ་འབྲས་བུའི་སྐྱབས་ཡིན་ཏེ་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡིན། །སྐྱབས་ནི་སངས་རྒྱས་ཉག་གཅིག་སྟེ། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཅེས་སོ། །གསུམ་པ་ཡུལ་དེ་ལ་ཞེས་པས་བྱ་བྱེད་འཇུག་པའི་ཡུལ་དམིགས་ཀྱིས་བསལ་བ་ལ་རྒྱུའི་སྐྱབས་འགྲོའི་བྱ་བ་འཇུག་པའི་དམིགས་ཡུལ་གཞན་བྱུང་གི་དཀོན་མཆོག་གསུམ་རྐྱེན་དུ་གནས་པ་དེ་ཉིད་ཡིན་ཅིང་། འབྲས་བུའི་སྐྱབས་འགྲོའི་བྱ་བ་འཇུག་པའི་དམིགས་ཡུལ་རང་ལས་བྱུང་བ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཆོས་སྐུ་ཉེར་བླང་དུ་ངེས་པ་ཉིད་ཡིན་ནོ། །ཡན་ལག་གསུམ་པ་ཅི་ཙམ་དུ་སྐྱབས་སུ་འགྲོ་བའི་དུས་བསྟན་པ་ལ། སྤྱིར་བྱ་བ་བྱས་ཟིན་འདས་པ་དང་། བྱ་བ་བྱེད་བཞིན་པ་ད་ལྟ། །བྱ་བ་བྱེད་པར་འགྱུར་བ་མ་འོངས་པའི་དུས་གསུམ་དུ་ཡོད་པ་ལས། འདིར་ནི་སྐྱབས་སུ་འགྲོ་བའི་བྱ་བ་བྱེད་བཞིན་པ་ད་ལྟ་བ་ནས་བཟུང་། འབྲས་བུ་མཐར་ཐུག་པ་ཐོབ་པ་ཚུན་ཆད་ཀྱི་སྐྱབས་འགྲོ་བྱེད་པར་འགྱུར་བ་ཐམས་ཅད་སྐྱབས་འགྲོའི་དུས་ཡིན་པར་བསྟན་པ་ཡིན་ཅིང་། དེ་ཡང་སྐྱེས་བུ་གསུམ་གྱི་དབང་གིས་སྐྱབས་འགྲོའི་དུས་ཀྱང་གསུམ་དུ་འགྱུར་ལ། སྐྱེས་བུ་གསུམ་གྱི་སྐྱབས་འགྲོ་ལ་ཐུན་མོང་དུ་འཇུག་པའི་དུས་ཞིག་དང་། ཐུན་མོང་མ་ཡིན་པར་འཇུག་པའི་དུས་ཞིག་སྟེ་གཉིས་སུ་ཡོད་པ་ལས། དང་པོ་ནི། འདི་ནས་ཞེས་པས་བསྟན་ཏེ། སྐྱབས་སུ་འགྲོ་བཞིན་པ་ད་ལྟའི་དུས་འདི་ཉིད་ནས་བརྩམས་ཏེ་ཞེས་པར་འགྱུར་བས་སོ། །འདི་ནི་གསུམ་ཀར་སོ་སོར་གྱུར་བའི་ཁྱད་པར་མེད་པས་ཐུན་མོང་བ་ཡིན་ནོ། །གཉིས་པ་ནི། བྱང་ཆུབ་ཐོབ་བར་རོ། །ཞེས་པས་བསྟན་ཅིང་། འདི་ནི་ཐུན་མོང་མ་ཡིན་པ་མ་འོངས་པའི་དུས་མཚམས་བཟུང་བ་ཡིན་ལ། དེ་ཡང་སྐྱེས་བུ་ཆུང་ངུའི་དུས་ཕྱི་མར་ལྷ་མིའི་བདེ་འབྲས་མ་ཐོབ་ཀྱི་བར་དུ་འགྲོ་བ་ཡིན་ཅིང་དེ་ནི་ཞར་ལས་བསྟན་པར་བྱས་ལ། དངོས་སུ་ནི་འབྲིང་ཉན་རང་དང་། ཆེན་པོ་བྱང་ཆུབ་སེམས་དཔའི་དུས་མཚམས་བསྟན་ཏེ། བྱང་ཆུབ་ཅེས་པ་ལ་ཐེག་དམན་སྐྱེས་བུ་འབྲིང་པོ་གཉིས་ཀྱི་བྱང་ཆུབ་དང་། ཐེག་པ་ཆེན་པོ་སྐྱེས་བུ་ཆེན་པོའི་བྱང་ཆུབ་སྟེ་གཉིས་སུ་ཡོད་པ་ལས། ཐེག་དམན་གྱི་གནས་སྐབས་སུ་ཇི་སྲིད་འཚོའི་བར་དང་། མཐར་ཐུག་ཉན་རང་གི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགྲོ་ལ། ཐེག་ཆེན་གྱིས་མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགྲོ་བ་ནི་ཐེག་ཆེན་གྱི་སྐྱབས་འགྲོའི་དུས་ཀྱི་ཁྱད་པར་དུ་འགྱུར་རོ། །དེ་ཡང་སྤང་བྱ་ལས་གྲོལ་བས་བྱང་བ་དང་། རྟོགས་པའི་ཡོན་ཏན་ཕུན་སུམ་ཚོགས་པས་ཆུབ་པ་ནི་བྱང་ཆུབ་ཀྱི་དོན་དུ་ཤེས་པར་བྱའོ། །ཡན་ལག་བཞི་པ་སྐྱབས་སུ་སོང་བ་ལས་བྱུང་བའི་འབྲས་བུ་ཕན་ཡོན་བསྟན་པ་ལ། སྤྱིར་འབྲས་བུ་ལྔ་ནི། རྒྱུའི་རྫས་སམ་ངོ་བོ་དང་འདྲ་བར་སྐྱེ་བའི་ཆ་ནི་རྒྱུ་མཐུན་གྱི་འབྲས་བུ། རང་གི་ངོ་བོ་ལུང་མ་བསྟན་ཡིན་པ་ལུང་དུ་བསྟན་པའི་ཟག་བཅས་དགེ་བའམ་མི་དགེ་གང་རུང་གི་རྒྱུ་ལས་ལྷན་ཅིག་དང་དེ་མ་ཐག་ཏུ་མ་ཡིན་པར་ཕྱིས་སུ་བྱུང་བ་རྒྱུའི་ངོ་བོ་དང་མི་འདྲ་བར་སྨིན་པ་སེམས་ཅན་ཁོ་ནའི་རྒྱུད་ལ་ཐུན་མོང་མ་ཡིན་པར་སྨིན་པ་དེ་རྣམ་སྨིན་གྱི་འབྲས་བུ། རྒྱུ་གང་གི་བྱེད་པ་པོ་བྱས་པའི་སྟོབས་ཀྱིས་རྒྱུ་དང་ལྷན་ཅིག་གམ་དེ་མ་ཐག་ཏུ་བྱུང་བའི་ཆོས་སྐྱེས་བུ་བྱེད་པའི་འབྲས་བུ་སྟེ། འདི་ནི་རྣམ་སྨིན་གྱི་རྒྱུ་མ་གཏོགས་པ་རྒྱུ་གཞན་ཐམས་ཅད་ལ་ཡོད་པར་མཛོད་ལས་གསུངས་སོ། །རྒྱུའི་སྔོན་དུ་བྱུང་བ་མ་ཡིན་པ་ཡི་འདུས་བྱས་རྒྱུ་དུ་མས་ཐུན་མོང་དུ་འཕང་བའི་དངོས་པོ་དེ་བདག་པོའི་འབྲས་བུ། ཤེས་རབ་ཀྱི་སྟོབས་ཀྱིས་སྤང་བྱ་སྤང་བ་བྲལ་འབྲས་ཡིན་ཅིང་། འདི་མ་གཏོགས་གཞན་རྣམས་སྔར་གྱི་རྒྱུ་དྲུག་གི་འབྲས་བུ་ཡིན་ཏེ་བདག་འབྲས་བྱེད་རྒྱུ་ལས་སྐྱེ། སྐྱེས་བུ་བྱེད་པ་ལྷན་མཚུངས་ཀྱི་ཡིན། རྒྱུ་མཐུན་སྐལ་མཉམ་ཀུན་འགྲོའི་འབྲས་བུ། རྣམ་སྨིན་རྣམ་སྨིན་ལས་བྱུང་བའོ། །གཞུང་དོན་ལ། སྐྱབས་སུ་སོང་བའི་ཕན་ཡོན་ནམ་འབྲས་བུ་ལྔ་ལས། རྒྱུ་མཐུན་གྱི་འབྲས་བུར་གྱུར་པའི་ཕན་ཡོན་ལ། ལྡོག་ཕྱོགས་ངོས་བཟུང་བ་དང་། དེ་ལས་ལོག་ནས་སངས་རྒྱས་པར་ཚེ་རབས་ཀུན་ཏུ་སྐྱེ་ཚུལ་གཉིས་ལས། དང་པོ་ནི། མུ་སྟེགས་ཞེས་པའི་ཕྱིན་ཅི་ལོག་གི་སྒོ་ནས་ཐར་པ་འཚོལ་ཀྱང་འཁོར་བའི་མཐའ་རུ་ལྷུང་བས་མུ། དགེ་བཅུ་དང་བསམ་གཏན་དང་རིགས་པ་སྣ་ཚོགས་ཁས་ལེན་པས་མྱང་འདས་རྟེན་བཅའ་བས་སྟེགས་ཡིན་ལ། དེའི་མཚན་གཞི་ནི་རྟོག་གེ་སྡེ་ལྔ་སྟེ། རྟག་ལྟ་སྡེ་བཞི་གྲངས་བྱེ་སྤྱོད་གཅེར་དང་། ཆད་ལྟ་སྡེ་གཅིག་རྒྱང་འཕེན་པ་ཡིན་ཅིང་དེ་ལྔ་པོ་རེ་རེ་ལའང་། སྟོན་པ་དང་། ལམ་དང་། གྲོགས་ཕྱིན་ཅི་ལོག་གསུམ་རེ་ཡོད་དོ། །དེ་ལ་མུ་སྟེགས་གྲངས་ཅན་པའི་སྟོན་པ་དྲང་སྲོང་སེར་སྐྱ། ལམ་གཙོ་བོ་དང་བདག་ཤེས་རིག་གི་སྐྱེས་བུ་རྟག་པར་སྒྲུབ་ཅིང་། བསྟེན་བྱའི་ལྷ་དབང་ཕྱུག་རྟག་པར་བཤད་ནས་དེ་ལ་གསོད་པ་སེམས་ཀྱི་མཆོད་སྦྱིན་བྱེད་ཚུལ་སྟོན། གྲོགས་ལམ་ངན་དེ་ལ་ཞུགས་པ་རྣམས་ཡིན་ནོ། །མུ་སྟེགས་བྱེ་བྲག་པའི་སྟོན་པ་གཟེག་ཟན་པ། ལམ་ཤེས་མེད་བེམ་པོའི་བདག་རྟག་པ་ཞིག་ཀུན་ཏུ་བཏགས་ནས་ལྷ་དབང་ཕྱུག་བསྟེན་པ་ཡང་སྟོན། གྲོགས་དེར་ཞུགས་པའོ། །མུ་སྟེགས་སྤྱོད་པ་བའི་སྟོན་པ་བྲམ་ཟེ་རྒྱལ་དཔོག །ལམ་བདག་ཤེས་རིག་གི་རང་བཞིན་ཅན་གྱི་སྐྱེས་བུ་རྟག་པ་སྣོད་བཅུད་རྣམས་ཀྱི་རྒྱུ་ཡིན་ཅིང་ཐམས་ཅད་ལ་ཁྱབ་པ་ཞིག་གཏན་ལ་ཕབ་ནས་ལྷ་ཁྱབ་འཇུག་སྒྲུབ་པར་བཤད། གྲོགས་དེར་ཞུགས་པའོ། །མུ་སྟེགས་གཅེར་བུ་པའི་སྟོན་པ་རྒྱལ་བ་དམ་པ། ལམ་འབྱུང་བཞི་དང་ཤིང་ལ་སེམས་ཡོད་པ་དང་བདག་རྟག་པ་ལུས་ཆེ་ཆུང་ལ་སྲོག་དེ་ཆེ་ཆུང་དུ་ཡོད་པར་སྨྲ་ཞིང་ལྷ་ཚངས་པ་མཆོད་བྱར་སྟོན། གྲོགས་དེར་ཞུགས་པའོ། །མུ་སྟེགས་རྒྱང་འཕེན་པའི་སྟོན་པ་ལྷས་ལྷ་མིན་ལ་འཐབ་པའི་ཆེད་དུ་ཆད་ལྟ་སྟོན་པ་པོ་ཕུར་བུ། ལམ་ཚེ་སྔ་ཕྱི་ལས་རྒྱུ་འབྲས་མེད་པར་བཤད་པ། འབྱུང་བཞི་དང་རྫས་གཅིག་པའི་བདག་ཞིག་སྒྲུབ་ཅིང་ལྷ་བརྒྱ་བྱིན་དང་ཉི་ཟླ་རྣམས་བསྟེན་བྱར་འཆད། གྲོགས་ལམ་ངན་དེ་ཚུལ་བཞིན་ཉམས་སུ་ལེན་མཁན་རྣམས་ཡིན་ནོ། །དེ་དག་ནི་སྐྱོན་ལ་སྤྱོད་པའི་བདག་ཉིད་ཅན་ཡིན་ཏེ། དེ་ཡང་སྟོན་པ་རྣམས་ནི་རྣམ་མཁྱེན་དང་བྲལ་ཞིང་མ་རིག་ལས་ཉོན་ལ་སྤྱོད་པས་ན་གང་སྨྲས་པ་ལ་ཆེར་སྒྲོ་སྐུར་གྱི་རྫུན་ཡིན་ཕྱིར་བདེན་པར་གསུངས་པ་མ་ཡིན། སྙིང་རྗེ་དང་བྲལ་ཅིང་རང་འདོད་ལ་སྤྱོད་པས་གཞན་ལས་ཉོན་སྡུག་བསྔལ་འབྱུང་བའི་ཐབས་སྟོན་པའི་ཕྱིར་ན་ཕན་པར་གསུངས་པ་མ་ཡིན་པས་སོ། །ལམ་རྣམས་ནི་བདག་མེད་གཉིས་ཀྱི་འགལ་ཟླ་དང་སྡུག་བསྔལ་ལ་སྤྱོད་པའི་ཐབས་ཡིན་པས་སོ། །གྲོགས་རྣམས་ནི་སྟོན་ངན་གྱི་འཁོར་ལམ་ངན་ལ་ཕྱོགས་སུ་ཞེན་པ་ཡིན་པས་སོ། །དེས་ན་དེ་རྣམས་ལས་ལོག་དགོས་སོ། །གཉིས་པ་སངས་རྒྱས་པར་ཚེ་རབས་ཀུན་ཏུ་སྐྱེ་ཚུལ་ནི། སྐྱོན་ཐམས་ཅད་ཟད་ཅིང་ཡོན་ཏན་དཔག་མེད་ལྡན་པ་ཐམས་ཅད་མཁྱེན་ཅིང་ཐུགས་རྗེ་དང་ལྡན་པའི་སྟོན་པ་ཤཱཀྱ་ཐུབ་པ་ལྟ་བུ་དང་། དེའི་བསྟན་པ་དང་། དེ་འཛིན་པའི་གྲོགས་རྣམས་ཁོ་ན་ལ་སྐྱབས་འགྲོ་བྱེད་པའི་གང་ཟག་ཏུ་ཚེ་རབས་ཕྱི་མ་ཀུན་ལ་སྐྱེ་བར་འགྱུར་བས་ཕྱི་རོལ་པ་ལས་ལོག་ཅིང་ནང་པ་སངས་རྒྱས་པའི་ཁོངས་སུ་ཆུད་པ་ནི་ད་ལྟར་སྐྱབས་འགྲོ་བྱས་པའི་རྒྱུ་མཐུན་ཡིན་ནོ། །རྣམ་སྨིན་གྱི་འབྲས་བུར་གྱུར་པའི་སྐྱབས་འགྲོའི་ཕན་ཡོན་ནི། སྐྱབས་སུ་སོང་ནས་བཟུང་གང་ཟག་དེ་རྣམ་སྨིན་ངན་པའི་སྒྲིབ་པ་ཅན་ངན་སོང་གསུམ་དུ་མི་སྐྱེ་ཞིང་མཐོ་རིས་ལྷ་མིའི་ལུས་སུ་སྐྱེ་བར་འགྱུར་ཏེ། ཕག་གི་རྟོགས་པ་བརྗོད་པའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་དག་ངན་འགྲོར་མི་འགྲོ་སྟེ། །མི་ཡི་ལུས་ཀྱང་སྤངས་ནས་ནི། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །ཞེས་སོ། །བྱེད་པའི་འབྲས་བུར་གྱུར་པ་སྐྱབས་འགྲོའི་ཕན་ཡོན་ལ་བཞི་ལས། སྡོམ་པ་ཐམས་ཅད་ཀྱི་རྟེན་བྱེད་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ན་ཡང་དག་གི་དགེ་བསྙེན་ཡིན་པར་གསུངས་པས། སྤྱིར་དགེ་བསྙེན་དུ་འགྱུར་ལ། སྐྱབས་སུ་འགྲོ་བ་དེ་ནི་སྡོམ་པ་ཐམས་ཅད་ཀྱི་རྩ་བ་ཡིན་ཅིང་། སྡོམ་པ་ཞེས་པ་ནི་སྤྱིར་དགེ་བ་སྤྱད་པར་ཁས་བླངས་པ་ནི་སྡོམ་པ་དང་། མི་དགེ་ལ་མཐའ་གཅིག་ཏུ་སྤྱོད་པར་ཁས་བླངས་པ་ནི་སྡོམ་མིན་དང་། ཁས་བླངས་པ་མེད་ཀྱང་དགེ་མི་དགེ་གཉིས་གང་རུང་ལ་བར་སྐབས་སུ་འཇུག་པ་ནི་བར་མའི་དགེ་བའམ་མི་དགེ་ཞེས་པར་འགྱུར་བ་ལས་འདི་ནི་གསུམ་པ་དེའི་ནང་ཚན་སྡོམ་པ་ཡིན་ཅིང་། དེ་ལའང་གསུམ་ཡོད་དེ། སོ་ཐར་གྱི་སྡོམ་པ་དང་། བསམ་གཏན་གྱི་སྡོམ་པ་དང་། ཟག་མེད་ཀྱི་སྡོམ་པའོ། །སོ་ཐར་གྱི་སྡོམ་པའི་བསམ་བའི་རྟེན་ནི་སྐྱབས་འགྲོ་ཡིན་ལ། ལུས་རྟེན་ནི། ཟ་མ་མ་ནིང་སྒྲ་མི་སྙན་མཚན་གཉིས་ཅིག་ཆར་བྱུང་བ་མ་གཏོགས་པའི་མི་ཡིན་ནོ། །ངོ་བོ་ནི། བྱེ་བྲག་སྨྲ་བས་གཟུགས་སུ་འདོད་ཅིང་། མདོ་སྡེ་པ་ཡན་ཆད་ཀྱིས་སྤོང་སེམས་མངོན་དུ་གྱུར་པ་དང་ས་བོན་དུ་གནས་པ་ལ་འདོད་དོ། །ངེས་ཚིག་ནི། རྒྱུད་སྡིག་ཏོ་མི་དགེ་བའི་ཆོས་ལ་སོ་སོར་ཐར་པས་ན་སོ་ཐར། དབྱེ་བ་ལ་གཉིས་ལས། མིང་གི་སྒོ་ནས་དབྱེ་ན་བརྒྱད་ཡིན་ཏེ། བསྙེན་གནས་དང་། དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་སློང་ཕ་མ་གཉིས་སོ། །རྫས་སམ་ངོ་བོས་དབྱེ་ན་བཞི་ཡིན་ཏེ། མཚན་གྱུར་ན་དགེ་བསྙེན་གཉིས་ཕན་ཚུན་ངོ་བོ་གཅིག་པས། དཔེར་ན་ཕ་འགྱུར་ན་མ་ཞེས་མིང་བཏགས་ཆོག་སྟེ་སྡོམ་པ་གཏོང་རྒྱུ་མ་ཡིན་ཅིང་སྡོམ་པ་གཞན་ཐོབ་པའི་རྒྱུ་ཡང་མིན་པས་སོ། །དེ་བཞིན་དུ་དགེ་སློང་གཉིས་ལའང་འདྲ་ལ། དགེ་སློབ་མ་ནི་མཚན་གྱུར་ན་དགེ་ཚུལ་བར་འགྱུར་ཞིང་དགེ་ཚུལ་གཉིས་ཀྱང་ནང་ཕན་ཚུན་འདྲ་བའོ། །གྲངས་ངེས་ནི། མངོན་པ་ཀུན་བཏུས་སུ་གསུངས་པ་ལྟར་འདོད་པ་དང་ཉེས་པ་གཉིས་ཀ་ལས་དབེན་པར་སྤྱོད་མི་ནུས་པའི་དེར་བསྙེན་གནས་བཞག །འདོད་པ་ལས་དབེན་པར་སྤྱོད་མི་ནུས་ལ་ཉེས་པ་ལས་དབེན་པ་སྤྱོད་པའི་ངོར་དགེ་བསྙེན་བཞག །གཉིས་ཀ་ལས་དབེན་པར་སྤྱོད་ནུས་པའི་ངོར་ལྷག་མ་གསུམ་བཞག་པ་ཡིན་ཅིང་། དེའང་ལུས་ངག་གི་ཉེས་པ་ཕལ་ཆེར་ལས་དབེན་པར་སྤྱོད་པ་དགེ་ཚུལ་དང་དགེ་སློབ་མ་ཐམས་ཅད་ལས་དབེན་པར་སྤྱོད་པས་དགེ་སློང་བཞག་པའོ། །ཡུལ་གང་ལས་འཐོབ་པ་ནི། དགེ་སློང་ཕ་མ། དགེ་སློབ་མ་གསུམ་དགེ་འདུན་ལས་ཐོབ་ལ། གཞན་ཐམས་ཅད་གང་ཟག་ལས་ཐོབ། སྤང་བྱ་ཅི་ཙམ་སྤང་བ་ནི། སྲོག་གཅོད། མ་བྱིན་ལེན། ལོག་གཡེམ། རྫུན། ཆང་ལ་བཟའ་བའི་རིགས་ཕབ་དང་སྦྱར་བའི་མྱོས་བྱེད་འབྲུའི་ཆང་། བཅའ་བ་ལྔ་མྱོས་བྱེད་དུ་གྱུར་པ་བཅོས་པའི་ཆང་སྟེ། འབྲུའི་ཆང་དང་། བཅོས་པའི་ཆང་སྦྱར་བའི་ཆང་ཞེས་པ་ནི་གཉིས་ཀའི་ཐུན་མོང་གི་མིང་ཡིན་ཏེ་མངོན་པ་ལས་བཅོས་པའི་ཆང་ལ་སྦྱར་བའི་ཆང་དུ་གསུངས། འདུལ་གཞུང་ཁ་ཅིག་ལས་འབྲུའི་ཆང་ལ་སྦྱར་བའི་ཆང་དུ་གསུངས་འདུག་གོ། །དེ་རྣམས་བསྡོམས་པ་ལྔ་སྤང་བ་དགེ་བསྙེན། ཡང་ཚུལ་ཁྲིམས་ཀྱི་ཡན་ལག་སྔ་མ་བཞི་སྤང་བ། བག་ཡོད་ཀྱི་ཡན་ལག་ཆང་སྤང་བ། བརྟུལ་ཞུགས་ཀྱི་ཡན་ལག་གླུ་གར་རོལ་མོ། སྤོས། ཕྲེང་བ་ཁ་དོག་སྣ་ཚོགས་པའི་ཚོན་གྱིས་བྱུགས་པའི་གོས་སོགས་བྱུགས་པ་སྟེ་དྲུག་གཅིག་ཏུ་བྱས་པ་དང་། ཁྲི་སྟན་ཆེ་མཐོ་དང་། བསྙེན་གནས་ཀྱི་དྲན་པ་ལ་གནས་ཤིང་སྐྱོ་བའི་ཡིད་གནས་བྱེད་དུས་མ་ཡིན་པའི་ཟས་ཏེ་གསུམ། དེ་རྣམས་བསྡོམས་པ་བརྒྱད་སྤང་བ་བསྙེན་གནས། །སྔ་མའི་གར་ཕྲེང་གཉིས་གཉིས་སུ་ཕྱེ་བའི་ཁར་གསེར་དངུལ་ལེན་པ་སྤང་བ་བསྣན་པས་བཅུ་དགེ་ཚུལ། ལུས་ངག་གི་མི་དགེ་ཐམས་ཅད་སྤོང་བ་དགེ་སློང་ངོ་། །དེ་དག་གི་སྡོམ་པ་གཏོང་བའི་རྒྱུན་བསླབ་པ་ཕུལ་བ། ཤི་བ། མཚན་གཉིས་ཅིག་ཆར་བྱུང་བ། དགེ་རྩ་ཆད་པ་བཞི་པོ་སོ་ཐར་བརྒྱད་པོ་ཐམས་ཅད་ཀྱི་ཐུན་མོང་གི་ཡིན། མཚན་མོ་འདས་པ་བསྙེན་གནས་གཏོང་རྒྱུ་ལྷག་པ་ཡིན་ནོ། །དེ་ལ་བསྙེན་གནས་ཀྱི་རྟེན་དུ་སྐྱབས་འགྲོ་དེ་ཇི་སྲིད་འཚོ་དང་བྱང་ཆུབ་ཀྱི་རྟེན་ཅན་དུ་དགེ་བསྙེན་མ་ཡིན་པས་ནི་ལེན་མི་རུང་སྟེ། སྐྱབས་སྡོམ་མ་བསྲུང་ན་ཉེས་པ་དཔག་མེད་ཡོད་པའི་ཕྱིར། མཛོད་འགྲེལ་ལས། དགེ་བསྙེན་མ་ཡིན་པ་ལའང་ཉིན་ཞག་དེ་ལ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྐྱབས་སུ་སོང་ནས་སྡོམ་པ་ནོད་པ་དེ་ལ་བསྙེན་གནས་ཀྱི་སྡོམ་པ་སྐྱེ་བར་འགྱུར་ཏེ་གཞན་དུ་ནི་མ་ཡིན་ནོ། །ཞེས་གསུངས་པས་ན། སྐྱབས་འགྲོ་དེ་ཡང་ཉིན་ཞག་གི་མཐའ་ཅན་ཡིན་པར་བསྟན་པ་ཤེས་དགོས་སོ། །དེས་ན་སྐྱབས་འགྲོ་ལའང་ཉིན་ཞག་གི་མཐའ་ཅན་དང་། ཇི་སྲིད་འཚོ་དང་། བྱང་ཆུབ་ཀྱི་མཐའ་ཅན་ཡོད་པ་ཡིན་ཅིང་། སོ་ཐར་གྱི་སྡོམ་པ་ཉིན་ཞག་གི་མཐའ་ཅན་བསྙེན་གནས་དང་། སྲོག་གི་མཐའ་ཅན་དགེ་བསྙེན་སོགས་བདུན་པོ་དེ་ཐམས་ཅད་སྐྱབས་འགྲོ་མེད་ན་མི་སྐྱེ་ཞིང་སྐྱབས་འགྲོ་དེ་ཐོག་མར་སྐྱེ་བ་དང་བར་དུ་གནས་པའི་རྟེན་མཆོག་ཉིད་དུ་འགྱུར་བ་ཡིན་ནོ། །བར་ཆད་ཐམས་ཅད་མེད་པར་བྱེད་པ་ནི། སྐྱབས་སུ་སོང་བ་ཙམ་གྱིས་ཕུང་པོ་ལ་མངོན་པར་ཞེན་པ་དང་། ཉོན་མོངས་སྐྱེ་བ་དང་། འཆི་བ་དངོས་པོར་མཐོང་བའི་སྐྲག་པ་རིམ་བཞིན་མེད་པར་གྱུར་པས་རང་རྒྱུད་ཕུང་པོའི་བདུད་སོགས་གསུམ་དང་བྲལ་བས་དེ་དག་གིས་བར་ཆད་བྱེད་པ་མེད། བར་ཆད་ཀྱི་རྒྱུ་ནང་ན་ཡོད་པའི་བདུད་དེ་རྣམས་མེད་པས། ཕྱི་རོལ་ན་རྐྱེན་དུ་གནས་པའི་ལྷའི་བུ་དགའ་རབ་དབང་ཕྱུང་འཁོར་བཅས་དང་བགེགས་རིགས་འབྱུང་པོ་སུས་ཀྱང་བདེ་དགེ་ལ་གནོད་པའི་བར་ཆད་བྱེད་མི་ནུས་པས་ལྷའི་བུའི་བདུད་དང་བྲལ་བ་ཡིན་ཏེ། ཉི་མའི་སྙིང་པོའི་མདོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་སོང་བ། །བདུད་རྣམས་བྱེ་བས་གསད་པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །ཞེས་གསུངས་པ་བཞིན། བདུད་བཞིས་བར་དུ་གཅོད་པའི་ཉེས་པའི་ཆད་པ་ཀུན་མེད་པར་བྱེད་པས་སོ། །ནད་ཉུང་བར་བྱེད་པ་ནི། སྐྱབས་སུ་སོང་ནས་སྐད་ཅིག་རེ་རེ་ལ་ཡང་བསོད་ནམས་ཀྱི་ཕུང་པོ་ཚད་མེད་པ་འཕེལ་བ་ཡིན་ཏེ། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཅེས་གསུངས་པ་ལྟར་བསོད་ནམས་ཚད་མེད་པ་རང་རྒྱུད་ལ་སྐྱེ་བ་དེ་ཡི་རྐྱེན་གྱིས་སྔོན་གྱི་ཚེ་ན་སེམས་ཅན་གཞན་ལ་བརྡུང་བརྡེགས་བྱས་པའམ། དུག་དང་མི་འཕྲོད་པའི་ཟས་སྟེར་བ་སོགས་ཀྱིས་ནད་བསྐྱེད་པར་བྱས་པའི་ལས་ངན་བསགས་པ་སོགས་རང་ལ་ནད་འབྱུང་རུང་གི་ལས་ངན་ཡོད་པ་ཐམས་ཅད་ཟིལ་གྱིས་གནོན་པ་དང་ཟད་པར་བྱེད་པས་ན། ལུས་ཀྱི་འབྱུང་བ་བཞི་འཁྲུགས་པའི་རླུང་མཁྲིས་བད་ཀན་ལྡན་པའི་ནད་སྣ་ཚོགས་དང་། འགོ་ནད་སྣ་ཚོགས་བྱུང་བ་སོས་ཤིང་། མ་བྱུང་བ་མི་འབྱུང་བར་ལུས་ལ་ནད་ཉུང་བས་བདེ་བར་འགྱུར་བ་ཡིན་ཏེ། སྤྱོད་འཇུག་ལས། བསོད་ནམས་ཀྱིས་ནི་ལུས་བདེ་ན། །ཞེས་གསུངས་པ་བཞིན་ནོ། །ཚེ་རིང་བར་བྱེད་པ་ནི། ཚེ་ཞེས་པ་འབྱུང་བཞིས་ནང་ནས་ཀྱང་གཙོ་བོ་མེ་ཁམས་དྲོད་དང་། དབུགས་དག་དང་། རྣམ་ཤེས་རྣམས་མི་ལ་སོགས་པའི་སེམས་ཅན་གྱི་རིས་དང་ཅི་ཙམ་ཞིག་ཏུ་གནས་པར་བྱེད་པ་གཟུགས་ཅན་རྣམས་ལ་འབྱུང་བ་དང་། རྣམ་ཤེས་གཉིས་ཀའི་སྟོབས་དང་གཟུགས་མེད་ལ། རྣམ་ཤེས་ཀྱི་སྟོབས་སྔོན་ལས་ཀྱིས་འཕངས་པའི་ཆ་ཡིན། སྔོན་ལས་ཀྱི་འཕེན་པ་ཟད་ཀྱང་མཐོང་ཆོས་མྱོང་འགྱུར་གྱི་བསོད་ནམས་གསར་དུ་བསགས་པའམ་ད་ལྟ་བསོད་ནམས་བསགས་པའི་རྐྱེན་གྱིས་ཚེ་གནས་པའི་ལས་སྔོན་ཡོད་པ་བསླང་ནས་སླར་ཡུན་རིང་དུ་གནས་པར་རུང་བས། སྐྱབས་འགྲོའི་བསོད་ནམས་ནི་དཔག་ཏུ་མེད་པ་ཕལ་ཆེར་མཐོང་ཆོས་ལ་སྨིན་པས་ན། སྐྱབས་སུ་སོང་བའི་བསོད་ནམས་རླབས་ཆེན་དེས་རྐྱེན་བྱས་ནས། སྔོན་ལས་ཀྱི་འཕེན་པ་དང་འབྱུང་བ་རྣམ་ཤེས་ཀྱི་ཚེ་སྟོབས་ཟད་པ་ཡིན་ཀྱང་། ཚེའི་ལས་གཞན་བསླང་བའམ་རང་གི་རྩལ་གྱིས་འབྱུང་བ་དང་། རྣམ་ཤེས་ལ་ནུས་སྟོབས་གསར་དུ་བསྐྱེད་ནས་ཚེ་ཡུན་རིང་བར་གནས་པར་བྱེད་པ་ཡིན་ནོ། །བྲལ་བའི་འབྲས་བུར་གྱུར་པའི་སྐྱབས་འགྲོའི་ཕན་ཡོན་ནི། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་། སྲོག་གཅོད་སོགས་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་། སྐྱེ་བ་དང་རྒ་ཤི་སོགས་རྣམ་སྨིན་གྱི་ཀུན་ནས་ཉོན་མོངས་པ་དང་། གནས་ཀྱིས་བསྐལ་དོན་སོགས་མ་ཤེས་པ་འཁོར་གསུམ་གྱི་རྣམ་པར་རྟོག་པ་ཤེས་བྱའི་སྒྲིབ་པ་སྟེ། སྒྲིབ་གཉིས་རྣམས་སྐྱབས་སུ་སོང་མ་ཐག་ནས་རིམ་པར་འབྱང་བར་འགྱུར་ཏེ། མདོ་རྒྱན་ལས། རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་། །ཉེས་པར་སྤྱད་པ་ཐམས་ཅད་དང་། །རྒ་དང་འཆི་བ་དག་ལས་ཀྱང་། །སངས་རྒྱས་ཉིད་ནི་ཡོངས་སུ་སྐྱོབས། །ཞེས་གསུངས་པ་ལྟར། སྐྱོན་ཐམས་ཅད་བྲལ་ཞིང་སྤང་བར་བྱེད་པས་སོ། །བདག་པོའི་འབྲས་བུར་གྱུར་པའི་སྐྱབས་འགྲོའི་ཕན་ཡོན་ནི། སྐྱབས་སུ་སོང་བ་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་ཡས་པ་རྫོགས་ཤིང་སོག་པར་བྱེད་དོ། མྱ་ངན་ལས་འདས་པའི་མདོ་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འགྲུབ་ནས། །སངས་རྒྱས་ཉིད་ནི་ཐོབ་པར་འགྱུར། །ཞེས་གསུངས་པ་བཞིན་གཞུང་གི་སྐབས་འདིར་རྒྱུ་དངོས་སུ་བསྟན་པས་འབྲས་བུ་སངས་རྒྱས་ཀྱི་སྐུ་གཉིས་གེགས་མེད་དུ་འགྲུབ་པར་འགྱུར་བ་ཞར་ལས་བསྟན་པར་འགྱུར་ཏེ། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས། མ་ཚང་མེད་རྒྱུ་དེ་ལ་ནི། །འབྲས་བུ་གང་གིས་བཟློག་པར་བྱེད། །ཅེས་གསུངས་པའི་ཚུལ་གྱིས་སོ། །དེ་རྣམས་ནི་རྒྱུ་སྐྱབས་འགྲོ་བྱས་པ་ལས་བྱུང་བ་འབྲས་བུ་ཕན་ཡོན་ལེགས་པར་བསྟན་པ་ཡིན་ནོ། །ཡན་ལག་ལྔ་པ་ཕན་ཡོན་དེ་ལེགས་པར་འགྲུབ་ཅིང་སྐྱབས་འགྲོ་རྒྱུད་ལ་བརྟེན་པར་གནས་བྱེད་བསླབ་བྱ་བསྟན་པ་ལ། སྐྱབས་གསུམ་སོ་སོའི་བསླབ་བྱ་བཤད་པ་དང་། ཐུན་མོང་གི་བསླབ་བྱ་བཤད་པ་གཉིས་ལས། དང་པོ་ལ། རྩ་བའི་བསླབ་བྱ་གསུམ་སོ་སོར་བཤད་པ་དང་། ཡན་ལག་གི་བསླབ་བྱ་གསུམ་སོ་སོར་བཤད་པ་སྟེ་གཉིས་སུ་ཡོད་པ་ལས། དང་པོ་ལའང་གསུམ་ལས། སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་རྩ་བའི་བསླབ་བྱ་ནི། འདི་ཕྱི་གཏན་གྱི་སྐྱབས་གནས་དཀོན་མཆོག་གསུམ་དུ་ཡོད་པ་ལས། དང་པོ་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་བ་རྣམས་ཀྱིས་དགག་པའི་སྒོ་ནས་བསླབ་པར་བྱ་བ་ནི། དགག་བྱ་གང་སུ་ཡང་རུང་བ་ལ་ནད་གཏོང་བ་སོགས་ཀྱི་གནོད་པ་སྣ་ཚོགས་བྱེད་ལ། འཇིག་རྟེན་པས་མཆོད་སྦྱིན་བྱ་བའི་ཡུལ་ཡིན་ཅིང་མཆོད་སྦྱིན་ལ་དགའ་བ་འཇིག་རྟེན་ལས་འདས་པ་ལས་གཞན་དུ་གྱུར་པ་མུ་སྟེགས་སོགས་ཀྱི་མཆོད་བྱ་འཇིག་རྟེན་པའི་ལྷ་ཀླུ་སོགས་མི་མ་ཡིན་པའི་འབྱུང་པོ་ཐམས་ཅད་ཡིན་ནོ། །ཇི་ལྟར་དགག་ན་དད་པས་སྐྱབས་སུ་མི་བརྟེན་པ་དང་། གུས་པས་ཕྱག་མི་འཚལ་བས་དགག་དགོས་སོ། །དེ་ཡང་བརྟེན་པ་ནི་སྐྱབས་སུ་འགྲོ་བའི་དོན་ཡིན་ན་དེ་མི་རུང་བ་ནི། མདོ་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུའང་ལྷ་ནི་གཞན་དག་ལ། །སྐྱབས་སུ་འགྲོ་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཕྱག་འཚལ་མི་རུང་བ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་དུ་ནི་དམ་བཅའ་བས། །སྐྱབས་ནི་གསུམ་པ་བསྲུང་བར་བྱ། །མུ་སྟེགས་ཀུན་ལ་གུས་པ་ཡིས། །མཆོད་དང་ཕྱག་འཚལ་མི་བྱའོ། །ཞེས་གསུངས་ཤིང་། གཞུང་དམ་པ་འདིར་ནི་གཉིས་ཀ་བསྡུས་པ་ཡིན་ནོ། །མདོ་ལས་ནི་མཐོ་རིས་ཀྱི་ལྷ་ཡིན་ཀྱང་འཇིག་རྟེན་པ་ལ་བརྟེན་མི་རུང་བར་གསུངས་པ་ཡིན་ནོ། །ངན་སོང་གི་འགྲོ་བ་ཡི་དྭགས་དང་དུད་འགྲོའི་རིགས་ལ་ཇི་ལྟར་བརྟེན་རུང་འོན་ཀྱང་དུས་ངན་གྱི་སྐྱེ་བོ་ལས་ངན་རྣམས་ཀྱིས་མི་ཤེས་པས་བརྟེན་པ་ལ་མི་རུང་བའི་ཕུང་བ་བཅོ་བརྒྱད་ཡོད་ཚུལ་ནི། ཟླ་བའི་ཕྲེང་མཛེས་ལས་ཤེས་པར་བྱའོ། །དམ་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་རྩ་བའི་བསླབ་བྱ་ནི། དཀོན་མཆོག་གཉིས་པ་ཆོས་ལ་སྐྱབས་སུ་སོང་བས་དགག་པའི་བསླབ་བྱ་ལ་བཤད་པའི་ཚུལ་གསུམ་ལས། ཡུལ་གང་ལས་དགག་པ་ནི། སེམས་ཅན་ཡིན་ཚད་ཐམས་ཅད་ཀྱི་སྲོག་དང་ལོངས་སྤྱོད་དང་མིང་གཟུགས་དང་མིང་རྣམས་ལ་ཡིན་ཏེ་མཛོད་ལས། གཞི་ནི་སེམས་ཅན་ལོངས་སྤྱོད་དང་། །མིང་དང་གཟུགས་དང་མིང་ཡིན་ནོ། །ཞེས་གསུངས་པ་བཞིན། སྲོག་གཅོད་གནོད་སེམས་ཀྱི་གཞི་སེམས་ཅན། འདོད་ལོག་མ་བྱིན་ལེན་བརྣབ་སེམས་ཀྱི་གཞི་ལོངས་སྤྱོད། ལོག་ལྟའི་གཞི་མིང་གཟུགས། །རྫུན་སོགས་བཞིའི་གཞི་མིང་ཡིན་ནོ། །དགག་བྱ་ཅི་ཞིག་དགག་པ་ནི་མི་དགེ་བ་རྣམས་ཡིན། དེ་ཡང་སྤྱིར་ངོ་བོ་ནི། ལོག་པའི་ལུས་ངག་ཡིད་གསུམ་དང་མཚུངས་པར་ལྡན་པའི་སེམས་པ་མི་དགེ་བའོ། །ངེས་ཚིག་ནི། ཡིད་དུ་མི་འོང་བའི་འབྲས་བུས་བསྐྱེད་པས་ན་མི་དགེ་ཞེས་བྱའོ། །མཚན་ཉིད་ནི། རང་བཞིན་ནམ་བཅས་པའི་ཁ་ན་མ་ཐོ་བས་བསྡུས་པའོ། །དེ་ལ་སྔ་མ་ནི་རང་གི་མཚན་ཉིད་ཀྱིས་མི་དགེ་བའི་ངོ་བོར་གནས་པ་ཡིན་ལ། ཕྱི་མ་ནི་གཞན་སྟེན་པས་མི་དགེ་བའི་རྒྱུར་གནས་པ་བཅས་ཁྲིམས་མཛད་པ་རྣམས་སོ། །དབྱེ་བ་ལ་སྤྱིར་དབྱེ་བ་དང་། བྱེ་བྲག་སོ་སོར་དབྱེ་བ་གཉིས་ལས། དང་པོ་ནི་བཞི་སྟེ། དོན་དམ་པའི་མི་དགེ་བ་འཁོར་བ། ངོ་བོ་ཉིད་ཀྱི་མི་དགེ་བ་རྩ་བ་གསུམ་འདོད་ཆགས་ཞེ་སྡང་གཏི་མུག་དང་། ངོ་ཚ་མེད་པ་དང་ཁྲེལ་མེད་པ་བཅས་ལྔའོ། །མཚུངས་ལྡན་གྱི་མི་དགེ་བ་དེ་དག་དང་མཚུངས་པར་ལྡན་པའི་སེམས་སེམས་བྱུང་རྣམས་སོ། །ཀུན་ནས་བསླང་བའི་མི་དགེ་བ་དེ་དག་གིས་ཀུན་ནས་བསླང་བའི་ལུས་ངག་ཡིད་ཀྱི་བྱ་བ་རྣམས་ཡིན་ནོ། །གཉིས་པ་ལ་ལྔ་སྟེ། རྒྱུ་ཀུན་སློང་གིས་དབྱེ་བ། སོ་སོའི་ངོ་བོས་དབྱེ་བ། རང་གི་འབྲས་བུས་དབྱེ་བ། དབྱེ་བའི་གྲངས་ངེས། གོ་རིམ་ངེས་པའོ། །དང་པོ་ནི། རྒྱུའི་ཀུན་སློང་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ཀ་མི་དགེ་རེ་རེ་ལ་ཡང་སྔོན་དུ་འགྲོ་བ་ཡིན་ལ། དེ་ཡང་སྲོག་གཅོག་ལྟ་བུ་ཆགས་པས་བསླང་བ་ཤ་སོགས་ཀྱི་ཕྱིར་གསོད་པ། ཞེ་སྡང་གིས་བསླང་བ་གནོད་པ་བྱེད་པ་གསོད་པ། གཏི་མུག་གིས་བསླང་བ་མ་དག་པའི་སྦྱིན་པ་ཡིན་པའི་ཕྱིར་སྡིག་པ་ཡིན་ཀྱང་དགེ་བ་ཡིན་སྙམ་ནས་མཆོད་སྦྱིན་གྱི་ཕྱིར་གསོད་པ་ལྟ་བུ་སྟེ་ཐམས་ཅད་ལ་སྦྱར་དགོས་སོ། །དུས་ཀྱི་ཀུན་སློང་ནི། གསོད་དང་གནོད་སེམས་ཚིག་རྩུབ་གསུམ་ཞེ་སྡང་གིས་མཐར་ཕྱིན་པར་བྱེད། བརྣབ་སེམས་འདོད་ལོག་མ་བྱིན་ལེན་གསུམ་འདོད་ཆགས་ཀྱིས་རྫོགས་པར་བྱེད། ལོག་ལྟ་གཏི་མུག་གིས་མཐར་བྱེད། རྫུན་ཕྲ་མ་ངག་ཀྱལ་གསུམ་དུ་གསུམ་ཀས་རྫོགས་པའོ། །དུག་གསུམ་དེ་གང་ཡིན་ན། ཡུལ་ཡིད་དུ་འོང་བ་ལ་ཆགས་པ་འདོད་ཆགས། མི་འོང་བ་ལ་སྡང་བ་ཞེ་སྡང་། གཏི་མུག་ལ་གཉིས་ཡོད་དེ་ཤེས་བྱའི་གནས་ཚུལ་ཇི་ལྟ་བ་བཞིན་མ་རྟོགས་པས་དེ་མ་ཡིན་པ་ལ་ཡིན་པར་སྒྲོ་འདོགས་པ་དང་། ཡིན་པ་ལ་མིན་པར་སྐུར་འདེབས་ཀྱི་སྣང་བ་དང་རྟོག་པ་ནི་འཁོར་བའི་རྩ་བ་མ་རིག་པ་ཡིན་པས་དེས་བསྐྱེད་པའི་ཕྱིར་འཁོར་བ་དོན་དམ་པའི་མི་དགེ་བར་འགྱུར་བ་ཡིན་ནོ། །དུག་གསུམ་གྱི་སྐབས་ཀྱི་གཏི་མུག་ནི་དེ་མ་ཡིན་ཏེ་འདིའི་གཏི་མུག་ནི་ལས་ཐམས་ཅད་ངན་སོང་གསུམ་སོགས་ཀྱི་སྡུག་བསྔལ་སྐྱེད་བྱེད་ཀྱི་མི་དགེ་བར་སྒྱུར་བྱེད་ཡིན་པས་ན། དགེ་སྡིག་གི་གནས་ཚུལ་ཇི་བཞིན་མ་རྟོགས་པ་ཉིད་ཀྱིས། མི་དགེ་བ་ཞིག་དགེ་བར་ཞེན་པའམ། དགེ་བ་ཞིག་མི་དགེ་བ་ཡིན་སྙམ་པའམ། དགེ་བ་ཡིན་པ་ཞིག་དེ་མིན་སྙམ་པའམ། མི་དགེ་ཡིན་པ་མི་དགེ་མིན་སྙམ་གྱི་བློ་སྐྱེ་བ་ཐམས་ཅད་དང་བདེ་སྡུག་གི་རྒྱུ་ནོར་ནས་བཟུང་བ་ཀུན་ཡིན་ལ། ལུང་མ་བསྟན་རྣམས་དགེ་སྡིག་གང་རུང་དུ་ཞེན་པ་ནི་མ་རིག་པར་གཏོགས་སོ། །ཚུལ་འདི་དག་ནི་ངེས་པར་ཤེས་དགོས་པ་གལ་པོ་ཆེ་ཡིན་པས་ལེགས་པར་ཁོང་དུ་ཆུད་དགོས་པ་ལགས་སོ། །གཉིས་པ་ལ་སྲོག་གཅོད་པ་ནི། གཞི་གསད་བྱ་མ་ནོར་བ་རང་ལས་གཞན་སེམས་ཅན་ཡིན་པ། བསམ་པ་གསོད་སེམས་སྐྱེས་པ། སྦྱོར་བ་དུག་སྟེར་བའམ་མཚོན་འདེབས་སམ་སྲོག་ལ་འཇིགས་པ་ཡོད་པར་གཏོང་བ་སོགས་ཀྱིས་འཆི་བར་བྱེད་པ་རང་གིས་བྱེད་བའམ་གཞན་ལ་བྱེད་དུ་འཇུག་གམ། བྱས་པ་ལ་རྗེས་སུ་ཡི་རང་བའང་། དོན་དེ་སྒྲུབ་པའི་ཕྱིར་གྲོགས་དང་གཅིག་ཏུ་མཐུན་པར་ཞུགས་པ་སྟེ་བྱེད་ཚུལ་བཞི་པོ་གང་ཡང་རུང་བ་བསྟན་པ་ཡིན་ཅིང་། གསད་བྱའི་སྔོན་ནམ་མཉམ་དུ་ཤི་བ་ལ་སྲོག་གཅོད་པའི་སྡིག་པ་མེད་པར་གསུངས་པ་ནི། སྲོག་གི་དབང་པོའི་སྐད་ཅིག་མ་འགགས་པ་ལ་སྔ་མ་དང་དུས་མཉམ་རྩི་བ་ཡིན་གྱིས་རྒྱུན་ལ་ནི་མ་ཡིན་པར་མཛོད་འགྲེལ་ལས་གསལ་ལོ། །འདིའི་ཕྱོགས་སུ་གཏོགས་པ་མཚམས་མེད་ལྔ་དང་དེ་དང་ཉེ་བ་ལྔ་ལས་ནི། མཚམས་མེད་དངོས་ཕ་གསོད་པ་དེ་དང་ཉེ་བ་བྱང་སེམས་གསོད་པ། དེ་བཞིན་དུ་མ་གསོད་པ་དང་ཉེ་བ་མ་ཡང་ཡིན་དགྲ་བཅོམ་ཡང་ཡིན་པ་ལ་མི་ཚངས་སྤྱོད་པ། དགྲ་བཅོམ་པ་གསོད་པ་དང་ཉེ་བ་འཕགས་པ་སློབ་པ་གསོད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་པ་དང་ཉེ་བ་མཆོད་རྟེན་བཤིགས་པའོ། །དགེ་འདུན་འཁོར་ལོའི་དབྱེན་ནི་རྫུན་དུ་གཏོགས་ཤིང་། དེ་དང་ཉེ་བ་དགེ་འདུན་གྱི་འདུ་བའི་སྒོ་ཕྲོག་པ་ནི་མ་བྱིན་ལེན་པར་གཏོགས་པ་ཤེས་དགོས་སོ། །མ་བྱིན་ལེན་ནི་གཞི་བླང་བྱ་མ་ནོར་བར་གཞན་གྱི་ནོར་རྫས་ཡིན་ལ། བསམ་པ་ལེན་སེམས་སྐྱེས་པ། སྦྱོར་བ་མཐུ་ཡོད་པས་འཕྲོགས་པ་དང་མེད་ན་འཇབ་བུས་རྐུ་བས་ཐོབ་པར་བྱེད་པ། དེ་ཡང་རང་གིས་བྱེད་པའམ་སོགས་བྱེད་ཚུལ་བཞི་བསྟན་པ་ཡིན་ཅིང་འདིའི་ཕྱོགས་སུ་གཏོགས་པ། ལོག་འཚོ་ལྔ་སྟེ་རྙེད་པ་དང་བཀུར་སྟི་འོང་བའི་ཆེད་དུ་སྤྱོད་ལམ་ཤིན་ཏུ་མཛེས་པས་དབང་པོ་སྡོམ་པ་ཚུལ་འཆོས་ཡིན། རྙེད་བཀུར་གྱི་ཕྱིར་ཆོས་གཏམ་སྨྲ་བ་སོགས་ཚིག་འཇམ་པ་བཤད་པ་ཁ་གསག་ཡིན། རང་ལ་དགོས་རྒྱུའི་རྫས་དེ་ལ་བསྟོད་པ་གཞོག་སློང་ཡིན། སྔར་རང་ལ་བྱིན་པ་ལ་བསྔགས་པ་བྱེད་པ་རྙེད་པས་རྙེད་འཚོལ་ཡིན། རང་ལ་མི་སྦྱིན་པ་ལ་སྨོད་དམ་རྫས་ངན་པ་དང་ཆུང་བ་སོགས་ལ་སྨོད་པ་ཐོབ་མཇལ་ཡིན་ནོ། །འདོད་པས་ལོག་པར་གཡེམ་པ་ནི། གཞི་ཆགས་པ་སྤྱད་བྱ་མ་ནོར་བ་རང་གི་ཕོ་མོའི་དབང་པོ་ལས་གཞན་པ་རང་གཞན་གྱི་ཁ་ལག་སོགས་སམ། གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་དམ་རང་གི་ཡིན་ཀྱང་དེའི་ཡན་ལག་གོ །དེ་ཡང་བཞི་སྟེ་བསྒྲོད་བྱ་མིན་པ་མ་སོགས། ཡུལ་མིན་པ་གཙུག་ལག་ཁང་སོགས་དཀོན་མཆོག་གི་རྟེན་ཡོད་པ། དུས་མིན་པ་ནད་པ་དང་སྦྲུམ་མ་སོགས། ཡན་ལག་མ་ཡིན་པ་ཁ་ལག་གཤང་ལམ་སོགས་ཏེ། བསམ་པ་ཆགས་སེམས་སྐྱེ་བ། སྦྱོར་བ་ཁུ་བ་ཕྱུང་བ་སྟེ་འདིའང་བྱེད་ཚུལ་བཞི་ལྡན་ནོ། །རྫུན་གྱི་གཞི་ནི། སྨྲ་བའི་ཡུལ་མ་ནོར་ཞིང་དོན་གོ་བའི་སེམས་ཅན། བསམ་པ་བསླུ་སེམས་སྐྱེས་པ། སྦྱོར་བ་ཆོས་འཇིག་རྟེན་གང་ཡིན་ཀྱང་མ་མཐོང་བ་མཐོང་ངོ་། །མ་ཐོས་པ་ཐོས་སོ། །མ་ཤེས་པ་ཤེས་སོ། །མ་རྟོགས་པ་རྟོགས་སོ་ཞེས་ཐ་སྙད་བཞི་སྨྲ་བ་གོ་བའོ། །མ་གོ་བ་ནི་ངག་འཁྱལ་དུ་འགྱུར་བ་སྟེ་བྱེད་ཚུལ་བཞི་ལྡན་གྱིས་སོ། །ཕྲ་མ་ནི། གཞི་སྨྲ་བར་བྱ་བའི་ཡུལ་མ་ནོར་བ་དེ་དོན་གོ་བའི་སེམས་ཅན་གཞན་ཡིན་པ་ལ། བསམ་པ་མི་མཐུན་པར་སོ་སོར་དབྱེ་འདོད་པ་ཉོན་མོངས་འབར་བ་ལས་བྱུང་བ་ཡིན་པ། སྦྱོར་བ་འབྱེད་ཚིག་གོ་བར་སྨྲས་པ་སྟེ་ཕ་རོལ་གྱིས་གོ་ནས་བཟུང་མ་ཕྱེ་ནའང་ཉེས་པ་འབྱུང་ངོ་། །འདིའང་བྱེད་ཚུལ་བཞི་ལྡན་གྱིས་ཐོབ་བོ། །ཚིག་རྩུབ་ནི། གཞི་སྨྲ་ཡུལ་མ་ནོར་བ་དེ་སེམས་ཅན་གཞན་ཡིན་པ། བསམ་པ་ཉོན་མོངས་པས་སྨྲ་འདོད་སྐྱེས་པ། སྦྱོར་བ་སྐྱོན་མཚང་བརྗོད་པ་མི་སྙན་པའི་ཚིག་སྨྲ་བ་སྟེ་བྱེད་ཚུལ་བཞིས་ཉེས་པ་ཐོབ་པའོ། །ངག་འཁྱལ་ནི། གཞི་སེམས་ཅན་གྱིས་ཐོས་སམ་མི་ཐོས་པའི་ཡུལ་ན། བསམ་པ་ཉོན་མོངས་ཅན་ཁོ་ནའི་སེམས་ཀྱིས། སྦྱོར་བ་མི་ཡི་རྒྱལ་པོ་དང་བློན་པོ་ལ་སོགས་པ་འཇིག་རྟེན་འཁོར་བའི་ལུགས་ལ་བསྟོད་པ་ཁ་གསག་བརྗོད་པ། གླུ་ལེན་པ་མྱ་ངན་གྱིས་སྨྲེ་སྔགས་འདོན་པ། སྐད་སྣ་ཚོགས་ཀྱི་ལད་མོ་བྱེད་པའི་ཟློས་གར། མུ་སྟེགས་དངོས་སམ་དེ་དང་ཕྱོགས་མཐུན་སྡིག་པའི་བཤེས་གཉེན་རྣམས་ཀྱིས་བརྩམས་པའི་ཡུལ་ལྷའམ་བཙན་སོགས་འབྱུང་པོ་རྣམས་ཀྱི་སྒྲུབ་ཐབས་བསང་མཆོད། འཇིག་རྟེན་ཆོས་བརྒྱད་བསྒྲུབ་རབས་ཀྱི་རྣམ་ཐར། མདོ་རྒྱུད་གཉིས་དང་མི་མཐུན་པའི་ཆོ་ག་སྣ་ཚོགས། ཕྱི་རོལ་པའི་ངན་པ་དྲུག་པོ་དང་ལྡན་པའི་ཆོས་ལུགས་བཤད་པ་དང་བརྩམས་པ་རྣམས་བསྟན་བཅོས་ངན་པ་སྟེ། དེ་དག་གི་ལུང་གཞན་ལ་འཆད་པ་དང་། རང་གིས་རྟག་ཏུ་ཁ་ཏོན་བྱེད་པ་དང་། སྐབས་རེ་ཀློག་པ་དང་། འདོན་པ་ཐམས་ཅད་ངག་ཀྱལ་བ་ཡིན་ཅིང་དེ་ཡང་བྱེད་ཚུལ་བཞི་ལས་འབྱུང་ངོ་། །བརྣབ་སེམས་ནི། གཞི་གཞན་གྱི་ལོངས་སྤྱོད་ནོར་རྫས་ལ། བསམ་པ་ཆགས་སེམས་སྐྱེས་པ། སྦྱོར་བ་ལོག་པའི་བྱ་བ་མཐུ་དང་འཇབ་བུས་རང་ལ་ཐོབ་པར་འདོད་པ་གཡང་འབོད་དང་། གཞན་གྱི་ཤེས་རབ་རྐུ་ཐབས་སོགས་ཀྱི་བསམ་པ་སྐྱེ་བ་སྟེ་བྱ་ཚུལ་བཞི་ཡང་ཡོད་དོ། །གནོད་སེམས་ནི། གཞི་ཡིད་དུ་མི་འོང་བའི་ཡུལ་སེམས་ཅན་སོགས་ལ། བསམ་པ་སྡང་སེམས། སྦྱོར་བ་བདེ་བ་དང་བྲལ། སྡུག་བསྔལ་ཞིག་འབྱུང་བར་འདོད་པ་སྟེ། མཐུ་དང་ངན་སྔགས་བྱེད་མཁན་རྣམས་ལའང་ལྷག་པར་ཡོད་ཅིང་བྱེད་ཚུལ་བཞི་ཡིས་ཐོབ་བྱའོ། །ལོག་ལྟ་ནི། གཞི་ལྟ་ཡུལ་མ་ནོར་བ་དགེ་སྡིག་རྒྱུ་འབྲས་འཕགས་པ་རྣམས་ལ། བསམ་པ་གཡོ་བའི་བསམ་པ་ཅན་སྲེད་པ་སྤྱད་པ་རྣམས་མ་ཡིན་པར་སྡིག་སེམས་བརྟན་པ་རྟག་ཆད་ཀྱི་ལྟ་བ་སྤྱད་པས་མེད་སེམས་སྐྱེ་བ། སྦྱོར་བ་ལས་དགེ་སྡིག་མེད་དོ། །ཆོས་རྒྱུ་འབྲས་མེད་དོ། །དཀོན་མཆོག་གསུམ་མེད་དོ་སྙམ་པའི་སྐུར་འདེབས་ཀྱི་རྣམ་པ་ཅན་ཏེ་མུ་སྟེགས་བྱེད་དང་རང་སྡེ་ཐོས་བསམ་ལེགས་པར་མི་བྱེད་པའི་བླུན་པོ་སྟོང་ཉིད་ཀྱི་གོ་བ་རྙེད་པ་ཕལ་མོ་ཆེ་ལ་ཡོད་དེ་འདིས་ནི་དགེ་རྩ་ཐམས་ཅད་རྩད་ནས་གཅོད་ཅིང་འབྲས་བུའང་མནར་མེད་ཁོ་ན་ལ་སྨིན་པར་གསུངས་པས་ཤིན་ཏུ་མ་རུང་བ་སྟེ་བྱེད་ཚུལ་བཞི་ལས་ཀྱང་འབྱུང་བའོ། །ལས་བྱེད་ཚུལ་བཞི་ནི། རང་གི་དེ་དག་བྱེད་པ་དང་། གཞན་ལ་ལས་བྱེད་བཅུག་པ་དཔེར་ན་སྲོག་གཅོད་ལྟ་བུའང་ནོར་རྫས་བྱིན་ནས་གསད་པར་བྱ་རྒྱུ་གསོད་འཇུག་པའམ་དབང་ཆེ་བས་དེ་སོད་ཅིག་ཅེས་ཚིག་བརྗོད་པའམ་སྡིག་པའི་བཤེས་གཉེན་མ་རུང་བས་བསྟན་འགྲོའི་དོན་དུ་གསོད་པ་དགེ་བ་ཡིན་ཟེར་བའི་ལོག་པའི་ཆོས་བཤད་པའམ་བརྡའ་བསྟན་ནས་གཞན་སྲོག་གཅོད་ལ་སྦྱོར་བ་དེ་དག་ལ་གཞན་གྱི་སྡིག་པ་དེ་འདྲ་བ་ཁྱད་མེད་ཐོབ་པའོ། །བྱས་པ་ལ་རྗེས་སུ་ཡི་རང་བ་གཞན་གྱིས་སྡིག་པ་བྱེད་པ་ལ་དགའ་བའམ། སྡིག་ཅན་གྱི་གང་ཟག་ལ་མི་དཔའ་བོ་ཟེར་བ་ལྟ་བུས་ཆོམ་རྐུན་པ་དང་སྡིག་རྒྱལ་སོགས་ལ་བསྟོད་ཅིང་དེ་ལ་སེམས་དགའ་བ་སྐད་ཅིག་ཙམ་སྐྱེ་ཡང་དེའི་སྡིག་པ་དེ་དང་འདྲ་བ་ཐོབ་པ་ཡིན་ནོ། །དོན་གཅིག་ཏུ་ཞུགས་པ་ནི། མཛོད་ལས། དམག་ལ་སོགས་པ་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། །ཅེས་གསུངས་པ་སྟེ། མི་གཅིག་གསོད་པའི་ཕྱིར་མི་བརྒྱ་སོང་ནས་དེའི་ནང་གི་དམག་མི་གཅིག་གིས་མི་དེ་བསད་ན་གཞན་གོ་དགུ་པོ་རྣམས་རེ་རེ་ལའང་དོན་གཅིག་ཏུ་ཞུགས་པའི་དབང་གིས་མི་རེ་རེ་བསད་པའི་སྡིག་པ་ཐོབ། དེ་ཡང་དམག་མི་དེ་རྣམས་ལ་གསོད་འདོད་པའི་སེམས་ཡོད་པས་ཐོབ་པ་ཡིན་ནམ་སྙམ་ན། གསོད་སེམས་ཡོད་མི་དགོས་ཏེ་ཁོ་རང་འགྲོ་འདོད་མེད་ཀྱང་གཞན་གྱི་དབང་མེད་དུ་ཁྲིད་སོང་ན་མི་འགྲོ་ཐབས་མེད་ཀྱང་སྲོག་ལ་ཐུག་ནའང་སེམས་ཅན་མི་གསོད་དོ་སྙམ་པའི་དམ་བཅའ་དྲག་པོ་བྱས་ནས་སོང་ན་སྡིག་པ་མི་ཐོབ་མོད། དེ་འདྲའི་དམ་བཅའ་མ་བྱས་པར་རང་དབང་མེད་པར་འགྲོ་དགོས་བྱུང་ཡང་དོན་གཅིག་ཏུ་ཞུགས་པའི་སྡིག་པ་ཐོབ་པར་གསུངས་ཏེ། མཛོད་འགྲེལ་ལས། གང་ཞིག་ནན་གྱིས་ཁྲིད་བ་དེ་ཇི་ལྟ་བུ་ཞེ་ན། དེ་ལའང་བྱེད་པ་པོ་གཞི་ལྡན་པར་འགྱུར་ཏེ་གལ་ཏེ་འདི་སྙམ་དུ་སྲོག་གི་ཕྱིར་ཡང་སྲོག་ཆགས་མི་གསོད་དོ་སྙམ་དུ་ངེས་པར་བྱས་ཏེ་འགྲོ་བ་ནི་མ་གཏོགས་སོ། །ཞེས་གསུངས་པའོ། །དམག་མི་དེ་རྣམས་ལ་སྡིག་པ་ཐོབ་བ་ན་མང་ཉུང་ཡོད་དམ་སྙམ་ན། ཡོད་དེ་གསོད་མཁན་དེ་བྱེད་པ་པོ་ཡིན་པས་རང་གིས་བྱས་པའི་སྡིག་པ་ཐོབ། གོ་དགུའི་ནང་ནས་དེ་ལ་དགའ་སྤྲོ་སྐྱེ་བ་རྣམས་ལ་དོན་གཅིག་ཏུ་ཞུགས་པ་དང་། ཡི་རང་བ་བྱས་པའི་སྡིག་པ་གཉིས་རེ་ཐོབ། དམག་དཔོན་བྱེད་པ་ལ་སོད་ཅིག་ཅེས་གཞན་ལ་བྱེད་བཅུག་པ་དང་། བསད་པ་ལ་དགའ་བས་ཡི་རང་བ་དང་། དོན་གཅིག་ཏུ་ཞུགས་པའི་སྡིག་པ་སྟེ་གསུམ་ཐོབ། ཐོབ་པ་དེ་དག་དེ་མ་ཐག་འདུལ་བ་ལུང་སོགས་ལས། ལས་གཅིག་ལ་སྡུག་བསྔལ་ལྔ་བརྒྱ་འབྱིན་པའི་ནུས་ལྡན་དུ་འགྱུར་བར་གསུངས་ཤིང་། ཐེག་ཆེན་གྱི་ལུང་ལས་སྟོང་ཕྲག་ཏུ་འགྱུར་བར་གསུངས་པ་དག་ལས་རང་གིས་མཚན་ཉིད་ལ་གནས་པ་ཡིན་ནོ། །དེ་བཞིན་དུ་རྐུ་བའི་ཕྱིར་མི་བརྒྱ་སོང་ནས། མི་གཅིག་གིས་གཞན་གྱི་ནོར་ཞིག་བརྐུས་པ་གྲོགས་རྣམས་ལ་གསང་ཞིང་སྦས་ནའང་གོ་དགུ་པོ་ལ་དེ་འདྲ་བརྐུས་པའི་སྡིག་པ་རེ་དོན་གཅིག་ཏུ་ཞུགས་པའི་དབང་གིས་འཐོབ། གཞན་ལ་མ་སྦས་པར་བསྟན་ཚེ་དགའ་སྤྲོ་བྱེད་པ་ལ་གཉིས་རེ་དང་། རྐུན་དཔོན་ལ་གསུམ་རེ་ཐོབ་པའི་ཚུལ་སྔ་མ་ཇི་ལྟ་བ་བཞིན་ཡིན་ལ། མི་དགེ་གཞན་རྣམས་ལ་ཡང་དེ་བཞིན་སྦྱར་ཤེས་པར་བྱའོ། །དེ་ཡང་སྲོག་གཅོད་སོགས་གསུམ་ལུས་ཀྱི་ལས། རྫུན་སོགས་བཞི་ངག་གི་ལས། བརྣབ་སེམས་སོགས་གསུམ་ཡིད་ཀྱི་ལས་ཡིན་ཀྱང་། ལས་སྒྲུབ་ཚུལ་གྱི་ཁྱད་པར་ལ་ལྟོས་ན། ལུས་ཀྱིས་ཀྱང་ཚུལ་འཆོས་བྱས་ནས་རྫུན་བྱེད་པ་དང་། ངག་གིས་ནི། གཞན་ལ་སྐུལ་བའམ་སྲོག་ལ་འཇིགས་པའི་སར་ལམ་སྟོན་པས་སྲོག་གཅོད་བྱེད་པ་སོགས་ཐམས་ཅད་བྱེད་རུང་ལ། ཡིད་ཀྱིས་དྲང་སྲོང་ཁྲོས་པས་འཆི་བར་བྱེད་པ་སོགས་ལུས་ངག་ལས་ཀྱང་ཕལ་ཆེར་བྱེད་པར་མངོན་པ་ལས་གསུངས་སོ། །ལས་དེ་དག་ཁམས་གང་ན་ཡོད་མེད་ནི། ཁམས་གོང་ན་སྡིག་ཏོས་དབེན་པའི་ཕྱིར་མི་དགེ་མངོན་གྱུར་མེད་ལ་ས་བོན་ཅིའི་ཕྱིར་མེད། འདོད་པ་ཁོ་ནར་མངོན་གྱུར་ཡོད་དོ། །འདོད་པར་ཡོད་ཚུལ་ཡང་དམྱལ་བ་ན་བསད་ཀྱང་མི་འཆི་བའི་ཕྱིར་སྲོག་གཅོད་མེད། ཡིད་འོང་གི་ལོངས་སྤྱོད་མེད་ཕྱིར་ལེན་ལོག་བརྣབ་གསུམ་མེད། དགོས་པ་མེད་པས་རྫུན་མེད། ཕྱེ་ཟིན་པའི་ཕྱིར་ཕྲ་མ་མེད། ལས་འབྲས་མངོན་དུ་གྱུར་ཕྱིར་ལོག་ལྟ་མངོན་གྱུར་མེད་ལ། ཚིག་རྩུབ། ཀྱལ་བ། གནོད་སེམས་རྣམས་མངོན་གྱུར་རྟག་པར་ཡོད་དོ། །བརྣབ་སེམས་ལོག་ལྟ་གཉིས་འཆིང་བྱེད་ཀྱི་ཚུལ་དུ་ལྡན་ནོ། །ངན་སོང་གཞན་ན་ཐམས་ཅད་ཡོད། མིའི་ནང་ནས་སྒྲ་མི་སྙན་ན་ཚེ་ངེས་པས་སྲོག་གཅོད་མེད། བདག་ཏུ་བཟུང་བ་མེད་པས་བརྣབ་སེམས་མ་བྱིན་ལེན་མེད། བུད་མེད་ཀྱང་ཤིང་གི་དྲུང་དུ་ཁྲིད་ཚེ་རང་ལ་དབང་ན་ཤིང་གི་ཡལ་གས་སྒྲིབ། མི་དབང་ན་མི་སྒྲིབ་པས་སྤྱད་པ་ལས་བདག་ཏུ་བཟུང་བ་མེད་པས་ལོག་གཡེམ་མེད། རྒྱུད་ཤིན་ཏུ་བཟང་བས་རྫུན་སོགས་གསུམ་དང་གནོད་སེམས་མེད། སྡིག་སེམས་ཅན་མིན་པས་ལོག་ལྟ་མེད། གླུ་ལེན་པ་སོགས་ངག་ཀྱལ་དངོས་སུ་ཡོད་ལ་མི་གཞན་དང་མཐོ་རིས་ན་ཐམས་ཅད་ཡོད་དོ། །ལས་ལ་འབྲས་བུ་ཡོད་པ་དང་མེད་པའི་ཁྱད་པར་ནི། ལས་བྱས་ཀྱང་འབྲས་བུ་འབྱིན་མི་ནུས་པ་ཐམས་ཅད་ལ། བྱས་ཤིང་མ་བསགས་པའི་ལས་ཟེར། ནུས་པ་ཐམས་ཅད་ལ་བྱས་ཤིང་བསགས་པའི་སྡིག་པ་ཡང་ཟེར། ལས་ཀྱི་འབྲས་བུ་འབྱིན་ཚུལ་གྱི་ཁྱད་པར་ནི། འབྲས་བུ་འབྱིན་པའི་དུས་ངེས་པ་ངེས་པའི་ལས་དང་། དུས་མ་ངེས་བ་མ་ངེས་པའི་ལས་གཉིས་ཡོད་པ་ལས། དང་པོ་ལ་གསུམ་ཡོད་པ་ཡང་། ཚེ་འདིར་སྨིན་པ་མཐོང་ཆོས་མྱོང་འགྱུར་ནི་མཛོད་ལས། མཐོང་ཆོས་འབྲས་བུ་ཅན་གྱི་ལས། །ཞིང་དང་བསམ་པའི་ཁྱད་པར་ལས། །ཞེས་གསུངས་པ་ལྟར། ཞིང་གི་ཁྱད་པར་ནི་གང་ཟག་དང་། དགེ་འདུན་གཉིས་སུ་ཡོད་པ་ལས། དང་པོ་ནི་ལྔ་སྟེ། འགོག་པའི་ཏིང་འཛིན་ལ་གནས་པ་ལངས་མ་ཐག་པའམ། བྱམས་པའི་ཏིང་འཛིན་ལ་གནས་པ། ཉོན་མོངས་མེད་པའི་ཏིང་འཛིན་ལ་གནས་པ། མཐོང་ལམ་ལ་གནས་པ། དགྲ་བཅོམ་འབྲས་བུ་ཐོབ་པ་ལ་གནས་པ་དེ་དག་ལངས་མ་ཐག་པའོ། །འདི་དག་ལ་གནོད་པ་བྱས་པའི་སྡིག་པ་ཡང་ཚེ་འདིར་སྨིན་པ་ཡིན་ནོ། །གཉིས་པ་ནི། སངས་རྒྱས་དགེ་སློང་གི་དགེ་འདུན་གྱིས་བསྐོར་བ་སངས་རྒྱས་འཁོར་བཅས་ལ་བརྟེན་པའོ། །བསམ་པའི་ཁྱད་པར་ནི་སེམས་སྟོབས་དྲག་པོས་སྤྱད་པའི་སྡིག་པ་རྣམས་ཀྱང་མཐོང་ཆོས་ལ་སྨིན་ནོ། །སྐྱེ་བ་དེ་ཡི་འོག་ཏུ་དེ་མ་ཐག་མྱོང་བ་སྐྱེ་ནས་མྱོང་འགྱུར་གྱི་ནི་མཚམས་མེད་ལྔ་དང་། སྡིག་པ་གཞན་དུས་ཀྱི་ཁྱད་པར་གྱི་རྒྱུན་དུ་བྱས་པ། བློའི་ཁྱད་པར་གོམས་པར་བྱས་པ། གྲངས་ཀྱི་ཁྱད་པར་ཡང་ཡང་མང་དུ་བྱས་པ་རྣམས་ཡིན་ནོ། །སྐྱེ་བ་གཉིས་ཕན་ཆད་དུ་རང་སྟོབས་ཀྱིས་སྨིན་ངེས་པ་ནི། ལན་གྲངས་གཞན་ལ་མྱོང་འགྱུར་ཡིན་ནོ། །རང་སྟོབས་ཀྱིས་སྨིན་མི་ནུས་ཀྱང་རྐྱེན་དང་འཕྲད་ན་སྨིན་པ་དེ་མ་ངེས་པའི་ལས་ཡིན་ལགས། ལས་མང་པོ་ཡོད་པ་སྨིན་པའི་གོ་རིམ་ནི། ལྕི་ཡང་ལས་ལས་ལྕི་བ་དེ་སྔོན་དུ་སྨིན་ལ་ལྕི་བ་གཉིས་སོགས་འདྲ་བ་ན། འཆི་ཁར་མངོན་དུ་གྱུར་བའི་ཉེ་བའམ། གོམས་ཆེ་བའམ། སྔར་བྱས་པ་གང་ཡིན་སྔོན་དུ་སྨིན་ནོ། །འཕེན་རྫོགས་ཀྱི་ལས་གཉིས་སུ་གནས་ཚུལ་ནི། དཔེར་ན། ཕྱི་མའི་སྐྱེ་བ་འགྲུབ་བྱེད་ལ་འཕེན་བྱེད་ཅེས་བྱ་ཞིང་། སྐྱེ་བ་དེར་བདེ་སྡུག་སྣ་ཚོགས་མྱོང་བྱེད་ཀྱི་ལས་ལ་རྫོགས་བྱེད་ཀྱི་ལས་ཞེས་བྱའོ། །དགེ་སྡིག་གཉིས་སྟོབས་ཆེ་ཆུང་གི་ཁྱད་པར་ནི། རྣམ་བཤད་རིག་པ་ལས། འདུ་བྱེད་རྣམ་པ་མཚུངས་པར་ལྡན། །ས་ཉིད་འབྲས་བུ་རྣམ་གཉིས་ཉིད། །འཆད་དང་ཆུང་ངུས་ཡང་དག་འཇོམས། །སྤོང་དང་ཕྱོགས་ཀྱི་ཁྱད་པར་ཉིད། །ཅེས་པ་དགེ་བ་མ་འབད་པར་ངང་གིས་འབྱུང་བ་དང་། སྡིག་པ་འབད་པས་སྒྲུབ་དགོས་པ་ནི་འདུ་བྱེད་པའི་ཁྱད་པར། དགེ་བ་ཕྱིན་ཅི་མ་ལོག་པའི་རྣམ་པ་དང་། སྡིག་པ་ཕྱིན་ཅི་ལོག་གིས་འཇུག་པ་ནི་རྣམ་པའི་ཁྱད་པར། དགེ་བ་དུག་གསུམ་མེད་པ་དང་ལྷན་ཅིག་གནས་ལ། གཅིག་ཤོས་ཉོན་མོངས་དུག་གསུམ་གང་རུང་རེ་རེ་དང་ལྷན་ཅིག་འབྱུང་བ་མཚུངས་ལྡན་གྱི་ཁྱད་པར། དགེ་བ་ཁམས་གསུམ་ས་དགུ་ན་ཡོད་ཅིང་། གཅིག་ཤོས་འདོད་ཁམས་སུ་ཡོད་པ་ས་ཡི་ཁྱད་པར། དགེ་བ་ལ་འབྲས་བུ་ལྔ་འབྱུང་ཞིང་། གཅིག་ཤོས་ལ་བྲལ་འབྲས་མེད་པས་བཞི་འབྱུང་བ་འབྲས་བུའི་གྲངས་ཀྱི་རྣམ་པ་དང་། དགེ་བས་འཇིག་རྟེན་ནའང་སྲིད་རྩེར་བསྐལ་ཆེན་བརྒྱད་ཁྲི་རྫོགས་དགོས་ཤིང་མི་དགེས་འབྲས་མཐའ་མནར་མེད་ཀྱི་ཚེ་ཚད་བསྐལ་ཆེན་གཅིག་གིས་རྫོགས་པ་མཐར་ཕྱིན་པའི་རྣམ་པ་སྟེ་འབྲས་བུ་རྣམ་གཉིས་ཀྱི་ཁྱད་པར། ལོག་ལྟ་ལྟ་བུས་དགེ་རྩ་རེ་ཞིག་གཅོད་ལ། གཅིག་ཤོས་ལམ་བདེན་མངོན་དུ་གྱུར་ཚེ་གཏན་དུ་གཅོད་པ་འཆད་པའི་ཁྱད་པར། དགེ་བ་ཆུང་ངུས་སྡིག་པ་ཆེན་པོ་འཇོམས་ནུས་ཤིང་། གཅིག་ཤོས་ཆུང་ངུས་དགེ་བ་ཆེན་པོ་འཇོམས་མི་ནུས་པ་འཇོམས་ཚུལ་གྱི་ཁྱད་པར། དགེ་བ་སྤང་བྱ་མ་ཡིན་པ་དང་། སྡིག་པ་སྤང་བྱ་ཡིན་པ་སྤོང་བའི་ཁྱད་པར། དགེ་བའི་ཕྱོགས་སངས་རྒྱས་ཡིན་པས་སངས་རྒྱས་རྐྱེན་གྱིས་སྐྱེད་པ་དང་། སྡིག་པའི་ཕྱོགས་བདུད་ཡིན་པས་བདུད་ཀྱི་རྐྱེན་གྱིས་སྐྱེད་པ་ཕྱོགས་ཀྱི་ཁྱད་པར་ཏེ་ཁྱད་པར་དགུས་ཕྱེ་བ་ཡིན་ནོ། །གསུམ་པ་རང་གི་འབྲས་བུའི་དབྱེ་བ་ནི། མཛོད་ལས། ཐམས་ཅད་རྣམ་སྨིན་རྒྱུ་མཐུན་དང་། །བདག་པོའི་འབྲས་བུ་འབྱིན་པར་འདོད། །ཅེས་གསུངས་པ་ལྟར། ངན་སོང་གི་སྡུག་བསྔལ་མྱོང་བ་མི་དགེ་བའི་རྣམ་སྨིན་གྱི་འབྲས་བུའོ། །རྒྱུ་མཐུན་གྱི་འབྲས་བུ་ནི་ཀུན་བཏུས་ལས། མིའི་ལུས་དང་ཡོངས་སུ་བཟུང་བ་མི་འབྱོར་བ་ཞེས་གསུངས་པ་བཞིན། སྲོག་གཅོད་ཀྱི་མི་རུ་གྱུར་ཀྱང་དབང་པོ་ལྔ་པོའི་ལུས་མ་ཚང་ཞིང་སྐྱོན་ཅན་དུ་གྱུར་བ་དང་། ཡོངས་བཟུང་གི་ལོངས་སྤྱོད་ལས་ལས་ཀྱི་ལོངས་སྤྱོད་དང་སྲོག་གཅོད་ལ་སྤྱོད་པ་ཅན། ཚེའི་ལོངས་སྤྱོད་ཚེ་ཐུང་བ་ནད་མང་བ་ལ་སྤྱོད་པའོ། །མི་འབྱོར་བ་ཞེས་པ་ངན་པའི་དོན་ཏེ་ཡོངས་བཟུང་ལོངས་སྤྱོད་ངན་པའོ། །དེ་བཞིན་དུ་མ་བྱིན་བླངས་པས། ལུས་ངན་པ་ལུས་ཀྱི་བཅུད་སྟོབས་མེད་པ་དང་། ལོངས་སྤྱོད་ངན་པ་ལས། ལས་ཀྱི་ལོངས་སྤྱོད་ངན་པ་རྐུ་བ་ལ་སྤྱོད་པ། ཡོ་བྱད་ཀྱི་ལོངས་སྤྱོད་ངན་པ་ཟས་ནོར་གྱིས་དབུལ་ཞིང་ཕོངས་པ་དང་། ཡོད་ཀྱང་གཞན་གྱིས་འཕྲོག་པར་འགྱུར་བ་སྟེ་དེ་བཞིན་ཐམས་ཅད་ལ་སྦྱར་བར་བྱའོ། །སྦྱོར་ཚུལ་གཞན་ཡང་། ལུས་མི་འབྱོར་བ་ཚེ་ཐུང་བ་ལྟ་བུ་སྲོག་གཅོད་ཁོ་ནའོ་མྱོང་བ་རྒྱུ་མཐུན་དང་། ཡོངས་སུ་བཟུང་བ་མི་འབྱོར་བ་མ་བྱིན་ལེན་པ་སོགས་ཀྱི་ལོངས་སྤྱོད་དབུལ་བ་སོགས་དགུའི་མྱོང་བ་རྒྱུ་མཐུན་ལ་སྦྱོར་བ་མཐོང་ངོ་། །བདག་པོའི་འབྲས་བུ་ནི། ཕྱི་རོལ་ཡུལ་གྱི་དངོས་པོ་མི་འབྱོར་བའམ་ངན་པར་འགྱུར་བ་སྟེ་སྲོག་གཅོད་ཀྱིས་ས་ཕྱོགས་གཟི་མདངས་མེད་པ། མ་བྱིན་ལེན་གྱིས་སེར་བ་དང་ཆར་བ་ཆེ་བས་ལོ་འབྲས་མེ་ཏོག་བཅོམ་ནས་གཟི་བྱིན་མེད་པར་བྱེད་པའི་ཡུལ་ཏེ་ཐམས་ཅད་ལ་མཛོད་འགྲེལ་ལྟར་སྦྱར་ཤེས་པར་བྱའོ། །དེ་ཡང་ངན་སོང་གི་སྣོད་བཅུད་ཡིད་དུ་མི་འོང་བ་ནི་འབྲས་བུ་དང་པོ་ནི་དེ་ཡིན་ལ། མཐོ་རིས་ཀྱི་སྣོད་བཅུད་ཡིད་མི་འོང་གི་ཆ་ནས་འབྲས་བུ་ཕྱི་མ་གཉིས་ཡིན་པ་ཆོས་མངོན་པ་ལས་གསལ་ལོ། །དབྱེ་བའི་གྲངས་ངེས་ནི། ལུས་ངག་ཡིད་གསུམ་གྱིས་མི་དགེ་བ་ལ་འབད་པའི་ལས་ཀྱི་གཙོ་བོ་རྣམས་བསྡུས་ན་བཅུར་ངེས་པ་ཡིན་ཏེ། ལུས་ཀྱིས་སེམས་ཅན་གྱི་སྲོག་དང་ལོངས་སྤྱོད་བྲལ་བ་ལ་རྩོལ་བ་གསུམ་དུ་ངེས། ངག་གིས་དོན་ལ་མི་གནས་པ་བརྗོད་པ། ཀུན་ནས་ཉོན་མོངས་ཕྱོགས་ཀྱི་དོན་ལ་གནས་པ་བརྗོད་པ། སེམས་ཅན་མི་མཐུན་པར་བྱེད་པའི་ཚིག་བརྗོད་པ། ཡིད་འཁྲུགས་པའི་ཚིག་བརྗོད་པ་རྩོལ་བ་བཞི་རུ་ངེས། ཡིད་ཀྱིས་ཡིད་དུ་འོང་བའི་ནོར་ཐོབ་བློ་མི་འོང་བའི་ཕྱོགས་ལ་སྡང་བ། ཡོད་པ་ལ་སྐུར་བའི་སེམས་སྐྱེ་བ་གསུམ་དུ་ངེས་པས་དངོས་པོ་ལ་གནས་པའི་གྲངས་ངེས་ཡིན་ནོ། །གོ་རིམ་ངེས་པ་ནི། རྟེན་སྒོ་གསུམ་ལ་ཕྲ་རགས་ཡོད་པས་དེ་ལ་བརྟེན་པའི་ལས་ཕྲ་རགས་སུ་གནས་པ་རྣམས་ཀྱིས་རགས་པ་སྔར་བརྟགས་ཕྲ་བ་ཕྱིས་སུ་བརྟགས་ནས་བཞག་པ་རྣམ་པར་བརྟགས་པའི་གོ་རིམ་མོ། །ཡང་གཟུགས་ཅན་ཡིན་མིན་འབྱེད་ཕྱིར་གཟུགས་ཅན་བདུན་གྱི་ལྕི་བ་སྔོན་དང་། ཡང་བ་རྗེས་སུ་བཞག །གཟུགས་ཅན་མིན་པ་གསུམ་གྱི་ཡང་བ་སྔོན་དང་། ལྕི་བ་ཕྱིས་སུ་བསྟན་ནོ། །དེ་ལྟར་སྤྱིར་ཤེས་པར་བྱས་ནས་གཞུང་དོན་དུ་གཞན་ལ་འཚེ་བ་བྱེད་པ་ནི། སྲོག་དང་བྲལ་བས་འཚེ་བ་དང་། ནོར་ལེན་པས་འཚེ་བ་དང་། སངས་རྒྱས་ཀྱིས་སྨད་པའི་མུ་སྟེགས་བྱེད་ཀྱི་སྤྱོད་པས་རང་གཞན་གྱིས་སྡོམ་པ་རྩད་ནས་བརླག་པའི་འཁྲིགས་པའམ་གཞན་གྱི་ཆུང་མ་མི་མཛེས་པར་བྱེད་པས་འཚེ་བ་དང་། གཞན་ལུགས་གཉིས་ཀྱིས་ཚིག་གིས་བསླུ་བས་འཚེ་བ་དང་། གཞན་ཚིག་གིས་མི་མཐུན་པར་བྱེད་པས་འཚེ་བ་དང་། གཞན་ལ་མི་སྙན་སྨྲ་བས་འཚེ་བ་དང་། འཁོར་བའི་གཏམ་སྣ་ཚོགས་དང་། ཆོས་ལྟར་བཅོས་པའི་གཏམ་སྨྲ་བས་གཞན་ལ་དུག་གསུམ་གྱི་ཉེས་པ་བསྐྱེད་པའི་འཚེ་བ་སྟེ་ལུས་ངག་གི་མི་དགེ་བདུན་དང་། ཡིད་ཀྱི་གཞན་ལ་ཡོད་པའི་འབྱོར་བ་རང་ལ་ཐོབ་འདོད་ཀྱི་བརྣབ་སེམས་ཡང་འཚེ་བའི་བསམ་པ་ཡིན་པས་བརྒྱད་པོ་དེ་དགག་བྱའོ། །དེ་དག་ཇི་ལྟར་དགག་པ་ནི། ཅི་ནས་ཀྱང་མི་དགེ་དེ་རྣམས་ནི་སྤང་བར་བྱའོ། །སྙམ་དུ་དམ་བཅའ་བྱ་ཞིང་སྤོང་སེམས་ལ་གནས་པ་ནི་སྡིག་པ་འགོག་བྱེད་གཉེན་པོ་སྡོམ་པ་ཡིན་ཏེ། སྤྱོད་འཇུག་ལས། སྤོང་བའི་སེམས་ནི་ཐོབ་པ་ལ། །ཚུལ་ཁྲིམས་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་སོ། །དེ་བཞིན་དུ་ཡིད་ཀྱི་མི་དགེ་བ་གཞན་ལས་ནི། དམ་ཆོས་ལ་སྐྱབས་སུ་སོང་བའི་བསླབ་བྱའི་འགལ་ཟླ་གནོད་སེམས་ཡིན་ཏེ། མདོ་ལས། དམ་པའི་ཆོས་ལ་སྐྱབས་སོང་ན། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །ཞེས་གསུངས་པའི་འཚེ་བ་བྲལ་བ་ནི་བཤད་མ་ཐག་པ་དེ་ཡིན་ལ། ཡིད་ཀྱི་མི་དགེ་བ་གསུམ་ལས་གནོད་སེམས་དམིགས་ཀྱིས་བསལ་བ་ནི་དགག་བྱ་ཡིན་ནོ། །དེ་ཇི་ལྟར་དགག་ན་ཕན་ཚུན་སྤངས་ཏེ་གནས་པའི་མཚན་ཉིད་ཅན་གྱིས་ལྷན་ཅིག་ཏུ་མི་གནས་པའི་འགལ་བ་ནི་གནོད་སེམས་ཀྱི་གཉེན་པོ་བརྩེ་བའི་སྙིང་རྗེ་ཡིན་ཅིང་། ཚད་མེད་བཞི་པོ་ལ་སྤྱིར་བརྩེ་བ་ཞེས་བྱང་ས་ལས་གསུངས་ཤིང་། དོན་ལ་གཞན་སྡུག་བསྔལ་བར་འདོད་པ་དང་བདེ་བ་བྲལ་བར་འདོད་པ་གནོད་སེམས་དེ་སྤང་ནས་སྡུག་བསྔལ་བྲལ་འདོད་བདེ་བ་ལྡན་འདོད་ཀྱི་བརྩེ་བ་རྟག་ཏུ་སེམས་རྒྱུད་ལ་འཆར་བ་བྱ་དགོས་སོ། །ལོག་ལྟ་ནི་སོ་སོའི་བསླབ་བྱར་མི་འདུ་སྟེ། སྐྱབས་སྡོམ་ཐམས་ཅད་གཏོང་བྱེད་ཡིན་པ་ནི། ཀུན་མཁྱེན་ཆོས་རྗེས། གཏོང་རྒྱུ་བཏགས་པ་ཁས་ལེན་འདས་པ་དང་། །མཚན་ཉིད་པ་ནི་ལོག་ལྟ་སྐྱེས་པས་གཏོང་། །ཞེས་གསུངས་པ་ལྟར། སངས་རྒྱས་སོགས་འཕགས་པའི་གང་ཟག་གམ། ཆོས་ཀུན་རྫོབ་རྒྱུ་འབྲས་སམ། དོན་དམ་བདག་མེད་དང་བདེ་གཤེགས་སྙིང་པོ་རྣམས་ལས་གང་རུང་ཞིག་མེད་པར་ལྟ་བ་བྱུང་ན་སྐྱབས་སྡོམ་ཐམས་ཅད་རྩད་ནས་གཏོང་བ་ཡིན་ཏེ། རྒྱུད་བླ་མ་ལས། གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་ཟབ་མོའི་ཆོས་སྤང་བའི་དབང་དུ་བྱས་ནས་གསུངས་པ་སྟེ་ཐར་པ་མེད་ལ་སྐྱབས་སྡོམ་ཡོད་པ་ནི་སུས་ཀྱང་འདོད་མི་རིགས་སོ། །སོ་སོའི་བསླབ་བྱའི་འགལ་ཟླ་བྱུང་ན་ཅི་ལྟར་གཏོང་བྱེད་དུ་འགྱུར་བ་ཡིན་ནམ་སྙམ་ན། མཁས་པ་མང་པོས། དཔེར་ན་ལྷ་གཞན་ལ་ཕྱག་འཚལ་བས་ཀྱང་སྐྱབས་སྡོམ་ཐམས་ཅད་གཏོང་བར་གསུངས་ཀྱང་། འདིར་ནི་མི་འདོད་དེ། ཀུན་མཁྱེན་གྱིས། བསླབ་པ་ཉམས་པས་དམན་པར་ལྟུང་བའི་ཕྱིར། །ཞེས་གསུངས་པས་ན། གནོད་སེམས་ལྟ་བུ་ཞིག་སྐད་ཅིག་མར་སྐྱེས་ཀྱང་ཆོས་ལ་སྐྱབས་སུ་སོང་བའ་ིསྡོམ་པ་རྩད་ནས་གཏོང་གི། གཞན་གཉིས་མི་གཏོང་བར་ཤེས་དགོས་སོ། །རང་གི་སངས་རྒྱས་ལ་སྐྱབས་སུ་སོང་བའི་ཁར་ལྷ་གཞན་ལ་སྐྱབས་སུ་སོང་ཡང་དེ་གཏོང་གི །གཞན་མི་གཏོང་བ་ཐམས་ཅད་ལ་སྦྱར་རོ། །དེ་ལྟ་བུའི་མི་དགེ་སྤང་ཞིང་དགེ་བཅུ་སྤྱོད་པ་ནི་མཐོ་རིས་ཐར་པའི་རྒྱུ་ཡིན་པས་གལ་ཆེ་སྟེ་མདོ་ལས། སྲིད་པའི་སྡུག་བསྔལ་ཀུན་གཅོད་ཅིང་། །བླ་མེད་བྱང་ཆུབ་ཐོབ་འདོད་པས། །དགེ་བཅུ་འཁོར་ལོའི་ནན་ཏན་ལ། །ལེ་ལོ་མ་བྱེད་བརྩོན་པར་གྱིས། །ཞེས་གསུངས་པས་སོ། །དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བའི་རྩ་བའི་བསླབ་བྱ་ནི། དཀོན་མཆོག་གསུམ་པ་དགེ་འདུན་ལ་སྐྱབས་སུ་སོང་བའི་དགག་པའི་བསླབ་བྱ་ལའང་ཚུལ་གསུམ་ལས། གཞི་གང་ལས་དགག་པ་ནི། བདག་གམ་རང་གི་སྡེ་པ་ནང་པ་སངས་རྒྱས་པ་དང་སྤྱོད་ཡུལ་གཅིག་ཏུ་གནས་པའམ། གཞན་སྡེ་ཕྱི་རོལ་མུ་སྟེགས་པ་ཀུན་གྱི་སྤྱོད་ཡུལ་དང་གཅིག་པར་གནས་པ་སྟེ་ཕྱོགས་གཉིས་པོ་དེ་ཡིན་ནོ། །དགག་བྱ་ཅི་ཞིག་དགག་པ་ནི། སྡིག་པ་ལ་སྤྱད་པ་ཅན་གྱི་གང་ཟག་རྣམས་ཡིན་ལ། དེ་ལ་གཉིས་ཡོད་དེ། རང་སྡེ་ནང་པ་སངས་རྒྱས་པར་ཁས་འཆེ་བའི་སྡིག་ཅན་ཞིག་དང་། གཞན་སྡེ་ཕྱི་རོལ་མུ་སྟེགས་པ་སྡིག་ཅན་ནོ། །དང་པོ་བཤད་པ་ལ། སྤྱིར་གྲུབ་མཐའ་ལ་མ་ཞུགས་པར་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་མི་ནུས་ཤིང་། དེ་ཡང་བདེན་པ་གཉིས་བསྡུས་ཀྱི་དགེ་བ་ལ་ཡོན་ཏན་དུ་ཤེས་པ་དང་། སྡིག་པ་མི་དགེ་བ་ལ་ཉེས་པའི་སྐྱོན་དུ་ཤེས་པའི་གྲུབ་མཐའ་རྣམ་དག་ཞིག་དགོས་ཀྱི། དགེ་སྡིག་སྐྱོན་ཡོན་འབྱེད་མི་ཤེས་པའི་ཐར་འདོད་ཀྱི་བློ་ཅན་དགེ་སྡིག་འཆོལ་བར་སྤྱོད་པ་དེ་ནི་གང་བྱས་སྡིག་པར་འགྱུར་བྱེད་གཏི་མུག་གི་གྲུབ་མཐའ་མི་བཟད་མ་རུང་བ་འདི་ཕྱི་ཀུན་ཏུ་རང་གཞན་ལ་གནོད་པའི་གདོན་ཆེན་པོས་རྒྱུད་ལ་བགོས་པ་ཡིན་པར་ཤེས་དགོས་ཏེ། རིག་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས། སྐྱེ་བོ་རིང་པོར་སྐྱེ་འགྱུར་ལ། །ཡོན་ཏན་ཉེས་པ་མ་མཐོང་བའི། །ཀྱེ་མ་གྲུབ་མཐའ་མི་བཟད་པའི། །གདོན་འདི་སུ་ཡིས་བགོས་པ་ཡིན། །ཞེས་གསུངས་སོ། །དེ་ཡང་སངས་རྒྱས་ཀྱི་ཆོས་སྡིག་པར་བསྒྱུར་བ་ཆོས་མིན་ཆོས་ལྟར་བཅོས་པ་དང་། ཆོས་མིན་ལ་སྤྱོད་པ་གང་ཟག་སྡིག་པ་ཅན་ཏེ་གཉིས་སུ་ཡོད་དོ། །དང་པོ་ནི། སློབ་དཔོན་དབྱིག་གཉེན་གྱི་མཛོད་འགྲེལ་དུ་འདི་ལྟར། མི་རྣམས་ཚེ་ལོ་བཅུ་པ་ན། ཆོས་མ་ཡིན་པ་ལ་འདོད་ཆགས་ཀྱིས་ལྷག་པར་ཆགས་པ་དང་། ཡ་ང་བའི་ཆོས་ལ་ཆགས་པས་ཟིལ་གྱིས་ནོན་པ་དང་། ལོག་པའི་ཆོས་ཀྱིས་ཀུན་ནས་དཀྲིས་པར་འགྱུར་རོ། །ཞེས་གསུངས་པ་རྣམས་ནད་མཚོན་མུ་གེའི་བསྐལ་པ་འབྱུང་བའི་རྐྱེན་དུ་བཞག་པ་འདི་དག་གི་རྒྱུ་དང་ངོ་བོ་ལ་སྤྱོད་པ་དེང་སང་མང་སྟེ། འདོད་ཆགས་ཀྱིས་འདུལ་བ་སོ་ཐར་ལོག་པར་སྤྱོད་པ་ནི་དང་པོ་དེའོ། །ཞེ་སྡང་གིས་མདོ་སྡེ་བྱང་སེམས་ལོག་པར་སྤྱོད་པ་ནི་གཉིས་པའོ། །གཏི་མུག་གིས་གསང་སྔགས་མངོན་པ་ལོག་པར་སྤྱོད་པ་ནི་གསུམ་པ་དེ་ཡི་རྒྱུ་དང་ངོ་བོ་མ་ནོར་བར་འདུག་གོ །དེ་ལ་ལོག་སྤྱོད་དང་པོའི་དངོས་པོ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཉེས་པ་དཔག་མེད་གཟིགས་ནས་མཆིལ་མའི་ཐལ་བ་བཞིན་སྤོང་བར་བགྱིས་ཤིང་། སངས་རྒྱས་ཀྱི་བསྟན་པ་ལ་ཤིན་ཏུ་སྨད་པར་གྱུར་པ་མུ་སྟེགས་གཞོན་ནུ་པའམ་དབང་ཕྱུག་པ་རྣམས་ཀྱིས་ཚངས་སྤྱོད་བརྟེན་པ་ན་བུད་མེད་ཀྱི་འཁྲིག་པའི་སྦྱོར་བ་བདུན་ཉམས་སུ་ལེན་པ་ལྟར། ཕོ་ལ་བརྟེན་ནས་ཀྱང་འཁྲིགས་པའི་སྦྱོར་བ་བདུན་པོ་འབྱུང་བར་ཁྱད་མེད་ལ། འཁོར་བའི་རྩ་བ་འདོད་ཆགས་ཆེས་ཆེར་འཕེལ་བྱེད་ཀྱི་འདྲ་བ་ཡིན་ཏེ། རིག་པའི་དབང་ཕྱུག་གིས་རྣམ་འགྲེལ་ལས། གཅིག་ལས་བྱུང་བའི་ཆགས་གང་ཡིན། །དེ་ཉིད་རྣམ་གྲངས་ཀྱིས་བསྐྱེད་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན། །ཅེས་པས་སོ། །ཁུ་བ་དབྱུང་བས་འདོད་ཆགས་བྲལ་བར་འདོད་པ་ནི་མུ་སྟེགས་རྒྱང་འཕེན་པའི་ལུགས་ཡིན་པས་དེ་དགག་པ་དང་བཅས་པ་རྣམ་འགྲེལ་ལས་རྒྱ་ཆེར་འབྱུང་ངོ་། །སྐྱེས་པ་ལ་བརྟེན་པའི་ལོག་གཡེམ་ལ་ཐུགས་དམ་བྱེད་པའི་རབ་བྱུང་གི་གཟུགས་བརྙན་རྣམས་ལ་འདུལ་བའི་དྲི་ཙམ་ཡང་མེད་དེ་གཉེན་པོ་འདུལ་བའི་སྤང་བྱ་ལ་གནས་པའི་ཕྱིར་རོ། །དེ་ལ་ཚངས་སྤྱོད་མེད་དེ། འདུལ་བ་ལུང་རྣམ་འབྱེད་ལས། དགེ་སློང་གིས་སྐྱེས་པ་དང་། བུད་མེད། མ་ནིང་གསུམ་པོ་དང་ལྷན་ཅིག་མི་ཚངས་པར་སྤྱོད་པ། འཁྲིག་པའི་ཆོས་ལ་བརྟེན་ན་ཕམ་པར་འགྱུར་རོ། །ཞེས་གསུངས་སོ། །ཡང་སངས་རྒྱས་པའི་སྨད་བྱ་སྐྱ་བསེང་བུའི་ལུགས་དེ་ཡིན་ཏེ། སློབ་དཔོན་དཔའ་བོས། སྐྱ་བསེང་བུ་ནི་བརྗོད་བྱས་ན། །བསོད་ནམས་འགྱུར་ཞེས་སོ་སོར་སྨྲ། །གང་ཞིག་བགྲོད་མིན་བགྲོད་བྱེད་པ། །དེ་དག་ཁྱོད་ཀྱི་བསྟན་ལ་སྨད། །ཅེས་སོ། །དེས་ན་ཆོས་མ་ཡིན་པ་ཕོ་ལ་འཁྲིག་པ་སོགས་འཁྲིག་པའི་ཆོས་ལ་ཆགས་ག་ལ་རུང་། དེ་བཞིན་དུ་འདུལ་འཛིན་རྣམས་དགེ་སྦྱོང་དུ་བྱེད་པའི་ཆོས་གཤེ་ཡང་སླར་མི་གཤེ། མཚང་འབྲུ་ཡང་སླར་མི་འདྲུ་བ། ཁྲོས་ཀྱང་སླར་མི་ཁྲོ་བ། བརྡེགས་ཀྱང་སླར་མི་བརྡེགས་པ་སྟེ་བཞི་ལ་མི་གནས་པར་ཁོང་ཁྲོ་དང་འཁྲུགས་རྩོད་ལ་དགའ་ཞིང་དེ་ལ་ཆགས་པ་ཡ་ང་བ་ཆོས་ལ་ཆགས་པའོ། །འདོད་ཆགས་ཁོང་ཁྲོའི་ལས་རྣམས་སངས་རྒྱས་ཀྱི་ལུགས་ཡིན་པར་བསམ་ཞིང་སྨྲ་བ་ནི། ལོག་རྟོག་གཏི་མུག་གིས་ཆོས་ཀྱི་ཀུན་དཀྲིས་སོ། །ལོག་སྤྱོད་གཉིས་པ་ནི། བྱང་ཆུབ་སེམས་དཔའི་ལུགས་ལ། ཞེ་སྡང་ནི་རང་བཞིན་གྱི་སྡིག་པ་ཡིན་ཕྱིར་དང་། ཞེ་སྡང་སྐྱེ་ཚེ་སྙིང་རྗེ་སྐྱེ་མི་རུང་བས་ཞེ་སྡང་གི་སེམས་ལ་སྙིང་རྗེའི་ཐབས་ཀྱི་ཟིན་པར་བྱ་མི་རུང་བའི་ཕྱིར་དང་། གཞན་གནོད་པ་ལས་བཟློག་པའི་དོན་དུ་ཞེ་སྡང་ཞིག་བསྐྱེད་ནའང་། རང་རྒྱུད་ཀྱི་སྙིང་རྗེའི་དངོས་པོ་ཡོད་པའི་ནུས་པ་ཉམས་པར་བྱས་ཏེ་ཞེ་སྡང་གི་ཉེར་ལེན་སྟོབས་ཆེན་འཕེལ་བས་གཞན་དོན་ཆེན་པོ་འབྱུང་བའི་རྒྱུན་ལ་གནོད་པའི་ཕྱིར་ན། སེམས་ཅན་འགའ་ཞིག་ལ་ཕན་ཀྱང་ཞེ་སྡང་སྐད་ཅིག་ཙམ་ཡང་བསྐྱེད་མི་རུང་བར་གསུངས་ཏེ། བསླབ་བཏུས་ལས། ཞེ་སྡང་ནི་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་བཅས་པའི་ཕྱིར། སྙིང་རྗེ་དང་བྲལ་བས་ན་ཐབས་ཉིད་མི་སྲིད་པའི་ཕྱིར་རོ། །གནོད་པ་ལ་བཟློག་པའི་ཕྱིར་ཁྲོས་ན་ཉེས་པ་ཡོད་དམ་ཞེ་ན། དེའི་བག་ཆགས་གསོས་པར་འགྱུར་བས་ན་སྙིང་རྗེ་ཉམས་པའི་ཉེས་པར་འགྱུར་རོ། །གལ་ཏེ་སེམས་ཅན་དེ་ལ་ཕན་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་སྙིང་རྗེ་ཉམས་པས་སེམས་ཅན་གྱི་དོན་ཆེན་པོའི་རྒྱུན་ཉམས་པར་འགྱུར་རོ། །ཞེས་གསུངས་ཀྱང་། བསྟན་པ་དང་སེམས་ཅན་གྱི་དོན་དུ་ཞེ་སྡང་གི་བྱ་བ་འཐབ་རྩོད་སོགས་བྱེད་པ་དགེ་བའི་ཆོས་ཡིན་པར་འདོད་ན་དེ་ལ་བྱང་སེམས་ཀྱ ི་ལམ་ཡོད་པ་ཕར་ཞོག །ཐར་པ་ཙམ་ཡང་མེད་དེ། མདོ་སྡུད་པ་ལས། སྡང་ཤིང་བཟོད་དང་བྲལ་ལ་ཐར་ལམ་ག་ལ་ཡོད། །ཅེས་གསུངས་སོ། །ཡ་ང་བའི་ཆོས་ཞེ་སྡང་ཁོང་ཁྲོ་དང་བཅས་པས་ཤི་བ་མཐོ་རིས་སོགས་སུ་སྐྱེ་བར་འདོད་པའི་ཆོས་དེ་མུ་སྟེགས་པའི་ལུགས་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། ཁྲོས་པས་གཡུལ་ངོར་བསད་ན་ནི། །བདེ་འགྲོར་འགྱུར་ཞེས་རྒྱས་པ་ཟེར། །མགོན་པོ་ཁྱོད་ཀྱིས་གནས་སྐབས་དེའི། །སེམས་ནི་ངན་འགྲོ་ཡིན་ཅེས་གསུངས། །ཞེས་སོ། །ལོག་སྤྱོད་གསུམ་པ་ནི། རྒྱལ་བའི་དབང་པོ་ཀུན་མཁྱེན་ཆོས་རྗེའི་ཞལ་ནས། ས་ལེ་ཧྲིག་གེ་བར་མཚམས་ངོས་བཟུང་ནས། །དོན་མཐོང་འདོད་པས་དོན་མེད་ཕྱིན་ཅི་ལོག །སྐད་ཅིག་ཡུད་ཙམ་ངོས་བཟུང་འགྱུར་བའི་ཕྱིར། །སྔ་ཕྱི་བསྒོམ་གྱི་བར་དེར་སུ་ཡིས་བཅུག །དེ་འདྲའི་ལམ་ངན་མདོ་རྒྱུད་དང་འགལ་བ། །ཐར་ལམ་འདོད་པས་ནམ་ཡང་བསྟེན་མི་བྱ། །ཞེས་གསུངས་པ་བཞིན་གོ་ཡུལ་ཙམ་བྱུང་བ་ན་དེ་ལ་རྟག་ལྟ་དང་མངོན་པའི་ང་རྒྱལ་བསྐྱེད་ནས། མུ་སྟེགས་གྲངས་ཅན་པའི་སེར་སྐྱ་བའི་བདག་ཤེས་རིག་གི་སྐྱེས་བུའི་སྒོམ་དུ་སོང་ནས། སྔགས་ཀྱི་ལུགས་ལ་རྣམ་རྟོག་ཉོན་མོངས་སྤོང་མི་དགོས་པར་རང་དགར་བཞག་ཆོག་པར་འདོད་པའི་ལུགས་ནི་མི་སྟེགས་པ་སྟེ། ཁྱད་པར་འཕགས་བསྟོད་ལས། སེར་སྐྱ་ཡུལ་རྣམས་ལ་སྤྱོད་བཞིན། །ཡེ་ཤེས་འགྱུར་མཆི་སྡིག་བྲལ་བ། །ཁྱོད་ཀྱིས་ཀུན་ནས་ཉོན་མོངས་ལ། །ཐར་པ་ག་ལ་ཡོད་ཅེས་གསུངས། །ཞེས་གསུངས་སོ། །སེམས་ཅན་བསད་ནས་མཆོད་སྦྱིན་བྱེད་པ་སྔགས་ཀྱི་ལུགས་ཡིན་པར་འདོད་པ་ནི་སྔགས་ལུགས་ལྟ་ཞོག །སངས་རྒྱས་པའི་ཆོས་ཀྱི་ཕྱོགས་ཙམ་ཡང་མ་ཡིན་པར་འཇིག་རྟེན་ཀླ་ཀློའི་ལུགས་ཡིན་ཏེ། དེ་ཉིད་ལས། ལྷ་རྟེན་དང་ནི་མཆོད་སྦྱིན་ལ། །སེམས་ཅན་གསོད་པར་བྱེད་པ་གང་། །འཇིག་རྟེན་པ་ནི་ཆོས་སུ་འཚལ། །ཁྱོད་ཀྱི་བསྟན་ལ་དེ་སྨད་ལགས། །གང་ཞིག་སྲོག་ཆགས་ལ་རྟག་གནོད། །དེ་ལ་ཆོས་ཉིད་ག་ལ་ཡོད། །གཙོ་བོ་ཁྱོད་ཀྱིས་རང་ཉིད་ཀྱི། །སྲོག་གི་སེམས་ཅན་ལེགས་པར་བསྲུང་། །ཅེས་གསུངས་སོ། །ཁ་ཅིག་མ་རིག་སེམས་ཀྱི་རྒྱུན་སངས་རྒྱས་སུ་འགྱུར་ཞིང་སེམས་དང་རྫས་འགལ་བའི་ཡེ་ཤེས་གསང་སྔགས་ཀྱི་ལམ་གནད་དེ་ཐོག་མཐའ་ཀུན་ཏུ་ཡོད་པར་མི་འདོད་པར་ཆགས་སོགས་སྤང་བར་ཁས་ལེན་པའི་ལུགས་ནི་ཕྱི་རོལ་པའི་ལམ་ཡིན་ཏེ། དེ་ཉིད་ལས། ལྷ་ཆེན་གྱིས་ནི་འདོད་པ་དག །བསྲེགས་ཉེས་པས་ན་ཕྱིར་ཡང་དྲངས། །ཁྱོད་ཀྱི་ཡེ་ཤེས་ཞུགས་ཀྱིས་ནི། །འདོད་པ་རྩར་བཅས་བསྲེགས་ནས་བཏོན། །ཅེས་སོ། །ཡང་བདེ་བར་གཤེགས་པའི་མངོན་པ་དང་ཤེར་ཕྱིན་གཉིས་ལ་རྒྱབ་འགལ་བྱས་པ་མཐོང་བ་ཕྱིན་ཅི་ལོག་གི་གྲུབ་མཐའ། གང་ཞིག་ཡོད་པ་མི་མཐོང་མེད་མཐོང་བ། །དེ་འདྲའི་མུན་ནག་རྣམ་པ་དེ་གང་ཞིག །ཅེས་བྱམས་མགོན་གྱིས་ཀྱང་ཤིན་ཏུ་སྨད་པ་སྣང་བས་དགེ་སྡིག་ཡོད་མཐའ་བསལ་ནས་སྣང་བ་ལ་དགེ་སྡིག་མེད་པར་སོང་བ། སྟོང་པས་དགེ་སྡིག་མེད་མཐའ་བསལ་བས་སྟོང་པ་ལ་དགེ་སྡིག་མེད་པར་སོང་བའི་ལས་མ་བྱས་པ་དང་འཕྲད་ཅིང་། བྱས་པ་ཆུད་ཟོས་སུ་ཐལ་བའི་ལུགས་ཀྱང་གཏི་མུག་གི་གྲུབ་མཐའ་ཆེན་པོར་འགྱུར་བའོ། །དེ་ཡང་མི་དགེ་བའི་ལས་དང་ཉོན་མོངས་དུག་ལྔ་དང་སྡུག་བསྔལ་སྣ་ཚོགས་རང་གཞན་ལ་སྐྱེད་པའི་ཆོས་མིན་ཆོས་སུ་སྣང་བ་ལ་དང་བ་དང་། འདོད་པ་དང་། ཡིད་ཆེས་སྐྱེ་བ་ཐམས་ཅད་དད་པ་མ་ཡིན་པར་དད་པ་ཡིན་ནོ་སྙམ་པ་དང་བཅས་པ་ཐམས་ཅད་ནི། གང་བྱས་ལས་ཀུན་སྡིག་པར་སྒྱུར་བྱེད་ཀྱི་གཏི་མུག་ཡིན་ཏེ། མི་དགེ་བའི་ཕྱོགས་ཐམས་ཅད་དགེ་བ་ཡིན་པའི་བློ་སྐྱེ་བས་སོ། །དེ་འདྲའི་ལས་ངན་ལ་ཞེན་པས་དེའི་མི་མཐུན་ཕྱོགས་ཡང་དག་པའི་ལམ་རྣམས་ཡང་དག་མིན་ནོ་སྙམ་པའི་དགེ་རྩ་གཅོད་པའི་ལོག་ལྟ་མི་བཟད་པ་རྒྱུན་དུ་སྐྱེ་ཞིང་། ལམ་ངན་ལ་ཅི་ཙམ་འབད་ཀྱང་འདི་ཕྱི་ཀུན་ཏུ་རང་གཞན་ཕུང་བྱེད་ཀྱི་རྒྱུ་འབྲས་བཟོད་དཀའ་བ་སྐྱེད་པར་རྒྱལ་བ་སྲས་བཅས་ཀྱིས་གསུངས་པ་ཡིན་པས། ཐར་འདོད་རྣམས་ཀྱིས་སྡིག་པའི་ཆོས་ལ་ལེགས་པར་བརྟགས་ཤེས་དགོས་སོ། །གཉིས་པ་ལ། དམ་པའི་ཆོས་ཀྱི་སྒོར་ཞུགས་པའི་སྡིག་ཅན། མ་ཞུགས་པའི་སྡིག་ཅན་གཉིས་སུ་ཡོད་པ་ལས། དང་པོ་ལའང་གཉིས་ལས། འདུལ་བ་གཟུགས་བརྙན་དུ་སྒྱུར་མཁན་དང་། བྱང་སེམས་གཟུགས་བརྙན་དུ་བསྒྱུར་མཁན་གྱི་གང་ཟག་གོ། །དང་པོ་ནི། སྤྱིར་འདུལ་སྡོམ་ལེན་པ་ན་དག་པ་གསུམ་ལྡན་གྱིས་སྒྲུབ་དགོས་པར་གསུངས་མོད། བླངས་ཡུལ་རྒྱུད་དག་པ་མཁན་སློབ་སོགས་ཀྱི་རྒྱུད་ལ་ཕམ་ལྷག་ལྟ་ཞོག་ཉེས་བྱས་ཕྲ་མོས་ཀྱང་མ་གོས་པ་དགོས་རྒྱུ་ཡིན་པ་ལ། རྒྱུད་ལ་ལྷག་མ་སོགས་བྱུང་བཞིན་དུ་མཁན་སློབ་སོགས་ཀྱི་གཟུགས་བཟུང་ནས་གཞན་ལ་སྡོམ་པ་འབོག་པའི་སྡིག་པའི་སྙིང་སྐྲན་ཆེ་བ་དང་། ལས་མཁན་བརྗོད་པ་དག་པ་ལས་སློབ་མཁན་པོ་རྣམས་ཀྱི་ཚིག་གི་ཕྱེད་ཙམ་ལ་ལྷག་ཆད་སོང་ཀྱང་སྡོམ་པ་མི་སྐྱེ་བར་གསུངས་ཡང་བརྗོད་པ་མ་དག་པས་སྡོམ་པ་སྦྱིན་པ་དང་། ལེན་པ་པོ་བསམ་པ་དག་པ་སྐྱོ་ཤས་ངེས་འབྱུང་གི་བློ་ཡོད་དགོས་རྒྱུ་ལ། མི་སྐྱ་བོའི་བསམ་པ་ཅན་གཟུགས་སྒྱུར་བར་ལྷག་པ་སྟེ། བླངས་ཡུལ་མ་དག་པའི་རྐྱེན་གྱིས་ནི། ལེན་པ་པོ་རྒྱུ་བསམ་པ་མ་དག་པ་ཞིག་ཡིན་ན་ཤིན་ཏུ་མ་རུང་བ་ཞིག་ཏུ་འགྱུར་བའི་རྐྱེན་བྱེད་པ་དང་། ཅུང་ཟད་དག་པ་ཞིག་ཡིན་ན་མ་དག་པར་འགྱུར་བ་དང་། ཤིན་ཏུ་དག་པ་ཞིག་ཡིན་ཀྱང་དྲོད་གཤེར་མ་རུང་བའི་རྐྱེན་གྱིས་ལོ་ཏོག་བརླག་པར་བྱེད་པ་བཞིན་དུ་ངན་པར་འགྱུར་བའི་རྐྱེན་བྱེད་པ་ནི་ཀུན་རྫོབ་བསླུ་མེད་ཀྱི་བདེན་པའི་ཚུལ་སུས་ཀྱང་བརླག་མི་ནུས་པ་ཡིན་ན། རང་སྡིག་ལ་ཅི་མི་སྙམ་པའི་མཁན་སློབ་མི་གཙང་བས་རྙེད་བཀུར་གྲགས་འདོད་ཀྱིས་འདུལ་བའི་ལུགས་ལས་ལོགས་པར་འདུལ་བ་སྟོན་པས་ནི་རང་གི་བསོད་ནམས་ཆེན་པོ་ཉམས་ནས་སྡིག་པ་མང་པོ་རྒྱུད་ལ་བསགས་པར་བྱེད་དོ། མཛོད་འགྲེལ་ལས། གང་དག་ཆོས་ལོག་པར་འཆད་པ་དང་། སེམས་ཉོན་མོངས་ཅན་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པས་འཆད་པ་ནི་བདག་ཉིད་ཀྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་དོ། །ཞེས་གསུངས་སོ། །ཡང་འདུལ་བ་ལ་གནས་པའི་ཚེ་ན་སངས་རྒྱས་ཀྱིས་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྲངས་སུ་བཅད་ནས་གསུངས་པ་རྣམས་ཅི་ཡང་མི་ཤེས། ཤེས་ཀྱང་དེ་ལ་མི་གནས་པར་བདུད་བཞིའི་དབང་དུ་གྱུར་པ་འཇིག་རྟེན་ཐ་མལ་པའི་སྐྱེ་བོ་བྱིས་པ་རྣམས་ཀྱི་མིག་སྔར་གང་མཛེས་ཚུལ་འཆོས་སྣ་ཚོགས་དང་། རང་རྒྱུད་ཀྱི་ཆགས་སྡང་སོགས་ཉོན་མོངས་པའི་བདུད་ཀྱི་སྣང་བ་ལ་འཐད་པ་སྡིག་ལྟུང་ཡིན་ཀྱང་འདུལ་བ་ཡིན་པའི་རློམས་སེམས་དང་ལོག་པའི་ང་རྒྱལ་ལ་གནས་པ་ནི། ལྗོན་ཤིང་གི་མདོ་ལས། ངུར་སྨྲིག་གྱོན་ནས་འདྲེ་ལ་བསྲུང་སྐྱོབ་ཞུ། །སྡོམ་པ་བླངས་ནས་བསླབ་བྱ་བདུད་དང་བསྟུན། །ཞེས་གསུངས་པ་བཞིན། བསླབ་བྱ་སངས་རྒྱས་ཀྱི་གསུངས་དང་མི་བསྟུན་པ་ནི། བསླབ་བྱ་བདུད་བསྟུན་གྱི་འདུལ་བ་ལོག་པ་ཡིན་ནོ། །བདེ་བར་གཤེགས་པའི་དྲང་སྲོང་གི་རྒྱལ་མཚན་ཆོས་གོས་གསུམ་དང་། ལྷུང་བཟེད་སོགས་རབ་བྱུང་གི་ཡོ་བྱད་རྣམས་བསླབ་པ་ཉམས་པའི་གང་ཟག་གིས་སྐད་ཅིག་ཙམ་འཆང་ནའང་། ཆོས་གོས་འབར་བ་ལྷུང་བཟེད་འབར་བར་འགྱུར། །ཅེས་འདུལ་བ་ལ་དགག་པ་ཡང་ཡང་གསུངས་ཀྱང་སྡོམ་པ་ཉམས་པ་རྣམས་ཀྱིས་འཆང་བ་ནི་ཤིན་ཏུ་མི་རུང་སྟེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷ་ལྟ་བུ་ས་ཆེན་པོ་ལ་གནས་པའི་འཕགས་པས་ཀྱང་ཆང་གསོལ་བའི་ཚེ་ན་རྣལ་འབྱོར་པའི་ཆས་སུ་ཞུགས་ནས་བཞུགས་པ་ཡིན་ན་ཐ་མལ་བ་སུ་ཞིག་གི་སྡིག་པ་དང་ལྡན་བཞིན་ངུར་སྨྲིག་གྱོན་པ་སོགས་རུང་། དེ་བས་ན་འདུལ་བ་ལུང་ལས། གང་ཞིག་བསླབ་ལ་མི་གནས་པས། །བདེ་གཤེགས་རྒྱལ་མཚན་འཆང་བ་ལས། བསླབ་ལ་མི་གནས་སྐད་ཅིག་ལ། །གཟུགས་བོར་ཁྱིམ་པར་གནས་ན་བཟང་། །ཅེས་གསུངས་སོ། །སྡིག་སྲན་ཅན་ཁ་ཅིག་ན་རེ། སྔོན་དུས་བཟང་བའི་ཚེ་ན་འདུལ་ཁྲིམས་ཐམས་ཅད་བསྲུང་དགོས་ཀྱང་། དེང་སང་དུས་ངན་ཉོན་མོངས་ཆེ་བའི་ཚེ་ན་མ་བསྲུང་ཀྱང་གཟུགས་བརྙན་བཟུང་ན་ཉེས་པ་མེད་ཅིང་ཐམས་ཅད་བསྲུང་མི་དགོས་པ་རང་གིས་བསམ་ཞིང་གཞན་ལ་སྨྲ་བ་ནི་བདུད་ཚིག་མ་རུང་བ་ཡིན་ཏེ། ཁྱོད་ལྟར་ན་ལྟུང་བ་མི་ཤེས་པ་དང་། བསླབ་པ་ལ་མ་གུས་པ་དང་། ཉོན་མོངས་ཤིན་ཏུ་མང་བ་དང་། བླང་དོར་ཇི་བཞིན་བྱེད་མི་ནུས་པ་བག་མེད་པ་སྟེ་ལྟུང་བ་འབྱུང་བའི་སྒོ་བཞི་པོ་འདི་ཡང་ལྟུང་བ་མི་འབྱུང་བའི་སྒོ་རུ་འགྱུར་ཏེ། དུས་ངན་པས་མ་གུས་ཉོན་མོངས་སོགས་ཤིན་ཏུ་ཆེ་བས་སོ། །ཉོན་མོངས་ཆེ་བས་མང་པོ་བསྲུང་མི་དགོས་ལ། ཆུང་བས་བསྲུང་དགོས་ན་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ཐམས་ཅད་མི་འཐད་དེ། བུད་མེད་ཉོན་མོངས་ཆེ་བས་དགེ་སློང་མ་ལ་ཕམ་པ་བརྒྱད་དང་། ཆུང་བ་དགེ་སློང་ཕ་ལ་ཕམ་པ་བཞི་ལས་མ་གསུངས་བས་སོ། །དེའི་ཕྱིར་ཉོན་མོངས་སོགས་ཆེ་བ་རྣམས་ཀྱིས་ནི་དགེ་སློང་ཕ་ཡིན་ཀྱང་སྔོན་གྱི་ཚེ་བས་ལྷག་པར་བསྲུང་དགོས་པར་ཤིན་ཏུ་གསལ་བས་ན། རང་གིས་མི་བསྲུང་བའི་སྡིག་པའི་ཁར་གཞན་རྣམས་ཀྱང་ལོག་པར་སྦྱར་ནས་སྐྱོན་ཅན་བྱེད་པའི་ཐར་མེད་ཀྱི་སྡིག་པ་མང་པོ་མ་བསགས་ན་དགའ་འམ་སྙམ་མོ། །ཡང་ཕྱི་རོལ་མུ་སྟེགས་རྣམས་སྡིག་པ་ཐམས་ཅད་མི་སྤང་བས་ཚུལ་ཁྲིམས་ཙམ་ཡོད་ཀྱང་སོ་ཐར་མེད་པར་གསུངས་འདུག་ན། །ཁྱོད་ལྟར་ན་སྡིག་པ་ཁ་ཅིག་སྤང་བས་དེ་ལ་འདུལ་བ་ཡོད་པར་འགྱུར་རོ། །ལར་བདེ་བར་གཤེགས་པའི་གསུང་གིས་བཀས་བཅད་དེ་གསུངས་པའི་ཚིག་གཅིག་ཀྱང་ཡལ་བར་དོར་ནས་འདའ་མི་རུང་སྟེ། ཡུལ་གྱི་གནས་ཚུལ་ལ་རྒྱུ་ངོ་བོ་འབྲས་བུའི་ཚུལ་དུ་ངེས་པར་གནས་པ་དེ་མངོན་པར་མཁྱེན་ནས་སྒྲོ་སྐུར་མེད་པར་གསུངས་པ་ཡིན་གྱི། ཡུལ་ལ་མེད་པ་ཞིག་ནི་བཅས་ཁྲིམས་མི་མཛད་པས་ན་བཅས་པའི་ཁ་ན་མ་ཐོ་བ་རྣམས་ཀྱང་ལྟུང་བ་དངོས་ཀྱི་རྒྱུ་ཡིན་པ་གཟིགས་ནས་བཅས་པ་ཡིན་ཏེ། སློབ་དཔོན་ཆོས་ཀྱི་ཚོང་དཔོན་གྱི་ཞལ་ནས། འདི་ན་ལ་ལས་རྒྱལ་པོའི་ཚིག་ཆེན་དག །ལན་འགར་འདས་ཀྱང་ཆད་པ་ཐོབ་མི་འགྱུར། །ཐུབ་པའི་བཀའ་ལུང་ཚུལ་མིན་འདས་བྱས་ན། །དུད་འགྲོར་སྐྱེ་འགྱུར་ཨེ་ལའི་འདབ་ཀླུ་བཞིན། །ཞེས་གསུངས་པ་སྔོན་སངས་རྒྱས་འོད་སྲུང་གི་རྗེས་སུ་ཞུགས་པའི་དགེ་སློང་ཞིག་གི་ཆོས་གོས་ཤིང་ལ་ཐོགས་པ་ན་ཤིང་གི་ཡལ་ག་ཞིག་བཅད་པས་ལྟུང་བྱེད་དེའི་རྣམ་སྨིན་གྱིས་ཀླུ་ཨེ་ལའི་འདབ་མ་ཅན་ཞེས་ད་ལྟའང་ཡོད་པ་ནི་མགོ་བདུན་ལ་ཤིང་སྡོང་ཆེན་པོ་བདུན་སྐྱེ་བ་དེ་རླུང་གིས་བསྒུལ་བའི་ཚེ་ནའང་སྐད་ངན་འབྱིན་པའི་སྡུག་བསྔལ་ཅན་དེ་ཡིན་ནོ། །དོན་ཡུལ་ན་མེད་བཞིན་དུ་གསུངས་པ་ཁོ་ནས་ཉེས་པ་བསྐྱེད་ན་ནི་ཉེས་མེད་ལས་བསྐྱེད་པ་ཡིན་པས་དེ་འདྲ་དེ་ནི་ཤིན་ཏུའང་མི་བཟང་ངོ་། །དེ་བས་ན་སངས་རྒྱས་ཀྱི་གསུང་ནི་བདེན་པ་ཁོ་ནའི་ཚིག་ཡིན་པས། དེ་ལ་སྨན་པའམ་འདས་ན་ཉེས་པ་ཆེན་པོ་འབྱུང་བ་ནི། དཔེར་ན་འཇིག་རྟེན་དུའང་བསམ་ཡོད་བདེན་པའི་ངག་མ་ཉན་པས་ཉེས་པ་བྱུང་བ་མངོན་དུ་སྣང་བ་བཞིན་ནོ། །དེ་ལྟ་ན་མུ་བཞི་ལས། སངས་རྒྱས་ཀྱི་འདུལ་ཁྲིམས་མི་ཤེས་ཤིང་དེ་ལ་མི་གནས་བཞིན་འདུལ་བ་པ་ཡིན་རློམས་ཀྱིས་གཟུགས་བརྙན་ལ་ཞུགས་པ་རྣམས་ནི་འདུལ་རྫུ་ཞེས་པ་ཡིན་ལ། གཟུགས་བརྙན་ལ་ཞུགས་པ། དེའི་ཁར་སྡིག་པ་ཕལ་ཆེར་ཀྱང་འདུལ་བའི་ལུགས་ཡིན་ཞེས་སྟོན་པར་བྱེད་པ་དེ་དག་ནི་བདུད་ཀྱིས་བརླམ་པ་ཡིན་པས་འདུལ་ལོག་ཅེས་བྱའོ། །དགེ་འདུན་ཚོགས་པས་བག་ཡངས་སུ་བྱས་པ་ཞེས་གསུངས་པ་ནི་རྒྱུན་ཞུགས་ཡན་ཆད་ཀྱི་འཕགས་པའི་གང་ཟག་ཚོགས་པས་བཅས་པ་འགའ་ཞིག་བག་ཡངས་སུ་གནང་ཆོག་པ་ཡིན་གྱི། འདོད་ཆུང་ཆོག་ཤེས་ཀྱི་ཡན་ལག་སྦྱང་ཡོན་བཅུ་གཉིས་ལ་མི་གནས་པར་འདོད་ཆེན་ཆོག་མི་ཤེས་པ། དགེ་སྦྱོང་གི་ཆོས་བཞི་དང་བྲལ་བ། ཅི་བྱས་ཆོས་དང་འགལ་བ་རབ་བྱུང་གི་གཟུགས་བརྙན་རྣམས་ནི་མདོ་ལས། སྣལ་མ་སེར་པོ་ལ་ཐར་ལམ་ག་ལ་ཡོད། མགོ་རེགས་བྱས་པ་ལ་ཐར་ལམ་ག་ལ་ཡོད། ཅེས་གསུངས་པ་སོགས་སྟོན་པ་སངས་རྒྱས་ཀྱིས་ཡང་ཡང་སྨད་པའི་གང་ཟག་ལ་དགེ་འདུན་གྱི་སྒྲ་ཡང་མི་འཇུག་ན། དེ་དག་གི་རང་བཟོས་བཞག་པ་ཐམས་ཅད་ཡངས་པ་ཅན་གྱི་དགེ་སློང་མང་པོས་བྱས་པ་མི་རུང་བའ་ིགཞི་བཅུ་ཞེས་རྒྱ་གར་འཕགས་ཡུལ་གྱི་འདུལ་འཛིན་རྣམས་ཀྱིས་ཚར་གཅོད་མཛད་པའི་ཕྱོགས་ཁོ་ནར་འགྱུར་རོ། །འཕགས་པ་ཐོགས་མེད་ཀྱིས་ས་སྡེ་ལས་འདུལ་ལོག་འབྱུང་བར་གསུངས་པ་ནི་ཤིན་ཏུ་མང་བས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བརྟག་པར་བྱ་དགོས་སོ། །གཉིས་པ་བྱང་ཆུབ་ཀྱི་སེམས་དང་དེའི་བསླབ་པ་རྣམས་མི་ཤེས་པ་དང་། ཤེས་ཀྱང་རྒྱུད་ལ་མི་སྦྱར་བར་ང་རྒྱལ་གྱིས་བྱང་སེམས་ཡིན་པར་རློམ་པ་བྱང་རྫུ་ཡིན། གཞན་གྱིས་སྡིག་པ་བྱེད་པ་མཐོང་ན་ཉེས་དམིགས་སྨྲ་བ་སོགས་ཀྱིས་བཟློག་པ་ལ་མི་བརྩོན་པར། དེའི་སེམས་དང་འཐད་པར་སྨྲ་ཞིང་བྱམས་པར་བྱེད་པའི་སྙིང་རྗེ་ཕྱིན་ཅི་ལོག་ཅན་དང་། ཡང་དཔེར་ན་དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་ལྔ་བརྒྱའི་སྲོག་ཐར་པའི་ཕྱིར་དང་། མི་ནག་མདུང་ཐུང་ཅན་སྡིག་པ་མི་འབྱུང་བའི་ཕྱིར་མདུང་ཐུང་ཅན་སྙིང་རྗེ་ཁོ་ནའི་སེམས་ཀྱིས་རང་འདོད་མེད་པར་བསད་པ་ན། སྙིང་རྗེའི་དབང་གིས་ཚོགས་མང་པོ་ཞིག་རྫོགས་ཀྱང་དེ་ལ་གསོད་པའི་སྦྱོར་བ་སྡིག་པ་དེ་ཡི་རྣམ་སྨིན་བྱང་ཆུབ་སེམས་དཔའི་ཚེ་ན་སྡུག་བསྔལ་མང་དུ་མྱོང་ཞིང་། སངས་རྒྱས་པ་ནའང་ཞབས་ལ་སེང་ལྡེང་གི་ཚལ་པ་ཟུག་པ་ལྟ་བུ་དགེ་སྡིག་གི་འབྲས་བུ་དེ་མ་འདྲེས་པར་སོ་སོར་སྨིན་པ་ལས་སྡིག་པ་དགེ་བར་འགྱུར་གཏན་ནས་མི་རུང་ཀྱང་། བླུན་པོ་མི་ཤེས་པ་ང་རྒྱལ་ཅན་རྣམས་ཀྱིས་སེམས་ཅན་བསད་ནས་མཆོད་སྦྱིན་བྱེད་པ་སོགས་སྡིག་པ་ཕལ་ཆེར་བྱང་ཆུབ་སེམས་དཔའ་ལ་དགེ་བར་འགྱུར་སྙམ་པ་ནི་ཤིན་ཏུ་མི་རུང་བ་སྟེ། ཁྱད་པར་འཕགས་བསྟོད་ལས། གཞན་དག་རང་གི་དོན་གྱི་ཕྱིར། །གཞན་གྱི་སྲོག་གིས་སྦྱིན་སྲེག་བྱེད། །ཁྱོད་ཀྱིས་གཞན་གྱི་དོན་གྱི་ཕྱིར། །རང་གི་སྲོག་གིས་སྦྱིན་སྲེག་མཛད། །ཅེས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་ཡིན་ན་རང་གི་ཤ་ཁྲག་སེམས་ཅན་ལ་སྦྱིན་རིགས་པ་དང་ལྷ་མཆོད་རིགས་ཤིང་། ཀུན་མཁྱེན་རོང་ཟོམ་པས། སྡིགས་མཛུབ་གཏད་པའམ། མཚོན་ཕྱར་བའམ། ཡིད་གཏད་པ་ཙམ་གྱིས་རྣམ་ཤེས་སྤར་ནས་འཆི་བར་བྱེད་ནུས་ན་མ་གཏོགས་དུད་འགྲོ་བསད་ན་འདྲེན་མི་ནུས་སོ་གསུངས་པས། དེ་འདྲའི་ཡོན་ཏན་མེད་པར་སེམས་ཅན་གསོད་པ་ཤན་པ་དང་འདྲའོ། །དེ་འདྲའི་སྐྱེ་བོ་གཏི་མུག་ཅན་རྣམས་ཀྱི་ཉེ་འཁོར་བཅས་པ་ཚེ་འདིར་ཡང་བཀྲ་མི་ཤིས་པ་བྱུང་བ་མངོན་སུམ་དུ་མཐོང་བའོ། །དེ་བཞིན་དུ་ཆོས་དང་འཇིག་རྟེན་གྱི་དབང་དུ་བྱས་ནས་ལོག་གཡེམ་དང་འཁྲུགས་རྩོད་སློང་བ་སོགས་སྡིག་པའི་མིག་ལྟོས་ངན་པ་འཇོག་པའི་གང་ཟག་སྔར་བྱུང་བ་ལྟ་བུ་རྣམས་གོ་ས་མཐོ་ཞིང་མདོ་སྔགས་ཀྱི་ལམ་ལ་སྦྱང་བ་དང་ལྡན་ཀྱང་བདུད་ཀྱིས་བརླམ་པ་ཡིན་པས་བྱང་སེམས་ལོག་པ་ཞེས་བྱའོ། །གཞན་ཡང་སྤྲུལ་སྐུ་ཞེས་བྱིས་པ་ལ་མིང་བཏགས་བྱེད་པའི་སྲོལ་འདི་རྒྱ་གར་དུ་སྔོན་མ་གྲགས་ཤིང་། བོད་ནས་ཀྱང་ཀུན་མཁྱེན་ཆོས་རྗེ་བཞུགས་སྐབས་ཡན་ཆད་དུ་དང་པོ་སྐྱེ་བའི་ཚེ་ན་རྟགས་བྱུང་མ་བྱུང་ཇི་ལྟར་ཡིན་ཀྱང་སྤྲུལ་སྐུར་མིང་བཏགས་སྲོལ་མེད་པར་འདུག་སྟེ། བླ་མའི་གཟུགས་ལ་དགག་པ་མཛད་ཀྱང་སྤྲུལ་སྐུ་ལ་དགག་པ་མ་བྱུང་བས་སོ། །འོན་ཀྱང་ཕྱིས་སུ་བོད་འགའ་ཞིག་གིས་བཏགས་པ་ཡིན་ཅིང་། དེའི་རྒྱུན་ཆེར་འཕེལ་ནས། རང་གར་འགྲོ་ཇི་ལྟར་ཡིན་མ་ཤེས་པའི་བླུན་པོ་རྣམས་ཀྱིས་འཁྲུལ་སྣང་གི་རྨི་ལམ་སོགས་ལ་ཚད་བཞག་ནས་རང་ངན་སོང་དུ་འགྲོ་བའི་སྡིག་པ་ཆེན་པོ་བསགས་པའི་རྒྱུ་གཞན་ལ་སྤྲུལ་སྐུའི་མིང་འདོགས་བྱེད་པ་དྲན་ནའང་། སྤྲུལ་སྐུ་དེས་དཀོར་ནག་པོ་མི་བཟད་པ་ཟོས་གྲངས་ཀྱི་སྡིག་པ་མང་པོ་དང་། དེ་མི་ཚངས་སྤྱོད་སོགས་སྡིག་པ་བྱེད་མཁན་དུ་བྱུང་ན་དེའི་སྡིག་པ་གང་བྱས་ཐམས་ཅད་སྤྲུལ་སྐུའི་མིང་བཏགས་བྱེད་མཁན་དེ་ལ་ཐོབ་པར་འགྱུར་བ་ནི། དཔེར་ན་མཚོན་ཆ་མགར་མཁན་གྱིས་མཚོན་གཞན་ལ་བྱིན་པ་ན་དོན་གྱི་དངོས་པོ་མཚོན་དེས་སྡིག་པ་གང་བྱས་ཐམས་ཅད། བར་མའི་མི་དགེ་བའི་རང་བཞིན་དུ་མགར་བ་ལ་ཐོབ་པ་དང་འདྲའོ། །དེ་ལ་ལུང་རྟོགས་ཀྱི་ཡོན་ཏན་མེད་ཅིང་དགེ་བ་ལ་བརྩོན་མི་ནུས་པ་ཞིག་ཡིན་ན་སྤྲུལ་རྫུའོ། །སྡིག་པ་བྱེད་མཁན་ཞིག་ཡིན་ན་སྤྲུལ་ལོག་ཅེས་བྱའོ། །ཡང་གྲྭ་བ་ལ་ཡོད་དགོས་རྒྱུའི་ལུང་རྟོགས་ཀྱི་ཡོན་ཏན་ཅུང་ཟད་ཙམ་མི་ལྡན་པར་གཞན་གྱི་གོ་སར་བཞག་པའམ་རང་གིས་བྱས་པའི་བླ་མའི་མིང་འདོགས་ལྡན་པ་རྣམས་ནི་བླ་རྫུ་ཡིན་ཏེ། བླ་ན་མ་མཆིས་པའི་ཡོན་ཏན་གྱི་ཆ་ཤས་ཀྱང་མེད་པའི་ཕྱིར་རོ། །དེ་འདྲའི་གང་ཟག་འཇིག་རྟེན་ཆོས་བརྒྱད་དང་སྡིག་སྤྱོད་ལྡན་པ་ཞིག་ཡིན་ན་བླ་ལོག་ཅེས་བྱའོ། །སྟོང་པའི་གོ་ཡུལ་ཙམ་གྱིས་འཕགས་པའི་གང་ཟག་ཡིན་སྙམ་གྱི་མངོན་པའི་ང་རྒྱལ་སྐྱེ་བ་རྣམས་ནི་གྲུབ་རྫུ་ཞེས་བྱའོ། །དེ་འདྲའི་གང་ཟག་གིས་དགེ་སྡིག་འདྲེས་མར་སྤྱད་པ་འབྱུང་པོའི་ཆོས་ལུགས་སམ། སྡིག་པ་ལ་གཙོ་ཆེར་སྤྱོད་ཅིང་མངོན་ཤེས་རྫུ་འཕྲུལ་ཆལ་ཆོལ་ཡོད་པར་རང་གཞན་ཀུན་ལོག་པར་སྦྱོར་བ་ནི་གྲུབ་ལོག་ཅེས་བྱ་སྟེ་བདུད་ཀྱིས་བརླམས་པའོ། །གོ་ཡུལ་གྱི་སྣང་བ་ཙམ་གྱིས་དངོས་སམ་རྨི་ལམ་དུ་ལྷ་མཐོང་སོགས་རྣམ་རྟོག་གི་བག་ཆགས་ཤར་བ་ཙམ་མམ། སྔོན་གྱི་གཏེར་ཆོས་རྣམས་དང་འདྲ་བ་རང་བཟོས་བྱས་ནས་སྒྲུབ་ཐབས་སྣ་ཚོགས་བྱེད་ཅིང་གཏེར་སྟོན་དུ་བཅོས་པ་རྣམས་ནི་གཏེར་རྫུའོ། །གོ་ཡུལ་ཙམ་གྱིས་ང་རྒྱལ་སྐྱེས་ནས་རང་རྒྱུད་ཀྱི་ཉོན་མོངས་དུག་ལྔ་རང་གར་ཤོར་བའི་རྒྱུ་དང་འབྲེལ་བུད་མེད་སྤྱོད་པ་སོགས་སྡིག་སྤྱོད་ལ་བརྟེན་བཅས་པའི་རྐྱེན་ཅན། དེ་ལྟ་བུའི་རྟེན་འབྲེལ་ལོག་པ་ལས་བྱུང་བའི་གང་ཟག་སྡིག་ཅན་བདུད་ལས་ལ་ཞུགས་པ་རྣམས་གཏེར་སྟོན་ལྟར་སྣང་བ་ནི་གཏེར་ལོག་ཅེས་བྱ་སྟེ། དེ་དག་གི་གཏེར་ཆོས་བཅས་པ་ནི་རང་གཞན་ཀུན་ལ་བཀྲ་མི་ཤིས་པ་ཡིན་ཅེས་གྲུབ་ཐོབ་ཀརྨ་ཆགས་མེད་ཀྱིས་གསུངས་པ་ལྟར་རོ། །མི་ནག་ཁྱིམ་པ་སྐྱ་བོའི་བསམ་ངན་སྤུ་མ་བརྗེ་མདོག་མ་བསྒྱུར་བར་འཇིག་རྟེན་ཆོས་བརྒྱད་ཀྱི་བློས་གྲྭ་པའི་གཟུགས་བརྙན་དུ་ཞུགས་པ་རྣམས་ནི་གྲྭ་རྫུའོ། །བཅོམ་ལྡན་འདས་ཀྱིས་གཞན་ལ་གནོད་འཚེ་བྱེད་པ་དགེ་སྦྱོང་མ་ཡིན་པར་གསུངས་པ་དང་། སྲོག་གཅོད་སོགས་སྡིག་པ་འདི་དང་འདི་ལྟ་བུ་བྱེད་པ་རྣམས་ཀྱི་སྟོན་པ་ང་མིན་ལ། དེ་དག་ངའི་རྗེས་འཇུག་མིན་ཅེས་གསུང་ཡང་ཡང་གནང་ཀྱང་མི་རུང་བའི་སྡིག་པ་ཐམས་ཅད་ལ་རྟག་ཏུ་སྤྱད་བཞིན་དུ། ངེད་ཚོ་གྲྭ་པ་ཡིན་ནོ་སྙམ་པའི་གཏི་མུག་དང་ལོག་པའི་ང་རྒྱལ་བྱེད་ཅིང་། ངེད་ཚོ་གྲྭ་པ་ཡིན་ནོ་ཞེས་ཁ་ནས་སྨྲ་བའི་རྫུན་དང་སངས་རྒྱས་ཀྱི་ན་བཟའ་གྱོན་ནས་གྲྭ་པ་ཡིན་མདོག་བྱེད་པའི་ལུས་ཀྱི་བརྡས་རྫུན་བྱེད་པའི་སྡིག་པ་ལ་རྟག་ཏུ་ཞུགས་པ་རྣམས་ནི་གྲྭ་པ་ལོག་པ་ཞེས་བྱ་སྟེ་མི་ནག་སྐྱ་བོའི་བསམ་ངན་དེ་དགུ་འགྱུར་དུ་བདུད་ཀྱི་སྟོབས་ཀྱིས་ཆེར་སོང་བ་རྣམས་སངས་རྒྱས་ཀྱི་ན་བཟའ་ལ་ལོངས་སྤྱོད་པའི་དབང་གིས་ལྷ་དང་བཅས་པའི་འཇིག་རྟེན་གྱི་ཕྱག་འཚལ་བའི་གནས་སངས་རྒྱས་ཀྱི་ན་བཟའ་རྣམ་ལའང་ཁྱིམ་པ་རྣམས་ཀྱིས་ཅི་མི་སྙམ་ཞིང་དད་གུས་མེད་པར་འགྱུར་བས་སོ། །མདོར་ན་སྐྱོན་དེ་རྣམས་ནི་བདུད་བཞི་ལས་བྱུང་བ་ཡིན་པའང་། དགེ་བ་ལ་བསླུ་བའི་བདུད་ཀྱིས་མངོན་པའི་ང་རྒྱལ་བསྐྱེད་པ་དང་། ཐབས་དང་སྐྱབས་ལ་བསླུ་བའི་བདུད་ཀྱིས་རྒྱུ་འབྲས་ཁྱད་དུ་གསོད་པ་དང་། ཐེག་ཆེན་ངེས་པར་འབྱུང་བ་ལ་བསླུ་བའི་བདུད་ཀྱིས་སྐལ་མེད་ཐེག་ཆེན་ལ་སྤྱོད་པའམ་སྐལ་ལྡན་ཐེག་དམན་ལ་སྦྱོར་བ་སྟེ། ཚུལ་དེ་དག་གིས་རང་གཞན་ངན་སོང་དུ་འཕེན་པ་ནི། ཁྱད་པར་དུ་བྱང་ཕྱོགས་བོད་ཡུལ་འདིར་ཆོས་སྒོར་ཞུགས་པའི་རབ་བྱུང་ཕལ་མོ་ཆེ་ལ་འབྱུང་ངེས་པར་སངས་རྒྱས་ཀྱིས་ལུང་བསྟན་གསལ་བར་མཛད་དེ། སྙིང་རྗེ་ཆེན་པོ་པདྨ་དཀར་པོའི་མདོ་ལས། བྱང་ཕྱོགས་ཕོ་བྲང་རྒྱས་ལྡན་དུ་བྲམ་ཟེ་དང་ཁྱིམ་པ་བསྟན་པ་ལ་དད་པ་མང་པོ་འབྱུང་སྟེ་ཤི་ནས་དགའ་ལྡན་དུ་སྐྱེ་ལ། རབ་ཏུ་བྱུང་བ་ཕལ་ཆེར་ཆོས་བཞིན་མི་སྤྱོད་པས་ལོག་པར་ལྟུང་ངོ་། །ཞེས་གསུངས་པས་ན་རང་རང་གི་ཚུལ་སངས་རྒྱས་ཆོས་དང་མཐུན་མི་མཐུན་ཅི་ནས་བརྟགས་ཏེ་ཡོན་ཏན་ཕྲ་མོ་རེ་ལ་རློམ་སེམས་དང་ང་རྒྱལ་གྱི་བསམ་སྦྱོར་ཐམས་ཅད་སྤོང་དགོས་པར་སྣང་ངོ་། །ཆོས་སྒོར་མ་ཞུགས་པའི་སྡིག་ཅན་ནི། མངོན་པ་གོང་མ་ལས་ཀྱང་འབྱུང་ལ། དེ་བཞིན་སློབ་དཔོན་དབྱིག་གཉེན་གྱི་མཛོད་འགྲེལ་ལས། འདི་དག་ནི་སྡོམ་པ་མ་ཡིན་པ་ཅན་ཡིན་ཏེ། འདི་ལྟ་སྟེ། ཤན་པ་རྣམས་དང་། བྱ་གག་གསོད་པ་རྣམས་དང་། ཕག་གསོད་པ་རྣམས་དང་། བྱ་པ་རྣམས་དང་། ཉ་པ་རྣམས་དང་། རི་དྭགས་འཆོར་བ་རྣམས་དང་། ཆོམ་རྐུན་པ་རྣམས་དང་། གཤེད་མ་རྣམས་དང་། བཙོན་རྫི་རྣམས་དང་། གླང་པོ་ཆེ་འཆོར་བ་རྣམས་དང་། ཁྱི་འཆོར་བ་རྣམས་དང་། བ་ཀུ་རི་འཆོར་བ་རྣམས་སོ། རྒྱལ་པོ་དང་། བློན་པོ་དང་། ཤགས་ཟིན་པོ་རྣམས་ཀྱང་དོན་གྱིས་ན་སྡོམ་པ་མ་ཡིན་ནོ། །ཞེས་གསུངས་པ་སྟེ། སྡོམ་མིན་ལ་གནས་པ་ཡིན་ན་ནི་རྒྱུད་ལ་ཉིན་མཚན་རྟག་ཏུ་མི་དགེ་སྡིག་པ་འཕེལ་ཞིང་འབྱུང་བ་ཡིན་པས་ན་དེ་ནི་ཤིན་ཏུ་མ་རུང་བའི་སྡིག་ཅན་ནོ། །གཉིས་པ་གཞན་སྡེ་ཕྱི་རོལ་མུ་སྟེགས་པ་སྡིག་ཅན་ནི། ལྟ་བ་རྟག་ཆད་དུ་སོང་ཞིང་། སྤྱོད་པ་རང་གཞན་ལ་འཚེ་བ་སྟོན་པ་སྡིག་པའི་ཆོས་ཡིན་ལ། དེ་ཉམས་སུ་ལེན་པ་རྣམས་སྡིག་པ་ཅན་གྱི་གང་ཟག་ཡིན་མོད། མུ་སྟེགས་རང་རྒྱུད་པའི་གྲུབ་མཐའ་དངོས་སོ་ཁས་ལེན་མཁན་ནི་བོད་འདི་ན་སློབ་དཔོན་སངས་རྒྱས་གཉིས་པའི་བཀའ་དྲིན་གྱིས་མེད་དེ། འཇམ་དབྱངས་ས་པཎ་གྱིས་སྡོམ་གསུམ་རབ་དབྱེར་མཁན་ཆེན་ཞི་བ་འཚོས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་གསུངས་པ་བཀོད་པ། རྒྱལ་པོ་ཁྱོད་ཀྱི་བོད་ཡུལ་འདི། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །བསྟན་མ་བཅུ་གཉིས་ལ་གཏད་པས། །མུ་སྟེགས་དངོས་ནི་མི་འབྱུང་ཀྱང་། །ཞེས་བཀའ་ཆེམས་གནང་བ་བཞིན་ཡིན་ལ། རྒྱ་གར་ན་ནི་མང་ངོ་། །དེ་དག་ཚུལ་ཇི་ལྟར་དགག་པ་ནི། དེ་ལྟར་ཆོས་མིན་སྡིག་པའི་ཆོས་ལ་སྤྱོད་པ་ཅན་གྱི་གང་ཟག་དེ་དག་དང་ཡིད་མཐུན་པ་བྱེད་པས་འགྲོགས་པ་ནི་སྐད་ཅིག་མ་ཙམ་ཡང་རུང་བ་མིན་ཏེ། དེ་དག་ལ་དགའ་བའི་སེམས་སྐད་ཅིག་མ་ཞིག་སྐྱེས་ཀྱང་། སྡིག་པ་བྱེད་ཚུལ་བཞི་ལས་ཡི་རང་གི་སྟོབས་ཀྱིས་འདྲ་བར་སྡིག་པ་ཐོབ་ནས་སྡོམ་པ་གཏོང་བ་ཡིན་པ་དང་། དེ་དང་ཉིན་གཅིག་ཙམ་ལྷན་ཅིག་འགྲོགས་ན་ཡང་དོན་མཐུན་པར་ཞུགས་པའི་སྟོབས་ཀྱིས་སྡིག་པ་ཐོབ་པས་སོ། །དེ་བས་ན་དེ་དག་ཐག་རིང་ན་ཡོད་ཀྱང་ཡིད་དགའ་བ་སྐྱེད་པས་འགྲོགས་པ་དང་ཉེ་བ་ན་ཡོད་ན་ལུས་དང་འགྲོགས་པར་མི་བྱ་བས་སྤང་དགོས་ཤིང་། སྤྱིར་སྡིག་པ་དང་སྡུག་བསྔལ་ཅན་གྱི་གང་ཟག་ཉིད་དུ་ནི་སངས་རྒྱས་དང་སེམས་ཅན་སུ་སྣང་ཡང་དེ་ལ་ཡིད་སྐྱོ་ཤས་དང་སྙིང་རྗེ་དྲག་པོ་བསྐྱེད་དགོས་ཀྱི། དེ་ལ་དག་སྣང་ལྟ་བུ་སྦྱང་ན་ནི་གཏི་མུག་དང་གནོད་སེམས་ཡིན་པས་སྡིག་པ་དཔག་མེད་ཐོབ་ཀྱིས་དགེ་བའི་ཕྱོགས་ཙམ་དུ་ཡང་མི་འགྱུར་རོ། །སངས་རྒྱས་བྱང་སེམས་ཡིན་ཀྱང་སྡིག་པ་ཡོད་པར་སྣང་ན་དེ་ལ་སྨན་ཅིང་སྐྱོ་ཤས་དྲག་པོ་བྱས་ན་རང་སྡིག་སྲབ་ནས་དེ་དག་གི་ཞལ་མཐོང་བ་སོགས་ཀྱི་གྲོགས་སུ་འགྱུར་ཏེ། དཔེར་ན་ལི་ཡུལ་གྱི་དགེ་ཚུལ་གཉིས་ཀྱིས་བོད་ན་སྤྱན་རས་གཟིགས་ཡོད་པར་ཐོས་ནས་མཇལ་དུ་འོང་བ་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས་བོད་རྣམས་འདུལ་བའི་ཕྱིར་རང་ཉིད་ཀྱིས་སྤྲུལ་པའི་རྐུན་ཇག་སོགས་སྡིག་པ་བྱེད་པ་མང་པོའི་མགོ་གཅོད་པ་སོགས་ཁྲིམས་ངན་པ་བྱེད་པ་སྟོན་བཞིན་བཞུགས་པ་དགེ་ཚུལ་གཉིས་ཀྱི་མཐོང་ཚེ་སྐྱོ་ཤས་སྙིང་རྗེ་དང་བཅས་ཕྱིར་འབྲོས་པ་བརྩམས་པ་ན། དེ་མ་ཐག་ཆོས་རྒྱལ་གྱི་མདུན་དུ་ཁྲིད་ནས་ཆོས་བསྟན་པའི་ལོ་རྒྱུས་ལྟ་བུ་མདོ་སྡེ་ནའང་མང་དུ་བཞུགས་སོ། །སྡུག་བསྔལ་མྱོང་བ་མཐོང་ནའང་སྙིང་རྗེ་བསྐྱེད་ན་དེ་བཞིན་འགྱུར་བ་ནི། འཕགས་པ་ཐོགས་མེད་ཀྱིས་རྒྱལ་བ་བྱམས་པ་ཁྱི་མོ་ཁོག་སྨད་རུལ་ཞིང་འབུས་ཟ་བར་མཐོང་བ་ན་སྙིང་རྗེ་སྐྱེ་བས་ཞལ་མཐོང་བ་ལྟ་བུའོ། །དེ་བས་ན་འཇིག་རྟེན་པ་ནི་སྡིག་སྡུག་གི་སྐྱོན་ཐམས་ཅད་ཡོན་ཏན་ཡིན་སྙམ་པའི་གཏི་མུག་མ་རུང་བ་ལ་གནས་པ་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། གང་ཕྱིར་འཇིག་རྟེན་སྐྱོན་ལ་དགའ། །ཡོན་ཏན་འཛིན་ལ་ཞེན་པས་ན། །སྐྱོན་ཡང་ཡོན་ཏན་ལྟར་མཐོང་ནས། །གཞན་ལ་སྐྱབས་སུ་མཆི་བར་གྱུར། །ཞེས་གསུངས་པས་ན། སྐྱོན་སྡིག་སྡུག་ཅན་ལ་སྙིང་རྗེ་ཁོ་ན་བྱེད་པ་རིགས་ཀྱི། ཅི་མི་སྙམ་པ་སོགས་མི་རིགས་སོ། །དེ་ལྟ་བས་ན་སྐད་ཅིག་ཙམ་ཡང་བསྟེན་མི་རུང་བའི་མི་བླུན་པོ་གཏི་མུག་ཅན་མང་པོས་ཡུལ་གང་ཟག་ངན་པ་ཡིན་ཀྱང་རང་གི་དད་པ་བྱས་ན་དགེ་བ་ཡོད་པ་དཔེར་ན། དད་པ་ཡོད་ན་རྒན་མོ་ཁྱི་སོས་སངས་རྒྱས་པ་ལྟ་བུ་ཡིན་ཟེར་ཡང་། དེ་ནི་ཤིན་ཏུ་མི་རུང་སྟེ། ཁྱི་སོ་བེམ་པོ་སེམས་མེད་ཡིན་ལ། སེམས་མེད་ལ་སྡིག་པའང་མེད་དེ། སྤྱོད་འཇུག་ལས། སྒྱུ་མའི་སྐྱེས་བུ་བསད་སོགས་ལ། །སེམས་མེད་ཕྱིར་ན་སྡིག་མེད་དེ། །ཞེས་གསུངས་པ་ལྟར། སེམས་མེད་བེམ་པོའི་རིགས་ལ་དགེ་སྡིག་གང་ཡང་མེད་པ་ལུང་མ་བསྟན་དུ་གནས་པ་ཡིན་པས། དཔེར་ན། ཁྱི་ཡི་རུས་པ་ལ་སངས་རྒྱས་སྐུ་གཟུགས་བྱས་ཏེ་མཆོད་ན་བྱིན་རླབས་དགེ་བ་འོང་། བདུད་དང་སྲིན་པོའི་གཟུགས་བྱས་ནས་མཆོད་ན་བྱིན་རླབས་སྡིག་པ་འོང་བར་ངེས་ན་ཁྱི་སོ་སངས་རྒྱས་སུ་མོས་པ་བྱས་པ་དང་། གང་ཟག་མི་ལ་སོགས་སེམས་ལྡན་དགེ་སྡིག་སྣ་ཚོགས་དང་ལྡན་པ་མི་འདྲ་སྟེ། སྤྱོད་འཇུག་ལས། སྒྱུ་མའི་སེམས་དང་ལྡན་པ་ལ། བསོད་ནམས་དང་ནི་སྡིག་པ་འབྱུང་། །ཞེས་གསུངས་པ་ལྟར། ཡུལ་གང་ཟག་ངན་པ་ནི། དཔེར་ན་མུ་སྟེགས་སྟོན་པ་དྲུག་གི་ནང་ནས་ཡང་དག་རྒྱལ་བ་ཅན་ཞེས་པ་ཟག་བཅས་ལམ་གྱི་རྫུ་འཕྲུལ་མངོན་ཤེས་ཐོབ་པའི་གྲུབ་ཐོབ་རིགས་པའི་གནས་ལྔ་ལ་མཁས་པ། སངས་རྒྱས་ལ་འགྲན་ནུས་པ་དེ་མིང་རྒྱལ་བར་ཐོགས་ཤིང་དོན་རྒྱལ་བ་ཡང་དག་པ་ཡིན་པར་ཁོ་རང་གིས་བསམ་ཀྱང་མངོན་པའི་ང་རྒྱལ་གྱི་དབང་གིས་དགེ་རྩ་ཆད་ནས་དམྱལ་བར་སོང་བ་ཡིན། རྗེས་འཇུག་གཞན་རྣམས་ཀྱིས་རྒྱལ་བར་བཏགས་ཤིང་བཟུང་ནས་དད་པ་རྩེ་གཅིག་བྱས་ཀྱང་སངས་རྒྱས་བྱིན་རླབས་ཏིལ་ཙམ་མ་བྱུང་བའི་ཁར་སྡིག་པའི་སྐྱོན་ཁོ་རང་ལྟར་ཐོབ་པ་དང་འདྲ། དེ་བས་ན་ཁྱི་སོས་སངས་རྒྱས་པ་དེ་སེམས་མེད་ས་རྡོ་སོགས་ལ་སངས་རྒྱས་སུ་མོས་ནས་དད་པ་བྱས་པའི་དཔེ་ཡིན་མོད། དེ་སེམས་ལྡན་གྱི་བྱ་བ་སྒྲུབ་བྱེད་དུ་དཔེར་འཇོག་པ་ཧ་ཅང་ཐལ་བ་བླུན་པོའི་ལུགས་མཁས་པས་བཞད་གད་བྱ་བའི་གནས་ཡིན་ནོ། །ལར་ཤེས་བྱའི་གནད་གལ་པོ་ཆེ་འཕགས་མཆོག་ཀླུ་སྒྲུབ་ཀྱིས་དམྱལ་བ་མནར་མེད་དུ་སྐྱེ་བའི་རྒྱུ་བཞི་གསལ་བར་གསུངས་པ། ཆོས་ཤེས་བྱ་བ་དགེ་བ་སྟེ། དེ་ཆོས་མིན་ཞེས་པ་སྡིག་པ་ཡིན་པར་ཤེས་ནས་སྨྲ་བ་དང་། ཆོས་མིན་སྡིག་པ་ཆོས་དགེ་བ་ཡིན་པར་བཟུང་ནས་སྨྲ་བ་དང་། ཆོས་དགེ་བ་རྒྱུད་ལྡན་གྱི་གང་ཟག་ཁོ་ན་སྐྱེས་བུ་དམ་པ་ཡིན་ལ། དེའི་ཡོན་ཏན་ཡིད་དུ་མི་འབབ་པའི་ཞེ་སྡང་སྐྱེ་བ་དང་འཇིག་རྟེན་ན་སྐྱེས་བུ་དམ་པ་མེད། ཆོས་དང་ཆོས་མིན་གྱི་དབྱེ་བ་ག་ལ་ཡོད་སྙམ་པའི་བློ་སྐྱེས་པ་དང་བཞི་ཡིན་ཏེ། རིན་ཆེན་ཕྲེང་བ་ལས། གང་ཞིག་ཆོས་ལ་ཆོས་མིན་དང་། །ཆོས་མ་ཡིན་ལ་ཆོས་སྨྲ་དང་། །སྐྱེས་བུ་དམ་པ་དག་ལ་སྡང་། །མེད་པར་ལྟ་བས་མནར་མེད་ལྟུང་། །ཞེས་གསུངས་པ་ལྟར། ཆོས་དང་གང་ཟག་བཟང་ངན་ཅི་འདྲ་ཡིན་བསྲེགས་བཅད་བརྡར་བའི་གསེར་བཞིན་ལེགས་པར་མ་བརྟགས་པར་དེང་སང་ལྟ་ངན་དང་ཉོན་མོངས་སྙིགས་མ་ཆེ་བས་གཟིར་བ་རང་གི་སེམས་ཀྱི་སྣང་བ་ལ་འཐད་པ་ཙམ་གྱིས་བསྟེན་ན་མི་ཚེ་དེར་དད་པ་དག་སྣང་ཆེ་མདོག་ཁ་རུ་གནས་ནའང་འཆི་ཁར་གར་བྱུང་མེད་པར་གནར་མེད་དུ་སྐྱེ་བ་རག་ཏུ་མངོན་སུམ་མཐོང་བ། དཔེར་ན། གོད་འདྲེ་ཕུགས་ཀྱི་ལྷར་བྱས་པས། གོད་ཁས་ཚང་ལོག་ཏུ་གྱུར་པ་ལྟར་བྱུང་ན་མི་རུང་ལ། གཞན་ཡང་ཇི་སྐད་དུ། འཕགས་པ་ཐོགས་མེད་ཀྱིས། མངོན་པ་ཀུན་བཏུས་ལས། སྐྱེས་བུ་དམ་པ་མ་ཡིན་པ་བསྟེན་པ་དང་། དམ་པའི་ཆོས་མ་ཡིན་པ་ཉན་པ་དང་། ཚུལ་བཞིན་མ་ཡིན་པའི་ཡིད་ལ་བྱེད་པ་ལས་སྡིག་པ་ཐམས་ཅད་སྐྱེ། ཞེས་གསུངས་པ་སོགས་ཀྱིས་ཀྱང་ལེགས་པར་བརྟགས་དགོས་སོ། །གཉིས་པ་ཡན་ལག་གི་བསླབ་བྱ་གསུམ་སོ་སོར་བཤད་པ་ལ་གསུམ་ལས། དང་པོ་སངས་རྒྱས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་ཡན་ལག་གི་བསླབ་བྱ་བཤད་ཚུལ་གསུམ་གྱི། ཡུལ་གང་ལ་གུས་པ་སྒྲུབ་ན། སངས་རྒྱས་རྣམས་ཀྱི་སྐུ་ཡི་གཟུགས་བརྙན་སྔོན་སྟོན་པ་བཞུགས་པའི་ཚེ་ན་བཅོམ་ལྡན་འདས་ཀྱི་སྐུའི་བྱད་རས་ཀྱི་གཞི་ལ་སྤྲོས་པ་བཞིན་བཟོ་བོས་རིས་མོར་བྲིས་པ་སིང་ག་ལའི་རྒྱལ་པོའི་བུ་མོ་མུ་ཏིག་འཁྲི་ཤིང་ལ་རྟེན་དུ་བརྩལ་བ་ཐུབ་པ་འོད་ཟེར་ཅན་དུ་གྲགས་པ་ལྟ་བུའམ། ཀརྨ་བི་ཤྭས་ལུགས་སུ་བླུགས་ཤིང་ལྡེར་དུ་བཞེངས་པ་རྣམས་དང་། རང་བྱོན་དུ་གྲུབ་པ་ནི་ཕྱིས་སུ་ཁྱད་པར་འཕགས་བསྟོད་མཛད་པ་པོ་སློབ་དཔོན་དཔའ་བོ་དང་། ལྷ་ལས་ཕུལ་བྱུང་མཛད་པ་པོ་སློབ་དཔོན་བདེ་བྱེད་བདག་པོ་གཉིས་ཀྱི་ཙན་དན་གྱི་ལྡེ་གུ་སྤུངས་ནས་གསོལ་བ་བཏབ་པ་ཙམ་གྱིས་མ་གྷ་དྷའི་བྱང་ཆུབ་ཆེན་པོའི་སྐུ་མངོན་སུམ་དུ་འཁྲུངས་པ་ལྟ་བུ་སྟེ། རིས་སུ་བྲིས་པ། འབུར་དུ་གཏོད་པ། ལྡེར་བཟོར་སྣང་བ། བཞེངས་པ་དང་། རང་བྱོན་པ་རྣམས་ཀྱི་སྐུའི་ཆ་ཤས་ཡན་ཆད་ཡིན་ལ། ཚིགས་སུ་བཅད་པ་ཞེས་པ་ནི། མངོན་པ་ཀུན་བཏུས་ལས་གསུངས་པ་ལྟར་ཚིགས་སུ་བཅད་པ་རྩ་བ་གཉིས་པ་དང་། རྩ་བ་གསུམ་པ་དང་། རྩ་བ་བཞི་པ་དང་། རྩ་བ་ལྔ་པ་དང་། རྩ་བ་དྲུག་པ་རྣམས་སུ་བཤད་པ་ཡང་། སྤྱིར་དོན་གྱི་ཁྱད་པར་བརྗོད་པ་ལ་ཚིག་དང་། ངོ་བོ་བརྗོད་པ་ལ་མིང་དང་། དེ་གཉིས་རྗོད་བྱེད་དམ་གསལ་བྱེད་ཡི་གེ་ཡིན་ཅིང་ཕྱི་རོལ་དུ་སྣང་བའི་ཡི་གེ་ལ་གཉིས་ཡོད་དེ། བརྗོད་པ་སྒྲའི་ཡི་གེ་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། སྐྱེ་ལ་ཤེས་པས་སྒྲ་སྐྱེའོ། །ཞེས་གསུངས་པ་ལྟར་དང་། བྲིས་པ་གཟུགས་ཀྱི་ཡི་གེ་སྟོན་པས་བཟོ་ལ་སྦྱང་ཕྱིར་ཡིག་མཁན་ཀུན་གྱི་བཤེས་གཉེན་གྱི་རྩར་ཕེབས་ནས། ཁྱོད་ཀྱིས་བདག་ཅག་ལ་ནཱ་ག་རའི་ཡི་གེ་ལ་སོགས་པ་ཡིག་རིགས་དྲུག་ཅུ་རྩ་བཞི་ཡོད་པ་གང་བསླབ་ཅེས་དྲིས་པ་ལྟ་བུ་ལཉྩ་དང་ཝ་རྡུཾ་ལ་སོགས་ཡིག་རིགས་དྲུག་ཅུ་རྩ་བཞི་རྣམས་ཡིན་ནོ། །ཡི་གེ་ནི་མི་འགྱུར་བ་ལ་འཇུག་པ་ཡིན་ལ། རྩ་བ་ནི་མི་འགྱུར་བརྟན་པ་ལའང་འཇུག་པས། ཚིགས་སུ་བཅད་པའི་རྩ་བ་ནི་ཡི་གེ་ཡིན་དགོས་ཤིང་། དེ་ཡང་རྩ་བ་གཉིས་པ་ནི། དཔེར་ཁ་ཆེ་ཞེས་པ་ལྟ་བུ་ཚིག་ཏུ་གྲུབ་པ་ཉིད་དོ། །དེ་བཞིན་དུ་རྩ་བ་དྲུག་པའི་བར་སྦྱར་ཏེ་དཔྱད་པར་བྱ་ཞིང་འགྲེལ་པར་ནི་རྩ་བ་རྐང་པ་ཡིན་པར་བཤད་པ་སངས་རྒྱས་རང་གི་ལུགས་ཀྱི་ཚིགས་བཅད་ཀྱི་ཚུལ་ཉིད་དུ་འདུག་གོ། །དེ་ལྟ་ན་ཚིག་ནི་མིང་ལ་བརྟེན་ཅིང་། མིང་གི་རྟེན་ཡི་གེ་དང་བཅས་པ་ཡིན་ནོ། །གཞན་ཡང་གོས་ཀྱི་ལྷན་པ་གྲུ་བཞི་སོགས་ལ་སངས་རྒྱས་ཀྱི་གནང་བའི་རུང་བའི་ཚོན་གསུམ་འདུལ་བ་ལས། སྔོན་པོ་བཙག་དང་དུར་སྨྲིག་དང་། །ཞེས་སྔོན་པོ་སེར་པོ་དམར་པོ་གསུམ་གང་རུང་གིས་བགོས་པ་རྣམས་ཡིན་མོད། འདིར་ནི་བསྟན་པའི་བདག་པོ་རང་གི་སྐུ་མདོག་དང་མཐུན་པ་སེར་པོ་མཚོན་བྱེད་དུ་བྱས་ནས་རུང་བའི་ཁ་དོག་གཞན་གྱིས་བཏབ་པ་ཡང་མཚོན་པར་མཛད་པ་ཡིན་ནོ། །གུས་པའི་སྒོ་གང་ལ་བརྟེན་ནས་སྒྲུབ་པ་ནི། དེ་ལྟ་བུའི་གཞི་རྣམས་ལ་དོན་གཉེར་གྱི་འདུན་པའི་རྟེན་བྱེད་པའི་ལས་ཅན་དད་པ་གསུམ་དང་། གཞན་གྱིས་མི་འཕྲོག་པའི་བྱེད་ལས་ཅན་མོས་པ་སྟེ་དེ་གཉིས་ཀྱི་སྒོ་ལ་བརྟེན་ནས་གུས་པ་སྒྲུབ་པ་ཡིན་ནོ། །ཚུལ་ཇི་ལྟར་གུས་པ་སྒྲུབ་པ་ནི། ཡུལ་རྣམས་བསྟན་པའི་བདག་པོ་སྟོན་པ་བཅོམ་ལྡན་འདས་དངོས་ཀྱི་སྤྲུལ་པ་ཡིན་པ་ལ་ཡིན་པར་ཤེས་དགོས་ཏེ། དེ་ཡང་སྐུ་གཟུགས་སྤྲུལ་པ་ཡིན་པའི་རྒྱུ་མཚན་ནི། པདྨ་དཀར་པོ་ལས། སྐུ་གཟུགས་རྣམ་པ་མང་པོ་དེར་སྤྲུལ་ནས། །འགྲོ་བ་དགེ་ལ་སྤྱོད་པའི་དོན་མཛད་དོ། །ཞེས་གསུངས་ལ། མིང་གཞི་ཡི་གེ་སྤྲུལ་པ་ཡིན་པ་ནི། སྙན་གྱི་གོང་རྒྱན་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ང་ནི་ཡི་གེའི་གཟུགས་སུ་གནས། །ང་ཡིན་སྙམ་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པར་གྱིས། །ཞེས་གསུངས་ཤིང་། ངུར་སྨྲིག་གི་རྟགས་སྤྲུལ་པ་ཡིན་པའི་གཏན་ཚིགས་ནི་དྲན་ཤེས་བག་ཡོད་ཀྱི་རྒྱུར་དེ་དག་ཏུ་སྤྲུལ་པར་འདུལ་བ་ལས་འབྱུང་ཞིང་། སྔོན་གྱི་ཚེ་ནའང་། ལུང་ལས། དེ་བཞིན་གཤེགས་པ་ཚུར་ཤོག་བཀའ་བསྩལ་པས། །སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་། །ཞེས་གསུངས་པ་བཞིན་དེ་མ་ཐག་སྣམ་སྦྱར་སོགས་སྤྲུལ་པའི་རྣམ་པར་བྱུང་བ་ལྟར་ཏེ། དེ་ཀུན་བཟོ་སྤྲུལ་སྐུ་ཡིན་པས་ན་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པར་རྟག་ཏུ་སེམས་ཀྱིས་བརྟགས་ཅིང་ཤེས་པར་བྱ་དགོས་སོ། །གཉིས་པ་ཆོས་དཀོན་མཆོག་ལ་སྐྱབས་སུ་སོང་བའི་ཡན་ལག་གི་བསླབ་བྱ་ལ་ཚུལ་གསུམ་གྱི། གཞི་གང་ལ་གུས་པ་སྒྲུབ་ན། སངས་རྒྱས་རང་ཉིད་ཀྱི་བདག་རྐྱེན་ལས་བྱུང་བའི་བཀའ་ཆོས་རྣམས་མ་བརྟགས་ཉམས་དགའི་ངོར་བྱས་ཏེ་བདེན་བཞིའི་ཆོས་འཁོར་དང་། བརྟགས་ན་དངོས་བཟུང་མེད་པའི་དབང་དུ་བྱས་ནས་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང་། ཤིན་ཏུ་བརྟགས་ཚེ་མཐའ་བྲལ་བརྗོད་དུ་མེད་པའི་ངོར་བྱས་ཏེ་ཐ་མ་ལེགས་པ་རྣམ་པར་ཕྱེ་བའི་འཁོར་ལོ་བསྐོར་བ་སྟེ་དེ་གསུམ་གྱིས་བསྡུས་པ། ཞལ་ནས་གསུངས་པའི་བཀའ་དང་། རྗེས་སུ་གནང་བའི་བཀའ་དང་། བྱིན་གྱིས་བརླབས་པའི་བཀའ་སྟེ་གསུམ་དུ་གནས་པ་ནི་ཡུལ་གྱི་གནས་ཚུལ་ལ་ཇི་ལྟར་གནས་པ་ལ་སྒྲོ་འདོགས་དང་སྐུར་འདེབས་ཀྱི་རྫུན་འབྱིན་མི་སྲིད་པ་སྨྲ་བ་མཆོག་གི་འབྱུང་གནས་བཅོམ་ལྡན་འདས་ཀྱི་ཞལ་གྱི་དཀྱིལ་འཁོར་ཆེན་པོ་ནས་རྗེས་སུ་བསྟན་པའི་ཆོ་འཕྲུལ་དུ་བྱུང་བ་ལེགས་པར་གསུངས་པའི་བཀའ་ཞེས་བྱ་བ་ཡིན་ནོ། །ཚད་ཅི་ཙམ་ཞིག་ལ་གུས་པ་སྒྲུབ་ན། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐེག་པ་གཉིས་སུ། ཡིད་འོང་གི་ཆོས་དོན་དུ་གཉེར་བྱ་ཇི་སྙེད་པའི་མཐའ་ཡོངས་སུ་དག་ཅིང་རྫོགས་པ་ཐམས་ཅད་འདུས་པས་དེ་གཉིས་ལ་གུས་པ་སྒྲུབ་དགོས་ཤིང་། རང་འབྲས་སྒྲུབ་བྱེད་ཐེག་པ་དེ་གཉིས་ཀྱི་བསྒྲུབ་བྱ་བཅས་པ་ནི། དབུ་མ་རིན་ཆེན་ཕྲེང་བ་ལས། དང་པོ་མངོན་པར་མཐོ་བ་དང་། །ཕྱི་ནས་ངེས་པར་ལེགས་འབྱུང་བ། །མངོན་པར་མཐོ་བ་བདེ་བ་སྟེ། །ངེས་པར་ལེགས་པ་ཐར་པའོ། །ཞེས་འཇིག་རྟེན་པའི་ཐེག་པའི་བསྒྲུབ་བྱ་མངོན་མཐོ་ལྷ་མི་དང་། འདས་པའི་ཐེག་པའི་བསྒྲུབ་བྱ་ངེས་ལེགས་ཐར་པ་གསུམ་བསྟན་པའོ། །དེ་དག་སྒྲུབ་བྱེད་ཐབས་ཀྱི་ཚུལ་ཐེག་པ་གཉིས་ནི། དེ་ཡི་བསྒྲུབ་ཚུལ་མདོར་བསྡུས་ན། མདོར་ན་དད་དང་ཤེས་རབ་བོ། །དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་དད་པ་སྟེ། །དེ་ཡི་སྔོན་འགྲོ་ཤེས་རབ་ཡིན། །ཞེས་གསུངས་པའི། རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་མེད་ན་ནི་ཅི་བྱས་དགེ་བ་ཙམ་དུའང་མི་འགྲོ་ལ། འཁོར་གསུམ་མི་རྟོག་གི་ཤེས་རབ་མེད་ན་ནི་དགེ་བ་བྱས་ཀྱང་ཐར་པ་ཆུང་ངུ་ཙམ་གྱི་རྒྱུ་རུའང་མི་འགྱུར་བ་ནི་ཤིན་ཏུ་ཤེས་པ་གལ་ཆེ་ཞིང་དེ་བས་ན་འཇིག་རྟེན་པའི་ཐེག་པ་ནི་དད་པའི་རྩ་བ་ཅན་ཡིན་ལ། འཇིག་རྟེན་འདས་པའི་ཐེག་པ་ནི་ཤེས་རབ་ཀྱི་རྩ་བ་ཅན་ཡིན་ནོ། །དད་པ་དེ་ཇི་ལྟ་བུ་ཡིན་ན་ཚེ་འདི་དང་ཕྱི་མར་མཐོ་རིས་ཀྱི་བདེ་བ་དོན་གཉེར་གྱི་འདུན་པ་ལ་སོགས་འགྲོ་བ་བཞི་ཡིས་བཟློག་མི་ནུས་པར་ཆོས་རྒྱུ་འབྲས་ལས་དགེ་སྡིག་གི་བླང་དོར་ལ་འཇུག་པ་ནི་དད་པ་ཅན་ཞེས་བྱ་སྟེ། འདུན་དང་ཞེ་སྡང་འཇིགས་པ་དང་། །རྨོངས་པས་གང་ཞིག་ཆོས་མི་འདའ། །དེ་ནི་དད་པ་ཅན་ཞེས་བྱ། །ཞེས་གསུངས་སོ། །ཤེས་རབ་ཇི་ལྟ་བུ་ཡིན་ན་རང་ལ་ཕན་པར་འདོད་པའམ་གཞན་ལ་ཕན་པར་འདོད་པའི་ཀུན་སློང་གི་ཐབས་ཀྱིས་བཟུང་བ་འཁོར་གསུམ་རྣམ་པར་མི་རྟོག་པའི་རང་བཞིན་ཅན་ཤེས་རབ་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས། །རྣམ་པ་གསུམ་དུ་མི་རྟོག་པར། །རང་དང་གཞན་ལ་ཕན་ཤེས་ནས། །རྟག་ཏུ་བྱེད་པ་དེ་ཤེས་རབ། །ཅེས་གསུངས་སོ། །ཤེས་རབ་ཀྱི་རྩ་བ་ཅན་འཇིག་རྟེན་ལས་འདས་པའི་ཐེག་པ་ལ་ནི་རིམ་པ་དགུ་རུ་གནས་སྐབས་ལམ་སྟེགས་ཀྱི་ཚུལ་དུ་གནས་ལ། དེའི་གྲངས་ངེས་ནི། རྟེན་གྱི་གང་ཟག་ཐར་པ་འདོད་པ་ལ་དབང་པོ་རབ་འབྲིང་ཐ་མ་དགུ་རུ་ངེས་པ་དང་། དེ་དག་ལ་ལྟོས་ཏེ་མཐོང་བྱེད་ཁོ་ན་ཉིད་ཀྱང་དགུ་རུ་ངེས་ཏེ། མདོ་ལས། ཆོས་ཉིད་དང་། ཆོས་ཀྱི་དབྱིངས་དང་། ཆོས་གནས་པ་ཉིད་དང་། ཆོས་སྐྱོན་མེད་པ་ཉིད་དང་། དེ་བཞིན་ཉིད་དང་། མ་ནོར་བའི་དེ་བཞིན་ཉིད་དང་། གཞན་མ་ཡིན་པའི་དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། བསམ་གྱིས་མི་ཁྱབ་པའི་དབྱིངས་ནི་རང་བཞིན་གྱིས་གནས་ཞེས་ཡང་ཡང་གསུངས་པ་བཞིན། དེ་ཁོ་ན་ཉིད་དགུ་པོ་མཇལ་བའི་ཡུལ་ཅན་ཡེ་ཤེས་ཀྱང་དགུ་རུ་གནས་ཤིང་། ཡེ་ཤེས་དགུ་རུ་རིམ་པར་སྐྱེ་བའི་དབང་གིས་ཐེག་པ་ཡང་རིམ་པ་དགུ་རུ་ཡོད་དགོས་ཏེ། ཡེ་ཤེས་གཅིག་གམ་དུ་མ་ཡོད་ན་ཐེག་པའང་གཅིག་གམ་དུ་མ་འཇོག་པས་ཐེག་པའི་འཇོག་བྱེད་ནི་ཡེ་ཤེས་ཡིན་པའི་ཕྱིར་ཏེ། སློབ་དཔོན་ཟླ་བ་གྲགས་པས་འཇུག་འགྲེལ་དུ། དེ་ལ་མཐོང་བ་ཐ་དད་ཀྱང་། དེ་ཁོ་ན་ཉིད་འདི་མི་འགྱུར་བ་ཡིན་ལ། གང་གི་ཕྱིར་དབྱེ་བ་དང་རྣམ་པར་འགྱུར་བ་མེད་པ་དེའི་ཕྱིར། དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡེ་ཤེས་ཀྱང་རང་བཞིན་གཅིག་ཡིན་ནོ། །གལ་ཏེ་ཡེ་ཤེས་ཀྱི་རང་བཞིན་དུ་མ་ཉིད་ཡིན་ན་ནི་ཡེ་ཤེས་ཀྱིས་དེ་ཁོ་ན་ཉིད་མ་རྟོགས་པར་འགྱུར་ཏེ། རང་བཞིན་ཇི་ལྟར་གནས་པ་མ་རྟོགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་དེ་ཁོ་ན་ཉིད་འདི་གཅིག་ཡིན་པས་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་ཡེ་ཤེས་ཀྱང་ཐ་མི་དད་པ་དེའི་ཕྱིར་ཐེག་པ་འདི་ཡང་གཅིག་ཁོ་ན་ཡིན་གྱི། ཐེག་པ་གསུམ་པོ་ནི་ཡོད་པ་མ་ཡིན་ཏེ། མདོ་ལས། འོད་སྲུངས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པ་བྱང་ཆུབ་ཡིན་ན་དེ་ནི་གཅིག་ཉིད་ཡིན་གྱི། གཉིས་དང་གསུམ་ལ་སོགས་པ་ནི་ཡོད་པ་མ་ཡིན་ནོ། །ཞེས་ལུང་དང་བཅས་པའི་སྒོ་ནས་ལེགས་པར་སྒྲུབ་པར་མཛད་པ་དེ་བཞིན་དུ། སངས་རྒྱས་ཀྱི་ཡེ་ཤེས་ཀྱི་བྱེ་བྲག་གི་རིམ་པ་གོང་ནས་གོང་དུ་སྐྱེ་བ་ལ་ལྟོས་ནས་འཇིག་རྟེན་ལས་འདས་པའི་ཐེག་པ་རིམ་པ་དགུ་རུ་གྲུབ་ཅིང་། དེ་ཡང་མཐར་ཐུག་གི་ངོ་བོ་ནི་སངས་རྒྱས་ཀྱི་ཡེ་ཤེས་གཅིག་ཡིན་པས་ཐེག་པ་གཅིག་ཁོ་ནར་ངེས་པས་ན། རིམ་པ་མེད་པའི་ཕྱོགས་ཆད་ཀྱི་ཐེག་པ་གསུམ་སོགས་མེད་ལ། གནས་སྐབས་སུའང་ཉན་ཐོས་ཐེག་པས་ཀྱང་སངས་རྒྱས་ཆུང་ངུ་ཞིག་ཐོབ་པ་ཡིན་ཏེ། འཇུག་འགྲེལ་ལས། སངས་རྒྱས་ཀྱི་སྒྲ་ནི་སངས་རྒྱས་ཀྱི་ས་དེ་ཉིད། ཉན་ཐོས་དང་རང་སངས་རྒྱས་གསུམ་ཅར་ལའང་འཇུག་པར་མཐོང་ངོ་། །ཞེས་གསུངས་པས། ཐེག་པ་རིམ་པ་དགུ་སངས་རྒྱས་ཀྱི་ཐེག་པ་གཅིག་ཏུ་གྲུབ་བོ། །ཚུལ་ཇི་ལྟར་གུས་པ་སྒྲུབ་ན། དེ་ལྟ་བུའི་རྒྱལ་བའི་བཀའ་འཇིག་རྟེན་དང་འཇིག་རྟེན་འདས་པའི་ཐེག་པ་མཐའ་དག་གི་ཆ་ཤས་ཙམ་ལའང་འདི་ནི་སངས་རྒྱས་ཀྱི་ཆོས་མ་ཡིན་ནོ། །དམན་ནོ་སྙམ་པ་སེམས་ནས་བསམ་ཚེ་ལོག་ལྟར་འགྱུར་བ་དང་། ཁ་ནས་སྨྲས་ཚེ་རྫུན་དུ་གྱུར་བས་ཡིན་པ་ལ་མིན་ནོ་ཞེས་པའི་སྐུར་པ་མ་རུང་བ་ནི་དུས་ནམ་ཡང་མི་གདབ་སྟེ་སངས་རྒྱས་ཀྱི་ཆོས་ཇི་ལྟར་ཡིན་ཀྱང་དེ་ལ་འདི་མ་ཡིན་བསམ་པའི་རང་འདོད་ཞིག་སྐྱེ་ཙམ་ནས་སྐུར་འདེབས་ཁོ་ན་ཡིན་པས་སོ། །དེ་བས་ན་སངས་རྒྱས་ཀྱི་ཆོས་ཐེག་པ་མཐའ་དག་ལ་ལུང་དང་རྟོགས་པ་གཉིས་སུ་གནས་པས་དེ་དག་དམན་པར་མི་བལྟ་བར་ལུང་གི་ཆོས་རྣམས་སྨྲ་བའི་སྒོ་ནས་གུས་པ་བྱེད་པ་དང་། རྟོགས་པའི་ཆོས་སྒྲུབ་པའི་སྒོ་ནས་གུས་པས་སྤྱི་བོར་ལེན་དགོས་ལ། ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཀྱི་གཞི་ནི་ཚུལ་ཁྲིམས་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་པའི་ཚུལ་ཁྲིམས་ནི་ལུས་དང་ལོངས་སྤྱོད་ཀུན་ལ་མ་ཆགས་པས་རྣམ་དག་ཏུ་སྒྲུབ་དགོས་ཤིང་། མ་ཆགས་པའི་དངོས་པོ་སྒྲུབ་བྱེད་ནི་བཅོམ་ལྡན་འདས་ཀྱིས་སྦྱང་བའི་ཡོན་ཏན་བཅུ་གཉིས་སུ་བཀའ་སྩལ་པ་འདི་ཉིད་ཡིན་ཅིང་། རྒྱ་གར་འཕགས་པའི་ཡུལ་དུ་ནི་སངས་རྒྱས་ཀྱི་རྗེས་འཇུག་མཁས་པ་དང་གྲུབ་ཐོབ་གང་ཡིན་ཐམས་ཅད་བཅུ་གཉིས་པོ་འདི་ཁོ་ན་ལ་གནས་པ་ཡིན་ནོ། །བཅུ་གཉིས་ནི་བཞི་རུ་གནས་ཏེ། ཟས་ལ་ཆགས་པས་སྤོང་བྱེད་གསུམ་ནི། ཟས་བཟང་པོ་ལ་ཆགས་པ་སྤང་བ་བསོད་སྙོམས་པ། མང་པོ་ལ་ཆགས་པ་སྤོང་བ་ཕྱིས་མི་ལེན། ཡང་ཡང་ཟ་བར་ཆགས་པ་སྤོང་བྱེད་སྟན་གཅིག་པའོ། །གོས་ལ་ཆགས་པ་སྤོང་བྱེད་གསུམ་ནི། གོས་བཟང་པོ་ལ་ཆགས་པ་སྤང་བ་ཕྱག་དར་ཁྲོད་པ། གོས་མང་པོ་ལ་ཆགས་པ་སྤོང་བ་ཆོས་གོས་གསུམ་པ། གོས་འཇམ་པོ་ལ་ཆགས་པ་སྤོང་བ་ཕྱིང་བ་པའོ། །གནས་པ་ཆགས་པ་སྤོང་བྱེད་བཞི་ནི། གནས་འདུ་འཛི་ཅན་ལ་ཆགས་པ་སྤོང་བ་དགོན་པ་བ། གནས་བཟང་པོ་ལ་ཆགས་པ་སྤོང་བ་དུར་ཁྲོད་པ། གནས་ཁང་སྟེང་གཡོགས་ཅན་ལ་ཆགས་པ་སྤང་བ་བླ་གབ་མེད་པ། གནས་ཁང་བསྐོར་བ་ཅན་ལ་ཆགས་པ་སྤོང་བ་ཤིང་དྲུང་བའོ། །མལ་དང་ཉལ་བ་ལ་ཆགས་པ་སྤང་བ་གཉིས་ནི་ཡང་ཡང་མི་བརྗེ་བར་གནས་པ་གཞི་ཇི་བཞིན་པ། ཙོག་གེར་འདུག་པ་ཙོག་པུ་པའོ། །ཆོས་ཀྱི་རྩ་བ་དེ་དག་ཁ་ཙམ་དུ་མི་བཞག་པར་ལག་ཏུ་བླང་དགོས་སོ། །གསུམ་པ་དགེ་འདུན་དཀོན་མཆོག་ལ་སྐྱབས་སུ་སོང་བའི་ཡན་ལག་གི་བསླབ་བྱ་ལ་བཤད་པའི་ཚུལ་གཉིས་ལས། གང་ལ་གུས་པ་སྒྲུབ་ན། སྤྱིར་གང་ཟག་ཅེས་བྱ་བའི་སྒྲ་དོན་ནི། ཕུ་ག་ལ་ཞེས་པ་རྒྱུན་མི་འཆད་པ་སྐྱེ་བ་ལ་ཡང་ཡང་སྦྱོར་བ་ལའང་འཇུག །སྐྱེ་ནས་དར་གྱི་བར་དུ་ནི་འཕེལ་བས་གང་བ་དང་། དར་ཡོལ་ནས་ཤི་བའི་བར་དུ་གོད་པས་ཟག་པ་ལའང་འཇུག་པར་བཤད། གང་ཟག་གི་ངོ་བོ་ནི། སངས་རྒྱས་པའི་ལུགས་ལ་ཆོས་ཀྱི་རྒྱུན་ཙམ་ལ་བཏགས་པའི་བཏགས་ཡོད་དུ་འདོད་པ་ཡིན་ནོ། །དབྱེ་ན་དག་མ་དག་གཉིས་ཡོད་པ་ལས། སྤྱིར་དག་པ་ནི་མཐོ་རིས་གསུམ་གྱི་འགྲོ་བ་དང་། མ་དག་པ་ངན་སོང་གསུམ་གྱི་འགྲོ་བ་རྣམས་ལ། ཇི་ལྟར་གུས་པ་བསྒྲུབ་ན། དམ་པར་གྱུར་པ་བྱང་སེམས་འཕགས་པའི་སྤྲུལ་པ་སྣ་ཚོགས་སུ་གནས་པར་བལྟ་བར་བྱ་དགོས་པ་ཡིན་ལ། བྱེ་བྲག་གཞན་ནི་གང་ཟག་དག་དང་ཞེས་བྱ་བ་ལ་འདུལ་བ་འཛིན་པའི་གང་ཟག་དག་པ་ཡང་མུ་བཞི་པོའི་ནང་ནས་ནི་གཉིས་ཡིན་ཏེ། འདུལ་བ་འཛིན་པའི་གང་ཟག་ནི། བཅོམ་ལྡན་འདས་ཀྱི་འདུལ་བ་སོ་ཐར་རིགས་བརྒྱད་པོའི་སྡོམ་པ་ཚུལ་བཞིན་བླངས་ཤིང་ཆོས་འདུལ་བ་བཞིན་དུ་སྡོམ་པ་རྣམ་དག་བསྲུང་བ་ལ་གནས་པའོ། །འདུལ་འཛིན་དང་འདྲ་བ་ནི། སྡོམ་པ་མ་བླངས་ཀྱང་སྐྱེས་ཐོབ་ཀྱིས་མི་དགེ་སྤངས་ཏེ་དགེ་བ་ལ་སྤྱོད་པའོ། །བྱང་ཆུབ་སེམས་དཔའ་ནི། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ཤིང་གཞན་ལ་ཕན་པ་སྒྲུབ་པར་ཞུགས་པའོ། །བྱང་ཆུབ་སེམས་དཔའ་དང་འདྲ་བ་ནི། གཞན་ལ་གནོད་པ་གཞི་དང་བཅས་པ་སྤང་བའོ། །བླ་མ་ནི། བརྟན་མཁས་བཙུན་པ་ཕན་འདོགས་ཀྱི་ཡོན་ཏན་བླ་ན་མེད་པ་རྣམས་ཀྱི་མཚན་ཉིད་དང་ལྡན་པའོ། །བླ་མ་དང་འདྲ་བ་ནི། གྲྭ་པའི་མཚན་ཉིད་ཡང་དག་དང་ལྡན་པ་ལ་བླ་མའི་མིང་འདོགས་པའོ། །གྲྭ་པའི་མཚན་ཉིད་ནི། སློབ་དཔོན་ཤཱཀྱ་འོད་ཀྱིས། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང་། །བསམ་གཏན་དང་ནི་འདོན་ལ་རྟག་ཏུ་བརྩོན། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་སྟེ། །སྡོམ་བརྩོན་གནས་པའི་ཆོས་བདུན་ལེགས་པར་གསུངས། །ཞེས་སོ། །དེ་རྣམས་ལ་མ་དག་པ་སྣང་བ་ནི། གཟུགས་མི་མཛེས་པ་དང་། རིགས་དམན་པ་དང་། ལོངས་སྤྱོད་དབུལ་བ་དང་། ནད་ཀྱིས་བཏབ་པ་སོགས་སྔོན་གྱི་རྣམ་སྨིན་ལུང་མ་བསྟན་གྱི་ཆ་དུ་མ་ལྡན་པའམ། རང་ཉིད་ཀྱི་བློ་ཆོས་བརྒྱད་དང་མི་དགེ་བས་གྱོང་ཁེང་དུ་གྱུར་པའི་སྣང་བ་ལས། དེ་རྣམས་ལ་ཚུལ་ཁྲིམས་ཏིང་འཛིན་དང་། ཐོས་བསམ་སྒོམ་གསུམ་གྱི་ཤེས་རབ་དང་། དེ་རྣམས་ཀྱི་གྲོགས་རིམ་པར་འཆད་རྩོད་སྩོམ་གསུམ་སྟེ་དེ་ལྟའི་ཡོན་ཏན་དགེ་ཚོགས་ཡོད་པ་ཕལ་ཆེར་སྐྱོན་ཡིན་པར་ཤར་བ་ཡང་མ་དག་པའི་སྣང་བ་མི་བཟད་པའོ། །ཡང་གང་ཟག་དག་པ་ལ་གྲུབ་ཐོབ་ནི། སྔགས་ལམ་ཚུལ་བཞིན་བསྟེན་པ་ལས་བྱུང་བ་སྦྱོར་ལམ་བཟོད་པ་ཡན་ཆད་ལ་གནས་པའི་རྟགས་ཁྱད་འཕགས་ལྡན་པའོ། །གྲུབ་འདྲ་ནི། ཚོགས་ལམ་ཆེན་པོ་ཡན་ཆད་ཀྱི་རྟགས་ཁྱད་འཕགས་ལྡན་པའོ། །གཏེར་སྟོན་ནི། སློབ་དཔོན་ཆེན་པོ་དངོས་སུ་མཇལ་ནུས་ཤིང་ས་གཏེར་དང་ཞལ་ནས་གསུངས་པ་ལ་དབང་བའོ། །གཏེར་འདྲ་ནི། ཉམས་སྣང་ལ་ཞལ་མཐོང་ཞིང་བྱིན་གྱིས་བརླབས་པ་ལས་བྱུང་བའི་ཆོས་ཀྱི་སྒོ་བརྙེས་པའོ། །དེ་ཚེ་ནང་དག་པར་ངེས་ཤིང་དགོས་དབང་གིས་ཕྱིའི་ཀུན་སྤྱོད་ལ་མ་དག་པའི་སྐྱོན་སྣང་བ་ནི། ཆང་སོགས་དམ་རྫས་ལ་རོལ་བ་དང་། འགྲོ་བ་འདུལ་བའི་ཐབས་ཚུལ་སྣ་ཚོགས་སྟོན་པ་རྣམས་ཀྱི་སྐྱོན་ཅན་དུ་ལྟ་མི་རུང་སྟེ། དཔེར་ན་སྔོན་གྲུབ་ཐོབ་མཻ་ཏྲི་པས་དམ་རྫས་ཆང་བསྣམས་པ་ཇོ་བོ་ཨ་ཏི་ཤས་གཟིགས་ནས་དགེ་འདུན་གྱི་གྲལ་ནས་ཕུད་པས། སྒྲིབ་པའི་དབང་གིས་རྟག་ཏུ་མཇལ་རྒྱུའི་རྗེ་བཙུན་སྒྲོལ་མའི་ཞལ་མ་མཐོང་བར་བཤགས་སྡོམ་མང་དུ་མཛད་པས་ཞལ་གཟིགས་པ་ན་ཁྱོད་སྡིག་པ་དེས་སྦྲུལ་ཆེན་པོ་རི་རྒྱལ་ལྷུན་པོ་ལ་དཀྲིས་གསུམ་བྱས་པར་སྐྱེ་བར་འདུག་པས་བཤགས་པ་བྱེད་དགོས་ཚུལ་གསུངས་པ་ལྟ་བུ་ཡིན་པས་སོ། །དེ་དག་ལའང་ཚུལ་ཇི་ལྟར་གུས་པ་སྒྲུབ་ན། འགྲོ་ལ་ཕན་བདེ་བྱེད་པའི་གང་ཟག་དེ་རྣམས་ལ་སངས་རྒྱས་སམ་དོན་དམ་པའི་ཆོས་ཉིད་ཟབ་མོ་མངོན་སུམ་དུ་རྟོགས་པ་ས་དང་པོ་ཡན་ཆད་བཅུ་པ་མན་གྱི་བྱང་སེམས་འཕགས་པའི་སྤྲུལ་པ་ཡིན་པར་བལྟ་བ་དང་། སྤང་རྟོགས་ཕུན་ཚོགས་ཀྱི་མཁྱེན་པ་ལྡན་ཅིང་འགྲོ་བ་ལ་རྩེ་གཅིག་ཏུ་ཕན་འདོགས་བྱེད་པའི་ཡོན་ཏན་གྱི་ཆ་ནས་དགའ་བ་དང་གུས་པ་རྒྱ་ཆེར་སྒྲུབ་པའི་བྱ་བ་བྱེད་དགོས་པ་ཡིན་ནོ། །གཉིས་པ་སྐྱབས་གསུམ་མཐུན་མོང་གི་བསླབ་བྱ་བཤད་པ་ལ། སྤྱིར་དབང་པོ་ཉི་ཤུ་རྩ་གཉིས་ནི་མཛོད་ལས་འབྱུང་བ་ལྟར། རང་རང་གི་ཡུལ་ལྔ་ལ་དམིགས་ནས་དབང་བྱེད་པ་མིག་རྣ་བ་སྣ་ལྕེ་ལུས་ལྔ། ཡུལ་ཐམས་ཅད་ལ་དམིགས་པས་དབང་བྱེད་པ་ཡིད་ཀྱི་དབང་པོ། ཕོ་མོའི་བྱེ་བྲག་འབྱེད་པས་དབང་བྱེད་པ་ཕོ་དབང་དང་མོ་དབང་གཉིས། སེམས་ཅན་གྱིས་རིས་མཐུན་གནས་པ་ལ་དབང་བྱེད་པ་སྲོག་གི་དབང་པོ། ཀུན་ནས་ཉོན་མོངས་ཆགས་སྡང་གཏི་མུག་ལ་དབང་བྱེད་པ་ཡིད་ཚོར་བདེ་བ་དང་། ཡིད་མི་བདེ་བ། ལུས་ཚོར་བདེ་བ་དང་། སྡུག་བསྔལ་བ། ཚོར་བ་བཏང་སྙོམས་ཀྱི་དབང་པོ་སྟེ་ཚོར་བའི་དབང་པོ་ལྔ་ཡིན། རྣམ་བྱང་ལ་དབང་བྱེད་པ་དད་པའི་དབང་པོ་ལ་སོགས་པ་ལྔ་དང་། ཟག་མེད་མྱ་ངན་ལས་འདས་པ་གོང་ནས་གོང་དུ་ཐོབ་པ་ལ་དབང་བྱེད་པ་ནི་མི་ཤེས་པ་ཀུན་ཤེས་པར་བྱེད་པའི་དབང་པོ་མཐོང་ལམ་གྱིས་བསྡུས་པ། ཀུན་ཤེས་པའི་དབང་པོ་སྒོམ་ལམ་གྱིས་བསྡུས་པ། ཀུན་ཤེས་ལྡན་པའི་དབང་པོ་མི་སློབ། ལས་ཀྱིས་བསྡུས་པ་སྟེ་ཟག་མེད་ཀྱི་དབང་པོ་གསུམ་མོ། །དེ་དག་ངེས་པར་བྱས་ནས་གཞུང་དོན་ལ། ཐུན་མོང་གི་བསླབ་བྱ་སྒྲུབ་པ་དང་དགག་པས་བསྡུས་པ་གཉིས་བཤད་པ་དང་། ཐུན་མོང་གི་བསླབ་བྱ་སྒྲུབ་པས་བསྡུས་པ་གསུམ་བཤད་པ་ལས། དང་པོ་ནི། མིག་སོགས་ལྔ་ཕོ་མོའི་དབང་པོ་དང་བཅས་པ་དབང་པོ་གཟུགས་ཅན་བདུན་ནི་ལུས་ཡིན་ལ། བརྟེན་པ་ཡིད་དབང་གི་རྟེན་སྲོག་གི་དབང་པོ་སྟེ་འདི་དག་ནི་ཤིན་ཏུ་གཅེས་པ་ཡིན་ན་དེ་དག་བསྲུང་བའི་ཕྱིར་དང་། ཡང་ཞེས་པ་སྡུད་ཚིག་གིས་བསྟན་པ། བཏང་སྙོམས་དང་ཡིད་བདེ་དང་ལུས་བདེ་བའི་ཚོར་བ་བསྐྱེད་པའི་དངོས་པོ་ལོངས་སྤྱོད་ནོར་ཡོད་པ་རྣམས་ཤོར་ཀྱང་དཀོན་མཆོག་གསུམ་པོ་གཏན་ནས་མི་སྤོང་བའི་དམ་བཅའ་བརྟན་པོ་ལ་གནས་པ་དང་། ད་ལྟ་འཁོར་བའི་སེམས་ཅན་རྐྱེན་ངན་བསྲན་དཀའ་བའི་དུས་འདི་འདྲ་བར་རང་ལ་ཡིད་མི་བདེ་བ་དང་། སྡུག་བསྔལ་གྱི་ཚོར་བ་འབྱུང་བྱེད་ནང་གི་འདུ་བ་འཁྲུགས་པའི་ཕྱི་རོལ་གྱི་སེམས་ཅན་དང་སེམས་ཅན་མ་ཡིན་པས་གནོད་པའི་རྐྱེན་ངན་པ་སྣ་ཚོགས་ཡོད་པ་རྣམས་ལས་ཅི་འདྲ་ཞིག་བྱུང་ན་ཡང་། མཐུན་པའི་རྐྱེན་སྒྲུབ་པའི་མགོན་དང་མི་མཐུན་འགལ་རྐྱེན་སེལ་བའི་སྐྱབས་དཀོན་མཆོག་གསུམ་ལ་བློ་གཏད་པའི་སྣང་བ་དང་བཅས་བཞིན་མ་གཏོགས་སྣང་མེད་ཀྱི་མི་དང་མི་མིན་སོགས་གཞན་གྱི་དབང་དུ་བྱས་ནས་ཐབས་ཀྱི་རྣམ་པ་གང་ཡང་བཙལ་བའི་བསམ་སྦྱོར་སྐད་ཅིག་ཀྱང་བསྐྱེད་རུང་བ་མིན་ནོ། །གཉིས་པ་ལ། ཡིད་དང་ལུས་ཀྱི་བསྒྲུབ་བྱར་གྱུར་པའི་བསླབ་བྱ་གཉིས་མཉམ་དུ་བསྟན་པ། ངག་གི་བསྒྲུབ་བྱར་གྱུར་པའི་བསླབ་བྱ་གཅིག་ཡན་ག་བར་བསྟན་པ་གཉིས་ཀྱི། དང་པོ་ལའང་གཉིས་ལས། ཡིད་ཀྱིས་དྲན་བྱ་དང་། ལུས་ཀྱིས་མཆོད་བྱ་གཉིས་ལྷན་ཅིག་ཏུ་བསྟན་པ་ནི། གཞན་ལས་ཁྱད་འཕགས་སུ་གྱུར་པ་ལ་ནི་ཆེ་བ་ཞེས་བྱ་ལ་འདིའི་ངོ་བོ་ནི། གཞན་ལས་མཆོག་ཏུ་གྱུར་པ་ཟག་པ་མེད་པའི་ཡོན་ཏན་ཡིན་ཅིང་། དེ་ནི་ཟག་མེད་ཀྱི་དབང་པོ་དང་པོ་གཉིས་པོས་བསྡུས་པ་སློབ་ལམ་དང་། གསུམ་པས་བསྡུས་པ་མི་སློབ་ལམ་སྟེ་ཟག་མེད་ཀྱི་ལམ་གཉིས་པོ་རྟེན་དང་བཅས་པས་ཡུལ་གང་ལ་ཡོན་ཏན་མངའ་ཞིང་མཆོད་ཡུལ་མཆོག་ཏུ་གྱུར་བ་དཀོན་མཆོག་གསུམ་ལེགས་པར་བསྡུས་ཏེ། མི་སློབ་ལམ་ལ་གནས་པའི་རྟེན་གྱི་གང་ཟག་ནི་སངས་རྒྱས་དཀོན་མཆོག །སློབ་ལམ་ལ་གནས་པའི་རྟེན་གྱི་གང་ཟག་ནི་དགེ་འདུན་དཀོན་མཆོག་ཏུ་གྲུབ་ཅིང་ལམ་ནི་ཆོས་དཀོན་མཆོག་ཏུ་གནས་པས་སོ། །དེ་དག་གི་ཟབ་ཅིང་རྒྱ་ཆེ་བའི་ཡོན་ཏན་རྣམས་ནི་དྲན་པར་བྱ་རྒྱུ་ཡིན་ནོ། །ཟས་ཤེས་བྱས་ནི་སྲིད་པ་གསོལ་བར་བྱེད་པ་ཡིན་ལ་སྐྱེས་ཟིན་ཚེ་འདིའི་སྲིད་པ་གསོ་བྱེད་ཁམ་གྱི་ཟས་དང་། རིག་པའི་ཟས་གཉིས། སྐྱེ་འགྱུར་མ་འོངས་ཕྱི་མའི་སྲིད་པ་གསོ་བྱེད་སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་གཉིས་ཏེ་བཞི་ཡོད་པའི་ཁམ་གྱི་ཟས་ནི་འདོད་ཁམས་ཁོ་ན་ན་ཡོད་པ་རྡུལ་ཕྲན་གྱིས་ཁམ་དུ་བཅད་ནས་མིད་པར་བྱ་བ་དྲི་རོ་རེག་བྱའི་སྐྱེ་མཆེད་ཀྱི་རྫས་ཡིན་གྱི་གཟུགས་ཀྱི་སྐྱེ་མཆེད་ནི་མ་ཡིན་ཏེ་ཟས་ཀྱི་བྱ་བ་དབང་པོ་རྒྱས་པ་དང་འབྱུང་བཞི་འཕེལ་བའི་སྒོ་ནས་དབང་པོ་ལ་ཕན་པའི་བྱ་བ་མི་བྱེད་པས་སོ། །རེག་པའི་ཟས་ནི། དབང་ཡུལ་ཤེས་གསུམ་འདུས་པ་ཡིན་ནོ། །སེམས་པའི་ཟས་ནི་ཟག་བཅས་ཀྱི་ལས་དགེ་སྡིག་རྣམས་ཡིན་ནོ། །རྣམ་པར་ཤེས་པའི་ཟས་ནི་ལས་ཀྱིས་ས་བོན་དང་ལྡན་པའི་རྣམ་ཤེས་སེམས་དང་སེམས་བྱུང་བཅས་པ་ཡིན་ནོ། །ཁམ་ཟས་གནས་དབང་པོ་རྒྱས་པར་བྱེད་ཅིང་རེག་ཟས་བརྟེན་པ་པོ་རྣམ་ཤེས་རྒྱས་པར་བྱེད་ལ། སེམས་ཟས་ཕྱི་མའི་སྲིད་པ་འཕེན་ཞིང་། ཤེས་ཟས་ཡང་སྲིད་འགྲུབ་པར་བྱེད་པ་ཡིན་ནོ། །ཟས་འདི་རྣམས་ལ་མཆོད་པར་བྱ་བའི་རྫས་སུ་འོས་པ་ཡོད་པས་ན་དབང་པོ་དྲུག་རྒྱས་པར་བྱེད་པའི་ལོངས་སྤྱོད་བཞི་པོ་དེ་དག་གིས་བསྡུས་པ་ཕལ་ཆེར་མཆོད་བྱའི་དངོས་པོ་ཡིན་ནོ། །ཡིད་ཀྱིས་དྲན་པ་དང་། ལུས་ཀྱི་མཆོད་པའི་བྱ་བ་གཉིས་ལྷན་ཅིག་ཏུ་བསྟན་པ་ནི། །ཟ་འཆགས་ཉལ་འདུག་གི་སྤྱོད་ལམ་བཞི་པོས་དུས་སམ་ཉིན་མཚན་གྱི་དུས་རྟག་པ་སྟེ་རྒྱུན་མ་ཆད་པ་ཉིད་དག་ཏུ་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་རྒྱས་པ་དང་། བསྡུས་པའི་སྒོ་ནས་ཇི་སྐད་བཤད་པ་ལྟར་དྲན་པར་བྱ་དགོས་པ་ཡིན་ཅིང་། དྲན་པའི་དབང་པོ་དེའི་རྒྱུ་ནི་དྲན་བྱ་ལེགས་པར་ཤེས་པའི་ཤེས་རབ་ཡིན་ལ། གྲོགས་ནི་ཡོན་ཏན་ལ་དམིགས་པ་དང་བའི་དད་པ་དང་། སྤྲོ་བའི་བརྩོན་འགྲུས་གཉིས་སུ་གནས་ཤིང་། འབྲས་བུ་ནི་ཡོན་ཏན་ལ་སེམས་རྩེ་གཅིག་ཏུ་གནས་པའི་ཏིང་འཛིན་དུ་འགྱུར་བས་དྲན་པ་གཙོ་བོར་གྱུར་པའི་དབང་པོ་ལྔ་འབྱུང་ངོ་། །ཟས་བཞི་པོ་འདི་དང་ཕྱི་མའི་སྲིད་པ་དག་གསོ་བྱེད་དུ་གྱུར་པ་མཆོད་པར་འོས་པ་གང་བྱུང་གིས་དེ་མ་ཐག་པ་རྟག་ཏུ་དཀོན་མཆོག་གསུམ་ལ་ལེགས་པར་མཆོད་དགོས་པ་ཡིན་ལ། དེ་ཡང་མཆོད་པར་འོས་པ་ནི། ཁམ་གྱི་ཟས་དྲི་ཞིམ་པ་རོ་མངར་བ་སོགས་ཕུན་སུམ་ཚོགས་པ། རེག་བྱ་འཇམ་པ་ཁྲུས་དང་གོས་ལ་སོག་པ་རྣམས་དང་། རེག་ཟས་མིག་དབང་ཡུལ་མཛེས་པའི་གཟུགས་མིག་ཤེས་གསུམ་པོ་འདུས་པ་ལས་བྱུང་བ་ཚོར་བ་བདེ་བ་དང་བར་མ་སྐྱེད་བྱེད་གང་བྱུང་ཐམས་ཅད་དང་། དེ་བཞིན་དུ་རྣ་བའི་འདུས་ཏེ་རེག་པ་ཚོར་བ་བར་མ་དང་བདེ་བའི་རྒྱུར་གྱུར་པ་སྒྲ་སྙན་པ་ཐམས་ཅད་དང་། སྣའི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་ཚོར་བ་བཏང་སྙོམས་དང་བདེ་བའི་རྒྱུ་ཐམས་ཅད་དང་། སེམས་པའི་ཟས་དགེ་བའི་ལས་དང་ལུང་མ་བསྟན་པའི་ལས་ཐམས་ཅད་དང་། རྣམ་པར་ཤེས་པ་ནི་བདག་གམ་སེམས་ཅན་དུ་འདོགས་པའི་གཞི་ཡིན་པས་དེ་ཕུལ་ན་ནི་བདག་ཉིད་ཕུལ་བ་ཡིན་ནོ། །མཆོད་མི་འོས་པ་ནི། རང་གི་ཡིད་དུ་མི་འོང་བའི་ཡུལ་ལམ་ཚོར་བ་སྡུག་བསྔལ་གྱི་རྒྱུ་རེག་པ་རྣམས་འབུལ་མི་རུང་སྟེ། དཀོན་མཆོག་གསུམ་ལ་རྣམ་རྟོག་མེད་ཀྱང་། འབུལ་མཁན་རང་ལ། ཅི་འདྲ་བ་ཡི་ལས་བསགས་པ། །དེ་འདྲ་བ་ཡི་འབྲས་བུ་འབྱུང་། །གསུངས་པ་བཞིན་ཉེས་པ་བསྐྱེད་པ་དང་། ཁྱད་པར་དུ་མི་དགེ་བའི་ལས་ནི་སེམས་ཅན་ལ་འཚེ་ཞིང་གནོད་པའི་རྐྱེན་ཡིན་པས་དེ་ནི་དཀོན་མཆོག་ལ་ཕུལ་ཀྱང་བཞེས་མི་སྲིད་ལ། སྡིག་པ་ནི་མཆོད་བྱར་ཡང་གཏན་ནས་མི་རུང་ངོ་། །ངག་གི་བསྒྲུབ་བྱར་གྱུར་པའི་བསླབ་བྱ་གཅིག་ཡན་ག་བར་བསྟན་པ་ལའང་གཉིས་ལས། སྐྱབས་འགྲོ་རང་གི་བརྗོད་ཚུལ་ནི། རབ་ཀྱིས་བརྗོད་ཚུལ་དང་། འབྲིང་དང་ཐ་མས་བརྗོད་ཚུལ་གཉིས་ལས། དང་པོ་ནི། སྤྱིར་རྒྱུན་ཅེས་པ་ནི་སྐད་ཅིག་མ་མིན་པ་ལ་མེད། དུས་མཐའི་སྐད་ཅིག་མ་གཅིག་ལ་མེད། སྐད་ཅིག་མང་པོ་གཅིག་ཅར་ཚོགས་པ་ལའང་མེད། སྐད་ཅིག་ལ་རང་གི་མཚན་ཉིད་འབྲེལ་མེད་སོ་སོ་ཐ་དད་པ་སྔ་ཕྱིར་བྱུང་བ་ལ་རྒྱུན་གཅིག་ཅེས་པ་མེད་དེ། འཇུག་པ་ལས། གང་དག་རང་མཚན་ཉིད་ཀྱི་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པ་རིགས་མ་ཡིན། །ཞེས་གསུངས་པ་ལྟར་ལས། འདུས་བྱས་སྐད་ཅིག་སྔ་མ་དང་ཕྱི་མ་རང་གི་ངོ་བོ་ཉེ་བའི་འབྲེལ་བ་ཡོད་པ་སྐད་ཅིག་གཉིས་ཕན་ཆད་གནས་པ་རྒྱུན་ཡིན་ཅིང་འདྲ་བའི་ཆ་དེ་ལ་ནི་རྒྱུན་གཅིག་ཅེས་བྱ་ཞིང་། མི་འདྲ་བའི་རྒྱུན་མཐུད་པ་ལ་ནི་རྒྱུན་ཐ་དད་ཅེས་བྱའོ། །འདིར་ནི་ཉིན་མཚན་གྱི་དུས་ལ་སྐད་ཅིག་དུ་མ་ཡོད་ཅིང་དེ་ཡང་ཉིན་གྱི་རྒྱུན་དང་མཚན་མོའི་རྒྱུན་ནི་རྒྱུན་ཐ་དད་པ་གཉིས་མཐུད་པ་སྟེ། དབང་པོ་རབ་རྣམས་ཀྱི་ཉིན་མཚན་དེ་དག་གི་རྒྱུན་གྱི་དངོས་པོ་དང་འབྲེལ་བར་བར་མ་ཆད་དུ་ངག་གི་རྣམ་པར་རིག་བྱེད་ཀྱི་སྐྱབས་འགྲོ་བརྗོད་པར་བྱ་དགོས་པའོ། །དེ་ལས་སྐྱབས་འགྲོ་ལ་རྒྱུ་དང་འབྲས་བུའི་སྐྱབས་འགྲོ་གཉིས་སུ་ཡོད་པའི། །ཐེག་ཆེན་གྱི་འབྲས་བུའི་སྐྱབས་འགྲོ་ཡང་སྙིང་རྗེས་གཞན་དོན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་པའི་བྱང་ཆུབ་ལ་དམིགས་པའི་དོན་གཉིས་དང་ལྡན་པ་སྨོན་པ་བྱང་ཆུབ་ཀྱི་སེམས་དང་འདྲ་ན་འདི་གཉིས་ཀྱི་ཁྱད་པར། རྗེ་བཙུན་བསོད་ནམས་རྩེ་མོས་ནི། དམ་བཅའ་བའི་ལྕགས་ཀྱུ་གཉིས་པས་མ་ཟིན་པ་དང་། ཟིན་པས་འཇོག་པར་བཞེད་ལ། ཀུན་མཁྱེན་ཆོས་རྗེས་ནི་རང་ཉིད་སངས་རྒྱས་སུ་འདོད་པའི་ཆ་ནི་སྐྱབས་འགྲོ། སེམས་ཅན་ཐམས་ཅད་སངས་རྒྱས་སུ་འདོད་པའི་ཆ་ནི་སྨོན་པ་སེམས་བསྐྱེད་དུ་བཞེད་ཅིང་། འོ་ན་ཡེ་ཤེས་དམ་པའི་སེམས་བསྐྱེད་དང་། འདོད་ཆེན་པོའི་སེམས་བསྐྱེད་གཉིས་ཀྱང་རང་ཉིད་སངས་རྒྱས་འདོད་པ་མིན་ནམ་ཞེ་ན། སེམས་བསྐྱེད་ལ་ནི་རང་ཉིད་སངས་རྒྱས་སུ་འདོད་མི་འདོད་ཅི་ལྟར་ཡིན་ཀྱང་སེམས་ཅན་སངས་རྒྱས་སུ་འདོད་པ་ངེས་པར་གཙོ་བོ་ཡིན་ལ། འབྲས་བུའི་སྐྱབས་འགྲོར་ནི། སྙིང་རྗེས་སེམས་ཅན་གྱི་དོན་ལ་དམིགས་པ་ལས་ངེས་པར་དེ་དག་གིས་སངས་རྒྱས་ཐོབ་པ་ལ་དམིགས་མི་དགོས་སོ། །སྐྱབས་སུ་འགྲོ་བའི་ཚིག་རྣམས་ཕལ་ཆེར་ལས་ནི་རྒྱུ་འབྲས་ཚིག་གཉིས་ཀ་འབྱུང་ཞིང་། འགའ་ཞིག་ལས་ནི་རྒྱུའི་ཚིག་ཁོ་ན་གཙོ་བོར་འབྱུང་བ་ཡིན་ནོ། །གཉིས་པ་ནི། དབང་པོ་འབྲིང་རྣམས་ཀྱིས་ཉིན་པར་སྔ་དྲོ། གོང་། ཕྱི་དྲོ་གསུམ་དང་། མཚན་གྱི་ནམ་སྟོད། ནམ་གོང་། ནམ་སྨད་གསུམ་སྟེ་དུས་གྲངས་དྲུག་ཏུ་གནས་པ་ལ་སྐྱབས་འགྲོ་བརྗོད་པར་བྱ་ལ། དབང་པོ་ཐ་མ་རྣམས་ཀྱི་དུས་དྲུག་གི་ནང་ཚན་གསུམ་དང་གཉིས་སོགས་སུ་རྟག་ཏུ་བརྗོད་པར་དམ་བཅའ་དགོས་སོ། །སྐྱབས་འགྲོ་གཞན་ལ་བརྗོད་པར་བསྐུལ་བའི་ཚུལ་ནི། སྔར་བཤད་པ་བཞིན་རབ་རྣམས་ལ་རྒྱུན་གྱི་སྐྱབས་འགྲོ་བརྗོད་པ་དང་། དེ་བཞིན་དུ་བར་གྱི་ཚིག་བསྡུས་ནས་མི་མངོན་པར་བྱས་པ། འབྲིང་ལ་དུས་དྲུག་དང་ཐ་མ་ལ་དུས་གསུམ་སོགས་སུ་སྐྱབས་འགྲོ་བྱེད་པར་གང་ཟག་གཞན་རྣམས་ལ་སྐུལ་མ་འདེབས་དགོས་པ་ཡིན་ནོ། །ཡན་ལག་དྲུག་པ་རྒྱུད་བསླབ་སྡོམ་དང་ལྡན་པར་སྒྲུབ་བྱེད་སྐྱབས་འགྲོ་བླངས་པའི་ཆོ་ག་བཤད་པ་ལ་གཉིས་ཏེ། ཞོར་ལས་འབྱུང་བ་སྡོམ་པའི་རྟེན་སྦྱིར་བརྟན་པ་དང་། དངོས་སུ་བྱུང་བ་སྡོམ་པ་བླངས་ཚུལ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ། ལུས་རྟེན་དང་། སེམས་རྟེན་གཉིས་ལས། སྐྱབས་འགྲོའི་སྡོམ་པ་སྐྱེ་བའི་ལུས་རྟེན་ནི། གཞན་སྟོབས་རྒྱུ་དང་འབྲས་བུའི་སངས་རྒྱས་ཀྱི་དབང་དུ་བྱས་ན་ནི་རིགས་དྲུག་གི་འགྲོ་བ་ཐམས་ཅད་ལ་སྐྱེ་རུང་མོད། སེམས་ཅན་རང་སྟོབས་ཀྱིས་སྐྱེ་བ་མེད་པའི་ཕྱིར་གཟུགས་དང་གཟུགས་མེད་ཀྱི་ལྷ་ལ་མི་སྐྱེ། རྣམ་སྨིན་གྱི་སྒྲིབ་པ་ཤས་ཆེ་བས་ངན་སོང་གསུམ་དང་སྒྲ་མི་སྙན་པའི་མི་ལ་མི་སྐྱེ། ཕོ་མོ་གཉིས་ཀའི་ཉོན་མོངས་ཤས་ཆེ་བ་དང་བློ་མང་བས་བསམ་པ་མི་བརྟན་པ་དང་ངོ་ཚ་ཁྲེལ་ཡོད་ཆུང་བས་ན་ཟ་མ་དང་མ་ནིང་ལ་མི་སྐྱེ་ཞིང་། གླིང་གསུམ་གྱི་མི་དང་འདོད་པའི་ལྷ་རྣམས་ལ་སྐྱེ་བའོ། །སེམས་རྟེན་ནི། སེམས་ཅན་ཐམས་ཅད་ལ་གནོད་པ་སྤང་བར་འདོད་པའིདགེ་སེམས་ཡོད་པ་དང་ངོ་ཚ་ཁྲེལ་ཡོད་ལྡན་པ་ཞིག་དགོས་ཏེ། མཛོད་འགྲེལ་ལས། སེམས་ཅན་ཐམས་ཅད་ཀྱི་རྗེས་སུ་སོང་བའི་དགེ་བ་ལ་གནས་པས་སྡོམ་པ་ཐོབ་ཀྱི། གཞན་དུ་ནི་མ་ཡིན་ཏེ་སྡིག་པའི་བསམ་པ་དང་མ་བྲལ་བའི་ཕྱིར་རོ། །ཞེས་དང་། གང་དང་ལྡན་པ་དང་གང་མེད་པས་སྡོམ་པ་དང་སྡོམ་པ་མ་ཡིན་པ་དག་ཏུ་འགྱུར་བ་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་ཤས་ཆེན་པོ། ཞེས་གསུངས་སོ། །ཁྱད་པར་དུ་ཐེག་ཆེན་སྐྱབས་འགྲོ་ལ་ངེས་པར་སྙིང་རྗེ་ལྡན་དགོས་ཏེ། མདོ་རྒྱན་ལས། དེ་ཡང་སྙིང་རྗེ་ལས་རིག་བྱ། ཞེས་གསུངས་སོ། །དེ་ཡང་ཡན་ལག་བདུན་པ་ཐམས་ཅད་སྔོན་དུ་འགྲོ་བའམ་མིན་ཀྱང་ཕྱག་འཚལ་བ་དང་མཆོད་པ་གཉིས་སྔོན་དུ་ངེས་པར་བཏང་བས་རང་རྒྱུད་དག་པར་སྒྲུབ་དགོས་ཏེ། སྤྱོད་འཇུག་ལས། སྐྱབས་འགྲོའི་སྔོན་དུ་དེ་གཉིས་གསུངས་པ་དང་། །ཀུན་མཁྱེན་ཆོས་རྗེས། རྣམ་པ་དངོས་ཡིད་གསང་བས་རབ་མཆོད་དེ། །བདག་དང་འགྲོ་ཀུན་གུས་པས་ཐལ་སྦྱར་ནས། །བླ་མ་སངས་རྒྱས་ཆོས་དང་དགེ་འདུན་ལ། །ལན་གསུམ་བར་དུ་གཞན་དོན་སྐྱབས་སུ་འགྲོ། །ཞེས་གསུངས་པས་སོ། །ཕྱག་འཚལ་ནི་ཐོག་མར་འབྱུང་བས་མཚོན་པར་བྱ་ལ། མཆོད་པ་ནི་བཟང་པོ་སྤྱོད་པ་ལྟ་བུ་སྦྱར་བར་བྱའོ། །གཉིས་པ་ལ། ཐུན་མོང་གི་ངོ་བོ་བཤད་པ། ནང་ཚན་ཐ་དད་ཀྱི་ལྡོག་པ་བཤད་པ་སྟེ་གཉིས་ལས། དང་པོ་ནི། མངོན་པ་ཀུན་བཏུས་ལས་བརྩོན་འགྲུས་ལྔ་རུ་གསུངས་པའི་ནང་ནས་དགེ་བའི་ཆོས་ལ་མི་ལྡོག་པའི་སེམས་མངོན་པར་སྤྲོ་བ་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པ་དང་ཡོངས་སུ་སྒྲུབ་པའི་བྱེད་ལས་ཅན་མི་ལྡོག་པའི་བརྩོན་འགྲུས་སྤྱིར་སྡོམ་པ་བླངས་པའི་ངོ་བོ་ཡིན་ཏེ། སྤྱོད་འཇུག་ལས། མི་ལྡོག་པ་ཡི་སེམས་ཀྱིས་སུ། །སེམས་དེ་ཡང་དག་བླང་གྱུར་པ། །ཞེས་གསུངས་པ་བཞིན་དུ། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ལ་མི་ལོག་པའི་དམ་བཅའི་སེམས་སྤྲོ་བས་ཀུན་ནས་བསླང་བ་ངག་གི་རྣམ་པར་རིག་བྱེད་ཉིད་ཀྱིས་ཁས་ལེན་པ་སྐྱབས་སྡོམ་བླང་བ་དག་གི་ངོ་བོ་ཡིན་པ་ཤེས་པར་བྱའོ། །གཉིས་པ་ལ། མ་ཐོབ་པ་གསར་དུ་ལེན་པའི་ལྡོག་པ། ཐོབ་ཟིན་ཡང་ཡང་ལེན་པའི་ལྡོག་པ་གཉིས་ལས། དང་པོ་ནི། སྐྱབས་སྡོམ་སྔར་ལེན་མ་མྱོང་བ་རྣམས་ཀྱིས་མ་སྐྱེས་པ་སྐྱེ་བའི་ཕྱིར་དུ་ཆོས་སྒོར་དང་པོ་ཉིད་ལ་འཇུག་པ་ན་ཤེས་རབ་དང་ལྡན་པས་ན་རང་སྟོབས་ཀྱིས་སྡོམ་པ་ལེན་པ་ཤེས་པས་ལེན་ཚུལ་ཞེས་བྱ་སྟེ། འཇམ་དཔལ་དབྱངས་རྒྱལ་པོ་ཨམ་བ་ར་ཛར་གྱུར་ཚེ་སེམས་བསྐྱེད་ཀྱི་སྡོམ་པ་བླངས་པ་ལྟ་བུ་ཡིན་ལ། དེ་ནི་རྟེན་ཡོད་པ་སྐུ་གཟུགས་སོགས་དེ་རྣམས་ཀྱི་དྲུང་དང་། མེད་ཀྱང་མདུན་མཁར་དཀོན་མཆོག་གསུམ་ཡིད་ཀྱིས་དམིགས་ཏེ་ཚུལ་ཇི་བཞིན་སྐྱབས་སུ་འགྲོ་བའོ། །རང་སྟོབས་ཀྱིས་ལེན་མི་ཤེས་པས་ནི་གཞན་སྟོབས་དགེ་བའི་བཤེས་གཉེན་ལ་བསྟེན་ནས་དེས་ཇི་ལྟར་བསླབ་པ་བཞིན་བྱ་བ་ནི་བྱ་བས་ལེན་ཚུལ་ཞེས་བྱ་ཞིང་། བླང་ཡུལ་དགེ་བའི་བཤེས་གཉེན་གྱི་མཚན་ཉིད་ནི། ཆོས་སྒྲུབ་པའི་འགལ་རྐྱེན་འཇིག་རྟེན་ཆོས་བརྒྱད་སྤོང་ཞིང་མཐུན་རྐྱེན་ཕུན་སུམ་ཚོགས་བྱེད་ཆགས་ཞེན་མེད་པའི་ཆོག་ཤེས་ལྡན་པ། ལེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པའི་རྟེན་སྡིག་པའི་ལས་ཀུན་སྤང་བ་ཚུལ་ཁྲིམས་ལྡན་པ། གཞན་དོན་བྱེད་པའི་ཐེག་ཆེན་གྱི་རྩ་བ་སྙིང་རྗེ་ཡོད་པ། ཐར་པའི་རྩ་བ་མ་རིག་ཉོན་མོངས་འཇོམས་པའི་ཤེས་རབ་ཆེ་བ་སྟེ་བཞི་དང་ལྡན་དགོས་ཏེ། འཕགས་པ་ཀླུ་སྒྲུབ་གྱི་ཞལ་ནས། དགེ་བའི་བཤེས་གཉེན་རྣམས་ཀྱི་ནི། །མཚན་ཉིད་མདོར་བསྡུས་མཁྱེན་པར་མཛོད། །ཆོག་ཤེས་ཚུལ་ཁྲིམས་སྙིང་རྗེ་ལྡན། །ཉོན་མོངས་སེལ་བའི་ཤེས་རབ་ཅན། །ཅེས་གསུངས་པ་དེ་ཡང་སྡོམ་པ་ཉི་ཤུ་པ་ལས་བཤད་པ་ལྟར་ཡོན་ཏན་གསུམ་དུ་འདུ་སྟེ། ཆོག་ཤེས་དང་སྐྱབས་སྡོམ་ལ་རང་ཉིད་གནས་པའི་ཚུལ་ཁྲིམས་གཉིས་བརྟན་པའི་ཡོན་ཏན། ཤེས་རབ་ཅན་ནི་མཁས་པའི་ཡོན་ཏན་རྙེད་བཀུར་ལ་ཆགས་ཤིང་སྡོམ་མེད་ཚུལ་ཆོས་ཅན་ནམ་བླུན་པོ་མཁས་རློམ་གྱི་ང་རྒྱལ་ཅན་གྱིས་ཁ་ནས་ཚིག་རྩུབ་ཀྱི་ཆོ་ག་སྒྲོགས་ནུས་པ་མ་ཡིན་པར། གཞན་སྙིང་རྗེའི་དབང་གིས་རང་འདོད་མེད་པར་རྗེས་སུ་འཛིན་ནུས་པ་ཕན་འདོགས་ཀྱི་ཡོན་ཏན་ཡིན་ནོ། །སློབ་དཔོན་དེས་སྡོམ་པ་སྦྱིན་ཚུལ་ནི། ལེན་པ་པོ་སློབ་མ་རྣམས་པུས་མོ་གཡས་པའིལྷ་ང་ས་ལ་ཕབས་ནས་ཙོག་པུའི་འདུག་སྟངས་གུས་པ་དང་བཅས་ཐལ་མོ་སྦྱར་བས་འདུག་བཅུག་ལ། སྐྱབས་སུ་འགྲོ་བའི་ཚིག་ལན་གསུམ་རྗེས་ཟློས་བྱས་པས་སྡོམ་པ་ཐོབ་ཅིང་མཐར་སྡོམ་པའི་ཐོབ་མཚམས་ངོ་ཤེས་པར་བྱ་བའི་ཕྱིར་ཐབས་ཡིན་ནོ་ཞེས་བརྗོད་པ་ནི་ཐབས་འདིས་སྡོམ་པ་ཐོབ་པ་ཡིན་ནོ་ཟེར་བ་ཡིན་ལ། སློབ་མས་ཀྱང་ཆོས་དང་བླ་མ་ལ་གུས་པ་བསྐྱེད་ཕྱིར་ལེགས་སོ་འབུལ་བ་ཡིན་ནོ། །སྐྱབས་འགྲོའི་ཚིག་ནི་བཀའ་དང་བསྟན་བཅོས་ལས་སྣ་ཚོགས་མང་དུ་འབྱུང་ཡང་། མ་ཐོབ་པ་ལེན་པས་ནི། ཐོག་མར་སྟོན་པ་སངས་རྒྱས་ཁོ་ན་གཙོ་བོར་བྱས་ནས་ལེན་དགོས་ཀྱི། དེ་ལས་གཞན་བླ་མ་དགེ་བའི་གཤེས་གཉེན་གཙོ་བོར་བྱེད་པ་མི་ཉན་ཏེ་འདི་ཉིད་སྡོམ་པ་བཅའ་བའི་སྟོན་པ་བླ་མེད་ཐམས་ཅད་མཁྱེན་པ་མ་ཡིན་པ་སྟོན་པ་གཅིག་གི་རྗེས་འཇུག་ཏུ་སྐྱབས་འགྲོས་ཁྱད་པར་དུ་འབྱེད་དགོས་པས་ངེས་པར་སངས་རྒྱས་ལ་སྟོན་པ་གཅིག་པུར་འཛིན་དགོས་པ་དང་། འདུལ་བ་མདོ་སྡེའི་གཞུང་ལས་སྐྱབས་འགྲོ་རྩོམ་བྱེད་དུ་བྱས་ཏེ་སོ་བྱང་གི་སྡོམ་པ་ལེན་སྐབས་དཀོན་མཆོག་གསུམ་ལས་མཁན་སློབ་དག་པའི་བཤེས་ལ་དང་པོར་སྐྱབས་སུ་འགྲོ་བ་མ་གསུངས་པས་སོ། །དེས་ན་སྡོམ་པ་ལེན་པའི་ཚིག་ཀྱང་འདི་ཉིད་དེ་བཙུན་པ་དགོངས་སུ་གསོལ། །བདག་མིང་འདི་ཞེས་བགྱི་པ་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག །ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་འཕགས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་མིང་འདི་ཞེས་བགྱི་བ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་བཙུན་པས་གཟུང་དུ་གསོལ། །ཞེས་གསུངས་པ་ལྟ་བུ་ཁོ་ནས་ལེན་དགོས་སོ། །ཐོབ་ཟིན་གྱིས་ནི་སྡོམ་པ་སླར་ལེན་པའི་ཚེ་བླ་མ་ལའང་སྐྱབས་འགྲོ་བྱ་བར་མདོ་ལམ་ནས་ཀྱང་གང་ཟག་ལ་མི་རྟོན་ཆོས་ལ་རྟོན་པའི་སྟོབས་སོགས་ཀྱིས་འགྲུབ་པས་ན། བླ་མ་ལ་སྐྱབས་སུ་མཆིའོ་སོགས་ནི་ཐུན་མོང་གི་སྐྱབས་འགྲོ་བཞི་སྐོར་མར་གྲགས་པ་ཡིན་ཏེ། འདི་ལ་ནི་ཡུལ་ཙམ་ལས་ཐེག་པ་ཆེ་ཆུང་གི་ཀུན་སློང་སོགས་ནི་མེད་པས་སོ། །ཐེག་ཆེན་གྱི་སྐྱབས་འགྲོ་བཞི་སྐོར་བ་ནི། མདོ་དང་སྔགས་ཀྱི་དགོངས་དོན་བཞིན་དུ། སེམས་ཉིད་ངལ་བསོའི་འགྲེལ་པ་ཤིང་རྟ་ཆེན་པོ་ལས་འབྱུང་བ་ཡིན་ཏེ་འདི་ལྟར། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་གསུངས་པ་འདིའི་སྒོ་ནས་སྡོམ་པ་ལེན་པར་ཡང་གསུངས་པ་ཆེས་འཐད་པས་སོ། །ཐོབ་ཟིན་ཡང་ཡང་ལེན་པའི་ལྡོག་པ་ནི། སྐྱབས་སྡོམ་བླངས་ཟིན་པའི་གང་ཟག་གིས། སྐྱེས་པ་གོང་དུ་འཕེལ་བའི་ཕྱིར་དུ་རྟག་པར་དཀོན་མཆོག་གསུམ་ཁོ་ན་ཡིད་ལ་བྱེད་པས་ཡང་ནས་ཡང་དུ་སྐྱབས་སུ་འགྲོ་བར་བྱེད་པ་ཡིན་ལ། སྐྱབས་འགྲོའི་ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོར་རང་ཉིད་དམ་ཁྱད་པར་དུ་སེམས་ཅན་གཞན་རྣམས་ལ་སྡུག་བསྔལ་དང་སྡིག་པ་མི་དགེ་བའི་འཇིགས་པ་མ་རུང་བ་སྐྱེད་པའི་རྐྱེན་ཕྱི་རོལ་ན་ཡོད་པ་མི་དང་མི་མ་ཡིན་པའི་སེམས་ཅན་དང་། སེམས་མེད་འབྱུང་བ་བཞི་དག་གི་གཟུགས་ཡིད་དུ་མི་འོང་བ་མཐོང་བའམ། སྒྲ་ཡིད་དུ་མི་འོང་བ་ཐོས་པའམ། དུག་ལ་སོགས་པའི་དྲི་དང་རོ། བཀྲེས་སྐོམ་ཚ་གྲང་ལ་སོགས་པའི་རེག་བྱ་མངོན་སུམ་བྱུང་བའམ། ནང་ན་ཡོད་པའི་རྐྱེན་མ་རུང་བ་ཉོན་མོངས་དྲག་པོ་འབྱུང་བའམ་ལས་ངན་མི་དགེ་བ་སྤྱོད་པའམ་སྤྱོད་རུང་དུ་གྱུར་པའམ། འབྱུང་བ་ཆ་མ་མཉམ་པས་འདུ་བ་འཁྲུགས་པ་རྣམས་དངོས་སུ་བྱུང་བའམ་བྱུང་ཟིན་གྱི་དྲན་པ་བྱུང་བ་དང་། ཡང་འཁོར་བ་དང་ངན་སོང་གསུམ་གྱི་སྡུག་བསྔལ་སྡིག་སྤྱོད་ཀྱི་ཉེས་དམིགས་ཡིད་ལ་དྲན་པའམ། མཐོང་ཐོས་སོགས་བྱུང་བ་དེ་དག་གི་ཚེ་ན་སྐྱབས་འགྲོ་བྱེད་པའི་རྒྱུའི་བསྐུལ་མ་བྱུང་བ་ཡིན་པ་ལེགས་པར་ཤེས་པའི་སྒོ་ནས། སྐྱབས་འགྲོ་ཚུལ་བཞིན་བྱེད་པ་ལ་འཇུག་དགོས་ཤིང་། ཁྱད་པར་རང་དང་རང་གི་ཕྱོགས་ལ་ཡིད་དུ་མི་འོང་བའི་སྡུག་བསྔལ་ནད་སོགས་ཇི་ལྟར་བྱུང་བའི་ཚེ་ན་སྐྱོ་ཤས་ཀྱིས་ཡིད་སུན་ཅིང་མི་དགའ་སྐྱེ་བ་ཐམས་ཅད་ཞེ་སྡང་ཡིན་ཅིང་། བཟློག་ཐབས་འཇིག་རྟེན་གྱི་བྱ་བ་གང་ལ་བརྩོན་ཀྱང་འདོད་ཆགས་དང་གཏི་མུག་ལས་མ་འདས་པས། དེ་དག་གི་ཚེ་ན་འཁོར་བ་རྒྱུ་འབྲས་ཆོས་ལ་ཡིད་བརྟན་མི་འཆའ་བར་ངེས་འབྱུང་གི་རྩ་བ་མཆོག་ཏུ་གྱུར་བ་དཀོན་མཆོག་གསུམ་ཁོ་ན་ལ་བློ་གཏད་ལྡོག་མེད་ཀྱི་སྐྱབས་འགྲོ་ལ་འབད་པ་བརྒྱ་འགྱུར་དུ་བསྐྱེད་པར་བྱའོ། །ཚུལ་དེ་དག་གིས་ཆོས་ཅན་ཀུན་རྫོབ་སྐྱབས་འགྲོ་ལེགས་པར་བཤད་ནས། ཆོས་ཉིད་དོན་དམ་པའི་སྐྱབས་འགྲོ་ཡང་བསྡུས་ཏེ་གཏན་ལ་དབབ་པར་བྱ་སྟེ། དེ་ཡང་མེད་དགག་གཏན་ཚིགས་སུ་བཀོད་པ་གཅིག་ཏུ་བྲལ་གྱིས་གང་ཟག་གི་བདག་མེད་བསྟན་པ། མ་ཡིན་དགག་གཏན་ཚིགས་སུ་བཀོད་པ་རྟེན་འབྲེལ་ཆེན་མོས་ཆོས་ཀྱི་བདག་མེད་བསྟན་པ། དགག་སྒྲུབ་བླང་དོར་ལས་འདས་པ་ཤེས་བྱ་ཤེས་བྱེད་གཉིས་སུ་མེད་པའི་ཡེ་ཤེས་བསྟན་པ་དང་གསུམ་ལས། དང་པོ་ལའང་། དཔེ་བཀོད་པ། དོན་བསྟན་པ་གཉིས་ཀྱི། དང་པོ་ནི། དཔེར་ན་འཁོར་ལོ་དང་སྲོག་ཤིང་དང་གཟེར་བུ་སོགས་ཡན་ལག་གི་ཆོས་རྣམས་མངོན་སུམ་དུ་མིག་གི་བཟུང་བའི་ཚེ་ན། རྟོགས་པ་ཤིག་རྟའོ་ཞེས་ཡན་ལག་ཅན་གཅིག་པུར་འཛིན་པའི་བློ་སྐྱེ་ནའང་རྣམ་པར་དཔྱོད་པས་དཔྱད་ན་ཡན་ལག་ཅན་དང་ཡན་ལག་གཉིས་གཅིག་ཡིན་ན་ནི་ཤིང་རྟ་དེ་ཡན་ལག་གི་གྲངས་བཞིན་དུ་མར་ཡོད་པར་འགྱུར་ལ། དེ་གཉིས་གཞན་ཡིན་ན་ནི་ཡན་ལག་མེད་ཀྱང་ཤིང་རྟ་ཡོད་པ་གཟུང་དུ་ཡོད་པར་འགྱུར་དགོས་པས་ཤིང་རྟ་ཞེས་གཅིག་ཏུ་ཡོད་པའི་བློ་སྐྱེ་བ་དོན་ལ་རྣམ་པ་ཀུན་ཏུ་མི་དམིགས་ཅིང་མེད་བཞིན་རྟོག་པས་སྒྲོ་བཏགས་ནས་ཡོད་པར་འཛིན་པ་དེ་བཞིན་དུ་ཞེས་པ་ནི་དཔེའོ། །གཉིས་པ་ལ་བཞི་ལས། དགག་གཞི་ནི། གཟུགས་ལ་སོགས་པའི་ཕུང་པོ་ལྔས་བསྡུས་པའི་ཆོས་ཡིན་ལ། དགག་བྱ་ནི། ཆོས་དེ་དག་ལས་བརྩམས་ཤིང་བརྟེན་ཏེ་སེམས་ཅན་ནམ་གང་ཟག་ནི་ངའོ་སྙམ་པ་དང་ངའི་འོ་སྙམ་པའི་ང་དང་ང་ཡིར་འཛིན་པའི་དམིགས་ཡུལ་དུ་གྱུར་པ་བདག་རྟག་པ་དང་གཅིག་པུའི་བློ་འཇུག་པ་དེ་ཡིན་ཅིང་། འགོག་བྱེད་ཀྱི་རིགས་པ་ནི། གལ་ཏེ་གང་ཟག་གི་བདག་དེ་ཕུང་པོ་ལྔ་རང་ཉིད་ཡིན་ན་ནི་ཕུང་པོ་སྐྱེ་འཇིག་བྱེད་པ་ལྟར། གང་ཟག་མི་རྟག་པར་འགྱུར་ཞིང་། ཕུང་པོ་ལྔ་ཡིན་པ་ལྟར་གང་ཟག་གི་བདག་དུ་མར་འགྱུར་རོ། །གལ་ཏེ་བདག་ཕུང་ལྔ་ལས་ཐ་དད་དམ་གཞན་ཡིན་ན་ནི། ཕུང་ལྔའི་མཚན་ཉིད་མེད་པར་བདག་ཏུ་ལྟ་བའི་བློ་འཇུག་པར་འགྱུར་བ་དང་། ཕུང་ལྔའི་མཚན་ཉིད་ལ་བདག་ཏུ་ལྟ་བའི་བློ་འཇུག་པ་མེད་པ་འགྱུར་རོ། །བཀག་པའི་གྲུབ་དོན་ནི། ཅི་ནས་ཀྱང་ཆོས་རྣམས་ལ་གང་ཟག་གི་བདག་བཙལ་ན་ནི་རྗེས་སུ་གྲུབ་པ་ནམ་ཡང་དམིགས་སུ་མི་འགྱུར་བས་ན་བཏགས་ཡོད་ཙམ་དུ་ཤེས་པར་བྱའོ། །གཉིས་པ་ལའང་བཞི་ལས། དགག་གཞི་ནི། རྣམ་གྲངས་མ་ཡིན་པའི་དོན་དམ་བདེན་པ་འོད་གསལ་བའི་ཆོས་ཉིད་འདུས་མ་བྱས་རང་བཞིན་གྱི་མཚན་ཉིད་དང་ལྡན་པ་ཉིད་ཡིན་ཏེ། འཇུག་འགྲེལ་ལས། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་ཡོད་མ་ཡིན། །ཅེས་སློབ་དཔོན་གྱིས་བསྟན་བཅོས་ལས་ཁྱད་པར་མཛད་པའི་རང་བཞིན་དེ་ལྟ་བུ་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས། དེ་བཞིན་གཤེགས་པ་རྣམས་བྱོན་ཡང་རུང་། མ་བྱོན་ཡང་རུང་། ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ། །ཞེས་གསུངས་པས་ཆོས་ཉིད་ནི་ཡོད་དོ། །ཆོས་ཉིད་དེ་ཡང་ཅི་ཞིག་ཅེ་ན་མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །རང་བཞིན་དེ་ཡང་གང་ཞེ་ན་འདི་དག་ནི་བྱིས་པས་བལྟ་བར་བྱ་བ་མ་ཡིན་པ་སྟེ་འཕགས་པ་རྣམས་ཀྱིས་སོ་སོར་རང་གིས་རིག་པར་བྱ་བའི་རང་གི་ངོ་བོ་ཉིད་དོ། །ཅི་དོན་དམ་པ་དེ་ཡོད་དམ་མེད་དོ་ཞེས་དེ་སྐད་སྨྲ་གལ་ཏེ་མེད་ན་ནི་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །ཅེས་གསུངས་པ་སོགས་སློབ་དཔོན་ཟླ་གྲགས་ཀྱིས་ལུང་རིགས་དུ་མས་ཡང་ཡང་བསྒྲུབས་ཤིང་རྩོད་སྤངས་བཅས་མཛོད་པ་ལྟར་རོ། །དགག་པར་བྱ་བ་ནི། ཆོས་ཅན་ཀུན་རྫོབ་ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པ་ལ་རང་བཞིན་ཡོད་པར་ཞེན་པ་དང་། ཆོས་ཉིད་དོན་དམ་ཟབ་མོ་རང་བཞིན་གྱིས་འོད་གསལ་བ་ལ་མཐའ་དང་མཐའ་མེད་སོགས་ཀྱི་མུ་བཞིའི་དམིགས་པར་ཞེན་པ་དེ་གཉིས་ཡིན་ནོ། །འགོག་བྱེད་ཀྱི་རིགས་པ་ནི། རྟེན་འབྲེལ་ཆེན་མོ་ཡིན་ལ་འདི་ལ་གཉིས་ཡོད་དེ། ཀུན་རྫོབ་སྣང་བའི་རྟེན་འབྲེལ་དང་། དོན་དམ་གཤིས་ཀྱི་རྟེན་འབྲེལ་དུ་གནས་པ་ལས། དང་པོ་ནི། དེ་ཡང་སྤྱིར་རང་བཞིན་ཞེས་པའང་དངོས་སྨྲ་རྣམས་ཀྱིས་ཆོས་སོ་སོའི་མཚན་ཉིད་ལ་འདོད་དེ། རྣམ་འགྲེལ་ལས། གང་ཕྱིར་དངོས་ཀུན་རང་བཞིན་གྱིས། །རང་རང་ངོ་བོ་ལ་གནས་ཕྱིར། །མཐུན་དངོས་གཞན་གྱིས་དངོས་དག་ལས། །ལྡོག་པ་ལ་ནི་བརྟེན་པ་ཅན། །ཞེས་གསུངས་པ། མཚོན་བྱ་དངོས་པོ། མཚན་ཉིད་རང་བཞིན། མཚན་གཞི་རང་གི་ངོ་བོ། དེ་གསུམ་རེ་རེ་ཡང་རང་དང་འདྲ་བ་མཐུན་པའི་དངོས་པོ་གཉིས་པ་དང་མི་འདྲ་བ་མི་མཐུན་གཞན་དངོས་ལས་ལོག་པ་ལྡོག་པ་གསུམ་དུ་བཤད་པ་ཡིན་ཀྱང་། དབུ་མ་པས་ནི་མཚན་ཉིད་ཡིན་ཚད་རང་བཞིན་ཡིན་པར་མི་བཞེད་དེ། འཇུག་འགྲེལ་ལས། གང་དག་མེ་ལ་སོགས་པ་འདི་དག་གི་རང་བཞིན་ཚ་བ་ཉིད་ལ་སོགས་པ་ཡིན་པར་འདོད་པ་དེ་དག་གི་ལྟར་ན་རྣམ་པ་ཐམས་ཅད་དུ་མི་རུང་སྟེ་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་བཅོས་མ་ཡིན་པ་དང་གཞན་ལ་ལྟོས་པ་དང་བཅས་པའི་ཕྱིར་རོ། །ཞེས་གསུངས་པས་ནི། རང་བཞིན་གྱི་མཚན་ཉིད་ནི་རྒྱུས་མ་བཅོས་པ་དང་རྐྱེན་ལ་མི་ལྟོས་པ་ཡིན་ལ་བཅོས་ཤིང་ལྟོས་པ་ནི་རང་བཞིན་ནམ་ངོ་བོ་ཉིད་དམ་ཆོས་ཉིད་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དེ་དག་ཏུ་འཇོག་མི་རུང་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། ངོ་བོ་ཉིད་ནི་རྒྱུ་རྐྱེན་ལས། །འབྱུང་བ་ཡིན་པར་རིགས་མིན་ཏེ། །ཞེས་སོགས་གསུངས་པ་ཟླ་ཕྲེང་དུ་བཀོད་ཟིན་ཅིང་། དེ་ལྟ་ན། ཆོས་ཀུན་རྫོབ་ཕུང་པོ་སོགས་ལ་རང་བཞིན་མེད་དེ། རྟེན་རྒྱུའམ་ལྷན་ཅིག་བྱེད་རྐྱེན་མིང་གི་རྣམ་གྲངས་ཡིན་པ་དེ་ལ་ལྟོས་ཤིང་། འབྲེལ་རྒྱུའམ་ཉེར་ལེན་རྣམ་གྲངས་ཡིན་པ་དེས་བཅོས་མར་བྱས་པའི་རྟེན་འབྲེལ་ཡིན་པའི་ཕྱིར། རྟེན་འབྲེལ་ཡིན་པ་ནི་མཐའ་བརྒྱད་དང་བྲལ་བ་ཡིན་ཏེ། དབུ་མ་རྩ་བ་ལས། གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ནི། དཔེར་ན་ནས་རང་གི་འབྱུང་བའི་ཁྱད་པར་གྱིས་ལྡོག་པ་ཉེར་ལེན་བྱས། དེས་རང་འབྲས་སྐྱེད་པ་ལ་ཕན་འདོགས་ནུས་པའི་ཆུ་ལུད་དྲོད་གཤེར་སོགས་མཐུན་པའི་འབྱུང་བ་གཞན་གྱིས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ཏེ། ནས་ཀྱི་འབྱུང་བའི་ཁྱད་པར་གྱི་ལྡོག་པ་ཅན་ཉེར་བླངས་འབྲས་བུ་འཇིག་རྟེན་ན་མངོན་སུམ་འབྱུང་བར་མཐོང་བ་ན་རྐྱེན་ལ་ལྟོས་དགོས་པས་ཉེར་ལེན་ཁོ་ན་འབྲས་བུར་གྱུར་པ་མ་ཡིན་པས་རྟག་མཐའ་བསལ་ཉེར་ལེན་ཉེར་བླང་དུ་འབྲེལ་ནས་འདྲ་བར་བདག་ཉིད་ཐོབ་པས་ས་བོན་མྱུ་གུ་གཉིས་གཞན་མ་ཡིན་པའི་རྒྱུ་ཆད་པར་གྱུར་པའམ་འབྲས་བུ་ཆད་པ་ལས་བྱུང་བའི་མཐའ་བསལ་བ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་པ། །དེའི་ཕྱིར་ཆད་མིན་རྟག་མིན་ཆོས་ཉིད་དོ། །ཞེས་གསུངས་པས་མཚོན་ནས་དཔྱད་པར་བྱའོ། །དེ་བས་ན་ཀུན་རྫོབ་ཏུ་ཡང་སྣང་ཙམ་ནི་རྟེན་འབྲེལ་ཡིན་ལ་རྟེན་འབྲེལ་ནི་མཐའ་བྲལ་ཡིན་ཀྱང་བྱས་པས་མ་བརྟགས་པར་མངོན་སུམ་ངེས་མི་ནུས་ལ། ངེས་པར་གྱུར་ན་ནི་མཐའ་རུ་ཞེན་པ་ཐམས་ཅད་འཇོམས་པའི་གཉེན་པོ་ཡིན་པའི་ཕྱིར་ན་སྣང་བ་དགག་བྱ་མིན་པར་གསུངས་ཏེ། སློབ་དཔོན་འཕགས་པ་ལྷས། ཇི་ལྟར་སྣང་སྙིད་དགག་མིན་ཏེ། །རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །བདེན་པར་ཞེན་པ་བཟློག་བྱ་ཡིན། །ཞེས་གསུངས་པ་སྟེ། སངས་རྒྱས་པའི་ཆོས་ཀྱི་རྩ་བ་རྟེན་འབྲེལ་ཆེན་པོ་འདི་ལ་དཔྱད་པར་འབད་དགོས་སོ། །གཉིས་པ་དོན་དམ་གཤིས་ཀྱི་རྟེན་འབྲེལ་ནི། རྩ་ཤེས་ལས། རྟག་དང་མི་རྟག་པ་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །ཅེས་གསུངས་པ་ལྟར། མཐའ་བརྒྱད་དང་། མཐའ་བརྒྱད་བྲལ་བ་དང་། གཉིས་ཀ་དང་། གཉིས་ཀ་མ་ཡིན་པའི་མུ་བཞི་ཐམས་ཅད་ལས་འདས་པའི་ཆོས་ཀྱི་དབྱིངས་ལ་ནི་སྔ་མ་དང་ཕྱི་མའི་ཆ་མེད་པས་ཕྱི་མའི་ཉེར་ལེན་སྔ་མས་བྱེད་པ་དང་མ་རིག་སེམས་ཀྱི་ཉེར་ལེན་བྱེད་པ་མེད་ཀྱང་རང་གི་ངོ་བོ་ཉིད་མི་འདོར་བའི་ཆ་ནས་ཉེར་ལེན་དུ་བརྗོད་དེ། ལང་ཀར་གཤེགས་པ་ལས། སེམས་ཅན་རྣམས་ཀྱི་ཉེར་ལེན་ནི། །མཐའ་དང་མཐའ་མེད་སྤང་བའོ། །ཞེས་གསུངས་སོ། །མ་རིག་པའི་རང་བཞིན་ཀུན་རྫོབ་ཆོས་ཀྱི་རྟེན་རྒྱུའམ་བདག་རྐྱེན་བྱེད་དེ། རྒྱུད་བླ་མ་ལས། དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་གནས། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་པར་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །ཅེས་གསུངས་པ་དེ་དག་གིས་གཤིས་ཀྱི་རྟེན་འབྲེལ་དུ་འཇོག་རིགས་སོ། །དེ་ཡང་ཐ་སྙད་བཅོས་ཤིང་ལྟོས་པ་ལ་ལྟོས་ནས་ཀྱང་རྣམ་གྲངས་མ་ཡིན་པའི་དོན་དམ་པ་རང་བཞིན་དུ་གྲུབ་སྟེ། འཇུག་འགྲེལ་ལས། དེ་ཡང་བདག་གིས་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་བཅོས་མ་ཡིན་པ་དང་། ལྟོས་པ་མེད་པ་ཉིད་དུ་རྣམ་པར་བཞག་གོ །ཞེས་གསུངས་སོ། །རང་བཞིན་མེད་པ་ཙམ་ནི་བྱས་པའི་ཤེས་རབ་དང་འཕགས་པ་གཉིས་ཀས་མཐོང་བས་གཉིས་ཀ་ལ་གྲུབ་པའི་ཐུན་མོང་གི་དོན་དམ་ཡིན་ལ། འཕགས་པ་ཁོ་ནས་ཐུན་མོང་མ་ཡིན་པའི་མཐོང་བ་ཆེན་པོ་མཐོང་མེད་ཀྱི་མཐོང་བྱ་ཡིན་པས་ཀྱང་སྤྲོས་བྲལ་གྱི་དོན་དམ་རང་བཞིན་ཡིན་ཅིང་། འདི་ཉིད་དངོས་དངོས་མེད་གཉིས་སུ་ནི་གང་དུའང་འཇོག་མི་རུང་སྟེ། དེ་གཉིས་ནི་རང་བཞིན་མེད་པ་ཡིན་པའི་ཕྱིར་ཏེ། འཇུག་འགྲེལ་ལས། གང་ཞིག་བྱིས་པའི་སྐྱེ་བོས་བལྟ་བར་བྱ་བ་མ་ཡིན་པ་དེ་ནི་རང་བཞིན་དུ་རིགས་ལ་དེ་ཙམ་གྱིས་དོན་དམ་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པའང་མ་ཡིན་ཏེ་དེ་ནི་རང་བཞིན་གྱིས་ཞི་བ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་སོ། །བཀག་པའི་གྲུབ་དོན་ནི། ཤེས་བྱར་གྱུར་པའི་ཆོས་རྣམས་ནི་སྣང་ཙམ་ཉིད་ན་རང་བཞིན་དང་གཞན་ལ་སོགས་པའི་མུ་བཞིའི་ངོ་བོ་ཉིད་དུ་ནི། མ་རྟོགས་པ་དང་རྟོགས་པའི་དུས་ཐམས་ཅད་ལ་ཡོད་པ་མ་ཡིན་པས་ཆོས་བདག་མེད་པ་ཉིད་དུ་གྲུབ་བོ། །གསུམ་པ་ནི། དགག་སྒྲུབ་བླང་དོར་གྱི་ཞེན་པ་དང་རྩོམ་པའི་བྱ་བ་ཐམས་ཅད་བློ་རྣམ་པར་རྟོག་པའི་ཆོས་ཡིན་པས་འཁོར་བ་ལས་མི་འདའ་སྟེ། རིག་པའི་དབང་ཕྱུག་གིས། བླང་དང་དོར་བྱའི་ཁྱད་ཡོད་ན། །གཅིག་ལས་བྱུང་བའི་ཆགས་གང་ཡིན། །དེ་ཉིད་རྣམ་གྲངས་ཀྱིས་བསྐྱེད་ཚེ། །ཆགས་པ་ཀུན་གྱི་ས་བོན་ཡིན། །ཞེས་དང་། ཆགས་བྲལ་མིན་དང་སྲེད་ལྡན་དང་། །རྩོམ་པ་ཀུན་ལ་བརྟེན་པ་དེ། །ལས་དང་ཉོན་མོངས་ལས་མི་གྲོལ། །དེ་འདྲ་འཁོར་བ་པ་ཞེས་བྱ། །ཞེས་གསུངས་པས་དེ་ལ་འདའ་དགོས་ཏེ། དེ་ཉིད་ཀྱིས། བླང་དང་དོར་བྱ་སྤང་བའི་ཕྱིར། །ཐམས་ཅད་ལ་ནི་མཉམ་སྙོམས་ཅན། །ཙན་དན་སྟེའུ་མཚུངས་པ་ལ། །ཆགས་བྲལ་ཞེས་ནི་བརྗོད་པ་ཡིན། །ཅེས་གསུངས་སོ། །བློ་འདས་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི། ཡིད་བྱེད་མེད་པ་ཙམ་དང་། རྟོག་དཔྱོད་ལས་འདས་པ་ཙམ་དང་། སེམས་སེམས་བྱུང་རྣམ་པར་ཞི་བ་ཙམ་དང་། རྟོག་པ་མེད་པའི་ངོ་བོ་ཉིད་ཙམ་དང་། དམིགས་པའི་ཡུལ་འཛིན་པ་ཙམ་ནི་མ་ཡིན་ཏེ། རིམ་པ་བཞིན། གཉིད་དང་བརྒྱལ་བ་སོགས་དང་བསམ་གཏན་གཉིས་པ་སོགས་དང་འདུ་ཤེས་ཚོར་བ་འགོག་པ་དང་གཟུགས་སོགས་དང་ཤེས་པ་ཐམས་ཅད་མི་རྟོག་ཡེ་ཤེས་སུ་འགྱུར་བའི་ཕྱིར་ཏེ། མངོན་པ་ཀུན་བཏུས་ལས། སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ནི། ཡིད་ལ་བྱེད་པ་མེད་པས་མ་ཡིན། ཡང་དག་པར་འདས་པས་མིན། རྣམ་པར་ཞི་བས་མིན། ངོ་བོ་ཉིད་ཀྱིས་མིན། དམིགས་པ་ལ་འདུ་བྱེད་པས་མིན། འོན་ཀྱང་དམིགས་པ་ལ་འདུ་བྱེད་པ་མེད་པར་བལྟའོ། །ཞེས་གསུངས་པ་བཞིན། ཡུལ་ཤེས་པར་བྱ་བ་དངོས་དངོས་མེད་དུ་སྣང་བ་སྲིད་ཞི་གཉིས་ཀྱི་འཛིན་པ་མེད་པའི་དམིགས་མེད་ཀྱི་ཡེ་ཤེས་རིག་གསལ་རྗེན་སང་ངེ་བ་བདེ་གཤེགས་སྙིང་པོ་མ་རིག་པའི་རྟོག་ཚོགས་ཡེ་ནས་བྲལ་བར་གནས་པ་ཉིད་ནི་གཅིག་ཐ་དད་གང་དུའང་གཞག་མི་རུང་བ་ཤེས་བྱ་ཤེས་བྱེད་དུ་གྲུབ་པ་མ་ཡིན་པས་དམིགས་བསམ་བརྗོད་པ་ཀུན་ལས་འདས་པའི་དབྱིངས་སྐྱེ་བ་མེད་པས་བླ་ན་མེད་པ་རབ་ཀྱི་མཆོག་ཏུ་ཕྱེ་ནས་སྲིད་ཞི་ཡོངས་ལ་ཁྱབ་པར་བཞུགས་པ་ཡིན་ཏེ། སྐྱབས་འགྲོ་བདུན་ཅུ་པ་ལས། གཉིས་མེད་ཡེ་ཤེས་མ་རིག་ཟད། །ཤེས་བྱ་སྐྱེ་མེད་པས་རབ་ཕྱོ། །ཞེས་དང་། འཕགས་མཆོག་སྐུ་སྒྲུབ་ཀྱིས། ཕྱི་རོལ་དངོས་པོ་ཡོད་མེད་མིན། །སེམས་ཀྱང་ཡོངས་སུ་གཟུང་མ་ཡིན། །ལྟ་བ་ཐམས་ཅད་རབ་སྤང་བ། །དེ་ནི་སྐྱེ་མེད་མཚན་ཉིད་དོ། །ཞེས་གསུངས་པ་ལེགས་པར་ཁོང་དུ་ཆུད་པར་བྱ་བ་ཡིན་ནོ། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་བསྟན་པ་ལ་ལྔ་སྟེ། མཛད་པ་པོ་སློབ་དཔོན་གྱི་ཆེ་བ་བརྗོད་པ། མཛད་པའི་ཆོས་ཀྱི་ཆེ་བ་བརྗོད་པ། ཆེ་བ་ལྡན་པའི་ཆོས་བོད་ཡིག་ཏུ་བྲི་བའི་ལོ་ཙཱ་བ་བསྟན་པ། དགེ་ཚོགས་གཞན་དོན་དུ་བསྡོ་བས་རྒྱས་གདབ་པ། བསྟན་བཅོས་བྱེད་པོ་སློབ་དཔོན་པཎ་ཆེན་གྱི་མཚན་བསྟན་པའོ། །དང་པོ་ནི། རྒྱུད་ལ་ཞེས་པས་མཁྱེན་པའི་ཤེས་རབ་སྤྲུལ་པ་པོ་སྤྱན་རས་གཟིགས་ཀྱི་ཐུགས་རྒྱུད་དང་དབྱེར་མེད་དུ་གྱུར་པའི་ཆེ་བ་བསྟན་པར་འགྱུར་ཏེ། སློབ་དཔོན་བི་མ་ལ་མི་དྲ་ཉིད་སྐུ་བལྟམས་པའི་ཚེ་ན། ཡུམ་རྒྱལ་པོ་དྷརྨ་ཨ་ཤྭ་ཀའི་སྲས་མོ་ལྷ་ལྕམ་དྷརྨ་བོ་དྷིའི་རྨི་ལམ་དུ་མི་དཀར་པོ་ཤིན་ཏུ་མཛེས་པ་འོད་ཟེར་དཀར་པོའི་ཕུང་པོ་འཕྲོ་བ་ཞིག་བྱུང་ནས། བདུད་རྩིའི་བུམ་པའི་ཆུ་རྒྱུན་སྤྱི་བོར་བླུགས་ཚེ་ལུས་བདེ་བས་གང་བར་རྨིས་པས་དེ་ལ་བརྟེན་ནས་བུ་གཅིག་བཙས་པ་ན། ཁྱོ་མེད་བུ་ངོ་ཚར་བརྩིས་ནས་བྱེ་མའི་གསེབ་ཏུ་བོར་ཀྱང་གནོད་པ་མེད་པར་མིག་ཁྲ་ཧྲིག་གེར་བཞུགས་པ་སླར་བླངས་ནས་གསོས་པས་ལོ་ལྔ་ལོན་ཚེ་ཆོས་ལ་སྦྱངས་པས་ཆོས་ཀུན་འབད་མེད་དུ་ཐུགས་སུ་ཆུད་པའི་མཁྱེན་རབ་བླ་ན་མེད་པ་མངའ་བ་དེ་ཉིད་སྤྱན་རས་གཟིགས་རང་གི་སྤྲུལ་པ་ཡིན་ནོ། །ཤེས་བྱ་ཞེས་པས་མཁྱེན་བྱ་རིག་པའི་གནས་ལྔ་ལ་ལེགས་པར་སྦྱངས་པའི་ཆེ་བ་བསྟན་པར་འགྱུར་ཏེ། སྤྱིར་རིག་གནས་ལྔ་ལ་རིག་པའི་གནས་ཆེན་ལྔ་དང་། དེའི་ནང་ཚན་གནས་ཆུང་ལྔ་རུ་ཡོད་པ་ལས། གནས་ཆེན་ལྔ་ནི་གཞན་གྱི་དབང་དུ་བྱས་པ་བཞི་དང་། རང་གི་དབང་དུ་བྱས་པ་གཅིག་སྟེ་ལྔར་གནས་པའི་བཞི་ནི། བསྟན་པ་ལ་མ་དད་པ་རྣམས་ཚིག་གིས་ཚར་གཅོད་ཕྱིར་སྒྲ་དང་དོན་གྱིས་ཚར་གཅོད་ཕྱིར་ཚད་མ་སྟེ་ཚར་གཅོད་པའི་རིག་པ་གཉིས་སོ། །བསྟན་ལ་དད་པ་རྣམས་ཕྱི་ཡུལ་ལྔའི་ལོངས་སྤྱོད་ཀྱིས་དགའ་བ་བསྐྱེད་ནས་རྗེས་སུ་འཛིན་པ་བཟོ་དང་། ནང་དབང་པོ་ལྔའི་ལུས་ཀྱི་སྡུག་བསྔལ་བསལ་ནས་རྗེས་སུ་འཛིན་པ་གསོ་བ་སྟེ་རྗེས་སུ་འཛིན་པའི་རིག་པ་གཉིས་སོ། །གཅིག་ནི། རང་ཉིད་ཀྱིས་ལུང་དང་རྟོགས་པའི་ཆོས་ཀུན་ཡོངས་སུ་ཤེས་པར་བྱ་བའི་ཕྱིར་ནང་རིག་པའམ་གཞུང་དོན་རིག་པ་སྡེ་སྣོད་བདུན་ཏེ་ཀུན་ཤེས་བྱ་བའི་རིག་པ་གཅིག་ཉིད་དོ། །དེའི་ནང་ཚན་གནས་ཆུང་ལྔ་ནི་བཟོ་རིགས་པའི་ཆ་ཤས་ཡིན་པས། ལུས་བཟོ་ངག་བཟོ་གཉིས་ལས་མ་འདས་ཤིང་དེ་ནི་གྲངས་ལ་མི་རྨོངས་པ་སྐར་རྩིས། མིང་ལ་མི་རྨོངས་པ་མངོན་བརྗོད། ཚིག་གི་རྒྱན་ལ་མི་རྨོངས་པ་སྙན་ངག །ཚིགས་སུ་བཅད་པར་མི་རྨོངས་པ་སྡེབ་སྦྱོར། སྐད་ལ་མི་རྨོངས་པ་ཟློས་གར་ཏེ་ལྔའོ། །འཕགས་ཡུལ་བས་རིག་གནས་ཐམས་ཅད་ཤེས་པ་ལ་མ་ཧཱ་པཎྜི་ཏ་དང་། ཕལ་ཆེར་ཤེས་པ་ལ་ཨལྤ་པཎྜི་ཏར་འདོགས་པར་གྲགས་ཤིང་སློབ་དཔོན་འདིས་ཤེས་བྱ་གནས་ལྔ་ཐམས་ཅད་ལ་མཁྱེན་པ་ལོ་ལྔ་བཞེས་པའི་ཚེ་ན་རྒྱས་པར་འགྱུར་བ་ཡིན་ནོ། །མང་མཆིས་ཅེས་པས། མཁྱེན་སྦྱང་གི་ཡོན་ཏན་འགྲན་ཟླ་བྲལ་བ་ཡོངས་སུ་རྫོགས་པའི་ཆེ་བ་བསྟན་པ་ཡིན་ཏེ། ཤེས་བྱ་ལྔ་པོ་རེ་རེ་ལའང་སློབ་དཔོན་གཞན་གྱིས་གཏན་ལ་དབབ་ཚུལ་ཐ་དད་པས་རྣམ་པར་བཞག་པའི་ལུགས་མང་པོ་ཡོད་པ་ཐམས་ཅད་དང་། རང་གིས་གཟིགས་པའི་ཁྱད་པར་གྱི་ཆོས་བླ་ན་མེད་པ་མང་པོ་རྙེད་པ། ཐོས་བསམ་གྱིས་མཐའ་ཆོད་པ་མཁས་པའི་ཡོན་ཏན་མཆིས་ཤིང་། སྒོམ་པས་དོན་ཟབ་ཅིང་ཕྲ་བ་རྟོགས་པས་མངོན་ཤེས་དྲུག་དང་ལྡན་པ་གྲུབ་པའི་ཡོན་ཏན་མཆིས་པས་རྒྱ་གར་འཕགས་ཡུལ་ན་གཙུག་ལག་ཁང་ཆེན་པོ་གཉིས་སུ་ཡོད་པའི་ནང་ནས། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གི་པཎ་ཆེན་ལྔ་བརྒྱའི་མཆོག་ཏུ་གྱུར་པར་བཞུགས་པ་ཡིན་པས་ཡིད་ཆེའི་དད་པའི་གནས་སུ་གྲུབ་མོད་ཀྱང་། ཅེས་གསུངས་སོ། །གཉིས་པ་ནི། ཐ་མར་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་པོ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་ཅོག་རོ་ཀླུའི་རྒྱལ་མཚན་སོགས་ལོ་ཙཱ་བ་གསུམ་ལ་གསེར་ཕྱེ་བྲེ་གཉིས་གསེར་གྱི་པ་ཏྲ་འགའ་ཞིག་ཆོས་རྒྱལ་དྷརྨ་ཙཀྲ་ལ་སྐྱེས་སུ་བསྐུར་ནས་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏོང་བར་ཞུས་པས། མཆོད་གནས་པཎ་ཆེན་ལྔ་བརྒྱའི་དབུས་ནས་སློབ་དཔོན་བི་མ་ལ་མི་ཏྲ་ཉིད་ཀྱི་བོད་འདུལ་བའི་དུས་ལ་བབ་པར་མཁྱེན་ནས། གཡས་ཕྱོགས་བཞུགས་པའི་པཎ་ཆེན་བརྒྱ་ཕྲག་གི་ཕྱེད་ཉིས་བརྒྱ། གཡོན་ཕྱོགས་ན་བཞུགས་པའི་པཎ་ཆེན་བརྒྱ་ཕྲག་གི་ཕྱེད་དང་ཉིས་བརྒྱས་དབུས་ཀྱི་སློབ་དཔོན་ལ་སྤྱན་གྱིས་གཟིགས་ཏེ་འབྱོན་པའི་བརྡས་བསྐུལ་ནས་སློོབ་དཔོན་བོད་དུ་ཕེབས་ཏེ་བསམ་ཡས་སུ་རྒྱལ་བློན་རྣམས་ཀྱི་བསུ་བ་མཛད་ནས་འཁོར་ས་ཆེན་མོར་སྤྱན་དྲངས་པས་རྒྱལ་པོ་དང་ལྷ་ཁང་གང་ལ་ཡང་ཕྱག་མ་མཛད་པས། བློན་པོ་རྣམས་ཀྱིས་ངེད་ཀྱི་ལྷ་ཁང་འདིར་སྔར་པཎྜི་ཏ་མང་པོ་སྤྱན་དྲངས། ད་ཡང་འདྲེན་རྒྱུ་ཡིན་ན་ངེད་ཀྱི་རྒྱལ་པོ་དང་ལྷ་ཁང་གཉིས་གང་ལ་ཡང་ཕྱག་མི་འཚལ་བ་ཅི་ལགས་ཞུས་པས། ཁྱེད་རྒྱལ་བློན་རྣམས་ཕྱག་གི་དོན་ཤེས་སམ་གསུངས་ཚེ། རྒྱལ་པོས་མི་ཤེས་ཞུས་པས། ངས་རང་ལྷ་གཉིས་མེད་དོན་གྱི་ཕྱག་གཅིག་བྱས་ཟིན་བརྡས་ཕྱག་ལྷས་མི་ཐུབ་པས་ལྷ་ལ་ཕྱག་མི་འཚལ་གསུངས་པས། རྒྱལ་བློན་རྣམས་ཀྱི་ཐུགས་ལ་འོ་ན་ནང་པ་སངས་རྒྱས་པ་མིན་པ་ཕྱི་པ་མུ་སྟེགས་པ་ཡིན་ནམ་སྙམ་པ་ན། རྒྱལ་པོ་ཐུགས་ཡིད་མ་ཆེས་སམ་གསུངས་ཏེ། སློབ་དཔོན་གྱིས་ཆོས་གོས་གསོལ་ཏེ་རྫུ་འཕྲུལ་གྱི་ཕྱག་མཛད་པ། རྣམ་པར་སྣང་མཛད་གཟུགས་སྐུ་ལ། །བི་མ་ཡེ་ཤེས་ལྷ་ཡི་ཕྱག །ཀུན་རྫོབ་ངོ་གར་ཕྱག་འབུལ་ལོ། །ཞེས་གསུངས་བཞིན་ཕྱག་འཚལ་སྟངས་མཛད་པས། རྣམ་སྣང་གི་དབུ་ནས་གདན་ཁྲི་བར་གས་ནས་ཕྱེད་ཚལ་དུ་སོང་ངོ་། །དེ་ནས་རྒྱལ་པོས་འདི་མུ་སྟེགས་ངེས་པར་འདུག་སྙམ་སྟེ་ཞལ་ངོ་ནག་རོག་གེ་སོང་བ་དང་། །སློབ་དཔོན་གྱིས་རྒྱལ་པོ་ཡིད་མ་ཆེས་སམ་གསུངས་པ་ན། རྒྱལ་པོས་མ་དགའ་ལགས་ཞུས་པས། ཡང་ཕྱག་རྒྱ་མཛད་ནས། རྣམ་པར་སྣང་མཛད་ཡེ་ཤེས་ལྷའི་ཕྱག་རྒྱར། །བི་མ་མི་ཏྲ་གཟུགས་ཀྱི་ཕུང་པོ་ཡིས། །ཡེ་ཤེས་ལྔ་ལྡན་རྟགས་ཀྱི་དབང་བསྐུར་རོ། །གསུངས་ནས་རྣམ་སྣང་གི་སྤྱི་བོར་ཕྱག་བཞག་པས། སྔར་ལས་མཛེས་པར་གྱུར་ཅིང་འོད་ཟེར་བྱུང་སྟེ་བསམ་ཡས་ཀྱི་ལྷ་ཁང་ཐམས་ཅད་ཁྱབ་པར་གང་བས་རབ་གནས་མཛད་དོ། །དེ་ནས་རྒྱལ་པོ་ལ་ཕྱག་བགྱིའོ་གསུངས་ཚེ། རྒྱལ་པོའི་ཞལ་ནས་ཁྱེད་ཕྱི་དགེ་སློང་གི་དགེ་འདུན་ཡིན་པ་ནང་གསང་སྔགས་ཀྱི་གྲུབ་ཐོབ་རྣལ་འབྱོར་པར་གདའ་བས་ཕྱག་མི་མཛད་པར་ཞུ་གསུངས་པས། སློབ་དཔོན་གྱི་ཞལ་ནས། ཁྱོད་བོད་ཆོས་སྐྱོང་བའི་རྒྱལ་པོར་འདུག་པས་ཅིས་ཀྱང་ཕྱག་འཚལ་གསུངས་ནས་ཕྱག་སྟངས་མཛད་པས། རྒྱལ་པོའི་ན་བཟའ་སློབ་དཔོན་གྱི་ཕྱག་གི་འོད་ཟེར་འབར་བས་ཧྲོག་ཧྲོག་ཚིག་པས། རྒྱལ་པོས་དེ་མ་ཐག་སློབ་དཔོན་ལ་ཕྱག་འཚལ་བར་མཛད་དོ། །དེ་ནས་སློབ་དཔོན་བི་མ་ལ་མི་དྲ་གདན་སེང་གེའི་ཁྲི་ལ་བཞུགས། གབ་རྩེ་དགུ་བརྩེགས་གཏན་དུ་བཏིང་། ཟབ་འོག་སྨུག་བེར་སྐུ་ལ་གསོལ། གསོལ་ཟས་ཀྱི་རྣམ་པ་མང་པོ་དྲངས། གསེར་ཕྱེ་བྲེ་གསུམ་དངུལ་གྱི་བུམ་པར་བླུགས་ནས་ཕུལ་བས། སློབ་དཔོན་ཞལ་ནག་ཐོམ་མེ་བཞུགས་ནས་ཅང་མ་གསུངས། རྒྱལ་པོའི་ཐུགས་ལ་ལྷོ་བ་ལ་འདོད་པ་ཅན་ད་དུང་མ་ཚིམས་པར་འདུག་སྙམ་པ་དང་། རྒྱལ་པོའི་ཐུ་བར་བྱེ་མ་བྲེ་གསུམ་བླུགས་ནས་དར་ཅིག་ཟུངས་ཤིག་གསུངས། རྒྱལ་པོས་ཐུ་བ་མ་ཐུབ་ཙ་ན་བྱེ་མ་གསེར་དུ་སོང་འདུག །རྒྱལ་པོ་ཆེན་པོ་ང་ལ་སྣང་བ་ཐམས་ཅད་གསེར་དུ་ཡོད་ཀྱང་། རྒྱལ་པོའི་དགོངས་པ་གྲུབ་ཕྱིར་རེ་ཞིག་བླང་གི་གསུངས་སོ། །ཇི་སྐད་བཤད་པ་བཞིན་སློབ་དཔོན་ལ་བོད་ཀྱི་རྒྱལ་བློན་རྣམས་དང་པོ་ཡིད་མ་ཆེས་པའི་ཐེ་ཚོམ་སྐྱེ་བ་ཀུན་རྫུ་འཕྲུལ་ཆེན་པོས་བསལ་བར་མཛད་ཅིང་དམ་པའི་ཆོས་ལ་ནི། ཆོས་རྒྱལ་དང་ཆོས་བློན་རྣམས་ཡིད་ཆེ་ཡང་། རྒྱལ་པོའི་བློན་པོ་ཕལ་ཆེར་བོན་ལ་དགའ་བས། དེ་དག་གིས་སྡིག་པ་ལ་སོགས་པའི་སྐྱོན་ཡོན་ཏན་དུ་རྩི་ཞིང་། སེམས་ཅན་གསོད་པ་སོགས་འཚེ་བ་ཆོས་སུ་སྨྲ་བས་སངས་རྒྱས་ཀྱི་ཆོས་རྒྱས་པར་མི་འདོད་ཅིང་ཡིད་ཆེ་ཞན་ལ་དགའ་བ་མ་བྱུང་བར་གྱུར་བ་མང་བས། དེ་རྣམས་ཀྱི་ཉེས་པ་བཅོམ་ནས་རང་རང་གི་རྒྱུད་ལ་བདེ་དགེའི་ཡོན་ཏན་དཔག་མེད་འཕེལ་ཞིང་། གཞན་ལ་སྙིང་རྗེའི་འཚེ་བ་སྤོང་སེམས་སྐྱེ་བས་ཀུན་ནས་བསླང་སྟེ་སངས་རྒྱས་ཀྱི་ཆོས་ཀྱང་ཕྱོགས་དུས་ཀུན་ཏུ་རྒྱས་པར་བྱེད་པའི་རྐྱེན་ནི་སྐྱབས་འགྲོ་ཡིན་ཏེ། བྱམས་པ་མགོན་པོས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེན་ཏེ། །དེས་ན་དཔག་མེད་ཡོན་ཏན་ཚོགས་འཕེལ་བྱེད། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་གསུངས་པས་ན། སྐྱབས་འགྲོ་ལ་གཉིས་སུ་ཡོད་པ་ལས་བརྡར་བཏགས་པ་ཀུན་རྫོབ་སྐྱབས་འགྲོ་ཆོ་གས་བླངས་ནས་སྐྱེ་བ་ན་ཆོས་གཞན་གྱིས་གདུལ་དཀའ་བའང་འདུལ་བའི་ཆེ་བ་ཆེན་པོ་དཔག་མེད་ལྡན་པ་སྐྱབས་སུ་འགྲོ་བ་ལ་ཇི་ལྟར་འཇུག་པའི་ཐབས་སམ་ཆོ་ག་སློབ་དཔོན་བི་མ་ལ་མི་ཏྲ་བདག་གིས་བཤད་པ་ཡིན་ནོ། །ཞེས་གསུངས་སོ། །འོ་ན་དོན་དམ་སྐྱབས་འགྲོ་རྒྱུད་ལ་ཇི་འདྲ་བྱས་ནས་སྐྱེ་སྙམ་ན། སྲིད་པའི་རྩ་བ་སེམས་སུ་ཤེས་ནས་སེམས་སྐྱེ་བ་མེད་པར་སོ་སོར་རྟོག་པའི་ཤེས་རབ་ཀྱི་མཐོང་བ་དྲན་པས་ལེགས་པར་བསྐྱངས་བཞིན་ཀུན་རྫོབ་སྐྱབས་འགྲོར་ནན་ཏན་དུ་འབད་པའི་རྒྱུ་ལས་ཅི་ཞིག་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆོས་ཉིད་ཀྱིས་ཐོབ་པ་རྒྱུད་ལ་སྐྱེ་སྟེ། སྐྱབས་འགྲོ་བདུན་ཅུ་པ་ལས། ཡེ་ཤེས་སྤྲོས་པ་མེད་པ་གང་། །ཤེས་བྱ་སྐྱེ་བ་མེད་ལས་བྱུང་། །ཞེས་གསུངས་སོ། །གསུམ་པ་ནི། སློབ་དཔོན་རང་ཉིད་ཀྱིི་ཞལ་ནས་གསུངས་པའི་ཚིག་ཆད་ལྷག་མེད་པར་ཡི་གེར་འགོད་པ་ནི་ལེགས་པར་བྲི་བ་ཡིན་ཅིང་། དེ་ལྟ་བུའི་ཡོན་ཏན་ལྡན་པའི་ལོ་ཙཱ་བ་ལ་སློབ་དཔོན་གྱིས་དེ་བཞིན་ཡེ་གེར་བྱོས་ཤིག་ཅེས་བསྐུལ་བ་ཡིན་ལ། འདིས་ནི་སྒྱུར་ཅིག་མ་གསུངས་པས་སློབ་དཔོན་གྱིས་བོད་སྐད་ལྟར་གསུངས་པ་ལོ་ཙཱས་ཡི་གེར་བཀོད་པ་ཡང་གསལ་བར་བསྟན་ཏོ། །ལོ་ཙཱ་བ་ཆེན་པོ་ནི། ཡུལ་ཡར་ཀླུང་དུ་སྐུ་འཁྲུངས་པ་ཡབ་གཉགས་སྟག་དགྲ་ལྷ་སྣང་དང་། ཡུམ་སྲུ་ཟ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས། ཛྙཱ་ན་ཀུ་མཱ་ར་ཞེས་བྱ་བ་བོད་སྐད་དུ་ཡེ་ཤེས་གཞོན་ནུ་རུ་གྲགས་པ་ས་དྲུག་པ་མངོན་དུ་གྱུར་བ་ལ་གནས་ཤིང་ཆེ་བའི་ཡོན་ཏན་དཔག་མེད་ལྡན་པའི་སློབ་མ་ཡང་བློ་རྣོ་བ་གསུམ་དང་། ལུང་མན་ངག་གི་བདག་པོ་ལྔ་རྣམས་ཟག་བཅས་ཀྱི་ཕུང་པོ་མ་སྤངས་པར་རྡོ་རྗེའི་སྐུར་གྱུར་ནས་རིག་འཛིན་གྱི་ཞིང་དུ་གཤེགས་པ་ཤ་སྟག་བྱུང་ལ། ཨ་རོ་ཡེ་ཤེས་འབྱུང་གནས་ཀྱང་འདི་ཉིད་ཀྱི་སློབ་མ་ཡིན་ནོ། །བཞི་པ་བསྔོ་བའི་དགོས་ཆེད་བསྟན་པ། བསྔོ་བའི་ངོ་བོ་བསྟན་པ། བསྔོ་བའི་དམིགས་ཡུལ་བསྟན་པ། བསྔོ་བྱེད་བློའི་རྣམ་པ་བསྟན་པ་བཞི་ལས། དང་པོ་ནི། བསླབ་བཏུས་ལས། རང་འདོད་རྣམ་སྨིན་སྲེད་སྤངས་པས། །དགེ་བ་ཀུན་ཏུ་བསྲུང་བར་འགྱུར། །འགྱོད་པ་ཡང་ནི་མི་བྱ་སྟེ། །བྱས་པར་གྱུར་ཀྱང་བསྒྲགས་མི་བྱ། །ཞེས་གསུངས་ལྟར་དགེ་བ་ལ་རང་གི་ཡིན་པའི་འདོད་པས་མ་བསྔོས་པ་དང་། མཐོ་རིས་ཀྱི་རྣམ་སྨིན་ལ་སྲེད་པས་ལོག་པར་བསྔོས་པ་དང་། དགེ་བ་བྱས་པ་ལ་འགྱོད་པ་དང་། གཞན་ལ་ཆེ་འདོད་ཀྱིས་ངོམ་པར་བྱེད་པ་རྣམས་དགེ་བ་འཛད་པའི་རྒྱུ་བཞི་ཡིན་པས། དེ་དག་གིས་མི་ཟད་པའི་ཕྱིར་དང་། དགེ་བའི་ངོ་བོ་མང་དུ་འཕེལ་བའི་ཕྱིར་དང་། བྱང་ཆུབ་ཀྱི་རྒྱུ་རུ་འགྱུར་བའ་ིཕྱིར་ཡོན་ཏན་དེ་ལྟ་བུ་ལྡན་པ་ཡིན་ཏེ། འབྲི་གོང་སྐྱོབས་པས། བསྔོ་བ་མི་ཟད་ལམ་ཡིན་ཏེ། །སྤེལ་དང་བསྒྱུར་བའི་ཆོས་ཅན་ནོ། །ཞེས་གསུངས་སོ། །གཉིས་པ་ནི། དགེ་ཚོགས་བྱང་ཆུབ་ཏུ་འདུན་པས་སྒྱུར་བའི་བློ་ཡིན་ལ། བསྔོ་བ་དང་སྨོན་ལམ་གྱི་ཁྱད་པར་ནི་དོན་དུ་གཉེར་བྱ་རྒྱུའམ་འབྲས་བུ་ཞིག་འགྲུབ་པའི་ཕྱིར་དུ་དགེ་རྩའི་དམིགས་པ་ལ་བརྟེན་པའི་སེམས་པ་དང་འདུན་པ་ནི་བསྔོ་བ་ཡིན་ཅིང་། དགེ་རྩའི་དམིགས་པ་ལ་མི་བརྟེན་པར་དོན་གང་འགྲུབ་པ་ལ་སེམས་འདུན་སྐྱེ་བ་ནི་སྨོན་ལམ་ཡིན་ནོ། །གསུམ་པ་ལ་གསུམ་ལས། བསྔོ་བྱའི་རྫས་ལ་དམིགས་པ་ནི། བསོད་ནམས་བྱ་བའི་གཞི་གསུམ་ལས། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞི་ཡི་རྒྱུ་ཀུན་སློང་ནི། ཡུལ་མཆོག་ལ་མཆོད་པར་འདོད་པ་དང་། དམན་པ་ལ་ཕན་གདགས་པར་འདོད་པས་ཀུན་ནས་བསླང་བ་སྟེ་མཛོད་ལས། མཆོད་དང་ཕན་གདགས་འདོད་པ་ཡིས། །ཞེས་གསུངས་སོ། །ངོ་བོ་ནི། མུ་བཞིའི་བསྡུས་པ་ཁྱད་པར་གསུམ་དང་ལྡན་པའི་གཏོང་བ་ཡིན་ལ། བཞི་ནི། རང་ཉིད་ཀྱིས་ལེགས་པའི་དོན་ཐོབ་པ་འདོད་པས་སྐུ་གཟུགས་སོགས་རྟེན་ལ་མཆོད་པ་རང་དོན་གྱི་སྦྱིན་པ། རང་འདོད་མེད་པའི་འཕགས་པས་སེམས་ཅན་ལ་སྦྱིན་པ་གཞན་དོན་དུ་སྦྱིན་པ། རང་འདོད་ཅན་གྱིས་སེམས་ཅན་ལ་སྦྱིན་པ་གཉིས་ཀའི་ཕྱིར་སྦྱིན་པ། འཕགས་པས་རྟེན་ལ་གུས་པ་སྐྱེ་བས་མཆོད་པ་གཉིས་ཀའི་དོན་མིན་པའི་ཕྱིར་སྦྱིན་པ་ཡིན་ནོ། །གསུམ་ནི། སྦྱིན་བདག་གི་ཁྱད་པར་རྒྱུ་འབྲས་ཡིད་ཆེས་དད་པ་ལྡན་པའམ། ཚུལ་ཁྲིམས་སོགས་ལྡན་པས་སྦྱོར་བ་ན་བཀུར་སྟི་ཐོབ་བྱེད་གུས་པའི་སྒོ་ནས་སྦྱིན་པ་དང་། རྒྱ་ཆེན་པོའི་ལོངས་སྤྱོད་འདོད་པ་བཞིན་ཐོབ་བྱེད་རང་གི་ལག་གིས་སྦྱིན་པ་དང་། མཁོ་དུས་སུ་ཐོབ་བྱེད་གཞན་ལ་དགོས་དུས་སུ་སྦྱིན་པ་དང་། བར་ཆད་མེད་པར་ཐོབ་བྱེད་གཞན་ལ་མི་གནོད་པར་སྦྱིན་པའོ། །དངོས་པོའི་ཁྱད་པར་གཟུགས་བཟང་པོ་ཐོབ་བྱེད་ཁ་དོག་ཕུན་ཚོགས་སྦྱིན་པ་དང་། གྲགས་པ་ཐོབ་བྱེད་དྲི་ཕུན་ཚོགས་སྦྱིན་པ་དང་། དགའ་བ་ཐོབ་བྱེད་རོ་ཕུན་ཚོགས་སྦྱིན་པ་དང་། ཤིན་ཏུ་གཞོན་ཤ་ཅན་དང་རེག་པ་ཙམ་གྱིས་བདེ་བ་སྐྱེད་པའི་ལུས་ཐོབ་བྱེད་རེག་བྱ་ཕུན་ཚོགས་སྦྱིན་པའོ། །ཞིང་གི་ཁྱད་པར། དུད་འགྲོ་དང་ཚུལ་ཁྲིམས་འཆལ་བ་ལྟ་བུ་འགྲོ་བའི་ཞིང་ཁྱད་འཕགས། ནད་པ་ནད་གཡོག་ལྟ་བུ་སྡུག་བསྔལ་ཅན་གྱི་ཞིང་ཁྱད་འཕགས། ཕ་མ་སོགས་རང་ལ་ཕན་འདོགས་བྱེད་པ་ཕན་འདོགས་ཞིང་ཁྱད་འཕགས། །འབྲས་བུ་འབུམ་འགྱུར་ཐོབ་བྱེད་ཚུལ་ཁྲིམས་ལྡན་པ་ལྟ་བུ་སོགས་ཡོན་ཏན་ཞིང་ཁྱད་འཕགས་ཏེ་ཞིང་བཞི་རུ་གསུངས་སོ། །འབྲས་བུ་ནི། མཛོད་ལས། དེ་འབྲས་ལོངས་སྤྱོད་ཆེན་པོ་ཅན། །ཅེས་སོ། །ཚུལ་ཁྲིམས་ལས་བྱུང་བའ་ིབསོད་ནམས་བྱ་བའི་གཞི་ཡི་རྒྱུ་ཀུན་སློང་ནི། སྒོ་གསུམ་གྱི་སྡིག་ཏོ་མི་དགེ་བ་སྤོང་འདོད་པའོ། །ངོ་བོ་ནི། རྣམ་པར་དག་པ འི་ཡོན་ཏན་བཞི་དང་ལྡན་པ་སྟེ། དེ་ཡང་སྲོག་གཅོད་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་འཆལ་ཁྲིམས་མ་བྱུང་བ། དེའི་རྒྱུ་བཅས་པའི་ཁ་ན་མ་ཐོ་བ་དང་ཉོན་མོངས་པའི་འཕེན་མ་བྱུང་བ། འཆལ་ཁྲིམས་ཀྱི་གཉེན་པོ་དྲན་པ་ཉེར་བཞག་དང་སྲོག་བསྐྱབས་པ་སོགས་དགེ་བའི་ཚོགས་ལ་བརྟེན་པ། འཇིག་སྐྱོབ་ལེགས་སྨོན་ཙམ་མ་ཡིན་པར་ངེས་འབྱུང་ངམ་ཞི་བའི་བསམ་པ་ལ་བརྟེན་པའོ། །འབྲས་བུ་ནི་བདེ་འགྲོ་མཐོ་རིས་ཐོབ་བྱེད་ཀྱིའང་རྒྱུའི་གཙོ་བོར་གྱུར་པའོ། །བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་གཞིའི་རྒྱུ་ཀུན་སློང་ནི། ཉོན་མོངས་དང་རྟོག་ཚོགས་བསལ་བར་འདོད་པའོ། །ངོ་བོ་ནི། མཉམ་པར་བཞག་པའི་དགེ་བ་ཞི་ལྷག་གི་རྣལ་འབྱོར་བསམ་གཏན་ཏིང་ངེ་འཛིན་དང་བདག་མེད་རྟོགས་པའི་ཤེས་རབ་གོམས་པར་བྱས་པས་སེམས་ཀྱི་རྒྱུན་དེ་དག་ཏུ་བསྒྱུར་ནས་བགོ་བར་བྱེད་པའི་ཆོས་ནི་བསྒོམ་པ་ཡིན་ལ། བཟོད་པ་དང་བརྩོན་འགྲུས་གཉིས་ཀྱང་གཞན་དུ་སྡུད་ཚུལ་ཡོད་ཀྱང་བསྒོམ་པ་འདིར་བཞག་གོ། །འབྲས་བུ་ནི། ཉོན་མོངས་དང་རྟོག་སྒྲིབ་ཐམས་ཅད་ས་བོན་ནས་འབྲལ་བར་བྱེད་པའི་རྒྱུའི་གཙོ་བོར་གྱུར་པའོ། །དེ་ལྟ་བུའི་བསོད་ནམས་དགེ་བའི་ཚོགས་རང་གིས་བྱས་པ། གཞན་ལ་བྱེད་དུ་བཅུག་པ། བྱས་པ་ལ་རྗེས་སུ་ཡི་རང་བ། མཐུན་པར་དོན་གཅིག་ཏུ་ཞུགས་པ་སྟེ་དགེ་བ་བྱེད་ཚུལ་བཞིའི་སྒོ་ནས་འདས་པའི་དུས་ན་བྱས་པ། མ་འོངས་པ་ན་བྱེད་པར་འགྱུར་བ། ད་ལྟར་བྱེད་བཞིན་པ་ཐམས་ཅད་དང་། བསྟན་བཅོས་འདི་ཉིད་དང་པོ་སློབ་དཔོན་གྱིས་བརྩམས་པ་ན་བསྔོ་བ་མཛད་པ་བཞིན། རང་ཅག་རྗེས་འཇུག་རྣམས་ཀྱིས་དེ་ལ་འཆད་ཉན་སོགས་བགྱིས་པའི་དགེ་རྩ་ཀུན་བསྔོ་བྱ་ཡིན་ནོ། །གཞན་ཡང་འགྲོ་བ་ཀུན་གྱི་རྒྱུད་ལ་དོན་དམ་པའི་དགེ་བ་བདེ་གཤེགས་སྙིང་པོ་ཟག་མེད་ཀྱི་དགེ་ཚོགས་རྣམ་པ་ཀུན་ཇི་སྙེད་རྫོགས་པའི་མཆོག་དང་ལྡན་པར་རང་བཞིན་གྱིས་ཡོད་པ་དཔེར་ན་སློབ་དཔོན་ཟླ་གྲགས་ཀྱིས་འཇུག་འགྲེལ་དུ། ཡོད་པ་ཉིད་ཀྱི་ཕྱིར། དེ་ལ་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མིན་པ་ཉིད་དུ་ཡོད་དོ། །ཞེས་ཀྱང་བརྗོད་རིགས་ཏེ་དེ་ལ་ཞེས་པ་འདིས་མཆོག་ཏུ་འཛིན་པའི་དངོས་པོ་མེད་པའི་ཕྱིར་ལ་ཀུན་རྫོབ་ཏུ་དེ་ལྟ་བུའི་དོན་སྟོན་པའི་ཕྱིར་རོ། །ཞེས་གསུངས་པ་ཆོས་ཉིད་དེ་བཞིན་ཉིད་དེ་བསྔོ་དགོས་ཏེ། དོན་དམ་པའི་དགེ་བ་ཡིན་པའི་ཕྱིར་དང་། ཟག་མེད་ཀྱི་དགེ་ཚོགས་བླ་ན་མེད་པ་དེ་ལ་དབྱེར་མི་ཕྱེད་པར་ལྡན་པའི་ཕྱིར་དང་། སངས་རྒྱས་ཀྱི་སྤྱན་གྱི་ཡུལ་སྙིང་པོ་དེ་ལ་མོས་པ་སྐྱེ་བ་ཙམ་གྱིས་སངས་རྒྱས་ཐོབ་པའི་སྣོད་དུ་འགྱུར་བར་གསུངས་པའི་ཕྱིར་དང་། དེ་ལ་དགའ་བ་སྐྱེས་ཙམ་གྱིས་སེམས་ཅན་ཀུན་གྱི་བསོད་ནམས་དགེ་ཚོགས་ཀུན་ཟིལ་གྱིས་གནོན་པའི་ཡོན་ཏན་དཔག་མེད་འཕེལ་བར་གསུངས་པའི་ཕྱིར་དང་། དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཆོས་རྣམ་ཆོས་ཉིད་བསྔོ་བ་ཡིས། །མི་འགྱུར་གལ་ཏེ་འགྱུར་ན་ནི། །དང་པོའི་སངས་རྒྱས་གཅིག་ཉིད་ཀྱི། །བསྔོ་བ་དེང་སང་ཅིས་མི་འགྲུབ། །ཅེས་བསྔོ་དགོས་པར་གསུངས་པའི་ཕྱིར་ཏེ། དེ་ཡང་ཆོས་ཉིད་དེ་བཞིན་ཉིད་ངོ་བོ་ཡེ་དག་ཏུ་གནས་ཀྱང་གཞན་གྱིས་བསྔོས་པས་གློ་བུར་འཕྲལ་དག་ཏུ་མི་འགྱུར་ལ། འགྱུར་ན་ནི་གཞན་དང་པོའི་སངས་རྒྱས་གཅིག་ཁོ་ན་ཞིག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་ཆོས་ཉིད་ལན་མང་དུ་བསྔོས་པ་གྲུབ་ནས་དེང་སང་ཐམས་ཅད་སངས་རྒྱས་ཟིན་པ་ཞིག་ཅི་ལ་མི་འོང་། ཞེས་གསུངས་པ་དེ་ནི། དཔེར་ན། དཔེ་མེད་པའི་སེམས་བསྐྱེད་ཅན་གྱི་སངས་རྒྱས་གྲངས་མེད་པ་བྱུང་པས་སེམས་ཅན་ཐམས་ཅད་སྔོན་ལ་སངས་རྒྱས་པར་འགྱུར་བའི་སྨོན་ལམ་དཔག་མེད་བཏབ་ཀྱང་། ད་ལྟ་དེ་འདྲའི་འབྲས་བུ་དེ་བཞིན་དུ་མ་གྲུབ་པ་བཞིན་ནོ། །ཞེས་པར་འགྱུར་རོ། །དེ་བས་ན་ཆོས་ཉིད་བསམ་གྱིས་མི་ཁྱབ་པ་ལ་དམིགས་པ་ཙམ་གྱི་རང་གི་དགེ་ཚོགས་ཐམས་ཅད་ཀྱང་ཁྱད་པར་འཕགས་སུ་བྱེད་པས་ན་བསྔོ་བ་ཡིན་ནོ། །ཆོས་ཉིད་དང་ལྡན་པས་བེམ་པོ་སོགས་བསྔོ་བྱར་འགྱུར་རོ་སྙམ་ན་ནི། བྱིས་པའི་སྐྱེ་བོ་རྣམས་ཀྱིས་དགེ་ཚོགས་ཐམས་ཅད་ལ་ལྡན་པའི་ཉོན་མོངས་ཅན་གྱི་མ་རིག་པའང་བསྔོ་བར་འགྱུར་བས་དེ་འདྲ་མི་བསམ་མོ། །སྙིང་རྗེས་གཞན་དོན་ལ་དམིགས་པ་ནི། སྟོང་གསུམ་གྱི་འཇིག་རྟེན་གྱི་སེམས་ཅན་ཙམ་ལ་སོགས་པ་ཡུལ་ཡོངས་སུ་ཆད་པ་མ་ཡིན་པར། ནམ་མཁའ་མཐའ་མེད་པས་ཇི་ཙམ་ཁྱབ་པ་ན། སེམས་ཅན་གང་ཞིག་རིག་དྲུག་གི་གནས་གཅིག་ནས་གཅིག་ཏུ་བརྒྱུད་དེ་འགྲོ་བ་ཡི་སྐྱེ་བོ་མཐའ་མེད་པ་ལས་གཅིག་ཀྱང་མ་ལུས་པ་ཐམས་ཅད་ཡོངས་སུ་རྫོགས་པ་ལ་དམིགས་པ་ཡིན་ནོ། །ཤེས་རབ་རྫོགས་བྱང་ལ་དམིགས་པ་ནི་བསོད་ནམས་ཞེས་བསྔོ་རྒྱུ་བརྗོད་པས་ཞར་ལ་བསྟན་པས་དངོས་སུ་མ་གསུངས་པ་ཡིན་ཏེ། དེ་ཡང་སྐྱབས་འགྲོ་བགྱིས་པའི་བསོད་ནམས་དགེ་བས་ནི་མཐར་ཐུག་སངས་རྒྱས་ཁོ་ན་འགྲུབ་པར་ངེས་པས་ན་རྒྱུ་ཡིས་འབྲས་བུ་བསྡུས་པའི་དབང་དུ་མཛད་པས་ན་ལོགས་སུ་དམིགས་མི་དགོས་མོད། འོན་ཀྱང་སྤྲོས་ལ་དགའ་ན་སྐྱབས་འགྲོ་བདུན་ཅུ་པ་ལས་གསུངས་པ་ལྟར། བསོད་ནམས་གང་དེས་འགྲོ་བ་ཀུན། །དཀོན་མཆོག་གསུམ་ལ་གཞོལ་བར་ཤོག །ཅེས་གསུངས་པའི་དོན་ཡིད་ལ་དྲན་པར་བྱའོ། །བཞི་པ་བསྔོ་བྱེད་བློའི་རྣམ་པ་བསྟན་པ་ལ། གཞན་སྟོབས་ལ་བསྟེན་པའི་རྣམ་པ་དང་། རང་གི་བློ་སྟོབས་བསྐྱེད་པའི་རྣམ་པ་གཉིས་ལས། དང་པོ་ནི། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོའོ་སྙམ་པའི་སེམས་བྱེད་པ་དང་། འཇམ་དཔལ་ལ་སོགས་བྱང་སེམས་འཕགས་པ་རྣམས་ཀྱི་རྗེས་སུ་བསླབ་ནས་དེ་དག་གིས་ཇི་ལྟར་བསྔོ་བ་བཞིན་བསྔོ་སྙམ་པས་ནི་ཟབ་ཅིང་རྒྱ་ཆེ་བའི་བསྔོ་བ་བླ་མེད་དུ་འགྱུར་རོ། །གཉིས་པ་ནི། བསྔོ་བ་པོའི་གང་ཟག །བསྔོ་བྱའི་དགེ་བ། བསྔོ་ཡུལ་སེམས་ཅན་རྣམས་དངོས་པོ་ཡོད་པར་ལྟ་བའི་རྟག་ལྟའི་མཚན་མ་དང་། དངོས་པོ་མེད་པའོ་སྙམ་པའི་རྒྱས་འདེབས་བྱེད་པ་ཆད་ལྟའི་མཚན་མའི་དམིགས་པ་ཅན་ནི་དུག་ཅན་གྱི་བསྔོ་བར་གསུངས་པས་ཐར་པའི་རྒྱུར་མི་འགྱུར་ཏེ། མདོ་སྡུད་པ་ལས། གལ་ཏེ་མཚན་མར་བྱེད་ན་བྱང་ཆུབ་བསྔོ་མ་ཡིན། །ཅི་སྟེ་མཚན་མ་མེད་ན་བྱང་ཆུབ་བསྔོ་བ་ཡིན། །ཅེས་གསུངས་སོ། །དེས་ན་གང་ཟག་ཕྱོགས་ཞེན་ཅན་ཁ་ཅིག་གིས་རང་རང་གི་ལུགས་ལ་བསྟན་པའི་མིང་བཏགས་ཏེ་དེ་རྒྱས་པའི་ཕྱིར་རང་ཕྱོགས་ལ་ལྷག་པར་ཆགས་པའི་བློས་བསྔོ་བ་བྱེད་པ་ནི་ཐར་པའི་རྒྱུ་ལྟ་ཞོག །དགེ་བར་ཡང་མི་འགྱུར་ཏེ་འདོད་ཆགས་ཀྱིས་བསྔོ་བ་ཡིན་པའི་ཕྱིར་རོ། །དེ་དག་གི་དྲི་མས་མ་གོས་པ་དམིགས་མེད་ཀྱི་རྣམ་པ་ཅན་གྱི་བསྔོ་བ་ནི། འཁོར་གསུམ་གྱི་ཆོས་མ་བརྟགས་ཉམས་དགའ་ངོ་བོར་རྟེན་འབྱུང་སྒྱུ་མ་ལྟ་བུ་མི་མཐུན་པ་དང་རྒྱུ་མེད་ལས་བྱུང་བ་སྤང་ནས་སྐྱེ་བའི་སྣང་བས་མེད་མཐའ་བསལ། རྟེན་འབྱུང་གི་རིགས་པས་བརྟགས་ཅིང་དཔྱད་ན་བདག་གཞན་གྱི་དངོས་པོའི་སྐྱེ་བ་དང་དངོས་མེད་ཀྱི་སྐྱེ་བ་གང་དུ་ཡང་ངོས་བཟུང་བ་མི་རྙེད་པའི་སྟོང་པས་ཡོད་མཐའ་གསལ། ཤིན་ཏུ་བརྟགས་པའི་མཐར་ཐུག་པ་ཆོས་ཉིད་ཀྱི་རིག་པས་གཞལ་ངོར་མཐའ་དང་མཐའ་མེད། ཤེས་བྱ་ཤེས་བྱེད་སོགས་གཉིས་ཆོས་སུ་བློས་བཏགས་ཤིང་སྣང་བའི་མ་རིག་པ་ཐམས་ཅད་རང་སར་ཞིག་ནས་བསམ་བརྗོད་ལས་འདས་པའི་ཡེ་ཤེས་འོད་གསལ་བར་གནས་པ་མངོན་སུམ་མཐོང་བའི་དམིགས་མེད་ཀྱི་ངང་ནས་དམིགས་པ་ལྟར་སྣང་བ་ལ་འཇུག་པའ་ིརྣམ་པ་ནི་བསྔོ་བའི་རྣམ་པ་ཡིན་ནོ། །རྩ་བའི་ས་བཅད་ལྔ་པ་ལ། གང་ཞིག་མཛད་ན། ཡང་དག་ལམ་གྱི་སྐྱབས་འགྲོ་རྒྱུད་ལ་སྐྱེད་པའི་རྟེན་གཞུང་གི་སྐྱབས་འགྲོ་ཡན་ལག་དྲུག་ཏུ་ངེས་པར་བསྡུས་པ་ཉིད་ཡིན་ལ། གང་གིས་མཛད་ན། འཕགས་པའི་ཡུལ་ནས་བྱུང་བ་དགེ་ཞིང་ཤེས་པའི་རང་བཞིན་དམ་པའི་ཆོས་ཀྱི་སྒོ་རྣམས་ལེགས་པར་སློབ་པར་བྱེད་པས་གདུལ་བྱ་སྐྱེ་མཆོག་དམ་པ་མང་པོའི་གཙོ་བོའི་དཔོན་དུ་གྱུར་པ། བསྟན་བཅོས་རྩོམ་པའི་རྒྱུ་གསུམ་ཡོངས་སུ་རྫོགས་ཤིང་འཇའ་ལུས་རྡོ་རྗེའི་ལྟ་བུའི་སྐུ་གྲུབ་ནས་བསྐལ་པ་མ་ཞིག་གི་བར་རྒྱ་ནག་རི་བོ་རྩེ་ལྔར་བཞུགས་ནས་ལོ་བརྒྱ་རེའི་མཚམས་སུ་བོད་དུ་སྤྲུལ་པ་རེ་འབྱོན་པའི་དམ་བཅའ་ཞལ་བཞེས་གནང་བ། རྒྱ་གར་སྐད་དུ། བི་མ་ལ་མི་ཏྲ་ཞེས་པ་བོད་སྐད་དུ་བསྒྱུར་ན། དྲི་མེད་བཤེས་གཉེན་ཏེ་གང་གི་ཞལ་ནས་སོ། །ཚུལ་ཇི་ལྟར་མཛད་ན། དོན་དང་ལྡན་པ་སྒྲུབ་པ་ལྷུར་ལེན་པ། བརྩེ་བས་གཞན་དོན་གཉེར་བའི་སྒོ་ནས་མཛད་པ་ཉིད་ནི་སྐྱབས་སུ་འགྲོ་བའི་ཐབས་ཀྱི་ཚིག་དང་དོན་ཐམས་ཅད་ཡོངས་སུ་རྫོགས་པའི་བསྟན་བཅོས་བླ་ན་མེད་པ་འཇིག་རྟེན་དུ་སྣང་བ་བྱས་སོ། །བསྟན་བཅོས་དེ་མཛད་པའི་དགོས་ཆེད་ནི། འགྲོ་བ་རྣམས་ཀྱི་ཕན་བདེའི་འབྱུང་གནས་སྟོན་པ་མཉམ་མེད་ཤཱཀྱ་སེང་གེའི་བསྟན་པ་སེམས་ཅན་གྱི་ཁམས་སུ་ཡུན་རིང་བསྐལ་པའི་བར་གནས་ནས་སྒྲོན་མའ་ིབསྐལ་པ་ཆེན་པོར་བྱེད་པའི་ཕྱིར་མཛད་དེ། སློབ་དཔོན་བཙུན་པ་ངོ་བོ་ཉིད་མེད་པར་སྨྲ་བའི་ཞལ་ནས། ཆོས་རྣམས་བཀའ་དང་བསྟན་བཅོས་གཉིས་སུ་གནས། །ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། །ཡུན་རིང་འཇིག་རྟེན་ཁམས་འདིར་གནས་པ་ཡིན། །ཅེས་གསུངས་པ་བཞིན་ཏེ། དེ་དག་གིས་རྣམ་པར་འགྲེལ་བའི་ཚུལ་ཚད་མ་གསུམ་ལྡན་གྱིས་བསྡུས་པའི་བཤད་པ་གྲུབ་ནས་སླར། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་བཱ། ཧེ་ཏུནྟེ་ཥཱནྟ་ཐ་ག་ཏོ་ཧྱ་བ་ད་ཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲཱ་མ་ཎ། རིགས་ཀྱི་རྟགས་སྣང་དད་མོས་ཉེར་ལེན་མཚོ། །སྲིད་ཞིའི་སྐྱོན་ཡོན་ལེགས་དྲན་ལྷས་བསྲུབས་ཚེ། །མཆོག་གསུམ་བྱང་ཆུབ་བར་བརྟེན་དཔའ་འབར་ཟླ། །གདུང་བྲལ་སྐྱེས་བཅས་རྣམ་འགྲེལ་ནམ་མཁའ་ཕྱེ། །རྗོད་བྱེད་འདིར་འཁྱུད་དགེ་ཚོགས་རྟ་བདུན་འདྲས། །འགྲོ་བ་ཀུན་གྱི་རྨོངས་ཆེན་གཉིད་འཐུག་པོ། །གཏན་སངས་རྣམ་མཁྱེན་པད་ཚལ་རྒྱས་མཚུངས་པའི། །བདེ་གཤེགས་རྟག་མཐོང་སྲིད་གསུམ་མི་མཐོང་ཤོག །རང་ལ་ལྷག་ཆགས་རྟག་པར་བདེ་འདོད་ཅན། །ལས་ཀྱི་དབང་མེད་ངན་སོང་སྲིད་གདུང་ཆེ། །འཁྲུགས་པའི་འགྲོ་དང་རྨོངས་ལྡན་ཞི་མཐའ་ཡི། །འཇིགས་རུང་དྲན་སེམས་སྙིང་རྗེར་མཆེད་པར་ཤོག །དཀོན་མཆོག་གསུམ་གྱི་ཆེ་བའི་ཆ་ཤས་ཙམ། །བརྗོད་ནུས་ངག་ཅན་སྐྱེ་བོ་ཡོད་མིན་ཡང་། །གང་འབྱིན་རྣམ་འདྲེན་ལྗགས་རྩེའི་ངོ་མཚར་འཕྲུལ། །བསམ་ཡས་དྲན་པས་དྲན་གཞན་རྟག་འགོག་ཤོག །བསླུ་བ་མེད་ཡུལ་སངས་རྒྱས་དེ་ཡི་ཆོས། །འཕགས་ཚོགས་མཐུ་ཡིས་དེད་དཔོན་སྟོན་པ་ཆེ། །ལམ་བཟང་གྲོགས་མཆོག་མིང་ཡང་ངེས་ཕྲོག་པའི། །ཟླ་མེད་འཇིག་རྟེན་རྒྱན་རྒྱུར་ལ་བརྟེན་ཤོག །གནས་སྐབས་རྒྱུན་ཆགས་སྐྱབས་གསུམ་ཁོ་ན་ཉིད། །དཔུང་གཉེན་སྒྲུབ་པའི་ཡིད་བྱེད་འཇུག་པ་ཡིས། །ཚོགས་ཆེན་རྫོགས་པས་རང་འབྲས་བྱང་ཆུབ་ཆེའི། །དགའ་མཆོག་སྐྱེད་པར་བྱེད་པའི་དཔྱིད་ཐོབ་ཤོག །མཐོང་དང་མ་མཐོང་མཐར་ཐུག་ལེགས་དོན་གྱི། །འབྱོར་བ་གཉེར་ལ་ལེགས་ཚོགས་འབད་མེད་དུ། །འབྱུང་ཕྱིར་གནས་ཉིད་སྐྱབས་འགྲོར་རབ་གྲགས་པར། །ཕྲེང་བའི་སྐལ་བཟང་ཕུན་ཚོགས་རྟག་ཐོབ་ཤོག །ཉེས་སྐྱོན་ལས་གྲུབ་གདོན་རྣམས་ངོ་མ་ཤེས། །རང་བརླག་གཞན་ལ་གནོད་སེམས་འཚེ་མ་དོར། །སྡིག་སྡུག་ལ་འཛུད་བཤེས་གྲོགས་མ་བསྐྲད་པར། །རྨོངས་པར་བྱིང་བའི་བསམ་སྦྱོར་ཀུན་སྤོང་ཤོག །རིན་ཆེན་རྣམ་པ་གསུམ་གྱི་ཆར་གཏོགས་ཀུན། །ལྷར་བཅས་འགྲོ་བའི་བཀུར་སྟིའི་ཞིང་མཆོག་གྱུར། །ཡོན་ཏན་དཔལ་ལས་གྲུབ་པའི་ཆེན་པོ་རྣམས། །ཡོངས་ཀྱི་གཙུག་ཏུ་མཐོ་ལ་ཆེར་གུས་ཤོག །མཆོག་གསུམ་ཁོ་ན་དྲན་པའི་དགའ་སྐྱེས་ཡིད། །གཞན་ལ་འཇུག་ཐབས་བྲལ་ནས་ཅི་སྤྱོད་རྫས། །ཡང་ཡང་འབུལ་བརྩོན་ངག་གི་རིག་བྱེད་སྒྲ། །སྐྱབས་འགྲོར་རྒྱུན་འབྱིན་གཅིག་པུས་དགའ་འབྱུང་ཤོག །སྲོག་ནི་བསྲུང་ཆེད་བདོག་ཀུན་གཏོང་བ་ཡི། །འཁུར་ཆེན་བཟོད་པའི་སྙིང་སྟོབས་ལ་གནས་བཞིན། །འཚོ་ཕྱིར་དམ་བཅའ་ལྡོག་པར་ནུས་མིན་པའི། །སྐྱབས་སྡོམ་བླངས་སེམས་བརྟན་པོ་རྟག་འཆར་ཤོག །སྲིད་གསུམ་འགྲོ་རྒྱུད་མ་བཀྲུས་པར་དག་ཅིང་། །རྩོལ་བ་བྲལ་བཞིན་བསོད་ནམས་ཁོ་ན་སྐྱེ། །བསྒྲུབ་པ་མིན་ཡང་མཐོ་རིས་ཡོན་ཏན་རྫོགས། །བསལ་བཞག་མེད་པར་བྱང་ཆུབ་འགྲུབ་གྱུར་ཅིག །ཆོས་གོས་གསུམ་བཀླུབས་སངས་རྒྱས་བསླབ་ཚུལ་གཞོམ། །སེམས་བསྐྱེད་ཁས་ལེན་ཕྱོགས་ཞེན་སྡང་འཁྲུགས་རེམ། །གཏི་མུག་སྡིག་འཆང་བསྐྱེད་རྫོགས་སྤྱོད་པས་བྲེལ། །རང་གཞན་མ་བཅོམ་མེད་ལུགས་སྤོང་གྱུར་ཅིག །སྒྲོན་མེའི་བསྐལ་པ་བཟང་བྱེད་སངས་རྒྱས་ཀྱི། །ལུང་རྟོགས་ཆོས་དང་འཕགས་བོད་མཁས་འགྲུབ་ཀྱི། །གྲུབ་མཐའ་ཕན་བདེ་ཁོ་ན་མངོན་འབྱུང་དང་། བསྟན་འཛིན་སྐྱེས་རྣམས་ལྷན་ཅིག་འཕེལ་གྱུར་ཅིག །ལེགས་བཤད་ཚུལ་འདིས་གཏི་མུག་ཉེས་འབྲལ་ཞིང་། །རྒྱལ་བསྟན་གསལ་གནས་མཚོན་ཕྱིར་ཉིན་བྱེད་ཀྱིས། །མུན་བསལ་པདྨའི་ཚལ་ཀུན་ཆེར་རྒྱས་བྱེད། །མཐོང་ཐོས་དྲན་ལ་བཀྲ་ཤིས་དཔལ་འཕེལ་ཤོག །ལྷ་ཡི་བཀྲ་ཤིས་བརྒྱ་བྱིན་ཚངས་པས་སྲུང་། །མི་ཡི་བཀྲ་ཤིས་འཁོར་ལོས་སྒྱུར་སྟོབས་འགུག །འཇིག་རྟེན་བཀྲ་ཤིས་བདེ་ལྡན་ཞིང་སྣང་སྟོན། །མཆོག་གསུམ་བཀྲ་ཤིས་གཞུང་འདིས་བྱེད་པར་ཤོག །ཅེས་སྐྱབས་འགྲོ་ཡན་ལག་དྲུག་པའི་རྣམ་འགྲེལ་བསྡུས་པ་ལེགས་བཤད་གསེར་གྱི་འཁོར་ལོ་ཞེས་བྱ་བ་འདི་ཡང་། ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤཱཀྱ་སེང་གེའི་བཀའ་རྣམས་བསྡུ་བ་དང་པོ་བྱས་ནས་བགྲངས་བྱ་བཞི་སྟོང་དང་སུམ་ཅུ་རྩ་གསུམ་ལོན་པའི་མཚམས། འཕགས་ཡུལ་གྱི་སློབ་དཔོན་ཆེན་པོ་པདྨཱ་ཀ་ར་ཉིད་སིནྡྷུའི་རྒྱ་མཚོ་ནས་པདྨའི་སྦུབས་ལས་བརྫུས་ཏེ་འཁྲུངས་པའི་ལོ། །རབ་བྱུང་བཅོ་ལྔ་པའི་ནང་ཚན་རྒྱ་གར་གྱི་སྐད་དུ་བྷཱ་ནུ་ཏཱ་ར་ཞེས་སུ་གྲགས་པ་དེ་བོད་སྐད་ལ་ཉི་སྒྲོལ་བྱེད་ཅེས་སུ་བྱ་བ། མ་ཧཱ་ཙི་ནས་གྱི་ཤིན་ཞེས་པར་འབོད་པ་ཤིང་ཕོ་སྤྲེའུའི་ལོར་རྟ་ལྗང་ཅན་གྱིས་ལུག་ཁྱིམ་ནས་གླིང་བཞི་ལ་སྣང་བའི་དགེ་མཚན་སྟེར་ཞིང་། ལྷ་ཡི་བླ་མ་དྲང་སྲོང་ཕུར་བུ་རྒྱལ་གྱི་སྐར་མ་དང་འགྲོགས་ཏེ། ཚེས་ལ་དབང་བསྒྱུར་་བའི་ཉིན་མོ་སེང་གེའི་ཏལྐ་ལ་བབ་པའི་དུས་སུ་ཤཱཀྱའི་བཙུན་པ་དཔལ་གྱི་སེང་གེའི་མིང་ཅན་གྱིས་རྫོགས་པར་སྦྱར་བ་འདིས་ཀྱང་ཕན་བདེའི་འབྱུང་གནས་བདེ་བར་གཤེགས་པའི་བསྟན་པ་ཕྱོགས་བཅུར་འཕེལ་ཞིང་ཡུན་རིང་དུ་གནས་ལ་སེམས་ཅན་ཐམས་ཅད་བདེ་བ་དགེ་བ་ཁོ་ནའི་དཔལ་ལ་སྤྱོད་པར་གྱུར་ཅིག། ༈ །།མཁན་སློབ་ཆོས་གསུམ་རིང་ལུགས་ཆེ། །འཛམ་གླིང་ས་གསུམ་ཁྱབ་པར་འཕེལ། །འགྲོ་རྒྱུད་མཆོག་གསུམ་སྣང་བ་དང་། །མི་འབྲལ་དུས་གསུམ་དགེ་ལེགས་ཤོག། །།

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས།

དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྣམ་པར་འགྲེལ་བ་བཀྲ་ཤིས་མི་ཟད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། སྲིད་ལ་དབུགས་འབྱིན་ཞི་བའི་ཕྱག་ན་ནི། །སྲིད་པ་སླུ་བྱེད་བདུད་བཞིའི་གཡུལ་གྱི་དཔུང་། །འཇོམས་པ་ཤེས་རབ་རལ་གྲིའི་འཁྲུལ་འཁོར་ཅན། །དཔའ་བོ་གང་གི་ཞབས་པད་གཙུག་ན་མཛེས། །མཁྱེན་བརྩེའི་ཆ་རྫོགས་རྒྱལ་བའི་ཟླ་བ་གང་། །འཕགས་ཚོགས་རྒྱུ་སྐར་ཕྲེང་བས་ཡོངས་མཛེས་ཤིང་། །སྲིད་པའི་རིམས་ནད་མཐར་བྱེད་དམ་ཆོས་ཀྱི། །བདུད་རྩིའི་འོད་བཟང་འཕྲོ་བས་ཤིས་གྱུར་ཅིག །དེ་ལ་འདིར་ཕ་མཐའ་དང་བྲལ་བ་སྲིད་པའི་རྒྱ་མཚོ་ཆེན་པོ་འདི་ན། །རང་གཞན་སྲིད་པའི་འགྲོ་བ་མཐའ་དག་ཞེ་འདོད་ལ་བདེ་བ་དོན་དུ་གཉེར་བ་ཁོ་ན་ཡིན་ཀྱང་། སྔོན་གྱི་རྒྱུའི་དབང་ལས་སྲིད་རྩེ་ནས་མནར་མེད་པའི་བར་དུ་བདེ་སྡུག་བཏང་སྙོམས་ཀྱི་སྣང་ཚུལ་སྣ་ཚོགས་པ་ཚོན་གྱི་རི་མོ་བཞིན་དུ་བཀྲ་བ་འདི་དག་ལ་ལེགས་པར་བརྟགས། ལེགས་པར་གཞིག་ན་ཆུ་ཁོལ་མར་འབྲས་ཆན་འཚེད་པ་བཞིན་དུ་མཐོ་དམན་དང་། དར་རྒུད་བདེ་སྡུག་ལ་སོགས་པ་ཐམས་ཅད་མཐའ་གཅིག་ཏུ་ངེས་པ་མེད་པར་སྐད་ཅིག་མའི་ཟློས་གར་གློག་བཞིན་བསྐྱོད་པ་ཁོ་ནར་ངེས་ཤིང་། དེར་ཡང་རྨོངས་པས་གཅིག་ཏུ་བསླུས་པའི་སེམས་བསོད་ནམས་དགེ་བའི་ལས་ལ་དྲངས་ཀྱང་མི་འཇུག །མི་དགེ་བའི་ཕྱོགས་ལ་ངང་གིས་འཇུག་པ་ནི་གོམས་པའི་དབང་གིས་ངང་པ་མཚོ་དང་། བྱ་རྒོད་དུར་ཁྲོད་ལ་རྒྱུ་བ་ལྟ་བུ་ཡིན་པས། རྒྱུད་དེ་ཉིད་ཀྱི ས་ན་བདེ་བའི་འབྱོར་པ་ནི་རྙེད་དཀའ་ཞིང་། སྡུག་བསྔལ་དོས་དྲག་ལ་འཕགས་པའི་ལམ་དང་བྲལ་ན་མཐའ་ནམ་ཡང་མི་མངོན་པ་སྲིད་དུ་འཁྱམས་པ་འདི་ལ་ལེགས་པར་བསམས་ནས། འདི་ལྟ་བུའི་སྡུག་བསྔལ་རྒྱ་ཆེ་ཞིང་ཡུན་རིང་བ་ལ་སྤྱོད་པ་བདག་དང་བདག་གི་མར་གྱུར་པའི་འགྲོ་བ་མཁའ་དང་མཉམ་པ་འདི་ཀུན་སྐྱབས་གང་ཞིག་ལ་བརྟེན་ན་རྒུད་པ་ལས་གཏན་དུ་སྐྱོབ་པར་ནུས་སྙམ་དུ་བློ་དང་ལྡན་པ་རྣམས་ཀྱིས་ལེགས་པར་བརྟགས་ནས། གང་ཞིག་འཇིག་རྟེན་འདི་ན་སྡུག་བསྔལ་མཐར་བྱེད་པའི་ཐབས་མཁྱེན་པ་དང་། འགྲོ་བ་ཀུན་བསྐྱབ་པར་འདོད་པའི་བརྩེ་བ་དང་། སྐྱོབ་པར་ནུས་པའི་ཕྲིན་ལས་མངའ་བ་དེ་ནི་སུ་ཞིག་གོ་ཞེས་ལེགས་པར་བསམས་པའི་ཚེ། ཚངས་དང་དབང་པོ་དང་སེར་སྐྱ་ལ་སོགས་པའི་ཕྱོགས་ལ་སྡང་བར་ཡང་མ་བྱས། སངས་རྒྱས་བཅོམ་ལྡན་འདས་ལ་ཞེན་པར་ཡང་མ་བྱས་པར་སུ་ཞིག་གིས་གཏན་དུ་སྐྱོབ་ནུས་པ་དེ་སྐྱབས་སུ་གཟུང་བར་བྱའོ་ཞེས་དངོས་སྟོབས་ཀྱི་རིག་པས་གཞལ་བ་ན། སྟོན་པ་ཤཱཀྱའི་རྒྱལ་པོ་ལྟ་བུ་ད་ལྟ་བདག་ཅག་གི་སྤྱོད་ཡུལ་དུ་མ་གྱུར་ནའང་། དེས་བསྟན་པའི་ལམ་དཔྱད་པ་གསུམ་གྱིས་དག་པའི་ལུགས་ནི་སྲིད་པ་ཟློག་བྱེད་ཀྱི་ཐབས་ཡང་དག་ཏུ་མཐོང་བའི་ཚེ་ན། དེ་ལ་དཔགས་ནས་ཐབས་དེ་སྟོན་པ་རང་ཉིད་ཀྱིས་མངོན་སུམ་དུ་མཛད་པའི་མཁྱེན་པ་དང་། དེ་གཞན་ལ་སྟོན་པའི་བརྩེ་བ་དང་། ཐབས་དེ་འདྲ་བས་སྲིད་པའི་རྒུད་པ་ལས་གཏན་དུ་སྐྱོབ་པའི་ནུས་པ་མངའ་བ་ནི་སངས་རྒྱས་བཅོམ་ལྡན་འདས་གཅིག་པུའོ་སྙམ་དུ་ཡིད་ཆེས་ཤིང་། སྐྱོབ་པ་དེ་ཉིད་ཀྱི་བསྟན་པའི་ལུང་གི་སྣང་བ་དང་འགྲོགས་པའི་ཤེས་རབ་དྲི་མ་མེད་པས་བསམ་པར་བྱས་ན། འདི་ལྟ་བུའི་སྲིད་པའི་སྡུག་བསྔལ་འདི་དག་ཀྱང་། རྒྱུ་མེད་པ་ངོ་བོ་ཉིད་ཀྱིས་མ་ཡིན་ཏེ། རྟག་ཏུ་ཡོད་མེད་དུ་ཐལ་བ་དང་། དབང་ཕྱུག་རྟག་པ་ལ་སོགས་པ་རྒྱུ་མིན་ལས་ཀྱང་མི་སྐྱེ་སྟེ། རྒྱུ་འབྲས་རྗེས་སུ་འགྲོ་ལྡོག་མི་བྱེད་པའི་ཕྱིར་ན། འདི་དག་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་ཙམ་ཡིན་ལ། གལ་ཏེ་རྒྱུ་རྐྱེན་རྟེན་འབྲེལ་ལས་མ་བྱུང་ན་མོ་གཤམ་གྱི་བུ་བཞིན་དུ་སྣང་བའི་ལམ་དུ་མི་འགྱུར་བའི་ཚད་མའི་ངེས་པ་བརྟན་པོའི་སྒོ་ནས་སྡུག་བསྔལ་མཐར་བྱེད་པའི་ལམ་ཡོད་པར་ཤེས་ཤིང་། དེའང་འཚེ་བ་ཆོས་སུ་སྨྲ་བ་ལྟ་བུའི་ལམ་ལོག་པ་དང་། ལས་ཟད་པའི་ཕྱིར་དུ་མེ་ལྔ་བརྟེན་པ་སོགས་ལམ་མིན་པ་དག་ནི་སྲིད་པའི་རྒྱུ་དང་མི་འགལ་ལ། སྲིད་པ་མཐའ་དག་གི་རྩ་བ་རྨོངས་བའི་ས་བོན་འབྱིན་པའི་བདག་མེད་ཀྱི་ཚུལ་སྟོན་པ་འདི་ནི་ལམ་ཡང་དག་སྟེ། མདོ་ལས། འཇིགས་པས་སྐྲག་པའི་མི་རྣམས་ནི། །ཕལ་ཆེར་རི་དང་ནགས་ཚལ་དང་། །ཀུན་དགའ་དང་ནི་མཆོད་གནས་ཀྱི། །ལྗོན་ཤིང་ཆེ་ལ་སྐྱབས་འགྲོ་སྟེ། །སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །སྐྱབས་དེ་མཆོག་ཏུ་གྱུར་མ་ཡིན། །སྐྱབས་དེ་ལ་ནི་བརྟེན་ནས་སུ། །སྡུག་བསྔལ་ཀུན་ལས་མི་གྲོལ་གྱི། །གང་ཚེ་གང་ཞིག་སངས་རྒྱས་དང་། །ཆོས་དང་དགེ་འདུན་སྐྱབས་སོང་ལ། །སྡུག་བསྔལ་སྡུག་བསྔལ་ཀུན་འབྱུང་དང་། །སྡུག་བསྔལ་ཡང་དག་འདས་པ་དང་། །འཕགས་ལམ་ཡན་ལག་བརྒྱད་བདེ་བ། །མྱ་ངན་འདས་པར་འགྲོ་འགྱུར་དང་། །འཕགས་པའི་བདེན་པ་བཞི་པོ་དག །ཤེས་རབ་ཀྱིས་ནི་ལྟ་བྱེད་པ། །སྐྱབས་དེ་གཙོ་བོ་ཡིན་པ་སྟེ། །སྐྱབས་དེ་ལ་ནི་བརྟེན་ནས་ཀྱང་། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཁོ་ན་ཐར་འདོད་རྣམས་ཀྱི་སྐྱབས་གཅིག་པུ་དང་། དེའི་བསྟན་པ་ནི་འཇུག་ངོགས་གཅིག་པུ་དང་། དེའི་དགེ་འདུན་ནི་སྦྱིན་གནས་མཚུངས་པ་མེད་པ་དང་ལམ་གྱི་གྲོགས་ཡིན་པར་ངེས་པའི་ཡིད་ཆེས་ཀྱི་དད་པས་རྒྱུ་བྱས་ནས། སྐྱབས་གནས་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པར་བྱ་དགོས་ཏེ། སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་བཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་པས། །དེ་རིང་གང་ལ་སྐྱབས་སུ་མཆི། །གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང་། །དེ་བསྟོད་དེ་ནི་བཀུར་བ་དང་། །དེ་ཡི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པ་བཞིན་ནོ། །དེས་ན་ལམ་ཐམས་ཅད་ཀྱི་གཞི་རྩ་ནི་སྐྱབས་གནས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་ཡིད་ཆེས་ཡིན་པ་དེའི་ཕྱིར་ན། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་ཚུལ་ཅུང་ཟད་འཆད་བ་ལ། མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་བཞི། དང་པོ། རྒྱ་གར་སྐད་དུ། ཨཱརྻ་རཏྣ་ཏྲ་ཡ་ཨ་ནུ་སྨྲྀ་ཏི་སཱུཏྲ། བོད་སྐད་དུ། འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ། ཞེས་གསུངས་ཏེ། དེའང་ཨཱརྻ་འཕགས་པ། རཏྣ་དཀོན་མཆོག །ཏྲ་ཡ་གསུམ། ཨ་ནུ་རྗེས་སུ། སྨྲྀཏི་དྲན་པ། སཱུ་ཏྲ་མདོ་ཞེས་སོ། །དེ་ལ་འཕགས་པ་ཞེས་པ་གང་ལས་ཁྱད་པར་དུ་འཕགས་པའི་ཡུལ་ལ་ལྟོས་ཏེ་འཇུག་བྱ་ཐ་དད་ཀྱང་། འདིར་འཇིག་རྟེན་ལ ས་འདས་པའི་ཆོས་ཚུལ་ཐམས་ཅད་ལ་འཕགས་པ་ཞེས་བྱའོ། །དཀོན་མཆོག་ཅེས་བྱ་བ་ནི་རཏྣའི་སྒྲ་ལས་དྲངས་ན་རིན་པོ་ཆེ་སྟེ། དེའང་འབྱུང་བར་དཀོན་པ་ལ་སོགས་པའི་ཆོས་དྲུག་གིས་རིན་པོ་ཆེ་དང་མཚུངས་པས་དེ་སྐད་ཅེས་བྱ་ལ། བོད་སྐད་དུ་རིན་ཆེན་ཞེས་པ་ཙམ་གྱིས་དེ་ཙམ་ནུས་པ་མི་ཐོན་པས། དོན་འགྱུར་དུ་བྱས་ནས་དཀོན་པ་དང་མཆོག་གི་སྒྲ་དངོས་སུ་བླངས་པའི་ཕལ་པ་བཞི་པོ་དོན་གྱིས་གོ་བའི་བརྡ་དེ་སྐད་མཛད་པའོ། །གསུམ་ཞེས་པ། སྟོན་པ་དང་བསྟན་པ་དང་དེ་ལ་སློབ་པ་གསུམ་གྱི་གྲངས་ངེས་པའོ། །ཡོན་ཏན་ནི་བསྔགས་འོས་ཀྱི་ཁྱད་པར་གཞུང་ནས་འཆད་པར་འགྱུར་བ་རྣམས་སོ། །རྗེས་སུ་དྲན་པ་ཞེས་པ། སྐྱབས་ཡུལ་གྱི་ཡོན་ཏན་ཡེ་ནས་དེ་ལྟར་སྒྲོ་སྐུར་བྲལ་བར་གནས་པ་ལ་ཕྱིན་ཅི་མ་ལོག་པའི་བློས་རྗེས་སུ་དྲན་པར་བྱེད་པའོ། །མདོ་ནི་རྩ་བའམ་སྙིང་པོར་གྱུར་པ་ཙམ་ཞིག་བརྗོད་པའོ། །གཉིས་པ་འགྱུར་ཕྱག །ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱའི་རྣམ་པ་མ་ལུས་པ་མ་འདྲེས་སྒྲིབ་མེད་དུ་མཁྱེན་པ། སངས་རྒྱས་ཉིད་ལ་ལོ་ཙཱ་བས་འགྱུར་གྱི་སྔ་ལོགས་ཕྱག་མཛད་པའོ། །གསུམ་པ་གཞུང་དོན་ལ། སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པ། ཆོས་ཀྱི་ཡོན་ཏན་རྗེས་སུ་དྲན་པ། དགེ་འདུན་གྱི་ཡོན་ཏན་རྗེས་སུ་དྲན་པ་གསུམ། དང་པོ་ལ་གསུམ། ཁྱད་གཞི་སྟོན་པའི་ཡོན་ཏན་མདོར་བསྡུས་ཏེ་བསྟན། ཁྱད་ཆོས་རྒྱུ་དང་འབྲས་བུ་རྒྱས་པར་བཤད། དེའི་སྐབས་བསྡུ་བའོ། །དང་པོ་འདི་ལྟར་ནས། བཅོམ་ལྡན་འདས་ཏེ་ཞེས་པའི་བར་གྱིས་བསྟན། དེ་ལ་འདི་ལྟར་མཚན་གྱི་ཁྱད་པར་སངས་རྒྱས་བཅོམ་ལྡན་འདས་ཞེས་ཡོངས་སུ་གྲགས་པ་དེ་ནི་སྟོན་པ་བླ་ན་མེད་པ་ཡིན་ནོ་ཞེས་སྒྲུབ་པར་བྱེད་པ་ཡིན་ལ། དེའང་རང་དོན་དང་གཞན་དོན་ཕུན་སུམ་ཚོགས་པ་གཉིས་ལས། དང་པོ་ལ་ཆོས་རྣམས་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཐུགས་སུ་ཆུད་པ་ནི་དེ་བཞིན་གཤེགས་པ་སྟེ། རང་གིས་དེ་བཞིན་ཉིད་མ་ནོར་བར་རྟོགས་ནས་གཞན་ལ་རྟོགས་སུ་འཇུག་པའང་བསྟན་ཏོ། །དགྲ་བཅོམ་པ་ནི། སྤྱིར་དགྲ་ཞེས་པ་འཇིག་རྟེན་ན་དགེ་ལེགས་འཕྲོག་ཅིང་མི་མཐུན་པ་སྦྱིན་པའི་མིང་དུ་གྲགས་པ་ལྟར། འདིར་ཡང་ཉེས་པ་ཀུན་གྱི་རྩ་བ་ཉོན་མོངས་པ་ཉིད་དགྲ་ཡིན་ལ། དེ་བག་ཆགས་དང་བཅས་པ་དྲུང་ནས་བྱུང་བ་ལ་དགྲ་བཅོམ་པ་ཞེས་བྱའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ནི། བུདྡྷའི་སྒྲ་གཙོ་བོར་རྟོགས་པའི་དོན་ཡིན་ལ། དེའང་སྒྲའི་ངོ་བོ་གཉིད་སད་པ་དང་། པདྨོ་རྒྱས་པ་ལྟ་བུ་ལ་འཇུག་པས། འདིར་ཡང་མ་རིག་པའི་གཉིད་སངས་ཤིང་ཤེས་བྱ་ལ་བློ་རྒྱས་པ་འདམ་ལས་གྲོལ་བའི་པདྨ་རྣམ་པར་རྒྱས་པ་ལྟ་བུའི་རྟོགས་ཚུལ་གྱི་བརྗོད་བྱ་མཚོན་པར་བྱེད་པ་ཡིན་པས། བོད་སྐད་དུ་སྒྲའི་ནུས་པ་ཐོན་ཕྱིར་འཇུག་ཡུལ་སོ་སོ་བ་གཅིག་ཏུ་བསྡུས་ཏེ་སངས་རྒྱས་ཞེས་བསྒྱུར་བ་ཡིན་ལ། དེའི་སྔོན་དུ་ཉེ་སྒྱུར་སཾ་སོགས་བཞག་པ། ཡང་དག་པར་རྫོགས་པ་ཞེས་བྱ་སྟེ། བུདྡྷའི་སྒྲ་ཙམ་འཇུག་པའི་དབང་དུ་བྱས་ན་རང་རྒྱལ་དང་། ས་བཅུ་པ་བ་ལའང་འཇུག་པས། དེ་ལས་ཁྱད་ཕྱེ་བའི་དོན་དུ་རྫོགས་པར་ཞེས་དང་། སྒྲ་དེའང་བདུད་སྡིག་ཅན་སངས་རྒྱས་སུ་སྤྲུལ་པ་ལྟ་བུ་དང་། ས་བཅུའི་ཡེ་ཤེས་སོ་སོ་མཐར་ཕྱིན་པ་ལྟ་བུ་ལ་འཇུག་པ་ཡོད་པས། དེ་ལས་ཁྱད་པར་ཕྱེ་བའི་དོན་དུ་ཡང་དག་པ་ཞེས་སྨྲོས་པ་སྟེ། མདོར་ན་རྟོགས་པ་ཡེ་ཤེས་དེ་ཉིད་མ་དག་པ་དང་མ་རྫོགས་པ་མ་ཡིན་པར་མཐར་ཕྱིན་པ་བླ་ན་མེད་པ་བརྙེས་པའི་དོན་གྱིས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བྱའོ། །དེ་ལྟ་ན་དེ་བཞིན་གཤེགས་པ་ནི། ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་དུ་དགོངས་པ་རོ་མཉམ་པར་གྱུར་པའི་བདག་ཉིད་ཡིན་ལ། དེ་ལ་སྤང་བྱ་མ་ལུས་པ་སྤངས་པའི་ཆ་ནས་དགྲ་བཅོམ་པ་དང་། རྟོགས་བྱ་མ་ལུས་པ་རྟོགས་པའི་ཆ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་པ་ཡིན་ནོ། །འདི་དག་ཀྱང་ལྡོག་ཆའི་དབྱེ་བས་ཡིན་གྱི། ངོ་བོ་གཅིག་གིས་གཞན་མཚོན་ནུས་དགོས་པ་ཡིན་ནོ། །དེ་ལྟ་བུའི་སངས་རྒྱས་དེ་ལ་རྒྱུ་འབྲས་ཀྱི་ལྡོག་ཆས་དབྱེ་ན། དང་པོ་རྒྱུ། རིག་པ་དང་ཞབས་སུ་ལྡན་པ་ཞེས་གསུངས་ཏེ། དེ་ལ་རྒྱུ་ལམ་གྱི་རྣམ་པ་མཐའ་ཡས་ཀྱང་བསླབ་པ་གསུམ་དུ་ཡང་དག་པར་འདུ་ལ། དེ་དག་ཀྱང་འཕགས་པའི་ས་ན་འཕགས་ལམ་ཡན་ལག་བརྒྱད་དུ་བཞག་པའི་ནང་ཚན་ཡང་དག་པའི་ལྟ་བ་ནི་རིག་པ་ཡིན་ལ། ལྷག་མ་བདུན་ནི་ཞབས་ཞེས་བྱའོ། །དེ་ལ་སྐབས་འདིར་རིག་པ་དང་མཐོང་བ་དོན་གཅིག་སྟེ། དཔེར་ན་སྐྱེས་བུ་ལམ་དུ་འགྲོ་བ་ན་མིག་གིས་མཐོང་བའི་གནས་སུ་རྐང་པས་བགྲོད་པ་ལྟ་བུ་ཡིན་པས། སྤྱིར་རིག་པ་དང་རྐང་པ་འདི་ལ་སློབ་པའི་སྐབས་སུ་ལྷག་མཐོང་དང་ཞི་གནས་ལ་སྦྱར་བ་དང་། མི་སློབ་པའི་སྐབས་སུ་སྔོན་གནས་རྗེས་དྲན་སོགས་རིག་པ་གསུམ་དང་། ཞབས་རྫུ་འཕྲུལ་གྱི་རྐང་པ་བཞི་དང་ཕུན་སུམ་ཚོགས་པ་བཞི་སོགས་ལ་སྦྱོར་ཚུལ་མང་ཡང་། དོན་གྱི་གནད་གཅིག་སྟེ། དོན་མཐོང་བ་དང་། དོན་ལ་འཇུག་པ་གཉིས་ནམ་ཡང་ཟུང་དུ་འབྲེལ་དགོས་པས་ན་སྐབས་སོ་སོར་གོ་བ་ཕྱེ་སྟེ་ལེན་པ་ནི་གཞུང་ཐམས་ཅད་དང་། ཁྱད་པར་དུ་མདོ་འཆད་པ་ལ་མེད་དུ་མི་རུང་བ་ཡིན་ནོ། །དེས་ན་ཡང་དག་པའི་ལྟ་བ་ཤེས་རབ་ནི་མིག་དང་འདྲ་སྟེ་རིག་པའམ་མཐོང་བ་ཡིན་ལ། ཡང་དག་འཚོ་བ་སོགས་ལྷག་མ་རྣམས་བསླབ་པ་གཞན་གཉིས་སུ་འདུ་བ་ཡིན་ཅིང་། སྔོན་དང་ཕྱི་མཐའ་བར་གྱི་ཆ་ལ་རྨོངས་པ་བསལ་བའི་སྒོ་ནས་དགོས་པའི་དབང་གིས་མི་སློབ་པའི་རིག་པ་གསུམ་ཞེས་བཞག་པའང་ཤེས་རབ་ལས་མ་འདས་སོ། །དེ་ལྟ་བུའི་ལམ་བདེ་བ་ལ་བརྟེན་ནས་འབྲས་བུ་བདེ་བ་བླ་ན་མེད་པའི་གོ་འཕང་བརྙེས་པ་ལ་བདེ་བར་གཤེགས་པ་ཞེས་བྱ་སྟེ། དེ་ལའང་ལམ་ཇི་ལྟར་བདེ་ཞེ་ན། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། ཞེས་པ་ལྟར་ཤེས་རབ་སྟོང་པ་ཉིད་དང་། ཐབས་སྙིང་རྗེ་དང་སྨོན་ལམ་བསམ་གཏན་མངོན་ཤེས་ལ་སོགས་པའི་རྣམ་པར་རོལ་པ་ཚད་མེད་པས་དོན་གཉིས་འགྲུབ་པའི་སྟོབས་བརྫི་བ་མེད་པ་ལ་བརྟེན་ནས་འབྲས་བུའི་མཆོག་ལ་ལེགས་པར་གཤེགས་པ། སླར་མི་ལྡོག་པར་གཤེགས་པ། མ་ལུས་པར་གཤེགས་པ་གསུམ་སྟེ། དེ་ལ་དང་པོ་ཀུན་ནས་ཉོན་མོངས་པ་འཁོར་བའི་ཕྱོགས་སུ་གྱུར་པའི་སྡུག་བསྔལ་ཀུན་འབྱུང་གི་ཉེས་པའི་དྲི་ཕྲ་མོ་ཡང་མེད་པར་གཤེགས་པ་ནི་ལེགས་པའམ་མཛེས་པར་གཤེགས་པ་སྟེ། སྐྱེས་བུ་གཟུགས་མཛེས་པ་ལྟ་བུའོ། །དེས་ནི་འཁོར་བ་ལས་ཁྱད་པར་བྱས་པ་སྟེ། སྲིད་པ་བ་རྣམས་ནི་སྡུག་བསྔལ་རྒྱུ་འབྲས་ལས་མ་འདས་པའི་ཕྱིར་རོ། །ཕྱིར་མི་ལྡོག་པར་གཤེགས་པ་ནི་བདག་ལྟའི་ས་བོན་དྲུང་ནས་འབྱིན་པའི་ཕྱིར་བུད་ཤིང་བསྲེགས་པ་སླར་མི་སྐྱེ་བ་བཞིན་དུ་འཁོར་བའི་གནས་སུ་སླར་མི་ལྡོག་པ་སྟེ། རིམས་ནད་ལེགས་པར་བྱང་བ་བཞིན་ནོ། །འདིར་རིམས་ནད་ཅེས་པ་རིམས་ཀྱི་གཙོ་བོ་འབྲུམ་པའི་ནད་ལས་གྲོལ་ཟིན་གྱི་གང་ཟག་དེ་ལ་ཚེ་དེ་ཉིད་དུ་ནད་དེས་མིན་པར་དཔེར་མཛད་པའོ། །གཤེགས་ཚུལ་དེས་ནི་བདག་ལྟའི་ས་བོན་མ་སྤངས་པའི་ཕྱི་རོལ་པའི་ལམ་ལས་ཁྱད་པར་བྱས་པ་ཡིན་ཏེ། དེ་དག་སྲིད་རྩེ་བར་དུ་སོང་ནའང་སྲིད་པའི་ར་བ་ལས་འདའ་མ་ནུས་པའོ། །མ་ལུས་པར་གཤེགས་པའམ་རྫོགས་པར་གཤེགས་པ་ནི་སྤངས་རྟོགས་མཐར་ཕྱིན་པའི་ཡོན་ཏན་གྱི་ཆོས་མ་བརྙེས་པ་ཅུང་ཟད་ཀྱང་མེད་པ་སྟེ། དཔེར་ན་བུམ་པ་བཅུད་ཀྱིས་ཡོངས་སུ་གང་བ་བཞིན་ནོ། །འདིས་ཉན་རང་ལས་ཁྱད་ཕྱེ་སྟེ། དེ་དག་ལ་ཕྱིར་མི་ལྡོག་པ་ཙམ་ཡོད་ཀྱང་སྤངས་རྟོགས་མ་རྫོགས་པའི་ཉི་ཚེ་བ་ཡིན་པས་སོ། །འདི་དག་གི་ཚུལ་ཡང་སེམས་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ་ཡིན་ཅིང་། དྲི་མ་དྲུང་འབྱིན་གྱི་གཉེན་པོ་བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཡོད་པ་དང་། ལམ་དེའང་ཐབས་ཀྱིས་གོམས་པ་མཐར་ཕྱིན་པའི་སྟོབས་ཀྱིས་སྤངས་རྟོགས་རྫོགས་པར་ནུས་པ་དངོས་སྟོབས་ཀྱི་རིགས་པས་གྲུབ་ཚུལ་ལ་ཡིད་ཆེས་པ་གལ་ཆེ་སྟེ། རྒྱས་པར་ཆོས་ཀྱི་གྲགས་པའི་གཞུང་སོགས་ལས་ཤེས་པར་བྱའོ། །དེ་དག་གིས་རང་དོན་ཕུན་སུམ་ཚོགས་པ་བསྟན་ནས། ད་ནི་གཞན་དོན་དུ། འཇིག་རྟེན་མཁྱེན་པ་ཞེས་སོགས་ཀྱི་དོན། འཇིག་རྟེན་ཞེས་པའི་སྒྲ་སྣོད་དང་བཅུད་དང་སྡུག་བསྔལ་སོགས་འཇུག་བྱ་མང་ཡང་། སྐབས་འདིར་མཁའ་ཁྱབ་ཀྱི་སེམས་ཅན་ཀུན་ལ་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་མེད་དུ་འཇུག་པས་གདུལ་བྱའི་སྐལ་བ་ཇི་ལྟ་བ་བཞིན་དུ་སྒྱུ་འཕྲུལ་རྣམ་པར་རོལ་པ་ལ་མངའ་མཛད་པའི་ཐུགས་རྗེ་ཆེན་པོ་ཤེས་རབ་ཀྱི་ངོ་བོ་ཅན་དེ་ལ་འཇིག་རྟེན་མཁྱེན་པ་ཞེས་བྱ་སྟེ། སུ་ནི་རྒུད། སུ་ནི་ཉམ་ཐག །སུ་ནི་གདུལ་བར་བྱ་ཞེས་ཉིན་མཚན་དུས་ཀུན་ཏུ་འཇིག་རྟེན་ཀུན་ལ་གཟིགས་ཤིང་ཀུན་ནས་མཁྱེན་པས་གདུལ་བྱ་ལ་དུས་ལས་ཡོལ་བ་ཅུང་ཟད་ཀྱང་མེད་པ་ཉིད་དེ་ནི་གཞན་དོན་ཕུན་ཚོགས་ཀྱི་རྒྱུའོ། །དེ་ལྟ་བུའི་ཐུགས་རྗེ་ཆེན་པོ་ལ་བརྟེན་ནས། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ཞེས་སྐྱེས་བུ་ནི་གདུལ་བྱ་ལམ་ལ་འཇུག་པའི་ནུས་པ་ཡོད་པ་དེ་ཡིན་ལ། འདུལ་བའི་ཁ་ལོ་སྒྱུར་བ་ནི། འཇིག་རྟེན་ན་ཤིང་རྟ་དང་རྟ་ལ་སོགས་པའི་ཁ་གང་དུ་དྲང་བ་པོ་དེ་ལ་ཁ་ལོ་སྒྱུར་བ་ཞེས་གྲགས་པ་བཞིན་དུ། བཅོམ་ལྡན་འདས་ནི་སྲིད་པ་ཉམ་ང་བའི་གཡང་ས་ལས་སྐྱེས་བུ་རྣམས་ཐར་བའི་གནས་སུ་ཁ་ལོ་སྒྱུར་བ་པོ་ཡིན་པས་ན་དེ་སྐད་ཅེས་བྱའོ། །ཇི་ལྟར་འདུལ་ཚུལ་ཡང་། རྒྱལ་པོས་ཁྲིམས་ཀྱིས་འདུལ་བ་ལྟ་བུ་སྡུག་བསྔལ་ལ་སྦྱོར་བ་མིན་པར། མཐའ་གཉིས་སྤངས་པའི་ལམ་གང་ལ་ཞུགས་པའི་དུས་སུ་ཡང་བདེ་བ་མི་ཟད་པའི་འབྱུང་གནས་ལ་བརྟེན་ནས་ཐར་པར་དཀྲི་ཞིང་། ཤིན་ཏུ་གདུལ་བར་དཀའ་བ་ཆགས་ཅན་གཅུང་དགའ་བོ་དང་། སྡང་བ་དྲག་པོ་སོར་ཕྲེང་ཅན་དང་། ཁེངས་བ་ལྟེང་རྒྱས་འོད་སྲུང་དང་། དབང་པོ་རྟུལ་བ་ལམ་ཆུང་བ་ལྟ་བུ་ཡང་ཐབས་ཀྱི་རྣམ་པ་མཐའ་ཡས་པས་གདོན་མི་ཟ་བར་འདུལ་བར་མཛད་པ་དང་། གང་གིས་ཕྱོགས་དུས་ཀྱི་ཁོངས་ན་ཡལ་བར་བོར་བའི་གདུལ་བྱ་གཅིག་ཀྱང་མེད་པར་གང་འདུལ་གྱི་ཕྲིན་ལས་ནམ་མཁའ་སྲིད་དུ་འཇུག་པས་ན་བླ་ན་མེད་པ་ཞེས་སོ། །དེ་ནི་ཇི་ལྟར་འདུལ་བ་དངོས་སོ། །ཐབས་གང་གིས་འདུལ་ན། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་སྨྲོས་ཏེ། འགྲོ་བ་ཡོད་དོ་ཅོག་གི་སྟོན་པ་ཡིན་ཀྱང་། ཐུབ་པ་ལས་དངོས་སུ་ཆོས་ཉན་ཅིང་འཕགས་ལམ་སྐྱེ་བའི་རྟེན་ཁྱད་པར་བ་ཡིན་པས། ལྷ་དང་མི་རྣམས་ཀྱི་སྟོན་པ་ཞེས་གདུལ་བྱའི་གཙོ་བོ་དེ་གཉིས་ཀྱིས་མཚོན་པའི་འགྲོ་བ་ཐམས་ཅད་ལ་འཕགས་པའི་བདེན་པ་བཞི་བསྟན་པས་རྒྱུད་གྲོལ་བར་མཛད་པའོ། །དེ་ལྟ་ན་རང་གིས་སྤངས་རྟོགས་རྫོགས་པར་མཛད་ནས་གཞན་ལ་བརྩེ་བས་ཆོས་སྟོན་པ་དེ་ནི་སྟོན་པ་ཟླ་མེད་པ་ཞེས་རང་གཞན་གྱི་སྟོན་པའི་ཁྱད་པར་ཤེས་ནས་གུས་པ་བསྐྱེད་པར་བྱའོ། །དེ་དག་གི་མཇུག་སྡུད་ཀྱི་དབང་དུ་བྱས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཏེ་ཞེས། དེ་ལྟར་དོན་གཉིས་མཐར་ཕྱིན་པའི་སངས་རྒྱས་དེ་ནི་བཅོམ་ལྡན་འདས་ཞེས་བྱ་སྟེ། སངས་རྒྱས་ཞེས་པས་ཀྱང་སྤངས་རྟོགས་གཉིས་དང་། བཅོམ་ལྡན་འདས་ཞེས་པས་ཀྱང་སྤངས་རྟོགས་གཉིས་ཀ་མཚོན་ནུས་པ་སྟེ། དེ་ལ་སངས་རྒྱས་སྔར་བཤད་ཟིན་ལ། བཅོམ་ལྡན་འདས་ཞེས་པ་བྷ་གའི་སྒྲ་བཅོམ་པའམ་སྐལ་བ་དང་ལེགས་པ་ལ་འཇུག་པས། བདུད་བཞི་བཅོམ་པའི་ཡོན་ཏན་འདི་ལ་མངའ་བའམ། ཡང་ན་དབང་ཕྱུག་སོགས་ལེགས་པའི་ཡོན་ཏན་དྲུག་དང་ལྡན་པ་ལ་བཅོམ་ལྡན་ཞེས་བྱ་ལ། དེའང་སྒྲ་འཇུག་པ་ཙམ་གཙོ་བོར་མི་བྱ་བར། ངེས་ཚིག་གི་བཤད་པ་ཐུན་མོང་མིན་པའི་ནུས་པ་སྒྲའི་ཁོངས་ནས་བཏོན་ཏེ། འདས་ཞེས་པའི་ཚིག་བླ་ཐབས་སུ་བསྣན་ཏེ་བཅོམ་ལྡན་འདས་ཞེས་ཕྱི་རོལ་བའི་ལྷ་ཆེན་པོ་སོགས་ལས་ཁྱད་པར་དུ་བྱེད་པའོ། །དེས་ན་བཅོམ་ལྡན་འདས་དང་སངས་རྒྱས་ཞེས་པའི་སྒྲས་དོན་གྱིས་ན་གོང་གི་སྤང་རྟོགས་བསྡུས་པ་ཡིན་ནོ། །འགྲེལ་པ་ལ་ལར་འདི་ཁྱད་གཞི་དང་གོང་མ་ཁྱད་ཆོས་སུ་སྦྱར་ཡང་དོན་གྱིས་གང་ལྟར་ཡང་ཁྱད་མེད་མོད། དང་པོར་བཅོམ་ལྡན་འདས་དེ་ནི་ཞེས་པའི་ཚིག་གི་ནུས་པས་ཁྱད་གཞིར་སོང་བ་ཡིན་པས་འདི་ལྟར་བདེའོ། །གཉིས་པ་རྒྱས་བཤད་ལ། གཞན་དོན་དུ་འཇིག་རྟེན་ན་སྣང་བའི་ཚུལ་དང་། རང་དོན་དུ་སྤང་རྟོགས་མཐར་ཕྱིན་པའི་ཚུལ་གཉིས། དང་པོ་ལ་ཇི་ལྟར་སྣང་བ་དང་། སྣང་ནས་དོན་མཛད་པའི་ཚུལ་གཉིས། དང་པོ། དེ་བཞིན་གཤེགས་པ་དེ་ནི་ནས། མཐོང་ན་མི་མཐུན་པ་མེད་པ་ཞེས་པའི་བར་གྱི་དོན། བཤད་མ་ཐག་པ་དེ་ལྟ་བུའི་དེ་བཞིན་གཤེགས་པ་ནི། གཞན་དོན་སྙིང་རྗེ་ཆེན་པོ་ཁོ་ནས་བསོད་ནམས་ཀྱི་ཚོགས་ཚད་མེད་པ་མཐར་ཕྱིན་པའི་རྒྱུ་ལས་བྱུང་བ་ཡིན་པས་བསོད་ནམས་དག་གི་རྒྱུ་མཐུན་པ་ཞེས་གསུངས་ཏེ། མདོ་ལས། དེ་བཞིན་གཤེགས་པ་ཟག་མེད་དགེ་བ་ཡི། ཆོས་ཀྱི་གཟུགས་བརྙན་ཡིན་ཏེ་ཞེས་གསུངས་པ་བཞིན་ནོ། །དེ་ལྟ་བུའི་བསོད་ནམས་དེའང་སོ་སྐྱེའི་དགེ་བ་ལྟར་འབྲས་བུ་འབྱིན་པས་ཟད་པ་དང་། ཉན་རང་གི་དགེ་རྩ་ལྟར་ཕུང་པོ་ལྷག་མེད་དུའང་མི་ཟད་དེ་ནམ་མཁའ་ཇི་སྲིད་དུ་ཆུད་མི་ཟ་བ་ཡིན་ནོ། །དེའང་ཀུན་རྫོབ་ཏུ་གཞན་དོན་དུ་ཡོངས་སུ་བསྔོ་བའི་ཐབས་མཁས་ཀྱིས་ཟིན་པ་དང་། དོན་དམ་པར་དམིགས་པ་མེད་པས་ཆོས་ཀྱི་དབྱིངས་དང་རོ་མཉམ་པར་གཟིགས་ཤིང་། ཡང་དག་པར་ན་བདེན་གཉིས་ཟུང་དུ་འཇུག་པའི་ཚུལ་ཅན་ཡེ་ཤེས་རྡོ་རྗེའི་སྐུ་བརྙེས་པའི་བྱིན་རླབས་ལས་སོ། །གཞན་ཡང་འདིའི་གཟུགས་སྐུ་སོགས་བསོད་ནམས་ཀྱི་རྒྱུ་མཐུན་ཡིན་ཞིང་། བསོད་ནམས་དེའང་འབྲས་བུ་ལན་གཅིག་སྨིན་ནས་ཟད་པ་ཙམ་མིན་པར་ནམ་ཡང་ཆུད་མི་ཟ་བར་ཡིན་ལ་དེ་ཙམ་དུ་མ་ཟད། འདི་ལ་བསྐྲུན་པའི་དགེ་རྩ་ཐམས་ཅད་ཀྱང་ནམ་ཡང་ཆུད་མི་ཟ་བ་སྟེ། ཕལ་པོ་ཆེ་ལས། རྒྱལ་བ་དེ་དག་ཐོས་མཐོང་མཆོད་པ་བྱས་པས་ཀྱང་། །ཚད་མེད་པ་ཡི་བསོད་ནམས་ཕུང་པོ་འཕེལ་བར་འགྱུར། །ཉོན་མོངས་འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་གྱུར་དུ། །འདུས་བྱས་འདི་ནང་བར་མ་དོར་ནི་ཟད་མི་འགྱུར། །ཞེས་དང་། མདོ་ལས་ཆུ་ཐིགས་གཏམས་པའི་དཔེ་སོགས་རྣམ་གྲངས་དུ་མས་ཡང་ཡང་གསུངས་པ་ལྟར་ཆུ་སྲིན་གྱི་ཁར་ཞུགས་པ་བཞིན་འཛིན་ཀྱང་མི་གཏོང་བ་ཉིད་དེ། དེ་བཞིན་གཤེགས་པ་ནི་དུས་བཞི་མཉམ་པ་ཉིད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་པ་ལ་ལན་གཅིག་མོས་པ་ཡང་རྒྱ་མཚོ་ལ་ཆུ་ཐིགས་འཐོར་བ་བཞིན་ནོ། །བཟོད་པས་བརྒྱན་པ་ཞེས། གཟུགས་སྐུ་མཐོང་ན་མི་མཐུན་པ་མེད་པའི་རྒྱུའི་གཙོ་བོ་བཟོད་པ་སྟེ། ཇི་སྐད་དུ། བཟོད་པས་གཟུགས་བཟང་དམ་པ་རྒྱ་ཆེན་ཐོབ་འགྱུར་ཏེ། གསེར་མདོག་སྡུག་ཅིང་འགྲོ་བས་བལྟ་བའི་འོས་སུ་འགྱུར། ཞེས་པ་ལྟར་བཟོད་པ་ཚད་མེད་པའི་ཕ་རོལ་ཏུ་ཕྱིན་པ་ལས་བྱུང་བས་ན། བཟོད་པས་བརྒྱན་པ་ཞེས་རྒྱུའི་ཆ་ནས་སམ། ཡང་ན་རྡོ་རྗེ་ལྟར་འཁྲེགས་པ་སྟོབས་ཚད་མེད་པའི་སྐུ་འདི་རྐྱེན་ལ་རག་མི་ལུས་པས་འདི་བཟོད་པས་བརྒྱན་པ་སྟེ། སྟོང་གསུམ་གྲངས་མེད་པ་ཕྱག་གིས་འདེགས་ཤིང་འཇིག་རྟེན་ཚད་མེད་པའི་ཕ་རོལ་ཏུ་འཕངས་ཀྱང་འགྲོ་ལ་མི་གནོད་པ་སོགས་དང་། བསོད་སྙོམས་གཅིག་ཀྱང་མ་གསོལ་བཞིན་བསྐལ་པ་ཚད་མེད་པའི་བར་དུ་བཞུགས་ཀྱང་སྐྱོོ་ངུབ་དང་ངལ་བ་མེད་པ་སོགས་སྐུ་ཡིས་མི་ནུས་པ་གང་ཡང་མེད་པ་ལའང་སྦྱར་རོ། །བསོད་ནམས་ཀྱི་གཏེར་རྣམས་ཀྱི་གཞི། ཞེས་གཏེར་ནི་མི་ཟད་པའི་དོན་ཡིན་ལ། དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་ཀྱང་བསོད་ནམས་ཕ་མཐའ་གཟུང་དུ་མེད་པས་ན། སྐུ་འདི་ནི་བསོད་ནམས་ཚད་མེད་པའི་གཞི་རྟེན་ཡིན་ནོ་ཞེས་སོ། །དེའང་རྡོ་འཕང་བའི་མདོ་ལས། འཛམ་གླིང་གི་སེམས་ཅན་རྣམས་ཀྱི་བསོད་ནམས་བསྡོམས་པས་གླིང་གཅིག་གི་བདག་པོ་འཁོར་སྒྱུར་གྱི་བསོད་ནམས་ཀྱི་བརྒྱ་སྟོང་གི་ཆར་ཡང་མི་བཟོད་ལ། དེ་བཞིན་དུ་གླིང་གཉིས་ཀྱི་བསོད་ནམས་ཀྱིས་གླིང་གཉིས་པ་སོགས་ཀྱི་འཁོར་སྒྱུར་གྱི་བསོད་ནམས་ལ་ཆར་ཡང་མི་ཕོད་ལ། གླིང་བཞི་པའི་འཁོར་སྒྱུར་བྱེ་བ་ཕྲག་འབུམ་གྱི་བསོད་ནམས་དེས་རྒྱལ་ཆེན་རིས་བཞི་པའི་ལྷ་རྣམས་ཀྱི་བསོད་ནམས་ཀྱི་བརྒྱ་སྟོང་གི་ཆར་མི་ཕོད་ལ། རྒྱལ་ཆེན་བཞིའི་ལྷ་བྱེ་བ་ཕྲག་འབུམ་གྱིས་རྒྱལ་པོ་ཆེན་པོ་བཞི་དང་། རྒྱལ་པོ་བཞིའི་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། རྩ་གསུམ་པའི་ལྷའི་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས་བརྒྱ་བྱིན་དང་། དེ་ནས་འཐབ་བྲལ་དང་། ལྷའི་བུ་རབ་འཐབ་བྲལ། དགའ་ལྡན་དང་། ལྷའི་བུ་ཡོངས་སུ་དགའ་ལྡན་དང་། འཕྲུལ་དགའ་དང་། ལྷའི་བུ་རབ་འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་དང་། ལྷའི་བུ་དབང་སྒྱུར་དང་། ཚངས་རིས། ཚངས་པ་སོགས་ནས་འོག་མིན་གྱི་བར་བྱེ་བ་ཕྲག་འབུམ་འགྱུར་གྱིས་གོང་དུ་བསྒྲེས་པ་དང་། འོག་མིན་པའི་ལྷ་བྱེ་བ་ཕྲག་འབུམ་གྱིས་རང་རྒྱལ་བསེ་རུ་ལྟ་བུ་གཅིག་གི་བསོད་ནམས་དང་། དེ་ནས་ཀྱང་བྱང་ཆུབ་སེམས་དཔའ་བྱམས་པ་དང་། སྲིད་པ་ཐ་མ་པ་གཅིག་གི་བསོད་ནམས་བྱེ་བ་ཕྲག་འབུམ་གྱིས་བསྒྲེ་ཞིང་། བྱང་སེམས་སྲིད་པ་ཐ་མ་པ་གངྒའི་ཀླུང་གི་བྱེ་མ་དང་མཉམ་པ་སྙེད་ཀྱི་བསོད་ནམས་དེས་དེ་བཞིན་གཤེགས་པའི་བསོད་ནམས་ཀྱི་ཕུང་པོ་བརྒྱ་སྟོང་གི་ཆ་དང་། དཔེ་དང་གྲངས་དང་རྒྱུར་ཡང་མི་འགྲོ་ཞེས་གསུངས་ཞིང་། ཡང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་ཕུང་པོ་བཅུ་འགྱུར་གྱིས་དེ་བཞིན་གཤེགས་པའི་བ་སྤུའི་ཁུང་བུ་གཅིག་འགྲུབ་ལ། བ་སྤུ་ཐམས་ཅད་འགྲུབ་པའི་བསོད་ནམས་ཀྱི་ཕུང་པོ་བརྒྱ་འགྱུར་གྱིས་དཔེ་བྱད་གཅིག་དང་། དཔེ་བྱད་ཐམས་ཅད་འགྲུབ་པའི་བསོད་ནམས་སྟོང་འགྱུར་གྱིས་མཛོད་སྤུ་གཙུག་ཏོར་ཆོས་དུང་གསུམ་མ་གཏོགས་པའི་མཚན་རེ་རེ་འགྲུབ་ལ། མཚན་ཉེར་དགུ་པོ་ཐམས་ཅད་འགྲུབ་པའི་བསོད་ནམས་ཁྲི་འགྱུར་གྱིས་མཛོད་སྤུ། མཛོད་སྤུ་འགྲུབ་པའི་བསོད་ནམས་འབུམ་འགྱུར་གྱིས་གཙུག་ཏོར། གཙུག་ཏོར་འགྲུབ་པའི་བསོད་ནམས་ཕུང་པོ་བྱེ་བ་ཕྲག་འབུམ་འགྱུར་གྱིས་གསུང་ཆོས་ཀྱི་དུང་འགྲུབ་པར་གསུངས་པ་དང་། གཞན་ཡང་ལམ་གྱི་དུས་སུ་སྦྱིན་སོགས་ཚད་མེད་པ་ལ་སྤྱོད་ཅིང་། དེ་ཡང་བློ་དང་རྫུ་འཕྲུལ་སྨིན་པའི་སྟོབས་ཀྱིས་ས་འོག་མར་ཇི་ཙམ་སྤྱད་པ་གོང་མའི་སྐད་ཅིག་རེ་རེ་ལ་འགྲུབ་པ་དང་། བདེན་པ་གཉིས་ཀྱི་སྤྱོད་ཡུལ་ཟབ་ཅིང་རྒྱ་ཆེ་བའི་རྒྱུ་ཕུན་སུམ་ཚོགས་པ་ཇི་ལྟར་སྐུ་ཉམས་སུ་བསྟར་བའི་ཚུལ་མདོ་སྡེ་རྣམས་དང་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་མཚོན་ཏེ་ཤེས་པར་བྱའོ། །དེ་ལ་འདི་བསོད་ནམས་ཚད་མེད་པའི་གཞི་ཡིན་པར་མ་ཟད། གཞི་འདི་ལ་བརྟེན་ནས་ཀྱང་བསོད་ནམས་ཚད་མེད་པ་འཕེལ་བ་ཡིན་ཏེ། ང་ལས་ནུ་དང་གཞོན་ནུ་གསེར་མདོག་གི་རྟོགས་པ་བརྗོད་པ་ལ་སོགས་པ་བཞིན་ནོ། །མདོ་ལས་ཀྱང་། བསོད་ནམས་བརྒྱ་པའི་མཚན་དང་ལྡན་པས་ན། །ལྷར་བཅས་འཇིག་རྟེན་ནང་ན་བསོད་ནམས་གཏེར། །མཐོང་དང་ཐོས་དང་བཞད་པ་མཛད་པས་ཀྱང་། །སེམས་ཅན་ཀུན་ལ་ཕན་པར་མཛད་པ་ལགས། །ཞེས་གསུངས་པ་བཞིན་ནོ། །འབྲས་བུ་གཟུགས་སྐུ་རང་གི་ཡོན་ཏན་ཀྱང་སེན་མོ་ཟངས་ཀྱི་མདོག་ལྟ་བུ་ལ་སོགས་པའི་དཔེ་བྱད་བརྒྱད་ཅུས་བཀྲ་བས་ན། དཔེ་བྱད་བཟང་པོ་རྣམས་ཀྱིས་སྤྲས་པ་ཞེས་དང་། ཡང་ཕྱག་ཞབས་ཀྱི་མཐིལ་ན་འཁོར་ལོ་རྩིབས་སྟོང་གི་རི་མོ་གསལ་བས་མཚན་པ་སོགས་མཚན་སོ་གཉིས་ཀྱིས་མཛེས་པ་ལ། མཚན་རྣམས་ཀྱི་མེ་ཏོག་རྒྱས་པ་ཞེས། ཡིད་དུ་འོང་བའི་མེ་ཏོག་རྣམ་པར་རྒྱས་པ་བཞིན་དུ་མཚན་གྱི་མེ་ཏོག་ལ། དེའི་ཆ་ཤས་དཔེ་བྱད་ཀྱི་ཟེ་འབྲུ་གསར་པས་མཛེས་པས་འགྲོ་བ་ཀུན་གྱི་དགའ་བ་འཕེལ་བའོ། །དེ་འདྲ་བའི་རྒྱུ་འབྲས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་པའི་སྐུ་དེ་ནི་སྤྱོད་ལམ་རྣམ་བཞི་གང་མཛད་ཀྱང་བ་སྤུའི་གཡོ་བ་ཕྲ་མོ་ཚུན་ཆད་སེམས་ཅན་གྱི་དོན་དུ་མི་འགྱུར་བ་འགའ་ཡང་མེད་པས། གང་སུ་ཞིག་གིས་མཐོང་བ་དེའི་ཁམས་དབང་བསམ་པ་དང་མཐུན་པར་འཇུག་པས་ན་སྤྱོད་ཡུལ་རན་པར་མཐུན་པ་ཞེས། སྤྱོད་ཡུལ་སངས་རྒྱས་ཀྱི་དང་། རན་པ་གདུལ་བྱའི་རྒྱུད་དང་། མཐུན་པ་ཞེས་འཕྲོད་པའོ། །དེ་ནི་ཡིད་དུ་འབབ་པའི་ཡོན་ཏན་གྱི་ཆ་ནས་ཡིན་ལ། ཡང་མཐོང་བ་པོ་དེས་དེ་བཞིན་གཤེགས་པའི་སྐུ་མཐོང་པའི་ཚེ་ན་ཡིད་ལ་མི་མཐུན་པའི་རྣམ་པ་ཅུང་ཟད་ཀྱང་སྐྱེ་མི་སྲིད་པས་སྐྱོན་སྤངས་པའི་ཆ་ནས་མཐོང་ན་མི་མཐུན་པ་མེད་པ་ཞེས་སོ། །གཉིས་པ་སྣང་ནས་དོན་མཛད་ཚུལ་ལ། གང་གི་དྲུང་དུ་འགྲོ་བ་བྱེ་བྲག་ཏུ་བསྟན་པ་དང་། སྤྱིར་བསྟན་པ་གཉིས། དང་པོ་ལ་སངས་རྒྱས་ཀྱི་དྲུང་དུ་འགྲོ་བ་ནི་དད་པས་འགྲོ་བའམ། བརྒལ་བར་འདོད་པས་འགྲོ་བ་གཉིས་ཀྱི་ནང་ནས། དང་པོ་ལྟད་མོའི་ཕྱིར་རམ་སྔོན་གྱི་དགེ་རྩས་བསྐུལ་བའམ། ཡིད་ཆེས་ནས་མཆོད་པ་སོགས་ཀྱི་ཕྱིར་འགྲོ་བའི་གང་ཟག་རྣམས་ཀྱིས་དེ་བཞིན་གཤེགས་པ་མཐོང་བ་ན་སེམས་ཀྱི་རྙོགས་པ་ཞི་བའི་དད་པ་ངང་གིས་སྐྱེ་ཞིང་། དེར་དད་པས་རྒྱུ་བྱས་ནས་དུས་དེར་མོས་བཞིན་དུ་ལྟ་བ་དེ་དག་ལ་དགེ་སློང་བསམ་གཏན་ལ་ཞུགས་པའི་བདེ་བས་ཀྱང་མི་མཚོན་པ་དགའ་བ་ཆེན་པོ་རྙོག་པ་དང་བྲལ་བ་འཕེལ་བས་ན་དད་པས་མོས་པ་རྣམས་ལ་མངོན་པར་དགའ་བ་ཞེས་སོ། །དེ་ལ་བརྒལ་བའི་བསམ་པས་འོང་བ་དག་ཀྱང་དེ་བཞིན་གཤེགས་པའི་དྲུང་དུ་ལྷགས་པ་ན་ཟིལ་མི་བཟོད་པར་ཉི་མས་རྒྱུ་སྐར་བཞིན་དུ་མོག་མོག་བོར་གྱུར་ནས་ཁེངས་པ་དང་བྲལ་ཏེ་ཞི་བའི་བདེ་བ་ལ་རེག་པར་མཛད་པ་ཡིན་ལ། དེའང་དེ་བཞིན་གཤེགས་པའི་ཐུགས་ཀྱི་མཁྱེན་པ་ནི་ཅི་ལའང་ཆགས་ཐོགས་མེད་པས་ན་དེའི་ཤེས་རབ་ནམ་ཡང་སུས་ཀྱང་ཟིལ་གྱིས་གནོན་པར་མི་ནུས་ཏེ། དཔེར་ན་ལྷས་བྱིན་གྱིས་ཤིང་གི་སོལ་བ་དུ་མའི་ཕུར་མ་དང་། ཤཱཀྱ་མིང་ཆེན་གྱིས་སེར་སྐྱའི་གྲོང་གི་ཁྱིམ་ཇི་སྙེད་ཡོད་པ་ལས་འབྲས་ཀྱི་ཕུར་མ་རེ་རེ་བླངས་པ་སོ་སོའི་ནང་དུ་གང་ལ་བླངས་པའི་མིང་བྲིས་ཏེ་བཅུག་པ་གླང་པོ་ཆེའི་ཁལ་ལོངས་པ་སོ་སོ་ནས་ལུང་བསྟན་པ་ལ་སོགས་པ་ལྟ་བུས་མཚོན་ཏེ་གང་དང་གང་དྲིས་པ་ལ་མི་མཁྱེན་པ་དང་མི་གཟིགས་པའི་ཀླན་ཀ་གདགས་སུ་རུང་བ་གཞི་མི་སྲིད་པས་ཤེས་རབ་ཟིལ་གྱིས་མི་ནོན་པ་ཞེས་གསུངས་ཏེ། རྡོ་འཕང་བའི་མདོ་ལས། རྒྱ་མཚོ་ཆེན་པོ་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ། རྒྱར་དཔག་ཏུ་མེད་པ་དེ་སྣག་ཚའི་ཉིང་ཁུས་ཡོངས་སུ་གང་བར་གྱུར་ཅིང་། རིའི་རྒྱལ་པོ་རི་རབ་དཔག་ཚད་བརྒྱད་ཁྲི་ཆུ་ནང་དུ་ནུབ་ལ་བརྒྱད་ཁྲི་ཆུའི་ནང་ནས་འཕགས་ཏེ། ངོས་བཞི་རིན་པོ་ཆེ་བཞི་ལས་བྱས་པ། ཕྱོགས་བཞིར་གླིང་བཞི་ཡོད་པ་དེ་གྲོ་གའི་ཤོག་ཤོག་ཙམ་དུ་གྱུར་ཅིང་། གླིང་བཞིའི་སེམས་ཅན་གྱི་ཁམས་གང་སུ་ཡོད་ཀྱི་གྲངས་ཀྱི་ཡི་གེ་པར་གྱུར་ལ། ས་སྟེང་ན་རྩྭ་ཤིང་གི་རིགས་ཅི་ཡོད་པ་སྨྱུ་གུར་བྱས་ཏེ་བྲིས་ན་སྣག་ཤོག་སྨྱུ་གུ་རྣམས་ཡོངས་སུ་ཟད་པར་འགྱུར་གྱི། དགེ་སློང་ཤཱ་རིའི་བུའི་ཤེས་རབ་ཆ་ཙམ་ཡང་མི་འཛད་ལ། སྟོང་གསུམ་གྱི་སྟོང་ཆེན་པོ་འདི་ཤཱ་རིའི་བུ་དང་འདྲ་བའི་ཤེས་རབ་ཅན་དག་གིས་གང་བར་གྱུར་ཀྱང་། དེས་དེ་བཞིན་གཤེགས་པའི་ཤེས་རབ་ལ་བརྒྱ་སྟོང་གི་ཆ་དང་། དཔེ་དང་གྲངས་དང་རྒྱུར་ཡང་མི་འགྲོ་ཞེས་སོགས་གསུངས་པ་བཞིན་ནོ། །ཐུགས་ལ་ཤེས་རབ་ཕ་མཐའ་མེད་པ་མངའ་བ་དེ་བཞིན། དེ་བཞིན་གཤེགས་པའི་སྐུའི་སྟོབས་སོགས་སྟོབས་གཞན་ཐམས་ཅད་ཀྱང་གོང་དང་བླ་ན་མེད་པ་ཡིན་པས་ན། ཕྱོགས་དུས་ཀྱི་ཁོངས་ན་གང་གིས་ཀྱང་བརྫི་བར་མི་ནུས་པས་སྟོབས་རྣམས་ལ་བརྫི་བ་མེད་པ་ཞེས་སོ། །དེ་ལ་འདི་སྐབས་འགྲེལ་པ་ལ་ལ་ན། སྟོབས་འདི་ཐུགས་ཀྱི་སྟོབས་བཅུ་ལ་བཤད་པ་དང་། སྐུའི་སྟོབས་ཁོ་ན་ལ་བཤད་པར་འདུག་ཀྱང་། དོན་དུ་སྟོབས་བཅུ་ནི་ཡུལ་གྱིས་བཅུར་ཕྱེ་བ་མ་གཏོགས་ཤེས་རབ་ཀྱི་སྟོབས་ཡིན་ལ། སྟོབས་རྣམས་ཞེས་སྐུ་ཁོ་ནར་མ་ཟད། རྫུ་འཕྲུལ་སོགས་ཀྱི་སྟོབས་ཀྱང་བསྡུ་དགོས་པ་ཡང་དག་པའི་ངེས་པའོ། །དེ་ལ་དེ་བཞིན་གཤེགས་པའི་སྐུའི་སྟོབས་ཚད་མེད་པ་ཡིན་ཀྱང་། རེ་ཞིག་མཚོན་པ་ཙམ་དུ་བཤད་ན། སྔོན་བཅོམ་འདས་སྡིག་པའི་སྲིན་བུ་པད་བའི་ནགས་ཁྲོད་ན་བཞུགས་ཚེ། ཡུལ་དེའི་གྱད་རྣམས་ཀྱིས་བསོད་སྙོམས་ལ་སྤྱན་དྲང་བ་ན། ཀུ་ཤའི་གྲོང་དང་ཆུ་ཀླུང་དབྱིག་ལྡན་གྱི་བར་ན་ལམ་དེར་རྡོ་ཆེན་པོ་གྱེན་དུ་འདོམ་བཅོ་ལྔ། རྒྱར་འདོམ་ཕྱེད་བརྒྱད་ཡོད་པ་ཞིག་འདུག་པ་ལ་གྱད་རྣམས་འདི་སྙམ་དུ། རྡོ་འདི་ཕྱོགས་གཞན་དུ་བཞག་ན་ལམ་བསལ་བས་སངས་རྒྱས་ལ་མཆོད་པར་འགྱུར་ཞིང་། བདག་ཅག་རྣམས་ཀྱང་གྲགས་པར་འགྱུར་རོ་སྙམ་དུ་ཀུ་ཤའི་གྲོང་གི་གྱད་སྟོབས་པོ་ཆེ་རྣམས་འདུས་ནས། རྟ་བ་ལང་རྔ་མོ་གླང་པོ་ཁྱུ་མཆོག་སྤོས་ཀྱི་གླང་པོ་ཆེ་བརྒྱ་ཕྲག་དུ་མ་ཁྲིད་ནས་རྡོ་དེ་ལ་ཐག་པས་དཀྲིས་ནས། ཁ་ཅིག་སྐས་བཅས་ཏེ་རྩྭ་བལ་བ་ཛའི་ཐག་པ་སོགས་ཀྱིས་དཀྲི་ནས་འཐེན། ཁ་ཅིག་ཐོང་ལྕགས་བརྒྱས་གཞི་ནས་འབྱིན། ཁ་ཅིག་གིས་དགྲ་སྟྭས་གཅོད། ཁ་ཅིག་རྡོ་རྗེའི་གདབ་པ་དག་གིས་ཕྱེ་མར་འདོད་ཅིང་། མི་དང་ཕྱུགས་དུ་མས་བསྐྱིལ་ཞིང་། ཁ་ཅིག་སྨན་དང་སྔགས་ཀྱིས་གཞིག་པར་བརྩམས་ཀྱང་། རྡོ་དེ་བསྒུལ་ཀྱང་མ་ནུས་པས་སྒྱིད་ལུག་པ་དང་། བཅོམ་ལྡན་འདས་དེར་གཤེགས་པ་ན་དགའ་བས་མདུན་བསུས་ནས་ཕྱོགས་གཅིག་ཏུ་འཁོད། དེར་བཅོམ་ལྡན་འདས་ཀྱིས་གཞོན་ནུ་དག་ཅི་འདི་ངལ་བར་བྱེད་དམ་ཞེས་གསུངས་པ་ན། དེ་དག་གི་ལོ་རྒྱུས་ཞིབ་པར་གསོལ་ཏེ། བདག་ཅག་གིས་ཞག་ཉི་ཤུ་རྩ་དགུར་རྩོམ་པ་བྱས་ཀྱང་རྡོ་ཆེན་པོ་བསྒུལ་ཀྱང་མ་ནུས་པས་ཕྱོགས་གཞན་དུ་འཕང་བ་ལྟ་ག་ལ་སྟེ་སྒྱིད་ལུག་པར་གྱུར་ཏོ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱི་རྡོ་དེ་ཕྱོགས་གཞན་དུ་འཕང་བར་འདོད་དམ་ཞེས་བཀའ་སྩལ་པ་ན། བཅོམ་ལྡན་འདས་མཆོག་ཏུ་འཚལ་ཞེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་ཀྱི་མཐེ་བོང་གཡས་པས་ཡང་དག་པར་བསྐུལ་ཞིང་གཞི་ནས་མ་ལུས་པར་ཕྱུང་སྟེ། ཕྱག་གཡོན་པས་བླངས་ནས་ཕྱག་གཡས་ཀྱི་མཐིལ་དུ་བཞག་སྟེ་ཡུད་ཙམ་ཞིག་དགོངས་ནས་གྱེན་དུ་ཚངས་པའི་འཇིག་རྟེན་གྱི་བར་དུ་འཕངས་ཏེ་མིག་ལམ་དུ་མི་སྣང་བར་གྱུར་པ་དང་། དེའི་སྒྲས་གྱད་དག་དངངས་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་མ་འཇིགས་ཞེས་བཀའ་སྩལ་པ་དང་། གྱེན་དུ་འཕང་ཙམ་གྱིས་འདུ་བྱེད་མི་རྟག་པ་དང་། ཆོས་ཐམས་ཅད་བདག་མེད་པ་དང་། མྱང་འདས་ཞི་བའི་སྒྲ་བྱུང་ངོ་། །སླར་འཁོར་ནས་དེ་བཞིན་གཤེགས་པའི་ཕྱག་མཐིལ་དེ་ཉིད་དུ་གནས་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཞལ་གྱི་དབུགས་ཀྱིས་རྡུལ་ཕྲ་རབ་ཏུ་མཛད་དོ། །ཕྱེ་མར་བྱས་ནས་ཕྱོགས་ཀུན་ཏུ་ཕྱེ་མའི་ཆར་བབས་པ་དང་། རྡོ་ཆེན་པོ་དེ་མེད་པས་གྱད་རྣམས་ཡིད་མ་བདེ་བ་མཁྱེན་ནས། རྡོའི་རྡུལ་མ་ཚང་བ་མེད་པ་བསྡུས་ཏེ་སྔ་མ་ལྟར་མཛད་ནས་དབེན་པའི་ཕྱོགས་ཞིག་ཏུ་གནས་པར་མཛད་པ་དང་། གྱད་རྣམས་ངོ་མཚར་ཏེ། དེ་ལྟ་བུ་དེ་དེ་བཞིན་གཤེགས་པའི་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་སམ། རྫུ་འཕྲུལ་ལམ། སྒོམ་བའི་སྟོབས་གང་ལགས་ཞུས་པ་དང་། དེ་བཞིན་གཤེགས་པས་བཀའ་སྩལ་པ། དེ་ནི་ཡབ་ཡུམ་ལས་བྱུང་བའི་སྟོབས་ཏེ། འདུ་བྱེད་མི་རྟག་པའི་སྒྲ་སོགས་འབྱུང་བ་ནི་རྫུ་འཕྲུལ་གྱི་སྟོབས་ཡིན་ལ། ཞལ་གྱི་དབུགས་ཀྱིས་ཕྱེ་མར་མཛད་ནས་སླར་བསྡུས་ཏེ་ག ནས་གཞན་དུ་བཞག་པ་འདི་ནི་སྒོམ་པའི་སྟོབས་སོ་ཞེས་གསུང་པ་དང་། གྱད་རྣམས་ཀྱིས་ཡབ་ཡུམ་ལས་བྱུང་བའི་སྟོབས་ཇི་ལྟ་བུ་ལྡན་ལགས་ཞུས་པས། བཀའ་སྩལ་པ། མི་བཅུའི་སྟོབས་བ་ལང་ཕལ་པ་གཅིག་གི་སྟོབས་ཡིན་ལ། དེ་བཅུའི་བ་ལང་སྔོན་པོ། དེ་ནས་རེ་རེ་བཞིན་ཁྱུ་མཆོག་དང་། བསེ་དང་། གླང་པོ་ཕལ་པ། མི་ཕྱེད་པའི་གླང་པོ། སྒྲ་ཆེན་པོར་བྱེད་པའི་གླང་པོ། མཆེ་བ་གཙིགས་པའི་གླང་པོ། རི་སྔོན་པོའི་གླང་པོ། དེ་བཞིན་དུ་རི་སེར་པོ། དམར་པོ། དཀར་པོ། དྲི་མཆོག་ལྡན་པ་དང་། དྲི་ངད་འཇམ་པ་དང་ལྡན་པ། དྲི་ཨུཏྤལ་དང་ལྡན་པ། དྲི་ཀུ་མུད་དང་ལྡན་པ་རྣམས་དང་། པདྨའི་གླང་པོ་ཆེ་དང་། པདྨ་ཆེན་པོའི་དང་། གངས་ཁྲོད་དུ་སྐྱེས་པའི་དང་། བལ་གླང་རྣམས་གོང་ནས་གོང་དུ་བཅུ་འགྱུར་གྱིས་སྟོབས་ཆེ་ལ། བལ་གླང་བཅུའི་སྟོབས་ཚན་པོ་ཆེའི་སྟོབས་ཕྱེད་ཡིན་ལ། ཕྱེད་གཉིས་བསྡོམས་པའི་ཚན་པོ་ཆེ་གཅིག་གི་སྟོབས་བཅུའི་རབ་གནོན་གྱི་སྟོབས་ཕྱེད། དེ་གཉིས་ཀྱི་རབ་གནོན་གཅིག་གི་སྟོབས། རབ་གནོན་བཅུའི་སྟོབས་ཀྱིས་སྟོབས་མཆོག་གི་སྟོབས་གཅིག །སྟོབས་མཆོག་བཅུའི་ཡན་ལག་མཆོག་གི་སྟོབས། ཡན་ལག་མཆོག་གི་སྟོབས་བཅུའི་སྲེད་མེད་ཀྱི་བུའི་སྟོབས་ཕྱེད། དེ་གཉིས་སྲེད་མེད་བུའི་སྟོབས་གཅིག །སྲེད་མེད་བུའི་སྟོབས་སུམ་བརྒྱ་ཉི་ཤུ་དེ་བཞིན་གཤེགས་པའི་ཡབ་དང་ཡུམ་ལས་བྱུང་བའི་སྟོབས་སོ། །དེ་བཞིན་གཤེགས་པའི་སྐུའི་གནས་ཀྱི་གནས་རེ་རེ་ལའང་སྲེད་མེད་བུའི་སྟོབས་འཆང་བར་མཛད་པའོ་ཞེས་བཀའ་སྩལ་པ་དང་། རྒྱ་ཆེར་རོལ་པ་ལས་སྒྱུ་རྩལ་བསྟན་པའི་སྐབས་སུ། ལྷུན་པོ་རི་རབ་རྡོ་རྗེའི་ཁོར་ཡུག་ཅན། །ཕྱོགས་བཅུ་དག་ན་རི་གཞན་གང་ཡོད་པ། །ལག་པས་མཉེས་ཤིང་རྨིག་མེད་བྱེར་རློག་ན། །མི་ལུས་སྙིང་པོ་མེད་པ་མཚར་ཅི་ཆེ། །ཞེས་གསུངས་པ་བཞིན་ནོ། །གཞན་ཡང་རྫུ་འཕྲུལ་གྱི་སྟོབས་ཚད་མེད་པ་མངའ་སྟེ། མདོ་དེ་ལས། བཅོམ་ལྡན་འདས་རྩྭ་བི་ར་ན་དང་ལྡན་པར་གནོད་སྦྱིན་འདམ་བུ་དང་འདྲ་བར་རྩུབ་པའི་དོང་ཀའི་ཤིང་དྲུང་ན་བཞུགས་སོ། །དེའི་ཚེ་སློང་མོས་བསོད་སྙོམས་རྙེད་དཀའ་བའི་མུ་གེ་བྱུང་བའི་ཚེ། མ་གལ་གྱི་བུ་ཆེན་པོས་སངས་རྒྱས་ལ་གསོལ་པ། ས་ཆེན་པོའི་འོག་ན་རོའི་ཁམས་གྱ་ནོམ་པ་ག ནས་པས་བདག་གིས་ས་ཆེན་པོ་འདི་སྐྱེས་བུ་སྟོབས་ལྡན་གྱིས་ཆུ་ཤིང་འདབ་མ་བསྒྱུར་བ་ཙམ་དུ་དཀའ་བ་མེད་པར་བསྒྱུར་ཏེ། ས་ལ་བརྟེན་པའི་སེམས་ཅན་ཇི་སྙེད་པ་ལག་པ་གཡོན་པས་བཟུང་ནས། གཡས་པས་ས་ཆེན་པོ་ཁོར་ཡུག་དང་བཅས་པ་སྐད་ཅིག་ལ་སྒྱུར་བར་འཚལ་ཞུས་པ་ན། དེ་བཞིན་གཤེགས་པས་བཀའ་སྩལ་པ། དེ་ལྟར་ཁྱོད་ཀྱིས་བསྒྱུར་ནའང་། སེམས་ཅན་ཕལ་ཆེར་ཁ་ཟས་ཀྱི་རོ་ལ་ཆགས་ཤིང་རྨོངས་པར་འགྱུར་ལ། རོའི་ཁམས་གྱ་ནོམ་པ་དེའང་རིང་དུ་མི་གནས་པར་ནུབ་པར་འགྱུར་རོ་ཞེས་མ་གནང་བ་ཡིན་ཅིང་། མའུ་གལ་བུ་དེ་ལྟ་བུའི་རྫུ་འཕྲུལ་ལྡན་པ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་གང་པར་གྱུར་ཀྱང་། དེས་དེ་བཞིན་གཤེགས་པའི་རྫུ་འཕྲུལ་བརྒྱའི་ཆར་ཡང་མི་འགྲོ་བ་ནས། རྒྱུར་ཡང་མི་འགྲོ་བའི་བར་དུ་གསུངས་པ་དང་། ཡང་སྒོམ་པའི་སྟོབས་ཀྱང་། མདོ་ལས། གླིང་བཞིར་དུས་ཀྱི་སྤྲིན་ཆེན་པོའི་ཆར་ཕབ་པ་ལས། གླིང་བཞིའི་ཆུ་ཆེན་པོའི་རྒྱུན་རྒྱ་མཚོར་བབས་པ་ན། དེར་དེ་བཞིན་གཤེགས་པས་ཆུ་ཐིགས་པ་རེ་རེ་ནས་འདི་ནི་གླིང་འདིའི་གྲོང་དང་ལྗོངས་ལ་སོགས་པ་དང་། ལྗོན་པ་དང་ཡལ་འདབ་མེ་འབྲས་སོགས་ཆེ་གེ་མོ་ནས་བབས་སོ་ཞེས་ཆུའི་ཐིགས་པ་རྡུལ་ཕྲ་མོ་ཙམ་ནས་རྣམ་པར་ཕྱེ་ཞིང་སྐད་ཅིག་ལ་གཟིགས་པ་འཇུག་ནུས་པར་གསུངས་པ་སོགས་ཀྱིས་མཚོན་ཏེ་མདོ་རྣམས་ལས་ཤེས་པར་བྱ་སྟེ། འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་ལྷ་མི་རྣམས་ཆེས་ཉུང་གི །ཕྱི་རོལ་དྲང་སྲོང་མངོན་ཤེས་ལྔ་ལྡན་འདོད་པ་ལས་ཆགས་བྲལ་ཞིག་གིས་ཤིང་རྟའི་འཕང་ལོའི་ཚད་ཙམ་གྱིས་ཕྱོགས་གཅིག་ན་འདུག་པའི་སེམས་ཅན་མཐོང་བ་ཆེས་མང་བ་དང་། ཆགས་བྲལ་དེས་སྟོང་ཆེན་གྱི་ཁམས་ན་མཐོང་ངོ་ཅོག་གི་སེམས་ཅན་ཆེས་ཉུང་གི །ཉན་ཐོས་དགྲ་བཅོམ་པའི་ལྷའི་མིག་གིས་ས་ཤིང་རྟའི་འཕང་ལོའི་ཚད་ཙམ་གྱི་ཕྱོགས་ན་འདུག་པར་མཐོང་བའི་སེམས་ཅན་ཆེས་མང་། ཉན་ཐོས་དགྲ་བཅོམ་དེས་སྟོང་ཆེན་གྱི་ཁམས་ན་སེམས་ཅན་མཐོང་བ་ཆེས་ཉུང་ལ། རང་སངས་རྒྱས་ཀྱི་ལྷའི་མིག་གིས་ཤིང་རྟའི་འཕང་ལོའི་ཚད་ཙམ་གྱི་ཁྱོན་ན་མཐོང་བའི་སེམས་ཅན་ཆེས་མང་། རང་རྒྱལ་གྱིས་སྟོང་ཆེན་ན་མཐོང་བའི་སེམས་ཅན་ཐམས་ཅད་ལས། བྱང་ཆུབ་སེམས་དཔའི་ལྷའི་མིག་གིས་ཤིང་རྟའི་འཕང་ལོའི་ཁྱོན་ཙམ་ན་མཐོང་བ་མང་ལ། དེའི་ཚུལ་གྱིས་བྱང་སེམས་ཀྱིས་སྟོང་གསུམ་གྱི་ཁྱོན་ན་སེམས་ཅན་ཇི་ཙམ་མཐོང་བ་དེ་ལས། དེ་བཞིན་གཤེགས་པའི་ལྷའི་སྤྱན་གྱིས་འཕང་ལོའི་ཚད་ཙམ་གྱི་ཁྱོན་ན་གནས་པར་གཟིགས་པའི་སེམས་ཅན་ཆེས་མང་ཞིང་གྲངས་མེད་ཅིང་། དེའི་ཚུལ་གྱིས་ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ན་གནས་པའི་སེམས་ཅན་ཡོད་དོ་ཅོག་གི་སེམས། སེམས་བྱུང་བྱུང་བ་དང་འབྱུང་འགྱུར་རྣམས་ནི་རྣམ་ཐར་བསམ་མི་ཁྱབ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་བསྐལ་པ་གངྒཱའི་བྱེ་སྙེད་དུ་བགྲང་བའམ་བསམ་བར་སླ་བ་མ་ཡིན་ཀྱང་། དེ་འདྲ་བར་དུས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་སེམས་སེམས་བྱུང་ཐམས་ཅད་མ་འདྲེས་པར་རེ་རེ་བཞིན་དུ་ལྷུན་གྱིས་གྲུབ་པར་དེ་བཞིན་གཤེགས་པས་སྐད་ཅིག་ལ་མཁྱེན་པར་གསུངས་པ་དང་། གཞན་ཡང་དེ་བཞིན་གཤེགས་པ་ནི་རྒྱུ་སྙིང་རྗེ་ལས་བྱུང་བ། སྙིང་རྗེ་ཆེན་པོའི་རང་བཞིན་ཡིན་པས་ན་དེའི་བྱམས་པའི་སྟོབས་ནི་སེམས་ཅན་གྱི་གྲངས་དང་ཁམས་བཞིན་དུ་ཚད་མེད་དེ། འདི་ལྟར་སློབ་པ་ལམ་གྱི་སྐབས་སུ་འང་རྫོགས་སྨིན་སྦྱངས་བ་ཐམས་ཅད་གཞན་དོན་སྙིང་རྗེ་ཆེན་པོ་ཁོ་ནའི་དབང་གིས་ཡིན་ལ། དེ་དག་མཐར་ཕྱིན་ནས་སྟོང་དང་སྙིང་རྗེ་དབྱེར་མེད་པ་མི་སློབ་པའི་ཡེ་ཤེས་མངོན་དུ་མཛད་པ་ན་དེའི་བྱམས་པ་ཆེན་པོའི་སྟོབས་ནི་ཚད་ནམ་ཡང་དཔག་པར་ག་ལ་ནུས་ཏེ། ཕྱོགས་ཇི་ཙམ་པ་དང་དུས་ཇི་ཙམ་པའི་མཐར་ཁྱབ་པའི་ཕྱིར་རོ། །དེ་སྐད་དུའང་མདོ་ལས། རྒྱལ་པོ་ཆེན་པོ་དགེ་སྦྱོང་གོའུ་ཏ་མ་དེ་ནི་བྱམས་པ་ཆེན་པོའི་སྟོབས་དང་ལྡན་པ་སྟེ། སེམས་ཅན་ཐམས་ཅད་ལ་ཁོང་ཁྲོ་བ་མ་མཆིས་པའི་ཐུགས་དང་ལྡན་པའོ། །དེའི་བྱམས་པ་དེ་ཡང་མ་ཆགས་ལ་སྒྲིབ་པ་མ་མཆིས་ཤིང་། རྟག་ཏུ་འབྱུང་བ་སྟེ་ལྷུན་གྱིས་གྲུབ་པ། རྒྱས་པར་འགེངས་པ། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་པ། སེམས་ཅན་ཐམས་ཅད་ཀྱི་བསམ་པའི་རྗེས་སུ་ཞུགས་པ་ཞེས་དང་། དུས་རྣམས་ཀུན་དང་ཞིང་ཀུན་དང་། །འཇིག་རྟེན་བྱམས་པས་ཁྱབ་པར་མཛད། །འགྲོ་བ་ཀུན་གྱི་བསམ་པ་ཡང་། །ཁྱབ་མཛད་ཀུན་མཁྱེན་བྱམས་དང་ལྡན། །ཟླ་མེད་ཐུབ་པའི་བྱམས་པ་ཡིས། །མ་ཁྱབ་ཕྱོགས་འགའ་མ་མཆིས་ཏེ། །ཁམས་དང་བསམ་པ་རྣམས་ཀྱང་ཁྱབ། །དེ་བས་ཀུན་མཁྱེན་སྐྱོན་མ་མཆིས། །དཔེར་ན་ནོར་བུ་ཆུ་དྭང་བ། །ཤིན་ཏུ་རྣམ་དག་ཆབ་འདང་བགྱིད། །དེ་བཞིན་དྲང་སྲོང་ཐུགས་དག་པ། །སྐྱེ་བོའི་རྙོགས་པ་དྭང་བར་མཛད། །ཅེས་དང་། རྒྱ་ཆེར་རོལ་པ་ལས། འདི་ནི་ཤིང་དབང་མཆོག་དྲུང་སྡང་བའི་གྱད། །དཔུང་བཅས་བདུད་རྣམས་རྒྱལ་མཚན་སྡེར་བཅས་པ། །ནག་པོའི་རྩ་ལག་བྱམས་པའི་སྟོབས་ཀྱིས་འཇོམས། །བླ་མེད་བྱང་ཆུབ་ཞི་བར་འཚང་ཡང་རྒྱ། །ཞེས་གསུངས་པ་ལྟར་དེ་བཞིན་གཤེགས་པའི་ལམ་དང་འབྲས་བུའི་གནས་སྐབས་ཀྱི་མཛད་པ་ཐམས་ཅད་སྙིང་རྗེ་ཆེན་པོའི་དབང་གིས་འཇུག་པ་ཤེས་པར་བྱ་ཞིང་། དེ་ལྟ་བུའི་དེ་བཞིན་གཤེགས་པ་དེའི་སྐུའི་བ་སྤུའི་རྡུལ་ཕྲ་རབ་ཀྱི་ཁྱོན་ཙམ་ལ། ཕྱོགས་བཅུ་དང་དུས་གསུམ་གྱིས་བསྡུས་པའི་སྲིད་དང་ཞི་བའི་ཆོས་སོ་ཅོག་མ་ལུས་པ་སོ་སོ་ནས་མ་འདྲེས་སྒྲིབ་མེད་དུ་སྟོན་པར་ནུས་པ་དང་། ནམ་མཁའི་མཐས་གཏུགས་པའི་སྣོད་བཅུད་མ་ལུས་པ་རྡུལ་ཕྲན་གཅིག་གི་ཁྱོན་དུ་བཙུད་ཀྱང་། རྡུལ་རགས་པར་མི་འགྱུར། འཇིག་རྟེན་ཕྲ་བར་མི་འགྱུར་ཞིང་། དུས་སྐད་ཅིག་གཅིག་ལ་དུས་གསུམ་གྱི་ཤེས་བྱ་རབ་འབྱམས་ཀྱི་གྲངས་སྙེད་ཀྱི་མཛད་པའི་རོལ་མོ་སྟོན་པར་ནུས་པའང་མདོ་ལས་མཚོན་བྱེད་དུ་གསུངས་པ། རྫིང་དཔག་ཚད་བརྒྱད་སྟོང་པ་ཆུས་གང་བ་པདྨས་ཁེབས་པ་ཞིག་ལ་མི་ལ་ལ་ཞིག་གིས་རླུང་གི་ཤུགས་ལས་འདས་པའི་རྟ་མཆོག་དང་ལྡན་པའི་ལྕགས་ཀྱི་ཤིང་རྟ་ཞོན་ཏེ། དེའང་རྟ་རྣམས་ཀྱི་རྨིག་པ་དང་ཤིང་རྟའི་མུ་ཁྱུད་ཆུ་ལ་མི་རེག །པདྨའི་ལོ་མ་རྣམས་ཀྱང་རྟའི་རྨིག་པས་མི་བརྟོལ་བ་ཙམ་གྱི་སྟོབས་ཤུགས་མགྱོགས་པ་དེ་ལྟ་བུས་རྒྱུག་ལ། རྫིང་དེའི་ནང་ནས་སྦྲུལ་གདུག་པ་ཞིག་བྱུང་ནས་ཤིང་རྟ་ཕྱིར་མ་ལོག་པ་དེའི་སྐབས་སུ་ཤིང་རྟ་ལ་ལན་བརྒྱད་བསྐོར་ན། དེའི་ལན་གཅིག་བསྐོར་བའི་ཡུན་ལ་ཀུན་དགའ་བོས་ཆོས་བསྟན་པ་བརྒྱད་སྟོན་ཅིང་དོན་གོ་བར་བྱེད། ཀུན་དགའ་བོས་ཚིག་གཅིག་ཙམ་སྨྲ་བའི་ཡུན་དེའི་བར་སྐབས་སུ་མའུ་གལ་གྱི་བུས་ཆོས་བསྟན་པ་རྣམ་པ་བརྒྱད་སྟོན་ཅིང་དོན་གོ་བར་བྱེད། མའུ་གལ་གྱི་བུས་ཚིག་གཅིག་སྨྲ་བའི་ཡུན་ལ་ཤཱ་རིའི་བུས་ཆོས་བརྒྱད་སྟོན་ཅིང་དོན་གོ་བར་བྱེད། ཤཱ་རིའི་བུས་ཚིག་གཅིག་སྨྲ་བའི་ཡུན་ལ། རང་སངས་རྒྱས་ཀྱིས་ཆོས་བསྟན་པ་རྣམ་པ་གྲངས་མེད་པ་སྟོན། རང་སངས་རྒྱས་ཚིག་གཅིག་སྨྲ་བའི་ཡུན་ཙམ་ལ། བྱང་སེམས་ཀྱིས་ཆོས་གྲངས་མེད་བསམ་མི་ཁྱབ་བརྗོད་དུ་མེད་པ་སྟོན། བྱང་སེམས་ཚིག་གཅིག་སྨྲ་བའི་ཡུན་ལ་མའུ་གལ་གྱི་བུས་རྫུ་འཕྲུལ་གྱིས་འཇིག་རྟེན་གྱི་ཁམས་བརྒྱད་ཁྲི་འདའོ། །མའུ་གལ་གྱི་བུས་རྫུ་འཕྲུལ་རེ་རེ་འདའ་བའི་ཡུན་ལ། དེ་བཞིན་གཤེགས་པའི་ཐུགས་བསྐྱེད་པ་ནས་བརྩམས་ཏེ་མྱ་ངན་ལས་འདས་པའི་བར་གྱི་མཛད་པ་ཡོངས་སུ་རྫོགས་པ་མུ་མེད་པའི་ཞིང་ཀུན་ཏུ་སྟོན་ནུས་པ་དང་། གཞན་ཡང་མའུ་གལ་གྱི་བུས་རྫུ་འཕྲུལ་དེ་ལྟ་བུས་ཕྱོགས་བཅུ་སོ་སོར་རེ་རེ་ཞིང་ཉིན་མཚན་བདུན་གྱི་བར་དུ་ངལ་མི་གསོ་བར་སོང་ནས་འཇིག་རྟེན་ཇི་ཙམ་བགྲོད་པ་དེ་དག་ར་བ་གཅིག་ཏུ་བསྐོར་ནས་ས་གཞི་མཉམ་པར་བྱས་ཏེ་ཡུངས་འབྲུས་ཕྱུར་བུར་བཀང་བ་དེ་བས་ཀྱང་མང་བའི་འཇིག་རྟེན་གྱི་ཁམས་དག་ན། སེམས་ཅན་བྱང་ཆུབ་ལ་ཞུགས་པ་དང་། སྤྱད་པ་སྤྱོད་པ་ནས་མཛད་པ་བཅུ་གཉིས་སོ་སོར་སྟོན་པ་དག་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་མཐོང་སྟེ། དེ་དག་ཐམས་ཅད་ཀྱང་མཚན་དང་གདུང་མཐུན་པ་ཤ་སྟག་ཡིན་ན། མཚན་དང་གདུང་མི་མཐུན་པའི་སངས་རྒྱས་བྱང་སེམས་དེ་བས་ཀྱང་མང་བ་དག་གཟིགས་པ་ནི་ལྟ་ཅི་སྨྲོས་ཏེ། དེ་ལྟ་བུར་འཇིག་རྟེན་གྱི་ཁམས་གང་དག་ན་སངས་རྒྱས་འབྱུང་བ་དང་། བྱང་སེམས་ཀྱིས་སྤྱད་པ་སྤྱོད་པའི་ཞིང་ནི་རྒྱ་མཚོའི་བྱེ་མ་དང་། གངྒཱའི་ཀླུང་གི་བྱེ་མའི་ནང་ན་གསེར་གྱི་བྱེ་མ་དཀོན་པ་བཞིན་དུ་ཆེས་ཉུང་བ་ཡིན་ལ། དེའི་ཚུལ་གྱིས་ཚད་མེད་བའི་ཞིང་མཁའ་ཁྱབ་མ་འདྲེས་པར་གཟིགས་པ་དེ་དག་ཏུ། རྫུ་འཕྲུལ་རྣམ་པར་རོལ་པ་གང་ལ་གང་འདུལ་གྱི་སྐུ་དང་གསུང་རྣམ་པ་ཐམས་ཅད་པར་འཆར་ཞིང་། ཡིད་བཞིན་ནོར་བུའི་ཚུལ་གྱིས་ཕན་བདེའི་མཛད་པ་རྟག་ཁྱབ་ཏུ་འཇུག་ཀྱང་རྣམ་རྟོག་མེད་པར་ལྷུན་གྱིས་གྲུབ་པ་ནི། འདི་ལྟར་ཕྱོགས་དུས་ཀྱི་ཤེས་བྱ་ཐམས་ཅད་རང་བཞིན་བདེན་སྟོང་དུ་གནས་པ་དེ་དེ་བཞིན་མངོན་དུ་མཛད་དེ། ནམ་མཁའ་དང་ལག་མཐིལ་མཉམ། སྐད་ཅིག་དང་བསྐལ་པ་མཉམ་ནས་ཆོས་དབྱིངས་གློ་བུར་གྱི་དྲི་མས་དག་པ་མངོན་དུ་གྱུར་བའི་དེ་བཞིན་གཤེགས་པ་ནི་སྲིད་ཞི་གཉིས་སུ་མེད་པ་མི་ཕྱེད་ཡེ་ཤེས་རྡོ་རྗེའི་སྐུ། རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པ། དོན་དམ་པར་བརྗོད་དུ་མེད་ཀྱང་། ཐ་སྙད་པའི་ཚད་མས་གཞལ་ན་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། མཁྱེན་བརྩེ་ནུས་གསུམ་ཕ་མཐའ་མེད་པ། རྟག་བརྟན་ཞི་བ་གཡུང་དྲུང་གི་རང་བཞིན་དུ་གྲུབ་པ་དེ་ལས་མ་གཡོས་བཞིན་དུ། གསང་གསུམ་གྱི་སྣང་བ་མི་ཟད་པ་ནི་ཤེས་བྱའི་གྲངས་སྙེད་དུ་འཕྲོ་བས་བློས་ཇི་ཙམ་ཕྱེ་ཡང་མཐའ་མི་མངོན་པ་ནམ་མཁའ་འདོམ་ལ་གཞལ་བ་ལྟ་བུ་ཡིན་པས་ཚད་མེད་པར་ཤེས་དགོས་ཤིང་། དེའང་སངས་རྒྱས་ཐམས་ཅད་ཀྱི་སྒྱུ་འཕྲུལ་ཚད་མེད་པ་ཡང་སངས་རྒྱས་གཅིག་གི་རང་བཞིན་དུ་གནས་པའི་ཐ་དད་པའི་ཆོས་དང་། སངས་རྒྱས་གཅིག་ཉིད་ཕྱོགས་དུས་ཀུན་ལ་ཁྱབ་པར་གང་འདུལ་གྱི་རོལ་པ་སོ་སོར་སྣང་བའི་གཅིག་བདེན་གྱི་མཐའ་དང་བྲལ་བ་སོགས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཡིན་ལ་དེ་ཉིད་ཀྱི་ཕྱིར་ན་སངས་རྒྱས་ཀྱི་སས་བསྡུས་པའི་ཆོས་ཐམས་ཅད་མ་ལུས་པ་སྣང་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རང་བཞིན་འབའ་ཞིག་ཡིན་པས། སྐུའི་བ་སྤུའི་ཁུང་བུ་གཅིག་དང་། འོད་ཟེར་གཅིག་གི་ཡོན་ཏན་ཀྱང་ནམ་མཁའི་ཁམས་ཁྱབ་པས་ན་རྒྱལ་བ་རྣམས་ཀྱིས་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བརྗོད་ཀྱང་ཟད་པ་མེད་པ་ལ་ངེས་ཤེས་གཏིང་ནས་བསྐྱེད་པར་བྱ་སྟེ། དཔེར་ན་བྱང་ཆུབ་སེམས་དཔའ་ཤུགས་འཆང་གིས་དེ་བཞིན་གཤེགས་པའི་སྐུའི་ཚད་བརྟག་པ་དང་། མོའུ་གལ་གྱི་བུས་སངས་རྒྱས་ཀྱི་གསུང་གི་མཐའ་བརྟག་པ་ལ་སོགས་པས་མཚོན་ཏེ་ཤེས་པར་བྱའོ། །གཉིས་པ་སྤྱིར་བསྟན་པ་ལ། སྐྱེ་རྒུའི་སྟོན་པར་གྱུར་པ་དང་། ཚུལ་ཇི་ལྟ་བུས་སྟོན་པར་མཛད་པ་གཉིས། དང་པོ་ལ་མདོར་བསྟན་རྒྱས་བཤད་གཉིས། དང་པོ། སེམས་ཅན་ཐམས་ཅད་ཀྱི་སྟོན་པ་ཞེས། ཕྱོགས་དུས་རིས་སུ་མ་ཆད་པའི་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེའི་ལམ་བཟང་སྣང་བར་མཛད་པ་སྟེ། མདོ་ལས། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་བསྒྲིབས་པར་གྱུར་བའི་སྐྱེ་རྒུ་དང་། །འཁོར་བའི་བཙོན་རར་ཆུད་པ་རྣམས་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེད། །ཅེས་གསུངས་པ་ལྟར་ཐུགས་རྗེ་ཆེན་པོས་རྟག་ཏུ་ལམ་སྟོན་པའོ། །གཉིས་པ་རྒྱས་བཤད་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡབ་ཅེས་སོགས་ཚིགས་གསུམ་སྟེ། བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་ལ་སྙིང་སྟོབས་བཟློག་ཏུ་མེད་པའི་བྱང་ཆུབ་སེམས་དཔའ་རྣམས་ནི། རྒྱལ་བའི་གདུང་འཛིན་པ་དང་། དམ་པའི་ཆོས་ཀྱི་མཛོད་ལ་དབང་བ་དང་། གདུལ་བྱའི་ལྷག་མ་སྐྱོང་བ། བསམ་མི་ཁྱབ་པའི་ཡེ་ཤེས་ཀྱི་རྒྱལ་ཐབས་ལ་དབང་བསྒྱུར་དུ་རུང་བས། འཁོར་སྒྱུར་གྱི་སྲས་མཚན་དང་ལྡན་པ་ལྟ་བུ་ཡིན་པས་ན་དེ་དག་གི་མཚན་དུ་རྒྱལ་བའི་སྲས་ཞེས་བྱ་ལ། དེ་རྣམས་ཀྱི་ཡབ་ཏུ་གྱུར་པ་སྟེ། དང་པོ་རིགས་ཀྱི་ས་བོན་བསྐྲུན་པ་དང་། བར་དུ་སྤང་རྟོགས་ཀྱི་སྐྱེད་བསྲིང་བ་དང་། ཐ་མར་བཅུ་པའི་ས་ལ་ཆོས་ཀྱི་རྒྱལ་པོར་དབང་སྐུར་བར་བྱེད་པ་པོ་སངས་རྒྱས་ནི་ཡབ་ཅེས་བྱའོ། །འཕགས་པའི་གང་ཟག་དགྲ་བཅོམ་པ་ལ་སོགས་པ་རྣམས་ཀྱི་རྒྱལ་པོ་ལྟ་བུ་སྟེ། གནས་བརྟན་ཤཱ་རིའི་བུ་དང་མོའུ་གལ་གྱི་བུ་ཆེན་པོ་ལྟ་བུའང་བཅོམ་ལྡན་འདས་ཀྱིས་བཅས་པའི་བསླབ་པ་ཕྲ་མོ་སྲོག་གི་ཕྱིར་ཡང་མི་གཏོང་བར་བཅོམ་ལྡན་འདས་ཆོས་ཀྱི་རྒྱལ་པོའི་བཀའ་ལ་གནས་པ་ཁོ་ནས་རང་ལམ་གྱི་འབྲས་བུ་ཐོབ་དགོས་པས་ན། འཕགས་པའི་གང་ཟག་རྣམས་ཀྱི་རྒྱལ་པོ་ཞེས་སོ། །ཡང་སྐུ་དངོས་དང་ཕྲིན་ལས་ཀྱི་འཇུག་པ་ཇི་རིགས་པས་འགྲོ་བ་རྣམས་ལམ་གྱི་རྟེན་དང་། ལམ་དང་། ལམ་མཐར་ཕྱིན་པ་ལ་འགོད་ཅིང་། མཐར་ཐུག་གི་བྱང་ཆུབ་གསུམ་པོ་གང་རུང་གི་གྲོང་ཁྱེར་ཉམས་དགའ་བར་ཕྱིན་པར་བྱེད་ཅིང་། འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་བྱེད་པ་ལ་དོན་མཐུན་རྣམས་སྒྲོལ་བའི་དེད་དཔོན་ལྟ་བུ་ཡིན་པས་ན། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་རྣམས་ཀྱི་དེད་དཔོན་ཞེས་གྲོང་ཁྱེར་དུ་འགྲོ་བར་བྱེད་པ་རྣམས་ཀྱི་དེད་དཔོན་ནོ། །གཉིས་པ་ཚུལ་ཇི་ལྟ་བུས་སྟོན་པ་ལ། ཐུགས་ཀྱི་མཛད་པ་དང་། གསུང་གི་དང་། སྐུའི་མཛད་པ་གསུམ། དང་པོ། ཚིག་གཉིས་ལས། ཡེ་ཤེས་དཔག་ཏུ་མེད་པ་ཞེས། གདུལ་བྱའི་དོན་སྒྲུབ་པའི་ཐབས་ཀྱི་གཙོ་བོ་སྟོབས་བཅུར་བཞག་པ་དང་། ཆོས་སྟོན་པའི་སྐབས་ཀྱི་ཡང་དག་རིག་པ་བཞིར་བཞག་པ་དང་། ཡེ་ཤེས་ཀྱི་ངོ་བོ་ལྡོག་ཆས་ཕྱེ་བའི་ཡེ་ཤེས་ལྔ་དང་། དུས་གསུམ་ལ་ཆགས་ཐོགས་མེད་པར་འཇུག་པའི་ཡེ་ཤེས་གསུམ་དང་། བསྡུས་ན་ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་གཉིས་དང་། དེའང་བསྡུས་ན་རང་བྱུང་གི་ཡེ་ཤེས་རྣམ་པ་ཐམས་ཅད་མཁྱེན་པ་ཉག་གཅིག་ཏུ་འདུ་ལ། ཡེ་ཤེས་དེ་ནི་ཕྱོགས་དང་དུས་ཀྱིས་བསྡུས་པའི་ཤེས་བྱ་ཇི་སྙེད་པའི་གྲངས་བཞིན་ཏུ་ཚད་མེད་པ་སྟེ། དཔེ་དང་གྲངས་དང་གཏན་ཚིགས་ལ་སོགས་པས་ནམ་ཡང་ཕ་མཐའ་གཞལ་མི་ནུས་པས་བློས་དཔག་ཏུ་མེད་པ་ཡིན་པས་ན། ཡེ་ཤེས་དཔག་ཏུ་མེད་པ་ཞེས་སོ། །དེ་ལྟ་བུའི་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་བརྙེས་པ་ཉིད་ཀྱིས་ན། ཚིག་གཅིག་གམ་དངོས་པོ་གཅིག་ལས་བརྩམས་ཏེ་བསྐལ་པ་དཔག་མེད་དུ་བརྗོད་ཀྱང་སྤོབས་པ་གཏུགས་པ་མེད་པས་ན། སྤོབས་པ་བསམ་གྱིས་མི་ཁྱབ་པ་ཞེས་གསུངས་ཏེ། མདོ་ལས། འདི་ལྟར་སེམས་ཅན་ཀུན་གྱིས་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱི་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཡང་འདེབས། །ཞེས་མི་འཇིགས་པ་བཞིས་འཁོར་གྱི་ནང་དུ་སེང་གེའི་སྒྲ་སྒྲོགས་པ་ལ་དེ་སྐད་ཅེས་བྱའོ། །འདི་གསུང་གི་ཕྲིན་ལས་ལ་བཤད་པ་སྣང་ཡང་གསུང་གི་རྒྱུ་ཐུགས་ཀྱི་ཕྲིན་ལས་ཡིན་ནོ། །གཉིས་པ་གསུང་ལའང་ཚིག་གཉིས་ལས། གསུང་རྣམ་པར་དག་པ་ནི། སྐྱོན་དང་བྲལ་བའི་ཆ་ནས་ཏེ། ཚིག་གི་ཆ་དང་དོན་གྱི་ཆ་གང་ནས་ཀྱང་ལེ་ལོ་སོགས་བརྒྱད་ཀྱིས་མཚོན་པའི་སྐྱོན་གྱི་ཚོགས་རྡུལ་ཕྲ་རབ་ཙམ་ཡང་མེད་པ། གསུང་དེ་ཉིད་ཀྱིས་སྔར་དང་རབ་རིབ་ཆགས་པ་ཉེ་བར་སེལ་བ་སྨག་ལ་ཟླ་འོད་ལྟར་ཀུན་ཏུ་དགའ་བ་འཕེལ་བ་ཁོ་ནའོ། །དབྱངས་སྙན་པ་ཞེས་པ། གསུང་མཉེན་ཅིང་འཇམ་པ་ལ་སོགས་པ་དབྱངས་ཀྱི་ཡན་ལག་རྒྱ་མཚོ་དང་ལྡན་པས་གདུལ་བྱའི་རྒྱུད་ལ་གནས་སྐབས་དགའ་བ་དང་། མཐར་ཐུག་ཕན་བདེའི་འབྲས་བུ་སྩོལ་བ་སྟེ། རྒྱུད་བླ་མ་ལས། མདོར་ན་མ་ལུས་འཇིག་རྟེན་ཁམས་སུ་ཡང་། །ལྷ་དང་ས་གནས་བདེ་བའི་རྒྱུ་གང་ཡིན། །དེ་ནི་མ་ལུས་འཇིག་རྟེན་ཁྱབ་སྣང་བ། །དབྱངས་ཉིད་ལ་ནི་རབ་ཏུ་བརྟེན་པར་བརྗོད། །ཅེས་པ་ལ་སོགས་པ་བཞིན་ནོ། །གསུམ་པ་སྐུའི་ཕྲིན་ལས་ཀྱང་ཚིག་གཉིས་ཀྱིས་བསྟན་ཏེ། སྐུ་བྱད་ལྟ་བས་ཆོག་མི་ཤེས་པ་ནི། སྐུའི་ཡན་ལག་ཕྲ་མོ་རེ་རེའི་མཛེས་སྡུག་ལའང་ཇི་ཙམ་བལྟས་ན་མིག་སུན་པ་མེད་པར་མ་མཐོང་བའི་དངོས་པོ་གྱ་ནོམ་པ་གསར་དུ་མཐོང་བ་བཞིན་ཡིད་འོང་གི་དགའ་སྟོན་རྟག་ཏུ་མི་ཉམས་པ་ནི། སྐུའི་བྱད་དམ་བཞིན་ལྟ་བས་ངོམས་པའམ་ཆོག་མི་ཤེས་པ་ཞེས་སོ། །སྐུ་མཚུངས་པ་མེད་པ་ནི། བ་སྤུའི་བུ་ག་གཅིག་དང་འོད་ཟེར་ཕྲ་མོ་གཅིག་གིས་མཛེས་སྡུག་གིས་སྲིད་པའི་འབྱོར་བ་ཐམས་ཅད་ཟིལ་གྱིས་གནོན་ནུས་པས། དེ་དང་མཚུངས་པ་གཞན་ཅུང་ཟད་ཀྱང་མེད་པ་དང་། གང་འདུལ་དུ་སྣང་ཞིང་། ཕྱོགས་དང་དུས་ཀྱི་ཚད་གཟུང་བར་མི་ནུས་པའོ། །གང་གིས་དེ་བཞིན་གཤེགས་པའི་སྐུ་མཐོང་བ་ན། ལུས་སེམས་ཀྱི་སྡུག་བསྔལ་དྲག་པོ་རྣམས་ཀྱང་རྨི་ལམ་སད་པའི་མཐའ་བཞིན་འགོག་ནུས་པའི་ཚུལ་རྣམས་ཞིབ་པར་མདོའི་གཏམ་རྒྱུད་ཀྱིས་བརྒྱན་ཏེ་འཆད་པར་བྱའོ། །གཉིས་པ་རང་དོན་སྤང་རྟོགས་ཕུན་ཚོགས་ལ། སྤང་བ་དང་། རྟོགས་པ་གཉིས། དང་པོ་ལ། སྲིད་པའི་གནས་སུ་བཞུགས་ཀྱང་སྲིད་པའི་སྐྱོན་གྱིས་མ་གོས་པར་སྟོན་པ་དང་། རང་གི་ངོ་བོ་སྲིད་པ་ལས་འདས་པར་སྟོན་པ་གཉིས། དང་པོ་ལ་ཚིག་གསུམ་སྟེ། འདོད་པའི་ཁམས་ན་བཞུགས་ཤིང་མངལ་ནས་བལྟམས་པ་སོགས་འཇིག་རྟེན་མཐུན་འཇུག་གི་རོལ་པ་མཛད་ཀྱང་། འདོད་པའི་ཆོས་འདོད་ལ་འདུན་པ་སོགས་ཀྱིས་ཅུང་ཟད་ཀྱང་མ་གོས་པ་འདམ་ལས་སྐྱེས་པའི་པདྨ་གཞོན་ནུ་བཞིན་དུ་བཞུགས་པ་ལ། འདོད་པ་དག་གིས་མ་གོས་པ་ཞེས་སོ། །དེ་བཞིན་དུ་བསམ་གཏན་མཐའ་དག་མངོན་སུམ་དུ་མཛད་ཀྱང་། དེའི་རོ་མྱང་བ་སོགས་ཀྱིས་ཉེ་བར་རམ་ལྷག་པར་མ་གོས་བ་སྟེ་དེ་ཉིད་ཀྱི་ཕྱིར་ན། གཟུགས་དག་གིས་ཉེ་བར་མ་གོས་པ་ཞེས་སོ། །གཟུགས་མེད་ཀྱི་ཏིང་འཛིན་ཐོབ་པ་ལ་རོ་མྱང་མེད་ཅིང་། དེ་ན་ཆོས་སྟོན་པ་སོགས་མེད་པས་དེར་བཞུགས་པའང་མེད་ཕྱིར། གཟུགས་མེད་པ་དག་དང་མ་འདྲེས་པ་ཞེས་སོ། །གཉིས་པ་འབྲས་བུ་སྡུག་བསྔལ་ལས་འདས་པ་དང་། རྒྱུ་ཀུན་འབྱུང་ལས་འདས་པ་གཉིས་དང་པོ་ནི། སྲིད་པའི་ས་བོན་དྲུང་ནས་ཕྱུང་བའི་སྡུག་བསྔལ་མཐའ་དག་སྤངས་པས་ན། སྡུག་བསྔལ་དག་ལས་རྣམ་པར་གྲོལ་བ་ཞེས་མདོར་བསྟན་ནས། རྒྱས་བཤད་ལ། སྡུག་བསྔལ་གྱི་གཞི་ཕུང་ཁམས་སྐྱེ་མཆེད་ལས་གྲོལ་བའི་ཚུལ་ནི། ཕུང་པོ་དག་ལས་རབ་ཏུ་རྣམ་པར་གྲོལ་བ་ཞེས་ཉེ་བར་ལེན་པའི་ཕུང་པོ་ལྔ་སྐྱེ་ཞིང་འཇིག་པའི་ཆོས་ཅན་ལས་རབ་ཏུ་གྲོལ་བ་ཡིན་པས་ན་དེ་སྐད་དུའོ། །ཁམས་རྣམས་ནི་རང་རང་གི་རིགས་ཀྱི་ས་བོན་འཛིན་པའི་དོན་ཡིན་ལ། དེ་བཞིན་གཤེགས་པ་སྐྱེ་འཇིག་གི་སྤྲོས་པ་དང་བྲལ་བས་ན་ཁམས་རྣམས་དང་མི་ལྡན་པའོ། །སྐྱེ་མཆེད་རྣམས་བསྡམས་པ་ཞེས། ཕྱིའི་སྐྱེ་མཆེད་དྲུག་དམིགས་རྐྱེན་དང་། ནང་གི་དྲུག་བདག་རྐྱེན་བྱས་ནས་ཤེས་པ་ཡུལ་ལ་འཕྲོ་ཞིང་མཆེད་པ་ལ་སྐྱེ་མཆེད་ཅེས་བྱ་ལ། དེ་བཞིན་གཤེགས་པ་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་གྱིས་ན། སྐྱེ་མཆེད་རྣམས་འཕོ་ཞིང་གཡོ་བ་མེད་པས་ན་བསྡམས་པ་ཞེས་བྱ་སྟེ། སྐྱེ་མཆེད་མ་བསྡམས་པའི་འགྲོ་བ་རྣམས་ནི་མིག་གིས་གཟུགས་མཐོང་ན་མཛེས་པ་ལ་བདེ་བའི་རྣམ་པས་ཆགས། མི་མཛེས་པ་ལ་སྡུག་བསྔལ་གྱི་རྣམ་པས་སྡང་། བར་མ་ལ་བཏང་སྙོམས་ཀྱི་ཚོར་བས་རྨོངས་པ་སྐྱེ་བ་ལ་སོགས་པའོ། །མདོར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་སྣང་ཡང་། ཕུང་ཁམས་སྐྱེ་མཆེད་ལས་འདས་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པའི་སྐུ་ཡིན་པས་ཕུང་སོགས་ཐ་མལ་པའི་རང་བཞིན་ལྟ་བུ་ནི་ནམ་ཡང་མེད་དོ་ཞེས་སོ། །གཉིས་པ་རྒྱུ་ཀུན་འབྱུང་སྤང་བ་ལ་ཚིག་བཞི་སྟེ། དེའང་སྤྱིར་ཉོན་མོངས་པའི་མིང་དུ་མདུད་པ། ཡོངས་གདུང་། ཆུ་བོ། སྦྱོར་བ། ཐ་བ་སོགས་རྣམ་པ་དུ་མར་གསུངས་པ་ལས། འདིར་དང་པོ་གཉིས་བྱེད་ལས་དང་། ཐ་མ་གཉིས་ངོ་བོའི་སྒོ་ནས་བསྟན་ཏེ། སྤྱིར་ཉོན་མོངས་ཐམས་ཅད་ལ་མདུད་པ་ཞེས་པའི་སྒྲ་འཇུག་ཀྱང་། འདིར་འཁོར་བར་འཇུག་པའི་རྒྱུའི་གཙོ་བོ་སྲེད་པ་ཉིད་ལོགས་སུ་ཕྱེ་བ་དེ་ལ་མདུད་པ་ཞེས་བྱ་སྟེ། ཁམས་གསུམ་འཁོར་བར་འཆིང་བའི་བྱེད་ལས་ཅན་མདུད་པ་དམ་པོ་དང་འདྲ་བ་དེ་བདག་མེད་པའི་ཤེས་རབ་ཀྱི་རལ་གྲིས་བཅད་པ་དེས་ན་སྲེད་པ་ལས་རྣམ་པར་གྲོལ་བ་ཡིན་ལ། ཡོངས་སུ་གདུང་བ་སྟེ་སྡུག་བསྔལ་བར་བྱེད་པའི་ཉོན་མོངས་པ་ལྟ་བ་དང་མ་རིག་པ་སོགས་དབང་མེད་དུ་འཁྱེར་བའི་ཤུགས་ཅན་ཆུ་བོ་ལྟ་བུའང་སྤངས་པས་ན་ཡོངས་སུ་གདུང་བ་དག་ལས་རྣམ་པར་གྲོལ་བ། ཆུ་བོ་ལས་བརྒལ་བ་ཞེས་སོ། །དེ་ལྟར་ན་སྲེད་པས་མདུད་པ་བཞིན་དུ་བསྡམས་པ་དང་། ཉོན་མོངས་པའི་ཆུ་བོས་ཁྱེར་ནས་ཡོངས་སུ་གདུང་བ་སྟེ། རྒྱུ་འབྲས་ཕྲུགས་བཞི་པོ་ལས་གྲོལ་ལོ་ཞེས་སོ། །གཉིས་པ་རྟོགས་པ་ལ། ངོ་བོ། ཡོན་ཏན། བྱེད་ལས་གསུམ་ལས། དང་པོ་ལ་རྒྱ་ཆེ་བ་དང་། ཟབ་པ་གཉིས། དང་པོ་ཟག་པ་མེད་པའི་ཆོས་སྡེ་ཚན་ཉེར་གཅིག་ཏུ་རྣམ་པར་བཞག་པ་ལྟ་བུའི་ཡེ་ཤེས་ཀྱི་རྣམ་པ་མ་ལུས་པ་གཅིག་ཀྱང་མ་ཚང་བ་མེད་པ་ལ། ཡེ་ཤེས་ཡོངས་སུ་རྫོགས་པ་ཞེས་བྱའོ། །གཉིས་པ། དུས་གསུམ་དུ་གཤེགས་པའི་སངས་རྒྱས་ཐམས་ཅད་དང་དགོངས་པ་མི་གཉིས་ཤིང་སོ་སོ་མ་ཡིན་ཐ་མི་དད་པའི་དབྱིངས་དང་ཡེ་ཤེས་དབྱེར་མེད་པ་མཉམ་པ་ཉིད་རང་བྱུང་གི་ཡེ་ཤེས་ལ་གནས་པ་ནི། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡེ་ཤེས་ལ་གནས་པ་ཞེས་སོ། །ཡེ་ཤེས་དེའི་ཡོན་ཏན་ནི། སྲིད་ཞི་མཉམ་ཉིད་དུ་རྟོགས་ཤིང་སྙིང་རྗེ་ཆེན་པོ་དང་ངོ་བོ་ཉིད་ཀྱིས་འདུ་འབྲལ་མེད་པས་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་མི་གནས་པས་ན་མི་གནས་པའི་མྱང་འདས་ཞེས་བྱ་སྟེ། དེས་ན་མྱ་ངན་ལས་འདས་པ་ལ་མི་གནས་པ་ཞེས་སོ། །དེ་ལྟར་ཞི་བའི་དབྱིངས་ཕྱོགས་གཅིག་པ་ལ་མི་གནས་པར་ཕྱོགས་དུས་ཀྱིས་བསྡུས་པ་འཇིག་རྟེན་གྱི་ཁམས་ཀུན་ན་རྟག་ཏུ་གནས་ཤིང་ཕན་བདེའི་རྒྱུར་གྱུར་ནའང་། རང་གི་ངོ་བོ་དུས་གསུམ་མཉམ་པ་ཉིད་ཆོས་ཀྱི་དབྱིངས་སམ་ཡང་དག་པའི་མཐའ་ལས་གཡོ་བ་ཅུང་ཟད་ཀྱང་མེད་པས་ན། ཡང་དག་བའི་མཐའ་ལ་གནས་པ་ཞེས་སོ། །བྱེད་ལས་ནི། དེ་ལྟར་སྲིད་ཞིའི་མཐར་མི་གནས་པའི་སྲིད་ཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་དེ་ཉིད་ངེས་པ་དོན་གྱི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཀྱི་སྐུའམ་རྡོ་རྗེའི་སྐུ་ཡིན་ལ། དེ་ཉིད་ལ་ལྡོག་ཆས་ཕྱེ་བའི་སྐུ་གཉིས་སམ་གསུམ་དང་བཞི་ལ་སོགས་པས་དབྱེ་བས། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་ཀུན་ཏུ་ཕན་བདེ་མི་ཟད་པའི་རྒྱུར་གཞོམ་གཞིག་དང་བྲལ་བར་བཞུགས་པ་ནི་རྟག་པ་དང་ཁྱབ་པ་དང་ལྷུན་གྱིས་གྲུབ་པའི་དེ་བཞིན་གཤེགས་པའི་ཚུལ་ཏེ། འགྲོ་བ་ཕལ་པ་རྣམས་ནས་རྒྱུན་མཐའི་སེམས་དཔའ་ཆེན་པོ་རྣམས་ཀྱི་བར་གྱི་སེམས་ཅན་ཐམས་ཅད་ལ་གཟིགས་པའི་ས་ལ་བཞུགས་པ་སྟེ་ཞེས་སོ། །ཚིག་ལྔ་པོ་འདི་དག་གིས་ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་གྲུབ་ཀྱི་ཡེ་ཤེས་ལྔའང་མཚོན་ནོ། །གསུམ་པ་མཇུག་བསྡུ། ཇི་སྐད་བཤད་པ་འདི་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཞེས་བྱ་སྟེ། སྐུ་དང་ལུས་ཞེས་པའང་ཚོགས་པ་སོགས་ལ་འཇུག་པས། འདི་སྐབས་སངས་རྒྱས་ཉིད་ལ་འཇུག་གི་གསང་གསུམ་གྱི་ཟླས་ཕྱེ་བའི་སྐུ་ཁོ་ན་ལ་མི་བཟུང་ངོ་། །ཡང་དག་པ་ནི་སྒྲོ་སྐུར་དང་བྲལ་བའི་ཡིན་ལུགས་དེ་ལྟ་བུ་དག་གོ་ཞེས་སོ། །དེ་ལྟ་བུའི་སངས་རྒྱས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ཀྱི་སྐུ་ཅན་དེ་ནི་ཀུན་རྫོབ་ཐ་སྙད་པའི་ཚད་མས་གཞལ་ན་ཕྱོགས་དུས་ཐམས་ཅད་ན་རྟག་བརྟན་གཞོམ་གཞིག་དང་བྲལ་བའི་རྡོ་རྗེའི་རང་བཞིན། ལྷུན་གྲུབ་ཕན་དང་བདེ་བ་མི་ཟད་པའི་གཏེར་ཡིན་ལ། དོན་དམ་པའི་ཚད་མས་གཞལ་ན་རྟག་དང་མི་རྟག་ལ་སོགས་པའི་སྤྲོས་པ་ཀུན་ལས་འདས་པ་ཉིད་དེ། ཡང་དག་པར་ན་སྤྲོས་པ་ལས་འདས་པ་དེ་ཉིད་ཀྱི་ཕྱིར་ན། དེ་བཞིན་གཤེགས་པའི་གསང་བ་རྟག་ཁྱབ་ལྷུན་གྲུབ་བསམ་མི་ཁྱབ་པ་འདི་དངོས་སྟོབས་ཀྱི་རིགས་པས་གྲུབ་པ་ཡིན་གྱི། གཞན་དུ་ན་དེ་མི་སྲིད་པའི་ཕྱིར། དེ་བཞིན་གཤེགས་པའི་ཡོན་ཏན་ཚད་མེད་པ་ལ་དངོས་སྟོབས་ཀྱི་རིགས་པའི་ལམ་ནས་ཡིད་ཆེས་པར་འདོད་པས། དཔལ་ལྡན་ནཱ་གཱ་རྫུ་ནའི་དབུ་མའི་བསྟན་བཅོས་རྩ་བ་ནས་ཇི་སྐད་བཤད་པ་ལྟར། ཤེས་བྱ་འདི་ཀུན་རང་བཞིན་མེད་པར་ངེས་ན། དུས་ཚད་མེད་དང་ཕྱོགས་ཚད་མེད་ཀྱང་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་རྡུལ་དང་སྐད་ཅིག་མའི་ཁྱོན་དུ་མི་ཤོང་བ་ཅུང་ཟད་ཀྱང་མེད་ལ། ཕྱོགས་དུས་ཀྱི་སྣང་བ་ཐམས་ཅད་དུས་མེད་མཉམ་པ་ཉིད་དུ་མངོན་པར་མཛད་པ་དེ་ནི་མཐའ་བཞི་ལས་གྲོལ་བའི་ཡེ་ཤེས་ཀྱི་ལུས་ཅན་སངས་རྒྱས་ཀུན་དང་དབྱེར་མེད་པ་ཆེན་པོ་ཡིན་པར་ཤེས་ནས་ངེས་པ་དོན་གྱི་སྐྱབས་སུ་འགྲོ་བ་དང་། དེའི་བྱིན་རླབས་རང་སྣང་ལས་སངས་རྒྱས་སྐུ་གསུམ་གྱི་ཕྲིན་ལས་ནམ་ཡང་རྒྱུན་ཆད་པ་མེད་པའི་ཡོན་ཏན་ལའང་མི་ཕྱེད་པའི་དད་པ་ཐོབ་པ་ཁོ་ན་ཡིན་པས་དེ་ལྟར་ངེས་པར་བྱ་སྟེ། དབུ་མ་རྩ་བ་ལས། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོས་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མི་མཐོང་ངོ་། །དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །ཞེས་གསུངས་པ་ལ་སོགས་པའི་ཚུལ་དུ་ཤེས་ན་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་རྗེས་སུ་དྲན་པ་སྟེ། རྗེས་སུ་དྲན་པ་ཐམས་ཅད་ཀྱི་རྒྱལ་པོ་ཡིན་ནོ། །དེ་ལྟར་སངས་རྒྱས་ཡིད་ལ་བྱས་ནས་གསོལ་འདེབས་གཅིག་ཙམ་དང་། ཕྱག་གཅིག་འཚལ་བ་དང་། མེ་ཏོག་གཅིག་ཕུལ་བ་དང་། གཡེང་བའི་ཡིད་ཀྱིས་མཚན་ལན་གཅིག་བརྗོད་པ་དང་། འཁྲུགས་བཞིན་དུ་རྩིག་ངོས་ལ་བྲིས་པའི་སྐུ་གཟུགས་མཐོང་བ་ཚུན་ཆད་ཀྱང་དགེ་རྩ་ཆུད་མི་ཟ་བ་ཡིན་ཏེ། དམིགས་ཡུལ་སངས་རྒྱས་ཉིད་དུས་གསུམ་མཉམ་པ་ཉིད་ཀྱི་ཡེ་ཤེས་མཐར་སོན་པའི་དབང་གིས་བསླུབ་མེད་ཅིང་འདའ་བ་མེད་པར་ངེས་ཏེ། འགུགས་བྱེད་ཀྱི་རིག་སྔགས་རྣོན་པོས་དང་། སྦྲུལ་གོམ་པ་བདུན་པས་ཟིན་པ་དང་། ལྕགས་ཀྱུས་ཟིན་པའི་ཉ་རྣམས་རང་གི་སྟོབས་ཀྱིས་རྩོལ་མི་དགོས་པར་དབང་མེད་དུ་བྱེད་པའི་དབང་གིས་འཇུག་པ་བཞིན་ནོ། །འདི་དག་ཀྱང་མའི་ལ་དུའི་ཚིག་ལྟར་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་ཆོས་ཉིད་བསླུ་བ་མེད་པ་ལ་རིགས་པས་ངེས་པ་འདྲོངས་པ་དག་ལ་ངེས་པའི་ཤེས་པ་ཐེ་ཚོམ་གྱི་སྨག་དང་བྲལ་བ་སྐྱེའོ། །དེ་ལྟར་ན་ཕན་ཡོན་ཚད་མེད་པའི་དེ་བཞིན་གཤེགས་པ་ཉིན་མཚན་ནམ་རུང་རུང་དུ་ཡིད་ལ་བྱ་སྟེ། དེ་བཞིན་གཤེགས་པའི་མཚན་གྱི་ཡི་གེ་རྣ་བར་གྲགས་པ་དང་། དེ་ལ་མོས་པ་ཤིན་ཏུ་རྙེད་དཀའ་བ་ཡིན་ཏེ་སངས་རྒྱས་ཀྱི་མཚན་ནི་ཚད་མེད་པའི་བསོད་ནམས་མི་ཟད་པའི་འབྱུང་གནས་ཆོས་ཉིད་དང་རྟེན་འབྲེལ་དང་སྨོན་ལམ་དང་ཏིང་ངེ་འཛིན་དང་དགེ་བ་བསམ་གྱིས་མི་ཁྱབ་པའི་མཐུ་ལས་སངས་རྒྱས་ཀྱི་མཚན་གྱི་འདུ་བྱེད་སྲིད་པ་ན་ཕན་བདེའི་གཞིར་གྲགས་ཤིང་གསལ་བ་ཡིན་ཏེ། ཚེ་འདིའི་འདོད་པ་འཇོ་བའི་ནོར་བུ་དང་དཔག་བསམ་གྱི་ཤིང་དང་བུམ་པ་བཟང་པོ་བདུད་རྩིའི་བཏུང་བ་ལ་སོགས་པ་དག་མདུན་དུ་རྙེད་པར་དཀའ་ན་འདི་ལྟ་ཅི་སྨྲོས། ནོར་བུ་སོགས་ཀྱིས་ནི་ཐར་ལམ་གསལ་བར་མི་ནུས་ལ། དེ་བཞིན་གཤེགས་པའི་མཚན་གྱིས་ནི་ནམ་ཞིག་བྱང་ཆུབ་ཏུ་ངེས་པར་འཁྲིད་པའི་ཕྱིར་རོ། །དེ་ལ་དེ་བཞིན་གཤེགས་པའི་གསང་བ་བསམ་མི་ཁྱབ་པའི་བྱིན་རླབས་ལས་སྣང་བའི་མཚན་གྱིས་ཕུན་སུམ་ཚོགས་པའི་བདེ་བ་སྟེར་བར་བྱེད་པའང་དངོས་པོའི་ཆོས་ཉིད་རྟེན་འབྲེལ་གྱི་ནུས་པ་བསམ་མི་ཁྱབ་པ་ནམ་ཡང་བསླུ་བ་མེད་པ་ཡིན་ཏེ། ལེགས་པར་བརྟགས་ན་ནོར་བུ་སོགས་བེམ་པོ་རྡུལ་དུ་མ་ཚོགས་པ་དང་། གྲུབ་པའི་རིགས་སྔགས་དག་ཀྱང་ངག་གི་སྒྲ་སྐད་ཅིག་དུ་མའི་ཕྲེང་བ་ལས་བདེན་པར་གྲུབ་པ་ཅུང་ཟད་མེད་ཀྱང་། བསྟེན་པ་པོ་ལ་ཕུན་སུམ་ཚོགས་པའི་དཔལ་སྟེར་བ་ལ་བསྙོན་དུ་མེད་པ་བཞིན་རང་བཞིན་སྟོང་པ་ཉིད་ཀྱི་དབང་གིས་དངོས་པོའི་ནུས་པ་རྟེན་འབྱུང་བསླུ་བ་མེད་པ་ལ་ཡིད་ཆེས་པར་བྱས་ན་སྒྲུབ་པ་ཐམས་ཅད་དོན་དང་ལྡན་པ་ཉིད་དོ། །མདོ་ལས་ཀྱང་། སེམས་ཅན་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པ་བས། །དགེ་བསྙེན་གཅིག་ལ་ཟན་གཅིག་བྱིན། །དེ་བས་བསོད་ནམས་གྲངས་མེད་བསྐྱེད། །དགེ་སློང་དད་པའི་རྗེས་འབྲང་དང་། །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་། །དགྲ་བཅོམ་རང་རྒྱལ་བར་དུ་སྦྱར། །ལ་ལས་ཕྱོགས་བཅུའི་རྡུལ་སྙེད་ཀྱི། །རང་རྒྱལ་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་མ་སྙེད། །ལྷ་ཡི་ཟས་གོས་བྱིན་པའམ། །གང་གིས་སངས་རྒྱས་སྒྲ་ཐོས་སམ། །སངས་རྒྱས་སྐུ་གཟུགས་བྲིས་པའམ། །འཇིམ་པ་ལས་བྱས་མཐོང་པ་ཡང་། །དེ་བས་བསོད་ནམས་ཆེས་ལྷག་ན། །སྐུ་མཐོང་ཐལ་མོ་སྦྱར་བའམ། །བསྔགས་པ་ཚིག་གཅིག་ཙམ་བརྗོད་དམ། །མཆོད་པ་བྱེད་པ་ལྟ་ཅི་སྨྲོས། །གང་གིས་སངས་རྒྱས་མཚན་བཟུང་སྟེ། །ཡིད་ཆེས་མོས་ཤིང་མི་སྤོང་ན། །ཞིང་བཅུ་རིན་པོ་ཆེ་ཡིས་བཀང་། །སངས་རྒྱས་རྣམས་ལ་ཉིན་རེ་བཞིན། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །ཕུལ་བའི་དགེ་བས་དཔེར་མི་ཕོད། །གཞན་ཡང་མཚན་ཙམ་བཟུང་བ་ལའང་། །ཚེ་འདི་ཉིད་དང་ཕྱི་མར་ཡང་། །ཕན་ཡོན་མཐའ་ཡས་གསུང་གྱུར་ན། །རྒྱལ་བའི་བསྔགས་པ་འདི་ལྟ་བུ། །ཀློག་དང་ཡིད་བྱེད་སྨྲོས་ཅི་དགོས། །ཞེས་གསུངས་པས་མཚོན་ཏེ་རྒྱས་པར་མདོ་རྣམས་ལས་ཤེས་པར་བྱའོ། །གཉིས་པ་ཆོས་རྗེས་སུ་དྲན་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ། དམ་པའི་ཆོས་ནི་ཞེས་པ་ནས་ཡོངས་སུ་བྱང་བ་ཞེས་པའི་བར་གྱིས་བསྟན་ཏེ། དེ་ལ་སྤྱིར་ཌུ་དྷ་ཉ་འཛིན་པའི་བྱིངས་ལས་བསྒྲུབས་པའི་དྷརྨཱའི་སྒྲ་ནི་ཤེས་བྱ་དང་ལམ་སོགས་བཅུ་ལ་འཇུག་སྟེ། ཆོས་ཤེས་བྱ་རང་གི་མཚན་ཉིད་འཛིན་པ་དང་། དགེ་བཅུ་སོགས་ངན་སོང་ལས་འཛིན་པ་དང་། ལམ་མཐའ་གཉིས་ལས་འཛིན་པ་ཡིན་པ་སོགས་ཀྱིས་སྐབས་སོ་སོར་གོ་བ་ལེན་དགོས་ཀྱང་། འདི་སྐབས་དམ་པའི་ཆོས་ཞེས་ཤེས་བྱའི་ཆོས་རྣམས་ཀྱི་ནང་ན་དམ་པ་དང་། རབ་དང་། ཕུལ་དུ་གྱུར་པ་ནི་རྒྱུ་ལམ་དང་། འབྲས་བུ་འགོག་པ་མྱང་འདས་ཀྱི་ཆོས་གཉིས་དང་། དེའི་རྒྱུ་མཐུན་ལུང་གི་ཆོས་དང་བཅས་པ་སྟེ། མདོར་ན་ལུང་དང་རྟོགས་པའི་དམ་པའི་ཆོས་ཞེས་བྱའོ། །དེ་ལྟ་བུའི་དམ་ཆོས་དེ་ནི། ཐོག་མར་ཐོས་པའི་དུས་སུ་ཡིད་ཆེས་ཀྱི་དད་པ་སྐྱེ་བས་ཐོག་མར་དགེ་བ་དང་། བར་དུ་བསམ་བྱུང་གི་ཤེས་པས་དོན་མྱོང་ན་གཏན་བདེའི་ལམ་གྱི་ངེས་པས་དགའ་བ་ཁྱད་པར་ཅན་སྐྱེ་བས་བར་དུ་དགེ་བའམ་ལེགས་པ་དང་། མཐར་བསྒོམ་པའི་དུས་སུ་ཡང་དག་པའི་ཡེ་ཤེས་འབྱུང་བས་སྲིད་པ་གཏན་དུ་ལྡོག་པས་ན་ཐ་མར་དགེ་བ་སྟེ་གསུམ་ཡིན་ལ་ཡང་ན་རིམ་པ་ལྟར་བརྗོད་བྱ་བསླབ་པ་གསུམ་སྟེ། ཚུལ་ཁྲིམས་དང་། ཏིང་འཛིན། ཤེས་རབ་གསུམ་སྟོན་པས་ན་ལམ་གྱི་རིམ་པ་དང་མཐུན་པར་ཐོག་མ་བར་དང་ཐ་མར་དགེ་བ་ཞེས་བཤད་དེ། སྐབས་དེ་དང་དེ་ན་གཙོ་ཆེ་བའི་ཉམས་ལེན་གྱི་རིམ་པས་སོ། །དོན་བཟང་པོ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་རྣམ་པ་གཉིས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པར་སྟོན་པ་ཡིན་པས། དོན་མེད་བ་བྱ་རོག་སོ་བརྟག་གི་བསྟན་བཅོས་ལྟ་བུ་དང་། དོན་ཆུང་བ་ཤིང་གི་ལོ་མའི་གྲངས་དང་ལུས་ཀྱི་སྲིན་བུའི་གྲངས་སྟོན་པ་ལྟ་བུའི་ཉི་ཚེ་བ་མ་ཡིན་པར་ཤེས་བྱ་མཐའ་དག་གི་ཡུལ་ལ་རྨོངས་པ་བཟློག་ནུས་བའི་དོན་གཏན་ལ་འབེབས་པས་སོ། །ཚིག་འབྲུ་བཟང་པོ་ནི། མིང་ཚིག་ཡི་གེའི་འདུ་བྱེད་ཡུལ་དེ་ལ་མ་གྲགས་པ་དང་སྡེབ་སྦྱོར་དཀྲུགས་པ་སོགས་དང་། བརྗོད་ཚུལ་མི་ལེགས་པའི་སྐྱོན་མེད་པ་སྟེ། ཕྱི་རོལ་པའི་བསྟན་བཅོས་ཁ་ཅིག་ལྟར། ཆེད་དུ་ངག་འཁྱོགས་པོས་གོ་དཀའ་བར་བྱས་པ་ལྟ་བུ་མིན་པར། དེ་བཞིན་གཤེགས་པའི་སྙིང་རྗེའི་ཐུགས་ཀྱིས་གདུལ་བྱའི་བློ་དང་འཚམས་པར་གོ་བདེ་ཞིང་འཛིན་སླ་ལ་དོན་གསལ་ཞིང་རྣ་བར་སྙན་པའོ། །ངོ་བོའི་ཆ་ནས་ཚངས་སྤྱོད་ཀྱི་ཡོན་ཏན་བཞི་དང་ལྡན་པ་སྟེ། དེའང་མ་འདྲེས་པ་ནི། གཞན་མུ་སྟེགས་སོགས་དང་ཐུན་མོང་མིན་པའི་ཕྲ་བའི་མི་རྟག་པ་དང་འདུ་བྱེད་ཀྱི་སྡུག་བསྔལ་དང་། བདག་མེད་པ་སོགས་སྟོན་པ་དེས་ན་གཞན་དང་མ་འདྲེས་བ་ཐུན་མིན་གྱི་ཡོན་ཏན་ཏེ། ཇི་སྐད་དུ། ཉོན་མོངས་དགྲ་རྣམས་མ་ལུས་འཆོས་པ་དང་། །ངན་འགྲོའི་སྲིད་ལས་སྐྱོབ་པ་གང་ཡིན་པ། །འཆོས་སྐྱོབ་ཡོན་ཏན་ཕྱིར་ན་བསྟན་བཅོས་ཏེ། །གཉིས་པོ་འདི་དག་གཞན་གྱི་ལུགས་ལ་མེད། །ཅེས་པ་ལྟ་བུའོ། །ཡོངས་སུ་རྫོགས་པ་ནི། འདོད་པ་ལྟ་བུའི་ཉོན་མོངས་པ་ཕྱོགས་རེ་དང་། ནད་ཀྱི་གཉེན་པོ་སྨན་ལྟ་བུ་སྡུག་བསྔལ་ཕྱོགས་རེ་ཞི་བའི་ཐབས་ཉི་ཚེ་བ་མ་ཡིན་པར་ཁམས་གསུམ་གྱི་ཉོན་མོངས་པ་མཐའ་དག་དྲུང་ནས་འབྱིན་པའི་གཉེན་པོ་ཡོངས་སུ་རྫོགས་པ་སྟེ། རྒྱལ་ཚབ་དམ་པས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་བ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། །ཞེས་གསུངས་པ་བཞིན་ནོ། །ཡོངས་སུ་དག་པ་ཞེས་པ་ཤེས་བྱ་ཆོས་དབྱིངས་རང་བཞིན་རྣམ་དག་གི་ངོ་བོ་ལ་དྲི་མ་ཡེ་ནས་དག་པ་ཉིད་བརྗོད་བྱར་སྟོན་པ་ཡིན་ལ། དེ་ལ་དམིགས་པའི་ཡུལ་ཅན་གྱི་ཡེ་ཤེས་ཀྱང་ཆོས་ཀྱི་དབྱིངས་དང་རྗེས་སུ་མཐུན་པས་ཕྱིན་ཅི་ལོག་གི་སྤྲོས་པས་དབེན་པ་ཡིན་པར་བསྟན་པའོ། །ཡོངས་སུ་བྱང་བ་ཞེས་པ་ཆོས་དབྱིངས་ངོ་བོ་ཉིད་ཀྱིས་དག་པ་ལ། དེ་ལྟར་མ་རྟོགས་པའི་གློ་བུར་གྱི་དྲི་མའི་ཆ་བག་ཆགས་དང་བཅས་པ་རྣམས་ཀྱང་གཤིས་མ་ནོར་བར་འཇལ་བའི་ལམ་གྱིས་སྦྱངས་ཏེ་གནས་ལུགས་ཇི་བཞིན་པ་མངོན་དུ་བྱེད་པའི་གློ་བུར་བྲལ་དག་གི་ཆ་ནས་དེ་སྐད་དུ་གསུངས་པའོ། །དེ་ལྟར་ཚངས་པ་ཞེས་པ་མྱང་འདས་ཡིན་ལ། དེའི་ལམ་མམ་སྤྱོད་པ་ཡིན་པའི་ཆོས་ནི་ཚངས་སྤྱོད་ཀྱི་ཡོན་ཏན་བཞི་དང་ལྡན་པ་ཞེས་སོ། །དེ་ལྟར་དགེ་བ་གསུམ་དང་། བཟང་པོ་གཉིས་དང་། ཚངས་སྤྱོད་བཞི་བོ་འདི་དག་མདོ་སྡེ་རྒྱན་ལས་ཀྱང་། དད་དང་དགའ་དང་བློ་རྣམས་ཀྱི། །རྒྱུ་ཕྱིར་ཆོས་འདི་དགེ་བ་ཡིན། །དོན་རྣམ་གཉིས་ལྡན་གཟུང་སླ་དང་། །ཡོན་ཏན་བཞི་ཅན་ཚངས་སྤྱོད་སྟོན། །ཅེས་དང་། ཚངས་སྤྱོད་བཞི་ཡང་། གཞན་དང་ཐུན་མོང་མ་ཡིན་ལྡན་པ་དང་། །ཁམས་གསུམ་ཉོན་མོངས་རྣམས་སྤོང་རྫོགས་བྱེད་དང་། །ངོ་བོ་ཉིད་དག་དྲི་མས་དག་པ་སྟེ། །ཚངས་སྤྱོད་ཡོན་ཏན་བཞི་ལྡན་ཡིན་པར་འདོད། །ཅེས་གསུངས་པ་བཞིན་ནོ། །གཉིས་པ་རྒྱས་བཤད་ལ། བླང་བྱའི་མཆོག་ཏུ་བསྟན་པ་དང་། གཏན་གྱི་ཡིད་བརྟན་དུ་བསྟན་པའོ། །དང་པོ་ལ་མདོར་བསྟན། རྒྱས་བཤད་གཉིས། དང་པོ། བཅོམ་ལྡན་འདས་ཀྱིས་ཆོས་ལེགས་པར་གསུངས་པ་ཞེས། ཤེས་བྱ་མཐའ་དག་ལ་ཡེ་ཤེས་ཀྱི་གཟིགས་པ་སྒྲིབ་མེད་དུ་འཇུག་པ་ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པའི་ཆོས་ནི་སྐྱོན་ཀུན་བྲལ་ཡོན་ཏན་ཀུན་རྫོགས་ཀྱི་བདག་ཉིད་ལེགས་པར་གསུངས་པ་ཁོ་ན་ཡིན་ནོ། །ཞེས་གཞན་རྨོངས་པས་བསླད་པ་ཕྱི་རོལ་བའི་ལུགས་ལ་འགལ་པའི་གནོད་པ་དུ་མའི་ཉེས་པ་དང་བཅས་པས་ན་ལེགས་པར་བཤད་པ་མེད་དོ། །ཅེས་སོ། །གཉིས་པ་རྒྱས་བཤད་ལ། སྐྱོན་བྲལ་བའི་ཆ་ནས་དང་། ཡོན་ཏན་ལྡན་པའི་ཆ་ནས་བསྟན་པ་གཉིས། དང་པོ། ཡང་དག་པར་མཐོང་སོགས་ཚིག་གསུམ་གྱི་དོན། ཇི་ལྟར་ལེགས་པར་གསུངས་པ་ཡིན་ན། ཡང་དག་པར་མཐོང་བའམ། དཔེ་ལ་ལར་ཡང་དག་པར་བསྟན་པ་ཞེས་གསུངས་ཏེ། དངོས་པོའི་གནས་ཚུལ་མ་ནོར་བར་མིག་གསལ་བས་གཟུགས་ལ་བལྟས་པ་བཞིན་དུ་གཟིགས་ནས། དོན་དེ་བཞིན་དུ་བསྟན་པ་ཡིན་པས། གདུལ་བྱ་རྣམས་ཀྱིས་ཀྱང་འདི་ལ་བརྟེན་ནས་གནས་ལུགས་མ་ནོར་བར་མཐོང་ནུས་པས་ན་ཡང་དག་པར་མཐོང་བ་སྟེ། འདི་ལ་འཁྲུལ་པ་མེད་ཅེས་པའི་ཐ་ཚིག་གོ་དཀའ་ཆེན་གྱི་འགྲེལ་པ་ན་ཚིག་ཙམ་མིན་པར་དོན་ལ་དཔྱད་ནས་ངེས་པ་ཐོབ་དགོས་པའི་དོན་དུ་འཆད་ཀྱང་། འདི་ཆོས་ཀྱི་ཡོན་ཏན་དྲན་པའི་ལྡོག་ཆར་མ་སོང་བར་གང་ཟག་གི་ཉམས་ལེན་གྱི་ཚིག་གཅིག་བར་དུ་སྟོན་པ་མི་འབྲེལ་ལོ། །ནད་མེད་པ་ཞེས་པ། ནད་ནི་ཉོན་མོངས་པའི་རྣམ་གྲངས་ཡིན་ལ། ཉོན་མོངས་པ་བག་ལ་ཉལ་བཅས་དྲུང་ནས་འབྱིན་པའི་ཟག་མེད་ཀྱི་ཆོས་འདིའི་ངོ་བོ་ནི་ཉི་མའི་དཀྱིལ་འཁོར་ལ་མུན་པའི་སྐབས་མི་ཐོབ་པ་བཞིན་དུ་ཟག་པའམ་ནད་ཉོན་མོངས་པ་མེད་པའོ། །དེས་ན་འཇིག་རྟེན་པའི་སྒྱུ་རྩལ་ལ་སོགས་པའི་བསྟན་བཅོས་དང་། རིགས་པ་ཐམས་ཅད་ཟག་པ་ཉོན་མོངས་དང་མི་འགལ་པར་མཚུངས་ལྡན་དུ་འཇུག་པ་ཡིན་ལ་འདི་ནི་དེ་ལས་ཁྱད་པར་དུ་འཕགས་པའོ། །དུས་ཆད་པ་མེད་པ་ཞེས་པ་ནི། འདི་སྐྱོན་བྲལ་ཡོན་ཏན་ལྡན་པ་ཡིན་དུ་ཟིན་ཀྱང་། འདི་ལ་ཡིད་བརྟན་དུ་བྱས་ནའང་ནམ་ཞིག་འདིའི་ཡོན་ཏན་གྱིས་མི་སྐྱོབ་པའི་དུས་ཤིག་ཡོད་དམ་སྙམ་ན་དེ་མེད་དེ། འདི་ལྟར་ནོར་བུ་དང་བུམ་བཟང་སོགས་ཕན་པའི་དངོས་པོ་བཟང་པོ་ཡང་དུས་ཆད་པ་མེད་པར་ཕན་འདོགས་པ་མིན་ནའང་། འདིས་ནི་སྤང་བྱ་སྤངས་པ་སླར་མི་ལྡོག་ཅིང་། འཕགས་ལམ་གྱིས་ཐོབ་པའི་རྟོགས་རིགས་ལས་ཀྱང་ཡོངས་སུ་ཉམས་པ་མེད་པས་ན། འདི་ནི་དུས་རྒྱུན་ཆད་པའམ་ཟད་པ་མེད་པ་ཞེས་བྱའོ། །དེ་དག་ཀྱང་དངོས་སྟོབས་ཀྱི་རིགས་པས་བསྒྲུབས་པའི་ཡིད་ཆེས་པར་བྱ་སྟེ་འདིར་ཡི་གེ་མངས་ཀྱིས་དོགས་ནས་མ་བྲིས་སོ། །གཉིས་པ་ཡོན་ཏན་ལྡན་པའི་ཆ་ནས་རྗེས་སུ་དྲན་ཚུལ་ལ་ཚིག་གསུམ་སྟེ། དེ་ཡང་། ཉེ་བར་གཏོད་པ་ཞེས་པ་སྡུག་ཀུན་གྱིས་བསྡུས་པའི་སྤང་བྱ་མཐའ་དག་སྤངས་པའི་ཟག་མེད་ཀྱི་བདེ་བ་གཏན་དུ་བ་འདིས་རང་རྒྱུད་ལ་གཏོད་པར་བྱེད་པ་སྟེ། རྒྱུ་འདི་ལས་གཞན་དུ་ཤེས་བྱའི་ཁོངས་ན་རྣམ་གྲོལ་གྱི་བདེ་བ་ཉེ་བར་གཏོད་ནུས་པ་མེད་དོ་ཞེས་སོ། །ཇི་ལྟར་གཏོད་ན་འདི་ལ་ཐོས་བསམ་སྒོམ་པས་ཞུགས་པ་དེ། རིམ་གྱིས་སྲིད་པའི་གནས་ནས་དྲངས་ཏེ་ཟག་མེད་ཀྱི་དབྱིངས་སུ་འདྲེན་པར་བྱེད་པས་སོ། །དེའང་རྒྱ་དཔེར་ཨུ་པན་ཡི་ཀ་ཞེས་ཉེ་བར་གཏོད་པའམ། ཉེ་བར་འདྲེན་པ་ཞེས་འབྱུང་ངོ་ཞེས་གསུངས་སོ། །འདི་མཐོང་བ་ལ་དོན་ཡོད་པ་ཞེས་པ་ཐོག་མ་མེད་པ་ནས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ན་འཁྱམས་པ་རྣམས། ད་རུང་དུ་ཡང་དམ་པའི་ཆོས་དང་མ་འཕྲད་ཉམས་སུ་མ་བླངས་ན་མཐའ་ཐུག་པ་མེད་པར་སྡུག་བསྔལ་བཟོད་དཀའ་བའི་འདམ་དུ་དབང་མེད་དུ་འཕྱན་པར་འདུག་པ་ལ། འདི་དང་འཕྲད་ན་རྒྱ་མཚོའི་དབུས་སུ་གྲུ་དང་འཕྲད་པ་ལྟར་མཁས་པ་རྣམས་འདི་ལ་བརྟེན་ནས་སྡུག་བསྔལ་གྱི་ཆུ་གཏེར་ཆེན་པོའི་ཕ་རོལ་ཏུ་སླར་མི་ལྡོག་པར་འགྲོ་བ་ཡིན་པས་ཤེས་བྱའི་ཁོངས་ན་མཐོང་བའམ་ཤེས་པ་ལ་འདི་ལས་དོན་ཆེ་བ་གཞན་མེད་ཅིང་། དོན་གྱི་མཆོག་མཐར་ཐུག་པ་འདི་ལ་ཡོད་པས་དེ་སྐད་ཅེས་བྱའོ། །དེ་ལ་འཁོར་བ་འདི་སྡུག་བསྔལ་གྱི་རང་བཞིན་དང་། དེའི་གཉེན་པོ་ཆོས་ཁོ་ནར་ཤེས་ཤིང་། དེ་ལ་བརྟེན་ནས་འཁོར་བའི་སྡུག་བསྔལ་བསྲབ་པར་བྱས་པས་ཡིད་ཆེས་ཀྱི་མིག་ཅན་དག་གིས་ནི་ཀྱེ་མའོ་གསུང་འདི་ནི་ཆེས་བདེན་པ་ཉིད་དོ་ཞེས་ཤིན་ཏུ་ངེས་པར་འགྱུར་ཏེ། གཞན་རྨོངས་པ་གང་དག་དམ་ཆོས་ལག་ཏུ་མཆིས་པའང་སྤོང་བར་བྱེད་པ་རྣམས་ལ་ཚིག་ཙམ་དུ་སྣང་གི་དོན་མི་མྱོང་ངོ་། །རྒྱ་དཔེ་ལ་ལར་ཨེ་ཧི་པ་ཤྲཱི་ཀཿ ཞེས་འབྱུང་བ་འདིར་ལྟོས་ཤིག་ཏུ་བསྒྱུར་བའང་འདི་ལས་དོན་ཆེན་པོ་འབྱུང་བས་ན་ལྟོས་ཤིག་ཅེས་པ་ཡིན་ཀྱང་གོང་ལྟར་བསྒྱུར་བ་ལེགས་སོ། །མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཞེས་ཤིན་ཏུ་ཟབ་ཅིང་རྟོག་གེ་དང་འཇིག་རྟེན་པའི་བློ་ཕལ་བའི་སྤྱོད་ཡུལ་མིན་པར་བསྟན་པ་སྟེ། དོན་གྱི་གནས་ཚུལ་གཟིགས་པའི་མཁས་པ་འཕགས་པ་རྣམས་ཀྱིས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་ཡུལ་དུ་འདི་མངོན་སུམ་འགྱུར་ལ། འོན་ཀྱང་རྫོགས་པར་ཡུལ་དུ་བྱེད་པ་མཁས་པ་མཐར་ཐུག་པ་སངས་རྒྱས་ཁོ་ནའི་ཡུལ་ལོ། །དོན་སྤྱིའི་ཚུལ་གྱིས་འཇལ་བའང་ཤིན་ཏུ་ཞིབ་མོའི་བློ་ཅན་མཁས་པའི་སྤྱོད་ཡུལ་ཡིན་ཅེས་སོ། །དེ་ལ་སོ་སོ་རང་རིག་པ་ཞེས་སོ་སོ་ནི་གཞན་དང་མ་འདྲེས་པའི་དོན་ཡིན་ལ། རང་ཞེས་པ་ཡུལ་དེ་དག་གི་ངོ་བོ་མ་ནོར་བ་དང་། རིག་པ་ཞེས་མཐོང་བ་སྟེ་སྒྲ་བསྡོམས་ན་གཞན་བུམ་སོགས་ཤེས་པའི་མིག་ཤེས་ལྟ་བུ་ཚུར་མཐོང་གིས་འདི་མི་ཤེས་ཀྱི། འདི་རང་ཉིད་ཤེས་པའི་ཤེས་པ་གཅིག་པུ་སྟེ་ཐུན་མོང་མིན་པའི་བློ་ཅིག་གི་ཡུལ་ཡིན་པའོ། །དེས་ན་སོ་སོ་རང་རིག་པའི་ཡེ་ཤེས་དང་ལྡན་པ་རྣམས་ཀྱི་སྤྱོད་ཡུལ་ཡིན་པས་ཐུན་མོང་མིན་པ་འཇིག་རྟེན་ལས་འདས་པའི་ཡོན་ཏན་དག །བསྒོམས་པའི་མྱོང་བས་རེག་ན་མི་འགྱུར་བའི་ཡིད་ཆེས་ཀྱི་གནས་ཡིན་ནོ་ཅེས་པའི་དོན་ཏོ། །དེ་ལྟར་ཤེས་བྱའི་ཁོངས་ན་བླང་བའམ་བཅད་པར་བྱ་བའི་མཆོག་ནི་དམ་པའི་ཆོས་ཡིན་པར་བསྟན་ནས། ད་ནི་གཉིས་པ་དེ་ལ་བླང་ཞིང་བཟུང་ན་གཏན་དུ་ཡིད་བརྟན་དུ་རུང་བའི་ཚུལ་གསུང་བ་ལ། བསྟན་བཤད་གཉིས། དང་པོ། བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་འདུལ་བ་ལ་ལེགས་པར་བརྟེན་པ་ཞེས། དེ་ལ་ཁ་ཅིག་འདི་སྙམ་དུ་སངས་རྒྱས་ཀྱི་ཆོས་ནི་ལ་ལར་ཕུང་སོགས་ཡོད་པར་བསྟན། ལ་ལར་མེད་པར་བསྟན། ལ་ལར་གཉིས་ཀར་བསྟན། ལ་ལར་གཉིས་མིན་དུ་བསྟན་པ་སོགས་མཐའ་ཡས་པས་ཡིད་བརྟན་དུ་དཀའ་སྙམ་ན། དེ་ལྟ་མིན་ཏེ། ཚད་མའི་སྐྱེས་བུ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་ཁམས་དབང་བསམ་པ་ལེགས་པར་མཁྱེན་ནས་ནོར་བུ་རིན་པོ་ཆེ་ཕྱི་དོར་བྱེད་པ་བཞིན་དུ། བདེན་པ་གཉིས་ལས་བརྩམས་པའི་ཆོས་རགས་པ་དང་ཕྲ་བ་དང་ཤིན་ཏུ་ཕྲ་བ་དང་མཐར་ཐུག་པའི་དོན་རྣམས་ཅི་ཙམ་བཟོད་པར་བསྟན་པ་དེ་ཐམས་ཅད་གདུལ་བྱའི་རྒྱུད་ཀྱི་ཉོན་མོངས་གདུལ་བ་ལ་འགྲོ་ཞིང་། མཐར་ཐུག་གི་བྱང་ཆུབ་ལ་གཞོལ་བ་ཤ་སྟག་ཡིན་གྱི། དོན་སོ་སོ་དང་འགལ་བ་དང་། ཡང་དག་པའི་དོན་མི་སྟོན་པ་ཚིག་གཅིག་ཀྱང་མེད་པར་ཐམས་ཅད་མཐར་ཐུག་གི་བྱང་ཆུབ་གཅིག་ལ་འགལ་བ་མེད་པར་འཇུག་པ་ཡིན་པས་ན་དེ་སྐད་ཅེས་བྱ་སྟེ། དཔེ་ལ་ལར་ལེགས་པར་སྟོན་པ་ཞེས་འབྱུང་བའང་དོན་དེ་འདྲའོ། །འགྲེལ་པ་ཁ་ཅིག་ན་ཡིད་རྟོན་གྱི་སྒྲར་བྱས་ནས་དེའང་འདུལ་བའི་བཅས་མཚམས་ལ་གཅེས་སྤྲས་བགྱིད་པའི་དོན་དུ་བཤད་པ་ནི་སྐད་དོད་དང་དོན་གྱི་འབྲེལ་གཉིས་ཆར་བརྟགས་པས་གཞུང་གི་དགོངས་པ་ཡིན་མིན་ཤེས་པར་ནུས་སོ། །གཉིས་པ་རྒྱས་བཤད་ལ་ཚིགས་དྲུག་ལས། དང་པོ་གཉིས་ནི། ངེས་པར་འབྱུང་བ། རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ། ཞེས་དམ་པའི་ཆོས་ཐམས་ཅད་མཐར་ཐུག་དོན་དམ་པའི་རྣམ་པ་གཅིག་ཏུ་གཞོལ་བ་དེ་ཇི་ལྟར་ཡིན་སྙམ་ན། ཀུན་ཉོན་རགས་པ་ནས་བརྩམས་ཏེ་མ་རིག་བག་ཆགས་ཀྱི་སའི་བར་གྱི་སྤང་བྱ་མ་ལུས་པ་ལས་ངེས་པར་འབྱུང་བའི་ཐབས་སྣ་ཚོགས་དང་ལྡན་པ་སྤངས་པ་ཕུན་ཚོགས་ཀྱི་རྒྱུ་བྱེད་པའི་ཆ་ནས་ངེས་པར་འབྱུང་བ་དང་། སྒྲིབ་གཉིས་ཀྱི་དྲི་མ་ཟད་པ་ན་དེ་ཉིད་དུ་བླ་མེད་རྫོགས་པའི་བྱང་ཆུབ་རྟོགས་བྱའི་མཐར་ཐུག་པའང་བརྙེས་པ་ཡིན་པས་ན་རྫོགས་པའི་བྱང་ཆུབ་ཏུ་འགྲོ་བར་བྱེད་པ་ཞེས་གསུངས་ཏེ། སྤང་བྱ་མཐའ་དག་སྤངས་ཤིང་། རྟོགས་བྱ་མཐའ་དག་རྟོགས་པའི་བྱང་ཆུབ་ཆེན་པོར་འབབ་ཅིང་གཞོལ་པས་མཐར་ཐུག་ཐེག་གཅིག་ཏུ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་དམ་པའི་ཆོས་ཀྱི་བསྟན་བྱ་མཐའ་དག་གཅིག་ཡིན་ན་གཅིག་སྤང་དགོས་པའི་འགལ་བ་ཅུང་ཟད་ཀྱང་མེད་པར་ཐམས་ཅད་འགལ་མེད་ལམ་གྱི་ཆ་རྐྱེན་གཅིག་ཏུ་རྫོགས་པས། གདུལ་བྱའི་བསམ་པའི་དབང་གིས་སངས་རྒྱས་ཀྱི་ཆོས་ཚད་མེད་པའང་མི་མཐུན་པ་མེད་ཅིང་། མི་མཐུན་པ་མེད་པ་ཙམ་དུ་མ་ཟད། འོག་མའི་ཡོན་ཏན་གྱི་ཆ་ཐམས་ཅད་གོང་མར་འདུ་ཞིང་མི་ཕྱེད་པས་དེ་དག་ཐམས་ཅད་གནད་གཅིག་ཏུ་ཚང་བ་ལ་འདུས་པ་དང་ལྡན་པ་ཞེས་གསུངས་ཏེ། དམ་པའི་ཆོས་སྣ་ཚོགས་པ་དོན་སོ་སོ་བ་འགལ་བ་ཡང་ཡིན། གཅིག་གཅིག་ལ་མི་འདུ་བ་ཡིན་ན་མཐར་ཐུག་གི་ཡིད་བརྟན་དུ་མི་རུང་ཡང་། དེ་ལྟར་མ་ཡིན་པས་ཆོས་ཆེ་ཆུང་རང་གིས་ཇི་ཙམ་བཟོད་པ་དེ་ལའང་གཏན་དུ་ཡིད་བརྟན་རུང་ཞེས་པའོ། །འདི་ལྟ་བུའི་གནད་མ་རྟོགས་པར་ཉན་ཐོས་ཀྱི་ཆོས་ནི་དམན་པའོ་སྙམ་དུ་སེམས་པ་དག་ནི་དེ་བཞིན་གཤེགས་པའི་ཆོས་ཟབ་ཅིང་རྒྱ་ཆེ་བའི་ཚུལ་ཡིད་ངོར་མ་ཤོང་ནས་ཆོས་སྤོང་བའི་ཕུང་ཀྲོལ་ལ་ཞུགས་པ་ཡིན་ནོ། །བརྟེན་པ་ཡོད་པ། རྒྱུ་བ་བཅད་པ་ཞེས། སྤྱིར་འདུས་བྱས་ཟག་བཅས་ཀྱི་ཆོས་གང་དང་གང་ལ་བརྟེན་པ་ཐམས་ཅད་མཐར་མི་འཇིག་པ་མེད་པས་འཁོར་ལོས་སྒྱུར་བ་དང་ཚངས་དབང་སོགས་ཀྱི་སྲིད་ཐོབ་ནའང་། དེ་ལ་བརྟེན་པ་མེད་པ་ཡིན་ཏེ། རང་ཉིད་ཐོབ་པ་པོ་དེ་ལ་འདུན་ཅིང་མ་གཏོང་ན་ཡང་། ཐོབ་བྱའི་ངོས་ནས་བརྟེན་པ་མེད་པའམ་གཟུང་དུ་མི་རུང་བར་འགྱུར་བ་ཡིན་ལ། ཆོས་ནི་དེ་འདྲ་མ་ཡིན་ཏེ། བརྟེན་པོ་རང་གིས་ཆོས་མ་བཏང་ན་ཆོས་ལ་བརྟན་པའམ་གཏད་སོ་འཆའ་མི་ནུས་པ་ཞིག་ཕྱོགས་དུས་ཀྱི་ཆ་གང་ནའང་མི་སྲིད་པས་སོ། །འདི་ལ་བརྟེན་པ་ཞེས་པ་ཆོས་རྟེན་དུ་བྱས་ནས་དེའི་སྟེང་ན་བརྟེན་པ་པོས་བརྟེན་པ་དེ་ནམ་ཡང་མེད་པར་མི་འགྱུར་བར་གོ་དགོས་ཏེ་སྟོན་པ་ཉིད་ཀྱིས་ཤེས་བྱའི་རྣམ་པ་མངོན་སུམ་དུ་མཛད་ནས་གསུངས་པ་ཡིན་པ་རྒྱུ་མཚན་དུ་བྱས་ནས་བརྟེན་པ་ཡོད་པ་ཞེས་སྦྱར་རོ། །ཁ་ཅིག་ཆོས་སངས་རྒྱས་ལ་བརྟེན་ཞེས་པ་ཙམ་དང་། དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྟེན་པ་ཞེས་སྦྱར་བ་ནི་གཞུང་འགའ་ཞིག་གི་དོན་སློང་མ་ནུས་པའོ། །དེ་ལ་འདི་སྙམ་དུ། དེ་ལྟར་ཆོས་དེ་མི་བསླུ་བའི་ཡིད་བརྟན་རུང་བར་གྱུར་ཀྱང་། འདི་ལྟར་འཇིག་རྟེན་གྱི་ཁམས་ན་བྱ་བ་བཟང་པོ་དང་འབྲས་བུ་བཟང་པོ་ལ་ལོངས་སྤྱོད་པ་ཐམས་ཅད་བཟང་པོར་ཟད་ཀྱང་། བཟང་པོ་མཐར་ཕྱིན་ཏེ། ད་ནི་འགྱི་བ་ཅིའང་མེད་དེ་ཞེས་མཐའ་གཅིག་ཏུ་ཡིད་བརྟན་རུང་བ་མེད་པས་ཆོས་ཀྱང་དེ་དང་འདྲའོ་སྙམ་ན་མིན་ཏེ། ཆོས་ལ་བརྟེན་ན་བཟང་པོ་མཐར་ཕྱིན་པའི་གནས་བྱ་བ་བྱས་པ་དང་། ཁུར་བོར་བ་མི་སློབ་པའི་འབྲས་བུ་ལ་སྦྱོར་བ་ཡོད་དེ། དེའི་ཚེ་ན་སླར་ཡང་བྱ་བ་གཞན་དང་གཞན་ལ་སྦྱོར་བའམ། གཅིག་ནས་གཅིག་ཏུ་བརྒྱུད་ཅིང་འགྲོ་བ་ཡང་དག་པར་ཆད་པས་ན་རྒྱུ་བ་བཅད་པ་ཞེས་ཏེ། རྣམ་བཤད་རིག་པ་ལས། གོང་ན་མེད་པ་ཉིད་ནི་རྒྱུ་བ་བཅད་པ་ཉིད་ཀྱིས་ཏེ། ཆེས་ཤིན་ཏུ་མཆོག་ཏུ་འགྲོ་བ་ནི་རྒྱུ་བའོ། །དེ་འདིར་ཡང་དག་པར་ཆད་པས་ན་རྒྱུ་བ་བཅད་པའོ། །ཞེས་གསུངས་སོ། །འདི་ལ་སེམས་སེམས་བྱུང་གི་རྒྱུ་བ་བཅད་པ་དང་། འཁོར་བར་འགྲོ་བ་བཅད་པ་སོགས་སྣ་ཚོགས་ཞིག་འགྲེལ་པ་སོ་སོ་ན་བཤད་ཀྱང་ཕྱོགས་རེ་བ་སྟེ་ཟུར་མ་ཕྱིན་པའོ། །ཚིག་ཕྱི་མ་འདི་གཉིས་དོན་བརླིང་པས་གསལ་པོར་འདི་ན་ཕྱེ་བ་ཁོ་ནའོ། །དེ་ལྟ་ན་ཤེས་བྱའི་ཆོས་ཀྱི་ཁོངས་འདི་ན་ཡིད་བརྟན་འགྱུར་མེད་དུ་རུང་བའི་དངོས་པོ་ནི་ཆོས་ཁོ་ན་ཡིན་པར་ཤེས་ཤིང་། འདས་དང་ད་ལྟ་དང་མ་འོངས་པའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་དང་། འགྲོ་བའི་བདེ་སྐྱིད་ལེགས་ལམ་ཐམས་ཅད་ཆོས་ཀྱི་སྣང་བ་ཁོ་ན་ལས་བྱུང་བར་ཡིད་ཆེས་ནས་དམ་པའི་ཆོས་འཛིན་པའི་སྨོན་ལམ་གདབ་པར་བྱ་སྟེ། དེ་དག་ཏུ་རྒྱལ་བའི་སྲས་ཀྱི་སྨོན་ལམ་ཚད་མེད་པའང་འདུ་བར་མདོ་ལས་གསུངས་པའི་ཕྱིར་རོ། །དེ་ལྟར་ཆོས་ཀྱི་ཡོན་ཏན་རྗེས་སུ་དྲན་ནས་ད་ལྟ་དམ་པའི་ཆོས་རིན་པོ་ཆེའི་སྣང་བ་འདི་དང་འཕྲད་པ་རེ་དགའ་སྙམ་དུ་རང་ནུས་དང་བསྟུན་པའི་ཆོས་གཟུང་བར་བྱ་སྟེ། དེ་ལའང་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་སྒོམ་པའོ། །ཞེས་པ་ལྟར་ཆོས་སྤྱོད་བཅུའི་ཚུལ་གྱིས་ཉམས་སུ་ལེན་པས་མི་ཚེ་དོན་ཡོད་པ་ལ་འབད་པར་བྱའོ། །དེ་ལྟ་ན་དམ་པའི་ཆོས་ཞེས་བྱ་བའི་ཚིགས་བཅད་གཅིག་ཐོས་པ་དང་། གཟུང་བ་དང་། འཆད་པ་དང་། དོན་སེམས་པའི་ཕན་ཡོན་ཀྱང་ཚད་མེད་དཔག་ཏུ་མེད་པ་དག་རྒྱས་པར་མདོ་ལས་ཤེས་པར་བྱའོ། །གསུམ་པ་དགེ་འདུན་གྱི་ཡོན་ཏན་རྗེས་སུ་དྲན་ཚུལ་ལ། དགེ་འདུན་གྱི་ཡོན་ཏན་བསྟན་པ་དང་། ཡོན་ཏན་དེ་དང་ལྡན་པ་སྦྱིན་གནས་ཀྱི་མཆོག་ཏུ་བསྔགས་པ་གཉིས། དང་པོ་ལ་རྒྱུད་ཡོངས་སུ་དག་པ་དང་། ཞིང་མཆོག་གི་ཡོན་ཏན་གཉིས། དང་པོ་ཐེག་པ་ཆེན་པོའི་དགེ་འདུན་ནི། ཞེས་པ་ནས། མཐུན་པར་ཞུགས་པའི་བར་གྱིས་བསྟན། དེ་ལ་དགེ་འདུན་ཞེས་པ་བདུད་བྱེ་བ་ཁྲག་ཁྲིག་གིས་ཀྱང་ལམ་ལས་དབྲལ་བར་མི་ནུས་པས་ན་མི་ཕྱེད་པའི་འདུན་པ་ལྡན་པའི་མིང་སྟེ་འཕགས་པའི་གང་ཟག་གི་དོན་ཏོ། །དེ་ལ་འདིར་སངས་རྒྱས་ཀྱི་ཐེག་པ་ནི་འཇིག་རྟེན་ལས་འདས་པའི་ཕྱིར་ཆེན་པོ་ཡིན་པའམ། ཡང་ན་དམིགས་པ་སོགས་ཆེན་པོ་བདུན་དང་ལྡན་པའི་ཐེག་པ་ལ་གནས་པའི་འཕགས་པ་རྣམས་ནི། ཉེས་པའི་སྐྱོན་གྱི་རྣམ་པ་མཐའ་དག་དང་བྲལ་བའི་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་པས་ལེགས་པར་ཞུགས་པ། དོན་རྣམ་པར་ངེས་པའི་ཏིང་ངེ་འཛིན་སེམས་ཀྱི་བསླབ་པ་དང་ལྡན་པས་རིགས་པར་ཞུགས་པ། རྟག་ཆད་སོགས་ཀྱི་མཐའ་ལ་མི་གནས་པས་ཡང་དག་པའི་ལྟ་བ་ཤེས་རབ་ཀྱི་རྒྱུད་གྲོལ་བས་དྲང་པོར་ཞུགས་པ། ཐམས་ཅད་ཀྱང་ལྟ་བ་དང་ཚུལ་ཁྲིམས་འགྲོ་དོན་སོགས་མི་མཐུན་པ་མེད་པར་མྱང་འདས་ལ་ཞུགས་པ་ལ་མཐུན་པར་ཞུགས་པ་ཞེས་བྱ་ལ། ཡང་ན་ལེགས་པར་ཞུགས་པ་ཞེས་པ་འདི་མདོར་བསྟན་དུ་གསུངས་པ་ལྟར་ན། རྒུད་པ་མཐའ་དག་ཟློག་པའི་ལམ་ཡང་དག་ལ་ཞུགས་པ་ནི་ལེགས་པར་ཞུགས་པ་སྟེ། ཕྱི་རོལ་པ་དག་ལ་ལམ་ཡང་དག་མེད་པས་ལེགས་པར་ཞུགས་པ་མིན་ཞེས་སྟོན་ལ། རྒྱས་བཤད་དུ་རིགས་པར་ཞུགས་པ་ཞེས། རིགས་པ་ནི་མྱང་འདས་ཡིན་ལ། དེ་ལ་ཞུགས་པ་ནི་འབྲས་བུའི་ཆ་ནས་དང་། དྲང་པོ་འཕགས་པའི་ལམ་སྟེ། མདོ་ལས། དྲང་པོ་གང་ཡིན་འཕགས་པའི་ལམ། ཞེས་གསུངས་པ་ལམ་གྱི་ལྡོག་ཆ་ནས་བསྟན། མཐུན་པ་ནི་འཕགས་ལམ་ལ་ཞུགས་པ་ཐམས་ཅད་མྱང་འདས་ཀྱི་གྲོང་ཁྱེར་དུ་ཕྱིར་མི་ལྡོག་པར་འགྲོ་བ་ལ་མཐུན་པས། མི་མཐུན་པ་མེད་པ་ཞེས་ཞུགས་པ་པོ་གང་ཟག་གི་ལྡོག་ཆ་ནས་བསྟན། ཡང་ན་རིམ་པ་བཞིན་ལམ་སྟོར་བ་དང་། ནོར་བ་དང་། གོལ་བ། ལྡོག་པ་བཞི་བྲལ་བའི་ཆ་ནས་དེ་ལྟར་ཞུགས་པ་ཞེས་བྱ་སྟེ། དོན་དུ་མི་ལེགས་པ་སོགས་ཕྱིན་ཅི་ལོག་བཞི་བྲལ་བའི་ཡང་དག་པ་མ་ནོར་བའི་ལམ་ལ་ཞུགས་པ་ནི་འཇིག་རྟེན་ན་རྒྱུད་དག་པའི་གང་ཟག་གོ་ཞེས་སོ། །གཉིས་པ་ཐལ་མོ་སྦྱར་བའི་ཞེས་སོགས་ནས་ཡོན་ཡོངས་སུ་བྱང་བ་ཆེན་པོ་ཞེས་པའི་བར་གྱི་བསྟན་དོན་ནི། ཟབ་མོའི་ཆོས་ཉིད་རྟོགས་པའི་རྒྱུད་དག་པའི་གང་ཟག་ཡིན་པས་འདི་ལ་གཞན་གྱིས་གུས་པའི་རྣམ་འགྱུར་ལག་པ་ཐལ་མོ་སྦྱར་བའི་འོས་སུ་གྱུར་པ་ཡིན་ལ་འགྲོ་བའི་འདྲེན་པ་དམ་པ་ཡིན་པས་འདི་ལ་ཕྱག་འཚལ་བ་དོན་ཆེ་བས་ཕྱག་བྱ་བའི་འོས་སུ་གྱུར་པ་དང་། ཡོན་ཏན་མཆོག་གིས་རྒྱུད་མཛེས་པ་གང་བསོད་ནམས་ཀྱི་དཔལ་གྱི་ཞིང་སྟེ། དཔལ་ནི་བཟང་པོའམ་ཕུན་སུམ་ཚོགས་པ་སྤྱིའི་མིང་ཡིན་ལ། བསོད་ནམས་ཀྱང་ཡིན་ལ་དཔལ་ཡང་དེ་ཡིན་པས། བསོད་ནམས་ཀྱི་དཔལ་ཕུན་སུམ་ཚོགས་པ་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་བས་དེའི་གཞི་ཞེས་བྱ་ཞིང་། སྐྱོན་བྲལ་ཡོན་ཏན་ལྡན་པ་འདི་ནི་སྟོང་གསུམ་གྱི་འབྱོར་པས་མཆོད་ཀྱང་རང་ཉིད་ལ་སྒྲིབ་པར་མི་འགྱུར་བས། འདི་ལ་ཕུལ་བའི་ཡོན་རྣམས་ནི་ཡོངས་སུ་སྤྱོད་པ་སྟེ་ཡོན་ལ་སྤྱོད་པའི་ཉེས་པ་མེད་པར་མ་ཟད་གཞན་གྱི་ཚོགས་རླབས་པོ་ཆེ་རྫོགས་པར་མཛད་པའི་ཡོན་སྦྱོང་བ་ཆེན་པོ་ཞེས་སོ། །མདོར་ན་ཐལ་མོ་སྦྱར་བ་ལ་སོགས་པའི་བཀུར་སྟི་དང་། ཕྱག་འཚལ་བ་སོགས་ཀྱི་སྒོ་ནས་སྐྱབས་སུ་བརྟེན་པའི་འོས་ཡིན་པ་དང་། གཞན་ཕན་མི་ཟད་པའི་དཔལ་གྱི་ཞིང་ཡིན་པ་དང་། ཡོན་གྱིས་སྒྲིབ་པར་མི་འགྱུར་ཞེས་སྟོན་པ་སྟེ། བཀུར་འོས་རྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་ཞེས་གསུངས་པ་བཞིན་ནོ། །དེས་ན་དགེ་འདུན་རྣམས་རང་རྒྱུད་ཡོངས་སུ་དག་པའི་དབང་གིས་ན། གཞན་གྱིས་མཆོད་པ་ལ་སོགས་པའི་འོས་སུ་འགྱུར་ཞེས་སོ། །གཉིས་པ་ཡོན་ཏན་དེ་ལྡན་སྦྱིན་གནས་ཀྱི་མཆོག་ཏུ་བསྟན་པ་ལ་ཚིག་གཉིས་ཏེ། སྦྱིན་པའི་གནས་སུ་གྱུར་པ་ཞེས་པ། ཞིང་བཟང་པོ་ལ་ལོ་ཏོག་ལྟར་གང་ལ་ཕུལ་ན་དོན་ཆེ་བས། ཕན་བདེའི་འབྲས་བུ་རབ་དང་ཕུལ་དུ་གྱུར་པ་ཚད་མེད་པ་འབྱིན་པས་སོ། །ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོ་ཞེས། ཕྱོགས་དང་གནས་སྐབས་ཀུན་ཏུ་ཡང་སྟེ་འཇིག་རྟེན་གྱི་ཁྱོན་ཀུན་ཏུ་ཡང་སྦྱིན་པའི་གནས་སུ་གྱུར་པ་ཆེན་པོ་སྟེ། འདི་དང་མཚུངས་པའི་སྦྱིན་གནས་གཞན་མེད་ཅེས་པའོ། །འཇིག་རྟེན་པ་ནི་ཉོན་མོངས་བས་རྒྱུད་བསླད་པ་ཡིན་ལ། འདི་ནི་དེ་ལས་རྣམ་པར་གྲོལ་བས་ན་ནོར་བུ་དབང་གི་རྒྱལ་པོ་དྲི་མ་མེད་པ་ལྟ་བུའོ། །ཚིག་ཕྱི་མ་དྲུག་པོ་འདི་ཚོགས་ལམ་པ་ཐལ་མོ་སྦྱར་བའི་འོས་ནས། སྦྱོར་ལམ་ཕྱག་བྱ་བའི་འོས། ཕྱི་མ་བཞི་རྒྱུན་ཞུགས་ནས་མི་སློབ་པའི་དགྲ་བཅོམ་པའི་བར་དུ་སྦྱར་ཏེ་གསུངས་པའང་ཡོད་དོ། །མདོར་ན་ལམ་དམ་པའི་ཆོས་དེ་ཉིད་ཡང་དག་པར་རིག་པས་གྲུབ་ན། དེ་ལ་སློབ་པ་དགེ་འདུན་དང་། སློབ་པ་མཐར་ཕྱིན་པའི་སངས་རྒྱས་ལ་ཡིད་ཆེས་པ་སྐྱེ་བར་འགྱུར་བས་དེ་བཞིན་གཤེགས་པའི་བདེན་པ་བཞི་དང་ལྡན་པ་ཟབ་མོ་རྟེན་འབྱུང་གི་རིགས་ལམ་ལ་ཡང་དག་པའི་ངེས་པ་བསྐྱེད་ཚུལ་ལ་འབད་ན་མཆོག་གསུམ་ལ་མི་ཕྱེད་པའི་དད་པ་སྐྱེ་བར་འགྱུར་རོ། །དེ་ལྟར་དགེ་འདུན་དངོས་དང་། རྟགས་ཙམ་འཆང་བ་ལའང་དམ་པའི་ཆོས་རིན་པོ་ཆེའི་ཡོན་ཏན་ཤེས་པར་བྱས་ནས་བཀུར་སྟི་དང་མཆོད་པ་ཅི་ནུས་བྱ་སྟེ་བསོད་ནམས་ཚད་མེད་པ་འབྱུང་བའི་ཕྱིར་རོ། །དེ་སྐད་དུའང་མདོ་ལས། གང་ཞིག་ཟླ་བ་རེ་རེ་ལ། མཆོད་སྦྱིན་བརྒྱ་སྟོང་མཉམ་བྱས་པས། །དགེ་འདུན་རྣམས་ལ་དད་བྱས་པ། །དེ་ཡི་བཅུ་དྲུག་ཆར་མི་ཕོད། །ཅེས་གསུངས་པས་མཚོན་ཏེ་རྒྱས་པར་མདོ་ལས་ཤེས་པར་བྱའོ། །བཞི་པ་མཇུག་དོན་གཞུང་ཆ་ཚང་བར་སྟོན་པའི་ཚིག །འཕགས་པ་དཀོན་མཆོག་གསུམ་རྗེས་སུ་དྲན་པའི་མདོ་རྫོགས་སོ། །ཞེས་སོ། །དེ་ལྟར་ན་ཕྱོགས་དུས་ཀྱི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཀུན་ན་ཕན་བདེ་མཐའ་དག་གི་འབྱུང་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ཞེས་གྲགས་པའི་གདུགས་དཀར་པོ། མཁའ་དང་སྲིད་པའི་མཐའ་ནམ་དུའང་འཇིག་པ་མེད་པའི་རང་བཞིན། དགེ་མཚན་བཀྲ་ཤིས་བྱེ་བའི་འབྱུང་གནས་འདི་དྲན་པ་ཙམ་གྱིས་ཀྱང་རྒུད་པ་མ་ལུས་པ་ལས་དབུགས་འབྱིན་པ་ཡིན་ཏེ་མདོ་རྒྱལ་མཚན་དམ་པ་ནས་འཇིགས་པའམ་བག་ཚ་བའམ་སྤུ་ཟིང་ཞེས་བྱེད་པར་གྱུར་ན་སངས་རྒྱས་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་མི་དྲན་ན་ཆོས་རྗེས་སུ་དྲན་པར་གྱིས་ཤིག །གལ་ཏེ་མི་དྲན་ན་དགེ་འདུན་རྗེས་སུ་དྲན་པར་གྱིས་ཤིག །དེས་འཇིགས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ། །ལྷ་མིན་གྱི་གཡུལ་ཉེ་བར་གནས་པར་གྱུར་པ་ན། བརྒྱ་བྱིན་གྱིས་ལྷ་རྣམས་ལ་སྨྲས་པ། ཁྱེད་ཅག་གཡུལ་དུ་འཇིགས་པའི་ཚེ་ངའི་རྒྱལ་མཚན་མཆོག་རྣམ་པར་རྒྱལ་བྱེད་རྗེས་སུ་དྲན་པར་གྱིས་ཤིག །དེ་མི་དྲན་ན་ལྷའི་བུ་དབང་ལྡན་གྱི་རྒྱལ་མཚན་མཆོག་དྲན་པར་གྱིས་ཤིག །གལ་ཏེ་མི་དྲན་ན་ལྷའི་བུ་ཆུང་ལྷའི་རྒྱལ་མཚན་མཆོག་དྲན་པར་བགྱིས་ན་དེས་འཇིགས་པ་སེལ་བར་འགྱུར་རོ་ཞེས་སྟོན་པ་དེ་བཞིན་དུ་དཀོན་མཆོག་གསུམ་དྲན་པར་བྱ་བར་གསུངས་པ་དང་། དེ་ལས་བསོད་ནམས་ཚད་མེད་པ་ཐོབ་སྟེ་རྡོ་འཕང་བའི་མདོ་ལས། གནས་འཇོག་གི་རྒྱུད་དག་འོན་ཀྱང་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ་ནི་འཁོར་བར་ཟད་པར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པའང་ཐོབ་པར་བྱེད་པའོ། །ཆོས་ལ་དགེ་བའི་རྩ་བ་བསྐྱེད་པ་དང་། དགེ་འདུན་ལ་དགེ་རྩ་སྐྱེད་པ་ནི་འཁོར་བར་ཟད་བར་མི་འགྱུར། ཡོངས་སུ་གཏུགས་པར་མི་འགྱུར་ཞིང་། མྱ་ངན་ལས་འདས་པ་མི་ཟད་པའང་ཐོབ་པར་བྱེད་དོ་ཞེས་དང་། དེ་བཞིནའཛམ་གླིང་ཆུ་ཞེང་དུ་དཔག་ཚད་བདུན་སྟོང་པ། ལུས་འཕགས་པོ་ཆུ་ཞེང་བརྒྱད་སྟོང་། ནུབ་གླིང་དགུ་སྟོང་། བྱང་གླིང་དཔག་ཚད་ཁྲི་ཡོད་པ་གོམ་པས་གཞལ་ནུས་ཀྱི། མཆོག་གསུམ་ལ་དགེ་རྩ་བསྐྱེད་པ་གཞལ་མི་ནུས་པ་དང་། དེ་བཞིན་རི་རབ་ཁོར་ཡུག་དང་བཅས་པ་སྲང་ལ་གཞལ་བ་དང་། རྒྱ་མཚོ་ཆེན་པོ་བུམ་པས་གཞལ་ནུས་ཀྱང་མཆོག་གསུམ་ལ་དགེ་རྩ་བསྐྱེད་པ་གཞལ་མི་ནུས་ཞེས་གསུངས་པ་དེ་དག་ནི་རེ་ཞིག་མཚོན་པའི་སྒོ་ཙམ་སྟེ། དོན་དུ་དཀོན་མཆོག་གསུམ་གྱི་ཡོན་ཏན་ནམ་མཁའི་གཏོས་ལས་ཀྱང་ཤིན་ཏུ་ཡངས་པ་དྲི་མ་མེད་པ་མཆོག་དང་བླ་ན་མེད་པ་ཡིན་པས། དེ་ལ་མོས་པ་སོགས་ཀྱི་ཕན་ཡོན་ཀྱང་དེ་ཙམ་དུ་ཚད་བཟུང་དུ་མེད་དོ། །དེའི་ཕྱིར་སྐྱབས་ཡང་དག་ཐམས་ཅད་མཆོག་གསུམ་པོ་འདི་ལ་མ་འདུས་པ་མེད་པས། བློ་ལྡན་རྣམས་ཀྱིས་འདི་གསུམ་གྱི་ཡོན་ཏན་དྲན་ནས་གཏན་གྱི་སྐྱབས་ཡང་དག་ཏུ་ཁས་བླངས་ན་དུས་དེ་ཙམ་ནས་སྲིད་པ་མཐར་བྱེད་པའི་མགོ་བརྩམ་ཞིང་གཏན་དུ་བདེ་བའི་མགོ་ཚུགས་པ་ཡིན་ནོ། །འདི་ལྟར་སངས་རྒྱས་ཐམས་ཅད་དགོངས་པ་རོ་མཉམ་ཡང་། ཐུགས་བསྐྱེད་དང་སྨོན་ལམ་གྱི་རོལ་པ་ཚད་མེད་པས་དུས་གསུམ་གྱི་རྒྱལ་བ་གྲངས་ཀྱིས་མི་ཆོད་པ་རེ་རེའི་བ་སྤུའི་བུ་ག་གཅིག་དང་། སྐུའི་འོད་ཟེར་གཅིག་གི་ཡོན་ཏན་ཀྱང་དེ་བཞིན་གཤེགས་པས་ནམ་མཁའ་སྲིད་དུ་བརྗོད་ཀྱང་མི་འཛད་པ་མངའ་བ་དེ་ཐམས་ཅད་གཅིག་ཅར་ཡིད་ལ་བྱས་པ་དང་། དམ་པའི་ཆོས་ལུང་ཚིགས་སུ་བཅད་པ་ཞིག་ཐོས་ཀློག་གི་ཕན་ཡོན་ཚད་མེད་པ་ཇི་སྐད་བཤད་པ་དེ་བཞིན་ཕྱོགས་དུས་ཀྱི་དམ་པའི་ཆོས་མཐའ་དག་ལམ་ཡང་དག་ཏུ་མཐོང་ནས་ཡིད་ལ་བྱས་པ་དང་། ཕྱོགས་བཅུ་དུས་གསུམ་གྱི་དགེ་འདུན་འཕགས་པ་ཚད་མེད་པ་བཞུགས་པ་ལས། དེ་གཅིག་གི་བྱམས་པའི་ཏིང་ངེ་འཛིན་ལ་གནས་པ་ལས་བསྐྲུན་པའི་དགེ་རྩ་ཡང་ཚད་མེད་ན། ཐམས་ཅད་མོས་པའི་ཡུལ་དུ་བྱས་པ་ལ་ཕན་ཡོན་ཚད་མེད་པ་ལྟ་ཅི་སྨྲོས་ཏེ། གནས་འདི་ལ་ཡིད་ཆེས་ནས་མདོ་འདི་ལན་གཅིག་འདོན་པ་ཡང་དཀོན་མཆོག་གསུམ་ལས་བརྩམས་པའི་དགེ་རྩ་ཇི་སྙེད་ཅིག་བཀའ་སྩལ་པ་མ་ལུས་པའི་འབྱུང་གནས་ཡིན་ན། འཆད་པ་སོགས་ལ་ཕན་ཡོན་ཚད་མེད་པ་ལྟ་ཅི་སྨྲོས། མདོ་འདི་ལན་གཅིག་ལེགས་པར་མཉན་པ་དེ་ཙམ་གྱིས་ཀྱང་མི་ལུས་ཐོབ་པ་དོན་ཆེན་པོར་གྱུར་པ་ཤེས་པར་བྱའོ། །དཔལ་ལྡན་བཀྲ་ཤིས་བྱེ་བའི་འབྱུང་གནས་མཆོག །རིན་ཆེན་གསུམ་གྱི་སྙན་པའི་བ་དན་གང་། །ལེགས་བཤད་དྲི་ཡི་བཞོན་པས་ཉེར་བསྐྱོད་ཚེ། །བཀྲ་ཤིས་འཛད་པ་མེད་པའི་སྒྲ་དབྱངས་ཀྱིས། །འཇིག་རྟེན་ཀུན་གྱི་རྒུད་པ་མཐར་བྱེད་ཅིང་། །ཕུན་ཚོགས་དཔལ་ལ་རྟག་ཏུ་རོལ་པ་ཡི། །རྟེན་འབྱུང་ལེགས་ལམ་སྣང་བའི་སྒོ་འཕར་ཉིད། །བཀྲ་ཤིས་ཆོས་ཀྱི་མཛོད་ལྡན་དེ་ཡིས་ཕྱེས། །ལྷག་བསམ་ཟླ་བ་གསར་པའི་ལང་ཚོ་ནི། །བློ་མཆོག་ནམ་མཁའི་ཁམས་ལ་རྟག་གནས་ཤིང་། །ཕན་བདེའི་འོད་ཟེར་དཀར་པོས་འཇིག་རྟེན་ཁྱོན། །ཀུན་ཏུ་དགའ་བའི་བཀྲ་ཤིས་འཕེལ་གྱུར་ཅིག །བཀྲ་ཤིས་ལྷ་རྩེར་གྲགས་པའི་གནས་ཀྱི་ཆར། །བཀྲ་ཤིས་ཕུན་ཚོགས་སྟོན་འཁོར་འདུས་པའི་སྐབས། །བཀྲ་ཤིས་དགེ་མཚན་དུ་མའི་རྐྱེན་དབང་གིས། །བཀྲ་ཤིས་མི་ནུབ་གཏམ་གྱི་རྒྱལ་མཚན་བསྒྲེངས། །ལེགས་བྱས་འདི་ཡིས་དཔལ་ལྡན་བླ་མ་མཆོག །ཡུན་རིང་ཞབས་བརྟན་དགེ་འདུན་སྡེ་འཕེལ་ཞིང་། །མཛད་པ་མཐར་ཕྱིན་སྐྱེ་རྒུའི་ཕན་བདེའི་དཔལ། །ནམ་ཡང་མི་ཉམས་རྟག་ཏུ་འཕེལ་གྱུར་ཅིག །ཅེས་པའང་མཁས་བཙུན་བཟང་པོའི་ཡོན་ཏན་རྨད་དུ་བྱུང་པ་བླ་མ་དམ་པ་བཀྲ་ཤིས་ནས་ནན་ཏན་བསྐུལ་བའི་གསུང་སྤྱི་བོར་བླངས་ཏེ། འབྱུང་འཁྲུགས་ཉེས་པའི་རེག་བྱ་ལུས་ལ་ཆུ་ལྟར་ཁོལ་ནའང་། མཆོག་གསུམ་བདུད་རྩིའི་ཟླ་བ་ཡིད་ལ་བྱས་ཏེ་ཚིག་སྡེབ་སྦྱོར་ལྷུར་མ་བླངས་པར་དོན་གྱི་འགངས་ལེགས་པར་གཅོད་པའི་འགྲེལ་བཤད་དུ་མི་ཕམ་རྣམ་པར་རྒྱལ་བས་ཐ་སྐར་ཉ་བའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་པ་དང་དགུ་པ་གཉིས་ལ་རྫོགས་པར་བགྱིས་པ་འདིས་སྐྱེ་རྒུའི་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག །སྟོན་པ་བདེ་གཤེགས་སྐྱོབ་ཀྱི་ཐུགས་བསྐྱེད་དང་། །མཛད་པ་སྨོན་ལམ་མཁྱེན་བརྩེ་ནུས་པའི་ཚུལ། །བླ་མེད་ཡེ་ཤེས་སྒྱུ་འཕྲུལ་ཇི་འདྲ་བ། །དེ་འདྲ་ཁོ་ནར་འབྲེལ་ཐོགས་འགྱུར་བར་ཤོག། །།

གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་།

གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པའི་མཆན་འགྲེལ་ནོར་བུའི་ཕྲེང་བ་བཞུགས་སོ།། ༀ་སྭ་སྟི། ཡོན་ཏན་གཞིར་གྱུར་སོ་ཐར་གྱི། །ལམ་སྲོལ་འབྱེད་མཁས་ལ་བཏུད་ནས། །དགེ་ཚུལ་བསླབ་ལ་ངེས་འཇུག་པའི། །མཆན་འགྲེལ་ནོར་བུའི་ཕྲེང་བ་སྤྲོ། །དེ་ལ་འདིར་དགེ་ཚུལ་གྱི་བསླབ་བྱ་དུས་དང་དངོས་པོ་ལ་ལྟོས་པའི་དགག་བསྒྲུབ་ཀྱི་རྣམ་བཞག་ལེགས་པར་སྟོན་པའི་ཀཱ་རི་ཀཱ་ལྔ་བཅུ་པ་འདི་ཉིད་འཆད་པ་ལ། མཚན་གྱི་དོན། འགྱུར་གྱི་ཕྱག །གཞུང་གི་དོན། མཇུག་གི་དོན་ནོ། །དང་པོ། རྒྱ་གར་སྐད་དུ། ཨཱརྱ་མཱུ་ལ་སརྦ་ཨཔྟི་བཱ་དི་ཤྲ་མ་ཎེ་ར་ཀཱ་རི་ཀཱ། བོད་སྐད་དུ། ཉོན་མོངས་ལས་རིང་དུ་འཕགས་པ་ཤེས་བྱ་གཞི་ལྔའམ་དུས་གསུམ་པོ་ཐམས་ཅད་ཡོད་པར་སྨྲ་བའི་བླ་མའི་བྱ་བ་དང་ཁ་ཏོན་སོགས་ལ་བརྩོན་ཞིང་ངལ་བས་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ། གཉིས་པ། འདུལ་བ་དང་མཐུན་པར་རྒྱུ་འབྲས་ཕྲ་ཞིབ་སོགས་ཐམས་ཅད་མཁྱེན་པ་སངས་རྒྱས་ལ་ཕྱག་འཚལ་ལོ། །ཞེས་ལོ་ཙཱ་བས་བཀོད་པའོ། །གསུམ་པ་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བརྩམ་བྱ་བསྟན་བཅོས་ཀྱི་རང་བཞིན་དངོས་གཉིས། དང་པོ་ལ་མཆོད་བརྗོད་དང་། དམ་བཅའ་གཉིས། དང་པོ། ངན་འགྲོ་དང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པས་མགོན་པོ་དང་ཇི་ལྟ་ཇི་སྙེད་ཀྱི་ཤེས་བྱ་ཐམས་ཅད་མཁྱེན་པ་སྟེ་དོན་གཉིས་མཐར་ཕྱིན་སངས་རྒྱས་དང་། ལུང་དང་རྟོགས་པའི་ཆོས་དང་། སློབ་དང་མི་སློབ་བཅས་འཕགས་པའི་ཚོགས་ནི་མང་པོ་ལ་ཕྱག་འཚལ་ཏེ། ཞེས་མཆོད་པར་བརྗོད་པའོ། །གཉིས་པ། དགེ་ཚུལ་གྱི་ནི་ཆོ་ག་སྤང་བླང་གི་བྱ་བ་རྣམས། ལུང་རྒྱ་མཚོ་ལྟ་བུ་ལས་བཏུས་ཏེ་མདོ་ཙམ་ལུང་གི་དོན་བཞིན་ངེས་པར་བཤད་པར་བྱ་ཞེས་དམ་བཅའ་བའོ། །གཉིས་པ་ལ། རབ་ཏུ་བྱུང་ནས་བསླབ་པ་བསྲུང་དགོས་པར་གདམས་པ་དང་། ཅི་ལྟར་བསྲུང་ཚུལ་རྒྱས་པར་བཤད་པ་གཉིས། །དང་པོ། ཤཱཀྱ་ཞེས་རིགས་དང་། མུ་སྟེགས་དང་ཉོན་མོངས་དང་ཕས་རྒོལ་ཟིལ་གྱིས་གནོན་པ་སེངྒེའི་གསུངས་པ་ལུང་དང་རྟོགས་པའི་བསྟན་པ་བདེན་བཞི་དང་ལས་འབྲས་སོགས་ལ་དྭང་འདོད་ཡིད་ཆེས་ཀྱི་དད་པས་ཡང་དག་པ་ཁོ་ནར་སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ནི་ཞེས་འདིས་རབ་བྱུང་རྣམས་ཀྱི་ཕུན་སུམ་ཚོགས་པ་བཞི་བསྟན་ཏེ། དད་པས་ཡང་དག་པ་ཁོ་ནར་ཞེས་བསམ་པ་ཕུན་ཚོགས་དང་། སྐྲ་དང་ཁ་སྤུ་བྲེགས་ནས་གོས་ངུར་སྨྲིག་བགོས་ཏེ་ཞེས་ཚུལ་ཁྲིམས་ཕུན་ཚོགས་དང་། ཁྱིམ་ནས་ཁྱིམ་མེད་པར་ཞེས་གནས་ཕུན་ཚོགས་དང་། རབ་ཏུ་བྱུང་ཞེས་པ་ལས་ཕུན་ཚོགས་སུ་བསྟན་ཏོ། །སྒྲུབ་པ་ཕུན་ཚོགས་ནི། ཕས་ཕམ་བཞི་རང་བཞིན་དང་། ཆང་སོགས་དྲུག་བཅས་པ་སྟེ། བཅས་རང་གི་བརྟུལ་ཞུགས་ཇི་སྲིད་འཚོའི་བར་དུ་གུས་རྟག་གིས་ལུས་ངག་ཡིད་གསུམ་བརྟན་པས་དྲན་ཤེས་དང་ལྡན་པས་རབ་ཏུ་བསྒྲིམས་ཏེ་ཉེས་པ་ཕྲན་ཚེགས་ཀྱང་མི་འབྱུང་བར་བསྲུང་པའོ། །དེ་ཡང་ཤིང་སྡོང་མི་ཉམས་པར་སྲུང་ན། ར་བ་ཤིང་ཐག་གིས་ཕྱི་ནས་བསྐོར་བ་ལྟར། ཕམ་པ་མི་འབྱུང་བར་བྱ་ན། ར་བ་དང་ཤིང་ཐགས་ལྟ་བུའི་བསླབ་པ་ཕྲན་ཚེགས་རྣམས་མ་ཞིག་ན་ཚུལ་ཁྲིམས་བརྟན་པར་སྲུང་བ་ཡིན་ནོ། །དཔེ་བདག་གི་ལུས་ལ་འགལ་སྤོང་མཐུན་སྒྲུབ་བྱེད་པ་བཞིན་བསླབ་པ་བསྲུང་བར་བྱའོ། །གཉིས་པ་ལ། སྔ་དྲོའི་དུས་སུ་བྱ་བ། ཟས་ཀྱི་བྱ་བ་བྱས་པའི་འོག་ཏུ་ཅི་ལྟར་བྱ་བ། རྒྱུན་དུ་བསླབ་པའི་གནས་བཤད་པ། ཕྱི་དྲོ་ཕན་ཆད་ཇི་ལྟར་བྱ་བ། དེ་རྣམས་ཀྱི་འབྲས་བུ་བརྗོད་པའི་སྒོ་ནས་མཇུག་བསྡུ་བའོ། །དང་པོ། མཚན་གཅིག་ལ་ཐུན་ལྔར་བགོས་པས་ནམ་གྱི་ཆ་སྨད་ཐོ་རངས་མལ་ནས་ལངས་ལ་ནམ་ལངས་པའི་བར་དུ་མདོ་སྡེ་ལ་སོགས་པ་ཁ་ཏོན་བྱས་ཏེ་སེམས་ཅན་གྱི་དོན་དུ་བསྔོ་བར་བྱའོ། །སྲོག་ཆགས་མེད་པའི་ཆུ་དང་སོ་ཤིང་གིས། གདོང་གི་དྲི་མ་དང་སོ་ཡི་དྲི་མ་བཀྲུས་ནས། སྤངས་རྟོགས་མཐར་ཕྱིན་པས་རྫོགས་པ། མ་རིག་པའི་གཉིད་ལས་སངས་ཤིང་། ཤེས་བྱ་ལ་བློ་རྒྱས་པའི་སངས་རྒྱས་ལ་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ཏེ་ཆོས་སྤྱོད་གཞན་ཡང་བྱའོ། །མཁན་པོའམ་གནས་ཀྱི་སློབ་དཔོན་ཏེ་བླ་མ་གནས་པའམ་བཞུགས་པའི་སྒོ་གླེགས་ལ། ལག་པས་དལ་བུའི་ཚུལ་གྱིས་བརྡུང་བར་བྱས་ཏེ་སྒོ་ཕྱེ་བར་བྱའོ། །ནང་དུ་ཞུགས་ཏེ་གུས་པས་བླ་མ་ལ་ཕྱག་བྱ་ཞིང་། ས་སོགས་འབྱུང་ཁམས་མ་འཁྲུགས་པས་བདེ་བའམ་འཁྲུགས་པས་མི་བདེ་བ་དང་། མཚན་མོ་བདེ་བར་མནལ་ལམ་མ་མནལ། དགོངས་པ་ལ་བར་ཆད་དུ་གྱུར་ཏམ་མ་གྱུར་ལ་སོགས་པ་དྲི་བའམ་ཞུ་བར་བྱའོ། །དེ་ནས་མཆོད་རྟེན་ལ་ཕྱག་བྱ་ཞིང་བསྐོར་བ་དང་། བཤང་གཅི་ཆེ་ཆུང་འདོར་བ་མ་གཏོགས་སྔ་དྲོའི་བྱ་བ་གང་བྱ་བར་འོས་པ་འདི་དག་བྱའམ་ཞེས་དྲིས་ནས་ནི། དེ་ལྟར་གྱིས་གསུངས་ན། མཆོད་པའི་སྟེགས་སམ་དཀྱིལ་འཁོར་དང་མེ་ཏོག་དང་བདུག་པ་ལ་སོགས་མཆོད་པ་རྣམ་པར་བྱ་བའི་ཕྱིར་བརྩོན་ཏེ་ལེགས་པར་བྱའོ། །ཆུ་ཚགས་སམ་ཉ་ཕྱིས་དང་དུང་ཕོར་ལ་སོགས་པ་གསལ་བའི་སྣོད་དུ་ཆུ་བརྟགས་པར་བྱ་སྟེ། དེ་ཡང་དང་པོ་སྟེང་དང་དེ་ནས་བར་དང་དེ་ནས་གཏིང་རྣམ་རིམ་པ་བཞིན་ནོ། །གལ་ཏེ་ཉ་ཕྱིས་ལ་སོགས་པ་དེ་དག་མེད་ན་ཡང་། ཁྱོར་བ་ཉིད་དུ་བརྟགས་པའམ་ཤིང་སོགས་ཀྱི་འདབ་མས་བུམ་པ་དགངས་ཏེ་གང་བར་བརྟགས། དེ་ཡང་ཆུ་ཡི་སྐྱེ་བོ་སེམས་ཅན་ཆེ་ཆུང་མིག་ལ་སྣང་བ་ཚགས་ལ་ཟིན་པ་རྣམས། ཡུན་རིང་ན་མིག་སྦྲིད་ནས་མི་རྟོགས་པ་དང་། ཡུན་མི་རིང་བར་འོལ་སྤྱི་ཙམ་གྱིས་མི་རྟོགས་པས། ཡུན་རིང་ཐུང་འཚམས་པར་མིག་གསལ་བས་ཡང་ཡང་ནན་ཏན་གྱིས་བརྟགས་ཏེ་སྲོག་ཆགས་མེད་པར་ཡིད་ཆེས་པར་བྱའོ། །སྙིང་རྗེ་ཅན་གྱིས་ཞོའི་ཁ་ཆུ་སོགས་ཁ་ཟས་ཀྱི་ཁུ་བ་རྣམས་ལ་སྔར་མེད་ཀྱང་སྦྲང་བུ་སོགས་གློ་བུར་དུ་འོང་སྲིད་པས་སྲོག་ཆགས་ཡོད་མེད་རབ་ཏུ་བརྟགས་ཏེ་མེད་ན་སྤྱད་པར་བྱའོ། །གལ་ཏེ་སྲོག་ཆགས་ཡོད་ན་ཆུ་ཚགས་ལྔ་སོགས་གང་རུང་གིས་མི་འཆི་བར་ལེགས་པར་བཙག་སྟེ། དེའི་ཚེ་ན་སྲོག་ཆགས་རྣམས་ལ་གནོད་པར་མི་བྱ་སྟེ་མི་གནོད་པར་བྱ་དགོས་ལ། གལ་ཏེ་སེམས་ཅན་ཅི་ཙམ་གྱི་གྲངས་ལ་གནོད་ཅིང་ཤི་ན་དེ་ཙམ་གྱི་གྲངས་ཀྱིས་ཉེས་བྱས་སུ་འགྱུར་རོ། །དེས་ན་ཆུ་སྣོད་སོགས་ཁ་མི་དགབ་པ་དང་། ཆུ་ལ་གནས་པ་རྣམས་སྐམ་ལ་བཏོན་པ་དང་། སྐམ་ལ་གནས་པ་རྣམས་ཆུར་འདེབས་པ་སོགས་སེམས་ཅན་ལ་གནོད་འཚེ་སྤང་བར་བྱ་དགོས་སོ། །ཆུ་བརྟགས་པ་དེ་ཡང་། དེ་རིང་ལྟ་བུའི་ནངས་པར་བརྟགས་ན་ཕྱི་ཉིན་གྱི་ནངས་པར་བར་སྤྱད་རུང་ལ། བདག་གིས་མ་བརྟག་ཀྱང་སྤྱད་དུ་རུང་བའི་ཆུ་རྣམ་པ་ལྔ་ནི། ཁོ་ར་ཁོར་ཡུག་འདོམ་གང་དུ་བརྟགས་པའི་ཆུ། ཁྲོན་པ་ལ་སོགས་པ། དགེ་སློང་ཡོན་ཏན་ཅན་གྱི་ཆུ། དགེ་འདུན་གྱི་ཆུ་དང་། ཡིད་ཆེས་པའི་ཆུའོ། །དེ་དག་རིམ་པར། དང་པོ་ལྟེང་ཀ་མཚེའུ་ལ་སོགས་པའི་དབུས་སུ་པུས་མོ་ནུབ་ཙམ་སོང་ལ་སྲོག་ཆགས་ཡོད་མེད་བརྟགས་ཏེ་མེད་ན་འདོམ་གང་ཁོར་ཡུག་ཏུ་བརྟགས་པ་ཡིན་པས་སྤྱད་རུང་བ་དང་། ཁྲོན་པ་སོགས་སྣོད་དུ་བརྟགས་ནས་མེད་པར་ཡིད་ཆེས་པ་དང་། དགེ་སློང་ཡོན་ཏན་ཅན་གྱིས་བརྟགས་ཤིང་བླངས་པ་དང་། དགེ་འདུན་སྤྱིའི་ཆུ་བཙགས་ཏེ་བཞག་པ་དང་། ལྔ་པ་རི་གཟར་རམ། བྲག་ཁའམ། ས་འོག་ནས་རྡོལ་བ་ལྟ་བུ་རྣམས་སོ། །སྐམ་གནས་ལའང་། རྩ་འདིང་རྒྱུ་དང་ཁང་པ་སོགས་བཀྲུ་བའི་ལྕི་བ་དང་། བུད་ཤིང་དང་ས་ལ་སོགས་པ་མདོར་ན་རང་ལ་དགོས་པ་ཡི་དངོས་པོ་གང་དང་གང་ཡང་རུང་སྟེ་དངོས་པོ་དེ་དག་ལེན་པ་ན་སྲོག་ཆགས་མེད་པར་བྱ་སྟེ། རང་རྒྱུད་ཀྱི་ལུས་ངག་ཡིད་གསུམ་གྱི་ཉེས་པ་སྤོང་བའི་སྡོམ་པ་དང་ལྡན་པས་སྲོག་ཆགས་བསད་པ་བསྲུང་དགོས་ཏེ། དེས་ན་མར་མེའི་འོད་ཁང་བྱ་བ་སོགས་ལ་འབད་པར་བྱའོ། །མཁན་པོ་སོགས་ནང་པར་ཁ་གདོང་བཀྲུ་བའི་གནས་སུ། སྟན་འདིང་བ་དང་། བཀྲུ་བའི་ཆུ་དང་། ས་དང་སོ་ཤིང་ཞེས་པས། བཀྲུ་བའི་སོ་ཤིང་དང་། བཤང་གཅི་བྱེད་པའི་གནས་སུ་ས་དང་འདབ་མ་སོགས་བྱ་བ་དང་། རྒྱ་གར་གྱི་བ་ལང་གཞོན་ནུའི་ལྕི་བ་དང་ས་བསྲེས་ཏེ་རིལ་བུར་བྱས་ནས་དེས་བཀྲུ་བའམ། ཡང་ན་བུལ་ཏོག་དང་སུག་པ་སོགས་ཀྱིས་འདག་པའི་ཆལ་ཡང་སྟ་གོན་བྱ་ཞིང་། བླ་མའི་ལྷུང་བཟེད་བཀྲུ་བ་དང་། གོས་བཀྲུ་ཞིང་གནས་བྱི་དོར་བྱེད་པ་ལ་སོགས་པ་དང་མདོར་ན་བླ་མའི་དགོས་པ་ལས་སུ་བྱ་བ་ཐམས་ཅད་སྒྲུབ་པར་བྱའོ། །བླ་མའི་དགོས་པ་བྱས་པ་དེ་ནས་སྔ་དྲོ་བཟའ་བཏུང་གི་དུས་རིག་པའམ་ཤེས་པར་བྱས་ནས་མཁན་པོའམ་བླ་མ་ལ་ཕྱག་བྱས་ཏེ། སྔ་མ་དེ་བཞིན་དུ་ལུས་ངག་ཡིད་གསུམ་གུས་པས་ལག་ཐལ་མོ་སྦྱར་ནས་འཚལ་མའམ་ཟས་ཟའམ་འཚལ་ཞེས་བླ་མ་ལ་སྡོམ་པ་དང་ལྡན་པའམ་བརྟུལ་ཞུགས་ཅན་གྱིས་དེ་ལྟར་ཞུ་བར་བྱའོ། །དེ་ལྟར་ཞུས་ནས་སྦྱོར་བ་ཕུན་ཚོགས། ཁ་དང་ལག་པ་དང་ལྷུང་བཟེད་དག་པར་བཀྲུས་ནས། མིག་གཡས་གཡོན་དུ་མི་ལྟ་ཞིང་། ཁམ་ཧ་ཅང་མི་ཆེ་མི་ཆུང་བ་སོགས་སྤྱོད་པ་ཚུལ་བཞིན་ཏུ་བྱས་ཏེ། དེ་ནས་ཟས་ཁམ་བཅད་དེ་གཏམ་མི་སྨྲ་བར་མང་ཉུང་རན་པའམ་ཚོད་ཟིན་པའམ་རིག་པར་བྱ་སྟེ། དེ་ཡང་བསམ་པ་སྟོབས་ཆེ་བ་དང་གཟུགས་མཛེས་པའི་ཕྱིར་ཟ་ན་མི་དགེར་འགྱུར་ལ། ཟས་མ་ཟོས་ན་ཉམ་ཆུང་བས་དགེ་བ་བྱེད་མི་ནུས་པས་དགེ་བ་ལ་སྦྱོར་བཟོད་པའི་དོན་དུ་ཟ་ན་དགེ་བར་འགྱུར་ལ། དེ་གཉིས་ཀ་མིན་ན་ལུང་མ་བསྟན་དུ་འགྱུར་བས་བསམ་པ་ཕུན་ཚོགས། བྲུ་བའམ་བཀྲེས་པའི་ནད་དང་། ལུས་རྟེན་ཉམས་པར་བྱེད་པ་དང་། དགེ་བ་ལ་སྦྱོར་མི་ནུས་པ་ལས་བཟློག་པའི་ཕྱིར། བཟའོ་སྙམ་པའི་སེམས་ཀྱིས་བཟའ་བཅའ་གཉིས་པོ་དེ་ལྟར་ཟོས་ཤིང་དེ་བཞིན་དུ་བཏུང་བ་འཐུང་བ་དང་། བརྟགས་ཤིང་དཔྱད་དུ་རུང་བའི་ཆུ་ནི། ཟོས་འཐུང་། དེའི་འོག་ཏུ་ཆུ་གཙང་གིས་ཁ་ལག་བཀྲུ་ཞིང་ལྷུང་བཟེད་ཀྱང་བཀྲུའོ། །སྦྱིན་བདག་གི་བསྔོ་བ་ངན་པ་བཟློག་པ་དང་། སྦྱིན་པ་ཡི་བསོད་ནམས་རྒྱ་ཆེན་པོ་ཡང་དག་པར་སྤེལ་བར་བྱ་བའི་ཕྱིར། སྦྱིན་པའི་ཚིགས་བཅད་གཅིག་དང་། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་སོགས་ཀྱི་ཕྱིར་ཡང་གཅིག་སྟེ་གཉིས་ཤིག་བརྗོད་པར་བྱའོ། །གཉིས་པ་ནི། དེ་ཉིད་སྒོམ་པ་སོགས་ཀྱི་མན་ངག་ཡོད་ན། འདོད་ཆགས་ཀྱི་གཉེན་པོར་མི་སྡུག་པ་དང་། ཞེ་སྡང་གི་གཉེན་པོར་བྱམས་པ་དང་། གཏི་མུག་གི་གཉེན་པོར་རྟེན་འབྲེལ་དང་། རྣམ་རྟོག་གི་གཉེན་པོ་དབུགས་འབྱུང་རྔུབ་བསྒོམ་པའི་བསམ་གཏན་བྱ་བ་དང་། མེད་ན་རབ་ཏུ་འབད་དེ་སྡེ་སྣོད་གསུམ་གྱི་གཞུང་བཀླག་པར་བྱ་དགོས་སོ། །གསུམ་པ་རྒྱུན་དུ་བསླབ་པའི་གནས་བཤད་པ་ལ། མདོར་བསྟན་དང་། རྒྱས་བཤད་གཉིས། དང་པོ་ནི། རགས་པ་བཅུ་སོགས་སྒོ་གསུམ་གྱི་ཉེས་སྤྱོད་སྤོང་བས་སྡོམ་པ་དང་། སྤྱོད་ལམ་རྣམ་བཞིའི་བྱ་བ་དེའི་ཆོ་ག་དང་། དེ་ལ་དང་པོར་བླང་དོར་ཚུལ་བཞིན་ཤེས་པས་མཁས་དགོས་པ་དང་། མཁས་པ་ཙམ་གྱིས་མི་ཆོག་པར་དེ་ཁོ་ན་ལྟར་བླང་དོར་ཉམས་སུ་ལེན་པ་དང་། གསོ་སྦྱོང་སོགས་སྒྲུབ་པ་དག་ལ་རབ་ཏུ་བརྩོན་པས་འབད་པར་བྱ་དགོས་སོ། །གཉིས་པ་ལ། ཚུལ་ཁྲིམས་ཀྱི་ཡན་ལག་ཕས་ཕམ་གྱི་གནས་བསྟན་པ་དང་། དེའི་ཡན་ལག་ཏུ་བསླབ་པ་ཕྲ་མོའི་གནས་བཤད་པ་གཉིས། དང་པོ་ལ། སྲོག་གཅོད་ཀྱི་ཕམ་པ་དང་། མ་བྱིན་ལེན་གྱི་ཕམ་པ་དང་། མི་ཚངས་སྤྱོད་ཀྱི་ཕམ་པ་དང་། རྫུན་གྱི་ཕམ་པ་བཞི། དང་པོ་ལ། དངོས་དང་། དེའི་ཆར་གཏོགས་གཉིས། དང་པོ་ལ་ལུས་ཀྱི་སྒོ་ནས་སྲོག་གཅོད་པ་དང་། ངག་གི་སྒོ་ནས་སྲོག་གཅོད་པ་དང་། ཐབས་ཀྱི་སྒོ་ནས་སྲོག་བཅད་པ་དང་གསུམ། དང་པོ་ནི། ཡུལ་བྲི་ཛིར་བཅོམ་ལྡན་འདས་ཀྱིས་དགེ་སློང་མི་གཙང་བ་བསྒོམ་པར་བསྔགས་པ་བརྗོད་པས། དེ་བསྒོམས་པས་ལུས་རྣག་ཅན་འདིས་ཡིད་བྱུང་སྟེ། རང་གིས་དུག་ཟོས་པ་དང་། མཚོན་བསྣུན་པ་དང་། གཡང་ལ་མཆོངས་པ་དང་། འགེགས་པ་སོགས་བྱས་པ་དང་། དགེ་སློང་ཞིག་གིས་དབྱིག་པ་ཅན་དགེ་སྦྱོང་སྦེད་དམ་སྲུང་པ་ལ། བཞིན་བཟང་ང་སོད་དང་ཆོས་གོས་ཁྱོད་ལ་སྦྱིན་ནོ་སྨྲས་པས། དེས་ཀྱང་བསད་ནས་རལ་གྲི་ཆུ་བོ་དགའ་སྐྱེད་ལ་འཁྲུའོ། །དེ་ནས་ལྷའི་བུའི་བདུད་ཞིག་ཆུ་རྒྱུན་ལ་མ་རེག་ཙམ་དུ་འདུག་ནས། དབྱིག་པ་ཅན་ལ་བསོད་ནམས་མང་དུ་སྤེལ་ལོ་ཞེས་བསྟོད་པས། དེས་ཆོས་གོས་འདོད་པ་དང་བསོད་ནམས་བྱའོ་སྙམ་ནས། རལ་གྲི་མཆན་དུ་བཅུག་སྟེ་གཙུག་ལག་ཁང་ནས་འཆག་སའི་བར་གཅིག་ནས་གཅིག་ཏུ་དགེ་སློང་དྲུག་ཅུའི་བར་དུ་བསད་པ་དང་། དེ་ནས་གསོ་སྦྱོང་བཅོ་ལྔ་པའི་ཚེ་བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ལ་རྒྱུ་རྐྱེན་གང་གིས་དགེ་སློང་རྣམས་ཉུང་ཞེས་བཀའ་བསྩལ་པ་དང་། དེས་དེ་བཞིན་ཞུས་པས་དེ་ལ་རྣམ་པ་དུ་མས་སྨད་ནས། ལེགས་པ་བཅུ་གཟིགས་པའི་ཕྱིར་བཅས་པ་མཛད་དོ། །བརྟུལ་ཞུགས་སམ་སྡོམ་པ་ལ་མ་ཉམས་མ་ཕུལ་བར་གནས་པའི་སེམས་སྨྱོ་འཁྲུགས་ལ་སོགས་ཀྱིས་མ་ཉམས་པས་གང་ཆེད་དུ་བསམས་ཏེ་གནོད་སེམས་ཀྱིས། ལྷས་སྦྱིན་གསོད་པ་ལ་མཆོད་སྦྱིན་དང་མ་ནོར་བར། ཡུལ་མིའམ་མིར་ཆགས་པ། རང་ལས་གཞན་པ། བདག་གམ་བསྐུལ་ཏེ་གཞན་རྣམས་ཀྱིས་མཚོན་སོགས་ཀྱིས་བསྣུན་ནས་བསད་དེ་དངོས་གཞི་རྫོགས་པ་ན་བརྟུལ་ཞུགས་རྩ་བ་ནས་ཉམས་སྟེ་ཕས་ཕམ་པར་འགྱུར་རོ། །གཉིས་པ་ནི། ཚུལ་ཁྲིམས་ལྡན་པའམ་ཚུལ་ཁྲིམས་འཆལ་བ་ལ། རིམ་པ་བཞིན་དུ། ཚུལ་ལྡན་ལ་ཁྱོད་ཤི་ན་བདེ་འགྲོར་འགྲོ་བས་རང་གིས་རང་སོད་ཅེས་པའི་རྐྱེན་གྱིས་ཤི་བ་དང་། ཚུལ་འཆལ་ལ་ཁྱོད་གསོན་ན་སྡིག་པ་འཕེལ་བས་ཤི་ན་དགའ་ཕྱིར་རང་གིས་རང་སོད་ཅེས་དང་། དེ་བཞིན་དུ་ནད་ཀྱིས་བཏབ་པ་ལ། ཁྱོད་ཅི་ཙམ་འཚོ་བ་དེ་ཙམ་དུ་སྡུག་བསྔལ་བར་འགྱུར་བས་རང་གིས་རང་སོད་ཅེས་བསྒོ་བ་ལྟ་བུ་སྟེ། གང་ཐོས་ན་དེ་དག་སྡུག་བསྔལ་གྱིས་ཉམས་ཐག་པས་དུབ་སྟེ། དེའི་ཚེ་ངེས་འཆིའི་སྟེ་ངེས་པར་འཆི་བའི་ཆོས་གཏམ་དེ་མི་བྱ་སྟེ་བྱས་ཏེ་དེའི་རྐྱེན་གྱིས་ཤི་ན་ཕམ་པའོ། །སྨན་གྱིས་བསད་པ། ཁྱིམ་བདག་སྟོབས་སྡེའི་བུ། ཕུ་བོ་སྡེ་པ། ནུ་བོ་ཉེ་སྡེ་སྟེ། སྡེ་པ་ཚོང་དུ་སོང་བའི་ཤུལ་དུ་ཁོའི་ཆུང་མ་ལ་ཉེ་སྡེས་བུ་ཆགས་ལ། ཉེ་སྡེ་ཛེ་ཏའི་ཚལ་དུ་རབ་ཏུ་བྱུང་། ཉེ་སྡེའི་གྲོགས་སྨན་པས་བུ་ཆགས་པ་བཤིག་པས། དེ་ཐམས་ཅད་ལ་གྲགས་པར་གྱུར་ནས། ཉེ་སྡེ་ལ་སངས་རྒྱས་ཀྱིས། ཁྱོད་ཀྱིས་དེ་ལྟར་བྱས་སམ། བཙུན་པས་དེ་ལྟར་ནི་མ་བགྱིས་ཏེ། རྗེས་སུ་ཡི་རངས་བགྱིས་སོ། །བཅོམ་ལྡན་འདས་ཀྱིས་དེང་ཕྱིན་ཆད་དེ་ལྟར་བྱས་ན་ལྟུང་བར་འགྱུར་བས་མི་བྱེད་པར་བཅས་སོ། །དགེ་སྦྱོང་གིས། སྐྱེས་པ། བུད་མེད། མ་ནིང་། གསོད་སེམས་གྱིས་ཟས་སྐོམ་སོགས་ཀྱི་ནང་དུ་དུག་སྦྱར་མ་བླུགས་པ་དང་། འཆི་བར་གྱུར་པའི་སྨན་སྦྱིན་པ་དང་། ལྷ་ཕོས་སྦྱར་བའི་སྔགས་དང་། མོས་སྦྱར་བའི་རིག་པ་ཡི་མངོན་སྤྱོད་དང་། གཡང་ས་དང་། མེ་དང་། གཅན་གཟན་སྡིག་སྦྲུལ་སོགས་འཆི་བའི་ཕྱོགས་སུ་བཏང་བའམ་མངག་པ་དང་། མི་གཞན་ལུས་ངག་གི་ཐབས་རྣམས་སྣ་ཚོགས་ཀྱིས། མདོར་ན། གཞི་བསམ་སྦྱོར་བ། མཐར་ཐུག །ཚང་པས་བསད་ན་བརྟུལ་ཞུགས་ཉམས་ནས་ཕམ་པར་འགྱུར་རོ། །གཉིས་པ། ཆར་གཏོགས་ལ། སྦོམ་པོ་དང་། ཉེས་བྱས་གཉིས། དང་པོ། ཕྱོགས་མཐུན་ནམ་ཆར་གཏོགས་བ་ལང་སོགས་དུད་འགྲོའི་རིགས་དང་ནི། སེམས་ཅན་དམྱལ་བ་པ་ཚ་གྲང་དང་ཉི་ཚེ་ཉེ་འཁོར་བ་དང་། ཡི་དྭགས་ཀྱི་སྡེ་ཚན་དང་། འོན་ཏེ་འདོད་གཟུགས་ཀྱི་ལྷ་ཡང་རུང་། དགེ་སྦྱོང་གིས་གསོད་སེམས་ཀྱིས་བསད་ན་ངན་འགྲོར་ལྟུང་བ་ཡི་སྡིག་པ་སྤོམ་པོ་ཞེས་བྱ་བ་ཐོབ་པར་འགྱུར་རོ། །གཉིས་པ་ནི། རྟེན་བརྟུལ་ཞུགས་ཅན་གྱིས་སེམས་ཅན་གཞན་ཀུན་སློང་བསད་སྙམས་ཏེ་གསོད་འདོད་དང་ལུས་ཀྱིས་རྡོ་སོགས་འཕངས་པ་དང་། ངག་གིས་སོད་ཅིག་ལ་སོགས་པའི་བཤམས་པ་ལས། གལ་ཏེ་སྐྱེ་བོ་དེ་མ་ཤི་བར་གསོན་པར་གྱུར་ན་ཡང་། དེ་ལ་ནི། སེམས་དང་ལུས་དང་ངག་གི་ཁ་ན་མ་ཐོ་བ་རྣམ་པ་གསུམ་འབྱུང་བར་འགྱུར་པ་དང་། གསོད་སེམས་མེད་པར་ཁྲོ་བའི་སེམས་ཀྱིས་སེམས་ཅན་གཞན་ལ་རྡོ་དང་དབྱུག་པ་ཁུ་ཚུར་གྱིས་ཡང་ཡང་འཚོགས་པ་དང་། དེ་ལས་གཞན་ཐལ་མོ་བསྣུན་ནམ། ལྕག་གིས་གཞུས་སམ། ཚ་བའི་ཚེ་ཚ་བ་དང་། གྲང་བའི་ཚེ་གྲང་བ་ལ་བོར་བ་ལ་སོགས་པའི་གནོད་པ་དང་། རྟ་དང་བ་ལང་སོགས་ལ་ཁལ་འགེལ་བ་དང་བརྡེག་པ་ལ་སོགས་པའི་གནོད་པ་རྣམས་མི་བྱའོ། །དགེ་སྦྱོང་གིས། རྟ་དང་གླང་པོ་ལ་སོགས་པ་མི་ཞོན་ནོ་ཏེ་ཞོན་ཏེ་འགྲོ་བར་མི་བྱའོ། །གཉིས་པ་མ་བྱིན་ལེན་པའི་ཕམ་པ་ལ། ཕམ་པ་དངོས་བརྗོད་པ་དང་། ཉེས་བྱས་བསྟན་པ། དེ་དག་གི་གཞི་ལོངས་སྤྱོད་ཀྱི་རྣམ་གྲངས་བཤད་པ་གསུམ། དང་པོ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་སྔོན་རྫ་མཁན་ལས་རབ་ཏུ་བྱུང་བ་དགེ་སློང་ནོར་ཅན་ཞེས་བྱ་བ་ཞིག །རྒྱལ་པོའི་ཁྱབ་ཀྱི་དགོན་པ་ན་སྤྱིལ་པོ་བྱས་ནས་གནས་པ་དེ་གྲོང་དུ་བསོད་སྙོམས་ལ་ཕྱིན་ཚེ། ཕྱུགས་རྫི་སོགས་ཀྱིས་སྤྱིལ་པོ་བཤིག་སྟེ་རྩྭ་ཤིང་ཁྱེར་སོང་། དེ་འདྲ་ཡང་བརྩིག་ཡང་བཤིག་དུ་མ་བྱས་མཐར། འདི་ཉོན་མོངས་ཏེ་སྙམ་ནས། རྫ་མའི་སྤྱིལ་པོ་དམར་མཛེས་ཞིག་བྱས་སོ། །དེ་ཚེ་བཅོམ་ལྡན་འདས་གནས་རྒྱུ་བས་གཟིགས་ཏེ། འདི་སུའི་ཡིན། ནོར་ཅན་གྱི་ལགས་སོ། །འདི་ལྟ་བུའི་ཕྱིར་མུ་སྟེགས་པ་རྣམས་ང་ལ་འཕྱ་བར་འགྱུར་གྱིས། འདི་ཤིག་ཅིག་གསུངས་པས་དགེ་སློང་རྣམས་ཀྱིས་བཅོམས་པ་དང་། དེ་ནས་ཡང་ནོར་ཅན་གྱིས་བསམས་པ། རྒྱལ་པོའི་ཁབ་ཀྱི་ཤིང་སྲུང་གི་དཔོན་དང་། བདག་མཛའ་བས། ཤིང་ཁང་བྱའོ་སྙམ་ནས། ཤིང་སྲུང་ལ་ལྷས་ཤིང་བྱིན་པ་འོན་ཅིག །ཅེས་སྨྲས་པ་དང་། ཤིང་སྲུང་དཔོན་གྱིས་ལྷས་ཕུལ་ན་ཅི་བདེར་སྤྱོད་ཅིག་ཞེས་སྨྲས་པས། རྒྱལ་པོའི་ཁབ་ཀྱི་ཞིག་རལ་བཅོས་པས་ཤིང་དུ་མ་ཞིག་གཤགས་གཏུབ་སྟེ་ཁྱེར་བ་གྲོང་ཁྱེར་བསྲུང་བའི་དཔོན་གྱིས་མཐོང་ནས་མ་སྐྱེས་དགྲ་ལ་སྨྲས་སོ། །དེས་ནོར་ཅན་བཀུག་ནས། ཁྱོད་ཤིང་མ་བྱིན་པར་ལེན་རུང་ངམ་སྨྲས་པ་དང་། མི་རུང་ཡང་ལྷས་གནང་ངོ་། །ནམ་གནང་སྔོན་ཡབ་ཀྱིས་ལྷ་ཁྱོད་རྒྱལ་པོར་དབང་བསྐུར་ཚེ། ངའི་ཡུལ་ན། དགེ་སློང་བྲམ་ཟེ་རྩྭ་ཤིང་ཆུ་མ་བྱིན་པར་མི་སྤྱོད་པ་དེ་ཐམས་ཅད་ཅི་བདེར་སྤྱོད་ཅིག་ཅེས་ཁྱུ་མཆོག་གི་སྒྲ་ཆེན་པོ་བསྒྲགས་པ་མི་དགོངས་སམ། དེ་ནི་ཡོངས་སུ་མ་བཟུང་བ་ལ་བྱའི། ཡོངས་སུ་བཟུང་བ་ལ་ནི་མིན་ནོ་ཞེས་སྨྲས་པ་དང་། ཡོངས་སུ་མ་བཟུང་བ་ནི་རྒྱལ་པོས་གནང་ཅི་དགོས་ཞེས་གསོལ་པས། རྒྱལ་པོ་ཤིན་ཏུ་ཁྲོས་ནས་མ་བྱིན་ལེན་པའི་དགེ་སློང་བསད་པར་རིགས་ན། ད་ཕན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྤྱོས་ནས་བཏང་ངོ་། །དེ་ལྟར་སངས་རྒྱས་ཀྱིས་གསན་ནས་དེ་ལ་རྣམ་པ་དུ་མ་སྨད་དེ་བཅས་པར་མཛད་དོ། །དགེ་ཚུལ་བདག་གམ་བསྐུལ་ཏེ་གཞན་རྣམས་ཀྱིས་དག་པའི་སེམས་མིན་པར་རྐུ་སེམས་ཀྱིས། ཚུལ་དངོས་སུ་བཙན་ཐབས་མཐུ་དང་། ལྐོག་ཏུ་འཇབ་བུ་ཡི་རྐུ་བ་དང་། གཡོ་སྒྱུ་སོགས་ཀྱིས། འདུ་ཤེས་འཁྲུལ་པ་མེད་པར་ཡུལ་མི་ཡི་འགྲོ་བ་གཞན་གྱི་གནས་ནས་གསེར་མ་ཤ་ཀ་ལྔ་ཙམ་མམ། ཕ་རོལ་པོ་རྒྱུ་བདག་རང་གི་ཡུལ་ནས་བྱུང་བ་གང་ཞིག །ཀཱར་ཥ་པ་ཎིའི་བཞི་ཆ་ཙམ་འཕྲོག་པའམ་བརྐུས་པ་སོགས་ཀྱིས་རིན་ཐང་ཚང་བའི་དངོས་པོ་དེ་བརྐུས་པ་དང་འཕྲོག་པ་སོགས་ཀྱིས་བླངས་ཏེ་ཐོབ་བློ་སྐྱེས་པ་ན་སྡོམ་པའམ་ཚུལ་ཁྲིམས་རྩ་བ་ནས་ཞིག་སྟེ་ཕམ་པར་འགྱུར་རོ། །དེ་ལ་ཀཱ ར་ཥཱ་པ་ཎིའི་བཞི་ཆ་ལ་མ་ཤ་ཀ་ལྔ་དང་། མ་ཤ་ཀ་གཅིག་ལ་མགྲོན་བུ་བརྒྱད་ཅུའི་ཚད་དེ། རིན་ཐང་གི་ཚད་དེ་ལ་རྒྱ་གར་གྱིས་གཞལ་ན་དངུལ་ཞོ་གཅིག་ཙམ་ཞེས་ཀ་ཤིས་གསུང་། ཁ་ཅིག་གིས་ཞོ་གཅིག་གི་བརྒྱད་ཆ་ལའང་གསུང་། དེ་ཡང་རང་ཡུལ་ནས་རྐུ་དུས་སོགས་ཀྱིས་དུས་དེ་ཉིད་ལ་ལྟོས་ཏེ་རིན་ཐང་ཚང་བ་དགོས་སོ། །གཉིས་པ་ནི། དངོས་གཞི་མ་ཚང་བར་རྐུ་སེམས་ཀྱིས་སྟན་ལས་ལྡང་བ་སོགས་སྦྱོར་བའི་ཚེ་ན་བཤགས་བྱའི་ཉེས་བྱས་སོ། །གསུམ་པ་ནི། ཡུངས་རྡོག་སོགས་རྡོག་གུ་དང་། གླ་སྒང་སོགས་རྩ་བ་དང་། ཨ་རུ་སོགས་འབྲས་བུ་དང་། སྐྱེད་ཤིང་ཤིང་སོགས་དང་། སླེ་ཏྲེས་སོགས་སྡོང་བུ་དང་། ཤིང་སོགས་ཀྱི་ལོ་མ་དང་། གྲོ་ག་སོགས་ཤུན་པ་དང་། ཁྲུས་དང་བཏུང་བ་སོགས་ཀྱིས་ཆུ་དང་། མེ་ཏོག་གང་ཞིག་ཆུ་ལས་སྐྱེས་པ་དང་ཐང་ལས་སྐྱེས་པ་བརྐུ་བ་དང་། ཞིང་གི་མུ་བརྐུ་བ་དང་། ཤགས་ཀྱིས་བརྩད་པའམ། ར་བ་སོགས་བསྐོར་ཏེ་ཞིང་བརྐུ་བ་དང་། ཐན་པ་ཆེ་ཚེ་གཞན་ཞིང་གི་ཆུ་གཅོད་ཅིང་རང་གི་ཞིང་ལ་འདྲེན་པའམ། ཆར་ཆེ་ཚེ་དེ་ལས་བཟློག་པས། བདག་གི་ལོ་ཏོག་ལེགས་གཞན་གྱི་ལོ་ཉེས་པར་བྱས་པ་དང་། ཁང་པ་དང་ཚོང་དུས་ལྟ་བུའི་ས་གཞི་དང་། གྲུ་བརྐུ་བསམས་ཏེ། ཆུ་རྒྱུན་ལས་གྱེན་དང་། ཐུར་དང་། ཐད་ཀར་བརྐུ་བ་དང་། ས་འོག་སྦས་ནས་གྲུ་མི་སྣང་བར་བྱས་པ་དང་། བུད་ཤིང་སོགས་ཤིང་དང་། ཤོ་གམ་མ་བྱིན་པ་དང་། དེ་བཞིན་དུ་གྲུ་ཡི་བཙས་སམ་གླ་མ་བྱིན་པ་རྣམས་དང་། སྲོག་ཆགས་རྐང་པ་མེད་པ་སྦྲུལ་སོགས་དང་། རྐང་གཉིས་མི་དང་བྱ་ལྟ་བུ་དང་། རྟ་ནོར་སོགས་རྐང་མང་བརྐུ་བ་དང་། བརྟུལ་ཞུགས་ཅན་གྱིས་གཞན་མི་ཡི་ནོར་དབྱིག་གམ་གསེར་དངུལ་ལ་སོགས་པ་དངོས་པོ་གང་དང་གང་ཡང་རུང་སྟེ། རྐུ་བའི་སེམས་ཀྱིས་དངོས་པོ་གང་བརྐུས་ཀྱང་རིན་ཐང་ཚང་ན་སྡོམ་པ་ཞིག་པས་ཕམ་པར་འགྱུར་ལ། སོགས་སྒྲས། རྒྱ་དང་སྙི་སོགས་ཀྱིས་བཟུང་བ། བདག་དོན་མིན་གྱི་ཕ་རོལ་ལ་གནོད་པ་བྱ་བའི་བསམ་པས་བརྐུ་ནའང་ཕམ་པ། གཉིས་ཀ་ལ་ཕན་གནོད་མེད་པའི་བསམ་པས་དྲལ་ཞིང་བསྲེགས་ན་སྦོམ་པོ། །སྙིང་རྗེས་དྲལ་ན་ཉེས་བྱས་སོ། །གཉིས་ཀ་ལ་མི་ཕན་པའི་བསམ་པས་བཏང་ན་སྦོམ་པོ། སྙིང་རྗེས་བཏང་ན་ཉེས་བྱས་སོ། །རིན་ཐང་མ་ཚང་བ་སོགས་ཀྱིས་ཀྱང་སྦོམ་པོ་སོགས་སུ་འགྱུར་རོ། །ཕྱོགས་མཐུན་ལྷུང་བཟེད་དང་ཆོས་གོས་ལ་སོགས་འཚོ་བའི་ཡོ་བྱད་རྐུན་མས་ཁྱེར་ན། ཆོས་བཤད་ནས་ནི་ཕ་རོལ་པོས་སྟེར་ན་བསྒྲུབ་པར་བྱ་ཞིང་། ཡང་ན་རི་བའི་རིན་གྱིས་བླུ་དགོས་ལ། དེ་ལྟར་མ་བྱས་པར་ནན་གྱིས་བླངས་ན་ཉེས་བྱས་སོ། །གསུམ་པ་མི་ཚངས་སྤྱོད་ཀྱི་ཕམ་པ་ལ། བསྲུང་བྱ་དངོས་དང་། དེ་བསྲུང་དགོས་ཚུལ་གཉིས། དང་པོ་ནི། བཅོམ་ལྡན་འདས་ཡུལ་ཀ་ལན་ད་ཀ་གནས་པའི་གྲོང་ན་བཞུགས་སོ། །དེའི་ཚེ་ཁྱིམ་བདག་བཟང་བྱིན་ཞེས་བྱ་བ་རབ་ཏུ་བྱུང་ནས་གནས་པ་ལས། དེའི་མས། བུ་ཁྱོད་ཀྱི་ཁྱིམ་དུ་ཕ་མའི་ནོར་རྒྱ་ཆེན་པོ་ཡོད་པ་ལ། བདག་ཅག་བཟའ་བྲན་རྒས་ཏེ་ཤི་བར་གྱུར་ན་ཀུན་ཀྱང་རྒྱལ་པོའི་ནོར་དུ་འགྱུར་བས། ཁྱོད་སླར་འབབས་སུ་མི་རུང་ནའང་། ས་བོན་ཅུང་ཟད་ཅིག་ཞོག་ཅིག་བྱས་ནས། དེས་སྔར་གྱི་ཆུང་མ་ཟླ་མཚན་ལྡན་ཞིང་དུས་ལ་བབ་པ། རྒྱན་གྱིས་བརྒྱན་ཏེ་ཁྲིད་འོང་བ་དང་། དེས་སྤྱད་དོ། །དེ་ནས་དུས་མི་རིང་བ་ཞིག་ན། རྒྱལ་བས། དུག་གསུམ་གྱི་ཉེས་པ་བཤད་པས། བཟང་བྱིན་ཉེས་པ་དྲན་ནས་འགྱོད་ཅིང་མི་དགའ་བ་ལ། དགེ་སློང་རྣམས་ཀྱིས་དྲིས་པས། དེས་དྲང་པོར་སྨྲས་སོ། །དེ་སངས་རྒྱས་ལ་གསོལ་བས། བཟང་བྱིན་ལ་རྣམ་པ་དུ་མས་སྨད་ནས་བསླབ་པ་བཅས་སོ། །སྡོམ་པ་ཅན་འདུ་ཤེས་ཉམས་པ་མེད་པའི་སེམས་ཀྱིས། རུལ་པ་དང་འབུ་ཞུགས་པ་སོགས་ཀྱིས་ཉམས་པ་མེད་པའི་རྨ་ཡི་སྒོ་གསུམ་པོ་གང་རུང་སྤྱད་བཟོད་དུ། སེམས་ཆགས་པས་བརྩལ་ཏེ་ལས་རུང་གི་ནོར་བུ་པགས་སྦུབས་སོ་ལས་རྩེ་མོ་ནང་དུ་འདས་ཏེ་མཐར་ཐུག་རེག་པའི་དགའ་བ་ལུས་ཀྱིས་ཚོར་ཞིང་ཡིད་ཀྱིས་དང་དུ་བླངས་ན་བརྟུལ་ཞུགས་ཉམས་ཏེ་ཕམ་པར་འགྱུར་ལ། བདག་དགེ་སྦྱོང་མཐུ་ཆུང་ཞིང་ཞན་པ་ལ། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི། ཚན་ཀར་བོར་ཏེ་སྟེ་ཤེད་ཀྱིས་མནན་ནས་བདག་དང་དེ་དག་གི་སྒོ་གསུམ་གང་ཡང་རུང་བར་བཅུག་པ་ལས། གང་གི་བདེ་བའི་རོ་མྱོང་བ་བདག་གིར་བྱེད་ན་དེ་ཡང་སྡོམ་པ་ཞིག་པས་ཕམ་པར་འགྱུར་རོ། །གཉིས་པ་ནི། ཡན་ལག་སྐྱེས་ཕོ་དབང་ལས་སུ་རུང་ནས། འདོད་བ དེ་འདོད་པ་བས། ཤིན་ཏུ་གདུག་པ་སྦྲུལ་གྱི་ཁར་བཅུག་ཏེ་ཤི་ཡང་སླ་ཡི། ལུས་ལ་རང་གི་སྡོམ་པ་ཕམ་པས་མི་གཏོང་ངམ་མི་གཞིག་ཅེས་རྫོགས་པའི་སངས་རྒྱས་ཀྱིས་བཀའ་བསྩལ་ཏོ་སྟེ་གསུངས་སོ། །དེས་ན་གལ་ཏེ་དེ་ལྟར་སྦྲུལ་གྱིས་བསད་པར་གྱུར་ཀྱང་ཚུལ་ཁྲིམས་དག་པར་གནས་པ་ལ་དེ་ཕན་བྱེད་དུ་སོང་བ་ཡིན་ཏེ། རྒྱུ་དེས་བདག་གི་ཚུལ་ཁྲིམས་ཞིག་པའི་གོ་བཀག་པ་དང་། ཕྱི་མ་མཐོ་རིས་སུ་སྐྱེ་བའི་ཕྱིར་རོ། །ཚུལ་ཁྲིམས་ཉམས་པ་ནི་སྡུག་བསྔལ་བ་ཡིན་ཏེ། ཕྱི་མ་ངན་སོང་གསུམ་དུ་སྐྱེ་བའི་ཕྱིར་དང་། དེས་མྱ་ངན་ལས་འདས་པ་ལའང་སྒྲིབ་པར་འགྱུར་ཏེ། དེའི་སྐལ་བ་མེད་པས་སོ། །བཞི་པ་རྫུན་གྱི་ཕམ་པ་ལ། ཕམ་པ་དངོས་དང་། དེ་ལས་གཞན་པའི་ངག་གི་ཉེས་པ་གཉིས། དང་པོ་ནི། བཅོམ་ལྡན་འདས་ཡུལ་ཡངས་པ་ཅན་གྱི་སྤྲེའུ་རྫིང་གི་འགྲམ་ན་བཞུགས་སོ། །དེའི་ཚེ་མུ་གེ་ཆེན་པོ་བྱུང་ནས། ཕ་མ་ཡང་བུ་ལ་ཁ་ཟས་མི་སྟེར་བ་ཙམ་དུ་གྱུར་ཚེ། དགེ་སློང་རྫུ་འཕྲུལ་ཅན་དང་གནས་བརྟན་རྣམས་ནི། བྱང་སྒྲ་མི་སྙན་སོགས་ཡུལ་གཞན་འབྱོར་ཞིང་རྒྱས་པར་སོང་ནས་བདག་ཉིད་ཀྱང་ཟ་གཞན་པའང་སྟོབ་བོ། །དེར་ཉ་པ་ལས་རབ་ཏུ་བྱུང་བའི་དགེ་སློང་ལྔ་བརྒྱ་པོ་དག་གིས། རྫུ་འཕྲུལ་ནི་མ་ཐོབ། ཐོས་པ་ཉུང་བས་དེ་ལྟར་མ་ནུས་ནས། སོ་སོའི་ཡོན་ཏན་བསྒྲགས་ཏེ་རྙེད་པ་བསྒྲུབ་པར་བྱའོ་སྙམས་ཏེ། གཅིག་གིས་གཅིག་གི་ཡོན་ཏན་བསྒྲགས་ཏེ། འདིས་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་བོ་སོགས་འབྲས་བུ་བཞི་དང་། འདིས་འཇིག་རྟེན་པའི་ལམ་གྱི་འབྲས་བུ་གྲུབ་བོ། །འདི་ནི་སྡེ་སྣོད་གསུམ་སྨྲ་བའོ་ཞེས་སོགས་ཀྱིས་ཟས་རྙེད་ལུས་བརྟས་སོ། །དེ་ནས་དབྱར་འདས་ནས་ཚུར་བྱུང་སྟེ། བཅོམ་ལྡན་འདས་ལ་ཕྱག་འཚལ་དུ་ཕྱིན་པས་དང་པོ་ཀུན་དགའ་བོ་དང་འཕྲད་ནས་དེས་དགེ་སློང་གཞན་རྣམས་ཟས་ཀྱིས་ཕོངས་ཤིང་ཉམས་ང་བར་གྱུར་ན། ཁྱེད་ཅག་ཚོ་བའི་རྒྱུ་མཚན་ཅི་ཞེས་དྲིས་པས་དྲང་པོར་བརྗོད། ཁྱེད་རྣམས་ལ་ཡོན་ཏན་དེ་ཡོད་པས་བརྗོད་དམ། མེད་པས་བརྗོད། མེད་ཀྱང་བརྗོད་དོ། །དེ་ལ་དགེ་སློང་རྣམས་ཀྱིས་དེ་ལྟར་མི་རིགས་པར་སྨྲས་པས་དེ་རྒྱལ་བས་གསན་ནས་དེ་ལ་རྣམ་པ་དུ་མས་སྨད་དེ་བཅས་སོ། །ལྷ་དག་གི་གཟུགས་མངོན་སུམ་དུ་མཐོང་ངོ་ཞེས་དང་། ལྷ་དེ་ཡི་ངག་གི་སྒྲ་མངོན་སུམ་དུ་ཐོས་པར་གྱུར་ཏོ་ཞེས་དང་། ལྷ་དག་དང་བདག་ཕན་ཚུན་ཀུན་ཏུ་གཏམ་སྨྲས་སོ་ཞེས་དེ་གསུམ་གང་སྨྲས་ཀྱང་ཕམ་པར་འགྱུར་བ་དང་། དེ་བཞིན་དུ་གང་ན་བདག་འདུག་པ། དེར་ལྷ་རྣམས་འོང་ཞིང་། བདག་ཀྱང་ལྷ་དེ་ཡི་དྲུང་དུ་འགྲོའོ་ཞེས་དང་། དེ་བཞིན་དུ། དྲི་ཟ་དང་། བུམ་སྣ་སོགས་གྲུལ་བུམ་དང་། དུང་སྐྱོང་སོགས་ཀླུ་དང་། རྣམ་ཐོས་བུ་སོགས་གནོད་སྦྱིན་དང་། ལྟོ་འཕྱེ་ཆེན་པོ་དང་། ཤ་ཟ་དང་ཡི་དྭགས་དང་། དུད་འགྲོ་མིའི་རྟེན་ཅན་མིའམ་ཅི་སྟེ་དེ་དང་དེའི་གཟུགས་མཐོང་ངོ་ཞེས་དང་། ལ་སོགས་པའི་སྒྲས། སྒྲ་ཐོས་སོ། །དེ་དང་གཏམ་སྨྲས་སོ། །དེ་དག་བདག་གི་དྲུང་དུ་འོང་། བདག་ཀྱང་དེ་དག་གི་དྲུང་དུ་སོང་ངོ་ཞེས་གང་སྨྲས་ཀྱང་ཕམ་པར་འགྱུར་བ་དང་། ངོ་བོའི་སྒོ་ནས་བསམ་གཏན་དང་པོ་སོགས་བཞི་དང་། ལྷའི་མིག་གི་མངོན་ཤེས་སོགས་དྲུག་དང་། བྱམས་སོགས་ཚད་མེད་བཞི་དང་། ཟག་མེད་རྒྱུན་ཞུགས་ལ་སོགས་འབྲས་བུ་བཞི་དང་། ཚོགས་ལམ་སོགས་འདས་པའི་ལམ་ལ་རབ་ཏུ་ཞུགས་པའང་རུང་སྟེ། དེ་ལྟ་བུའི་ཡོན་ཏན་རྣམས་བདག་གིས་ཐོབ་ཅེས་སྨྲ་ན་ནི། ཡུལ་དོན་གོ་ཞིང་རིག་པ་ལ་བརྫུན་པའི་ཚིག་གི་བྱེ་བྲག་ཡོན་ཏན་ཁྱད་པར་བ་ཐོབ་པའི་བདག་ཉིད་ཅན་དེ་ལྟ་བུ། འདུ་ཤེས་མ་ཉམས་པར། ཐོབ་རློམ་གྱི་མངོན་པའི་ང་རྒྱལ་མེད་བཞིན་དུ་སྨྲས་ན་བརྟུལ་ཞུགས་ཉམས་ཏེ་ཕམ་པར་འགྱུར་རོ། །དེ་ལ་སྔོན་དགེ་སྦྱོང་ཞིག་དགོན་པར་གནས་པ་ན། འཇིག་རྟེན་པའི་ལམ་གྱིས་ཉོན་མོངས་བཅོམ་སྟེ་མི་འབྱུང་བ། ཕྱིས་བརྟགས་ཏེ་མི་སྐྱེ་བར་བསམ་ནས། བདག་གིས་ཉོན་མོངས་སྤོང་ངོ་ཞེས་བསམ་ཞིང་བརྗོད། སླར་གྲོང་དུ་སོང་ཚེ། བུད་མེད་དང་དགྲ་སོགས་མཐོང་བས་ཉོན་མོངས་སླར་སྐྱེས་པས། བདག་གིས་མི་ཆོས་བླ་མའི་རྫུན་སྨྲས་སམ། །ཞེས་སངས་རྒྱས་ལ་དྲིས་པས། མངོན་པའི་ང་རྒྱལ་ཅན་ནི་མ་གཏོགས་ཏེ། སླན་ཆད་དེ་ལྟ་བུའི་ཁྱད་པར་ཐོབ་ཀྱང་སྨྲ་བར་མི་བྱའོ། །ཞེས་གསུངས་པ་ལྟ་བུའོ། །ཡང་དགེ་སྦྱོང་གིས་འདུ་ཤེས་སྦས་ཏེ་ལྷ་ཀླུ་སོགས་མཐོང་བ་དག་ཡོད་དོ་ཞེས་རང་མིན་པར་སྨྲས་ན་སྦོམ་པོ། འཕགས་པ་རྣམས་ལ་མི་མིན་གྱིས་མི་འཚེ་སྟེ་བདག་ལའང་མི་འཚེ་ཟེར་ན་ཕམ་པ་སོགས་སོ། །གཉིས་པ་ལ། རྫུན་སོགས་ངག་གིས་མི་དགེ་བ་སྤང་བྱར་བཤད་པ་དང་། ཞར་ལ་དགེ་སྦྱོང་གི་ཆོས་བཞི་བླང་བྱར་བསྟན་པ་དང་། འདིར་མ་བཤད་པའི་ངག་གི་སྐྱོན་གཞན་ཡང་སྤང་དགོས་པར་གདམས་པ་དང་གསུམ། དང་པོ། ཕྱོགས་མཐུན་གོང་བཤད་ལྟར་ཡོན་ཏན་ཁྱད་པར་ཅན་དེ་འདྲ་བ་ཐོབ་པར་སྨྲས་པ་མ་གཏོགས་པར། དེ་ལས་གཞན་པའི་ཤེས་བཞིན་དུ་བརྫུན་གྱི་ཚིག་རྣམས། གང་དང་གང་སྨྲས་པ་དེ་དག་ཐམས་ཅད། བསོད་ནམས་མ་ཡིན་པ་སྡིག་པ་མང་དུ་འཕེལ་བར་འགྱུར་ལ། དེས་ནི་འོག་མར་ཏེ་ངན་སོང་གསུམ་དུ་ལྟུང་སྟེ་སྡུག་བསྔལ་མྱོང་བར་འགྱུར་རོ། །ཇི་ལྟར་ཕན་ཚུན་ཡིད་མཐུན་ཞིང་མཛའ་བོར་གྱུར་པ་ལ་ཞེ་སྡང་སོགས་ཀྱིས་སྒོ་ནས་འཐབ་ཅིང་སོ་སོར་འབྱེད་པར་འགྱུར་བས། ཕྲ་མའི་ཚིག་རྣམས། བདེན་ནམ་རྫུན་ཀྱང་རུང་། ཕན་ཚུན་བསྐྱལ་ཞིང་སྨྲ་བར་མི་བྱའོ། །དགོས་པའི་དོན་མེད་པར་ངག་ཀྱལ་དང་། བྲེ་མོའི་གཏམ་སོགས་ཐུན་ཚགས་སུ་ནི་སྨྲ་བ་དང་། གཞན་གྱི་ཞེ་གཅོད་པའི་ཚིག་རྩུབ་དག་ཀྱང་སྨྲ་བར་མི་བྱའོ། །གཉིས་པ་ནི། ཕ་ཤ་ཟོ་ཞིག་སོགས་དང་། རིགས་རུས་སོགས་ཀྱིས་ངན་དུ་ཟེར་བ་ལ་སླར་ངན་པ་ལན་དུ་མི་བརྗོད་པ་དང་། ཚིག་རྩུབ་མོས་གཤེ་བ་ལ་ཡང་སླར་མི་གཤེ་བ་དང་། ཅོ་འདྲི་བའམ་སྐྱོན་གྱིས་མཚང་འབྲུ་བ་ལ་སླར་ལན་དུ་མཚང་མི་འབྲུ་བ་དང་། རྡོ་དབྱུག་སོགས་ཀྱིས་བརྡེག་པ་ལ་ཡང་སླར་མི་བརྡེག་པ་སྟེ། དགེ་སྦྱོང་དུ་བྱེད་པའི་ཆོས་བཞི་པོ་འདི་དང་དུ་བླང་བར་དགོས་སོ། །གསུམ་པ་ནི། བློ་ཤེས་རབ་དང་ལྡན་པ་བསླབ་པའམ་སྡོམ་པ་གཅེས་སྤྲས་ཀྱིས་བསྲུང་བར་འདོད་པ་ཡིས། ནན་ཏན་གྱིས་བསྒྲིམས་ཏེ་རྒྱལ་པོ། ཆོམ་པོ། ཚོང་ལ་སོགས་པའི་གཏམ་སྨྲས་པའི་ངག་གི་སྐྱོན་རྣམས་སྤངས་དགོས་པར་འདུག་པ་དེ་ལྟར་འགྱུར་བར་རིག་པར་བྱས་ནས་ནི། ངག་རྣམས་ཤིན་ཏུ་བསྡམ་པར་བྱ་དགོས་སོ། །གཉིས་པ་བསླབ་པ་ཕྲ་མོའི་གནས་ལ། བག་ཡོད་ཀྱི་ཡན་ལག །བརྟུལ་ཞུགས་ཀྱི་ཡན་ལག །བསོག་འཇོག་གི་རྩ་བ་གསེར་དངུལ་ལེན་པ་སྤང་བ། དེར་མ་འདུས་པའི་སྤང་བླང་གི་རྣམ་པ་གཞན་བཤད་པ་དང་བཞི། དང་པོ་ལ། སྤང་བྱ་མྱོས་འགྱུར་གྱི་བྱེ་བྲག་བཤད་པ་དང་། དེ་སྤང་བའི་དགོས་པ་གཉིས། དང་པོ། ནས་འབྲས་སོགས་འབྲུ་བཏགས་ནས་ཕབ་དང་སྦྱར་བ་ཡི་ཟན་ཆང་དང་། བཏུང་བའི་བྱེ་བྲག་ནས་ལ་སོགས་པའི་འབྲུ་ཡི་ཆང་དངོས་དང་། བུར་ཤིང་ལ་སོགས་པ་སྡོང་བུ་ཡི་དང་། སྦྲང་ཆང་དང་། ན་ལེ་ཀེར་སོགས་མེ་ཏོག་གི་དང་། རྒུན་འབྲུམ་སོགས་འབྲས་བུ་ལས་སྦྱར་བའི་ཁུ་བ་ནི་བཅོས་པའི་ཆང་སྟེ། འབྲུ་ཡི་ཆང་དང་བཅོས་པའི་ཆང་གཉིས་པོ་དེས་ནི་མྱོས་པར་འགྱུར་བར་རིག་ནས། སྡོམ་པ་ཅན་བདག་ཉིད་ལེགས་སུ་འདོད་པས་ཕན་པར་འདོད་པ་གང་གིས་ཅུང་ཟད་ཙམ་ཡང་མི་བཏུང་ངོ་། །གཉིས་པ་ནི། ཆང་དེ་འཐུངས་ན་ནི་བསླབ་པའི་གནས་བླང་དོར་མི་བརྗེད་པའི་དྲན་པ་ཉམས་ཤིང་དེས་བརྟུལ་ཞུགས་དང་ལྡན་པ་དེ་བག་མེད་པར་འགྱུར་ལ། བག་མེད་པར་གྱུར་པ་ལས་ནི་བརྟུལ་ཞུགས་ཉམས་པར་འགྱུར་ཏེ། དཔེར་ན་སྔོན་དགེ་བསྙེན་ཆུང་བ་གཅིག་ལ་ཀྱལ་ཀ་བྱ་ཕྱིར། ཆང་རྫ་གང་། ལུག་གཅིག །བུད་མེད་གཅིག་ཁྲིད་འོང་ནས། ཁྱོད་ཆང་འཐུང་ངམ། ལུག་གསོད་དམ། བུད་མེད་སྤྱོད། དེ་གསུམ་གང་རུང་གཅིག་བྱེད་དགོས་སྨྲས་པས། དེས་གཞན་གཉིས་ལས་ཆང་འཐུང་ན་དགའ་སྙམ་ནས། ཆང་བཏུང་བས། དེ་མྱོས་བག་མེད་པར་གྱུར་ནས། ལུག་བསད། བུད་མེད་ལ་སྤྱད་པས་ཕམ་པ་བྱུང་སྟེ་སྡོམ་པ་རྩ་བ་ནས་ཉམས་པ་ལྟ་བུའོ། །རྒྱུ་མཚན་དེ་བས་ན་ང་ལ་སྟོན་པར་འཛིན་པ་པོ་རྣམས་ཀྱིས་ཆང་རྩྭ་རྩེའི་ཟིལ་པ་ཙམ་ཡང་མི་འཐུང་མི་བླུད། གལ་ཏེ་བཏུང་ན། དེ་ཉིད་ང་ཡི་ཉན་ཐོས་སུ་རུང་བ་མིན་ལ། ང་ཡང་དེའི་སྟོན་པ་མིན་ནོ་ཞེས་གསུངས་པའི་སྟོན་པའི་བཀའ་དྲན་པར་བྱས་ཏེ་དེ་ལྟར་མྱོས་འགྱུར་ཆང་འཐུང་བས་ཉེས་པ་ཙམ་དུ་མ་ཟད་ཉེས་པ་དུ་མ་འཕེལ་བར་འགྱུར་བ་ཡི་རྒྱུ་ཆང་ནི་ཙྭ་མཆོག་གི་རྩེ་མོ་ཙམ་གྱིས་ཀྱང་མི་བཏུང་ངོ་། །དེ་ལ་ཆང་ཁ་དོག་དྲི་རི་མྱོས་པའི་ནུས་པ་བཞི་ཡོད་ན་སྤང་དགོས་ལ། ནད་པས་ཆང་མི་བཏུང་བར་མི་འཚོ་བ་ཙམ་ལ་ཐུག་ན་བསྐོལ་ནས་རོ་ནུས་ཀྱི་ནུས་པ་མེད་པར་བྱས་ཏེ་བཏུང་ངོ་། །གཉིས་པ་བརྟུལ་ཞུགས་ཀྱི་ཡན་ལག་ལ། གར་སོགས་བཤད་པ། ཕྲེང་སོགས་བཤད་པ། མལ་ཆེ་མཐོ་བཤད་པ། ཕྱི་དྲོའི་ཁ་ཟས་བཤད་པ་བཞིའོ། །དང་པོ་གར་སོགས་སྤོང་ཚུལ། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་ཀླུ་རྒྱལ་རི་བོ་དང་ཡིད་འོང་གི་ཕྱིར་གཙུག་ལག་ཁང་བརྩིགས་ནས་དུས་སྟོན་ཆེན་པོ་བྱས་པའི་ཚེ། ལྷོ་ཕྱོགས་ནས་གར་མཁན་འོངས་ཏེ་དྲུག་སྡེས་ཅི་བྱེད་པའི་ལད་མོ་བཟླས་པ་དང་། དྲུག་སྡེ་ཁྲོས་ནས། གཞན་ཞིག་ན་དུས་སྟོན་བྱེད་པའི་གར་མཁན་ལ་གནོད་ཕྱིར་དྲུག་སྡེས་བྲོ་གར་བྱས་པ་དང་། སྐྱེ་བོ་ཀུན་གར་མཁན་ལ་མི་ལྟ་བར་དྲུག་སྡེ་ལ་བལྟས་ནས་རོལ་མོ་མཁན་རྙེད་པ་མ་ཐོབ་པས་འཚོ་བ་ཆད་ནས་ཁ་ཟེར་བ་ལ་བཅས་སོ། །དེས་ན་མགྲིན་འགྱུར་གྱི་གླུ་དང་། རྐང་ལག་བསྒྱུར་ཞིང་ལུས་གཡོ་བའི་གར་དང་དེ་བཞིན་དུ་སིལ་སྙན་སོགས་རོལ་མོ་འཁྲོལ་བརྡུང་འབུད་པ་རྣམས། སྡོམ་པ་ལ་གནས་པས་དུས་མ་ཡིན་པར་མི་བྱའོ། །གཉིས་པ་ཕྲེང་སོགས་གསུམ་མོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནྡ་ཀ་གནས་པ་ན་བཞུགས་སོ། །དེའི་ཚེ་གཙུག་ལག་གི་དུས་སྟོན་བྱེད་པ་ན་དྲུག་སྡེ་ཁ་དོག་དང་ཕྲེང་བས་བརྒྱན་པ་ལ་བཅས་སོ། །དེ་ཡང་ལུས་ལ་དྲི་ཞིམ་ཞིང་མཛེས་པའི་ཆེད་དུ་ཨ་གར་ལ་སོགས་པའི་ལྡེ་གུའི་སྤོས་ཀྱིས་མི་བྱུག་གོ །ཙནྡན་ལ་སོགས་པའི་དྲི་བཟང་གིས་མི་བསྐུའོ། །ཡུང་བ་དང་། གུར་གུམ་དང་མཚལ་ལ་སོགས་པའི་ཁ་དོག་མཛེས་པ་རྣམས་ཀྱིས་ལུས་ལ་བསྐུ་བ་དང་། དཔྲལ་བ་ལ་རིས་སུ་བྲི་བར་མི་བྱའོ། །མེ་ཏོག་སྣ་ཚོགས་བརྒྱུས་པའི་ཆུན་པོའི་མགོ་ཡི་རྒྱན་དང་། མགུལ་པར་ཕྲེང་བ་ཡི་རྒྱན་དག་བརྟུལ་ཞུགས་ཅན་གྱིས་གདགས་ཤིང་དཔྱངས་པར་མི་བྱའོ། །གསེར་དང་དངུལ་དང་། མུ་ཏིག་དང་ནོར་བུ་དང་གཡུ་བྱེར་ལ་སོགས་པའི་རྒྱན་བཟང་པོར་གྲགས་པ་རྣམས་ཀྱིས། བདག་གི་མགུལ་དང་རྐང་ལག་སོགས་ལ་བརྒྱན་པར་མི་བྱའོ། །མཚལ་དང་གུར་གུམ་དང་། ག་བུར་དང་དུད་པ་ལ་སོགས་པ་སྦྱར་བའི་མིག་སྨན་རྣམས། བདག་གི་མིག་མི་ན་བར་མིག་དུ་མི་བྱུག་གོ། །ལུས་ཀྱི་ཁ་དོག་མཛེས་པ་དང་ཆགས་པ་སྐྱེ་བའི་ཕྱིར། མེ་ལོང་དང་། ཤེལ་སྒོ་སོགས་ལ་བལྟ་བ་དང་། ཁྲུས་ཆུ་ལ་དྲི་བཟང་གདབ་པ་སོགས་མི་བྱའོ། །གསུམ་པ་ལ། མལ་ཆེ་མཐོ་གཉིས་སྤང་བ་དང་། ཞར་བྱུང་གར་ཕྲེང་མལ་སོགས་སྤངས་པའི་དགོས་པ་གཉིས། དང་པོ། ཤིང་ལ་སོགས་པའི་ཁྲི་ཁྲུ་གང་ལས་མཐོ་བ་དང་། བ་སོ་དང་དུང་ལ་སོགས་པས་བྱས་པའམ། དེས་བརྒྱན་པའི་ཁྲི་ཆེ་བ་ཡིན་ན་དམའ་ཡང་ཉལ་ཁྲི་བཟང་པོ་ལ་ཉལ་བ་དང་འདུག་པ་ལ་སོགས་པ་མི་བྱའོ། །དམ་པའི་ཆོས་འཆད་ཚེ་རིན་པོ་ཆེའི་ཁྲི་ལ་འདུག་པའང་གནང་ངོ་། །དེ་ལ་འདུག་པའི་ཚེ་ཆགས་སེམས་མེད་པར་མི་རྟག་པའི་འདུན་པས་འདུག་མལ་གོས་དང་སྟན་གཉིས་ཀ་ཀོ་ལྤགས་ཡུལ་མཐའ་འཁོབ་དང་ལྷག་པ་ཆེ་སར་གནང་ངོ་། །གཉིས་པ་ནི། དགོས་པ་གླུ་གར་རོལ་མོ་དང་མལ་སྟན་ཕྲེང་བ་ལ་སོགས་པ་འདོད་ཅིང་། བརྟེན་པ་གང་དང་གང་ལ་དྲེགས་པའམ་སྙེམས་པ་སྐྱེ་བར་འགྱུར་བ། དྲེགས་པའི་ཡན་ལག་གམ་དངོས་པོ་དེ་དང་དེ་སྤང་བར་བྱས་ནས་མ་བརྟེན་ན་ནི། སྤོང་བའི་བརྟུལ་ཞུགས་ལ་གནས་པ་སྟེ་ཚུལ་ལྡན་ཞེས་བརྗོད་པ་ཡིན་ནོ། །བཞི་པ་ཕྱི་དྲོའི་ཟས་ལ། དུས་མིན་བཤད་པ། དུས་རུང་བཤད་པ། ཉེས་བྱས་སུ་འགྱུར་མི་འགྱུར་བཤད་པ་གསུམ། དང་པོ། འཛམ་གླིང་རང་གི་ཉི་མ་ཕྱེད་མཚམས་མན་ཆད་ནས་སྐྱ་རེངས་མ་ཤར་བར་དུ་ཞེས་པ་ནི། སྐྱ་རེངས་ལ། སྔོ་རེངས། སེར་རེངས། དམར་རེངས་གསུམ་ལས་སེར་རེངས་མེད་པའི་ཚད་ཀྱིས་བཟུང་སྟེ་དེ་ཚུན་ཆད་ནི་རྒྱལ་བས་བཟའ་བཅའ་བཟའ་བའི་དུས་མིན་བར་གསུངས་པས་ན། སྡོམ་ཅན་གྱིས་ནི་དུས་མ་ཡིན་པ་དེར་མི་བཟའ་སྟེ་བཟའ་བར་མི་བྱའོ། །གཉིས་པ་ནི། དུས་མ་ཡིན་པ་དེ་ལས་གཞན་སྐྱ་རེངས་ཤར་ནས་རང་གླིང་གི་ཉི་མ་ཕྱེད་ཀྱི་བར་ཏེ་ཕྱེད་མ་ཡོལ་བ་དེ་ཡི་སྐབས་སུ་ཟོས་པ་ནི་སྟེ་ཟོས་པ་དེ་ནི་བདག་ཉིད་ལ་ཕན་པར་ཤེས་བཞིན་དུ་སྡོམ་པ་བསྲུང་ནུས་པའི་རྒྱུ་སྟེ། བཟའ་བཅའ་བཟའ་བའི་དུས་སུ་ཟོས་པ་ཡིན་ནོ། །གསུམ་པ་ནི། ཟས་ཟ་བའི་དུས་མིན་པ་ལ་ཟས་ཟ་བའི་དུས་སུ་འདུ་ཤེས་བཞག་པར་བྱས་ནས་ནི་ནམ་དུ་ཡང་བཟའ་བར་མི་བྱའོ། །ནད་པ་སོགས་ལ་སྨན་པས་ཁྱོད་ཀྱིས་ཟས་མ་ཟོས་ན་མི་འཚོ་བའམ་ཉོན་མོངས་པར་འགྱུར་བས་ཟས་ཟོ་ཞིག་ཅེས་བསྒོས་ན་ནི་ནད་པས་ཟོས་ཀྱང་ཉེས་པར་མི་འགྱུར་རོ། །གཞན་ཡང་ལམ་དུ་དཔག་ཚད་གཅིག་ཙམ་དུ་འགྲོ་བ་དང་། མུ་གེས་ཉམ་ཐག་དུས་ནམ་རྙེད་བཟའ་བར་གནང་ངོ་། །གསུམ་པ་གསེར་དངུལ་ལེན་སྤོང་ལ། དངོས་དང་། རུང་བར་བྱ་ཚུལ། རུང་བ་དངོས། གསུམ་དང་པོ། ས་ལེ་སྦྲམ་ནི་བཞུ་བརྟུལ་བྱས་ན་གསེར་ཉིད་ཡིན་ཏེ། དངུལ་ཞེས་བྱ་བ་དངུལ་ཉིད་ཡིན་ལ། ཉིད་སྒྲས་འདྲ་བ་བསལ་བ་ཉིད་དོ། །སྦྱིན་བདག་རྣམས་ཀྱིས་དེ་དག་བྱིན་ན། བརྟུལ་ཞུགས་ཅན་གྱིས་བླང་བར་མི་བྱ་སྟེ་མི་བླང་ངོ་། །ཞ་ཉེ་དང་མཁར་བ་སོགས་ལ་རེག་ན་ཉེས་བྱས་སོ། །གཉིས་པ། གལ་ཏེ་གོས་མེད་པ་སོགས་ཕོངས་པར་གྱུར་ཚེ། སྦྱིན་བདག་རྣམས་ཀྱིས་གསེར་དངུལ་དེ་བྱིན་ན། བདག་གིས་འཆང་དུ་རུང་བ་མ་ཡིན་པ་འདིས་ནི། གོས་མེད་པས་གོས་དང་། འཚོ་བ་ཆད་པར་འགྱུར་བས་ཟས་དང་། ནད་པས་སྨན་ཏེ་རུང་བའི་དངོས་པོ་དེ་དང་དེ་བཙལ་བར་བྱའོ་སྙམ་དུ་དེ་ལྟར་མངོན་པར་ཏེ་ངེས་པར་བསམ་ནས་ནི། དེ་ནས་དགེ་བསྙེན་དང་ཁྱིམ་བདག་གཞན་ཞིག་ལ་ལེན་དུ་བཞུག་གོ །གསུམ་པ། སངས་རྒྱས་ཀྱི་སྐུ་བཞེངས་པ་དང་། ཆོས་བྲི་བ་དང་། དགེ་འདུན་སྤྱི་ལ་འབུལ་བའི་བསམ་པས། དཀོན་མཆོག་གསུམ་གྱི་དཀོར་རམ་མཆེད་ཀ་དང་། ཚངས་པ་མཚུངས་པར་སྤྱོད་པ་མཁན་སློབ་རྣམས་ཀྱི་ཆེད་དུ། གསེར་དང་དངུལ་ལ་དགེ་སྦྱོང་བདག་གིས་རེག་པར་གྱུར་ཀྱང་། ཉེས་པའམ་ལྟུང་བར་འགྱུར་བ་མ་ཡིན་ནོ། །དེ་ཕྱིར་བདག་ལ་ཕུལ་བ་ཡང་དཀོན་མཆོག་དང་མཁན་སློབ་ལ་འབུལ་སེམས་ཀྱིས་བླངས་ན་ཉེས་པར་མི་འགྱུར་རོ། །དཀོན་མཚོག་གསུམ་གྱི་ཆེད་དང་། བསོད་ནམས་བྱ་བའི་ཕྱིར་ཚོང་གི་ཁེ་སྤོགས་བྱ་དགོས་ན་ཡང་བདག་ཉིད་ཀྱིས་མི་བྱ་ཡི། ཁྱིམ་པ་གཞན་ལ་བཅོལ་བར་བྱའོ། །བཞི་པ་སྤང་བླང་གི་རྣམ་པ་གཞན་བཤད་པ་ལ། རང་གི་རྒྱུད་ཀྱི་སྡིག་ལྟ་གཏོང་བ་སོགས་དང་། གཞན་ལ་གུས་པར་བྱ་བ་སོགས་གཉིས། དང་པོ་ནི། ཉེ་དགའི་སློབ་མ་དགེ་སྦྱོང་ཚེར་མ་ཅན་དང་མཆོད་སྦྱིན་གཉིས་ལྟ་བུ་དགེ་ཚུལ་གང་གིས། འདོད་ཡོན་ལྔ་སྤྱད་པས་མཐོ་རིས་དང་ཐར་པ་བར་དུ་གཅོད་པར་བྱེད་ཅེས་རྫོགས་པའི་སངས་རྒྱས་ཀྱིས་གང་གསུངས་པ་དེ་ཡིས་བར་དུ་གཅོད་པར་མི་འགྱུར་ཏེ། དེའི་དོན་བདག་གིས་ཤེས་སོ་ཞེས་སྨྲ་བ་ལ། ཚིག་འཇམ་པོས་གཞམ་བསྒོ་དང་། དེས་མ་བཏུབ་ན། གསོལ་བ་དང་བཞིའི་ལས་ཀྱི་དགེ་ཚུལ་དེ་ལྟར་གཏི་མུག་མ་སྨྲ་ཅིག་ཅེས་དེ་སྐད་བཟློག་ཀྱང་མི་ཟློག་པར་ད་དུང་སྨྲ་ན། དགེ་འདུན་གྱི་ཆོས་དང་ཟང་ཟིང་གི་འཚོ་བའི་ཡོ་བྱད་དུ་གཏོགས་པ་ལོངས་སྤྱོད་རྣམས་དང་བྲལ་བར་བྱས་ནས་ནི། གཙུག་ལག་ཁང་ནས་གནས་དབྱུང་བྱས་ཏེ་བསྐྲད་པར་བྱའོ། །དེ་ནས་དགེ་སྦྱོང་དེ་ནི་དགེ་སྦྱོང་གཞན་དང་ཁང་པ་གཅིག་ཏུ་ཞག་གཅིག་ལ་ཉལ་བར་གནང་བ་མེད་ན། ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་སྤྱོད་པ་དང་། ཡོ་བྱད་དང་ལྟ་བ་གཅིག་པ་རྣམས་ཀྱང་མེད་པས་རོ་དང་འདྲ་བར་འགྱུར་རོ། །གཞན་ཡང་ཇི་ལྟར་རོ་ལ་ཡོན་ཏན་མེད་པ་བཞིན། དེ་ཡང་དགེ་བའི་ཕྱོགས་ཉམས་པས་རོ་དང་འདྲའོ། །རབ་ཏུ་བྱུང་བ་ནི་དུལ་ཞིང་ཞི་བའི་རང་བཞིན་ཡིན་པས། མ་རབས་ཀྱི་ཆོས་ལུས་མཆོང་རྒྱུག་སོགས་དང་། དགེ་བའི་ཕྱོགས་ལ་སེམས་མི་གནས་པས་འཕྱར་བ་དང་། ངག་གི་གད་མོ་རྟ་གད་དུ་བྱེད་པ་ལ་སོགས་པ་རྣམས། རང་ཉིད་མི་རྟག་པ་འཆི་བར་བསམས་ཏེ་རྣམ་པར་གཡེངས་པར་མི་བྱའོ། །གླལ་བ་དང་སྒྲེགས་པ་བྱུང་ཚེ་ལག་པ་དང་གོས་ལ་སོགས་པ་ཡིས་ཁ་དགབ་པར་ཡང་ནན་ཏན་བྱ་དགོས་ཏེ། མི་མཛེས་པ་དང་དྲིང་བའི་ཕྱིར་རོ། །གཉིས་པ་ནི། རང་ལས་ཚུལ་ཁྲིམས་དང་ཤེས་རབ་རྒན་པས་བསླབ་པ་རྒན་པ་རྣམས་ལ་སྦྲིད་པ་བྱུང་བ་ན་ཚིག་གིས་ཕྱག་འཚལ་ལོ་ཞེས་ཕྱག་བྱ་སྟེ། རང་ལས་བསླབ་པ་གཞོན་པ་ལ་སྦྲིད་པ་བྱུང་ན་ནད་མེད་པར་གྱུར་ཅིག་ཅེས་བརྗོད་པ་དང་། ཁྱིམ་པ་སྦྲིད་པ་བྱུང་བ་ལ། ཡུན་རིང་འཚོ་བར་གྱུར་ཅིག་ཞེས་བརྗོད་པར་བྱ་དགོས་པ་དང་། གཞན་ཡང་མཁན་སློབ་སོགས་ཡོན་ཏན་གྱིས་འཕགས་པའི་བླ་མ་དང་མཆོད་རྟེན་སོགས་གནས་པའམ་བཞུགས་པའི་མདུན་དག་ཏུ། སྣབས་དང་། ལུད་པ་མཆིལ་མ་སོ་ཤིང་རྣམས་མི་འདོར་ཞིང་། སོ་ཤིང་བཅའ་བ་འདོར་བར་མི་བྱ་སྟེ། དོར་ན། སྨད་པའི་ཆོས་ཡིན་པ་དང་། མ་གུས་ཤིང་སྙེམས་པའི་ཚུལ་ཡིན་པས་སོ། །སོ་ཤིང་ཟ་ན་ཡང་ཕུ་རུང་གིས་ཁ་དགབས་ཏེ་བཟའ་བར་བྱའོ། །དེ་བཞིན་དུ་བླ་མ་བཞེངས་བཞུད་ཀྱི་དུས་སུ་སྟན་ལ་མི་འདུག་གོ། །མདུན་དུ་དོན་མེད་པར་ཕར་ཚུར་བཅགས་ཏེ་འགྲོ་བར་མི་བྱ་ཞིང་། སྨད་གོས་ཁོ་ན་ལས། སྟོད་གོས་མི་བསྒོ་བའམ། སྟོད་གོས་ཕུད་ནས་ཁྱེད་རེངས་སུ་ཡང་མི་དབྱུང་ངོ་། །རང་ལས་རྒན་པ་དང་བར་བ་དང་གསར་བུ་ལ་སོགས་པའི་མཁས་ཤིང་སྡོམ་པ་ཅན་རྣམས་ལ། ལུས་ངག་གིས་གུས་པ་དང་བཅས་ཤིང་སེམས་ཀྱིས་ཞེ་སར་བཅས་པར་བྱའོ། །བཞི་པའི་ཕྱི་དྲོ་ཕན་ཆད་ཇི་ལྟར་བྱ་བ་ནི། རང་གིས་ལག་པ་དག་པར་བསྙལ་བའམ་བཀྲུས་ནས་ནི། ཡོ་བྱད་བུམ་པ་དང་རྫ་མ་ལ་སོགས་པ་སྲོག་ཆགས་དང་རྡུལ་མེད་པས་གཙང་བར་བྱ་ཞིང་། ནངས་པར་སྤྱད་པར་བྱ་བའི་ཆུ་ཡང་སྔར་བཞིན་ཡོངས་སུ་ཞེས་ཐམས་ཅད་དུ་བཙགས་ནས་སུ་བརྟགས་ནས་སྲོག་ཆགས་མེད་པ་སོགས་རུང་བ་བླང་བར་བྱའོ། །རབ་ཏུ་བྱུང་ནས་ལོ་བཅུའམ་ལྔ་མ་ལོན་གྱི་བར་དུ་གནས་མ་བཅས་པར་གནས་སུ་མི་དབང་བས། དགེ་སྦྱོང་རྣམས་ཀྱི་གནས་མེད་པར་ཞག་གཅིག་ཀྱང་གནས་སུ་མི་གནང་ངོ་ཞེས་བཀའ་བསྩལ་བས་ན། མཁན་པོ་སོགས་གནས་ཀྱི་སློབ་དཔོན་ལ་གནས་མ་བཅས་མ་ཞུས་པར་གནས་པར་མི་བྱ་སྟེ། གལ་ཏེ་མཁན་པོ་སོགས་མེད་ན་བདག་གར་འོང་བའི་གནས་དེ་ན་དགེ་སློང་ཡོན་ཏན་ཅན་ནམ། ཆོས་འདུལ་ལ་མཁས་པ། དགེ་སྦྱོང་འཆོས་ཤིང་འདུལ་ནུས་པ་ལ་གསོལ་པ་བཏབས་ཏེ་གནས་པར་བྱའོ། །དགེ་འདུན་གྱི་མ ལ་ཆ་སྟན་དང་ཁྲི་དང་ཁྲིའུ་ལ་སོགས་པར་ཤིན་ཏུ་སྤྱད་བྱ་མིན་པས། གདིང་བ་མེད་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། བདག་མེད་པ་དང་། ཞི་བའི་དྲན་པ་མེད་པར་འདུག་པ་ལ་སོགས་པ་མི་བྱ་སྟེ་བྱས་ན་ཤིན་ཏུ་ཉེས་པ་ཆེ་བས་སོ། །དེ་ལྟར་དྲན་པ་དང་ལྡན་པས་འདུག་པ་སོགས་བྱས་ན་ཉེས་པ་མེད་དོ། །གཞན་ཡང་སོ་ཤིང་བཅའ་ཞིང་བཀྲུ་བ་དང་རྐང་ལག་བཀྲུ་བ་དང་སྐོམ་ཆུ་བཏུང་བ་དང་། བཤང་བ་དང་གཅི་བ་བྱེད་དུ་འགྲོ་བ་དང་། མཚམས་ནང་གཅིག་ཏུ་སྟོན་པའི་སྐུ་རྟེན་སོགས་ལ་ཕྱག་བྱ་བ་དེ་དག་མཁན་པོ་དང་སློབ་དཔོན་ལ་མ་ཞུས་པར་བྱས་ན་ཉེས་པ་མེད་དོ། །དེ་ལས་གཞན་བརྟུལ་ཞུགས་ཅན་གྱིས་གོས་དྲས་དྲུབ་དང་། ཀློག་པ་དང་སྒོམ་པ་སོགས་ཀྱི་བྱ་བ་གཞན་ཞུ་འོས་དེ་དང་དེ་དག་ཐམས་ཅད་མ་ལུས་པར་གལ་ཏེ་མཁན་པོ་སོགས་བླ་མར་མ་ཞུས་པར་གང་དང་གང་བྱས་ན་དེ་དང་དེ་ལ་ཉེས་བྱས་རེ་འབྱུང་ངོ་། །ཞེས་སོ། །ནུབ་མོ་དགེ་སྦྱོང་གིས་མཆོད་རྟེན་དང་སྐུ་གཟུགས་ལ་སོགས་པ་ལ་ཕྱག་བྱས་ཏེ། མཁན་པོ་སོགས་ལ་སྲོད་དང་ཐོ་རངས་སུ་མི་ཉལ་བར་ཞུ་བར་བྱས་ནས་དེ་ཡི་འོག་ཏུ་མཁན་སློབ་གཉིས་སོགས་བླ་མའི་རྐང་པ་ཆུ་གཙང་མས་བཀྲུས་ནས་མཁན་པོ་སོགས་བླ་མ་ལ་བརྟུལ་ཞུགས་ཅན་གྱིས་སྲོད་དང་ཐོ་རངས་འདི་དག་ཏུ་དགེ་བ་གང་བྱེད་ཀུན་ལ་གནང་བ་ཞུས་ཏེ་གནང་བ་ན། རང་གི་རྐང་པ་གཉིས་ཀ་ཆུས་བཀྲུས་ནས་ནི། ནམ་གྱི་ཆ་གསུམ་དུ་བྱས་པའི་ཆ་སྟོད་དང་ཆ་སྨད་ལ་དགེ་བ་ལ་བསྒྲིམས་ཏེ་བརྩོན་ནས་མི་ཉལ་བར་བྱས་ཏེ། བླ་མས་འདི་གྱིས་ཞེས་གནང་བ་སྒྲུབ་པར་བྱེད་པ་དེས་ནི་དགག་སྒྲུབ་ཇི་ལྟར་དམ་བཅས་པ་ལྟར་མི་འགལ་བར་བྱས་ན་བདེན་པར་སྨྲ་བ་ཡིན་པར་ཤེས་པར་བྱ་སྟེ། དེ་ལྟར་མ་བྱས་ན་ཤེས་བཞིན་རྫུན་དུ་སྨྲ་བར་འགྱུར་རོ། །ནམ་གྱི་ཆ་བར་མར་ཉལ་བའི་ཚེ་ན་ཡང་བསམ་པ་མེད་པར་ཉལ་བར་མི་བྱ་སྟེ་འདི་ལྟར་སང་མྱུར་དུ་ལྡང་བའི་འདུ་ཤེས་དང་། ཕྱོགས་ཐམས་ཅད་སྣང་བས་ཁྱབ་པའི་འདུ་ཤེས་ཀྱིས་ཏེ་འདུ་ཤེས་ཡིད་ལ་བྱས་ནས་གློ་གཡས་ས་ལ་ཕབས་ཏེ་སེངྒེ་ཉལ་ཐབས་བཞིན་དུ་ཉལ་བར་བྱའོ། །དེ་ལྟར་ལྡང་དང་སྣང་བའི་འདུ་ཤེས་སོགས་དྲན་པ་དང་ལྡན་པར་བྱ་ཞིང་ཞེ་ས་ལྡན་པར་བྱས་ནས། ཉལ་ཁར་ཡང་དཀོན་མཆོག་གསུམ་ཡིད་ལ་བྱེད་པ་ལ་སོགས་པའི་དགེ་བའི་རྒྱུད་དང་ལྡན་པར་བྱས་ནས་ཉལ་ན་རྨི་ལམ་ཡང་དགེ་བ་དང་མྱུར་དུ་སད་པར་འགྱུར་རོ། །དེ་བཞིན་དུ་མྱུར་དུ་སད་ནས་ནི། ནམ་གྱི་ཆ་སྨད་ཐོ་རངས་མལ་ནས་ལངས་ཏེ་ནམ་ལངས་བར་དུ་ཁ་ཏོན་སོགས་བྱ་བ་ཇི་སྐད་གོང་དུ་བསྟན་པ་བཞིན་དུ་བསླབ་པར་བྱའོ། །ལྔ་པ་དེ་རྣམས་ཀྱི་འབྲས་བུ་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། གོང་དུ་ཇི་ལྟར་བསྟན་པའི་བླང་དོར་རྣམས་ཚུལ་བཞིན་ཉམས་སུ་བླངས་ཏེ་སྒྲུབ་ན་ཡོན་ཏན་དང་འབྲས་བུ་ནི། རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་མཐོང་བས་རང་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་མྱུར་དུ་ཟད་ཅིང་སྤོང་བ་དང་། འབྲས་བུ་བྱང་ཆུབ་རྣམ་པ་གསུམ་ལས་དམ་པ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཐོབ་པར་འགྱུར་བར་བསམས་ནས་དེའི་རྒྱུ་ལ་བསྒྲིམས་ཏེ་གུས་རྟག་གི་བརྩོན་པ་དང་ལྡན་པས་རྟག་ཏུ་བླང་དོར་གྱི་བསླབ་པ་ལ་འབད་པར་བྱའོ་ཞེས་གདམས་པར་མཛད་པའོ། །བཞི་པ་མཇུག་གི་དོན་ལ། སློབ་དཔོན་གང་གིས་མཛད་པའི་མཛད་བྱང་། ལོ་ཙཱ་བ་གང་གིས་བསྒྱུར་བའི་འགྱུར་བྱང་གཉིས། དང་པོ། གཞི་ཐམས་ཅད་དེ་ཤེས་བྱ་གཞི་ལྔ་ཡོད་པར་སྨྲ་བའི་སྡེ་ལས་དགེ་ཚུལ་གྱི་སྤང་བླང་གི་བསླབ་བྱ་སྟོན་པའི་ཚིག་ལེའུ་བྱས་པ་སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་རྫོགས་སོ། །གཉིས་པ་རྒྱ་གར་གྱི་མཁན་པོ་མུ་ནི་ཝ་རྨ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་སྣ་ནམ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ན་ཚོད་ཤིན་ཏུ་གཞོན་པའི་ལྕུག་ཕྲན་ལ། །བློ་གྲོས་ཨུཏྤལ་གསར་པས་ཉེར་མཛེས་ཁྱོད། །དྲི་མེད་ཆོས་འདུལ་བདུད་རྩིའི་དགའ་སྟོན་གྱི། །དྲི་བསུང་རྣམ་པར་འཕྲོ་བས་དགེ་གྱུར་ཅིག །ཅེས་པའང་ས་བཅད་ཀྱི་འཇུག་གོ། །འདིར་སྨྲས་པ། ཕན་བདེའི་ལེགས་ཚོགས་ཇི་སྙེད་འཇོ་བའི་དཔྱིད། །ཡོན་ཏན་ཀུན་གྱི་གཞིར་གྱུར་ཚུལ་ཁྲིམས་ཉིད། །ལེགས་པར་སྟོན་པའི་སོ་སོར་ཐར་པ་གང་། །སྟོན་དང་བསྟན་པ་གཉིས་ཀར་རྒྱལ་བས་གསུངས། །དེ་ཕྱིར་དེ་ནི་ཐར་འདོད་རྣམས་ཀྱི་ལམ། །ཡང་དག་འདོད་པའི་སྐལ་བཟང་དམ་པ་རྣམས། །དང་པོའི་ལས་ཅན་འདི་ལ་བརྩོན་བྱས་ཏེ། །ཕྱི་ནས་འདུལ་བ་རྒྱ་མཚོར་འཇུག་པར་བྱ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་ཀྱིས། །རྩ་བརྒྱུད་བླ་མའི་ཐུགས་དགོངས་རྫོགས་པ་དང་། །བསྟན་འཛིན་ཞབས་བརྟན་རྒྱལ་བསྟན་དར་རྒྱས་ཤིང་། །མ་ལུས་འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཤོག །ཅེས་པའང་སྐྱབས་རྗེ་ཀུན་གཟིགས་རྒྱལ་ཚབ་མཆོག་སྤྲུལ་རིན་པོ་ཆེའི་ཉེ་གནས་དམ་པ། བླ་མ་དང་བསྟན་པ་ལ་མཆོག་ཏུ་གུས་པའི་བློ་གྲོས་ཆན། ཤཱཀྱའི་དགེ་སློང་ཞིང་སྐྱོང་གིས་བླ་མའི་བཀའ་བཞིན་བསྐུལ་གནང་ལྟར། རབ་ཚེས་མེ་སྟག་ལོར་ཞེ་ཆེན་ཡང་དབེན་བདེ་མཆོག་བཀྲ་ཤིས་འཕེལ་དུ་ཤཱཀྱའི་བཙུན་གཟུགས་ས་མནྟ་དྷརྨ་ཀིརྟིར་འབོད་པས་འཇམ་དབྱངས་མི་ཕམ་རིན་པོ་ཆེའི་ས་བཅད་དང་རྩ་བའི་ཕྱག་མཆན་འགྲེལ་པར་གཏུགས་ཏེ་བཀོད་པའི་ཡི་གེ་པ་ནི། ཤཱཀྱའི་དགེ་སློང་མཁྱེན་བརྩེ་བློ་གྲོས་ཀྱིས་བགྱིས་པ་འདིས་ཀྱང་དཔལ་ལྡན་བླ་མ་ཡབ་སྲས་ཐུགས་དགོངས་རྫོགས་པ་དང་བསྟན་འགྲོ་ལ་ཕན་པ་རྒྱ་ཆེ་ཞིང་རྒྱུན་རིང་བར་འཕེལ་བའི་རྒྱུར་གྱུར་ཅིག །མངྒལཾ། ༈ །རྒྱལ་བའི་རྒྱལ་ཚབ་སློབ་དཔོན་ཀླུ་སྒྲུབ་ཀྱི། །གཞུང་བཟང་རིན་ཆེན་གསེར་གྱི་མཆོད་སྡོང་ལ། །དགོངས་འགྲེལ་གཡུ་ཡི་ཕྲ་ཚོམ་བསྟར་བ་འདི། །མི་ཕམ་དཔའ་བོའི་རྣམ་དཔྱོད་དག་གིས་ཕྱེས། །དེ་ཕྱིར་ཟེ་ཆེན་མ་ཧཱ་པཎྜི་ཏའི། །ཐུགས་དགོངས་རྫོགས་ཕྱིར་སྤར་དུ་བསྒྲུབས་པའི་དགེས། །འགྲོ་རྣམ་བསླབ་གསུམ་གཙང་མའི་གོས་བཀླུབས་ཏེ། །ཚུལ་ཁྲིམས་དྲི་བསུང་ཕྱོགས་མཐར་ཁྱབ་གྱུར་ཅིག །ཅེས་སྤར་བྱང་སྨོན་ཚིག་འདིའང་བཀའ་བསྐུལ་ལྟར་བནྡེ་འཇམ་དཔལ་བཟང་པོས་སྨྲས་པ་དགེའོ། །དགེའོ། །དགེའོ།། །།

སོ་ཐར་མདོ་ཡི་མཆན་འགྲེལ་ཉུང་ངུ་ངེས་ལེགས་ཐེམ་སྐས།

པྲཏིམོཀྵ པཱུཏྲོབབྲྀཏྟྱལྤནིརྦཱཎཀྲམནཱམཱསྟི། །
སོ་ཐར་མདོ་ཡི་མཆན་འགྲེལ་ཉུང་ངུ་ངེས་ལེགས་ཐེམ་སྐས་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ། སྲིད་པའི་མེ་དབལ་རབ་ཏུ་ཚ་བ་གཞོམ་པ་ལ། །གངྒཱའི་ཆབ་ཀྱི་གཞིལ་བ་མིན་ཀྱང་ངེས་འབྱུང་གི། །བདུད་རྩིའི་གཤེར་གྱི་འགྲོ་བ་སྡུག་བསྔལ་གྱིས་གཟིར་རྣམས། །ཐུགས་རྗེའི་ཕྱག་གིས་བཀྲུ་མཛད་ཐུབ་པའི་དབང་པོར་འདུད། །དམ་ཆོས་འདུལ་བ་འབུམ་སྡེ་ཡི། །རྩ་བ་སོ་སོར་ཐར་པ་ལ། །སྟོན་པ་བཞིན་དུ་གུས་མཆོད་ནས། །ཉུང་ངུའི་ངག་གིས་བཀྲལ་བར་བྱ། །འདིར་འདུལ་བ་རྒྱ་མཚོ་ལྟ་བུའི་སྙིང་པོ་སོ་སོ་ཐར་པའི་མདོ་འཆད་པ་ལ་བཞི་སྟེ་མཚན་དོན། འགྱུར་ཕྱག །གཞུང་དོན། མཇུག་དོན་ནོ། །དང་པོ་ནི། རྒྱ་གར་སྐད་དུ། པྲ་ཏི་མོ་ཀྵ་སཱུ་ཏྲ། བོད་སྐད་དུ། སོ་སོར་ཐར་པའི་མདོ། ཞེས་པར་འགྱུར་ལ། དེ་ལ་པྲ་ཏིའི་སྒྲ་ནི། སོ་སོ་དང་། དང་པོ་དང་། ཐབས་གསུམ་ལ་འཇུག་པ་ལས། གང་གིས་བསླབ་པའི་གཞི་ཡང་དག་པར་བླངས་ཏེ། སྲུངས་བ་དེ་ཐར་གྱི། གཞན་གྱིས་བསྲུང་བས་གཞན་མི་ཐར་པའི་ཕྱིར་སོ་སོར་ཐར་པའམ། དང་པོར་སྡོམ་མིན་ལས་ཐར་བས་དང་པོར་རམ། ཐར་པ་མྱང་འདས་ཐོབ་པའི་ཐབས་ཡིན་པས་ནའོ། །དེ་དག་གི་དོན་མདོར་བསྡུས་པ་ཙམ་ཞིག་སྟོན་པས་ན་མདོའོ། །གཉིས་པ་ནི། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ཞེས་སོ། །གསུམ་པ་ལ་ལྔ་སྟེ། མཆོད་བརྗོད་དང་། གླེང་བསླང་བ། ཡང་དག་པར་རྩོམ་པ་དང་། གཞུང་རྒྱས་པའི་མཚན་ཉིད་དང་། བསྡུས་པའི་མཚན་ཉིད་དོ། །དང་པོ་ལ་གཉིས་ཏེ། མཆོད་པར་བརྗོད་པ་དང་བརྩམ་པར་དམ་བཅའ་བའོ། །དང་པོ་ལ་གཉིས་ཏེ། བསྟོད་པའི་སྒོ་ནས་མཆོད་པར་བརྗོད་པ་དང་། ཕྱག་འཚལ་བའི་སྒོ་ནས་མཆོད་པར་བརྗོད་པའོ། །དང་པོ་ནི། སངས་རྒྱས་པའི་སྙན་པའི་བ་དན་ས་བླ་ནས་འོག་མིན་བར་རམ་འཇིག་རྟེན་གསུམ་ན་གྲགས་སོ། །གཟུགས་མེད་ནའང་དང་པོ་གཟུགས་ཅན་གྱི་ཁམས་ན་གནས་པའི་ཚེ་གྲགས་པའི་ས་བོན་རྒྱུད་ན་ཡོད་པས་སོ། །དམ་པའི་ཆོས་བདེན་བཞི་སྟོན་པའི་སྒྲ་མུ་སྟེགས་བྱེད་ཀྱི་རི་དྭགས་སྐྲག་ཅིང་སྐལ་བཟང་སེང་ཕྲུག་ལྟ་བུ་དག་སྡུད་པར་བྱེད་པས་སེང་གེའི་སྒྲ་བསྒྲགས་པར་མཛད་དེ། ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པ་ལུང་རྟོགས་ཀྱི་ཆོས་དཀོན་མཆོག་གི་མཛོད་འཕགས་པའི་དགེ་འདུན་འཁོར་དུ་བརྙེས་པའི་ཞབས་ལ་ཚངས་པ་དང་དབང་པོ་སོགས་ཀྱི་གཙུག་གི་ནོར་བུས་གཏུགས་ཏེ་ཕྱག་བྱས་པའོ། །ཡང་ན། སངས་རྒྱས་ཐམས་ཅད་དང་དགོངས་པ་རོ་མཉམ་པ། ལུང་རྟོགས་ཀྱི་ཆོས་ཐམས་ཅད་རྫོགས་པར་མཁྱེན་པ། འཕགས་པའི་གདུང་རྒྱུན་མི་འཆད་པའི་འབྱུང་གནས་ཏེ་དཀོན་མཆོག་གསུམ་གྱི་མཛོད་བརྙེས་པའོ། །སྤངས་པ་ནི། སྡུག་བསྔལ་བཞིའི་རྒྱ་མཚོ་གཏིང་དང་ཕ་རོལ་གྱི་མཐའ་དཔག་ཏུ་མེད་པ་ལས་རྒལ་བ་འགྲོ་བའི་གཙོ་བོ་དེ་ལ་སྤྱི་བོས་ཕྱག་འཚལ་ཏེ་ཞེས་སྒོ་གསུམ་གྱིས་ཕྱག་འཚལ་བའང་བསྡུས་པར་བསྟན་ཏོ། །གཉིས་པ་ནི། ཐམས་ཅད་མཁྱེན་པའི་གསུང་རབ་ལུང་སྡེ་བཞི་ནི་བསླབ་གཞི་དཀོན་མཆོག་ཡིན་ལ་དེའི་སྣོད་སོ་ཐར་མདོ་འདི་ཉན་ཐོས་འཕགས་པའི་ཚོགས་ཀྱི་དབུས་སུ་དབྱེ་ཞིང་གདོན་པར་བྱའོ། །གཉིས་པ་གླེང་སློང་བའི་མཚན་ཉིད་ལ་གསུམ་སྟེ་སོ་སོར་ཐར་པའི་ཆེ་བ་བརྗོད་པ། ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པ། སོ་སོར་ཐར་པ་སྒྲུབ་པར་གདམས་པའོ། །དང་པོ་ལ་གསུམ་སྟེ། ཚེ་འདིའི་འབྲས་བུ། ཚེ་ཕྱི་མའི་འབྲས་བུ། སོ་སོར་ཐར་པ་ལ་སྟོན་པ་དང་འདྲ་བར་བསྟོད་པའོ། །དང་པོ་ནི། སངས་རྒྱས་ཀྱིས་ལེགས་གསུང་འདུལ་བ་སྡེ་བཞི་གངས་ཆེན་མཚོ་ལྟ་བུ་གཏིང་མཐའ་མེད་པ་ཐམས་ཅད་ཀྱི་བརྗོད་བྱར་གནས་པའི་སྙིང་དང་སྙིང་པོ་ནི་སོ་སོར་ཐར་པ་འདི་ཡིན་ནོ། །སོར་མདོ་འདི་ནི་དམ་པའི་ཆོས་ཀྱི་རྒྱལ་པོ་ཡི་མདོ་སོགས་ཆོས་ཀུན་གྱི་ནི་འདྲེན་པ་མཆོག་ཡིན་ཏེ་འདི་ལ་བརྟེན་ནས་དེ་ཀུན་འབྱུང་བས་སོ། །འདི་ནི་དགེ་སློང་ཚོང་པའི་ཚོགས་ཀྱི་བསླབ་བཟོད་རྣམ་པར་བཀོད་པའི་ཚོང་ཁང་ཆེན་པོ་ཡིན་ཏེ་འདི་ནང་བསླབ་པ་ཀུན་ཆུད་པས་སོ། །ཚུལ་ཁྲིམས་འཆལ་བ་སྦྲུལ་གདུག་པ་ལྟ་བུས་ཟིན་པ་རྣམས་ཀྱི་གདུག་པ་དུག་དང་འདྲ་བའི་ལྟུང་བ་རྣམས་སེལ་བའི་སྨན་འདི་ཡིན་ཏེ་ལྟུང་བ་ཞི་བར་བྱེད་པས་སོ། །འདི་ནི་ལང་ཚོ་དང་བག་མེད་ཀྱི་རྒྱགས་པས་རྣམ་པར་འཁྲུལ་པའི་རྐང་གཉིས་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པའི་གླང་ཆེན་གཞོན་ནུའི་ལྕགས་ཀྱུ་ཡིན་ཏེ་བག་མེད་ལས་བཟློག་པས་སོ། །གཉིས་པ་ནི། མཚོ་བས་ཟབ་པའི་འཁོར་བ་ལས་སྒྲོལ་བའི་རྒལ་ཐབས་སོར་མདོ་འདི་ཡིན་ཏེ་ཟག་མེད་འབྱུང་བས་སོ། །འདི་ནི་བཟང་འགྲོ་ལྷ་མིར་འགྲོ་བ་ཡི་ངེས་པའི་ཆུ་ལོན་དང་ཟམ་པ་ཡིན་ཏེ། ངན་འགྲོའི་ཆུ་བཟློག་ཅིང་བདེ་འགྲོའི་ལམ་ཡིན་པས་སོ། །འདི་ནི་ཉོན་མོངས་པའི་གཡུལ་ཕམ་པར་བྱེད་པའི་ལམ་ཏེ་ཡན་ལག་བརྒྱད་པ་འཕགས་པའི་རྒྱལ་པོ་ཡི་ནི་གསུང་རྒྱུ་རྒྱལ་བའི་འདྲེན་པ་བློན་པོ་མཆོག་ལྟ་བུ་ཡིན་ཏེ། འཕགས་ལམ་འདྲེན་པར་བྱེད་པས་སོ། །འདི་ནི་ཐར་པའི་གྲོང་ཁྱེར་དུ་འཇུག་པའི་ཐེམ་སྐས་ཀྱི་གཞི་རྟེན་དང་འདྲ་བར་གནས་པ་ཡིན་ཏེ་ལམ་ཀུན་གྱི་གཞི་ཡིན་པས་སོ། །གསུམ་པ་ནི། བཅོམ་ལྡན་འདས་ང་ནི་ལྷག་མེད་དུ་མྱ་ངན་ལས་འདས་པར་གྱུར་པས་ན་སོ་ཐར་འདི་ནི། དགེ་སློང་ཁྱེད་རྣམས་ཀྱི་སྟོན་པའོ་ཞེས་རང་བྱུང་སངས་རྒྱས་ཉིད་ཀྱིས་གུས་པ་དང་བཅས་པར་ནན་ཏན་གྱིས་དགེ་སློང་ཚོགས་ཀྱི་མདུན་དུ་བསྟོད་དོ། །གཉིས་པ་ཚོགས་ཀྱི་ལམ་འབྲས་བུ་དང་བཅས་པ་ལ་གསུམ་ཏེ། ཚོགས་ཀྱི་ལམ་དཀོན་པ། ཚོགས་ཀྱི་ལམ་རྙེད་པ། རྙེད་ནས་འབད་པར་བྱ་བའོ། །དང་པོ་ནི། ཚོགས་ཀྱི་ལམ་དེ་ལ་བཅུ་གསུམ་ཡོད་དེ། གཞན་འབྱོར། རང་འབྱོར། དགེ་བའི་ཆོས་ལ་འདུན་པ། ཚུལ་ཁྲིམས་ཀྱི་སྡོམ་པ། དབང་པོ་སྡོམ་པ། ཟས་ཀྱི་ཚོད་རིག་པ། ནམ་གྱི་ཆ་སྟོད་སྨད་ལ་མི་ཉལ་བར་རྣལ་འབྱོར་བརྩོན་པ། ཤེས་བཞིན་དུ་སྤྱོད་པ། དགེ་བའི་བཤེས་གཉེན་བསྟེན་པ། ཆོས་ཉན་ཅིང་སེམས་པ། བར་ཆད་མེད་པ། གཏོང་བ་སྤེལ་བ། དགེ་སྦྱོང་གི་རྒྱན་ནོ། །སངས་རྒྱས་ཞེས་བྱའི་སྒྲ་འདི་ཙམ་ཡང་འཇིག་རྟེན་དག་ན་རབ་ཏུ་དཀོན་ལ། རང་འབྱོར་མི་ཉིད་ཀྱི་དངོས་པོ་རྙེད་པ་ཤིན་ཏུ་དཀའ་ཞིང་རྙེད་ནས་ཀྱང་བསྟན་པ་ལ་རབ་ཏུ་བྱུང་བ་ཤིན་ཏུ་དཀོན་ཏེ་ཆོས་ཐོས་ཤིང་དད་པ་ཐོབ་པ་དཀོན་པས་སོ། །དེ་བཞིན་དུ་རབ་ཏུ་བྱུང་པ་རྣམས་ཀྱི་ནི་ཚུལ་ཁྲིམས་མ་ཉམས་པ་ཕུན་སུམ་ཚོགས་པ་རབ་ཏུ་དཀོན་ནོ། །ཚུལ་ཁྲིམས་ཡོངས་སུ་དག་པར་གྱུར་ཀྱང་གྲོགས་བཟང་པོ་དགེ་བའི་བཤེས་གཉེན་སོགས་ཤིན་ཏུ་རྙེད་པར་དཀའ་འོ། །གཉིས་པ་ནི། འཇིག་རྟེན་དུ་སངས་རྒྱས་འབྱུང་བ་དང་། མི་ལུས་ཐོབ་པ་དང་། རབ་ཏུ་བྱུང་བ་དང་། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང་། གྲོགས་བཟང་པོ་རྙེད་པར་དཀའ་བ་རྙེད་པར་གྱུར་ནས་སོ་ཐར་ལ་ནན་ཏན་བྱ་དགོས་སོ། །གསུམ་པ་ནི། སྒོ་གསུམ་གྱི་བྱ་བ་ལ་མཁས་པ་བདག་ལ་ལེགས་པར་འདོད་པ་ཚོགས་ཀྱི་ལམ་དེ་ལྟ་བུ་དང་ལྡན་ཞིང་དེ་དག་སྦྱོར་ལམ་དུ་བྱེད་པ་སོགས་འབྲས་བུ་དང་བཅས་པ་བྱེད་པར་འདོད་པའི་སྡོམ་བརྩོན་རྣམས་ཀྱིས་སོ་སོར་ཐར་པ་མཉན་པའི་ཕྱིར་ནི་འབད་པར་བྱའོ། །གསུམ་པ་སོ་སོར་ཐར་པ་སྒྲུབ་པར་གདམས་པ་ནི། དགེ་སློང་མིག་ལ་སོགས་པའི་དབང་པོ་དུལ་བ་སྟེ་བསྲུང་བ་གནས་སྐབས་ཀུན་ཏུ་དབང་པོ་དུལ་ཞིང་སངས་རྒྱས་ཀྱི་རྗེས་སུ་སོན་པ་ལས་མི་འགྱུར་བར་རབ་ཏུ་བྱུང་བ་ངེས་པར་ཐར་པ་འདོད་པ་རྣམས་ཀྱིས་སོ་སོར་ཐར་པ་རྟག་ཏུ་མི་ཉམས་པར་སྲུངས་དགོས་ཏེ་དེ་ལ་བརྟེན་ནས་མྱང་འདས་ཐོབ་པས་སོ། །གསུམ་པ་ཡང་དག་པར་རྩོམ་པའི་མཚན་ཉིད་ལ་བདུན་ཏེ། སོ་སོར་ཐར་པ་རྙེད་པར་དཀའ་བ། དཀོན་མཆོག་གསུམ་འབྱུང་བ་བདེ་བ། དགེ་བའི་བཤེས་གཉེན་བརྟེན་པ་བདེ་བ། སྡིག་གྲོགས་སྤངས་བ་བདེ་བ། དགེ་བའི་བཤེས་གཉེན་གྱི་ཁྱད་པར་ལ་བརྟེན་པ་བདེ་བ། ཐོབ་པར་བྱ་བ་དང་བསྒྲུབ་པར་བྱ་བ་བདེ་བ། སྒྲུབ་པར་བྱེད་པ་སྦྱང་བའི་ཡོན་ཏན་དང་ལྡན་པའི་བདེ་བའོ། །དང་པོ་ནི། བསྐལ་པ་བྱེ་བ་རྣམས་སུ་ཡང་ལུང་དང་རྟོགས་པའི་སོ་སོར་ཐར་པ་རྣ་བས་ཐོས་པ་དང་ཡིད་ཀྱིས་གཟུང་བ་དང་ཚིག་དང་དོན་བློ་ལ་འཛིན་པ་རྙེད་པར་དཀའ་སྟེ། སྔ་མ་གསུམ་བས་ཀྱང་ནན་ཏན་གྱིས་སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ་སྟེ་བསྐལ་པར་ཡང་རང་གཞན་གྱི་འབྱོར་པ་རྙེད་དཀའ་བས་སོ། །གཉིས་པ་ནི། སངས་རྒྱས་རྣམས་ནི་འཇིག་རྟེན་དུ་འབྱུང་བ་བདེ་སྟེ། རྣམ་གྲོལ་གྱི་རྒྱུ་ཡིན་པས་སོ། །དེས་ཆོས་བསྟན་པ་ཡང་བདེ་བ་ཡིན་ཏེ་བདེ་བའི་རྒྱུ་ཡིན་པས་སོ། །དགེ་འདུན་ལྟ་བ་དང་ཆོ་ག་མཐུན་པ་བདེ་བ་ཡིན་ཏེ་བདེ་བའི་རྒྱུ་དང་འབྲས་བུ་བདེ་བར་འགྱུར་བས་སོ། །དགེ་འདུན་མཐུན་པ་རྣམས་ཀྱི་བསླབ་གསུམ་ཉམས་ལེན་གྱི་དཀའ་ཐུབ་ཡང་བདེ་བའི་རྒྱུ་ཡིན་ནོ། །གསུམ་པ་ནི། འཕགས་པ་དགྲ་བཅོམ་པ་རྣམས་ནི་མཐོང་བའམ་བཤེས་གཉེན་དུ་བརྟེན་བྱར་བདེ་ལ། སོ་སྐྱེ་དམ་པ་དག་དང་འགྲོགས་པ་བདེ་བ་ཡིན་ཏེ། འདི་དང་ཕྱི་མའི་བདེ་བ་ཕུན་སུམ་ཚོགས་པའི་རྒྱུ་ཡིན་པས་སོ། །བཞི་པ་ནི། སོ་སྐྱེ་བྱིས་པའི་གྲོགས་པོ་རྣམས་ནི་སྤངས་ནས་མ་མཐོང་ན་རྟག་ཏུ་བདེ་བ་ཉིད་དུ་འགྱུར་ཏེ་དེས་སྡུག་བསྔལ་གྱི་རྒྱུ་བྱེད་པས་སོ། །ལྔ་པ་ནི། ཚུལ་ཁྲིམས་དང་ལྡན་པ་མཐོང་བ་ནི་བདེ་བ་ཡིན་ཏེ། གཞན་གནོད་ལས་ལོག་པས་བདེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །མང་དུ་ཐོས་པའི་ཤེས་རབ་ཅན་མཐོང་བ་ནི་བདེ་བ་ཡིན་ཏེ་ལྟ་ངན་སོགས་དང་ཐེ་ཚོམ་བསལ་བས་སོ། །ཡང་སྲིད་ལས་རྣམ་པར་གྲོལ་བ་ཡི་དགྲ་བཅོམ་པ་དག་མཐོང་བ་བདེ་སྟེ། དགེ་ལེགས་ཀྱི་བསམ་པ་མཆོག་དང་ལྡན་པའི་ཕྱིར་རོ། །དྲུག་པ་ནི། དཔེར་ན་འཇུག་ངོགས་བདེ་བའི་ཆུ་ཀླུང་ལ་ཉེ་བར་སྤྱད་པ་བདེ་བ་དེ་བཞིན་དུ་མཐའ་གཉིས་སྤངས་པའི་ལམ་ནས་རྣམ་གྲོལ་གྱི་འབྲས་བུ་ཐོབ་པ་ཡིན་ལ། ཚོགས་སྦྱོར་དུ་ཆོས་ལ་གོམས་པའི་སྐྱེ་བོ་བདེ་བ་ཡིན་ཏེ་དེས་རྣམ་པར་གྲོལ་བའི་བདེ་བ་ཐོབ་པས་སོ། །ཟག་མེད་ཀྱི་ཤེས་རབ་ཐོབ་པར་གྱུར་པ་བདེ་བ་ཡིན་ཏེ་མཐོང་བསྒོམ་གྱི་རྣམ་པར་གྲོལ་བ་ཐོབ་པས་སོ། །ང་འོ་སྙམ་པའི་ང་རྒྱལ་ཟད་པའི་དགྲ་བཅོམ་པ་བདེ་བ་ཡིན་ཏེ་ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བས་སོ། །བདུན་པ་ནི། བསླབ་པ་གསུམ་ངེས་པར་བྱས་ཤིང་དབང་པོ་ཐུལ་བ་དག་དགོན་པ་སྐྱེས་བུའི་འདུ་ལོང་ཞི་བ་རྣམས་སུ་ཚངས་སྤྱོད་མཐར་ཕྱིན་བའི་རྒས་པར་གྱུར་པ་དང་སྡེ་སྣོད་ཀྱང་མང་དུ་ཐོས་པ་གང་ཞིག་ནགས་ཀྱི་ནང་དག་ཏུ་ལང་ཚོ་ཡོལ་བ་རྣམས་ཀྱི་གནས་པ་དེ་ནི་འདི་ཕྱི་ཀུན་ཏུ་བདེའོ། །བཞི་པ་གཞུང་རྒྱས་པའི་མཚན་ཉིད་ལ་གཉིས་ཏེ། དུས་དང་པོར་བྱ་བ་དང་། མདོ་གདོན་པ་དངོས་སོ། །དང་པོ་ལ་དྲུག་སྟེ། སོ་སོར་ཐར་པ་ལ་རྣ་བ་མི་གཏོད་པའི་ཉེས་དམིགས། མི་འདུ་བ་དགག་པ། མཆོད་ཅིང་ལུང་དབོག་པ། ཡང་དག་པར་སྒྲུབ་ཏུ་གཞུག་པ། སྒྲུབ་པའི་ཕན་ཡོན། མ་སྒྲུབ་པའི་ཉེས་དམིགས་སོ། །དང་པོ་ལ་གཉིས་ཏེ། དགོས་པ་དང་ལྡན་པའི་དུས་བརྗོད་པ། རྣ་བ་མི་གཏད་པའི་ཉེས་དམིགས་དངོས་དང་འབྲེལ་བར་བསླབ་པའི་གནས་ལ་གདམས་པའོ། །དང་པོ་ནི། ཚེ་དང་ལྡན་པ་དག་ཅེས་སྙན་པའི་ཚིག་གིས་བོས་ནས། སོ་ག་ཞེས་པ་ནི་དུས་མཚོན་པ་སྟེ་གསོ་སྦྱོང་གདོན་པའི་དུས་དེ་ལ་དགུན། དགུན་སྨད། དཔྱིད་སོ་ག །དབྱར། སྟོན་དང་དྲུག་པོ་གང་གི་ཚེ་གསོ་སྦྱོང་འདོན་པ་དེ་ཡི་ཚེ་མིང་ནས་སྨོས་པར་བྱ་བ་ཡིན་ནོ། །རྣམས་ཞེས་པ་ནི་དུས་ཚིགས་རེ་ལ་ཟླ་ཕྱེད་བཞི་ཡོད་པ་ཤེས་པའི་ཆེད་དོ། །ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་སོགས་སྦྱར་རོ། །སྟོན་ཟླ་ཐ་ཆུང་ནས་དགུན་ར་ཉ་ཡི་བར་དགུན་སྟོད་ཀྱི་དང་པོ་སོགས་སོ། །ཟླ་བ་འདས་པ་དང་ཟླ་བ་ལྷག་མ་ཅི་ཙམ་པ་དེ་ཙམ་མོ་ཞེས་དགུན་ལྟ་བུ་ལ་དུས་བཞི་སྟེ། ཐ་ཆུང་གི་སྟོང་། དགུན་རའི་ཉ་སྟོང་། འབྲིང་ཉའོ། །དེ་ཡང་སྟོན་ཐ་ཆུང་གི་གནམ་སྟོང་གི་ཚེ་ན་ཚེ་དང་ལྡན་པ་དག་སང་གི་སྐྱ་རེངས་ཤར་བ་ན་དགུན་རྣམས་ཀྱི་ཟླ་བ་གཉིས་ལས་ཕྱེད་ནི་འདས་ལ་ཕྱེད་དང་གཉིས་ནི་ལུས་སོ། །ཞེས་དང་། དགུན་རའི་ཉ་ལ་ཚེ་དང་ལྡན་པ་དག་དགུན་རྣམས་ཀྱི་ཟླ་བ་གཉིས་ལས་གཅིག་ནི་འདས་སོ་གཅིག་ནི་ལུས་སོ། །དགུན་རའི་སྟོང་ལ་ཟླ་བ་གཉིས་ལས་ཕྱེད་དང་གཉིས་ནི་འདས་ལ་ཕྱེད་ནི་ལུས་སོ། །དགུན་འབྲིང་ཉ་ལ་དགུན་རྣམས་ཀྱི་ཟླ་བ་གཉིས་འདས་ཏེ་ལྷག་མ་མ་ལུས་སོ། །ཞེས་སོགས་སོ། །དེ་ལྟར་དུས་བརྗོད་པས་ཐ་སྙད་ལ་མཁས་པ་དང་། ཚེ་སོང་བ་སེམས་ལ་བཞག་པ་དང་། འཁོར་བ་ལ་སྐྱོ་ཞིང་དགེ་བ་ལ་བརྩོན་པ་དང་གསོ་སྦྱོང་གི་ཉི་མ་ཤེས་པ་སོགས་ཀྱི་ཆེད་དོ། །གཉིས་པ་ནི། ཚེ་དང་ལྡན་པ་དག །ལང་ཚོ་འཇོམས་པས་རྒ་བ་དང་ཕུང་པོ་འགག་པས་འཆི་བ་མངོན་པར་འོང་ཞིང་སྟོན་པའི་བསྟན་པ་ཡང་དུས་དེ་ལྟར་སོང་ནས་མཐར་གྱིས། སྒྲུབ་པ་ཉམས་པས་འཇིག་པར་འགྱུར་བས། ཚེ་དང་ལྡན་པ་དག་གིས་བླང་དོར་ལ་གཟོབ་པའི་བག་ཡོད་པས་རྣལ་འབྱོར་དུ་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་བྱང་ཆུབ་དང་གཞན་ཡང་གང་དག་ཅེས་བྱང་ཆུང་དེ་ལྟ་བུ་དང་མཐུན་པའི་ལམ་དགེ་བའི་ཆོས་བྱང་ཆུབ་ཀྱི་ཕྱོགས་དྲན་ཉེ་སོགས་སོ་བདུན་པོ་རྣམས་ཀྱང་བག་ཡོད་པས་འཐོབ་བོ། །དེ་དག་གིས་མདོ་གདོན་པ་ལ་རྣ་བ་མི་གཏོད་ན་ཚེ་འདས་པ་དང་རྒ་ཤི་འོང་བ་དང་། བསྟན་པ་འཇིག་པའི་ཉེས་དམིགས་ཡོད་པས་རྣ་བ་གཏོད་ཅིང་བག་ཡོད་པས་དགེ་ཆོས་ལ་བརྩོན་པར་བྱའོ་ཞེས་བསྟན་ཏོ། །གཉིས་པ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི་ཡིད་ཀྱི་དོན་ཉུང་བ་དང་། ལུས་ངག་གི་བྱ་བ་ཉུང་བ་ཡིན་པས་གསོ་སྦྱོང་ལ་འདུ་བ་ལས་གཞན་པའི་དགེ་འདུན་གྱིས་ཐོག་མར་བྱ་བ་སྟེ། དེའི་སྔོན་དུ་གལ་ཆེ་བ་ཅི་ཡོད་ཚེ་དང་ལྡན་པ་དག་དགེ་སློང་མཚམས་ན་གནས་པ་ཁ་སྐོང་འོས་པ་གསོ་སྦྱོང་གི་གནས་སུ་མ་ལྷགས་པ་རྣམས་ལ་འདུན་པ་དང་ཡོངས་སུ་དག་པ་དྲིས་ཤིག །དྲིས་ནས་ཀྱང་དགེ་སློང་ལ་བརྗོད་པར་བྱའོ། །འདུན་པ་དང་ཡོངས་སུ་དག་པ་ཕུལ་བ་ལ་དགོས་པ་ཅི་ཡོད་ཅེ་ན། དང་པོའི་དགེ་འདུན་གྱི་ལས་ལ་མ་འདུས་པས་མི་མཐུན་པའི་ཉེས་པ་མི་འབྱུང་ལ། གཉིས་པས་འབུལ་པོ་རང་ཉིད་ཀྱི་ལས་བྱེད་པར་འགྱུར་བས་སོ། །གསུམ་པ་ནི། ཤཱཀྱ་སེང་གེ་དེ་ལ་ནི་སོར་མོ་བཅུ་ཡི་ཐལ་མོ་སྦྱར་ཏེ་སོ་སོར་ཐར་པ་གདོན་པ་ལྔ་པོ་གདོན་པར་བྱ་ཡིས་སློབ་མ་གདུལ་བའི་དོན་དུ་སྡུད་པ་པོའམ་གདོན་པ་པོ་ང་ལས་ཉོན་ཅིག་ཅེས་པའོ། །བཞི་པ་ནི། སོ་ཐར་ཐོས་ནས་དྲང་སྲོང་ཆེན་པོ་སངས་རྒྱས་དེ་ཡིས་ཇི་སྐད་གསུངས་པ་བཞིན་དུ་སྒྲུབ་པར་བྱ་ཞིང་རང་བཞིན་གྱི་མི་དགེ་བ་མ་ཟད་བཅས་པའི་ཁ་ན་མ་ཐོ་བ་ཕྲ་བ་རྣམས་སྤངས་པ་ལ་བརྟུན་ཅིང་འབད་པ་ལྷུར་བྱེད་པ་ཉིད་དུ་གྱིས་ཤིག །དགེ་བའི་ཕྱོགས་ལ་རྟག་ཏུ་འབད་པས་ལྕག་གིས་བདའ་དགོས་པ་ཡི་སེམས་ཀྱི་རྟ་དགེ་བའི་ཕྱོགས་སུ་ཁ་གླན་པར་དཀའ་བ་ལ། བཅོས་སུ་རུང་བས་མཐུན་པའི་རྐྱེན་དུ་འཚམས་པས་གཟེར་རྣོན་བརྒྱ་པ་ཡི་སྲབ་ནི་སོ་སོར་ཐར་པའི་མདོ་འདི་ཡིན་ནོ། །ལྔ་པ་ནི། བསླབ་པ་འདོད་པའི་ཆེ་བའི་བདག་ཉིད་གང་དག་ཆད་ལས་ལ་མི་ལྟོས་པར་ངག་ཙམ་གྱིས་བྱ་བ་མ་ཡིན་པ་ལས་ལྡོག་ཅིང་བསླབ་པའི་མཚམས་ལས་མི་འདའ་བ་དེ་དག་ནི་མི་རྟ་བཟང་པོ་དང་འདྲ་བ་ཞེས་བྱ་སྟེ། ཉོན་མོངས་པའི་གཡུལ་ལས་ངེས་པར་རྒྱལ་བར་འགྱུར་རོ། །དྲུག་པ་ནི། མུ་སྟེགས་སོགས་སུ་ལ་སོ་ཐར་གྱི་སྲབ་འདི་མེད་པ་དང་ནམ་དུའང་བསླབ་པ་འདོད་པར་མི་འགྱུར་བ་དེ་དག་ཉོན་མོངས་གཡུལ་གྱིས་དཀྲུགས་ནས་སེམས་ཞི་བར་འཇོག་པ་དང་བྲལ་ནས་འཁོར་བར་རྣམ་པར་འཁྱམས་པར་འགྱུར་རོ། །གཉིས་པ་མདོ་གདོན་པ་དངོས་ལ་གཉིས་ཏེ། དགེ་འདུན་ཐུགས་བསྟུན་པའི་ཕྱིར་གསོལ་བའི་ལས་བྱ་པ། མདོ་གདོན་པ་དངོས་སོ། །དང་པོ་ནི། དགེ་འདུན་བཙུན་པ་རྣམས་གསན་པ་སྟེ་སྙན་གཏད་དུ་གསོལ། དེང་དགེ་འདུན་གྱིས་བསླབ་པ་གསོ་ཞིང་སྡིག་པ་སྦྱོང་བས་ན་གསོ་སྦྱོང་སྟེ། ཞི་མཐུན་གཉིས་ལས་འདིར་མཐུན་པའི་གསོ་སྦྱོང་ལ་ལྔ་ལས་བཅུ་བཞི་པའམ་བཅོ་ལྔ་པ་སྟེ་གལ་ཏེ་དགེ་འདུན་གྱི་གསོ་སྦྱོང་གི་དུས་ལ་བབ་ཅིང་གསོ་སྦྱོང་བྱ་བར་བཟོད་ན་དགེ་འདུན་གྱིས་ཚིག་ཅང་མི་སྨྲ་བས་གནང་བར་མཛོད་ཅིག་དང་དེང་དགེ་འདུན་ཀྱི་གསོ་སྦྱོང་མཛད་དེ་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་གླེང་གཞི་དང་། ཕམ་པ་དང་། ལྷག་མ་དང་། མ་ངེས་པ་དང་། རིལ་གྱིས་གདོན་པ་དག་གདོན་ཏོ། །འདི་ནི་གསོལ་བ་འབའ་ཞིག་པའོ། །སྤྱིར་ལས་བརྒྱ་རྩ་གཅིག་ལས། གསོལ་བའི་ལས་ཉེར་བཞི། གསོལ་བ་དང་གཉིས་ཀྱི་ལས་བཞི་བཅུ་ཞེ་བདུན། གསོལ་བཞིའི་ལས་སུམ་ཅུའོ། །དེ་ལས་འདི་གསོལ་བ་འབའ་ཞིག་པའི་ལས་ཉེར་བཞིའི་ནང་ནས་གཅིག་ཡིན། ཞེས་པའོ། །གཉིས་པ་ལ་གཉིས་ཏེ། རྒྱས་པར་བཤད་པ་དང་། མཇུག་བསྡུ་བའོ། །དང་པོ་ལ་ལྔ་སྟེ། གླེང་གཞི་གདོན་པ། ཕམ་པ་གདོན་པ། ལྷག་མ་གདོན་པ། མ་ངེས་པ་གདོན་པ། རིལ་གྱིས་གདོན་པའོ། །དང་པོ་ལ་དྲུག་སྟེ། གླིང་གཞི་རྣམ་པར་བཞག་པའི་ལུང་དབོག །གླིང་གཞི་རྣམ་པར་བཞག་པའི་ཐབས་བསྟན། མ་དག་པའི་ཉེས་དམིགས། དག་པའི་ཕན་ཡོན། མཇུག་བསྡུ་བ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། ཚེ་དང་ལྡན་པ་དག་བདག་ཅག་མཐུན་པའི་གསོ་སྦྱོང་བྱ་སྟེ་རྣམ་པ་གང་གིས་ན་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་གདོན་གྱི་དེས་ན་ཉན་པའི་འཁོར་ཁྱེད་ཅག་སུ་ལ་ལྟུང་བ་ཡོད་པ་དེས་བཤགས་བསྡོམ་བསླབ་པའི་ཚུལ་གྱིས་མཐོལ་ཅིག །བཤགས་པར་བྱ་བ་ལ་སོགས་ཀྱི་ལྟུང་བ་མེད་ན། བཤགས་པའི་ཚིག་ཅང་མ་སྨྲ་ཞིག །ཅང་མི་སྨྲ་ན་བདག་གིས་ཚེ་དང་ལྡན་པ་དག་རྒྱུད་ཡོངས་སུ་དག་པར་གསོ་སྦྱོང་གི་སྣོད་དུ་རིག་པར་བྱའོ། །གཉིས་པ་ནི། ཇི་ལྟར་ཏེ་དཔེར་ན་གསོ་སྦྱོང་གི་ཚེ་བཤགས་ཡུལ་དང་འཆགས་པོ་གཉིས་ལས་བཤགས་ཡུལ་གྱིས་མཐོང་ངམ་སྡོམ་མམ་ཞེས་སོ་སོར་དྲིས་ནས་འཆགས་པོ་དགེ་སློང་གིས་མཐོང་ལགས་སོགས་ལན་བཏབ་པ་དེ་བཞིན་དུ་གསོ་སྦྱོང་ཉན་པའི་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གསུམ་གྱི་བར་དུ་བསྒྲགས་པར་བྱ་བ་ཡིན་ནོ། །གསུམ་པ་ནི། ཡང་དགེ་སློང་གང་གསོ་སྦྱོང་ཉན་པའི་དགེ་སློང་གི་འཁོར་འདི་ལྟ་བུར་ཡང་སྔར་ལན་གསུམ་གྱི་བར་དུ་བསྒྲགས་པ་ན་ཕྱིར་མ་བཅོས་པའི་ལྟུང་བ་ཡོད་ལ་དྲན་བཞིན་དུ་མི་མཐོལ་ན་དེ་ཤེས་བཞིན་དུ་རྫུན་དུ་སྨྲ་བའི་ལྟུང་བ་ཉེས་བྱས་སུ་འགྱུར་བ་ཡིན་ནོ། །ཚེ་དང་ལྡན་པ་དག་ཤེས་བཞིན་དུ་རྫུན་དུ་སྨྲ་བ་ནི་བཅོམ་ལྡན་འདས་ཀྱིས་མངོན་མཐོ་ངེས་ལེགས་ལ་བར་དུ་གཅོད་པའི་ཆོས་སུ་གསུངས་སོ། །བཞི་པ་ནི། དེ་བས་ན་དགེ་སློང་གང་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་པས་ལྟུང་བ་ཡོད་ལ་དྲན་ཞིང་མཐོང་བ་དེ་བཤགས་པ་སོགས་ཀྱི་སྒོ་ནས་མཐོལ་བར་བྱའོ། །མཐོལ་ན་དེ་མངོན་ངེས་ཀྱི་བདེ་བ་ལ་རེག་པར་གནས་པར་འགྱུར་རོ། །མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ལྔ་པ་ནི། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པའི་རྒྱུ་གླེང་གཞི་བཏོན་ཟིན་ཏོ། །དྲུག་པ་ནི། གླེང་གཞི་བཏོན་པ་དེ་ལ་འདོན་པ་པོ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་གསོ་སྦྱོང་འདི་ལ་ཉན་པ་པོ་ཁྱེད་རྣམས་ལྟུང་བ་མ་བྱུང་ཞིང་མ་བཅབ་པས་ཡོངས་སུ་དག་གམ་ཞེས་དྲིའོ། །འདི་དྲི་བ་དང་པོའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །ལན་གསུམ་དྲི་བའི་དགོས་པ་ཉུང་ན་མི་ཐོས་མི་དྲན་མང་ན་དུས་ཡོལ་བས་སོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །གཉིས་པ་ཕམ་པ་གདོན་པ་ལ་དྲུག་སྟེ། སྡོམ་གྱི་མདོར་བསྟན། ཕམ་པ་གདོན་པའི་ལུང་དཔོག །སོ་སོའི་མཚན་ཉིད་རྒྱས་པར་བཤད། མཇུག་བསྡུ་བ། མ་དག་པའི་ཉེས་དམིགས། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། དེ་ཡང་ཉེ་བ་འཁོར་གྱིས་འདུལ་བ་བསྡུས་པའི་ཚེ་སྡོམ་གསུམ་དུ་བསྡུས་ཏེ། སྤྱི་སྡོམ། དངོས་སྡོམ། བར་སྡོམ་དུའོ། །དང་པོ་སྤྱི་དོན་ཚིགས་བཅད་དུ་བསྡུས་པ། དཔེར་ན་ལྟུང་བྱེད་ཀྱི་སྤྱི་དོན་ཚིགས་བཅད་དུ་བསྡུས་པའི་སྤྱི་སྡོམ་ལ། ཤེས་བཞིན་དང་ནི་ས་བོན་དང་། ཞེས་སོགས་ལྟ་བུའོ། །གཉིས་པ་དངོས་དོན་ཚིགས་བཅད་དུ་བསྡུས་པ་ཁུ་བ་འཛིན་པ་འཁྲིག་ཚིག་བསྙེན་བཀུར་སྨྱན། ཞེས་སོགས་ལྟ་བུའོ། །གསུམ་པ་བར་སྡོམ་འཕྲོས་དོན་ཚིགས་བཅད་དུ་བསྡུས་པའོ། །དེ་ལས་ཕམ་པ་འདི་དངོས་དོན་སྡོམ་དུ་བསྡུས་པ་ལ། མི་ཚངས་པ་སྤྱོད་པ་དང་། རྐུ་བ་དང་། མི་ལ་གསད་པར་མི་བྱ་བ་དང་། རྫུན་དུ་སྨྲ་བ་དང་བཅས་པ་ཡི་མི་བྱ་བའི་ཆོས་བཞི་ཕམ་པ་གདོན་པའི་སྐབས་འདིར་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་ནོ། །གཉིས་པ་ནི། འོ་ན་འདུལ་བའི་སྡེ་སྣོད་ཡི་གེར་མི་འབྲི་བ་ཡིན་ན་ཕམ་པ་བཞི་ཡོད་པར་ཅིས་ཤེས་ཞེ་ན། ཚེ་དང་ལྡན་པ་དག་ཕམ་པར་འགྱུར་བའི་ཆོས་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་འདུལ་བ་འཛིན་པས་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་དག་ལས་འབྱུང་ངོ་། །གསུམ་པ་ལ་བཞི་སྟེ། མི་ཚངས་པ་སྤྱོད་པའི་ཕམ་པ། མ་བྱིན་པ་ལེན་པའི་ཕམ་པ། གསོད་པའི་ཕམ་པ། རྫུན་དུ་སྨྲ་བའི་ཕམ་པའོ། །དང་པོ་ནི། ཡང་བཟང་སྦྱིན་དང་དགེ་སློང་དགོན་པ་བ་ལྟ་བུའི་དགེ་སློང་གང་ཡང་རུང་བ་དགེ་སློང་རང་བཞིན་དུ་གནས་པ་རྣམས་དང་ལྷན་ཅིག་ཚུལ་ཁྲིམས་བསླབ་པ། སོར་མདོ་གདོན་པ་མཉམ་པའི་སྒོ་ནས་བསླབ་པ་མཚུངས་པར་གྱུར་པས་བསླབ་པ་ཕུལ་ན་ལྟུང་བ་མེད་པས་བསླབ་པ་མ་ཕུལ་བསླབ་པ་ཉམས་ན་ལྟུང་བ་མེད་པས་བསླབ་པ་ཉམས་པར་མ་བྱས་པར་གཉིས་ཀྱིས་གཉིས་སྤྲད་པའི་མི་ཚངས་པ་སྤྱོད་པ་འཁྲིག་པ་ལས་བྱུང་བའི་ཆོས་བསྟེན་ན། མིར་མ་ཟད་ཐ་ན་སྤྲ་མོ་ལྟ་བུ་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ་དགེ་སློང་དེ་ཕམ་པར་གྱུར་པ་ཡིན་གྱིས་དེ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་ཏུ་གནས་པར་མི་བྱའོ། །གཉིས་པ་ནི། ཡང་ནོར་ཅན་ལྟ་བུའི་དགེ་སློང་གང་ཡང་རུང་བ་མི་ཡི་འགྲོ་བ་གཞན་དག་གི་གྲོང་སྟེ་ར་བའི་ནང་ན་འདུག་པའམ་དགོན་པ་སྟེ་ར་བའི་ཕྱི་ན་འདུག་པ་སྐྱེས་པ་སོགས་ཀྱིས་མ་བྱིན་པར་རྐུ་བའི་གྲངས་སུ་གཏོགས་པ་མ་ཤ་ཀ་ལྔ་ལྟ་བུ་བླངས་ན་ཅི་ཙམ་མ་བྱིན་པར་བླངས་པས་དགེ་སློང་དེ་རྒྱལ་པོའམ་བློན་པོ་ཆེན་པོས་བཟུང་ནས་དགེ་སློང་དེ་ལ་འདི་སྐད་ཅེས་ཀྱེ་མི་ཁྱོད་ནི་འཇབ་བུས་ལེན་པའི་རྐུན་མའོ། །ལེགས་ཉེས་མི་ཤེས་པའི་བྱིས་པའོ། །ལུང་ཕོག་པ་མི་ཤེས་པའི་བླུན་པའོ། །མཐུས་རྐུ་བའོ་ཞེས་ཟེར་ཞིང་གསོད་དམ་ལྕགས་སྒྲོག་སོགས་ཀྱིས་འཆིང་ངམ་ཡུལ་གཞན་དུ་སྤྱུགས་ཀྱང་རུང་སྟེ། དགེ་སློང་དེ་ལྟར་མ་བྱིན་པར་ལེན་ན་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་དེ་དང་ལྷན་ཅིག་གནས་པར་མི་བྱའོ། །གསུམ་པ་ནི། ཡང་དགེ་སྦྱོང་སྦེད་ལྟ་བུའི་དགེ་སློང་གང་ཡང་རུང་པས་མ་ཡི་མངལ་དུ་སྐྱེ་མཆེད་དྲུག་དོད་པ་ཚུན་ཆོད་ཀྱི་མིའམ། ལུས་སྲོག་ཡིད་ཀྱི་དབང་པོ་ཙམ་ཐོབ་པས་མིར་ཆགས་པ་ལ་གསོད་པར་བསམ་བཞིན་དུ་རང་གི་ལག་དར་ཏེ་སྲོག་བཅད་དམ་མི་དེ་ལ་མཚོན་བྱིན་ནམ། མི་དེ་ལ་གཞན་མཚོན་ཐོགས་པ་གཉེར་རམ། དེ་ཐབས་ཀྱིས་འཆིར་བཅུག་གམ། མི་དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་བསྔགས་པ་ནི་འདི་སྐད་ཅེས་ཀྱེ་མི་ཁྱོད་འཚོ་བ་སྟེ་གསོན་པ་སྡིག་པ་བསགས་པ་ལུས་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པ་བས་ཤི་སླའོ་ཞེས་ཟེར་ཞིང་སེམས་ཀྱི་འཆི་བར། འདོད་པ་དང་ཆོས་གོས་སོགས་ཐོབ་ཏུ་རེ་བས་སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་མི་དེ་འཆིར་བཅུག་གམ། དེ་ལ་འཆི་བའི་བསྔགས་པ་བརྗོད་དེ་དེ་ཡང་བསྔགས་སོགས་ཀྱི་རྩོམ་པ་དེས་འཆི་བའི་དུས་བྱས་ན། དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །བཞི་པ་ནི། ཡང་ཉ་པའི་རིགས་ཀྱི་དགེ་སློང་ལྔ་བརྒྱ་ལྟ་བུ་གང་ཡང་རུང་བས་ཟག་བཅས་བསམ་གཟུགས་ཀྱི་ཤེས་པ་ཕུང་པོ་ལྔ་མངོན་པར་མི་ཤེས་ཤིང་ཟག་མེད་ཀྱི་ཤེས་པས་ཡོངས་སུ་མི་ཤེས་ལ་མི་ཡི་ཆོས་ལས་བླ་མ་མཐའ་མྱང་འདས་དང་སངས་རྒྱས་དང་ཉན་ཐོས་འཕགས་པ་དང་འབྲས་བུའི་བྱེ་བྲག་རྒྱུན་ཞུགས་སོགས་བཞི་ཐོབ་པ་དང་། བདེན་བཞི་ཤེས་པ་དང་། དེ་མངོན་སུམ་དུ་མཐོང་བ་དང་ལྷ་མཐོང་ངོ་སོགས་དང་། ཆགས་བྲལ་གྱི་བདེ་བ་ལ་རེག་པར་སྤྱོད་པ་མེད་ལ་མེད་བཞིན་དུ་འདུ་ཤེས་བསྒྱུར་ཏེ་བདེན་བཞི་སོགས་འདི་ཤེས་སོ། །ལྷ་སོགས་འདི་རྣམས་མཐོང་ངོ་ཞེས་ཁས་འཆེས་པ་ལས་དགེ་སློང་དེ་ལྟུང་བ་བྱུང་པ་དེ་རྣམ་པར་དག་པར་འདོད་ནས་དུས་གཞན་ཞིག་ན་གཞན་གྱི་དྲིས་ཀྱང་རུང་མ་དྲིས་པར་རང་ཉིད་འགྱོད་ཀྱང་རུང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་བདག་གིས་ནི། ཡིད་ཀྱིས་མི་ཤེས་པ་ཤེས་སོ་ཞེས་སྨྲས། མིག་གིས་མ་མཐོང་བ་མཐོང་ངོ་ཞེས་སྨྲས་ཏེ་བདེན་པའི་དོན་དེ་སྟོང་པས་གསོབ་དེའི་ས་བོན་ཙམ་ཡང་སྟོང་པས་གསོག །དེར་འདུ་ཤེས་པ་དང་ཡང་བྲལ་བས་རྫུན་དུ་སྨྲས་སོ་ཞེས་ཟེར་ན་མངོན་པའི་ང་རྒྱལ་གྱིས་རློམ་པ་ནི་མ་གཏོགས་ཏེ་དགེ་སློང་དེ་ཡང་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ། །བཞི་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་ཕམ་པར་གྱུར་པའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ། །ལྔ་པ་མ་དག་པའི་ཉེས་དམིགས་ནི། དགེ་སློང་གིས་ཕམ་པ་བཞི་པོ་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཁྱིམ་པའི་སྐབས་ན་སྡོམ་པ་མེད་པ་ཇི་ལྟ་བར་ཕྱིས་ལྟུང་བ་དེ་བྱུང་བའི་སྐབས་ཀྱང་དེ་བཞིན་དུ་ཕམ་པར་གྱུར་པ་ཡིན་ཏེ་དགེ་སློང་རྣམས་དང་ལྷན་ཅིག་གནས་པ་དང་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དུ་མི་དབང་གིས་གནས་པར་མི་བྱའོ། །དྲུག་པ་རྣམ་བཞག་བསྒྲགས་པ་ནི། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །གསུམ་པ་ལྷག་མ་གདོན་པ་ལ་བདུན་ཏེ། སྡོམ་གྱིས་མདོར་བསྟན། ལྷག་མ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་བཞག་བསྟན་པ། ཕྱིར་འཆོས་པའི་ཚུལ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་སྡོམ་དུ་བསྡུས་པ་ལ། ཁུ་བ་འབྱིན་པ་དང་། འཛིན་པ་སྟེ་རེག་པ་དང་། འཁྲིག་ཚིག་སྨྲ་བ་དང་། བསྙེན་བཀུར་བསྔགས་པ་དང་། སྨྱན་བྱེད་པ་དང་། ཁང་པ་དང་། ཁང་ཆེན་དང་ནི་གཞི་མེད་དང་། བག་ཙམ་དང་། དགེ་འདུན་དབྱེན་དང་། དེའི་རྗེས་སུ་ཕྱོགས་པ་དང་། ཁྱིམ་སུན་འབྱིན་པ་དང་། བཀའ་བློ་མི་བདེ་བའོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །གསུམ་པ་ལ་གཉིས་ཏེ། དངོས་པོ་ལས་གྱུར་པ་དང་། བསྒོ་བ་ལས་གྱུར་པའོ། །དང་པོ་ལ་གཉིས་ཏེ། འདོད་པས་ཀུན་ནས་བསླང་བ་དང་། གནོད་པས་ཀུན་ནས་བསླང་བའོ། །དང་པོ་ལ་གཉིས་ཏེ། ནང་སེམས་ཅན་ལ་ཆགས་པས་ཀུན་ནས་བསླང་བ་དང་། ཕྱི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་པོ་ལ་གཉིས་ཏེ་རང་འདོད་པ་བསྟེན་པ། གཞན་འདོད་པ་བསྟེན་དུ་འཇུག་པའོ། །དང་པོ་ལ་གཉིས་ཏེ། ལུས་ཀྱི་རེག་པས་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བ་དང་། སྨྲ་བས་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་པོ་ལ་གཉིས་ཏེ། རང་གི་ལུས་ཀྱི་རེག་པས་བདེ་བ་ལ་ཆགས་པ་དང་། གཞན་གྱི་ལུས་ཀྱི་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བའོ། །དང་པོ་ནི། འཆར་ཀ་ལྟ་བུ་དགེ་སློང་གང་ཁུ་བ་འབྱིན་པར་བསམ་བཞིན་དུ་ཁུ་བ་ཕྱུང་ན་རྨི་ལམ་གྱི་སྐབས་ཀྱི་དེ་མ་གཏོགས་ཏེ་དགེ་འདུན་ལྷག་མའོ། །གཉིས་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཡང་རུང་བས་ངོ་ཚ་ལས་དྲལ་ཞིང་བུད་མེད་བསྟེན་པར་འདོད་པར་གྱུར་པའི་སེམས་ཀྱིས་འཁྲིག་པ་བསྟེན་ནུས་པའི་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་ལུས་ལ་རེག་པར་བྱེད་དམ་མཁྲིག་མ་མན་ཆད་ཀྱི་ལག་པ་ནས་བཟུང་ངམ། མཁྲིག་མ་ཡན་ཆད་ཀྱི་དཔུང་པ་ནས་བཟུང་ངམ། སྐྲའི་ལན་བུ་ནས་བཟུང་ངམ། ལུས་དང་རྐང་ལག་སོགས་ཡན་ལག་དང་ཉིང་ལག་གང་ཡང་རུང་བ་ལ་ཅུང་ཟད་ནོམ་པ་དང་། ཕྱོགས་ཐམས་ཅད་དུ་ཉུག་པ་བདག་གིར་བྱེད་ན་དགེ་འདུན་ལྷག་མའོ། །གཉིས་པ་སྨྲ་བའི་བདེ་བ་ལ་ཆགས་པས་ཀུན་ནས་བསླང་བ་ལ་གཉིས་ཏེ། འཁྲིག་ཚིག་སྨྲ་བ ། བསྙེན་བཀུར་བསྔགས་པའོ། །དང་པོ་ནི། ཡང་འཆར་ཀ་ལྟ་བུ་དགེ་སློང་གང་དྲལ་ཞིང་གྱུར་པའི་སེམས་ཀྱིས་འཁྲིག་པ་བསྟེན་ནུས་ཀྱི་བུད་མེད་ཀྱི་ཡུལ་དང་ལྷན་ཅིག་གནས་ངན་ལེན་གྱི་ཚིག་སྡིག་པ་ཅན་ཚོགས་པར་མི་དབྱུང་བ་གཉིས་ཀྱིས་གཉིས་སྤྲོད་པའི་འཁྲིག་པ་ལས་བྱུང་བ་དང་ལྡན་པ་སྟེ་དེའི་རྗོད་བྱེད་དག་དཔེར་ན་སྐྱེས་བུས་ན་ཆུང་ལ་ཇི་ལྟ་བ་བཞིན་དུ་སྨྲས་ན་དགེ་འདུན་ལྷག་མའོ། །གཉིས་པ་ནི། ཡང་འཆར་ཀ་ལྟ་བུ་དགེ་སློང་གང་དྲལ་ཞིང་གྱུར་པའི་སེམས་ཀྱིས་བུད་མེད་ཀྱི་ལུས་ཀྱི་མདུན་དུ་བདག་ཉིད་ཀྱི་ལུས་ཀྱིས་བསྙེན་བཀུར་བྱ་བའི་ཕྱིར་འདི་ལྟ་སྟེ་ང་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཏིང་འཛིན་ཅན་ཚངས་པར་སྤྱོད་པ་ཤེས་རབ་ཀྱི་ཕུང་པོ་དང་ལྡན་པ་ལ་འདི་ལྟར་འཁྲིག་པ་ལས་བྱུང་བ་དང་ལྡན་པའི་ཆོས་འདིས་བསྙེན་བཀུར་བྱས་ན། སྲུ་འདི་ནི་བསྙེན་བཀུར་བྱས་པ་རྣམས་ཀྱི་ནང་ན་མཆོག་ཡིན་ནོ་ཞེས་བསྔགས་པ་བརྗོད་ན་དོན་གོ་བའི་ཚེ་དགེ་འདུན་ལྷག་མའོ། །གཉིས་པ་གཞན་འདོད་པ་བསྟེན་དུ་འཇུག་པ་ནི། ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་ཡང་རུང་བས་བུད་མེད་ལ་སྐྱེས་པའི་ཀུན་ཏུ་སྤྱོད་པར་བསམ་པའི་ཚིག་དང་སྐྱེས་པ་ལ་བུད་མེད་ཀྱི་ཀུན་སྤྱོད་བསམ་པའི་ཚིག་གིས་ཆུང་མ་བདུན་ཉིད་དམ་མཛའ་ན་མོ་བཅུ་ཉིད་དུ་སྨྱན་བྱེད་ན་ཐ་ན་ཐང་འགའ་འཕྲད་པ་ལའང་རུང་སྟེ་འཕྲད་པའི་ཚེ་ན་དགེ་འདུན་ལྷག་མར་འགྱུར་རོ། །ཆུང་མ་བདུན་ནི། ཆུ་ཚིགས་ཀྱིས་བྱིན་པ། རིན་ཆས་ཀྱིས་ཉོས་པ། བཙན་ཕྲོག་ཏུ་ཐོབ་པ། དང་སམ་འདུས་པ། གོས་ཟས་ཀྱིས་འཚོ་བ། ཁ་དུམ་པ། ཐང་འགའ་འཕྲད་པའོ། །མཛའ་ན་མོ་བཅུ་ནི། མས་སྲུང་བ། ཕས་སྲུང་བ། མེས་པོས་སྲུང་བ། ཕུ་ནུ་མོས་སྲུང་བ། སྒྱུག་མོས་སྲུང་བ། གྱོས་པོས་སྲུང་བ། ཉེ་དུས་སྲུང་བ། རིགས་ཀྱིས་སྲུང་བ། རུས་ཆགས་ཀྱིས་སྲུང་བ། རྣམ་པར་འཁྲུགས་པ་མེད་པའོ། །གཉིས་པ་ཕྱི་ཡོ་བྱད་ལ་ཆགས་པས་ཀུན་ནས་བསླང་བ་ལ་གཉིས་ཏེ། ཁང་པ་དང་། ཁང་ཆེན་གྱི་ལྷག་མའོ། །དང་པོ་ནི། ཆོས་འདི་པའི་དགེ་སློང་གིས་བདག་གིས་ཤིང་སོགས་བསླངས་པ་ཡིན་པ་སྐྱེས་པ་སོགས་བདག་པོ་མེད་པ། དགེ་སློང་བདག་གི་ཕྱིར་འགྲེང་འཆག་ཉལ་འདུག་སྟེ་སྤྱོད་ལམ་བཞི་ཤོང་གི་ཁང་པ་རྩིག་ཏུ་འཇུག་གམ་རང་རྩིག་ན་དགེ་སློང་དེས་ཁང་པ་ཚད་བཞིན་དུ་རྩིག་ཏུ་ཆུག་ཅིག །དེ་ལ་ཁང་པའི་ཚད་ནི་འདི་ཡིན་ཏེ་ཁང་པའི་ནང་གི་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་གཉིས་ཏེ་ཚད་ལྡན་ཁྲུ་བཅོ་བརྒྱད་ཞིང་དུ་བདེ་གཤེགས་མཐོ་བདུན་ཏེ་ཁྲུ་ཕྱེད་བཅུ་གཅིག་ཡིན་ནོ། །ཁང་པའི་གཞི་རུང་བ་རྩོད་མེད་རྩོམ་རུང་པ་ལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་གཞན་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་སྡིག་སྦྲུལ་ལ་སོགས་པའི་གནས་མེད་པའི་གཞི་རུང་བ་དང་། ཤིང་གཅོད་མི་རུང་བ་སོགས་རྩོད་པ་མེད་པ་དང་། ཉེ་འཁོར་འདོམས་གང་གི་འཁོར་ཡུག་ཏུ་ངམ་གྲོག་སོགས་མེད་པའི་རྩོམ་དུ་རུང་བར་ལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། འདོམས་གང་དུ་ཁྲོན་པ་སོགས་ཡོད་པའི་རྩོམ་དུ་མི་རུང་བར་དགེ་སློང་བདག་གིས་ས་ཕྱོགས་སོགས་བསླངས་པ་བུད་མེད་སོགས་བདག་པོ་མེད་པ། བདག་གམ་གང་ཟག་གཅིག་གི་ཕྱིར་སྤྱོད་ལམ་བཞི་ཤོང་གི་ཁང་པ་བརྩིག་ཏུ་འཇུག་གམ་གཞི་རུང་མི་རུང་ལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ་དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ཏམ། ཚད་ལས་འདས་པར་རྩིག་ན་དགེ་འདུན་ལྷག་མའོ། །གཉིས་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གིས་སྐྱེས་པ་སོགས་བདག་པོ་ཡོད་པ་བཞིར་ལོངས་པའི་དགེ་འདུན་གྱི་ཕྱིར་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་ན་གཞི་ལྟ་བའི་ཕྱིར་དགེ་སློང་དེས་དགེ་སློང་དག་བཀྲི་བར་བྱའོ། །ཁྲིད་པའི་དགེ་སློང་དག་གིས་ཀྱང་གཞི་རུང་བ་དང་རྩོད་པ་མེད་པ་དང་། རྩོམ་དུ་རུང་བ་ལྟ་བར་བྱའོ། །གལ་ཏེ་དགེ་སློང་གིས་གཞི་མི་རུང་བའམ། རྩོད་པ་དང་བཅས་པའམ། རྩོམ་དུ་མི་རུང་བར་བདག་པོ་ཡོད་པ་དགེ་འདུན་གྱི་ཕྱིར་གཙུག་ལག་ཁང་ཆེན་པོ་རྩིག་ཏུ་འཇུག་གམ་གཞི་ལྟ་བའི་ཕྱིར་དགེ་སློང་དག་ཀྱང་མི་ཁྲིད་དམ། དགེ་སློང་ཁྲིད་པ་དག་ལ་གཞི་མི་སྟོན་ན་དགེ་འདུན་ལྷག་མའོ། །གཉིས་པ་གནོད་པས་ཀུན་ནས་བསླང་བ་ལ་གཉིས་ཏེ། གཞི་མེད་པ་དང་། བག་ཙམ་གྱི་ལྷག་མའོ། །དང་པོ་ནི། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུ་དགེ་སློང་གང་ཡང་རུང་བ་ཁྲོས་པ་སྟེ་འཁྲུགས་ཤིང་ཞེ་སྡང་སྟེ་ཡིད་མི་དགའ་བར་གྱུར་ནས་ཅི་ནས་ཀྱང་ཕ་རོལ་པོ་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་སྙམ་ནས་དགེ་སློང་དག་པ་གཞི་དེས་ལྟུང་བ་མེད་པ་ལ་གླེང་བའི་གཞི་མེད་པར་ཕམ་པར་གྱུར་པའི་ཆོས་གང་རུང་ཉིད་ཀྱིས་སྐུར་པ་བཏབ་པ་ལས་སྐུར་པ་འདེབས་པ་པོ་དེ་དུས་གཞན་ཞིག་ན་གཞན་གྱིས་དྲིས་ཀྱང་རུང་མ་དྲིས་པར་རང་ཉིད་འགྱོད་ཀྱང་རུང་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་ཀུན་ནས་བསླང་སྟེ་སྨྲས་སོ་ཞེ་ན་དགེ་འདུན་ལྷག་མའོ། །གཉིས་པ་ནི། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དབྲལ་ལོ་སྙམ་ནས་དགེ་སློང་དག་པ་ལྟུང་བ་མེད་པ་ལ་གཞན་མྱང་འདས་ཀྱི་ཆ་མ་ཡིན་པ་དང་མཐུན་པ་ཕམ་པར་གྱུར་པའི་ཆོས་ཀྱིས་སྐུར་པ་ལས། དེ་ནས་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང་རུང་། རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པ་དང་མཐུན་པ་ཡིན་ལ། རྩོད་པ་དེ་ཡང་གཞན་མྱང་འདས་ཀྱི་ཆ་མ་ཡིན་པ་དང་མཐུན་པས་གྱད་བུ་ནོར་དང་དགེ་སློང་མ་ཨུཏྤ་ལའི་མདོག་དང་། རི་དྭགས་ཕོ་མོ་མི་ཚངས་སྤྱོད་མཐོང་བའི་བག་ཙམ་ལས་ཡིད་ཀྱིས་གཞན་དུ་བསམ་པ་ཙམ་གྱིས་ཕམ་པར་གྱུར་པའི་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་དེ་ཡང་ཞེ་སྡང་ལ་གནས་པས་ཞེ་སྡང་གིས་སྨྲས་སོ་ཞེ་ན། དགེ་འདུན་ལྷག་མའོ། །གཉིས་པ་བསྒོ་བ་ལས་གྱུར་པ་ལ་བཞི་སྟེ། དགེ་འདུན་དབྱེན། དེའི་རྗེས་སུ་ཕྱོགས་པ། ཁྱིམ་སུན་འབྱིན་པ། བཀའ་བློ་མི་བདེ་བའོ། །དང་པོ་ནི། ཡང་ལྷས་བྱིན་ལྟ་བུའི་དགེ་སློང་གང་ཡང་རུང་བས་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལམ་གཅིག་ཏུ་ཞུགས་པས་མཐུན་པ་དབྱེ་བར་བྱ་བའི་ཕྱིར་རྟུལ་བ་སྟེ་བརྩོན་པར་བྱེད་ཅིང་དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་སྟེ་དམ་དུ་བཟུངས་ཏེ་འདུག་ན་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་ཚིག་འཇམ་པོས་བཞོམས་ཏེ་བསྒོ་བར་བྱའོ། །ཚེ་དང་ལྡན་པ་ཁྱོད་དགེ་འདུན་ལྟ་བ་སོགས་མཐུན་པ་ཕྱོགས་གཉིས་སུ་དབྱེ་བའི་ཕྱིར་རྟུལ་བར་མ་བྱེད་ཅིག །དབྱེན་བྱེད་པར་འགྱུར་བའི་རྩོད་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་མ་འདུག་ཅིག །ཚེ་དང་ལྡན་པ་དགེ་འདུན་དང་ལྟ་བ་དང་ཚུལ་ཁྲིམས་དང་འཚོ་བ་དང་སྤྱོད་ལམ་ལྷན་ཅིག་མཐུན་པར་གྱིས་ཤིག །དགེ་འདུན་ལམ་དུ་ཞུགས་པས་མཐུན་པ་གཞན་གྱིས་མི་ཕྱེད་ཕན་ཚུན་གཅིག་གིས་གཅིག་གི་ཡོན་ཏན་བརྗོད་པས་ཀུན་ཏུ་དགའ་ཞིང་མི་རྩོད་འབྲས་བུ་མྱང་འདས་འདོད་པར་མཆོག་གཅིག་ལ་གསོ་སྦྱོང་སོ་ཐར་མདོ་གདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་སྡེ་སྣོད་གསུམ་པོ་ཁ་ཏོན་བྱེད་པ་ལ་སོགས་ཀྱི་ཡང་གསལ་བར་བྱེད་ན་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པའི་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། ཚེ་དང་ལྡན་པ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོངས་ཤིག་ཅེས་བསྒོ་བར་བྱའོ། །ལྷས་བྱིན་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཏེ། སྔར་ཉེས་བྱས་ཙམ་ལས་མ་བྱུང་བའི་ཕྱིར། གལ་ཏེ་གཞམས་བསྒོའི་མཐར་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ། །དབྱེན་གྱི་གཞི་དེ་གཏོང་བར་བྱ་བའི་ཕྱིར་གསོལ་བཞིའི་ལས་ཀྱིས་ལན་གཉིས་སམ་ལན་གསུམ་དུ་ཡང་དག་པར་བསྒོ་བ་སྟེ་ཀུན་ཏུ་དྲི་བར་བྱ། ཡང་དག་པར་བསྟན་པས་བཟློག་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་དབྱེན་གྱི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཏེ་སྦོམ་པོ་ཙམ་ལས་མི་འབྱུང་ལ་གལ་ཏེ་བརྗོད་པའི་མཐར་མི་གཏོང་ན་དགེ་འདུན་ལྷག་མའོ། །གཉིས་པ་ནི། ལྷས་བྱིན་ལྟ་བུའི་དགེ་སློང་དེའི་གྲོགས་བྱེད་པའི་དགེ་སློང་ཀོ་ཀ་ལི་ཀ་ལྟ་བུ་སོགས་མི་མཐུན་པར་སྨྲ་བ་དབྱེན་ཉིད་ཀྱི་རྗེས་སུ་ཕྱོགས་པའི་དགེ་སློང་གཅིག་གམ་གཉིས་སམ་གསུམ་ཡན་གྱི་མང་པོ་དག་ཡོད་ཅིང་གལ་ཏེ་ཀོ་ཀ་ལི་ཀ་སོགས་པའི་དགེ་སློང་དེ་དག་ཆོས་འདི་པའི་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་བ་ལ་སྦྱོར་ཡང་རུང་སྡིག་པ་ལས་ལྡོག་ཀྱང་རུང་དགེ་སློང་ལྷས་བྱིན་ལྟ་བུ་འདི་ལ། དགེ་སྦྱོར་སྡིག་ལྡོག་སོགས་ཚིག་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན་ཚེ་དང་ལྡན་པ་དག་དགེ་སློང་ལྷས་བྱིན་ལྟ་བུ་འདི་ནི་ཆོས་རིགས་པར་སྨྲ་བ་ལུང་འདུལ་བ་སྨྲ་བ། ཡང་ན། ཆོས་འཕགས་ལམ་གྱི་ནང་ནས་ལྟ་བ་རྟོག་པ་རྩོལ་བ་དྲན་པ་ཏིང་འཛིན་སྨྲ་བ། འདུལ་བ་ཡང་དག་པའི་ངག་ལས་མཐའ། འཚོ་བའམ། ཡང་ན་ཆོས་དོན་དང་ལྡན་པ། འདུལ་བ་འཇམ་ཞིང་མཛའ་བ་ལྟར་སྨྲ་བའང་གསུངས་ཀྱང་རང་ལུགས་ལ་ཆོས་ལྟ་བ་འདུལ་བ་སྤྱོད་པ་ཡིན་ནོ། །དགེ་སློང་ལྷས་བྱིན་ལྟ་བུ་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་སྟོན་པའི་བསྟན་པའི་རྗེས་སུ་ཐ་སྙད་འདོགས་པར་བྱེད་པར་གསུངས་ཀྱང་གཞན་ལ་ཐ་སྙད་འདོགས་པར་བྱེད་པ་འཐད་དོ། །དགེ་སློང་འདི་ནི་དོན་ཤེས་བཞིན་དུ་སྨྲ་ཡི་མི་ཤེས་པ་མ་ཡིན་པའི་ཕྱིར་ཏེ་དགེ་སློང་འདི་དབྱེན་གཞི་གང་ལ་ཡིད་ཀྱིས་འདོད་ཅིང་རིགས་པས་བརྟག་སྟེ་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་ཟེར་ན། ཀོ་ཀ་ལི་ཀ་སོགས་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་གཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་དེ་སྐད་ཅེས། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་ཡང་རུང་སྡིག་ཀྱང་རུང་། དགེ་སློང་འདི་ལ་ཅི་ཡང་མ་སྨྲ་ཞིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ། འདུལ་བ་སྨྲ་བ། དགེ་སློང་འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་མ་ཡིན་པའི་ཕྱིར་ཏེ་དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་བདག་ཅག་ཀྱང་འདོད་ཅིང་བཟོད་དོ་ཞེས་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་མ་ཡིན་གྱི། ཚེ་དང་ལྡན་པ་དག་དགེ་སློང་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ། དགེ་སློང་འདི་ནི་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས་རབ་ཏུ་བཟུང་སྟེ་རྗེས་སུ་ཐ་སྙད་འདོགས་པར་བྱེད་པ། དགེ་སློང་འདི་ནི་མི་ཤེས་བཞིན་སྨྲའི་ཤེས་པར་སྨྲ་བ་མ་ཡིན་པའི་ཕྱིར་ཏེ། དགེ་སློང་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཚེ་དང་ལྡན་པ་དག་འདོད་ཅིང་བཟོད་པར་མ་བྱེད་ཅིག །ཚེ་དང་ལྡན་པ་དག་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་པར་ཚེ་དང་ལྡན་པ་དག་དགེ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག །ཚེ་དང་ལྡན་པ་དག་དགེ་འདུན་དང་མཐུན་པར་གྱིས་ཤིག །དགེ་འདུན་མཐུན་མི་ཕྱེད་ཀུན་ཏུ་དགའ་མི་རྩོད། མཆོག་གཅིག་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཚེ་དང་ལྡན་པ་དག་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་ཤིང་མི་མཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོངས་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་དེ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །གསུམ་པ་ནི། ནབ་སོ་དང་འགྲོ་མགྱོགས་ལྟ་བུའི་དགེ་སློང་གང་གཉིས་ལས་ལྷག་པ་རབ་ཏུ་མང་པོ་དག་རེ་ལྡེའི་རི་ལྟ་བུ་གྲོང་ངམ་གྲོང་རྡལ་ཞིག་ན་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལ་ཉེ་བར་བརྟེན་ཞིང་གནས་པར་གྱུར་ལ། དགེ་སློང་དེ་དག་ཀྱང་འགྲོགས་པ་དང་ལོངས་སྤྱོད་པས་ཁྱིམ་པའི་ཁྱིམ་སུན་འབྱིན་པར་བྱེད་པ་སྡིག་པའི་ཆོས་གནས་ངན་ལེན་ཀུན་ཏུ་སྤྱོད་པར་གྱུར་ཅིང་དེ་དག་གིས་བྲམ་ཟེ་སོགས་ཀྱི་ཁྱིམ་དག་སུན་ཕྱུང་བ་མིག་གིས་མཐོང་ངམ། རྣ་བས་ཐོས་སམ། དེ་ལས་གཞན་པའི་ཤེས་པས་རབ་ཏུ་ཤེས་སམ་དེ་དག་སྡིག་པ་ཀུན་ཏུ་སྤྱོད་པ་མཐོང་ངམ་ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་སྐྲོད་པའི་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་ཅག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་དུ་སྤྱོད་པ་དག་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་དག་སུན་ཕྱུངས་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱོད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་ཀྱིས། ཚེ་དང་ལྡན་པ་དག །ཁྱོད་འདི་ན་གནས་པས་ད་ཆོག་གིས། གནས་འདི་ནས་དེངས་ཤིག་ཅེས་བསྒོ་ནས་བསྐྲད་པར་བྱའོ། །གལ་ཏེ་དེ་དག་གིས་ཚུར་དགེ་སློང་རྣམས་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་ཟང་ཟིང་གི་ཕྱིར་དགེ་སློང་ཁ་ཅིག་བསྐྲད་དེ་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་ཁ་ཅིག་བསྐྲད་པས་ཞེ་སྡང་གིས་འགྲོ་བ། ཉེས་པ་འདྲ་བ་མ་ཤེས་པས་གཏི་མུག་གིས་འགྲོ་བ། འཇིགས་པ་མ་བསྐྲད་པས་འཇིགས་པས་འགྲོ་བ་དག་ཡིན་ཏེ་རྒྱུ་མཚན་འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་ནབ་སོ་སོགས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། དམར་སེར་ཅན་ལྟ་བུ་དགེ་སློང་ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་ཟེར་ན། ནབ་སོ་ལྟ་བུའི་དགེ་སློང་དེ་དག་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་གཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་དག་ཁྱེད་དེ་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ན་དགེ་སློང་ཁ་ཅིག་འདུན་པས་འགྲོ་བ། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་དག་ཡིན་ཏེ་འདི་ལྟར་ལྟུང་བ་འདྲ་བ་ཁོ་ན་ལས་དགེ་སློང་ཁ་ཅིག་ནི་སྐྲོད་པར་བྱེད། ཁ་ཅིག་ནི་སྐྲོད་པར་མི་བྱེད་དེ་ཞེས་རྫུན་མ་ཟེར་ཞིག །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་བ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། འཇིགས་པས་འགྲོ་བ་མ་ཡིན་གྱི། འདི་ལྟར་ཚེ་དང་ལྡན་པ་དག་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་དག་ཡིན་ཏེ་ཁྱེད་ཉིད་ཀྱིས་ཁྱིམ་དག་སུན་ཕྱུངས་བར་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས། ཁྱོད་སྡིག་པ་ཀུན་ཏུ་སྤྱོད་པར་ཡང་མཐོང་ཞིང་ཐོས་ལ་རབ་ཏུ་ཤེས་པའི་ཕྱིར་ཏེ་ཚེ་དང་ལྡན་པ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ། གཏི་མུག་གིས་འགྲོ་བ། འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་འདི་ཐོངས་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་དག་ལ་དགེ་སློང་རྣམས་ཀྱིས་དེ་སྐད་ཅེས་གཞམས་ཏེ་བསྒོ་བ་ན་གལ་ཏེ་འདུན་པས་འགྲོ་བ་སོགས་ཚིག་གི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཏེ་ཉེས་བྱས་གཅིག་ལས་སྦོམ་པོ་ཡང་མ་བྱུང་བས་སོ། །གལ་ཏེ་གཞམས་དེ་བསྒོ་བས་མི་གཏོང་ན་རྩོམ་པ་ལ་ཉེས་བྱས་གཅིག །གཞམས་བསྒོའི་མཐར་སྦོམ་པོ་འབྱུང་ལ། གཞི་དེ་གཏོང་པར་བྱ་བའི་ཕྱིར་གསོལ་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བ་སྟེ་ཀུན་ཏུ་དྲི་བར་བྱའོ། །ཡང་དག་པར་བསྟན་པ་སྟེ་ཁྱིམ་སུན་འབྱིན་པ་ལ་ཟློག་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས་པའམ་བཟང་སྟེ་ལྷག་མའི་དངོས་གཞིའི་ལྟུང་བ་མ་བྱུང་བས་སོ། །གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །བཞི་པ་ནི། ཡང་འདི་ན་འདུན་པ་ལྟ་བུའི་དགེ་སློང་འགའ་ཞིག་བཀའ་བློ་མི་བདེ་བ་ཚིག་བརྟག་མི་བཟོད་པའི་རང་བཞིན་ཅན་དུ་གྱུར་ལ། འདུན་པ་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་སོར་མདོ་གདོན་པར་གཏོགས་པ་བསླབ་པའི་གཞི་ཕམ་ལྷག་མ་ངེས་པ་རིལ་གྱིས་གདོན་པར་གཏོགས་པ་རྣམས་དང་། བདེ་བར་གཤེགས་པའི་སོ་སོར་ཐར་པའི་མདོ་རིལ་གྱིས་འདོན་པར་གཏོགས་པ་རྣམས་ཀྱིས་ཆོས་མདོ་སྡེ་དང་མངོན་པའི་སྡེ་སྣོད་དང་མཐུན་པ་དང་། འདུལ་བའི་སྡེ་སྣོད་དང་མཐུན་པར་སྨྲས་པ་ན། ཚེ་དང་ལྡན་པ་དག་ཁྱེད་ཅག་དགེ་བ་ལ་སྦྱོར་ཡང་རུང་སྡིག་པ་ལ་ལྡོག་ཀྱང་རུང་། བདག་ལ་ཚིག་ཅི་ཡང་མ་སྨྲ་ཞིག །བདག་ཀྱང་དགེ་བ་ལ་འཇུག་ཀྱང་རུང་སྡིག་པ་ལས་ལྡོག་ཀྱང་རུང་ཚེ་དང་ལྡན་པ་དག་ལ་ཚིག་ཅི་ཡང་མི་སྨྲའོ། །ཚེ་དང་ལྡན་པ་དག་གིས་བདག་ལ་དགེ་འཇུག་སྡིག་ལྡོག་གི་ཚིག་གི་ལམ་ཐོངས་ཤིག །ཁྱེད་ལ་ཡང་བདག་གིས་དགེ་འཇུག་སྡིག་ལྡོག་སྨྲས་པས་ཅི་ཞིག་བྱ། ཞེས་བདག་ཉིད་ལྟུང་བ་བརྗོད་པར་བྱ་བ་མ་ཡིན་པ་སྨྲ་བར་བྱེད་ན་དེ་ལ་དགེ་སློང་རྣམས་ཀྱིས་གཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་འདུན་པ་ལྟ་བུ་ཁྱེད་དགེ་སློང་རྣམས་ཀྱིས་མདོ་འདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་ཀྱིས་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་ལྟུང་བ་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར། ཚེ་དང་ལྡན་པས་བདག་ཉིད་ཀྱིས་ལྟུང་བ་དེ་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག །དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ལ་མདོ་སྡེ་དང་མངོན་པའི་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ན། ཚེ་དང་ལྡན་པ་ཡང་དགེ་སློང་རྣམས་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲོས་ཤིག །དེ་ཅིའི་ཕྱིར་ཞེ་ན། དེའི་ཕན་ཡོན་འདི་ལྟ་སྟེ། གཅིག་ལ་གཅིག་ལྟུང་བ་བརྗོད་པར་བྱ་བ་སྟེ་གླེང་བ་ཉིད་དུ་བྱེད་པ་དང་། གཅིག་ལ་གཅིག་གདམས་ངག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་ཉིད་དེ་དེ་ལྟ་བུས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་དགེ་སློང་གི་འཁོར་འདི་འཕེལ་བར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་བདག་ཉིད་ལྟུང་བ་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་འདི་ལྟ་བུ་ཐོངས་ཤིག་ཅེས་བསྒོ་བར་བྱའོ། །དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན། གལ་ཏེ་མི་གླེང་བའི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དགེ་འདུན་ལྷག་མའོ། །བཞི་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་པོ་དག་བཏོན་ཟིན་ཏོ། །ལྔ་པ་རྣམ་བཞག་བསྟན་པ་ནི། ལྷག་མའི་ཆོས་བཅུ་གསུམ་པོ་དེ་དག་ལས་ཁུ་བ་འབྱིན་པ་ལ་སོགས་པ་དགུ་ནི། ལྟུང་བ་དང་པོ་དག་སྟེ་དངོས་པོ་ལས་གྱུར་པ་ཞེས་བྱ་སྟེ། གཞམས་བསྒོ་ལ་མི་ལྟོས་པར་སྦྱོར་བའི་སྦྱོར་བ་དང་། སྦྱོར་བ་དང་། དངོས་གཞི་ལྟུང་བ་དང་པོ་དག་ལས་རིམ་པ་བཞིན་འབྱུང་བ་ཉིད་ཀྱིས་སོ། །དབྱེན་སོགས་ཕྱི་མ་བཞི་ནི། བསྒོ་བ་ལས་གྱུར་པ་ཞེས་བྱ་སྟེ། གཞམས་བསྒོ་དང་། བརྗོད་པ་ལན་གསུམ་གྱི་བར་གྱིས་མཐའ་ལ་མ་བཏང་བས་དངོས་གཞིའི་ལྟུང་བར་འགྱུར་བས་སོ། །དྲུག་པ་ཕྱིར་འཆོས་པའི་ཚུལ་ནི། ལྟུང་བ་འབྱིན་པར་བྱེད་པའི་དགེ་སློང་གིས་ལྷག་མ་བཅུ་གསུམ་པོ་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ལ་ཇི་སྲིད་དུ་རང་རྒྱུད་ལ་ལྟུང་བ་བྱུང་བར་ཤེས་བཞིན་དུ་ཞག་ཏུ་འཆབ་པར་བྱེད་པ་དེ་སྲིད་དུ་ལྟུང་བ་འབྱིན་པ་དེས་མི་འདོད་བཞིན་དུ་སྤོ་བ་སྤྱད་པར་བྱའོ། །ལྟུང་བ་འབྱིན་པའི་དགེ་སློང་གིས་མི་འདོད་བཞིན་དུ་སྤོ་བ་བྱས་ནས་དེའི་འོག་ཏུ་ཞག་དྲུག་གི་བར་དུ་དགེ་འདུན་ལ་ཐུགས་མགུ་བར་བྱ་བ་སྤྱད་པར་བྱའོ། །དགེ་སློང་གིས་མགུ་བར་བྱ་བ་སྤྱད་ནས་ལྷག་མ་ལས་དབྱུང་བར་བྱ་བ་ལ་ཐོགས་ཏེ་ཆོས་དང་མཐུན་པར་གཎྜི་བརྡུང་བ་དང་གནས་མལ་བཤམས་པ་སོགས་བྱས་ལ་དགེ་འདུན་འདུས་པ་ན་རྒན་པའི་མཐའ་ལོག་ནས་མཆིལ་ལྷམ་གཉིས་ཕུད་དེ་ཕྱག་འཚལ་ཐལ་མོ་སྦྱར་ནས་ཙོག་ཙོག་པུར་འདུག་སྟེ་ལྷག་མ་ལས་དབྱུང་བའི་དོན་དུ་གསོལ་བ་ལན་གསུམ་བཏབ་ནས་དགེ་སློང་གི་དགེ་འདུན་གྱི་སེམས་མགུ་བར་བྱས་ན་གནས་གང་ན་དགེ་སློང་ཉི་ཤུའི་ཚོགས་ཀྱིས་དགེ་འདུན་ཡོད་པ་དེར་དགེ་སློང་དེ་དབྱུང་བར་བྱའོ། །གལ་ཏེ་དགེ་སློང་ཉི་ཤུར་གཅིག་གིས་མ་ཚང་བའི་ཚོགས་ཀྱིས་དགེ་འདུན་གྱིས་དགེ་སློང་དེ་ལྷག་མ་ལས་འབྱིན་པར་བྱེད་ན། དགེ་སློང་དེ་ཡང་ལྟུང་བ་ལས་མ་ཕྱིན་ལ་འབྱིན་པར་བྱེད་པའི་དགེ་སློང་དེ་དག་ཀྱང་སྨད་པར་བྱ་བ་ཡིན་ཏེ་ལྷག་མ་ཕྱིར་བཅོས་པ་དེ་ལ་དེ་ནི་ཆོ་ག་སྟེ་ཐབས་ཡིན་ནོ། །བདུན་པ་རྣམ་བཞག་བསྒྲགས་པ་ནི། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་གསོ་སྦྱོང་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་སྟེ་ལྟུང་བ་མ་བྱུང་ངམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །བཞི་པ་མ་ངེས་པ་གདོན་པ་ལ་ལྔ་སྟེ། སྡོམ་གྱིས་མདོར་བསྟན། མ་ངེས་པ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད། འཇུག་བསྡུ་བ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། སྡོམ་ལ། དབེན་པ་སྐྱབས་ཡོད་ན་འདོད་པ་བྱར་རུང་བར་དང་མི་རུང་བར་འདུག་པས་མ་ངེས་པ་གཉིས། ལས་དང་པོ་ཕམ་ལྷག་ལྟུང་བྱེད་གསུམ་གང་རུང་དུ་མ་ངེས་པ་དང་། གཉིས་པ་ལྷག་མ་དང་ལྟུང་བྱེད་གང་དུ་ཡང་མ་ངེས་པའོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་ཕམ་ལྷག་ལྟུང་བྱེད་གསུམ་གང་དུའང་མ་ངེས་པ་དང་། ལྷག་ལྟུང་གང་དུ་ཡང་མ་ངེས་པའི་ཆོས་གཉིས་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་འདུལ་པ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་། །གསུམ་པ་ལ་གཉིས་ཏེ། མ་ངེས་པ་དང་པོ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་སྦེད་མ་ལྟ་བུའི་བུད་མེད་མི་ཚངས་བ་བརྟེན་ནུས་ཀྱི་ཡུལ་དང་ལྷན་ཅིག་དགེ་སློང་གཅིག་པུ་བུད་མེད་གཅིག་དང་སྐྱེས་པ་བུད་མེད་མ་ནིང་གསུམ་གྱིས་དབེན་པ་རྩིག་པ་ཡོལ་བ་རུབ་མ་འཐིབས་པོ་མཚན་མོའི་སྐྱབས་གང་རུང་ཡོད་པ་ན་འདོད་པ་མི་ཚངས་པ་སྤྱད་རུང་བར་ཁྲི་དང་ཁྲིའུ་ལྟ་བུའི་སྟན་ལ་འདུག་པར་བྱེད་ཅིང་དགེ་སློང་དེ་ལ་གལ་ཏེ་དགེ་བསྙེན་མ་ས་ག་ལྟ་བུའི་སྲོག་གི་ཕྱིར་རྫུན་མི་སྨྲ་བའི་ཡིད་ཆེས་པའི་ཚིག་དང་ལྡན་པས་ཕམ་པ་བཞི། ལྷག་མ་བཅུ་གསུམ། ལྟུང་བྱེད་དགུ་བཅུའི་ཆོས་གསུམ་པོ་ཕམ་པར་འགྱུར་བའམ། དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ་འཆར་ཀ་ལྟ་བུའི་དགེ་སློང་གིས་འདུག་པར་དྲང་པོར་ཁས་བླངས་ན་ཆོས་གསུམ་པོ་ཕམ་པར་གྱུར་པའམ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བཤགས་པ་བྱེད་དུ་གཞུག་ཅིང་། དགེ་སློང་དེ་ལ་དགེ་བསྙེན་མ་མཆོག་གསུམ་ལ་ཡིད་ཆེས་པས་རྫུན་མི་སྨྲ་བའི་ཚིག་དང་ལྡན་པས་ཆོས་གསུམ་པོ་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་ལ་བཤགས་པ་བྱེད་དུ་གཞུག་སྟེ། དེ་ནི་མ་ངེས་པའི་ཆོས་དང་པོ་ཞེས་སོ། །མ་ངེས་པ་གཉིས་པ་ནི། ཡང་ཤ་རི་ཀ་ལྟ་བུའི་དགེ་སློང་གང་ཁྱིམ་བདག་གི་ཆུང་མ་གསོ་སྦྱོང་འཕགས་ལྟ་བུའི་བུད་མེད་ཀྱི་ཡུལ་འཁྲིག་པ་བསྟེན་ནུས་དང་ལྷན་ཅིག་དགེ་སློང་གཅིག་པུ་བུད་མེད་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འདོད་པ་མི་ཚངས་སྤྱོད་བྱར་མི་རུང་བར་སྟན་ལ་འདུག་པར་བྱེད་ཅིང་། ཤ་རི་ཀ་ལྟ་བུ་དེ་ལ་གལ་ཏེ་དགེ་བསྙེན་མ་ལེགས་སྐྱེས་ལྟ་བུ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་སྨྲས་པར་གྱུར་ལ། དགེ་སློང་གིས་འདུག་པར་དྲང་པོར་ཁས་བླངས་ན་ཆོས་གཉིས་པོ་དགེ་འདུན་ལྷག་མའམ། ལྟུང་བྱེད་ལས་ཆོས་གང་ཡང་རུང་བས་བཤགས་པ་བྱེད་དུ་གཞུག་ཅིང་དགེ་སློང་དེ་ལ་དགེ་བསྙེན་མ་ཡིད་ཆེས་པའི་ཚིག་དང་ལྡན་པས་ཆོས་གཉིས་པོ་གང་དང་གང་གིས་སྨྲས་པར་གྱུར་པའི་ཆོས་དེ་དང་དེས་དགེ་སློང་དེ་བཤགས་པ་བྱེད་དུ་གཞུག་སྟེ་དེ་ཡང་མ་ངེས་པའི་ཆོས་སོ། །བཞི་པ་ནི། ཚེ་དང་ལྡན་པ་དག་བདག་གིས་མ་ངེས་པའི་ཆོས་གཉིས་པོ་དག་བཏོན་ཟིན་ཏོ། །ལྔ་པ་ནི། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིིན་དུ་འཛིན་ཏོ། །ལྔ་པ་རིལ་གྱིས་གདོན་པ་ལ་ལྔ་སྟེ། སྤངས་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པར་བྱ་བའི་ཆོས་བཞི། བསླབ་པར་བྱ་བའི་ཆོས་མང་པོ། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གདོན་པའོ། །དང་པོ་ལ་གསུམ་ཏེ། དངོས། མཇུག་བསྡུ། མཚན་ཉིད་བསྒྲགས་པའོ། །དང་པོ་ལ་གསུམ་སྟེ། བཅུ་ཚན་དང་པོ། གཉིས་པ། གསུམ་པའོ། །དང་པོ་ལ་གསུམ་སྟེ། སྡོམ་གྱི་མདོར་བསྟན། སྤངས་ལྟུང་འདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ་ལ། འཆང་བའི་སྤང་བ། འབྲལ་བའི་སྤང་བ། འཇོག་པའི་སྤང་བ་དང་། འཁྲུར་འཇུག་པའི་སྤང་བ་དང་། གོས་ལེན་པའི་སྤང་བ་དང་། གོས་སློང་བའི་སྤང་བ་དང་། སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་སློང་བར་རིགས་པའི་སྤང་བ། གོས་ཀྱི་རིན་ཐང་དཔགས་པ་སློང་བའི་སྤང་བ། སོ་སོ་ནས་དཔགས་པ་སློང་བའི་སྤང་བ། བསྐུར་བའི་སྤང་བའོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །གསུམ་པ་ལ་བཅུ་ལས། དང་པོ་འཆང་པའི་སྤང་བ་ནི། ཆོས་འདི་པའི་དགེ་སློང་ཆོས་གོས་དྲ་བ་དང་དྲུབ་པ་དང་ཁ་བསྒྱུར་ཟིན་པས་དབྱར་སྔ་ཕྱིའི་དབང་གིས་དཔྱིད་ར་བ་དང་འབྲིང་གི་ཉ་ལ་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་སྣམ་སྦྱར་མ་གཏོགས་པ་རྣམ་པར་མ་བརྟགས་པ། རུང་བ་མ་བྱས་པར་བཅད་བར་བྱའོ། །དེ་ལས་འདས་པར་བཅད་ན་ཞག་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤངས་བའི་ལྟུང་བྱེད་དོ། །གཉིས་པ་འབྲལ་བའི་སྤང་བ་ནི། ཡང་དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་གལ་ཏེ་ནུབ་གཅིག་ཀྱང་ཆོས་གོས། བླ་གོས། མཐང་གོས། སྣམ་སྦྱར་གསུམ་ལས་རང་གི་བྱིན་རླབས་ཅན་གྱིས་ཆོས་གོས་གང་ཡང་རུང་བ་དང་ཆོས་གོས་ཡོད་པའི་མཚམས་ཀྱི་ཕྱི་རོལ་དུ་སྐྱ་རེངས་ཤར་གྱིས་བར་དུ་འབྲལ་བར་བྱེད་ན་དགེ་འདུན་གྱིས་གནང་བ་བྱིན་པ་ནི་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །གསུམ་པ་འཇོག་པའི་སྤང་བ་ནི། དགེ་སློང་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་དུས་མ་ཡིན་པའི་གོས་ཞིག་རྙེད་ལ་དེ་བླང་བར་འདོད་ན་དགེ་སློང་དེས་གོས་བདུན་པོ་སྲིན་བལ་གྱི་གོས་དང་། བལ་གྱི་གོས་དང་། ཤ་ནའི་གོས་དང་། ཟར་མའི་གོས་དང་། དུ་གུ་ལའི་གོས་དང་། གོ་ཏམ་པའི་གོས་དང་། ཉི་འོག་གི་གོས་ལས་གང་ཡང་རུང་བ་དེ་བླང་བར་བྱའོ། །བླང་ནས་གལ་ཏེ་ལངས་ནའམ་གོས་ལྡང་ན་མྱུར་བ་ཁོ་ནར་གོས་སུ་བྱས་ལ་བྱིན་གྱིས་རླབས་ཏེ་བཅང་བར་བྱའོ། །གལ་ཏེ་མི་ལངས་པ་སྟེ་མི་ལྡང་ལ་ཁ་མ་ལངས་པ་ཁ་སྐོང་བའི་གོས་གཞན་ལ་རེ་བ་ཡོད་ན་དགེ་སློང་དེས་གོས་དེ་ཟླ་བ་གཅིག་གི་མཐར་རུང་བ་མ་བྱས་པར་ཡང་བཞག་པར་བྱའོ། །དེ་ལས་འདས་པར་འཇོག་ན་སོ་གཅིག་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དོ། །བཞི་པ་འཁྲུར་འཇུག་པའི་སྤང་བ་ནི། ཡང་འཆར་ཀ་ལྟ་བུ་དགེ་སློང་གང་དགེ་སློང་མ་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ་རང་གིས་བྱིན་རླབས་ཅན་གྱི་ཆོས་གོས་དང་གདིང་བ་དུས་ཚིགས་གསུམ་གང་རུང་དུ་ལོངས་སྤྱད་པའི་རྙིང་པ་ཆུ་ལ་འཁྲུར་འཇུག་གམ་ཚོན་གྱིས་འཚེད་དུ་འཇུག་གམ། ཐལ་མོས་རྡེབ་པ་ལྟ་བུའི་འཆག་ཏུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །ལྔ་པ་ལེན་པའི་སྤང་བ་ནི། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བས་དགེ་སློང་མ་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལས་བལ་གོས་སོགས་ལེན་ན་གོས་བཟང་ངན་བརྗེས་པ་མ་གཏོགས་ཏེ་གོས་ལག་ཏུ་ཐོབ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །དྲུག་པ་སློང་བའི་སྤང་བ་ནི། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་ཁྱིམ་བདག་སྐྱེས་པ་དག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་གོས་སློང་ན་གནང་བའི་དུས་མ་གཏོགས་ཏེ་སྤང་བའི་ལྟུང་བྱེད་དོ། །དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། དགེ་སློང་གི་ཆོས་གོས་རྐུན་མས་ཕྲོགས་སམ། གོས་བོར་བ་ལྟ་བུའི་བརླག་གམ། གོས་མེས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུས་ཁྱེར་ན་བསླབ་གཞི་དེ་ལ་སྐབས་དེ་ནི་གནང་བའི་དུས་ཡིན་ནོ། །བདུན་པ་སློང་བར་རིགས་པའི་སྤང་བ་ནི། ཡང་དགེ་སློང་གོས་ཆོམ་རྐུན་པས་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་རླུང་གིས་ཁྱེར་རམ། གོས་ཆུར་ཁྱེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་ཡང་གན་དུ་སོང་ལ་གོས་སློངས་བར་བྱའོ། །དགེ་སློང་དེ་ལ་གལ་ཏེ་བྲམ་ཟེ་ལྟ་བུའམ་ཁྱིམ་བདག་དད་པ་ཅན་ཞིག་གིས་དུས་ཀྱིས་གོས་མང་པོ་དག་སྟོབས་སྟེ་འབུལ་བ་ལ་འདོད་ན། དགེ་སློང་དེས་སྦྱིན་བདག་དེ་ལས་གོས་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པའི་མཐར་ཐུག་པར་ཚང་བར་ཡང་བླངས་བར་བྱའོ། །དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ། །བརྒྱད་བ་སྤགས་པ་སློང་བའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་གསེར་ལ་སོགས་པ་དག་སྤགས་པ་སྟེ་སྟ་གོན་བྱས་ནས་བདག་གིས་གོས་ཀྱི་རིན་གསེར་ལ་སོགས་པ་འདི་དག་གིས་བལ་ལ་སོགས་པའི་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། དགེ་སློང་མིང་འདི་ཞེས་བྱ་བ་འོངས་ན་དེ་ལ་བདག་གིས་གོས་རུང་བ་སྟེ་ལོངས་སྤྱད་པར་འོས་པ་དུས་སུ་བསྐོན་ནོ། །སྙམ་པ་ལས་དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པ་སྟེ་མགྲོན་དུ་མ་བོས་པར་ཡང་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་གོས་བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་ཡི་གན་དུ་སོང་ནས་འདི་སྐད་ཅེས་ཚེ་དང་ལྡན་པས་བདག་གི་ཕྱིར་གོས་ཀྱི་རིན་གསེར་སོགས་གང་དག་སྤགས་པས་གོས་ཀྱི་རིན་དེ་དག་གིས་ཚེ་དང་ལྡན་པ་བལ་ལ་སོགས་པའི་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ། བདག་ལ་གོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག །ཅེས་སྨྲས་ཏེ་གོས་ལག་ཏུ་གྲུབ་པ་སྟེ་ཐོབ་ན་སྤང་བའི་ལྟུང་བྱེད་དོ། །དགུ་པ་སོ་སོ་ནས་སྤགས་པ་སློང་བའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ་སློང་གི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་གོས་ཀྱི་རིན་གསེར་སོགས་སོ་སོ་པ་སྟེ་ཐ་དད་པ་དེ་དག་གིས་སྤགས་ནས་བདག་ཅག་གཉིས་ཀྱིས་གོས་ཀྱི་རིན་སོ་སོ་བ་འདི་དག་གིས་གོས་འདི་དང་འདི་ལྟ་བུ་སོ་སོ་བ་དག་ཉོས་ལ་ཉེ་དགའ་ལྟ་བུའི་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་བདག་ཅག་གཉིས་ཀྱིས་སོ་སོ་ནས་དེ་ལ་གོས་རུང་བ་དུས་སུ་བསྐོན་ནོ་སྙམ་པ་ལས། དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་སྟེ་བཟང་པོ་འདོད་པའི་ཕྱིར་ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་དེ་དག་གི་གན་དུ་སོང་ནས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གིས་བདག་གི་ཕྱིར་གོས་ཀྱི་རིན་སོ་སོ་བ་གང་དག་སྤགས་པའི་གོས་ཀྱི་རིན་སོ་སོ་དེ་དག་གིས་ཚེ་དང་ལྡན་པ་དག་གོས་འདི་དང་འདི་ལྟ་བུ་སོ་སོ་བ་སྟེ་ཐ་དད་པ་དག་ཉོས་ལ་གཉིས་ཀ་འདུས་ཏེ་བདག་ལ་གོས་རུང་བ་ཅིག་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨྲས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །བཅུ་པ་བསྐུར་བའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ་སློང་གི་ཕྱིར། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོའམ། རྒྱལ་པོའི་བློན་པོ་ཆེན་པོའམ། གཙང་སྦྲ་ཅན་བྲམ་ཟེའམ། ཁྱིམ་བདག་ཕྱུག་པོ་དག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་བྱེ་བའི་ཕྱུག་པས་ནོར་ཅན་ནམ། ཅོད་པན་བཅིང་བས་ཚོང་དཔོན་ནམ། དོན་མཐུན་ལན་གཉིས་སམ་གསུམ་འདས་པའི་དེད་དཔོན་གྱིས་མིའི་འགྲོ་བའི་ཕོ་ཉའི་ལག་ཏུ་གོས་ཀྱི་རིན་གསེར་ལ་སོགས་པ་དག་བསྐུར་བར་གྱུར་ལ་དེ་ནས་ཕོ་ཉ་དེ་གོས་ཀྱི་རིན་དེ་དག་ཁྱེར་ནས་དགེ་སློང་དེ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་མཁྱེན་པར་མཛོད་ཅིག །ཁྱེད་ལ་རྒྱལ་པོའམ། བློན་པོ་ཆེན་པོའམ། བྲམ་ཟེའམ། ཁྱིམ་བདག་གམ། གྲོང་རྡལ་གྱི་མིའམ། ཡུལ་མིའམ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་ཆེ་གེ་མོས་གོས་ཀྱི་རིན་འདི་དག་བསྐུར་གྱིས། འཕགས་པས་ཐུགས་བརྩེ་བའི་སླད་དུ་གོས་རིན་བསྐུར་བ་འདི་དག་བཞེས་ཤིག་ཅེས་འཕྲིན་དེ་སྐད་ཟེར་ན། དགེ་སློང་དེས་ཕོ་ཉ་དེ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་དག་ནི་གོས་ཀྱི་རིན་གསེར་སོགས་དངོས་པོ་མི་རུང་བ་རུང་བ་མ་བྱས་པ་དག །ལེན་དུ་མི་རུང་སྟེ་བདག་ཅག་གོས་ལོངས་སྤྱོད་དུ་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ་ཞེས་བརྗོད་པར་བྱའོ། །གལ་ཏེ་ཕོ་ཉ་དེས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པ་རྣམས་ཀྱི་ཞལ་ཏ་བགྱིད་པ་འཕགས་པ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་རུང་བར་བྱེད་པ་གང་ལགས་པ་འགལ་མཆིས་སམ་ཞེས་ཟེན་ན། དགེ་སློང་གོས་འདོད་པས་ཕོ་ཉ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཕོ་ཉ་འདི་ནི་དགེ་སློང་རྣམས་ཀྱི་ཞལ་ཏ་བྱེད་པ་སྟེ་འདི་ནི་དགེ་སློང་རྣམས་ཀྱིས་ཞལ་ཏ་ཉམས་སུ་ལེན་པའོ་ཞེས་རྩེ་རྒོད་དང་ལྷ་འབངས་ལྟ་བུའི་ཀུན་དགའི་ར་བ་པའམ། གསུམ་ལ་སྐྱབས་སུ་སོང་ཞིང་བསླབ་པའི་གཞི་ལྔ་བླངས་པས་དགེ་བསྙེན་ཞལ་ཏ་བ་རུང་བ་བྱེད་པ་བསྟན་པར་བྱའོ། །དེ་ནས་ཕོ་ཉ་དེས་གོས་ཀྱི་རིན་དེ་དག་ཁྱེར་ནས་ཞལ་ཏ་བྱེད་པ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་ཞལ་ཏ་བྱེད་པ་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག །ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས་བལ་ལ་སོགས་པའི་གོས་འདི་དང་འདི་ལྟ་བུ་ཞིག་ཉོས་ལ་དགེ་སློང་མིང་འདི་ཞེས་བྱ་བ་འོངས་པ་དང་དེ་ལ་གོས་རུང་བ་དུས་སུ་སྐོན་ཅིག །ཅེས་བརྗོད་པར་བྱའོ། །དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས་པར་ཡང་དག་པར་བསྒོ་ཞིང་། ཡང་དག་པར་བསྟན་ནས། དགེ་སློང་དེ་ག་ལ་བ་དེར་འགྲོ་བར་བྱ་ཞིང་ཕྱིན་ནས་དགེ་སློང་དེ་ལ་འདི་སྐད་ཅེས་འཕགས་པས་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ་བདག་གིས་ཡང་དག་པར་བསྟན་ལགས་ཀྱིས། དེའི་གན་དུ་བཞུད་ཅིག་དང་དེས་ཁྱོད་ལ་གོས་རུང་བ་དུས་སུ་བསྐོན་པར་འགྱུར་རོ་ཞེས་བརྗོད་པར་བྱའོ། །དགེ་སློང་གོས་འདོད་པས་ཞལ་ཏ་བྱེད་པའི་གན་དུ་སོང་ལ། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་བདག་གོས་འདོད་དོ། །ཞེས་ལན་གཉིས་ལན་གསུམ་དུ་བསྐུལ་བར་བྱ། དྲན་པར་བྱའོ། །དེ་ཡང་ལན་གཅིག་བསྐུལ་བས་གྲུབ་ན་གཉིས་པ་མི་བྱ་གཉིས་པས་གྲུབ་ན་གསུམ་པ་མི་བྱ། གཉིས་པས་མ་གྲུབ་ན་གསུམ་པ་ཡང་བྱ་སྟེ། དེ་དག་ནི་དུས་དང་པོར་བྱ་བ་ཡིན་ནོ། །ལན་གཉིས་ལན་གསུམ་དུ་བསྐུལ་ཞིང་དྲན་པར་བྱས་པ་ན་གལ་ཏེ་གོས་དེ་ལག་ཏུ་གྲུབ་ན་དེ་ལྟ་ན་ལེགས་ཏེ། སྦྱིན་བདག་ཕོ་ཉ་ཞལ་ཏ་བྱེད་པ་རྣམས་ལའང་གཏོང་བ་དང་སྤྱད་པའི་བསོད་ནམས་འཕེལ་ལ། དགེ་སློང་ལ་ཡང་འཇིག་རྟེན་དང་འདུལ་བར་འགལ་བའི་ཉེས་པ་མེད་པའི་ཕྱིར་རོ། །གལ་ཏེ་མ་གྲུབ་ན། ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཞལ་ཏ་བྱེད་པའི་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ། །ལན་བཞི་ལན་ལྔ་ལན་དྲུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པ་ན། གལ་ཏེ་གོས་དེ་གྲུབ་ན་དེ་ལྟ་ན་ལེགས་ཏེ་དགེ་སློང་ལ་སྦྱོར་དངོས་ཀྱི་ལྟུང་བ་མ་བྱུང་ཞིང་སྦྱིན་བདག་སོགས་ལ་བསོད་ནམས་བསྐྱེད་པའི་ཕྱིར་རོ། །གལ་ཏེ་བསྐུལ་བསྡད་ལན་དྲུག་གིས་མ་གྲུབ་ན་དེའི་འོག་ཏུ་གོས་སྒྲུབ་པའི་ཕྱིར་བཙལ་ཏེ་གོས་ལག་ཏུ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །གལ་ཏེ་བསྐུལ་བསྡད་ལན་དྲུག་གིས་མ་གྲུབ་ན་ཕྱོགས་གང་ནས་གོས་ཀྱི་རིན་དེ་དག་འོང་བ་དེར་དགེ་སློང་བདག་ཉིད་འགྲོ་སྟེ་སྦྱིན་བདག་ལ་བརྡ་སྤྲད་པར་བྱའོ། །ཡང་ན། ཡིད་བརྟན་པའི་ཕོ་ཉ་ལས་ཚེ་དང་ལྡན་པ་དག་གིས་དགེ་སློང་ཆེ་གེ་མོའི་ཕྱིར་གོས་ཀྱི་རིན་གང་དག་བསྐུར་བ་དེ་དག་ནི་དགེ་སློང་དེས་དོན་ཅི་ཡང་མ་གྲུབ་ཀྱིས་ཤེས་པར་གྱིས་ཤིག །ཚེ་དང་ལྡན་པ་དག་གིས་རང་གི་ནོར་ཆུང་མ་གསན་ཅིག་ཅེས་སྤྲིངས་པར་བྱ་སྟེ། བསླབ་གཞི་དེ་ལ་དེ་ནི་ཆོ་ག་སྟེ་ཐབས་ཡིན་ནོ། །བཅུ་ཚན་གཉིས་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། སྲིན་བལ་དང་། བལ་ནག་འབའ་ཞིག་དང་། ཆ་གཉིས་བསྲེ་བ་དང་། ལོ་དྲུག་གི་ནང་དུ་སྟན་གཉིས་པ་དང་། མཐོ་གང་དང་། ལམ་དུ་བལ་ཐོགས་པ་དང་ནི། འཁྲུ་བ་རྨེལ་འཇུག་པ་དང་ནི། གསེར་དངུལ་ལ་རེག་པ་དང་མངོན་ཚན་ཅན་གྱི་སྤྱོད་པ་དང་། ཉོ་ཚང་ངོ་། །གཉིས་པ་ལ་བཅུ་ལས། དང་པོ་སྲིན་བལ་གྱི་སྤང་བ་ནི། ཡང་ཆོས་འདི་པའི་དགེ་སློང་གང་ཡང་རུང་བས་སྲིན་བུ་ལས་བྱུང་བའི་སྲིན་བལ་གྱི་སྟན་གསར་པའི་སར་པ་སྟེ་གསར་རྙེད་མིན་པ་བྱེད་ན་བཀྲམ་པའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །གཉིས་པ་བལ་ནག་འབའ་ཞིག་པའི་སྤང་བ་ནི། ཡང་དགེ་སློང་གང་ལུག་བལ་རང་བཞིན་གྱི་ནག་པ་དང་སྔོ་བས་གནག་པ་དང་འདམ་ཁ་དང་འདམ་ཁས་ནག་པོ་འབའ་ཞིག་གི་སྟན་ནང་ཚངས་ཅན་དང་བླིངས་པ་སར་པ་བྱེད་ན་སྤང་པའི་ལྟུང་བྱེད་དོ། །གསུམ་པ་ཆ་གཉིས་བསྲེ་བའི་སྤང་བ་ནི། དགེ་སློང་གིས་སྟན་སར་པ་བྱེད་ན་བཞི་ཆ་གཉིས་ནི་ལུག་བལ་ནག་པོ་འབའ་ཞིག་པ་ལས་གཞུག་པར་ཏེ་བསྲེ་བར་བྱ། བཞི་ཆ་གསུམ་པ་ནི་གློ་དང་རྒྱབ་དང་གཉའ་ནས་སྐྱེས་པའི་བལ་དཀར་པོ་འབའ་ཞིག་པ་ལས་བསྲེ་བར་བྱ། བཞི་ཆ་བཞི་པ་ནི། རྐང་པ་ལྟོ་བ་མགོ་བོ་ནས་སྐྱེས་པའི་འཁོབ་བལ་ལས་གཞུག་པ་སྟེ་བསྲེ་བར་བྱའོ། །གལ་ཏེ་དགེ་སློང་གིས་ཆ་གཉིས་ལུག་བལ་ནག་པོ་འབའ་ཞིག་ལས་མ་བཅུག་གམ་གསུམ་པ་དཀར་པོ་ལས་བཞི་པ་ནི་འཁོབ་བལ་ལས་མ་བཅུག་པར་སྟན་བླིངས་པ་གསར་པའི་སར་པ་བྱེད་ན་སྤང་བའི་ལྟུང་བྱེད་དོ། །བཞི་པ་ལོ་དྲུག་གི་ནང་དུ་སྟན་གཉིས་བྱེད་པའི་སྤང་བ་ནི། དགེ་སློང་གིས་བླིངས་པའི་སྟན་སར་པ་བྱེད་ན་མི་འདོད་བཞིན་དུ་ལོ་དྲུག་ཚུན་ཆད་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་སྟན་རྙིང་པ་དེ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང་སྟན་སར་པ་གཞན་གཉིས་པ་བྱེད་ན་དགེ་འདུན་གྱིས་གནང་བ་མ་གཏོགས་དེ་སྤང་བའི་ལྟུང་བྱེད་དོ། །ལྔ་པ་མཐོ་གང་གི་སྤང་བ་ནི། དགེ་སློང་གིས་གདིང་བ་སར་པ་བྱེད་ན་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར་གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་སྟེ་ཚད་ལྡན་གྱི་ཁྲུ་ཕྱེད་དང་དོ་ཀུན་ལས་འཁོར་བས་གླན་པར་བྱའོ། །གལ་ཏེ་དགེ་སློང་གིས་གདིང་བ་སར་པ་ཁ་དོག་མི་སྡུག་པར་བྱ་བའི་ཕྱིར། གདིང་བ་རྙིང་པ་བདེ་བར་གཤེགས་པའི་མཐོ་གང་འཁོར་བས་མ་གླན་པ་གདིང་བ་སར་པ་སྤྱོད་ན་སྤང་བའི་ལྟུང་བྱེད་དོ། །དྲུག་པ་བལ་ཐོགས་པའི་སྤང་བ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་དགོན་པའི་ལམ་དུ་ཞུགས་པས་ལུག་བལ་དག་གཞན་ལས་རྙེད་ལ་འདོད་ན་དགེ་སློང་དེས་བླང་བར་བྱའོ། །བླངས་ནས་གཞན་ཁུར་ཁྱེར་བ་མེད་ན་དཔག་ཚད་གསུམ་གྱི་མཐར་ཐུག་པའི་བར་ཚུན་ཆད་དུ་བདག་རང་ཉིད་ཀྱིས་བཀུར་བར་བྱའོ། །དེ་ལས་འདས་པར་ཁྱེར་ན་སྤང་བའི་ལྟུང་བྱེད་དོ། །བདུན་པ་བལ་རྨེལ་དུ་འཇུག་པའི་སྤང་བ་ནི། ཡང་དགེ་སློང་འཆར་ཀ་ལྟ་བུ་གང་ཡང་རུང་བས་དགེ་སློང་མ་ཉེ་དུ་མ་ཡིན་པ་ལ་ལུག་བལ་ཆུར་འཁྲུར་འཇུག་གམ་ཚོན་གྱིས་འཚོད་དུ་འཇུག་གམ། བལ་འདབ་རྨེལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བརྒྱད་པ་གསེར་དངུལ་ལ་རེག་པའི་སྤང་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་རང་གི་ལག་གིས་གསེར་དང་དངུལ་སོགས་རིན་ཆེན་ལེན་ཏམ་ལེན་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །དགུ་པ་མངོན་ཚན་ཅན་སྤྱོད་པའི་སྤང་བ་ནི། ཡང་དྲུག་སྡེ་ལྟ་བུ་ཆོས་འདི་པའི་དགེ་སློང་གང་རིན་པོ་ཆེ་མངོན་མཚན་ཅན་གྱི་སྤྱོད་པ་རྣམ་པ་སྣ་ཚོགས་བྱེད་ན་བསྐྱེད་ཕྱིན་པའི་ཚེ་སྤང་བའི་ལྟུང་བྱེད་དོ། །བཅུ་པ་ཉོ་ཚོང་གི་སྤང་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བས་རིན་པོ་ཆེ་ལས་གཞན་པའི་ཉོ་ཚོང་རྣམ་པ་སྣ་ཚོགས་བྱེད་ན་སྤང་བའི་ལྟུང་བྱེད་དོ། །བཅུ་ཚན་གསུམ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། ལྷུང་བཟེད་འཆང་བ་དང་། ཚོལ་བ་གཉིས་དང་། ཐ་ག་གཉིས་ཏེ་འཐག་ཏུ་འཇུག་པ་དང་། འཐག་རྒྱ་བསྐྱེད་པ་དང་། གོས་བྱིན་པ་ཕྲོག་པ་དང་། སྟོན་ཟླ་ཐ་ཆུང་སྟེ་བརྟད་པ་ལས་བྱུང་བ་དང་། དགོན་པ་པ་ཡི་འབྲལ་བ་དང་། དབྱར་གྱི་རས་ཆེན་ལས་གྱུར་པ་དང་། བསྔོས་པ་གཞན་དུ་བསྒྱུར་བ་དང་ནི། གསོག་འཇོག་གི་སྤང་བ་དག་གོ། །གཉིས་པ་ལ་བཅུ་ལས། དང་པོ་ལྷུང་བཟེད་འཆང་བའི་སྤང་པ་ནི། ཡང་དགེ་སློང་གིས་རང་གིས་བྱིན་རླབས་ཅན་གྱི་ལྷུང་བཟེད་མ་གཏོགས་པའི་ལྷུང་བཟེད་ལྷག་མ་ཞག་བཅུར་འཆང་བར་བྱའོ། །དེ་ལས་འདས་པར་བཅང་ན་བཅུ་གཅིག་པའི་སྐྱ་རེངས་ཤར་ཚེ་སྤང་བའི་ལྟུང་བྱེད་དོ། །གཉིས་པ་ལྷུང་བཟེད་ཚོལ་བའི་སྤང་བ་ནི། ཡང་ཉེ་དགའ་ལྟ་བུ་དགེ་སློང་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ། ལོངས་སྤྱད་པར་བཟོད་པ་ཡོད་བཞིན་དུ་བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་ཚོལ་བར་བྱེད་ཞིང་ལྷུང་བཟེད་ལག་ཏུ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ལྟུང་བ་ཕྱིར་བཅོས་ཚུལ་ཇི་ལྟ་བུ་ཞེ་ན། ལྟུང་བ་འབྱིན་པའི་དགེ་སློང་དེས་ལྷུང་བཟེད་ལྷག་པོ་དེ་དགེ་སློང་གི་འཁོར་ལ་དབུལ་བར་བྱའོ། །དགེ་སློང་གི་འཁོར་དེའི་ལྷུང་བཟེད་ཐ་མར་གྱུར་པ་གང་ཡིན་པ་དེ་དགེ་སློང་དེ་ལ་བྱིན་ནས་འདི་སྐད་དུ། དགེ་སློང་ཁྱེད་ཀྱི་ལྷུང་བཟེད་འདི་བྱིན་གྱིས་བརླབ་པར་མི་བྱ། གཞན་ལ་གཏོང་བར་མི་བྱ། གཞན་ལ་སྦྱིན་པར་མི་བྱ་བར་ཆག་པའི་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུ་དལ་བུས་སྤྱད་པར་བྱའོ་ཞེས་སྦྱིན་པར་བྱ་སྟེ་བསླབ་གཞི་དེ་ལ་དེ་ནི་ཆོ་གའོ། །གསུམ་པ་འཐག་ཏུ་འཇུག་པའི་སྤང་བ་ནི། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་རང་གི་ལག་གིས་གཞན་ལ་བསླངས་པའི་དོག་པ་ཐ་ག་པ་བདུན་རྒྱུད་ཚུན་ཆད་ཀྱིས་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །བཞི་པ་འཐག་རྒྱ་བསྐྱེད་པའི་སྤང་བ་ནི། ཉེ་དགའ་ལྟ་བུའི་དགེ་སློང་གི་ཕྱིར་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་པ་ལས། དེ་ལ་གལ་ཏེ་དགེ་སློང་དེ་ལ་སྔར་མ་བསྟབས་པར་རྣམ་པར་རྟོག་པ་འགའ་ཞིག་བྱུང་ནས་ཐ་ག་པ་ཉེ་དུ་མ་ཡིན་པའི་གན་དུ་སོང་སྟེ་འཐག་རྒྱ་བསྐྱེད་པའི་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག །གོས་འདི་ནི་ཁོ་བོའི་ཕྱིར་འཐག་གིས། ཚེ་དང་ལྡན་པ་ཐ་ག་པ་གོས་འདི་ཞིང་རྒྱ་ཆེ་བ་དང་། ཁྲུན་ཆུར་རིང་བ་དང་། མཐར་གྱི་ཞག་པ་བྱེར་ཟུག་སྙོམ་པ་དང་། ཐགས་རན་བཟང་པ་སང་སེང་སོགས་མེད་པ་ལེགས་པར་གྱིས་ཤིག །ཚེ་དང་ལྡན་པ་ཐ་ག་པ་འདི་ལྟར་ཁོ་བོས་ཁྱོད་ལ་གླ་རྔན་འདི་ལྟ་སྟེ། བཟའ་བ་ལྔའམ། བཅའ་བ་ལྔ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ནོ་ཞེས་སྨྲས་ནས་ཐ་ག་པ་དེ་ལ་གལ་ཏེ་དགེ་སློང་དེས་གོས་སྒྲུབས་པའི་ཕྱིར་གླ་རྔན་འདི་ལྟ་སྟེ། བཟའ་བའམ། བཅའ་བ་ཙམ་མམ། བཟའ་རྒྱུ་ཅུང་ཟད་ཅིག་སྦྱིན་ཞིང་གོས་ལག་ཏུ་གྲུབ་ན་སྤང་བའི་ལྟུང་བྱེད་དོ། །ལྔ་པ་འཕྲོག་པའི་སྤང་བ་ནི། ཡང་དགའ་བོ་ལྟ་བུའི་དགེ་སློང་གང་ཡང་རུང་བས་ཆོས་འདི་པའི་དགེ་སློང་ལ་གོས་ཕྱིར་བླང་དུ་མེད་པར་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུག་རྔམ་པར་གྱུར་ཏེ་ཡིད་མ་རངས་ནས་གོས་རང་གིས་འཕྲོག་གམ་གཞན་འཕྲོག་ཏུ་འཇུག་ཅིང་དགེ་སློང་དེ་ལ་གོས་ཕྲོག་པའི་ཚིག་འདི་སྐད་ཅེས་དགེ་སློང་ཁྱེད་ལ་གོས་མི་སྦྱིན་གྱིས་གོས་ཕྱིར་བྱིན་ཅིག་ཅེས་ཟེར་ན་ཡུལ་དགེ་སློང་དེས་གོས་ལྷག་མ་ཡོད་པ་ཕྱིར་སྦྱིན་པར་བྱ་ཞིང་བཏང་ན་ལུས་དང་བྲལ་བའི་ཚེ་ན་སྤང་བའི་ལྟུང་བྱེད་དོ། །དྲུག་པ་བརྟད་པ་ལས་བྱུང་བའི་སྤང་བ་ནི། དགེ་སློང་གིས་སྟོན་ཟླ་ཐ་ཆུང་ཉར་དགག་དབྱེ་བྱེད་པའི་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་ནད་པ་ལ་སྦྱིན་པ་ལྟ་བུའི་བརྟད་པ་གློ་བུར་བ་ལས་བྱུང་བའི་གོས་ཤིག་གཞན་ལས་རྙེད་ལ་འདོད་ན་དགེ་སློང་དེས་གོས་དེ་བླང་བར་བྱའོ། །བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ། །འོ་ན་གོས་སྦྱིན་པའི་དུས་དུས་མིན་ཇི་ལྟ་བ་ཞེ་ན། དབྱར་ཁས་མ་བླང་བའི་གནས་སུ་ནི་སྟོན་ཟླ་ཐ་ཆུང་ཚུན་ཆད་དུས་ཡིན་ལ། ལྷག་མ་དུས་མིན་ནོ། །ཁས་བླངས་པའི་གནས་སུ་སྟོན་འབྲིང་ཉ་ནས་དཔྱིད་འབྲིང་ཉ་ཡི་བར་དུས་ཡིན་ལ་ལྷག་མ་དུས་མིན་ནོ། །དེ་ལས་འདས་པར་བཅང་ན་སྤང་བའི་ལྟུང་བྱེད་དོ། །བདུན་པ་དགོན་པ་པའི་སྦང་བ་ནི། དགེ་སློང་གཉིས་ཡན་ཆད་རབ་ཏུ་མང་པོ་དག་གནས་མལ་ཏེ་གཙུག་ལག་ཁང་གྲོང་ལས་རྒྱང་གྲགས་འཕགས་པའི་དགོན་པ་ཆོམ་རྐུན་པས་བཅོམ་པའི་དོགས་པ་དང་བཅས་པར་གྲགས་པ། སེང་གེ་སོགས་ཀྱིས་འཇིགས་པ་དང་བཅས་པར་གྲགས་པ། སྦྲང་བུ་སོགས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དག་ཏུ་དབྱར་ཕྱི་མར་ཁས་བླངས་པར་གྱུར་ལ། དེ་ཡང་དབྱར་ཕྱི་མ་གླེང་གཞིའི་དབང་གིས་ཡིན་གྱི། ལྟུང་བའི་ཡན་ལག་ཏུ་ངེས་པར་དགོས་པ་མིན་ནོ། །དགེ་སློང་དགོན་པ་བས་འདོད་ན་ཆོས་གོས་གསུམ་ལས་ཆོས་གོས་གང་ཡང་རུང་བ་ཁྱིམ་གཞན་དུ་བཞག་པར་བྱའོ། །དགེ་སློང་དགོན་པ་པ་ལ་དགེ་འདུན་གྱི་བྱ་བ་ལ་སོགས་པའི་ཕྱིར་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་དགོས་པ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་དགེ་སློང་དགོན་པ་པ་དེས་ཞག་དྲུག་གི་མཐའ་ཚུན་ཆད་དུ་ཆོས་གོས་ཁྱིམ་གཞན་དུ་བཞག་པ་དེ་དང་མཚམས་ཀྱི་ཕྱི་རོལ་དུ་འབྲལ་བར་བྱ་བར་རུང་བའོ། །དེ་ལས་འདས་པར་འབྲལ་ན་ཞག་བདུན་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དོ། །བརྒྱད་པ་དབྱར་གྱི་གོས་རས་ཆེན་གྱི་སྤང་བ་ནི། དགེ་སློང་རྣམས་ཀྱིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པ་ན་དབྱར་རའི་ཉ་ནས་དབྱར་གྱི་གོས་རས་ཆེན་བཙལ་བར་བྱའོ། །དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་དེ་སྟོན་འབྲིང་གནམ་སྟོང་གི་བར་དུ་བཅང་བར་བྱའོ། །གལ་ཏེ་དགེ་སློང་གིས་སོ་ག་རྣམས་ཀྱི་ཟླ་བ་གཅིག་ལུས་པའི་སྔོན་རོལ་དུ་འབྱར་གྱི་གོས་རས་ཆེན་ཚོལ་བར་བྱེད་དམ་དབྱར་ཟད་ནས་འོག་ཏུ་ཟླ་བ་ཕྱེད་ལས་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ། །དགུ་པ་བསྔོས་བསྒྱུར་གྱི་སྤང་བ་ནི། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བ་སངས་རྒྱས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ལ་བསྔོས་པའི་གོས་ཀྱི་རྙེད་པ་ཤེས་བཞིན་དུ་གང་ཟག་བདག་ལ་བསྒྱུར་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ། །བཅུ་པ་གསོག་འཇོག་གི་སྤང་བ་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་རྣམས་ལ་ཕན་པ་སོ་སོར་བསྟེན་པར་བྱ་བའི་སྨན་གང་དག་བཀའ་སྩལ་པ་འདི་ལྟ་སྟེ་མར་བཞུ་བའི་ཞུན་མར་དང་། འབྲུ་མར་དང་། སྦྲང་རྩི་དང་། བུ་རམ་གྱི་དབུ་བ་དེ་དག་ལས་དགེ་སློང་ན་བས་འདོད་ན་རང་གིས་ཞག་བདུན་པར་བྱིན་གྱིས་བརླབ་ཏེ་གསོག་འཇོག་གིས་ཡོངས་སུ་ལོངས་སྤྱོད་པས་ཡོངས་སུ་ལོངས་སྤྱད་པར་བྱའོ། །དེ་ལས་འདས་པར་ཡོངས་སུ་ལོངས་སྤྱོད་པར་བྱེད་ན། ཞག་བརྒྱད་པའི་སྐྱ་རེངས་ཤར་བ་ན་སྤང་བའི་ལྟུང་བྱེད་དོ། །གཉིས་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་པོ་དག་བཏོན་ཟིན་ཏོ་གསུམ་པ་རྣམ་བཞག་བསྒྲགས་པ་ནི། དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །གཉིས་པ་ལྟུང་བྱེད་འབའ་ཞིག་པ་གདོན་པ་ལ་བཞི་སྟེ། སྤྱི་སྡོམ་གྱི་མདོར་བསྟན། སོ་སོའི་ངོ་བོ་རྒྱས་པར་བཤད། མཇུག་བསྡུ་བ། རྣམ་བཞག་བསྒྲགས་པའོ། །དང་པོ་ནི། སྤྱི་སྡོམ་ལ། ཤེས་བཞིན་དུ་རྫུན་དུ་སྨྲ་བ་སོགས་དང་ནི་ས་བོན་འཇིག་པ་སོགས་དང་། དགེ་སློང་མ་ལ་མ་བསྐོས་པར་ཆོས་སྟོན་པ་སོགས་དང་། ཡང་ཡང་ཟ་བ་སོགས་དང་། སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་སོགས་དང་། ཁྱིམ་དུ་ཟས་གཅོད་པ་སོགས་དང་། བསམ་བཞིན་དུ་དུད་འགྲོ་གསོད་པ་སོགས་དང་། འགྲོན་མང་རྐུན་མ་དང་ལྷན་ཅིག་འགྲོ་ན་ལམ་དུ་འགྲོ་བ་སོགས་དང་། མཆོད་སྟོན་ཏེ་ཁྱིམ་པ་འདུག་པ་ལ་མི་བསྒོ་བར་འགྲོ་བ་ལ་སོགས་པའོ། །གཉིས་པ་ལ། བཅུ་ཚན་དགུ་ལས། བཅུ་ཚན་དང་པོ་ལ་གསུམ་ཏེ། སྡོམ་གྱིས་མདོར་བསྟན། ལྟུང་བྱེད་གདོན་པའི་ལུང་དཔོག །སོ་སོའི་ངོ་བོ་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། རྫུན་དུ་སྨྲ་བ་དང་། སྐྱོན་ནས་སྨྲ་བ་དང་། དགེ་སློང་ལ་ཕྲ་མ་བྱེད་པ་དང་། སྐྱོ་སྔོགས་བྱེད་པ་དང་། ཆོས་སྟོན་པ་དང་། ཆོས་འདོན་པ་དང་། གནས་ངན་ལེན་བརྗོད་པ་དང་། མིའི་ཆོས་བླ་མ་བདེན་པར་སྨྲ་བ་དང་། བཤེས་ངོར་བྱེད་པ་དང་། ཁྱད་དུ་གསོད་པའོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་ལྟུང་བྱེད་ཀྱི་ཆོས་དགུ་ཅུ་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །གསུམ་པ་ལ་བཅུ་ལས་དང་པོ་ཤེས་བཞིན་རྫུན་སྨྲ་ནི། མེ་སྦྱིན་སྐྱེས་ལྟ་བུའི་ཤེས་བཞིན་དུ་བདེན་པའི་འདུ་ཤེས་བསྒྱུར་ནས་རྫུན་སྨྲ་ན་དོན་གོ་བའི་ཚེ་ལྟུང་བྱེད་དོ། །གཉིས་པ་སྐྱོན་ནས་སྨྲ་བ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གིས་མིའི་སྐྱོན་ནས་སྨྲ་བའི་བསམ་པས་སྐྱོན་སྨྲ་ན་ཕ་རོལ་པོ་མི་དགའ་བའམ་དོན་གོ་ན་ལྟུང་བྱེད་དོ། །གསུམ་པ་ཕྲ་མ་བྱེད་པ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གང་དགེ་སློང་ལ་དབྱེན་འདོད་པས་ཆེ་གེ་མོས་འདི་སྐད་ཟེར་རོ་ཞེས་ཕྲ་མ་བྱེད་ན་དོན་གོ་ཚེ་ལྟུང་བྱེད་དོ། །བཞི་པ་སྐྱོ་སྔོགས་བྱེད་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཡང་རུང་བས་དགེ་འདུན་བློ་མཐུན་པས་ཆོས་དང་འདུལ་བ་ཇི་ལྟ་བ་བཞིན་དུ་རྩོད་པ་བཞི་པོ་གང་ཡང་རུང་བ་སྦྱངས་ནས་ཞི་བར་ཤེས་བཞིན་དུ་ཡང་ལས་ཀྱིས་སྐྱོ་སྔོགས་འཁྲུགས་ལོང་བྱེད་ན་ལྟུང་བྱེད་དོ། །ལྔ་པ་བུད་མེད་ལ་ཆོས་སྟོན་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་བུད་མེད་ཀྱི་ཡུལ་ལེགས་ཉེས་སྨྲ་བའི་དོན་གོ་བ་ལ། ཚིག་ལྔའི་ཆོས་སྟོན་ཚེ་དེ་ལས་ལྷག་པའམ། ཚིག་དྲུག་གི་ཆོས་སྟོན་པ་ན་དེ་ལས་ལྷག་པར་དྲུག་གམ་བདུན་གྱིས་ཆོས་སྟོན་ན་ལེགས་ཉེས་སྨྲ་དོན་རིག་པའི་སྐྱེས་པ་ཁྲིམས་གྲོགས་སུ་ཡོད་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དྲུག་པ་ཆོས་འདོན་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་དགེ་སློང་ཕ་མ་ལས་གཞན་པའི་གང་ཟག་བསྙེན་པར་མ་རྫོགས་པ་དང་མཉམ་པ་དང་སྨྲ་བའི་ཚིག་གིས་ཆོས་དང་ཡི་གེ་འདོན་ན་ལྟུང་བྱེད་དོ། །བདུན་པ་གནས་ངན་ལེན་བརྗོད་པ་ནི། ཡང་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་དགེ་སློང་ཕ་རོལ་པོའི་ཕམ་ལྷག་གི་གནས་ངན་ལེན་གྱི་ལྟུང་བ་བརྗོད་ན། དགེ་འདུན་གྱིས་གསོལ་བ་འབའ་ཞིག་པའི་ལས་ཀྱིས་གནང་བ་སྦྱིན་པ་ནི་མ་གཏོགས་ཏེ་ལྟུང་བྱེད་དོ། །བརྒྱད་པ་མིའི་ཆོས་བླ་མ་བདེན་སྨྲ་ནི། ཡང་ཉ་པའི་རིགས་ཀྱི་དགེ་སློང་ལྔ་བརྒྱ་ལྟ་བུ་དགེ་སློང་གང་གང་ཟག་བསྙེན་པར་མ་རྫོགས་པ་ལ་མིའི་ཆོས་བླ་མ་བདེན་པར་སྨྲ་ན་དོན་གོ་བའི་ཚེ་ལྟུང་བྱེད་དོ། །དགུ་པ་བཤེས་ངོར་བྱེད་པ་ནི། ཡང་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཡང་རུང་བས་སྔར་ལེགས་པར་རུང་བར་བྱས་པ་སྟེ་དད་པས་ཕུལ་ནས་དེའི་འོག་ཏུ་སྟེ་དུས་གཞན་གྱི་ཚེ་འདི་སྐད་ཅེས་ཚེ་དང་ལྡན་པ་དག་གིས་འདི་ལྟར་བཤེས་ངོར་བྱས་ཏེ་དགེ་འདུན་གྱི་གོས་ཀྱི་རྙེད་པ་དགེ་འདུན་གྱི་ནང་དུ་གྲུབ་པར་བསྔོས་པ་བདག་གིས་དོན་དུའམ་བདག་གི་བའི་གང་ཟག་ལ་བསྔོས་སོ་ཞེས་ཟེར་ན་ལྟུང་བྱེད་དོ། །བཅུ་པ་ཁྱད་དུ་གསོད་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་གསོ་སྦྱོང་གི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་འདོན་པ་ན། བསླབ་པ་ཁྱད་དུ་གསོད་པའི་བསམས་པས་འདི་སྐད་ཅེས། ཚེ་དང་ལྡན་པ་དག་གང་དག་གིས་དགེ་སློང་རྣམས་འགྱོད་པ་དང་ཡིད་ལ་གཅགས་པ་དང་གནོད་པར་འགྱུར་བའི་བསླབ་པའི་གཞི་ཕྲན་ཚེགས་རབ་ཏུ་ཕྲ་བ་འདི་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་བཏོན་པ་དག་གིས་ཅི་ཞིག་བྱ་ཞེས་ཟེར་ཞིང་བསླབ་པ་ཁྱད་དུ་གསོད་ན་ལྟུང་བྱེད་དོ། །བཅུ་ཚན་གཉིས་པ་ལ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ་ལ། ས་བོན་དང་སྐྱེ་བ་འཇིག་པ་དང་འཕྱ་བ་དང་། བསྒོ་བ་རྣ་ལ་གཟོན་པ་དང་། ཁྲི་སྟེ་གནས་མལ་དང་། གདིང་བ་དང་། སྐྲོད་པ་དང་། ཕྱིས་གནོན་དང་། རྩ་བ་འབྱུང་བ་ལ་འདུག་པ་དང་། སྲོག་ཆགས་དང་བཅས་པའི་རྩ་ཆུར་འདེབས་པ་དང་། ཕ་གུ་རིམ་པ་གཉིས་སུ་རྩིག་པའོ། །གཉིས་པ་ལ་བཅུ་ལས། དང་པོ་ས་བོན་དང་སྐྱེ་བ་འཇིག་པ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གིས་ས་བོན་གྱི་ཚོགས་ལྔ་དང་གྲོག་སྦུར་ལ་སོགས་པའི་འབྱུང་པོའི་ཚོགས་གནས་པའི་ཤིང་ལྗོན་པ་རང་གིས་འབྱིན་པ་ལ་སོགས་པས་འཇིག་གམ། གཞན་འཇིག་པར་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །ས་བོན་ལྔ་ནི། རྩ་བའི་ས་བོན་གླ་སྒང་སོགས་དང་། སྡོང་བུའི་ས་བོན་ཨ་ཤཏྠ་སོགས་དང་། ཐོག་གུའི་ས་བོན་བུ་རམ་ཤིང་སོགས་དང་། འགས་པའི་ས་བོན་ཨརྫ་ཀ་སོགས་དང་། ས་བོན་གྱི་ས་བོན་ནས་ལ་སོགས་པའོ། །གཉིས་པ་འཕྱ་བ་ནི། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གིས་འཕྱ་བའི་བསམ་པས་ཀུན་ནས་བསླངས་ཏེ་འཕྱ་བའམ་ཟུར་གྱིས་གཞོགས་འཕྱས་བྱེད་ན་ལྟུང་བྱེད་དོ། །གསུམ་པ་བསྒོ་བ་རྣ་ལ་གཟོན་པ་ནི། ཡང་འདུན་པ་ལྟ་བུའི་དགེ་སློང་གང་བསྒོ་བ་རྣ་ལ་གཟོན་པའི་བསམ་པས་ངག་གི་རྣམ་པར་རིག་བྱེད་གཞན་བརྗོད་ན་ལྟུང་བྱེད་དོ། །བཞི་པ་གནས་མལ་ནི། ཡང་དགེ་སློང་གང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཁྲི་འམ། ཁྲིའུ་འམ། སྟན་ནང་ཚངས་ཅན་ནམ། ལྭ་བའམ། སྔས་སམ། གོར་བུ་སྟེ་གྲུ་བཞི། བླ་གབ་མེད་པར་རང་གིས་བཏིང་ངམ། གཞན་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལས་མ་བཅོལ་བར་དེ་ནས་འདོམས་བཞི་བཅུ་རྩ་དགུ་ཚུན་ཆད་ཀྱི་ཉེ་འཁོར་ལས་འདས་པར་སོང་ན་ཆོམ་རྐུན་པས་འཇོམས་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །ལྔ་པ་འདིང་བ་ནི། ཡང་དགེ་སློང་གང་དགེ་འདུན་གྱི་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་དུ་རྩའི་གདིང་བའམ། ལོ་མའི་གདིང་བ་རང་གིས་བཏིང་ངམ། གཞན་འདིང་དུ་བཅུག་ནས་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་འཁོད་པ་ལ་མ་བཅོལ་བར་དེ་ནས་འདོམས་བཞི་བཅུ་རྩ་དགུ་ཚུན་གྱི་ཉེ་འཁོར་ལས་འདས་པར་སོང་ན་ཆོམ་རྐུན་པས་འཇོམས་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །དྲུག་པ་སྐྲོད་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་འདུན་གྱི་གཙུག་ལག་ཁང་ནས་ཆོས་འདི་པའི་དགེ་སློང་རང་གིས་སྐྲོད་དམ། གཞན་སྐྲོད་དུ་འཇུག་ན་སྲོག་གི་བར་ཆད་ལ་སོགས་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །བདུན་པ་ཕྱིས་གནོན་བྱེད་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་ན་ཆོས་འདི་པའི་དགེ་སློང་དག་སྔ་ན་འཁོད་པར་རང་གིས་ཤེས་བཞིན་དུ་ཕྱིས་འོང་ནས་སུ་ལ་གནོད་པ་དེ་ཉིད་དེ་ལས་གཞན་དུ་འགྲོ་བར་འགྱུར་སྙམ་པ་དེ་ཉིད་དམིགས་སམ་རྐྱེན་དུ་བྱས་ཏེ་གནོད་པས་ཟིལ་གྱིས་གནོན་པའི་ཕྱིས་གནོན་བྱས་ཏེ་སྟན་ལ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །བརྒྱད་པ་རྩ་བ་དབྱུང་བ་ལ་འདུག་པ་ནི། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་དགེ་འདུན་གྱི་སྤྱོད་ལམ་བཞི་ཤོང་བའི་གཙུག་ལག་ཁང་གི་སྟེང་གི་ནམ་མཁའ་ལ་རྩའམ་ལོ་མའི་ཐོག་པོར་བོར་རམ་བཏིང་བར་ཁྲིའམ་ཁྲིའུ་རྩ་བའམ་རྐང་པ་འབྱུང་བར་རང་གི་ཤེས་བཞིན་དུ་ལྕིད་ཀྱིས་ཕབ་སྟེ་ཉལ་ལམ་འདུག་ན་ལྟུང་བྱེད་དོ། །དགུ་པ་སྲོག་ཆགས་དང་བཅས་པའི་ཆུ་ལ་ལོངས་སྤྱོད་པ་ནི། ཡང་འདུན་པ་ལྟ་བུའི་དགེ་སློང་གང་རང་གི་མིག་གིས་མཐོང་ནས་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུས་རྩའམ། ལྕི་བའམ་ས་ལ་འདེབས་སམ། གཞན་འདེབས་སུ་འཇུག་ན་ལྟུང་བྱེད་དོ། །བཅུ་པ་ཕ་གུ་རིམ་པ་གཉིས་སུ་རྩིག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གིས་གཙུག་ལག་ཁང་སྦྱིན་པར་བྱ་བ་དང་། ཚད་ལས་ཆེན་པོ་ཞིག་རང་གིས་རྩིག་གམ། གཞན་ལ་རྩིག་ཏུ་འཇུག་ན་སྒོ་ཡི་སྦུབས་དང་། གཏན་པ་དང་། སྐར་ཁུང་དང་། ཆུ་ཁུང་གི་སྣང་བའི་གནས། ཇི་ཙམ་གཏོད་པར་བྱ་བའི་འདུ་ཤེས་ཀྱིས་ས་བརྟགས་པ་ནས་བཟུང་སྟེ་ཕ་གུའི་རིམ་པ་འཇིམ་པ་དང་བཅས་པ། ཉི་མ་གཅིག་ལ་གཉིས་སམ་གསུམ་རྩིག་པར་བྱའོ། །དེ་ལས་ལྷག་པར་རྩིག་ན་ལྟུང་བྱེད་དོ། །བཅུ་ཚན་གསུམ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། མ་བསྐོས་པར་ཆོས་སྟོན་པ་དང་། ཉི་མ་ནུབ་ཀྱི་བར་དུ་སྟོན་པ་དང་། ཟས་ཅུང་ཟད་ཙམ་གྱིས་ཕྱིར་སྟོན་ཞེས་བརྗོད་པ་དང་། ཆོས་གོས་སྦྱིན་པ་དང་སྤྱོད་པ་གཉིས་དག་དང་། དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་པ་དང་། དེ་དང་ལྷན་ཅིག་གྲུར་འཇུག་པ་དང་། བུད་མེད་དང་ལྷན་ཅིག་དབེན་པར་འདུག་པ་དང་། དགེ་སློང་མ་དང་ལྷན་ཅིག་འགྲེང་བ་གཉིས། དགེ་སློང་མ་ཡིས་སྦྱོར་བཅུག་པའི་ཟས་ཟ་བའོ། །གཉིས་པ་ལ་བཅུ་ལས་དང་པོ་མ་བསྐོས་པར་ཆོས་སྟོན་པ་ནི། ཡང་དྲུག་སྟེ་ལྟ་བུའི་དགེ་སློང་གང་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་དགེ་སློང་མའི་སྟོན་པར་མ་བསྐོས་པར་དགེ་སློང་མ་ལ་ཆོས་བསླབ་པ་གསུམ་སྟོན་ན། འཕགས་ལམ་གྱི་ཆོས་འདི་ལྟ་བུ་དང་ལྡན་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །གཉིས་པ་ཉི་མ་ནུབ་ཀྱི་བར་དུ་སྟོན་པ་ནི། ཡང་དགའ་བྱེད་ལྟ་བུའི་དགེ་སློང་གང་དགེ་འདུན་གྱིས་གསོལ་གཉིས་ཀྱི་ལས་ཀྱིས་བསྐོས་ཀྱང་ཉི་མ་ནུབ་པའི་དུས་ཀྱི་བར་དུ་དགེ་སློང་མ་ལ་ཆོས་སྟོན་ན་ལྟུང་བྱེད་དོ། །གསུམ་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པ་ནི། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་གིས་ཆོས་འདི་པའི་དགེ་སློང་རྣམས་ལ་ཚིག་འདི་སྐད་ཅེས་དགེ་སློང་དག་བཟའ་བ་དང་བཅའ་བའི་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་བསླབ་པ་གསུམ་སྟོན་ཏོ་ཞེས་ཟེར་ན་ལྟུང་བྱེད་དོ། །བཞི་པ་གོས་སྦྱིན་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་དགེ་སློང་མ་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལ་གོས་ཕྱིར་བླང་དུ་མེད་པར་བྱིན་ན་ལྟུང་བྱེད་དོ། །ལྔ་པ་གོས་བྱེད་པའི་ལྟུང་བྱེད་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་དགེ་སློང་མ་བདུན་རྒྱུད་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པའི་གོས་བཟོ་བར་བྱེད་ན་ལྟུང་བྱེད་དོ། །དྲུག་པ་དོན་མཐུན་ལམ་དུ་འགྲོ་བ་ནི། ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་ཆོས་འདི་པའི་དགེ་སློང་མའི་དོན་མཐུན་ཏེ་འགྲོན་པོ་དང་ལྷན་ཅིག་འཐམས་སྟེ་བརྡ་བྱེད་ནས་འགྲོ་ན་ལམ་དུ་འཇུག་པའི་ཚེ་རྒྱང་གྲགས་གཅིག་འདས་ན་གནང་བའི་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། དོན་མཐུན་མེད་པར་བགྲོད་མི་ནུས་པར་ལམ་དོན་མཐུན་གྱིས་བགྲོད་པར་བྱ་བ་ཆོམ་རྐུན་སོགས་ཀྱིས་དོགས་པ་དང་བཅས་པར་གྲགས་པ། སེང་གེ་སོགས་ཀྱིས་འཇིགས་པ་དང་བཅས་པར་གྲགས་པ། སྡིག་སྦྲུལ་སོགས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་ཞིག་ཡིན་ན་བསླབ་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །བདུན་པ་གྲུར་འཇུག་པ་ན། ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་དགེ་སློང་མའི་དོན་མཐུན་དང་ལྷན་ཅིག་འཐམས་ནས་གྲུ་གཅིག་ཏུ་འཇུག་ཅིང་ཆུ་བོའི་རྒྱུན་ལས་ལྡོག་སྟེ་གྱེན་དུ་འགྲོའམ། རྒྱུན་ཕྱོགས་སུ་ཐུར་དུ་འགྲོ་ན་ཐད་ཀར་ཕ་རོལ་དུ་འགྲོ་བ་མ་གཏོགས་ཏེ། རྒྱང་གྲགས་ཕྱེད་དུ་ཉེས་བྱས་དང་གཅིག་འདས་ན་ལྟུང་བྱེད་དོ། །བརྒྱད་པ་སྟན་ལ་འདུག་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་བུད་མེད་འཁྲིག་པ་བསྟེན་ནུས་ཀྱི་ཡུལ་དང་ལྷན་ཅིག་དགེ་སློང་གཅིག་པུ་བུད་མེད་གཅིག་དང་སྐྱེས་པ་སོགས་མེད་པའི་དབེན་པ་སྐྱབས་ལྔ་པོ་གང་རུང་ཡོད་པ་ན་སྟན་གཅིག་ལ་འདུག་ན་ལྟུང་བྱེད་དོ། །དགུ་པ་འགྲེང་བ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་མ་དང་ལྷན་ཅིག་གཅིག་པུ་གཅིག་དང་དབེན་པ་སྐྱབས་ཡོད་པ་ན་འགྲེང་ན་ལྟུང་བྱེད་དོ། །བཅུ་པ་སྦྱོར་དུ་བཅུག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཤེས་བཞིན་དུ་ཚུལ་ཁྲིམས་དང་ཐོས་པ་སོགས་ཡོན་ཏན་གྱིས་དགེ་སློང་མས་སྦྱོར་དུ་བཅུག་པའི་ཟས་བཟའ་བཅའ་ཟ་ན་སྔར་ཁྱིམ་དུ་བོག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །བཅུ་ཚན་བཞི་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ་ལ། ཡང་ཡང་ཟ་བ་དང་ནི་འདུག་གནས་གཅིག་ཏུ་ཟ་བ་དང་། ཕྱེ་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་དང་བཅའ་བ་སྟན་གཅིག་པ་དང་། སྤངས་བ་སྟོབས་པ་དང་འདུས་ནས་ཟ་བ་དང་། དུས་མིན་ཟ་བ་དང་། གསོག་འཇོག་ཟ་བ་དང་། ཁ་ནས་མིད་པ་བྱིན་ལེན་མ་བྱས་པར་ཟ་བ་དང་། བསོད་པ་ཉིད་སློང་བའོ། །གཉིས་པ་ལ་བཅུ་ལས། དང་པོ་ཡང་ཡང་ཟ་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་བཟའ་བ་ལྔ་པོ་ཡང་ཡང་ཟ་ན་གནང་བའི་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་གནང་བའི་དུས་ནི་འདི་ཡིན་ཏེ། ཟས་གཅིག་གིས་འཚོ་བར་མི་ནུས་པའི་ན་བ་དུས་སོ། །མཆོད་རྟེན་ནམ་དགེ་འདུན་གྱི་ཆེད་དུ་ལས་བྱེད་པའི་དུས་སོ། །དཔག་ཚད་ཕྱེད་དུ་ཕྱིན་པའི་ལམ་དུས་སོ། །དགེ་སྦྱོང་གི་གོས་སྦྱིན་པའི་ཚེ་དུས་ཏེ་བསླབ་པའི་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །གཉིས་པ་འདུག་གནས་གཅིག་ཏུ་ཟ་བ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གིས་ཕྱི་རོལ་པའི་འདུག་གནས་གཅིག་ཏུ་ཞག་ལོན་པའི་དགེ་སློང་མི་ན་པས་བསོད་སྙོམས་གཅིག་བཟའ་བར་བྱའོ། །དེ་ལས་ལྷག་པར་ཟ་ན་ལྷུང་བྱེད་དོ། །གསུམ་པ་ལྷུང་བཟེད་དོ་གསུམ་ལས་ལྷག་པར་ལེན་པ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་རབ་ཏུ་མང་པོ་དག་ཁྱིམ་བདག་གི་ཁྱིམ་རྣམས་སུ་དོང་བ་ལས་གལ་ཏེ་དགེ་སློང་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་དཀོན་མཆོག་ལ་དད་པ་ཅན་དག་གིས་ཕྱེ་དང་ཁུར་བ་དག་དུས་ཀྱིས་ཡང་ཡང་སྟོབས་པར་གྱུར་ལ། འདོད་ཅིང་དོན་དུ་གཉེར་ན་དགེ་སློང་དེ་དག་གིས་ལྷུང་བཟེད་གང་བ་གཉིས་སམ་གསུམ་བླང་བར་བྱའོ། །དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ། །ལྷུང་བཟེད་གང་བ་གཉིས་སམ་གསུམ་བླངས་ནས་རང་ཟ་བ་ལས་ལྷག་པ་ཕྱི་རོལ་ཀུན་དགའ་ར་བར་སོང་ལ་དགེ་སློང་འཁོད་པ་རྣམས་ལའང་བགོ་བཤའ་བྱ། བདག་ཅག་ཀྱང་བཟའ་བར་བྱ་སྟེ་སྐབས་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །བཞི་པ་སྟན་གཅིག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་ཟས་ཟོས་ཟིན་ཅིང་སྤངས་པ་ལས་ལྷག་པོར་མ་བྱས་པར་བཅའ་བའམ་བཟའ་བ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །ལྔ་པ་སྤང་པ་བསྟབ་པ་ནི། ཡང་དགེ་སློང་རྒན་ཞུགས་ལྟ་བུ་གང་ཤེས་བཞིན་དུ་དགེ་སློང་ཟས་ཟོས་ཟིན་ཅིང་སྤངས་པ་ལ། ཀླན་ཀའི་སྐབས་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ལྟུང་བའི་ཉེས་པ་འབྱུང་བར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ནས། ཚེ་དང་ལྡན་པ་བཅའ་བ་འདི་འཆོ་ཞིག །བཟའ་བ་འདི་ཟོ་ཞིག་ཅེས་ལྷག་པོར་མ་བྱས་པའི་བཅའ་བ་དང་བཟའ་བ་དུས་ཀྱིས་ཡང་ཡང་སྟོབ་ན་ལྟུང་བྱེད་དོ། །དྲུག་པ་འདུས་ཤིང་ཟ་བ་ནི། ཡང་ལྷས་བྱིན་ལྟ་བུའི་དགེ་སློང་གང་དགེ་འདུན་དང་མི་མཐུན་པར་ལོགས་སུ་འདུས་ཤིང་བཟའ་ན་གནང་བའི་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །གྲུར་ཞུགས་པའི་དུས་དང་། འདུས་པ་ཆེན་པོའི་ཚེ་དུས་དང་། ཕྱི་རོལ་པའི་དགེ་སྦྱོང་གི་གསོ་སྦྱོང་གི་ཟས་དུས་ཏེ། གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །བདུན་པ་དུས་མིན་ཟ་བ་ནི། ཡང་བཅུ་བདུན་སྡེ་ལྟ་བུའི་དགེ་སློང་གང་སྐྱ་རེངས་ནས་ཕྱེད་མ་ཡོལ་བར་དུས་ཡིན་ལ། ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུས་མ་ཡིན་པར་བཅའ་བ་ལྔའམ། བཟའ་བ་ལྔ་འཆའ་འམ་ཟ་ན་ལྟུང་བྱེད་དོ། །བརྒྱད་པ་གསོག་འཇོག་ཟ་བ་ནི། ཡང་ནག་པོ་ལྟ་བུའི་དགེ་སློང་གང་བཅའ་བ་ལྔ་དང་། བཟའ་བ་ལྔ་སྔ་དྲོ་བྱིན་ལེན་བྱས་པ་ཕྱི་དྲོའི་བར་དུ་འཇོག་པ་དང་། ཕྱི་དྲོ་བྱིན་ལེན་བྱས་པ་ཐུན་ཚོད་ཡོལ་གྱི་བར་དུ་གསོག་འཇོག་བྱས་པ་འཆའམ་ཟ་ན་ལྟུང་བྱེད་དོ། །དགུ་པ་བྱིན་ལེན་མ་བྱས་པར་ཟ་བ་ནི། ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་ཡང་རུང་བས་སྐྱེས་པ་བུད་མེད་མ་ནིང་གསུམ་གྱིས་མ་བྱིན་པར་ཁ་ནས་མིད་པའི་ཟས་བྱིན་ལེན་མ་བྱས་པར་ཟ་ན་ཆུ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ཡང་བྱིན་ལེན་ནི་ལྔ་སྟེ། ལུས་ཀྱིས་ལུས་ལ་བྱིན་པ་དང་། ལུས་ཀྱིས་ལུས་དང་འབྲེལ་བ་ལ་བྱིན་པ་དང་། ལུས་དང་འབྲེལ་བས་ལུས་དང་འབྲེལ་བ་ལ་བྱིན་པ་དང་། ལུས་དང་འབྲེལ་བས་ལུས་སུ་བྱིན་པ་དང་། དཀྱིལ་འཁོར་གྱི་སྟེང་དུ་བཞག་པའོ། །བཅུ་པ་བསོད་པ་སློང་བ་ནི། བཅོམ་ལྡན་འདས་ཀྱིས་ཆོས་འདི་པའི་དགེ་སློང་རྣམས་ཀྱི་ཟས་བསོད་པ་གང་དག་གསུང་པ་འདི་ལྟ་སྟེ། འོ་མ་དང་། ཞོ་དང་། མར་དང་། ཉ་ཤ་དང་། ཤ་དང་། ཤ་སྐམ་དག་སྟེ་དྲུག་སྡེ་ལྟ་བུ་དགེ་སློང་མི་ན་བར་བདག་ཉིད་ཀྱི་ཕྱིར་འོ་མ་སོགས་ཟས་བསོད་པ་དེ་ལྟ་བུ་དག་ཁྱིམ་བདག་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའ་འམ་ཟ་ན་མིད་པའི་ཚེ་ལྟུང་བྱེད་དོ། །བཅུ་ཚན་ལྔ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། སྲོག་ཆགས་དང་བཅས་པའི་ཆུར་སྤྱོད་པ་དང་། ཉལ་པོ་བྱེད་པར་གཤོམ་པའི་སར་འདུག་པ་དང་། དེར་འགྲེང་བ་དང་། གཅེར་བུ་མོ་ལ་ཟས་བྱིན་པ་དང་། དམག་ལ་ལྟ་བ་དང་ནི། དམག་སར་ཞག་གཉིས་ལས་ལྷག་པར་མ་གནང་བར་གནས་པ་དང་། གཡུལ་བཤམས་པ་དཀྲུག་ཏུ་འགྲོ་བ་དང་། དགེ་སློང་བརྡེག་པ་དང་། བརྡེག་པར་གཟས་པ་དང་། གནས་ངན་ལེན་བཅབ་པའོ། །གཉིས་པ་ལ་བཅུ་ལས། དང་པོ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་པ་ནི། ཡང་འདུན་པ་ལྟ་བུའི་དགེ་སློང་གང་སྲོག་ཆགས་དང་བཅས་པར་ཤེས་བཞིན་དུ་ཐ་མལ་གྱི་མིག་ལ་སྣང་བ་ཆུ་ཚགས་ཀྱིས་ཟིན་པའི་སྲོག་ཆགས་དང་བཅས་པའི་ཆུ་ལ་འཐུང་བཀྲུ་སོགས་ལོངས་སྤྱོད་ན་སྲོག་ཆགས་ཤི་བའི་ཚེ་ལྟུང་བྱེད་དོ། །གཉིས་པ་ཉལ་པོ་བྱེད་པར་གཤོམ་པའི་སར་འདུག་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཉལ་པོ་བྱེད་པར་ཤེས་བཞིན་དུ་ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་བདག་གི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་ན་ལྟུང་བྱེད་དོ། །གསུམ་པ་དེར་འགྲེང་བ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམས་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པར་འདོམས་གང་ཚུན་ཆད་ལ་འགྲེང་བ་དེ་གཉིས་ཀྱིས་ཚོར་ན་ལྟུང་བྱེད་དོ། །བཞི་པ་གཅེར་བུ་མོ་ལ་ཟས་སྦྱིན་པ་ནི། ཡང་ཀུན་དགའ་བོ་ལྟ་བུའི་དགེ་སློང་གང་གཅེར་བུ་པའམ་གཅེར་བུ་མ་དང་ཀུན་ཏུ་རྒྱུ་བའམ། ཀུན་ཏུ་རྒྱུ་མོ་ལ་རང་གི་ལག་ནས་བཅའ་བ་ལྔའམ། བཟའ་བ་ལྔ་གང་རུང་བྱིན་ན་ལྟུང་བྱེད་དོ། །ཉེ་དུ་དང་། རབ་བྱུང་ལ་ལྟོས་པ་དང་། ན་བ་དང་། སྡིག་ལྟ་དང་བྲལ་བའི་དོན་ནི་མ་གཏོགས་སོ། །ལྔ་པ་དམག་ལ་ལྟ་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་དཔུང་གང་རུང་གིས་དམག་ཆས་པ་ལ་ལྟད་མོ་ལྟར་འགྲོ་ན་ཉེ་འཁོར་ལས་འདས་པའི་ཚེ་ལྟུང་བྱེད་དོ། །རྒྱལ་པོས་བཀུག་པ་སོགས་ནི་མ་གཏོགས་སོ། །དྲུག་པ་དམག་ནང་དུ་གནས་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་དམག་དཔུང་ཚོགས་བཞི་པ་གཡུལ་དུ་ཆས་པ་ལ། རྒྱལ་པོས་བཀུག་པ་སོགས་ཀྱི་དབང་གིས་ལྟ་བར་འགྲོ་བ་དེ་ལྟ་བུའི་རྐྱེན་ཞིག་བྱུང་ན་དགེ་སློང་དེས་དམག་དེའི་ནང་དུ་ཞག་གཉིས་ཚུན་ཆད་གནས་པར་བྱའོ། །དེ་ལས་ལྷག་པར་གནས་ན་གསུམ་པའི་སྐྱ་རེངས་ཤར་ཚེ་ལྟུང་བྱེད་དོ། །རྒྱལ་པོས་བཀུག་པ་མིན་ན་ཞག་གཅིག་ལ་ཡང་ལྟུང་བར་འགྱུར་རོ། །བདུན་པ་དཔུང་གི་ཡན་ལག་ཉམས་སུ་མྱོང་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་རྒྱལ་པོས་བཀུག་པ་སོགས་ཀྱིས་ཞག་གཉིས་དམག་དེའི་ནང་ན་གནས་པའི་ཚེ་ན་ཡང་གལ་ཏེ་གཡུལ་བཤམས་པ་དཀྲུག་ཏུ་འགྲོའམ་ཁྱུ་མཆོག །ཆུ་སྲིན། སེང་གེ། ཀླུའི་རྒྱལ་མཚན་གྱི་མཆོག་གམ། གླང་ཆེན་རྟ་ཤིང་རྟ་དཔུང་བུ་ཆུང་གི་མཆོག་གམ། འབྲུ་ཡི་ཁ་ལྟ་བུ་དང་། ཤིང་རྟའི་དབྱིབས། ཟླ་གམ་གྱི་རྣམ་པ། མཁའ་ལྡིང་གི་འདབ་མ་ལྟ་བུའི་གཡུལ་བཤམས་པའི་དམག་ལ་ལྟ་བ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ། །བརྒྱད་པ་བརྡེག་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡིད་མ་རངས་ནས་ཆོས་འདི་པའི་དགེ་སློང་ལ་བརྡེག་པར་བྱེད་ན་བརྡེག་གྲངས་ཀྱི་ལྟུང་བྱེད་དོ། །དགུ་པ་བརྡེག་པར་གཟས་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡིད་མ་རངས་ནས་དགེ་སློང་ལ་བརྡེག་པར་གཟས་ན་ཐ་ན་ཐལ་མོས་ཀྱང་རུང་སྟེ་བརྡེག་སྤྱད་རེ་རེ་ལ་ལྟུང་བྱེད་དེ་སྙེད་དོ། །བཅུ་པ་གནས་ངན་ལེན་འཆབ་པ་ནི། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་དགེ་སློང་གཞན་གྱིས་གནས་ངན་ལེན་གྱི་ལྟུང་བ་ཤེས་བཞིན་དུ་དགེ་སློང་གཞན་དག་གི་གནས་ངན་ལེན་གྱི་ལྟུང་བ་བཅབ་ན་དགེ་འདུན་བདེ་བར་མི་འགྱུར་བའི་དབང་ཉིད་མ་གཏོགས་ཏེ་ལྟུང་བྱེད་དོ། །བཅུ་ཚན་དྲུག་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། བདེ་བ་ཟན་གཅོད་པ་དང་། མེ་ལ་རེག་པ་དང་། འདུན་པ་ཕྱིར་བསྒྱུར་བ་དང་། བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་དང་། ཆོས་ལྟ་བའི་རྣམ་པ་མི་གཏོང་བ་དང་། སྨྲ་བའི་ཡང་རྗེས་སུ་ཕྱོགས་པ་དང་། དགེ་ཚུལ་བསྙིལ་བ་སྡུད་པ་དང་། ཁ་དོག་བསྒྱུར་བ་མིན་པའི་གོས་གྱོན་པ་དང་། རིན་པོ་ཆེ་ལ་རེག་པ་དང་། ཚ་བའི་དུས་ཀྱི་ཁྲུས་སོ། །གཉིས་པ་ལ་བཅུ་ལས། དང་པོ་ཟན་གཅོད་པ་ནི། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་དགེ་སློང་གཞན་ལ་ཀླན་ཀ་ཚོལ་ཞིང་ཅི་ནས་ཀྱང་དགེ་སློང་འདི་ལ་ཆོས་ལྟར་གླན་ཀ་བཙལ་བར་འགྱུར་རོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ནད་པའི་གཉེན་པོའི་ཕྱིར་མིན་པར་ཆེད་དུ་བསམས་ནས་ཆོས་འདི་བའི་དགེ་སློང་དེ་ལ་འདི་སྐད་ཅེས་ཚེ་དང་ལྡན་པ་ཚུར་ཤོག་བྲམ་ཟེ་དང་ཁྱིམ་བདག་དག་གི་ཁྱིམ་དུ་འདོད་དང་དེར་ཁྱོད་ལ་བཅའ་བ་ལྔ་དང་། བཟའ་བ་ལྔ་བསོད་པ་ཅི་ཙམ་འདོད་པ་སྦྱིན་དུ་གཞུག་གོ་ཞེས་སྨྲས་ཏེ་ཚིག་གིས་ཟུར་བཅད་ནས་དེས་དེ་ལ་སྦྱིན་དུ་མ་བཅུག་པར་དེའི་འོག་ཏུ་འདི་སྐད་ཅེས་ཚེ་དང་ལྡན་པ་ཁོ་བོ་ཁྱོད་དང་ལྷན་ཅིག་སྨྲ་བའམ། འདུག་པ་བདེ་བ་མ་ཡིན་གྱི་འདི་ལྟར་ཁོ་བོ་གཅིག་པུ་ཁོ་ན་སྨྲའམ་འདུག་ན་བདེ་ཡིས་ཁྱོད་ཉིད་སོང་ཞིག་ཅེས་ཟེར་ན་ལྟུང་བྱེད་དོ། །གཉིས་པ་མེ་ལ་རེག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་མི་ན་པར་བདག་ཉིད་ཀྱི་ཕྱིར་དུས་བྱིན་གྱིས་མ་བརླབ་པར་མེ་ལ་རང་གིས་རེག་གམ་གཞན་རེག་ཏུ་འཇུག་ན་ལྟུང་བྱེད་དོ། །གསུམ་པ་འདུན་པ་ཕྱིར་བསྒྱུར་བ་ནི། ཡང་དགའ་བོ་ལྟ་བུའི་དགེ་སློང་གང་ཉན་ཐོས་ཀྱི་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་ཆོས་འདི་པའི་དགེ་སློང་ལ་འདུན་པ་ཕུལ་བ་སྟེ་བྱིན་ནས་དེའི་འོག་ཏུ་ཁྲོས་འཁྲུགས་རྔམས་པར་གྱུར་ཏེ་ཡིད་མ་རངས་ནས་སྔར་འདུན་པ་ཕུལ་བ་སྤོང་བའི་ཆོས་སུ་བྱེད་ཅིང་འདི་སྐད་ཅེས་དགེ་སློང་འདུན་པ་ཕྱིར་བྱིན་ཅིག་ཁྱོད་ལ་འདུན་པ་ནི་མི་སྦྱིན་ནོ། །ཞེས་ཟེར་ན་ལྟུང་བྱེད་དོ། །བཞི་པ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཉལ་བ་ནི། ཡང་དགེ་སློང་ཉེར་དགའ་ལྟ་བུ་གང་ཡང་རུང་བར་གང་ཟག་བསྙེན་པར་མ་རྫོགས་པ་ཁྱིམ་པ་དང་། དགེ་ཚུལ་ཕ་མ་སོགས་དང་ལྷན་ཅིག་ནུབ་གཉིས་ལས་ལྷག་པར་གནས་བཞི་པོ་ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ། ཐམས་ཅད་གཡོགས་ཤིང་ཕལ་ཆེར་བསྐོར་བ། ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ། ཕལ་ཆེར་གཡོགས་ཤིང་ཐམས་ཅད་བསྐོར་བ་གང་ཡང་རུང་བ་གཅིག་ཏུ་ཉལ་ན་གསུམ་པའི་སྐྱ་རེངས་ཤར་ཚེ་ལྟུང་བྱེད་དོ། །ལྔ་པ་ལྟ་བ་མི་གཏོང་པ་ནི། ཡང་འཆི་ལྟས་སམ་དགེ་སློང་གང་ཡང་རུང་བས་ཚིག་འདི་སྐད་ཅེས་འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཐོ་རིས་དང་ཐར་པའི་བར་དུ་གཅོད་པའི་ཆོས་སུ་གསུངས་པ་ཕམ་པ་སོགས་ལྟུང་བ་སྡེ་ལྔ་རྩོད་པ་ཞི་བའི་ཆོས་བདུན་སོགས་གང་དག་ཡིན་པ་དེ་དག་བསྟེན་པ་སྟེ་སྤྱད་ཀྱང་མཐོ་རིས་དང་བྱང་ཆུབ་ལ་བར་དུ་གཅོད་པར་མི་འགྱུར་ཏེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པའི་དགོངས་པ་བདག་གིས་ཤེས་སོ་ཞེས་ཟེར་ན་འཆི་ལྟས་ལྟ་བུའི་དགེ་སློང་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་གཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས་ཚེ་དང་ལྡན་པ་ཁྱོད་འདི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ་དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གི་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག་བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་བས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་དེ་སྐད་མི་བདེན་པ་མི་གསུང་ངོ་། །ཚེ་དང་ལྡན་པ་བར་དུ་གཅོད་པའི་ཆོས་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ་དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། ཚེ་དང་ལྡན་པ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོངས་ཤིག་ཅེས་ཚིག་འཇམ་པོས་བསྒོ་བར་བྱའོ། །འཆི་ལྟས་ལྟ་བུའི་དགེ་སློང་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་གཞམས་ཏེ་བསྒོ་བ་ན་གལ་ཏེ་ལྟ་བའི་རྣམ་པའི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར་གསོལ་བཞིའི་ལས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་བརྗོད་པ་གསུམ་གྱི་མཐར་མི་གཏོང་ན་ལྟུང་བྱེད་དོ། །དྲུག་པ་སྤང་བའི་རྗེས་སུ་ཕྱོགས་པ་ནི། ཡང་ཉེ་དགའ་ལྟ་བུ་དགེ་སློང་གང་ཤེས་བཞིན་དུ་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པ་མིན་སོགས་སྡིག་ལྟའི་བརྗོད་པ་དེ་སྐད་ཟེར་པའི་གང་ཟག་འཆི་ལྟས་ལྟ་བུ་ཆོས་བཞིན་དུ་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་དེ་མ་སྤངས་པ་དང་གཏམ་འདྲེ་བར་བྱེད་ཅིང་ལུང་དབོག་པ་དང་། བག་ཕེབས་པར་དམིགས་ཀྱི་འདྲི་བ་སྨྲ་བར་བྱེད་པ་དང་། ཀུན་ཏུ་གནས་པ་གནས་སྦྱིན་པར་བྱེད་པ་དང་། ཀུན་དུ་ལོངས་སྤྱོད་པ་དེའི་ལོངས་སྤྱོད་ལ་སྤྱོད་པར་བྱེད་ཅིང་དེ་དང་ལྷན་ཅིག་གནས་བཞི་པོ་གང་རུང་དུ་ཞག་གཅིག་ཏུ་ཉལ་ནའང་ནད་པ་དང་ལྟ་བ་བྲལ་བའི་ཕྱིར་མ་གཏོགས་ཏེ་མཚན་མོའི་མཐར་ལྟུང་བྱེད་དོ། །བདུན་པ་བསྙིལ་བ་སྡུད་པ་ནི། ཚེར་མ་དང་ཆེན་པོ་ལྟ་བུ་དགེ་ཚུལ་ཞིག་ཀྱང་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་ལྔ་པོ་སྤྱོད་པ་དག་ནི་ལམ་ལའམ་དགེ་སྦྱོང་གི་ཚུལ་ལ་བར་དུ་གཅོད་པའོ་ཞེས་གསུངས་པ་གང་དག་ཡིན་པ་དེ་དག་བསྟེན་ཀྱང་དགེ་སྦྱོང་གི་ཚུལ་ལ་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་ཟེར་ན། ཚེ་མ་དང་ཆེན་པོ་ལྟ་བུའི་དགེ་ཚུལ་དེ་ལ་ཆོས་འདི་པའི་དགེ་སློང་རྣམས་ཀྱིས་བཞམས་ཏེ་བསྒོ་བའི་ཚིག་འདི་སྐད་ཅེས་དགེ་ཚུལ་ཁྱོད་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པའོ་ཞེས་གསུངས་པ་གང་ཡིན་པ་དེ་དག་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་བདག་གིས་ཤེས་སོ་ཞེས་དེ་སྐད་མ་ཟེར་ཅིག །བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག །བཅོམ་ལྡན་འདས་ལ་སྐུར་པས་ལེགས་པར་མི་འགྱུར་རོ། །བཅོམ་ལྡན་འདས་ནི་མི་འགྱུར་ཞེས་དེ་སྐད་མི་གསུང་ངོ་། །ཚེ་དང་ལྡན་པ་དགེ་ཚུལ་འདོད་པ་ལམ་ལ་བར་དུ་གཅོད་པ་རྣམས་ནི་བར་དུ་གཅོད་པ་ཉིད་དོ་ཞེས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་གསུངས་ཏེ། དེ་དག་བསྟེན་ན་བར་དུ་གཅོད་པར་འགྱུར་གྱིས། དགེ་ཚུལ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་འདི་ལྟ་བུ་ཐོངས་ཞིག་ཅེས་བསྒོ་བར་བྱའོ། །དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེ་སྐད་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ། །ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་པ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཚེར་མ་དང་ཆེན་པོ་ལྟ་བུའི་དགེ་ཚུལ་དེ་ལ་དགེ་སློང་རྣམས་ཀྱིས་དེང་ཕྱིན་ཆད་དགེ་ཚུལ་ཁྱོད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག །ཚངས་པ་མཚུངས་པར་སྤྱད་ལ་མཁས་པ་བླ་མའི་གནས་ལྟ་བུ་གང་ཡང་རུང་བའི་ཕྱི་བཞིན་དུ་ཡང་མ་འགྲོ་ཞིག །དགེ་སློང་རྣམས་དང་དགེ་ཚུལ་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་དུ་དབང་བ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱོད་ལ་མེད་དེ། མི་གཏི་མུག་ཅན་ཁྱོད་བསྙིལ་གྱིས་གཞན་དུ་སོང་ཞིག་ཅེས་བསྒོ་བར་བྱའོ། །ཡང་དགེ་སློང་གང་དེ་བསྙིལ་བར་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པ་སྟེ་གནས་སྦྱིན་པར་བྱེད་དམ། ཉེ་བར་སྟོན་པ་ལུང་འབོག་པར་བྱེད་དམ། དེ་དང་ལྷན་ཅིག་གནས་གཅིག་ཏུ་ཉལ་ན་ལྟུང་བྱེད་དོ། །བརྒྱད་པ་ཁ་མ་བསྒྱུར་བ་གྱོན་པ་ནི། དྲུག་སྡེ་ལྟ་བུའི་དགེ་སློང་གིས་བལ་སོགས་གོས་བདུན་པོ་གང་ཡང་རུང་བ་སར་པ་ཞིག་རྙེད་ན་ཁ་བསྒྱུར་བ་ཡི་ཚོན་གསུམ་པོ་སྔོན་པོ་རམ་ལྟ་བུའམ་དམར་པོ་བཙག་ལྟ་བུའམ་ངུར་སྨྲིག་ཤིང་ཤུན་ལྟ་བུ་ལས་གང་ཡང་རུང་བས་ཁ་བསྒྱུར་བར་བྱའོ། །གལ་ཏེ་དགེ་སློང་གིས་གོས་སར་པ་ཁ་བསྒྱུར་བ་གསུམ་སྔོན་པོའམ། དམར་པོའམ། ངུར་སྨྲིག་ལས་གང་ཡང་རུང་བས་ཁ་མ་བསྒྱུར་བར་ལོངས་སྤྱོད་ན་ལྟུང་བྱེད་དོ། །དགུ་པ་རིན་པོ་ཆེ་ལ་རེག་པ་ནི། ཡང་དགེ་སློང་དྲུག་སྡེ་ལྟ་བུ་གང་ནོར་བུ་མུ་ཏིག་སོགས་རིན་པོ་ཆེའམ་གཡུལ་ངོར་སྤྱད་པའི་མཚོན་ནམ། རོལ་མོར་སྤྱད་པའི་ཡོ་བྱད་རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་གཞན་ལེན་དུ་འཇུག་ན་ཀུན་དགའ་ར་བར་གཏོགས་པ་དེའི་ཕྱི་རོལ་ན་འདུག་པའམ་གནས་ཁང་དུ་གཏོགས་པ་ཀུན་རའི་ནང་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །དགེ་སློང་གིས་ཀུན་དགའ་ར་བར་གཏོགས་པ་ཕྱི་རོལ་ན་འདུག་པའམ། གནས་ཁང་དུ་གཏོགས་པ་ནང་ན་རིན་པོ་ཆེའམ། རིན་པོ་ཆེར་སྨོས་པ་འདུག་པ་ལ་འདི་བདག་པོ་སུའི་ཡིན་པ་དེ་ལེན་པར་འགྱུར་གྲང་སྙམ་པ་དེ་ལྟ་བུའི་སེམས་ཀྱིས་བླང་བར་བྱ་སྟེ། བསླབ་གཞི་དེ་ལ་དེ་ནི་ཆོ་ག་སྟེ་ཐབས་ཡིན་ནོ། །བཅུ་པ་ཁྲུས་བྱེད་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཕྱེད་ཅིང་ཁྲུས་བྱ་བར་གསུངས་པ་དེ་ལས་འདུམས་པར་ཏེ་ཉུང་ངུའི་དུས་ཁྲུས་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ། །དེ་ལ་དུས་ནི་འདི་ཡིན་ཏེ་སོ་ག་རྣམས་ཀྱི་ཟླ་བ་ལྷག་མ་ཕྱེད་དང་གཉིས་པོ་དབྱར་རའི་ཚེས་གཅིག་ནས་འབྲིང་ཉའི་བར་དང་དབྱར་རྣམས་ཀྱི་དང་པོ་དབྱར་འབྲིང་གི་བཅུ་དྲུག་ནས་དབྱར་ཐའི་ཉའི་བར་ཟླ་བ་ཕྱེད་དང་གསུམ་པོ་དེ་དག་ནི་ཚ་བའི་དུས་སོ། །ལྷག་མ་ནི་ན་བ་དུས་སོ། །ལས་དུས་སོ། །ལམ་དུས་སོ། །རླུང་གིས་ཆོས་གོས་ཀྱི་གྲ་བསྐུལ་བའི་རླུང་དུས་སོ། །ལུས་ལ་ཆར་ཐིག་གཉིས་ཡན་ཕོག་པས་ཆར་དུས་སོ། །རྫི་ཆར་དུས་ཏེ་བསླབ་གཞི་དེ་ལ་དེ་ནི་གནང་བའི་དུས་ཡིན་ནོ། །བཅུ་ཚན་བདུན་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ་ལ། དུད་འགྲོ་གསོད་པ་དང་། འགྱོད་པ་བསྐྱེད་པ་དང་། སོར་མོ་གག་ཚིལ་དང་། ཆུ་ལ་རྩེ་བ་དང་། བུད་མེད་དང་། ལྷན་ཅིག་ཉལ་བ་དང་། སྔངས་པར་བྱེད་པ་དང་། གོས་དང་ཡོ་བྱད་སྦེད་པ་དང་། གདེང་མེད་པར་བྱིན་པས་འཚོ་བ་དང་། གཞི་མེད་པར་སྐུར་པ་འདེབས་པ་དང་། སྐྱེས་པ་མེད་པར་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའོ། །གཉིས་པ་ལ་བཅུ་ལས། དང་པོ་དུད་འགྲོ་གསོད་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་སྲོག་གཅོད་པར་བསམས་བཞིན་དུ་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་གསོད་ན་ལྟུང་བྱེད་དོ། །གཉིས་པ་འགྱོད་པ་སྐྱེད་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་འགྱོད་པ་བསྐྱེད་པར་བསམས་བཞིན་དུ་ཅི་ནས་ཀྱང་དགེ་སློང་འདི་ཐ་ན་ཡུད་ཙམ་ཞིག་ཀྱང་བདེ་བ་ལ་མི་རེག་པར་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། རྐྱེན་གཞན་མེད་པར་ཆོས་འདི་པའི་དགེ་སློང་ལ་ཁྱོད་བསྙེན་རྫོགས་མིན་ནོ་ཞེས་སོགས་ཀྱིས་འགྱོད་པ་སྐྱེད་ན་འགྱོད་པ་མ་སྐྱེས་ཀྱང་དོན་གོ་ཚེ་ལྟུང་བྱེད་དོ། །གསུམ་པ་གག་ཚིལ་བྱེད་པ་ནི། ཡང་བཅུ་བདུན་སྡེ་ལྟ་བུའི་དགེ་སློང་གང་དགེ་སློང་ལ་སོར་མོ་དང་ཁུ་ཚུར་སོགས་ཀྱིས་མཆན་ཁུང་སོགས་སུ་གག་ཚིལ་བྱེད་ན་ལྟུང་བྱེད་དོ། །བཞི་པ་ཆུ་ལ་རྩེ་བ་ནི། སིམ་པར་འདོད་པ་དང་རྐྱལ་སློབ་པ་ལ་ལྟུང་བ་མེད་ཀྱང་བཅུ་བདུན་སྡེ་ལྟ་བུའི་དགེ་སློང་གིས་ཆུ་ལ་རྩེ་བའི་སེམས་ཀྱིས་རྐྱལ་ན་ལྟུང་བྱེད་དོ། །ལྔ་པ་བུད་མེད་དང་ལྷན་ཅིག་ཉལ་བ་ནི་ཡང་མ་འགགས་པ་ལྟ་བུ་ཆོས་འདི་པའི་དགེ་སློང་གང་བུད་མེད་འཁྲིག་པ་བསྟེན་ནུས་ཀྱི་ཡུལ་དང་ལྷན་ཅིག་བཞི་པོ་གང་རུང་གི་གནས་སུ་གློས་ཕབ་སྟེ་ཉལ་ན་ལྟུང་བྱེད་དོ། །དྲུག་པ་སྔངས་བར་བྱེད་པ་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་དགེ་སློང་གཞན་ལ་སྔངས་པར་རང་གིས་བྱེད་དམ། གཞན་སྔངས་པར་བྱེད་དུ་འཇུག་ན་ཐ་ན་བཞད་གད་བྱ་བར་བསམས་ཀྱང་རུང་སྟེ། ཕ་རོལ་ལ་སྐྱོ་བར་བྱ་བའི་ཆེད་མ་གཏོགས་ལྟུང་བྱེད་དོ། །བདུན་པ་རྫས་སོགས་སྦེད་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་། ཆོས་འདི་པའི་དགེ་སློང་ངམ། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ། ལྷུང་བཟེད་ཀྱི་སྣོད་དྲ་བའམ། ཕོར་བུའམ། སྐ་རགས་སམ། གཞན་ཡང་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་རང་གིས་སྦེད་དམ། གཞན་སྦེད་དུ་འཇུག་ན་ཕན་པར་འདོད་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །བརྒྱད་པ་བྱིན་པས་ཉེ་བར་འཚོ་བ་ནི། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཡང་རུང་བས་དགེ་སློང་ལ་གོས་བྱིན་ནས་དེའི་འོག་ཏུ་ཕ་རོལ་པོས་བྱིན་པའི་གདེང་མེད་པར་སྤྱོད་ན་ལྟུང་བྱེད་དོ། །དགུ་པ་སྐུར་པ་འདེབས་པ་ནི། ཡང་མཛའ་བོ་དང་ས་ལས་སྐྱེས་ལྟ་བུའི་དགེ་སློང་གང་ཁྲོས་ཤིང་ཞེ་སྡང་བར་གྱུར་ནས་གྱད་བུ་ནོར་ལྟ་བུའི་དགེ་སློང་དག་པ་གླེང་བའི་གཞི་དེའི་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མ་བཅུ་གསུམ་གྱི་གང་ཡང་རུང་བའི་ཆོས་ཀྱིས་སྐུར་བ་འདེབས་ན་ལྟུང་བྱེད་དོ། །བཅུ་པ་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བ་ནི། ཡང་མཉན་ཡོད་དུ་འགྲོ་བའི་དགེ་སློང་ལྟ་བུ་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་སྐྱེས་པ་མེད་པར་བུད་མེད་འཁྲིག་པ་བསྟེན་ནུས་དང་ལྷན་ཅིག་དགོན་པའི་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་གི་བར་དུ་ཡང་རུང་སྟེ་རྒྱང་གྲགས་གཅིག་ལས་འདས་པ་ན་ལྟུང་བྱེད་དོ། །འོན་ཀྱང་དེས་བསེལ་བྱེད་པ་དང་། འཇིགས་སར་བསྐྱེལ་མར་གོ། མཆན། ལམ་སྟོན་པ་དང་། མི་ནུས་པ་འཁྲིད་པ་ནི་མ་གཏོགས་སོ། །བཅུ་ཚན་བརྒྱད་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་བཤད་པའོ། །དང་པོ་ནི། སྡོམ་ལ། རྐུ་བ་དང་ལྷན་ཅིག་ལམ་དུ་འགྲོ་བ་དང་། ལོ་ཉི་ཤུ་མ་ལོན་པ་བསྙེན་བར་རྫོགས་པ་དང་། ས་རྐོ་བ་དང་། མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་དང་། བསླབ་པ་ཉེ་བར་འཇོག་པ་སྤོང་བ་དང་། འཐབ་པ་རྣ་ཉན་ལས་གྱུར་པ་དང་། མི་སྨྲ་བར་འགྲོ་བ་དང་། མི་གུས་པ་དང་། ཆང་འཐུང་བ་དང་། དུས་མིན་པར་གྲོང་དུ་འགྲོ་བའོ། །གཉིས་པ་ལ་བཅུ་ལས། དང་པོ་རྐུན་མ་དང་ལྷན་ཅིག་ལམ་དུ་འགྲོ་བ་ནི། ཡང་འགྲོན་ལམ་དུ་འགྲོ་བའི་དགེ་སློང་ལྟ་བུ་ཆོས་འདི་པའི་དགེ་སློང་གང་ཡང་རུང་བ་དོན་མཐུན་དུ་གྱུར་པའི་རྐུན་མ་དང་། ཤོ་གམ་དྲལ་བའི་ཚོང་པ་དང་ལྷན་ཅིག་དགོན་པའི་འགྲོན་ལམ་དུ་འགྲོ་ན་ཐ་ན་གྲོང་བར་དུ་ཡང་རུང་སྟེ་རྒྱང་གྲགས་གཅིག་འདས་པ་ན་ལྟུང་བྱེད་དོ། །དེས་བསེལ་བྱེད་པ་སོགས་ནི་མ་གཏོགས་སོ། །གཉིས་པ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་པ་ནི། ཡང་མོའུ་གལ་གྱི་བུ་ལྟ་བུ་དགེ་སློང་གང་ཡང་རུང་བས་མཁན་པོའི་སྒོ་ནས་བསྒྲུབ་བྱའི་གང་ཟག་ལོ་ཉི་ཤུ་མ་ལོན་པ་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ལྷུང་བྱེད་དོ། །དེ་ལྟ་ན་གང་ཟག་དེ་ཡང་བསྙེན་པར་རྫོགས་པར་མི་འགྱུར་ལ་སྒྲུབ་བྱེད་དགེ་སློང་དེ་དག་ཀྱང་སྨད་པར་འགྱུར་བ་ཡིན་ཏེ་བསླབ་གཞི་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །གསུམ་པ་ས་རྐོ་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་རུང་བ་མ་བྱས་པར་རང་གི་ལག་གིས་འཐས་པའི་རང་བཞིན་ཅན་གྱི་ས་རྐོའམ། གཞན་ལ་སྐོར་འཇུག་ན་ལག་གི་བླས་རྒྱུ་སྐར་གྱི་སྦྱོར་བས་རུང་བར་བྱེད་པ་མེད་ན་ཐུར་མ་སོར་བཞི་ཙམ་འཇུག་པ་མ་གཏོགས་ལྟུང་བྱེད་དོ། །བཞི་པ་མགྲོན་དུ་གཉེར་བ་ལས་རིང་དུ་འདུག་པ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གིས་ཟླ་བ་བཞིར་མགྲོན་དུ་བོས་པ་བདག་གིར་ཏེ་ཁས་བླང་བར་བྱའོ། །དེ་ལས་ལྷག་པར་བདག་གིར་བྱེད་ན་ལྟུང་བྱེད་དོ། །དགེ་སློང་སོ་སོར་ཏེ་ཐ་དད་དུ་མགྲོན་དུ་བོས་པ་དང་། སྔ་མ་སོང་ནས་ཡང་དང་ཡང་དུ་མགྲོན་དུ་བོས་པ་དང་། དུས་ཀྱིས་ཏེ་ནན་ཏན་དུ་མགྲོན་དུ་བོས་པ་དང་། དགེ་སློང་རྟག་ཏུ་སྟེ་ཇི་སྲིད་འཚོའི་བར་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ་དེ་ལ་དེ་ནི་དུས་ཡིན་ནོ། །ལྔ་པ་བསླབ་པ་ཉེ་བར་འཇོག་པ་སྤོང་བ་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་དགེ་སློང་རྣམས་ཀྱིས་ཚེ་དང་ལྡན་པ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན་དེ་དག་ལ་འདི་སྐད་ཅེས་བདག་དགེ་སློང་མདོ་སྡེ་མཐའ་དག་འཛིན་པ་དང་། འདུལ་བ་མཐའ་དག་འཛིན་པ་དང་། མ་མོ་མཐའ་དག་འཛིན་པ་རྣམས་ལ་འདྲི་བའི་བར་དུ་སྒོ་གསུམ་གྱིས་བྱ་བ་མ་ཡིན་པ་བྱེད་པས་བྱིས་པ་སྡེ་སྣོད་གསུམ་མི་འཛིན་པས་རྨོངས་པ་སྡེ་སྣོད་གསུམ་ལ་མི་གསལ་བ་དེ་གསུམ་ལ་མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་འདི་ལ་མི་སློབ་བོ་ཞེས་ཟེར་ན་ལྟུང་བྱེད་དོ། །དགེ་སློང་ཀུན་ཤེས་པར་འདོད་པས་ཀྱང་བསླབ་པ་འདི་ལ་བསླབ་པར་བྱའོ། །དགེ་སློང་མདོ་སྡེ་འཛིན་པ་དང་། འདུལ་བ་འཛིན་པ་དང་། མ་མོ་འཛིན་པ་རྣམས་ལ་ཡང་དྲི་བར་བྱ་སྟེ་བསླབ་གཞི་དེ་ལ་དེ་ནི་ཆོ་ག་ཡིན་ནོ། །དྲུག་པ་ཉན་རྣ་ལས་གྱུར་པ་ནི། ཡང་ཉེར་དགའ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་རྣམས་ལ་འཐབ་པར་གྱུར། མཚང་འདྲུ་བར་གྱུར། མི་མཐུན་པར་གྱུར། རྩོད་པར་གྱུར་ཅིང་འཁོད་པ་ལས། དགེ་སློང་འདི་དག་ཇི་སྐད་ཟེར་བ་དེ་བདག་གིས་མཉན་ཏེ་སྨྲས་པ་རང་དེ་དེ་ལྟར་རྗེས་སུ་ཐ་སྙད་དེ་སྐད་གདགས་པར་ཟིལ་གནོན་དུ་བྱའོ་སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ་ཅང་མི་སྨྲ་བར་ཏེ་ཁ་མི་གྲགས་པར་ཉན་རྣས་འདུག་ན་ཞི་བར་འདོད་པ་མ་གཏོགས་ཏེ་ལྟུང་བྱེད་དོ། །བདུན་པ་མི་སྨྲ་བར་འགྲོ་བའི་ལྟུང་བྱེད་ནི། ཡང་དགེ་སློང་དགའ་བོ་ལྟ་བུ་གང་ཡང་རུང་བ་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པ་གཏན་ལ་འབེབས་པའི་ལས་གསུམ་པོ་བྱེད་པ་བྱུང་བ་ན་རྒྱུ་མཚན་ཅང་། མི་སྨྲ་བར་སྟན་ལས་ལངས་ཏེ་ཐོས་པའི་ཉེ་འཁོར་ལས་འདས་པར་འགྲོ་ཞིང་དགེ་སློང་འདུག་པ་ལ་བདག་འགྲོ་སོགས་མི་སྨྲ་ན། ལྷུང་བཟེད་ཆོས་གོས་མེས་འཇིག་པ་སོགས་འགྲོ་དགོས་པ་དེ་འདྲ་བའི་རྐྱེན་བྱུང་བ་ནི་མ་གཏོགས་ཏེ་ལྟུང་བྱེད་དོ། །བརྒྱད་པ་མི་གུས་པའི་ལྟུང་བྱེད་ནི། ཡང་ནག་པ་གླང་ཆེན་ལྟ་བུའི་དགེ་སློང་གང་ཡང་རུང་བས། དགེ་འདུན་དང་དགེ་བསྐོས་སངས་རྒྱས་ཀྱི་ཚིག་ལ་གུས་པར་མི་བྱེད་ན་ལྟུང་བྱེད་དོ། །དགུ་པ་མྱོས་འགྱུར་འཐུང་བའི་ལྟུང་བྱེད་ནི། ཡང་ལེགས་འོང་ལྟ་བུའི་དགེ་སློང་གང་ནས་སོགས་འབྲུའི་ཆང་དང་། རྩ་སྡོང་སོགས་ལས་བྱས་པ་བཅོས་པའི་ཆང་། མྱོས་པར་འགྱུར་པར་མགུལ་དུ་མིད་དེ་འཐུང་ན་ལྟུང་བྱེད་དོ། །བཅུ་པ་དུས་མིན་གྲོང་དུ་འཇུག་པའི་ལྟུང་བྱེད་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གང་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དུས་མ་ཡིན་པར་སྲང་དང་བཞི་མདོ་སོགས་གྲོང་དུ་འཇུག་ཅིང་དགེ་སློང་འདུག་པ་ལ་མི་སྨྲ་ན་ལྷུང་བཟེད་མེས་ཚིག་པ་སོགས་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །བཅུ་ཚན་དགུ་པ་ལ་གཉིས་ཏེ། སྡོམ་གྱིས་མདོར་བསྟན། སོ་སོའི་མཚན་ཉིད་རྒྱས་པར་བཤད་པའོ། །དང་པོ་ནི། སྡོམ་ལ། ཟས་བཅས་ཁྱིམ་དུ་རྒྱུ་བ་དང་། སྐྱ་རེངས་མ་ཤར་བར་རྒྱལ་པོའི་ཕོ་བྲང་དུ་འགྲོ་བ་དང་། ད་གདོད་ཤེས་ཞེས་བསླབ་པ་ཁྱད་དུ་གསོད་པ་དང་། ཁབ་རལ་འཆོས་པ་དང་ནི། ཁྲི་རྐང་འཆོས་པ་དང་། ཤིང་བལ་བདལ་བ་དང་། གདིང་པ་དང་། གཡན་པ་དགབ་པ་དང་། དབྱར་གོས་རས་ཆེན་དང་། བདེ་གཤེགས་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་རྣམས་སོ། །གཉིས་པ་ལ་བཅུ་ལས། དང་པོ་ཁྱིམ་དུ་རྒྱུ་བའི་ལྟུང་བྱེད་ནི། ཡང་ཉེར་དགའ་ལྟ་བུ་དགེ་སློང་གང་ཟས་དང་བཅས་པའི་སྟེ་ཟས་ཀྱི་སླད་དུ་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་མགྲོན་དུ་བོས་ནས་སྔ་དྲོ་ཁྱིམ་གཉིས་ལས་ལྷག་པ་དང་། ཕྱི་དྲོ་ཁྱིམ་གསུམ་མམ་བཞི་དག་ཏུ་རྒྱུ་ཞིང་ཁྱིམ་པ་འདུག་པ་ལ་བདག་མ་སླེབ་ན་ཟས་དུས་སུ་བྲིམ་ཞེས་མི་བསྒོ་ན་ཆོས་གོས་མེས་འཇིག་པ་སོགས་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ། །གཉིས་པ་རྒྱལ་པོའི་ཕོ་བྲང་དུ་ནུབ་མོ་འགྲོ་བའི་ལྟུང་བྱེད་ནི། ཡང་འཆར་ཀ་ལྟ་བུ་དགེ་སློང་གང་ནམ་མ་ལངས་བར་ཏེ་སྐྱ་རེངས་གསུམ་ལས་ཐ་མ་མ་ཤར་བར་ནོར་བུ་སོགས་རིན་པོ་ཆེ་དག་གམ། མཚོན་སོགས་རིན་པོ་ཆེར་སྨོས་པ་དག་མ་བསྡུས་པར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནམ་སྒོ་གཏན་གྱི་ཉེ་འཁོར་ལས་འདས་པར་འགྲོ་ན་རྒྱལ་པོས་བཀུག་པ་དང་གདུལ་བྱ་འདུལ་བ་ལ་སོགས་པ་དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ཇི་སྙེད་ཕྱིན་པ་དེ་སྙེད་ཀྱི་ལྟུང་བྱེད་དོ། །གསུམ་པ་བསླབས་གཞི་ཁྱད་དུ་གསོད་པའི་ལྟུང་བྱེད་ནི། ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་ཕམ་པ་ནས་ཞི་བྱེད་པར་བདུན་པོ་གདོན་པ་འདོན་པའི་ཚེ་ན་འདི་སྐད་ཅེས་ཚེ་དང་ལྡན་པ་དག་འདི་ལྟར་བཅོམ་ལྡན་འདས་ཀྱིས་གསུང་པའི་ཆོས་འདི་ཡང་མདོ་ཡི་ནང་དུ་གཏོགས། མདོ་ཡི་ནང་དུ་འདུས་པར་བདག་གིས་ད་གདོད་ཤེས་སོ་ཞེས་ཟེར་ན། དེ་ལ་གལ་ཏེ་དགེ་སློང་འཁོད་པ་རྣམས་ཀྱིས་ཀྱང་ཚེ་དང་ལྡན་པ་འདི་སྔོན་གསོ་སྦྱོང་གི་ལས་ལ་ལན་གཉིས་སམ་གསུམ་གྱི་ཚེ་གྲལ་ན་འདུག་པར་ཤེས་ཤིང་དེ་ལས་ལན་མང་དུ་འདུག་པ་ཤེས་ན་ལྟ་ཅི་སྨོས་ན་ཚེ་དང་ལྡན་པ་དེ་མི་ཤེས་པས་ལྟུང་བ་ལས་མི་གྲོལ་བས་དེ་ལྟུང་བ་གང་མ་མོས་པས་བྱུང་བ་དེ་ཆོས་བཞིན་དུ་ཕྱིར་བཅོས་བྱེད་དུ་གཞུག་གི་སྟེང་དུ་ཁྱོད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པ་གདོན་པའི་ཚེ་སྤྱོད་ལམ་གྱིས་གུས་པར་བྱས་ཏེ་ཆོས་ཉན་པར་མི་བྱེད། དད་པས་བླ་མར་བྱས་ཏེ་མི་བྱེད། སེམས་མ་གུས་པས་རུ་ཤིང་ལྟར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། ཕྱི་རོལ་དུ་གཡེང་བས། སེམས་རྩེ་གཅིག་ཏུ་མི་བྱེད། རྣ་བ་མི་གཏོད་པས། རྣ་བླག་ཏེ་མི་བྱེད། ཞུམ་པས། སེམས་ཐམས་ཅད་ཀྱིས་བསམ་ཏེ་ཆོས་ཉན་པར་མི་བྱེད་པས་ཚེ་དང་ལྡན་པ་ཁྱོད་ཀྱི་མ་རྙེད་དེ་རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་དེ་ལེགས་པ་རྙེད་པ་མ་ཡིན་ནོ་ཞེས་འགྱོད་པར་བྱའོ། །ཚེ་དང་ལྡན་པ་དེ་ལ་འགྱོད་པར་བྱ་བ་ནི་འདི་ཡིན་ཏེ། གདོད་ཤེས་ཀྱི་ལྟུང་བྱེད་དེ་ཉིད་དོ། །བཞི་པ་ཁབ་རལ་འཆོས་པའི་ལྟུང་བྱེད་ནི། ཡང་ཆོས་འདི་པའི་དགེ་སློང་གང་བ་སོའམ། རུས་པའམ། རྭ་ཡི་ཁ བ་རལ་སྦུ་གུ་ཅན་ནམ་ཆང་བ་ལྟ་བུ་རང་གིས་བྱེད་དམ། གཞན་བྱེད་དུ་འཇུག་ན་དངོས་པོ་དེ་བཅག་ནས་བཤགས་དགོས་ལ་དེ་ཡང་ལྟུང་བྱེད་དོ། །ལྔ་པ་ཁྲི་རྐང་འཆོས་པའི་ལྟུང་བྱེད་ནི། ཡང་འཆར་ཀ་ལྟ་བུའི་དགེ་སློང་གིས་བདེ་བར་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་ཁྲིའམ། ཁྲིའུ་རང་གིས་སམ་གཞན་ལ་བྱེད་དུ་འཇུག་ན་རྩ་བའམ་རྟིང་པ་བུ་གར་གཞུག་པ་མ་གཏོགས་པར་དེ་མན་ཆད་ན་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་དེ་ཚད་དང་ལྡན་པའི་ཁྲུ་གང་དུ་བྱེད་དུ་གཞུག་པར་བྱའོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་ཚད་ལྷག་དེ་བཅད་ནས་བཤགས་དགོས་པའི་ལྟུང་བྱེད་དོ། །དྲུག་པ་ཤིང་བལ་བདལ་བའི་ལྟུང་བྱེད་ནི། ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་དགེ་འདུན་གྱི་ཁྲིའམ་ཁྲིའུ་ལ་ཤིང་བལ་ལྔ་གང་ཡང་རུང་བ་རང་གིས་བདལ་ལམ་གཞན་ལ་བདལ་དུ་འཇུག་ན་དངོས་པོ་དེ་བསྡུས་ནས་བཤགས་དགོས་པའི་ལྟུང་བྱེད་དོ། །བདུན་པ་འདིང་བ་ལས་གྱུར་པའི་ལྟུང་བྱེད་ནི། ཡང་ཆོས་འདི་པའི་དགེ་སློང་གིས་སྟེང་རིམ་དུ་འདིང་བའི་གདིང་བ་རང་དམ་གཞན་ལ་བྱེད་དུ་འཇུག་ན་ཚད་གང་ཡིན་པ་བཞིན་དུ་བྱེད་དུ་ཆུག་ཅིག །བསླབ་གཞི་དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དོ་སྟེ་ཚད་དང་ལྡན་པའི་ཁྲུ་གསུམ་དང་ཞིང་དུ་མཐོ་ཕྱེད་དང་དོ་སྟེ་གྲུ་དོ་དང་སོར་མོ་དྲུག་གོ། །མི་ཆོག་ན་སྲིད་དུ་བདེ་བར་གཤེགས་པའི་མཐོ་གང་སྟེ་ཚད་དང་ལྡན་པའི་ཁྲུ་ཕྱེད་དང་དོ་དག་གིས་སྲིངས་ཤིག་དེ་ལས་ལྷག་པར་བྱེད་དུ་འཇུག་ན་ལྷག་ཆ་བཅད་ནས་བཤགས་དགོས་པའི་ལྟུང་བྱེད་དོ། །བརྒྱད་པ་གཡན་དགབ་ལས་གྱུར་པ་ནི། ཡང་ཆོས་འདི་པའི་དགེ་སློང་གིས་གཡན་པའི་ནད་གསོ་ཞིང་དགབ་པར་བྱེད་པའི་གསོ་རང་ངམ་གཞན་ལ་བྱེད་དུ་འཇུག་ན་གཡན་དགབ་ཀྱི་ཚད་གང་ཡིན་པ་དེ་བཞིན་དུ་བྱེད་དུ་ཆུག་ཅིག །དེ་ལ་གཡན་པ་དགབ་པའི་ཚད་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི་སྟེ་ཚད་དང་ལྡན་པའི་ཁྲུ་དྲུག་དང་ཞིང་དུ་མཐོ་དོ་སྟེ་ཁྲུ་གསུམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ། །དགུ་པ་དབྱར་གྱི་གོས་རས་ཆེན་ལས་གྱུར་པ་ནི། ཡང་ཆོས་འདི་པའི་དགེ་སློང་གིས་དབྱར་གྱི་ཆར་པ་སྐྱོབ་པའི་གོས་རས་ཆེན་རང་ངམ་གཞན་ལ་བྱེད་དུ་འཇུག་ན་རས་ཆེན་ཀྱི་ཚད་གང་ཡིན་པ་དེ་བཞིན་དུ་བྱེད་དུ་ཆུག་ཅིག །དེ་ལ་དབྱར་གྱི་གོས་རས་ཆེན་གྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་དྲུག་སྟེ་ཁྲུ་དགུ་དང་ཞིང་དུ་མཐོ་ཕྱེད་དང་གསུམ་སྟེ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཙམ་མོ། །དེ་ལས་ལྷག་པར་བྱེད་དུ་འཇུག་ན་དངོས་པོ་དེ་བཅད་ནས་བཤགས་པའི་ལྟུང་བྱེད་དོ། །བཅུ་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ལས་གྱུར་པའི་ལྟུང་བྱེད་ནི། ཡང་ཉེ་དགའ་ལྟ་བུ་དགེ་སློང་གང་སྟོན་པ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པར་རང་ངམ་གཞན་ལ་བྱེད་དུ་འཇུག་ན་ལྟུང་བྱེད་དོ། །དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུ་སྟེ་ཁྲུ་བཅོ་ལྔ་དང་། ཞེང་དུ་བདེ་བར་གཤེགས་པའི་མཐོ་དྲུག་སྟེ་ཚད་དང་ལྡན་པའི་ཁྲུ་དགུ་སྟེ་དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དོ། །གསུམ་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་ལྟུང་བྱེད་ཀྱི་ཆོས་དགུ་བཅུ་པོ་དག་བཏོན་ཟིན་ཏོ། །བཞི་པ་རྣམ་བཞག་བསྒྲག་པ་ནི། ལྟུང་བྱེད་འབའ་ཞིག་པ་བཏོན་པ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །གསུམ་པ་སོ་སོར་བཤགས་པ་གདོན་པ་ལ་ལྔ་སྟེ་སྡོམ་གྱིས་མདོར་བསྟན། སོར་བཤགས་གདོན་པའི་ལུང་དཔོག །སོ་སོའི་མཚན་ཉིད། མཇུག་བསྡུ་བ། རྣམ་བཞག་བསྒྲག་པའོ། །དང་པོ་ནི། སྡོམ་ལ། གྲོང་དུ་དགེ་སློང་མ་ལ་ཟས་ལེན་པ་དང་། ཁྱིམ་གཞན་ཉིད་དུ་གྲལ་རིམས་སུ་མ་ཕེབས་པར་འགྲིམ་དུ་འཇུག་པ་མ་བཟློག་པར་ཟ་བ་དང་ནི། བསླབ་པ་རྣམ་དྲལ་ཏེ་ཁྱིམ་དུ་འཇུག་པ་དང་། དགོན་པ་ནགས་ཉུལ་ལས་བྱུང་བ་ནི་སངས་རྒྱས་ཕན་པར་གསུངས་པ་ཡིས། སོ་སོར་བཤགས་པར་བྱ་བ་གསུངས་སོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་སྨྲེ་ངག་འདོན་པའི་སྒོ་ནས་སོ་སོར་བཤགས་པར་བྱ་བ་ཁ་ན་མ་ཐོ་བའི་མཚན་ཉིད་འཛིན་པས་ན་ཆོས་འོག་ནས་འབྱུང་བའི་བཞི་པོ་འདི་དག་ནི་ཟླ་བ་ཕྱེད་ཕྱེད་ཅིང་གསོ་སྦྱོང་གདོན་པའི་ཚེ་སོ་སོར་ཐར་པའི་མདོ་གདོན་པ་ལས་འབྱུང་ངོ་། །གསུམ་པ་ལ་བཞི་སྟེ། དང་པོ་དགེ་སློང་མ་ལ་ཟས་ལེན་པའི་སོར་བཤགས་ནི། ཡང་ཉེ་དགའ་ལྟ་བུའི་དགེ་སློང་གང་ཆོས་འདི་པའི་དགེ་སློང་མ་བདུན་ཚུན་ཆད་ཀྱི་ཉེ་དུ་མ་ཡིན་པ་ལམ་པོ་ཆེའི་སྲང་ན་འདུག་པ་བསོད་སྙོམས་ཀྱི་ཕྱིར་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། སུམ་མདོ་ལ་སོགས་པའི་གྲོང་དུ་འགྲོ་བ་ཡི་ཡུལ་དེ་ལས་བཅའ་བ་ལྔ་བཟའ་བ་ལྔ། བྱིན་ལེན་སྟོབ་ཏུ་མ་བཅུག་པར་རང་གི་ལག་གིས་བླངས་ཏེ་འཆའ་བའམ་མགུལ་དུ་མིད་ནས་ཟ་ན་དགེ་སློང་དེས་གྲོང་གི་ཕྱི་རོལ་ཀུན་དགའ་ར་བར་ཏེ་གཙུག་ལག་ཁང་དུ་སོང་སྟེ་དགེ་སློང་འཁོད་པ་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་ཚུལ་དང་མི་མཐུན་པས་མི་རིགས་པ་སྨྲེ་ངག་འདོན་པའི་སྒོ་ནས་སོ་སོར་བཤགས་པར་བྱ་བའི་ལྟུང་བ་བྱུང་གིས། ཆོས་དེ་ཚེ་དང་ལྡན་པའི་མདུན་དུ་སོ་སོར་བཤགས་སོ། །ཞེས་མཐོལ་ནས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་ནི་སོ་སོར་བཤགས་པར་བྱ་བའོ། །གཉིས་པ་གྲལ་རིམས་སུ་མ་ཕེབས་པར་འབྲིམ་འཇུག་མ་ཟློག་པར་ཟ་བའི་སོར་བཤགས་ནི། ཡང་དྲུག་སྡེ་ལྟ་བུའི་དགེ་སློང་གང་གསུམ་ཡན་ཆད་རབ་ཏུ་མང་པོ་དག་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཟས་ཀྱི་ཕྱིར་མགྲོན་དུ་བོས་ནས་ཟན་ཟ་བའི་ཚེ་དེ་ན་གལ་ཏེ་སྦོམ་དགའ་མོ་ལྟ་བུའི་དགེ་སློང་མ་ཞིག་དགེ་སློང་འདི་ལ་ནི་བཅའ་བ་བྱིན་ཞིག །འདི་ལ་ནི་འབྲས་ཆེན་བྱིན་ཞིག །འདི་ལ་ནི་སྲན་ཚོད་བྱིན་ཞིག །འདི་ལ་ནི་བཏུང་བ་བྱིན་ཞིག །ཡང་བྱིན་ཞིག་ཅེས་བསྒོ་ཞིང་འདུག་ན་དགེ་སློང་མ་དེ་ལ་དགེ་སློང་འཁོད་པ་དེ་རྣམས་ཀྱིས་འདི་སྐད་ཅེས་བསྒོ་བར་བྱའོ། །སྲིང་མོ་ཁྱོད་དགེ་སློང་རྣམས་ཟན་ཟ་བའི་བར་དུ་རེ་ཞིག་ཙབ་ཙབ་མ་བྱེད་པར་ཁ་རོག་པར་སྡོད་ཅིག་ཅེས་བསྒོ་བར་བྱའོ། །གལ་ཏེ་དགེ་སློང་གཅིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་ཅེས་སྨྲ་མ་སྤོབས་ཏེ་མ་སྨྲས་ན་དགེ་སློང་འཁོད་པ་དེ་དག་ཐམས་ཅད་ཀྱིས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ཅག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །གསུམ་པ་བསླབ་པ་བྲལ་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས་ནི། རྒྱུན་ཞུགས་སོགས་སློབ་པ་དག་གི་བྲམ་ཟེ་སོགས་ཁྱིམ་གང་དག་དགེ་འདུན་གྱིས་ཁྱིམ་གྱི་བསླབ་བའི་སྡོམ་པ་གསོལ་བའི་ལས་ཀྱིས་བསྡོམས་པར་གྱུར་ལ་ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་སློབ་པ་དག་གི་ཁྱིམ་གང་དག་དགེ་འདུན་གྱིས་བསླབ་པའི་སྡོམ་པས་བསྡམས་པ་དེ་ལྟ་བུ་དག་ཏུ་མཆོག་ཟུང་ལྟ་བུ་སྔར་མགྲོན་དུ་བོས་པ་ནི་མ་གཏོགས་ཏེ་མ་བོས་པར་ཏེ་མ་བསྟབས་པར་སོང་སྟེ་རང་གི་ལག་གིས་བཅའ་བ་དང་བཟའ་བ་བླངས་ཏེ་འཆའམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །བཞི་པ་ནགས་བརྟགས་པ་ལས་གྱུར་པའི་སོར་བཤགས་ནི། བདེ་བར་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གནས་མལ་གྲོང་ལས་རྒྱང་གྲགས་གཅིག་གི་ས་ན་ཡོད་པའི་དགོན་པ་གང་དག་ཆོམ་རྐུན་སོགས་ཀྱིས། དོགས་པ་དང་བཅས་པར་གྲགས་པ། སྟག་སོགས་གཅན་གཟན་གྱིས་འཇིགས་པ་དང་བཅས་པར་གྲགས་པ། ཤ་སྦྲང་དང་སྦྲང་བུ་རླུང་ཉི་མ་སོགས་འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པར་གྱུར་ལ་ཡང་དྲུག་སྡེ་ལྟ་བུ་དགེ་སློང་གང་དགེ་འདུན་གྱི་གནས་མལ་དགོན་པ་གང་དག་དོགས་པ་དང་བཅས་པར་གྲགས་པ། འཇིགས་པ་དང་བཅས་པར་གྲགས་པ། འཇིགས་པ་ཐ་དད་པས་འཇིགས་སུ་རུང་བ་དང་བཅས་པར་གྲགས་པ་དེ་ལྟ་བུ་དག་ཏུ། ནགས་ཉུལ་པས་སྔར་ནགས་མ་ཉུལ་བར་ཀུན་དགའ་ར་བའི་ཕྱི་རོལ་དུ་བཅའ་བ་དང་བཟའ་བ་བྱིན་ལེན་སྟོབས་སུ་བཅུག་ནས་བླངས་ཏེ་འཆའམ་ཟ་ན་དགེ་སློང་དེས་ཕྱི་རོལ་ཀུན་དགའ་ར་བར་སོང་སྟེ་དགེ་སློང་རྣམས་ལ་ཚེ་དང་ལྡན་པ་དག་བདག་ལ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ་ཆོས་འདི་ཡང་སོ་སོར་བཤགས་པར་བྱ་བའོ། །བཞི་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་བཤགས་པར་བྱ་བའི་ཆོས་བཞི་པོ་དག་བཏོན་ཟིན་ཏོ། །ལྔ་པ་རྣམ་བཞག་བསྒྲགས་པ་ནི་སོར་བཤགས་བཏོན་པ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་དྲིའོ། །ཡང་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །བཞི་པ་བསླབ་པར་བྱ་བ་མང་པོ་གདོན་པ་ལ། སོ་སོར་བཤད། མཇུག་བསྡུ། རྣམ་བཞག་བསྒྲགས་པའོ། །དང་པོ་ལ་དགུ་སྟེ། གོས་ལས་གྱུར་པའི་སྡེ། ཁྱིམ་དུ་འདུག་པའི་སྡེ། ཟས་བླང་བའི་སྡེ། ཟས་ཟ་བའི་སྡེ། ལྷུང་བཟེད་ལ་སྤྱོད་པའི་སྡེ། ཆོས་བསྟན་པའི་སྡེ། སྒྲུབ་པའི་སྡེ། རྒྱུ་བའི་སྡེའོ། །དང་པོ་ལ། སྡོམ་གྱིས་མདོར་བསྟན། བསླབ་པར་བྱ་བ་གདོན་པའི་ལུང་དབོག །སོ་སོའི་མཚན་ཉིད་དོ། །དང་པོ་ནི། སྡོམ་ལ། ཤམ་ཐབས་ལ་ནི་རྣམ་པ་བདུན་དང་། སྟོད་གཡོགས་ཆོས་གོས་ལ་ཡང་རྣམ་པ་གསུམ་སྟེ་གོས་ཀྱི་བཅུ་དང་ཤིན་ཏུ་བསྡམས་ལ་སོགས་པ་ཁྱིམ་དུ་འགྲོ་བའི་སྡེ་ལྔ་དང་། མགོ་གཡོགས་པ་ལ་སོགས་པ་རྣམ་པ་ལྔ་དང་། མཆོང་བ་ལ་སོགས་པ་རྣམ་པ་ལྔ་དང་། ལུས་བསྒྱུར་བ་ལ་སོགས་པ་རྣམ་པ་ལྔ་སྟེ་མི་འགྲོ་བ་ཉི་ཤུ་དང་། སྟན་ལ་འདུག་པར་མི་བྱ་བ་ལ་སོགས་པ་རྣམ་པ་དགུ་དག་དང་། ཟས་བླང་བ། བྱིན་ལེན་བྱ་བ་སོགས་བརྒྱད་རྣམས་སོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་བསླབ་པར་བྱ་བའི་ཆོས་བརྒྱ་དང་བཅུ་གཉིས་འོག་ནས་འབྱུང་བ་མང་པོ་འདི་དག་རྣམས་ནི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་། །གསུམ་པ་ནི། ཤམ་ཐབས་ཀྱི་མ་མཐའི་ཁད་མཉམ་པས་ཟླུམ་པོར་བགོ་བར་བསླབ་པར་བྱ། ཤམ་ཐབས་ཧ་ཅང་རྩིང་པ་པུས་མོར་མི་སླེབ་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་ལོང་བུར་སླེབ་པ་མ་ཡིན་པ་དང་། གླང་པོ་ཆེའི་སྣ་ལྟར་ཕྱོགས་གཅིག་འཕྱང་ནས་ནར་བ་མ་ཡིན་པ་དང་། ཤམ་ཐབས་ཏ་ལའི་ལོ་མ་ལྟར་ལྟེ་གོང་དུ་མར་བལྟེབས་པ་མ་ཡིན་པ་དང་། ཤམ་ཐབས་འབྲུའི་ཕུར་མ་ལྟར་སྐ་རགས་བར་ཐུམ་བུར་གྱུར་པ་མ་ཡིན་པ་དང་། ཤམ་ཐབས་ལྟེ་བའི་འོག་ཏུ་སྦྲུལ་མགོའི་གདེང་ཀ་ལྟར་ཕྱིར་བྱུང་བ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །ཆོས་གོས་བླ་གོས་དང་སྣམ་སྦྱར་མ་མཐའ་མཉམ་པའི་ཟླུམ་པོར་བགོ་བར་བསླབ་པར་བྱའོ། །ཆོས་གོས་ཧ་ཅང་རྩིང་པ་པུས་གོང་དུ་མི་སླེབ་པ་མ་ཡིན་པ་དང་། ཆོས་གོས་ཧ་ཅང་འཇོལ་བ་ལོང་བུར་སླེབ་པ་མ་ཡིན་པར་བགོ་བར་བསླབ་པར་བྱའོ། །གཉིས་པ་ཁྱིམ་དུ་འདུག་པའི་སྡེ་ནི་དྲན་ཤེས་ཀྱིས་ཤིན་ཏུ་བསྡམས་ཏེ་རྐང་ལག་བསྐྱོད་པ་སོགས་མི་བྱ་བར་ཁྱིམ་གཞན་དུ་འགྲོ་བ་དང་། གོས་ལེགས་པར་ལུས་ལ་མཉམ་པར་གཡོགས་ཤིང་བགོས་པ་དང་། ཅ་ཅོའི་སྒྲ་བསྐྱུང་བ་དང་། མིག་གཡེངས་པར་མི་བྱ་བར་འཁྲུལ་པ་མེད་པར་ཁྱིམ་གཞན་དུ་འགྲོ་བ་དང་། མིག་གཉའ་ཤིང་གང་ཙམ་དུ་ལྟ་ཞིང་ཁྱིམ་གཞན་དག་ཏུ་འགྲོ་བར་བསླབ་པར་བྱའོ། །མགོ་རས་ལ་སོགས་ཀྱིས་མི་གཡོགས་པ་དང་། ཆར་སོགས་མེད་པར་གོས་འདོམ་སྣང་བར་མི་བརྫེ་བ་དང་། གོས་ཕྲག་གཉིས་ཀར་མི་གཟར་བ་དང་། ལག་པ་གཉའ་གོང་དུ་གཡས་པ་མདུན་ནས་དཔུང་མགོ་གཡོན་པར་བཞག་དེ་བཞིན་གཡོན་པའང་བྱས་པས་མི་བསྣོལ་བ་དང་། ལག་པ་གཉིས། ཐད་ཀར་བརྐྱངས་ཏེ་སོར་མོ་གཉིས་ལྟག་པར་མི་བསྣོལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ཁྱིམ་དུ་འགྲོ་བའི་ཚེ་རང་གར་མི་མཆོང་བ་སྟེ་མཆོང་ཞིང་མི་འགྲོ་བ་དང་། ཧ་ཅང་སྒྱིད་པ་མི་བརྐྱངས་པ་དང་། ཙོག་པུས་འགྲོ་བ་མ་ཡིན་པ་དང་། རྐང་པས་རྟིང་པ་བཏེགས་ཏེ་བྲང་པས་འགྲོ་བ་མ་ཡིན་པ་དང་། ལག་པ་གཉིས་སྐེད་པའི་དཀུར་བརྟེན་ཏེ་གྲུ་མོའི་ཕྱོགས་སུ་སྨྱུང་སྨྱུང་པོར་བྱས་ཤིང་མི་བརྟེན་པར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །ལུས་གཅུ་སྟེ་མི་བསྒྱུར་བ་དང་ལག་པ་མི་དཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། གཞན་དག་དང་ཕྲག་པ་གཉིས་མི་སྤྲད་པ་དང་། གཞན་དང་ལག་པ་མི་སྦྲེལ་བར་ཁྱིམ་གཞན་དུ་འགྲོ་བར་བསླབ་པར་བྱའོ། །གསུམ་པ་སྟན་ལ་འདུག་པའི་སྡེ་ནི། ཁྱིམ་བདག་སོགས་ཀྱིས་མ་བསྒོས་པར་ཁྱིམ་གཞན་དུ་སྟན་ལ་མི་འདུག་པར་བསླབ་པར་བྱ། སྟན་ལ་སྲོག་ཆགས་སོགས་མ་བརྟགས་པ་དང་། གྱ་ཚོམ་དུ་ལུས་ཐམས་ཅད་ཀྱི། ལྗིད་ཀྱིས་ཐྲིག་ཅེས་མི་དབབ་པ་དང་། རྐང་པའི་སྟེང་དུ་རྐང་པ་བཞག་སྟེ་མི་བསྣོལ་བ་དང་། བརླ་ཡི་སྟེང་དུ་བརླ་བཞག་སྟེ་མི་བསྣོལ་བ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་གཉིས་ཁྲི་འོག་སོགས་སུ་འགབ་གུང་དུ་བཀུག་སྟེ་མི་དགུག་པ་དང་། བརླ་གཉིས་གཤིབ་སྟེ་བྱིན་པ་དང་རྐང་པ་གཉིས་བསྒྲད་ནས་མི་གདང་བ་དང་། རྐང་པ་གཉིས་ཐད་ཀར་གདང་ཏེ་འདོམས་མི་སྣང་བར་ཁྱིམ་གཞན་དུ་སྟན་ལ་འདུག་པར་བསླབ་པར་བྱའོ། །བཞི་པ་ཟས་བླང་བའི་སྡེ་ནི། ལེགས་པར་བྱིན་ལེན་བྱས་ནས་ཟས་བླང་བར་བསླབ་པར་བྱ། སྣོད་ཀྱི་ཁ་ལོགས་ཀྱི་མུ་དང་ཁ་ད་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་ཟས་མཉམ་པར་མ་ཡིན་པ་དང་། གྲལ་ཐར་ཆགས་སུ་དང་། ལྷུང་བཟེད་ལ་མིག་གིས་བལྟ་ཞིང་སྣོད་དུ་ཤེས་པས་བླང་བ་དང་། བཅའ་བ་དང་བཟའ་བ་མངོན་སུམ་དུ་མ་འོངས་པར་ལྷུང་བཟེད་སྔར་ཡོད་མིན་པར་མི་བཟེད་པ་དང་། ཡང་ཟན་སོགས་འདོད་པའི་ཕྱིར་འབྲས་ཆན་གྱིས་ཚོད་མ་སྦས་ནས་མི་དགབ། ཚོད་མས་འབྲས་ཆན་མི་དགབ་པ་དང་། བཅའ་བ་དང་བཟའ་བའི་སྟེང་དུ་ལྷུང་བཟེད་མི་གཟུང་བར་བསླབ་པར་བྱའོ། །ལྔ་པ་ཟས་ཟ་བའི་སྡེ་ལ་གཉིས་ཏེ་དང་པོ་སྡོམ་གྱིས་མདོར་བསྟན་པ་ནི། སྡོམ་ལ། ཟས་ལ་ལེགས་པར་བྱ་བ་དྲུག་དང་། ཙུག་ཙུག་ལ་སོགས་པ་རྣམ་པ་ལྔ། འབྲུ་ནས་ཐ་དད་དུ་བྱེད་པ་སོགས་ལྔ། ལག་པ་བལྡག་པ་ལ་སོགས་པ་རྣམ་པ་ལྔ་སྟེ་བསླབ་པ་ཉི་ཤུ་རྩ་གཅིག་གོ། །གཉིས་པ་སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་ནི། གྲོང་འབའ་ཞིག་ཏུ་མ་ཟད་གནས་ཐམས་ཅད་དུ་ལེགས་པར་ཟས་བཟའ་བར་བསླབ་པར་བྱ། ཁར་ཁམ་ཚད་དུ་གཞུག་ཅིང་མིད་པར་བྱ་བའི་ཟས་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེ་བ་མ་ཡིན་པ་དང་། ཁམ་རན་པ་རང་དང་འཇིག་རྟེན་དང་མཐུན་པར་བཟའ་བ་དང་། ཁམ་ཁ་ཡི་སྒོར་ཉེ་བར་མ་གཟས་པར་ཁ་མི་གདང་བ་དང་། ཁ་ཁམ་གྱིས་བཀང་སྟེ་ཚིག་མི་སྨྲ་བར་བསླབ་པར་བྱའོ། །ཟས་མྱང་བ་ན་ཁ་སྒྲ་ཙུག་ཙུག་ཟེར་བར་མི་བྱ་བ་དང་། ཅག་ཅག་ཟེར་བར་མི་བྱ་བ་དང་། ཧུ་ཧུ་ཟེར་ཞིང་བཟའ་བར་མི་བྱ་བ་དང་། ཕུ་ཕུ་ཟེར་ཞིང་བཟའ་བར་མི་བྱ་བ་དང་། ཟས་ཟ་བ་ན་ལྕེ་ཕྱུང་སྟེ་ཟས་མི་བཟའ་བར་བསླབ་པར་བྱའོ། །འབྲས་ཆེན་སོགས་འབྲུ་རེ་རེ་ནས་ཐ་དད་དུ་མི་བྱ་བ་དང་། ཟན་འདི་ཁའོ་ཞེས་སོགས་འཕྱས་མི་གདགས་པ་དང་། མཁུར་བ་གཡས་གཡོན་མི་སྤོ་བ་དང་། རྐན་སྒྲ་མི་གཏོགས་པར་བཟའ་བ་དང་། ཁམ་འཕྲོར་སོས་མི་བཅད་པར་ཟས་བཟའ་བར་བསླབ་པར་བྱའོ། །ལག་པར་ཟས་ཆགས་པ་མི་བལྡག་པ་དང་། ལྷུང་བཟེད་ལ་ཟས་ཆགས་པ་ལྕེ་སོགས་ཀྱིས་མི་འབྱོག་པ་དང་། ལག་པ་ལ་ཟས་ཆགས་པ་མི་སྤྲུག་པ་དང་། ལྷུང་བཟེད་ཀྱི་ནང་དུ་ཟས་སོགས་བླུགས་ཏེ་མི་བསྐྱོམ་པ་དང་། མཆོད་རྟེན་འདྲ་བར་བཅོས་ཏེ་བཅོམ་ནས་ཟས་མི་བཟའ་བར་བསླབ་པར་བྱའོ། །དྲུག་པ་ལྷུང་བཟེད་ལ་སྤྱོད་པའི་སྡེ་ལ་གཉིས་ཏེ། དང་པོ་སྡོམ་གྱིས་མདོར་བསྟན་པ་ནི་སྡོམ་ལ། འཕྱ་བ་ལ་སོགས་པ་རྣམ་པ་བཞི་དང་། ལྷུང་བཟེད་ལ་ཡང་རྣམ་པ་བཅུ་དང་། འགྲེང་བར་བྱེད་པ་ལ་སོགས་པ་ལྔ་དང་། མགོ་གཡོགས་པ་ལ་སོགས་རྣམ་པ་ལྔ་དང་། དོ་ཀེར་ཅན་ལ་སོགས་པ་ལྔ་དང་། གླང་ཆེན་ཞོན་པ་ལ་སོགས་བཞོན་པ་རྣམ་པ་ལྔ་དང་། ལག་ན་འཁར་བ་ཐོགས་པ་ལ་སོགས་པ་རྣམ་པ་དྲུག་དང་། ན་བ་ལ་སོགས་པ་རྣམ་པ་བཞི་སྟེ་བསླབ་པ་བཞི་བཅུ་རྩ་བཞི་འོག་ནས་འབྱུང་བ་རྣམས་སོ། །གཉིས་པ་སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་ནི། དྲུང་ན་འདུག་པའམ་ཐག་རིང་པོའི་དགེ་སློང་གི་ལྷུང་བཟེད་ལ་འཕྱས་གདགས་པའི་ཕྱིར་མི་བལྟ་བར་བསླབ་པར་བྱ། ལག་པ་ཟས་དང་འབགས་པས་བྱ་མ་བུམ་སོགས་ཆུ་སྣོད་ལ་མི་གཟུང་བར་བསླབ་པར་བྱ། དྲུང་ན་འདུག་པའི་དགེ་སློང་ལ་ཟས་དང་འབག་པའི་ཆུས་མི་གཏོར་བར་བསླབ་པར་བྱ། ཁྱིམ་པ་འདུག་པ་ལ་མ་དྲིས་པར་ཆུ་ཟས་དང་འབགས་པ་ཁྱིམ་པའི་ཁྱིམ་གཞན་དུ་མི་དབོ་བར་བསླབ་པར་བྱའོ། །ལྷུང་བཟེད་གྱི་ནང་དུ་ཤིང་ཐོག་སོགས་ཕྱེད་ཕྱེད་ཟོས་པ་ངན་མར་གྱུར་པའི་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ། །འོག་གཞི་ལོ་མ་ལ་སོགས་དག་གིས་གཡོགས་པ་མེད་པའི་ས་ཕྱོགས་སུ་ལྷུང་བཟེད་མི་བཞག་པར་བསླབ་པར་བྱ། ངོས་ཆད་པའི་གད་ཀ་མ་ཡིན་པ་དང་། བྱིན་གྱིས་གཞོལ་བའི་གཡང་ས་མ་ཡིན་པ་དང་། བང་རིམ་ལྟ་བུའི་དཀན་གཟར་པོ་མ་ཡིན་པར་ལྷུང་བཟེད་བཞག་པར་བསླབ་པར་བྱ། ཆག་པ་སྤོང་ཕྱིར་འགྲེང་སྟེ་ལྷུང་བཟེད་མི་བཀྲུ་བར་བསླབ་པར་བྱ། ངམ་གྲོག་གི་གད་ཀ་མ་ཡིན་པ་དང་། གཡང་ས་མ་ཡིན་པ་དང་། དཀན་གཟར་པོ་མ་ཡིན་པར་བཀྲུ་བར་བསླབ་པར་བྱ། འབབ་ཆུ་དྲག་པོའི་རྒྱུན་ལས་ཟློག་སྟེ་ལྷུང་བཟེད་ཀྱི་ཆུ་མི་བཅུ་བར་བསླབ་པར་བྱའོ། །བདུན་པ་ཆོས་སྟོན་པའི་སྡེ་ནི། ཉན་པོ་མི་ན་བར་འདུག་པ་ལ་འཆད་པོ་འགྲེང་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། ཉན་པོ་མི་ན་བར་ཉལ་བར་འཆད་པོ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། ཉན་པོ་མི་ན་བར་སྟན་མཐོན་པོ་ལ་འདུག་པ་ལ་འཆད་པོ་སྟན་དམའ་བ་ལ་འདུག་སྟེ་ཆོས་མི་བཤད་པར་བསླབ་པར་བྱ། ཉན་པོ་མི་ན་བར་མདུན་དུ་འགྲོ་བ་ལ་འཆད་པོ་ཕྱི་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱ། ཉན་པོ་མི་ན་བར་ལམ་ནས་འགྲོ་བ་ལ་འཆད་པོ་ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ། །ཡང་ཉན་པོ་མི་ན་བར་རས་སོགས་ཀྱིས་མགོ་གཡོགས་པ་དང་གོས་བརྫེས་པ་དང་འཕྲག་པར་གཟར་བ་དང་། ལག་གཉིས་གཉའ་གོང་དུ་བསྣོལ་བ་དང་། ལྟག་པར་བསྣོལ་བ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཡང་མི་ན་བར་སྐྲ་ཐོར་ཅོག་བྱས་པའི་དོ་ཀེར་ཅན་དང་། ཞྭ་གྱོན་པ་དང་། མགོ་དར་གྱི་ཅོད་པན་ཅན་དང་། མགོ་མེ་ཏོག་གི་ཕྲེང་བ་ཅན་དང་། ཕྲེང་བ་སོགས་ཀྱིས་མགོ་དཀྲིས་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པོ་མི་ན་བར་གླང་པོ་ཆེ་ལ་ཞོན་པ་དང་། རྟ་ཞོན་པ་དང་། ཁྱོགས་འདོ་ལེ་ལྟ་བུ་ན་འདུག་པ་དང་། གཡག་སོགས་བཞོན་པའི་སྟེང་ན་འདུག་པ་དང་། མཆིལ་ལྷམ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །ཉན་པོ་མི་ན་བར་ལག་ན་འཁར་བ་ཐོགས་པ་དང་། ལག་ན་གདུགས་ཐོགས་པ་དང་། ལག་ན་མཚོན་ཆ་ཐོགས་པ་དང་། ལག་ན་རལ་གྲི་ཐོགས་པ་དང་། ལག་ན་དགྲ་ཆ་མདའ་གཞུ་ཐོགས་པ་དང་། གོ་ཆ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ། །བརྒྱད་པ་སྒྲུབ་པའི་སྡེ་ནི། དགེ་སློང་མི་ན་བར་འགྲེང་སྟེ་བཤད་པ་དང་གཅི་བ་མི་བྱ་བར་བསླབ་པར་བྱའོ། །མི་ན་བར་དགེ་སློང་ཆུ་ཡི་ནང་དུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་བྱ་བ་དང་། བྱས་ཟིན་པ་ཡང་མི་དོར་བར་བསླབ་པར་བྱའོ། །དགེ་སློང་མི་ན་བར་ཐམས་ཅད་ཁྱབ་པར་མ་གཏོགས་རྩྭ་སྔོན་པོ་ཡོད་པའི་ས་ཕྱོགས་སུ་བཤང་གཅི་དང་། མཆིལ་མ་དང་། སྣབས་དང་། སྐྱུགས་པ་དང་། རླུགས་པ་མི་དོར་བར་བསླབ་པར་བྱའོ། །དགུ་པ་རྒྱུ་བའི་སྡེ་ནི། སྲོག་ལ་གནོད་པ་བྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ཙམ་ལས་མཐོ་བར་མི་འཛེགས་པར་བསླབ་པར་བྱའོ། །གཉིས་པ་མཇུག་བསྡུ་བ་ནི། ཚེ་དང་ལྡན་པ་དག་བདག་གིས་བསླབ་པར་བྱ་བའི་ཆོས་མང་པོ་རྣམས་བཏོན་ཟིན་ཏོ། །གསུམ་པ་རྣམ་བཞག་བསྒྲགས་པ་ནི། བསླབ་པར་བྱ་བའི་ཆོས་མང་པོ་བཏོན་པ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ནི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་དག་གམ་ཞེས་ལན་གཉིས་ལན་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །ལྔ་པ་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་གདོན་པ་ལ། སྡོམ་གྱིས་མདོར་བསྟན། གདོན་པའི་ལུང་དཔོག །མཚན་ཉིད་རྒྱས་པར་བཤད་པ། མཇུག་བསྡུ། རྣམ་བཞག་བསྒྲགས་པའོ། །དང་པོ་སྡོམ་ལ། མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་མྱོས་པས་འདུལ་བ་དང་། དེ་བཞིན་དུ་གང་ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་རྣམས་བཀྲམ་པ་ལྟ་བུ་དང་། ཁས་བླངས་པར་ཡང་བྱ་བ་སྟེ་བདུན་པོའོ། །གཉིས་པ་ནི། ཚེ་དང་ལྡན་པ་དག་འཁྲུག་ལོང་གི་རྩོད་པ་བཞི་པོ་དག་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱོར་བ་ཉིད་སྦྱིན་པ་དང་། ལས་ལ་མཐུན་པ་སྦྱིན་དུ་གཞུག་པས་ཅི་རིགས་པར་ཞི་བར་བྱ་བའི་ཆོས་བདུན་པོ་འོག་ནས་འབྱུང་བ་འདི་དག་ནི། ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་འདུལ་བ་འཛིན་པའི་ཁ་ཏོན་ལས་འབྱུང་ངོ་། །གསུམ་པ་ནི། དེ་ལ་འཁྲུག་ལོང་གི་རྒྱུ་བཞི་ནི། དངོས་པོའི་དེ་བཞིན་ཉིད་ལ་ལོག་པར་སྒྲུབ་པ་དང་། གདམས་ངག་སོགས་འཇོག་པས་གཞན་སྤོང་བ་དང་། ལྟུང་བ་དང་བཅས་པར་ཉིད་དང་། ལས་ལ་མཐུན་པ་མི་སྦྱིན་པ་ཉིད་དོ། །འཁྲུག་ལོང་གི་རྩོད་པ་བཞི་ནི། འགྱེད་ཕྱིར་རྩོད་པ་དང་། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ། །ཞི་བར་བྱ་བའི་ཆོས་བདུན་ནི། མངོན་སུམ་གྱིས་འདུལ་བ་དང་། དྲན་པས་འདུལ་བ་དང་། མ་མྱོས་པས་འདུལ་བ་དང་། ཚུལ་ཤིང་མང་པོ་སྦྱིན་པ་དང་། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པ་དང་། རྩྭ་བཀྲམ་པ་ལྟ་བུ་དང་། ཁས་བླངས་པར་བྱ་བའོ། །ཞི་བར་བྱེད་ཚུལ་ནི་འཁྲུག་ལོང་གི་རྒྱུ་དང་པོ་ལས་བྱུང་བ་འགྱེད་ཕྱིར་རྩོད་པ་ལ། མངོན་སུམ་གྱིས་འདུལ་བར་འོས་པ་ལ་མངོན་སུམ་གྱིས་འདུལ་བ་དང་། གང་ཚུལ་ཤིང་མང་པོ་སྦྱིན་པར་འོས་པ་ལ་ཚུལ་ཤིང་མང་པོ་སྦྱིན་པས་རྒྱུད་གཅིག་ཏུ་བྱ་བས་དེ་ཞི་བར་བྱའོ། །རྒྱུ་གཉིས་པ་ལས་བྱུང་བའི་མི་གདམ་པའི་རྩོད་པ་ལ་ནི། རྒྱུ་བཅས་མངོན་སུམ་དང་། གང་མང་གིས་རྒྱུད་གཅིག་ཏུ་བྱ་བ་དང་། རྒྱུ་མེད་པ་ལ་དྲན་པས་འདུལ་བར་འོས་པ་ལ་དྲན་པས་འདུལ་བ་སྦྱིན་ནོ། །མ་མྱོས་པས་འདུལ་བར་འོས་པ་ལ་མ་མྱོས་པས་འདུལ་བ་དག་པ་སྦྱིན་ནོ། །རྒྱུ་གསུམ་པ་ལས་བྱུང་བའི་ལྟུང་ཕྱིར་རྩོད་པ་ནི། ངོ་མི་ཤེས་པ་ལ་དེའི། ངོ་བོ་ཉིད་ཚོལ་དུ་གཞུག་པར་འོས་པ་ལ་དེའི་ངོ་བོ་ཉིད་བཙལ་བ་སྦྱིན་ནོ། །ལྟུང་བ་བྱུང་བ་ངོ་ཤེས་པ་ཕྱིར་འཕྲོས་པ་མེད་པ་ལ་ནི་གང་ཁས་བླངས་པར་འོས་པ་ལ་ཁས་བླངས་པར་བྱའོ། །ཕྱིར་འཕྲོས་པ་ཉི་ཚེ་བ་དང་འབྲེལ་བ་ལ། མངོན་སུམ་གྱི་འདུལ་བ་དང་། དགེ་འདུན་མཐའ་དག་དང་འབྲེལ་བ་ལ་རྩྭ་བཀྲམ་པ་ལྟ་བུར་འོས་པ་ལ་རྩྭ་བཀྲམ་བ་ལྟ་བུ་སྦྱིན་ནོ། །རྒྱུ་བཞི་པ་ལས་བྱུང་བའི་བྱ་ཕྱིར་རྩོད་པ་ལ། ཆོས་བདུན་པོ་ཐམས་ཅད་ཀྱིས་ཅི་རིགས་པར་རྒྱུད་གཅིག་ཏུ་བྱ་བ་དང་། དག་པ་སྦྱིན་པ་དང་། ཕྱིར་བཅོས་པ་དང་། ངེས་པར་འཛིན་པ་ལ་སྦྱར་བ་ཉིད་སྦྱིན་པས་ལས་ལ་མཐུན་པ་ཉིད་སྦྱིན་དུ་གཞུག་པས་ཞི་བར་བྱའོ། །དེ་ལྟར་རྒྱུ་བཞི་ལས་རྩོད་པ་བྱུང་བར་གྱུར་པ་རྣམས་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་འདི་དག་གིས་ཤེས་བྱ་རྣམ་པར་བཞག་པའི་ཆོས་དང་། ཚུལ་ཁྲིམས་རྣམ་པར་བཞག་པས་འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ་ཆུང་ངུའམ་སྦྱོར་བ་ཡང་ན་གོང་གི་ཆོས་བཞིན་དུལ་བར་བྱ། འབྲིང་ངམ་དངོས་གཞི་དང་འདུལ་བ་བཞིན་ཞི་བར་བྱ། ཆེན་པོའམ་མཇུག་གི་སྐབས་སམ་སྟོན་པའི་བསྟན་པ་བཞིན་རྣམ་པར་ཞི་བར་བྱའོ། །བཞི་པ་ནི། ཚེ་དང་ལྡན་པ་དག་བདག་གིས་སྔར་བསྟན་པའི་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །ལྔ་པ་རྣམ་བཞག་བསྒྲགས་པ་ནི། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་བཏོན་པ་དེ་ལ་བདག་གིས་ཚེ་དང་ལྡན་པ་དག་ལ་ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་དྲིའོ། །ཅི་འདི་ལ་ཁྱེད་རྣམས་ཡོངས་སུ་དག་གམ་ཞེས་ལན་གཉིས་གསུམ་དུ་དྲིའོ། །འདི་ལ་ཚེ་དང་ལྡན་པ་དག་ཡོངས་སུ་དག་ན་འདི་ལྟར་ཅང་མི་སྨྲ་བས་དེ་དེ་བཞིན་དུ་འཛིན་ཏོ། །གཉིས་པ་མཇུག་བསྡུ་བ་ལ་གཉིས་ཏེ། སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་གདོན་ཟིན་པར་བསྟན་པ་དང་། ཚུལ་ཁྲིམས་ཀྱི་རྒྱུ་དང་འབྲས་བུ་ལ་ནན་ཏན་བྱ་བར་གདམས་པའོ། །དང་པོ་ནི། ཚེ་དང་ལྡན་པ་དག་བདག་གིས་སོ་སོར་ཐར་པའི་མདོ་གདོན་པ་ལྔ་འདོན་པའི་ནང་ནས་གླེང་གཞི་བཏོན་ཟིན་ཏོ། །ཕམ་པར་གྱུར་པའི་ཆོས་བཞི་དང་། དགེ་འདུན་ལྷག་མའི་ཆོས་བཅུ་གསུམ་དང་། མ་ངེས་པའི་ཆོས་གཉིས་དང་། སྤང་བའི་ལྟུང་བྱེད་ཀྱི་ཆོས་སུམ་ཅུ་དང་། ལྷུང་བྱེད་ཀྱི་ཆོས་དགུ་བཅུ་དང་། སོར་སོར་བཤགས་པར་བྱ་བའི་ཆོས་བཞི་དང་། བསླབ་པའི་ཆོས་མང་པོ་བརྒྱ་དང་བཅུ་གཉིས་དང་རྩོད་པ་ཞི་བར་བྱ་བའི་ཆོས་བདུན་པོ་དག་བཏོན་ཟིན་ཏོ། །གཉིས་པ་ནི། བདུད་བཞི་བཅོམ་ཞིང་ལེགས་པ་དྲུག་དང་ལྡན་པའི་བཅོམ་ལྡན་འདས་དེ་ཉིད་མངོན་སུམ་རྟོགས་པས་དེ་བཞིན་གཤེགས་པ་ཉོན་མོངས་པའི་དགྲ་བཅོམ་ཞིང་ཆགས་བཅས་ཀྱིས་མཆོད་པར་འོས་པས་དགྲ་བཅོམ་པ། ཇི་ལྟ་ཇི་སྙེད་མངོན་སུམ་མཁྱེན་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འདུལ་བའི་མདོ་སྤྱིར་གཏོགས་ཤིང་སོ་སོར་ཐར་པའི་མདོར་བསྡུས་པ་ནི་ལྟུང་བ་སྡེ་ཚན་ལྔ་པོ་འདི་དག་གོ། །གང་སྡེ་སྣོད་གཞན་ནས་འབྱུང་བའི་ཆོས་མྱང་འདས་ཀྱི་རྗེས་སུ་མཐུན་པའི་ཆོས་བསླབ་པ་གསུམ་པོ་དེ་ལ་ཡང་དགེ་སློང་ཁྱེད་རྣམས་སྦྱོར་བས་འདུན་པ་དང་། དངོས་གཞིས་མཐུན་པ་དང་། མཇུག་དགའ་བ་དང་མི་རྩོད་པར་འཇིག་རྟེན་དང་མི་འགལ་བར་སེམས་ཀུན་ཏུ་སྲུང་བ་དང་། འདུལ་བ་དང་མི་འགལ་བར་དྲན་པ་དང་བག་ཡོད་པས་ངེས་པར་ལེགས་པའི་ལམ་ལ་རྣལ་འབྱོར་དུ་བྱའོ། །ལྔ་པ་བསྡུས་པའི་མཚན་ཉིད་ལ་བཞི་སྟེ། བདེ་གཤེགས་བདུན་གྱི་གསོ་སྦྱོང་། འཁོར་བ་སྤོང་པ། ཚུལ་ཁྲིམས་སྲུངས་བ། དགེ་བ་བསྔོ་བའོ། །དང་པོ་ལ། སོ་སོའི་ངོ་བོ་དང་། དེ་ལ་ནན་ཏན་བྱ་བར་གདམས་པའོ། །དང་པོ་ལ་བདུན་ལས། དང་པོ་རྣམ་པར་གཟིགས་ཀྱིས་གསོ་སྦྱོང་ནི། སངས་རྒྱས་དེ་ཡི་ཉན་ཐོས་རྣམས་ཉེས་པ་ཆུང་བར་གྱུར་ལ་འོན་ཀྱང་ཆོས་ལ་དགའ་བའི་འདོད་ཆགས་དང་ཆོས་མིན་ལ་ཞུགས་པའི་མུ་སྟེགས་ལ་རྣམ་པར་འཚེ་བའི་ཉེས་པ་ཙམ་ཞིག་ཡོད་པ་དེ་སྤང་བའི་ཕྱིར་སངས་རྒྱས་དེའི་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་གདོན་པའི་ཚེ་གཞན་གྱི་ཉེས་པ་དང་དུ་ལེན་པའི་བཟོད་པ་ནི་དཀའ་ཐུབ་དམ་པ་ཡིན་ཏེ་ཞེ་སྡང་སྦྱོངས་བ་དང་སྙིང་རྗེ་བསྐྱེད་པའི་ཕྱིར། དེ་ལ་སྡུག་བསྔལ་ཆོས་ཤེས་ཀྱི་བཟོད་པ་ནི་དེ་སྔོན་དུ་བཏང་བས་མྱ་ངན་ལས་འདས་པ་ནི་དངོས་པོ་ཀུན་གྱི་མཆོག་ཅེས་སངས་རྒྱས་ཀྱིས་གསུངས་ཏེ་གཏན་དུ་བ་ཡིན་པས་སོ། །རབ་ཏུ་བྱུང་བ་གཞན་ལ་ཡིད་ཀྱིས་གནོད་པ་དང་གཞན་ལ་ལུས་ངག་གིས་འཚེ་བ་ནི། དགེ་སྦྱོང་རྫོགས་པ་མ་ཡིན་ནོ། །གཉིས་པ་གཙུག་ཏོར་ཅན་གྱི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་ལ་འོན་ཀྱང་གཞན་གྱི་ཉེས་པ་སྒྲོགས་པའི་ཉེས་པ་མང་བ་ཙམ་ཞིག་ཡོད་པས་དེ་སྤང་བའི་ཕྱིར་མིག་དང་ལྡན་པ་གང་འདོད་དུ་འགྲོ་བ་ཡོད་པ་ཡིས་ངམ་གྲོག་སོགས་ཉམ་ང་བ་དག་སྤོང་བར་བྱེད་པ་ཇི་བཞིན་དུ་མཁས་པས་ཀྱང་འཚོ་བའི་འཇིག་རྟེན་འདིར་སྡིག་པ་གང་ཡིན་པ་དག་ནི་ཡོངས་སུ་སྤང་ལ། ཇི་ལྟར་ན་གཞན་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པས་སྐུར་པ་མི་གདབ། བརྡེག་པ་དང་། ཚིག་རྩུབ་སོགས་ཀྱིས་གནོད་པར་མི་བྱ། སོ་སོར་ཐར་པ་སྤོང་པ་བདུན་གྱི་རང་བཞིན་དེའི་ཡང་རྒྱུད་བསྡམས་པའམ་སྲུངས་པར་བྱའོ། །ལུས་ལྕི་སོགས་སུ་མི་འགྱུར་བས་ཟས་ཀྱི་ཚོད་ཀྱང་རིག་པར་བྱ། བས་མཐའི་སྟེ་དབེན་པའི་གནས་སུ་གནས་པར་བྱ། སྒྲིབ་པ་སྤོང་བའི་ཕྱིར་བསམ་གཏན་བཞི་དང་ཤེས་རབ་སྟེ་ལྷག་པའི་སེམས་ལ་ཡང་དག་པར་སྦྱོར་བ་སྟེ་རྣལ་འབྱོར་དུ་བྱ་བ་འདི་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་པས་སྐྱོན་སྤངས་ནས་ཡོན་ཏན་སྒྲུབ་པར་བྱ་ལ། སྐྱོན་གྱི་ཆེ་བ་སྐུར་གདབ་དང་གནོད་པ་ཡིན་པས་སྤོངས་ཞེས་པའོ། །གསུམ་པ་ཐམས་ཅད་སྐྱོབ་ཀྱི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་བར་གྱུར་ལ་འོན་ཀྱང་ཁྱིམ་པ་དང་འགྲོགས་པ་ལ་དགའ་བའི་ཉེས་པ་ཙམ་ཞིག་ཡོད་པས་དེ་སྤང་བའི་ཕྱིར་ཇི་ལྟར་སྲོག་ཆགས་བུང་བ་དེས་མེ་ཏོག་ལས་ཁ་དོག་དང་དྲི་ལ་མི་གནོད་པར་ཁུ་བ་གཞིབས་ཏེ་འཕུར་པ་ལྟར་དེ་བཞིན་དུ་ཐུབ་པ་ཉན་ཐོས་རྣམས་བསོད་སྙོམས་ཀྱི་ཕྱིར་གྲོང་དུ་རྒྱུ་བ་ན་ཁ་དོག་དང་དྲི་ལྟ་བུའི་ཟས་ཙམ་ཞིག་བླངས་ནས་འགྲོ་བར་བྱའོ། །ཞེས་པའོ། །བཞི་པ་འཁོར་བ་འཇིག་གི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་བར་གྱུར་ལ་འོན་ཀྱང་གཞན་གྱི་སྐྱོན་ཡོན་རྟོག་པའི་ཉེས་པ་ཙམ་ཞིག་ཡོད་པས་དེ་སྤང་ཕྱིར་བདག་གི་རིགས་པ་ལེགས་བཤད་དང་། མི་རིགས་ལ་བརྟགས་པར་བྱ་སྟེ་གཞན་རྣམས་ཀྱི། མི་མཐུན་པ་མི་རིགས་པ་དང་། གཞན་དག་གིས་རྫོགས་པར་བྱས་པ་དང་། མ་བྱས་པ་རྣམས་ལ་བརྟགས་པ་མིན་ཏེ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་འབྱུང་བས་སོ། །ལྔ་པ་གསེར་ཐུབ་ཀྱི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་ན་འོན་ཀྱང་སྲེད་བཅས་ཀྱི་བསམ་གཏན་བཞི་བསྐྱེད་པའི་ཉེས་པ་ཙམ་ཡོད་པས་དེ་སྤོང་ཕྱིར་ལྷག་པའི་སེམས་བསམ་གཏན་བཞི་པོ་དག་ལ་ཞེན་པའི་མཆོག་འཛིན་སྤོང་ལ་བག་བྱ་སྟེ་མཁྱེན་ལྡན་ཐུབ་པས་གསུངས་པའི་ཐུབ་པ་བསྐྱེད་པའི་གཞི་འཕགས་པའི་བདེན་བཞི་རྣམས་ལ་བསླབ་ཅིང་ནན་ཏན་བྱ་བ་དང་། དེ་ལྟར་བསླབ་པས་སྡུག་བསྔལ་ཉེར་ཞི་ལུས་ངག་བསྡོམས་པ་དང་། རྟག་ཏུ་དྲན་པ་དང་ལྡན་པ་དྲན་པ་ཉེ་བར་བཞག་པའི་རང་སེམས་རྗེས་སུ་སྲུང་བའམ། སྐྱོབ་པ་མྱ་ངན་མེད་པ་སྐྱེ་བ་ཟད་པ་མྱ་ངན་ལས་འདས་པ་ཡིན་ནོ། །དྲུག་པ་འོད་སྲུང་གི་གསོ་སྦྱོང་ནི། དེའི་ཉན་ཐོས་རྣམས་ཉེས་པ་ཆུང་ལ་འོན་ཀྱང་སྦྱིན་པ་ལ་མི་དགའ་བ་ཙམ་དང་དགྲ་མང་བར་ལྟ་བ་ཙམ་ཞིག་ཡོད་པས་དེ་སྤང་པའི་ཕྱིར་སྦྱིན་པས་ལོངས་སྤྱོད་ཅན་གྱི་འཁོར་བར་བདེ་བའི་བསོད་ནམས་རབ་ཏུ་འཕེལ་བར་འགྱུར་ལ་ཚུལ་ཁྲིམས་ཀྱིས་ལེགས་པར་བསྡམས་ན་དགྲ་ཡི་རྒྱུ་གསོད་རྐུ་སོགས་མི་འགྱུར་རོ། །བསམ་གཏན་གྱི་དགེ་བ་དང་ལྡན་པས་ཁྲོ་སོགས་སྡིག་པ་རྣམ་པར་སྨིན་པ་ཡིད་དུ་མི་འོང་བར་འགྱུར་བ་དག་ཡོངས་སུ་སྤོང་ཞིང་ཟག་མེད་ཀྱིས་ཉོན་མོངས་ཟད་པས་ལྷག་བཅས་དང་ལྷག་མེད་ཀྱི་མྱ་ངན་ལས་འདའ་བ་ཐོབ་པར་འགྱུར་རོ། །རང་བཞེད་བསོད་ནམས་གསུམ་པོ་རིམ་པས་མཆོག་དང་ཐམས་ཅད་ཀྱི་གོང་ན་མེད་པ་ཟག་མེད་ཡིན་ཞེས་བསྟན་པས་ཡོད་སྙམ། བདུན་པ་ཤཱཀ་ཐུབ་གསོ་སྦྱོང་ནི། ལོ་བཅུ་གཉིས་བར་བསྟན་པ་སྐྱོན་མེད་དུ་གནས་དུས་ཟླ་ཕྱེད་གསོ་སྦྱོང་འདོན་པའི་ཚེ་སྡིག་པ་ཅི་ཡང་མི་བྱ་སྟེ་ཞེས་ཚུལ་ཁྲིམས་ཀྱི་བསླབ་པ་དང་། དགེ་བ་ཕུན་སུམ་ཚོགས་པར་སྤྱད་ཅེས་ཤེས་རབ་ཀྱི་བསླབ་པ་དང་། རང་གི་སེམས་ནི་ཡོངས་སུ་གདུལ། ཞེས་ལྷག་པ་སེམས་ཀྱི་བསླབ་པ་བསྟན་ཏེ་གསུམ་པོ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་ཡིན་ནོ། །ལུས་ཀྱི་སྡོམ་པ་ལེགས་པ་སྟེ། ངག་གི་སྡོམ་པ་ཡང་ལེགས་པ་ཡིན། ཡིད་ཀྱི་སྡོམ་པ་ལེགས་པ་སྟེ། སྒོ་གསུམ་པའམ། ཐམས་ཅད་དུ་ནི་སྡོམ་པ་ལེགས། ཀུན་དུ་བསྡམས་པའི་དགེ་སློང་ནི། ཚུལ་ཁྲིམས་ཕུན་སུམ་ཚོགས་པའོ། །སྡུག་བསྔལ་ཀུན་ལས་རབ་ཏུ་གྲོལ་བ་ནི། ཚུལ་ཁྲིམས་ཀྱིས་འབྲས་བུ་ཡིན་ནོ། །ཇི་ལྟར་གྲོལ་ན། ངག་རྣམས་སྲུངས་ཞིང་ཡིད་ཀྱིས་རབ་བསྡམས་ཏེ། ལུས་ཀྱི་མི་དགེ་བ་དག་མི་བྱེད་ཅིང་། སྒོ་གསུམ་གྱི་ལས་ལམ་གསུམ་པོ་འདི་དག་རབ་ཏུ་སྤྱད་ན་དྲང་སྲོང་མཆོག་གི་གསུངས་པའི་ཟག་མེད་ཀྱི་ལམ་ནི་ཐོབ་པར་འགྱུར་རོ། །གཉིས་པ་དེ་ལ་ནན་ཏན་བྱ་བར་གདམས་པ་ནི། སངས་རྒྱས་རྣམ་གཟིགས་དང་གཙུག་ཏོར་ཅན་དང་ཐམས་ཅད་སྐྱོབ་དང་འཁོར་བ་འཇིག་དང་གསེར་ཐུབ་དང་འོད་སྲུང་དང་ཤཱཀྱ་ཐུབ་པ་དྲང་སྲོང་གའུ་ཏ་མའི་གདུང་ལྷས་ཕྱག་བྱས་པས་ལྷ་ཡི་ལྷ་མི་སོགས་གདུལ་བྱ་འདུལ་ཞིང་སྐྱེས་བུ་རྟ་ལྟ་བུ་དག་ཕྱིན་ཅི་མ་ལོག་པར་ཁ་ལོ་སྒྱུར་བ་བླ་ན་མེད་པ་འཇིག་རྟེན་སྲིད་པ་གསུམ་གྱི་མགོན་པོ་གདུལ་བྱ་དུས་ལས་ཡོལ་མེད་དུ་སྐྱོབ་པ་བླ་ན་མེད་པའི་མཁྱེན་པ་དང་ལྡན་པའི་མཆོག་སངས་རྒྱས་ཡེ་ཤེས་སོགས་འགྲོ་བ་ཐམས་ཅད་པས་དཔའ་བོ་བདུན་པོ་དག་སྙན་པའི་གྲགས་པ་དང་ལྡན་པ་རྣམས་ཀྱི་སོ་སོར་ཐར་པ་འདི་ནི་དུས་དང་པོར་བྱ་བ་དང་གསོལ་བ་བྱས་ནས་གདམས་པ་ལྔ་པོ་དག་རབ་ཏུ་རྒྱས་པར་བཏོན་པ་འདི་ལས་སངས་རྒྱས་རྣམས་དང་གང་སངས་རྒྱས་དེའི་ཉན་ཐོས་རྣམས་ཀྱང་ཆོས་འདུལ་བ་འདི་ལ་གུས་པས་སོ་ཐར་འདི་ལ་གུས་པ་དང་བཅས་པར་གྱུར་པས་འདུས་མ་བྱས་པ་མྱ་ངན་ལས་འདས་པ་ཐོབ་པར་གྱིས་ཤིག །གཉིས་པ་འཁོར་བ་སྤོང་བ་ནི། བརྩོན་འགྲུས་ཀྱིས་བརྩམ་པར་བྱ་ཞིང་འཁོར་བ་ལས་ངེས་པར་འབྱུང་བར་བྱ་བའི་ཕྱིར་དབེན་པར་སོང་ཞིག །སངས་རྒྱས་ཀྱི་བསྟན་པ་བདེན་པ་བཞི་ལ་བརྩོན་པས་འཇུག་པར་བྱའོ། །འདམ་བུའི་ཁྱིམ་ན་གླང་ཆེན་རྒྱུ་བས་འཇོམས་པ་བཞིན་དུ་འཆི་བདག་གི་སྡེ་སྲེད་པ་ལ་སོགས་པ་ནི་གཞོམས་ཏེ་འབྱིན་པར་བྱའོ། །གང་ཞིག་རབ་ཏུ་བག་མེད་སྤངས་ཏེ་བག་ཡོད་པར་འཕགས་ལམ་བརྒྱད་ཀྱིས་བསྡུས་པའི་ཆོས་འདུལ་བ་ཡང་དག་པར་སྒྲུབ་པ་འདི་ལ། རྗེས་སུ་སྒྲུབ་པས་སྤྱོད་པར་འགྱུར་བ་དེ་ནི་འཁོར་བའི་སྡུག་བསྔལ་གྱི་རྩ་བ་སྐྱེ་བའི་འཁོར་བ་རབ་ཏུ་སྤངས་ནས་ཏེ་གཏན་དུ་སྤངས་ནས་སྐྱེ་སོགས་སྡུག་བསྔལ་ཐ་མར་རྒྱུན་གཅོད་པར་བྱེད་པར་འགྱུར་རོ། །གསུམ་པ་ཚུལ་ཁྲིམས་བསྲུང་པ་ནི། ཕན་ཚུན་གཅིག་ལ་གཅིག་འདོམས་ཤིང་ལྟུང་བ་ལས་སློང་བས་ཚུལ་ཁྲིམས་བསྲུང་བ་དང་། བསྟན་པ་དང་འཁོར་རྣམ་བཞི་འཕེལ་ཞིང་གནས་པར་བྱ་བའི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་ལྔ་པོ་འདི་བཏོན་པའི་སྒོ་ནས་དགེ་འདུན་གྱིས་ནི་ཞི་མཐུན་གྱི་གསོ་སྦྱོང་ལས་འདིར་ནི་མཐུན་པའི་གསོ་སྦྱོང་བྱས་སོ། །ཚུལ་ཁྲིམས་བསྲུང་བ་སོགས་གང་གི་ཕྱིར་ནི་མདོ་བཏོན་པ་དང་། ཚུལ་ཁྲིམས་སོགས་གང་གི་ཕྱིར་མཐུན་པའི་གསོ་སྦྱོང་བྱས་པར་གྱུར་པའི། ཚུལ་ཁྲིམས་དེ་ནི་བསྲུང་བར་བྱ་སྟེ་ཇི་ལྟར་བསིལ་རུམ་གངས་ཁྲོད་ན་གནས་པའི་གཡག་རྒོད་རྔ་མ་ལ་བག་ཡོད་པས་སྲུངས་བ་རྔ་མ་ཝ་མཇུག་ལྟར་མི་བརྐྱང་བའི་རྩེ་མོ་ལྡང་དུ་གཟར་ཏེ་འགྲོ་བ་ཇི་ལྟ་བ་དེ་བཞིན་ནོ། །བཞི་པ་དགེ་བ་བསྔོ་བ་ནི། སོ་སོར་ཐར་པ་འདི་བཏོན་པ་ཡི་བསོད་ནམས་གྲུབ་པ་གང་ཡོད་པ་དེས་ནི་འཇིག་རྟེན་མ་ལུས་པ་ཐམས་ཅད་ཐུབ་པའི་དབང་པོ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གོ་འཕང་ཐོབ་པར་ཤོག་ཅིག །ཅེས་པའོ། །བཞི་པ་མཇུག་གི་དོན་ལ། དངོས་དང་། བསྒྱུར་བྱང་ངོ་། །དང་པོ་ནི། སོ་སོར་ཐར་པའི་མདོ་རྫོགས་སོ། །གཉིས་པ་ནི། དབང་ཕྱུག་དམ་པའི་མངའ་བདག་དཔལ་ལྷ་བཙན་པོའི་བཀའ་ལུང་གིས་འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་འདུལ་བ་འཛིན་པ་སློབ་དཔོན་ཛི་ན་མི་ཏྲ་སྟེ་རྒྱལ་བའི་བཤེས་གཉེན་དང་། བོད་ཀྱི་ཞུས་ཆེན་གྱི་ལོ་ཙ་བ་དགེ་སློང་བནྡྷེ་ཅོག་རོ་ཀླུའི་རྒྱལ་མཚན་གྱིས་བསྒྱུར་ཅིང་ཞུས་ཆེན་བགྱིས་ཏེ་གཏན་ལ་ཕབ་པའོ། །སླར་སྨྲས་པ། ཀུན་མཁྱེན་སྨྲ་བའི་སེང་གེ་མི་ཕམ་རྗེའི། །ལེགས་གསུངས་མཆན་འགྲེལ་ངེས་ལེགས་ཐེམ་སྐས་འདི། །བློ་གསལ་ཉུང་ངུར་འཆད་ལ་དགའ་བ་རྣམས། །འཇུག་ཕྱིར་དད་བརྩོན་དྲག་པོས་ལེགས་པར་བསྡེབས། །དེ་ལས་བྱུང་བའི་དགེ་ཚོགས་ཅི་མཆིས་པ། །ཐུབ་པའི་བསྟན་པ་རྒྱས་ཕྱིར་ཡོངས་སུ་བསྔོ། །བསྟན་པའི་རྩ་བ་དམ་ཆོས་འདུལ་བའི་སྡེ། །ཕྱོགས་དུས་གནས་སྐབས་ཀུན་དུ་དར་རྒྱས་ཤོག །ཅེས་པའང་བླ་མ་འཇམ་པའི་དབྱངས་ཀྱི་ཕྱག་མཆན་ཉམས་མེད་ཀཿཐོག་མཁན་ལེགས་པར་བཤད་པའི་འབྱོར་ལྡན་དང་། ནུས་ལྡན་རྣམ་གཉིས་ནས་ཞལ་བཤུས་དཀྱུས་སུ་འཛུད་པར་གྲུབ་པའི་ཚེ་མགོ་གཤམས་རྣམས་ཆོས་ཀྱི་བློ་གྲོས་པས་བྲིས་པའོ། ༈ །ༀ་སྭ་སྟི། ཐུབ་དབང་ཉི་མ་ཤཱཀྱ་སེང་གེ་ཡི། །བསྟན་པའི་གཞི་མ་ཆོས་འདུལ་རིན་པོ་ཆེ། །འདི་ཡོད་པས་ན་ཐར་པ་བདེ་བླག་རྙེད། །ཡོན་ཏན་རྒྱ་མཚོ་ཀུན་གྱི་གཞི་རྟེན་ལགས། །འདུལ་ལུང་སྡེ་བཞིའི་རྩ་བ་སོ་སོར་ཐར། །སྟོན་པའི་རྒྱལ་ཚབ་ཉིད་དུ་བདེན་སྨྲའི་སྒྲས། །བཀའ་སྩལ་སྡེ་པ་ཀུན་གྱི་གཙུག་གི་ནོར། །འདི་འཛིན་པ་དེ་དགྲ་བཅོམ་གནས་བརྟན་དངོས། །འཕགས་ཡུལ་དགོངས་འགྲེལ་ཡོན་ཤཱཀ་རྣམ་གཉིས་ཞེས། །ཉི་ཟླ་ལྟར་བསྔགས་སློབ་དཔོན་གུ་ཎ་ཡི། །བསྟན་བཅོས་མདོ་རྩ་རྣམ་པར་བཀྲལ་བའི་མཆན། །མི་ཕམ་བློ་གྲོས་དྲི་མ་མེད་པའི་གསུངས། ༣ །རྫོགས་ལྡན་ཆོས་སྦྱིན་སྤར་གྱི་འཕྲུལ་ཆེན་འདི། །དཔལ་ཡུལ་གྲུབ་དབང་པདྨའི་མཚན་འཆང་བས། །ཐུགས་བསྐྱེད་ཀཱ་མ་ལ་ལྟར་དཀར་བས་བཞེངས། །ལེགས་བྱས་ལྷ་ལམ་ཡངས་པའི་རྗེས་སུ་འགྲོ། ༤ །འདི་མཐུས་བསྟན་འཛིན་སྐྱེས་རྣམས་ཞབས་པད་བརྟན། །བསྟན་པའི་ཆོས་འདུལ་སྲིད་མཐའི་བར་དུ་གནས། །རྣམ་དག་ཚུལ་ཁྲིམས་གཙང་མའི་གོས་འཆང་བས། །འཛམ་གླིང་ཀུན་ཏུ་ཁྱབ་ཅིང་རྒྱས་པར་ཤོག ༥ །ཅེས་པའི་པར་བྱང་སྨོན་ཚིག་འདིའང་བླ་མ་ཞིང་སྐྱོང་ནས་བསྐུལ་ངོར་མཁྱེན་བརྩེའི་དབང་པོའི་བྱིན་རླབས་ཀྱི་ཆ་ཤས་ཐོབ་པ་བློ་གྲོས་རྒྱ་མཚོས་སྨྲས་པ་སརྦདཱ་མངྒ་ལཾ།། །།

སྒྲོལ་མའི་འགྲེལ་པ།

སྒྲོལ་མའི་འགྲེལ་པ་བཞུགས་སོ། །ན་མོ་ལོ་ཀེ་ཤྭ་རཱ་ཡ། སྒྲོལ་མ་འཁོར་བ་ཀུན་སྒྲོལ་བ། །དེ་ལ་གུས་པས་ཕྱག་འཚལ་ནས། །བསྟོད་པའི་རྒྱུད་དོན་ཅུང་ཟད་བཤད། །བགེགས་རྣམས་མ་ལུས་ཞི་བར་མཛོད། །དེ་ལ་རྒྱུད་འདི་ནི་རྣལ་འབྱོར་བླ་ན་མེད་པ་ཡིན་ལ། །དེ་ལས་ཀྱང་རྣལ་འབྱོར་མའི་རྒྱུད་དོ། །དེ་ལ་རིགས་དྲུག་ལས་རྡོ་རྗེ་རྟ་མཆོག་སྟེ་རྟའི་རྒྱལ་པོའི་རིགས་སོ། །དེ་ལས་ཀྱང་རིགས་ཀྱི་འཁོར་ལོའི་དབང་ཕྱུག་མ་བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་དེ། བསྟོད་པ་འདི་ཡང་རྒྱུད་ཆ་ཚང་བ་ཁོ་ནར་བཞེད་དོ། །དེ་ལ་ཚིགས་བཅད་དང་པོ་ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ་ཞེས་པ་ལ་སོགས་པ་ལ། ཕྱག་འཚལ་ལོ་ཞེས་པ་དང་པོར་འབྱུང་བ་ནི་བརྗོད་པ་གླེང་སློང་བའི་གཞིར་བཞག་པ་སྟེ་འོག་མ་རྣམས་ལའང་ཤེས་པར་བྱའོ། །གང་ལ་ཕྱག་འཚལ་ན་བཅོམ་ལྡན་འདས་མ་སྒྲོལ་མ་ལའོ། །དེ་ཉིད་ཀྱི་ཁྱད་པར་ཇི་ལྟ་བུ་ཞེ་ན། ཐུགས་དམིགས་པ་མེད་པའི་སྙིང་རྗེ་ཆེན་པོས་མྱུར་དུ་སེམས་ཅན་གྱི་དོན་མཛད་པས་མ་དང་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་དཔའ་བ་མོ་ནི་ནུས་མཐུ་ཐོགས་པ་མེད་པའི་ཕྲིན་ལས་དང་། སྐད་ཅིག་གཅིག་ལ་ཡེ་ཤེས་ཀྱི་སྤྱན་གློག་དང་འདྲ་བ་མྱུར་དུ་སྐྱོད་པས། ཤེས་བྱ་མཐའ་དག་གཟིགས་པའི་མཁྱེན་པའོ། །དེའི་ཕྱིར་སྒྲོལ་མ་སྟེ་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བའི་ཕྲིན་ལས་ཅན་ནོ། །དེ་ལྟར་ན་མཁྱེན་པ་དང་བརྩེ་བ་དང་ནུས་པ་དང་ཕྲིན་ལས་ཏེ། དེ་ཙམ་བསྟན་པས་མཐའ་ཡས་པའི་ཡོན་ཏན་ཐམས་ཅད་མཚོན་ནུས་པ་ཡིན་ལ། དེ་ལྟ་བས་ཚིག་གཉིས་པོ་དེ་ནི་ཐམས་ཅད་ཀྱི་མདོར་བསྟན་ཡིན་པར་ཤེས་པར་བྱའོ། །དེ་ལྟ་བུའི་ཡོན་ཏན་མངའ་བའི་ལྷ་མོ་འདི་ནི། འཇིག་རྟེན་གསུམ་གྱི་མགོན་པོ་སྤྱན་རས་གཟིགས་ཀྱི་ཞལ་རས་ཀྱི་ཆུ་སྐྱེས་ཏེ་པདྨ་གེ་སར་བྱེ་བ་ལས་ཐུལ་ཞིང་བྱུང་བའོ། །འདི་ལ་ལོ་ཙཱ་བ་ནམ་མཁའ་བཟང་པོས། འཇིག་རྟེན་གསུམ་མགོན་ཞལ་གྱི་ཆུ་སྐྱེས། བྱེ་བའི་གེ་སར་ལས་ནི་བྱུང་མ། ཞེས་པ་འགྱུར་བཅོམ་པ་གོ་བདེ་བའོ། །སྒྲ་ཇི་བཞིན་པ་མ་ཡིན་པ་ནི། འཇིག་རྟེན་གསུམ་མགོན་ཆོས་ཀྱི་སྐུ། དེ་ལས་བྱུང་བ་ནི་གཟུགས་ཀྱི་སྐུའོ། །ཚིགས་བཅད་གཉིས་པ་ཕྱག་འཚལ་སྟོན་ཀའི་སོགས་ལ། སྟོན་ཀའི་ཟླ་བ་ཀུན་ཏུ་གང་བ་སྟེ། ཉ་གང་བ་བརྒྱ་ཕྲག་ནི་བརྩེགས་པའམ་སྤུངས་པའི་འོད་ཟེར་དང་མཚུངས་པའི་ཞལ་ལས་རབ་ཏུ་དངས་པ་མཛེས་པ་མ་དང་། སྐར་མ་སྟོང་ཕྲག་མང་པོ་ཚོགས་པ་རྣམས་ཀྱི་སྡེ་ལྟ་བུའམ་དུ་མར་གྱེས་པས་རབ་ཏུ་ཕྱེ་ཞིང་འཕྲོ་བའི་འོད་ཟེར་རབ་ཏུ་འབར་བའི་སྐུ་ཅན་མ་སྟེ། སྐུ་མདོག་དཀར་ཞིང་དངས་ལ་ཡིད་འཕྲོག་ཅིང་འོད་ཟེར་དཀར་པོ་འཕྲོ་བའོ། །སྦས་དོན་ནི་སྟོན་ཟླ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ནོར་བུ་ནས་སྤྱི་བོའི་བར་འཕོ་མེད་དུ་བརྩེགས་པ་དང་། རྩ་ཕྲན་ཐམས་ཅད་ཀུན་དས་གང་བ་ནི་སྐར་ཚོགས་ལྟ་བུའོ། །ཚིགས་བཅད་གསུམ་པ་ཕྱག་འཚལ་གསེར་སྔོ་སོགས་ལ། གསེར་གྱི་ཡུ་བ་ཅན་མེ་ཏོག་སྔོ་བ་ཆུ་ལས་སྐྱེས་པའི་པདྨས་ཕྱག་རྣམ་པར་བརྒྱན་པ་སྟེ་ཕྱག་ན་བསྣམས་པའི་ལྷ་མོ་ཁྱོད་ནི་སྦྱིན་པ་དང་བརྩོན་འགྲུས་དང་། དཀའ་ཐུབ་སྟེ་ཚུལ་ཁྲིམས་དང་། ཞི་བ་སྟེ་ཤེས་རབ་དང་། བཟོད་པ་དང་བསམ་གཏན་ཏེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་མངའ་བརྙེས་པས། ཕར་ཕྱིན་ནི་ཁྱོད་ཀྱི་སྤྱོད་ཡུལ་ཉིད་ཡིན་ལ། ལྷ་མོ་ཁྱོད་ནི་དེ་ལ་སྤྱོད་པ་མོའོ། །སྦས་དོན་ནི་ཆུ་སྐྱེས་གང་བའི་པདྨ་དང་། ཕྱག་གི་སྒྲས་རྡོ་རྗེ་སྟེ་མཉམ་པར་སྦྱར་བ་ལས་འཕོ་བ་མེད་པའི་ཚུལ་ཁྲིམས་དཀའ་ཐུབ་དང་། བདེ་བའི་བསམ་གཏན་དང་། སྟོང་ཉིད་རྟོགས་པས་རྣམ་རྟོག་ཞི་བའི་ཤེས་རབ་དང་། དེ་ལས་མི་འདའ་བའི་བརྩོན་འགྲུས་དང་། བདེ་སྡུག་ཐམས་ཅད་དེའི་ངང་དུ་སྙོམས་པའི་བཟོད་པ་དང་། བདག་འཛིན་བཏང་བའི་སྦྱིན་པ་སྟེ། སྔགས་ཀྱི་སྤྱོད་པ་བསྟན་པའོ། །ཚིགས་བཅད་བཞི་པ་ཕྱག་འཚལ་དེ་བཞིན་སོགས་ལ། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་གཙུག་གཏོར་ལས། ཕན་ཡོན་མཐའ་ཡས་པ་དང་ལྡན་ཞིང་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པའི་རིག་སྔགས་ཀྱི་ཡེ་ཤེས་སྤྲུལ་པ་དེ། དགེ་མ་ཁྱེད་ཀྱིས་བདག་གིར་མཛད་ནས་ལོངས་སྤྱོད་དེ། སེམས་ཅན་དཔག་ཏུ་མེད་པའི་རིག་སྔགས་དེས་མཛད་ལ། ཕ་རོལ་ཏུ་ཕྱིན་པ་བཅུ་མ་ལུས་པར་ཐོབ་པའི། རྒྱལ་བའི་སྲས་པོ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་ཉིད་ལ་གུས་པས་བརྟེན་ཅིང་མཆོད་པའོ། །ཟབ་དོན་ལ་ལུགས་འབྱུང་ལུགས་བཟློག་གི་དགའ་བའི་ས་ནི། དཔལ་ལྡན་དེ་བཞིན་ཉིད་གཤེགས་ཤིང་། །དེ་བཞིན་སླར་ཡང་གཤེགས་པ་ཉིད། །ཅེས་པ་ལྟར་དེ་བཞིན་གཤེགས་པའོ། །ཁམས་དང་རླུང་གི་ཚོགས་པ་གཙུག་ཏོར་དུ་ཐིམ་པས་སྤང་བྱ་མཐའ་ཡས་པ་ལས་རྣམ་པར་རྒྱལ་ཞིང་། ཕར་ཕྱིན་བཅུ་སྟེ་རླུང་བཅུ་གནས་གྱུར་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་སྟེ་མིག་སོགས་སྐྱེ་མཆེད་རྣམས་ཀྱང་ཡེ་ཤེས་སུ་གནས་གྱུར་པའོ། །འདི་དང་གོང་གི་སྟོན་ཟླ་སོགས་སྦྱར་བས་ཏིང་ངེ་འཛིན་གྱི་ཡན་ལག་གོ། །ཚིགས་བཅད་ལྔ་པ་ཕྱག་འཚལ་ཏུཏྟ་ར་སོགས་ལ་ཏུཏྟཱ་རེ་དང་ཧཱུཾ་གི་སྔགས་ཀྱི་སྒྲས་འཇིག་རྟེན་འདོད་ཁམས་ཀྱི་གནས་ཐམས་ཅད་དང་། ནམ་མཁའ་སྟེ་གཟུགས་ཁམས་གཟུགས་མེད་ཀྱི་གནས་དང་། ཕྱོགས་ཞེས་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་གཞན་ཐམས་ཅད་ཀྱང་། ཁྱབ་ཅིང་གང་བར་མཛད་ལ་འཇིག་རྟེན་བདུན་པོ་ཞབས་ཀྱི་འོག་ཏུ་མནན་པ་ལྟར་དབང་དུ་མཛད་ཅིང་། ཁྱོད་ཀྱིས་བྱིན་གྱིས་བརླབས་པའི་རིག་སྔགས་ཀྱི་མཐུས། དབང་ཕྱུག་ཆེན་པོ་ལ་སོགས་པའི་ལྷ་ཆེན་པོ་རྣམས་ཀྱང་བྲན་དུ་འགུགས་པའི་ནུས་མཐུ་ཡོད་ན། ཕྲ་མོ་གཞན་ལྟ་སྨོས་ཀྱང་ཅི་དགོས། དེ་ལ་འཇིག་རྟེན་བདུན་ཞེས་པ་སྣོད་བདུན་དང་། བཅུད་ཀྱི་བདུན་དང་། སྣོད་བཅུད་བསྡམས་པའི་བདུན་ལ་སོགས་པའི་འཆད་ཚུལ་མི་གཅིག་པ་མང་ཡང་། འདིར་ནི་མཐུ་དང་ལྡན་པའི་འཇིག་རྟེན་བདུན་ཏེ། གྲུ་དང་ཡི་དྭགས་དང་ལྷ་མ་ཡིན་དང་། མི་དང་རིག་པ་འཛིན་པ་ནང་མིའམ་ཅི་དང་ལྷའི་འཇིག་རྟེན་ནོ། །སྦས་དོན་ནི་ཏུཏྟཱར་ནི་གདུང་བ་སྟེ། གཏུམ་མོའི་མེས་གདུང་བའོ། །ཧཱུཾ་གི་ཡི་གེ་ནི་མི་ཤིགས་པའི་སྒྲ་སྟེ་གཏུམ་མོ་ལས་བྱུང་བའོ། །འདོད་པ་ནི་གསང་བའི་འཁོར་ལོ་དང་། ཕྱོགས་ནི་དབུ་མའི་ནང་སྟེ་སྒྲ་དེས་གང་བ་དང་། ནམ་མཁའ་གང་མ་ནི་བརྗོད་བྲལ་ལོ། །འཇིག་རྟེན་བདུན་ནི་རྩ་འཁོར་ལོ་ལྔ་དང་། མེ་རླུང་གི་འཁོར་ལོ་གཉིས་ཏེ་བདུན་གཏུམ་མོ་འབར་བ་ཞུ་བའི་ཀུན་དས་གང་བ་དང་། ཀུན་ད་དེ་ཉིད་མ་ལུས་པར་ཡང་གསང་བ་ནས་སྤྱི་བོའི་བར་དུ་འགུགས་པའོ། །ཚིགས་བཅད་དྲུག་པ་ཕྱག་འཚལ་བརྒྱ་བྱིན་སོགས་ལ། བརྒྱ་བྱིན་ལྷའི་འགྲོ་བ་རྣམས་ཀྱི་རྒྱལ་པོའོ། །མེ་ལྷ་ནི་དྲང་སྲོང་གི་གཙོ་བོའོ། །ཚངས་པ་འཇིག་རྟེན་གྱི་བྱེད་པོར་འདོད་པའོ། །རླུང་ལྷ་ནི་འཇིག་རྟེན་གཟོའི་གནས་དང་བཀོད་པའི་ཁྱད་པར་བྱེད་པའོ། །དྲག་པོ་དང་གཏོགས་འདོད་དང་། དྲང་སྲོང་ཉི་མའི་མདོག་དང་། ཕྱཱ་ལ་སོགས་པ་བྱེད་པོའམ་དབང་དུ་ཕྱུག་ཏུ་གྲགས་པ་སྣ་ཚོགས་པ་ནི། སྣ་ཚོགས་དབང་ཕྱུག་སྟེ། འཇིག་རྟེན་ན་ཆེས་ཆེ་བར་གྲགས་པ་དེ་རྣམས་ཀྱིས་ཀྱང་། མཆོད་པའི་གནས་སུ་གྱུར་ཅིང་། འབྱུང་པོ་ནི་ཚོགས་ཀྱི་བདག་པོ་ལ་སོགས་པ་བགེགས་དང་ལོགས་པར་འདྲེན་པ་རྣམས་སོ། །རོ་ལངས་ནི་རོ་ལངས་ཀྱི་ལས་བྱེད་པས་ལས་ཀྱི་མིང་བྱེད་པ་བ་ལ་བཏགས་པ་སྟེ། ལྷའི་སྲིན་པོའི་རིག་སྔགས་ཀྱི་མཐུ་གྲུབ་པ། རྫུ་འཕྲུལ་ཆེན་པོ་དང་ལྡན་པའི་འཇིགས་བྱེད་དགུ་ལ་སོགས་པའོ། །དྲི་ཟ་ནི་སྣ་ཚོགས་ཤིང་རྟ་ལ་སོགས་པ་རྣམས་དང་། གནོད་སྦྱིན་ནི་རྣམ་ཐོས་བུ་ལ་སོགས་པ་གཏེར་གྱི་བདག་པོ་རྣམས་དང་། མདངས་འཕྲོག་པའི་ལྷ་མ་སྲིན་རྣམས་ཏེ། གདུལ་བར་དཀའ་བའི་ཚོགས་དེ་རྣམས་ཀྱིས་ཀྱང་། ཁྱོད་ཀྱི་མདུན་ནས་བསྟོད་པར་བྱེད་པ་སྟེ་འགྲོ་བ་ཐམས་ཅད་ཀྱིས་བླ་མར་བསྔགས་སོ། །སྦས་དོན་ནི་བརྒྱ་བྱིན་སོགས་ལྔ་ནི་འབྱུང་བ་ལྔ་སྟེ། བརྒྱ་བྱིན་ནི་ས། མེ་ལྷ་ནི་མེ། ཚངས་པ་ནི་ཆུ། རླུང་ལྷ་ནི་རླུང་། སྣ་ཚོགས་དབང་ཕྱུག་ནམ་མཁའ་འོ། །དེ་ལྟར་ཁམས་ལྔའི་དྲུང་ཐིག་ལེར་ཐིམ་པ་ནི་མཆོད་པའོ། །འབྱུང་པོ་རྩ། རོ་ལངས་ཐིག་ལེ། དྲི་ཟ་རླུང་། གནོད་སྦྱིན་རྣམ་རྟོག་སྟེ། དེ་དག་ཀྱང་ཐིག་ལེར་ཐིམ་པ་ནི་མདུན་ནས་བསྟོད་པའོ། །འདིས་ནི་འཛིན་པའི་ཡན་ལག་བསྟན་ནོ། །ཚིགས་བཅད་བདུན་པ་ཕྱག་འཚལ་ཏྲཊ་ཅེས་སོགས་ལ་ཏྲཊ་དང་ཕཊ་ཀྱི་གསང་སྔགས་ལ་སོགས་པ། འཕགས་མ་སྒྲོལ་མས་གསུངས་པའི་རིག་སྔགས། དྲག་ཤུལ་སྤྱོད་པ་རྣམས་ཀྱི་མཐུ་ལས། དྲག་པོའི་ལས་སྣ་ཚོགས་པར་ཕྱེད་པར་འགྱུར་ལ། དེ་ཡང་གཞན་ལ་ཕན་པའི་ཕྱིར་གདུལ་དཀའ་འདུལ་བ་ཡིན་གྱི། གནོད་པའི་སྦྱོར་བ་ནི་མ་ཡིན་ནོ། །རིག་སྔགས་དེ་ལྟ་བུའི་ཁྱད་པར་འགའ་ཞིག་ལས། ཕ་རོལ་པོའི་བྱད་མ་རྣམས་ཀྱི་འཁྲུལ་འཁོར་དང་སྔགས་ཀྱི་སྟོབས་བཟློག་ཅིང་འཇོམས་པ་དང་། ཁྲོ་མོའི་སྐུར་བསྟན་ཏེ། གཡས་བསྐུམ་གཡོན་བརྐྱང་ལ་སོགས་པའི་ཞབས་ཀྱིས། གདུག་པ་ཅན་རྣམས་མནན་པའི་ཚུལ་གྱིས། རིམས་དང་ནད་ཡམས་ལ་སོགས་པ་ཞི་བར་མཛད་ཅིང་། ཁྲོ་བས་འཁྲུགས་པའི་སྐུ་ལས་མེ་འབར་ཞིང་ཤིན་ཏུ་འབར་བ་སྟོན་པས། གཤིན་རྗེ་ལ་སོགས་པའི་གདོན་རྣམས་བྱེར་བ་དང་། འགྲོ་བ་རྣམས་ལ་སྲུང་བ་ཆེན་པོ་མཛད་པ་ཡིན་ནོ། །སྦས་དོན་ནི་ཏྲཊ་ཅེས་པ་ནི་དྲལ་བ། ཕཊ་ནི་འགས་པ་སྟེ་རྣམ་རྟོག་འཇོམས་པའོ། །ཕ་རོལ་ལས་དང་ཉོན་མོངས་པའི་འཁྲུལ་འཁོར་དུས་སྦྱོར་བཅུ་གཉིས་ཀྱི་རླུང་སོགས་འགགས་པ་དང་། གཡས་ཀྱི་རྩ་རོ་མ་ནི་སྐུམ་པ་སྟེ་ཁ་སྟེང་དུ་བལྟ་བ་དང་། གཡོན་གྱི་རྩ་རྐྱང་མ་ནི་བརྐྱང་བ་སྟེ་ཁ་འོག་ཏུ་བལྟ་བ་ཡིན་ལ། དེ་གཉིས་དབུ་མའི་ཞབས་ཀྱིས་ཡོངས་སུ་མནན་པ་ནི། དེ་གཉིས་ཀྱི་རླུང་དབུ་མར་འགགས་པའོ། །དེ་ལས་གཏུམ་མོའི་མེ་འབར་བ་དང་། ཧཾ་ཡིག་ཞུ་བའི་ཆུ་འཁྲུགས་པ་དང་། སླར་ཡང་ཤིན་ཏུ་འབར་ཞིང་ཆེས་ཞུ་བ་ལ་སོགས་པ་སྟེ། སྲོག་རྩོལ་གྱི་ཡན་ལག་གོ། །ཚིགས་བཅད་བརྒྱད་པ་ཕྱག་འཚལ་ཏུ་རེ་སོགས་ལ་ༀ་ཏུ་རེ་སོགས་ཀྱི་རིག་སྔགས་ཟློས་པའི་མཐུས། རང་བཞིན་ཞི་བའི་དབྱིངས་ལས་སྒྲོལ་མ་ཉིད་འཇིགས་པ་ཆེན་པོའི་སྐུར་སྟོན་པར་འགྱུར་ལ། དེས་ནི་བདུད་ཀྱི་དཔའ་བོ་སྟེ་དམག་དཔོན་རྣམས་འཇོམས་ཤིང་། ཞལ་རས་ཆུ་སྐྱེས་ཁྲོ་གཉེར་དང་ལྡན་པར་མཛད་པས། བསྟན་པ་ལ་སྡང་བ་དང་། སེམས་ཅན་མང་པོ་ལ་འཚེ་བ་དང་། སྒྲུབ་པ་པོ་ལ་བར་དུ་གཅོད་པའི་དགྲ་རྣམས་གསོད་པ་མ་སྟེ། འཆི་བའམ་གནོད་པའི་བསམ་སྦྱོར་མེད་པར་འགྱུར་བའོ། །དེའི་ནང་གི་དོན་ལ། བདུད་ཀྱི་དཔའ་བོ་འཇོམས་པ་ནི་ཕྱོགས་ལས་རྣམ་པར་རྒྱལ་བའི་སྤྱོད་པའོ། །ཁྲོ་གཉེར་ནི་ལྷའི་ཆས་སུ་ཞུགས་པ་མཚོན་ཏེ། དེས་ཀྱང་ཡེ་ཤེས་ཀྱི་སྐུ་གྲུབ་པ་མཚོན་པ་ཡིན་ལ། བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ནི་སྐལ་དམན་རྣམས་སྐྲག་པར་མཛད་པའི་ཕྱིར་འཇིགས་པ་ཆེན་པོའོ། །ཡེ་ཤེས་དང་ཡེ་ཤེས་ཀྱི་སྐུ་དེ་གཉིས་ཀྱིས་དགྲ་བོ་སྟེ་སྒྲིབ་པ་མ་ལུས་པ་བཅོམ་ནས། ཏུ་རེ་སྟེ་མྱུར་བར་ལམ་གོང་མ་རྣམས་བགྲོད་ནས་རྫོགས་པའི་སངས་རྒྱས་ཐོབ་པའོ། །འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་གི་འབྲས་བུ་ཀུན་ཏུ་འོད་ལ་སོགས་པའི་ས་བཅུ་གཉིས་སོ། །ཚིགས་བཅད་དགུ་པ་ཕྱག་འཚལ་དཀོན་མཆོག་སོགས་ལ། དཀོན་མཆོག་གསུམ་མཚོན་པར་བྱེད་པ་ཨུཏྤལའི་ཕྱག་རྒྱ་ནི་སྒྲོལ་མའི་དམ་ཚིག་གི་ཕྱག་རྒྱ་སྟེ། སྙིམ་པ་ཁ་སྦྱར་གྱི་གུང་མོ་སྦྱར་ཞིང་མཛུབ་མོས་བརྟེན་ནས་མཐེ་བོང་གཤིབས་ཏེ་རྩ་བར་བཀོད་པ་ཐུགས་ཀར་གཏོད་པས་རྣམ་པར་བརྒྱན་པ་ནི། རྗེས་འཇུག་རྣམས་ཀྱིས་ཀྱང་དམ་ཚིག་གི་ཕྱག་རྒྱ་དེ་ལྟ་བུ་ཆོ་ག་བཞིན་དུ་བཅིངས་ན། རིག་སྔགས་ཀྱི་ལྷས་བྱིན་གྱིས་བརླབ་པའི་དོན་སྔོན་བྱུང་ལ་བཅོམ་ལྡན་འདས་མ་ཉིད་ཕྱག་རྒྱ་དེ་ལྟ་བུ་འཆིང་བའི་སྐུའི་རྣམ་འགྱུར་དང་། ཕྱོགས་ཀྱི་འཁོར་ལོ་སྟེ་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ། རང་གི་སྐུ་ལས་བྱུང་བའི་འོད་ཟེར་གྱི་ཚོགས་རབ་ཏུ་འཁྲུགས་ཤིང་འཕྲོས་པས་ཁྱབ་ཅིང་བརྒྱན་པར་མཛད་པའོ། །དེ་ཉིད་རྗེས་འཇུག་ལ་ནི། ཕྱག་རྒྱ་དེས་སྤྱན་དྲངས་ན་ཕྱོགས་བཅུའི་ཞིང་ནས་འོད་ཟེར་འཕྲོ་ཞིང་དངོས་སུ་འབྱོན་པའོ། །སྦས་དོན་ནི། དཀོན་མཆོག་གསུམ་མཚོན་ནི་ཁུ་རྡུལ་རླུང་གསུམ་སྟེ། གཅིག་ཏུ་འདུས་པ་སོར་མོ་གསུམ་གྱི་ཕྱག་རྒྱ་ལྟ་བུ་དེ་རྣམས་རྩ་འཁོར་ལོ་སོ་སོའི་ཐུགས་ཀ་སྟེ་དབུས་ཀྱི་ལྟེ་བའི་ཐིག་ལེར་ཡོངས་སུ་བཅིངས་པས་ཡེ་ཤེས་ཀྱི་སྐུ་གཏུམ་མོའི་འོད་ཟེར་ལས་གྲུབ་པ་ཕྱོགས་ཀུན་དུ་ཁྱབ་པ་ཐོབ་པར་འགྱུར་བའི་དོན་ཏེ། འཛིན་པའི་སྟོབས་ལས་རྗེས་དྲན་འབྱུང་བའོ། །ཚིགས་བཅད་བཅུ་པ་ཕྱག་འཚལ་རབ་ཏུ་སོགས་ལ། འགྲོ་བ་རྣམས་རབ་ཏུ་དགའ་བ་བསྐྱེད་པའི་སྐུ་དང་། བརྗིད་ཅིང་མཛེས་པས་དབུ་རྒྱན་གྱི་ནོར་བུ་ལས་འོད་ཟེར་གྱི་ཕྲེང་བ་སྤེལ་ཞིང་འཕྲོ་བ་མ་དང་། བཞད་པ་དང་རབ་ཏུ་ཆེར་བ་བཞད་པ་དང་། ༀ་ཏུཏྟཱ་རེ་ལ་སོགས་པའི་སྔགས་ཀྱི་སྦས་འཇིག་རྟེན་གཞན་རྣམས་དབང་དུ་བྱེད་པའི་བདུད་ཀྱང་ཁྱོད་ཀྱིས་དབང་དུ་མཛད་ལ། འཇིག་རྟེན་གཞན་ཐམས་ཅད་ཀྱང་ནུས་པས་དབང་དུ་བསྡུས་ནས། ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོད་དོ། །སྦས་དོན་ནི། རབ་ཏུ་དགའ་བ་ལྷན་ཅིག་སྐྱེས་པའི་གཟི་བརྗིད་ཀྱི་འོད་ཟེར་གྱིས་དབུ་ལ་བརྒྱན་པ་ནི། སྤྱི་བོར་མས་བརྟེན་པའི་ལྷན་སྐྱེས་ཏེ། བཞད་པ་རབ་བཞད་ཀྱང་སྒྲ་དང་བཅས་པའི་གཏུམ་མོའི་མེས་དོན་ནོ། །ཏུཏྟཱར་ནི་གདུང་བ་མ་སྟེ་གཏུམ་མོའི་མེའི་གདུང་བས། བདུད་ཆགས་རྟོག་དང་། འཇིག་རྟེན་ལུས་ངག་ཡིད་གསུམ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བྱིན་གྱིས་རློབ་ཅིང་དབང་དུ་བྱེད་པ་སྟེ། རྗེས་དྲན་གྱི་ཡན་ལག་གོ། །ཚིགས་བཅད་བཅུ་གཅིག་པ་ཕྱག་འཚལ་ས་གཞི་སོགས་ལ་ལྷ་མོ་གང་གི་རིག་སྔགས་ཀྱིས་ས་གཞི་སྐྱོང་བའི་རྒྱལ་པོའི་ཚོགས་སམ། སའི་ལྷ་མོ་ལ་སོགས་པ། ས་འོག་གི་ཀླུ་དང་ལྷ་མ་ཡིན་དང་རིག་པ་འཛིན་པ་དང་། མཁའ་འགྲོ་མའི་ཚོགས་རྣམས་ཐམས་ཅད་འགུགས་ཤིང་དབང་དུ་བྱེད་པའི་ནུས་པ་དང་ལྡན་པ་ཉིད་མའོ། །ཁྲོ་གཉེར་གཡོ་བ་སྟེ་ཁྲོ་མོའི་རིག་སྔགས་ཧཱུཾ་གི་ཡི་གེ་དང་བཅས་པའི་མཐུ་ལས། འགྲོ་བ་ཕོངས་པ་རྣམས་ཐམས་ཅད་དབུལ་ཞིང་ཕོངས་པའི་སྡུག་བསྔལ་མ་ལུས་པ་ལས་སྒྲོལ་ཞིང་ཞི་བར་མཛད་པ་དང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། གཏེར་ཆེན་པོའི་དངོས་གྲུབ་ལ་སོགས་རྒྱས་པར་བྱེད་པའོ། །སྦས་དོན་ནི། ས་གཞི་སྐྱོང་བ་ས་འོག་གི་བདག་པོའི་སྒྲས། རྡུལ་གྱི་དངས་མ། གཙུག་ཏོར་ནས་ནོར་བུའི་བར་དུ་བརྟེན་པའི་ཚུལ་གྱིས་འགུགས་པ་དང་། ཁྲོ་གཉེར་གཡོ་བ་དང་ཧཱུཾ་གི་སྒྲས། རི་བོང་ཅན་གྱི་དངས་མ་ཁྲོ་གཉེར་ཏེ། སྨིན་མཚམས་ཀྱི་ཐིག་ལེ་བརྒྱུད་དེ། གཙུག་ཏོར་གྱི་བར་དུ་བརྟན་པ་ནི། ནམ་མཁའི་མཛོད་ལ་སོགས་པའི་ཏིང་ངེ་འཛིན་སྒྲུབ་པའི་ཕྱིར་ཡོངས་པ་ལས་གྲོལ་བའོ། །འདི་ནི་ཏིང་ངེ་འཛིན་གྱི་ཡན་ལག་ཁྱད་ཆོས་དཀར་དམར་གྱི་བགྲོད་པ་སྟེང་འོག་ཏུ་འགག་ཚུལ་ལོ། །ཚིགས་བཅད་བཅུ་གཉིས་པ་ཕྱག་འཚལ་ཟླ་བའི་སོགས་ལ། ཟླ་བའི་དུམ་བུ་ནི་ཟླ་བ་ཕྱེད་པས་དབུ་རྒྱན་ལ་བརྒྱན་པ་ལས་དང་། གཞན་ཡང་རྒྱན་གྱིས་བརྒྱན་པ་ཐམས་ཅད་ལས་འོད་ཟེར་རབ་ཏུ་འབར་བས། ཕྱུགས་བདག་ཆེན་པོ་བྱེ་བ་ཕྲག་བརྒྱའི་དྲེགས་པ་འཇོམས་པ་མོ། ལན་འགའ་དཀའ་ཐུབ་ཅན་གྱི་སྐུར་བསྟན་ནས། རལ་པའི་ཐོར་ཚུགས་འཆང་བའི་ཁྲོད་ན་དེ་བཞིན་གཤེགས་པ་འོད་དཔག་ཏུ་མེད་པ་བཞུགས་ཤིང་གནས་པའི་སྐུ་ལས། རྟག་ཏུ་རྒྱུན་མི་འཆད་པར་ཤིན་ཏུ་འོད་རབ་བྱེད་མ་སྟེ། འོད་ཀྱི་སྣང་བས་གསལ་བར་བྱེད་པའོ། །སྦས་དོན་ནོ། །གོང་སྔ་མའི་འཕྲོས་དེ་ཉིད་ལ་སྦྱར་ཏེ། ཟླ་བའི་དུམ་བུའི་དབུ་རྒྱན་ནི་བྱང་ཆུབ་ཀྱི་སེམས་སྤྱི་བོར་བརྟན་པའོ། །རལ་པའི་ཁྲོད་གནས་ནི་གྲིབ་མའི་ཚུལ་དུ་སྤྱི་བོར་བརྟན་པ། འོད་དཔག་མེད་ནི་དམར་ཆའི་དངས་མ། དེ་གཉིས་དཀར་ལ་འོད་ཟེར་ཏུ་འཕྲོོ་བ་ནི། དཀར་དམར་དེ་རྣམས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་གྱི་འཁོར་ལོ་མཐའ་ཡས་པར་གྱུར་པའོ། །ཚིགས་བཅད་བཅུ་གསུམ་པ་ཕྱག་འཚལ་བསྐལ་པ་སོགས་ལ། བསྐལ་པ་ཐ་མ་སྟེ། འཇིག་དུས་ཀྱི་མེ་ལྟར་འབར་བའི་ཕྲེང་བ་མེ་དཔུང་གི་དབུས་ན་བཞུགས་ཤིང་། ནང་ཟག་མེད་ཀྱི་དགའ་བ་ལས་མ་གཡོས་བཞིན་དུ། གཡས་བརྐྱང་གཡོན་བསྐུམ་སོགས་དྲག་པོའི་སྟངས་སྟབས་ཀུན་ནས་བསྐོར་བ་སྟེ་རོལ་པ་སྣ་ཚོགས་པས་དགའ་བ་དང་། དགྲ་བོ་སྟེ་མི་དང་མི་མ་ཡིན་པའི་གནོད་བྱེད་ཀྱི་དཔུང་གི་ཚོགས་རྣམས་ནི་རབ་ཏུ་འཇོམས་པའོ། །སྦས་དོན་ནི། གཏུམ་མོ་ཡེ་ཤེས་ཀྱི་མེ་དུས་མཐའི་མེ་འབར་བ་ལྟ་བུ་སྟེ། ལུས་དང་སྣང་བ་ཐམས་ཅད་ལ་ཁྱབ་པར་འབྱུང་བའི་རྒྱུ་ནི། གཡས་བརྐྱང་གཡོན་བསྐུམ་སྟེ། གཡས་གཡོན་རོ་རྐྱང་ངམ། སྟེང་འོག་སྲོག་ཐུར་གྱི་རླུང་ནི་ཀུན་ནས་བསྐོར་བ་སྟེ། རྩ་འཁོར་ལོ་སོ་སོར་རེ་རེ་བཞིན་འབྱུང་བ་ལྔའི་ཐིམ་ཚུལ་སོགས། རྣམ་པར་རོལ་བའི་རྣམ་འགྱུར་དམ་ཀུན་ནས་འབྱུང་བ་སྟེ། དགའ་བ་ཞེས་པས་རླུང་རྣམས་བདེ་བའི་ཐིག་ལེར་གྱུར་པས་བདུད་དང་ཉོན་མོངས་པའི་དགྲ་དཔུང་འཇོམས་པའོ། །ཚིགས་བཅད་བཅུ་བཞི་པ་ཕྱག་འཚལ་ས་གཞི་སོགས་ལ། རི་རབ་གླིང་དང་བཅས་པའི་ས་གཞི་ཆེན་པོའི་ངོས་ལ། ཐལ་མོ་བརྡབས་པའི་ཕྱག་གི་མཐིལ་གྱིས་བསྣུན་པའོ། །ཞབས་ཀྱིས་རྡུང་མ་ལས་དང་། ཞལ་རས་ཁྲོ་གཉེར་ཅན་དུ་མཛད་ཅིང་ཁྲོ་བའི་ཤུགས་ཀྱིས། ཧཱུཾ་ཞེས་ཤངས་ནས་འཇིགས་པའི་སྒྲ་བསྒྲགས་པས། ས་འོག་རིམ་པ་བདུན་ན་གནས་པའི་ཀླུ་དང་ལྷ་མིན་དང་སྲིན་པོ་དང་ཡི་དྭགས་གདུག་པ་ཅན་རྣམས་ཐམས་ཅད་འགེམས་པ་མོ་སྟེ་དུམ་བུར་འཐོར་བར་མཛད་པའོ། །དེ་ལ་ས་འོག་བདུན་ནི། ས་གཞི་ཆེན་པོ་འདི་ཉིད་ལ། འོག་ཏུ་ཐོག་ཕུགས་རིམ་པ་བདུན་བཞིན་དུ་མི་མ་ཡིན་གྱི་ཡུལ་ཆེན་པོ་དག་གནས་པའོ། །ཁ་ཅིག་ནི་རི་རབ་ཀྱི་རྩེ་མོའི་ཁོང་སེང་ནས་ཐུར་དུ་གཞལ་བ་ཡིན་ཟེར་ཡང་མི་ལེགས་པར་མངོན་ནོ། །དེ་ཡང་གཞི་དང་། ལྷག་པའི་གཞི་དང་། གཞི་མེད་པ་དང་། གཞི་ཉིད་དང་། བཅུད་ཀྱི་གཞི་དང་། གཞི་བཟང་པོ་དང་། དག་པའི་གཞི་ཞེས་བྱའོ། །ས་འོག་གི་འཇིག་རྟེན་ཆེན་པོ་རྣམས་སོ། །སྦས་དོན་ནི། ས་གཞིའི་ངོས་ནི་ལྟེ་བའི་དཀྱིལ་འཁོར་ཏེ། དེ་ལ་གཏུམ་མོ་ཡེ་ཤེས་ཀྱི་མེ་ངེས་པའི་དོན་གྱི་ལྷ་མོའི་ཞབས་ཀྱིས་བརྡུངས་པ་དང་མེ་ལྕེའི་ཕྱག་གིས་བསྣུན་པའོ། །དེ་ཡང་ས་འོག་བདུན་ཏེ། དབུ་མའི་མས་སྣན་ཚངས་པའི་མེ་སྦྲུལ་ལྟར་འཁྱིལ་བ་ལན་བདུན་པ། རབ་ཏུ་འབར་བར་གནས་པ་དེར། གཏུམ་མོ་འབར་བའི་བྱང་ཆུབ་ཀྱི་སེམས་འོངས་པ་ན་མེའི་གདུང་བ་རབ་ཏུ་ཞི་བ་དང་། དེའི་རྩ་མདུད་རྣམས་འགེམས་ཤིང་འཇིག་པའོ། །ཚིགས་བཅད་བཅོ་ལྔ་པ་ཕྱག་འཚལ་བདེ་མ་སོགས་ལ། བཅོམ་ལྡན་འདས་མ་ཉིད་རྟག་ཏུ་བདེ་བ་དང་། དགེ་མ་དང་། ཞི་བའི་ངང་ཚུལ་ཅན་མ། མྱ་ངན་ལས་འདས་པ་མཆོག་ཏུ་ཞི་བ། འགོག་བདེན་གྱི་དབྱིངས་ལ་མཉམ་པར་འཇོག་པས་ཞི་བའི་སྤྱོད་ཡུལ་ཅན་མ་སྟེ། དེའི་ཕྱིར་འགྲོ་བ་རྣམས་ལ། ཚེ་འདིའི་བདེ་བ་དང་། ཕ་རོལ་གྱི་དོན་དུ་དགེ་བ་བསྐྱེད་པར་མཛད་པ་མ། སྐལ་བ་དང་ལྡན་པ་རྣམས་ལ། ཞི་བའི་ལམ་སྟོན་པར་མཛད་ཅིང་། འབྲས་བུ་མི་གནས་པའི་མྱང་འདས་ཞི་བ་དམ་པའི་སྤྱོད་ཡུལ་ལ་འགོད་པར་མཛད་པ་སྟེ། གཞན་ཡང་ལྷ་མོ་ཉིད་ཀྱིས་གསུངས་པའི་རིག་སྔགས་སྭཱ་ཧཱ་དང་ༀ་དང་ཡང་དག་པར་ལྡན་པ་དག་བཟླས་པས། སྡིག་པ་ཆེན་པོ་དང་དེའི་འབྲས་བུ་སྡུག་བསྔལ་ཆེན་པོ་རྣམས་ཀྱང་འཇོམས་པར་མཛད་པ་ཉིད་དོ། །འདིས་ཞི་བའི་ལས་ཀྱི་མཐའ་བསྒྱུར་བའི་སྔགས་སྭཱ་ཧཱར་བཤད་ཅིང་། གོང་དུ་ཟློག་པ་ལ་ཏྲཊ་དང་། བསད་པ་ལ་ཕཊ་དུ་གསུངས་པས། ལས་གཞན་རྣམས་ཀྱི་སྔགས་ཀྱི་མཐའ་བསྒྱུར་བ་ཡང་ཞོར་ལ་འཕངས་པ་ཡིན་ནོ། །འདིའི་ངེས་པའི་དོན་མཐར་ཐུག་པ་ནི། བདེ་མ་ནི་སོར་རྟོག་ཡེ་ཤེས། དགེ་མ་ནི་མེ་ལོང་ཡེ་ཤེས། ཞི་མ་ནི་མཉམ་ཉིད་ཡེ་ཤེས། མྱ་ངན་འདས་ཞི་ནི་ཆོས་དབྱིངས་ཡེ་ཤེས། སྡིག་པ་ཆེན་པོ་འཇོམས་པ་ནི་བྱ་གྲུབ་ཡེ་ཤེས་སོ། །གསུང་གཞོམ་མེད་ཀྱི་སྒྲ་རིག་སྔགས་ༀ་དང་སྭཱ་ཧཱས་མཚོན་པ་མཐའ་ཡས་པར་ཤར་བས། སྡིག་པ་ཞི་བ་སོགས་སེམས་ཅན་གྱི་དོན་མཛད་པ་སྟེ་འབྲས་བུ་ལ་སྦྱར་བའོ། །ཚིགས་བཅད་བཅུ་དྲུག་པ་ཕྱག་འཚལ་ཀུན་ནས་སོགས་ལ། གྲུབ་པ་རིག་པ་འཛིན་པ་དང་། བྱང་ཆུབ་སེམས་དཔའ་ཏིང་ངེ་འཛིན་དང་རབ་ཏུ་དགའ་བའི་ཐུགས་དང་ལྡན་པ་རྣམས་ཀྱིས་ཀུན་ནས་བསྐོར་ཞིང་། གཞན་འཕྲུལ་དབང་བྱེད་ཀྱི་བདག་པོ་སྡིག་ཏོ་ཅན་ལ་སོགས་པ་སེམས་ཅན་རྣམས་ལ་ཉེ་བར་འཚེ་བའི་དགྲའི་ལུས་རབ་ཏུ་འགེམས་པ་སྟེ་འཐོར་བར་མཛད་པ། ཡི་གེ་བཅུ་པའི་ངག་སྟེ་སྔགས་ཀྱི་བཀོད་པ་ལས་བྱུང་བའི་ལྷ་མོ་ཁྱོད། རིག་པ་སྟེ་རིག་སྔགས་ཧཱུཾ་ཡིག་ལས་བྱུང་བའི་སྒྲོན་མ་འོད་ཟེར་འབར་བའི་སྐུ་ཅན་ཉིད་མའོ། །འདིས་ནི་སྒྲོལ་མ་ཁྲོ་མོ་ལ་ས་བོན་ཧཱུཾ་དང་བསྙེན་པའི་སྔགས་ཡི་གེ་བཅུ་པར་བསྟན་ནོ། །ངེས་དོན་ནི། སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་འོད་ཟེར་གྱིས་བསྐོར་བའི་རབ་དགའ་སྟེ་གཡོ་མེད་བདེ་བས། དགྲ་སྟེ་མ་དག་པའི་སྣང་བའི་ལུས་འཇོམས་པར་བྱེད་དོ། །ཞེས་པ་བསམ་གཏན་གྱི་ཡན་ལག་དང་། ཡི་གེ་བཅུ་ནི་གཡས་གཡོན་གྱི་དཀྱིལ་འཁོར་བཅུའི་ཆ་ཤས་འགག་པ་ལས་ཐོབ་པའི་རྟགས་བཅུའོ། །དེ་ཡང་ཡི་གེས་རླུང་མཚོན་ཞིང་། ཡི་གེའི་སྐད་དོད་ཨ་ཀྵར་འགྱུར་བ་མེད་པ་སྟེ། ཆོས་དབྱིངས་འགྱུར་བ་མེད་པའི་སྣང་བ་བཅུའམ། དེ་མཐོང་བ་ལས་བྱུང་བའི་བདེ་བ་མི་འགྱུར་བའི་ཆ་ཤས་བཅུའོ། །རིག་པ་ཧཱུཾ་གི་བརྡས་ནི། ཧཱུཾ་ཆ་ལྔ་པས་ཡེ་ཤེས་ལྔ་མཚོན་ཏེ་ཡེ་ཤེས་ལྔའི་རང་བཞིན་གྱི་ཐིག་ལེ་ཁམས་གསུམ་གྱི་གཟུགས་བརྙན་དང་བཅས་པའོ། །དེ་ཡང་རྟགས་བཅུ་པོ་དེ་དག་གི་ཆོས་སུ་འཇོག་སྟེ་རླུང་དབུ་མར་བཀང་བ་ལས་བྱུང་བས་སོ། །དེ་ལ་མཉམ་པར་འཇོག་པ་ནི་དོན་དམ་པའི་རིག་སྔགས་ཆེན་པོ་སྟེ་སྒྲོན་མ་ནི་སྟོང་གཟུགས་ཀྱི་གསལ་སྣང་ངོ་། །འདི་ནི་སོ་སོར་སྡུད་པའི་རྣལ་འབྱོར་རོ། །ཚིགས་བཅད་བཅུ་བདུན་པ་ཕྱག་འཚལ་ཏུ་རེ་སོགས་ཀྱི་དོན་ནི། ཏུ་རེ་ཞེས་པ་མྱུར་མ་སྟེ། འགྲོ་བའི་དོན་མྱུར་དུ་སྤྱོད་པའི་ལྷ་མོས་ཁྲོ་བོའི་ཚུལ་གྱིས་ཞབས་གཉིས་ནི་བརྡབས་པས། རིའི་རྒྱལ་པོ་རི་རབ་དང་། མནྡར་ཞེས་བྱ་བའི་རི་དང་། རི་བོ་གངས་ཅན་ཞེས་བྱ་བ་དབང་ཕྱུག་ཆེན་པོ་གནས་པའི་རི་རྣམས་དང་བཅས་པའི། འཇིག་རྟེན་གསུམ་སྟེ་ས་འོག་ས་སྟེང་ས་བླ་རྣམས་ཀྱང་གཡོ་བར་བྱེད་དོ། །བོད་དཔེ་ཕལ་ཆེར་ལས། འབིགས་བྱེད་ཅེས་འབྱུང་བ་ལྟར་ན། རིའི་རྒྱལ་པོ་འབིགས་བྱེད་དེ། གཞུང་འདིའི་རྒྱ་སྐད་མཐོང་བ་རྣམས་ན། ཀཻ་ལ་ཤ་ཞེས་པར་སྣང་སྟེ། དེ་ལྟར་གངས་རི་ཞེས་འདོན་པ་དང་མཐུན་མོད། དཔེ་སྣ་ཚོགས་པ་སྣང་བའི་ཕྱིར། གཅིག་ཏུ་ངེས་བཟུང་བ་དཀའ་བས་གཉིས་ཀ་ལྟར་མི་འགལ་བར་བྱའོ། །ཧཱུཾ་གི་རྣམ་པའི་ཞེས་པ་ཧཱུཾ་ཀ་རེ་སྟེེ་ཧཱུཾ་གི་ཡི་གེའོ། །འཇིག་རྟེན་གསུམ་ན་ཞེས་པ་གཉིས་པའི་དོན་ལ་བདུན་པའི་ཚིག་སྟེ་གསུམ་པོ་ལ་གཡོ་བའི་བྱེད་པ་འཇུག་པའོ། །འཇིག་རྟེན་གསུམ་སྐྱོད་པར་གྱུར་ན། རི་རབ་སོགས་སྨོས་པས་ཅི་ཞིག་བྱ་ཞེ་ན། སྤྱིར་འཇིག་རྟེན་གསུམ་སྐྱོད་པར་གྱུར་ཡང་། ལྷ་མཐུ་བོ་ཆེ་དག་གནས་པའི་གནས་ཀྱི་ཁྱད་པར་དེ་རྣམས་གཡོ་བར་མི་འགྱུར་བ་ཡང་སྲིད་པས། འཕགས་མ་ཉིད་མཐུ་ཆེ་བའི་དོན་དུ་སྨོས་སོ། །སྦས་དོན་ནི། རི་རབ་ནི་ཚངས་པའི་རུས་པ། རི་གཞན་གཉིས་ནི་ཡིད་བཟང་དང་དུང་ཅན་མ། གཡོ་བ་ནི་བྱང་ཆུབ་ཀྱི་སེམས་ཀྱི་ཡོངས་སུ་གང་བ། འཇིག་རྟེན་གསུམ་ནི་སྟེང་འོག་གི་དབྱེ་བས་རྩ་གསུམ་གསུམ་དྲུག་གོ། །ཧཱུཾ་གི་བརྡས་ནི། ཐུགས་རྡོ་རྗེའི་རྩ་ཨ་ཝ་དྷུ་ཏི་སྟེ་རྩ་ཐམས་ཅད་ཀྱི་ས་བོན་ནུས་པ་དེར་ཐིམ་པའོ། །ཚིགས་བཅད་བཅོ་བརྒྱད་པ་ཕྱག་འཚལ་ལྷའི་སོགས་ལ། ལྷའི་མཚོ་སྟེ། ཡིད་ཀྱི་མཚོའམ་རྫིང་བུ་དལ་གྱིས་འབབ་པ་དང་འདྲ་བའི་རྣམ་པ་ཅན་ནི། དཀར་ཞིང་ཟླུམ་པའི་རི་དྭགས་རྟགས་ཅན་ཏེ་ཟླ་བ་ཕྱག་ན་བསྣམས་པ་དང་། དེའི་རིག་སྔགས་ཧ་ར་ཞེས་པ་ལན་གཉིས་བརྗོད་ཅིང་། མཐའ་བརྟེན་ཕུགས་ཀྱི་ཡི་གེ་དང་བཅས་པའི་སྔགས་ཀྱིས་བརྟན་པ་དང་གཡོ་བའི་དུག་མ་ལུས་པ་སེལ་བར་བྱེད་དོ། །འདིས་ནི་ཟླ་བ་འཛིན་པའི་སྐུ་སྒོམས་ཏེ། སྔགས་ཀྱི་ཁྱད་པར་དེ་བཟླས་པས་སྦྲུལ་ལ་སོགས་པའི་དུག་གསོ་བ་དང་སེལ་བར་བྱེད་དོ། །ཧར་ལན་གཉིས་བརྗོད་པའི་སྔགས་ནི། ༀ་ན་མཿ ཏཱ་རེ་ན་མོ་ཧ་ར་ཧཱུཾ་ཧ་རེ་སྭཱ་ཧཱ། ཞེས་པ་ཡིན་ལ་དེའི་མཐར་སརྦ་བི་ཛཿཤཱནྟིཾ་ཀུ་རུ་ཕུཊ་ཅེས་བཏགས་པ་ནི་དུག་སེལ་བ་སྟེ་སྒྲོལ་མ་ཁྲོ་མོའི་ལས་སྔགས་སོ། །ཞེས་པ་ནི་རྗེས་འཇུག་གི་དོན་ནོ། །ངེས་པའི་དོན་དུ་ནི། ལྷ་ནི་ལུས་ལས་བྱུང་བ་སྟེ། དེའི་མཚོ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་རྟེན་ཀུནྡ་དང་བཅས་པ་ཡིན་ལ། དེ་དང་དབྱེར་མེད་པའི་སྟོང་པ་ཉིད་ཀྱི་ཡེ་ཤེས་ཟླ་བ་ལྟར་དྲི་མ་མེད་པ། གང་ལ་མངའ་བ་ནི་དེའི་ཕྱག་ན་བསྣམས་པའི་དོན་ནོ། །དེ་འདྲ་བའི་བདེ་སྟོང་གཉིས་སུ་མེད་པ་དེས་ནི། ཧ་ར་ཏེ་འཕྲོག་པ། ལམ་གཉིས་བརྗོད་པའི་བརྡས་སྒྲིབ་པ་གཉིས་ཀྱི་ཉེས་སྐྱོན་འཕྲོག་ཅིང་། མ་དག་པའི་ལུས་ཀྱིས་དུག་འཇོམས་པར་བྱེད་དོ། །ཚིགས་བཅད་བཅུ་དགུ་པ་ཕྱག་འཚལ་ལྷའི་ཚོགས་རྣམས་སོགས་པ། ལྷའི་ཚོགས་པ་སྟེ་འདོད་པའི་ཁམས་ཀྱི་ལྷ་རིགས་དྲུག་པོ་རྣམས་ཡིན་ལ། དེ་བཞིན་དུ་རྒྱལ་པོ་ནི་འཇིག་རྟེན་འདི་ན་དབང་བསྒྱུར་བ་པོ་འཁོར་ལོས་སྒྱུར་བ་ལ་སོགས་པའི་རྒྱལ་པོ་རྣམས་སོ། །འཇིག་རྟེན་དུ་ཕན་གནོད་བྱེད་པ་རིའི་ལྷ་དང་ཤིང་གི་ལྷ་དང་། མཚོའི་ལྷ་མོ་ལ་སོགས་པ་ནི་ལྷའི་ཁྱད་པར་ཏོ། །དེ་རྣམས་དང་མིའམ་ཅི་དབང་ཆེ་བ་རྣམས་ཀྱིས་ཁྱོད་ཀྱི་ཞབས་ཀྱི་པདྨོ་ལ་གུས་པས་བརྟེན་པ་ཡིན་ལ། ལྷ་མོ་ཁྱོད་ཀྱིས་བྱིན་གྱིས་བརླབ་པའི་སྔགས་དང་ཕྱག་རྒྱའི་གོ་ཆ་དགའ་བ་དང་བདེ་བའི་རྒྱུ་དེ་ཀུན་ནས་བཅིངས་པའི་སྒྲུབ་པ་པོས། ལུས་ངག་ཡིད་ཀྱི་གཟི་བརྗིད་ཀྱིས་ཕ་རོལ་པོའི་རྩོད་པ་དང་། རྨི་ལམ་ངན་པ་ལ་སོགས་པ་མི་འཚམ་པ་ཐམས་ཅད་སེལ་བར་བྱེད་མའོ། །འདིར་གོ་ཆ་ནི་བསྲུང་བའི་དོན་ནོ། །ངེས་པའི་དོན་དུ། ལྷ་ནི་དེ་བའི་སྒྲ་ལས་དེ་ཧ་བྷ་བ་སྟེ་ལུས་ལས་བྱུང་བ། ཡེ་ཤེས་ཀྱི་སྐུའོ། །ཚོགས་ཞེས་སྨོས་པས་ཡེ་ཤེས་ཀྱི་སྐུ་དེ་ཡང་། ཕུང་ཁམས་བཅུ་ལ་སོགས་པ་རྣམ་དག་དུ་མ་དང་ལྡན་པའི་དོན་ནོ། །དེ་ཉིད་རིག་པ་འཛིན་པའི་རྒྱལ་པོ་ཡང་ཡིན་ལ། འཇིག་རྟེན་གསུམ་གྱི་མཆོད་འོས་ཡིན་པའི་ཕྱིར། ལྷ་དང་མིའམ་ཅི་ལ་སོགས་པས་བསྟེན་པའོ། །དེའི་རྒྱུ་ནི་ཐིག་ལེའི་ཚོགས་པ་འཕོ་མེད་དུ་བཅིངས་པའི་གོ་ཆའི་གཟི་བརྗིད་ཀྱིས། འགྱུར་བའི་ཆགས་བྲལ་རྩོད་པ་དང་། ཐ་མལ་གྱི་སྣང་བ་རྨི་ལམ་ངན་པ་བཅོམ་པའོ། །ཚིགས་བཅད་ཉི་ཤུ་ཕྱག་འཚལ་ཉི་མ་སོགས་ལ། ཉི་མ་དང་ཟླ་བ་འོད་ཟེར་རབ་ཏུ་རྒྱས་པ་ལྟ་བུའི་སྤྱན་གཉིས་པོ་ལ་འོད་ཟེར་འབར་བ་རབ་ཏུ་གསལ་བའི་གཟིགས་པས་འགྲོ་བ་རྣམས་ལ་ཡོངས་སུ་གཟིགས་པ་ན། ངན་འགྲོ་ལ་སོགས་པ་སྡུག་བསྔལ་ཅན་གྱི་འགྲོ་བ་མཐའ་དག་བདེ་བ་ལ་འགོད་པར་མཛད་པ་སྟེ། ཏཱ་རེའི་སྔགས་ལན་གཉིས་སུ་བརྗོད་པ། ཏུཏྟཱ་རེའི་སྔགས་དང་བཅས་པ་བཟླས་པ་ཡིས་ཤིན་ཏུ་དྲག་པོ་སྟེ་གསོ་བར་དཀའ་བའི་རིམས་ནད་མ་ལུས་པ་ཡང་སེལ་བར་མཛད་པའོ། །གནས་སྐབས་སུ་ཡི་གེ་བཅུ་པའི་སྔགས་ཀྱི་རིམས་ནད་ཞི་བ་དང་། ནད་ཡམས་གཅོད་པ་དང་། ནད་འགོ་བ་རྣམས་བསྲུང་བར་སྟོན་ལ། དོན་གྱི་གཙོ་བོ་ནི་ཡི་གེ་བཅུ་པ་བཟླས་པས། དྲག་པོའི་རིམས་ནད་དང་འདྲ་བའི་ཉོན་མོངས་པ་མ་ལུས་པ་ཞི་བར་བྱེད་པའོ། །སྐབས་འདིར་སྤྱན་གཉིས་ཉི་ཟླ་འདྲ་བར་སྦྱར་བ་ནི། སྤྱན་གཡས་པའི་འོད་ཀྱིས་ཉེ་བར་འཚེ་བ་རྣམས་སྐྲག་པར་བྱེད་ཅིང་། སྡིག་པ་དང་སྡུག་བསྔལ་བསྲེག་པར་བྱེད་པས་ཉི་མ་ལྟ་བུའི་འོད་དང་། གཡོན་པའི་འོད་ཟེར་གྱིས་ཚེ་དང་ལོངས་སྤྱོད་དང་བདེ་བ་སྩོལ་བའི་ཕྱིར། བདུད་རྩི་སྤྲོ་བར་བྱེད་པའི་ཟླ་བའི་འོད་དོ། །ཏཱ་ར་གཉིས་བརྗོད་ཅེས་པ་འདིས་ནི་ཏཱ་རེ་གཉིས་དང་ཏུཏྟཱ་རེ་སྟེ་གོང་དུ་ཡི་གེ་བཅུ་པའི་ངག་ཅེས་གསུངས་པ་དེ་ཉིད་ངོས་འཛིན་པའོ། །དེས་ན་ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ་ཞེས་ཡོངས་སུ་གྲགས་པ་སྟེ། སྒྲོལ་མ་ཞི་བའི་བསྙེན་སྒྲུབ་ལས་གསུམ་ཀའི་སྔགས་སོ། །སྦས་པའི་དོན་ནི། ཉི་ཟླའི་བརྡས་ནང་གི་ཁུ་རྡུལ་གཉིས་ཡིན་ལ། དེ་ཡིས་ཡོངས་སུ་གང་བའི་སྤྱན་ནི་དབུ་མའི་སྟེང་འོག་གི་སྔགས་གཉིས་ཡིན་ཞིང་། དེ་ལས་ཡེ་ཤེས་འབྱུང་བའི་ཕྱིར་འོད་གསལ་བའོ། །ཏཱ་ར་གཉིས་ནི་སྒྲོལ་བ་ཞེས་པ་སྟེ། བདེ་སྟོང་གིས་སྲིད་ཞི་གཉིས་ཀྱི་མཐའ་ལས་སྒྲོལ་བའོ། །ཏུཏྟཱ་ར་ནི་གདུང་བ་སྟེ་དཀའ་ཐུབ་ཡིན་ལ། ཉི་མ་ཐུར་དུ་གནོན་པ་དང་། ཟླ་བ་གཙུག་ཏོར་དུ་རེངས་ཏེ་འགྱུར་མེད་ཀྱི་དཀའ་ཐུབ་འདིས་ནི་ཐིག་ལེ་འཕོ་བའི་རིམས་ནད་སེལ་བའོ། །ཚིགས་བཅད་ཉེར་གཅིག་པ་ཕྱག་འཚལ་དེ་ཉིད་གསུམ་རྣམས་སོགས་ལ། ཡི་གེའི་དོན་དང་། སྤྱིའི་དོན་དང་། སྦས་པའི་དོན་དང་། མཐར་ཐུག་གི་དོན་ཏེ་བཞིའོ། །དང་པོ་ནི། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པའི་དེ་ཁོ་ན་ཉིད་གསུམ་ལ། གདུལ་བྱའི་སེམས་ཉིད་ཡང་དག་པར་བཀོད་པས། དེའི་མཐུ་ལས། སྒྲིབ་པ་ཐམས་ཅད་སྤངས་ཏེ། ཞི་བ་ལ་འགོད་པ་སྟེ། གདུལ་བྱ་སྨིན་གྲོལ་དུ་བྱེད་པའི་མཐུ་དང་ཡང་དག་པར་ལྡན་མའོ། །གདོན་ནི་ནམ་གྲུའི་གདོན་ལ་སོགས་པ་གདོན་བཅོ་བརྒྱད་རྣམས་སོ། །རོ་ལངས་ནི་རོ་ལངས་ཀྱི་ལས་ཏེ་སྤོད་གཏོང་ལ་སོགས་པའི་ངན་སྔགས་རྣམས་སོ། །གནོད་སྦྱིན་ནི་མདངས་འཕྲོག་པ་རྣམས་ཀྱི་གནོད་པ་སྟེ། དེ་ལྟ་བུའི་གནོད་པ་ཐམས་ཅད་ཀྱང་། རྣམ་པར་ཐར་པའི་སྒོ་གསུམ་གྱིས་འཇོམས་པ་ཉིད་དུ་བྱེད་ཅིང་། རབ་མཆོག་ཏུ་རེ་ཞེས་པའི་སྔགས་ཀྱི་མཐུ་ལས་ཀྱང་དེ་ལྟར་བྱེད་པ་ཉིད་དོ། །ཡང་ན་ཏུ་རེ་ནི་མྱུར་མ་སྟེ། རབ་མཆོག་ལྷ་མོ་ཁྱོད་ཀྱི་གནོད་པ་ཐམས་ཅད་མྱུར་དུ་འཇོམས་པ་ཉིད་དོ། །ཞེས་པའི་དོན་དུའང་འགྱུར་བས། མྱུར་དུ་འཇོམས་པའི་མཆོག་རབ་ཉིད་མ་ཞེས་བཅོས་ན་བདེའོ། །གཉིས་པ་སྤྱིའི་དོན་ནི། སྒྲོལ་མའི་སྐུར་བསྐྱེད་པའི་བསམ་གཏན་ལ། གནས་གསུམ་དུ་ཡི་གེ་འབྲུ་གསུམ་གྱི་དེ་ཉིད་བཀོད་པས། ཞི་བ་སྟེ་བར་ཆད་སྲུང་བའི་མཆོག་ཏུ་འགྱུར་བ་དང་། གདོན་གྱི་གནོད་པ་ལ་སོགས་པ་བྱུང་བའི་མན་ངག་ཀྱང་སྟོན་ནོ། །གསུམ་པ་སྦས་དོན་ནི། དེ་ཉིད་གསུམ་སྣང་བ་དང་མཆེད་པ་དང་། ཉེ་བར་ཐོབ་པའོ། །དེ་དག་བཀོད་པ་དེ་རིམ་གྱི་ཤར་ནས། ཞི་བ་སྟེ་སྐད་ཅིག་བཞིས་ཐམས་ཅད་སྟོང་པ་འོད་གསལ་བ་ཉེ་བར་འགྲོའོ། །གདོན་ཏེ་རྩ་དང་། རོ་ལངས་ཏེ་ཐིག་ལེ་དང་། གནོད་སྦྱིན་ཏེ་རྣམ་པར་རྟོག་པ་རྣམས་འོད་གསལ་གྱི་དབྱིངས་སུ་བཅོམ་པ་ལས། རབ་མཆོག་སྟེ་ལྷའི་སྐུར་མྱུར་དུ་བཞེངས་པའོ། །འདི་ལྟ་བུའི་རིགས་ནི། སྒྲོན་གསལ་ལས། འོད་གསལ་བ་ནི་རབ་སྟོན་དང་། །ཟུང་དུ་འཇུག་པ་རབ་རྟོགས་བྱེད། །རྣམ་པ་གཉིས་སུ་མཐའ་བཤད་དོ། །མཐའ་ནི་མུར་ཐུག་པ་ཡི་ཚིག །ཅེས་གསང་འདུས་འཕགས་སྐོར་བ་རྣམས་ཀྱི་རང་ལུགས་ལ། མཐར་ཐུག་གི་བཤད་པ་འདོད་ཀྱང་། སྦྱིར་ནས་སྦས་དོན་ཡང་ཡོད་པར་ཤེས་པར་བྱའོ། །བཞི་པ་མཐར་ཐུག་ནི། སྐུ་དང་གསུང་དང་ཐུགས་རྡོ་རྗེ་འདི་ཉིད་གསུམ་ནི། ཆོས་ཐམས་ཅད་ཀྱི་རང་བཞིན་དུ་གདོད་མ་ནས་བཀོད་པ་ཡིན་ལ། རང་བཞིན་གདོད་མ་ནས་རྣམ་པར་དག་པ་དེའི་ཕྱིར། ལམ་སྒོམས་པས་ཀྱང་ཞི་བ་ཐོབ་པའི་མཐུ་དང་ཡང་དག་པར་ལྡན་པ་དང་། རྡོ་རྗེ་གསུམ་དབྱེར་མེད་པའི་དབྱིངས་དེ་ཉིད་ལ་མཉམ་པར་བཞག་པས། གདོན་གྱི་གནོད་པ་དང་མཚུངས་པའི་སྡུག་བསྔལ་དང་། རོ་ལངས་ཀྱི་ལས་དང་མཚུངས་པའི་ལས་དང་། གནོད་སྦྱིན་དང་མཚུངས་པའི་ཉོན་མོངས་པ་རྣམས་མྱུར་དུ་བཅོམ་ནས། རབ་མཆོག་སྟེ་བདེ་ཆེན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་གཅིག་པུར་བྱེད་དོ། །ཞེས་པའི་དོན་ནོ། །དེ་ལྟར་ན་རྒྱས་བཤད་སྒྲ་ཇི་བཞིན་པའི་ཚིག་འདི་རྣམས་ཀྱིས། བཅོམ་ལྡན་འདས་མ་སྤྲུལ་པའི་སྐུ། །སངས་རྒྱས་རྣམས་ཀྱི་འཁོར་གྱི་དཀྱིལ་འཁོར་དུ་སྟོན་པར་མཛད་པ། ལྷའི་རྒྱལ་པོ་རྣམས་ཀྱི་གནས་དང་། རི་བོ་ཏ་ལ་ལ་སོགས་པར་མངོན་སུམ་དུ་བཞུགས་པར་གྲགས་པ་འདིའི་དབང་དུ་བྱས་པའི་བསྟོད་པ་ཡིན་ལ། དོན་གྱི་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ཀྱི་སྐུ་ལ་ཡང་བསྟོད་པའོ། །ངེས་དོན་འདི་རྣམས་ནི། ཟབ་ལམ་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་ཡན་ལག་དྲུག་པ་དང་བསྟུན་ནས་བཤད་པ་སྟེ། དེ་ཡང་སྒྲོལ་མ་འབྱུང་བའི་རྒྱུད་ཀྱི་མཚན་ངེས་པའི་སྒོས་ཀྱི་འགྲེལ་པ་རྒྱ་གར་མཁས་པས་སྦྱར་བ་གཉིས་དང་། མར་མེ་མཛད་དཔལ་གྱི་རྒྱུད་འགྲེལ་ཆེན་མོའི་ནང་ནས་འབྱུང་བ་རྣམས་དང་མཐུན་པར་ཕལ་ཆེར་བཤད་པ་ཡིན་ལ། དེ་དག་ལམ་རྡོ་རྗེའི་རྣལ་འབྱོར་གྱི་མན་ངག་དང་མི་མཐུན་པ་ཅུང་ཟད་ཡོད་པ་རྣམས་ནི། རྒྱུད་ཀྱི་ཟབ་དོན་མཐར་ཐུག་ལས་བརྩམས་ནས། རྒྱུད་ཀྱི་རྒྱུད་གཞན་གྱིས་རྟོོགས་དགོས་པར་གསུངས་པ་ལྟར། བདག་གིས་རྡོ་རྗེའི་རྣལ་འབྱོར་དང་མཐུན་པར་བཀྲལ་ལོ། །གཞན་ཡང་ཉེ་བར་མཁོ་བའི་རྣམ་གྲངས་འདི་ལྟ་བུ་དག་ཀྱང་ཡོད་དེ། སྟོན་ཀའི་ཟླ་བ་སོགས་ཀྱིས་ཟླ་བ་དང་ས་བོན་ལས་བསྐྱེད་པ་དང་། ཉི་མ་ཟླ་བ་རྒྱས་པ་སོགས་ཀྱིས་མངོན་བྱང་ལྔ་ལས་བསྐྱེད་པ་དང་། དེ་བཞིན་གཤེགས་པའི་གཙུག་ཏོར་ཞེས་པས་ལྷ་དབང་བསྐུར་བ་དང་། འཇིག་རྟེན་གསུམ་མགོན་སོགས་ཀྱིས་ཆོ་ག་གསུམ་བསྐྱེད་དང་། དེ་ཉིད་གསུམ་སོགས་ཀྱིས་རྡོ་རྗེ་གསུམ་བྱིན་གྱིས་རློབ་པ་དང་། ཀུན་ནས་གོ་ཆ་སོགས་ཀྱིས་སྐྱེ་མཆེད་རྣམས་བྱིན་གྱིས་རློབ་པ་དང་། ཀུན་ནས་སྐོར་རབ་དགའ་བ་དང་། གཡས་བརྐྱང་གཡོན་བསྐུམ་ཀུན་ནས་སྐོར་དགའི་ཞེས་པས་འཁོར་གྱི་ལྷ་ཚོགས་ཏེ། བསྐྱེད་རིམ་གྱི་ཕྱོགས་དང་། ཉི་མ་ཟླ་བ་རྒྱས་པའི་སོགས་ཀྱིས་ཆོ་ག་དང་། རྡུལ་ཚོན་སོགས་ལ་མིག་གིས་བལྟ་བ་བྱིན་གྱིས་རློབ་པ་དང་། དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ་ཞེས་པས། ཅོད་པན་གྱི་དབང་བསྐུར་བ་ལ་སོགས་པ་དང་། ཡི་གེ་ཧཱུཾ་གི་ཞེས་པས་སྔགས་ཀྱི་དབང་བསྐུར་བ་དང་། ཟླ་བའི་རྩེ་མོས་དབུ་བརྒྱན་གྱིས་གསང་དབང་དང་། རལ་པའི་ཁྲོད་ལས་འོད་དཔག་མེད་ཀྱིས་ཤེར་དབང་དང་། བདེ་མ་དགེ་མ་སོགས་ཀྱིས་དབང་བཞི་པ་ཡང་བསྟན་ཏེ། དབང་གི་དོན། མེ་འབར་འཁྲུགས་མ་ཞེས་པ་དང་། འབར་བའི་ཕྲེང་བ་ཞེས་པ་དང་། འོད་རབ་འབར་མ་ཞེས་པ་དང་། སྒྲོན་མ་ཉིད་མ་ཞེས་པ་རྣམས་ཀྱིས། ལས་བཞི་དང་དངོས་གྲུབ་སྒྲུབ་པའི་བསྲེག་བླུགས་ཀྱང་བསྟན་ཞིང་། དབང་བསྐུར་བས་ན་རབ་ཏུ་གནས་པའང་བསྟན་པ་ཡིན་ནོ། །གཞན་ཡང་སྒྲོན་མ་ཉིན་ཞི་མཚན་ཁྲོར་གྲགས་པའི་སྒྲུབ་ཐབས་ཀྱང་གཞུང་འདིས་ཤིན་ཏུ་གསལ་བར་བསྟན་ཞིང་། སྒྲུབ་ཐབས་ཉེར་གཅིག་དང་ལས་ཚོགས་ཉེར་གཅིག་བསྟན་པ་ཤིན་ཏུ་གྲགས་ཆེ་བ་རྣམས་ཀྱང་ཡིན་ཏེ། ཧ་ཅང་མང་པར་འགྱུར་བས་འདིར་མ་སྤྲོས་སོ། །འཇུག་གི་དོན་ལ་དེའི་འོག་ཏུ་བསྟོད་པའི་ཕན་ཡོན་བསྟན་པ་ཡིན་ཏེ། དེ་ལ་དང་པོར་རྩ་བའི་སྔགས་ཀྱི་སོགས་ཤོ་ལོ་ཀ་གཉིས་ལས། རྩ་སྔགས་ཀྱི་ཡི་གེ་བཅུ་པའི་སྒོ་ནས་བསྟོད་པ་དེ་འདི་ཉིད་ཡིན་པ་དང་། ཕྱག་འཚལ་ལོ་ཞེས་པ་ཉི་ཤུ་རྩ་གཅིག་དང་ལྡན་པའི་བསྟོད་པ་ཡང་འདི་ཡིན་ནོ་ཞེས་པ་དེས་ན་དང་ཞེས་པ་སྡུད་པའི་ཚིག་གོ། །དེ་ལ་རྩ་བའི་སྔགས་ཀྱི་དོན་ནི། ༀ་ཞེས་བྱ་བ་མཆོག་གི་ཚངས་པ། ཆོས་ཀྱི་དབྱིངས་ཆོས་ཀྱི་སྐུ། ཡོན་ཏན་མཐའ་དག་གི་ནོར་བུ་འཛིན་པ། བདེ་བར་གཤེགས་པའི་སྙིང་པོ་ཆོས་ཀྱི་མཆོག་གོ། །ཆོས་ཀྱི་སྐུ་ལས་བྱུང་བའི་ཡེ་ཤེས་ནི་ཏཱ་རེ། གདོད་མའི་ཆོས་ལས་བྱུང་བའི་སྐུ་ནི་ཏུཏྟཱ་རེ། བརྗོད་དུ་མེད་པའི་ཆོས་ལས་བྱུང་བ་སྙིང་རྗེ་ཆེན་པོ་ནི་ཏུ་རེ་སྟེ་སྤྲུལ་པ་དང་མཛད་པའོ། །སྭཱ་ནི་རང་བྱིན་གྱིས་བརླབས་པ། ཧཱ་ནི་ཧ་ལས་ཨཱར་ལཱི་སྟེ། ཨེ་མ་ཧོ་རོལ་པ་སྟེ། སྒྱུ་མ་ལྟ་བུའི་སྐུ་དང་ཞིང་ཁམས་དང་མཛད་པ་མཐའ་ཡས་པའོ། །དོན་དེ་རྣམས་ཀྱིས་སྒོ་ནས་བསྟོད་པའི་ཕྱིར་རྩ་བའི་སྔགས་ཀྱི་བསྟོད་པའོ། །ལས་སུ་བྱ་བ་བསྟོད་པའི་ཡུལ་ལྷ་མོ་སྟེ་བཅོམ་ལྡན་འདས་མ་ལའོ། །བྱེད་པ་ནི་གུས་པ་ཡང་དག་པར་ལྡན་པས་སོ། །བྱེད་པ་པོ་བློ་ལྡན་གང་གིས་སོ། །ཚུལ་ཇི་ལྟར་ན། འདིར་རབ་ཏུ་དད་ཅིང་བརྩོན་འགྲུས་དང་ལྡན་པས་ཏེ། བསྟོད་པ་འདི་བརྗོད་པ་དང་། སྲོད་དང་ཐོ་རངས་ལངས་པ་སྟེ་ལྡང་བ་ཡང་བར་བྱས་ནས། ཕྱག་འཚལ་བ་དང་མཆོད་པར་སྔོན་དུ་འགྲོ་བས། འཕགས་མའི་ཡོན་ཏན་ཡིད་ལ་དྲན་པས་སོ། །དེའི་ཕན་ཡོན་ནི་མི་འཇིགས་པ་ཐམས་ཅད་རབ་ཏུ་སྟེར་བ་སྟེ། འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་ལ་སོགས་པ་འཇིགས་པ་ཐམས་ཅད་ལས་སྐྱོབ་པ་དང་། མི་འཇིགས་པའི་གནས་དབང་ཕྱུག་ཕུན་སུམ་ཚོགས་པ་སྩོལ་བར་མཛད་པའོ། །འདིར་རབ་དང་བརྗོད་ཅིང་ཞེས་པ་ལ། རྒྱ་སྐད་དུ་པ་ཞེས་པ་ཡོད་པས་བརྩོན་པས་ཀློག་ཅིང་ཞེས་བརྗོད་ན་བདེའོ། །དེ་བས་ན་བློ་ལྡན་གང་གིས་སྲོད་སོགས་ཐུན་དྲུག་ཏུ་ལྷ་མོ་ལ་གུས་ཤིང་ཡོན་ཏན་དྲན་པའི་སྒོ་ནས། བརྩོན་པས་བསྟོད་པ་འདི་བཀླགས་ན། ཕན་ཡོན་འདི་དག་ཡོད་དོ་ཞེས་པ་སྟེ་གོང་འོག་ཐམས་ཅད་དུ་དེ་ལྟར་གོ་བར་བྱའོ། །སྡིག་པ་ནི་སྡིག་པའི་འབྲས་བུ་སྟེ། ནད་དང་གདོན་དང་། བྱུར་ཆགས་སྐལ་བ་ངན་པ་སྔར་ཡོད་རྣམས་ཐམས་ཅད་རབ་ཏུ་ཞི་ཞིང་སླར་འབྱུང་བར་འགྱུར་བ་རྣམས་བཟློག་པའོ། །དེ་བཞིན་དུ་སྔར་སྡིག་པའི་ལས་ཀྱི་མཐུས། ངན་འགྲོར་སྐྱེ་ངེས་པའི་ལས་ཅན་ཡིན་ཡང་། བསྟོད་པ་བཀླགས་པའི་གཟི་བརྗིད་ཀྱིས་སྡིག་པའི་ལས་ཟད་དེ་ངན་འགྲོའི་སྐྱེ་བ་ཐམས་ཅད་འཇོམས་པའི་གནས་སྐབས་ཐོབ་པ་ཉིད་དེ། ངན་འགྲོར་སྐྱེ་བར་མི་འགྱུར་རོ། །དེའི་ལྡོག་དོན་དུ་བདེ་འགྲོའི་སྐྱེ་བ་ཕུན་སུམ་ཚོགས་པ་འགྲུབ་པ་ཡང་བསྟན་ཏེ། དེས་ནི་འཁོར་བ་ཉིད་དུ་ཡང་ཚེ་འདི་དང་ཕྱི་མའི་ཕན་ཡོན་གཉིས་ཀར་བསྟན་ནོ། །རྒྱལ་བ་བྱེ་བ་སོགས་ལ་བསྟོད་པ་བཟླས་པ་དང་དེའི་སྒྲུབ་པ་ལ་གནས་པས། བཅོམ་ལྡན་འདས་མ་འདི་ཉིད་དང་ལྷན་ཅིག་ཏུ་གཤེགས་ཤིང་བཞུགས་པའི་རྒྱལ་བ་སངས་རྒྱས་སྤྲུལ་པའི་སྐུ་བྱེ་བ་ཕྲག་བདུན་རྣམས་ཀྱིས། ཞལ་ཡང་སྒྲུབ་པ་དེས་མྱུར་དུ་མཐོང་བར་འགྱུར་ལ། མཐོང་ནས་ཀྱང་དངོས་སམ་རྨི་ལམ་དུ་དེ་རྣམས་ཀྱིས་འོད་ཟེར་རམ་ཕྱག་ལས་བདུད་རྩིའི་རྒྱུན་འབབ་པས་དབང་བསྐུར་བར་འགྱུར་རོ། །འདིས་ནི་སློབ་མ་སྨིན་བྱེད་ཀྱི་ཚེ། ཆུ་དབང་བསྐུར་བ་ཡང་བསྟན་ནོ། །དེ་ལྟར་དབང་བསྐུར་བ་དེའི་རྐྱེན་གྱིས། སྒྲིབ་པ་མང་པོ་ནི་བྱང་། ཏིང་ངེ་འཛིན་དང་གཟུངས་ཀྱི་ཁྱད་པར་མང་པོ་ཐོབ་སྟེ་འཁོར་ཕུན་སུམ་ཚོགས་པ་འདི་ལས་ཆེས་ཆེ་བའི་ཡོན་ཏན་དུ་མ་ཉིད་དང་ལྡན་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་རིམ་གྱིས་ཐོབ་པར་འགྱུར་ཞིང་། དེ་ཐོབ་ནས་ཀྱང་འཕགས་པའི་ས་རྣམས་བགྲོད་དེ། མཐར་ཐུག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེར་འགྲོ་བར་འགྱུར་རོ། །ཞེས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོས་པའི་ཕན་ཡོན་བསྟན་ནོ། །གནས་སྐབས་སྔགས་ཀྱི་མཐུས་ཕན་ཡོན་གཞན་ཡང་བསྟན་པའི་ཕྱིར། ཚིགས་བཅད་གསུམ་གསུངས་པ་ལས། དེ་ཡི་དུག་ནི་སོགས་ལ། བརྟན་པ་ནག་པོ་བརྩེགས་པ་ལ་སོགས་པའི་དུག་དང་། གཡོ་བ་སྡིག་སྦྲུལ་དང་ལྷོག་པ་དང་ཤུ་བ་ལ་སོགས་པའི་དུག་སྟེ། གནས་པ་ཞེས་པ་ནི་བརྟན་པ་དང་མིང་གི་རྣམ་གྲངས་སུ་འགྱུར་བ་གོ་བདེ་བའི་ཕྱིར་གཉིས་ཀ་བརྗོད་པ་སྟེ། གཉན་ལོས་བརྟན་པའམ་ནི་གཡོ་བ་ཡང་རུང་ཞེས་པའམ། ནམ་མཁའ་བཟང་པོས། བརྟན་གཡོ་གང་ཡང་རུང་བ་དག་ནི། ཞེས་བཅོས་བགོ་བདེའོ། །དེ་ལྟ་བུའི་དུག་ནི་དྲག་པོ་ཆེན་པོ་སྟེ། སྲོག་འཕྲོག་པ་དང་སྡུག་བསྔལ་ཚབས་ཆེན་བསྐྱེད་པའོ། །དེ་ལྟ་བུའི་དུག་དེ་ཡང་སྒྲོལ་མའི་རིག་སྔགས་དྲན་པ་ཙམ་གྱིས། རབ་ཏུ་འཇིགས་པ་སྟེ་དེའི་གནོད་པ་རྣམས་སེལ་ཞིང་། བདུད་རྩི་ལ་སོགས་པར་འགྱུར་བའོ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་ཞེས་པ་ལྟར་ན། དྲན་པས་རབ་ཏུ་སེལ་ཞེས་པའི་སྔ་རོལ་དུ་སྦྱར་ཏེ། དུག་དེ་ལྟ་བུ་ཟོས་པ་དང་འཐུངས་པ་ཉིད་ཀྱང་། རེག་པ་དུག་ཅན་གྱི་བྱུགས་པ་སོགས་ཀྱང་རིག་སྔགས་དྲན་པས་སྐད་ཅིག་ལ་སེལ་ཞེས་པའི་དོན་ཡིན་ལ། འགྱུར་གཞན་ལས་ཟོས་པ་དང་ནི་ཞེས་པ་འདི། དྲན་པས་ཞེས་པའི་ཚིག་གི་འོག་ཏུ་འདོན་པ་ལྟར་ན། ཤོ་ལོ་ཀ་འོག་མ་དང་སྦྲེལ་བར་འགྲོ་མོད། འོན་ཀྱང་ཁ་དི་ཏཾ་པཱི་ཏ་མེ་ཝ་བཱ་ཞེས་འབྱུང་བ་ལྟར་ན། དཀྱུས་ཉིད་བདེའོ། །གདོན་དང་སོགས་ལ་གདོན་རྣམ་པ་སྣ་ཚོགས་ཀྱི་གནོད་པ་དང་། རིམས་ལ་སོགས་པའི་ནད་དང་། དུག་གིས་གཟིར་བ་ལ་སོགས་པའི་སྡུག་བསྔལ་གྱི་ཚོགས་རང་ལ་གནས་པ་རྣམས་ཀྱང་སྒྲོལ་བའི་རིག་སྔགས་འདིའི་མཐུས་རྣམ་པར་སྤངས་ཏེ། བདེ་བ་ཐོབ་པར་མ་ཟད། རིགས་སྔགས་མཁན་པོ་དེས་ཡིད་ཀྱིས་བསམ་པ་ཙམ་མམ། ཞི་བའི་ལས་ཀྱི་སྦྱོར་བ་བྱས་པ་ཙམ་གྱིས། སེམས་ཅན་གཞན་པ་རྣམས་ལ་ཡང་སྡུག་བསྔལ་དེ་སྤོང་བར་བྱེད་དོ། །དེ་བཞིན་དུ་ཀུན་གྱིས་ཐ་མའི་ཚིག་རྐང་ཡང་བླངས་ཏེ་བགེགས་རྣམས་མེད་ཅིང་བདུད་ལ་སོགས་པ་རྣམས་སོ་སོར་འཇོམས་པར་འགྱུར་རོ། །གཉིས་གསུམ་བདུན་དུ་སོགས་ལ་གཉིས་ནི་ཉིན་དང་མཚན་མོར་བརྗོད་པའོ། །གསུམ་ནི་ཉིན་དང་མཚན་ལ་ཡང་རུང་སྟེ་ཐུན་གསུམ་མོ། །དེ་རེ་རེར་ཡང་སྒྲུབ་པ་དང་འབྲེལ་བར་བསྟོད་པ་ལན་བདུན་བདུན་དུ་བརྗོད་པ་སྟེ། བླ་མའི་མན་ངག་ལས་འབྱུང་བ་ལྟར་རོ། །དེ་ལྟར་བརྗོད་ན་བུ་སྟེ་ཁྱིམ་པའི་ཕྱོགས་ལ་རིགས་བརྒྱུད་དམ། རབ་ཏུ་བྱུང་བའི་ཕྱོགས་ལ་ནི་ཆོས་ཀྱི་བུ་སློབ་མ་འདོད་པས་བུའམ་སློབ་མ་མང་པོ་དག་ཐོབ་པར་འགྱུར་ཞིང་། ནོར་འདོད་པས་ནི་ནོར་དང་ལོངས་སྤྱོད་རྣམས་ཉིད་ཐོབ་པར་འགྱུར་ལ། གཞན་ཡང་ཞི་བ་ལ་སོགས་པའི་ལས་དང་། རིལ་བུ་དང་མིག་སྨན་དང་། རལ་གྲི་དང་གནོད་སྦྱིན་མོ་དང་གཏེར་ཆེན་པོ་ལ་སོགས་པ། དངོས་ཐུབ་རྣམ་པ་སྣ་ཚོགས་པ་ཐམས་ཅད་ཐོབ་པར་འགྱུར་རོ། །འཕགས་མ་སྒྲོལ་མ་ལ་བསྟོད་པ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གསུངས་པ་ཞེས་པ་ལ་འདི་སྒྲོལ་མའི་རྒྱུད་ཀྱི་རྒྱལ་པོ་རྟོག་པ་བདུན་བརྒྱ་པ་ལས་འབྱུང་བའོ། །ཞེས་གྲགས་སོ། །ལས་སྣ་ཚོགས་པའི་རྒྱུད་དུ་གྲགས་པ་དེང་སང་ཕྱོགས་འདིར་ཡོད་པ་འདི་ནའང་སྣང་མོད། འདི་ནི་མཁས་པ་རྣམས་བརྩམས་རྒྱུད་ཡིན་པས་བཞེད་པ་དོན་ལ་གནས་པས་འདི་ནས་མིན་ནོ། །རྒྱུད་རྒྱས་པའིི་དུམ་བུ་དང་། བསྡུས་རྒྱུད་ལ་སོགས་པ་ཡིན་པའང་མི་འགལ་ལོ། །རྫོགས་སོ་ནི་ས་མཱཔྟ་སྟེ་ཡང་དག་པར་ཐོབ་པའོ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་ལ། །བསྟོད་པའི་རྒྱུད་འདི་རབ་བཤད་ལས། །དགེ་བ་གང་ཞིག་ཐོབ་པ་དེས། །འཕགས་མའི་གོ་འཕང་འགྲུབ་པར་ཤོག །ཅེས་པ་ཕྱག་འཚལ་ཉེར་གཅིག་གིས་བསྟོད་པའི་རྣམ་པར་བཤད་པ་འདི་ཡང་ཏཱ་ར་ནཱ་ཐས་སྨྲས་པའོ། ༈ །མཆོག་དངོས་གྲུབ་པའི་དབང་ཕྱུག་ཧེ་རུ་ཀ །རིག་པ་འཛིན་པ་ཡོངས་ཀྱི་འཁོར་ལོས་བསྒྱུར། །གང་གི་གསུང་གསང་མཆོག་གི་དཔལ་བཟང་པོ། །ཆོས་སྦྱིན་མི་ཟད་བར་དུ་བསྐྲུན་པའི་མཐུས། །བསྟན་དང་བསྟན་འཛིན་ཀུན་གྱི་མི་མཐུན་ཕྱོགས། །ཉེར་ཞི་དཔལ་འབྱོར་ཡེ་ཤེས་རྣམ་པར་རྒྱས། །ཆོས་ལྡན་རྒྱལ་པོའི་ཆབ་སྲིད་རྟག་བརྟན་ཅིང་། །འགྲོ་རྣམས་ཉེར་འཚེའི་གནས་བྲལ་དགེ་ལེགས་འཕེལ། །བདག་ཅག་རྗེ་བཙུན་མྱུར་མ་དཔའ་མོ་ཡིས། །ཚེ་རབས་ཀུན་ཏུ་རྗེས་བཟུང་རྣམ་བཞི་ཡི། །ཡིད་འདོད་རེ་བའི་འབྲས་བུ་མ་ལུས་པ། །མྱུར་འགྲུབ་དམ་པའི་སྣང་བ་རྒྱས་གྱུར་ཅིང་། །རྡོ་རྗེ་སློབ་དཔོན་མགོན་བཅས་འཕགས་མའི་ཚོགས། །ནམ་ཡང་གཙུག་གི་རྒྱན་དུ་བཞུགས་གྱུར་ཅིག །ཅེས་པའང་དབོན་སྤྲུལ་ཀརྨ་རཏྣས་སོ། །སརྦ་མངྒ་ལཾ།། །།

ལྟུང་བཤགས་ཀྱི་འགྲེལ་པ།

ལྟུང་བཤགས་ཀྱི་འགྲེལ་པ་བཞུགས་སོ། །ༀ་སྭ་སྟི་སིདྡྷི་པྲ་ཛེ་བྷྱེཿ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདིར་ཕུང་པོ་གསུམ་པའི་རྒྱུན་བཤགས་ཀྱི་དོན་ཅུང་ཟད་བཤད་པར་བྱ་སྟེ། དེ་ཡང་འདི་ནི་འཕགས་པ་དཀོན་མཆ ོག་བརྩེགས་པ་ཆོས་ཀྱི་རྣམ་གྲངས་སྟོང་ཕྲག་བརྒྱ་པ་ལས། འདུས་པ་ཉི་ཤུ་རྩ་བཞི་པ་འདུལ་བ་རྣམ་པར་གཏན་ལ་དབབ་པ་ཞེས་ཀྱང་བྱ། ཉེ་བ་འཁོར་གྱིས་ཞུས་པའི་མདོ་ཞེས་ཀྱང་བྱ་བ་ལས་འབྱུང་བ་ཡིན་ཏེ། དེ་ནི་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་དགེ་སློང་ལྔ་བརྒྱ་དང་། བྱང་ཆུབ་སེམས་དཔའ་སྟོང་ཕྲག་གཅིག་དང་བཅས་པ་དང་ལྷན་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཕྱི་མའི་དུས་ན་དམ་པའི་ཆོས་ཡོངས་སུ་གཟུང་བའི་ཕྱིར་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱ་བའི་ཕྱིར་ཐབས་སྣ་ཚོགས་པའི་ཆོས་སྐྱོང་བར་འཁོར་རྣམས་ལ་སྤྲོ་བ་འདྲི་བར་མཛད་དོ། །དེ་ནས་བྱང་ཆུབ་སེམས་དཔའ་བྱམས་པ་ལ་སོགས་པ་དངོས་སུ་སྨོས་པ་སུམ་ཅུ་རྩ་བརྒྱད་ཙམ་གྱིས། རང་རང་གི་སྐལ་བ་དང་མ ཐུན་པར་སྤྲོ་བར་ཁས་བླངས་སོ། །དེ་ནས་ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་དེ་རྣམས་ཀྱི་གོ་ཆ་ཆེན་པོའི་ཚུལ་ལ་ངོ་མཚར་སྐྱེས་པ་ན། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཏིང་ངེ་འཛིན་དང་ཐབས་མཁས་དང་། ཤེས་རབ་དང་ཡེ་ཤེས་ཀྱི་ཡུལ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། སྤྲུལ་པ་སྣ་ཚོགས་སྟོན་ཀྱང་ཆོས་ཉིད་ལས་མི་གཡོ་ལ། གང་ལ་གང་འདུལ་གྱི་སྐུ་སྣ་ཚོགས་སྟོན་པ་སོགས་མང་དུ་གསུངས་ནས། བྱང་ཆུབ་སེམས་དཔའ་ཁྱིམ་པས། ཆོས་དང་ཟང་ཟིང་སྦྱིན་པ་གཉིས་ལ་བསླབ་པར་བྱའོ། །རབ་ཏུ་བྱུང་བས་སྨྱུ་གུ་དང་སྣག་ཚ་དང་གླེགས་བམ་དང་ཆོས་སྦྱིན་པ་ལ་བསླབ་བར་བྱའོ། །མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས། གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་ལ་བསླབ་ཅེས་གསུངས་ཏེ། དེ་ལ་གཏོང་བ་ནི་རྒྱལ་སྲིད་ལ་སོགས་པ་དང་། གཏོང་བ་ཆེན་པོ་ནི་བུ་དང་ཆུང་མ་སོགས་དང་། ཤིན་ཏུ་གཏོང་བ་ནི་མགོ་དང་རྐང་ལག་ལ་སོགས་པའོ། །ཡང་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་ཉོན་མོངས་པ་གསུམ་གྱིས་འཇིགས་སམ་མི་འཇིགས་ཞུས་པ་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁ་ན་མ་ཐོ་བ་ཆེན་པོ་ནི་གཉིས་སོ། །ཞེ་སྡང་དང་ལྡན་པ་དང་། གཏི་མུག་དང་ལྡན་པའོ། །འདོད་ཆགས་དང་ལྡན་པའི་ཁ་ན་མ་ཐོ་བ་ནི། ཁ་ན་མ་ཐོ་བའི་ངོས་ནས་ཆུང་ལ་འབྲལ་བར་ནི་དཀའོ། །ཞེ་སྡང་དང་ལྡན་པ་ནི། ཁ་ན་མ་ཐོ་བ་ཆེ་ལ་འབྲལ་བར་ནི་སླ་བ་ཡིན། གཏི་མུག་དང་ལྡན་པ་ནི། ཁ་ན་མ་ཐོ་བ་ཆེ་ལ་འབྲལ་བར་ཡང་དཀའ་བ་ཡིན། དེའི་རྒྱུ་མཚན་འདོད་ཆགས་འཁོར་བ་འཛིན་པའི་ས་བོན་དང་ཉིང་མཚམས་སྦྱོར་བ་ཡིན། ཞེ་སྡང་ངན་སོང་གི་རྒྱུ་ཡིན་ཡང་སྤོང་བའི་རྣམ་པ་ཅན་ཡིན་པའི་ཕྱིར་དང་། གཏི་མུག་ནི་མི་ཤེས་པའི་རང་བཞིན་ཤིན་ཏུ་འ གྲོལ་དཀའ་བའི་ཕྱིར། དམྱལ་བ་བརྒྱད་ཀྱི་ཡང་རྩ་བ་ཡིན་ནོ། །འདོད་ཆགས་དང་བཅས་པའི་ཁ་ན་མ་ཐོ་བ་ཆེན་པོའི་ཉེས་ལྟུང་གིས་ཕོག་ན། བྱང་ཆུབ་སེམས་དཔའི་ཚོགས་པ་བཅུ་ཚོགས་ལ་བཤགས་དགོས་པ་དང་། རགས་པའི་ལྷག་མ་ལྟ་བུ་འབྲིང་པོ་ནི་ལྔ་ཚོགས་ལ་བཤགས་དགོས་པ་དང་། ཆགས་སེམས་ཀྱིས་ལྟ་བ་ལྟ་བུ་ཆུང་ངུ་ནི་གཅིག་གམ་གཉིས་ལ་བཤགས་པ་ཡིན་ནོ། །འདོད་ཆགས་ལ་དངོས་སུ་དེ་ལྟར་གསུངས་པའི་ཤུགས་ལ། ཞེ་སྡང་གཏི་མུག་གཉིས་ལ་དེའི་ཉིས་འགྱུར་ཡིན་པར་དོན་གྱིས་གོ་བར་བྱའོ། །དུག་གསུམ་གྱིས་ཀུན་ནས་བླངས་པའི་ལས་ཆེ་བ་མཚམས་མེད་པ་ལྔ་དང་། དགེ་འདུན་དང་མཆོད་རྟེན་ལ་སྡིག་བསགས་པ་རྣམས་དང་། འབྲིང་པོ་བུད་མེད་ཀྱི་ཉེས་པ་ལ་སོགས་པ་དང་། ཆུང་བ་ཁྱེའུ་དང་ལག་པའི་ཉེས་པ་ལ་སོགས་པ་སྟེ། མདོར་ན་ཉེས་པ་ལྕི་བ་ཐམས་ཅད་ཀྱང་སངས་རྒྱས་སུམ་ཅུ་རྩ་ལྔའི་སྤྱན་སྔར་ཉིན་མཚན་དུས་དྲུག་ཏུ་བཤགས་པས་འདག་པར་འགྱུར་ན། ཆུང་ངུ་དང་འབྲིང་པོ་ལྟ་སྨོས་ཀྱང་ཅི་དགོས། འདི་ནི་གོང་དུ་བྱང་ཆུབ་སེམས་དཔའི་དགེ་འདུན་གྱི་མདུན་དུ་བཤགས་པར་མ་ནུས་ན་ཡང་། སངས་རྒྱས་རྣམས་ཡིད་ཀྱིས་དམིགས་པའི་སྤྱན་སྔར་བཤགས་པས་འདག་པའི་དོན་ནོ། །དེའི་རྗེས་སུ་ཕུང་པོ་གསུམ་པའི་བཤགས་པ་ཉིད་གསུངས་ནས། སངས་རྒྱས་སུམ་ཅུ་སོ་ལྔ་པོ་དེ་དག་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཡིད་ལ་བྱེད་ན་སྡིག་པ་དག་པར་འགྱུར་ལ། སྡིག་པ་དག་པ་ལ་ཞལ་སྟོན་པར་འགྱུར་རོ། །སངས་རྒྱས་བྱང་སེམས་རྣམས་ནི་སོ་སོ་སྐྱེ་བོ་འཁྲུལ་པ་ཅན་རྣམས་སྨིན་པར་བྱ་བའི་ཕྱིར་དང་མོས་པ་སྣ་ཚོགས་རྣམས་ཐར་པ་མཆོག་ཐོབ་པའི་ཕྱིར། སྨོན་ལམ་རྫོགས་པར་མཛད་ཀྱང་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་དོ། །གཞན་ཡང་བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། སྙིང་རྗེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་མཐུ་ལས། ལོག་པར་ལྟུང་བའི་འགྲོ་བ་བཞི་པོ་རྣམས་ཀྱི་གཟུགས་བཟུང་ནས། དེ་རྣམས་སྨིན་པར་མཛད་དོ། །བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱིས་ཁྱིམ་བདག་གི་གཟུགས་དང་། དེ་བཞིན་དུ་རིམ་གྱིས་སྦྱར་ནས། ཞི་བའི་ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་གཟུགས་དང་། དབང་སྒྱུར་བའི་ཏིང་ངེ་འཛིན་གྱིས་མོས་པ་ཇི་ལྟ་བའི་གཟུགས་སྟོན་པའི་བར་ཏིང་ངེ་འཛིན་བརྒྱད་གསུངས་ནས། དེ་ལྟར་སྔོན་ཡང་བདག་དང་སེམས་ཅན་དུ་དམིགས་པ་མེད་དོ། །སེང་གེའི་སྒྲ་སྐད་བྱི་ལས་བཟོད་པར་མི་ནུས་པ་སོགས་དཔེ་བཞི་གསུངས་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་དཔའ་མཆོག་དང་། དགེ་རྩའི་སྟོབས་ཀྱིས་ཉེས་པ་ཐམས་ཅད་སྐད་ཅིག་གཅིག་ལ་སྤངས་ཏེ་སངས་རྒྱས་མཐོང་བའི་ཏིང་ངེ་འཛིན་ཐོབ་པ་ནི། བཤགས་པའི་ཡུལ་དུ་བྱང་ཆུབ་ཀྱི་སེམས་ཀྱི་སྟོབས་དང་། ཐབས་མཁས་ཀྱི་ཁྱད་པར་ཡིན་པས། ཉན་རང་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་ལ། ཉིན་མཚན་དུས་དྲུག་ཏུ་སངས་རྒྱས་ཀྱི་མཚན་འཛིན་ཅིང་། ཕུང་པོ་གསུམ་པ་འདོན་པ་དེ་དག་ནི། ཉེས་ལྟུང་ཐམས་ཅད་བྱང་ཞིང་། སངས་རྒྱས་མཐོང་བའི་ཏིང་ངེ་འཛིན་ཡང་ཐོབ་པར་འགྱུར་རོ། །ཞེས་གསུངས་སོ། །དེ་ནས་འཕགས་པ་ཉེ་བར་འཁོར་ཡང་འཁོར་དེར་འདུས་ནས། འདུལ་བ་རྣམ་པར་གཏན་ལ་དབབ་པ་ཞུས་པས། བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་སྦྱོར་བ་དང་བསམ་པ་ཡང་གཞན། ཐེག་ཆེན་ལ་ཞུགས་པ་རྣམས་ཀྱིས་སྦྱོར་བ་དང་བསམ་པ་ཡང་གཞན་ཡིན་ཏེ། ཉན་ཐོས་པ་རང་དོན་ཁོ་ན་ལ་ཞུགས་པ་དང་། འཁོར་བས་འཇིགས་པ་སྐྱེ་བ་འཕྲལ་དུ་སྦྱོར་བར་འདོད་པའི་ཚུལ་ཁྲིམས་དེ་ནི། ཐིག་ཆེན་ཁས་བླངས་ན་ཤིན་ཏུ་ཚུལ་ཁྲིམས་འཆལ་བ་ཡིན་ལ། ཐེག་ཆེན་པ་གཞན་དོན་དུ་བསྐལ་པ་མཐའ་ཡས་པའི་བར་དུའང་འཁོར་བར་གནས་དགོས་ཤིང་། དེ་ལ་དམིགས་པའི་ཚུལ་ཁྲིམས་དེ་ནི་ཉན་ཐོས་བླངས་ན་ཉན་ཐོས་ཐེག་པ་ཁོ་ན་ལ་ལྟོས་པའི་ལྟུང་བ་ཆེན་པོར་འཛིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བསླབ་པ་ནི། རྗེས་སུ་བསྲུང་བ་དང་བཅས་པ་སྟེ། སེམས་ཅན་རྣམས་ཀྱི་སེམས་དང་མཐུན་པར་འཇུག་པ་ཡིན་ལ། ཉན་ཐོས་རྣམས་ཀྱིས་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པ་ནི་བཅོས་སུ་ཡོད་པ་ཡིན་ཏེ། སྔ་དྲོའི་ཚེ་ཉེས་པ་བྱུང་ཡང་གུང་ཚིགས་ཀྱི་དུས་ཐམས་ཅད་མཁྱེན་པའི་སེམས་དང་མ་འབྲལ་བས་གནས་ན། ཚུལ་ཁྲིམས་ཀྱི་ཕུང་པོ་མ་ཟད་པ་ཁོ་ན་ཡིན་པ་སོགས་ཐུན་མཚམས་ཐམས་ཅད་ལ་སྦྱར་ནས། ཧ་ཅང་འགྱོད་པར་མི་བྱ་བ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ལྟུང་བ་ཡང་ཡང་བྱུང་ན། ཚུལ་ཁྲིམས་ཡོངས་སུ་ཟད་པར་འགྱུར་བ་ཡིན་ལ། ཁམས་གསུམ་གྱི་ཉོན་མོངས་འཕྲལ་དུ་སྤངས་ནས། རང་དོན་མྱང་འདས་མྱུར་དུ་ཐོབ་པར་བྱེད་དགོས་པའི་ཕྱིར་བསླབ་པ་བཅོས་སུ་མེད་པའོ། །ཡང་བྱང་ཆུབ་སེམས་དཔའ་ནི་བྱང་ཆུབ་ཀྱི་སེམས་སྤངས་ན། བསྐལ་པ་མཐའ་ཡས་པར་འདོད་པའི་ཡོན་ཏན་ལྔས་བརྩེ་བར་བྱེད་ཀྱང་། ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་ཉིད་དེ། རྨི་ལམ་ན་ཡང་ཉོན་མོངས་པས་རེག་པར་མི་འགྱུར་བའི་ཕྱིར། བསླབ་པ་རིང་དུ་རྗེས་སུ་ཞུགས་པ་ཞེས་བྱ་ལ། ཉན་ཐོས་རྣམས་འབྲས་བུ་ཆུང་ངུ་དེ་འཕྲལ་དུ་ཐོབ་པའི་ཕྱིར། ལམ་ཆུང་ངུ་ལ་བརྩོན་འགྲུས་མྱུར་དུ་འཇུག་དགོས་པས་བསླབ་པ་མཐར་ཆགས་པ་སྟེ་མ་འདྲེས་པར་དགོས་པ་ཡིན་ནོ། །དེ་ཡང་རྫོགས་པའི་བྱང་ཆུབ་ནི་ཚེགས་ཆེན་པོས་སྒྲུབ་དགོས་པ་ཡིན་པས། སྡུག་བསྔལ་སྐྱོ་བ་དང་ཆགས་བྲལ་བ་གཅིག་ཏུ་ཕྱོགས་པ་ཙམ་གྱིས་འགྲུབ་པར་མི་འགྱུར་བ་སོགས་གསུངས་སོ། །དེ་ནས་ཉེ་བ་འཁོར་གྱིས་ཉེས་པ་ལྕི་ཡང་ཞུས་པ་ལ། ཐེག་ཆེན་ཁོ་ནའི་དབང་དུ་བྱས་ནས། འདོད་ཆགས་དང་མཚུངས་ལྡན་གྱི་ཉེས་པ་དུས་མཐའ་ཡས་པར་བྱུང་བ་ལས་ཀྱང་ཞེ་སྡང་དང་མཚུངས་ལྡན་གྱི་ཉེས་པ་ལན་གཅིག་བྱུང་བ་ཡང་ལྕི་སྟེ། ཞེ་སྡང་ནི་སེམས་ཅན་གཏོང་བ་ཡིན། འདོད་ཆགས་ནི་སེམས་ཅན་སྡུད་པ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་འབྲལ་བ་བུལ་བ་སྟེ་འབྲལ་དཀའ་ཡང་། ཁ་ན་མ་ཐོ་བ་དང་བཅས་པ་ཆུང་བ་དེ་ནི། བྱང་ཆུབ་སེམས་དཔའ་ལ་ཉོན་མོངས་པར་མི་ཆེ་ལ། འབྲལ་བ་མྱུར་ཡང་ཁ་ན་མ་ཐོ་བ་དང་བཅས་པ་ཆེ་བ་དེ་ནི་དེ་ལས་ལྡོག་པ་ཡིན་པར་གསུངས་ནས། བྱང་སེམས་ཐབས་མི་མཁས་པ་དེ་འདོད་ཆགས་ལ་འཇིགས་ཤིང་ཞེ་སྡང་ལ་མི་འཇིགས་ལ། ཐབས་མཁས་པ་ནི་དེ་ལས་ལྡོག་པའོ། །དེ་ནས་འཕགས་པ་འཇམ་དཔལ་འཁོར་དེར་འདུས་ནས། དུལ་བའི་ཆོས་ལ་འདུལ་བ་ཅི་ཞིག་མཆི་ཞེས་ཞུས་པ་ལ། ཆོས་ཐམས་ཅད་ཤིན་ཏུ་དུལ་བ་ཡིན་ཡང་དེ་ལྟར་མི་ཤེས་པ་ལ་འདུལ་བ་ཡང་ཡང་བསྟན་ཞེས་གསུངས་ཏེ། ཉོན་མོངས་རང་བཞིན་གྱིས་མེད་ཀྱང་དེ་ལྟར་མ་ཤེས་པ་ལ། འདུལ་བ་བསྟན་ཞེས་པའི་དོན་ནོ། །དེ་ནས་ཉེ་བར་འཁོར་གྱིས་བཅོམ་ལྡན་འདས་བརྒྱུད་ནས་འཇམ་དཔལ་ཆོས་སྟོན་པར་བསྐུལ། འཇམ་དཔལ་གྱིས་ཀྱང་སེམས་རང་བཞིན་གྱིས་དུལ་བ་དང་། བདག་མི་དམིགས་པ་དང་། བླང་དོར་མེད་པ་དང་། ནམ་མཁའི་མཐའ་ལ་གནས་པ་དང་། དུས་གསུམ་མི་དམིགས་པ་ལ་སོགས་པ་སྟོང་པ་ཉིད་ཀྱི་དོན་བཤད་ནས། ཆོས་ཉིད་འདི་ལ་མི་མོས་ན་བསླབ་པ་ལས་རིང་དུ་གྱུར་ཞེས་བཤད་དོ། །དེ་ནས་ཉེ་བ་འཁོར་གྱིས་འཇམ་དཔལ་ནི་ཆོས་གང་སྟོན་ཡང་བསམ་གྱིས་མི་ཁྱབ་པ་ལས་བརྩམས་ཏེ་སྟོན་ནོ། །ཞེས་ཞུས་པ་ལ། སྟོན་པས་བསམ་མི་ཁྱབ་ལ་མ་བརྟེན་ན་རྣམ་པར་གྲོལ་བ་མེད་པས། འཇམ་དཔལ་ཡང་རྟོག་པ་ཐམས་ཅད་སྤངས་པ་དང་། ལྷག་པའི་ང་རྒྱལ་སྤངས་པའི་ཕྱིར་ཆོས་སྟོན་ནོ། །དེ་བཞིན་དུ་འདོད་ཆགས་ལ་སོགས་པ་བདེན་པར་ཞེན་པས་སྤོང་སེམས་དང་། རྣམ་པར་བྱང་བའི་ཆོས་ལ་བདེན་པར་ཞེན་ནས་ཐོབ་འདོད་དང་། ཟབ་མི་ཟབ་བམ། ཐེག་པ་གསུམ་མམ། ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལ་བདེན་ཞེན་གྱིས་དབྱེ་འབྱེད་དང་། ཐ་ན་བསམ་པར་བྱ་བ་ཅི་ཡང་མེད་དོ། །ཞེས་སེམས་ཀྱང་། དེ་ཐམས་ཅད་ལྷག་པའི་ང་རྒྱལ་སྤྱོད་པ་ཡིན་ཅིང་། བསམ་གྱིས་མི་ཁྱབ་པ་ཉིད་ལ་མངོན་པར་མ་ཞེན་ན་ལྷག་པའི་ང་རྒྱལ་མེད་དོ་ཞེས་གསུངས། དེ་ནས་སྟོན་པས་ཆེད་དུ་བརྗོད་པའི་ཚུལ་གྱིས་ཚིགས་བཅད་རྒྱས་པར་གསུངས་ཏེ། བསམ་གྱིས་མི་ཁྱབ་པའི་གནས་དང་། དེ་ཉིད་ལ་མངོན་པར་ཞེན་པ་མེད་པ་བའི་ཚུལ་དེ་ཉིད། གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་ལ་སྦྱར་ནས། གདམས་པ་དང་བཅས་ཏེ་ཟབ་རྒྱས་སུ་གསུངས་སོ། །སྐབས་འདིར། ཤེས་རབ་ཆོས་རྣམས་ཤེས་པར་གྱིས་ཤིག་ཅེས། །ཤེས་རབ་ལྷག་མཐོང་བློ་གྲོས་བློ་བརྟེན་ཡང་། །རང་བཞིན་རང་བཞིན་མེད་པ་ནམ་དུ་ཡང་། །ཤེས་པར་མི་ནུས་དེ་ཡང་ངེས་པར་བསྟན། །ཞེས་རང་བཞིན་ཡོད་མེད་ཀྱི་དབྱེ་བ་དང་། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བས་ཀྱང་། །གང་དག་ཤི་འཕོས་ངན་སོང་དྲག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །ཞེས་པས་གང་ཟག་གི་བདག་མེད་པ་གཙོ་བོར་བསྟན་ཅིང་། གང་དག་རལ་གྲི་མདའ་ཆེན་མཚོན་འཛིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་བབས་མཐོང་དེ་ན་མཚོན་ཆ་མེད། །ཅེས་ཕྱི་རོལ་གྱི་དོན་མེད་ཅིང་སེམས་སུ་བསྟན་པ་དང་། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །ཞེས་བྱེད་པོ་གཞན་མེད་ཀྱི་རྟོག་པ་ཉིད་ཡིན་པས། སྣང་བ་དེ་ཡང་སེམས་ལས་གཞན་མིན་ནོ་ཞེས་པའི་དོན་དང་། རྟོག་པའི་དབང་གིས་འཇིག་རྟེན་རྣམས་བཏགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་བྱུང་མིན་ཏེ། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་གཟུང་འཛིན་གཉིས་ཀ་མེད་པར་བསྟན་ནོ། །ཀུན་གཞིར་མ་གྱུར་མྱ་ངན་འདས་པ་ཐོབ། །མཁའ་འདྲ་ཆོས་རྣམས་འདི་དག་ཤེས་གྱུར་ན། །ཞིང་བརྒྱ་རྣམས་སུ་ཐོགས་མེད་འགྲོ་འགྱུར་ཞིང་། །ཞེས་སོགས་ཀུན་གཞི་རྣམ་ཤེས་སྤངས་ན་མཐར་ཐུག་ཡིན་པ་དང་། བསམ་གྱིས་མི་ཁྱབ་པ་རྟོག་པའི་ཡོན་ཏན་ཡང་གསུངས་སོ། །དེ་ནས་ཆོས་ཀྱི་རྣམ་གྲངས་འདི་གསུངས་པས། དགེ་སློང་ལྷག་པའི་ང་རྒྱལ་ཅན་གཉིས་བརྒྱད་དགྲ་བཅོམ་པ་ཐོབ་པ་དང་། སེམས་དཔའ་དྲུག་ཁྲི་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་བོ། །དེའི་རྗེས་སུ་མདོ་འདིའི་མཚན་གྱི་རྣམ་གྲངས་བཤད་པ་དང་། འཁོར་རྣམས་དགའ་ཞིང་ཡི་རང་བའི་བར་དུ་ཡང་ཡོད་དོ། །དེ་ལྟར་རྒྱུན་བཤགས་འདི་ཉིད་གང་ལས་འབྱུང་བའི་མདོའི་བཞུགས་ཚུལ་བཀོད་པས། ཐེག་པ་ཆེ་ཆུང་གི་ཉེས་ལྟུང་གི་ཁྱད་པར་དང་། ཐེག་ཆེན་ཉིད་ཀྱི་ལྟུང་བ་ལྕི་ཡང་དང་། མཐར་ཐུག་རྫོགས་པར་འགྱུར་མི་འགྱུར་གྱི་ཁྱད་པར་སོགས་རྨད་དུ་བྱུང་བའི་ཆོས་ལ་ངེས་པ་རྙེད་པར་འགྱུར་རོ། །ད་ནི་རྒྱུན་བཤགས་ཀྱི་གཞུང་དངོས་ལ་འཇུག་པར་བྱ་སྟེ། གཞུང་འདི་ཕུང་པོ་གསུམ་དང་། སྟོབས་བཞི་དང་། བླ་ན་མེད་པའི་མཆོད་པ་རྣམ་པ་བདུན་པོ་དག་གིས་བསྡུས་པ་ཡིན་ནོ། །ཞེས་འཆད་དོ། །དང་པོ་ལ་འགའ་ཞིག་བཤགས་པ་ཡི་རང་བསྔོ་བའི་ཕུང་པོ་གསུམ་དུ་འཆད་ལ། འདི་ཉིད་ཀྱི་འགྲེལ་པ་གཅིག་ན། བཤགས་པ་དང་། དགེ་བ་དང་། གསོལ་འདེབས་ཀྱི་ཕུང་པོ་ཞེས་འཆད་དོ། །འོན་ཀྱང་ཕྱག་འཚལ་བ་དང་། བཤགས་པ་དང་། ཡོངས་སུ་བསྔོ་བའི་ཕུང་པོ་གསུམ་ལ་ངོས་འཛིན་པ་ཉིད་གཞུང་གི་ཚིག་དོན་དུམ་བུར་འབྱེད་པའི་དབང་དུ་བྱས་ན་ལེགས་པར་མཐོང་སྟེ། དེ་ལྟར་ན་རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཡན་ཆད་ཕྱག་འཚལ་བའི་ཕུང་པོ་དང་། དགོངས་སུ་གསོལ་ནས་སླན་ཆད་ཀྱང་སྡོམ་པར་བགྱི་ལགས་སོ་ཡན་ཆད་སྡིག་པ་བཤགས་པའི་ཕུང་པོ་དང་། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་བདག་ལ་དགོངས་སུ་གསོལ་ཞེས་པ་མན་ཆད་ཡོངས་སུ་བསྔོ་བའི་ཕུང་པོ་ཡིན་ནོ། །འདི་ལ་དགོངས་གསོལ་གཉིས་ཀྱང་དོན་ཚན་ཕྱི་མའི་སོ་སོའི་འགོ་རྩོམ་བྱེད་དུ་གསལ་བ་དང་། གཞུང་ཚིག་སྡེ་ཚན་གསུམ་པོ་མང་ཉུང་ཆེས་མི་སྙོམས་པ་མེད་པ་སོགས་ཀྱི་ལུགས་འདི་ལེགས་པར་མཐོང་སྟེ། ཐོག་མའི་སྐྱབས་འགྲོ་ནི་ཡོན་ཏན་དྲན་པའི་ཕྱིར་བྱུང་བ་ཡིན་པས། ཕྱག་འཚལ་བའི་སྡེ་ཚན་ཡིན་ལ། བཤགས་པ་འོག་མ་མན་ཆད་རྣམ་གྲངས་གཞན་གྱི་སྒོ་ནས་བསྟན་པའོ། །གཉིས་པ་སྟོབས་བཞིའི་བསྡུ་ཚུལ་འཆད་ཚུལ་ལ། འཆད་ཚུལ་མི་འདྲ་བ་མང་དུ་སྣང་ཡང་། བསྡུས་པའི་དོན་འདི་ལྟར་བྱ་སྟེ། བཤགས་པ་དངོས་དང་། བཤགས་པའི་ཡན་ལག་སྟོབས་བཞི་བཤད་པའོ། །དང་པོ་ནི། སྡིག་པ་མི་དགེ་བའི་ལས་ཞེས་པ་ནས། འཇུག་པ་ལ་རྗེས་སུ་ཡི་རང་བའམ་ཞེས་པའི་བར་དང་། དེ་དག་གི་སྤྱན་སྔར་སོགས་དང་། སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ་ཞེས་པའོ། །གཉིས་པ་ལ་རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སླར་ལྡོག་པའི་སྟོབས། སུན་འབྱིན་པའི་སྟོབས་རྣམས་ལས། རྟེན་གྱི་སྟོབས་ལ། རྟེན་ཡུལ་གྱི་སྟོབས་ནི། ཕྱག་འཚལ་གྱི་ཡུལ་དུ་གྱུར་པའི་སངས་རྒྱས་རྣམས་ལ། སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སུ་གྱུར་པ་སོགས་སོ། །རང་རྒྱུད་ལ་དགོས་པའི་རྟེན་གྱི་སྟོབས་ནི། ཐོག་མཐའི་སྐྱབས་འགྲོ་གཉིས་ཡིན་ལ། བསྔོ་བའི་ཁོང་གི་སེམས་བསྐྱེད་ཀྱང་དེར་བསྡུའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། ཕྱག་འཚལ་དང་། ཡི་རངས་དང་། གསོལ་འདེབས་དང་། ཡོངས་སུ་བསྔོ་བ་སྔ་ཕྱི་གཉིས་སོ། །སུན་འབྱིན་པའི་སྟོབས་ནི། ལས་ཀྱི་སྒྲིབ་པ་གང་གིས་སོགས། སླར་ལྡོག་པའི་སྟོབས་ནི། སླན་ཆད་ཀྱང་གཅོད་ཅིང་སྡོམ་པར་བགྱིད་ལགས་སོ། །ཞེས་པའོ། །གསུམ་པ་ནི་དངོས་སུ་མ་ཚང་ཡང་བཤད་ཡམ་ཙམ་མམ། དོན་གྱི་སྟོབས་སྦྱར་ན་འགལ་བ་མེད་པས་དེ་ལྟར་སྦྱར་ན། རི་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ་ཞེས་པ་ཡན་ཆད་ཕྱག་འཚལ་བའི་ཡན་ལག་དང་། དེ་རྗེས་ནས་བསྡམ་པར་བགྱིད་ལགས་སོ་ཞེས་པ་ཡན་ཆད་སྡིག་པ་བཤགས་པའི་ཡན་ལག་དང་། བདག་གིས་ཀྱང་ཡོངས་སུ་བསྔོ་བར་བགྱིའོ་ཞེས་པ་ཡན་ཆད་བསྔོ་བའི་ཡན་ལག་དང་། བསོད་ནམས་ཐམས་ཅད་ལ་རྗེས་སུ་ཡི་རང་ངོ་ཞེས་པ་ཡན་ཆད་ཡི་རང་བའི་ཡན་ལག་ཡིན་ལ། སངས་རྒྱས་ཐམས་ཅད་ལ་གསོལ་འདེབས་སོ་ཞེས་པས་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་འདེབས་པ་དང་། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་གཉིས་བསྟན་ཅིང་། ཐོག་མཐའི་སྐྱབས་འགྲོ་དང་། བསྔོ་བའི་ཁོང་གི་སེམས་བསྐྱེད་ཀྱང་བསྣན་ནས་ཕྱག་འཚལ་བཤགས་པ་ཡི་རང་གསོལ་འདེབས། སྐྱབས་འགྲོ་སེམས་བསྐྱེད་བསྔོ་བ་སྟེ། ཡན་ལག་བདུན་གྱི་བགྲང་ཚུལ་འདི་བཞིན་དུ་བྱས་ན་རུང་ཙམ་མོ། །འོན་ཀྱང་ཚིག་དོན་དང་འབྲེལ་བའི་དོན་བསྡུ་ལ་སྦྱོར་ན་ཡན་ལག་བདུན་དུ་བགྲང་པ་མི་ལེགས་ཏེ། སེམས་བསྐྱེད་བསྔོ་བ་ལས་གཞན་དུ་མ་དམིགས་པ་དང་། གོ་རིམ་ཡང་འཆོལ་བར་གནས་པས་སོ། །བསྔོ་བའི་ཁོང་གི་སེམས་བསྐྱེད་སོགས་རྟེན་དང་དཀར་པོ་ས་བོན་གྱི་སྟོབས་ལ་མཚུངས་སོ་སྙམ་ན་མ་ཡིན་ཏེ། ཆ་ཚང་བར་བྱ་བའི་ཕྱིར་འཕྲོས་དོན་དུ་དེ་ལྟར་བཤད་ཀྱི། རྟེན་སྐྱབས་འགྲོ་དང་། དཀར་པོ་ས་བོན་ཡི་རང་སོགས་རྐང་ཐུབ་ཀྱི་གཞུང་ཡོད་པའི་ཕྱིར་རོ། །སྤྱིར་མདོ་ལུགས་ཀྱི་ཡན་ལག་བདུན་པ་ཕལ་ཆེར་ལ་མཆོད་པ་ཡོད་ཅིང་། གསོལ་འདེབས་གཉིས་སོ་སོར་བགྲང་བ་དང་། སྐྱབས་འགྲོ་སེམས་བསྐྱེད་མི་བགྲང་བ་མང་བར་སྣང་བས། འདིར་ཡན་ལག་བདུན་པ་ཚང་བར་རྩིབ་ངེས་པར་དགོས་པ་མིན་ལ། ཁ་ཅིག་སྐྱབས་འགྲོས་མཆོད་པ་དོན་གྱི་འཕངས་པས་དེ་བགྲང་བར་འདོད་པ་ནི། དངོས་བསྟན་བོར་ནས་ཤུགས་བསྟན་འཚོལ་བ་ཕོངས་པའི་རྒྱུ་ཉིད་དོ། །ད་ནི་ཚིག་དོན་ཅུང་ཟད་བརྗོད་པར་བྱ་སྟེ། དེ་ཡང་གཞུང་འདིའི་དོན་ལ་དབྱེ་ན། ཕུང་པོ་གསུམ་རྒྱས་པར་བསྟན་པ་དང་། རྒྱུན་བཤགས་མདོར་བསྡུས་པས་བཤད་པའི། དང་པོ་ལ། ཕྱག་འཚལ་བའི་ཕུང་པོ། སྡིག་པ་བཤགས་པའི་ཕུང་པོ། ཡོངས་སུ་བསྔོ་བའི་ཕུང་པོ་བཤད་པ་གསུམ་ལས། དང་པོ་ལ་བྱེད་པ་པོ་རང་གི་དོན། དམིགས་པ་ཡུལ་གྱི་དོན། བྱེད་པ་ཕྱག་འཚལ་བ་དངོས་ཏེ་གསུམ་ལས། དང་པོ་ནི། བདག་མིང་འདི་ཞེས་བགྱི་བ་ཞེས་པ་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་སྐྱེས་བུ་བདག་ཉིད་ཀྱི་མིང་བརྗོད་པར་བྱ་སྟེ། གང་རང་གི་མིང་གསལ་བར་མི་བརྗོད་པ་དེ་ལ་ནི། ཉེས་པ་སྦེད་པའི་བསམ་པ་ཡོད་སྲིད་པས་དེ་དགག་པར་བྱ་བའི་ཕྱིར་བྱའོ། །གཉིས་པ་ནི། དཀོན་མཆོག་གསུམ་གྱི་ཡོན་ཏན་རྟོགས་པས་དེ་གསུམ་སྐྱབས་ཀྱི་ཡུལ་དུ་ཤེས་ཤིང་དེ་ཉིད་དྲན་པས་གསལ་བ་འདེབས་པ་ཡིན་ཏེ། སངས་རྒྱས་ལ་སྐྱབས་སུ་མཆིའོ་སོགས་ལ། ཆོས་སྤྱོད་འདི་ནི་ལས་དང་པོ་པ་དང་མོས་སྤྱོད་མན་ཆད་ཀྱི་བྱང་ཆུབ་སེམས་དཔས་བསྒྲུབ་པའི་དབང་དུ་བྱས་ནས། གནས་སྐབས་དང་མཐར་ཐུག་གི་སྐྱབས་ཡུལ་སོ་སོར་དབྱེ་བ་མི་བྱེད་དེ། སངས་རྒྱས་ནི་སྐུ་གསུམ་གྱིས་བསྡུས་པ་དངོས་དང་བཏགས་པ་བ་ཐམས་ཅད་དོ། །ཆོས་ནི་དམ་པའི་ཆོས་ལུང་དང་རྟོགས་པས་བསྡུས་པ་སྟེ། རྟོགས་པ་དེ་ཡང་ལམ་དང་འབྲས་བུའམ། འགོག་ལམ་གྱིས་བསྡུས་པ་ཐམས་ཅད་དོ། །དགེ་འདུན་ནི་ཕྱིར་མི་ལྡོག་གིས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་གཙོ་བོར་ཡིན་ལ། སྐབས་འདིར་ཉན་རང་འཕགས་པ་རྣམས་ཀྱང་ཞོར་བྱུང་དུ་ནི་ཡིན་ཏེ། བྱང་ཆུབ་སེམས་དཔའ་སོ་སྐྱེ་ས་མ་ཐོབ་པའི་སྤངས་པ་དང་རྟོགས་པའི་རིགས་ཉན་རང་འཕགས་པ་རྣམས་ཀྱིས་ཐོབ་པ་མང་དུ་ཡོད་པའི་ཕྱིར། ཡོན་ཏན་དེ་དག་གི་ཕྱོགས་ནས་བླ་མར་གྱུར་པ་དང་། དེ་དག་སྒྲུབ་པའི་ཕྱིར་ཡང་སྐྱབས་སུ་འགྲོ་བའོ། །སངས་རྒྱས་ཀྱི་ཡོན་ཏན་ནི་མཁྱེན་པ་དང་། ཐུགས་རྗེ་དང་། ནུས་མཐུ་བསམ་གྱིས་མི་ཁྱབ་པ་ལ་སོགས་པའོ། །ཆོས་ཀྱི་ཡོན་ཏན་འབྲས་བུའི་ཆོས་ནི་སྐྱོན་ཐམས་ཅད་སྤངས་ཤིང་ཡོན་ཏན་རྫོགས་པ་དང་། ལམ་གྱིས་ནི་སྒྲིབ་གཉིས་སྤོང་ཞིང་ཕུན་སུམ་ཚོགས་པ་ཐོབ་པར་བྱེད་པ་དང་། དེ་དག་རྣམས་མ་རྟོགས་པ་རྟོགས་པར་བྱེད་པ་ལུང་གི་ཆོས་ལ་རགས་ལས་པའོ། །དགེ་འདུན་གྱི་ཡོན་ཏན་ལམ་གྱི་ཆོས་དེ་དག་རྒྱུད་ལ་སྐྱེས་པས་སྐྱོན་མང་པོ་སྤངས་ཤིང་ཡོན་ཏན་དུ་མ་དང་ལྡན་པ། སྙིང་རྗེ་ཆེན་པོས་སེམས་ཅན་སྒྲོལ་བ་ལ་བརྩོན་པའོ། །དེའི་ཕྱིར་དཀོན་མཆོག་གསུམ་པོ་དེ་དག་སྐྱབས་སུ་འོས་ཤིང་ཕྱག་འཚལ་བར་འོས་པའོ། །གསུམ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ་ཞེས་པ་ལ་སོགས་པ་སྟེ། ཆོས་ཉིད་མ་ནོར་བར་གཟིགས་པས་དེ་བཞིན་གཤེགས་པ། བདུད་བཞི་བཅོམ་པའི་ཕྱིར་དགྲ་བཅོམ་པ། ཆོས་ཐམས་ཅད་མ་རིག་པའི་སྣང་བ་སངས་ཤིང་ཡེ་ཤེས་ཀྱི་སྣང་བ་རྒྱས་པའི་ཕྱིར་ཡང་དག་པ་རྫོགས་པའི་སངས་རྒྱས་སོ། །ཤཱཀྱ་ནི་ནུས་པའི་བདག་ཉིད་ཏེ། མཐུ་དང་སྙིང་སྟོབས་ཕུན་སུམ་ཚོགས་པ། ཐུབ་པ་ནི་དགྲ་ཐུབ་པ་སྟེ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའོ། །མདོའི་དཔེ་ཉིད་ལ་དེ་ཙམ་སྣང་ལ། དེང་སང་ཕལ་ཆེར་འདོན་པ་ལྟར་ན། བཅོམ་ལྡན་འདས་དང་དཔལ་རྒྱལ་བ་ཞེས་པའི་ཚིག་ཀྱང་སྣོན་པས། སྐལ་པ་དྲུག་གི་ཕུན་སུམ་ཚོགས་པ་དང་ལྡན་པས་བཅོམ་ལྡན་འདས་དང་། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པ་གྲུབ་པས་དཔལ་དང་། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བས་རྒྱལ་བའོ། །དེ་བཞིན་དུ་སྦྱར་ཏེ། མི་ཕྱེད་པས་རྡོ་རྗེ། སྲ་བས་སྙིང་པོ། འགྲོ་བའི་སྡུག་བསྔལ་ཐམས་ཅད་འཇོམས་པས་རབ་ཏུ་འཇོམས་པ་སྟེ་རྡོ་རྗེ་སྙིང་པོར་རབ་ཏུ་འཇོམས་པའོ། །མ་རིག་པ་སེལ་བའི་ཕྱིར་རིན་ཆེན་འོད་འཕྲོའོ། །ཆོས་དབྱིངས་རྒྱ་མཚོའི་བདག་པོ་ཡིན་པའི་ཕྱིར། ཀླུ་དབང་གི་རྒྱལ་པོའོ། །མི་མཐུན་པའི་ཕྱོགས་མཐའ་དག་འཇོམས་པའི་ཕྱིར་དབང་པོའི་སྡེའོ། །དེ་དང་འདྲ་བ་ལས་ཆོས་ཀྱི་དགའ་བས་དགྱེས་པ་ལས་དཔལ་དགྱེས་སོ། །རིན་པོ་ཆེ་ལྟར་མི་འགྱུར་ཞིང་གཞན་གྱི་ཉོན་མོངས་སྲེག་པས་རིན་ཆེན་མེའོ། །གདུལ་བྱའི་མ་ཡིན་པའི་མུན་པ་སེལ་བའི་ཕྱིར་རིན་ཆེན་ཟླ་འོད་དོ། །གང་གི་དེས་ཆོས་བསྟན་པའི་རྐྱེན་གྱིས་ཆོས་མཐོང་བ་ཐམས་ཅད་བྱང་ཆུབ་མཆོག་གི་དོན་ལ་ཐེ་ཚོམ་མེད་པར་སྦྱོར་བའི་ཕྱིར་མཐོང་བ་དོན་ཡོད་དོ། །ཐུགས་རྗེ་ཆེན་པོའི་བསིལ་ཟེར་སྤྲོ་བའི་ཕྱིར་རིན་ཆེན་ཟླ་བའོ། །མཐོང་བ་དང་སྒོམ་པ་སྤངས་པར་བྱ་བའི་སྒྲིབ་པའི་དྲི་མ་ཐམས་ཅད་སྤངས་པའི་ཕྱིར་དྲི་མ་མེད་པའོ། །སྒྲིབ་པ་ཐམས་ཅད་འཇོམས་པས་དཔའ་བར་གྱུར་པའི་ཡེ་ཤེས་སེམས་ཅན་ཐམས་ཅད་ལ་སྦྱིན་པར་མཛད་པའི་ཕྱིར་དཔའ་སྦྱིན་ནོ། །སྒྲིབ་པ་སྤངས་པས་གཙང་བའི་ཕྱིར་ཚངས་པའོ། །གདུལ་བྱ་མཐའ་ཡས་པ་སེམས་བསྐྱེད་དུ་བཅུག་པའི་ཕྱིར་ན། སངས་རྒྱས་མང་པོ་བསྐྱེད་ཅིང་སྤྲུལ་པར་སོང་བས་བྱེད་པ་པོ་ཚངས་པ་དང་འདྲ་སྟེ། དེས་བྱིན་པ་སྟེ་བསྐྱེད་པས་ན་བསྐྱེད་བྱའི་མིང་སྐྱེད་པ་པོར་བཏགས་པ་ཚངས་པས་བྱིན་ནོ། །སེམས་ཅན་རྣམས་ཀྱི་འདོད་ཆགས་ཁོང་ཁྲོ་ང་རྒྱལ་མ་རིག་པ་ལྟ་བ་ངན་པ་དང་ཐེ་ཚོམ་གྱི་མེ་འཇིལ་ཞིང་དྲི་མ་འཁྲུད་པར་མཛད་པའི་ཕྱིར་ཆུ་ལྷའོ། །དེ་དང་འདྲ་བ་ལས་ལྷའི་ཡང་ལྷར་གྱུར་པས་ན་ཆུ་ལྷའི་ལྷའོ། །གཞན་དོན་ཕུན་སུམ་ཚོགས་པའི་དཔལ་དང་། རང་ཉིད་ཀྱི་དྲི་མ་ཐམས་ཅད་སྤངས་པས་བཟང་པོ་སྟེ་དཔལ་བཟང་ངོ་། །འཁོར་བའི་གདུང་བ་སེལ་བར་མཛད་པས་ཙན་དན་དཔལ་ལོ། །སྐུའི་འོད་ཟེར་གྱིས་ཞིང་ཁམས་ཐམས་ཅད་འགེངས་པར་མཛད་པའི་ཕྱིར་གཟི་བརྗིད་མཐའ་ཡས་སོ། །རང་བཞིན་འོད་གསལ་རྣམ་པར་དག་པའི་དཔལ་དང་ལྡན་པའི་ཕྱིར་འོད་དཔལ་ལོ། །སྡུག་བསྔལ་དང་ཀུན་འབྱུང་གི་མྱ་ངན་མེད་པའི་ཕྱིར་མྱ་ངན་མེད་པའི་དཔལ་ལོ། །ནཱ་ར་ཡ་ཎ་ཞེས་སྲེད་མེད་ཀྱི་བུ་སྟེ། དེ་ལ་སྲེད་མེད་ནི་གཞན་གྱི་རྒོལ་བའི་འགྲན་ཟླ་མེད་པ། བུ་ནི་རིགས་ཀྱི་དོན་ཏེ། ཟླ་མེད་པའི་རིགས་ཀྱི་ཕྱིར་སྲེད་མེད་ཀྱི་བུའོ། །ཡང་ན་དེའི་སྐད་དོད་ནཱ་ར་ཡན་མིའི་ཐེག་པ་སྟེ། རང་སྟོབས་ཀྱིས་མ་ནོར་བར་ལམ་ལ་འཇུག་པ་ཁྱོགས་ལ་སོགས་པ་མིའི་བཞོན་པ་དང་འདྲ་བ་ཡིན་ནོ། །འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་མེ་ཏོག་དང་འདྲ་བར་ཆོས་སྟོན་པར་མཛད་པ་ནི་མེ་ཏོག་དཔལ་ལོ། །གདུག་བྱ་རྣམས་ཚངས་པའི་འཁོར་ལོ་སྟེ། ཆོས་ཀྱི་འཁོར་ལོ་ཡེ་ཤེས་སྣང་བར་བྱེད་པའི་འོད་ཟེར་དང་། རྫུ་འཕྲུལ་གྱིས་རྣམ་པར་རོལ་བ་དང་། མངོན་ཤེས་མཐའ་ཡས་པའི་ཕྱིར་ཚངས་པའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པའོ། །གཞན་དེ་དང་འདྲ་བ་ལས་ཚངས་པ་ཞེས་པའི་གནས་སུ་ཉེས་པའི་སྐྱོན་གྱིས་མ་གོས་པ་པདྨ་ཞེས་པ་སྟེ། པདྨའི་འོད་ཟེར་རྣམ་པར་རོལ་པ་མངོན་པར་མཁྱེན་པའོ། །འདིར་རྣམ་པར་རོལ་པ་ནི་ཆོ་འཕྲུལ་རྣམ་པ་གསུམ་མོ་ཞེས་འཆད་པའང་ལེགས་པར་སྣང་ངོ་། །འཕགས་པའི་ནོར་བདུན་གྱི་དཔལ་གྱིས་ཕྱུག་པར་མཛད་པས་ནོར་དཔལ་ལོ། །དྲན་པ་ཉེར་གཞག་བཞིའི་ཆོས་ཀྱི་དཔལ་གྱིས་ཁྱབ་པར་མཛད་པས་དྲན་པའི་དཔལ་ལོ། །བདེ་བར་གཤེགས་པའི་སྙིང་པོ་མཚན་དང་དཔེ་བྱད་ཀྱི་དཔལ་དང་ལྡན་པའི་ཆོས་རྒྱ་ཆེར་སྒྲོག་པར་མཛད་པས་མཚན་དཔལ་ཤིན་ཏུ་ཡོངས་བསྒྲགས་སོ། །དབང་པོ་ལྔ་དང་མངོན་ཤེས་དྲུག་གི་ཏོག་དང་ལྡན་པའི་ཆོས་ཀྱི་རྒྱལ་མཚན་ལ་དབང་སྒྱུར་བའི་ཕྱིར་དབང་པོ་ཏོག་གི་རྒྱལ་མཚན་གྱི་རྒྱལ་པོའོ། །འགྲོ་བ་མཐའ་དག་གི་གནོད་པ་ལས་ཉོན་སྡུག་བསྔལ་གྱིས་བསྡུས་པ་ཐམས་ཅད་གནོན་ཅིང་འཇོམས་པའི་ཕྱིར་ཤིན་ཏུ་རྣམ་པར་གནོན་པའི་དཔལ་ལོ། །བདུད་ཞིའི་གཡུལ་ལས་རྒྱལ་བའི་ཐབས་སྟོན་པའི་ཕྱིར་གཡུལ་ལས་ཤིན་ཏུ་རྣམ་པར་རྒྱལ་བའོ། །འཇིག་རྟེན་གྱི་གནོད་པ་རྣམས་བཅོམ་ཞིང་ཆེས་ཆེར་གནོན་པའི་ཆོས་རྟོགས་སུ་འཇུག་པས་གཤེགས་པའི་ཕྱིར་རྣམ་པར་གནོན་པས་གཤེགས་པའོ། །རྣམ་པར་དག་ཅིང་འོད་འཕྲོ་བའི་ཞིང་ཁམས་རྒྱ་ཆེན་པོ་སྟོན་པའི་ཕྱིར་ཀུན་ནས་སྣང་བ་བཀོད་པའི་དཔལ་ལོ། །འགྲོ་བའི་བསམ་པ་རྫོགས་པར་མཛད་པའི་ཕྱིར་ཕྲིན་ལས་རིན་པོ་ཆེ་དང་། ཡེ་ཤེས་ཀྱི་འདབ་མ་རྒྱས་པའི་པདྨས་བདུད་དང་མུ་སྟེགས་ཟིལ་གྱིས་གནོན་པའི་ཕྱིར་རིན་ཆེན་པདྨས་རྣམ་པར་གནོན་པའོ། །རིན་ཆེན་པདྨ་དེ་དང་འདྲ་བ་ལས་ཡེ་ཤེས་དང་མཛད་པ་དེ་ལ་རབ་ཏུ་བཞུགས་པ། གཟུང་འཛིན་འཁྲུལ་པའི་ཆོས་གང་གིས་ཀྱང་བསྐྱོད་དུ་མེད་པས་རི་དབང་གི་རྒྱལ་པོ་ལྟ་བུ་སྟེ། རིན་པོ་ཆེའི་པདྨ་ལ་རབ་ཏུ་བཞུགས་པ་རི་དབང་གི་རྒྱལ་པོའོ། །དེ་དག་ལས་ཐོག་མཐའ་གཉིས་ལ་ཆེ་བ་རྒྱས་པར་སྦྱར་བ་ཐམས་ཅད་ལ་གོ་ཞིང་། ཉེར་བཞི་པ་དང་ཉེར་ལྔ་པ་གཉིས་པ་ཆེ་བརྗོད་བསྡུས་པ་མཛད་པ་ཡང་སྟོད་སྨད་རྣམས་སུ་གོ་བ་དང་། གཞན་རྣམ་ཆེ་བའི་ཚིག་མེད་པར་མཚན་རྐྱང་བརྗོད་པ་བསྡུས་པ་སྟེ། གཞན་ལའང་གོ་བར་བྱ་བ་ཡིན་མོད། བསྡུས་པར་བརྗོད་པ་ལ་ཡང་། ཐོག་མ་ལ་ནི་ཆེ་བའི་ཚིག་ངེས་པར་བརྗོད་དགོས་སོ། །སྐབས་འདིར་ཡང་ན་སློབ་དཔོན་དཔའ་བོས་མཛད་པར་གྲགས་པའི་བསྟོད་པ་ལྟར་མཚན་དོན་བཤད་ཀྱང་རུང་སྟེ། དེ་དང་དེ་ལ་མཚན་ནི་འཇིག་རྟེན་དུ་གྲགས་པ་ལྟར་ཡིན་གྱི། མཚན་གྱི་དོན་ནི་རྫོགས་པའི་སངས་རྒྱས་གང་ཅི་ཡང་རུང་བ་ཐམས་ཅད་ཀྱི་ཡོན་ཏན་ནོ། །གཉིས་པ་བཤགས་པའི་ཕུང་པོ་ནི། དེ་དག་ལ་སོགས་པ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཞེས་པ་ནས། བསྡོམ་པར་བགྱིད་ལགས་སོ། །ཞེས་པའི་བར་དེ་བཤགས་པའི་ཡུལ་ངོས་བཟུང་བ། བཤགས་བྱའི་ཉེས་བྱས་བསྟན་པ། ཇི་ལྟར་བཤགས་པའི་ཚུལ་གསུམ་མོ། །དང་པོ་ནི། དགོངས་གསོལ་ཐོག་མ་སྟེ། སངས་རྒྱས་སུམ་ཅུ་རྩ་ལྔ་པོ་དེ་དག་ལ་སོགས་པ་ཞེས་སྦྱར་ཞིང་། ཇི་སྙེད་ཅེས་པ་མང་པོའི་ཚིག་གོ། །འཚོ་ཞིང་གཞེས་པ་ནི་ད་ལྟར་བཞུགས་པའི་སངས་རྒྱས་རྣམས་ཁོ་ན་སྟེ། འདས་པ་དང་མ་འོངས་པའི་སངས་རྒྱས་ནི། འཇིག་རྟེན་ཕལ་པ་རྣམས་ཀྱི་བློ་ངོར་བཤགས་པའི་ཡུལ་དུ་མི་འདོད་པའི་ཕྱིར་མ་སྨོས་པའོ། །ངེས་པར་ན་ཀུན་རྫོབ་རྣམ་པར་གཞག་པ་ལ་ཡང་། སྔོན་གྱི་སངས་རྒྱས་ད་ལྟར་མངོན་སུམ་དུ་བཞུགས་པ་ཡིན་ལ། དོན་དམ་པར་ནི། དུས་གསུམ་གྱི་སངས་རྒྱས་སུ་གདགས་པ་ཐམས་ཅད་ངོ་བོ་དབྱེ་བ་མེད་ཅིང་དུས་གསུམ་ལས་འདས་པའང་ཡིན་ནོ། །གཉིས་པ་ནི། གླེགས་བམ་འགའ་ཞིག་ལས་སྐྱེ་བ་ཐོག་མའི་ཐ་མ་མ་མཆིས་པ་ཞེས་འབྱུང་བ་ལེགས་པར་མངོན་ཏེ། སྔོན་གྱི་མཐའ་མེད་པའི་དུས་ནས་ཞེས་པ་ཡིན་པའི་ཕྱིར་རོ། །ཐོག་མ་དང་ཐ་མ་མ་མཆིས་པ་ཞེས་པ་ལྟར་ནའང་། དོན་དེ་ཁོ་ན་བཞིན་དུ་འཆད་དགོས་ཏེ། དེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་སུ་བྱས་ནས། ཐོག་མ་མ་མཆིས་པའམ། ཐ་མ་སྟེ་སྔོན་གྱི་མཐའ་མ་མཆིས་པ་ཞེས་སྦྱོར་དགོས་ཏེ། ཐ་མ་ནི་མཐའ་ཡིན་པ་ལས་ཕྱི་མཐའ་མ་ཡིན་པར་སྔོན་མཐའ་ཡིན་པའི་དོན་ནོ། །སྤྱིར་ནས་དུས་གསུམ་གྱི་དགེ་བ་ལ་ཡི་རང་བསྔོ་བ་འབྱུང་བས་བློ་སྦྱོང་བའི་དོན་དུ་མ་འོངས་པའི་སྡིག་པ་བཤགས་པའང་མི་འགལ་མོད། འདིར་དེ་མི་སྦྱོར་རོ། །འཁོར་བ་ན་ཞེས་པ་འཁོར་བའི་གནས་ན་སྟེ། དེར་ཇི་ལྟར་འཁོར་བའི་ཚུལ་སྐྱེ་གནས་བཞིའི་སྐྱེ་བས་འགྲོ་བ་རིགས་ལྔ་པོ་གཞན་དང་གཞན་དག་ཏུ་སྐྱེ་བའི་ཚེ་ཞེས་སྦྱར་ནས། སྡིག་པ་མི་དགེ་བའི་ལས་རྣམས་ལས་བགྱིས་པ་ནི་རང་གི་དངོས་སུ་བྱས་པའོ། །བགྱིད་དུ་རྩལ་བ་ནི་གཞན་བྱེད་དུ་བཅུག་པའོ། །རྗེས་སུ་ཡི་རང་བ་ནི་གཞན་གྱིས་བྱས་པ་ལ་དགའ་བ་སྒོམ་ཞིང་བསྔགས་པ་བརྗོད་པའོ། །མཆོད་རྟེན་ནི་སྒྲ་ཡངས་པར་ན། དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དུ་གྲགས་པ་ཐམས་ཅད་དོ། །དགེ་འདུན་གྱི་དཀོར་ནི་གནས་གཞི་གཅིག་ཏུ་གནས་པའི་དགེ་འདུན་གྱི་རྫས་དང་། ཕྱོགས་བཞིའི་དགེ་འདུན་གྱི་དཀོར་ནི། གཞི་ན་གནས་པ་དང་ཕྱོགས་ཐམས་ཅད་ནས་ངེས་མེད་དུ་ཡོང་བ་ཀུན་གྱི་དུས་སུ་འབྱུང་བའམ་ནར་མའི་ཚུལ་གྱི་ཐོས་སོ། །ད་ལྟ་བོད་ཀྱི་ཡུལ་འདིར། སྟོན་ཀའི་དུས་ཀྱི་བསོད་སྙོམས་པ་དགག་པའི་བཅའ་སྒྲིགས་བྱེད་པའང་འདིའི་ཁོངས་སུ་གཏོགས་སོ། །འཕྲོག་པ་ཞེས་པ་ནི་དབང་ཆེས་འཕྲོགས་པའམ། འཇབ་བུས་རྐུས་ཀྱང་རུང་སྟེ་མ་བྱིན་པར་བླངས་བ་ཐམས་ཅད་དོ། །མཚམས་མེད་པ་ལྔའི་ལས་ནི། ཕ་དང་མ་དང་དགྲ་བཅོམ་པ་གསོད་པ་དང་། དགེ་འདུན་གྱི་དབྱེན་དང་། ངན་སེམས་ཀྱིས་དེ་བཞིན་གཤེགས་པའི་སྐུ་ལ་ཁྲག་འབྱིན་པར་བྱེད་པ་སྟེ་ལས་དེ་བྱས་ནས་ཐེག་པ་ཆེན་པོའི་ཐབས་མཁས་ཀྱིས་མ་བཅོས་ན་སྐྱེ་བ་གཞན་གྱིས་བར་མ་ཆོད་པར་དམྱལ་བ་མནར་མེད་དུ་ལྷུང་ངེས་པའོ། །ལས་འདི་རྣམས་ཀྱི་ཕྱོགས་མཐུན་པ་ནི་ཉེ་བའི་མཚམས་མེད་པ་ལྔ་སྟེ། མ་ཡང་ཡིན་དགྲ་བཅོམ་པ་ཡང་ཡིན་པ་མི་གཙང་བར་སྤྱོད་པས་སུན་འབྱིན་པ་དང་། བྱང་ཆུབ་སེམས་དཔའ་གསོད་པ་དང་། རྒྱུན་ཞུགས་ལ་སོགས་པ་འཕགས་པ། སློབ་པ་གསོད་པ་དང་། དགེ་བདུན་གྱི་འདུ་བའི་སྒོ་འཕྲོག་པ་སྟེ། དགེ་འདུན་གྱི་ལོངས་སྤྱོད་ངེས་པའི་རྫས་ཆུང་ཡང་རུང་མ་བྱིན་ལེན་པ་དང་། མཆོད་རྟེན་འཇིག་པ་སྟེ་རྟེན་གསུམ་བཤིག་པར་བྱེད་པའོ། །དེ་དག་ལས་དགེ་འདུན་གྱི་དབྱེ་ན་ནི། འཁོར་ལོའི་དབྱེན་དང་། ལས་ཀྱི་དབྱེན་དང་། འཁྲུག་ལོང་བྱེད་པའི་དབྱེན་ཏེ་གསུམ་ལས། དང་པོ་ནི་སྟོན་པ་བཅོམ་ལྡན་འདས་ཉིད་བཞུགས་པའི་དུས་ལན་གཅིག་ཁོ་ན་བྱུང་བ་དེ་ཡིན་ལ། ལས་ཀྱི་དབྱེ་ན་ནི། དགེ་སློང་ཚུལ་ཁྲིམས་ལྡན་པས་ཆོས་སུ་རློམ་པའི་བྱ་བ་ལ་བརྟེན་ནས་བྱུང་བའི་ཉེས་པ་ཡིན་པས་སྤྱིར་སྡིག་ཆེ་ཡང་རབ་ཏུ་བྱུང་བ་ལ་འབྱུང་འོས་པ་ཙམ་ཡིན་ལ། ཕྱི་མ་ནི་ངོ་ཚ་མེད་ཅིང་། ཁྲེལ་མེད་པ་ཁོ་ནའི་དབང་དུ་གྱུར་པ་དང་། རབ་ཏུ་བྱུང་བ་ལ་ཤིན་ཏུ་མི་འོས་ཤིང་མཚམས་ལས་འདས་པ་ཆོས་མ་ཡིན་པ་ཁོ་ན་ལ་བརྟེན་པ་ཡིན་ནོ། །དེ་རྣམས་ལས་དགེ་འདུན་ལ་འཁྲུག་ལོང་གི་དབྱེན་བསྐྱེད་པ་འདི་དང་། དགེ་འདུན་གྱི་འདུ་བའི་སྒོ་འཕྲོག་པ་འདི་གཉིས་ཤིན་ཏུ་འབྱུང་ཉེ་ཞིང་སྡིག་ཆེ་བས་གཟབ་དགོས། དེང་སང་གི་ཆོས་པ་མཆོད་རྟེན་འཇིག་པ་དངོས་བྱེད་མཁན་ཅུང་ཟད་ཉུང་ངུ་ཆུག་ཀྱང་། རྟེན་གསུམ་ལ་གུས་པ་མེད་ཅིང་། རྩིང་ཆོས་ཀྱི་སྒོ་ནས་འགོམ་ཡུགས་གཏོང་བ་དང་ཆུད་འཛའ་བར་བྱེད་པ་ཡང་དེའི་ཕྱོགས་མཐུན་ཡིན་པས་འབད་དེ་སྤོང་བ་གལ་ཆེའོ། །མི་དགེ་བ་བཅུའི་ལས་ཀྱི་ལམ་ཞེས་པ་ལ། སྲོག་གཅོད་པ་དང་། མ་བྱིན་པ་ལེན་པ་དང་། འདོད་པས་ལོགས་པར་གཡེམ་པ་སྟེ་ལུས་ཀྱི་ལས་གསུམ་དང་། རྫུན་དང་ཕྲ་མ་དང་ཚིག་རྩུབ་ངག་འཁྱལ་ཏེ་ངག་གི་ལས་བཞི་དང་། བརྣབས་སེམས་གནོད་སེམས་ལོག་ལྟ་སྟེ་ཡིད་ཀྱི་ལས་གསུམ་མོ། །ཡང་དག་པར་བླངས་པ་ཞེས་པ་ལ། ཡང་དག་པ་ནི་ཚབས་ཆེན་པོའི་མིང་ཡིན་ལ། བླངས་པ་ནི་ལས་དེ་ལ་ཞུགས་པའམ། ཡང་ཡང་བྱེད་པའི་དོན་ཡིན་གྱི། དམ་འཆའ་ཞིང་བླངས་པ་ངེས་པར་དགོས་པ་ནི་མ་ཡིན་ནོ། །དེ་ལ་སྡིག་པའི་ལས་བགྱིས་པ་སོགས་ཀྱི་མདོར་བསྟན་པ་དང་། མཆོད་རྟེན་གྱི་དཀོན་ར མ་སོགས་ནི་ཉེས་པ་ཆེ་ཞིང་འབྱུང་ཉེ་བ་འགའ་ཞིག་གི་ཁྱད་པར་དུ་སྨོས་པ་ཡིན་ནོ། །དེ་དག་ནི་སྡིག་པའི་ལས་ཀྱི་ངོ་བོ་བསམ་པ་ཡིན་ལ། ད་ནི་ཉེས་དམིགས་ཀྱི་སྒོ་ནས་ལས་ངན་པའི་རང་བཞིན་བསམ་པ་ནི། ལས་ཀྱི་སྒྲིབ་པ་སོགས་སོ། །གང་གིས་སྒྲིབ་ནས་ཞེས་པ་ལས་ངན་དེ་བྱས་པས་སེམས་རྒྱུད་བསྒྲིབས་ཏེ། ལས་དེའི་དབང་གིས་སྐྱེ་གནས་ངན་པར་འཁྲིད་པ་ཞེས་པའི་དོན་ནོ། །མཆི་བ་འགྲོ་བའི་དོན་ཏེ། འདིར་དམྱལ་བ་ལ་སོགས་པ་མི་ཁོམ་པའི་གནས་བརྒྱད་དང་། སངས་རྒྱས་འབྱུང་བ་ལ་མི་མཉེས་པར་བྱེད་པ་སྟེ་འགྲོ་བ་ངན་པ་དགུའོ། །དེ་ལས་ཡུལ་མཐའ་འཁོབ་ནི་དམ་པའི་ཆོས་སངས་རྒྱས་ཀྱི་བསྟན་པ་མེད་པའོ། །ཀླ་ཀློ་ནི་སྟག་གཟིག་གི་ཆོས་ལུགས་འཛིན་པའམ་དགེ་སྡིག་གི་རྣམ་དབྱེ་མི་ཤེས་པ་དང་། དགེ་སྡིག་གི་རྣམ་དབྱེ་གོ་ལོག་ལ་འཛིན་པ་དམ་པོ་དང་བཅས་པ་རྣམས། ལྷ་ཚེ་རིང་པོ་ནི་འདུ་ཤེས་མེད་པའི་ལྷ་སྟེ། རྟེན་དེ་ལ་ཏིང་ངེ་འཛིན་གྱི་གནས་པ་ངན་པའི་མཐུས། དམ་ཆོས་སྤྱོད་པའི་སྐལ་བ་མེད་ཅིང་། ཕལ་ཆེ་བ་ཞིག་འཆི་ཁར་ལོག་ལྟས་མཚམས་སྦྱར་ནས་དམྱལ་བར་འགྲོ་བའོ། །ལྟ་བ་ལོག་པ་ནི། སྐུར་འདེབས་ཀྱི་ལོག་ལྟ་ཉིད་དམ། གཞན་ཡང་བྱེད་པ་པོར་འདོད་པ་ལ་སོགས་པའི་ལྟ་བ་ངན་པ་དམ་དུ་འཆང་བར་འགྱུར་བ་སྟེ། འདི་འགྲོ་བའམ། སྐྱེ་བའམ། འགྱུར་བའམ་ཞེས་སོགས་ནི། དེ་དང་དེར་འགྱུར་བའི་རྒྱུ་ལས་ངན་པ་གང་དེ་དང་དེ་ཞེས་པའི་དོན་ནོ། །དེ་ལ་ངན་སོང་གསུམ་ནི། སྡིག་པའི་ལས་ཀྱི་རྣམ་སྨིན་མྱོང་བ་གཙོ་ཆེ་བའི་དབང་དུ་བྱས་ལ། གཞན་རྣམས་རྒྱུ་མཐུན་པ་ལ་སྤྱད་པས། སྡུག་བསྔལ་གཞན་གསུམ་པོའི་གཞིའམ་མ་རྟེན་དུ་འགྲོ་བའི་དབང་དུ་བྱས་སོ། །སངས་རྒྱས་འབྱུང་བ་ལ་མཉེས་པར་མི་བགྱིད་པ་ནི། དེ་བཞིན་གཤེགས་པ་ལ་སྐུར་པ་འདེབས་པ་ལ་སོགས་པ་དངོས་སུ་སྡིག་གསོག་པ་དང་། བཀའ་གཅོག་པ་ལྟ་བུ་ཡིན་ཏེ། སྡིག་པ་བསགས་ཀྱང་སངས་རྒྱས་ལ་མི་མཉེས་པའི་ཐུགས་འབྱུང་བ་མེད་མོད། འཇིག་རྟེན་དུ་གྲགས་པ་ལྟར་གསུངས་པའོ། །རྗེས་མཐུན་པ་ནི་ད་ལྟར་ཡང་ཚུལ་ཁྲིམས་དང་ལྡན་ཞིང་ཡང་དག་པའི་ལམ་གསལ་བར་བྱེད་པའི་སྐྱེས་བུ་དམ་པ་ལ་སྡིག་གསོག་པ་དང་། དེའི་བཀའ་ཆོས་དང་ལྡན་པ་གཅོག་པའོ། །གསུམ་པ་ནི་དེ་དག་ཐམས་ཅད་ཅེས་པ་ལ་སོགས་པའོ། །ཡེ་ཤེས་དང་སྤྱན་དང་དཔང་དུ་ཚད་མ་དང་། མཁྱེན་པས་གཟིགས་པ་རྣམས་དོན་གཅིག་ལ་རྣམ་གྲངས་ཀྱི་དབང་དུ་བྱས་ཀྱང་རུང་སྟེ། བདག་གིས་ཉེས་པ་བྱས་པ་སངས་རྒྱས་རྣམས་ཀྱིས་མི་མཁྱེན་ཏོ་ཞེས་པ་དགག་པའི་ཕྱིར་དུ། ཐམས་ཅད་མཁྱེན་པ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཡིན་པས་བདག་ལ་དེ་རྣམས་ལྐོག་ཏུ་གྱུར་ཀྱང་། དེ་རྣམས་ཀྱིས་བདག་མངོན་སུམ་དུ་གཟིགས་པ་ཡིན་ནོ་སྙམ་ངོ་ཚ་བ་དང་། འཇིགས་པ་དང་འཛེམ་བག་དང་བཅས་པར་བྱ་བའི་ཕྱིར་རོ། །ཡང་ན་ཡེ་ཤེས་སུ་གྱུར་པ་ནི། ཤེས་བྱ་ཐམས་ཅད་གཟིགས་པས་བདག་གིས་ཉེས་པ་བྱས་པ་དང་། དེའི་རྒྱུ་དང་ཉེས་དམིགས་ཐམས་ཅད་མཁྱེན་ཅིང་། འོན་ཀྱང་སྙིང་རྗེ་ཆེན་པོའི་ཐུགས་ཅན་ཡིན་པས། བདག་ཅག་གི་ཉེས་པ་སྦྱོང་བར་མཛད་དོ། །སྤྱན་དུ་གྱུར་པ་ནི། སོ་པའམ་དེ་ཉིད་དཔང་པོའང་ཡིན་ཏེ་སེམས་ཅན་སྡུག་བསྔལ་བ་རྣམས་ལ། དཔང་པོར་གྱུར་པའི་ཕྱིར། བདག་གི་ཉེས་པ་བྱས་པ་ཡང་མཁྱེན་ལ། སྙིང་ཐག་པས་འཆགས་པའམ་གཡོ་སྒྱུའི་ཚིག་ཙམ་གྱིས་འཆགས་པ་ཡང་མཁྱེན་ནོ། །དེའི་ཕྱིར་དཔང་པོ་ཞུ་བའི་དོན་ནོ། །ཚད་མར་གྱུར་པ་ནི། དངོས་པོའི་གནས་ལུགས་མ་འཁྲུལ་ཞིང་། །ཉེ་རིང་དང་གཡོ་སྒྱུ་སྤངས་པ། །རྣམ་པ་ཀུན་དུ་རྫུན་མི་གསུངས་པའི་ཕྱིར་ན་ཚད་མར་གྱུར་པའོ། །མཁྱེན་པའི་གཟིགས་པ་ཞེས་དཔེ་ཕལ་ཆེར་ལས་འབྱུང་བ་ནི། བྱེད་ཚིག་ཅུང་ཟད་འཁྲུལ་བ་སྟེ། མཁྱེན་པ་གཟིགས་པ་ཞེས་སོ་སོར་མཚམས་བཅད་ན། སྐད་དོད་དང་མཐུན་ཏེ་ཇི་ལྟ་བའི་གནས་ལུགས་མཐའ་དག་མཁྱེན་པ་དང་། ཀུན་རྫོབ་རྟེན་འབྲེལ་མཐའ་དག་གཟིགས་ཤིང་། དེ་ལས་འགྲོ་བའི་དོན་ཕུན་སུམ་ཚོགས་པ་སྤྱོད་པའོ། །དེའི་ཕྱིར་ཉེས་བྱས་རྣམས་རང་བཞིན་མེད་པའི་དབྱིངས་ལ་འཇུག་པར་མཁྱེན་ཅིང་འཇུག་པའི་ཐབས་ཚུལ་ཡང་མཁྱེན་པའི་ཕྱིར། དག་ཚངས་འབུལ་བའི་ཡུལ་མཐར་ཐུག་པར་འོས་པའོ། །མཐོལ་བ་ནི། ཉེས་བྱས་འདི་ལྟ་བུ་བགྱིས་སོ་ཞེས་ཚོགས་སུ་མི་འཆག་པར་སྒྲོགས་པ་ཡིན་ལ། བཤགས་པ་ནི། ཉེས་པ་ལ་འགྱོད་པས་ཀུན་ནས་བླངས་ཏེ་སྐྱོན་ཡིན་པར་སྨོས་པའོ། །མི་འཆབ་བོ་མི་སྦེད་དོ་ཞེས་པ་ནི་དོན་གཅིག་མིང་གི་རྣམ་གྲངས་སུ་བྱས་ནས། འགྱོད་པ་སྟོབས་དང་ལྡན་པས་དོན་དེ་ཉིད་ཡང་ཡང་དུ་བརྗོད་པའོ། །ཡང་ན་མཐོལ་བ་ནི་ངོ་བོའམ་མདོར་བསྟན་པ་དང་། ཕྱི་མ་གཉིས་དབྱེ་བའི་རྒྱས་བཤད་ཀྱི་ཚུལ་ཏེ་སྔར་གྱི་རྣམས་མི་འཆབ་བོ། །ཕྱིས་ཀྱི་རྣམས་མི་སྦེད་དོ། །ཞེས་ཀྱང་འཆད་དེ་འགལ་བ་མ་མཐོང་ལ། དེ་དག་སྔར་བྱས་དུག་འཐུངས་པ་ལྟ་བུའི་འགྱོད་སེམས་ཀྱིས་བཤགས་པའི་དབང་དུ་བྱས་སོ། །སླན་ཆད་ཀྱང་གཅོད་ཅིང་བསྡམ་པར་བགྱི་ཞེས་པ་ཕྱིན་ཆད་སྲོག་ལ་བབ་ཀྱང་ཉེས་པ་དེ་ལྟ་བུ་མི་བྱེད་པར་ད མ་འཆའ་བ་སྟེ། གཅོད་པ་ནི་སྔར་གྱི་རྒྱུན་གཅོད་པ་དང་། བསྡམ་པ་ནི་ཕྱོགས་དེ་ལ་དབང་པོའི་སྒོ་སྡོམ་པའོ། །ཉེས་ལྟུང་ལྡོག་པར་བྱེད་པའི་ཐབས་ཀྱི་གཙོ་བོ་ནི་འདི་ཁོ་ན་ཏེ། འདི་མེད་ན་ནི་འགྱོད་པ་དང་སུན་འབྱིན་པ་ཡོད་པ་ལྟར་སྣང་ཡང་། ལྟར་སྣང་ཁོ་ན་ཡིན་པས་སུན་འབྱིན་པའི་སྟོབས་སུ་མི་འགྱུར་རོ། །གསུམ་པ་ཡོངས་སུ་བསྔོ་བའི་ཕུང་པོ། ཉི་ཚེ་བའི་བསྔོ་བ་དང་། རྒྱ་ཆེ་བའི་བསྔོ་བ་དང་། བླ་ན་མེད་པའི་བསྔོ་བ་སྟེ་གསུམ་ལས། དང་པོ་ལ། སྦྱིན་པ་ཐ་ན་སོགས་ནི། སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་ཐམས་ཅད་དང་། ལུས་ངག་གི་ཉེས་སྤྱོད་ལས་ལྡོག་པའི་ཚུལ་ཁྲིམས་ཀྱི་དགེ་བ་ཐམས་ཅད་དང་། ཚངས་པར་སྤྱོད་པ་སྟེ་བཟོད་པ་དང་། དགེ་བ་ལ་སྤྲོ་བ་དང་། ཞི་གནས་དང་ལྷག་མཐོང་ལས་བྱུང་བའི་དགེ་བ་རྣམས་བསྔོ་བར་བགྱིད་པའོ། །གཉིས་པ་ནི། བདག་གིས་སེམས་ཅན་སོགས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཀྱང་། སེམས་ཅན་ཡོངས་སུ་སྨིན་པའི་ཐབས་སུ་འདུ་བས། ཕར་ཡིན་དྲུག་དང་བསྡུ་དངོས་བཞི་ལ་སོགས་པ་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་སྤྱོད་པ་རྣམས་སོ། །བྱང་ཆུབ་ཀྱི་སེམས་ཀྱི་དགེ་བའི་རྩ་བ་ནི། སྤྱོད་པ་དེའི་རྩ་བར་གྱུར་པ་དང་འཇུག་པའི་སེམས་ཡང་དག་པར་བསྐྱེད་པ་དང་། དེའི་རིགས་རྒྱུན་གོམས་པར་བྱེད་པ་བྱམས་པ་དང་སྙིང་རྗེས་ཀུན་ནས་བླངས་པའི་བྱང་ཆུབ་ཀྱི་སེམས་བདག་གཞན་མཉམ་པ་དང་བརྗེ་བ་སྒོམ་པར་བྱེད་པའོ། །བླ་ན་མེད་པའི་ཡེ་ཤེས་ནི། སྤྲོས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་གཉིས་སྟོང་གི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་ཉིད་དང་། དེ་ལ་དམིགས་པའི་རྣལ་འབྱོར་ཏེ་གཉིས་ལས། འདིར་ནི་ངེས་པར་བསྔོ་བར་དགོས་པའི་བླ་ན་མེད་པའི་ཡེ་ཤེས་ནི་ཕྱི་མ་དེ་ཡིན་ལ། དེ་ཉིད་ཀྱི་ཡུལ་དུ་དམིགས་པའི་ཆོས་དབྱིངས་དེ་ཡང་སྤྱི་ལྡོག་ནས་བསྔོ་བར་བྱ་བ་ནི་ཡིན་ཏེ། དགེ་བ་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་པར་དམིགས་ནས་གནས་ལུགས་མཐར་ཐུག་པའི་ཆོས་ཀྱི་སྐུར་སྨོན་པར་བྱེད་དགོས་པའི་ཕྱིར་རོ། །ཆོས་དབྱིངས་བསྔོ་རྒྱུར་བྱས་ན་དེ་ལ་མཚན་མར་བལྟ་བར་འགྱུར་སྙམ་ན། བསྔོ་བ་ནི་ཀུན་རྫོབ་ལ་བརྟེན་ནས་བཞག་དགོས་པ་བསོད་ནམས་བསྔོ་བྱར་བྱེད་པ་དང་ཁྱད་པར་མེད་པས་མཚན་ལྟར་མི་འགྲོའོ། །ཆོས་དབྱིངས་བསྔོ་བྱར་བྱེད་པ་ཡང་ཀུན་རྫོབ་ཀྱི་བློ་ངོར་ཡིན་ལ། དོན་དམ་པར་ནི་བསྔོ་བ་ཉིད་ཀྱང་མ་གྲུབ་ན། ཆོས་དབྱིངས་བསྔོ་བྱ་ཡིན་མིན་གྱི་དཔྱད་པ་མི་འཇུག་གོ། །ཆོས་དབྱིངས་བསྔོ་ཡང་བདེན་པར་ཞེན་ནས་མི་བསྔོ་བའི་ཕྱིར། དམིགས་པའི་དུག་དང་བཅས་པའི་བསྔོ་བར་མི་འགྱུར་ལ། བསྔོ་བྱར་བསམ་པས་བདེན་ཞེན་དུ་འགྱུར་ན་ནི། དགེ་བའི་ལས་ལ་མཚུངས་པས། བསྔོ་བ་དུག་མེད་མི་སྲིད་པར་འགྱུར་ཞིང་། ཅི་སྟེ་ཆོས་དབྱིངས་རང་བཞིན་ཡིན་ཅིང་དགེ་བར་ཡང་འདོད་ལ། བདེན་པར་ཡང་འདོད་པའི་ཕྱིར་དམིགས་བཅས་སོ་སྙམ་ན། ངོ་བོ་ཉིད་ཀྱི་དགེ་ཞིང་བདེན་པར་གནས་ཀྱང་། དེ་འདྲ་ཁོ་ནར་ཞེན་པ་ནི་མི་བྱེད་པས་ན་སྐྱོན་མེད་དེ། དཔེར་ན་འདུས་བྱས་ཀྱི་དགེ་བ་རྣམས་ཀྱང་ཀུན་རྫོབ་ཏུ་དོན་བྱེད་ནུས་པ་ཡིན་མོད་ཀྱི། ཀུན་རྫོབ་ཏུ་བྱེད་ནུས་པའོ། །ཞེས་ཞེན་པར་མི་བྱེད་པ་བཞིན་ནོ། །བསྔོ་བྱ་དགེ་རྩ་གཉིས་པོ་དེའི་མཇུག་གཅིག་ཏུ་སྡོམ་པའི་བསྔོ་བ་ནི། གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་ནས་ཞེས་པ་ལ། གསུམ་པོ་རྣམ་གྲངས་སུ་སྦྱར་ཀྱང་རུང་ལ། བསྡུས་པ་ནི་ཚོགས་པ། བཟླུམས་པ་ནི་འདྲེས་པ། བསྡམས་པ་ནི་དབྱེར་མི་ཕྱེད་པ་ཞེས་འཆད་པ་ལྟར་ཡང་རུང་ངོ་། །འགྲེལ་པ་གཅིག་ལས། ཚེ་འདིའི་ཕུན་ཚོགས་དང་ལྷ་མི་དང་། ཐེག་དམན་དུ་མ་བསྔོས་པ་ལ་རིམ་གྱིས་སྦྱོར་བ་ནི། བརྡོལ་ཐབས་སུ་སྨྲས་པའོ། །དེ་བས་ན་དགེ་བའི་རྩ་བ་རྣམས་ཐམས་ཅད་བློས་གཅིག་ཏུ་བསྡམས་ནས། དེ་ལས་འབྲས་བུའི་མཆོག་ཐོབ་པར་སྨོན་ནོ། །འབྲས་བུའི་མཆོག་གང་དུ་བསྔོ་བར་བྱེད་ཅེ་ན། བླ་ན་མ་མཆིས་པ་དང་གོང་ན་མ་མཆིས་པ་རྣམ་གྲངས་ཀྱི་སྨོས་པ་སྟེ། དེ་ལས་ལྷག་པའི་གོ་འཕང་གཞན་མེད་པའོ། །བླ་མའི་ཡང་བླ་མར་ཞེས་དེ་ལ་བླ་མ་ནི། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱང་ཆུབ་ཡིན་ལ། དེ་ལས་བླ་མར་གྱུར་པ་ནི། བླ་ན་མེད་པའི་བྱང་ཆུབ་བོ། །གོང་མའི་ཡང་གོང་མ་ཞེས་འདོན་པ་ལྟར་ན། དེ་གཉིས་རྣམ་གྲངས་ཀྱི་སྒོ་ནས་སྨོས་པ་ཙམ་ཡིན་གྱི་དོན་ལོགས་པ་མེད་ལ། དེ་ལྟ་བས་ན་མདོ་ཉིད་དང་དཔེ་མང་པོ་ལས། གང་རུང་གཅིག་ཁོ་ན་སྨོས་པ་ལེགས་པར་མངོན་ནོ། །དེ་ལྟར་ན་དགེ་རྩ་བསགས་པ་རྣམས་ཀྱི་མཐུ་ལས། གོ་འཕང་དེ་ལྟ་བུ་ཐོབ་པར་གྱུར་ཅིག་པའོ། །གསུམ་པ་ནི། ཇི་ལྟར་འདས་པའི་སངས་རྒྱས་སོགས་ཏེ། རང་ཅག་སོ་སོ་སྐྱེ་བོས་བྱང་ཆུབ་དང་གཞན་དོན་དུ་བསྔོ་བ་སོགས་སྨོན་ལམ་རྒྱ་ཆེན་པོར་རློམ་པ་མང་པོ་བགྱིས་ཀྱང་། ཡང་དག་པར་ན་རྒྱ་ཆེན་པོར་འགྱུར་བ་དཀའ་བས། དུས་གསུམ་གྱི་སངས་རྒྱས་རྣམས་ཀྱི་སྨོན་ལམ་གང་ཡིན་པ་དེ་ཐམས་ཅད། བདག་གི་དགེ་བ་འདི་དག་ལ་བརྟེན་ནས་གྲུབ་པར་གྱུར་ཅིག་ཅེས་བརྗོད་པས། སྨོན་ལམ་རྒྱ་མཚོ་མཐའ་མེད་པ་ལ་འཇུག་པའི་བསྔོ་བར་འགྱུར་བའོ། །རྩ་བའི་བསྡུས་དོན་གཉིས་པ། རྒྱུན་བཤགས་མདོར་བསྡུས་པས་བཤད་པ་ནི་སྔར་གྱི་དོན་བསྡུ་ཡང་ཡིན་ལ། སྔར་མ་བསྟན་པའི་ཡི་རང་གསོལ་འདེབས་སོགས་ཀྱང་ཁ་སྐོང་གི་ཚུལ་དུ་གནས་སོ། །སྐྱབས་འགྲོ་སྔར་མདོར་བསྟན་པ་དེ། སླར་ཡང་འདིར་རྒྱས་པར་བཤད་ཅིང་། མཐར་ཐུག་གི་སྐྱབས་གནས་གཅིག་ཏུ་བསྟན་པ་ཡང་ཡིན་ནོ། །དེ་ཡང་སྡིག་པ་ཐམས་ཅད་ནི་སོ་སོར་བཤགས་སོ་ཞེས་པ་མན་ཆད་དེ། བཤགས་པ་དང་ཡི་རང་དང་གསོལ་འདེབས་དང་། བསྔོ་བ་རྣམས་ལ་ཚིག་རེ་རེ་དང་། སྐྱབས་འགྲོ་ཚིགས་བཅད་གཅིག་གོ། །དེ་དག་ལས་གཞན་རྣམས་གོ་སླ་ལ། གསོལ་བ་འདེབས་པ་ནི། མཆོག་གི་སྤྲུལ་པའི་སྐུ་བྱང་ཆུབ་ཐོབ་མ་ཐག་པའི་ཚུལ་སྟོན་པ་རྣམས་ལ་ཆོས་འཁོར་བསྐོར་བར་བསྐུལ་བ་དང་། མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ་གཉིས་ཡིན་པར་འཆད་དེ། དེ་ལྟར་ཡང་ཡིན་ལ། དེར་མ་ཟད་འདོད་པའི་དོན་ལ་གསོལ་བ་འདེབས་པ་ཐམས་ཅད་བསྟན་ནོ། །འདོད་པའི་དོན་ཡང་གཙོ་བོར་གཞན་དོན་ཏེ་སེམས་ཅན་གྱི་སྡུག་བསྔལ་སྐྱོབ་པར་མཛད་པ་ལ་སོགས་པའོ། །བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་ནི་སངས་རྒྱས་རྣམས་ཀྱི་ངོ་བོ་ཉིད་སྐུ་རྣམ་པ་ཐམས་ཅད་པ་ཉིད་ཀྱི་གོ་འཕང་ངོ་། །མི་མཆོག་དང་རྒྱལ་བ་ནི་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་དང་། སྔར་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་པ་ཙམ་ལས་མེད་ཀྱང་། འདིར་རྒྱས་པར་དབྱེ་སྟེ། གང་དག་ད་ལྟར་བཞུགས་པ་རྣམས་དང་། གང་དག་འདས་པའི་ཚུལ་བསྟན་པ་དག་དང་། དེ་བཞིན་གང་དག་ད་ལྟ་མ་བྱོན་ཀྱང་མ་འོངས་པ་ན་འབྱོན་པར་འགྱུར་བ་རྣམས་ལའང་ཞེས་སངས་རྒྱས་ཐམས་ཅད་སྨོས་ཤིང་། དེ་ལ་དུས་གསུམ་གྱི་སངས་རྒྱས་སུ་དབྱེ་བའི་ཐ་སྙད་ནི། མ་དག་པའི་ཞིང་དུ་འབྱུང་བའི་དབང་དུ་བྱས་ཀྱི། འོག་མིན་སྟུག་པོ་བཀོད་པའི་ཞིང་ལ་སོགས་པ་ན་ཐམས་ཅད་ད་ལྟར་ཡང་བཞུགས་སོ་ཞེས་བྱ་ལ། འོན་ཀྱང་མ་བྱོན་པའི་སངས་རྒྱས་རྣམས་ཇི་ལྟར་བཞུགས་སྙམ་ན། ཀུན་རྫོབ་ཐ་སྙད་ཀྱི་ལུགས་ལ་དངོས་སུ་བཞུགས་པར་མི་འདོད་ཀྱང་། དད་བསྐྱེད་ཅིང་བློ་སྦྱང་བའི་དོན་དུ་སྐྱབས་སུ་འགྲོ་བ་ཡིན་ལ། ངེས་པའི་དོན་དུ་ནི། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་རྟག་ཏུ་གནས་པ། ད་ལྟར་མོས་པའི་ཡུལ་དུ་བཞག་པ་འདི་ཁོ་ན། མ་བྱོན་པ་རྣམས་ཀྱི་ཐོབ་པར་བྱ་བ་ཡིན་པའི་ཕྱིར། འདས་པ་དང་ད་ལྟར་བའི་སྐུ་གསུམ་ལ་སྐྱབས་སུ་སོང་བས། མ་འོངས་པའི་སྐུ་གསུམ་ཞེས་བརྗོད་པའི་གཞི་གང་ཡིན་པ་དེ་ཡང་ཁོ་ནར་འདུས་པ་ཡིན་ནོ། །སངས་རྒྱས་དཀོན་མཆོག་དེའི་ཁྱད་པར་ནི། ཡོན་ཏན་ཡང་ཡིན་ལ་བསྔགས་ཤིང་བསྟོད་པར་བྱ་བ་ཡང་ཡིན་པའི་རྨད་བྱུང་གི་ཆོས་རྒྱ་མཚོ་དང་འདྲ་བར་མཐའ་ཡས་པ་སྟེ། དེ་གང་ལ་མངའ་བ་ཀུན་ལ་ཞེས་པའོ། །ཚུལ་ཇི་ལྟར་ན་ཐལ་མོ་སྦྱར་བ་བཏུད་ནས་ཞེས་གུས་པས་སོ། །འདིར་སྐྱབས་ཡུལ་སངས་རྒྱས་ཁོ་ན་སྨོས་པ་ནི། སྤྱིར་སངས་རྒྱས་ལ་སྐྱབས་སུ་སོང་ནས། གཞན་གཉིས་ཤུགས་ལའང་གོ་བ་དང་། མཐར་ཐུག་གི་སྐྱབས་གནས་སངས་རྒྱས་གཅིག་པུ་ཡིན་པར་ཡང་དགོངས་སོ། །དེ་ལྟ་ན་བྱང་ཆུབ་ལྟུང་བཤགས་ཀྱི་དོན་མདོ་ཙམ་བཤད་པ་རྫོགས་ཏེ། ཆོས་ཀྱི་རྣམ་གྲངས་འདི་ལ་ད་ལྟ་བོད་ན་བཞུགས་པའི་བསྟན་བཅོས་འགྱུར་རོ་འཚལ་གྱི་ནང་ན། འགྲེལ་པ་གཉིས་ཞིག་སྣང་སྟེ། ཛེ་ཏཱ་རིས་མཛད་ནས་ཆགས་ལོ་ཙཱ་བས་བསྒྱུར་ཟེར་བ་གཅིག་དང་། ཀླུ་སྒྲུབ་ཀྱིས་མཛད་ཅིང་། པཎྜི་ཏ་ཞི་བ་འཚོ་དང་། ལོ་ཙཱ་བ་སྙི་བ་ལྷའི་དབྱངས་ཀྱིས་བསྒྱུར་ཟེར་བ་གཉིས་སྣང་བ། སློབ་དཔོན་དེ་དང་དེས་མཛད་པ་ནི་མིན་པར་སྣང་ལ། རྒྱ་གར་གྱི་འགྲེལ་བ་ཡིན་ཡང་ཐེ་ཚོམ་གྱི་གཞིར་སྣང་ངོ་། །དོན་གྱི་ཆ་ནས་ལེགས་པར་བཤད་པ་ནི་ཡོད་ལ། ནོར་བ་ཡང་ཅི་རིགས་པར་ནི་སྣང་ངོ་། །ཆོས་རྗེ་པཎྜི་ཏའི་གསུང་གིས། ལྟུང་བཤགས་སངས་རྒྱས་ཕྱག་མཚན་ལ། །ཕུབ་དང་རལ་གྲི་སོགས་འཛིན་པའི། །སྒྲུབ་ཐབས་སངས་རྒྱས་ཀྱིས་མ་གསུངས། །ཞེས་པ་ཀླུ་སྒྲུབ་ཀྱིས་མཛད་ཟེར་བ་དེ་ན། རལ་གྲི་དང་གོ་ཆ་འཛིན་པའི་སྒྲུབ་ཐབས་བྱས་པ་དེ་ལ་དགོངས་པར་སྣང་ཞིང་། འོན་ཀྱང་ཅུང་ཟད་དཔྱད་དུ་ཡོད་དེ། གསང་སྔགས་ནང་པར་བཀྲལ་བ་ཡིན་ན། སངས་རྒྱས་རབ་ཏུ་བྱུང་བ་ཆགས་བྲལ་གྱི་རྣམ་པ་མཚོན་ཆ་འཛིན་པའི་སྒྲུབ་ཐབས་བྱུང་སྲིད་ཀྱང་། གྲུབ་ཐོབ་ཀྱི་མན་ངག་ཅན་ཡིན་ན། མཐའ་གཅིག་ཏུ་བསལ་བ་ཡང་མ་ཡིན་ཏེ། གཞན་ཡང་ཆ་བྱད་འགལ་འདུ་འཛིན་པའི་སྒྲུབ་ཐབས་ཚད་ལྡན་མང་དུ་སྣང་བའི་ཕྱིར་རོ། །མདོ་ལུགས་སུ་བཀྲལ་བ་ལྟ་བུ་ཡིན་ན་ནི་དེ་ལྟར་མི་འཐད་པ་ཅིས་ཀྱང་ཡིན་ནོ། །བདག་གིས་འདི་ནི་འགྲེལ་པ་དེ་གཉིས་ལས་ཀྱང་ལེགས་ཆ་ཅུང་ཟད་བླངས་ལ། བསླབ་བཏུས་ཀྱི་བཤད་པ་དང་། སྤྱོད་འཇུག་གི་གཞུང་གི་འཕྲོས་དོན་དང་། དམ་པ་སྔ་མའི་གསུང་འཕྲོས་ཆོས་འདི་དང་འབྲེལ་བ་རྣམས་ཀྱིས་ཀྱང་ཅུང་ཟད་གསལ་བར་བྱས་ལ། ཕལ་ཆེར་ནི་གཞུང་ཉིད་ལས་གསལ་བར་མཐོང་བ་དེ་ཉིད་སྨྲས་པ་ཡིན་ནོ། །སྐྱབས་འགྲོ་དང་ལས་འབྲས་ཀྱི་རྣམ་གཞག་སོགས་མཐའ་ཆོད་ཀྱི་གོ་དོན་དགོས་ན་ནི་གཞན་ལས་ཤེས་པར་བྱ་ལ། འཕྲལ་གྱི་ཚིག་དོན་ཙམ་གོ་སླ་བས། འདིར་ནི་བསྡུས་དོན་དཀའ་འགྲེལ་གྱི་ཚུལ་གྱིས་དོན་གྱི་མདོ་བཤད་པས་དགོས་པ་འགྲུབ་པར་སེམས་སོ། །ཞེས་པའང་ཏཱ་ར་ནཱ་ཐས་སྨྲས་པའོ། །བར་འདི་ཀརྨ་རཏྣས་བཞེངས། འབྲེལ་ཚད་བྱང་ཆུབ་ཆེ་ཐོབ་ཤོག །མངྒ་ལཾ།། །

Pecha page